← Search

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ལྔ་གཅིག་པ།

སློབ་དཔོན་དགའ་རབ་རྡོ་རྗེ། སློབ་དཔོན་པདྨ་འབྱུང་གནས། མེ་བི་མ་ལ། རོང་ཟོམ་ཆོས་བཟང་།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དོན་གསལ་བར་བྱེད་པ།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དོན་གསལ་བར་བྱེད་པ་སློབ་དོན་དགའ་རབ་རྡོ་རྗེས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏཱརྠཱ་ལོ་ཀ་ར་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དོན་གསལ་བར་བྱེད་པ་ཞེས་བྱ་བ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །མི་གཡོ་འགོག་མེད་དག་པའི་ངང་། །རང་བྱུང་ཡེ་ཤེས་འོད་གསལ་བ། །འཇམ་དཔལ་ཞི་བའི་ཡེ་ཤེས་སེམས། །མི་རྟོག་གཟུགས་སྐུ་རང་བྱུང་བའི། །མགོན་པོ་དེ་ལ་གུས་བཏུད་དེ། །རྒྱ་ཆེ་རབ་བཟང་དག་པའི་རྒྱུད། །རིན་ཆེན་ལྟ་བུའི་དགོངས་པ་ལ། །འགྲོ་བ་ཐམས་ཅད་ཐབས་བསམ་མི་ཁྱབ་ཀྱང་། །བདེ་གཤེགས་སྟོན་པའི་བྱིན་རླབས་གདམས་པ་ཡིས། །ངེས་དོན་ཕྱོགས་གཅིག་བདག་གིས་གསལ་བར་དགྲོལ། །འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་འདི་ལ་སྤྱི་དོན་རྣམ་པ་དགུས་བསྟན་ཏེ། ལེའུ་དང་པོ་ཞུས་པ་དང་། ཞུ་ལན་དུ་ཕུན་སུམ་ཚོགས་པ་ལྔ་དང་སྦྱར་ཏེ་བསྟན་པ་དང་། ལེའུ་གཉིས་པ་མི་གནས་པའི་ཡེ་ཤེས་ཆེན་པོ་དྲུག་པ་རྡོ་རྗེ་འཆང་གི་དོན་བསྟན་པ་དང་། ལེའུ་གསུམ་པ་ཤེས་བྱ་ངོ་བོས་སྟོང་པ་ཆོས་ཀྱི་དབྱིངས་ཀྱི་དོན་བསྟན་པ་དང་། ལེའུ་བཞི་པ་གཞི་འགག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིི་དོན་བསྟན་པ་དང་། ལེའུ་ལྔ་པ་གཞིའི་རྩལ་སོ་སོར་དཔྱད་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དོན་བསྟན་པ་དང་། ལེའུ་དྲུག་པ་གཞིའི་ངོ་བོ་སྐྱེ་འགག་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སྦྱར་ཏེ་བསྟན་པ་དང་། ལེའུ་བདུན་པ་ཤེས་བྱ་ཐོགས་པ་མེད་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་དོན་བསྟན་པ་དང་། ལེའུ་བརྒྱད་པ་ཆེ་བ་བརྗོད་པ་སྔགས་ཀྱི་སྒྲ་དང་བཅས་པ་བསྟན་པ་དང་། ལེའུ་དགུ་པ་རྗེས་སུ་ཡི་རང་བའི་སྒོ་ནས་བདག་དང་གཞན་གྱི་དོན་མཐར་ཕྱིན་པར་བསྟན་པའོ། །དེ་ནས་ལེའུ་དང་པོ་བཤད་དེ། དེ་ནས་ཞེས་པ་སྟོན་པ་ལ་སོགས་པ་ཕུན་སུམ་ཚོགས་པ་གནས་སོ། །འདིས་ཕུན་སུམ་ཚོགས་པ་བསྟན་པའོ། །དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ཞུ་བ་པོས་ཏེ། དེ་ཡང་རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་ལོ། །དོན་གྱི་རྡོ་རྗེ་ཆ ོས་ཀྱི་རྒྱུད་དང་ལྡན་ཞིང་། ཡོན་ཏན་གྱི་སྣང་བ་རྒྱུ་གཉིས་ངང་གིས་གསལ་ཏེ་མི་འབྲལ་བའོ། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །ཅེས་པ་སྟོན་པའི་སྤྲུལ་པ་གོང་མའི་ཕྲིན་ལས་ཏེ། ཐབས་མ་འགགས་པའོ། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་པ་འཇིག་རྟེན་གསུམ་གྱི་ཉོན་མོངས་པ་དང་སྡུག་བསྔལ་འཇོམས་ཤིང་། རང་ལ་དེའི་སྐྱོན་གྱིས་མ་གོས་ཤིང་། འཁྲུལ་སྣང་གི་ཡེ་ཤེས་སུ་སྣང་བའོ། །དེ་ལྟར་འཁོར་བ་འཇོམས་ནུས་པ་ཇི་ལྟ་ཞེ་ན། རྡོ་རྗེ་ཡིན་པ་དང་། དབང་ཕྱུག་ཡིན་པ་དང་། གསང་བའི་བདག་པོ་ཡིན་པས་གོང་མ་ལས་རྒྱལ་ཞེས་པའོ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན་ཞེས་པ་ཞུ་བ་པོས་དོན་མཛད་པ་ནི། གང་ལ་གང་འདུལ་མཁྱེན་ཏེ། སྤྱན་ལྔ་དང་ལྡན་པས་དོན་མཛད་ཀྱང་སྐྱོན་གྱིས་མ་གོས་ཏེ་པདྨ་ལྟ་བུའོ། །པདྨ་རྒྱས་པའི་གདན་ལ་བཞུགས། །ཞེས་པ་འདིས་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །བྱ་རྒོད་ཕུང་པོའི་རི་ལ་སྐྱོན་མེད་པའི་དགོངས་པ་ལ་གནས་ཞེས་བྱའོ། །རང་གི་ལག་གིས་རྡོ་རྗེ་མཆོག །ཅེས་པ་དོན་གྱི་རྡོ་རྗེ་ཡོད་པའི་རྟགས་སུ་ཕྱག་མཚན་རྡོ་རྗེ་བསྣམས་པའོ། །ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་ཟིལ་གྱིས་གནོན་པའོ། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ཞེས་པ་དེ་དང་ཚུལ་མཐུན་པར་འཁོར་ཕུན་སུམ་ཚོགས་པའོ། །ལག་ན་རྡོ་རྗེ་མཐའ་ཡས་པ། །ཞེས་པ་དེའི་འཁོར་རིགས་འཛིན་པ་སྤྲུལ་པའི་འཁོར་བགྲང་བ་ལས་འདས་པའོ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །ཞེས་པ་འཁོར་དེ་རྣམས་ཀྱིས་ཀྱང་མ་རིག་པ་དང་ལོག་རྟོག་འཇོམས་ནུས་པའོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །ཞེས་པ་བདུད་དང་སྲིན་པོ་ཟིལ་གྱིས་གནོན་པའི་མདངས་དང་ལྡན་པའོ། །རྡོ་རྗེ་ཞེས་པ་རིག་པའོ། །རྩེ་མོ་ཞེས་པ་ཡེ་ཤེས་སོ། །རབ་འཕྲོ་བ་ཞེས་པ་མ་འགགས་པའོ། །རང་གི་ཞེས་པ་རིག་པའོ། །ལག་གི་ཞེས་པ་ཡོན་ཏན་གྱི་རྩལ་ལོ། །གསོར་བྱེད་པ་ཞེས་པ་ཐུགས་རྗེས་འགྲོ་དོན་མཛད་པའོ། །སྙིང་རྗེ་ཆེ་དང་ཞེས་པ་མཛད་པ་དང་བཅས་པའི་སྙིང་རྗེ་མ་ཡིན་ཏེ། མཛད་པ་མེད་པའི་ཐུགས་རྗེ་ཆེན་པོའོ། །དེ་ཡང་གང་ལས་འབྱུང་ཞེ་ན། ཤེས་རབ་དང་ཞེས་བྱ་སྟེ་ཕྱོགས་ལྷུང་མེད་པའི་ཤེས་རབ་བོ། །ཐབས་ཀྱི་འགྲོ་དོན་བྱེད་པའི་མཆོག །ཅེས་པ་བྱ་རྩོལ་མི་མངའ་བའི་ཡེ་ཤེས་ལྔ་བྱུང་ནས་སྐུ་གཉིས་སུ་གྱུར་ཏེ་འགྲོ་བའི་དོན་མཛད་པའོ། །དེ་ཡང་གཞན་ལས་སྤགས་པའི་དོན་བྱ་རྩོལ་ལས་འདས་པའི་སྐུ་དང་ཡེ་ཤེས་མཚོན་པའོ། །དགའ་མགུ་རངས་པའི་བསམ་པ་ཅན། །ཞེས་པ་ཉོན་མོངས་པ་མི་མངའ་བར་དགྱེས་པའོ། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །ཞེས་པ་ཐབས་མ་འགག་པའི་སྐུ་དེ་ལྟར་ཡང་སྣང་བའོ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ཞེས་པ་སྟེ་ཚད་མེད་པ་བཞིའམ་ཕྲིན་ལས་བཞིས་སེམས་ཅན་སྐྱོབ་པའོ། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །ཞེས་པ་དེའི་འཁོར་དང་བཅས་པས་སྟོན་པ་ལ་བསྟོད་ཅིང་མོས་པ་བསྐྱེད་པའོ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཞེས་པ་དང་། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཞེས་པ་སྟོན་པ་ལ་འཁོར་རྣམས་ཀྱིས་སོ། །ཐལ་མོ་སྦྱར་བ་བྱས་ནས་ནི། །ཞེས་ཞུ་བ་པོའི་ལུས་ཀྱི་འདུག་ཚུལ་ལོ། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་པ་སྟོན་པའི་དྲུང་དུ་ཞུ་བ་པོ་འདུག་སྟེ་ཞུ་བ་དབུལ་བའོ། །ཇི་སྐད་འབུལ་ཞེ་ན། ཁྱབ་བདག་ཅེས་པ་སྟོན་པ་པོ། བདག་ལ་སྨན་པ་དང་ཞེས་པ་ཞུ་བ་པོ་ལའོ། །བདག་དོན་ཞེས་པ་བདག་ལ་མི་དགོས་ཀྱང་གཞན་མོས་པ་བསྐྱེད་པའི་ཆེད་དུ་ཚུལ་བསྟན་པའོ། །བདག་ལ་ཐུགས་བརྩེའི་ཕྱིར་ཞེས་པ་སྟོན་པ་དེས་ཞུ་བ་པོ་ལ་བྱམས་ཐུགས་དང་ལྡན་པའོ། །སྒྱུ་འཕྲུལ་ཞེས་པ་མ་རིག་པ་དང་སེམས་སོ། །དྲྭ་བ་ཞེས་པ་གཉིས་སུ་མེད་པའོ། །མངོན་ཞེས་པ་ད་ལྟར་གསལ་བའོ། །རྫོགས་པའི་ཞེས་པ་སྐུ་ལ་ཆེ་བ་རྫོགས་པའོ། །ཡང་ན་རིག་པ་ལ་ཡེ་ཤེས་རྫོགས་པའོ། །བྱང་ཆུབ་ཅེས་པ་ནི་རིག་པའི་ཡེ་ཤེས་སོ། །ཅི་ནས་བདག་ཐོབ་མཛོད་ཅེས་པ་སྟོན་པའི་ཐུགས་རྗེ་དང་ཐབས་ཀྱིས་བདག་གི་དོན་རང་ལ་ཡོད་པས་དེ་རྟོགས་ཤིང་ཐོབ་པར་མཛད་དུ་གསོལ་ཞེས་པའོ། །ཉོན་མོངས་པས་ནི་སེམས་དཀྲུངས་ཤིང་། །མི་ཤེས་འདམ་དུ་བྱིང་པ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་པ་འགྲོ་དྲུག་དུག་ལྔ་དུག་གསུམ་གྱིས་ཟིན་པ་ལ་ཡེ་ཤེས་ཀྱི་སྐྱབས་དམ་པ་མཛད་དུ་གསོལ་ཞེས་པ་སྟེ་གཞན་དོན་དུ་ཞུས་པའོ། །གང་ལ་ཞུས་ཤེ་ན། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལའོ། །དེའི་ཕྱིར་ན། འགྲོ་བའི་བླ་མ་སྟོན་པ་པོ། །ཞེས་པ་ཅི་སྟེ་ཞེ་ན། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་པའོ། །དེ་ཡང་དོན་སྤྱོད་ཡིན་ཞེས་པའོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་པས་སྟོན་པས་སྐུ་བག་ཆགས་ཀྱི་གདོས་པ་ཅན་མིན་ཏེ་འོད་ཀྱི་སྐུ་ཡིན་ལ། སྐུ་དེ་ལ་ནུབ་པ་དང་འགྱུར་བ་མེད་དེ་ཚིག་གི་ཚོགས་ཐམས་ཅད་ཀྱི་མངའ་བདག་གོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་སྐུ་སྟེ་རང་བྱུང་བ ། །ཞེས་པའོ། །དེ་ནི་སྟོན་པ་ཕུན་སུམ་ཚོགས་པའི་བདག་ཉིད་དོ། །འཇམ་ཞེས་པ་རིག་པའོ། །དཔལ་ཞེས་པ་རིག་འཛིན་གྱི་སའོ། །ཡེ་ཤེས་ཞེས་པ་ལོངས་སྐུའོ། །སེམས་དཔའ་ཡི་ཞེས་པ་སྤྲུལ་པའི་སྐུའོ། །མིང་ནི་ཡང་དག་བརྗོད་པའི་མཆོག །ཅེས་པ་དེའི་དོན་མཚན་མ་ཚིག་ལ་བརྟེན་ཏེ་གཅོད་ཅིང་མཚོན་པའོ། །དོན་ཟབ་ཞེས་པ་སྒྲོ་འདོགས་མི་ནུས་ཤིང་སྐུར་པ་གདབ་མི་ནུས་ཏེ་གཞན་གྱི་བློས་དཔགས་པར་དཀའ་བས་སོ། །དོན་ནི་རྒྱ་ཆེ་ཞིང་ཞེས་པ་དང་པོའི་གནས་ལུགས། བར་དུ་འཁྲུལ་ལུགས། ཐ་མར་གྲོལ་ལུགས་ལ་སོགས་པ་སྟོན་པའོ། །དོན་ཆེར་མཚུངས་མེད་རབ་ཞི་བ། །ཞེས་པ་གཞི་དག་པ་ཆོས་ཀྱི་སྐུ་ལ་འབྲས་བུ་དག་པ་ཤེས་རབ་རིག་པའི་སྐུ་ལྔས་བརྒྱན་པ་དེའི་གོང་ན་གཞན་མེད་པ་གཞན་གྱིས་འགྲན་ཟླ་མེད་པའོ། །ཐོག་མ་བར་དང་མཐར་དགེ་བ། །ཞེས་པ་དུས་གསུམ་དུ་བཟང་པོར་གནས་པའོ། །ཅི་སྟེ་ཞེ་ན། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་འབྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །ཞེས་པའོ། །རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །ཞེས་པའི་དོན་གྱི་རྒྱུད་ཆེན་པོ་རིག་པའི་ཡེ་ཤེས་གཉིས་སུ་མེད་པ་ལས་སོ། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །ཞེས་པ་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དོན་གཞན་ལས་ཁྱད་པར་འཕགས་པ་གོང་བཞིན་རིག་པས་སྐལ་བ་དང་ལྡན་པས་སོ། །དཔག་མེད་རྣམས་ཀྱི་དགའ་བཞིན་དུ། །ཞེས་སངས་རྒྱས་བསམ་གྱིས་མི་ཁྱབ་པས་གསུངས་སོ། །ཀླུར་བླངས་གང་ལགས་བཤད་དུ་གསོལ། །ཞེས་ཞུས་པས་ཐུགས་ལས་ནི་དཀྲོལ། མགུར་གྱི་བུམ་པར་དྲིལ་ཏེ། ལྗགས་ཀྱི་དབང་པོ་ལ་བཀྲམ་ནས་གསུངས་པ་གང་ལགས་པ་དེ་སྟོན་པས་བདག་ལ་གསུངས་ཞེས་པའོ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ཞེས་པ་བཤད་པའི་དགོས་པའོ། །དེ་ཡང་དུས་གསུམ་གྱི་བུདྡྷའི་དོན་གྱི་མཚན་ཉིད་སེམས་ལ་འཛིན་ཏེ། ཅི་སྟེ་བདག་ཀྱང་དེ་ལྟར་འགྱུར་བའི་ཕྱིར་རོ། །ངེས་པར་འབྱུང་གི་བར་དུ་ནི། །ཞེས་པ་དོན་ཅི་ཙམ་གསུང་གི་བར་དུའོ། །བདག་གི་བསམ་པ་བརྟན་པོས་བཟུང་། །ཞེས་པ་ཞུ་བ་པོས་གསུངས་པའི་དོན་ཐུགས་ལ་འཆང་བའོ། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །ཞེས་པ་གཞན་གྱི་དོན་གྱི་དགོས་པའོ། །དེའི་ཕྱིར་ན། བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་གསུངས་ཏེ་འགྲོ་བའི་བློ་དང་མོས་པའི་ཁྱད་པར་དང་སྦྱར་ནས་དོན་མཛད་ཅེས་པའོ། །གསང་དབང་ལག་ན་རྡོ་རྗེ་ཡིས། །ཞེས་ཞུ་བ་པོས་སོ། །དེ་བཞིན་གཤེགས་ལ་འདི་སྐད་དུ། །ཞེས་སྟོན་པ་པོ་ལའོ། །གསོལ་ནས་ཞེས་པ་དགོངས་སྐད་དོ། །ཐལ་མོ་སྦྱར་བྱས་ཏེ་ཞེས་པ་ཞུ་བའི་ཚུལ་གྱིས་སྤྱོད་པའོ། ༈ །འདི་མཚམས། ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པའི་འགྲེལ་པ་བཅས་དཔེར་མི་འདུག །མཆན། དེ་ནས་ཞེས་པ་དགོངས་སྐད་ཞུས་ནས་སོ། །བཅོམ་ཞེས་པ་བདུད་བཞི་བཅོམ་པའོ། །ལྡན་ཞེས་པ་སྐུ་དང་ཡེ་ཤེས་སུ། ཤཱ་ཞེས་པ་སྟོན་པ་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཐུབ་པ་དྲུག་གདུལ་བྱ་སོ་སོ་ལ་སྣང་བའོ། །ཀྱ་ཞེས་པ་སྤྲུལ་སྐུ་རེ་རེས་དོན་རེ་རེ་མཛད་པའོ། །ཐུབ་ཅེས་པ་ཐུགས་རྗེས་འགྲོ་བའི་མ་རིག་པ་དང་ལོག་རྟོག་འཇོམས་པའོ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཅེས་པ་གོང་མའི་སྟོན་པ་དེ་འཁོར་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པའོ། །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །ཞེས་པ་ཐུགས་ལས་དཀྲོལ། མགུར་གྱི་བུམ་པར་དྲིལ། ལྗགས་ཀྱི་པདྨོར་བཀྲམ། ཚེམས་གྱི་བར་ནས་བཤར་ཏེ་དོན་གསུངས་པའོ། །དེ་ཡང་སྨྲ་བའི་སེང་གེར་གྱུར་པའོ། ༈ །འདི་མཚམས། རིང་ཞིང་ཡངས་པ་བརྐྱང་མཛད་དེ། །ཞེས་པའི་འགྲེལ་པ་བཅས་དཔེར་མི་འདུག །མཆན། འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །ཞེས་པ་གོང་མའི་དགོས་པའོ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །ཞེས་པ་སེམས་ཅན་ལས་ཀྱི་བྱེ་བྲག་གིས་དམྱལ་བ་ཡི་དྭགས་ཀྱི་ཚུལ་དང་བྱོལ་སོང་དུ་སྣང་བའོ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཞེས་སྟོན་པའི་ཐུགས་རྗེས་གོང་མ་བཞིན་ནོ། །ཚངས་པའི་གསུང་ནི་སྙན་པ་ཡིས། །ཞེས་པ་ལྷ་ཚངས་པའི་གསུང་ལྟ་བུར་འགྱུར་བའི་གསུང་བློ་རབ་འབྲིང་ལ་འཚམས་པ་ཞིག་གསུངས་པའོ། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་ཆོས་ཐམས་ཅད་འཆད་པའི་སྟོན་པ་སྤྲུལ་པའི་སྐུས་གང་བའམ། ཡང་ན་གསུང་དེ་ཉིད་མིའི་གནས་སུ་བསྒྲགས་པས་གཞན་དུ་ཡང་དེ་ལས་མི་ཆེ་མི་ཆུང་བར་སྣང་བའོ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །ཞེས་པ་གང་གདུལ་དཀའ་བ་འདུལ་བ་ལ་གཞན་ཡེ་ཤེས་ཀྱི་སྟོབས་ཀྱིས་དུག་ལྔ་འཇོམས་པའི་ཐུགས་རྗེའི་སྟོབས་ཀྱིས་འགྲོ་བ་སྒྲོལ་བའི་ལྷག་བའི་མཐུ་ཅན་ནོ། །གསང་དབང་ལ་ནི་སླར་གསུངས་པ། །ཞེས་པ་ཐུན་མོང་མ་ཡིན་པའི་དགོངས་པ་ལ་མངའ་མཛད་ཅིང་དབང་བསྒྱུར་བའོ། །དེ་ལ་སྟོན་པས་ཞུ་ལན་གསུངས་པའོ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །ཞེས་པས་ལག་ན་རྡོ་རྗེ་དེ་ལའོ། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཅེས་ཞུ་བ་པོས་གཞན་དོན་དུ་ཞུས་པའོ། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱིའོ། །དགོས་པས་ཅི་ཡོད་ཅེ་ན། མིང་བརྗོོད་པས་ནི་དོན་ཆེ་བའོ། །དོན་ཇི་ཙམ་དུ་ཆེ་ཞེ་ན། དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ཞེས་པ་སྟོན་པ་པོས་ཞུ་བ་པོ་ལའོ། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་རང་དོན་དུ་མི་དགོས་ཀྱང་གཞན་དོན་མཐར་ཕྱིན་པས་སོ། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་པས་ཁྱོད་ཀྱིས་ཞུས་པ་མ་ནོར་ཞེས་པའོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཞེས་པ་བསྟན་པའི་དགོངས་པ་མ་ཡིན་པ་མཁྱེན་ཅིང་མངའ་བས་བདག་པོར་འགྱུར་བའོ། །དེའི་ཕྱིར་ཁྱོད་ལ་མི་དགོས་ཀྱང་གཞན་དོན་དུ་བསྟན་ཞེས་པའོ། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཞེས་པ་ལག་ན་རྡོ་རྗེ་ལ་ཤཱཀ་ཐུབ་ཀྱི་མཚན་བརྗོད་བསྟན་པའོ། །དངོས་ཆོས་ཕུན་སུམ་ཚོགས་པ་འབྱུང་བའོ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་པས་སྟོན་པའི་གསུང་ལ་ལག་ན་རྡོ་རྗེ་ཉོན་ཅིག་པ་སྟེ་མ་ཡེངས་མ་འཕྲོ་བའོ། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་པས་སྟོན་པས་གསུངས་པའི་དོན་ལ་ཞུ་བ་པོ་འཁོར་དང་བཅས་པ་དགྱེས་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་སྟོན་པའོ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་པ་སྟོན་པའི་རིགས་འཛིན་ཅིང་གསང་སྔགས་འཛིན་འཆང་མོས་པའི་འཁོར་ལོ། །གསངསྔགས་རིག་སྔགས་འཆང་བའི་རིགས། །ཞེས་པ་གོང་མའི་འཁོར་གྱི་དབྱེ་བའོ། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་པ་སྟོན་པས་འཁོར་གསུམ་ལ་གཟིགས་ནས་དོན་གསུངས་ཞེས་པའོ། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །ཞེས་པ་འཁོར་དེ་དག་ཀྱང་གཉིས་སུ་འདུས་ཏེ། འཇིག་རྟེན་པ་ལྷ་དང་མི་ལ་སོགས་པ་དང་། འཇིག་རྟེན་ལས་འདས་པ་ཕྱག་ན་རྡོ་རྗེ་ལ་སོགས་པའོ། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཞེས་པ་དོན་བྱེད་ནུས་པའོ། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །ཞེས་པ་དེའི་ནང་ནས་དོན་མཆོག་ཏུ་གྱུར་པའི་དགོངས་པ་བྱ་བཙལ་དང་བྲལ་བ་ལ་མོས་པའོ། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པ་འཁོར་གྱི་ནང་ནས་ཤེས་རབ་ཀྱི་སྙིང་སྟོབས་དང་ལྡན་པར་རིག་པའི་ཡེ་ཤེས་ཀྱི་དོན་རྟོགས་ནུས་པའོ། །འཁོར་གྱི་ནང་ནས་དབུའི་གཙུག་ཏོར་ལྟར་གོང་དུ་གྱུར་པའི་དགོངས་པ་ནུབ་པ་མེད་པའོ། །དེའི་དོན་ནི་ངེས་པའི་དོན་དུ་གསུངས་པའོ། །ཇི་ལྟར་གསུངས་ན། ཚིག་གི་བདག་པོར་གྱུར་པའི་སྟོན་པས་ཚིགས་སུ་བཅད་པའོ། །དེ་ཡན་ཆད་ལེའུ་དང་པོའི་དགོས་པ་བསྟན་པའོ།། །།ད་ནི་ལེའུ་གཉིས་པ་མི་གནས་པའི་ཡེ་ཤེས་ཆེན་པོ་རྡོ་རྗེ་འཆང་གི་དོན་བསྟན་ཏེ། གསང་ཞེས་པ་རིག་པ་དངོས་མེད་ཀྱི་ཡེ་ཤེས་ཀུན་གྱི་ཐུན་མོང་མ་ཡིན་ནོ། །སྔགས་ཤེས་པ་དེ་ལས་ལྷག་པ་མེད་དེ། དོན་མཆོག་ཏུ་གྱུར་པའོ། །རྒྱལ་པོ་ཞེས་པ་རྟོགས་མ་རྟོགས་ཀྱི་བྱེ་བྲག་གམ་ཡོན་ཏན་གྱི་སྣང་བ་འཁོར་འདས་སུ་ཤར་ལ། དེ་འདུས་ཀྱང་དེ་ཉིད་དུ་འདུས་ཤིང་གྲོལ་བས་ན་ཐམས་ཅད་ཀྱི་བདག་པོ་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན། དྲུག་ལྡན་ཞིང་ཞེས་འབྱུང་སྟེ། གཞི་དེ་སྐུ་ལྔ་ངོ་བོ་ཉིད་ཀྱི་སྐུ་དང་དྲུག་ཏུ་ལྡན། རིགས་ལྔ་ཨའི་རིགས་དང་དྲུག་ཏུ་ལྡན། ཡུམ་ལྔ་བདག་ཏུ་མེད་པའི་ཡུམ་དང་དྲུག་ཏུ་ལྡན། དུག་ལྔ་ཁོང་ཁྲོ་དང་དྲུག་ཏུ་ལྡན། རིགས་དྲུག་དང་ལྡན་པའོ། །གཉིས་སུ་མེད་པར་འབྱུང་བ་དང་། །ཞེས་པ་དེ་ཡང་དྲུག་པོ་དེ་རྣམས་དངོས་སུ་མཚན་མ་དང་བཅས་པར་ཡོད་པ་མ་ཡིན་ཏེ། ཡོན་ཏན་གྱི་ཆར་ཡོད་ཅེས་བྱའོ། །དངོས་སུ་མེད་པས་སྐྱོན་དུ་མི་འགྱུར་ཡོན་ཏན་གྱི་ཆར་ཡོད་པས་ཕྱིར་སྣང་ནུས་ཏེ། མི་སྐྱེའི་ཆོས་ཅན་ཞེས་འབྱུང་སྟེ་རང་བྱུང་གཉིས་མེད་ལ་ཡོན་ཏན་འགག་མེད་དུ་གནས་པའོ། །དེ་ཡང་ཇི་ལྟར་གནས་ན་ཆོས་ཉིད་ཆོས་སྐུ་དབྱེར་མེད་པའི་ངང་ན་རིག་པའི་རང་གདངས་འབྱུང་བ་ལྔའི་བུམ་ན་ཤེས་རབ་རིག་པའི་སྐུ་ལྔ་ས་བོན་དུ་སྨིན་ལ། འབྲས་བུར་མ་སྨིན་ཏེ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་པའོ། །འདི་གསུངས་པ་ཞེ་ན། དེ་མཚོན་པའི་ཐབས་སྔགས་ཀྱི་སྒྲ་ཇི་བཞིན་པའོ། །ཨ་ཞེས་པ་དག་པ་སྐྱོན་མེད་དེ་ཆོས་ཉིད་ཡངས་པ་ཆེན་པོའོ། །ཨཱ་ཞེས་པ་ཆོས་ཉིད་དེའི་ཀློང་ན་ཆོས་སྐུ་ཡེ་ནས་གནས་ཏེ་རྒྱུན་གྱི་རྟག་པའོ། །ཨི་ཞེས་པ་ཐུགས་རྗེ་ཆེན་པོ་ཅན། ཨཱི་ཞེས་པ་ཐུགས་རྗེ་རྒྱུན་སོ་སོར་རྟག་པའོ། །ཨུ་ཨཱུ་ཞེས་པ་ཐུགས་རྗེས་དང་པོའི་རང་སར་གཉིས་སུ་མེད་པར་བསྡུས་པའོ། །ཨེ་ཨཻ་ཞེས་པ་མཁྱེན་པའི་ཡེ་ཤེས་སྟོབས་དང་ལྡན་པའོ། །ཨོ་ཨ་ཞེས་པ་ངོ་བོ་སྐྱེ་མེད་མི་རྟོགས་ཀྱང་རྩལ་དཔྱོད་ཀྱི་ཡེ་ཤེས་མི་འགགས་པར་ཕྱིས་འཆར་ནུས་པའོ། །ཨཾ་ཨ་ཞེས་པ་གཞིའི་ཡོན་ཏན་དེ་ལྟར་སྣང་ཡང་དོན་སྐྱེ་མེད་དག་པ་མཉམ་ཉིད་དུ་གནས་ཞེས་པའོ། །སྠི་ཏོ་ཞེས་པ་རིག་པ་འགྱུར་བ་མེད་པ་ལ་ཐུགས་རྗེ་ཐོགས་པ་མེད་པ་འབྱུང་བའོ། །ཧྲཱི་དི་ཞེས་པ་ཐུགས་རང་བྱུང་གི་ཡེ་ཤེས་མི་འགྱུར་བའོ། །ཛྙཱ་ན་མཱུརྟི་ཞེས་པ་ཐུན་མོང་གི་ཡེ་ཤེས་མཉམ་པའི་ཐུགས་རྗེ་དང་བཅས་པ་མི་འགྱུར་བའོ། །ར་ཧཾ་ཞེས་པ་ཐུགས་རྗེ་འགག་མེད་ཀུན་ལ་སྙོམས་པའོ། །དེ་བཞིན་དུ་སྒྲའི་དོན་ཁོང་ནས་བརྡའོ། །བུདྡྷོ་བུདྡྷ་ནཱཾ་ཏྲྱ་དྷྭ་བརྟི་ནཱཾ། ༀ་བཛྲ་ཏཱི་ཀྵྞ་དུཿཁཙྪེ་ད། པྲ་ཛྙཱ་ཛྙཱ་ན་མཱུརྟྟ་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ འདི་ལྟར་ཞེས་པ་གཞིའི་ཡོན་ཏན་ལས་སྐུ་དང་ཡེ་ཤེས་འབྱུང་ལུགས་བསྟན་པའོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་པས། རིག་པའི་ཡེ་ཤེས་རྟག་པའི་མཐའ་དང་བྲལ་ཞིང་། ཡོན་ཏན་སྣང་བ་ཕྱོགས་མེད་དུ་འབྱུང་སྟེ་རང་གི་ངོ་བོ་སྐྱོན་གྱི་མཐའ་ལས་གྲོལ་བའོ། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཞེས་པ་གཞི་སྐྱེ་བ་མེད་པ། རང་བཞིན་འགགས་པ་མེད་པ་ལས་ཡོན་ཏན་གྱི་སྣང་བ་ཡེ་ཤེས་སུ་འཆར་ཏེ་རིག་པ་ཤེས་རབ་ཀྱི་སྐུ་ལྔ་རིན་པོ་ཆེ་འོད་འབར་བའོ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པ་དཔེར་ན་ཨ་ནི་ཡིག་འབྲུ་ཐམས་ཅད་ཀྱི་ངོ་བོ་ཡིན་པ་དང་འདྲ་བར་རིག་པ་ཡེ་ཤེས་ལྔ་དང་འབྱུང་བ་ལས་མཆོག་ཏུ་གྱུར་པའོ། །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་པ་ཡི་གེ་ཨ་ལྟ་བུའམ་དེ་ལ་བརྟེན་པའི་ཚིག་དང་མིང་ལྟ་བུ་མ་ཡིན་ཏེ། རིག་པ་ཆོས་ཀྱི་སྐུ་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་དབྱེར་མེད་ཀྱི་དོན་ཞེས་པའོ། །དཔེར་ན་ཡི་གེ་ཨ་ཁོང་ནས་འབྱུང་སྟེ་སྒྲ་གཞན་གྱི་གནས་ལྟ་བུ་ཡིན་པས་སྒྲ་རང་འབྱུང་ངོ་། །རང་བྱུང་ཡིན་པས་སྐྱེ་བ་མེད་དོ། །དེ་བཞིན་དུ་འཁོར་འདས་ཀྱི་ཆོས་ནི་གཞི་ལས་འབྱུང་ལ། གཞི་དེ་ལ་རྒྱུ་རྐྱེན་མེད་པར་རང་བྱུང་བའོ། །དེ་བས་སྐྱེ་བ་མེད་དོ། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པས་བརྗོད་པ་ལས་འདས་པའོ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་པ་དེའི་ཡོན་ཏན་ནམ་རྩལ་དུ་སྒྲ་དང་ཐ་སྙད་ཐམས་ཅད་ཤར་བའོ། །ཐམས་ཅད་ཀྱི་གཞི་རྩ་ཡིན་ཞེས་པའོ། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ་མཚོན་བྱ་དོན་གྱི་གཞི་མོ་དེ་མཚོན་བྱེད་ཚིག་གི་སྒྲོན་མ་ལ་བརྟེན་ནས་མཚོན་ཅིང་བརྗོད་པས་ན་ཚིག་གསལ་བར་སྟོན་པའོ། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་པ་འདི་ནི་ཡེ་ཤེས་ཀྱི་མཚན་ཉིད་སྟོན་ཏེ། སེམས་ཅན་གྱི་འདོད་ཆགས་རང་རྒྱུད་ལས་ལོག་སྟེ། དེའི་གཉེན་པོར་རིག་པའི་ཤེས་རབ་དཔྱོད་བྱེད་མ་འགགས་པས་སོ་སོར་རྟོག་པའི་ཡེ་ཤེས་སོ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པ་ཐུགས་རྗེ་ཆེན་པོ་རྩོལ་བ་བྱེད་མི་དགོས་པས་འདོད་ཆགས་ཡེ་ཤེས་སུ་བསྟན་པས་གཉིས་སུ་མེད་དེ་དགའ་བའོ། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེས་པ་འགྲོ་བའི་ཉོན་མོངས་སེལ་ཏེ། རིག་པ་འགག་པ་མེད་དེ་མེ་ལོང་ཡེ་ཤེས་སོ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་པ་ཉོན་མོངས་པ་མི་གནས་ཏེ་ཡེ་ཤེས་མ་འགགས་པ་ཡིན་པས་སོ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །ཞེས་པ་རིག་པ་འབྱེད་པ་མེད་པའི་ཤེས་རབ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །གཏི་མུག་བློ་སྟེ་ཞེས་པ་མི་རྟོག་པའི་ཤེས་རབ་གཅོད་པའོ། །གཏི་མུག་སེལ་ཞེས་པ་མི་གནས་པའོ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཞེས་པ་གཉིས་འཛིན་དང་བཅས་པའི་ཉོན་མོངས་པ་མི་གནས་ཏེ། རང་བྱུང་གི་ཡེ་ཤེས་འོད་དུ་གསལ་བའོ། །ཁྲོ་བོ་ཆེན་པོ་དགྲ་ཆེ་བ། །ཞེས་པ་མ་རིག་པའི་ཁོང་ཁྲོ་འཇོམས་པའོ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཞེས་པ་ཟག་པ་མེད་པའི་བདེ་བའོ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་པ་རྟོག་བཅས་སོ། །འདོད་པ་ཆེན་པོ་བདེ་བ་ཆེ། །ཞེས་པ་རང་གིས་རང་གི་སྐུ་དང་ཡེ་ཤེས་རྟོགས་པར་འདོད་པ་དེ་རྟོགས་པས་བྱ་རྩོལ་ལས་གྲོལ་བའོ། །ཡང་ན་ཆགས་པ་མེད་པའི་བདེ་བའོ། །གཉིས་མེད་ཀྱི་དོན་ལ་དགྱེས་ཤིང་ཉོན་མོངས་པ་མེད་པའོ། ༈ །འདི་མཚམས། དགའ་བ་ཆེན་པོ་མགུ་བ་ཆེ། །ཞེས་པའི་འགྲེལ་བ་བཅས་དཔེར་མི་འདུག །མཆན། གཟུགས་ཆེན་ཞེས་པ་ཡེ་ཤེས་ཀྱི་སྤྱན་ལྔས་ཀུན་ཏུ་ཁྱབ་གདལ་བའོ། །ལུས་ཀྱང་ཆེ་བ་སྟེ་ཞེས་པ་རིན་པོ་ཆེའི་ལུས་ནམ་མཁའ་ལྟ་བུའོ། །ཁ་དོག་ཆེ་ཞིང་ཞེས་པ་གཟུགས་ཡིན་ཏེ་དེ་ཉིད་ཁ་དོག་རྣམ་པ་ལྔ་དང་ལྡན་པའོ། །ལུས་བོང་ནི་གཟུགས་ལ་བརྟེན་ནས་རིན་པོ་ཆེའི་དབུགས་སོ། །ཆེ་བ་ནི་ལུས་དང་གཟུགས་ཅན་ལས་གྲོལ་བའོ། །མིང་ཡང་ཆེ་ཞིང་ཞེས་པ་དེའི་མཚན་ནོ། །རྒྱ་ཆེ་བ་ཞེས་པ་འདོགས་ཤིང་བརྗོད་པའི་ལུགས་མང་བའོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པ་རིག་པའི་ཡེ་ཤེས་དབྱིངས་རྣམ་པར་དག་པའི་ངང་ན་འགགས་པ་མེད་པར་ངང་གིས་གནས་སོ། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཞེས་པ་རྩོལ་དཔྱོད་ནུས་པས་རང་རིག་རང་གསལ་དུ་རྟོགས་པའོ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །ཅེས་པ་གོང་མས་ཉོན་མོངས་པ་ཡེ་ཤེས་སུ་སྒྲོལ་ཞིང་གསལ་བའོ། །གྲགས་ཆེན་ཞེས་པ་སྟོབས་ཅིར་ཡང་སྣང་ཞིང་གྲགས་པའོ། །སྙན་གྲགས་ཆེན་པོ་སྟེ་ཞེས་པ་མ་བྱས་པར་མཐུན་པར་སྣང་བའོ། །སྣང་བ་ཆེན་པོ་གསལ་བའོ། །ཞེས་པ་ཆོས་ཉིད་རང་གསལ་བ། མ་འགགས་པ། ཡང་ཁྱབ། དག་གསལ། མི་འགྱུར་བ། སྟོང་པ་སྟེ་ཆོས་ཉིད་མཚན་ཉིད་དྲུག་ལྡན་ནོ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །ཞེས་པ་རིག་པའི་ཡེ་ཤེས་དོན་གཉིས་སུ་མེད་དེ། དབྱིངས་ཀྱི་ངང་དུ་འདུ་འབྲལ་མེད་པའོ། །སྒྱུ་འཕྲུལ་ཆེན་པོ་ཞེས་པ་བཞིའོ། །དོན་གྲུབ་པ་ཞེས་པ་ཇི་བཞིན་རང་གིས་རང་གི་དོན་རྟོགས་པའོ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །ཞེས་པ་རང་ལ་གནས་པའི་ཐིག་ལེ་ཆེན་པོ་རྟོགས་པའི་དོན་ཉམས་སུ་མྱོང་བ་སྟེ་མངོན་དུ་འགྱུར་བས་ནའོ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །ཞེས་པ་ཤེས་རབ་ཟབ་མོ་ཉིད་ཐབས་ཀྱིས་བྱེ་བྲག་མ་འགགས་པ་ཅིར་ཡང་སྣང་བའོ། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་པ་ཐམས་ཅད་དེ་ལས་འབྱུང་ཞིང་སྣང་བའོ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །ཅེས་པ་བསྲུང་མཚམས་མེད་པས་མི་ཉམས་པའོ། །བཟོད་ཆེན་འཆང་བ་བརྟན་པ་པོ། །ཞེས་པ་དགོངས་པ་ཉག་གཅིག་ལ་ཉོན་མོངས་པ་སྐྱེ་བའི་ཡུལ་མེད་དེ་མི་རྟོག་པའོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་པས་ཡེ་ནས་བྱས་ཟིན་པའི་ཆོས་ལ་གདོད་བྱར་མེད་པའོ། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཞེས་པ་རིག་པ་རང་གི་ངོ་བོ་མི་གཡོ་བའི་དགོངས་པའི་ཕུགས་ཆེན་པོ་གཅིག་གོ། །ཤེས་རབ་ཆེན་པོའི་ལུས་འཆང་བ། །ཞེས་པ་ཕྱོགས་ལྷུང་མེད་པའི་ཤེས་རབ་ཀྱིས་རིག་པ་རྐྱང་བར་བྱུང་བ། ཡེ་ཤེས་གཟུགས་ཀྱི་སྐུ་གཉིས་ཀྱི་རྟེན་རིན་པོ་ཆེའི་སྦུབས་སོ། །སྟོབས་པོ་ཆེ་ལ་ཞེས་པ་འཁོར་འདས་ཐམས་ཅད་སྣང་ནུས་པའོ། །ཐབས་ཆེ་བ་ཞེས་པ་ཤེས་རབ་བྱ་བཙལ་མི་མངའ་བར་གྲོལ་ནུས་པའོ། །སྨོན་ལམ་ཞེས་པ་གཞན་ལ་སྨོན་དུ་མེད་དེ། སྐུ་དང་ཡེ་ཤེས་ཆེན་པོའི་ཡོན་ཏན་ཐམས་ཅད་ངང་ལ་རྫོགས་པའོ། །ཡེ་ཤེས་ཞེས་པ་གཞི་གནས་ཀྱི་ཡེ་ཤེས་ཆོས་ཀྱི་སྐུ་ལ་མཚན་ཉིད་འཛིན་པའི་ཡེ་ཤེས་འོད་ལྔ་རང་ཆས་སོ། །རྒྱ་མཚོ་སྟེ་ཞེས་པ་དེའི་བཞུགས་གནས་དབྱིངས་ཀྱི་ཐིག་ལེའོ། །བྱམས་ཆེན་ཞེས་པ་བྱིན་རླབས་ཀྱི་སྐུ་གཉིས་འབྱུང་སྟེ་འགྲོ་ལ་ཕན་འདོགས་པའོ། །རང་བཞིན་ཞེས་པ་རིག་པའི་སྣང་བ་ཡེ་ཤེས་དང་སྐུ་མི་འདྲ་བའི་བྱེ་བྲག་ཏུ་སྣང་བའོ། །དཔག་ཏུ་མེད་ཅེས་པ་ཡོན་ཏན་སྟོབས་ལ་ཚད་བཟུང་དུ་མེད་པའོ། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་པ་ཐུགས་རྗེ་འགགས་པ་མེད་པའོ། །ཤེས་རབ་ཆེན་པོ་གཞིའི་དགོངས་པའོ། །བློ་ཆེན་ལྡན་ཞེས་པ་རྩལ་ལོ། །དེ་ཡང་སྟོན་པ་དེ་དང་ལྡན་པའོ། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་པ་ཤེས་རབ་རིག་པའི་སྐུའོ། །དེ་ཡང་བྱ་རྩོལ་མི་མངའ་བའོ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཞེས་པ་ཤེས་རབ་རིག་པའི་སྐུ་ལས་ཉིད་ལས་མི་གཞན་པའི་འཁོར་འབྱིན་ཅིང་། དེ་ལས་ཚོམ་བུ་ལྔ་སྤྲུལ་པ་དང་ཡང་སྤྲུལ་ལ་སོགས་པ་ཐོགས་པ་མེད་པར་འབྱུང་ནུས་པའོ། །ཤུགས་ཆེན་ཞེས་པ་རིག་པའི་ཡོ ན་ཏན་ནོ། །མགྱོགས་པ་ནི་སྐད་ཅིག་མ་ལ་བསྐྱེད་པའོ། །ཆེན་པོ་སྟེ་ཞེས་པ་རྩོལ་བ་དང་བཅས་པས་བགྲོད་དུ་མེད་པའོ། །དེ་ཡང་། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །ཞེས་པ་ཐབས་མ་འགགས་པའོ། །སྟོབས་ཆེན་ཕ་རོལ་གནོད་པ་པོ། །ཞེས་པ་སྐད་ཅིག་མ་གཅིག་ལ་འཁྲུལ་སྣང་ཡེ་ཤེས་སུ་བསྒྱུར་བའོ། །སྤྲུལ་སྐུའི་ས་ནས་ལོངས་སྐུར་གྲོལ་ནུས་ལ། དེ་ལས་མྱ་ངན་ལས་འདས་པའི་ས་ནོན་པའོ། །དངོས་གང་ཞེ་ན། སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་བྱ་སྟེ་སྲིད་པའི་རི་བོ་ཆེན་པོ་རྟོགས་པས་སྐད་ཅིག་མ་ལ་གྲོལ་བའོ། །མཁྲིགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །ཞེས་པ་ཆོས་ཉིད་འགྱུར་བ་མེད་པའི་ངང་ན་མི་འབྲལ་བར་གནས་པའོ། །དྲག་པོ་ཆེན་པོ་ཞེས་པ་གཞིའོ། །དྲག་ཤུལ་ཆེ་ཞེས་པ་འཁོར་བའི་ཆོས་ཅན་མཚན་མ་འཇོམས་པའོ། །འཇིགས་ཆེན་འཇིགས་པར་བྱེད་པའི་མཆོག །ཅེས་པ་སྤྲུལ་པའི་སྐུ་ཐུབ་པ་དྲུག་གིས་འཇིག་རྟེན་དྲུག་གི་གདུག་པ་ཅན་འདུལ་ཞིང་གཟུང་འཛིན་འཇོམས་པའོ། །མགོན་པོ་ཞེས་པ་རྡོ་རྗེ་སེམས་དཔའོ། །རིགས་ཞེས་པ་སྤྲུལ་པའི་སྐུ་དྲུག་སྟོན་པའི་རིགས་འཛིན་པའོ། །མཆོག་ཆེན་པོ་སྟེ་ཞེས་འདུལ་བྱེད་ཀྱི་ཐབས་དེ་ལས་ལྷག་པ་མེད་དོ། །ཡང་ན་མཐུན་པའི་སེམས་ཅན་ལས་སྣང་བའོ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཅེས་པ་གོང་མའི་སྐུ་དྲུག་པོ་དེ་འགྲོ་བ་དྲུག་གི་དོན་དུ་ཆོས་འཆད་དེ། དེ་ཡང་ངེས་པའི་དོན་གཙོ་ཆེར་སྔགས་འཆད་པར་འགྱུར་བའོ། །དེས་ན་འགྲོ་བའི་བླ་མའོ། །ཐེག་པ་ཆེན་པོའི་ཚུལ་ལ་གནས་། །ཞེས་པ་བྱ་རྩོལ་མེད་པར་སྐུ་དང་ཡེ་ཤེས་ཀྱི་དོན་ལ་གནས་པའོ། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པ་ཐེག་པ་ཆེན་པོའི་ནང་ནས་མཆོག་ཏུ་གྱུར་པའོ། །དེ་ཡན་ཆད་ལེའུ་གཉིས་པའི་དོན་བཤད་པའོ།། །།ད་ནི་ངོ་བོ་སྟོང་པ་ཉིད་ཀྱི་དོན་འཆད་དེ། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ཤེས་བྱའི་ངོ་བོ་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་དེའི་མཚན་ཉིད་འཛིན་པའི་འོད་མཐིང་གའོ། །དེའི་དོན་གྱི་སྐུ་རྣམ་པར་སྣང་མཛད་རིག་པའི་སྐུ་ལྔ་ཞལ་ཕྱོགས་བཅུར་གཟིགས་པ་གཅིག་ཏུ་ཤར་ཏེ། དེའི་སྣང་བ་ལོངས་སྐུའི་དཀྱིལ་འཁོར་གསལ་བ་ནས་དེ་ལོངས་སྐུའི་གཙོ་བོར་གྱུར་པའོ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་པ་འཁོར་གྱི་སྤྲུལ་པའི་སྐུ་དྲུག་གིས་དོན་བྱེད་ནུས་པའི་ཐུགས་རྗེའོ། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཞེས་པ་དོན་གོང་མ་དེ་སྔགས་ཀྱི་ཚུལ་ཡིན་པས་གཞན་གྱིས་རྟོགས་པར་དཀའ་ཞེས་པའོ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་པ་གསང་སྔགས་དོན་གྱི་ངོ་བོའི་བདག་པོར་གྱུར་པའོ། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་པ་རྩོལ་བ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ཏེ། འོ་ན་གང་ཞེ་ན། ཁམས་གསུམ་གྱི་ཆོས་ལ་མི་གནས་པ་དང་། འཇུག་སྒོ་མེད་པ་དང་། བརྗེད་པ་མེད་པ་དང་། འགྲན་ཟླ་མེད་པ་དང་། གཡོ་བ་མེད་པ་དང་། ཤེས་རབ་ཆེན་པོ་ཡིན་པ་དང་། བྱ་བཙལ་མི་མངའ་བ་དང་། སྐད་ཅིག་མ་ལ་འཆར་བསྐྱོད་ནུས་པ་དང་། ཡོན་ཏན་ཐམས་ཅད་རང་ལ་རྫོགས་པ་དང་། ཡེ་ནས་ཡེ་ཤེས་ཆེན་པོའི་དོན་ལ་འདུ་འབྲལ་མེད་པས་འཐོབ་ཅིང་གནས་པའོ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཞེས་བྱའོ། །ཕ་རོལ་བྱིན་བཅུ་དག་པ་སྟེ། །ཞེས་པ་འོག་མའི་ཕ་རོལ་ཏུ་ཕྱིན་པ་བཅུ་རེ་དོགས་དང་རྩོལ་བ་བཅས་པ་དེ་མི་གནས་པའོ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་པ་དོན་གྱི་གནས་ལུགས་ཡོན་ཏན་དེ་ལྟར་སྣང་བའོ། །མགོན་པོ་ཞེས་པ་སྤྲུལ་པའི་སྐུ་རྣམས་སོ། །ས་བཅུ་ཞེས་པ་སངས་རྒྱས་ཀྱི་ས་ནས་ཐུགས་རྗེའི་ཡེ་ཤེས་ཤར་ཏེ། འགྲོ་བའི་དོན་དུ་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་དོན་གཞན་ལ་སེམས་པའི་སེམས་དཔའོ། །དབང་ཕྱུག་སྟེ་ཞེས་པ་ཐམས་ཅད་ཀྱི་མངའ་བདག་གོ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་པ་སྤྲུལ་པའི་སྐུ་བག་ཆགས་ཀྱི་ལུས་ཅན་དེ་ཇི་ལྟར་གནས་ན། རྟོགས་པ་རྒྱུད་ལ་སྐྱེས་པའི་དུས་ན་མོས་པ་སྤྱོད་པའི་ས་པ་ཡིན་ནོ། །བླ་མས་ཟི་བཞིན་པ་རྣམ་པ་བཞིའོ། །ངོ་སྤྲོད་བཞི་དང་བཅས་པས་བསྡམས་པ་བསྒྲགས་པའི་ཚེ་སྐུ་དང་ཡེ་ཤེས་རང་བཅས་གནས་པ་དེ་མཐོང་བས་རབ་ཏུ་དགའ་བའོ། །གདིང་དང་ལྡན་པས་ཐེ་ཚོམ་མེད་དེ་དྲི་མ་མེད་པའོ། །སེམས་དང་ཡེ་ཤེས་ཕྱེད་དེ་སེམས་རིག་དབང་དུ་འདུས་པས་མཚན་མ་ཟིལ་ཡིས་གནོན་ནས་དེ་གཞན་ལ་སྟོན་པ་རག་མ་ལུས་ཙམ་ན་འོད་གསལ་བའོ། །གཞན་དོན་མཐར་ཕྱིན་པ་ནི་འོད་འཕྲོ་པའོ། །དེ་ཡང་མ་རྟོགས་པ་དུག་ལྔ་དུག་གསུམ་སྦྱང་དཀའ་ཡང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ནི་དུག་ལྔ་དུག་གསུམ་ཡེ་ཤེས་ལྔར་གྲོལ་བའོ། །དེ་ནི་སྦྱང་དཀའ་བའོ། །དྲུག་པ་མངོན་དུ་གྱུར་པ་ནི་སྦུབས་གསུམ་དང་སྐུ་གསུམ་གྱི་དོན་ཇི་ལྟ་བ་བཞིན་དུ་ཤེས་པའོ། །བདུན་པ་རིང་དུ་སོང་བ་ནི་ཟག་བཅས་ཀྱི་འབྲས་བུ་ཅན་ལས་གྲོལ་བའོ། །བརྒྱད་པ་མི་གཡོ་བ་ནི་འབྱུང་བ་དྭངས་སྙིགས་ཕྱེ་བའོ། །དགུ་པ་ལེགས་པའི་བློ་གྲོས་ནི་དགོས་པ་རང་ལས་འབྱུང་བའོ། །བཅུ་པ་ཆོས་ཀྱི་སྤྲིན་ཞེས་པ་ཆོས་ལ་དབང་ཐོབ་པའོ། །ས་ནི་གཅིག་སྟེ་མན་ཆད་ཤེས་པའི་ཉམས་ལ་བརྩིས་པའོ། །བཅུ་གཅིག་ཡན་ཆད་དེའི་སྣང་བའི་རྩལ་ལོ། །དོན་དེ་ལ་གནས་པ་ནི། ས་བཅུ་ལ་ནི་གནས་པ་པོ། །ཞེས་བྱའོ། །ཤེས་བཅུ་ནི་ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་གོང་བཞིན་ཤེས་པའོ། །རྣམ་དག་ནི་དེ་རྣམས་ཀྱི་མཚན་མ་ལ་མི་གནས་པའོ། །བདག་ཉིད་ཅན་ཞེས་པ་རིག་པ་ཐམས་ཅད་ཀྱི་མངའ་བདག་ཏུ་འདུག་པའོ། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་པ་ནི་དོན་གྱི་ངོ་བོ་དང་མི་འབྲལ་ཞེས་པ་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་ངེས་པའི་དོན་དུ་བསྟན་པ་གོང་མའོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཞེས་འབྱུང་བའི་དྭངས་མ་དང་། སྙིགས་མ་ལྔའི་དོན་ནི་རིག་པའི་མཚན་ཉིད་དང་། ཡེ་ཤེས་ཀྱི་རང་གདངས་ལྔ་ལྔ་སྣང་བའི་དོན་ཏོ། །ཐུབ་ཅེས་པ་དྲུག་སྟེ་སྤྲུལ་པའི་སྐུའོ། །དབང་ཞེས་པ་ཞིང་དྲུག་ལ་སོ་སོར་མངའ་མཛད་པའོ། །སྟོབས་བཅུ་ཞེས་པ་ཤེས་རབ་ཀྱི་སྟོབས་ལྔ་ལྔ་ཡབ་ཡུམ་དུ་སྣང་བའོ། །ཁྱབ་པའི་ཅེས་པ་ཆོས་སྐུས་སོ། །བདག་ཅེས་པ་རིག་པའི་ཡེ་ཤེས་སྐུ་གསུམ་དུ་སྣང་བའོ། །ཀུན་གྱི་དོན་ནི་མ་ལུས་བྱེད། །ཅེས་པ་སྤྲུལ་པའི་སྐུ་དྲུག་གིས་སོ། །རྣམ་བཅུ་དབང་ལྡན་ཆེ་བའི་མཆོག །ཅེས་པ་རིགས་ལྔ་ཡབ་ཡུམ་རིག་པའི་སྐུ་ལྔ་ལ་ཡོད་ལ། དེའི་དབང་དང་རིག་པ་ལྡན་ཏེ་དེའི་གོང་ན་གཞན་མེད་པས་སོ། །ཐོག་མ་མེད་པ་ཞེས་པ་ཆོས་ཉིད་དང་ཡེ་ཤེས་ལ་དུས་མེད་དེ་ཡེ་ནས་གནས་པའོ། །སྤྲོས་མེད་བདག་ཅེས་པ་གཞི་ལ་སྤྲོས་པའི་ཆོས་མི་གནས་པའོ། །འོ་ན་ཇི་ལྟར་གནས་ཤེ་ན། དེ་བཞིན་ཉིད་བདག་དག་པའི་བདག །ཅེས་པ་འདིས་སྟོན་ཏེ། ཆོས་ཀྱི་ཕྱི་ནང་མེད་པའི་ཡེ་ཤེས་ཞི་བ་ངོ་བོས་སྟོང་པ་དང་། ཡེ་ཤེས་འགགས་པ་མེད་པར་གསལ་བའི་བུམ་པ་ལྔ་ན་རིག་པ་ཤེས་རབ་ཀྱི་སྐུ་ལྔ་མ་འདྲེས་པར་ཡོངས་སུ་རྫོགས་པར་གནས་སོ། །མ་རིག་པ་དང་ལོག་རྟོགས་ངང་གིས་བཅོམ་ནས་བདག་མེད་པའི་བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པའོ། །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཞེས་པ་ལ་ཉེས་པ་ཟད་པས་རྫུན་མི་སྨྲ་སྟེ་རྒྱུ་མེད་པས་སོ། །འགག་མ་ནོར་བར་གསལ་ཞིང་གསུངས་པའི་དོན་མི་འགྱུར་བའོ། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་པ་གསུངས་པའི་དོན་དང་མཐུན་པར་སྤྱོད་པའོ། །ཇི་སྐད་གསུངས་ཤེ་ན། གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་པ་དེ་ཡང་གཉིས་མེད་ནི་གཞིའོ། །གཉིས་སུ་མེད་པར་སྟོན་པའོ། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་པ་རིན་པོ་ཆེའི་སྦུབས་ན་སྐུ་གཉིས་ནང་གསལ་དུ་གནས་པའོ། །བདག་མེད་ཅེས་པ་རིན་པོ་ཆེའི་སྐུ་ལ་བག་ཆགས་ཀྱི་བདག་མེད་པའོ། །སེང་གེའི་སྒྲ་དང་ལྡན་ཞེས་པ་དེ་ལྟར་མ་རྟོགས་པའི་ལོག་ལྟ་ཅན་ཟིལ་གྱིས་གནོན་པའོ། །ལོག་ལྟ་ཅན་གང་ཞེ་ན། མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཅེས་པ་སྟེ་མུ་སྟེགས་ནི་རྟག་ཆད་གཉིས་སོ། །རི་དྭགས་ནི་ཉན་ཐོས་ལ་སོགས་པའོ། །འཇིགས་པ་ནི་དོན་གོང་མ་ལའོ། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །ཞེས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཤར་ཡང་དེ་ཉིད་དུ་ཤར་ལ། གྲོལ་ཡང་དེ་ཉིད་དུ་གྲོལ་བའོ། །དེ་ཡང་དོན་ནི་རིག་པའོ། ཡོད་ནི་རིག་པ་ལས་ཡོན་ཏན་དུ་སྣང་བའོ། །སྟོབས་ཞེས་པ་གནད་ཀ་དེ་དེས་འབྱུང་བའོ། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །ཞེས་པ་ནི་མ་འགགས་པའི་ཤེས་རབ་དབུགས་མེད་པའི་རྒྱུ་བ་དང་ངོ་། །རྒྱལ་བ་ཞེས་པ་ལོངས་སྐུའོ། །རྣམ་རྒྱལ་ཞེས་པ་ཚོམ་བུའོ། །དགྲ་ལས་རྒྱལ་ཞེས་པ་དུག་ལྔ་དུག་གསུམ་ལ་སོགས་པ་མི་མངའ་བ་སྟེ་འཁོར་བ་ལས་གྲོལ་བའོ། །འཁོར་ལོས་སྒྱུར་བ་ཞེས་པ་ཡི་གེ་དྲུག་པའི་ངོ་བོ། །སྟོབས་པོ་ཆེ་ཞེས་པ་སྤྲུལ་པའི་སྐུ་དྲུག་སྐྱེས་ནས་འགྲོ་དྲུག་གི་ཉོན་མོངས་པ་ལས་གྲོལ་ཞིང་མཚན་མ་ཟིལ་གྱིས་གནོན་པའོ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཅེས་པ་འགྲོ་དྲུག་གི་སློབ་དཔོན་ཐུབ་པ་དྲུག །ཐུབ་པ་དྲུག་ནི་རིགས་དྲུག་གི་ནང་ན་མཆོག་ཏུ་གནས་པའོ། །ཚོགས་རྗེ་ཞེས་པ་ནི་རིག་པའོ། །ཚོགས་བདག་ནི་འཁོར་འདས་ཀྱི་གཙོ་བོ་སྟེ་རིག་པ་དང་ཡེ་ཤེས་སོ། །དབང་དང་ལྡན་ཞེས་པ་ནི་དེ་ལས་ཆོས་ཐམས་ཅད་སྤྲོས་ཤིང་སྡུད་པ་སྟེ། མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཞེས་པ་རིག་པ་དངོས་མེད་ཀྱི་ཡེ་ཤེས་གདོས་པ་ཅན་གྱི་ཆོས་ཡིན་ཏེ། ཡོན་ཏན་གྱི་སྒོ་ཡངས་པ་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་པའོ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཅེས་པ་རིག་པ་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་གཞན་ལ་རག་མ་ལུས་པའོ། །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཞེས་པ་ཆོས་ཐམས་ཅད་ཀྱི་བདག་པོ། ཚིག་ཐམས་ཅད་ཀྱི་འབྱུང་གནས་རིག་པ་ཡིན་པས་དེའི་དོན་མ་ནོར་བར་གསུངས་པ་ལ་མཁས་པ་ཞེས་བྱའོ། །ཚིག་ལ་དབང་བ་ནི་འཁོར་གྱི་བྱེ་བྲག་དང་སྦྱར་ནས་ཆོས་བསྟན་པའོ། །ཚིག་མཐའ་ཡས་པ་ནི་ཐེག་པ་སྣ་ཚོགས་པའོ། །ཚིག་བདེན་པ་དང་བདེན་པར་སྨྲ་བ་ནི་སྟོན་པའོ། །བདེན་པ་བཞི་ནི་སྟོན་པ་པོ། །ཞེས་པ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །ཐུགས་རྗེ་འོད་ཟེར་གྱི་སྐུ་སྟེ་བཞིའོ། །དེ་བཞི་ནི་མི་བསླུ་མི་བརྫུན་ཏེ་ངེས་པའོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །ཞེས་པ་དང་པོ་གཞིའི་དུས་ན་ས་བོན་བཞི་རྫོགས་སུ་བཞུགས་པ་ལས་སྤྱིར་རྩལ་གྱི་དུས་སུ་འབྲས་བུ་སྐུར་སྨིན་ཏེ་ཕྱིར་འབྲས་བུ་རྒྱུར་མི་ལྡོག་པའོ། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ཞེས་པ་ཐུགས་རྗེ་དང་ཐབས་མ་འགགས་པ་སྣ་ཚོགས་སུ་བསྟན་པ་ཡང་དོན་ཐིག་ལེ་ཉག་གཅིག་གོ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །ཞེས་པ་རིག་པ་ལས་ཡེ་ཤེས་ཤར་ཏེ། རྟོགས་མ་རྟོགས་ཀྱི་སྣ་ཚོགས་སུ་སྣང་བའོ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་པ་ཡེ་ཤེས་ཀྱི་འབྱུང་བ་ལྔ་རིག་པའི་ཡོན་ཏན་ལས་ཤར་བའོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །ཅེས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་བཞིན་གྱིས་དག་པའོ། །འདོད་ཆགས་བྲལ་བ་དབང་པོ་ཐུལ། །ཞེས་པ་སེམས་ཅན་གྱི་ཉོན་མོངས་པ་མི་མངའ་བ་སྟེ་རྡོ་རྗེ་དང་པདྨ་མི་གནས་པའོ། །བདེ་བ་རྙེད་པ་འཇིགས་མེད་ཐོབ། །ཅེས་པ་ཆོས་སྐུ་བྱ་བཙལ་ལས་འདས་པ་རང་ཆས་སུ་རྟོགས་པས་འཁོར་བ་ལ་ཉམ་མི་ང་བའོ། །བསིལ་བར་གྱུར་པས་རྙོག་མ་མེད། །ཅེས་པ་སྐུ་གསུམ་རྣམ་པར་དག་པའོ། །རིག་པ་དང་ནི་རྐང་པར་ལྡན། །ཞེས་པ་རང་སྣང་རྟོགས་ཤིང་ཐབས་མ་འགགས་པས་སྐད་ཅིག་མ་ལ་གྲོལ་ནུས་པའོ། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །ཅེས་པ་ལུས་བར་པ་ནས་ཆོས་ཀྱི་སྤྱན་ནམ་མཁའ་ལས་ཉི་མ་ཤར་བ་ལྟ་བུར་གྱུར་པའོ། །བདག་གིར་མི་འཛིན་ངར་མི་འཛིན། །ཞེས་པ་གོང་བཞིན་རྣམ་པ་ཐམས་ཅད་མཁྱེན་ཡང་གཉིས་འཛིན་མེད་དེ་དབུགས་ཅན་མིན་པས་སོ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་པ་ཡར་ཆོས་སྐུ་རིན་པོ་ཆེའི་སྦུབས་བདེན། མར་སྤྲུལ་སྐུ་བག་ཆགས་ཀྱི་སྦུབས་བདེན་ཏེ། གཉིས་སྣང་ཡོད་ལ་གཉིས་འཛིན་མེད་པའོ། །དངོས་ལོངས་སྐུའོ། །འཁོར་བའི་ཕ་རོལ་ཞེས་པ་ལུས་བར་མའོ། །མཐར་སོན་པ་ཞེས་པ་མྱ་ངན་ལས་འདས་པའོ། །བྱ་བ་བྱས་པ་སྐམ་སར་གནས། །ཞེས་པ་ལུས་བར་པ་ནས་སངས་རྒྱས་ཀྱི་མཛད་པ་མཛད་དེ། དེ་ནས་མྱ་ངན་ལས་འདས་པའོ། །ཡེ་ཤེས་འབའ་ཞིག་ལས་བྱུང་བ། །ཞེས་པ་འཁོར་འདས་ཐམས་ཅད་ཡེ་ཤེས་ཀྱི་རྩལ་ལོ། །ཤེས་རབ་མཆོག་ཆེན་རྣམ་འཇོམས་པ། །ཞེས་པ་ཤེས་རབ་ཅན་གྱི་དེ་ལྟར་རྟོགས་པའི་དུས་ན་འཁོར་འདས་གཉིས་སམ་གཟུང་འཛིན་གཉིས་མི་གནས་པའོ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །ཞེས་པ་སྤྲུལ་པའི་སྐུ་དྲུག་གོ། །ཡང་ན་གཞི་ལ་འཁོར་འདས་ཀྱི་ཚོགས་གཉིས་ཡོན་ཏན་དུ་སྣང་བའོ། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཅེས་པ་རྩལ་འཇིག་རྟེན་དུ་སྣང་བའམ་འཇིག་རྟེན་གྱི་འགྲོ་བ་ལ་སྐུ་དང་ཡེ་ཤེས་སྣང་བར་བྱེད་པའི་མཆོག་གོ། །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཞེས་པ་སངས་རྒྱས་ཀྱི་སྤྲུལ་པས་ཆོས་ལ་དབང་ཐོབ་སྟེ་མངའ་མཛད་པའོ། །ལེགས་པའི་ལམ་ནི་སྟོན་པ་པོ། །ཞེས་པ་སྤྲུལ་སྐུས་འགྲོ་བ་དབང་པོ་རབ་འབྲིང་ཐ་མ་ལ་གྲོལ་ཐབས་བསྟན་པའོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཞེས་པ་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་གྲུབ་པ་སྟེ། མ་ནུའི་སེམས་ལ་སོགས་པ་ཤེས་པས་བསམ་པ་བསྒྲུབ་ནུས་པའོ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །ཞེས་པ་ཐུགས་ཀྱི་དགོངས་པ་མ་གཡོ་བའོ། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཅེས་པ་དབྱིངས་མི་གཡོ་མི་འགྱུར་བས་ནའོ། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་པ་དེའི་ངང་ནས་ཡོན་ཏན་འབྱུང་བ་རིན་པོ་ཆེའི་སྐུ་ལས་སྣང་གྲགས་ཐམས་ཅད་ཤར་ཡང་ཆོས་ཉིད་ལས་སྐྱེ་བ་དང་འགགས་པ་མེད་པའོ། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཞེས་པ་གཞི་ཆོས་ཀྱི་སྐུ་ལས་མ་བསགས་པར་ཚོགས་གཉིས་རྫོགས་ཏེ། ཡོན་ཏན་གྱི་རྩལ་འབྱུང་བ་ལྔ་ཡེ་ཤེས་སུ་གསལ་ཞིང་དེ་ལྟར་གྲུབ་པ་ནི་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་སོ། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཞེས་པ་གཞི་གནས་ཀྱི་ཡེ་ཤེས་དང་མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་ཁྱད་པར་བསྟན་པའོ། །དེ་ཡང་གཞི་གནས་ལས་མཚན་ཉིད་འཛིན་པར་ཤར་ལ་དེ་ལས་དེ་བྱུང་བའོ། །དེ་ལས་དེ་འཕགས་པའོ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་པ་ཡོན་ཏན་གྱི་སྣང་བ་གཞི་ལ་གྲུབ་ཚུལ་བརྩི་བའོ། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་ཆོས་སྐུ་དང་གཟུགས་སྐུ་གཉིས་འདུ་འབྲལ་མེད་པར་རྟོགས་པའོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །ཞེས་པ་འགྱུར་བ་མེད་པའི་དགོངས་པའོ། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །ཅེས་པ་བསྒོམ་བྱ་སྐུ་དང་ཡེ་ཤེས། སྒོམ་བྱེད་རིག་པའི་རྒྱལ་པོ་གཉིས་ཀྱི་འབྲེལ་སོ་བརྩིས་པའོ། །སོ་སོ་རང་རིག་མི་གཡོ་བ། །ཞེས་པ་རིག་པའི་རྩལ་སོ་སོར་རྫོགས་པའི་དུས་ན། སོ་སོར་རིག་སྟེ་གྲོལ་བའི་དུས་ན་ཡང་རིན་ཆེན་སྦུབས་ན་དགོངས་པ་སོ་སོར་གནས་པའོ། །དེར་ཤེས་པ་གནས་འགྱུར་གྱི་ཡེ་ཤེས་མེད་དེ། རིག་པ་ཟང་ཐལ་ཡིན་པས་ནའོ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་པ་རིན་པོ་ཆེའི་སྦུབས་ལ་སྐུ་གསུམ་ནང་ན་གསལ་ལོ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་པ་ཆོས་སྐུའི་སྤྲུལ་སྐུའོ། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་པ་ལོངས་སྐུའི་ལུས་སོ། །དེ་ཡང་ཡུམ་ལྔའི་ནང་ནས་སོ། །སངས་རྒྱས་མངའ་བདག་ཅོད་པན་ཅན། །ཞེས་པ་གཞི་ལ་གྲུབ་སྟེ། ལྷ་དོན་གྱི་ངོ་བོ་ལ་སྣང་ཙམ་ན་ཧེ་རུ་ཀ་ལྔ་དབུ་རྒྱན་དུ་གནས་པའོ། །འགྲོ་བ་འདུལ་བའི་སྐབས་ན། ཧེ་རུ་ཀའི་དབུ་རྒྱན་རིགས་ལྔའོ། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །ཞེས་པ་ལོངས་སྐུ་སྤྱན་ལྔ་དང་ལྡན་ཏེ་མི་གནས་པའོ། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །ཞེས་པ་རིག་པ་ལས་རྣམ་སྣང་ལ་སོགས་པ་ཤར་ཏེ། དེ་དག་ལ་སོགས་པ་ཐམས་ཅད་རིག་པ་ལས་འབྱུང་ཞེས་པའོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་པ་གཟུགས་སྐུའི་སངས་རྒྱས་ཐམས་ཅད་ཆོས་སྐུའི་སྲས་ཏེ་དབྱེར་མི་ཕྱེད་པའོ། །དེ་ལས་གཞན་པོ་མི་གནས་སོ། །ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཅེས་པས་གོང་མའི་དོན་རྟོགས་པས་སྲིད་པ་གསུམ་དང་སྐྱེ་བ་བཞིའི་རྒྱུ་མ་རིག་མེད་པའོ། །ཆོས་ལས་འབྱུང་བ་སྲིད་པ་སེལ། །ཞེས་པ་མཚན་མ་ཕྲ་རགས་རྟོག་པ་རྩིང་ཞིབ་ལས་སྣང་བའོ། །སྲིད་པའི་རྟོག་པ་མི་གནས་པའོ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །ཅེས་པ་ཆོས་ལས་གྲོལ་ནས་ཆོས་འགྱུར་བ་མེད་པའི་གདན་ལ་སྐུ་ཟང་ཐལ་ཆེན་པོའི་ངང་ན་རིན་པོ་ཆེའི་འོད་འབར་ལྔའི་རང་བཞིན་རིག་པའི་བདག་ཉིད་ཆེན་པོར་གནས་ཏེ་ཕྱིར་འགྱུར་མི་སྲིད་དོ། །སྐྱེས་མ་ཐག་པར་འགྲོ་བའི་བདག །ཅེས་པ། འགྲོ་བ་འདི་དག་ཐམས་ཅད་རང་སྣང་ཡིན་ཞིང་རང་ཤར་བས་སླར་ཡང་གྲོལ་བའོ། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་པ་རིག་པ་ནམ་མཁའ་ལྟ་བུ་ལས་ཡེ་ཤེས་ཀྱི་སྣང་བ་ལྔ་ཆོས་ཉིད་ནམ་མཁའ་ལྟ་བུ་ལ་ཤར་བའོ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་ཕྱོགས་ལྷུང་མེད་པའི་ཤེས་རབ་ལས་རྩལ་ཡེ་ཤེས་ཀྱི་མེ་ཆེན་པོ་ལྔར་གསལ་བའོ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་པ་ཡེ་ཤེས་ཀྱི་མེ་དེ་ཡེ་ཤེས་རང་བྱུང་ཡིན་ལ། ཁ་དོག་ཀྱང་མཐིང་ཁ་ལ་སོགས་པ་ལྔར་གསལ་ཞིང་། དེའི་སྣང་བ་ལ་རྟོགས་མ་རྟོགས་ཀྱི་འཁོར་འདས་སུ་ཤར་བའོ། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པ་ཡེ་ཤེས་ལྔའི་སྣང་བ་མ་འགགས་པའོ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་པ་གོང་མའི་ཡེ་ཤེས་ཀྱི་སྣང་བ་དེ་འགྲོ་བའི་རྟགས་ཀྱི་ཡེ་ཤེས་ཁོ་ན་ཡིན། ཞེས་པ་ཕྱོགས་གཅིག་ནི་སྤྲུལ་པའི་སྐུ་དྲུག་གིས་འགྲོ་བའི་དོན་བྱེད་པ་ལ་ཟེར་རོ། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ་རིག་པའི་ཡེ་ཤེས་ཀྱི་འཁོར་འདས་ཟིལ་གྱིས་གནོན་ཅིང་ངོ་བོ་མི་འགགས་པའོ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །ཞེས་པ་སྔགས་ཀྱི་ནང་ནས་ཀྱང་གཞན་ལས་ལྷག་པའི་དོན་ནོ། །རང་གི་སྣང་བ་མ་འགགས་ཤིང་ཅིར་ཡང་སྣང་བས། རིག་པ་ནི་ཐམས་ཅད་ཀྱི་བདག་པོ་སྟེ་མངའ་མཛད་པའོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་རིག་པའི་ཡེ་ཤེས་ཏེ་ཡོན་ཏན་གྱི་སྣང་བ་མི་འགག་པའོ། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ཅེས་པ་རིག་པའི་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་ནུབ་པ་མེད་པ་རྒྱལ་མཚན་གྱི་རྩེ་མོ་ལྟ་བུའོ། །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ཞེས་པ་རིག་པའི་ཡེ་ཤེས་ཀྱི་སྟོབས་མ་འགགས་པའོ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །ཅེས་པ་གཟུགས་ཐམས་ཅད་ཀྱི་སྐུ་ནི་ཡེ་ཤེས་ཕུང་པོ་ལྔ་ཡིན་ལ། དེའི་སྐུ་རིན་པོ་ཆེའི་སྐུའོ། །འགྲོ་ཀུན་དགའ་བའི་མིག་དང་ལྡན། །ཞེས་པ་ཡེ་ཤེས་ཀྱི་སྤྱན་མ་འགགས་པ་ཆོས་ཀྱི་སྤྱན་དུ་ཤར་ལ། ཆོས་ཀྱི་སྤྱན་མ་འགགས་པ་ཤེས་རབ་ཀྱི་སྤྱན་དུ་ཤར་ནས་འགྲོ་བའི་གཅོད་བྱེད་མ་འགགས་པའོ། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །ཞེས་པ་རིག་པའི་རྩལ་ཡེ་ཤེས་ཀྱི་སྐུ་རིན་པོ་ཆེ་འོད་འབར་བ་སྔར་སྣང་ལ། སྣང་བ་མ་རྟོགས་པ་འགྲོ་དྲུག་གི་ལུས་དུ་མར་སྣང་བར། དྲང་སྲོང་ཆེ་དགུས་མཆོད་ཅིང་བརྗོད། །ཅེས་པ་དུས་གསུམ་གྱི་སངས་རྒྱས་ཀྱི་དེའི་དོན་གྱི་ཆེ་བ་དང་ཡོན་ཏན་ཇི་ལྟར་སྣང་བ་ལྟར་གསུངས་པའོ། །རིགས་གསུམ་འཆང་བ་གསང་སྔགས་འཆང་། །ཞེས་པ་སྐུ་བཞི་སྐུ་གསུང་ཐུགས་དང་ལྡན་པའོ། །དེ་ཡང་མཚན་མའི་ཡི་གེ་གསུམ་མོ། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །ཞེས་པ་རིག་པའི་ཡེ་ཤེས་གསང་སྔགས་ཐམས་ཅད་ཀྱི་རྩ་བར་གྱུར་པའོ། །དེ་ཡང་སྐུ་དང་ཡེ་ཤེས་ལས་མི་འདའ་ཞིང་། དེའི་གསང་སྔགས་ༀ་ཨཱཿཧཱུྃ་ལྟ་བུའོ། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཞེས་པ་གཙོ་བོ་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་ལྟ་བུར་བལྟ་བའོ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་པ་གཙོ་བོ་དེས་འཁོར་རྣམས་ལའོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །ཞེས་པ་ཐུགས་རྗེས་འགྲོ་དོན་མཛད་ཅིང་རང་མཚན་མའི་ཆོས་ལས་གྲོལ་བའོ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །ཞེས་པ་ཆོས་སྐུ་དང་གཟུགས་སྐུ་གཉིས་མ་གཟུང་བ་སྟེ། འདུ་འབྲལ་མེད་པའི་དགོངས་པའོ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པ་ཐུགས་རྗེ་འགྱུར་བ་མེད་པས་ཞིང་དག་པ་ངེས་པའི་ས་ལ་འཛིན་ཅིང་ཐུགས་རྗེས་ཆོས་ཉིད་ཀྱི་དོན་ལ་སྦྱོར་བའོ། །དེ་ཡན་ཆད་དུ་ལེའུ་གསུམ་པ་ཤེས་བྱ་ངོ་བོས་སྟོང་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དོན་བསྟན་པའོ།། །།ད་ནི་ལེའུ་བཞི་པ་གཞི་འགགས་པ་མེད་པའི་མེ་ལོང་ཡེ་ཤེས་ཀྱི་དོན་བསྟན་པ་ལ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ཆོས་ཀྱི་སྐུ་རྡོ་རྗེ་ལྟ་བུ་ནི་དང་པོ་རྒྱུ་མེད་པ། ཐ་མ་རྐྱེན་མེད་དེ་མི་འགྱུར་བ་ནམ་མཁའ་ལྟ་བུར་གནས་ཏེ་མཚན་མ་ཟིལ་གྱིས་གནོན་ཏེ་གཟུང་འཛིན་གྱི་རྟོག་པ་འཇོམས་པའོ། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །ཞེས་པ་གཟུགས་ཀྱི་སྐུ་ཁྲོ་བོ་ལྟར་བཅོས་པ་ནི་མིན་ཏེ། ཆོས་ཀྱི་སྐུ་དང་ངང་གིས་ཁྲོ་བས་གཟུང་འཛིན་འཇོམས་པའོ། །དེ་ཡང་ཞལ་ཕྱོགས་དྲུག་གམ་བཅུར་ཟང་ཐལ་བར་གཟིགས་པས་ཕྱོགས་དྲུག་དང་བཅུའི་མཚན་མར་མི་གནས་ཏེ་ཡུམ་གྱི་བྷ་ག་ལ་བདེ་བ་ཀློང་གཅིག་ཏུ་འཁྱིལ་ཞིང་ཟང་ཐལ་བའོ། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཞེས་པ་ཕྱོོགས་དྲུག་ཟང་ཐལ་དུ་གསལ་ཞིང་། ཡེ་ཤེས་ལྔ་མི་གནས་པའི་ཡེ་ཤེས་དང་དྲུག་མ་འགགས་པའོ། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཞེས་པ་རིག་པ་འགགས་པ་མེད་པའི་ཡེ་ཤེས་ཀྱིས་མ་རིག་པ་དང་ལོག་རྟོག་གཟུང་འཛིན་ལ་སོགས་པ་ངང་གིས་བཅོམ་ཞིང་འཚལ་བའོ། །ཧ་ལ་ཧ་ལ་ཞེས་པ་མཚན་མ་ཚོགས་ནས་མ་ལུས་པ་འཇོམས་པ་ལྟ་བུ་ནི་མ་ཡིན་ཏེ། རིག་པའི་སྟོབས་ཀྱིས་འཇོམས་པའོ། །གདོང་བརྒྱ་པ་ཞེས་པ་རིག་པའི་ཡེ་ཤེས་ཀྱི་ཡོན་ཏན་ཅིར་ཡང་སྣང་བའོ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་པ་ཆོས་ཀྱི་སྐུ་རིག་པ་དངོས་མེད་ཀྱི་ཡེ་ཤེས་ཀྱིས་འཁོར་བའི་ཆོས་བཅོམ་སྟེ་མ་རིག་པ་ཀ་ནས་དག །གཟུང་འཛིན་ཀ་ནས་དག །ཐམས་ཅད་ལ་མངའ་མཛད་པའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེེ་ཤུགས་འཆང་འཇིགས་བྱེད་པ། །ཞེས་པ་འབྱུང་སྟེ་ཆོས་སྐུ་ངམ་ངམ་ཤུགས་ཀྱིས་མཚན་མ་དང་བྲལ་བའོ། །རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་། །ཞེས་པ་ཆོས་སྐུ་འགགས་པ་མེད་པའི་མེ་ལོང་ལྟ་བུར་གནས་པས་འཁོར་འདས་སུ་སྣང་ཞིང་གྲགས་པ་སྟེ། དོན་རྡོ་རྗེ་ལྟ་བུའི་ཆོས་སྐུ་འགྱུར་བ་མེད་པར་གནས་པའོ། །སྒྱུ་འཕྲུལ་ཆེན་པོ་གསུས་པོ་ཆེ། །ཞེས་པ་ཐབས་འགགས་པ་མེད་པའི་ཡེ་ཤེས་དང་། ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་དབྱེར་མི་ཕྱེད་དེ། ཐམས་ཅད་ཡོན་ཏན་དུ་གཞི་ལས་འབྱུང་ཡང་དེ་ལས་བྱུང་སྟེ་ཐིམ་ཡང་དེ་ལ་ཐིམ་པའོ། །ཐམས་ཅད་ཀྱི་འབྱུང་གནས་སོ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །ཅེས་པ་སྐུ་གཉིས་ཆོས་སྐུ་ལས་འབྱུང་ཞིང་ཆོས་སྐུ་དང་དབྱེར་མེད་པའོ། །རྡོ་རྗེའི་སྙིང་པོ་མཁའ་འདྲ་བ། །ཞེས་པ་འགྱུར་བ་མེད་པའི་སྙིང་པོ་འགགས་པ་མེད་པར་གསལ་ཏེ་དཔེར་ན་ནམ་མཁའ་ལྟར་གནས་པའོ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །ཞེས་པ་ཆོས་ཉིད་འགྱུར་བ་མེད་པ་ལས་ཡེ་ཤེས་འགགས་པ་མེད་པར་གསལ་ཏེ། ཅིར་སྣང་ཅིར་གསལ་ཡང་དོན་ཐིག་ལེ་ཉག་གཅིག་ཏུ་གནས་པའོ། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་པ་ཆོས་ཉིད་འགྱུར་བ་མེད་པའི་ངང་ལ་གནས་པའོ། །གྲགས་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། །ཞེས་པ་རང་བྱུང་གི་ཡེ་ཤེས་ལ་གསུང་འགགས་པ་མེད་པའོ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །ཅེས་པ་འགགས་པ་མེད་པའི་ཐུགས་རྗེས་མཚན་མ་ཟིལ་གྱིས་གནོན་པའོ། །གད་མོ་ཆེན་པོ་གད་རྒྱངས་ཅན། །ཞེས་པ་འཇིག་རྟེན་པའི་གད་མོ་ནི་མ་ཡིན་ཏེ། ཆོས་ཉིད་ཀྱི་དོན་ལ་གཉིས་སུ་མེད་པར་བཞད་ཅིང་རང་བྱུང་མ་འགགས་པའོ། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །ཞེས་པ་དོན་ལ་བྱ་རྩོལ་ལས་འདས་པར་གསུངས་པའོ། །དེ་སུས་གསུངས་ཤེ་ན། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་འབྱུང་སྟེ་སྟོན་པ་དེ་ལྟ་བུས་སོ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །ཞེས་པ་ཆོས་སྐུ་བྱ་རྩོལ་ལས་འདས་པའོ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །ཞེས་པ་མཚན་མ་ངང་གིས་དག་སྟེ་དོན་གཉིས་མེད་པའོ། །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །ཞེས་པ་ཆོས་སྐུ་ཡེ་ཤེས་ལྔ་དང་ལྡན་པ་ཐམས་ཅད་དང་ལྡན་པའི་རྩལ་གྱིས་མི་འགགས་ཞེས་པའོ། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །ཞེས་པ་རིག་པ་འགགས་པ་མེད་པས་མཚན་མའི་གཟུང་འཛིན་འབིགས་པའོ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །ཅེས་པ་མ་རིག་པ་ལ་སོགས་པ་ཆོས་ཉིད་ལ་ངང་གིས་མི་གནས་པའོ། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །ཞེས་པ་རིག་པ་ཡོན་ཏན་ཐམས་ཅད་ཀྱི་མངའ་བདག་སྟེ་དོན་དབྱེར་མེད་པའོ། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །ཞེས་པ་ཆོས་སྐུ་ཉག་གཅིག་ལ་གཟུང་འཛིན་མི་མངའ་སྟེ་འཁོར་བ་མེད་པའོ། །རྡོ་རྗེ་འབར་བ་མིག་མི་བཟད། །ཅེས་པ་ཆོས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་མ་འགགས་པའོ། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་པ་སྤྲོས་པ་ཐམས་ཅད་ཡེ་ཤེས་ཀྱི་སྣང་བ་ཡིན་ཞེས་པའོ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །ཞེས་པ་ཆོས་སྐུའི་རྩལ་བྱ་བཙལ་མི་མངའ་བར་གཟུགས་སྐུ་གཉིས་ཀྱི་སྣང་བར་འཆར་ཞེས་བྱའོ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ཅེས་པ་ཆོས་སྐུའི་སྤྱན་མ་འགགས་པར་ཅིར་ཡང་སྣང་བའོ། །དེ་ཡང་དོན་ཆོས་སྐུ་ཐལ་འབྱུང་ངོ་། །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །ཞེས་པ་སྐྱེ་འགགས་མེད་པ་རིན་པོ་ཆེའི་སྦུབས་སོ། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །ཞེས་པ་གོང་མ་དེ་ཉག་གཅིག་ཏུ་བཞུགས་པའོ། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །ཞེས་པ་ཆོས་སྐུའི་རྩལ་ལོ། །རྡོ་རྗེའི་སྙིང་པོ་ཞེས་པ་ཆོས་སྐུ་འགྱུར་བ་མེད་པ་འགགས་མེད་དོ། །པགས་པ་མཁྲེགས་ཞེས་པ་ཆོས་ཉིད་མི་འགྱུར་བའོ། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །ཞེས་པ་ཆོས་ཉིད་ལ་རིག་བས་བརྒྱན། རིག་པ་ལ་ཡེ་ཤེས་ཀྱིས་བརྒྱན། ཡེ་ཤེས་ལ་ཐུགས་རྗེས་བརྒྱན་པའོ། །དེ་ཡང་ཐུགས་རྗེ་སྐྱོབ་པ་མ་འགགས་པའོ། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པ་ཆོས་སྐུ་ལ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་བརྒྱན་པའོ། །རྩལ་ནི་རྒྱན་བཞིར་ཤར་བའོ། །གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། །ཞེས་པ་རང་བྱུང་ཡེ་ཤེས་ཀྱི་གསུང་མ་འགགས་པའོ། །ཡང་དག་པའི་དོན་ལ་དགྱེས་པའོ། །གང་ཞེ་ན། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་པ་ལ་གཉིས་ཏེ། སྒྲའི་ཡི་གེ་དྲུག་པ་དང་། ཆོས་ཉིད་དོན་གྱི་ཡི་གེ་དྲུག་སྟེ་བཛྲ་པྲ་ཏཱིཙྪ་ཧཱུཾ་ཞེས་པ་འ་ཨ་ཤ་ས་མ་ཧ། དེ་ཡང་གཞིའི་གནས་ལུགས་སུ་ཤེས་པར་བྱའོ། །དེ་ཡང་ཞལ་གྱི་སྦྱོར་བའི་ཆོས་ཉིད་ཀྱི་གསུང་ངོ་། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །ཞེས་པ་ཆོས་ཀྱི་སྐུའི་སྒྲ་ལས་ལྷག་པ་གཞན་མེད་པའོ། །དེ་ཡང་གོང་མའོ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ཞེས་པ་གཉིས་མེད་བརྗོད་པས་རང་བྱུང་ཡེ་ཤེས་མ་འགག་པར་གཅིག་པའོ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །ཞེས་པ་ཟབ་མོའི་དོན་ནམ་མཁའི་མཐའ་དང་མཉམ་པར་སྟོན་པའོ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པ་ཆོས་སྐུའི་རྩལ་སྒྲར་ཤར་བས་རིག་པ་ཆོས་སྐུ་ནི་སྒྲ་ཡོན་ཏན་དུ་བསྟན་པའོ། །དེ་ཡང་དེ་ལྟར་སྣང་བ་ནི་རིག་པ་འགགས་པ་མེད་པ་མེ་ལོང་ལྟ་བུ་ཡིན་པས་སོ། །དེ་ལྟར་བརྗོད་པ་ནི་མ་འགགས་པའི་སྐུ་རྡོ་རྗེ་སེམས་དཔའོ། །དེ་ཡན་ཆད་དུ་ལེའུ་བཞི་པ་ཞེས་བྱ་བ་འགགས་པ་མེད་པ་མེ་ལོང་ཡེ་ཤེས་ཀྱི་དོན་བསྟན་པའོ།། །།ད་ནི་ལེའུ་ལྔ་པ་ཤེས་རབ་ཡོངས་སུ་གཅོད་པ་སོ་སོར་རྟོག་པའི་དོན་སྟོན་ཏེ། མ་ཧཱ་པྲ་ཤ་པ་ར། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ་ཡང་དག་པའི་དོན་རིག་པའི་ཡེ་ཤེས་ལ་བག་ཆགས་ཀྱི་བདག་མེད་དེ། སྐུ་གསུམ་འདུ་འབྲལ་མེད་པའོ། །ཡང་དག་མཐའ་སྟེ་ཡི་གེ་མེད། །ཅེས་པ་ཆོས་སྐུ་བརྗོད་པ་ལས་འདས་པའོ། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཞེས་པ་ཆོས་ཉིད་སྟོང་པ་འགགས་མེད་དུ་སྨྲ་བ་ནི་སྨྲ་བའི་ནང་ནས་མཆོག་ཏུ་གྱུར་པའོ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཞེས་པ་ཆོས་སྐུ་ཟབ་སྟེ་དཔགས་པར་དཀའ་ཡངས་པའི་དོན་འཆད་པའོ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཞེས་པ་རང་བྱུང་ཡེ་ཤེས་ཀྱི་གསུང་མ་འགགས་པའི་དོན་མཚོན་པའི་ཚིག་གོ། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །ཞེས་པ་འཁོར་བ་སྨིན་པའི་དུས་སུ་ཐེག་པའི་དོན་ངེས་པར་སྒྲོགས་པའོ། །མི་གནས་མྱ་ངན་འདས་པ་པོ། །ཞེས་པ་རྩལ་སོ་སོར་རྟོག་པ་དེ་དེ་ལྟར་སྣང་ཡང་གཞི་ཆོས་ཉིད་ཀྱི་སྒྲ་དང་ཐ་སྙད་ལ་མི་གནས་པའོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །ཞེས་པ་སྤྲུལ་པའི་སྐུ་དྲུག་གིས་འགྲོ་བ་དྲུག་ལ་ཆོས་སྟོན་པའོ། །གཟུགས་མེད་ཅེས་པ་ཆོས་སྐུའོ། །གཟུགས་བཟང་ཞེས་པ་གཟུགས་སྐུ་གཉིས་སོ། །དམ་པ་སྟེ་གཉིས་སུ་མེད་པའོ། །དངོས་རྡོ་རྗེ་སེམས་དཔའོ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་པ་སེམས་ཅན་ཏེ་སྲིད་པའི་སྒོ་ང་གཉིས་ལ་ཡིད་ཀྱི་སྦྱོར་བ་ཤོར་བས། ནོར་བུ་དྲི་མ་མེད་པ་དང་། ཉི་མ་རབ་ཏུ་སྣང་བ་ལ་བྱའོ། །ཡན་ལག་བཅུ་གཉིས་བྱ་བ་དང་ཡང་འབྲེལ་ལོ། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །ཞེས་པ་རིགས་དྲུག་ལུས་ཀྱི་དབྱིབས་ཐ་དད་དུ་ཤར་བའི་དཔལ་དུ་རྡོ་རྗེ་སེམས་དཔའ་བྱོན་པའོ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པ་སྤྲུལ་པའི་སྐུ་དང་ལྡན་པའོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཞེས་པ་གཞན་ལས་སྤགས་པའི་དོན་ནོ། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །ཞེས་པ་སྟོན་པ་དེ་ཁམས་གསུམ་ན་གནས་ཤིང་འགྲོ་བའི་ཁ་ལོ་བསྒྱུར་ཏེ་ཁམས་གསུམ་ལ་མངའ་མཛད་པའོ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །ཞེས་པ་རྩོལ་བ་དང་བྲལ་བའི་ཆོས་ཉིད་ཀྱི་དོན་ལ་མི་འབྲལ་བར་གནས་པའོ། །དར་བ་ཆེན་པོ་ཆོས་ཀྱི་ཏོག །ཅེས་པ་སྔགས་ཀྱི་བསྟན་པ་རྒྱས་པར་བྱེད་པའོ། །དེ་ཡང་དོན་མི་འགྱུར་བས་གནས་པའོ། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པ་འཇིག་རྟེན་གསུམ་གྱི་གཟུགས་ཅན་མིང་གིས་ཀྱང་སྐུ་འགྱུར་བ་མེད་པའི་མྱུ་གུ་བསྒྲེས་རྒུད་མེད་པའོ། །གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །ཅེས་པ་གཞིའི་གནས་ལུགས་ཐམས་ཅད་འབྱུང་གནས་སོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་པ་ལོངས་སྐུ་དང་སྤྲུལ་སྐུའོ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པ་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་མཛད་པའོ། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །ཞེས་པ་འཇིག་རྟེན་པའི་རྒྱུད་གྲོལ་བར་བསྟན་པའོ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །ཅེས་པ་འཇིག་རྟེན་ན་དོན་མཛད་ཀྱང་ཉོན་མོངས་པས་མ་གོས་ཏེ་འཁོར་བ་ལ་ཉམ་ང་བ་མེད་པའོ། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། །ཞེས་པ་མཐུན་པའི་སྒྲ་ནས་འདུལ་ཞིང་སེམས་ཅན་དང་མཛའ་བའོ། །དེ་ཡང་གདུལ་བྱ་དང་འཚམས་པར་སྣང་བའོ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་པ་འགྲོ་བའི་མགོན་དུ་སྟོན་པ་ལས་ལྷག་པ་གཞན་མེད་པའོ། །ནམ་མཁའི་ལམ་ལ་རབ་གནས་པ། །ཞེས་པ་ཐུགས་ཀྱི་དགོངས་པ་ལ་སྐྱེ་འགགས་མེད་དེ་དོན་གཉིས་མེད་དུ་གནས་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་པ་འབྱེད་པ་མེད་པའི་ཤེས་རབ་དགོངས་པ་ཆོས་ཉིད་ཀྱི་ངང་ངོ་། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །ཅེས་པ་སེམས་དང་ཡེ་ཤེས་འབྱེད་ཐབས་དང་ངོ་སྤྲོད་ཐབས་སོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་པ་འཕྲུལ་སྣང་ཡེ་ཤེས་སུ་གྱུར་པའོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །ཞེས་པ་སེམས་དང་ཡེ་ཤེས་ཕྱེད་པས་གཟུང་འཛིན་ནམ་མཁའི་མཐའ་ལ་དེངས་པའོ། །འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན། །ཞེས་པ་མ་དག་པའི་འཁྲུལ་པ་ལས་གྲོལ་ནས་ཆོས་ཉིད་ཀྱི་བར་དོ་ལ་གནས་པའོ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་པ་དང་། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །ཞེས་པ་ལྔ་ལྡན་གྱི་དགོངས་པ་མཐར་ཕྱིན་ཏེ་རིགས་ལྔའི་བདེ་བར་གཤེགས་པ། འཁོར་ཚོམ་བུ་དང་བཅས་པ་སྣང་སྟེ་རིག་པའི་རྒྱན་དུ་ཐོགས་ལ་སྐུ་དེ་དག་ལ་ཡང་ཧེ་རུ་ཀ་དབུ་རྒྱན་དུ་གནས་པར་གསུངས་སོ། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །ཞེས་པ་ལུས་ངག་གི་སྡུག་བསྔལ་ལས་གྲོལ་བའོ། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །ཅེས་པ་ལོངས་སྐུ་ཡབ་ཡུམ་གྱི་ལྗགས་ལས་རིན་པོ་ཆེའི་སྒྲ་ཡི་གེ་དྲུག་འབྱུང་སྟེ་གསུང་གི་འོད་ཟེར་ལ་རོལ་པས་སྤྲུལ་པའི་སྐུ་དྲུག་ཏུ་གྱུར་ཏེ། འགྲོ་དྲུག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བསལ་ཏེ། མཐའ་ཡས་པའི་སེམས་ཅན་གྱི་ལུས་ལས་གྲོལ་ཏེ། དེ་ཡང་བློ་རབ་འབྲིང་གིས་གྲོལ་ནས་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པའོ། །དེའི་དུས་སུ་སྒྲིབ་པ་ཀུན་ལས་ངེས་པར་གྲོལ་ཏེ་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ངང་གིས་དག་པའོ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་པ་གོང་གི་ལོངས་སྐུ་ཚོམ་བུ་དང་བཅས་པ་དང་། ཕྱིས་གྲོལ་བའི་སངས་རྒྱས་གཉིས་ཀ་རིན་པོ་ཆེའི་སྦུབས་ནས་དགོངས་པ་དབྱེར་མེད་པར་གནས་པའོ། །དེ་ཡང་རང་གསལ་རྟོག་མེད་དེ། སོ་སོར་མ་འདྲེས་པ་ལ་མི་འབྱེད་པའོ། །དུས་དེར་ཉོན་མོངས་པའི་དྲི་མ་ཀུན་ལས་འདས་ཏེ། དུག་གསུམ་སྐུ་གསུམ་ངང་དུ་གྲོལ། དུག་ལྔ་ཡེ་ཤེས་ཀྱི་བུམ་པར་གྲོལ། མ་རིག་པ་ཟང་ཐལ་ཆེན་པོར་གྲོལ་བས་མྱ་ངན་ལས་འདས་པའོ། །དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་པ་མ་རྟོགས་པ་ལ་དུས་གསུམ་དུ་སྣང་ཡང་རྟོགས་པ་ལ་མ་གནས་ཏེ། རིག་པ་སྐྱེ་འགག་མེད་པ་གཅིག་ཏུ་གནས་སོ། །སེམས་ཅན་ཀུན་གྱི་གཙོ་བོ་ཆེ། །ཡོན་ཏན་ཐོད་ཅན་རྣམས་ཀྱིས་ཐོད། །ཅེས་པ་སྤྲུལ་པའི་སྐུ་འགྲོ་དྲུག་གི་གཙོ་བོའམ་ཐོད་ལྟ་བུར་གྱུར་པའོ། །ལུས་ཀུན་ལས་ནི་རྣམ་པར་གྲོལ། །ཞེས་པ་སེམས་ཅན་གྱི་ལུས་གདོས་པ་ཅན་ལས་སྐད་ཅིག་མ་ལ་གྲོལ་བའོ། །ནམ་མཁའི་ལམ་ལ་རབ་གནས་པ། །ཞེས་པ་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་མ་གཡོས་པའོ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཞེས་པ་རིག་པ་ཆོས་ཀྱི་སྐུ་ཡོན་ཏན་གྱི་སྐུ་གཉིས་དང་མི་འབྲལ་བའི་ཕྱིར་སྐུ་གཉིས་ནང་གསལ་དུ་འཆར་བའོ། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །ཅེས་པ་ཆོས་སྐུ་དངོས་མེད་ལས་ཡེ་ཤེས་འགགས་མེད་འཆར་ཞིང་ཡེ་ཤེས་འགགས་མེད་ཀྱི་དོན་གྱིས་ཐམས་ཅད་ལ་མ་ཁྱབ་པ་མེད་དེ། མེད་པ་དེ་ནི་རིན་པོ་ཆེའི་ནང་ནས་ཀྱང་མཆོག་ཏུ་གྱུར་པའོ། །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །ཞེས་པ་ཆོས་སྐུ་རིན་པོ་ཆེ་དང་འདྲ་བ་ལས་ཡོན་ཏན་ཕྱོགས་མེད་དུ་འབྱུང་བ་དེ། རིན་པོ་ཆེའི་ཤིང་ལ་རྩ་བ་ཡོད་པ་དང་འདྲ་བར་རིག་པ་ཉིད་དོ། །ཡལ་ག་ཡོད་པ་དང་འདྲ་བར་སྤྲོས་པའི་ཆོས་ཅན་ནོ། །དེ་ཡང་དངོས་འཁོར་བའོ། །ལོ་མ་དང་མེ་ཏོག་དང་འདྲ་བར་སྐུ་དང་ཡེ་ཤེས་སོ། །འབྲས་བུ་དང་འདྲ་བ་རྟོགས་པའི་ཆོས་སྐུའོ། །བུམ་པ་བཟང་པོ་ཆེ་བའི་མཆོག །ཅེས་པ་རིན་པོ་ཆེའི་སྦུབས་ན་གནས་དགོས་པ་སྒྲུབ་པ་དང་འདྲ་བར་ཆོས་སྐུ་བུམ་པ་ཆེན་པོའི་ནང་ནས་ཡེ་ཤེས་ཀྱི་མྱུ་གུ་ཆེན་པོ་ལྔ་འབྱུང་སྟེ། དེ་ལས་རིན་པོ་ཆེའི་སྐུ་ལྔ་གསལ་ཏེ། དེ་ལས་ཐུགས་རྗེ་སྤྲུལ་པའི་སྐུ་བྱུང་ནས་སེམས་ཅན་གྱི་དོན་བྱེད་དེ་ནང་མེད་ནང་ནས་ནོར་བུ་རིན་པོ་ཆེའི་མཛོད་ཕྱུང་བའོ། །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཅེས་པ་སྐུ་གཉིས་ཀྱིས་སོ། །ཕན་འདོགས་སེམས་ཅན་མཉེས་གཤིན་པ། །ཞེས་པ་དང་། བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཞེས་པ་འཁོར་བའི་སྣོད་ཀྱི་བྱེ་བྲག་དང་། གདུལ་བྱ་སྐབས་ལ་བབ་མ་བབ་མཁྱེན་པའོ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །ཞེས་པ་རིག་པའི་ཡེ་ཤེས་ཀྱི་དོན་ཤེས་ཤིང་དེ་དང་མི་འབྲལ་ལོ། །དེ་ཡང་རྗེས་འཇུག་གི་རྩ་བའི་དམ་ཚིག་གསུམ་གྱིས་ཟུངས་ཐུབ་པའོ། །དུས་ཤེས་སེམས་ཅན་དབང་དོན་ཤེས། །ཞེས་པ་གདུལ་བྱ་སྐབས་ལ་བབ་མ་བབ་དང་། སེམས་ཅན་གྱི་བསམ་པ་མཁྱེན་པའོ། །དེ་ཡང་ཤེས་རབ་རྣོ་རྟུལ་ལ་སོགས་པ་མཁྱེན་པའོ། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་པ་རྣམ་པ་གསུམ་ལས་གྲོལ་བ་ལ་མཁས་པ་སྟེ། ཡུལ་སེམས་ལུས་དང་གསུམ་མོ། །རྣམ་གྲོལ་གསུམ་དུ་གྲོལ་བ་ལ་མཁས་ཏེ་རབ་འབྲིང་ཐ་མའོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཞེས་པ་གཞིའི་ཡོན་ཏན་དང་ཞིང་གི་ཡོན་ཏན་ཤེས་པའོ། །དངོས་སྐུ་དང་ཡེ་ཤེས་སོ། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །ཞེས་པ་ཆོས་ཅན་དང་ཆོས་ཉིད་ཀྱི་དོན་མ་འདྲེས་པར་ཇི་ལྟ་བར་ཤེས་པ་དེའི་དོན་རང་ཆས་སུ་གནས་པར་སྡུག་བསྔལ་ལས་གྲོལ་བ་ནི་བཀྲ་ཤིས་པ་སྟེ་བཀྲ་ཤིས་ཐམས་ཅད་ཀྱི་རྩ་བར་འབྱུང་ངོ་། །དོན་རིག་པའི་ཡེ་ཤེས་དེ་བཀྲ་ཤིས་ཐམས་ཅད་ཡོན་ཏན་དུ་གནས་པས་ན། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པའོ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །ཞེས་པ་རིག་པ་ཡེ་ཤེས་ཀུན་གྱི་ངོ་བོར་གནས་ཏེ། བདག་གཞན་གྱི་དཔལ་གྱི་གནས་སུ་གྱུར་བ་དང་། ཡོན་ཏན་ཐམས་ཅད་དྲི་མ་མེད་པར་གྲགས་པ་དང་། མ་བསགས་པའི་ཚོགས་གཉིས་ལ་དགྱེས་པའི་ངོ་བོ་ཉིད་ལས་དགེ་བའོ། །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །ཞེས་པ་དོན་སྐུ་གསུམ་ཡེ་ཤེས་ལྔ་རྟོགས་ན་བྱ་བཙལ་བྱ་མི་དགོས་པར་སྡུག་བསྔལ་ཞི་བས་ནའོ། །དེ་ཡང་ཡོན་ཏན་གྱི་སྒོ་ཡངས་པས་རྩལ་ཕྱོགས་མེད་དུ་འཆར་བའོ། །དགའ་ཆེན་རོལ་མོ་ཆེན་པོ་བ། །ཞེས་པ་སྣང་སྲིད་རྒྱན་དང་རོལ་བར་ཤར་ཏེ་རིག་པ་རང་སྣང་བའོ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །ཞེས་པ་འདོད་ཡོན་དགག་སྒྲུབ་མེད་པ་བསམ་གཏན་གྱི་བདུད་རྩི་ཆེན་པོར་གྱུར་པའོ། །མཆོག་ཏུ་ཞེས་པ་ཆོས་སྐུའོ། །དགའ་བ་ཞེས་པ་རང་ལ་ཡོད་པས་བྱ་རྩོལ་བྱ་མི་དགོས་སོ། །གྲགས་ཞེས་པ་ཡོན་ཏན་འཁོར་འདས་སུ་སྣང་ངོ་། །བདག་ཅེས་པ་རིག་པའི་བདག་པོར་གྱུར་པའོ། །དཔལ་ཞེས་པ་ཡོན་ཏན་གྱི་སྐུ་གཉིས་གདུལ་བྱ་ལ་ཤར་བའོ། །མཆོག་ཅེས་པ་སྐུ་གསུམ་འདུ་འབྲལ་མེད་པའོ། །ལྡན་ཞེས་པ་རིག་པའོ། །མཆོག་སྦྱིན་ཞེས་པ་རྩལ་སྐུ་དང་ཡེ་ཤེས་སུ་ཤར་བའོ། །གཙོ་བོ་སྟེ་ཞེས་པ་རྣམ་སྣང་རིག་པའི་སྐུ་ལྔའོ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །ཞེས་པ་དེའི་ཐུགས་རྗེའི་སྤྲུལ་པའི་སྐུ་དྲུག་གོ། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །ཅེས་པ་འཇིག་རྟེན་འཁྲུལ་པའི་དགྲར་གྱུར་པའོ། །དེ་ཡང་འཁྲུལ་སྣང་འཇོམས་པའི་མཆོག་ཏུ་གྱུར་པའོ། །འཇིགས་པ་མ་ལུས་སེལ་བ་པོ། །ཞེས་པ་ཐུགས་རྗེས་སྡུག་བསྔལ་དང་འཇིགས་པ་ལས་སྐྱོབ་པའོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །ཞེས་པ་དང་། རལ་པ་མུན་ཛ་ཅོད་པན་ཐོགས། །ཞེས་པ་ལོངས་སྤྱོད་རྫོགས་པའི་འཁོར་ཉིད་ལས་མི་གཞན་པའི་རིགས་ལྔའོ། །དེ་ཡང་ཡེ་ཤེས་ལྔའི་ཐུགས་ཏེ་ཧེ་རུ་ཀ་ལྔ་དང་ལྡན་ཞིང་ཡེ་ཤེས་ཀྱི་མདངས་དང་བཅས་པའོ། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཞེས་པ་རྣམ་སྣང་ཀུན་ཏུ་ཞལ་ལོ། །དེ་ཡང་ཡེ་ཤེས་ཀྱི་ཧེ་རུ་ཀ་དབུ་ལ་རྒྱས་འདེབས་སུ་ཐོགས་པའོ། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་འཆང་། །ཞེས་པ་ལོངས་སྐུའི་ཐུགས་རྗེ་མི་མཐུན་པའོ། །ཚངས་པར་བཅས་པའི་བརྟུལ་ཞུགས་མཆོག །ཅེས་པ་དང་། དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །ཞེས་པ་ཐུབ་པ་དེ་རྣམས་ཀྱིས་སོ། །གཙང་གནས་དམ་པ་ག་ཏ་མ། །ཞེས་པ་ཐུབ་པའི་དགོངས་པ་དག་པ་དང་སྤྱོད་པ་དག་པ་སྟེ། འབྱེད་པ་མེད་པའི་ཤེས་རབ་ལ་གནས་པའོ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །ཞེས་པ་ཆོས་སྐུ་རྣམ་པར་དག་པའོ། །དེའི་དོན་ཤེས་ཤིང་དགོངས་པ་ལྡན་པའོ། །འབྲས་བུ་གང་ཞེ་ན། མྱ་ངན་ལས་འདས་པའི་ཚངས་པ་ཐོབ་པའོ། །ཇི་ལྟར་ཐོབ་ཅེ་ན། གྲོལ་བ་ཐོབ་པ་རྣམ་གྲོལ་ལུས། །ཞེས་པ་སྟེ་ཡུལ་སེམས་ཡུལ་ལས་གྲོལ་ཞིང་འཁོར་བའི་རྒྱ་མཚོ་ལས་ཐར་ཏེ། དབང་པོ་ཡང་རབ་ནི་འཇུག་པ་དང་། སྣང་བ་དང་། ཤེས་པ་དང་། གྲོལ་བ་དུས་མཉམ་པའོ། །འབྲིང་པོ་བསམ་གཏན་ལྔ་པས་མྱ་ངན་ལས་འདས་པའོ། །དེ་ཡང་གང་གྲོལ་ཡང་བར་དུ་སྐུ་ལྔ་ཚོམ་བུ་དང་བཅས་པར་གསལ་ལོ། །ཐ་མ་རིན་ཆེན་སྦུབས་ན་སྐུ་གསུམ་ན་གསལ་བའོ། །རྣམ་གྲོལ་ཞེས་པ་ཆོས་ལས་གྲོལ་བའོ། །ཞི་བ་ཞེས་པ་གཞིའི་ཆོས་ཉིད་དོ། །ཞི་བ་ཉིད་ཅེས་པ་རང་དེའི་ངང་ལ་གནས་པའོ། །མྱ་ངན་འདས་པ་གཞིའོ། །མྱ་ངན་འདས་ཞེས་པ་སྐུ་ལྔ་ཚོམ་བུ་དང་བཅས་པའོ། །ལེགས་པར་ཞེས་པ་དེ་བཞིན་གཤེགས་པ་ཇི་ལྟར་གྲོལ་བ་ལྟར་གྲོལ་བས་ལམ་མ་ནོར་བའོ། །མྱ་ངན་འདས་དང་ཉེ་ཞེས་པ་ཐུགས་རྗེ་སྤྲུལ་པའི་སྐུ་དང་དེའི་གྲོལ་བའི་ཡིད་ཀྱི་སྐུའོ། །བདེ་སྡུག་སེལ་བའི་མཐར་གྱུར་པ། །ཞེས་པ་སྤྲུལ་སྐུས་འགྲོ་དོན་བྱས་ནས་སླར་མྱ་ངན་ལས་འདས་པའོ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཞེས་པ་རིན་ཆེན་སྦུབས་སོ། །ཐུབ་པ་མེད་པ་ཞེས་པ་དེ་ལས་ལྷག་པ་མེད་པའོ། །དཔེ་མེད་པ་ཞེས་པ་གང་གིས་ཀྱང་དེའི་ཕྱོགས་ལ་དཔེ་མི་བཏུབ་པའོ། །མི་མངོན་ཞེས་པ་མྱ་ངན་ལས་འདས་སྐུ་ཕྱིར་མི་མངོན་པའོ། །མི་སྣང་ཞེས་པ་སྐུ་ལྔ་པོ་གདུལ་བྱ་ལ་མི་སྣང་བའོ། །གསལ་བྱེད་མིན་ཞེས་པ་སྐུ་ལྔ་ལ་ཐུགས་རྗེ་མི་འགྱུར་ཏེ། ཉོན་མོངས་པ་དང་བློའི་རྟོག་པ་མི་གསལ་ལོ། །མི་འགྱུར་ཞེས་ཕྱིས་རྒྱུ་འབྲས་བུར་དམིགས་ནས་འབྲས་བུ་རྒྱུར་མི་ལྡོག་གོ། །ཀུན་འགྲོ་ཞེས་པ་བུདྡྷའི་དུར་སའོ། །ཁྱབ་པ་པོ་ཞེས་པ་རིན་ཆེན་སྦུབས་ལ་ནུབ་པ་མེད་པ་ནམ་མཁའ་ལྟ་བུའོ། །ཕྲ་ཞིང་ཞེས་པ་དོན་དེ་བརྟག་དཀའ་བའོ། །ཟག་མེད་ས་བོན་བྲལ་ཞེས་པ་རྟོགས་པ་དང་ལྡན་པ་ལ་འཁོར་བའི་ས་བོན་མི་གནས་པའོ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཅེས་པ་མྱ་ངན་འདས་ནས་ཉོན་མོངས་པ་ཞེ་སྡང་ལ་སོགས་མི་གནས་ཤིང་བྲལ་བའོ། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཞེས་པ་ཆོས་སྐུ་ལ་ཉེས་པ་གང་གིས་སྤངས་པ་སྟེ་རྟག་ཆད་ལ་སོགས་པའི་སྐྱོན་མེད་དོ། །ཤིན་ཏུ་སད་པ་སད་པའི་བདག །ཅེས་པ་དཔེར་ན་འཇིག་རྟེན་པའི་རྨི་ལམ་སད་པ་དང་འདྲ་བར་གྱུར་ཏེ། མ་རིག་པའི་གཉིད་སད་ནས་རིག་པའི་མར་མེ་ནང་ན་གསལ་བའོ། །ཀུན་ཤེས་ཀུན་རིག་དམ་པ་པོ། །ཞེས་པ་རིན་པོ་ཆེའི་སྦུབས་ན་ཀུན་གྱི་ཤེས་པ་དང་རིག་པ་གཉིས་མེད་པར་གནས་པའོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཞེས་པ་ད་ལྟའི་ཤེས་པ་རྟོག་བཅས་འདི་ལས་གྲོལ་ཞེས་པའོ་ན་ཇི་ལྟར་གནས་ཞེ་ན། ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་པ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་ཏེ། རིག་པའི་ནང་ནས་ཡེ་ཤེས་གནས་བའོ། །དོན་གཉིས་མེད་པར་སྣང་བ་མི་འགགས་པའོ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་པ་སྐུ་གསུམ་ནང་གསལ་དུ་གནས་ཏེ། བག་ཆགས་ཀྱི་དབུགས་མེད་པས་འཛིན་རྟོག་མི་འགྱུ་བའོ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་པ་ཐུགས་རྗེའི་སྤྲུལ་སྐུ་དྲུག་གིས་དུས་གསུམ་གྱི་བུདྡྷའི་ཕྲིན་ལས་འགྲོ་བ་སྒྲོལ་བའོ། །སངས་རྒྱས་ཐོག་མ་མཐའ་མ་མེད། །ཅེས་པ་དང་པོ་དང་ཐ་མའི་དུས་མེད་པ་སྟེ་ཡེ་ཤེས་པའོ། །ཅིའི་ཕྱིར་ཞེ་ན། དང་པོའི་སངས་རྒྱས་རྒྱུ་མེད་པས་སོ། །དེ་ཡང་དོན་རང་བྱུང་གི་ཡེ་ཤེས་སོ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་པ་རིན་པོ་ཆེའི་ལུས་ལ་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་གསལ་བའོ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་པ་རིན་པོ་ཆེའི་འོད་འབར་བའི་སྐུ་ལྔའོ། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །ཞེས་པ་དོན་ངོ་མཚར་ཅན་གསུངས་པའོ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཞེས་པ་གཞན་བས་ལྷག་པར་གྱུར་པའོ། །སྨྲ་བའི་དམ་པ་མཆོག་གི་གནས། །ཞེས་པ་གསུངས་པའི་དོན་ཁྱད་པར་དུ་འཕགས་པའོ། །སྨྲ་བའི་སེང་གེ་མཚུངས་པ་མེད། །ཅེས་པ་དོན་ངེས་པར་སྒྲོགས་པ་སྟོན་པ་ལ་འགྲན་ནུས་པ་མེད་པའོ། །ཀུན་ཏུ་ལྟ་བ་མཆོག་ཏུ་དགའ། །ཞེས་པ་ཆོས་སྐུ་ཟང་ཐལ་ལོ། །གཟི་བརྗིད་ཕུང་པོ་བལྟ་ན་སྡུག །ཅེས་པ། ཡེ་ཤེས་ཀྱིས་བག་ཆགས་ཀྱི་ལུས་ཅན་ཟིལ་གྱིས་གནོད་ཅིང་མཛེས་པའོ། །འོད་བཟང་འབར་བ་དཔལ་གྱི་བེའུ། །ཞེས་པ་ཐུགས་རིག་པའི་ཡེ་ཤེས་རིན་པོ་ཆེ་འོད་འབར་བའོ། །ལག་ན་འོད་འབར་སྣང་བ་པོ། །ཞེས་པ་ཐུགས་རྗེས་འགྲོ་བའི་མ་རིག་པ་གསལ་བའོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ཞེས་པ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྤྲུལ་པའི་སྐུ་རྣམས་ཀྱིས་ཉོན་མོངས་པའི་དུག་དང་གཟུང་འཛིན་འཇོམས་པ་སྐུ་གསུམ་ཡེ་ཤེས་བཞི་བརྩིས་པས་རླུང་མཁྲིས་སེལ་བ་ལས་མཆོག་ཏུ་གྱུར་པའོ། ༈ །འདི་མཚམས། ནད་དོ་ཅོག་གི་དགྲ་ཆེ་བ། །ཞེས་པའི་འགྲེལ་བ་བཅས་དཔེར་མི་འདུག །མཆན། །སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །ཅེས་པ་སྤྲུལ་སྐུའོ། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་སྐུ་ཉི་མ་དང་ཟེར་བཞིན་འབྱུང་བའོ། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་པ་སངས་རྒྱས་ཀྱི་སྤྲུལ་སྐུས་སངས་རྒྱས་ཀྱི་བསྟན་པ་རིམ་གྱིས་འཛིན་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་སྤྲུལ་པ་རྒྱུན་མི་ཆད་པར་འབྱུང་བས་སེམས་ཅན་གྱི་དོན་ཞེས་པའོ། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །ཞེས་པ་ཕྱོགས་རིས་མེད་པའི་སྙིང་རྗེ་དང་ལྡན་པའོ། །དེ་ཡང་དོན་དཀྱིལ་འཁོར་གྱི་རྣམ་པའོ། །དཔལ་ལྡན་པདྨ་གར་གྱི་བདག །ཅེས་པ་དོན་མཛད་པའི་ཐབས་དང་ལྡན་པས་ན་དོན་གྲུབ་ལ་རང་ལ་འཁོར་བའི་སྐྱོན་གྱིས་མ་གོས་པའོ། །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །ཞེས་པ་རིན་པོ་ཆེ་དང་འདྲ་གདུགས་དང་འདྲ། སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །ཞེས་པ་ཉོན་མོངས་པ་དང་འཁོར་བ་ཟིལ་གྱིས་གནོན་པའོ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །ཞེས་པ་རིག་པ་ལ་ཡེ་ཤེས་ཀྱི་སྐུ་ལྔ་རྫོགས་པའོ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཅན། །ཞེས་པ་སངས་རྒྱས་ཀུན་གྱི་དགོངས་པ་དང་ལྡན་པས་ནའོ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་པ་དོན་གྱི་དགོངས་པ་ལ་གཅིག་ལས་མི་མངའ་བས་ན་སངས་རྒྱས་ཀུན་གྱི་བསྟན་པ་གཅིག་གོ། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ཞེས་པ་རིག་པ་རྩལ་གྱི་དབང་སྟེ། དེ་ཡང་ཕྱི་བུམ་པའི་དབང་། རིན་པོ་ཆེ་མྱུ་གུའི་དབང་དང་། ནང་རྒྱལ་རྟགས་ཕྱག་རྒྱའི་དབང་དང་། ཤེས་རབ་རིག་པའི་སྐུ་ལྔའི་དབང་དང་། གསང་བའི་དབང་དེ་ཁོ་ན་ཉིད་ཅེས་བྱའོ། །དེ་ཡང་མཚོན་ན་རིན་པོ་ཆེ་སྒྲའི་ཡི་གེ་བསྟན་པའོ། །དེ་ནས་རིག་པའི་རྩལ་དབང་མཚན་མ་ལ་བརྟེན་པའོ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །ཞེས་པ་རིག་པ་ཆོས་སྐུ་ཐམས་ཅད་ཀྱི་བདག་པོར་གྱུར་པའོ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །ཅེས་པ་རིག་པའི་རྩལ་གོང་དུ་མ་ཤར་ལ། འདུ་ཡང་དེ་ཉིད་རང་དུ་འདུ་བས་བདག་པོ་ལྟ་བུར་གྱུར་བའོ། །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །ཞེས་པ་རིག་པ་ཆོས་སྐུའོ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །ཞེས་པ་རིག་པ་རང་བྱུང་གི་ཡེ་ཤེས་སོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །ཞེས་པ་བཞུགས་པའི་གནས་ཏེ་ཙིཏྟ་རིན་པོ་ཆེ་ན་གནས་ཞེས་གསུངས་སོ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །ཞེས་པ་ཡེ་ཤེས་ཀྱི་སྐུ་སྟེ་ལྷུན་གྲུབ་ཆེན་པོའོ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པ་རང་བྱུང་གི་ཡེ་ཤེས་འགགས་པ་མེད་པའི་རྩལ་ལོ། །རྡོ་རྗེ་ཉི་མ་སྣང་བ་ཆེ། །ཞེས་པ་ཐབ་འགགས་པ་མེད་པའི་ཡེ་ཤེས་སོ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ་ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་ངང་གིས་འོད་གསལ་བའོ། ༈ །འདི་མཚམས། ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་པའི་འགྲེལ་པ་བཅས་དཔེར་མི་འདུག །མཆན། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་པ་རིག་པ་དང་ཡེ་ཤེས་དེ་གཟུགས་ཀྱི་སྐུར་གྲུབ་པའོ། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །ཞེས་པ་གདུལ་བྱ་དང་མཐུན་པར་སྣང་བའོ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཞེས་པ་སངས་རྒྱས་དང་སེམས་ཅན་རྒྱབ་གྱེས་པའི་དུས་བདག་གཞན་གྱི་དོན་ཐུགས་སུ་ཆུད་པའོ། །དཔལ་རྡོ་རྗེ་སེམས་དཔའི་རྟོགས་པ་སྐད་ཅིག་མ་ལ་གྲུབ་པའོ། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཞེས་པ་སྟོན་པ་ཐུགས་ཤེས་རབ་ཡོངས་སུ་རྒྱས་པའི་དུས་སུ་ཀུན་མཁྱེན་ཏེ། ཡེ་ཤེས་ཀྱི་མཛོད་དང་ལྡན་པའོ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཞེས་པ། དབུའི་གཙུག་ཏོར་ལ་སོགས་པ་ལས་སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པ་འཕྲོས་པའོ། །དངོས་ཐུགས་རྗེ་འགགས་པ་མེད་པ་དང་ལྡན་པའོ། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །ཞེས་པ་གསང་སྔགས་ཐམས་ཅད་ཀྱི་བདག་པོར་གྱུར་པའོ། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཞེས་པ་སོ་སོར་རྟོག་པའི་ཤེས་རབ་བོ། ༈ །འདི་མཚམས། ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་པའི་འགྲེལ་པ་བཅས་དཔེར་མི་འདུག །མཆན། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །ཅེས་པ་ཐེག་པ་ཆེན་པོའི་དོན་འབྲས་བུ་རྟོགས་པས་སྡུག་བསྔལ་ལ་གནས་པའི་སྐབས་མེད་པའོ། །དོན་རང་ཆས་རྩོལ་བ་དང་བྲལ་བའོ། །མཚོན་ཆ་ཆེན་པོ་རྡོ་རྗེའི་ཆོས། །ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་སོ། །རྡོ་རྗེ་ཟབ་མོ་ཛི་ན་ཛིཀ྄། །ཅེས་པ་ཉན་ཐོས་ལ་སོགས་པ་ལས་རྒྱལ་བར་འགྱུར་པའི་གསང་སྔགས་མཆོག་གོ། །རྡོ་རྗེ་བློ་གྲོས་དོན་ཆེན་རིག །ཅེས་པ་དབྱེར་མེད་པའི་དོན་མི་རྟོག་པའོ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ཞེས་པ་མངའ་བས་ནའོ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །ཞེས་པ་དང་པོ་རབ་ཏུ་དགའ་བ་ནས་བཅུ་པ་མན་ཆད་སྤྲུལ་སྐུའི་སའོ། །ཤེས་རབ་ཀྱི་རྩལ་འབྱོངས་པས་སོ། །བཅུ་གཅིག་ནས་བཅུ་བཞིའི་བར་དུ་ལོངས་སྐུའི་ས་སྟེ་ཆེ་བའི་ཡེ་ཤེས་མཐར་རྫོགས་པས་སྤྲུལ་པའི་སྐུའི་ས་སྟེ་སྤྲུལ་སྐུ་འབྱིན་ནོ། །ཞིང་དག་པ་ངེས་པའི་ས་ལ་སྦྱོར་བའོ། །བཅོ་ལྔ་ནས་བཅུ་དྲུག་ཏུ་མྱ་ངན་ལས་འདས་པའི་ས་སྟེ་ཞི་བ་ཆོས་ཀྱི་སྐུའི་ཞིང་སྟེ་འབྱེད་པ་མེད་པའི་ཤེས་རབ་ལ་གནས་པའོ། །དེ་ཡང་དོན་གྱི་ཕྱོགས་ཆ་རེ་རེ་ནས་བརྩིས་པའོ། །རྣམ་པར་དག་པ་བདག་མེད་ཆོས། །ཞེས་པ་ཆོས་སྐུ་རིན་པོ་ཆེའི་དབུགས་སོ། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །ཞེས་པ་ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་ཡེ་ཤེས་ཀྱི་སྣང་བ་དང་བཅས་པའོ། །བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། །ཞེས་པ་རྩོལ་བ་དང་བཅས་པའི་བརྩོན་འགྲུས་མིན་ཏེ། ཡེ་ནས་བྱས་ཟིན་པའི་ཆོས་ཏེ་གདོད་བྱར་མེད་པའོ། །རིག་པ་འགགས་པ་མེད་པར་གནས་པའི་ནའོ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་པ་ཚིག་གི་རྒྱུད་ཐམས་ཅད་འབྱུང་བས་ན་རིག་པའོ། །རྡོ་རྗེའི་གདན་ནི་མ་ལུས་ལྡན། །ཞེས་པ་ཐམས་ཅད་ཆོས་ཉིད་ཀྱི་ངང་ལ་འདུག་པའོ། །ཡེ་ཤེས་སྐུ་རྣམས་མ་ལུས་ལྡན། །ཞེས་པ་སྐུ་རེ་རེ་ལའང་ཡེ་ཤེས་ལྔ་ཆར་རྫོགས་པའོ། །དེ་དང་རིག་པ་ལྡན་པའོ། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ཞེས་པ་སེམས་ཅན་གྱི་བློ་དང་གྲོས་སུ་མཐུན་པ་དྲུག་བཟང་བའོ། །ས་ཡི་སྙིང་པོ་འགྲོ་བ་འཛིན། །ཞེས་པ་བཅུ་བཞི་པ་རྡོ་རྗེ་འཛིན་པའི་ས་ལ་ཐུགས་རྗེ་ལྕགས་ཀྱུས་ཞིང་དག་པ་འཛིན་པའོ། །སངས་རྒྱས་ཀུན་གྱི་སྙིང་པོ་ཅན། །ཞེས་པ་རིག་པའོ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་པ་རྡོ་རྗེ་སེམས་དཔའ་ལས་སྤྲུལ་པའི་སྐུ་དྲུག་བྱུང་བའམ། ཡང་ན་ལུས་བར་པ་ནས་སྤྲུལ་པ་འགྱེད་པའོ། །དངོས་པོ་ཀུན་གྱི་རང་བཞིན་མཆོག །ཅེས་པ་རིགས་དྲུག་སྣང་བའོ། །དངོས་པོ་ཀུན་གྱི་རང་བཞིན་འཛིན། །ཞེས་པ་སྤྲུལ་པའི་སྐུ་དྲུག་གིས་སོ། །རིགས་དྲུག་སོ་སོའི་མཚན་ཉིད་འཛིན་པའོ། །སྐྱེ་མེད་ཆོས་ཏེ་ཞེས་པ་ཡང་དག་པའི་དོན་སྐྱེ་འགགས་མེད་པ་ཁོ་ནའོ། །འདུལ་ཐབས་སུ་སྣ་ཚོགས་པའོ། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཞེས་པ་སྟོན་པའི་ཐུགས་ལའོ། །ཤེས་རབ་ཆེན་པོ་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་པོ། །ཞེས་པ་རྡོ་རྗེ་སེམས་དཔའི་ལུས་ཀྱི་མཐའ་མེད་རྟོགས་ཀྱིས་སྦུབས་སུ་རྫོགས་པའི་ཚེ་ཐོས་རྟོགས་དུས་གཅིག་ཏུ་འཆར་བའོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་དུས་གཅིག་ཏུ་མཁྱེན་པའོ། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཞེས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པར་མངོན་པར་སྣང་ཞིང་རྫོགས་པའོ། །ཐུབ་པ་བློ་མཆོག་འབྱུང་བའི་མཐའ། །ཞེས་པ་སྟོན་པའི་བློ་མཆོག་དང་ལྡན་པས་འབྱུང་བའི་མཐའི་ཆོས་སྐུ་རིན་པོ་ཆེ་རྟོགས་པའོ། །དེ་ཇི་ལྟར་རྟོགས་ཤེ་ན། མི་གཡོ་རབ་ཏུ་དང་བའི་བདག །ཅེས་པ་རིན་པོ་ཆེའི་རྡོ་རྗེའི་གདན་ལ་དགོངས་པ་མི་གཡོ་བར་གནས་པའོ། །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །ཞེས་པ་རིག་པའི་ཡེ་ཤེས་ཀྱི་སྐུ་ལྔ་རིན་པོ་ཆེའི་སྦུབས་ན་ནང་གསལ་མི་འབྲལ་བའོ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་པ་རིག་པ་ཤེས་རབ་ཀྱི་སྐུ་ལ་ཡེ་ཤེས་ཀྱི་སྤྱན་མངོན་སུམ་དུ་སྣང་བའོ། །དེ་དངོས་གང་ཞེ་ན། ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པ་རིག་པའི་ངང་ན་ཡེ་ཤེས་ཀྱི་བུམ་པ་ལྔ་གསལ་ཏེ། དེའི་ངང་ན་རིག་པ་ཤེས་རབ་ཀྱི་སྐུ་ལྔ་གནས་སོ། །དེ་དག་ཐམས་ཅད་དོན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྣང་བའོ། །དེས་ལེའུ་ལྔ་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དོན་བསྟན་པའོ།། །།ད་ནི་དོན་དྲུག་པ་ཤེས་བྱ་རྒྱུན་གྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དོན་བཤད་པར་བྱ་སྟེ། རཏྣ་པྲ་ས་ར་དུ་པ་ཡ་མ་ལ་མ་ལ། འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་རིག་པ་ཆོས་ཀྱི་སྐུ་ལས་ཡོན་ཏན་གྱི་སྣང་བ་སྐུ་གཉིས་ལས་གཅིག་ཏུ་གྲུབ་སྟེ། དོན་སྐུ་གསུམ་འདུ་འབྲལ་མེད་པ་སྐྱེ་འགག་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་པའོ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །ཞེས་པ་ཐུགས་རྗེས་འབྱུང་བའི་སྐུ་གསུམ་མོ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །ཅེས་པ་སྤྲུལ་པའི་སྐུ་དེས་སེམས་ཅན་དྲུག་གི་མགོན་དང་སྐྱབས་ཀྱི་མཆོག་ཏུ་གྱུར་པའོ། །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཅེས་པ་སྤྲུལ་སྐུས་སེམས་ཅན་འཁོར་བ་ལས་གྲོལ་ཞེས་པའོ། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །ཞེས་པས་རིག་པའི་ཡེ་ཤེས་ལ་ཉོན་མོངས་པ་མ་གྲུབ་པས་གཡུལ་བཟློག་པའོ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །ཞེས་པ་མ་རིག་པ་དང་དུག་ལྔ་དང་གཟུང་འཛིན་དང་སྣང་གྲགས་ཐམས་ཅད་འཇོམས་པའོ། །དཔལ་ལྡན་བློ་དང་རྟོགས་པར་ལྡན། །ཞེས་པ་མགོན་པོ་རྡོ་རྗེ་སེམས་དཔའ་དེ་བློ་དང་ལྡན་པར་གྱུར་པའོ། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ཞེས་པ་གཞི་མི་འགྱུར་བ་ལས་ཡོན་ཏན་མི་འགགས་པ་འཆར་ནུས་པའོ། །ལག་པ་བརྒྱ་པོ་ཀུན་བསྐྱོད་པ། །ཞེས་པ་རིག་པའི་རྩལ་ལོ། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །ཞེས་པ་ཐབས་འགགས་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་འོད་དུ་གསལ་བའོ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ཞེས་པ་རྩལ་ལམ་སྟོབས་མ་འགགས་པའོ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ཞེས་པ་རིག་པའི་འོད་ཀྱི་ཁང་པ་ཅན་འོད་མཐའ་མེད་པར་འབྱུང་བའོ། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །ཞེས་པ་ཆོས་ཉིད་ས་གཞི་དང་འདྲ་བར་རྐང་པ་ཡ་གཅིག་གི་ས་ཉིད་ཀྱིས་གནོན་པའོ། །དངོས་རིག་པའི་ཡེ་ཤེས་ནུབ་པ་ཆེན་པོའོ། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་གཡུལ་ས་རྩེ་ནས་གནོན། །ཞེས་པ་རིག་པ་ཡེ་ཤེས་ཀྱི་སྣང་བ་མ་གྱུར་པ་མེད་པའོ། །དོན་གཅིག་ཅེས་པ་འཁོར་འདས་ཐམས་ཅད་དོ། །གང་དུ་གཅིག་ན་གཉིས་མེད་དུའོ། །གང་གཅིག་ན་ཆོས་ཀྱི་དོན་ཞེས་པའོ། །དམ་པའི་དོན་ཏེ་འཇིགས་པ་མེད། །ཅེས་པ་མི་རྟོག་པའི་ཡེ་ཤེས་ཡིན་པས་འཁོར་བའི་ཆོས་ལ་ཉམ་མི་ང་བའོ། །རྣམ་རིམ་སྣ་ཚོགས་གཟུགས་དོན་ཅན། །ཞེས་པ་ཐམས་ཅད་རིག་པའི་ཡེ་ཤེས་རང་ཤར་ཡིན་ཞེས་པའོ། །རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན། །ཞེས་པ་སྟོན་པས་གོང་མའི་དོན་ཐུགས་ལ་གསལ་ཞེས་པའོ། །དངོས་དོན་མ་ལུས་རྣམས་ལ་དགའ། །ཞེས་པ་གཉིས་སུ་མེད་པར་རྟོགས་པས་སོ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །ཞེས་པ་ཆོས་ཉིད་ཞི་བ་དང་ཆོས་སྐུ་དངོས་མེད་གཉིས་འདུ་འབྲལ་མེད་པར་རྟོགས་པའོ། །ཐུགས་རྗེ་ཆགས་པ་བདག་ཉིད་དུ་གནས་འགྲོ་བའི་ཉོན་མོངས་པ་རང་རྒྱུད་ལ་མི་མངའ་བས་སྲིད་པའི་འདོད་ཆགས་སོགས་སྤངས་པ་སྟེ་ཞེས་བྱའོ། །སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་པ་ཐུགས་རྗེ་སྟེ་སྲིད་པ་གསུམ་གྱི་དོན་ལ་དགའ་བའོ། །དོན་ལ་སྤྱོད་པའོ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །ཞེས་པ་འགྲོ་བའི་དོན་མཛད་ཀྱང་། །འཁོར་བའི་སྐྱོན་གྱིས་མ་གོས་པའོ། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཅེས་པ་གང་གིས་སྐྱོན་དང་བྲལ་བའི་དོན་དེ་ཉིད་ཤེས་རབ་འགགས་པ་མེད་པའི་ཡེ་ཤེས་སུ་གནས་པའོ། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །ཞེས་པ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་དེ་ཡང་གསལ་ལ་འཚེར་བ་དང་བའོ། །སེན་མོའི་འོད་ནི་ཤས་ཆེར་དམར། །ཞེས་པ་ཐུགས་རྗེ་ཆགས་པའི་བདག་ཉིད་དོ། །ཡང་ན་བདེ་བར་གཤེགས་པའི་མཚན་དཔེའི་ཁྱད་པར་རོ། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །ཞེས་པ་ཡེ་ཤེས་ལྔའི་ཅོད་པན་ལ་ནུབ་པ་མེད་པའོ། །དངོས་རིག་པའི་རྩལ་ཡེ་ཤེས་གསལ་བའོ། །སྐྲ་མཆོག་མཐོན་ཀ་ཆེན་པོ་ཅན། །ཞེས་པ་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་བའོ། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །ཞེས་པ་ཡེ་ཤེས་འགགས་པ་མེད་པའི་ཐུགས་རྗེ་དང་ལྡན་པའོ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་པ་ཆོས་སྐུའི་སངས་རྒྱས་ལ་གཟུགས་སྐུས་བརྒྱན་པའོ། །གཟུགས་སྐུ་ལ་སྤྲུལ་སྐུས་བརྒྱན་པའོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །ཞེས་པ་ཐུགས་རྗེ་མ་འགགས་པ་འཁྲུལ་པའི་སྣང་བ་དག་པ་ཡེ་ཤེས་ཀྱི་སྣང་བ་བསྒྱུར་བའོ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །ཞེས་པས་ལམ་རིམ་པས་བགྲོད་མི་དགོས་པར་ཡེ་ཤེས་ཀྱི་རླུང་གི་སྐད་ཅིག་མ་ལ་བྱོན་པའོ། །དེ་ཉིད་དྲན་པ་ཆེན་པོ་འཆང་། །ཞེས་པ་སྔར་འདྲིས་པ་ཕྱིས་ཤེས་པ་ལྟ་བུའོ། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །ཞེས་པ་དུས་དེར་མཐོང་བའི་ཡུལ་ལ་ཞེས་པའི་དྲན་པ་སད། དེ་ཡང་ཤེས་རབ་ཀྱི་ཤེས་པ་བསྐྱེད་ལུགས་རབ་དང་འབྲིང་དང་ཐ་མའི་བྱེ་བྲག་གིས་དྲན་པ་སད་པའོ། །བྱང་ཆུབ་ཅེས་པ་དུས་དེར་སྐུའི་སྣང་བའོ། །ཡན་ལག་ཅེས་པ་གཙོ་བོའི་རྩལ་ལོ། །མེ་ཏོག་སྤོས་ཞེས་པ་ལྷ་མོ་མེ་ཏོག་མ་དང་སྤོས་མེ་མ་ལ་སོགས་པའི་ཚོམ་བུའི་དཀྱིལ་འཁོར་ལྔ་གསལ་བའོ། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ཞེས་པ་རིགས་ལྔའི་ཡོན་ཏན་སྐུ་བཞི་བཅུ་རྩ་གཉིས་སུ་སྣང་ལ་དེ་ཡང་ཆོས་ཉིད་མི་གཡོ་བའི་ངང་ལ་གནས་པའོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཅེས་པ་འདུ་འབྲལ་མེད་པའི་དགོངས་པ་སྟེ། དེ་ཡང་ཡན་ལག་ཏུ་བསྟབས་ཐབས་བཞི་དང་དུས་བཞིར་སྦྱར་བའོ། །ཡང་དག་སངས་རྒྱས་ལམ་རིག་པ། །ཞེས་པ་བསྒོམ་དུ་མེད་པའི་དགོངས་པའོ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ཞེས་པ་རིག་པ་ལ་ཁྱད་པར་མེད་པའི་གནད་ཀྱིས་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་ལ་ཡང་ཡོད་པའོ། །ཡང་ན་སྤྲུལ་སྐུའོ། །ནམ་མཁའ་ལྟ་བུར་ཆགས་པ་མེད། །ཅེས་པ་ཆགས་བྲལ་ཆགས་མེད་གཉིས་མེད་པར་ནམ་མཁའ་ལྟ་བུར་ཡེ་ནས་གནས་པའོ། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །ཅེས་པ་སེམས་ཅན་གྱི་ཡིད་དང་བུདྡྷའི་ཐུགས་གཉིས་སུ་མེད་པར་ཡང་ན་སྤྲུལ་སྐུས་མཐུན་པར་སྣང་བའོ། །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །ཞེས་པ་ཐུགས་རྗེའི་རྩལ་ཐོགས་པ་མེད་པའོ། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །ཞེས་པ་བློ་རབ་འབྲིང་གི་བྱེ་བྲག་ཤེས་པའོ། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཞེས་པ་སྤྲུལ་པའི་སྐུས་འདུལ་བའི་དོན་དེ་ལ་མཛེས་ཤེས་འཚམས་པར་བསྟན་ནས་དོན་བྱེད་པའོ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །ཞེས་པ་ཕུང་པོ་ལྔའི་དོན་ནམ་དེ་བཞིན་ཉིད་ཤེས་པའོ། །རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་པ་རིག་པ་དེ་ཡེ་ཤེས་སྒྱུ་མ་ལྔ་དག་མི་འབྲལ་བའོ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ཞེས་པ་འོག་མའི་ངེས་འབྱེད་ཆ་བཞི་ལས་གྲོལ་བའོ། །དོན་མི་འགྱུར་བ་སྐུ་དང་ཡེ་ཤེས་ཀྱི་མཐའ་ལ་མི་གནས་པའོ། །ངེས་པར་འབྱུང་བ་ཀུན་ལ་མཁས། །ཞེས་པ་ནི་སྟོན་པའོ། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ཞེས་པ་མི་འབྲལ་བའོ། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་པ་ངེས་པར་འབྱུང་བ་ལ་གཉིས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའོ། །དེ་ཡང་ལྐོག་ཏུ་མ་གྱུར་བར་གསལ་ཞིང་སྣང་བའོ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་པ་དང་པོ་ལུས་ཀྱི་མཐའ་མ་རྫོགས་པར་ཤེས་བྱའི་རྩལ་མ་རྫོགས་ཏེ། མཐོང་བའི་ཡུལ་ལ་ཤེས་པའི་དྲན་པ་སད་མ་ནུས་པས་མ་རིག་པ་དངོས་སུ་མེད་པ་ལ་ཉམས་ལ་ཡོད་པའོ། །དེ་ལ་མ་རིག་པ་ལ་སོགས་པ་རྟེན་འབྲེལ་བཅུ་གཉིས་སུ་འཁྲུལ་ལོ། །འཁྲུལ་པའི་ཡན་ལག་སྲིད་གསུམ་རྩེ་མོའོ། །དག་པ་རྣམ་པ་བཅུ་གཉིས་འཆང་། །ཞེས་པ་མ་རིག་པ་ལ་སོགས་པ་དག་ནས་རྟོགས་པ་འཆང་བ་སྟེ་སྟོན་པའོ། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཞེས་པ་ངོ་སྤྲོད་བཞིའོ། །ཤེས་པ་བརྒྱད་པོ་རྟོག་པ་འཆང་། །ཞེས་པ་རྣམ་པར་ཤེས་པ་ཚོགས་བརྒྱད་དེ། དེའི་དོན་རིག་པའི་རྩལ་ཤེས་རབ་དང་། དེའི་ཡོན་ཏན་སྐུ་དང་དེའི་ཡོན་ཏན་སྒོ་ལྔའི་ཡུལ་དང་དེ་ལས་རྣམ་པར་ཤེས་པའོ། །རང་ཤར་རང་གྲོལ་ཤེས་པའོ། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་པ་བདེན་བཞིའི་གོང་བཞིན་མཐོང་བ་ཡུལ་གྱི་གནད་དང་། བསྟན་པ་ཚིག་གི་གཟེར་བཞི་དང་མཐར་ཕྱིན་པའི་འབྲས་བུ་དང་བཞིའོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་པ་མཐར་ཕྱིན་པ་འབྲས་བུའི་སྐབས་སུ་རེ་རེ་ལ་ཡང་མུ་བཞི་ཕྱེ་བ་སྟེ་དེའི་སྐབས་སུ་ཐིག་ལེ་ཉག་གཅིག་གི་ཨ་ཏི་དང་། ཐིག་ལེ་ཉག་གཅིག་གི་མ་ཧཱ་དང་། ཐིག་ལེ་ཉག་གཅིག་གི་ཨ་ནུ་དང་། ཐིག་ལེ་ཉག་གཅིག་གི་དངོས་པོའོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ། །ཞེས་པ་དང་པོའི་རིག་པའི་རྩལ་འབྱུང་བ་ལྔ། དེ་ལས་རིགས་ལྔའི་སངས་རྒྱས་སྐུར་གྲུབ་པས་ནའོ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག །ཅེས་པ་གོང་མའི་རྣམ་པ་ཉི་ཤུའོ། །དེ་ཡང་ཀུན་རིག་གོ་ཞེས་རྟོགས་པའོ། །སངས་རྒྱས་ཀུན་ཡི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་པ་ལོངས་སྐུ་ཡབ་ཡུམ་གྱི་ཞལ་གྱི་བར་ནས་ཡེ་གེ་དྲུག་པའི་འོད་ཟེར་འཕྲོ་བའོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །ཞེས་པ་སྐད་ཅིག་མ་ལ་སྣང་བ་འཆར་ནུབ་དང་སྐྱེ་འགག་མེད་པའི་དོན་རྟོགས་པའོ། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཅེས་པ་རིག་པའི་རྩལ་དུ་སེམས་འཆར་ལུགས་དང་། སེམས་དེ་རང་གི་གནས་ལ་སོགས་པའི་ཆོས་ལྔར་རྟོགས་ཤིང་རིག་པའོ། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་པ་སྤྲུལ་པའི་སྐུས་འགྲོ་བའི་དོན་མཛད་པ་ནི་གདུལ་བྱའི་ཡུལ་དང་སྦྱར་ནས་འདུལ་ཐབས་ཐེག་པ་སྣ་ཚོགས་གསུངས་པའོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པོ་གོང་གི་ཐེག་པ་དེ་དག་ཀྱང་གསུམ་དུ་འབྱུང་སྟེ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའོ། །གཅིག་གི་འབྲས་བུར་གནས་ཏེ་གསང་སྔགས་ཡང་དག་པའི་འབྲས་བུ་ཁོ་ནའོ། །ཉོན་མོངས་ཁམས་རྣམས་དག་པའི་བདག་ཅེས་པ་སྟོན་པ་སྤྲུལ་པའི་སྐུའི་བདག་པོ་མཛད་ཀྱང་ཉོན་མོངས་པས་གོས་པ་མེད་དེ། དོན་གྱི་དགོངས་པ་དག་པའི་བདག་ཉིད་དུ་གནས་པའོ། །ལས་ཀྱི་ཁམས་ནི་ཟད་བྱེད་པ། །ཞེས་པ་སྟོན་པའི་སྤྲུལ་པའི་སྐུས་འགྲོ་བའི་སྐུར་དོན་མཛད་པའི་དགོངས་པ་དང་ལྡན་པའོ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །ཞེས་པ་འདོད་པ་སྲིད་པ་དང་ལྟ་བ་དང་མ་རིག་པའི་ཆུ་བོ་དང་བཞི་ལས་འདས་པའི་དོན་ཏེ་སྟོན་པའོ། །སྦྱོར་བའི་དགོན་པ་ལས་བརྒལ་བ། །ཞེས་པ་སྲིད་པ་ལ་སོགས་པ་བཞི་ལ་ངེས་པར་གནས་པ་ལས་སྟོན་པ་ངེས་པར་འབྱུང་བའོ། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་པ་སྟོན་པས་དུག་ལྔ་ཁོང་ཁྲོ་ལ་སོགས་པ་བཅས་པ། ཡེ་ཤེས་ཆེན་པོར་གྲོལ་ཞིང་བག་ཆགས་ངང་གིས་མི་གནས་ཏེ། རིག་པ་ཀ་ནས་དག་པར་མཁྱེན་ཅིང་གནས་པའོ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །ཞེས་པ་རིག་པ་འགགས་པ་མེད་པ་ལ་བྱ་བཙལ་མི་མངའ་བའོ། །དོན་ཡོད་འགྲོ་བའི་དོན་བྱེད་པ། ཞེས་པ་གོང་མའི་ཐབས་ཤེས་རབ་ཀྱི་བདག་ཉིད་དེས་སོ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། །ཞེས་པ་དོན་བྱེད་དང་བྱ་བ་བྱེད་པ་པོའི་རྟོག་པ་རང་རྒྱུད་མི་མངའ་བའོ། །རྣམ་ཤེས་དོན་ནི་འགགས་པ་མེད། །ཅེས་པ་དོན་བྱས་ནས་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་གྲོལ་བར་བྱེད་པའོ། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །ཞེས་པ་མངོན་པར་ཤེས་པ་ལྔ་མངའ་བའོ། །སངས་རྒྱས་ཀུན་གྱི་ཐུགས་རིག་པ། །ཞེས་པ་དང་། སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཞེས་པ་སངས་རྒྱས་ཀྱི་ཐུགས་ནི་དངོས་མེད་ཀྱི་ཡེ་ཤེས་རིག་པ་ཡིན་ལ་དེ་འགྲོ་བའི་ཡིད་ལ་གནས་པའོ། །དེ་དག་སེམས་དང་མཐུན་པར་འཇུག །ཅེས་པ་སྤྲུལ་སྐུས་སེམས་ཅན་གྱི་སེམས་ཤེས་པས་བསམ་པ་ལྟར་བྱེད་པའོ། །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །ཅེས་པས་བསམ་པ་འགྲུབ་པའོ། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །ཞེས་པ་བསམ་པ་འགྲུབ་པས་དག་སྟེ་དངོས་གང་ཞེ་ན། གྲུབ་པ་མཐར་བྱིན་འཁྲུལ་པ་མེད། །ཅེས་པས་སོ། །དེ་ཡང་གང་ཞེ་ན་རིན་པོ་ཆེའི་སྦུབས་ནའོ། །ནོར་བ་ཐམས་ཅད་རྣམ་པར་སྤངས། །ཞེས་པ་གོལ་ས་དང་བྲལ་བའོ། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཞེས་པ་སྒྲའི་བྱེ་བྲག་འགའ་ལ་འཇུག་སྟེ་འདིར་ངོ་སྤྲོད་གསུམ་ལ་བྱའོ། །དེ་ཡང་ངོ་སྤྲོད་པས་ཐེ་ཚོམ་དང་བྲལ་བའོ། །ཀུན་དོན་ཞེས་པ་འཁོར་འདས་ཀུན་གྱིའོ། །ཡོན་ཏན་ཞེས་པ་ཐམས་ཅད་ཡོན་ཏན་དུ་ཤར་བའོ། །གསུམ་གྱི་བདག་ཅེས་པ་སྐུ་གསུམ་གྱི་བདག་པོའོ། །ཕུང་པོ་ལྔ་དོན་དུས་གསུམ་དུ། །ཞེས་པ་ཕུང་པོ་ལྔའི་དོན་དུས་གསུམ་དུ་མཛད་ཅིང་གནས་པའོ། །དེ་ཡང་ཇི་ལྟར་གནས་ན་ཡེ་ཤེས་ཀྱི་སྐུ་རང་གིས་རྣམ་པར་དག་པར་གནས་སོ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་པ་ད་ལྟར་སྐད་ཅིག་མ་ལ་གཅིག་ཡིན་ཏེ། །ཕྱིས་ཡེ་ཤེས་སྐྱེ་བ་སྟེ། དེ་ནི་དབང་པོ་རབ་འབྲིང་གི་གྲོལ་ལུགས་སོ། །དེ་ལས་ལྷག་པ་ནི་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཏེ་རབ་བོ། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ཞེས་པ་ལོངས་སྐུ་བཞི་བཅུ་རྩ་གཉིས་སོ། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས་པ་བག་ཆགས་ཀྱི་ལུས་མི་གནས་ཏེ། ཡེ་ཤེས་ཀྱི་སྐུའི་མཆོག་ཏུ་གནས་པའོ། །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །ཞེས་པ་རིན་པོ་ཆེ་ལྟ་བུའི་སྐུ་རྟོགས་པའོ། །གཟུགས་རྣམ་སྣ་ཚོགས་ཀུན་ཏུ་སྟོན། །ཞེས་པ་སྤྲུལ་པའི་སྐུ་འབྱིན་པའོ། །ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པ་དེ་ནས་སླར་མྱ་ངན་ལས་འདས་ཏེ། ཆོས་སྐུ་རིན་པོ་ཆེའི་ངང་ལ་གནས་ཏེ། དགོངས་པ་ཕྱིས་མི་འགྱུར་བར་གནས་པའོ། །དེ་ཡན་ཆད་དུ་ལེའུ་དྲུག་པ་གཞི་སྐྱེ་འགག་མེད་པ་མཉམ་པ་ཉིད་དུ་གནས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དོན་བསྟན་པའོ།། །།ད་ནི་དོན་བདུན་པ་ཤེས་བྱ་ཐོགས་པ་མེད་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་དོན་བསྟན་པར་བྱ་སྟེ། ཨ་ཧ་ཛྙཱ་ན་སརྦ་ཀརྨ་ཙཀྲ་རོ། །སངས་རྒྱས་ཀུན་གྱི་རྟོགས་བྱ་བ། །ཞེས་པ་དུས་གསུམ་གྱི་སངས་རྒྱས་ཀྱི་རྟོགས་པར་བྱ་བ་ནི་རང་རིག་པའི་ཡེ་ཤེས་ཉིད་ཡིན་ཏེ། དེ་རང་ལ་རང་ཆས་སུ་གནས་པའོ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཅེས་པ་རང་བཞིན་རང་ཆས་ཡིན་ཏེ། དེའི་གོང་ན་གཞན་མེད་བླ་ན་མེད་པའོ། །ལོགས་ན་མེད་གུད་ན་མེད་པའོ། །གསང་སྔགས་ལས་བྱུང་ཡི་གེ་མེད། །ཅེས་པ་ཚིག་དང་ཡི་གེ་ཐམས་ཅད་གསང་སྔགས་ཀྱི་དོན་ངོ་བོ་ལས་བྱུང་བ་ཡིན་ལ། དེ་ཉིད་རང་ཚིག་དང་ཡི་གེ་ལས་འདས་པའོ། །གསང་སྔགས་ཆེན་པོ་རིགས་གསུམ་པ། ཞེས་པ་མཚོན་བྱེད་ཚིག་གི་སྒྲོན་མ་དེས་ཕྱི་ནང་གསུམ་དུ་བསྟན་པའོ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཞེས་པ་གཞི་གསང་སྔགས་ཀྱི་རྩ་བ་ལས། གསང་སྔགས་སྤྲོས་པ་དེ་ཉིད་ཀྱིས་དེ་ཉིད་མཚོན་ཅིང་རྟོགས་པ་བསྐྱེད་པའོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །ཅེས་པ་རིག་པ་རང་བྱུང་གི་ཡེ་ཤེས་འགག་པ་མེད་པ་ལ་གང་གི་ཡང་སྒྲ་དང་ཐ་སྙད་མི་གནས་པའོ། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཆོས་སྐུ་དངོས་མེད་ཀྱི་ངང་ན་རིག་པའི་ཡི་གེ་རྣམ་པ་ལྔ་འོད་དུ་གསལ་བའོ། །དེ་མཚོན་པ་ཨ་ལྟ་བུའོ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་པ་སྟོབས་དང་ཐབས་མ་འགགས་པའི་ཡི་གེ་བརྒྱ་ཞེས་བྱ་སྟེ། འཁོར་འདས་ཀྱི་ཆོས་བརྗོད་བྱ་རྗོད་བྱེད་སྣ་ཚོགས་སུ་ཤར་བའོ། །དེ་ཡང་ཡི་གེ་བརྒྱར་གྲངས་བཅད་པ་ནི་མེད་ཀྱིས་མང་བའི་ཐ་ཚིག་གོ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པ་ཡོན་ཏན་གྱི་སྐུ་གསུམ་གྱི་རྣམ་པ་དང་ལྡན་ཞིང་མཚན་མར་མི་གནས་པའོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་བྱ་བ་དེ་ལ་གཉིས་ཏེ། ལོངས་སྐུ་རེ་རེ་ལ་སེམས་དཔའ་སེམས་མ་བཞི་བཞིས་བསྐོར་བས་ཕྱོགས་བཞིའི་ཚོམ་བུ་སྟེ་འཁོར་རོ། །དེ་ཡང་བཅུ་དྲུག་ནི་སེམས་དཔའ་སེམས་མ་བཅུ་དྲུག་གོ། །ཕྱེད་ནི་ཕོ་མོ་བརྒྱད་དུ་བཅད་པའོ། །ཕྱེད་ཕྱི་མ་ནི་བཞི་བཞིས་བསྐོར་བའོ། །སྤྲུལ་སྐུའི་སྐབས་སུ་དེ་ལ་ཡང་འདི་ལྟར་བསྟན་པར་བྱ་སྟེ། རང་བྱུང་དབྱིངས་ཀྱི་ཐིག་ལེ་ལས་རྩལ་ནི་ཕྱི་དང་ནང་དུ་ཤར་ཏེ། ནང་དུ་རིག་པའི་ཡེ་ཤེས་དང་སེམས་སུ་སྣང་བའོ། །ཕྱིར་བདེ་ཆེན་གསང་བའི་ཐིག་ལེ་ལས་བདེ་བ་ཆེན་པོ་འོད་འབར་བའི་ཐིག་ལེར་བྱུང་། དེ་ལས་བདེ་བ་ཆེན་པོ་ཡོངས་ལ་ཁྱབ་པའི་སྐབས་སུ་བཅུ་དྲུག་གི་ཕྱེད་བརྒྱད། དེའི་ཕྱེད་བཞི་སྟེ། གཅིག་པདྨར་ཤར། གཅིག་ཉམས། གཅིག་བདེ་གསལ་མི་རྟོག་པའོ། །གཅིག་གཡོ་ལ་མ་ཐོགས་པའི་སྐབས་སུ་ཆོས་སྐུའི་བདེ་བ་ངོས་ཟིན་ཅིང་ཐུགས་རྗེ་སྤྲུལ་པའི་སྐུ་འབྱིན་པའོ། །ཡན་ལག་མེད་པའི་རྩིས་ལས་འདས། །ཞེས་པ་ཆོས་སྐུ་སྤྲོས་བྲལ་བདེ་བ་ཆེན་པོ་གོང་མའི་རྩིས་དང་གྲངས་དེ་མི་གནས་ཞེས་པའོ། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཞེས་པ་འཇིག་རྟེན་པའི་བསམ་གཏན་ལས་འདས་ཏེ། ངང་དང་རང་བཞིན་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའོ། །དེའི་དོན་ལ་གནས་པའོ། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཞེས་པ་བསྒོམ་པ་བསླབ་ཐབས་དང་བསྒོམ་པའི་ས་མཚམས་སོ། །ཏིང་འཛིན་རིག་དང་རྒྱུད་རིག་པ་། །ཞེས་པ་དེ་བཞིན་གཤེགས་པའི་བསམ་གཏན་ནི་རང་རིག་རྒྱུད་ལ་གསལ་ཞིང་རྟོགས་པའོ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ཅེས་པ་ཏིང་འཛིན་མཐར་ཕྱིན་པའོ། །ལོངས་སྤྱོད་རྫོགས་སྐུ་སྐུ་ཡི་རྒྱལ། །ཞེས་པ་ཡར་ཞིང་དག་ཅིང་མར་འཁོར་སྟོན་པའོ། །སྐུ་བཞི་བཅུ་རྩ་གཉིས་ཚོམ་བུ་དང་བཅས་པར་སྣང་ངོ་། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །ཅེས་པ་ལོངས་སྐུའི་གསུང་གི་འོད་ཟེར་ལ་རོལ་པའི་ཐུབ་པ་དྲུག་སྟེ། འགྲོ་དྲུག་གི་ནང་ན་མཆོག་ཏུ་གྱུར་པའོ། །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཞེས་པ་སྤྲུལ་སྐུ་སྔ་མ་གྲོལ་ཞིང་དེའི་ཕྱི་མས་འགྲོ་དོན་མཛད་དེ་དེ་གཞིན་གཤེགས་པ་སྐུ་ལ་སྤྲུལ་པའི་ཟམ་མ་ཆད་པའོ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་པ་ལུས་བར་པ་ན་ལོངས་སྐུ་ལ་ཆོས་ཀྱི་སྤྱན་ཤར་བའི་དུས་སུ། ཡི་གེ་དྲུག་པའི་སྒྲ་ལས་འཕྲོ་བའོ། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་པ་གཞི་ཇི་བཞིན་པ་ལ་གཉིས་ཏེ། སྔ་མའི་སྤྲུལ་པའི་སྐུ་ཇི་བཞིན་དུ་དོན་མཛད་པ་དང་འགྲོ་བའི་བཞིན་མཐུན་པར་སྣང་བས་འདུལ་ཞིང་དོན་མཛད་པའོ། །ལྷ་ཡི་དབང་པོ་ལྷ་ཡི་ལྷ། །ཞེས་པ་དང་། ལྷ་ཡི་བདག་པོ་ལྷ་མིན་བདག །ཅེས་པ་ནི་ལྷས་འདུལ་པ་ལ་ལྷ་ཡི་ཐུབ་པ་ལྟར་ཡང་སྣང་། ལྷ་མིན་གྱིས་འདུལ་བ་ལ་ལྷ་མིན་ལྟར་སྣང་སྟེ། འགྲོ་དྲུག་གི་གཉེན་པོར་ཐུབ་པ་དྲུག་ཤར་བའོ། །འཆི་མེད་དབང་པོ་ལྷ་ཡི་བླ། །ཞེས་པ་ལྷ་ཡི་ཐུབ་པ་དེ་ལྷ་ཐམས་ཅད་ཀྱི་བླ་མར་གྱུར་ཏེ་མཆོག་གམ་གཙོ་བོའོ། །ཐུབ་པ་གཞན་གོ་སླའོ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །ཞེས་པ་གཟུང་བ་དང་འཛིན་པ་འཇོམས་པའོ། །སྲིད་པའི་དགོན་པ་ལས་བརྒལ་བ། །ཞེས་པ་རྟོག་པ་ཅན་འཆི་བའོ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །ཞེས་པ་སྟོན་པ་སྤྲུལ་པའི་སྐུར་སྤྲུལ་ནས་འགྲོ་བ་དྲུག་གི་བླ་མ་དང་གོང་མར་གྱུར་པའོ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཞེས་པ་གཉིས་ཏེ་རིག་པའི་ཡོན་ཏན་དེ་ལྟར་སྣང་བ་དང་། དེའི་སྤྲུལ་པ་དེ་ལྟར་སྣང་ཞིང་གྲགས་པའོ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །ཞེས་པ་ཡོན་ཏན་ཆོས་སྐུར་འགྱུར་བ་དང་། དེ་བརྗོད་པར་འགྱུར་བ་དང་། བྱམས་པའི་གོ་ཆ་བགོས་པ་སྟེ། །ཞེས་པ་དང་། སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཞེས་པ་སྤྲུལ་པའི་སྐུ་དེ་དག་ཚད་མེད་པ་བཞིས་འདུལ་ཞིང་དོན་མཛད་པའོ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཞེས་པ་དང་། ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །ཞེས་པ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཉོན་མོངས་པ་དང་མ་རིག་པ་དང་གཟུང་འཛིན་གྱི་གཡུལ་སེལ་བའོ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །ཞེས་པ་དང་། བདུད་བཞིའི་འཇིགས་པ་སེལ་བར་བྱེད། །ཅེས་པ་སྟོན་པས་བདུད་བཞི་ངང་གིས་བཅོམ་ཞིང་ཐུགས་རྗེས་འགྲོ་བའི་བདུད་ཤུགས་ཀྱིས་སེལ་བའོ། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །ཞེས་པ་མ་རིག་པའི་རྩ་བ་ཡན་ལག་དང་བཅས་པ་རྩད་ནས་བཅད་པའོ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །ཞེས་པ་ལུས་བར་པ་ལ་ཆོས་ཉིད་ཀྱི་མཁའ་ལ་ཡེ་ཤེས་ཀྱི་སྐུ་གསལ་བའི་ཚེ། ཆོས་ཉིད་ཀྱི་སྤྱན་མངོན་ཤེས་དང་ལྡན་ཞིང་ཞལ་གྱི་བར་ནས་ཡི་གེ་དྲུག་པའི་འཁོར་ལོ་འབྱུང་སྟེ། སྤྲུལ་པའི་སྐུས་འཇིག་རྟེན་གྱི་འགྲོ་བ་འདྲེན་པའོ། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱེད་པའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་པ་སྟོན་པ་སྤྲུལ་པའི་སྐུ་དེ་ཡོན་ཏན་དང་ལྡན་པས་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །ཅེས་བྱུང་སྟེ། སྟོན་པའི་ཐུགས་རྗེས་རྟོགས་པ་རྒྱུད་ལ་སྐྱེས་ནས་སངས་རྒྱས་ཀྱི་སྤྲུལ་པའི་ས་འདི་ནས་སངས་རྒྱས་ལོངས་སྐུའི་སར་སྐད་ཅིག་ལ་སེང་གེའི་མཆོངས་སྟངས་ལྟ་བུའོ། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །ཞེས་པ་རིག་པ་ཟང་ཐལ་ནམ་མཁའི་མཐའ་དང་མཉམ་པའོ། །གསུམ་རིག་གཙང་མ་དག་པ་སྟེ། །ཞེས་པ་སྒྲ་འགའ་ལ་འཇུག་ཀྱང་སྦུབས་གསུམ་ཞེས་རང་ལུགས་ཆེན་པོའོ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །ཅེས་པ་ཆོས་ཀྱི་སྤྱན་རྣམ་པ་དྲུག་གོ། །རྗེས་སུ་དྲན་པ་ཡང་དེ་རང་ཉིད་དོ། །རྩོལ་བའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཞེས་པ་དོན་བདག་ལ་སེམས་དཔའ་ལས་ལོག་སྟེ། དོན་གཞན་ལ་སེམས་དཔའ་སེམས་དཔའོ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཞེས་པ་དེ་ཡང་རྫུ་འཕྲུལ་དང་ལྡན་པའི་སྤྲུལ་སྐུ་སྟེ། འཇིག་རྟེན་ལས་འདས་ཏེ་རང་སར་གྲོལ་བའོ། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱིས་ནི་དེ་ཉིད་འཐོབ། །ཅེས་པ་རྩོལ་བ་དང་བཅས་པས་འཁོར་བ་ལས་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ཏེ། ཤེས་རབ་ཁྱད་པར་ཅན་རྟོགས་པ་རྒྱུད་ལ་ཤེས་པའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་ཏེ། ཕྱོགས་ལྷུང་མེད་པའི་ཤེས་རབ་རྣམ་པར་མི་རྟོག་པ་ལ་གནས་སོ། །བདག་རིག་གཞན་རིག་ཐམས་ཅད་ལ། །ཀུན་ལ་ཕན་པའི་གང་ཟག་མཆོག །ཅེས་པ་སྟོན་པ་སྤྲུལ་པའི་སྐུ་དེས་བདག་གི་དོན་ཀྱང་རིགས་ཤེས་གྲོལ་ལོ། །གཞན་གྱི་དོན་སྟོབས་ཀྱང་རིག་ཤེས་གྲོལ་ཏེ། ཐམས་ཅད་མཁྱེན་ཏེ་ཀུན་ལ་ཕན་འདོགས་པའི་སྐུའོ། །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཞེས་པ་འགྲན་པའི་ཟླ་མེད་པའི། ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་པ་ཤེས་པར་བྱ་བའི་དངོས་པོའི་གནས་ལུགས་དང་། ཤེས་པར་བྱེད་པ་རྣལ་འབྱོར་པ་སྟེ། བློ་རྣམ་པ་གཉིས་སུ་མེད་པར་འགྱུར་བས་བདག་པོའོ། །དེའི་གོང་ན་གཞན་མེད་པས་མཆོག་གོ། །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཞེས་པ་རིགས་དྲུག་གི་གཙོ་བོ་ཐུབ་པ་དྲུག་གིས་གང་ལ་གང་འདུལ་གྱི་ཆོས་སྟོན་པས་ནའོ། །ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །ཞེས་པ་ཆོས་སྐུ་དངོས་མེད་འགག་མེད་ཕྱག་རྒྱ་ཆེན་པོའོ། །དེའི་ཡོན་ཏན་གྱི་སྣང་བ་ལོངས་སྐུ་འོད་འབར་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །རང་བྱུང་གི་ཡེ་ཤེས་གསུང་འགགས་པ་མེད་པ་ཆོས་ཀྱི་ཕྱག་རྒྱའོ། །ཐུགས་རྗེ་སྤྲུལ་པའི་སྐུས་གདུལ་བྱའི་དོན་མཛད་པས་ལས་ཀྱི་ཕྱག་རྒྱའོ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ཅེས་པ་དོན་དེ་ལྟ་བུ་སྟོན་པས་ནའོ། །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །ཞེས་པ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དེ་གསུམ་རིམ་པས་བགྲོད་པས་བསྙེན་བཀུར་བྱ་བ་གོང་མ་བཞིན་ནོ། །དོན་གྱི་དམ་པ་རྣམ་དག་དཔལ། །ཞེས་པ་ངེས་པའི་དོན་གསང་བླ་ན་མེད་པའོ། །དེ་ཡང་རང་བཞིན་གྱིས་རྣམ་པར་དག་པ་དབྱེར་མི་ཕྱེད་པའི་སྐུ་གསུམ་དུ་བསྟན་པའོ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །ཞེས་པ་གོང་མའི་དོན་དང་འཕྲད་པ་རྣམས་སོ། །དཔལ་ལྡན་འབྱོར་བ་ཀུན་བྱེད་པ། །ཞེས་པ་བདག་དང་གཞན་གྱི་དཔལ་དང་ལྡན་པས་སྐུ་དང་ཡེ་ཤེས་ཀྱི་འབྱོར་བ་བྱེད་པའོ། །གང་གིས་བྱེད་ཅེ་ན། འཇམ་དཔལ་དཔལ་དག་ལྡན་པའི་མཆོག །ཅེས་པ་འདི་ཁོ་ནས་སོ། །འདི་ཡན་ཆད་ལེའུ་བདུན་པ་ཤེས་བྱ་ཐོགས་པ་མེད་པ་བྱ་བ་གྲུབ་པའི་ཡེ་ཤེས་དང་སྦྱར་ནས་བཤད་པའོ།། །།ད་ནི་ལེའུ་བརྒྱད་པ་ཆེ་བ་བརྗོད་པ་སྔགས་ཀྱི་སྒྲ་དང་བཅས་པ་བསྟན་པར་བྱའོ། །ར ཛྙཱ་བྷྱི་ཏྱ་མ་ཧཱ་དུཏྤྲ་ས་ར། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་གོང་གི་དོན་ཆེན་པོ་ཁྱད་པར་འཕགས་པ་རིན་པོ་ཆེ་ལྟ་བུའི་དགོངས་པ་གྲུབ། ཆོས་ཉིད་འགྱུར་བ་མེད་པ་དང་འདུ་འབྲལ་མེད་པའོ། །དོན་གཉིས་སུ་མེད་པར་འགྱུར་བའོ། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །ཅེས་པ་རིན་པོ་ཆེའི་སྐུ་འགྱུར་བ་མེད་པ། དོན་གྱི་ཕུག་ཆེན་པོར་འགྱུར་བའོ། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །ཅེས་པ་དབྱིངས་སྟོང་པ་དང་། རིག་པ་སྟོང་པ་དབྱེར་མི་ཕྱེད་པའི་ནང་ནས་སྐུ་གཉིས་ནང་གསལ་དུ་འབྱུང་བའོ། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །ཅེས་པ་རང་བཞིན་གྱིས་རྣམ་པར་དག་པའི་ཡོན་ཏན་གཞན་དབང་དུ་མ་གྱུར་པའོ། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །ཅེས་པ་ཟག་པ་མེད་པའི་བདེ་བའོ། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །ཅེས་པ་ཐམས་ཅད་ཀྱི་ཐོབ་བྱའོ། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །ཅེས་པ་གཉིས་སུ་མེད་པའི་དོན་མཐར་ཕྱིན་ཏེ་མྱ་ངན་ལས་འདས་པའོ། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །ཅེས་པ་གཉིས་སུ་མེད་པའི་དོན་མཐར་ཕྱིན་པ་གདུལ་བྱ་ཐེག་པ་ཆེན་པོའི་དོན་གཞན་ལ་བཞག་སྟེ་ཤིན་ཏུ་ཡང་དགྱེས་པའོ། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུལ། །ཅེས་པ་ལུས་སྟོན་པའོ། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །ཞེས་པ་དེ་ཡང་སངས་རྒྱས་བཞད་པ་ནི་མཚན་མ་ཟིལ་གྱིས་གནོན་པའོ། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །ཅེས་པ་རང་བྱུང་གི་ཡེ་ཤེས་གསུང་མ་འགགས་པ་ཐམས་ཅད་ཀྱི་བརྗོད་བྱའི་རྒྱུར་གྱུར་པའོ། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །ཅེས་པ་མི་འགྱུར་བའི་རིག་པ་དེ་བག་ཆགས་དང་བྲལ་བའོ། །མེད་པ་ལས་བྱུང་ཁྱོད་ལ་འདུད། །ཅེས་པ་ཡོན་ཏན་གྱི་སྟོབས་སྐུ་གསུམ་ཡེ་ཤེས་ལྔར་འབྱུང་བའོ། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཅེས་པ་དངོས་པོ་མེད་པ་ཡོན་ཏན་དུ་ཡོད་པའོ། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ཅེས་པ་ཡོན་ཏན་གྱི་སྟོབས་སྐུ་ལྔ་ཡེ་ཤེས་ལྔ་ཆོས་ཉིད་ཀྱི་ངང་ན་གནས་ཤིང་གསལ་བའོ། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །ཅེས་པ་གཞི་གནས་ཀྱི་ཡེ་ཤེས་ལས་མཚན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ལྔ་འབྱུང་བའོ། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །ཅེས་པ་རིག་པ་འགག་པ་མེད་པའི་ཡེ་ཤེས་གཉིས་སུ་མེད་པར་གནས་པའོ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཅེས་པ་ཡེ་ཤེས་ཀྱི་སྣང་བ་མ་འགགས་པའོ། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཅེས་པ་ཐམས་ཅད་གཉིས་སུ་མེད་པའོ། །ཡེ་ཤེས་སྐུ་གཉིས་ཁྱོད་ལ་འདུད། །ཅེས་པ་ཡེ་ཤེས་ཀྱི་སྐུར་གྱུར་པའོ། །ༀ་ཞེས་པ་གཞི་གནས་ཀྱི་ཡེ་ཤེས་ལས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔར་རང་བཞིན་གྱིས་འོད་གསལ་བའོ། །ས་ཞེས་པ་དེའི་བཞུགས་གནས་ཏེ་ཆོས་ཀྱི་དབྱིངས་སོ། །རྦ་ཞེས་པ་གོང་མའི་ཐུགས་རྗེ་སྐུར་སྣང་བའོ། །དེ་བཞིན་དུ་སྒྲ་ཇི་བཞིན་དུ་བཞི་སྦྲག་ལ་སོགས་པ་དང་བསྟུན་ལ་ཁོངས་ནས་མངའོ། །དྷརྨཱ་བྷཱ་ཝ་སྭ་བྷཱ་ཝ། བི་ཤུདྡྷ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨ། པྲ་ཀྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨ་ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷེ་ཏཱ་མུ་པཱ་དཱ་ཡ་ཏེ་ཨཾ་ཨཿ སརྦ་ཏ་ཐཱ་ག་ར་ཧྲི་ད་ཡ ། ཧ་ར་ཧ་ར། ༀ་ཧཱུཾ་ཧྲཱི་བྷ་ག་ཝཱན་ཛྙཱ་ན་མཱུརྟྟི་ཝཱ་གཱི་ཤྭ་ར། མ་ཧཱ་ཝཱ་ཙ་སརྦ་དྷརྨཱ། ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ། དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ དེ་ཡན་ཆད་དུ་ལེའུ་བརྒྱད་པ་ཆེ་བ་བརྗོད་པ་སྔགས་ཀྱི་སྒྲ་དང་བཅས་པ་བཤད་པའོ།། །།ད་ནི་ལེའུ་དགུ་པ་རྗེས་སུ་ཡི་རང་བའི་སྒོ་ནས་བདག་གཞན་གྱི་དགོངས་པ་མཐར་ཕྱིན་པར་བསྟན་ཏེ། དེ་ནས་ཞེས་པ་སྟོན་པ་གོང་མའི་དོན་གསུངས་ནས་བར་གཞན་གྱིས་ཆོད་དེ། ཞུ་བ་པོས་རྗེས་སུ་ཡི་རང་བར་ཕུལ་བའི་ཐ་ཚིག་གོ། །དཔལ་ལྡན་ཞེས་པ་རྟོགས་པ་བདག་གི་དཔལ་ལྡན་ཏེ། སྟོན་པའི་ཐུགས་ཀྱི་དགོངས་པ་མཁྱེན་པས་མཁྱེན་པའོ། །ཐུགས་རྗེ་གཞན་གྱི་དཔལ་དང་ལྡན་ཏེ། གསང་སྔགས་ཀྱི་དོན་ཞུས་ནས་འགྲོ་དོན་མཛད་པའོ། །ཞུ་བ་པོ་རང་རྒྱུད་པ་མེད་དེ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་ཀློང་ནས་ཕྱུང་། འོད་ལྔ་ཤངས་ཀྱི་རླུང་སྒྲོམ་ནས་བཏོན་ནས་ཕྱག་ན་རྡོ་རྗེའི་སྐུར་གྱུར་པའོ། །དེ་ཡང་ཞིབ་ཏུ་གཞན་ན་གསལ་བས་མ་སྨོས་སོ། །རྡོ་རྗེ་འཆང་ཞེས་པ་ཕྱག་ན་རྡོ་རྗེའོ། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །ཞེས་པ་སྟོན་པའི་བཀའ་ཕྱིན་ཅི་མ་ལོག་པའོ། །དེ་ཡང་བདག་གཞན་གྱི་དོན་མཐར་ཕྱིན་པའོ། །མགོན་པོ་ཞེས་པ་བདག་གཞན་གྱི་མགོན་ནོ། །དེ་ཡང་གང་ཞེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པའོ། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཞེས་པ་ཞུ་བ་པོས་སྟོན་པ་ལའོ། །དེ་ནས་མགོན་པོ་གསང་བའི་བདག །ཅེས་པ་ཞུ་བ་པོས་སྟོན་པའི་ཐུགས་མཁྱེན་པའོ། །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །ཞེས་པ་ཁྲོ་བོ་གཞན་ལས་ལྷག་པར་འགྱུར་བའོ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །ཞེས་པ་འཁོར་རྣམས་སོ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །ཞེས་པ་དགོངས་པ་སྐྱེས་པའོ། །མགོན་པོ་བདག་ཅག་ཡི་རང་ངོ་། །ཞེས་པ་ཕྱི་ནང་གསང་བའི་དོན་སྟོན་པ་ལ་ཞུས་པས་འཁོར་དང་བཅས་པ་དགྱེས་པའོ། །ལེགས་སོ་ལེགས་སོ་ཞེས་པ་ཚིག་མ་ནོར་བས་སོ། །ལེགས་པར་གསུངས་ཞེས་པ་སྟོན་པས་བདག་གཞན་གྱི་དོན་དུ་བཤད་ཐབས་ཀྱི་ཡན་ལག་དང་ལྡན་པར་གསུངས་པའོ། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །ཞེས་པ་སྐད་ཅིག་གསུམ་ལ་ཕྱི་ནང་གི་རྣམ་པ་ལས་གྲོལ་ནས་འབྲས་བུ་ཡེ་ཤེས་ཆེན་པོ་འཐོབ་པར་འཚལ་བའི་འཁོར་ཏེ་གོང་མའོ། །གང་ཞེ་ན། འགྲོ་བ་མགོན་མེད་རྣམས་དང་ནི། །ཞེས་པ་ཐུན་མོང་གི་འཁོར་རྣམས་སོ། །བདག་ཅག་ཡང་དག་རྫོགས་པ་ཡི། །ཞེས་པ་ནི་ཁྱད་པར་གྱི་འཁོར་རོ། །བྱང་ཆུབ་འཐོབ་པའི་དོན་ཆེན་མཛད། །ཅེས་པ་གནས་སྐབས་ཀྱི་འབྲས་བུ་ཙམ་ཡིན་ཏེ། བུདྡྷས་མྱ་ངན་ལས་འདས་པའི་དགོངས་པ་གསུངས་པའོ། །སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་པ། །ཞེས་པ་རིག་པ་དང་ཡེ་ཤེས་ཀྱི་འདུག་ཚུལ་ལོ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཞེས་པ་དོན་མ་ནོར་བའོ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །ཞེས་པ་གཏིང་དཔགས་དཀའ་བའོ། །དོན་ཀུན་འབྱུང་བའོ། །ཀུན་སྣང་ཆེན་པོའོ། །ནམ་མཁའ་ལྟ་བུར་ནུབ་པ་མེད་པའོ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །ཞེས་པ་སྟོན་པ་གོང་མའི་དོན་གསུངས་པ་ནི། དོན་ཆེན་འགྲོ་བའི་དོན་མཛད་པའོ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །ཞེས་པ་དུས་གསུམ་གྱི་སངས་རྒྱས་ཀྱི་ཞེས་བྱའོ། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་པ་ཆེ་བའི་ཡེ་ཤེས་དང་ཚོགས་ཆེན་པོ་གཉིས་ཡེ་ནས་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད་པའོ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་པ་ནི་བདུད་བཞི་ངང་གིས་བཅོམ་སྟེ། སྐུ་དང་ཡེ་ཤེས་སུ་ཤུགས་ཀྱིས་ལྡན་ནས་རྟག་ཆད་ཀྱི་མཐའ་ལས་ཡེ་ནས་འདས་པའོ། །སྐུ་གསུམ་ཡེ་ཤེས་ལྔའི་དོན་གཉིས་སུ་མེད་པའི་མཚོན་ཚིག་གཏིང་ནས་མ་ནོར་བར་གསུངས་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་ཞེས་མིའི་ཐུབ་པ་དེས་སྟོན་པ་རྡོ་རྗེ་འཆང་གི་དོན་འཁོར་རྣམས་ལ་གོང་བཞིན་གསུངས་པའོ། །དེ་ཡན་ཆད་དུ་ལེའུ་དགུ་པ་རྗེས་སུ་ཡི་རང་བའི་སྒོ་ནས་བདག་གཞན་གྱི་དོན་མཐར་ཕྱིན་པར་བསྟན་པའོ། །དམ་པའི་གདམས་པ་ཐུགས་ཀྱི་གཏེར། །རྣལ་འབྱོར་ཀུན་གྱི་ཐུགས་འཆང་བ། །འདི་བྲིས་ཉེས་པ་འབྱུང་མི་སྲིད། །གལ་ཏེ་ཉེས་པ་བྱུང་བ་ན། །བླ་མ་བདེ་གཤེགས་ཆོས་སྐྱོང་རྣམས། །རྟོག་མེད་ཡེ་ཤེས་ངང་དུ་བཟོད་པར་བཞེས། །འདི་བྲིས་འདི་ཡི་དགེ་བ་ཡིས། །དྲི་མེད་རྒྱུད་ཆེན་གྲོལ་འགྱུར་ཤོག །འགྲེལ་པ་རྒྱུན་གཅོད་སྤུ་གྲི་ཞེས་བྱ་བ་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོ།། །། ༈ འདིའི་ནང་དུ་དོན་གྱི་འགྲེལ་པ་ཆ་ཚང་བར་སྣང་ནའང་མཚན་བརྗོད་རྩ་བའི་ཚིག་ཁ་ཤས་འབྲི་མཁན་གྱིས་ཆད་དམ་མེད་པའང་སྣང་མོད། སྔོན་གྱི་དཔེ་རྙིང་ལས་བཤུས་པའི་ཡིག་རྒྱུན་ལྟར་པེ་ཅིང་བསྟན་འགྱུར་ཁྲོད་ལས་བྱུང་བ་སོར་བཞག་ཁོ་ན་ལས་གསར་བསྣན་མ་བྱས་སོ།། །།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རིན་པོ་ཆེ་ཉི་ཟླ་འབར་བའི་སྒྲོན་མ།

ར ཏྣ སཱུ རྱ ཙ ནྡྲ ཛྭ ལ དཱི པ ནཱ མ ཨཱ རྻ མ ཉྫུ ཤྲཱི ནཱ མ སཾ གཱི ཏི བྲྀ ཏྟི བི ཧ ར ཏི སྨ།
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རིན་པོ་ཆེ་ཉི་ཟླ་འབར་བའི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། ྅྅྅྅྅྅། རྒྱ་སྐད་བོད་དུ་བསྒྱུར་བ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་བྲྀཏྟི་རཏྣ་སཱུརྱ་ཙནྡྲ་ཛྭ་ལ་དཱི་པ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རིན་པོ་ཆེ་ཉི་ཟླ་འབར་བའི་སྒྲོན་མ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྔོན་ཚེ་གོང་ནས་བསྐལ་པར་སྦྱངས་པ་ཡིས། །རབ་འབྱམས་གསུང་ལ་མ་རྨོངས་སྤྲུལ་པའི་སྐུ། །པདྨ་བདག་གིས་མངོན་པར་ཤེས་པ་ཡིས། །བཀའ་རྒྱུད་ཟབ་མོ་བཀྲོལ་བར་མི་འོས་ཀྱང་། །འགྲོ་བ་དྲངས་ཕྱིར་རྒྱུད་འདི་བཤད་པར་བྱ། །རྒྱུད་ནས་ཀྱང་། དབང་པོ་བསམ་པ་མཁྱེན་མཆོག་གིས། །སེམས་ཀྱི་ཁྱད་པར་ཇི་བཞིན་དུ། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་དགོངས་ནས་སུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཅེས་གསུངས་པའི་ཕྱིར་དང་། མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། སེམས་ཅན་རྣམས་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་བཀའ་དགྲོལ་བར་བྱ་སྟེ། ད་ནི་འཇམ་དཔལ་གྱི་རྒྱུད་རིན་པོ་ཆེ་ཉི་ཟླ་ལྟ་བུ་འདི་ཚིག་གི་དོན་གྱིས་ཐེག་པ་སྣ་ཚོགས་སུ་བཤད་པར་བྱ་སྟེ། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །ཞེས་གསུངས་སོ། །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཞེས་པས། ཚིག་གི་འབྲུ་བཤད་པར་བྱ་སྟེ། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི། ཞེས་པ། རྒྱ་གར་གྱི་སྐད་ཆེན་པོ་བཞི་ལས། འདི་ནི་སཾསྐྲྀ་ཏའི་སྐད་དོ། །ཨ་བ་ཏ་ཤི་ནའི་སྐད་དང་། བི་ཤན་ཏི་ཏའི་སྐད་དང་། བྱཱ་ཀ་ར་ན་སྡེ་བརྒྱད་ཀྱི་སྐད་དོ། །རྒྱ་གར་སྐད་ཀྱིས་ནི་ཁུངས་བཙུན་ཡིད་ཆེས་བླ་མ་དྲན་པའོ། །བཀྲ་ཤིས་བྱིན་རླབས་དངོས་གྲུབ་འབྱུང་། །རང་བཟོ་མི་འཇུག་སྒྲ་ཡི་གནད། །ཅེས་སོ། །ཨཱརྱ་ནི་འཕགས་པ། མཉྫུ་ནི་འཇམ། ཤྲཱི་ནི་དཔལ་ལོ། ནཱ་མ་སཾ་གཱི་ཏི་ནི་མཚན་ཡང་དག་པར་བརྗོད་པའོ། །དེ་ནི་རྒྱ་སྐད་བོད་སྐད་ཤན་སྦྱར་བའོ། །བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ། དེ་ཡང་རུས་སྦལ་གྱི་ནུར་འགྲོས་ཀྱིས་འབྲུ་བཤད་པ་ནི། དབང་པོ་རབ་ལ་མཚན་བསྟན། འབྲིང་ལ་སྤྱི་དང་བྱེ་བྲག་གི་དབྱེ་བ་དང་། དབང་པོ་ཐ་མ་ལ་ཡི་གེ་འབྲུ་གཉེར་པས་བཤད་པའོ། །འཕགས་པ་ཞེས་པ་ལ་འབྲུ་ལྔར་བཤད་དེ། རྒྱུ་མཚན་ཉིད་ཀྱི་འཕགས་པ་དང་། སྔགས་ཕྱི་རྒྱུད་སྡེ་གསུམ་གྱི་འཕགས་པ་དང་། སྔགས་ནང་རྒྱུད་སྡེ་གསུམ་གྱི་འཕགས་པ་དང་། རྫོགས་པ་ཆེན་པོའི་འཕགས་པ་དང་། དེ་བཞི་ལས་སྤྱི་ཏི་ཡོ་ག་ཇི་ལྟར་འཕགས་པའི་འཕགས་ལུགས་དང་དོན་རྣམ་པ་ལྔའོ། །དེ་ལ་རྒྱུ་མཚན་ཉིད་ཀྱི་འཕགས་པ་ལ་གསུམ་སྟེ། འཁོར་བའི་འདམ་ནས་འཕགས་པ་དང་། ཉོན་མོངས་པ་མ་རིག་པའི་ནང་ནས་འཕགས་པ་དང་། དུག་རྣམ་པ་ལྔ་ལས་འཕགས་པ་དང་གསུམ་མོ། །དེ་ལ་འཁོར་བའི་འདམ་ནས་འཕགས་པ་ནི་ཤཱཀྱ་ཐུབ་པའོ། །མ་རིག་པའི་འདམ་ནས་འཕགས་པ་ནི་རང་རྒྱལ་བསེ་རུ་ལྟར་ཉག་གཅིག་ཏུ་གནས་པའོ། །དུག་ལྔ་ལས་འཕགས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའོ། །སྔགས་ཕྱི་རྒྱུད་ཀྱི་འཕགས་པ་ལ་ཡང་གསུམ་སྟེ། ཀྲི་ཡའི་འཕགས་པ་དང་། ཨུ་པ་ཡའི་འཕགས་པ་དང་། ཡོ་གའི་འཕགས་པ་དང་གསུམ་མོ། །ཀྲི་ཡའི་འཕགས་པ་ནི་ཉོན་མོངས་པའི་དྲི་མ་ལྔ་དག་སྟེ། དག་པ་ཆོས་ཉིད་ཀྱི་ལྷ་ལྔས་འཕགས་པའོ། །ཨུ་པ་ཡ་ནི་སྒྲིབ་པ་རྣམ་པ་བཞི་དག་ནས། རིགས་གསུམ་གྱི་མགོན་པོས་འཕགས་པའོ། །ཡོ་གས་ནི་དུག་ལྔ་ལས་འཕགས་ཏེ། རིགས་ལྔའི་སངས་རྒྱས་ཀྱིས་འཕགས་སོ། །གསང་སྔགས་ནང་རྒྱུད་སྡེ་གསུམ་གྱི་འཕགས་ལུགས་གསུམ་སྟེ། མ་ཧཱ་ཡོ་གའི་འཕགས་ལུགས་དང་། ཨ་ནུ་ཡོ་གའི་འཕགས་ལུགས་དང་། ཨ་ཏི་ཡོ་གའི་འཕགས་ལུགས་དང་གསུམ་མོ། །མ་ཧཱ་ནི་ཕུང་པོ་ལྔ་ལས་འཕགས་ཏེ། རིགས་ལྔའི་སངས་རྒྱས་སོ། །སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་གསུངས་སོ། །དེ་ལས་ཨ་ནུ་ཡོ་ག་ཉོན་མོངས་དུག་ལྔ་ལས་འཕགས་ཏེ། ཡེ་ཤེས་རྣམ་པ་ལྔའོ། །ཐེག་པ་དེ་བརྒྱད་ལས་ཨ་ཏི་ཡོ་ག་འཕགས་ཏེ། རྫོགས་ཆེན་གྱི་འཕགས་པ་ལ་གསུམ་སྟེ། ཐེག་པ་བརྒྱད་ཀྱི་ལྟ་སྒོམ་ལས་འཕགས་པ་དང་། ཆོས་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་ཁྱད་པར་འཕགས་པ་དང་། བློས་བཏགས་པའི་གྲུབ་པའི་མཐའ་རྣམས་ལས་འཕགས་པ་དང་གསུམ་མོ། །ཐེག་པ་དགུ་པོ་དེ་རྣམས་ལས་རྫོགས་ཆེན་སྤྱི་ཏི་ཡོ་ག་འཕགས་པ་ནི་གསུམ་སྟེ། ཐེག་པ་རིམ་པ་དགུ་ལས་འཕགས་པ་དང་། རྒྱུའི་ཆོས་བྱས་པའི་ཆོས་རྩོལ་སྒྲུབ་ཅན་རྣམས་ལས་འཕགས་པ་དང་། ལྷ་སྒོམ་སྤྱོད་འབྲས་ལས་འཕགས་པ་དང་གསུམ། ཐེག་པ་དགུ་ལས་འཕགས་པ་ནི་དགུའི་གོང་བརྒལ་སྤྱི་ཏི་ཡོ་གའོ། །རྒྱུའི་ཆོས་བྱ་རྩོལ་ལས་འཕགས་པ་ནི། རྩོལ་སྒྲུབ་བྱ་རྩོལ་རྒྱུ་འབྲས་ལས་འཕགས་པའོ། །ལྟ་སྒོམ་སྤྱོད་འབྲས་བཞི་ལས་འཕགས་པ་ནི། ཐེག་པ་གཞན་རྣམས་ཀྱི་ལྟ་སྒོམ་ནི། བློས་བཏགས་ཀྱི་ལྟ་བ། ཡིད་བཙོན་བཟུང་གི་སྒོམ་པ། ཆེད་བྱས་ཀྱི་སྤྱོད་པ། རེ་དོགས་ཡིད་སྨོན་གྱི་འབྲས་བུའོ། །དེ་བཞི་ལས་སྤྱི་ཏི་ཡོ་ག་འཕགས་ཏེ། རྟེན་མེད་ཀྱི་ལྟ་བ། རྟོག་མེད་ཀྱི་སྒོམ་པ། ཞེན་མེད་ཀྱི་སྤྱོད་པ། རེ་མེད་རང་གནས་ཀྱི་འབྲས་བུ་དང་བཞིས་འཕགས་སོ། །ཡེ་ཤེས་ཡེ་ཤེས་ཁྱད་པར་འཕགས། །ཞེས་གསུངས་སོ། །འཇམ་དཔལ་ཞེས་པ་ཡང་ལྔ་སྟེ། མཚན་ཉིད་སྡེ་གསུམ་གྱི་འཇམ་དཔལ་དང་། ཀྲི་ཡོ ག་སྡེ་གསུམ་གྱི་འཇམ་དཔལ་དང་། བསྐྱེད་རྫོགས་རྣམ་གསུམ་གྱི་འཇམ་དཔལ་དང་། རྫོགས་པ་ཆེན་པོའི་འཇམ་དཔལ་དང་། སྤྱི་ཏི་ཡོ་གའི་འཇམ་དཔལ་དོན་རྣམ་པ་ལྔའོ། །དེ་ལ་རྒྱུ་མཚན་ཉིད་ཀྱི་འཇམ་དཔལ་ལ་གསུམ་སྟེ། ཉན་ཐོས་ཀྱི་འཇམ་དཔལ་དང་། རང་སངས་རྒྱས་ཀྱི་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའི་འཇམ་དཔལ་དང་གསུམ་མོ། །ཉན་ཐོས་ཀྱི་འཇམ་དཔལ་ནི་འགོག་པ་ལ་སྙོམས་པར་ཞུགས་པའོ། །རང་རྒྱལ་བའི་འཇམ་དཔལ་ནི་བསེ་རུ་ལྟ་བུའི་སངས་རྒྱས་སོ། །བྱང་ཆུབ་སེམས་དཔའི་འཇམ་དཔལ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་གསུམ་མོ། །ཕྱི་རྒྱུད་སྡེ་གསུམ་གྱི་འཇམ་དཔལ་ལ་ཡང་གསུམ་སྟེ། ཀྲི་ཡའི་འཇམ་དཔལ་དང་། ཨུ་པ་ཡའི་འཇམ་དཔལ་དང་། ཡོ་གའི་འཇམ་དཔལ་དང་གསུམ་མོ། །ཀྲི་ཡའི་འཇམ་དཔལ་ནི་འཇམ་དཔལ་ཉིད་དོ། །ཨུ་པ་ཡའི་འཇམ་དཔལ་ནི་འཕགས་པ་སྤྱན་རས་གཟིགས་སོ། །ཡོ་གའི་འཇམ་དཔལ་ནི་ཕྱག་ན་རྡོ་རྗེ་དང་རིགས་ལྔའི་སངས་རྒྱས་གསུམ་མོ། །གསང་སྔགས་ཀྱི་བསྐྱེད་རྫོགས་གསུམ་གྱི་འཇམ་དཔལ་ནི། མ་ཧཱ་ཡོ་གའི་འཇམ་དཔལ་དང་། ཨ་ནུ་ཡོ་གའི་འཇམ་དཔལ་དང་། ཨ་ཏི་ཡོ་གའི་འཇམ་དཔལ་དང་གསུམ་མོ། །མ་ཧཱ་ཡོ་གའི་འཇམ་དཔལ་ནི་རྣམ་པར་སྣང་མཛད་དོ། །ཨ་ནུ་ཡོ་གའི་འཇམ་དཔལ་ནི་རྡོ་རྗེ་སེམས་དཔའོ། །ཨ་ཏི་ཡོ་གའི་འཇམ་དཔལ་ནི་དཔལ་ཀུན་ཏུ་བཟང་པོའོ། །དེ་རྣམས་ལས་སྤྱི་ཏི་ཡོ་གའི་འཇམ་དཔལ་གྱིས་འཕགས་ཏེ། སྤྱི་ཏི་ཡོ་ག་ལ་འཇམ་དཔལ་རྣམ་པ་དགུ་སྟེ། སྐྱེ་བ་མེད་པའི་འཇམ་དཔལ་དང་། འོད་གསལ་བའི་འཇམ་དཔལ་དང་། ཀ་དག་ཆེན་པོའི་འཇམ་དཔལ་དང་། དངོས་མེད་ཟང་ཐལ་གྱི་འཇམ་དཔལ་དང་། །གསལ་བ་ངང་དྭངས་ཀྱི་འཇམ་དཔལ་དང་། རང་གསལ་སྒྲིབ་མེད་ཀྱི་འཇམ་དཔལ་དང་། རང་བྱུང་རང་མདངས་ཀྱི་འཇམ་དཔལ་དང་། །རང་སྣང་རང་གྲོལ་གྱི་འཇམ་དཔལ་དང་། བྱར་མེད་བློ་འདས་ཆེན་པོའི་འཇམ་དཔལ་དང་དགུ་སྟེ། དེ་ལྟར་ཐེག་པ་དགུའི་འཇམ་དཔལ་ལས་སྤྱི་ཏི་ཡོ་གས་འཕགས་སོ། །ཡང་ན་འཕགས་པ་ནི་ཐེག་པ་རིམ་པ་དགུ་ལས་འཕགས། འཇམ་པ་ནི་ལྟ་སྒོམ་གྱི་ཟུག་རྔུ་དང་རྩོལ་སྒྲུབ་མེད་པས་འཇམ། དཔལ་ནི་ཀ་དག་བློ་འདས་ཏེ་རྣལ་འབྱོར་སྐལ་ལྡན་ཡང་རབ་ཀྱི་དཔལ་ལོ། །ཡང་ན་དཔལ་ནི་རྣམ་པར་གསུམ་སྟེ། རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་དང་། བྱར་མེད་བློ་འདས་རྟོགས་པའི་དཔལ་དང་གསུམ་མོ། །གྱི་ཞེས་པ་རྟོགས་པ་དང་འབྲེལ་བའོ། །མཚན་ཞེས་པ་ནི་མིང་ངམ་ཚིག་གོ། །དེ་ཡང་མཚན་ལ་གསུམ་སྟེ། མཚན་གྱི་ངོ་བོ་དང་། མཚན་གྱི་ངེས་ཚིག་དང་། མཚན་གྱི་དགོས་པ་དང་གསུམ་མོ། །ངོ་བོ་ནི་ཡང་དག་པ། ངེས་ཚིག་ནི་དོན་ལ་མཚན་བཏགས་ཏེ། མཚན་བརྗོད་ལས། དག་པར་བྱེད་ཅིང་སྡིག་སེལ་བའོ། །ཡང་དག་ཅེས་པ་ནི་མི་བསླུ་བའི་དགོས་པ་མཐར་ཕྱིན་པའོ། །བརྗོོད་པ་ཞེས་པ་ནི་རྣམ་པ་གསུམ་སྟེ། མིང་བརྗོད་པ་དང་། ཚིག་བརྗོད་པ་དང་། དོན་བརྗོད་པ་དང་གསུམ་མོ། །མིང་བརྗོད་པ་ནི། མཚན་གྱིས་ལྷ་ཚོགས་གསལ་བའོ། །ཚིག་བརྗོད་པ་ནི། གསལ་དང་དག་པའོ། །དོན་བརྗོད་པ་ནི། ཨ་འབའ་ཞིག་ཡིན་ཏེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་སོ། །ཡང་མཚན་བརྗོད་ཐབས་ཀྱི་གདམས་ངག་ནི་དགུ་སྟེ། མཚན་མདོ་ལྟར་བརྗོད་པ་དང་གཅིག །མཚན་གསང་སྔགས་ལྟར་བརྗོད་པ་དང་གཉིས། མཚན་གཉིས་སུ་མེད་པ་མི་རྟོག་པ་ཆོས་ཉིད་དུ་བརྗོད་པ་དང་གསུམ་མོ། །ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་བརྗོད་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱ་བའི་ཕྱིར་བརྗོད་པ་དང་། སྤྲུལ་པའི་སྐུ་ཐོབ་པར་བྱ་བའི་ཕྱིར་བརྗོད་པ་དང་། གཞི་སྐྱེ་བ་མེད་པ་རྟོགས་པར་བྱ་བའི་ཕྱིར་བརྗོད་པ་དང་། ལམ་ཀ་ནས་དག་པར་བྱ་བའི་ཕྱིར་བརྗོད་པ་དང་། འབྲས་བུ་བློ་འདས་རྟོགས་པར་བྱ་བའི་ཕྱིར་མཚན་བརྗོད་པ་དང་དགུའོ། །འོ་ན་སྤྱི་ཏི་འདིའི་ལུགས་ཀྱི་མཚན་བརྗོོད་དུ་མེད་དེ། ཆོས་ཉིད་ཁོང་གསལ་ལ། རིག་པ་མུ་མཐའ་གྲོལ། མཚན་བརྗོད་ཚིག་དང་ཡི་གེ་ལས་འདས་ཏེ་བརྗོད་དུ་མེད་པའོ། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་སོ། །དཔའ་ཞེས་པ་ནི། གོང་མ་དེ་རྣམས་ཀྱིས་འདོད་ཅིང་བརྗོད་པར་བྱེད་པའི་ཐབས་ལ་དཔའ་བའོ། ༈ །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་ནི། འཇམ་དཔལ་ཅེས་པ་ནི་དོན་རྣམ་པ་གསུམ་སྟེ། ཀུན་རྫོབ་རྒྱ་ཆེ་བའི་འཇམ་དཔལ་དང་། ཟབ་པ་དོན་དམ་གྱི་འཇམ་དཔལ་དང་། སྐྱེ་མེད་སྙིང་པོའི་འཇམ་དཔལ་དང་གསུམ་མོ། །ཀུན་རྫོབ་རྒྱ་ཆེ་བའི་འཇམ་དཔལ་ལ་གསུམ་སྟེ། ཐབས་རྒྱ་ཆེ་བའི་འཇམ་དཔལ་དང་། དཀྱིལ་འཁོར་རྒྱ་ཆེ་བའི་འཇམ་དཔལ་དང་། སྐུ་རྒྱ་ཆེ་བའི་འཇམ་དཔལ་དང་གསུམ་མོ། །དེ་ལ་ཟབ་པ་དོན་དམ་གྱི་འཇམ་དཔལ་ལ་ཡང་གསུམ་སྟེ། རང་བཞིན་ཟབ་པའི་ཆོས་སྐུ། ངོ་བོ་ཟབ་པའི་ལོངས་སྐུ། ཐུགས་རྗེ་ཟབ་པའི་སྤྲུལ་སྐུ་དང་གསུམ་མོ། །སྐྱེ་མེད་སྙིང་པོ་ཆོས་ཉིད་ཀྱི་འཇམ་དཔལ་ལ་ཡང་གསུམ་སྟེ། སྐྱེ་བ་མེད་པའི་འཇམ་དཔལ་དང་། ཀ་ནས་དག་པའི་འཇམ་དཔལ་དང་། དངོས་མེད་བློ་འདས་ཀྱི་འཇམ་དཔལ་དང་གསུམ་མོ། །འཇམ་པ་ནི་ཟུག་རྔུ་མེད་པར་འཇམ། དཔལ་ནི་གཉིས་ཏེ། རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་ལོ། །རྟོགས་པ་བདག་གི་དཔལ་ནི། གཞི་སྐྱེ་མེད་ཀ་དག་ཏུ་རྟོགས་པའོ། །ཐུགས་རྗེ་གཞན་གྱི་དཔལ་ནི། དེ་ལྟར་མ་རྟོགས་པ་རྣམས་ལ་སྐྱེ་མེད་ཀ་དག་གི་དོན་སྟོན་པའོ། །གཞོན་ནུར་ཞེས་བྱ་བ་ལོ་བརྒྱད་པའི་ཆ་བྱད་དུ་བཞུགས་པའོ། །གྱུར་པ་ཞེས་པ་ནི་ཡང་དག་པའི་སྐྱེ་མེད་ཀ་དག་ཏུ་གྱུར་པའོ། །ཡང་ན་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཞེས་པ་ནི། འཇམ་དཔལ་ལ་གསུམ་སྟེ། རང་བཞིན་རྒྱུའི་འཇམ་དཔལ། སྒོམ་པ་ལམ་གྱི་འཇམ་དཔལ། མཐར་ཐུག་འབྲས་བུའི་འཇམ་དཔལ་དང་གསུམ་མོ། །གཞོན་ནུར་ནི་ངང་དྭངས་གསལ་བའི་ཁྱེའུ་ཆུང་ངོ་། །གྱུར་པ་ནི་ཆོས་ཉིད་མའི་ཀློང་དུ་གྱུར་པའོ། །ལ་ཞེས་པ་ནི་གཞིའི་ལ་དང་། དགར་བའི་ལའོ། །ཕྱག་འཚལ་ལོ་ཞེས་པ་ནི་གསུམ་སྟེ། ཐུན་མོང་གི་ཕྱག་དང་། ཐུན་མོང་མ་ཡིན་པའི་ཕྱག་དང་། ཁྱད་པར་བླ་ན་མེད་པའི་ཕྱག་དང་གསུམ་མོ། །ཐུན་མོང་གི་ཕྱག་ནི་གོ་སླའོ། །ཐུན་མོང་མ་ཡིན་པའི་ཕྱག་ནི། ཕྱག་འཚལ་བ་ལ་དམིགས་ཏེ་ཡིད་འཁུ་བ་དང་བྲལ་བའི་དོན་ལ་ཕྱག་འཚལ་བའོ། །ཁྱད་པར་བླ་ན་མེད་པའི་ཕྱག་ནི། བག་ཆགས་ཐམས་ཅད་ཀ་ནས་དག་པར་ཕྱག། སྐྱེ་བ་མེད་པར་བཙལ། དངོས་མེད་བློའི་སྤྱོད་ཡུལ་ལས་འདས་པ་སྟེ། དེ་ལས་ཡར་གཤེགས་སུ་དགུང་ལ་ཤུལ་མི་མངའོ། །དེ་ཡན་ཆད་ཀྱིས་ཀླད་ཀྱི་དོན་ཕྱག་འཚལ་ཞིང་མཚན་བསྟན་པའོ། ༈ །གྲ྅྅྅ནྲཧྭམ྅ཡ། ཐ་བས་ཤྲཱི་བན་བཛྲ་ཨ་ཞེས་པ་དེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ། དེ་ཞེས་པ་ནི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་གི་ནང་ནས། རྒྱ་གར་སྐད་ནས་བཟུང་བའི་ལེའུ་ལྔ་གོང་དུ་སོང་བའི་དེ་དག་ནས་ཨ་ཐ་ཞེས་པ་དེ་ནས་སོ། །ཡང་ན་དེ་ནས་ཞེས་པ་མཚམས་སྦྱར་བའོ། །ཡང་ན་དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ལ་འབྲུ་བཅུ་ཐམ་པས་བཤད་དེ། རྒྱུ་མཚན་ཉིད་ཀྱི་གསུམ། ཕྱི་པ་ཐུབ་པའི་རྒྱུད་ཀྱི་གསུམ། ནང་པ་ཐབས་ཀྱི་རྒྱུད་ཀྱི་གསུམ་སྟེ་དགུའོ། །དེ་ལ་སྤྱི་ཏི་ཡོ་གས་འཕགས་པ་དང་བཅུར་འབྲུ་གཉེར་རོ། །དེ་ལ་རྒྱུ་མཚན་ཉིད་ཀྱི་དེ་ནས་གསུམ་སྟེ། ཉན་ཐོས་ཀྱི་དེ་ནས་ནི། རྩོལ་སྒྲུབ་ཀྱི་སྒོ་ནས་དཀའ་ཐུབ་དང་བརྟུལ་ཞུགས་སྤྱོད་པའི་དེ་ནས་སོ། །དཔལ་ནི་བདག་གཅིག་པུའི་དཔལ་ལོ། །རྡོ་རྗེ་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཅས་པ་ནས་གནས་པའོ། །འཆང་བ་ནི་དཀའ་ཐུབ་དང་བརྟུལ་ཞུགས་འཆང་བའོ། །རང་རྒྱལ་བའི་དེ་ནས་ནི་སློབ་དཔོན་མེད་པར་རང་གིས་རྟོགས་པ་དེ་ནས་སོ། །དཔལ་ནི་བདག་དང་གཞན་དོན་ཕྱོགས་གཅིག་ཙམ་གྱི་དཔལ་ལོ། །ལྡན་པ་ནི་རྟེན་འབྲེལ་བཅུ་གཉིས་དང་ལྡན་པའོ། །རྡོ་རྗེ་འཆང་ཞེས་པ་ནི་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་དོན་འཆང་བའོ། །བྱང་ཆུབ་སེམས་དཔའི་ཐེག་པའི། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ། དེ་ནས་ནི་དད་པ་རྣམ་པ་གསུམ་བསྐྱེད་ནས་བཙོན་འགྲུས་བརྩམས་པ་དེ་ནས་སོ། །དཔལ་ནི་བདག་དང་གཞན་གཉིས་ཀའི་དཔལ་ལོ། །ལྡན་པ་ནི་ཕ་རོལ་ཕྱིན་པ་དྲུག་དང་ལྡན་པའོ། །རྡོ་རྗེ་འཆང་ནི་བདེན་པ་དབྱེར་མེད་ཀྱི་དོན་འཆང་བ་སྟེ། རྒྱུའི་ཐེག་པའི་དཔལ་ལྡན་རྡོ་རྗེ་འཆང་ལ་གསུམ་དུ་བཤད་པའོ། །ཕྱི་རྒྱུད་སྡེ་གསུམ་གྱི་དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ལ་གསུམ་སྟེ། དེ་ནས་ཞེས་པ་ནི་ཀྲི་ཡ་ཁྲུས་དང་གཙང་སྦྲའི་སྒོ་དེ་ནས་སོ། །དཔལ་ནི་བདག་དོན་གཞན་དོན་ནོ། །ལྡན་པ་ནི་རིགས་གསུམ་དང་ལྡན་པའོ། །རྡོ་རྗེ་ནི་ཕྱག་ན་རྡོ་རྗེ་སྟེ། འཆང་བ་ནི་དག་པ་ཆོས་ཉིད་ཀྱི་དོན་འཆང་བའོ། །ཨུ་པ་ཡའི་དེ་ནས་ནི་གཟའ་སྐར་དུས་ཚིགས་ཀྱི་དེ་ནས་སོ། །དཔལ་ལྡན་ནི་ལྷ་ཡེ་ཤེས་པ་དང་བདག་དམ་ཚིག་སེམས་དཔའ་གཉིས་རྗེ་དང་གཡོག་གི་ཚུལ་དུ་ལྡན་པའོ། །རྡོ་རྗེ་འཆང་བ་ནི་རིགས་བཞིའི་དོན་འཆང་བའོ། །ཡོ་གའི་དེ་ནས་ནི་ཆོ་འཕྲུལ་རྣམ་པ་བཞིའི་དེ་ནས་སོ། །དཔལ་ལྡན་ནི་ཡོ་གའི་ལྷ་སུམ་ཅུ་རྩ་གཉིས་དང་ལྡན་པའོ། །རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །འཆང་བ་ནི་རིགས་ལྔའི་དོན་འཆང་བ་སྟེ། ཕྱི་རྒྱུད་ཀྱི་འབྲུ་གསུམ་མོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ནང་རྒྱུད་ཀྱིས་གསུམ་དུ་བཤད་དེ། དེ་ནས་ནི་མ་ཧཱ་ཡོ་གའི་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྒོ་ནས་འཇུག་པ་དེ་ནས་སོ། །དཔལ་ནི་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་རྟོགས་པས་རྟོགས་པ་བདག་གི་དཔལ་ལོ། །ཁམས་དང་སྐྱེ་མཆེད་སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་རྟོགས་པས་ན་ཐུགས་རྗེ་གཞན་གྱི་དཔལ་ལོ། །ལྡན་པ་ནི་ཆོ་ག་ལྔ་གསུམ་བཅོ་ལྔའི་སྒོ་ནས་དབང་དང་དམ་ཚིག་ཐབས་དང་ཤེས་རབ་གཉིས་སུ་ལྡན་པའོ། །རྡོ་རྗེ་ནི་གསང་བའི་རྡོ་རྗེའོ། །འཆང་བ་ནི་སྣང་སྟོང་དབྱེར་མེད་ཀྱི་དོན་གསང་བ་ཐམས་དང་ཤེས་རབ་ཟུང་འཇུག་ཏུ་འབྲེལ་བའི་དོན་འཆང་བའོ། །ཨ་ནུའི་དེ་ནས་ནི་དབྱིངས་དང་ཡེ་ཤེས་ཀྱི་སྒོར་ཞུགས་པ་དེ་ནས་སོ། །དཔལ་ལྡན་ནི་དབྱིངས་དང་ཡེ་ཤེས་གཉིས་ཀྱི་དོན་དང་ལྡན་པའོ། །རྡོ་རྗེ་འཆང་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་སྟེ། ཡེ་ཤེས་རྡོ་རྗེ་འཆང་གི་དོན་འཆང་བའོ། །ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའི་དེ་ནས་ནི་ཐེག་པ་བརྒྱད་ཀྱི་རྩོལ་སྒྲུབ་ལས་འདས་པ་དེ་ནས་སོ། །དཔལ་ལྡན་ནི་སྣང་སྲིད་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོར་རྟོགས་པའི་དཔལ་དང་ལྡན་པའོ། །རྡོ་རྗེ་འཆང་ནི་རྡོ་རྗེ་ལྟ་བུའི་སྐུ། ཚངས་པ་དབྱངས་ཀྱི་གསུང་། གཡོ་བ་མེད་པའི་ཐུགས། སྐུ་གསུང་ཐུགས་དབྱེར་མེད་ཆེན་པོའི་རྡོ་རྗེ་འཆང་བའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ལ་ཐེག་པ་རིམ་པ་དགུར་འབྲུ་བཤད་པའོ། །དེ་རྣམས་ལས་སྤྱི་ཏི་ཡོ་གས་ཁྱད་པར་དུ་འཕགས་ཏེ་བཤད་པ། དེ་ནས་ཞེས་པ་ནི་ཐེག་པ་དགུའི་ཞེ་འདོད་དང་བྱ་བཙལ་རྩོལ་སྒྲུབ་ལས་འདས་པའི་དེ་ནས་སོ། །དཔལ་ཞེས་པ་ནི་སྐྱེ་མེད་ཀ་དག་གི་ལྟ་བ་བསྟན། ལྡན་ཞེས་པས་ནི་དངོས་མེད་ཟང་ཀའི་སྒོམ་པ་བསྟན། འཆང་བ་ནི་སོ་མ་ལྷུག་པ་རྣལ་མ་བྱ་རྩོལ་མེད་པའི་སྤྱོད་པ་བསྟན། རྡོ་རྗེ་ཞེས་པ་ནི་རེ་མེད་རང་གནས་སྐུ་གསུམ་ལྷུན་གྲུབ་ཀྱི་འབྲས་བུ་བསྟན་པ་སྟེ། དེ་བཞིས་ཐེག་པ་རིམ་པ་དགུ་ལས་འཕགས་པའོ། །ཡང་ན་རྡོ་རྗེ་ནི་གཉིས་ཏེ། འདུས་བྱས་རྫས་ཀྱི་རྡོ་རྗེ་དང་། འདུས་མ་བྱས་ཆོས་ཉིད་ཀྱི་རྡོ་རྗེ་དང་གཉིས་སོ། །འདུས་བྱས་རྫས་ཀྱི་རྡོ་རྗེ་ལ་ལྔ་སྟེ། བཏགས་པ་མིང་གི་རྡོ་རྗེ་དང་། བླུགས་པ་ལུགས་ཀྱི་རྡོ་རྗེ་དང་། བྲིས་པ་རྡུལ་ཚོན་གྱི་རྡོ་རྗེ་དང་། འདུས་བྱས་རྫས་ཀྱི་རྡོ་རྗེ་དང་། ཕྱག་མཚན་རྟགས་ཀྱི་རྡོ་རྗེ་དང་ལྔའོ། །འདུས་མ་བྱས་ཆོས་ཉིད་ཀྱི་རྡོ་རྗེ་ནི་དོན་དམ་དབྱེར་མེད་འཕོ་འགྱུར་མེད་པ་སྟེ། རེ་ཞིག་ཙམ་དུ་དབྱེ་ན་རྡོ་རྗེ་ལ་བདུན་ཏེ། སྐྱེ་བ་མེད་པའི་རྡོ་རྗེ་དང་། མི་འགྱུར་བའི་རྡོ་རྗེ། རྒྱུ་རྐྱེན་མེད་པའི་རྡོ་རྗེ། འཇོམས་པར་བྱེད་པའི་རྡོ་རྗེ། གཞན་ཟིལ་གྱིས་གནོན་པའི་རྡོ་རྗེ། གདུག་པ་ཅན་ཚར་གཅོད་པའི་རྡོ་རྗེ། བྱར་མེད་བློ་འདས་ཀྱི་རྡོ་རྗེ་དང་བདུན་ནོ། །རྡོ་ནི་སྙིང་པོ་འཕོ་འགྱུར་མེད་པ། རྗེ་ནི་འོད་གསལ་འགག་པ་མེད་པ་ལ་མ་བཅོས་པར་གནས་པའོ། །འཆང་བ་ནི་སྐལ་ལྡན་བླ་མའི་གདམས་ངག་འཆང་བའོ། །དེ་ཕྱིར། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུངས་སོ། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །ཅེས་པ། དེ་ཡང་འབྲུ་རྣམ་པ་ལྔར་བཤད་དེ། རྒྱུ་མཚན་ཉིད་སྡེ་གསུམ་གྱི་གདུལ་དཀའ་བ་གཅིག །སྔགས་ཕྱི་རྒྱུད་སྡེ་གསུམ་གྱི་གདུལ་དཀའ་བ་དང་གཉིས། བསྐྱེད་རྫོགས་རྣམ་གཉིས་ཀྱི་གདུལ་དཀའ་བ་དང་གསུམ། རྫོགས་པ་ཆེན་པོའི་གདུལ་དཀའ་བ་དང་བཞི། སྤྱི་ཏི་ཡོ་གའི་གདུལ་དཀའ་བ་དང་ལྔའོ། །དེ་ལ་རྒྱུ་མཚན་ཉིད་ཀྱི་གདུལ་དཀའ་བ་ལ་གསུམ་སྟེ། ཉན་ཐོས་ཀྱིས་ཡུལ་སེམས་འདོད་ཆགས་གདུལ་དཀའ་བ་དང་། རང་རྒྱལ་གྱིས་བདག་གཉིས་ཞེ་སྡང་གདུལ་དཀའ་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པས་གཏི་མུག་གདུལ་དཀའ་བ་དང་གསུམ་མོ། །གདུལ་དཀའ་ལུགས་ཀྱང་གསུམ་སྟེ། ཉན་ཐོས་ཀྱི་འདོད་ཆགས་འདུལ། རང་སངས་རྒྱས་ཀྱིས་ཞེ་སྡང་འདུལ། བྱང་ཆུབ་སེམས་དཔས་གཏི་མུག་འདུལ་བ་དང་གསུམ་མོ། །རྣམས་ཀྱི་མཆོག་ཅེས་པ་ནི། ཉན་ཐོས་ཀྱིས་ཡུལ་སེམས་གཉིས་སུ་མེད་པས་ན་མཆོག་གོ། །རང་རྒྱལ་གྱིས་བདག་གཞན་གཉིས་སུ་མེད་པས་མཆོག་གོ། །བྱང་ཆུབ་སེམས་དཔས་བདེན་པ་གཉིས་ལ་དབྱེར་མེད་པས་མཆོག་གོ། །སྤྱི་རྒྱུད་སྡེ་གསུམ་གྱི་གདུལ་དཀའ་བ་ཡང་གསུམ་སྟེ། ཀྲི་ཡས་ཉོན་མོངས་པའི་དྲི་མ་གདུལ་དཀའ་བ་དང་། ཨུ་པ་ཡས་སེམས་རྩེ་གཉིས་སུ་འཛིན་པ་གདུལ་དཀའ་བ་དང་། ཡོ་གས་དུག་རྣམ་པ་ལྔ་གདུལ་དཀའ་བ་དང་གསུམ་མོ། །དེ་ལ་འདུལ་ལུགས་ཀྱང་རྣམ་པ་གསུམ་སྟེ། ཀྲི་ཡས་རིགས་གསུམ་གྱི་མགོན་པོས་ཉོན་མོངས་པའི་དྲི་མ་འདུལ། ཨུ་པ་ཡས་ཁྲུས་དང་གཙང་སྦྲ་རྣམ་པར་རྟོག་པའི་དྲི་མ་འདུལ། ཡོ་གས་ཆོ་འཕྲུལ་བཞི་དང་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་ཉོན་མོངས་པ་དུག་རྣམས་པ་ལྔ་འདུལ་བ་དང་གསུམ་མོ། །གསང་སྔགས་ནང་གི་བསྐྱེད་རྫོགས་ཀྱི་གདུལ་དཀའ་བ་ཡང་གསུམ་སྟེ། མ་ཧཱའི་གདུལ་དཀའ་བ་དང་། ཨ་ནུའི་གདུལ་དཀའ་བ་དང་། ཨ་ཏི་ཡོ་གའི་གདུལ་དཀའ་བ་དང་གསུམ་མོ། །མ་ཧཱ་ཡོ་གའི་གདུལ་དཀའ་བ་ནི་གཉིས་ཏེ། སྔོན་བྱུང་གི་གདུལ་དཀའ་བ་དང་། རྗེས་འཇུག་གི་གདུལ་དཀའ་བ་གཉིས་སོ། །སྔོན་བྱུང་གི་གདུལ་དཀའ་བ་རུ་ཏྲ་ཐར་པ་ནག་པོ་ལྟ་བུའོ། །རྗེས་འཇུག་གི་གདུལ་དཀའ་བ་ནི་གསང་སྔགས་ཀྱི་ལྟ་བ་ལོག་པའི་སྔགས་པ་ངན་སེམས་ཅན་དམ་ཚིག་མེད་པ་རྣམས་སོ། །ཡང་ན་མ་ཧཱའི་གདུལ་དཀའ་བ་ནི་ཉོན་མོངས་པ་ལྔ་དང་ཕུང་པོ་ལྔའོ། །ཨ་ནུ་ཡོ་གའི་གདུལ་དཀའ་བ་ནི་དུག་རྣམ་པ་ལྔ་དབྱིངས་དང་ཡེ་ཤེས་གཉིས་སུ་བཟུང་བའོ། །ཨ་ཏི་ཡོ་གའི་གདུལ་དཀའ་བ་ནི་གསུམ་སྟེ། རྫོགས་ཆེན་རང་གི་གོལ་སར་སོང་བ་རྣམས་དང་། རྫོགས་ཆེན་ལྟ་བ་ཁ་འབྱམས་པ་རྣམས་དང་། ནག་པོ་ཁ་འབྱམས་གཏིང་ནག་སོ་སོ་སྐྱེ་བོ་དང་ཁྱད་མེད་པ་གསུམ་མོ། །དེ་གསུམ་ལ་ཕྱེ་བས་དགུའོ། །འདུལ་བ་ཅེས་པ་མ་ཧཱ་ཡོ་གའི་འདོད་ལུགས་བསྟན་ཏེ། སྔོན་བྱུང་གི་རུ་ཏྲ་ཐར་པ་ནག་པོ་འདུལ་བའི་གཉེན་པོར་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ཡབ་བཛྲ་ཧེ་རུ་ཀས་འདུལ་བའོ། །རྗེས་འཇུག་གི་གདུལ་དཀའ་བ་ནི་སྔགས་པ་ལྟ་བ་ལོག་པའི་ཞེ་སྡང་དང་གདུག་རྩུབ་ཅན་དམ་ཚིག་མེད་པ་རྣམས་འདུལ་བའི་གཉེན་པོ་ནི། བླ་མ་དམ་པའི་ཞལ་གྱི་གདམས་ངག་དང་བཀའ་བརྒྱུད་མ་ནོར་བ་རྣམས་ཀྱིས་འདུལ་བའོ། །ཡང་ན་མ་ཧཱ་ཡོ་གའི་འདུལ་ལུགས་ནི། ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྒོར་ཞུགས་ནས། བསྙེན་སྒྲུབ་རྣམ་གསུམ་གྱི་སྒོ་ནས་ཉོན་མོངས་པ་རྣམ་པ་ལྔ་བཏུལ་ཞིང་གནས་གྱུར་པར་ཡེ་ཤེས་རྣམ་པ་ལྔ། ཕུང་པོ་ལྔ་བཏུལ་བས་གཟུགས་རྣམ་པར་སྣང་མཛད་ལ་སོགས་ཏེ་རིགས་ལྔའི་སངས་རྒྱས་སོ། །ཨ་ནུ་ཡོ་གའི་འདུལ་ལུགས་ནི། །དུག་རྣམ་པ་ལྔ་བཏུལ་ནས་ཡེ་ཤེས་རྣམ་པ་ལྔའོ། །དབྱིངས་དང་ཡེ་ཤེས་གཉིས་སུ་འཛིན་པ་དེ་དབྱིངས་ཡེ་ཤེས་གཉིས་སུ་མེད་པས་འདུལ་ལོ། །ཨ་ཏི་ཡོ་གའི་འདུལ་ལུགས་ལ་གསུམ་སྟེ། རྫོགས་ཆེན་ལྟ་བ་ཁ་འབྱམས་པ་ལ། ཆོས་ཉིད་རོལ་པས་སྣང་བ་ཆོས་སྐུར་རྟོགས་པར་བྱས་ཏེ་འདུལ་བ་དང་། རྫོགས་ཆེན་རང་གི་གོལ་སར་སོང་བ་ལ། རང་བྱུང་གི་ཡེ་ཤེས་ཆེན་པོར་འདུལ་བ་དང་། རྫོགས་ཆེན་ནག་པོ་ཁ་འབྱམས་པ་སོ་སོ་སྐྱེ་བོ་དང་ཁྱད་མེད་པ་ལ་རིག་པ་གནད་ལ་ཕབས་ཏེ་ཆོས་ཉིད་ཀྱི་གནས་ལུགས་བསྟན་ལ་འདུལ་ལོ། །རྣམས་ཀྱི་མཆོག་ཅེས་པ་ནི། ཐེག་པ་དགུ་པོ་རྣམས་ཀྱི་ནང་ནས་ཀྱང་མཆོག་ཅེས་པ་སྤྱི་ཕུད་སྤྱི་ཏི་ཡོ་གའི་ཐེག་པའོ། །སྤྱི་ཏི་ཡོ་གའི་གདུལ་དཀའ་བ་ནི་གསུམ་སྟེ། ཆོས་གཞི་ཐོག་ཏུ་ལུས་པ་དང་། གནས་ལུགས་དང་རྟོགས་ལུགས་སུ་མ་འབྱོར་བ་དང་། འོག་མ་བྱ་རྩོལ་གྱི་ཁར་སོང་བ་དང་གསུམ་མོ། །དེ་འདུལ་བའི་ཐབས་ལ་གསུམ་སྟེ། ལྟ་བ་གཞི་ཐོག་ཏུ་མི་བཏང་སྟེ། སྐྱེ་བ་མེད་ཅིང་ཀ་ནས་དག་པ་དང་། གནས་ལུགས་ཀྱི་ཁ་ནས་རྟོགས་ལུགས་གཟེངས་བསྟོད་དེ། འོད་གསལ་ངང་དྭངས་ཤེས་རྒྱུད་དང་འབྱོར་བར་བྱ་བ་དང་། རྒྱུའི་ཆོས་ཞེ་འདོད་དང་རྩོལ་སྒྲུབ་ཏུ་མི་བཏང་སྟེ། བྱར་མེད་བློ་འདས་རྩོལ་སྒྲུབ་མེད་པར་བཞག་པ་དང་གསུམ་མོ། །ཡང་ན་སྤྱི་ཏི་ཡོ་གའི་འདོད་ལུག་ལ་གསུམ་སྟེ། སྤྱི་ཏི་བྱར་མེད་བློ་འདས་ཀྱིས་ཐེག་པ་རིམ་པ་དགུའི་བྱ་རྩོལ་བློས་བཏགས་རྣམས་འདུལ་བ་དང་གཅིག །སྤྱི་ཏི་ཀ་དག་རྟེན་མེད་ཀྱིས་ཕྱོགས་འཛིན་གྱི་ལྟ་སྒོམ་རྣམས་འདུལ་བ་དང་གཉིས། སྐྱེ་མེད་རྣལ་མ་བྱར་མེད་སོ་མ་ཡིས་རྩོལ་སྒྲུབ་ཉམས་རྟགས་དྲོད་དང་མངོན་ཤེས་རྣམས་འདུལ་བ་དང་གསུམ་མོ། །དེ་རྣམས་ཀྱི་མཆོག་ཅེས་པ་ནི། ཕྱི་རྒྱུད་གསུམ་གྱི་མཆོག་ཡོ་གའོ། །བསྐྱེད་རྫོགས་གསུམ་གྱི་མཆོག་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའོ། །ཐེག་པ་རིམ་པ་དགུའི་ཞེ་འདོད་དང་རྩོལ་སྒྲུབ་རྣམས་འདུལ་བའི་མཆོག་ནི་རྫོགས་པ་ཆེན་པོ་ཐོད་རྒལ་དགུ་རྩེ་སྤྱི་ཕུད་སྤྱི་རྗེ་སྤྱི་ཏི་ཡོ་གའོ། །དེའི་ཕྱིར། གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །ཅེས་གསུངས་སོ། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་པ་ནི་དཔའ་བོ་ཞེས་པ་གསུམ་སྟེ། སྔོན་བྱུང་གི་དཔའ་བོ་དང་། རྗེས་འཇུག་གི་དཔའ་བོ་དང་། གདུང་འཚོབ་ཀྱི་དཔའ་བོ་དང་གསུམ་མོ། །དེ་ལ་སྔོན་བྱུང་གི་དཔའ་བོ་ནི་གསང་བདག་ཆེན་པོ། རྗེས་འཇུག་གི་དཔའ་བོ་ནི་རྡོ་རྗེ་སེམས་དཔའོ། །གདུང་འཚོབ་ཀྱི་དཔའ་བོ་ནི་སློབ་དཔོན་དགའ་རབ་རྡོ་རྗེའོ། །ཡང་ན་དཔའ་བོ་ལ་འབྲུ་ལྔར་བཤད་དེ། རྒྱུ་མཚན་ཉིད་སྡེ་གསུམ་གྱི་དཔའ་བོ་དང་། གསང་སྔགས་ཕྱི་རྒྱུད་སྡེ་གསུམ་གྱི་དཔའ་བོ་དང་། གསང་སྔགས་བསྐྱེད་རྫོགས་གཉིས་ཀྱི་དཔའ་བོ་དང་། རྫོགས་པ་ཆེན་པོའི་དཔའ་བོ་དང་། སྤྱི་ཏི་ཡོ་གའི་དཔའ་བོ་དང་ལྔའོ། །དེ་ལ་མཚན་ཉིད་སྡེ་གསུམ་གྱི་དཔའ་བོ་ནི་སྤྲུལ་པའི་སྐུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ཀྲི་ཡོག་སྡེ་གསུམ་གྱི་དཔའ་བོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་རྣམ་པར་སྣང་མཛད་དོ། །བསྐྱེད་རྫོགས་ཀྱི་དཔའ་བོ་ནི་དཔལ་རྡོ་རྗེ་སེམས་དཔའོ། །རྫོགས་པ་ཆེན་པོའི་དཔའ་བོ་ནི་དཔལ་ཀུན་ཏུ་བཟང་པོའོ། །སྤྱི་ཏི་ཡོ་གའི་དཔའ་བོ་ནི་ཡེ་ཐོག་མ་ཀ་དག་གི་སངས་རྒྱས་སོ། །སྤྱི་ཏི་ཡོ་གས་ཟབ་པ་དོན་དུ་བཤད་པའི་དཔའ་བོ་ལ་གསུམ་སྟེ། སྐྱེ་མེད་ཀ་དག་གི་དཔའ་བོ་དང་། བྱར་མེད་བློ་འདས་ཀྱི་དཔའ་བོ་དང་། དངོས་མེད་ཟང་ཀའི་དཔའ་བོ་དང་གསུམ་མོ། །དཔའ་བོ་དེས་ཅི་འདུལ་ན། ཐེག་པའི་ལྟ་བ་ལོག་ཅིང་ཞེ་འདོད་དང་རྩོལ་སྒྲུབ་ལ་ཞེན་པ་རྣམས་ཚར་གཅོད་ཅིང་འདུལ་བའོ། །གདུལ་བྱ་གང་འདུལ་ན་འཇིག་རྟེན་གསུམ་གྱི་གདུལ་དཀའ་བ་རྣམས་འདུལ་བའོ། །འཇིག་རྟེན་ཞེས་པ་ནི། འཇིག་པ་ལ་འཇིག་པས་རྟེན་པའི་ཕྱིར་ན་འཇིག་རྟེན་ནོ། །ཡང་ན་སྤྱི་ཏིའི་གཞུང་གིས། རྒྱུའི་ཆོས་དང། བྱས་པའི་ཆོས་དང་། བྱ་བཙལ་རྩོལ་སྒྲུབ་ཀྱི་ཆོས་དང་། རེ་དོགས་ཡིད་སྨོན་གྱི་ཆོས་དང་། བྱས་པའི་ཆོས་རྒྱུའི་ཐེག་པ་ལ་བརྟེན་པ། འཇིག་རྟེན་པ་ཡིན་པས་ན་འཇིག་རྟེན་ནོ། །འདུས་བྱས་ཐམས་ཅད་ནི་མི་རྟག་གོ། །བྱས་པའི་ཆོས་ཐམས་ཅད་ནི་འཇིག་ཅིང་དོན་མེད་པའོ། །གསུམ་ཞེས་པ་ནི་གསུམ་ཚོ་གསུམ་ལ་ཕྱེ་བས་ཐེག་པ་དགུ་ཡིན་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་གསུམ། ཕྱི་པ་ཐུབ་པ་རྒྱུད་ལ་གསུམ། ནང་པ་ཐབས་ཀྱི་རྒྱུད་ལ་གསུམ་སྟེ་དགུའོ། །དེ་རྣམས་གསུམ་ལས་རྒྱལ་བའི་སྤྱི་ཏི་ཡོ་གའོ། །ཡང་ན་འཇིག་རྟེན་གསུམ་ནི། སྟེང་ལྷའི་འཇིག་རྟེན། བར་མིའི་འཇིག་རྟེན། འོག་ཀླུའི་འཇིག་རྟེན་དང་གསུམ་མོ། །དེ་གསུམ་ལས་རྒྱལ་བས་ན་རྒྱལ་ཞེས་བྱའོ། །ཡང་ན་གསུམ་ཞེས་པ་ནི། ས་སྟེང་དང་། ས་འོག་དང་། ས་བླ་དང་གསུམ་མོ། །དེ་གསུམ་ལས་བཅོམ་ལྡན་འདས་རྒྱལ་བའོ། །ཡང་ན་དུག་གསུམ་ལས་རྒྱལ་བ་ནི་དུག་གསུམ་སྐུ་གསུང་ཐུགས་སུ་རྟོགས་པས་ན་རྒྱལ་ཞེས་བྱའོ། །ཡང་ན་གསུམ་སྟེ་ཞེས་པ། མཚན་ཉིད་སྡེ་གསུམ་གྱི་ཐེག་པ་སྟེ། དེས་རྒྱུ་དུག་གསུམ་ལ་སོགས་ཏེ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་རྣམས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གིས་འདུལ་ཞིང་བཏུལ་ནས། ཉོན་མོངས་རྣམས་ལས་རྒྱལ་བས་ན་རྒྱལ་ཞེས་བྱའོ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །ཞེས་པ། ཚིག་འདི་ཡོ་ག་ལ་ཐེག་པ་བཅུའི་ཚུལ་བཤད་ལུགས་སུ་ཡོང་བ་ལ། ཡིག་ཤོག་གིས་མ་ལྡང་བས། སྐལ་ལྡན་ཤེས་རབ་ཅན་གྱིས་ཚིག་ཀུན་ལ་གོང་བཞིན་ཤེས་པར་གྱིས་ཤིག །རྡོ་རྗེ་ཞེས་པ་གོང་དུ་བཤད་ཟིན་ཏོ། །དེ་ལ་དོན་རྟགས་གཉིས་ཀྱི་རྡོ་རྗེ་ནི། དོན་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་གནས་པའི་རྟགས་སུ་ལྟེ་བ་ཟླུམ་པོར་གནས་པའོ། །དོན་ནང་དུ་ཡེ་ཤེས་རྣམ་པ་ལྔ་ལ་མངའ་བརྙེས་པ་སྟེ་ནང་ན་རང་གསལ་དུ་གནས་པས་ཕྱི་རོལ་ཏུ་རྟགས་རྭ་ལྔར་བྱུང་བའོ། །བུམ་པའི་ཁ་ཁྱེར་གཉིས་ནི་ཐབས་ཤེས་རབ་གཉིས་ཀྱི་རྟགས་སོ། །དཀྱིལ་འཁོར་གྱི་རྩེ་མོ་ནི་ཡེ་ཤེས་ཟང་ཐལ་གྱི་རྟགས་སོ། །དབུས་ཀྱི་ལྟེ་བ་ཟླུམ་པོར་འདུག་པ་ནི་སྐྱེ་མེད་ཀ་དག་སྙིང་པོའི་གནས་ལུགས་ཀྱི་རིགས་སོ། །དབང་ཞེས་པ་ནི་སྙིང་པོ་ཀ་དག་གི་དོན་ལ་དབང་བའོ། །ཕྱུག་ཅེས་པ་ནི་ཆོས་ཉིད་ཟད་པ་དང་བྲི་བ་མེད་པས་ཕྱུག་པའོ། །ཀ་དག་གི་ནོར་བུ་རིན་པོ་ཆེ་ལ་དབང་། མི་ཟད་པའི་གཏེར་ལ་སྤྱོད་པས་ཕྱུག་ཅེས་བྱའོ། །གསང་བ་ཞེས་པ་སྙིང་པོའི་དོན་བློའི་སྤྱོད་ཡུལ་དུ་མ་གྱུར་པའོ། །སྐྱེ་མེད་ཀ་དག་གི་དོན་རྟོགས་པས་འདུས་བྱས་ཀྱི་ཆོས་ལས་རྒྱལ་བས་ན་རྒྱལ་བ་ཞེས་བྱའོ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །ཞེས་པ་གཞི་ཀ་དག་གི་དཔེ་བསྟན་ཏེ། པདྨ་འདམ་གྱི་ནང་ན་གནས་ཀྱང་འདམ་གྱི་ཉེས་པའི་སྐྱོན་གྱིས་མ་གོས་པའོ། །དཔེ་དེ་བཞིན་དུ་སྐྱེ་མེད་ཀ་དག་གི་དོན་དེ་ཡང་འཁོར་བའི་འདམ་ན་གནས་ཤིང་། དམྱལ་བའི་གནས་ན་ཚ་གྲང་སྤྱོད་ཀྱང་། སྙིང་པོ་ཀ་ནས་དག་པའི་དོན་དེ་ལ་སྡུག་བསྔལ་དང་འཁོར་བའི་སྐྱོན་དང་དྲི་མས་མ་གོས་པའོ། །དཀར་པོ་ཞེས་པ་ཆོས་ཉིད་ཀ་ནས་དག་པ་སྟེ་སྐྱོན་དང་དྲི་མས་མ་གོས་པའོ། །ཡང་ན་པདྨ་དཀར་པོ་ནི་མེ་ཏོག་པུནྜ་རི་ཀའོ། །རྒྱས་ཞེས་པ་གཞི་སྐྱེ་མེད་དུ་རྒྱས། ལམ་ཀ་དག་ཏུ་རྒྱས། འབྲས་བུ་བློ་འདས་སུ་རྒྱས། སྙིང་པོ་དོན་ལ་རྟོགས་པའི་ཡེ་ཤེས་ཀྱི་དོན་རྒྱས་པའོ། །འདྲ་ཞེས་པ་གོང་མའི་དཔེ་དེ་པདྨ་དཀར་པོ་དང་འདྲ་ཞེས་པའོ། །སྤྱན་ཞེས་པ་མ་རིག་པ་དང་སྒྲིབ་པ་མེད་པའི་སྤྱན་དེ་གསལ་བ་ཟང་ཐལ་ཆེན་པོའི་སྤྱན་ནོ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་པ། དྲི་མ་ནི་ཉོན་མོངས་པའི་དྲི་མ་ཡེ་ཤེས་ཀྱི་མིག་ཏུ་དག་པའོ། །མེད་པ་ནི་རིག་པའི་ངོ་བོ་བཤད་དོ། །པདྨ་རྒྱས་པའི་གདན་ལ་བཞུགས། །ཞེས་པ་འདི་ལའང་འབྲུ་ལྔར་བཤད་དེ། རྒྱུ་མཚན་ཉིད་དང་། སྔགས་ཕྱི་པ་དང་། སྔགས་ནང་པ་བསྐྱེད་རྫོགས་གཉིས་དང་། རྫོགས་པ་ཆེན་པོ་དང་། སྤྱི་ཏི་ཡོ་གའི་པདྨ་རྒྱས་པའི་གདན་དང་ལྔར་བཤད་དེ། པདྨ་ནི་མེ་ཏོག་ལ། རྒྱས་པ་ནི་འདབ་མ་བརྒྱད་དུ་རྒྱས་ཤིང་གྱེས་པ་སྟེ། བདེ་བར་གཤེགས་པ་རྣམས་ཀྱི་གདན་ནོ། །རྒྱུའི་ཐེག་པའི་ལུགས་ཀྱི་པདྨ་རྒྱས་པའི་གདན་དེ་བཅོམ་ལྡན་འདས་ཀྱི་གདན་ནོ། །སྔགས་ཕྱི་རྒྱུད་ཀྱི་ལུགས་ཀྱི་པདྨ་རྒྱས་པའི་གདན་དེ་རིགས་གསུམ་མགོན་པོའི་གདན་ནོ། །ནང་རྒྱུད་བསྐྱེད་རྫོགས་ཀྱི་ལུགས་ཀྱི་པདྨ་རྒྱས་པའི་གདན་དེ་བཅོམ་ལྡན་འདས་མི་བསྐྱོད་པ་དང་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་རྣམ་པར་སྣང་མཛད་ཀྱི་གདན་ནོ། །རྫོགས་པ་ཆེན་པོའི་ལུགས་ཀྱི་པདྨ་རྒྱས་པའི་གདན་དེ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་གདན་ནོ། །སྤྱི་ཏི་ཡོ་གའི་ཡེ་ཐོག་ཀ་དག་ནི་སངས་རྒྱས་བདེ་བར་གཤེགས་པ་རྣམས་ཀྱི་གདན་ནོ། །བཞུགས་པ་ནི་འཕོ་འགྱུར་མེད་པར་བཞུགས་པའོ། །ཡང་ན་སྤྱི་ཏིའི་གཞུང་གི་པདྨ་ནི་སྐྱོན་མེད་ཀ་དག །རྒྱས་པ་ནི་རྟོགས་པའི་ཡེ་ཤེས་རྒྱས་པ། གདན་ནི་སྟན་ལ་མི་འགྱུར་བ། བཞུགས་པ་ནི་སྙིང་པོའི་ཀློང་ན་རང་བྱུང་གི་ཡེ་ཤེས་ཆེན་པོ་འཕོ་འགྱུར་མེད་པར་བཞུགས་སོ། །ཡང་ན་པདྨ་རྒྱས་པ་ལྟར་རྟོགས་པའི་ཤེས་རབ་རྒྱས་སོ། །རང་གི་ལག་གིས་རྡོ་རྗེ་མཆོག །ཅེས་པ། དེ་དག་ཀུན་ལ་གོང་བཞིན་དུ་འབྲུ་ལྔ་ལྔ་ཐེག་པའི་རིམ་པ་བཅུར་བཤད་པར་བྱའོ། །རང་གི་ཞེས་པ་རྣལ་འབྱོར་པས། ལག་གི་ཞེས་པ་ཤེས་རབ། རྡོ་རྗེ་ཞེས་པ་སྙིང་པོ་སྐྱེ་བ་མེད་པའི་རྡོ་རྗེ། མཆོག་ནི་བྱར་མེད་བློ་འདས་རྟོགས་པའི་མཆོག་གོ། །ཡང་ན་རྟོགས་པའི་དོན་ཕུལ་དུ་གྱུར་པའོ། །ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་པ། ཡང་དང་ཞེས་པ་ནི་སྙིང་པོའི་དོན་ཏེ། ཡང་དུ་ཞེས་པ་ཡན་ལག་རྩལ་ཞེས་ཟེར། གསོར་བྱེད་པ་ཞེས་པ་སྙིང་པོ་དང་ཡན་ལག་ཏུ་འཕྲད་ནས་དངོས་མེད་བློ་འདས་ཆེན་པོར་རྟོགས་པའོ། །ཡང་ན་མཐུ་སྟོབས་བདག་པོ་དཔལ་ཕྱག་ན་རྡོ་རྗེའི་ཕྱག་གཡས་པ་ན། གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གདུག་པ་ཅན་ཚར་གཅོད་པའི་དོན་དུ་གྱེན་ལ་ཡང་དང་ཡང་དུ་གསོར་བར་མཛད་པའོ། །ཡང་ན་སྙིང་པོའི་གཤིས་ཟང་ཀ་གནས་ལུགས་རྣལ་མ་རང་གི་རྒྱུད་ལ་གནས་པ་དེ་ཡང་དང་ཡང་དུ་འདྲིས་པར་བྱེད་ཅིང་རྐྱེན་ཁར་མི་གཏོང་བས་ན་གསོར་བྱེད་པ་ཞེས་བྱའོ། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ཞེས་པ་ནི། ཁྲོ་བོ་ཞེས་པ་ནི་གསུམ་སྟེ། ངང་ཁྲོ། ཤུགས་ཁྲོ། མཛད་པ་དང་བཅས་ནས་ཁྲོ་བའོ། །གཉེར་ཞེས་པ་ཁྲོ་བོ་དེ་རྣམས་ལ་གཉེར་མ་རིམ་པ་གསུམ་ཡོད་དེ། ཐབས་ཀྱིས་འདུལ་བའི་ཁྲོ་གཉེར། དབང་དུ་སྡུད་པའི་ཁྲོ་གཉེར། ཟིལ་གྱིས་གནོན་པའི་ཁྲོ་གཉེར་ཏེ། གཉེར་མ་རིམ་པ་གསུམ་དང་ཁྲོ་བོ་དེ་རྣམས་ལྡན་ནོ། །ལྡན་ཞེས་པ་ནི་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པའོ། །སོགས་ཞེས་པ་ནི་འཁོར་གྱི་ཁྲོ་བོ་རྣམས་ཏེ་མང་པོའི་སྒྲའོ། །སྤྱི་ཏིའི་འགྲེལ་ཀྱིས་ནི། ཁྲོ་བོ་ནི་ལྟ་བ་ལོག་པ་ལ་ཁྲོ། གཉེར་ནི་ཐེག་པའི་ཆོས་ཐམས་ཅད་ཀྱི་གཉེར་འདི་ནས་ཟིན། རིམ་པ་ནི་ཐེག་པའི་རིམ་པ་དགུའོ། །ལྡན་པ་ནི་སྐྱེ་མེད་ཀ་དག་དང་ལྡན་ལ། སོགས་པ་ནི་ཆོས་ཀྱི་སྒོ་མོ་དཔག་ཏུ་མེད་པ། བརྗོད་ཀྱིས་མི་ལངས་པ། བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་ནང་ནས་ཀྱང་། དེ་རྣམས་ཀུན་དང་མཐུན་ལ། ཀུན་ལས་ཁྱད་པར་འཕགས་པའི་ཁྱད་ཆོས་འདི་ནས་སྟོན་ནོ། །ལག་ན་རྡོ་རྗེ་མཐའ་ཡས་པ། །ཞེས་པ། ལག་ན་ཞེས་པ་ནི་ཁྲོ་བོ་དེ་རྣམས་ཀྱི་ཕྱག་གཡས་པ་ན། རྡོ་རྗེ་རྩེ་ལྔ་པ་བསྣམས་པ། ཁྲོ་བོ་མཐའ་ཡས་པ་སྟོན་པའི་འཁོར་ན་གནས་པའོ། །འགྲེལ་པ་འདིའི་ལུགས་ཀྱིས། ལག་ན་ཞེས་པ་ནི་སྐལ་ལྡན་གྱི་ལག་པ་ན། རྡོ་རྗེ་ཞེས་པ་སྐྱེ་འཆི་འཕོ་འགྱུར་མེད་པའི་དོན་རྟོགས་པ། མཐའ་ཡས་ཞེས་པ་ནི་རྟོགས་པ་མཐའ་ཡས་པ་དང་། ཡོན་ཏན་མཐའ་ཡས་པ་དང་། ཐུགས་རྗེ་མཐའ་ཡས་པ་དང་། བྱིན་རླབས་མཐའ་ཡས་པ་དང་། ཆོས་མཐའ་ཡས་པ་དང་ལྔའོ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །ཞེས་པ། དཔའ་བོ་སྐྱེ་མེད་ཀ་དག་གི་དཔའ་བོ། གདུལ་དཀའ་བ་ནི་ཐེག་པ་འོག་མའི་ལྟ་སྒོམ་རྣམས་སོ། །དེ་འདུལ་བར་བྱེད་པའི་མཆོག་ནི་བྱར་མེད་བློ་འདས་ཀྱི་སྤྱི་ཏི་ཡོ་གའོ། །ཡང་རྒྱུ་མཚན་ཉིད་སྡེ་གསུམ་གྱི་ལུགས་ཀྱི་གདུལ་དཀའ་བ་ནི་དུག་གསུམ་ལ་སོགས་ཏེ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ངོ་། །དེ་རྣམས་འདུལ་བའི་མཆོག་ནི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གིས་འདུལ་ལོ། །དེ་ཡང་སེར་སྣའི་གཉེན་པོར་སྦྱིན་པས་འདུལ། ཚུལ་ཁྲིམས་འཆལ་བའི་གཉེན་པོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་འདུལ། མི་བཟོད་པའི་གཉེན་པོར་བཟོད་པས་འདུལ། ལེ་ལོའི་གཉེན་པོར་བརྩོན་འགྲུས་ཀྱིས་འདུལ། གཡེང་བའི་གཉེན་པོར་བསམ་གཏན་གྱིས་འདུལ། ཤེས་རབ་ཞན་པའི་གཉེན་པོར་ཐོས་བསམ་སྒོམ་གསུམ་གྱིས་འདུལ་བའོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །ཅེས་པ། འཇིགས་སུ་རུང་བ་ནི་ཁྲོ་བོ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པའོ། །ཡང་ན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཤིན་ཏུ་འཇིགས་ཤིང་རྔམས་པ་སྐྱི་གཡའ་བའམ་སྐྱི་བུང་བྱེད་པའི་རྣམ་པའོ། །དཔའ་བྱད་ཅན་ཞེས་པ་ནི་དུར་ཁྲོད་ཆས་བརྒྱད་ཀྱི་དཔའ་བྱད་ཅན་ནོ། །ཡང་ན་སྤྱི་ཏིའི་ལུགས་ཀྱིས་འཇིགས་སུ་རུང་བ་ཞེས་པ་ནི་ལྟ་བ་ཤིན་ཏུ་ཡང་འཇིགས་སུ་རུང་བ་སྟེ། གཏད་མེད། རྩོལ་མེད། ཕྱོགས་མེད། ཞེན་མེད་དོ། །བསྒོམ་པ་འཇིགས་སུ་རུང་བ་ནི། བསམ་མེད། འགྱུ་མེད། རྟོག་མེད། བློ་སྟོར་བའོ། །སྤྱོད་པ་འཇིགས་སུ་རུང་བ་ནི། བྱར་མེད། ཞེན་མེད། རྩོལ་མེད། ལས་ཟིན་པའོ། །འབྲས་བུ་འཇིགས་སུ་རུང་བ་ནི། ཡེ་གནས། ཚིག་ཆོད། རེ་མེད། རང་གནས། བློ་ལས་འདས་པའོ། །དཔའ་བྱད་ཅན་ནི། སྤྱི་ཏི་ཡོ་གའི་དཔའ་བྱད་ཀྱིས་ཐེག་པ་གཞན་ཟིལ་གྱིས་གནོན་པའོ། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །ཞེས་པ། རྡོ་རྗེ་ཞེས་པ་ནི་སྙིང་པོའི་དོན་ཏོ། །རྩེ་མོ་ཞེས་པ་ཐིག་ལེ་ཉག་གཅིག་གོ། །རབ་འཕྲོ་བ་ཞེས་པ་ནི་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་འཕྲོ་བའོ། །རང་གི་ལག་གིས་གསོར་བྱེད་པ། །ཞེས་པ། རང་ནི་རང་གི་ཤེས་རབ། ལག་གིས་ཞེས་པ་བཀའ་བརྒྱུད། གསོར་བྱེད་པ་ཞེས་པ་རྟོགས་པ་རང་གི་རྒྱུད་ལ་ཤར་ཞིང་གནས་པའོ། །སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཞེས་པ། སྙིང་རྗེ་ཆེན་པོ་ནི་ཕྱོགས་མཚམས་མེད་པའི་སྙིང་རྗེའོ། །ཤེས་རབ་ཞེས་པ་ནི་དབྱེ་བ་མེད་པའི་ཤེས་རབ་བོ། །ཐབས་ཀྱིས་འགྲོ་དོན་བྱེད་པ་མཆོག །ཅེས་པ། ཐབས་ཞེས་པ་ནི་རྟོགས་པར་བྱེད་པའི་ཐབས་བསམ་གྱིས་མི་ཁྱབ་པའོ། །འགྲོ་དོན་བྱེད་པ་ནི་འགྲོ་བ་སེམས་ཅན་གྱི་དོན་བྱེད་ཅིང་ཕན་འདོགས་པའོ། །མཆོག་ཅེས་པ་རྟོགས་པའི་དོན་ཕུལ་དུ་ཕྱིན་པའོ། །དགའ་མགུ་རངས་པའི་བསམ་པ་ཅན། །ཅེས་པ། ཐེག་པ་དགུའི་རྩེ་མོ་ཆོས་ཡ་མཚན་ཅན་འདི་ལ། སེམས་དགའ་བ་དང་། མགུ་བ་དང་། ཡི་རངས་པ་དང་གསུམ་མོ། །བསམ་པ་ཅན་ནི་མཁྱེན་པའི་ཡོན་ཏན་ནོ། །ཁྲོ་བོ་ལུས་ཀྱི་གཟུགས་ལྡན་པ། །ཞེས་པ། ཁྲོ་བོ་ཞེས་པ་ནི་ཁྲོ་བོ་དང་ཁྲོ་མོའི་སྐུ་མདོག་ཕྱག་མཚན་རྣམས་བཤད་ཟིན་ནོ། །འགྲེལ་པ་འདིའི་གཞུང་གིས། ཁྲོ་བོ་ནི་ཐེག་པ་འོག་མ་ལ་ཁྲོ། ལུས་ཀྱི་ཞེས་པ་ནི་འཕོ་འགྱུར་མེད་པའི་ལུས་སོ། །གཟུགས་ལྡན་པ་ཞེས་པ་ནི་སྐྱེ་ཤི་འཕོ་འགྱུར་མེད་པའི་གཟུགས་དང་ལྡན་པའོ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ཞེས་པ། སངས་ཞེས་པ་ནི་ཉོན་མོངས་པ་སངས་པའོ། །རྒྱས་པ་ནི་ཡེ་ཤེས་རྒྱས་པའོ། །སངས་པ་ནི་མ་རིག་པ་སངས། རྒྱས་པ་ནི་རིག་པའི་ཡེ་ཤེས་རྒྱས་པའོ། །སངས་པ་ནི་བྱ་བཙལ་དང་རྩོལ་སྒྲུབ་སངས། རྒྱས་པ་ནི་བྱར་མེད་སྤྲོས་མེད་ཆེན་པོར་རྒྱས། སངས་པ་ནི་གྲུབ་མཐའི་བློས་བཏགས་ཀྱི་ཆོས་རྣམས་སངས། རྒྱས་པ་ནི་བྱར་མེད་བློ་འདས་ཀྱི་ཆོས་རྒྱས། སངས་པ་ནི་སྤངས་པ་ཕུན་སུམ་ཚོགས་པ། རྒྱས་པ་ནི་ཆེ་བའི་བདག་ཉིད་ཡོངས་སུ་རྒྱས་པའོ། །ཡང་ན། སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ཞེས་པ། ཐེག་པ་རིམ་པ་དགུར་འབྲུ་བཀྲལ་ཏེ་བཤད་ན། ཉན་ཐོས་ཀྱིས་འཁོར་བའི་སྡུག་བསྔལ་རྣམས་སངས། ཟག་པ་མེད་པའི་བདེ་བ་རྒྱས། རང་སངས་རྒྱས་ནི་རྟེན་འབྲེལ་བཅུ་གཉིས་སངས། རྟེན་འབྲེལ་ལུགས་ལས་ལྡོག་སྟེ་རྣམ་པར་རིག་བྱེད་ཆེན་པོར་རྒྱས། བྱང་ཆུབ་སེམས་དཔའི་ཐེག་པས་ཀུན་རྫོབ་ཀྱི་བདེན་པ་སངས། དོན་དམ་པའི་བདེན་པ་རྒྱས། སྔགས་ཀྲི་ཡས་དྲི་མ་རྣམ་པ་གསུམ་སངས། དག་པ་ཆོས་ཉིད་ཀྱི་དོན་རྒྱས། ཨུ་པ་ཡས་སྣང་བའི་འཁྲུལ་པ་སངས། རིགས་གསུམ་གྱི་ལྷར་རྒྱས། ཡོ་གས་སྐྱེ་འགག་རྣམ་པ་བཞི་སངས། རིགས་ལྔའི་ལྷའམ་ཡོ་གའི་ལྷ་སུམ་ཅུ་རྩ་གཉིས་སུ་རྒྱས། མ་ཧཱ་ཡོ་གས་ཕུང་པོ་ལྔ་སངས། རིགས་ལྔ་རྒྱས། ཨ་ནུ་ཡོ་གས་དུག་ལྔ་སངས། ཡེ་ཤེས་ལྔར་རྒྱས། ཨ་ཏི་ཡོ་གས་སྣང་སྲིད་ཀྱི་ཆོས་ཐམས་ཅད་མ་སྤངས་ལ་མི་གནས་པས་སངས། མ་འགགས་ལ་མི་དམིགས་པས་རྒྱས་པའོ། །སྤྱི་ཏིས་བྱ་རྩོལ་དང་ཞེ་འདོད་རྣམས་སངས། བྱར་མེད་ཞེ་འདོད་མེད་པར་རྒྱས་པའོ། །ཕྲིན་ལས་ནི་དོན་གོང་མ་དེ་རྣམས་ཀྱིས་འགྲོ་བ་སེམས་ཅན་རྣམས་ཀྱི་ཕྲིན་ལས་བྱེད་པའོ། །མགོན་ནི་འཕགས་པ་འཇམ་དཔལ་ལོ། །ཡང་ན་ཕྲིན་ལས་ནིི་ཞི་བ་རྒྱས་པ་དབང་བ་དྲག་པོའི་ཕྲིན་ལས་དང་བཞིའོ། །བྱེད་པ་ནི་སེམས་ཅན་གྱི་དོན་བྱེད་པའོ། །མགོན་ནི་བཅོམ་ལྡན་འདས་ཏེ། སེམས་ཅན་ཐམས་ཅད་ཀྱི་མགོན་མཛད་པའོ། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །ཞེས་པ། ལུས་བཏུད་ཞེས་པ་སྟོན་པའི་སྤྱན་སྔར་ལུས་ཀྱིས་ཕྱག་འཚལ། ཡི་རང་བ་དང་། འདུད་པ་བྱས་པ་དང་། རྣམས་དང་ནི་འཁོར་ལག་ན་རྡོ་རྗེ་རྣམས་དང་ལྷན་ཅིག་ཏུ་ཕྱག་འཚལ་པུས་བཙུགས་ཐལ་མོ་སྦྱར་ནས། སེམས་དགའ་བ་དང་། ཡི་རང་བ་དང་། ལུས་བཏུད་པའི་སྒོ་ནས་སྟོན་པ་ལ་ཆོས་ཉན་ནོ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཞེས་པ། དེ་བཞིན་ཞེས་པ་མ་ནོར་མ་བཅོས་པའི་དོན་ཏོ། །གཤེགས་པ་ཞེས་པ་དེ་བཞིན་གཤེགས་པ། མ་ནོར་བར་གཤེགས་པ། རྟོགས་པས་གཤེགས་པ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་གཤེགས་པའོ། །བཅོམ་ལྡན་འདས་ལ་འབྲུ་ལྔས་ཐེག་པ་བཅུ་ཐམ་པར་བཤད་དེ། དེ་ལ་མཚན་ཉིད་སྡེ་གསུམ་གྱི་བཅོམ་ལྡན་འདས་དང་། ཀྲི་ཡོག་སྡེ་གསུམ་གྱི་བཅོམ་ལྡན་འདས་དང་། བསྐྱེད་རྫོགས་རྣམ་གསུམ་གྱི་བཅོམ་ལྡན་འདས་དང་། རྫོགས་པ་ཆེན་པོའི་བཅོམ་ལྡན་འདས་དང་། སྤྱི་ཏི་ཡོ་གའི་བཅོམ་ལྡན་འདས་དང་ལྔའམ་བཅུ་ཐམ་པར་བཤད་པར་བྱའོ། །དེ་ལ་མཚན་ཉིད་སྡེ་གསུམ་གྱི་བཅོམ་ལྡན་འདས་ནི། བཅོམ་པ་ནི་བདུད་བཞི་བཅོམ། ལྡན་པ་ནི་ལེགས་པའི་ཡོན་ཏན་དྲུག་དང་ལྡན། འདས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའོ། །ཀྲི་ཡོག་སྡེ་གསུམ་གྱི་བཅོམ་ལྡན་འདས་ནི་སྒྲིབ་པ་རྣམ་པ་བཞི་དང་ཉོན་མོངས་པ་དང་ལྡན་པའི་རྣམ་པར་རྟོག་པའི་དྲི་མ་རྣམས་བཅོམ། ཁྲུས་དང་གཙང་སྦྲ་དང་ལྡན། སྐྱེ་འགག་གཉིས་ལས་འདས་པའོ། །བསྐྱེད་རྫོགས་གཉིས་ཀྱི་བཅོམ་ལྡན་འདས་ནི་གཉིས་ཏེ། མ་ཧཱ་ཡོ་གའི་བཅོམ་ལྡན་འདས་དང་། ཨ་ནུ་ཡོ་གའི་བཅོམ་ལྡན་འདས་སོ། །མ་ཧཱའི་བཅོམ་ལྡན་འདས་ནི། སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བཅོམ། ཐབས་སྣང་བ་ལ་ཤེས་རབ་སྟོང་པ་ཉིད་དེ་སྣང་ལ་རང་བཞིན་མེད་པའི་དོན་དང་ལྡན། དོན་དམ་པར་སྣང་སྟོང་གཉིས་ལས་འདས་སོ། །ཨ་ནུ་ཡོ་གའི་བཅོམ་ལྡན་འདས་ནི། ཕུང་པོ་ལྔ་དང་། ཁམས་དང་། སྐྱེ་མཆེད་དང་། ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་ནི་བཅོམ། དབྱིངས་དང་ཡེ་ཤེས་གཉིས་དང་ནི་ལྡན། རྒྱུ་འབྲས་གཉིས་ལས་འདས་སོ། །རྫོགས་པ་ཆེན་པོའི་བཅོམ་ལྡན་འདས་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་སྤངས་ལ་མི་གནས་པར་བཅོམ། མ་འགག་ལ་མི་དམིགས་པར་ལྡན། ཡོད་པ་དང་མེད་པ་ལས་འདས་སོ། །སྤྱི་ཏི་ཡོ་གའི་བཅོམ་ལྡན་འདས་ལ་གསུམ་སྟེ། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གྲོལ་རང་སྣང་ཆེན་པོར་བཅོམ། གསལ་དག་ཆེན་པོ་དང་ལྡན། དགག་སྒྲུབ་གཉིས་ལས་འདས་སོ། །ཡང་ན་རང་བཞིན་སྐྱེ་བ་མེད་པར་བཅོམ། ངོ་བོ་འོད་གསལ་ཀ་དག་ཆེན་པོ་དང་ལྡན། དངོས་མེད་དབྱིངས་སུ་འདས་སོ། །ཡང་ན་འཁྲུལ་སྣང་ཐམས་ཅད་འོད་གསལ་བུས་བཅོམ། སྟོང་པ་ཀུན་འབྱུང་གིས་སྙིང་པོ་མའི་ཀློང་དུ་ལྡན། གཞི་དང་འཁྲུལ་པ་ལས་འདས་སོ། །ཡང་ན་ཀ་དག་མའི་ཀློང་དུ་བཅོམ། འོད་གསལ་བུའི་ངང་དུ་ལྡན། མ་བུ་དབྱེར་མེད་ངང་དུ་འདས་སོ། །ཡང་ན་འཁྲུལ་པའི་རྒྱུ་རིག་སྟོང་ཀ་དག་ཏུ་བཅོམ། དབྱེ་བ་མེད་པའི་ཡེ་ཤེས་ལྷུན་གྲུབ་ཆེན་པོར་ལྡན། བློ་བྱེད་པ་པོ་དམིགས་པའི་སྤྱོད་ཡུལ་ལས་འདས་སོ། །དེ་རྣམས་ལ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཞེས་གསུངས་སོ། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཞེས་པ། རྫོགས་པ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྱི་ཏི་ཡོ་གའི་ཀློང་དུ་རྫོགས་སོ། །སངས་ཞེས་པ་ནི་ཀ་དག་ཆེན་པོའི་ངོ་བོར་སངས། བྱར་མེད་བློ་འདས་ཆེན་པོར་རྒྱས། ལ་ནི་འགྱུར་བ་མེད་པའོ། །ཕྱག་ཅེས་པ་རྩོལ་སྒྲུབ་ཀྱི་ལས་ཐམས་ཅད་ཕྱག་པའོ། །འཚལ་ནས་ཞེས་པ་སྟོན་པ་ལ་མོས་པ་དང་གུས་པའི་སྒོ་ནས་འདུད་པའོ། །ཐལ་མོ་སྦྱར་བ་བྱས་ནས་ནི། །ཞེས་པ། སྟོན་པ་ལ་འཁོར་ཞུ་བ་པོས་ལུས་ངག་ཡིད་གསུམ་གུས་པ་དང་མོས་པའི་སྒོ་ནས། ལུས་ཀྱི་ཐལ་མོ་སྦྱར། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག །སེམས་དང་བའི་སྒོ་ནས་ཡིད་གདུང་བས་ཕྱག་འཚལ་བའོ། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་པ། སྟོན་པའི་སྤྱན་སྔར་རྒྱུད་ཞུ་བའི་སྦྱོར་བ་དང་ལྡན་པར་གུས་པས་འདུག་པའོ། །འདི་སྐད་གསོལ་ཅེས་པ། སྟོན་པ་ལ་རྒྱུད་ཞུ་བའི་ཚིག་འདི་སྐད་གསོལ་བ་སྟེ་སྟོན་པ་ལ་ཞུས་པའོ། །ཁྱབ་བདག་བདག་ལ་སྨན་པ་དང་། །ཞེས་པས། ཁྱབ་ཞེས་པ་ནི་ཀུན་རྫོབ་རྒྱ་ཆེ་བའི་འཇམ་དཔལ་ལོ། །བདག་ཅེས་པ་ཟབ་པ་དོན་དམ་གྱི་འཇམ་དཔལ་ལོ། །བདག་ལ་ཞེས་པ་བདག་གི་དོན་ནོ། །སྨན་པ་ནི་བླ་མའི་གདམས་ངག་གི་གནད་དོ། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །ཞེས་པ། བདག་ཅེས་པ་ནི་རྟོག་པ་ཕུལ་དུ་གྱུར་པའོ། །དོན་ཞེས་པ་གཉིས་སུ་མེད་པ་ཡང་དག་པའི་དོན་ཏོ། །བདག་ལ་ཞེས་པ་རྟོགས་པའི་དོན་གནད་དུ་ཆུད་པའོ། །ཐུགས་བརྩེའི་ཕྱིར་ཞེས་པ་བདག་གིས་རྟོགས་པ་དེ་གཞན་ལ་ཡང་དེ་ལྟར་སྟོན་པའོ། །སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །ཞེས་པ། སྒྱུ་ནི་གཞི། འཕྲུལ་ནི་རྩལ། དྲྭ་བ་ནི་གཞི་རྩལ་གཉིས་སུ་མེད་པ། མངོན་ཞེེས་པ་ནི་སྙིང་པོའི་དོན། རྫོགས་ཞེས་པ་ནི་མ་ལུས་པའི་དོན་ཏོ། །ཡང་ན་སྒྱུ་ཟབ་པ། འཕྲུལ་རྒྱ་ཆེ་བ། དྲྭ་བ་འབྲེལ་པ། མངོན་རྫོགས་པ་ཀ་དག་བློ་འདས་སོ། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་པ། བྱང་ཞེས་པ་འདུས་བྱས་ཀྱི་ཆོས་བྱང་། ཆུབ་ཅེས་པ་བྱར་མེད་བློ་འདས་ཀྱི་དོན་ཆུབ་པའོ། །ཅི་ནས་བདག་ཐོབ་མཛོད། །ཅེས་པ། སྙན་བརྒྱུད་ཀྱི་གདམས་པ་དེ་བདག་གིས་རྟོགས་པར་མཛོད་ཅིག་པའོ། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །ཞེས་པ། ཉོན་མོངས་པས་ནི་ཞེས་པ་རིག་པ་ཀ་དག་གི་དོན་མ་ཤེས་པས་མ་རིག་པའོ། །སེམས་ད ཀྲུགས་ཤིང་། །ཞེས་པ། ཡིད་འགྱུ་སེམས་ལ་ཆགས་སྡང་ལངས་པས་མིང་འདོགས་ཐ་སྙད་ཀྱི་ཆོས་ནི་འཁྲུལ་སེམས་ལས་བྱུང་བས་བྱང་ཆུབ་སེམས་ཆུ་རྙོགས་པ་ལྟ་བུར་དཀྲུགས་པའོ། །མི་ཤེས་འདམ་དུ་བྱིང་བ་ཡི། །ཞེས་པ། སེམས་གསལ་ཞིང་རིག་པ་རྣོ་དྲག་པས་སྙིང་པོ་འབྱེད་པ་མེད་པའི་དོན་མ་རྟོགས་ཤིང་མ་ཤེས་པས། འདམ་དུ་བྱིང་། ཞེས་པ། འཁོར་བའི་འདམ་མ་རིག་པའི་སྡུག་བསྔལ་སྐྱེས་པས་སྐྱེ་རྒ་ན་འཆི་འཁོར་བའི་འདམ་དུ་བྱིང་བའོ། །སེམས་ཅན་ཀུན་ལ་སྨན་པ་དང་། །ཞེས་པ། སེམས་ཅན་ཞེས་པ་སྡུག་བསྔལ་དང་བཅས་པའི་སེམས་ཅན་ནོ། །ཀུན་ཞེས་པ་མང་བ་དང་མ་ལུས་པ་ལ་བྱའོ། །སྨན་པ་དང་། །ཞེས་པ། གདམས་ངག་གི་སྨན་གྱིས་སེམས་ཅན་ཀུན་ལ་སྨན་པར་བྱ་ཞིང་ཕན་གདག་པའོ། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་པ། བླ་མེད་ནི་སྤྱི་ཏི་ཡོ་གའི་ཐེག་པ་འདི་བླ་ན་མེད་པ་གོང་ན་མེད་པ་གཞན་ལས་ཁྱད་པར་དུ་འཕགས་ཏེ་ཀུན་གྱི་རྗེར་གྱུར་པའོ། །འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་པ་འབྲུ་ལྔར་བཤད་དེ། ཉན་ཐོས་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་བྱའི་ཕྱིར་དང་། རང་རྒྱལ་གྱིས་བསེ་རུ་ལྟ་བུའི་འབྲས་བུ་ཐོབ་བྱའི་ཕྱིར་དང་། བྱང་ཆུབ་སེམས་དཔས་བཅུ་གཅིག་ཀུན་ཏུ་འོད་ཀྱི་འབྲས་བུ་ཐོབ་བྱའི་ཕྱིར་དང་། སྔགས་ཀྲི་ཡས་རིགས་གསུམ་གྱི་འབྲས་བུ་ཐོབ་བྱའི་ཕྱིར་དང་། ཨུ་པ་ཡས་རིགས་བཞིའི་འབྲས་བུ་ཐོབ་བྱའི་ཕྱིར་དང་། ཡོ་གས་རིགས་ལྔའི་འབྲས་བུ་ཐོབ་བྱའི་ཕྱིར་དང་། མ་ཧཱས་བཅུ་དྲུག་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་རྡོ་རྗེ་འཛིན་པའི་འབྲས་བུ་ཐོབ་བྱའི་ཕྱིར་དང་། ཨ་ནུ་ཡོ་གས་རྡོ་རྗེ་འཆང་ཆེན་པོའི་འབྲས་བུ་ཐོབ་བྱའི་ཕྱིར་དང་། ཨ་ཏིས་ཀུན་ཏུ་བཟང་པོའི་འབྲས་བུ་ཐོབ་བྱའི་ཕྱིར་དང་། སྤྱི་ཏིས་ཡེ་ཐོག་ཀ་དག་གི་འབྲས་བུ་ཐོབ་བྱའི་ཕྱིར་ཏེ། ཐེག་པ་བཅུ་པོ་དེས་བླ་ན་མེད་པའི་འབྲས་བུ་ཐོབ་པའི་ཕྱིར་ཞུས་པའོ། །རྫོོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ། རྫོགས་པ་ནི་ལྷག་མ་མེད་པའི་དོན་ཏོ། །སངས་པ་ནི་ནོན་མོངས་པ་སངས་པའོ། །རྒྱས་པ་ནི་ཡེ་ཤེས་རྒྱས་པའོ། །བཅོམ་པ་ནི་མཚན་མའི་ཆོས་རྣམས་བཅོམ་པའོ། །ལྡན་པ་ནི་སྙིང་པོའི་དོན་དང་ལྡན་པའོ། །འདས་པ་ནི་བློ་ཡི་ཆོས་ལས་འདས་པའོ། །འགྲོ་བའི་བླ་མ་སྟོན་པ་པོ། །ཞེས་པ། འགྲོ་བ་ཞེས་པ་ནི་འགྲོ་བ་རིགས་དྲུག །བླ་མ་ཞེས་པ་ནི་སེམས་ཅན་རྣམས་ལ་ཐུགས་རྗེས་སྐྱོབ་པའོ། །སྟོན་པ་པོ་ནི་གསང་བདག་ཆེན་པོས་སྐྱེ་མེད་ཀ་དག་གི་དོན་འགྲོ་བ་སེམས་ཅན་རྣམས་ལ་སྟོན་པའོ། །ཡང་ན་དེ་ལ་ཡང་འབྲུ་ལྔར་བཤད་དེ། མཚན་ཉིད་སྡེ་གསུམ་གྱི་འགྲོ་བའི་བླ་མ་སྟོན་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ཀྲི་ཡོག་སྡེ་གསུམ་གྱི་འགྲོ་བའི་བླ་མ་ནི་སྟོན་པ་རྣམ་པར་སྣང་མཛད་དོ། །བསྐྱེད་རྫོགས་གཉིས་ཀྱི་འགྲོ་བའི་བླ་མ་ནི་དཔལ་རྡོ་རྗེ་སེམས་དཔའོ། །རྫོགས་པ་ཆེན་པོའི་འགྲོ་བའི་བླ་མའམ་སྟོན་པ་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའོ། །སྤྱི་ཏིའི་འགྲོ་བའི་བླ་མའམ་སྟོན་པ་ནི་ཡེ་ཐོག་མ་ཀ་དག་གི་སངས་རྒྱས་སོ། །ཡང་ན་འགྲོ་བ་རིགས་དྲུག །བླ་མ་ནི་མ་ཧཱ་གུ་རུ་དམ་པ་རྣམས་སོ། །སྟོན་པ་ནི་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་སྟེ། སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པའོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །ཞེས་པ། དམ་ཚིག་ནི་སྤྱིར་ས་མ་ཡ་འབུམ་སྡེ་སྟེ། ཚིག་འདིས་གསང་སྔགས་ཕྱི་ནང་གཉིས་ཀྱི་དམ་ཚིག་བསྟན་ཏེ། ཀྲི་ཡའི་དམ་ཚིག་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་རྡོ་རྗེ་སློབ་དཔོན་སྔགས་དང་ཕྱག་རྒྱ་དང་རྡོ་རྗེ་དང་དྲིལ་བུ་རྟག་ཏུ་འཆང་བའོ། །ཨུ་པ་ཡའི་དམ་ཚིག་ནི་རྩ་བ་གསུམ་གྱི་དམ་ཚིག་དང་། ཡོ་གའི་དམ་ཚིག་རྩ་བའི་ལྟུང་བ་བཅུ་བཞི་བསྲུང་། མ་ཧཱ་ཡོ་གའི་དམ་ཚིག་ས་མ་ཡ་འབུམ་སྡེའི་ནང་ནས་དམ་ཚིག་ཉི་ཤུ་བརྒྱད་བསྲུང་ཞིང་མཁྱེན་ནོ། །ཨ་ནུ་ཡོ་གའི་དམ་ཚིག་ནི་དམིགས་པ་བཞིའི་དམ་ཚིག་བསྲུང་། རྫོགས་པ་ཆེན་པོའི་དམ་ཚིག་ནི་མེད་པ་དང་ཕྱལ་བ་དང་གཅིག་པུ་དང་ལྷུན་གྱིས་གྲུབ་པའི་དམ་ཚིག་དང་ལྡན་ཅིང་མཁྱེན་པའོ། །དེ་ལ་སྤྱི་ཏི་ཡོ་གས་ནི་ཀ་དག་ཆེན་པོའི་དོན་ལས་མི་འདའ་བར་དམ་ཚིག་སྟེ། དམ་པ་དང་པོའི་སངས་རྒྱས་ཀྱིས་དམ་ཚིག་ཆེན་པོའི་དེ་ཉིད་མཁྱེན་པའོ། །དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་པ། དབང་པོ་ཞེས་པ་ནི་མིག་ལ་སོགས་པ་ལྔའོ། །དེ་ཡང་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་ཕྱེ་བས་དགུའོ། །བསམ་པ་ཞེས་པ་ནི་བསམ་པའི་ཁྱད་པར་ཏེ། ཤེས་རབ་ཆེ་ཆུང་རབ་འབྲིང་ཐ་མ་གསུམ་ལ་དགུའོ། །ཡང་ན་དབང་པོའི་ངོ་ལ་སྣང་བ་སྣ་ཚོགས་པར་ཤར་ཞིང་སྣང་བ་ལ། བསམ་པའི་ཞེས་པ་ཐེག་པ་རིམ་པ་དགུ་ལ་མཐོང་སྟངས་ཀྱི་དབང་གིས། བསམ་པའི་ཁྱད་པར་དགུ་སྟེ། དབང་པོའི་ངོ་ལ་སྣང་བ་སྣ་ཚོགས་པ་འདི་ལ། ཉན་ཐོས་པས་རྡུལ་ཕྲ་རབ་ཏུ་མཐོང་། རང་རྒྱལ་བས་རྟེན་འབྲེལ་དུ་མཐོང་། དབུ་མས་སྒྱུ་མ་ལྟ་བུར་མཐོང་། སེམས་ཙམ་པས་སེམས་སུ་མཐོང་། ཕ་རོལ་དུ་ཕྱིན་པས་སྟོན་པར་མཐོང་། ཀྲི་ཡས་རིགས་གསུམ་དུ་མཐོང་། ཨུ་པ་ཡས་རིགས་བཞི་རུ་མཐོང་། ཡོ་གས་རིགས་ལྔ་རུ་མཐོང་། མ་ཧཱ་ཡོ་གས་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་མཐོང་། ཨ་ནུས་དབྱིངས་དང་ཡེ་ཤེས་སུ་མཐོང་། ཨ་ཏིས་རང་བྱུང་གི་ཡེ་ཤེས་ཆེན་པོར་མཐོང་། སྤྱི་ཏིས་ཀ་དག་ཆེན་པོར་དབྱེ་བསལ་མེད་པར་སྣང་བའོ། །དེ་རྣམས་ཀྱི་བསམ་པའི་མཐོང་ཚུལ་མཁྱེན་པ་ནི་འཕགས་པ་འཇམ་དཔལ་ལམ་གསང་བདག་ཆེན་པོ་སྟེ་མཁྱེན་པའི་ནང་ནས་ཀྱང་མཆོག་མཁྱེན་པའོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཞེས་པ། བཅོམ་ལྡན་འདས་ཞེས་པ་ནི་གོང་དུ་རྒྱས་པར་བཤད་ཟིན། ཡང་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་སུ་མེད་པའི་བདག་ཉིད་ཆེན་པོར་བཅོམ། ལྡན་པ་ནི་སྐྱེ་བ་མེད་པའི་དོན་དང་ལྡན་པའོ། །འདས་ཞེས་པ་ཚིག་དང་ཡི་གེ་ལས་འདས་པའོ། །ཡེ་ཞེས་པ་ཡེ་ཐོག་མའི་དོན། ཤེས་ནི་ཐོག་མའི་གནས་ལུགས་ཤེས་པའོ། །ཡེ་ཤེས་མ་བུ་སྐུ་གཉིས་སུ་མེད་པའོ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཅེས་པ། གཙུག་ཏོར་ཞེས་པ་ནི་སྤྱི་ཏི་ཡོ་གའི་ཐེག་པ་བསྟན་ནོ། །ཡང་ན་གཙུག་ཏོར་ནི་སྙིང་པོའི་དོན་ལ་གནས་པ་ཀ་དག་ཆེན་པོའི་དོན་ཏོ། །ཆེན་པོ་ནི་གོང་ན་མེད་པའོ། །ཚིག་གི་བདག་ཅེས་པ་འཕགས་པ་འཇམ་དཔལ་ནི་ཚིག་དེ་དག་ཐམས་ཅད་ཀྱི་མངའ་བདག་ཡིན་ནོ། །བདག་ཅེས་པ་ནི་གཉིས་སུ་མེད་པར་རང་གྲོལ་བའི་བདག་གོ། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་པ། རྫོགས་པ་ཆེན་པོའི་སྤྱི་ཏི་ཡོ་གའི་དོན་བསྟན་ཏེ། ཡེ་ཤེས་ནི་མི་ཤེས་པ་མེད་པ་སྟེ་ཆོས་ཉིད་ཀ་དག་ཆེན་པོའི་དོན་ཤེས་པའོ། །ཤེས་པ་སྐྱེ་མེད་ཀ་དག་བྱར་མེད་བློ་འདས་སུ་ཤེས་པའོ། །སྐུ་སྟེ་ཞེས་པ་ནི་སྙིང་པོ་འགྱུར་བ་མེད་པའི་སྐུའོ། །རང་བྱུང་ཞེས་པ་ནི་སྙིང་པོ་མའི་ཀློང་ནས་ཡན་ལག་རྩལ་དང་ཟེར་བྱུང་བའོ། །ཡང་ན་རང་སྙིང་པོ། བྱུང་ཡན་ལག །བ་ཞེས་པ་ནི་སྙིང་པོ་དང་ཡན་ལག་གཉིས་སུ་མེད་པའོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཞེས་པ། འཇམ་དཔལ་ཅེས་པ་ནི་དྲུག་སྟེ། རང་བཞིན་རྒྱུའི་འཇམ་དཔལ་དང་། བསྒོམ་པ་ལམ་གྱི་འཇམ་དཔལ་དང་། མཐར་ཐུག་འབྲས་བུའི་འཇམ་དཔལ་དང་། སྙིང་པོ་དོན་གྱི་འཇམ་དཔལ་དང་། གསང་བདག་ཆེན་པོའི་འཇམ་དཔལ་དང་། རང་གྲོལ་ཆེན་པོའི་འཇམ་དཔལ་དང་དྲུག་གོ། །ཡེ་ཤེས་སེམས་དཔའ་ནི་འོད་གསལ་ངང་མདངས་ཀྱི་ཁྱེའུ་ཆུང་ངོ་། །སེམས་དཔའ་ཡང་དག་པའི་དོན་ལ་སེམས་དཔའ་བའོ། །ཡང་ན་གཙོ་བོ་གསུམ་བརྩེགས་པའི་ཐུགས་ཀ་ན་གནས་པའི་ཡེ་ཤེས་སེམས་དཔའོ། །མིང་ནི་ཡང་དག་བརྗོད་པའི་མཆོག །ཅེས་པ། ད་རེས་འགྲེལ་བ་འདིའི་ལུགས་ཀྱིས་མིང་ལ་བརྗོད་དུ་མེད་པ། སྙིང་པོའི་གནས་ལུགས་དེ་མིང་དང་ཚིག་དང་ཡི་གེ་དང་བརྗོད་པ་ལས་འདས་པའོ། །ཡང་དག་ཅེས་པ་ནི་སྙྀང་པོ་ཀ་ནས་དག་པའི་རང་བཞིན་ནོ། །བརྗོད་པ་ནི་དོན་ལ་བརྗོད་པ་མེད་ཀྱང་སྐྱེ་མེད་ཀ་དག་གི་དོན་དེ་དག་ཏུ་བཏོན་ནས་འཁོར་རྣམས་ལ་བརྗོད་པའོ། །མཆོག་ཅེས་པ་ནི་གཙོ་བོར་གྱུར་བའོ། །ད་ནི་འདི་ནས་མར་གཞི་དང་། འཁྲུལ་པ་དང་། འཁྲུལ་པ་རྩད་ནས་བཅད་པ་མདོར་བསྟན་པ་ནི། དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཞེས་པ། སངས་རྒྱས་དང་སེམས་ཅན་གྱི་གཞི་མདོར་བསྟན་པ་སྟེ། དོན་ཟབ་ཅེས་པ་སྙིང་པོའི་གནས་ལུགས་ཡིན་ཏེ། ཐོག་མའི་མིང་གང་དུ་ཡང་མ་ཐོགས་པའི་དུས་ན། གཞི་དེ་སངས་རྒྱས་སེམས་ཅན་དུ་མ་འཁྲུལ་བར། མཉམ་པ་ཉིད་མཚོ་ལ་དར་ཆགས་པ་དང་འདྲ་སྟེ། འབར་འབུར་དང་མཐོ་དམན་མེད་པ་མཉམ་ཀད་དེ་གནས་སོ། །དེ་བཞིན་དུ་གཞིའི་རང་བཞིན་ཀྱང་། སྔོན་མེད། ཐོག་མེད། ཐ་མ་མེད། ཡེ་མེད། གཏིང་མེད། དངོས་མེད། གཞི་མེད། སངས་རྒྱས་བྱང་ཆུབ་སྐུའི་དངོས་གཞི་མེད། སྐུ་ལྔ་རིགས་ལྔ་ཡེ་ཤེས་རྣམ་ལྔ་སྟེ། སྣང་སྟོང་ཡུལ་སེམས་གཟུང་འཛིན་མེད། དུག་ལྔ་བདེ་སྡུག་ཟུག་རྔུའི་ནད་ཀྱང་མེད། བདག་གཞན་ཕྱོགས་རིས་མེད། དགྲ་དང་གཉེན་གྱི་ཆགས་སྡང་མེད། ཕྱི་ནང་དགག་སྒྲུབ་སྤོང་ལེན་མེད། བཟང་ངན་བླང་དོར་དབྱེ་བསལ་མེད། ཁ་དོག་ཕྱོགས་མཚམས་བྱེ་བྲག་མེད། མིང་མེད་ཚིག་མེད་མཚོན་པའི་ཡུལ་ལས་འདས། སྨྲ་མེད་མིང་མེད་བརྗོད་པའི་ཡུལ་ལས་འདས། དེ་ནི་དོན་ཟབ་པས་གཏིང་དཔག་དཀའ་བ། མི་མངོན་མི་སྣང་གསལ་བར་བྱེད་པ་ཙམ་དུ་ཡང་བསྟན་དུ་མེད་པའོ། །རྣམ་པ་ཀུན་ལྡན་གང་གི་ཡང་མཚན་མ་ཅན་གྱི་རྣམ་པ་མེད་པའོ། །དཔེ་དང་རྩིས་དང་ཚིག་དང་ཡི་གེ་ལས་འདས་སོ། །གཞི་དེ་ལ་ཐ་སྙད་ཙམ་དུ་བསྟན་ན་གདགས་གཞི་རྣམ་པ་ལྔ་སྟེ། སྔོན་ཐོག་ཡེ་གནས་ཀྱི་གཞི་དང་། ཁྱབ་གཞི་དང་། གཡོ་གཞི་དང་། འབྱུང་གཞི་དང་། འཆར་གཞི་དང་རྣམ་པ་ལྔ་སྟེ། །ཐ་སྙད་ཀྱི་མིང་འདོགས་ལྔའོ། །རྒྱུད་འདི་ཉིད་ཀྱི་ཁུངས་སྟོན་ཅིང་ཡིད་ཆེས་པར་བྱ་སྟེ། སྔོན་ཐོག་ཡེ་གནས་ཀྱི་གཞི་གཏན་ལ་དབབ་པའི་ཁུངས་ནི། རྒྱུད་ནས་ཀྱང་། སངས་རྒྱས་ཐོག་མ་ཐ་མ་མེད། །ཐོག་མ་མེད་པ་སྤྲོས་མེད་བདག །ཅེས་གསུངས་སོ། །ཁྱབ་གཞིའི་ཁུངས་ནི། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་གསུངས་སོ། །གཡོ་གཞི་ནི་སང་སང་དང་སེང་སེང་དང་ཟང་ཟང་ཟིང་ཟིང་གི་རྣམ་པའོ། །གཡོ་མི་གཡོ་ལས་ཡིད་ཙམ་གཡོས། འགྱུ་མི་འགྱུ་ལས་ཡིད་ཙམ་འགྱུའོ། །སོ་སོ་རང་རིག་མི་གཡོ་བ། །ཞེས་གསུངས་སོ། །འབྱུང་གཞི་ནི་འགྱུ་མི་འགྱུ་ལས་རླུང་འབྱུང་། རླུང་ལས་འགྱུ་བ་ཐལ་ཙམ་ལོང་ཙམ་མོ། །དེ་ལ་འབྱུང་བ་ལྔ་གཞིའམ་མའི་ཚུལ་དུ་གནས། རླུང་ལྔ་ཡབ་ཀྱི་ཚུལ་དུ་གནས། འོད་ལྔ་ཡུམ་གྱི་ཚུལ་དུ་ཤར་རོ། །ཡང་དཀྱུས་ནས་ཀྱང་། ནམ་མཁའ་ལས་རང་བྱུང་བ། ཞེས་གསུངས་སོ། །འཆར་གཞི་བསྟན་པ་ནི། སྙིང་པོ་ལས་འོད་ཤར། འོད་ལས་ཟེར་ཤར། ཟེར་ལས་རྩལ་ཤར། དེ་ལས་མྱོང་བ་མེད་པའི་ཡིད་ཕྱགས་ཕྱགས་སངས་སངས་པར་ཤར་རོ། །དཀྱུས་ནས་ཀྱང་། ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་གསུངས་སོ། །དཔེར་ན་ནམ་མཁའ་དང་། རྒྱལ་པོའི་བང་མཛོད་དང་། ཤེལ་སྒོང་དང་། ནོར་བུ་རིན་པོ་ཆེ་དང་། གསེར་དང་། ཞིང་ས་གཤིན་པོ་དང་། མཚོ་ལ་དར་ཆགས་པ་རྣམས་ནི་སངས་རྒྱས་དང་སེམས་ཅན་གྱི་གཞི་གཏན་ལ་ཕབ་པའི་དཔེའོ། །དོན་ཟབ་པ། ཞེས་པས་དེ་ཡན་ཆད་དུ་གཞི་གཏན་ལ་ཕབ་པའོ། །དོན་ནི་རྒྱ་ཆེ་ཞིང་། །ཞེས་པས་འཁྲུལ་ལུགས་བསྟན་ཏེ། དཀྱུས་ནས་ཀྱང་། ནམ་མཁའ་ལས་བྱུང་རང་བྱུང་བ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་གསུངས་པས་ན་འཁྲུལ་ལུགས་བསྟན་ཏེ། སྟོང་ཉིད་ལས་བྱུང་ཞེས་པ་སྟེ། སྔོན་ཐོག་མ་ཅི་ཡང་མེད་པ་ལས་ཇི་ཞིག་ལྟར་དུ་འགྱུ་མི་འགྱུ་ལས་མྱོང་བ་མེད་པའི་ཤེས་པ་བྱུང་། དེ་ལས་རིག་པ། རིག་པ་དེས་སྐྱེ་མེད་ཀྱི་དོན་མ་རིག་པས་ཅིར་ཡང་སྣང་བའི་ངོ་བོར་འཁྲུལ་ལོ། །མེད་པ་ལས་བྱུང་ཞེས་པའོ། །རིག་པ་དེ་ཕྱ་སངས་ཁྱེར་བས་སྟོང་པ་ལས་དངོས་པོ་རྣམ་པ་སྣ་ཚོགས་སུ་འཁྲུལ་ལོ། །དངོས་པོ་གཤིས་ཀྱི་དོན་དེ་ཡིད་ཀྱིས་མི་ཤེས་ཤིང་མ་རྟོགས་པས། མེད་པ་ལས་ཡོད་པའི་ངོ་བོར་འཁྲུལ་ལོ། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །ཅེས་གསུངས་སོ། །འོད་བཟང་འབར་བ་ཞེས་པས་འོད་ཀྱིས་འཁྲུལ་པའི་གཞི་བྱས། ཉི་མ་འཆར་ཀའི་ཅེས་པ་འོད་ལ་རྩལ་དུ་འཁྲུལ་ལོ། །སེན་མོའི་འོད་ལས་ཞེས་པ་རྩལ་ཟེར་དུ་འཁྲུལ། དེ་ལས་ཤེས་པར་འཁྲུལ། དེ་ལས་རིག་པ་འཁྲུལ། རིག་པས་ཆོས་ཉིད་འཁྲུལ། སྐྱེ་མེད་ཀ་དག་མ་རྟོགས་མ་ཤེས་པས་མ་རིག་པར་འཁྲུལ། དེ་ལས་སྟོང་པ་གསལ་བ་མ་འགག་པ་ངོ་མ་ཤེས་པས་ཡིད་འཁོར་ལོ་གསུམ་དང་དུག་གསུམ་དུ་འཁྲུལ། དེ་ལ་དང་པོའི་རིག་པ་འཁྲུལ། བར་དུ་ཡིད་དུ་འཁྲུལ། ཐ་མ་སེམས་སུ་འཁྲུལ་ལོ། །དེ་ལ་རིག་པའི་འཆར་སྒོ་དང་། མ་རིག་པའི་འཁྲུལ་སྒོ་གཉིས་སུ་འཁྲུལ་ལོ། །རྣམ་པ་ཅིར་ཡང་མ་ཕྱེད་དབྱེ་བསལ་རྩིས་གདབ་མེད་པས། འབྱེད་པ་མེད་པའི་གཏི་མུག་སྟེ། སྐྱེ་མེད་སྙིང་པོ་མའི་ཀློང་དུ་གྱུར་ནས། ཀུན་ཏུ་བཟང་པོ་ལ་སློབ་དཔོན་མེད་པར་རང་གི་རང་བཞིན་དེ་འབྱེད་མེད་དུ་ཤེས་ཤིང་ཀློང་དུ་གྱུར་པས་ན་སངས་རྒྱས་སོ། །ཡིད་བྱེད་པ་པོ་ལས་གྲོལ་ཞིང་བློ་ངོ་བོ་ཉིད་ལས་ཡོངས་སུ་འདས་སོ། །དེ་ནི་ཡེ་ཤེས་ཀྱི་འཆར་སྒོའོ། །རྩལ་ལས་གདིང་རྙེང་རྟོགས་པ་ཤར་ཞེས་པ་དང་། དཀྱུས་ནས་ཀྱང་། མ་རིག་སྒོ་ངའི་སྦུབས་འབྱེད་པས། །སྲིད་པའི་དྲྭ་བ་འཇོམས་པ་པོ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་གསུངས་སོ། །མ་རིག་པའི་འཁྲུལ་སྒོ་ནི། རྒྱུད་ལས་ཀྱང་། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །ཞེས་པ། རྩ་བའི་འགོང་པོ་ང་བདག་ལས་དུག་ལྔས་སེམས་དཀྲུགས་པའོ། །དེར་མ་རིག་པས་ཡང་དག་པའི་དོན་མ་རྟོགས། མ་རིག་པས་ཡིད་འཁོར་ལོ་གསུམ་དུ་དང་མུན་པའི་འཁོར་སྒོར་འཁྱམས་ཤིང་། འཁོར་བའི་འདམ་དུ་བྱིང་ནས་འགྲོ་བ་དྲུག་གི་ལུས་བླངས་སོ། །མི་ཤེས་འཁོར་བའི་འདམ་དུ་བྱིང་། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་གསུངས་སོ། །དེ་ཡང་འཁྲུལ་པའི་རྒྱུ་རྐྱེན་རྒྱས་པར་བཤད་ན། འཁྲུལ་པའི་གཞི་ནི་ཀུན་གཞིའམ་རླུང་ཡིན་ནོ། །འཁྲུལ་པའི་རྒྱུ་མ་རིག་པ། འཁྲུལ་པའི་རྐྱེན་ཡིད། འཁྲུལ་པའི་དུས་སེམས་ཀྱི་ལེན་པ། འཁྲུལ་པའི་ཚུལ་རིམ་གྱིས་རིམ་པར་ཕྱི་ནང་སྣོད་བཅུད་དུ་འཁྲུལ། འཁྲུལ་པའི་འབྲས་བུ་སྤྱིར་སེམས་ཅན་ཐམས་ཅད་སྒོས་གཟུགས་ལྔ་ལས་འོད་གཟུགས། རིགས་གཟུགས། བག་ཆགས་ཀྱི་གཟུགས། ཡིད་ཀྱི་གཟུགས། ཤ་ཁྲག་གི་གཟུགས་དང་ལྔའོ། །སྐྱེ་མཆེད་མུ་བཞི་འགྲོ་བ་རིགས་དྲུག །སྐྱེ་བ་རྣམ་པ་བཞི། སྣང་སྲིད་ཀྱི་སེམས་ཅན་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི། སྣོད་བཅུད་སྡུག་བསྔལ་སྣ་ཚོགས་འབུམ་ཕྲག་ས་མ་ཡ་འབུམ་སྡེ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་འཁྲུལ་པའི་འབྲས་བུ་ཡིན་ནོ། །དཔེར་ན་སྨིག་སྒྱུས་ཆུ་རུ་འཁྲུལ། ཐོ་ཡོར་ལས་མི་རུ་འཁྲུལ། ཐི་གུ་ལས་སྦྲུལ་དུ་འཁྲུལ་ལོ། །སྦུར་ས་བལ་དུ་བཏུམ་པའམ། སྲིན་གྱི་ཁ་ཆུ་དང་འདྲ་སྟེ་རང་ལས་བྱུང་ནས་རང་འཐུམས་ནས། སྡུག་བསྔལ་སྣ་ཚོགས་མྱོང་ནས་ཤི་བ་བཞིན་དུ། དེ་བཞིན་དུ་འཁྲུལ་པ་ཡང་འགོང་པོ་ང་བདག་མ་སངས་པས། རིག་དྲག །ཤེས་དྲག །སེམས་གསལ་དྲག་པས་རང་གཉའ་རང་གི་མ་ཆོག་པས་དུག་ལྔ་དུག་གསུམ་དུ་སོང་སྟེ། འཁོར་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ས་མ་ཡ་འབུམ་སྡེ་ཉམས་སུ་མྱང་ངོ་། །རིན་པོ་ཆེའི་རྒྱུད་ནས་ཀྱང་། མེད་ལ་ཡོད་བཟུང་རྒྱུ་ཉིད་ཀྱིས། །རྨི་ལམ་ཚུལ་དུ་སྡུག་བསྔལ་མྱོང་། །རིགས་དྲུག་སྐྱེ་འགུལ་དེ་ལས་བྱུང་། །ཞེས་གསུངས་སོ། །མཚུངས་མེད་ཅེས་པས་འཁྲུལ་པ་རྩད་ནས་གཅོད་པའི་གདམས་ངག་བསྟན་ཏེ། རྒྱུད་ནས་ཀྱང་། ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །མཚོན་ཆ་ཆེན་པོ་འབར་བ་ཡིས། །ཉོན་མོངས་མ་རིག་རྩད་ནས་གཅོད། །ཅེས་གསུངས་སོ། །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །ཅེས་གསུངས་པས། འཁྲུལ་པ་རྩད་ནས་གཅོད་པའི་ལེའུ། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་བྱ་བ་ཡན་ཆོད་ཀྱིས་འཁྲུལ་པ་རྩད་ནས་གཅོད་པའི་སྐབས་བསྟན་ནོ། །འཁྲུལ་པ་རྩད་ནས་བཅད་ཐབས་ལ་བློ་རབ་འབྲིང་ཐ་མ་གསུམ་དུ་ཤེས་པར་བྱ་བ་ལ་གདམས་ངག་བསྟན་ཏེ། དབང་པོ་རབ་གཅིག་ལ་ཚིག་གི་གདམས་ངག་བསྟན་པས་འཁྲུལ་པ་རྩད་ནས་བཅད་དེ་འོང་བའོ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཞེས་བྱ་སྟེ། པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱི་ཉེས་པ་ལ་སོགས་པའི་སྐྱོན་གྱིས་མ་གོས་ཏེ། མདོག་ལེགས་པ་ཡིད་དུ་འོང་བ་ཤིན་ཏུ་ཡང་ངོ་མཚར་བ་བཞིན་དུ། དཔེ་དེ་བཞིན་དུ་དབང་པོ་རབ་གཅིག་གིས། ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཅེས་བྱ་སྟེ། ཤེས་པ་ནི་གཞི་དངོས་མེད་དུ་ཤེས། འཁྲུལ་པ་སྐྱེ་མེད་དུ་ངོ་ཤེས། འཁྲུལ་སྣང་རབ་གྲོལ་དུ་ངོ་ཤེས་པས་བཅས་བྱའོ། །སྲིད་འབྱུང་ནི་སྐྱེ་གནས་བཞིའི་མངལ་དུ་མི་འགྱུར་ཏེ། ཕྱིར་མི་ལྡོག་གོ། །ཡང་ན་ཤེས་པ་ནི་གསུམ་སྟེ། གཞི་སྐྱེ་མེད་དུ་ངོ་ཤེས། རྩལ་ཀ་དག་ཏུ་ངོ་ཤེས། འཁྲུལ་གཞི་འཁྲུལ་པ་དངོས་མེད་དབྱེར་མེད་དུ་ངོ་ཤེས་རྩད་ཆོད་རྩིས་གདབ་མེད་པ། ཟང་ཀ་རྣལ་མ། སོ་མ་ལྷུག་པ་གསལ་དག་རབ་གྲོལ་ལོ། །མེད་ལ་ཀུན་འབྱུང་བ་ངང་དྭངས་ཀློང་ཐིམ་མོ། །བྱར་མེད་བློ་འདས་སྔ་མ་ཉིད་དུ་ངོ་ཤེས་པའོ། །སྲིད་འབྱུང་ནི་འགྲོ་བ་རིགས་དྲུག་སྐྱེ་བ་རྣམ་བཞི། །སེམས་ཅན་དུ་འབྱུང་སྐྱེ་བ་ཐམས་ཅད་སྲིད་པ་ནས་འབྱུང་ངོ་། །སྐྱེ་མ་ཐག་ཏུ་རྡོ་རྗེའི་བདག །ཅེས་གསུངས་པས། ཀ་དག་བློ་འདས་ཀྱི་དོན་རྟོགས་པས། སྐྱེ་འཇིག་དང་འཕོ་འགྱུར་གནས་མེད་པས་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པའོ། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས་གསུངས་སོ། །དཔེར་ན་ཧ་ལ་ནག་པོའི་དུག །དུག་དུ་ངོ་ཤེས་ཟ་མི་བྱེད། །ཐབས་ལྡན་ཟོས་ཀྱང་སྨན་དུ་འགྱུར། །དེ་བཞིན་འཁྲུལ་སྣང་འཁོར་བ་ལ། །རྟོགས་ལྡན་མི་ཆགས་མི་འཆིང་གྲོགས་སུ་འགྱུར། ཞེས་གསུངས་སོ། །དབང་པོ་རབ་ཀྱིས་འཁྲུལ་པ་རྩད་ནས་བཅད་པ་དང་། དབང་པོ་འབྲིང་ཞིག་ལ་ཆོས་བརྒྱད་ཁྲི་བཞི་སྟོང་གི་གདམས་ངག་བསྟན་ནོ། །དབང་པོ་ཐ་མ་ཞིག་འཕྲུལ་པ་སྐྱེས་ཚད་ཐད་ཀར་གསལ་ལ་རྟོགས་ལུགས་རྒྱུད་ལ་བསྟན་ནོ། །རྒྱུད་ནས་ཀྱང། རྡོ་རྗེ་རལ་གྲིས་མ་ལུས་གཅོད། །ཅེས་གསུངས་སོ། །དབང་པོ་ཐ་མ་འཁྲུལ་པ་རྩད་ནས་གཅོད་པའི་ཐབས་ནི། ཕྱིའི་འཁྲུལ་པ་རྩད་ནས་བཅད་པ་དང་། ནང་གི་འཁྲུལ་པ་རྩད་ནས་བཅད་པ་དང་། གསང་བའི་འཁྲུལ་པ་རྩད་ནས་བཅད་པའོ། །དེ་ལ་ཕྱིར་ཁྲུལ་པ་རྩད་ནས་བཅད་པ་ནི། སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་རིམ་པ་ལ། ཡེ་ནས་རང་བཞིན་རང་སོའོ། །དེ་ལ་སྣང་བ་ལ་དགག་སྒྲུབ་མི་བྱ་བ་དང་། དབྱེ་བསལ་མི་བྱ་བ་དང་། གཟུང་འཛིན་མི་བྱའོ། །སྤོང་ལེན་མེད་པའི་སྣང་བ་རང་སོར་བཞག་ཅེས་གསུངས་སོ། །ཕྱིའི་སྣང་བ་ཡུལ་མེད། རང་སྣང་རང་གྲོལ་ལོ། །རང་གཞིར་རང་སངས་སོ། །རང་སོ་ལ་གཟུང་འཛིན་མེད་པས་རང་བརླག་གོ། །ནང་གི་འཁྲུལ་པ་རྩད་ནས་བཅད་པ་ནི། རིག་པ་ཡོད་ལ་མྱོང་བ་མེད་པ། ཡིད་གཉིས་ལ་ཕྱི་ནང་གི་གཟུང་འཛིན་མེད་པའོ། །སེམས་ཀྱིས་མ་སྤངས་པར་གནས་སུ་དག་སྟེ། མིང་འདོགས་དང་ཞེན་ཆགས་ཀྱི་རྣམ་པ་མེད་པའོ། །སྟོང་ལས་ཀུན་འབྱུང་སྟོང་པར་གྲོལ། །མེད་ལས་ཀུན་འབྱུང་མེད་པར་ཐིམ། །མ་བུ་རྩལ་དུ་དབྱེར་མེད་འདྲེས། །དཔེར་ན་ཆུ་དང་ཆུ་འདྲེས་འདྲ ། །འོ་མ་དང་ནི་ཆུ་འདྲེས་འདྲ། །ཆུ་ཕྲན་རྒྱ་མཚོར་ཐིམ་པ་འདྲ། །ཞེས་པའོ། །གསང་བའི་འཁྲུལ་པ་རྩད་ནས་བཅད་པ་ནི། ཀུན་གཞིའི་སེམས་སྟོང་པའི་སྙིང་པོ་དེ། རྩིས་གདབ་མེད་པར་བཅད། སྐྱེ་བ་མེད་པར་རྩད་བཅད། འགག་པ་མེད་པར་རྩད་ནི་བཅད། གཉིས་སུ་མེད་པར་རྩད་ནས་བཅད། འོད་གསལ་ཆེན་པོར་རྩད་ནས་བཅད། ངང་དྭངས་ཆེན་པོས་རྩད་ནས་བཅད། དེ་ནི་གསང་བའི་ཀུན་གཞི་རྩད་ནས་གཅོད་པའོ། །རྒྱུད་ནས་ཀྱང་། རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་གསུངས་སོ། །ཕྱི་ཡུལ་གྱི་སྣང་བ་རང་གྲོལ། བར་ཡིད་ཀྱི་འཛིན་པ་རང་གྲོལ། ནང་གི་སེམས་དངོས་མེད་ཀ་དག་ཆེན་པོར་རང་གྲོལ་ལོ། །གྲོལ་བའི་ཐར་པ་རྣམ་གྲོལ་ལུས། །ཞེས་གསུངས་སོ། །མཚུངས་མེད་ཅེས་པས་དེ་ཡན་ཆད་ཀྱིས་འཁྲུལ་པ་རྩད་ནས་བཅད་པ་བསྟན་པའོ། །རབ་ཞི་ཞེས་པས་འཁྲུལ་པའི་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་རབ་ཏུ་ཞི་བའོ། །ཕྱིའི་སྣང་བ་ཞེན་མེད་རང་གྲོལ་དུ་ཞི། རིག་པ་རིག་མེད་ཀ་དག་ཏུ་ཞི། སེམས་ཀ་དག་སྐྱེ་མེད་བློ་འདས་སུ་རབ་ཏུ་ཞི་བའོ། །ཐོག་མ་བར་དང་མཐར་དགེ་བ། །ཞེས་པ། ཐོག་མ་ཞེས་པ་ནི་གནས་ལུགས་འདུག་ཚུལ་གཤིས་སྙིང་པོ་ཀ་དག་ལ་དགེ་བའོ། །བར་ནི་རྩལ་ཟེར་ཡན་ལག་བུའི་ཆོས་ཅན་མཚན་མའོ། །འཁྲུལ་ལུགས་དང་། སྣང་ལུགས་དང་། རྩད་ནས་གཅོད་པ་ལ་རབ་ཏུ་དགེ་བའོ། །མཐར་དགེ་ཞེས་པ་འཁྲུལ་པ་ལྡོག་ལུགས་དང་། ལྡོག་ནས་གྲོལ་ལུགས་དང་། འབྲས་བུ་མཐར་ཕྱིན་ཏེ་དགེ་བའོ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་པ། སངས་རྒྱས་དང་སེམས་ཅན་དང་གཞིའི་གནས་ལུགས་ཏེ། འདས་པའི་སངས་རྒྱས་མར་མེ་མཛད་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་ལ་སོགས་པས་གསུངས་སོ། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ཞེས་པ། མ་འོངས་པའི་སངས་རྒྱས་ནི་བྱམས་པ་དང་། དཔའ་བོ་སྡེ་དང་། སེང་གེའི་སྒྲ་ལ་སོགས་པས་ཀྱང་གསུང་བར་འགྱུར་རོ། །ད་ལྟར་བྱུང་བར་རྫོགས་སངས་རྒྱས། །ཞེས་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། གསང་བདག་ཆེན་པོ་དང་། རྡོ་རྗེ་སེམས་དཔའ་དང་། སློབ་དཔོན་དགའ་རབ་རྡོ་རྗེས་ཀྱང་བར་དུ་དགེ་བ་འཁྲུལ་པ་རྩད་ནས་གཅོད་ཅིང་གྲོལ་བའི་ཐབས་བསྟན་པའོ། །ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་ངོ་། །གཞི་ཇི་ལྟར་གནས་པའི་གནས་ལུགས་དང་། བར་དུ་ཇི་ལྟར་འཁྲུལ་པའི་འཁྲུལ་ལུགས། འཁྲུལ་པ་རྩད་ནས་གཅོད་པའི་བཅད་ལུགས། ཐ་མ་རྟོགས་པའི་རྟོགས་ལུགས་སོ། །ཡང་ན། དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཞེས་པ། དོན་ཟབ་ནི་གནས་པ་གཞིའི་ཚོམས་རྒྱ་ཆེ་ཞིང་ནི་འཁྲུལ་པ་འཕྲང་གི་ཚོམས། མཚུངས་མེད་ཅེས་པ་བྱེ་བྲག་ཤན་གྱི་ཚོམས། དོན་ཆེན་ཞེས་པ་དབྱེར་མེད་པའི་ཚོམས་དང་བཞིའོ། །ཡང་ན། དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུང་མེད་རབ་ཞི་བ། །ཞེས་པ། དེ་ལའང་འབྲུ་ལྔའམ་བཅུ་ཐམ་པ་བཤད་པར་བྱའོ། །དོན་ཟབ་ཅེས་པ་ནི་གསང་སྔགས་ཀྱི་ཐེག་པའོ། །རྒྱ་ཆེ་ཞིང་ཞེས་པ་རྒྱུ་མཚན་ཉིད་ཀྱི་ཐེག་པའོ། །མཚུངས་མེད་ཅེས་པས་རྫོགས་པ་ཆེན་པོ་བསྟན་པའོ། །རབ་ཅེས་པ་ནི་རྫོགས་ཆེན་ཐོད་རྒལ། ཨ་ཏི་གཉའ་གཅོག །ཐེག་པ་དགུའི་ཡང་རྩེ། སྤྱི་ཕུད་སྤྱི་ཏི་ཡོ་གའི་ཐེག་པ་བསྟན་ནོ། །ཐོག་མ་བར་དང་མཐའ་དགེ་བ། །ཞེས་པ། དོན་དེ་ནི་ཐོག་མ་དང་། བར་དུ་དང་། ཐ་མ་ཡང་དགེ་བའོ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཞེས་པ། འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་དོན་ཆེན་པོ་དེ་རྣམས་གསུངས་ལ། ཕྱིས་བྱོན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །ཡང་དང་ཡང་དུ་གསུངས་པ་གང་། །ཞེས་པ། གདམས་པའི་ཡང་སྙིང་གསང་ཆེན་འདི། སྐལ་བ་དང་ལྡན་པའི་སློབ་མ་རྣམས་ལ། ཡང་དང་ཡང་དུ་དོན་དེ་མ་གོ་བའི་བར་དུ་གསུངས་པའོ། །རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །ཞེས་པས། རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལེའུ་ཁྲི་དྲུག་སྟོང་གི་ནང་ནས། འཇམ་དཔལ་གླུར་བླངས་ཀྱི་ལེའུ་འདི། ད་ལྟར་གྱི་སྐལ་ལྡན་རྣམས་དང་། མ་འོངས་པའི་སྐལ་ལྡན་རྣམས་ལ་གསུངས་པ་ནི་རྒྱུད་ཆེན་འདིའོ། །ཡང་ན་སྤྱི་ཏིའི་ལུགས་ཀྱི་རྒྱུད་ཆེན་པོ་འདི་སྐྱེ་བ་མེད་པའི་སྒྱུ། འཕྲུལ་ནི་འོད་གསལ་ངང་མདངས་ཀྱི་འཕྲུལ། དྲྭ་བ་ནི་སྙིང་པོ་དང་ཡན་ལག་ཏུ་འབྲེལ་བའོ། །ལས་ནི་སྐལ་ལྡན་གྱི་ལས་ཏེ་བྱར་མེད་བློ་འདས་སོ། །དོན་དེ་སྟོན་པ་གང་གིས་གསུངས་ན། རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །ཞེས་པ། གསང་སྔགས་ཀྱི་སྟོན་པ་ནི་བཅོམ་ལྡན་འདས་གསང་བདག་ཆེན་པོའོ། །རྡོ་རྗེ་ཞེས་པ་ནི་སྙིང་པོ་འཕོ་འགྱུར་མེད་པ་ལ་བྱ། འཆང་ཞེས་པ་ནི་ཡེ་ཤེས་རྣམ་པ་ལྔའི་དོན་འཆང་། གསང་སྔགས་ཞེས་པ་ནི། རྒྱ་གར་སྐད་དུ་མནྟྲ་ཞེས་བྱ་བ། བོད་སྐད་དུ་གསང་སྔགས་ཞེས་བྱ་སྟེ། ཤེས་སྐྱོབ་ལྡན་པའི་དོན་གྱིས་གསང་སྔགས་སོ། །འཆང་ཞེས་པ་སྐལ་ལྡན་གྱི་སྐྱེས་བུ་ལ་སྐྱེ་མེད་ཀ་དག་གི་དོན་དེ་འཆང་བས་ན་འཆང་ཞེས་བྱའོ། །དཔག་མེད་རྣམས་ཀྱིས་དགའ་བཞིན་དུ། །ཞེས་པ། འཁོར་དཔག་ཏུ་མེད་པ་བསམ་ཀྱིས་མི་ཁྱབ་པ་རྣམས་ལ། སྐྱེ་མེད་ཀ་དག་གི་གདམས་ངག་དགའ་བཞིན་དུ་གསུངས་པའོ། །གླུར་བླངས་གང་ལགས་བཤད་དུ་གསོལ། །ཞེས་པ་ནི། གླུར་བླངས་ནི་ལེའུ་ཁྲི་ཕྲག་དྲུག་ཁྲི་དྲུག་སྟོང་གི་ཟབ་མོ་ལྟ་སྤྱོད་གླུའི་ལེའུ་སྟེ་ལྟ་སྒོམ་གླུར་བླངས་པའོ། །གང་ལགས་ཞེས་པ་ཟབ་མོའི་ལེའུ་གང་ལགས་པ་དེ་བཤད་དུ་གསོལ་ཞེས་པ་ནི་བདག་ཅག་ཉན་པའི་འཁོར་རྣམས་ལ་བཤད་དུ་གསོལ་ཅིག་པའོ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །ཞེས་པ། མགོན་པོ་ནི་སེམས་ཅན་མགོན་དང་སྐྱབས་མེད་པ་ལ་མགོན་དང་སྐྱབས་མཛད་པའོ། །རྫོགས་པ་ནི་སྤྱི་ཏི་ཡོ་ག་ཐེག་པ་རིམ་པ་དགུའི་ལྟ་སྒོམ་གྲུབ་མཐའ་མ་ལུས་པ་རྫོགས་པའོ། །སངས་པ་ནི་བྱ་བཙལ་རྩོལ་སྒྲུབ་ཀྱི་ཆོས་རྣམས་སངས་པའོ། །རྒྱས་པ་ནི་སྙིང་པོ་ཀ་དག་གི་དོན་རྒྱས་པའོ། །ཀུན་གྱི་ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིའོ། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ཞེས་པ། གསང་བ་ནི་སྐུ་གསུང་ཐུགས་ཀྱི་གསང་བའོ། །གསང་བ་ཟབ་མོའི་དོན་དེ་བསྟན་དུ་མི་བཏུབ་པའོ། །འཛིན་པ་ཞེས་པ་ནི་སྐལ་ལྡན་གྱི་སློབ་མས་ཟབ་མོའི་གདམས་ངག་འཛིན་པའོ། །བདག་འགྱུར་ཞེས་པ་བདག་སྐྱེ་བ་མེད་པར་གྱུར་ཅིག་པ་དང་། ཡང་ན་འགྲེལ་པ་འདིའི་ལུགས་ཀྱིས་སྨོན་ལམ་གཞན་ནས་གདབ་ཏུ་མེད་དེ། གསང་བ་ནི་སྐྱེ་མེད་ཀ་དག །འཛིན་ནི་ཟང་ཀ་རྣལ་མའི་དོན་དེ། ཅི་ནས་ནི་བློ་འདས་ཀྱི་གདམས་པ་དེ་ཅི་ནས་ཀྱང་རྟོགས་པར་བྱ་དགོས་པས་ན། བདག་དངོས་མེད་བློ་འདས་སུ་རྟོགས་པར་གྱུར་ཅིག་ཅེས། གཞན་ལ་ཡང་དེ་ལྟར་སྟོན་པའོ། །ངེས་པར་འབྱུང་གི་བར་དུ་ནི། །ཞེས་པ། ངེས་པ་ནི་གདམས་པ་ཟབ་མོའི་དོན། འབྱུང་བ་ནི་སྐལ་ལྡན་གྱི་སློབ་མ་ལ། ཟབ་མོའི་གདམས་ངག་འབྱུང་བའོ། །བར་དུ་འདི་ཞེས་པ་བདག་གིས་སྐྱེ་མེད་ཀ་དག་མ་རྟོགས་ཀྱི་བར་དུའོ། །བདག་གིས་བསམ་པ་བརྟན་པོས་བཟུང་། །ཞེས་པ། བདག་གིས་ནི་སྐལ་ལྡན་གྱིས། བསམ་པ་ཞེས་པ་ཟབ་མོའི་ཆོས་ལ་ངེས་པར་སེམས་པའི་བསམ་པའོ། །བརྟན་པོར་བཟུང་ཞེས་པ། སྐྱེ་མེད་ཀ་དག་བྱར་མེད་བློ་འདས་དེ། ཐེག་པ་འོག་མའི་དབང་དུ་མི་གཏོང་སྟེ་བརྟན་པོར་བཟུང་བའོ། །ཉོན་མོངས་མ་ལུས་བསལ་བ་དང་། །ཞེས་པ། འབྲུ་ལྔར་བཤད་དེ། རྒྱུ་མཚན་ཉིད་ཀྱིས་ཉོན་མོངས་པ་བརྒྱད་ཅུ་རྩ་གཉིས་བསལ་བའོ། །སྔགས་ཀྲི་ཡོག་གིས་ཉོན་མོངས་པ་དྲུག་ཅུ་རྩ་གཉིས་བསལ་བའོ། །སྔགས་བསྐྱེད་རྫོགས་ཀྱིས་ཉོན་མོངས་པ་དགུ་བཅུ་གོ་བརྒྱད་བསལ་བའོ། །ཨ་ཏིས་ཉོན་མོངས་པ་བརྒྱའམ་ཉི་ཁྲི་ཆིག་སྟོང་བསལ་བའོ། །སྤྱི་ཏི་ཡོ་གས་ནི་ཉོན་མོངས་པ་ས་མ་ཡ་འབུམ་སྡེ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལོང་པ་ཐམས་ཅད་མ་ལུས་ལུས་པ་མེད་པར་མ་སྤངས་ལ་མི་གནས་རང་གྲོལ་རང་སངས་སོ། །མི་ཤེས་མ་ལུས་སྤངས་པའི་ཕྱིར། །ཞེས་པ། མི་ཤེས་ནི་མ་རིག་པ་དེས་སྐྱེ་མེད་ཀ་དག་གི་དོན་མི་ཤེས། མ་ལུས་སྤངས་པའི་ཕྱིར་ཞེས་པ། མ་ལུས་པ་ནི་རིག་པ་དང་། སྒྲིབ་གཡོགས་དང་། བཏང་སྙོམས་ཀྱི་མུན་པ། དེར་འཛིན་གྱི་དམིགས་པ། སྐྱེད་བྱེད་ཀྱི་བག་ཆགས་ཏེ། དེ་ལ་སོགས་པ་དེ་ཁོ་ཉིད་ལ་རྨོངས་པ་ཐམས་ཅད་སྤངས་པའི་ཕྱིར་ཞེས་པའོ། །ཡང་ན་འབྲུ་དགུར་བཤད་དེ། ཉན་ཐོས་ཀྱིས་འདོད་ཆགས་སྤངས་པ། རང་རྒྱལ་གྱིས་ང་རྒྱལ་སྤངས་པ་དང་། སེམས་ཙམ་གྱིས་གཟུང་འཛིན་སྤངས་པ་དང་། དབུ་མ་པས་ཉོན་མོངས་པ་རྣམས་སྤངས་པ་དང་། ཀྲི་ཡོག་གིས་སྒྲིབ་པ་དང་དྲི་མ་རྣམས་སྤངས་པ་ད་། མ་ཧཱས་སྣང་བ་འཁྲུལ་པར་འཛིན་པ་སྤངས་པ་དང་། ཡང་ན་དུག་ལྔ་དང་བདག་ཏུ་འཛིན་པ་སྤངས་པ་དང་། ཨ་ནུས་སྣང་བ་ཐ་མལ་པར་འཛིན་པ་སྤངས་པ་དང་། ཨ་ཏིས་སྣང་བ་ལྷ་དང་ལྷ་མོར་འཛིན་པ་སྤངས་པ། རྫོགས་ཆེན་སྤྱི་ཏི་ཡོ་གས་རྩོལ་སྒྲུབ་ཞེན་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །བསམ་པའི་ཁྱད་པར་ཇི་བཞིན་དུ། །ཞེས་པ། འབྲུ་ལྔར་བཤད་དེ། སེམས་ཅན་གྱི་བསམ་པ་དང་མོས་པ་དང་སྦྱར་ནས། དབང་པོ་རབ་འབྲིང་ཐ་མ་གསུམ་ལ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བས་དགུ་སྟེ། དབང་པོ་ཐ་མ་བསམ་པ་ཆུང་བ་ལ་མཚན་ཉིད་སྡེ་གསུམ་བསྟན། བསམ་པའི་ཁྱད་པར་དེ་བས་བློ་འབྲིང་པོ་གསུམ་ལ་ཀྲི་ཡོག་སྡེ་གསུམ་བསྟན། དེ་བས་བསམ་པའི་ཁྱད་པར་ཆེ་བ་བློ་དབང་པོ་རབ་གསུམ་ལ་བསྐྱེད་རྫོགས་གསུམ་གྱི་ཐེག་པ་བསྟན། དེ་བས་ཀྱང་བསམ་པ་དང་དབང་པོའི་ཁྱད་པར་ཆེ་བ་ལ་རྫོགས་པ་ཆེན་པོ་བསྟན། དེ་ཐམས་ཅད་ལས་ཀྱང་བསམ་པའི་ཁྱད་པར་འཕགས་པའི་དབང་པོ་ཐོད་རྒལ་བ་ལ་རྫོགས་ཆེན་སྤྱི་ཏི་ཡོ་གའི་ཐེག་པ་བསྟན་ནོ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཅེས་པ། བློ་རབ་འབྲིང་ཐ་མ་གསུམ་ལ་གོང་བཞིན་དུ་བཤད་པར་འཚལ་ཅེས་སོ། །ཡང་ན་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་བཤད་པར་འཚལ་ལོ། །གསང་དབང་ལག་ན་རྡོ་རྗེ་ཡིས། །ཞེས་པ། འཁོར་ཞུ་བ་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེས་སྟོན་པ་གསང་བདག་ཆེན་པོ་ལ་རྒྱུད་ཞུ་བའི་མོས་པ་དང་བཅས་ནས་འདུད་དོ། །དེ་བཞིན་གཤེགས་ལ་དེ་སྐད་དུ། །ཞེས་པ། དེ་བཞིན་གཤེགས་པ་ནི་བཅོམ་ལྡན་འདས་ལའོ། །དེ་སྐད་དུ་ནི་འཁོར་རྣམས་ཀྱིས་གང་དུ་ཞུས་པའོ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ཞེས་པ། སྟོན་པ་ལ་འཁོར་གྱིས་ཞུས་པའི་ཚིག་གསོལ་བའོ། །ཐལ་མོ་སྦྱར་ཏེ་ནི་སྟོན་པའི་སྤྱན་སྔར་འཁོར་ཞུ་བ་པོས་ཐལ་མོ་སྦྱར་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས། ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པ། འཁོར་ཕྱག་ན་རྡོ་རྗེ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཤིན་ཏུ་གུས་པས་བཏུད་ནས། སྟོན་པའི་སྤྱན་སྔར་སེམས་གཞན་དུ་མི་ཡེངས་པར་ཆོས་ཞུ་ཞིང་འདུག་གོ། །དེ་ཡན་ཆད་ཀྱིས་ཞུས་པའི་སྐབས་ཀྱི་འགྲེལ་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ནས། བཅོམ་ལྡན་འདས་ནི་ལེགས་ཞེས་གསོལ། །ཞེས་བྱ་བ་ཡན་ཆད་ཀྱི་ཙིགས་བཅད་དྲུག་གིས་སླར་གསུངས་པའི་སྐབས་བསྟན་ནས། དེ་ནས་ཞེས་པ་ནི་ཞུས་པའི་ལེའུ་འདས་མ་ཐག་ནས་སོ། །བཅོམ་ལྡན་འདས་ནི་གོང་དུ་རྒྱས་པར་བཤད་ཟིན་ཏོ། །སྤྱི་ཏིའི་ལུགས་ཀྱིས་བཅོམ་ལྡན་ཤཱཀྱ་ཐུབ་ཅེས་པ། རང་སངས་རང་གྲོལ་ཆེན་པོར་བཅོམ། ལྡན་ནི་སྐྱེ་མེད་ཀ་དག་གི་དོན་དང་ལྡན། ཤཱཀྱ་ཞེས་པ་ཤེས་རབ་ཀྱི་སྒོ་ཕྱེ་བའོ། །ཤཱཀྱ་ཐུབ་པ་ནི་སྐྱེ་མེད་ཀ་དག་གི་དོན་དེ་རྐྱེན་དབང་དུ་མི་གཏོང་བས་ཐུབ་པའོ། །ཡང་ན་ངང་གིས་བཅོམ། རང་བཞིན་ལྡན། བདག་ཉིད་ཆེན་པོ་ཤཱཀྱ་ཐུབ་པའོ། །ཡང་བདུད་བཞི་བཅོམ། ལེགས་པའི་ཡོན་ཏན་དྲུག་དང་ལྡན། ཤཱཀྱ་ནི་རྒྱལ་པོ་ཤཱཀྱའི་རིགས་སོ། །ཐུབ་པ་ནི་དཀའ་ཐུབ་དང་སྡོམ་པ་ཐུབ་པའོ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཅེས་པ། རྫོགས་པའི་ཞེས་པ་ནི་སྤང་བྱ་མ་ལུས་པ་སྤངས་ལ། ཐོབ་བྱ་མ་ལུས་པའི་དོན་ཡོངས་སུ་རྫོགས་པའོ། །སངས་རྒྱས་ཞེས་པ་ཉོན་མོངས་པ་ཐམས་ཅད་སངས། ཡེ་ཤེས་ཐམས་ཅད་ཡོངས་སུ་རྒྱས་པའོ། །རྐང་གཉིས་མཆོག་ཅེས་པ། རྐང་བཞི་དང་། རྐང་མང་དང་། རྐང་མེད་དང་། དེ་རྣམས་ལས་བསོད་ནམས་ཆེས་ཆེ་བས། རྐང་གཉིས་རྣམས་ཀྱི་མཆོག་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡིན་ནོ། །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ ། །ཞེས་པ། ཉིད་ཀྱི་ཞལ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སེང་གེའི་སྐད་གདངས་ལྟ་བུའོ། །ཞལ་ནས་ནི་ལྗགས་ཡོད་པ་སྟེ། ལྗགས་དེ་ནི་ཤིན་ཏུ་ཡང་བཟང་ཞིང་རིང་བ་དང་བདེ་བ་དང་ཚངས་པ་དབྱངས་ཀྱི་འབྲུག་སྒྲ་དང་འདྲ་བ། ཚེམས་དུང་སོ་འཁོར་བ་གཡས་སུ་འཁྱིལ་བའོ། །རིང་ཞིག་ཡངས་པ་བརྐྱངས་མཛད་དེ། །ཞེས་པ། རིང་ཞིང་ཡངས་པ་ནི་རྫུན་སྤངས་པ་མཚོན་པའི་ཕྱིར་རོ། །བརྐྱང་མཛད་དེ་ནི་ཞལ་གྱི་དཀྱིལ་འཁོར་གསལ་བར་ཁྱབ་པའོ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །ཞེས་པ། འཇིག་རྟེན་གསུམ་ནི་ས་སྟེང་དང་། ས་འོག་དང་། ས་བླ་དང་གསུམ་མོ། །ཡང་ན་སྟེང་ལྷའི། །བར་མིའི། འོག་ཀླུའི་འཇིག་རྟེན་དང་གསུམ་མོ། །སྣང་བྱེད་ཅེས་པ་བདེ་བར་གཤེགས་པའི་འོད་ཟེར་རྣམ་པ་སྣ་ཚོགས་ཀྱིས། འཇིག་རྟེན་གསུམ་གྱི་མ་རིག་པའི་མུན་པ་སྣང་བར་བྱེད་པའོ། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །ཞེས་པ། བདུད་ནི་རྣམ་པ་བཞི་སྟེ། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། ལྷའི་བུའི་བདུད་དང་། འཆི་བདག་གི་བདུད་དང་བཞིའོ། །དགྲ་རྣམས་ཞེས་པ་ཉོན་མོངས་པའི་དགྲས་ཐར་པ་ཐོབ་ཏུ་མི་སྟེར་བའི་གེགས་བྱེད་པས་དེ་རྣམས་འདུལ་བར་བྱེད་པ་ནི། ཐེག་པ་རིམ་པ་དགུའི་ལྟ་སྒོམ་སྤྱོད་འབྲས་བཞིས་རང་རང་གི་སྒོ་ནས་འདུལ་བར་བྱེད། ཉན་ཐོས་པས་དཀའ་ཐུབ་ཀྱིས་འདུལ། རང་རྒྱལ་གྱིས་རྟེན་འབྲེལ་ལུགས་ལས་བཟློག་སྟེ་འདུལ། བྱང་ཆུབ་སེམས་དཔའི་ཐེག་པས་སྡོམ་པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་འདུལ། ཀྲི་ཡས་ཁྲུས་དང་གཙང་སྦྲས་འདུལ། ཡོ་གས་མངོན་པར་བྱང་ཆུབ་པ་ལྔས་འདུལ། མ་ཧཱས་བསྙེན་སྒྲུབ་རྣམ་བཞིའི་སྒོ་ནས་དམ་ཚིག་ཉི་ཤུ་རྩ་བརྒྱད་ཀྱིས་འདུལ། ཨ་ནུས་དབྱིངས་དང་ཡེ་ཤེས་ཀྱི་སྒོ་ནས་དམིགས་པ་བཞིའི་དམ་ཚིག་གིས་འདུལ། ཨ་ཏིས་མ་སྤངས་ལ་མི་གནས་པས་འདུལ། སྤྱི་ཏི་ཡོ་གས་བདུད་བཞིའི་དགྲ་རྣམས་མ་ལུས་པར་ཀ་དག་རང་སངས་ཆེན་པོའི་ཀློང་དུ་འདུལ་ལོ། །ཡང་ན་སྤྱི་ཏིའི་འགྲེལ་པས་ནི། བདུད་བཞི་ནི་ཐེག་པ་འོག་མའི་ཞེ་འདོད་བློས་བཏགས་ཀྱི་ལྟ་སྒོམ་སྤྱོད་འབྲས་བཞི་སྟེ། དགྲ་རྣམས་འདུལ་བ་ནི་ཐེག་པའི་རྩོལ་སྒྲུབ་ཡིད་སྨོན་དང་བཅས་པའི་གྲུབ་མཐའ་རྣམས་སོ། །དེ་འདུལ་བར་བྱེད་པ་ནི་སྤྱི་ཏི་ཡོ་ག་སྟེ། གཞུང་མེད་ཀྱི་ལྟ་བ། བསམ་མེད་ཀྱི་སྒོམ་པ། སྣང་མེད་ཀྱི་སྤྱོད་པ། བློ་འདས་ཀྱི་འབྲས་བུ། དེ་བཞིན་འོག་མའི་ཞེ་འདོད་ཀྱི་ལྟ་བ། བསམ་པ་ཡིད་གཟུང་གི་སྒོམ་པ། བྱ་རྩོལ་གྱི་སྤྱོད་པ། རེ་དོགས་ཀྱི་འབྲས་བུ་དང་བཞི་འདུལ་བར་བྱེད་པའོ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །ཞེས་པ། སེམས་ཅན་ནི་ཉོན་མོངས་པ་དང་བཅས་པའོ། །རྣམས་ཀྱི་ནི་སྡུག་བསྔལ་རྣམས་སོ། །ངན་སོང་གསུམ་ནི། དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་དང་གསུམ་མོ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཞེས་པ། དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་དང་གསུམ་གྱི་སྡུག་བསྔལ་སྦྱོང་ངོ་། །ཐབས་གང་གིས་སྦྱོང་ཞེ་ན། སྟོང་པ་དང་གསལ་བ་དང་གཉིས་སུ་མེད་པར་རང་གྲོལ་བར་སྦྱོང་ངོ་། །འཛུམ་བསྟན་ནས། ཞེས་པ་ནི། ལྗགས་ཀྱི་འོད་ཟེར་གྱིས་གསུངས་གི་སྒྲིབ་པ་སྦྱངས་པའི་འཛུམ་བསྟན་པའོ། །ཚངས་པའི་གསུང་ནི་སྙན་པ་ཡིས། །ཞེས་པ། ཚངས་པའི་གསུང་ནི་སྒྲ་ཆེ་བ་དང་། ཡོན་ཏན་ཆེ་བ་དང་། གདངས་ཆེ་བ་སྟེ་སྐད་ཅིག་གིས་སྟོང་གསུམ་གྱི་སྟོང་དུས་གཅིག་ཏུ་ཐོས་པ་བཞིན་དུ། གླིང་གཞན་དུ་ཡང་དཔག་ཏུ་མེད་པར་ཐོས་ཤིང་སྒྲ་སྒྲོགས་སོ། །སྙན་པ་ཡིད་ནི་གསུང་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པའོ། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་པ། སྟེང་ལྷ་དང་། བར་མི་དང་། འོག་ཀླུའི་འཇིག་རྟེན་དང་གསུམ་དུ། དེ་རྣམས་གསུང་གི་འོད་ཟེར་གྱིས་བཀང་ནས་ཆོས་བཤད་དོ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །ཞེས་པ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་དབང་བསྐུར་བས་ན་སྟོབས་ཆེ་བའོ། །ཡང་ན་གདུག་པ་ཅན་རྣམས་ཚར་གཅོད་ཅིང་གཞན་ཟིལ་གྱིས་གནོན་པའོ། །གསང་དབང་ལ་ནི་སླར་གསུངས་པ། །ཞེས་པ། གསང་བ་ནི་བསྟན་དུ་མེད་པ། དབང་ནི་སྐྱེ་བ་མེད་པ་སྟེ། སྙིང་པོ་དེ་ཁོ་ན་ཉིད་ཀྱི་དོན་ལ་དབང་བ། སླར་གསུངས་པ་འཁོར་རྣམས་ལ་གསུངས་པའོ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །ཞེས་པ། སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་འཕགས་པ་འཇམ་དཔལ་ལོ། །གྱུར་པ་ནི་སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་པའི་དོན། ཁམས་གསུམ་ཡོངས་སུ་དག་པའི་སྙིང་རྗེར་གྱུར་པའོ། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཅེས་པ། འགྲོ་བ་ལས་དང་ཉོན་མོངས་པས་གཟིར་ཅིང་ཉེན་པ་རྣམས་ལ། དོན་དུ་ཁྱོད་ཅེས་པ་དོན་སྙིང་རྗེ་ཆེན་པོའི་སྒོ་ནས་འཇམ་དཔལ་ཉིད་ཀྱིས་འགྲོ་བའི་དོན་མཛོད་ཅིག་པའོ། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །ཞེས་པ། ཡེ་ཤེས་ནི་མི་ཤེས་པ་མེད་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ལུས་ཅན་ཞེས་པ་ནི་ལུས་ལ་བཞི་སྟེ། ཡེ་ཤེས་ཀྱི་ལུས་དང་། རྨི་ལམ་གྱི་ལུས་དང་། ཡིད་ཀྱི་ལུས་དང་། རྣམ་པར་སྨིན་པའི་ལུས་དང་བཞིའོ། །ཡང་ན་འགྲེལ་པ་འདིའི་གཞུང་གི་ལུས་བཞི་སྟེ། འོད་ཀྱི་ལུས་དང་། བག་ཆགས་ཀྱི་ལུས་དང་། རིག་པའི་ལུས་དང་། ཤ་ཁྲག་གི་ལུས་བཞིའོ། །ཅན་ནི་ཡེ་ཤེས་ཀྱི་ལུས་དང་ལྡན་ཏེ་ཁྱད་པར་ཅན་ནོ། །འཇམ་དཔལ་གྱི་ཞེས་པ། འཇམ་པ་ནི་ཟུག་རྔུའི་རྣམ་རྟོག་མེད་པའོ། །དཔལ་ནི་མཁྱེན་པའི་ཡེ་ཤེས་སོ། །མིང་བརྗོད་པ་ནི་དོན་ཆེ་བ། །ཞེས་པ། མིང་ནི་ཟབ་པ་དང་། རྒྱ་ཆེ་བ་དང་། མཚུངས་པ་མེད་པའོ། །སྤྱི་ཏིའི་ལུགས་ཀྱིས། སྐྱེ་བ་མེད་པ་དང་། ཀ་ནས་དག་པ་དང་། བློ་ལས་འདས་པའོ། །བརྗོད་པ་ནི་བརྗོད་དུ་མེད་པའི་དོན་ཏེ། ངག་ཏུ་བཏོན་ནས་འཁོར་རྣམས་ལ་བརྗོད་པའོ། །དོན་ཆེ་བ་ནི་གོང་གི་གདམས་པ་གསུམ་མོ། །དག་པར་བྱེད་ཅིང་སྡིག་སེལ་བ། །ཞེས་པ། འདིས་རྒྱུད་སྟོན་ཅིང་འཆང་བའི་ཡོན་ཏན་བསྟན་ཏེ། འཕགས་པ་འཇམ་དཔལ་གྱི་དོན་ཡིད་ལ་བྱས་ཤིང་བཏོན་པས། དག་པ་ནི་སྒྲིབ་པ་རྣམ་པ་བཞི་དག་ལ། སྡིག་སེལ་བ་ནི་མཚམས་མེད་པ་ལྔའི་སྡིག་པ་ཡང་སེལ་ལ། སྒྲིབ་པ་ཐམས་ཅད་དག་པར་བྱེད་པའོ། །ཡང་སྤྱི་ཏི་ཡོ་གའི་གཞུང་གིས། དག་པར་བྱེད་པ་ནི་དག་པའི་དོན་ནོ། །སྡིག་པ་སེལ་བ་ནི་ཞེ་འདོད་བློས་བཏགས་ཀྱི་ཆོས་སྡིག་པ་ཡིན་ཏེ། དེ་སེལ་བར་བྱེད་པ་ནི་བྱར་མེད་བློ་འདས་ཀྱི་ཆོས་སོ། ང་ལས་ཉན་པར་བརྩོན་པ་ནི། །ཞེས་པ། འཁོར་ལག་ན་རྡོ་རྗེ་ཁྱོད་ང་ལ་ཉན་པར་བྱེད་ན་ནི། དད་པ་དང་མོས་པའི་སྒོ་ནས་བརྩོན་འགྲུས་སྐྱེད་ལ་ཡིད་གཞན་དུ་མ་ཡེངས་པར་ཉོན་ཅིག་ཅེས་པའོ། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ། དང་པོ་དད་པ་དང་མོས་པའི་སྒོ་ནས་ཞུགས་ནས། དང་པོ་གོ་ཆའི་བརྩོན་འགྲུས་ཀྱིས་ཐོས་པའི་ཤེས་རབ་ཀྱིས་ཕྱི་ནང་གི་སྒྲོ་འདོགས་གཅོད་པ་དེ་ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་ཞེས་པ་ནི། སྟོན་པ་དེ་འཁོར་ལ་དགྱེས་པའོ། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་པ། བར་དུ་སྦྱོར་བའི་བརྩོན་འགྲུས་ཀྱིས་བསམ་པའི་ཤེས་རབ་ཀྱིས་བསྔོ་བགྲང་བྱེད་པ་དེ་ལེགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངེས། །ཞེས་པ། སྟོན་པས་འཁོར་རྣམས་ལ་བཤད་ཅེས་པའོ། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཞེས་པ། ཁྱོད་ལ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ལ། ལེགས་པར་ཞེས་ནི་ཟབ་པ་དང་། རྒྱ་ཆེ་དང་། དོན་མཚུངས་པ་མེད་པ་སྟེ་ཀ་དག་སྐྱེ་བ་མེད་པ་རང་གྲོལ་དུ་བསྟན་པར་བྱ་ཞེས་སོ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱི་ཉོན། །ཞེས་པ། ཁྱོད་ནི་འཁོར་ཕྱག་ན་རྡོ་རྗེ་ལ་བོས་པ། རྩེ་གཅིག་ནི་སེམས་དང་ཡིད་གཞན་དུ་མ་བྱོལ་མ་ཡེངས་པར་ཉོན་ཅིག་པའོ། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་པ། བཅོམ་ལྡན་འདས་ནི་གོང་དུ་རྒྱས་པར་བཤད་ཟིན་ཏོ། །ལེགས་ཞེས་པ་འཁོར་གྱིས་ཁས་བླངས་པའོ། །ཡང་ན་བཅོམ་ལྡན་འདས་ཀྱིས་གདམས་པ་གསུངས་པ་དེ་ལེགས་སོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ནས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །བྱ་བ་ཡན་ཆོད་ཀྱིས་རིགས་དྲུག་ལ་གཟིགས་པའི་ལེའུ་བསྟན་པའོ། །དེ་ནས་ཞེས་པ་སླར་གསུངས་པའི་སྐབས་བཤད་པ་དེ་ནས་སོ། །བཅོམ་ལྡན་འདས་ཞེས་པ་རང་བཞིན་སྐྱེ་བ་མེད་པ་རུ་བཅོམ། ལྡན་ཞེས་པ་རོལ་པ་འགག་པ་མེད་པར་ལྡན། ཤཱཀྱ་ཅེས་པ་ཤེས་རབ་ཀྱི་ཁ་ཕྱེ་བའོ། །ཐུབ་ཅེས་པ་ཀ་དག་བློ་འདས་ཀྱི་དོན་ཐུབ་ཅིང་སོ་སོའི་སྐྱེ་བོའི་རྐྱེན་ཁར་མི་གཏོང་བའོ། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །ཞེས་པ། པདྨའི་རིགས་ལ་གཟིགས་པའི། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཞེས་པ། རྡོ་རྗེའི་རིགས་ལ་གཟིགས་པའོ། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །ཞེས་པ། བྱང་སེམས་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ལ་གཟིགས་པའོ། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པ། རིན་པོ་ཆེའི་རིགས་ལ་གཟིགས་པའོ། །གསང་སྔགས་རིགས་ཆེན་ནས། རིགས་གསུམ་ལ་ནི་རྣམ་པར་གཟིགས་ཡན་ཆད་དུ། །གསང་སྔགས་ཕྱི་རྒྱུད་ཀྱི་ཐེག་པ་གསུམ་བསྟན། གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་པས། ཡོ་གའི་ཐེག་པ་བསྟན་ཏེ། དེའི་འབྲུ་བཤད་ན། གསང་བ་ནི་ཆོས་ཟབ་པའོ། །རིགས་ཆེན་ནི་རིགས་སྔགས་པས། རྣམ་པར་སྣང་མཛད་ཀྱི་རིགས། ཐམས་ཅད་དང་ཞེས་པ་ནི་ཡོ་གའི་ལྷ་སུམ་ཅུ་རྩ་ལྔའོ། །གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་པ། ཨུ་པ་ཡའི་ཐེག་པ་བསྟན་ཏེ། གསང་བ་ནི་ཤེས་སྐྱོབ་གཉིས་དང་ལྡན་པས་གསང་བའོ། །སྔགས་ནི་སྙིང་རྗེ་དང་ཤེས་རབ་ཏུ་ལྡན་པས་སྔགས་སོ། །རིགས་ཞེས་པ་ནི་རིགས་ལྔའི་ལྷའི་རིགས་དཀྱིལ་འཁོར་རོ། །འཆང་ཞེས་པ་ཨུ་པ་ཡས་ཀྲི་ཡའི་སྤྱོད་པ་འཆང་། ཡོ་གའི་ལྟ་བ་འཆང་བས་ཞེས་བྱའོ། །རིགས་ཞེས་པ་ནི་ཁྲོ་བོའི་རིགས་སོ། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་པ། ཀྲི་ཡའི་ཐེག་པ་བསྟན་ཏེ། རིགས་གསུམ་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་དང་གསུམ་མོ། །ལ་ནི་རྣམ་པར་གཟིགས་ནི། ཀྲི་ཡའི་ལྟ་བ་སྤྱོད་པའི་རྣལ་འབྱོར་པ། རིགས་གསུམ་ལ་གཟིགས་པའོ། །དེ་རྣམས་ཀྱིས་སྔགས་ཕྱི་པ་ཐུབ་པའི་རྒྱུད་གསུམ་བསྟན་པའོ། །ད་ནི་དཀྲུགས་ནས་མ་བཤད་པ་ནི། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །ཞེས་པ། མ་ཧཱ་ཡོ་གའི་ཐེག་པ་བསྟན་ཏེ། ཕྱག་རྒྱ་ནི་རྣམ་པ་བཞི་སྟེ། ལས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་བཞིའོ། །རིགས་མཆོག་ཅེས་པ་རང་གི་ཕུང་པོ་ལྔ་རྒྱལ་བ་རིགས་ལྔ། ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་དཀྱིལ་འཁོར། མཆོག་ཅེས་པ་རང་སེམས་ལྷར་གྱུར་པའོ། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཞེས་པ། ཨ་ནུ་ཡོ་གའི་ཐེག་པ་བསྟན་ཏེ། འཇིག་རྟེན་ཞེས་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ལ་སོགས་པའི་སྣང་བ་ཕྱིའི་ཡུལ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་སྣང་བ་རུ་འདོད་པའོ། །བྱེད་ཅེས་པ་ནི་ནང་ནས་རིག་པ་ཅི་སྐྱེས་པ་ཐམས་ཅད་ཡེ་ཤེས་སོ། །རིགས་ཆེན་ཞེས་པ་སྙིང་པོ་དྲན་པ་ཙམ་གྱིས་རང་གི་སེམས་ཉིད་ལྷའི་སྐུ་རུ་སྣང་བའོ། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །ཞེས་པ། ཨ་ཏི་ཡོ་གའི་ཐེག་པ་བསྟན་ཏེ། འཇིག་རྟེན་ཞེས་པ་ཕྱི་སྣོད་འཇིག་པ་ལ་བརྟེན་པའོ། །ནང་གི་སེམས་ཅན་ཕུང་པོ་ངན་པའི་འཇིག་པ་ལ་བརྟེན་ཏེ་རྒྱུ་འབྱུང་བའོ། །འདས་པ་ནི་འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་འོག་མའི་འདས་པའི་རིགས་འཁྲུལ་སྣང་དུ་འཇིག་པ་ལས་འདས་ཏེ་ཆོས་ཉིད་ཀྱི་སྣང་བའོ། །རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་འདོད་པའོ། །རིགས་ཞེས་པ་གསུམ་སྟེ། གཟུགས་སུ་སྣང་བ་ཐམས་ཅད་སྐུའི་རིགས། གྲགས་པ་ཐམས་ཅད་གསུང་གི་རིགས། དྲན་རྟོག་ཐམས་ཅད་ཐུགས་ཀྱི་རིགས་ཡིན་པས་ན་རིགས་ཞེས་བྱའོ། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པ་ནི། སྤྱི་ཏི་ཡོ་གའི་ཐེག་པ་བསྟན་ཏེ། རིགས་ཆེན་ཞེས་པ་ནི་སྤྱི་ཏིའི་ལུགས་ཀྱི། སྐྱེ་མེད་ཀ་དག །བྱར་མེད་བློ་འདས་ཆེན་པོའི་རིགས་སོ། །གཙུག་ནི་ཐེག་པ་རིམ་པ་དགུའི་སྤྱིའམ་གཙུག་སྤྱི་ཏི་ཡོ་གའོ། །ཏོར་ཞེས་པ་ཐེག་པའི་བློས་བཏགས་ཀྱི་ལྟ་སྒོམ་རྣམས་ཏོར་བའོ། །ཆེར་གཟིགས་ནས་ནི་ཟབ་མོའི་ཆེན་པོ་ལ་གཟིགས་པའོ། །ཡང་ན་སྐྱེ་མེད་ཀ་དག་ཆེན་པོ་ལ་གཟིགས་པའོ། །དེ་ཡན་ཆད་ཀྱིས་རིགས་དྲུག་ལ་གཟིགས་པ འི་སྐབས་བསྟན་པའོ། །ཚིག་གི་བདག་པོས་ཚིགས་སུ་བཅད། །ཅེས་པ་ནས། ཡ་ཏེ་ན་མཿ ཡན་ཆད་ཀྱིས། སྔགས་ཀྱི་སྒོ་ནས་རིགས་བསྡུས་དཀྱིལ་འཁོར་ལ་བསྟོད་པ་བསྟན་ཏེ། ཚིག་གི་བདག་པོ་ཞེས་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ཡང་ན་ཀུན་ཏུ་བཟང་པོའི་གསང་བའི་བདག་པོ། ཚིགས་སུ་བཅད་པ་ནི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བཇོད་པ་འདི་ཚིགས་སུ་བཅད་དེ་བཀའ་སྩལ་པའོ། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །ཞེས་པ། གསང་སྔགས་ཀྱི་རྒྱལ་པོ་དྲུག་ནི། ༀ་ཝ་གི་ཤྭ་རི་མུཾ་དང་དྲུག་གོ། །ཡང་ན་སྤྱི་ཏིའི་ལུགས་ཀྱིས། གསང་སྔགས་ཀྱི་རྒྱལ་པོ་དྲུག་ནི། མཁའ་འགྲོ་གསང་བའི་བརྡ་དྲུག །སྔགས་དྲུག །སྒྲ་དྲུག །གླུ་དྲུག །མཁའ་འགྲོ་མ་དྲུག་དང་སུམ་ཅུ་སྟེ། མན་ངག་དྲུག་ཏུ་ཤེས་པར་བྱའོ། །ཟབ་མོའི་ལྟ་སྒོམ་དྲུག་ནི། ལྟ་སྒོམ་སྤྱོད་དང་གསུམ། དམ་ཚིག་ཕྲིན་ལས་འབྲས་བུ་དང་དྲུག་གོ། །གཉིས་སུ་མེད་པར་འབྱུང་བ་དང་། །ཞེས་པ། སྤྱི་ཏི་ཡོ་ག་ནས་ཆོས་ཐམས་ཅད་གཉིས་སུ་མེད་པའི་དོན་འབྱུང་བའོ། །ཡང་ན་སྐལ་བ་དང་ལྡན་པ་རྣམས་ལ་ཟབ་མོའི་གདམས་ངག་ལུང་སྟོན་པ་འབྱུང་བའོ། །དང་ཞེས་པ་ཕྱི་རབས་ཀྱི་རྣལ་འབྱོར་པ་ལ་ཡང་སྟོན་ཅིག་པའོ། །མི་སྐྱེའི་ཆོས་ཅན་འདི་གསུངས་པ། །ཞེས་པ། འགྲེལ་པ་འདིའི་ལུགས་ཀྱིས་སྤྱི་ཏི་ཡོ་གའི་ཐེག་པ་འདིའི་ངོས་བཟུང་བསྟན་པའོ། །མི་སྐྱེ་ཞེས་པ་སྐྱེ་མེད་ཀ་དག་སྟེ། དང་པོ་རྒྱུ་ལས་མ་སྐྱེས་ཤིང་མ་བྱུང་། བར་དུ་རྐྱེན་གྱིས་མ་བསྐྱེད། ཐ་མ་གཉེན་པོས་མི་ཤིགས། དུས་གསུམ་དུ་འཕོ་འགྱུར་མེད་པ་བློས་སྤྱོད་ཡུལ་ལས་འདས་ཤིང་གྲོལ་ལོ། །ཆོས་ཅན་ཞེས་པ་ནི་ཡན་ལག་རྩལ་ཟེར་ངོས་བཟུང་བ་སྟེ། སྙིང་པོ་སྐྱེ་བ་མེད་པ་ལ་སྣང་ཚུལ་ཙམ་དུ་འདི་གསུང་ངོ་ཞེས་པའོ། །ད་ནི་ཀ་དག་ཚོམས་ཆེན་པོ་བཞི་ལས། གནས་པ་བཞིའི་བཀའ་ཚོམས་བསྟན་ཏེ། སངས་རྒྱས་དང་སེམས་ཅན་གྱི་གཞི་གཏན་ལ་དབབ་པ་འདི་གསུངས་སོ། །གཞི་གཏན་ལ་དབབ་པ་ལ་བྱེ་བྲག་ཏུ་དབྱེ་ན་བཞི་སྟེ། ཨ་ཞེས་པས་སྔོན་ཐོག་ཡེ་གནས་ཀྱི་གཞི་བསྟན་ཏོ། །ཨཱ་འོག་མས་ཁྱབ་གཞི་བསྟན་ཏོ། །ཨི་ཞེས་པས་གཡོ་གཞི་བསྟན་ཏོ། །ཨཱི་འོག་མས་འབྱུང་གཞི་བསྟན་ཏོ། །གཞི་དེ་བཞི་ལ་དཔེ་བཞིས་བསྟན་ཏེ། ཡེ་གནས་སྔོན་ཐོག་གི་གཞིའི་དཔེ་ནི་འདུས་མ་བྱས་ཀྱི་ནམ་མཁའོ། །ཁྱབ་གཞིའི་དཔེ་ནི། ཁྱབ་གཞིའི་དཔེ་ནི་འོ་མ་དང་མར་བཞིན་ནོ། །གཡོ་གཞིའི་དཔེ་ནི་ནམ་ལངས་པའམ་ཆུ་ཞུ་བ་བཞིན་ནོ། །འབྱུང་གཞིའི་དཔེ་ནི་རྒྱལ་པོའི་བང་མཛོད་དམ་ཞིང་ས་དང་ནོར་བུ་རིན་པོ་ཆེ་ལྟ་བུའམ་ས་གཞི་ལྟ་བུའོ། །དོན་ཟབ་དོན་ཅེས་དང་སྦྱར་རོ། །ཨུ་ཞེས་པས་རང་བཞིན་གྱི་རླུང་བསྟན་ཏོ། །ཨཱུ་འོག་མས་གཡོ་བའི་རླུང་བསྟན་ཏོ། །ཨེ་ཞེས་པས་འབྱུང་བའི་རླུང་བསྟན་ཏོ། །ཨཻ་འོག་མས་སྙིང་པོ་འོད་ཀྱི་གོང་བུ་བསྟན་ཏོ། །ཨོ་ཞེས་པས་འོད་ཟེར་བསྟན་ཏོ། །ཨ་འོག་མས་རྩལ་དང་འོད་ཟེར་བསྟན་ཏོ། །ཡང་ན་ཤེས་པ་དང་རིག་པའོ། །ཨཾ་ཞེས་པས་ཤེས་པ་སྐྱེ་མེད་ཀ་དག་ཞེས་རིག་པས་ཡང་དག་པའི་དོན་རིག །འོད་རྩལ་ལ་ཐིམ། རྩལ་ཟེར་སྙིང་པོ་དང་འཕྲད། སྙིང་པོ་རྩལ་ཟེར་དབྱེར་མེད་པས་ཀ་དག་སྐྱེ་བ་མེད་པའི་ངང་དུ་སངས་རྒྱས་སོ། །ཨཿཞེས་པས་སྔུན་མེད་པའི་ཀློང་དུ་རྩལ་ཟེར་འོད་གསལ་ཡན་ལག་དྭངས་མའི་ཀློང་དུ་ཐིམ་པས། མེད་པ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཐིག་ལེ་ཆེན་པོ་ཡི་གེ་མེད། །ཡན་ལག་མེད་པའི་རྩིས་ལས་འདས། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དཔེར་བྱ་ཀུན་ལས་འདས་པ་པོ། །གསུངས་སོ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་པ། དེ་ནི་ཀུན་ཏུ་བཟང་པོས་རྩོལ་སྒྲུབ་མ་བྱས་པར་རང་གིས་ཤེས་ནས་བསྟན་བྱ་དང་སྟོན་བྱེད་མཚོན་པའི་སློབ་དཔོན་མེད་པར་སངས་རྒྱས་སོ། །ཡང་ན་ཨ་ཨཱ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་གཉིས་པོ་འདི་སངས་རྒྱས་ཀྱི་ས་བཅུ་གཉིས་སུ་བསྟན་ཏེ། ཨ་ཨཱ་ཞེས་པས་དང་པོ་རབ་ཏུ་དགའ་བའི་དང་། གཉིས་པ་དྲི་མ་མེད་པའོ། །ཨི་ཨཱི་ཞེས་པས་གསུམ་པ་འོད་འཕྲོ་བ་དང་། བཞི་པ་འོད་བྱེད་པའོ། །ཨུ་ཨཱུ་ཞེས་པས། ལྔ་པ་མངོན་དུ་གྱུར་པ་དང་། དྲུག་པ་སྦྱང་དཀའ་བའོ། །ཨེ་ཨཻ་ཞེས་པས་བདུན་པ་རིང་དུ་སོང་བ་དང་། བརྒྱད་པ་མི་གཡོ་བའོ། །ཨོ་ཨ་ཞེས་པས་དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་དང་བཅུའོ། །ཡང་ན་ཨ་ཨཱ་ལ་སོགས་པ་རྣམས་སངས་རྒྱས་ཀྱི་ས་བཅུ་གཉིས་དང་བསྟུན་ཏེ། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ནི་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་ས་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའི་བཞིན་དུ་མཐའ་དབུས་མེད། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །རྡོ་རྗེ་ལྟ་བུར་རབ་ཏུ་གྲགས། །ལྔ་པ་རིན་ཆེན་འོད་ཅེས་པ། །རིན་ཆེན་ལྟ་བུར་དགོས་དགུ་འབྱུང་། །དྲུག་པ་པདྨའི་འོད་ཅེས་པ། །པདྨ་བཞིན་དུ་སྐྱོན་མ་གོས། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་ཕྲིན་ལས་ཐམས་ཅད་བྱེད། །བརྒྱད་པ་དཔེ་མེད་འོད་ཅེས་པ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དགུ་པ་དཔེ་ལྡན་ཞེས་བྱ་བ། །ཐམས་ཅད་དཔེ་ཡིས་སོ་སོར་འབིགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་པ་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་དེ་ཉིད་ནི་འོད་གསལ་བའོ། །བཅུ་གཉིས་སོ་སོར་རང་རིག་པ། །རྣལ་འབྱོར་ཤེས་རབ་ཡོངས་སུ་རྫོགས། །དེའི་ཕྱིར་ན་ས་བཅུ་གཉིས་སྟོན་ཏོ། །ཨ་ཨཱ་ལ་སོགས་པ་སྔགས་ཀྱི་འགོ་ལ་ཕྱུངས་པའོ། །སྠི་ཏོ་ཧྲཱི་དི་ནི་སྐྱེ་མེད་སྤྱི་ཏིའི་ཡང་སྙིང་། ཛྙཱ་ན་ནི་ཀ་དག་གི་ཡེ་ཤེས། མཱུརྟྟི་ནི་སྤྱི་གཙུག་སྟེ། བྱར་མེད་བློ་འདས་སྤྱི་ཏི་ཡོ་གའོ། །ར་ཧཾ་ཞེས་པ་ནི་སྐྱེ་མེད་ཀ་དག་གི་གདམས་ངག་གོ། །བུདྡྷོ་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའོ། །བུདྡྷཱ་ནཱཾ་ཞེས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཡང་སྐྱེ་བ་མེད་པ་ཞེས་བྱའོ། །ཏྲྱ་དྷྭ་ཞེས་པ་སྙིང་པོ་སྐྱེ་བ་མེད་པ། བརྟྟཱི་ནི་ཀ་ནས་དག་པ། ནཱ་མ་ཞེས་པ་ནི་དངོས་མེད་དོ། །ༀ་ཞེས་པ་ནི་ཡེ་ཤེས་རྣམ་པ་ལྔའོ། །བཛྲ་ཞེས་པ་སྐྱེ་འཇིག་མེད་པའི་རྡོ་རྗེ། ཏཱིཀྵྞ་ནི་བྱ་བཙལ་རྩོལ་སྒྲུབ་ཀྱི་ཆོས་ཐམས་ཅད་འཇོམས་པའོ། །དུཿཁཙྪེ་ད་ཞེས་པ་ཤེས་རབ་ཀྱི་རལ་གྲི་སྟེ། ཕྱི་ནང་གསང་བ་གསུམ་གྱི་སྤྲོས་པ་ཡོངས་སུ་གཅོད་པའོ། །པྲཛྙཱ་ཞེས་པ་བྱར་མེད་བློ་འདས་རྟོགས་པའི་ཤེས་རབ་བོ། །ཛྙཱ་ན་ཞེས་པ་ཀ་དག་ཆེན་པོའི་ཡེ་ཤེས་ཞེས་བྱའོ། །མཱུརྟྟ་ཡེ་ཞེས་པ་རྟོགས་པའི་ཡེ་ཤེས་ཆོས་སྐུའོ། །ཛྙཱ་ན་ནི་ཡེ་གནས་ཀྱི་ཡེ་ཤེས་སོ། །ཀཱ་ཡ་ནི་ཆོས་སྐུའོ། །ཡང་ན་ཀཱ་ཡ་ནི་སྐྱེ་མེད་ཀ་དག་དངོས་མེད་ཟང་ཀའོ། །ཝཱ་གཱི་ཤྭ་ར་ནི་གཉིས་མེད་ཆེན་པོ་སྟེ་གཞི་སྐྱེ་བ་མེད་པའོ། །ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿནི་ངང་དྭངས་གསལ་དག་གོ། །ཡང་ན་ཝཱ་ནི་སྙིང་པོ་མ། གི་ནི་ཡན་ལག་སྟེ་བུ། ཤྭ་ར་ནི་མ་བུ་དབྱེར་མེད་དོ། །ཨ་སྐྱེ་མེད། ར་ཀ་དག །པ་དངོས་མེད། ཙ་རྣལ་མ། ནཱ་ཟང་ཀའོ། །ཡང་ན་ཆོས་འདིའི་གཞུང་གིས་ཨ་ར་པ་ཙ་ནཱ་ཕྱི་ནང་གསང་བ་གསུམ་གྱི་སྤྲོས་པ་གཅོད་པའི་འཁོར་ལོ་ཡིན་ཞེས་གསུངས་སོ། །ཡ་ཏེ་ན་མཿཞེས་པ་དེ་ཡིས་སྐྱེ་མེད་ཀ་དག་བྱར་མེད་བློ་འདས་རྟོགས་ཞེས་པའོ། །དེ་ཡན་ཆད་ནི་སྤྱི་ཏིའི་གཞུང་ངོ་། །ཡང་རིགས་བསྡུས་ཀྱི་དཀྱིལ་འཁོར་བསྟན་ཏེ། སྠི་ཏོ་ཧྲཱི་དེ་སྤྱི་གཙུག་གམ་སྙིང་ག་ན་གནས་པའི་ཡེ་ཤེས་སེམས་དཔའོ། །ཛྙཱ་ན་མཱུརྟྟི་ནི་དེའི་ཡེ་ཤེས་སེམས་དཔའོ། །ར་ཧཾ་བུདྡྷོ་ནི་བདག་པོའམ་སངས་རྒྱས་སོ། བུདྡྷ་ནཱཾ་ནི་དུས་གསུམ་གྱི་སངས་རྒྱས་སོ། །ཏྲྱ་དྷྭ་བརྟྟཱི་ནཱ་མ་ནི་གཞིའི་སངས་རྒྱས་གཙོ་བོ་གསུམ་བརྩེགས་པའོ། །ༀ་བཛྲ་ཏིཀྵྞ་ནི་འདོད་ཆགས་སྣང་བ་མཐའ་ཡས་སོ། །དུཿཁཙྪེ་ད་པྲཛྙཱ་ནི་ཞེ་སྡང་རྡོ་རྗེ་སེམས་དཔའོ། །ཛྙཱ་ན་མཱུརྟྟ་ཡེ་ནི་གཏི་མུག་རྣམ་པར་སྣང་མཛད་དོ། །ཛྙཱ་ན་ཀཱ་ཡ་ནི་ཕྲག་དོག་དོན་ཡོད་གྲུབ་པའོ། །ཝཱ་གཱི་ཤྭ་ར་ནི་ངག་གི་དབང་ཕྱུག་གོ། །ཡང་ན་དེ་རྣམས་ཡེ་ཤེས་རྣམ་པ་ལྔ་དང་ཡང་སྦྱར་རོ། །ཡང་ན་ཡུམ་བཞིའོ། །ཨ་ར་པ་ཙ་ནཱ་ཤེས་རབ་ཀྱི་སེམས་དཔའ་བཅུ་དྲུག་གི་མཚན་ནོ། །ཡ་ཏེ་ན་མཿགཞི་ཚུགས་ཅིག་པའོ། །ཡང་ན་ལྷ་མོ་བརྒྱད་དང་། སྒོ་མ་བཞིའི་མཚན་ཡིན། དེ་རྣམས་ཀྱིས་སྔགས་ཀྱི་སྒོ་ནས་རིགས་བསྡུས་ཀྱི་དཀྱིལ་འཁོར་ལ་བསྟོད་པའོ། །འཁྲུལ་པ་འཕྲང་ནི་བཀའ་ཚོམས་བསྟན་ཏེ། དེ་ལ་གསུམ། བརྒྱུད་པ་རིམ་གྱི་འཁྲུལ་ལུགས། དངོས་པོ་རྐྱེན་སྣང་གི་འཁྲུལ་པ་དང་། མེད་པ་གློ་བུར་གྱི་འཁྲུལ་པ་དང་གསུམ་མོ། །འདི་ལྟར་ཞེས་པ་སྤྱི་ཏི་ཡོ་གའི་གདམས་ངག་དངོས་བསྟན་ཏེ། འདི་ཀ་ལྟར་མ་སྤངས་པར་རང་གྲོལ་ལོ། །སངས་རྒྱས་ཀྱི་དགོངས་པ་རྣམ་པར་དག་པའོ། སྣང་སྲིད་ཀྱི་ཆོས་ཐམས་ཅད་འོད་གསལ་ཀ་དག་ཆེན་པོར་རང་སྣང་བའོ། །ཡང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ལ་འབྲུ་ལྔའམ་བཅུར་བསྣན་ཏེ་བཤད་ན། ཉན་ཐོས་ལ་སོགས་ཏེ་ཐེག་པ་དགུ་སྤྱི་ཏི་ཡོ་ག་དང་བཅུར་བཤད་དེ། དེ་ལ་ཉན་ཐོས་པ་ན་རེ། འདི་ལྟར་ཞེས་པ་སྣང་བ་འདི་རྡུལ་ཕྲ་རབ་ཏུ་སྣང་ལ། སངས་པ་ནི་རགས་པར་འཛིན་པའི་དངོས་པོ་སངས། རྒྱས་པ་ནི་ཡུལ་སེམས་གཟུང་འཛིན་མེད་པར་རྒྱས་ལ། བཅོམ་པ་ནི་དགྲ་བཅོམ་པ་སྟེ། ཉོན་མོངས་འདོད་ཆགས་དང་ཞེ་སྡང་བཅོམ། དགྲ་བཅོམ་པའི་དོན་དང་ལྡན། འཁོར་བའི་སྡུག་བསྔལ་ལས་འདས་སོ། །རང་རྒྱལ་བས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི། འདི་ལྟར་ནི་ཕྱི་རྟེན་ཅིང་འབྲེལ་བ་བཅུ་གཉིས་སོ། །སངས་པ་ནི་རྟེན་འབྲེལ་ལུགས་ལས་བཟློག་སྟེ། ཕྱིའི་སྣང་བ་གདོས་པ་ཅན་དུ་འཛིན་པ་སངས་སོ། །རྒྱས་པ་ནི་རྣམ་པར་རིག་བྱེད་རྒྱས། བཅོམ་པ་ནི་ཕུང་པོའི་བདུད་བཅོམ། ལྡན་པ་ནི་ཡེ་ཤེས་ཟང་ཀ་མ་བཅུ་དྲུག་དང་ལྡན། འདས་པ་ནི་འཁོར་བ་ལས་འདས་སོ། །བྱང་ཆུབ་སེམས་དཔས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི། འདི་ལྟར་སྣང་བ་འདི་ཀུན་རྫོབ་ཀྱི་སྣང་བའོ། །སངས་པ་ནི་སྒྱུ་མའི་དཔེ་བརྒྱད་ཀྱིས་འཁྲུལ་པའི་སྣང་བ་སངས་ཏེ་སྣང་ལ་རང་བཞིན་མེད་པར་རྒྱས་སོ། །བཅོམ་པ་ནི་བདུད་རྣམ་པ་བཞི་བཅོམ། ལྡན་པ་ནི་ལེགས་པའི་ཡོན་ཏན་དྲུག་དང་ལྡན། འདས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའོ། །དེ་ནི་མཚན་ཉིད་སྡེ་གསུམ་དུ་བཤད་པའོ། །ད་ནི་ཀྲི་ཡོག་སྡེ་གསུམ་དུ་བཤད་ན་གསུམ་སྟེ། ཀྲི་ཡའི་འདི་ལྟར་སྣང་བ་ནི་རིགས་གསུམ་དུ་སྣང་བའོ། །སངས་པ་ནི་སྒྲིབ་པ་དང་དྲི་མ་སངས་པའོ། །རྒྱས་པ་ནི་ཡང་དག་པའི་ཆོས་ཉིད་ཀྱི་དོན་རྒྱས་པའོ། །བཅོམ་པ་ནི་རྣམ་པར་རྟོག་པ་བཅོམ། ལྡན་པ་ནི་མི་རྟོག་པའི་ཡེ་ཤེས་དང་ལྡན། འདས་པ་ནི་འཁོར་བ་དང་མྱ་ངན་ལས་འདས། ཨུ་པ་ཡ་ནི་སྣང་བ་འདི་ལྟར་འཛིན་པ་སངས་དག་པ་ཆོས་ཉིད་དུ་རྒྱས་པའོ། །མ་རིག་པ་བཅོམ། སྐྱེ་བ་མེད་པ་ཆོས་ཀྱི་སྐུ་རིགས་བཞི་དང་ལྡན། འཁོར་བ་དང་མྱ་ངན་ལས་འདས་སོ། །ཡོ་གའི་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི། འདི་ལྟར་ཡོ་གའི་ལྷ་སུམ་ཅུ་སོ་གཉིས་སམ་ལྔ་བཅུ་ང་གཉིས་སོ། །སངས་པ་ནི་དངོས་པོ་གདོས་ཅན་དུ་འཛིན་པ་སངས་པའོ། །རྒྱས་པ་ནི་སྐྱེ་འགག་མེད་པར་རྒྱས། བཅོམ་པ་ནི་ཉོན་མོངས་པ་བཅོམ། ལྡན་པ་ནི་ཡེ་ཤེས་རྣམ་པ་ལྔ་དང་ལྡན་ལ། འདས་པ་ནི་སྐྱེ་འགག་གཉིས་ལས་འདས་སོ། །བསྐྱེད་རྫོགས་རྣམ་གསུམ་གྱི་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པ། མ་ཧཱ་ཡོ་གའི་འདི་ལྟར་ནི་སྣང་སྲིད་ཀྱི་ཆོས་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་སྣང་ངོ་། །སངས་པ་ནི་རྣམ་པར་འཁྲུལ་པར་འཛིན་པ་སངས་པའོ། །རྒྱས་པ་ནི་རིགས་ལྔར་རྒྱས་པའོ། །བཅོམ་པ་ནི་དུག་ལྔ་བཅོམ་པའོ། །ལྡན་པ་ནི་ཡེ་ཤེས་རྣམ་པ་ལྔ་དང་ལྡན། འདས་པ་ནི་སྣང་སྟོང་གཉིས་ལས་འདས་པའོ། །ཨ་ནུ་ཡོ་གའི་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི། འདི་ལྟར་སྣང་བ་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་སྣང་བའོ། །སངས་པ་ནི་ཐ་མལ་པའི་སྣང་བ་སངས་པའོ། །རྒྱས་པ་ནི་ཡེ་ཤེས་ཆེན་པོར་རྒྱས་སོ། །བཅོམ་པ་ནི་ཕུང་པོ་ལྔར་འཛིན་པ་བཅོམ། ལྡན་པ་ནི་རིགས་ལྔའི་སངས་རྒྱས་དང་ལྡན། འདས་པ་ནི་དབྱིངས་དང་ཡེ་ཤེས་གཉིས་ལས་འདས་པའོ། །ཨ་ཏི་ཡོ་གའི་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི། འདི་ལྟར་ཞེས་པ་ཆོས་ཉིད་ཀྱི་སྣང་བ་རང་ཤར་བའོ། །སངས་པ་ནི་མ་སྤངས་མི་གནས་པར་སངས། རྒྱས་པ་ནི་མ་འགག་མི་དམིགས་པར་རྒྱས། བཅོམ་པ་ནི་སྣང་སྲིད་དངོས་པོའི་ཆོས་ཐམས་ཅད་རོལ་པ་འགགས་པ་མེད་པར་བཅོམ། ལྡན་པ་ནི་མཚན་ཉིད་གཉིས་སུ་མེད་པར་ལྡན། འདས་པ་ནི་བློ་ངོ་བོ་ཉིད་ལས་འདས་སོ། །ཐེག་པ་དགུ་པོ་དེ་ལས་ཁྱད་པར་འཕགས་པའི་སྤྱི་ཏི་ཡོ་གའི་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི། འདི་ལྟར་ནི་ཆོས་རྣལ་མ་ཟང་ཀ་དང་འདས་པའོ། །ཡང་ན་འདི་ལྟར་སངས་རྒྱས་སོ། །བྱ་བ ཙལ་རྩོལ་སྒྲུབ་སངས། བྱར་མེད་བློ་འདས་ཆེན་པོར་རྒྱས། སྐྱེ་བ་མེད་པར་བཅོམ། ཀ་དག་ཆེན་པོ་ལྡན། བློའི་ཆོས་ལས་འདས་སོ། །དེ་རྣམས་ཐེག་པ་རིམ་པ་དགུ་བཤད་པའོ། །སྤྱི་ཏིའི་འགྲེལ་པ་ལྟར་བཤད་ན་ནི། འདི་ལྟར་སངས་རྒྱས་ཞེས་པ་གདམས་ངག་བཤད་དེ། །སྙིང་པོ་མ་དམིགས་སྐྱེ་བ་མེད། །རིག་པ་མྱོང་མེད་འབྱེད་པ་མེད། །སྣང་བ་རང་སོ་དགག་སྒྲུབ་མེད། །ཡིད་ལ་བྱར་མེད་གཡོ་འགུལ་མེད། །ངག་ལ་བརྗོད་མེད་སྨྲ་རྒྱུ་མེད། །ལུས་ཀྱིས་བྱར་མེད་རྩོལ་སྒྲུབ་མེད། །སྐྱེ་མེད་ཀ་དག་བློ་ལས་འདས། །མེད་དྲུག་བཀའ་ཚོམས་རྣམ་གསུམ་གྱིས། །བྱ་རྩོལ་ཞེ་འདོད་མ་བྱས་པར། །འདི་ཀ་ལྟར་དུ་སངས་རྒྱས་སོ། །ཡང་ན་བྱང་སེམས་རྡོ་རྗེའི་སྒོ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ལྔ་བཅུ་རྩ་གཉིས་ལ། མཚོན་བྱ་དོན་དང་མཚོན་བྱེད་ཚིག་ཏུ་ཕྱེ་ནས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་བསྟོད་པ་བསྟན་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ། གཞིའི་སངས་རྒྱས་ཐམས་ཅད་ཀྱི་མཚན་དང་དགོངས་པ་ཚིག་དེས་བསྟན་པའོ། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཞེས་པས། ཐུགས་ཀའི་ཡེ་ཤེས་སེམས་དཔའི་མཚན་བསྟན་ཏེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་པ། ཐུགས་ཀ་ན་གནས་པའི་ཡི་གེའི་མཚན་ནོ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་པས། སཏྭ་བ་རི་མ་སྟེ་རྡོ་རྗེ་སེམས་མའོ། །དོན་ཆེན་པོ་ནི་སྐྱེ་བ་མེད་པའི་དོན། ཡི་གེ་ནི་ཨའོ། །དམ་པ་ནི་ཀ་དག །ཡིན་ནི་བློའི་ཆོས་ལས་འདས་པ་ཡིན། སྙིང་པོ་ཆོས་ཉིད་མའི་ཁོང་ནས་སོ། །འབྱུང་གི་འོད་གསལ་ཟེར་རོལ་པ་སྣ་ཚོགས་སོ། །སྐྱེ་བ་ནི་ད་ཅིའི་སྙིང་པོ་ཨ་ལ་ཐིམ་པས། རིག་པ་ལ་སྐྱེ་འགག་མེད་པས་ན། སྐྱེ་བ་མེད་ཅེས་བྱ་བ་ཡིན། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པ། རཏྣ་བ་རི་མ་སྟེ་རིན་ཆེན་སེམས་མའོ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་པ། དྷརྨ་བ་རི་མ་སྟེ་ཆོས་ཀྱི་སེམས་མའོ། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ། ཀརྨ་བ་རི་མ་སྟེ་ལས་ཀྱི་སེམས་མའོ། །དེ་ནི་ནང་གི་ལྷ་མོའི་མཚན་བསྟན་པའོ། །ད་ནི་རྒྱལ་བ་རིགས་ལྔའི་མཚན་བསྟན་ཏེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་པ་སྣང་བ་མཐའ་ཡས་ཀྱི་མཚན་བསྟན་ཏོ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པས་ཕྲིན་ལས་ཀྱི་མཛད་ཚུལ་བསྟན་ཏོ། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེས་པས་སངས་རྒྱས་མི་བསྐྱོད་པའི་མཚན་བསྟན་ཏོ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །ཞེས་པས་རྣམ་པར་སྣང་མཛད་ཀྱི་མཚན་བསྟན་ཏོ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཞེས་པས་དོན་ཡོད་གྲུབ་པའི་མཚན་བསྟན་ཏོ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཞེས་པས་རིན་ཆེན་འབྱུང་ལྡན་གྱི་མཚན་བསྟན་ཏོ། །དེ་ནི་རིགས་ལྔའི་མཚན་ནོ། །ད་ནི་ཤེས་རབ་ཀྱི་སེམས་དཔའ་བཅུ་དྲུག་གི་མཚན་བསྟན་ཏེ། འདོད་པ་ཆེན་པོ་ཞེས་པ་རྡོ་རྗེ་སེམས་དཔའོ། །བདེ་བ་ཆེ་ཞེས་པས་རྡོ་རྗེ་རྒྱལ་པོའི་མཚན་བསྟན། དགའ་བ་ཆེན་པོ་ཞེས་པས་རྡོ་རྗེ་ཆགས་པའི་མཚན་བསྟན་ཏོ། །མགུ་བ་ཆེ་ཞེས་པས་རྡོ་རྗེ་ལེགས་པའི་མཚན་བསྟན། དེ་ནི་ཤར་གྱི་སེམས་དཔའ་བཞིའོ། །ལྷོའི་སེམས་དཔའ་བཞི་ནི། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །རྡོ་རྗེ་རིན་ཆེན་ནོ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །ནི་རྡོ་རྗེ་གཟི་བརྗིད་དོ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །ཞེས་པས་རྡོ་རྗེ་རྒྱལ་མཚན་ནོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཆེ། །ཞེས་པས་རྡོ་རྗེ་བཞད་པའོ། །ལྷོའི་སེམས་དཔའ་བཞིའོ། །ཡང་དཀྱིལ་འཁོར་ལ་བསམ་གྱིས་མི་ཁྱབ་ཀྱང་། ཐབས་རྒྱ་ཆེ་བ་དང་། བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་གཉིས་སོ། །ཐབས་ཀྱི་དཀྱིལ་འཁོར་ནི་འཇམ་དཔལ་གྱི་དཀྱིལ་འཁོར་བདུན། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། སྙིང་པོ་འཕོ་འགྱུར་སྐྱེ་འཇིག་རྒྱུ་རྐྱེན་དང་བྲལ་བ་ནི་དཀྱིལ། རྩལ་ཟེར་འོད་འགགས་པ་མེད་པ་ནི་འཁོར། ཆེན་པོ་མཁའ་ལྟར་རྣམ་པར་དག་པའི་དཀྱིལ་འཁོར་རོ། །ཡང་འདུས་མ་བྱས་པའི་དཀྱིལ་འཁོར་དེ་བྱར་མེད་པའོ། །དཀྱིལ་འཁོར་གྱི་མཚན་ཉིད་དེ་ལྟར་ཡིན་ནོ། །ཡིན་ནི་ནམ་མཁའ་ལྟར་མཐའ་དང་དབུས་མེད་པས་ཡངས་པའོ། །ནུབ་ཀྱི་སེམས་དཔའ་བཞི་ནི། ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ནི་རྡོ་རྗེ་ཆོས་སོ། །ཉོན་མོངས་ཆེན་པོའི་ལྕགས་ཀྱུ་མཆོག །ཅེས་པ་རྡོ་རྗེ་རྣོན་པོའི་མཚན་ནོ། །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །ཞེས་པ་རྡོ་རྗེ་འཁོར་ལོའི་མཚན་ནོ། །སྣང་བ་ཆེན་པོ་གསལ་བ་ཆེ། །ནི་རྡོ་རྗེ་སྨྲ་བའི་མཚན་ནོ། །ནུབ་ཀྱིའོ། །བྱང་ཕྱོགས་ཀྱི་སེམས་དཔའ་བཞིའི་མཚན་ནི། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །ཞེས་པ་རྡོ་རྗེ་ལས་སོ། །སྒྱུ་འཕྲུལ་ཆེན་པོར་དོན་གྲུབ་པ། །ཞེས་པ་རྡོ་རྗེ་སྲུང་བའི་མཚན་ནོ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །ཞེས་པ་རྡོ་རྗེ་གནོད་སྦྱིན་གྱི་མཚན་ནོ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །ཞེས་པ་རྡོ་རྗེ་ཁུ་ཚུར་ཅན་གྱི་མཚན་ནོ། །དེ་ནི་ཤེས་རབ་ཀྱི་སེམས་དཔའ་བཅུ་དྲུག་གི་མཚན་བརྗོད་ཅིང་མིང་བསྟན་པའོ། །ད་ནི་མཆོད་པའི་ལྷ་མོ་བརྒྱད་བསྟན་ཏེ། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་པས་ལྷ་མོ་སྒེག་མོའི་མཚན་ནོ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །ཅེས་པ་ལྷ་མོ་ཕྲེང་མའོ། །བཟོད་ཆེན་འཆང་བ་བརྟན་པ་པོ། །ཞེས་པ་ལྷ་མོ་དབྱངས་མཁན་མའོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཅེས་པ་ལྷ་མོ་གར་མཁན་མའོ། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཞེས་པ་ལྷ་མོ་མེ་ཏོག་མའོ། །ཤེས་རབ་ཆེན་པོའི་ལུས་འཆང་བ། །ཞེས་པ་ལྷ་མོ་སྤོས་མའོ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །ཞེས་པ་ལྷ་མོ་དྲི་ཆབ་མའོ། །བསམ་པའི་ཁྱད་པར་ཇི་བཞིན་དུ། །ཞེས་པ་ལྷ་མོ་མར་མེ་མའོ། །དེ་ནི་ལྷ་མོ་བརྒྱད་དོ། །ཐབས་ཀྱི་སེམས་དཔའ་བཅུ་དྲུག་ནི། ཤར་གྱི་འཁོར་ལོའི་རྩིབས་ལ་གནས་པའི་བྱང་ཆུབ་སེམས་དཔའ་བཞི་ནི། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་པ་བྱང་ཆུབ་སེམས་དཔའ་བྱམས་པའི་མཚན་བསྟན་ནོ། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་པ་འཇམ་དཔལ་གྱི་མཚན་ནོ། །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །ཅེས་པ་སྤོས་ཀྱི་གླང་པོའི་མཚན་ནོ། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་པ་ཡེ་ཤེས་ཏོག་གི་མཚན་ནོ། །ལྷོའི་འཁོར་ལོའི་རྩིབས་ཀྱི་བྱང་ཆུབ་སེམས་དཔའ་བཞི་ནི། རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཅེས་པ་བྱང་ཆུབ་སེམས་དཔའ་བཟང་སྐྱོང་གི་མཚན་ནོ། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །ཞེས་པ་བྱང་ཆུབ་སེམས་དཔའ་བློ་གྲོས་ཀྱི་མཚན་ནོ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །ཞེས་པ་བློ་གྲོས་མི་ཟད་པའི་མཚན་ནོ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་པ་བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་པའི་མཚན་ནོ། །ནུབ་ཀྱི་འཁོར་ལོའི་སེམས་དཔའ་བཞི་ནི། སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་པ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱི་མཚན་ནོ། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །ཞེས་པ་བྱང་ཆུབ་སེམས་དཔའ་ངན་སོང་ཀུན་འདྲེན་ནོ། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །ཞེས་པ་བྱང་ཆུབ་སེམས་དཔའ་མྱ་ངན་མ་ལུས་པ་ངེས་པར་འཇོམས་པའོ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་པ་བྱང་ཆུབ་སེམས་དཔའ་དྲྭ་བ་ཅན་གྱི་མཚན་ནོ། །བྱང་གི་འཁོར་ལོའི་རྩིབས་ཀྱི་སེམས་དཔའ་བཞི་ནི། མགོན་པོ་རིགས་མཆོག་ཆེན་པོ་སྟེ། །ཞེས་པ་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུའོ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཅེས་པ་བྱང་ཆུབ་སེམས་དཔའ་འོད་དཔག་ཏུ་མེད་པའོ། །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཞེས་པ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་མཚན་ནོ། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་མཚན་བསྟན་པའོ། །དེ་རྣམས་ནི་ཐབས་ཀྱི་སེམས་དཔའ་བཅུ་དྲུག་གི་མཚོན་བྱེད་དོ། །གོང་གི་སྟོབས་པོ་ཆེ་ལ་ཞེས་པ་དང་། ཡེ་ཤེས་རྒྱ་མཚོ་ཞེས་པ་དང་། འོག་ནས་བྱུང་བའི་རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ཞེས་པས་རྩིབས་བཞི་མཚོན་བྱེད་སྒོ་བ་བཞིའོ། །དུག་གསུམ་གནས་གྱུར་པ་ལས་གཙོ་བོ་སུམ་བརྩེགས་པའོ། །དེ་རྣམས་ཀྱིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ། ལྷ་ཚོགས་ལྔ་བཅུ་རྩ་གཅིག་གི་སྒོ་ནས་བསྟན་པའོ། །ལྷ་ཚོགས་སུ་བསྟན་པ་དེ་རྣམས་འགྲེལ་པ་འདིར་དགོས་པ་མེད་དོ་ཞེ་ན། གུ་རུའི་ཞལ་ནས་མ་འདྲེས་ལ་ཡོངས་སུ་གསལ་བར་བྱ་བའི་ཕྱིར་དང་། ཆོས་ཀུན་དང་མཐུན་ལ་ཀུན་ལས་ཁྱད་པར་འཕགས་པའི་ཕྱིར་དགོས་པ་ཡོད་གསུང་ངོ་། །ད་ནི་སྤྱི་ཏི་ཡོ་ག་ལས་འཁྲུལ་པ་འཕྲང་གི་བཀའ་ཚོམས་སུ་བཤད་ཅིང་འབྲུ་གཉེར་རོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་འདི་ཀ་ལྟར་བསྒྲུབ་མི་དགོས་པས་ཆོས་ཉིད་གསལ་དྭངས་ཆེན་པོར་རོ། །སངས་ནི་ཉོན་མོངས་པ་ཐམས་ཅད་དུས་གཅིག་ཏུ་སངས་ཏེ། དེ་ལ་བྱ་བཙལ་དང་ཞེ་འདོད་རྩོལ་སྒྲུབ་མི་དགོས་པས། རང་གི་དེ་ཉིད་སྐྱེ་མེད་ཀ་དག་ཏུ་རྟོགས་པས་ན་རྒྱས་ཞེས་བྱའོ། །བཅོམ་ལྡན་འདས་ནི་གོང་དུ་རྒྱས་པར་བཤད་ཟིན་ཏོ། །རྫོགས་པའི་སངས་རྒྱས་ཨ་ལས་འབྱུང་། །ཞེས་པ་འདི་ལ་ཚིག་ཏུ་བརྗོད་པ་དུམ་བུར་བཅད་དགོས་ཏེ། རྫོགས་པ་ནི་མ་འདྲེས་པ་ལ་ཡོངས་སུ་རྫོགས་པ། མ་སྤངས་ལ་མི་གནས་པར་སངས། རྩོལ་སྒྲུབ་དང་བྱ་རྩོལ་མ་བྱས་པར་ཀུན་ཏུ་བཟང་པོ་ཡར་སངས་རྒྱས་སོ། །ཨ་ནི་གོང་མ་ལྟར་བྱ་བཙལ་རྩོལ་སྒྲུབ་མ་བྱས་པར་སངས་རྒྱས་པ་ཡིན་ལ། ང་བདག་མ་རིག་པའི་དབང་གིས་གོང་ལྟར་མ་རྟོགས་པས་འཁྲུལ་ཏེ། སྤྱི་ཏིའི་འགྲེལ་པའི་གཞུང་གིས། རིག་པ་འཁྲུལ་པའི་རྒྱུ་ཡིན། སེམས་འཁྲུལ་པའི་གཞི་ཡིན། ཡིད་འཁྲུལ་པའི་རྐྱེན་ཡིན། བློ་བྱེད་པ་པོ་འཁྲུལ་པའི་འབྲས་བུ་ཡིན། མ་རིག་པ་དང་བག་ཆགས་རྣམས་ཀྱིས་ཆོས་ཉིད་དེ་མཐོང་དུ་མི་སྟེར་བ་ཡིན་ནོ། །པ་ཞེས་པ་འཁྲུལ་པའི་དཔེ་བསྟན་ཏེ། དུང་ལ་སེར་པོ་མཐོང་བ་དང་། ཟླ་བ་གཉིས་སུ་མཐོང་བ་དང་། ནམ་མཁའ་ལ་མེ་ཏོག་མཐོང་བ་དང་། སྨིག་རྒྱུ་ཆུ་རུ་མཐོང་བ་དང་། སྨིག་སྒྱུའམ་སྲིན་གྱི་ཁ་ཆུ་དང་འདྲ་བར་འཁྲུལ་ལོ། །དེ་ལྟར་རྒྱུད་ནས། ཨ་ལས་བྱུང་། །ཞེས་པས་ཨ་སྐྱེ་མེད་ཡེ་ཤེས་ཅང་མེད་ཡིན་པ་ལ། ཅི་ཡང་མེད་པ་ལ་ཅི་ཞིག་རླུང་གཡོ་མི་གཡོ་ལས་བག་ཙམ་དུ་གཡོས་ཏེ། ཐོལ་ཙམ་ཐོལ་ཙམ་ལ། རླུང་རང་ས་མ་ཟིན་པས་ཤེས་པའི་རྣམ་པ་ཕྱ་སངས་ཁྱེར་ཏེ་རྩལ་ཝལ་པོ་ཅིག་བྱུང་སྟེ། དེ་སྐད་ཤེས་པ་ཕྱ་སངས་ཁྱེར། རིག་པ་འོག་རླུང་ལངས་པས་འཁྲུལ་པའི་རྒྱུ་བྱས། སྐྱེ་མེད་ཀ་དག་ནི་མ་རིག །དངོས་མེད་འོད་གསལ་གྱི་དོན་ནི་མ་རྟོགས་ནས་མ་རིག་པའོ། །ཡང་དག་པའི་དོན་སྙིང་པོ་སྐྱེ་བ་མེད་པ་མ་རིག་པས་ཡིད། འཁོར་ལོ་གསུམ་གྱིས་མུན་པའི་འཁོར་སྒོར་འཁྱམས། འགྲོ་དྲུག་གི་སྡུག་བསྔལ་ཉམས་སུ་མྱོང་ཞིང་འཁོར་བའི་དངོས་པོར་རིག་པས་ན་རིག་པའོ། །དེས་འཁོར་བའི་རྒྱུ་བྱས་སོ། །སེམས་འཁྲུལ་པའི་གཞི་ཡིན། སངས་རྒྱས་དང་སེམས་ཅན། རིག་པ་དང་མ་རིག་པ། འཆར་སྒོ་དང་འཁྲུལ་སྒོ། འཁོར་བ་དང་མྱ་ངན་ལས་འདས་པ། ཕྱི་དང་ནང་དང་སྣོད་བཅུད་རྣམས། རྟོགས་པ་དང་མ་རྟོགས་པ་དང་། བདེ་བ་དང་སྡུག་བསྔལ་བ་དང་། ང་བདག་ཕྱོགས་རིས་དགྲ་གཉེན་ཐམས་ཅད་ནི་སེམས་ངོ་མ་ཤེས་ཤིང་འཁྲུལ་པ་ལས་བྱུང་ངོ་། །རྒྱལ་པོའི་བང་མཛོད་དམ་ཞིང་ས་ལྟ་བུ། ལས་ཐམས་ཅད་དེ་ལས་བྱུང་བས་ན་ཨ་ལས་བྱུང་སྟེ་ཞེས་གསུངས་སོ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པ་ཨ་ནི་ཡི་གེ་ཐམས་ཅད་ཀྱི་མཆོག །ཡང་ན་མེད་ལ་ཀུན་འབྱུང་ཐིམ་པའམ། སྟོང་ཉིད་ལས་བྱུང་ངང་འདས་ཏེ་དེ་ཉིད་དུ་གྲོལ་བའམ། ནམ་མཁའ་ལས་བྱུང་འབྱུང་སར་ཐིམ་པའ་ིགདམས་ངག་འདིའི་གནད་ཀྱིས། ཆུ་ལ་ཆུ་བུར་རྡོལ་བའམ། འོ་མ་དང་ཆུ་འདྲེས་པའམ། ཡུར་ཆུས་རྒྱ་མཚོར་སླེབས་པ་བཞིན་དུ། གཞི་སྟོང་པ་དང་དངོས་མེད་ལས་རྟོགས་པ་སྣ་ཚོགས་སུ་ཤར་ཡང་། དེ་ཉིད་ལ་རང་དུ་ཐིམ་ནས། དང་པོ་ཡང་ཨ། ཐ་མ་ཡང་ཨ་རུ་ཐིམ་ཞེས་སྐྱེ་མེད་དངོས་མེད་དུ་གྲོལ་བས་ན། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་སོ། །འཁྲུལ་པའི་རྒྱུ་རིག་པ་ལོག་སྟེ། རྣམ་པ་ཅི་ཡང་མི་འབྱེད་གཏི་མུག་ཆེན་པོ་སྟེ། འབྱེད་པ་མེད་པའི་གཏི་མུག་ཆོས་ཀྱི་སྐུ་ཞེས་བྱའོ། །ཡང་ན་ཡི་གེ་ཐམས་ཅད་ཀྱི་མཆོག་ནི་ཨ་ཡིན་པའོ། །ཡིད་འཁྲུལ་པའི་རྐྱེན་ཡིན་ཏེ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་བྱའོ། །འཁྲུལ་པའི་དུས་དྲན་པ་ཡིན་ཏེ། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །ཞེས་གསུངས་སོ། །འཁྲུལ་པའི་འབྲས་བུ་བློ་ཡིན་ཏེ། རྒྱུད་ནས་ཀྱང་། སྟོང་པ་ཉིད་དགའ་འདོད་ཆགས་བློ། །ཞེས་གསུངས་སོ། །དེ་རྣམས་ཀྱིས་ནི་བརྒྱུད་པ་རིམ་འཁྲུལ་གྱི་འཁྲུལ་པ། ནམ་མཁའི་མེ་ཏོག་གམ། ཟླ་བ་གཉིས་སུ་སྣང་བ་ལྟར་རམ། སྨིག་རྒྱུ་ལ་ཆུ་རུ་འཁྲུལ་པ་ལྟ་བུར་འཁྲུལ་ལོ། །དོན་ཆེན་ཡི་གེ་དམ་པ་ཡིན། །ཅེས་པས། དོན་ཆེན་པོ་ནི་སྐྱེ་བ་མེད་པའི་དོན། ཡི་གེ་ནི་ཨའོ། །དམ་པ་ནི་ཀ་དག །ཡིན་ཞེས་པ་བློའི་ཆོས་ལས་འདས་པ་ཡིན་ནོ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་པ། ཁོང་ནས་བྱུང་ནི་སྙིང་པོ་ཆོས་ཉིད་མའི་ཁོང་ནས་སོ། །འབྱུང་བ་ནི་འོད་གསལ་རྩལ་ཟེར་རོལ་པ་སྣ་ཚོགས་སོ། །སྐྱེ་མེད་ཅེས་པ་ཡན་ལག་རྩལ་ཟེར་རོལ་པ་གཞན་དུ་མ་ཞུགས་ཤིང་མ་ཆགས་པས་སླར་སྙིང་པོ་མ་ལ་ཐིམ་པས་ན། རིག་མེད་ཀ་དག་གོ། །རིག་པ་ལ་སྐྱེ་རྒྱུ་དང་མྱོང་མེད་དེ་སངས་ནས། སྐྱེ་བ་མེད་ཅེས་བྱའོ། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པ། སྐྱེ་མེད་ཀ་དག་ལ་ཚིག་ཏུ་བརྗོད་པ་མེད་པའོ། །སྤངས་པ་ནི་ཐ་སྙད་རྟོག་པའི་ཚིག་གི་ཚོགས་རྣམས་སྤངས་པའོ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་པ། དོན་མཚོན་ཅིང་བརྗོད་དུ་མེད་པའི་མཆོག་ཏུ་གྱུར་པའོ། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ། ཚིག་ཀུན་ནི་ཚིག་ཚོགས་ཐམས་ཅད་དོ། །ཡང་དག་པའི་དོན་ལ་བརྗོད་དུ་མེད་པའོ། །གསལ་བར་བྱེད་ནི་དོན་ཐམས་ཅད་ཁོང་ནས་གསལ་བར་བྱེད་པའོ། །མཆོད་པ་ཆེན་པོ་འདོད་ཆགས་ཆེ་དང་། ཞེ་སྡང་ཆེ་དང་། གཏི་མུག་ཆེ་དང་། ཆགས་པ་ཆེ་དང་། མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཞེས་པ་རྣམ་པ་ལྔ་ནི། དེ་ནི་དུག་ལྔ་མ་སྤངས་ལ་གནས་སུ་དག་ཅིང་རང་གྲོལ་པས་ན་ཡེ་དོན་གྱི་སངས་རྒྱས་ཡིན་ཏེ། མ་བཅོས་མ་བསླད་མ་བསྒྱུར་མ་སྐྱེས་མ་བསྒྲུབས་ཏེ། ཡེ་དོན་གྱི་སངས་རྒྱས་རྣམ་པ་ལྔ་ནི། ལམ་མ་ནོར་བའི་སངས་རྒྱས་ཞེས་བྱ་སྟེ། འདོད་ཆགས་མ་སྤངས་གནས་སུ་དག་པའི་སངས་རྒྱས་དང་། ཞེ་སྡང་རང་གྲོལ་བའི་སངས་རྒྱས་དང་། གཏི་མུག་རང་སངས་འོད་གསལ་འབྱེད་པ་མེད་པའི་སངས་རྒྱས་དང་། སེར་སྣས་མ་བཅིངས་མ་གྲོལ་བའི་སངས་རྒྱས་དང་། ཕྲག་དོག་མ་བསྒྱུར་གནས་སུ་དག་པའི་སངས་རྒྱས་རྣམ་པ་ལྔ་སྟེ། ཡེ་དག་ཡེ་གྲོལ་ཡེ་སངས་ཡེ་འདས་ཀྱི་སངས་རྒྱས་དང་ལྔ་ཞེས་བྱ་སྟེ། དེ་ནི་སེམས་ཅན་ཐམས་ཅད་ལ་གནས་པས། དེ་རྣམས་ཀྱི་དོན་རྟོགས་ན་འགྲོ་བ་ཀུན་ཀྱང་མ་སྤངས་ལ་གནས་སུ་དག་པའི་སངས་རྒྱས་ཞེས་བྱའོ། །རྒྱུད་ནས་ཀྱང་། མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་གསུངས་སོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པའི་དུག་གསུམ་དང་དུག་ལྔ་ངང་འདས་རང་གྲོལ་མ་སྤངས་པར་གནས་སུ་དག་པས། ལམ་མ་ནོར་བ་གསུམ་ལམ་ལྔ་སྟེ། ཡང་དག་ངེས་པའི་སངས་རྒྱས་ཀྱི་ལམ་ལྔ་ཡིན་ནོ། །ཡང་ན་འཁྲུལ་པར་བཤད་ན། མེད་པ་གློ་བུར་གྱི་འཁྲུལ་པ་སྟེ། གཞི་ལ་འཁྲུལ་པ་མེད་ཀྱང་རྣམ་པར་རྟོག་པའི་བློས་བཟུང་བས། འདོད་ཆགས་སྔར་མེད། སྐྱེ་བ་རྩལ་ལ་སོགས་པ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་མེད་པ་ལ་ཡོད་པར་འཛིན། མི་རྟག་པ་ལ་རྟག་པར་འཛིན། བརྫུན་པ་ལ་བདེན་པར་འཛིན། ཀུན་རྫོབ་ལ་དོན་དམ་དུ་བཟུང་བས་ན། སེམས་ཅན་ཐམས་ཅད་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་བཞིན་དུ་འཁྲུལ་ལོ། །དཔེར་ན་རྨི་ལམ་ནོར་རྫས་བཞིན། །མེད་བཞིན་སྣང་བ་བདེན་པར་བཟུང་། །མེད་ལ་ཡོད་བཟུང་རྒྱུ་ཉིད་ཀྱིས། །རྨི་ལམ་ཚུལ་དུ་སྡུག་བསྔལ་མྱོང་། །ཞེས་གསུངས་སོ། །དེ་རྣམས་ནི་མེད་པ་གློ་བུར་གྱི་འཁྲུལ་པའོ། །ད་ནི་ཡི་གེའི་འབྲུ་བཤད་དེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་པས། མཆོད་པ་ཆེན་པོ་ཞེས་པ་ཐེག་པའི་རིམ་པ་དགུ་ལ་མཆོད་པ་འབུལ་ལུགས་མི་འདྲ་བ་དགུ་ཡོད་དེ། དེ་རང་ས་བཤད་པས་མི་ལངས་པས་རང་རང་གི་དཀྱུས་ན་ཞིབ་པར་ཡོད་དོ། །ཐེག་པ་དགུའི་རྩེ་སྤྱི་ཏིའི་རྩེ་རྒྱལ། མཆོད་བསྟོད་འོ་དོད་མཁན་གྱི་ཕྱགས་ཤིང་། དབྱངས་མཁན་རྫས་མཆོད་སངས་རྒྱས་ལྟོ་བོ་ཆེ། ཡིད་སྨོན་རྩོལ་སྒྲུབ་མཁན་གྱི་ཕུས་འདེབས། རྩོལ་ཞིང་སྒྲུབ་མི་དགོས་པར་ཁྱད་པར་འཕགས་པའི་མཆོད་པ་ཆེན་པོ་འདི་གསུངས་སོ། །མཆོད་པ་ཞེས་པ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གཟུང་འཛིན་ཆགས་སྡང་མེད་པར། དངོས་པོ་རྟག་ཆད་ཡོད་མེད་རིལ་པོ་མ་ལུས་ལུས་པ་མེད་པ་མཆོད་པར་འབུལ་ལོ། །ཆེན་པོ་ནི་ཡིད་དམ་དྲན་རིག་མྱོང་ཚོར་མེད་པར་གསལ་དག་ཡིན་པས་ན་ཆེན་པོའོ། །འདོད་ཆགས་ཆེ་ཞེས་པ། འདོད་པ་ནི་སྐྱེ་མེད་ཀྱི་དོན། ཆགས་པ་ནི་ཀ་དག །ཆེ་བ་ནི་གཞན་གྱི་འགྲན་ཟླ་མེད་པས་ན་ཆེ་བའོ། །དེ་གཉིས་ཀ་འདོད་པ་དང་ཆགས་པའི་བློ་ལས་ཡོངས་སུ་གྲོལ་ཞིང་འདས་སོ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པ། མཆོད་པ་འབུལ་མཁན་གྱི་གང་ཟག །འབུལ་རྒྱུའི་རྫས། ད་ལྟ་འབུལ་བའི་ལྷའམ་སངས་རྒྱས་དོན་དམ་པ་ལ་མི་དམིགས་པས། ཁམས་གསུམ་ཡོངས་སུ་དག་པའམ་མ་སྤངས་གནས་སུ་དག་ཅིང་འཛིན་པ་ཐམས་ཅད་ཡོངས་སུ་གྲོལ་བས་ན། སེམས་ཅན་ཐམས་ཅད་དགའ་བར་བྱེད་པའོ། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེས་པ། མཆོད་པ་ནི་ཡུལ་དང་ཡུལ་ཅན་དུ་མ་དམིགས་ཏེ། མ་ཕུལ་ཡོངས་ལ་ཁྱབ་པའི་མཆོད་པའོ། །ཞེ་སྡང་ནི་ལྟ་བ་ལོག་ཅིང་གྲུབ་མཐའ་ངན་པ་ལ་ཞེ་སྡང་བའོ། །ཆེ་བ་ནི་སྤྱི་ཏི་སྟེ་འགྲན་ཟླ་མེད་པའོ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་པ། ཉོན་མོངས་པ་ནི་ལྔའོ། །དེའི་དགྲ་ནི་བླ་མ་དམ་པའི་གདམས་པ་རྟོགས་པ་ཁོང་དུ་ཆུད་པས། དེ་ཡིས་ཉོན་མོངས་པའི་དགྲ་ཐམས་ཅད་འཇོམས་པའོ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །ཞེས་པ། མཆོད་པ་སྣ་ཚོགས་པ་ནི་སྣང་སྲིད་ཐམས་ཅད་མ་ཆགས་ཤིང་མི་གནས་ཏེ། བྱ་བཙལ་རྩོལ་སྒྲུབ་ལས་འདས་པའི་མཆོད་པའོ། །ཆེན་པོ་ནི་དབྱེ་བསལ་མེད་པའོ། །གཏི་མུག་ནི་གང་ལའང་འབྱེད་པ་མེད་པའོ། །ཆེ་བ་ནི་སྙིང་པོ་ཆོས་ཀྱི་སྐུའོ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་པ། ཆོས་ཐམས་ཅད་ལ་རྣམ་པ་ཅིར་ཡང་མི་འབྱེད་པའི་གཏི་མུག་སྟེ། བློ་དེ་ནི་གཏིང་གསལ་ངང་དག་གོ། །རང་བྱུང་འོད་གསལ་ཆེན་པོ་དེས། །མ་རིག་པས་མ་ཤེས་ཤིང་མུན་པའི་སྨག་རུམ་དུ་ཆུད་པ་རྣམས་ཀྱི་གཏི་མུག་དང་། སེམས་ཅན་མ་རྟོགས་པ་རྣམས་ཀྱི་མ་རིག་པ་སེལ་བའོ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཞེས་པ། མཆོད་པ་ནི་མ་ཕུལ་བར་ཀུན་ལ་ཁྱབ་པའོ། །ཆེན་པོ་ནི་འཛིན་ཆགས་མེད་པའོ། །ཁྲོ་བ་ནི་ཐ་མལ་པའི་ཞེ་སྡང་ཅན་ལ་ཁྲོ་བའོ། །ཆེ་བ་ནི་སྤྱི་ཏི་ཡོ་གའོ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཞེས་པ། མཆོད་པ་ནི་སྣ་ཚོགས་བློས་ཐོངས་པའི་མཆོད་པའོ། །ཆགས་པ་ནི་འོད་གསལ་ཆེན་པོའི་བདེ་བའོ། །ཆེ་ཞེས་པ་ཡེ་ཤེས་ཆེན་པོའོ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་པ། ཆགས་པ་ནི་འཁོར་བ་ལ་ཆགས་པའོ། །དེ་སེལ་བར་བྱེད་པ་ནི་སྐྱེ་མེད་ཀ་དག་གི་གདམས་ངག་གོ། །འདོད་པ་ཆེན་པོ་བདེ་བ་ཆེ། །ཞེས་པ། འདོད་པ་ནི་ཡང་དག་པའི་དོན། ཆེན་པོ་ནི་སྐྱེ་མེད་ཀ་དག །བདེ་བ་ཆེན་པོ་ནི་འོད་གསལ་ངང་འདས་སོ། །དགའ་བ་ཆེན་པོ་མགུ་བ་ཆེ། །ཞེས་པ། དགའ་བ་ནི་སྐྱེ་མེད་ཀ་དག་དེ་རྟོགས་པས་དགའ་བའི། །མགུ་བ་ནི་བྱར་མེད་བློ་འདས་རྟོགས་པ་ལ་མགུ་བའོ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཞེས་པ། སྐྱེ་མེད་ཀ་དག་དེ་གཟུགས་ཆེ་སྟེ། བློས་སྤྱོད་ཡུལ་དུ་མ་གྱུར་པའོ། །མིང་མེད་བློ་འདས་དེ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་ཡུལ་དུ་མ་གྱུར་ཅིང་མི་བཏུབ་པའོ། །རིན་པོ་ཆེ་སྣང་བྱེད་ལས་ཀྱང་། རྣམ་སེམས་ཡུལ་དུ་མ་གྱུར་ལ་དམིགས་དང་བྲལ་ཅེས་གསུངས་སོ། །ལུས་ཀྱང་ཆེ་བ་སྟེ། ཚད་དང་དབྱིབས་ལས་འདས་པའོ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །ཞེས་པ། ཁ་དོག་ནི་འོད་ཁ་དོག་རྣམ་པ་ལྔའོ། །ཆེ་ཞིང་ནི་འོད་གསལ་བའོ། །ལུས་བོང་ཆེ་ཞེས་པ་འོད་ཀྱི་གཟི་བརྗིད་ཀུན་ཏུ་འཕྲོ་ཞིང་སླར་འོད་ཀྱི་ནང་དུ་ཐིམ་སྟེ་འོད་ཀྱི་གོང་བུར་གནས་པའོ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། ཞེས་པ། མིང་ཆེ་བ་ནི་མཚོན་དུ་མི་བཏུབ་པ་སྟེ་བརྗོད་པ་ལས་འདས་པ། ཡང་ཆེ་ཞེས་པ་སྙིང་པོ་སྐྱེ་བ་མེད་པ་དང་། ཐབས་རྒྱ་ཆེ་བའི་འཇམ་དཔལ་ལོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པ། དཀྱིལ་འཁོར་ལ་བསམ་གྱིས་མི་ཁྱབ་ཀྱང་། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། ཐབས་རྒྱ་ཆེ་བ་དང་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་གཉིས་སོ། །ཐབས་ཀྱི་དཀྱིལ་འཁོར་ནི། འཇམ་དཔལ་གྱི་དཀྱིལ་འཁོར་བདུན་ནོ། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། སྙིང་པོ་འཕོ་འགྱུར་དང་སྐྱེ་འཇིག་རྒྱུ་རྐྱེན་དང་བྲལ་བ་ནི་དཀྱིལ། རྩལ་ཟེར་འོད་གསལ་འགག་པ་མེད་པ་ནི་འཁོར་རོ། །ཆེན་པོ་ནི་མཁའ་སྟེ་རྣམ་པར་དག་པའི་དཀྱིལ་འཁོར་རོ། །ཡངས་པ་ནི་འདུས་མ་བྱས་ཀྱི་དཀྱིལ་འཁོར་ཏེ་བྱར་མེད་བློ་འདས་སོ། །ཡིན་ནི་དཀྱིལ་འཁོར་གྱི་མཚན་ཉིད་དེ་ལྟར་ཡིན་པའོ། །ཡང་ན་ནམ་མཁའ་ལྟར་མཐའ་དབུས་མེད་པས་ཡངས་པའོ། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཞེས་པ། ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་དེ་ཉིད་ཤེས་པའོ། །མཚོན་ཆེན་ནི་ཤེས་རབ་ཀྱིས་མཚོན་གྱིས་ཉོན་མོངས་པ་ཐམས་ཅད་དུས་གཅིག་ཏུ་གཅོད་པས་ན། །མཚོན་ཆེན་འཆང་བའོ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །ཅེས་པ། ཉོན་མོངས་པ་ལྔ། ལྕགས་ཀྱུ་ནི་ཉོན་མོངས་འཁོར་བའི་འདམ་ན་གནས་པ་རྣམས་ཐུགས་རྗེའི་ལྕགས་ཀྱུས་འདྲེན་པའོ། །ཆེ་བའི་མཆོག་ནི་དེའི་གོང་ན་ལྕགས་ཀྱུ་གཞན་མེད་པས་ན་ཆེ་བའི་མཆོག་གོ། །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །ཞེས་པ། གྲགས་ཆེན་ནི་ཐེག་པ་ཐམས་ཅད་ལས་རྒྱུད་འདི་གྲགས་སོ། །སྙན་གྲགས་ཆེན་པོ་ནི་སྤྱི་ཏི་ཡོ་གའོ། །སྣང་བ་ཆེན་པོ་གསལ་བ་ཆེ། །ཞེས་པ། སྣང་བ་ནི་རང་སྣང་སྟེ། དེ་རང་སར་གྲོལ་བས་གསལ་བ་ཆེའོ། །ཡང་ན་སྣང་བ་ནི་རྫོགས་པ་ཆེན་པོའི་སྣང་བ་སྟེ། ཆོས་ཉིད་རང་སྣང་ངོ་། །གསལ་བ་ནི་སྒོ་ལྔ་ཡུལ་ལྔ་ལ་མ་ཞུགས་ཤིང་མ་ཞེན། ཡིད་གཉིས་ཕྱི་ནང་གཟུང་འཛིན་མེད་ན། ཡེ་ཤེས་ཟང་ཐལ་ཆེན་པོ་སྟེ་གསལ་དང་འོད་གསལ་ཆེན་པོའོ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །ཞེས་པ། མཁས་པ་ནི་གསུམ་སྟེ། སྔོན་བྱུང་གི་མཁས་པ་དང་། རྗེས་འཇུག་གི་མཁས་པ་དང་། གདུང་འཚོབ་ཀྱི་མཁས་པ་དང་གསུམ་མོ། །དེ་གསུམ་གྱི་གདུང་འཚོབ་པ་པདྨ་འབྱུང་གནས་ཡིན་ཏེ། སྤྱི་ཏི་གུ་རུ་པདྨས་གསང་སྔགས་ཀྱི་དོན་ཆོས་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་པ་མཁྱེན་ཅིང་། སྒོམ་སྒྲུབ་རྣམ་གསུམ་ལ་མཁས་པར་གྲགས། དེའི་ནང་ནས་གསང་བ་སྒྱུ་འཕྲུལ་བརྒྱ་བརྒྱད་ཅུ་རྩ་གཉིས་པ་ལ་སོགས་ཏེ། སྒྱུ་འཕྲུལ་གྱི་ཆོས་ཆེན་པོ་མ་ལུས་པ་ཐམས་ཅད་པདྨས་འཆང་བའོ། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །ཞེས་པ། སྒྱུ་འཕྲུལ་གྱི་དོན་བསྙེན་སྒྲུབ་རྣམ་པ་གསུམ་པོ་དེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསྒྲུབས་པས་ཚེ་ལ་དབང་བའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། རིག་འཛིན་བརྒྱད་ལ་སོགས་ཏེ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཆེན་པོའི་དོན་གྲུབ་པའོ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །ཞེས་པ། སྒྱུ་ཡབ། འཕྲུལ་ཡུམ། དྲྭ་བ་ཐབས་དང་ཤེས་རབ་ཏུ་འབྲེལ་བ། ཆོ་གའི་ཡན་ལག་ལྔ་གསུམ་བཅོ་ལྔ་བསྙེན་སྒྲུབ་རྣམ་པ་བཞི་དང་། ཏིང་ངེ་འཛིན་རྣམ་པ་གསུམ། ཏ་ན་ག་ཎ་གཉིས་ཀྱི་སྒོ་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་གྲུབ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྲུབ་པས། དེ་ལ་དགའ་བས་དགའ་ཞེས་བྱའོ། །ཡང་ན་སྤྱི་ཏིའི་ལུགས་ཀྱིས། སྒྱུ་སྙིང་པོ་མ། འཕྲུལ་ཡན་ལག་བུ། ཆེན་པོ་ནི་མ་བུ་དབྱེར་མེད་དོ། །དགའ་བས་དགའ་ནི། སྙིང་པོ་དང་ཡན་ལག་འཕྲད་པས་སྙིང་པོ་ཀློང་ནས་ཤར་བས་དགའ་བས་དགའོ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །ཞེས་པ། སྒྱུ་ཀུན་གཞི། འཕྲུལ་འཁོར་འདས་གཉིས། ཆེན་པོ་ནི་གདམས་ངག་སྟེ། འཁོར་འདས་གཉིས་སུ་མེད་པར་རྟོགས་པའོ། །མིག་འཕྲུལ་ཅན་ཅེས་པ་སྒྱུ་མ་མཁན་བཟང་པོས་རྒྱལ་པོའི་སྤྱན་སྔར་སྒྱུ་མའི་མིག་འཕྲུལ་སྣ་ཚོགས་པ་སྤྲུལ་སྟེ། ཁོའི་བུ་མོ་རྒྱལ་པོ་ལ་བཅོལ་ནས། སུམ་ཅུ་རྩ་གསུམ་ལྷ་དང་ལྷ་མ་ཡིན་གྱི་ཡུལ་ན་འཁྲུག་པ་འཐབ་པས་བདག་གིས་དེའི་གན་དུ་ཕྱིན་ལ་འཆི་ཡིས། བདག་གི་བུ་མོ་འདི་གར་ཡང་མ་བཏང་ཞིག་བྱས་ནས་ཕྱིན་པ་ལྟར་རོ། །དེར་ཅུང་ཞིག་ལོན་ཙ་ན། སྔོན་ལ་ཁོའི་འཁོར་གསུམ་བྱུང་། དེ་ནས་ནམ་མཁའ་ནས་གོ་རྣམས་ལྷུང་ནས་བྱུང་། དེ་ནས་སྒྱུ་མ་མཁན་རང་གི་མགོ་བོ་བཅད་ནས་བྱུང་། དེ་ནས་ཁོག་སྟོད་བྱུང་། དེ་ནས་ཁོག་སྨད་བྱུང་། དེར་རྒྱལ་པོས་རོ་དེ་བསྲེགས་པས། ཁོའི་བུ་མོ་ཡང་མེ་ལ་མཆོངས་ཏེ་ཚིག་གོ། །དེར་རོ་བསྲེགས་ཟིན་པ་ཙམ་ན་སྒྱུ་མ་མཁན་བྱུང་སྟེ་ད་བདག་གི་བུ་མོ་བཅོལ་བ་དེ་ཞུ་འཚལ་ཞེས་པའོ། །དེར་གོང་གི་ལོ་རྒྱུས་བརྗོད་ཅིང་བདེན་པར་བཟུང་ཡང་སྒྱུ་མ་མཁན་རང་ཡིན་པ་དང་བདེན་པའི་བློ་མི་སྐྱེ་སྟེ། མིག་འཕྲུལ་ཡིན་ལ་རྫུན་ནམ་བསླུ་བྲིད་ཡིན་ནོ། །དཔེ་དེ་བཞིན་དུ་འཁྲུལ་སྣང་འཁོར་བའི་ཆོས་རྣམས་ནི་མི་བདེན་རྫུན་པ་ཡིན་ཏེ། མིག་འཕྲུལ་ལམ་འཁྲུལ་པ་རྫུན་པར་རིག་པར་བྱའོ། །མིག་འཕྲུལ་ནི་རྟ་བོང་བུར་བཏང་བའམ། བོང་བུ་རྟར་བཏང་བའམ། མིག་ཏུ་བཅུག་ནས་ཁར་འོང་བའམ། ཁར་བཅུག་པས་མིག་ཏུ་འོངས་པ་ལྟ་བུའོ། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་པ། སྦྱིན་བདག་ཆེན་པོ་ནི་རྒྱལ་པོ་ཤུ་ལོ་གར་པས་ཡན་ལག་གི་དང་པོ་མགོ་བོ་སྦྱིན་པར་གཏོང་ནུས་པ་ལྟ་བུའོ། །གཙོ་བོ་དེ་ནི་སྣང་སྲིད་ཡོངས་སུ་གྲོལ་ཏེ་སྦྱིན་པའི་གཙོ་བོའོ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །ཅེས་པ། ཚུལ་ཁྲིམས་ལ་གསུམ་སྟེ། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་དང་། བསླབ་པའི་ཚུལ་ཁྲིམས་དང་གསུམ་མོ། །ཆེན་པོ་ཞེས་པ་སྐྱེ་མེད་ཀ་དག་གི་ཚུལ་ཁྲིམས་ཆེན་པོའོ། །འཆང་བ་ནི་སྐལ་ལྡན་གྱིས་བྱར་མེད་བློ་འདས་སུ་འཆང་བའོ། །བཟོད་ཆེན་འཆང་བ་བརྟན་པ་པོ། །ཞེས་པ། བཟོད་པ་ནི་ཁྲོ་བ་དང་ཡུལ་ངན་པ་རྣམས་ལ་བཟོད་པའོ། །ཆེན་པོ་ནི་ཞེ་སྡང་རང་གྲོལ་ཏེ་རྒོལ་བ་ངན་པ་ཚར་གཅོད་པའོ། །བརྟན་པ་ནི་སྐྱེ་མེད་ཀ་དག་གི་དོན་བརྟན་པའོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་པ། བརྩོན་འགྲུས་ཆེན་པོ་ནི་ཡང་དག་པའི་དོན་ལ་བརྩོན་པའོ། །བརྟུལ་བ་ནི་ཉོན་མོངས་པའི་རྟོག་པ་ཐམས་ཅད་བརྟུལ་བའོ། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཞེས་པ། བསམ་གཏན་ནི་མི་དམིགས་པའི་བསམ་གཏན་རྟོག་མེད་ཆེན་པོའོ། །ཏིང་འཛིན་གནས་ཞེས་བྱ་བ་རྩོལ་བ་མེད་པའི་དགོངས་པའོ། །ཤེས་རབ་ཆེན་པོའི་ལུས་འཆང་བ། །ཞེས་པ། ཤེས་རབ་ཆེན་པོ་ནི་གསུམ་སྟེ། ཐོས་པ་དང་བསམ་པ་དང་སྒོམ་པ་དང་གསུམ་མོ། །ལུས་ནི་ཡེ་ཤེས་ཀྱི་ལུས་འཆང་བའོ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །ཞེས་པ། སྣང་སྲིད་ཐམས་ཅད་དུས་གཅིག་སངས་རྒྱས་པར་མཁྱེན་པ་དེ་བཞིན་དུ་སྟོབས་ཆེ་བའོ། །ཐབས་ཆེ་བ་ནི་རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་པར་མཁྱེན་པ་དེ་ཐབས་ཆེ་བའོ། །ཐབས་ཀྱི་རྒྱལ་པོ་བྱར་མེད་བློ་ཡི་ངང་ལ་གནས། །ཞེས་གསུངས་སོ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་པ། སྨོན་ལམ་གྱི་བསམ་དུ་མེད་ཅིང་བློ་བྱེད་པ་པོ་སྟོར་བའོ། །ཡེ་ཤེས་ནི་ཀ་དག་གི་ཡེ་ཤེས་སོ། །རྒྱ་མཚོ་ནི་ལྔ་སྟེ། ལྟ་བ་རྒྱ་མཚོ་དང་། སྒོམ་པ་རྒྱ་མཚོ་དང་། སྤྱོད་པ་རྒྱ་མཚོ་དང་། མན་ངག་རྒྱ་མཚོ་དང་། འབྲས་བུ་རྒྱ་མཚོ་དང་ལྔའོ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་པ། བྱམས་ཆེན་ནི་བུ་གཅིག་པའི་མ་བཞིན་དུ་སེམས་ཅན་ཐམས་ཅད་ཕྱོགས་རིས་མེད་པའི་བྱམས་པ་ཀུན་ལ་ཁྱབ་པའོ། །རང་བཞིན་ནི་སྐྱེ་མེད། དཔག་ཏུ་མེད་ཅེས་པ་བློ་འདས་དེ་ལ་ཡོན་ཏན་དཔག་ཏུ་མེད་པའོ། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་པ། སྙིང་རྗེ་ལ་གསུམ་སྟེ། ཕྱོགས་རིས་མེད་པའི་སྙིང་རྗེ། ཀུན་ལ་ཁྱབ་པའི་སྙིང་རྗེ། ཅིར་མི་འབྱེད་ཀྱི་སྙིང་རྗེ་དང་གསུམ་མོ། །བློ་ཡི་ཆོས་ལས་གྲོལ་བས་བློ་ཡི་མཆོག །ཅེས་གསུངས་སོ། །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །ཞེས་པ། ཤེས་རབ་ནི་དབྱེ་བ་མེད་པའི་ཤེས་རབ་བོ། །བློ་ཆེན་ལྡན་ཅེས་པ་ནི་བློ་ཆེན་པོ་འདི་དང་ལྡན་ན་སྤྱི་ཏིའི་གདམས་ངག་ཤོང་པའོ། །ལྡན་པ་ནི་གདམས་ངག་དང་ལྡན་པའོ། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་པ། མཁས་པ་ཆེན་པོ་ནི་གསང་བདག་ཆེན་པོ་སྟེ། སྐྱེ་མེད་ཀ་དག་ལ་མཁས་པའོ། །ཆེན་པོ་ནི་གཞན་ལས་ཁྱད་པར་འཕགས་པའོ། །ཐབས་ཆེ་བ་ཞེས་པ་ཐབས་ཀྱི་རྒྱལ་པོ་བྱ་བཙལ་རྩོལ་སྒྲུབ་དང་བྲལ་བའོ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཞེས་པ། རྫུ་འཕྲུལ་ནི་ཐབས་ཅི་དང་ཅིས་འདུལ་བའི་རྫུ་འཕྲུལ་མངའ་བའོ། །སྟོབས་དང་ལྡན་པ་ནི་ལྟ་བ་ཟབ་མོ་རྟོགས་པའི་སྟོབས་དང་ལྡན་པའོ། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །ཞེས་པ། ཤུགས་ནི་རང་བཞིན་གྱི་ཤུགས། ཆེན་པོ་ནི་དོན་རྟོགས་པ། མགྱོགས་པ་ནི་རང་བཞིན་གྱི་དོན་སྤྱོད་པ་ལ་མགྱོགས་པའོ། །ཆེན་པོ་ནི་སྤྱི་ཏི་ཡོ་གའི་རྣལ་འབྱོར་རོ། །རྫུ་འཕྲུལ་ཆེན་པོར་ཆེར་གྲགས་པ། །ཞེས་པ། རྫུ་འཕྲུལ་ལ་གསུམ་སྟེ། སྟོད་ནས་མེ་འབར་བའི་རྫུ་འཕྲུལ་སོགས་འཁོར་མ་དད་པ་དད་པར་བྱ་བའི་རྫུ་འཕྲུལ་དང་། དད་པ་སྨིན་པར་བྱེད་པའི་རྫུ་འཕྲུལ་དང་། སྨིན་པ་གྲོལ་བར་བྱེད་པའི་རྫུ་འཕྲུལ་དང་། ཆེན་པོ་ནི་སྤྱི་ཏི་ཡོ་གའི་དོན་རྟོགས་པའོ། །ཆེར་གྲགས་པ་ནི་འཇམ་དཔལ་ནི་ཐེག་པ་ཀུན་ལ་ཆེར་གྲགས་པའོ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་པ། སྤྱི་ཏི་ཡོ་ག་རྟོགས་པའི་སྟོབས་ཀྱིས། སྤྱི་ཏི་ཡོ་ག་མན་ཆོད་ཉན་ཐོས་ཡན་ཆད་ཀྱི་ཐེག་པ་ཟིལ་གྱིས་གནོན་པའོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་པ། སྲིད་པ་ཞེས་པ་སེམས་ཅན་ཐམས་ཅད་དུ་སྲིད་པ། རི་བོ་ཞེས་ང་རྒྱལ་གྱི་རི་བོ། ཆེན་པོ་ནི་ཉོན་མོངས་པ་ཐམས་ཅད་དེ། ཐམས་ཅད་འཇོམས་པ་ནི་སྐྱེ་མེད་ཀ་དག་གི་གདམས་ངག་གོ། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །ཞེས་པ། མཁྲེགས་པ་ནི་སྐྱེ་བ་མེད་པའི་དོན་དེ་མཁྲེགས་ཤིང་། རྡོ་རྗེ་ཞེས་པ་རྡོ་རྗེ་ལྟ་བུ་དུས་གསུམ་དུ་འཕོ་འགྱུར་མེད་པར་གནས་པའོ། །ཆེན་པོ་ནི་དེའི་གོང་ན་གཞན་མེད་པས་ཆེན་པོའོ། །འཆང་ཞེས་པ་ནི་དེ་རྣལ་འབྱོར་པས་འཆང་བའོ། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །ཞེས་པ། དྲག་པོ་ནི་ཁྲོ་བོ་ཆེན་པོ། དྲག་ཤུལ་ཆེ་བ་ནི་སྐྱེ་མེད་ཀ་དག་བྱར་མེད་བློ་འདས་སོ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་པ། འཇིགས་ཆེན་ནི་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་དོ། །ཡང་ན་འཇིགས་ཆེན་ནི་ཉོན་མོངས་པ་རྣམ་པ་ལྔའོ། །འཇིགས་པར་བྱེད་པ་པོ་ནི་ཡེ་ཤེས་ལྔའམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ལ་སོགས་པའི་སྐུའོ། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །ཞེས་པ། མགོན་པོ་ནི་བཅོམ་ལྡན་འདས་ཏེ། སེམས་ཅན་རྣམས་ཀྱི་མགོན་དང་སྐྱབས་མཛད་པའོ། །རིགས་མཆོག་ཆེན་པོ་ནི་སྐྱེ་མེད་སྙིང་པོ་ཆིག་ཆོད་ལ་བྱའོ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཅེས་པ། བླ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས། མ་ནི་དེ་སྐྱེད་པར་བྱེད་པའི་རྒྱུའོ། །ཡང་ན་བླ་མ་ནི་སེམས་ཅན་ཉོན་མོངས་པས་མནར་ཞིང་འཁོར་བའི་རྒྱ་མཚོར་འཁྱམས་ཤིང་ཆུད་པ་རྣམས་ལ་ཐུགས་རྗེས་སྐྱོབ་པའོ། །གསང་བ་ནི་བློ་ཡི་ཡུལ་དུ་མ་གྱུར་པའོ། །སྔགས་ནི་ཡང་དག་པའི་དོན་ལ་སྔགས་སོ། །ཆེ་བ་ནི་སྤྱི་ཏི་ཡོ་གའོ། །མཆོག་ནི་གོང་ན་མེད་པའོ། །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཞེས་པ། ཐེག་པ་ནི་གསང་སྔགས་ཀྱི་ཐེག་པའོ། །ཚུལ་ལ་གནས་པ་ནི་ཐེག་པ་བརྒྱད་དོ། །ཡང་ན་ཐེག་པ་ལ་རྣམ་པ་བཞི། ཐེག་པའི་ངོ་བོ་དང་གཅིག །ཐེག་པའི་དབྱེ་བ་དང་གཉིས། ཐེག་པའི་ངེས་ཚིག་དང་གསུམ། ཐེག་པའི་རྣམ་གྲངས་དང་བཞིའོ། །ངོ་བོ་ནི་སྙིང་པོའོ། །དབྱེ་བ་ནི་ཐེག་པ་དགུའོ། །ངེས་ཚིག་ནི་འགྲོ་བ་ཐེག་པ་འདིར་འགྲོ་བས་ན་ཐེག་པའོ། །འདེགས་པ་དང་ཐེག་པ་བྱེད་པས་ན་ཐེག་པའི་ངེས་ཚིག །ཐེག་པའི་ཁྱད་པར་ནི་ཤེས་རབ་དང་སྙིང་རྗེ་སྟེ། ཤེས་རབ་དང་སྙིང་རྗེ་ཆེ་ན་ཐེག་པ་ཆེན་པོའོ། །སྙིང་རྗེ་ཤེས་རབ་ཆུང་ན་ཐེག་པ་ཆུང་བའོ། །ཐེག་པའི་རྣམ་གྲངས་ནི་བརྒྱད་ཁྲི་བཞི་སྟོང་ངོ་། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པ། ཐེག་པ་ཆེན་པོ་ནི་བསྐྱེད་རྫོགས་རྣམ་གསུམ་མོ། །ཚུལ་ནི་ཀྲི་ཡོག་སྡེ་གསུམ་མོ། །གྱི་ནི་མཚན་ཉིད་སྡེ་གསུམ་སྟེ་ཐེག་པ་དགུར་ཕྱེ་བའོ། །མཆོག་ནི་རྫོགས་ཆེན་སྤྱི་ཏི་ཡོ་གའི་ཐེག་པ་དེ་ཡན་ཆོད་ཀྱིས་འགྲེལ་པ་འདིའི་ལུགས་ཀྱིས་འཁྲུལ་པ་འཕྲང་གི་བཀའ་ཚོམས་ཀྱི་སྐབས་བསྟན་པའོ། །གོང་དུ་སྨྲས་པ་ནི་ལྷ་ཚོགས་ཀྱི་མཚན་ཉིད་བསྟན་པའོ། །མ་འདྲེས་པ་ལ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཤད་པ་ལས་ཟློས་པ་ནི་མ་ཡིན་ནོ། །རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། སྐབས་འདིས་ཀྱང་ཚིག་འདྲེས་མར་ཡོད་ཀྱང་འཁྲུལ་པ་གཞི་ཆེར་བསྟན་ཏོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ། འདི་ལ་འབྲུ་ལྔའམ་བཅུ་ཐམ་པར་བཤད་དོ། །ལྔ་རུ་བཤད་ན། མཚན་ཉིད་སྡེ་གསུམ་དུ་བཤད་པ་དང་། ཀྲི་ཡོག་སྡེ་གསུམ་དུ་བཤད་པ་དང་། བསྐྱེད་རྫོགས་གཉིས་སུ་བཤད་པ་དང་། རྫོགས་ཆེན་ལྟར་བཤད་པ་དང་བཞི། སྤྱི་ཏིའི་རྣམ་པར་སྣང་མཛད་དུ་བཤད་པ་དང་ལྔའོ། །དེ་ལ་མཚན་ཉིད་སྡེ་གསུམ་གྱི་སངས་རྒྱས་ནི་བཅོམ་ལྡན་འདས་ཡིན་ནོ། །ཀྲི་ཡོག་སྡེ་གསུམ་གྱི་སངས་རྒྱས་ནི་དཔལ་རྣམ་པར་སྣང་མཛད་དོ། །བསྐྱེད་རྫོགས་གཉིས་ཀྱི་སངས་རྒྱས་ནི་དཔལ་རྡོ་རྗེ་སེམས་དཔའོ། །རྫོགས་པ་ཆེན་པོའི་སངས་རྒྱས་ནི་དཔལ་ཀུན་ཏུ་བཟང་པོའོ། །དེ་རྣམས་ལས་སྤྱི་ཏིའི་སངས་རྒྱས་ནི་སྔོན་ཐོག་གི་སྤྱི་ཕུད་ཀྱི་སངས་རྒྱས་སོ། །སྤྱི་ཏིའི་གཞུང་གིས། བློས་བཏགས་མོས་པའི་ཆོས་དང་རྩོལ་སྒྲུབ་སངས། བློ་འདས་བྱར་མེད་ཆེན་པོར་རྒྱས། རྣམ་པ་ནི་ཡུལ་གྱི་རྣམ་པ། སྣང་མཛད་ནི་ངང་འདས་གསལ་དག་རང་གྲོལ་ཏེ། ཆོས་ཉིད་ཟང་ཐལ་གསལ་དག་ཆེན་པོའི་སྣང་བའོ། །མཛད་པ་ནི་དོན་དམ་པ་དེས་སེམས་ཅན་རྣམས་ཀྱི་དོན་མཛད་པའོ། །ཆེ་བ་ནི་རྣམ་པ་ལྔ་སྟེ། རྟེན་མེད་ཀྱི་ལྟ་བ་ཆེ་བ་དང་། རྟོག་མེད་ཀྱི་སྒོམ་པ་ཆེ་བ་དང་། ཞེན་མེད་ཀྱི་སྤྱོད་པ་ཆེ་བ་དང་། འདའ་མེད་ཀྱི་དམ་ཚིག་ཆེ་བ་དང་། རེ་མེད་རང་གནས་སྐུ་གསུམ་ལྷུན་གྲུབ་ཀྱི་འབྲས་བུ་ཆེ་བ་དང་ལྔའོ། །རྫོགས་ཆེན་ལྟར་བཤད་ན། རྣམ་པར་སྣང་མཛད་ནི། རྩོལ་སྒྲུབ་སངས། བྱ་རྩོལ་མེད་པར་རྒྱས། རྣམ་པ་ནི་ཆོས་ཡུལ་ཆོས་ཉིད་རྣམ་པ། སྣང་བ་ནི་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པའོ། །མཛད་པ་ནི་སྐལ་ལྡན་གྱི་དོན་མཛད་པའོ། །ཆེ་བ་ནི་རྣམ་པ་ལྔ་སྟེ། བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ་ལ་སོགས་པ་ལྔའོ། །ཨ་ནུ་ཡོ་ག་ལྟར་བཤད་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སངས། མ་བསྐྱེད་ཡོངས་སུ་རྫོགས་ཏེ། རིགས་ལྔ་བདེ་བར་གཤེགས་པར་སངས་རྒྱས། རྣམ་པ་ནི་ཕྱིའི་ཡུལ་སྣ་ཚོགས་ཀྱི་རྣམ་པའོ། །སྣང་བ་ནི་ཡུལ་དེ་སྣང་བ་རང་བཞིན་མེད་དེ་དབྱིངས་ཀྱི་སྣང་བའོ། །མཛད་པ་ནི་ནང་ནས་རིག་པ་ཅི་སྐྱེས་པ་ཡེ་ཤེས་ཏེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ། ཆེ་བ་ནི། ས་ཆུ་སྤྱན་དང་མཱ་མ་ཀི། །མེ་རླུང་གོས་དཀར་དམ་ཚིག་སྒྲོལ། །ནམ་མཁའ་དབྱིངས་ཀྱི་དབྱིངས་ཕྱུག་མ། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཅེས་པས་ཆེ་བའི་ཡེ་ཤེས་རྣམ་པ་ལྔའོ། །མ་ཧཱ་ཡོ་ག་ལྟར་བཤད་ན། སངས་པ་ནི་དུག་ལྔ་ལས་སངས། རྒྱས་པ་ཡེ་ཤེས་ལྔར་རྒྱས། རྣམ་པ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དོ། །སྣང་བ་ནི་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་སྣང་བའོ། །མཛད་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་མཛད་པའོ། །ཆེ་བ་ནི་སྣང་སྟོང་གཉིས་ལས་འདས་པས་ཆེ་བའོ། །ཕྱི་རྒྱུད་ཀྲི་ཡོག་སྡེ་གསུམ་ལྟར་བཤད་ན། །ཀྲི་ཡ་ལྟར་ན། ཉོན་མོངས་པའི་དྲི་མ་སངས། དག་པ་ཆོས་ཉིད་དུ་རྒྱས། རྣམ་པར་ནི་ཡུལ། སྣང་བ་ནི་རིགས་གསུམ་ལྷར་སྣང་བའོ། །མཛད་པ་ཁྲུས་དང་གཙང་སྦྲ་གཙོར་མཛད། ཆེ་བ་ནི་མགོན་པོ་གསུམ་གྱིས་ཆེ་བའོ། །ཨུ་པ་ཡ་ལྟར་ན་རིགས་བཞིའི་སངས་རྒྱས་སོ། །རྣམ་པར་ནི་ལྷའི་རྣམ་པ། སྣང་བ་ནི་དག་པའི་སྣང་བ། མཛད་པ་ནི་ཕྲིན་ལས་བཞི་མཛད། ཆེ་བ་ནི་དག་པ་ཆོས་ཉིད་ཀྱིས་ཆེ་བའོ། །ཡོ་གའི་ལུགས་ལྟར་ན་སངས་རྒྱས་རྣམ་པར་སྣང་མཛད་དེ། རྣམ་པར་ནི་ཕྱིའི་ཡུལ་རྣམས་སོ། །སྣང་བ་ནི་ཡོ་གའི་ལྷ་ཚོགས་སུམ་ཅུ་སོ་གཉིས་སུ་སྣང་བའོ། །མཛད་པ་ནི་ཕྲིན་ལས་རྣམ་པ་བཞི་མཛད། སྐྱེ་འགག་གཉིས་སུ་མེད་པས་ན་ཆེ་བའོ། །མཚན་ཉིད་སྡེ་གསུམ་ལྟར་བཤད་ན། ཉན་ཐོས་ལྟར་བཤད་ན། སངས་རྒྱས་ནི་དགྲ་བཅོམ་པའོ། །རྣམ་པར་སྣང་ནི་ཕྱིའི་ཡུལ་རྡུལ་ཕྲ་རབ་ཏུ་སྣང་བའོ། །མཛད་པ་ནི་དཀའ་ཐུབ་དང་བརྟུལ་ཞུགས་མཛད། ཆེ་བ་ནི་འཕགས་པ་དགྲ་བཅོམ་པ་ཆེ་བའོ། །རང་རྒྱལ་ལྟར་དུ་བཤད་ན། སངས་རྒྱས་ནི་རང་སངས་རྒྱས་པའོ། །རྣམ་པར་ནི་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་རྣམ་པ། སྣང་བ་ནི་རྟེན་འབྲེལ་ལུགས་སུ་བཟློག་པ་སྟེ། ཡུལ་གྱི་རྣམ་པ་མེད་དེ་སྟོང་པར་སྣང་བའོ། །མཛད་པ་ནི་རང་དོན་གྱི་སྒོ་ནས་གཞན་དོན་ཤས་འགའ་ཡང་མཛད་པའོ། །ཆེ་བ་ནི་རང་སངས་རྒྱས་ཀྱི་དགེ་འདུན་བསེ་རུ་ལྟར་ཉག་གཅིག་ཏུ་གནས་པས་ཆེ་བའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལྟར་བཤད་ན། སངས་པ་ནི་སྤང་བྱ་མ་ལུས་པ་སངས་ལ། རྒྱས་པ་ནི་ཐོབ་བྱ་མ་ལུས་པ་ཐམས་ཅད་རྒྱས་པའོ། །རྣམ་པར་ནི་ཡུལ་གྱི་རྣམ་པ་ཐམས་ཅད་སྒྱུ་མ་ལྟ་བུའི་དཔེ་བརྒྱད་ཀྱི་རྣམ་པའོ། །སྣང་བ་ནི་རང་བཞིན་མེད་པའོ། །མཛད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའོ། །ཆེ་བ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པས་ཆེ་བའོ། །དེ་རྣམས་ནི་ཐེག་པ་བཅུ་ཐམ་པར་བཤད་ཅིང་འབྲུ་མནན་པའོ། །ཡང་ན་སངས་པ་ནི་སྒྲིབ་པ་རྣམ་པ་གཉིས་སྤངས་པས་སངས། རྒྱས་པ་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ་ཆེ་བའི་བདག་ཉིད་ཡོངས་སུ་རྒྱས་པའོ། །རྣམ་པར་སྣང་ནི་སྐུའི་རྣམ་པ་སྣང་བ་ནི་འོད་ཁ་དོག་ལྔར་སྣང་བ་ལ་རང་བཞིན་མེད་པའོ། །མཛད་པ་ནི་ཕྲིན་ལས་བཞིར་མཛད་པའོ། །ཡང་ན་རྣམ་པ་ནི་ཆོས་ཐམས་ཅད་སེམས་ཀྱི་སྣང་བའི་མཚན་ཉིད་ཡིན་ཏེ། ཐེག་པ་དགུ་དང་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་རྩ་བ་བྱང་ཆུབ་སེམས་ཀྱི་ངོ་བོར་སྣང་སྲིད་ཀྱི་ཆོས་ཐམས་ཅད་དུ་སྣང་བའོ། །མཛད་པ་ནི་རྩོལ་སྒྲུབ་མེད་པའི་དོན་མཛད། ཆེ་བ་ནི་རྣམ་པ་ལྔར་ཤེས་པར་བྱ་སྟེ། སྙིང་པོ་མིང་མེད་ཆེ་བ་དང་། སྐྱེ་མེད་ཀ་དག་ཆེ་བ་དང་། དངོས་མེད་ཟང་ཀ་ཆེ་བ་དང་། བྱར་མེད་རྩོལ་བྲལ་ཆེ་བ་དང་། སྒྲུབ་མེད་བློ་འདས་ཆེ་བ་དང་རྣམ་པ་ལྔའོ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་པ། ཐུབ་ཆེན་ཞེས་པ་ཡང་འབྲུ་བཅུར་བཤད་དེ། ཉན་ཐོས་ཀྱི་དཀའ་ཐུབ་ཀྱི་སྡོམ་པ་ཐུབ། དེ་ལ་སོགས་པ་ཐེག་པ་རིམ་པ་དགུ་རང་རང་གི་དམ་ཚིག་དང་སྡོམ་པ་རྣམས་ཐུབ་པའོ། །སྤྱི་ཏི་ཡོ་གས་ཀ་དག་སྐྱེ་བ་མེད་པའི་དོན་ཐུབ་པའོ། །ཐུབ་པ་ཆེན་པོ་ནི་རང་བྱུང་གི་ཡེ་ཤེས་ཀྱིས་ང་བདག་མ་རིག་དུག་ལྔ་དུག་གསུམ་ལ་སོགས་ཏེ་ཉོན་མོངས་པ་ཐམས་ཅད་ཐུབ་པ་ཡིན་ནོ། །ཐུབ་ཆེན་ནི་བྱར་མེད་བློ་འདས་སྐྱེ་མེད་ཀ་དག་གི་དགོངས་པས་ཐུབ་པའོ། །ལྡན་པ་ནི་དེ་གསལ་དག་ཆེན་པོར་ལྡན་པའོ། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཞེས་པ། འབྲུ་བཅུར་ཚིག་ཡོ་ལ་བཤད་དགོས་ཏེ། གསང་བ་ནི་ཟབ་པའི་དོན་ཏེ་བསྟན་དུ་མི་བཏུབ་པའོ། །སྔགས་ནི་ཡང་དག་པའི་དོན་ནོ། །གསང་སྔགས་ནས་གདམས་ངག་ཐམས་ཅད་འབྱུང་བས་ན་བྱུང་ཞེས་བྱའོ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་པ། གསང་བ་ནི་སྐྱེ་མེད། སྔགས་ནི་འོད་གསལ། ཚུལ་ཆེན་ནི་ཀ་དག །བདག་ཉིད་ཅེས་པ་བློ་བྱེད་པ་པོ་ལས་འདས་པའོ། །ཅན་ཞེས་པ་རྟོགས་པ་ཅན་ནོ། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་པ། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅུ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་སྤྱོད་ཅིང་དེའི་དོན་གྱིས་ཡང་དག་པའི་དོན་ཐོབ་པའོ། །ད་རྫོགས་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཞེས་པ། དང་པོ་ཁོ་ནར་ལུས་ངག་ཡིད་གསུམ་གྱི་བྱ་བ་བཏང་ནས་ཟབ་མོའི་ཆོས་ལ་བརྩོན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནས་ཡུལ་རྫས་དང་འཁོར་དང་ལོངས་སྤྱོད་ལ་མ་ཆགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བསམ་མེད་རྟོག་མེད་གཡོ་འགུལ་མེད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བག་ཆགས་དང་ཉོན་མོངས་པའི་དྲི་མ་ཀ་ནས་དག་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐབས་ཀྱི་རྒྱལ་པོ་བྱར་མེད་པས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྨོན་པའི་སངས་རྒྱས་རང་ལས་རྙེད་པས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཟབ་མོ་དངོས་མེད་ཀྱི་དོན་ལ་བཟོད་ཚུགས་པས་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སྟོང་པ་ཀུན་འབྱུང་གཉིས་མེད་ཟང་ཐལ་དུ་རྟོགས་པས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྐྱེ་མེད་ཀློང་དུ་མངོན་སུམ་དུ་སངས་རྒྱས་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་དེ་དག་ཐམས་ཅད་ལ་རང་བྱུང་ངང་འདས། རིག་པ་ཐོལ་བྱུང་འབྱུང་སར་ཐིམ། སྣང་བ་རང་གྲོལ་ཞེན་པ་མེད། སེམས་ཅན་ཐམས་ཅད་ཡེ་སངས་རྒྱས་པར་རྟོགས་ན་འཁྲུལ་པ་དང་ནོར་བའི་ས་མེད་པས། ཤེས་རབ་རྒྱལ་པོ་འབྱེད་པ་མེད་པར་རྟོགས་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དགོངས་པ་ཆེན་པོ་བཅུ་ལ་གནས་པས་ན། ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཞེས་གསུངས་སོ། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཞེས་པ། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དེ་མ་བསྒྲུབ་པར་ཡེ་ནས་གྲུབ་པའོ། །སྦྱིན་པ་མ་བཏང་རང་གྲོལ་ལོ། །བརྩོན་འགྲུས་མ་བྱས་བྱ་རྩོལ་དག །བསམ་གཏན་མ་བསྒོམ་འཛིན་རྟོག་གྲོལ། །ཚུལ་ཁྲིམས་མ་བསྲུང་སྒྲིབ་གཉིས་དག །སྨོན་ལམ་མ་བཏབ་རང་ལ་གྲུབ། བཟོད་པ་མ་བསྒོམ་རང་རྒྱུད་ཐུལ། ཐབས་ཀྱི་རྒྱལ་པོ་བྱར་མེད་ངང་ལ་གནས། ཡེ་ཤེས་རྒྱལ་པོ་སྐྱེ་མེད་ཀ་དག་ཤེས། ཤེས་རབ་རྒྱལ་པོ་འབྱེད་པ་མེད་པས་འཛིན། གནས་ལུགས་དེ་ལ་གནོད་བྱེད་བདུད་མེད་པས། །རང་ས་བཅུ་རུ་ཡོངས་སུ་ཡེ་དག་གོ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་པ། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བཅུ་བསྟན་ཏེ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་བཅུར་འདོད། །ཅེས་པས། དེ་ལ་སྦྱིན་པ་ལ་གསུམ་སྟེ། སྐྱབས་ཀྱི་སྦྱིན་པ་དང་། །ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་གསུམ་མོ། །ཚུལ་ཁྲིམས་ལ་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་མོ། །བཟོད་པ་ལ་གསུམ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། གཞན་གྱིས་གནོད་པ་ཇི་མི་སྙམ་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་གསུམ་མོ། །བརྩོན་འགྲུས་ལ་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཡོངས་སུ་མཐར་ཕྱིན་པའི་བརྩོན་འགྲུས་དང་གསུམ་མོ། །བསམ་གཏན་ལ་གསུམ་སྟེ། ཉེས་པ་སྤོང་བའི་བསམ་གཏན་དང་། རྣམ་པར་གནས་པ་ཙམ་གྱི་བསམ་གཏན་དང་། རབ་འབྱོར་བའི་བསམ་གཏན་དང་གསུམ་མོ། །ཤེས་རབ་ལ་གསུམ་སྟེ། ཐོས་པ་ལས་བྱུང་བའི་ཤེས་རབ་དང་། བསམ་པ་ལས་བྱུང་བའི་ཤེས་རབ་དང་། སྒོམ་པ་ལས་བྱུང་བའི་ཤེས་རབ་དང་གསུམ་མོ། །ཐབས་ལ་གསུམ་སྟེ། རང་གི་སྐྱོན་སྤོང་བའི་ཐབས་དང་། སེམས་ཅན་འཇུག་པར་བྱེད་པའི་ཐབས་དང་། མྱུར་དུ་མངོན་པར་བྱང་ཆུབ་བྱེད་པའི་ཐབས་དང་གསུམ་མོ། །སྨོན་ལམ་ལ་གསུམ་སྟེ། རང་གི་ཚོགས་དང་འབྲེལ་བ་ཅན་གྱི་སྨོན་ལམ་དང་། སེམས་ཅན་གྱི་དོན་ལ་རྗེས་སུ་འབྲེལ་བའི་སྨོན་ལམ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་སྨོན་ལམ་དང་གསུམ་མོ། །སྟོབས་ལ་གསུམ་སྟེ། ལས་ལས་ཟློག་པར་བྱེད་པའི་སྟོབས་དང་། ཉོན་མོངས་པ་སྤོང་བའི་སྟོབས་དང་། བདུད་དང་ཕ་རོལ་གྱི་སྡེ་རབ་ཏུ་ཟློག་པར་བྱེད་པའི་སྟོབས་དང་གསུམ་མོ། །ཡེ་ཤེས་ལ་གསུམ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། རྣམ་པར་མི་རྟོག་པ་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡེ་ཤེས་དང་། ཐབས་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་དང་གསུམ་མོ། །སྤྱི་བསྡོམ་པས་བཅུའོ། །ཕ་རོལ་ཕྱིན་པ་བཅུ་ལ་གསུམ་གསུམ་དུ་ཕྱེ་བས་སུམ་ཅུར་ཤེས་པར་བྱའོ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ཞེས་པ། མགོན་པོ་ཞེས་པས་གསང་བའི་བདག་པོའོ། །ཡང་ན་སེམས་ཅན་ཉོན་མོངས་པས་གདུང་བ་རྣམས་ཀྱི་མགོན་དང་སྐྱབས་མཛད་པའོ། །ས་བཅུ་ཞེས་པ་ནི་སྤྱི་ཏི་ཡོ་གའི་ལུགས་ཀྱིས་གཞན་དུ་བགྲོད་དུ་མེད་དེ། འོ་ན་ཡང་མ་རྟོགས་པ་ལ་རེ་ཞིག་ཙམ་དུ་བགྲང་ན། ཡེ་ནས་གནས་པའི་ས་དང་གཅིག །རང་དག་ཆེན་པོའི་ས་དང་གཉིས། ཡེ་སྦྱངས་ཡེ་གནས་ཆེན་པོའི་ས་དང་གསུམ། ཡེ་བགྲོད་ཆེན་པོའི་ས་དང་བཞི། རང་བྱུང་ཆེན་པོའི་ས་དང་ལྔ། ངང་འདས་ཆེན་པོའི་ས་དང་དྲུག །འོད་གསལ་ཆེན་པོའི་ས་དང་བདུན། གསལ་དག་ཆེན་པོའི་ས་དང་བརྒྱད། རང་སངས་ཆེན་པོའི་ས་དང་དགུ། རང་གྲོལ་ཆེན་པོའི་ས་དང་བཅུའོ། །དབང་ནི་སྐྱེ་མེད་ཀྱི་དོན་ལ་དབང་། ཕྱུག་ནི་ཀ་དག་ཆེན་པོའི་དོན་ལ་ཕྱུག་གོ། །དེས་ན་སྐྱོན་མེད་ཉིད་དུ་བཤད། དེ་ནི་སྤྱི་ཏི་ཡོ་གའི་དབང་ཕྱུག་གོ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་པ། ཕ་རོལ་ཏུ་ཕྱིན་བཅུའི་ས་བཅུ་བསྟན་ཏེ། ས་དང་པོ་རབ་ཏུ་དགའ་བའི་ས། གཉིས་པ་དྲི་མ་མེད་པའི་ས། གསུམ་པ་འོད་འཕྲོ་བའི་ས། བཞི་པ་འོད་བྱེད་པའི་ས། ལྔ་པ་སྦྱང་དཀའ་བའི་ས། དྲུག་པ་མངོན་དུ་གྱུར་པའི་ས། བདུན་པ་རིང་དུ་སོང་བའི་ས། བརྒྱད་པ་མི་གཡོ་བའི་ས། དགུ་པ་ལེགས་པའི་བློ་གྲོས་ཀྱི་ས། བཅུ་པ་ཆོས་ཀྱི་སྤྲིན་གྱི་སའོ། །དེའི་ཕྱིར། ས་བཅུ་ལ་ནི་གནས་པ་པོ། །ཞེས་གསུངས་སོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཞེས་པ། སྤྱི་ཏིའི་གཞུང་གིས་ཤེས་རྒྱུད་དོན་ལ་མེད་ཀྱང་སློབ་མ་ལ་མཚོན་ན། ཡེ་མེད་དུ་ཤེས་པ་དང་། དུས་མེད་དུ་ཤེས་པ་དང་། ཐོག་མ་མེད་པར་ཤེས་པ་དང་། སྐྱེ་མེད་དུ་ཤེས་པ་དང་། ཀ་དག་ཏུ་ཤེས་པ་དང་། དངོས་མེད་དུ་ཤེས་པ་དང་། བློ་འདས་སུ་ཤེས་པ་དང་། ཟང་ཀ་རུ་ཤེས་པ་དང་། མིང་མེད་དུ་ཤེས་པ་དང་། ཐ་མ་མེད་པར་ཤེས་པ་དང་བཅུའོ། །རྣམ་པ་ནི་ཕྱིའི་ཡུལ་གྱི་རྣམ་པ། དག་པ་ནི་གསལ་དག་རང་གྲོལ་དུ་དག་པའོ། །བདག་ཉིད་ཅན་ཅེས་པ་ནི། རྣལ་འབྱོར་པ་སྐལ་བ་དང་ལྡན་པའི་བདག་ཉིད་དེ། རྟོགས་པའི་བདག་ཉིད་དམ་བླ་མའི་གདམས་པའི་གནད་བློའི་གཏིང་དུ་གོ་ནས་སེམས་དང་ཆོས་སུ་འདྲེས་པའི་བདག་ཉིད་ཅན་ནོ། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་པ། ཤེས་བཅུ་ནི་གོང་དུ་བཤད་ཟིན། རྣམ་དག་ཅེས་པ་སྣང་སྲིད་ཀྱི་ཆོས་ཐམས་ཅད་ལ་གསལ་དག་རང་གྲོལ་དུ་རྣམ་པར་དག་པའོ། །འཆང་བ་ནི་སྐལ་ལྡན་གྱི་རྣལ་འབྱོར་པས་འཆང་བའོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཞེས་པ། རྣམ་པ་བཅུ་ནི། ཀུན་གཞིའི་རྣམ་པ་དང་། རླུང་གི་རྣམ་པ་དང་། འོད་ཀྱི་རྣམ་པ་དང་། ཟེར་གྱི་རྣམ་པ་དང་། ཤེས་པའི་རྣམ་པ་དང་། རིག་པའི་རྣམ་པ་དང་། མ་རིག་པའི་རྣམ་པ་དང་། ཡིད་ཀྱི་རྣམ་པ་དང་། འཁྲུལ་སྒོའི་རྣམ་པ་དང་། འཁྲུལ་ཚུལ་གཟུགས་ལྔའི་རྣམ་པ་དང་བཅུའོ། །དོན་བཅུའི་དོན་ཅེས་པ་འཁྲུལ་པའི་དོན་བཅུ་པོ་དེ་ལ། འཁྲུལ་པ་ལྡོག་པའི་དོན་བཅུས་རྩད་ནས་གཅོད་ཅིང་ལྡོག་པས་ན་དོན་བཅུའི་དོན་ཅེས་གསུངས་སོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་བཅུའི་ལུགས་ཀྱི་ཤེས་བཅུ་རྣམ་དག་ཅེས་པ་ནི་ཤེས་པའི་རྣམ་གྲངས་བཅུ་སྟེ། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟག་པ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་བཅུའོ། །རྣམ་དག་ཅེས་པ། གཟུགས་རྣམ་པར་དག་པ་དང་། ཚོར་བ་རྣམ་པར་དག་པ་དང་། འདུ་ཤེས་རྣམ་པར་དག་པ་དང་། འདུ་བྱེད་རྣམ་པར་དག་པ་དང་། རེག་པ་རྣམ་པར་དག་པ་དང་། སྲིད་པ་རྣམ་པར་དག་པ་དང་། ལེན་པ་རྣམ་པར་དག་པ་དང་། མིང་དང་གཟུགས་རྣམ་པར་དག་པ་དང་། སྐྱེ་མཆེད་དྲུག་རྣམ་པར་དག་པའོ། །དེས་ན་རྣམ་དག་ཅེས་པའོ། །འཆང་ཞེས་པ་རྣལ་འབྱོར་པས་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འཆང་བའོ། །ཡང་ན། རྣམ་པ་བཅུ་པོ་དོན་བཅུའི་དོན། །ཅེས་པ། མཚན་གྱི་གཞུང་དུ་བཤད་ན། རྣམ་བཅུ་ཞེས་པ་འདི་ལྟར་སྟེ། གཅིག་པུར་འཛིན་པའི་རྣམ་པ་དང་། རྒྱུར་འཛིན་པ་དང་། ཟབ་པར་འཛིན་པ་དང་། བྱེད་པར་འཛིན་པ་དང་། རང་དབང་དུ་འཛིན་པ་དང་། བདག་པོར་འཛིན་པ་དང་། རྟག་པར་འཛིན་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འཛིན་པ་དང་། རྣལ་འབྱོར་ཅན་དུ་འཛིན་པ་དང་། མ་གྲོལ་བ་གྲོལ་བར་འཛིན་པ་དང་། དོན་ནི་རྣམ་པ་བཅུ་ཞེས་པའོ། །དོན་བཅུ་ཞེས་པ་ནི་འདི་ལྟ་སྟེ། རྩ་བའི་དེ་ཉིད་ཁོ་ན་ཉིད་དང་། མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང་། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དང་། འབྲས་བུའི་དེ་ཁོ་ན་ཉིད་དང་། རགས་པའི་དེ་ཁོ་ན་ཉིད་དང་། ཕྲ་བའི་དེ་ཁོ་ན་ཉིད་དང་། གྲགས་པའི་དེ་ཁོ་ན་ཉིད་དང་། རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་དང་། བསྡུས་པའི་དེ་ཁོ་ན་ཉིད་དང་། དབྱེ་བའི་དེ་ཁོ་ན་ཉིད་དང་བཅུ་སྟེ། རྣམ་པ་བཅུ་པོ་དེ་ལྟར་བདག་ཏུ་འཛིན་པ་ནི་ཡིན་ཏེ། དེའི་གཉེན་པོར་དོན་བཅུར་རིག་པར་བྱའོ། །དོན་བཅུའི་དོན་དང་སྦྱར་རོ། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཅེས་པ། ཐུབ་པ་ནི་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཀ་དག་བློ་འདས་ཀྱི་དགོངས་པས་ཐུབ་པའོ། །གདུལ་རྒྱུ་གང་ཐུབ་ན་འགོང་པོ་ང་བདག་མུན་པའི་སྨག་རུམ་ཅན་ཐུབ་པའོ། །སྟོབས་བཅུ་ཞེས་པ། རྟོགས་པའི་སྟོབས་དང་། མཁྱེན་པའི་སྟོབས་དང་། གདམས་པའི་སྟོབས་དང་། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། བྱ་བ་བཏང་བའི་སྟོབས་དང་། སྙན་རྒྱུད་མན་ངག་གི་སྟོབས་དང་། ལྟ་བའི་སྟོབས་དང་། སྒོམ་པའི་སྟོབས་དང་། སྤྱོད་འབྲས་མངོན་དུ་འགྱུར་པའི་སྟོབས་དང་བཅུའོ། །ཁྱབ་པའི་བདག་ནི། བཅོམ་ལྡན་འདས་ཀྱི་ཐུགས་རྗེས་ཀུན་ལ་མ་ཁྱབ་པ་མེད་ཅིང་། སེམས་ཅན་ཡོངས་ལ་ཁྱབ་པས་ན། ཁྱབ་པའི་བདག་ཅེས་བྱའོ། །ཀུན་གྱི་དོན་ནི་མ་ལུས་བྱེད། །ཅེས་པ། ཀུན་ནི་འགྲོ་བ་སེམས་ཅན་རྣམས་སོ། །དེ་རྣམས་ཀྱིས་བྱང་ཆུབ་ཐོབ་པར་བྱ་བའི་དོན་མ་ལུས་པ་ཐབས་སྣ་ཚོགས་བྱེད་པ་ནི། བློ་ཆེ་ཆུང་ལྟར་ཐེག་པ་ཆེ་ཆུང་གི་སྒོ་ནས་ཐབས་སྣ་ཚོགས་ཀྱིས་འགྲོ་བ་མ་ལུས་པའི་དོན་བྱེད་པའོ། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པ། དེ་ལ་རྣམ་བཅུ་ནི་གོང་དུ་བཤད་ཟིན། དབང་ནི། སྐྱེ་བ་ཁྱད་པར་ཅན་ལ་དབང་བ་དང་། སྐལ་ལྡན་བླ་མའི་གདམས་ངག་ཁྱད་པར་ཅན་ལ་དབང་དང་། སྙིང་པོ་དོན་གྱི་བཅུད་ལ་དབང་བ་དང་། བྱར་མེད་བློ་འདས་ལ་དབང་བ་དང་། འབྲས་བུའི་ཆོས་ལ་དབང་བ་དང་། འདུས་མ་བྱས་ཀྱི་ཆོས་ལ་དབང་བ་དང་། གཏད་སོ་དང་བྲལ་བ་རྟེན་མེད་ཕྱལ་བའི་ལྟ་བ་ལ་དབང་བ་དང་། བསྒོམ་བྱ་སྒོམ་བྱེད་ལས་འདས་པ་བསམ་དུ་མེད་པའི་དོན་ལ་དབང་བ་དང་། བྱ་རྩོལ་དགག་སྒྲུབ་དང་བྲལ་ཏེ་བྱར་མེད་ཞེན་མེད་ཀྱི་དོན་ལ་དབང་བ་དང་། རེ་མེད་རང་གནས་ཀྱི་དོན་ལ་དབང་བ་དང་བཅུའོ། །ལྡན་པ་ནི་སྙིང་པོ་སྐྱེ་བ་མེད་པ་ལྡན། ཆེ་བ་ནི་ལྔ་སྟེ། སྐྱེ་བ་མེད་པས་ཆེ། འགགས་པ་མེད་པས་ཆེ། གཉིས་སུ་མེད་པས་ཆེ། རང་གྲོལ་བས་ཆེ། ཀ་དག་བློ་ལས་འདས་པས་ཆེ་བའོ། །པོ་ཞེས་པ་ཐེག་པའི་རྒྱལ་པོ་སྤྱི་ཏི་ཡོ་ག་ཉིད་ཐེག་པ་གཞན་ལས་འཕགས་པའོ། །ཐོག་མ་མེད་པ་སྤྲོས་མེད་བདག །ཅེས་པ། འཁོར་བ་སྤྱི་བཙན་ལ་ཐོག་མ་དང་ཐ་མ་གཉིས་ཀ་མེད། གང་ཟག་སྒོས་བཙན་ལ། རྒྱུ་རང་གི་དད་པ། རྐྱེན་བླ་མའི་གདམས་ངག་རྟོགས་ནས་སངས་རྒྱས་པ་ལ་ཐ་མ་ཡོད་དེ། སྤྲོས་མེད་བདག །ཅེས་པ། གཞིའི་གནས་ལུགས། འདུག་ཚུལ། མ་བཅོས་མ་བསླད། ཚིག་དང་ཡི་གེ་ཐམས་ཅད་ལས་འདས་ཤིང་གྲོལ་ལོ། །བདག་ནི་མཚོན་པའི་ཚིག་དང་མིང་ལས་འདས་ཏེ། དོན་རྟོགས་པའི་བདག་གོ། །དེ་བཞིན་ཉིད་བདག་དག་པའི་བདག །ཅེས་པ། དེ་བཞིན་སྙིང་པོ་གཞི་མ་བཅོས་པ་ཉིད་ཆོས་ཉིད། བདག་འགག་མེད། དག་པའི་བདག་ཅེས་པ་ཀ་དག་ཟང་ཀ་མའོ། །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཞེས་པ། སྙིང་པོ་ཆོས་ཉིད་སྐྱེ་བ་མེད་པ་མ་བཅོས་པའི་དོན་དེ་ནི་བདེན་པའོ། །དེ་སྨྲ་བ་ནི་སློབ་དཔོན་དགའ་རབ་རྡོ་རྗེའོ། །ཡང་ན་སྐྱེ་བ་མེད་པར་སྨྲ་བའོ། །ཚིག་ནི་མཚོན་པའོ། །མི་འགྱུར་བ་ནི་བྱར་མེད་བློ་འདས་དེ་དུས་དང་རྣམ་པ་ཐམས་ཅད་དུ་མི་འགྱུར་བའོ། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་པ། བླ་མའི་གདམས་ངག་ཇི་སྐད་སྨྲས་པ་དེ་བཞིན་བྱེད་ཅེས་པ་སྐལ་ལྡན་གྱི་སློབ་མས་བྱེད་པའོ། །གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་པ། གཉིས་ནི་ཡུལ་སེམས་གཉིས། མེད་པ་ནི་ཡུལ་སེམས་གཉིས་སུ་མེད་པའོ། །ཡང་ན་གཉིས་མེད་ནི་མ་བུ་དབྱེར་མེད་དེ། སྙིང་པོ་དང་ཡན་ལག་གཉིས་སུ་མེད་དོ། །གཉིས་སུ་མེད་པའི་དོན་སྟོན་པ་པོ་ནི་གསང་བའི་བདག་པོའམ་བཅོམ་ལྡན་འདས་ཏེ། སྐལ་བར་ལྡན་པ་ལ་སྟོན་པའོ། །ཡང་གཉིས་མེད་གཉིས་སུ་མེད་ཅེས་པ། བལྟ་བྱ་ལྟ་བྱེད། བསྒོམ་བྱ་སྒོམ་བྱེད། སྤྱད་བྱ་སྤྱོད་བྱེད། བསྲུང་བྱ་སྲུང་བྱེད། བགྲོད་བྱ་བགྲོད་བྱེད། ཐོབ་བྱ་ཐོབ་བྱེད། གཉིས་སུ་མེད་པར་སྟོན་པའོ། །ཀུན་ཏུ་བཟང་པོའམ་སློབ་དཔོན་དགའ་རབ་རྡོ་རྗེ་ལྟ་བུའོ། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་པ། ཡང་དག་ཅེས་པ་ཀ་དག་གི་ཡེ་ཤེས། མཐའ་ཞེས་པ་མཐའ་གཉིས་ལ་མི་གནས་ཏེ་མཐའ་ཐམས་ཅད་དང་བྲལ་བའོ། །རྣམ་པར་གནས་ཞེས་པ་ནི་སྐལ་ལྡན་གྱི་རྣལ་འབྱོར་པ་རྟོགས་པའི་ཀློང་ན་དུས་ཐམས་ཅད་དུ་གནས་པའོ། །བདག་མེད་སེང་གེའི་སྒྲ་དང་ལྡན། །ཅེས་པ། བདག་མེད་ནི་མུ་སྟེགས་ཀྱི་བདག་ལྟ་བུ་མེད་པའོ། །ཡང་ན་མཚན་ཉིད་མེད་ཅིང་དངོས་པོའི་བདག་ལྟ་བུ་མེད་པའོ། །སེང་གེའི་སྒྲ་དང་ལྡན་ཅེས་པས་དཔེ་བསྟན་ཏེ། སེང་གེའི་སྐད་བཏོན་པས་གཅན་གཟན་གཞན་གྱིས་སྐད་འདོན་མི་ནུས་པ་ལྟར། ཐེག་པའི་རྒྱལ་པོ་སྤྱི་ཏི་ཡོ་གའི་སྐད་བཏོན་པས། ཐེག་པ་ཨ་ཏི་མན་ཆོད་ཀྱིས་སྐད་འདོན་མི་ནུས་སོ། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཅེས་པ། མུ་སྟེགས་པའི་བདག་དཀར་ལ་འཚེར། སྣུམ་ལ་འདྲིལ། ཚད་ནི་མཐེ་བོང་ངམ་ཉུངས་འབྲུ་ཙམ་སྟེ། སྐྱེ་མེད་ཀ་དག་བདག་ཉིད་ཆེན་པོར་རྟོགས་པ་ཡིས། མུ་སྟེགས་ཀྱི་རི་དྭགས་ངན་པ་ཐམས་ཅད་ངར་འཇིགས་པར་བྱེད་པའོ། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །ཞེས་པ། ཀུན་ཏུ་ནི་འཁོར་འདས་སྣང་སྲིད་དངོས་པོའི་ཆོས་མ་ལུས་པ་ལ་བྱའོ། །འགྲོ་བ་ནི་རིགས་དྲུག་གོ། །དོན་ཡོད་པ་ནི་འཇམ་དཔལ་ལོ། །སྟོབས་དང་ལྡན་པ་ནི་གསང་བའི་བདག་པོ་སྟེ། དེ་རྣམས་འདུལ་བའི་སྟོབས་དང་ལྡན་པ་ནི་ཕྱག་ན་རྡོ་རྗེའོ། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །ཞེས་པ། དེ་བཞིན་ནི་སྟོང་པ་ཉིད་ཀྱི་དོན། གཤེགས་པ་ནི་མ་ནོར་བར་གཤེགས་པའོ། །ཡིད་ལྟར་མགྱོགས་ཞེས་པ། བདེ་བར་གཤེགས་པའི་ཡིད་ནི་ཐུགས་རྗེས་ཁྱབ་པའི་ཡིད་དེ་ཀུན་ལ་མགྱོགས་པར་ཁྱབ་པའོ། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །ཞེས་པ། རྒྱལ་བ་ནི་ཉོན་མོངས་པ་ལྔ་ལས་རྒྱལ། དགྲ་རྒྱལ་ཞེས་པ་དགྲ་ནི་དུག་ལྔའི་དགྲ་ལས་རྒྱལ་བའོ། །རྣམ་པར་རྒྱལ་ཞེས་པ་གཟུང་འཛིན་གྱི་རྣམ་རྟོག་ཐམས་ཅད་ལས་རྒྱལ་བའོ། །འཁོར་ལོ་སྒྱུར་བ་སྟོབས་པོ་ཆེ། །ཞེས་པ། འཁོར་ལོ་ཞེས་པ་འགྲེལ་པ་འདིའི་གཞུང་གིས། འཁོར་ལོ་རྣམ་པ་ལྔ་སྟེ། ཕྱིའི་སྤྲོས་པ་གཅོད་པའི་འཁོར་ལོ་ལྔ། ནང་གི་སྤྲོས་པ་གཅོད་པའི་འཁོར་ལོ་ལྔ། གསང་བའི་སྤྲོས་པ་གཅོད་པའི་འཁོར་ལོ་ལྔ། ཡང་གསང་གི་སྤྲོས་པ་གཅོད་པའི་འཁོར་ལོ་ལྔ། དེ་ཁོ་ན་ཉིད་ཀྱིས་སྤྲོས་པ་གཅོད་པའི་འཁོར་ལོ་དང་རྣམ་པ་ལྔའོ། །སྒྱུར་བ་ཞེས་པ་ནི། ཐེག་པ་གཞན་གྱི་ཞེ་འདོད་དང་བཅས་པའི་ལྟ་བ་སྒྱུར། དམིགས་པ་དང་བཅས་པའི་ཡིད་བཙོན་བཟུང་གི་སྒོམ་པ་སྒྱུར། བྱ་རྩོལ་དང་བཅས་པའི་ཐོ་ཅོའི་སྤྱོད་པ་སྒྱུར། རྩོལ་སྒྲུབ་དང་བཅས་པའི་ཕྲིན་ལས་སྒྱུར། རེ་དོགས་ཡིད་སྨོན་དང་བཅས་པའི་འབྲས་བུ་སྒྱུར་བ་དང་ལྔའོ། །སྟོབས་པོ་ཆེ་ཞེས་པ་སྣང་སྲིད་འཁོར་འདས། ཆོས་ཐེག་པ་བརྒྱད་ཁྲི་བཞི་སྟོང་གི་རྩོལ་སྒྲུབ་བྱ་རྩོལ་ཞེ་འདོད་ཐམས་ཅད་ནི། ཀ་དག་འོད་གསལ་ཆེན་པོའི་ངང་དུ། བྱ་རྒྱུའི་ཆོས་ཐམས་ཅད་བློ་ལས་འདས་ཤིང་། སེམས་ཅན་ཐམས་ཅད་བྱ་རྩོལ་མེད་པར་སངས་རྒྱས་པས་ན། སྟོབས་ཀྱི་ནང་ནས་ཀྱང་ཤིན་ཏུ་ཡང་སྟོབས་ཆེ་བའོ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཅེས་པ། ཚོགས་ཞེས་པ་ཕྱག་ན་རྡོ་རྗེ་ལ་སོགས་པ་འཁོར་རྣམས་ཀྱི་ཚོགས་སོ། །དེ་རྣམས་ཀྱི་སློབ་དཔོན་ནི་བཅོམ་ལྡན་འདས་གསང་བདག་ཆེན་པོ་ཡིན་ནོ། །ཚོགས་ཀྱི་མཆོག་ནི་འཇམ་དཔལ་ལོ། །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །ཅེས་པ། ཚོགས་རྗེ་ཞེས་པ་བྱང་ཆུབ་སེམས་དཔའ་རྣམས་སོ། །ཚོགས་བདག་ནི་ཕྱག་ན་རྡོ་རྗེའོ། །དབང་དང་ལྡན་པ་ནི་གསང་བའི་བདག་པོའོ། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཞེས་པ། མཐུ་ལ་གཉིས་ཏེ། འཇིག་རྟེན་ཞེ་སྡང་གི་མཐུ། འཇིག་རྟེན་ལས་འདས་པའི་མཐུ་དང་གཉིས་སོ། །དེ་ལ་འཇིག་རྟེན་པའི་མཐུ་ནི། རྒྱུ་དུག་ལྔའི་སྒོ་ནས་ཞེ་སྡང་འབའ་ཞིག་གིས་དགྲ་དང་སེམས་ཅན་འབའ་ཞིག་གི་སྲོག་བཅད་ཀྱང་། དགྲ་ཐུལ་བ་དང་མཐུ་ཟིན་པ་མི་འོང་སྟེ། ཐར་པ་དང་བྱང་ཆུབ་མི་ཐོབ། ཕ་རོལ་ཏུ་ངན་སོང་གསུམ་དུ་སྐྱེ་བར་འགྱུར། དེའི་ཕྱིར་འཇིག་རྟེན་ཞེ་སྡང་གི་མཐུ་ཡིས་ཅི་བྱ། སླར་ལ་ཞེ་སྡང་སྐྱེ། མ་ཤིའི་བར་དུ་བྱ་དགོས། མཐུ་ལ་ཐུག་པ་མེད་ཅེས་གསུངས་སོ། །འཇིག་རྟེན་ལས་འདས་པའི་མཐུ་ནི་མཐུ་ཆེ་ཞེས་པ། མཐུ་ཆེན་པོ་ཡིན་པས་ཏེ་སྐྱེ་མེད་ཀ་དག་རྟོགས་པའི་མཐུ་ཡིས། འཁོར་བའི་རྩ་བ་ཐར་པ་ཐོབ་ཏུ་མི་སྟེར་བའི་དགྲ་བོ་ང་བདག་དུག་ལྔ་དུག་གསུམ་ལ་སོགས་ཏེ། ཉོན་མོངས་པའི་དགྲ་ཐམས་ཅད་དུས་གཅིག་ཏུ་གསོད་པས། མཐུ་ཆེན་པོ་དང་ལྡན་པ་ཡིན་ནོ། །གཅེས་པར་ཞེས་པ་ནི་སྐལ་ལྡན་ལ་གཅེས་པའོ། །འཛིན་པ་ནི་སྐལ་ལྡན་དེས་བླ་མའི་གདམས་ངག་རྣམས་གཅེས་པར་འཛིན་པའོ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཅེས་པ། ཚུལ་ཆེན་ནི་འགྲེལ་པ་འདི་ཤིན་ཏུ་ཡང་ཚུལ་ཆེན་པོའོ། །གཞན་གྱི་དྲིང་མི་འཇོག་ཅེས་པ་ནི་ཐེག་པ་གཞན་གྱི་ལྟ་སྒོམ་གྱི་དྲིང་ལ་མི་བརྟེན་པའོ། །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཞེས་པ། ཚིག་རྗེ་ནི་འཇམ་དཔལ་ལོ། །ཚིག་བདག་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །སྨྲ་མཁས་པ་ནི་བཅོམ་ལྡན་འདས་ཀྱི་གསུང་ཡན་ལག་དྲུག་ཅུའོ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཅེས་པ། ཚིག་པ་དབང་བ་ནི་ཤཱཀྱ་ཐུབ་པའོ། །ཚིག་མཐའ་ཡས་པ་ནི་མཁྱེན་པའི་མངའ་བདག་འཇམ་དཔལ་དང་ཕྱག་ན་རྡོ་རྗེའོ། །ཚིག་བདེན་པ་དང་བདེན་པར་སྨྲ། །ཞེས་པ། ཚིག་བདེན་པ་ནི་བཅོམ་ལྡན་འདས་ཀྱི་གསུང་ངོ་། །བདེན་པར་སྨྲ་པ་པོ་ནི་འཇམ་དཔལ་དང་ཕྱག་ན་རྡོ་རྗེའོ། །བདེན་པ་བཞི་ནི་སྟོན་པ་པོ། །ཞེས་པ། འདི་ལ་འབྲུ་དགུའམ་བཅུར་ཤེས་པར་བྱའོ། །ཚིག་འདིས་ཉན་ཐོས་ཀྱི་བདེན་པ་བཞི་བསྟན་ཏེ། སྡུག་བསྔལ་གྱི་བདེན་པ་དང་། ལམ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་བཞིའོ། །དེ་བཞིན་དུ་རང་རྒྱལ་གྱི་རིགས་བྱེད་བཞི། བྱང་ཆུབ་སེམས་དཔའི་བདེན་པ་གཉིས། ཀྲི་ཡའི་ཕྲིན་ལས་བཞི། ཨུ་པ་ཡའི་རིགས་བཞི། ཡོ་གའི་ཆོ་འཕྲུལ་རྣམ་པ་བཞི། མ་ཧཱ་ཡོ་གའི་ཕྱག་རྒྱ་བཞི། ཨ་ནུ་ཡོ་གའི་ཡེ་ཤེས་རྣམ་པ་ལྔ། ཨ་ཏི་ཡོ་གའི་གཏན་ཚིགས་ཆེན་པོ་བཞི་སྟེ་དེ་ནི་བདེན་པ་བཞིའོ། །སྤྱི་ཏིའི་བདེན་པ་བཞི་ནི། བཀའ་ཚོམས་ཆེན་པོ་བཞིའོ། །སྟོན་པ་ནི་གསང་བདག་ཆེན་པོའམ། སློབ་དཔོན་དགའ་རབ་རྡོ་རྗེའོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །ཞེས་པ། ཕྱིར་མི་ལྡོག་པ་ནི་བྱང་ཆུབ་སེམས་དཔའོ། །ཕྱིར་མི་འོང་བ་ནི་ཉན་ཐོས་སོ། །ཡང་ན་འགྲེལ་པ་འདིའི་ལུགས་ཀྱིས། ཕྱིར་མི་ལྡོག་པ་ནི་རྡོ་རྗེ་སེམས་དཔའ། །ཕྱིར་མི་འོང་བ་ནི་ཆོས་སྐུ་ཀུན་ཏུ་བཟང་པོའོ། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ཞེས་པ། རང་རྒྱལ་བའི་ཐེག་པ་བསྟན་ཏེ། འདྲེན་པ་ནི་འཁོར་བའི་འདམ་ནང་ནས་འདྲེན་པ། རང་རྒྱལ་ནི་སློབ་དཔོན་མེད་པར་ཕུང་པོར་གཞིག་འགྲེལ་བྱས་པས་དོན་རྟོགས་པས་རང་རྒྱལ་ལོ། །བསེ་རུའི་ཚུལ་ཞེས་པ་ནི་དཔེ་ཡིས་བསྟན་པ་ཡིན་ཏེ། བསེ་རུ་ཉག་གཅིག་ཏུ་གནས་པ་བཞིན་དུ་རང་རྒྱལ་ཀྱང་ནེ་ཚོ་ལྟར་དུ་ཁྱུས་ལྡིང་པ་དང་། བསེ་རུ་ལྟར་གཅིག་ཏུ་གནས་པའོ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །ཞེས་པ། ངེས་འབྱུང་ཞེས་པ་སྤྱི་ཏི་ཡོ་གའི་ཐེག་པ་ནས། སྣ་ཚོགས་ཞེས་པ་སྐྱེ་མེད་ཀ་དག་ལ་སོགས་པའི་གདམས་ངག་ཟབ་མོ་སྣ་ཚོགས་པ་འབྱུང་བའོ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་པ། འབྱུང་བ་ས་ཆུ་མེ་རླུང་དང་བཞིའོ། །ཆེན་པོ་ནི་ནམ་མཁའོ། །རྒྱུ་གཅིག་པ་ནི་སྟོང་པའམ། ཡང་ན་སྐྱེ་མེད་ཀ་དག་ཏུ་གཅིག་པའོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །ཅེས་པ། དགེ་སློང་ཞེས་པ་ནི་བཞི་སྟེ། མི་དགེ་བའི་དགེ་སློང་དང་། སློང་བའི་དགེ་སློང་དང་། བཅས་པའི་དགེ་སློང་དང་། དོན་དམ་པའི་དགེ་སློང་དང་བཞིའོ། །དགྲ་བཅོམ་ཞེས་པ་ནི་ཉོན་མོངས་པའི་དགྲ་བཅོམ་པའོ། །ཟག་པ་ཟད་ཅེས་པ། འདོད་པའི་ཟག་པ། སྲིད་པའི་ཟག་པ། མ་རིག་པའི་ཟག་པ། ལྟ་བའི་ཟག་པ་དང་བཞིའོ། །ཟད་པ་ནི་བག་ཆགས་རྣམས་ཟད་པའོ། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །ཞེས་པ། འདོད་ཆགས་བྲལ་ཞེས་པ་ནི་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་ཀྱི་འདོད་ཆགས་དང་། ཐ་མལ་པའི་འདོད་ཆགས་དང་བྲལ་བས། སྒོམ་པའི་ལམ་གྱི་ཉོན་མོངས་པའི་དབང་པོ་ཐུལ་བའོ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །ཅེས་པ། བདེ་བ་ནི་ཡང་དག་པའི་བདེ་བ་རྙེད་པ་སྟེ་སྐྱེ་མེད་ཀ་དག་གི་དགོངས་པ་རྟོགས་པས་འཁོར་བའི་འཇིགས་པ་མེད་པ་དེ་ཐོབ་པའོ། །བསིལ་བར་གྱུར་པས་རྙོག་པ་མེད། །ཅེས་པ། བསིལ་བ་ཞེས་པ་ནི་ཉོན་མོངས་པའི་ཚད་པས་གདུང་ཞིང་ཤིན་ཏུ་ཉམས་ཐག་པ་རྣམས་ལ། བླ་མ་དམ་པའི་གདམས་ངག་གིས་བསིལ་ཕབ་པར་གྱུར་ཏེ། ཉོན་མོངས་པ་དུག་ལྔ་དུག་གསུམ་གྱི་རྙོག་པ་མེད་པའོ། །རིག་པ་དང་ནི་རྐང་པར་ལྡན། །ཞེས་པ། རིག་པ་ནི་ཤེས་རབ་ལ། རྐང་པ་ནི་ཐབས་སོ། །ལྡན་ཞེས་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་ལྡན། དེ་གང་ལ་ལྡན་ན་རྒྱུད་འདི་ཉམས་སུ་ལེན་པའི་རྣལ་འབྱོར་པ་ལ་ལྡན་པའོ། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །ཅེས་པ། བདེ་གཤེགས་ལ་གསུམ་སྟེ། མ་ནོར་བར་གཤེགས་པ་དང་། རྟོགས་པས་གཤེགས་པ་དང་། ཕྱིར་མི་ལྡོག་པར་གཤེགས་པ་དང་གསུམ་སྟེ། འཇིག་རྟེན་ནི་སྣོད་འཇིག་པ་ལ་བརྟེན་པའི་སེམས་ཅན་རྣམས་སོ། །རིག་པའི་མཆོག་ནི་དེའི་དོན་བྱ་བར་རིག་སྟེ། རིག་ཅིང་རྟོགས་པས་ན་རིག་པའི་མཆོག་ཅེས་གསུངས་སོ། །བདག་གིར་མི་འཛིན་ངར་མི་འཛིན། །ཞེས་པ། གདམས་ངག་བསྟན་ཏེ། བདག་ཅེས་པ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ཁ་ནང་དུ་བལྟས་ནས་ཀུན་གཞི་ལ་ང་བདག་ཏུ་བཟུང་བ། བདག་གིར་མི་འཛིན་ཅེས་པ། ཡིད་ཀྱི་རྣམ་པར་ཤེས་པས་ཁ་ཕྱིར་བལྟས་ནས། སྒོ་ལྔའི་རྗེས་སུ་འབྲང་སྟེ་ཕྱི་གཟུང་བའི་ཡུལ་རྣམ་པ་ལྔ་ལ། ངར་མི་འཛིན་ཅེས་པ་གདམས་ངག་ཡིན་ཏེ། ཡུལ་སེམས་གཉིས་སུ་མི་འཛིན་ཏེ་དགག་སྒྲུབ་སྤོང་ལེན་དགྲ་གཉེན་ཕྱོགས་རིས་བཟང་ངན་དབྱེ་བསལ་དེ་དག་ལ་གཉིས་སུ་མེད་དེ། ངར་མི་འཛིན་ནི་ཐམས་ཅད་དང་བྲལ་བའི་གདམས་ངག་གོ། །མི་ལེན་མི་འདོར་མཉམ་པའི་རྒྱལ་པོར་གནས། །ཞེས་གསུངས་སོ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་པ། བྱང་ཆུབ་སེམས་དཔའི་ཐེག་པ་དབུ་མ་པའི་འདོད་གཞུང་ངམ་ལྟ་བ་བསྟན་ཏེ། དེ་ལ་བདེན་པ་གཉིས་ནི། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །དེ་ལ་འདོད་གཞུང་གཉིས་ཏེ། སེམས་ཙམ་པ་དང་། དབུ་མ་པའོ། །སེམས་ཙམ་ལ་གཉིས་ཏེ། རྣམ་པ་བདེན་པར་འདོད་པ་དང་། རྣམ་པ་བརྫུན་པར་འདོད་པ་གཉིས་སོ། །རྣམ་པ་ནི་སྣང་བའི་རྣམ་པ་སེམས་སུ་བདེན་པར་འདོད་པ་དང་། རྣམ་པ་ནི་མེད་པ་ཡིན་ཏེ་མི་བདེན་པར་འདོད་པའོ། །ཐེག་པ་ཆེན་པོ་དབུ་མ་པས་དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་སུ་འདོད་དེ། དེ་ལ་ཀུན་རྫོབ་ཀྱི་བདེན་པ་ལ་གཉིས། ཡང་དག་པའི་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་བོ། །ཡང་དག་པའི་ཀུན་རྫོབ་ཀྱི་ཆོས་བཞི་དང་ལྡན་ཏེ། རྒྱུ་རྐྱེན་ལས་སྐྱེས་པ། རགས་པར་སྣང་བ། མཐུན་པར་སྣང་བ། དོན་བྱེད་ནུས་པ་དང་བཞིའོ། །ལོག་པའི་ཀུན་རྫོབ་ལ་ཡང་བཞི་སྟེ། རི་བོང་གི་རྭའམ། མོ་གཤམ་གྱི་བུ། ནམ་མཁའི་མེ་ཏོག །རུས་སྦལ་གྱི་སྤུ་དང་བཞིའོ། །དེ་ནི་སྣང་ཡང་མི་སྣང་ལ་དོན་བྱེད་ཀྱང་མི་ནུས་སོ། །ཡང་དག་པའི་ཀུན་རྫོབ་ཀྱི་སྣང་ཡང་སྣང་ལ་དོན་བྱེད་ཀྱང་ནུས་པའོ། །དོན་དམ་པའི་བདེན་པ་ལ་གཉིས་ཏེ། རྣམ་གྲངས་ཀྱི་དོན་དམ་པའི་བདེན་པ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པའོ། །དེ་ལ་རྣམ་གྲངས་ཀྱི་བདེན་པ་ནི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའོ། །རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་ནི་སྟོང་པ་བཅོ་བརྒྱད་དོ། །དོན་དམ་པ་སྟོང་པ་བཅོ་བརྒྱད་རང་ལ་ཡང་མི་གནས་ཏེ། མཐའ་གང་ལ་ཡང་མི་གནས་སོ། །ཚུལ་ལ་གནས་ཞེས་པ་མཚན་ཉིད་སྡེ་གསུམ་གྱི་ཐེག་པའོ། །འཁོར་བའི་ཕ་རོལ་མཐར་སོན་པ། །ཞེས་པ། འཁོར་བ་ཞེས་པ་ལས་དང་ཉོན་མོངས་པའི་འཁོར་བ་ལ་སོང་ཡང་། ཕ་རོལ་མཐར་སོན་པ་ཞེས་པ། སྐྱེ་བ་མེད་པའི་གདམས་ངག་གིས། མི་གནས་པའི་མྱ་ངན་ལས་འདས་པའི་མཐར་སོན་པར་བྱེད་པའོ། །བྱ་བ་བྱས་པ་སྐམ་སར་གནས། །ཞེས་པ། སྔར་བྱ་བ་བྱས་ཟིན་པས་ད་བྱ་རྩོལ་མི་དགོས་ཏེ། ཀ་དག་ཆེན་པོའི་སྐམ་སར་གནས་པའོ། །ཡེ་ཤེས་འབའ་ཞིག་ལས་བྱུང་བ། །ཞེས་པས། ཡེ་ནི་ཀ་དག་གི་ཡེ་ཤེས། འབའ་ཞིག་ནི་གཞན་གྱི་སེལ་མེད་པའོ། །ལས་བྱུང་བ་ནི་རྟོགས་པའི་ཤེས་རབ་ལས་དོན་དམ་པའི་བདེན་པ་འབྱུང་བའོ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །ཞེས་པ། ཤེས་རབ་ཀྱི་ཆོས་ཐམས་ཅད་གཏན་ལ་འབེབས་པའི་ཤེས་རབ་བོ། །མཚོན་ཆས་ཞེས་པ་གཅོད་པར་བྱེད་པའི་མཚོན་མང་པོའི་ནང་ནས། ཕྱི་ནང་གི་སྒྲོ་འདོགས་གཅོད་པ་དེ་ནི་མཚོན་ཐམས་ཅད་ལས་ཁྱད་པར་དུ་གྱུར་པའི་མཚོན་ཆའོ། །རྣམ་འཇོམས་པ་ཞེས་པ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རྟོག་ཚོགས་རྣམས་འཇོམས་པའོ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །ཞེས་པ། དམ་ཆོས་ཞེས་པ་ཡང་དག་པའི་གདམས་ངག་གོ། །ཆོས་རྒྱལ་ནི་རྒྱུའི་ཆོས་ལས་རྒྱལ་བའོ། །གསལ་བར་ལྡན་ཅེས་པ་ཀ་དག་འོད་གསལ་གྱི་དོན་དེ་གསལ་བར་རང་ལ་ལྡན་པའོ། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཅེས་པ། འཇིག་རྟེན་ནི་འཇིག་པ་ལ་རྟེན་པའི་སེམས་ཅན་རྣམས། སྣང་བར་བྱེད་པའི་མཆོག་ནི་སྐྱེ་མེད་ཀ་དག་གི་གདམས་ངག་འོད་གསལ་ངང་དྭངས་ཆེན་པོ་ཡིན་པས་ན་མཆོག་གོ། །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཞེས་པ། ཆོས་ཀྱི་ཞེས་པ་ཨ་ནུ་མན་ཆོད་ཀྱི་ཆོས་ཏེ་དགེ་བཅུའི་དོན་ནོ། །དབང་ཕྱུག་ཅེས་པ་སྙིང་པོ་སྐྱེ་བ་མེད་པ་ལ་དབང་། འབྲས་བུའི་ཆོས་ཀྱིས་ཕྱུག་ལས་པས་ན་དབང་ཕྱུག་གོ། །ཆོས་ཀྱི་རྒྱལ་ནི་ཨ་ཏི་མན་ཆོད་ཐེག་པ་དགུའི་ཆོས་ལས་རྒྱལ་བའོ། །སྤྱི་ཏི་ཡོ་གས་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ཆོས་སྡེ་བརྒྱད་ཁྲི་བཞི་སྟོང་གི་སྤྱི་ཕུད་ཡིན་པས་ན། །ཆོས་གཞན་གྱི་གྲུབ་མཐའ་ལས་རྒྱལ་བས་ན་ཆོས་ཀྱི་རྒྱལ་ཞེས་གསུངས་སོ། །ལེགས་པའི་ལམ་ནི་སྟོན་པ་པོ། །ཞེས་པ། ཨ་ནུ་མན་ཆོད་ཀྱི་ལམ་དེ་ནི་བྱ་རྩོལ་ཞེ་འདོད་ཀྱི་ལམ་སྟེ། ལམ་དེ་ནི་ནོར་བའོ། །ལེགས་པའི་ལམ་ཞེས་པ་རྩོལ་སྒྲུབ་ལས་འདས་པ་སྤྱི་ཏི་ཡོ་གའི་ཐེག་པ་སྟེ། མ་ནོར་ཡང་དག་ངེས་པའི་ལམ་སྟོན་པ་པོ་དེ་གང་གིས་བསྟན་ན་གསང་བདག་ཆེན་པོས་བསྟན་པའོ། །གང་སྟོན་ན་སྐྱེ་མེད་ཀ་དག་གི་དགོངས་པ་སྟོན་ནོ། །གང་གི་ཕྱིར་སྟོན་ན། སྐལ་ལྡན་རྣམས་ལ་སྨན་པར་བྱ་བའི་ཕྱིར་བསྟན་ནོ། །དོན་གྲུབ་བསམ་པ་འགྲུབ་པ་སྟེ། །ཞེས་པ། སྐྱེ་མེད་ཀ་དག་གི་གདམས་ངག་གིས་སྙིང་པོ་སྐྱེ་མེད་ཆོས་སྐུའི་དོན་གྲུབ་པའོ། །བསམ་པ་ཡོངས་སུ་འགྲུབ་པ་ནི་བསམ་པ་རྣམས་ཀྱི་ནང་ནས་ཀྱང་རྒྱུ་འབྲས་ལས་འདས་པའི་ཆོས་ཡང་དག་པ་ལ་སེམས་པའི་བསམ་པ་འགྲུབ་པའོ། །སྐྱེ་བ་མེད་ཅིང་དམིགས་པའི་སྤྱོད་ཡུལ་ལས་འདས་པའི་བསམ་པ་ཡིས། གྲུབ་ཅེས་པ་ཐོག་མ་མེད་པའི་དུས་ནས་རང་ལ་རང་ཆས་སུ་ཡོད་པའི་དོན་དེ་གྲུབ་པས་ན་གྲུབ་ཅེས་བྱའོ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །ཞེས་པ། རྟོག་པ་ཐམས་ཅད་མ་སྤངས་གནས་སུ་དག །མཚན་མ་ཐམས་ཅད་རང་སར་གྲོལ་བས་སྤངས་པའོ། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཅེས་པ། རྣམ་པར་མི་རྟོག་པ་ནི་སྙིང་པོ་མཉམ་པ་ཉིད་དོ། །དབྱིངས་མི་ཟད་ཅེས་པས་ཆོས་ཀྱི་དབྱིངས་ལ་ཟད་པ་དང་འཕེལ་བ་དང་འགྲིབ་པ་མེད་པའོ། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་པ། ཆོས་ཞེས་པ་འདུས་མ་བྱས་པ། དབྱིངས་ཞེས་པ་ཟབ་ཅིང་ཆ་ཕྲ་བ་བརྟག་པར་བཀའ་བ་བརྗོད་པའི་ཡུལ་ལས་འདས་པའོ། །དམ་པ་ནི་མ་ནོར་བ་ཡེ་ནས་སྐྱེ་བ་མེད་པ་ཀ་དག་ཆེན་པོའོ། །ཟད་མི་ཤེས་པ་ནི་ཆོས་ཀྱི་དབྱིངས་ལ་ཟད་པ་དང་འཕེལ་བ་མེད་པའོ། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཞེས་པ། བསོད་ནམས་དང་ལྡན་པ་ནི་སྤྱི་ཏི་ཡོ་ག་དང་འཕྲད་ཅིང་སྤྱོད་པའི་རྣལ་འབྱོར་པའོ། །ལྡན་པ་ནི་བསོད་ནམས་རྣམས་ཀྱི་ནང་ནས་ཀྱང་བསོད་ནམས་ཆེན་པོའི་སྐལ་པ་དང་ལྡན་པའོ། །བསོད་ནམས་ཞེས་པ་ནི་འབྲས་བུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཚོགས་རྣམས་མ་བསགས་ཡེ་ནས་རྫོགས། །ཞེས་པའོ། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཞེས་པ། ཡེ་ཤེས་ཀྱི་ཁྱད་པར་ལ་གསུམ་མམ་བཅུར་ཤེས་པར་བྱའོ། །གསུམ་ནི་བསྐྱེད་རྫོགས་གསུམ་ལ་ཡེ་ཤེས་ཀྱི་ཁྱད་པར་གསུམ་སྟེ། མ་ཧཱས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་འདོད་པའི་ཡེ་ཤེས། ཨ་ནུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འདོད་པའི་ཡེ་ཤེས། ཨ་ཏི་རིག་པ་རང་བྱུང་དུ་འདོད་པའི་ཡེ་ཤེས་དང་གསུམ་ནི་ཤིན་ཏུ་ཡང་ཁྱད་པར་ཆེ་བའོ། །མ་ཧཱས་ནི་རྩོལ་བས་ཡེ་ཤེས་སྒྲུབ། ཨ་ནུ་ནི་ར་རུ་བཞིན་གཉིས་སུ་བཟུང་ནས་ཡེ་ཤེས་གཅིག་ཏུ་འདོད། ཨ་ཏི་རིག་པ་འགྱུར་ཞིང་ལྡོག་པ་ལ་ཡེ་ཤེས་འགྱུར་ལྡོག་མེད་པར་འདོད་དེ། ཞེ་འདོད་ཞུགས་པའི་བློ་དེ་ཡིས། །ཡེ་ཤེས་རྨི་ལམ་ན་ཡང་མི་མྱོང་ངོ་། །ཞེས་གསུངས་སོ། །བསྐྱེད་རྫོགས་གསུམ་ལས་སྤྱི་ཏི་ཡོ་གས་ཁྱད་པར་འཕགས་པའི་ཡེ་ཤེས་ལ་ཁྱད་པར་བཅུས་བསྟན་ཏེ། སྔོན་མེད་དམིགས་མེད་ཆེན་པོའི་ཡེ་ཤེས་དང་། ཡེ་དག་ངང་དྭངས་ཆེན་པོའི་ཡེ་ཤེས་དང་། ཡེ་ཐོག་མ་གཞིའི་ཡེ་ཤེས་དང་། ཡེ་སྐྱེ་མེད་སྙིང་པོའི་ཡེ་ཤེས་དང་། ཡེ་དག་ཀ་དག་ཆེན་པོའི་ཡེ་ཤེས་དང་། བདག་མེད་དངོས་མེད་ཆེན་པོའི་ཡེ་ཤེས་དང་། ཡེ་གདངས་རང་སར་ཐིམ་པའི་ཡེ་ཤེས་དང་། ཡེ་སངས་རང་བརླག་ཆེན་པོའི་ཡེ་ཤེས་དང་། །ཡེ་གྲོལ་རང་གྲོལ་ཆེན་པོའི་ཡེ་ཤེས་དང་། ཡེ་ཟིན་བྱར་མེད་ཆེན་པོའི་ཡེ་ཤེས་དང་བཅུ་སྟེ། ཨ་ཏི་མན་ཆོད་ཉན་ཐོས་ཡན་ཆོད་ལས་ཡེ་ཤེས་ཀྱི་ཁྱད་པར་བཅུས་འཕགས་སོ། །དགུ་ལས་འཕགས་པའི་ཡེ་ཤེས་ཆེ། །ཞེས་གསུངས་སོ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་པ། སྤྱི་ཏི་ཡོ་གའི་ཡིན་ཏེ། ཡེ་ཤེས་དང་ནམ་ལྡན་ཙ་ན་ཡེ་ཤེས་ཡོད་པར་སྨྲ་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ནི་སྐྱེ་བ་མེད་ཅིང་བློའི་ཆོས་ལས་འདས་པ། ཡོད་མེད་གང་དུ་ཡང་བསྟན་དུ་མི་བཏུབ་པའོ། །ཡེ་སྙིང་པོའི་དོན། ཡེ་ཤེས་ཀ་དག་མ་བུ་ལྡན། ཡོད་མེད་གཉིས་སུ་མེད་དེ། དབྱེར་མེད་ཤེས་ཞེས་པ་བློ་ལས་འདས་པར་ཤེས་པའོ། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་པ། ཚོགས་གཉིས་ནི། རྒྱུ་བསོད་ནམས་ཀྱི་ཚོགས་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་སོ། །སྤྱི་ཏི་ཡོ་གས། ཚོགས་གཉིས་མ་བསགས་ཡོངས་སུ་རྫོགས། །ཞེས་གསུངས་སོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །ཞེས་པ། རྟག་པ་ནི་སྙིང་པོའི་དོན། ཀུན་རྒྱལ་ནི་ཉོན་མོངས་པའི་དགྲ་ཀུན་ལས་རྒྱལ། རྣལ་འབྱོར་ཅན་ཅེས་པ་བྱར་མེད་བློ་འདས་ཀྱི་རྣལ་འབྱོར་ཅན་ནོ། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །ཅེས་པ། བསམ་གཏན་ནི་བསམ་དུ་མེད་པའོ། །བསམ་བྱ་ནི་བསྒོམ་བྱའི་ཡུལ་གཞན་ན་མེད་པའོ། །བློ་ལྡན་ནི་ཤེས་རབ་ཟབ་མོའི་བློ་དང་ལྡན་པའོ། །མཆོག་ནི་བྱར་མེད་བློ་འདས་ཀྱི་མཆོག་གོ། །སོ་སོ་རང་རིག་མི་གཡོ་བ། །ཞེས་པ། རྟོགས་པའི་རྣལ་འབྱོར་གཅིག་ལ། སྣང་བ་ཡུལ་གྱི་བྱེ་བྲག་སོ་སོ་ཅིར་སྣང་ཡང་ཡིད་ལ་མ་ཞུགས་ཤིང་། རང་གི་རིག་པ་མི་གཡོ་བའོ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་པ། མཆོག་གི་དང་པོ་ཞེས་པ་ཐོག་མའི་དུས་སོ། །རང་བཞིན་ངོ་བོ་ཐུགས་རྗེ་གསུམ་དུ་བཞུགས་སོ། །སྐུ་གསུམ་འཆང་ཞེས་པ་སྐལ་ལྡན་གྱིས་ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་དང་གསུམ་ཀ་འཆང་བའོ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་པ། སངས་རྒྱས་ནི་སྤངས་པ་དང་ཆེ་བའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྒྱས་པའོ། །སྐུ་ལྔའི་ཞེས་པ་ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་དང་། སྐུ་གསུམ་དབྱེར་མེད་དང་བཞི། དོན་དམ་བདེ་བ་ཆེན་པོའི་སྐུ་དང་ལྔའོ། །བདག་ཉིད་ཅན་ཞེས་པ་ཡེ་ནས་སྐུ་ལྔའི་ངོ་བོའམ་རྟོགས་པའི་བདག་ཉིད་ཅན་དུ་བཞུགས་སོ། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་པ། ཁྱབ་པ་ནི་སེམས་ཅན་གྱི་མཚན་ཉིད་ཀུན་ལ་ཁྱབ་པའོ། །བདག་ཅེས་པ་རང་གྲོལ་ཏེ་དེ་དག་གི་བདག་གོ། །ཡང་ན་ཁྱབ་པ་ནི་ཀུན་རྫོབ་རྒྱ་ཆེ་བའི་འཇམ་དཔལ། བདག་ནི་ཟབ་པ་དོན་དམ་གྱི་འཇམ་དཔལ། ཡེ་ཤེས་ནི་ཟབ་པ་དང་རྒྱ་ཆེ་བ་དང་གཉིས་སུ་མེད་པའི་ཡེ་ཤེས་སོ། །ལྔ་ཡི་བདག་ཅེས་པ་ཡེ་ཤེས་རྣམ་པ་ལྔ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་རྣམ་པ་ལྔའོ། །སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་པ། སངས་རྒྱས་ནི་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། རྣམ་པར་སྣང་མཛད་དང་ལྔའོ། །ལྔ་བདག་ཅེས་པ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ལོ། །ཅོད་པན་ཅན་ནི་དབུ་སྐྲའི་ཅོད་པན་ནོ། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །ཞེས་པ། སྤྱན་ནི་ལྔ་སྟེ། ཤའི་སྤྱན་དང་། ཆོས་ཀྱི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ལྷའི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་དང་ལྔའོ། །སྤྱན་ལྔ་པོ་དེ་གང་ལ་ཡང་ཆགས་པ་མེད་པར་འཆང་ཞེས་པ་སྐལ་ལྡན་གཅིག་ལ་འབྲས་བུ་ཆོས་ཀྱི་དབྱིངས་འཆང་བའོ། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །ཞེས་པ། སངས་པ་ནི་བློས་བཏགས་བྱ་རྩོལ་གྱི་ཆོས་སངས་ལ། རྒྱས་ཞེས་པ་བྱར་མེད་ཀ་དག་གི་དོན་རྒྱས་པའོ། །ཐམས་ཅད་སྐྱེད་པ་པོ་ཞེས་པ་ནི་སྐྱེ་མེད་ཀ་དག་བྱར་མེད་བློ་འདས་ཀྱི་གདམས་པ་དེས། ཞེ་འདོད་མེད་པར་སོ་སོར་རྟོག་པའི་རྣམ་པར་ཤར་བས། སངས་རྒྱས་ཐམས་ཅད་བསྐྱེད་པ་པོ། །ཞེས་གསུངས་སོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་པ། སངས་པ་ནི་སྤངས་བྱ་མ་ལུས་པ་སངས། རྒྱས་པ་ནི་ཐོབ་བྱ་ཡེ་ཤེས་རྒྱས། སྲས་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་གདུང་བརྒྱུད་འཛིན་པའོ། །དམ་པའི་ནི་མི་བསླུ་ཞིང་བདེན་པ་སྐྱེ་བ་མེད་པའི་དོན་ནོ། །མཆོག་ནི་འབྲས་བུ་ཐམས་ཅད་མངོན་དུ་གྱུར་པས་མཆོག་གོ། །ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཅེས་པ། གདམས་པ་རྨད་ཀྱི་མན་ངག་བསྟན་ཏེ། །འོ་ན་སྐལ་ལྡན་འབྱུང་སྲིད་ན། །ཤེས་པས་མ་བུ་དབྱེར་མེད་གཅིག་ཏུ་བསྟན། ཨཏྨ་སྲི་ཏི་ཨ་ཨཱཿ དེ་ཡིན། དེས་ཆོག །དེ་ལས་མེད། ཨ་ཐུལ་ཧྲི་ད་ཡ། མེད་མེད། ཐག་ཆོད། དེ་ལྡན་ནམ། བློ་ལས་འདས་འདས། ཁྲོལ་ལམ། ཤོར་རམ། སོང་ངམ། ཤེས་སམ། གནས་སམ། གྲོལ་ལམ། གང་ཤེས། ཤེས་རྒྱུ་ཅི་ལགས། ཤེས་ན་གང་ཤེས། ཐོབ་རྒྱུ་བདོག་གམ་མི་བདོག །གསང་བའི་བདག་པོ་ལ་ཞུས་པས། བཀའ་སྩལ་པ། ནམ་མཁའ་ཨ་དང་རྡོ་རྗེ་ནོར་བུ་བཞིན། །སྐལ་ལྡན་ཤེས་རབ་ཅན་གྱི་ཐུགས་ལ་ཆོངས། །དེ་ལྟར་ཤེས་ན་སྲིད་པའི་སྐྱེ་གནས་ཐམས་ཅད་འབྱུང་། །ཕྱིས་ནི་འཁོར་ཞིང་སྐྱེ་བའི་གནས་མེད་དོ། །ཞེས་གསུངས་སོ། །ཆོས་ལས་འབྱུང་བ་སྲིད་པ་སེལ། །ཞེས་པ། ཆོས་ཐེག་པ་ཟབ་མོའི་གདམས་ངག་གི་གནད་ཕྱུངས་པས་ན། སྲིད་པའི་སྐྱེ་གནས་ཐམས་ཅད་སེལ་བའོ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །ཅེས་པ། གཅིག་པུ་ནི་སྙིང་པོ་ཐིག་ལེ་ཉག་གཅིག །སྲ་མཁྲེགས་ནི་སྐྱེ་མེད་ཀ་དག །རྡོ་རྗེ་ནི་སྐྱེ་འཇིགས་མེད་པའོ། །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་པ། དངོས་མེད་བློ་འདས་རྟོགས་མ་ཐག་ཏུ་རྟོགས་པའི་བྱིན་རླབས་ནམ་མཁའ་ལྟར་ཁྱབ་པས། སྤྲུལ་སྐུ་འགྲོ་བའི་དོན་བྱེད་པའི་བདག་གོ། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་པ། དཔེར་ན་ནམ་མཁའ་སྟོང་པ་ཕྱོགས་མེད་ནས། སྤྲིན་དང་། ཁུ་རླངས་དང་། འབྲུག་སྒྲ་དང་། གློག་དང་། ཆར་པ་དང་། སེར་བ་དང་། ཁ་བ་དང་། བུ་ཡུག་སྣ་ཚོགས་པ་འབྱུང་བ་བཞིན་དུ། ཆོས་ཉིད་ཀྱི་ནམ་མཁའ་ཀུན་གཞི་མཁའ་ཀློང་སྟོང་པ་ལས། རླུང་དང་། འོད་དང་། ཟེར་དང་། རྩལ་དང་། རིག་པ་དང་། མ་རིག་པ་དང་། ཡེ་ཤེས་དང་། འཆར་སྒོ་དང་། འཁྲུལ་སྒོ་དང་། རང་བཞིན་ངོ་བོ་ཐུགས་རྗེ་དང་གསུམ། ཡིད་འཁོར་ལོ་གསུམ་དང་། དུག་གསུམ་དང་། འཁྲུལ་ལུགས་གསུམ་དང་། གཟུགས་སྣང་ལྔ་དང་། རྟོགས་མ་རྟོགས་དང་། ཤེས་མ་ཤེས་དང་། སངས་རྒྱས་སེམས་ཅན་དང་། སྣང་སྲིད་འཁོར་འདས། ཡོད་མེད་རྟག་ཆད་རྣམས། ཐམས་ཅད་མ་ལུས་ཇི་སྙེད་པ། །སེམས་ཉིད་སྟོང་པའི་ཀློང་ནས་འབྱུང་། །སྟོང་ལས་ཀུན་འབྱུང་སྟོང་པར་གྲོལ། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །ཅེས་གསུངས་སོ། །ཇི་ལྟར་བྱུང་ཡང་གཞི་ལ་གཡོ་བ་མེད། །དེ་ནི་རྒྱ་ཆེ་བ་དང་སྦྱར་རོ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ། ཤེས་རབ་ནི་རིག་པ་རིག་མེད་ངང་འདས་རང་གྲོལ་དུ་ཤེས་སོ། །ཡེ་ཤེས་ནི་ཀ་དག་གི་ཡེ་ཤེས་སོ། །མེ་བོ་ཆེ་ཞེས་པ་ཤེས་རབ་ཆེན་པོ་ཡོངས་སུ་འབར་བའི་མེ་སྟེ། དེས་ཞེ་སྡང་ལ་སོགས་ཏེ་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་བསྲེག་པའོ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་པ། འོད་ཆེན་ནི་ཀ་དག་འོད་གསལ་ཆེན་པོའི་འོད་དོ། །རྣམ་པར་སྣང་བ་ནི་དངོས་པོ་སྣ་ཚོགས་པའི་ཆོས་ཐམས་ཅད་སྣང་བར་བྱེད་པ་ངང་འདས་རང་གྲོལ་གྱི་གདམས་ངག་གིས། སྣང་དག །གསལ་དག །འོད་གསལ་ཆེན་པོའི་སྣང་བའོ། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པ། ཡེ་ཤེས་ནི་མི་ཤེས་པ་མེད་པའོ། །སྣང་བ་ནི་གཟུང་འཛིན་མེད་པའོ། །ལམ་མེ་བ་ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་སོ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་པ། འགྲོ་བ་ནི་རིགས་དྲུག །མར་མེ་ནི་གཏི་མུག་མ་རིག་པའི་མུན་པ་སེལ་བ། ཡེ་ཤེས་སྒྲོན་ནི་སྐྱེ་མེད་འོད་གསལ་བྱར་མེད་བློ་འདས་ཀྱི་སྒྲོན་མའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ། གཟི་བརྗིད་ནི་སྤྱི་ཏི་ཡོ་ག་སྟེ་གཞན་ཟིལ་གྱིས་གནོན་པའོ། །ཆེན་པོ་ནི་འོད་གསལ། འོད་གསལ་བ་ཞེས་པ་རང་བྱུང་འོད་གསལ་ཆེན་པོ་ཡིས་མ་རིག་པའི་སྒྲིབ་གཡོགས་བག་ཆགས་ཀྱི་མུན་ནག་ཐམས་ཅད་འཇོམས་ཤིང་སེལ་བའོ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །ཞེས་པ། སྔགས་མཆོག་ཅེས་པ་བསྐྱེད་རྫོགས་རྣམ་གསུམ་མོ། །མངའ་བདག་ནི་ཀྲི་ཡོག་རྣམ་གསུམ་མོ། །རིག་སྔགས་ནི། གསང་སྔགས་དང་། གཟུངས་སྔགས་དང་། དེ་དགུ་ལས་སྤྱི་ཏི་ཡོ་ག་རྒྱལ་བས་ན་རྒྱལ་ཞེས་བྱའོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ། གསང་བ་ནི་ཟབ་པའོ། །སྔགས་ནི་མནྟྲའོ། །རྒྱལ་པོ་ནི་ཉོན་མོངས་པ་ལས་རྒྱལ་བའོ། །དོན་ཆེན་བྱེད་ནི་འགྲོ་བ་སེམས་ཅན་རྣམས་ལ་སྐྱེ་མེད་ཀ་དག་ཆེན་པོའི་དོན་བྱེད་པའོ། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ཅེས་པ། གཙུག་ཏོར་ནི་ཡེ་ཤེས་ཀྱི་གཙུག །གཙུག་ནི་སྐྱེ་མེད་སྙིང་པའི་དོན། །ཏོར་ནི་ཐེག་པའི་ལྟ་སྒོམ་གཏོར། རྨད་བྱུང་གི་ཆོས་ཆེན་པོ་རྨད་དུ་བྱུང་། ལྟ་བ་ཆེན་པོ་རྨད་དུ་བྱུང་། འབྲས་བུ་ཆེན་པོ་རྨད་དུ་བྱུང་། གཙུག་ཅེས་པ་ཐེག་པ་ཐམས་ཅད་ཀྱི་སྤྱིའི་གཙུག་ནི་རྩེ་ཕུད་དགུ་རྩེ་སྤྱི་ཏི་ཡོ་གའི་ཐེག་པའོ། །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ཅེས་པ། ནམ་སྐྱེ་བ་མེད་པ། མཁའ་ནི་འགག་པ་མེད་པ། བདག་པོ་ནི་གཉིས་སུ་མེད་པ་ཡིན། སྣ་ཚོགས་སྟོན་ཅེས་པ། ནམ་མཁའ་སྟོང་པ་ལ་ཆོ་འཕྲུལ་སྣ་ཚོགས་སུ་སྟོན་ནོ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །ཅེས་པ། ནམ་མཁའི་མཚན་ཉིད་ཤེས་པ་སྟེ། སངས་པ་ནི་ནམ་མཁའི་ཆོ་འཕྲུལ་རྣམས་རང་བྱུང་རང་དྭངས་རང་སངས་སོ། །རྒྱས་པ་ནི་ཆོས་ཉིད་ནམ་མཁར་རྒྱས། ཀུན་གྱི་ནང་ནས་སྐྱེ་མེད་ཀ་དག་སྐུ་ཡི་མཆོག་གོ། །འགྲོ་ཀུན་དགའ་བའི་མིག་དང་ལྡན། །ཞེས་པ། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་དགའ་བ་ནི་ཡང་དག་པའི་གདམས་ངག་གོ། །མིག་དང་ལྡན་པ་ནི་ཡེ་ཤེས་ཀྱི་མིག་དང་ལྡན་པའོ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་པ། གོང་དུ་འཁྲུལ་པའི་རྐྱེན་དུ་བཤད་པ་དང་། འདིར་གཅིག་བཤད་དགོས་ཏེ། སྣ་ཚོགས་གཟུགས་ཅན་ཐམས་ཅད་ནི། ཀུན་གཞིས་གཞི་བྱས། རིག་པས་རྒྱུ་བྱས། སེམས་ཀྱིས་རྐྱེན་བྱས། སྣ་ཚོགས་ཀྱི་གཟུགས་ཐམས་ཅད་ནི་ཉོན་མོངས་པ་ཅན་གྱི་ཡིད་ལས་སྐྱེས་པའོ། །ཡང་ན་སྣ་ཚོགས་གཟུགས་ཅད་ཡིད་ལས་སྐྱེས་པ་པོ་ཞེས་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། སྣ་ཚོགས་གཟུགས་ཅན་ཐམས་ཅད་ལ་ཆོས་བཤད་ཅིང་སེམས་ཅན་ཐམས་ཅད་ཀྱིས་སེམས་བསྐྱེད་པའོ། །ཡང་ན་སྣ་ཚོགས་གཟུགས་ཅན་ཐམས་ཅད་མ་རིག་དང་ང་བདག་གིས་རྒྱུ་བྱས་སོ། །རིག་པས་རྐྱེན་བྱས། ཡིད་ཀྱིས་དུག་ལྔ་གསུམ་གྱི་རྟ་བྱས་ནས། ཁམས་གསུམ་འགྲོ་དྲུག་གི་གཟུགས་ཐམས་ཅད་དེ་བསྐྱེད་ཅིང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལས་སྐྱེས་པའོ། །དྲང་སྲོང་ཆེ་དགུས་མཆོད་ཅིང་བརྗོད། །ཅེས་པ། དྲང་པ་ནི་སྙིང་པོ་འགྱུར་བ་མེད་ཅིང་། ཐེག་པའི་ལྟ་སྒོམ་སྲུང་བའི་དྲང་སྲོང་ཞེས་བྱའོ། །ཆེ་དགུ་ཞེས་པ། ཆེ་བ་རྣམ་པ་དགུ་སྟེ། སྙིང་པོ་ཡེ་ནས་ཆེ་བ་དང་། ཆོས་ཉིད་ཡེ་ནས་ཆེ་བ་དང་། སྐྱེ་མེད་ཡེ་ནས་ཆེ་བ་དང་། ཀ་དག་ཡེ་ནས་ཆེ་བ་དང་། དངོས་མེད་ཡེ་ནས་ཆེ་བ་དང་། ཟང་ཀ་ཡེ་ནས་ཆེ་བ་དང་། གཤིས་ཡེ་ནས་ཆེ་བ་དང་། གནས་ལུགས་ཡེ་ནས་ཆེ་བ་དང་། བློ་འདས་ཡེ་ནས་ཆེ་བ་དང་དགུའོ། །སྤྱི་ཏིའི་ལུགས་ཀྱིས་སྙིང་པོ་སྐྱེ་བ་མེད་པར་ཡིད་ལ་མཆོད་ཅིང་། ཆེ་བ་དགུ་བརྗོད་པའོ། །རིགས་གསུམ་འཆང་བ་གསང་སྔགས་འཆང་། །ཞེས་པ། ཀྲི་ཡའི་ཐེག་པ་བསྟན་ཏེ། རིགས་གསུམ་ནི། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་དང་གསུམ་མོ། །འཆང་བ་ནི་ཀྲི་ཡའི་རྣལ་འབྱོར་པས་རིགས་གསུམ་འཆང་བའོ། །གསང་བ་ནི་སྐལ་མེད་ལའོ། །སྔགས་ནི་ཀྲི་ཡའི་ཐེག་པའོ། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །ཅེས་པ། དམ་ཚིག་ཅེས་པས་རྩ་བ་གསུམ་དང་ཡན་ལག་ལྔའོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཅེས་པའོ། །ཆེན་པོ་ནི་དོན་དམ་པ་སྙིང་པོ་སྐྱེ་བ་མེད་པར་རྟོགས་པ་ལས་མི་འདའ་ལ། ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་སྨིན་པར་བྱེད་པ་ལས་མི་འདའོ། །གསང་སྔགས་ཞེས་པ་གསང་བ་ནི་ཟབ་ཅིང་ཆ་ཕྲ་བ། སྔགས་ནི་ཡོན་ཏན་གྱི་འབྱུང་གནས་སུ་གྱུར་པའོ། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཞེས་པ། གཙོ་བོ་ནི་སྤྱི་ཏི་ཡོ་ག་སྟེ་སྙིང་པོའི་གཤིས་སོ། །དཀོན་ཞེས་པ་ཐེག་པ་དགུ་རྩེའམ་བཅུའི་རྩེ་རྒྱལ་འདི་སྣོད་ཀྱི་འཇིག་རྟེན་ཁམས་ཛམ་བུའི་གླིང་ཙམ་ན་ཡང་དཀོན་ནོ། །མཆོག་ཅེས་པ་ཤིན་ཏུ་དཀོན་པའི་ཐེག་པའི་རྩེ་ཕུད་འདི། སུ་འཆང་སྐལ་ལྡན་ལས་ཅན་བསོད་ནམས་མཆོག་གོ། །གསུམ་འཛིན་པ་ཞེས་པ། ཐེག་པའི་རྩེ་རྒྱལ་གྱི་གདམས་ངག་ནི་གསུམ་སྟེ། གཞི་ཀ་དག །ལམ་འོད་གསལ། འབྲས་བུ་བློ་འདས། དེ་གསུམ་གྱི་རྣལ་འབྱོར་སྐལ་བ་དང་ལྡན་པས་འཛིན་པས་ན་འཛིན་པའོ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་པ། འདིར་གཉིས་སུ་བཤད་དགོས་ཏེ། ཐེག་པ་ནི་སྤྱི་ཏི་ཡོ་ག་སྟེ་ཐེག་པའི་རྩེ་རྒྱལ་ལོ། །མཆོག་གསུམ་ཞེས་པ། བསྐྱེད་པ་མ་ཧཱ་ཡོ་ག །རྫོགས་པ་ཨ་ནུ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ། །སྟོན་པ་པོ་ཞེས་པ་སློབ་དཔོན་དགའ་རབ་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན་སྟོན་པ་པོའོ། །ཡང་ན། ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་པ་ལ། ཐེག་པ་རིམ་པ་དགུ་འབྲུ་མནན་ཏེ། ཐེག་པ་ཞེས་པ་མཚན་ཉིད་སྡེ་གསུམ་གྱི་ཐེག་པ་གསུམ་ཞེས་ཀྲི་ཡོག་སྡེ་གསུམ། མཆོག་ཅེས་པ་རྒྱུད་ལུང་མན་ངག་གསུམ། སྟོན་པ་པོ་ནི་གསང་བདག་ཆེན་པོས་སྤྱི་ཏི་ཡོ་གའི་ཐེག་པ་སྟོན་པའོ། །ཡང་ན། ཐེག་པ་ནི་འཕགས་པ་འཇམ་དཔལ་མཚན་བརྗོད་འདི་ཐེག་པའི་ཆོས་ཐམས་ཅད་ཀྱི་གཞིའམ་ས་གཞི་ལྟ་བུ་ཡིན་ནོ། །མཆོག་གསུམ་ཞེས་པ་འཇམ་དཔལ་གྱི་རྒྱུད་འདི་ནས། དོན་ཟབ་པ། དོན་རྒྱ་ཆེ་བ། དོན་མཚུངས་པ་མེད་པ་སྟོན་པའོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །ཞེས་པ། དོན་ཡོད་པ་ནི་སྙིང་པོ་དོན་ཀ་དག་གོ། །ཞགས་པ་ནི་ཐུགས་རྗེའི་ཞགས་པའོ། །རྣམ་པར་རྒྱལ་ཞེས་པ་ཉོན་མོངས་པ་རྣམ་པ་སྣ་ཚོགས་ལས་རྒྱལ་བའོ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །ཞེས་པ། འཛིན་པ་ནི། ཐུགས་རྗེས་ལྕགས་ཀྱུས་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་འཛིན་པའོ། །ཆེན་པོ་ནི་ཐེག་པ་ཆེན་པོའོ། །རྡོ་རྗེ་ནི་འགྱུར་བ་མེད་པ། ཞགས་པ་ནི་མ་རུང་འཆིང་བར་བྱེད་པའོ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པ། རྡོ་རྗེ་ནི་འདུས་མ་བྱས་པ། ལྕགས་ཀྱུ་ནི་འགུགས་པར་བྱེད་པ། ཞགས་པ་ཞེས་པ་ནི་དབང་དུ་སྡུད་པར་བྱེད་པའོ། །ཆེ་བ་ནི་སྤྱི་ཏི་ཡོ་གའི་ཐེག་པ་འདིར་འཇམ་དཔལ་གྱིས་གསལ་བར་བཤད་པ་འདི་ཤིན་ཏུ་ཡང་ངོ་མཚར་ཆེའོ། །དེ་ཡན་ཆོད་ཀྱིས་ཚིག་འདྲེས་མར་ཡོད་ཀྱང་། ངོས་བཟུང་ན་འཁྲུལ་པ་འཕྲང་གི་བཀའ་ཚོམས་བསྟན་པའི་སྐབས་ཏེ། དོན་རྒྱ་ཆེ་བ་དང་སྦྱར་རོ། །རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའི་སྐབས་བསྟན་པའོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ། རྡོ་རྗེ་ཞེས་པ་ནི་གཉིས་ཏེ། དོན་དམ་འགྱུར་བ་མེད་པའི་རྡོ་རྗེ་དང་། ཀུན་རྫོབ་རྒྱ་ཆེ་བའི་རྡོ་རྗེའོ། །དོན་དམ་འགྱུར་བ་མེད་པའི་རྡོ་རྗེེ་ནི་སྙིང་པོ་སྐྱེ་བ་མེད་ཅིང་འོད་གསལ་ཀ་ནས་དག་སྟེ། བློའི་ཆོས་ཐམས་ཅད་ལས་གྲོལ་ཞིང་ཡོངས་སུ་འདས་སོ། །རྡོ་ནི་སྐྱེ་བ་མེད་པ། རྗེ་ནི་ཀ་ནས་དག་པའི་ཡེ་ཤེས་སོ། །དོན་དམ་པའི་རྡོ་རྗེ་ནི་སྒྲ་བརྗོད་པ་ལས་འདས་ཤིང་མཚོན་དུ་མེད་པའོ། །ཀུན་རྫོབ་རྒྱ་ཆེ་བའི་རྡོ་རྗེ་ལ་རྣམ་པ་ལྔ་སྟེ། བཏགས་པ་མིང་གི་རྡོ་རྗེ། བླུགས་པ་ལུགས་ཀྱི་རྡོ་རྗེ། བྲིས་པ་རྡུལ་ཚོན་གྱི་རྡོ་རྗེ། འདུས་བྱས་རྫས་ཀྱི་རྡོ་རྗེ། ཕྱག་མཚན་རྟགས་ཀྱི་རྡོ་རྗེ་དང་རྣམ་པ་ལྔའོ། །འཇིགས་བྱེད་འཇིགས་པར་བྱེད། ཅེས་པ་འཁྲུལ་པའི་སྣང་བ་ཐམས་ཅད་འཇོམས་པར་བྱེད་པའོ། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །ཞེས་པ། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ནས་གསུངས་སོ། །ཁྲོ་བོ་ཞེས་པ་ནི་བཞི་སྟེ། ཕྱིའི་ཁྲོ་བོ་དང་། ནང་གི་ཁྲོ་བོ་དང་། གསང་བའི་ཁྲོ་བོ་དང་། དེ་ཁོ་ན་ཉིད་ཀྱི་ཁྲོ་བོ་དང་བཞིའོ། །དེ་ལ་ཕྱིའི་ཁྲོ་བོ་གཤིན་རྗེ་གཤེད་པོ་སྟེ། ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་དམར་དབུས་མཐིང་ཞལ་ལོ། །དུར་ཁྲོད་ཆས་དང་སྦྲུལ་དང་གླང་ཆེན་ཀོ་རློན་ཞིང་ཆེན་གཡང་གཞིས་བརྒྱན། ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་གར་ཐབས་ཀྱིས་མ་ཏྲཾ་པད་ཉིའི་གདན་སྟེངས་དང་། མེ་རིའི་ཀློང་ན་བཞུགས། དེ་ཕྱིའི་ཁྲོ་བོའོ། །ནང་གི་ཁྲོ་བོ་ནི་ཉོན་མོངས་པ་དུག་རྣམ་པ་ལྔའོ། །གསང་བའི་ཁྲོ་བོ་ནི་ཡེ་ཤེས་རྣམ་པ་ལྔའོ། །དེ་ཁོ་ན་ཉིད་ཀྱི་ཁྲོ་བོ་ནི་སྐུ་ལྔའོ། །རྒྱལ་པོ་ནི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལས་རྒྱལ་བའོ། །གདོང་དྲུག་ནི་ཁྲོ་བོའི་མཚན་བསྟན། འཇིགས་ཞེས་པ་ནི། ཁྲོ་བོ་གདོང་དྲུག་པོ་དེས་ཕྱི་རུ་དགྲ་དང་བགེགས་ལ་འཇིགས། ནང་དུ་ཉོན་མོངས་པ་ལྔ་ལ་འཇིགས། གསང་བ་འགོང་པོ་ང་བདག་འཇིགས་པར་བྱེད་པའོ། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཅེས་པ། ཁྲོ་བོ་ཆེན་པོ་དེ་ལ། འཇིགས་ཤིང་བཟློག་པའི་མིག་དྲུག །ལག་དྲུག་ཕྱག་མཚན་དྲུག་གོ། །སྟོབས་དང་ལྡན་ཅེས་པ་གཞན་ཟིལ་གྱིས་གནོན་པའི་སྟོབས་དང་ལྡན་པའོ། །ཡང་ན་སྤྱི་ཏི་ཡོ་གའི་འགྲེལ་པའི་གཞུང་གིས། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས་པ། ཁྲོ་བོ་ཞེས་པ་ངང་ཁྲོ། ཤུགས་ཁྲོ། མཛད་པ་དང་བཅས་པས་ཁྲོ་བའོ། །ངང་ཁྲོ་ནི་སྐྱེ་མེད་ཡིན་ཏེ། སྐྱེ་བའི་ཆོས་ལ་ཁྲོ། ཤུགས་ཁྲོ་ནི་ཀ་དག་རྣལ་མ་སྟེ། བཅས་བཅོས་དང་ཡིད་སྨོན་གྱི་ཆོས་ལ་ཁྲོ། མཛད་པ་དང་བཅས་ནས་ཁྲོ་བ་ནི་བྱ་བཙལ་རྩོལ་གྲུབ་ཀྱི་ཆོས་ཐམས་ཅད་ལ་ཁྲོ་སྟེ། བྱར་མེད་བློ་འདས་རྟོགས་ཏེ་འཁྲུལ་པ་རྩད་ནས་བཅད་དོ། །རྒྱལ་ཞེས་པ་འཁྲུལ་སྣང་འཁོར་བའི་ཆོས་ལས་རྒྱལ། གདོང་དྲུག་ཞེས་པ་ནི། ལྟ་བ་གཟའ་གཏད་མེད་པ་དང་། བསྒོམ་པ་དམིགས་པ་མེད་པ་དང་། སྤྱོད་པ་བྱ་རྩོལ་མེད་པ་དང་། ཕྲིན་ལས་རྩོལ་དུ་མེད་པ་དང་། དམ་ཚིག་བསྲུང་དུ་མེད་པ་དང་། འབྲས་བུ་བསྒྲུབ་ཏུ་མེད་པ་དང་དྲུག་ལ་གདོང་དྲུག་ཅེས་བྱའོ། །འཇིགས་བྱ་བ་བློས་བཏགས་ཀྱི་ལྟ་བ་ལ་སོགས་པ་རྣམས་འཇིགས་པར་བྱེད་པའོ། །མིག་དྲུག་ཡེ་ཤེས་ཟང་ཐལ་གྱི་མིག་དྲུག །ལག་དྲུག་ནི་གསང་བའི་ཆོས་དྲུག །སྟོབས་དང་ལྡན་ཅེས་པ་ཐེག་པ་དགུའི་ལྟ་སྒོམ་སྤྱོད་འབྲས་ཟིལ་གྱིས་གནོན་པའི་སྟོབས་དང་ལྡན་པའོ། །ཀེང་རུས་མཆེ་བ་གཙིག་པ་པོ། །ཞེས་པ། ཀེང་རུས་ཞེས་བྱ་བ་ཀ་དག །མཆེ་བ་འོད་གསལ། གཙིགས་པ་པོ་ནི་བྱར་མེད་བློ་འདས་སོ། །ཧ་ལ་ཧ་ལ་གདོང་བརྒྱད་པ། ཞེས་པ། ཧ་ལ་ཧ་ལ་ཞེས་པ་སྐྱེ་མེད་ཀ་དག་སྟེ། འཁྲུལ་པ་རྩད་ཆོད་ལ་བྱ་བ་ཐོངས་ཞེས་པའོ། །གདོང་བརྒྱ་པ་ཞེས་པ་ཁྲོ་བོ་ལ་གདོང་བརྒྱ་པ་ཡོད་པར་འདོད་དེ་རྡོ་རྗེ་རྩེ་མོའི་རྒྱུད་ལས་གསུངས་སོ། །ཡང་ན་ཡོན་ཏན་གྱི་སྣང་ཚུལ་བརྒྱ་ཡོད་པའོ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་པ། གཤིན་རྗེ་ལ་གསུམ་སྟེ། ཕྱིའི་གཤིན་རྗེ་དང་། ནང་གི་གཤིན་རྗེ་དང་། གསང་བའི་གཤིན་རྗེ་དང་གསུམ་མོ། །དེ་ལ་ཕྱིའི་གཤིན་རྗེ་ནི། གཤིན་ཁམས་གསུམ་གྱི་སེམས་ཅན། རྗེ་དེའི་སྲོག་འཕྲོག་པའི་མི་མ་ཡིན། བཙན་དང་། རྒྱལ་པོ། དེའི་གཤེད་པོ་ནི་ཨ་བ་གླང་མགོ་ཅན་ནོ། །ནང་གི་གཤིན་རྗེ་གཤེད་ནི། གཤིན་དུག་ལྔ། རྗེ་ཡེ་ཤེས་ལྔ། དེའི་གཤེད་པོ་ནི་རིགས་ལྔའི་སངས་རྒྱས་སོ། །གསང་བའི་གཤིན་རྗེ་གཤེད་ནི། གཤིན་ནི་འདུས་བྱས་ཀྱི་ཕུང་པོ་ལྔ། རྗེ་ནི་ཀུན་བཏགས་ཀྱི་ཕུང་པོ་ལྔ་ལ་རིགས་ལྔའི་སངས་རྒྱས་ཀྱིས་རྒྱས་བཏབ་པས་ན་རྗེའོ། །དེའི་གཤེད་པོ་ནི་ལྟ་བསྒོམ་སྤྱོད་འབྲས་སོ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལས་རྒྱལ་བས་ན་རྒྱལ་ཞེས་བྱའོ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །ཞེས་པ། རྡོ་རྗེེ་ནི་འགྱུར་བ་མེད་པའི་རྡོ་རྗེའོ། །ཤུགས་ནི་སྐྱེ་མེད་ཀ་དག་རྟོགས་པའི་ཤུགས་ཅན་ནོ། །འཇིགས་པར་བྱེད་པ་ནི་སྣོད་ཀྱི་འཇིག་རྟེན་གྱི་འཁྲུལ་སྣང་ཐམས་ཅད་འཇིགས་པར་བྱེད་པའོ། །དེ་ནི་དམ་ཚིག་ཆེན་པོའི་རྒྱུད་དང་། དཔལ་ཟླ་གསང་ཐིག་ལེའི་རྒྱུད་ལས་བཏུས་སོ། །རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་། །ཞེས་པ། རྡོ་རྗེ་ནི་དབྱེར་མི་ཕྱེད་པའི་རྡོ་རྗེ། གྲགས་པ་རྡོ་རྗེའི་སྙིང་ནི་ཐེག་པའི་ཡང་སྙིང་ངོ་། །དཔལ་རྣམ་པར་རྒྱལ་བའི་རྒྱུད་ལས་གསུངས་སོ། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ཞེས་པ། སྒྱུ་སྙིང་པོ། འཕྲུལ་ཡན་ལག །རྡོ་རྗེ་སྙིང་པོ་དང་ཡན་ལག་གཉིས་དབྱེར་མེད་པའི་རྡོ་རྗེའོ། །གསུས་པོ་ཆེ་ཞེས་པ་ཆོས་སྡེ་བརྒྱད་ཁྲི་བཞི་སྟོང་འབྱུང་ཞིང་འོངས་པས་ན་གསུས་པོ་ཆེའོ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །ཅེས་པ། རྡོ་རྗེ་ནི་སྐྱེ་བ་མེད་པའི་རྡོ་རྗེ། ལས་སྐྱེས་ནི་སྟོང་པ་ལས་ཀུན་འབྱུང་འོད་གསལ་སྐྱེས། རྡོ་རྗེ་ནི་དབྱེར་མེད་མི་ཕྱེད་པ། བདག་ནི་གཙོ་བོའི་དོན་ནོ། །དཔལ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ནས་གསུངས་སོ། །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །ཞེས་པ། རྡོ་རྗེ་གཞན་ཟིལ་གྱིས་གནོན་པས་རྡོ་རྗེ། སྙིང་པོ་ནི་ཡང་སྙིང་ངམ་ཉིང་ཁུའོ། །མཁའ་འདྲ་བ་ནི་སྟོང་ཉིད་འོད་གསལ་ཕྱོགས་མེད་དེ་ཉིད་དོ། །དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ནས་བཏུས་པའོ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །ཞེས་པ། མི་གཡོ་བ་ནི་བདུད་དང་བགེགས་དང་རྣམ་པར་རྟོག་པའི་དབང་དུ་སེམས་མི་གཡོ་བའོ། །རལ་པ་གཅིག་གིས་ཞེས་པ་ནི་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་འདུས་པའོ། །བསྒྱིངས་པ་ནི་ཡེ་ཤེས་གཅིག་ཏུ་བསྒྱིངས་པའོ། །དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ནས་གསུངས་སོ། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་པ། གླང་ཆེན་ནི་རྫོགས་པ་ཆེན་པོའི་སྤྱོད་པ་ལ་ཉམ་ང་བ་དང་བག་ཚ་བ་མེད་པའོ། །ཡང་ན་གཏི་མུག་འཇོམས་པའི་རྟགས་སུ་གླང་ཆེན་ཀོ་རློན་གྱིས་གོས་དང་དུར་ཁྲོད་ཆས་བརྒྱད་དོ། །གོས་སུ་གྱོན་པ་ནི་བྱམས་པ་དང་སྙིང་རྗེའི་གོས་གྱོན་པའོ། །དྲག་ཅིང་ཧཱ་ཧཱ་ཞེས་སྒྲོགས་པ། །ཞེས་པ། དྲག་པ་ནི་གདམས་ངག་ཐོག་དང་འདྲ་བ་སྟེ་དྲག་པའོ། །ཧཱ་ཧཱ་ཞེས་པ་ནི་ཁྲོ་བོའི་སྐད་དོ། །ཞེས་སྒྲོགས་པ་ནི་ཁྲོ་བོ་ཆེན་པོས་སྒྲོགས་པའོ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །ཅེས་པ། ཁྲོ་བོ་དེ་རྣམས་ཀྱི་སྐད་ནི་ཧཱི་ཧཱི་ཞེས་ཀྱང་སྒྲ་སྒྲོགས་པར་བྱེད་པའོ། །གད་མོ་ཆེན་པོ་གད་རྒྱངས་ཅན། །ཅེས་པ། གད་མོ་ཆེ་ནི་འོད་གསལ་ཆེན་པོའི་དོན་ལ་དགོད་པའོ། །ཆེན་པོ་ནི་ཐེག་པ་ཆེན་པོའོ། །གད་རྒྱངས་ནི་ཐེག་པ་བརྒྱད་ལ་སྒྲོགས་པའོ། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །ཞེས་པ། རྡོ་རྗེ་ནི་འཇོམས་པར་བྱེད་པའི་རྡོ་རྗེེ། གད་མོ་ནི་བདེ་བ་ཆེན་པོའི་ཆོས་ཉིད་ལ་དགྱེས་པའོ། །ཆེར་སྒྲོགས་པ་ནི་དགྱེས་པའི་ངོ་མཚར་ཆེ་བའོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་པ། འདི་ཡོ་གའི་ཐེག་པ་ལྷའི་ངོས་བཟུང་བའོ། །རྡོ་རྗེ་ནི་འཕོ་འགྱུར་མེད་པའོ། །སེམས་དཔའ་སེམས་དཔའ་ཆེ་ནི་ཡོ་གའི་སེམས་དཔའ་བཅུ་དྲུག་གོ། །ཆེ་ཞེས་པ་རིགས་ལྔའི་སངས་རྒྱས་ཏེ། འཁོར་སེམས་དཔའ་བཅུ་དྲུག་གིས་བསྐོར་བས་ཆེ་བའོ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །ཞེས་པ། རྡོ་རྗེ་ནི་ཆོས་ཉིད་ཀྱི་རྡོ་རྗེ། རྒྱལ་པོ་ནི་དུག་ལྔ་ལས་རྒྱལ་ལོ། །བདེ་བ་ཆེན་པོ་ནི་ཆོས་ཉིད་འོད་གསལ་ཆེན་པོའི་བདེ་བའོ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །ཞེས་པ། རྡོ་རྗེེ་ནི་སྐྱེ་བ་མེད་པའི་རྡོ་རྗེ། དྲག་པོ་ནི་ཉོན་མོངས་པ་རྣམས་འཇོམས་པའོ། །དགའ་བ་ཆེ་ནི་གཉིས་སུ་མེད་པའི་དོན་ལ་དགའ་བའོ། །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །ཞེས་པ། རྡོ་རྗེ་སྐྱེ་འཇིག་མེད་པའི་རྡོ་རྗེ། ཧཱུྃ་སྟེ་ནི་ཐུགས་མི་གཡོ་བའོ། །ཧཱུྃ་ཞེས་སྒྲོགས་པ་ནི་ཐུགས་ཀྱི་དགོངས་པ་ཟབ་མོ་རྟོགས་ཤིང་འཆང་བ་དེས་འགྲོ་བ་ལ་ཡང་དེ་བཞིན་དུ་སྟོན་པའོ། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །ཞེས་པ། མཚོན་རྣམས་ཀྱི་ནང་ནས་གཞན་འཇོམས་པར་བྱེད་པའི་རྡོ་རྗེའི་མདའ་དེས། ཉོན་མོངས་པའི་འགོང་པོ་ང་བདག་ལ་བརྡེག་པའོ། །ཐོགས་པ་ནི་འཇམ་དཔལ་གྱི་ཕྱག་གཡས་པའི་ཕྱག་མཚན་ནོ། །རྡོ་རྗེ་རལ་གྲི་མ་ལུས་གཅོད། །ཅེས་པ། རྡོ་རྗེ་ནི་འདུ་འབྲལ་མེད་པའི་ཆོས་ཉིད་ཀྱི་རྡོ་རྗེ། རལ་གྲི་ནི་ཉོན་མོངས་པ་གཅོད་པར་བྱེད་པ། མ་ལུས་པ་ནི་ཤེས་རབ་ཀྱི་རལ་གྲི་དེས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་མཚན་མའི་རྟོག་པ་མ་ལུས་པ་རྩད་ནས་གཅོད་པའོ། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །ཞེས་པ། རྡོ་རྗེེ་ནི་ཀ་དག་ཆེན་པོའི་རྡོ་རྗེ། ཀུན་འཆང་ཞེས་པ་སྐལ་ལྡན་གྱི་རྣལ་འབྱོར་པ་ལ་ཟབ་མོའི་དོན་གདམས་ངག་ཐམས་ཅད་འཆང་བའོ། །རྡོ་རྗེེ་ཅན་ཞེས་པ་ནི་དངོས་པོ་མེད་པའི་རྡོ་རྗེའི་དོན་ནོ། །རྡོ་རྗེེ་གཅིག་པུ་གཡུལ་སེལ་བ། །ཞེས་པ། རྡོ་རྗེ་ནི་སྙིང་པོ་སྐྱེ་བ་མེད་པའི་ཡང་སྙིང་ངོ་། །དེ་གཅིག་པུས་མི་ཤེས་ཤིང་རྨོངས་པའི་འཁོར་བའི་གཡུལ་ངོ་ཐམས་ཅད་སེལ་བའོ། །རྡོ་རྗེ་འབར་བ་མིག་མི་བཟད། །ཅེས་པ། རྡོ་རྗེ་ནི་ཀ་དག་ཆེན་པོའི་རྡོ་རྗེ། འབར་བ་ནི་ཡེ་ཤེས་ཀྱི་འོད་འབར་བ། མིག་མི་བཟད་ཅེས་པ་ཤེས་རབ་ཡེ་ཤེས་ཀྱི་སྤྱན་ཏེ། གསལ་དག་ཟང་ཐལ་ཆེན་པོར་མཐོང་བའི་མིག་གོ། །སྐྲ་ཡང་རྡོ་རྗེེ་འབར་བ་སྟེ། ཞེས་པ། རྡོ་རྗེ་དོན་གོང་དུ་བཤད་དོ། །རྡོ་རྗེའི་སྐྲ་ནི་འགྱུར་བ་མེད་པའི་རྟགས་སོ། །འབར་བ་ནི་རྡོ་རྗེ་ལ་གཞན་འཇོམས་པར་བྱེད་པའི་འོད་འབར་བའོ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །ཞེས་པ། རྡོ་རྗེ་ནི་ཀ་དག་ཆེན་པོའི་རྡོ་རྗེེ། དེས་གཞན་གྱི་ལྟ་སྒོམ་གཏན་ལ་འབེབས་པས་ན་འབེབས་ཞེས་གསུངས་སོ། །འབེབས་པ་ཆེ་ཞེས་པ་སྤྱི་ཏི་ཡོ་གའི་ཐེག་པའོ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ཅེས་པ། འཁྲུལ་པ་རྩད་གཅོད་པའི་མན་ངག་དངོས་བསྟན་ཏེ། མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ཅེས་པ། སྣང་སྲིད་དངོས་པོའི་ཆོས་ཐམས་ཅད་མ་ལུས་ལུས་པ་མེད་པར་གསལ་དག་ཟང་ཐལ་འོད་གསལ་ཆེན་པོ་དུས་གསུམ་འཕོ་འགྱུར་མེད་པར་གཟིགས་པས་རྡོ་རྗེའི་མིག་ཅེས་བྱའོ། །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །ཅེས་པ། ལུས་ཐམས་ཅད་ཀྱང་རྡོ་རྗེའི་སྤུས་གཏམས་ཏེ། འགྱུར་བ་མེད་ཅིང་སྐྱེ་འཇིགས་མེད་པའི་རྟགས་སོ། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །ཞེས་པ། རྡོ་རྗེ་ནི་དབྱེར་མེད་པའོ། །སྤུ་ནི་ཡེ་ཤེས་ཀྱི་སྤུའོ། །གཅིག་སྤུའི་ལུས་ནི་སྐྱེ་མེད་འགྱུར་མེད་ཀྱི་ལུས་སོ། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །ཞེས་པ། འགྱུར་བ་མེད་པའི་རྡོ་རྗེ་ལགས་ཏེ། ལུས་ཐམས་ཅད་རྡོ་རྗེས་གཏམས། སེན་མོ་ཡན་ཆོད་རྡོ་རྗེར་གྱུར་པ་ནི་ཆོས་ཉིད་མི་འགྱུར་བའི་བརྡའ་བསྟན་པའོ། །རྡོ་རྗེ་སྙིང་པོ་ལྤགས་པ་མཁྲེགས། །ཞེས་པ། རྡོ་རྗེེ་ནི་སྟོང་པ་ཉིད་ཀྱི་རྡོ་རྗེ། སྙིང་པོ་ནི་བཅུད་དུ་གྱུར་པའོ། །ལྤགས་པ་ནི་སྲ་ཞིང་མཁྲེགས་པ་དང་ལྡན་པའོ། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །ཞེས་པ། རྡོ་རྗེ་ནི་རྒྱུ་རྐྱེན་མེད་པའོ། །ཕྲེང་ཐོགས་ནི་ཆོས་ཉིད་ཀ་དག་དེ་རྐྱེན་ཁར་མི་གཏོང་ཞིང་རང་གི་རྒྱུད་ལ་འཛིན་པའོ། །དཔལ་དང་ལྡན་ཅེས་པ་སྐལ་བ་དང་ལྡན་པའོ། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པ། རྡོ་རྗེ་ནི་དགག་སྒྲུབ་མེད་པའི་རྡོ་རྗེའོ། །རྒྱན་ནི་རྡོ་རྗེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེ་ཆོས་ཉིད་འགྱུར་བ་མེད་པས་གཉིས་སུ་མེད་པར་རྟོགས་པའི་རྟགས་སོ། །གང་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། །ཞེས་པ། གད་རྒྱངས་ནི་ཁྲོ་བོའི་གད་རྒྱངས་སོ། །ཇི་ལྟར་སྒྲོགས་ན་ཁྲོ་བོ་དེ་རྣམས་ཀྱི་ཞལ་ནས་ཧཱ་ཧཱ་ཞེས་པའི་སྒྲ་སྒྲོགས་སོ། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་པ། འགྲེལ་པ་བར་པ་ནས་བཤད་པ་ནི། རྡོ་རྗེའི་གདན་ལ་སངས་རྒྱས་ཕྱིར་ན་བདུད་འདུལ་བའི་ཕྱིར་གཤིན་རྗེ་གཤེད་པོས་ཡི་གེ་དྲུག་པའི་སྒྲ་བསྒྲགས་སོ། །ཡི་གེ་དྲུག་གང་ཞེ་ན། ཨཱ་མ་འ་ཡ་ར་ལ། ཞེས་པ་དྲུག་གོ། །ཡང་ན་ད་རེས་སྤྱི་ཏི་ཡོ་གའི་འགྲེལ་པ་ལྟར་བཤད་ན། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་པ། དེ་ལ་ཡི་གེ་དྲུག་པོ་དེ། སྔགས་དྲུག །ཡི་གེ་དྲུག །མིང་དྲུག །བརྡ་དྲུག །སྒྲ་དྲུག་དང་སུམ་ཅུ་ཐམ་པ་སྟེ། དེ་ལ་ཡི་གེ་དྲུག་ནི། ཨཱ་མ་འ་ཡ་ར་ལ། དྲུག་གོ། །སྔགས་དྲུག་ནི། ༀ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ། དེ་ནི་སྔགས་དྲུག་གོ། །ཡི་གེའི་མིང་དྲུག་ནི། ཕོའི་ཡི་གེ་དང་། མོའི་ཡི་གེ་དང་། མ་ནིང་གི་ཡི་གེ་དང་། སྣང་ལྡན་གྱི་ཡི་གེ་དང་། སྣང་མི་ལྡན་གྱི་ཡི་གེ་དང་། ཀས་མ་ཤིའི་ཡི་གེ་དང་དྲུག་གོ། །འཇམ་དཔལ་གྱི་ཡང་སྙིང་དྲུག་ནི། ༀ་ཝཱ་གི་ཤྭ་རི་མུཾ་དྲུག་གོ། །བརྡ་དྲུག་ནི། ལུས་ཀྱི་བརྡ་དང་། ངག་གི་བརྡ་དང་། ཡིད་ཀྱི་བརྡ་དང་། སྤྱོད་ལམ་གྱི་བརྡ་དང་། མཁའ་འགྲོ་མའི་བརྡ་དང་། ཆོས་ཀྱི་བརྡ་དང་དྲུག་གོ། །ཡང་ན་བརྡ་དྲུག་གོ། །ༀ་ནི་སྐུའི་བརྡ། ཨཱཿནི་གསུང་གི་བརྡ། ཧཱུྃ་ནི་ཐུགས་ཀྱི་བརྡ། ཧྲཱིཿནི་ཕྲིན་ལས་ཀྱི་བརྡ། སྭཱ་ནི་ཡོན་ཏན་གྱི་བརྡ། ཧཱ་ནི་དགྱེས་པའི་བརྡ་དང་དྲུག་གོ། །དེ་ལ་སྒྲ་དྲུག་ནི། སྣང་བའི་སྒྲ་དང་། སྟོང་པའི་སྒྲ་དང་། བྱས་པའི་སྒྲ་དང་། མ་བྱས་པའི་སྒྲ་དང་། ཡོད་པའི་སྒྲ་དང་། མེད་པའི་སྒྲ་དང་དྲུག་གོ། །རྡོ་རྗེའི་སྒྲ་ཞེས་པ་སྒྲ་དྲུག་ཏུ་བཤད་ན། དེ་ལ་སྣང་བའི་སྒྲ་ནི། སྣང་སྲིད་ཀྱི་སེམས་ཅན་སྐྱེ་འགྲོ་གཟུགས་ཀྱིས་བསྡུས་པ་ཐམས་ཅད་ལ་རང་རང་གི་སྐད་དང་སྒྲ་རང་ཆས་སུ་ཡོད་པ་ནི་སྣང་བའི་སྒྲའོ། །སྟོང་པའི་སྒྲ་ནི། ནམ་མཁའ་སྟོང་པ་ལས་འབྲུག་དང་ཐོག་གི་སྒྲ་ནི་སྟོང་པའི་སྒྲའོ། །བྱས་པའི་སྒྲ་ནི། རྔ་བོ་ཆེ་དང་ཟངས་དུང་དང་ཆ་ལང་དང་དྲིལ་བུ་དང་དུང་སློགས་པ་དང་། བརྡུང་ཞིང་བུས་ཤིང་དཀྲོལ་བ་ལ་སོགས་པ་ནི་བྱས་པའི་སྒྲའོ། །མ་བྱས་པའི་སྒྲ་ནི་ཆུ་སྒྲ་དང་རླུང་སྒྲ་དང་མེ་སྒྲ་ལ་སོགས་པ་འབྱུང་བ་ལྔ་ལ་སྒྲ་རང་ཆས་སུ་ཡོད་པ་ནི་མ་བྱས་པ་འབྱུང་བའི་སྒྲའོ། །ཡོད་པའི་སྒྲ་ནི་གཟུགས་ཅན་གྱི་དངོས་པོ་ལ་སྒྲ་སྣ་ཚོགས་འབྱུང་བ་ནི་ཡོད་པའི་སྒྲའོ། །མེད་པའི་སྒྲ་ནི་གཟུགས་ཀྱི་དངོས་པོ་ཅི་ཡང་མེད་པ་ལ་སྟོང་པའི་སྒྲ་འབྱུང་བ་ནི་དཔེར་ན་བྲག་ཆའི་སྒྲ་ལྟ་བུའོ། །སྟོང་པ་ལ་འུར་འུར་ཏོག་ཚལ་སྒྲ་ཆེམས་པའི་སྒྲ་འབྱུང་བ་ནི་མེད་པའི་སྒྲའོ། །ཡང་ན་སྒྲ་ཁྱད་པར་འཕགས་པ་ནི། དོན་དམ་པ་ཆོས་ཉིད་ཀྱི་སྒྲའོ། །ཡང་ན་ཡི་གེ་དྲུག་ནི། ཨ་ཁ་ཞ་སོད་ཧཱུྃ་འ་དང་དྲུག་གོ། །ཨ་ནི་སྐྱེ་མེད་ཀ་དག་ལ། ཁ་ནི་རིག་པ་འགག་མེད་འོད་གསལ་ཆེན་པོར་ཤར། ང་ནི་ང་བདག་མ་རིག་དབང་གིས་ཆོས་ཉིད་དོན་མ་རྟོགས། ང་ལས་དུག་ལྔའི་དགྲ་ལངས། ཁམས་གསུམ་འཁོར་བར་འཁྱམས། ཞ་ཞེས་པ་སྤྱི་ཏི་ཡོ་གའི་སྐྱེ་མེད་ཀ་དག་གདམས་ངག་གིས། ང་བདག་དུག་གསུམ་རང་བཞིན་སྙིང་པོ་སྐུ་གསུང་ཐུགས། ཉོན་མོངས་པ་རང་བཞིན་འཁྲུལ་པ་བྱུང་སར་ཐིམ། སྒོ་ལྔ་ཡུལ་ལྔ་མཚན་མ་རང་སར་ཐིམ། མ་རིག་འཁྲུལ་སྒོ་བཅད་པས་འཁོར་བའི་འདམ་ནས་ཐར། སོད་ཉོན་མོངས་ཞི་བས་འགྲོ་དྲུག་གཡང་ས་བཅད་ཅེས་གསུངས་སོ། །ཧཱུཾ་ནི་ཆོས་ཅན་མཚན་མའི་བྱེ་བྲག་ཆོས་ཉིད་དབྱིངས་སུ་བསྡུད། འ་ནི་སྐྱེ་མེད་ཆོས་ཉིད་ཀློང་དུ་ཐིམ། ཡིག་གེ་དྲུག་པས་ཆོས་རྣམས་གཏན་ལ་འབེབས། ཞེས་གསུངས་སོ། །རྡོ་རྗེ་ནི་གོང་དུ་བཤད་ཟིན་ནོ། །ཡང་རྡོ་སྐྱེ་བ་མེད་པ། རྗེ་འགག་པ་མེད་པ། སྒྲ་ནི་སྐྱེ་འགག་གཉིས་སུ་མེད་པ་ཆོས་ཀྱི་སྒྲའོ། །འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ། །ཞེས་པ། འཇམ་པ་ནི་ཟུག་རྔུ་མེད་པའོ། །དབྱངས་ཀྱི་ལྟ་བ་ལ་ཕྱོགས་དང་རིས་མེད་པས་ཡངས་པའོ། །ཆེན་པོ་ནི་གཞན་ལས་ཁྱད་དུ་འཕགས་པའོ། །སྒྲ་ཆེ་བ་ནི་སྤྱི་ཏི་ཡོ་གའོ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ཞེས་པ། འཇིག་རྟེན་གསུམ་སྟེ། ས་སྟེང་ས་འོག་ས་བླ་དང་གསུམ་མོ། །དེ་གསུམ་ན་སྒྲ་གཅིག་ཡོད་པ་ནི་འདིའོ། །སྒྲ་དེ་གསོད་པར་བྱེད་པ་ནི་སྐྱེ་མེད་ཀ་དག་བྱར་མེད་བློ་འདས་སོ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །ཞེས་པ། ཆོས་ཉིད་ནམ་མཁའ་རྒྱུ་རྐྱེན་སྐྱེ་འཇིག་མཐའ་དབུས་ཕྱོགས་རིས་མེད་པའི་ནམ་མཁའ་ནས། རྩལ་དང་རོལ་པ་དང་སྣང་ཚུལ་དང་མཚན་མ་སྣ་ཚོགས་ཀྱི་སྒྲ་སྒྲོགས་པའོ། །དེ་ལ་དེར་འཛིན་མེད་ཅིང་། ནམ་མཁའ་ལ་ངང་འདས། རང་སངས། རང་གྲོལ་ལོ། །ནམ་མཁའི་མཐའ་ཀླས་ཞེས་པས་དཔེས་བསྟན་ཏེ། དཔེར་ན་ནམ་མཁའི་ཀློང་དཀྱིལ་ནས། འབྲུག་སྒྲ་ཐོག་གློག་ཉི་ཟླ་གཟའ་སྐར་དང་། སྤྲིན་དང་ཁུ་རླངས་ཚ་སེར་དང་། དེ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་རྣམས་ཡང་ནམ་མཁའི་ཀློང་ནས་བྱུང་། སངས་ཀྱང་ནམ་མཁའ་རང་ལ་སངས། ནམ་མཁའི་ངང་ནས་བྱུང་ཞིང་ཐིམ། ཐིམ་ཡང་ནམ་མཁའ་ཉིད་དུ་ཐིམ། གྲོལ་ཡང་དེ་ཉིད་རང་དུ་གྲོལ། སྤྲིན་དང་ཁུ་རླངས་ཆར་སེར་ཐོག་གློག་ནམ་མཁའི་ངང་དུ་འདས་སོ། །ནམ་མཁའ་དང་ནམ་མཁའི་ཆོ་འཕྲུལ་གཉིས་དབྱེར་མེད་པར་འདྲེས་སོ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པ། སྒྲ་ནི་འབྲུག་དང་སྒྲ་དང་ཐོག་ལ་སོགས་པའི་ཆོ་འཕྲུལ་རྣམས་སོ། །ལྡན་ཞེས་པ་འཁྲུལ་པ་རྩད་ནས་བཅད་པའི་གདམས་ངག་ལ། སྙིང་པོ་མའི་ཀློང་ནས་རྩལ་ཟེར་བུ་རྣམས་ཤར། རང་བྱུང་ངང་དྭངས་སྙིང་པོའི་ཀློང་ན་ཐིམ། གང་གི་འཁྲུལ་ལུགས་འཁྲུལ་སྣང་ཐམས་ཅད་ཀུན། རང་བྱུང་ངང་འདས་སྐྱེ་མེད་ཀ་དག་མའི་དབྱིངས་སུ་ཐིམ་མོ། །རྣམས་ཀྱི་མཆོག་ནི་སྐབས་རྣམས་ཀྱི་ནང་ནས། འཁྲུལ་པ་རྩད་གཅོད་པའི་མཆོག་ནི་རྡོ་རྗེ་འབར་བའི་ལེའུའོ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །ཅེས་པ། འཁྲུལ་གཞི་འཁྲུལ་པ་འཁྲུལ་སྣང་འཁོར་བའི་ཆོས་ཐམས་ཅད་རྩད་ནས་གཅོད་པས་ན་རྣམས་ཀྱི་མཆོག་ཅེས་གསུངས་སོ། །དེ་ཡན་ཆོད་དོན་ཆེན་མཚུངས་མེད་ཅེས་པ་དང་སྦྱར་རོ། །སྐབས་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་རྡོ་རྗེ་སེམས་དཔའི་འཁོར་ལ་བསྟོད་པ་དང་། བྱེ་བྲག་ཤན་གྱི་བཀའ་ཚོམ་བསྟན་པའི་སྐབས་སོ། །ཡང་དག་བདག་མེད་དེ་བཞིན་ཉིད། །བྱ་བ་ནས། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་བྱ་བ་ཡན་ཆོད་ཀྱིས་ཚིག་འགྲེལ་པ་མ་གཞི་ཕྲའོ་ཁྲ་བརྟག་བསྟན་ཏེ། དོན་རྒྱ་ཆེ་བ་དང་སྦྱར་རོ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ། འབྲུ་ལྔའམ་བཅུ་ཐམ་པར་བཤད་དེ། བདག་མེད་ཅེས་པ་མཚན་ཉིད་སྡེ་གསུམ་བསྟན། དེ་བཞིན་ཅེས་པས་ཀྲི་ཡོག་སྡེ་གསུམ་གྱི་ཐེག་པ་བསྟན། ཡང་དག་ཅེས་པས་བསྐྱེད་རྫོགས་རྣམ་པ་གསུམ་གྱི་ཐེག་པ་བསྟན། ཉིད་ཅེས་པས་རྫོགས་ཆེན་སྤྱི་ཏི་ཡོ་གའི་ཐེག་པ་བསྟན། དེ་ལས་སྤྱི་ཏིའི་འགྲེལ་པ་ལས། ཡང་དག་ནི་ཀ་དག་གི་ཡེ་ཤེས་སོ། །བདག་མེད་ཅེས་པ་སྐྱེ་བ་མེད་པའོ། །དེ་བཞིན་ཉིད་ཅེས་པ་ནི་བྱར་མེད་བློ་འདས་སོ། །ཡང་དག་མཐའ་སྟེ་ཡི་གེ་མེད། །ཅེས་པ། ཡང་དག་ནི་སྙིང་པོ་མ་ལུས་པའོ། །མཐའ་སྟེ་ནི་ཆོས་ཉིད་མཐའ་དང་དབུས་མི་དམིགས་སོ། །དོན་དེ་ལ་ཡི་གེས་མཚོན་དུ་མེད་པའོ། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཞེས་པ། སྟོང་ཉིད་ནི་ཆོས་ཉིད་དོ། །སྨྲ་བའི་ཁྱུ་མཆོག་ནི་གསང་བའི་བདག་པོའོ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཞེས་པ། ཟབ་པ་ནི་ཡང་དག་པའི་དོན་མིང་མེད་བློ་འདས་ཆེན་པོ་སྟེ་བསྟན་དུ་མེད་པའོ། །རྒྱ་ཆེ་བ་ནི་ཐབས་རྒྱ་ཆེ་བའོ། །སྒྲ་སྒྲོགས་པ་ཞེས་པ་ནི། དོན་ཟབ་པ་དང་། དོན་རྒྱ་ཆེ་བ་དང་། དོན་མཚུངས་པ་མེད་པའི་སྒྲ་བཅོམ་ལྡན་འདས་གསང་བའི་བདག་པོས་སྒྲོགས་པའོ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཞེས་པ། ཆོས་ཀྱི་དུང་སྟེ་ཞེས་པ། ཐེག་པ་དགུ་རྩེ་མི་དང་ལྷའི་ཡུལ་དུ་འབྱུང་བའི་དུས་ན། སྒྲ་ཆེན་ལྡན་ནི་རྣམ་པ་སྣ་ཚོགས་ཏེ། དུང་དང་། ཟངས་དུང་དང་། གླིང་བུ་ལ་སོགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་རྣ་བ་རྣམས་སུ་ཐོས་པས་སྒྲ་ཆེ་བ་དང་ལྡན་ནོ། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །ཞེས་པ། བཙུན་པ་ཆོས་སྟོན་བཟའ་ཁར་གཎྜི་བརྡུངས་པས། བཙུན་པ་ཡོ་འབོད་མི་དགོས་པར་འོངས་པ་ལྟར། སྔོན་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་ཆོས་གསུངས་པའི་དུས་སུ་ཆོས་ཀྱི་གཎྜིའམ་རྔ་བོ་ཆེ་བརྡུངས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་པར་སྒྲ་ཆེན་པོས་ཁྱབ། ཀུན་གྱིས་ཐོས་པས་ན་སྒྲ་བོ་ཆེ་ཞེས་བྱའོ། །མི་གནས་མྱ་ངན་འདས་པ་པོ། །ཞེས་པ། འཁོར་བའི་ཆོས་གང་ལ་ཡང་མི་གནས་ཏེ། དངོས་པོ་སྣང་སྲིད་ཀྱི་ཆོས་ལ་ཡང་མི་གནས་པས་མྱ་ངན་ལས་འདས་ཏེ། ཐར་པ་དང་བདེ་བ་ཐོབ་པའོ། །ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ། །ཞེས་པས། ཕྱོགས་བཅུའི་ཆོས་ཞེས་པ་ཕྱོགས་བཅུ་འཇིག་རྟེན་གྱི་ཆོས་ཐམས་ཅད་ན་ཡོད་པའི་ཆོས་ཐམས་ཅད་ཀྱི་རྔ་བོ་ཆེ་ལྟ་བུ་ནི། རྫོགས་ཆེན་ཐོད་རྒལ་སྤྱི་ཏི་ཡོ་གའི་ཐེག་པའོ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །ཞེས་པ། གཟུགས་མེད་པ་ནི་ཆོས་སྐུའོ། །གཟུགས་བཟང་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་པ་སྟེ་དྷརྨ་ཀ་ཡའོ། །སྣ་ཚོགས་གཟུགས་ཅན་སྤྲུལ་པའི་སྐུའོ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་པ། ཡིད་ལ་འགྱུ་ཞིང་ཀུན་ཏུ་འཚོལ་བའི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། ཡིད་གཉིས་ལས་སེམས་ཅན་ཐམས་ཅད་སྐྱེས་ཞེས་བྱའོ། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །ཞེས་པ། གང་དུ་འཁྲུལ་པ་བསྟན་པའི་ལུང་དྲངས་སྟེ། ཡིད་དང་དངོས་པོ་རྐྱེན་སྣང་གི་འཁྲུལ་པ་གཟུགས་ཀྱི་བྱེ་བྲག་བསྟན་ཏེ། གཟུགས་རྣམས་ཞེས་པ། སེམས་ཅན་མ་ལུས་ཤིང་ལུས་པ་མེད་པའི་གཟུགས་བསྟན་ཏེ། འགྲོ་བ་རིགས་དྲུག་སྐྱེ་བ་རྣམ་བཞི། རྐང་བཞི་རྐང་མང་། ཁྲག་ཅན་དང་ཁྲག་མེད། སྐད་ཅན་དང་སྐད་མེད། གཟུགས་ཅན་གྱི་སེམས་ཅན་མ་ལུས་པ་ལ་བྱའོ། །སྣང་བའི་དཔལ་ཞེས་པས། གང་གི་གཟུགས་ཅན་གྱི་སེམས་ཅན་ཐམས་ཅད་ཀྱི་མགོན་དཔལ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡིན་ནོ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པ། གཟུགས་ནི་མི་འདྲ་བ་རྣམ་པ་སྣ་ཚོགས་ལ། མ་རྟོགས་པའི་དུས་ན་ཉོན་མོངས་པ་ཅན་གྱི་ཡིད་འཆང་བའོ། །རྟོགས་པའི་དུས་ན་རང་བྱུང་གི་ཡེ་ཤེས་འཆང་བའོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཞེས་པ། ཚུགས་པ་མེད་ཅེས་པ་སྐྱེ་མེད་ཀ་དག་གི་དགོངས་པ་དེ་ལ་ཉོན་མོངས་པའི་བདུད་གང་གིས་ཀྱང་མི་ཚུགས་སོ། །ཆེ་བར་གྲགས་པ་ནི་སྙིང་པོའི་དོན་ཆེན་པོ་ལ་སྤྱི་ཏི་ཡོ་གར་གྲགས་སོ། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །ཞེས་པ། ཁམས་གསུམ་ཞེས་པ། འདོད་ཁམས། གཟུགས་ཁམས། གཟུགས་མེད་པའི་ཁམས་དང་གསུམ་མོ། །དབང་ནི་སྐྱེ་བ་མེད་པ་ལ་དབང་ལ། ཕྱུག་ནི་རྟོག་པའི་ཡེ་ཤེས་ཀྱིས་ཕྱུག་གོ། །ཆེན་པོ་ནི་སྤྱི་ཏི་ཡོ་གའོ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །ཞེས་པ། འཕགས་ལམ་ཞེས་པ་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཤིན་ཏུ་ཞེས་པ་ནི་ཟབ་མོའི་གདམས་ངག་གོ། །མཐོ་ལ་གནས་ཞེས་པ། འཕགས་པའི་ལམ་ལ་ཐེག་པ་འདི་མཐོའོ། །དར་བ་ཆེན་པོ་ཆོས་ཀྱི་ཏོག །ཅེས་པ། དར་བ་ནི་ལྔ་བརྒྱ་དུས་ཀྱི་ཐ་མ་ལ་ཟབ་མོའི་ཆོས་དར་བའོ། །ཆེན་པོ་ནི་རྫོགས་པ་ཆེན་པོའོ། །ཆོས་ཀྱི་ཏོག་ཅེས་པ་ནི་རྒྱལ་མཚན་གྱི་རྩེ་མོ་དང་འདྲ་སྟེ། ཆོས་ཐམས་ཅད་ཀྱི་རྒྱལ་མཚན་ནི་རྫོགས་པ་ཆེན་པོའོ། །གོང་རྒྱལ་སྤྱི་ཏི་ཡོ་གའོ། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པ། སྟེང་ལྷ་དང་བར་མི་དང་འོག་ཀླུའི་འཇིག་རྟེན་དང་གསུམ་མོ། །གཞོན་ལུས་དང་ལྡན་པ་ནི་འཕགས་པ་འཇམ་དཔལ་ཡིན་ཏེ། བྱིས་པ་ལོ་བརྒྱད་ལོན་པའི་ཆ་བྱད་དུ་བཞུགས་སོ། །གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །ཅེས་པ། གནས་བརྟན་ནི་སེམས་ཅན་ཐམས་ཅད་ཀྱི་གཞིའམ་ཀུན་གཞི་ཡིན་ནོ། །རྒན་པོ་ནི་ཀུན་གཞི་འདུས་མ་བྱས་པའི་ཆོས་ཉིད་ཀྱི་སྟོང་ར་ཆེན་པོའོ། །སྐྱེ་རྒུའི་བདག་ཅེས་པ། སྐྱེ་རྒུ་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་དུ་སྐྱེ་བའི་མའམ་གནས་བརྟན་ལྟ་བུ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ནོ། །ཡང་ན་གནས་བརྟན་ནི་ཉན་ཐོས། རྒན་པོ་ནི་རང་སངས་རྒྱས། སྐྱེ་རྒུའི་བདག་པོ་ནི་བྱང་ཆུབ་སེམས་དཔའི་ཐེག་པའོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་པ། བཅོམ་ལྡན་འདས་ལ་མཚན་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །ཞིབ་ཏུ་ནི་མཚན་དཔེ་ལས་ཤེས་པར་བྱའོ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པ། སྡུག་གུ་ཡིད་དུ་འོང་བའོ། །འཇིག་རྟེན་གསུམ་པོ་ན་མཛེས་ཤིང་ཡིད་དུ་འོང་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྟེ། སྐུ་བལྟ་བས་མི་ངོམས་པའོ། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །ཞེས་པ། འཇིག་རྟེན་གྱི་སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཤེས་པ་དང་ལེགས་པར་སློབ་པ་ནི་བཅོམ་ལྡན་འདས་སམ་སློབ་དཔོན་དགའ་རབ་རྡོ་རྗེ་ལྟ་བུའོ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །ཅེས་པ། འཇིག་རྟེན་གྱི་སློབ་དཔོན་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་མི་རྣམས་ལ་སྡུག་བསྔལ་དང་ཉོན་མོངས་པས་མི་འཇིགས་པའི་ཆོས་བཤད་པས། དེར་གཟོད་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱིས་ཆོས་གོ་བས་སྡུག་བསྔལ་གྱིས་མི་འཇིགས་པས་ན་འཇིགས་པ་མེད་ཅེས་བྱའོ། །མགོན་སྐྱོབ་འཇིག་རྟེན་ཡིད་བཅུགས་པ། །ཞེས་པ། སེམས་ཅན་མགོན་དང་སྐྱབས་མེད་པ་རྣམས་ལ་མགོན་སྐྱབས་མཛད་པ་ནི་བཅོམ་ལྡན་འདས་སོ། །ཡིད་གཅུགས་ཞེས་པ་འཇིག་རྟེན་གྱི་སེམས་ཅན་སྡུག་བསྔལ་ཞིང་ཉོན་མོངས་པ་རྣམས་ལ། བཅོམ་ལྡན་འདས་ཀྱི་ཐུགས་རྗེས་ཡིད་བཅུགས་ཤིང་གདུངས་ནས་འགྲོ་བ་རྣམས་འདུལ་བའོ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་པ། སྐྱབས་ནི་སེམས་ཅན་རྣམས་ཀྱི་སྐྱབས་མཛད་པའོ། །སྐྱོབ་པ་ནི་སྟོན་པའི་ཐུགས་རྗེས་སྐྱོབ་པའོ། །བླ་ན་མེད་པ་ནི་གསང་བའི་བདག་པོའོ། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཞེས་པ། ནམ་མཁའ་ནི་འདུས་མ་བྱས་པའོ། །མཐའ་ལ་ལོངས་སྤྱོད་པ་ཞེས་པ། མཐའ་དང་དབུས་མི་མངའ་སྟེ། དབྱེ་བསལ་མེད་པའི་དགོངས་པ་བསྟན་ནོ། །ལོངས་སྤྱོད་པ་ཞེས་པ། ལྟ་བ་ནམ་མཁའ་ལ་ལོངས་སྤྱོད། སྒོམ་པ་ཉི་ཟླ་ལ་ལོངས་སྤྱོད། སྤྱོད་པ་མེ་ཏོག་དང་བུང་བ་ལ་ལོངས་སྤྱོད། འབྲས་བུ་ནི་རི་རྒྱལ་ལྷུན་པོ་ལྟ་བུ་ལ་ལོངས་སྤྱོད་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་པ། ཐམས་ཅད་ནི་མ་ལུས་ཤིང་ལུས་པ་མེད་པ་རྣམས་ལ་བྱའོ། །མཁྱེན་པ་ལ་གསུམ་སྟེ། ཇི་སྙེད་པ་མཁྱེན་པ་དང་། ཇི་ལྟ་བ་མཁྱེན་པ་དང་། མཆོག་མཁྱེན་པ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའོ། །དེ་གང་གིས་མཁྱེན་ན། སྟོན་པ་གསང་བའི་བདག་པོས་ཐེག་པའི་ཆོས་ཐམས་ཅད་མཁྱེན་པའོ། །ཡེ་ཤེས་མཚོ་ཞེས་པ། ཡེ་ཤེས་ནི་མི་ཤེས་པ་མེད་པ་སྟེ། སྐྱེ་མེད་ཀ་དག་གི་ཡེ་ཤེས་སོ། །མཚོ་ཞེས་པ་ཆོས་རྒྱ་མཚོ་ལྟ་བུ་ཤེས་པས། དགོངས་པ་རྒྱ་མཚོ་ལྟ་བུ་ལ་ལོངས་སྤྱོད་པའོ། །ཡང་ན་རྒྱ་མཚོ་ལྟ་བུ་ཕྱེས་ཏེ་བཤད་ན། ལྟ་བ་རྒྱ་མཚོ་དང་། སྒོམ་པ་རྒྱ་མཚོ་དང་། སྤྱོད་པ་རྒྱ་མཚོ་དང་། དམ་ཚིག་རྒྱ་མཚོ་དང་། ཕྲིན་ལས་རྒྱ་མཚོ་དང་། ལམ་རྒྱ་མཚོ་དང་། གྲོགས་རྒྱ་མཚོ་དང་། དཀྱིལ་འཁོར་དང་། དབང་དང་། དངོས་གྲུབ་དང་། སངས་རྒྱས་དང་། སེམས་ཉིད་ལ་ལྟ་བ་དང་། སེམས་ལ་ཤར་བ་དང་། སེམས་ཀྱི་སྣང་བ་དང་། སེམས་ཀྱི་རྟོགས་པ་དང་། སེམས་ཉིད་གྲོལ་བ་དང་། རྟོགས་པའི་ཐབས་རྒྱ་མཚོ་དང་། མངོན་དུ་གྱུར་པ་རྒྱ་མཚོ་དང་། ཡོངས་སུ་གྲུབ་པ་རྒྱ་མཚོ་དང་། དེ་ཉིད་གྲོལ་བ་མན་ངག་རྒྱ་མཚོ་དང་། འབྲས་བུ་སྐུ་གསུམ་རང་གནས་ཆིག་ཆོད་རྒྱ་མཚོ་དང་འདྲའོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །ཞེས་པ། ཡར་སངས་རྒྱས། མར་སེམས་ཅན། འཁྲུལ་པའི་བྱེ་བྲག་བསྟན་ཏེ། མ་རིག་པ་ཞེས་པ་དེ་རང་ཡིན་ཏེ། རིག་པ་དེས་སྐྱེ་མེད་ཀ་དག་གི་དོན་མ་རིག་པས་ན་མ་རིག་པའོ། །མ་རིག་ཅེས་པ། མ་སྙིང་པོའི་གནས་ལུགས། བུ་རིག་པ་རྩལ་དང་ཡན་ལག །བུ་དེས་སྙིང་པོ་ཡེ་ནས་གནས་པའི་དོན་མ་ཤེས། མ་རིག་པས་ན་དེར་མ་རིག་པ་ཞེས་བྱའོ། །སྒོ་ང་ནི་སྲིད་པའི་སྒོ་ངའོ། །དེ་ལ་བཞི་སྟེ། མངལ་ནས་སྲིད་པའི་སྒོ་ང་དང་། དྲོད་གཤེར་ལས་སྲིད་པའི་སྒོ་ང་དང་། བརྫུས་ཏེ་སྲིད་པའི་སྒོ་ང་དང་། སྒོ་ང་ལས་སྐྱེས་པའི་སྲིད་པ་སྟེ། དེ་བཞི་ལས་གང་སྐྱེས་པ་ནི་ཤེས་པར་བྱ་གོ་སླའོ། །སྦུབས་ཞེས་པ་ལ་གསུམ། འགྱུར་བ་མེད་པ་རིན་པོ་ཆེའི་སྦུབས་དང་། ཡེ་ཤེས་འོད་ཀྱི་སྦུབས་དང་། རྣམ་རྟོག་བག་ཆགས་ཤ་ཁྲག་གི་སྦུབས་དང་གསུམ་མོ། །དེ་གསུམ་ལ་གདམས་ངག་གསུམ་མོ། །འབྱེད་པ་ཞེས་པས་གདམས་ངག་བསྟན་ཏེ། ཡེ་ཤེས་ཀྱི་སྦུབས་དང་། མ་རིག་པའི་སྦུབས་གཉིས་གཉིས་སུ་འབྱེད་དོ། །དེ་ཀ་ལ་ཡར་སངས་རྒྱས། མར་སེམས་ཅན་གྱི་འཁྲུལ་པའི་དཔེ་མཚམས་ཞེས་བྱ་སྟེ་སངས་རྒྱས་དང་སེམས་ཅན་གཉིས་ཀྱི་སྤྱི་སའོ། །སྲིད་པའི་དྲྭ་བ་འཇོམས་པ་པོ། །ཞེས་པ། སྲིད་པའི་སྐྱེ་གནས་དྲྭ་བ་དག་འདྲ་བའི་རྒྱར་འཐུམས་པས་ན། མ་རིག་པའི་འཁྲུལ་སྒོར་ཚུད་དེ། ཁམས་གསུམ་སྡུག་བསྔལ་ཟད་མེད་དུ་མྱོང་ངོ་། །འོ་ན་ད་ཅིས་ལན་བྱས་པས། ཉོན་མོངས་པས་ནི་སེམས་དཀྲུགས་པས། །མི་ཤེས་འཁོར་བའི་འདམ་དུ་བྱིང་། །ཞེས་པ། འགོང་པོ་བདག་མ་ཐུལ་བས་སེམས་ཅན་རྣམས་ངན་སོང་རྒྱུད་གསུམ་དུ་བྱིང་ཞིང་ཁམས་གསུམ་འཁོར་བར་འཁྱམས་སོ། །སྲིད་པའི་དྲྭ་བ་འཇོམས་པ་པོ། །ཞེས་པས། ཡེ་ཤེས་ཀྱི་འཆར་སྒོ་བརྟན་ཏེ། རིག་པ་ཐོ་ཆོ་མཁན་རིག་རིགས་སངས་སངས་ཕྱ་ཕྱ་བན་བུན་པོ་དེས། ཀ་དག་མ་ཤེས་གནས་པའི་དོན་མ་རིག་པས་སྲིད་པའི་དྲྭ་བར་ཚུད་ཅིང་འཐུམ་པ་ལ། འབྱེད་པ་ཞེས་པས་བླ་མའི་གདམས་ངག་བསྟན་ཏེ། འབྱེད་པ་མེད་པའི་གཏི་མུག་ཆེན་པོ་གང་བ་དབྱེ་བསལ་མེད་པའི་དགོངས་པ་དེས། རིག་རིག་སངས་སངས་ཕྱ་ཕྱ་བུན་བུན་པོའི་རྩད་བཅད་པས། རིས་མེད་ཀ་དག་ཆེན་པོར་རྟོགས་པས་ན། འཇོམས་པ་པོ་ཞེས་གསུངས་སོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །ཞེས་པ། ཉོན་མོངས་པ་ནི་སེམས་ཅན། མི་ཤེས་འཁོར་བའི་འདམ་དུ་བྱིང་། །ཞེས་པས། སྡུག་བསྔལ་རྣམ་པ་སྣ་ཚོགས་སྐྱེ་མེད་ཀ་དག་ཆེན་པོ་རྟོགས་པས་ཞི་བར་བྱེད་པའོ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཞེས་པ། འཁོར་བ་ནི་སྡུག་བསྔལ་གྱི་རྒྱ་མཚོ་སྟེ། དེ་ལས་ཕ་རོལ་ཏུ་ཕྱིན་པར་བྱེད་པ། གྲུ་པ་ནི་བླ་མའི་གདམས་ངག་འདི་ལྟ་བུ་སྟེ། གཞི་གཏན་ལ་འབེབས། འཁྲུལ་པ་རྩད་ནས་བཅད། ལྡོག་ལུགས་ཉམས་སུ་བླངས། རྟོགས་ལུགས་རྒྱུད་ལ་ཤར། སྙིང་པོ་ཀློང་དུ་གྱུར། སྐྱེ་མེད་ཀ་དག་རྟོགས། དངོས་མེད་དྲན་མེད་ཤེས་ན་འཁོར་བའི་སྡུག་བསྔལ་སྲིད་པའི་འདོད་ཆགས་ཀྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་གྲུ་པ་ཆེན་པོ་སྟེ། ཅང་མེད་དངོས་མེད་དྭངས་སང་ངེ་། །ཐ་སྙད་མཚོན་པའི་ཡུལ་ལས་འདས། །བློ་ཡི་ཆོས་རྣམས་ཀུན་ལས་གྲོལ། །ཞེས་གསུངས་སོ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཅེས་པ། ཡེ་ཤེས་ནི་ཀ་དག་གི་ཡེ་ཤེས། དབང་བསྐུར་ནི་སྐྱེ་མེད་ཀ་དག་གི་དབང་བསྐུར། ཅོད་པན་ནི་དབུའི་ཅོད་པན་ཅན་ནོ། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །ཞེས་པ། རྫོགས་པ་ནི་ལྷག་མ་མ་ལུས་པའི་དོན་ནོ། །སངས་པ་ནི་ཉོན་མོངས་པ་སངས་པའོ། །རྒྱས་པ་ནི་ཡེ་ཤེས་ཆེན་པོ་རྒྱས་པའོ། །རྒྱན་དུ་ཐོགས་པ་ནི་སྣང་སྲིད་ཀྱི་ཆོས་ཐམས་ཅད་རོལ་པའི་རྒྱན་དུ་ཤར་བས་སོ། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །ཞེས་པ། སྡུག་བསྔལ་ནི་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། མཚན་མའི་སྡུག་བསྔལ་དང་གསུམ་མོ། །ཡང་ན་སྡུག་བསྔལ་གསུམ་ནི། ལུས་ན་ཚའི་སྡུག་བསྔལ་དང་། སེམས་ཞེ་འདོད་ཀྱི་སྡུག་བསྔལ་དང་། སྣང་བ་ཕྱོགས་རིས་ཀྱི་སྡུག་བསྔལ་དང་གསུམ་མོ། །སྡུག་བསྔལ་ཞི་ཞེས་པ་ལུས་ངག་ཡིད་གསུམ་གྱི་བྱ་བ་བཏང་བས། གཟུང་འཛིན་དང་ཞེ་འདོད་མེད་པས་སྡུག་བསྔལ་ཞི་ཞེས་བྱའོ། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །ཅེས་པ། གང་གི་སྡུག་བསྔལ་གསུམ་སེལ་བ་ལ་ཟེར་བ་ཡིན་ཏེ། དེ་ལ་བླ་མའི་གདམས་ངག་གནད་ཀྱི་མན་ངག་བཅོ་བརྒྱད་ཁྲིགས་ཀྱི་མན་ངག་བསྟན་ནོ། །ཡང་ན་འཁྲུལ་ལུགས་གསུམ་སེལ་ཞེས་པ་འཁྲུལ་པའི་གཅད་ལུགས་གསུམ་མོ། །མཐའ་ཡས་ཞེས་པ་ཉོན་མོངས་རྣམ་རྟོག་འཁྲུལ་སྣང་མཐའ་ཡས་སོ། །གྲོལ་གསུམ་ཞེས་པ་གྲོལ་ལུགས་གསུམ་གྱི་གདམས་ངག་བསྟན་པའོ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཞེས་པ། སྒྲིབ་པ་ནི་ཐར་པ་ཐོབ་ཏུ་མི་སྟེར་བའི་སྒྲིབ་པའོ། །ཀུན་ལས་ངེས་པར་གྲོལ་ཞེས་པ་ནི། ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། སྐྱེ་བའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་རྣམས་སོ། །སྒྲིབ་པ་ཀུན་ལས་སྐྱེ་མེད་ཀ་དག་གི་གདམས་ངག་ཤེས་པས་ངེས་པར་གྲོལ་ལོ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་པ། མཁའ་ནི་ཕྱོགས་རིས་དང་གོ་སྐབས་མེད་པའོ། །མཉམ་པ་ནི་ཕྱོགས་རིས་གཟུང་འཛིན་དགག་སྒྲུབ་སྤོང་ལེན་དགྲ་གཉེན་ཆགས་སྡང་གི་དབྱེ་བསལ་མེད་པར་མཉམ་པ་ཉིད་ལ་གནས་པའོ། །ཉོན་མོངས་དྲི་མ་ཀུན་ལས་འདས། །ཞེས་པ། ཉོན་མོངས་པ་ནི་རྣམ་པ་ལྔ། དྲི་མ་ནི་གཟུང་འཛིན་གྱི་དྲི་མ། ཀུན་ནི་རྣམ་རྟོག་བསམ་གྱིས་མི་ཁྱབ་པ། ཀུན་ལས་འདས་ནི་སྐལ་ལྡན་གཅིག་གིས་སྐྱེ་མེད་ཀ་དག་གི་གདམས་ངག་ཤེས་ན་ཉོན་མོངས་པ་ཀུན་ལས་འདས་ཞེས་བྱའོ། །དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་པ། དུས་གསུམ་ནི་འདས་པ་དང་ད་ལྟ་དང་མ་འོངས་པ་དང་གསུམ། དུས་མེད་ནི། རྟོག་པ་ཆིག་ཆོད་དེ་དུས་གསུམ་མི་རྩི་སྔ་ཕྱི་མེད་པར་རྟོགས་པའོ། །སེམས་ཅན་ཀུན་གྱི་གཙོ་བོ་ཆེ། །ཞེས་པ། སེམས་ཅན་ཐམས་ཅད་ཀྱི་གཙོ་བོའམ་སློབ་དཔོན་དུ་གྱུར་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཅེས་པ། ཡོན་ཏན་ནི་འཇིག་རྟེན་པའི་ཡོན་ཏན་ཟག་པ་དང་བཅས་པ་དང་། འཇིག་རྟེན་ལས་འདས་པའི་ཡོན་ཏན་ཟག་པ་མེད་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཀུན་གྱིས་མངོན་པར་འགྲོ་བར་བྱ་བ་ལ་སོགས་པ་ཀུན་གྱི་ཡོན་ཏན་ཐོད་དེ་གཙུག་གི་ནོར་བུ་ལྟ་བུའོ། །ལུས་ཀུན་ལས་ནི་རྣམ་པར་གྲོལ། །ཞེས་པ། ལུས་ཀུན་ནི། ལས་ཀྱི་ལུས་དང་། བག་ཆགས་ཀྱི་ལུས་དང་། ཡིད་ཀྱི་ལུས་དང་། རིག་པའི་ལུས་དང་། ཤ་ཁྲག་གི་ལུས་རྣམས་ལས་གྲོལ་ལོ། །ནམ་མཁའི་ལམ་ལ་རབ་གནས་པ། །ཞེས་པ། ནམ་ནི་སྐྱེ་བ་མེད་པའོ། །མཁའ་ནི་འགག་པ་མེད་པའོ། །ལམ་ནི་ཉེ་ལམ་དྲང་ལམ་མི་འགྱུར་ཆོས་ཉིད་འོད་གསལ་ཆེན་པོའོ། །རབ་གནས་པ་ནི་སྐལ་ལྡན་གྱི་རྣལ་འབྱོར་དེ་དགོངས་པ་ནམ་མཁའ་ལྟ་བུ་ལ་གནས་པའོ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཞེས་པ། དཔེར་ན་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡོད་ན། ཞེ་འདོད་མི་དགོས་པར་དགོས་འདོད་མ་ལུས་པ་ཤུགས་ལས་འབྱུང་བ་བཞིན་དུ། དཔེ་དེ་བཞིན་དུ་ལས་དང་སྐལ་བར་ལྡན་པའི་རྣལ་འབྱོར་ཆེན་པོ་ལ། སྐྱེ་མེད་ཀ་དག་གི་དོན་རྟོགས་པས་སེམས་ཉིད་ཀྱི་ནོར་བུ་རིན་པོ་ཆེ་རང་གི་རྒྱུད་ལ་བཅངས་ནས། དེ་ལ་ཆེད་དུ་རྩོལ་སྒྲུབ་དང་ཞེ་འདོད་མི་དགོས་པར་སེམས་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་མ་ལུས་པ་ཐམས་ཅད་ངང་ངམ་ཤུགས་ལས་འབྱུང་ངོ་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །ཅེས་པ། ཁྱབ་པ་ནི་སྙིང་པོའི་གནས་ལུགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་ཀུན་ལ་ཁྱབ་པའོ། །བདག་ནི་སྙིང་པོའི་དོན་དེ་བདག་གིས་རྟོགས་པའོ། །རིན་ཆེན་ཀུན་གྱི་མཆོག་ཅེས་པ། རིན་པོ་ཆེ་སྣ་ལྔའི་ནང་ནས་སྐྱེ་མེད་ཀ་དག་རྟོགས་པ་དེ་ནི་ནོར་བུ་ཀུན་གྱི་མཆོག་ཏུ་གྱུར་པའོ། །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །ཞེས་པ། དཔག་བསམ་གྱི་ཤིང་ནི་ཐེག་པ་བཅུའི་དཔེར་བསྟན་ཏེ། ཤིང་ཆེན་པོ་རྩ་བ་ཀླུ་ལ་ཟུག་པ། ལྕུག་མ་མིའི་ཡུལ་དུ་སྐྱེས། ལོ་འདབ་ལྷའི་ཡུལ་དུ་སྐྱེས། མེ་ཏོག་འབྲས་བུ་ལྷ་དང་ལྷ་མ་ཡིན་གྱི་ཡུལ་དུ་སྐྱེས་པའོ། །དཔེ་དེ་བཞིན་དུ། བློ་ཆུང་བ་ལ་མཚན་ཉིད་སྡེ་གསུམ་བསྟན། བློ་འབྲིང་པོ་ལ་ཀྲི་ཡོག་སྡེ་གསུམ་བསྟན། བློ་རབ་ལ་བསྐྱེད་རྫོགས་རྣམ་གསུམ་བསྟན། ཤིང་དེའི་འབྲས་བུ་སུམ་ཅུ་རྩ་གསུམ་དགའ་ལྡན་ལྷའི་ཡུལ་དུ་སྨིན་པ་བཞིན་དུ། ཐེག་པ་དགུའི་དགུ་རྩེ་ཨ་ཏིའི་གོང་རྒྱལ་སྤྱི་ཏི་ཡོ་གའི་ཐེག་པ་ནི་དབང་པོ་རབ་ཀྱིས་འབྲས་བུར་སྨིན་པའོ། །ཡང་ན་དཔག་བསམ་ཤིང་འདོད་པ་འབྱུང་བ། ཤིང་ཆེན་ནི་སྐལ་བ་ཅན་ལ་ཡིད་ལ་ཇི་ལྟར་འདོད་པའི་གདམས་ངག་འབྱུང་ངོ་། །རྒྱས་པ་ནི་རྟོགས་པའི་ཤེས་རབ་རྒྱས་པའོ། །བུམ་པ་བཟང་པོ་ཆེ་བའི་མཆོག །ཅེས་པ། ཤེས་བྱ་བུམ་འཇུག་གི་གདམས་ངག་བདོག་སྟེ་གསང་བའོ། །ཡང་ན་བུམ་པ་ནི་སྙིང་པོ་འོད་ཀྱི་བུམ་པ། བཟང་པོ་ནི་ཀ་དག་འོད་གསལ་ཆེན་པོའི་བུམ་པ། ཆེ་བའི་མཆོག་ནི་མཁའ་དབྱིངས་དག་པའི་བུམ་པ་སྟེ། དེ་བློའི་སྤྱོད་ཡུལ་དུ་མ་གྱུར་པས་ན་ཆེ་བའི་མཆོག་ཅེས་གསུངས་སོ། །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཅེས་པ། གོང་གི་ཤེས་བྱ་བུམ་འཇུག་གི་གདམས་ངག་འགྲོ་དྲུག་གཡང་ས་གཅོད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་འཇམ་དཔལ་ལམ་བཅོམ་ལྡན་འདས་ཀྱིས་མཛད་པའོ། །ཕན་འདོགས་སེམས་ཅན་མཉེས་གཤིན་པ། །ཞེས་པ། ཕན་འདོགས་པ་ནི་གདམས་ངག་གིས་སྐལ་ལྡན་ལ་ཕན་འདོགས་པའོ། །སེམས་ཅན་ལ་མཉེས་གཤིན་མཛད་པ་ནི་འཇམ་དཔལ་ཉིད་དོ། །བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཞེས་པ། བཟང་བ་ནི་དགེ་བ་བཅུའི་དོན་བསྒྲུབ་པར་ཤེས་པ། ངན་པ་ནི་མི་དགེ་བ་བཅུའི་སྐྱོན་སྤངས་པར་ཤེས་པ། དུས་ཤེས་པ་འདི་ནི་འཇུག་པའི་དུས་སོ། །འདི་ནི་སྟོན་པའི་དུས་སོ། །འདི་ནི་སེམས་ཅན་གྱི་དོན་བྱ་བའི་དུས་སོ། །འདི་བཏང་སྙོམས་ཀྱི་དུས་སོ། །འདི་ནི་མྱ་ངན་འདས་པའི་དུས་སོ། །འདི་ནི་ཕྱིར་མི་ལྡོག་པའི་དུས་ཞེས་ཤེས་པའོ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །ཅེས་པ། ཁྱབ་ནི་སེམས་ཅན་ཐམས་ཅད་ལ་སྙིང་པོའི་གནས་ལུགས་ཀྱིས་ཁྱབ་པའོ། །བདག་ནི་སྣང་ཚུལ་ཏེ་རང་གྲོལ་བར་ཤེས་པའོ། །དམ་ཚིག་ཤེས་པ་སྐྱེ་མེད་ཀ་དག་གི་དམ་ཚིག་ཤེས་པའོ། །དམ་ཚིག་ལྡན་ཅེས་པ། དམ་ཚིག་ཆེན་པོ་དང་ལྡན་པ་ནི་སློབ་དཔོན་དགའ་རབ་རྡོ་རྗེའོ། །ཡང་ན་སྙིང་པོ་འཕོ་འགྱུར་མེད་པ་དེ་རྟོགས་པའི་དོན་ལས་མི་འདའ་བ་ན་དམ་ཚིག་དང་ལྡན་པའོ། །དུས་ཤེས་སེམས་ཅན་དབང་པོ་ཤེས། །ཞེས་པ། སྙན་རྒྱུད་ཀྱི་གདམས་པས་དགྲོལ་དགོས་ཏེ། བཅོ་བརྒྱད་ཁྲིགས་ཀྱི་མན་ངག་གོ། །དུས་ནི་གསུམ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་དང་གསུམ་མོ། །ཤེས་ཞེས་པ། གདམས་ངག་གི་གནད་ཀྱིས། ཡིད་འདས་པའི་རྗེས་སུ་མི་འགྲོ་བར་ཤེས། མ་འོངས་པའི་སྔོན་མི་བསུ་བར་ཤེས། ད་ལྟར་ཡིད་འཁྲུལ་པའི་རྐྱེན་ཁར་མི་གཏོང་བར་ཤེས་པ་དང་གསུམ་མོ། །སེམས་ཅན་དབང་པོ་ཤེས་ཞེས་པ། །སེམས་ཅན་གྱི་དབང་པོ་ནི་ལྔ་སྟེ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་ལྔའོ། །ཤེས་ཞེས་པ་ནི་སྒོ་ལྔའི་དབང་པོ་ལྔ། ཡུལ་ལྔ་ལ་མི་འགྱུ། ཡིད་ལས་འགྱུས་ཀྱང་གདམས་ངག་གིས་མིང་འདོགས་དང་གཟུང་འཛིན་དང་ཆགས་ཞེན་མེད་པར་འཁྲུལ་པ་རང་ཆོད་རང་སངས་སྣང་བ་རང་གྲོལ་བར་ཤེས་པའོ། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་པ། རྣམ་པ་ཞེས་པ་ནི་གསུམ་སྟེ། ཕྱི་ཡུལ་གྱི་རྣམ་པ། བར་ཡིད་རིག་སེམས་ཀྱི་འཁྲུལ་པའི་རྣམ་པ། ནང་གཞི་རྩ་ཀུན་གཞིའི་རྣམ་པ་དང་གསུམ་མོ། །གྲོལ་ཞེས་པ་ནི་གདམས་ངག་གི་གྲོལ་ལུགས་བསྟན་ཏེ། དེ་ལ་གྲོལ་ལུགས་གསུམ་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལ། ཡུལ་སེམས་གཟུང་འཛིན་དགག་སྒྲུབ་སྤོང་ལེན་དབྱེ་བསལ་མེད་པར་རང་གྲོལ་ལོ། །ཡིད་རིག་སེམས་འཁྲུལ་པ་རྩད་ནས་བཅད་ཅིང་གྲོལ་ལུགས་ནི། ཡིད་འགྱུ་བ་མེད་པ་ངང་འདས། རིག་པ་རང་བྱུང་རང་སར་གྲོལ། སེམས་ཀྱི་འཁྲུལ་པ་རང་སར་གྲོལ། རིག་པ་འགྱུ་བ་ཆགས་སྡང་ཀུན་ལས་གྲོལ། ནང་རྩ་བའི་གྲོལ་ལུགས་ནི། ཀུན་གཞི། བག་ཆགས། སྒྲིབ་གཡོགས་གསུམ་ལས་གྲོལ། མཁས་པ་གསུམ་ནི། སྔོན་བྱུང་གི་མཁས་པ་ནི་གསང་བདག་ཆེན་པོའོ། །དེའི་མཇུག་གི་མཁས་པ་ནི་དགའ་རབ་རྡོ་རྗེའོ། །དེའི་གདུང་གསོབ་ཀྱི་མཁས་པ་ནི་གུ་རུ་པདྨ་འབྱུང་གནས་སོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཞེས་པ། ཆོས་ཉིད་ཡོན་ཏན་དང་ལྡན་པ་ནི་གསང་བདག་ཆེན་པོའོ། །ཡོན་ཏན་ཤེས་པ་ནི་བཅོམ་ལྡན་འདས་སོ། །ཡོན་ཏན་ཟད་མི་ཤེས་པ་རྣམ་པ་ཐམས་ཅད་མཁྱེན་ཅིང་ཤེས་པའོ། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །ཞེས་པ། ཆོས་སྐྱེ་མེད་ཀ་དག་གི་དགོངས་པ་ཤེས་ན་བཀྲ་ཤིས་པའོ། །བཀྲ་ཤིས་འོག་མས་ནི་ཆོས་ཐམས་ཅད་ལ་བཀྲ་ཤིས་པ་ནི་སྤྱི་ཏི་ཡོ་གའོ། །འབྱུང་ནི་ཆོས་དང་ཡོན་ཏན་དང་གདམས་ངག་ཟད་མི་ཤེས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བའོ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །ཞེས་པ། བཀྲ་ཤིས་ཀུན་གྱི་ནང་ནས་སྐྱེ་མེད་ཀ་དག་གི་དོན་འདི་རྟོགས་ན་ཤིན་ཏུ་ཡང་བཀྲ་ཤིས་པའོ། །གྲགས་པ་བཀྲ་ཤིས་སྙན་གྲགས་དགེ །ཞེས་པ། གྲགས་པ་ནི་ཐེག་པའི་རིམ་པ་དགུར་གྲགས་པའོ། །བཀྲ་ཤིས་ནི་ཐེག་པ་རིམ་པ་དགུ་ལས་འཕགས་པའི་སྤྱི་ཏི་ཡོ་ག་ཤེས་ན་བཀྲ་ཤིས་པའོ། །སྙན་གྲགས་དགེ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ནང་ནས་ཀྱང་སྙན་ཅིང་གྲགས་ལ་དགེ་བ་ནི་སྤྱི་ཏི་ཡོ་གའི་གདམས་ངག་ཟབ་མོ་རྣམས་སོ། །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །ཞེས་པ། སྐྱེ་བ་མེད་པའི་གདམས་ངག་ཟབ་མོ་འདི་རྟོགས་ན། ཉོན་མོངས་པས་གདུང་བ་པ་རྣམས་དབུགས་འབྱིན་པའོ། །ཆེན་པོ་ནི་གདམས་ངག་གོ། །དགའ་སྟོན་ནི་ཤེས་པ། དགའ་བའི་སྟོན་མོ་ཀ་དག་འོད་གསལ་གྱི་དོན་རྟོགས་ཤིང་། སྐལ་ལྡན་གཞན་ལ་ཡང་དེ་ལྟར་ཆོས་ཀྱི་སྟོན་མོ་སྟོན་ན་དགའ་སྟོན་ཆེ་བའོ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །ཞེས་པ། དགའ་བ་ནི་ཐིག་ལེ་ཆེན་པོའི་དོན་རྟོགས་ན་དགའ་བའོ། །རོལ་མོ་ནི་ཟབ་མོའི་ཆོས་འདི་ཡིད་དུ་འོང་ཞིང་ངོ་མཚར་ཆེ་བའོ། །ཆེན་པོ་ནི་སྤྱི་ཏི་ཡོ་གའི་ཐེག་པའོ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །ཞེས་པ། ཐེག་པ་བརྒྱད་ཁྲི་བཞི་སྟོང་གི་ནང་ནས། ཟབ་མོའི་ཆོས་སྤྱི་ཏི་ཡོ་ག་འདི་ལ། བཀུར་སྟི་བྱ་བ་དང་། རིམ་གྲོ་བྱ་བ་དང་། ཕུན་སུམ་ཚོགས་པའི་སྒོ་ནས་མཆོད་པའི་གནས་སུ་བྱ་ཞིང་བཀུར་བ་དང་རིམ་གྲོ་བྱའོ། །ཡང་ན་བླ་མ་ལ་ཡང་ཕུན་སུམ་ཚོགས་པའི་སྒོ་ནས་བཀུར་བར་བྱའོ། །མཆོག་ཏུ་དགའ་བ་གྲགས་བདག་དཔལ། །ཞེས་པ། བླ་མ་དང་དཀོན་མཆོག་ལ་མཆོད་པ་དང་མོས་པ་བྱས་པས། དེ་རྣམས་ཀྱི་སྐྱབས་དང་མགོན་བྱེད་པར་བསྟན་པའོ། །མཆོག་ཏུ་དགའ་བ་ཞེས་པ། འཇིག་རྟེན་པ་རྣམས་ཀྱི་མཆོག་ཏུ་དགའ་བ་ནི་དཀོན་མཆོག་གསུམ་དང་བླ་མ་དམ་པ་རྣམས་ལགས་སོ། །གྲགས་བདག་ནི་བླ་མ་དང་དཀོན་མཆོག་ལ་མཆོད་པ་བྱ་བར་གྲགས་སོ། །དཔལ་ཞེས་པ་བདག་གིས་བླ་མ་དང་དཀོན་མཆོག་ལ་མཆོད་པས། དཀོན་མཆོག་དང་བླ་མས་བདག་ལ་མགོན་དང་དཔལ་དུ་གྱུར་པའོ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །ཞེས་པ། མཆོག་ནི་ཡོན་ཏན་གྱི་མཆོག་དང་ལྡན་པ། མཆོག་སྦྱིན་ནི་ཡོན་ཏན་མཆོག་དེ་སློབ་མ་ལ་གཏོང་། གཙོ་བོ་ནི་དཀོན་མཆོག་དང་བླ་མའོ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །ཞེས་པ། སྐྱབས་ཀྱི་དམ་པ་ནི་བླ་མ་དམ་པ་རྣམས་སོ། །སྐྱབས་སུ་འོས་ནི་དཀོན་མཆོག་གསུམ་མོ། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །ཅེས་པ། འཇིག་རྟེན་གྱི་དགྲ་ནི་བདུད་དང་རྒོལ་བ་ངན་པ་རྣམས་སོ། །དགྲ་དེ་སེལ་བའི་མཆོག་རྗེ་བཙུན་འཇམ་དཔལ་ལོ། །འཇིགས་པ་མ་ལུས་སེལ་བ་པོ། །ཞེས་པ། འཇིགས་པ་མ་ལུས་ནི་མཚོ་དང་། གཡང་ས་དང་། འབྲུམ་བུ་དང་། སེང་གེ་དང་། སྟག་མི་ཟན་དང་། གླང་པོ་ཆེ་དང་། རྐུན་མོ་དང་། རྒྱལ་པོའི་ཆད་པ་དང་། ལྕེ་འབབ་པ་དང་། ཐོག་སེར་དང་། རིམས་དང་། གག་པ་དང་། ཤུ་བ་དང་། གཡན་པ་དང་། ཆུ་དང་། དགྲ་ལ་སོགས་པའི་འཇིགས་པ་མ་ལུས་པ་སེལ་བ་ནི་རྗེ་བཙུན་འཇམ་དཔལ་ལོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །ཅེས་པ། འཕགས་པ་འཇམ་དཔལ་གྱི་དབུ་ལ་གཙུག་ཕུད་ཡོད་པས་བྱིས་པ་གཞོན་ནུ་མ་ལྟ་བུ། ལྕང་ལོ་ཅན་ནི་དབུ་སྐྲ་དེ་ཡང་འདྲིལ་ལ་རིང་ཞིང་མཚམས་མེད་པའོ། །རལ་པ་མུན་ཛ་ཅོད་པན་ཐོགས། །ཞེས་པ། སྤྱི་གཙུག་ན་རལ་པ་གཅིག་ཡོད་པའོ། །ཅོད་པན་ནི་རྒྱན་དང་ལྡན་པས་ཉི་མ་ལ་སོགས་པའི་གཟུགས་ཀྱིས་སོ། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཅེས་པ། གདོང་ལྔ་ཞེས་པ་གཞིའི་སངས་རྒྱས་དེ་ལ་ཞལ་ལྔ་ཕྱག་བརྒྱད་དུ་བཞུགས་པའོ། །དབུ་ལ་གཙུག་ཕུད་ལྔ་ཡོད་པའོ། །གཙོ་བོ་གསུམ་བརྩེགས་པའི་སྒྲུབ་ཐབས་འདིས་ཟིན་ཏེ་འདིར་མ་སྨོས་སོ། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །ཅེས་པ། འཇམ་དཔལ་ལ་ནོར་བུ་རིན་ཆེན་ལྔའི་ཟུར་ཕུད་ལྔ་ཡོད་པའོ། །མེ་ཏོག་ཐོད་ནི་དབུ་ལ་བཅིངས་པའོ། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཞེས་པ། མགོ་ཟླུམ་ནི་ཤཱཀྱ་ཐུབ་པ། བརྟུལ་ནི་ཉོན་མོང་པ་རྣམས་བརྟུལ། ཞུགས་ནི་མྱ་ངན་ལས་འདས་པའི་ལམ་དུ་ཞུགས་པའོ། །འགྲོ་དོན་ཆེན་པོ་མཛད་པས་ཆེ་བའོ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །ཅེས་པ། ཚངས་པར་སྤྱོད་པ་ནི་བཅོམ་ལྡན་འདས་ཀྱིས། སྤྱངས་པའི་ཡོན་ཏན་བཅུ་གཉིས། འཚོ་བའི་ཡོ་བྱད་བཅུ་གསུམ། ཁ་ཟས་ལ་སོགས་པ་ལ་སྤྱོད་པའོ། །བརྟུལ་ཞུགས་མཆོག་ནི་ཁྱིམ་ནས་ཁྱིམ་མེད་པར་དགེ་སློང་དང་དགེ་ཚུལ་གྱིས་སྐྱེ་བ་བརྟུལ། ཡང་དག་མྱ་ངན་ལས་འདས་པའི་དོན་མཆོག་ལ་ཞུགས་པའོ། །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །ཞེས་པ། དཀའ་ཐུབ་ཅེས་པ་བཅོམ་ལྡན་འདས་ཀྱིས་ཟས་དཀར་གསུམ་བཟའ་བ་དང་། འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཐུབ་པའོ། །མཐར་ཕྱིན་པ་ནི་མ་ཉམས་པ་སྟེ་བཅོམ་ལྡན་འདས་སོ། །དཀའ་ཐུབ་ཆེ་ཞེས་པ་བཅོམ་ལྡན་འདས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་ཏུ་བཞུགས་ཏེ། ལོ་དྲུག་ཏུ་ཏིལ་བྲེ་ཕྱེད་གསོལ་བའི་དཀའ་ཐུབ་དྲག་པོ་མཐར་ཕྱིན་པར་མཛད་དོ། །གཙང་གནས་དམ་པ་གོའུ་ཏམ། །ཞེས་པ། གཙང་མའི་གནས་ནི་བྱ་རྒོད་ཕུང་པོའི་རིའམ་རྡོ་རྗེ་གདན་ལྟ་བུའོ། །ཡང་ན་གཙང་གནས་ནི་འདུལ་ཁྲིམས་འཆལ་བ་དང་ཉོན་མོངས་པའི་དྲི་མས་མ་གོས་པས་ན་གཙང་མའི་གནས་སོ། །གོའུ་ཏམ་ཞེས་པ་བཤད་ལུགས་གཉིས་ཏེ། གོའུ་ཏ་མ་ནི་རྒྱལ་པོ་ཤཱཀྱའི་རིགས་སོ། །ཡང་བཤད་ལུགས་གཅིག་ལ། རྫོགས་ཆེན་ན་རེ། ཁྱེད་ཀྱི་དཀའ་ཐུབ་དང་འདུལ་ཁྲིམས་སྡོམ་པ་གཙང་མའི་གནས་དེ་ཡང་། སྐྱེ་མེད་ཀ་ནས་དག་པའི་དོན་མ་རྟོགས་ན་གོའུ་ཏམ་མ་ཡིན་ནོ། །དོན་མེད་རྩལ་མེད་བརྟུལ་ཞུགས་ཅན། །རྟོག་པའི་ནད་དེས་ཐར་པ་མེད། །ཅེས་གསུངས་སོ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །ཞེས་པ། བྲམ་ཟེ་ནི་གཙང་བར་གནས་པའོ། །ཚངས་པ་ནི་དཀའ་ཐུབ་ཐུབ་པ་དང་། ཚངས་པར་སྤྱོད་པའི་འདུལ་ཁྲིམས་ལ་གནས་པའོ། །ཚངས་པ་ཤེས་ཞེས་པ་བྲམ་ཟེའི་རིགས་བྱེད་ཅེས་བྱའོ། །མྱ་ངན་འདས་པ་ཚངས་པ་ཐོབ། །ཅེས་པ། མྱ་ངན་འདས་ཞེས་པ་འཁོར་བའི་སྡུག་བསྔལ་ལས་འདས་པའོ། །འོད་སྲུང་གིས་བྱ་བ་མ་བྱས་པས། ཀུན་དགའ་བོས་དགྲ་བཅོམ་པའི་དྲི་མས་ཚངས་པས་ཚངས་པ་ཐོབ་པའོ། །གྲོལ་བའི་ཐར་པ་རྣམ་གྲོལ་ལུས། །ཞེས་པ། སྤྱི་ཏི་ཡོ་གའི་གྲོལ་ལུགས་བསྟན་ཏེ། གྲོལ་བ་ནི་བྱ་བཙལ་དང་རྩོལ་སྒྲུབ་ལས་གྲོལ། ཐར་པ་ནི་ཐེག་པ་བརྒྱད་ཀྱི་ཞེ་འདོད་ལས་ཐར། རྣམ་གྲོལ་ནི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་པ་ལས་ཀྱང་གྲོལ་ལོ། །ལུས་ནི་འགྱུར་བ་མེད་པའི་ལུས་སོ། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་པ། བློས་བཏགས་མ་ལུས་པའི་ཆོས་ཀྱི་རྣམ་གྲངས་ལས་གྲོལ། ཉོན་མོངས་པ་ཐམས་ཅད་རང་ཞི་བས་ན་ཞི་བ་ཆེན་པོ་ཉིད་དོ། །མྱ་ངན་འདས་ཞི་མྱ་ངན་འདས། །ཞེས་པ། མྱ་ངན་འདས་ཞི་ནི་མི་གནས་པའི་མྱ་ངན་ལས་འདས་པ། མྱ་ངན་འདས་ཞེས་པ་བྱེད་པའི་ཆོས་ལས་འདས་པའོ། །ལེགས་པར་མྱ་ངན་འདས་དང་ཉེ། །ཞེས་པ། བྱ་རྩོལ་དང་བློའི་ཆོས། ལེགས་པར་མྱ་ངན་འདས་པ་ནི་བྱ་རྩོལ་དང་བློའི་ཆོས་ལས་འདས་པ་སྐྱེ་མེད་ཀ་དག་གི་དོན་དང་ཉེ་བའོ། །བདེ་སྡུག་སེལ་བ་མཐར་གྱུར་པ། །ཞེས་པ། བདེ་བ་ནི་དོན་དམ་པའི་བདེ་བའོ། །སྡུག་པ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་ཞིང་ཉོན་མོངས་པའོ། །སྐྱེ་མེད་རྟོགས་ན་སེལ་བའོ། །མཐར་གྱུར་པ་ནི་བྱར་མེད་བློ་འདས་སུ་གྱུར་པའོ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཞེས་པ། ཆགས་པ་དང་ཞེན་པ་ཐམས་ཅད་དང་བྲལ་ན། ལུས་དང་ཡུལ་དང་འཁོར་དང་སྡུག་བསྔལ་ལས་འདས་པས། ལུས་མི་ལེན་ཏེ་སྐྱེ་བའི་ལུས་མེད་པས་ན་འདས་པ་པོ་ཞེས་བྱའོ། །ཐུབ་པ་མེད་པ་དཔེ་མེད་པ། །ཞེས་པ་། ཐུབ་པ་མེད་པ་ནི་སྐྱེ་མེད་ཀ་དག་གི་གདམས་ངག་སྟེ་གང་གིས་ཀྱང་མི་ཐུབ་ཅིང་། དཔེས་མཚོན་དུ་མེད་པའོ། །མི་མངོན་མི་སྣང་གསལ་བྱེད་མིན། །ཞེས་པ། སྐྱེ་མེད་བློ་འདས་མིང་མཐའ་བྲལ་སྟེ། མི་མངོན་ཞེས་པ་ཡེ་མེད་གཏིང་མེད་དངོས་གཞི་མེད། མི་སྣང་ཞེས་པ་ཁ་དོག་དང་དབྱིབས་སུ་མི་སྣང་། གསལ་བྱེད་མིན་ཞེས་པ་སྐྱེ་བ་མེད་པའི་དོན་དེ་གསལ་བར་བྱེད་པ་ཙམ་དུ་ཡང་བསྟན་དུ་མེད་དོ། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་པ། མི་འགྱུར་ནི་དུས་གསུམ་འཕོ་འགྱུར་མེད་པའོ། །ཀུན་འགྲོ་ཁྱབ་པ་པོ་ཞེས་པ་ནི་སེམས་ཉིད་ཀྱི་སྙིང་པོ་དེ། ཡ་མཐའ་རྒྱལ་བའི་དཀྱིལ་འཁོར། མ་མཐའ་དམྱལ་བའི་འཇིགས་ཚོགས། སྐྱེ་འགྲོ་སེམས་ཅན་ཐམས་ཅད་ལ་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །ཞེས་པ། ཕྲ་བ་ནི་དོན་ཟབ་མོ་ཆ་ཕྲ་བ། །ཟག་མེད་ནི་སྙིང་པོ་ཀ་དག་གོ། །ས་བོན་བྲལ་ནི་དངོས་མེད་ལ་ས་བོན་ཙམ་དུ་ཡང་མཚོན་དུ་མེད་ཅིང་རྒྱུ་འབྲས་སུ་འཛིན་པ་དང་བྲལ་ལོ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཅེས་པ། སྙིང་པོ་ཀ་ནས་དག་པ་ལ་ཉོན་མོངས་པའི་རྡུལ་དང་དྲི་མ་མེད་པའོ། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཞེས་པ། སྙི ང་པོ་སྐྱེ་བ་མེད་པ་ལ་ཉེས་པའི་སྐྱོན་ཐམས་ཅད་མ་སྤངས་གནས་སུ་དག་པས་ན་སྐྱོན་མེད་ཅེས་བྱའོ། །ཤིན་ཏུ་སད་པ་སད་པའི་བདག །ཅེས་པ། སད་པ་ལ་སད་ལུགས་ཀྱི་གདམས་ངག་དགུ་སྟེ། སྔོན་གྱི་ལས་སད་པ་དང་། སྦྱངས་པའི་འཕྲོ་སད་པ་དང་། རྐྱེན་གྱི་མཐུས་སད་པ་དང་། སྨོན་ལམ་གྱི་སྟོབས་སད་པ་དང་། མ་རིག་པའི་གཉིད་སད་པ་དང་། སྙམ་བྱེད་ཀྱི་བག་ཆགས་སད་པ་དང་། སྒྲིབ་གཡོགས་ཀྱི་མུན་པ་སད་པ་དང་། ཤེས་རབ་ཀྱི་རྒྱུས་ལས་སད་པ་དང་། རྟོགས་པ་ཀློང་ནས་སད་པ་དང་དགུ་སྟེ། དེ་དག་གི་བདག་ནི་སྐྱེ་མེད་ཀ་དག་རྟོགས་པའི་བདག་ཉིད་དོ། །དེས་མ་རིག་པ་བག་ཆགས་སྒྲིབ་གཡོགས་ཐམས་ཅད་དུས་གཅིག་ཏུ་སད་ཅིང་སངས་པས་ན་སད་པའི་བདག་གོ། །ཀུན་ཤེས་ཀུན་རིག་དམ་པ་པོ། །ཞེས་པ། བསྐལ་པ་ཐོག་མ་མེད་པ་ནས་བསགས་པའི་མ་རིག་པ་ཐམས་ཅད་དུས་གཅིག་ཏུ་སངས་པ་ནི་ཀུན་ཤེས་ཏེ་ཆོས་རྣམས་མ་ལུས་པར་ཤེས་པའོ། །ཀུན་རིག་སྟེ་ཐེག་པ་ཀུན་གྱི་དོན་རིག །དམ་པ་ནི་བཅོམ་ལྡན་འདས་སམ་རྗེ་བཙུན་འཇམ་དཔལ་ལམ་བླ་མ་དམ་པ་རྣམས་སོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཞེས་པ། དངོས་པོའི་གནས་ལུགས་དེ་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་སྤྱོད་ཡུལ་ལས་འདས་སོ། །རིན་པོ་ཆེའི་རྒྱུད་ནས་ཀྱང་། རྣམ་ཤེས་ཡུལ་དུ་མ་གྱུར་སྙིང་པོ་ཅན། །ཚོགས་བརྒྱད་ཡུལ་དུ་མ་གྱུར་དམིགས་དང་བྲལ། །ཞེས་གསུངས་སོ། །དེ་ནི་དངོས་མེད་ཟང་ཀ་ཡིན། དེ་ནི་སྐྱེ་མེད་ཀ་དག་ཡིན་ཞེས་པའོ། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་པ། ཡེ་ཤེས་ནི་སྐྱེ་མེད་འོད་གསལ་གྱི་ཡེ་ཤེས་སོ། །གཉིས་མེད་ནི་སྤོང་ལེན་དང་ཕྱོགས་རིས་མེད་པའོ། །ཚུལ་འཆང་བ་ནི་སྐལ་ལྡན་གྱི་རྣལ་འབྱོར་པས་འཆང་བའོ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་པ། འདིས་རྫོགས་པ་ཆེན་པོའི་ཐེག་པ་བསྟན་ཏེ། རྣམ་པ་ནི་སྣ་ཚོགས་དངོས་པོ་སྣང་སྲིད་ཀྱི་ཆོས་ཐམས་ཅད་དོ། །དེ་རྣམས་གང་ལ་ཡང་རྣམ་རྟོག་དང་། ཆགས་སྡང་དང་ཉོན་མོངས་པ་མི་སྐྱེ་ན། སྐྱེ་མེད་ཀ་དག་རྟོགས་པས་སྙིང་པོ་འཕོ་འགྱུར་མེད་པ་ལྷུན་གྱིས་གྲུབ་བོ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་པ། དུས་གསུམ་གྱི་སངས་རྒྱས་ནི། འདས་པའི་སངས་རྒྱས་མར་མེ་མཛད་དང་། ད་ལྟར་གྱི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། མ་འོངས་པའི་སངས་རྒྱས་བྱམས་པ་དང་། དེ་གསུམ་གྱིས་སེམས་ཅན་ཐམས་ཅད་མ་རྟོགས་པ་རྟོགས་པར་བྱེད་པ་དང་། མ་གྲོལ་བ་གྲོལ་བར་བྱེད་པ་དང་། ཐར་པ་མ་ཐོབ་པ་ཐོབ་པར་བྱེད་པ་དང་། མྱ་ངན་ལས་མི་འདའ་བ་འདའ་བར་བྱེད་པ་དང་། སངས་མ་རྒྱས་པ་རྣམས་རྒྱས་པར་བྱེད་པའི་ལས་ནི། སངས་རྒྱས་ཀྱི་དགོངས་པ་རྣམ་པར་དག་པས། སེམས་ཅན་གྱི་སྒྲིབ་པ་ཉོན་མོངས་པ་སྦྱོང་བའི་ལས་མཛད་པའོ། །སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་པ། སངས་རྒྱས་ལ་གསུམ་སྟེ། ཡེ་ཇི་བཞིན་པའི་སངས་རྒྱས་དང་། གཞི་ལྷུན་གྲུབ་ཀྱི་སངས་རྒྱས་དང་། རྟོགས་པ་མངོན་གྱུར་གྱིས་སངས་རྒྱས་དང་གསུམ་མོ། །གཞི་ལྷུན་གྲུབ་ཀྱི་སངས་རྒྱས་ལ་ཐོག་མ་དང་ཐ་མ་དང་གཉིས་ཀ་མེད་དོ། །རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ལ་ཐོག་མ་བར་མེད་ཐ་མ་ཡོད་དོ། །ཡེ་ཇི་བཞིན་པའི་སངས་རྒྱས་ནི་ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཞེས་བྱའོ། །སངས་པ་ནི་བག་ཆགས་དང་སྒྲིབ་གཡོགས་སངས། རྒྱས་པ་ནི་ཆོས་ཉིད་ཡེ་ཤེས་རྒྱས། ཐོག་མ་ནི་གཞིའི་བཞུགས་ཚུལ་ལོ། །ཐ་མ་ནི་འཁོར་བའི་སེམས་ཅན་གྱི་སྣང་ཚུལ་ལོ། །མེད་ཅེས་པ་དེ་གཉིས་ཀ་གཞི་ལ་དབྱེར་མེད་པའོ། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་པ། སྙིང་པོ་སྐྱེ་མེད་ཀ་དག་གི་སངས་རྒྱས་དེ་ལ། དང་པོ་རྒྱུ་འདི་ལས་བྱུང་བྱ་བའམ། བར་དུ་རྐྱེན་གྱིས་བསྐྱེད་པ་དང་། ཐ་མ་གཉེན་པོས་འཇིག་ཏུ་མེད་པའོ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་པ། ཡེ་ཤེས་ནི་མི་ཤེས་པ་མེད་པའོ། །མིག་ནི་སྒྲིབ་མེད་འོད་གསལ་ཆེན་པོའོ། །གཅིག་ནི་ཐིག་ལེ་ཉག་གཅིག་གོ། །དྲི་མ་ནི་ཉོན་མོངས་པའི་དྲི་མའོ། །རྩོལ་སྒྲུབ་ཀྱི་ཆོས་ཀྱིས་མ་གོས་ཏེ། གཞི་ཀ་ནས་དག་པས་རྣམ་རྟོག་གི་དྲི་མ་མེད་པའོ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་པ། ལུས་བཞི་ཡོད་པ་ལས། ལུས་འདི་ནི་ཡེ་ཤེས་ཀྱི་ལུས་ཏེ་བར་དོར་སྒྲིབ་གཡོགས་མེད་པ་གསལ་བ་ཟང་ཐལ་ཆེན་པོའོ། །དེ་བཞིན་ནི་སྙིང་པོ་མ་ནོར་བའོ། །གཤེགས་པ་ནི་རྟོགས་པས་གཤེགས་པའོ། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །ཞེས་པ། ཚིག་གི་དབང་ཕྱུག་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྨྲ་བ་ཆེ་བའོ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཞེས་པ། སྨྲ་བའི་སྐྱེ་མཆོག་ནི་གསང་བདག་ཆེན་པོའོ། །སྨྲ་བའི་རྒྱལ་པོ་ནི་རྫོགས་པ་ཆེན་པོའི་དོན་སྐྱེ་བ་མེད་པ་སྟེ། ཆོས་སྨྲ་བ་རྣམས་ཀྱི་ནང་ནས་ཀྱང་རྒྱལ་པོའོ། །སྨྲ་བའི་དམ་པ་མཆོག་གི་གནས། །ཞེས་པ། སློབ་དཔོན་དགའ་རབ་རྡོ་རྗེ་ཡིན་ཏེ། དེ་ནི་ཆོས་སྨྲ་བ་རྣམས་ཀྱི་དཔོན་ནམ་བླ་མ་དམ་པ་སྟེ་མཆོག་གི་གནས་ཡིན་ནོ། །དེ་ཡི་ཕྱག་དང་ཞབས་ཏོག་བཀུར་སྟིའི་གནས་ཡིན་ནོ། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཅེས་པ། སྨྲ་བའི་སེང་གེ་དང་མཚུངས་པ་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལགས་ཏེ། དེས་ཆོས་གང་གསུངས་ན་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་སྤྱི་ཏི་ཡོ་གར་སྨྲ་སྟེ། དེ་ལ་མུ་སྟེགས་དང་རྒོལ་བ་ངན་པ་ཐམས་ཅད་ཀྱིས་ཚུགས་པ་མེད་པའོ། །ཀུན་ཏུ་ལྟ་བས་མཆོག་ཏུ་དགའ། །ཞེས་པ། ཀུན་ཏུ་ཞེས་པ་ནི་མ་ལུས་པའོ། །ལྟ་བ་ནི་ཞེ་འདོད་དང་གཟའ་གཏད་དང་བྲལ་བའོ། །མཆོག་ཏུ་དགའ་བ་ནི་སྐྱེ་མེད་ཀ་དག་གི་དོན་ལ་དགའ་བའོ། །གཟི་བརྗིད་ཕུང་པོ་ལྟ་ན་སྡུག །ཅེས་པ། གཟི་བརྗིད་ནི་དོན་ཟབ་མོ་རྟོགས་པའི་གཟི་བརྗིད། ཕུང་པོ་ནི་འོད་གསལ་གྱི་ཕུང་པོ། །ལྟ་ན་སྡུག་ཅེས་པ་ཡེ་ཤེས་འབར་བའི་འོད་དེ་ནི་ལྟ་ན་སྡུག་པ་ཡིད་དུ་འོང་བའོ། །འོད་བཟང་འབར་བ་དཔལ་གྱི་བེའུ། །ཞེས་པ། ཐུགས་ཀ་ན་གནས་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་འདིར་བཟུང་བའོ། །འོད་ནི་ཡེ་གསལ་ཆེན་པོའོ། །བཟང་ནི་རྣམ་པར་མི་རྟོག་པའི་སྙིང་པོའོ། །འབར་བ་ནི་རྟོག་པའི་རྩལ་རབ་ཏུ་འབར་བ་སྟེ། ཉོན་མོངས་པ་རྣམ་པར་འཇོམས་ཤིང་ཚར་གཅོད་པར་བྱེད་པའོ། །དཔལ་གྱི་བེའུ་ནི་ཡེ་ཤེས་ཀྱི་དཔལ་བེའུ་ཞེས་བྱ་སྟེ། སྐྱེ་མེད་འོད་གསལ་རིན་ཆེན་གསལ་བའི་ཁྱེའུ་ཞེས་བྱའོ། །ཡེ་ཤེས་སེམས་དཔའི་མཚན་ནོ། །ལག་ན་འོད་འབར་སྣང་བ་པོ། །ཞེས་པ། ལག་པ་ནི་ཐབས་སོ། །ན་ནི་ཤེས་རབ། འོད་འབར་བ་ནི་ཉོན་མོངས་པ་མ་རིག་པའི་མུན་པ་སེལ་བའོ། །སྣང་བ་པོ་ནི་ཡེ་ཤེས་གསལ་དག་གི་སྣང་བའོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཞེས་པ། སྨན་པ་ལ་གཉིས་ཏེ། འཇིག་རྟེན་པའི་སྨན་པ་དང་། འཇིག་རྟེན་ལས་འདས་པའི་སྨན་པ་གཉིས་སོ། །འཇིག་རྟེན་པའི་སྨན་པ་ནི། ནད་རིགས་མི་མཐུན་པ་བརྒྱད་ཁྲི་བཞི་སྟོང་ལ། སྨན་རིགས་མི་མཐུན་པ་བརྒྱད་ཁྲི་བཞི་སྟོང་གིས་འཇོམས་པར་བྱེད་པའོ། །དེ་ཡང་ནད་རིགས་མི་གཅིག་པ་ས་མ་ཡ་འབུམ་སྡེ་བསྡུས་པས། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་དང་བཞིར་འདུས། དེ་བཞི་ཡང་ཚ་གྲང་གཉིས་སུ་འདུས། བཅོས་ལུགས་བསམ་གྱིས་མི་ཁྱབ་ཀྱང་། བསྡུས་པས་བཅོས་ལུགས་ཀྱང་བཞིར་འཆོས། དེ་ལས་བསྡུས་པས་ཚ་གྲང་གཉིས་སུ་འཆོས། སྨན་ཀྱང་དྲོད་སྨན་བསིལ་སྨན་གཉིས་ཏེ། སྨན་ཡང་དེ་བཞིན་དུ་བཏང་ངོ་། །དཔེ་དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་སྨན་པ་ལ་ཡང་གསུམ་སྟེ། སྔོན་བྱུང་གི་སྨན་པ་གསང་བདག་ཆེན་པོ་དང་། དེའི་རྗེས་འཇུག་གི་སྨན་པ་གུ་རུ་དགའ་རབ་རྡོ་རྗེ་དང་། དེའི་གདུང་འཚོབ་ཀྱི་སྨན་པ་སློབ་དཔོན་པདྨ་འབྱུང་གནས་དང་གསུམ་མོ། །གཙོ་བོ་ནི་བཅོམ་ལྡན་འདས་སམ་འཕགས་པ་འཇམ་དཔལ་ལོ། །སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །ཅེས་པ། འཇིག་རྟེན་གསུམ་གྱི་སེམས་ཅན་རྣམས་ན་བར་བསྟན། ནད་དོ་ཅོག་གི་དགྲ་ཆེ་བ། །ཞེས་པ། འགྲོ་དྲུག་གི་སེམས་ཅན་དུག་ལྔ་དུག་གསུམ་གྱི་ནད་བསྟན། སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ཞེས་པས། ནད་གསོ་བའི་སྨན་བསྟན། ཟུག་རྔུ་འབྱིན་པ་བླ་ན་མེད། །ཅེས་པས། ནད་འབྱིན་པའི་ཐབས་བསྟན་ནོ། །ད་འབྲུ་གཉེར་ནས་བཤད་དེ། གསུམ་ཞེས་པ་ཁམས་གསུམ་སྟེ། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་དང་གསུམ་མོ། །ཡང་ན་འཇིག་རྟེན་གསུམ་ནི། ས་སྟེང་ས་འོག་ས་བླ་དང་གསུམ་མོ། །དེ་གསུམ་ན་གནས་པའི་སེམས་ཅན་ཉོན་མོངས་པས་གདུངས་ཤིང་ཤིན་ཏུ་ཉམ་ཐག་པའི་སེམས་ཅན་ནད་པ་རྣམས་ལ། སྨན་པ་ཆེ་མཆོག་ཅེས་པས། སྨན་པ་གསང་བདག་ཆེན་པོའམ། གུ་རུ་དགའ་རབ་རྡོ་རྗེས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་རྩ་ལེགས་པར་བལྟས་པས། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་ནད་ཀྱིས་ན་ཞིང་སྡུག་བསྔལ་གྱི་ཕུང་པོ་ས་མ་ཡ་འབུམ་སྡེར་བཅས་པ་འདོད་ཆགས་ཀྱི་རྒྱ་མཚོར་བྱིངས་ནས་ཡོད་པར་གཟིགས། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུག་ལྔ་དུག་གསུམ་དུ་འདུས། གུ་རུས་རྩ་གཏན་ལ་ཕབ་སྟེ་གཟིགས་པས། ནད་དོ་ཅོག་གི་དགྲ་ཆེ་བ། །ཞེས་པས་ནད་བསྟན་ཏེ། ནད་ལ་གསུམ་མམ་ལྔ་སྟེ། ནད་ཀྱི་གཞི་དང་། ནད་ཀྱི་རྒྱུ་དང་། ནད་ཀྱི་རྐྱེན་དང་། ནད་ལྡང་བའི་དུས་དང་། ནད་ཀྱི་འབྲས་བུ་དང་ལྔའོ། །དེ་ལ་ནད་ཀྱི་གཞི་ནི་ཀུན་གཞིའོ། །ནད་ཀྱི་རྒྱུ་ནི་མ་རིག་པའོ། །ནད་ཀྱི་རྐྱེན་ནི་རླུང་དང་ཡིད་འགྱུ་བའོ། །ནད་ལྡང་བའི་དུས་ནི་ང་བདག་ལངས་པ་ནའོ། །ནད་ཀྱི་འབྲས་བུ་ནི་ངན་སོང་གསུམ་མམ་འཇིག་རྟེན་གསུམ་མམ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་དོ། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ཞེས་པ། ནད་རྣམས་གསོ་བར་བྱེད་པའི་སྨན་བསྟན་ཏེ། སྨན་ལ་ཡང་ལྔ་སྟེ། སྨན་གྱི་གཞི་དང་། སྨན་གྱི་རྒྱུ་དང་། སྨན་གྱི་རྐྱེན་དང་། སྨན་གཏང་བའི་དུས་དང་། སྨན་བཏང་ནས་སོས་པའི་འབྲས་བུ་དང་ལྔའོ། །དེ་ལ་སྨན་གྱི་གཞི་དེ་ཆོས་ཉིད་དང་དད་པའོ། །སྨན་གྱི་རྒྱུ་ནི་སྙིང་པོ་རང་བྱུང་གི་ཡེ་ཤེས་རང་ལ་ཡོད་པའོ། །སྨན་གྱི་རྐྱེན་ནི་རང་གི་ཤེས་རབ་དང་བླ་མའི་གདམས་ངག་སྐྱེ་མེད་ཀ་དག་དངོས་མེད་ཟང་ཀའོ། །སྨན་བཏང་བའི་དུས་ནི་དད་པ་དང་ཤེས་རབ་སྐྱེས་ཤིང་འཁོར་བར་སྐྱུག་ལོག་པའི་དུས་སོ། །སྨན་བཏང་བའི་འབྲས་བུ་ནི་སྐུ་གསུམ་མམ་ཡང་ན་སྐུ་ལྔ་ཡེ་ཤེས་ལྔའོ། །ཟུག་རྔུ་འབྱིན་པ་བླ་ན་མེད། །ཅེས་པས། ནད་བཅོས་པ་དང་གསོ་བ་དང་ནད་འདོན་པའི་ཐབས་བསྟན་ཏེ། སྨྲ་བའི་གཙོ་བོ་གསང་བདག་ཆེན་པོའོ། །ཁམས་གསུམ་གྱི་སེམས་ཅན་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་གདུངས་པའི་ནད་བཅོས་ཤིང་ཕྱིར་དབྱུང་བའི་ཐབས་ནི་ནད་ཀྱི་གཞི་ཆོས་ཉིད་མིང་མེད་བློ་འདས་ཀྱི་སྨན་བཏང་ངོ་། །ནད་ཀྱི་རྒྱུ་མ་རིག་པ་དེ་སྨན་རིག་མེད་ཀ་དག་གིས་འབྱིན་ནོ། །སྐྱེ་མེད་འོད་གསལ་ངང་འདས་ཀྱིས་ནད་ཀྱི་རྐྱེན་རླུང་ཡིད་འགྱུ་བའི་ནད་འབྱིན། སྤྲོས་གཅོད་རང་གྲོལ་གྱིས་ནད་ལྡང་བའི་རྐྱེན་དུས་ང་བདག་འབྱིན་ནོ། །ནད་ཀྱི་འབྲས་བུ་དུག་གསུམ་མམ་ངན་སོང་རྣམ་པ་གསུམ་ལ། སྟོང་པ་གསལ་བ་འགག་པ་མེད་པ་སྟེ། རང་བཞིན་ངོ་བོ་ཐུགས་རྗེ་གསུམ། སྐུ་གསུམ་གྱི་སྨན་གྱིས་ནད་ཀྱི་འབྲས་བུ་འབྱིན་པའོ། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ཞེས་པ། སྨན་མ་ལུས་པ་སྐྱེ་བའི་ཤིང་ཡིན་ཏེ། འབྲས་བུ་གསུམ་དང་། སྨན་ཨ་རུ་ར་དང་། རྩ་བ་ལྔ་དང་། སྨན་གྱི་རྒྱལ་པོ་ག་བུར་ལ་སོགས་ཏེ་སྨན་མ་ལུས་པ་རྣམས་སྐྱེ་བའི་ཤིང་ནི་དཔག་བསམ་གྱི་ཤིང་ཡིན་ནོ། །ཟུག་རྔུའི་ནད་འབྱིན་པ་བླ་ན་མེད་པ་ནི། ནད་ཕྱིན་པའི་འབྲས་བུ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་གསུམ་མོ། །སྡུག་གུ་འཕགས་པ་འཇམ་དཔལ་ཡིད་དུ་འོང་བའོ། །མཆོག་གི་སྨན་པའི་མཆོག་ནི་གསང་བདག་ཆེན་པོའོ། །སྨན་གྱི་མཆོག་ནི་སྐྱེ་མེད་ཀ་དག་བྱར་མེད་བློ་འདས་སོ། །ནད་ཐོན་ཅིང་ཕྱིན་པའི་ཚད་ནི་སྐུ་གསུམ་མོ། །དེ་ཚོ་ཡོ་གཅིག་ཏུ་བསྡུས་ནས་བསྟན་པ་ནི་ནད་ཀྱི་གཞི་ཀུན་གཞི། ནད་ཀྱི་རྒྱུ་མ་རིག་པ། ནད་ཀྱི་རྐྱེན་ཡིད་འཁོར་གསུམ། ནད་ཀྱི་གཅོང་དུག་ལྔ་དུག་གསུམ། ནད་ལྡན་པར་བྱེད་པའི་དགྲ་ནི། དུག་ལྔ་ལ་སོགས་ཏེ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ངོ་། །ཞེ་འདོད་གཟུང་འཛིན་དགག་སྒྲུབ་སྤོང་ལེན། ཕྱི་སྣང་ཡུལ་སེམས་སྣང་བཟུང་ཞེན་ཆགས་སྡང་ལ་སོགས་ནད་ལྡན་པའི་རྐྱེན་ནོ། །དེ་ལ་སྨན་ཇི་ལྟར་བཏང་བའི་ཐབས་ནི། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་ནད་ལ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་སྨན་གཏོང་། ནད་ཀྱི་གཅོང་དུག་ལྔ་དུག་གསུམ་ལ་སྐུ་གསུང་ཐུགས་ཡེ་ཤེས་ལྔའི་སྨན་གཏོང་། ནད་ལྡན་པའི་དགྲ་ཉོན་མོངས་པ་དུག་ལྔ་ལ་སོགས་པ་ལ། སྐུ་ལྔ་ལ་སོགས་ཐབས་བསམ་གྱིས་མི་ཁྱབ་པའི་སྨན་གཏོང་། རྟོགས་པའི་མཆོག་ནི་ཆོས་ཐམས་ཅད་ལས་འདས་ཤིང་བློ་བྱེད་པ་པོ་ལས་གྲོལ་བ། བྱ་མེད་བློ་འདས་དངོས་མེད་ཟང་ཀའོ། །ནད་ཕྱིན་པའི་འབྲས་བུ་ནི་སངས་རྒྱས་ཉག་གཅིག་གོ། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་པ། དཔལ་ནི་འབྱོར་པ་སྟེར་པའོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དོ། །དཀྱིལ་འཁོར་ཞེས་པ་ནི། དཀྱིལ་འཁོར་ཆེན་པོ་བདུན་བསྟན་ཏེ། སྒྱུ་འཕྲུལ་དྲྭ་བ་མངོན་པར་རྫོགས་པར་བྱང་ཆུབ་པའི་དཀྱིལ་འཁོར་དང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དང་། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་། སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་དང་། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་དང་། དོན་ཡོད་གྲུབ་པའི་དཀྱིལ་འཁོར་དང་བདུན་ནོ། །དཀྱིལ་ཉེས་པ་སྙིང་པོ་འཕོ་འགྱུར་མེད་པ། འཁོར་ཅེས་པ་འོད་གསལ་འགག་པ་མེད་པའི་འཁོར་རོ། །ཅན་ནི་རྟོགས་པའི་བདག་ཉིད་ཅན་ནོ། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར། །ཞེས་པ། ཕྱོགས་བཅུ་ནི་འཇིག་རྟེན་གྱི་ཁམས་སོ། །ནམ་མཁའ་ནི་མཐའ་དབུས་མེད་པའོ། །ཐུག་པ་ནི་ཟབ་མོའི་མན་ངག་མཐར་ཐུག་པའོ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་པ། ཆོས་ཀྱི་ནི་བྱར་མེད་བློ་འདས་སོ། །རྒྱལ་ནི་བྱ་རྩོལ་ལས་རྒྱལ་བའོ། །མཚན་ནི་རྟོག་པ་མེད་པའོ། །ལེགས་པར་འཛུགས་པ་ནི་སྐྱེ་མེད་ཀྱི་བསྟན་པ་འཛུགས་པའོ། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །ཞེས་པ། ལས་དང་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་ཁམས་གསུམ་དུ་འཁོར་ཞིང་འགྲོ་དྲུག་གི་ལུས་བླངས་ནས། སྡུག་བསྔལ་གྱི་ཚད་པས་གདུངས་ཤིང་ཉམ་ཐག་པ་རྣམས་ལ། བླ་མའི་གདམས་ངག་གདུགས་དང་འདྲ་བའི་བསིལ་གྲིབ་ཀྱིས་ཉོན་མོངས་པའི་ཚད་པའི་སྡུག་བསྔལ་སེལ་ལོ། །གཅིག་ནི་སྤྱི་ཏི་ཡོ་གའོ། །ཡངས་པ་ནི་ལྟ་བ་གོ་ཡངས་ཕྱོགས་རིས་དང་གཟའ་གཏད་མེད། བསྒོམ་པ་གོ་ཡངས་དམིགས་གཏད་མེད། འབྲས་བུ་གོ་ཡངས་རེ་དོགས་མེད། ཐེག་པ་ཐམས་ཅད་ལས་འཕགས་པ་སྤྱི་ཏི་ཡོ་གའོ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །ཅེས་པ། བྱམས་པ་ནི་བདེ་བ་དང་འཕྲད་པར་བྱེད་པའོ། །སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བར་བྱེད་པའོ། །དཀྱིལ་ནི་སྙིང་པོ་སྐྱེ་བ་མེད་པའོ། །འཁོར་ནི་ཡན་ལག་འགག་པ་མེད་པའོ། །ཅན་ནི་སྙིང་པོ་དང་ཡན་ལག་གཉིས་སུ་མེད་པའོ། །དཔལ་ལྡན་པདྨ་གར་གྱི་བདག །ཅེས་པ། དཔལ་ནི་བདག་གི་དཔལ་ལོ། །ལྡན་པ་ནི་ཐུགས་རྗེ་དང་ལྡན་པའོ། །པདྨ་ནི་ཉེས་པའི་སྐྱོན་གྱིས་མ་གོས་པའོ། །གར་གྱི་བདག་གི་རྟེན་འབྲེལ་ཟབ་མོའི་དོན་རྟོགས་པའོ། །ཁྱབ་བདག་ཆེན་པོའི་རིན་ཆེན་གདུགས། །ཞེས་པ། ཁྱབ་བདག་ནི་ཐུགས་རྗེས་འགྲོ་བ་ཀུན་ལ་ཁྱབ་པའོ། །ཆེན་པོ་ནི་རྫོགས་ཆེན་ནོ། །རིན་ཆེན་ནི་དགོས་འདོད་འབྱུང་བའོ། །གདུགས་ནི་ཉོན་མོངས་པའི་ཚ་བ་འཇོམས་པའོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །ཞེས་པ། སངས་པ་ནི་ཉོན་མོངས་པ་སངས། རྒྱས་པ་ནི་ཡེ་ཤེས་ཆེན་པོ་རྒྱས་པའོ། །གཟི་བརྗིད་ནི་ཡེ་ཤེས་འོད་འཕྲོ་བའོ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །ཞེས་པ། བྱ་བའི་ཆོས་སངས། བྱར་མེད་ཀྱི་དོན་རྒྱས་པའོ། །ཀུན་གྱི་སྐུ་འཆང་བ་ནི་རང་བྱུང་གི་ཡེ་ཤེས་ཀྱི་སྐུ་འཆང་བའོ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །ཞེས་པ། ཉོན་མོངས་སངས་ལ་རྟོགས་པའི་ཆོས་ཉིད་རྒྱས། རྣལ་འབྱོར་ནི་རྟོགས་པའི་དོན་ལ་འབྱོར་བའོ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་པ། སྤྱི་ཏི་ཡོ་གའི་ཐེག་པ་དངོས་རང་བསྟན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་སྐྱེ་མེད་ཀ་དག་གི་བསྟན་པ་གཅིག་ལས་མེད་པའོ། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ཞེས་པ། རྡོ་རྗེ་ནི་འགྱུར་བ་མེད་པ། རིན་ཆེན་དགོས་འདོད་འབྱུང་བའོ། །དབང་ནི་སྐྱེ་མེད་ཀ་དག་གི་དབང་བསྐུར་བས་རྟོགས་པ་ཡེ་ཤེས་ཀྱི་དཔལ་འབྱོར་བའོ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །ཞེས་པ། རིན་པོ་ཆེ་ནི་སེམས་ཉིད་ཀྱི་རིན་པོ་ཆེའོ། །ཀུན་བདག་ནི་སེམས་ཉིད་དེ་སེམས་ལ་གནས་པས་ན་བདག་གོ། །དབང་ཕྱུག་ཅེས་པ་དབང་ནི་ཟབ་མོའི་ཆོས་ལ་དབང་བའོ། །ཕྱུག་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་པ་དེ་སྐལ་ལྡན་ལ་ཡེ་ནས་ཡོད་པ་ལ། བླ་མའི་གདམས་ངག་གི་རྟོགས་པས་སྐྱེ་མེད་ཀ་དག་ལ་དབང་ཞིང་རྟོགས་པའི་ཡེ་ཤེས་ཕྱུག་པའོ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །ཅེས་པ། འཇིག་རྟེན་ན་ཕྱུག་པ་ནི་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཤུ་སྟེ་གར་པ་ལྟ་བུ་སྟེ། དེ་འཇིག་རྟེན་ན་ཡོ་བྱད་ལ་དབང་བའོ། །རིན་པོ་ཆེ་སྣ་བདུན་གྱི་ནོར་ནི་ཕྱུག །འཁོར་འདས་ཀུན་དབང་པོར་མ་གྱུར་པའོ། །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །ཞེས་པ། འཕོ་འགྱུར་མེད་ཅིང་དབྱེར་མེད་པའི་རྡོ་རྗེ་འཆང་བ་སྟེ། དེ་རྣལ་འབྱོར་ཀུན་གྱི་རྗེ་ཡིན་ནོ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །ཞེས་པ། སངས་རྒྱས་ནི་གོང་དུ་རྒྱས་པར་བཤད་དོ། །སྐྱེ་མེད་ཀ་དག་དངོས་མེད་བློ་འདས་རྟོགས་པ་དེ། ཀུན་གྱི་ནང་ན་ཐུགས་ཆེ་བ་ཐུགས་དགོངས་ཆེ་བའོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །ཞེས་པ། སངས་རྒྱས་ཀུན་གྱི་ཐུགས་གཡོ་རྩོལ་དང་རྩིས་གདབ་མེད་དེ། མཉམ་པའི་ཐུགས་ཉིད་ལ་གནས་པའོ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །ཞེས་པ། སངས་རྒྱས་ནི་སྤངས་པ་ཕུན་སུམ་ཚོགས་པའོ། །སྙིང་པོ་ཆོས་ཀྱི་སྐུས་ཀུན་ལ་ཁྱབ་པས་ན་སྐུ་ཆེ་བའོ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པ། སངས་པ་ནི་ཞེ་འདོད་དང་བཅས་པའི་ལྟ་སྒོམ་རྣམས་སངས། རྒྱས་པ་ནི་བལྟར་མེད་སྒོམ་མེད་བྱར་མེད་རྒྱས་པའོ། །གསུང་ནི་དྲི་མ་མེད་དེ་ཚངས་པའི་དབྱངས་ལྟ་བུའོ། །གསུང་ཡང་ཡིན་ཅེས་པ་སྒྲ་སྐད་ཐམས་ཅད་སངས་རྒྱས་ཀྱི་གསུང་ཡང་ཡིན་ནོ། །རྡོ་རྗེ་ཉི་མ་སྣང་བ་ཆེ། །ཞེས་པ། རྡོ་རྗེ་ནི་འདུས་མ་བྱས་པ། ཉི་མ་ནི་མུན་པ་སེལ་བའོ། །སྣང་བ་ནི་ཡེ་ཤེས་འོད་གསལ་གྱི་སྣང་བའོ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ། རྡོ་རྗེ་ནི་སྐྱེ་འཇིག་མེད་པའི་རྡོ་རྗེའོ། །ཟླ་བ་ནི་མ་རིག་པའི་མུན་པ་སེལ་བའོ། །དྲི་མེད་འོད་ཅེས་པ་ཉོན་མོངས་པའི་དྲི་མས་མ་གོས་ལ། དུག་ལྔ་མེད་པས་འོད་གསལ་ཆེན་པོའོ། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་པ། ཆགས་བྲལ་ནི་ཐེག་པ་ཆུང་ངུ་མཚན་ཉིད་སྡེ་གསུམ་གྱི་ཐེག་པ་བསྟན་ལ། ཆགས་པ་ཆེ་ནི་ཆགས་པ་མི་སྤང་ལམ་དུ་ཁྱེར་བ་ཐབས་ཤེས་རབ་བཟུང་དུ་འབྲེལ་བ་སྟེ། ཏ་ན་ག་ནའི་སྒོ་ནས་གཉིས་མེད་ཐིག་ལེར་སྦྱོར་བས་ན་ཆགས་པ་ཆེའོ། །ཡང་ན་སྲིད་པའི་འདོད་ཆགས་དང་བྲལ། གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་མེད་ཀ་དག་གི་དོན་ལ་མི་གནས་པའི་ཚུལ་གྱིས་ཆགས་པ་ཆེ་ཞེས་པའོ། །ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་པ། འཁྲུལ་པ་རྩད་གཅོད་པའི་གདམས་ངག་བསྟན་ཏེ། རིན་ཆེན་རྣམ་དག་འོད་གསལ་གྱི་ལྷ་གང་ནི་དངོས་མེད་ཀུན་དངོས་འོད་འབར་རིན་ཆེན་སྤྲོས་གཅོད་དེ་ན་བཞུགས་སོ། །དེ་ལ་རིན་པོ་ཆེའི་འོད་ཁ་དོག་འབར་ཞིང་འཕྲོ་བ། ཁ་དོག་ཅེས་པ་ནི་འོད་ཀྱི་ཁ་དོག་ལྔ་སྟེ། ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་འོད་དཀར་པོ་དང་། ཡོན་ཏན་མ་འགགས་པར་འཆར་བའི་ཕྱིར་འོད་སེར་པོ་དང་། ཆོས་ཉིད་རྒྱ་མ་ཆད་པའི་ཕྱིར་དམར་པོ་དང་། ཕྲིན་ལས་ཐོགས་པ་མི་མངའ་བའི་ཕྱིར་འོད་ལྗང་གུ་དང་། ཆོས་ཉིད་མི་འགྱུར་བའི་ཕྱིར་འོད་མཐིང་ག་དང་ལྔའོ། །དེ་ལ་སོགས་པའི་འོད་རྣམ་པ་སྣ་ཚོགས་པས་སེམས་ཅན་སྨིན་པར་བྱེད་ཅིང་། ཉོན་མོངས་པ་ཞི་བར་བྱེད་པའི་འོད་འབར་ཞིང་རབ་ཏུ་འཕྲོ་བའོ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་པ། རྡོ་རྗེ་ནི་དབྱེར་མེད་པའོ། །སྐྱིལ་ནི་སྙིང་པོ། ཀྲུང་ནི་གཡོ་བ་མེད་པའོ། །རྫོགས་པ་ནི་བློས་བརྟག་ཏུ་མེད་པའོ། །སངས་པ་དང་རྒྱས་པ་ནི་བདག་ཉིད་ཕུན་སུམ་ཚོགས་པའོ། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །ཞེས་པ། སངས་པ་ནི་བློས་བཏགས་ཀྱི་ཆོས་སངས། རྒྱས་པ་ནི་དབྱེར་མེད་བློ་འདས་ཀྱི་ཆོས་རྒྱས་པའོ། །འགྲོ་བ་རིགས་དྲུག་ཏུ་སེམས་ཀྱིས་འཛིན། ཆོས་འདི་འགྲོ་བའི་རྒྱུད་གྲོལ་བར་བྱེད་པའི་དོན་དུ་འཛིན་པའོ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཞེས་པ། སེམས་ཉིད་ཀྱི་དོན་རྟོགས་པས་ན་དཔལ་སྐྱེ་བ་མེད་པའི་དོན་རྒྱུད་ལ་ལྡན་པས་ན་ལྡན་པའོ། །སངས་པ་ནི་སྐྱོན་མེད་པ་དེ་ཀ་དག་ཆེན་པོར་རྒྱས། པདྨ་འདམ་ན་གནས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པའོ། །དཔེ་དེ་བཞིན་དུ་སྐྱེ་མེད་ཀ་དག་ཆེན་པོ་དེ་འཁོར་བའི་འདམ་ན་གནས་ཀྱང་། ཉོན་མོངས་པ་དྲུག་གི་སྐྱོན་དང་དྲི་མས་མ་གོས་པའོ། །འོད་གསལ་ངང་དྭངས་ཀྱི་ཁྱེའུ་ཆུང་རང་སྣང་གི་ཡེ་ཤེས་རྟོགས་པ་སངས་རྒྱས་ཀྱི་དགོངས་པ་སྐྱེས་ཞེས་བྱའོ། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཞེས་པ། ཀུན་མཁྱེན་པ་ནི་བཅོམ་ལྡན་འདས་སོ། །ཡེ་ཤེས་མཛོད་འཛིན་པ་ནི་ངང་དྭངས་གསལ་བའི་ཁྱེའུ་ཆུང་ངོ་། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཞེས་པ། རྒྱལ་པོ་ནི་སྤྱི་ཏི་ཡོ་གའི་ཐེག་པའོ། །ཐེག་པ་དགུའི་ལྟ་སྒོམ་ལས་རྒྱལ་ལོ། སྒྱུ་ནི་སྙིང་པོ། འཕྲུལ་ནི་ཡན་ལག །སྣ་ཚོགས་ནི་ཡོན་ཏན་སྣ་ཚོགས་འཆང་བའོ། །ཡང་ན་རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་ནི་སྒྱུ་མ་སྣ་ཚོགས་སུ་སྟོན་པའོ། །ཆེ་བ་སངས་རྒྱས་རིགས་སྔགས་འཆང་། །ཞེས་པ། ཆེ་བ་ནི་སྐྱེ་མེད་ཀ་དག་གོ། །སངས་པ་ནི་མ་རིག་པ་སངས་ལ་ཡེ་ཤེས་རྒྱས་པའོ། །རིགས་སྔགས་འཆང་ཞེས་པ། རིག་སྔགས་དང་གཟུངས་སྔགས་དང་། གསང་སྔགས་འཆང་བའོ། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཞེས་པ། རྡོ་རྗེ་རྣོན་པོ་ནི་གཞན་འབིག་ཅིང་འཇོམས་པར་བྱེད་པའོ། །ཡང་ན་རྡོ་རྗེ་རྣོན་པོས་ངར་འཛིན་མ་རིག་དུག་གསུམ་གསོད་པར་བྱེད་པའོ། །རལ་གྲི་ཆེ་ཞེས་པ་ལས་ཀྱི་ཕྱག་རྒྱ་བཞིའི་རྟགས་སུ་ཕྱག་གཡས་པ་བཞི་ན་རལ་གྲི་བསྣམས་པའོ། །དེས་སྐྱེ་རྒ་ན་འཆི་བཞིའི་ཆུ་བོ་ཆེན་པོ་བཞི་གཅོད་པར་བྱེད་པའོ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་པ། ཡི་གེའི་མཆོག་ནི་ཨ་ཡིག་ནོ། །ཨ་དེ་ནི་སྐྱེ་མེད་ཀ་དག་གི་དོན་ཏེ། སྐྱེ་བའི་ཆོ་འཕྲུལ་ཉོན་མོངས་པ་ཐམས་ཅད་དག་པའོ། །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །ཅེས་པ། ཐེག་པ་ཆེན་པོ་ནི་སྤྱི་ཏི་ཡོ་གའི་ཐེག་པ་སྟེ། དེས་འཁྲུལ་པའི་སྡུག་བསྔལ་མ་ལུས་པ་རྩད་ནས་གཅོད་དོ། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །ཞེས་པ། མཚོན་ཆ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པ། རྡོ་རྗེ་ནི་འགྱུར་བ་མེད་དེ་སྐྱེ་འཇིག་མེད་པའི་དོན་ཏོ། །ཆོས་ནི་སྐྱེ་བ་མེད་པའོ། །རྡོ་རྗེ་ཟབ་མོ་ཛི་ན་ཛིཀ྄ །ཅེས་པ། རྡོ་རྗེ་གཉིས་སུ་མེད་པའི་ཡེ་ཤེས། ཟབ་མོ་ནི་སྐྱེ་མེད་ཀ་དག་གོ། །སྐྱེ་མེད་ཀ་དག་དེ་རྟོགས་པར་དཀའ་བས་ན་ཛི་ན་ཛིཀ྄་ཅེས་བྱའོ། །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཅེས་པ། རྡོ་རྗེ་ནི་གཟུང་འཛིན་དང་བྲལ་བའི་རྡོ་རྗེ། བློ་གྲོས་ནི་ཤེས་རབ་དང་ལྡན་པའོ། །དོན་བཞིན་ནི་དངོས་མེད་སྣ་ཚོགས་དངོས་གཞི་མེད། རིག་ནི་སྐལ་ལྡན་གྱི་རྣལ་འབྱོར་པ་རིག་པའོ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ཞེས་པ། ཕ་རོལ་ནི་འཁོར་བའི་ཕ་རོལ་ཏུ་ཕྱིན་པའོ། །ཕྱིན་པ་ནི་མྱ་ངན་འདས་པའི་སྐམ་སར་གནས། ཀུན་རྫོགས་ནི་སངས་རྒྱས་ཀྱི་ཞིང་ཁམས་དབྱེ་བསལ་མེད་པར་མཆོད་པའོ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །ཞེས་པ། སངས་རྒྱས་ཀྱི་ས་བཅུའམ་བཅུ་དྲུག་ལ་སོགས་པའི་ས་རྣམས་ཀྱིས། རྒྱན་ནི་ཀུན་ཏུ་བཟང་པོ་འབྱེད་པ་མེད་པའི་ས་དང་ལྡན་པའོ། །རྣམ་པར་དག་པ་བདག་མེད་ཆོས། །ཞེས་པ། ཉོན་མོངས་པ་རྣམ་པར་དག་པའོ། །བདག་མེད་ཆོས་ཞེས་པ་གཉིས་སུ་མེད་པ་ཡེ་ཤེས་ཀྱི་སྟོབས་སུ་གྱུར་པའོ། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །ཞེས་པ། ཡང་དག་པའི་ཡེ་ཤེས་ནི་སྐྱེ་མེད་ཀ་དག་གི་དགོངས་པ་ལ། རྣམ་པར་རྟོག་པ་མ་རིག་པའི་མུན་པ་སེལ་བ་ནི་དཔེར་ན་ཚེས་བཅོ་ལྔའི་ཟླ་བའི་འོད་བཟང་ཞིང་གསལ་བ་ལྟ་བུའོ། །བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། །ཞེས་པ། བརྩོན་པ་ཆེན་པོ་ཐེག་པ་ཆེན་པོའི་ཆོས་སྒོར་འཇུག་པ་ལ་བརྩོན་པ། སྒྱུ་ནི་མ། འཕྲུལ་ནི་བུ། དྲྭ་བ་ནི་མ་བུ་དབྱེར་མེད་པའོ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་པ། རྒྱུད་ཀུན་གྱི་བདག་པོའམ་རྩ་བར་གྱུར་ཅིང་། རྒྱུད་ཀུན་གྱི་ས་བོན་འདི་ནས་ཟིན་པས་ན་བདག་པོའི་མཆོག་ཅེས་གསུངས་སོ། །ཡང་ན་རྒྱུད་ལ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་ཡང་བཞིར་འདུ་སྟེ། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོོར་མའི་རྒྱུད་དང་། བླ་ན་མེད་པའི་རྒྱུད་དང་། སྙིང་པོ་གོང་ན་མེད་པའི་དོན་གྱི་རྒྱུད་དོ། །ཡང་ན་བྱ་བའི་རྒྱུད་ཀྲི་ཡ། སྤྱོད་པའི་རྒྱུད་ཨུ་པ་ཡ། རྣལ་འབྱོར་གྱི་རྒྱུད་ཡོ་གའོ། །ཡང་ན་ཞེ་སྡང་ལམ་དུ་ཁྱེར་བ་ཕའི་རྒྱུད། འདོད་ཆགས་ལམ་དུ་ཁྱེར་བ་མའི་རྒྱུད། གཏི་མུག་ལམ་དུ་ཁྱེར་བ་སྙིང་པོ་གོང་ན་མེད་པ་དགུ་རྩེ་སྤྱི་ཏིའི་རྒྱུད་རྣམས་སོ། །ཡང་ན་གསང་བ་སྒྱུ་འཕྲུལ་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད། ཨ་ནུ་ཡོ་ག་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྒྱུད། རྫོགས་པ་ཆེན་པོ་མ་སྤངས་ལ་རང་གྲོལ་ཡེ་སངས་རྒྱས་པའི་རྒྱུད་དང་། ཐེག་པ་དགུའི་རྩེ་ཆོས་ལ་ལ་ཟླས་པའི་རྒྱུད་དོ། །དེའི་ཕྱིར་ན་རྒྱུད་ཀྱི་མངའ་བདག་ལྟ་བུ་ནི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་རིན་པོ་ཆེ་ཞེས་པ་ལྟ་བུའི་རྒྱུད་འདི་ཡིན་ནོ། །འདི་ནི་གསལ་བ་ཉི་ཟླའི་རྒྱུད། ཡངས་པ་ནམ་མཁའི་རྒྱུད། ཟབ་པ་རྒྱ་མཚོའི་རྒྱུད། དགོས་འདོད་འབྱུང་བ་ནོར་བུ་རིན་པོ་ཆེའི་རྒྱུད་དོ། །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཅེས་པ། སྙིང་པོ་འགྱུར་བ་མེད་པའི་དོན་བསྟན་ནོ། །དོན་འགྱུར་བ་མེད་པའི་དགོངས་པ་དེ་རྣལ་འབྱོར་པ་ལ་ལྡན་ནོ། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཞེས་པ། ཡེ་ཤེས་ནི་སྐྱེ་མེད་ཀ་དག་ཏུ་ཤེས་པའོ། །སྐུའི་རྣམ་པ་གྲངས་མེད་པ་ཡང་ཡོད་པ། སྐྱེ་མེད་འགྱུར་མེད་རྟོགས་པས། སྐུ་རྣམས་མ་ལུས་པ་རྣལ་འབྱོར་པས་འཆང་བའོ། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ཞེས་པ། འདི་ནི་ཆོས་སྐུའི་སྟོན་པ་གོང་དུ་བསྟན་པ། འབྲུ་བཤད་ན་ཀུན་ནི་སྣང་སྲིད་འཁོར་འདས། ཏུ་ནི་ཆོས་ཀྱི་དབྱིངས། བཟང་པོ་ནི་འཕོ་འགྱུར་མེད་པའི་དགོངས་པའོ། །བློ་གྲོས་བཟང་སྟེ་སྐྱེ་མེད་ཀ་དག་གི་དགོངས་པ་དང་ལྡན་པའོ། །ས་ཡི་སྙིང་པོ་འགྲོ་བ་འཛིན། །ཞེས་པ། འབྱུང་བ་སའི་སྙིང་པོ་ནི་གསེར་རོ། །དེ་འགྱུར་བ་མེད་པ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙིང་པོས་ཁྱབ་པའོ། །ཡང་ན་འབྱུང་བ་ས་གཞི་ནི་སྣང་སྲིད་འཁོར་འདས་སྐྱེ་འགུལ་སེམས་ཅན་བདེ་སྡུག་བཟང་ངན་ལ་སོགས་པ་ཐམས་ཅད་ཀྱི་གཞི་སའི་སྙིང་པོས་འཛིན་ཅིང་གཞི་མ་བྱེད་པའོ། །དམ་པའི་ཆོས་ཀྱི་བཅའ་གཞི་དཔེ་དང་སྦྱར་རོ། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཞེས་པ། སངས་རྒྱས་ཀུན་གྱི་སྙིང་པོའམ་ཡང་སྙིང་བཅུད་འདུས་པའི་གདམས་ངག་ནི་སྐྱེ་མེད་ཀ་དག་དངོས་མེད་ཟང་ཐལ་དེ་ཉིད་དོ། །ཆོས་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་འདུས་པ་དང་སྦྱར་རོ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་པ། འཁོར་ལོ་རྣམ་པ་བདུན་དུ་བསྟན་ཏེ། ལུས་ལ་གནས་པ་རྩའི་འཁོར་ལོ། བཀོད་པ་བྱང་ཆུབ་སེམས་ཀྱི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ཐུགས་ཀ་ཤེས་རབ་ཀྱི་འཁོར་ལོ། གསང་བ་ཐབས་དང་ཤེས་རབ་ཀྱི་འཁོར་ལོ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ་དང་བདུན་ནོ། །འཁོར་ལོ་དེ་རྣམས་ལ་རྩིབས་སུ་ཡོད་པ་དང་། རྩའི་གྲངས་སུ་ཡོད་པ་དང་། གང་ན་གནས་པ་དང་། ཆོས་གང་མཚོན་པ་དང་། གཏན་ལ་ཕབས་ནས་གང་འབྱུང་བ་ནི་གཞན་དུ་ཤེས་པར་བྱའོ། །སྣ་ཚོགས་འཆང་བ་ནི་འཁོར་ལོ་དེ་རྣམས་རྣལ་འབྱོར་པས་འཆང་བའོ། །དངོས་པོ་ཀུན་གྱི་རང་བཞིན་མཆོག །ཞེས་པ། སྤྱི་ཏི་ཡོ་གའི་གདམས་ངག་བསྟན་ཏེ། དངོས་པོ་ནི་གཞིའི་གནས་ལུགས་སོ། །རང་བཞིན་ནི་རྒྱུ་རྐྱེན་དང་འཕོ་འགྱུར་མེད་པའི་རང་བཞིན་ནོ། །མཆོག་ནི་སྙིང་པོ་ལྷུན་གྱིས་གྲུབ་པའོ། །དངོས་པོ་ཀུན་གྱི་རང་བཞིན་འཛིན། །ཞེས་པ། དངོས་པོ་ནི་སྐྱེ་མེད་ཀ་དག་གི་དངོས་པོའོ། །དེའི་དོན་འཛིན་པ་ནི་རྣལ་འབྱོར་པའོ། །སྐྱེ་མེད་ཆོས་དེ་སྣ་ཚོགས་སྟོན། །ཅེས་པ། ཆོས་ཉིད་སྙིང་པོ་སྐྱེ་བ་མེད་པ་གནད་དུ་ཆུད་ཅིང་དངོས་མེད་བློ་འདས་སུ་གྱུར་ན། སྐྱེ་མེད་རྟོགས་པའི་གནད་དང་དགོངས་པ་ཆོས་སྣ་ཚོགས་སྟོན་ནུས་པའོ། །དགོངས་འདུས་ནས། ཀུན་གྱི་རང་བཞིན་གཅིག་ཤེས་ན། །ཀུན་ལ་དབང་བསྒྱུར་ཐོབ་པ་ཡིན། །ཡེ་དབང་ཆེན་པོ་རྫོགས་པའོ། །ཞེས་གསུངས་སོ། །ཆོས་སྐུ་ངོ་བོ་ཉིད་འཆང་བ། །ཞེས་པ། ཆོས་ཀུན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་མ་ལུས་པའི་ངོ་བོ་ཆོས་ཉིད་དོན་དམ་པ་གཅིག་མ་ཤེས་ན། གཞན་ཐ་སྙད་ཀྱི་ཆོས་ཅི་ཙམ་ཤེས་ཀྱང་མི་ཕན་ནོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཆེན་པོ་དེ་ནི་གསང་བདག་ཆེན་པོས་ཀྱང་མཚོན་དུ་མི་ནུས་སོ། །མིང་ཙམ་ལས་འདི་ཞེས་བསྟན་པར་ནི་རྡོ་རྗེ་སེམས་དཔས་ཀྱང་མཚོན་དུ་མེད་ཅེས་གསུངས་སོ། །རེ་ཞིག་མ་རྟོགས་པ་སློབ་མའི་བློ་ལ་མཚོན་ནས་བསྟན་ན། ཨཏྨ་དྷརྨ་ཛྙཱ་ན་དྷ་ཏུ་བྷྱོ་ཡ་དྷི་ཏ་ཨཱཾ་ཨ། ཞེས་གསུངས་སོ། །ཆོས་ཐམས་ཅད་ནི་ནམ་མཁའ་ལྟ་བུའོ། །ནམ་མཁའ་ནི་ཇི་ལྟ་བུ་ཞེ་ན། ནམ་མཁའ་ནི་མཐའ་དང་དབུས་མེད་དེ་ཕྱོགས་དང་རིས་མེད་པའོ། །ནམ་མཁའ་བསྟན་ཏུ་བཏུབ་བམ་ཞེ་ན། ཆོས་ཉིད་ནམ་མཁའ་བསྟན་དུ་མི་བཏུབ་སྟེ། མཚོན་བརྗོད་ཐམས་ཅད་ལས་འདས་སོ། །དེ་བཞིན་དུ་ཆོས་ཉིད་ངོ་བོ་ཉིད་དང་། མཐའ་དབུས་མི་གནས་ཏེ། ཕྱོགས་རིས་དང་ང་བདག་ཐམས་ཅད་ལས་འདས། རེ་ཞིག་བསྟན་ན། སྐྱེ་མེད་སྣ་ཚོགས། ཅང་མེད། ཅིར་སྣང་། ཡེ་མེད། ཀུན་གཞི། མེད་ལས་ཀུན་འབྱུང་། དངོས་མེད་སྣ་ཚོགས་སོ། །སྐལ་ལྡན་སྐྱེས་བུ་ཆེན་པོ་ངེས། འོན་ཀྱང་དེ་ལྟར་མ་རྟོགས་པ་དེ་ལ། རེ་ཞིག་ཏུ་ཆོས་ཀུན་གཞི་ངོ་བོ་ཉིད་སྙིང་པོ་ཡང་དག་པའི་གདམས་ངག་ཚིག་གསུམ་བསྟན་ཏེ། སྐྱེ་མེད་ཀ་དག །དངོས་མེད་ཟང་ཀ །བྱར་མེད་བློ་འདས་སོ། །འཆང་བ་ནི་སྐལ་ལྡན་གྱིས་དེ་ལྟར་རྟོགས་ཤིང་རྒྱུད་ལ་ཞེན་པ་མེད་པའི་ཚུལ་གྱིས་འཆང་ངོ་། །ཤེས་རབ་ཆེན་པོས་སྐད་ཅིག་ལ། ཞེས་པ། ཤེས་རབ་ཆེན་པོའི་ཚད་ནི་ཐུགས་རྒྱ་མཚོ་ལྟ་བུ་ལ་དགོངས་པ་ནམ་མཁའ་ལྟ་བུའི་ཀློང་ནས། ཡེ་ཤེས་ཆེན་པོ་ཉི་ཟླ་ལྟ་བུ་ཤར་ནས་བློ་མ་རིག་པའི་སྒྲིབ་གཡོགས་ཀྱི་མུན་པ་ཐམས་ཅད་དུས་གཅིག་ཏུ་སངས་པས། ཤེས་རབ་ཆེན་པོ་མཚོན་གྱི་རྒྱལ་པོ་རལ་གྲི་དང་འདྲ་པས་ཕྱི་ནང་སྣོད་བཅུད་སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཀྱི་ཆོས་ཐམས་ཅད་སྒྲོ་འདོགས་དུས་གཅིག་ལ་བཅད་པའོ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་པ། ཆོས་ཐམས་ཅད་མ་ལུས་ལུས་པ་མེད་པར་རྟོགས་ནས་ཁོང་དུ་ཆུད་ཅིང་། སྦྱངས་པའི་འཕྲོ་ཅན་སྐལ་ལྡན་གྱིས་ཐམས་ཅད་མཁྱེན་ཅིང་ཐུགས་སུ་ཆུད་དོ། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཞེས་པ། ཆོས་ཀུན་ནི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ངོ་། །ཆོས་དེ་རྣམས་མངོན་པར་རྟོགས་ཤིང་ཐུགས་སུ་ཆུད་པ་ནི་བཅོམ་ལྡན་འདས་སོ། །ཐུབ་པ་བློ་མཆོག་འབྱུང་པོ་སེལ། །ཞེས་པ། ཐུབ་པ་ནི་འགོང་པོ་ང་བདག་ཐུབ་པའོ། །ཡང་ན་དུག་ལྔ་དུག་གསུམ་ལ་སོགས་ཏེ་ཉོན་མོངས་པ་མ་ལུས་པའོ། །བློ་མཆོག་སྐྱེ་མེད་ཀ་དག་རྟོགས་པའི་བློ་དང་ལྡན་པའོ། །འབྱུང་པོ་སེལ་ནི་མི་མཐུན་པའི་ཕྱོགས་ཉོན་མོངས་པའི་དགྲ་རྣམས་སེལ་བའོ། །མི་གཡོ་རབ་ཏུ་དང་བའི་བདག །ཅེས་པ། བློ་འབྲིང་གི་རྣལ་འབྱོར་པའི་དགོངས་ཉམས་བསྟན་ཏེ། མི་གཡོ་བ་ནི་ཡིད་གར་ཡང་མི་གཡོ་བའོ། །རབ་ཏུ་ཡང་ཡིད་རིག་སེམས་ཀྱི་རྣམ་པ་དེ་ཡུལ་གང་ལ་ཡང་མི་གཡོ་བའོ། །དང་བའི་ཞེས་པ་མ་ཉམས་ཏེ། གསལ་ལ་དྭངས་པ་དངོས་གཞི་ཅི་ཡང་མེད་པའོ། །དང་གསལ་མེར། ཁྱིལ། ཕྱ། ཡེང་། བུན་ལོང་གསལ་བའི་ངོ་བོ་ཉིད། གཟའ་གཏད་དང་བྲལ་བ་རིག་པ་ཡུལ་འཛིན་མེད་པར་གྲོལ། སེམས་ཀྱི་ཆགས་སྡང་མྱོང་གྲོལ། རིག་མེད་གསལ་དྭངས་ཀྱི་དགོངས་པ་སྟེ། བློའི་ཆོས་ཐམས་ཅད་ལས་ཡོངས་སུ་འདས་སོ། །བདག་ཅེས་པ་ནི་རྣལ་འབྱོར་པ་དོན་རྟོགས་པའི་སྐལ་ལྡན་ནོ། །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །ཞེས་པ། གང་ལྟར་རྟོགས་པ་དེ་ལ། སངས་རྒྱས་མ་ལུས་པའི་ཐུགས་དགོངས་ཡོངས་སུ་རྫོགས་ཏེ། བྱ་རྩོལ་གྱི་ཆོས་སངས། བྱར་མེད་བློ་འདས་ཆེན་པོའི་དོན་རྒྱས་སོ། །བྱང་བ་ནི་བློའི་ཆོས་བྱང་། ཆུབ་པ་ནི་བློ་འདས་ཆེན་པོའི་དགོངས་པ་ཡོངས་སུ་ཆུབ་པའོ། །འཆང་བ་ནི་རྣལ་འབྱོར་པས་འཆང་བའོ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་པ། སྤྱི་ཏིའི་གཞུང་གིས་མངོན་སུམ་དུ་སངས་རྒྱས་ཀྱི་དགོངས་པ་ཆོས་སྐུ་གཅེར་མཐོང་དུ་བསྟན་ཏེ། འདི་ཀ་ལྟར་རྩོལ་སྒྲུབ་བྱ་མི་དགོས་པར་སངས། གཞན་ནས་བཙལ་ཞིང་སྒྲུབ་མི་དགོས་པར་རྒྱས། མངོན་སུམ་པ་ཞེས་པ་འདི་ཀ་ལྟར་དབང་པོ་ལྔས་མངོན་སུམ་དུ་སྣང་བའི་ཡུལ་ལྔ་ལ། རིག་པ་ཡོད་མེད་སེམས་ཀྱི་དྲན་རྟོག་བློ་དང་ཤེས་པ་གཟུང་འཛིན་དུ་མ་སྐྱེས་ན་གསལ་དག་ཟང་ཀ་ཆེན་པོའི་དགོངས་པའོ། །རྒྱལ་རིགས་ཡིད་དྲན་སེམས་གཞན་དུ་གྱུར་པ་ཡང་། རང་བྱུང་རང་བརླག་རང་ཞི་རང་སངས་རང་གྲོལ་ལོ། །རིག་སེམས་ཡིད་ཀྱི་རྣམ་པར་ཤེས་པ་ནི། །སྣང་སྲིད་ཅིར་སྣང་སྣ་ཚོགས་ཆོས་རྣམས་ལ། །དེར་འཛིན་རིག་མེད་གཟུང་འཛིན་བློ་ལས་གྲོལ། །མི་འགྱུ་མི་འཇུག་མི་སེམས་མི་སྤྱོད་ན། །མི་ལེན་མི་འདོར་མི་སྤོང་མཉམས་པའི་རྒྱལ་པོར་གནས། །དེར་འཛིན་བྱ་རྩོལ་བློ་ཡི་ཆོས་ལས་གྲོལ། །དེ་ལྟར་ཤེས་ན་སངས་རྒྱས་ཅེར་གྱིས་མཐོང་། །མཐོང་བའི་དུས་ན་ངོས་བཟུང་མེད། །མེད་པ་དེ་ཀ་མཐོང་བ་ཡིན། །ཅེས་གསུངས་སོ། །ཀུན་བྱེད་ལས་ཀྱང་། ང་ལ་བལྟ་བར་འདོད་པ་རྣམས། །བལྟ་བར་མ་བྱེད་དེ་བཞིན་ཉིད་ལ་ཞོག །མ་བལྟས་བཞག་པས་དེ་བཞིན་ཉིད་དང་མཇལ། །སངས་རྒྱས་ཀུན་གྱི་དགོངས་པ་དེ་ལ་འདུས། །ཞེས་གསུངས་སོ། །དུས་གསུམ་སངས་རྒྱས་ཀྱིས་ཀྱང་ང་མི་མཐོང་། །མ་མཐོང་བ་དེ་མཐོང་བའི་དམ་པ་ཡིན། །ཞེས་གསུངས་སོ། །ཡང་རྫོགས་པ་ཆེན་པོ་ལྟར་བཤད་ན། མངོན་སུམ་དུ་སྣང་བ་ཐམས་ཅད་ནི་སྐུ། སྒྲ་སྐད་ཐམས་ཅད་ནི་གསུང་། དྲན་རྟོག་ཐམས་ཅད་ནི་ཐུགས་སོ། །སྐུ་གསུང་ཐུགས་སུ་འདུས་པས་ན་མངོན་སུམ་པ་ཞེས་བྱའོ། །ཡེ་ཤེས་མེ་ལྕེ་འོད་འབར་གསལ། །ཞེས་པ། ཡེ་སྙིང་པོ། ཤེས་སྐྱེ་མེད་དུ་ཤེས། མེ་ལྕེ་ནི་ཤེས་རབ་ཡེ་ཤེས་ཀྱི་མེ་ལྕེས་ཞེ་སྡང་གི་མེ་འབར་བ་འཇོམས་ཤིང་ཉོན་མོངས་པ་ཐམས་ཅད་བསྲེག་པར་བྱེད་པའོ། །འོད་འབར་ཞེས་པ་རྟོགས་པའི་ཡེ་ཤེས་བརྗོད་ཀྱིས་མི་ལང་བའི་རྩལ་འོད་རབ་ཏུ་འབར་བས། ཉོན་མོངས་མ་རིག་མུན་པའི་སྨག་རུམ་བསལ་ནས། སྣང་གསལ་ཡེ་ཤེས་འོད་ཀྱི་དཀྱིལ་འཁོར་རྒྱས་པར་རབ་ཏུ་གྲགས་སོ། །དེ་ཡན་ཆོད་ཚིགས་བཅད་བཞི་བཅུ་རྩ་གཉིས་ཀྱིས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས། སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་ལ་བསྟོད་པའི་སྐབས་སོ། །སྤྱིར་ཚིག་ཁྲ་བོ་ཁྲ་རྟགས་འདྲེས་མར་ཡོད་པས་དོན་རྒྱ་ཆེ་བ་དང་སྦྱར་ཞིང་བཤད་དོ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ། འདི་ལ་ཡང་འབྲུ་ལྔའམ་བཅུ་ཐམ་པས་འཆད་དེ། འདོད་པ་ཞེས་པ་ཉན་ཐོས་པས་བདག་མེད་པར་འདོད། །རང་རྒྱལ་པས་རྣམ་པར་རིག་བྱེད་དུ་འདོད། སེམས་ཙམ་པས་གཟུང་འཛིན་གཉིས་མེད་དུ་འདོད། དབུ་མ་པས་བདེན་པ་དབྱེར་མེད་དུ་འདོད། ཀྲི་ཡས་རིགས་གསུམ་མགོན་པོར་འདོད། ཨུ་པ་ཡས་དག་པ་ཆོས་ཉིད་དུ་འདོད། ཡོ་གས་རིགས་ལྔའི་སངས་རྒྱས་སུ་འདོད། །མ་ཧཱས་སྣང་སྟོང་གཉིས་མེད་དུ་འདོད། ཨ་ནུས་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་འདོད། ཨ་ཏིས་རང་ཤར་རང་གྲོལ་བར་འདོད། སྤྱི་ཏིས་སྣང་བ་རང་གྲོལ་ཆེན་པོར་འདོད་པའོ། །དོན་གྲུབ་ཅེས་པས་ཐེག་པ་རིམ་པ་དགུ་ལ་རང་རང་གི་འདོད་པའི་ལྟ་བ་ལས་གྲུབ་པའི་འབྲས་བུ་དགུ་བསྟན་ཏེ། ཉན་ཐོས་ཀྱིས་དགྲ་བཅོམ་པའི་འབྲས་བུ་འགྲུབ། རང་རྒྱལ་གྱིས་བསེ་རུ་ལྟར་ཉག་གཅིག་གི་དོན་འགྲུབ། བྱང་ཆུབ་སེམས་དཔའི་ཐེག་པས་ཀུན་ཏུ་འོད་ཀྱི་སངས་རྒྱས་འགྲུབ། ཀྲི་ཡས་རིགས་གསུམ་གྱི་སངས་རྒྱས་འགྲུབ། ཨུ་པ་ཡས་རིགས་བཞིའི་སངས་རྒྱས་འགྲུབ། ཡོ་གས་དེ་ཉིད་སུམ་ཅུ་རྩ་གཉིས་དང་། སྟུག་པོ་བཀོད་པའི་སངས་རྒྱས་འགྲུབ། མ་ཧཱས་རྡོ་རྗེ་འཛིན་པའི་སངས་རྒྱས་འགྲུབ། ཨ་ནུ་ཡོ་གས་རྡོ་རྗེ་འཆང་གི་སངས་རྒྱས་འགྲུབ། ཨ་ཏི་ཡོ་གས་ཀུན་ཏུ་བཟང་པོའི་སངས་རྒྱས་འགྲུབ། སྤྱི་ཏི་ཡོ་གས་སྒྲུབ་པའི་འབྲས་བུ་མི་འདོད་དེ། ཡེ་ནས་དོན་རྟོགས་ཀ་དག་རྣལ་མའི་སངས་རྒྱས་འགྲུབ། ཐེག་པ་བཅུས་འདོད་པའི་དོན་གྱི་འབྲས་བུ་འགྲུབ་པའོ། །ཚིག་ཀུན་བཤད་པས་མ་ལང་སྐབས་མགོར་བཤད་ཅིང་དཀྲོལ། དེ་ལྟར་ཤེས་རབ་ཅན་གྱིས་ཚིག་ཀུན་བཤད་པར་བྱ། འདོད་པ་ནི་སྐྱེ་མེད་ཀ་དག་འདོད། གྲུབ་པ་ནི་སྙིང་པོ་འཕོ་འགྱུར་མེད་པས་གྲུབ་པས་ན། འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་གསུངས་སོ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །ཞེས་པ། ངན་སོང་ནི་དམྱལ་བ་ཡི་དྭགས་བྱོལ་སོང་གསུམ་གྱི་སྡུག་བསྔལ་རྣམ་པར་བྱང་བར་མཛད་ཅིང་སྒྲིབ་པ་ཐམས་ཅད་སྦྱོང་བ་པོ་ནི་འཕགས་པ་འཇམ་དཔལ་ལོ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །ཅེས་པ། མགོན་པོ་ནི་སེམས་ཅན་རྣམས་ཀྱི་མགོན་ཏེ་བཅོམ་ལྡན་འདས་སོ། །སེམས་ཅན་གྱི་དོན་བྱེད་པའི་མཆོག་ནི་རྗེ་བཙུན་འཕགས་པ་འཇམ་དཔལ་ལོ། །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཅེས་པ། སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་གྱིས་གདུངས་ཤིང་ཉོན་མོངས་པ་རྣམས་སོ། །འདོད་ཆགས་ཀྱི་རྒྱ་མཚོ་ཆེན་པོར་ཆུད་པས། བཅོམ་ལྡན་འདས་ནི་སྡུག་བསྔལ་ཆུ་བོ་བཞི་ལས་སྒྲོལ་བར་བྱེད་པའི་གྲུ་ལྟ་བུའོ། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །ཞེས་པ། ཉོན་མོངས་པ་ནི་དུག་ལྔ། གཡུལ་དུ་ཞེས་པ་ཏིང་ངེ་འཛིན་ལས་སུ་རུང་བ་དགྲའི་གཡུལ་ངོ་རུ། གཅིག་དཔའ་བ་ཞེས་པ་སྐྱེ་མེད་ཀ་དག་གི་དགོངས་པ་ལ་དཔའ་བའོ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །ཞེས་པ། མི་ཤེས་པ་ནི་མ་རིག་པས་ཡང་དག་པའི་དོན་མི་ཤེས་པའོ། །དགྲ་ནི་ལྟ་བ་ལོག་པ་དུག་ལྔ་ང་རྒྱལ་གྱི་དགྲའི་དྲེགས་པ་དེ་ཉིད་རྗེ་བཙུན་འཇམ་དཔལ་གྱིས་འཇོམས་པའོ། །དཔལ་ལྡན་བློ་ལྡན་སྒེག་པར་ལྡན། །ཞེས་པ། དཔལ་ལྡན་ནི་ངན་སོང་གསུམ་གྱི་འཇིགས་པ་སྐྱོབ་པས་ན་དཔལ་དང་ལྡན། བློ་ལྡན་ནི་རྟོགས་པའི་ཤེས་རབ་དང་ལྡན་པའོ། །སྒེག་པར་ལྡན་པ་ནི་བྱར་མེད་བློ་འདས་ཀྱི་དོན་དང་ལྡན་པའོ། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ཞེས་པ། གདུལ་བྱ་ཁྲོ་བོ་ལ་དགའ་བ་ལ་ཁྲོ་བོའི་གཟུགས་མི་སྡུག་པ་སྐུ་མདོག་ནག་པོར་བསྟན་པའོ། །ཡང་ན་བརྟན་པོ་ནི་སྙིང་པོ་འགྱུར་བ་མེད་པར་གནས་པའོ། །གཟུགས་ནི་རྩལ་ལམ་སྣང་ཚུལ་མ་འགགས་པའོ། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །ཞེས་པ། ཁྲོ་བོ་ཆེན་པོ་དེ་རྐང་ལག་དང་བརྟུལ་ཞུགས་སྤྱོད་པའི་གར་ཐབས་བསྟན་ཏེ། ཁྲོ་བོ་དེ་ལ་དབུ་བརྒྱ། གདོང་པ་བརྒྱ། ལག་པ་བརྒྱ། རྐང་པ་བརྒྱའམ་བཞིའམ་དྲུག་གམ་བཅུ་གཉིས་སུ་སྤྲུལ་ནས་ཀུན་ཏུ་བསྐྱོད་པར་མཛད་ཅིང་གར་མཛད་དོ། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །ཞེས་པ། ཁྲོ་བོ་ཆེན་པོ་དེའི་ཞབས་ཀྱི་གོམ་པ་གཡས་པ་བརྐྱང་། གཡོན་བསྐུམ་པ་དང་། གཡས་པ་བསྐུམ། གཡོན་བརྐྱང་བ་དང་། ཞབས་བགྲད་པའི་ཚུལ་གྱིས་སྟོབས་དང་ལྡན་པའི་གར་མཛད་དོ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ཞེས་པ། སྟོབས་དང་ལྡན་གར་དང་འགྲོ་བ་འདུལ་བའི་དཔལ་དང་ལྡན་པའོ། །ལག་པ་བརྒྱས་གང་ལ་ཞེས་པ། ལག་པ་བརྒྱས་ཀྱང་། འདེགས་པ་དང་། བསྐུམ་པ་དང་། བརྐྱང་པ་དང་། བཞད་པ་དང་། གཡོ་བའི་ཚུལ་གྱིས་གར་མཛད་དོ། །གར་དེ་གནས་གང་དུ་བྱེད་པ་ནི། ནམ་མཁའ་ཁྱབ་པར་གར་བྱེད་པ། །ཞེས་པ། གར་བྱེད་པའི་གནས་ཏེ། ནམ་མཁའ་མཐའ་དང་དབུས་དང་ཕྱོགས་མཚམས་མེད་པ་ན་གར་མཛད་དོ། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །ཞེས་པ། འདིས་རྡུལ་ཚོན་གྱི་དཀྱིལ་འཁོར་བསྟན་ཏེ། འཕགས་པ་འཇམ་དཔལ་ལ་དཀྱིལ་འཁོར་ཆེན་པོ་བདུན་དུ་བསྟན་ཏེ། དེ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ། དང་པོ་ས་བླངས་པ་དང་། ས་སྦྱངས་པ་དང་། ས་བརྟག་པ་དང་། སའི་ལྷ་མོ་བརྟན་མ་ལ་མཆོད་བསྟོད་དང་། སྟ་གོན་གྱི་ཆོ་ག་དང་ལྔའོ། །ཐིག་གདབ་པ་ལ་པྲ་ཏ་ཀ་ར་མ་མན་ངག་གི་ཐིག་ལས་ཤེས་པར་བྱའོ། །ཚོན་བཀྱེ་བ་དང་བྲི་བ་ནི་གསང་ལྡན་མན་ངག་ཏུ་ཤེས་པར་བྱའོ། །དཀྱིལ་འཁོར་བདུན་གང་བཞེངས་པ་ཡང་སྒྲུབ་ཐབས་བཞིན་དུ་ཤེས་པར་བྱའོ། །རང་བཞིན་གྱི་དཀྱིལ་འཁོར་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། སེམས་ཉིད་ཀྱི་དཀྱིལ་འཁོར་འོད་གསལ་བ་དང་གསུམ་ལས། དེ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ནོ། །རང་བཞིན་གྱི་དཀྱིལ་འཁོར་ནི། དཀྱིལ་ཆོས་ཀྱི་དབྱིངས་ཡིན་ནོ། །འཁོར་ཡེ་ཤེས་གསལ་དག་ཡིན། །སེམས་ཉིད་ཀྱི་དཀྱིལ་འཁོར་ནི། དཀྱིལ་སྙིང་པོ་མི་འགྱུར་བ་ཡིན། འཁོར་ཀ་དག་དྲི་མེད་ཡིན། རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །ཞེས་པ། ཞབས་ཆེར་མ་སོང་། ས་གཞི་ཆུང་ངུ་མ་སོང་བར། རྫུ་འཕྲུལ་གྱིས་དེ་ལྟར་སྟོན་ཅིང་མནན་པའོ། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཞེས་པ། རྫུ་འཕྲུལ་གྱི་རྐང་མཐེབ་སེན་མོའི་ཁྱོན་ཙམ་གྱིས་ཀྱང་ངོ་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཅེས་པ། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་སྟོབས་སྐྱེས་པས་ཚངས་པའི་ཡུལ་ས་བསམ་གཏན་དང་པོའི་ཡུལ་མན་ཆད་ཀྱང་རྫུ་འཕྲུལ་གྱིས་མནན་པར་བསྟན་པའོ། །དོན་གཅིག་གཉིས་མེད་དམ་པའི་དོན། །ཞེས་པ། ཡོ་གའི་དོན་གདམས་ངག་བསྟན་ཏེ། དོན་གཅིག་ནི་སྙིང་པོ་མེད་པ། གཉིས་མེད་ནི་རྩིས་གདབ་མེད་པའོ། །དམ་པའི་དོན་ནི་ཀ་དག་བློ་འདས་སོ། །དམ་པའི་དོན་ནི་འཇིགས་པ་མེད། །ཅེས་པ། དམ་པ་ནི་ཆོས་ཉིད་དོ། །དོན་ནི་དམ་པའོ། །འཇིགས་པ་མེད་པ་ནི་ཉོན་མོངས་པའི་འཇིགས་པ་མེད་པའོ། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །ཅེས་པ། སེམས་ཙམ་རྣམ་བདེན་པའི་ལྟ་བ་སྟེ། རྣམ་པའི་གྲངས་ཇི་སྙེད་ཡོད་ཚད་དུ་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་འདོད་པའི་སེམས་ཙམ་དང་། རྣམ་པར་ཤེས་པ་ཚོགས་བརྒྱད་དུ་འདོད་པའི་སེམས་ཙམ་དང་། ཚོགས་གཅིག་ཏུ་འདོད་པའི་སེམས་ཙམ་དང་། རྣམ་པར་ཤེས་པ་དང་ཡུལ་གྱི་རྣམ་པ་གཉིས་སྒོ་ང་གཤགས་པ་ལྟར་དུ་འདོད་པའོ། །རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་སོ། །ཡུལ་རྣམ་པར་རིག་པ་ཐམས་ཅད་སེམས་སུ་བདེན་པར་འདོད་པའོ། །ཡང་ན་རྣམ་པ་ནི་ཡུལ་དུ་སྣང་བའི་དཀར་དམར་སྣ་ཚོགས་སུ་སྣང་བ་རྣམས་སོ། །རིག་པ་ནི་རང་རིག་རང་གསལ་ཏེ། གསལ་བ་ལ་འཛིན་པ་མེད་པ་རྟོག་པ་མེད་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུར་འདོད་པའོ། །ཡུལ་རྣམ་པ་སྣ་ཚོགས་པ་སེམས་ཉིད་ཀྱི་ཆ་ཡིན་པས་ན། ཐམས་ཅད་སེམས་སུ་བདེན་པར་འདོད་པ་རྣམ་བདེན་ནོ། །སེམས་ཙམ་རྣམ་རྫུན་པ། ཕྱི་རོལ་གྱི་ཡུལ་རྣམ་པ་སྣ་ཚོགས་འདི་འཁྲུལ་པ་ཡིན་ཅིང་མི་རྟག་བསླུ་བ་ཡིན་པའི་ཕྱིར་ན་མི་བདེན་པའོ། །ཡུལ་དུ་སྣང་བ་འཁྲུལ་པ་སྟེ། །སེམས་ནི་རང་རིག་རང་གསལ་ལོ། །དེ་ཕྱིར་གཟུང་བའི་ཡུལ་རྣམས་གྲུབ། །ཅེས་པའོ། །རྣམ་ནི་ཕྱི་རོལ་གྱི་རྣམ་པའོ། །འཇིག་རྟེན་པའི་སེམས་ཙམ་མོ། །དེ་ནི་ཡང་དག་དངོས་མ་ཡིན། །ཅེས་གསུངས་སོ། །ཡང་ན་འབྲུ་བཤད་ན། རྣམ་ཞེས་པ་ཕྱིའི་ཡུལ་གྱི་རྣམ་པའོ། །རིག་ཅེས་པ་སྐད་ཅིག་མ་སྔ་མ་རྒྱུ། ཕྱི་མ་འབྲས་བུ་སྟེ། རང་རིག་རང་གསལ་ལོ། །སྣ་ཚོགས་ཞེས་པ་དཀར་དམར་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་སྣང་བའོ། །གཟུགས་དོན་ཅན་ཅེས་པ་ཡང་དག་པའི་ཀུན་རྫོབ་གཟུགས་སྣང་ལ་དོན་བྱེད་ནུས་པ་གཟུགས་དོན་ཅན་ཅེས་གསུངས་སོ། །རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན། །ཞེས་པ། རྣམ་པར་ཤེས་པ་ཚོགས་བརྒྱད་དུ་འདོད་པའི་སེམས་ཙམ་མོ། །རྣམ་ཤེས་ནི་ཚོགས་དྲུག་གམ་བརྒྱད་དོ། །སྣ་ཚོགས་ནི་ཉོན་མོངས་པ་སྣ་ཚོགས་པའོ། །རྒྱུད་དང་ལྡན་པ་ནི་སེམས་ཅན་སྣ་ཚོགས་ཀྱི་རྒྱུད་དང་། རྣམ་ཤེས་བརྒྱད་དང་ལྡན་པའོ། །དངོས་དོན་མ་ལུས་རྣམས་ལ་དགའ། །ཞེས་པ། དངོས་དོན་ནི་གནས་ལུགས་སོ། །མ་ལུས་རྣམས་ལ་དགའ་ཞེས་པ་དོན་ཟབ་མོའི་གདམས་ངག་རྣམས་ལ་སྐལ་ལྡན་དེ་དགའ་བའོ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །ཞེས་པ། བྱང་ཆུབ་སེམས་དཔའི་ཐེག་པ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་ཆོས་ཐམས་ཅད་སྟོང་པ་བཅོ་བརྒྱད་དུ་འདོད་དེ། དེ་ཡང་དག་པར་ན་སྟོང་པ་དེ་ལ་སེམས་དགའ་ཞིང་ཡིད་ཆགས་ཀྱང་འདོད་ཆགས་ཀྱི་བློ་ཡིན་ཏེ། དེ་ནི་དོན་དམ་པ་མ་ཡིན་ནོ། །ཞེས་གསུངས་སོ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །ཞེས་པ། སྲིད་པའི་འདོད་ཆགས་ནི། མངལ་ནས་སྲིད་པའི་འདོད་ཆགས་དང་། དྲོད་གཤེར་ལས་སྲིད་པའི་འདོད་ཆགས་དང་། སྒོ་ང་ལས་སྲིད་པའི་འདོད་ཆགས་དང་། བརྫུས་ཏེ་སྲིད་པའི་འདོད་ཆགས་དང་། དེ་བཞི་ལས་གྲོལ་ཞིང་ཐ་མལ་པའི་འདོད་ཆགས་སྤངས་པའོ། །སྲིད་གསུམ་དགའ་བ་ཆེན་པོ་སྟེ། །ཞེས་པ། ཐ་མལ་པའི་འདོད་ཆགས་དང་ཉོན་མོངས་པ་ཐམས་ཅད་སྤངས་ནས་ནི། སྐྱེས་བུ་དམ་པ་དེ་མཁས་པ་དང་བཙུན་པ་དང་ལྡན་པས་སྲིད་པ་གསུམ་ནས་བཀུར་སྟི་བྱ་བའི་གནས་ཡིན་ཏེ། སྲིད་གསུམ་གྱི་མི་རྣམས་རང་ལ་ཤིན་ཏུ་ཡང་དགའ་བ་སྐྱེས་པའོ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །ཞེས་པ། རྣམ་པར་སྣང་མཛད་གཙོ་བོ་མཛད་པའི་དུས་སུ། ཡེ་ཤེས་སེམས་དཔའི་སྐུ་མདོག་བསྟན་ནོ། །སྤྲིན་དཀར་ཞེས་པ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་དཔེ་བསྟན་ནོ། །དག་པ་ནི་སྐྱེ་མེད་ཀ་དག་མཚོན་པའི་དཔེའོ། །བཞིན་ནི་རྣལ་མའམ་གཤིས་སོ། །དཀར་ནི་ཀ་དག་ལ་དྲི་མ་མེད་པའོ། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཅེས་པ། འོད་བཟང་པོ་ནི་མ་རིག་པའི་མུན་པ་སེལ་བའོ། །སྟོན་ཀའི་ཟླ་བའི་འོད་ཅེས་པ་ནི་དེ་ལ་སྤྲིན་རྡུལ་མེད་པས་ཤིན་ཏུ་དཀར་པོའོ། །ཉི་མ་འཆར་ཁའི་དཀྱིལ་ལྟར་མཛེས། །ཞེས་པ། ཡེ་ཤེས་ཀྱི་འོད་གནས་ལུགས་བསྟན་ཏེ། འོད་ཟེར་དེ་དཀར་ལ་དྭངས་པ། གསལ་ལ་མུན་པ་མེད་པའི་ཤིན་ཏུ་དཀར་ལ་གསལ་བ་ཉི་མ་འཆར་ཁའི་ཟེར་བཞིན་དུ་བསམ་གྱིས་མི་ཁྱབ་པ་འཆར་བའོ། །དཀྱིལ་ལྟར་ཞེས་པ་སྙིང་པོའི་དོན་དེ་ལྟ་བུ་དང་མི་འབྲལ་བའོ། །ཡང་ན་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་མདོག་ཉི་མ་འཆར་ཁའི་ཟེར་ལྟ་བུར་བསྟན་ནོ། །སེན་མོའི་འོད་ནི་ཤས་ཆེར་དམར་བའི་མདོག་གོ། །ཡང་ན་སྐུ་མདོག་སྣང་བ་མཐའ་ཡས་ཀྱི་དུས་སུ་ཤས་ཆེར་དམར་བར་བཞུགས་པའོ། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །ཞེས་པ། ཅོད་པན་ནི་དབུ་ལ་བཅིངས་པའོ། །མཐོན་ཀའི་རྩེ་ཞེས་པ་སྐུ་ཐོན་ནས་རྩེ་རྒྱལ་དུ་གནས་པའོ། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་། །ཞེས་པ། འཇམ་དཔལ་གྱི་དབུ་སྐྲ་ནི་སྐྲའི་མཆོག་ཡིན་ནོ། །མཐོན་ཀ་ནི་ནོར་བུའི་འོད་དོ། །ཆེན་པོ་ནི་གཞན་ལས་ཁྱད་པར་དུ་གྱུར་པའོ། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །ཅེས་པ། ནོར་བུ་ཆེན་པོ་ནི་སེམས་ཉིད་ཀྱི་ནོར་བུའོ། །དེ་ལ་ཡེ་ཤེས་ཀྱི་འོད་ཆགས་པས་འགྲོ་བ་རྣམས་ཀྱི་དཔལ་དུ་གྱུར་པའོ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་པ། སངས་པ་ནི་ཉོན་མོངས་པ་སངས། རྒྱས་པ་ནི་ཡེ་ཤེས་རྒྱས་པའོ། །སྤྲུལ་པ་ནི་འགྲོ་བའི་དོན་མཛད། རྒྱན་ནི་དབུ་རྒྱན་དང་། སེ་མོ་དོ་དང་། དོ་ཤལ་དང་། དཔུང་རྒྱན་དང་། ཕྱག་གདུབ་དང་། མགུར་ཆུ་ལ་སོགས་པའི་རྒྱན་རྣམས་སོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །ཞེས་པ། ས་དང་པོ་རབ་ཏུ་དགའ་བའི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱིས་འགྲོ་བའི་དོན་ལ་བསྐྱོད་པའོ། །རྫུ་འཕྲུལ་རྐང་པའི་སྟོབས་དང་ལྡན། །ཞེས་པ། རྫུ་འཕྲུལ་ནི་གསུམ་སྟེ། སེམས་ཅན་མ་དད་པ་དད་པར་བྱེད་པའི་རྫུ་འཕྲུལ་དང་། དད་པ་སྨིན་པར་བྱེད་པའི་རྫུ་འཕྲུལ་དང་། སྨིན་པ་སྒྲོལ་བར་བྱེད་པའི་རྫུ་འཕྲུལ་དང་གསུམ་མོ། །རྐང་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །སྟོད་ནས་མེ་འབར་བའམ། སྨད་ནས་ཆུ་འབྲུབ་པ་ལ་སོགས་པའི་རྫུ་འཕྲུལ་མཛད་དོ། །སྟོབས་དང་ལྡན་པ་ནི་འགྲོ་བ་འདུལ་བའི་སྟོབས་དང་ལྡན་པའོ། །དེ་ཉིད་དྲན་པ་ཆེན་པོ་འཆང་། །ཞེས་པ། དེ་ཉིད་དྲན་པ་ནི་སྙིང་པོ་སྐྱེ་བ་མེད་པའི་དོན་དྲན་པའོ། །ཆེན་པོ་འཆང་བ་ནི་བྱར་མེད་བློ་འདས་ཀྱི་དོན་འཆང་བའོ། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །ཅེས་པ། ཀ་དག་ཚོམ་ཆེན་པོ་བཞིའི་དོན་དྲན་པའོ། །ཡང་ན་བར་དོའི་ཏིང་ངེ་འཛིན་བསྟན་པས་ཉོན་མོངས་པ་ལས་རྒྱལ་བའོ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །ཞེས་པ། སྐྱེ་བ་མེད་པས་བྱང་། འཆི་བ་མེད་པས་ཆུབ། གཉིས་སུ་མེད་པས་ཡན་ལག །ཆོས་ཟབ་མོ་འདི་མེ་ཏོག་དང་འདྲ་སྟེ་ཡིད་དུ་འོང་། སྤོས་དང་འདྲ་སྟེ་དྲི་ཞིམ་པའོ། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ཞེས་པ། དེ་བཞིན་ནི་སྙིང་པོའི་དོན། གཤེགས་པ་ནི་མ་ནོར་བར་གཤེགས་པའོ། །ཡོན་ཏན་ནི་ཟད་མི་ཤེས་ཏེ། །མཁྱེན་པའི་མཆོག་ཏུ་གྱུར་པའོ། །མཚོ་ནི་དགོངས་པ་རྒྱ་མཚོ་དང་འདྲ་བ་གཡོ་འགུལ་མེད་པའོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཅེས་པ། མཚན་སྔགས་དོན་རྣམ་པར་གཟིགས་པའི་གཞུང་གིས་ཆོས་སྤྱོད་ཀྱི་རིམ་པ་བརྒྱད་དུ་བསྟན་པའོ། །འགྲེལ་པ་འདིའི་གཞུང་གིས། ལམ་གྱི་ནང་ནས་ཉེ་ལམ་འདི། །དེ་ལ་བགྲོད་དུ་ཡོད་མ་ཡིན། །ཅེས་བརྒྱད་ནི་ཉམས་ཀྱི་འཆར་ལུགས་བརྒྱད་དོ། །རིག་པ་ནི་རང་གི་ཤེས་རབ་ཀྱིས་རིག་པའོ། །ཡང་དག་སངས་རྒྱས་ལམ་རིག་པ། །ཞེས་པ། ཡང་དག་ནི་མ་རིག་པ་མེད་པ་སྟེ་སྙིང་པོ་སྐྱེ་བ་མེད་པའི་དོན། སངས་པ་ནི་མ་འགག་པར་རང་སྣང་བ་རང་གྲོལ་དུ་སངས། རྒྱས་པ་ནི་མ་དམིགས་པ་ལ་མི་གནས་པར་རྒྱས་སོ། །ལམ་རིག་པ་ཞེས་པ་ལམ་ནི་བགྲོད་དུ་མེད་པའི་ལམ་དུ་རིག་པར་བྱའོ། །ཡང་ན་གཞན་གྱིས་མ་བསྟན་པར་བག་ཆགས་དང་ལས་སད་ནས་རང་གིས་ཆོས་ཉིད་རིག་པ་མ་འགག་པའོ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ཞེས་པ། སེམས་ཅན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་ཀྱང་དོན་དམ་དུ་བདེན་པ་གཉིས་ལས་མ་འདས་པར་བསྟན་ནོ། །ནམ་མཁའ་ལྟ་བུར་ཆགས་པ་མེད། །ཅེས་པ། དོན་དམ་པའི་ཆོས་སྙིང་པོ་ཀ་དག་གི་ཡེ་ཤེས་དེ་ལ་ནམ་མཁའ་ལྟ་བུར་མཐའ་དང་ཕྱོགས་དང་རིས་སུ་ཆད་པའི་གནས་ཡེ་ནས་མེད་པའོ། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །ཅེས་པ། སེམས་ཅན་ཀུན་ལ་ཡང་དག་པའི་སྙིང་པོས་ཁྱབ་ནས་ཡོད་པ་ནི་ཡིད་ལ་འཇུག་གོ། །དེ་གོ་བཟློག་སྟེ་ཡིད་ལ་མི་འཇུག་ན་མི་རྟོགས་པས་སོ། །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །ཞེས་པ། སྤྱིར་གོ་སླ་ཡང་། སེམས་ཅན་ཀུན་གྱི་ཡིད་ནི་ལུས་ཀྱི་གནས་འདི་ལས་མ་འཕགས་པར་ཡིད་དེ་ཤིན་ཏུ་མྱུར་ལ་མགྱོགས་ཏེ། རེས་རྒྱ་གར་ཡུལ་དུ་སླེབས། རེས་ཧོར་གྱི་ཡུལ་དུ་སླེབས། རེས་གྲུ་གུའི་ཡུལ་དུ་སླེབས། རེས་རྒྱ་ནག་པོར་སླེབས་པས་ན། ཡིད་ལྟར་མགྱོགས་ཞེས་གསུངས་སོ། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །ཞེས་པ། སེམས་ཅན་གྱི་དབང་པོ་རྣོ་བ་དང་། རྟུལ་བ་རྣམས་ཀྱི་དོན་ཤེས་པ་ནི་ཤཱཀྱ་ཐུབ་པའོ། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཞེས་པ། སྐལ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པའི་སྒོ་ནས། འཇམ་དཔལ་གྱིས་སེམས་ཅན་གྱི་ཡིད་གཞན་དུ་འཇུག་ཏུ་མི་སྟེར་བར། འཁྲུལ་པའི་ཡིད་འཕྲོག་ནས་ཆོས་ཉིད་རྟོགས་པའི་དོན་ལ་བཀོད་དོ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །ཞེས་པ། དེ་ལ་ཕུང་པོ་ལྔ་ནི། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་དང་ལྔའོ། །དེ་ཉིད་ཤེས་ཞེས་པ་ཕུང་པོ་ལྔ་པོ་དེ་རྒྱལ་བ་རིགས་ལྔར་ཤེས་པར་བྱའོ། །རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་པ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྔའོ། །རྣམ་དག་ཅེས་པ་ནི། མིག་གི་རྣམ་པར་ཤེས་པ། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ་དང་ལྔ་ལ། མིག་གི་ཡུལ་གཟུགས། དེ་བཞིན་སྒྲ་དྲི་རོ་རེག་དེ་ལྔ་ལ་མ་ཞུགས་ན་རྣམ་པར་དག་ཅེས་བྱའོ། །ལྔ་འཆང་བ་ཞེས་པ་ནི། ཡེ་ཤེས་ཟང་ཐལ་ཆེན་པོ་ལྔ་འཆང་བའོ། །དེ་སུས་འཆང་ན་སྐལ་ལྡན་གྱི་རྣལ་འབྱོར་པ་དེ་ལ་མ་འགགས་པར་གསལ་བའི་དོན་འཆང་བའོ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ཞེས་པ། ངེས་པའི་གདམས་ངག་ཟབ་མོ་དེ་སྤྱི་ཏི་ཡོ་ག་ནས་འབྱུང་བའོ། །སྤྲོས་པའི་མཐའ་ཀུན་ལ་མི་གནས་རང་སར་གྲོལ་བར་གནས་པའོ། །ངེས་པར་འབྱུང་བ་ཀུན་ལ་མཁས། །ཞེས་པ། ངེས་པ་ནི་སྐྱེ་མེད་དེ། འབྱུང་བ་ནི་སྙིང་པོ་མའི་ཀློང་ནས་གདམས་ངག་ཟབ་མོ་ཀུན་འབྱུང་བའོ། །མཁས་པ་ནི་སྐྱེ་མེད་ཀ་དག་གི་དོན་དགོངས་པ་ལ་མཁས་པའོ། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ཞེས་པ། སྐྱེ་མེད་ཆོས་ཀྱི་དབྱིངས་ནས། ངེས་པའི་བཀའ་ཟབ་མོ་འབྱུང་བས་ན། ལམ་མ་ནོར་བ་སྐྱེ་མེད་ཀ་དག་གི་དགོངས་པ་ལ་གནས་པའོ། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་པ། ངེས་པ་ནི་སྙིང་པོ་སྐྱེ་བ་མེད་པའོ། །འབྱུང་བ་ནི་ཀ་དག་བྱར་མེད་བློ་ལས་འདས་པའི་གདམས་ངག་འབྱུང་། དེ་ཀུན་རྡོ་རྗེ་འཆང་ཆེན་པོས་སྟོན་པའོ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་པ། རང་རྒྱལ་བའི་ལྟ་བ་བསྟན་པ་སྟེ། ཡན་ལག་བཅུ་གཉིས་ནི་འཁོར་བ་ལུགས་ལས་ལྡོག་པ་དང་། ལུས་སུ་འབྱུང་བའོ། །སྲིད་རྩ་ཞེས་པ་འཁོར་བ་སྲིད་པའི་རྩ་བ་ནི་མ་རིག་པ་ཡིན་ནོ། །དཔེར་ན་དང་པོ་ས་བོན་ལས་མྱུ་གུ། དེ་ལ་སྡོང་པོ། དེ་ལས་ཡལ་ག །དེ་ལས་ལོ་འདབ། དེ་ལས་མེ་ཏོག །དེ་ལས་འབྲས་བུ། དེ་ལས་རྙིད་པ་དང་སྐམ་པའོ། །དེ་བཞིན་དུ་སྲིད་པ་ཐམས་ཅད་ཀྱི་རྒྱུ་ང་བདག་མ་རིག་པའོ། །དེའི་རྐྱེན་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། དེའི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒས་པ། རྒས་པའི་རྐྱེན་གྱིས་ན་བ། ན་བའི་རྐྱེན་གྱིས་འཆི་བ། འཆི་བའི་རྐྱེན་གྱིས་མྱ་ངན་དང་ངུ་འབོད་སྨྲེ་སྔགས་འདོན་པ་སྟེ། སྲིད་པའི་སེམས་ཅན་ཐམས་ཅད་ཀྱི་རྩ་བའོ། །དག་པ་རྣམ་པ་བཅུ་གཉིས་འཆང་། །ཞེས་པ། འཁོར་བ་ལུགས་ནས་ལྡོག་པ་བསྟན་ཏེ། འཁོར་བའི་རྩ་བ་དང་པོ་རྒྱུ་མ་རིག་པ་ལྡོག་པས་འདུ་བྱེད་ལོག་པ་རྣམ་པར་ཤེས་པ་ལོག །དེ་བཞིན་དུ་ངུ་འབོད་དང་སྨྲེ་སྔགས་འདོན་པ་ཡན་ཆོད་དུ་ལྡོག་པ་སྟེ། དག་པ་བཅུ་གཉིས་འཆང་ཞེས་པས། རང་རྒྱལ་བའི་ལྟ་བ་བསྟན་ནོ། །བདེན་བཞིའི་ཚུལ་གྱིས་རྣམ་པ་ཅན། །ཅེས་པ། འཕགས་པ་ཉན་ཐོས་ཀྱི་བདེན་པ་བཞི་བསྟན་ཏེ། སྡུག་བསྔལ་ཤེས་བྱར་བདེན། ཀུན་འབྱུང་སྤངས་བྱར་བདེན། ལམ་རྒྱུད་ལ་བསྟེན་བྱར་བདེན། འགོག་པ་མངོན་དུ་བྱ་བར་བདེན་ནོ། ཉན་ཐོས་ཀྱི་བདེན་པ་བཞིའོ། །སྤྱི་ཏི་ཡོ་ག་བཀའ་ཚོམས་ཆེན་པོ་བཞི་བདེན་པ་ཆེན་པོའོ། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །ཞེས་པ། ཤེས་པའི་རྣམ་གྲངས་ནི་བརྒྱད་དེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མ་སྐྱེ་བ་ཤེས་པ་དང་བརྒྱད་དོ། །དེ་རྣམས་རྟོགས་ཤིང་རྒྱུད་ལ་འཆང་བས་དེ་སྐད་ཅེས་བྱའོ། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་པ། ཉན་ཐོས་ཀྱི་བདེན་པ་བཞི་རེ་རེ་ལ་ཡང་བཞི་བཞིར་ཕྱེ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ལན་གསུམ་གསུམ་དུ་བསྐོར་བ་ནི་འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་གསུམ་སྟེ། མི་རྟག་པ་དང་། སྡུག་བསྔལ་དང་། སྟོང་པའོ། །ཀུན་འབྱུང་གི་བདེན་པ་ལ་གསུམ་སྟེ། ཀུན་འབྱུང་བ་དང་། རྒྱུ་དང་། རབ་ཏུ་སྐྱེ་བའོ། །འགོག་པའི་བདེན་པ་ལ་གསུམ་སྟེ། འགོག་པ་དང་། ཞི་བ་དང་། གྱ་ནོམ་པའོ། །ལམ་གྱི་བདེན་པ་ལ་གསུམ་སྟེ། ལམ་དང་། རིག་པ་དང་། སྒྲུབ་པའོ། །དེ་ལྟར་སེམས་ཅན་གྱི་སྐབས་ཇི་ལྟ་བ་བཞིན་དུ་བདེན་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་པ། བདེན་པ་བཞི་རེ་རེ་ལ་བཞི་བཞི་ཡེ་ཤེས་བཅུ་དྲུག་ཏུ་ཕྱེ་སྟེ་བཤད་པས། ཉོན་མོངས་བརྒྱད་ཅུ་རྩ་དྲུག་སྤོང་བ་ནས། དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་པའོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ། །ཞེས་པ། རྣམ་པ་ནི་ཕུང་པོ་ལྔའི་རྣམ་པའོ། །ཉི་ཤུ་ནི་སོ་སོར་ཀུན་ཏུ་རྟོག་པའི་རྣམ་པར་ཡང་དག་པར་བྱང་ཆུབ་ཏུ་མངོན་པར་མཛད་པ་ནི་རྣམ་པ་ཉི་ཤུ་འདི་ལྟ་སྟེ། གཟུགས་ཉིད་བདག་མ་ཡིན། གཟུགས་ལ་བདག་མེད། བདག་ཉིད་གཟུགས་མ་ཡིན། བདག་གཟུགས་དང་མི་ལྡན། བདག་ཚོར་བ་མ་ཡིན། ཚོར་བ་ལ་བདག་མི་གནས། ཚོར་བ་བདག་མ་ཡིན། བདག་ཚོར་བ་དང་མི་ལྡན། འདི་ཤེས་བདག་མ་ཡིན། འདུ་ཤེས་བདག་ལ་མི་གནས། འདུ་ཤེས་བདག་མ་ཡིན། འདུ་ཤེས་བདག་དང་མི་ལྡན། བདག་འདུ་བྱེད་མ་ཡིན། འདུ་བྱེད་ལ་བདག་མི་གནས། བདག་ཉིད་འདུ་བྱེད་མ་ཡིན། བདག་འདུ་བྱེད་དང་མི་ལྡན། རྣམ་པར་ཤེས་པ་བདག་མ་ཡིན། རྣམ་པར་ཤེས་པ་ལ་བདག་མེད། བདག་རྣམ་པར་ཤེས་པ་དང་མི་ལྡན། རྣམ་པར་ཤེས་པ་བདག་དང་མི་ལྡན་པའོ། །དེ་རྣམས་ནི་རྣམ་པར་ཤེས་པ་ཉི་ཤུ་སོ་སོར་ཀུན་ཏུ་རྟོགས་པའི་ཡེ་ཤེས་སོ། །བྱང་ཆུབ་ནི་སྡུག་བསྔལ་སྣ་ཚོགས་པ་བྱང་། བདེ་བ་ཆེན་པོ་ཆུབ་སྟེ་མྱ་ངན་འདས་པའོ། །དེ་རྣམས་ནི་རྒྱུ་མཚན་ཉིད་ལྟར་དུ་བཤད་པའོ། །ཡང་ན་རྣམ་པ་ཉི་ཤུ་ཞེས་པ་སྤྱི་ཏི་ཡོ་གའི་སྙན་བརྒྱུད་ཀྱི་གདམས་པ་བསྟན་ཏེ། སྐོར་ལུགས་གསུམ་དུ་བཅའ་གཞི་བསྟན། སྣང་ལུགས་གསུམ་དུ་བསྟན་ནས་ངོས་ཀྱང་བཟུང་། སྤྲོས་པ་སྤྲོས་གྲོལ་སྤྲོས་མེད་གསུམ་དུ་གཏན་ལ་དབབ། འགགས་ཆེན་གསུམ་དུ་གྲོལ་ལུགས་བསྟན། ཀློང་ཆེན་གསུམ་དུ་གྲོལ་བའི་འབྲས་བུ་བསྟན། དབྱིངས་ཆེན་གསུམ་དུ་ལ་བཟླ་བསྟན། དེ་རྣམས་ལ་ནི་བཅོ་བརྒྱད་དེ། ཐོག་མ་གཞིའི་རྣམ་པ་དང་། ཐ་མ་འཁྲུལ་པ་རྩད་གཅོད་པའི་རྣམ་པ་སྟེ། སྐལ་ལྡན་ཤེས་རབ་ཅན་གྱིས་ནི་དེ་ལྟར་རྣམ་པ་ཉི་ཤུར་ཤེས་པར་བྱའོ། །པ་ཞེས་པ་སྙན་བརྒྱུད་གདམས་པར་ལྟོས། རྣམ་པར་སངས་རྒྱས་ཀུན་རིག་མཆོག །ཅེས་པ། རྫོགས་པ་ཆེན་པོའི་ལྟ་བ་བསྟན་ཏེ། སྣང་སྲིད་ཀྱི་རྣམ་པ་འདི་ཀ་ལྟར་དུ་སངས་རྒྱས་ཀྱི་དགོངས་པ་རང་བྱུང་གི་ཡེ་ཤེས་ཀྱིས་རིག་པས་ན། ཀུན་རིག་མཆོག་ཅེས་བྱའོ། །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །ཞེས་པ། སྤྲུལ་སྐུས་འཛམ་བུ་གླིང་དཔག་ཏུ་མེད་པར་འགྲོ་བའི་དོན་བྱེད་པར་བསྟན་ནོ། །སངས་པ་ནི་སྤང་བྱ་མ་ལུས་པའི་དོན་སངས། རྒྱས་པ་ནི་ཤེས་བྱ་མ་ལུས་པའི་དོན་རྒྱས་པའོ། །ཀུན་གྱི་ནི་སངས་རྒྱས་ཀུན་གྱི་སྤྲུལ་པ་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་དོན་མཛད་པས་ན་སྤྲུལ་པའི་སྐུ་ཞེས་བྱའོ། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་པ། གདུལ་བྱ་ཅི་དང་ཅིས་འདུལ་བ་ལ། ཐབས་ཅི་དང་ཅིས་འདུལ་བ་ནི་ཤཱཀྱ་ཐུབ་པ་སྟེ། གདུལ་བྱའི་སེམས་ཀྱི་རྒྱུད་གྲོལ་ཞིང་སྨིན་པར་བྱེད་པའི་ཐབས་བྱེ་བ་ས་ཡ་དཔག་ཏུ་མེད་པ་འགྱེད་པའོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །ཞེས་པ། སྐད་ཅིག་གིས་ནི་སྐད་ཅིག་མ་བཅུ་དྲུག་གོ། །ཡང་ན་སྐད་ཅིག་དུས་གཅིག་གི་སྐད་ཅིག་གཅིག་གི་གནས་ཀྱིས་ཆོས་ཐམས་ཅད་ནི་མངོན་པར་རྟོགས་པའོ། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཅེས་པ། སེམས་ཀྱི་ཁྱད་པར་ཅེས་པ་ཡང་དག་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་སྐད་ཅིག་མ་གཅིག་ལ། རང་དད་པ་དང་ཤེས་རབ་ལྡན་པ་ལ། བླ་མའི་གདམས་ངག་ཐོག་མ་རིན་པོ་ཆེའམ་བདུད་རྩི་དང་འདྲ་བའི་གདམས་ངག་ཟབ་མོ་བླ་མས་གནང་། བདག་གིས་རྟོགས་པའི་ཆོས་ཉིད་ཀྱི་དོན་མ་ལུས་པ་ཀུན་རིག་པའོ། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །ཞེས་པ། ཐེག་པ་ནི་སྣ་ཚོགས་པ་ས་ཡ་འབུམ་སྡེའམ་བརྒྱད་ཁྲི་བཞི་སྟོང་ངོ་། །དེ་ཚོའི་ནང་ནས་འདི་ཐབས་ཚུལ་ཆེ་བའོ། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་པ། འགྲོ་བ་ནི་སེམས་ཅན་རྣམས་ལ་ཉོན་མོངས་པ་ས་ཡ་འབུམ་སྟེ། རྩ་བ་དུག་རྣམ་པ་ལྔ་ལས་གྱེས་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ། སེམས་ཀྱིས་ཆོས་ཉིད་རྟོགས་པར་བྱ་བའི་ཕྱིར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་ཏོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཞེས་པ། འདིས་ཐེག་པ་རིམ་པ་དགུའི་ཁུངས་བསྟན་ཏེ། སྤྱི་སྡོམ་གསུམ་རེ་རེ་ལ་ཕྲག་གསུམ་དུ་ཕྱེ་བས་དགུའོ། །གདུལ་བྱ་སེམས་ཅན་གྱི་བློ་རབ་འབྲིང་ཐ་མ་གསུམ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བས་དགུ་སྟེ་གོ་སླ་བས་མ་སྨོས་སོ། །ཐ་མ་གསུམ་ལ་མཚན་ཉིད་སྡེ་གསུམ་བསྟན། འབྲིང་པོ་གསུམ་ལ་ཡོ་ག་སྡེ་གསུམ་བསྟན། རབ་ཀྱི་གསུམ་ལ་བསྐྱེད་རྫོགས་རྣམ་གསུམ་བསྟན། གང་ཟག་དབང་པོའི་ཁྱད་པར་ལ། རིན་པོ་ཆེ་སྣང་བྱེད་ལས། སེམས་ཁྱད་ཐེག་པ་རིམ་པ་དགུ། །མི་མཐུན་ལྟ་སྤྱོད་སོ་སོར་བཤད། །ཅེས་གསུངས་སོ། །དབང་པོ་ཡང་རབ་ཐོད་རྒལ་བ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་པས། སྤྱི་ཏི་ཡོ་གའི་ཐེག་པ་བསྟན། དེ་ཡང་སྒྲོན་མ་འབར་བའི་རྒྱུད་ལས། སྙིང་པོ་ཐེག་གཅིག་སྒྲོན་མ་འདིས། །ཀུན་བཏགས་རིམ་དགུ་ལ་བཟླའོ། །ཞེས་གསུངས་སོ། །འོ་ན་གཞན་དག་ན་རེ། ཁྱོད་ཀྱི་སྤྱི་ཏི་ཡོ་ག་བྱ་བ་གང་ན་ཡོད། དཀྱུས་དང་ཡང་འགལ་ལ། ཆོས་གཞན་དང་ཡང་མི་མཐུན་པས་མིན་ནོ་ཟེར་ནས་བློས་བཏགས་སམ་རྫུན་ཡིན་ཟེར་ན། དེ་ལ་ཕར་བཟློག་སྟེ་འདི་སྐད་བྱའོ། །ངའི་ཆོས་དེ་ཆོས་མིན་ན་ཁྱོད་ཀྱི་ཆོས་དེ་ཡེ་རང་མིན་བྱའོ། །དེར་ཁོ་ན་རེ། ཅིའི་ཕྱིར་མིན་པར་ཅིས་ཤེས་ཟེར་ན། འདི་སྐད་བྱ་སྟེ། རྒྱུད་འདི་ཉིད་ནས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་པ་མངོན་ཏེ། བཅོམ་ལྡན་འདས་ཀྱིས་ཐེག་པ་སྣ་ཚོགས་སུ་གསུངས་པས། ངའི་སྤྱི་ཏི་མིན་ན། ཁྱོད་ཀྱི་ཐེག་པའི་ཆོས་ཀྱང་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་སྣ་ཚོགས་སུ་གསུངས་པའི་ཕྱིར་རོ། །ཁོ་ན་རེ། ངའི་ཐེག་པ་ཡིན་ནོ། །ཁྱོད་ཀྱི་ཐེག་པ་མིན་ནོ་ཟེར་ན། ཡང་འདི་སྐད་བྱ་སྟེ། ཐེག་པ་སྣ་ཚོགས་སུ་གསུངས་པའི་ཕྱིར། ཁྱོད་ཀྱི་ཡིན་ན་ངའི་ཡང་ཡིན། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས་ཞེས་པའི་ཁོངས་སུ་ངའི་དེ་མ་ཤོང་ངམ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་ཡོད་ན། རྒྱུའི་ཁར་ཐེག་པ་གཅིག་པོ་དེ་མ་ཤོང་ངམ། འོན་ཏེ་སྤྱི་ཏི་ཡོ་ག་གཅིག་པུ་མ་ཤོང་ངམ། བརྒྱད་ཁྲི་བཞི་སྟོང་ཡང་ཡོད་ན། ཐེག་པ་གཅིག་པོ་དེ་མ་འདུས་སམ། ཡང་ངམ་མེད་དམ་ཞེས་བྱའོ། །ཁོ་ན་རེ། འོ་ན་ཁུངས་དྲོངས་དང་ཟེར་ན། འདི་སྐད་དོ། །རྒྱུད་འདི་ཉིད་ནས་ཀྱང་། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་གསུངས་པས་ཀྱང་ཁྱོད་ཀྱིས་ཐེག་པ་དགུ་པོ་བས་ཀྱང་། ངའི་འདི་ཤིན་ཏུ་ཟབ་ལ་ངོ་མཚར་ཆེ་སྟེ། ཁྱོད་ཀྱི་ཐེག་པ་གསུམ་པོའམ་དགུའི་ངེས་པའི་གདམས་ངག་ཡང་དག་པའི་དགོངས་པ་དེ་ངའི་སྤྱི་ཏི་ཡོ་གའི་ཐེག་པ་ན་ཡོད་པ་ཡིན་ནོ། །དེར་ཁོ་ན་རེ། ཡིན་པར་ཅིས་ཤེས་ཟེར་ན། ཡང་འདི་སྐད་དུ་རྒྱུད་འདི་ཉིད་ཀྱིས་ཤེས་ཏེ། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་གསུངས་པས་ན། ཐེག་པ་གསུམ་གྱི་ངེས་འབྱུང་གི་མན་ངག་ལ། ངའི་སྤྱི་ཏིའི་ཐེག་པ་ཡོད་པར་རྒྱུད་འདི་ཉིད་རང་གིས་ཟིན་ཅིང་ཡིད་ཆེས་པའོ། །ཁྱོད་ཀྱིས་ཐེག་པ་གསུམ་ལ་བྱ་བཙལ་རྩོལ་སྒྲུབ་བྱས་ཀྱང་ཚི་ཆད་རྟོགས་པའི་ནད་ལས་ཡང་དག་པའི་འབྲས་བུ་མེད་དོ་ཞེས་བྱའོ། །དེ་ནི་རང་གི་ཁྱད་དང་། གཞན་གྱི་ལན་འདེབས་སུན་འབྱིན་ནོ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ། ཐེག་པ་དགུ་རྩེ་སྤྱི་ཏི་ཡོ་ག་འདི་རྩོལ་སྒྲུབ་དང་བྱ་རྩོལ་མི་དགོས་པར་ཚིག་གཅིག་གི་གནད་ཤེས་ན་འབྲས་བུ་ཆེན་པོར་གནས་ཞེས་གསུངས་སོ། །ཉོན་མོངས་ཁམས་རྣམས་དག་པའི་བདག །ཅེས་པ། སྐྱེ་མེད་ཀ་དག་བྱར་མེད་བློ་འདས་གཅིག་གི་དགོངས་པ་ཤེས་ན། ཉོན་མོངས་པའི་ཁམས་རྣམས་ཐམས་ཅད་དུས་གཅིག་ཏུ་མ་སྤངས་པར་གནས་སུ་དག་གོ། །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཞེས་པ། ལས་མི་དགེ་བའི་ལས་སྡིག་པ་དང་། དགེ་བའི་ལས་དང་། ལུང་དུ་མ་བསྟན་པའི་ལས་སོ། །དེ་ཐམས་ཅད་སྐྱེ་མེད་ཀ་དག་རྟོགས་ན་ཟད་པར་བྱེད་དོ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །ཞེས་པ། ཆུ་བོ་ཆེན་པོ་བཞི་སྟེ། འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོ་དང་བཞི། ཀུན་ལས་བརྒལ་བ་ནི། སྐྱེ་བའི་ཆུ་བོ་དང་། རྒས་པའི་ཆུ་བོ་དང་། ན་བའི་ཆུ་བོ་དང་། འཆི་བའི་ཆུ་བོ་དང་བཞི་ལས་བརྒལ་ཞིང་། ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་ལས་བརྒལ་ཞིང་ཐར་བའོ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཞེས་པ། སྦྱོར་བའི་ཞེས་པ་མ་བུ་དབྱེར་མེད་དུ་སྦྱོར་བ་སྟེ། སྙིང་པོ་མ་འཕོ་འགྱུར་མེད་པའི་ཀློང་དུ། རིག་པ་བུ་སྐྱེ་འགག་མེད་པར་འོད་གསལ་ངང་དྭངས་སྙིང་པོའི་ཀློང་དུ་ཐིམ་པར་སྦྱོར་རོ། །དགོན་པ་ནི་ཡིད་གཡོ་འགུལ་གྱི་རྗེས་སུ་མི་འགྲོ་བར། བྱ་རྩོལ་དང་ཞེ་འདོད་ལས་འདས་ཤིང་། སྙིང་པོ་འཕོ་འགྱུར་མེད་པའི་དགོན་པར་གནས་སོ། །ལས་བྱུང་བ་ཞེས་པ་ནི་དོན་དེ་ལྟར་གནས་ནས་རྟོགས་པའི་ཤེས་རབ་ལས་རང་བྱུང་གི་ཡེ་ཤེས་བྱུང་བའོ། །ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །ཞེས་པ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་ལྔ། ཡང་ན་ཉོན་མོངས་པ་མ་རིག་པ་དང་། སྲེད་པ་དང་། ལེན་པའོ། །ཉེ་བའི་ཉོན་མོངས་པ་ནི། འདུ་བྱེད་དང་། སྲིད་པའོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ནི་འཁོར་བ་ལས་ཉོན་མོངས་པ་ཉི་ཤུ་རྩ་བཞིའོ། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་པ། སྤྱི་ཏིའི་གདམས་ངག་དངོས་བསྟན་ཏེ། ཆོས་འདིའི་གཞུང་གི་སྐུ་རྗེན་པར་བསྟན་པ་ཡིན་ཏེ། བག་ཆགས་དང་ཉོན་མོངས་དུག་ལྔ་ལས་སོགས་རྣམས་མ་སྤངས་ཀ་ནས་དག །མཚན་མ་རང་སར་གྲོལ། སེམས་ཉིད་ཡེ་སངས་རྒྱས་པའོ། །ཡང་ན་བག་ཆགས་བཅས་ཞེས་པ་རྣལ་འབྱོར་པ་དང་བཅས་པའོ། །པ་ཞེས་པ་ཆོས་ཉིད་རྟོགས་པའི་ཁྱད་པར་གྱིས་བག་ཆགས་དང་བཅས་ནས་གྲོལ་བའོ། །གཏན་སྤངས་ཞེས་པ་སྙིང་པོ་ལ་བག་ཆགས་ཀ་ནས་དག་པས་ན་གཏན་སྤངས་སོ། །ཡང་ན་དོན་དམ་པ་རྟོགས་པའི་རྣལ་འབྱོར་པ་ལ། བག་ཆགས་དང་བཅས་པ་རང་དྭངས་རང་སངས་རང་གྲོལ་ཏེ། ཉོན་མོངས་པ་ཐམས་ཅད་མ་སྤངས་ལ་མི་གནས་པས་ན་གཏན་སྤངས་ཞེས་བྱ་སྟེ། ཡེ་དག་ཆེན་པོ་འོད་གསལ་འཁོར་བ་དོང་སྤྲུགས། སྐྱེ་མེད་སྙིང་པོ་ལ་བག་ཆགས་ཀ་ནས་དག་ཅིང་། ཆེད་དུ་གང་སྐྱོན་དུ་བལྟས་ནས་མ་སྤངས། ཡོན་ཏན་དུ་བལྟས་ནས་མ་བསྒྲུབ་པར། ངང་འདས་དྭངས་སངས་ཅིར་སྣང་ཅིར་སྲིད་ཐམས་ཅད་རང་གྲོལ་བར་གཏན་སྤངས་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །ཞེས་པ། སྙིང་རྗེ་ནི་གསུམ་སྟེ། ཕྱོགས་མཚམས་འཛིན་པའི་སྙིང་རྗེ་དང་། ཀུན་ལ་ཁྱབ་པའི་སྙིང་རྗེ་དང་། ཅིར་མི་འཛིན་གྱི་སྙིང་རྗེ་དང་གསུམ་མོ། །ཆེན་པོ་ནི་རྫོགས་པ་ཆེན་པོ་སྙིང་རྗེ་དང་། ཤེས་རབ་ནི་སྐྱེ་མེད་ཀ་དག་གི་དོན་རྟོགས་པ། ཐབས་ནི་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །དོན་ཡོད་འགྲོ་བའི་དོན་བྱེད་པ། །ཞེས་པ། དོན་ཡོད་པ་ནི་སྙིང་པོའི་དོན་ནོ། །འོད་གསལ་ཆེན་པོ་འགྲོ་བའི་དོན་བྱེད་པའོ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། །ཞེས་པ། འདུ་ཤེས་ནི་སེམས་ཅན་གྱི་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་དོན་སྤངས་པའོ། །རྣམ་ཤེས་དོན་ནི་འགག་པར་བྱེད། །ཅེས་པ། ཀ་དག་འོད་གསལ་རྟོགས་པའི་མཐུས། གཟུགས་མེད་པའི་ཁམས་སྐྱེ་མཆེད་མུ་བཞིར་སྐྱེ་བའི་རྣམ་ཤེས་དང་དོན་རྣམས་འགག་པར་བྱེད་པའོ། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །ཅེས་པ། སེམས་ཅན་ཞེས་པ་ནི་ངན་རྟོག་དང་བཅས་པའོ། །ཀུན་ཡིད་ཡུལ་དང་ལྡན་ཅེས་པ་ཉོན་མོངས་པའི་ཡིད་དང་ལྡན། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པའོ། །སངས་རྒྱས་ཀུན་གྱི་ཐུགས་རིག་པ། །ཞེས་པ། སངས་པ་ནི་བྱས་པའི་ཆོས་རྣམས་སངས། རྒྱས་པ་ནི་བྱར་མེད་སྤྲོས་དང་བྲལ་བའི་དོན་རྒྱས་པའོ། །ཐུག་རིག་པ་ནི་ཡང་དག་པའི་ཐུགས་ཀྱི་དགོངས་པ་སྐྱེ་བ་མེད་པར་རིག་པའོ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཞེས་པ། སེམས་ཅན་ཀུན་གྱི་ཡིད་ལ་སྙིང་པོ་སྐྱེ་བ་མེད་པས་ཁྱབ་པས་ན་གནས་པའོ། །དེ་དག་སེམས་དང་མཐུན་པར་འཇུག །ཅེས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད། རྒྱལ་བ་དང་འགྲོ་བ་ཀུན་ལ་སེམས་དང་མཐུན་པར་འཇུག་པའོ། །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །ཅེས་པ། སེམས་ཅན་ཐམས་ཅད་ཀྱི་ཡིད་སྐྱེ་མེད་ཀ་དག་གི་དགོངས་པས་ཚིམ་པའམ་དགའ་བར་བྱས་པའོ། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །ཞེས་པ། སེམས་ཅན་དེ་དག་ཐམས་ཅད་ནི་བླ་མའི་གདམས་ངག་གིས་སྙིང་པོ་སྐྱེ་མེད་ཀ་དག་བློ་འདས། བྱར་མེད་བློ་རྟོག །དངོས་མེད་རྣལ་མ་རང་གྲོལ་སངས་རྒྱས། ལུས་མེད་ལུས་ཏེ་སྐྱེ་བ་མེད་པས་ད་གཟོད་རེ་སྨོན་གྱི་སངས་རྒྱས་རང་མ་གྲུབ་པས་ཡིད་དགའ་བའོ། །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ཅེས་པ། འཁྲུལ་པ་རྩད་ནས་ཆོད་ཅིང་འཁྲུལ་སྣང་ལོག་ནས་འབྲས་བུ་ཡོངས་སུ་གྲུབ་པ་བསྟན་ཏེ། གྲུབ་པ་ཞེས་པ་ཐེག་པ་རིམ་པ་དགུ་ལ་འབྲས་བུ་གྲུབ་ལུགས་མི་འདྲ་བ་དགུ་ཐོབ་ཅིང་། མཐར་ཕྱིན་པའི་འཁྲུལ་པ་མེད་པས་བསྟན་པ་ལ་དགུ་སྟེ། ཐེག་པ་རིམ་པ་དགུ་ལ་དོན་དྲུག་གི་སྒོ་ནས་སྒྲུབ་ཅིང་གྲུབ་ནས། འཁྲུལ་པ་རྩད་ཆོད་ཅིང་འབྲས་བུ་མཐར་ཕྱིན་པ་ནི་དགུ་སྟེ། འཕགས་པ་ཉན་ཐོས་ཀྱིས་དང་པོ་འཇུག་པའི་སྒོ། སྤྱོད་པའི་ཕྲིན་ལས། སྲུང་བའི་ཚུལ་ཁྲིམས། བསྒོམ་པའི་རིམ་པ། རྟོགས་པའི་ལྟ་བ། སྒྲུབ་པའི་ཐབས་ཀྱི་སྒོ་ནས་བསྒྲུབ་པས། གྲུབ་པ་མཐར་ཕྱིན་པའི་འབྲས་བུ་ནི་དགྲ་བཅོམ་པའི་སངས་རྒྱས་ཐོབ་པའོ། །དེ་བཞིན་དུ་དང་པོ་འཇུག་སྒོ་ལ་སོགས་ཏེ། དོན་དྲུག་གྲུབ་མཐའ་མ་གྲུབ་པའོ། །འབྲས་བུ་ནི་ཀུན་ལ་དེ་བཞིན་དུ་ཤེས་པར་བྱའོ། །རང་རྒྱལ་བའི་གྲུབ་པའི་འབྲས་བུ་ནི། བསེ་རུ་ལྟ་བའི་ཉག་གཅིག་ཏུ་གནས་པའི་སངས་རྒྱས་ཐོབ། བྱང་ཆུབ་སེམས་དཔའི་ཐེག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་བསྒྲུབ་པས། གྲུབ་པའི་འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་སངས་རྒྱས་ཐོབ། ཀྲི་ཡས་དག་པ་གསུམ་གྱི་སྒོ་ནས་བསྒྲུབ་པས། རིག་གསུམ་མགོན་པོའི་འབྲས་བུ་ཐོབ། ཨུ་པ་ཡས་ཁྲུས་དང་གཙང་སྦྲའི་སྒོ་ནས་བསྒྲུབས་པས། གྲུབ་པའི་འབྲས་བུ་རིགས་བཞིའི་འབྲས་བུ་ཐོབ། ཡོ་གས་ཆོ་འཕྲུལ་བཞི་དང་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་བསྒྲུབ་པས། གྲུབ་པའི་འབྲས་བུ་རིགས་ལྔའི་སངས་རྒྱས་གྲུབ་པའོ། །གསང་སྔགས་ནང་པ་ཐབས་ཀྱི་རྒྱུད་མ་ཧཱ་ཡོ་གས། དང་པོ་འཇུག་པའི་སྒོ། བསྲུང་བའི་དམ་ཚིག །སྤྱོད་པའི་ཐབས། རྟོགས་པའི་ལྟ་བ། བསྒོམ་པའི་རིམ་པ། སྒྲུབ་པའི་ཐབས་དང་དྲུག་གི་སྒོ་ནས་བསྒྲུབ་པས། ཏིང་ངེ་འཛིན་རྣམ་པ་གསུམ་བསྙེན་སྒྲུབ་བཞིའི་སྒོ་ནས་གྲུབ་པ་མཐར་ཕྱིན་པའི་འབྲས་བུ་ནི་རྡོ་རྗེ་འཆང་གི་སངས་རྒྱས་ཐོབ། ཨ་ནུས་དབྱིངས་དང་ཡེ་ཤེས་ཀྱི་སྒོ་ནས་བསྒྲུབ་པས། གྲུབ་པའི་འབྲས་བུ་རྡོ་རྗེ་འཆང་ཆེན་པོ་སྟེ་ལོངས་སྤྱོད་རྫོགས་པའི་འབྲས་བུ་ཐོབ་པའོ། །ཨ་ཏི་ཡོ་གས་རྩོལ་སྒྲུབ་མེད་པའི་སྒོ་ནས་བསྒྲུབ་པས། ཡེ་སངས་རྒྱས་པའི་འབྲས་བུ་ཐོབ། དེ་ལྟར་ཐེག་པ་དགུས་གྲུབ་པ་མཐར་ཕྱིན་པའི་འབྲས་བུ་ཐོབ། དེ་རྣམས་ལས་སྤྱི་ཏི་ཡོ་གས་ཁྱད་པར་འཕགས་ཏེ། སུན་འདོན་པ་ནི། དེ་ལྟར་ཐེག་པ་རིམ་པ་དགུ་པོ་ཡིས། ཞེ་འདོད་རྩོལ་སྒྲུབ་ཡིད་སྨོན་འབྲས་བུ་དེ། །འདུས་བྱས་ཡིན་ཏེ་སྐྱེ་འཇིག་འོང་། །ཞེ་འདོད་རེ་དོགས་འབྲས་བུ་སྟེ། །ཡང་དག་འབྲས་བུ་མ་ཡིན་ནོ། །དེ་ལ་ང་ཡི་སྤྱི་ཏི་ཡོ་ག་ནི། །དེ་རྣམས་ཀུན་ལས་གོང་བརྒལ་ཁྱད་འཕགས་ཏེ། །གཏིང་མཐའ་ཡས་པའི་ཀློང་དཀྱིལ་ནས། །མུ་མཐའ་གྲོལ་བའི་དོན་རྟོགས་པས། །སྐྱེ་མེད་ཀ་དག་དགོངས་པ། གདོད་མ་ཡེ་ཇི་བཞིན་པའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་འབྲས་བུ་གྲུབ། ཡེ་ནས་རང་གནས་རྟོགས་ཤིང་གྲུབ་པ་ལས། ཞེ་འདོད་རེ་དོགས་རྩོལ་སྒྲུབ་འབྲས་བུ་མ་ཡིན་ནོ། །ཞེས་གསུངས་སོ། །སྤྱི་ཏིས་ཐེག་པ་དགུའི་སུན་བཏོན་པ། གོང་ལྟར་ཐེག་པ་རིམ་པ་དགུ་པོས། འབྲས་བུ་ཐོབ་བྱའི་ཡུལ་དང་། ཐོབ་བྱེད་ཀྱི་མཁན་པོ་གཉིས། ཡུལ་དང་ཡུལ་ཅན་གཉིས་རྩོལ་སྒྲུབ་རེ་དོགས་མཁན། སངས་རྒྱས་སྒྲུབ་འདོད་འཁོར་བའི་གཏིང་དུ་ལྷུང་། །ཞེས་གསུངས་སོ། །ལུང་ལས་ཀྱང་། ཨ་ནུ་མན་ཆོད་ཐེག་པ་དེ། །རྫུན་ལུང་ལམ་དུ་ཞུགས་པ་སྟེ། །ངལ་བ་དོན་མེད་ཡིན་པར་ངེས། །ཞེས་གསུངས་སོ། །རྩལ་ཆེན་ལས། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སྒྲུབ་མེད་རྩོལ་སྒྲུབ་སྔ་མ་དེ་ཉིད་དོ། །ཞེས་གསུངས་སོ། །ནོར་བ་ཐམས་ཅད་རྣམ་པར་སྤངས། །ཞེས་པ། སྐྱེ་མེད་ཀ་དག་གི་དགོངས་པ་ཤེས་ན། ནོར་ས་དང་འཁྲུལ་ས་དང་། བྱ་རྩོལ་ཐམས་ཅད་རྣམ་པར་སྤངས་སོ། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཞེས་པ། འཇམ་དཔལ་གྱི་དགོངས་པ་ཡང་དག་པའི་ཁུངས་བཟུང་བ་ནི་གསུམ་སྟེ། དོན་ཟབ་དོན་ནི་རྒྱ་ཆེ་བ། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཞེས་པ། བཀའ་ཚོམས་ཆེན་པོ་གསུམ་སྟེ། འདི་ལ་ཐེ་ཚོམ་དང་ཡིད་གཉིས་མ་ཞུགས་ན་དོན་ཡོངས་སུ་གྲུབ་པའོ། །ཡང་ན་དོན་ཡོངས་གསུམ་སྟེ། གཞི་སྐྱེ་བ་མེད་པ། ལམ་ཀ་ནས་དག་པ། འབྲས་བུ་བློ་ལས་འདས་པའི་དོན་དང་གསུམ་ལས། ཐེ་ཚོམ་མེད་པའི་བློས་ངེས་པར་རྟོགས་ལ་ཆོངས་ཤིག་པའོ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཅེས་པ། དེ་ནི་ཡོན་ཏན་ཀུན་གྱི་མཆོག་ཏུ་གྱུར་ཅིང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་བཅུད་འདུས་པ་དེ་དག་སྐལ་ལྡན་གྱིས་རྟོགས་ཤིང་འཆང་བའོ། །ཕུང་པོ་ལྔ་དོན་དུས་གསུམ་དུ། །ཞེས་པ། དེ་ལ་ཕུང་པོ་ལྔ་ནི། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་དང་ལྔའོ། །དུས་གསུམ་ཞེས་པ། འདས་པ་དང་ད་ལྟར་དང་མ་འོངས་པ་དང་གསུམ་མོ། །དུ་ཞེས་པ་ནི་ཕྱི་ཆོས་ཀྱི་དབྱིངས་ཏེ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་བཞིན་ལྟ་བུའོ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་པ། འདས་པ་དང་མ་འོངས་པ་དང་ད་ལྟར་གསུམ་ལས་ད་ལྟའི་སྐད་ཅིག་མའོ། །ཐམས་ཅད་བྱེ་བྲག་ཅེས་པ། ཡིད་འགྱུ་ལུགས་ཀྱི་བྱེ་བྲག་ཕྱེད་དེ། ཕྱི་སྣང་བ་ཡུལ་གྱི་གྲོལ་ལུགས་དང་། བར་ཡིད་རིག་སེམས་ཀྱི་གྲོལ་ལུགས་དང་། ནང་ཀུན་གཞི་ཆོས་ཉིད་དུ་གྲོལ་བ་དང་གསུམ་མོ། །གཞི་སྟོང་པར་ཤེས་ལ། དེ་ལ་རིག་ཡིད་སེམས་བློ་ངང་དྭངས་རང་སངས་སུ་ཤེས་པ། སྣང་བ་རང་སྣང་རང་གྲོལ་དུ་ཤེས་པ་དང་གསུམ་མོ། །ཡང་ན་སེམས་སམ་དྲན་རིག་ཡིད་ཀྱི་འགྱུ་བ་དེ། འདས་པའི་རྗེས་མ་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟའི་ཤེས་པ་རྐྱེན་ཁར་མ་ཤོར་བས་བྱེ་བྲག་ཕྱེད་ཅེས་བྱའོ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པ། དོན་གོང་མ་དེ་ལྟར་ཉམས་སུ་བླངས་ཤིང་། ཚིག་གཅིག་གི་གདམས་ངག་ཅང་མེད་ཅིར་སྣང་སྣང་སར་གྲོལ། དེ་རྟོགས་སྐད་ཅིག་གཅིག་གིས་ནི། །སྟོང་ལས་ཀུན་འབྱུང་སྟོང་པར་གྲོལ། །སྐྱེ་མེད་ཀ་དག་རྫོགས་སངས་རྒྱས། །གསུངས་སོ། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ཞེས་པ། སངས་རྒྱས་ཀུན་གྱི་རང་བཞིན་ཏེ་སྐྱེ་མེད་ཀ་དག་བྱར་མེད་བློ་འདས་སོ། །དེ་སུས་འཆང་ན་རྣལ་འབྱོར་པ་ཤེས་རབ་ཅན་གྱིས་འཆང་བའོ། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས་པ། འཁྲུལ་པ་རྩད་བཅད། སྙིང་པོ་མ་དང་འཕྲད། འགྱུར་མེད་སངས་རྒྱས་ཐོབ་པས། ད་ཕྱིན་ལུས་མི་ལེན་འགྲོ་དྲུག་ཏུ་མི་འཁོར་ཏེ་ལུས་མི་ལེན་པར་བསྟན་པའོ། །ལུས་མེད་ཅེས་པ་སྐྱེ་མེད་ཀ་དག་སྟེ་ཆོས་སྐུའོ། །ལུས་ཏེ་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །ལུས་ཀྱི་མཆོག་ཅེས་པ་ནི་ཆོས་སྐུའི་ཡོན་ཏན་བརྩིས་ཏེ་དེ་ནི་ལུས་ཀྱི་མཆོག་གོ། །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །ཞེས་པ། སྤྲུལ་པའི་སྐུས་འགྲོ་དྲུག་ཏུ་སྐྱེ་བའི་གནས་མེད་དེ། ཕྱིས་སྐྱེ་མི་སྲིད་པས་ལུས་ཀྱི་མཐའ་ནི་མེད་པ་རང་ཡིན་པས། མ་ཆགས་མི་སྐྱེ་སྐྱེ་བ་མི་ལེན་པས་མཐའ་མེད་པར་རྟོགས་པའོ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ཅེས་པ། འདུལ་བ་ཅི་དང་ཅིས་འདུལ་བ་ལ། སྤྲུལ་སྐུ་ཤཱཀྱ་ཐུབ་པ་འགྲོ་བའི་དོན་བྱ་བར་བསྟན་ནོ། །ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པ། ནོར་བུ་ནི་དགོས་འདོད་འབྱུང་བས་ན་ནོར་བུའོ། །ཆེན་པོ་ནི་སེམས་ཉིད་ཀྱི་ནོར་བུ་ཆེན་པོ་སྟེ། རྟོགས་ན་དགོས་འདོད་མ་ལུས་པ་འབྱུང་བའོ། །རིན་ཆེན་ཏོག་ཅེས་པ་རིན་པོ་ཆེའི་ཏོག་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་མཆོད་པ་ཕུལ་ན། ཆེད་དུ་བསྒྲུབ་མི་དགོས་པར་དགོས་འདོད་རྣམ་པ་སྣ་ཚོགས་པ་འབྱུང་ངོ་། །དཔེ་དེ་བཞིན་དུ་ཐེག་པ་དགུའི་སྤྱི་ཏི་ཡོ་ག་འདི་འཆང་ཞིང་རྟོགས་པས། རྩོལ་སྒྲུབ་བྱ་མི་དགོས་པར་ཐེག་ཕྲན་མ་ལུས་པ་ཤེས་ཤིང་རྟོགས་པར་འགྱུར་རོ། །ཐེག་པ་ཐམས་ཅད་ཀྱི་ནང་ནས་སྤྱི་ཏི་ཡོ་ག་ནི་རིན་པོ་ཆེའི་ཏོག་ལྟ་བུ་ཡིན་ནོ། །འདོད་པའི་དོན་གྲུབ་ཅེས་པ་ནས་རིན་ཆེན་ཏོག་ཅེས་པ་ཡན་ཆོད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་བསྟོད་པའོ། །འཁྲུལ་པ་ལོག་པའི་འབྲས་བུ་རང་ལ་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པའོ། །འབྲས་བུ་མི་འགྱུར་བའི་གདིང་གིས་ཟིན་ལུགས་དང་། རྟོགས་པའི་ཁྱད་པར་བསྟན་པའོ། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་པ། འབྲས་བུ་ལྔའམ་བཅུར་བཤད་དེ། ཐེག་པ་དགུའི་རྟོགས་པར་བྱ་བའི་ལྟ་བ་བསྟན་པ་ནི། ཉན་ཐོས་ཀྱིས་ཡུལ་སེམས་གཉིས་མེད་དུ་རྟོགས། རང་རྒྱལ་གྱིས་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པར་རྟོགས། སེམས་ཙམ་གྱིས་གཟུང་འཛིན་གཉིས་མེད་དུ་རྟོགས། །དབུ་མ་པས་བདེན་པ་དབྱེར་མེད་དུ་རྟོགས། བྱང་ཆུབ་སེམས་དཔས་སྟོང་པ་བཅོ་བརྒྱད་རྟོགས་ཏེ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་རྟོགས། ཀྲི་ཡས་རིགས་གསུམ་ལྷར་རྟོགས། ཨུ་པ་ཡས་དག་པ་ཆོས་ཉིད་དུ་རྟོགས། ཡོ་གས་སྐྱེ་འགག་མེད་པར་རྟོགས། གསང་སྔགས་མ་ཧཱས་སྣང་སྟོང་དབྱེར་མེད་དུ་རྟོགས། རྫོགས་པ་ཨ་ནུས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས། རྫོགས་པ་ཆེན་པོས་སྣང་སྟོང་ཆོས་ཀྱི་སྐུར་རྟོགས། དེ་ལས་སྤྱི་ཏི་ཁྱད་པར་འཕགས་ཏེ། སྣང་བ་རང་གྲོལ་ཀ་དག་ཆེན་པོར་རྟོགས། ཅིར་སྣང་ཅིར་སྲིད་རང་སར་སངས་པའོ། །སངས་རྒྱས་ཞེས་པས་ཉན་ཐོས་ཀྱི་ཐེག་པ་བསྟན། ཀུན་གྱིས་རྟོགས་བྱ་བ་ཞེས་པས་རང་རྒྱལ་བའི་ཐེག་པ་བསྟན་ནོ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཅེས་པ། སངས་རྒྱས་བྱང་ཆུབ་ཅེས་པས་བྱང་ཆུབ་སེམས་དཔའི་ཐེག་པ་བསྟན། བླ་ན་མེད་ཅེས་པས་ཀྲི་ཡོག་སྡེ་གསུམ་གྱི་ཐེག་པ་བསྟན་ནོ། །གསང་སྔགས་ལས་བྱུང་ཡི་གེ་མེད། །ཅེས་པ། གསང་སྔགས་ཞེས་པས་བསྐྱེད་རྫོགས་གཉིས་ཀྱི་ཐེག་པ་བསྟན། ལས་བྱུང་ཞེས་པས་ཨ་ཏི་ཡོ་གའི་ཐེག་པ་བསྟན་ནོ། །དེ་ལྟར་རྟོགས་བྱེད་ཐེག་པའི་རྣམ་གྲངས་བསྟན་ནས། རྟོགས་བྱ་དོན་གྱི་ངོ་བོ་བསྟན་པ་ལ། སངས་རྒྱས་བྱང་ཆུབ་བླ་ན་མེད། །ཅེས་པ། བྱ་རྩོལ་སངས་ལ་བྱར་མེད་བློ་འདས་རྒྱས། དེ་ཕྱིར་སངས་རྒྱས་ཞེས་བྱའོ། །བྱང་ཆུབ་ཅེས་པ་ནི་བྱང་སྐྱེ་བ་མེད་པ་སྟེ་ཆོས་སྐུའོ། །ཆུབ་འོད་གསལ་ཆེན་པོ་སྟེ་ལོངས་སྐུའོ། །བླ་ན་མེད་པ་ནི་དངོས་མེད་ཟང་ཀ་མའི་གདམས་ངག་དེ་གང་གི་ཡང་བླ་ན་མེད་པའོ། །གསང་སྔགས་ལས་བྱུང་ཡི་གེ་མེད། །ཅེས་པ། གསང་བ་ནི་བློའི་སྤྱོད་ཡུལ་དུ་མ་གྱུར་པ་སྟེ་ཤེས་བརྗོད་ལས་འདས་པའོ། །སྔགས་ནི་ཡོན་ཏན་གྱི་འབྱུང་གནས་སུ་གྱུར་པའོ། །ལས་བྱུང་ནི་ཟབ་མོའི་གདམས་ངག་ཏུ་བྱུང་བའོ། །ཡི་གེ་མེད་ནི་སྙིང་པོ་སྐྱེ་བ་མེད་པ་ལ་ཡི་གེས་མཚོན་ཅིང་ཚིག་གིས་བརྗོད་དུ་མེད་པའོ། །གསང་སྔགས་ཆེན་པོ་རིགས་གསུམ་པ། །ཞེས་པ། གསང་བ་ནི་ཟབ་མོའོ། །སྔགས་ནི་མནྟྲ་ཞེས་པ་ཤེས་སྐྱོབ་གཉིས་དང་ལྡན་པའོ། །རིགས་གསུམ་ཞེས་པ། སྐུའི་རིགས། གསུང་གི་རིགས། ཐུགས་ཀྱི་རིགས་དང་གསུམ་མོ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཞེས་པ། གསང་སྔགས་ནི་ཡོན་ཏན་ཀུན་གྱི་འབྱུང་གནས་སུ་གྱུར་པ་ལ་བྱ། དོན་ཀུན་ནི་ༀ་ཨཱཿཧཱུྃ་གསུམ་གྱིས་གསང་སྔགས་སྤྱོད་པའི་རྣལ་འབྱོར་པ་ཀུན་གྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྐྱེད་པའོ། །ཡང་ན། གསང་སྔགས་དོན་ཀུན་སྐྱེད་པ་པོ་ནི། ཀུན་གཞིའི་སྙིང་པོ་ཆོས་ཉིད་མཁའ་དབྱིངས་མའི་ཀློང་ནས། རོལ་པ་རྩལ་དང་ཡན་ལག་ལས་ཟབ་མོའི་གདམས་ངག་ཀུན་སྐྱེད་ཅིང་འབྱུང་བའོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །ཅེས་པ། ཐིག་ནི་སྐྱེ་མེད་དོ། །ལེ་ནི་ཀ་དག །ཆེན་པོ་ནི་སྙིང་པོ་ཡི་གེ་མེད་པ་ནི་བློ་ལས་འདས་པའོ། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་པ། ཆོས་སྟོང་པ་ཉིད་ཀྱི་ཀློང་ན་རང་གསལ་དུ་ཡི་གེ་ལྔ་ཡོད་དེ། ཨཱཿཧྲཱིཿཧཱུྃཿཨཱཾཿༀཿདང་ལྔའོ། །དེའི་ཕྱིར་ཡི་གེ་ལྔ་ཞེས་པའོ། །ཡང་ན་སྤྱི་ཏི་ཡོ་གའི་གཞུང་གིས། ཕྱིའི་སྤྲོས་པ་གཅོད་པ་སྡེ་ལྔ། ནང་གི་སྤྲོས་པ་གཅོད་པ་སྡེ་ལྔ། གསང་བའི་སྤྲོས་པ་གཅོད་པ་སྡེ་ལྔ། དེ་ཁོ་ན་ཉིད་ཀྱི་སྤྲོས་པ་གཅོད་པ་སྡེ་ལྔ། སྟོང་པའི་ཀློང་ནས་རིག་པའི་སྣང་ཚུལ་ལྔར་ཤར་ཡང་། དེའི་སྤྲོས་པ་གཅོད་པ་སྡེ་ལྔའོ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་པ། ཐིག་ལེ་ཆེན་པོ་ནི་རྟོག་པའི་ཀློང་ནས་ཡི་གེ་བརྒྱ་ལྟ་བུར་ཡང་སྣང་ངོ་། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པ། སྙིང་པོ་ནི་གནས་ལུགས་དེ་ལ་རྩལ་དང་རོལ་པའི་སྒོ་ནས་རྣམ་པ་ཀུན་དང་ལྡན་ལ། ཆོས་ཉིད་ཀྱི་གཞི་ལ་དངོས་པོའམ་རྣམ་པ་མེད་པའོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་པ། བཅུ་དྲུག་ནི་མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་ན་རྩ་བཅུ་དྲུག་གོ། །ཕྱེད་ཕྱེད་ནི་པདྨ་དང་རྡོ་རྗེ་བསྲུབས་ཕྱེད་ཕྱེད་གཅིག་ཤོར་གཉིས་མཉམ་སྟེ། རྡོ་རྗེའི་རྩེ་ན་བདེ་བ་གནས་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཅན་ཅེས་གསུངས་སོ། །དེ་རྣམས་སྔགས་མ་རྒྱུད་ལྟར་བཤད་པའོ། །སྤྱི་ཏིའི་འགྲེལ་པ་ལྟར་དུ་བཤད་ན། བཀའ་ཚོམས་ཆེན་པོ་བཞིར་བཤད་དེ། གནས་པ་གཞིའི་བཀའ་ཚོམས་བཞི། འཁྲུལ་པ་འཕྲང་གི་བཀའ་ཚོམས་གསུམ། བྱེ་བྲག་ཤན་གྱི་བཀའ་ཚོམས་ལ་གསུམ་སྟེ་བཅུ་ཐམ་པ། དབྱེར་མེད་ཀྱི་བཀའ་ཚོམས་ལ་བཞི་སྟེ་བཅུ་བཞི། ཡེ་ཤེས་ཀྱི་འཆར་སྒོ་དང་མ་རིག་པའི་འཁྲུལ་སྒོ་གཉིས་ཏེ་བཅུ་དྲུག་གོ། །ཕྱེད་ཕྱེད་ཅེས་པ། ཐོག་མ་བཞི་མའི་གནད་དེ་ཡར་ཕྱེད། ཐ་མ་རྩལ་ཟེར་ཡན་ལག་བུའི་གནད་དེ་མར་ཕྱེད། ཐིག་ལེ་སྙིང་པོ་གསང་བའི་ཡང་སྙིང་ངོ་། །ཅན་ཞེས་པ་ཀ་དག་ཆེན་པོའི་ཐིག་ལེའི་རང་བཞིན། བྱར་མེད་དངོས་མེད་བློ་འདས་དེ་ཉིད་དོ་ཞེས་གསུངས་སོ། །ཡན་ལག་མེད་པའི་རྩིས་ལས་འདས། །ཞེས་པ། སྙིང་པོ་སྐྱེ་བ་མེད་ཅིང་ཀ་ནས་དག་པ་དེ་ལ། ཡན་ལག་གི་རྣམ་པའམ་རྣམ་པར་རྟོག་པའི་རྩིས་ལས་འདས་སོ། །སྤྱི་ཏིའི་གཞུང་གིས་སྙིང་པོའམ་ཐིག་ལེའི་རང་བཞིན་ལ། ཡན་ལག་གི་ཤེས་པ་རྣམ་པར་རྟོག་པའི་རྩིས་ལས་འདས་པའོ། །བསམ་གཏན་བཞི་པའི་རྩེ་མོ་ཅན། །ཅེས་པ། དགའ་བ་དང་། མཆོག་དགའ་དང་། ཤིན་ཏུ་དགའ་དང་། དགའ་བྲལ་གྱི་ཤེས་པ་དང་བཞིའོ། །དེ་ཚོ་ནི་བསམ་གཏན་བཞིའོ། །རྩེ་མོ་ནི་དུས་ཀྱི་སྣ་རྩེ་དང་། དབྱིབས་ཀྱི་སྣ་རྩེ་དང་། ཆོས་ཉིད་ཀྱི་སྣ་རྩེའོ། །ཅན་ཞེས་པ་ནི་ཕྱག་རྒྱ་བཞིའི་དགོངས་པ་ཅན་ནོ། །ཡང་ན་བསམ་གཏན་བཞི་ནི་བར་མ་དོ་བཞིའི་བསམ་གཏན་ནོ། །དེ་བཞིའི་རྩེ་མོ་ནི་སྤྱི་ཏི་སྟེ་གཟའ་གཏད་དང་བྲལ་བའི་ལྟ་བའོ། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཞེས་པ། བསམ་གཏན་ནི་རྣལ་འབྱོར་པས། བསམ་དུ་མེད་པའི་བསམ་གཏན་གོམས་ཤིང་རྟོགས་ན། དམིགས་པའི་བསམ་གཏན་གྱི་ཡན་ལག་ཀུན་ཤེས་པར་འགྱུར་བའོ། །ཏིང་འཛིན་རིགས་དང་རྒྱུད་རིག་པ། །ཞེས་པ། ཏིང་འཛིན་ནི་མི་དམིགས་པའི་ཏིང་ངེ་འཛིན་མི་གཡོ་བའོ། །རིགས་པ་ནི་སེམས་ཀྱི་དམིགས་པ་ཅན་ནོ། །རྒྱུད་རིག་པ་ནི་རང་གི་རྒྱུད་རིག་ཅིང་གྲོལ་བའོ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ཅེས་པ། ལུས་བཞི་ཡོད་པ་ལས། འདི་ནི་ཏིང་ངེ་འཛིན་གྱི་ལུས་སོ། །ཤ་ཁྲག་གི་ལུས་ལས་འདས་པས་ན་ལུས་ཀྱི་མཆོག་ཅེས་པའོ། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །ཞེས་པ། ལོངས་སྤྱོད་རྫོགས་པའི་སྐུ་དཔལ་རྣམ་པར་སྣང་མཛད་ལ། དཔེ་བྱད་བཟང་པོ་བརྒྱད་ཅུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པས་ན་ཀུན་གྱི་རྒྱལ་ཞེས་པ་སྟེ། གཟུགས་སྐུ་ལས་རྒྱལ་བའོ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །ཅེས་པ། སྤྲུལ་པའི་སྐུ་ནི་ཤཱཀྱ་ཐུབ་པའོ། །སྐུ་ཡི་མཆོག་ནི་འཇིག་རྟེན་ལས་ཁྱད་པར་དུ་འཕགས་པས་ན་སྐུ་ཡི་མཆོག་ཅེས་པའོ། །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཞེས་པ། སངས་རྒྱས་སྤྲུལ་པ་སྣ་ཚོགས་པའི་རྒྱུད་དང་ཐབས་འཆང་བ་ནི་ཤཱཀྱ་ཐུབ་པའོ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་པ། བཅོམ་ལྡན་འདས་ཕྱོགས་བཅུ་དུས་བཞིའི་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར། སེམས་ཅན་འདུལ་བའི་སྤྲུལ་པ་སྣ་ཚོགས་པ་འགྱེད་པའོ། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་པ། རྟོགས་པའི་ཁྱད་པར་གྱིས་བསམ་པ་ཇི་བཞིན་དུ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །ལྷ་ཡི་དབང་པོ་ལྷ་ཡི་ལྷ། །ཞེས་པ། ལྷ་ཡི་དབང་པོ་ཞེས་པ། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡི་ཕོ་བྲང་དུ། ལྷ་ཡི་དབང་པོ་བརྒྱ་བྱིན་དུ་སྤྲུལ་ནས་ལྷ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ལྷ་ཡི་ལྷ། ཞེས་པ། ལྷ་ཡི་དབང་པོ་ཚངས་པ་ལྟ་བུར་ཡང་སྣང་ངོ་། །ལྷ་ཡི་དབང་པོ་ལྷ་མིན་བདག །ཅེས་པ། ལྷ་མ་ཡིན་གྱི་ཡུལ་དུ། ལྷ་མ་ཡིན་གྱི་བདག་པོ་ཐག་བཟང་རིས་ལྟ་བུར་སྤྲུལ་ནས་ཆོས་འཆད་ཅིང་འཐབ་རྩོད་ཀྱི་སྡུག་བསྔལ་ཞི་བར་བྱས་སོ། །ལྷ་མིན་པ་བདག་ནི་རཱ་ཧུ་ལར་ཡང་སྣང་ངོ་། །འཆི་མེད་དབང་པོ་ལྷ་ཡི་བླ། །ཞེས་པ། ལྷོ་འཛམ་བུ་གླིང་དུ་མི་རྣམས་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྟ་བུར་སྤྲུལ་ནས་ཆོས་བཤད་དེ་མི་རྣམས་ཉོན་མོངས་པ་དང་། སྡུག་བསྔལ་ས་མ་ཡ་འབུམ་སྡེ་ལས་ཐར་བར་མཛད་པའོ། །ཡང་ན་སྐྱེ་འཆི་མེད་པ་སྐྱེ་མེད་ཀ་དག་གི་ལྷར་ཡང་སྣང་ངོ་། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །ཞེས་པ། འཇོམས་བྱེད་ཅེས་པ་གཅན་གཟན་གྱི་རྒྱལ་པོ་སེང་གེ་ལྟ་བུར་སྤྲུལ་ནས། བྱོལ་སོང་རྣམས་ལ་ཆོས་བཤད་ཅིང་གླེན་ལྐུགས་ཀྱི་སྡུག་བསྔལ་ལས་ཐར་བར་མཛད་དོ། །འཇོམས་བྱེད་འོག་མས་ནི་ཡི་དྭགས་ཀྱི་རྒྱལ་པོ་ཁ་འབར་མ་ལྟ་བུར་སྤྲུལ་ནས། ཡི་དྭགས་རྣམས་ལ་ཆོས་བཤད་ཅིང་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་ཐར་བར་མཛད་དོ། །དབང་ཕྱུག་པོ་ཞེས་པ་དམྱལ་བའི་གནས་སུ་གཤིན་རྗེ་ཨ་བ་གླང་མགོ་ཅན་དུ་སྤྲུལ་ནས་ཆོས་དྲག་པོའི་སྒོ་ནས་བཤད་ཅིང་ཚ་གྲང་བཙོ་བསྲེག་གི་སྡུག་བསྔལ་ལས་ཐར་བར་མཛད་དོ། །ཡང་ན་སྤྱི་ཏི་ལྟར་བཤད་ན། འཇོམས་བྱེད་ཅེས་པ་སྐྱེ་མེད་ཀ་དག་གི་དགོངས་པ་ཉོན་མོངས་པ་དང་བློས་བཏགས་བྱ་རྩོལ་གྱི་ཆོས་ཐམས་ཅད་འཇོམས་པའོ། །འཇོམས་བྱེད་འོག་མ་ནི་ཐེག་པ་འོག་མའི་ལྟ་སྒོམ་ཐམས་ཅད་འཇོམས་པར་བྱེད་པའོ། །དབང་ཞེས་པ་རང་དབང་རང་གིས་ཐོབ་པས་དབང་གི་རྒྱལ་པོ་ཡིན། ཕྱུག་པ་ནི་རྟོགས་པའི་ལོངས་སྤྱོད་ཕྱུག་པའོ། །སྲིད་པའི་དགོན་པ་ལས་བརྒལ་བ། །ཞེས་པ། སྲིད་པ་ནི་བཞི་སྟེ། མངལ་ནས་སྲིད་པ་དང་། དྲོད་གཤེར་ལས་སྲིད་པ་དང་། བརྫུས་སྐྱེས་སུ་སྲིད་པ་དང་། སྒོང་ལས་སྲིད་པ་དང་བཞིའོ། །དེ་བཞི་འཁོར་བའི་དགོན་པ་བཞི་ཡིན་ཏེ། དེ་བཞི་ལས་བརྒལ་བས་ན་ཉོན་མོངས་པ་ཐམས་ཅད་ལས་ཐར་པའོ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །ཞེས་པ། སྟོན་པ་ནི་སྐྱེ་མེད་ཀ་དག་གི་སྟོན་པ། གཅིག་པུ་སྙིང་པོ་སྐྱེ་བ་མེད་པའི་དགོངས་པ། རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པ་ནི་འགྲོ་བའི་བླ་མ་ཡིན་ནོ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཞེས་པ། །འཇིག་རྟེན་གྱི་ཁམས་ཕྱོགས་བཅུར་གྲགས་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །ཞེས་པ། ཁམས་གསུམ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པའི་བདག་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །བྱམས་པའི་གོ་ཆ་ཆས་པ་སྟེ། །ཞེས་པ། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ། བྱམས་པ་དང་སྙིང་རྗེ་ཆེན་པོའི་གོ་ཆ་གྱོན་ནས། འགྲོ་བའི་སེམས་ཅན་གྱི་དོན་མ་ལུས་པ་བྱེད་པར་ཆེས་པའོ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཞེས་པ། སྙིང་རྗེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་གོས་གྱོན་ནས་སེམས་ཅན་གྱི་དོན་ཆེན་པོ་མཛད་དོ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཞེས་པ། འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་བསྟན་ནོ། །ཞལ་གཅིག་ཕྱག་བཞི་སྐུ་མདོག་དམར་སེར་ཏེ། ཕྱག་གཡས་གཉིས་ན་རལ་གྲི་དང་མདའ་བསྣམས་པའོ། །གཡོན་གཉིས་ན་གཞུ་དང་ཨུཏྤ་ལའི་མེ་ཏོག་བསྣམས་པའོ། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །ཞེས་པ། འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་བཞིས་ཉོན་མོངས་པ་ཐམས་ཅད་རྩད་ནས་གཅོད་ཅིང་བདུད་བཞི་འདུལ་བ་སྟེ། མ་ཤེས་ཤིང་མ་རིག་པ། རྨོངས་པའི་དགྲའི་གཡུལ་ངོ་འཇམ་དཔལ་གྱིས་ཟློག་ཅིང་སེལ་བའོ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །ཞེས་པ། དཔའ་བོ་ནི་སྐྱེ་མེད་ཀ་དག་གི་དཔའ་བོ། བདུད་ནི་སུལ་མང་བློའི་ཆོས། དགྲ་ནི་ཐེག་པའི་གྲུབ་མཐའ་ལོག་པ་རྣམས། བདུད་ནི་བློས་བཏགས་ཀྱི་ལྟ་བ། ཡིད་གཟུང་གི་སྒོམ་པ། ཆེད་བྱས་ཀྱི་སྤྱོད་པ། རེ་དྭོགས་ཀྱི་འབྲས་བུའོ། །དེ་བདུད་ཡིན་པས་གདུལ་དཀའ་བའོ། །བདུད་འདུལ་བར་བྱེད་པ་ནི་སྤྱི་ཏི་ཡོ་ག་སྟེ། གཏད་མེད་ཀྱི་ལྟ་བ། བསམ་མེད་ཀྱི་སྒོམ་པ། བཅོས་མེད་ཀྱི་སྤྱོད་པ། རང་གནས་རེ་མེད་ཀྱི་འབྲས་བུ། བདུད་གདུལ་དཀའ་བའི་ལྟ་སྒོམ་གྱི་བདུད་ཞེན་འཛིན་དང་བཅས་པ་དེ། དཔའ་བོ་ཆེན་པོ་བཞི་ཡིས་འདུལ་ཏེ་ལྟ་སྒོམ་སྤྱོད་འབྲས་བཞིས། བདུད་ཆོས་ཉིད་དུ་བཅོམ་པས། སྐྱེ་མེད་ཀ་དག་གི་དགོངས་པ་རང་ལ་ཡེ་གནས་སུ་གྲུབ་པའོ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །ཅེས་པ། གོང་གི་བདུད་བཞི་པོ་དེ་གདུལ་དཀའ་ཞིང་འཇིགས་ཀྱང་། སྐྱེ་མེད་རྟོགས་པས་བདུད་བཞི་འཇོམས་ཤིང་སེལ་བར་བྱེད་པའོ། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །ཞེས་པ། བདུད་བཞི་ནི་ཉོན་མོངས་པའི་བདུད་དང་། ལྷའི་བུའི་བདུད་དང་། ཕུང་པོའི་བདུད་དང་། འཆི་བདག་གི་བདུད་དང་། བདུད་ལྷ་བྱིན་ལ་སོགས་པའི་དཔུང་རྣམས་ནི། སྐྱེ་མེད་ཀ་དག་གི་དགོངས་པ་དང་། རྗེ་བཙུན་འཇམ་དཔལ་གྱིས་འཇོམས་ཤིང་བདུད་རྣམས་ཕམ་པར་བྱེད་པའོ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །ཅེས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་འཇིག་རྟེན་གྱི་སེམས་ཅན་སྡུག་བསྔལ་བ་ཐམས་ཅད་ཐུགས་རྗེས་འདྲེན་པར་མཛད་པའོ། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །ཞེས་པ། མཆོད་པ་དང་བསྟོད་པའི་གནས་སུ་འོས་པ་སྟེ། དཀོན་མཆོག་གསུམ་དང་བླ་མ་རྣམས་ཡིན་ནོ། །རྟག་ཏུ་རིམ་གྲོ་བྱ་བའི་འོས། །ཞེས་པ། རིམ་གྲོ་དང་མཆོད་པ་བཀུར་སྟི་བྱ་བའི་འོས་ནི། སྐྱེ་མེད་ཀ་དག་རྟོགས་པ་དང་། སྤྱི་ཏི་ཡོ་ག་སྟོན་པའི་བླ་མ་དམ་པ་རྣམས་ཡིན་ནོ། །བཀུར་འོས་མཆོད་པར་བྱ་བའི་མཆོག །ཅེས་པ། དཀོན་མཆོག་དང་བླ་མ་དམ་པ་རྣམས་ལ། དང་པོ་ལུས་ཀྱི་སྒོ་ནས་གུས་པའི་ཕྱལ་འཚལ། ངག་གི་སྒོ་ནས་སྙན་པའི་དབྱངས་ཀྱིས་བསྟོད། ཡིད་ཀྱི་སྒོ་ནས་དམ་པའི་སྐུ་ལ་འདུད། རིན་པོ་ཆེ་སྣ་བདུན་གྱིས་ཐུགས་མཉེས་པར་བྱ་བ་དང་། བླ་མ་དམ་པ་རྣམས་ལ་སྟན་འདིང་བ་དང་། ཞབས་ཏོག་དང་བཀུར་སྟི་བྱ་བ་དང་། མཆོད་བ སྟོད་དང་སྤྱོད་ལམ་གང་གི་སྒོ་ནས་བླ་མ་མཆོད་ཅིང་མཉེས་པར་བྱའོ། །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་པ། འཇིག་རྟེན་དང་འཛམ་བུའི་གླིང་ཙམ་ན་ཡང་ཕྱག་དང་མཆོད་པ་ཞབས་ཏོག་བྱ་བའི་གནས། །སྔོན་བྱུང་དུ་ཀུན་ཏུ་བཟང་པོའམ་གསང་བའི་བདག་པོ་ལ། རྡོ་རྗེ་སེམས་དཔས་ཕྱག་བྱས་མཆོད་པ་ཕུལ། དེའི་རྗེས་འཇུག་དགའ་རབ་རྡོ་རྗེ་ལ། འཇམ་དཔལ་བཤེས་གཉེན་གྱིས་ནི་ཕྱག་བཙལ་མཆོད་བསྟོད་ཕུལ། དེའི་གདུང་འཚོབ་པདྨ་འབྱུང་གནས་ལ། ཕྱག་འཚལ་མཆོད་བསྟོད་ཞབས་ཏོག་བཀུར་སྟི་བགྱིས། ཕྱིས་འབྱུང་སྐལ་ལྡན་རྣམས་ཀྱིས་བླ་མ་རྣམས་ལ་མཆོད་པར་བྱའོ། །རང་ནས་བློ་གཞན་ཡང་ཕྱག་འཚལ་བཀུར བའི་གནས་དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་འབུམ་གྱི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ཏེ་བྱུང་། །དེ་ཕྱིར་བླ་མ་མཆོད་པར་བྱ། །སྒྲོན་མ་འབར་བའི་རྒྱུད་ལས། སངས་རྒྱས་སྟོང་ལ་མཆོད་པ་བས། །རྡོ་རྗེ་སློབ་དཔོན་གཅིག་མཆོད་འཕགས། །ཡོན་ཏན་གསུམ་ལྡན་སློབ་དཔོན་དེ། །སྲོག་ལ་བབ་ཀྱང་བཀུར་བར་བྱ། །ཞེས་གསུངས་སོ། །དེ་ཕྱིར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གུས་པ་དང་མོས་པ་དང་ཞབས་ཏོག་དང་བཀུར་སྟི། ཕྱག་དང་གདན་གདིང་བ་དང་། སྤྱོད་ལམ་ཐམས་ཅད་ཀྱི་སྒོ་ནས་བླ་མ་དམ་པ་ལ་མཆོད་ཅིང་མཉེས་པར་བྱས་པས་དངོས་གྲུབ་འབྱུང་བར་བསྟན་ནོ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །ཅེས་པ། བླ་མ་དམ་པ་ལ་གོང་ལྟར་མཆོད་ཅིང་སྙིང་པོ་སྐྱེ་མེད་ཉམས་སུ་བླངས་བའི་གནད་ཀྱིས་རྫུ་འཕྲུལ་དང་མངོན་ཤེས་སྤྲུལ་པ་འགྱེད་ནུས་ཏེ། རྟོགས་པའི་གནད། བླ་མའི་བྱིན་རླབས་ཀྱིས། ས་སྟེང་། ས་བླ། ས་འོག་སྟེ། འཇིག་རྟེན་གསུམ་ཀ་གོམ་པའི་སྟབས་གཅིག་གིས་ཕྱིན་པར་བྱེད་དོ། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །ཞེས་པ། ཆོས་ཉིད་དང་སེམས་ཀྱི་དཔེ་བསྟན་ཏེ། ནམ་མཁའ་ལ་མཐའ་དང་དབུས་དང་ཕྱོགས་དང་རིས་མེད་པར་འབྱུང་བ་རྣམས་པ་བཞི་ཟིལ་གྱིས་གནོན་པ་ལྟར། དཔེ་དེ་བཞིན་དུ་ཆོས་ཉིད་ཀྱི་ནམ་མཁའ་མཐའ་དང་དབུས་མེད་ཕྱོགས་དང་རིས་མེད་པའི་ནམ་མཁའ་དེ་རྟོགས་པས་བྱ་བཙལ་རྩོལ་སྒྲུབ་ཀྱི་ཆོས་ཐམས་ཅད་ཟིལ་གྱིས་གནོན་པར་བསྟན་ནོ། །གསུམ་རིག་གཙང་མ་དག་པ་སྟེ། །ཞེས་པ། གསུམ་རིག་ཅེས་པ་དོན་གསུམ་རིག་པ་ལ་བྱ་སྟེ། དོན་ཟབ་པ་དང་། དོན་རྒྱ་ཆེ་བ་དང་། དོན་མཚུངས་པ་མེད་པ་དང་གསུམ་རིག་པའོ། །གཙང་མ་ནི་དོན་གསུམ་ལ་དྲི་མས་མ་གོས་པའོ། །དག་པ་སྟེ་ཉོན་མོངས་པ་རྣམ་པར་དག་པའོ། །ཡང་ན་གསུམ་ནི་དུག་རྣམ་པ་གསུམ། རིག་པ་ནི་སྐུ་རྣམ་པ་གསུམ་དུ་རིག །གཙང་མ་ནི་དྲི་མ་དང་སྒྲིབ་པས་མ་གོས་པའོ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །ཅེས་པ། གང་དུ་བཤད་པ་ལྟར། སྔོན་དུ་བླ་མ་དམ་པ་ལ་མཆོད་བསྟོད་གྱིས་མཉེས་པར་བྱས་ནས། བདག་གིས་རྟོགས་ཤིང་གོམས་པ་མངོན་དུ་གྱུར་ན། བཀའ་ཚོམས་ཆེན་པོ་བཞི་རྟོགས་ཤིང་གདིང་དང་ལྡན། གཞི་སྐྱེ་མེད་དུ་ཤེས། ལམ་ཀ་དག་ཏུ་ཤེས། འབྲས་བུ་བློ་འདས་སུ་ཤེས་ན། སེམས་ཀྱི་དྲི་མ་དུག་ལྔ་དུག་གསུམ་དང་ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་ཡོངས་སུ་དག་པས། མངོན་པར་ཤེས་པ་རྣམས་ཆེད་དུ་མི་འདོད་ཀྱང་། མེ་ལོང་ལ་དྲི་མ་དང་གཡའ་མེད་ན་གཟུགས་བརྙན་རང་བཞིན་གྱིས་གསལ་བ་ལྟར། སེམས་ཀྱི་སྒྲིབ་པ་དང་དྲི་མ་ཉོན་མོངས་དག་ན་མངོན་ཤེས་ཤུགས་ལས་འབྱུང་སྟེ། མངོན་ཤེས་ལ་བཞི་སྟེ། མངོན་པར་ཤེས་པའི་མངོན་ཤེས་དང་། མི་མངོན་པ་ཤེས་པའི་མངོན་ཤེས་དང་། ཀུན་རྫོབ་ཤེས་པའི་མངོན་ཤེས་དང་། དོན་དམ་ཡང་དག་ཤེས་པའི་མངོན་ཤེས་དང་བཞིའོ། །མི་མངོན་པ་ཤེས་པའི་མངོན་ཤེས་ལ་དྲུག་སྟེ། ལྷའི་མིག་གི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་ཤེས་པ་དང་། རྫུ་འཕྲུལ་ཤེས་པ་དང་། ཟག་པ་ཟད་པར་ཤེས་པ་དང་དྲུག་གོ། །མངོན་པར་ཤེས་པའི་མངོན་ཤེས་ནི། ཕུང་པོ་ལྔ་འདུ་བྱས་སུ་ཤེས་པ་དང་། ཡུལ་ལྔ་འཁྲུལ་སྣང་དུ་ཤེས་པ་དང་། སེམས་ཡིད་འཁྲུལ་རྒྱུར་ཤེས་པ་དང་། རླུང་དང་འགྱུ་བ་འཁྲུལ་རྐྱེན་དུ་ཤེས་པ་དང་། དྲན་རྟོག་འཁྲུལ་པར་ཤེས་པ་དང་། གཟུགས་ལྔ་འཁྲུལ་པའི་འབྲས་བུར་ཤེས་པའོ། །ཀུན་རྫོབ་ཤེས་པའི་མངོན་པར་ཤེས་པ་ནི། འཇིག་པ་དང་། ཟག་པ་དང་། སྡུག་བསྔལ་དང་བཅས་པ་རྣམས་ཤེས་པའོ། །དོན་དམ་ཡང་དག་ཤེས་པའི་མངོན་ཤེས་ནི། སྙིང་པོ་ཀ་ནས་དག་ཅིང་བློ་ངོ་ཉིད་ལས་འདས་པར་ཤེས་པ་སྟེ། དེ་ནི་མངོན་ཤེས་ཀྱི་མཆོག་ཡིན་ཅེས་གསུངས་སོ། །རྗེས་དྲན་དྲུག་ཅེས་པ། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། སྙིང་རྗེ་རྗེས་སུ་དྲན་པ་དང་། རིགས་རྗེས་སུ་དྲན་པ་དང་། ཁྲོ་བ་རྗེས་སུ་དྲན་པ་དང་དྲུག་གོ། །ཆོས་འདིའི་གཞུང་གིས། བླ་མ་རྗེས་སུ་དྲན་པ་དང་། གདམས་ངག་རྗེས་སུ་དྲན་པ་དང་། དམ་ཚིག་རྗེས་སུ་དྲན་པ་དང་། སྙིང་པོ་ཆོས་ཉིད་རྗེས་སུ་དྲན་པ་དང་། །སྐྱེ་མེད་ཀ་དག་རྗེས་སུ་དྲན་པ་དང་། །དངོས་མེད་བློ་འདས་རྗེས་སུ་དྲན་པ་དང་དྲུག་གོ། །དེ་ནི་ཁྱད་པར་གྱི་མངོན་ཤེས་དང་རྗེས་སུ་དྲན་པ་སྟེ། ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཞེས་པ། གོང་ལྟར་རྟོགས་ཤིང་ཉམས་སུ་བླངས་ནས་མངོན་པར་ཤེས་པ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ནོ། །བྱང་ནི་ཀ་དག་ཆེན་པོར་བྱང་། སྐྱེ་བ་མེད་པར་ཆུབ། དངོས་མེད་ཆེན་པོར་སེམས། བློ་ལས་འདས་པས་དཔའ་བའོ། །སེམས་དཔའ་འོག་མ་ནི། འཆིང་བ་མེད་པར་སེམས། གཉིས་སུ་མེད་པར་དཔའ་བའོ། །ཆེ་བ་ནི་སྤྱི་ཏི་ཡོ་གའོ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཞེས་པ། རྫུ་འཕྲུལ་ཆེན་པོ་ནི་སྙིང་པོ་སྐྱེ་མེད་ཀ་དག་རྟོགས་པའི་རྫུ་འཕྲུལ་ལོ། །ཆེན་པོ་ནི་བྱར་མེད་བློ་འདས་སོ། །དེ་རྟོགས་པས་འཇིག་རྟེན་ལས་འདས་པའོ། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཞེས་པ། ཕ་རོལ་ཕྱིན་པ་ནི་གོང་དུ་རྒྱས་པར་བཤད་ཟིན་ཏེ། ཤེས་རབ་ཅེས་པ། ཤེས་པ་ཐམས་ཅད་ཀྱི་རབ་ནི་སྙིང་པོ་སྐྱེ་བ་མེད་པར་ཤེས་པའོ། །རབ་ནི་རྟོགས་པ་མངོན་དུ་གྱུར་པའོ། །ཕ་རོལ་ནི་ཐེག་པ་བརྒྱད་ཀྱི་ཕ་རོལ་ཏེ། ཕྱིན་པ་ནི་རྫོགས་པ་ཆེན་པོའོ། །མཐའ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། སྤྱི་ཏི་ཡོ་གའི་ཐེག་པའོ། །ཡང་ན་མཐའ་ནི་ཤེས་བརྗོད་ལས་འདས་པས་མཚོན་དུ་མི་བཏུབ་པའོ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །ཅེས་པ། ཤེས་རབ་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པའི་ཤེས་རབ་བོ། །དེ་ཉིད་ཐོབ་ཅེས་པ་ཡང་དག་པའི་དོན་སྙིང་པོ་ཆོས་ཀྱི་སྐུ་ཐོབ་པའོ། །བདག་རིག་གཞན་རིག་ཐམས་ཅད་པ། །ཞེས་པ། གོང་མ་ལྟར་སྙིང་པོས་ཀུན་ལ་ཁྱབ་ཅིང་། སྐྱེ་མེད་ཀ་དག་གི་དོན་རྟོགས་ན་བདག་ཀྱང་རིག །གཞན་གྱི་སེམས་ཉིད་ཀྱང་རིག །ཐམས་ཅད་མ་ལུས་པར་རིག་པའོ། །ཀུན་ལ་ཕན་པའི་གང་ཟག་མཆོག །ཅེས་པ། དེ་ལྟར་རིག་ཅིང་སྐྱེ་བ་མེད་པའི་དོན་རྟོགས་ཤིང་གཞན་རྣམས་ལ་ཡང་སྟོན་པར་བྱེད་ན། འགྲོ་བ་ཀུན་ལ་ཕན་པའི་གང་ཟག་གི་མཆོག་ཡིན་ནོ། །དེ་ནི་སྤྲུལ་པའི་སྐུ་སྟེ་འགྲོ་བ་རྣམས་ཀྱི་མིར་མཐོང་ཡང་ཐུགས་སངས་རྒྱས་དང་ཁྱད་མེད་པར་བཞུགས་སོ། །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཞེས་པ། སྙིང་པོ་སྐྱེ་མེད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་དངོས་མེད་བློ་འདས་ཏེ། དེ་ལ་མཚོན་ཏུ་མེད་པས་དཔེར་བྱ་བ་ཀུན་ལས་འདས་སོ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་པ། ཤེས་པར་བྱའི་ཡུལ་ཤེས་པར་བྱེད་པའི་སྐལ་ལྡན་མཆོག་གི་སྐྱེ་མེད་ཀ་དག་གི་དགོངས་པ་མཐར་ཕྱིན་པའོ། ། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཞེས་པ། གཙོ་བོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་གསང་བའི་བདག་པོའོ། །སྐྱེ་མེད་གསང་སྔགས་ཀྱི་ཆོས་ཀྱི་སྦྱིན་པ་གཏོང་བ་ནི་གུ་རུ་དགའ་རབ་རྡོ་རྗེའོ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །ཞེས་པ། སྐུ་ཕྱག་རྒྱ་ཆེན་པོ་དང་། ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་བཞིའོ། །དེའི་དོན་སྟོན་པ་ནི་མ་ཧཱ་གུ་རུ་དམ་པའོ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ཅེས་པ། འགྲོ་བ་ནི་འགྲོ་བ་སེམས་ཅན་རྣམས་ཀྱི་ནང་ནས་ཆོས་ལ་མོས་ཤིང་སྐལ་བ་དང་ལྡན་པ་དེས་བསྙེན་བཀུར་བྱ་བའི་གནས་མཆོག་ནི་དཀོན་མཆོག་གསུམ་དང་བླ་མ་དམ་པ་རྣམས་ཡིན་ནོ། །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །ཞེས་པ། ངེས་པར་འབྱུང་བའི་གདམས་ངག་གསུམ་ནི། བཀའ་ཚོམས་ཆེན་པོ་གསུམ་མམ། ཡང་ན་དོན་ཟབ་པ་དང་། རྒྱ་ཆེ་བ་དང་། མཚུངས་པ་མེད་པ་དང་གསུམ་མོ། །དེ་གསུམ་ནི་འགྲོ་བ་རྣམས་བགྲོད་པར་བྱེད་པའི་ལམ་མ་ནོར་བ་ཡང་དག་ངེས་པའི་ལམ་མོ། །དོན་གྱི་དམ་པ་རྣམ་དག་དཔལ། །ཞེས་པ། དོན་གྱི་དམ་པ་ནི་སྐྱེ་བ་མེད་པའོ། །རྣམ་དག་ནི་དབང་པོ་ལྔ་རྣམ་པ་དག་པས་ཀ་དག་གོ། །དཔལ་ནིི་བྱར་མེད་བློ་འདས་ཆེན་པོ་རྟོགས་པའི་དཔལ་ལོ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །ཞེས་པ། འཇིག་རྟེན་གསུམ་ན་སྐལ་བ་བཟང་ཞིང་ལས་འཕྲོ་དང་སྐལ་བར་ལྡན་པ་ནི། ཐེག་པ་དགུའི་ཡང་རྩེ་སྤྱི་ཏི་ཡོ་ག་འདི་རྟོགས་ཤིང་རྒྱུད་ལ་འཆང་བ་དེ་སྐལ་བ་བཟང་ལ་ཆེ་བའོ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །ཞེས་པ། དཔལ་ནི་ཟབ་མོའི་གདམས་ངག་རྟོགས་པའི་དཔལ། དེའི་ཐུགས་རྗེས་གཞན་ལ་ཁྱབ་པས་འགྲོ་བ་གཞན་གྱི་དཔལ། འབྱོར་པ་ནི་རྟོགས་པའི་དོན་འབྱོར་པའོ། །ཀུན་བྱེད་པ་ནི་ཆོས་ཟབ་མོས་འགྲོ་བ་སེམས་ཅན་ཀུན་གྱི་དོན་བྱེད་པའོ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པ། དེ་ནི་འདི་ལྟར་འཇམ་དཔལ་གྱི་གདམས་ངག་དགུ་སྟེ། སྙིང་པོ་གཤིས་ཀྱི་འཇམ་དཔལ། འོད་གསལ་རིག་པའི་འཇམ་དཔལ། དེ་ཉིད་ཡེ་དག་གི་འཇམ་དཔལ། གཞི་མི་འགྱུར་བ་དབྱིངས་ཀྱི་འཇམ་དཔལ། རྩལ་མ་འགགས་ཟེར་གྱི་འཇམ་དཔལ། གཞི་རྩལ་དབྱེར་མེད་ཀྱི་འཇམ་དཔལ། སྐྱེ་མེད་དོན་གྱི་འཇམ་དཔལ། ཡང་དག་དོན་གྱི་འཇམ་དཔལ། རང་དྭངས་ཀ་དག་ཆེན་པོའི་འཇམ་དཔལ་དང་དགུའོ། །འཇམ་དཔལ་ནི་ལུས་ངག་ཡིད་གསུམ་འཇམ་ལ། དཔལ་ནི་རྟོགས་པ་བདག་དང་ཐུགས་རྗེ་གཞན་གྱི་དཔལ་ལོ། །ལྡན་པ་ནི་སྙིང་པོའི་དོན་དང་ལྡན། མཆོག་ནི་འཁྲུལ་པ་ལོག་འབྲས་བུ་ཐོབ། འཇམ་དཔལ་དགུའི་དོན་དང་ལྡན། འབྲས་བུ་མི་འགྱུར་བའི་གདིང་གིས་ཟིན། བཀའ་ཚོམས་ཆེན་པོ་བཞིའི་དོན་རྟོགས་པའི་གདིང་དང་ལྡན་པའི་སྐལ་ལྡན་དེ་ནི་རྣལ་འབྱོར་པ་རྣམས་ཀྱི་ནང་ནས་ཀྱང་མཆོག་ཡིན་ནོ། །སངས་རྒྱས་ཀུན་གྱི་ཞེས་པ་ནས། དཔལ་དང་ལྡན་པའི་མཆོག་ཡན་ཆོད་ཀྱིས། གོང་ལྟར་འབྲས་བུ་ཐོབ་ནས་མི་འགྱུར་གདིང་གིས་ཟིན་ལུགས་བསྟན་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལ་བསྟོད་པ་བསྟན་པའོ། །འོག་གི། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པ་ཡན་ཆོད་ཀྱིས་བཀའ་ཚོམས་ཆེན་པོ་བཞིའི་གདམས་ངག་མདོར་བསྡུས་ཏེ་བསྟན་པ་དང་། །དཀྱིལ་འཁོར་ཆེན་པོ་བདུན་ལ་སྤྱིར་དྲིལ་ཏེ་བསྟོད་པ་བསྟན་པའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཅེས་ཚིག་རྐང་ལྔས་གནས་པ་གཞིའི་བཀའ་ཚོམས་ལ་དྲིལ་ཏེ་མན་ངག་ཏུ་བསྟོད་པའོ། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་བདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །ཅེས་ཚིག་རྐང་ལྔས་འཁྲུལ་པ་འཕྲང་གི་བཀའ་ཚོམས་ལ་མན་ངག་ཏུ་བསྡུས་ཏེ་བསྟོད་པའོ། །མེད་པ་ལས་འབྱུང་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །ཅེས་བྱ་བ་ཚིག་རྐང་བཞིས་འཁྲུལ་པ་འཕྲང་གི་བཀའ་ཚོམས་བསྟན་པའོ། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སགས་རྒྱས་དགྱེས་པ་ཁྱོད་ལ་འདུད། །ཅེས་ཚིག་རྐང་བཞིས་བྱེ་བྲག་ཤན་གྱི་བཀའ་ཚོམས་བསྟན་པའོ། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པ་ཚིག་རྐང་གཅིག་གིས་དབྱེར་མེད་པའི་བཀའ་ཚོམས་མན་ངག་ཏུ་བསྡུས་ཏེ་བསྟོད་པའོ། །དེ་ནི་བཀའ་ཚོམས་ཆེན་པོ་བཞི་ལ་འདུད་ཉི་ཤུས་མན་ངག་ཏུ་བསྡུས་ཏེ་བསྟོད་པའོ། །འདུད་ཉི་ཤུས་ཡེ་ཤེས་ལྔ་ཡི་སྒོ་ནས་དཀྱིལ་འཁོར་བདུན་ལ་བྱེ་བྲག་ཏུ་བསྟོད་པའི་སྐབས་ཀྱི་རྣམ་པར་བཤད་པའོ། །ད་ནི་ཚིག་འབྲུ་བཤད་ན། འབྲུ་རྣམ་པ་ལྔའམ་བཅུར་བཤད་དེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ། ཐེག་པ་དགུ་དང་སྦྱར་ཏེ་བཤད་ན། སྦྱིན་ཞེས་པས་མཚན་ཉིད་སྡེ་གསུམ་བསྟན། མཆོག་ཅེས་པས་ཀྲི་ཡོག་སྡེ་གསུམ་བསྟན། རྡོ་རྗེ་ཞེས་པས་བསྐྱེད་རྫོགས་གསུམ་གྱི་ཐེག་པ་བསྟན། མཆོག་ཁྱོད་ཅེས་པས་སྤྱི་ཏི་ཡོ་གའི་ཐེག་པ་བསྟན་ནོ། །ད་ནི་འབྲུ་བཤད་དེ། མཆོག་ནི་སྙིང་པོའི་དོན་སྐྱེ་བ་མེད་པའོ། །སྦྱིན་ནི་སྐལ་ལྡན་ལ་ཆོས་ཀྱི་སྦྱིན་པ་གཏོང་བའོ། །རྡོ་རྗེ་ནི་གསང་སྔགས་ཀྱི་ཐེག་པ་དོན་ཟབ་མོ་དབྱེར་མེད་འཕོ་འགྱུར་མེད་པའོ། །མཆོག་ནི་ཐེག་པ་དགུའི་མཆོག་སྤྱི་ཏི་ཡོ་གའོ། །ཁྱོད་ནི་ཡིན་ལུགས། འདུད་ནི་དོན་དམ་པར་འདུད་པའོ། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །ཅེས་པ། ཡང་དག་ནི་མི་བསླུ་སྟེ་ཐེ་ཚོམ་མེད་པའོ། །མཐར་གྱུར་ནི་ཆོས་ཀྱི་ཕུགས་སུ་གྱུར་པའོ། །ཁྱོད་ནི་སྟོང་ཉིད། འདུད་ནི་དབྱེར་མེད་པའོ། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །ཅེས་པ། སྟོང་ཉིད་ནི་སྙིང་པོའི་དོན། ལས་བྱུང་ནི་རྩལ་དང་ཡན་ལག །ཁྱོད་ནི་དམ་པ། འདུད་ནི་ཡན་ལག་རྩལ་ཟེར་སྙིང་པོ་མའི་ཀློང་དུ་དབྱེར་མེད་པར་འདུད་དོ། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །ཅེས་པ། ཉོན་མོངས་པ་ལྔ་སངས། ཡེ་ཤེས་ལྔ་རུ་རྒྱས་པའོ། །སྐྱེ་བ་མེད་པས་བྱང་། འཆི་བ་མེད་པས་ཆུབ་བོ། །གཉིས་སུ་དབྱེར་མེད་པས་འདུད་དོ། །ཚིག་དེ་གསུམ་གྱིས་མཚན་ཉིད་སྡེ་གསུམ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་འདུད་དོ། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །ཅེས་པ། སངས་ནི་བྱ་རྩོལ་སངས། རྒྱས་ནི་བྱར་མེད་སྤྲོས་བྲལ་རྒྱས། ཆགས་པ་ནི་བདེ་བ་ཆེན་པོ། ཁྱོད་ནི་ངོ་བོ་ཉིད། འདུད་དབྱེར་མེད་པའོ། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །ཅེས་པ། ཞེ་འདོད་སངས་ལ་ཞེན་མེད་རྒྱས། འདོད་པ་ནི་བདེ་བ་ཆེན་པོའི་དོན། །ཕྱག་ནི་ཉོན་མོངས་པ་ཕྱག །འཚལ་ནི་བརྗོད་དུ་མེད་པའི་ཀློང་དུ་འཚལ། འདུད་ནི་དབྱེར་མེད་པའི་དོན་ལ་འདུད་པའོ། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །ཅེས་པ། ཞེ་འདོད་སངས། ཞེན་མེད་རྒྱས། དགྱེས་པ་ནི་བདེ་བ་ཆེན་པོའི་དོན། ཁྱོད་ནི་ངོ་བོ་ཉིད། འདུད་ནི་གཉིས་སུ་མེད་པར་འདུད་པའོ། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །ཅེས་པ། ཐབས་དང་ཤེས་རབ་ཀྱི་སྦྱོར་བ་མཛད་པ་ལ། འཛུམ་ཞིང་གཉིས་སུ་མེད་པར་འདུད་དོ། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །ཅེས་པ། སངས་རྒྱས་ཀྱི་འོད་ཟེར་གྱིས་དོན་རབ་ཏུ་གསལ་ཞིང་བཞད་པ་ལ། ཕྱག་འཚལ་ཞིང་མོས་པས་འདུད་དོ། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །ཅེས་པ། གསུང་ཚངས་པའི་དབྱངས་ལ་ཡང་དག་པའི་ཐུགས་ཀྱིས་འདུད་དོ། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །ཅེས་པ། སངས་རྒྱས་ཀྱི་ཐུགས་རྣམ་པར་དག་པ་དེ་ལ་ཕྱག་འཚལ་ཞིང་དོན་དམ་པར་དབྱེར་མེད་པས་འདུད་དོ། །མ་ཧཱ་ཡོ་གའི་ཐེག་པ་བསྟན་པ་ལ་འདུད་པའོ། །མེད་པ་ལས་བྱུང་ཁྱོད་ལ་འདུད། །ཅེས་པ། ཚིག་རྐང་བཞིས་འཁྲུལ་པ་རྩད་ནས་བཅད་ཅིང་མ་བུ་ངོ་སྤྲད་བསྟན་ཏེ། མེད་པ་ཞེས་སྙིང་པོ་སྐྱེ་བ་མེད་པའི་ཀློང་ན། ལས་བྱུང་ཞེས་པ་རྩལ་ཟེར་རིག་པ་བུའི་མདངས། ཁྱོད་ཅེས་པ་མ་བུ་ལ། འདུད་ཅེས་གཉིས་སུ་དབྱེར་མེད་པ་ལ་འདུད་དོ། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ཅེས་པ། སངས་རྒྱས་ནི་སྙིང་པོ་ཀ་དག །འབྱུང་བ་ནི་འོད་གསལ་རང་དག །ཁྱོད་ནི་སྙིང་པོ་ལ། འདུད་ནི་དབྱེར་མེད་ཀྱིས་འདུད་དོ། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །ཅེས་པ། ཉོན་མོངས་སངས་ལ་ཡེ་ཤེས་རྒྱས་ཏེ། སྡུག་བསྔལ་བྱང་ནས་བདེ་བ་ཆེན་པོའི་ཀློང་དུ་ཆུབ་ལ་དབྱེར་མེད་པར་འདུད་དོ། །ནམ་མཁའ་ལས་བྱུང་ཁྱོད་ལ་བདུད། །ཅེས་པ། དཔེར་ན་ནམ་མཁའ་ལས་བྱུང་བའི་སྤྲིན་དང་ཁུ་རླངས་ཐོག་གློག་ཆར་སེར་བ་ལ་སོགས་ཐམས་ཅད་ནམ་མཁའ་རང་ལས་བྱུང་ཞིང་ནམ་མཁའ་རང་དུ་སངས་ནས་ནམ་མཁའི་ཀློང་དུ་དབྱེར་མེད་པར་འདུད་དོ། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །ཅེས་པ། དཔེ་གོང་བཞིན་དུ་ཡེ་ཤེས་ནི་སྙིང་པོའི་ཀློང་ནས་རྩལ་དུ་ཤར་ཞིང་འབྱུང་སྟེ། ཆོས་ཉིད་ཀ་དག་སྙིང་པོ་རྒྱུ་རྐྱེན་དང་བྲལ་བའི་ངང་དུ། རྩལ་ཡོན་ཏན་གྱི་བྱིན་རླབས་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་། དེ་ངང་འདས་གསལ་དག་ཏུ་ཤེས་པའི་ཡེ་ཤེས་ཏེ། སྙིང་པོ་ཆོས་ཉིད་དུ་གཉིས་སུ་མེད་པར་འདུད་པའོ། །དེ་ནི་ཨ་ནུ་ཡོ་གའི་ཐེག་པ་ལ་བསྟོད་པའོ། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །ཅེས་པ། སྒྱུ་སྙིང་པོ་མ། འཕྲུལ་རིག་པ་བུ། དྲྭ་བ་མ་བུ་དབྱེར་མེད། ཁྱོད་དོན་དམ་པར་མ་བུ་དབྱེར་མེད་པར་འདུད་པའོ། །དེ་ནི་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་པོ་ཉིད་ལ་འདུད་པའོ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཅེས་པ། སངས་པ་ནི་སྒྲིབ་པ་ཐམས་ཅད་སངས་པའོ། །རྒྱས་པ་ནི་བྱར་མེད་བློ་འདས་ཆེན་པོའོ། །རོལ་སྟོན་ནི་ཡེ་ཤེས་ཀྱི་རོལ་པ་རང་བཞིན་གྱིས་འོད་གསལ་ཞིང་མ་འགག་པར་སྣང་བའོ། །དེ་ནི་རྫོགས་པ་ཆེན་པོ་ལ་འདུད་པའོ། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཅེས་པ། ཐམས་ཅད་ནི་འཁོར་བ་དང་མྱ་ངན་འདས་པའི་ཆོས་ཐམས་ཅད་དོ། །ཐམས་ཅད་འོག་མ་ནི་ཆོས་སྡེ་སྣོད་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་སྤྱི་ཏི་ཡོ་གར་འུབ་བསྡུས་ཆེན་པོར་རྫོགས་ཤིང་སྙིང་པོ་ཀ་དག་གི་ཀློང་དུ་བསམ་བརྗོད་ལས་འདས་པས་འདུད་དོ། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པ། ཡེ་ཤེས་ནི་ཀ་དག་ཆེན་པོའི་ཡེ་ཤེས། སྐུ་ནི་སྐྱེ་མེད་ཆོས་སྐུ། ཁྱོད་ནི་སྙིང་པོ། འདུད་ནི་རྩལ་ཟེར་ཡན་ལག་རིག་པའི་སྣང་ཚུལ་ཐམས་ཅད་སྙིང་པོའི་ཀློང་དུ་གཉིས་སུ་མེད་པར་འདུད་དེ་སྤྱི་ཏི་ཡོ་གའི་ཐེག་པ་ལ་འདུད་པའོ། །མཆོག་སྦྱིན་ཞེས་པ་ནས། ཡེ་ཤེས་སྐུ་ཉིད་ཅེས་པ་དེ་ཡན་ཆད་ཀྱིས་བཀའ་ཚོམས་ཆེན་པོ་བཞི་ལ་བསྡུས་ཏེ་གདམས་ངག་ཏུ་བསྟོད་པ་དང་། དཀྱིལ་འཁོར་ཆེན་པོ་བདུན་ལ་ཡེ་ཤེས་ལྔས་བྱེ་བྲག་ཏུ་བསྟོད་པའི་སྐབས་ཀྱིི་རྣམ་པར་བཤད་པའོ། །ད་ནི་སྔགས་ཀྱི་དོན་བཤད་དེ། ༀ་སརྦ་དྷརྨཱ་ནས། ཛྙཱ་ན་གརྦྷ་ཨཱཿ ཞེས་པ་ཡན་ཆད་ཀྱི་སྔགས་ཀྱི་སྒོ་ནས་ཆོས་ཐམས་ཅད་སྙིང་པོ་གཅིག་ཏུ་འདུས་པར་བསྡུས་ནས་བསྟན་པའོ། །ༀ་ནི་ཡེ་ཤེས་ལྔ། སརྦ་ནི་ཐམས་ཅད། དྷརྨཱ་ནི་ཆོས། བྷཱ་ཝ་ནི་ངོ་བོ་ཉིད། སྭ་བྷཱ་ཝ་ནི་རང་བཞིན། བི་ཤུདྡྷ་རྣམ་པར་དག་པ། བཛྲ་ནི་རྡོ་རྗེ། ཙཀྵུ་ནི་ཡེ་ཤེས་ཀྱི་མིག །ཨ་ཨཱ་ནི་སྐྱེ་མེད་ཀ་དག །ཨཾ་ཨཿནི་སྙིང་པོ་སྐྱེ་མེད་ཀ་དག་བརྗོད་མེད་བློ་འདས་ཆེན་པོར་ཐིམ་པའོ། །པྲ་ཀྲྀ་ཏི་ནི་རང་བཞིན་ཀ་དག །པ་རི་ཤུདྡྷཱཿནི་རོལ་པ་རྣམ་དག །སརྦ་ནི་ཐམས་ཅད། དྷརྨཱ་ནི་ཆོས། ཡ་དུ་ཏ་ནི་དུས་གསུམ་གྱི་སངས་རྒྱས་སོ། །སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། ཛྙཱ་ན་ཀཱ་ཡ་ནི་ཡེ་ཤེས་ཀ་ནས་དག་པའི་སྐུའོ། །མཉྫུ་ཤྲཱི་ནི་འཕགས་པ་འཇམ་དཔལ་ལོ། །པ་རི་ཤུདྡྷེ་ཏཱ་ནི་རྣམ་པར་དག་པའོ། །མུ་པཱ་དཱ་ཡ་ནི་བདག་གིས་དོན་ཡོངས་སུ་བཟུང་བར་བྱའོ། །ཏི་ཨཾ་ཨཿནི་དོན་ཟབ་པ། དོན་རྒྱ་ཆེ་བ་སྣ་ཚོགས་པའོ། །སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། ཧྲྀ་ད་ཡ་ནི་སྙིང་པོ་བཅུད་དུ་འདུས་པ། ཧ་ར་ཧ་ར་ནི་མི་བསྐྱོད་པ། ༀ་ཧཱུྃ་ཧྲཱིཿནི་སྐུ་གསུང་ཐུགས། བྷ་ག་ཝཱ་ཱན་ནི་བཅོམ་ལྡན་འདས། ཛྙཱ་ན་ནི་ཡེ་ཤེས། མཱུརྟྟི་ནི་སེམས། ཝཱ་གཱི་ཤྭ་ར་ནི་ངག་གི་དབང་ཕྱུག །མ་ཧཱ་ཝ་ཙ་ནི་སྤྱི་ཏི་ཡོ་ག་སྟེ་གར་ཡང་མི་གཡོ་བའོ། །སརྦ་དྷརྨཱ་ནི་ཆོས་ཐམས་ཅད་དོ། །ག་ག་ནི་ཡོངས་སུ་སྡུད་པ། ནཱ་མ་ལ་སུ་ནི་ཤིན་ཏུ་རྣམ་པར་དག་པ། པ་རི་ཤུདྡྷ་ནི་རྣམ་པར་དག་པའི་ཡེ་ཤེས། དྷརྨཱ་དྷཱརྟུ་ནི་ཆོས་ཀྱི་དབྱིངས། ཛྙཱ་ན་ནི་སྐྱེ་བ་མེད་པའི་ཡེ་ཤེས། གརྦྷ་ཨཱཿཞེས་པ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོའམ་དོན་དམ་པ་ཐིག་ལེ་ཉག་གཅིག་ཏུ་འདུས་སོ། །ཨཱ་ཞེས་པ་ཐིག་ལེ་དེ་ཉིད་ཀྱང་སྐྱེ་མེད་ཀ་དག་བྱར་མེད་བློ་འདས་དངོས་མེད་ཟང་ཀ་སྐྱེ་བ་མེད་པའི་དབྱིངས་སུ་ཐིམ་པའོ། །དེ་ནི་ཆོས་རྣམས་ཀུན་གྱི་ཡང་སྙིང་བཅུད་འདུས་ཡིན་ཞེས་གསུངས་སོ། །དེ་ཡན་ཆད་ཀྱིས་ཆོས་ཐམས་ཅད་ཀྱི་སྙིང་པོ་སྔགས་ཀྱི་སྒོ་ནས་གཅིག་ཏུ་འདུས་ཏེ། གཅིག་པུ་སྐྱེ་བ་མེད་པའི་བློ་ངོ་བོ་ཉིད་ལས་འདས་པར་ལ་བཟླ་བའོ། །དེ་ཡན་ཆད་ཀྱིས་རྒྱུད་ཀྱི་དོན་དང་། ཚིག་གི་དོན་དང་། མན་ངག་གི་དོན་དང་། དགོངས་པའི་དོན་དང་བཞིས་གཏན་ལ་ཕབ་སྟེ་རྒྱས་པར་བཤད་དོ། །རྒྱུད་རྒྱས་པའི་དོན་དང་། བསྡུས་པའི་དོན་དང་། ཤིན་ཏུ་བསྡུས་དོན་ཏེ། དེ་ཡན་ཆད་ཀྱིས་རྒྱུད་ཀྱི་དོན་ཡོངས་སུ་རྫོགས་པར་བཤད་ཟིན་ཏོ། །ད་ནི་མཇུག་གི་དོན་བསྟན་ཏེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ནས། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་པའི་བར་ཤྭ་ལོ་ཀ་ལྔས། འཁོར་ཕྱག་ན་རྡོ་རྗེས་སྟོན་པ་ལ་དྲིས་ལན་གྱིས་ཉེ་བར་བསྡུས་པའི་སྒོ་ནས་བསྟོད་པ་བསྟན་པ་ལ། དེ་ནས་ཞེས་པ་ནི་རྒྱུད་ཀྱི་དོན་བཤད་པའི་མཚམས་སྦྱར་བའོ། །དཔལ་ཞེས་པ་རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་ལོ། །ལྡན་ནི་རང་རིག་པའི་ཡེ་ཤེས་དང་ལྡན་ནོ། །རྡོ་རྗེ་འཆང་ནི་འགྱུར་བ་མེད་པའོ། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །ཞེས་པ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སེམས་དགའ་བ་དང་། ལུས་མགུ་བ་དང་། ཡིད་རབ་ཏུ་དྭངས་ཤིང་སྤྲོ་བའི་སྒོ་ནས་ཐལ་མོ་སྦྱར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་སྟོན་པའི་སྤྱན་སྔར་འདུག་གོ། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །ཞེས་པ། མགོན་པོ་ནི་བཅོམ་ལྡན་འདས་ཏེ་སེམས་ཅན་རྣམས་ཀྱི་མགོན་དང་སྐྱབས་མཛད་པའོ། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཞེས་པ། མཁྱེན་པ་དང་ཐུགས་རྗེ་མ་ལུས་པར་རྫོགས་པའི་བཅོམ་ལྡན་འདས་ལ། འཁོར་ཕྱག་ན་རྡོ་རྗེས་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ནས། དེར་ནི་མགོན་པོ་གསང་བའི་བདག །ཅེས་པ། དེར་ནི་ཞེས་པ་སྤྱི་ཏི་ཡོ་གའི་ཐེག་པ་དེར་ནི་ལྟ་སྒོམ་དང་གྲུབ་མཐའ་ལོག་པའི་མགོན་ནོ། །གསང་བའི་བདག་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་གསང་བདག་ཆེན་པོའོ། །སྟོན་པ་ནི་གསང་སྔགས་ལ་དབང་ཐོབ་ཅིང་མངའ་བརྙེས་པའོ། །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །ཅེས་པ། འཁོར་ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་དེས། སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །ཞེས་པ། འཁོར་བྱིན་པོ་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་དང་ཕྱག་ན་རྡོ་རྗེ་ལྷན་ཅིག་ཏུ། གསང་བསྟོད་ནས་ནི་ཚིག་འདི་གསོལ། །ཅེས་པ། གསང་བསྟོད་ནི་གསུང་སྐད་མཐོན་པོའི་སྒོ་ནས། ཕྱི་ཡེ་ཤེས་ལྔ། ནང་སྤྲོས་པ་གཅོད་པ་ལྔ། གསང་བ་ལྟ་སྒོམ་སྤྱོད་འབྲས་དང་བཅས་པ་ལྔའི་སྤྲོས་པ་གཅོད་པའི་གསང་བ་ཟབ་མོའི་ཆོས་བླ་ན་མེད་པ་གོང་ན་མེད་པ་གཞན་གྱིས་འགྲན་ཟླ་མེད་པའི་མཆོག་ཟབ་མོ་ངོ་མཚར་ཅན་ལ་བསྟོད་པ་ཚིག་འདི་སྐད་ཅེས་གསོལ་ཏོ་ཞེས་པའོ། །མགོན་པོ་བདག་ཅག་ཡི་རང་ངོ་། །ཞེས་པ། མགོན་པོ་ནི་སྟོན་པ་ལ་བོས་པ། བདག་ཅག་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས། ཐེག་པའི་རྒྱལ་པོ་སྤྱི་ཏི་ཡོ་ག་ཐེག་དགུའི་སྤྱི་ཕུད་འཁོར་རྣམས་ལ་བསྟན་པ་ལ་ངོ་མཚར་སྐྱེས་ཤིང་ཆེས་ཡི་རང་བའོ། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །ཞེས་པ། ལེགས་སོ་དང་པོ་ནི་དད་པའི་སྒོ་ནས་ཐོས་པའི་ཤེས་རབ་ཀྱི་སྒྲོ་འདོགས་གཅོད་པ་དེ་ལེགས་སོ། །ལེགས་སོ་བར་པས་བསམ་པའི་ཤེས་རབ་ཀྱིས་ཡིད་ཆེས་སོ། །ལེགས་སོ་ཐ་མས་བསྒོམ་པའི་ཤེས་རབ་ཀྱིས་ཡོངས་སུ་མཐར་ཕྱིན་ནོ། །གསུངས་ཞེས་པ་དོན་འདི་འདྲ་བ་སྟོན་པས་གསུངས་པའོ། །ཡང་ན་ལེགས་སོ་ཞེས་པ་དོན་ཟབ་པ་གནས་པ་བཞིའི་བཀའ་ཚོམས་སུ་བསྟན་ཏེ་དེ་ཤིན་ཏུ་ཡང་ལེགས་སོ། །ལེགས་སོ་བར་པ་དོན་རྒྱ་ཆེ་བ་འཁྲུལ་པ་འཕྲང་གི་བཀའ་ཚོམས་སུ་བསྟན་པ་དེ་ཤིན་ཏུ་ཡང་ལེགས་སོ། །ལེགས་པར་གསུངས་ཞེས་པ། དོན་མཚུངས་པ་མེད་པ་བྱེ་བྲག་ཤན་གྱི་བཀའ་ཚོམས་སུ་བསྟན་པ་དེ་ཤིན་ཏུ་ཡང་ལེགས་སོ། །དེ་གང་གིས་གསུངས་ཤེ་ན། གསང་བའི་བདག་པོས་གསུངས་སོ། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །ཞེས་པ། དོན་ཟབ་པར་བཤད་པ་ཀུན་གཞིའི་རྣམ་པ་ལས་གྲོལ། དོན་རྒྱ་ཆེ་བ་རིག་པའི་རྣམ་པ་ལས་གྲོལ། དོན་མཚུངས་པ་མེད་པ་སྣང་བའི་རྣམ་པ་ལས་གྲོལ་བས་ན། འབྲས་བུ་བཙལ་མི་དགོས་པར་རང་ཆས་སུ་རང་ལ་གནས་པའོ། །འགྲོ་བ་མགོན་མེད་རྣམས་དང་ནི། །ཞེས་པ། འགྲོ་བ་ནི་རིགས་དྲུག །མགོན་མེད་པ་ནི་སེམས་ཅན་སྙིང་རྗེའི་ཡུལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གིས་གདུངས་པ་རྣམས་དང་ནི། བདག་ཅག་ཡང་དག་རྫོགས་པ་ཡི། །ཞེས་པ། བདག་ཅག་ཐམས་ཅད་ཀྱང་སྐྱེ་མེད་ཀ་དག་གིས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་མཛད་པའི་ཕྱིར་རོ། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །ཅེས་པ། འཕགས་པ་འཇམ་དཔལ་གྱིས་ཁམས་གསུམ་འགྲོ་དྲུག་གི་སེམས་ཅན་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་དོན་མཛད་པའོ། །སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྟན་པ། །ཞེས་པ། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལེའུ་ཁྲི་དྲུག་སྟོང་གི་ནང་ནས་ཏིང་ངེ་འཛིན་དྲྭ་བའི་ལེའུ་ཡང་གསང་བཅུད་དྲིལ་ཡང་སྙིང་གི་ཚུལ་བསྟན་པའོ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཞེས་པ། འདི་ནི་གོང་གི་གདམས་ངག་གི། །རྣམ་པ་ནི་ཡུལ། དག་པ་ནི་ནང་གི་སེམས་ཀྱི་དྲི་མ་དག །བར་ཡིད་ཀྱི་འཛིན་པ་དག །ཀུན་གཞི་སྐྱེ་བ་མེད་པར་དག །སེམས་མིང་འདོགས་མེད་པར་དག །སྣང་བ་གཟུང་འཛིན་དགག་སྒྲུབ་མེད་པར་དག །འཁྲུལ་པ་རྣམ་པ་གསུམ་པོ་དག་ན་ལེགས་པའི་ལམ་ཞེས་པའོ། །ལམ་གང་ཡིན་ཞེ་ན། ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ། །ཞེས་པ། དོན་ཟབ་པ་ནི་གཏིང་དཔག་དཀའ་བ། ཡངས་པ་ནི་རྒྱ་ཆེ་བ་སྟེ་བསམ་གྱིས་མི་ཁྱབ་པའོ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །ཞེས་པ། དོན་ཆེན་པོ་ནི་རྫོགས་ཆེན་གྱི་ཡང་སྙིང་སྤྱི་ཏི་ཡོ་གའོ། །འགྲོ་བ་ནི་རིགས་དྲུག་གི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་དང་ལྡན་པས་ཐུགས་རྗེས་བཟུང་ཞིང་སེམས་ཅན་གྱི་དོན་ཆེན་པོ་བྱེད་དོ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །ཞེས་པ། སངས་རྒྱས་ཀྱི་ཡུལ་ནི་བློས་བཏགས་འཁྲུལ་པའི་སྣང་པ་སངས་ཏེ། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པའི་ཡུལ་ལོ། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་འཁོར་ལག་ན་རྡོ་རྗེ་ལ་སོགས་པ་དང་། སེམས་ཅན་ཐམས་ཅད་ལ་ཟབ་ཅིང་ཡངས་ལ་རྒྱ་ཆེ་བའི་ཐེག་པ་བཤད་པའོ། །ཡང་ན་སྤྱི་ཏི་ཡོ་གར་བཤད་ན། རྫོགས་པ་ནི་སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཐེག་པ་རིམ་དགུ་ཆོས་སྡེ་བརྒྱད་ཁྲི་བཞི་སྟོང་སྤྱི་ཏི་ཡོ་གའི་ཁོངས་སུ་རྫོགས་པའོ། །ཐེག་པའི་གྲུབ་ལུགས་ལོག་པས་སངས། ཐ་སྙད་མེད་པར་རྒྱས། རྣམས་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱིས་འགྲོ་བའི་དོན་དུ་བཤད་པའོ། །དོན་ཐ་མ་མཇུག་ཡོངས་སུ་བསྡུ་བ་ལ། འཕགས་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལེའུ་ཁྲི་དྲུག་སྟོང་། ཞེས་པ། འཕགས་པ་ནི་ཐེག་པ་དགུ་ལས་འཕགས་པ། འཇམ་པ་ནི་གྲུབ་མཐའི་ཞེ་འདོད་མེད་པས་འཇམ་ལ། དཔལ་ནི་ཡེ་དག་ཀློང་ན་གསལ་བས་དཔལ་ལོ། །སྒྱུ་སྙིང་པོ། འཕྲུལ་ཡན་ལག །དྲྭ་བ་ནི་སྙིང་པོ་དང་ཡན་ལག་གཉིས་སུ་མེད་པའོ། །ལེའུ་ནི་ཁྲི་དྲུག་སྟོང་གི་ནང་ནས་གླུའི་ལེའུའོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ནང་ནས། ཞེས་པ། རྣལ་ནི་ཆོས་ཉིད་རྣལ་མ། འབྱོར་ནི་བློ་ལས་འདས་པར་འབྱོར། རྒྱུད་ནི་འགྱུར་བ་མེད་ཅིང་རྒྱུན་ཆད་པ་མེད་པའོ། །ཏིང་འཛིན་དྲྭ་བའི་ལེའུ། ཞེས་པ། རྒྱུད་ཆེན་པོ་ལེའུ་ཁྲི་ཕྲག་དྲུག་ཁྲི་དྲུག་སྟོང་གི་ནང་ནས། ཏིང་ངེ་འཛིན་དྲྭ་བའི་ལེའུ་ཕྱུངས་ཏེ་བོད་སྐད་དུ་བསྒྱུར་རོ། །ཏིང་ནི་ཆོས་ཉིད་གཏིང་མཐའ་མེད་པར་གྲོལ། ངེ་ནི་ངེས་པ་དམ་པ་སྐྱེ་མེད་བློ་འདས། འཛིན་ནི་ཡང་དག་ངེས་པས་འཛིན། །དྲྭ་བ་རྒྱུད་ལེགས་པར་འབྲེལ་བའི་ལམ། །ལེའུ་སྐབས་དང་མཚམས་སུ་ཕྱེ་བའོ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་པའི་མཚན་ཡང་དག་པར་བརྗོད་པ། ཞེས་པ། དེ་དག་གི་དོན་རྒྱས་པར་གོང་དུ་བཤད་དོ། །ཡེ་ཤེས་སེམས་དཔའི་ཞེས་པ། ཡེ་ཤེས་སྐྱེ་བ་མེད། ཤེས་ནི་ཀ་དག་ཆེན་པོར་ཤེས། སེམས་ནི་བསམ་མེད་དོན་ལ་སེམས། དཔའ་ནི་སྙིང་པོ་དོན་ལ་དཔའ། །མཚན་ནི་བསམ་བརྗོད་དམིགས་པའི་ཡུལ་ལས་འདས། ཡང་དག་སྐྱེ་མེད་བརྗོད་ལས་འདས། ངེས་པར་གསང་བདག་ཆེན་པོས་གསུངས་པ་ཡིན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ། ཞེས་པ། དེའི་དོན་གོང་དུ་བཤད་ཟིན་ཏོ། །སྤྱི་ཏིར་བཤད་ན། སྣང་སྲིད་དངོས་པོའི་ཆོས་རྣམས་བཅོམ། སྙིང་པོ་ཀ་དག་ཀློང་དུ་ལྡན། རྒྱུ་འབྲས་བློ་ཡི་ཆོས་ལས་འདས། དེ་བཞིན་གཤེགས་པ་ཞེས་པ་ལ་ལྔ་རུ་བཤད་དེ། སྙིང་པོའི་ཀློང་དུ་གཤེགས་པ་དང་། འོད་གསལ་མཁའ་ལ་གཤེགས་པ་དང་། རྟོགས་པའི་དོན་ལ་གཤེགས་པ་དང་། རང་གྲོལ་ཆེན་པོར་གཤེགས་པ་དང་། ཐེག་པ་དགུའི་ལྟ་སྒོམ་དགུ་ལ་གཤེགས་པ་དང་ལྔའོ། །དགྲ་བཅོམ་པ་ནི་གཟུང་འཛིན་གྱི་དགྲ་ཐམས་ཅད་བཅོམ། ཡང་དག་པར་རྫོགས་པ་ནི་ཡང་དག་པར་རིག །ཡང་དག་པར་དག །ལྷག་མ་མེད་པར་རྫོགས་པའི་དོན་ནོ། །ཤཱཀ་ནི་ཤེས་རབ་ལྡེ་མིག་གིས། གཟུང་འཛིན་གཉིས་ཀྱི་སྒོ་ལྕགས་ཕྱེ། ཀྱ་ནི་འོད་གསལ་ཉི་ཟླའི་སྙིང་པོ་ཤར། །མ་རིག་སྒྲིབ་གཡོག་བག་ཆགས་སངས། དགུ་རྩེའི་ཐེག་པ་རྒྱས། ཐུབ་ནི་དགུ་རྩེ་སྤྱི་ཏི་འདིས། ཐེག་པ་དགུའི་ལྟ་ལོག་གྲུབ་མཐའ་ངན་པ་ཐུབ། ཞལ་ནས་ནི་མངོན་སུམ་དུ་གསུངས་པ་སྟོན་པས་ངེས་པར་གསུངས་པའོ། །རྫོགས་སོ་ཞེས་པ་ལྷག་མ་མ་ལུས་པར་རྒྱས་པར་བཤད་པའོ། །འགྲེལ་པ་འདི་ནི་དཀའ་འགྲེལ། དོན་འགྲེལ། འབྲུ་འགྲེལ། སྟོབས་ཀྱིས་འགྲེལ་པ་ལགས། ྅྅྅྅ འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་བ་རིན་པོ་ཆེ་ཉི་ཟླ་འབར་བའི་སྒྲོན་མ་ཞེས་བྱ་བ། རྒྱ་གར་ཨོ་རྒྱན་མཚོ་དཀྱིལ་པདྨའི་སྡོང་པོ་ལས་སྐུ་འཁྲུངས་པའི་པདྨ་འབྱུང་གནས་སྤྲུལ་པའི་སྐུས་མཛད་པ་རྫོགས་སོ། །རྒྱ་གར་གུ་རུ་པདྨས་གསུངས་པ་བཤད། །རྒྱ་ཆེ་རབ་ཟབ་ཐེག་མཆོག་ཡངས་པའི་ལམ། །རྒྱུད་དོ་ཅོག་གི་མངའ་བདག་འཇམ་དཔལ་སྒྱུ་འཕྲུལ་རྒྱུད། །ཐེག་པ་ཀུན་གྱི་རྩ་བ་གསལ་བའི་ཉི་ཟླ་འདི། །ཤིན་ཏུ་དགྲོལ་དཀའ་རྒྱུད་དོན་ཟབ་མོ་འདི། །པདྨ་བདག་གིས་བཀྲ ལ་ཞིང་ལེགས་པར་བཤད། །ཐེག་པ་ཀུན་དང་མི་འགལ་ཆོས་རྣམས་ཀུན་གྱི་རྗེ། །ཐེག་པ་ཀུན་གྱི་རྩ་བ་སྤྱི་ཏི་ཡོ་ག་འདིས། །ཆོས་རྣམས་ཀུན་གྱི་གཤེད་མ་ལྟ་སྒོམ་ཀུན་ཀྱང་ཕྱགས་མས་བཏབ། །ཆོས་སྡེ་བརྒྱད་ཁྲི་བཞི་སྟོང་འདུལ་ཁྲིམས་ཕུས་བཏབ་བོ། །སྒྲུབ་ཆོས་རྩོལ་སྒྲུབ་མཁན་གྱི་གཉའ་གཅོག་ཆེན་པོར་བཤད། །བྱར་མེད་བསྒྱུར་མེད་འབྲས་བུ་བློ་འདས་བཤད། །སྐྱེ་མེད་ཀ་དག་སྙིང་པོའི་དགོངས་པ་བཀྲལ། །དེ་ལ་ཉེས་སྐྱོན་ཅི་མཆིས་པ། །བླ་མ་དམ་པ་དཀོན་མཆོག་དུས་གསུམ་བདེ་གཤེགས་ལ། །ཉེས་པ་ཅི་མཆིས་ཐམས་ཅད་བཟོད་པར་གསོལ། །མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་མ་ལུས་ལ། །ཚིག་རྣམས་བཤད་ནོར་ཚིག་གི་ལྷག་ཆད་རྣམས། །བཟོད་པར་གསོལ་ན་དག་ཚངས་དངོས་གྲུབ་སྩོལ། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་རིན་པོ་ཆེ་ཉི་ཟླ་འབར་བའི་སྒྲོན་མ་ཞེས་བྱ་བ། ཨོ་རྒྱན་གྱི་སློབ་དཔོན་པདྨས་བཤད་ཅིང་། ལོ་ཙཱ་བ་སྐ་བ་དཔ ལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་བའོ། །མནྟ་གུ་ཧྱ། གསང་རྒྱ། གབ་རྒྱ། སྦས་རྒྱ། ཨཐྎ།། ༈ །།ཤྲཱི་རཏྣ་བཛྲ་གུ་རུ་པདྨ་ལ་བསྟོད་པ། རྒྱ་གར་ཨོ་རྒྱན་ཡུལ་གྱི་མཚོ་དཀྱིལ་ནས། །པདྨའི་སྡོང་པོ་མེ་ཏོག་ལས། །ཕ་མེད་མ་མེད་སྤྲུལ་པའི་སྐུ། །སྐུ་འཁྲུངས་སྤྲུལ་སྐུ་འགྲོ་བའི་མགོན། །བྱིན་རླབས་ནུས་པ་གོང་ན་འདའ་བ་མེད། །སྐུ་ཡི་བྱིན་རླབས་ནམ་མཁའི་མཐའ་དང་མཉམ། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །རིག་འཛིན་བརྒྱད་ཐོབ་རྡོ་རྗེ་ལྟ་བུའི་སྐུ། །གསུང་གི་འོད་ཟེར་ཚངས་པའི་འབྲུག་སྒྲ་སྒྲོགས། །སྟོང་གསུམ་འཇིག་རྟེན་ཁམས་སུ་སྐྱེ་མེད་ཆོས་རྣམས་སྟོན། །ཐུགས་ཀྱིས་འོད་ཟེར་ཉི་ཟླ་རྒྱ་མཚོའི་ཐུགས། །གཡོ་འགུལ་རྩིས་གདབ་མི་མངའ་ཀ་དག་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་མི་ཁྱབ། །ཉི་ཟླའི་འོད་བཞིན་ནོར་བུ་དགོས་འབྱུང་བཞིན། །ཐུགས་རྗེའི་བྱིན་རླབས་བདག་ལ་འཇུག་པར་མཛད་དུ་གསོལ། །ཅེས་གུ་རུའི་སྐུ་གསུང་ཐུགས་ལ་བསྟོད་པ་འདི་ཉིད་སུས་མཛད་ཀྱི་གསལ་ཁ་མི་སྣང་ཡང་འགྲེལ་པ་དཔེ་རྙིང་རང་གི་གཤམ་ན་མུ་མཐུད་དུ་འདུག་པས་ལོ་ཙཱ་བ་དཔལ་བརྩེགས་རང་གི་གསུང་དུ་ངེས་སྙམ་མོ། ༈ །དེ་ལྟར་ཁོ་བོའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པའི་གུ་རུའི་གསུང་མཚན་བརྗོད་འགྲེལ་པའི་དཔེ་རྙིང་འདི་གཉིས་སྔོན་དུས་ཆོས་རྒྱལ་ཁྲི་སྲོང་གི་བླ་དཔེ་བཀའ་བརྒྱད་བདེ་འདུས་ཀྱི་གཞུང་པོད་དགུ་པོ་ལས་མང་ཆེ་བ་ལྡན་མ་རྩེ་མང་དང་། རྒྱུད་འགྲེལ་མན་ངག་སྐོར་འགའ་ཞིག་མཁའ་འགྲོ་མཚོ་རྒྱལ་དང་། བཻ་རོ་ཙ་ནའི་ཕྱག་བྲིས་ཡིན་ཅེས་པའི་ཕྱག་དཔེ་འཁྲུལ་མེད་དེ་ལྷོ་བྲག་སྨྲ་བོ་ལྕོག་གི་བླ་བྲང་དུ་བཞུགས་པ་ཉིད་དངོས་སུ་མཇལ་མྱོང་བས་འདི་དག་ཡིག་རུས་གཅིག་པ་ལྟ་བུར་སྣང་། འོན་ཀྱང་འབྲུ་སྡེབ་དག་སྦྱོར་སྐོར་ལ་དེང་དུས་དང་ཅུང་མི་མཚུངས་པ་མང་པོ་འདུག་པ་སྐབས་དེར་བོད་དུ་ཡིག་རྒྱུན་དར་ནས་རྒྱལ་རབས་ལྔ་ལས་མ་སོང་ཞིང་། ཕྱིས་ཁྲི་རལ་གྱི་དུས་ནས་བརྩམས་ཡིག་གཟུགས་བརྡ་དག་སྐོར་ལ་དོ་སྣང་ཆེ་རུ་སོང་ངེས་ཡིན་འདུག་པའི་གནད་ཀྱིས་འདྲ། གང་ལྟར་མཚན་བརྗོད་འགྲེལ་པ་འདི་ཉིད་ཨ་ཏིའི་སྤྱི་ཏི་ལྟར་དུ་བཀྲལ་བའི་གནད་ཀྱིས་གསང་རྒྱ་ཆེ་སྟབས་ཐུན་མོང་དུ་མ་གྲགས་པའི་ཆིག་བརྒྱུད་བཀའ་རྒྱ་མའི་ཁོངས་སུ་བཞུགས་པ་ལས། ད་ནི་དུས་སྐབས་འདི་ལྟ་བུར་དཔེ་རྒྱུན་ཙམ་འཕེལ་ནའང་མཐོང་ཐོས་དོན་ལྡན་དུ་འགྱུར་བའི་རེ་སྨོན་གྱིས། ད་ལྟ་སྔ་འགྱུར་བཀའ་མའི་ཆོས་སྡེ་བསྡུ་བ་བགྱི་བའི་སྐབས་འདིར་དེའི་རྒྱབ་ཆོས་ཀྱི་སྙིང་བཅུད་དུ་བཞུགས་སུ་གསོལ་སེམས་ཀྱིས་རིགས་བདག་གུ་རུ་ཉིད་ལ་གསོལ་འདེབས་རྩེ་གཅིག་པས་གནང་བ་ཞུས་ཏེ། ལུང་ཟིན་མཁས་གྲུབ་རྣལ་འབྱོར་གྱི་དབང་ཕྱུག་ཀུན་སྤངས་པ་སངས་རྒྱས་རྡོ་རྗེ་ལ་མ་ཕྱིའི་སླད་དུ་དཔེ་རྙིང་གཉིས་གོ་བསྡུར་དང་འབྲེལ་བུ་དཔེར་ཕབ་སྟེ་ཞུས་དག་མཛད་པར་བསྐུལ་བ་བཞིན་ཁོང་ཉིད་ནས་ནན་ཏན་ཆེན་པོས་གཟིགས་ཞིབ་ཀྱིས་གཙང་བཤུས་གནང་བ་ལ། སླར་ཡང་ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤར་གཞིའི་ཡི་གེ་དངོས་ལ་ཞིབ་བལྟས་ཀྱིས་གཏན་ལ་ཕབ་པ་མཆོག་གསང་བསྟན་པའི་ཉིན་བྱེད་འགྲིབ་མེད་རྟག་ཏུ་འཆར་བའི་ཆ་རྐྱེན་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

མཚན་བརྗོད་འགྲེལ་པ་ཉི་ཟླ་འབར་བའི་སྒྲོན་མེའི་ལོ་རྒྱུས་ཁོག་དབུབ་བསྡུས་དོན།

མཚན་བརྗོད་འགྲེལ་པ་ཉི་ཟླ་འབར་བའི་སྒྲོན་མེའི་ལོ་རྒྱུས་ཁོག་དབུབ་བསྡུས་དོན་བཞུགས་སོ། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ལོ་རྒྱུས་སམ། འགྲེལ་པ་རིན་པོ་ཆེ་གསལ་བར་བྱེད་པའི་སྒྲོན་མེ་འབར་བ་ཞེས་བྱ་བ་བཤད་པར་བྱ་སྟེ། དེ་ཡང་ཐེག་པ་ཐམས་ཅད་ཀྱི་སྤྱི་རྗེ། དགོངས་པ་ཐམས་ཅད་ཀྱི་ཞེ་ཕུགས། མདོ་རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད། ཐེག་པ་ཐམས་ཅད་ཀྱི་སྒོ་འབྱེད་པའི་ལྡེ་མིག །ཆོས་སྐུ་དང་སངས་རྒྱས་དངོས་སུ་སྟོན་པའོ། །འདི་ལ་བཤད་ལུགས་རྣམ་པ་བཞིས་བསྟན་པ་ལ། ནམ་མཁའ་ལྟ་བུའི་དཔེས་མཚོན་ཏེ། དོན་གྱི་ཁོག་དབུབ་པ་དང་གཅིག །ས་གཞི་ལྟ་བུའི་དཔེས་མཚོན་ཏེ། ཆོས་ཐམས་ཅད་ཀྱི་བཅའ་གཞི་བསྟན་པ་དང་གཉིས། །ཉི་ཟླ་ལྟ་བུའི་དཔེས་མཚོན་ཏེ། ཐེག་པ་ཐམས་ཅད་གསལ་བར་བཤད་པ་དང་གསུམ། ཉི་མའི་སྙིང་པོའི་དཔེས་མཚོན་ཏེ། ཆོས་ཐམས་ཅད་སྙིང་པོ་གཅིག་ཏུ་འདུས་པར་བསྟན་པ་དང་བཞིའོ། །འདིའི་ལོ་རྒྱུས་ལ་གཉིས་ཏེ། རྒྱུད་སྙན་བརྒྱུད་ཀྱིས་ཁོག་ཕུབ་པ་དང་། སྦས་པ་གཏེར་གྱི་ལོ་རྒྱུས་ཀྱིས་ཁོག་ཕུབ་པ་དང་གཉིས་ལས། དང་པོ་སྐྱེ་བ་མེད་པའི་དབྱིངས། བརྗོད་དུ་མེད་པའི་ཀློང་། རང་བཞིན་གྱིས་རྣམ་པར་དག་པའི་གནས་ནས། ཡེ་ཐོག་མའི་སངས་རྒྱས་རྒྱལ་བ་ཀུན་ཏུ་བཟང་པོས་བྱིན་གྱི་རླབས་ཀྱིས་བཤད་པ་ནི། གནས་གསལ་དག་རིན་ཆེན་སྣ་ལྔ་ལས་གྲུབ་པའི་འཇའ་ཚོན་སྣ་ལྔ་ཕྱོགས་བཅུར་འཕྲོ་བའི་དཀྱིལ་འཁོར་དུ། དཔལ་རྡོ་རྗེ་སེམས་དཔའ་ལ་ཚིག་དང་ཡི་གེས་མ་བཤད། བྱིན་གྱི་རླབས་ཀྱིས་བཤད། དེས་ཨོ་རྒྱན་དྷ་ན་ཀོ་ཤའི་གླིང་དུ། གུ་རུ་དགའ་རབ་རྡོ་རྗེ་ལ་རང་གི་ངོ་བོས་བཤད། དེས་བདེ་ལྡན་བཀྲ་ཤིས་བྲག་ཏུ། གུ་རུ་འཇམ་དཔལ་བཤེས་གཉེན་ལ་བཤད། དེས་རྒྱ་གར་རྡོ་རྗེ་གདན་དུ། གུ་རུ་ཤྲཱི་སིདྷ་ལ་བཤད། དེས་ཨོ་རྒྱན་ཡུལ་གྱི་མཚོ་དཀྱིལ་དུ་པདྨའི་སྡོང་པོ་ལ། ཕ་མེད་མ་མེད་སྐུ་འཁྲུངས་སྤྲུལ་པའི་སྐུ་པདྨ་སམ་བྷ་ཝ་ལ་བཤད། དེ་ནི་རྡོ་རྗེ་ལྟ་བུའི་སྐུ་སྟེ་འཕོ་འགྱུར་མེད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསམ་གྱིས་མི་ཁྱབ། སྐལ་ལྡན་ཀུན་ལ་དགོས་འདོད་ཆར་ལྟར་འབེབས། གུ་རུ་དེའི་སྐུ་ཆེ་བའི་ཡོན་ཏན་ནི་སྤྲུལ་པའི་སྐུ་སྟེ། རྒྱ་གར་ཡུལ་ན། རྒྱལ་པོ་གཅིག་གདུང་ཆད་པ་ལ། བུད་མེད་གཅིག་གིས། བུ་ཆུང་གཅིག་ཁྱེར་འདུག་པས། རྒྱལ་པོས་མཉེས་ཏེ། བུ་སྐལ་བྱས་ཙ་ན། བུ་དེའི་ཕྲག་པ་ལ་སྦྲང་བུ་གཅིག་འདུག་པ་ལ། གུ་རུས་སོར་རྡོ་གཅིག་རྒྱབ་ཙ་ན་བྱིས་པ་ཤི། དེ་ནས་རྒྱལ་པོས་ཀུན་སྦྲན་ཏེ། རྒྱ་གར་ཀ་མ་ལའི་ནགས་ཚལ་ཕུ་རུ་སྤྱུགས་པས། ཟས་མེད་དེ། སེམས་ཅན་ཟོས་པས། སྲིན་པོ་ཤཱནྟ་རཀྵི་བྱ་བར་བཏགས་ཏེ། དེར་ཡུལ་མི་ལ་གྲོས་བྱས་ཏེ། ཕུར་འཕྲང་ཀུན་བཅད་བཟུང་སྟེ། ཤིང་མང་པོ་བཅེར་ཏེ་གསོན་བསྲེག་བྱས་ཏེ། ཞག་གསུམ་ན་བལྟས་ཙ་ན། པདྨའི་སྡོང་པོ་ཆེན་པོ་ཞིག་གི་དཀྱིལ་ན། སྐུ་གྲང་གྲང་བསིལ་བསིལ་འདྲ་བར་འདུག་སྟེ། །དེའི་ཚེ་དེའི་དུས་ན། པདྨ་སམ་བྷ་ཝ་བྱ་བར་བཏགས་སོ། །ཡང་ན་ནི་ནགས་ཀྱི་ཕུ་ན་ཡོད་ཙ་ན། ན་ནིང་གི་མི་དེ་ཡང་འདུག་ན་ཟེར་ཏེ། ཡང་བཟུང་སྟེ་ཆུ་འབབ་པ་ལ་བསྐུར། ཞག་གསུམ་ན་བལྟས་ཙ་ན། གུ་རུ་ཆབ་ཀྱིས་མ་གཤེར་བར་སྐམ་སེང་འདུག་པས། དེའི་དུས་སུ་མཚོ་སྐྱེས་རྡོ་རྗེར་བཏགས་སོ། །ཡང་ཡུལ་གང་གྷ་བྱ་བར་ཕྱིན་པས། འདི་ཆབ་གསོལ་བྱས་ཏེ། གྱད་རྩལ་ཅན་མང་པོས་མཚོན་ཆ་མང་པོས་མ་ཕུག་སྟེ། བལྟས་ཙ་ན། རྡོ་རྗེ་རྒྱ་གྲམ་ཞུ་བླུགས་སུ་གོན་འདུག །རྡོ་རྗེའི་ཕྲེང་བ་དབུ་ལ་བཅིངས་པ་མཐོང་སྟེ། དེའི་དུས་སུ་རྡོ་རྗེ་ཐོད་ཕྲེང་བྱ་བར་བཏགས་སོ། །ང་ལ་བུ་ཆུང་ཙམ་ན་རྒྱལ་བུ་དགེ་བ་བྱ་བར་བཏགས་སོ། །སྔགས་བཙུན་དུ་བྱུང་ནས། ཤཱཀྱ་པྲ་བྷར་བཏགས་ཏེ། ང་ལ་མཐུ་རྩལ་ཤུགས་དང་ལྡན་པས། ཤཱཀྱ་སེང་གེ་བྱ་བར་བཏགས་སོ། །དེ་ལྟར་མི་ཆོས་ཙམ་གྱིས་མཚན་བཞི། ནུས་པ་སྐྱེས་པའི་མཚན་བཞི་སྟེ། བརྒྱད་དུ་བཏགས་སོ། །དེ་ནས་གུ་རུ་པད་མས། ཨ་སུ་རའི་བྲག་ཕུག་ཏུ་སྒྲུབ་པ་མཛད་པས། འཕགས་པ་འཇམ་དཔལ་གྱིས་ཞལ་དངོས་སུ་གཟིགས་སོ། །དེའི་དུས་སུ། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་ཉི་ཟླ་འབར་བའི་སྒྲོན་མ་འདི་མཛད་དོ། །སྒྲུབ་ཐབས་མན་ངག་ཡིག་སྣ་མ་ལུས་པ་མཛད་དོ། །དེའི་ཚེ་དེའི་དུས་ན། བོད་ཡུལ་གྱི་དབུས་ན་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས། སྟག་གི་ལོ་ལ་བསམ་ཡས་འགྲམ་བཙུགས་པས། འཇིག་རྟེན་གྱི་ལྷ་མ་སྲིན་མི་བསྲུན་པས། བརྩིག་ཏུ་མ་སྟེར་བས། མངའ་བདག་གིས། མཐའི་བནྡེ་རྒད་པོ་དགེ་མཐོང་བྱ་བ་ལ། འོ་རྒད་པོ། འཛམ་བུ་གླིང་འདི་ན། དྲག་རྩལ་དང་མཐུ་སུ་ཆེ་བྱས་པས། དེ་ན་རེ། རྗེ་ལགས། འཛམ་བུ་གླིང་འདི་ན། གུ་རུ་པདྨ་སམ་བྷ་ཝ་ཆེའོ་ཟེར། རྗེ་ཡིས་ད་ལྟ་གང་ན་བཞུགས་བྱས་པས། རྒྱ་གར་ཨོ་རྒྱན་ཡུལ་ན་བཞུགས་སོ། །ཞེས་སྨྲས་པས། རྗེ་ཡིས་འབངས་བནྡེ་གཉིས་ལ། གསེར་བྲེ་གང་བརྫངས་ནས། སྤྱན་འདྲེན་དུ་བཏང་བས། སློབ་དཔོན་པདྨ་ཨ་སུ་རའི་བྲག་ཕུག་ན། དགོངས་པ་མཛད་པའི་ཉམས་སུ་ཤར་ནས། རྗེའི་བཀའ་དབང་ཆེ་བས་བནྡེ་བང་ཆེན་ལ་བཏང་པ་ཡིན། སྙིང་རེ་རྗེ། ལམ་ཁར་སྡུག་བསྔལ་གཅན་འཕྲང་བསྲུང་མིས་གསེར་ལ་བལྟས་ནས་གསོད། ང་འགྲོ་དགོས་གསུངས་ནས། ཆོས་བསྙེན་སྒྲུབ་རྣམ་གསུམ། སྲོག་སེར་གཏད་དང་བཞི། རྫོགས་ཆེན་འཇམ་དཔལ་མཚན་བརྗོད། རྒྱུད་འགྲེལ་མན་ངག་དང་བཅས་པ་མ་ལུས་པ་བསྣམས་ནས། བོད་ཡུལ་དུ། རྫུ་འཕྲུལ་གྱི་རྟ་ལ་ཆིབས་ནས་བྱོན་པ་དང་། གཙང་དུ་བང་ཆེན་པ་འཕྲད་ནས། ཁྱོད་ཚོ་སྔོན་ལ་སོང་དང་། གུ་རུ་འོང་གིས་ལོག་ཅིག་བྱས་ཙ་ན། བསམ་ཡས་སུ། གུ་རུས་སྔོན་ལ་བྱོན་ནས་དེར་རྗེ་དང་མཇལ། བསྐོར་བ་བྱས། ཞེ་ས་ཕུལ། ལོ་རྒྱུས་བསྙད་པ། ཨ་སུ་རའི་བྲག་ཕུག་ནས། བསྭེའི་ལྷ་མོ་བཞི་དམ་ལ་བཏགས། ཆོས་སྐྱོང་དམ་ཅན་བྲན་བཞིན་དུ་འཁོར་གྱིན་མཆིས་སོ། །དེར་སློབ་དཔོན་གྱིས་འཇིག་རྟེན་གྱི་ལྷ་མ་སྲིན་བཏུལ་ནས་དམ་ལ་བཏགས། གངས་ཀར་ཤ་མེད་མ་མ་ཐུལ་བ་ཡང་ཐུལ། ས་བདག་དང་ལྷ་མ་སྲིན་གྱིས་གྲོགས་བྱས་ནས་མོད་ལ་བཞེངས་སོ། །རྟའི་ལོ་ཡན་ཆོད་ཀྱིས་ཟིན་ནོ། །དེ་ནས་གུ་རུས་ཡོན་ཏན་ཟད་པ་མེད་པ་མཁྱེན་པ་དང་། རབ་གནས་བྱེ་མ་ལས་མཛད་དོ། །གུ་རུ་པདྨས་། ལུང་གི་རྒྱུད་དྲུག །ལོ་ཙཱ་བ་སྐ་ཅོག་གཉིས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་སྟེ། ལྟ་བ་ཐམས་ཅད་ཀྱི་རྒྱུད་ཆེ་བ་རང་ལ་གནས་པ། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱུད་ཏིང་ངེ་འཛིན་མཆོག་གི་རྒྱུད། ཕྲིན་ལས་ཀྱི་རྒྱུད་སྐབས་སྦྱོར་བདུན་པ། སྤྱོད་པའི་རྒྱུད་བརྩོན་པ་དོན་ལྡན། དམ་ཚིག་གི་རྒྱུད་ས་མ་ཡ་བསྡུས་པ། དབང་གི་རྒྱུད་དབང་བསྐུར་རྒྱལ་པོའི་རྒྱུད་དང་དྲུག་བཤད་དོ། །སྐད་ཅིག་གིས་འཚང་རྒྱ་བའི་རྫོགས་ཆེན་དང་བཅས་པ་མཁྱེན་པ་ལ། དེ་ཚོའི་ནང་ནས་ཀྱང་ཐེག་པ་དགུའི་ཡང་རྩེ་སྤྱི་ཏི་བཤད་དོ། །དེ་ནས་བདེ་ལྡན་གྱི་བྲག་ལ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། འཇམ་དཔལ་གཤིན་རྗེ་ཚེ་བདག་བསྒྲུབས་པས། ཞལ་མངོན་དུ་གཟིགས་ནས། ཡི་དམ་ལྷས་ལུང་བསྟན་པ། འཇམ་དཔལ་བཤེས་གཉེན་ལ། རྒྱ་གར་གྱི་ཡུལ་དུར་ཁྲོད་བསིལ་བའི་ཚལ་གྱི་ནགས་ཚལ་མཁའ་འགྲོ་མའི་གནས་ན། བསེ་སྒྲོམ་སྨུག་པོའི་ནང་ན། འཇམ་དཔལ་ལེའུ་ཁྲི་ཕྲག་དྲུག་ཁྲི་དྲུག་སྟོང་ཡོད་ཀྱི། དེར་ཁྱོད་སོང་ལ་མཁའ་འགྲོ་མ་ལ་གཏོར་མ་འབུལ། གསོལ་བ་ཐོབ་ལ། དེ་ནས་ཐོན་ན་འཕགས་པ་འཇམ་དཔལ་གྱི་དངོས་གྲུབ་ཐོབ་བོ། །ཞེས་ལུང་བསྟན་ནོ། །དེ་ནས་གུ་རུ་འཇམ་དཔལ་བཤེས་གཉེན་དུར་ཁྲོད་བསིལ་བའི་ཚལ་དུ་བྱོན་ནས། མཁའ་འགྲོ་མ་ལ་ཚོགས་གཏོར་བཏང་གསོལ་བ་བཏབ། མཎྜལ་ཕུལ་ཏེ་དངོས་གྲུབ་ཞུ་འཚལ་བྱས་པས། མཁའ་འགྲོ་མ་ཀུན་མཉེས་ཏེ། རྣལ་འབྱོར་པ་ཁྱེད་དངོས་གྲུབ་ཅི་འདོད་ཟེར་ཏེ། དེར་གུ་རུས་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཞུ་འཚལ་བྱས་པས། མཁའ་འགྲོ་མ་རྣམས་ན་རེ། འཇམ་དཔལ་གྱི་རྒྱུད་ལེའུ་ཁྲི་ཕྲག་དྲུག་ཁྲི་དྲུག་སྟོང་བཞུགས་ཏེ། རྒྱུད་ཡོ་བཏོན་ན་བདེ་བར་གཤེགས་པའི་བཀའ་ཆད་དང་། ཐུགས་ཀྱིས་བོར་བ་འོང་སྟེ་མི་རུང་བས། རྣལ་འབྱོར་པ་བསེ་སྒྲོམ་ཁ་མ་ཕྱེ་བར། ཤིང་ཁོལ་གཅིག་ཐོན་ལ། ཅི་ཙམ་རན་པ་ཞིག་ཁྱེར་ཅིག །ཐོན་ཅིག་ཅེས་བཀའ་ཡིས་གནང་ངོ་། །དེ་ནས་གུ་རུས་རིན་པོ་ཆེས་ཤེལ་གྱི་གཟོང་གིས། བསེ་སྒྲོམ་ཁོལ་བཏོན་ནས་རན་ཙམ་ཞིག་བདེ་ལྡན་བྲག་ལ་ཁྱེར་ཏེ། གཏོར་མ་བཏང་སྟེ་གཟིགས་ཙ་ན། རྒྱ་སྐད་ནས་ལེའུ་ལྔ་ཡར་ལུས་པའི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ནས་བཟུང་བའི་འཇམ་དཔལ་མཚན་བརྗོད་རྒྱུད་དང་། འཇམ་དཔལ་ཡེ་ཤེས་རྒྱན་རྒྱུད་དང་། འཇམ་དཔལ་ཉི་ཟླ་འབར་བའི་རྒྱུད་དང་། འཁོར་ལོ་བདེ་མཆོག་དང་། དགོངས་པ་འདུས་པ་དང་། འཇམ་དཔལ་ཟླ་གསང་དང་། དགྲ་རྒྱུད་དང་། ཁ་ཐུན་ཆེ་ཆུང་དང་། འཐེབ་རྒྱ་དང་། ལས་ཏིག་གསང་བ་དྲུག་ཅུ་པ་འཁོར་ལོ་དང་བཅས་པ་བསྒྱུར་རོ། །གུ་རུ་དེས་དེ་ལྟར་འཕགས་པ་འཇམ་དཔལ་བསྒྲུབ་པས་འགྲུབ་སྟེ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བོ། །དེ་ནས་གུ་རུས། རྒྱ་གར་རྡོ་རྗེ་གདན་དུ་ཤྲཱི་སིང་ཧ་ལ་སྡེ་ཚང་བར་བཤད་དོ། །དེས་ཨོ་རྒྱན་གྱི་ཡུལ་དུ། པདྨ་འབྱུང་གནས་ལ་བཤད་དེ། ཕ་མེད་མ་མེད་སྐྱེས་ཏེ་སྤྲུལ་པའི་སྐུ་དེས། བསམ་ཡས་སུ་སྣོད་དང་སྐལ་བར་ལྡན་པའི་སྐྱེས་བུ་ནི་མ་རྙེད། སློབ་དཔོན་གྱི་ཐུགས་ལ། ད་ངའི་མན་ངག་དང་ཆོས་འདི་ཚོ་གཏེར་དུ་སྦ་དགོངས་ནས། ནུབ་གཅིག་མཆིམས་ཕུའི་གནས་སུ། རྗེ་མངའ་བདག་དང་གྲོས་མཛད་པས་སློབ་དཔོན་གྱི་ཞལ་ནས། རྗེ་མངའ་བདག་ལགས། བདག་གིས་མན་ངག་སྙིང་དང་འདྲ་བ་འདི་རྣམས་གཏད་པའི་སྐལ་ལྡན་མ་རྙེད་པས། ད་ལྟ་དུས་བཟང་ཁྲིམས་ཆེ་ཡང་། ཐ་མ་དུས་སྤྱོད་ཀྱང་ཇེ་ངན་མཆི། རྗེའི་བཀའ་ཁྲིམས་ཀྱང་ནུབ་སྟེ་མཆི། རྒྱ་དང་བོད་དུ་སོ་མཚམས་ཆད། སྔགས་དང་རྒྱུད་སྡེ་ནི་བོད་ཀྱིས་དཀྲུགས། དབེན་གནས་སྒྲུབ་ཁང་ནི་འཇོམས། སྡེ་འཁྲུགས་དང་དམ་པའི་ཆོས་ལ་ནི་བླུད་མ་འབེབས། བོད་བན་དམ་ཚིག་མེད་པ་རྣམས་ལ་བཤད་ན། ཚོར་ངས་ཆེ་ལ་སུན་རྐྱེན། ལག་པ་དམ་ལ་གཡོ་སྒྱུ་ངོ་དགས་ཆོས་འབྲེལ་འབྲེལ་ནས་སློབ་དཔོན་སྤངས་ནས། མན་ངག་ཟོང་དུ་འཚོང་ལ། དམ་ཚིག་མེད། རང་ལ་རྟོགས་པ་མ་སྐྱེས་པར། མི་ལ་ཟོལ་དུ་བཤད། གཞན་ལ་སྐུར་བ་འདེབས། ཚིག་ལ་དོན་མེད་མུན་ནག་ཐོ་ཡོར་མཁན། ནག་པོ་ཁ་འབྱམས་ངོ་དགའི་གང་ཟག་ལ། སྤེལ་བའི་གནས་མེད་པར་གཏེར་དུ་སྦོས་གསུངས་པ་དང་། མཐའ་འདུལ་གྱི་གཙུག་ལག་ཁང་བཞིར། གཏེར་ཆེན་བཞི་སྦས། རུ་ནོན་གྱི་གཙུག་ལག་ཁང་བཞིར་གཏེར་ཕྲན་བཞི་སྦས་སོ། །སྤྱི་ཏི་འདི་གདམས་པ་ཕྱི་ནང་གསང་བ་མ་བུ་དང་བཅས་པ་རྣམས། བསེ་སྒྲོམ་ནང་དུ་གསེར་གྱིས་རྒྱས་བཏབ་ནས་གུ་རུས་རྒྱང་རོ་ཚལ་མའི་བྲག་ལ་བསྣམས་ནས། ལོ་བྱི་བ། ཟླ་བ་འབྲུག །སྐར་མ་རྒྱལ་གྱི་ཉིན་མོ། ཆོས་དང་བསྟན་བསྲུང་འདི་རྣམས། པདྨ་བདག་ནི་བྲག་བཙན་ཁྱོད་ལ་གཏད། ནམ་ཞིག་སྐལ་ལྡན་བྱུང་ན་རྒྱ་འདི་ཁྱོད་ཁྲོལ་ཅིག །གསུངས་ནས་བྲག་ཕུག་རང་འཁྲུངས་སུ་སྦས་སོ། །པདྨ་བདག་གི་སྨོན་ལམ་མཐུ་བཙན་ན། །ནམ་ཞིག་སྐལ་ལྡན་གཅིག་དག་ཕྲད་པར་ཤོག །ཅེས་རྒྱ་ཡིས་བཏབ་བོ། །དེ་ནས་ཞུ་ཡས་བན་ཆུང་བདེ་བ་བྱ་བ་རྒྱང་རོ་ཚལ་མའི་བྲག་ལ་སྒྲུབ་པ་བྱེད་པའི་ཉམས་སུ་ཤར་ནས། གཏེར་ཆོས་ཟབ་རྒྱས་འདུག་པ་གཟིགས་ནས། མཚན་བརྗོད་འགྲེལ་པ་གསལ་བར་བྱེད་པའི་སྒྲོན་མ་འདི་ཐོན་ནོ། །གཞན་ནི་མ་བཏོན། བྲག་བཙན་འཁྲེན་གྱིས་དོགས་ནས། བན་ཆུང་གིས། ཨི་སྟོན་ལ་བསྟན། དེ་ལས་མ་སོང་། འདི་ནས་མར། སྔོན་ཚེ་གོང་ནས་བསྐལ་པར་སྦྱངས་པ་ཡིས། །ཐེག་པ་ཐམས་ཅད་འདི་རུ་འདུས་པར་བསྟན། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །ཞེས་པ་སྟེ། གུ་རུ་པདྨ་འབྱུང་གནས་ཀྱིས། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་པ་ཡང་། སྤྱི་དོན་རྣམ་པ་གསུམ་དུ་བཀའ་སྩལ་ཏེ། དགོངས་པའི་རྒྱུ་མཚན་དང་། བྱེ་བྲག་གི་དབྱེ་བ་དང་། རང་རང་གི་འདོད་གཞུང་དང་གསུམ་མོ། །དེ་བློ་རབ་འབྲིང་ཐ་མ་གསུམ་ལ་དགོངས་ཏེ་གསུངས་པའོ། །ཐེག་པ་དགུ་རུ་གསུངས་པ་ནི། བློ་རབ་འབྲིང་ཕྱེ་ན། རབ་ལ་གསུམ། འབྲིང་ལ་གསུམ་ཐ་མ་ལ་གསུམ་སྟེ། དགུའོ། །བློ་ཐ་མ་གསུམ་ལ་མཚན་ཉིད་སྡེ་གསུམ་བསྟན། བློ་འབྲིང་པོ་གསུམ་ལ་ཀྲི་ཡོག་སྡེ་གསུམ་བསྟན། བློ་རབ་ཀྱི་ཐ་མ་ལ་མ་ཧཱ་ཡོ་ག་བསྟན། རབ་ཀྱི་འབྲིང་ལ་ཨ་ནུ་ཡོ་ག་བསྟན། རབ་ཀྱི་རབ་ལ་ཨ་ཏི་ཡོ་ག་བསྟན་ཏེ། རྒྱུད་ནས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཞེས་གསུངས་ཏེ། རེ་རེ་ལ་གསུམ་གསུམ་ཕྱེ་སྟེ་དགུའོ། །འོ་ན་ཐེག་པ་ཐམས་ཅད་འདི་རུ་བཤད་པ་མི་འགལ་ལམ་ཞེ་ན། རྒྱུད་ནས། མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཅེས་པས། མུ་སྟེགས་རྟག་ཆད་དུ་སྣང་བ་དང་། ཀུན་བརྟག་རིམ་དགུའི་སྣང་བ་ནི། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཞེས་པ་ནི། ཉན་ཐོས་རྡུལ་ཕྲ་རབ་ཏུ་སྣང་བ་བསྟན། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ཞེས་པ་ནི། རང་རྒྱལ་བའི་ཐེག་པ་སྟེ། རྟེན་འབྲེལ་བཅུ་གཉིས་སྣང་བ་བསྟན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་པ་ནི། དབུ་མ་དང་སེམས་ཙམ་སྟེ། སེམས་ཀྱི་སྣང་བ་ཙམ་དུ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པའོ། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་པ་ནི། ཀྲི་ཡའི་ཐེག་པ་སྟེ། རིགས་གསུམ་ལྷ་རུ་སྣང་། དག་པར་བྱེད་ཅིང་སྡིག་སེལ་བ། །ཞེས་པ་ནི། ཨུ་པ་ཡའི་ཐེག་པ་བསྟན་ཏེ། རིགས་བཞིའི་ལྷ་རུ་སྣང་། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །ཞེས་པ་ནི། ཡོ་གའི་ཐེག་པ་སྟེ། རིགས་ལྔའི་ལྷ་རུ་སྣང་། སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །ཞེས་པ་ནི། མ་ཧཱ་ཡོ་གའི་ཐེག་པ་བསྟན་ཏེ། དབྱིངས་ཀྱི་སྣང་བར་འདོད། ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་པ་ནི། ཨ་ནུ་ཡོ་གའི་ཐེག་པ་བསྟན་ཏེ། ཐམས་ཅད་ལྷ་དང་ལྷ་མོའི་སྣང་བར་འདོད། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཁོང་ནས་བྱུང་བ་སྐྱེ་བ་མེད། །ཅེས་པ་ནི་ཨ་ཏི་ཡོ་གའི་ཐེག་པ་སྟེ། རྫོགས་པ་ཆེན་པོ་ཆོས་ཉིད་ཀྱི་སྣང་བར་འདོད། དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་དེ་འཇིགས་པ་མེད། །སྐྱེ་མེད་ཆོས་དེ་སྣ་ཚོགས་སྟོན། །ཐེག་པ་གཅིག་གི་འབྲས་བུར་གནས། །ཚིགས་སུ་བརྗོད་པ་སྤངས་པ་སྟེ། །དཔེར་བྱ་ཀུན་ལས་འདས་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །ཅེས་པས། ཐེག་པ་དགུའི་རྩེ་རྒྱལ་སྤྱི་ཕུད་སྤྱི་ཏི་ཡོ་ག་འདི་བསྟན་ཏོ། །རྒྱུད་དང་མི་འགལ་ཐེག་པ་བཞིན་དུ་གསུངས་སོ། །ད་ནི་བྱེ་བྲག་གི་དབྱེ་བ་འཆད་དེ། །སྤྱིར་གཉིས་ཏེ། ཕྱི་པ་མུ་སྟེགས་པ་དང་། ནང་པ་སངས་རྒྱས་པ་གཉིས་སོ། །ཕྱི་པ་མུ་སྟེགས་པ་ལ་ལྟ་ལོག་གསུམ་བརྒྱ་དྲུག་ཅུ། དེ་ལས་བསྡུས་པ་འཇིག་ཚོགས་ཀྱི་གནས་རིས་ཉི་ཤུ། དེ་ལས་བསྡུས་པ་སྡེ་ལྔ། དེ་ལས་བསྡུས་པ་རྟག་ཆད་གཉིས་སུ་ཤེས་པར་བྱའོ། །རྟག་པ་ལ་ལྟ་བའི་རི་བོ་བརྒྱ་དང་བཅུའོ། །རྒྱུར་ལྟ་བ་བཞི། ཆད་པ་ལ་མཐའ་ལ་རྟོག་པ་ཉི་ཤུ། སྤྱོད་པས་དག་པར་ལྟ་བའོ། །དེ་ལ་རྟག་པ་བ་ན་རེ། འབྱུང་བ་མི་རྟག །སེམས་རྟག་ཟེར་ཏེ། གཟུགས་ལ་བདག་ཡི། གཟུགས་ལ་བདག་གནས། སྟོན་པ་འོད་སྲུང་རྫོགས་བྱེད་ན་རེ། ལས་ནག་པོ་ཡང་མེད། ནག་པོའི་རྣམ་པར་སྨིན་པ་ཡང་མེད་ཟེར། བུ་མ་སྐད་རིངས་བྱ་བ་ན་རེ། སེམས་ཅན་ཐམས་ཅད་ཀྱི་ལུས་འདི་ཕྱོགས་ཆ་བདུན་དུ་གྲུབ་ཟེར་ཏེ། བདུ ན་གང་ཞེ་ན། ས་དང་ཆུ་དང་མེ་དང་རླུང་། སྡུག་བསྔལ་བ་དང་། བདེན་པ་འཚོ་བའི་སྲོག་གོ། །བེ་ར་ཏ་ན་རེ། སེམས་ཅན་ཐམས་ཅད་ལས་ཀྱི་དབང་གིས་ཡང་ནས་ཡང་དུ་འཁོར་བ་ཡིན་ཟེར། ཀ་ཏ་ན་རེ། ལྷོའི་སེམས་ཅན་ལ་སྦྱིན་པ་བཏང་བ་དང་། བྱང་གི་སེམས་ཅན་བསད་པ་མཉམ། སྡིག་དང་བསོད་ནམས་བྱ་བ་དྲངས་མེད་ཟེར། བྷ་ཝ ན་ཏུ་ན་རེ། དམྱལ་བ་བསད་ན་དམྱལ་བར་སྐྱེ། མི་བསད་ན་མི་རུ་སྐྱེ། དཔེར་ན་ས་བོན་གང་བཏབ་དང་འདྲ་ཟེར། སྟོན་པ་གཅེར་བུ་ན་རེ། སྦྱིན་པ་ཡང་མེད། དགེ་བ་ཡང་མེད། ད་ལྟ་ཡང་མེད། འདས་པ་ཡང་མེད། ལྷ་དབང་ཕྱུག་ཆེན་པོ་བྱ་བ་གཅིག་ཡོད་དེ། དེ་དགའ་ན་མཐོ་རིས་སུ་འདྲེན། དེ་མ་དགའ་ན་ངན་སོང་དུ་འགྲོ་ཟེར་རོ། །སེམས་བྱ་བ་གཅིག །སྙིང་གི་དཀྱིལ་ན་ཆེ་ན་སྲན་མ་ཙམ། ཆུང་ན་ཉུང་འབྲུ་ཙམ་གཅིག་ཡོད་ཟེར། དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ་གཅིག །ལུས་ཀྱི་ཚད་དང་སྦྱར་ནས་ཡོད་ཟེར། རྒྱུ་རུ་ལྟ་བ་བཞི་ནི། སེམས་ཅན་ཡང་སུས་ཀྱང་མ་བྱས། རང་བཞིན་གྱིས་བྱུང་། ང་བྱེད་པ་པོ་རྒྱུ་རུ་ལྟ་སྟེ། སྲན་མ་ཟླུམ་པོ་སུས་དྲིལ། ཚེར་མ་རྣོན་པོ་སུས་གཞོག །དབང་ཕྱུག་རྒྱུ་རུ་ལྟ་སྟེ། ལྷ་ལ་མཆོད་པ་ལེགས་ན་འདིས་འདྲེན། ཉེས་ན་འདིས་གསོད་ཟེར། འབྱུང་བ་ཁོ་རང་འོངས་པས། སུས་བསུས། དུས་ལ་བབ་ན་མི་ཁེག་ཟེར་ཏེ། རྟག་པའི་སྟོན་པ་ཤང་ཀ་དུང་འཛིན་གསུངས་སོ། །དེ་ལ་ཆད་པའི་སྟོན་པ་འབྲི་ཡ་བྲི་ཏི་ཞེས་བྱ་བ་ན་རེ། སེམས་ཅན་ཐམས་ཅད་གློ་བུར་བ་ཡིན་ཏེ། དང་པོ་སྐྱེ་བའི་ཚུལ་ནི། འབྱུང་བའི་འདུ་འཕྲོད་ལས་སྐྱེས། ཚེ་སྔ་མ་འདིར་སོང་བྱ་བ་ཡང་མེད། ཕྱི་མ་འདིར་འགྲོ་བྱ་བ་ཡང་མེད། འཆི་བའི་ཚེ་ན་ཡང་། ལུས་འབྱུང་བ་ལ་ཞ་སྟེ། རུས་པ་རྡོ་ལ་ཐིམ། ཁྲག་ཆུ་ལ་ཐིམ། དྲོད་མེ་ལ་ཐིམ། ཤ་ས་ལ་ཐིམ། དབུགས་རླུང་ལ་ཐིམ། སེམས་ནམ་མཁའ་ལ་ཐིམ། མེ་ཤི་ཐལ་བ་རླུང་ཁྱེར་འདྲ། སླར་འཚོ་བ་ནི་ག་ལ་སྲིད་ཟེར། ཚངས་པ་མཛེས་མས། མ་ཤི་བར་དུ་ཅི་བདེར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །འཇིག་རྟེན་འདི་ན་ཅི་དགའ་ཅི་བདེ་བ་ཆོས་ཡིན་ཟེར། ཆད་པ་ལ་དབྱེ་ན་གསུམ་སྟེ། ཚེ་སྔ་ཕྱི་ཆད་པར་འདོད་པ་ནི། སྐྱེ་བ་སྔ་མ་འདི་ནས་འོངས་བྱ་བ་ཡང་མེད། ད་ཕྱི་མ་འདི་རུ་འགྲོ་བྱ་བ་ཡང་མེད། རྐྱེན་གྱིས་གློ་བུར་དུ་བྱུང་ཟེར། མི་རྟག་པ་དང་། སྡུག་བསྔལ་དང་། ཁོ་རང་བྱུང་ཟེར། བྱུང་ན་སུ་ཡང་མི་ཁེག་ཟེར། དེས་ན་སྟོན་པའི་ཁྱད། ལྟ་སྒོམ་གྱི་ཁྱད། སྤྱོད་པའི་ཁྱད། རྟེན་ལྷའི་ཁྱད། མུ་སྟེགས་པ་རྟག་པར་ལྟ་བ་ལ། སངས་རྒྱས་པ་བདག་སྟོང་རིག་ཏུ་འདོད་པ་ཁྱད་ཆེ། ལུང་ལས། བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཅེས་པས་གསལ་ལོ། །སྤྱོད་པའི་ཁྱད་ནི། མུ་སྟེགས་དཀའ་ཐུབ་དོན་མེད་དུ་སྤྱོད། སངས་རྒྱས་པ་བྱམས་སྙིང་རྗེའི་སྒོ་ནས་འཇུག །རྒྱུ་བསོད་ནམས་ཀྱི་ཚོགས་གསོག །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཞེས་སོ། །རྟེན་ལྷ་ནི་མ་ཧཱ་དེ་བ་ལ་གསོལ། སངས་རྒྱས་པ་དཀོན་མཆོག་གསུམ་མཆོད་དེ། གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཞེས་པས་གསལ། སྟོན་པའི་ཁྱད་ནི། མུ་སྟེགས་ལོག་པའི་སྟོན་པ་དྲུག་སྟེ། རྒྱང་འཕེན་པ། ཕྱལ་བ་པ། བྱེ་བྲག་པ། གྲངས་ཅན་པ། སྤྱོད་པ་བ། རིགས་བྱེད་པའོ། །ནང་པ་སངས་རྒྱས་པ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྟེ། རྒྱུད་ལས། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །ཞེས་སོ། །ཕྱི་པ་མུ་སྟེགས་པ་དང་། ནང་པ་སངས་རྒྱས་པའི་ཁྱད་མདོ་ཙམ་བསྟན་པའོ། །ད་ནི་ནང་པའི་ཐེག་པ་རིམ་པ་དགུའི་བཅའ་གཞི་སྟོན་ཏེ། དེ་ཡང་ཉན་ཐོས་ལ་རྣམ་པ་གཉིས་ཏེ། མདོ་སྡེ་པ་དང་། བྱེ་བྲག་པའོ། །མདོ་སྡེ་པ་ནི། ཕྱིའི་ཡུལ་འདི་རྡུལ་ཕྲ་རབ་གོང་བུ་གཅིག་འདུས་པའི་བདག་ཉིད་དུ་འདོད་དེ། ནང་གི་སེམས་གང་ཟག་གི་བདག་མེད་པ་དང་། ཆོས་ཀྱི་བདག་ཡོད་པར་འདོད་དོ། །ཉན་ཐོས་བྱེ་བྲག་པའི་ལྟ་བ་ནི། ཕྱིའི་ཡུལ་རྡུལ་ཕྲ་རབ་རེག་ལ་མ་འབྱར་བ་བསྐོར་བ་དང་བཅས་པར་འདོད་དོ། །ནང་གི་སེམས་ནི་མདོ་སྡེ་པ་དང་མཐུན་ཅེས་སོ། །རང་སངས་རྒྱས་པ་ན་རེ། ཕྱིའི་ཡུལ་འདི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ། དང་པོ་ས་བོན་ལས་མྱུ་གུ། མྱུ་གུ་ལས་སྡོང་བུ། སྡོང་བུ་ལས་ཡལ་ག །ཡལ་ག་ལས་ལོ་འདབ། ལོ་འདབ་ལས་མེ་ཏོག །མེ་ཏོག་ལས་འབྲས་བུ། འབྲས་བུ་ལས་སྙིང་པོ་དང་རིང་པའོ། །ནང་གི་རྟེན་འབྲེལ་བཅུ་གཉིས་ནི། དང་པོ་རྒྱུ་མ་རིག་པ་ནས། འདུ་བྱེད་མིང་དང་གཟུགས། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། ཐ་མ་ངུ་འབོད་དང་། སྨྲེ་སྔགས་འདོན་པའོ། །ཕྱིའི་རྟེན་འབྲེལ་ལུགས་ནས་ཐོན་པ་དང་། ལུགས་ལས་ལྡོག་པ་ནི། ཕྱི་རྟེན་འབྲེལ་བཅུ་གཉིས་སུ་སྣང་ཡང་། ནང་གི་སེམས་ཉན་ཐོས་པ་ལྟར་གང་ཟག་གི་བདག་མེད་ལ། ཆོས་ཀྱི་བདག་དང་བྲལ་བའོ། །རྣམ་པ་རིག་བྱེད་དང་རིག་བྱེད་མ་ཡིན་པའི་ངོ་བོར་འདོད་པའོ། །ཅེས་སོ། །ཐེག་པ་ཆེན་པོ་སེམས་ཙམ་པ་ནི། རང་སངས་རྒྱས་པ་ལྟར་མིན་ཏེ། ཕྱི་ཡུལ་དུ་སྣང་བ་སེམས་ཀྱི་སྣང་བ་ཡིན་ཏེ། རྣམ་པར་ཤེས་པ་སྒོ་ང་གཤག་པ་ལྟར་འདོད་པའི་སེམས་ཙམ་དང་། རྣམ་རྫུན་ཤེས་པ་བདེན་པར་འདོད་པའི་སེམས་ཙམ་དང་། སྣང་བ་དཀར་དམར་གྱི་རྣམ་པར་སྣང་ཡང་བདེན་པ་ཤེས་པའི་ངོ་བོར་འདོད་པའི་སེམས་ཙམ་དང་། སྣ་ཚོགས་གཉིས་མེད་དུ་འདོད་པའི་སེམས་ཙམ་དང་། རྣམ་པའི་གྲངས་ཇི་སྙེད་ཡོད་པ་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་འདོད་པའི་སེམས་ཙམ་དང་། ཚོགས་བརྒྱད་དུ་སྨྲ་བའི་སེམས་ཙམ་དང་། ཚོགས་གཅིག་ཏུ་འདོད་པའི་སེམས་ཙམ་དང་བདུན་ནོ། །དེ་རྣམས་ཧྲིལ་གྱིས་དྲིལ་བས་རྣམ་བདེན་དང་རྣམ་རྫུན་ནོ། །རྣམ་པ་བདེན་པར་འདོད་པའི་སེམས་ཙམ་པ་ན་རེ། སྣང་བའི་རྣམ་པ་ནི་སེམས་ཀྱི་ངོ་བོར་བདེན་ལ། སེམས་ནི་རང་རིག་རང་གསལ་གྱི་ངོ་བོར་བདེན་པར་འདོད་དེ། རྣམ་པ་རྫུན་པར་འདོད་པ་ན་རེ། རྣམ་པ་རྫུན་ཤེས་པ་ནི་བདེན་ཏེ། སྣང་བ་མི་འགོག །རྟག་པ་འགོག་སྟེ། མདོ་སྡེ་རྒྱན་ལས། མི་རྣམས་ལ་ནི་ཕྱི་རོལ་སྣང་། །འཇིག་རྟེན་པ་ཡི་སེམས་ཙམ་མོ། །སེམས་ནི་ཡང་དག་དངོས་མ་ཡིན། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་སྐད་ཅིག་མ་སྔ་མ་སྔ་མ་ནི་རྒྱུ་ལ། ཕྱི་མ་ཕྱི་མ་ནི་འབྲས་བུར་འདོད་དོ། །ཐེག་པ་ཆེན་པོ་དབུ་མ་པ་ལ་བཞི་སྟེ། རྣལ་འབྱོར་སྤྱོད་པའི་དབུ་མ་དང་། མདོ་སྡེ་སྤྱོད་པའི་དབུ་མ་དང་། དབུ་མ་གཞུང་ཕྱི་མོ་དང་། སྤྱི་བསྡུས་ཞལ་ཆེ་བའོ། །དེ་ཚོ་ཡོད་ཚད་ཀྱང་མདོར་བསྡུ་ན་བདེན་པ་གཉིས་ཏེ་དོན་དམ་དང་ཀུན་རྫོབ་གཉིས་སོ། །ཀུན་རྫོབ་བདེན་པ་ལ་གཉིས་ཏེ། ལོག་པའི་ཀུན་རྫོབ་དང་། ཡང་དག་པའི་ཀུན་རྫོབ་བོ། །ལོག་པའི་ཀུན་རྫོབ་ནི། རི་བོང་གི་རྭའམ། མོ་གཤམ་གྱི་བུའམ། རུས་སྦལ་གྱི་སྤུའམ། ནམ་མཁའི་མེ་ཏོག་གམ། མུ་སྟེགས་ཀྱི་བདག་ལྟ་བུའོ། །ཡང་དག་པའི་ཀུན་རྫོབ་ནི། རྒྱུ་རྐྱེན་ལས་སྐྱེད་པ། རགས་པར་སྣང་བ། བརྟགས་ན་དབེན་པ། དོན་བྱེད་ནུས་པའོ། །དོན་དམ་པའི་བདེན་པ་ལ། རྣམ་གྲངས་ཀྱི་དོན་དམ་པའི་བདེན་པ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པའོ། །རྣམ་གྲངས་ཀྱི་དོན་དམ་པའི་བདེན་པ་ནི། སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་འདོད་པའོ། །རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་ནི། སྤྲོས་པའི་མཐའ་བརྒྱད་དང་ཡང་བྲལ་རང་ལ་ཡང་མི་གནས་ཏེ། དེ་ལས་འདས་སོ། །ད་ནི་གསང་སྔགས་ཀྱི་ཐེག་པ་ཀྲི་ཡའི་འདོད་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཡིན་པས། དོན་དམ་དུ་ཡང་རང་བཞིན་མེད་དེ། ཀུན་རྫོབ་ཏུ་ཡང་རང་བཞིན་མེད་པ་དེ་རྟོགས་པའི་བྱིན་རླབས་ལས། རིགས་གསུམ་ལྷར་སྣང་བའོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས། ཁྲུས་དང་གཙང་སྦྲ་གཙོར་བྱེད་པ། །དེ་ཕྱིར་ཀྲི་ཡ་ལས་ཀྱི་འབྲས། །ཞེས་བྱའོ། །ཨུ་པ་ཡོ་ག་ལ་ལྟ་སྤྱོད་གཞུང་ཚུགས་མེད་དེ། གོང་འོག་གི་རྗེས་སུ་འབྲང་བ་སྟེ། ལྟ་སྤྱོད་གོང་འོག་ལ་རག་ལས་པ་དང་། རང་གི་འབྲས་བུ་ཐོབ་པར་འདོད་པའོ། །དེ་ཡང་གཞུང་ལས། གཉིས་ཀའི་རྒྱུད་ཀྱིས་འདོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཅེས་སོ། །ཡོ་གའི་འདོད་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་ལ། ཀུན་རྫོབ་གཉིས་སུ་མེད་པའི་བྱིན་རླབས་ལས། རིགས་བཞིའམ། རིགས་ལྔའམ། དེ་ཉིད་དུ་སུམ་ཅུ་རྩ་བདུན་དུ་སྣང་ངོ་། །དེ་ཡང་རྡོ་རྗེ་རྩེ་མོ་ལས། སྡོམ་པ་ཚུལ་ཁྲིམས་བཤགས་སྦྱངས་དང་། ནང་གི་རྣལ་འབྱོར་གཙོར་བྱ་བ། །དེ་ཕྱིར་ཡོ་ག་ལས་ཀྱི་འབྲས། །ཞེས་བྱའོ། །ད་མ་ཧཱ་ཡོ་གའི་འདོད་པ་སྟོན་ཏེ། སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཡིན་ལ། སེམས་དེ་སྣང་བ་མི་འགགས་པ་ཐབས། དེ་རང་བཞིན་མེད་པ་ཤེས་རབ། ཐབས་སྣང་བ། ཤེས་རབ་སྟོང་པ། སྣང་བ་དང་སྟོང་པ་གཉིས་སུ་མེད་པའོ། །དེ་ཡང་སྒྱུ་འཕྲུལ་བརྒྱད་ཅུ་པ་ལས། སྣང་བ་མི་འགགས་ཐབས་ཡིན་ཏེ། །རང་བཞིན་མེད་པ་ཤེས་རབ་ཡིན། །གཉིས་མེད་ཟུང་དུ་འབྲེལ་བས་ན། །རྡོ་རྗེ་སེམས་དཔའ་དེ་ལ་གནས། །ཞེས་སོ། །ཨ་ནུ་ཡོ་གའི་འདོད་པ་ནི། ཡུལ་གང་སྣང་བ་སྣང་ལ་རང་བཞིན་མེད་པ་ནི་ཆོས་ཀྱི་དབྱིངས་ལ། ཤེས་པ་ཅི་སྐྱེས་པ་ནི་ཡེ་ཤེས་སོ། །ཡུལ་གང་སྣང་བ་དང་། ཤེས་པ་ཅི་སྐྱེས་པ་གཉིས་སུ་མེད་པའི་བདག་ཉིད་ལ། གཉིས་ཆོས་དང་བྲལ་བར་འདོད་པའོ། །དེ་ཡང་རྡོ་རྗེ་བཀོད་པ་ལས། ས་ཆུ་མེ་རླུང་སྣོད་བཅུད་ལས། །ཀུན་ཀྱང་རང་བཞིན་ཆོས་ཉིད་དེ། །ཆོས་ཉིད་དོན་ལས་གཞན་མེད་པས། །རང་བྱུང་ཡེ་ཤེས་གསལ་བ་ལ། །ཞེས་སོ། །ཨ་ཏི་ཡོ་གའི་འདོད་པ་ལ་ནི། ཡུལ་ཆོས་ཉིད་ཀྱི་སྣང་བ་རང་ཤར་ལ། སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོགས་ཐུགས་ཏེ། སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་འདོད། རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་འདོད། རྒྱུས་མ་སྐྱེད། རྐྱེན་གྱིས་མི་འཇིག་པར་འདོད། ཐེག་པ་དགུའི་ཆོས་ཐམས་ཅད་གསལ་བར་བཤད་དོ། །སྤྱིར་རྒྱུད་ལ་བསམ་གྱིས་མི་ཁྱབ་པ་སྟེ། སྐུའི་རྒྱུད་དང་། གསུང་གི་རྒྱུད་དང་། ཐུགས་ཀྱི་རྒྱུད་དང་། གསལ་བ་ཉི་ཟླ་ལྟ་བུའི་རྒྱུད། ཟབ་པ་རྒྱ་མཚོ་ལྟ་བུའི་རྒྱུད། དགོས་འདོད་འབྱུང་བ་རིན་པོ་ཆེ་ལྟ་བུའི་རྒྱུད་དེ། རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་སོ། །སྐྱེ་བ་མེད་པ་སྒྲ་འབྱུང་བ། །ཞེས་པས། སྒྲའི་རྒྱུད་དོ། །སྒྲ་དེའི་ཡི་གེ་གཞན་སྒྲ་སྟེ། ཨ་ནི་སྐྱེ་བ་མེད་པའི་སྒྲའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ནི། སྟོན་པ་ཕུན་སུམ་ཚོགས་པ། བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་ཀུན་ལ་བཤད་པར་འཚལ། །ཅེས་པས། འཁོར་ཕུན་སུམ་ཚོགས་པ་བསྟན། ཡང་དག་མཐའ་ལ་རྣམ་པར་གནས། །ཅེས་པས། གནས་ཕུན་སུམ་ཚོགས་པ་བསྟན། བཟང་ངན་ཤེས་ཤིང་དུས་ཤེས་པ། །ཞེས་པས། དུས་ཕུན་སུམ་ཚོགས་པ་བསྟན། རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །ཞེས་པས། བསྟན་པ་ཕུན་སུམ་ཚོགས་པ་བསྟན་ནོ། །ད་ནི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་འདི་ལ། དབུ་ཞབས་སུ་བསྡུས་པའི་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། ཀླད་ཀྱི་དོན། སྒྲ་སྐད་ཆམ་ལ་དབབ་ཅིང་། ལུས་རྣམ་པར་བཞག་ནས། ཕྱག་འཚལ་བསྟན་པ་དང་གཅིག །གཞུང་གི་དོན་རྒྱས་པར་བཤད་པ་དང་གཉིས། མཇུག་ཡོངས་སུ་བསྡུས་ཏེ་བསྟན་པ་དང་གསུམ་མོ། །ཀླད་ཀྱི་དོན་ལ་གསུམ་སྟེ། རྒྱ་སྐད་བོད་སྐད་མཚམས་སྦྱར་བ་དང་། ཕུན་སུམ་ཚོགས་པ་ལྔ་བསྟན་པ་དང་། མཚན་གྱི་དོན་བསྟན་པའོ། །གཞུང་གི་དོན་ལ་སྐབས་བཅུ་བཞིས་བསྟན་ཏེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །བྱ་བ་ནས་བརྩིས་ཏེ། ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པའི་བར་གྱིས་ཚིགས་བཅད་བཅུ་དྲུག་གིས་ནི་ཞུས་པའི་ལེའུ་བསྟན། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ནས། བཅོམ་ལྡན་འདས་ནི་ལེགས་ཞེས་གསོལ། །ཞེས་པའི་བར་གྱི་ཚིགས་བཅད་དྲུག་གིས་སླར་གསུངས་པའི་ལེའུ་བསྟན། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་པ་ནས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པའི་ཚིགས་བཅད་གཉིས་ཀྱིས་ནི། རིགས་དྲུག་ལ་གཟིགས་པ་དང་། གསང་སྔགས་ཀྱི་རྩ་བ་གསུངས་པའི་ལེའུ་བསྟན་ཏོ། །ཚིག་གིས་བདག་པོས་ཚིགས་སུ་བཅད། །ཅེས་པ་ནས། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ །ཞེས་པའི་བར་གྱི་ཚིགས་བཅད་གསུམ་གྱིས། སྒྱུ་འཕྲུལ་དྲྭ་བ་མངོན་པར་བྱང་ཆུབ་པའི་ལེའུ་བསྟན། སངས་རྒྱས་དང་སེམས་ཅན་གྱི་གཞི་བསྟན་ནོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་བར་གྱི་ཚིགས་བཅད་བཅུ་བཞིས། རྡོ་རྗེ་དབྱིངས་ཀྱི་སྒོ་ནས་བྱང་སེམས་ལག་ན་རྡོ་རྗེ་ལ་བསྟོད་པའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པའི་བར་གྱི་ཚིག་རྐང་གཅིག་མ་ཚང་པའི་ཚིག་བཅད་ཉི་ཤུ་རྩ་ལྔས། ཆོས་ཀྱི་དབྱིངས་ཀྱི་སྒོ་ནས་རྣམ་པ་སྣང་མཛད་ལ་བསྟོད་པའོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་གྱི་ཚིག་རྐང་གཅིག་ལྷག་པའི་ཚིགས་བཅད་བཅུས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ་ནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པའི་བར་གྱི་ཚིགས་བཅད་བཞི་བཅུ་རྩ་གཉིས་ཀྱིས། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག་ཅེས་པའི་བར་གྱི་ཚིག་བཅད་ཉི་ཤུ་རྩ་བཞིས་མཉམ་པ་ཉིད་ཀྱི་སྒོ་ནས་བསྟོད་པའོ། །འཁྲུལ་པ་ལོག་ནས་ཕྱིར་མི་ལྡོག་སྟེ། མཐར་ཕྱིན་ལུས་ཀྱི་མཐའ་རྟོགས། འཁྲུལ་པ་རྩད་ནས་ཆོད། སངས་རྒྱས་ཀུན་གྱི་རྟོགས་བྱ་བ། །ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་བར་གྱི་ཚིགས་བཅད་བཅོ་ལྔས། བྱ་བ་ནན་ཏན་གྱི་སྒོ་ནས་བསྟོད་པའོ། །ལྷའི་སྣང་བ་བརྟག་ཅིང་། བདུད་ཡོངས་སུ་བཏུལ་ལོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་ཚིགས་བཅད་ལྔས། རིགས་ལྔའི་སྒོ་ནས་ཡེ་ཤེས་ལྔ་ལ་བསྟོད་པའོ། །དེ་ལྟར་འབྲས་བུ་ཐོབ་པའི་གདིང་གིས་ཟིན་ཅིང་། ཐེག་པ་སྣ་ཚོགས་འདུས་པར་བསྟན་ནོ། །ལག་ན་རྡོ་རྗེ་འཆང་བ་ནས། ཆོས་ཀྱི་རྒྱལ་པོ་ཐོབ་བོ། །ཞེས་པས་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །ༀ་སརྦ་དྷརྨཱ། ཞེས་པ་ནས། དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཞེས་པའི་བར་གྱི་ཚིགས་བཅད་གཉིས་ཀྱིས། སྔགས་ཀྱི་སྒོ་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་ཏོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ནས། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་པའི་བར་གྱི་ཚིགས་བཅད་ལྔས་ནི་ཉེ་བར་བསྡུ་བའི་སྒོ་ནས་བསྟོད་པའོ། །ཚིགས་བཅད་བརྒྱ་དང་དྲུག་ཅུ་རྩ་གཉིས། ཡོན་ཏན་ལྔ་བཅུ་བཞུགས་སོ། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ལོ་རྒྱུས་དང་། ཐེག་པའི་དབྱེ་བ་ས་བཅད་ཉེ་བར་བསྡུས་པའི་སྒོ་ནས་བཤད་པ་རྫོགས་སོ། །གསང་རྒྱ། སྦས་རྒྱ། གཏེར་རྒྱའོ། །ཨཐྎ། དེ་ལ་བློ་རབ་འབྲིང་ཐ་མ་གསུམ་ལས། རབ་ཀྱིས་ཐོད་རྒལ་སྤྱི་ཏི་ཡོ་ག་འདི་བསྟན་ཏེ། འོ་ན་གཞན་ན་རེ། ཁྱོད་ཀྱི་སྤྱི་ཏི་བྱ་བ་འདི་ག་ན་ཡོད། རྒྱུད་དང་ཡང་འགལ། ཆོས་གཞན་དང་ཡང་མི་མཐུན་པ་ཡིན། བློས་བཏགས་སམ་རྫུན་ཡིན་ཟེར་ན། ང་ཡི་སྤྱི་ཏི་འདི་མིན་ན། །ཡང་ཏི་ནག་པོ་བྱ་བ་ཡང་ཡོད། །ཁྱོད་ཀྱི་ཆོས་ཀྱང་མིན། དེ་ཅིའི་ཕྱིར་ཞེ་ན། ཐེག་པ་སྣ་ཚོགས་སུ་གསུངས་པའི་ཕྱིར་ཡིན། ང་ཡི་ཡིན་ཁྱེད་ཀྱིས་མིན་ཟེར། ཐེག་པ་སྣ་ཚོགས་སུ་གསུངས་པ་ལ་ཁྱོད་ཀྱིས་ཡིན་ན་ངའི་ཡང་ཡིན། ཐེག་པ་སྣ་ཚོགས་ཀྱིས་ཁོངས་སུ་ངའི་ཡང་མ་ཤོང་ངམ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་ཡིན་ན། ཐེག་པ་དགུ་ཡི་ཁར། ཐེག་པ་གཅིག་པོ་འགལ་ལམ། ཡང་ན་སྤྱི་ཏི་ཡོ་ག་གཅིག་པོ་བཀོལ་ནས་མ་ཤོང་ངམ། ཐེག་པ་གཅིག་པོ་དེར་མ་འདུས་སམ། མི་བདེན་ནམ་བྱ། ཁོ་ན་རེ། ལུང་དྲོངས་དང་ཟེར། རྒྱུད་འདི་ཉིད་ནས་ཀྱང་། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །མི་ཟེར་རམ། ཁྱེད་ཀྱི་ཐེག་པ་དགུ་པོ་བས་ཀྱང་ངའི་འདི་ཟབ་སྟེ། ཁྱོད་ཀྱི་ཐེག་པའི་དགོངས་པ་ཡང་དག་པ། ངའི་སྤྱི་ཏིའི་ནང་ན་ཡོད་དོ། །དེར་ཁོ་ན་རེ། ཡིན་པར་ཅི་ཡིས་ཤེས་ཟེར་ན། འདི་གས་ཤེས་བྱས་ལ་གོང་གི་ཐེག་པ་བརྗོད་དོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་བྱ་བ་འདི། གསང་སྔགས་གསར་མར་བཤད་ན། བཅུ་དྲུག་ནི་ཤེས་རབ་མ། ལོ་བཅུ་དྲུག་ལོན་པ། གསུང་གི་རིག་མ། ཕྱེད་ཕྱེད་ནི་ཡབ་ཡུམ་གཉིས་ཀྱི་རྡོ་རྗེ་དང་པདྨའོ། །ཐིག་ལེ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །ཐིག་ཞེས་པ་ཐབས་དང་ཤེས་རབ་བསྲུབ་པ་ལས། རྡོ་རྗེ་ནི་ནང་གིས་བུ་གའམ། ཁོང་རྡོ་རྗེ་རྩེ་མོ་ནས། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ། ཡུམ་གྱིས་པདྨར་བབ་སྟེ། ཐིག་ལེ་དེ་ཡུམ་གྱི་པདྨའི་ནང་དུ་ལྡན་པས་ན་ཅན་ཞེས་བྱའོ། །སྐྱེ་མེད། སྒྲུབ་མེད། རིག་མེད་ལ་གསུམ་སྟེ། བཙལ་ན་གང་གི་ངོ་བོར་ཡང་མ་སྒྲུབ་པའི་ཕྱིར་ཡང་། སྐྱེ་བ་མེད་པ་དང་། མི་ལ་སྒྲུབས་པའི་གཏན་ཚིགས་མེད་པའི་ཕྱིར་ཡང་སྐྱེ་བ་མེད་པ་དང་། ཡང་དག་པ་ལ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་སྐྱེ་བ་མེད་པའོ། །འགགས་མེད་སྣང་མཉམ་པའི་རིག་པ་བཞི་སྟེ། ཤེས་པ་ཐ་དད་མེད་པའི་ཕྱིར། སྣང་བ་ལ་ཐ་དད་མེད་དོ། །དོན་དམ་པའི་བདེན་པ་ལ། ཐ་དད་མེད་པའི་ཕྱིར། སྣང་བ་ལ་ཐ་དད་མེད་དོ། །བསམ་ན་སྣང་དུ་རླུང་བའི་ཕྱིར། །སྣང་བ་ལ་ཐ་དད་མེད་དོ། །བརྒྱུད་པའི་སངས་རྒྱས་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོད་པའི་ཕྱིར། སྣང་བ་ལ་ཐ་དད་མེད་པའི་ཡིན་ནོ། །རྫོགས་པ་ཆེན་པོ་བསྒོམ་དུ་ཡོད་པ་དང་། བསྒོམ་དུ་མེད་པ་ཞེས་བྱ་བའི་གོ་བ་ནི་འདི་ཡིན་ཏེ། བསྒོམ་དུ་ཡོད་ཅེས་བྱ་བ་ནི། མཚན་མ་དང་དབྱིབས་སུ་བཅས་ཏེ། དངོས་པོ་དང་ཁ་དོག་ལ་བསྒོམ་པ་ནི་མ་ཡིན་གྱི། རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས། སྐྱེ་འགགས་མེད་པའི་དོན་རྟོགས་པ་དེ་ལ། བསྒོམ་དུ་རྡུལ་ཙམ་ཡང་མེད་ཀྱང་། ཡེང་དུ་སྐད་ཅིག་ཙམ་མེད་དེ། དེ་ལ་བརྟན་པ་ཐོབ་དགོས་པས་ན། བསྒོམ་དུ་ཡོད་ཅེས་བྱའོ། །དེ་ལ་མི་བསྒོམ་པ་བཞག་མེད་ཀྱིས་དོན་ཞེས། དེ་ལ། ཀུན་བྱེད་ལས། སེམས་ཉིད་གོམས་པར་བྱ་བ་ལས། །འདྲེས་པར་བྱ་བ་རབ་ཏུ་གཅེས། །བསྒོམ་དུ་མེད་ཅེས་བྱ་བའི་གོ་བ་ནི། ལྟ་བ་རྟོགས་པས་ཆོ་ག་སྟེ། བསྒོམ་མི་དགོས་བསྒོམ་པ་ཐམས་ཅད་རྣམ་རྟོག་གི་ཀློང་དུ་འཆོར་བས་ཀྱང་བསྒོམ་མི་དགོས། མཚན་མ་འཁྲུལ་པ་ཡིན་པའི་ཕྱིར་བསྒོམ་དུ་མེད། གང་སྣང་ཡང་འཛིན་པ་ཡིན་པའི་ཕྱིར་བསྒོམ་དུ་མེད། མཉམ་པ་ལ་བཞག་རྒྱུ་བྱུང་ན་རྟོག་པ་ཡིན་པའི་ཕྱིར་ཡང་བསྒོམ་དུ་མེད་དོ། །དཔེར་ན་ཞང་བློན་ངོ་ཤེས་པ་ལྟ་བུའོ། །རྟོགས་པ་དང་གྲོལ་ཤར་དུས་གཅིག་སྟེ། རང་བྱུང་ཡེ་ཤེས་མ་བཙལ་བར། །མཐའ་གཉིས་ཆོས་སྐུར་གསལ་བའི་ཕྱིར། །འབྲས་བུ་རྟོགས་ཐོབ་དུས་གཅིག་པའོ། །བསྒོམ་ཡོད་བསྒོམ་མེད་ཀྱི་རྣམ་པར་བཞག་པའོ། །དམ་བཅའ་དཀྲོལ་བའི་གཏན་ཚིགས་བཞི་ནི། བཀའ་ལུང་ལ་སྣང་བ། གཏན་ཚིགས་ཀྱིས་རྒྱས་པ། རིགས་པས་འཐད་པ། དོན་དང་མི་འགལ་བའོ། །རང་བཞིན་སྐྱེ་བ་མེད་པའི་ཆོས་ཐམས་ཅད་སྟོང་མཉ མ་དུ་གཏན་ལ་དབབ། བློ་ངོ་བོ་ཉིད་དུ་གྲོལ་བས། བློ་ཉིད་ལས་སྐྱེས། བློ་ཉིད་ལས་འགགས། བློ་ཉིད་གཉིས་མེད་རང་སར་རང་གྲོལ་བར་གཏན་ལ་དབབ། མཚན་ཉིད་གཉིས་མེད་ཀྱིས། སྣང་སྟོང་ཚིག་ལ་སྔ་ཕྱི་བྱུང་བ་དོན་དུ་གཅིག་སྟེ། སྣང་སྟོང་གཉིས་སུ་མེད་པ་གཏན་ལ་དབབ་བོ། །ཨེ་ཝཾ། མནྟྲ། བྷ་ཝནྟུ། བཀྲ་ཤིས་གསལ་སྟོང་འཛིན་མེད་འཆར་བར་ཤོག། །།ཨ་ར་པཱ་ཙ་ན་དྷཱི། །

འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ།

མ ཉྫུ ཤྲཱི མཱ ཡཱཾ ཛཱ ལ ན བྲྀ ཏྟི ནཱ མ ཨ རྠ པྲ ས ཀ ཀཱ ར ཎ དཱི བ ནཱ མ བི ཧ ར ཏི སྨ། །
འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། ནཱ་མ་སཾ་གཱི་ཏི་བྲྀཏྟི་ནཱ་མ་ཨཪྠ་པྲ་ས་ཀ་ཀཱ་ར་ཎ་དཱི་པ་ནཱ་མ། བོད་སྐད་དུ། མཚན་ཡང་དག་པའི་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་ལ་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བའི། །འཇམ་པའི་དཔལ་ལ་ཕྱག་འཚལ་ཏེ། །སྐལ་ལྡན་རྣལ་འབྱོར་གང་ཞིག་གིས། །རྗེ་བཙུན་མཚན་བརྗོད་རྟོགས་བྱའི་ཕྱིར། །བཤད་པའི་རྒྱུད་དང་གདམས་ངག་ལ། །བརྟེན་ཏེ་འབད་པས་བཤད་པར་བྱ། །བཤད་ཚུལ་ལྔ་ཡི་སྒོ་ཕྱེ་ལ། །ཇི་སྙེད་རིགས་རྣམས་དྲུག་བསྡུས་ཏེ། །ཕན་ཡོན་བཅས་པ་བཤད་པ་ཡིན། །དེ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཇི་ལྟར་ཡིན་པ་རྟོགས་པར་འདོད་པའི་རྣལ་འབྱོར་པ་དབང་པོ་རབ་འབྲིང་གསུམ་དུ་འགྱུར་ཏེ། རབ་ལ་བཀའ་རྒྱུད་མདོའི་བདག་ཉིད་ཅན་འདིའི་མཚན་བཤད་པར་བྱ། འབྲིང་ལ་གཞུང་དབུ་ཞབས་ཀྱི་དབྱེ་བ་བསྟན་པར་བྱ། ཐ་མ་ལ་ཡི་གེ་འབྲུ་རེ་རེ་ནས་བསྟན་པར་བྱའོ། །དེ་ལ་དྲིས་ལན་གྱི་ཚུལ་དུ་བཤད་པ་དང་། མཐའ་སྡུད་གསུམ་གྱི་ཚུལ་དུ་བཤད་པ་ནི་དོན་གནས་སྐབས་སུ་སྦྱར་བར་བྱའོ། །དེ་ལ་དབང་པོ་རབ་མགོ་སྨོས་པས་གོ་བ་རྣམས་ཀྱི་དོན་དུ་རྒྱུད་ཀྱི་མཚན་ཉིད་བསྟན་པ་ནི། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་འདིས་བསྟན་ཏེ། དེ་ལ་འཕགས་པ་ནི་གཉིས་ཏེ། བརྗོད་བྱ་དོན་གྱི་སྒོ་ནས་འཕགས་པ་དང་། རྗོད་བྱེད་ཚིག་གི་སྒོ་ནས་འཕགས་པའོ། །དེ་ཡང་། ཇི་ལྟར་བསྣམས་ན་རབ་དགུ་ལ། །མྱངས་ན་ཞིམ་པའི་སྨན་བཞིན་དུ། །ཆོས་ཀྱང་དེ་བཞིན་གཉིས་སུ་གནས། །དོན་དང་ཡི་གེར་ཤེས་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་བརྗོད་བྱ་དོན་གྱི་སྒོ་ནས་འཕགས་པ་ནི། རྗེ་བཙུན་ཉིད་ལ་འཁོར་བའི་མཐའ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ལས་འཕགས་ཏེ། མཐའ་གཉིས་ལ་ཞེན་པའི་སྒྲིབ་པ་མེད་པ་ཡིན་ཏེ། འདི་ཉིད་ལས། སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་འབྱུང་ངོ་། །རྗོད་བྱེད་ཚིག་གི་སྒོ་ནས་འཕགས་པ་ནི་ཐབས་ཀྱི་ཐེག་པ་འདི་ཉིད་ཡིན་ཏེ། ཐབས་མང་བ་དང་། ཐབས་མཁས་པ་དང་། ཐབས་སླ་བ་དང་། ཐབས་མྱུར་བ་དང་བཞིས་འཕགས་ཏེ། དེ་ཡང་། དོན་གཅིག་ན་ཡང་བྱེ་བྲག་ནི། །ཐབས་མང་བ་དང་མཁས་པ་དང་། །དེ་བཞིན་སླ་དང་མྱུར་བ་ཡིས། །སྔགས་ཀྱི་བསྟན་པ་ཁྱད་པར་འཕགས། །ཞེས་འབྱུང་ངོ་། །དེ་ལ་ཐབས་མང་བ་ནི་གདུལ་བྱ་རྣམས་ཀྱི་བློ་ལ་ཇི་ལྟར་མོས་པ་ལས་མ་ཟློག་པར་གྲོལ་བའི་ཐབས་མཐའ་ཡས་པར་སྟོན་པའོ། །དེ་ཡང་། ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ཞེས་སོ། །ཉོན་མོངས་མ་སྤངས་ཀྱང་གྲོལ་བའི་ཐབས་ཤེས་པས་ཐབས་མཁས་པའོ། །དེ་ཡང་། མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་པའོ། །སྒོ་གསུམ་དཀའ་ཐུབ་ཀྱིས་མ་གཟིར་བར་འདོད་པའི་ལོངས་སྤྱོད་ལ་གནས་བཞིན་དུ་གྲོལ་བའི་ཐབས་སྟོན་པས་ཐབས་སླ་བའོ། །དེ་ཡང་། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །ཞེས་སོ། །ཐབས་ཀྱི་ཐེག་པའི་རིགས་ཅན་གྱིས་ཐམས་ཅད་གཉིས་མེད་དུ་རྟོགས་པས། ཚེ་འདི་ཉིད་ལ་བྱང་ཆུབ་འགྲུབ་པས་ཐབས་མྱུར་བའོ། །དེ་ལ་འཇམ་དཔལ་ནི་དབྱེ་ན་རྣམ་པ་ལྔ་སྟེ། རང་བཞིན་རྒྱུའི་འཇམ་དཔལ་དང་། སྒོམ་པ་ལམ་གྱི་འཇམ་དཔལ་དང་། མཐར་ཐུག་འབྲས་བུའི་འཇམ་དཔལ་དང་། གདུལ་བྱ་ལས་དག་པ་ལ་སྣང་བའི་འཇམ་དཔལ་དང་། རྣམ་པའི་བདག་ཉིད་དུ་སྣང་བའི་འཇམ་དཔལ་ལོ། །དེ་ལ་རང་བཞིན་རྒྱུའི་འཇམ་དཔལ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཆོས་ཉིད་དེ་བཞིན་ཉིད་ཀྱིས་ཁྱབ་པ་སྟེ། འདི་ཉིད་ལས། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིག་ཟག་མེད་ས་བོན་བྲལ། །ཞེས་འབྱུང་ངོ་། །དེ་ལ་མཚན་མའི་རྣམ་པར་རྟོག་པའི་ཟུག་རྔུ་བྲལ་བ་དང་། རྟོགས་ན་ཀུན་གྱི་དཔལ་དུ་གྱུར་པས་དེ་སྐད་ཅེས་བྱའོ། །སྒོམ་པ་ལམ་གྱི་འཇམ་དཔལ་ནི་བསྐྱེད་རིམ་དང་རྫོགས་རིམ་ལ་སོགས་ཏེ། ལམ་གྱི་ཆོས་སུ་གྱུར་པ་རྣམས་ཡིན་ཏེ། འདི་ཉིད་ལས། ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ཞེས་འབྱུང་ངོ་། །དེ་ཉིད་ཀྱི་གནས་སྐབས་ནས་རྟོག་པའི་ཟུག་རྔུ་རྣམས་ནི་སྤངས་ལ། ཤས་གཅིག་ནི་སྤོང་བ་ལ་ཞུགས་པས་འཇམ་ལ། དེ་ལས་བདག་དང་གཞན་གྱི་དོན་འབྱུང་བས་དཔལ་ལོ། །མཐར་ཐུག་འབྲས་བུའི་འཇམ་དཔལ་ནི་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ལ་བྱ་སྟེ། འདི་ཉིད་ལས། མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་འབྱུང་ངོ་། །དེ་ལ་སྐུ་གསུམ་ནི་ཐུན་མོང་གི་དབང་དུ་བྱས་ན། ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་སྤྲིན་ལྟ་བུ་འབྱུང་བ་དེར་ལས་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཆར་ལྟ་བུ ས་འགྲོ་བའི་དོན་མཛད་པའོ། །ཁྱད་པར་གྱི་དབང་དུ་བྱས་ན། རིག་པ་རང་བཞིན་གྱིས་འོད་གསལ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། རིག་པ་སྣ་ཚོགས་སུ་འཆར་བ་སྤྲུལ་པའི་སྐུ། ཇི་ལྟར་སྣང་ཡང་དོན་སྐྱེ་མེད་ལས་མ་འདས་པ་ཆོས་ཀྱི་སྐུའོ། །དེ་ལ་ཡེ་ཤེས་ལྔ་ནི་ཆོས་ཉིད་སྐྱེ་འགག་མེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེ་ཉིད་གསལ་ལ་རྟོག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེ་གཉིས་སུ་དབྱེར་མེད་ཅིང་བླང་དོར་མེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་གསལ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས། བདག་དང་གཞན་གྱི་དོན་རྩོལ་བ་མེད་པར་གྲུབ་པས་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཡང་འདི་ཉིད་ལས། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་འབྱུང་ངོ་། །གདུལ་བྱ་ལས་དག་པ་ལ་སྣང་བའི་འཇམ་དཔལ་ནི་རྣལ་འབྱོར་པའི་ཏིང་ངེ་འཛིན་གོམས་པའི་མཐུས་ལྷའི་སྐུའི་ཞལ་མཐོང་བའོ། །རྣམ་པའི་བདག་ཉིད་དུ་སྣང་བའི་འཇམ་དཔལ་ནི་སྐུའི་གཟུགས་བརྙན་དུ་གྱུར་པ་རས་བལ་ལ་རི་མོ་བྲིས་པ་དང་། ཟངས་ལྕགས་ལ་འབུར་དུ་བཏོད་པ་དེ་རྣམས་སོ། །གྱི་ཞེས་པ་ནི་འབྲེལ་བའི་ཡི་གེ་སྟེ། ཇི་སྐད་དུ་སྨོས་པའི་ཡོན་ཏན་རྣམས་དང་། ཡོན་ཏན་ཅན་རྗེ་བཙུན་འཇམ་དཔལ་དུ་འབྲེལ་བར་སྟོན་ཏེ། བརྒྱ་བྱིན་གྱི་བ་ཁྲ་མོ་ཞེས་བྱ་བ་ལྟ་བུའོ། །མཚན་ཡང་དག་པར་བརྗོད་པ་ཞེས་པ། མཚན་ནི་འོག་ནས་འབྱུང་བའི་ཡོན་ཏན་གྱི་ཆོས་རྣམས་ཡིན་ལ། ཡོན་ཏན་དེ་དག་དང་རྗེ་བཙུན་ཉིད་དང་ལྡན་ལ། ལྡན་པ་ཁོ་ན་ལྟར་བརྗོད་པའོ། །ཚུལ་ཇི་ལྟར་བརྗོད་ན་གཉིས་ཏེ། ཟབ་པ་དོན་གྱི་སྒོ་ནས་བརྗོད་པ་དང་། རྒྱ་ཆེ་བ་ཚིག་གི་སྒོ་ནས་བརྗོད་པའོ། །དོན་གྱི་སྒོ་ནས་བརྗོད་པ་ནི་དོན་གཉིས་སུ་མེད་པའི་ཡེ་ཤེས་སུ་གསལ་བའོ། །ཚིག་གི་སྒོ་ནས་བརྗོད་པ་ལ་གསུམ་སྟེ། མཚན་ཉིད་གཉིས་སུ་མེད་པའི་ཚུལ་དུ་བརྗོད་པ་དང་། གསང་སྔགས་ཀྱི་ཚུལ་དུ་བརྗོད་པ་དང་། ཡོན་ཏན་གྱི་ཚུལ་དུ་བརྗོད་པའོ། །དེ་ལ་མཚན་ཉིད་གཉིས་སུ་མེད་པའི་ཚུལ་དུ་བརྗོད་པ་ནི་རང་གི་སེམས་ཀྱི་མཚན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སུ་ངོ་ཤེས་པར་བྱས་ལ་མཚན་བརྗོད་པར་བྱ་སྟེ། བརྗོད་པའི་སྒྲ་དེ་དག་བྱུང་ཡང་སྐྱེ་འགག་མེད་པའི་ངང་ལས་བྱུང་ལ། ཐིམ་ཡང་དེ་ཉིད་དུ་ཐིམ་སྟེ། མདོར་ན་ཆོས་ཀྱི་རང་སྒྲར་ཤེས་པར་བྱའོ། །འདི་ཉིད་ལས། གཉིས་མེད་གཉིས་སུ་མེད་པར་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་འབྱུང་ངོ་། །མཚན་སྔགས་ཀྱི་ཚུལ་དུ་བརྗོད་པ་ནི་བདག་ཉིད་རྗེ་བཙུན་འཇམ་དཔལ་དུ་བསྒོམས་ཏེ་མཚན་བརྗོད་པས་ཐུགས་ཀའི་མུཾ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད་པ་དང་། སེམས་ཅན་གྱི་དོན་བྱས་སླར་རང་གི་ཐུགས་ཀར་ཐིམ། ཡང་སྔ་མ་ལྟར་སྤྲོ་ཞིང་བསྡུས་ཏེ། མཚན་ཀླག་པ་མ་ཐོན་གྱི་བར་དུ་ཅི་རིགས་སུ་བྱ་བའོ། །དེ་ཡང་འདི་ཉིད་ལས། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་འབྱུང་ངོ་། །མཚན་ཡོན་ཏན་གྱི་ཚུལ་དུ་བརྗོད་པ་ནི་རྗེ་བཙུན་འཇམ་དཔལ་ཉིད་ལ་འཁོར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་དཔག་ཏུ་མེད་པས་བསྐོར་བ། མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ་མཚན་བརྗོད་པར་བྱ་སྟེ། འདི་ཡང་ཁྱོད་ཀྱི་ཡོན་ཏན་ཡིན་ཞེས་དམིགས་པའོ། །དེ་ཡང་འདི་ཉིད་ལས། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ཞེས་འབྱུང་ངོ་། །དེ་དག་ཀྱང་བསྡུ་ན་དོན་ཟབ་པ་དང་། ཚིག་རྒྱ་ཆེ་བ་གཉིས་ཏེ། འདི་ཉིད་ལས། ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཞེས་འབྱུང་ངོ་། །ད་ནི་བར་ཆད་ཉེ་བར་ཞི་བར་བྱ་བའི་ཕྱིར་ཕྱག་འཚལ་བ་བསྟན་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་སྨོས་ཏེ། ཕྱག་ན་རྡོ་རྗེས་ཤཱཀྱ་ཐུབ་པ་ལ་ཞུས་ནས། གླེགས་བམ་དུ་སྡུད་པའི་དུས་སུ། ཀླད་དུ་ཡི་དམ་ལྷ་ལ་ཕྱག་འཚལ་བ་ཡིན་ཏེ། འོ་ན་ཕྱག་ན་རྡོ་རྗེ་ལ་ཡང་བར་ཆད་འབྱུང་ངམ་ཞེ་ན། མ་ཡིན་ཏེ། རྗེས་འཇུག་གི་དོན་དུ་དགོངས་པའོ། །དེ་ལ་ཡང་འཇམ་དཔལ་ནི་གོང་དུ་བཤད་ཟིན་ཏོ། །སྐུ་དུས་གསུམ་དུ་བགྲེས་རྒུད་མི་མངའ་བས་གཞོན་ནུ་སྟེ། རྟག་ཏུ་ད་ལྟར་འབྱུང་བ་ལྟ་བུའི་ཚུལ་དུ་བཞུགས་པའོ། །ལ་ནི་དགར་བའི་ཡི་གེ་སྟེ་འཇམ་དཔལ་ཉིད་ལའོ། །ཕྱག་འཚལ་ལོ་ཞེས་པ། ཟབ་པ་དོན་རྟོགས་པའི་ཕྱག་དང་། རྒྱ་ཆེ་ལུས་ངག་ཡིད་གསུམ་གུས་པའི་ཚུས་གྱིས་ཕྱག་བཙལ་བའོ། །དེ་ལ་དབང་པོ་འབྲིང་གི་དོན་དུ་དབུ་ཞབས་ཀྱི་དབྱེ་བ་བསྟན་པ་ནི། བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ལེའུ་བཅུ་བཞིར་སྟོན་པ་ལས་དང་པོར་ཞུས་པའི་ལེའུ་བསྟན་པའི་ཕྱིར། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་མཚམས་སྦྱོར་བའི་ཚིག་ཡིན་ཏེ། གོང་དུ་རྩ་བའི་རྒྱུད་ལེའུ་ཁྲི་དྲུག་སྟོང་པ་བཤད་པའི་རྗེས་སུ་མཚན་ཡང་དག་པར་བརྗོད་པ་མན་ངག་གི་སྙིང་པོ་གླུར་བླངས་པའི་ལེའུ་འདི་ཞུས་ཞེས་པའོ། །དཔལ་ནི་རྟོགས་པ་བདག་གི་དཔལ། ཐུགས་རྗེ་གཞན་གྱི་དཔལ་གཉིས་དང་། ཕྱག་ན་རྡོ་རྗེ་ཉིད་ལ་ལྡན་པའོ། །རྡོ་རྗེ་འཆང་བ་ནི། ནང་ན་ཟབ་པ་དོན་གྱི་རྡོ་རྗེ་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པར་འཆང་བའོ། །དེ་ཡང་། མི་ཕྱེད་རྡོ་རྗེ་ཞེས་བརྗོད་དེ། །སེམས་དཔའ་སྲིད་གསུམ་གཅིག་པུའོ། །ཞེས་འབྱུང་ངོ་། །དོན་དེ་ལྟ་བུ་དང་ལྡན་པའི་རྟགས་སུ་རྒྱ་ཆེ་བ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། །དེས་མཛད་པའི་ཕྲིན་ལས་ཅི་མཛད་ཅེ་ན། གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་སྨོས་ཏེ། ཚངས་པ་དང་ཁྱབ་འཇུག་ལ་སོགས་ཏེ། གདུལ་དཀའ་བ་རྣམས་འདུལ་བ་ལ། སངས་རྒྱས་ཐམས་ཅད་འདུས་ནས་རི་རབ་ཀྱི་རྩེ་མོར་ཕྱག་ན་རྡོ་རྗེ་ལ་དབང་བསྐུར་བས་མཆོག་ཅེས་བྱའོ། །རང་འཇིགས་པ་དང་བྲལ་ཞིང་གཞན་གྱི་དཔུང་འཇོམས་པས་དཔའ་ལ། ས་འོག་གི་བདག་པོ་མ་ཧཱ་དེ་བ་དང་། ས་སྟེང་གི་བདག་པོ་ཁྱབ་འཇུག །ས་བླའི་བདག་པོ་ཚངས་པ་དང་གསུམ་ནི་ཕྱི་རོལ་པའི་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་ཡིན་ལ། དེ་གསུམ་བཏུལ་བས་འཇིག་རྟེན་གསུམ་ལས་རྒྱལ་བའོ། །དེ་ཡང་ནང་དུ་ཉོན་མོངས་པ་གསུམ་བཏུལ་བའི་རྟགས་སོ། །དེའི་རིགས་དང་རྟགས་གང་ཞེ་ན། རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །ཞེས་སྨོས་ཏེ། རྡོ་རྗེའི་རིགས་ཡིན་པ་དང་། གསང་སྔགས་ཀྱི་སྡུད་པ་པོ་རྡོ་རྗེ་ཐེག་པའི་མངའ་བདག་ཏུ་གྱུར་པས་ཀྱང་རྡོ་རྗེ་དབང་ཕྱུག་གོ། །གསང་བའི་དམ་ཚིག་དང་ལྡན་ཞིང་། ནང་གི་ཉོན་མོངས་པ་དང་ཕྱིའི་གདུག་པ་ཅན་རྣམས་ལས་རྒྱལ་བས་རྒྱལ་ཞེས་བྱའོ། །དེའི་ཞལ་རས་ཅི་འདྲ་ཞེ་ན། པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་པའི་ཞལ་མངའ་བ། །ཞེས་སྨོས་ཏེ། པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པ་དང་འདྲ་བར། ཕྱག་ན་རྡོ་རྗེ་ཉིད་ཤིན་ཏུ་ཁྲོ་ཁྲོ་འདྲ་ཡང་ནང་ན་ཉོན་མོངས་པ་མེད་པས་དཀར་བའོ། །སྤྱན་ཀུན་ཏུ་ཟླུམ་པས་རྒྱས་འདྲའི་སྤྱན་ནོ། །དེའི་ཕྱག་མཚན་ཅི་འདྲ་ཞེ་ན། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་སྨོས་ཏེ། ལག་གི་རྡོ་རྗེ་དེ་དོན་གྱི་རྟགས་སུ་བྱུང་བས་མཆོག་གོ། །ཡང་དང་ཡང་དུ་གསོར་བྱེད་པ་ནི། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཡང་ནས་ཡང་དུ་སྐོར་ཅིག་པར་ཞུ་བ་འབུལ་བའི་བརྡ་ཡང་ཡིན། ཐུགས་རྗེ་རྒྱུན་མི་ཆད་པས་འགྲོ་བ་འདྲེན་པའི་བརྡ་ཡང་ཡིན། གདུག་པ་ཅན་རྒྱུན་མི་ཆད་པར་འདུལ་བའི་བརྡ་ཡང་ཡིན། ནང་ན་ཡེ་ཤེས་རྒྱུན་མི་ཆད་པར་མངའ་བའི་བརྡ་ཡང་ཡིན། དེ་ཡི་གྲོགས་གང་དང་ལྷན་ཅིག་ཏུ་ཞུས་ཤེ་ན། འཁོར་ལག་ན་རྡོ་རྗེ་ཁྲོ་ཚོགས་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཞུས་པའི་ཕྱིར། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །ཞེས་སྨོས་ཏེ། ཁྲོ་གཉེར་ནི་མཆེ་བ་གཙིགས་པ་དང་། སྤྱན་བཟློག་པ་དང་། སྨིན་མ་བསྡུས་པ་དང་། འབྲི་གུ་ཏ་གྱེན་དུ་འགྲེང་བ་ལ་སོགས་པའོ། །ཁྲོ་ཚོགས་དེ་དག་ལ་ཡང་ཡོད་ཏན་དང་མཐུ་མཐའ་ཡས་པ་དག་དང་ལྡན་པའོ། །དེ་དག་གིས་ཕྲིན་ལས་ཅི་མཛད་ཅེ་ན། དཔའ་བོ་གདུལ་དཀའ་འདུལ་བ་པོ། །ཞེས་སྨོས་ཏེ། གོང་དུ་བཤད་པ་དང་འདྲའོ། །ཅིའི་ཕྱིར་གདུལ་དཀའ་ཞེ་ན། དྲག་པོ་བཙན་ཐབས་ཀྱིས་འདུལ་དགོས་པའི་ཕྱིར་རོ། །དེའི་ཉམས་ཅི་འདྲ་ཞེ་ན། འཇིགས་སུ་རུང་དང་དཔའ་བྱད་ཅན། །ཞེས་སྨོས་ཏེ། ཁྲོ་བོའི་ཆ་བྱད་དང་ལྡན་པའོ། །དེ་དག་གི་ཕྱག་མཚན་ཅི་ཞེ་ན། རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །ཞེས་སྨོས་ཏེ། རྡོ་རྗེའི་རྩེ་མོ་ལས་རྡོ་རྗེ་ཕྲ་མོ་བྱུང་ནས་གདུག་པ་ཅན་འདུལ་བའོ། །དེ་དག་ཀྱང་གཙོ་བོའི་རྗེས་མཐུན་དུ་སྤྱོད་པའོ། །དེ་དག་གི་བསམ་པའི་ཁྱད་པར་ཅི་ཞེ་ན། སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །ཅེས་པ་ལ་སོགས་པ་སྨོས་ཏེ། འགྲོ་བ་རྣམས་ལ་རྙིང་རྗེ་ཆེན་པོ་དང་ལྡན་པ་ནི་རྒྱ་ཆེ་བའོ། །ཤེས་རབ་ཀྱི་ཆོས་རྣམས་པར་འབྱོར་པ་ནི་ཟབ་པའོ། །ཐབས་དེ་ལྟ་བུས་གཞན་མཆོག་གོ། །ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུས་ཤེ་ན། །དགའ་མགུ་རངས་པའི་བསམ་པ་ཅན། །ཞེས་པ་འགྲོ་བའི་དོན་བྱེད་པ་ལ་དགའ། སྟོན་པ་མཐོང་བ་ན་མགུ། ཆོས་བཤད་པས་རྗེས་སུ་ཡི་རང་བའི་བསམ་པ་ཡོད་པའོ། །གཟུགས་ཅི་དང་ལྡན་པས་སངས་རྒྱས་ཀྱི་ཕྲིན་ལས་བྱེད་ཅེ་ན། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་ཕྱིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །ཞེས་སྨོས་ཏེ། རྒྱན་དང་རང་བཞིན་ཁྲོ་བོར་གནས་ཤིང་མཛད་པ་བཅུ་གཉིས་སམ་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་ལ། ཁྲོ་བོ་དེ་རྣམས་ཀྱིས་ཀྱང་བག་མེད་དུམ་ཡིན་ཏེ། ཤིན་ཏུ་གུས་པའི་ཚུལ་གྱིས་ལུས་བཏུད་ནས་ཞུས་པའོ། །ཚུལ་ལམ་ཐབས་ཇི་ལྟར་ཞུས་ཤེ་ན། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བར་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་སྨོས་ཏེ། དེ་བཞིན་ཉིད་དུ་གཤིག་པ་དང་། འགྲོ་བའི་དོན་ལ་གཤེགས་ཤིང་བདུད་བཞི་བཅོམ། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པ། མ་རིག་པའི་སྒྲིབ་པ་སངས་ཤིང་ཡེ་ཤེས་རྒྱས་པ་སྟེ། དེ་ཡང་། མ་རིག་གཉིད་ནི་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨོ་ལྟར་སངས་རྒྱས། །ཞེས་པ་ལྟ་བུའོ། །དེ་དག་གིས་ཐལ་མོ་སྦྱར་བའི་བར་དུ་རྡོ་རྗེ་བཅུག་ནས། མདུན་དུ་ཙོག་ཙོག་པར་འདུག་ནས་ཞུས་པའོ། །དགོས་ཆེད་ཅིའི་དོན་དུ་ཞུས་ཤེ་ན། ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་སྨོས་ཏེ། བརྟན་གཡོ་ཀུན་ལ་ཁྱབ་པས་ན་ཁྱབ་བདག་ཅེས་སྟོན་པ་ལ་བོས་ནས། འཁོར་བདག་ཅག་རྣམས་ལ་སྨན་པ་དང་། བདག་ལ་ཐུགས་བརྩེ་བར་མཛད་པས་ཐབས་དང་ཤེས་རབ་ཁྱད་པར་ཅན་ཟུང་དུ་འབྲེལ་བས་སྒྱུ་འཕྲུལ་དྲྭ་བ་སྟེ། དེའི་སྒོ་ནས་མངོན་པར་རྫོགས་པར་བྱང་ཆུབ་བདག་གིས་ཐོབ་པར་མཛོད་ཅིག་ཅེས་པ་སྟེ། རང་དོན་གཞན་དོན་དང་འབྲེལ་བའོ། །འོ་ན་བདག་གི་དོན་ཞུས་པ་དེ་ཡིན་ན། གཞན་གྱི་དོན་དུ་ཞུས་པ་གང་ཡིན་ཞེ་ན། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་སྨོས་ཏེ། ཞེ་སྡང་ལ་སོགས་པ་ཉོན་མོངས་པས་བྱང་ཆུབ་སེམས་ཆུ་རྙོགས་པ་ལྟ་བུར་དཀྲུགས་ཤིང་། དེ་ཁོ་ན་ཉིད་མི་ཤེས་ཏེ། གླང་པོ་ཆེ་འདམ་དུ་ཆུད་པ་ལྟར་སྡུག་བསྔལ་གྱི་རྒྱ་མཚོར་ཆུད་པའི་སེམས་ཅན་ཀུན་ལ། དེ་ལས་བཟློག་ནས་ཚེ་འདིར་སྨན་པར་བྱ་བ་དང་། ཚེ་ཕྱི་མ་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཡང་བཤད་དུ་གསོལ་ཞེས་བྱའོ། །སྟོན་པ་གང་ལ་ཞུས་ཤེ་ན། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །ཞེས་པ་སྨོས་ཏེ། རང་དང་གཞན་གྱི་དོན་ཐམས་ཅད་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཞེས་པའོ། །དེས་འགྲོ་བ་རྣམས་ལ་ཆོས་སྟོན་པ་མཛད་པའོ། །སྟོན་པ་དེས་དོན་མི་མཁྱེན་པ་མི་སྲིད་དམ་ཞེ་ན། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །ཞེས་སྨོས་ཏེ། དོན་རྟོགས་པ་ལས་མི་འདའ་བས་དམ་ཚིག་ཆེན་པོ་སྟེ། དེ་ཉིད་ཇི་ལྟ་བ་མཁྱེན་པའོ། །དེས་གདུལ་བྱའི་དབང་པོ་དང་བསམ་པ་མཁྱེན་ནམ་ཞེ་ན། དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་སྨོས་ཏེ། དབང་པོའི་བྱེ་བྲག་གང་ལ་གང་མོས་མཁྱེན་པའོ། །འོ་ན་ཆོས་གང་ཞུ་ཞེ་ན། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོའི་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །ཅེས་སྨོས་ཏེ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་ནི། མེ་ལོང་ལྟར་ཐམས་ཅད་གསལ་ཞིང་འཆར་བས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གཙུག་ཏོར་ཆེན་པོ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ཀུན་གྱི་སྤྱི་བོའི་གཙུག་ཏུ་བཀུར་བའི་འོས་ཡིན་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཚིག་གི་བདག་པོ་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་མཁྱེན་པའི་སྒོ་ནས་ཆོས་ཀྱི་ཚིག་གསུངས་པ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་སོ། །ཡེ་ཤེས་སྐུ་ནི་འགྲོ་བའི་བྱ་བ་གྲུབ་པའི་བྱེད་པའི་སྐུ་སྟེ། དེ་ཡང་ཡེ་ཤེས་ལས་གྲུབ་པའི་སྐུ་ཡིན་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །རང་བྱུང་བ་ནི་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི། རྩ་བ་བྱང་ཆུབ་ཀྱི་སེམས་ཏེ། ཡེ་ཤེས་ཆེན་པོས་མཉམ་པ་ཉིད་ལ་སེམས་ཤིང་ཐུགས་རྗེས་འགྲོ་བའི་དོན་ལ་སེམས་པའོ། །དེའི་རྟགས་གཟུགས་སྐུར་བྱུང་བ་ལ་ཡང་དེ་སྐད་ཅེས་བྱའོ། །ཚིག་དང་དོན་གྱི་སྒོ་ནས་དེའི་མིང་ཡང་དག་པར་བརྗོད་པ་ནི་གཞན་བས་དོན་ཆེ་བས་ན་མཆོག་གོ། །མདོར་ན་ཡེ་ཤེས་ལྔ་བྱང་ཆུབ་སེམས་དང་དྲུག་རོ་གཅིག་པའི་ཆོས་གཅིག་ཞུས་པའོ། །འོ་ན་མིང་ལས་དོན་མ་ཞུས་སམ་ཞེ་ན། དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །ཞེས་སྨོས་ཏེ། ཅིའི་ཕྱིར་ན་དོན་ཟབ་ཅེ་ན། དོན་ཆེན་པོ་གསང་སྔགས་ཀྱི་དོན་ཆོས་ཉིད་མཉམ་པ་ཉིད་ཡིན་པས་ཀྱང་ཟབ། ཆོས་གང་དང་ཡང་མཚུངས་པ་མེད་པས་ཀྱང་ཟབ། སྤྲོས་པས་མཚན་མ་རབ་ཏུ་ཞི་བས་ཀྱང་ཟབ། དགེ་བ་གསུམ་གྱི་རྒྱུ་དང་ལྡན་པས་ཀྱང་ཟབ། དུས་གསུམ་གྱི་སངས་རྒྱས་ཀྱིས་གསུངས་པས་ཀྱང་ཟབ། རྡོ་རྗེ་ཐེག་པའི་གླུ་ཡིས་པས་ཀྱང་ཟབ། དེ་ལྟར་བརྗོད་བྱ་ཟབ་པས་རྗོད་བྱེད་ཀྱང་ཟབ་བོ། །རྒྱ་ཆེ་བ་ནི་རྣམ་སྤྲུལ་སྣ་ཚོགས་སུ་སྣང་བའོ། །གང་དང་ཡང་མི་མཉམ་པས་མཚུངས་པ་མེད་པའོ། །སྤྲོས་པའི་མཐའ་ཐམས་ཅད་རབ་ཏུ་ཞི་བ། ཐོག་མར་དགེ་བ་ཐོས་པའི་ཤེས་རབ། བར་དུ་དགེ་བ་བསམ་པའི་ཤེས་རབ། ཐ་མར་དགེ་བ་བསྒོམ་པའི་ཤེས་རབ་བོ། །ཅིའི་ཕྱིར་དགེ་ཞེ་ན། ཉོན་མོངས་པ་རྩད་ནས་འབྱིན་པས་དགེ་བའོ། །དེ་སུས་གསུངས་ཤེ་ན། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །ཞེས་སྨོས་ཏེ། རྒྱལ་བ་ཤཱཀྱ་ཐུབ་པས་རི་བྱ་རྐང་ཅན་དུ་ཕྱག་ན་རྡོ་རྗེ་ལ་འདི་གསུངས་པའི་དུས་སུ། དེའི་བྱིན་གྱི་རླབས་ཀྱིས་བྱང་ཕྱོགས་ཀྱི་འཇིག་རྟེན་ཁམས་པདྨོ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་པདྨོ་མཆོག་ཅེས་བྱ་བས་ཀྱང་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལས་འདི་གསུངས་སོ། །དེ་བཞིན་དུ་ཕྱོགས་ལྔ་པོར་ཡང་གསུངས་སོ། །ཆོས་ཉིད་ཀྱི་མཁའ་རྣམ་པར་དག་པ་ནས་ཀྱང་སངས་རྒྱས་རྡོ་རྗེ་འཆང་གིས་འཁོར་གྱི་དེ་བཞིན་གཤེགས་པ་ལ་འདི་གསུངས་སོ། །དཔལ་རྣམ་པར་སྣང་མཛད་ཀྱིས་ཀྱང་འོག་མིན་དུ་འཁོར་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་གསུངས་སོ། །རི་རབ་ཀྱི་རྩེར་སྤྲུལ་སྐུ་འཁོར་ལོས་སྒྱུར་བ་ལྟ་བུས་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་འདི་གསུངས་སོ། །དགའ་ལྡན་གྱི་གནས་སུ་ཡང་ལྷ་རྣམས་ལ་རྒྱལ་བ་བྱམས་པས་འདི་གསུངས་སོ། །དེར་ཡང་མ་ཟད་དེ་རྡེའུ་དང་ཤིང་བུ་དང་ནམ་མཁའ་ལ་སོགས་པ་ལ་ཡང་འདིའི་སྒྲ་གྲགས་པ་འབྱུང་ངོ་། །དེ་ཡང་། སེམས་དཔའ་མཆོག་གི་བསྟན་པ་ནི། །དབང་འབྱོར་བ་དང་རྟོགས་པ་དང་། ཁ་དང་གཟུགས་ནི་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་གྲགས་པར་འགྱུར། །ཞེས་བྱ་བ་འབྱུང་ངོ་། །དེ་ཉིད་རྩ་བའི་རྒྱུད་ཁྲི་དྲུག་སྟོང་པར་ཡང་ལན་གཅིག་བཤད། ཕྱིས་དགའ་བ་སྤྱོད་པ་འདིར་ཡང་ལན་གཅིག་བཤད་དེ། ཤཱཀྱ་ཐུབ་པས་ལན་གཉིས་བཤད་པའོ། །སྒྱ་འཕྲུལ་དྲྭ་བ་གླུར་བླངས་པའི་དོན་གང་ཡིན་ན། རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་དགའ་བཞིན་དུ། །གླུར་བླངས་གང་ལགས་བཤད་དུ་བཤད་དུ་གསོལ། །ཞེས་པ་རྩ་བའི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པར་རྡོ་རྗེ་འཆང་གིས་ཀྱང་དོན་དཔག་ཏུ་མེད་པ་རྡོ་རྗེའི་གླུ་གསུངས་ནས་འཁོར་རྣམས་དགའ་བ་སྐྱེད་པ་དེ་བཞིན་དུ། བདག་ཅག་ལ་ཡང་བཤད་དུ་གསོལ་ཞེས་པའོ། །ཞུས་པའི་དོན་དེ་གཟུང་བར་ཁས་བླངས་པ་ནི། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་བའི་བར་དུ་འདི། །བདག་གི་བསམ་ལ་བརྟན་པོས་གཟུང་། །ཞེས་སྨོས་ཏེ། སངས་རྒྱས་ཀྱིས་གསུངས་པའི་གསང་སྔགས་རྣམས་འཛིན་པར་གྱུར་པའི་ཕྱིར་ངེས་པར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདག་གི་བསམ་པ་ལ་ཐེ་ཚོམ་མེད་ཅིང་བརྗོད་པ་མེད་པ་གཟུང་ངོ་ཞེས་ཁས་བླངས་པའོ། །གཞན་དོན་དུ་བཤད་པར་ཁས་བླངས་པ་ནི། ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་སྨོས་ཏེ། བཟུང་ནས་ཅི་བྱེད་ན། སེམས་ཅན་གྱི་ཉོན་མོངས་པ་མ་ལུས་བསལ་བ་དང་། དེའི་རྒྱུ་མི་ཤེས་པ་དང་མ་རིག་པ་སྤང་བའི་ཕྱིར་བཤད་དོ། །དེ་ཡང་བསམ་པ་ཇི་ལྟར་མོས་པའི་ཁྱད་པར་ཤེས་པར་བྱས་ནས་བཤད་ཀྱི་ཐུན་མོང་དུ་མ་ཡིན་ནོ། །ལུས་ངག་ཡིད་གསུམ་གུས་པའི་ཚུལ་གྱིས་ཞུས་པ་ནི། གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པ་ནི་ཕྱག་ན་རྡོ་རྗེའི་ཤཱཀྱ་ཐུབ་པ་ལ་ཐལ་མོ་སྦྱར། ལུས་གུས་པའི་ཚུལ་གྱིས་བཏུད། གདན་པདྨ་ལས་འཕགས་ནས་གསོལ་བ་བཏབ་པའོ། །ད་ནི་ལན་གསུངས་པའི་ལེའུ་བསྟན་པའི་ཕྱིར། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཅེས་པ་ལ་སོགས་པ་སྨོས་ཏེ། སྡུད་པ་པོས་སྟོན་པ་ཞུས་མ་ཐག་པའི་རྗེས་དེ་ནས་ཞེས་བྱ་བར་མཚམས་སྦྱར་རོ། །ཕུང་པོ་དང་། ཉོན་མོངས་པ་དང་། ལྷའི་བུ་དང་། འཆི་བདག་གི་བདུད་དང་བཞི་བཅོམ་ལ། དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་དང་ལྡན་ལ། རྒྱལ་པོ་ཤཱཀྱའི་རིགས་སུ་སྐྱེས་པས་ཀྱང་ཤཱཀྱ། ལུས་ངག་ཡིད་གསུམ་མི་དགེ་བའི་ལས་ལ་བསྲུང་མི་དགོས་པར་རང་བཞིན་གྱིས་ཐུབ་པས་ཐུབ་པ་ཞེས་བྱའོ། །བདག་དང་གཞན་གྱི་དོན་ཐམས་ཅད་རྫོགས་ཤིང་། སྒྲིབ་པ་ཐམས་ཅད་སངས་ཤིང་ཡེ་ཤེས་རྒྱས་པའོ། །མི་དང་ལྷ་རྐང་གཉིས་སུ་གནས་པའི་གཙོ་བོར་གྱུར་བས་མཆོག་གོ། །ཡང་ན་སྐུ་མཆོག་ཏུ་གྱུར་པས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་། གསུང་མཆོག་ཏུ་གྱུར་པས་ཚངས་པའི་དབྱངས་ལྟ་བུ། ཐུགས་མཆོག་ཏུ་གྱུར་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཡོན་ཏན་མཆོག་ཏུ་གྱུར་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ཟད་པ་མེད་པ་དང་། ཕྲིན་ལས་མཆོག་ཏུ་གྱུར་པས་འགྲོ་དོན་ལ་ཐོགས་པ་མེད་པ་དང་། དེ་ལྟར་མཆོག་རྣམ་པ་ལྔ་དང་ལྡན་པའོ། །དེས་ཚུལ་ཇི་ལྟར་བཤད་ཅེ་ན། ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ། །ཞེས་པ་ལ་སོགས་པ་སྨོས་ཏེ། ཤཱཀྱ་ཐུབ་པ་དེ་ཉིད་ཀྱི་ལྗགས་དེ་ནི་དམ་པའི་ཆོས་འབྱུང་བའི་གནས་ཡིན་པས་བཟང་བ་དང་། ལྗགས་ཀྱིས་མི་དགེ་བའི་ཆོས་མི་གསུང་བས་བཟང་བའོ། །དེའི་མཚན་ཉིད་ནི་རིང་ཞིང་ཞལ་གྱི་ནང་དུ་ཡངས་པའི་ལྗགས་བརྐྱང་བའོ། །དེ་ལས་ཅི་མཛད་ཅེ་ན། འཇིག་རྟེ་གསུམ་པོ་སྣང་མཛད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་མཛད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཞེས་སྨོས་ཏེ། སྤྱིར་དེ་བཞིན་གཤེགས་པ་ལ་རང་བཞིན་གྱི་འོད་ཀྱང་ཡོད་དེ། དེ་ཡང་ལྷ་རྣམས་ང་རྒྱལ་བསྐྱུངས་པའི་ཕྱིར་འོད་ཀྱིས་མོག་མོག་པོར་བྱས་པ་ལྟ་བུ་དང་། དེ་བས་ཀྱང་ཁྱད་པར་དུ་ལྗགས་ཀྱི་རྩེ་མོ་ལས་འོད་འཕྲོས་ཏེ། དང་པོར་རི་བྱ་རྐང་ཅན་གསལ་བར་བྱས། དེ་ནས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་གསལ་བར་བྱས། འོད་ཟེར་གྱིས་བདུད་རྣམ་པ་བཞི་ཡང་བཏུལ། འོད་ཟེར་ལས་ཁྲོ་ཚོགས་སྤྲོས་ཏེ། ཁྱད་པར་དུ་རྒྱུད་བཤད་པ་ལ་བར་དུ་གཅོད་པའི་ལྷའི་བུའི་བདུད་བཏུལ། འོད་ཟེར་སེམས་ཅན་ལ་ཕོག་པས་ལོང་བས་གཟུགས་མཐོང་། འོན་པས་སྒྲ་ཐོས། ལྐུགས་པས་སྨྲ་ཤེས། དྲན་པ་ཉམས་པ་རྣམས་དྲན་པ་གསལ་ནས། ཞ་གྲུམ་གྱིས་འགྲོ་ཤེས། ངན་སོང་གསུམ་ལ་ཕོག་པས་སྡུག་བསྔལ་དང་བྲལ། ཉོན་མོངས་པ་རྣམས་སྦྱངས། དེ་ནས་འཁོར་རྣམས་ལ་འཛུམ་པ་མཛད་པ་དང་། ལྗགས་བརྐྱང་བ་དང་། ལྗགས་ལས་འོད་ཟེར་བཀྱེ་བ་ནི་ཆོས་འབྱུང་བའི་སྔ་ལྟས་གསུམ་ཡིན་ཏེ། མེ་འབྱུང་བའི་སྔ་ལྟས་སུ་དུ་བ་ལྟ་བའོ། །གསུང་གང་གིས་གསུངས་ཤེ་ན། ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་སྨོས་ཏེ། དཔེར་ན་ཚངས་པ་གསུང་སྒྲོགས་ཀྱི་གསུང་ནི་སྙན་པ་དང་། ཆེ་བ་དང་། ཕྲ་བ་དང་། གསལ་བ་དང་། ཁུགས་འབྱིན་པ་དང་། རྒྱུན་རིང་བ་དང་། སྟེང་ཆགས་པ་དང་། མེར་ཆགས་པ་དང་། ཟག་པ་མེད་པའི་བདེ་བ་རྒྱུད་ལ་སྐྱེ་བ་དང་། ཤིན་ཏུ་ཐག་རིང་ཡང་རུང་། དྲུང་ན་འདུག་པ་ལྟར་ཐོས་པ་ལ་སོགས་པ་གསུང་གི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའོ། །འདིར་ཡང་དེ་དང་འདྲའོ། །འཇིག་རྟེན་གསུམ་དུ་གསུངས་ཀྱང་སེམས་ཅན་རྣམས་སྐད་རིགས་མི་མཐུན་པས་གོའམ་ཞེ་ན། ལས་འཕྲོ་ཅན་གྱིས་གོ་བར་འགྱུར་རོ། །འཁོར་གང་ལ་གསུངས་ཤེ་ན། ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །ཞེས་སྨོས་ཏེ། ཕྱག་ན་རྡོ་རྗེ་ནི་སངས་རྒྱས་སྟོང་རྩ་གཅིག་གི་ཐ་ཆུང་ཡིན་པས། སངས་རྒྱས་ཐམས་ཅད་འདུས་པས་དབང་བསྐུར་བ་ཡིན་ཏེ། དེ་ཡང་། ང་ནི་ཁྲོ་བོ་གོས་སྔོན་ཅན། །སངས་རྒྱས་ཐམས་ཅད་འ དུས་པའི་སྐུ། །ཞེས་པ་ལྟ་བུའོ། །གསང་མཚན་དུ་ཡང་། ལག་ན་རྡོ་རྗེ་སྟོབས་པོ་ཆེ། །ཞེས་བཏགས་སོ། །འོ་ན་འདི་བྱིན་གྱིས་བརླབས་པའི་བཀའ་ཡིན་ནམ་སྙམ་པ་ལ་མ་ཡིན་ཏེ། དངོས་སུ་གསུངས་པའི་བཀའ་ཡིན་པས། གསང་དབང་ལ་ནི་སླར་གསུངས་པ། །ཞེས་པ་སྟེ། གསང་བའི་དབང་ཐོབ་པས་ཀྱང་གསང་དབང་། སྐུ་གསུང་ཐུགས་ཀྱི་གསང་བ་ལ་དབང་བསྐུར་བས་ཀྱང་གསང་དབང་། གསང་སྔགས་ཀྱི་སྡུད་པ་པོ་ཡིན་པས་ཀྱང་གསང་དབང་། སྔགས་ཀྱི་ཐེག་པ་ལ་མངའ་མཛད་པའི་ཕྱིར་གསང་དབང་ངོ་། །སྟོན་པས་གོང་དུ་གླུར་བླངས་པ་དེ་ཕྱག་ན་རྡོ་རྗེ་ལ་ཡང་སླར་གསུངས་པའོ། །དགོས་པ་ཅིའི་དོན་དུ་གསུངས་ཤེ་ན། སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཅེས་པ་ལ་སོགས་པ་སྨོས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་འགྲོ་བ་ལ་འདི་དང་ཕྱི་མར་ཕན་པའི་དོན་དུ་ཁྱོད་ང་ལ་འདྲི་བ་ལ་འདི་བཤད་དོ་ཞེས་པའོ། །གང་གི་མཚན་ནས་བརྗོད་ན་དོན་ཆེ་ཞེ་ན། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པས་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ཞེས་སྨོས་ཏེ། ཡེ་ཤེས་དྲུག་རོ་གཅིག་པའི་ལུས་ཅན་འཇམ་དཔལ་ཉིད་ཀྱི་མིང་ནས་བརྗོད་ན་དོན་ཆེ་བའོ། །ཅིའི་ཕྱིར་དོན་ཆེ་ཞེ་ན། བཀླགས་པ་ཙམ་གྱིས་རང་གི་རྒྱུད་ལ་ཡོད་པའི་སྒྲིབ་པ་ཐམས་ཅད་དག་པར་བྱེད་ཅིང་འཕྲལ་གྱི་སྡིག་པ་ཐམས་ཅད་སེལ་བར་བྱེད་པས་དོན་ཆེ་བའོ། །འཁོར་ལ་ཉོན་ཅིག་པར་བསྐུལ་བའི་ཕྱིར། ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་སྨོས་ཏེ། ཤཱཀྱ་ཐུབ་པ་ང་ལ་ཁྱོད་ཉན་པ་ནི་ལེགས་སོ། །ཅིའི་ཕྱིར་ལེགས་ཤེ་ན། འཇམ་དཔལ་གྱི་དོན་དྲི་བའི་ཕྱིར་རོ། །གསང་བའི་བདག་པོ་ཞེས་སྡུད་པ་པོ་ལ་བོས་ནས། མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པར་བྱེད་པ་དེའི་ཕྱིར། ཁྱོད་ལ་མཚན་ཡང་དག་པར་བརྗོད་པ་རིགས་དྲུག་གི་བདག་ཉིད་ཅན་ལེགས་པར་བསྟན་པར་བྱ་ཡིས། ཁྱོད་རྩེ་གཅིག་པའི་ཡིད་ཀྱི་ཉོན་ཅིག་ཅེས་བསྐུལ་བའོ། །འོ་ན་ཕྱག་ན་རྡོ་རྗེ་ཡང་བསྐུལ་དགོས་སམ་ཞེ་ན། དེ་དགོས་པ་མ་ཡིན་ཏེ། ཕྱག་ན་རྡོ་རྗེས་མཚོན་ནས་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ལ་སྣོད་ཀྱིས་མ་ཟིན་པ་དང་། བརྗེད་པ་དང་། འདྲེས་པ་དང་གསུམ་སྤོངས་ལ་ཉོན་ཅིག་པར་གདམས་པའོ། །དེ་ལྟར་གསུངས་པས་འཁོར་རྗེས་སུ་ཡི་རང་བ་ནི། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་སྨོས་པ་ཡིན་ཏེ། བཅོམ་ལྡན་འདས་བདག་ཅག་ལ་འཇམ་དཔལ་གྱི་ཆོས་གནང་བ་དེ་ནི་ལེགས་སོ་ཞེས་པའི་དོན་ཏོ། །ད་ནི་རིགས་ལ་གཟིགས་པའི་ལེའུ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ལ་སོགས་པ་སྨོས་ཏེ། ཉན་པར་ངེས་མ་ཐག་པ་དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་སྦྱར་རོ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་པ་འདིས་ནི་རིགས་བསྡུས་པ་ལ་གཟིགས་པ་བསྟན་ཏེ། གསང་སྔགས་འདི་མནྟྲ་ཞེས་པའི་སྒྲས་སྐྱོབ་པ་ལ་འཇུག་སྟེ། མདོར་ན་ཐབས་དང་ཤེས་རབ་ཁྱད་པར་ཅན་ལ་བྱའོ། །རིགས་ལས་བྱུང་བས་ན་རིགས་སོ། །རིགས་འཛིན་པས་ན་རིགས་སོ། །རིགས་ཐམས་ཅད་ཀྱི་བདག་པོར་གྱུར་ཅིང་། རིགས་ཐམས་ཅད་འདུས་པས་ན་རིགས་ཆེན་ནོ། །བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་ཐེག་པ་རྣམ་པ་རྣམས་བསྐྱེད་པའི་གནས་སུ་གྱུར་པས་ཀྱང་དེ་སྐད་ཅེས་བྱའོ། །འདིའི་དགོས་པ་ནི་ཉོན་མོངས་པ་ལྔ་ཆ་མཉམ་དུ་འདུལ་བའི་གཉེན་པོ་སྟེ། མདོར་བསྟན་གྱི་ཚུལ་ལོ། །གསང་སྔགས་རིགས་སྔགས་འཆང་བའི་རིགས། །ཞེས་པ་འདིས་ནི་ལས་ཀྱི་རིགས་ལ་གཟིགས་པ་བསྟན་ཏེ། གསང་སྔགས་ནི་ཕོ་སྟེ་ཐབས་སོ། །རིག་སྔགས་ནི་མོ་སྟེ་ཤེས་རབ་བོ། །བྱེད་ལས་ནི་གསང་སྔགས་ཀྱིས་ནི་ལོག་པར་རྟོགས་པ་སེལ་ལོ། །རིག་སྔགས་ཀྱིས་ནི་མ་རིག་པ་སེལ་ལོ། །དེ་ཡང་། འདའ་བར་བྱ་བ་མ་ཡིན་ལ། །དབྱེ་བར་དཀའ་བ་གསང་བ་ཉིད། །གསང་སྟེ་བསྒྲུབ་ཕྱིར་སྔགས་པ་ནི། །གསང་སྔགས་ཞེས་བྱའི་ངེས་པར་བརྗོད། །ཅེས་པ་དང་། ངག་གི་རིགས་མཆོག་བསྒྲུབ་པ་དང་། །དངོས་གྲུབ་འདོད་པ་ཡོད་པ་སྟེ། །དེ་ཕྱིར་རིག་སྔགས་ཞེས་བྱའོ། །ཞེས་གསུངས་པ་ལྟ་བུའོ། །འཆང་བ་ནི་འཛིན་པའོ། །འདིའི་དགོས་པ་ནི་གདུལ་བྱ་ཕྲག་དོག་དང་ལེ་ལོ་ཤས་ཆེ་བ་རྣམས་འདུལ་བའོ། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་པ་འདིས་ནི་དེ་བཞིན་གཤེགས་པའི་རིགས་ལ་གཟིགས་པ་བསྟན་ཏེ། རིགས་གསུམ་ནི་སྐུ་གསུང་ཐུགས་སོ། །རིགས་དེ་གསུམ་རྣམ་སྣང་ལ་འདུས་པས་དེ་སྐད་ཅེས་བྱའོ། །འདིའི་དགོས་པ་ནི་གཏི་མུག་ཤས་ཆེ་བ་རྣམས་འདུལ་བར་བྱེད་པའོ། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །ཞེས་པ་འདིས་ནི་པདྨའི་རིགས་ལ་གཟིགས་པ་བསྟན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་མཁྱེན་ཏེ། དེ་ཡང་གཉིས་སུ་སྣང་ལ་གཉིས་སུ་མ་ཞེན་པའི་ཚུལ་དུ་མཁྱེན་ནོ། །དེས་ན་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་གཉིས་ཀའི་རིགས་སོ། །འདིའི་དགོས་པ་ནི་འདོད་ཆགས་ཤས་ཆེ་བ་རྣམས་འདུལ་བར་བྱེད་དོ། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཞེས་པ་འདིས་ནི་རྡོ་རྗེའི་རིགས་ལ་གཟིགས་པ་བསྟན་ཏེ། འཇིག་རྟེན་གྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མེ་ལོང་གི་གཟུགས་བརྙན་ལྟར་རྟོགས་པས་འཇིག་རྟེན་སྣང་བར་བྱེད་དོ། །ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་གྱུར་པས་རིགས་ཆེན་ནོ། །འདིའི་དགོས་པ་ནི་ཞེ་སྡང་ཤས་ཆེ་བ་རྣམས་འདུལ་བར་བྱེད་དོ། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །ཞེས་པ་འདིས་ནི་རྩ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རིགས་བསྟན་ཏེ། ཕྱག་རྒྱ་ལ་སྤྱིར་དུ་མ་ཡོད་ཀྱང་འདིར་རྒྱས་འདེགས་པའི་ཕྱིར་ཕྱག་རྒྱ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པས་རྒྱས་འདེབས་པའི་མཆོག་གོ། །འདིའི་དགོས་པ་ནི་སྤྲོས་པའི་མཚན་མ་ཐམས་ཅད་འཇོམས་པར་བྱེད་དོ། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པ་འདིས་ནི་རིན་པོ་ཆེའི་རིགས་ལ་གཟིགས་པ་བསྟན་ཏེ། རིན་ཆེན་འབྱུང་ལྡན་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའི་རིགས་ཡིན་པས་རིགས་ཆེན་ནོ། །གཙུག་ཏོར་ནི་ཡོན་ཏན་གྱིས་མཐོ་བར་བྱས་པའོ། །དེ་ཡང་མིང་གི་རྣམ་གྲངས་ནི་གཟིགས་ཞེས་བྱ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅེས་བྱའོ། །དེ་ཡང་ཚུལ་ཇི་ལྟར་གཟིགས་ན་ཡེ་ཤེས་ཀྱི་སྤྱན་གྱིས་ཟབ་པ་སྟོང་པ་ཉིད་ཇི་ལྟ་བའི་དོན་ལ་གཟིགས་པ་དང་། ཐུགས་རྗེའི་སྤྱན་གྱིས་རྒྱ་ཆེ་བ་ཇི་སྙེད་པ་ལ་གཟིགས་པའོ། །ཡང་གསུམ་སྟེ། སྤང་བྱ་ཉོན་མོངས་པ་དང་། དེ་སྤོང་བའི་གཉེན་པོ་ལྷའི་རིགས་དང་། ལྷའི་རྟོག་པ་ཟློག་པར་བྱེད་པ་ཡེ་ཤེས་ལ་གཟིགས་པ་རྣམས་སུ་ཡང་སྦྱར་རོ། །ད་ནི་སྒྱུ་འཕྲུལ་དྲྭ་བ་མན་ངག་གི་ལེའུ་བསྟན་པའི་ཕྱིར་ཐམས་ཅད་ལ་བསྟོད་པ། ཚིག་གི་བདག་པོ་ཚིགས་སུ་བཅད། །ཅེས་པ། ཚིག་གི་བདག་པོ་ནི་བཅོམ་ལྡན་འདས་ཉིད་དོ། །ཚིགས་སུ་བཅད་པ་ནི་རིགས་དྲུག་གི་བདག་ཉིད་ཚིག་བར་བདུན་པ་ཉིད་དུ་ཚིགས་སུ་བཅད་དེ་སྟོན་པ་གསུང་གི་མངའ་བདག་ཡིན་པས་བདག་པོ་ཞེས་ཀྱང་བྱ། རིགས་ལ་གཟིགས་པ་ཐུགས་ལ་རྟོགས་ནས། ཚིག་གི་བདག་པོས་ཚིགས་སུ་བཅད། །ཅེས་བྱའོ། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །ཞེས་པ། ༀ་བཛྲ་ཏཱིཀྵྞ་ལ་སོགས་པ་ཡེ་ཤེས་སེམས་དཔའ་དྲུག་གི་སྔགས་དྲུག་གོ། །བརྗོད་བྱའི་གཙོ་བོ་ཇི་ལྟ་བུ་ཞིག་གསུངས་ཤེ་ན། གཉིས་སུ་མེད་པར་འབྱུང་བ་དང་། །ཞེས་པ་ལ་སོགས་པ་སྟེ། གཟུང་འཛིན་གཉིས་སུ་མེད་པར་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དུ་སངས་རྒྱས་པའོ། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་པ། རིག་པ་རང་གསལ་བ་དེ་ཡང་སྐྱེ་མེད་ཀྱི་རང་བཞིན་དུ་གནས་པ་སྟེ་འབྲས་བུའི་མཆོག་གོ། །བློ་བྲོད་པ་བསྐྱེད་པའི་ཕྱིར་འབྲས་བུའི་ས་བསྟན་པ་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨ་ཨཾ་ཨཿ དེ་ཡང་སངས་རྒྱས་ཀྱི་ས་བཅུ་གཉིས་ལ་མཐོ་དམན་དང་རིམ་པ་ཡོད་པ་མ་ཡིན་ཏེ། ཡེ་ཤེས་གཅིག་ལ་ཡོན་ཏན་གྱི་བྱེ་བྲག་བཅུ་གཉིས་སུ་བསྟན་པའོ། །དེ་ཡང་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཀྱིས་མ་རིག་པ་བཅོམ་ནས་ཤེས་བྱ་གསལ་བར་སྣང་བ་དང་། ཉོན་མོངས་པ་མ་སྤངས་པར་ཡེ་ཤེས་སུ་གསལ་བ་དང་། མཐའ་དང་དབུས་མེད་པ་དང་། མི་འགྱུར་ཞིང་དབྱེར་མི་ཕྱེད་པ་དང་། སེམས་ཅན་གྱི་དགོས་འདོད་ཐམས་ཅད་འབྱུང་བ་དང་། འགྲོ་བའི་དོན་མཛད་ཀྱང་སྐྱོན་གྱིས་མ་གོས་པ་དང་། རྩོལ་བ་མེད་པར་གཞན་དོན་འགྲུབ་པ་དང་། ཡང་དག་པར་དཔེས་མཚོན་པ་དང་བྲལ་བ་དང་། ཕྱོགས་འདྲ་ཙམ་གྱིས་མཚོན་དུ་བཏུབ་པ་དང་། རིག་པ་རང་བཞིན་གྱིས་འོད་གསལ་བ་དང་། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པ་དང་། སོ་སོ་རང་རིག་པ་གཉིས་སུ་མཁྱེན་པའོ། །དེ་རྣམས་སུ་སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་འདུས་པ་ཤེས་པར་བྱའོ། །དེ་ཡང་འདི་སྐད་དུ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ནི་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའ་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེ་ཉིད་ནི་ཡིད་དགའ་བའོ། །ལྔ་པ་རིན་ཆེན་འོད་ཅེས་པ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་ཕྱེེས། །བདུན་པ་ལས་ཀྱི་འོད་ཅེས་བྱ། །སངས་རྒྱས་ཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་པ་སྟེ། །དོན་ལ་དཔེ་དང་མཉམ་པ་མིན། །དཔེ་དོན་ཞེས་པ་དགུ་པ་ཡིན། །ཐམས་ཅད་དཔེ་ནི་སོ་སོར་འབིགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོར་རང་རིག་པ། །སངས་རྒྱས་ཡེ་ཤེས་རབ་ཏུ་རྫོགས། །ཞེས་འབྱུང་བས་གསལ་ལོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་དུ་འཇམ་དཔལ་ཉིད་བསྟན་པའི་ཕྱིར། །སྠི་ཏོ་ཧྲཱི་དི་ནི་ཞེས་པ་ལ་སོགས་པ་སྨོས་ཏེ། སྠི་ཏོ་ཧྲཱི་དི་ནི་ཐུགས་ཀར་གནས་པའོ། །ཛྙཱ་ན་མཱུརྟྟི་ནི་ཡེ་ཤེས་ཀྱི་སྐུའོ། །ར་ཧཾ་བུདྡྷོ་ནི་དུས་གསུམ་གྱི་སངས་རྒྱས་སོ། །བུདྡྷ་ནཱཾ་ནི་བདག་ཉིད་སངས་རྒྱས་ཡིན་ནོ། །ཏྲྱདྷྭ་བརྟྟི་ནཱཾ་ནི་དུས་གསུམ་དུ་བཞུགས་པའོ། །མཐའ་བསྡུས་པས་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཐུགས་ཀ་ལ་གནས་པའི་སངས་རྒྱས་ཡིན་ཞེས་པའོ། །དེ་ལ་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པ་བསྟན་པ་ནི། ༀ་བཛྲ་ཏཱིཀྵྞ་ནི་རྡོ་རྗེ་རྣོན་པོའོ། །དུཿཁ་ཙྪེ་ད་ནི་སྡུག་བསྔལ་གཅོད་པའོ། །པྲ་ཛྙཱ་ཛྙཱ་ན་མཱུརྟ་ཡེ་ནི་ཡེ་ཤེས་ཀྱི་གཙུག་ཏོར་རོ། །ཛྙཱ་ན་ཀཱ་ཡ་ནི་ཡེ་ཤེས་ཀྱི་སྐུ་ཅན་ནོ། །ཝཱ་གཱི་ཤྭ་ར་ནི་ངག་གི་དབང་ཕྱུག་གོ། །ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿནི་སྐྱེ་བ་མེད་པའི་ཤེས་རབ་ཆགས་པ་མེད་པའི་སྤྱོད་ཡུལ་ཞེས་པའོ། །དེ་དག་ནི་པདྨ་དང་། རྡོ་རྗེ་དང་། དེ་བཞིན་གཤེགས་པ་དང་། ལས་དང་། རིན་པོ་ཆེ་དང་། བྱང་སེམས་རྡོ་རྗེའི་རིགས་ཏེ། གོ་རིམ་བཞིན་དུ་སྦྱར་བར་བྱའོ། །བསྒོམ་ཞིང་སྔགས་བཟླས་པའི་ཚེ་ན་ནི་བདག་ཉིད་རྗེ་བཙུན་དུ་བསྒོམས་པའི་ཐུགས་ཀར་འཁོར་ལོ་རྩིབས་དྲུག་མུ་ཁྱུད་དང་ལྡན་པ་ལ་སྔགས་དྲུག་པོ་འདི་བཀོད་པ་སྤྲོ་བསྡུ་བྱ་ཞིང་བཟླས་པ་བྱའོ། །མཚན་བརྗོད་འདོད་པའི་དུས་སུ་ནི། །འདི་རྣམས་མིང་གི་གཙོ་བོ་རྣམས་ཀྱི་སྒོ་ནས་བསྟོད་པ་ཡིན་པར་ཤེས་པར་བྱའོ། །ད་ནི་རྩ་བ་བྱང་ཆུབ་སེམས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ལེའུ་བསྟན་པ་ནི། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ནི་དེའི་མཚན་རྒྱས་པར་བཤད་པ་ནི་འདི་ལྟར་ཡིན་ཞེས་བྱའོ། །རྫོགས་པའི་སངས་རྒྱས་འབྱུང་བའི་རྒྱུ་ནི། ཆོས་སྐྱེ་བ་མེད་པ་བསྒོམས་པ་ལས་འབྱུང་བས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཞེས་བྱའོ། །འོ་ན་ཡི་གེ་ཨ་གཅིག་པུ་ལས་བྱུང་བ་ཅི་ཡིན་ཞེ་ན། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པའོ། །ཅིའི་ཕྱིར་མཆོག་ཡིན་ཞེ་ན། ཆོས་ཀྱི་དོན་ཆེན་པོ་སྟོན་པའི་ཡི་གེ་ཡིན་པས། དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་པའོ། །དེ་ཡང་ཅིའི་ཕྱིར་ན་དོན་ཆེན་སྐྱེ་བ་མེད་པའི་དོན་སྟོན་པས། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་བྱ་སྟེ། ཡི་གེ་གཞན་ནི་སོ་ལྕེ་མཆུ་དང་ཡ་རྐན་ལ་སོགས་པ་རྣམས་ལ་རག་ལུས་ལ། ཨ་ནི་དེ་རྣམས་ལ་རག་མ་ལུས་ཏེ། ཁོང་ནས་རང་བྱུང་དུ་འབྱུང་བས་ཡི་གེ་རྣསམ་ཀྱི་ནང་ན་དམ་པའོ། །དེ་ཉིད་ལ་བརྗོད་དུ་མེད་པར་གནས་པས། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་བྱའོ། །བརྗོད་པའི་སྒྲ་ཐམས་ཅད་ཀྱི་རྒྱུའི་གཙོ་བོར་གྱུར་ཏེ་ངག་ཐམས་ཅད་ལ་འཇུག་པར་བྱེད་པས། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འོ་ན་ཉོན་མོངས་པ་ཇི་ལྟར་སྤང་ཞེ་ན། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོད་པ་ནི་ལྷ་མཉེས་པར་བྱེད་པའི་ཕྱིར་ན་མཆོད་པ་སྟེ། འདིར་ཉོན་མོངས་པ་མ་སྤངས་པར་ཡེ་ཤེས་སུ་གྲུབ་པ་དགོངས་པ་མཐུན་ཏེ་རང་གིས་ངང་གི་མཆོད་པའོ། །དེ་ནས་ཀུན་ལ་སྦྱར་རོ། །ཆེན་པོའི་སྒྲ་ནི་དཔེར་ན་དུག་སེལ་བའི་སྔགས་ལ་དུག་སྔགས་ཟེར་བ་ལྟར་མི་མཐུན་པའི་ཕྱོགས་འཇོམས་པས་ཆེན་པོའོ། །འདོད་ཆགས་ནི་ཉོན་མོངས་མཉམ་པ་ཉིད་ལ་ངང་གིས་ཆགས་པའོ། །དེས་ལོག་པའི་འདོད་ཆགས་དང་བྲལ་བར་བྱེད་ཅིང་ཟག་མེད་ཀྱི་དགའ་བ་སྐྱེད་པར་བྱེད་པའོ། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་པ་རྣམ་པར་རྟོག་པ་འཇོམས་པའི་ཞེ་སྡང་མངའ་ལ། ཞེ་སྡང་རང་ཁ་མ་འཇོམས་པས་དགྲ་ཆེ་བའོ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་པ་ཆོས་ཐ་དད་དུ་བྱེད་པ་མེད་པའི་དོན་གྱི་གཏི་མུག་དང་ལྡན་པས་དེས་གཏི་མུག་རང་ཁ་མ་སེལ་བའོ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །ཞེས་སྨོས་ཏེ། ཉོན་མོངས་པ་སྐྱེར་མི་སྟེར་བས་ཁྲོ་བ་ཆེ་ལ། དེས་ཁོང་ཁྲོ་རང་ཁ་མ་འཇོམས་པས་དགྲ་ཆེ་བའོ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་པ་དོན་ཟག་མེད་ཀྱི་བདེ་བ་ལ་ཆགས་ལ། སེར་སྣའི་ཆགས་ཞེན་རང་ཁ་མ་སེལ་བར་བྱེད་དོ། །དེ་ལ་གོང་མ་གོང་མ་ནི་འཇོམས་བྱེད། འོག་མ་འོག་མ་ནི་གཞོམ་བྱའོ། །དེ་དག་ལ་མན་ངག་ཏུ་སྦྱར་ན་རྣམ་པ་བཞི་སྟེ། ཉོན་མོངས་པ་དེ་དག་ལ་ཞེན་པོའི་གདུལ་བྱ་ལ་དེ་དག་མ་སྤངས་པའི་རྗེས་སུ་མཐུན་པའི་སྤྱོད་པའི་ཐབས་ཀྱིས་གྲོལ་བར་བྱེད་པས་སྤྱོད་མཐུན་གྲོལ་བའི་མཆོད་པའོ། །ཉོན་མོངས་པ་ཡེ་ཤེས་ལྔར་གནས་གྱུར་པས་གནས་གྱུར་ཡེ་ཤེས་ཀྱི་མཆོད་པའོ། །ཉོན་མོངས་པ་ལྔ་ལས་གྲོལ་བས་རིགས་ལྔའི་སྐུ་ཕྱག་རྒྱ་ཆེན་པོ་ཐོབ་པས་གྲོལ་ཐར་ཕྱག་རྒྱའི་མཆོད་པའོ། །ཉོན་མོངས་པ་ལ་བརྟགས་ན་ངོ་བོ་གྲུབ་པ་མེད་དེ་ཆོས་ཉིད་དུ་གནས་པ་རང་བཞིན་དག་པའི་མཆོད་པའོ། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །ཞེས་སེམས་ཅན་ཐར་པར་འདོད་པའི་བློ་ཡོད་པ་ལ་ཐར་པའི་བདེ་བ་སྐྱེད་པར་བྱེད་ཅིང་ཆོས་བསྟན་པས་དགའ་ལ། དོན་རྟོགས་པས་མགུ་བར་བྱེད་པའོ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། ཁ་དོག་ཆེ་ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་སྣང་ལ་རང་བཞིན་མེད་པའི་གཟུགས་དང་། གདོས་པོ་ཅན་གྱི་ལུས་ལྟ་བུར་ཡང་སྤྲུལ་ཏེ། དེ་ཡང་ཡེ་ཤེས་ལས་སྒྲུབ་པ་ཡིན་པས་ཆེ་ཞེས་བྱའོ། །ནང་ན་ཡེ་ཤེས་གསལ་བའི་རྟགས་སུ་སྐུ་གཟི་མདངས་དང་ལྡན་པས་ཁ་དོག་ཆེ་བའོ། །གཞན་ཟིལ་གྱིས་གནོན་པས་ལུས་བོང་ཆེ་བའོ། །གྲགས་པ་ཆེན་པོ་ཡོད་པས་མི་ཆེ་བའོ། །བསོད་ནམས་ཀྱི་ཚོགས་རྒྱས་པར་རྒྱ་ཆེ་བའོ། །འདིར་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ་དང་། ནོ་པི་ཀ་མཐའ་དག་འབྱུང་བས་དཀྱིལ་འཁོར་ཆེན་པོའོ། །ཀུན་ལ་ཁྱབ་པ་དང་གང་ཡང་བཀག་པ་མེད་པས་ཡངས་པའོ། །དེ་ལ་ཡེ་ཤེས་ཀྱི་ཁྱད་པར་ནི། ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །ཞེས་སྨོས་ཏེ། ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པ་འཇོམས་པ་སྟེ། དཔེར་ན་ཉོན་མོངས་པ་གླང་པོ་ཆེ་སྨྱོན་པ་ལ་ཡེ་ཤེས་ལྕགས་ཀྱུས་འདུལ་བ་ལྟ་བུའོ། །དེ་ཡང་ཁམས་གསུམ་དུ་གྲགས་པ་ཁྱད་པར་ཅན་ཡོད་པ་དང་། ནང་དུ་ཡེ་ཤེས་གསལ་བའི་རྟགས་སུ་ཕྱིར་འོད་ཟེར་གསལ་བས་བསྐོར་བའོ། །དེ་ལ་སྤྲུལ་པའི་ཚུལ་ཇི་ལྟར་འབྱུང་ཞེ་ན། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །ཞེས་སྨོས་ཏེ། འགྲོ་བ་ལ་ཚོགས་གཉིས་རྫོགས་པར་བྱེད་པའི་ཐབས་ལ་མཁས་པ་སྟེ། སྒྱུ་མ་ལྟ་བུའི་སྤྲུལ་པས་འགྲོ་བའི་དོན་མཛད་པའི་ཐབས་ཀྱིས་གང་ལ་གང་འདོད་པའི་དོན་འགྲུབ་པར་བྱེད་པ་སྟེ། དེ་ཡང་། སེམས་ནི་སྒྱུ་མའི་རྣམ་པ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དཔེར་ན་སྒྱུ་མའི་མཁན་པོ་འགས། །གྱོ་མོ་ལ་ནི་སྔགས་བཟླས་ཏེ། །སྦྱོར་བ་གོམས་པས་བསྣུན་ན་ནི། །རྐང་བཞི་པ་ལ་སོགས་པའི་གཟུགས། །ཞེན་པའི་སེམས་ལ་སྣང་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཐུགས་རྗེས་འགྲོ་བའི་དོན་ལ་དགའ་བ་དང་། ཤེས་རབ་ཀྱིས་གཉིས་མེད་ཀྱི་དོན་ལ་དགའ་བའོ། །མེད་པ་འཕྲུལ་ཞིང་ཡོད་པ་བསྒྱུར་བ་དང་འདྲ་སྟེ། དོན་ཟབ་མོ་མ་རྟོགས་པ་རྣམས་མིག་འཕྲུལ་བསྟན་ནས་དངོས་འཛིན་ཟློག་པར་བྱེད་དོ། །དེས་ཐུན་མོང་གི་ལམ་ཇི་ལྟ་བུ་སྟོན་ཞེ་ན། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཤེས་རབ་ཆེན་པོ་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་སྨོས་ཏེ། །འཁོར་གསུམ་ཡོངས་སུ་དག་པ་གཏོང་བས་སྦྱིན་པའི་གཙོ་བོའོ། །ཉེས་བྱས་མི་འབྱུང་བས་ཚུལ་ཁྲིམས་ཆེན་པོའོ། །མཚན་མས་མི་འཁྲུགས་པས་བཟོད་པ་བརྟན་པའོ། །རྟོག་པས་མ་གོས་པས་བརྩོན་འགྲུས་བརྟུལ་བའོ། །གཡེང་བའི་དགྲ་མེད་པས་བསམ་གཏན་ཆེན་པོའོ། །གཉིས་མེད་རྟོགས་པས་ཤེས་རབ་ཆེན་པོའོ། །བདུད་ཀྱི་དཔུང་འཇོམས་པས་སྟོབས་ཆེ་བའོ། །བདག་དང་གཞན་གྲོལ་བར་བྱེད་པའི་ཐབས་སྣ་ཚོགས་མངའ་བས་ཐབས་ཆེ་བར་འགྱུར་རོ། །བདག་དང་གཞན་གྲོལ་བར་བྱེད་པའི་སྨོན་ལམ་མངའ་བས་དང་། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངའ་བ་སྟེ། རྒྱ་ཆེ་བ་དང་། སྣང་ལ་ཞེན་པ་མེད་པ་རྒྱ་མཚོ་དང་འདྲའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་དང་རྗེ་བཙུན་ལྡན་ལ། གཞན་ལ་ཡང་སྟོན་པར་མཛད་དོ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་པ་འགྲོ་བ་ལ་བུ་གཅིག་པའི་མ་བཞིན་དུ་བྱམས་ལ། དེ་ཉིད་ལ་མ་ཞེན་པའི་བྱམས་པ་ཆེན་པོའོ། །རིས་སུ་མ་ཆད་པ་དང་། རེས་འཇོག་མེད་པས་དཔག་ཏུ་མེད་དོ། །འགྲོ་བ་ལ་སྙིང་རྗེ་རྒྱུན་མི་འཆད་པས་ཆེ་བའོ། །དེ་ཉིད་ལའང་མ་ཞེན་པས་བློའི་མཆོག་གོ། །འོ་ན་ཚད་མེད་པ་བཞི་ཡོད་པ་ལ་དགའ་བ་དང་བཏང་སྙོམས་མ་སྨོས་པ་ཅི་ཡིན་ཞེ་ན། དེ་ནི་ཆོས་ཟླས་དབྱེ་བ་སྟེ་ཤུགས་ལ་བསྟན་ཏོ། །ཐབས་ཤེས་རབ་ཀྱི་ཁྱད་པར་ཅི་ཞེ་ན། ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་སྨོས་ཏེ། ཆོས་རབ་ཏུ་རྣམ་པར་ཕྱེ་ནས་གཉིས་མེད་རྟོགས་པའི་ཤེས་རབ་ཆེན་པོ་མངའ་བ་སྟེ། དེས་འགྲོ་བའི་དོན་བྱེད་པའི་བློ་གྲོས་དང་ལྡན་པའི་སྒོ་ནས་ཐབས་ཀྱི་བྱ་བ་ལ་མཁས་ཏེ། གདུལ་བྱའི་བསམ་པ་དང་སྦྱར་ནས་གང་ལ་ཇི་ལྟར་འདུལ་བའི་ཐབས་སྣ་ཚོགས་སྟོན་པའོ། །ཐབས་དང་ཤེས་རབ་ནི་ཁྱབ་ཆེ་སྟེ། ལམ་དང་འབྲས་བུས་བསྡུས་པ་ཡོངས་ལ་གནས་སོ། །འོ་ན་རྫུ་འཕྲུལ་གྱི་སྒོ་ཇི་ལྟ་བུས་དོན་མཛད་ཅེ་ན། རྫུ་འཕྲུལ་ཆེན་པོའི་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་སྨོས་ཏེ། སྟོད་ནས་མེ་འབར་བ་དང་། སྨད་ནས་ཆུ་འབྲུབ་པ་དང་། གཅིག་དུ་མར་བྱེད་པ་དང་། དུ་མ་གཅིག་ཏུ་བྱེད་པ་དང་། སྟོང་གསུམ་ཕྱག་རྒྱར་ཤོང་བ་དང་། ཕྱག་རྒྱ་སྟོང་གསུམ་དུ་སྤྲུལ་པ་ལ་སོགས་པ་དང་། ཚུར་མི་བརྫི་བ་དང་། གཞན་ཕར་འཇོམས་པས་སྟོབས་སོ། །འགྲོ་བའི་དོན་བྱེད་པ་ལ་ཡིད་ལྟར་མགྱོགས་པའི་ཤུགས་དང་ལྡན་ཞིང་། ཉན་ཐོས་དང་། རང་རྒྱལ་དང་། འཇིག་རྟེན་པ་དང་། བྱང་ཆུབ་སེམས་པ་རྣམས་ལ་ཆེར་གྲགས་སོ། །ཡེ་ཤེས་ཀྱི་སྟོབས་ཀྱིས་བདུད་བཞི་ཟིལ་གྱིས་གནོན་པ་སྟེ་ཆེ་བའོ། །དེའི་ནུས་མཐུ་དངོས་གང་ཞེ་ན། སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཚུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་སྨོས་ཏེ། ཡང་ནས་ཡང་དུ་འགྲོ་བ་དྲུག་ཏུ་སྐྱེ་བས་སྲིད་པའོ། །དེ་རི་བོ་ལྟར་གཞོམ་དཀའ་བས། གཉིས་མེད་རྟོགས་པས་འཇོམས་པར་བྱེད་པའོ། །དེའི་མཚན་ཉིད་མི་འགྱུར་བས་མཁྲེགས་ལ། སྟོང་པ་ཉིད་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའོ། །དེ་ཡང་། མི་ཕྱེད་མི་ཆོད་མི་ཤིགས་པས། །སྟོང་པ་ཉིད་ལ་རྡོ་རྗེར་བཤད། །ཅེས་པ་ལྟ་བུའོ། །དེ་ཡང་དོན་གྱི་སྒོ་ནས་བག་ཆགས་ཐམས་ཅད་འཇོམས་པས་དྲག་པོ་ཆེ་ལ་རྟགས་ཀྱི་སྒོ་ནས་གདུག་པ་ཅན་ཐམས་ཅད་འདུལ་བར་བྱེད་པའི་དྲག་པོའི་གཟུགས་སུ་སྤྲུལ་པའོ། །དེས་གང་འཇིགས་པར་བྱེད་ན། ཁྱབ་འཇུག་དང་། མ་ཧཱ་དེ་བ་ལ་སོགས་པ་འཇིགས་ཆེན་རྣམས་རྗེ་བཙུན་གྱིས་འཇིགས་པར་བྱེད་པའོ། །ཁྱད་པར་གྱི་ལམ་གྱི་ཚུལ་གང་ཞེ་ན། མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་སྨོས་ཏེ། གདུལ་བྱའི་མགོན་སྐྱབས་མཛད་པའི་སྐུ་གསུང་ཐུགས་ཀྱི་ལྷའི་རིགས་ལ་མཆོག་ཏུ་གྱུར་ཅིང་འགྲོ་བ་ལ་དམ་པའི་ཆོས་ཉེ་བར་སྟོན་པས་བླ་མ། ཐབས་དང་ཤེས་རབ་ཁྱད་པར་ཅན་སྟོན་པས་གསང་སྔགས་ཆེ་བའི་མཆོག་གོ། །དེ་ཡང་། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །ས་དང་ཕ་རོལ་ཕྱིན་པ་བས། །སྔགས་ཀྱི་བསྟན་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟ་བུའོ། །དེ་ཡང་ཐེག་པ་ཆེན་པོ་ནི་ཤེས་རབ་དང་། སྙིང་རྗེས་ཁྱད་པར་དུ་བྱས་པའོ། །སྐལ་པ་ཅན་དེ་ལ་གཟུད་པའི་ཕྱིར། རང་ཉིད་ཀྱང་དེ་ལ་གནས་པའི་ཚུལ་སྟོན་ནོ། །ཐེག་པ་ཆེན་པོ་འདིའི་ཚུལ་ཕ་རོལ་ཏུ་ཕྱིན་པ་ལས་མཆོག་ཏུ་གྱུར་ཏོ། །གང་གིས་ན་འཁོར་འདས་དབྱེར་མེད་དུ་སྟོན་པའོ། །ད་ནི་ཆོས་ཀྱི་དབྱིངས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་སྨོས་ཏེ། སྒྲིབ་པ་སངས་ཤིང་ཡེ་ཤེས་རྒྱས་པས་གདུལ་བྱ་ལ་རྣམ་པ་སྣ་ཚོགས་སུ་སྣང་ཞིང་། གཞན་དོན་མཛད་པས་ཆེའོ། །སྐུ་གསུང་ཐུགས་མི་དགེ་བའི་ལས་ལ་བསྲུང་མི་དགོས་པར་ཐུབ་ལ་དེ་ཡང་དུས་རྟག་ཏུ་མཉམ་པ་ལ་བཞག་པས་ཐུབ་ཆེན་ལྡན་ནོ། །བསམ་གྱིས་མི་ཁྱབ་པའི་མཐུ་སྟོན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲོག་བསྐུལ་བས་ན་སྔགས་སོ། །དེ་ཉིད་རྟོགས་དཀའ་བ་དང་། གཞན་ལ་བསྟན་པ་མ་ཡིན་པས་གསང་བའོ། །ཚུལ་ནི་ལམ་མོ། །དེ་ལས་སངས་རྒྱས་འབྱུང་བ་སྟེ། །དེ་ནི་ཁྱད་པར་གྱི་ལམ་མོ། །རྗེ་བཙུན་ཉིད་གསང་སྔགས་ཀྱི་ངོ་བོ་ཉིད་དུ་བཞུགས་པས་ན་བདག་ཉིད་ཅན་ནོ། །ཐུན་མོང་གི་ལམ་གང་ཞེ་ན། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་དབང་ཐོབ་ཅིང་། གཞན་དེ་ལ་གཟུད་པའི་ཕྱིར་རང་ཡང་དེ་ལ་གནས་པའི་ཚུལ་སྟོན་པ་དང་། དེ་རྣམས་ལ་མ་ཞེན་པ་དང་། དེ་དག་གི་གཞུང་ཚུལ་ལ་མཁས་པའོ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་པས་ནི་ཡོན་ཏན་འཕེལ་བའི་རྟེན་བྱེད་པས་ཤེས་རབ་དང་ཏིང་ངེ་འཛིན་ལ་ས་ཞེས་བྱ་སྟེ། དེ་ཡང་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པས་ས་དང་པོ་རབ་ཏུ་དགའ་བའོ། །ཚུལ་ཁྲིམས་འཆལ་བའི་དྲི་མ་དང་བྲལ་བས་གཉིས་པ་དྲི་མ་མེད་པའོ། །མཆོག་ཏུ་གསལ་བའི་ཤེས་རབ་ཐོབ་པས་གསུམ་པ་འོད་བྱེད་པའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་འོད་འཕྲོ་བས་བཞི་པ་འོད་འཕྲོ་བའོ། །བསམ་གཏན་དང་འགྲོ་དོན་མཛད་པ་གཉིས་འཛོམ་པས་རང་གི་རྒྱུད་སྦྱང་བར་དཀའ་བ་སྦྱོང་བར་མཛད་པས་ལྔ་པ་སྦྱང་དཀའ་བའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པས་དྲུག་པ་མངོན་དུ་གྱུར་པའོ། །མཚན་མ་ལས་རིང་དུ་སོང་བས་ན་བདུན་པ་རིང་དུ་སོང་བའོ། །ཏིང་ངེ་འཛིན་དེ་ལ་མཚན་མ་གང་གིས་ཀྱང་མི་གཡོ་བར་གནས་པས་བརྒྱད་པ་མི་གཡོ་བའོ། །གདུལ་བྱ་རྣམས་ལ་ཆོས་སྟོན་པའི་བློ་གྲོས་ཆེན་པོ་དང་ལྡན་པས་དགུ་པ་ལེགས་པའི་བློ་གྲོས་སོ། །ཆོས་ཀྱི་ཆར་གྱིས་གདུལ་བྱའི་ཆོས་ཀྱི་ལོ་ཏོག་སྨིན་པར་བྱེད་པའི་ཡོན་ཏན་གྱི་སྤྲིན་ཆེན་པོ་དང་ལྡན་པས་བཅུ་པ་ཆོས་ཀྱི་སྤྲིན་གྱིས་ཞེས་བྱའོ། །ས་བཅུ་ལ་དབང་བསྒྱུར་ཞིང་གཞན་ལ་འཆད་པ་དང་། གཞན་དེ་ལ་གཟུད་བར་བྱ་བའི་ཕྱིར། དེ་ལ་གནས་པའི་ཚུལ་བསྟན་པའོ། །དེར་ཡང་མ་ཟད་དེ་ཆེ་བའི་ཡོན་ཏན་དུ་མར་སྣང་བའི་ཕྱིར། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་བཅུ་ནི་ཆོས་ཤེས་པ་དང་། རྗེས་སུ་འགྲོ་བ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཤེས་པ་བཅུ་པོ་དེ་རང་བཞིན་མེད་པར་ཤེས་པས་རྣམ་དག་གོ། །དེ་རྣམས་གཞན་ལ་སྟོན་པས། ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་བྱའོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཞེས་པ་རྣམ་པ་བཅུ་ནི་འཁོར་བའི་ཆོས་ཕུང་པོ་ལྔ་དང་། ཉོན་མོངས་པ་ལྔ་སྟེ་བཅུའོ། །འཁོར་བའི་ཆོས་ཐམས་ཅད་བསྡུས་ན་དེར་འདུས་སོ། །དེ་དག་རྣམ་པར་དག་པས་དོན་བཅུ་སྟེ། རིགས་ལྔ་ཡེ་ཤེས་ལྔ་སྟེ་བཅུའོ། །དེ་བཅུ་ནི་དོན་དུ་གཉེར་བར་བྱ་བའི་འོས་ཡིན་པས་དོན་ཞེས་བྱའོ། །ཐུབ་དབང་སྟོབས་བཅུ་ཁྱབ་པས་བདག །ཅེས་པ་ཐུབ་པ་ནི་རྒྱལ་བ་རྣམས་སོ། །དེ་རྣམས་ཀྱི་གཙོ་བོར་གྱུར་པས་ཐུབ་དབང་ངོ་། །སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་དང་འབྲས་བུ་མཁྱེན་པའི་སྟོབས་དང་། ཁམས་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་པའི་སྟོབས་དང་། ལམ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང་། ཕ་རོལ་གྱི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། སྐྱེ་བ་དང་འཆི་འཕོ་བ་མཁྱེན་པའི་སྟོབས་དང་། ཟག་བཅས་དང་ཟག་མེད་མཁྱེན་པའི་སྟོབས་སོ། །དེ་ཡང་ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པའི་བདག་ཉིད་དུ་བཞུགས་པའོ། །ཐུགས་རྗེས་ཁྱབ་པ་ཙམ་མ་ཡིན་ཏེ། གདུལ་བྱ་མ་ལུས་པའི་དོན་ཇི་ལྟར་འཚམས་པར་མཛད་པས། ཀུན་གྱི་དོན་ནི་མ་ལུས་བྱེད། །ཅེས་པ་སྨོས་པ་ཡིན་ནོ། །རྣམ་བ ཅུ་དབང་ལྡན་ཆེ་བ་པོ། །ཞེས་པ་རྗེ་བཙུན་ཉིད་དབང་བཅུའི་ཡོན་ཏན་དང་ལྡན་ཏེ། ཚེ་ལ་དབང་བ་དང་། སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། རྫུ་འཕྲུལ་དང་། མོས་པ་དང་། སྨོན་ལམ་དང་། ཡེ་ཤེས་དང་། ཆོས་ལ་དབང་བའོ། །དེ་ལྟར་ན་མཚན་མ་ཅན་གྱི་སྐྱོན་དུ་མི་འགྱུར་རམ་ཞེ་ན། ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པས་བདག །ཅེས་སྨོས་ཏེ། ཆོས་ཉིད་ལ་ཐོག་མཐའ་མེད་པ་ལ་བརྟགས་པའི་མཐའ་ཐམས་ཅད་དང་བྲལ་བས་སྤྲོས་པ་མེད་པའོ། །འགྱུར་བ་མེད་པས་དེ་བཞིན་ཉིད་དོ། །གཟུང་འཛིན་གྱི་དྲི་མ་མེད་པས་དག་པའི་བདག་གོ། །དེ་ལྟར་ན་གཞན་གྱི་དོན་ལ་ཇི་ལྟར་འཇུག་ཅེ་ན། བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་མེད་གཉིས་སུ་མེད་པར་སྟོན། །གཞན་མི་བསླུ་བར་དོན་དང་མཐུན་པར་སྨྲ་བས་བདེན་པར་སྨྲ་ལ། གཞན་དོན་བྱེད་པར་དམ་བཅས་པ་ཁོ་ན་བཞིན་དུ་མཛད་པས་ཚིག་མི་འགྱུར་བའོ། །ཆོས་ཐམས་ཅད་སྒྱུ་མའམ་རྨི་ལམ་ལྟ་བུ་ཡིན་ནོ་ཞེས་སྨྲ་བ་ཁོ་ན་བཞིན་དུ་རང་ཡང་སྤྱོད་པར་བྱེད་དོ། །རྗེས་སུ་མཐུ ན་པས་གཞན་མོས་པ་བསྐྱེད་པའི་ཕྱིར་རོ། །དེས་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པར་བསྟན་པ་ནི། ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །ཞེས་སྨོས་ཏེ། ཡང་དག་པའི་མཐའ་གཉིས་མེད་ལ་གནས་ནས། བདག་དང་བདག་གིར་མངོན་པར་ཞེན་པ་མེད་པའི་ཆོས་ཀྱི་སྒྲ་འཇིགས་པ་མེད་པར་སྒྲོགས་པར་བྱེད་པ། སེང་གེའི་སྒྲ་ལྟ་བུས་ལྟ་བ་ལོག་པ་བདག་ཏུ་རྟོག་ཅིང་ནང་པ་ལ་སྨོད་པའི་རི་དྭགས་ལྟ་བུ་ངན་པ་འཇིགས་ཤིང་སྐྲག་པར་བྱེད་ཅིང་འགྲོ་བ་ཀུན་གྱི་དོན་སྐྱེས་བུའི་སྟོབས་ལྟར་ཇི་ལྟར་ཡང་སྣང་ནས་མཛད་དོ། །དེ་ཡང་འགྲོ་བའི་དོན་ལ་དེ་ཀ་བཞིན་དུ་གཤེགས་ཏེ། མྱུར་བར་མཛད་པའི་དཔེ་ནི་ཡིད་ལྟ་བུའོ། །དེ་ལ་སྐུའི་ཡོན་ཏན་ཇི་ལྟར་སྣང་ན། རྒྱལ་བ་རྣམ་རྒྱལ་དགྲ་ལས་རྒྱལ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཅེས་སྨོས་ཏེ། ཡོན་ཏན་གྱི་བགོ་སྐལ་གྱིས་མ་ཕམ་པས་རྒྱལ་བ་དང་། རྣམ་པར་རྟོག་པ་ལས་རྒྱལ་བ་དང་། དགྲ་བདུད་བཞི་ལས་རྒྱལ་བ་སྟེ། འཇིག་རྟེན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་སྤྲུལ་ནས་འགྲོ་བའི་དོན་མཛད་པས་ཀྱང་འཁོར་ལོས་སྒྱུར་བའོ། །ཆོས་ཀྱི་འཁོར་ལོ་སྐོར་བས་འགྲོ་བ་རྣམས་ཀྱི་ཁ་ལོ་སྒྱུར་བས་ཀྱང་འཁོར་ལོས་སྒྱུར་བའོ། །དཀྱིལ་འཁོར་གྱི་གཙོ་བོ་མཛད་པས་ཀྱང་འཁོར་ལོས་སྒྱུར་བའོ། །གཞན་གྱི་དཔུང་འཇོམས་པས་ཀྱང་སྟོབས་ཆེ་བའོ། །དེ་ཡང་ཉན་ཐོས་ཀྱི་ཚོགས་ཀྱི་སློབ་དཔོན་མཛད་ཅིང་། རང་རྒྱལ་བ་འདྲེན་པས་ན་ཚོགས་ཀྱི་མཆོག་གོ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་རྗེ་བོ་མཛད་ཅིང་། དེ་བཞིན་གཤེགས་པའི་ཚོགས་ཀྱི་བདག་པོ་མཛད། དེ་རྣམས་ལ་དབང་བསྒྱུར་བའི་མཐུ་དང་ལྡན་པའོ། །དེར་ཡང་མ་ཟད་དེ་གཟུང་འཛིན་འཇོམས་པའི་མཐུ་ཆེན་པོ་མངའ་བས་ཤིན་ཏུ་གཅེས་པའི་ཆོས་ནི་གཉིས་མེད་ཡིན་པས་དེ་འཆང་བས་འཛིན་པའོ། །དེས་ན་ལམ་བགྲོད་དུ་མེད་པས། གཞན་གྱི་བཀྲི་མི་དགོས་པ་སྟེ། དེས་ན་གཞན་གྱི་དྲིང་མི་འཇོག་པའོ། །དེ་ལ་གསུང་གི་ཡོན་ཏན་ཇི་ལྟ་བུ་འབྱུང་ཞེ་ན། ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་བདེན་པར་སྨྲ་བ་སྟེ། །བདེན་པ་བཞི་ནི་སྟོན་པ་པོ། །ཞེས་སྨོས་ཏེ། འདིས་ནི་སོ་སོ་ཡང་དག་པར་རིག་པ་བཞི་བསྟན་ཏེ། ཚིག་རྗེ་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །ཚིག་བདག་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །སྨྲ་བ་མཁས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །ཚིག་ལ་དབང་བ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །སྒྲ་སྐད་སྣ་ཚོགས་ཀྱིས་དོན་མཛད་པས་ཚིག་མཐའ་ཡས་སོ། །མི་བསླུ་བའི་ཆོས་གསུངས་པས་ཚིག་བདེན་ལ། དེ་ཡང་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་ཕྱེ་ནས་སྨྲ་བ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་སྟེ། དེ་ལྟར་བདེན་པ་བཞི་ཕྱེ་ནས་ཀྱང་། སྟོན་པར་མཛད་དོ། །ངེས་པར་འབྱུང་བའི་ཆོས་སུ་ཇི་ལྟར་གནང་ཞེ་ན། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་འབྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །ཅེས་སྨོས་ཏེ། སྤྱིར་བཟོད་པ་ཐོབ་ནས་ངན་སོང་དུ་མི་ལྡོག །ས་དང་པོ་ཐོབ་ནས་འཁོར་བར་མི་ལྡོག །ས་བརྒྱད་པ་ནོན་ནས་ཐེག་དམན་དུ་མི་ལྡོག་སྟེ། དེ་ཕྱིན་ཆད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། འཁོར་བར་མི་འོང་ངོ་། །འགྲོ་བའི་དོན་དུ་སྤྲུལ་པ་ནི་མ་གཏོགས་སོ། །དེ་ལ་འདྲེན་པ་རང་རྒྱལ་ནི་ནེ་ཙོ་ལྟར་ཚོགས་ན་སྤྱོད་པའོ། །བསེ་རུ་ནི་བསེ་རུ་ལྟར་གཅིག་པུར་གནས་པའོ། །རྗེ་བཙུན་དེར་ཡང་སྤྲུལ་ལོ། །དེར་ཡང་མ་ཟད་དེ་ཐེག་པ་སྣ་ཚོགས་ཀྱི་སྒོ་ནས་གང་ལ་གང་གིས་འདུལ་བ་དང་། ཁམས་གསུམ་ལས་ངེས་པར་འབྱུང་བའི་ལམ་སྣ་ཚོགས་སྟོན་པར་མཛད་ཅིང་། འབྱུང་བ་ཆེན་པོ་ལྔར་སྣང་ནས་ཀྱང་དོན་མཛད་དེ། དེ་དག་གི་རྒྱུ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཡང་དགེ་བ་ལམ་དུ་སློང་ཞིང་། ཉོན་མོངས་པའི་དགྲ་འཇོམས་པས་སྲིད་པར་སྐྱེ་བའི་ཟག་པ་ཟད་དོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་བྲལ་བས་སྤྱོད་ཡུལ་གྱིས་མི་གོས་ཏེ། མིག་ལ་སོགས་ཡུལ་ལྔ་ལ་མི་ཆགས་པར་ཤར་བས། འཁོར་བའི་གཡངས་སས་འཇིགས་པར་མི་འགྱུར་རོ། །དེ་འཆང་བ་པོའི་ཚུལ་ཅི་འདྲ་ཞེ་ན། བསིལ་བར་གྱུར་པས་རྙོག་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཡེ་ཤེས་འབའ་ཞིག་ལས་འབྱུང་བ། །ཞེས་སྨོས་ཏེ། བསིལ་བ་ཆུ་ལྟ་བུའི་ཆོས་ཉིད་ཀྱིས་ཉོན་མོངས་པའི་གདུང་བ་སེལ་ཞིང་། གློ་བུར་གྱི་རྣམ་པར་རྟོག་པ་དྲི་མ་ཆུའི་རྙོག་མ་ལྟ་བུ་དང་བྲལ་ཏེ། མིག་དང་འདྲ་བའི་ལྟ་བ་རིག་པ་དང་། རྐང་པ་དང་འདྲ་བར་སྤྱོད་པ་ཟུང་འབྲེལ་དུ་ལྡན་པས་འཁོར་བའི་སྡུག་བསྔལ་དང་བྲལ་བས་བདེ་བར་གཤེགས་པ་ལ་སེམས་ཅན་གྱི་ལས་འཕྲོ་དང་། མོས་པ་དང་སྣོད་དུ་རུང་མི་རུང་དང་། འདུལ་བའི་དུས་ལ་བབ་མ་བབ་མཁྱེན་པས་ཉན་ཐོས་དང་། རང་རྒྱལ་ལས་ཁྱད་པར་དུ་འཕགས་པས་འཇིག་རྟེན་རིག་པའི་མཆོག་གོ། །མངོན་སུམ་དུ་སྣང་བ་འདི་སྒྱུ་མ་ལྟ་བུར་མཁྱེན་པས་ཕྱི་ཡུལ་ལ་བདག་གིར་མི་འཛིན་ལ། ནང་སེམས་ལ་ངར་མི་འཛིན་ཏེ། རང་དོན་དང་གཞན་དོན་གྱི་དབང་གིས་བདེན་པ་གཉིས་ཀྱི་ཚུལ་ལ་གནས་པར་བྱེད་དོ། །འོ་ན་འཁོར་བར་མི་འགྱུར་རམ་ཞེ་ན། འཁོར་བའི་ཕ་རོལ་མཐར་སོན་ཏེ། བྱ་བ་བྱས་ནས་སྟོབས་དང་ལྡན་པ་འདམ་ནས་ཐོན་པ་ལྟར་འཁོར་བའི་འདམ་ནས་ཐོན་ཏེ་བྱང་ཆུབ་ཀྱི་སྐམ་ས་ལ་གནས་པའོ། །དེའི་རྒྱུ་ནི་གཉིས་སུ་མེད་པར་རྟོགས་པའི་ཡེ་ཤེས་འབའ་ཞིག་ལ་གཟུགས་སྐུ་གཉིས་འབྱུང་བའོ། །དེས་བསྟན་པའི་ཆོས་གང་ཞེ་ན། ཤེས་རབ་མཚོན་ཆས་རྣམ་འཇོམས་པ། དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་མཚོན་ཆ་ལྟ་བུས་ཉོན་མོངས་པ་འཇོམས་པའོ། །དམ་པའི་ཆོས་རྒྱལ་པོ་ལྟ་བུ་ཐུགས་ལ་གསལ་བར་ལྡན་པར་འཇིག་རྟེན་པ་ལ་ཡེ་ཤེས་སྣང་བར་བྱེད་པའོ། །དོན་ཕྲ་མོ་ཙམ་མ་ཡིན་ཏེ་ཐར་པ་ལ་སྦྱོར་བའི་མཆོག་གོ། །དེས་གཞན་དོན་འབྱུང་བའི་ཚུལ་ནི། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་འགྲུབ་བསམ་པ་གྲུབ་པ་སྟེ། །ཞེས་སྨོས་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་རྗེ་བཙུན་ཉིད་དབང་བསྒྱུར་བས་ཆོས་ཀྱི་དབང་ཕྱུག་གོ། །དེ་གདུལ་བྱ་རྣམས་ཉོན་མོངས་པ་ལས་རྒྱལ་བར་བྱས་ནས་ཕྱིན་ཅི་མ་ལོག་པར་ལེགས་པའི་ལམ་ཇི་ལྟར་འཚམས་པར་བསྟན་ཏེ། སེམས་ཅན་གྱི་དོན་དང་བསམ་པ་གྲུབ་པར་བྱེད་པའོ། །འོ་ན་རྗེ་བཙུན་ཉིད་རྟོག་བཅས་སུ་མི་འགྱུར་རམ་ཞེ་ན། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་སྨོས་ཏེ། གཞན་དོན་མཛད་ཀྱང་རྟོག་པ་མེ་དེ། ཡང་དག་པའི་ཡེ་ཤེས་དང་ལོག་རྟོག་འགལ་བའི་ཕྱིར་རོ། །རྣམ་པར་མི་རྟོག་ཀྱང་དབྱིངས་ལས་ཡོན་ཏན་ཟད་པ་མེད་པར་འབྱུང་སྟེ། ཡོན་ཏན་གྱི་འབྱུང་ཁུངས་ཆོས་ཀྱི་དབྱིངས་ལ་ཟད་མི་ཤེས་པའོ། །དེས་ཚོགས་ཇི་ལྟར་རྫོགས་ཤེ་ན། བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་སྨོས་ཏེ། རྗེ་བཙུན་ཉིད་ཡེ་ནས་བསོད་ནམས་ཀྱི་ཚོགས་དང་ལྡན་ལ། གཞན་དེ་ལ་གཞུག་པའི་ཕྱིར་ཉིད་ཀྱང་ཚོགས་སོགས་པའི་ཚུལ་སྟོན་པའོ། །ཡེ་ཤེས་ཀྱི་ཚོགས་དང་ཡང་ལྡན་ཏེ། དེ་ཡང་ཉན་ཐོས་དང་རང་རྒྱལ་བའི་ཡེ་ཤེས་ལས་ཀྱང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཁྱད་པར་ཆེ་སྟེ། དེ་ལས་ཀྱང་ཁྱད་པར་དུ་གྱུར་པ་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ལྡན་པས། ཡོད་པ་ཞེས་བྱ་བ་ཇི་སྙེད་པ་དང་། མེད་པ་ཞེས་བྱ་བ་ཇི་ལྟ་བ་ཤེས་པ་སྟེ། དེ་ལྟར་ཚོགས་གཉིས་རྫོགས་པས་ནི་ཚོགས་བསགས་པ་ལས་འབྱུང་བར་བསྟན་པའོ། །ཚོགས་བསགས་པ་ལས་སངས་རྒྱས་ཀྱི་སྐུ་ཇི་ལྟར་འབྱུང་ཞེ་ན། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་པ་ལ་སོགས་པ་སྨོས་ཏེ། དོན་དམ་ཆོས་ཀྱི་སྐུ་མི་འགྱུར་བ་དེ་རྣམ་རྟོག་གི་དགྲ་ལས་རྒྱལ་ཞིང། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་རྣལ་འབྱོར་ཏེ། དེ་ཡང་འདི་སྐད་དུ། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་སུ་བརྗོད་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །རྣམ་པར་མི་རྟོག་པའི་སྙིང་པོ་ལ་རྣམ་པར་རྟོག་པ་མི་གཡོ་བས་བསམ་གཏན། དེ་སངས་རྒྱས་དོན་དུ་གཉེར་བ་རྣམས་ཀྱིས་བསམ་པར་བྱ་བའི་འོས་ཡིན་པས་བསམ་པར་བྱ། གཉིས་མེད་རྟོགས་པས་བློ་དང་ལྡན་པའི་མཆོག་གོ། །དེ་ཡང་མཁྱེན་ཚད་ནི། ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་སོ་སོ་རང་གིས་རིག་པའོ། །དེ་ལ་མ་ཞེན་པ་ནི་མི་གཡོ་བའོ། །དེ་ལྟ་བུ་ནི་སྐུ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སྟེ། སྐུའི་བྱེ་བྲག་གཞན་འབྱུང་བའི་དངོས་པོ་ལ་དེ་ཐོབ་དགོས་པས་དང་པོ། །དེའི་ཡོན་ཏན་གྱི་ཁྱད་པར་སྐུ་གསུམ་དུ་སྣང་བའོ། །དེ་ཡང་སྐུ་དང་ཡེ་ཤེས་ཀྱི་བྱེ་བྲག་འབྱུང་ཞེ་ན། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་མངའ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་སྨོས་ཏེ། སྐུ་ལྔ་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། རྡོ་རྗེའི་ལྟ་བུའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུའོ། །ཁྱབ་བདག་ནི་ཆོས་ཀྱི་དབྱིངས་ཀྱིས་སྣོད་བཅུད་ཀུན་ལ་ཁྱབ་པའོ། །ཡེ་ཤེས་ལྔ་ནི་ཀླད་དུ་བཤད་ཟིན་ཏོ། །སངས་རྒྱ་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལྔའོ། །ཡེ་ཤེས་ལྔ་ལས་སངས་རྒྱས་ལྔས་བརྒྱན་པ་ཅོད་པན་ཅན་ཞེས་བྱའོ། །སྤྱན་ལྔ་ནི་ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ནོ། །དེ་རྣམས་ལ་ཐོགས་ཆགས་མེད་པས་མངའ་བའོ། །བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་རྟོགས་ནས་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་དུ་འགྱུར་ཞིང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་སྲས་སོ། །འོ་ན་ཉན་ཐོས་རྣམས་སྲས་དམ་པ་མིན་པ་ཅིའི་ཕྱིར་ཞེ་ན། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སྲས་སྟོང་ཡོད་ཀྱང་། མཚན་དང་ལྡན་པ་གཅིག་སྲས་ཀྱི་དམ་པར་འཛིན་པ་དེ་བཞིན་དུ། ཉན་ཐོས་དང་རང་རྒྱལ་ཤེས་རབ་དང་སྙིང་རྗེ་ཆུང་བས་སངས་རྒྱས་ཀྱི་རིག་འཛིན་ཅིང་མཛད་པ་སྒྲུབ་མི་ནུས་པས་སྲས་ཀྱི་དམ་པ་མ་ཡིན་ནོ། །བྱང་ཆུབ་སེམ་དཔའ་ནི་སྙིང་རྗེ་དང་ཤེས་རབ་ཆེ་བས་སངས་རྒྱས་ཀྱི་རིགས་འཛིན་ཅིང་མཛད་པ་སྒྲུབ་པས་སྲས་པོ་དམ་པའོ། །གནས་སྐབས་སུ་བྱང་ཆུབ་སེམས་དཔའི་གཟུགས་སུ་རྗེ་བཙུན་ཉིད་བཞུགས་ནས་འགྲོ་བའི་དོན་མཛད་པས་དེ་སྐད་ཅེས་བྱའོ། །དེའི་མཛད་པ་ཅི་ཞེ་ན། ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་བྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་སྨོས་ཏེ། དེ་ཁོ་ན་ཤེས་པས་སྲིད་པ་ལས་འབྱུང་སྟེ། འཁོར་བར་སྐྱེ་བའི་གནས་མེད་དོ། །ཆོས་ཀྱི་སྐུ་རྟོགས་པ་ལས་ཡེ་ཤེས་འབྱུང་བ་སྟེ། དེས་སྲིད་པའི་རྒྱུ་ལས་དང་ཉོན་མོངས་པ་སེལ་ལོ། །གང་གིས་སེལ་ན་ཡེ་ཤེས་དྲུག་རོ་གཅིག་པ། གཉེན་པོ་མེད་པ། དབྱེར་མེད་པས་སེལ་ལོ། །དུས་ནམ་སེལ་ན་སྐྱེས་མ་ཐག་ཏུའོ། །ཡེ་ཤེས་ལྔའི་ཚུལ་གྱིས་གཞན་གྱིས་མ་རིག་པ་ཇི་ལྟ་སེལ་ན། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྐར་མ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་སྨོས་ཏེ། ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བ་ལས་ཡོན་ཏན་འགག་པ་མེད་པ་འབྱུང་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་དོན་ཤེས་རབ་དམ་པ་རྟོགས་ཏེ། གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ཀྱི་མེས་མཚན་མ་འཇོམས་ཏེ། མེ་ཡིས་རྩྭ་སྦུར་བསྲེག་པ་ལྟ་བུ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཆོས་ཐམས་ཅད་མཉམ་པར་རྟོགས་པའི་ཡེ་ཤེས་ཀྱི་འོད་ཆེན་པོ་འབར་བས་གདུལ་བྱ་ལ་ཆེ་བའི་ཡོན་ཏན་སྣ་ཚོགས་སྣང་བར་བྱེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སོ་སོར་རྟོག་པའི་ཡེ་ཤེེས་སྤྲིན་མེད་པའི་ནམ་མཁའ་ལ་སྐར་མའི་ཚོགས་མ་འདྲེས་པར་གསལ་བ་ལྟར་ཆོས་ཐམས་ཅད་ཀྱི་མཚན་ཉིད་མ་འདྲེས་པར་རྟོགས་པས་སོ་སོར་རྟོག་པའི་ཡེ་ཤེས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་མར་མེ་ལྟ་བུས་འགྲོ་བའི་མ་རིག་པའི་མུན་པ་སེལ་ཞིང་། འདོད་པའི་དོན་ཡོངས་སུ་རྫོགས་པར་མཛད་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཁྱད་པར་གསང་སྔགས་ཀྱི་སྒོ་ནས་བསྟན་པའི་ཕྱིར། གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ཅེས་སྨོས་ཏེ། གཞན་ཟིལ་གྱིས་གནོན་པའི་གཟི་བརྗིད་ཀྱི་ཕུང་པོ་ཆེན་པོ་མངའ་ཞིང་། ནང་ན་ཡེ་ཤེས་ལྔ་གསལ་བའི་རྟགས་སུ་ཕྱི་རོལ་དུ་འོད་ཁ་དོག་ལྔ་གསལ་བའོ། །སྔགས་ཀྱི་མཆོག་ཏུ་གྱུར་པ་གསང་སྔགས་རིག་སྔགས་ཡིན་ལ་དེའི་མངའ་བདག་གོ། །རིག་སྔགས་ཀྱི་རྒྱལ་པོ་ནི་ཤེས་རབ་དང་ཡེ་ཤེས་ཡིན་ལ། གསང་སྔགས་ཀྱི་རྒྱལ་པོ་ནི་ཐབས་དང་ཤེས་རབ་ཁྱད་པར་ཅན་ཡིན་པས། སྐལ་བ་དང་སྐལ་བར་ལྡན་པ་ལ་དེ་གཉིས་ཀྱི་སྒོ་ནས་དོན་བྱེད་པའོ། །དེ་ནི་རྨད་དུ་བྱུང་བའི་ཆོས་ཡིན་པས་གཙུག་ཏོར་ལྟར་ཀུན་གྱི་སྤྱི་གཙུག་ཏུ་བཀུར་བར་འོས་པའོ། །དེ་ཙམ་དུ་མ་ཟད་དེ་འཕྲུལ་པ་སྣ་ཚོགས་སུ་འབྱུང་བ་ནི། ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །ཞེས་སྨོས་ཏེ། ཟབ་པ་རང་གི་དོན་ནམ་མཁའ་ལྟ་བུ་ལས་རྒྱ་ཆེ་བ་གཞན་གྱི་དོན་སྣ་ཚོགས་སྟོན་པའོ། །སྐུའི་མཆོག་ཏུ་གྱུར་པ་ནི་དྲུག་པོ་རོ་གཅིག་པའོ། །དེས་འགྲོ་བའི་དོན་ལ་གཟིགས་ཏེ་ཇི་ལྟར་དགའ་བའི་གཟུགས་སྣ་ཚོགས་སུ་སྤྲུལ་ནས་དོན་མཛད་པའོ། །མདོར་ན་བྱང་ཆུབ་ཀྱི་སེམས་སྣ་ཚོགས་སུ་སྤྲུལ་ནས་དོན་མཛད་པའོ། །མདོར་ན་བྱང་ཆུབ་ཀྱི་སེམས་གཟུགས་སྣ་ཚོགས་སུ་ཤར་བར་སྟོན་ཏོ། །དེ་ཉིད་དོན་དང་ལྡན་པས་གཞན་གྱིས་བཀུར་བའི་འོས་སུ་གྱུར་པའི་ཕྱིར། དྲང་སྲོང་ཆེ་དགུས་མཆོད་ཅིང་བརྗོད། །རིགས་གསུམ་འཆང་བ་གསང་སྔགས་འཆང་། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཞེས་པ་སྟེ། དྲང་སྲོང་ནི་སྤྱིར་རིག་པ་སྒྲུབ་པ་རྣམས་ལ་བྱ། དྲང་སྲོང་ཆེན་པོ་ནི་བཅོམ་ལྡན་འདས་ཏེ་རང་ཡང་དྲང་པོའི་ལམ་དུ་ཞུགས་པ་ལ། གཞན་ཡང་དྲང་པོའི་ལམ་དུ་སྲོང་བའི་ཕྱིར་རོ། །དེས་ཀྱང་རྗེ་བཙུན་ཉིད་ལ་མཆོད་པ་དང་། ཡོན་ཏན་བརྗོད་ཅིང་བསྟོད་པའི་གནས་སུ་གྱུར་པའོ། །དེས་ཅི་འཆང་ན། །སྐུ་དེ་བཞིན་གཤེགས་པའི་རིགས་དང་། གསུང་པདྨའི་རིགས་དང་། ཐུགས་རྡོ་རྗེའི་རིགས་དང་གསུམ་འཆང་ཞིང་ཐབས་དང་ཤེས་རབ་ཁྱད་པར་ཅན་འཆང་བས་ན། གསང་སྔགས་འཆང་བ་སྟེ། དོན་ལས་མི་འདའ་བས་ན། དམ་ཚིག་ཆེན་པོ་གསང་སྔགས་ཀྱི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་ཏོ། །རྩ་བ་བྱང་ཆུབ་ཀྱི་སེམས་ཏེ་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་བས་གཙོ་བོའོ། །དེས་དཀོན་མཆོག་གསུམ་གྱི་ཚུལ་འཛིན་ཅིང་། གཞན་ཡང་འཛིན་དུ་འཇུག་པར་མཛད་དོ། །དེ་ཡང་རྒྱ་ཆེ་བའི་དཀོན་མཆོག་ནི་སྤྱི་དང་མཐུན། ཟབ་པའི་དབང་དུ་བྱས་ནས་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པས་སངས་རྒྱས་དཀོན་མཆོག །དེའི་དོན་རྟོགས་པ་ནི་ཆོས་དཀོན་མཆོག །རྗེས་སུ་སྒྲུབ་པ་ནི་དགེ་འདུན་དཀོན་མཆོག་གོ། །ཆོས་ཀྱི་སྒོ་མོ་ཇི་སྙེད་པ་ཡང་ཐེག་པ་གསུམ་དུ་འདུས་ཏེ། གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར། ཐེག་པ་མཆོག་གསུམ་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པ་སྨོས་ཏེ། ཉན་ཐོས་དང་། རང་རྒྱལ་དང་། ཐེག་པ་ཆེན་པོ་གསུམ་གང་ཟག་གི་བློ་དང་སྦྱར་ནས་གང་མོས་པ་ལ་སྟོན་པར་བྱེད་དོ། །དེས་འགྲོ་བའི་དོན་ཡོད་པར་མཛད་དོ། །འཁོར་བ་ལས་རྒྱལ་བར་བྱེད་དོ། །ཐུགས་རྗེའི་ཞགས་པས་གདུལ་བྱ་རྗེས་སུ་འཛིན་པས་དེ་ཡང་རྒྱུ་ཅི་ལས་འབྱུང་ན། ཆོས་ཀྱི་སྐུ་རྡོ་རྗེ་ལྟ་བུ་རྟོགས་པ་ལས་འབྱུང་ངོ། །དེ་ཡང་། སྟོང་ཉིད་ཆོས་སྐུར་རྟོགས་པའི་རྟགས། །བྱམས་དང་སྙིང་རྗེ་རབ་ཏུ་འཕེལ། །ཞེས་པ་ལྟ་བུའོ། །ཐུགས་རྗེས་གདུལ་བྱ་རྗེས་སུ་འཛིན་པས་ལྕགས་ཀྱུ་དང་འདྲ། ཉོན་མོངས་པ་རྣམས་འཆིང་བས་ཞགས་པ་དང་འདྲ། དེ་ཉིད་ལ་ཡང་མ་ཞེན་པས་ཆེ་ཞེས་བྱའོ། །ད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་མིང་བསྟན་ཏེ། དེ་ཡང་རྡོ་རྗེའི་རིགས་ཡིན་པས་རྡོ་རྗེའོ། །ཤིན་ཏུ་འཇིགས་པར་བྱེད་པའི་ཆ་བྱད་དུ་བསྟན་ནས། མ་ཧཱ་དེ་བ་ལ་སོགས་པ་དང་། ལས་ཀྱི་གཤིན་རྗེ་རྣམས་ཞི་བས་མི་འདུལ་བ་དེ་དག་འཇིགས་ཤིང་སྐྲག་པར་བྱེད་པས་འདུལ་བའོ། །ཁྲོ་བའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཞེས་པ་འདིས་ཡོན་ཏན་རྟགས་ཀྱི་ཕྱག་རྒྱ་བསྟན་ཏེ། ཁྲོ་བོ་ནི་གསོད་པ་དང་སྐྲོད་པ་ལ་སོགས་པ་དྲག་པོའི་ཆ་བྱད་དུ་སྟོན་ཏེ། དེ་ཡང་། གསོད་དང་སྐྲོད་དང་དྲག་པོར་སྟོན། །འདི་ནི་ཁྲོ་བོའི་དོན་དུ་བརྗོད། །ཅེས་པ་ལྟ་བུའོ། །དེའི་ནང་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ཞེ་སྡང་ལ་སོགས་པ་བཅོམ་པའི་རྟགས་སོ། །དེ་ནི་ཁྲོ་བོ་རྣམས་ཀྱི་ནང་ན་གཙོ་བོར་གྱུར་པས་རྒྱལ་པོའོ། །དེ་ཡང་རིགས་དྲུག་དང་ལྡན་པའི་རྟགས་སུ་གདོང་དྲུག་གོ། །ཡེ་ཤེས་དྲུག་དང་ལྡན་པའི་རྟགས་སུ་མིག་དྲུག་གོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་རྟགས་སུ་ལག་པ་དྲུག་གོ། །གདུག་པ་འཇོམས་པར་བྱེད་པའི་སྟོབས་དང་ལྡན་པའོ། །མི་མགོ་སྐམ་རློན་གྱིས་བརྒྱན་པས་ཀེང་རུས་སོ། །ངེས་པར་འབྱེད་པའི་ཤེས་རབ་རྣོན་པོས་ཉོན་མོངས་པ་འཇོམས་ཤིང་། གདུག་པ་ཅན་འདུལ་བའི་རྟགས་སུ་མཆེ་བ་གཙིགས་པའོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །ཞེས་པ་འདིས་འཇིགས་བྱེད་ཆེན་པོའི་རྒྱན་བསྟན་ཏེ། ཧ་ལ་ནི་དུག་སྟེ། དུག་བཞི་དང་ལྡན་པའི་སྦྲུལ་གྱིས་ལུས་དང་ཡན་ལག་བརྒྱན་པའོ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །ཞེས་པ་འདིས་ནི་སྐུའི་ཕྲིན་ལས་བསྟན་ཏེ། འདི་ལས་ཀྱི་གཤིན་རྗེ་རྣམས་འདུལ་བའི་གཤེད་དུ་གྱུར་པ་སྟེ། བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་དང་། ཚོགས་བདག་གླང་སྣ་ལ་སོགས་པ་རྣམས་འདུལ་བར་བྱེད་པས་རྒྱལ་པོའོ། །རྡོ་རྗེ་ལྟར་ཕྲིན་ལས་ཐོགས་པ་མེད་པར་མཛད་པའི་ཤུགས་ཆེན་པོ་དང་ལྡན་པའི་སྒོ་ནས་གདུག་བ་ཅན་རྣམས་འཇིགས་ཤིང་སྐྲག་པར་མཛད་པའོ། །རྡོ་རྗེའི་གྲགས་པའི་ཁྱད་པར་ཇི་ཙམ་ཞེ་ན། རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་། །ཞེས་སྨོས་ཏེ། ཆོས་ཐམས་ཅད་རྡོ་རྗེ་ལྟར་དབྱེར་མི་ཕྱེད་ཅིང་། འཇིག་རྟེན་གསུམ་དུ་གྲགས་པའི་ཁྱད་པར་དང་ལྡན་པའོ། །དབྱེར་མི་ཕྱེད་པ་རྡོ་རྗེ་ལྟ་བུ་སྟེ། ཆོས་ཐམས་ཅད་ཀྱི་འཕྲོ་བར་གྱུར་པའི་གཞིར་གྱུར་པས་ཀྱང་སྙིང་པོ། རྡོ་རྗེ་ལྟ་བུ་ཐུགས་ཀྱི་རིགས་ཡིན་པས་ཀྱང་རྡོ་རྗེའི་སྙིང་། རྟགས་ཁྲོ་བོ་རྣམས་ཀྱི་ཐུགས་ཀར་བཞག་པས་ཀྱང་རྡོ་རྗེའི་སྙིང་ངོ་། །སྐུ་དེའི་ཡོན་ཏན་བསྟན་པ་ནི། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ཞེས་སྨོས་ཏེ། སྒྱུ་མ་ལྟ་བུའི་སྤྲུལ་པ་སྣ་ཚོགས་སུ་སྤྲུལ་ཞིང་། རྡོ་རྗེ་ལྟ་བུའི་སྐུ་དེ་ཡང་ནང་དུ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་གང་བའི་རྟགས་སུ་གསུས་ཁྱིམ་ཆེ་བའོ། །དེའི་རྒྱུ་ཅི་ཞེ་ན། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །ཅེས་པ་སྨོས་ཏེ། དེའི་རྒྱུ་ནི་ཆོས་སྐུ་རྡོ་རྗེ་ལྟ་བུ་རྟོགས་པ་ལས་སྐྱེས་ཏེ། རིགས་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་བདག་པོའོ། །དེའི་དཔེ་ནི། རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །ཞེས་སྨོས་ཏེ། དངོས་པོ་མེད་པ་དང་། ཀུན་ལ་ཁྱབ་པ་དང་། ཆོ་འཕྲུལ་མི་འགག་པའི་ཕྱིར་ནམ་མཁའོ། །འོ་ན་མཚན་མ་ཅན་དུ་མི་འགྱུར་རམ་ཞེ་ན། མི་གཡོ་རལ་པ་གཅིག་གིས་བསྒྱིངས། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་པ་འདིས་ཡོན་ཏན་གྱི་རྒྱན་བརྒྱན་ཏེ་མཚན་མའི་རྣམ་པར་རྟོག་པས་མི་གཡོ་ཞིང་། གཉིས་སུ་མེད་པར་རྟོགས་པའི་རྟགས་རལ་པའི་ཐོར་ཚུགས་གཅིག་ཏུ་བཅིངས་པའོ། །ཐེག་པ་མཆོག་དང་ལྡན་པའི་རྟགས་སུ་གླང་པོ་ཆེའི་ཀོ་རློན་གོས་སུ་གྱོན་པའོ། །ཁྲོ་བོའི་གསུང་ཇི་ལྟ་བུ་ཞེ་ན། གྲགས་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ཆེན་མོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །ཞེས་སྨོས་ཏེ། །འགྲོ་བའི་དོན་མཛད་པ་ལ་དགྱེས་པས་ཧཱ་ཧཱ་ཞེས་པའི་སྒྲ་སྒྲོགས་ཤིང་། ཧཱི་ཧཱི་ཞེས་པའི་སྒྲས་མ་རུངས་པ་རྣམས་འཇིགས་ཤིང་བརྒྱལ་བར་བྱེད་པའི་གད་མོ་ཆེ་བར་སྒྲོགས་ཏེ། རྡོ་རྗེ་དང་འདྲ་བར་གཞན་གྱིས་བར་དུ་མི་ཆོད་པར་ཤིན་ཏུ་རྒྱ་ཆེ་བ་སྟེ། འཇིག་རྟེན་གསུམ་ན་ཐོས་པར་སྒྲོགས་པའོ། །འོ་ན་ཐུགས་ཀྱི་རང་བཞིན་ཇི་ལྟ་བུ་ལགས་ཤེ་ན། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། །ཞེས་སྨོས་ཏེ། རྡོ་རྗེ་ལྟར་མི་ཕྱེད་པའི་ཐུགས་ཡེ་ཤེས་ཆེན་པོ། ཆོས་ཀྱི་དབྱིངས་ལ་སེམས་དཔའ་དང་། ཐུགས་རྗེས་འགྲོ་བའི་དོན་ལ་སེམས་པའོ། །དེའི་གོང་ན་གཞན་མེད་པས་རྒྱལ་པོའོ། །ཟག་པ་མེད་པའི་བདེ་བ་ཆེན་པོ་མངའ་ཞིང་། གདུག་པ་ཅན་འཇོམས་པའི་ཐུགས་མངའ་བས་དྲག་པོའོ། །དེས་སེམས་ཅན་རྣམས་ཀྱི་དགའ་བ་ཆེན་པོ་སྐྱེད་པར་མཛད་དོ། །རྡོ་རྗེ་ལྟ་བུ་ཐུགས་སུ་ཆུད་པའི་སྒོ་ནས། ཧཱུཾ་ཧཱུཾ་ཞེས་པའི་སྒྲ་བསྒྲགས་ནས། གདུག་པ་ཅན་ཚར་གཅོད་པར་མཛད་དོ། །ཁྲོ་བོ་དེས་ལས་ཅི་མཛད་ཅེ་ན། མཚོན་དུ་རྡོ་རྗེ་མདའ་ཐོགས་པ། །རྡོ་རྗེ་རལ་གྲི་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །ཞེས་སྨོས་ཏེ། ཕྱག་མཚན་རྡོ་རྗེ་ལྟར་ཉོན་མོངས་པ་འབིགས་པའི་ཐབས་ཤེས་རབ་ཀྱི་མདའ་གཞུ་དང་། རྣམ་པར་རྟོག་པ་གཅོད་པར་བྱེད་པའི་ཤེས་རབ་ཀྱི་རལ་གྲི་ཐོགས་པ་དང་། དུག་ལྔ་ཆོམས་པའི་རྟགས་རྡོ་རྗེ་འཆང་བ་དང་། རྡོ་རྗེ་ལྟར་གཞན་འཇོམས་པར་བྱེད་པའི་མཐུ་དང་ལྡན་པས་རྡོ་རྗེ་ཅན་ཞེས་བྱའོ། །དེ་ཡང་རྡོ་རྗེ་ལྟ་བུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་བཞི་དང་གདུག་པ་ཅན་འཇོམས་ཤིང་གཡུལ་ངོ་བཟློག་པར་བྱེད་དོ། །རྒྱན་གྱི་སྒོ་ནས་ཁྱད་པར་གྱི་ཡོན་ཏན་བསྟན་པ་ནི། རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེ་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་སྨོས་ཏེ། རྡོ་རྗེ་འབར་བ་ལྟ་བུའི་དྲག་པོའི་སྤྱན་ཤིན་ཏུ་མི་བཟད་པར་འཇིགས་པ་མངའ་ཞིང་དབུ་སྐྲ་ཡང་རྡོ་རྗེའི་སྐྲའོ། །གཞན་གྱི་རྒྱུད་ལ་ཡང་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་ཡེ་ཤེས་འབེབས་པར་མཛད་ལ་མིག་བརྒྱ་པ་ཞེས་པ་ནི་མཚོན་པ་ཙམ་སྟེ། ཐམས་ཅད་དུ་མ་འགགས་པ་ཤེས་རབ་ཀྱི་སྤྱན་དབྱེར་མི་ཕྱེད་པ་དང་ལྡན་པའོ། །ལུས་ལ་རྡོ་རྗེའི་བ་སྤུ་དངོས་སུ་འཁྱིལ་བ་མངའ་ཞིང་། རྡོ་རྗེའི་སྤུ་དེ་གཉིས་སུ་མེད་པའི་ལུས་ལ་བརྒྱན་པའོ། །གདུག་པ་ཅན་འདུལ་བའི་རྟགས་དང་། རིགས་ལྔ་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པའི་རྟགས་སུ་སོར་མོའི་རྩེ་མོར་རྡོ་རྗེ་སྐྱེས་པའོ། །ཐམས་ཅད་གཉིས་མེད་དུ་བསྡུས་པའི་རྟགས་སུ། རྡོ་རྗེའི་པགས་པ་སྲ་ལ་འཐས་པ་མངའ་བའོ། །རྡོ་རྗེའི་ཕྲེང་བ་ཐོགས་ནས་གཞན་དོན་མཛད་པས་དཔལ་དང་ལྡན་པའོ། །ཆེ་བའི་ཡོན་ཏན་ཕྲེང་བ་བརྒྱུས་པ་ལྟར་རྒྱུན་མི་འཆད་པ་དང་ལྡན་པའི་རྟགས་སོ། །དེ་ལྟར་ཁྱད་པར་གྱི་རྒྱན་རྡོ་རྗེས་བརྒྱན་པའི་སྒོ་ནས་ཆེ་བའི་ཡོན་ཏན་རྣམས་བསྟན་པ་ཡིན་ཏེ། ཐུགས་རྡོ་རྗེའི་རིགས་ཡིན་པའི་ཕྱིར་རོ། །འོ་ན་གསུང་གི་སྒོ་ནས་འགྲོ་བ་འདྲེན་པའི་ཡོན་ཏན་གང་ཞེ་ན། གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ལ་སྒྲ་སྒྲོགས་པ། །སྒྲ་དང་ལྡན་པ་རྣམས་ཀྱིས་མཆོག །ཅེས་སྨོས་ཏེ། འགྲོ་བའི་དོན་མཛད་པ་ལ་དགྱེས་པའི་སྒྲ་ཧཱ་ཧཱ་ཞེས་སྒྲོགས་ཤིང་། ཡི་གེ་དྲུག་པ་ནི་རྒྱས་པར་ཡི་གེ་དྲུག་པའི་སྔགས། དེ་ལས་བསྡུ་ན་ཝཱ་གཱི་ཤྭ་རཱིའི་འབྲུ་དྲུག་པའོ། །དེ་གཉིས་ནི་གསང་སྔགས་རྡོ་རྗེའི་ཐེག་པའི་སྒྲའོ། །ལས་འཕྲོ་ཅན་རྣམས་ལ་སྙན་ཅིང་ཡིད་དུ་འོང་བས་འཇམ་དབྱངས་སོ། །དོན་ཆེན་པོ་སྟོན་པའི་སྒྲ་ཡིན་པས་ཆེ་བས་སོ། །དེ་གང་དུ་སྒྲོགས་ན་འཇིག་རྟེན་གསུམ་དུའོ། །གཉིས་མེད་སྟོན་པའི་སྒྲ་ཡིན་པས་གཅིག་གོ། །ཡང་ཇི་སྙེད་ཅིག་བསྒྲགས་ཀྱང་འགྲོ་བ་འདྲེན་པར་གཅིག་པའོ། །སྒྲ་དེ་ལ་འགྲན་ཟླ་མེད་པས་ཀྱང་སྒྲ་གཅིག་པའོ། །དེ་ཇི་ཙམ་དུ་སྒྲོགས་ཤེ་ན། ནམ་མཁའ་ཁྱབ་པར་སྒྲོགས་པའོ། །སྒྲ་རྣམས་ཀྱི་ནང་ན་ཆོས་ཀྱི་སྒྲ་འདི་མཆོག་ཏུ་གྱུར་པ་སྟེ་དོན་ཆེན་པོ་ལ་སྦྱོར་བའི་ཕྱིར་རོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །ཅེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་གསུང་གི་རྒྱུ་ནི་ཡང་དག་པ་བདག་མེད་དེ་བཞིན་ཉིད་དོ། །གསུང་གི་ཆེ་བ་ནི། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །ཞེས་སྨོས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྨྲ་བ་ནི་སྨྲ་བ་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་ཁྱུ་མཆོག་སྟེ། དཔེར་ན། གླང་པོ་ཆེའི་ཕྲུ་གུ་ཕ་མ་ཤི་ནས་སེང་གེས་ནུ་མ་བསྣུན་ནས་གསོས་པ་ལ་ཁྱུ་མཆོག་ཟེར་ཏེ། དེས་ཁྱུས་འགྲོ་ཟིལ་གྱིས་གནོན་ཏེ་དེ་དང་འདྲ་བའི་ཕྱིར་རོ། །ཅིའི་མཆོག་ཡིན་ན། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒྲ་སྒྲོགས་པའི་ཕྱིར་རོ། །ཆོས་འབྱུང་བའི་སྔ་ལྟས་ནི། ཆོས་ཀྱི་དུང་ལྟ་བུའི་སྒྲ་ཆེན་པོས་བདུད་བཏུལ་ནས། ཆོས་ཀྱི་གཎྜི་ལྟ་བུའི་སྒྲ་ཆེན་པོས་འཁོར་བསྡུས་ནས། མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་སྟོན་པ་སྟེ། དེ་ཡང་། ཤེས་པས་སྲིད་ལ་མི་གནས་དང་། །སྙིང་རྗེས་ཞི་ལ་མི་གནས་ཤིང་། །ཞེས་པ་ལྟ་བུའོ། །རྒྱ་ཇི་ཙམ་ཆེ་ཞེ་ན། ཕྱོགས་བཅུ་ཐམས་ཅད་ཁྱབ་པར་བྱེད་པའོ། །གང་གིས་ཤེ་ན། ཆོས་ཀྱི་སྒྲ་ཆེན་པོ་རྔ་བོ་ཆེ་དང་འདྲ་བ་སྒྲོགས་པའོ། །དེ་ལ་ཀུན་འབྱུང་བའི་གཞི་གང་ཞེ་ན། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་སྨོས་ཏེ། ཆོས་སྐུ་ལ་ངོ་བོ་ཉིད་མ་གྲུབ་པས་གཟུགས་མེད་པའོ། །དེའི་བྱིན་གྱིས་རླབས་ལས་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གཟུགས་བཟང་བའི་དམ་པའོ། །སྤྲུལ་སྐུ་སྣ་ཚོགས་གཟུགས་ཅན་དེ་ཡིད་ཡེ་ཤེས་སུ་གྲོལ་བ་ལས་སྐྱེས་ཞེས་པ་དང་། ཡང་སྤྲུལ་སྐུ་སྣ་ཚོགས་གཟུགས་ཅན་གྱི་ཡིད་ལ་ཇི་ལྟར་འདོད་པ་ལྟར་སྐྱེས་ཞེས་བཤད་དོ། །རྗེ་བཙུན་དེ་ཉིད་ཉན་ཐོས་དང་། རང་རྒྱལ་བ་དང་། བྱང་ཆུབ་སེམས་དཔའ་དང་། ཚངས་པ་དང་། ཁྱབ་འཇུག་ལ་སོགས་པའི་གཟུགས་བརྙན་མ་ལུས་པར་སྣང་ནས་དོན་མཛད་པའོ། །སྐུ་དེའི་ཆེ་བ་ཇི་ལྟ་བུ་ཞེ་ན། ཚུགས་པ་མེད་ཅིང་ཆེ་བར་གྲགས། ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །ཅེས་སྨོས་ཏེ། ཚོགས་གཉིས་ཡོངས་སུ་རྫོགས་པའི་དབང་གིས་གཉེན་པོ་གང་གིས་ཀྱང་མི་ཚུགས་ཏེ། བདུད་དང་མུ་སྟེགས་ལ་སོགས་པ་གང་གིས་ཀྱང་ཟིལ་གྱིས་མི་ནོན་པས་ན་ཆེ་བར་གྲགས་སོ། །དེ་ཡང་འཕགས་པའི་ལམ་ལས་མཐོ་བར་གྱུར་པས་གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་པའོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མཁྱེན་པའི་དར་བ་ཆེན་པོའི་ཆོས་སོ། །གཉིས་སུ་མེད་པ་ནི་རབ་རྩེ་མོའི་ཏོག་ཅེས་བྱའོ། །དེ་གདུལ་བྱ་ལ་ཇི་ལྟར་མོས་པར་སྣང་བ་ནི། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་སྨོས་ཏེ། བྱང་ཆུབ་སེམས་དཔས་འདུལ་བ་རྣམས་ལ་བགྲེས་རྒུད་མི་མངའ་སྟེ་རྟག་ཏུ་བྱིས་པ་ལོ་བརྒྱད་ལོན་པ་ལྟ་བུ་གཞན་གྱི་ཡིད་འཕྲོག་པར་བྱེད་པ་ལྟ་བུས་དོན་མཛད་པའོ། །ཉན་ཐོས་ཀྱིས་འདུལ་བ་རྣམས་ལ་གནས་བརྟན་རབ་འབྱོར་ལྟ་བུར་སྤྲུལ། རང་རྒྱལ་བས་འདུལ་བ་རྣམས་ལ་རང་རྒྱལ་རྒན་པོ་རྫུ་འཕྲུལ་ཆེར་སྟོན་པ་ལྟ་བུར་སྤྲུལ། སྣ་ཚོགས་ཀྱིས་འདུལ་བ་ལ་སྐྱེ་དགུའི་བདག་པོར་སྤྲུལ་ནས་དོན་མཛད་དེ། དེ་ལ་སྐྱེ་བ་དགུ་ནི་ཉན་ཐོས་དང་། རང་རྒྱལ་བ་དང་། ཐེག་པ་ཆེན་པོ་དང་གསུམ། དེའི་ཁར་འགྲོ་བ་རིགས་དྲུག་གི་གནས་སུ་སྤྲུལ་སྐུ་ཐུབ་པ་དྲུག་གིས་དོན་མཛད་པ་དང་དགུ་ལ་བྱའོ། །དེ་ལ་མཚན་སུམ་ཅུ་རྩ་གཉིས་ནི་ཐུན་མོང་དུ་བསྟན་ཏོ། །ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང་། ཞབས་རུས་སྦལ་བཞིན་དུ་གནས་པ་དང་། ཕྱག་དང་ཞབས་ཀྱི་སོར་མོ་འབྲེལ་བ་དང་། ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་མཐོ་བ་དང་། ཕྱག་གི་སོར་མོ་རིང་བ་དང་། རྟིང་བ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། འབུར་མི་མངོན་པ་དང་། སྐུའི་སྤུ་གྱེན་དུ་འཁྱིལ་བ་དང་། བྱིན་པ་རི་དྭགས་ཨེ་ན་ཡ་ལྟ་བུ་དང་། ཕྱག་རིང་ཞིང་མཛེས་པ་དང་། འདོམས་ཀྱི་ལྦ་བ་སྦུབས་སུ་ནུས་པ་དང་། སྐུ་མདོག་གསེར་ལྟ་བུ་དང་། པགས་པ་འཇམ་པ་དང་། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། རོ་སྟོད་སེང་གེ་འདྲ་བ་དང་། དཔུང་མགོ་ཟླུམ་པ་དང་། ཐལ་གོང་རྒྱས་པ་དང་། རོ་བྲོ་བའི་མཆོག་མཁྱེན་པ་དང་། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། དབུ་གཙུག་ཏོར་དང་ལྡན་པ་དང་། ལྗགས་རིང་བ་དང་། གསུང་ཚངས་པའི་དབྱངས་ལྟ་བུ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ཚེམས་དཀར་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐག་བཟང་བ་དང་། ཚེམས་བཞི་བཅུ་མངའ་བ་དང་། སྤྱན་མཐོན་མཐིང་དུ་གནས་པ་དང་། སྤྱན་རྫི་བའི་རྫི་མ་ལྟ་བུའོ། །ཁྱད་པར་གྱི་དབང་དུ་བྱས་ནས། དཔལ་རྣམ་པར་སྣང་མཛད་ལ་རྒྱུའི་སེམས་དཔའ་བཅུ་དྲུག །འབྲས་བུའི་སེམས་དཔའ་བཅུ་དྲུག་གིས་བརྒྱན་པ་ལ་བཤད་དོ། །དེ་ལྟར་འཇིག་རྟེན་གསུམ་ན་ཤིན་ཏུ་སྡུག་ཅིང་ཡིད་དུ་འོང་ལ། བལྟ་བས་ཆོག་མི་ཤེས་པ་འདུན་པ་སྐྱེ་བའི་གནས་སུ་གྱུར་པའོ། །དེས་འཇིག་རྟེན་པ་ཇི་ལྟར་སྐྱོབ་ཅེ་ན། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུག་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་སྨོས་ཏེ། འཇིག་རྟེན་པའི་སྨན་དང་བཟོ་ལ་སོགས་པ་ཡང་རྗེ་བཙུན་ཉིད་ཀྱིས་བསླབ་པ་ཡིན་ལ། ལོག་པའི་ལམ་ལས་ཟློག་ཅིང་དམ་པའི་ལམ་སྟོན་པའི་སློབ་དཔོན་ཡང་མཛད་དོ། །ཐ་སྙད་ཀྱི་རིག་པ་དག་ལྡན་པས་གཞན་གྱིས་བརྩད་ཀྱང་འཇིགས་པ་དང་བག་ཚ་བ་མེད་པར་འཇིག་རྟེན་སྐྱོབ་པ་སྟེ། ཇི་ལྟར་ཡིད་དང་མཐུན་པར་སྔར་ཡང་སྐྱབས་མཛད་ལ། ཕྱིས་ཀྱང་སྐྱོབ་སྟེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་དོ། །འོ་ན་ཐུགས་ཀྱི་མཁྱེན་ཚད་ཅི་མངའ་ཞེ་ན། ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་པ། ཆོས་ཀྱི་སྐུ་ནམ་མཁའི་མཐའ་ལྟ་བུ་ལ་ལོངས་སྤྱོད་ཅིང་རྟོགས་པས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བའོ། །དེའི་བྱེད་པའི་ལས་གང་ཞེ་ན། །མ་རིག་སྒོ་ལྔའི་སྦུབས་འབྱེད་པ། །སྲིད་པའི་དྲྭ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཞེས་སྨོས་ཏེ། གཉིས་སུ་མེད་པའི་དོན་རྟོགས་པས་མ་རིག་སྒོ་ལྔའི་ཤུན་ལྤགས་འདྲ་བ་སྦུབས་ཕྱེ་ནས་སྲིད་པའི་དྲྭ་བ་ལས་དང་ཉོན་མོངས་པ་དང་འབྲེལ་བ་རྣམས་བཅོམ་སྟེ། ཉོན་མོངས་པ་རྩ་བ་ལྔའམ་དུག་དང་། ཉེ་བའི་ཉོན་མོངས་པ་ཉི་ཤུ་པོ་དང་། ཀུན་ནས་ཉོན་མོངས་པ་སྟེ་བརྒྱད་དང་གསུམ་ལྟ་བུ་ཞི་ནས་འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན་པའོ། །དེ་རྟོགས་པའི་ཕན་ཡོན་ནི། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་དུ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །ཞེས་སྨོས་ཏེ། གཉིས་སུ་མེད་པའི་དོན་རྟོགས་པས་ཉོན་མོངས་པ་ལྔ་མ་སྤངས་རང་སར་གྲོལ་ཏེ། ཡེ་ཤེས་ལྔར་སྣང་བ་སྟེ། བུམ་པ་ལ་སོགས་པའི་དབང་ལ་ལྟོས་པ་མ་ཡིན་ཏེ། ཡེ་ཤེས་གཅིག་རྫོགས་ཀྱི་དབང་ཞེས་བྱའོ། །གཞི་རིག་པ་གཅིག་ལ་སྣང་ཚུལ་ཡེ་ཤེས་ཀྱིས་བརྒྱན་པ་དེ་ཤིན་ཏུ་མཛེས་པའི་ཕྱིར་ཅོད་པན་ནོ། །དེ་ཡང་། སེམས་ཀྱིས་ཆོས་ལ་དབང་ཐོབ་ན། །རྫས་ཚིག་མཚན་མའི་དབང་རྣམས་ཀུན། །མ་བསྐུར་ཀྱང་ནི་ཐོབ་པར་འགྱུར། །ཞེས་པ་ལྟ་བུའོ། །ཡེ་ཤེས་ལྔའི་གཟུགས་བརྙན་སངས་རྒྱས་ལྔར་ཤར་ཏེ། གསལ་ཞིང་མཛེས་པའི་ཕྱིར་རྒྱན་ཞེས་བྱའོ། །སྡུག་བསྔལ་ནི་གསུམ་དུ་འདུས། དེ་ལྟར་རྟོགས་པས་སྡུག་བསྔལ་གྱི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་གསུམ་ཞི་ལ། ཉོན་མོངས་པ་རྣམས་ཀྱང་དུག་གསུམ་དུ་འདུས་ཏེ། དེ་སེལ་ཞིང་སྤོང་ངོ་། །དེ་གསུམ་བསལ་ནས་འགྲོ་བ་མཐའ་ཡས་པའི་དོན་བྱས་ནས། གྲོལ་བ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་གསུམ་ཐོབ་པར་བྱེད་དོ། །ཁྱད་པར་དུ་སྐུ་གསུམ་ལ་བྱའོ། །དེ་ཡང་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཀུན་ལས་གྲོལ་ནས། ནམ་མཁའ་ལྟ་བུའི་མཉམ་པ་ཉིད་ལ་གནས་ཏེ། དེ་ཕན་ཆད་ཉོན་མོངས་པའི་དྲི་མ་ལས་འདས་པའོ། །དེ་ལྟར་རྟོགས་པའི་ངོ་བོ་ཅི་ཞེ་ན། དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་གཙོ་བོ་ཆེ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ལུས་ཀུན་ལས་ནི་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཞེས་སྨོས་ཏེ། མཉམ་པ་ཉིད་ལ་དུས་གསུམ་དུ་དབྱེར་མེད་དེ། དེ་ཡང་། འདས་པའི་དེ་བཞིན་ཉིད་གང་མ་འོངས་དེ་བཞིན་ཉིད། །ད་ལྟ་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །ཅེས་པ་ལྟ་བུའོ། །དེ་ལྟར་རྟོགས་པ་ནི་སེམས་ཅན་ཀུན་ལས་ཆེས་ཁྱད་པར་འཕགས་པའི་གཙོ་བོ་ཆེ་བའོ། །དེ་ཡང་། འཇིག་རྟེན་པ་བས་ཉན་ཐོས་ཡོན་ཏན་ཆེ་ལ། དེ་ལས་ཀྱང་རང་རྒྱལ་བ། དེ་ལས་ཀྱང་བྱང་ཆུབ་སེམས་དཔའ། དེ་བས་ཀྱང་དེ་བཞིན་གཤེགས་པ་ཡོན་ཏན་ཆེ་བ་རྣམས་ཞེས་བྱའོ། །ཐོད་ནི་ཡོན་ཏན་གྱིས་མཛེས་པར་བརྒྱན་པའོ། །དེ་ལས་ཀྱང་ཐོད་ལྟར་མཛེས་ཤིང་རབ་ཏུ་གྱུར་པ་ནི་རྗེ་བཙུན་ཉིད་དོ། །དེ་ལྟར་འགྲོ་བའི་ལུས་ཀུན་ཏུ་སྐྱེ་བ་གྲོལ་ནས་ནམ་མཁའ་ལྟ་བུའི་ཡེ་ཤེས་ལ་གནས་སོ། །འོ་ན་འགྲོ་བའི་དོན་ཇི་ལྟར་མཛད་ན། ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་བདག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །ཞེས་སྨོས་ཏེ། གཞན་དོན་འབྱུང་བའི་དཔེ་ཡིད་བཞིན་ནོར་བུ་ལ་ཡང་ཆོས་བརྒྱད་དེ། སེམས་ཅན་གྱི་དོན་དགོས་འདོད་འབྱུང་བ་དང་། དེ་ཡང་གསོལ་བ་མ་བཏབ་ན་མི་འབྱུང་བ་དང་། བཏབ་ན་འབྱུང་བ་དང་། དུས་སུ་འབྱུང་བ་དང་། ཇི་ལྟར་འཚམས་པར་འབྱུང་བ་དང་། ཟད་མི་ཤེས་པར་འབྱུང་བ་དང་། རྟོག་པ་མེད་པར་འབྱུང་བ་དང་། ཕྱིས་ལན་ལ་རེ་བ་མེད་པའོ། །དེ་དང་འདྲ་བའི་ཡོན་ཏན་རིན་པོ་ཆེ་ལྟ་བུ་དེས་ཀུན་ལ་ཁྱབ་པའི་བདག་ཉིད་དོ། །ཡང་དཔག་བསམ་ཤིང་དང་འདྲ་སྟེ། དེ་ལ་ཡང་ཆོས་བཅུ་སྟེ། སྔ་མ་བརྒྱད་ཀྱི་ཁར་བསིལ་བ་དང་། འགྲོ་བ་ངལ་སོས་པའི་གནས་སུ་གྱུར་པ་ལྟ་བུ་དང་བཅུའོ། །ཡང་བུམ་པ་བཟང་པོ་བསྒྲུབ་པ་དང་འདྲ་སྟེ། དེ་ལ་ཆོས་བཅུ་སྟེ། སྔ་མ་བརྒྱད་ཀྱི་ཁར། བསྒྲུབས་ན་འབྱུང་བ་དང་། མ་བསྒྲུབས་ན་མི་འབྱུང་བ་དང་བཅུའོ། །དེ་ཡང་། བུམ་པ་བཟང་པོ་དང་ནི་དཔག་བསམ་ཤིང་། །ཡིད་བཞིན་ནོར་རྣམས་སེམས་དང་མི་ལྡན་པས། །སེམས་ཅན་རྣམས་ཀྱི་དོན་ནི་འབྱུང་འགྱུར་ན། །ཐུགས་རྗེ་ཆེར་མངའ་རྒྱལ་བ་སྨོས་ཅི་དགོས། །ཞེས་པ་ལྟ་བུའོ། །དེ་ལྟར་བུ་གཅིག་པའི་མ་ལྟར་ཕན་འདོགས་པའོ། །དེས་གདུལ་བྱའི་བསམ་པ་ཇི་ལྟར་མཁྱེན་ཅེ་ན། བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་དོན་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཞེས་སྨོས་ཏེ། ལས་བཟང་ངན་ཤེས་ཤིང་། དེའི་འབྲས་བུ་དུས་ཇི་ཙམ་ན་འབྱུང་ཤེས་ལ། ཐུགས་རྗེས་ཀུན་ལ་ཁྱབ་པའི་བདག་པོ་གཞན་གྱི་དམ་ཚིག་ཀྱང་ཤེས་ལ། རང་ཡང་དེ་ཁོ་ན་ལས་མི་འདའ་བའི་དམ་ཚིག་དང་ལྡན་པའོ། །དོན་མཛད་པའི་ཚེ་འདུལ་བའི་དུས་ཚོད་ཤེས་ཤིང་སེམས་ཅན་གྱི་དབང་པོ་རབ་འབྲིང་ཐ་མ་དང་། དད་པ་དང་བརྩོན་འགྲུས་རབ་འབྲིང་ཐ་མའི་དོན་ཤེས་པའོ། །དེ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས། ཉན་ཐོས་དང་། རང་རྒྱལ་བ་དང་། ཐེག་པ་ཆེན་པོ་དང་རྣམ་གྲོལ་གསུམ་ལ་མཁས་པའོ། །སྐུ་དང་ཡེ་ཤེས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་རྗེ་བཙུན་ཉིད་ཀྱང་ལྡན་ཞིང་། ཉན་ཐོས་དང་། རང་རྒྱལ་བ་ལ་སོགས་པའི་རྒྱུད་ལ་ཡོད་པའི་ཡོན་ཏན་རྣམས་ཀྱང་ཤེས་པའོ། །དེ་ལྟར་གྱུར་པའི་བཀྲ་ཤིས་པའི་དམ་པར་བསྟན་པའི་ཕྱིར། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །ཞེས་སྨོས་ཏེ། དེ་ལྟ་ཆོས་ཀྱི་དོན་ཤེས་པས་ཚེ་འདིར་ཡང་ལེགས་པའི་ཡོན་ཏན་ཀུན་འབྱུང་བས་བཀྲ་ཤིས་ལ། ཕྱི་མར་ཡང་ལེགས་པའི་ཡོན་ཏན་ཀུན་འབྱུང་བས་བཀྲ་ཤིས་འབྱུང་ངོ་། །འཇིག་རྟེན་པའི་ཚེ་རིང་བ་དང་། ནོར་དང་རིགས་རྒྱུད་འཕེལ་བ་ལ་སོགས་པ་བཀྲ་ཤིས་པ་རྣམས་ཀྱི་ནང་ན་ཡང་བཀྲ་ཤིས་དམ་པར་འགྱུར་རོ། །ཁམས་གསུམ་དུ་གྲགས་ཤིང་ལེགས་པའི་ཡོན་ཏན་འབྱུང་བས་གྲགས་པའི་བཀྲ་ཤིས་སོ། །མི་དགེ་བ་ལས་ལོག་ནས་དགེ་བ་སྣ་ཚོགས་ལ་ཞུགས་པས་སྙན་གྲགས་དགེ་བའོ། །འགྲོ་བ་རྣམས་ཐར་པའི་ལམ་དུ་དབུགས་འབྱིན་པས་ཀུན་དགའ་བའི་ཆོས་ཀྱི་སྟོན་མོ་ཆེན་པོ་མཛད་ཅིང་། ཟག་མེད་ཀྱི་བདེ་བ་ཆེན་པོ་ཐོབ་པས་དགའ་ཆེན་ནོ། །འདོད་པའི་ཡོན་ཏན་མི་སྤོང་བས་རོལ་མོ་ཆེན་པོ་ཞེས་བྱའོ། །དེས་འགྲོ་བ་སྐྱོབ་པའི་ཚུལ་ནི། བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བའི་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །ཞེས་སྨོས་ཏེ། ཀུན་གྱིས་བཀུར་བ་དང་། རིམ་གྲོར་བྱ་བའི་འོས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཏེར་དུ་གྱུར་པ། མཆོག་ཏུ་འགྲོ་བའི་དོན་ལ་དགའ་བ། ཁམས་གསུམ་དུ་གྲགས་ཤིང་ཚོགས་གཉིས་རྫོགས་པས་དཔལ་ཏེ། ཡོན་ཏན་གྱི་སྐལ་བ་མཆོག་དང་ལྡན་ཞིང་། གཞན་ལ་ཡང་མཆོག་སྟེར་བའི་གཙོ་བོར་གྱུར་པའོ། །དེས་སྡུག་བསྔལ་བ་རྣམས་འཁོར་བའི་འཇིགས་པ་ལས་སྐྱོབ་ཅིང་དེ་ལས་ལྷག་པ་མེད་པས་སྐྱབས་སུ་འོས་པའོ། །ཅི་ལས་སྐྱོབ་ཅེ་ན། འཇིག་རྟེན་གྱི་རྟོག་པ་དགྲ་ཡིན་ཏེ། དེ་ལས་སྐྱོབ་པའོ། །དེ་ཡང་འཇིག་རྟེན་ལས་རབ་ཏུ་གྱུར་པས་ཉན་ཐོས་སོ། །དེ་ལས་རབ་ཏུ་གྱུར་པས་རང་རྒྱལ་ལོ། །དེ་ལས་རབ་ཏུ་གྱུར་པས་བྱང་ཆུབ་སེམས་དཔའོ། །དེ་དག་ལས་ཀྱང་མཆོག་ཏུ་གྱུར་པ་རྗེ་བཙུན་ནོ། །དེས་བདུད་དང་སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པའོ། །མུ་སྟེགས་ཀྱི་ཆ་བྱད་ཀྱིས་འདུལ་བ་ལ་དེར་སྤྲུལ་ནས་འགྲོ་བའི་དོན་མཛད་པའི་ཕྱིར། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྫ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །ཅེས་སྨོས་ཏེ། གཙུག་ཕུད་ནི་སྐྲ་དང་ཁ་སྤུ་བཞར་བྲེགས་ནས་སྤྱི་བོར་གཙུག་ཕུད་ཙམ་འཛིན་པས་འདུལ་བ་ལ་དེར་སྤྲུལ་ལོ། །ཕུད་བུ་ནི་སྐྲ་གཞན་བྲེགས་ནས་དཔྲལ་བར་བཅིངས་པའོ། །ལྕང་ལོ་ཅན་ནི་སྲ་སིལ་བུ་རིང་བའོ། །རལ་པ་ནི་རལ་པ་སོག་ཁ་ནོན་པ་ནི། ལྷ་ཆེན་པོ་ལ་དད་པ་རྣམས་ཀྱི་གཟུགས་འཛིན་པའོ། །མུཉྫ་ནི་རྐང་སོར་སླེབས་པའི་རལ་པ་སྐེ་རགས་སུ་བཅིངས་པའོ། །ཅོད་པན་ནི་དར་ལ་སོགས་པ་ཐོད་དུ་བཅིངས་པའི་ཐ་མ་ཅོད་པན་དུ་འཕུར་བའོ། །གདོང་ལྔ་ནི་ཕྱོགས་བཞིན་གདོང་བ་བཞི། སྤྱི་བོའི་གཙུག་ན་གཅིག་སྟེ་ལྔའོ། །གདོང་པ་བཞི་ནས་རིག་བྱེད་ཀྱི་སྒྲ་བཞི་འདོན་ཏེ། ཤར་ནས་ངེས་བརྗོད་ཀྱི་རིག་བྱེད། ལྷོ་ནས་མཆོད་སྦྱིན་གྱི་རིག་བྱེད། ནུབ་ནས་སྙན་དངགས་ཀྱི་རིག་བྱེད། བྱང་ནས་སྲིད་སྲུང་གི་རིག་བྱེད་འདོན་པའོ། །དེ་ལྟར་ཚངས་པ་གདོང་ལྔ་པ་ལྟ་བུས་འདུལ་བ་ལ་དེར་སྤྲུལ་ལོ། །ཡང་མགོ་ལ་གཙུག་ཕུད་ལྔ་དང་ལྡན་པ་མུ་སྟེགས་གཟེགས་ཟན་གྱི་གཟུགས་ཀྱིས་འདུལ་བ་ལ་དེར་སྤྲུལ་ལོ། །ཡང་མགོ་ལ་རིན་པོ་ཆེའི་ཟུར་ཕུད་ལྔ་ཡོད་པ་དྲི་ཟའི་གཟུགས་ཀྱིས་འདུལ་བ་ལ་དེར་སྤྲུལ་ལོ། །ཡང་མགོ་ལ་མེ་ཏོག་གི་ཐོད་བཅིངས་པས་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གཟུགས་ཀྱིས་འདུལ་བ་ལ་དེར་སྤྲུལ་ལོ། །འོ་ན་སངས་རྒྱས་པའི་བརྟུལ་ཞུགས་ཇི་ལྟར་འཛིན་ཞེ་ན། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་འཆང་། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་ག་ཏ་མ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །ཞེས་སྨོས་ཏེ། ཤཱཀྱ་ཐུབ་པ་ལྟ་བུའི་རབ་ཏུ་བྱུང་བས་འདུལ་བ་ལ་མགོ་ཟླུམ་དུ་སྤྲུལ་ནས་གནོད་པ་ལས་ཟློག་པའི་བརྟུལ་ཞུགས་འཛིན་པར་མཛད་དོ། །ཡང་ཚངས་པར་སྤྱོད་པའི་སྡོམ་པ་ལ་གནས་ཤིང་བརྟུལ་ཞུགས་འཛིན་པས་འདུལ་བ་ལ་དེར་སྟོན་ཏོ། །ཤཱཀྱ་ཐུབ་པ་ཆུ་བོ་ནཻ་རཉྫ་ནར་དཀའ་ཐུབ་མཛད་པ་ལྟ་བུ་ལ་ཡང་དེར་སྟོན་ཏོ། །ག་ཏ་མ་ནི་ཤཱཀྱའི་རིགས་ཏེ། གཙང་སྦྲ་ལ་གནས་པ་རྒྱལ་རིགས་སུ་སྤྲུལ་པ་དང་། རང་བཞིན་གྱིས་དཀའ་ཐུབ་དང་། གཙང་སྦྲ་ལ་གནས་པ་བྲམ་ཟེ་ལྟ་བུར་ཡང་སྤྲུལ་པ་མཛད་དོ། །ཉིད་ལ་ཉེས་པའི་སྐྱོན་གྱིས་མ་གོས་པས་ཚངས་པ། གཞན་སྐྱོན་དང་བྲལ་བའི་ཐབས་ཤེས་པས་ཚངས་པ་ཤེས་ཞེས་བྱའོ། །དེ་ལྟར་སྤྲུལ་པའི་ཕན་ཡོན་ཅི་ཞེ་ན། མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་པ་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བ་མཐར་གྱུར་པ། །ཞེས་སྨོས་ཏེ། འཁོར་བའི་སྡུག་བསྔལ་དང་བྲལ་བས་མྱ་ངན་ལས་འདས་པའོ། །དེ་ཉིད་ལ་ཞེན་པ་དང་བྲལ་བས་ཚངས་པ་ཐོབ་པའོ། །དེ་ལྟར་འཆིང་བ་མཐའ་དག་ལས་གྲོལ་ཞིང་ཐར་ནས་ཡེ་ཤེས་ཀྱི་སྐུ་ཐོབ་སྟེ། དེས་ཡོན་ཏན་ཐམས་ཅད་འབྱུང་བའི་རྟེན་བྱེད་པས་ལུས་ཞེས་བྱའོ། །དེ་ལྟར་ཉོན་མོངས་པ་ལས་གྲོལ་ཞིང་སྤྲོས་པའི་མཚན་མ་ཐམས་ཅད་ཞི་བས་ཞི་བའོ། །ཞི་བ་དེ་ཉིད་ལས་མྱ་ངན་ལས་འདས་པའི་ཆོས་ཀྱི་ཡོན་ཏན་རྣམས་འབྱུང་སྟེ། མྱ་ངན་ལས་འདས་པ་ནི་ཉན་ཐོས་ཀྱི་ལམ་མོ། །མྱ་ངན་ལས་འདས་པ་ཕྱི་མ་ནི་རང་རྒྱལ་བའི་ལམ་མོ། །ལེགས་པར་མྱ་ངན་ལས་འདས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །བདེ་བ་མྱ་ངན་ལས་འདས་པའི་མཐའ་དང་། སྡུག་བསྔལ་འཁོར་བའི་མཐའ་གཉིས་སེལ་ཏེ། མཐའ་གྱུར་བའི་ཡེ་ཤེས་དང་ལྡན་པ་ནི་སངས་རྒྱས་ཉིད་དོ། །གཞིའི་གནས་ལུགས་རྣམ་པར་དག་པའི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར། ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཞེས་སྨོས་ཏེ། ཡུལ་རྣམས་ལ་ཆགས་པའི་བློ་དང་བྲལ་བའི་ཡེ་ཤེས་སུ་སྣང་བ་ལས་འདས་ཏེ། དེ་ཉིད་མི་མཐུན་པའི་ཕྱོགས་ཀྱི་སྟོབས་ཀྱིས་མི་བརྫི་བས་ཐུབ་པ་མེད་དོ། །གང་དང་ཡང་མཉམ་པ་མེད་པས་དཔེ་མེད་དོ། །འདི་མཚན་ཉིད་དངོས་པོ་ཅིར་ཡང་མི་མཐོང་ལ་མཚན་མ་གང་དུ་ཡང་མི་སྣང་སྟེ། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་དུ་གནས་པས་དོན་ལ་གསལ་བྱེད་མི་དགོས་ཏེ་མར་མེ་ལྟ་བུའོ། །འདུས་མ་བྱས་པས་རྐྱེན་གང་གིས་ཀྱང་མི་འགྱུར་ཞིང་། བདེ་གཤེགས་ཀྱི་སྙིང་པོ་ཀུན་གྲོལ་དེས་ཏིལ་འབྲུ་ལ་མར་བཞིན་ཀུན་ལ་ཁྱབ་བོ། །རྟུལ་པོས་མི་ཤེས་པས་ཕྲ་ཞིང་ཟག་པ་སྟེ་སྲིད་པར་སྐྱེ་བའི་ས་བོན་མ་རིག་པ་བདག་ཏུ་འཛིན་པ་དང་བྲལ་བའོ། །དེ་ལྟར་གཞི་ལ་རྣམ་པར་རྟོག་པའི་རྡུལ་དག་ནས་མེད་ལ། དེ་མ་རྟོགས་པའི་བློ་ཡང་དེ་ཉིད། རྟོགས་ན་རྟོག་པའི་རྡུལ་དང་བྲལ་བར་འགྱུར་ལ། དེ་ཉིད་ལ་ཡང་མ་ཞེན་པས་དྲི་མ་མེད་པའོ། །དེ་ལྟར་སྒྲིབ་གཉིས་སྤངས་པས་ཉེས་པའི་སྐྱོན་གང་ཡང་མེད་པའོ། །དོན་གཉིས་སུ་མེད་པ་ལྷུན་གྱིས་གྲུབ་པའི་ཚུལ་ནི། ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པ་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་སྨོས་ཏེ། སྒྲིབ་པ་གཉིས་ནི་སད་པའམ། ཡང་ན་སྣང་བ་ཡེ་ཤེས་སུ་སད་པའམ། སེམས་སྟོང་པར་སད་པས་ཇི་སྙེད་པ་ཀུན་ཤེས་ཤིང་། ཇི་ལྟ་བ་རིག་ལ། དེ་ཡང་དབྱེར་མེད་དུ་ཤེས་པས་དམ་པའོ། །དེ་ལྟར་རྟོག་པ་དང་བྲལ་བས་རྣམ་པར་ཤེས་པའི་ཆོས་ཉིད་ཀྱི་ཀློང་དུ་འདས་པའོ། །འདས་པ་ཙམ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་འཆང་བའོ། །རྣམ་པར་རྟོག་དང་བྲལ་བའི་ཡེ་ཤེས་རྒྱུ་རྐྱེན་མེད་པར་ལྷུན་གྱིས་གྲུབ་པ་སྟེ། ངོ་བོ་ལྷུན་གྲུབ་བོ། །དེ་ལ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པས་ཡོན་ཏན་ལྷུན་གྲུབ་བོ། །རྒྱུ་རྐྱེན་གྱིས་ཇི་ལྟར་མ་བསྐྱེད་ཅེ་ན། དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་སྨོས་ཏེ། དུས་གསུམ་གྱིས་སངས་རྒྱས་རྣམས་ཀྱིས་སེམས་ཅན་འདྲེན་པའི་ལས་མཛད་དོ། །སངས་རྒྱས་ལ་ཐོག་མ་འདི་ནས་བྱུང་བྱ་བ་དང་། ཐ་མ་འདིར་སོང་བྱ་བ་མེད་དེ་དང་པོ་ཉིད་ནས་རྒྱུ་མེད་པའོ། །དེ་ལ་གཉིས་འཛིན་གྱི་དྲི་མ་མེད་པས་ཡེ་ཤེས་མིག་གཅིག་གོ། །ཡེ་ཤེས་དྲུག་རོ་གཅིག་པའི་ལུས་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ལ་གསུང་གི་ཁྱད་པར་ཅི་ཞེ་ན། ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཅེས་སྨོས་ཏེ། ཟབ་ཅིང་རྒྱ་ཆེ་བའི་ཆོས་གསུངས་པས་ཚིག་གི་དབང་ཕྱུག་སྨྲ་བ་ཆེའོ། །མུ་སྟེགས་ཀྱི་སྨྲ་བ་ལས་མཆོག་ཏུ་གྱུར་ཅིང་། ཉན་ཐོས་ཀྱི་སྨྲ་བ་ཟིལ་གྱིས་གནོན་པས་སྨྲ་བའི་རྒྱལ་ལོ། །རང་རྒྱལ་བའི་སྨྲ་བ་ལས་འཕགས་པས་དམ་པའོ། །སྐྱེ་མེད་ཀྱི་སྒྲ་ཆོས་སྨྲ་བའི་གོང་ན་གཞན་མེད་པས་མཆོག་གི་གནས་སོ། །དེ་ནི་སེང་གེ་དང་འདྲ་སྟེ་བདུད་ལ་སོགས་པའི་རྒོལ་བས་མི་ཚུགས་སོ། །འོ་ན་སྐུའི་ཆེ་བ་གང་ཞེ་ན། ཀུན་ཏུ་ལྟ་བ་མཆོག་ཏུ་དགའ། །གཟི་བརྗིད་ཕུང་པོ་བལྟ་ན་སྡུག །འོད་བཟང་འབར་བ་དཔལ་གྱི་བེའུ། །ལག་ན་འོད་འབར་སྣང་བ་པོ། །ཞེས་སྨོས་ཏེ། ཤེས་རབ་དམ་པའི་དོན་ལ་བལྟ་ཞིང་། ཐུགས་རྗེ་དམ་པས་འགྲོ་བ་ལ་གཟིགས་པས་ཀུན་ཏུ་ལྟ་བའོ། །བདེ་བ་ཆེན་པོ་མངའ་བས་མཆོག་ཏུ་དགའོ། །གཟི་བརྗིད་ཆེན་པོ་གཞན་ཡིད་དུ་འོང་ཞིང་སྡུག་པའི་སྐུ་མངའ་ལ། ནང་ན་ཡེ་ཤེས་དྲུག་འབར་བས་མ་རིག་པའི་མུན་པ་སེལ་བའི་རྟགས་ཕྱི་རུ་འོད་ཁ་དོག་དྲུག་འབར་བའོ། །མཚན་ཐུན་མོང་མ་ཡིན་པ་ཐུགས་ཀ་ན་རིན་པོ་ཆེ་དཔལ་བེའུས་བརྒྱན་པའོ། །ཕྱག་ལས་ཀྱང་འོད་ཟེར་འབར་ཏེ་ཞི་བས་འདུལ་བ་རྣམས་འདུན་པ་སྐྱེད་པར་བྱེད་ལ། དེས་མི་འདུལ་བ་རྣམས་ཚར་གཅོད་པར་བྱེད་དོ། །དེས་འགྲོ་བའི་ནད་ཇི་ལྟར་སེལ་ཞེ་ན། སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། །ཞེས་སྨོས་ཏེ། སྨན་པའི་མཆོག་སྟེ་བདག་མེད་ཀྱི་དོན་བསྟན་ནས་བདག་འཛིན་གྱི་ཟུག་རྔུ་འབྱིན་ཅིང་། དེ་ཡང་སྨན་གྱི་དཔེ་ནི་ལྗོན་ཤིང་དང་འདྲ་སྟེ། རྩ་བ་དང་ཡལ་ག་དང་ལོ་འདབ་དང་མེ་ཏོག་ལ་བརྟེན་ནས་འབྲས་བུ་འབྱུང་བ་ལྟར་རྩ་བ་ནི་བྱང་ཆུབ་སེམས་སོ། །ཡལ་ག་ནི་རྟོགས་པར་བྱེད་པའི་ཐབས་ཀྱི་ཡན་ལག་རྣམས་སོ། །ལོ་མ་ནི་འདིར་ཐེག་པ་སོ་སོའི་ཆོས་ཀྱང་བཀག་པ་མེད་པའོ། །མེ་ཏོག་ནི་རྟོགས་པའི་ཉམས་མྱོང་ངོ་། །འབྲས་བུ་ནི་དེ་མཐར་ཕྱིན་པའོ། །དེར་ཡང་མ་ཟད་དེ་ཕྱི་ནང་གི་སྨན་སྣ་ཚོགས་སུ་ཡང་སྤྲུལ་ལོ། །དེས་དགྲ་ཕྱི་ནང་གི་ནད་སེལ་བར་བྱེད་དོ། །འོ་ན་སྐུའི་ཁྱད་པར་ཅི་ཞེ་ན། སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་སྨོས་ཏེ། སེམས་ཅན་གྱི་ངོ་བོ་ལ་སྡུག་ཅིང་མཛེས་པར་སྤྲུལ་ནས་དོན་མཛད་དེ། དཔེར་ན་རྒྱུ་སྐར་རྣམས་ཀྱི་ནང་ན་ཟླ་བ་ལྟར། ལྷ་དང་མི་རྣམས་ཟིལ་གྱིས་གནོན་པའོ། །དེས་སྐྱོབ་པའི་ཐུགས་རྗེ་ཇི་ལྟ་བུ་ཞེ་ན། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །ཞེས་སྨོས་ཏེ། རྒྱ་ནི་ཕྱོགས་བཅུ་ནམ་མཁའི་མཐའ་དང་མཉམ་པར་དམ་པའི་ཆོས་སྒྲོགས་པའི་མཚན་མར་རྒྱལ་མཚན་འཛུགས་ཤིང་། གདུགས་ཀྱིས་ཆར་དང་ཉི་མ་ལ་སོགས་ལ་སྐྱོབ་པ་ལྟ་བུ་ནི། བྱམས་པ་དང་སྙིང་རྗེར་ལྡན་པའི་དབང་གིས་སོ། །དེ་ཡང་མ་གོས་པ་པདྨ་དང་འདྲ་ལ། འགྲོ་བ་འདྲེན་པའི་ཐབས་སྣ་ཚོགས་སྒྱུར་བ་ནི་གར་དང་འདྲའོ། །དེ་ཡང་ཡོན་ཏན་རིན་པོ་ཆེའི་གདུགས་ལྟ་བུས་སྐྱོབ་པའི་བདག་པོ་ནི་རྗེ་བཙུན་ཉིད་དོ། །ཇི་ལྟར་བརྟན་ཀྱང་ངེས་པའི་ལམ་གཅིག་ལས་མེད་པའི་ཕྱིར། སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་སྨོས་ཏེ། རྗེ་བཙུན་ཉིད་ལ་སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེན་པོ་མངའ་ལ། སངས་རྒྱས་ཀུན་གྱི་སྐུ་རྣམ་པ་གསུམ་ཡང་འཆང་བར་མཛད་དེ། ཐམས་ཅད་རྗེ་བཙུན་གྱི་སྤྲུལ་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །ཐབས་དང་ཤེས་རབ་ཀྱི་གཙོ་བོར་ཡང་བཞུགས་ལ་སངས་རྒྱས་ཀྱི་བསྟན་པའི་ཆོས་ཇི་སྙེད་ཅིག་གསུངས་ཀྱང་། ཡང་དག་པར་ན་གཉིས་སུ་མེད་པར་སྟོན་པའི་ཐེག་པ་གཅིག་ལས་མེད་དེ། དེ་ཡང་། ཐེག་པའི་སྒོ་མོ་བསམ་ཡས་ཀྱང་། །ངེས་པའི་དོན་དུ་གཅིག་ལས་མེད། །ཅེས་པ་ལྟ་བུའོ། །ངེས་པའི་དོན་གཅིག་ལ་ཡེ་ཤེས་ལྔ་ཇི་ལྟར་སྣང་ཞེ་ན། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །ཞེས་སྨོས་ཏེ། རྡོ་རྗེ་ནི་ཚུར་མི་ཚུགས་པ་དང་ཕར་ཤེས་བྱ་འབིགས་པ་སྟེ། ཆོས་ཀྱི་དབྱིངས་རྟོགས་པ་ལ་དབང་ཐོབ་པས། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའི་ངོ་བོ་སྟེ། དེས་ཞེ་སྡང་རང་ཁ་མ་འདུལ་བར་བྱེད་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ཏེ། ཡོན་ཏན་རིན་པོ་ཆེ་ཀུན་ལ་དབང་སྒྱུར་བའི་བདག་པོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་སྟེ། དེས་ང་རྒྱལ་དང་སེར་སྣ་རང་ཁ་མ་འདུལ་ལོ། །དེས་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་ངོ་བོ་སོ་སོ་མ་འདྲེས་པར་གསལ་བ་ལ་དབང་སྒྱུར་བའི་བདག་པོ་ནི་སོ་སོར་རྟོག་པའི་ཡེ་ཤེས་སྣང་བ་མཐའ་ཡས་ཀྱི་ངོ་བོ་སྟེ། དེས་འདོད་ཆགས་རང་ཁ་མ་འདུལ་ལོ། །རྡོ་རྗེ་ལྟར་ཕྲིན་ལས་ཐོགས་པ་མེད་པར་འཆང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པའི་ངོ་བོ་སྟེ། དེས་ཕྲག་དོག་དང་ལེ་ལོ་རང་ཁ་མ་འདུལ་ལོ། །སངས་རྒྱས་ཀུན་གྱི་ཐུགས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཆེན་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་ངོ་བོ་སྟེ། དེས་གཏི་མུག་རང་ཁ་མ་འདུལ་ལོ། །དེ་དག་ཀྱང་སྐུ་གསུང་ཐུགས་སུ་འདུས་ཚུལ་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་སྨོས་ཏེ། རྗེ་བཙུན་གྱི་ཐུགས་ནི་ཡེ་ཤེས་དྲུག་རོ་གཅིག་ཅིང་མཉམ་པ་སྟེ། དེས་སངས་རྒྱས་ཀུན་གྱི་ཐུགས་ལ་ཁྱབ་ཅིང་གནས་པའོ། །དེ་ཡང་ཤེས་བྱ་མ་ལུས་པ་མཁྱེན་ཅིང་རིག་པས་ན་ཐུགས་སོ། །སངས་རྒྱས་ཀུན་གྱི་སྐུར་སྤྲུལ་པ་ཡང་རྗེ་བཙུན་ཉིད་ཡིན་པས་སྐུ་རྣམས་ཀྱི་ནང་ན་ཆེ་བའོ། །དེ་ཡང་ཁྱབ་ཅིང་རྟེན་བྱེད་པ་དང་། སྣང་བས་ན་སྐུའོ། །སངས་རྒྱས་ཀུན་གྱི་གསུང་འབྱུང་བའི་རྒྱུ་དང་ངོ་བོ་ཉིད་དུ་ཡང་རྗེ་བཙུན་འགྱུར་བ་སྟེ། གསལ་བ་དང་གོ་བར་བྱེད་པ་དང་གྲགས་པའི་ཕྱིར་ན་གསུང་ངོ་། །དེས་གཞན་གྱི་དོན་མུན་པ་སེལ་ཞིང་མ་གོས་པ་ནི། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཞེས་སྨོས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སྲིད་པའི་རྒྱ་མཚོ་སྐེམས་པའི་ཉི་མ་ཆེའོ། །མ་རིག་པའི་མུན་པ་སེལ་བའི་ཟླ་བའི་འོད་དོ། །ཆགས་པ་རང་ཁ་མ་དང་བྲལ་ཞིང་དོན་དང་གདུལ་བྱ་ལ་ཆགས་པའོ། །ཡང་ན་ཕ་རོལ་ཏུ་ཕྱིན་པས་འདུལ་བའི་གང་ཟག་ལ་ཆགས་པ་དང་བྲལ་བའི་ཚུལ་དུ་ཆོས་བཤད་ལ། གསང་སྔགས་ཀྱི་རིགས་ཅན་ལ་ཆགས་པ་རང་རྒྱུད་དུ་སྤྱོད་པའི་ཚུལ་གྱིས་ཆོས་བཤད་དོ། །ནང་ན་ཡེ་ཤེས་དང་ཐུགས་རྗེའི་འོད་འབར་བའི་རྟགས། ཕྱི་རོལ་དུ་ཁ་དོག་སྣ་ཚོགས་ཀྱི་འོད་འབར་བའོ། །ཐབས་དང་ཤེས་རབ་དབྱེར་མེད་པའི་རྟགས་སུ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའོ། །སངས་རྒྱས་རྣམས་འགྲོ་བ་ལ་བྱམས་པའི་ཆོས་འཛིན་པ་ནི་ཐུགས་མི་རྟོག་པའི་ཚུལ་གྱིས་རང་སྒྲར་ཤར་བ་ལ་བྱའོ། །ཉེས་སྐྱོན་དང་བྲལ་བ་ནི་པདྨ་ལྟ་བུ་སྟེ། དེ་ནི་སངས་རྒྱས་ཀུན་གྱི་སྐྱེ་གནས་སུ་གྱུར་པའོ། །ཚུལ་ཇི་ལྟ་བུ་ཞེ་ན། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་གསང་སྔགས་རིག་སྔགས་འཆང་། །ཞེས་སྨོས་ཏེ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་ཀུན་མཁྱེན་ཡེ་ཤེས་ཀྱི་མཛོད་འཛིན་པའོ། །ཡོན་ཏན་གྱི་བགོ་སྐལ་ལས་རྒྱལ་བ་དང་བདུད་ལས་རྒྱལ་ཞིང་སྒྱུ་མ་ལྟ་བུའི་སྤྲུལ་པ་མོས་པ་སྣ་ཚོགས་འདུལ་བའི་ཐབས་སྣ་ཚོགས་འཆང་བའོ། །ཆེ་བའི་ཡོན་ཏན་ཁྱད་པར་དུ་གསང་སྔགས་ཀྱི་ངོ་བོ་ཐབས་ཤེས་རབ་དང་། རིག་སྔགས་ཀྱི་ངོ་བོ་ཤེས་རབ་དང་ཡེ་ཤེས་འཆང་བའོ། །འོ་ན་ཤེས་རབ་ཀྱི་ལས་གང་ཞེ་ན། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་ཛི་ན་ཛིཀ྄། །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཅེས་སྨོས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་རལ་གྲི་དང་འདྲ་བས་བདག་ཏུ་རྟོག་པ་ཐམས་ཅད་གཅོད་ཅིང་། དོན་མི་འགྱུར་བ་ཡི་གེ་དང་འདྲ་སྟེ། རྟོག་པས་དྲི་མས་མ་གོས་པས་མཆོག་གོ། །ཤེས་རབ་དང་སྙིང་རྗེས་ཁྱད་པར་བྱས་ནས་ཐེག་པ་ཆེན་པོ་སྟེ། དེ་རྟོགས་པས་སྡུག་བསྔལ་རྩ་བ་ནས་གཅོད་པའོ། །དེ་གཅོད་པའི་མཚོན་ཆ་ནི་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའོ། །དེ་ལྟ་བུའི་ཟབ་མོ་ནི་རྒྱལ་བའི་ཡང་རྒྱལ་པོ་ཡིན་པས་ཛི་ན་ཛིཀ྄་གོ། །ཤེས་རབ་ཆེན་པོའི་བློ་དང་ལྡན་པས་ཤེས་བྱ་ཇི་ལྟ་བའི་དོན་རིག་པའོ། །དེ་ལྟར་རིག་པས་གདུལ་བྱ་ལ་རྒྱུ་འབྲས་ཀྱི་ཐེག་པ་སྟོན་པ་ནི། ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་སྨོས་ཏེ། རྗེ་བཙུན་ཉིད་ལ་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་རྣམས་ཀྱང་རྫོགས་པར་མངའ་ལ། ས་བཅུའི་ཡོན་ཏན་གྱིས་ཀྱང་བརྒྱན་ཏེ། མ་གོས་པས་རྣམ་པར་དག་པ་བདག་མེད་ཆོས་སོ། །ཡང་དག་པའི་ཡེ་ཤེས་ཟླ་བའི་འོད་ལྟ་བུས་མ་རིག་པ་དང་གདུང་བ་སེལ་ཞིང་། འགྲོ་བའི་དོན་ལ་བརྩོན་འགྲུས་ཆེན་པོ་དང་ལྡན་ཏེ། སྒྱུ་མ་ལྟ་བུའི་སྤྲུལ་པ་སྣ་ཚོགས་སྟོན་ཅིང་། ཁྱད་པར་དུ་རྒྱུད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པའོ། །རྩ་བ་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པས་རྒྱལ་བ་ཀུན་གྱི་སྙིང་པོར་བསྟན་པའི་ཕྱིར། རྡོ་རྗེའི་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཞེས་སྨོས་ཏེ། གཞི་ཆོས་སྐུ་རྡོ་རྗེ་ལྟ་བུའི་རྟོགས་པ་ལས་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་འབྱུང་ཞིང་བཟང་ངན་དང་བླང་དོར་གང་ཡང་མེད་པས་ཀུན་ཏུ་བཟང་ལ། བདག་དང་གཞན་ལ་ཕན་པ་མཁྱེན་པས་བློ་གྲོས་བཟང་ངོ་། །ས་བཞིན་དུ་སེམས་ཅན་ལ་ཕན་པའི་ཡོན་ཏན་བསྐྱེད་པའི་ཕྱིར་དང་། སྣོད་ཀྱི་འཇིག་རྟེན་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་པའི་ཕྱིར། སངས་རྒྱས་ཀུན་གྱི་སྤྲུལ་པ་འབྱུང་བའི་སྙིང་པོ་ཆེན་པོར་གྱུར་པའོ། །སྙིང་པོ་དེ་ལས་སྤྲུལ་པ་ཚུལ་ཇི་ལྟར་འབྱུང་བ་ནི། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཀྱི་སྣ་ཚོགས་སྟོན། །ཞེས་སྨོས་ཏེ། རིག་པ་བྱང་ཆུབ་སེམས་ཅིར་ཡང་འཆར་བས་སྒྲུབ་ཐབས་ཀྱི་བྱེ་བྲག་སྣ་ཚོགས་འབྱུང་བ་ཡིན་ལ། དེར་ཡང་མ་ཟད་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་འབྱུང་བའི་གཞི་ཡིན་ལ། སྣོད་བཅུད་ཀྱི་དངོས་པོ་ཀུན་གྱི་རང་བཞིན་སྐྱེ་མེད་དུ་གནས་པས་ཀྱང་མཆོག་གོ། །དོན་སྐྱེ་བ་མེད་པས་ཀྱང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ལྟ་བུར་ཀྱང་མ་འགགས་པར་ཤར་བས་རང་བཞིན་འཛིན་ཏོ། །མདོར་ན་ཟབ་པར་སྐྱེ་བ་མེད་ཀྱང་རྒྱ་ཆེ་བ་སྣ་ཚོགས་སུ་སྟོན་ཏོ། །ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པས་ཐེག་པ་ཐམས་ཅད་ཀྱི་མཆོག་ཅེས་བྱའོ། །ཤེས་རབ་དམ་པའི་ངོ་བོ་ཅི་ཞེ་ན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་སྟེ། །ཆོས་ཀུན་མངོན་པར་རྟོགས་པ་ནི། །ཞེས་སྨོས་ཏེ། ཆོས་ཕུང་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་ཀུན་གྱི་ངོ་བོ་ཉིད་ནི་མཉམ་པ་ཆེན་པོ་ཡིན་ལ། དེ་གང་གིས་རྟོགས་ན་ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཤེས་བྱའི་ཆོས་ཐམས་ཅད་ཁོང་དུ་ཆུད་དེ་མངོན་སུམ་དུ་གསལ་བར་རྟོགས་པའོ། །ཤེས་རབ་དེའི་སྟོབས་ཇི་ལྟ་བུ་ཞེ་ན། ཐུབ་པ་བློ་མཆོག་འབྱུང་པོ་སེལ། །མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་སྨོས་ཏེ། ལུས་ངག་ཡིད་གསུམ་མི་དགེ་བའི་ལས་ལས་ཐུབ་ཅིང་། ཆོས་ཉིད་རྟོགས་པའི་བློའི་མཆོག་ཡོད་པས་རྣམ་རྟོག་གི་གནོད་པ་འབྱུང་པོ་ལྟ་བུ་སེལ་ཏེ། མཚན་མ་གང་གིས་ཀྱང་མི་གཡོ་བར་ཆུ་དྭངས་བ་ལྟ་བུའི་བདག་ཉིད་གསལ་ལ་རྟོགས་པ་མེད་པ་ནི་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། དེ་ཡང་ལམ་ལ་གནས་པའི་རྣལ་འབྱོར་པས་ནི་མཆོག་མཁྱེན་ལ། སངས་རྒྱས་ཀྱི་མངོན་སུམ་མཁྱེན་ཏེ། ཡེ་ཤེས་དེའི་དཔེ་ནི་མེ་ལྕེ་འབར་བ་དང་འདྲ་ལ། མ་རིག་པ་སེལ་བ་དང་། ཉོན་མོངས་པ་སེལ་བ་དང་། སྲིན་བུ་མེ་ཁྱེར་ལ་སོགས་པའི་འོད་ཟིལ་གྱིས་གནོན་པ་དང་། ཞིང་ཁམས་གྲངས་མེད་དུ་སྣང་བར་བྱེད་པའོ། །ད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །ཞེས་པ་ལ་སོགས་པ་སྨོས་ཏེ། མཐོ་རིས་དང་ཐར་པ་འདོད་པ་རྣམས་ཀྱི་དོན་དུ་སྦྱིན་པ་ལ་སོགས་པའི་སྒོ་ནས་སྒྲུབ་པར་བྱེད་དོ། །དམན་པ་ངན་སོང་གསུམ་ལས་ཀྱང་ཐར་པ་དང་རྗེས་སུ་མཐུན་པའི་ཆོས་རྣམས་བསྟན་ནས་རྒྱུ་དང་འབྲས་བུ་སྦྱོང་ཞིང་། སེམས་ཅན་ཀུན་གྱི་དོན་བྱེད་པས་མཆོག་གོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་པས་བློའི་རིམ་པ་དང་སྦྱར་ནས་ཉོན་མོངས་པའི་འཆིང་བ་ལས་གྲོལ་བར་བྱེད་དོ། །ཆོས་ཇི་སྙེད་ཅིག་བཤད་ཀྱང་ཉོན་མོངས་པ་འདུལ་བའི་གཉེན་པོར་གཅིག་གོ། །དེས་མུ་སྟེགས་ལ་སོགས་པ་ཟིལ་གྱིས་གནོན་པས་དྲེགས་པ་འཇོམས་པའོ། །གཞན་གྱི་ཉོན་མོངས་པ་དེ་ལྟར་འཇོམས་ན། འོ་ན་གཞན་འདུལ་བའི་གཟུགས་སུ་ཇི་ལྟར་སྟོན་ཞེ་ན། དཔལ་ལྡན་བློ་དང་སྒེག་པར་ལྡན། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ཞེས་སྨོས་ཏེ། བདག་དང་གཞན་གྱི་དཔལ་དུ་གྱུར་པས་ཤེས་རབ་ཆེན་པོའི་བློ་དང་ལྡན་པ། བལྟ་ན་མཛེས་པར་མཛད་པས་ན་སྒེག་པའོ། །དོན་མི་འགྱུར་བར་བརྟན་ལ། ཞི་བས་མི་འདུལ་བ་ལ་བདུད་ལ་སོགས་པ་ཟློག་པའི་འཇིགས་སུ་རུང་བའི་གཟུགས་འཆང་བའོ། །དེ་ཡང་གར་ལ་མོས་པ་ལ་གར་དུ་སྟོན་པའི་ཕྱིར། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱི་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ཞེས་སྨོས་ཏེ། ཚངས་པ་འདུལ་བའི་གར་ལག་པ་བརྒྱ་སྤྲུལ་ཏེ་བསྒྱུར་བ་དང་། ཚོགས་གཉིས་རྫོགས་པའི་མཐུས་ལག་པ་བརྒྱར་སྤྲུལ་ཏེ། ནམ་མཁའ་ཁྱབ་ཚད་དུ་འགྲོ་བའི་དོན་བྱེད་པའོ། །ལུས་ཀྱི་རྫུ་འཕྲུལ་གཞན་ཡང་སྟོན་པའི་ཕྱིར། ས་ཡི་དཀྱིལ་འཁོར་གཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་སྨོས་ཏེ། གླིང་བཞི་ཁྱབ་འཇུག་གིས་འདུལ་བ་དེའི་གཉེན་པོར་གླིང་བཞི་རི་རབ་དང་བཅས་པ་རྐང་པ་ཡ་གཅིག་གི་མཐིལ་གྱིས་མནན་པ་སྟེ། གླིང་བཞི་ཆུང་དུ་མ་སོང་ལ་ཞབས་ཆེ་རུ་མ་སོང་ངོ་། །གྱེན་ལ་ནི་ཞབས་ཀྱི་མཐེ་བོང་གིས་ཚངས་པའི་འཇིག་རྟེན་དུས་གཅིག་ཏུ་གནོན་ཏོ། །སྔ་མ་ལྟར་ཆེ་ཆུང་དུ་མ་སོང་བའི་རྫུ་འཕྲུལ་སྟན་ཏོ། །འཁོར་བ་འདི་མ་སྤངས་པར་ཇི་ལྟར་གྲོལ་བར་འགྱུར་ཞེ་ན། དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་དེ་འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སྤངས་པ་སྟེ། སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་སྨོས་ཏེ། གཉིས་སུ་མེད་པ་ནི་དོན་དམ་པ་ཆོས་ཀྱི་སྐུ་སྟེ། གཞན་གྱིས་མི་ཐུབ་པས་འཇིགས་པ་མེད་དེ། ཐུགས་རྗེ་དང་སྨོན་ལམ་གྱི་ཤུགས་ཀྱིས་རྣམ་རིག་སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་ལོ། །ཀུན་གཞིའི་རྣམ་ཤེས་ཉིད་རྣམ་རྟོག་སྣ་ཚོགས་དང་འབྲེལ་བས་རྒྱུད་དོ། །དེ་ལྟར་དངོས་པོ་འཁོར་བའི་དོན་མ་ལུས་པར་མཛད་པ་ལ་དགྱེས་ཤིང་། དོན་དམ་པར་སྟོང་པ་ཉིད་ལ་དགའ་ཞིང་ཆགས་པའི་བློས་ཁམས་གསུམ་གྱི་འདོད་ཆགས་རང་ཁ་མ་ལས་གྲོལ་བས་སྤངས་པའོ། །ཤེས་རབ་ཆེན་པོས་སྲིད་པ་ལས་གྲོལ་ཀྱང་ཐུགས་རྗེས་དེར་སྤྲུལ་ནས་དོན་མཛད་པ་ལ་དགའོ། །དོན་མཛད་པའི་ཚེ་སྐུའི་གཟི་མདངས་ཅི་འདྲ་ཞེ་ན། སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅེས་སྨོས་ཏེ། དོན་ལ་མ་གོས་པའི་མཚན་མ་འོད་ཁ་དོག་སྤྲིན་ལྟར་དཀར་ཞིང་། ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བའི་དཔེ་སྟོན་ཀའི་ཟླ་བའི་འོད་ལྟ་བུས་མ་རིག་པའི་མུན་པ་སེལ་ཞིང་གདུང་བ་ཚིམ་པར་བྱེད་པའོ། །དེ་ལས་ཀྱང་ཡེ་ཤེས་དྲུག་རོ་གཅིག་པའི་རྟགས་སུ་འོད་ཁ་དོག་དྲུག་དང་ལྡན་པའི་སྐུ་མངའ་སྟེ། འགྲོ་བ་ལ་ཐུགས་རྗེས་ཆགས་པའི་རྟགས་སུ་ཕྱག་གི་སེན་མོ་དམར་བའོ། །རྒྱན་གྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་པ། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཅེས་སྨོས་ཏེ། མཐའ་གཉིས་ལས་རྒྱལ་བའི་རྟགས་སུ་དབུ་ལ་རིན་པོ་ཆེའི་ཅོད་པན་བཟང་ཞིང་མཛེས་པས་བརྒྱན་པའོ། །སྐྲ་ཡང་གཞན་པས་མཆོག་ཏུ་གྱུར་པས་རིན་པོ་ཆེ་མཐོན་ཀ་ལྟར་སྔོ་ཞིང་མཛེས་པའི་སྐྲ་མངའ་བའོ། །འགྲོ་བའི་དོན་རྫོགས་པར་མཛད་པའི་རྟགས་སུ་ཐུགས་ཀ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བརྒྱན་ཅིང་། སངས་རྒྱས་ཀྱི་སྤྲུལ་པ་དཔག་ཏུ་མེད་པ་མངའ་བའི་རྟགས་སུ་བ་སྤུ་རེ་རེ་ལ་ཡེ་ཤེས་སེམས་དཔའ་རེ་རེ་གསལ་ཞིང་མཛེས་པས་བརྒྱན་པའོ། །དེ་ལྟ་བུ་དེ་ལ་ལམ་གྱི་ཁྱད་པར་ཇི་ལྟ་བུ་མངའ་ཞེ་ན། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་འཆང་། །ཞེས་སྨོས་ཏེ། འཇིག་རྟེན་ཁམས་བརྒྱ་ནི་མཚོན་པ་ཙམ་སྟེ། མཐའ་ཡས་པར་བསྐྱོད་པར་མཛད་དོ། །བསྐྱོད་ནས་ཅི་མཛད་ན་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་པའི་སྒོ་ནས་འགྲོ་དོན་མཛད་དེ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ཏིང་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པའོ། །དེ་ཡང་དོན་མི་བསྙེལ་བའི་དྲན་པ་ཆེན་པོ་འཆང་སྟེ། གཞན་ཡང་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །ཞེས་སྨོས་ཏེ། དྲན་པ་བཞི་ནི། ལུས་དྲན་པ་ཉེ་བར་གཞག་པ་དང་། སེམས་དང་ཚོར་བ་དང་། ཆོས་སོ། །དེ་རྣམས་ནི་ཚོགས་ལམ་གྱི་གནས་སྐབས་སོ། །དྲན་པ་བཞི་པོ་དེ་ལ་ཡང་མ་ཞེན་པས་ཏིང་ངེ་འཛིན་རྒྱལ་ལོ། །དེ་ལ་མཐོང་ལམ་གྱི་གནས་སྐབས་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་ཡང་དག་པར་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་དབྱེ་བ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་སོ། །དེ་ལྟ་བུའི་སྒོ་ནས་འགྲོ་བའི་དོན་བྱེད་པ་དང་། འཕགས་པ་མཉེས་པར་བྱེད་པས་མེ་ཏོག་སྤོས་སོ། །དེར་ཡང་མ་ཟད་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ཙམ་གྱི་གཞིར་རྗེ་བཙུན་ཉིད་འགྱུར་རོ། །གཞན་ཡང་སྒོམ་ལམ་གྱི་གནས་སྐབས་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལམ་གྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏོ། །དེ་ལྟ་བུའི་ཚུལ་རིག་ནས་འགྲོ་བ་འདྲེན་པར་མཛད་དོ། །དེ་ལྟར་རིགས་ནི་ཡང་དག་པར་སངས་རྒྱས་པའི་ལམ་རིག་པའོ། །དོན་མཛད་པ་ལ་སྔོན་དུ་ཐུགས་རྗེ་སྐྱེ་དགོས་པའི་ཕྱིར། སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །ཞེས་སྨོས་ཏེ། སེམས་ཅན་ཀུན་ལ་བུ་གཅིག་པའི་མ་ལྟར་ཐུགས་རྗེས་ཆགས་ཤིང་། འོ་ན་མཚན་མར་མི་འགྱུར་རམ་ཞེ་ན། དོན་ནམ་མཁའ་ལྟར་མཁྱེན་པས་ཆགས་པ་རང་ཁ་མ་སེལ་ལོ། །དེ་ཡང་སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་པར་འཇུག་ཅིང་། འགྲོ་བའི་དོན་ལ་བརྩོན་འགྲུས་ཡིད་ལྟར་མགྱོགས་པར་མཛད་པའོ། །དེ་ཡང་དོན་བྱ་བའི་ཡུལ་མཁྱེན་པ་བསྟན་པའི་ཕྱིར། སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་སྨོས་ཏེ། སེམས་ཅན་ཀུན་གྱི་དབང་པོ་རབ་འབྲིང་ཐ་མ་ཤེས་ཤིང་དོན་གང་ལ་མོས་པ་རྣམས་ཤེས་པས་སོ། །སྐུ་བལྟ་བས་ཆོག་མི་ཤེས་པ་སྟོན་པས་ཀྱང་སེམས་ཅན་ཀུན་གྱི་ཡིད་འཕྲོག་ལ། ཡིད་རྟོག་བཅས་རྟོག་མེད་དུ་བཟློག་པས་ཀྱང་ཡིད་འཕྲོག་པའོ། །དེ་ཡང་ཕུང་པོ་ལྔའི་དོན་ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་ལ། དོན་དམ་དུ་སྐྱེ་བ་མེད་པར་ཤེས་པའོ། །དེ་ཡང་རྣམ་པར་དག་པའི་ཕུང་པོ་ལྔ་དང་ལྡན་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །འོ་ན་དོན་བྱེད་པའི་ཐབས་ཇི་ལྟར་མཁྱེན་ཅེ་ན། ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་སྨོས་ཏེ། ཁམས་གསུམ་པ་ལས་ངེས་པར་འབྱུང་བའི་ཆོས་ཀུན་གྱི་མཐར་ཐུག་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ལ་རྗེ་བཙུན་ཉིད་ངང་གིས་གནས་ཤིང་། ངེས་པར་འབྱུང་བའི་ཆོས་ཀུན་སྟོན་པ་ལ་ཡང་མཁས་པའོ། །ཉིད་ཀྱང་ལམ་དེ་ལ་གནས་པའི་ཚུལ་སྟོན་ཏེ། གཞན་དང་འདྲ་བའི་ཕྱིར་རོ། །གདུལ་བྱ་རྣམས་ལ་ཇི་ལྟར་འཚམས་པར་འབྱུང་བའི་ཆོས་སྟོན་པར་མཛད་དོ། །དེས་གཞན་དོན་ཇི་ལྟར་མཛད་ཅེ་ན། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་སྨོས་ཏེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་ནི་སྲིད་པ་ཡིན་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤིའོ། །དེ་རྣམས་ཀྱི་རྩ་བ་ནི་མ་རིག་པ་ཡིན་ཏེ། མ་རིག་པ་འགགས་ན་དེ་རྣམས་འགག་པའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོས་མ་རིག་པ་རྩ་བ་ནས་བཏོན་པའོ། །ཡང་སྐྱེ་མཆེད་བཅུ་གཉིས་དག་པའི་ཚུལ་ནི། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་། ཆོས་ཀྱིའོ། །ཡང་བདེན་པ་རྣམ་པ་བཞིས་ཀྱང་སེམས་ཅན་ཁྲིད་པར་མཛད་དེ། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ། །དེ་དག་ནི་ཐུན་མོང་གི་ལམ་མོ། །ཁྱད་པར་གྱི་ལམ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་རང་བཞིན་རྟོགས་པ་སྟེ། དེ་ཡང་ཚོགས་བདུན་ནི་ཀུན་གཞིའི་བྱིན་གྱི་རླབས་ཀྱིས་འབྱུང་བ་ཡིན་ལ་ཀུན་གཞི་སྐྱེ་མེད་དུ་ཤེས་པས། དེས་འགྲེས་པས་བརྒྱད་ཅར་སྐྱེ་མེད་དུ་ཤེས་པར་འགྱུར་རོ། །དེ་ཡང་འདི་སྐད་དུ། བརྒྱད་པོ་སྐྱེ་མེད་ཤེས་པ་ཡིས། །དགོངས་པ་རྒྱལ་བ་ཀུན་དང་མཉམ། །ཞེས་པ་ལྟ་བུའོ། །ཡང་དག་པའི་བདེན་པའི་དོན་སངས་རྒྱས་པའི་ཡོན་ཏན་བཅུ་གཉིས་དང་ཡང་ལྡན་ཏེ། རིགས་ལྔ་ཡེ་ཤེས་ལྔ་ཤེས་རབ་དང་སྙིང་རྗེ་ཁྱད་པར་ཅན་ནོ། །དེ་ཉིད་རྣམ་པ་བཅུ་དྲུག་ནི་སྟོང་པ་ཉིད་བཅུ་དྲུག་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་ཐ་མ་མེད་པའི་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དེ་མ་རྟོགས་པ་སེམས་ཅན་གྱི་དུས་ན། ས་ལ་སོགས་པ་འབྱུང་བ་ལྔ། གཟུགས་ལ་སོགས་པ་ཕུང་པོ་ལྔ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔ། མིག་ལ་སོགས་པ་དབང་པོ་ལྔ་སྟེ། རྣམ་པ་ཉི་ཤུར་སྣང་བ་སྟེ། དོན་རྟོགས་པའི་དུས་ན་དེ་དག་ཀྱང་རིགས་ལྔ་ཡེ་ཤེས་ལྔར་ཤར་ཏེ། སངས་རྒྱས་ཀྱི་ཆོས་ཀྱང་དེ་དག་ཏུ་འདུས་ཏེ། རྣམ་པ་དེ་དག་ལས་གྲོལ་ནས་སངས་རྒྱས་ཀྱི་བྱང་ཆུབ་ཡིན་པས་མཆོག་གོ། །དེ་ཡང་འདི་སྐད་དུ། འབྱུང་བ་ལྔ་དང་ཉོན་མོངས་ཕུང་པོ་ལྔ། །དབང་པོ་རྣམ་ལྔའི་ཞེན་པ་དང་བྲལ་ནས། །རིགས་ལྔ་ཡེ་ཤེས་ལྔར་སྣང་ལ། །རྫོགས་སངས་རྒྱས་པའི་བྱང་ཆུབ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་སངས་རྒྱས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས་ཀུན་རིག་པའོ། །རིག་ནས་སྤྲུལ་པ་བྱེ་བ་དཔག་ཏུ་མེད་པ་བཀྱེ་ནས་སེམས་ཅན་གྱི་དོན་མཛད་པའོ། །དེ་ཡང་གདུལ་བྱའི་བློ་དང་འཚམས་པའི་ཐེག་པ་སྟོན་པའི་ཕྱིར། སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སྨོས་ཏེ། སྐད་ཅིག་གིས་གདུལ་བྱའི་བསམ་པ་དང་བག་ལ་ཉལ་ཐམས་ཅད་རིག་ནས་དོན་མཛད་དོ། །འོ་ན་རྟོག་བཅས་སུ་ཐལ་ལོ་ཞེ་ན། རྟོག་བྱེད་དེ་རང་ཡང་སྐྱེ་མེད་དུ་རིག་པའོ། །རིག་ནས་ཐེག་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་པའོ། །དེ་ཡང་འདི་སྐད་དུ། ཇི་སྲིད་སེམས་རྣམས་འཇུག་གི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་པ་ལྟ་བུའོ། །དེ་ཡང་གདུལ་བྱ་ཐེག་པ་གསུམ་གྱིས་འདུལ་བ་ལ་ཉན་ཐོས་དང་། རང་རྒྱལ་དང་། ཐེག་པ་ཆེན་པོ་བསྟན་ཏོ། །ཡང་དག་པར་ཐེག་པ་གཅིག་སྟེ་འབྲས་བུ་རྡོ་རྗེའི་ཐེག་པའོ། །དེ་ཡང་འབྲས་བུ་སངས་རྒྱས་ན་ཇི་ལྟར་གནས་པ་དེ་ད་ལྟ་ཉིད་ནས་ལམ་དུ་ཁྱེར་བས་འབྲས་བུར་གནས་ཞེས་བྱའོ། །དེ་ཡང་སྐྱེ་དགུ་ཐེག་པ་དགུ་བསྟན་པ་ཡང་འགྲོ་བའི་དོན་བསྟན་པ་མ་གཏོགས་པ། ཐེག་པ་འདི་ཀུན་ཡང་དག་པའི་ཐེག་པ་དག་ལས་གཞན་མ་ཡིན་ཞེས་པ་ལྟ་བུ། དེ་ཡང་གསུམ་པོ་ནི་རྒྱུའི་ཐེག་པའོ། །གཅིག་ནི་འབྲས་བུའི་ཐེག་པའོ། །དེ་ཡང་། རྒྱུ་ལ་སྤྱོད་པ་རྒྱུ་ཡི་ཆོས། །འཁོར་ལོ་ཤིན་ཏུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ལམ་ཞིག །དུས་ཚིགས་ཕྱི་མར་འབྱུང་བར་འགྱུར། །ཞེས་པ་ལྟ་བུའོ། །དེ་ལའང་སྤངས་པའི་ཁྱད་པར་བསྟན་པའི་ཕྱིར། ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་སྨོས་ཏེ། གཉིས་མེད་རྟོགས་པས་ཉོན་མོངས་པ་དག་ཅིང་། ལས་ངན་སློང་བར་བྱེད་པའི་སེམས་མེད་པ་དང་། ལས་ཟད་པར་བྱེད་པའོ། །འཁོར་བའི་སྤྱོད་ཡུལ་ཇི་སྙེད་པ་རྣམས་ནི་ཆུ་བོ་དང་འདྲ་སྟེ། རྒྱུན་རིང་བ་དང་། རྒྱུན་ཕྱོགས་སུ་ཁྱེད་བར་བྱེད་པ་དང་། བརྒལ་དཀའ་བ་དང་། མང་བའི་ཕྱིར་དེ་ལས་བརྒལ་ཞིང་དོན་ལ་སྦྱོར་བའི་ཡེ་ཤེས་ནི། རྟོག་པ་ལས་དབེན་པའི་དགོན་པ་ཞེས་བྱའོ། །ཉོན་མོངས་པའི་རྩ་བ་དྲུག་དང་། དེ་ཡང་ཉེ་བའི་ཉོན་མོངས་པ་ཉི་ཤུ་དང་། ཀུན་ནས་ཉོན་མོངས་པ་སྡུག་བསྔལ་རྣམས་དང་བག་ཆགས་ས་བོན་དང་བཅས་པ་གཏན་ནས་སྤངས་པའོ། །དེ་ཉིད་ཐབས་དང་ཤེས་རབ་དམ་པ་དང་ཇི་ལྟར་ལྡན་ཞེ་ན། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། །རྣམ་ཤེས་དོན་ནི་འགག་པར་བྱེད། །ཅེས་སྨོས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པས་ཞི་བའི་མཐའ་ལ་མི་གནས་ཤིང་། ཤེས་རབ་ཆེན་པོ་དང་ལྡན་པས་སྲིད་པའམ་འཁོར་བ་ལ་མི་གནས་ཏེ། ཐབས་དེ་ལྟ་བུས་འགྲོ་བའི་དོན་བྱེད་དོ། །འོ་ན་མཚན་མར་འཛིན་པ་ཅན་དུ་མི་འགྱུར་རམ་ཞེ་ན། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པ་སྟེ། དེ་སྤངས་ཤིང་རྣམ་ཤེས་ཟག་པ་དང་བཅས་པ་སྐྱེ་མེད་དུ་རྟོགས་པས་དེའི་སྐྱོན་མེད་དུ་རྟོགས་པས་དེའི་སྐྱོན་མེད་དོ། །དེ་ལྟར་རང་རྟོགས་པ་མ་ནོར་བས་གཞན་མ་ནོར་བའི་ལམ་ལ་འགོད་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་དང་ལྡན། །སངས་རྒྱས་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཅེས་སྨོས་ཏེ། སེམས་ཅན་གྱི་ཡིད་དང་མཐུན་པར་དོན་མཛད་པ་དེ་ཡང་སངས་རྒྱས་ཀྱི་ཐུགས་མི་རྟོག་པར་རིག་པའི་སྒོ་ནས་མཛད་དེ། དེས་སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་པར་གནས་ཏེ། དེ་དག་གི་སེམས་དང་མཐུན་པར་འགྲོ་བའི་དོན་ལ་འཇུག་ལ། ཞུགས་ནས་སེམས་ཅན་ཇི་ལྟར་འདོད་པ་ལྟར་ཚིམ་ཞིང་དགའ་བར་བྱེད་དེ། སེམས་ཅན་གྱི་དོན་སྒྲུབ་པ་མཐའ་ཕྱིན་པར་བྱེད་དོ། །དེ་ཡང་འཁྲུལ་པའམ་ནོར་བ་ཐམས་ཅད་སྤངས་ཏེ། དྲང་བའི་དོན་དང་། ངེས་པའི་དོན་དང་། ཐེག་པ་སྣ་ཚོགས་ཀྱི་དོན་དང་། གསུམ་ལ་ཐེ་ཚོམ་མེད་པ་སྟེ། གྲུབ་པའི་མཐའ་རྣམས་ངེས་པར་ཤེས་པའི་ཕྱིར་རོ། །སེམས་ཅན་ཀུན་གྱི་དོན་དུ་གྱུར་པའི་ཡོན་ཏན་སྐུ་དང་གསུང་དང་ཐུགས་གསུམ་གྱི་བདག་པོར་གྱུར་པའོ། །འདི་ཉིད་ལས་ཀྱང་། སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་འབྱུང་ངོ་། །དེ་ཡང་རྒྱུ་རྟོགས་པས་འབྲས་བུ་མཆོག་ཏུ་གྲུབ་པའི་ཕྱིར། །ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ཚོགས་སྣང་བའི་དཔལ། །ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་སྨོས་ཏེ། རྒྱུའི་དུས་ན་ཕུང་པོ་ལྔ་ལ་དུས་གསུམ་གྱི་སྐད་ཅིག་མས་གཞིག་ན་བྱེ་བྲག་ཕྱེད་དེ། མུ་སྟེགས་ཀྱི་བདག་པོ་ལ་སོགས་པར་བྱེད་དེ། འབྲས་བུའི་དུས་སུ་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་ལ་རིམ་པ་ཡོད་པ་ལ་མ་ཡིན་པས་སྐད་ཅིག་མས་ཀྱང་སངས་རྒྱས་ཏེ། འདི་ནི་ལས་འཕྲོ་དང་དབང་པོའི་མཆོག་ཏུ་གྱུར་པ་ལ་བྱེད་རྩོལ་གྱི་སྤྲོས་པ་བཅད་དེ། དེ་བཞིན་ཉིད་བསྒོམས་པས་ལམ་ཉེ་བར་སྟོན་ཏོ། །དེ་ཡང་བྱེད་རྩོལ་གྱི་སྤྲོས་པ་བཅད་པ་ནི་འདི་སྐད་དུ། ཤེས་རབ་དམ་པས་མ་ཟིན་པའི། །ལམ་གྱི་དགེ་བ་སྟེགས་བཅས་ཀྱང་། །མཐོ་རིས་ལྷ་དང་མི་རུ་སྐྱེ། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ཅེས་པ་ལྟ་བུའོ། །དེ་ཡང་། སངས་རྒྱས་ཀུན་གྱི་རང་བཞིན་མཉམ། །ཐུགས་རྗེས་འགྲོ་དོན་མཛད་པར་མཉམ། །མཛད་ལུགས་མི་མཉམ། སྐུ་བོང་དང་ཚེ་ཚད་དང་། ཚུལ་དང་རིགས་མི་མཉམ་པ་ལྟར་སྣང་ངོ་། །དེ་ཡང་རང་བཞིན་སྐྱེ་མེད་འཆང་བར་མཛད་དོ། །ཆོས་ཀྱི་སྐུ་ལ་ཟག་བཅས་ཀྱི་ལུས་མེད་ལ། དེའི་བྱིན་གྱི་རླབས་ལས་ལོངས་སྤྱོད་རྫོགས་པའི་སྐུ་ལུས་ཀྱི་མཆོག་ཏུ་གྱུར་པ་འབྱུང་ངོ་། །ལུས་ཐམས་ཅད་ཀྱི་མཐའ་སྐྱེ་མེད་དུ་རྟོགས་པ་ལས་སྤྲུལ་སྐུ་སྣ་ཚོགས་པ་འགྲོ་བའི་དཔལ་དུ་འབྱུང་བ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་འདོད་པ་སྐོང་བས་རབ་ཅེས་བྱའོ། །ཅོ་ཏོ་ཅེས་བྱའོ། །མེ་ཏོག་ཅེས་བྱའོ། །དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི་ངེས་པ་རྣམ་པ་ལྔ་དང་ལྡན་ཏེ། རྣམ་པ་ངེས་པ་དང་། གནས་ངེས་པ་དང་། འཁོར་ངེས་པ་དང་། ཆོས་ངེས་པ། དུས་ངེས་པའོ། །སྤྲུལ་སྐུ་ནི་རྣམ་པ་མ་ངེས། གནས་མ་ངེས། འཁོར་མ་ངེས། ཆོས་མ་ངེས། དུས་མ་ངེས་པའོ། །ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པར་བྱ་སྟེ། དེ་ཡང་ཕྲིན་ལས་ཀྱི་རྒྱུ་གང་ཞེ་ན། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཅེས་པ་ལ་སོགས་པ་སྨོས་ཏེ། ཆོས་ཀྱི་སྐུ་གཉིས་མེད་ནི་སངས་རྒྱས་ཀུན་གྱི་རང་བཞིན་རྟོགས་པར་བྱ་བའི་ཆོས་ཆེན་པོ་ཡིན་ལ། དེ་རྟོགས་ནས་སངས་རྒྱས་ཀྱི་བྱང་ཆུབ་བླ་ན་མེད་པའོ། །གསང་སྔགས་ལས་བྱུང་ཡེ་ཤེས་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་པ་ཐབས་དང་ཤེས་རབ་ལས་བྱུང་བའི་ཆོས་ཀྱི་ངོ་བོ་ཉིད་བརྗོད་དུ་མེད་པས་ཡི་གེ་མེད་པའོ། །རྒྱུ་ཆེ་བ་ཐབས་དང་ཤེས་རབ་ལས་འབྲས་བུ་ཆེ་བ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་ལྷུན་གྱིས་གྲུབ་པའོ། །དེས་གསང་སྔགས་ཀྱི་དོན་བསྐྱེད་རིམ་དང་། རྫོགས་རིམ་གཞན་གྱི་རྒྱུད་ལ་སྐྱེད་པར་བྱེད་པའོ། །དོན་དམ་པར་ཐིག་ཆོས་ཉིད་མི་འགྱུར་བ་ལ། ལེ་ཁྱབ་ཅིང་གདལ་བ་སྟེ། ངོ་བོ་ཚིག་གིས་བརྗོད་དུ་མེད་པའོ། །སྟོང་པ་ཆེན་པོ་ཆོས་ཀྱི་སྐུ་དེ་ཉིད་ལས་དེ་བཞིན་གཤེགས་པ་ལྔའི་ས་བོན་ཡི་གེ་མ་འགགས་པར་ཤར་བ་ནི། ༀ་ཨཱཿཧཱུྃ་སྭཱ་ཧཱ། དེ་ལྔའོ། །ཐིག་ལེ་སྐྱེ་བ་མེད་པ་དེ་ལས་ཡི་གེ་བརྒྱ་སྟེ། དེ་ལ་བརྟེན་ནས་སྒྲུབ་ཐབས་སྣ་ཚོགས་འབྱུང་བ་སྟེ། དོན་དུ་ན་ཆོས་ཀྱི་སྐུ་ལ་ཕྱོགས་རིས་མེད་ཅིང་འགག་པ་མེད་པའི་མཐུའོ། །འོ་ན་ཐུགས་ཀྱི་སྤྲུལ་པ་གང་ཞེ་ན། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིགས་དང་རྒྱུད་རིག་པ། །ཞེས་སྨོས་ཏེ། ཀུན་རྫོབ་ཏུ་མཚན་དང་དཔེ་བྱད་ལ་སོགས་ཏེ་སྣོད་བཅུད་ཀྱི་རྣམ་པ་ཀུན་དང་ལྡན་ལ། དོན་དམ་པར་སྣང་བའི་ངོ་བོ་ཉིད་མེད་དོ། །དབྱངས་ཀྱི་ཡི་གེ་བཅུ་དྲུག་གི་ཕྱེད་ཡི་གེ་བརྒྱད་ཡིན་ལ། བརྒྱད་ཀྱི་ཕྱེད་བཞི་ཡིན་ཏེ། ཨ་ཨཱ་ཨཾ་ཨཿ ཞེས་པའོ། །དེ་བཞི་ནི་མཚོན་བྱེད་དུ་བྱུང་བ་ཡིན་ཏེ། དེ་བཞིས་ཅི་མཚོན་ན། རྣམ་པར་ཐར་པའི་སྒོ་བཞི་མཚོན་ཏེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་དང་། མཚན་མ་མེད་པའི་རྣམ་པར་ཐར་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་དང་། ཐབས་ལ་མཁས་པའི་རྣམ་པར་ཐར་པའོ། །དེ་ཡང་སྟོང་པ་ཉིད་ཀྱིས་ནི་དངོས་པོ་ལས་འབྱིན་པར་བྱེད་དོ། །མཚན་མ་མེད་པས་ནི་མཚན་མ་ཕྲ་མོའི་ཞེན་པ་ལས་ཀྱང་འབྱིན་པར་བྱེད་དོ། །སྨོན་པ་མེད་པས་ནི་འབྲས་བུ་རེ་སྨོན་གྱི་མཐའ་ལ་དམིགས་པ་ལས་འབྱིན་པར་བྱེད་དོ། །ཐབས་ལ་མཁས་པས་ནི་ཐབས་དམན་ཞིང་མི་མཁས་པ་རྣམས་ལས་འབྱིན་པར་བྱེད་དོ། །དེ་བཞི་ཡང་སྤྲོས་པ་ཕྱོགས་རེ་བཅད་པའི་ཡོན་ཏན་གྱི་ཆ་ནས་བཞིར་བཤད་ཀྱིས། དོན་དུ་ན་ཐིག་ལེ་ཆེན་པོ་ཡི་གེ་མེད་པའོ། །ཡང་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆ་བཅུ་དྲུག་ཏུ་གནས་ཏེ། དེ་ལས་ཀྱི་ཕྱག་རྒྱའི་ཐབས་ཀྱི་བྱེ་བྲག་རྣམས་ལ་བརྟེན་ཏེ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོའི་ཐིག་ལེ་བཅུ་དྲུག་པོ་བཞུ་བའི་ཕྱེད་བརྒྱད་སྙིང་ག་ཆོས་ཀྱི་འཁོར་ལོར་ཕབ། དེ་བཞུ་བའི་ཕྱེད་ལྟེ་བ་སྤྲུལ་པའི་འཁོར་ལོར་ཕབ། དེའི་ཕྱེད་གསང་བ་བདེ་སྐྱོང་གི་འཁོར་ལོར་ཕབ་སྟེ། གཉིས་ཤོར་གཉིས་མཉམ་གྱི་དུས་སུ་ངོས་གཟུང་ངོ་། །དེ་ཡང་དང་ཡང་དུ་གོམས་པར་བྱས་པས་མཐར་དེའི་ཞེན་པ་བག་ཙམ་དང་ཡང་བྲལ་ཏེ། ཐིག་ལེ་ཆེན་པོ་ཡི་གེ་མེད་པ་རྟོགས་པར་འགྱུར་རོ། །དེ་ཡང་འདི་སྐད་དུ། ཟབ་མོ་རྣམ་པར་ཐར་པ་བཞིས། །རྣོན་པོའི་དོན་དུ་བཤད་པ་ཡིན། །འཁོར་ལོ་བཞིན་དུ་བསྐོར་བྱེད་པ། །རྟུལ་པོའི་དོན་དུ་ཤེས་པར་བྱ། །ཞེས་འབྱུང་ངོ་། །དེ་ལྟར་བསྒོམས་པས་རྣམ་རྟོག་གི་ཡན་ལག་མེད་པ། བརྗོད་པའི་རྩིས་ལས་འདས་པའོ། །ཏིང་ངེ་འཛིན་བཟང་བ་ནི་བསམ་གཏན་བཞི་ལ་ལྷའི་ཏིང་ངེ་འཛིན་ལྟ་བུའོ། །རང་ཉིད་ཀྱང་དེ་དང་ལྡན་ཞིང་གཞན་གྱི་ཏིང་ངེ་འཛིན་བསམ་གཏན་གྱི་ཡན་ལག་རྣམས་ཀྱང་ཤེས་ཏེ། དེ་ཡང་འདོད་པའི་ཁམས་ན་ལྷག་མཐོང་ཤས་ཆེ་བའི་བསམ་གཏན་ཀྱང་ཤེས་པའོ། །གཟུགས་མེད་པའི་ཁམས་ན་ཞི་གནས་ཤས་ཆེ་བའི་བསམ་གཏན་ཀྱང་ཤེས་པའོ། །གཟུགས་ཀྱི་ཁམས་ན་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་བསམ་གཏན་ཀྱང་ཤེས་ཏེ། དེ་ལ་བསམ་གཏན་བཞི་ལ་ཡན་ལག་བཅོ་བརྒྱད་དེ། བསམ་གཏན་དང་པོ་ལ་ཡང་ཡན་ལག་ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གཉིས་པ་ལ་ཡང་ཡན་ལག་བཞི་སྟེ། དགའ་བ་དང་། བདེ་བ་དང་། ནང་རབ་ཏུ་དྭངས་པ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་བཞི་པ་ལ་ཡང་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ཡོངས་སུ་དག་པ་དང་། སེམས་རྩེ་གཅིག་པ་ཉིད་དོ། །དེ་རྣམས་རྗེ་བཙུན་ཉིད་ཀྱིས་ཤེས་པའོ། །གཞན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་བརྒྱ་རྩ་གཅིག་ཀྱང་མཁྱེན་ཅིང་། གང་ཟག་གི་བསམ་པ་དང་བག་ལ་ཉལ་དང་སྐྱེ་གནས་ཀྱི་རྒྱུད་ཀྱི་བསྡུས་པ་རྣམས་ཀྱང་རིག་ཅིང་མཁྱེན་ནོ། །འོ་ན་ལོངས་སྐུའི་མཚོན་པ་ཅི་ཞེ་ན། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །ཞེས་སྨོས་ཏེ། ཏིང་ངེ་འཛིན་ལུས་ཅན་ནི་ཆོས་ཀྱི་སྐུ་སྟེ། སྐུ་དེ་ཉིད་ཀྱི་རྟེན་བྱེད་ཅིང་མཆོག་ཏུ་གྱུར་པ་དེ་ནི་གཞིའོ། །དེ་ལས་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ་སྐུ་རྣམ་པར་སྣང་མཛད་དུ་སྣང་སྟེ། དེ་ཡང་ངེས་པ་ལྔ་དང་ལྡན་ཞིང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུར་བཞུགས་པ་སྟེ། དེ་ཡང་། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་འདོད། །ཅེས་པ་ལྟ་བུའོ། །དེ་ཡང་སྐུའི་མཛད་སྤྱོད་རྣམ་པར་དག་པའི་སྒོ་ནས་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོར་གྱུར་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །དེ་ལ་སྤྲུལ་པའི་སྐུའི་མཛད་སྤྱོད་ཅི་ཞེ་ན། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་སྨོས་ཏེ། དེ་ཡང་རྒྱལ་བ་སྤྲུལ་པའི་སྐུ་ནི། འཁོར་རིགས་དྲུག་གི་སེམས་ཅན་དང་། ཉན་ཐོས་དང་། རང་རྒྱལ་བ་རྣམས་ལ་གསུང་གི་མཛད་སྤྱོད་རྣམ་པར་དག་པའི་སྒོ་ནས་ཆོས་ཀྱི་འཁོར་ལོ་སྐོར་བར་མཛད་དོ། །སྤྲུལ་སྐུ་མ་དག་པ་ལས་མཆོག་ཏུ་གྱུར་པ་སངས་རྒྱས་རྣམ་པར་གཟིགས། གཙུག་ཏོར་ཅན་ལ་སོགས་པ་སངས་རྒྱས་སྟོང་རྩ་གཉིས་ཀྱི་རྒྱུད་དུ་སྤྲུལ་པའོ། །སྤྲུལ་ནས་གང་དུ་འགྱེད་ན་ཕྱོགས་བཅུར་འགྱེད་དོ། །བཀྱེ་ནས་ཅི་བྱེད་ན་ཇི་ལྟར་འཚམས་པ་ལྟར་འགྲོ་བའི་དོན་བྱེད་པའོ། །འོ་ན་མ་དག་པའི་སྤྲུལ་སྐུ་གང་ཞེ་ན། ལྷ་ཡི་དབང་པོ་ལྷ་ཡི་ལྷ། །ལྷ་ཡི་བདག་པོ་ལྷ་མིན་བདག །འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པ། །ཞེས་སྨོས་ཏེ། ལྷའི་དབང་པོ་སྟེ་ཁྱབ་འཇུག་གིས་འདུལ་བ་ལ་ཁྱབ་འཇུག་ཏུ་སྤྲུལ་ལོ། །ལྷའི་ལྷ་ནི་ཚངས་པའོ། །ལྷའི་བདག་པོ་ནི་བརྒྱ་བྱིན་ནོ། །ལྷ་མིན་བདག་པོ་ནི་ཐག་བཟང་རིས་སོ། །འཆི་མེད་དབང་པོ་ནི་འཐབ་བྲལ་ལ་སོགས་པའི་ལྷའི་རྒྱལ་པོ་རྣམས་སོ། །ལྷའི་བླ་ནི་གཞན་འཕྲུལ་དབང་བྱེད་ལ་སོགས་པའི་ལྷའི་རྒྱལ་པོའོ། །འཇོམས་བྱེད་ནི་དྲག་པོ་འཇིགས་བྱེད་དོ། །འཇོམས་བྱེད་དབང་ཕྱུག་ནི་མ་ཧཱ་དེ་བའོ། །དེ་རྣམས་ཀྱིས་འདུལ་བ་ལ་དེ་རྣམས་སུ་སྤྲུལ་ནས་དོན་མཛད་དོ། །ཆོས་ཀྱི་སྦྱིན་པའི་ཚུལ་ནི། སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིག་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །ཞེས་སྨོས་ཏེ། སྲིད་པ་ནི་ངེས་པའི་འབྱུང་གནས་ཡིན་ཏེ། དགོན་པ་ནི་དེ་ལས་དབེན་པའོ། །དེ་ལས་བརྒལ་ཏེ་དོན་གཉིས་མེད་རྟོགས་པས་སྟོན་པ་གཅིག་པུའོ། །ཡང་ན་བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་བས་སོ། །འགྲོ་བ་ཐམས་ཅད་ཀྱི་སྟོན་པར་གྱུར་པས་ན་བླ་མའོ། །དེ་ཡིས་འཇིག་རྟེན་ཕྱོགས་བཅུར་གྲགས་ཏེ། རྒྱུ་ཅིས་གྲགས་ན་ཆོས་ཀྱི་སྦྱིན་པས་གྲགས་སོ། །དེ་ཡང་རློམ་པ་ལྟ་བུ་མ་ཡིན་ཏེ། བྱམས་པའི་གོ་ཆ་གོན་ཞིང་། སྙིང་རྗེའི་ཁྲབ་གོན་པའོ། །དེའི་མཚོན་ཆ་ནི་ཉོན་མོངས་གཅོད་པའི་ཤེས་རབ་ཀྱི་རལ་གྲི་དང་། ཐབས་ཤེས་རབ་ཀྱི་མདའ་གཞུས་ཉོན་མོངས་པ་དང་མ་རིག་པའི་གཡུལ་ངོ་སེལ་ལོ། །གང་ལས་དཔའ་ན་བདུད་འདུལ་བས་དཔའོ། །གཞན་བདུད་བཞིའི་འཇིགས་པ་ལས་ཀྱང་སྐྱོབ་ཅིང་སེལ་བར་བྱེད་དོ། །ཕྱོགས་གཅིག་སེལ་བ་ཙམ་མ་ཡིན་ཏེ། བདུད་ཀྱི་དཔུང་སྡེ་དང་བཅས་པ་ཕམ་པར་བྱེད་པ་སྟེ། དེ་ཡང་སེམས་སྐྱེ་བ་མེད་པ་རྟོགས་པས་ཉོན་མོངས་པའི་བདུད་བཅོམ། །སེམས་ཉིད་ལ་རྒས་རྒུད་མེད་པས་ཕུང་པོའི་བདུད་བཅོམ། སེམས་ཉིད་ལ་སྐྱེ་ཤི་མེད་པས་འཆི་བདག་གི་བདུད་བཅོམ། སེམས་ཉིད་རྟོགས་པས་ཐེ་ཚོམ་དང་བྲལ་ཏེ་ལྷའི་བུའི་བདུད་བཅོམ། དེ་ཡང་འདི་སྐད་དུ། གལ་ཏེ་བདུད་ཀྱི་ཚོགས་ནི་བྱེ་བ་དག །སངས་རྒྱས་སྐུར་བསྒྱུར་བར་ཆད་སྨྲ་བྱས་ཀྱང་། །ཆོས་ལ་མཁས་པས་ཆོས་ཉིད་རབ་ཐོབ་སྟེ། །དེ་དག་བྱང་ཆུབ་ལས་ནི་བཟློག་མི་ནུས། །ཞེས་པ་ལྟ་བུའོ། །དེ་ལྟ་བུ་དེ་མཆོད་པའི་འོས་སུ་བསྟན་པའི་ཕྱིར། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་སྨོས་ཏེ། སངས་རྒྱས་ཀྱི་བདག་ཉིད་རྗེ་བཙུན་གྱིས་འཇིག་རྟེན་པ་རྣམ་པར་ཐར་པའི་གནས་སུ་འདྲེན་པས། མཆོད་པ་དང་། བསྟོད་པ་དང་། ཕྱག་བྱ་བ་དང་། སྐུ་གཟུགས་བྲིས་ལ་མཆོད་པ་དང་། རྒྱན་གདགས་པ་དང་། ཕུ་དུད་དུ་བཀུར་བ་དང་། ཡོན་ཏན་བསྒྲགས་པ་དང་། ལུས་ངག་ཡིད་གསུམ་གུས་པས་ཕྱག་བྱ་བར་འོས་ཏེ། །བླ་མའི་རབ་ཏུ་གྱུར་པའི་ཕྱིར་རོ། །དེའི་མཁྱེན་པའི་བྱེ་བྲག་ཅི་ཞེ་ན། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །ཅེས་སྨོས་ཏེ། འཇིག་རྟེན་གསུམ་པོ་དེ་ཤེས་རབ་ཀྱི་གོམ་པ་གཅིག་གི་བར་དུ་བགྲོད་ལ། རྟགས་རྫུ་འཕྲུལ་གྱི་གོམ་པས་བགྲོད་དོ། །ནམ་མཁའ་ལྟར་ཆོས་ཀྱི་སྐུ་མཐའ་མེད་པར་རྟོགས་པས་ཉོན་མོངས་པ་གནོན་པར་བྱེད་དོ། །དེ་ཡང་ཕྱི་སྡེ་སྣོད་གསུམ་རིག་ལ། ནང་དུ་སྐུ་གསུང་ཐུགས་རིག་སྟེ། བདག་གཞན་གྱི་དྲི་མ་དང་བྲལ་བས་གཙང་མ་དག་པའོ། །གཞན་ཡང་མངོན་པར་ཤེས་པ་དྲུག་སྟེ། ལྷའི་མིག་གི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པའོ། །རྗེས་སུ་དྲན་པ་དྲུག་ནི། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། དམ་ཚིག་རྗེས་སུ་དྲན་པ་དང་། ཐུགས་རྗེ་རྗེས་སུ་དྲན་པ་དང་། མཛད་པ་རྗེས་སུ་དྲན་པ་དང་དྲུག་གོ། །ཤེས་རབ་དམ་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །ཅེས་སྨོས་ཏེ། བྱང་ཆུབ་སེམས་དཔའ་ནི་རང་དོན་ནོ། །སེམས་དཔའ་ཆེན་པོ་ནི་གཞན་དོན་ནོ། །དེ་ཡང་བྱང་ཆུབ་ནི་ནམ་མཁའ་ལྟ་བུའི་ཆོས་ཀྱི་སྐུ་ལ། སེམས་དཔའ་ནི་དེ་རྟོགས་པར་འདོད་པའི་འདུན་པ་ཡོད་པ་དང་། གཞན་གྱི་དོན་ལ་དཔའ་བའོ། །དེ་ཡང་འདི་སྐད་དུ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་པ་ལྟ་བུའོ། །དེ་ཡང་རྫུ་འཕྲུལ་ཆེན་པོ་བརྙེས་ཏེ་འཇིག་རྟེན་ལས་འདས་པའོ། །ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པ་དེ་ཁོ་ན་ཉིད་ནི། ཤེས་རབ་ཀྱིས་ཐོབ་པར་བྱེད་དོ། །དེ་ཉིད་དཔེ་ལས་འདས་པར་བསྟན་པའི་ཕྱིར། བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་སྨོས་ཏེ། ཇི་ལྟ་བ་བདག་གི་དོན་དང་། ཇི་སྙེད་པ་གཞན་གྱི་དོན་ཐམས་ཅད་རིག་པའི་སྒོ་ནས་ཀུན་ལ་ཕན་པར་བྱེད་པ་སྟེ། གང་ཟག་ལྟར་སྤྲུལ་ཀྱང་དངོས་མ་ཡིན་པས་མཆོག་གོ། །ཅུང་ཟད་དུ་ཡང་མཉམ་པ་མེད་པས་ན་དཔེ་ལས་འདས་པའོ། །ཤེས་པར་བྱེད་པ་དང་ཤེས་པར་བྱ་བའི་དོན་གཉིས་ཀའི་བདག་པོའི་མཆོག་ཏུ་གྱུར་པའོ། །གང་གི་སྒོ་ནས་ཤེས་པར་བྱེད་ཅེ་ན། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །ཞེས་སྨོས་ཏེ། རྗེ་བཙུན་ཉིད་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོར་གྱུར་བས་ཀྱང་ཆོས་ཀྱི་སྦྱིན་པ་ནི་སྦྱིན་པ་རྣམས་ཀྱི་གཙོ་བོར་གྱུར་པའོ། །དེའི་བདག་པོ་ནི་རྗེ་བཙུན་ནོ། །དེ་ཕྱག་རྒྱ་བཞིའི་ཆོས་སྟོན་ཏེ། དེ་ལ་ཡང་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལ། ཐེག་པ་ཆུང་ངུའི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ནི། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའོ། །དེ་ཡང་། མི་རྟག་སྡུག་བསྔལ་སྟོང་དང་བདག་མེད་པ། །དེ་ནི་རྫོགས་སངས་རྒྱས་ཀྱིས་གསུངས་པའི་ཆོས། །ཞེས་འབྱུང་ངོ་། །འདི་ཉིད་ལས་ཀྱང་། བདེན་བཞི་ཚུལ་གྱི་རྣམ་པ་ཅན། །ཞེས་འབྱུང་ངོ་། །ཐེག་པ་ཆེན་པོའི་དབང་དུ་བྱས་ན། བཀའ་ལ་སྣང་། དོན་དང་མཐུན། རིག་པ་དང་འཐད། གཏན་ཚིགས་ཀྱིས་རྒྱས་པའོ། །དེ་ཡང་། བཀའ་དོན་རིག་པ་གཏན་ཚིགས་དང་། །སྣང་དང་མི་འགལ་རྒྱས་འཐད་ཡིན། །ཞེས་པ་ལྟ་བུའོ། །དེ་ལ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བཞི་ནི། སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། འཕྲོ་འདུ་ལས་ཀྱི་ཕྱག་རྒྱའོ། །གདུལ་བྱ་ལམ་གྱི་ཕྱག་རྒྱ་བཞི་ནི་ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱའོ། །དེ་ལྟར་སྟོན་པ་ནི་འགྲོ་བ་རྣམས་ཀྱི་བསྙེན་བཀུར་བའི་ཆོས་ཀྱི་མཆོག་གོ། །ངེས་འབྱུང་གསུམ་ནི་ཐེག་པ་གསུམ་མོ། །དེས་བགྲོད་པའི་འབྲས་བུ་ནི། དོན་དམ་པ་སྒྲིབ་པ་གཉིས་དག་པས་བདག་དང་གཞན་གྱི་དཔལ་དུ་འགྱུར་ཏེ། འཇིག་རྟེན་གསུམ་ན་སྐལ་པ་མཆོག་ཏུ་གྱུར་པའོ། །དེ་ལྟ་བུའི་སྟོན་པ་དེ་གང་ཞེ་ན། ཚོགས་གཉིས་རྫོགས་ཤིང་བདག་དག་གཞན་གྱི་དཔལ་དུ་གྱུར་པ་འབྱོར་པ་ཕུན་སུམ་ཚོགས་པ་སྟེར་བར་བྱེད་པ་རྗེ་བཙུན་ཉིད་ཡིན་པས། དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པས་མཆོག །ཅེས་གསུངས་པ་ཡིན་ནོ། །ད་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་བསྟོད་པའི་ལེའུ་བསྟན་པའི་ཕྱིར། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །ཅེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་འདིས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་སྟེ། མཆོག་ཏུ་གྱུར་པའི་ཆོས་ཀྱི་དབྱིངས་གཞན་ལ་སྦྱིན་པར་བྱེད་པ་པོ་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་མཆོག་རྗེ་བཙུན་འཇམ་དཔལ་ཁྱོད་ཡིན་པས་ཁྱོད་ལ་འདུད་ཅིང་ཕྱག་འཚལ་ཞེས་པའོ། །ཁྱོད་ཅེས་པ་ནི་འབོད་པའི་སྒྲ་ཀུན་ལ་སྦྱར་རོ། །ཡང་དག་པའི་མཐར་གྱུར་པ་ནི་སྐྱེ་བ་མེད་པ་ཁྱོད་ལ་འདུད་པའོ། །སྟོང་པ་ཉིད་ཀྱི་དོན་རྟོགས་པ་ལས་བྱུང་བ་ཁྱོད་ལ་འདུད་དོ། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་དམ་པ་ཡིན་པས་ཁྱོད་ལ་གུས་པས་འདུད་ཅེས་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་པ་ཕྱག་འཚལ་འདུད། །སངས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །ཅེས་སྨོས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་མེ་ལོང་ལྟ་བུས་ཆོས་ཀྱི་དབྱིངས་ལ་གནས་ཤིང་ཆགས་པ་ཁྱོད་ལ་འདུད་དོ། །སངས་རྒྱས་རྣམས་ཐུགས་རྗེས་འགྲོ་བ་འདྲེན་པར་འདོད་པ་ཁྱོད་ལ་འདུད་དོ། །སངས་རྒྱས་ཀྱི་ཡེ་ཤེས་མེ་ལོང་ལྟ་བུས་ཆོས་ཀྱི་དབྱིངས་རྟོགས་པར་དགྱེས་པས་ཁྱོད་ལ་འདུད་དོ། །སངས་རྒྱས་ཀྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ་རོལ་པས་ཁྱོད་ལ་ཕྱག་འཚལ་ཞིང་འདུད་དོ། །ད་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །ཅེས་སྨོས་ཏེ། སངས་རྒྱས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་མཉེས་ནས་ཞལ་འཛུམ་མཛད་པ་ཁྱོད་ལ་འདུད་དོ། །སངས་རྒྱས་ཀྱི་འགྲོ་བའི་དོན་མཛད་པ་ལ་དགྱེས་ནས་བཞད་པ་ནི་ཆོས་གསུང་བའི་སྔ་ལྟས་སྟོན་པ་ཁྱོད་ལ་ཕྱག་འཚལ་ཞིང་འདུད་དོ། །སངས་རྒྱས་གསུང་གི་སྒོ་ནས་གདུལ་བྱ་ལ་སྣ་ཚོགས་སུ་ཆོས་སྟོན་པ་ཁྱོད་ལ་འདུད་དོ། །སངས་རྒྱས་འགྲོ་བའི་ཆོས་སྟོན་པས་མཛད་ཀྱང་ཐུགས་མཉམ་པ་ཉིད་ལས་མ་གཡོས་པ་ཁྱོད་ལ་ཕྱག་འཚལ་ཞིང་འདུད་ཅེས་པའོ། །ད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །ཅེས་སྨོས་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པ་ལས་འབྱུང་བས་ཁྱོད་ལ་འདུད་དོ། །སངས་རྒྱས་འགྲོ་བའི་དོན་ལ་འཇིག་རྟེན་དུ་འབྱུང་བས་ཁྱོད་ལ་འདུད་དོ། །ཆོས་ཉིད་ནམ་མཁའ་ལྟ་བུ་རྟོགས་པ་ལས་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བས་ཁྱོད་ལ་འདུད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་བའི་འཇམ་དཔལ་ཁྱོད་ལ་འདུད་དོ། །ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་སྨོས་ཏེ། སྒྱུ་མ་ལྟ་བུའི་སྤྲུལ་པ་ཐམས་ཅད་ཐབས་དང་ཤེས་རབ་དྲྭ་བ་ལྟ་བུར་འབྲེལ་བས་མེད་པ་སྤྲུལ་ཞིང་ཡོད་པ་བསྒྱུར་བ་ཁྱོད་ལ་འདུད་དོ། །འགྲོ་བའི་དོན་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་པ་སྣ་ཚོགས་སྟོན་པ་ཁྱོད་ལ་འདུད་དོ། །ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ཡོན་ཏན་ཐམས་ཅད་ཀྱིས་གཞན་དོན་གྲུབ་པར་བྱེད་པ་ཁྱོད་ལ་འདུད་དོ། །ཡེ་ཤེས་དྲུག་རོ་གཅིག་པ་ལས་གྲུབ་པའི་སྐུ་ཉིད་འཇམ་དཔལ་ཁྱོད་ཡིན་པས་ཕྱག་འཚལ་འདུད་དོ་ཞེས་བསྟོད་པའོ། །ད་ནི་འབོད་པ་དོན་ཡོད་པར་བྱ་བའི་ཕྱིར། ཉམས་སུ་བླངས་པའི་ཕན་ཡོན་བསྟན་པ་ནི། ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བའི་མིང་ངོ་། །ལུས་དང་། ངག་དང་། ཡིད་ཀྱི་གསང་བ་ཞེས་པ་ནི། དེ་སྣང་སྟོང་དང་། གྲགས་སྟོང་དང་། རིག་སྟོང་དུ་རྟོགས་དཀའ་བས་གསང་བའོ། །ལྷག་མ་ནི་གོ་སླའོ། །ཆོས་ཐམས་ཅད་ཀྱི་ལུང་ངོ་ཞེས་པ་ནི་མཚན་ཡང་དག་པ་འདི་ཁྱབ་ཆེ་བས་ན་ལུང་ངོ་། །མི་བསླུ་བས་ན་ལུང་། བཟུང་སླ་བས་ན་ལུང་ངོ་། །ཚངས་པའི་གནས་བཞི་ནི་ཚད་མེད་པ་བཞིའོ། །ཀུན་ཏུ་སྦྱོར་བ་ཐམས་ཅད་དང་བྲལ་བ་ནི་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་། ང་རྒྱལ་བའི་ཀུན་ཏུ་སྦྱོར་བ་དང་། མ་རིག་པའི་ཀུན་ཏུ་སྦྱོར་བ་དང་། ལྟ་བའི་ཀུན་ཏུ་སྦྱོར་བ་དང་། མཆོག་ཏུ་ཀུན་ཏུ་སྦྱོར་བ་དང་། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང་། སེར་སྣའི་ཀུན་ཏུ་སྦྱོར་བ་རྣམས་སོ། །རྫས་ཐམས་ཅད་ལས་ཐར་བ་ནི། ཉོན་མོངས་པ་དང་བཅས་པའི་ཕུང་པོ་དང་བྲལ་བའོ། །མི་ཁོམ་པ་བརྒྱད་པོ་ནི། སེམས་ཅན་དམྱལ་བར་སྐྱེ་བ་དང་། ཡི་དྭགས་དང་། བྱོལ་སོང་དང་། དབང་པོ་མ་ཚང་བ་དང་། ལྟ་བ་ལོག་པར་འཛིན་པ་དང་། ཡུལ་མཐའ་འཁོབ་ཏུ་སྐྱེས་པ་དང་། སངས་རྒྱས་མི་བཞུགས་པའི་ཞིང་དུ་སྐྱེས་པ་དང་། འདུ་ཤེས་མེད་པའི་སྲིད་པར་སྐྱེས་པའོ། །འཇིགས་པ་ཆེན་པོ་བརྒྱད་ནི། སེང་གེ་དང་། སྟག་དང་། གླང་པོ་ཆེ་སྨྱོན་པ་དང་། སྦྲུལ་དང་། རྒྱལ་པོའི་ཆད་པ་དང་། མེ་དང་། ཆུ་དང་། ཤ་ཟའི་འཇིགས་པ་དང་བརྒྱད་དོ། །དབང་ཕྱུག་ཕུན་སུམ་ཚོགས་པ་ནི། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ལ་བྱ་སྟེ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་གཞུང་གིས། །སྐུ་ཡང་བ་དང་། ཕྲ་བ་དང་། གཞན་གྱིས་མཆོད་པ་དང་། བདག་པོར་གྱུར་པ་དང་། ལོངས་སྤྱོད་པ་དང་། གང་ཡང་ཕྱིན་པ་དང་། འདོད་དགུར་ལྡན་པ་དང་། དགའ་མགུར་སྤྱོད་པ་དང་བརྒྱད་དོ། །གསང་སྔགས་ཀྱི་གཞུང་གིས་སྐུའི་དབང་ཕྱུག་དང་། གསུང་གི་དབང་ཕྱུག་དང་། ཐུགས་ཀྱི་དབང་ཕྱུག་དང་། རྫུ་འཕྲུལ་གྱི་དབང་ཕྱུག་དང་། ཕྱོགས་ཐམས་ཅད་དུ་སོང་བའི་དབང་ཕྱུག་དང་། འདོད་སྤྱོད་ཀྱི་དབང་ཕྱུག་དང་། ཅི་འདོད་སྦྱིན་པའི་དབང་ཕྱུག་དང་། །གནས་ཀྱི་དབང་ཕྱུག་དང་བརྒྱད་དོ། །དེ་ཡང་འདི་སྐད་དུ། ཡང་ཞིང་ཕྲ་བ་མཆོད་པའི་འོས། །བདག་གྱུར་ལོངས་སྤྱོད་གར་ཡང་ཕྱིན། །འདོད་དགུར་ལྡན་ཞིང་དགའ་མགུར་སྤྱོད། །དེ་དག་རྒྱལ་པོའི་དབང་ཕྱུག་བརྒྱད། །ཅེས་འབྱུང་ངོ་། །སྐུ་གསུང་ཐུགས་དང་རྫུ་འཕྲུལ་ཆེ། །ཀུན་སོང་འདོད་སྤྱོད་གཞན་ལ་སྦྱིན། །གནས་ཀྱི་དབང་ཕྱུག་རྣམ་པ་བརྒྱད། །འདི་དག་རྡོ་རྗེ་འཆང་གི་ཆོས། །ཞེས་འབྱུང་ངོ་། །སྤྱན་ལྔ་ནི་གོང་དུ་བཤད་ཟིན་ཏོ། །གྲོང་ནི་ཁང་ཁྱིམ་གཅིག་ཡོད་པའོ། །གྲོང་ཁྱེར་ནི་ཁྱིམ་མང་པོ་ཚན་གཅིག་ཏུ་སྤུངས་པའོ། །གྲོང་བརྡལ་ནི་གྲོང་ཚོམ་བུ་མང་པོ་ཡོད་པའོ། །ལྗོངས་ནི་ཡུལ་ལུང་པ་གཅིག་གིས་བསྡུས་པའོ། །ཡུལ་འཁོར་ནི་ཡུལ་གྲུ་མང་པོ་ཞིག་ཕྱོགས་གཅིག་ཏུ་བྱས་པའོ། །མ་མོ་བདུན་པོ་ནི་ཁྱོ་མེད་མ་བཞི། ཁྱོ་ཅན་མ་གསུམ་སྟེ་བདུན་ལས། ཚངས་པ་མོ་དང་། ཁྱབ་འཇུག་མོ་དང་། དབང་མོ་དང་། གཞོན་ནུ་མ་དང་བཞི་ཁྱོ་མེད་མའོ། །དྲག་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་གསུམ་མ་ཧཱ་དེ་བའི་ཆུང་མའོ། །སྙིགས་མ་ལྔ་ནི། ལྟ་བའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། ཚེའི་སྙིགས་མ་དང་། བསྐལ་པའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་དང་ལྔའོ། །ལྷག་མ་རྣམས་ནི་གོ་སླ་བས་མ་བཤད་དོ། །ད་ནི་ཤིན་ཏུ་བསྡུས་པ་ལས་མཚན་ཐམས་ཅད་བསྡུས་པའི་སྔགས་བསྟན་པའི་ཕྱིར། ༀ་སརྦ་དྷརྨཱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ༀ་ནི་བཀྲ་ཤིས་པའི་ཚིག་ཀྱང་ཡིན། ཡེ་ཤ ེས་ལྔ་ཡང་ཡིན། ཕྱག་འཚལ་ཞིང་བྱིན་གྱིས་རློབ་པར་བྱེད་པ་ཡང་ཡིན་ནོ། །སརྦ་ནི་ཐམས་ཅད། དྷརྨ་ནི་ཆོས། ཨ་བྷཱ་བ་ནི་དངོས་པོ་མེད་པ། སྭ་བྷཱ་བ་ནི་རང་བཞིན། བི་ཤུདྡྷ་ནི་རྣམ་པར་དག་པ། ཙཀྵུ་ནི་མིག །ཨ་ཨཱ་ཨཾ་ཨ་ནི། རྣམ་པར་ཐར་པ་བཞི་ཡི་མཚོན་པ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཐབས་མཁས་པ་དང་བཞི་སྟེ། འདི་བཞི་ཡང་དོན་སྐྱེ་བ་མེད་པར་འདུ་སྟེ། དེ་ལྟར་མཐའ་བསྡུས་པས། ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་གྱིས་རྣམ་པར་དག་པའི་མིག་གིས་སྐྱེ་བ་མེད་པ་ཤེས་སོ་ཞེས་བཤད་པ་ཡིན་ནོ། །དེ་དག་གིས་ནི་རྩ་བའི་སྔགས་བསྟན་ཏོ། །པྲ་ཀྲྀ་ཏི་ནི་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ། པ་རི་ཤུདྡྷ་ནི་ཡོངས་སུ་དག་པ། སརྦ་དྷརྨ་ནི་ཆོས་ཐམས་ཅད། ཡ་དུ་ཏ་ནི་བསྐྱེད་པ། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། ཛྙཱ་ན་ཀཱ་ཡ་ནི་ཡེ་ཤེས་ཀྱི་སྐུ། མཉྫུ་ཤྲཱི་ནི་འཇམ་དཔལ་ལོ། །པ་རི་ཤུདྡྷཱ་ཏཱ་ནི་ཡོངས་སུ་དག་པ། མུ་པཱ་དཱ་ཡ་ཏི་ཞེས་པ་བྱིན་གྱིས་རློབ་པར་བྱེད་པ་ཞེས་ཀྱང་སྟོན་ཏོ། །ཁས་བླང་ངོ་། །གཟུང་བར་བྱའོ་ཞེས་ཀྱང་སྟོན་ཏོ། །མཐའ་སྡུད་པས་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ་ཡོངས་སུ་དག་པ་ལས་ཆོས་ཐམས་ཅད་སྐྱེད་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་འཇམ་དཔལ་ཡོངས་སུ་དག་པར་ཁས་བླང་གཟུང་བར་བྱ་ཞེས་པའོ། །ཨཾ་ཨཿནི་སྐྱེ་འགག་མེད་པ། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། ཧྲི་ད་ཡ་ནི་སྙིང་པོ་སྟེ་ཐུགས་སོ། །ཧ་ར་ཧ་ར་འཕྲོག་པར་བྱེད་པའོ། །ༀ་ཧཱུཾ་ཧྲཱིཿནི་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའོ། །བྷ་ག་ཝཱན་ནི་བཅོམ་ལྡན་འདས་སོ། །ཛྙཱ་ན་མཱུརྟི་ནི་ཡེ་ཤེས་ཀྱི་སྐུའོ། །ཝཱ་གཱི་ཤྭ་ར་ནི་ངག་གི་དབང་ཕྱུག་གོ། །མ་ཧཱ་པ་ཙ་ནི་གསུང་བ་ཆེན་པོའོ། །སརྦ་དྷརྨ་ནི་ཆོས་ཐམས་ཅད། ག་གཱ་ན་ནི་ནམ་མཁའ་ལྟ་བུའོ། །ཨ་མ་ལ་ནི་དྲི་མ་མེད་པ། སུ་པ་རི་ཤུདྡྷ་ནི་ཡོངས་སུ་དག་པའོ། །དྷརྨ་དྷཱ་ཏུ་ནི་ཆོས་ཀྱི་དབྱིངས་སོ། །ཛྙཱ་ན་གརྦྷ་ཨ་ནི་ཡེ་ཤེས་ཀྱི་སྙིང་པོའོ། །མཐའ་བསྡུས་པས་སྐྱེ་འགག་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་འཕྲོག་པས་བྱེད་པ། སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་དང་། གསུང་གི་དབང་ཕྱུག་གསང་བ་ཆེན་པོ། ཆོས་ཐམས་ཅད་ནམ་མཁའ་ལྟར་དྲི་མ་མེད་ཅིང་ཡོངས་སུ་དག་པ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཞེས་བྱ་སྟེ། དེས་ནི་ལས་སྔགས་བསྟན་ཏེ་བསྡུས་པའི་དོན་ཏོ། །དེ་ལྟར་སྟོན་པ་ཤཱཀྱ་ཐུབ་པས་ལམ་འབྲས་བུ་དང་བཅས་པའི་ཆོས་ཐུན་མོང་མ་ཡིན་པའི་མཚན་གསུངས་པས་འཁོར་རྗེས་སུ་ཡི་རང་བ་བསྟན་པ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་འདིས་ནི་ཚུལ་ཇི་ལྟར་ཡི་རང་བ་བསྟན་ཏེ། མཚན་གྱི་གཞུང་རྫོགས་པའི་རྗེས་དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། རང་དང་གཞན་གྱི་དོན་ཡོངས་སུ་རྫོགས་པས་དགའ་ཞིང་། དེ་བཤད་པའི་སྟོན་པ་ལ་མགུ་ནས་ལུས་ཙོག་པུར་འདུག །ལག་པ་ཐལ་མོ་སྦྱར་ནས་ཡི་རང་ངོ་། །ཡུལ་གང་ལ་ཡི་རང་ན། མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཞེས་སྨོས་ཏེ། འགྲོ་བ་རྣམས་ཀྱི་དོན་མཛད་པས་ཀྱང་ཤཱཀྱ་ཐུབ་པ། བདུད་བཞི་བཅོམ་ཞིང་། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པས། ཟབ་པ་དེ་བཞིན་ཉིད་དུ་གཤེགས་པ་དང་། རྒྱ་ཆེ་བ་འགྲོ་བའི་དོན་ལ་གཤེགས་པ། ཚོགས་གཉིས་རྫོགས་ཤིང་། སྤངས་པ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་དེ་ལ། ལུས་ངག་ཡིད་གསུམ་གུས་པ་དང་བཅས་ནས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་མང་པོ་དང་བཅས་ཏེ་ཕྱག་འཚལ་བའོ། །འཁོར་གང་དང་བཅས་ཏེ་ཡི་རང་ན། དེ་ནི་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །ཞེས་སྨོས་ཏེ། འགྲོ་བའི་མགོན་མཛད་པ། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་སངས་རྒྱས་ཐམས་ཅད་ཀྱིས་ལས་ཀྱི་ཁྲོ་བོར་དབང་བསྐུར། དབང་རྟགས་སུ་ལག་ཏུ་རྡོ་རྗེ་གཏད། གསང་མཚན་དུ་ལག་ན་རྡོ་རྗེ་ཞེས་བཏགས་པས་ན། ཁྲོ་བོའི་རྒྱལ་པོའོ། །ཡོན་ཏན་སྣ་ཚོགས་དང་ལྡན་པའི་འཁོར་ལྔ་བརྒྱ་པོ་གཞན་དང་ལྷན་ཅིག་ཏུ་ཡི་རང་ངོ་། །ཚིག་གང་གི་སྒོ་ནས་ཡི་རང་ན། གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །ཞེས་སྨོས་ཏེ། གསང་བསྟོད་ནས་ནི་ཞུམ་པ་མེད་པར་དབུ་འཕང་བསྟོད་པའོ། །བདག་ཅག་འཁོར་དང་བཅས་པ་ཡི་རང་སྟེ། ཟབ་པ་རང་གི་དོན་འབྱུང་བ་ལེགས་སོ། །རྒྱ་ཆེ་བ་གཞན་གྱི་དོན་འབྱུང་བ་ལེགས་སོ། །ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པར་གསུངས་པས་ལེགས་པར་གསུངས་པའོ། །དགོས་པ་གང་གི་ཕྱིར་ཡི་རང་ན། རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །ཅེས་སྨོས་ཏེ། ཉོན་མོངས་པའི་འཆིང་བ་ལས་གྲོལ་བའི་འབྲས་བུ་འདོད་པའི་འགྲོ་བ་མགོན་མེད་པ་རྣམས་དང་། བདག་ཅག་གིས་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་དུ་མཛད་པས་སོ། །ཆོས་གང་ལ་ཡི་རང་ན། སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །ཞེས་སྨོས་ཏེ། སྒྱུ་འཕྲུལ་དྲྭ་བའི་ཆོས་སུ་བསྟན་པ་འདི་ནི་ཤིན་ཏུ་ལེགས་པའི་ལམ་སྟེ། ཟབ་པ་དང་ཡངས་ཤིང་རྒྱ་ཆེ་བ་དང་། འགྲོ་བའི་དོན་བགྱིད་པས་སོ། །ཡིད་ཆེས་པའི་རྒྱུ་མཚན་ཅི་ཡོད་པའི་ཕྱིར་རྗེས་སུ་ཡི་རང་ན། སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་སྨོས་ཏེ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་གྱི་ཆོས་འདི་ནི་གང་ཟག་གིས་མ་གསུངས་ཏེ། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པས། བརྫུན་དང་། ནོར་བ་མི་འབྱུང་བས་ཡིད་ཆེས་པའི་ཕྱིར། རྗེས་སུ་ཡི་རང་ཞེས་པ་བཤད་པ་ཡིན་ནོ། །དེ་ཡང་། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་བརྫུན་གྱི་ཚིག །སྨྲ་བར་མི་བྱེད་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །སངས་རྒྱས་ཀུན་གྱི་བདག་ཉིད་འཇམ་དཔལ་མཚན། །ཟབ་ཅིང་རྒྱ་ཆེ་ཤིན་ཏུ་དཔག་དཀའ་ཡང་། །བཤད་པའི་རྒྱུད་དང་གདམས་ངག་ལ་བརྟེན་ནས། །སློབ་མས་གསོལ་བཏབ་ཕྱིར་ན་བདག་གིས་བརྩམས། །ནོངས་པར་གྱུར་པ་འཕགས་དང་མཁས་ལ་བཤགས། །འདི་བརྩམས་དགེ་བ་མ་ནོར་མཆིས་པ་ཡིས། །ཀུན་གྱིས་འཇམ་དཔལ་གོ་འཕང་ཐོབ་པར་ཤོག །ཆོས་སྐད་བྱིངས་ལ་མ་བརྟེན་བོད་ཀྱི་མིས། །གོ་བར་བདེ་ཕྱིར་རང་སོའི་སྐད་ཀྱིས་བཀྲོལ། །དེ་ཕྱིར་མཁས་པས་ཚིག་སྐྱོན་བརྟག་མི་རིགས། །འོན་ཀྱང་རྒྱལ་བའི་ལུང་ལའང་སྐུར་འདེབས་ན། །བདག་འདྲའི་གཞུང་ལ་ཅི་ཕྱིར་སྨོད་མི་རིགས། །མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་རྫོགས་སོ། །སློབ་དཔོན་བི་མ་ལ་མི་ཏྲས་མཛད་ནས་ཐུགས་ཀྱི་སྲས་ཉང་ཏིང་འཛིན་གྱིས་ཞུས་ཤིང་གཉགས་ཛྙཱ་ནས་བསྒྱུར་བའོ།། ༈ །།མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག། །།

མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྣམ་གསུམ་བཤད་པ།

མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྣམ་གསུམ་བཤད་པ་བཞུགས་སོ། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་ལ། འཕགས་པ་འཇམ་དཔལ་ཞེས་བྱ་བ་ནི། རང་གི་ངོ་བོ་ཇི་ལྟ་བུ་ཞིག །དེའི་མཚན་ནི་གང་དང་གང་རྣམས་ཡིན། དེ་ཡང་དག་པར་བརྗོད་པ་ནི་ཇི་ལྟར་བརྗོད་ཅེ་ན། དེ་ལ་འཕགས་པ་འཇམ་དཔལ་ནི། །གཉིས་སུ་མེད་པའི་ཡེ་ཤེས་ཏེ། །དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་ཉིད། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང་ཐ་མི་དད་པ་ཡིན་ཏེ། དེའི་དབང་གིས་སྣང་བའི་གཟུགས་ཀྱི་སྐུ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་ཉིད་ཅན་ཡེ་ཤེས་ཀྱི་རྟེན་དུ་སྣང་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་རྣམས་སུ་ཐེག་པ་ཆེ་ཆུང་གི་ཚུལ་སྣ་ཚོགས་ལས་གྲགས་པར་སྣང་བའི་བདག་ཉིད་དེ་རྣམས་ཀྱང་། འཕགས་པ་འཇམ་དཔལ་ཞེས་འདོད་དོ། །འདིར་དྲིས་པ། སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི། བདག་ཉིད་འཕགས་པ་འཇམ་དཔལ་ཡིན་ན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་རྣམས་ཆོས་ཅན་གཅིག་གམ་ཐ་དད་པ་ཞིག་ཡིན། དེ་བཞིན་དུ་དེའི་ཆོས་ཉིད་དང་དེའི་མཛད་པའང་གཅིག་གམ་ཐ་དད་པ་ཞིག་ཞེ་ན། སྨྲས་པ། དེ་ནི་འདི་ལྟར་རིག་པར་བྱ་སྟེ། ཁ་ཅིག་གི་ཚུལ་ལས་ནི། དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་ཀྱི་རྒྱུད་ཀྱང་ཐ་དད། དེའི་ཆོས་ཉིད་དང་། དེའི་མཛད་པའང་ཐ་དད་དེ། འོན་ཀྱང་རྣམ་པ་བཞིའི་སྒོ་ནས་མཚུངས་པ་ཡིན་ནོ། །བཞི་གང་ཞེ་ན། ཆོས་མཚུངས་པ་དང་། སྐུ་མཚུངས་པ་དང་། གསུང་མཚུངས་པ་དང་། ཡི་གེ་མཚུངས་པའོ་ཞེས་འདོད་དོ། །ཁ་ཅིག་གི་ཚུལ་ལས་ནི། ཡེ་ཤེས་ནི་གང་ཟག་གི་རྒྱུད་སོ་སོ་ལས་བསྒྲུབ་པའི་ཕྱིར་ཐ་དད་དེ། དེའི་ཆོས་ཉིད་དང་། མཛད་པ་དག་ནི་འདྲེས་པ་སྟེ། ཐ་དད་མེད་དོ་ཞེས་འདོད་དོ། །ཁ་ཅིག་གི་ཚུལ་ལས་ནི། བདག་དང་གཞན་གྱི་རྒྱུད་དུ་འབྱེད་པ་ནི་བདག་ཏུ་ལྟ་བའི་བག་ཆགས་ཡིན་ལ། བདག་ཏུ་ལྟ་བ་ནི་འཁྲུལ་པ་སྟེ། དེས་བསྐྱེད་ཅིང་དེའི་དབང་གིས་སྣང་བ་ནི། དེ་ལྟར་བདེན་པ་མ་ཡིན་པས། སེམས་ཅན་གྱི་དུས་ན་ཡང་རྒྱུད་ཐ་དད་མི་འགྲུབ་ན། བདག་ཏུ་ལྟ་བའི་མདུད་པ་མི་མངའ་བའི་སངས་རྒྱས་རྣམས་ལ། ཡེ་ཤེས་ཐ་དད་ཀྱི་རྒྱུད་ག་ལ་གྲུབ་སྟེ། དེ་བས་ན་སངས་རྒྱས་རྣམས་ལ་ནི་རྒྱུད་ཐ་དད་པ་དང་། རྒྱུད་ཐ་དད་པས་དོན་མཛད་པ་དང་། དེ་བཞིན་དུ་ཚུལ་ཐ་དད་པས་དོན་མཛད་པ་དང་། ཞིང་ཐ་དད་དུ་དོན་མཛད་པ་དང་། དུས་ཐ་དད་དུ་དོན་མཛད་པ་མི་མངའ་སྟེ། ཇི་སྲིད་དུ་ཐེག་པ་ཆེ་ཆུང་གི་གསུང་རབ་རྣམས་ལས་འཕགས་པ་འཇམ་དཔལ་ཞེས་གྲགས་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་ཞེའམ། སངས་རྒྱས་ཤཱཀྱ་ཐུབ་པ་དང་། མར་མེ་མཛད་དང་། བྱམས་པ་ཞེའམ། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། དཀོན་མཆོག་དཔལ་ཞེས་བྱ་བ་སྩོགས་པར་གྲགས་པ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་གྲགས་ཤིང་། སོ་སོའི་གདུལ་བྱ་དང་། ཞིང་ཁམས་དང་། ཚུལ་དང་། བསྟན་པ་དང་། དུས་ཐ་དད་དུ་ཡེ་ཤེས་ཆེན་པོའི་རྟེན་དུ་སྣང་བ་ཐམས་ཅད་ཀྱང་། སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཆོས་ཉིད་རྟོགས་པའི་དབང་དང་། སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་ཤུགས་ཀྱིས་གདུལ་བྱ་དཀར་པོའི་བག་ཆགས་དང་ལྡན་པའི་བློ་ལ་སོ་སོར་སྣང་བ་ཙམ་གྱིས་ཕྱེ་བ་མ་གཏོགས་པ་སངས་རྒྱས་རྣམས་ཀྱི་དབང་དུ་ནི་བྱེ་བྲག་ཕྲ་མོ་ཙམ་ཡང་རྙེད་པ་མ་ཡིན་ནོ། །དེ་བས་ན་འདིར་འཕགས་པ་འཇམ་དཔལ་གྱི་ཡོན་ཏན་བརྗོད་པ་འདི་ནི། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བརྗོད་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་འཕགས་པ་འཇམ་དཔལ་གྱི་སྐུར་སྣང་བའི་ཚུལ་ལ་བརྟེན་ནས་ཚུལ་སོ་སོར་གྲགས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཚུལ་ལས་ནི། འཕགས་པ་འཇམ་དཔལ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་རྒྱུད་དུ་གཏོགས་པ། ད་དུང་འཕགས་པའི་ལམ་མ་ཐོབ་པ་སོ་སོའི་སྐྱེ་བོར་འདོད་དོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ཐུན་མོང་དུ་གྲགས་པ་ལས་ནི། བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་ཏུ་འདོད་དོ། །འཛམ་བུའི་གླིང་ན་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འཁོར་དུ་གྱུར་པ་ཡིན་ལ། འོག་མིན་ན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཉེ་བའི་སྲས་སུ་གྱུར་པ་ཡིན་ནོ་ཞེའོ། །མདོ་སྡེ་ཟབ་མོའི་ཚུལ་ལས་ནི། སྔོན་གྱི་དུས་སུ་སངས་རྒྱས་པ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་དུ་བཞུགས་པའོ་ཞེའོ། །གསང་སྔགས་ཀྱི་ཚུལ་ལས་ནི་ཁ་ཅིག་ལས། རིགས་ཀྱི་གཙོ་བོ་དེ་བཞིན་གཤེགས་པའི་གཙུག་ཏོར་ལས་སྤྲུལ་པའི་བདག་ཉིད་བྱང་ཆུབ་སེམས་པའི་ཚུལ་དུ་བཞུགས་པར་འདོད་དོ། །རྣལ་འབྱོར་གྱི་ཚུལ་ཁ་ཅིག་ལས་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལས་སྤྲུལ་པའི་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་བཅུ་དྲུག་ལས། རྡོ་རྗེ་རྣོན་པོ་སྟེ་འཇམ་དཔལ་རྡོ་རྗེ་ཞེས་འདོད་དོ། །རྣལ་འབྱོར་ཆེན་པོའི་ཚུལ་ཁ་ཅིག་ལས་ནི། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་ཀྱང་བྱ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ཞེས་ཀྱང་བྱ། །དེ་བཞིན་དུ། རྡོ་རྗེ་སེམས་དཔའ་དང་། ཀུན་ཏུ་བཟང་པོ་དང་། བདེ་བ་ཆེན་པོ་ལ་སྩོགས་པ་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོ། །དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཉིད་དུ་ཡང་སྟོན་ཏོ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་འཇམ་པའི་རྡོ་རྗེ་བཞུགས་ཏེ། དེ་ཡང་དང་པོའི་སངས་རྒྱས་ཀྱི་ཚུལ་དང་། ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་སོ་ཞེས་འདོད་དོ། །འདི་དག་ནི་འཕགས་པ་འཇམ་དཔལ་གྱི་བདག་ཉིད་བསྟན་པའོ།། ༈ །།འཕགས་པ་འཇམ་དཔལ་དེའི་མཚན་ནི་གང་དང་གང་རྣམས་ཡིན་ཞེ་ན། ཇི་སྲིད་དུ་ཟག་པ་དང་བཅས་པའི་ཆོས་སམ། ཟག་པ་མེད་པའི་ཆོས་སམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། འདུས་བྱས་སམ། འདུས་མ་བྱས་སམ། དངོས་པོའམ། དངོས་པོ་མེད་པའམ། སེམས་སམ། སེམས་སྣང་བ་ལ་སྩོགས་ཏེ། ཇི་སྲིད་དུ་ཆོས་རྣམས་ཀྱི་རྣམ་པའི་རབ་ཏུ་དབྱེ་བའི་མིང་དུ་གྲགས་པ། འཇིག་རྟེན་གྱི་གཙུག་ལག་ལས་གྲགས་པའམ། ཐེག་པ་ཆུང་ངུ་ལས་གྲགས་པའམ། ཐེག་པ་ཆེན་ལས་གྲགས་པའམ། ཐེག་པ་ཆེན་པོའི་ཡང་ཆེན་པོ་གསང་སྔགས་ཀྱི་ཚུལ་ལས་གྲགས་པ་ཡང་རུང་སྟེ། ཆོས་རྣམས་ཀྱི་མིང་ཇི་སྙེད་པ་དེ་དག་ཐམས་ཅད་ནི། འཕགས་པ་འཇམ་དཔལ་གྱི་མཚན་དུ་མ་གྱུར་པ་མེད་དེ། དེ་བས་ན་དེ་དག་ཐམས་ཅད་མཚན་དུ་ཤེས་པར་བྱའོ། །འདིར་དྲིས་པ། ཟག་པ་མེད་པའི་ཆོས་རྣམས་ཀྱི་མིང་རྣམས་ནི་འཕགས་པ་འཇམ་དཔལ་གྱི་མཚན་དུ་རུང་སྟེ། འཕགས་པ་འཇམ་དཔལ་ཉིད་ཟག་པ་མེད་པ་ཐོབ་པའི་བདག་ཉིད་ཡིན་པའི་ཕྱིར་རུང་ན། ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་མིང་དེའི་མཚན་དུ་ཇི་ལྟར་འགྱུར། འཕགས་པ་འཇམ་དཔལ་ནི་ཟག་པའི་ཆོས་ཐམས་ཅད་ཡོངས་སུ་ཟད་པའི་བདག་ཉིད་ཡིན་པའི་ཕྱིར། དེ་རྣམས་ཀྱི་མིང་དེའི་མཚན་དུ་མི་རུང་ངོ་ཞེ་ན། འཕགས་པ་འཇམ་དཔལ་ནི་ཟག་པ་མེད་པའི་ཆོས་ཀྱི་བདག་ཉིད་ཅན་ཡིན་མོད་ཀྱི། ཚུལ་འདི་ལ་འགལ་བ་མེད་དེ། འདི་ལྟར་འཕགས་པ་འཇམ་དཔལ་ནི། ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་རང་བཞིན་ཡང་ཡིན་པའི་ཕྱིར་དང་། དེ་ལ་ཁྱབ་པ་ཡིན་པའི་ཕྱིར་དང་། དེར་འཕྲུལ་པ་ཡིན་པའི་ཕྱིར་དང་། དེ་ལ་དགའ་བ་ཡིན་པའི་ཕྱིར་དང་། དེ་མཁྱེན་པ་ཡིན་པའི་ཕྱིར་དང་། དེ་གསུང་བ་ཡིན་པའི་ཕྱིར་དང་། དེ་ཡོངས་སུ་དག་པ་ཡིན་པའི་ཕྱིར་དང་། དེ་ལ་མངའ་བརྙེས་པ་ཡིན་པའི་ཕྱིར་དང་། དེ་བསྐྱེད་པ་ཡིན་པའི་ཕྱིར་དང་། དེ་ཉིད་ལས་སྐྱེས་པ་ཡང་ཡིན་པའི་ཕྱིར་ཏེ། ཚུལ་བཅུ་པོ་འདི་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །དེ་ལ་ཇི་ལྟར། དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་བདག་ཉིད་ཡིན་ཞེ་ན། འདི་ཉིད་ལས་གསུངས་པ། དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་སྟོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ་ཞེས་གསུངས་པ་ལྟ་བུ་དང་། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན། །ཞེས་གསུངས་པ་དང་། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །ཞེས་པ་དང་། རྣམ་པ་བཅུ་པོ་དོན་བཅུའི་དོན། །ཞེས་པ་དང་། དོན་འགྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །ཤེས་བྱ་བ་ལ་སོགས་པ་ལྟ་བུའི་སྐབས་སུ་བཤད་པ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་དང་། དངོས་པོ་མེད་པའི་ཆོས་ཀྱི་རང་བཞིན་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་ལྡན་པའོ། །ཞེས་བཤད་པ་དང་། གཞན་ཡང་། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་གྱི་སྐབས་སུ་སེམས་དང་ཡིད་དང་རྣམ་པར་རིག་པ་སྣང་བ་དང་བཅས་པའི་བདག་ཉིད་འཇམ་དཔལ་ལོ་ཞེས་བཤད་པ་དང་། དེ་བཞིན་སྡུག་བསྔལ་ཞིའི་སྐབས་སུ། སྡུག་བསྔལ་གསུམ་ནི། སྡུག་བསྔལ་ཉིད་དུ་བཤད་པ་ལ་ཡང་སྡུག་བསྔལ་ནི། སྡུག་བསྔལ་སྒྲུབ་པར་བྱེད་པའི་ཀུན་འབྱུང་དུ་བཤད་ལ། ཞི་བ་ནི་འགོག་པར་བཤད་དེ། དེ་དག་ཀྱང་འཕགས་པ་འཇམ་དཔལ་ཡིན་པར་བཤད་པ་དང་། རྣམ་པ་བཅུ་པོ་དོན་བཅུའི་སྐབས་སུ་བདག་ཏུ་ལྟ་བ་རྣམ་པ་བཅུར་བཤད་ལ། ཡང་དོན་ནི། གཉེན་པོ་རྣམ་པ་བཅུར་བཤད་དེ། དེ་ལྟར་ན་མི་མཐུན་པ་དང་། གཉེན་པོ་དེ་དག་འཕགས་པ་འཇམ་དཔལ་ལོ་ཞེས་བཤད་པ་ལྟ་བུ་ལ་སྩོགས་པ་ཆོས་ཐམས་ཅད་ཀྱི་བདག་ཉིད་འཕགས་པ་འཇམ་དཔལ་ཡིན་པར་བཤད་པའི་ཕྱིར། དེ་ལྟ་བུའི་ཡོན་ཏན་བརྗོད་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་འཕགས་པ་འཇམ་དཔལ་ཇི་ལྟར་ན་ཆོས་ཐམས་ཅད་ལ་ཁྱབ་པ་ཡིན་ཞེ་ན། འདིར་གསུངས་པ། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེའམ། སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །ཤེའམ། སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཤེས་བྱ་བ་ལ་སྩོགས་པ་ལྟ་བུ་སྟེ། དེ་ལ་རྣམ་པ་བཞིའི་ཚུལ་གྱིས་ཁྱབ་པ་ནི་འདི་ལྟ་སྟེ། ཆོས་ཉིད་དང་། ཡེ་ཤེས་དང་། ཐུགས་རྗེ་དང་། མཛད་པའོ། །དེ་ལ་ཆོས་ཉིད་ཀྱིས་ཁྱབ་པ་ནི། ཆོས་ཐམས་ཅད་ནི་རང་བཞིན་གྱི་སྟོང་པ་བདག་མེད་པ་སྟེ། འདི་ལྟར་གཞན་ལས། ཆོས་ཀྱི་དབྱིངས་ནི་མ་གཏོགས་པ། །ཆོས་ནི་འགའ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་ཆོས་ཀྱི་དབྱིངས་ནི་འཕགས་པ་འཇམ་དཔལ་ཏེ། དེའི་ཕྱིར་ཐམས་ཅད་ལ་ཁྱབ་པའོ། །ཡེ་ཤེས་ཀྱི་སྒོ་ནས་ཁྱབ་སྟེ། འདི་ལྟར་ཆོས་ཀྱི་དབྱིངས་ཀྱི་ཆོས་ཅན་ནི་རང་རིག་པ་ཙམ་སྟེ། ཆོས་ཐམས་ཅད་ཀྱང་རང་རིག་པ་ཙམ་དུ་འདུས་པ་དང་། ཡེ་ཤེས་ཀྱི་ཡུལ་དུ་མ་གྱུར་བའི་ཆོས་ཉིད་ཀྱང་མེད་དེ། དེའི་ཕྱིར་ཡེ་ཤེས་ཀྱི་ཚུལ་གྱིས་ཀྱང་ཁྱབ་བོ། །ཐུགས་རྗེས་ཀྱང་ཁྱབ་པ་སྟེ། འདི་ལྟར་དབྱིངས་དང་ཡེ་ཤེས་ཟུང་དུ་འབྲེལ་པ་ག་ན་བ་དེ་ན། ཐུགས་རྗེ་ཆེན་པོ་ཡང་རྒྱུན་མི་འཆད་པ་ཡིན་ནོ། །དེ་བཞིན་དུ་མཛད་པས་ཀྱང་ཁྱབ་སྟེ། ཆོས་དེ་གསུམ་གང་དུ་ཚོགས་པ་དེར་མཛད་པ་རྒྱུན་མི་འཆད་དོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་ཐུགས་དང་སེམས་ཅན་རྣམས་ཀྱི་སེམས་ལ་འཕགས་པ་འཇམ་དཔལ་གྱིས་ཁྱབ་སྟེ། ཆོས་དེ་དག་གང་ནས་ཀྱང་མ་འོངས་ལ། གང་དུ་ཡང་མི་འགྲོ། གར་ཡང་གནས་པར་འགྱུར་བ་མེད་བཞིན་དུ། སྐལ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པར་ནུས་པ་ཡིན་ནོ། །དེ་ལྟ་བུའི་ཡོན་ཏན་བརྗོད་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་འཕགས་པ་འཇམ་དཔལ་ཇི་ལྟར་ཆོས་ཐམས་ཅད་དུ་སྤྲུལ་པ་ཡིན་ཞེ་ན། འདི་ཉིད་དུ་གསུངས་པ། གཟུགས་རྣམས་མ་ལུས་སྣང་བའི་དཔལ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཤེས་བྱ་བ་ལ་སྩོགས་པ་ཇི་ལྟར་འགྲོ་བ་འདུལ་བའི་དབང་གིས་སྣོད་དང་བཅུད་དུ་བཅས་པའི་གཟུགས་སྣ་ཚོགས་སུ་སྤྲུལ་པ་དང་། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་བ་མུཉྫུ་ཅོད་པན་ཐོགས། །ཞེས་བྱ་བ་ལ་སོགས་པའི་སྐབས་སུ། བརྟུལ་ཞུགས་ཐམས་ཅད་འཛིན་པར་སྤྲུལ་བ་དང་། གཟུགས་ཀྱི་མཚན་ཉིད་ཀྱང་། ལོངས་སྤྱོད་རྫོགས་པའམ། སྤྲུལ་པའམ། བྱང་ཆུབ་སེམས་དཔའ་འམ། རང་རྒྱལ་པའམ། ཉན་ཐོས་སམ། སྐྱེ་དགུའི་བདག་པོ་ལ་སོགས་པའམ། གཞན་ཡང་མཛེས་པའི་གཟུགས་སམ། མི་སྡུག་པའི་གཟུགས་སམ། རྒན་པའམ། གཞོན་པ་ལ་སྩོགས་པའི་གཟུགས་སམ། གཞོན་ཡང་ཉོན་མོངས་པ་དང་བཅས་པའི་གཟུགས་སམ། ཟག་པ་ཟད་པ་ལ་སྩོགས་པ་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་དུ་འཕགས་པ་འཇམ་དཔལ་མི་འཕྲུལ་བ་མེད་དོ། །དེ་བས་ན་དེ་ལྟ་བུའི་ཡོན་ཏན་བརྗོད་པའི་ཕྱིར། བརྗོད་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ན་འཕགས་པ་འཇམ་དཔལ་དེ་ཆོས་ཐམས་ཅད་ལ་དགའ་བ་ཡིན་ཞེ་ན། འདི་ཉིད་དུ་གསུངས་པ། དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་བྱ་བ་ལ་སྩོགས་པ་ལྟ་བུ་སྟེ། འགྲོ་བ་འདུལ་བའི་དབང་གིས་ཆོས་ཐམས་ཅད་ལ་དགའ་བར་སྟོན་པ་དང་། སྙིང་རྗེའི་དབང་གིས་སྲིད་པ་ལ་ཆགས་ཤིང་དགའ་བ་དང་། ཤེས་རབ་ཀྱི་དབང་གིས་སྟོང་པ་ཉིད་ལ་ཆགས་ཤིང་དགའ་བ་སྟེ། དེ་བས་ན་དེ་ལྟ་བུའི་ཡོན་ཏན་གྱི་དབང་དུ་གསུངས་པའི་མིང་ཐམས་ཅད་ཀྱང་དེའི་ཡོན་ཏན་གྱི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ཆོས་ཐམས་ཅད་མཁྱེན་པ་ཡིན་ཞེ་ན། འདི་ཉིད་དུ་གསུངས་པ། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་པོ། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་ཆོས་ཐམས་ཅད་མཁྱེན་པའི་ཡོན་ཏན་བསྟན་པའི་དབང་དུ་གསུངས་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ན་ཆོས་ཐམས་ཅད་གསུངས་པ་ཡིན་ཞེ་ན། འདི་ཉིད་དུ་གསུངས་པ། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་རྒྱལ། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཅེས་བྱ་བ་ལ་སོགས་ཏེ། ཇི་སྲིད་དུ་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་སྟོན་པའི་མངའ་བདག་ཡིན་པས། དེའི་དབང་དུ་སྨོས་པའི་ཆོས་ཐམས་ཅད་ཀྱི་མིང་ཡང་དེའི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ན་ཆོས་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་ཡིན་ཞེ་ན། འདི་ཉིད་དུ་གསུངས་པའི། ཟག་པ་ཟད་པ་དང་། སྒྲིབ་པ་ལས་གྲོལ་བ་དང་། ཉོན་མོངས་པ་ཞི་པར་བྱེད་པ་དང་། སྲིད་པ་འཇོམས་པ་དང་། འཁོར་བའི་ཕ་རོལ་ཕྱིན་པ་དང་ཆུ་བོ་ལས་བརྒལ་བ་དང་། སྲིད་རྩ་བཏོན་པ་ལ་སོགས་པ་ཟག་པ་དང་བཅས་པའི་ཆོས་ཀྱི་དྲི་མ་དག་པའི་སྒོ་ནས་བརྗོད་པ་དང་། གཞན་ཡང་དག་པ་རྣམ་པ་བཅུ་གཉིས་འཆང་དང་། རྣམ་དག་ཕུང་པོ་ལྔ་འཆང་དང་། ཕ་རོལ་ཕྱིན་བཅུ་དག་པ་དང་། ཤེས་བཅུ་རྣམ་དག་འཆང་པ་ལ་སོགས་ཏེ། ཟག་པ་མེད་པའི་ཆོས་རྣམས་ཀྱང་། མཐར་ཕྱིན་པའི་སྒོ་ནས། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་དུ་སྟོན་ཏེ། དེ་ལྟར་ཆོས་ཐམས་ཅད་རྣམ་པར་དག་པའི་ཡོན་ཏན་སྟོན་པའི་ཕྱིར། མིང་གང་སྨོས་པ་དེ་དག་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ན་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་ཞེ་ན། འདི་ཉིད་དུ་གསུངས་པ། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཆོས་ཐམས་ཅད་ལ་མངའ་བརྙེས་ཤིང་། དེ་ལ་དབང་བསྒྱུར་བ་དང་། ཆོས་ཀྱི་རྒྱལ་པོ་དང་། གཙོ་བོ་དང་། བདག་པོར་སྟོན་པའི་སྒོ་ནས། ཡོན་ཏན་བརྗོད་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ན་དེས་ཆོས་ཐམས་ཅད་བསྐྱེད་པ་ཡིན་ཞེ་ན། འདི་ཉིད་དུ་གསུངས་པ། སངས་རྒྱས་ཐམས་ཅད་བསྐྱེད་པ་པོ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པ། །སྣ་ཚོགས་དོན་ཀུན་བསྐྱེད་པ་པོ། །གསང་སྔགས་དོན་ཀུན་བསྐྱེད་པ་པོ་ལ་སོགས་པ། ཆོས་ཐམས་ཅད་འཕགས་པ་འཇམ་དཔལ་ལས་བྱུང་བར་སྟོན་པ་ལྟ་བུ་སྟེ། འདི་ལྟར་དེ་བཞིན་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་བསྐྱེད་པ་ཡིན་པ་དང་། ཐབས་དང་ཤེས་རབ་ཀྱི་ཕྱིར་སངས་རྒྱས་ཐམས་ཅད་བསྐྱེད་པ་ཡིན་པ་དང་། འདུལ་བའི་དབང་གི་ཕྱིར་སྤྲུལ་པ་ཐམས་ཅད་བསྐྱེད་པ་ཡིན་ཏེ། དེ་ལྟ་བུ་ལ་སོགས་པ་ཡོན་ཏན་བརྗོད་པའི་ཕྱིར་སྨོས་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ན་དེ་ཆོས་ཐམས་ཅད་ལས་སྐྱེས་པ་ཡིན་ཞེ་ན། དེ་ཆོས་ཉིད་ལས་སྐྱེས་པ་ཡིན་ཏེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་གསུངས་པ་ལྟ་བུའོ། །དེ་ཡེ་ཤེས་ལས་སྐྱེས་པ་ཡིན་ཏེ། ཡེ་ཤེས་འབའ་ཞིག་ལས་བྱུང་བ་ཞེས་གསུངས་པ་ལྟ་བུའོ། །དེ་སེམས་ལས་སྐྱེས་པ་ཡིན་ཏེ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས་ཞེས་གསུངས་པ་ལྟ་བུའོ་དེ་ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཐམས་ཅད་ལས་ཀྱང་སྐྱེས་པ་ཡིན་ཏེ། ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །ཞེས་གསུངས་པ་ལྟ་བུའོ། །དེ་ཐེག་པ་ཆེན་པོའི་ཡང་ཆེན་པོ་གསང་སྔགས་ཀྱི་ཚུལ་ལས་ཀྱང་སྐྱེས་པ་ཡིན་ཏེ། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཞེས་གསུངས་པ་ལྟ་བུའོ། །དེ་ལེགས་པར་སྦྱང་བའི་ཆོས་ལས་ཀྱང་སྐྱེས་པ་ཡིན་ཏེ། ཆོས་ལས་འབྱུང་བ་སྲིད་པ་སེལ། །ཞེས་གསུང་པ་ལྟ་བུའོ། །དེ་ཆོས་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་ལས་སྐྱེས་པ་ཡིན་ཏེ། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །ཅེས་པ་ལྟ་བུའོ། །དེ་ལྟར་ཆོས་ཐམས་ཅད་ལས་སྐྱེས་པར་བསྟན་པའི་ཕྱིར། དེའི་ཡོན་ཏན་བརྗོད་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལྟར་རྣམ་པ་བཅུའི་སྒོ་ནས་ཟག་པ་དང་བཅས་པའི་ཆོས་དང་། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་མིང་ཐམས་ཅད་དེའི་མཚན་དུ་འགྱུར་བ་ཐུན་མོང་དུ་བསྟན་ནས། ད་ནི་ཁྱད་པར་བརྗོད་པར་བྱའོ། །དེ་ལ་ཟག་པ་དང་བཅས་པའི་ཆོས་ལ་དེའི་བདག་ཉིད་དུ་སྟོན་པའི་ཚེ། འདི་ལྟར་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་མཚན་ཉིད་ནི་འཕགས་པ་འཇམ་དཔལ་ཡིན་ནོ་ཞེས་བརྗོད་པར་བྱའོ། །འཕགས་པ་འཇམ་དཔལ་གྱི་མཚན་ཉིད་ནི་ཟག་པ་དང་བཅས་པའོ་ཞེས་བརྗོད་པར་མི་བྱ་སྟེ། དཔེར་ན་བུམ་པའི་མཚན་ཉིད་ནི་མི་རྟག་པ་ཉིད་དོ་ཞེས་བརྗོད་པར་བྱའི། མི་རྟག་པ་ཉིད་ཀྱི་མཚན་ཉིད་ནི་བུམ་པའོ་ཞེས་བརྗོད་པར་མི་བྱ་སྟེ། འདི་ལྟར་མཚན་ཉིད་དང་མཚན་གཞི་རྣམ་པར་བཞག་པ་ནི། ཁྱབ་ཆེ་ཆུང་དང་། ཕྲ་རགས་དང་། དམ་པ་དང་། དམ་པ་མ་ཡིན་པ་དང་། འཁྲུལ་པ་དང་བདེན་པ་ལྟ་བུའི་སྒོ་ནས་ཕན་ཚུན་མཚན་ཉིད་དང་མཚན་གཞིར་བཞག་སྟེ། ཐམས་ཅད་དུ་ཕན་ཚུན་བསྣོར་དུ་རུང་བ་ནི་མ་ཡིན་ནོ། །དེ་བས་ན་འཕགས་པ་འཇལ་དཔལ་གྱི་མཚན་ཉིད་ཟག་པ་དང་བཅས་པའི་ཆོས་ཡིན་པར་མཚན་མི་བརྗོད་དོ། །ཆོས་ཐམས་ཅད་ལ་ཁྱབ་པ་སྟོན་པའི་སྐབས་སུ། རྟེན་དང་བརྟེན་པར་བཞག་པའི་ཚེ། འཕགས་པ་འཇམ་དཔལ་ནི་ཟག་པ་དང་བཅས་པའི་ཆོས་ལ་ཁྱབ་པ་ཡིན་གྱི། བརྟེན་པ་ནི་མ་ཡིན་ནོ། །དཔེར་ན་ནམ་མཁའ་ནི་གཟུགས་ལ་ཁྱབ་པ་ཡིན་གྱི། ནམ་མཁའི་མཚན་ཉིད་གཟུགས་ལ་བརྟེན་པ་མ་ཡིན་ནོ། །དེ་བས་ན་ཟག་པ་དང་བཅས་པའི་ཆོས་ལ་འཕགས་པ་འཇམ་དཔལ་བརྟེན་པའི་ཚུལ་ནས་མཚན་མི་བརྗོད་དོ། །ཟག་པ་དང་བཅས་པའི་ཆོས་ལྟ་བུར་འཕྲུལ་ཞིང་འཇུག་པར་སྟོན་པའི་ཚེ། ཟག་པ་དང་བཅས་པའི་ཆོས་ལ་ཐུགས་རྗེ་དང་འཕྲུལ་པ་འཇུག་པར་སྟོན་ཀྱང་། ཟག་པ་དང་བཅས་པའི་ཆོས་ལ་ནི་དེས་བསྒོས་ཤིང་བྱིན་གྱིས་རློབས་ཀྱི། དེ་ལ་ཟག་པ་དང་བཅས་པས་མི་འཛིན་ཅིང་མི་གོས་ཏེ། དཔེར་ན་ཉི་མའི་འོད་ཟེར་མི་གཙང་བའི་ས་ཕྱོགས་སུ་ཤར་བའི་ཚེ། ཉི་མའི་འོད་ཀྱིས་མི་གཙང་བའི་ས་ཕྱོགས་སུ་བསྒོས་ཤིང་རེག་པར་གྱུར་ཀྱང་། དྲི་མ་དེས་འོད་ལ་བསྒོས་ཤིང་བྱིན་གྱིས་བརླབས་པ་མེད་དོ། །དེའི་ཕྱིར་ཐམས་ཅད་དུ་འཇུག་ཀྱང་གོས་པའི་ཚུལ་ནས་མཚན་བརྗོད་པར་མི་བྱའོ། །ཚུལ་དེ་དག་གིས་ཟག་པ་དང་བཅས་པའི་ཆོས་ལ་འཕགས་པ་འཇམ་དཔལ་ལྡན་པར་བསྒྲུབ་པ་ན་འགལ་བ་ནི་མེད་ཀྱི། འཕགས་པ་འཇམ་དཔལ་ལ་ཟག་པ་དང་བཅས་པའི་ཕྱོགས་ལྡན་པའི་སྒོ་ནས་མཚན་བརྗོད་པར་ནི་མི་བྱའོ། །རྣམ་པར་དག་པའི་སྒོ་ནས་མཚན་བརྗོད་པའི་ཚེ། ཟག་པ་དང་བཅས་པའི་ཆོས་རྣམས་ནི། ཉེས་སྐྱོན་གྱི་ཆོས་དྲི་མའི་མཚན་ཉིད་ཡིན་པའི་ཕྱིར། དེ་བསལ་ཞིང་ཟད་པར་བྱས་པའི་སྒོ་ནས་མཚན་བརྗོད་པ་ཡིན་ནོ། །ཟག་པ་མེད་པའི་ཆོས་རྣམ་པར་དག་པར་སྟོན་པའི་ཚེ་ན། དེ་ལ་མི་མཐུན་པའི་དྲི་མ་ཐམས་ཅད་མ་ལུས་པར་གཏན་དུ་ཟད་པའི་ཕྱིར་རྣམ་པར་དག་པར་མཚན་བརྗོད་པ་དང་། དོན་དམ་པར་གཉིས་སུ་མེད་པའི་ཚུལ་ནས་བརྗོད་པ་ཡིན་ཏེ། ཀུན་རྫོབ་ཙམ་དུ་དེ་དག་སྤང་བར་བྱ་བ་ཡིན་པས། སྤངས་ཤིང་ཟད་པའི་ཚུལ་ནས་ནི་བརྗོད་པ་ཡིན་ནོ། །ཟག་པ་དང་བཅས་པའི་ཆོས་བསྐྱེད་པར་སྟོན་པའི་ཚེ། ཆོས་ཅི་ཡང་མ་ཡིན་པ་དང་། ཤེས་པ་རང་རིག་པའི་སྒོ་དང་འཁྲུལ་པའི་ཆོས་སྣ་ཚོགས་སུ་སྣང་བའི་སྒོ་ནས་བདག་པོའི་རྐྱེན་དུ་བཤད་ཀྱི། རྒྱུའི་རྐྱེན་དུ་མི་བརྗོད་དོ། །དེ་ཆོས་ཐམས་ཅད་ལས་སྐྱེས་པར་བསྟན་པའི་སྐབས་སུ། ཟག་པ་དང་བཅས་པའི་ཆོས་ཀྱི་དབང་ལས་འཕགས་པ་འཇམ་དཔལ་སྐྱེ་བར་བཤད་ཀྱི། དེའི་རྒྱུའི་རྐྱེན་ཡིན་པར་མི་བཤད་དེ། དེ་བས་ན་དེ་དག་གི་སྒོ་ནས་མཚན་བརྗོད་པར་མི་བྱའོ། །ཟག་པ་མེད་པའི་ཆོས་ལ་ཁྱད་པར་དུ་བསྟན་པ་ནི། དེ་དག་ལས་བཟློག་པ་ཉིད་དེ། ཟག་པ་མེད་པའི་ཆོས་ཀྱི་མཚན་ཉིད་ཅན་དང་། ཆོས་ལ་བརྟེན་པ་དང་། ཆོས་ཀྱིས་བསྒོས་ཤིང་བྱིན་གྱིས་བརླབས་པ་ལ་སོགས་པའི་སྒོ་ནས་ཀྱང་མཚན་བརྗོད་པ་ཡིན་ཏེ། འདི་དག་ནི་ཆོས་ཐམས་ཅད་ཀྱི་མིང་འཕགས་པ་འཇམ་དཔལ་གྱི་མཚན་དུ་བསྟན་པ་ལས་བརྗོད་པའི་ཚུལ་གྱི་སྒོ་ནས། ཟག་པ་དང་བཅས་པའི་ཆོས་དང་། ཟག་པ་མེད་པའི་ཆོས་ལ་ཐུན་མོང་དུ་མཚན་བརྗོད་དུ་རུང་བ་དང་། བྱེ་བྲག་གི་སྒོ་ནས་བརྗོད་པ་དང་། བརྗོད་པ་མ་ཡིན་པ་ཡོད་པར་བསྟན་པ་སྟེ། འདི་དག་ཙམ་གྱིས་དེའི་མཚན་གང་དང་གང་རྣམས་ཡིན་པ་མདོར་བསྟན་པ་སྟེ། རྒྱས་པར་ནི་གཞུང་འདི་ཉིད་དུ་བསྟན་པའི་མཚན་རྣམས་ཡན་ལག་དང་ཉིང་ལག་ཏུ་ཕྱེ་བ་དེའི་མཚན་རྣམས་ཡིན་ནོ།། ༈ །།ད་ནི་དེ་ཡང་དག་པར་བརྗོད་པ་ཇི་ལྟར་བརྗོད་པའི་ཚུལ་བཤད་པར་བྱ་སྟེ། དེ་ཡང་རྣམ་པ་གསུམ་མོ། །གསུམ་གང་ཞེ་ན། འདི་ལྟར། མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་དང་། མཚན་གསང་སྔགས་ཀྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་དང་། མཚན་གཉིས་སུ་མེད་པའི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་ལོ། །དེ་ལ་མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་ཇི་ལྟར་བརྗོད་ཅེ་ན། འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་དག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང་། ཐེག་པ་ཆེན་པོའི་སྒོར་ཞུགས་པ། སངས་རྒྱས་ཤེས་ནས་དད་པ་དང་ལྡན་པ་རྣམས་ཀྱིས། ཐོག་མ་ཉིད་དུ་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ། དེ་དག་ཐམས་ཅད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་མཛད་པ་རྒྱུན་མི་འཆད་པས། ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་སྒྲུབ་ཅིང་། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཡོངས་སུ་སྐོང་བའི་ཕྲིན་ལས་མཛད་པ། རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་མདུན་ན་བཞུགས་པ་སྟེ། དེ་བས་ན་གང་གིས་འདིའི་མཚན་བརྗོད་པ་དེ་ལ་ནི། བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་དུ་སངས་རྒྱས་ཐམས་ཅད་ཀྱི་མཚན་བརྗོད་པས། དེ་ལ་དཔེར་བཟོད་པ་མ་ཡིན་ནོ་ཞེས་དང་བའི་དད་པ་དང་། མོས་པས་མངོན་དུ་བྱས་ཏེ། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་བརྗོད་པར་བྱའོ། །ཞེས་སྨོན་ལམ་གྱིས་འཕངས་པའི་བསམ་པས། བྱང་ཆུབ་ཏུ་སེམས་བསྐྱེད་ནས་མཚན་བརྗོད་པར་བྱའོ། །དེ་ཡང་མོས་པའི་དབང་གིས་འདི་ལྟར་ཡིད་ལ་བྱེད་པ་བཞག་པར་བྱ་སྟེ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི། འདི་ལྟ་བུའི་ཡོན་ཏན་ཅན་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཐུགས་རྗེ་དང་བྱམས་པའི་མངའ་བདག་པས། རྟག་ཏུ་གདུལ་བྱ་ཐམས་ཅད་ཀྱི་མདུན་ན་གནས་པའི་ཕྱིར། བདག་གིས་དེའི་སྐུ་ཁྱད་པར་ཅན་མདུན་དུ་ཡིད་ལ་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ་རྟག་ཏུ་མདུན་ན་གནས་པའི་ཕྱིར། དེ་ལ་མཆོད་པ་བརྗོད་པའི་དོན་དུ་བསམ་པ་གཡེང་བ་མེད་པས་མཚན་བརྗོད་པར་བྱའོ། །གཞན་དུ་ན་བཅོམ་ལྡན་འདས་ཀྱི་རང་བཞིན་ནི་དེ་ལྟ་བུ་ཡིན་མོད་ཀྱི། འོན་ཀྱང་དེའི་སྐུ་བཟང་པོ་ཁྱད་པར་ཅན་ཡིད་ལ་བྱས་ན། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་བྱིན་གྱིས་རློབས་པར་འགྱུར་རོ་ཞེས་ཤེས་པར་བྱས་ནས། མདུན་གྱི་ནམ་མཁའ་ལ་རང་གི་ཡིད་ལས་སྤྲུལ་པའི་རིན་པོ་ཆེའི་རང་བཞིན་གྱི་དཔག་བསམ་གྱི་ཤིང་ཆེན་པོ་རྒྱས་པའི་གྲིབ་མ་ལ། རིན་པོ་ཆེ་པདྨའི་གདན་དང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ། སྐུ་མདོག་ཁ་བ་ལ་གུར་གུམ་གཏོར་བ་ལྟ་བུ། སྣ་ཚོགས་ཀྱི་ན་བཟའ་མནབས་པ། ཕྱག་གཡོན་ན་ཨུཏྤལ་སྔོན་པོ་རྒྱས་པ་བསྣམས་པ། གཡས་པས་མཆོག་སྦྱིན་པ་ཅན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆས་པ་ལྟར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམ་སྟེ། དེའི་ཡོན་ཏན་མངོན་པར་བརྗོད་པའི་དོན་དུ། གཡེང་བ་མེད་པའི་ཡིད་ལ་བྱེད་པས་མཚན་བརྗོད་པར་བྱའོ། །ཡང་ན་སྐུ་མདོག་ཕྱག་མཚན་ནི་གླེགས་བམ་དང་། རལ་གྲི་དང་། ཆོས་འཆད་ལ་སོགས་པ་དང་། ཟླ་བའི་ཁ་དོག་དང་གསེར་བཙོ་མའི་ཁ་དོག་ལ་སོགས་ཏེ། ཇི་ལྟར་མོས་པ་བཞིན་དུ་ཡིད་ལ་བྱའོ། །མཆོད་པ་བརྗོད་པ་རྫོགས་ནས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ། ཡོངས་སུ་དག་པའི་ཞིང་ཁམས་སུ་གཤེགས་སུ་གསོལ་ནས་ལྡང་བར་བྱའོ། །ཡང་ན། འདུལ་བའི་དབང་གིས་འདི་ལྟར་བསམ་པར་བྱ་སྟེ། བཅོམ་ལྡན་འདས་ཉིད་སྔ་མ་བཞིན་དུ་བསམ་པའི་སྟེང་གི་ཕྱོགས་སུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རབ་ཏུ་བྱུང་བའི་ཚུལ་གྱིས་བཞུགས་པར་བསམ་མོ། །དེའི་གཡས་ཀྱི་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་བྱམས་པ་དང་། ཀུན་ཏུ་བཟང་པོ་དང་། སྤྱན་རས་དབང་ཕྱུག་དང་ཕྱག་ན་རྡོ་རྗེ་དང་། སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། སྒྲིབ་པ་རྣམ་པར་སེལ་བ་ལ་སོགས་ཏེ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཁྱིམ་པའི་ཚུལ་གྱིས་རྒྱན་མ་སྤངས་པའི་མཚན་ཉིད་དུ་བཞུགས་པར་བསམ་མོ། །དེའི་གཡོན་གྱི་ཕྱོགས་སུ་འཕགས་པ་ཤྭ་རིའི་བུ་དང་། མོའུ་གལ་གྱི་བུ་དང་། རབ་འབྱོར་དང་། ཀུན་དགའ་བོ་ལ་སོགས་ཏེ། དགྲ་བཅོམ་པ་ཆེན་པོ་རྣམས་རབ་ཏུ་བྱུང་བའི་ཚུལ་གྱིས་བཞུགས་པར་བསམ་མོ། །དེའི་འོག་གི་ཕྱོགས་སུ་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་ཏེ་གཙང་མ་རིགས་ཀྱི་ལྷ་རྣམས་དང་། ཚངས་པ་ཆེན་པོ་དང་བཅས་པའི་གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷའི་བུ་རྣམས་ཁ་དོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཁ་དོག་སྣ་ཚོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་སྟེ། དེ་རྣམས་ཀྱི་མདུན་དུ་བདག་གིས་ཕྱག་བཙལ་བ་དང་། མཆོད་པ་ལ་སོགས་པའི་ཡན་ལག་བདུན་དང་ལྡན་པའི་སྨོན་ལམ་གྱི་སྒོ་ནས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས། དེ་དག་ཐམས་ཅད་ལ་མཆོད་པའི་དོན་དུ་བཅོམ་ལྡན་འདས་ཀྱི་མཚན་བརྗོད་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ནི། རྡོ་རྗེ་རིན་པོ་ཆེ་ལས་གྲུབ་པའི་སེང་གེའི་ཁྲི་དང་། རིན་པོ་ཆེའི་པདྨ་དང་། ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་མཉམ་པའི་སྐྱིལ་མོ་ཀྲུང་དང་། མཉམ་བཞག་གི་ཕྱག་རྒྱ་དང་། ཆོས་འཆད་པའི་ཕྱག་རྒྱ་ཅན་དུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རིན་པོ་ཆེའི་པདྨ་དང་། ཟླ་བའི་དཀྱིལ་འཁོར་ལ་ཞབས་གཡོན་ཕབ་པའི་སྐྱིལ་མོ་ཀྲུང་ཕྱེད་མ་དང་། རང་རང་གི་མཚན་མ་དང་ཆོས་ཞུ་བའི་ཕྱག་རྒྱ་ཅན་ནོ། །ཉན་ཐོས་ཆེན་པོ་རྣམས་ནི། རིན་པོ་ཆེའི་པདྨའི་གདན་ལ་ཆོས་ཞུ་བའི་ཚུལ་དུ་བསམ་པར་བྱའོ། །ལྷའི་བུ་རྣམས་ནི་རང་རང་གི་བཞོན་པ་དང་། མཚན་མ་དང་ལྡན་པའམ། ཡང་ན་ཐམས་ཅད་ཀྱང་རིན་པོ་ཆེའི་ཁྲི་སྟེང་ན་ཆོས་ཞུ་བའི་ཚུལ་ཅན་ཤ་དག་གོ། །མཆོད་པ་རྫོགས་པ་ནས་བཤགས་པ་དང་། འདོད་པའི་དོན་གསོལ་བ་བྱ་སྟེ། རང་རང་གི་ཞིང་དང་གནས་སུ་གཤེགས་སུ་གསོལ་ཏེ། ལྡང་བར་བྱའོ། །སྤྱན་དྲངས་པ་ནི་མི་དགོས་ཏེ་བསམ་པ་ཙམ་ཉིད་ཀྱིས་བྱིན་གྱིས་རློབ་པར་འགྱུར་བའི་ཕྱིར་རོ། །དེ་དག་ནི་མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ་བརྗོད་པའི་ཡིད་ལ་བྱེད་པའི་ཚུལ་ཡིན་ནོ། །ཡོན་ཏན་ཉིད་ཀྱི་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། ཕ་རོལ་དུ་ཕྱིན་པའི་ཚུལ་དང་གསང་སྔགས་ཀྱི་ཚུལ་རྣམ་པ་གཉིས་ཡིན་ནོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ནི། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་ཐུན་མོང་དུ་གྱུར་པའི་ཡོན་ཏན་དང་། དེ་བཞིན་གཤེགས་པ་ཉག་གཅིག་གི་ཡོན་ཏན་དེ་དག་དང་ཐུན་མོང་མ་ཡིན་པའོ། །དེ་ལ་ཐུན་མོང་ནི་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་དང་ཚད་མེད་པ་དང་། སྙོམས་པར་འཇུག་པའི་ལམ་གྱིས་བསྡུས་པ་མངོན་པར་མཐོ་བའི་འབྲས་བུ་དང་བཅས་པ་རྣམས་དང་། གཞན་ཡང་བདེན་པ་བཞི་དང་། ཤེས་པ་བརྒྱད་དང་། རྣམ་པར་ཐར་པ་ལ་སོགས་པ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་བཅས་པ་དང་། དེ་བཞིན་དུ་ཕྱོགས་དང་ཕ་རོལ་ཏུ་ཕྱིན་པ་དང་། དབང་དང་མངོན་པར་ཤེས་པ་དང་། ས་དང་བྱང་ཆུབ་སེམས་དཔའི་སྟོབས་དང་། བྱང་ཆུབ་སེམས་དཔའི་མི་འཇིགས་པ་དང་། བྱང་ཆུབ་སེམས་དཔའི་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་རྣམས་སོ། །ཐུན་མོང་མ་ཡིན་པའི་ཡོན་ཏན་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མ་འདྲེས་པ་བཅྭོ་བརྒྱད་དང་། མཚན་མ་དང་དཔེ་བྱད་བཟང་པོ་དང་། གཟུངས་དང་ཏིང་ངེ་འཛིན་དང་། ཐུགས་རྗེ་ཆེན་པོ་སུམ་ཅུ་རྩ་གཉིས་དང་། མ་འདྲེས་པའི་དྲན་པ་ཉེར་བར་གཞག་པ་གསུམ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤངས་པ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། རྣམ་པ་ཐམས་ཅད་མཆོག་གི་ཡེ་ཤེས་ཤེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། འདི་དག་ནི་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ཞེས་བྱ་སྟེ། རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བའི་ཕྱིར་དཔག་དང་ཚད་ལས་འདས་པའོ། །དེ་ཡང་མདོར་བསྡུ་ན་ནི་རྣམ་པ་བཞི་ཡིན་ཏེ། ཤེས་པར་བྱ་བའི་ཆོས་ཐམས་ཅད་མ་ལུས་པར་ཡོངས་སུ་མཁྱེན་པ་དང་། སྤང་བར་བྱ་བའི་ཆོས་ཐམས་ཅད་མ་ལུས་པར་གཏན་དུ་སྤངས་པ་དང་། གནས་གྱུར་པར་བྱ་བའི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟག་ཏུ་གནས་གྱུར་བ་དང་། ཐོབ་པར་བྱ་བའི་ཆོས་ཐམས་ཅད་མ་ལུས་པར་རྟག་ཏུ་ཐོབ་པ་སྟེ། འདི་ལྟ་བུའི་ཚུལ་གྱིས་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་མདོར་བསྡུ་ན་རྣམ་པ་བཞི་ཡིན་ནོ། །གསང་སྔགས་ཀྱི་ཚུལ་ལས་ནི། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རླབས་ཆེན་པོ་རྣམ་པ་གསུམ་གསུངས་ཏེ། གསུམ་གང་ཞེ་ན། ཡོངས་ལ་ཁྱབ་པའི་ཡོན་ཏན་དང་། རྩིས་ལས་འདས་པའི་ཡོན་ཏན་དང་། མཆོག་ཏུ་གྱུར་པའི་ཡོན་ཏན་ནོ། །དེ་ལ་ཡོངས་ལ་ཁྱབ་པའི་ཡོན་ཏན་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་ཡོན་ཏན་ནི། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ། །ཆོས་ཀྱི་དབྱིངས་ཀྱི་མུར་ཐུག་པའི་དག་པ་དང་མ་དག་པའི་ཞིང་ཁམས་དག་དང་། དེ་དག་ན་གནས་པའི་གང་ཟག་སློབ་པ་དང་མི་སློབ་པ་དང་། གཉིས་ཀ་མིན་པས་བསྡུས་པའི་ཆོས་རྣམས། འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་མཆོག་གི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའི་བར་གྱི་ཆོས་རྣམས་ལ་མ་ཁྱབ་པ་མེད་པ་ནི་ཡོངས་ལ་ཁྱབ་པའི་ཡོན་ཏན་ཡིན་ཏེ། དེ་ཇི་ལྟར་ཁྱབ་པའི་ཚུལ་ནི་མཚན་བཤད་པའི་སྐབས་སུ་བཤད་པ་ལྟ་བུར་ཤེས་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་རྩིས་ལས་འདས་པའི་ཡོན་ཏན་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་སྐུའི་ཡོན་ཏན་དང་། དེ་བཞིན་དུ་གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་ཀྱི་དབང་གི་སྒོ་ནས་ཡོན་ཏན་དུ་གྱུར་པ་དང་། རྩ་བ་རེ་རེ་ལ་ཡང་ཡོན་ཏན་གྱི་ཆ་ལྔ་ལྔར་ཕྱེ་བས་སྐུ་ལྔ་དང་། དེ་བཞིན་དུ་གཞན་ལ་ཡང་ལྔ་ལྔ་དང་། ལྔ་ཕྲག་གཅིག་ལ་ཡང་། དེ་བཞིན་དུ་རིགས་ཉི་ཤུ་རྩ་ལྔ་དང་། དེ་རྣམས་ལ་ཡང་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་རྣམས་ཀྱི་རིགས་ཀྱིས་ཕྱེ་བས་རིགས་བརྒྱ་བརྒྱ་སྟེ། དེ་དག་ལ་ཡང་དེ་བཞིན་དུ་ཕྱེ་བས། རིགས་འབུམ་ཕྲག་བརྗོད་ཀྱིས་མི་ལངས་པ་དང་། གྲངས་མེད་པས་རིགས་རྒྱ་མཚོ་ཞེས་གསུངས་ཏེ། འདི་ལྟར་གཞན་ལས། རིགས་ནི་མཐའ་ཡས་གསུངས་པ་ཡང་། །རིགས་ཆེན་དག་ཏུ་ཟད་པར་འདུས། །ཞེས་གསུངས་པ་ལྟ་བུ་སྟེ། འདིར་གསུངས་པ། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་སོ། །རིགས་ལྔ་དང་དྲུག་དང་མཐའ་ཡས་པ་གསུངས་པ་ཡང་། འདི་ཉིད་ལས། གསང་སྔགས་རིགས་ཆེན་ཐམས་ཅད་དང་། །གསང་སྔགས་རིག་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་གསུངས་སོ། །རྡོ་རྗེའི་རིགས་འབའ་ཞིག་ཀྱང་མཐའ་ཡས་ཏེ། །འདི་ཉིད་ལས། ཞུ་བ་པོ་རྡོ་རྗེ་འཛིན་པའི་ཡོན་ཏན་བརྗོད་པའི་སྐབས་སུ། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །ཞེས་གསུངས་པ་དང་། རྡོ་རྗེའི་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་རྡོ་རྗེ་ཁྲོ་བོའི་རིགས་སྣ་ཚོགས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་རིགས་གཞན་ལ་ཡང་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྒོ་ནས། འདི་ཉིད་དུ་གསུངས་པ། གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ཞེས་གསུངས་པ་ལྟ་བུའོ། །པདྨའི་རིགས་ཀྱི་དབང་དུ་གསུངས་པ། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་གསུངས་པ་ལྟ་བུའོ། །རིན་པོ་ཆེའི་རིགས་ཀྱི་དབང་དུ་གསུངས་པ། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེད་པ་དཔག་མེད་འགྱེད་པ་པོ། །ཞེས་གསུངས་པ་ལྟ་བུའོ། །ལས་ཀྱི་རིགས་ཀྱི་དབང་དུ་བྱས་ཏེ་གསུངས་པ། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་གསུངས་པ་ལྟ་བུའོ། །འདི་ལྟ་བུའི་ཆེ་བའི་ཡོན་ཏན་ཡོངས་སུ་བགྲང་བ་ལས་འདས་པ་ནི། རྩིས་ལས་འདས་པའི་ཡོན་ཏན་ཞེས་བྱའོ། །དེ་ལ་མཆོག་ཏུ་གྱུར་པའི་ཡོན་ཏན་གང་ཞེ་ན། གང་དེ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་ནི། ཡོངས་སུ་མཐར་ཕྱིན་ཅིང་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཕུལ་དུ་བྱུང་བ་སྟེ། འདི་ལྟར་འདི་ཉིད་དུ་གསུངས་པ། དབྱེར་མི་ཕྱེད་པའི་སྒོ་ནས། རྡོ་རྗེས་ཁྱད་པར་དུ་བྱས་པའི་ཡོན་ཏན་དང་། མཉམ་པ་མེད་པའི་སྒོ་ནས། ཆེན་པོས་ཁྱད་པར་དུ་བྱས་པའི་ཡོན་ཏན་དང་། དེ་བཞིན་དུ་རབ་མཆོག་དམ་པ་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཡོན་ཏན་དང་། དེ་བཞིན་དུ་གཙོ་བོ་དང་། དབང་ཕྱུག་དང་། བདག་པོ་དང་། རྒྱལ་པོ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཡོན་ཏན་དང་། གཞན་ཡང་མཐའ་དག་དང་ཀུན་དང་ལུས་པ་མེད་པ་དང་། རྟག་ཏུ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཡོན་ཏན་དུ་བྱས་པའི་སྒོ་ནས་མངོན་པར་བརྗོད་པ་རྣམས་ཏེ། འདི་ནི་མཆོག་ཏུ་གྱུར་པའི་ཡོན་ཏན་ཞེས་བྱའོ། །དེ་ལྟ་ན་ཡོན་ཏན་གྱི་རླབས་ཆེན་པོ་རྣམ་པ་གསུམ་པོ་འདི་དག་གིས་ནི། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་བསྡུས་པར་ཤེས་པར་བྱའོ། །མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་རྫོགས་སོ།། ༈ །།ད་ནི་མཚན་གསང་སྔགས་ཀྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་བསྟན་པར་བྱ་སྟེ། དེ་ལ་འདིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ཐབས་དང་ཤེས་རབ་ཟབ་མོའི་ཚུལ་ལ་མོས་ཤིང་། གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་རིག་སྔགས་དང་གསང་སྔགས་ཡོངས་སུ་མཉེས་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མྱུར་དུ་བསྒྲུབ་པར་འདོད་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པར་བྱ་བ་ལ་ཐབས་མཁས་པའི་སྤྱོད་པས་ཐབས་དང་ཤེས་རབ་དུས་གཅིག་ཏུ་ཟུང་དུ་འབྲེལ་བའི་ལམ་ཟབ་མོ་ལ་སྦྱར་བར་འདོད་པ་རྣམས་ཀྱིས་ཐོག་མ་ཉིད་དུ་ཐེག་པ་ཆེན་པོ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང་། དེས་བསྟན་པའི་གསང་བའི་དཀྱིལ་འཁོར་དུ་འཇུག་པ་དང་། དེའི་དུས་སུ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པར་གྱུར་པ། སོ་སོར་ཐར་པའི་སྡོམ་པ་ལས་གཞི་བླངས་ཏེ། བྱང་ཆུབ་ཆེན་པོའི་སྡོམ་པ་དང་། རིག་པ་འཛིན་པའི་སྡོམ་པའང་བླངས་ནས། སྒྲུབ་ཐབས་ཀྱི་མན་ངག་ཀྱང་ཚུལ་བཞིན་དུ་མནོས་ཏེ། དེ་ཕྱིན་ཆད་ཀྱང་སྤྲོ་བ་མི་ལྷོད་པར་བརྩོན་པ་ལ་གནས་པས་རྣལ་འབྱོར་འདི་ལ་བརྩོན་པར་བྱའོ། །དེ་ལ་རྣལ་འབྱོར་གྱི་རིམ་པ་ནི་འདི་ཡིན་ཏེ། སྔགས་ཁང་ངམ་གང་ཡང་རུང་བའི་གནས་སུ་རིན་པོ་ཆེ་ལས་འབུར་དུ་བསྐོས་པའི་སྟེགས་བུ་ཁྲུ་གང་བའམ། དེ་ལས་ལྷག་ཀྱང་རུང་། ལེགས་པར་བྱི་དོར་བྱས་ཏེ། དེར་འཕགས་པ་འཇམ་དཔལ་གྱི་སྐུ་གཟུགས་སམ། རི་མོའི་གཟུགས་འབྱོར་ན་ཡང་བཞུགས་སུ་གསོལ། མེ་ཏོག་གི་གཅལ་དང་། མཆོད་པའི་བྱེ་བྲག་དག་ཀྱང་ཇི་ལྟར་འབྱོར་བ་བཞིན་བཞག་སྟེ། བདག་ཉིད་སྟན་བདེ་བ་ལ་འདུག་ནས་ཐོག་མ་ཉིད་དུ་ནང་བར་སྔར་ལངས་ཏེ། སྔར་སྡོམ་པ་མནོས་པ་རྣམས་ཞིག་པ་དང་མ་ཞིག་པ་བསམ་པར་བྱའོ། །ཞིག་པར་གྱུར་པ་རྣམས་ནི་བཤགས་པར་རིགས་པའམ། སླར་བླང་བར་རིགས་པ་དག་དེ་བཞིན་དུ་བྱ་བར་བསམས་ལ། མ་ཞིག་པ་རྣམས་ནི་བརྟན་པར་བྱའོ། །དེ་ནས་དེ་ཉིད་ཀྱི་ཤུགས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ། སྡོམ་པ་བརྟན་པོར་གཟུང་པ་དག་ཀྱང་འཕགས་པ་རྣམས་ཀྱི་སྤྱན་སྔར་བརྟན་པར་གཟུང་བར་བྱའོ། །དེ་ནས་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་སྟེ། འདི་ལྟར་མངོན་པར་བྱང་ཆུབ་པའི་རིམ་པ་ལྔ་བསྒོམ་པར་བྱའོ། །སེམས་ཅན་གྱི་ཁམས་སྣ་ཚོགས་གཟུགས་བརྙན་ལྟ་བུར་གསལ་བར་བལྟས་ནས། དེ་ལ་དང་པོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་སྦྱར་བར་བྱ་སྟེ། ཇི་ལྟར་མེ་ལོང་དག་པ་ལ་གཟུགས་སོ་སོར་གསལ་བ་ལྟར། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་པ་བྱང་ཆུབ་ཀྱི་སེམས་ལ། སེམས་ཅན་གྱི་ཁམས་སྣ་ཚོགས་གཟུགས་བརྙན་ལྟ་བུར་གསལ་བར་བལྟས་ནས། དེ་དག་གི་དོན་གྱི་ཕྱིར། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །དེ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སྦྱར་བར་བྱ་སྟེ། ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །ཅེས་སྨོས་ཏེ། ཆོས་ཐམས་ཅད་བདག་མེད་པ་མཉམ་པ་ཉིད་ལ་སྦྱར་བར་བྱའོ། །དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨ་ཎཱཾ་ཨཱ་ཏྱ་ནུཏྤནྣ་ཏྭོཏ། ཅེས་སྔགས་བརྗོད་པས་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་མཚན་ཉིད། སོ་སོར་རྟོག་པའི་ཡེ་ཤེས་ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་གོང་དུ་བསྟན་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྟོབས་ཀྱིས་བསྐྱེད་པ་བསྒོམ་པར་བྱའོ། །དེ་ནས་དེ་མ་ཐག་ཏུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བ་རང་བཞིན་གྱིས་འོད་གསལ་བ། མི་དམིགས་པའི་སྙིང་རྗེ་ཆེན་པོ་དང་། རྗེས་སུ་མཐུན་པར་སྒོམ་པར་བྱའོ། །དེ་ནས་སེམས་ཅན་གྱི་དོན་དུ་བྱ་བ་དང་བྲལ་བ་རིགས་པ་མ་ཡིན་པས། སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་དབང་ལས་གྱུར་པ། མི་དམིགས་པའི་སྙིང་རྗེ་ཆེན་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་མངོན་དུ་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་མཚན་ཉིད། དེ་བཞིན་གཤེགས་པའི་མཚན་ཉིད་ལ་མངོན་དུ་འཇུག་པར་བྱའོ། །དེ་ལ་དང་པོ་ཉིད་དུ་ནམ་མཁའི་དཀྱིལ་དུ་ཨཱ་ལི་དང་ཀཱ་ལིའི་བདག་ཉིད། སྒྱུ་འཕྲུལ་གྱི་ཚུལ་རང་བཞིན་གྱིས་འོད་གསལ་བར་སྐར་མ་དང་འདྲ་བར་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཡི་གེ་ཧཱུྃ་ཆེན་པོ་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཁ་དོག་སྔོན་པོ་འོད་ཀྱི་ཕྲེང་བ་ཅན། ཁྲོ་བོ་འབར་བའི་ཕྲེང་བས་འཁྲིགས་པར་བསྒོམ་སྟེ། དེའི་འོད་ཟེར་གྱི་རྩེ་མོ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་སྤྲུལ་ཏེ། ཞིང་ཁམས་ཐམས་ཅད་དུ་གཤེགས་ནས། སངས་རྒྱས་རྣམས་ཀྱི་འཕྲུལ་བས་དོན་གྱི་བྱ་བ་བྱས་ཏེ་སླར་ལོག་ནས་ཧཱུྃ་ཉིད་ལ་ཞུགས་པས་དེ་ལས་གྱུར་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོར་གྱུར་པར་བྱའོ། །དེ་ཡང་སྒོ་དྲུག་དང་ལྡན་པ་ཁ་དོག་དྲུག་དང་ལྡན་པ་སྒོ་དྲུག་ན་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་དྲུག་གནས་པ། དེའི་འབར་བའི་གཟི་བརྗིད་ཀྱིས་ཞིང་ཁམས་ཐམས་ཅད་དུ་ཁྱབ་པས་བདུད་ཐམས་ཅད་ཀྱི་ལྟ་བས་ཐུག་མི་ཐུབ་པའི་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །དེའི་བུམ་པའི་ནང་དུ་ཡི་གེ་བྷྲཱུཾ་དམར་པོ་ལས་གྱུར་པའི་རིན་པོ་ཆེ་བཞི་ལས་གྲུབ་པའི་མཆོད་རྟེན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་བསྒོམས་ནས། དེའི་ནང་དུ་ཡི་གེ་ཧྲཱིཿལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་འགྲེང་བུར་གནས་པ། དེའི་ནང་དུ་ཡི་གེ་ཨ་ལས་རྡོ་རྗེ་རྒྱ་གྲམ་དེས་ས་གཞི་རྡོ་རྗེ་དཀར་པོ་བྱིན་གྱིས་བརླབ་བོ། །དེའི་སྟེང་དུ་ཡི་གེ་ཧཱུྃ་ལས་རྡོ་རྗེ་ནོར་བུ་རིན་པོ་ཆེ་བརྩེགས་པའི་གཞལ་ཡས་ཁང་རྣམ་པར་བསྒོམ་མོ། །དེའི་མཚན་ཉིད་ནི། དཔལ་དེ་ཉིད་འདུས་པ་ལ་སྩོགས་པར་གསུངས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བསྒོམ་པར་བྱའོ། །དེའི་དབུས་ཀྱི་གདན་ལ་ཡི་གེ་ཨ་ལས་ཡོངས་སུ་བསྐྱེད་པའི་རྣམ་པར་སྣང་མཛད་ཆེན་པོ་སྐུ་མདོག་དཀར་པོ་ཀུན་ཏུ་ཞལ་གྱི་མཚན་ཉིད་རལ་བའི་དབུ་རྒྱན་ཅན། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཏེ། དེ་གཞིའི་སངས་རྒྱས་སོ། །དེའི་ཐུགས་ཀར་ཡི་གེ་དྷཱིཿལས་བསྐྱེད་པའི་འཇམ་དཔལ་དང་པོའི་སངས་རྒྱས་ཞལ་ལྔ་གཙུག་ཕུད་ལྔ་དང་ལྡན་པ་ཁ་དོག་ལྔ་དང་ལྡན་པ་སྟེ། ཤར་སྔོན་པོ། ལྷོ་སེར་པོ། ནུབ་དམར་པོ། བྱང་ལྗང་གུ། དབུའི་སྟེང་ན་གནས་པའི་ཞལ་ཞི་བ་དཀར་པོ་བྱིས་པའི་རྒྱན་གྱིས་བརྒྱན་པ། འཇོ་སྒེག་དང་ལྡན་པ། སྣ་ཚོགས་ཀྱི་ན་བཟའ་མནབས་པ ། ཕྱག་བརྒྱད་ལ། བཞི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གླེགས་བམ་བཞིར་བགོས་ཏེ་ཐུགས་ཀར་འཛིན་པ། གཞན་གྱིས་ཤེས་རབ་ཀྱི་རལ་གྲི་འཛིན་པ་བསྒོམ་པར་བྱའོ། །གདན་གྱི་སངས་རྒྱས་དང་འོག་ནས་སྟོན་པའི་ཡེ་ཤེས་སེམས་དཔའ་རྣམས་ནི། མོས་པའི་དབང་གིས་རིགས་སོ་སོར་བསྒྱུར་བར་བྱའོ། །ཞེས་ཤེས་པར་བྱའོ། །དང་པོའི་སངས་རྒྱས་དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པར་བྱ་སྟེ། དེ་ཡང་ཨ་ལས་སྐྱེས་པ་ཁ་དོག་དྲུག་དང་ལྡན་པ་རྩིབས་དྲུག་པ། ཕྱི་དང་ནང་དུ་མུ་ཁྱུད་བཞི་དང་ལྡན་པ་སྟེ། དེའི་ལྟེ་བའི་དཀྱིལ་དུ་ཡི་གེ་ཨ་བསམ་པར་བྱའོ། །དེའི་ཕྱི་རིམ་གྱི་མུ་ཁྱུད་དང་པོ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་རྩ་བའི་གསང་སྔགས། ༀ་སརྦྦ་དྷརྨྨཱ་ཨ་བྷཱ་བ། སྭ་བྷཱ་བ། བི་ཤུདྡྷ། ཙཀྵུ། བཛྲ་ཨ་ཨཱ་ཨཾ་ཨཿརྣམས་འགོད་པར་བྱའོ། །དེའི་ཕྱི་རིམ་གྱི་མུ་ཁྱུད་གཉིས་པ་ལ་སྒྲ་ཡིག་བཅུ་གཉིས་འགོད་པར་བྱའོ། །དེའི་ཕྱི་རོལ་གྱི་རྩིབས་རྣམས་ལ་འདི་ལྟར། རྩིབས་དང་པོ་ལ། ༀ་བཛྲ་ཏཱིཀྵྞཱ་ཡ་ཏེ་ན་མཿ གཉིས་པ་ལ། ༀ་དུཿཁ་ཙྪེ་དཱ་ཡ་ཏེ་ན་མཿ གསུམ་པ་ལ། ༀ་པྲཛྙཱ་ཛྙཱ་ན་མཱུརྟཱ་ཡ་ཏེ་ན་མཿ བཞི་པ་ལ། ༀ་ཛྙཱ་ན་ཀཱ་ཡ་ཡ་ཏེ་ན་མཿ ལྔ་པ་ལ། ༀ་ཝཱ་གཱི་ཤྭ་རི་ཡ་ཏེ་ན་མཿ དྲུག་པ་ལ། ༀ་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ དེའི་ཕྱིའི་མུ་ཁྱུད་དང་པོ་ལ། ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཧ་ར་ཧ་ར། ༀ་ཧཱུྃ་ཧྲིཿ བྷ་ག་ཝན། ཛྙཱ་ན་མཱུརྟི། ཝཱ་གཱི་ཤཱ་ར་མ་ཧཱ་པཱ་ཙ། སརྦ་དྷཱརྨཱ་ག་ག་ན། ཨ་མ་ལ། སུ་པ་རི་ཤུདྡྷ། དྷརྨྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཕྱི་རོལ་གྱི་མུ་ཁྱུད་གཉིས་པ་ལ། ཀ་ཁ་ལ་སོགས་པའི་ས་ཧའི་མཐར་ཐུག་པའི་ཡི་གེ་སུམ་ཅུ་རྩ་གསུམ་འགོད་པར་བྱའོ། །མུ་ཁྱུད་བཞིའི་ཡི་གེ་ནི་ཁ་དོག་དཀར་པོའོ། །རྩིབས་དྲུག་གི་ཡི་གེ་ནི་རིགས་དྲུག་གི་ཁ་དོག་གི་རིམ་པ་བཞིན་ནོ། །འཁོར་ལོའི་དབུས་ཀྱི་ཡི་གེ་ཨ་ལས་བསྐྱེད་པ་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་སྟོན་ཀའི་ཟླ་བའི་མདོག་ཅན་ཨིནྟྲ་ནི་ལའི་མདོག་གི་གཙུག་ཕུད་ཉི་མ་ཤར་གའི་དཀྱིལ་ལྟར་འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་གྱི་དངོས་པོའི་ཏིང་ངེ་འཛིན་དང་ལྡན་པ། སྣ་ཚོགས་པདྨའི་གདན་ལ་བཞུགས་པ་ཕྱག་གཉིས་ཀྱིས་ཨུཏྤལ་དམར་པོ་དང་སྔོན་པོ་གཉིས་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཏིང་ངེ་འཛིན་གཉིས་གནས་པ་འཛིན་པ། ཞི་བའི་ཚུལ་དང་ལྡན་པར་བདག་ཉིད་བསམ་སྟེ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསྒོམས་ནས། དེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་རྐྱེན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་སྐྱེ་བའི་དངོས་པོ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་དངོས་པོ། དོན་དམ་པའི་ཡིག་འབྲུ། ཡི་གེ་ཐམས་ཅད་ཀྱི་རྐྱེན་ཡི་གེ་ཨ་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་བསྟན་པའི་ཡི་གེ་ཨ་རྣམས་ཀྱང་ཤིན་ཏུ་འོད་གསལ་བར་བསྒོམ་སྟེ། སྒྲིབ་པ་ཐམས་ཅད་སེལ་བར་བྱེད་པའི་འོད་དེས་རང་གི་ལུས་ལ་སྣང་བར་བྱས་ཏེ། དེ་ནས་ཞལ་བཞི་ལས་བྱུང་ནས། མི་མཇེད་ཀྱི་འཇིག་རྟེན་སྣང་བར་བྱས། དེ་ནས་རྡོ་རྗེ་སྒོ་དྲུག་ནས་འོད་ཟེར་ཁ་དོག་དྲུག་ཏུ་བྱུང་སྟེ། ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པའི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སེམས་ཅན་གྱི་དོན་བྱས། འཁོར་གྱི་དཀྱིལ་འཁོར་སྣང་བར་བྱས་ཏེ་སླར་ལོག་ནས་ཡེ་ཤེས་ཀྱི་རྡོ་རྗེ་ལ་ལན་གསུམ་བསྐོར། ཞལ་དུ་ཞུགས་ཏེ། ཤེས་རབ་ཡེ་ཤེས་དེ་དྲངས་ནས་ཆོས་བདག་མེད་པ་ཉིད་ཀྱིས་རང་གི་སྒོ་ནས་བཙུད་ནས། རང་གི་སྙིང་ཁའི་ཟླ་བ་ལ་གནས་པའི་ཡི་གེ་དང་གཅིག་ཏུ་གྱུར་ནས་གནས་པར་བསྒོམ་པར་བྱའོ། །དེ་ཡང་དམིགས་པ་གསུམ་གྱི་སྒོ་ནས་རྗེས་སུ་དྲན་པར་བྱ་སྟེ། འདི་ལྟར་ཡེ་ཤེས་ཀྱི་སྐུའི་སྒོ་ནས་དམིགས་པ་དང་། ཟླ་བའི་དཀྱིལ་འཁོར་གྱི་སྒོ་ནས་དམིགས་པ་དང་། ཡི་གེ་ཨའི་སྒོ་ནས་དམིགས་པ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་དང་ལྷན་ཅིག་ཏུ་གནས་པ་ཡང་མངོན་དུ་བྱས་ནས་མཚན་བརྗོད་པར་བྱའོ། །རིགས་སོ་སོར་ཕྱེ་བའི་འཁོར་ལོ་རྣམས་ནི་འདིར་མ་བཤད་དོ། །དེ་ལྟར་མཚན་བརྗོད་པ་ལ་ཞུགས་ཏེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་བྱ་བ་ནས། ཡ་ཏེ་ན་མཿ ཞེས་པའི་སྔགས་ཀྱི་བར་དུ་ཏིང་ངེ་འཛིན་དེ་ཉིད་ཀྱིས་གདོན་པར་བྱ་སྟེ། དམིགས་པ་གཞན་བསམ་མི་དགོས་སོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་བྱ་བ་ནས་བཟུང་སྟེ། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་བར་དུ་མཚན་གྱི་སྔགས་ཀྱི་ཚིག་རྣམས་བརྗོད་པས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གཏོགས་པའི་རྩ་བའི་ལྷ་སུམ་ཅུ་རྩ་བདུན་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་བཅས་པ། རང་རང་གི་སྐུ་མདོག་ཕྱག་མཚན་དུ་ལྡན་པར་ཕྱུངས་ཏེ། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་སྤྲོས་ནས། མཛད་པ་ཉེ་བར་བསྒྲུབས་ཏེ། སླར་ལོག་ནས་རང་རང་གི་རིགས་ཇི་ལྟ་བར་གྱུར་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་རང་རང་གི་གནས་སུ་རང་རང་གདན་ལ་བཞུགས་པར་བསྒོམ་པར་བྱའོ། །དེ་ནས། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་བྱ་བ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་བྱ་བའི་བར་དུ། ཚིགས་བཅད་ཉི་ཤུ་རྩ་ལྔ་རྐང་པ་གཅིག་གིས་མ་ཚང བ་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ཨ་ལས། མཚན་གྱི་སྔགས་ཀྱི་ཡི་གེ་བརྒྱ་བརྒྱད་ཅུ་རྩ་ལྔ་རྣམས་སྤྲོས་ཏེ། དེ་དག་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པའི་སྐུ་མདོག་དཀར་པོ། འཁོར་ལོ་དང་རལ་གྲི་ལ་སོགས་པ་འཛིན་པར་གྱུར་པ་ཕྱུང་སྟེ། ཕྱུང་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་སོང་ནས་རང་གི་རྣམ་པར་ཐར་པའི་སྒོ་ནས། གཏི་མུག་ལ་གནས་པའི་སེམས་ཅན་རྣམས་དག་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡང་སྣང་བར་བྱས་ནས། ཡང་ཕྱིར་ལོག་སྟེ། མཚན་གྱི་སྔགས་ཀྱི་ཡི་གེ་འབྲུ་རྣམས་སུ་གྱུར་ནས། དཀྱིལ་འཁོར་ཆེན་པོའི་རྩ་བའི་ལྷ་སུམ་ཅུ་རྩ་བདུན་ལ། མཚན་གྱི་སྔགས་ལྔ་ལྔ་ཐིམ་སྟེ། གནས་པར་མངོན་དུ་བྱའོ། །དེ་ནས་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་དུ་ཚིགས་བཅད་བཅུ། རྐང་པ་གཅིག་གིས་ལྷག་པ་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས་མཚན་གྱི་གསང་སྔགས་བདུན་ཅུ་རྩ་གཅིག་འཕྲོས་པས། འཇིག་རྟེན་གསུམ་གྱི་གདུག་པ་འདུལ་བའི་དོན་དུ་རྒྱུད་ཐམས་ཅད་ལས་གསུངས་པའི་རྡོ་རྗེ་ཁྲོ་བོའི་ཚོགས། རབ་ཏུ་འབར་བའི་ཞལ་མི་བཟད་པ་དང་ལྡན་པ། རྡོ་རྗེ་འབར་བ་མེ་འབར་བའི་ཕྱག་ཕྱག་མཚན་གྱིས་མཚན་པ་དུ་མའི་མདོག་དང་རྒྱན་དང་གོས་གྱོན་པའི་ཁྲོ་བོའི་སྐུ་བྱུང་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྡང་བ་ཐམས་ཅད་འདུལ་བར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་སྣང་བར་བྱས་ཏེ། སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱིར་རོལ་དུ། དཀྱིལ་འཁོར་གཉིས་པ་ལ་མཚན་གྱི་ཡི་གེའི་ཚོགས་བདུན་ཅུ་རྩ་གཅིག་རྣམས་རང་རང་གི་རིགས་དང་ཁ་དོག་དང་གཟུགས་རྣམས་སུ་གྱུར་ཏེ། དེ་ལྟ་བུའི་རིམ་པས་གནས་པར་བསམ་མོ། །དེ་ཡང་བཅུ་བཞི་ཕྲག་ལྔར་བགོས་ཏེ། རིགས་ལྔའི་བདག་ཉིད་ཀྱིས་གནས་པར་མོས་པར་བྱའོ། །དེ་ནས། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་བྱ་བ་ནས། ཡེ་ཤེས་མེ་ལྕེ་འོད་འབར་གསལ། །ཞེས་བྱ་བའི་བར་དུ། ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས། མཚན་གྱི་སྔགས་ཀྱི་ཡི་གེ་ཉིས་བརྒྱ་བདུན་ཅུ་རྩ་ལྔ་ཕྱུང་སྟེ། དེ་ལ་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་འཕྲུལ་པས་སེམས་ཅན་ཇི་ལྟར་འཚམས་པ་བཞིན་དུ། ཁ་ཅིག་ལ་ཚངས་པ་ལ་སྩོགས་པའི་གཟུགས་ཀྱིས་ཁ་ཅིག་ལ་ཉན་ཐོས་ལ་སྩོགས་པའི་གཟུགས་ཀྱིས། ཁ་ཅིག་ལ་བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ཀྱིས། དེ་བཞིན་དུ་ཁ་ཅིག་ལ་བུམ་པ་བཟང་པོ་དང་། སྨན་ཆེན་པོ་ལ་སོགས་ཏེ་གཡོ་བ་དང་། མི་གཡོ་བའི་དངོས་པོ་རྣམས་སུ་སྤྲུལ་པས་སངས་རྒྱས་ཀྱི་མཛད་པ་བྱས་ཏེ། རང་གི་རྣམ་པར་ཐར་པའི་སྒོ་ནས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་གྱི་དོན་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡང་སྣང་བར་བྱས་ཏེ་སླར་ལོག་ནས་གསང་སྔགས་ཀྱི་ཡི་གེའི་ཚོགས་རྣམས་སུ་གྱུར་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་འཁོར་ལོ་གསུམ་པ་ལ་འདི་ལྟ་བུའི་རིམ་པས་རྣམ་པར་གནས་པར་མངོན་དུ་བྱའོ། །རིགས་ཀྱི་དབྱེ་བ་ནི་རིགས་རེ་རེ་ལ་མཚན་གྱི་སྔགས་ཀྱི་ཡི་གེའི་ཚོགས་ལྔ་བཅུ་རྩ་ལྔར་སྦྱར་བར་བྱའོ། །འདོད་པའི་དོན་གྲུབ་དམ་པ་སྟེ། ཞེས་བྱ་བ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་བྱ་བའི་བར་དུ་ཚིགས་བཅད་ཉི་ཤུ་རྩ་བཞི་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས་མཚན་གྱི་སྔགས་ཀྱི་ཚིག་བརྒྱ་ཉི་ཤུ་རྩ་བཞི་ཕྱུང་སྟེ། བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན་གྱིས་ཕྱོགས་བཅུ་མཐའ་ཡས་པར་གཤེགས་ནས། རང་གི་རྣམ་པར་ཐར་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་སེར་སྣ་བཅོམ་པ་དང་། སངས་རྒྱས་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣང་བ་བྱས་ཏེ། སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་འཁོར་ལོ་བཞི་པ་ལ། རང་རང་གི་ཁ་དོག་གི་ཡི་གེ་རྣམས་སུ་གྱུར་ཏེ་གོ་རིམ་ཇི་ལྟ་བ་བཞིན་དུ་རྣམ་པར་གཞག་གོ། །འདི་ཉིད་རིགས་ཀྱི་དབྱེ་བ་ནི་རིགས་རེ་རེ་ལ། མཚན་ཉི་ཤུ་རྩ་ལྔ་ལྔར་སྦྱར་བར་བྱའོ། །དེ་ནས་སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་བྱ་བ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་བཅོ་ལྔ་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས་མཚན་གྱི་སྔགས་ཀྱི་ཚིག་དགུ་བཅུ་རྩ་ལྔ་ཕྱུང་སྟེ། བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། རང་གི་རྣམ་པར་ཐར་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་ལེ་ལོ་མེད་པར་བྱས་ཏེ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཡང་གསལ་བར་བྱས་ནས་སླར་ལོག་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་གྱི་འཁོར་ལོ་ལྔ་པ་ལ། ཇི་ལྟ་བའི་རིམ་པར་རྣམ་པར་གནས་པར་བྱའོ། །རིགས་ཀྱི་དབྱེ་བ་ནི། འདིར་རིགས་རེ་རེ་ལ་བཅུ་དགུ་ཡིན་ནོ། །རིགས་ཀྱི་དབྱེ་བ་འདི་ནི་སྤྲུལ་པ་སྤྲོ་བའི་དུས་ན་ཡང་འདི་ལྟ་བུའི་དབྱེ་བས་སྤྲོ་བ་ཡིན་ལ། སླར་བསྡུས་ཏེ་འཁོར་ལོ་བཀོད་པའི་དུས་ན་ཡང་། རིགས་ཀྱི་དབྱེ་བས་གནས་པའོ། །དེ་ནས་མཆོག་སྦྱིན་རྡོ་རྗེ་ལ་སོགས་པས་བསྟོད་པར་བྱའོ། །ༀ་སརྦྦ་དྷརྨྨཱ་ལ་སོགས་པའི་སྔགས་ནི་གོང་དུ་བཀོད་པ་ཉིད་དོ། །དེ་ནས་ལ་སོགས་པ་ནི་རྗེས་སུ་ཡི་རང་བའི་བསྟོད་པའི་ཚིག་གོ། ། ཡོན་ཏན་བརྗོད་པ་རྣམས་ཀྱང་བརྗོད་པར་བྱ་ལ་ཡིན་ནོ། །དེ་ནས་ཅུང་ཟད་ཡིད་བརྟན་པར་བྱས་ནས། གོང་དུ་ཇི་ལྟར་འབྱོར་བ་བཞིན་ཉེ་བར་བསྡོགས་པའི་མཆོད་པའི་ཚོགས་དབུལ་བར་བྱའོ། །བཤགས་པ་དང་འདོད་པའི་དོན་ལ་གསོལ་བ་ཡང་བྱ་སྟེ། བྱ་བ་རྫོགས་ནས་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་དེ་དག་ཀྱང་རིམ་པ་བཞིན་བསྡུས་ཏེ། དེ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལ་བསྡུ་བར་བྱའོ། །དེ་ནས་ལུས་བསྲུང་བ་བྱ་སྟེ་ཅི་བདེར་གནས་པར་བྱའོ། །ཚུལ་འདི་ནི་ཡོངས་སུ་རྒྱས་པའི་བསམ་གཏན་ཡིན་ཏེ། ཤིན་ཏུ་ཡོངས་སུ་རྒྱས་པ་ཡི་ནི་འཁོར་ལོ་བདུན་བསྒོམ་པའི་ཚུལ་ཡིན་ནོ། །བསམ་གཏན་འདི་ནི། མོས་པ་དང་ལྡན་པ། བརྩོན་འགྲུས་དང་བློ་གྲོས་དང་ལྡན་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རྒྱ་ཆེ་བ་ཡིན་ཏེ། དེ་མི་ནུས་པའི་གང་ཟག་མོས་པའམ། བརྩོན་འགྲུས་སམ་བློ་གྲོས་དམན་པ་རྣམས་ཀྱི་དོན་གྱི་ཕྱིར་བསམ་གཏན་བསྡུས་པ་བསྟན་པར་བྱའོ། །དེ་ལ་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པར་འདོད་ཅིང་། བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་མཚན་བརྗོད་པའི་སྒོ་ནས། བསོད་ནམས་དང་ཡེ་ཤེས་འཕེལ་བར་བྱ་བ་དང་། དངོས་གྲུབ་ལ་ཉེ་བར་བྱ་བ་དང་། སེམས་ཅན་གྱི་དོན་བྱ་བར་འདོད་པ་ཡོད་ལ། ཇི་སྐད་བསྟན་པའི་བསམ་གཏན་རྒྱ་ཆེ་བ་ནི་མི་ནུས་པའི་སྤྲོ་བ་མེད་པ་རྣམས་ཀྱིས། སྡོམ་པ་བཟུང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྗེས་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་མཚན་བརྗོད་པར་བྱའོ་སྙམ་དུ་བསམས་ཏེ་མཚན་བརྗོད་པར་བྱའོ། །དེ་ནས། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨ། ཨཾ་ཨཱཿ ཞེས་བརྗོད་པས་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་རྣམ་པར་དག་པ། རང་བཞིན་གྱིས་འོད་གསལ་བར་བསྒོམ་མོ། །དེ་ནས། སྠི་ཏོ་ཧྲི་དི་ཛྙཱ་ན་མཱུརྟི་ར་ཧཾ་བུདྡྷོ་བུདྡྷ་ནཱཾ། ཏྲྱ་དྷཱ་བརྟི་ནཱཾ། ཞེས་བརྗོད་པས། ང་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཐུགས་ལ་གནས་པ་སྟེ། ཡེ་ཤེས་ཀྱི་སྐུའི་སངས་རྒྱས་སོ་ཞེས་ཆོས་ཀྱི་སྐུའི་ང་རྒྱལ་དུ་གནས་པར་བྱའོ། །དེ་ནས། ༀ་བཛྲ་ཏཱིཀྵྞཱ་ཞེས་བྱ་བ་ལ་སྩོགས་པའི་གསང་སྔགས་བརྗོད་པས། བཅོམ་ལྡན་འདས་རིགས་དྲུག་གི་རང་བཞིན་ཅན་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཀྱི་སྐུ་རབ་ཏུ་བསྒོམ་སྟེ་དེའི་ཐུགས་ཀར། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བའི་དྲི་མེད་འོད། །ཅེས་བྱ་བ་ཀུན་ཏུ་བཟང་པོའི་བྱང་ཆུབ་སེམས་འབྲས་བུའི་ངོ་བོ། སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པ་དེ་ཉིད་དེ་ལྟར་གྱུར་བར་བྱའོ། །དེ་ཡང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་པས། གཡའ་གཡོའམ་རྩེགས་མ་ཇི་ལྟར་བདེ་བ་བསྒོམ་པར་བྱའོ། །དེ་ནས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཅེས་བྱ་བ་ནས། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་བྱ་བའི་བར་དུ་བརྗོད་པས། ཉི་མ་དང་ཟླ་བ་དེ་དག་རེ་རེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད། ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་རྐྱེན། འཕགས་པའི་ཚོགས་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་གཞི། ཡིག་འབྲུ་ཐམས་ཅད་ཀྱི་སྙིང་པོ། ཡི་གེ་ཨ་རེ་རེ་བསམ་སྟེ། དེ་ལས་མཆོད་པ་ཆེན་པོ་འདོད་ཆགས་ཆེ། ལ་སྩོགས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་བྱ་བའི་བར་དུ་བརྗོད་པས། གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་ཨ་དེ་དག་ལས་མཚན་གྱི་གསང་སྔགས་ཀྱི་ཡི་གེའི་ཚོགས་རྣམས་ཀྱི་འོད་ཟེར་རབ་ཏུ་འཕྲོ་བས། བདག་ཀྱང་རབ་ཏུ་སྣང་བར་བྱེད། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ན་གནས་པའི་སེམས་ཅན་རྣམས་ཀྱི་དོན་རབ་ཏུ་བྱེད་ཅིང་། སངས་རྒྱས་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཡང་སྣང་བར་བྱེད་པ་བསྒོམ་པར་བྱའོ། །དེ་ནས་མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། ལ་སོགས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །རིགས་དྲུག་གི་རང་བཞིན་གྱི་བཅོམ་ལྡན་འདས་ལ་བསྟོད་པའི་བསམ་པས་བརྗོད་པར་བྱའོ། །ༀ་སརྦྦ་དྷརྨྨཱ་ཞེས་བྱ་བ་ལ་སོགས་པ་ནས། ཨ་ཨཱ། ཨཾ་ཨཿ ཞེས་བྱ་བའི་བར་གྱིས་གསང་སྔགས་བརྗོད་པ་ནི། བཅོམ་ལྡན་འདས་ཀྱི་རྩ་བའི་གསང་སྔགས་ཏེ། དེ་བཟླས་པ་ནི། རྩ་བའི་གསང་སྔགས་བཟླས་བརྗོད་བྱས་པའི་ཚུལ་གྱིས། མཉེས་པར་འགྱུར་བའི་བསམ་པས་བརྗོད་པར་བྱའོ། །པྲ་ཀྲྀ་ཏ་པ་རི་ཤུདྡྷ་ཞེས་བྱ་བ་ནས། མུ་པ་ད་ཡེ་ཏི། ཞེས་བྱ་བའི་བར་གྱིས་བརྗོད་པ་ནི། བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་ཡོངས་སུ་གཟུང་བར་དམ་བཅའ་ཞིང་ཁས་ལེན་པའི་ཚིག་སྟེ། དེ་བས་ན་དེ་དག་བརྗོད་ཅིང་དེ་བཞིན་དུ་ཡོངས་སུ་གཟུང་ངོ་སྙམ་དུ་ཡིད་ལ་བསམ་པར་བྱའོ། །ༀ་སརྦྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཞེས་བྱ་བ་ནས། ཛྙཱ་ན་གརྦྷ་ཨཱཿ ཞེས་བྱ་བའི་གསང་སྔགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བའི་སྔགས་ཡིན་ཏེ། དེ་བས་ན་དེ་བརྗོད་ཅིང་། ཕྲེང་བའི་གསང་སྔགས་བཟླས་བརྗོད་བྱས་པའི་སྒོ་ནས་བསྙེན་པར་བྱའོ། །དེ་ནས་འབྱོར་ན་མཆོད་པ་ཡང་ཕུལ་ཏེ། འདོད་པའི་དོན་གསོལ་ནས། ལྷའི་ཏིང་ངེ་འཛིན་ཀྱང་ཆོས་སྐྱེ་བ་མེད་པའི་ངང་དུ་བསྡུས་ཏེ་ལྡང་བར་བྱའོ། །མཇུག་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་རྗེས་སུ་ཡི་རང་བས་བསྟོད་པ་དང་། ཡོན་ཏན་གྱི་ཚོགས་བརྗོད་པ་ནི། བསམ་གཏན་གྱི་ཡུལ་དུ་གསུངས་པ་མ་ཡིན་ཏེ། བརྗོད་པ་ནི་གང་ཟག་རྣམས་ཀྱིས་ཕན་ཡོན་ཤེས་པར་བྱ་བ་དང་། དེ་ཉིད་ཀྱི་བརྗོད་པར་བྱ་བ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་འཐོབ་པའི་ཕྱིར་རོ། །མཚན་གསང་སྔགས་ཀྱི་ཚུལ་དུ་བརྗོད་པའི་ཚུལ་བསྟན་པ་རྫོགས་སོ།། ༈ །།དེ་ལ་མཚན་གཉིས་སུ་མེད་པའི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་གང་ཞེ་ན། འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག །ཐེག་པ་ཆེན་པོའི་དོན་ཚུལ་ཟབ་མོའི་སྒོ་ནས་སྤྱོད་པར་འདོད་ཅིང་། བདག་ཉིད་སྒྲིབ་པ་ཐམས་ཅད་དང་མྱུར་དུ་བྲལ་བར་འདོད་པ་དང་། ཇི་ལྟར་མེ་ལོང་དག་པ་ལ་གཟུགས་བརྙན་ཐམས་ཅད་སྣང་བ་བཞིན། སེམས་ཅན་རྣམས་ཀྱི་དོན་དུ། སངས་རྒྱས་ཀྱི་ཆོས་སྣ་ཚོགས་སྣང་བར་འདོད་པས། བཅོམ་ལྡན་འདས་འཇལ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། མངོན་པར་བརྗོད་ཅིང་ནན་ཏན་དུ་བརྗོད་པའི་སྒོ་ནས། གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པར་བྱའོ། །དེ་ལ་ཇི་ལྟར་ན་མཚན་བརྗོད་པས་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པར་འགྱུར་བ་ཡིན་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སོགས་པ་གསུངས་པ་ཐམས་ཅད་ཀྱང་། ཕན་པ་དང་བདེན་པ་སྟོན་པ་ཁོ་ན་ཙམ་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཕན་པ་ནི་བདེན་པའི་དབང་གིས་འགྲུབ་པ་ཡིན་ལ། བདེན་པ་ཡང་ཕན་པས་ན་བདེན་པར་འགྲུབ་སྟེ། ལས་དང་བྱ་བ་གཉིས་ཀྱང་བདག་ཉིད་ཐ་དད་མེད་དོ། །དེ་བས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གིས་ཕན་པ་ཇི་སྙེད་པ་དང་། བདེན་པ་ཇི་སྙེད་པ་ཐམས་ཅད་ཀྱི་གཞིར་གྱུར་པ། རྩ་བར་གྱུར་པ། སྙིང་པོ་གྱུར་པ་ནི། ཆོས་གཉིས་སུ་མེད་པ་ཡིན་ཏེ། དེ་ལྟར་ཡང་གཞན་ལས་གསུངས་པ། ཆོས་ཉིད་ཀྱི་རྒྱུ་མཐུན་པ་གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་གསུངས་སོ། །འདི་ཉིད་ལས་ཡོན་ཏན་གྱི་སྐབས་ནས་ཀྱང་། མཚན་གཟུང་བ་ཆོས་གཉིས་སུ་མེད་པར་འཛིན་པ་ཡིན་པར་གསུངས་ཏེ། དེ་བས་ན་དེ་ལྟར་ཤེས་པར་བྱའོ། །འདིར་བརྒལ་བ། བདེན་པ་གང་ཡིན་པ་དེ་ཕན་པ་ཡིན་ན། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལྟ་བུ་ཇི་ལྟར་ཕན་པའི་བདག་ཉིད་ཅན་ཡིན། ཕན་པ་གང་ཡིན་པ་དེ་བདེན་པ་ཡིན་ན། མུ་སྟེགས་ལེགས་སྐྱོང་གི་རིག་བྱེད་ཀྱི་ཕན་པ་ལྟ་བུ་ཇི་ལྟར་བདེན་པར་ཡིན་ཞེ་ན། དེ་ལ་སྨྲས་པ། དེ་བཞིན་གཤེགས་པས་གསུང་བའི་ཕན་པ་གང་ཇི་སྙེད་པ་ནི་བདེན་པ་ཡིན་ཏེ། བདེན་པ་ལ་ཕན་པ་ཡང་དེ་བཞིན་ནོ། །འདི་ལྟར་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ནི། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ལ་སོགས་པའི་རྣམ་པར་བདེན་པར་གསུངས་པ་ཡིན་ལ། དེ་ལ་དེ་ལྟར་དམིགས་ཤིང་སྒོམ་པར་བྱས་པས་ནི་ཕན་པར་འགྱུར་རོ། །གནོད་པའི་མཚན་ཉིད་ནི་རྟག་པ་དང་བདེ་བ་དང་བདག་ལ་སོགས་པའི་རྣམ་པར་བལྟས་པས་ཡིན་ཏེ། མི་བདེན་པའི་ཕྱིར་བསླུས་པ་ཞེས་བྱའོ། །མུ་སྟེགས་ལེགས་སྐྱོང་རྣམས་ཀྱི་ཕན་པ་ནི། དེ་བ ཞིན་གཤེགས་པའི་གསུངས་པའི་ཕན་པར་གྲགས་པ་ཡང་མ་ཡིན་ཏེ། འོན་ཀྱང་ཕན་པ་དེ་ཡང་བདེན་པའི་དོན་ལས་འདས་པ་ཡང་མ་ཡིན་ནོ། །ཡང་བརྒལ་བ། དེ་ལྟར་གྲུབ་པས་མཚན་ཡང་དག་པར་བརྗོད་པས། གཉིས་སུ་མེད་པའི་དོན་བརྗོད་པ་ལ་ཇི་ལྟར་ཕན་པར་འགྱུར་ཞེ་ན། དེ་ལ་སྨྲས་པ། འདི་ལྟར་རྒྱལ་བ་རྣམས་ཀྱི་བཀའ་མཐའ་དག །ཕན་པ་དང་བདེན་པ་སྟོན་པ་ཁོ་ན་ཙམ་ཡིན་ལ། ཕན་པ་དང་བདེན་པའང་བདག་ཉིད་གཅིག་པའི་ཕྱིར་གཉིས་སུ་བསྟན་དུ་མེད་དོ། །ཕན་པ་དང་བདེན་པ་ཐམས་ཅད་ཀྱི་དངོས་གཞི་དང་སྙིང་པོར་གྱུར་པའང་ཆོས་གཉིས་སུ་མེད་པ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་གྱི་མཚན་གང་ཅི་བརྗོད་ཀྱང་རུང་སྟེ། དེ་དག་ཐམས་ཅད་ཀྱི་བརྗོད་བྱ་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་ལྟར་ན་ཆོས་གཉིས་སུ་མེད་པ་ཁོང་དུ་ཆུད་ཅིང་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར། མཚན་བརྗོད་པར་བྱའོ་ཞེས་ཤེས་པར་བྱའོ། །དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་ཡང་། ཚུལ་འདི་ཉིད་ལས་གསུངས་པ་ཡིན་ནོ། །དེ་ལ་ཆོས་གཉིས་སུ་མེད་པ་རྒྱུད་ལ་བསྐྱེད་པའི་དོན་དུ་མཚན་བརྗོད་པར་མཚན་ཉིད་གཅིག་མོད་ཀྱི། གདུལ་བྱའི་དབང་གི་སྒོ་ནས་ཐ་དད་དེ། དེ་བས་ན་འདིར་སྒོ་གསུམ་དུ་ཤེས་པར་བྱའོ། །གསུམ་གང་ཞེ་ན། ཆོས་གཉིས་སུ་མེད་པར་རྟོགས་པས་ཟག་པའི་རྒྱུ་མི་སྐྱེ་བར་བྱ་བའི་ཚུལ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པས་ཟག་པའི་འབྲས་བུ་འཛག་པའི་ཟག་པ་བཟློག་པས། རྒྱུ་དང་བཅས་པ་ལྡོག་པར་འགྱུར་བ་བསྟན་པའི་ཚུལ་དང་། མཉམ་པ་ཆེན་པོའི་བློས་རྒྱུ་འབྲས་ཀྱི་སྒོ་དབྱེར་མེད་པར་རང་བཞིན་གྱིས་འོད་གསལ་བའི་བསམ་པ་ལྷུན་གྱིས་གྲུབ་པར་བྱ་བའི་ཚུལ་ལོ། །དེ་ལ་རྒྱུ་ནས་ཟད་པར་བྱ་བའི་ཚུལ་ནི། མཚན་བརྗོད་པས་ཆོས་གཉིས་སུ་མེད་པའི་ཡོན་ཏན་བརྗོད་པར་མོས་པར་བྱའོ། །དྲན་པར་བྱའོ། །སྤྲོ་བར་བྱའོ། །ཡིད་ཆེས་པའི་དད་པ་བསྐྱེད་པར་བྱའོ། །དེའི་སྟོབས་ཀྱིས་ཆོས་གཉིས་སུ་མེད་པ་དང་མཐུན་པའི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་ད ང་། ཏིང་ངེ་འཛིན་དང་། ཤེས་རབ་རྣམས་རྒྱུད་ལ་སྐྱེ་བར་འགྱུར་རོ། །དེའི་སྟོབས་ཀྱིས་བདག་དང་བདག་གིར་ལྟ་བ་ལྡོག་གོ། །བདག་ཏུ་མི་ལྟ་ན་རྣམ་པར་མི་རྟོག་གོ། །དེའི་དབང་གིས་མཚན་མར་མི་འཛིན་ཅིང་ཉམས་སུ་མི་མྱོང་མངོན་པར་མི་ཞེན་ཏོ། །དེའི་དབང་གིས་མི་ཆགས་མི་ལེན་ཏེ། དེ་ལྟར་ན་སྡུག་བསྔལ་མངོན་པར་སྦྱོར་བའི་གནས་མེད་དོ། །དེ་བས་ན་ཆོས་གཉིས་སུ་མེད་པར་གོམས་པར་བྱས་པས་ཡང་དང་ཡང་དུ་གོམས་པར་བྱས། ཤིན་ཏུ་གོམས་པར་བྱས་པས་ནི། ཟག་པ་མ་ལུས་བཟད་པར་འགྱུར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཉིད་དུ་འགྱུར་རོ། །དེ་བསྐྱེད་པའི་ཐབས་ནི་མཚན་བརྗོད་པ་ཡིན་ཏེ། འདི་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་དུས་གཅིག་ཏུ་བསྐྱེད་པར་འགྱུར་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར་དང་། སེམས་ཅན་ལ་ཕན་པ་བརྗོད་པ་ཡིན་པའི་ཕྱིར། བསོད་ནམས་རྫོགས་པར་འགྱུར་རོ། །ཆོས་གཉིས་སུ་མེད་པའི་དོན་བདེན་པ་བརྗོད་པ་ཡིན་ཞིང་། གཉིས་སུ་མེད་པ་རྒྱུད་ལ་བསྐྱེད་པའི་ཕྱིར། ཡེ་ཤེས་རྫོགས་པར་འགྱུར་རོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་མོས་པའི་གང་ཟག་ཡེ་ཤེས་ཀྱི་ཚོགས་ལ་ལྷུར་བླངས་པས། བསོད་ནམས་ཀྱི་ཚོགས་ཞར་ལ་བསྐྱེད་པར་འདོད་པ་རྣམས་ཀྱིས་ཀྱང་། འདི་ལྟ་བུ་ཡིད་ལ་བྱེད་པ་དང་ལྡན་པས། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་པའི་དོན་དམ་པའི། མཚན་ཡང དག་པར་བརྗོད་ཅིང་ཡིད་ལ་བྱའོ། །འདི་ཉིད་ལས་ཀྱང་སྐབས་དང་པོ་ཉིད་དུ། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་དམ་བཅའ་བ་མཛད་ནས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་ཆོས་གཉིས་སུ་མེད་པའི་དོན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་པར་བསྟན་པའི་སྒོ་ནས། མཚན་བརྗོད་པར་ཞལ་གྱིས་བཞེས་ཏེ་གསུངས་ཀྱི། དོན་གཞན་སྐབས་ཕྱེ་སྟེ་མ་གསུངས་སོ། །མཇུག་ཏུ་ཡང་རྩ་བའི་སྔགས་དང་། གཟུང་བར་དམ་བཅའ་བ་དང་། ཕྲེང་བའི་སྔགས་ཀྱི་སྐབས་སུ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་མཐོང་བར་བྱ་བ་ལ་ཨ་བཞིས་བྱིན་གྱིས་བརླབས་པ་ནི། རྩ་བའི་སྔགས་སོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་གཟུང་བར་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡོངས་སུ་དག་པ་བརྗོད་པ་ཁས་ལེན་པ་ནི་གཟུང་བར་དམ་བཅའ་བའོ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་ཀྱི་སྐུ། ཆོས་ཐམས་ཅད་ནམ་མཁའ་ལྟར་དྲི་མ་མེད་པ། ཤིན་ཏུ་ཡོངས་སུ་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ། ཨ་གཉིས་ཀྱིས་བྱིན་གྱིས་བརླབས་པ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཕྲོག་པ། སྒྲིབ་པ་ཐམས་ཅད་བསྲེག་པ་ནི་ཕྲེང་བའི་སྔགས་ཡིན་ཏེ། དེ་བས་ན་འདིར་བཅོམ་ལྡན་འདས་ཀྱིས། ཆོས་གཉིས་སུ་མེད་པའི་མཚན་བརྗོད་པ་ཙམ་མ་གཏོགས་པ། གཞན་ནི་མ་གསུངས་སོ། །དེ་ལ་ཤེས་རབ་ཆེན་པོ་དང་ཐབས་ལ་མཁས་པ་དང་ལྡན་པས། ཆོས་གཉིས་སུ་མེད་པ་མངོན་དུ་གྱུར་བར་བྱ་བའི་ཕྱིར། ཁུ་བའི་ཟག་པ་བཟློག་པས། ཉོན་མོངས་པའི་ཟག་པ་ཡང་ཟད་པར་འགྱུར་ཞིང་། གཉིས་སུ་མེད་པའི་ཡེ་ཤེས་མྱུར་དུ་རྒྱུད་ལ་སྐྱེ་བར་བྱ་བའི་ཐབས་གསུངས་པ། བཅོམ་ལྡན་འདས་ཀྱི་མཚན་བརྗོད་པ་གསུངས་ཏེ། འདི་ལྟར་འདིའི་དབུ་ཞབས་ནི་ཡེ་ཤེས་དྲུག་གི་མཚན་བརྗོད་པ་ཡིན་ལ། ཡེ་ཤེས་དྲུག་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ཡིན་ཏེ། འདི་ལྟར་གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་མེ་ལོང་ལྟ་བུའི་མཚན་ཉིད་ཡིན་ཏེ། འདི་ལྟར་དྲི་མ་ཐམས་ཅད་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བར་འགྱུར་རོ། །དེ་ནི་མཉམ་པ་ཉིད་ཀྱི་མཚན་ཉིད་ཡིན་ཏེ། བདག་ཏུ་ལྟ་བའི་གནས་མེད་པས་སྟོབས་དང་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པའོ། །དེ་ནི་སོ་སོར་རྟོག་པའི་མཚན་ཉིད་ཡིན་ཏེ། མཚན་མར་འཛིན་པ་ཐམས་ཅད་དང་བྲལ་བས། ཆོས་ཐམས་ཅད་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པ་དང་སྟོན་པའི་གནས་སུ་གྱུར་པའོ། །དེ་ནི་བྱ་བ་གྲུབ་པའི་མཚན་ཉིད་ཡིན་ཏེ། སེམས་ཅན་ལ་གཟིགས་པས། ཐུགས་རྗེ་དང་མཛད་པ་ལྷུན་གྱིས་གྲུབ་པའི་གནས་སུ་གྱུར་པའོ། །དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ཡིན་ཏེ། ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །ཡེ་ཤེས་ལྔ་དབྱེར་མེད་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཏེ། །དེ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་འོ། །དེ་ནི་དམ་པའི་ཡི་གེའོ། །བྱང་ཆུབ་ཀྱི་སེམས་སོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་དང་། ཀུན་ཏུ་བཟང་པོ་དང་། བདེ་བ་ཆེན་པོ་ལ་སོགས་པར་བརྗོད་པ་ཡང་དེ་ཡིན་ཏེ། དེ་བཞིན་དུ་མཚན་ཇི་སྙེད་པར་བརྗོད་པ་ཡང་ཚིག་གི་དོན་དེ་ཉིད་ཡིན་ནོ། །དེ་དག་ཉེ་བར་སྟོན་པ་འདི་ཉིད་ལས། དོན་ཆེན་ཡི་གེ་དམ་པ་སྟེ། །ཞེས་གསུངས་ཏེ། དེ་འདིར་དམ་པའི་ཡི་གེའི་སྒྲ་ནི་ཟག་པ་མེད་པའི་ཡེ་ཤེས་ལ་བྱ་སྟེ། ཟག་པ་དེ་ཡང་འདིར་ཁམས་བཅུའི་བདག་ཉིད་ཅན། གཟུགས་ཀྱི་ཕུང་པོ་དབང་དང་བཅས་པ་དེའི་བདག་ཉིད་ཀྱི་ས་བོན་ཞེས་འདོད་དེ། དེ་ཡང་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་དག་ལ་གོ་རིམ་གྱིས་གནས་སོ་ཞེས་འདོད་དོ། །འདིར་བརྒལ་བ། གཟུགས་དབང་དང་བཅས་པའི་ཟག་པ་བཟློག་པས་སེམས་ལས་བྱུང་བའི་ཟག་པ་ཇི་ལྟར་བཟློག་ཅེ་ན། དེ་ནི་འདི་ལྟར་སེམས་དང་སེམས་ལས་བྱུང་བ་གང་ལ་གཟུགས་ཀྱིི་དྲི་མ་ནི་ཡོངས་སུ་དག་ལ། མིང་བཞིའི་དྲི་མ་ནི་ཡོངས་སུ་མ་དག་གོ་ཞེས་བྱ་བ་ནི་མི་སྲིད་ལ། དེ་བཞིན་དུ་མིང་བཞིའི་དྲི་མ་དག་ནས་གཟུགས་ཀྱི་དྲི་མ་དག་པ་ཡང་མི་སྲེད་དེ། འོན་ཀྱང་གཟུགས་ནི་ཆེར་རགས་ཤིང་གནས་པ་དང་དམིགས་པར་གྱུར་པས། འདི་ཉིད་ཀྱི་དྲི་མ་སྔོན་ལ་གཞོམ་པར་བྱ་བ་ཡིན་ཏེ། འདི་ཉིད་བཅོམ་པས་ཐམས་ཅད་ཀྱི་དག་པར་འགྱུར་བའི་ཐབས་ཡིན་ནོ། །དཔེར་ན་ལྗོན་ཤིང་གི་རྩེ་མོ་བཅད་ཅིང་གཤགས་ཏེ་མངོན་པར་སྐྱེ་བའི་གནས་མེད་པར་བྱས་ན་རྩ་བ་ཡང་མྱུར་དུ་མེད་པར་འགྱུར་ལ། ཕྲ་མོས་ཀྱང་ཕན་གནོད་བྱེད་པར་ཡང་མི་འགྱུར་རོ། །དེ་བཞིན་དུ་ཟག་པ་འབྲས་བུ་ནས་བཟློག་ན་རྒྱུ་ཡང་མྱུར་དུ་ཟད་པར་འགྱུར་ལ། ཕྲ་མོས་ཀྱང་གནོད་པར་མི་འགྱུར་རོ། །དེ་བས་ན་ཐབས་ལ་མཁས་པ་རྣམས་ཀྱི་ཡུལ་ནི། འབྲས་བུ་ནས་བཟློག་པ་འདི་གསུངས་པར་ཤེས་པར་བྱའོ། །ཐབས་དང་ཤེས་རབ་ཟབ་མོའི་ཚུལ་འདི་ཐུན་མོང་དུ་མ་བསྟན་པའི་དགོངས་པ་ནི། ཐབས་དང་ཤེས་རབ་ཞན་པ་རྣམས་ལ་ཉེས་པ་རྒྱུའི་དུས་ན་མ་བཟློག་ན་འབྲས་བུ་མངོན་དུ་སྨིན་པའི་དུས་ན་བཟློག་པའི་ཐབས་མེད་པའི་དབང་དུ་གསུངས་པ་ཡིན་ནོ། །དེ་བས་ན་འདིར་འཕགས་པ་འཇམ་དཔལ་ནི་ཡེ་ཤེས་དྲུག་གི་བདག་ཉིད་དམ་པའི་ཡི་གེ་ཞེས་བྱ་བའི་སྒྲས་བསྟན་པ་ཟག་པ་ལྔ་ཡོངས་སུ་ཟད་པའི་ཡེ་ཤེས། བདེ་བ་ཆེན་པོའི་སྐུ་བདེ་བའི་ཡེ་ཤེས་སྐད་གཅིག་མ་བཅུ་དྲུག་གི་རང་བཞིན་སྐྱེ་བའི་སྐད་གཅིག་མ་བཞིའི་ཡེ་ཤེས་ཀྱི་མཐའ་ཅན། མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཡིན་ཏེ། དེ་སྟོན་པ་ནི་མཚན་ཡང་དག་པར་བརྗོད་པའི་གཞུང་གི་ཚོགས་ཡིན་ལ། ཉེ་བར་བསྟན་པ་ནི། དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་བྱ་བ་འདི་ཡིན་ནོ། །ཟག་པ་ལྔ་ཟད་པའང་། རྒྱུ་དང་འབྲས་བུའི་སྒོ་ནས་ཟུང་དུ་བཞག་པ་སྟེ། དེ་ལ་རྒྱུའི་ཟག་པ་ལྔ་ཟད་པས། སྟོང་པ་ཆེན་པོ་ཡི་གེ་ལྔ་ཞེས་པའོ། །འབྲས་བུའི་ཟག་པ་ལྔ་ཟད་པ་ནི། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་བྱ་བ་སྟེ། དེ་ལ་ཡི་གེ་ལྔ་ནི་ཟད་པ་ཤེས་པ་ཡིན་ལ། དྲུག་པ་ནི་མི་སྐྱེ་བ་ཤེས་པ་ཡིན་ནོ། །བདེ་བའི་ཡེ་ཤེས་སྐད་གཅིག་མ་བཅུ་དྲུག །སྐྱེ་བའི་སྐད་གཅིག་མ་བཞིར་བསྡུས་པ། དེའི་བདེ་བའི་ཡེ་ཤེས་ཀྱི་བདག་ཉིད་དུ་བསྟན་པ་ནི། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པ་རྩིས་ལས་འདས། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཞེས་གསུངས་ཏེ། བཅུ་དྲུག་ནི་ཡེ་ཤེས་ཀྱི་ཟླ་བའི་ཆ་བཅུ་དྲུག་གོ། །དེའི་ཕྱེད་ཕྱེད་ནི་བཞི་སྟེ། བདེ་བའི་ཡེ་ཤེས་སྐྱེ་བའི་སྐད་གཅིག་བཞིའོ། །ཐིག་ལེ་ཅན་ནི་བཞི་པ་སྟེ། །གཡོ་བ་མེད་པའི་ཡེ་ཤེས་སོ། །དེ་ཉིད་བསམ་བསྟན་བཞི་ཡི་རྩེ་མོ་ཞེས་ཀྱང་བྱའོ། །ཚིག་འདི་དག་གི་སྐབས་སུ་ཐ་སྙད་དུ་ཡི་གེ་ལྔ་ད ང་། དྲུག་དང་། བརྒྱད་དང་། བཅུ་དྲུག་ཕྱེད་ཕྱེད་ཀྱི་ཟླ་ཚེས་དང་། ཐིག་ལེ་དང་ང་རོ་རྣམས་སུ་བཤད་པ་ནི། སྒྲ་བཞིན་དུ་བཤད་པ་ཞེས་པ་སྟེ། ཚོགས་ལ་བཤད་པའི་ཚུལ་ཡིན་ནོ། །འདི་ལྟ་བུ་ནི་མན་ངག་གིས་བཤད་པ་ཡིན་པས། རེ་ཞིག་འཇུག་པའི་སྒོ་ཤེས་པར་བྱ་བའི་ཕྱིར་སྒོ་ཙམ་སྨྲས་ཀྱི། འདི་ལེགས་པར་བསྒྲུབ་པའི་ཚུལ་ནི། དབང་བསྐུར་བའི་སྒྲུབ་པ་ཡིན་ཏེ། དེ་ནི་མན་ངག་རྣ་བརྒྱུད་དུ་བསྟན་པར་བྱ་བ་ཡིན་པས། བདག་གིས་འདིར་མ་བྲིས་སོ། །ཚུལ་འདི་ནི་ཐབས་དང་ཤེས་རབ་ཆེན་པོའི་སྒོ་ནས་ཟག་པ་འབྲས་བུ་ནས་བཟློག་སྟེ། གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པའི་ཚུལ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་འདིས་བསྟན་པ་ཡིན་ནོ། །ཞེས་འདོད་དོ། །དེའི་ཚུལ་ཡང་ཨ་ཨཱ་ཞེས་བྱ་བ་ནས་བཟུང་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་བྱ་བའི་བར་གྱི་གཞུང་གི་ཚོགས་ཀྱིས་ནི་ཡི་གེ་དྲུག་བསྟན་ཏོ། །ཡེ་ཤེས་དྲུག་གིས་ནི་གཉིས་སུ་མེད་པའི་ཡེ་ཤེས་བསྟན་ཏོ། །གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་དམ་པའི་ཡི་གེ་ཡིན་ཏེ། ཟག་པ་ལྔ་ཟད་པ་དང་། མི་གཡོ་བའི་བདེ་བ་ཐོབ་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ནི་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡིན་ཏེ། དེ་ལྟར་ན་དེ་སྟོན་ཅིང་བསྒྲུབ་པའི་གཞུང་གི་ཚོགས་ཡིན་ནོ་ཞེས་འདོད་དོ། །དེ་ལ་མཉམ་པ་ཆེན་པོའི་བློས་རྒྱུ་འབྲས་ཀྱི་སྒོ་དབྱེར་མེད་པར་རང་བཞིན་གྱིས་འོད་གསལ་བའི་ལྷུན་གྱིས་གྲུབ་པར་བྱ་བའི་ཚུལ་གང་ཞེ་ན། འདི་ལ་རྣལ་འབྱོར་ཅན་གང་ལ་ལ་དག་མཉམ་པ་ཆེན་པོའི་སྒོ་ནས་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་ཤིང་རང་བཞིན་གྱིས་འོད་གསལ་བ་འབྲས་བུའི་ཆོས་ལྷུན་གྱིས་གྲུབ་པར་རྟོགས་ཤིང་། རྒྱུ་བསྒྲུབས་པས་འབྲས་བུ་འབྱུང་བའི་དུས་ལ་ལྟོས་པ་མེད་པ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་སུ་གྲགས་པ་རྣམས་ལ་བླང་བ་དང་དོར་བ་མེད་ཅིང་། དོན་དམ་པ་དང་ཀུན་རྫོབ་ཏུ་དབྱེ་བ་མི་འབྱེད་ལ་རྒྱུ་དང་འབྲས་བུའི་ཚུལ་དུ་ཡང་འབྱེད་པར་མི་བྱེད་པ་དང་། སེམས་དང་སེམས་སྣང་བས་བསྡུས་པའི་ཆོས་ཐམས་ཅད་ཀྱང་། འཇམ་དཔལ་རྡོ་རྗེའི་རང་བཞིན་དུ་རྫོགས་ཏེ་བསམ་དུ་མེད་པ། བཙལ་དུ་མེད་པ། བསྒྲུབ་ཏུ་མེད་པའི་ངང་དུ་རྩོལ་བ་མེད་པར་ལྷུན་གྱིས་རྫོགས་པར་གནས་པར་འདོད་པ་རྣམས་ཀྱིས་ཐོག་མ་ཉིད་དུ། དགེ་བའི་བཤེས་གཉེན་དམ་པ་ལས། མཉམ་པ་ཆེན་པོའི་ཚུལ་ལུང་བཞིན་མནོས་ཏེ། ཤེས་རབ་རྣམ་པ་གསུམ་གྱིས་སྒོ་ནས་རྟོགས་ཤིང་གོམས་པར་བྱའོ། །དེའི་ཚེ་ཡང་ཐེག་པ་ཆེན་པོའི་ཐབས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་ཀྱང་བཀག་པ་ཡང་མེད་ལ། ཞེན་པས་བསྒྲུབ་པའི་རྩོལ་བ་ཡང་མི་བསྐྱེད་དོ། །བདུད་ཀྱི་ལས་སུ་གྱུར་པ་རྣམས་ཀྱང་སྤང་བར་བྱ་བར་མི་ལྟ་ལ་ཡོངས་སུ་མི་འཛིན་པས། དེ་དག་གིས་གོས་པར་ཡང་མི་འགྱུར་ཏེ། འདི་ལྟ་བུ་ལ་གནས་པར་འདོད་པའི་རྣལ་འབྱོར་པས། འདི་ལྟར་སྣང་བ་ཐམས་ཅད་ཡེ་ཤེས་རྒྱན་གྱི་རོལ་པ་ལ། སྒོ་གསུམ་གྱི་སྤྱོད་པ་ཅི་ཡང་མ་བཀག་པའི་བསམ་པས་མཚན་བརྗོད་པར་བྱའོ། །དེ་ལ་དང་པོར་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨ་ཨཾ་ཨཿཞེས་བརྗོད་པ་ན་དོན་འདི་ལྟར་ཤེས་པར་བྱ་སྟེ། ཡི་གེ་སྒྱུ་འཕྲུལ་འདི་ནི་སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་བྱང་ཆུབ་པར་ཤེས་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། འདིར་རྡོ་རྗེ་འཛིན་པས་ཞུས་པ། ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་ཞུས་པ་ལས། ལན་དུ་སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་ནི་ཨ་བཅུ་གཉིས་ཙམ་གསུངས་སོ། །སྒྱུ་འཕྲུལ་དྲྭ་བ་དེའི་དོན་རྒྱས་པ་ནི། འཇམ་དཔལ་གྱི་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཕྱི་མ་ལས་གསུངས་པ། འཇམ་དཔལ་འདི་ནི་དཔལ་འགྱུར་རྫོགས་པའི་སྐུ། །ཐུན་མོང་མ་ཡིན་གཉིས་མེད་ཁྱབ་པའི་ཆོས། །དུས་གསུམ་མཉམ་སྙོམས་རྒྱལ་བ་ཀུན་གྱི་ཡབ། །ཆོས་དབྱིངས་ཡུམ་ཉིད་སེམས་དཔའ་སྲས་མཆོག་སྟོན། །བློ་དང་ལྡན་པ་གང་ཞིག་མདོ་འདི་ནི། །མངོན་སུམ་ཚད་མས་གཞལ་ནས་མཐོང་འདོད་པ། །སྒྱུ་འཕྲུལ་དྲྭ་བ་འཁོར་ལོའི་ཚུལ་བཞིན་དུ། །ཡི་གེ་འཁོར་ལོའི་དོན་གྱི་འཇམ་དཔལ་ལོ། །གདོད་ནས་དག་ཅིང་སྐྱེ་བ་མེད་པའི་ངང་། །ཨ་ཨཱ་ཞེས་པས་འདུས་མ་བྱས་པའི་ཆོས། །རྒྱུ་ཉིད་མེད་པས་འབྲས་བུ་ཚོལ་མེད་ཕྱིར། །ཨ་ལྟར་མཉམ་བཞག་ཆོས་ཀྱི་སྐུ་ཉིད་བདེ། །དོན་དམ་དབྱིངས་ཉིད་མཁའ་ལྟར་དམིགས་མེད་ཁྱབ། །ཐུབ་པར་རང་བཞིན་མེད་པར་གནས་པ་ལ། །འཇམ་དཔལ་རལ་གྲིས་བཏབ་ན་གཅོད་པར་ལྟར། །ཨ་ཡི་གུ་གུ་ཐུགས་རྗེ་ངང་ཉིད་འཕྲོ། །ཨི་ཨཱི་ཞེས་པ་ཆོས་ཀྱི་ཡུམ་ཉིད་ལམ། །ཤེས་རབ་ཕ་རོལ་ཕྱིན་པ་འཇམ་པའི་དབྱངས། །ལྡང་དང་མི་ལྡང་བླང་དོར་མེད་ཚུལ་གྱིས། །ཐུན་མོང་མ་ཡིན་བསྟི་གནས་ཀུན་ཏུ་བཟང་། །མེད་པའི་ངང་ཉིད་མེད་པ་ལས་བྱུང་བ། །ཨུ་ཨཱུ་ཞེས་པ་མེད་པའི་སྙིང་པོ་འབྱུང་། །ཡེ་ཤེས་ཆེན་པོ་ཡོད་མེད་མཐའ་ལས་འདས། །ཆེ་བའི་ངང་གིས་འགྲོ་ཀུན་དགའ་ལ་སྦྱོར། །ཉིད་དང་གཉིས་མེད་བསམ་འདས་བརྗོད་བྲལ་བ། །གྲུ་གསུམ་ཨེ་ཡི་རང་བཞིན་ཉིད་མི་གཡོ། །ཨེ་ཞེས་ཐ་སྙད་བཏགས་ཤིང་བརྗོད་དང་བྲལ། །སེམས་དང་སེམས་ནི་འཇམ་དཔལ་ཏིང་འཛིན་ནོ། །ཐབས་དང་ཤེས་རབ་སྒྱུ་འཕྲུལ་སྒྱུ་འདྲའི་ཚོགས། །ཨོ་ཨ་ཞེས་པ་འདུ་འཕྲོ་འོད་ཟེར་འཁྲུག །འཇའ་ཚོན་རྣམ་པ་སོ་སོར་ཡིད་བཞིན་སྦྱོར། །འཇམ་དཔལ་འཇམ་དཔལ་རྣམ་པར་རོལ་བ་བདེ། །རྣལ་འབྱོར་ཆེན་པོ་ཡེ་ཤེས་འབྱོར་བའི་དཔལ། །ནམ་མཁའ་མི་དམིགས་ཨཾ་ཞེས་ཡེ་ཤེས་མཛོད། །ཤེས་རབ་ཡེ་ཤེས་མ་འདྲེས་ཨ་ལས་འདས། །སྟོང་ཉིད་ཅི་ལའང་མ་རེག་ལྷུན་གྱིས་གྲུབ། །དོན་ཀུན་འབྱོར་པས་བླང་དོར་མེད་པ་ཡི། །བདག་ཉིད་རང་བཞིན་བཞག་དང་འཇམ་དཔལ་ཉིད། །བསམ་གྱིས་མི་ཁྱབ་མི་གནས་མི་སེམས་ན། །འཇམ་དཔལ་ཉིད་དང་ཡོན་ཏན་རྫོགས་པར་མཉམ། །ཞེས་གསུངས་ཏེ། ཡི་གེ་སྒྱུ་འཕྲུལ་དྲྭ་བ་འདིའི་སྒོ་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་ནི། ཨ་ནི་གདོད་མ་ནས་སྐྱེ་བ་མེད་ཅིང་འདུས་མ་བྱས་པས་རྒྱུ་མ་གྲུབ་པའི་ཕྱིར། འབྲས་བུ་བཙལ་དུ་མེད་པས་གདོད་མ་ནས་ཆོས་ཀྱི་སྐུ་བདེ་བ་ཆེན་པོའོ། །ཨེ་ནི་དེ་ཉིད་ནམ་མཁའ་ལྟར་མི་དམིགས་པའི་ཕྱིར། ཤེས་རབ་ཆེན་པོས་དེ་ལྟར་ཆོད་ཅིང་། མི་དམིགས་པའི་ཐུགས་རྗེ་ཆེན་པོ་འཕྲོ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་གདོད་མ་ནས་ཡིན་པའི་རང་བཞིན་ནོ། །ཨུ་ནི་དེ་ལྟ་བུ་བས་ན་ཀུན་ཏུ་བཟང་པོའི་བྱང་ཆུབ་ཀྱི་རང་བཞིན་ཏེ། འདི་ལྟར་མཚན་མ་དང་རྟོག་པ་ལྡང་བ་ལ་ནི། དམན་པར་མི་དོར། མི་ལྡང་བ་ལ་དང་དུ་མི་ལེན་ཏེ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་མཐའ་ལས་འདས་པ་ཆེ་བའི་ངང་གིས་འགྲོ་བ་ཀུན་ཀྱང་བདེ་བ་ཆེན་པོ་ལ་རང་བཞིན་གྱིས་སྦྱོར་བའོ། །ཨེ་ནི་དེ་ལྟར་ན་ཆོས་ཐམས་ཅད་བསམ་བརྗོད་དང་བྲལ་ཞིང་གཡོ་བ་མེད་ལ། ཐ་སྙད་དུ་མི་འགྲུབ་པས་སེམས་དང་སེམས་ཀྱི་རྣམ་པར་རྟོག་པའང་འཇམ་དཔལ་དང་འཇམ་དཔལ་གྱི་ཏིང་ངེ་འཛིན་དུ་གནས་སོ། །ཨོ་ནི་དེ་ལྟ་བུའི་རང་བཞིན་ཡིན་པའི་ཕྱིར་ན། སེམས་ཀྱི་ཆོ་འཕྲུལ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀྱང་། ཐབས་དང་ཤེས་རབ་སྒྱུ་འཕྲུལ་དྲྭ་བའི་ཚོགས་ཡིན་ཏེ། ནམ་མཁའི་འཇའ་ཚོན་བཞིན་དུ། འགྲོ་བ་སོ་སོའི་ཡིད་དང་མཐུན་པར་སྦྱོར་བ་འཇམ་དཔལ་རྣམ་པར་རོལ་བའི་ཆོ་འཕྲུལ་བདེ་བ་ཆེན་པོ་ལས་མ་ཉམས་པའོ། །ཨཾ་ནི་དེ་ལྟར་འབྱོར་བའི་རྣལ་འབྱོར་ཆེན་པོའི་ཡེ་ཤེས་དཔལ་ཐམས་ཅད་ཀྱི་འབྱུང་གནས། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ནོ། །ཨཿཞེས་བྱ་བ་ནི། ཤེས་རབ་དང་ཡེ་ཤེས་ཆོས་ཐམས་ཅད་ལ་མ་རེག་ཅིང་ཀུན་ལས་འདས་པ་སྟེ། དེ་ལྟ་ན་ཡི་གེ་བཅུ་གཉིས་ཀྱི་སྒོ་ནས། འཕགས་པ་འཇམ་དཔལ་ནི་ཆོས་ཐམས་ཅད་ལ་གདོད་མ་ནས་བླང་དོར་མེད་པར་རང་བཞིན་གྱིས་སངས་རྒྱས་པ་སྟེ། དེ་ལྟར་དོན་ཐམས་ཅད་རྫོགས་པའི་བདག་ཉིད་དུ་ཡེ་ནས་གནས་པས། རྣལ་འབྱོར་ཅན་གང་གིས་ཆོས་ཐམས་ཅད་དེ་ལྟར་རྟོགས་ཏེ། ཆོས་གང་ལ་ཡང་མི་གནས། མི་སེམས། མི་ལེན། མི་འདོར་ན། འཇམ་དཔལ་ཉིད་དང་ཡོན་ཏན་རྫོགས་པར་མཉམ་པ་ཡིན་ནོ་ཞེས་བཤད་དོ། །ཡང་དེ་ཉིད་ལས་གསུངས་པ། ཇི་ལྟར་སྒྱུ་འཕྲུལ་དྲྭ་བ་ཉིད་ཀྱི་ཚུལ། །གྲགས་མ་ཐག་ཏུ་དོན་རེག་གསལ། །ཨ་ཨཱ་ཞེས་པ་འཇམ་དཔལ་ཉིད། །རང་བཞིན་ཆོས་ཉིད་སྐུ་ཡི་དབྱིངས། །ཨི་ཨཱི་ཞེས་པ་གཡོ་བ་མེད། །མ་བསྐྱོད་ངང་ལས་ཡུམ་དུ་གསལ། །ཨུ་ཨཱུ་ཞེས་པ་སྐྱེ་བ་མེད། །དག་པའི་ངང་ཉིད་ཀུན་ཏུ་བཟང་། །རྒྱུད་ལས་རྒྱལ་བ་སེམས་དཔའ་སྟེ། །ཡེ་ཤེས་ངང་ཉིད་གཅོད་པའོ། །ཨེ་ཨཻ་ཞེས་པ་མཁའ་ལ་སྦྱོར། །འབྲས་བུ་མེད་པས་རྒྱུ་ལ་གནས། །དེ་མ་དག་པར་གསལ་བ་ཡིས། །འཇམ་དབྱངས་ཕྲ་བའི་ལམ་འགྱུར་ལ། །ཨོ་ཨ་ཞེས་པ་ཨེ་ལས་འདས། །ༀ་ཞེས་གསང་སྔགས་ཐབས་ཆེན་བསྟན། །ཨེ་དང་ཨོ་ཡི་རང་བཞིན་དབྱིངས། །མུཾ་ནི་ངོ་བོ་ཉིད་ཀྱི་མཁའ། །ཨ་ལས་རྣམ་པར་རོལ་བ་བསྟན། །ཨཾ་གིས་གཉིས་མེད་འབྱོར་པ་ཡིས། །ཟབ་མོ་རྡོ་རྗེ་ཏིང་འཛིན་མཐའ། །མ་ཞེས་མཉམ་དང་མི་མཉམ་མེད། །འཇམ་དཔལ་ཡེ་ཤེས་རྡོ་རྗེ་རྫོགས། །སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་འདི། །མྱ་ངན་འདས་དང་འཁོར་བ་ལ། །མི་གནས་རྡོ་རྗེ་རྩེ་མོ་སྟེ། །བསམ་ཚུལ་སྒྲུབ་པ་མེད་པ་ཡི། །དབྱིངས་ཉིད་བཞག་ན་ཡོངས་སུ་རྫོགས། །ཞེས་གསུངས་ཏེ། ཚུལ་འདི་ཡང་སྔ་མ་བཞིན་དུ། །ཡི་གེ་བཅུ་གཉིས་ཀྱི་སྒོ་ནས། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་དུ། །མངོན་པར་རྫོགས་པ་བྱང་ཆུབ་པའི་རང་བཞིན་ཡེ་ནས་རྩོལ་སྒྲུབ་ལས་འདས་པར་སངས་རྒྱས་པའི་རང་བཞིན་འཕགས་པ་འཇམ་དཔལ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་ལྟ་བུ་ཡིན་པས་རྣལ་འབྱོར་ཅན་གྱིས་ཀྱང་དེ་ལྟ་བུའི་ངང་དུ་བློ་བཞག་ན། འཇམ་དཔལ་གྱི་ཡོན་ཏན་ཀྱང་རྫོགས་སོ་ཞེས་བཤད་དོ། །དེ་ཡང་རེ་ཞིག་ཡི་གེ་ཨ་ཨཱ་ནི་འཇམ་དཔལ་ཆོས་ཀྱི་སྐུའོ། །ཨི་ཨཱི་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཨུ་ཨཱུ་ནི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་སྟེ། སེམས་ཉིད་སེམས་དཔའ་ཆེན་པོའི་རང་བཞིན་ནོ། །ཨེ་ཨཻ་ནི། འདུ་འབྲལ་མེད་པའི་མཁའ་ལ་སྦྱོར་བའོ། །ཨོ་ཨ་ནི་དེ་ལས་འདས་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ཐབས་མཁས་པའི་འཕྲུལ་པ་རང་བཞིན་གྱིས་འཕྲོ་བའོ། །ཨོ་ལ་ཨཾ་སྦྱར་ན་ༀ་དུ་འགྱུར་ཏེ། དེ་ནི་གསང་སྔགས་ཀྱི་སྐུའོ། །ཨཾ་གི་ཀླད་ཀོར་ནི་མུཾ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲོལ་བའོ། །ཨཾ་ནི་ཡོན་ཏན་ཐམས་ཅད་འབྱོར་བའི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ནོ། །ཀླད་ཀོར་གྱི་མ་ནི་ཆོས་མཉམ་པ་དང་མི་མཉམ་པར་དབྱེར་མེད་པ་སྟེ། འདི་ལྟ་བུའི་དོན་གྱི་འཇམ་དཔལ་ཡེ་ཤེས་རྡོ་རྗེ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་མི་གནས་པའི་ཡེ་ཤེས་རྡོ་རྗེ་རྩེ་མོ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་ལྟ་བུ་ཡིན་པས། རྣལ་འབྱོར་ཅན་གང་གིས། དེ་ལྟར་ཁོང་དུ་ཆུད་པར་བྱ་སྟེ། ཆོས་ཐམས་ཅད་ནི་བསམ་པར་བྱ་བ་དང་། བཙལ་བར་བྱ་བ་དང་། བསྒྲུབ་པར་བྱ་བ་ཐམས་ཅད་ལས་འདས་པ་སྟེ། གདོད་མ་ནས་རྣམ་པར་དག་པ། རང་བཞིན་གྱིས་འོད་གསལ་བ། ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པ། རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ། འདི་ལྟ་བུའི་རང་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་པས། འདི་ལྟ་བུའི་ངང་ལ་བློ་བཞག་སྟེ། མཚན་བརྗོད་པ་ཇི་སྙེད་པ་ཡང་། དེ་ལྟ་བུའི་རང་བཞིན་སྟོན་པ་ཤ་དག་སྟེ། ཐབས་དང་ཤེས་རབ་སྒྱུ་འཕྲུལ་དྲྭ་བའི་ཚོགས་སུ་གྱུར་པ། ཆོས་ཉིད་ཀྱི་རྒྱན་ཡེ་ཤེས་ཀྱི་རོལ་པ། འགག་པ་མེད་པའི་ཆོ་འཕྲུལ་དུ་རྟོགས་ནས། བླང་དོར་དང་རྩོལ་སྒྲུབ་ཀྱི་རྟོག་པས་མི་གཡོ་བར་བརྗོད་པར་བྱའོ། །བརྗོད་པ་རྫོགས་ནས་ཀྱང་དུས་གསུམ་མཉམ་པ་ཉིད་ཀྱི་རང་བཞིན་དུ་རྟོགས་པས། ལས་ཀྱི་མཐའ་ཡོངས་སུ་མ་མཐོང་བའི་བསམ་པས་གནས་པར་བྱའོ། །མཚན་གཉིས་སུ་མེད་པར་བརྗོད་པ་ཞེས་བྱ་བའི་ཚུལ་བསྟན་པ་ཞེས་བྱ་བ་རྣམ་པ་གསུམ་གྱི་མཚན་ཉིད་ཅན་བསྟན་པ་ཡིན་ནོ། །མཚན་ཙམ་རྣམ་པར་བཤད་པས་ཀྱང་། །གཞུང་གི་སྤྱི་ཙམ་རྟོགས་པ་དང་། །སེམས་ཅན་མོས་པ་སྣ་ཚོགས་པའི། །འཇུག་སྒོ་ཚུལ་ཙམ་ཤེས་བྱའི་ཕྱིར། །འཇམ་དཔལ་མཚན་བཅས་བརྗོད་ཚུལ་བཅས། །རྣམ་གསུམ་བཤད་པ་ཙམ་བྱས་པའོ། །དྷརྨ་བྷ་དྲས་མཛད་པའི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བའོ།། །།དགེའོ། །དགེའོ།། །།

Pecha page