སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གཅིག་པ།
ནང་དོན་གནད་བསྡུས།
སྔ་འགྱུར་བཀའ་མ་ནི། སྤྱིར་བཏང་རིག་པའི་གནས་ལྔ་ལས་ནང་དོན་རིག་པའི་ཁོངས་སུ་གཏོགས། དེ་ལ་ཐེག་པ་རིམ་དགུའི་དོན་ཡོངས་སུ་ཚང་ཞིང་། རྫོགས་པ་ཆེན་པོའི་ཟབ་ཆོས་བཀའ་མ་མདོ་སྒྱུ་སེམས་གསུམ་ཞེས་སྤྱི་མདོ་དགོངས་པ་འདུས་པ་དང་། སྒྱུ་འཕྲུལ་གསང་བ་སྙིང་བོ། སེམས་སྡེ་མ་བུ་བཅོ་བརྒྱད་བཅས་རྩ་བའི་རྒྱུད་ཡིན། དེ་ལས་འཕྲོས་པའི་རྒྱུད་གཞུང་དང་། ཆོག་ཁྲིགས་འདོན་ཆོག་ཏུ་བཀོད་པ། རྒྱབ་ཆོས་རྒྱུད་འགྲེལ་ཉེར་མཁོ་བཅས་ཏེ་ཁག་གསུམ་དབྱེར་ཡོད།
དུས་ཡུན་ལོ་ངོ་སྟོང་ཕྲག་ཙམ་གྱི་རིང་ལ་སྔོན་བྱོན་མཁས་གྲུབ་དུ་མས་རིམ་བཞིན་བཀའ་བསྡུ་མཛད་དེ་ད་ལྟ་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཙམ་འདུས་ཡོད། དེའི་ནང་ཆོས་ཚན་བདུན་བརྒྱ་བརྒྱད་ཅུ་(784篇章)ཙམ་དང་། ལྡེབ་གྲངས་ལྔ་སྟོང་(4896页) ཙམ། ཡིག་འབྲུ་ཁྲི་སྟོང་ཕྲག་བདུན་དང་ལྔ་བརྒྱ་(7500万字)ཙམ་ཡོད་པའི་ནང་དོན་ཕུན་སུམ་ཚོགས་ལ་རིན་ཐང་གཞལ་དུ་མེད་པའི་ནོར་བུའི་དབྱིག་མཛོད་དཔེ་ཚོགས་རླབས་ཆེ་བ་ཞིག་ཏུ་གྲུབ་པ་འདིའོ།།
བོད་རབ་ལོ ༩༧༦པའི་ཟླ༦ ཚེས༡༠ལ་སྒྲིག་པ་པོས།
བྱང༷་ཆུབ༷་སེམས་ཀྱི་གཞི༷་རྩར་ལེགས་བཟུང་ནས། །
བྱང༷་ཆུབ༷་སྤྱོད་པའི་ཟབ་ལམ༷་གཅིག་པུ་ཞིག །
བྱང༷་ཆུབ༷་མཆོག་གི་འབྲས༷་བུ་ལ་གཞོལ་ཕྱིར། །
བྱང༷་ཆུབ༷་རྒྱ་མཚོས་པར་བསྐྲུན་ཞུས་པ་དགེ། །།
མི་ནུབ་པའི་རྒྱལ་མཚན་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྩ་བའི་རྒྱུད།
༄༅། ཨ པ ཀ ཪྴ སྱ དྷྭ ཛ བཛྲ ས ཏྭ མ ཧཱ ན བྷ མཱུ ལ ཏ ནྟྲ ནཱ མ སྟི སྨ།
མི་ནུབ་པའི་རྒྱལ་མཚན་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྩབའི་རྒྱུད་ཅེས་བྱ་བ་བཞུགས།
རྒྱ་གར་སྐད་དུ། བཛྲ་སྭ་བྷཱ་ཝ་མ་ཧཱ་ཀཪྴ་ཀཱ་རི་ཀ །བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ༈ །ཆོས་ཉིད་ཀྱི་སྐབས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་གྲོལ་ཕྱིར། །མ་སྐྱེ་མི་འགག་ཅིར་མི་དགོངས། །བྱམས་པས་དོན་ནི་རྣམ་སྦྱངས་ཕྱིར། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཆེ་བས་ཆེ་བ་ཟབ་མོ་ཡི། །ཡོན་ཏན་ཅིར་ཡང་སྔགས་པ་མེད ། །དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །བྱ་བ་མེད་པས་གྲོལ་བའང་གྲོལ། །རང་བྱུང་ཡེ་ཤེས་བརྩལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཆོས་ཉིད་ཀྱི་ཐིག་ལེ། ༈ རང་བཞིན་གྱིས་གནས་པའི་སྐབས། འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །གྲོལ་བ་རང་བྱུང་གཞན་ལས་མིན། ༈ །རང་བཞིན་གྱིས་ཆེ་བ་ལ་གནས་པའི་སྐབས། ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེ་བ་རང་ལས་འབྱུང་། ༈ །བརྩལ་བ་དང་བྲལ་བའི་སྐབས། ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཡོན་ཏན་ཀུན་ལྡན་སྟོབས་ཀྱི་རྣམས། །ཇི་བཞིན་རྟོགས་པ་ཕྲ་བ་ཡིས། །དེ་མ་ཐག་ཏུ་རང་ལས་འབྱུང་། །སྣང་བ་མེད་པའི་ཆོས་ཉིད་ནི། །མ་བརྩལ་བཞག་ན་སྒོམ་པ་ཡིན། །དེ་དང་དེར་ནི་རྣམ་བརྩལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། ༈ །བརྗོད་པ་དང་བྲལ་བའི་སྐབས། མཆོག་ཏུ་གསང་བའི་ཆོས་ཉིད་ནི། །རྣ་དབང་གཞན་ལས་ཐོས་མི་འགྱུར། །དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །དབྱིངས་ཀྱི་ཐིག་ལེ། ༈ འགྲོ་བ་ལས་ཀྱིས་མི་འཁོར་བའི་སྐབས། འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཀུན་ཏུ་ཆུབ་པ་རྣམ་པར་རོལ། །དེ་ལ་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་ལྟར་མཉམ་པར་གནས། །ཁྱད་པར་ཅིར་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཅི་སྟེ་ལས་ཀྱིས་དབང་འགྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བརྩམ་པའི་བསམ་པས་དབྱིངས་མི་བསྐྱོད། ༈ །རྩལ་སེམས་དང་བྲལ་བའི་སྐབས། ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསམ་གཏན་ཉིད་པས་བསམ་དུ་མེད། །མ་བསམས་མ་སྦྱངས་ཆོས་བཞིན་དུ། །རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། །ཕྲ་བའི་སྒོ་མོར་མིང་བཏགས་ཤིང་། །སེམས་ཀྱི་དབེན་པའི་ལམ་འཚོལ་ཞིང་། །དགོན་པའི་རྒྱུད་དུ་དབེན་འཛིན་ན། །བརྟགས་ན་རྣམ་པར་རྟོག་འགྱུར་སྒོམ། །རྒྱུ་དང་འབྲས་བུར་མིང་བཏགས་ནས། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །འཇིག་རྟེན་འདི་ལས་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་ཏུ་སྐྱེད། ༈ །གཉིས་སུ་མེད་པ་སྐྱོན་དང་བྲལ་བའི་སྐབས། ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་བཞིན་ཏེ་བྲག་ཆ་འདྲ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། །འགྲོ་བའི་མགོན་པོ་སེམས་དཔས་གསུངས། ༈ །ཡེ་ཤེས་རང་ལས་འབྱུང་བའི་སྐབས། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་འབྱུང་། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ནམ་མཁའི་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའི་དངོས་པོ་ལ། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །དབྱིངས་རྣམ་པར་དག་པའི་ཐིག་ལེ། ༈ གཟུངས་ཀྱི་སྦྱོར་ཐབས་ཀྱི་སྐབས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཀུན་ཏུ་བཟང་པོའི་རོལ་པ་ཡིན། །ཨ་ལི་ཀཱ་ལི་ཟབ་ཏུ་བསྟན། །འདི་ནི་ཨ་དང་མཛེས་པའི་ཏ། །པ་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཨེ་མ་སངས་རྒྱས་སྤྱོད་ཡུལ་འདི། །བཙལ་བས་རྙེད་པའི་གནས་མེད་དེ། །དྲུག་གི་ཆོས་བཞིན་ཡུལ་མེད་པས། །མདོངས་པས་ནམ་མཁའ་བསྙམས་པ་བཞིན། །གོང་ནས་གོང་དུ་ཚངས་པའི་ལས། །བྱ་བྲལ་ཆོས་དང་མཐུན་པ་མེད། །ཅི་སྟེ་ལམ་ལ་བགྲོད་གྱུར་ན། །ནམ་མཁའི་མཐའ་བཞིན་ཐུག་པ་མེད། ༈ །ཡོངས་སུ་རྫོགས་པའི་སྐབས། དེ་ལྟར་དེ་བཞིན་དེ་ཡི་ཕྱིར། །དེ་ལ་དེ་བསྟན་དེ་ཡང་ཐོབ། །དེ་ནི་སྙིང་པོ་དེ་བས་ན། །དེ་ལས་དེ་འབྱུང་ངོ་མཚར་ཆེ། །སྔོན་གྱི་དེ་དང་ད་ལྟར་དེ། །དེ་བཞིན་དེ་ཡི་གནས་སུ་ཆེ། །དེ་ལྟར་དེ་ཡི་ལམ་འདྲ་བ། །དེ་ནི་དེ་ཡི་རང་བཞིན་ནོ། །དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཟླ་བ་ལས་བྱུང་རྟེན་དང་བཅས། །ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་འགྲུབ་པ་མེད། ༈ །ཆགས་པ་དང་བྲལ་བའི་སྐབས། ད་ལྟའི་བདེ་དང་ཕྱི་མའི་བདེ། །མངོན་སུམ་པ་དང་རྒྱབ་ནས་འབྱུང་། །དེ་ཡང་རྣམ་པའི་སྐྱོན་ཡིན་པས། །དེ་ལ་བརྟེན་པར་མི་བྱའོ། ༈ །གདོད་མ་ནས་ཆེ་བ་སྙིང་པོ་ཉིད་ཀྱི་སྐབས། དུས་གསུམ་གཅིག་སྟེ་ཁྱབ་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་འབྱུང་། །ཆོས་སྐུས་ཁྱབ་པར་གཅིག་པའི་ཕྱིར། །ཆེ་བའི་ཆེན་པོར་རང་བཞིན་གནས། ༈ །ཀུན་ཏུ་སྨོན་ལམ་དང་བྲལ་བའི་སྐབས། སྲིད་པ་གསུམ་ན་སྦྱོང་བ་ཡང་། །མིང་ཙམ་སྒྱུ་མར་སྣང་བ་སྟེ། །འཁོར་ལོས་སྒྱུར་བའི་གནས་ཆེན་ཡང་། །སྒྱུ་མར་སྦྱོང་བའི་བསྟི་གནས་ཡིན། །རྣམ་དཔྱོད་དུས་ལ་ལྟོས་པ་རྣམས། །དུས་དེར་འབྱུང་བར་མི་འགྱུར་ཏེ། །མ་བྲལ་སྨོན་པ་སྤྱོད་པས་ན། །སྟོང་པོའི་མཚན་ཉིད་གསུངས་པ་བཞིན། ༈ །ལུང་སྟོན་པའི་སྐབས། གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཟབ་མོ་ཆ་ཤས་རྟོག་ཡུལ་མེད། །སྲིད་པ་མིང་ཙམ་ལོག་པའི་སྟོབས། །དེ་བས་ཏིང་འཛིན་མཉམ་དང་བྲལ། །དེ་ལ་ཐ་ཚིག་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །དུས་གསུམ་འདི་དང་མི་འབྲལ་བས། །ཐ་ཚིག་མིང་དུ་བཏགས་པ་མེད། །ཡེ་ཤེས་ཆེན་པོའི་ཐིག་ལེ། ༈ མཉམ་པ་ཉིད་ཀྱི་སྐབས། མི་གཡོ་བ་ནི་སྐུ་ཡི་རྒྱ། །མི་བསྐྱོད་པ་ནི་ཡེ་ཤེས་ཏེ། །མི་ལེན་པས་ན་བདག་མེད་ཅིང་། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །གང་དང་གང་གིས་གང་དུ་ཡང་། །ཀུན་འཁོར་ཀུན་སྤྱོད་བདག་ལས་བྱུང་། །འདི་ལ་སྐྱེས་པ་བུད་མེད་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། ༈ །དངོས་གྲུབ་ཆེན་པོའི་བདེ་བ་ལ་ཆགས་པ་སྤོང་བའི་སྐབས། འདི་ལ་བརྟུལ་ཞུགས་དྲག་ཤུལ་གྱིས། །གནས་སུ་བྱ་བའི་མིང་མེད་དེ། །ཨ་དང་པར་ནི་རྣམ་ལྡན་ན། །སྒྱུ་མའི་བདེ་བ་འབྱུང་བར་འདོད། །རང་བཞིན་གཅིག་ཏུ་མ་ངེས་པར། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །སྣང་འདོད་རྩོལ་སེམས་བདེ་བ་ཡང་། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན། །བྱང་ཆུབ་ཡན་ལག་ཀུན་གྱི་སྒོ། །ཆ་ལུགས་སྒོམ་པ་ཆུ་ཟླ་བཞིན། །མ་གོས་མ་ཆགས་འབྱུང་གྱུར་ཀྱང་། །སྒོམ་པ་བྱིས་པའི་སྤྱོད་ཡུལ་ཡིན། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །ཡི་གེ་མངོན་དུ་ཕྱུང་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མེད། །རྣམ་གྲངས་བརྒྱ་སྟོང་ཕྲག་ཡངས་པས། །གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ། །མཚན་མ་མེད་པའི་དབང་གིས་ན། །བསྟི་གནས་དེ་ལས་འབྱུང་མི་འགྱུར། ༈ །རྩོལ་བ་དང་བྲལ་བའི་སྐབས། གླེང་བྲལ་འདི་ལ་གང་གནས་པ། །རྣལ་འབྱོར་འདི་ནི་སྐལ་བ་བཟང་། །བདག་དང་གཞན་དོན་མི་འབྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། ༈ །ཆོས་ཉིད་ཀུན་ཏུ་མི་འགྱུར་བའི་སྐབས། ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ནམ་མཁའ་བཞིན་དུ་མཐའ་མཉམ་ཞིང་། །གཞན་ལས་ལྟོས་འགྱུར་ཆོས་མ་ཡིན། །ལྷུན་གྱིས་གནས་པས་བདེ་ཆེན་དེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་ནི་གཞན་ལས་འབྱུང་མི་འགྱུར། །སླ་ཞིང་དཀའ་ལ་དཀའ་ཕྱིར་སླ། །མངོན་སུམ་མི་གནས་ཀུན་ལ་ཁྱབ། །མིང་ཙམ་འདི་ཞེས་བསྟན་པ་ནི། །རྡོ་རྗེ་སེམས་དཔས་མཚོན་དུ་མེད། ༈ །རྒྱུ་རྐྱེན་ལས་མི་འགྲུབ་པའི་སྐབས། ངོ་མཚར་རྨད་བྱུང་རོལ་པ་འདི། །བྱ་བྲལ་ནམ་མཁའ་ཇི་བཞིན་དུ། །ཅིར་ཡང་མི་དམིགས་གཏི་མུག་ལས། །དེ་མ་ཐག་ཏུ་རང་ལས་འབྱུང་། །འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་ལ་རང་ཞིན་གནས། །བྱིས་པས་བསླད་པས་འཁྲུལ་བའི་ཕྱིར། །སྨན་ཉིད་སྨན་པ་འཚོལ་བ་བཞིན། ༈ །འགྲོ་བ་ཡོངས་ལ་སངས་རྒྱས་པར་བསྟན་པའི་སྐབས། གོ་བའི་ཡུལ་ན་བདེ་བ་ཆེ། །འདི་ནི་རྣམ་དག་འཇིག་རྟེན་ཡིན། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །མ་དེས་འཇའ་ཚོན་ཁ་དོག་ལས། །རིགས་ཀྱི་ཁྱད་པར་མངོན་པར་སྣང་། །དེ་བཞིན་གཡོ་རྡུལ་མི་གཡོ་བ། །འབྱུང་བ་ལྔ་པོ་གཙོ་ཆེན་ཡིན། །ཀུན་ཏུ་བཟང་པོའི་ཐིག་ལེ། ༈ ཚོགས་འབུལ་བའི་སྐབས། འདས་དང་མ་འོངས་ད་ལྟར་གྱི། །ཐ་སྙད་མིང་ལ་མི་གནས་ཏེ། །སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། །དེ་ཉིད་དུས་གསུམ་ཆེན་པོར་སྦྱོར། །མཉམ་པས་རིམ་པར་བཀོད་པ་མེད། །གཅིག་པས་ཕྱོགས་སུ་བསྔོ་དང་བྲལ། །ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འགྲིབ་པ་མེད། །ལྷུན་གྱིས་གྲུབ་པས་མི་བསྔོ་ཞིང་། །གདོད་ནས་དག་པ་བདུད་རྩི་ཡིན། །འདུ་མཆེད་བཅུ་གཉིས་ཁྱད་པར་ལས། །ལྷག་པའི་བསམ་པས་བཟུང་བ་མེད། ༈ །རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་སྐབས། ཡིད་ཀྱི་བསམ་པ་ཡོན་བདག་སྟེ། །བལྟས་པས་ཚོགས་ནི་བཀྲམ་པ་ཡིན། །མཐོང་བར་གྱུར་པས་དངོས་གྲུབ་ལ། །དེ་ཉིད་མཉམ་བཞག་རྫོགས་པའོ། ༈ །ལྷུན་གྱིས་གནས་པའི་སྐབས། ཡུད་ཙམ་བཟུང་བས་སྦྱོར་བ་ཡིན། །དགའ་བར་གྱུར་པ་དམ་ཚིག་སྟེ། །ཐབས་ཀྱི་གར་ཐབས་བསྐྱོད་པ་ཡིས། །གཉིས་མེད་སྦྱོར་བ་ཕུལ་བ་ཡིན། ༈ །ལས་རྒྱ་མཚོའི་སྐབས། མི་གཟུང་གཏོང་བས་གཏོར་མ་ཡིན། །བྱ་བ་མེད་པའི་ལས་རྣམས་ཏེ། །མི་རྟོག་ཡེ་ཤེས་བགེགས་བསལ་ནས། །མི་གསུངས་མཉམ་ཉིད་སྔགས་ཚིག་གོ། ༈ །བདག་དང་བཅས་པས་གཏོར་མ་འཆིང་བའི་སྐབས། བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། ༈ །ལུང་འགྲེལ་བ་མིང་ཙམ་བརྡར་བསྟན་བའི་སྐབས། དེ་བས་དེ་ལུང་དེ་ཉིད་ལས། །དེ་ལ་དེ་བྱར་སྒྲིབ་པར་འགྱུར། །དེ་ལྟར་དེ་ལ་དེ་རྟོག་ན། །དེ་ལ་དེ་ཉིད་འགྲུབ་པ་མེད། ༈ །ལྷུན་གྱིས་གྲུབ་པའི་ཐིག་ལེ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ལུང་ཐམས་ཅད་ཀྱི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའི་ཞལ་ནས་གསུངས་པ་རྫོགས་སོ།། ༈ །།འདི་ལ་ཀུན་ཏུ་བཟང་པོའི་ཐིག་ལེའི་སྐབས་གཉིས་པར་མཐོང་བ་མེད། ཅེས་པའི་འཕྲོར། ཉོན་མོངས་པ་ཡི་དབང་གིས་ན། །ཏ་ལའི་མགོ་བོ་བཅད་པ་དང་། །ས་བོན་མེ་ཡིས་བསྲེགས་པ་དང་། །དེ་ཡི་དབང་དུ་མི་འགྱུར་སྟོན། །དེ་ནས་རྣམ་གྲངས་སོགས་གསུངས་ཏེ། །བྱང་ཆུབ་ཀྱི་སེམས་ལས་དང་ཉོན་མོངས་པའི་དབང་དུ་མི་འགྱུར་བའི་དོན་གྱི་ཚིགས་བཅས་འདི་ཀུན་བྱེད་ན་བཞུགས།
བྱང་ཆུབ་ཀྱི་སེམས་མི་ནུབ་པའི་རྒྱལ་མཚན་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་འགྲེལ་བཤད་གསང་བདག་དགའ་རབ་དཔའ་བོའི་དགོངས་རྒྱན། མཁྱེན་བརྩེའི་བློ་གྲོས།
བྱང་ཆུབ་ཀྱི་སེམས་མི་ནུབ་པའི་རྒྱལ་མཚན་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་འགྲེལ་བཤད་གསང་བདག་དགའ་རབ་དཔའ་བོའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་རཏྣ་བྷྱཿ ཁྱད་ཆོས་དྲུག་ལྡན་ཆོས་སྐུ་འོད་མི་འགྱུར། །ལྔ་ལྡན་ལོངས་སྐུའི་མངའ་བདག་རྡོ་རྗེ་སེམས། །ཐུགས་རྗེ་སྤྲུལ་སྐུའི་སྟོན་མཆོག་དགའ་རབ་རྗེ། །དབྱེར་མེད་འཁོར་ལོའི་མགོན་ལ་གུས་བཏུད་དེ། །ཐེག་མཆོག་རྫོགས་ཆེན་རྒྱུད་རྣམས་ཀུན་གྱི་བཅུད། །ཡང་སྤྲུལ་དཔའ་བོའི་མཚན་དཔེའི་ཉི་མ་མཆོག །གླིང་འདིར་ཤར་ཚེ་ཞལ་འདོན་མཛད་བཞིན་དུ། །བྱུང་བའི་རྨད་བྱུང་སྙིང་པོའི་དོན་རྣམས་དབྱེ། །དེ་ལ་འདིར་བསྟན་པ་ཡོངས་ཀྱི་སྙིང་པོ། གསུང་རབ་མ་ལུས་པའི་ཉིང་ཁུང་། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་མཐའ་དག་གི་སྤྱི་འགྲེལ། མན་ངག་ཐམས་ཅད་ཀྱི་ངེས་དོན། གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་རྨད་དུ་བྱུང་བ། དངོས་པོ་ཐམས་ཅད་རང་གྲོལ་དུ་གཏན་ལ་འབེབས་པར་བྱེད་པ། བྱང་ཆུབ་ཀྱི་སེམས་མི་ནུབ་པའི་རྒྱལ་མཚན་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་བྱ་བ་འདི་ཉིད་ཚིག་གི་དོན་གྱི་བཤད་པ་ལ་གསུམ་སྟེ། གང་ཟག་དབང་པོ་རབ་ལ་མཚན་དང་ཕྱག་འཚལ་བ་བསྟན་པ། འབྲིང་ལ་དཀྱུས་ཀྱི་ས་བཅད་པ། ཐ་མ་ལ་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་མཚན་ནི། རྒྱ་གར་སྐད་དུ། བཛྲ་སྭ་བྷཱ་ཝ་མ་ཧཱ་ཀཪྴ་ཀཱ་རི་ཀ །བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་བྱ་བ། འདི་ལ་གཡུ་སྒྲའི་འགྱུར་དུ། རྒྱལ་མོ་ཚ་བའི་སྐད་དུ། བེ་བོ་ཤན་ཅ་མན་ཙ་གོ། ཞེས་ཀྱང་འབྱུང་ངོ་། །དེ་ལ་གསུམ། དཔེ་ལས་མཚན་དུ་བཏགས་པ་ནམ་མཁའ་ཞེས་བྱ། དོན་ལས་མཚན་དུ་བཏགས་པ་རྡོ་རྗེ་སེམས་དཔའ་ཞེས་བྱ། ཡོན་ཏན་ལས་མཚན་དུ་བཏགས་པ་ཆེ་ཞེས་བྱ་བ་དང་གསུམ་ལས། དང་པོ་ལ་འབྱུང་ཆེན་གཏོས་ཀྱི་ནམ་མཁའ་འདི་ལ་མཐའ་དབུས་མེད་ཅིང་འཕོ་འགྱུར་དང་བྲལ་བ། དེ་ལས་ཆོ་འཕྲུལ་ཅིར་ཡང་མི་འགག་པ། ཆོ་འཕྲུལ་འབྱུང་ཡང་ནམ་མཁའ་དང་གཉིས་མེད་པ། བརྟགས་ན་ཅིའི་ངོ་བོར་ཡང་མ་གྲུབ་པའི་ཁྱད་པར་གྱི་ཆོས་བཞི་ཡོད་པ་ལྟར། དོན་ལ་ཡང་། གཞི་མི་འགྱུར་ལྷུན་གྱིས་གྲུབ་པའི་རྡོ་རྗེ་སེམས་དཔའ། ངོ་བོ་མ་ངེས་རང་རིག་ཅིར་ཡང་གསལ་བའི་རྡོ་རྗེ་སེམས་དཔའ། དོན་མི་འབྱེད་གཉིས་འཛིན་སྤྲོས་པ་གཅོད་པའི་རྡོ་རྗེ་སེམས་དཔའ། བདག་ཉིད་མི་གནས་རིག་པ་ཡུལ་མེད་དུ་གྲོལ་བའི་རྡོ་རྗེ་སེམས་དཔའ་བཞི་དང་། ཡོན་ཏན་ལའང་། གཞི་ལྷུན་གྲུབ་དམིགས་མཐའ་དང་བྲལ་བ་ཆོས་ཉིད་དབྱིངས་སུ་སངས་རྒྱས་པའི་ཆེ་བ། ངོ་བོ་ངེས་མེད་རོལ་པ་ཅིར་ཡང་འཆར་བ་བདག་ཉིད་ཆེན་པོ་དབུས་མཐའ་མེད་པའི་ཆེ་བ། དོན་སྐྱེ་མེད་གཉིས་སུ་མེད་པ་དེ་ཉིད་ཡིན་པའི་ཆེ་བ། བདག་ཉིད་ཐོག་མཐའ་མེད་པར་རྟོགས་པ་མངོན་དུ་གྱུར་པ་མངོན་པར་སངས་རྒྱས་པའི་ཆེ་བ་དང་བཞི་སྟེ། ཅི་སྟེ་ཆེ་ན་དེ་བཞིས་ཨ་ནུ་མན་ཆད་ཀྱི་ཐེག་པ་འོག་མ་ཟིལ་གྱི་གནོན་པས་སོ། །དེ་ཡང་དཔེ་བཞི་དོན་བཞི་ཆེ་བ་བཞི་དབྱེར་མེད་དུ་སྦྱོར་བ་ཡིན་པས། འོ་ན་ཨ་ཏི་ཡོ་ག་བྱ་བའི་ཆེ་བ་ཟླ་བ་ཁུར་དུ་བྱས་པ་ལྟ་བུ་ཞིག་ཡོད་དམ་ཞེ་ན། མེད་དེ། གཞི་ངོ་བོ་དོན་དང་བདག་ཉིད་མཉམ་པ་ཉིད་ཕྱོགས་མེད་ཆེན་པོའི་རང་བཞིན་ལ་གང་གིས་ཀྱང་བོགས་གདོན་དུ་མེད་དེ། མཉམ་པ་རིས་མེད་ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པའི་ཆེ་བ་སྟེ། དེས་རྫོགས་པ་ཆེན་པོའི་ཆེ་བ་བཞི་རུ་འཛིན་པ་རང་ཡང་ཟིལ་གྱིས་གནོན་པ་ཡིན་ཏེ། བྱང་ཆུབ་ཀྱི་སྙིང་པོ་བསྟན་པ་ལས། མངོན་སུམ་སྣང་བའི་རང་བཞིན་ཡེ་སངས་རྒྱས། །དེ་ཡི་མཚན་ཉིད་ཆོས་དབྱིངས་མུ་མཐའ་གྲོལ། །དེ་མཁྱེན་ཡེ་ཤེས་མཐའ་དབུས་ཀུན་ཁྱབ་རྒྱས། །དེ་ཉིད་དེ་ཡིན་དེ་མཚོན་ངེས་པའི་ཚིག །དགོས་པས་སྤྲད་ཀྱི་སྒྲ་ལ་དོན་མི་བཞག །ཅེས་གསུངས་པས། དང་པོ་གང་ཆེ་ན། རྫོགས་ཆེན་རང་གཞུང་མངོན་སུམ་པར་སངས་རྒྱས་པས་ཆེ་ལ། གང་ལས་ཆེ་ན། ཉན་ཐོས་སྤོང་བ་དང་རང་རྒྱལ་འགེགས་ལ་བྱང་སེམས་ཀྱིས་སྤྱོད་པ་རྣམས་ལས་ཆེ་ཞིང་། གང་གིས་ཆེ་ན། ཚོགས་བརྒྱད་ཡུལ་དང་བཅས་པ་ཉིད། །མཚན་ཉིད་རང་རིག །རང་བཞིན་སྤྲོས་བྲལ། རྣམ་པ་སྒྱུ་མར་མངོན་སུམ་དུ་ལྷུན་གྱིས་གྲུབ་པས་ཆེ་སྟེ། ཇི་ལྟར་ཆེ་ན་དེ་ལྟར་རྟོགས་པའི་ངང་ལ་གནས་པས་བག་ཆགས་ཀྱི་རྟེན་ཀུན་གཞི་གྲོལ་བས། དངོས་མཚན་དང་མ་རིག་པའི་མུན་པ་སངས་ཏེ་ཡེ་ཤེས་ཕྱོགས་རིས་མེད་པར་རྒྱས་པས། མཚན་ཉིད་སྡེ་གསུམ་ཟིལ་གྱིས་གནོན་པའི་གཉེན་པོས་ཆེ་བས་ན། དེ་ལས་རྫོགས་ཆེན་རང་གཞུང་མངོན་པར་སངས་རྒྱས་ཆེ། སྤོང་འགེགས་སྦྱོང་ལས་ཚོགས་བརྒྱད་ཡུལ་དང་བཅས། རང་རིག་སྤྲོས་བྲལ་སྒྱུ་མར་ལྷུན་གྲུབ་པས། །དེར་གནས་བག་ཆགས་རྟེན་གྲོལ་དངོས་མཚན་དང་། །མ་རིག་མུན་སངས་ཡེ་ཤེས་ཕྱོགས་མེད་རྒྱས། །དམན་པའི་ཐེག་པ་ཟིལ་གནོན་གཉེན་པོར་ཆེ། །ཞེས་སོ། །གཉིས་པ་གང་ཆེ་བ། རྫོགས་པ་ཆེན་པོ་བདག་ཉིད་ཆེན་པོར་སངས་རྒྱས་པས་ཆེ་ལ། གང་ལས་ཆེ་ན། རྣལ་འབྱོར་ཆེན་པོ་ལ་སོགས་རྩོལ་སྒྲུབ་ཀྱི་གཞན་དབང་ལ་ལྟོས་ནས་འབྲས་བུ་ཐོབ་པར་འདོད་པ་དེ་ལས་ཆེ་ཞིང་། གང་གིས་ཆེ་ན། བདག་ཉིད་ཆེན་པོར་རང་ཉིད་ཡེ་ནས་དབང་ཐོབ་ཟིན་པས་ཆེ་སྟེ། ཇི་ལྟར་ཆེ་ན། འོག་མའི་ཚུལ་ངན་པའི་རྩོལ་བ་སངས་ནས་རང་རིག་པའི་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པས་མ་ཧཱ་ཟིལ་གྱིས་གནོན་པའི་གཉེན་པོར་ཆེ་བས་ན། སྔ་མ་ལས། རྣམ་འབྱོར་ཆེན་པོ་ལ་སོགས་རྩོལ་སྒྲུབ་ཀྱི། །གཞན་དབང་ལ་ལྟོས་ཟིལ་གནོན་གཉེན་པོར་ཡང་། །བདག་ཉིད་ཆེན་པོར་རང་ཉིད་ཡེ་དབང་བས། །ཚུལ་ངན་རྩོལ་སངས་རང་རིག་ཕྱོགས་མེད་རྒྱས། །ཞེས་སོ། །གསུམ་པ་གང་ཆེ་ན། རྫོགས་པ་ཆེན་པོ་ཆོས་ཉིད་དབྱིངས་སུ་སངས་རྒྱས་པས་ཆེ་ལ། གང་ལས་ཆེ་ན། ཨ་ནུ་ལ་སོགས་རྒྱུ་འབྲས་སུ་འདོད་པའི་གཉེན་པོར་ཆེ་ཞིང་། གང་གིས་ཆེ་ན། རྒྱུ་རྐྱེན་འབྲས་བུ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་ཆེ་སྟེ། ཇི་ལྟར་ཆེ་ན། རྒྱུས་མ་བསྐྱེད་རང་གི་ངོ་བོས་ཅིར་ཡང་མི་གནས། གཉེན་པོས་འགག་པ་མིན་པས་དེ་ལྟར་འདོད་པ་སངས་ལ། མུ་བཞི་མཐའ་དྲུག་ཀུན་མཁྱེན་ལ་རྒྱུ་འབྲས་ཀྱི་མཚན་མ་ཟིལ་གྱིས་གནོན་པའི་ཡེ་ཤེས་རྒྱས་པས་ཆེ་བས་ན། དེ་ཉིད་ལས། རྗེས་འཇུག་ལ་སོགས་རྒྱུ་འབྲས་གཉེན་པོར་ཡང་། །རྒྱུ་རྐྱེན་འབྲས་བུ་ཆོས་དབྱིངས་རོ་གཅིག་པས། །མ་བསྐྱེད་མི་གནས་འགག་མིན་དེ་འདོད་སངས། །ཀུན་མཁྱེན་མཚན་མ་ཟིལ་གནོན་ཡེ་ཤེས་རྒྱས། །ཞེས་སོ། །བཞི་པ་གང་ཆེ་ན། རྫོགས་པ་ཆེན་པོ་དེ་ཉིད་ཡིན་པར་སངས་རྒྱས་པས་ཆེ་ལ། གང་ལས་ཆེ་ན། སེམས་དཔའ་རྣལ་འབྱོར་ལ་སོགས་བླང་དོར་ཅན་དུ་འདོད་པ་ལས་ཆེ་ཞིང་། གང་གིས་ཆེ་ན། བླང་བྱ་དོར་བྱ་ཐམས་ཅད་ཆོས་ཉིད་དེ་ཉིད་ཡིན་པར་སངས་རྒྱས་པས་ཆེ་སྟེ། གང་ལྟར་ཆེ་ན། ཡིན་པ་བླང་བྱ་དང་མིན་པ་དོར་བྱའི་ཕྱོགས་རིས་ཐམས་ཅད་སངས་ལ་མཉམ་ཉིད་རང་གསལ་དུ་རྒྱས་པས་ཆེ་བས་ན། དེ་ཉིད་ལས། སེམས་དཔའི་རྣལ་འབྱོར་ལ་སོགས་བླང་དོར་ཅན། །ཟིལ་གནོན་གཉེན་པོ་ཐམས་ཅད་དེ་ཡིན་པས། །ཡིན་མིན་ཕྱོགས་སངས་མཉམ་ཉིད་རང་གསལ་རྒྱས། །ཞེས་སོ། །ལྔ་པ་ནི། དེ་ལྟར་ལྷུན་གྱིས་གནས་པའི་བདེ་བ་ཆེན་པོ་དོན་དམ་པའི་ཡེ་ཤེས་ཀྱི་ཁྱད་པར་དུ་འཕགས་ཏེ། རྩོལ་བ་དང་རྒྱུ་འབྲས་དང་བླང་དོར་གྱི་ཕྱོགས་གསུམ་ལ་བཟླས་པས་རང་གསལ་དུ་ཡེ་ནས་སངས་རྒྱས་པ་ལ། གཞན་སེལ་སངས་རྒྱས་དངོས་པོ་དང་མཚན་མར་འདོད་པ་དང་། ཉི་ཚེ་བའི་སྟོང་པ་ཉིད་དུ་འདོད་པ་ལས་གྲོལ་ཞིང་། དོན་གཉེར་འབྲས་བུའི་དེ་ཁོ་ན་ཉིད་རྨོངས་པ་ལ་མཚོན་པའི་དགོས་པ་ཡོད་པའི་ཕྱིར་བརྡ་དོན་སྤྲད་པ་ཡིན་གྱི། དེ་ཡང་ཚིག་ཏུ་བཏགས་པ་ཙམ་ལ་ངེས་པའི་དོན་དུ་འདོད་པ་དེ་ཟིལ་གྱིས་གནོན་པས་ཆེ་བ་སྟེ། སྔ་མ་ལས། ལྷུན་གནས་བདེ་ཆེན་དོན་དམ་ཡེ་ཤེས་འཕགས། །ཕྱོགས་གསུམ་ལ་བཟླས་རང་གསལ་ཡེ་སངས་རྒྱས། །དངོས་མཚན་ཉི་ཚེའི་སྟོང་པ་ལས་གྲོལ་ཞིང་། །དོན་ཉིད་རྨོངས་ལ་མཚོན་ཕྱིར་བརྡ་སྤྲད་ཀྱི། །དེ་ཡང་ཚིག་ཙམ་ངེས་འདོད་ཟིལ་གནོན་ཆེའོ། །ཞེས་སོ། །དེའང་དང་པོ་མངོན་སུམ་པར་སངས་རྒྱས་པས་ཤེས་བྱའི་རང་བཞིན་བསྟན་ལ། བདག་ཉིད་ཆེན་པོ་དང་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པ་གཉིས་ཀྱིས་མཚན་ཉིད་བསྟན་ཞིང་། ཐམས་ཅད་དེ་ཉིད་ཡིན་པར་སངས་རྒྱས་པས་ངེས་ཚིག་བསྟན་ནས། ཐ་མ་སངས་རྒྱས་མེད་པའི་ཆེ་བས་རྒྱས་གདབ་སྟེ་བརྡ་དོན་དུ་འཛིན་པ་ལས་བཀྲོལ་བ་དེས་ན་ཆེ་བ་ལྔ་ལྡན་གྱི་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། དེ་ཉིད་ལས། དང་པོས་ཤེས་བྱའི་རང་བཞིན་གཉིས་མཚན་ཉིད། །གཅིག་གིས་ངེས་ཚིག་ཐམས་ཅད་རྒྱས་བཏབ་པ། །ཆེ་ལྔས་ཁྱད་འཕགས་དེས་ན་རྫོགས་པ་ཆེ། །ཞེས་སོ། །གཉིས་པ་ཕྱག་འཚལ་བ་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཞེས་ཏེ། འདི་ལ་བསྡུས་དོན་དང་ཚིག་དོན་གཉིས་ལས། དང་པོ་ལ་བཞི། ཡུལ་གང་ལ་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ། གང་གིས་ན། སྔོན་བྱུང་དུ་སྤྲུལ་པའི་སྐུ་མཆོག་མཁས་པ་དགའ་རབ་རྡོ་རྗེ་དང་རྗེས་འཇུག་ཏུ་འདི་ལ་འཇུག་པ་རྣམས་ཀྱིས། ཚུལ་ཇི་ལྟར་ན། ཕྱི་ལུས་ཀྱི་ཕྱག་ཡན་ལག་ལྔ་ས་ལ་གཏུག་པའམ། མར་མེ་མཛད་ཀྱི་བརྐྱང་ཕྱག་ལྟ་བུ། ནང་ངག་གི་ཕྱག་དབྱངས་སྙན་པ་དང་ཚིག་ཏུ་བརྗོད་པ། གསང་བ་ཡིད་ཀྱི་ཕྱག་རྟོགས་པ་དབྱེར་མེད་ཀློང་དུ་གྱུར་པ་ཆུ་ལ་བཞག་པ་ལྟ་བུའོ། །དེས་ན་ངེས་ཚིག་ཀྱང་། གཉིས་མེད་རྟོགས་པའི་བརྡའ་འཇལ། རིག་པའི་མེ་ཏོག་དོར། དོན་གྱི་གནས་ལུགས་མཐོང་བས་ན་ཕྱག་ཅེས་བྱའོ། །དེ་ལྟར་ལུས་ངག་ཡིད་གསུམ་གུས་པའི་ཚུལ་དུ་འཚལ་ལོ། །དགོས་ཆེད་ལའང་། ཡ་རབས་ཀྱི་ཚུལ་དང་མཐུན་ཏེ། དེའི་ཆ་རྐྱེན་ཕྱག་དང་ཞེ་ས་ཡིན་པས་དང་། ཐེག་པ་འོག་མ་དང་སྒོ་བསྟུན་ཏེ། ལྷ་དཀོན་མཆོག་གུས་པས་ཡུལ་དུ་བྱས་པས་དང་། གཟུ་ལུམས་དང་རས་ཆོད་ཚར་གཅོད་དེ། སྔགས་ཀྱི་བླ་མ་དང་བདེ་བར་གཤེགས་པ་གོང་ན་གཉེན་པར་བཏུད་པས་དང་། བར་ཆད་མེད་ཅིང་ཡོན་ཏན་འབྱུང་སྟེ། བར་ཆད་སེལ་ན་དམ་པ་ཆོས་ཀྱི་གྲུ་རྒྱས་པའི་དགོས་ཆེད་བཞི་དང་ལྡན་པའོ། །གཉིས་པ་གཞི་མི་འགྱུར་ལྷུན་གྱིས་གྲུབ་པའི་ཕྱོགས་མེད་ཀྱིས་ཕྱོགས་འཛིན་མཐའ་དག་བཅོས། ངོ་བོ་མ་ངེས་རང་བྱུང་གི་ཡེ་ཤེས་ཅིར་ཡང་འཆར་བས་ཡོན་ཏན་ཕྱོགས་མེད་དུ་ལྡན། དོན་མི་འབྱེད་སྐྱེ་བ་མེད་པའི་རང་བཞིན་ལ་གཉིས་སུ་མེད་པས་མཐའ་ཡི་རྟོག་པ་ཐམས་ཅད་ལས་འདས། བདག་ཉིད་མི་གནས་ཐོག་ཐ་དང་བྲལ་བར་ཆོས་ཐམས་ཅད་ཀྱི་འབྱུང་གཞིར་གྱུར་པས་དཔལ། འདུས་མ་བྱས་ཤིང་སྐྱེ་འཇིག་མཐའ་དག་དང་བྲལ་བས་རྡོ་རྗེ། རྒྱ་ཆད་ཕྱོགས་ལྷུང་མེད་པར་ཀུན་ཁྱབ་མ་བཅོས་པར་འོད་གསལ་བས་སེམས། རྟག་ཆད་ཀྱི་མཐའ་ལ་མི་གནས་པར་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་པས་དཔའ་བ་ནི། དཔེར་ན་འཇིག་རྟེན་གྱི་དཔའ་བོས་གཡུལ་ངོ་བཟློག་པ་དང་འདྲ་ལ། དེ་ལྟ་བུའི་དོན་ལ་གོམས་པ་ཀློང་དུ་གྱུར་པས་ན་ཕྱག་འཚལ་བ་སྟེ། སངས་རྒྱས་མཉམ་སྦྱོར་ལས། ལྟ་བ་དོན་དམ་སྙིང་པོ་ལ། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །གང་གིས་རང་གི་ཡེ་ཤེས་འདི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་སོ། །གཉིས་པ་ནི་ལུས་ཀྱི་ཚུལ་དུ་མདོར་བསྟན་པ་སྟེ། ནམ་མཁའ་ཆེ་དབུ་ཞབས་ཀྱི་དོན་ཐམས་ཅད་བསྡུས་པས་ཐིག་ལེ་ཆེན་པོ་དྲུག་ཏུ་འདུས། དེ་ཡང་ཐིག་ལེའི་ངོ་བོ་ནི་དབྱིངས་སྐྱེ་འགག་མེད་པའི་ཆོས་ཀྱི་སྐུ། སེམས་ཅན་རང་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་སོ། །ངེས་ཚིག་ནི། ཚིག་གིས་མ་སྤྲོས་ཀུན་ལ་ཁྱབ་བས་ཐིག་ལེ། གདལ་བ་ཆེན་པོར་མཐའ་དབུས་མེད་པས་ཐིག་ལེ། གྲྭ་ཟུར་མེད་པར་ཟང་ཐལ་ཡིན་པས་ཐིག་ལེ། ཀུན་ནས་གཅིག་ཏུ་བཟླུམས་པར་ཉག་གཅིག་ཏུ་གནས་པས་ཐིག་ལེ་ཞེས་བྱའོ། །དབྱེ་བ་ལ། ཆོས་ཉིད་ཀྱི་ཐིག་ལེ། དབྱིངས་ཀྱི་ཐིག་ལེ། དབྱིངས་རྣམ་པར་དག་པའི་ཐིག་ལེ། །ཡེ་ཤེས་ཆེན་པོའི་ཐིག་ལེ། ཀུན་ཏུ་བཟང་པོའི་ཐིག་ལེ། ལྷུན་གྱིས་གྲུབ་པའི་ཐིག་ལེ་དྲུག་གོ། །འོ་ན་ཐིག་ལེ་གཅིག་ལ་དབྱེ་བ་དྲུག་བྱས་པ་མི་འགལ་ལམ་ཞེ་ན། འདི་རྣམས་ར་ཡི་རྭ་ལྟར་སོ་སོར་རེང་ངེ་ཡོད་ན་འགལ་ཡང་། དེ་ལྟར་མི་འདོད་དེ། དཔེར་ན་སྐྱེས་བུ་རིག་གནས་དང་དཔའ་རྩལ་སོགས་ཡོན་ཏན་གྱི་གནས་དགུ་དང་ལྡན་པ་ཞིག་ལ། ཡུལ་འཇོམས་པའི་ངོས་ནས་དཔའ་བོར་བཏགས། རྩལ་ཆེ་བའི་ངོས་ནས་རྩ་ལྡན། ནོར་མང་བའི་ངོས་ནས་ཕྱུག་པོ། འདུན་མའི་གཞིའི་ངོས་ནས་གཙོ་བོ། རིག་ཤེས་ཀྱི་ངོས་ནས་བཟང་པོ་སོགས་སུ་བཏགས་ཀྱང་། དེ་རྣམས་ལོགས་ན་མེད་པར་དེའི་ཡོན་ཏན་གྱི་ཆ་ནས་བཏགས་པ་ལྟར། རང་རིག་པ་བྱང་ཆུབ་ཀྱི་སེམས་དུས་གསུམ་དུ་འདུས་མ་བྱས་ཤིང་མ་སྐྱེས་པ་ལ་ཆོས་ཉིད་ཀྱི་ཐིག་ལེ། དེ་ཁོ་ན་ལ་རོལ་པ་ཅིར་ཡང་མི་འགག་པས་དབྱིངས་ཀྱི་ཐིག་ལེ། དེ་ལྟར་ཡོན་ཏན་ཟད་མི་ཤེས་པས་ཆོས་ཉིད་ཀྱི་ཐིག་ལེ་ནམ་མཁའ་ལྟ་བུར་མ་སྐྱེས་པ་དང་། དབྱིངས་ཀྱི་ཐིག་ལེ་ནམ་མཁའི་ཆོ་འཕྲུལ་ལྟ་བུར་མི་འགག་པ་གཉིས། ཚིག་ལ་སྔ་ཕྱི་བྱུང་ཡང་དོན་ལ་ཐ་དད་མེད། མཚོན་ཚུལ་ནས་རེས་མོས་མཚོན་ཀྱང་ངོ་བོ་ལ་སྐྱེ་འགག་གཉིས་སུ་མེད་དེ་གཉིས་འཛིན་གྱི་སྤྲོས་པ་རྣམ་པར་དག་པས། དབྱིངས་རྣམ་པར་དག་པའི་ཐིག་ལེ། དེའི་དོན་ལ་ཤར་ནུབ་དང་ཕྱི་ནང་མེད་པས་ཡེ་ཤེས་ཆེན་པོའི་ཐིག་ལེ། དེ་ལ་བཟང་ངན་བླང་དོར་དང་དགག་སྒྲུབ་སྐྱོན་ཡོན་མེད་པས་ཀུན་ཏུ་བཟང་པོའི་ཐིག་ལེ། དེ་རུ་ཐམས་ཅད་འདུས་ཤིང་མཐའ་མ་སྤངས་རང་སར་གྲོལ་བས་ལྷུན་གྱིས་གྲུབ་པའི་ཐིག་ལེ་ཞེས་བྱ་སྟེ། འབྲས་བུའི་ཀློང་ལས། མ་བཅོས་པ་ལས་ཡོན་ཏན་མཐའ་དག་རྫོགས། །ཤར་ཚད་དོན་དང་བཅས་ཏེ་ཡེ་ནས་དག །དེ་མཁྱེན་རང་གསལ་དེ་ལ་ཕྱོགས་རིས་གྲོལ། །མ་བཙལ་གདོད་ནས་རྫོགས་པའི་བླ་དྭགས་ཡིན། །ཞེས་པས། དང་པོ་ནི། ལྟ་བའི་ཀློང་ལས། མཚན་ཉིད་འཛིན་ཅིང་ངོ་བོས་ཁྱད་པར་འཛིན། །སྣང་མྱོང་རིགས་པའི་ཆོས་ལས་དཀར་སྤྱོད་ཀྱིས། །ལྟུང་བ་ལས་འཛིན་དེ་དག་གནས་ལུགས་ཉིད། །རང་བཞིན་སྤྲོས་པ་ཀུན་བྲལ་ཉིད་ངེས་ཏེ། །དེ་མཁྱེན་མཚན་ཉིད་རང་རིག་ཡེ་ཤེས་ཉིད། །དེ་ཡི་རྣམ་པ་ཐུགས་རྗེའི་སྤྲུལ་པར་ཤར། །སྒྱུ་མ་རྩལ་འཛིན་རྡོ་རྗེ་བཙན་པོ་མཆོག །གདོད་ནས་འདུ་འབྲལ་མེད་པར་རྫོགས་པ་ཆེ། །དེ་མིན་མུ་བཞི་མཐའ་བརྒྱད་འཁོར་འདས་ཆོས། །ཅིར་ཡང་འཆར་བར་མི་རིགས་དེ་ཡི་ཕྱིར། །ཆོས་ཀྱི་ཆོས་ཉིད་གནས་ལུགས་དེར་རིགས་པའོ། །གནས་སྐབས་ཆོས་ཉིད་འཁྲུལ་སྣང་རང་མཚན་ཉིད། །ས་སྲ་ཆུ་གཤེར་མེ་ཚ་རླུང་ཡང་གཡོ། །ཞེ་སྡང་ཀུན་ནས་མནར་སེམས་ལ་སོགས་པ། །ཀུན་ནས་མ་འདྲེས་ཡེ་གནས་སོ་སོར་ཤར། །སྤྱི་མཚན་མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཅེས་གསུངས་པ་ལྟར། ཆོས་ཅན་རྣམས་ཀྱི་ཆོས་ཉིད་སྤྱི་དང་རང་གི་མཚན་ཉིད་འཛིན་ཅིང་ལས་རྣམ་པར་དཀར་བས་ལྟུང་བ་ལས་འཛིན་ལ། རིགས་པས་བདེན་པའི་དོན་འཛིན་པ་དང་། ངོ་བོ་ཡིས་ཁྱད་པར་གྱིས་ཆོས་འཛིན་པས་ཆོས་ཞེས་བྱ་ལ། བཞི་པོ་དེ་ཡི་གནས་ལུགས་ནི། མཚན་ཉིད་རང་གསལ། རྣམ་པ་ལྷུན་གྲུབ། རང་བཞིན་ངོས་བཟུང་མེད་པ་ལས་མི་འདའ་བས། དེས་མཚོན་པ་དངོས་པོའི་རྐྱེན་དུ་ཆོས་ཉིད་ཅེས་བྱ་བ་ཡིན་པས་ངེས་ན་མཚན་མ་རུ་འཛིན་པ་དང་། རྒྱུ་འབྲས་སུ་འཛིན་པ་དང་། གནས་སྐབས་ཀྱི་རིགས་པ་བདེན་པར་འཛིན་པ་དང་། ངོ་བོ་ཆོས་ཅན་དང་ཁྱད་པར་གྱི་ཆོས་སུ་འཛིན་པ་རྣམས་ཀྱི་འདོད་པའི་སྤྲོས་པ་གཅོད་པས་ཐིག་ལེ་ཡིན་ལ། དེའང་ཆོས་བཞི་པོ་རང་རེའི་རང་བཞིན་ལྷུན་གྲུབ་གསུམ་ལས་གཞན་དུ་མི་འགྱུར་བར་སྤྲོས་པ་ཡེ་ནས་མེད་པས། ཆོས་བཞི་པོ་དེ་དག་དོར་བ་མིན་གྱི་ངང་ཚུལ་ལྷུན་གྲུབ་གསུམ་པོ་དེ་དེ་ལྟ་བུར་གནས་པའོ། །དེ་སྐད་དུ། འབྲས་བུའི་ཀློང་ལས། རང་མཚན་ལྟུང་བ་རིགས་པས་ངོ་བོ་ཡིས། །ཁྱད་པར་འཛིན་པས་ཆོས་རྣམས་དེ་ཡི་གནས་ལུགས་ནི། །རང་གསལ་ལྷུན་གྲུབ་ངོས་མེད་ལས་མི་འདའ། །དེས་མཚོན་དངོས་པོའི་རྐྱེན་དུ་ཆོས་ཉིད་ཅེས། །དེས་ན་མཚན་མ་རྒྱུ་འཐས་གནས་སྐབས་རིགས། །ཆོས་ཅན་ཆོས་ཉིད་འདོད་པའི་སྤྲོས་པ་གཅོད། །རང་རེའི་རང་བཞིན་མི་འགྱུར་སྤྲོས་པ་མེད། །དེ་དག་དོར་མིན་ངང་ཚུལ་དེ་ལྟའོ། །ཞེས་སོ། །གཉིས་པ། དེ་ལྟར་ཆོས་ཐམས་ཅད་ཀྱི་ངང་ཚུལ་རྣམ་པར་དག་པའི་ཆོས་ཉིད་དེ་ཡང་སངས་རྒྱས་ཀྱི་ཡོན་ཏན་དང་བསྟན་པ་རྒྱ་མཚོའི་འབྱུང་གནས་ཀྱི་ཡོན་ཏན་གཞིར་གནས་སུ་ཡེ་ནས་རྫོགས་པས། ཆད་པ་ཉི་ཚེ་བའི་སྤྲོས་པའི་མཐའ་ལས་ཀྱང་འདས་པ་ཡིན་ཏེ། དེས་ན་གཞིར་གནས་ཀྱི་ཆོས་ཉིད་ཆད་པ་ཉི་ཚེའི་སྤྲོས་པ་ལས་ཏེ་རོལ་པ་ཅིར་ཡང་མི་འགགས་པས་དབྱིངས་ཀྱི་ཐིག་ལེར་རྫོགས་པའོ། །དེ་ལྟར་ལང་སྡམ་ལས། དེ་ལྟར་ངང་ཚུལ་རྣམ་པར་དག་པ་ཉིད། །བསྟན་པ་རྒྱ་མཚོའི་འབྱུང་གནས་གཞིར་གནས་རྫོགས། །ཆད་པ་ཉི་ཚེའི་སྤྲོས་པའང་འདས་པ་སྟེ། །ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་རྫོགས་པའོ། །ཞེས་སོ། །གསུམ་པ། ཀུན་གྱི་འབྱུང་གནས་སུ་གྱུར་པ་དེ་ཚེ་ཉིད་ནའང་འབྱུང་བའི་ས་དང་འབྱུང་བའི་ཚུལ་དང་འབྱུང་བ་པོའི་དབྱིངས་ཀྱི་ཕྱོགས་རིས་དང་ཀུན་བརྟགས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས། དབྱིངས་ཞེས་ཆད་སྟོང་གི་སྤྲོས་པ་གཅོད་པའི་དགོས་པས་ཐ་སྙད་དུ་བཏགས་ཀྱིས། རང་ངོ་ཡེ་ནས་རྣམ་པར་དག་པས། སྤྲོས་པ་ཡོད་དོ་ཅོག་ཐམས་ཅད་ཀྱང་རྣམ་པར་བཅད་པའི་ངང་ཡིན་པས་དབྱིངས་རྣམ་པར་དག་པའི་ཐིག་ལེ་ཞེས་བྱ་སྟེ། དེ་ཉིད་ལས། དེ་ཚེ་ཉིད་ན་འབྱུང་བ་འབྱུང་ཚུལ་འབྱུང་། །ཕྱོགས་རིས་ཀུན་བརྟགས་རྣམ་པར་རང་དག་པས། །དབྱིངས་ཞེས་དགོས་པས་བརྟགས་ཀྱིས་ཡེ་དག་པས། །སྤྲོས་པའོ་ཅོག་ཀྱང་རྣམ་པར་བཅད་པའི་ངང་། །ཞེས་སོ། །བཞི་པ་ནི། གཤིས་ཀྱི་གནས་ལུགས་དེ་དག་མཁྱེན་པ་ནི། རང་རིག་པའི་ངོ་བོ་རང་འོད་གསལ་བའི་ཡེ་ཤེས་ཡིན་པས། ཉན་ཐོས་ལྟར་སྤང་བ་དང་། རང་རྒྱལ་ལྟར་དགག་པ་དང་། བྱང་ཆུབ་ལྟར་སྦྱོང་བ་དང་། གསང་སྔགས་ལྟར་རྩོལ་བའི་སྤྲོས་པ་ཐམས་ཅད་ཡེ་ནས་གསལ་སྒྲིབ་མེད་པར་རང་གྲོལ་བས། གཤིས་ལ་ཕྱོགས་རིས་མེད་པར་མཁྱེན་པས་རྩོལ་བརྒྱད་ལས་ཁྱད་པར་ཅན་དུ་གྱུར་པར་རང་ཤར་བ་ནི་ཡེ་ཤེས་ཆེན་པོའི་ཐིག་ལེ་ཡིན་ཏེ། སྔ་མ་ལས། དེ་མཁྱེན་རང་རིག་འོད་གསལ་ཡེ་ཤེས་པས། །སྤང་དགག་སྦྱོང་རྩོལ་སྤྲོས་པ་ཡེ་གསལ་གྲོལ། །ཕྱོགས་རིས་མེད་པར་མཁྱེན་པས་ཁྱད་པར་ཅན། །རང་ཤར་ཡེ་ཤེས་ཆེན་པོའི་ཐིག་ལེ་ཡིན། །ཞེས་སོ། །ལྔ་པ། དེ་ལ་ཕྱོགས་རིས་མེད་པར་དགག་སྒྲུབ་དང་བླང་དོར་ཐམས་ཅད་བྲལ་ཏེ། ཆོས་ཐམས་ཅད་ཡེ་ནས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཡིན་པས། ཡོད་པ་དངོས་པོར་རམ། མེད་པ་སྟོང་པར་རམ། སྣང་སྟོང་གཉིས་ཀའམ། གཉིས་སུ་མེད་པའམ། ཀུན་ཡིན་པར་རམ། གང་ཡང་མིན་པར་འདོད་པའི་སྤྲོས་པ་ཐམས་ཅད་བཅད་པས། བདེ་བ་ཆེན་པོར་ཐམས་ཅད་ཤོང་བས་ཡངས་པ་ཆེན་པོ་ཀུན་ཏུ་བཟང་པོའི་ཐིག་ལེ་སྟེ། དེ་ཉིད་ལས། དེ་ལ་ཕྱོགས་རིས་དགག་སྒྲུབ་བླང་དོར་བྲལ། །ཐམས་ཅད་ཡེ་ནས་བྱང་སེམས་བདེ་ཆེན་པས། །ཡོད་མེད་ཡིན་མིན་འདོད་པའི་སྤྲོས་པ་བཅད། །བདེ་ཆེན་ཡངས་པ་ཆེན་པོའི་ཐིག་ལེའོ། །ཞེས་སོ། །དྲུག་པ། དེ་ཡི་རོལ་པའི་རྒྱན་དུ་ཐམས་ཅད་རྫོགས་ཏེ་སྒྱུ་མ་ལྟར་ཡུལ་གྱི་རྣམ་པ་ཀུན་ཀྱང་ངེས་པ་མེད་པའི་རོལ་བར་ལྷུན་གྱིས་གྲུབ་པས་རིགས་ཀྱི་ཁྱད་པར་དུ་མར་རང་ཤར་པ་ལས། ཉན་ཐོས་སྤོང་། རང་རྒྱལ་འགེགས། བྱང་སེམས་སྦྱོང་། ཕྱི་པས་སྒྱུར། ནང་པ་མ་ཧཱས་རྩོལ། ཨ་ནུས་སྒྲུབ་པ་ལས་གྲོལ་བས་ལྷུན་གྱིས་གནས་པའི་བདེ་བ་ཆེན་པོར་རྫོགས་པའི་ཕྱིར་ལྷུན་གྱིས་གྲུབ་པའི་ཐིག་ལེ་སྟེ། སྔ་མ་ལས། དེ་ཡི་རོལ་པ་རྒྱན་རྫོགས་སྒྱུ་མ་ལྟར། །རྣམ་པ་ལྷུན་གྲུབ་རིགས་ཀྱི་ཁྱད་པར་ཤར། །སྤོང་འགེགས་སྦྱོངས་སྒྱུར་རྩོལ་སྒྲུབ་ལས་གྲོལ་བས། །ལྷུན་གནས་བདེ་ཆེན་རྫོགས་པའི་ཐིག་ལེའོ། །ཞེས་སོ། །དེའང་དང་པོ་གསུམ་གྱིས་གཤིས་བསྟན་ལ། ཡེ་ཤེས་ཆེན་པོས་ངོ་བོ་བསྟན་ཅིང་། ཐ་མ་གཉིས་ཀྱིས་ཡེ་ཤེས་དང་གཤིས་ཀྱི་ཡོན་ཏན་བསྟན་པ་སྟེ། དེ་ཉིད་ལས། གསུམ་གྱིས་གཤིས་བསྟན་གཅིག་གིས་ངོ་བོ་བསྟན། །གཉིས་ཀྱིས་ཡོན་ཏན་ཁྱད་པར་དམ་པ་བསྟན། །ཞེས་སོ། །དྲུག་པོ་དེ་ཡང་སེམས་ཉིད་གཅིག་པུའི་ངོས་ནས་བཏགས་པ་མ་གཏོགས་པ། དོན་ལོགས་པ་ཞིག་ཀ་ནས་མ་གྲུབ་བོ། །དོན་དེ་ལེགས་པར་གོ་ན་ནམ་མཁའ་ཆེ་དབུ་ཞབས་ཀྱི་དོན་ཐམས་ཅད་དེ་རུ་འདུས་སོ། །གསུམ་པ་ཡན་ལག་གི་ཚུལ་དུ་རྒྱས་པར་བཤད་ན། སྐབས་ཉི་ཤུ་རྩ་བདུན་གྱིས་སྟོན་པ་ཡིན་ཏེ། དང་པོ་ཆོས་ཉིད་ཀྱི་སྐབས་ནས། མཐའ་ལུང་འགྲེལ་བ་མིང་ཙམ་བརྡར་བསྟན་པའི་སྐབས་ཡན་ཆད་ལ་ཟེར་ཏེ། ངེས་དོན་མདོ་བཅུ་ལས། སྐབས་ཞེས་བྱ་བའི་མན་ངག་ནི། །སེམས་ཉིད་རྫོགས་པའི་སྙིང་པོ་དེ། །སྒྲིབ་མེད་རང་བྱུང་ཡེ་ཤེས་ལ། །ཆོས་ཀུན་དུས་གསུམ་སྒྲིབ་མེད་པས། །ཆོས་ཉིད་དོན་ལ་འགག་པ་མེད། །སོ་སོ་དག་གིས་གོ་སྐབས་འབྱེད། །དེས་ན་སྐབས་ཞེས་བསྟན་པ་ཡིན། །ཞེས་པ་དང་། སེམས་ཀྱི་ཆོས་ཉིད་དེ་རྣམས་ལ། །མ་འགགས་པ་ཡི་སྐབས་ཞེས་བྱ། །ཞེས་གསུངས་པས་དེ་རྣམས་གསལ་བར་བཤད་པ་སྟེ། དེ་ཡང་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ། སྐབས་ཉི་ཤུ་རྩ་བདུན། ཐིག་ལེ་ཆེན་པོ་དྲུག །ཆེ་བ་རྣམ་པ་ལྔ། ཕྱག་རྒྱ་ཉི་ཤུ་རྩ་ལྔ་ཞེས་སུ་གྲགས་པ་ལས། ད་རེས་མན་ངག་ཀློང་ཆེན་གྱི་ལུགས་ཀྱིས། ཕྱག་རྒྱ་སོ་སོར་མི་འདོད་པར་འཕྲུལ་གྱི་གཟེར་བུ་རྣམ་པ་ལྔས་མི་འགྱུར་བར་རྒྱས་འདེབས་པར་བྱེད་པའི་གནད་ཀྱིས་གོ་ས་བྱེ་བྲག་ཏུ་མི་འབྱེད་པར་ཤུགས་ཆོད་དུ་འདོད་པས་ཕྱག་རྒྱ་ཡང་བྱེ་བྲག་ཏུ་མི་འདོད་དོ། །འོ་ན་སྐབས་དང་ཐིག་ལེའི་ས་གཅོད་དུ་མི་འདོགས་པ་འཐད་དམ་སྙམ་ན། འདི་ཀ་རང་ལུགས་ཀྱི་ས་གཅོད་དུ་འཐད་དེ། སྐབས་དང་ཐིག་ལེ་གཉིས་ཀྱིས་དཀྱུས་ཀྱི་གོ་སྐབས་ཕྱེ་ནས་འབྱུང་བས་སོ། །དེ་ཉིད་ཉིང་ལག་གི་ཚུལ་དུ་ཤིན་ཏུ་རྒྱས་པར་བཤད་པ་ལ། སྐབས་རེ་རེ་ལའང་དཔེ་དོན་རིགས་པ་གཏན་ཚིགས་བཞི་བཞིས་སྟོན་པས་དགོངས་པ་ཉི་ཤུ་རྩ་བདུན་གྱིས་ཆོས་ཉིད་ཉམས་སུ་བླང་པ་དང་གཅིག །མཐུན་དཔེ་ཉི་ཤུ་རྩ་བདུན་གྱིས་ཆོས་ཉིད་དཔེ་ཡིས་མཚོན་ཚུལ་དང་གཉིས། རིགས་པ་ཉི་ཤུ་རྩ་བདུན་གྱིས་ཆོས་ཉིད་ཀྱིས་འཐད་པ་སྒྲུབ་པ་དང་གསུམ། གཏན་ཚིགས་ཉི་ཤུ་རྩ་བདུན་གྱིས་ཆོས་ཉིད་གཏན་ལ་དབབ་པ་དང་བཞིའོ། །དེ་ལྟར་རྩ་བདུན་ཕྲག་བཞིས་སྟོན་པ་ལས། སྐབས་དང་ཐིག་ལེ་དང་པོ་ལ། སྐབས་ཀྱི་དོན་བསྟན་པ། གཞི་ཇི་བཞིན་པ་རང་ལུགས་ཆེན་པོའི་དགོངས་པ་ནམ་མཁའ་ལྟར་ཁྱབ་གདལ་ཆེན་པོའི་ཀློང་དུ་བསྟན་པ། ངོ་བོ་རང་དང་གཞན་གྱི་ཐ་སྙད་ལས་འདས་ཏེ་ཆོས་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་རིགས་པ་བསྟན་པ། བྱ་རྩོལ་དང་བྲལ་བའི་གཏན་ཚིགས་བསྟན་པ། །ཐིག་ལེའི་ངེས་ཚིག་བསྟན་པ་དང་ལྔ་ལས། དང་པོ་ནི། ཆོས་ཉིད་ཀྱི་སྐབས་ཞེས་ཏེ། ཆོས་ཉིད་ནི་རྒྱུ་རྐྱེན་ལས་ཀ་ནས་མ་བྱུང་སྟེ། འདུས་བྱས་ཀྱི་གཉེན་པོར་འགྱུར་མི་སྲིད་པས། རིག་པ་བྱང་ཆུབ་ཀྱི་སེམས་ཉིད་སངས་རྒྱས་སྒམ་སྟེ་མ་མཛད། སེམས་ཅན་སྒྲིན་ཏེ་མ་བཅོས། གཞི་ཕྱི་མོ་དངོས་པོ་གཤིས་ཀྱི་གནས་ལུགས། ནམ་མཁའ་ལྟ་བུ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་ཀུན་ལ་ཁྱབ་པ་ཉིད་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། མདོ་བཅུ་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཡེ་ནས་འདུས་བྱས་མ་ཡིན་པས། །ཆོས་ཉིད་དག་ཏུ་གནས་པ་དེ། །ཆོས་ཉིད་སྐབས་ཞེས་བསྟན་པ་ཡིན། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཞེས་པ་ལ་སོགས་པ་སྟེ། དེ་ཡང་གཞི་ནི། དངོས་པོའི་གནས་ལུགས། རང་བྱུང་གི་ཡེ་ཤེས། ཤེས་བྱའི་གཤིས། དེ་ཁོ་ན་ཉིད་ཀྱི་འདུག་ཚུལ། ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཡིན་ཏེ། དངོས་པོའི་གནས་ལུགས་ནི་ཅིར་ཡང་གནས་པ་ཡིན། རང་བྱུང་གི་ཡེ་ཤེས་ནི་ཅིར་ཡང་འབྱུང་བ། ཤེས་བྱའི་གཤིས་ནི་སུས་ཀྱང་མ་བཅོས་པ། དེ་ཁོ་ན་ཉིད་ཀྱི་འདུག་ཚུལ་ནི་ཅིར་ཡང་འདུག་པ། ལྷུན་གྱིས་གྲུབ་པའི་ཆོས་ཉིད་ནི་ཅིར་ཡང་གྲུབ་པ་སྟེ་དེ་ལ་གཞི་ཇི་བཞིན་པ་ཞེས་ཟེར་རོ། །རང་ལུགས་ཆེན་པོ་ནི། སེམས་ཅན་ལ་སངས་རྒྱས་རང་ལུགས། སྣང་བ་ལ་སྟོང་པ། སྡུག་བསྔལ་ལ་བདེ་ཆེན། སྐྱོན་ལ་ཡོན་ཏན། ཆོས་ཅན་ལ་ཆོས་ཉིད། ཉོན་མོངས་ལ་ཡེ་ཤེས་རང་ལུགས་སུ་གནས་པས་སུས་ཀྱང་བཅོས་བསྒྱུར་བྱར་མེད། དགོངས་པ་ནི་མ་བཅོས་པའི་ངང་ངོ་། །ནམ་མཁའ་ལྟ་བུ་ཁྱབ་གདལ་ཆེན་པོའི་ཀློང་ནི། ནམ་མཁའ་ལ་མཐའ་དབུས་དང་འཕོ་འགྱུར་མེད་པ་བཞིན་དུ། ཆོས་ཉིད་ལ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པས་ནམ་མཁའ་ལྟ་བུ་ལ། ཁྱབ་གདལ་ཆེན་པོའི་ཀློང་ནི། མཐོ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས། དམའ་སྟེ་དམྱལ་བའི་གཏིང་ཡན་ཆད་ལ། ཆོས་ཉིད་དེ་དབྲི་བསྣན་ཆེ་ཆུང་བཟང་ངན་མེད་པར་གནས་པས་མ་བཅོས་པའི་ཀློང་དུ་བསྟན་པ་ཞེས་བྱའོ། །དེ་ལ་བདག་གཞན་གཉིས་སུ་མ་གྲུབ་པས། ངོ་བོ་རང་དང་གཞན་གྱི་ཐ་སྙད་ལས་འདས་པའི་རིགས་པ། དེ་ལ་འབྲས་བུ་གཞན་ནས་རྩོལ་དུ་མེད་པས་རྩོལ་བ་དང་བྲལ་བའི་གཏན་ཚིགས་བསྟན་པ་ཡིན་ནོ། །ཚིག་གི་དོན་ནི། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་འཕོ་འགྱུར་མེད་པའི་དགོངས་པ་བསྟན་ཏེ། འདུས་བྱས་རྫས་ཀྱི་རྡོ་རྗེའམ། བཏགས་པ་མིང་གི་རྡོ་རྗེ་ཙམ་ལ་མི་བྱ་བར། སེམས་ཅན་རང་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་དེ་ཉིད། འདུས་མ་བྱས་ཤིང་སྐྱེ་འཇིག་མེད་པས་རྡོ་རྗེ། དབྱེར་མི་ཕྱེད་པས་ནའང་རྡོ་རྗེ། མཐའ་ཐམས་ཅད་འཇོམས་པས་ནའང་རྡོ་རྗེ་སྟེ། དཔེར་ན་རྡོ་རྗེ་ཕ་ལམ་གྱིས་ཕར་ལ་སྲ་བའི་དངོས་པོ་ཐམས་ཅད་གཅོད་ཅིང་འབིགས་ལ། ཚུར་ལ་གང་གིས་ཀྱང་མི་ཆོད་ཅིང་མི་ཤིགས་པ་ལྟར་རོ། །སེམས་ནི་གསལ་བ་རྒྱུན་མི་འཆད་པས་དང་། མ་བཅོས་པར་འོད་གསལ་བ་ཡིན་ལ། དཔའ་བ་ནི་རྟག་ཆད་ཀྱི་མཐའ་ཐམས་ཅད་འཇོམས་པ་དང་། མཚན་མའི་ཆོས་མཐའ་དག་ཟིལ་གྱིས་གནོན་པས། འཇིག་རྟེན་ན་དཔའ་བོ་ལྟ་བུ་ལ་བྱ་སྟེ། དེ་ཡི་འབྱུང་ཆེན་གཏོས་ཀྱི་ནམ་མཁས་ཐམས་ཅད་ཀྱི་གོ་འབྱེད་པ་ལྟར། རྡོ་རྗེ་གསང་བའི་ནམ་མཁའ་ནི་ཆོས་ཉིད་ཡིན་ཏེ། འཁོར་འདས་སྣང་སྲིད་ཀྱི་གོ་འབྱེད་པ་དང་། མི་གཡོ་ཞིང་ལྟོས་པ་མེད་པས་འབྱུང་བ་ཐམས་ཅད་ལས་ནམ་མཁའ་ཆེ་བ་ལྟར། འཁོར་འདས་ཐེག་པ་ཐམས་ཅད་ལས་ཆོས་ཉིད་ཆེ་བ་སྟེ་ཆེ་བ་ལྔའི་དོན་ནི་བཤད་ཟིན་ལ། དེས་ན་ཡངས་དོག་མེད་པའི་དགོངས་པ་བསྟན་ཏེ། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །ཞེས་མ་འདྲེས་པ་དང་ཡོངས་སུ་རྫོགས་པ་ལ་བྱ་སྟེ། ངོ་བོ་མ་ངེས་ཅིར་ཡང་འཆར་བས་སོ་སོར་མ་འདྲེས་ལ། གཞི་མི་འགྱུར་ལྷུན་གྱིས་གྲུབ་པར་ཐམས་ཅད་གཅིག་པས་ཡོངས་སུ་རྫོགས་ཏེ་དོན་སྐྱེ་མེད་གཉིས་སུ་མེད་ཅིང་བདག་ཉིད་ཆེན་པོ་བསམ་གྱིས་མི་ཁྱབ་པའོ། །དེ་ན་ཡང་སྤྲུལ་དགའ་རབ་རྡོ་རྗེའི་ཞལ་སྔ་ནས་བཀའ་སྩལ་བའི་ཀློང་ཆེན་རབ་འབྱམས་ལས། རང་བཞིན་ལྷུན་གྱིས་གྲུབ་པ་ཆོས་ཉིད་གཞི་ཡི་ཀློང་། ངོ་བོ་ངེས་པ་མེད་པར་རང་བྱུང་ཡེ་ཤེས་ཀློང་། དོན་ལ་སྐྱེ་བ་མེད་པས་གཉིས་སུ་མེད་པའི་ཀློང་། བདག་ཉིད་ཐོག་མཐའ་མེད་པས་འབྲས་བུ་ཡེ་གྲུབ་ཀློང་། ཞེས་གསུངས་པ་ལྟར་གཞི་ངོ་བོ་དོན་བདག་ཉིད་གཅིག་གི་རང་བཞིན་བཟང་ངན་བླང་དོར་མེད་པས་ཀུན་བཟང་། ལྷུན་གྱིས་གྲུབ་པའི་ཀློང་ལ་གང་ཡང་མ་བཀག་པས་ཡངས་པ། མུ་མཐའ་མེད་ཅིང་ཟད་མི་ཤེས་པས་ཆོས་ཀྱི་དབྱིངས་སོ། །རྣམ་དག་ལམ་ཆེན་ཀུན་གྲོལ་ཕྱིར། །ཞེས་རྣམ་པར་དག་པའི་དགོངས་པ་བསྟན་ཏེ། གཞི་མི་འགྱུར་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ་ཕྱོགས་འཛིན་གྱི་སྤྲོས་པ་ཐམས་ཅད་རྣམ་པར་དག་པས་དང་། ངོ་བོ་མ་ངེས་རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་སྐྱེ་འགག་མེད་པ་ལ་གཉིས་འཛིན་གྱི་སྤྲོས་པ་གང་ཡང་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་གོ། །རྒྱལ་འགྲོ་ལམ་པས་བསྡུས་པ་ཐམས་ཅད་ཀྱི་འབྱུང་གཞིར་གྱུར་པས་དང་། མཐོ་དམན་མེད་པར་གཅིག་ཏུ་འགྲོ་བའི་ལམ་ཆེན། ཡེ་གྲོལ་ཆེན་པོར་སངས་རྒྱས་པ་དང་། བཟང་ངན་མེད་པའི་ཀློང་དུ་གྲོལ་བས་ཀུན་གྲོལ་ཕྱིར་ཞེས་སོ། །མ་སྐྱེས་མི་འགག་ཅིར་མི་དགོངས། །ཞེས་སྐྱེ་འགག་མེད་པའི་དགོངས་པ་བསྟན་ཏེ། དོན་སྐྱེ་བ་མེད་པའི་རང་བཞིན་ལ་བསྒོམས་པས་ཉམས་མྱོང་མི་སྐྱེ་སྟེ་ངེས་ཤེས་རང་རྒྱུད་པ་གང་ཡང་མེད་དོ། །ཆོས་ཉིད་སྐྱེ་མེད་ལ་ངོ་བོ་ཅིར་ཡང་མི་འགག་པས་མ་བསྒོམས་ཀྱང་ཡེ་ཤེས་མི་འགག་སྟེ། སྣང་བ་མི་འགག་ལ་རོལ་པ་ཅིར་ཡང་འཆར་བས། སྐྱེ་འགག་གཉིས་མེད་ཀྱི་ཆོས་ཉིད་བསམ་པས་བཟུང་བས་བློ་ཡི་རྩོལ་བ་དང་བྲལ་བའི་གནད་ཀྱིས་ཡུལ་ཅིར་ཡང་མི་དགོངས་པའི་དགོངས་པ་ཆེན་པོའོ། །འོ་ན་དེ་ལྟར་བུའི་དགོངས་པ་དེ་ལ་ཆེད་དུ་བསྒོམ་བྱ་ཡོད་དམ་མེད། ཡོད་ན་ཐེག་པ་འོག་མ་པ་དང་ཁྱད་མེད་དུ་འགྱུར་ལ། མེད་ན་སོ་སྐྱེས་རང་ག་མ་དང་ཁྱད་པར་མེད་པར་ཐལ་ལོ་ཞེ་ན། སྐྱོན་རང་བྱུང་ཡེ་ཤེས་ཀྱིས་བསལ་བ་དང་། ལ་སྐྱེ་འགག་མེད་པར་བཟླ་བ་སྟེ། བསྒོམས་ཀྱང་སྐྱོན་མེད་རང་བྱུང་རོལ་པ། མ་བསྒོམས་སྐྱོན་མེད་མཚན་མ་རང་གྲོལ། མདོར་ན་བསྒོམས་མ་བསྒོམས་གཉིས་སུ་མེད་པར་ཆོས་ཉིད་ཀྱི་ཀློང་ན་ལྷོད་དེ་ཤིགས་སེ་གནས་པ་དེ་ཡི་ཀློང་ཆེན་པོའི་ཏིང་ངེ་འཛིན་ཏེ་བསྒོམས་ཀྱང་ཉམས་མྱོང་མི་སྐྱེ་ཆོས་ཉིད་གཉིས་མེད་དུ་ལ་ཟློ། མ་བསྒོམས་ཀྱང་ཡེ་ཤེས་མི་འགག་ཆོས་ཉིད་འགག་མེད་དུ་ལ་ཟློ། དུས་དང་རྣམ་པ་ཀུན་ཏུ་བསྒོམས་དང་མ་བསྒོམས་མེད་པར་བདེ་བ་ཆེན་པོ་འཕོ་འགྱུར་མེད་པའི་ཀློང་ལས་གཞན་དུ་འཆར་ས་མེད་པས་ལ་སྐྱེ་འགག་མེད་པར་དེ་ལྟར་བཟླ་སྟེ། འདི་ནི་ཀུན་ལ་ཤེས་པར་བྱའོ། །སྤྱིར་བརྒྱུད་སྲོལ་འདི་ལ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོའི་བཻ་རོ་ཙ་ནས་གཡུ་སྒྲ་སྙིང་པོ་ལ་གདམས་པའི་བསམ་གཏན་དོན་གསུམ་པ་ལས། སྙིང་པོ་ཇི་ལྟར་གནས་པ་ལས། སྒྲོ་སྐུར་མ་ཡིན་དོན་མཐུན་ཉིད། །རང་གི་ཚོགས་བརྒྱད་སྐྱེ་བ་གསུམ། །གཏན་ཚིགས་ཚད་མ་རིགས་པ་སྒྲས། །གཞིགས་འཇལ་བརྟགས་མཚོན་བརྒྱུད་པ་ཡིས། །གཏན་ལ་ཕབ་སྟེ་ལུང་ལས་གཅད། །ཅེས་གསུངས་པས་སྒྲ་དང་ཚད་མ་བརྒྱུད་པའི་ལུང་བཞིན་དུ་སྦྱར་ན། ལྟ་བའི་ཀློང་ལས། ཚད་མ་མངོན་སུམ་རྗེས་སུ་དཔག་པས་ཀྱང་། །རང་མཚན་སྤྱི་ཡི་རྣམ་པ་དེ་འཐད་སྒྲུབ། །སྣང་ལ་མི་རྟོག་དོན་ལ་མ་འཁྲུལ་བར། །སྒོ་ལྔས་ཡུལ་ལྡ་རྣམ་པ་སྒྱུ་མར་བཅད། །སྡུག་བསྔལ་རྩོལ་བསྒྲུབ་བཅས་ཚེ་ངེས་ཤེས་འཆར། །སྤྲུལ་སྐུ་མ་བརྩལ་གནས་པ་འཐད་པས་གྲུབ། །ཡིད་ཀྱི་ཡེ་ཤེས་ཟིན་དང་མ་བཟུང་བར། །སྤྲོས་པའི་རང་བཞིན་སྤྲོས་བྲལ་ཉིད་དུ་ཟིན། །བསམ་གྱིས་མི་ཁྱབ་དུས་སུ་ངེས་ཤེས་འཆར། །ཆོས་སྐུ་མ་བརྩལ་གནས་པ་འཐད་པས་སྒྲུབ། །རང་རིག་མངོན་སུམ་ངར་འཛིན་ཉོན་མོངས་ཚེ། །སིངས་ཀྱིས་རིག་ལ་གང་དུའང་མི་རྟོག་པར། །རང་རིག་བདེ་ཆེན་ཤར་དུས་ངེས་ཤེས་འཆར། །ལོངས་སྐུ་ལྷུན་གྱིས་གནས་པ་འཐད་པས་གྲུབ། །རང་རིག་སྟོང་ཉིད་སྤྲུལ་པའི་རྣམ་པ་ཅན། །རང་ལ་གནས་པས་བག་ཆགས་རྙོག་གཞི་དྭངས། །རྣལ་འབྱོར་ཤིན་ཏུ་རྫོགས་གསལ་སྐུ་གསུམ་ངང་། །རྟོག་པ་རང་གྲོལ་ཡེ་ཤེས་མ་འཁྲུལ་འཐད། །དེ་ལྟར་རང་མཚན་རྫོགས་ཆོད་མ་ནུས་ལ། །འཁྲུལ་སྣང་འབྲས་བུ་ངོ་བོ་ཉིད་ཀྱི་རྒྱུ། །བྱང་ཆུབ་སེམས་དེ་ལྷུན་གྱིས་གནས་པར་དཔག །རྣམ་ཤེས་ཚོགས་བརྒྱད་ཡུལ་དང་བཅས་པ་ཡི། །རང་བཞིན་ཡེ་ནས་སྟོང་གསལ་སྤྲུལ་པར་བཅས། །ནོར་བ་མེད་པས་མ་བཅོས་རང་བཞིན་དཔག །འཁྲུལ་ཤེས་ཡུལ་དང་བཅས་པ་དེ་བདེན་ན། །དེ་ཡིས་གྲོལ་བར་རིགས་ཏེ་དེ་སྡུག་བསྔལ། །རིགས་པའི་ཡུལ་དང་རྒྱལ་བའི་དགོངས་པ་དང་། །རྣལ་འབྱོར་དགོངས་པའི་ངོ་ན་དེ་མི་དམིགས། །ངེས་དོན་གཤིས་ལའང་མི་དམིགས་དེ་རྗེས་དཔག །གནས་སྐབས་འཁྲུལ་སྣང་རིགས་པས་ཡུལ་ཤེས་པ། །གྲུབ་ཀྱང་ངེས་པའི་རིགས་པས་དེ་མི་འཐད། །འཁྲུལ་ངོར་འཐད་ཕྱིར་དོན་དང་འགལ་བར་ངེས། །ཐག་པ་སྦྲུལ་དུ་འཛིན་པ་འཁྲུལ་པ་བཞིན། །ཐ་སྙད་ཚིག་གི་སྒྲོ་སྐུར་དེས་བསལ་ལ། །ངེས་དོན་རང་རིག་ཉམས་ལ་གནས་པར་བྱའོ། །མཚན་མ་ཀུན་རྫོབ་ཞེས་པ་ལས་གྲོལ་བའི། །ཀུན་བྲལ་ཇི་མ་སྤངས་པའི་རང་རིགས་པ། །ཐམས་ཅད་ཡུལ་མེད་ཀུན་གསལ་སྟོང་ཉིད་དེ། །དེ་ཡང་དགོས་པས་ཐ་སྙད་བརྗོད་པ་ཙམ། །ཞེས་སོ། །དེ་ཡང་བློ་གྲོས་ཀྱི་རྩལ་དང་བསྟུན་ཏེ་ཚད་མ་གཉིས་ཀྱིས་འཇལ་བའི་ཚུལ་ཡང་། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས། དོན་ཉིད་སྒྲོ་བྲལ་མངོན་སུམ་ལ། །མ་མཐོང་ཆ་གཞན་ལུས་མེད་པས། །རྟགས་ལ་བརྟེན་པས་དཔག་ཏུ་མེད། །དེ་ལྡན་རིགས་རྒྱུད་ཆིག་ཆོད་པའོ། །གཞན་དུ་རྟགས་ཙམ་འཛིན་པ་ཡང་། །ཤེས་བྱ་ཀུན་ལ་འཇུག་ནུས་ལ། །དེ་ལའང་སྙིང་པོ་མ་དམིགས་པས། །འཇུག་མཁན་རང་རིག་ཡེ་ཤེས་ལ། །ཤེས་བྱ་དེ་ཉིད་རྣམ་པ་སྟེ། །མ་འབྲེལ་ཤེས་པར་མི་འཐད་པས། །རང་བཞིན་དམིགས་པ་ཀུན་གྲོལ་བ། །མ་འདྲེས་ཡོངས་རྫོགས་སྤྱི་ཙམ་དཔག །བསམ་སྒོམ་གཉིས་ཀྱིས་བསྲིང་བསྐྱེད་དྲང་། །དེ་ཡི་རང་བཞིན་དེ་ཡིན་པས། །ཁྱབ་འབྲེལ་མེད་ན་མི་འབྱུང་ངེས། །ཕལ་ཆེར་དེ་ལ་བརྟེན་དགོས་ཏེ། །ལོག་སྟོབས་ནུས་རྩལ་རྒྱས་ཕྱིར་རོ། །ཞེས་པ་ལྟར་རོ། །སྒྲས་མཚོན་ཚུལ་ཡང་། སྒོམ་ཐབས་སྒྲོན་མ་ལས། དེ་ཡི་མཚན་ཉིད་ཅི་འདྲར་སེམས། །གཤིས་ཉིད་དགོས་པས་མིང་བཏགས་ཀྱིས། །ཕྱོགས་སུ་འདི་འདྲར་གནས་མེད་པས། །དེར་གནས་ཉམས་དང་འདིར་དེ་བཞིན། །རང་གི་མཚན་ཉིད་བརྗོད་བྱ་མིན། །བུ་རམ་མངར་བར་བཏགས་པ་ལྟར། །འོན་ཀྱང་རྨོངས་ལ་དོན་མཚོན་ཕྱིར། །དོན་ལ་དམིགས་དང་སྒྲ་ལ་བྱུང་། །མཐུན་པར་གསལ་ལ་ཐུན་མོང་དུ། །གྲགས་པའི་སྒྲ་ཡིས་མངོན་པར་ཞེན། །བརྗོད་ན་བདེ་གསལ་ངོས་མེད་མཁྱེན། །ཞེས་པ་རྣམས་སྦྱར་ཏེ་ཀུན་ལ་ཤེས་པར་བྱའོ། །གསུམ་པ་ནི། བྱམས་པས་དོན་ནི་རྣམ་སྦྱངས་ཕྱིར། །ཞེས་པ། དོན་ཆོས་ཉིད་ཀྱི་རིགས་པ་བསྟན་ཏེ། བྱམས་པ་ཆེན་པོ་ནི་ཆོས་ཉིད་མ་དང་འདྲ་བས་འཁོར་འདས་ཐམས་ཅད་ཀྱི་གཞི་མ་བྱས་ནས་མི་གཏོང་བ་དང་། དོན་ཆོས་ཉིད་ཕྱོགས་མེད་ཀྱི་བྱས་པས་རྣམ་པར་རྟོག་པ་ཕྱོགས་སུ་འཛིན་པ་ཐམས་ཅད་ཀ་ནས་དག་ཟིན་པས་རྣམ་པར་སྦྱངས་པའི་ཕྱིར་ན། སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཅེས་ཡུལ་དང་ཡུལ་ཅན་མེད་པའི་རིགས་པ་བསྟན་ཏེ། ཐེག་པ་འོག་མ་པ་བཞིན་དུ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆུང་ངུ་ནི་རྡུལ་ཙམ་ཡང་མི་དམིགས་ཏེ། ཨ་ཏི་ཡོ་ག་རིག་པ་ཡུལ་མེད་ཕྱོགས་བྲལ་ངེས་མེད་དུ་ཤར་བའི་སྙིང་རྗེ་ཆེན་པོའོ། །དེས་ན་འོག་མ་བཞིན་དུ་ཆེ་ཆུང་དང་དམིགས་གཏད་ཅིར་ཡང་མི་མཛད་དོ། །ཆེ་བས་ཆེ་བ་ཟབ་མོ་ཡི། །ཞེས་པ། གཉིས་སུ་མེད་པའི་རིགས་པ་བསྟན་ཏེ། འདི་ལ་རྫོགས་པ་ཆེན་པོ་ཐོག་བབ་ཀྱི་གདམས་ངག་ཟེར་ཏེ། སྣང་སྲིད་འབྱུང་བ་ཁྲོ་བ་ལས་ཆེ་བ་ནི་ཆོས་ཉིད་མྱ་ངན་ལས་འདས་པ་ཡིན་ལ་དེ་བས་ཀྱང་ཕྱོགས་ཆེ་ཞིང་ཟབ་པ་ནི་རིག་པ་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པ། ཟབ་མོ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ཡིན་ཏེ། དེ་གོ་ན་འཁོར་འདས་ཐོག་བརྫིས་ཅར་ཕོག་ཏུ་གྲོལ་བས་སོ། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །ཅེས་པ། སྐྱོན་ཡོན་མེད་པའི་རིགས་པ་བསྟན་ཏེ། རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཡུལ་མེད་པ་དེ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་མཚན་དང་དཔེ་བྱད་སྟོབས་དང་མི་འཇིགས་པ་ལ་སོགས་པ་བོགས་འདོན་དུ་མེད་པས་བཟང་ངོས་བསྔགས་སུ་མེད་ལ། སྐྱོན་གྱིས་མ་ཕྲི་བས་ངན་པར་བརྗོད་དུའང་མེད་དོ། །བཞི་པ་ནི། དོན་རྣམས་ཇི་བཞིན་མི་བསྐྱོད་དེ། ཞེས་གཡོ་འགུལ་མེད་པའི་གཏན་ཚིགས་བསྟན་ཏེ། འཁོར་འདས་གཉིས་ཀའི་རྩ་བ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ལ་སུས་ཀྱང་བཅོས་བསྒྱུར་བྱར་མེད་པས། གཞི་ཇི་བཞིན་པ་རང་རིག་ཆེན་པོའི་ཀློང་ལམ་ལ། བཟང་ངན་གང་གིས་ཀྱང་མི་བསྐྱོད་དེ། མཉམ་པ་ཉིད་ལ་ཕྱོགས་རིས་མེད་པས་བཟང་རྟོག་ངན་རྟོག་གང་ཡང་འདྲ་སྟེ་རྟོགས་པས་བོགས་མ་ཐོན་པས་ཡར་མི་བསྐྱོད། མ་རྟོགས་པས་ངན་དུ་མ་སོང་བས་མར་མི་བསྐྱོད་དེ་འཕོ་འགྱུར་མེད་པར་གནས་སོ། །བྱ་བ་མེད་པས་གྲོལ་བའང་གྲོལ། །ཞེས་པ། བྱ་བྲལ་གྱི་གཏན་ཚིགས་བསྟན་ཏེ། བྱ་བ་མེད་པའི་ཆོས་བཅུ་གཉིས་ལ། ལྷུན་གྲུབ་གསུམ་དུ་ས་ལེར་མ་འདྲེས་ཡོངས་རྫོགས་སུ་མཐོང་བས་ལྟ་བ་ཉམ་ང་མེད་ན་ཆོས་ལ་བྱར་མེད། དེ་ལས་མི་འདའ་བར་རང་སར་གྲོལ་བའི་སྒོམ་པ་ལ་བྱས་པའི་ཆོས་ཀྱིས་སངས་མི་རྒྱ། དེ་ལྟར་རྟོགས་ནས་བླང་དོར་བྲལ་བའི་སྤྱོད་པ་རང་བྱུང་ཉིད་བཀག་པས་མི་ཁེགས། རང་གསལ་འཛིན་ཞེན་མེད་པའི་ཉམས་མྱོང་ལ་རིག་པ་གང་དགར་ཐོང་། གཞི་བཞག་རང་ལུགས་སུ་ཤེས་པའི་བཅོས་ཐབས་ལ་རྣམ་རྟོག་དགྲར་མི་ལྟ། རང་སྣང་དུ་རྟོགས་ཏེ་གཉིས་འཛིན་དྲུངས་ཕྱུང་བའི་གདམས་ངག་ལ་དུག་ལྔ་མདོག་མ་སྒྱུར། མཐར་འཛིན་བྲལ་བའི་འཆིང་ཞགས་ལ་དགེ་སྡིག་སྤོང་ལེན་མ་བྱེད། ཆོས་ཉིད་ཕྱོགས་ཡན་གྱི་འབྲས་བུ་ལ་མི་མཐུན་པ་སྐྱོན་དུ་མ་འདོར། རྩོལ་བྲལ་རིག་པའི་དམ་ཚིག་ལ་གཉེན་པོ་རྒྱུད་ལ་མ་བརྟེན། རང་བཞིན་མ་བཅོས་པའི་ཕྲིན་ལས་ལ་བྱ་བ་ཅི་དང་ཅི་བྱེད་ཀྱང་ཤུགས་འབྱུང་ཀློང་རྡོལ་རང་ཤར་རང་ལུགས་སུ་ཐོང་། སྦྱང་བགྲོད་མེད་པའི་ས་ལམ་ལ་འགྲོ་ས་དང་གྲོལ་ས་ཡོད་ཀྱིས་རེ་དོགས་མ་བྱེད། ཕྱོགས་མེད་ཁྱབ་གདལ་དུ་ཤེས་པའི་གོ་ཚད་ལ་རྟོགས་རུང་མ་རྟོགས་རུང་གྲོལ་བ་ཡིན་པས་བློ་བདེ་བ་དང་བཅུ་གཉིས་པོ་དེས། རྫོགས་པ་ཆེན་པོ་བྱ་བྲལ་གྱི་ཀློང་དུ་ལ་བཟླ་བ་ཡིན་ཏེ། ཀུན་བྱེད་ལས། བྱར་མེད་འདི་ལ་གང་གནས་པ། །ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་པས། །འདི་ཡིས་སེམས་ཅན་དོན་བྱས་ནས། །རྩོལ་སྒྲུབ་མི་བྱེད་བདེ་བར་གནས། །ཞེས་འབྱུང་བས་སོ། །དེ་ལྟ་བའི་བྱ་རྩོལ་མེད་པའི་དོན་དེ་ཉིད་སེམས་ཅན་ཐམས་ཅད་ལ་ཁྱབ་གདལ་དུ་གནས་པས་ཡེ་གྲོལ་ཡིན་ལ། དེ་ཀ་བཞིན་དུ་བླ་མས་བསྟན་ཏེ་རྟོགས་པས་མངོན་དུ་གྱུར་པ་ལས་ཡང་གྲོལ་དུ་གྱུར་པ་ཞེས་བྱ་སྟེ། རྫོགས་པ་ཆེན་པོ་བྱར་མེད་དེའང་དེ་ལྟ་བུ་ཞིག་གོ་ན་བྱར་རུང་གི། གཞན་དུ་ཁ་འུད་ཙམ་ལ་བརྟེན་པས་ཅི་ཡང་ཕན་པ་མེད་དེ། ཀློང་རབ་འབྱམས་ལས། ཆགས་སྡང་གནས་ལས་མ་འཕགས་པར། །གཟུང་དང་འཛིན་པའི་སྟེགས་བྱས་ནས། །ཕྱོགས་མེད་འབྲས་བུ་འདོད་པ་ནི། །ཁྱི་རྒན་འདབ་ཆགས་སྙེག་པ་འདྲ། །ཟབ་མོའི་དགོངས་པ་འཆར་མི་འགྱུར། །ཞེས་སོ། །རང་བྱུང་ཡེ་ཤེས་བརྩལ་མེད་པས། །ཞེས་པ་རྒྱུ་རྐྱེན་མེད་པའི་གཏན་ཚིགས་བསྟན་ཏེ། རིག་པ་བྱང་ཆུབ་ཀྱི་སེམས་རྒྱུ་རྐྱེན་མེད་པས་རང་བྱུང་ཡེ་ཤེས། ཤར་ནུབ་མེད་པས་རང་བྱུང་ཡེ་ཤེས། ཕྱི་ནང་སྒྲིབ་གཡོག་མེད་པས་རང་བྱུང་ཡེ་ཤེས། ཀ་ཕྱི་མོ་ནས་རང་བྱུང་བས་གཞན་ནས་བརྩལ་དུ་མེད་པའོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཅེས་པ། ཡེ་གྲོལ་ཆེན་པོའི་གཏན་ཚིགས་བསྟན་ཏེ། འོ་ན་འདི་ལ་ཐུག་པ་མེད་པའི་སྐྱོན་དུ་འགྱུར་རམ་སྙམ་ན། མཐའ་ལ་སྐྱོན་དུ་འཛིན་ན་ཐུག་པ་མེད་པའི་སྐྱོན་འོང་ལ། རྫོགས་པ་ཆེན་པོ་ཤེས་བྱ་མཐའ་མེད་དུ་གཏན་ལ་ཕེབས་ན། སྐྱོན་དུ་ཆེ་རྒྱུ་མེད་དེ་འདོད་ཐོག་ཡིན་ཡང་། མཚོན་པའི་སྒོ་མ་འགགས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་བྱ་བྲལ་ཀློང་ཆེན་གྱི་ངང་དུ་ཡེ་གྲོལ་གྱི་ངོ་བོར་ཐིག་ལེ་ཉག་གཅིག་ཏུ་སངས་རྒྱས་པ་ཡིན་ཏེ། ད་དུང་ཉག་གཅིག་གི་དོན་དེ་རྟོགས་པའི་ཕྱིར་བྲམ་ཟེ་ཆེན་པོས། ལས་ཟིན་པ་ཡི་དམ་པ་ཡི། །དྲུང་དུ་སེམས་ཐག་ཅོད་པར་གྱིས། །ཞེས་གསུངས་པ་ལྟར་མཚོན་ཚད་ཙམ་དུ་བླ་མས་སྟོན་དགོས་པས། རྣམ་པར་གྲོལ་བའི་ལམ་ཐུན་མོང་མ་ཡིན་པ་ཡང་འཐད་པ་སྟེ། རྨད་བྱུང་ལས། རྡོ་རྗེ་སེམས་དཔའ་ང་ཉིད་ཀྱང་། །རྡོ་རྗེའི་གདན་ལ་ཡང་སངས་རྒྱས། །ཞེས་སོ། །ལྔ་པ་ནི། ཆོས་ཉིད་ཀྱི་ཐིག་ལེ་ཞེས་པ་གཞན་གྱིས་སེལ་མེད་པའི་སྐབས་ཡིན་པས། འདུས་མ་བྱས་ཤིང་མ་བཅོས་པར་ཡེ་ནས་གནས་པས་ན་ཆོས་ཉིད། མ་སྤྲོས་ཀུན་ལ་ཁྱབ་པར་གདལ་བས་ཐིག་ལེའོ། །འོ་ན་དཔེ་དོན་རིགས་པ་གཏན་ཚིགས་བཞི་པོ་ཐ་དད་དམ་ཞེ་ན། བཤད་པ་དཀྱུས་ཀྱི་དབང་དུ་བཏང་ན་དེ་ལྟར་འགྲོ་ཡང་། གདམས་ངག་དོན་ཐོག་ཏུ་དྲིལ་ན། བཤད་ཚོད་དེ་དག་ཐམས་ཅད་མདོ་ཐིག་ལེ་ཉག་གཅིག་ཏུ་བསྡུ། འགག་བྱ་རྩོལ་མེད་པར་བསྡམ། གནད་འཁོར་འདས་དབྱེར་མེད་དུ་བཀྲོལ། ཕུགས་ཐག་ད་ལྟར་གྱི་སྣང་བ་ལ་བཅད། འགྲོ་ས་ཆོས་ཀྱི་དབྱིངས་སུ་བཏང་བ་དང་ལྔས་རྒྱས་གདབ་པས། དང་པོས་སེམས་ཉིད་ཁྱབ་གདལ་ལ་འགྲན་པའི་ཟླ་མེད་པས་བློ་བདེ། གཉིས་པས་ཐེག་པས་སོ་སོས་རྩོལ་སྒྲུབ་མེད་པས་བློ་བདེ། གསུམ་པས་ལམ་འོག་མས་སྤངས་ཐོབ་བྲལ་བས་བློ་བདེ། བཞི་པས་དུས་ཕྱི་མར་རེ་དོགས་དང་གཡང་ས་ཐམས་ཅད་དུས་གཅིག་ལ་ཆོད་པས་བློ་བདེ། ལྔ་པས་ལམ་ལོག་པར་མ་སོང་སྟེ་འཁོར་བར་མི་འཁྱམས་པས་བློ་བདེ་བ་ནི་ཕྱག་རྒྱའི་དོད་པོ་ཁྱད་པར་དང་ལྡན་པ་གནས་ཀྱི་ཡང་སྙིང་ཡིན་ཏེ། མདོ་བཅུ་ལས། ཕྱག་རྒྱ་དག་གི་ངེས་པ་ནི། །སེམས་ཉིད་རྫོགས་པའི་སྙིང་པོ་དེ། །ཡེ་ནས་བྱང་ཆུབ་སྐུ་ཡིན་པས། །སྐྱེ་བ་མེད་ཅིང་འགྱུར་བ་མེད། །ཡེ་ནས་ཡེ་ཤེས་ཆེན་པོའི་སྐུ། །འགྱུར་བ་མེད་པའི་རང་བཞིན་ལ། །ཕྱག་རྒྱ་ཞེས་ནི་བསྟན་པ་ཡིན། །ཞེས་གསུངས་པས་སྐབས་ཀུན་ལ་དེ་ལྟར་ཤེས་པར་བྱའོ། ༈ །ད་ནི་སྐབས་གཉིས་པ་ལ། སྐབས་ཀྱི་དོན་བསྟན་པ། སྣོད་བཅུད་གཞིར་བཞེངས་ཀྱི་དགོངས་པ་ཉི་མའི་སྙིང་པོ་ལྟ་བུར་གསལ་འགྲིབ་མེད་པའི་ཀློང་དུ་བསྟན་པ། ལས་དང་ཉོན་མོངས་པའི་དབང་གིས་ཅིར་ཡང་འཆར་བའི་རིགས་པ་བསྟན་པ། རང་གྲོལ་ཆེན་པོའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། རང་བཞིན་གྱིས་གནས་པའི་སྐབས། ཞེས་ཏེ། རང་བཞིན་ནི་མ་བཅོས་པའམ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ་བྱ་སྟེ། དེ་སུ་ལ་གནས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རང་གི་རང་བཞིན་ནམ་སྤྱི་ཁྱབ་ཏུ་གནས་པས་དེ་ལྟ་བུའི་ཡིན་དོན་ཟབ་མོ་ཞིག་འདིར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། འདུས་མ་བྱས་པའི་ཆོས་ཉིད་དེ། །འགྲོ་བ་རྣམས་ལ་རང་བཞིན་གྱིས། །ཡེ་ནས་མ་ཕྱེ་གནས་པའི་ཕྱིར། །རང་བཞིན་གནས་པའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། འབྱུང་བ་ཆེན་པོ་བཅོས་ལྡན་འདས། །ཞེས་ཕྱི་སྣོད་ཀྱི་འཇིག་རྟེན་ཡང་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལྔ་སྟེ། དེ་ལ་ཕྲ་རགས་སུ་དབྱེ་ན་ཉི་ཤུ་རྩ་ལྔར་བཤད་ཀྱང་རྩ་བའི་ལྔ་ལ་འདུ། དེ་ཡང་འགྲོ་བའི་དོན་མཛད་པའི་ཕྱིར། རིན་པོ་ཆེ་རྣམ་པ་ལྔའམ། རྡོ་རྗེ་རྣམ་པ་ལྔའི་ངོ་བོར་སངས་རྒྱས་ཏེ་ཆོས་ཉིད་གཞིར་བཞེངས་ཡིན་པ་དང་། ནང་བཅུད་ཀྱི་སེམས་ཅན་ཡང་འབྱུང་བ་ལྔ་ལས་ཕུང་ཁམས་སྐྱེ་མཆེད་དུ་གྲུབ་སྟེ་རྡོ་རྗེའི་སྙིང་པོར་རང་འཁྲུངས་པའི་སངས་རྒྱས་ཡིན་ཏེ་ཆོས་ཉིད་གཞིར་བཞེངས་ཡིན་པའོ། །ཇི་ལྟར་གཞི་ནས་བཞེངས་ན། འཁོར་འདས་དབྱིངས་སུ་གཞི་ནས་བཞེངས་ཏེ་ལྷག་མ་མ་ལུས། སྣང་སྲིད་རིག་པར་གཞི་ནས་བཞེངས་ཏེ་ལྷག་མ་མ་ལུས། རང་རིག་ཆོས་སྐུར་གཞི་ནས་བཞེངས་ཏེ་ལྷག་མ་མ་ལུས་པས་ཇི་ལྟར་བྱས་ཀྱང་དགོངས་པ་ཆོས་ཉིད་ཀྱི་ངང་ངོ་། །ཉི་མའི་སྙིང་པོ་ལྟ་བུ་ནི། ཉི་མའི་སྙིང་པོ་ལ་མུན་པ་ཀ་ནས་དག་ཅིང་མུན་པའི་སེལ་མེད་པ་ལྟར། སྣོད་བཅུད་ཀྱི་འཇིག་རྟེན་ལ་ལོག་རྟོག་ཀ་ནས་དག་ཅིང་མ་རིག་པའི་སེལ་མེད་པ་དང་། ཉི་མའི་སྙིང་པོ་འདི་སྣང་བ་རྩལ་རྫོགས་ཤིང་བྱུང་ས་ཐེབ་པ་ལྟར། སྣོད་བཅུད་ཐམས་ཅད་སངས་རྒྱས་སུ་རྩལ་རྫོགས་ཤིང་རང་བྱུང་ཡེ་ཤེས་སུ་བྱུང་ས་ཐེབ་པ་ལ་བྱ་ཞིང་། གསལ་འགྲིབ་མེད་པ་ནི་མ་རིག་པས་བསྒྲིབས་ཏེ་མི་གསལ་བ་དང་། གཉེན་པོས་གསལ་དུ་སོང་བ་མེད་པར་ཤར་ནུབ་མེད་པའི་ཀློང་ཞེས་བྱའོ། །དེའི་རང་བཞིན་ལ་ངེས་པ་མེད་པས་ལས་དང་ཉོན་མོངས་པས་ཅིར་ཡང་སྣང་བའི་རིགས་པ་བྱུང་ལ། བྱུང་ཡང་རང་བྱུང་རང་ཞིར་ཤེས་པས་རང་གྲོལ་ཆེན་པོའི་གཏན་ཚིགས་ཀྱང་བྱུང་ངོ་། །དེས་ན་འབྱུང་བ་ཆེན་པོ་བཅོམ་ལྡན་འདས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ཡེ་ནས་སངས་རྒྱས་པའི་དགོངས་པ་འབྱུང་བ་ལྔས་ཡེ་ནས་འགྲོ་དོན་མཛད་པས་སྤྱི་ལ་ཁྱབ་པའི་བཅོམ་ལྡན་འདས་ཡིན་ཏེ། རིན་པོ་རྣམ་པ་ལྔའི་ངོ་བོར་རམ། རྒྱུ་རྐྱེན་གྱིས་མ་བསྐྱེད་པར་རང་བྱུང་གི་བཅོམ་ལྡན་འདས་ཡིན་པས། རྡོ་རྗེ་རྣམ་པ་ལྔའི་ངོ་བོར་སངས་རྒྱས་སོ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་པ། དེས་ན་ནང་བཅུད་ཀྱི་འགྲོ་བ་རིགས་དྲུག་གི་ལུས་སུ་སྐྱེས་པ་ཀུན་ཀྱང་། དེ་ལྔ་ལས་ཕུང་ཁམས་སྐྱེ་མཆེད་ལ་སོགས་པར་གྲུབ་པས། རྡོ་རྗེ་སྙིང་པོར་རང་འཁྲུངས་པའི་སངས་རྒྱས་སུ་རང་བཞིན་གྱིས་གནས་སོ། །དེ་ལྟ་བུའི་དགོངས་པ་དེ་ལ་ཆེད་དུ་སྒོམ་པ་ཡོད་མེད་གོང་ལྟར་ཤེས་དགོས་སོ། །གསུམ་པ་ནི། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། ཞེས་པ། མ་ངེས་པའི་རང་བཞིན་ལས་བརྟགས་པ་ལྟར་ཅིར་ཡང་སྣང་བའི་རིགས་པ་བསྟན་ཏེ། ཕྱིན་ཅི་ལོག་ལ་གཉིས་ལས། རྐྱེན་ངན་ལས་ཀྱིས་བཏགས་པའི་ཕྱིན་ཅི་ལོག ། སོ་སོ་སྐྱེ་བོ་གཟུང་འཛིན་ལ་མངོན་པར་ཞེན་པས། ང་མེད་ལ་ངར་བཏགས། བདག་མེད་ལ་བདག་ཏུ་བཟུང་བས། མཉམ་པ་ཉིད་ལས་ཤུགས་ཀྱིས་ལོག་པ་དང་། ཁྲིད་པ་ཉོན་མོངས་པས་ལོག་པ། མུ་སྟེགས་ཀྱི་སྟོན་པ་རྣམས་ཀྱིས་གདུལ་བྱའི་བློ་བསྒྱུར་ཏེ། རྟག་པ་གཅིག་པུ་ལ་སོགས་པའི་གྲུབ་མཐས་ཁྲིད་དེ། བྲོད་པ་བསྐྱེད་ནས། ལོག་ལྟ་ལ་བཙུད་པའོ། །དོན་གོ་ན་དེ་དག་གང་ཡང་མི་སྤོང་བས་བཞི་པ་ནི། གྲོལ་བ་རང་བྱུང་གཞན་ལས་མིན། །ཞེས། རྒྱུ་རྐྱེན་མེད་པར་གྲོལ་བའི་གཏན་ཚིགས་བསྟན་ཏེ། སྐྱེ་བོ་དང་མུ་སྟེགས་སུ་མ་ཟད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་ཆོས་ཉིད་ལ་རྐྱེན་རོལ་པ་འབྲས་བུ་རང་བྱུང་ཡེ་ཤེས་སུ་གྲོལ་བ་དང་། གཞི་ལྷུན་གྲུབ་ངོ་བོ་ངེས་མེད། དོན་སྐྱེ་མེད་བདག་ཉིད་ཐོག་མཐའ་མེད་པར་གྲོལ་བ་དང་། སྣང་བ་སྟོང་པ། སྡུག་བསྔལ་བདེ་ཆེན། ཡུལ་ཡུལ་ཅན་ཡེ་གྲོལ། སྐྱོན་ཡོན་རང་དག །ཆོས་ཅན་ཆོས་ཉིད་དུ་གྲོལ་བས་འབྲས་བུ་གཞན་ལ་མི་རེ་སྟེ་གཞི་ནས་དེ་ལྟར་གྲོལ་བ་ལ། ད་གདོད་བརྩལ་དུ་མེད་པས་གཞན་ལས་འབྱུང་བ་མིན་ནོ། །དེའི་འཇུག་སྡུད་འདྲའོ།། ༈ །།ད་ནི་སྐབས་གསུམ་པ་ལ། སྐབས་ཀྱི་དོན་བསྟན་པ། ཐབས་ཤེས་རབ་གཉིས་སུ་མེད་པའི་དགོངས་པ་ཁྱུང་དར་མ་ནམ་མཁའ་ལ་ལྡིང་བ་ལྟ་བུ་བྱ་རྩོལ་དང་བྲལ་བའི་ཀློང་དུ་བསྟན་པ། ཚོད་འཛིན་པའི་རིགས་པ་བསྟན་པ། འབྲས་བུ་གཞན་ནས་མི་འབྱུང་བའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ། རང་བཞིན་གྱིས་ཆེ་བ་ལ་གནས་པའི་སྐབས། ཞེས། རང་བཞིན་ནི་མ་བཅོས་པའི་ཆོས་ཉིད་ལྷུན་གྱིས་གྲུབ་པའི་དགོངས་པ་སྟེ། དེ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་དུ་གནས་ཀྱང་བརྟགས་པར་དཀའ་ཞིང་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པས། འཁོར་འདས་ལམ་པ་ལས་ཆེ་བར་གནས་པའི་དོན་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། མདོ་བཅུ་ལས། འདུས་མ་བྱས་པའི་ཆོས་ཉིད་དེ། །མ་བཅོས་རང་ལ་གནས་པ་ཡིས། །སངས་རྒྱས་ཆེ་བ་ཐོབ་པའི་ཕྱིར། །རང་བཞིན་ཆེ་བའི་སྐབས་ཀྱི་བསྟན། །ཞེས་སོ། །གཉིས་པ་ནི། ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཞེས་པས། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས་ཀྱིས་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད། གཞི་ངེས་མེད་ཀྱི་རོལ་པ་ཕྱོགས་མེད་དུ་ཤར་བ་ལ་མཐར་འཛིན་གང་ཡང་མི་སྤོང་བ་ཐབས་ཀྱི་རྒྱལ་པོ་ཡིན་ལ། དོན་སྐྱེ་མེད་བདག་ཉིད་ཐོག་མཐའ་མེད་པའི་ཀློང་དུ་གྲོལ་བ་ལ། མཚན་མའི་སྤྲོས་པའམ་ཕྱོགས་སུ་འཛིན་པ་མེད་པས། འཛིན་མེད་ཅིར་ཡང་མི་རྟོག་པ་ཤེས་རབ་ཀྱི་རྒྱལ་པོ་ཡིན་ཏེ་དེ་གཉིས་ཚིག་ལ་སྔ་ཕྱི་བྱུང་ཡང་དོན་ལ་ཐ་དད་མེད་དེ། རྒྱུ་ཆོས་ཉིད་རྐྱེན་རོལ་པ་འབྲས་བུ་རང་བྱུང་གི་ཡེ་ཤེས་སུ་གཅིག་པས། དཔེ་ནམ་མཁའ་དོན་ཆོས་ཉིད་རྟགས་རང་བྱུང་ཡེ་ཤེས་སུ་གཅིག་སྟེ། ཐབས་ཤེས་རབ་གཉིས་སུ་མེད་ཅིང་དམིགས་པའི་མཐའ་ལས་འདས་པས་ཡེ་ཀློང་ཆེན་པོའི་དགོངས་པའོ། །ཁྱུང་དར་མ་ནམ་མཁའ་ལ་ལྡིང་བ་ལྟ་བུ་ནི། དང་པོ་སྟེགས་འཆའ། བར་དུ་རྩོལ་བས་གཡོ་བ། ཐ་མར་མི་རྩོལ་བར་རང་ལུགས་སུ་འཇོག་པ་ལྟར། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་པའང་། དང་པོ་བླ་མའི་གདམས་ངག་གི་སྟེགས་འཆའ། བར་དུ་ཐོས་བསམ་སྒོམ་སྒྲུབ་ལ་རྩོལ་བ་གཡོ་བ། ཐ་མར་མཉམ་པ་རིས་མེད་ལ་ཆེད་དུ་མི་རྩོལ་ཏེ། རང་ལུགས་སུ་འཇོག་པ་ཡིན་པས་བྱ་རྩོལ་དང་བྲལ་བའི་ཀློང་དུ་བསྟན་པ་ཟེར་ལ། དེ་ལ་ཆེད་དུ་རྩོལ་ན་གོལ་ས་ཡིན་པས་ཚོད་འཛིན་གྱི་རིགས་པའང་དེ་ལ་བྱ་ཞིང་། མ་བརྩལ་ཀྱང་རང་ལ་གནས་པས་འབྲས་བུ་རང་ལས་འབྱུང་བའི་གཏན་ཚིགས་བསྟན་ཏེ། དེས་ན་ཆེ་བའི་ཡེ་ཤེས་ནི། ཐུན་མོང་མ་ཡིན་པའི་དགོངས་པ་སྟེ། འཁོར་འདས་ཐེག་པ་ཐམས་ཅད་ལས་ཆེ་བའམ། མཐའ་ཇི་སྙེད་པ་ཟིལ་གྱིས་གནོན་པས་ཆེ་བ་ནི་རང་གི་སེམས་ཉིད་དོན་རང་བྱུང་གི་ཡེ་ཤེས་ཕྱི་ནང་མེད་པར་ངེས་མེད་ཕྱོགས་རིས་ངང་བྲལ་བར་ཤར་བས། གང་གིས་ཀྱང་རྙེད་པར་དཀའ་བས་ཨ་ནུ་མན་ཆད་ཀྱི་ཐེག་པ་འོག་མ་པས་མ་རྙེད་པའོ། །དེ་ཅིས་རྙེད་པར་དཀའ་ན་ཆོས་ཉིད་ཕྱོགས་མེད་ལ་ཕྱོགས་དང་རིས་སུ་རྩོལ་བའམ། རང་ལ་བཞག་ནས་གཞན་དུ་ཚོལ་བས་རྙེད་པར་དཀའ་བའོ། །འོ་ན་གཏིང་ནས་རང་མི་རྙེད་དམ་ཞེ་ན། གཏིང་ནས་མི་རྙེད་པའམ་རིགས་ཆད་མ་ཡིན་མོད། རྫོགས་པ་ཆེན་པོ་རང་གནས་སྐབས་སུ། ཤེས་རབ་ཐབས་ལ་བརྟེན་པས་གྲུབ། ཅེས། འཛིན་པ་མེད་པ་ཤེས་རབ་ཀྱི་རྒྱལ་པོ་མ་སྐྱེས་པ་དང་། བྱ་བ་མེད་པ་ཐབས་ཀྱི་རྒྱལ་པོ་མ་འགག་པ་ལ་བརྟེན་ནས། རང་བྱུང་ཡེ་ཤེས་སྐྱེ་འགག་མེད་པའི་དོན་དེ། ཚེགས་མེད་པར་རང་ལ་གྲུབ་པའོ། །དེ་ལྟ་བུའི་དགོངས་པ་ལ་སྐྱོན་བསལ་བ་འདྲའོ། །གསུམ་པ་ནི། མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །ཞེས་མིང་མཐའ་ཚོད་འཛིན་དུ་བསྟན་པའི་རིགས་པ་ཉིད་དེ། གོང་དུ་ཐབས་དང་ཤེས་རབ་གཉིས་སུ་སྨོས་པ་དེ་རང་ཡང་མིང་ཙམ་མམ་ཚིག་གམ་བརྡ་ཙམ་གྱིས་གཞན་ནས་བསྐོར་ཏེ་སྟོན་པ་འདྲ་ཡང་དོན་རང་ལ་རང་བྱུང་དུ་གནས་པའི་ཕྱིར་རོ། །མིང་ཙམ་ཞེས་ཚོད་འཛིན་པའི་ཚིག་ཡིན་པས། ཚིག་རང་རྒྱུད་པའི་ཕྱིར་འབྲངས་ན་དོན་ལས་གོལ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །བཞི་པ་ནི། མངོན་སུམ་བདེ་བ་རང་ལས་འབྱུང་། །ཞེས་པ་ཡེ་ཤེས་ཁོང་ནས་འཆར་བའི་གཏན་ཚིགས་བསྟན་ཏེ། ལར་ཐེག་པ་འོག་མ་པའི་ལུགས་ཀྱིས་དབང་པོའི་མངོན་སུམ་རང་ལས་ཐ་དད་ཀྱི་ཡུལ་འཇལ་བར་བྱེད་པ་ལ། འདིར་ཡེ་ཤེས་ཀྱི་རྣམ་པ་སྒྱུ་མ་ལྷུན་གྲུབ་ཀྱིས་རྒྱུ་འབྲས་རང་ལ་ཡོད་པས་ཡུལ་དུ་མ་བྱས་པ་དང་། ཡིད་ཀྱི་མངོན་སུམ་དབང་པོའི་རྗེས་ལ་སྐྱེ་བ་ལ། འདིར་རང་བཞིན་སྤྲོས་བྲལ་ལྷུན་གྲུབ་ཀྱིས་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ལ་དམིགས་པའི་ཡུལ་དང་བྲལ་བ་དང་། རང་རིག་པའི་མངོན་སུམ་གསལ་རིག་གི་ངོ་བོས་རང་མྱོང་ལྟོས་མེད་དུ་གཅོད་པ་ལ། འདིར་རྫོགས་པ་ཆེན་པོའི་ཆོས་ཉིད་རང་གིས་རིག་པས་མཚན་ཉིད་རང་རིག་ལྷུན་གྲུབ་ཀྱིས། རང་རིག་པའི་རྒྱལ་པོ་དབང་དུ་གྱུར་པ་དང་། རྣལ་འབྱོར་གྱི་མངོན་སུམ་བདག་མེད་ཀྱི་དོན་དང་ཕ་རོལ་གྱི་བཟང་རྟོག་སོགས་སྣང་བ་ཡིན་པ་ལ། འདིར་ཡོངས་རྫོགས་དབྱེར་མེད་ཀྱི་དགོངས་པས་སྐུ་གསུམ་ལྷུན་རྫོགས་སུ་གསལ་བ་རབ་ཏུ་གྱུར་པས་ཚོགས་བརྒྱད་ཀྱི་རྟོག་པ་ཡུལ་མེད་དུ་གྲོལ་ཏེ་ཐིག་ལེ་ཉག་གཅིག་ཏུ་ཤར་བར་མངོན་སུམ་དུ་མཐོང་བས། འབྲས་ཀློང་ལས། ཡུལ་ལ་མཚན་མར་རྟོག་དང་ངར་འཛིན་ཅན། །རྗེས་སུ་མིང་ལ་སྤྲོས་པར་འབྲང་བར་བསླད། །དེ་ཉིད་སྤྲུལ་པར་རོལ་པས་དེ་མཁྱེན་པའི། །ཡེ་ཤེས་ཀུན་ལ་བདེ་བར་ལོངས་སྤྱོད་རྫོགས། །དེ་ཉིད་རྣམ་དག་དམིགས་མེད་ཆོས་སྐུར་གྲོལ། །སྐུ་གསུམ་ལྷུན་གྲུབ་ཀུན་བཟང་ཉག་གཅིག་པོ། །མ་བསླད་མ་བཅོས་མ་སྤངས་མ་བཀག་ཅིང་། །མ་སྦྱངས་མ་བསྒྱུར་མ་བརྩལ་མ་བསྐྱེད་གྲོལ། །ཞེས་གསུངས་པ་ལྟར་མངོན་སུམ་བཞིས་མ་འདྲེས་ཡོངས་རྫོགས་སུ་རྟོགས་པའི་མཐུ་ལ་བརྟེན་ནས་གནས་ལུགས་བྱ་རྩོལ་ལམ་ཟག་པའི་འཕོ་འགྱུར་མེད་པའི་ཆོས་ཉིད་བདེ་བ་ཆེན་པོ་དེ་ཉིད་གཞན་ནས་བརྩལ་བ་མེད་པར་ད་ལྟ་རང་གི་སྣང་གྲགས་ཀྱི་ཆོས་ཝལ་ལེ་ཁྱུག་གེ་བ་རང་ལ་རང་བྱུང་དངོས་གྲུབ་ཤར་བར་གོ་བས་འབྲས་བུ་དམ་པ་ཉིད་འབྱུང་སྟེ། སློབ་དཔོན་ཆེན་པོ་ཤྲི་སིདྷས། །སྒྱུ་མའི་རོ་ལ་མ་ཆགས་པས། །ཆགས་མེད་ཡེ་ཤེས་རྫོགས་པའི་ལམ། །བྱང་ཆུབ་སེམས་ཀྱི་རང་གསལ་འདི། །དངོས་མེད་ཤེས་རབ་ཐབས་ཀྱིས་འགྲུབ། །ཅེས་སོགས་ལྟར་རོ། །དེ་ལྟར་དཔེ་དོན་རིགས་པ་གཏན་ཚིགས་བཞི་ལ་རྒྱས་འདེབས་འདྲའོ།། ༈ །།ད་ནི་སྐབས་བཞི་པ་ལ། སྐབས་ཀྱི་དོན་བསྟན་པ། ཚོགས་དྲུག་ལྷུག་པ་འཆར་བའི་དགོངས་པ་སྐྱེས་བུ་ནད་ཀྱིས་གཟིར་བ་ལྟ་བུར་རང་ལུགས་ཆེན་པོའི་ཀློང་དུ་བསྟན་པ། ཆོས་ཐམས་ཅད་གཉིས་མེད་ལ་རྩོལ་བས་མི་སྒྲུབ་པའི་རིགས་པ་བསྟན་པ། བརྟགས་ན་མི་རྙེད་ཅིང་ངོ་བོ་ཅིར་ཡང་འཆར་བའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། བརྩལ་བ་དང་བྲལ་བའི་སྐབས། ཞེས་ཨ་ནུ་ཡོ་ག་མན་ཆད་ཐེག་རིམ་བརྒྱད་པོ་གཞི་ཕྱོགས་མེད་ལ་ཕྱོགས་སུ་བརྩལ་བས་རང་རང་གི་ལྟ་སྒོམ་སྤྱོད་པ་ལ་ཆེད་དུ་འཛིན་པས། འབྲས་བུ་ལ་ཞེས་འདོད་བྱེད་པ་དེ། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་བྱ་བྲལ་ཀློང་ཆེན་རྩོལ་མེད་ལྷུན་གྲུབ་ཏུ་བརྡ་སྤྲོད་དེ། འོག་མའི་རྩོལ་བ་དེ་ཀུན་དང་བྲལ་བར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། འདུས་མ་བྱས་པའི་ཆོས་ཉིད་དེ། །བཙལ་བ་མེད་པར་གྲུབ་པའི་ཕྱིར། །བརྩལ་དང བྲལ་བའི་སྐབས་ཀྱིས་བསྟན། །ཞེས་སོ། །གཉིས་པ་ནི། ཚིག་བཞིའི་འོག་ནས། སྣང་བ་མེད་པའི་ཆོས་ཉིད་ནི། །ཞེས་འཇུག་པའི་རྣམ་ཤེས་ཚོགས་དྲུག་ཡུལ་དྲུག་ལ་འཇུག་པ་ཉིད། དབང་དྲུག་ཡུལ་དྲུག་སྐུ་དྲུག་ཟང་ཐལ་དུ་ཤར་བས། ཨ་ནུ་མན་ཆད་སྤོང་སྦྱོང་སྒྱུར་བ་སོགས་བྱེད་པ། ཨ་ཏི་ཡོ་ག་སྤྲོ་བསྡུ་གང་ཡང་མི་བྱེད་པས། ཚོགས་དྲུག་ལྷུག་པ་ཡུལ་ལ་ལྡོམ་དུ་བཅུག་པས། ཐམས་ཅད་ནས་ཐམས་ཅད་དུ་ཚོགས་དྲུག་ཡན་པ། ལྷུག་པ། ལྡོམ་པ། ཕྱལ་བ། བློ་བདེ་བར་གནས་པ། ཚོགས་དྲུག་ལྷུག་པར་འཆར་བའི་དགོངས་པ་ཆོས་ཉིད་ཀྱི་ཀློང་ངོ་། །སྐྱེས་བུ་ནད་ཀྱི་གཟིར་བ་ལྟ་བུ་ནི། དཔེར་ན་ནད་ཚབས་པོ་ཆེས་ཐེབས་པའི་སྐྱེས་བུ་ལ། མ་དང་སྲིང་མོ་ལའང་ངོ་ཚ་མི་ཚ་བ་མེད་པར་སྤྱོད་ལམ་ལྷུག་པར་གནས་པ་བཞིན་དུ། རིག་པ་རང་ཡན་ཚུགས་པའི་རྣལ་འབྱོར་པས་སྒོ་གསུམ་ལྷུག་པའི་སྤྱོད་ལམ་ལ། གཉེན་པོ་གང་ཡང་མི་བརྟེན་པར། རང་ལུགས་མ་བཅོས་པའི་ཀློང་དུ་གནས་པར་སྟོན་ཏེ། དེ་ལ་ཡུལ་སེམས་ཐ་དད་པ་མེད་པས་ཆོས་ཐམས་ཅད་གཉིས་སུ་མེད་པ་ལ་བཙལ་ན་མི་འགྲུབ་པའི་རིགས་པ། ཆོ་འཕྲུལ་ཅིར་ཡང་འབྱུང་བ་ལ་བརྟགས་ན་མི་རྙེད་པར་ངོ་བོ་ཅིར་ཡང་འཆར་བའི་གཏན་ཚིགས་སོ། །དེས་ན་སྣང་བ་མེད་པའི་ཆོས་ཉིད་ཕྱོགས་འཛིན་མེད་པའི་དགོངས་པ་ལ། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའི་ལུགས་ཀྱིས་གཞི་ཕྱོགས་འཛིན་དུ་མི་སྣང་། ངོ་བོ་ངེས་མེད་ལ་རོལ་པ་ངོས་གཟུང་མེད། དོན་སྐྱེ་མེད་ལ་མཐར་འཛིན་ནམ་གཉིས་འཛིན་གང་ཡང་མི་སྣང་སྟེ། ཅིར་སྣང་ཐམས་ཅད་རང་སྣང་ལ། །ཅི་ཤར་ཐམས་ཅད་རང་ཤར་ཡིན་པས། གཞན་ཡུལ་དང་ཡུལ་ཅན་གང་ཡང་མེད་པ་ནི་མ་བཅོས་པའི་ཆོས་ཉིད། མི་འགྱུར་བས་འདུས་མ་བྱས་པའོ། །མ་བརྩལ་བཞག་ན་སྒོམ་པ་ཡིན། །ཞེས་རྩོལ་སྒྲུབ་མེད་པའི་དགོངས་པ། སྒོ་གསུམ་ལྷུག་པ། དབང་པོ་རང་ཡན། ཚོགས་དྲུག་ཟང་ཐལ་ལ་མི་མཐུན་པ་དང་གཉིས་སུ་མེད་པར་བརྩལ་བས། ཐམས་ཅད་ནས་ཐམས་ཅད་དུ་ཚོགས་དྲུག་ལྷུག་པ། ལྡོམ་པ། ཡན་པ། ཕྱལ་བ། བློ་བདེ་བར་གནས་པའོ། །ཨ་ཏི་ཡོ་ག་མི་སྒོམ་པའི་བསྒོམ་པ་ཆེན་པོའམ། རིག་པ་སྤྱི་བླུགས་དབང་པོ་རང་ཡན་གྱི་ཀློང་ཆེན་པོ་ཡིན་ནོ། །དེ་ལ་སྐྱོན་བསལ་འདྲ། གསུམ་པ་ནི། དེ་དང་དེར་ནི་རྣམ་པ་བརྩལ་ན། ཞེས་པ། མཉམ་པ་ཉིད་ལ་གཉིས་སུ་འཛིན་ན་འཁྲུལ་པའི་རིགས་པ། འཁོར་འདས་བཟང་ངན་གྱིས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་དབྱེར་མི་ཕྱེད་པ་གཅིག་ལ། འཁོར་བ་ངན་པ་དང་མྱང་འདས་བཟང་པོ་གཉིས་སུ་ཕྱེ་སྟེ། དགག་སྒྲུབ་དང་བླང་དོར་གྱིས་རྩོལ་བ་ལས་འབྲས་བུར་འདོད་པ་ནི། དེ་ལས་དེ་བཞིན་དེ་མི་འབྱུང་། །ཞེས་གཉིས་འཛིན་ཅན་ལ་གཉིས་མེད་མི་འབྱུང་བའི་རིགས་པ་བསྟན་ཏེ། རྩོལ་སྒྲུབ་ཅན་ནམ། གཉིས་འཛིན་ཅན་གྱི་གང་ཟག་གི་ལྟ་སྒོམ་དེ་ལས། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད། ཨ་ཏི་ཡོ་ག་མ་ནོར་མ་བཅོས་པའི་འབྲས་བུ་མི་འབྱུང་བས་བཞི་པ་ནི། སྐབས་ཀྱི་རྩ་ནས། ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཞེས་རང་བྱུང་ཡེ་ཤེས་མ་ངེས་པའི་གཏན་ཚིགས་བསྟན་ཏེ། སྤྱིར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོ་འཕྲུལ་ཆེན་པོ་བཞི་ཡོད་དེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་གདུལ་བྱ་དད་པར་བྱས། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་དད་པ་བདུན་པར་བྱས། ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་འདུན་པ་སྨིན་པར་བྱས། ཆོས་སྣང་བའི་ཆོ་འཕྲུལ་གྱིས་སྨིན་པ་གྲོལ་བར་བྱེད་པ་ནི། འོག་མའི་ཆོ་འཕྲུལ་ཡིན་ཡང་ཆེན་པོ་མིན་ནོ། །དེས་ན་ཆོ་འཕྲུལ་ཆེན་པོ་ནི་དེ་ལས་ཁྱད་པར་དུ་གྱུར་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག། གཞི་ཕྱོགས་མེད་རོལ་པ་ངེས་མེད་དུ་འཆར་བའི་ཆོ་འཕྲུལ་ནི་དཀའ་བ་མེད་དེ། ནམ་མཁའི་ཆོ་འཕྲུལ་ལྟར་འབྱུང་བའི་ཕྱིར་རོ། །འོ་ན་ཆོ་འཕྲུལ་རང་ཇི་ལྟར་འབྱུང་ཞེ་ན། ཡོན་ཏན་ཀུན་ལྡན་སྟོབས་ཀྱི་རྣམས། །ཞེས་ཡོན་ཏན་ཕྱོགས་མེད་དུ་འབྱུང་བའི་གཏན་ཚིགས་བསྟན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆེ་བ་དང་ཡོན་ཏན། སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་པ་ལྔ། མཐུ་དང་རྫུ་འཕྲུལ། དབང་དང་མངོན་ཤེས། སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས། ཇི་བཞིན་རྟོག་པ་ཕྲ་བ་ཡིས། །ཞེས་ཟབ་མོ་དོན་གྱི་གཏན་ཚིགས་བསྟན་ཏེ་ཆེད་དུ་རྩོལ་སྒྲུབ་བྱ་མི་དགོས་པར། ཡེ་ཇི་བཞིན་པ་མ་བཅོས་པའི་ཆོས་ཉིད་ཟབ་ཅིང་ཆ་ཕྲ་བ་དེ། ཇི་ལྟར་རང་ལ་ཡོད་པ་ལྟར་རྟོགས་པ་དེའི་མཐུ་ལས། དེ་མ་ཐག་ཏུ་རང་ལས་འབྱུང་། །ཞེས་འབྲས་བུ་གཞན་ནས་མི་འབྱུང་བའི་གཏན་ཚིགས་བསྟན་ཏེ། ཐེག་པ་འོག་མ་ལྟར་མི་ཚེ་དང་བསྐལ་པ་གྲངས་སུ་བསྒྲངས་ནས་སངས་རྒྱས་པར་མི་འདོད་དེ། ཡེ་གྲོལ་ཆེན་པོར་རྟོགས་པའི་དུས་ན་དེ་མ་ཐག་ཏུ་སངས་རྒྱས་ཀྱི་དགོངས་པ་དང་འབྲས་བུ་རང་ལས་འབྱུང་ངོ་། །དེ་ལ་རྗེས་གདབ་འདྲའོ།། ༈ །།ད་ནི་སྐབས་ལྔ་པ་ལ། སྐབས་ཀྱི་དོན་བསྟན་པ། མྱོང་སྣང་བསྟན་དུ་མེད་པའི་དགོངས་པ་ལྐུགས་པས་བུ་རམ་གྱི་རོ་མྱོང་བ་ལྟ་བུར་བརྗོད་དུ་མེད་པའི་ཀློང་དུ་བསྟན་པ། ཉན་པ་ཐོས་སུ་མེད་པའི་རིགས་པ་བསྟན་པ། བཤད་པས་བརྗོད་དུ་མེད་པའི་གཏན་ཚིགས་བསྟན་པ། ཐིག་ལེའི་ངེས་ཚིག་བཤད་པ་དང་ལྔ་ལས། དང་པོ་ནི། བརྗོད་པ་དང་བྲལ་བའི་སྐབས། ཞེས་དོན་གྱི་ངོ་བོ་འདི་ལྟར་འདུག་བྱ་བའི་སྨྲ་བརྗོད་ཐ་སྙད་ཐམས་ཅད་བྲལ་བ་ལ། རྫོགས་པ་ཆེན་པོའི་རྣལ་འབྱོར་པས། །དེ་ཇི་ལྟར་བ་བཞིན་གོམས་པ་ཀློང་དུ་གྱུར་ནས་ཆོས་ཉིད་སྨྲར་མེད་པའི་ཀློང་ན་རིག་པ་བདེ་བླག་ཆེན་པོར་གནས་པས་དེ་ལྟ་བུའི་དོན་ཟབ་མོ་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། འདུས་མ་བྱས་པའི་ཆོས་ཉིད་དེ། །ཚིག་དང་ཡི་གེས་བརྗོད་མེད་ཕྱིར། །བརྗོད་དང་བྲལ་བའི་སྐབས་ཀྱིས་བསྟན། །ཞེས་སོ། །གཉིས་པ་ནི། མཆོག་ཏུ་གསང་བའི་ཆོས་ཉིད་ནི། །ཞེས་མྱོང་སྣང་གི་ཡུལ་དང་དབང་པོ་ལ་སྣང་བའི་ཆོས་ཐམས་ཅད་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས་ཀྱིས། ཕྱི་ནང་དབྱེ་བསལ་མེད་པར་ཆོས་ཉིད་མཉམ་པ་ཉིད་དུ་རོ་སྟོར་བ་ཡིན་ཏེ། ཆོས་ཉིད་སྨྲ་བརྗོད་དང་བྲལ་བའི་ཀློང་ན་རིག་པ་བདེ་བླག་ཆེན་པོར་གནས་པས་གོ་བ་ཀློང་དུ་གྱུར་ཀྱང་བསྟན་དུ་མ་བཏུབ་སྟེ། ཚིག་ཐམས་ཅད་ནི་མཐའ་ཅན་ནམ་ཐ་སྙད་ཡིན་ལ། དོན་མཐའ་མེད་བརྗོད་དུ་མེད་པ་ཡིན་པས་སྨྲ་བརྗོད་ཐ་སྙད་དང་བྲལ་བའི་དགོངས་པ་ཆོས་ཉིད་ཀྱི་ཀློང་ངོ་། །ལྐུགས་པས་བུ་རམ་གྱི་རོ་མྱོང་བ་ནི་བརྗོད་དུ་མ་བཏུབ་པའི་དཔེ་ཡིན་ཏེ། མངར་བར་ཚོར་ཀྱང་མངར་རོ་ཞེས་བརྗོད་མ་ཤེས་པ་ལྟར་ཆོས་ཉིད་ཇི་བཞིན་པའི་དོན་ཉམས་སུ་མྱོང་བ་ལ་འདི་ཁོ་ནར་འདུག་བྱ་བའི་ཕྱོགས་གཅིག་གང་དུའང་བརྗོད་མ་ཤེས་པས། སྨྲ་བརྗོད་དང་བྲལ་བའི་ཀློང་དུ་བསྟན་པ་ཞེས་བྱ། དེ་ལ་ཕྱི་རོལ་གྱི་དོན་མེད་པས་ཉན་པས་ཐོས་སུ་མེད་པའི་རིགས་པ། ཚིག་གི་ལམ་དང་བྲལ་བས་བཤད་པས་བརྗོད་དུ་མེད་པའི་གཏན་ཚིགས་འབྱུང་ངོ་། །དེས་ན། མཆོག་ཏུ་གསང་བའི་ཆོས་ཉིད་ནི། ཞེས་པ། སྣང་བ་ཅི་ཤར་རང་ལ་ཤར་བར་ཤེས་པས། རང་སེམས་སྐྱེ་འགག་མེད་པ་ཁོང་དུ་ཆུད་པ་དང་། དེ་འཕོ་འགྱུར་མེད་པར་རྟོགས་པ་ནི་བྱང་ཆུབ་མཆོག་གི་ཆོས་ཉིད་ཡིན་ཏེ། ད་གཞན་ཨ་ནུ་མན་ཆད་ཀྱིས་གོ་བར་དཀའ་བས། གསང་བ་རྨད་དུ་བྱུང་བ་མ་བཅོས་གཉུག་མའི་ཆོས་ཉིད་དོ། །དེའི་སྐྱོན་བསལ་ལ་བཟླ་འདྲ། གསུམ་པ་ནི། རྣ་དབང་གཞན་ལས་ཐོས་མི་འགྱུར། །ཞེས་དོན་གཞན་ནས་མི་འབྱུང་བའི་རིགས་པ་སྟེ། ཆོས་ཐམས་ཅད་མཉམ་ཉིད་གཉིས་སུ་མེད་པའི་ཀློང་ལས། ཕྱི་རོལ་གྱི་དོན་དུ་གྱུར་པ་ཅུང་ཟད་ཙམ་ཡང་མེད་པས། ཉན་པ་པོས་རྣ་བའི་དབང་པོ་ལ་བརྟེན་ནས། རང་ལས་མ་གཏོགས་པའི་ཆོས་གཞན་ནས་ཐོས་པར་མི་འགྱུར། དེ་ཅིའི་ཕྱིར་ན། བདག་གཞན་གཉིས་སུ་མེད་པར་ཐམས་ཅད་རང་བྱུང་ཡིན་པའི་ཕྱིར་རོ། །བཞི་པ་ནི། དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། །ཞེས་དང་། དེ་ལ་བརྗོད་དུ་རྡུལ་ཙམ་མེད། །ཅེས་པ་གོང་དུ་བསྙེགས་པའི་ཚིག་ཡིན་ཏེ། གོང་དུ་རྣ་དབང་ལ་བརྟེན་ནས་ཆོས་ཉིད་དེ་རང་ལས་གཞན་ནས་ཐོས་སུ་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ནི་དེ་ལྟར་ལྕེའི་དབང་པོ་ལ་བརྟེན་ནས། དབྱིབས་དང་ཁ་དོག་དངོས་པོ་དང་མཚན་མ་འདི་ལྟ་བུ་ཞིག་འདུག་བྱ་བར་བརྗོད་ཅིང་བསམ་དུ་མེད་དེ། ཆོས་ཉིད་སྨྲ་བརྗོད་མེད་ཅིང་ཚིག་མཐའ་བྲལ་བའི་ཀློང་དུ་རིག་པ་མཐའ་མེད་བདེ་བླག་ཆེན་པོ་གཅིག་ཏུ་གནས་པས་སོ། །ལྔ་པ་ནི། དབྱིངས་ཀྱི་ཐིག་ལེ། ཞེས་པ། དང་པོ་སྣོད་བཅུད་ཀྱི་འབྱུང་ཁུངས་བསྟན་པ་དང་། གཉིས་པ་ཐབས་ཤེས་ཀྱི་བྱུང་ཁུངས་བསྟན་པ། གསུམ་པ་ཆོ་འཕྲུལ་གྱི་བྱུང་ཁུངས་བསྟན་པ། བཞི་པ་དམིགས་པའི་མཐའ་དང་བྲལ་བའི་དབྱིངས་ཏེ། རིག་པ་མུ་མཐའ་མེད་ཅིང་ཆོ་འཕྲུལ་ཟད་མི་ཤེས་པས་དབྱིངས་ལ། མ་སྤྲོས་ཀུན་ལ་ཁྱབ་ཅིང་གྲྭ་དང་ཟུར་མེད་པས་ཐིག་ལེའོ། །ཞེས་པ་སྟེ་རྒྱས་གདབ་འདྲ། ༈ ད་ནི་སྐབས་དྲུག་པ་ལའང་། སྐབས་ཀྱི་དོན་བསྟན་པ། སྙིང་པོ་བྱང་ཆུབ་སེམས་ཀྱི་དགོངས་པ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ལྟ་བུར་ལྷུན་གྱིས་གྲུབ་པའི་ཀློང་དུ་བསྟན་པ། སྣང་བ་བཅུ་བདུན་ཅིར་ཡང་འཆར་བའི་རིགས་པ་བསྟན་པ། ལས་མི་བཙན་པར་ཐམས་ཅད་རང་བྱུང་ཡེ་ཤེས་ཡིན་པའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི་། འགྲོ་བ་ལས་ཀྱིས་མི་འཁོར་བའི་སྐབས། ཞེས་པ། འགྲོ་བ་ནི་ལས་ནས་ལས་སུ་འགྲོ་བའི་འགྲོ་བ་ནི་ངན་སོང་གསུམ་སྟེ། གསད་གཅད་ཀྱི་ལས་ཀྱིས་དམྱལ་བ། སེར་སྣ་དང་འཇུར་འགེགས་ཀྱི་ལས་ཀྱིས་ཡི་དྭགས། རྨོངས་ཤིང་ལུས་མ་བསྟན་པའི་ལས་ཀྱིས་བྱོལ་སོང་སྟེ་ལས་ཟད་པ་འགའ་རེ་གྲོལ་བའང་སྲིད་མཐའ་ཙམ་མོ། །ཕལ་ཆེ་བ་ལས་ནས་ལས་སུའང་འགྲོ་མོད་དེ། སྐལ་བ་ལྡན་པ་རྣམས་ཡེ་ཤེས་ནས་ཡེ་ཤེས་སུ་འགྲོ་བའི་ལས་ནི་ལྷ་དང་མི་སྟེ། སྔར་གྱི་རྒྱུ་ཕྲ་མོའི་ཡེ་ཤེས་དཀར་པོའི་ཕྱོགས་ལ་སྤྱད་པས། ད་ལྟ་ལྷ་མིའི་རྟེན་ཐོབ་ནས་འདི་ལ་སྤྱད་པས་གདམས་ངག་དང་ཕྲད་པས་ཡེ་ཤེས་ཆེན་པོའི་ས་ལའང་བགྲོད་པར་ནོས་སོ། །ཨ་ཏི་ཡོ་ག་ནི། ཐམས་ཅད་དབྱིངས་ནས་ཤར་ཞིར་དབྱིངས་སུ་འགྲོ་བས་ན་འགྲོ་བ་ཟེར་རོ། །ལས་ནི་བག་ཆགས་དབང་བཙན་དུ་བཞག་པ་སྟེ་ཆོས་ཉིད་ཀྱི་རོལ་པ་གོ་ན། ནམ་མཁའ་ཆོ་འཕྲུལ་གྱིས་མ་འགྱུར་བ་ལྟར་ཆོས་ཉིད་ལས་ལོགས་སུ་འཁོར་ཏེ་ལས་དེས་མི་འཁོར་བར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ་འདུས་མ་བྱས་པའི་ཆོས་ཉིད་དེ། སྐྱེ་བ་མེད་པའི་རང་བཞིན་གྱིས། །ཁམས་གསུམ་དག་ཏུ་མི་འཁོར་བས། །ལས་ཀྱིས་མི་འཁོར་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཞེས་སྙིང་པོ་ནི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རྟོགས་པ་ཡིན་ཏེ་ཆོས་ཉིད་ནི་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ལ་བྱ་ཞིང་། བྱང་ཆུབ་སེམས་ནི་སེམས་ཉིད་སྒྲུབ་པའི་ལམ་གྱི་མཚོན་ཚུལ་བླ་ན་མེད་པ་ཡིན་ཏེ། གཞི་ཇི་བཞིན་པར་རྟོགས་པས་འཁོར་འདས་གཉིས་ཀ་རང་སར་གྲོལ་ཏེ་དགོངས་པ་ཆོས་ཉིད་ཀློང་ངོ་། །ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ལྟ་བུ་ནི། ཆོས་ཉིད་ཕྱོགས་མེད་དེས། ཡ་ཐ་སངས་རྒྱས་ཀྱི་ཞིང་ཁམས་ནས། མ་ཐ་དམྱལ་བའི་གྲོང་ཁྱེར་ཡན་ཆད་ལ་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ། བཟང་ངན་དང་ཆེ་ཆུང་། མཐོ་དམན་དང་ཡངས་དོག་མེད་པར་ཕྱོགས་མེད་དུ་ཁྱབ་པ་ལ་བྱ། ལྷུན་གྱིས་གྲུབ་པ་ནི། ཇི་ལྟར་གྲུབ། གང་ལྟར་འདུག་ཀྱང་རྫོགས་པ་ཆེན་པོའི་ཆོས་ཉིད་ལས་མ་འདས་པར་ལྷུན་གྱིས་གྲུབ་པས། ལྷུན་གྲུབ་ཆེན་པོའི་ཀློང་དུ་བསྟན་ནོ། །དེའི་ངོ་བོ་ལ་ངེས་པ་མེད་པས་སྣང་བ་བཅུ་བདུན་ཅིར་ཡང་འཆར་བའི་རིགས་པ། རོལ་པ་རང་རྒྱུད་པ་མེད་པས་ལས་མི་བཙན་པར་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་གཏན་ཚིགས་སུ་བྱུང་ངོ་། །དེས་ན། འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཞེས་སྡུག་བསྔལ་བྱང་ཆུབ་སེམས་སུ་འཆར་བའི་དགོང་པ་བསྟན་ཏེ། ལས་ནས་ལས་སུ་འགྲོ་བའམ་ཡེ་ཤེས་ནམ་ཡེ་ཤེས་སུ་འགྲོ་བའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཐེག་པ་འོག་མ་པས་སེམས་ཅན་རང་རྒྱུད་པ་འདོད་ལ། དེའི་ཕྱིར་སྡུག་བསྔལ་སྤངས་ནས་བདེ་བ་ཐོབ་པར་འདོད་ཀྱང་། དེ་སླར་ལ་སྡུག་བསྔལ་ཉིད་དུ་འགྲོ་བས་ནས་རྫོགས་པ་ཆེན་པོའི་ལུགས་ཀྱི། འགྲོ་བ་རིགས་དྲུག་གི་སེམས་ཅན་ཡེ་ཉིད་ནས་རྡོ་རྗེ་སྙིང་པོར་རང་འཁྲུངས་པའི་སངས་རྒྱས་ཡིན་པས། དེ་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཡོ་ལང་དུ་ཤར་བས། བྱང་ཆུབ་ཀྱི་སེམས་རང་ཤར་རང་གྲོལ་འབའ་ཞིག་གོ། །ཀུན་ཏུ་ཆུབ་པ་རྣམ་པར་རོལ། །ཞེས་རོལ་པ་ཕྱོགས་མེད་དུ་འབྱུང་བའི་དགོངས་པ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་གཞི་ལྷུན་གྱིས་གྲུབ་པའི་ཆོས་ཉིད་དུ་མ་འདུས་པ་མེད་པ་དང་། ངོ་བོ་ངེས་མེད་ཆེན་པོར་ལྷག་མ་མ་ལུས་པར་ཀུན་ཏུ་ཆུབ་པས་བདེ་སྡུག་རང་འཁོར་འདས་གཉིས་སུ་མེད་པ་མཉམ་ཉིད་ཆེན་པོ་ལ་དགག་སྒྲུབ་མེད་པར་རོལ་བ་ལ་ཕྱོགས་རིས་ཀུན་དང་བྲལ་བའོ། །དེ་ལ་བསྐྱོད་པ་མེད་བཞིན་དུ། །ཞེས་པ། རིག་པ་ཡུལ་གྱིས་མི་བསྐྱོད་པའི་དགོངས་པ་བསྟན་ཏེ། ཆོས་ཉིད་བྱང་ཆུབ་སེམས་འགྱུར་བ་མེད་པ་བྱ་བྲལ་གྱི་ཀློང་ཆེན་པོ་དེ་ལ། ལས་དང་བག་ཆགས་ངན་པས་ངན་སོང་དུ་མར་མི་བསྐྱོད། ལས་དང་བག་ཆགས་བཟང་པོས་མཐོ་རིས་སུ་ཡར་མི་བསྐྱོད། བྱང་ཆུབ་སེམས་ལ་མཐོ་དམན་མེད་ཅིང་འཕོ་འགྱུར་བྲལ་བའི་གནད་དེས་ན། ནམ་མཁའི་མཐའ་ལྟར་མཉམ་པར་གནས། །ཞེས་ཀུན་ལ་ཁྱབ་པར་གནས་པའི་དགོངས་པ་བསྟན་ཏེ། ནམ་མཁའ་མཐའ་དབུས་མེད་ཅིང་འཕོ་འགྱུར་དང་བྲལ་བས། འབྱུང་བ་ཆེན་པོ་བཞི་ལ་ཆེ་ཆུང་དང་ཡ་ཡོ་མེད་པར་ཀུན་ཁྱབ་མཉམ་པར་གནས་པ་བཞིན་དུ་བྱ་བྲལ་གྱི་ཀློང་ལྷུན་གྲུབ་ཀྱི་འཇིངས། ནམ་མཁའ་ལྟར་མཐའ་དབུས་དང་འཕོ་འགྱུར་མེད་པ་དེ་ཡིས། སྣང་སྲིད་འཁོར་འདས་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ། ཆེ་ཆུང་བཟང་ངན་དབྲི་བསྣན་མེད་པར་ཕྱོགས་རིས་དང་བྲལ་ཏེ་ཁྱབ་གདལ་མཉམ་པ་ཆེན་པོར་གནས་པས་སོ། །སྐྱོན་བསལ་འགྲེའོ། །གསུམ་པ་ནི། ཁྱད་པར་ཅིར་ཡང་མཚུངས་པ་ལ། །ཞེས་གཞི་ཕྱོགས་མེད་ལྷུན་གྱིས་གྲུབ་པར། རྐྱེན་ཕྱོགས་མེད་ངེས་པ་བྲལ་བ། འདོད་པ་ཕྱོགས་མེད་སྣང་ཚུལ་ཐ་དད་དུ་ཤར་བ་ལ། རང་གི་སྣང་བ་དག་གི་ཁྱད་པར་གྱིས། དམྱལ་བ་ལ་མེ་ཆུ་དང་བཙོ་སྲེག །ཡི་དྭགས་ན་རྣག་ཁྲག །བྱོལ་སོང་ལ་བཀོལ་སྤྱོད། ལྷ་མིན་ལ་འཐབ་རྩོད། ལྷ་ལ་ལྟུང་བ་དང་འདོད་ཡོན། མི་ལ་འབྱུང་བ་རང་ག་མ་འདི། མུ་སྟེགས་ལ་རྟག་ཆད་གཉིས། ཉན་ཐོས་ལ་ཡུལ་སེམས། རང་རྒྱལ་ལ་རྟེན་འབྲེལ། བྱང་སེམས་ལ་བདེན་གཉིས། ཀྲི་ཡ་ལ་རིགས་གསུམ་ལྷའི་དཀྱིལ་འཁོར། ཨུ་པ་ཡ་ལ་ལྟ་སྤྱོད་གོང་འོག། ཡོ་གར་ལྷ་དང་ལྷ་མོ། མ་ཧཱ་ལ་ཐབས་དང་ཤེས་རབ། ཨ་ནུ་ལ་དབྱིངས་དང་ཡེ་ཤེས། ཨ་ཏི་ཡོ་གར་ལྷུན་གྲུབ་ཕྱོགས་མེད་དུ་སྣང་བ་བྱང་ཆུབ་ཀྱི་སེམས་གཅིག་ལས་སྣང་བ་བཅུ་བདུན་ཅིར་ཡང་ཤར་ཞིང་གོང་འོག་གི་ཁྱད་པར་ཅིར་ཡང་མཚུངས་པ་ལ་བྱའོ། །བཞི་པ་ནི། ལས་སོ་ཞེས་ནི་རྣམ་པར་བརྟགས། །ཞེས་གཞི་ལྷུན་གྲུབ་ངོ་བོ་ངེས་མེད་རོལ་པ་ཕྱོགས་མེད་དུ་ཤར་བས་ན། ལས་ཡིན་ཞེས་པ་རྣམ་པར་བརྟགས་ཞེས་བྱའོ། །གང་གིས་བརྟགས་ན། ཨ་ནུ་མན་ཆད་ཀྱི་ཐེག་པ་འོག་མ་དང་། སོ་སོ་སྐྱེ་བོས་བརྟགས། དེས་ན་ལས་རང་རྒྱུད་པར་མི་བདེན་པས་སུན་དབྱུང་བའི་ཕྱིར། ཅི་སྟེ་ལས་ཀྱིས་དབང་འགྱུར་ན། །ཞེས་འགལ་བ་ཆམ་ལ་དབབ་པའི་གཏན་ཚིགས་བསྟན་ཏེ། ཅི་སྟེའམ་གལ་ཏེ་བརྒྱ་ལམ་ན། ཐེག་པ་འོག་མ་པ་དང་སྐྱེ་བོ་རྣམས་ཀྱིས་བརྟགས་པ་བཞིན་དུ། སེམས་ཀྱི་ཆོས་ཉིད་རྒྱུ་རྐྱེན་དང་བྲལ་བ་དེ་རྒྱུ་རྐྱེན་གློ་བུར་བས་བསྐྱེད་པའི་ལས་ཀྱི་དབང་དུ་འགྲོ་ན། རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་རྒྱུ་རྐྱེན་གཞན་ལ་མི་ལྟོས་པའི་ཕྱིར། རང་བྱུང་ཡེ་ཤེས་བྱ་བ་གཏན་མེད་པའི་སྐྱོན་དུ་འགྲོ་སྟེ་གཅིག །ལས་ཉི་ཚེ་བས་འཁོར་བས། ངན་སོང་དང་འཁོར་བ་རིགས་ཆད་དུ་འགྲོ་བའི་སྐྱོན་ཏེ་གཉིས། ལས་ངན་དུ་སོང་བས་རྒྱལ་བས་ཐུགས་རྗེས་མི་འདྲོངས་བའི་སྐྱོན་ཏེ་གསུམ། ཚིགས་འགལ་བས་སྐབས་དོན་རང་སུབ་ཏུ་འགྲོ་བའི་སྐྱོན་ཏེ་བཞི་འབྱུང་ངོ་། །འོ་ན་ལས་མི་བདེན་ན་ཨ་ཏི་ཡོ་ག་རང་བྱུང་གི་བདེ་བ་དེ་ཉིད་ཇི་ལྟ་བུ་ཞིག་ངེས་ཤེས་ན། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། ཞེས་རྒྱུ་རྐྱེན་དང་བྲལ་བའི་གཏན་ཚིགས་བསྟན་ཏེ། རང་གི་རིག་པ་བྱང་ཆུབ་ཀྱི་སེམས་དེ། དུས་གསུམ་དུ་འདུས་མ་བྱས་པ་རང་བྱུང་བས། རྒྱུ་ཉིད་ནི་རྡོ་རྗེ་དང་འདྲ་སྟེ་སྐྱེ་བ་མེད་ལ། ངོ་བོ་ཅིར་ཡང་འཆར་ཞིང་གཉེན་པོས་གཞིགས་སུ་མེད་པས་རྐྱེན་རྡོ་རྗེ་དང་འདྲ་སྟེ་འཇིགས་པ་མེད་དོ། །དེས་ན། མ་སྐྱེས་པས་ན་འཇིག་པ་མེད། །ཅེས་སྐྱེ་འཇིག་མེད་པའི་གཏན་ཚིགས་བསྟན་ཏེ། སེམས་ཉིད་དེ་དང་པོ་སྐྱེ་བའི་གཞི་མེད་དེ་རྒྱུ་ལས་མ་སྐྱེས་པས། ཐ་མ་འགྲོ་བའི་ལམ་མེད་དེ། གཉེན་པོས་འཇིག་པ་མེད་པར་མི་འགྱུར་བར་གནས་སོ། །དེ་ཅིའི་ཕྱིར་ན། གདོད་ནས་སྙིང་པོ་བྱང་ཆུབ་ལ། །ཞེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་གདོད་མ་ཉིད་ནས་རྒྱུ་རྐྱེན་ལས་མ་བྱུང་བས། རྡོ་རྗེ་སྙིང་པོར་རང་འཁྲུངས་པའི་སངས་རྒྱས་སྙིང་པོ་བྱང་ཆུབ་སེམས་མ་བཅོས་པའི་རང་བཞིན་ཡིན་པ་ལ། བརྩལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཅེས་འཕོ་འགྱུར་མེད་པའི་གཏན་ཚིགས་བསྟན་ཏེ། ཨ་ནུ་ཡོ་ག་མན་ཆད་ཀྱིས། རང་རང་གི་ལམ་ལྟ་བ་དང་སྒོམ་པ་ལ་ཆེད་དུ་བརྩལ་བས་ཡུལ་དང་ཡུལ་ཅན་དུ་འཛིན་པའི་སེམས་དེས། དབྱིངས་སྐྱེ་འགག་མེད་ཅིང་མུ་མཐའ་དང་བྲལ་བ་དེའི་དོན་ཇི་ལྟར་བར་གཏན་ལ་འབེབས་ག་ལ་ནུས་ཏེ། ཕྱོགས་གཅིག་ཙམ་ཡང་བསྐྱོད་པར་མི་ནུས་པས། ངོ་བོ་དམིགས་སུ་མེད་ཅིང་དོན་འཕོ་འགྱུར་དང་བྲལ་བར་གནས་སོ། །དེ་རྣམས་ཀྱི་རྒྱས་འདེབས་འདྲ།། ༈ །།ད་ནི་སྐབས་བདུན་པ་ལ། སྐབས་ཀྱི་དོན་སྟོན་པ། རྣམ་པར་རྟོག་པ་ཡེ་ཤེས་སུ་ལྡང་བའི་དགོངས་པ་མེ་ལ་ཤིང་བསྣན་པ་ལྟ་བུར་རང་གྲོལ་ཆེན་པོའི་ཀློང་དུ་བསྟན་པ། བརྟགས་ན་མི་རྙེད་ཅིང་རྣམ་པར་རྟོག་པར་འགྱུར་བའི་རིགས་པ་བསྟན་པ། རྒྱུ་འབྲས་དགེ་སྡིག་ལ་མི་གནས་པའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། རྩོལ་སེམས་དང་བྲལ་བའི་སྐབས། ཞེས་ཐེག་པ་འོག་མ་པ། རང་རང་གི་ལམ་ལྟ་སྒོམ་སྤྱོད་པ་འབྲས་བུ་རེ་བར་བྱས་ནས་སོ་སོར་རྩོལ་བ་དང་། ཨ་ཏི་ཡོ་ག་བྱ་བྲལ་གྱི་དོན་གོ་བས་རྩོལ་སེམས་དེ་རྣམས་དང་བྲལ་བར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ཉིད་བརྩལ་བ་མེད་པ་ལ། །བརྩལ་བའི་གོལ་སྒྲིབ་བསྟན་པའི་ཕྱིར། །བརྩལ་སེམས་བྲལ་བའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། ཡོན་ཏན་ཆེན་པོའི་བསམ་གཏན་ནི། །ཞེས་དེ་ཡང་བྱིང་བའི་རྟོག་པ་འཐིབས་པ་དང་། རྒོད་པའི་རྟོག་པ་འཕྲོ་བ་དང་། །འཛིན་པའི་རྟོག་པ་མ་རིག་པ་སྟེ། དེ་ལ་སོགས་པའི་རྣམ་རྟོག་ཇི་ལྟར་ཤར་ཡང་། རང་བྱུང་ཡེ་ཤེས་སུ་རང་ཤར་བས། གྲོལ་ཡང་རང་བྱུང་ཡེ་ཤེས་སུ་གྲོལ་ཏེ་རྣམ་རྟོག་ཡེ་ཤེས་སུ་ལྡང་བ་དགོངས་པ་ཆོས་ཉིད་ཀྱི་ངང་ངོ་། །མེ་ལ་ཤིང་བསྣན་པ་ལྟ་བུ་ནི། མེ་ལ་ཤིང་བསྐྱུར་བས་མེའི་གྲོགས་སུ་འགྲོ་བའམ། ཁ་ཆར་ཆུའི་གྲོགས་སུ་འགྲོ་བ་བཞིན་དུ། རྣམ་པ་རྟོག་པ་ཅི་སྐྱེས་པ་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ཡིན་ཏེ། ཡེ་ཤེས་སུ་ཀློང་ནོལ་བས་རང་གྲོལ་ཆེན་པོའི་ཀློང་ངོ་། །དེ་ལ་ཕྱོགས་གཅིག་པར་བརྟགས་ན་མི་རྙེད་ཅིང་རྣམ་རྟོག་ཏུ་འགྱུར་བའི་རིགས་པ་རྟོག་དང་མ་རྟོགས་ཁྱད་མེད་པས་དགེ་སྡིག་ལ་མི་གནས་པའི་གཏན་ཚིགས་སོ། །དེས་ན། ཡོན་ཏན་ཆེན་པོའི་བསམ་གཏན་ནི། ཞེས་པ་ཡང་དག་རྒྱུན་ཆད་མེད་པའི་དགོངས་པ་བསྟན་ཏེ། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་གང་ལའང་སྐྱོན་ཡོན་དུ་མི་ལྟ་བས་ཐམས་ཅད་ཡོན་ཏན་ཆེན་པོ་རང་བྱུང་ཡེ་ཤེས་ཀྱི་བསམ་གཏན་དང་དུས་རྒྱུན་དུ་འབྲལ་བ་མེད་པས་ཡོན་ཏན་ཤིན་ཏུ་ཆེ་སྟེ་རྣམ་རྟོག་གློ་བུར་དུ་བྱུང་ཡང་། རང་བྱུང་རང་ཞིར་སེལ་བའོ། །འོ་ན་དེ་ལ་ཡུལ་དང་ཡུལ་ཅན་དང་ཆེད་དུ་བསམ་རྒྱུ་ཡོད་དམ་སྙམ་པ་ལ། བསམ་གཏན་ཉིད་པས་བསམ་དུ་མེད། ཅེས་ངོ་བོ་དམིགས་སུ་མེད་པའི་དགོངས་པ་བསྟན་ཏེ། བསམ་གཏན་ཉིད་ནི་མཉམ་པ་ཉིད་ཀྱི་དོན་ཡིན་པས། དེ་ལ་ཡུལ་དང་ཡུལ་ཅན་དུ་བསམ་དུ་མེད་པ་ནི་ཡང་དག་པའི་བསམ་གཏན་ཡིན་ལ། དམིགས་གཏད་དང་མཚན་མ་ཅན་དུ་བསྒོམ་དུ་མེད་པ་དེ་ཉིད་ཡང་དག་པའི་སྒོམ་པ་ཡིན་པས། དེས་ན། མ་བསམ་མ་སྦྱངས་ཆོས་བཞིན་དུ། །ཞེས་རྣལ་མ་རང་ལུགས་ཀྱི་དགོངས་པ་བསྟན་ཏེ། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོས་ཨ་ནུ་པ་ཡོ་ག་བཞིན་དུ་ཆོས་ཉིད་དུ་མ་བསམ་དབུ་མ་པ་བཞིན་དུ་རྣམ་རྟོག་ཡེ་ཤེས་སུ་མ་སྦྱངས་པར། སེམས་ཉིད་མ་བཅོས་པའི་རྣལ་མ་ཆོས་བཞིན་དུ་འདུག་པ་རང་ལས། རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། །ཞེས་པ་རྣམ་རྟོག་ཡེ་ཤེས་སུ་ལྡང་བའི་དགོངས་པ་བསྟན་ཏེ། རང་གི་བློ་ལ་བཟང་རྟོག་ངན་རྟོག་ཅི་འགྱུས་པ་ཐམས་ཅད། ཆོས་ཉིད་ཀློང་རྡོལ་ཡེ་ཤེས་རང་བྱུང་ལ་ཉམས་མྱོང་ཕྱོགས་མེད་དུ་སྐྱེ་བའོ། །དེའི་སྐྱོན་བསལ་འདྲ། གསུམ་པ་ནི། ཕྲ་བའི་སྒོ་མོར་མིང་བཏགས་ཤིང་། །ཞེས་པ་ཉན་ཐོས་ཀྱི་འདོད་པ་རྣམ་པར་རྟོག་པར་འགྱུར་བའི་རིགས་པ་བསྟན་ཏེ། འཕགས་པ་ཉན་ཐོས་པའི་ལུགས་ཀྱིས། རྡུལ་ཆ་མེད་རྫས་གྲུབ་དོན་དམ་དུ་ཡོད་པ་དེ། གཟུགས་ཅན་རིགས་པ་སྐྱེད་པའི་སྒོ་མོར་མིང་འདོགས་སོ། །དེ་ཡང་ཇི་ལྟར་ན། ཉན་ཐོས་བྱེ་བྲག་པའི་ལུགས་ཀྱིས་ནང་གི་ཤེས་པ་ལས་ཕྱི་རོལ་གྱི་དོན་ལོགས་ན་ཡོད་པར་འདོད་དེ། དབུས་རྡུལ་ཟླུམ་པོ་ཆ་མེད་ལ་མཐའ་ཡི་རྡུལ་གྱིས་བསྐོར་བ་བར་དང་བཅས་པར་འཛིན་བྱེད་ཀྱི་རླུང་གིས་བཟུང་ནས་ཡོད་པར་འདོད། མདོ་སྡེ་པའི་ལུགས་ཀྱིས། གོང་བུ་མ་འབྱར་ལ་བར་མེད་པར་རེག་པས་དཔེར་ན་རྩིག་པ་ལྟ་བུར་འདོད་དེ། ནང་གི་ཤེས་པ་དང་ཡུལ་དང་ཡུལ་ཅན་དུ་འབྲེལ་ཏེ་རྣམ་པ་དང་སྐད་ཅིག་འདབ་འབྱར་གྱི་ཚུལ་དུ་ལྐོག་ན་མོར་བཞེད་དོ། །སེམས་ཀྱི་དབེན་པའི་ལམ་འཚོལ་ཞིང་། །ཞེས་དབུ་མའི་འདོད་པ་ཐམས་ཅད་རྟོག་པ་ཡིན་པའི་རིགས་པ་བསྟན་ཏེ། ཐེག་པ་ཆེན་པོ་དབུ་མ་པ། ཕྱི་ནང་གཟུང་འཛིན་གྱི་འཁྲུལ་པ་ལས་དབེན་པར་བྱ་བའི་ཕྱིར་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམས་ནས་ལམ་མཚོལ་ལོ། །དེའང་ཕྱི་རྣམ་པ་དབེན་པའི་ཏིང་ངེ་འཛིན་ཉན་ཐོས་ལ་སོགས་པས་ཡུལ་རྫས་སུ་བརྟགས་པ་ལ། གཅིག་དང་དུ་བྲལ་སོགས་ཀྱིས་གཞལ་ཏེ། རང་བཞིན་མེད་པར་བསྒོམས་པས་དངོས་ཡུལ་ལས་དབེན་པ་དང་། ནང་རྒྱུ་འབྲས་དོན་དམ་དུ་འཛིན་པ་ལ། རྡོ་རྗེ་གཟེགས་མ་ལ་སོགས་པས་གཞལ་ཏེ། མི་རྟོག་པའི་ཏིང་ངེ་འཛིན་སྤྲོས་པའི་མཚན་མ་ཐམས་ཅད་ལས་དབེན་པའི་ལམ་དུ་བསྒོམ་པ་ནི། དགོན་པའི་རྒྱུད་དུ་དབེན་འཛིན་ན། །ཞེས་དེར་མ་ཟད་སྔགས་ཕྱི་ནང་གི་རིགས་པས་རྩོལ་བ་རྣམས་རྟོག་པར་འགྱུར་བའི་རིགས་པ་བསྟན་ཏེ། ལར་ནི་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས་ཀྱིས། ཁྲོམ་གྱི་ནང་ན་འདུག་ཀྱང་རུང་། གཅིག་པུར་འདུག་ཀྱང་རུང་། སེམས་ཉིད་དོན་དང་མ་བྲལ་བས་དགོན་གནས་མེད་ཀྱང་ཆོག །དེ་ལྟར་མ་གོ་ན་དགོན་གནས་རང་ཡང་རྣམ་རྟོག་ཡིན་པས། གསང་སྔགས་ཕྱི་ནང་གི་སྒོར་ཞུགས་པ་རྣམས་ཀྱིས་ཕྱི་ནང་གི་གཟུང་འཛིན་ནམ། འདུ་འཛི་ལས་དབེན་པར་བྱ་བའི་ཕྱིར། སྒྲ་ཡི་ཚེར་མ་དང་། ལྷ་འདྲེ་གདུག་པ་ཅན་གྱི་རྒྱུ་སྲང་མེད་པ། སྐྱེ་བོ་ཕལ་མོ་ཆེས་མི་སླེབ་པའི་དགོན་གནས་དབེན་པའམ། རི་རྒྱུད་བཟང་པོ་ལྷུན་སྡུག་པའི་ས་བཟུང་ནས། གཟུགས་བརྙན་གྱི་དཀྱིལ་འཁོར་བཞེངས། རྡུལ་ཚོན་གྱི་དལ་བྲིས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་མོ། །བརྟགས་ན་རྣམ་པར་རྟོག་འགྱུར་སྒོམ། །ཞེས་པ། དེ་ཡོ་ལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གས་ཡས་ནས་མར་བལྟས་ན། ཨ་ནུ་མན་ཆད་རྟོག་པའི་གཉེན་པོར་མི་རྟོག་པ་སྒོམ་པ་དེ་རང་བཟང་རྟོག་གིས་འཆིང་བ། རྟོག་པ་ཉིད་འཁྲུལ་དུ་སོང་བ་ཡིན་ནོ། །བཞི་པ་ནི། རྒྱུ་དང་འབྲས་བུར་མིང་བཏགས་ནས། །ཞེས་པ། སྤྱིར་ན་ཐེག་པ་འོག་མ་པའི་ལུགས་ཀྱིས། རྒྱུ་དགེ་སྡིག་ལ་སྤྱོད་པའི་དབང་གིས་འབྲས་བུ་མཐོ་རིས་དང་ངན་སོང་སོ་སོར་འབྱུང་བར་འདོད་ཅིང་མིང་འདོགས་པ་དང་། སྒོས་འཕགས་པ་རང་རྒྱལ་བས། རྒྱུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་བྱུང་བས། འབྲས་བུ་འཁོར་བ་གྲུབ་པའི་ཚུལ་དུ་འདོད་པ་དང་། རྒྱུ་རྟེན་འབྲེལ་ལུགས་ལས་བཟློག་པས། །འབྲས་བུ་མྱང་འདས་ཀྱི་ས་ལ་འགྲོ་བའི་མིང་འདོགས་པའོ། །དེ་ལ་མི་གནས་པར་ལ་བཟླ་སྟེ། དགེ་སྡིག་གཉིས་ཀ་རྣམ་པར་སེལ། །ཞེས་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའི་རྣལ་འབྱོར་བས། ཐིག་ལེ་ཉག་གཅིག་ལ་སྐྱེ་ཤི་འཕོ་འགྱུར་མེད་པར་གོ། །ལས་ཀྱི་སྐྱེ་རྐང་ཆོག །བག་ཆགས་གཏན་ནས་སྤྲུགས། རྣམ་སྨིན་དཔྱིས་ནས་ཕྱུང་། རྒྱུ་དྲུག་ལམ་ནས་བཟློག །མཐོ་རིས་དང་ངན་སོང་དུ་སྐྱེ་ས་མེད། རིག་པ་རང་ས་ཟིན་པས། དགེ་བ་ལ་ཕན་དུ་རེ་བ་དང་། སྡིག་པ་ལ་གནོད་དུ་དོགས་པ་གྲོལ་ཏེ། དགེ་སྡིག་གཉིས་མེད་མཉམ་ཉིད་ཆེན་པོ་ཆོས་ཀྱི་སྐུའི་ཀློང་དུ་འདི་ཀ་ལྟར་ཤར་བས་རང་ཤར་ལ། འདི་ཀ་ལྟར་རང་གྲོལ་བས་རང་གྲོལ་ཏེ་མཉམ་པ་ཉིད་དུ་སེལ་བས། སྤྱི་གཅོད་ལས། དོན་རྟོགས་རང་དུ་གོ་བ་ཡི། །གདེངས་སུ་ཆོས་ཉིད་འདི་འཆང་ན། །དེ་ལ་སྒོམ་སྒྲུབ་དགེ་བའི་ཆོས། །དཀར་པོའི་ཕྱིར་དང་སྡིག་ཏུ་མཉམ། །ཞེས་རིགས་པ་རང་སྟོབས་ཀྱིས་དགེ་སྡིག་གི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལ་ཟློ་བའོ། །འཇིག་རྟེན་འདི་ལས་འབྱུང་ངོ་ཞེས། །ཞེས་ལས་འབྲས་གཙོར་འཛིན་པའི་གཏན་ཚིགས་རང་ལོག་གི་ཚུལ་ཡིན་ཏེ། དེ་ལྟར་མགོ་བའི་ཐེག་པ་འོག་མ་པ་ལ། ལས་དགེ་བའི་ཆ་ཙམ་ལ་བརྟེན་ནས་ཀྱང་། འཇིག་རྟེན་ལས་བྱུང་བའི་འབྲས་བུ་ཐོབ་པར་འདོད་ལ། འཇིག་རྟེན་ལས་ཡར་འབྱུང་བའི་འབྲས་བུ་ནི་དགྲ་བཅོམ་པའི་གོ་འཕང་ལྟ་བུ་སྟེ། སྲིད་པའི་རྩེ་མོ་མན་ཆད་ཟེངས་འཇིགས་པའི་དུས་ན། འདོད་པ་ཆེན་པོའི་ས་ལ་གནས་པས་དེས་མི་འཇིགས་པ་འཇིག་རྟེན་པའི་འབྲས་བུ་ལས་ཡར་ངེས་པར་འབྱུང་བའོ། །ཞེའོ། །བླང་དོར་བྲོད་པ་མཆོག་ཏུ་བསྐྱེད། །ཅེས། དེ་ནི་བྲོད་པས་མདུན་བསུ་བའི་གཏན་ཚིགས་ཏེ། དེས་ན་འོག་མ་པ་དཀར་པོ་དགེ་བའི་ཆོས་སྤྱོད་དུ་བླང་དགོས། ནག་པོ་མི་དགེ་བའི་ཕྱོགས་རྒྱབ་ཏུ་དོར་དགོས་ཟེར་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་གནས་སྐབས་ཀྱི་འབྲས་བུར་འཛིན་པ་དེ་བླང་དོར་གཉིས་འཛིན་དང་མ་བྲལ་བས། ཨ་ཏི་ཡོ་ག་བླང་དོར་མེད་པའམ། ཕྱོགས་མེད་བྱ་བྲལ གྱི་དོན་ལས་གོལ་བ་ཡིན་ནོ། །དེའི་རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་བརྒྱད་པ་ལའང་། སྐབས་ཀྱི་དོན་བསྟན་པ་བདེན་པ་དབྱེར་མེད་ཀྱི་དགོངས་པ་བྲག་ཆ་ལྟ་བུར་ངོ་བོ་མ་གྲུབ་པའི་ཀློང་དུ་བསྟན་པ། ཆོས་ཐམས་ཅད་གཉིས་སུ་མེད་པས་ཕྱོགས་སུ་རྒྱ་མ་ཆད་པའི་རིགས་པ་བསྟན་པ། དེ་ཉིད་རྣ་བརྒྱུད་ཡིན་པར་ངེས་པའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། གཉིས་སུ་མེད་པ་སྐྱོན་དང་བྲལ་བའི་སྐབས། ཞེས་གཉིས་སུ་མེད་པ་ནི་ཐིག་ལེ་ཉག་གཅིག །བདག་གཞན་འཁོར་འདས་གཉིས་སམ། ཕྱི་ནང་རྟག་ཆད་གཉིས་སམ། ཡུལ་སེམས་འཁྲུལ་གྲོལ་གཉིས་སོགས་གང་ཡང་གཉིས་སུ་མེད་དེ། རྒྱུ་ཆོས་ཉིད། རྐྱེན་རོལ་པ། འབྲས་བུ་རང་བྱུང་ཡེ་ཤེས་སུ་གཅིག་སྟེ། གཉིས་སུ་མེད་པ་ལ་འོག་མ་པ་ཐ་དད་དུ་འཛིན་པ་ནི་མཉམ་པ་ཉིད་ལ་གཉིས་སུ་ལྟ་བའི་སྐྱོན་ཡིན་ལ། ཨ་ཏི་ཡོ་ག་སྣང་སྲིད་འཁོར་འདས། ཡོད་མེད་རྟག་ཆད་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཉམ་ཉིད་ཆེན་པོའི་རང་བཞིན་ལ་གཉིས་སུ་མེད་པས། མཐའ་རུ་འཛིན་པའི་སྐྱོན་ཐམས་ཅད་དང་བྲལ་བར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། འདུས་མ་བྱས་པའི་ཆོས་ཉིད་དེ། །བྱང་ཆུབ་སེམས་སུ་གཅིག་པའི་ཕྱིར། །གཉིས་མེད་སྐྱོན་བྲལ་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། ཆགས་དང་མ་ཆགས་ཚིག་གི་ལམ། །ཞེས་ཐེག་པ་འོག་མ་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བརྟགས་པ་དང་། དེ་ལ་རང་བཞིན་མེད་པས་དོན་དམ་བདེན་པར་བཏགས་པ་ལ་སོགས་པ་དེ། ཨ་ཏི་ཡོ་ག་ལྟ་བ་དབྱེར་མེད་དོ། །ཞེས་བྱའོ། །གང་དུ་དབྱེར་མེད་ན་གཞི་ལྷུན་གྲུབ་ངོ་བོ་ངེས་མེད་དོན་སྐྱེ་མེད། བདག་ཉིད་ཐོག་ཐ་དང་བྲལ་བར་དབྱེར་མེད་པས། མཉམ་པ་ཉིད་ལ་དགག་སྒྲུབ་མེད་ཅིང་དབྱེ་རུ་མེད་པས་དགོངས་པ་ཆོས་ཉིད་ཀྱི་ཀློང་ངོ་། །བྲག་ཆ་ལྟ་བུ་ནི། གྲག་ཙམ་ཉིད་ན་རང་བཞིན་མེད་དེ་གློ་བུར་དུ་འབྱུང་བ་བཞིན། རྒྱུ་རྐྱེན་དུ་བཏགས་པ་ཐམས་ཅད་གློ་བུར་བ་ཡིན་ཏེ། ཆོས་ཉིད་འདི་ཡིན་གྱི་ངོ་བོར་མ་གྲུབ་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ཤར་རང་གྲོལ་གྱི་ཀློང་ངོ་། །དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པས། ཕྱོགས་སུ་རྒྱ་མ་ཆད་པའི་རིགས་པ་དེ་ཁོ་ན་ལུང་དང་མན་ངག་གི་གྲུབ་པས་གཞི་རྒྱུ་ཡིན་ངེས་པའི་གཏན་ཚིགས་འབྱུང་ངོ་། །དེས་ན། ཆགས་དང་མ་ཆགས་ཚིག་གི་ལམ། །ཞེས་ཆགས་པ་ཀུན་རྫོབ་ཀྱི་བདེན་པ་དང་འཁོར་བའི་ཆོས། མ་ཆགས་པ་དོན་དམ་བདེན་པའམ་ཞི་བ་མྱང་འདས། དེ་གཉིས་ཀ་ཨ་ཏི་ཡོ་ག་ལྟར་ན། ཚིག་གི་ལམ་སྟེགས་ཙམ་ཡིན་ཏེ། དངོས་གཞི་ལ་མེད་པའི་ཕྱིར་རོ། །དབུ་མ་བཞིན་ཏེ་བྲག་ཆ་འདྲ། །ཞེས་པ་རང་དཔེ་རང་གིས་བྱེད་པའི་དགོངས་པ་བསྟན་ཏེ། དཔེར་ན་བྲག་ཆ་གྲག་ཙམ་རང་བཞིན་མེད་པ་བཞིན་དུ། འཁོར་འདས་ལྟར་ཤར་ཡང་དེ་ལ་རང་བཞིན་མེད་པ་དང་། བདེན་གཉིས་སུ་བཏགས་ཀྱང་དེ་ལ་གདགས་གཞི་མེད་པ་དང་། མིང་ཐམས་ཅད་གློ་བུར་བ་ཡིན་པའི་ཕྱིར་དབུ་མ་ཆེན་པོ་རྩོལ་བ་དང་བྲལ་བར་རང་བཞིན་མེད་པ་དང་། བྲག་ཆ་གྲག་ཙམ་ན་ངོ་བོ་སྟོང་པ་གཉིས་འདྲ་བའི་དཔེ་རུ་བསྟན་པའོ། །དེ་རྣམས་ཀྱི་སྐྱོན་བསལ་དང་ལ་བཟླ་འདྲ། གསུམ་པ་ནི། བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། །ཞེས་པ་མྱ་ངན་ལས་འདས་པའི་བདེ་བ་དང་། འཁོར་བའི་སྡུག་བསྔལ་གཉིས་ཀ་གར་མཐུན་རྒྱུ་ཆོས་ཉིད། རྐྱེན་རོལ་པ། འབྲས་བུ་རང་བྱུང་ཡེ་ཤེས་སུ་ཆོས་མཐུན་པ་ཞེས་གཉིས་སུ་མེད་ཅིང་མཉམ་ཉིད་ཆེན་པོར་ལྟའོ། །བཞི་པ། འགྲོ་བའི་མགོན་པོ་སེམས་དཔས་གསུངས། །ཞེས། འོ་ན་འཁོར་འདས་སམ་བདེ་སྡུག་གཉིས་པོ་རྒྱུ་མཐུན་དུ་སུས་གསུངས་ཤེ་ན། འགྲོ་བ་ཉོན་མོངས་པས་ཁྲིད་པ་རྣམས་ཀྱི་སྐྱབས་སམ་མགོན་ནམ་དཔུང་གཉེན་ལྟ་བུར་གྱུར་པའི་རྒྱལ་མཆོག་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་གསུངས་ལ། རྡོ་རྗེ་སེམས་དཔས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་གསུངས་ཏེ་རིམ་པར་བརྒྱུད་དོ། །དེ་རྣམས་ཀྱི་རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་དགུ་པ་ལའང་། སྐབས་ཀྱི་དོན་བསྟན་པ། དུག་གསུམ་ལམ་དུ་ཁྱེར་བའི་དགོངས་པ་རྨ་བྱས་བཙན་དུག་ཟོས་པ་ལྟ་བུར་ཡོན་ཏན་ཆེན་པོའི་ཀློང་དུ་བསྟན་པ། གང་ཡང་མ་སྤངས་ལ་སྐྱོན་གྱིས་མ་གོས་པའི་རིགས་པ་བསྟན་པ། ཆོས་ཐམས་ཅད་ཅི་ཡང་མ་ཡིན་པས་ངེས་མེད་དུ་འཆར་བའི་གཏན་ཚིགས་བསྟན་པ། ཐིག་ལེའི་ངེས་ཚིག་བསྟན་པ་དང་ལྔ་ལས། དང་པོ། ཡེ་ཤེས་རང་ལས་འབྱུང་བའི་སྐབས། །ཞེས་པ། ཡེ་ཤེས་ནི་རིག་པ་ཕྱི་ནང་མེད་ཅིང་ངེས་མེད་ཕྱོགས་མེད་དུ་ཤར་བས་ནུབ་པ་མེད་ལ། སྒྲིབ་གཡོགས་དང་བྲལ་བས་མཐའ་དང་མུན་པ་ཡེ་ནས་མེད་པའོ། །རང་ལས་བྱུང་བ་ནི་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་བྱས་མ་ཡིན་པ་དང་། བྱེད་པ་པོས་མ་བྱས་པའི་དོན་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་རང་གི་སེམས་ལ་འདུས། །སེམས་ཀྱི་རྟོགས་པ་བཤད་པའི་ཕྱིར། །ཡེ་ཤེས་རང་བྱུང་སྐབས་ཞེས་བྱ། །ཞེས་སོ། །དེ་ཡིན་པར་ཡང་། བདེ་འབྱམས་ལས། རི་རབ་རྩེ་ལ་ཉི་མ་སྟོང་ཤར་བས། །ཡེ་ཤེས་ཐུགས་ཀྱི་ཉི་མ་གཅིག་ཤར་དྲོ། །ཤར་བ་ཉིད་ན་ནུབ་པ་མེད་ཅེས་གསུངས། །ཞེས་སོ། །གཉིས་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །ཞེས་དུག་གསུམ་ནི་འཁོར་བར་སྐྱེ་བར་བྱེད་པའི་རྒྱུ་ཡིན་ཏེ། འདོད་ཆགས་སེར་སྣ་ཡིད་ལ་འཇུག་ཅིང་ལེན་པ། ཞེ་སྡང་མནར་གཞི་ཡིད་ལ་འཇུག་ཅིང་སོད་པར་བྱེད། གཏི་མུག་ནི་ཉོན་མོངས་ཅན་འཇུག་དགེ་སྡིག་གཉིས་ལ་རྨོངས་པས། ཐེག་པ་འོག་མ་པའི་གང་ཟག་རྣམས། ཉོན་མོངས་པ་བཙན་དུག་ལྟ་བུའམ་དགྲ་དང་ཚེར་མར་བལྟས་ཏེ་སྤོར་བ་ཉིད། ཨ་ཏི་ཡོ་ག་པས་འདོད་ཆགས་ཆགས་བྲལ་ཆེན་པོ། ཞེ་སྡང་རང་བྱུང་ཡེ་ཤེས། གཏི་མུག་ཆོས་ཉིད་དབྱེ་མེད་དུ་རང་ཤར་བས། དུག་གསུམ་གཏན་སྤྲུགས་ཏེ་སྐུ་གསུམ་དབྱེར་མེད་དུ་ལམ་ཁྱེར་བྱས་པས། དུག་གསུམ་ལམ་ཁྱེར་གྱི་དགོངས་པ་ཆོས་ཉིད་ཀྱི་ཀློང་ངོ་། །རྨ་བྱས་བཙན་དུག་ཟོས་པ་ལྟ་བུ་ནི། བཙན་དུག་དེ་ཁོའི་ཟས་སྐལ་ཡིན་པས། དུག་གིས་གནོད་པ་མེད་པར་ཡོན་ཏན་གྱི་ཁ་དོག་ལེགས་ཤིང་སྐད་སྙན་པ་ལྟར། དུག་གསུམ་མ་སྤངས་བར་སྐུ་གསུམ་ཕྱོགས་མེད་དུ་ཤར་བས་ཁམས་གསུམ་རང་སར་གྲོལ་བའི་ཡོན་ཏན་ཡོད་དེ། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ལས་ཤར་ཞིང་དེ་རུ་གྲོལ་བའི་ཀློང་ངོ་། དེ་ལ་འདོད་པའི་ཡོན་ཏན་ལྔ་རྒྱན་དུ་ཤར་བས་མ་སྤངས་སྐྱོན་གྱིས་མ་གོས་པའི་རིགས་པ། དེ་ལ་ཡེ་ཤེས་ཕྱོགས་མེད་དུ་འཆར་བས་ཆོས་ཐམས་ཅད་ཅི་ཡང་མ་ཡིན་པར་ངེས་མེད་དུ་འཆར་བའི་གཏན་ཚིགས་བྱུང་ངོ་། །དེས་ན། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །ཞེས་པ་མ་རྟོགས་པ་ལ་དུག་གསུམ་རང་ག་མ་སྟེ། དཔེར་ན་བཙན་དུག་གི་ཕུང་པོ་ཆེན་པོ་གཅིག་ཡོད་ན། སོ་སོ་སྐྱེ་བོས་འབོར། སྨན་པས་སྨན་ནུས་ཀྱིས་བསྒྱུར་ནས་སྨན་དུ་གཏོང་། སྔགས་མཁན་གྱིས་སྔགས་ཀྱི་ནུབ་པས་བསད་ནས་ཟ། རྨ་བྱ་དེས་གང་ཡང་མི་བྱེད་པར་ཟོས་པས་སླར་ལ་ཁ་དོག་ལེགས་ཤིང་སྐད་སྙན པ་བཞིན་དུ། དེ་དང་འདྲ་བའི་དུག་གསུམ་མམ་ལྔ་པོ་འདི་ལ། ཉན་ཐོས་རང་རྒྱལ་གྱིས་དགྲ་དང་ཚེར་མར་བལྟས་ནས་སྤོང་། དབུ་མ་སེམས་ཙམ་གྱིས་ཕྱོགས་དང་ཕ་རོལ་ཕྱིན་པས་སྤྱོད། གསང་བ་སྔགས་ཀྱིས་དབང་བཞིའི་ལས་ཀྱིས་བསྒྱུར་ནས་སངས་རྒྱས་པར་འདོད་པ་ལ། རྫོགས་པ་ཆེན་པོ་དེ་དག་གང་ཡང་མི་བྱེད་པར། རྨ་བྱ་དང་འདྲ་བར། འདོད་ཆགས་རང་བྱུང་ཆགས་བྲལ། ཞེ་སྡང་གསལ་ཡངས་ཡེ་ཤེས། གཏི་མུག་འབྱེད་མེད་ཆོས་ཉིད་དམ། ང་རྒྱལ་རང་རིག་རང་ཀློང་། ཕྲག་དོག་མཉམ་ཆེན་ཀུན་གྲོལ་དུ་རང་ཤར་བ་ལ། དུག་ལྔ་གང་ཡང་མ་སྤངས་རང་སར་གྲོལ་བས། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་འཕགས་ལམ་རང་བྱུང་ཡེ་ཤེས་རང་ལས་རང་འབྱུང་བར་རྟོགས་ན། ཉོན་མོངས་པ་གང་ཡང་སྤང་དུ་མེད་པའི་ཕྱིར། བྱང་ཆུབ་ཆེན་པོའི་ལམ་ལ་འབྱུང་། །ཞེས་སོ། །དེའི་སྐྱོན་བསལ་དང་ལ་བཟླ་འདྲའོ། །གསུམ་པ་ནི། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཞེས་པ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་དམྱལ་བའི་གཏིང་ཡན་ཆད། འདོད་ཡོན་རྣམ་པ་ལྔ་ལ་སྤྱོད་ཡུལ་ཐུན་མོང་བར་གནས་པས། ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས ། །ཞེས་འདོད་ཡོན་སྤང་དུ་མེད་པའི་རིགས་པ་བསྟན་ཏེ། འདོད་ཡོན་ཇི་ལྟར་ཤར་ཡང་ཐམས་ཅད་རང་བྱུང་གི་རོལ་པ་ཡིན་པས་ཆོས་ཉིད་ཀྱི་རྒྱན་ཡིན་པ་དང་། སྣང་བ་གང་ཡང་མི་འགོག་པར་དབྱིངས་ཀྱི་རྒྱན་ཡིན་པ་དང་། རོལ་པ་རང་རྒྱུད་པ་མེད་པར་ཆོས་ཉིད་དབྱིངས་ཀྱི་རྒྱན་ཡིན་པ་དང་། ཆད་པའི་མཐའ་བསལ་བས་ཆོས་ཉིད་དབྱིངས་ཀྱི་རྒྱན་ཡིན་པས་ན། དེ་དག་ལ་སྤྱད་ཀྱང་སྐྱོན་མེད་དེ་སྤང་བྱ་མ་དམིགས་པས་མི་སྤོང་། དེ་ལྟར་ཡིན་པར་སུས་གསུངས་ཤེ་ན། ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ། དེས་དགའ་རབ་རྡོ་རྗེ་ལ་གསུངས་སོ། །བཞི་པ་ནི། ནམ་མཁའི་རྟོག་པ་སྐྱེ་མེད་ཅིང་། །ཞེས་ཆོས་ཉིད་སྐྱེ་བ་མེད་པའི་གཏན་ཚིགས་བསྟན་ཏེ། གཞི་ལྷུན་གྱིས་གྲུབ་པ་མཐའ་ཡི་རྟོག་པ་རང་ཀ་མ་མེད་པའི་དཔེ་ཡིན་ཏེ། གཞི་མི་འགྱུར་ལྷུན་གྱིས་གྲུབ་པའི་ཆོས་ཉིད། མཉམ་ཉིད་ནམ་མཁའ་ལྟ་བུ་ཀློང་དུ་འཁོར་འདས་ལམ་པས་བསྡུས་པའི་ཆོས་ཐམས་ཅད་མ་བཙལ་བཞིན་དུ་ལྷུན་གྱིས་གྲུབ་པ་ལ། གཞན་གྱི་རྟོག་པ་སྐྱེ་ས་མེད་དོ། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །ཞེས་པ་རོལ་པ་ཅིར་ཡང་འཆར་བའི་གཏན་ཚིགས་བསྟན་ཏེ། ངོ་བོ་ངེས་མེད་དུ་འཆར་བ་ལ་མཚན་མ་རང་རྒྱུད་པར་མེད་པའི་དཔེ་ཡིན་ཏེ། ཆོ་འཕྲུལ་ཇི་ལྟར་བྱུང་ཡང་། རོལ་པ་ཇི་ལྟར་ཤར་ཡང་ནམ་མཁའ་དང་གཉིས་སུ་མེད་པ་བཞིན་དུ། རྣམ་པར་རྟོག་པ་གློ་བུར་དུ་བྱུང་སྲིད་ནའང་། ཆོས་ཉིད་བྱ་བྲལ་ནམ་མཁའ་ལྟ་བུ་དེ་དང་དབྱེར་མེད་པའོ། །དེས་ན། མི་ཆགས་ནམ་མཁའི་དངོས་པོ་ལ། །ཞེས་མཐའ་ཐམས་ཅད་ལས་གྲོལ་བའི་གཏན་ཚིགས་བསྟན་ཏེ། དོན་སྐྱེ་བ་མེད་པའི་རང་བཞིན་དེ་མཐའི་སྐྱོན་གང་ལའང་མི་ཆགས་པའི་དཔེ་ཡིན་ཏེ། དཔེ་ན་ནམ་མཁའ་ནི་དངོས་པོ་དང་མཚན་མ་གང་དུའང་མི་འཆགས་པ་བཞིན་དུ། སྐྱེ་མེད་ཀྱི་རིག་པ་ཡུལ་མེད་དུ་ཤར་བ་ལ་མཐའ་སྤང་དུ་མེད་དོ། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །ཞེས་པ་འབྲས་བུ་རང་ལས་འབྱུང་བའི་གཏན་ཚིགས་བསྟན་ཏེ། བདག་ཉིད་ཐོག་མཐའ་མེད་པ་ལ། །ཡོན་ཏན་ཕྱོགས་མེད་དུ་འབྱུང་བའི་དཔེ་ཡིན་ཏེ། དཔེར་ན་ནམ་མཁའ་ཅིར་ཡང་མ་གྲུབ་པ་ལས་འདོད་ཡོན་ལྔའི་ཆོ་འཕྲུལ་བྱུང་ནས་སེམས་ཅན་གྱི་དོན་བྱེད་པ་ལྟར། བདག་ཉིད་ཐོག་མཐའ་དང་བྲལ་བའི་ཆོས་ཉིད་བྱ་བྲལ་གྱི་ཀློང་ནས། འཁོར་འདས་ཀྱི་ཡོན་ཏན་ནམ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་མི་བསླུ་བར་འབྱུང་བས་སོ། །ལྔ་པ་ཐིག་ལེའི་ངེས་ཚིག་བསྟན་པ་ནི། དང་པོ་ཕྱོགས་རིས་དག་པ། གཉིས་པ་དགེ་སྡིག་དག་པ། གསུམ་པ་བདེ་སྡུག་དག་པ། བཞི་པ་དུག་ལྔ་དང་འདོད་ཡོན་དག་པར་བསྟན་པའོ། །དབྱིངས་རྣམ་པར་དག་པའི་ཐིག་ལེ། ཞེས་རིག་པ་མུ་མེད་ཅིང་མཐའ་ཐམས་ཅད་བྲལ་བས་དབྱིངས། ཆོ་འཕྲུལ་ཟད་མི་ཤེས་པར་འབྱུང་བས་ཀྱང་དབྱིངས། གཉིས་འཛིན་གྱི་སྤྲོས་པ་ཐམས་ཅད་རྣམ་པར་དག་པ་ལ། མ་སྤྲོས་ཀུན་ལ་ཁྱབ་པ་དང་གདལ་བ་ཆེན་པོར་གནས་པས་ན་ཐིག་ལེའོ། །རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་བཅུ་པ་ལའང་། སྐབས་ཀྱི་དོན་བསྟན་པ། ཆོས་ཉིད་གཉིས་སུ་མེད་པ་དགོངས་པ་ཆུ་ཟླ་ལྟ་བུར་གསལ་འགྲིབ་མེད་པའི་ཀློང་དུ་བསྟན་པ། ཀུན་ཏུ་བཟང་པོ་མཉམ་པ་ཉིད་ཅིར་ཡང་འཆར་བའི་རིགས་པ་བསྟན་པ། ཡུལ་དང་ལམ་མ་དམིགས་པ་ལ་བགྲོད་རྩོལ་ཅན་གྱི་ས་ལམ་མེད་པའི་གཏན་ཚིགས་བསྟན་པ་བཞི་ལས། དང་པོ། གཟུངས་ཀྱི་སྦྱོར་ཐབས་ཀྱི་སྐབས། ཞེས་གཟུངས་ནི་ཆོས་ཉིད་འདུ་འབྲལ་མེད་པའི་དོན་ལ་བྱ་སྟེ། དེ་ཡིས་འཁོར་འདས་ཐམས་ཅད་ལ་ཁྱབ་སྟེ་མི་གཏོང་བར་གནས་པ་ན་གཟུངས། ཐམས་ཅད་ཀྱི་སྲོག་ཡིན་པས་ནའང་གཟུངས། མཐའ་ཕྱོགས་གཅིག་མ་གཡོས་པས་ནའང་གཟུངས་སོ། །སྦྱོར་ཐབས་ནི། འཁོར་འདས་སམ། བདག་གཞན་ནམ། གཉིས་སུ་སྣང་བ་ཐམས་ཅད་ཐེག་ལེ་ཉག་གཅིག་ལ། ངོ་བོ་དབྱེར་མེད་དུ་སྦྱོར་བ་ཉིད་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་རང་གི་སེམས་ལ་འདུས། །སེམས་དང་བྲལ་བ་མེད་པའི་ཕྱིར། །གཟུངས་ཀྱི་སྦྱོར་ཐབས་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །ཞེས་ཆོས་ཉིད་ནི་རྟོགས་རུང་མ་རྟོགས་རུང་སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད། རྒྱུ་རྐྱེན་ལས་ཀ་ནས་མ་བྱུང་། །འདུས་བྱས་སུ་འགྱུར་མི་སྲིད་པས། །དངོས་པོ་གཤིས་ཀྱི་ཆོས་ཉིད་དོ། །དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ངོ་བོ་དབྱེར་མེད་པས། གཞི་ངོ་བོ་དོན་བདག་ཉིད་མཉམ་པ་ཆེན་པོའི་རང་བཞིན་ལ་གཉིས་སུ་མེད་པའི་དགོངས་པ་ཆོས་ཉིད་ཀྱི་ཀློང་ངོ་། །ཆུ་ཟླ་ལྟ་བུར་ནི། སྣང་ལ་རང་བཞིན་མེད། གསལ་ལ་རྟོག་པ་མེད་པའི་དཔེ་སྟེ། ཐིག་ལེ་བྱང་ཆུབ་སེམས་ལ་འཁོར་འདས། སྣང་སྟོང་བདེ་སྡུག །སྐྱེ་ཤི་ཇི་ལྟར་སྣང་ཡང་རང་བཞིན་མེད་པའི་ངང་ལ་ཤར་ཞིང་དེ་རུ་གྲོལ་བས་མཉམ་ཉིད་ངོས་གཟུང་མེད་པའི་ཀློང་ཞེས་བྱའོ། །དེ་ལ་མཐའ་གང་ཡང་མ་སྤངས་པས་མཉམ་ཉིད་ཅིར་ཡང་འཆར་བའི་རིགས་པ། དེ་དམིགས་པའི་ཡུལ་ལས་འདས་པས་ཡུལ་དང་ལམ་ལ་བགྲོད་རྩོལ་ཅན་དུ་མེད་པའི་གཏན་ཚིགས་བྱུང་ངོ་། །དེས་ན། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །ཞེས་མཉམ་པ་རིས་མེད་ཀྱི་དགོངས་པ་བསྟན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད། རང་རིག་བྱང་ཆུབ་ཀྱི་སེམས། མ་བཅོས་པའི་ཆོས་ཉིད་ལ། ཕྱི་ནང་གཉིས་སུ་མི་རྟོག་སྟེ་ཟང་ཐལ། ཡུལ་སེམས་གཉིས་སུ་མི་རྟོག་སྟེ་རིས་མེད། རྟག་ཆད་གཉིས་སུ་མི་རྟོག་སྟེ་མཉམ་པ་ཉིད་ལ་འཕོ་འགྱུར་མེད་པས་འབྲས་བུ་ཆོས་ཀྱི་སྐུའོ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཞེས་སྣང་ལ་རང་བཞིན་མེད་པའི་དགོངས་པ། གཞི་ལྷུན་གྲུབ་ངོ་བོ་ངེས་མེད་རོལ་པ་ཕྱོགས་མེད་དུ་འཆར་བ་ལ། མཐའ་ཕྱོགས་གཅིག་ཏུ་འདི་ཁོ་ན་ཡིན་ནོ་ཞེས་ངེས་བཟུང་དུ་མ་རྙེད་པས། ཆུ་ཟླ་ལྟར་གསལ་འགྲིབ་མེད་པར་སྤྲུལ་པའི་སྐུ་ཕྱོགས་མེད་དུ་ཤར་བའོ། །དེའི་སྐྱོན་བསལ་དང་ལ་བ ཟླ་འདྲ། གསུམ་པ་ནི། ཀུན་ཏུ་བཟང་པོའི་རོལ་པ་ཡིས། །ཞེས་མཐའ་ཐམས་ཅད་དུ་རང་ཤར་བའི་རིགས་པ་བསྟན་ཏེ། གཞི་ངོ་བོའི་དོན་བདག་ཉིད་མཉམ་པ་ཉིད་ཆེན་པོའི་རང་བཞིན་ལ། དུས་ཐམས་ཅད་བཟང་ངན་དང་བླང་དོར་མེད་པས་ཀུན་ཏུ་བཟང་པོ། ཡང་ན་མ་འདྲེས་ལ་ཡོངས་སུ་རྫོགས་པས་ཀུན་ཏུ་བཟང་པོ། རིག་པ་ཅིར་ཡང་མི་འགག་པར་ཅིར་ཡང་འཆར་བ་སྟེ། འཁོར་འདས་ཐམས་ཅད་དུ་མ་འགགས་པར་ཤར་བའི་རོལ་པ་ཡིས། སྒྲ་ཇི་བཞིན་པར་བཤད་ན། ཨཱ་ལི་ཀཱ་ལི་ཟབ་ཏུ་བསྟན། ཞེས་ཀུན་ཏུ་བཟང་པོ་ཤེས་རབ་ཀྱི་རང་བཞིན་ཡོན་ཏན་སྐྱེ་བ་མེད་པའི་དོན་ཀུན་ཏུ་བཟང་པོ་ཐབས་ཀྱི་རང་བཞིན་སྐྱེ་མེད་ཀྱི་རིག་པ་ཕྱོགས་མེད་དུ་མ་འགགས་པའི་དོན་ཏེ། ཟབ་ཏུ་བསྟན་པ་ནི། སྐྱེ་འགག་གཉིས་མེད་པའི་ཟབ་མོ་བྱང་ཆུབ་ཀྱི་སེམས། ཐིག་ལེ་ཉག་གཅིག་དེ་ཟབ་ཅིང་ཆ་ཕྲ་ལ་བརྟག་པར་དཀའ་བས་ཟབ་ཏུ་བསྟན་ནོ། །སྒྲ་ཐང་ལོག་ཏུ་བཤད་ན། ཨཱ་ལི་ཞེས་པས་མ་སྐྱེས་པ་རྒྱུ་མ ཚན ། ཀཱ་ལི་ཞེས་པས་གོ་བཟློག་པ་སྟེ། སྐྱེ་མེད་ཉིད་སྐྱེ་བ་ལྟར་ཤར་བས་རྒྱུ་མཚན་གོ་བཟློག་གོ། །ཟབ་ཏུ་བསྟན་ཞེས་སྐྱེ་བ་དང་སྐྱེ་མེད་ལ་ཁྱད་མེད་པས་འབྲས་བུ་རེ་དོགས་ཆོད་པས་ཤིན་ཏུ་ཟབ་བོ། །ཡང་ན་ཨཱ་ལི་ཞེས་པ་སྐྱེ་མེད་རང་གི་མཚན་ཉིད་ལ། ཀཱ་ལི་ཞེས་པ་སྐྱེ་མེད་སྤྱིའི་མཚན་ཉིད་དེ། ཟབ་ཏུ་བསྟན་ཞེས་སྤྱི་དང་རང་གི་མཚན་ཉིད་གཉིས་སུ་མེད་པས། ཐམས་ཅད་ཟབ་མོ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ཕྱོགས་མེད་འབའ་ཞིག་ཏུ་བསྟན་ནོ། །འདི་ནི་ཨ་དང་མཛེས་པའི་ཏ། །ཞེས་པ་དེས་ན་ཆོས་ཉིད་ཐིག་ལེ་ཉག་གཅིག་སྐྱེ་འགག་གཉིས་མེད་མཉམ་པ་ཆེན་པོའི་དོན་འདི། ཨ་དང་འདྲ་སྟེ་རྒྱུ་རྐྱེན་དང་བྲལ་ཏེ་སྐྱེ་བ་མེད་ལ། མ་སྐྱེས་པའི་རིག་པ་དེ་ཆོ་འཕྲུལ་ཅིར་ཡང་མི་འགག་པར་འཆར་བས། སྐྱེ་མེད་ཀྱི་རྒྱན་དུ་སྣང་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་ཕྱོགས་མེད་ཡིན་ཏེ་མཛེས་པའི་ཏའོ། །པ་དང་ཡན་ལག་སྤྲོས་པ་བཞིན། །ཞེས་པ་བྱང་སེམས་སྐྱོན་མེད་དུ་འཆར་བའི་རིགས་པ་དཔེར་ན་པདྨའི་རྩ་བ་འདམ་ན་གནས་ཀྱང་། འདམ་གྱི་ཉེས་སྐྱོན་མེད་དེ། དེས་ན་མེ་ཏོག་ཡལ་ག་ཐམས་ཅད་སྐྱོན་མེད་པར་སླར་ལ་ཡོན་ཏན་གྱི་ཁ་དོག་ལེགས་ཤིང་དྲི་ཞིམ་པ་ལྟར། གཞི་ལྷུན་གྲུབ་མཐའི་སྐྱོན་མེད། ཆོས་ཉིད་ངེས་མེད་ཀྱི་སྤྱོད་པ་ཕྱོགས་མེད་དུ་ཤར་བས། མཐར་འཛིན་གྱི་དུས་དང་རྣམ་པ་ཐམས་ཅད་དུ་མ་གོས་ཏེ་ཕྱོགས་མེད་དུ་རང་ཤར་བའོ། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །ཞེས་པ་སྣང་བ་གང་ཡང་མི་འགོག་པའི་རིགས་པ་བསྟན་ཏེ། འཇིག་རྟེན་ནི་ཆོས་བརྒྱད་དེ། བསྟོད་སྨད་ལ་སོགས་པར་ཐ་མལ་ཡོངས་ཀྱིས་བཏགས་པའི་སྤྱོད་ཡུལ་མ་དག་འཁྲུལ་བའི་སྣང་བ་རང་ཀ་མ་འདི་རང་ཉིད། སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཞེས་སྟོན་པ་རང་ལས་འབྱུང་བའི་རིགས་པ་བསྟན་ཏེ། རྫོགས་པ་ཆེན་པོའི་དོན་གོ་བའི་དུས་ན། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད། སློབ་དཔོན་དུ་མ་སོང་བའམ། དཔེ་ཆར་མ་སོང་བ་གང་ཡང་མེད་དེ། སངས་རྒྱས་ཀྱི་གསུང་ནི་ཀུན་ཏུ་བཟང་པོའི་རོལ་པ་ཕྱོགས་བྲལ་ངེས་མེད་དུ་ཤར་བ་ལ་བྱ་སྟེ། སྣང་བ་འདི་དག་ཐམས་ཅད་ངོ་བོ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ། རང་གི་མཚན་ཉིད་འཛིན་པའི་ཆོས་ཉིད་ཚུལ་སྟོན་པས། ས་ཆུ་མེ་རླུང་ལ་སོགས་པའི་སྒྲ་ཐམས་ཅད་གསང་སྔགས་ཀྱི་སྒྲ་འབའ་ཞིག་ཡིན་ཏེ། དགོངས་པ་འདུས་པ་ལས་ཀྱང་། ནམ་མཁའ་དོན་གྱི་གླེགས་བམ་ལ། །སྣ་ཚོགས་རིགས་པའི་ཡེ་ཤེས་བྲིས། །འབྱུང་ཆེན་བཞི་ཡི་སྒྲར་གྲགས་ནས། །གསང་སྔགས་རྒྱལ་པོ་རྒྱུན་མི་འཆད། །ཅེས་གསུངས་སོ། །དེས་ན་ཅིར་སྣང་ཅིར་སྲིད་ཅིར་གྲག་ཐམས་ཅད་གསང་སྔགས་ཟབ་མོའི་སྒྲ་འབའ་ཞིག་ཏུ་རྟོགས་པར་བྱའོ། །བཞི་པ་ནི། ཨེ་མ་སངས་རྒྱས་སྤྱོད་ཡུལ་འདི། །ཞེས་པ་ངམ་ཞིང་ངོ་མཚར་རྨད་དུ་བྱུང་བའི་གཏན་ཚིགས་བསྟན་ཏེ། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་ཡེ་ཡིན་ཆེན་པོར་རམ་དངོས་ཡིན་ཆེན་པོར་སངས་རྒྱས་པས་ན། འཇིག་རྟེན་འདི་ཉིད་ཞིང་དག་པ་སངས་རྒྱས་ཀྱི་ཞིང་ཁམས། སྣང་བ་འདི་ཉིད་ཀུན་ཏུ་བཟང་པོའི་མཛད་སྤྱོད་དམ། རྣམ་པར་དག་པའི་སྤྱོད་ཡུལ་ཡིན་པ་ལ་ངོ་མཚར་བའོ། །བཙལ་བས་རྙེད་པའི་གནས་མེད་དེ། །ཞེས་པ་ཡེ་ནས་ཡིན་པའི་གཏན་ཚིགས་བསྟན་ཏེ། འཇིག་རྟེན་རང་ཀ་མའི་སྣང་བ་འདི་ཉིད་རང་། བདེ་བ་ཆེན་པོའི་ཞིང་ཁམས་སམ། རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་ཁམས་ཕྱོགས་མེད་དངོས་རང་ཡེ་ནས་ཡིན་པར་མ་ཤེས་ན་གཞན་ནས་བཙལ་བས་རྙེད་པའི་གནས་སམ་དམིགས་པའི་ཡུལ་མེད་པ་ལ། དྲུག་གི་ཆོས་བཞིན་ཡུལ་མེད་པས། །ཞེས་དམིགས་པའི་མཐའ་ལས་འདས་པའི་གཏན་ཚིགས་བསྟན་ཏེ། ཆོས་ཉིད་མཚན་མ་མེད་པའི་ཀློང་དུ་ཡེ་ནས་རང་ཤར་བ་ལ། མིག་གིས་གཟུགས་སུ་གཅད་ལ་ཅེ་རེ་ལྟ་བའམ། རྣ་བས་སྒྲ་རུ་བཅད་ལ་ལྷག་ནེ་ཉན་པའམ། སྣ་ཡིས་དྲི་རུ་བཅད་ལ་ཏུ་རེ་སྣམ་པའམ། ལྕེ་ཡིས་རོ་རུ་བཅད་ལ་རྗེན་ནེར་མྱོང་བའམ། ལུས་ཀྱིས་རེས་བྱར་བཅད་དེ་ཡེ་རེ་རེག་པའམ། ཡིད་ཀྱིས་ཆོས་སུ་བཅད་དེ་ལིང་ངེར་བསམ་དུ་མེད་དེ། རིག་པ་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པ་ལ། གཉིས་སུ་འཛིན་ན་འཁྲུལ་པ་ཡིན་པས། མདོངས་པས་ནམ་མཁའ་བསྙབས་པ་བཞིན། ཞེས་དཔེའི་གཏན་ཚིགས་བསྟན་ཏེ། རིག་པ་ཡུལ་མེད་ལ་ཡུལ་དུ་ཚོལ་ན། དཔེར་ན་དམུས་ལོང་གིས་ནམ་མཁའ་ལ་རྫས་སུ་བཙལ་ནས་ལག་པས་བསྙབས་པས་དངོས་པོར་མ་རྙེད་པ་བཞིན་དུ། ཆོས་ཉིད་ཕྱོགས་མེད་དམིགས་པའི་ཡུལ་ལས་འདས་པ་ལ་མཚན་མར་རྙེད་པའི་དུས་མེད་དོ། །གང་ནས་གོང་དུ་ཚངས་པའི་ལམ། །ཞེས་པ་ལམ་ལ་བགྲོད་དུ་མེད་པའི་གཏན་ཚིགས་བསྟན་ཏེ། རྒྱུ་མཚན་ཉིད་ཐེག་པའི་ལམ་ལ། །ཚོགས་ལམ་དུ་དྲན་པ་ཉེར་བཞག་བཞི། ཡང་དག་སྤང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་བཅུ་གཉིས། སྦྱོར་ལམ་དུ་ངེས་འབྱེད་བཞི་ལ། དབང་པོ་ལྔ་དང་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཀྱི་ཡན་ལག་བདུན། སྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་དང་རྣམ་ཐར་སྒོ་གསུམ་དུ་གསུངས་པ་ལ། ལམ་གོང་མའི་ཡོན་ཏན་བདེན་པ་ཕྲ་མོ་རེ་རེ་མཐོང་བ་ཙམ་ལ། འོག་མ་ལ་སྐྱོན་དུ་བལྟས་ནས་སྤོང་བ་དང་། ལམ་གོང་མ་གོང་མ་ལ། ཚངས་པ་ཞི་བ་གྱ་ནོམ་པར་བགྲོད་རྩོལ་བྱེད་པ་དེ། ཨ་ཏི་ཡོ་ག་དང་ཕྱོགས་རེ་ཙམ་དུ་མཐོང་བས་གང་ཡང་མ་བཀག་པས་མཐུན་ཡང་། ཕྱོགས་མཐའ་དག་ནས་མཐུན་པ་མེད་པའི་ཁྱད་པར་གྱིས། བྱ་བྲལ་ཆོས་དང་མཐུན་པ་མེད། །ཅེས་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའི་ལུགས་ཀྱིས་ལམ་བགྲོད་དུ་མེད་པས་ཉེ་རིང་བྱ་རྩོལ་དང་བྲལ་ཏེ་བྱ་བྲལ་གྱི་ཆོས་དེ་ལ་ས་ལ་སྦྱོང་དུ་མེད་པས་མཐོ་དམན་གྱི་ཆོས་དང་བྲལ་བས། གཞི་གནས་ཡེ་གྲོལ་ཡིན་པ་ལ་ད་གདོད་གྲོལ་བར་འདོད་པའི་དམིགས་མཐའ་ཐམས་ཅད་དང་བྲལ་བ། ཇི་ལྟར་བྱ་བྲལ་ཀློང་ཆེན་གཞི་གནས་ཡེ་གྲོལ་སྐྱེ་ཤི་རྩད་ནས་གཅོད་པའི་ཆོས་ཟབ་མོ་དང་། ཐུན་མོང་ནུས་པ་འབྱིན་པའི་ཆོས་ཨ་ནུ་མན་ཆད་མཐུན་པ་མེད་དེ། ཨ་ནུ་མན་ཆད་བསྐལ་པ་དང་མི་ཚེར་བགྲངས་ནས། དུས་ཕྱི་མ་ལ་འཚང་རྒྱ་བར་འདོད་པ་དང་། ཨ་ཏི་ཡོ་ག་དུས་ལ་མི་ལྟོས་ཏེ། ཡེ་ཡིན་ཆེན་པོར་སངས་རྒྱས་པ་ཡིན་པས་མི་མཐུན་ཏེ་ཁྱད་པར་ཆེའོ། །ཅི་སྟེ་ལམ་ལ་བགྲོད་གྱུར་ན། །ཞེས་པ་ཐུག་པ་མེད་པའི་གཏན་ཚིགས་བསྟན་ཏེ། གལ་ཏེ་བརྒྱ་ལམ་ན། ལམ་ལ་བགྲོད་པར་འདོད་ན། རྩོལ་བྲལ་གྱི་ཀླུང་ལམ་དུ་ཡེ་ནས་ཞུགས་ཟིན་ཀྱང་། འོག་མ་ས་ལམ་ཉེ་རིང་དང་གནས་མཐོ་དམན་གཞན་དུ་བགྲོད་པར་གྱུར་ན། ནམ་མཁའི་མཐའ་བཞིན་ཐུག་པ་མེད། །ཅེས་པ་འབྲས་བུ་མི་རྙེད་པ་དཔེའི་གཏན་ཚིགས་ཡིན་ཏེ། དཔེར་ན་ནམ་མཁའ་ལ་མཐའ་བཙལ་བས་མི་རྙེད་དེ། ཁ་གཏིང་དང་རྒྱ་ཁྱོན་མེད་པས་ཐུག་པ་དང་བྲལ་བ་བཞིན་དུ། བཟང་རྟོག་དང་ངན་རྟོག་ལམ་གོང་འོག་བལྟས་པས། རྟོག་པ་རང་ལས་བྱུང་བའི་ཕྱིར་ལམ་གྱི་མཐའ་སྟོར་ཏེ། འབྲས་བུ་མཐར་ཐུག་པ་མི་རྙེད་ཅིང་ལམ་ལ་ཐུག་པ་མེད་པའི་སྐྱོན་དུ་འགྱུར་རོ། །དེ་རྣམས་ཀྱི་རྒྱས་གདབ་འདྲའོ།། ༈ །།ད་ནི་སྐབས་བཅུ་གཅིག་པ་ལའང་། སྐབས་ཀྱི་དོན་བསྟན་པ། འཁོར་བ་གཞིར་བཞེངས་ཀྱི་དགོངས་པ་མིག་གིས་ཀུན་མཐོང་ཡང་རང་མ་མཐོང་བ་ལྟ་བུར་ཡེ་སངས་རྒྱས་པའི་ཀློང་དུ་བསྟན་པ། དངོས་པོ་ལོ་རྒྱུས་ཀྱི་རིགས་པ་བསྟན་པ། ཆོས་ཉིད་རིས་མ་ཆད་པའི་གཏན་ཚིགས་ཀྱིས་ཕྱོགས་ལྟ་དག་པར་བསྟན་པ་དང་བཞི་ལས། དང་པོ་ནི། ཡོངས་སུ་རྫོགས་པའི་སྐབས། ཞེས་པ་སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་སོ། །ཞེས་བྱ། གང་དུ་རྫོགས་ན། གཞི་ངོ་བོ་དོན་བདག་ཉིད་མཉམ་པ་ཉིད་ཀྱི་ཐིག་ལེ་ཉག་གཅིག །བྱ་རྩོལ་དང་བྲལ་བའི་ཀློང་དུ་རྫོགས། ཇི་ལྟར་རྫོགས་ན། མ་བརྩལ་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་པ་དང་། མ་སྤངས་རང་སར་གྲོལ་བའི་ཚུལ་དུ་རྫོགས་པ་དང་། མ་འདྲེས་ཡོངས་སུ་རྫོགས་པའི་ཚུལ་དུ་རྫོགས་པ་དང་། རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཚུལ་དུ་རྫོགས་པར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་རང་གི་སེམས་ལ་འདུས། །སེམས་ལ་ཆོས་ཀུན་རྫོགས་པའི་ཕྱིར། །ཡོངས་སུ་རྫོགས་པའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། དེ་ལྟར་དེ་བཞིན་དེ་ཡི་ཕྱིར། །ཞེས་འཁོར་བ་རང་རྒྱུད་པ་བྱ་བ་གཏན་ནས་མེད་དེ། གཞི་ནས་བཞེངས་པས་ཨ་ཏི་ཡོ་གའི་ལུགས་ཀྱིས། འཁོར་བའི་གཞི་ནི་མྱ་ངན་ལས་འདས་པར་དངོས་སུ་ཡེ་ནས་བཞེངས་པ་དང་། དེ་བཞིན་དུ། སྣང་བ་སྟོང་པ། སྡུག་བསྔལ་བདེ་ཆེན། སྐྱོན་ཡོན་ཏན། ཆོས་ཅན་ཆོས་ཉིད། ཉོན་མོངས་ཡེ་ཤེས་སུ་དངོས་ཀྱི་ཚུལ་དུ་ཡེ་ནས་བཞེངས་པ་དང་། སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཕྱི་ནང་སྣོད་བཅུད་ཀྱི་བསྡུས་པའི་ཆོས་ཐམས་ཅད་གཞི་ཐིག་ལེ་ཉག་གཅིག་བྱང་ཆུབ་སེམས་སུ་བཞེངས་ལ། བྱང་ཆུབ་ཀྱི་སེམས་དེ་ཉིད་ཡོད་པ་མེད་པ་གཉིས་དང་གཉིས་མེད་མདོར་ན་གཉིས་བསྡུས་གང་དུའང་མེད་པར་རང་བཞིན་ཀུན་ཏུ་གསལ་བའི་གཞི་བཞེངས་ཆེན་པོ་དགོངས་པ་ཆོས་ཉིད་ཀྱི་ཀློང་ངོ་། །མིག་གིས་ཀུན་མཐོང་ཡང་རང་མ་མཐོང་བ་ནི། གཟུགས་ལ་སོགས་པ་གཞན་གྱི་ལེགས་ཉེས་ལྟ་བ་བྱེད་པ་མིག་ཡིན་ཡང་། མིག་རང་གིས་རང་མ་མཐོང་བ་བཞིན་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཤར་བ་ཡིན་ཀྱང་རང་གི་ངོ་བོ་དམིགས་སུ་མེད་དེ། ཡེ་སངས་རྒྱས་པའི་ཀློང་ནས་འཁོར་འདས་ཐམས་ཅད་རང་ཤར་རང་གྲོལ་བའི་ཀློང་ངོ་། །དེ་ཉིད་བདེན་པར་ཡིད་ཆེས་པ་དངོས་པོ་ལོ་རྒྱུས་ཀྱི་རིགས་པ། དེ་ལ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པས་ཆོས་ཉིད་རིས་མ་ཆད་པའི་གཏན་ཚིགས་བྱུང་ངོ་། །དེས་ན། དེ་ལྟར་དེ་བཞིན་དེ་ཡི་ཕྱིར། །ཞེས། དེ་ལྟར་གཞི་བཞེངས་ཆེན་པོའི་དགོངས་པ་ལ་སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཡེ་ཐོག་མ་ནས་སངས་རྒྱས་པས། གཞི་གནས་ཡེ་གྲོལ་བྱ་བྲལ་ཀློང་ཆེན་གྱི་ངང་དུ་ཡེ་ནས་སངས་རྒྱས་པ་ཡིན་ཀྱང་། དེའི་ཕྱིར་ཞེས། སངས་རྒྱས་ཡིན་པ་ལ་ཡིན་པ་རུ་མ་ཤེས་ཆོས་ཉིད་ཀྱི་དོན་མ་གོ་བ་རྣམས་ལ་བསྟན་དགོས་པ་དེའི་ཕྱིར་བསྟན་པ་དམ་པ་ལ་རག་ལས་ཤིང་། བཤེས་གཉེན་བཀའ་དྲིན་ཅན་བསྟན་དགོས་སོ། །དེའི་སྐྱོན་བསལ་དང་ལ་བཟླ་འདྲ། གསུམ་པ་ནི། དེ་ལ་དེ་བསྟན་དེ་ཡང་ཐོབ། །ཅེས་པ་རྒྱལ་བ་དགོངས་པས་བརྒྱུད་པའི་དབང་དུ་བྱས་ན། ལོངས་སྤྱོད་རྫོགས་སྐུ་སྟོན་པ་རྡོ་རྗེ་སེམས་དཔའ་དེ་ལ། ཆོས་ཀྱི་སྐུ་མཆོག་སྟོན་པ་ཀུན་ཏུ་བཟང་པོ་དེས་བསྟན་པའམ། སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་དེ་ལ། ལོངས་སྐུའི་སྟོན་པ་རྡོ་རྗེ་འཆང་ཆེན་དེ་ཡིས་བྱིན་གྱིས་རླབས་ཀྱི་སྒོ་ནས་ནོར་བུ་རིན་པོ་ཆེ་དང་འདྲ་བར་བསྟན་པས། དགོངས་པ་དབྱེར་མེད་དེ་ཐོབ་པར་གྱུར་ཏོ། །རིག་འཛིན་རིག་པའི་བརྒྱུད་པ་དང་གང་ཟག་སྙན་ཁུངས་བརྒྱུད་པའིདབང་དུ་བྱས་ན། གོང་མ་གོང་མའི་སློབ་དཔོན་ཕ་དང་འདྲ་བ་དེས་འོག་མ་འོག་མའི་སློབ་བུ་བུ་དང་འདྲ་བ་དེར། གདམས་ངག་ནོར་བུ་རིན་པོ་ཆེ་དང་འདྲ་བ་དེ། རིག་འཛིན་རིག་པའི་གསུང་དང་གང་ཟག་ཚིག་གི་གསུང་གིས་བསྟན་པས། ཕའི་རྟོགས་པ་དེ་ཐོག་བབ་ཏུ་བྱིན་རླབས་ཀྱིས་ཐོབ་ནས་དགོངས་པ་དབྱེར་མེད་དུ་གྱུར་པའོ། །འོ་ན་ཐོབ་རྒྱུ་ཇི་ལྟ་བ་ཡིན་ཞེ་ན། དེ་ནི་སྙིང་པོ་དེ་བས་ན། ཞེས་པ་གཞི་རང་གི་སེམས་ཉིད་ཡིན་པའི་རིགས་པ་བསྟན་ཏེ། རྟོགས་པ་བྱ་བའི་དོན་དེ་གཞན་ན་མེད་པར་སེམས་ཅན་རང་རང་ལ་ཡེ་ནས་གནས་པའི་སྙིང་པོ། བྱང་ཆུབ་ཀྱི་སེམས་ཕྱོགས་མེད་དེ་ནི་མར་གྱི་ཡང་ཞུན་ནམ། ཆང་གི་ཉིང་ཁུ་ལྟ་བུར་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེའམ། ལམ་དང་འབྲས་བུའམ་འཁོར་འདས་ཐམས་ཅད་ཀྱི་སྙིང་པོ་ཡིན་པ་དེ་བས་ནའོ། །དེ་ལས་དེ་འབྱུང་ངོ་མཚར་ཆེ། །ཞེས་པ་ཆོས་ཉིད་རང་ལ་འཆར་བའི་རིགས་པ་བསྟན་ཏེ། འཁོར་བ་མི་སྤོང་། མྱང་འདས་མི་སྒྲུབ་པར་སེམས་ཅན་ཡེ་ནས་སངས་རྒྱས་པའི་དགོངས་པ་ཕྱོགས་མེད་དུ་འབྱུང་བ་དེ་ངོ་མཚར་ཆེ་བའམ། ཡང་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དམིགས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ལ། གཟུགས་སྐུ་གཉིས་པོ་མ་བཙལ་བར་འབྱུང་བས་ངོ་མཚར་ཆེ་འམ། ཡང་ན་གདམ་ངག་བསྟན་མ་ཐག་དེ་ཀ་རང་ལ། རྟོགས་གྲོལ་ཐར་པ་དུས་གཅིག་པ་དེ་འབྱུང་བ་ངོ་མཚར་ཤིན་ཏུ་ཆེའོ། །སྔོན་གྱི་དེ་དང་ད་ལྟ་དེ། ཞེས་པ་དུས་གསུམ་གྱི་སངས་རྒྱས་དེ་ལས་འབྱུང་བའི་རིགས་པ་བསྟན་ཏེ། སྔོན་གྱི་རྒྱལ་བ་མར་མེ་མཛད་འདས་པའི་ཆོས་ཉིད་སྐྱེ་མེད་ཀྱི་ཀློང་དུ་གྲོལ་ནས་སངས་རྒྱས་པ་དང་། ད་ལྟར་གྱི་རྒྱལ་བ་ཤཱ་ཀྱ་ཐུབ་པ་ལྷུན་གྱིས་གྲུབ་པའི་ངང་ལ་གནས་ཏེ་སངས་རྒྱས་པ་དང་དེ་བཞིན་དེ་ཡི་གནས་སུ་ཆེ། ཞེས་པ་མ་འོངས་པ་རྒྱལ་བ་བྱམས་པའི་གནས་སམ་རྟེན་དུའང་ཆོས་ཉིད་ཀྱི་བྱང་ཆུབ་ཀྱི་སེམས། ཕྱོགས་རིས་དང་ངེས་པ་མེད་པའི་ཀློང་འདི་ཆེ་བས་ན། སྐྱེ་འགག་མེད་པའི་དོན་འདི་རྟོགས་པ་མངོན་དུ་གྱུར་ཏེ་སངས་རྒྱས་པ་ཡིན་ངེས་སོ། །དེ་ལྟར་དེ་ཡི་ལམ་འདྲ་བ། །ཞེས་པ། དེ་གཅིག་པུར་མ་ཟད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་གྱི་ལམ་ཆེན་ཡིན་པས་དེ་དང་འདྲ་བར། དེ་ནི་དེ་ཡི་རང་བཞིན་ནོ། །ཞེས་པ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་ནི་ཁམས་གསུམ་སེམས་ཅན་ཡོངས་ཀྱིའང་། མི་བསྐྱོད་ཀླུང་ལམ་ཆེན་པོའམ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཆོས་ཉིད་མ་བཅོས་པའི་དོན་ཡིན་ནོ། །ཞེས་བྱའོ། །བཞི་པ་ནི། དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཞེས་པ་ཐིག་ལེ་བྱང་ཆུབ་ཀྱི་སེམས་བྱ་བྲལ་གྱི་ཀློང་ཆེན་པོ་དེ་ཉིད་དུས་གསུམ་གྱི་སངས་རྒྱས་ཀྱི་ལམ་མམ་གཤེགས་ཤུལ་ཡིན་པ་དེ་དང་འདྲ་བ། ཁམས་གསུམ་གྱི་སེམས་ཅན་ཡོངས་ཀྱིས་ཀྱང་འགྲོ་ས་དང་གྲོལ་ས་ཡིན་པས། བགྲོད་ས་མེད་པའི་ལམ་ཐུན་མོང་མ་ཡིན་པ་དེ་ཡིན་པ་ནི་ངེས་པའོ། །འོ་ན་ཆོས་ཉིད་རང་སྣང་དེ་ཐམས་ཅད་ལ་སྤྱི་ཁྱབ་ཏུ་ཡོད་པའི་དཔེ་ཇི་ལྟ་བུ་ཞེ་ན། ཟླ་བ་ལས་བྱུང་རྟེན་དང་བཅས། །ཞེས་པ་མཚོན་བྱེད་དཔེའི་གཏན་ཚིགས་ཏེ། སྣང་གཞི་ཆུའི་དཀྱིལ་འཁོར་ཡོད་ཚད་ཙམ་དུ། དེ་ནང་སྣང་བྱ་ཟླ་བའི་དཀྱིལ་འཁོར་མི་འགག་པར་གཟུགས་བརྙན་འཆར་ཏེ། ནམ་མཁའ་ལ་ཟླ་བ་གཅིག་ཤར་བ་ཆུའི་ལྡེང་ཀ་ཟླུམ་པོའི་ནང་དུ་ཟླ་བ་ཟླུམ་པོ། ལྡེང་ཀ་ཟུར་གསུམ་དང་གྲུ་བཞི་ལ་སོགས་པ་ཆུང་ངུའི་ནང་དུ་དབྱིབས་རྐྱེན་ཇི་ལྟར་ཡོད་ཡོད་དུ་ཟླ་བའི་གཟུགས་བརྙན་ཀྱང་དེ་འདྲ་རེ་རེ་འཆར་ཏེ། རྟེན་ཆུ་དང་བཅས་པའི་ཕྱིར་རོ། །དེ་ལ་མི་མཁས་པའི་བྱིས་པས། ངའི་ཟླ་བ་ཟླུམ་པོ་འདི་ཡིན་ལ་ཁྱོད་ཀྱི་ཟླ་བ་གྲུ་བཞི་འདིའོ། །ཞེས་སོགས་སུ་འཛིན་པ་ནི་མཉམ་པ་ཉིད་ལ་ཕྱོགས་སུ་བཟུང་བས་སྐྱོན་ཏེ། ཟླ་བ་ཇི་ལྟ་བར་གཏན་ལ་མི་ཕེབས་སོ། །དེས་ན་ཟླ་བ་གཟུགས་བརྙན་ཙམ་དུ་འདྲ་བ་ལ་ཕྱོགས་སུ་བཟུང་བས་ནོར་བའོ། །ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་འགྲུབ་པ་མེད། །ཅེས་པ་མཉམ་ཉིད་དོན་གྱི་གཏན་ཚིགས་ཡིན་ཏེ། དཔེ་ན་ཆུ་ཟླ་ལྟར། འཁོར་འདས་ཐེག་པས་བསྡུས་པའི་ཆོས་ཐམས་ཅད། ཆོས་ཉིད་བྱ་བྲལ་གྱི་ཀློང་ཆེན་པོར་དེར། བཟང་ངན་དང་དབྲི་བཀོལ་མེད་པར་ཁྱབ་སྟེ། གཞི་ཕྱོགས་མེད་ལྷུན་གྲུབ། ངོ་བོ་ངེས་མེད་ཡེ་ཤེས། དོན་སྐྱེ་མེད་མཐའ་གྲོལ། བདག་ཉིད་ཐོག་མཐའ་མེད་པའི་ཐིག་ལེ་ཉག་གཅིག་ལ། གནས་ལུགས་ཕྱོགས་མེད་ཅིར་ཡང་གནས། ཤར་ལུགས་ཅིར་ཡང་འཆར། གྲོལ་ལུགས་གང་ཡང་གྲོལ། ཡིན་ལུགས་ཀུན་ཀྱང་རང་གསལ་ཡིན་པས། དཔེ་ནམ་མཁའ་དང་ཆུ་ཟླ། དོན་རང་རིག་བྱང་སེམས། རྟགས་འཆར་ཚུལ་འགགས་མེད། ཇི་ལྟར་བྱས་ཀྱང་མཉམ་ཉིད་ཆེན་པོའི་དོན་ལ་རང་སྣང་ཐད་ཀར་བདེན་པས་ན། ཐེག་པ་འོག་མ་པས། ང་ཙུག་ཡིན་ཁོ་ཙུག་མིན་ཟེར་ནས་ཕྱོགས་སུ་བལྟས་པས་འཆིང་སྟེ། ཉན་ཐོས་པས་ཆོས་ཉིད་གང་ཟག་གི་བདག་མེད་ལ་བྱེད་པ་ནས། ཨ་ནུ་དབྱིངས་དང་ཡེ་ཤེས་ལ་བྱེད་པའི་བར་རོ། །དེ་ལྟར་ཆོས་ཉིད་མཉམ་པ་ཉིད་གྲུབ་པའི་དུས་མེད་དོ། །ཡང་འདིའི་བཤད་ལུགས་གཅིག་ལ། ཟླ་བ་ལས་བྱུང་རྟེན་དང་བཅས། །ཞེས་སོགས་ཟླ་བ་དང་མ་བུའི་ལྟ་ལུགས་སྦྱོར་ཏེ། དཔེར་ན་བུ་ཆུང་ངུ་བ་ལ། མ་ངན་མ་ཞིག་གིས། ཡ་གི་ན་ཨ་བོ་ཟླ་བ་བྱས་པས། བུ་ཆུང་གིས་ཅི་ལ་ཟེར་ཆ་མེད་པས་ངུ་འཕྲོ་མི་ཆོད་དོ། །མ་མཛངས་མ་ཞིག་གིས། བུ་ངུ་བའི་མིག་གི་ཐད་ཀར་མཛུམ་མོ་བསྟན་ནས། འདི་ན་འདི་ན་བྱས་པས། བུ་ཆུང་གི་མིག་མཛུམ་མོ་ལ་འཆགས་པ་ན། རྟེན་དེས་བྲིད་ནས་མཛུབ་མོ་ཇེ་མཐོ་ཇེ་མཐོ་ལ་བཏང་ནས། ཨ་བོ་ཟླ་བ་ཡ་གི་རེད་བྱས་པས་བུ་ཆུང་གི་མིག་ལ་ལྟད་མོ་ལངས་ནས་ངུ་འཕྲོ་ཆོད་དོ། །དཔེ་དེ་དང་འདྲ་བར། ཐེག་པ་འོག་མའི་སློབ་དཔོན་མི་མཁས་པས། སངས་རྒྱས་ལོགས་ནས་ཐོབ་པ་སྐད་བྱས་ཏེ་སྤྱི་ཡི་ཚུལ་དུ་བཤད་པས། ཆོས་ཉིད་ལ་གོ་བའམ་རྟོགས་པའི་དུས་མེད་པར། འཁོར་བའི་སྡུག་བསྔལ་དང་ལམ་ལ་ཕྱོགས་རིས་སུ་འཛིན་པ་ལས་མ་ཐར་རོ། །ཨ་ཏི་ཡོ་གའི་སློབ་དཔོན་མཁས་པ་གདམས་ངག་དང་ལྡན་པ་དེས། སྣོད་དང་ལྡན་པའི་བུ་མཆོག་ལ། བརྡ་དང་ཚིག་གཞན་ལ་བརྟེན་པར་བྱས་ནས། དོན་རང་ལ་མཛུབ་ཚུགས་སུ་བསྟན་པས། ཚིག་དོན་དབྱེ་བ་མེད་པར་ཆོས་ཉིད་ཅེར་མཐོང་གི་ཚུལ་དུ་རིག་པ་ཙིར་གྱིས་ཟིན་ནས་ངོ་འཕྲོད་པ་ཡིན་ནོ། །དེ་རྣམས་ཀྱི་རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་བཅུ་གཉིས་པ་ལའང་། སྐབས་ཀྱི་དོན་བསྟན་པ། འཁོར་འདས་དབྱེར་མེད་ཀྱི་དགོངས་པ་ག་བུར་གྱི་ནུས་པ་ལྟ་བུར་དབྱེར་མེད་ཆེན་པོའི་ཀློང་དུ་བསྟན་པ། སྔ་ཕྱི་མེད་པའི་རིགས་པ་བསྟན་པ། དུས་གསུམ་སྐྱོན་གྱིས་མ་གོས་པའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། ཆགས་པ་དང་བྲལ་བའི་སྐབས། ཞེས་ཐེག་པ་འོག་མ་པས། ལྟ་སྒོམ་སྤྱོད་འབྲས་དང་གནས་སྐབས་ཀྱི་བདེ་བ་ཞི་གནས་སམ་མི་རྟོག་པ་ཕྲ་མོའི་རོ་ལ་ཆགས་པ་དེ། ཨ་ཏི་ཡོ་ག་བྱ་བ་དང་བྲལ་བའི་གཏན་ཚིགས་ཀྱིས། དེ་ལ་མི་གནས་པར་གང་ལ་ཆགས་པ་ཀུན་དང་བྲལ་བར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་རང་གི་སེམས་ལ་འདུས། །སེམས་ལ་གཟུང་འཛིན་མེད་པའི་ཕྱིར། །ཆགས་དང་བྲལ་བའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། ད་ལྟའི་བདེ་དང་ཕྱི་མའི་བདེ། །ཞེས་པས་སྟོན། ཆོས་ཉིད་བྱ་བྲལ་གྱི་ཀློང་ཆེན་པོ་དེ་ཉིད། ལས་དང་བག་ཆགས་ལྟར་སྣང་བ་ལ་འཁོར་བར་འཁྲུལ་ཡང་། འཁོར་བ་མ་སྤངས་རང་སར་གྲོལ་བས་མྱ་ངན་ལས་འདས་པ་སྟེ། དེ་གཉིས་ཀ་རྒྱུ་ཆོས་ཉིད། རྐྱེན་རོལ་པ། འབྲས་བུ་རང་བྱུང་ཡེ་ཤེས་སུ་གཅིག་ཅིང་ངོ་བོ་དབྱེར་མེད་པ་ལ། གང་ཡང་གཉིས་སུ་མེད་པའི་དགོངས་པ་ཆོས་ཉིད་ཀྱི་ཀློང་ངོ་། །ག་པུར་གྱི་ནུས་པ་ལྟ་བུ་ནི། ནད་ཀྱི་རྐྱེན་གྱིས་ཚ་བ་ཅན་ལ་སྨན་དུ་འགྲོ། གྲང་བ་ཅན་ལ་དུག་ཏུ་འགྲོ་བས། ནུས་པ་སོ་སོར་བྱུང་ཡང་། ངོ་བོ་ལ་དབྱེར་མེད་པ་བཞིན་དུ། འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་ལ་ཤར་བ་ཡིན་ཀྱང་། ཐིག་ལེ་ཉག་གཅིག་གི་ཀློང་ལ། ཤར་ཀྱང་རང་ཤར། གྲོལ་ཀྱང་ཐ་དད་མེད་པ་རང་གྲོལ་བས་དབྱེ་བ་མེད་པའི་ཀློང་ངོ་། །དེ་ལ་རྒྱུན་ཆད་བྲལ་བས་སྔ་ཕྱི་མེད་པའི་རིགས་པ། ཐ་དད་དུ་འཛིན་ན་གོལ་བས། དུས་གསུམ་སྐྱོན་གྱིས་མ་གོས་པ་གཏན་ཚིགས་བྱུང་ངོ་། །དེས་ན། ད་ལྟའི་བདེ་དང་ཕྱི་མའི་བདེ། །ཞེས་པ་བདེ་བ་ཆེན་པོ་ཁ་སྤྲོད་ཀྱི་གཏན་ཚིགས་ཏེ། ད་ལྟ་ལུས་འཁོར་བའི་སྡུག་བསྔལ་གྱིས་གཟིར་ཡང་། སེམས་བདེ་བ་ཆེན་པོའི་དོན་དང་མ་བྲལ་བས། ད་ལྟར་གྱི་བདེ་བ། ཕྱི་མར་ལུས་མྱ་ངན་ལས་འདས་ཀྱང་། སེམས་བདེ་བ་ཆེན་པོའི་དོན་དང་མ་བྲལ་བས། ཕྱི་མའི་བདེ་བ་སྟེ། ཇི་ལྟར་བྱས་ཀྱང་བདེ་བ་ཁ་སྦྱོར་རམ། ཡང་ན་འཁོར་བར་ལྷུང་ས་མེད་པས། དོགས་པ་དང་བྲལ་བ་ད་ལྟའི་བདེ་བ། སངས་ལ་རྒྱས་མེད་པས། མྱང་འདས་ཀྱི་རྟེན་དང་བྲལ་བས་ཕྱི་མའི་བདེ་བ། དེ་ལྟ་བུའི་དོན་ལེགས་པར་གོ་ཞིང་རྟོགས་ན་ཇི་ལྟར་བྱས་ཀྱང་ཆོས་ཉིད་རྒྱུན་ཆད་མེད་པའི་ངང་ལ་བདེ་ཆེན་དུ་འབྱམས་པའོ། །སྐྱོན་བསལ་དང་ལ་བཟླ་འདྲ། གསུམ་པ་ནི། མངོན་སུམ་པ་དང་རྒྱབ་ནས་འབྱུང་། །ཞེས་པས་བསྟན་ཏེ། དཔེར་ན་ལུས་གཅིག་གི་ཆ་ལ། མདུན་རྒྱབ་གཉིས་སུ་བཏགས་པས། མདུན་ཕྱོགས་མངོན་དུ་མཐོང་ཡང་། རྒྱབ་དང་དུས་མཉམ་པ་བཞིན་དུ། སེམས་ཉིད་གཅིག་གི་ཆ་ལ་རོལ་བ་འཁོར་འདས་གཉིས་ལྟར་ཤར་བས། སེམས་ཅན་མངོན་སུམ་དུ་མཐོང་བ་དང་། སངས་རྒྱས་བག་ཉལ་གྱི་ཚུལ་དུ་རྒྱབ་ནས་འབྱུང་བ་གཉིས་དུས་མཉམ་པས་འཁོར་འདས་དབྱེར་མེད་པའམ། ཡང་ན་ད་ལྟར་གྱི་མངོན་སུམ་ལ་སྣང་བ་ཉིད་ཆོས་སྐུར་ཤར་བས། རྒྱབ་ནས་འབྱུང་བའི་ཡོན་ཏན་གཟུགས་སྐུ་གཉིས་ཤུགས་ལ་འབྱུང་བ་སྟེ་སྐུ་གསུམ་དབྱེར་མེད་དུ་ཤེས་པའོ། །བཞི་པ་ནི། དེ་ཡང་རྣམ་པའི་སྐྱོན་ཡིན་པས། །ཞེས་འཁོར་འདས་དབྱེར་མེད་ལ་སྔ་ཕྱི་ཐ་དད་ནམ། ཆོས་ཉིད་ངེས་མེད་ལ་སྒྲ་ཇི་བཞིན་པར་འཛིན་པ་དང་། དུས་གསུམ་མཉམ་པ་ཉིད་ལ་རིམ་པར་སྤྱོད་པ་ནི། རྣམ་དཔྱོད་དུས་སུ་བགྲངས་པའི་སྐྱོན་ཡིན་ཏེ། འཁོར་བའི་ཐོག་མཐའ་ཅན་དུ་སོང་བའི་སྐྱོན་ཡོད། ཐོག་མཐའ་ཅན་དུ་སོང་ན། འཁྲུལ་པ་ཟློག་ཐབས་མེད་པའི་སྐྱོན་དང་། མཚན་བརྗོད་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་པའི་ལུང་ངམ། བཀའ་རྒྱུད་ལས། དུས་གསུམ་གཅིག་སྟེ་ཁྱད་པར་མེད། །ཅེས་པའི་ཚིག་དང་འགལ་བའི་སྐྱོན་ཡོད་པས་ན། དེ་ལ་བརྟེན་པར་མི་བྱའོ། །ཞེས་དུས་ལ་མི་ལྟོས་པའི་གཏན་ཚིགས་བསྟན་ཏེ། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའི་ལུགས་ཀྱིས། དུས་རིམ་གྱིས་པ་ལ་བརྟེན་པར་མི་བྱ་སྟེ། ཤེས་བྱ་ཆིག་ཆོད་དུ་དུས་གསུམ་ཐིག་ལེ་ཉག་གཅིག་ཏུ་གོ་བ་གདམས་ངག་ཡིན་ནོ། །དེ་རྣམས་ཀྱི་རྒྱས་གདབ་འདྲ།། ༈ །།ད་ནི་སྐབས་བཅུ་གསུམ་པའང་། སྐབས་ཀྱི་དོན་བསྟན་པ། ཆོས་ཉིད་འབྱུང་འཇུག་མེད་པའི་དགོངས་པ་རིན་པོ་ཆེ་གསེར་གླིང་ལྟ་བུར་ཐ་མི་དད་པའི་ཀློང་དུ་བསྟན་པ། ཐ་སྙད་ལ་མི་གནས་པའི་རིགས་པ་བསྟན་པ། ཐིག་ལེ་ཉག་གཅིག་གི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། གདོད་མ་ནས་ཆེ་བ་སྙིང་པོ་ཉིད་ཀྱི་སྐབས། ཞེས་གདོད་མ་ནས་དུས་ལ་སྔ་ཕྱི་མེད་པའི་གཏན་ཚིགས་ཡིན་ཏེ། ཡེ་གདོད་མ་ཀ་ཕྱི་མོ་ཉིད་ནས། ཆེ་བ་ནི་སེམས་ཉིད་ཐིག་ལེ་ཉག་གཅིག་ཡིན་ཏེ། གཅིག་གིས་ཆེ་བ་དང་། གསུམ་གྱིས་ཆེ་སྟེ་སྐུ་གསུང་ཐུགས་ཀྱི་ཆེ་དང་། ལྔ་ཡིས་ཆེ་སྟེ་ཆེ་བ་ལྔ་ཡིས་ཆེ་བ་ནི་བྱེ་བྲག་གིས་ཆེ་བའོ། །ཐིག་ལེ་ཉག་གཅིག་དེ་འགྲན་གྱི་ཟླ་ཐམས་ཅད་དང་བྲལ་བས་འབྱུང་བ་འཁོར་འདས་ཐེག་པ་ཐམས་ཅད་ལས་ཆེ་བ་ནི་སྤྱི་ཡིས་ཆེ་བའོ། །སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་དེ། མར་གྱི་ཡང་ཞུན། ཆང་གི་སྙིང་ཁུ་ལྟ་བུར། ཆོས་ཐམས་ཅད་ཀྱི་སྙིང་པོ་སེམས་ཅན་ཐམས་ཅད་ལ་སྤྱི་ཁྱབ་ཏུ་གནས་པར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་ལ་འདུས། །སེམས་ཉིད་ཡེ་ནས་ཆེ་བའི་ཕྱིར། །གདོད་ནས་ཆེ་བའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། དུས་གསུམ་གཅིག་སྟེ་ཁྱད་པར་མེད། །ཅེས་པས་བསྟན་ཏེ། དེ་ཡང་འཁོར་འདས་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད། ཤར་ཡང་གཞི་གནས་ཡེ་གྲོལ་བྱ་བྲལ་ཀློང་ཆེན་གྱི་ངང་ལས་ཤར་བས། ཐོག་མར་ཡང་གཞི་ཤར་ཡིན་ཏེ་གཞན་ནས་མ་བྱུང་། ཐ་མར་ཡང་དབྱིངས་གྲོལ་ཡིན་པས་གཞན་དུ་མི་འཇུག་པར་ཆོས་ཉིད་མཉམ་པ་ཉིད་འབྱུང་འཇུག་མེད་པའི་དགོངས་པ་ཆོས་ཉིད་ཀྱི་ཀློང་ངོ་། །རིན་པོ་ཆེ་གསེར་གླིང་ལྟ་བུ་ནི། རིན་པོ་ཆེ་གསེར་གྱི་གླིང་ན་གསེར་འབའ་ཞིག་ལས་རྡོའི་ཐ་སྙད་བྲལ་བ་བཞིན་དུ། ཐམས་ཅད་ཆོས་ཉིད་ཐོག་མཐའ་དང་བྲལ་བའི་རང་བཞིན་ལ། སྔ་ཕྱིའི་ཐ་སྙད་དང་བྲལ་ཏེ། འདས་པ་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་སྔ་ཕྱི་ཐོག་མཐའ་མེད་པར་གྲོལ་བ་དང་། མ་འོངས་པ་མ་ངེས་པའི་ཀློང་ན་སྔ་ཕྱི་ཐོག་མཐའ་མེད་པར་ཤར་བ་ལ། ད་ལྟ་ལྷུན་གྱིས་གྲུབ་པའི་ཀློང་ན་སྔ་ཕྱི་ཐོག་མཐའ་མེད་པར་གནས་པས། དུས་ཐ་དད་དུ་དབྱེ་བའི་ཕྱོགས་ཀྱི་ཐ་སྙད་ཐམས་ཅད་དང་བྲལ་བས་ཆོས་ཉིད་ཀྱི་ཀློང་ངོ་། །དེ་ལ་དུས་གསུམ་ཐ་དད་མེད་པས་ཐ་སྙད་དང་བྲལ་བའི་རིགས་པ། མཉམ་པ་ཉིད་ལས་མ་གཡོས་པས་ཐིག་ལེ་ཉག་གཅིག་གི་གཏན་ཚིགས་ཟེར་རོ། །དེས་ན། དུས་གསུམ་གཅིག་སྟེ་ཁྱད་པར་མེད། །ཅེས་པ་སྔ་ཕྱི་ཐོག་མཐའ་མེད་པའི་དགོངས་པ་བསྟན་ཏེ། དུས་འདས་པ་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་གྲོལ་བ་དང་། མ་འོངས་པ་མ་ངེས་པའི་ཀློང་ན་འཆར་བ་དང་། ད་ལྟར་ལྷུན་གྱིས་གྲུབ་པའི་ངང་ལ་གནས་པ་དེ། ཐིག་ལེ་ཉག་གཅིག་ལ་དུས་གསུམ་ཐ་དད་མེད་པ་གཅིག་པས། སྔ་ཕྱིའི་ཁྱད་པར་མེད་དེ། དུས་གསུམ་མཉམ་པ་ཉིད་རྒྱུན་མི་འཆད་པར་གྲོལ་བའོ། །དེའི་ལ་བཟླ་དང་སྐྱོན་བསལ་འདྲ། གསུམ་པ་ནི། སྔོན་མེད་ཕྱིས་མེད་གདོད་ནས་འབྱུང་། །ཞེས་པ་ཆོས་ཉིད་ལ་རྒྱུད་ཆད་མེད་པའི་རིགས་པ་བསྟན་ཏེ། ཨ་ཏི་ཡོ་ག་ཆོས་ཉིད་ལ་སྔ་ཕྱི་ཐོག་མཐའ་དང་བྲལ་བས། ཕྱི་མའི་མཐའ་མེད་པའི་གནད་ཀྱིས་སྔོན་མེད་ལ། སྔོན་གྱི་མཐའ་མེད་པའི་གནད་ཀྱིས་ཕྱི་མའི་ཕྱི་མ་མེད། སྔ་ཕྱི་གཉིས་ཀ་མེད་པའི་གནད་ཀྱིས་ད་ལྟ་མ་གྲུབ། ད་ལྟ་མ་གྲུབ་པའི་གནད་ཀྱིས་སྔ་ཕྱི་གཉིས་ཀ་མེད་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྔ་ཕྱི་ཐོག་མཐའ་མེད་པས་ཡེ་གདོད་མ་ཉིད་ནས་རང་བྱུང་དུ་འབྱུང་བའོ། །བཞི་པ་ནི། ཆོས་སྐུས་ཁྱབ་པར་གཅིག་པའི་ཕྱིར། ཞེས་པས་ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས། མ་ཐ་དམྱལ་བའི་འཇིག་རྟེན་ཡན་ཆད་ལ་ཆོས་སྐུ་ཐིག་ལེ་ཉག་གཅིག་དེས། བཟང་ངན་དང་ཆེ་ཆུང་སྔ་ཕྱི་དང་ཐོག་མཐའ་བྲལ་ཏེ་ཕྱོགས་མེད་པར་ཁྱབ་པས། མཉམ་པ་རིས་མེད་ཡུལ་དང་ཡུལ་ཅན་མེད་པའི་ཁྱབ་གདལ་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་ཆོས་ཉིད། རྐྱེན་རོལ་པ། འབྲས་བུ་རང་བྱུང་ཡེ་ཤེས་སུ་གཅིག་པའམ། གཞི་ལྷུན་གྲུབ་ངོ་བོ་ངེས་མེད། དོན་སྐྱེ་མེད། བདག་ཉིད་ཐོག་མཐའ་མེད་པར་གཅིག་པའི་ཕྱིར། ཆེ་བའི་ཆེན་པོ་རང་བཞིན་གནས། །ཞེས་པ་གང་གིས་ཀྱང་མཚུངས་པ་མེད་པའི་གཏན་ཚིགས་བསྟན་ཏེ། འཁོར་བ་ལས་ཆེ་བ་ནི་མྱ་ངན་ལས་འདས་པའི་ཆོས་ཡིན་ལ། དེའི་ཡང་ཆེན་པོ་གྱུར་པ་ནི། འཁོར་འདས་གཉིས་ཀ་ལས་ཆེ་བའི་རང་གི་རིག་པ་བྱང་ཆུབ་ཀྱི་སེམས། སྐྱེ་མེད་དང་ཡུལ་དང་ཡུལ་ཅན་གཉིས་མེད་ཀྱི་ངོ་བོ་ཡེ་གདོད་མ་ཉིད་ནས་བྱ་བྲལ་ཀློང་ཆེན་དུ་སངས་རྒྱས་པའི་རང་བཞིན་དུ་གནས་པ་ཡིན་ནོ། །དེ་རྣམས་ཀྱི་རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་བཅུ་བཞི་པ་ལའང་། སྐབས་ཀྱི་དོན་བསྟན་པ། ལོངས་སྐུ་ཐུག་ཕྲད་དུ་འཆར་བའི་དགོངས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུར་སྣང་ལ་མ་ངེས་པའི་ཀློང་དུ་བསྟན་པ། ཆོས་ཉིད་མཉམ་པ་ཉིད་ལ་དུས་མི་དམིགས་པའི་རིགས་པ་བསྟན་པ། རིག་པ་སྤྱི་ཁྱབ་ལ་བོགས་གདོན་དོན་དུ་མེད་པའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ། ཀུན་ཏུ་སྨོན་ལམ་དང་བྲལ་བའི་སྐབས། ཞེས་པ་ཨ་ཏི་ཡོ་གའི་རྣལ་འབྱོར་པ་ནི། དུས་དང་རྣམ་པ་ཀུན་ཏུ་འཕེན་པའི་སྨོན་ལམ་མི་གདབ། འབྲས་བུ་གཞན་ནས་མི་སྒྲུབ་སྟེ། ཐེག་པ་བརྒྱད་ཀྱི་ལྟ་སྒོམ་མམ། ལམ་རྣམས་ཀྱི་རེ་སྨོན་ལ་མི་ལྟོས་པས། སྨོན་ལམ་གདབ་བྱ་འདེབས་བྱེད་ཐམས་ཅད་དང་བྲལ་བར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་ལ་འདུས། །སེམས་ལ་སྐྱོན་ཡོན་མེད་པའི་ཕྱིར། །སྨོན་ལམ་བྲལ་བའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། སྲིད་པ་གསུམ་ན་སྦྱོང་བ་ཡང་། །ཞེས་སོགས་ཏེ། དེ་ཡང་སྦྱངས་པ་མངོན་གྱུར་གྱི་ལོངས་སྤྱོད་རྫོགས་པའི་སྐུ་བྱ་བ། སྔོན་གྱི་སྨོན་ལམ་ཐུགས་རྗེའི་དབང་གིས་སྦྱངས་པ་དང་། བརྩལ་བ་དང་བསྒྱུར་བའི་ནུས་མཐུ་ལས། ཀུན་གཞི་དང་བག་ཆགས་ཐམས་ཅད་གནས་གྱུར་པའི་དབང་གིས། མེ་ལོང་ལྟ་བུ། མཉམ་པ་ཉིད་དང་། སོ་སོར་རྟོག་པའི་ཡེ་ཤེས་ཐུགས་སུ་ཆུད་པས། མཚན་དང་དཔེ་བྱད་དུ་ཤར་བ་ལ་བྱ་སྟེ། ལོངས་སྐུ་ཡིན་ཡང་ཐུག་ཕྲད་མ་ཡིན་ནོ། །རྫོགས་པ་ཆེན་པོའི་ལུགས་ཀྱིས། རང་གི་སེམས་ཉིད་འདུས་མ་བྱས་པས་ཆོས་ཀྱི་སྐུ་ལས་འཁོར་འདས་ཐམས་ཅད་རང་ཤར་ཞིང་རང་དུ་ལོངས་སྤྱོད་པས། ཅིར་སྣང་ཅིར་སྲིད་ཐམས་ཅད་ལོངས་སྐུ་ཐུག་ཕྲད་དུ་འཆར་བའི་དགོངས་པ་ཆོས་ཉིད་ཀྱི་ཀློང་སྟེ། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ། མཚན་དང་དཔེ་བྱད་བསོད་ནམས་ཁྱད་པར་ཅན་ཅི་ཙམ་ཡོད་ཀྱང་གཏན་དུ་མི་སྡོད་དེ་བརྟགས་མི་བཟོད་པ་བཞིན་དུ། ཆོས་ཉིད་ཅིར་ཡང་སྣང་ཙམ་ན། ངེས་པ་མེད་པར་ཐམས་ཅད་རང་ཤར་ཞིང་དེ་རུ་གྲོལ་བས་རང་གྲོལ་གྱི་ཀློང་ངོ་། །དེས་ན་ཐུག་ཕྲད་ལ་དུས་རིམ་གྱིས་པ་མ་དམིགས་པས། དུས་དང་བར་མེད་ཀྱི་རིག་པ་མཉམ་ཉིད་ཆེན་པོ་ལ་བོགས་ཆེད་དུ་མི་འདོད་པས། རིག་པ་སྤྱི་ཁྱབ་ལ་བོགས་འདོན་དུ་མེད་པའི་གཏན་ཚིགས་བྱུང་ངོ་། །དེས་ན། སྲིད་པ་གསུམ་ན་སྦྱོང་བ་ཡང་། །ཞེས་པ་སྲིད་པ་རྣམ་པར་དག་པའི་དགོངས་པ། སྒྲ་ཇི་བཞིན་པ་མ་ཡིན་པའི་སྲིད་པ་གསུམ་ནི། ལྷུན་གྲུབ་ལ་ཡེ་སྲིད་པའི་སྲིད་པ། སྐྱེ་མེད་ལ་མི་སྲིད་པའི་སྲིད་པ། ངེས་མེད་ལ་ཇི་སྲིད་པའི་སྲིད་པ་གསུམ་སྟེ་གནས་ལུགས་མ་བཅོས་པའི་སྲིད་པ་ཡིན་ལ། སྒྲ་ཇི་བཞིན་པའི་སྲིད་པ་གསུམ་ནི། རྒྱུ་མཐུན་གནས་སྐབས་ཀྱི་སྲིད་པ། ས་བླ་ས་འོག་ས་སྟེང་རྣམ་པ་གསུམ་གྱི་སེམས་ཅན་ནི། བག་ཆགས་རང་རྒྱུད་པར་སྣང་ལ། དེ་དག་སྦྱང་བར་བྱ་བའི་ཕྱིར་གདུལ་བྱ་དག་པའི་ཤེས་ངོ་དང་། མ་དག་པའི་ཤེས་ངོ་ལ། ལོངས་སྐུ་དང་སྤྲུལ་སྐུའི་གཟུགས་བརྙན་དཔག་ཏུ་མེད་པར་ཤར་བ་དེ་ཡང་། མིང་ཙམ་སྒྱུ་མར་སྣང་བ་སྟེ། །ཞེས་སྣང་ལ་མ་ངེས་པའི་དགོངས་པ་བསྟན་ཏེ། དེ་ཡང་རང་རྒྱུད་དུ་གྲུབ་པ་མེད་པས། རེ་ཞིག་སྣང་བ་ལྟར་བཏགས་པར་ཟད་ཀྱིས། བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་སྣང་ཙམ་ན། དེའི་རང་བཞིན་ལ་ངེས་པ་མེད་ཅིང་ཕྱོགས་རིས་མེད་པས་སྒྱུ་མ་ལྟ་བུ་སྟེ། མེད་པའི་དོན་ལ་ཅིར་ཡང་སྣང་བས་སོ། །འཁོར་ལོས་སྒྱུར་བའི་གནས་ཆེན་ཡང་། །ཞེས་པ་དཔེ་དོན་གཉིས་སུ་མེད་པའི་དགོངས་པ་བསྟན་ཏེ། དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་ནི་འཇིག་རྟེན་ན་དབང་ཆེ་ཞིང་ཕུན་སུམ་ཚོགས་པ་ཡིན་ཀྱང་། གཏན་དུ་མི་སྡོད་དེ། རེ་ཞིག་གི་བསྟི་གནས་ཙམ་མམ། སྐད་ཅིག་གི་བདེ་བ་ཙམ་ཡིན་པ་ལྟར། སྒྱུ་མར་སྦྱོང་བའི་བསྟི་གནས་ཡིན། །ཞེས་པ། དེས་ན་གཟུགས་སྐུར་སྣང་བ་ཡང་མ་ངེས་པ་སྒྱུ་མ་ལྟ་བུས། སེམས་ཅན་གྱི་བག་ཆགས་སྒྱུ་མ་ལྟ་བུ་དེ་རང་བཞིན་མེད་པར་སྦྱོང་བས་ན། སྒྱུ་མས་སྒྱུ་སྦྱོང་བའི་བསྟི་གནས་ཙམ་ཡིན་པ་ལས། ཡང་དག་པར། ཉོན་མོངས་དང་ཡེ་ཤེས་སམ། སྦྱོང་བྱ་སྦྱོང་བྱེད་གཉིས་ཀ་མ་གྲུབ་པས་སོ། །དེའི་སྐྱོན་བསལ་ལ་བཟླ་འདྲ། གསུམ་པ་ནི། རྣམ་དཔྱོད་དུས་ལ་ལྟོས་པ་རྣམས་ཞེས་རྣམ་པར་དཀའ་བའི་ཆོས་སྤྱོད་ལ་བརྟན་ནས། དུས་རིམ་གྱིས་པ་ལ་སངས་རྒྱས་ཐོབ་ཏུ་རེ་ནས། རྒྱུ་འདི་ལ་བརྩལ་བས་འབྲས་བུ་ཕྱི་མ་ལ་ཐོབ་པར་འདོད་པའི་དུས་ལ་ས་མཚམས་གཅོད་པ་ཡི་ཐེག་པ་འོག་མ་པ་རྣམས་ལ། དུས་དེར་འབྱུང་བར་མི་འགྱུར་ཏེ། ཞེས་པ་ཆོས་ཉིད་ལ་མཐའ་མེད་པའི་རིགས་པ་བསྟན་ཏེ། ཉན་རང་བསྐལ་པ་འབུམ་ཕྲག་བདུན་ན་སངས་རྒྱས་པར་འདོད་པ་དང་། དབུ་སེམས་གྲངས་མེད་གསུམ་ན་སངས་རྒྱས་པར་འདོད་དེ་ས་བཅུ་མཐར་ཕྱིན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲོ་བཏགས་ཐམས་ཅད་རྒྱུན་བཅད་ཏེ། བཅུ་གཅིག་ཀུན་དུ་འོད་ཀྱི་ས་ལ་སྐུ་གསུམ་ཡེ་ཤེས་བཞིའི་འབྲས་བུ་ཐོབ་པར་འདོད་པའོ། །འོ་ན་དེ་ཁོ་ན་ལྟར་འབྱུང་ངེས་སམ་ཞེ་ན། འབྱུང་བར་མ་ངེས་པས་དུས་དེར་འབྱུང་བར་མི་འགྱུར་ཏེ། རྒྱུ་མཚན་ཅིས་ན། མ་བྲལ་སྨོན་པ་སྤྱོད་པས་ན། །ཞེས་པ་ཅིས་ཀྱང་མི་རྙེད་པའི་རིག་པ་བསྟན་ཏེ། ཐེག་པ་འོག་མ་པ་དེ་རྣམས་ལམ་ལ་རྩོལ་སྒྲུབ་དང་མ་བྲལ། འབྲས་བུ་རེ་སྨོན་ལ་ལྟོས་པས། ཡུལ་དང་ཕྱོགས་མེད་ལ་ཕྱོགས་འཛིན་དུ་སྤྱོད་པའི་ཕྱིར་འབྱུང་བ་མེད་དོ། །བཞི་པ་ནི། སྟོང་པའི་མཚན་ཉིད་གསུངས་པ་བཞིན། ཞེས་པ་སྟོང་པའི་མཚན་ཉིད་ལ་ཕྱི་སྟོང་ནང་སྟོང་ལ་སོགས་པའི་བགོ་བཤའ་བྱས་ཀྱང་། དངོས་པོ་མ་རྙེད་པ་བཞིན་དུ། སྐྱེ་མེད་ཀྱི་རིག་པ་ཡུལ་མེད་སྤྱི་ཁྱབ་ཏུ་ཤར་བས། ཕྱི་ནང་ངམ་ཡུལ་དང་ཡུལ་ཅན་ནམ། དུས་སྔ་ཕྱིའི་ཁྱད་པར་གང་ཡང་མི་དམིགས་པ་སོགས་སོ། །དེ་བཞིའི་རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་བཅོ་ལྔ་པ་ལའང་། སྐབས་ཀྱི་དོན་བསྟན་པ། ཐིག་ལེ་ཉག་གཅིག་གི་དགོངས་པ་ནམ་མཁའི་བྱ་ལམ་ལྟ་བུར་རྗེས་མེད་ཆེན་པོའི་ཀློང་དུ་བསྟན་པ། སྒྲོ་སྐུར་དང་བྲལ་བའི་རིགས་པ་བསྟན་པ། ཕྱི་ནང་མེད་ཅིང་བྱ་རྩོལ་དང་བྲལ་བའི་གཏན་ཚིགས་བསྟན་པ། ཐིག་ལེའི་ངེས་ཚིག་བསྟན་པ་དང་ལྔ་ལས། དང་པོ་ནི། ལུང་སྟོན་པའི་སྐབས། ཞེས་པ་དགོངས་པ་འདུས་པ་ལས། ཐིག་ལེ་གཅིག་གིས་ཀུན་ལ་ཁྱབ། །ཐམས་ཅད་ལུང་ཆེན་ཡིན་པར་བསྟན། །ཞེས་གསུངས་ཏེ། ལུང་ནི་རྣ་བར་བརྒྱུད་པའི་ལུང་། །མངོན་དུ་ཕྱུང་བའི་མདོ་ལུང་། གཏན་ལ་འབེབས་པའི་ངེས་ལུང་དང་གསུམ་ཀ །ཐིག་ལེ་ཉག་གཅིག་བྱ་བྲལ་ཀློང་ཆེན་གྱི་ལུང་དུ་འདུས་པས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་དབུ་ཞབས་ཀུན་ལ་ཁྱབ་པའི་ལུང་ཉིད་ངེས་པར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་ཐམས་ཅད་རྫོགས་པའི་ཕྱིར། །ལུང་ཆེན་སྟོན་པའི་སྐབས་ཞེས་བྱ། །ཞེས་སོ། གཉིས་པ་ནི། གཅིག་སྟེ་རྣམ་པར་ཡོངས་ཀྱིས་མེད། །ཅེས་ཏེ། དེ་ཡང་གནས་ལུགས་ཐིག་ལེ་ཉག་གཅིག་ཅིར་ཡང་གནས། ཤར་ལུགས་ཐིག་ལེ་ཉག་གཅིག་ཅིར་ཡང་ཤར་བས། ཡིན་ལུགས་ཐིག་ལེ་ཉག་གཅིག་ཅི་ཡང་ཡིན་པ། གྲོལ་ལུགས་ཐིག་ལེ་ཉག་གཅིག་ཅིར་ཡང་གྲོལ་བ་ཡིན་ཏེ། གནས་ལུགས་རང་ཤར་ཡིན་ལུགས་རང་གྲོལ་ལ་ཐ་དད་མེད་དེ། མཉམ་ཉིད་ཆེན་པོ་གཅིག་གི་རང་བཞིན། གྲྭ་དང་ཟུར་མེད་པས་ཐིག་ལེ། མ་སྤྲོས་ཀུན་ལ་ཁྱབ་པས་ཉག་གཅིག་གི་དགོངས་པ་ཆོས་ཉིད་ཀློང་ངོ་། །ནམ་མཁའི་བྱ་ལམ་ལྟ་བུར་ནི། བྱ་གར་འཕུར་ཡང་མི་འགལ་ལ་རྗེས་མི་འོང་བ་བཞིན་དུ། རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །བྱེད་སྤྱོད་གང་ཡང་མ་བཀག་ཀྱང་། །རྗེས་མེད་རང་ཤར་རང་གྲོལ་གྱི་ཀློང་ངོ་། །དེ་ལ་མཐའ་གང་གིས་ཀྱང་མ་རེག་པས་སྒྲོ་སྐུར་དང་བྲལ་བའི་རིག་པ། མཚན་མ་ཐམས་ཅད་རང་སར་གྲོལ་བས་བྱ་བརྩལ་དང་བྲལ་བའི་གཏན་ཚིགས་འབྱུང་ངོ་། །དེས་ན། གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །ཅེས་པ་སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཅིག་གི་ངང་ཞེས་བྱའོ། །དེ་ཡང་གང་དུ་གཅིག་ན་རང་རིག་སྐྱེ་མེད་ཀྱི་ངང་དུ་གཅིག་གོ། །ཇི་ལྟར་གཅིག་ན་དཔེ་དོན་རྟགས་དང་གཏན་ཚིགས་བཞི་རུ་གཅིག་སྟེ། དཔེའི་དུས་ན་ནམ་མཁར་གཅིག །དོན་གྱི་དུས་ན་ཆོས་ཉིད་དུ་གཅིག །རྟགས་ཀྱི་དུས་ན་རིག་པ་བྱང་ཆུབ་ཀྱི་སེམས་སུ་གཅིག །དེས་ན་རྒྱུ་རྐྱེན་འབྲས་བུ་གསུམ་ཡང་། རྒྱུ་ཆོས་ཉིད། རྐྱེན་རོལ་པ། འབྲས་བུ་རང་བྱུང་གི་ཡེ་ཤེས་སུ་གཅིག་གོ། །གཏན་ཚིགས་ཀྱི་དུས་ན། གཞི་ལྷུན་གྱིས་གྲུབ་པ་གཅིག །ངོ་བོ་ངེས་པ་མེད་པར་གཅིག །དོན་སྐྱེ་བ་མེད་པར་གཅིག །བདག་ཉིད་ཐོག་མཐའ་དང་བྲལ་བར་གཅིག་པས། འཁོར་འདས་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ། བཟང་ངན་ནམ་ཆེ་ཆུང་གི་རྣམ་པ་ངང་ངམ་ཡོངས་ཀྱིས་མེད་པར་ཡིད་ཆེས་སོ། །འོ་ན་དཔེ་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཞེས་པ། དེ་ལྟ་བུའི་དགོངས་པ་ལ་ཕྱོགས་མེད་པའི་གནད་ཀྱིས་སྤྱོད་པ་འགག་མེད་དུ་ཕུལ་ནས། ཤུགས་ལ་དགེ་བའི་ལས་དང་། མི་དགེ་བའི་ལས་དང་། ལུང་བསྟན་པའི་ལས་དང་། ལུང་མ་བསྟན་པའི་ལས་དང་། བྱ་བ་ཅི་བྱེད་པ་ཐམས་ཅད་ལ་བག་ཆགས་དཀར་ནག་བསོགས་པའི་རྗེས་མེད་པས། ནམ་མཁའི་བྱ་ལམ་དང་འདྲ་བ་ཡིན་ཏེ། དེ་ཅིས་ན་ཀུན་གཞི་ཟང་ཐལ་ལ། ཡེ་ཤེས་རང་ཤར་། རྣལ་འབྱོར་ཐང་ཡན་ལ་དགོངས་པ་ཕྱོགས་མེད་ཡིན་པས། ཀློང་རབ་འབྱམས་ལས། སྤྱོད་ཡུལ་འདི་ལ་གནས་པ་གང་། །ཕྱོགས་མེད་དོན་ལ་གནས་པ་ཡིན། །ཞེས་སོ། །བྱ་ལམ་རྗེས་མེད་བྱ་བ་ཡང་དོན་དེ་ལྟ་བུ་ཞིག་རྟོགས་ན་ཡིན་གྱི། ཁ་འུད་ཙམ་གྱི་ལྟ་བ་ལ་བརྟེན་པས་ཅི་ཡང་ཕན་པ་མེད་དོ། །དེའི་སྐྱོན་བསལ་དང་ལ་བཟླ་འདྲ། གསུམ་པ་ནི། མ་བྱུང་མ་སྐྱེས་སྙིང་པོ་ལ། །ཞེས་པ་གཞི་ཆོས་ཉིད་ཀྱི་རིགས་པ། དབྱིངས་སྐྱེ་འགག་མེད་པའི་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ། སེམས་ཅན་རང་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཕྱོགས་མེད་དེ་ཉིད། ཕ་ཡི་རྒྱུ་ལས་མ་བྱུང་། མ་ཡི་རྐྱེན་ལས་མ་སྐྱེས། འདུས་བྱས་མ་ཡིན་པས་གཉེན་པོས་མི་འཇིག །ཡེ་གདོད་མ་ཉིད་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་རྡོ་རྗེ་སྙིང་པོར་རང་འཁྲུངས་པའི་སངས་རྒྱས་ཡིན་པས། སྙིང་པོ་བྱང་ཆུབ་ཀྱི་སེམས། ཆོས་ཀྱི་ཆོས་ཉིད། སེམས་ཀྱི་སེམས་ཉིད་ཡིན་པ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །ཅེས་པ་སྒྲོ་སྐུར་དང་བྲལ་བ་དངོས་ཀྱི་རིགས་པ། ཆོས་ཉིད་བྱ་བྲལ་མཐའ་གང་གིས་ཀྱང་མ་རེག །མཐའ་གང་ཡང་མ་སྤངས་པ་དེ། ཡོད་པར་སྒྲོ་བཏགས། མེད་ཅེས་སྐུར་པ་གདབ་པའམ། སྣང་ཞེས་སྒྲོ་བཏགས། སྟོང་ཞེས་སྐུར་པ་གདབ་པའམ། རྟག་ཅེས་སྒྲོ་བཏགས། ཆད་ཅེས་སྐུར་པ་གདབ་པའམ། དེ་ལ་སོགས་པ་གང་ཡང་མེད་པས། སྒྲོ་སྐུར་དང་བྲལ་བའི་ཆོས་ཉིད་ཡིན་ནོ། །བཞི་པ་ནི། ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཞེས་པ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བྱ་བྲལ་ཀློང་ཆེན་དེ་ཉིད། ཡེ་གདོད་མ་ཉིད་ནས་དབྱེར་མེད་ཀྱི་ཟང་ཐལ། བྱ་བྲལ་གྱི་ཀློང་ཆེན་དུ་ཤར་བ་ལ། ནུབ་པའི་མཐའ་མེད་པས། རིག་པ་ལ་ཕྱི་ནང་མེད་དེ། ཕྱི་ཆོས་ཀྱི་དབྱིངས། ནང་ཆོས་ཀྱི་སྐུ་དང་། དབྱེར་མི་ཕྱེད་པས། ཕྱི་གང་ཡིན་ནང་ཡིན། ནང་གང་ཡིན་ཕྱི་ཡིན་ཏེ། དེས་ན་ཐེག་པ་འོག་མ་པ་རིག་པ་ཕྱི་ནང་དགག་སྒྲུབ་ཅན་དུ་བརྟགས་པ་དེ་གཉིས་ཀ་ཨ་ཏི་ཡོ་གས་མ་སྤངས་རང་གྲོལ་དུ་གཏན་ལ་དབབ་པས། ཕྱི་ཉིད་ནང་ངོ་། །ཟབ་མོ་ཆ་ཤས་རྟོག་ཡུལ་མེད། །ཅེས་པ་རིག་པ་ཡུལ་མེད་ཀྱི་གཏན་ཚིགས་ཏེ། ཟབ་མོ་ནི་ཆོས་ཉིད་ཐིག་ལེ་ཉག་གཅིག །ཟབ་ཅིང་གཏིང་རིང་ལ་ཆ་ཕྲ་བས་བརྟག་པར་དཀའ་བའོ། །འོ་ན་སུས་མི་རྟོགས་ཤེ་ན། ཆ་ཤས་ཀྱི་རྟོག་པའི་ཡུལ་དུ་མེད་ཅེས་བྱའོ། །ཆ་ཤས་པ་གང་ཞིག་ཡིན་ན། ཨ་ནུ་མན་ཆད་ཡིན་ལ། དེའང་ཨ་ནུ་དབྱིངས་དང་ཡེ་ཤེས་སམ། མ་ཧཱ་ཐབས་དང་ཤེས་རབ་སོགས་པར་གཉིས་སུ་འཛིན་པའི་ཆ་ཤས་སམ། དེའི་ཡང་འོག་མ་པས་མཐོ་དམན་གྱི་ཆ་ཤས་སམ། བཟང་ངན་གྱི་ཁྱད་པས་འདོད་པས་མཉམ་པ་ཉིད་ལ་རྟོགས་པའི་དུས་མེད་དོ། །སྲིད་པ་མིང་ཙམ་ལོག་པའི་སྟོབས། །ཞེས་པ་ཆོས་ཉིད་རང་ལོག་གི་གཏན་ཚིགས་ཡིན་ཏེ། སྲིད་པ་ཡེ་སྲིད་ཀྱི་སྲིད་པ་ལྷུན་གྲུབ། མི་སྲིད་པའི་སྲིད་པ་སྐྱེ་མེད། ཇི་སྲིད་པའི་སྲིད་པ་ངེས་མེད། རྒྱུ་མཐུན་གནས་སྐབས་ཀྱི་སྲིད་པ། སྟེང་ལྷའི། འོག་ཀླུའི། བར་མིའི་སྲིད་པ་གསུམ་མམ། ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་སྟེ། དེ་གསུམ་རང་ཡང་མིང་དུ་བཏགས་པ་ཙམ་ལས། དོན་ཆོས་ཉིད་ལ་གང་ཡང་མ་གྲུབ་སྟེ། རྒྱུ་མཚན་གོ་ཟློག་གི་འབྲས་བུར་རེ་དོགས་བཅད་པས། སྲིད་པ་གསུམ་པོ་ཆོས་ཉིད་མཉམ་པ་ཉིད་དུ་རང་ལོག་པའི་སྟོབས་ཀྱིས། འཁོར་བ་མ་སྤངས་པར་རང་སར་གྲོལ་ལོ། །དེ་ལ་ཡོན་ཏན་ཇི་ཡོད་ཅེ་ན། དེ་བས་ཏིང་འཛིན་མཉམ་དང་བྲལ། ཞེས་པ་ཏིང་ངེ་འཛིན་འབྱུང་འཇུག་དང་བྲལ་བའི་གཏན་ཚིགས་བསྟན་ཏེ། དེ་བས་ན་སྲིད་པ་གསུམ་གྱི་བག་ཆགས་སྦྱང་བར་བྱ་བའི་ཕྱིར། ཐེག་པ་འོག་མ་པས། ཏིང་ངེ་འཛིན་མཉམ་པ་ལ་བཞག་དགོས་པ་དེ། ཨ་ཏི་ཡོ་ག་ཏིང་ངེ་འཛིན་མཉམ་པ་ལ་བཞག་ས་མེད་པར་ཐམས་ཅད་ཆོས་ཉིད་དུ་ཤེས་པས། བསྒོམ་དུ་ཡོད་པ་དང་མེད་པའི་ཐ་སྙད་ཀུན་དང་བྲལ་ཏེ། མཉམ་པ་ལ་བཞག་ཏུ་མེད་དོ། །དེ་ལ་ཐ་ཚིག་ཕྱི་དང་ནང་། ཞེས་པ་དམ་ཚིག་གྲངས་སྲུང་དང་བྲལ་བའི་གཏན་ཚིགས་བསྟན་ཏེ། མཉམ་པར་བཞག་པ་དང་མི་བཞག་པའི་རྩོལ་བ་དང་བྲལ་བ་དེ་ལ། གསང་སྔགས་ཕྱི་ནང་གི་དམ་ཚིག །རྟོག་ཚོགས་ཕུང་པོ་ལྷའི་ང་རྒྱལ་དུ་བསྒོམ་པ་དང་བྲལ་བས། རང་བཞིན་ཕུང་པོ་ཁམས་བཞིན་གནས། །ཞེས་པ་རྫོགས་པ་ཆེན་པོའི་ལུགས་ཀྱིས་བསྒོམས་མ་བསྒོམས་མེད་པར་ཡེ་གདོད་མ་ཉིད་ནས། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན་རྫོབ་ཏུ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་ནས་གནས་པ་དང་། དོན་དམ་པར་ཆོས་ཉིད་བྱང་ཆུབ་ཀྱི་སེམས། མ་སྐྱེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་གནས་པས། དེའི་ཕྱིར། དུས་གསུམ་འདི་དང་མི་འབྲལ་བས། །ཞེས་པ་ཡི་ཀླུང་ཆེན་པོའི་ཏིང་ངེ་འཛིན་བསྟན་ཏེ། འདས་མ་འོངས་ད་ལྟར་གྱི་དུས་རྣམ་པ་གསུམ་མམ། འགྲོ་ཉལ་འདུག་སྡོད་གང་གི་དུས་སུ་ཡང་རིག་པ་དང་འབྲལ་མ་མྱོང་བས། ཆོས་ཉིད་དང་བྲལ་མ་མྱོང་། ཆོས་ཉིད་དང་བྲལ་མ་མྱོང་བས། དམ་ཚིག་དང་བྲལ་མ་མྱོང་སྟེ། དུས་འདས་པ་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་གྲོལ་བ་དང་། མ་འོངས་པ་མ་ངེས་པའི་ཀློང་ནས་ངེས་མེད་དུ་འཆར་བ་དང་། ད་ལྟ་བ་ལྷུན་གྱིས་གྲུབ་པའི་ཀློང་དུ་མཉམ་ཉིད་ཆེན་པོར་གྲོལ་བས། དུས་གསུམ་ཆོས་ཉིད་ལས་མི་འདའ་བས། །ཐ་ཚིག་མིང་དུ་བཏགས་པ་མེད། །ཅེས་འདའ་ཉམས་དང་བྲལ་བ་ལ་ཕྱི་ནང་གི་དམ་ཚིག་སོ་སོར་ཕྱེ་ལ། མིང་དུ་བཏགས་ཏེ་སྲུང་དུ་ཡེ་ནས་མེད་དོ། །ལྔ་པ་ནི། ཡེ་ཤེས་ཆེན་པོའི་ཐིག་ལེ། ཞེས་ཤར་ལ་ནུབ་པ་མེད་པས་ཡེ་ཤེས། ཕྱི་ནང་མེད་པར་འོད་གསལ་བས་ན་ཡང་ཡེ་ཤེས། འཁོར་འདས་ཐེག་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པས་ན་ཆེན་པོ། མ་སྤྲོས་ཀུན་ལ་ཁྱབ་ཅིང་། གདལ་བ་ཆེན་པོར་གནས་པས་ན་ཐིག་ལེ་ཞེས་བྱའོ། །དེའང་དང་པོ་མི་རྟོག་པའི་ཡེ་ཤེས་ཆེན་པོ་དང་། གཉིས་པ་མཉམ་ཉིད་ཡེ་ཤེས་ཆེན་པོ་དང་། གསུམ་པ་སྔ་ཕྱི་མེད་པའི་ཡེ་ཤེས་ཆེན་པོ་དང་། བཞི་པ་ཐོག་མཐའ་མེད་པའི་ཡེ་ཤེས་ཆེན་པོ་དང་། ལྔ་པ་མ་ངེས་པའི་ཡེ་ཤེས་ཆེན་པོ་དང་། དྲུག་པ་མི་གཡོ་བའི་ཡེ་ཤེས་ཆེན་པོར་འདུས་སོ། །དེ་རྣམས་ཀྱི་རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་བཅུ་དྲུག་པ་ལའང་། སྐབས་ཀྱི་དོན་བསྟན་པ། སྐུ་གསུང་ཐུགས་ཐུག་ཕྲད་དུ་འཆར་བའི་དགོངས་པ་རལ་གྲི་ཁ་མང་ལྟ་བུར་རང་ཤར་ཆེན་པོའི་ཀློང་དུ་བསྟན་པ། བདག་ཉིད་རང་ཤར་གྱི་རིགས་པ་བསྟན་པ། ཆོས་ཉིད་མཉམ་པ་ཉིད་ཀྱི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། མཉམ་པ་ཉིད་ཀྱི་སྐབས། ཞེས་པ་ཨ་ཏི་ཡོ་ག་ཐིག་ལེ་ཉག་གཅིག་བྱ་རྩོལ་དང་བྲལ་བའི་ཀློང་དུ་སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བཟང་ངན་མེད་པ་མཉམ་པ་དང་། དེ་བཞིན་དུ། ཆེ་ཆུང་། ཕྱི་ནང་། མཐོ་དམན། མཐའ་དབུས་མེད་པར་མཉམ་སྟེ། མཉམ་པ་ཉིད་ལ་ཐ་དད་མེད་པར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་བཟང་ངན་མེད་པའི་ཕྱིར། །མཉམ་པ་ཉིད་ཀྱི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། མི་གཡོ་བ་ནི་སྐུ་ཡི་རྒྱ། །ཞེས། དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཐུག་ཕྲད་དུ་མ་གྱུར་པའི་ཆོས་གང་ཡང་མེད་དེ། ལྟ་བ་ཐུག་ཕྲད་ཀྱི་མན་ངག་ལས། བལྟ་བྱ་ཕྱི་ཡི་ཡུལ་ལ་བལྟས་པས། རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ལས། གཞན་གང་ཡང་ཡུལ་དུ་མི་འདུག་སྟེ། ལྟ་བ་སྤྲུལ་སྐུ་ཐུག་ཕྲད། བལྟ་བྱ་ནང་གི་སེམས་ལ་བལྟས་པས། རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ལས་གཞན་གང་ཡང་ལྟ་མཁན་མེད་པས། ལྟ་བ་ལོངས་སྐུ་ཐུག་ཕྲད། དེས་ན་རིག་པ་ཕྱི་ནང་མེད་ཅིང་མཉམ་ཉིད་ཆེན་པོ། ཆོས་ཀྱི་སྐུའི་ཀློང་དུ་རང་ཤར་རང་གྲོལ་ལ། ཇི་ལྟར་བྱས་ཀྱང་མ་བཅོས་ཆོས་སྐུའི་ཀློང་ལས་མི་འདའ་བས། ལྟ་བ་དང་ལྟ་མཁན་ཞེས་པ་དེ་མ་བཅོས་མཐར་ཕྱིན་དུ་ཤར་གྲོལ་མཉམ་པ་དེ་ལྟ་བ་ཆོས་སྐུ་ཐུག་ཕྲད་ཡིན་ཏེ། ཇི་ལྟར་བྱས་ཀྱང་སྐུ་གསུམ་འདུས་མ་བྱས་པའི་ཀློང་དུ་གྲོལ་ལོ། །སྒོམ་པ་ལ་སོགས་པ་ཡོད་དེ་ལྟར་ཤེས་པར་བྱའོ། །ཚོགས་དྲུག་སྐུ་གསུང་ཐུག་ཕྲད་ཀྱི་གདམས་ངག་ལ། མིག་གི་ཡུལ་དུ་གཟུགས་སུ་སྣང་བ་ཡེར་ཅིག་ཤར་བ་དེ། ཆོས་ཉིད་ཀྱི་རོལ་པ་ཡིན་ཏེ་སྤྲལ་སྐུ་ཐུག་ཕྲད། དེ་རང་རིག་ཏུ་ངོ་ཤེས་ཤིང་རང་གསལ་དུ་ལོངས་སྤྱོད་པ་ལོངས་སྐུ་ཐུག་ཕྲད། དེ་རང་སར་གྲོལ་ནས་དེ་ལ་དངོས་གཞི་མ་རྙེད་པས་མ་བཅོས་པའི་ཆོས་ཉིད་དེ་ཆོས་སྐུ་ཐུག་ཕྲད། ཇི་ལྟར་བྱས་ཀྱང་སྐུ་གསུམ་འདུས་མ་བྱས་པའི་ཀློང་དུ་གྲོལ། རྣ་བས་སྒྲ་སོགས་དེ་ལྟར་ཤེས་པར་བྱ་ལ། གང་ཇི་ལྟར་བྱས་ཀྱང་སྐུ་གསུམ་ཐུག་ཕྲད་དུ་ཤར་བའི་དགོངས་པ་ཆོས་ཉིད་ཀྱི་ངང་ངོ་། །རལ་གྲི་ཁ་མང་ལྟ་བུར་ནི། རལ་གྲི་ཁ་མང་དེ་གང་ལ་རེག་པ་གཅོད་པ་ལྟར། སྐུ་གསུམ་རང་ཤར་གྱི་དགོངས་པ་དེས། དུས་གསུམ་གྱི་རྟོག་པ་རྒྱུན་གཅོད་པ་སྟེ། ཐམས་ཅད་དེ་ལས་བྱུང་ཞིང་དེར་གྲོལ་བའི་ཀློང་ངོ་། །དེ་གང་ལའང་ཐོགས་པ་མེད་པས་བདག་ཉིད་རང་སྣང་གི་རིགས་པ། མཐའ་མ་སྤངས་པར་རང་གྲོལ་བས་མཉམ་ཉིད་ཆེན་པོའི་གཏན་ཚིགས་བྱུང་ངོ་། །དེས་ན། མི་གཡོ་བ་ནི་སྐུ་ཡི་རྒྱ། །ཞེས་པ་ཆོས་སྐུ་འཇིག་འདྲལ་མེད་པར་རང་བཞིན་རྣམ་དག་ཕྱག་རྒྱ་ཆེན་པོར་ཕྱོགས་མེད་དུ་ཤར་བ་དེ། གང་གིས་མི་གཡོ་ན། རྒྱུ་རྐྱེན་གཉེན་པོ་གང་གིས་ཀྱང་མི་གཡོ་བས། ཆོས་སྐུ་འཕོ་འགྱུར་མེད་ཅིང་སྐྱེ་ཤི་མེད་པར་རྒྱ་བཅད་མི་བསྐྱོད་པ་ནི་ཡེ་ཤེས་ཏེ། ཞེས་པ། ཕྱོགས་སུ་འཛིན་པའི་རླུང་གིས་མ་བརྫི། །མི་ལེན་བས་ན་བདག་མེད་ཅིང་། །ཞེས་པ། བདག་གཞན་གཉིས་སུ་མེད་པའི་དགོངས་པ་སྟེ། སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་ཕྱོགས་མེད་ཐམས་ཅད་རང་ལ་རང་ཆས་སུ་ཡེ་ནས་གནས་པས། འབྲས་བུ་གཞན་ནས་མི་ལེན་ཞིང་། ང་བདག་ཏུ་བཟུང་བ་མེད་པས་ན། མི་འདོར་ཚིག་བྲལ་མཉམ་ཉིད་དོ། །ཞེས་པ་མཉམ་པ་ཉིད་ལྷུན་གྱིས་གྲུབ་པའི་དགོངས་པ་སྟེ། དེས་ན་བདག་གཞན་དབྱེར་མེད། འཁོར་འདས་དབྱེར་མེད། མི་མཐུན་པ་དང་གཉིས་སུ་མེད་པ་ལ། སྐྱོན་ལོགས་སུ་འདོར་དུ་མེད་པས། དོན་གྱི་སྔགས་ཚིགས་སྨྲ་བརྗོད་ཐམས་ཅད་དང་བྲལ་བའི་ཀློང་། དཔེར་ན་རལ་གྲི་ཁ་མང་དེས། གང་ལ་རེག་པ་གཅོད་པ་ལྟར། སྐུ་གསུང་ཐུགས་ཆེ་བའི་ཕྱག་རྒྱ་རྣམ་པ་གསུམ་གྱི་འཁོར་ལོས། ཉོན་མོངས་པ་དང་མཐར་འཛིན་གྱི་གོལ་ས་ཐམས་ཅད་རྒྱུན་གཅོད་པའོ། །དེའི་སྐྱོན་བསལ་དང་ལ་བཟླ་འདྲའོ། །གསུམ་པ་ནི། གང་དང་གང་གིས་གང་དུ་ཡང་། །ཞེས་པ་འཁོར་བར་འཇུག་ལྡོག་མེད་པའི་རིགས་པ་བསྟན་ཏེ། གང་དང་ཞེས་པ་འདས་པའི་སངས་རྒྱས་མར་མེ་མཛད་ལ་སོགས་པ་དེ་གང་ཇི་སྙེད་པའི་བདེ་བར་གཤེགས་པ་ཕྱོགས་མེད་ཀྱི་དགོངས་པ་ལ་མངའ་བརྙེས་པ་རྣམས་དང་། གང་གིས་ཞེས་པ་ད་ལྟ་བ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་པ་ཇི་སྙེད་པའི་སངས་རྒྱས་ཕྱོགས་མེད་པ་རྣམས་དང་། གང་དུ་ཞེས་པ་མ་འོངས་པའི་འདྲེན་པ་བྱམས་པ་ལ་སོགས་པ་ཇི་སྙེད་པའི་སངས་རྒྱས་ཏེ། དུས་གསུམ་གྱི་སངས་རྒྱས་མ་ལུས་པ་ཀུན་གྱིས་བདེ་བའི་ཡེ་ཤེས་ཕྱོགས་མེད་ལ་ལོངས་སྤྱོད་པའང་ལོགས་ཤིག་ན་མེད་དེ། བདག་ཉིད་ཆེན་པོ་བྱང་ཆུབ་ཀྱི་སེམས་ལས་བྱུང་ཞིང་དེའི་ཡོན་ཏན་ནམ་རྒྱན་ནམ་ཤར་ལུགས་ཡིན་པས། འཁོར་བ་རྣམ་པ་གསུམ་དང་། འགྲོ་བ་རིགས་དྲུག་ལས་ཀྱིས་འཁོར་བ་ཡང་། བདག་ཉིད་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རོལ་པའམ། རྒྱན་ནམ། ཡོ་ལང་དུ་ཤར་བས་ན། ཀུན་འཁོལ་ཀུན་སྤྱོད་བདག་ལས་འབྱུང་། །ཞེས་པས་བདག་ཉིད་རང་ཤར་གྱི་རིགས་པ་བསྟན་ཏེ་གསུངས་པའོ། །བཞི་པ་ནི། འདི་ལ་སྐྱེས་པ་བུད་མེད་ཅེས། །ཞེས་པ་རིགས་ལ་བྱེ་བྲག་མེད་པའི་གཏན་ཚིགས་བསྟན་ཏེ། ཆོས་ཉིད་མཉམ་པ་ཉིད་སྐྱེ་འགག་དང་བྲལ་ཞིང་། དུས་གསུམ་དུ་རྒྱུན་ཆད་མེད་ཅིང་ཕྱོགས་རིས་མེད་པ་འདི་ལ། སྐྱེས་པའི་སྤྱོད་ཡུལ་ཡིན་ལ་བུད་མེད་ཀྱི་མིན་བྱ་བའམ། བུད་མེད་ཀྱི་སྤྱོད་ཡུལ་ཡིན་ལ་སྐྱེ་བའི་མིན་བྱ་བ་ལ་སོགས་པ་གང་ཡང་མེད་དོ། །བྱང་ཆུབ་སེམས་ལ་ཕོ་མོ་དང་། མ་ནིང་ལ་སོགས་པ་གང་ཡང་དམིགས་སུ་མེད་པར། ཐམས་ཅད་ཆོས་ཉིད་དུ་མཉམ་པས་ན། མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །ཞེས་པ། མཉམ་པ་ཉིད་དངོས་གཞི། ཆོས་ཐམས་ཅད་རིས་མེད་ཁྱབ་གདལ་ལ་བཟང་ངན་ནམ། རྟོག་མི་རྟོག་གི་ཁྱད་པར་གཉིས་སུ་ཡོད་པར་ནི། ཆོས་ཉིད་མཉམ་པ་ཉིད་ལ་ཇི་བཞིན་པར་མངའ་བརྙེས་པས། རྒྱལ་བའི་རྒྱལ་མཆོག་ཀུན་ཏུ་བཟང་པོ་ལ་སོགས་པས། སྔར་ཡང་ཡོངས་སུ་མ་གསུངས། ད་ལྟར་ཡང་གསུང་བ་མེད། མ་འོངས་པར་ཡང་གསུང་བར་མི་འགྱུར་རོ།། ༈ །།ད་ནི་སྐབས་བཅུ་བདུན་པ་ལའང་། སྐབས་ཀྱི་དོན་བསྟན་པ། སྐྱེ་མེད་བདེ་བ་ཆེན་པོའི་དགོངས་པ་སྒྱུ་མའི་ཆོ་འཕྲུལ་ལྟ་བུར་ངེས་མེད་ཆེན་པོའི་ཀློང་དུ་བསྟན་པ། ཅིར་སྣང་ངེས་མེད་ཀྱི་རིགས་པ་ལ་རྩོལ་བ་དགག་པར་བསྟན་པ། ལྡེམ་དགོངས་མན་ངག་གི་གཏན་ཚིགས་ཀྱིས་ཕྱོགས་ལྟ་དག་པར་བསྟན་པ་བཞི་ལས། དང་པོ་ནི། དངོས་གྲུབ་ཆེན་པོའི་བདེ་བ་ལ་ཆགས་པ་སྤོང་བའི་སྐབས། ཞེས་པ་མ་ཧཱ་དང་ཨ་ནུ་ཡོ་གའི་དངོས་གྲུབ་ཆེན་པོ་ནི། ཐུན་མོང་དུ་རིག་འཛིན་ཕལ་པ་སྟེ། ཚེ་ལ་དབང་བའི་རིག་འཛིན་སོགས། ཡོ་བྱད་དང་ལོངས་སྤྱོད་ལ་དབང་བ་སོགས་དང་། མཆོག་གི་དངོས་གྲུབ་ཆེན་པོ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། མ་ཆགས་པདྨ་སྤྱན་གྱི་ས་ཐོབ་པར་འདོད་པ་ཡང་། ལམ་མཆོག་ཁ་སྦྱོར་གྱི་བདེ་བ་ལས་འབྱུང་བས། གནས་སྐབས་ཀྱི་བདེ་བ་ལས་འབྱུང་བར་འདོད་ཅིང་། གནས་སྐབས་ཀྱི་བདེ་བ་ལ་ཆགས་པ་དེ། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་ཞེན་པ་མེད་པའི་ཆོས་ཉིད་ཀྱིས། ཆགས་པ་དེ་སྦོང་བར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །བླང་དོར་མེད་པར་མ་རྟོགས་ཕྱིར། །བདེ་བ་སྤོང་བའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། འདི་ལ་བརྟུལ་ཞུགས་དྲག་ཤུལ་གྱིས། །ཞེས་སོགས་གསུངས་ཏེ། ལར་ཀྱང་མཐའ་བཞིར་མ་སྐྱེས་ཤིང་མུ་བཞིར་མ་འགགས་པ་ལ། གཅིག་ལ་གཞན་མ་སྐྱེས་པ། ལྟ་ལ་བ་གླང་མ་སྐྱེས་པ་ལྟ་བུ། འགགས་ནས་མ་སྐྱེས་པ་རྫ་ཆག་པ་ལྟ་བུ་ལ་སོགས་པ་མ་ཡིན་པར། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའམ། ཡེ་གདོད་མ་ཉིད་ནས་མ་སྐྱེས་པ་ནི། རྒྱུ་རྐྱེན་གྱིས་མ་བསྐྱེད་པས། འདུས་བྱས་མ་ཡིན་ཏེ། ཐམས་ཅད་གཞི་ལྷུན་གྱིས་གྲུབ་པ་ལ་མ་སྐྱེས་པས། ཕྱོགས་འཛིན་གྱི་རྩོལ་སྒྲུབ་མེད་དེ་བདེ་བ་ཆེན་པོ། ངོ་བོ་རང་བྱུང་གི་ཡེ་ཤེས་ལ་མ་སྐྱེས་པས། མཐར་འཛིན་གྱིས་རྩོལ་སྒྲུབ་མེད་དེ་བདེ་ཆེན། དོན་སྐྱེ་མེད་ལ་མ་སྐྱེས་པས། གཉིས་འཛིན་གྱིས་རྩོལ་སྒྲུབ་མེད་པས་བདེ་ཆེན། བདག་ཉིད་ཐོག་མཐའ་མེད་པ་ལ་མ་སྐྱེས་པས། དངོས་པོ་མཚན་མ་རང་རྒྱུད་པ་གང་གིས་ཀྱང་རྩོལ་སྒྲུབ་མེད་པའི་བདེ་བ་ཆེན་པོ་སྟེ། སྐྱེ་མེད་བདེ་ཆེན་གྱི་དགོངས་པ་ཆོས་ཉིད་ཀྱི་ཀློང་ངོ་། །སྒྱུ་མ་ལྟ་བུར་ནི། སྒྱུ་མའི་ཆོ་འཕྲུལ་སྣང་བཞིན་དུ་རང་རྒྱུད་དུ་མ་གྲུབ་པ་ལྟར། ཐིག་ལེ་བྱང་ཆུབ་ཀྱི་སེམས་ཅིར་ཡང་སྣང་ཙམ་ན། དེའི་རང་བཞིན་ལ་ངེས་པ་མེད་དེ། དེའི་ཀློང་ན་ཐམས་ཅད་ཤར་ཞིང་ཐམས་ཅད་གྲོལ་བའི་དགོངས་པ་དམ་པའོ། །དེ་ཉིད་མི་འགག་པས་ཅིར་སྣང་ངེས་མེད་ཀྱི་རིགས་པ། བརྗོད་བྲལ་དེ་སྒྲ་དྲང་ཐད་ཀྱིས་རྟོགས་པར་དཀའ་བས་ལྡེམ་དགོངས་མན་ངག་གི་གཏན་ཚིགས་བྱུང་ངོ་། །དེས་ན། འདི་ལ་བརྟུལ་ཞུགས་དྲག་ཤུལ་གྱིས། །ཞེས་པ་སྦྱོར་སྒྲོལ་གཉིས་ཀྱི་དགོངས་པ་ལ་བློ་མི་གནས་པ་དང་། ཉག་གཅིག་བྱ་རྩོལ་དང་བྲལ་བ་འདི་ལ། མ་ཧཱ་དང་ཨ་ནུ་ལ་སོགས་པ་བརྟུལ་ཞུགས་སྦྱོར་བའི་སྤྱོད་པ་དང་། དྲག་ཤུལ་སྒྲོལ་བའི་སྤྱོད་པ་རིམ་དང་ཅིག་ཆར་ལ་སོགས་པར། གནས་སུ་བྱ་བའི་མིང་མེད་དེ། །ཞེས་པ་དེ་དག་གིས་ཨ་ཏི་ཡོ་ག་བྱ་བྲལ་གྱི་དོན་ལ་གནས་པར་མི་ནུས་པས་སོ། །དེ་ཅིའི་ཕྱིར་ན། ཏ་ན་དང་གྷ་ན་ལ་ཆེད་དུ་བརྩལ་བའི་སྤྱོད་པ་དེ་ལ་རང་བྱུང་ཡེ་ཤེས་ཀྱི་མིང་ཙམ་ཡང་མེད་པས། མ་གྲོལ་བར་ངེས་སོ། །འོ་ན་གང་གིས་གྲོལ་ཞེ་ན། །ཨ་དང་པར་ནི་རྣམ་ལྡན་ན། །ཞེས་པ་སྒྲ་དོན་གཉིས་སུ་མེད་པའི་དགོངས་པ་སྟེ། ཨ་ནུ་ཏྤནྡྷ་སརྦ་དྷརྨ་ཞེས་པའི་སྒྲ་ལས་དྲངས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད། གང་ནས་ཀྱང་མ་བྱུང་མ་སྐྱེས་པ་སྟེ། སྐྱེ་བ་མེད་པ་ལ། པ་ར་མ་ན་ཞེས་པའི་སྒྲ་ལས་དྲངས་ན། རིག་པ་མ་འགགས་པར་ཤར་བ་ལ། ཡོན་ཏན་གྱི་རྩལ་རྫོགས་པ་སྟེ། དེ་གཉིས་ཚིག་ལ་སྔ་ཕྱི་བྱུང་ཡང་དོན་ལ་ཐ་དད་མེད་དེ། སྐྱེ་འགག་གཉིས་སུ་མེད་པ་དེ། མ་སྐྱེས་པའི་རྒྱན་དུ་མ་འགགས་པར་ལྡན་པའོ། །སྒྱུ་མའི་བདེ་བ་འབྱུང་བར་འདོད། །ཅེས་པ་ཉམས་མྱོང་ལ་ཞེན་པ་མེད་པའི་དགོངས་པ་གཞི་ངེས་མེད་རོལ་པ་ཕྱོགས་མེད་དུ་ཤར་བ་ལ། ངོ་བོ་འདི་ཡིན་དུ་མ་གྲུབ་པས་སྒྱུ་མ་ལྟ་བུར་མ་ངེས་པའི་བདེ་ཆེན་ཉིད། བྱ་རྩོལ་དང་བྲལ་བར་བདེ་ཆེན་དུ་རང་ཤར་བས་ཞེ་འདོད་མེད་པར་འབྱུང་བའི་གདེངས་ཆེན་པོ་དང་ལྡན་པར་འདོད་དོ། །དགོངས་པ་དེའི་སྐྱོན་བསལ་དང་ལ་བཟླ་འདྲ། གསུམ་པ་ནི། རང་བཞིན་གཅིག་ཏུ་མ་ངེས་པར། །ཞེས་པ་ངེས་མེད་ཀྱི་རིགས་པ་བསྟན་ཏེ། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་དེའི་རང་བཞིན་ནི། གཅིག་ཏུ་མ་ངེས་ཏེ་མཐའ་ཐམས་ཅད་དུ་རང་ཤར་བས། འཁོར་འདས་ལམ་པས་བསྡུས་པའི་ཆོས་མི་འདྲ་བ་སྣ་ཚོགས་སུ་ཤར་ཏེ་སྐྱོན་མེད་པར་རང་འབྱུང་བའོ། །དེ་ཡང་ཇི་ལྟར་བྱུང་ཞེ་ན། བྱང་ཆུབ་སེམས་ཐིག་ལེ་ཉག་གཅིག་དེ། སངས་རྒྱས་སུ་མ་ངེས་ཏེ་སེམས་ཅན་དུ་རང་ཤར་ལ། སེམས་ཅན་དུ་མ་ངེས་པར་སངས་རྒྱས་སུ་རང་ཤར་བས་སངས་རྒྱས་སེམས་ཅན་གཉིས་ཀར་མ་ངེས་ཏེ། གཉིས་སུ་རང་ཤར་ལ། གཉིས་མེད་དུ་མ་ངེས་པས། གཉིས་གཉིས་མེད་དང་བྲལ་བས། ཇི་ལྟར་བལྟས་པ་དེ་ལྟར་སྣང་། །ཞེས་པ་ལྟར་སྣང་གི་རིག་པ་བསྟན་ཏེ། གཞི་ཕྱོགས་མེད་ལྷུན་གྲུབ་ལ། རྐྱེན་ཕྱོགས་བྲལ་ངེས་པ་མེད་པས། འདོད་པ་ཕྱོགས་མེད་མཐོང་སྟངས་ཐ་དད་དུ་ཤར་བས་ན། ཡ་གི་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལྟ་བ་ནས། མ་གི་འགྲོ་བ་རིགས་དྲུག་དང་། མུ་སྟེགས་རྟག་ཆད་ཡན་ཆད། ཇི་ལྟར་བལྟས་པ་ལྟར་སྣང་། བཏགས་པ་ལྟར་ཆགས། བསྒྲུབ་པ་ལྟར་འགྲུབ་པས་ན། སྣང་བ་བཅུ་བདུན་ནམ་སྣང་ཚད་བསམ་གྱིས་མི་ཁྱབ་པར་ཤར་རོ། །འོ་ན་སྣང་འདོད་ཀུན་འདྲའམ་ཞེ་ན། སྣང་འདོད་རྩོལ་སེམས་བདེ་བ་ཡང་། །ཞེས་པ་ཞི་གནས་ཀྱི་བདེ་བས་མི་གྲོལ་བའི་རིགས་པ་སྟེ། ཉན་ཐོས་ཡུལ་སེམས་གཉིས་སུ་སྣང་བ་ལ། དགྲ་བཅོམ་པའི་འབྲས་བུ་འདོད་ཅིང་། ལམ་ལ་རྩོལ་སེམས་བཅུག་ནས་གནས་སྐབས་ཀྱི་བདེ་བ་ལ་ཆགས་པ་ལ་སོགས་པ་སྟེ། སྣང་བ་བཅུ་བདུན་རང་ཀ་མ་ལ་འབྲས་བུ་འདོད་ཅིང་ལམ་ལྟ་སྒོམ་སྤྱོད་འབྲས་ལ་རྩོལ་སེམས་བཅུག་ནས། ཞི་གནས་ཀྱི་བདེ་བ་ལ་ཆགས་པ་དེ་ཡོད་དོ། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན། །ཞེས་པ་ལྟ་སྒོམ་སྤྱོད་པ་ཕྱོགས་རེ་ལ་རྩོལ་ཞིང་། འབྲས་བུ་ལ་ཞེན་འདོད་བྱེད་པ་ནི། ཆོས་ཉིད་མཉམ་པ་ཉིད་དེ་མི་རྟོགས་པའི་སྒྲིབ་པའམ། གཉིས་སུ་འཛིན་པའི་སྐྱོན་ཆེན་པོ་ཡིན་ཏེ་མཐའ་ཕྱོགས་རེ་ལ་ཞེན་པས་སོ། །བཞི་པ་ནི། བྱང་ཆུབ་ཡན་ལག་ཀུན་གྱི་སྒོ། །ཞེས་པ་ཡོ་ག་ཕྱོགས་ལྟ་ཡིན་པའི་གཏན་ཚིགས་ཡིན་ཏེ། ཡོ་ག་བ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་འཇུག་སྒོ་ཐབས་ཀྱི་ཡན་ལག་ཏུ་འདོད་དོ། །ཆོས་ཉིད་སྟོང་པ་ལ་མངོན་པར་བྱང་ཆུབ་པ། གདན་ཉི་ཟླ་ལ། གསུང་ཡིག་འབྲུ་ལ། ཐུགས་ཕྱག་མཚན་ལ། སྐུ་ཡོངས་སུ་རྫོགས་པ་ལ་མངོན་པར་བྱང་ཆུབ་པར་འདོད་དེ། དེས་ཀྱང་རྫོགས་པ་ཆེན་པོ་བྱ་བྲལ་གྱི་དོན་མ་གོ་བས་གོལ་བར་གྱུར་ཏོ། །ཆ་ལུགས་སྒོམ་པ་ཆུ་ཟླ་བཞིན། །ཞེས་པ་ཡོ་ག་པས་ལྷ་རྣམས་ཀྱི་ཆ་ལུགས་ཀྱང་སྣང་ལ་རང་བཞིན་མེད་པ་ཆུའི་ཟླ་བ་ལྟ་བུར་སྒོམ་སྟེ། དེའང་གཞི་རྒྱུ་བྱིན་རླབས་ལྡན་པའི་ཚུལ་དུ་བརྟེན་ནས། ཡེ་ཤེས་པ་བཅུག་པ་དང་། འཁྲིལ་བ་དང་ལྡེམ་པ་ལ་སོགས་པར་སྒོམ་པའོ། །མ་གོས་མ་ཆགས་འབྱུང་གྱུར་ཀྱང་། །ཞེས་པ་གོམས་པས་གསལ་བའི་ཚད། ཞི་གནས་ལ་ཉོན་མོངས་པའི་དྲི་མས་མ་གོས། ལྷག་མཐོང་ལ་ཤེས་བྱའི་དྲི་མས་མ་གོས་ཏེ། ལྷའི་རང་བཞིན་རང་ལའང་མ་ཆགས་པའི་ཉམས་འབྱུང་བར་འགྱུར་ཡང་། རྫོགས་པ་ཆེན་པོའི་ལུགས་ལ། དེ་གཉིས་ཆོས་ཉིད་དུ་དབྱེར་མེད་པས། བཟང་ངན་དང་རེས་འཇོག་ཏུ་སྒོམ་པ་དེས་མི་གྲོལ་བས། སྒོམ་པ་བྱིས་པའི་སྤྱོད་ཡུལ་ཡིན། །ཞེས་པ་ལྷའི་དཀྱིལ་འཁོར་སྒོམ་པས། བྱིས་པའི་ཁང་བུ་གལ་ཆེ་ཆེ་ལྟར་བརྩིགས་ནས། ཐ་མ་དགོས་པ་མེད་པར་འཇོག་པ་དང་འདྲ་སྟེ། ཡོ་ག་པས། དང་པོ་ལྷ་དགོས་དགོས་ལྟར་བསྐྱེད་ནས། ཐ་མ་མི་དགོས་པ་ལྟར་བཛྲ་མུཿལ་སོགས་པས་བསྡུས་ཏེ། སྤྱོད་ཡུལ་ལ་རེས་འཇོག་ཡོད་པའང་། ཨ་ཏི་ཡོ་ག་བྱ་བྲལ་ཆིག་ཆོད་དོན་ལས་གོལ་ལོ། །དེར་ཡང་མ་ཟད། ཁྲོ་བོའི་ལྷ་ཚོགས་སྒོམ་པ་གོལ་བར་བསྟན་པ་ནི། དཀྱིལ་འཁོར་ཁྲོ་གཉེན་ཆ་ལུགས་ཀྱིས། །ཞེས་པ་མ་ཧཱ་ཕྱོགས་ལྷ་ཡིན་པའི་གཏན་ཚིགས་ཏེ། མ་ཧཱ་ཡོ་ག །དཀྱིལ་བཛྲ་ཧེ་རུ་ཀ །འཁོར་རིགས་བཞིའི་ཁྲོ་བོས་བསྐོར་བ་དང་། ཁྲོ་གཉེར་བརྗིད་པས་གཉེར་མས་ཡས་མནན། མཛེས་འཛུམ་སྡུད་པའི་གཉེར་མས་མས་བཏེག་པའང་། ཆ་ལུགས་དུར་ཁྲོད་ཀྱི་ཆས་བརྒྱད་དེ། ཞིང་གི་གཡང་གཞི་ལ་སོགས་པར་འདོད་དོ། །ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །ཞེས་པ། ཡང་ན་དཀྱིལ་འཁོར་གྱི་དབུས་སུ་རང་ཉིད་དེ་ལྟ་བུར་སྒོམ་པའམ། མདུན་དུ་བསྐྱེད་ནས་སྒོམ་པ་དང་། །ཡི་གེ་མངོན་དུ་ཕྱུང་ན་ཡང་། །ཞེས་པ་ལྷ་དེ་གོམས་པ་གསལ་བའི་ཚད་དཔེར་ན་ཡི་གེ་བྲིས་པས་དབང་པོའི་མངོན་སུམ་དུ་ཅེ་རེ་བལྟར་ཡོད་པ་ལྟར། རྣལ་འབྱོར་གྱི་མངོན་སུམ་དུ་ཝ་ལེར་གསལ་ཀྱང་། རྩོལ་སྒྲུབ་ཀྱི་སྐྱོན་ཡོད་དེ། མཉམ་པ་ཆེན་པོའི་དོན་ལས་གོལ་བས་ན། ཞི་བ་དེ་ཉིད་མཐོང་བ་མེད། །ཅེས་པ་མངོན་སུམ་གྱིས་གཏན་ལ་མི་ཕེབས་པའི་གཏན་ཚིགས་བསྟན་ཏེ། བསྐྱེད་པའི་རིམ་པས་རྟོག་ཚོགས་གནས་གྱུར། ལྷའི་དཀྱིལ་འཁོར་དུ་སྒོམ་པས། ཞི་བ་ཆེན་པོ་ཆོས་ཉིད་ཀྱི་དོན་བྱ་རྩོལ་དང་བྲལ་བའི་དེ་ཁོ་ན་ཉིད་མཐོང་བ་མེད་དོ། །འོ་ན་བསྐྱེད་རིམ་ཐམས་ཅད་དོན་མེད་ཡིན་ནམ་ཞེ་ན། དོན་མེད་པ་མ་ཡིན་ཏེ། རྣམ་གྲངས་བརྒྱ་སྟོང་ཕྲག་ཡངས་པས། ཞེས་པ་འཇུག་སྒོ་གང་ཡང་མ་བཀག་པའི་གཏན་ཚིགས་བསྟན་ཏེ། སེམས་ཅན་གྱི་སེམས་ལ་ཉོན་མོངས་པའི་རྟོག་ཚོགས་མི་འདྲ་བ། བསམ་གྱིས་མི་ཁྱབ་པ་ཡོད་པས་ན། དེའི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཕྲག་ཡོངས་སུ་བཤད་དེ་གསུངས་པས། གང་ལྟར་སྤྱོད་ཀྱང་མེ་ཏོག་སྐྱེ། །ཞེས་པ་གཅིག་ཁོ་ནར་མ་ངེས་པའི་གཏན་ཚིགས་བསྟན་ཏེ། རང་རང་གར་མོས་ཀྱི་སྒོར་ཞུགས་ཏེ་ཐད་ཀའི་ལྟ་སྒོམ་ལ་སྤྱོད་པས་ཀྱང་། གནས་སྐབས་ཀྱི་འབྲས་བུ་མེ་ཏོག་དང་འདྲ་བར་སྐྱེའོ། །འོ་ན་འབྲས་བུ་ཀུན་འདྲའམ་ཞེ་ན། །མཚན་མ་མེད་པའི་དབང་གིས་ན། །ཞེས་པ་ཡང་དག་དོན་གྱི་འབྲས་བུ་མི་འབྱུང་བའི་གཏན་ཚིགས་བསྟན་ཏེ། ཆོས་ཉིད་ཕྱོགས་མེད་ཀྱི་རིག་པ་དངོས་མེད་ལ། ཐེག་པ་འོག་མ་པས། ཕྱོགས་གཅིག་ཙམ་གྱི་མཚན་མེད་ལ་གནས་པས་ན། ངལ་བསོ་ཙམ་དུ་རྟོགས་པའི་དབང་གིས་ནའོ། །བསྟི་གནས་དེ་ལས་འབྱུང་མི་འགྱུར། །ཞེས་པ་ཐེག་པ་འོག་མ་པ་ངལ་བསོ་བ་ཙམ་དེ། སྟེགས་འཆའ་བ་ཙམ་གྱི་ལུས་སེམས་ཀྱི་བདེ་བ་གནས་སྐབས་ཀྱི་འབྲས་བུ་ཡིན་པས། རང་གྲོལ་ཆེན་པོ་མ་བཅོས་རང་བྱུང་ཡེ་ཤེས་ཀྱི་འབྲས་བུ་ཕྱོགས་མེད་ཉིད་འབྱུང་བར་མི་འགྱུར་རོ། །དེ་རྣམས་ཀྱི་རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་བཅྭོ་བརྒྱད་པ་ལའང་། སྐབས་ཀྱི་དོན་བསྟན་པ། ཆོས་ཉིད་རང་ལ་ཤར་བའི་དགོངས་པ་གཞོན་ནུ་མའི་བདེ་བ་ལྟ་བུ་བརྗོད་པ་དང་བྲལ་བའི་ཀློང་དུ་བསྟན་པ། ལྷུན་གྲུབ་འབྱེད་པ་མེད་པའི་རིགས་པ་བསྟན་པ། སྤྱོད་ཡུལ་ཕྱོགས་མེད་རོལ་པའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། རྩོལ་བ་དང་བྲལ་བའི་སྐབས། ཞེས་པ་ཨ་ནུ་ཡོ་ག་མན་ཆད་རྒྱུ་དང་འབྲས་བུ་གཉིས་སུ་རྩོལ། འཁོར་བ་དང་མྱང་འདས་གཉིས་སུ་རྩོལ་ཏེ། ལམ་པའི་ལྟ་སྒོམ་སྤྱོད་པ་དང་འབྲས་བུ་ཆེད་དུ་རྩོལ་བ་དེ་ལས། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་རྩོལ་བ་དང་བྲལ་བར་བསྟན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། མདོ་བཅུ་ལས། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་བརྩལ་དུ་མེད་པའི་ཕྱིར། །རྩོལ་དང་བྲལ་བའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། གླེང་བྲལ་འདི་ལ་གང་གནས་པ། །ཞེས་ཆོས་ཉིད་རང་གི་རིགས་པ་བྱང་ཆུབ་ཀྱི་སེམས་དེ་རྟོགས་རུང་མ་རྟོགས་རུང་། རྒྱུ་རྐྱེན་ལས་ཀ་ནས་མ་བྱུང་སྟེ། འདུས་བྱས་སུ་འགྱུར་མི་སྲིད་པས། དངོས་པོ་གཤིས་ཀྱི་གནས་ལུགས་སོ། །རང་ལས་ཤར་བ་ནི། འཁོར་བ་རང་ལས་མྱ་ངན་ལས་འདས་པར་ཤར་བའམ། བདེ་སྡུག་ལ་སོགས་པ་གཉིས་བསྡུས་ཀུན་ཀྱང་དེ་ལྟར་ཤར་བས། རྣམ་རྟོག་རང་ལ་ཆོས་སྐུར་ཤར། རིག་པ་རང་ལས་འཁོར་འདས་སུ་ཤར་བས། གཉིས་སུ་མེད་པའི་དགོངས་པ་ཆོས་ཉིད་ཀྱི་ཀློང་ངོ་། །གཞོན་ནུ་མའི་བདེ་བ་ལྟ་བུར་ནི། ཉམས་སུ་མྱོང་ཡང་སྨྲ་མི་ཤེས་པའི་དཔེ་སྟེ། ཆོས་ཉིད་མཚོན་དུ་མེད་པའི་ཀློང་ལ། རིག་པ་བདེ་བླག་ཆེན་པོར་གནས་པས་བརྗོད་པ་དང་བྲལ་བའི་དབྱིངས་ལ། ཐམས་ཅད་ཤར་ཞིང་དེ་རུ་གྲོལ་བའི་ཀློང་ངོ་། །དེ་ལ་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པས་ལྷུན་གྲུབ་འབྱེད་པ་མེད་པའི་རིགས་པ། སྣང་བ་བརྒྱ་ཡན་ཡིན་པས་སྤྱོད་ཡུལ་ཕྱོགས་མེད་དུ་འཆར་བའི་གཏན་ཚིགས་བྱུང་ངོ་། །དེས་ན། གླེང་བྲལ་འདི་ལ་གང་གནས་པ། །ཞེས་པ་ཆོས་ཉིད་ཕྱི་ནང་མེད་ཅིང་སྨྲ་བརྗོད་དང་བྲལ་བའི་དོན། འདོད་པ་མེད་པར་རང་གི་རྒྱུད་ལ་ཤར་ཏེ། གོ་བ་ཀླུངས་སུ་གྱུར་ནས་ཆོས་ཉིད་མཉམ་པ་ཉིད་ལ་རིག་པ་བདེ་བླག་ཆེན་པོར་གནས་པས་ན། རྣལ་འབྱོར་འདི་ནི་སྐལ་པ་བཟང་ཞེས་པ་ཡེ་ནས་ཡོད་པའི་དགོངས་པ་སྟེ། ཆོས་ཉིད་རྣལ་མལ། རིག་པ་བཏང་བཞག་མེད་པར་འབྱོར་པས། ལུས་མི་ཡིན་ཀྱང་། སེམས་ཡེ་སངས་རྒྱས་པ་ཡིན་ཏེ། ཤིན་ཏུ་རྣལ་འབྱོར་རོ། །སྐལ་པ་བཟང་པོ་ནི། དུས་ཕྱི་མ་ལ་མི་ལྟོས་ཏེ། ཕུགས་ཐག་ད་ལྟར་གྱི་སྣང་བ་ལ་ཆོད་ནས། རྟོག་གྲོལ་ཐར་པ་མཆོག་ཉིད་དུས་གཅིག་ཏུ་ཤར་ནས་ཡེ་སངས་རྒྱས་པར་མངའ་བརྙེས་པས་བསྐལ་པ་བཟང་ངོ་། །དགོངས་པ་དེའི་སྐྱོན་བསལ་འདྲ། གསུམ་པ་ནི། བདག་དང་གཞན་དོན་མི་འབྱེད་པས། ཞེས་པ་གཞི་ངོ་བོ་དོན་བདག་ཉིད་མཉམ་པ་ཆེན་པོའི་རང་བཞིན་ལ། བདག་ཆོས་སྐུ་མཉམ་པ་ཉིད་ལ་གནས་པ་དང་། གཞན་གཟུགས་སྐུ་རྣམ་པ་གཉིས་ཀྱིས་འགྲོ་བ་སེམས་ཀྱི་དོན་མཛད་པ་དང་། བདག་སེམས་ཅན་གྱི་ལས་དང་། གཞན་སངས་རྒྱས་ཀྱི་མཛད་སྤྱོད་གཉིས་ཀ །ཆོས་ཉིད་ཡུལ་མེད་དུ་ཤར་བས་དུས་དང་རྣམ་པ་ཐམས་ཅད་དུ་དབྱེར་མེད་དོ། །བཞི་པ་ནི། སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། ཞེས་པ་བྱང་ཆུབ་སེམས་གཞི་ངེས་མེད་རོལ་པ་ཕྱོགས་མེད་ཅིར་ཡང་འཆར་ཏེ་མཐའ་མ་སྤངས་རང་སར་གྲོལ་བས། སྐྱེ་མེད་དུ་ལྷུན་གྱིས་གྲུབ་སྟེ། རིག་པ་ཡུལ་མེད་ཆོས་ཉིད་སྐྱོན་བྲལ་ལ། སྤྱོད་ཡུལ་ཕྱོགས་མེད་དུ་རོལ་ལོ། །དེ་བཞིའི་རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་བཅུ་དགུ་པ་ལའང་། སྐབས་ཀྱི་དོན་བསྟན་པ། སྣང་བ་ཡོངས་སུ་རྫོགས་པའི་དགོངས་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུར་འཕོ་འགྱུར་མེད་པའི་ཀློང་དུ་བསྟན་པ། རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རིགས་པ་བསྟན་པ། ངོ་བོ་འདི་ཞེས་མཚན་པ་ལས་འདས་པའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། ཆོས་ཉིད་ཀུན་ཏུ་མི་འགྱུར་བའི་སྐབས། ཞེས་པ་ཆོས་ཉིད་ནི། རྟོགས་རུང་མ་རྟོགས་རུང་གཞི་ཕྱི་མོ་ཡེ་ནས་མ་བསླད་པར་འདུས་མ་བྱས་པའི་ཆོས་ཉིད་དོ། །ཀུན་ཏུ་མི་འགྱུར་བ་ནི། འདས་མ་འོངས་ད་ལྟར་ལ་སོགས་ཏེ། དུས་དང་གནས་སྐབས་ཀུན་ཏུ། རྒྱུ་རྐྱེན་གཉེན་པོ་གང་གི་དབང་དུ་ཡང་མི་འགྱུར་བར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་འགྱུར་བ་མེད་པའི་ཕྱིར། །ཆོས་ཉིད་མི་འགྱུར་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། ལྷག་མ་མེད་པར་ཡོངས་སུ་རྫོགས། །ཞེས་པ་སྣང་བ་མ་དག་པ་ནི། འཁྲུལ་པའི་སྣང་བ་སྐྱེ་བོ་རང་ཀ་མ། ལོག་ལྟའི་སྣང་བ་མུ་སྟེགས་རྟག་ཆད་གཉིས། ལམ་པ་ཕྱོགས་འཛིན་གྱི་སྣང་བ་ཐེག་པ་རིམ་བརྒྱད་ཀྱི་ལྟ་སྒོམ། བདེ་གཤེགས་ཡེ་ཤེས་ཀྱི་སྣང་བ་རྟོགས་གོམས་ལས་བྱུང་བའི་སངས་རྒྱས་ཏེ། སྣང་བ་རྣམ་པ་བཞི་པོ་དེ་ཡང་དག་པར་རྫོགས་ནས། ཨ་ཏི་ཡོ་ག་རང་རིག་གཉིས་སུ་མེད་ཅིང་མི་འགྱུར་བས་གནས་ལུགས་མ་བཅོས་པའི་སྣང་བ། ཡོངས་སུ་རྫོགས་པའི་དགོངས་པ་དམ་པ་ཆོས་ཉིད་ཀྱི་ངང་ངོ་། །ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུར་ནི་ཡོངས་ལ་ཁྱབ་ཅིང་ཕྱོགས་རིས་དང་བྲལ་ཏེ་ངོས་བཟུང་མེད་པར་སང་ངེ་བའོ། །འཕོ་འགྱུར་མེད་པའི་ཀློང་ནི་འདུས་མ་བྱས་པ་ཡིན་པས་གཉེན་པོས་མི་འཇིག་སྟེ། འཇིག་འབྲལ་མེད་པའི་ངང་ལས་ཐམས་ཅད་ཤར་ཞིང་དེར་གྲོལ་བའི་ཀློང་ངོ་། །དེ་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་རང་བྱུང་ཡེ་ཤེས་ལྷུན་གྱི་གྲུབ་པའི་རིགས་པ། དེ་ལ་དམིགས་སུ་མེད་པས་འདི་ཞེས་མཚོན་པ་ལས་འདས་པའི་གཏན་ཚིགས་བྱུང་ངོ་། །དེས་ན་ཚིག་གི་དོན། ལྷག་མ་མེད་པར་ཡོངས་སུ་རྫོགས། །ཞེས་པ་མ་འདྲེས་ཡོངས་རྫོགས་ཀྱི་དགོངས་པ་བསྟན་ཏེ། གང་རྫོགས་ན་སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལྷག་མ་མེད་པར་ཡོངས་སུ་རྫོགས་སོ། །ཞེས་བྱའོ། །གང་དུ་རྫོགས་ན་གཞི་ངོ་བོ་དོན་བདག་ཉིད་མཉམ་པ་ཉིད་ཐིག་ལེ་ཉག་གཅིག་གི་ཀློང་དུ་ཡོངས་སུ་རྫོགས་སོ་ཞེས་བྱ། ཇི་ལྟར་རྫོགས་ན། འགྱུར་བ་མ་ཡིན་དྲང་པོར་གནས། ། ཞེས་པ་བསླུ་བྲིད་མེད་པའི་དགོངས་པ་བསྟན་ཏེ། དེས་ན་ཆོས་ཉིད་དེ་རྒྱུ་རྐྱེན་གཉེན་པོ་ཐམས་ཅད་དང་བྲལ་བས་འཕོ་འགྱུར་མེད་ཅིང་མཉམ་པ་རིས་མེད། ཆོས་ཉིད་ཕྱོགས་མེད་ལས་མ་གཡོས་པར། འཁོར་འདས་སམ་ཕྱི་ནང་མཐོ་དམན་མེད་དེ། ཀུན་ལ་ཡ་ཡོ་མེད་ཅིང་། གཉིས་མེད་དྲང་པོར་གནས་སོ། །འོ་ན་དེ་ཉིད་དཔེ་ཅི་དང་འདྲ་བར་རྫོགས་ཤེ་ན། ནམ་མཁའ་བཞིན་དུ་མཐའ་མཉམ་ཞིང་། ཞེས་པ་དཔེ་དོན་གཉིས་སུ་མེད་པའི་དགོངས་པ་སྟེ། ནམ་མཁའ་ནི་ཕྱོགས་རིས་དང་མཐའ་དབུས་ཀྱི་ཕྱོགས་མེད་ཡིན་ཀྱང་། མཐའི་དངོས་པོ་ཐམས་ཅད་ལ་མ་ཁྱབ་པ་མེད་པ་བཞིན་དུ། ཆོས་ཉིད་མཉམ་པ་ཉིད་ནམ་མཁའ་ལྟ་བུས། ཡ་ཐ་སངས་རྒྱས་ཀྱི་དགོངས་པ་ནས། མ་ཐ་དམྱལ་བའི་གཏིང་ཡན་ཆད། སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ། ཕྱོགས་རིས་མེད་པར་ཁྱབ་ལ་གཞན་མེད་པས་ན། གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། ཞེས་པ་གཉེན་པོས་གཞིག་ཏུ་མེད་པའི་དགོངས་པ་མ་ནོར་བ་ཉིད་དོ། །དེས་ན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས་འདི། ཐེག་པ་འོག་མ་པ་རྒྱུ་རྐྱེན་ལ་ལྟོས་པ་དང་མི་འདྲ་སྟེ། དུས་དང་གཉེན་པོ་གཞན་ལ་མི་ལྟོས་པའི་དཔེས་འབྲས་བུ་མ་བརྩལ་ལྷུན་གྱིས་གྲུབ་པས་རང་ལ་བྱུང་བའོ། །དགོངས་པ་དེའི་སྐྱོན་བསལ་དང་ལ་བཟླ་འདྲ། གསུམ་པ་ནི། ལྷུན་གྱིས་གནས་པས་བདེ་ཆེན་དེ། །ཞེས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་དང་། ཟབ་མོའི་ཆོས་འབྲས་བུ་ལ་རག་མ་ལས་པ་དང་། འཁོར་བའི་སྐྱོན་དང་སེམས་ཅན་གྱི་སྡུག་བསྔལ་མ་ལུས་པ་ཐམས་ཅད། ཐིག་ལེ་ཉག་གཅིག་བྱ་རྩོལ་དང་བྲལ་བའི་ཀློང་དུ་མ་སྤངས་རང་སར་གྲོལ། གཉིས་སུ་མེད་པར་ལྷུན་གྱིས་གྲུབ་ནས་གནས་པས། རྣམ་མེད་རྩོལ་བྲལ་ཟག་པ་མེད་པའི་བདེ་བ་ཆེན་པོ་ཉིད་དེ། མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །ཞེས་པ་ཐུན་མོང་མ་ཡིན་པའི་རིགས་པ་བསྟན་ཏེ། རྫོགས་པ་ཆེན་པོའི་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ་ལ་འཁོར་འདས་ཐེག་པ་གང་གིས་ཀྱང་མཚུངས་པར་མི་ནུས་ཏེ། རྟོགས་པས་བོགས་མ་ཐོན། མ་རྟོགས་པས་ངན་དུ་མ་སོང་། བལྟས་པས་ཕྱོགས་རེ་ལས་མ་རྟོགས་ཏེ། རྒྱུ་རྐྱེན་མེད་པར་འཁོར་འདས་ཐམས་ཅད་དུ་རང་ཤར་བས། རང་བྱུང་ཡེ་ཤེས་ཀྱི་སའོ། །རང་གི་མཐུ་ཡིས་རིག་པ་ལས། །ཞེས་པ་ཡུལ་དང་ཡུལ་ཅན་མེད་པའི་རིགས་པ་བསྟན་ཏེ། དེ་ལྟ་བུའི་དོན་དེ་ཡང་ཆོས་ཉིད་རང་གིས་རང་རིག་པའི་མཐུ་ཡིས་སངས་རྒྱས་ཀྱི་དགོངས་པ་རང་ལ་རང་འཆར་བར་རིག་པ་ལགས་ཏེ། ཇི་སྐད་དུ། མངོན་སུམ་རྗེས་དཔག་ཆོས་ཉིད་ཚད་མ་མིན། །གལ་ཏེ་ཡིན་ན་གནས་ལུགས་གཞལ་བྱར་འགྱུར། །ཞེས་སོ། །ཆོས་ནི་གཞན་ལས་འབྱུང་མི་འགྱུར། །ཞེས་པ་ཆོས་ཉིད་སྐྱེ་བ་མེད་པའི་དོན་རང་ལ་བཞག་ནས། ཐེག་པ་འོག་མ་པ་བཞིན་དུ་རྩོལ་སྒྲུབ་བྱས་པས། འབྲས་བུ་གཞན་ནས་འབྱུང་བར་མི་འགྱུར་ཏེ། རིག་པ་ཐུགས་ཀྱི་རྒྱུད་ལས། ཤེས་རབ་རིག་པ་གཞི་ནས་ཤར་བ་ལ། །རྣ་བས་མཉན་ཞིང་ལྕེ་ཡིས་བརྗོད་མི་དགོས། །ཞེས་སོ། །བཞི་པ་ནི། སླ་ཞིང་དཀའ་ལ་དཀའ་ཕྱིར་སླ། །ཞེས་དཔེ་ལ་ལར་སླ་ཕྱིར་དཀའ་ཡང་གསུངས་པ། མན་ངག་ཡིན་ངེས་པའི་གཏན་ཚིགས་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རང་ལ་ཡོད་པ་དང་། འབྲས་བུ་གཞན་ནས་རྩོལ་མི་དགོས་པ་དང་། སྣང་བ་འདི་ཉིད་མ་སྤངས་རང་སར་ཡེ་ནས་གྲོལ་བས་སླ་ཞིང་། ཨ་ནུ་ཡོ་ག་མན་ཆད་ཀྱིས་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་དང་། རྩོལ་སྒྲུབ་ལ་སངས་རྒྱས་རེ་བས་དཀའ་ལ། ཨ་ཏི་བསྟན་མ་ཐག་ཏུ་ངོ་ཤེས་པ་དང་། ཡེ་གྲོལ་ཆེན་པོར་སངས་རྒྱས་ཀྱང་ངོས་གཟུང་དང་བྲལ་བས་སླ་ཕྱིར་དཀའ་འོ། །དེ་ཅིས་སླ་བར་ཤིས་ཤེ་ན། མངོན་སུམ་མི་གནས་ཀུན་ལ་ཁྱབ། །ཅེས་པ་དོན་རྒྱས་པར་བཤད་པའི་གཏན་ཚིགས་བསྟན་ཏེ། ཆོས་ཉིད་སྐྱེ་འགག་དང་བྲལ་བ་དེ། དམིགས་པའི་མཐའ་ལས་འདས་ཤིང་། མཚན་མ་མེད་པའི་ཀློང་དུ་ཤར་བས་དབང་པོའི་མངོན་སུམ་ལ་རྫས་ལྟ་བུར་ཡུལ་དང་ཡུལ་ཅན་དུ་མི་གནས་ཀྱང་། ཕྱོགས་དང་རིས་དང་རྒྱ་ཆད་མེད་པས། འཁོར་འདས་ཀུན་ཏུ་ཁྱབ་པ་ཡིན་ནོ། །དེས་ན། མིང་ཙམ་འདི་ཞེས་བསྟན་པ་ནི། ཞེས་པ་མཚོན་བྱ་ལས་འདས་པ་ཆོས་ཉིད་དངོས་ཀྱི་དོན་ཏེ། དངོས་པོ་དང་མཚན་མ་ཕྱོགས་གཅིག་པ་ལྟ་ཅི་སྨོས་ཏེ། ཐོག་མ་ཆོས་ཉིད་ཕྱོགས་མེད་ལ་ཕྱོགས་སུ་གཅིག་པའི་བརྗོད་པ་མིང་ཙམ་ཚིག་ཙམ་དུ་སྨོས་ཏེ་འདི་ཡིན་ནོ་ཞེས། གང་ཟག་གིས་སྟངས་མཚོན་པར་མི་ནུས་པས། རྡོ་རྗེ་སེམས་དཔས་མཚོན་དུ་མེད། །ཅེས་པ་སྟོན་པ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཀྱང་ཕྱོགས་གཅིག་ཏུ་མཚོན་དུ་མེད་དེ། གཏེར་གཏད་ལས། གནས་ལུགས་མིང་ལ་མི་གནས་ཤིང་། །རྟོགས་དོན་ལྡོག་ས་ལས་གྲོལ་བས། །དགོངས་པའི་ངོ་བོ་རང་ལ་དྲིས། །བརྡ་རྒྱུད་ཐན་པས་ཅི་ཞིག་སྨྲ། །ཞེས་སོ། །དེ་རྣམས་ཀྱི་རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་ཉི་ཤུ་པ་ལའང་། སྐབས་ཀྱི་དོན་བསྟན་པ། མཐོང་སྣང་ཐུག་ཕྲད་དུ་འཆར་བའི་དགོངས་པ་ནམ་མཁའ་དང་ཆོ་འཕྲུལ་ལྟ་བུར་རང་བྱུང་ཡེ་ཤེས་ཀྱི་ཀློང་དུ་བསྟན་པ། ཁྱབ་པ་རང་འབྱུང་གི་རིགས་པ་བསྟན་པ། རང་ལ་ཡོད་ཀྱང་མཚོན་དགོས་པའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ལས་མི་འགྲུབ་པའི་སྐབས། །ཞེས་པ་རྒྱུ་རྐྱེན་འབྲས་བུར་བཏགས་པའི་ཆོས་ཐམས་ཅད་ནི་གློ་བུར་བ་ཡིན་ངེས། འདུས་བྱས་ལ་སངས་རྒྱས་རེ་བ་དེས། ཆོས་ཉིད་འཇིག་འདྲལ་མེད་ཅིང་འདུས་མ་བྱས་པ་དང་། རྒྱུ་རྐྱེན་མེད་ཅིང་རང་བྱུང་གི་དོན་དེ་མི་འགྲུབ་པར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་གཉེན་པོ་མེད་པའི་ཕྱིར། །རྒྱུ་རྐྱེན་བྲལ་བའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། ངོ་མཚར་རྨད་བྱུང་རོལ་པ་འདི། །ཞེས་པ་ལ་སོགས་པས་སྟོན་ཏེ། དབང་མཐོང་སྣང་གི་མིག་གིས་གཟུགས་མཐོང་བ་ལ་སོགས་པ་སྟེ། སྒོ་ལྔ་ཡུལ་དུ་སྣང་ཚོད་དང་བརྟགས་ཚོད། གྲགས་ཚོད་དང་ཤར་ཚོད་འདི་རང་ངོ་། །ཐུག་ཕྲད་ནི་ཚོགས་དྲུག་སྐུ་གསུམ་ཐུག་ཕྲད་དུ་འཆར་བ་ཡིན་ཏེ། གཟུགས་སུ་སྣང་བ་སྤྲུལ་སྐུ་ཐུག་ཕྲད། སྒྲ་རུ་གྲག་པ་ལོངས་སྐུ་ཐུག་ཕྲད། དྲན་རྟོག་ཐམས་ཅད་ཆོས་སྐུ་ཐུག་ཕྲད་དུ་འཆར་བའི་དགོངས་པ་ཆོས་ཉིད་ཀྱི་ངང་ངོ་། །ནམ་མཁའ་དང་ཆོ་འཕྲུལ་ལྟ་བུ་ནི། རང་བྱུང་རང་ཞིའི་དཔེ་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་བྱུང་ཡང་རིག་པ་རང་བྱུང་གི་ཡེ་ཤེས་ནམ་མཁའ་ལྟ་བུ་ལས་རང་བྱུང་ལ། ཞི་ཡང་དེ་རང་དུ་ཞི་བས་རང་བྱུང་ཡེ་ཤེས་ཀྱི་ཀློང་ངོ་། །དེ་ཉིད་མཐའ་གང་ལའང་མ་སྤངས་པར་ཁྱབ་པ་རང་བཞིན་གྱི་རིག་པ་ཡེ་ཤེས་ནང་ནས་ཤར་བས་རང་ལ་ཡོད་ཀྱང་མཚོན་དགོས་པའི་གཏན་ཚིགས་ཞེས་བྱའོ། །དེས་ན། ངོ་མཚར་རྨད་བྱུང་རོལ་པ་འདི། །ཞེས་པ་ཆོས་ཉིད་རང་ལ་ཡོད་པས་གཞན་སྒྲུབ་མི་དགོས་པས་ངོ་མཚར་བ་དང་། ཨ་ནུ་མན་ཆད་ཀྱིས་རྟོགས་པར་དཀའ་བས་རྨད་དུ་བྱུང་བ་དང་། ཡོངས་ལ་ཁྱབ་ཅིང་རིས་མེད་པས་གསང་བ་དམ་པའོ། །རོལ་པ་ནི་ཅིར་ཡང་མི་འགག་ལ་རྒྱ་མ་ཆད་པས་ཐམས་ཅད་དུ་ཤར་བ་འདིའོ། །བྱ་བྲལ་ནམ་མཁའ་ཇི་བཞིན་དུ། །ཞེས་པ། དཔེ་དོན་གཉིས་སུ་མེད་པའི་དགོངས་པ་ཆོས་ཉིད་བྱ་བྲལ་གྱི་ངང་ལྷུན་གྲུབ་ཀྱི་འཇིངས་ནམ་མཁའི་ཀློང་དང་འདྲ་བ་ལས། རིག་པ་ཅིར་ཡང་མི་འགག་སྟེ་ཕྱོགས་མེད་དུ་འབྱུང་བའི་དཔེ་ཡང་ནམ་མཁའ་ལ་ཆོ་འཕྲུལ་ཀོག་ལངས་སུ་འབྱུང་བ་ཇི་བཞིན་ནོ། །འོ་ན་ཆོས་ཉིད་དེ་རང་གི་ངོ་བོ་ཇི་ལྟ་བུ་ཞེ་ན། ཅིར་ཡང་མི་དམིགས་གཏི་མུག་ལས། །ཞེས་པ་ཆོས་ཉིད་མི་འབྱེད་པའི་དགོངས་པ། མཉམ་པ་ཉིད་ལ་ཕྱོགས་དང་རིས་སུ་དབྱེར་མེད་པའི་བཟང་ངན་ལེགས་ཉེས། མཐོ་དམན་དང་ཡངས་དོག་མེད་པས་གཉིས་འཛིན་གྱི་སྤྲོས་པ་ཅིར་ཡང་མི་དམིགས་པར། དོན་གྱི་གདེངས་རང་བྱུང་གི་ཡེ་ཤེས་ཆེན་པོ་ལགས་ཏེ། ཐིག་ལེ་དྲུག་པ་ལས། རྣམ་པ་ཅིར་ཡང་མི་འབྱེད་ཡེ་ཤེས་གཏི་མུག་པ། །ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ། །ཅེས་པས་གསལ་ལོ། །དེ་མ་ཐག་ཏུ་རང་ལས་འབྱུང་། ཞེས་པ་ཧར་ཡ་ཧུར་སྤྲུགས་རིག་པ་ཀོག་ལངས་ཀྱི་དགོངས་པ། གོ་བའམ་བསྟན་པའི་དུས་དེ་མ་ཐག་ཏུ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཟབ་མོའི་ཆོས་དང་འབྲས་བུའི་དོན་ཐམས་ཅད་མ་བརྩལ་བཞིན་དུ་རང་ལས་ཕྱོགས་མེད་དུ་འབྱུང་སྟེ། སྐྱོན་ཐམས་ཅད་རང་གྲོལ་དུ་འབྱུང་བས་སོ། །དགོངས་པ་དེའི་སྐྱོན་བསལ་འདྲའོ། །གསུམ་པ་ནི། འདི་ནི་ཐམས་ཅད་མཚུངས་པའི་ལམ། །ཞེས་པ་ཁྱབ་པ་སྤྱིའི་རིགས་པ། ཆོས་ཉིད་སྐྱེ་འགག་མེད་ཅིང་འདུས་མ་བྱས་པའི་དོན་འདི་ནི། ཁམས་གསུམ་གྱི་སེམས་ཅན་ལ་ཚབས་མི་ཆུང་། དུས་གསུམ་གྱི་སངས་རྒྱས་ལ་ཚབས་མི་ཆེ་སྟེ། འཁོར་འདས་ཐམས་ཅད་ཀྱི་ལམ་ཆེན་ནམ། གཤེགས་ཤུལ་ཀྱང་འདི་ཡིན་པས། ཐམས་ཅད་ཐིག་ལེ་གཅིག་ཏུ་དབྱེར་མེད་ཅིང་། མཚུངས་དང་གཅིག་པའི་ཀློང་ལམ་ཆེན་པོའོ། །དེས་ན། འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་པ་འདུ་འབྲལ་མེད་པའི་རིག་པ། ལས་ནས་ལས་སུ་འགྲོ་བ་ནི། ངན་སོང་གསུམ་སྟེ། སྔར་གྱི་ལས་ངན་པས་ཕྱིས་སྡུག་བསྔལ་གྱི་ཁར་འཁོར་བ་དང་། ཡེ་ཤེས་ནས་ཡེ་ཤེས་སུ་འགྲོ་བ་ནི། ལྷ་དང་མི་སྟེ། སྔར་གྱི་ལས་བཟང་པོས་མཐོ་རིས་སུ་སྐྱེ་ནས། ད་དུང་སངས་རྒྱས་ཀྱི་ས་ལ་འགྲོ་བ་སྟེ། བསྡུས་པར་ཐམས་ཅད་དབྱིངས་ནས་ཤར་ཞིང་དབྱིངས་སུ་འགྲོ་བ་རིགས་དྲུག་པོ་ཀུན་ལ། ཆོས་ཉིད་བྱ་བྲལ་གྱི་ཀློང་ཆེན་པོ་དེ། བཟང་ངན་དང་དབྲི་བསྣན་མེད་པས། ཡེ་ཐོག་མ་ཉིད་ནས་རང་བཞིན་གྱིས་ཁྱབ་པར་གནས་པས་དེ་ཇི་ལྟ་བར་བསྟན་པ་ཙམ་གྱིས་འབྲས་བུ་རང་ལས་འབྱུང་བའོ། །བཞི་པ་ནི། བྱིས་པས་བསླད་པས་འཁྲུལ་པའི་ཕྱིར། །ཞེས་པ་དོན་གང་ལ་དགོངས་པའི་གཏན་ཚིགས་བྱིས་པ་ལ་གཉིས་ཏེ། བརྡ་ལ་ཤེད་མ་ཕྱེ་བའི་བྱིས་པ་སོ་སོའི་སྐྱེ་བོ། དོན་ལ་ཤེས་མ་ཕྱེ་བའི་བྱིས་པ་ཐེག་པ་འོག་མ་པ། ལམ་ལྟ་སྒོམ་ཕྱོགས་རེ་ལ་བརྩལ་བས་ཀྱང་། ཕྱོགས་མེད་ཀྱི་དོན་མ་གོ་སྟེ། རྩོལ་སྒྲུབ་ཀྱིས་བསླད་པས། མཉམ་པ་ཉིད་ཀྱི་ངང་ལ་ཕྱིས་འཁྲུལ་བའི་ཕྱིར་རོ། །འོ་ན་འཁྲུལ་པ་དེ་ལ་སྐྱོན་ཅི་ཡོད་ཅེ་ན། སྨན་ཉིད་སྨན་པ་འཚོལ་བ་བཞིན། །ཞེས་པ་དཔེའི་གཏན་ཚིགས། དཔེར་ན་སྨན་རང་ལ་ཡོད་ཀྱང་སྨན་པས་མ་གཏང་ན་ངོ་མི་ཤེས་པས། སྨན་པ་གཞན་ནས་འཚོལ་བ་བཞིན་དུ། ཆོས་ཐམས་ཅད་ཡེ་སངས་རྒྱས་པ་ཡིན་ཏེ་ཆོས་ཉིད་རང་རང་ལ་མཉམ་པར་ཡོད་ཀྱང་དེའི་དོན་སྟོན་པ་སློབ་དཔོན་ལ་རག་ལས་པ་ཡིན་ནོ། །དེ་བཞིའི་རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་ཉི་ཤུ་རྩ་གཅིག་པའང་། སྐབས་ཀྱི་དོན་བསྟན་པ། རིག་པ་རང་གྲོལ་གྱི་དགོངས་པ་ནམ་མཁའི་དཀྱིལ་འཁོར་ལྟ་བུར་གདལ་བ་ཆེན་པོའི་ཀློང་དུ་བསྟན་པ། སྣ་ཚོགས་ཀུན་གསལ་ཅིར་ཡང་སྣང་བའི་རིགས་པ་བསྟན་པ། ཕྱི་ནང་སྣོད་བཅུད་ལས་ཆེ་བའི་གཏན་ཚིགས་བསྟན་པ། ཐིག་ལེའི་ངེས་ཚིག་བསྟན་པ་དང་ལྔ་ལས། དང་པོ་ནི། འགྲོ་བ་ཡོངས་ལ་སངས་རྒྱས་པར་བསྟན་པའི་སྐབས། ཞེས་པ་འགྲོ་བ་ནི་རིགས་དྲུག་གོ། །དེར་ཡང་མ་ཟད་དེ་རྒྱལ་འགྲོ་ལམ་པས་བསྡུས་པའི་ཆོས་ཡོངས་ལ་སྤྱི་ཁྱབ་ཏུ་གནས་ཏེ། ཐམས་ཅད་དབྱིངས་སུ་གྲོལ་བའི་ཕྱིར་རོ། །ཡེ་གྲོལ་ཆེན་པོའི་ཀློང་དུ་ཡེ་སངས་རྒྱས་པར་གནས་པས། དེ་ལྟ་བུའི་དོན་ཟབ་མོ་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་སུ་གཅིག །རྒྱུད་དྲུག་སྙིང་པོར་སེམས་གཅིག་ཕྱིར། །འགྲོ་ཀུན་སངས་རྒྱས་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། གོ་བའི་ཡུལ་ན་བདེ་བ་ཆེ། ཞེས་པ་ལ་སོགས་པས་སྟོན་ཏེ། དེ་ཡང་རིག་པ་སྤྱི་ཁྱབ་པ་མ་རྟོགས་རིག་གམ། བསམ་རིག་གམ། ཤེས་རིག་ལྟ་བུ་མ་ཡིན། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས་ཀྱིས་ཡེ་རིག་ཡེ་ཤར་ཡིན་ཏེ། སེམས་ཅན་ཡེ་ནས་སངས་རྒྱས་སུ་རིག །སྣང་སྟོང་ལ་སོགས་པ་གཉིས་བསྡུས་ཐམས་ཅད་འདྲ་སྟེ། གཞི་ཡེ་ནས་ལྷུན་གྱིས་གྲུབ་པར་རིག །ངོ་བོ་ཡེ་ནས་ངེས་མེད། དོན་ཡེ་ནས་སྐྱེ་མེད། བདག་ཉིད་ཡེ་ནས་ཐོག་མཐའ་དང་བྲལ་བར་རིག །འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་རང་གི་བྱང་ཆུབ་ཀྱི་སེམས་སུ་རིག་པས། ཆིག་ཆོད་དེ། རང་གྲོལ་ནི་དེ་ཀ་ལྟར་སེམས་ཅན་སངས་རྒྱས་སུ་གྲོལ་བས་ན་ཀུན་འདྲ་སྟེ། རིག་པ་རང་གྲོལ་གྱི་དགོངས་པ་ཆོས་ཉིད་ཀྱི་ཀློང་ངོ་། །ནམ་མཁའི་དཀྱིལ་ནི་མཐའ་དབུས་མེད་པར་ཁྱབ་ཅིང་གདལ་བ་བཞིན་དུ། ཆོས་ཉིད་བྱ་བྲལ་གྱི་ཀློང་ནི། རྒྱ་གར་ཡང་མ་ཆད་ལ་ཕྱོགས་གང་དུའང་མ་ལྷུང་སྟེ། མཐའ་བྲལ་ཆེན་པོའི་ངང་ལ་ཐམས་ཅད་ཤར་ཞིང་དེ་རུ་འདུས་པའི་ཀློང་ངོ་། །དེ་ལ་མཐའ་ཕྱོགས་གཅིག་པ་གང་ཡང་མེད་པས། སྣ་ཚོགས་ཀུན་གསལ་ཅིར་ཡང་སྣང་བའི་རིགས་པ། ཐམས་ཅད་དེ་ལས་བྱུང་བས་ཕྱི་ནང་སྣོད་བཅུད་ལས་ཆེ་བའི་གཏན་ཚིགས་ཞེས་བྱའོ། །དེས་ན། གོ་བའི་ཡུལ་ན་བདེ་བ་ཆེ། །ཞེས་པ་གོ་བ་དང་སངས་རྒྱས་པ་དུས་མཉམ་པའི་དགོངས་པ། རྫོགས་པ་ཆེན་པོའི་རྣལ་འབྱོར་པས། རིག་པ་ལ་དབང་ཐོབ། སྣང་བ་ལ་འཇལ་སོ་ཚུགས་པས། གོ་བ་ཕྱོགས་མེད་དུ་སྐྱེས་ཙ་ན། ད་ལྟར་གྱི་སྣང་ཚོད་དང་བཏགས་ཚོད། གྲགས་ཚོད་དང་ཤར་ཚོད་ཀྱི་སྤྱོད་ཡུལ་ཝ་ལེ་ཁྱུག་གེར་འདུག་པ་འདི་རང་། བདེ་བ་ཆེན་པོའི་ཞིང་ཁམས་སམ། པདྨ་ཅན་གྱི་ཞིང་ཁམས་སམ། རྣམ་པར་དག་པའི་ཞིང་ཁམས་སམ། འཇིག་རྟེན་འདི་ཉིད་རང་ཡིན་ཏེ། དེ་ཅིས་ན་རྫོགས་པ་ཆེན་པོའི་ལུགས་ཏེ། ཡེ་ཤེས་རྫོགས་པ་ལས། ཡེ་ཤེས་རིག་པའི་འཁོར་ལོ་ལ། །ཅི་ཡང་ཡིན་ནོ་རྣམ་ཀུན་བཅས། །ཞེས་པ་ལྟར་ཅི་ཡང་ཡིན་པའི་གནད་ཀས་སོ། །དེས་ན། འདི་ནི་རྣམ་དག་འཇིག་རྟེན་ཡིན། ཞེས་པ་སྒྲིབ་གཡོགས་མེད་པའི་དགོངས་པ་སྟེ། དེའི་ཕྱིར་སྐྱེ་བོ་རང་ཀ་མས་བཏགས་པའི། མ་དག་འཁྲུལ་བའི་སྣང་བ་འདི་ཉིད་མ་སྤངས་པར། དག་པ་ཡེ་ཤེས་ཀྱི་སྣང་བར་ཕྱོགས་མེད་དུ་ཤར་བས་དངོས་རང་ཡེ་ནས་ཡིན་པས། གང་ལའང་སྐྱོན་མེད་དེ། དེ་ལ་ཕྱོགས་ཀྱི་འོད་འདུས་པས། ཞེས་པ་ཐིག་ལེ་གཅིག་ཏུ་འདུས་པའི་དགོངས་པ་སྟེ། ཆོས་ཉིད་ཐིག་ལེ་ཉག་གཅིག་རྒྱ་གང་དུའང་མ་ཆད། ཕྱོགས་གང་དུའང་མ་ལྷུང་། མཉམ་ཉིད་ཆེན་པོ་དེ་ལ། ཕྱོགས་བཞི་མཚམས་བཞི་སྟེ་བརྒྱད། སྟེང་འོག་གཉིས་ཏེ་བཅུར་རང་གྲགས་པའི་ཆོས་ཐམས་ཅད་མ་སྤངས་ཏེ། ལྷུན་གྱིས་གྲུབ་པར་འདུས་བས་ན། །ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །ཅེས་པ་ཆོས་ཉིད་རྒྱ་མ་ཆད་པའི་དགོངས་པ་གཞི་ལྷུན་གྲུབ་ཐིག་ལེ་ཉག་གཅིག་ལས་མ་གཡོས་པར་ངོ་བོ་མ་ངེས་རང་བྱུང་གི་ཡེ་ཤེས་རོལ་པ་ཅིར་ཡང་ཤར་བས། ཕྱོགས་བཞི་མཚམས་བཞི་སྟེ་བརྒྱད། སྟེང་འོག་གཉིས་ཏེ་བཅུ་ལ་སོགས་པའི་ཕྱོགས་མཚམས་ཐམས་ཅད་དུ་མ་བརྩལ་བར་རང་ཤར་བས། བླ་འོག་ཕྱོགས་མཚམས་ཀྱི་ཆོས་ཐམས་ཅད་མ་བསྒྲུབས་པར་གྲུབ་པའོ། །དགོངས་པ་དེའི་སྐྱོན་བསལ་བ་འདྲའོ། །གསུམ་པ་ནི། མ་ངེས་འཇའ་ཚོན་ཁ་དོག་ལས། །ཞེས་པ་དཔེ་དོན་གཉིས་མེད་ཀྱི་རིགས་པ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་གཞི་ངེས་མེད་ཀུན་གྱི་དངོས་གཞི་ལ། རོལ་པ་ཅིར་ཡང་འཆར་བས། གཅིག་ཏུ་མ་ངེས་ཏེ། འཁོར་འདས་བདེ་སྡུག་སྐྱོན་ཡོན་ཅིར་ཡང་འཆར་བས། དཔེར་ན་འཇའ་ཚོན་སྣང་ལ་རང་བཞིན་མེད་པ་ལྟར། རོལ་པ་རང་རྒྱུད་པ་མེད་དེ། དེས་ན། རིགས་ཀྱི་ཁྱད་པར་མངོན་པར་སྣང་། །ཞེས་པ་དོན་གཅིག་ཏུ་མ་ངེས་པའི་རིགས་པ་བསྟན་པ། གཞི་མ་ངེས་སྣ་ཚོགས་ནོར་བུ་རིན་པོ་ཆེ་ལྟ་བུ་ལ། འགྲོ་བའི་རིགས་མ་འདྲ་བ་སྣ་ཚོགས་སུ་ཤར་བ་དང་། ཐེག་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཙམ་དུ་འབྱུང་བ་ནི། སྔོན་བྱུང་སངས་རྒྱས་རྣམས་ཀྱིས་གསུངས་པ་དང་། ད་ལྟ་གང་ཟག་གི་བློ་ལ་མངོན་པར་སྣང་བ་འདི་ཉིད་ཡིན་ནོ། །བཞི་པ་ནི། དེ་བཞིན་གཡོ་རྡུལ་མི་གཡོ་བ། །ཞེས་པ། དེ་བཞིན་ཉིད་ཀྱི་དབྱིངས་ལས་མ་གཡོས་པར། གཡོ་བ་ནི་ནང་བཅུད་ཀྱི་སེམས་ཅན་སྐྱེ་ཤི་ལ་སྔས་བཅས་པས་མི་བརྟན་པ་དང་། རྡུ་མི་གཡོ་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་རྡུལ་ཕྲ་རབ་ལས་གྲུབ་པ་དེ། འབྱུང་བ་རང་རང་གི་མཐུས་མི་འཇིག་སྟེ། མེ་ཡིས་མི་མི་ཚིག །ཆུ་ཡིས་ཆུ་མི་གཤེར་ཀྱང་གཅིག་ལ་གཅིག་འཕངས་པའི་ཚུལ་གྱིས་འཇིག་པ་ནི། ས་ཡིས་ཆུ་འཇིག །ཆུ་ཡིས་མེ་འཇིགས་པ་སྟེ། མེ་བདུན་ཆུ་གཅིག་གི་བསྐལ་པའོ། །དེས་ན་ཕྱི་ནང་སྣོད་བཅུད་གཉིས་ཀྱི་མི་གཡོ་བ་ནི་འབྲས་བུ་ཆོས་ཀྱི་སྐུ་འཕོ་འགྱུར་མེད་ཅིང་ཕྱོགས་མེད་པ་ཡིན། དེའི་ཕྱིར། འབྱུང་བ་ལྔ་པོ་གཙོ་ཆེན་ཡིན། །ཞེས་པ། སེམས་ཉིད་ཐིག་ལེ་ཉག་གཅིག་འབྲས་བུ་ཆོས་ཀྱི་སྐུ་དེ་ནི། འབྱུང་བ་ལྔ་ཡི་སྔོན་རོལ་ནས། སྔ་ཕྱི་ཐོག་མཐའ་མེད་པར་གནས་པས། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་གང་ནས། རིག་པ་བྱང་ཆུབ་ཀྱི་སེམས་དེས་ཐམས་ཅད་བསྐྱེད་པས་དོན་གྱི་གཙོ་བོ་ཆེན་པོ་ཡིན་ནོ། །ལྔ་པ་ནི། ཀུན་ཏུ་བཟང་པོའི་ཐིག་ལེ། ཞེས་པ། དང་པོ་རང་བཞིན་ཀུན་ཏུ་བཟང་པོ་བསྟན། གཉིས་པ་རོལ་པ་ཀུན་ཏུ་བཟང་པོ། གསུམ་པ་རང་རིག་ཀུན་ཏུ་བཟང་པོ། བཞི་པ་རང་བྱུང་ཀུན་ཏུ་བཟང་པོ། ལྔ་པ་བྱ་བྲལ་ཀུན་ཏུ་བཟང་པོ། དྲུག་པ་འབྲས་བུ་ཀུན་ཏུ་བཟང་པོ་སོ་སོར་མ་འདྲེས་ཡོངས་རྫོགས་སུ་འདུས་པའོ། །གཞི་ངོ་བོ་དོན་བདག་ཉིད་ཆེན་པོའི་རང་བཞིན་ལ་བཟང་ངན་དང་བླང་དོར་མེད་པས་ཀུན་ཏུ་བཟང་པོ། མ་སྤྲོས་ཀུན་ལ་ཁྱབ་པ་དང་། གདལ་ཁྱབ་ཆེན་པོར་གནས་པས་ན་ཐིག་ལེ་ཞེས་བྱའོ། །དེ་བཞིའི་རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་ཉི་ཤུ་རྩ་གཉིས་པ་ལའང་། སྐབས་ཀྱི་དོན་བསྟན་པ། ཆོས་ཉིད་སྐྱེ་འགག་མེད་པ་ལ་དུས་གསུམ་མ་དམིགས་པའི་དགོངས་པ་ཆུ་བོ་ལྟ་བུར་རྒྱུན་ཆད་མེད་པའི་ཀློང་དུ་བསྟན་པ། མཉམ་པ་ཉིད་ལ་ཕྱོགས་སུ་བྱ་བརྩལ་དང་བྲལ་བའི་རིགས་པ་བསྟན་པ། ཀུན་ཏུ་བཟང་པོ་ལས་ལྷག་པར་བསྒོམ་དུ་མེད་པའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། ཚོགས་འབུལ་པའི་སྐབས། ཞེས་པ། གསང་སྔགས་མ་ཧཱ་ཡོ་གའི་ལུགས་ཀྱིས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ཟེར་ནས། ཤ་ཆང་མར་ཁུ་ཛ་གད་ཛ་ཏི། ཞོ་དང་མར་ལ་སོགས་པ་ལ། ཤ་ལྔ་བདུད་རྩི་རྣམ་པ་ལྔ་བྲན་ནས། ཟ་འཐུང་བྱེད་ཅིང་རྔེའུ་ཆུང་བརྡུང་བ་ནི། ཁྱི་རྒན་ཟ་ཚོལ་གྱི་ཚོགས་ཡིན་པས་གོལ་ལོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཚོགས་ནི། སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ཚོགས་ཡིན་ཏེ། དེ་ཡང་ཡིན་ལུགས་ལ་འདི་ཡིན་མེད་པས་གང་ཡང་མི་དམིགས་པའི་དབྱིངས་སུ་མཆོད་པ་འབུལ་བའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་ཚོགས་ཀུན་འདུས་པའི་ཕྱིར། །ཡེ་ཤེས་དག་པའི་ཚོགས་ཆེན་པོས། །ཚོགས་ཆེན་དབུལ་བའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། འདས་དང་མ་འོངས་ད་ལྟར་གྱིས། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འདས་པ་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་སྔ་ཕྱི་ཐོག་མཐའ་མེད་པར་གྲོལ་བས། འཁོར་འདས་ཀྱི་ཆོས་ཐམས་ཅད་མི་སྐྱེ། མ་འོངས་པ་མ་ངེས་པའི་ཀློང་ནས་སྔ་ཕྱི་ཐོག་ཐ་མེད་པར་ཤར་བས། འཁོར་འདས་ཀྱི་ཆོས་ཐམས་ཅད་མི་འགག །ད་ལྟ་ལྷུན་གྱིས་གྲུབ་པའི་ངང་ལ་སྔ་ཕྱི་ཐོག་ཐ་མེད་པར་གནས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྐྱེ་འགག་གཉིས་སུ་མེད་དེ། དུས་གསུམ་ཐ་དད་ཀྱི་དམིགས་པ་དང་བྲལ་བའི་དགོངས་པ་ནི་ཆོས་ཉིད་འབའ་ཞིག་གོ། །ཆུ་བོའི་གཞུང་ལྟ་བུ་ནི། རྒྱུན་མི་འཆད་པའི་དཔེ་སྟེ། དུས་གསུམ་མཉམ་པ་ཉིད་རྒྱུན་མི་འཆད་པ་ལ། དུས་གསུམ་ཐ་དད་ལྟར་ཤར་ཞིང་དེ་རུ་གྲོལ་བའི་ཀློང་ངོ་། །དེ་ལ་སོགས་པའི་སངས་རྒྱས་གཞན་ནས་བཙལ་དུ་མེད་པས་མཉམ་པ་ཉིད་ལ་ཕྱོགས་སུ་བྱ་བཙལ་དང་བྲལ་བའི་རིགས་པ། བདག་ཉིད་ཡེ་ནས་སངས་རྒྱས་པས། ཀུན་ཏུ་བཟང་པོ་ལྷག་པར་བསྒོམ་དུ་མེད་པའི་གཏན་ཚིགས་ཞེས་བྱའོ། །དེས་ན། འདས་དང་མ་བྱོན་ད་ལྟར་གྱིས། ཞེས་པ་མ་ཧཱ་ཡོ་ག་ལ་སོགས་པ་འདས་པའི་སངས་རྒྱས་མར་མེ་མཛད། མ་བྱོན་པའི་སངས་རྒྱས་རྒྱལ་བ་བྱམས་པ། ད་ལྟར་གྱི་རྒྱལ་བ་ཤཱཀྱ་ཐུབ་པ། དུས་གསུམ་གྱི་སངས་རྒྱས་རིམ་པར་འདོད་པ་དེ་ལ། ཨ་ཏི་ཡོ་ག་གནས་སམ་ཞེ་ན། ཐ་སྙད་མི་ལ་མི་གནས་ཏེ། །ཞེས་པ། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་ཆོས་ཉིད་སྔ་ཕྱི་མེད་པ་ལ། དུས་གསུམ་གྱི་སངས་རྒྱས་རིམ་པར་གྲུབ་པ་མེད་དོ། །དེ་མེད་པས་ཐེག་པ་འོག་མ་པ་ལྟར། དུས་གསུམ་ཐ་དད་དུ་འདོད་པའི་ཐ་སྙད་ལ་བློ་མི་གནས་ཏེ་སྔ་ཕྱི་མེད། དེ་ཅིས་མི་གནས་ཞེ་ན། སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། ཞེས་པ་དུས་གསུམ་ཆིག་ཆོད་ཀྱི་དགོངས་པ་སྟེ། འདས་པ་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་སྔ་ཕྱི་ཐོག་མཐའ་མེད་པར་གྲོལ་བ་དང་། མ་འོངས་པ་མ་ངེས་པའི་ཀློང་ན་སྔ་ཕྱི་ཐོག་མཐའ་མེད་པར་འཆར་བ་དང་། ད་ལྟ་ལྷུན་གྱིས་གྲུབ་པའི་ཀློང་ན་སྔ་ཕྱི་ཐོག་མཐའ་མེད་པར་གནས་པ་དང་དུས་གསུམ། སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། །ཞེས་ཏེ། འོ་ན་དུས་གསུམ་འགགས་སམ་ཞེ་ན། དགག་ཏུ་ཡང་མེད་དེ། དེ་ཉིད་དུས་གསུམ་ཆེན་པོར་སྦྱོར། །ཅེས་པ་དུས་གསུམ་ཐིག་ལེར་ཐེག་པའི་དགོངས་པ་སྟེ། ཐིག་ལེ་ཉག་གཅིག་ལ་དུས་གསུམ་ཐ་དད་མེད་དེ། མཉམ་ཉིད་ཆེན་པོ་གཅིག་ཏུ་སྦྱོར་ཞིང་། གཅིག་པོ་ཐ་དད་དུ་མ་འགགས་པས། གསུམ་ལྟར་ཡང་འཆར་ཞིང་སྦྱོར་རོ། །དགོངས་པ་དེའི་སྐྱོན་བསལ་འདྲ། གསུམ་པ་ནི། མཉམ་པས་རིམ་པར་བཀོད་པ་མེད། །ཅེས་པ་དཀྱིལ་འཁོར་རིམ་པར་དགོད་པའི་བྱ་རྩོལ་དང་བྲལ་བའི་རིགས་པ་སྟེ། མ་ཧཱ་ཡོ་ག་དཀྱིལ་འཁོར་རྣམ་པ་བཞི་ལ་བཟང་ངན་གྱི་རིམ་པ་འདོད་པ་ལ། ཨ་ཏི་ཡོ་ག་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་མ་བསྐྱེད་དང་། གཟུགས་བརྙན་ལྷའི་དཀྱིལ་འཁོར་བཞེངས་མ་བཞེངས་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་མ་བྲིས་དང་། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་མ་དྲངས་ཡོད་ཚད། ཐིག་ལེ་གཅིག་ཏུ་མཉམ། རྒྱུ་རྐྱེན་འབྲས་བུར་མཉམ་པས། དེ་ཡོ་ལ་མ་ཧཱ་ལྟར་ཆེ་ཆུང་དང་བཟང་ངན་གྱི་རིམ་པ་དགོད་དུ་མེད་དོ། །གཅིག་པས་ཕྱོགས་སུ་བསྔོ་དང་བྲལ། །ཅེས་པ་མཆོད་པ་བསྔོ་བགྲང་དུ་འབུལ་ཞིང་ཕྱོགས་སུ་འཛིན་པའི་བྱ་རྩོལ་དང་བྲལ་བའི་རིགས་པ་སྟེ། སངས་རྒྱས་དང་སེམས་ཅན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། རྒྱུ་ཆོས་ཉིད། རྐྱེན་རོལ་པ། འབྲས་བུ་རང་བྱུང་ཡེ་ཤེས་སུ་གཅིག་པས། རིགས་བྱེ་བྲག་གི་ཁྱད་པར་གང་ལའང་མེད་དེ། ཡི་དམ་དང་ལྷ་ཚོམ་བུའི་རྣམ་པ་ལ་དཀྱིལ་འཁོར་གྱི་དཀྱིལ་དུ་འཁོར་ལོའི་ཕྱོགས་སུ་མཆོད་པའི་བསྔོ་བགྲང་དང་བྲལ་བའོ། །ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །ཞེས་པ་ཚོགས་ཆེད་དུ་འགྲིམ་པའི་བྱ་རྩོལ་དང་བྲལ་བའི་རིགས་པ་སྟེ། རྒྱུ་བསོད་ནམས་ཀྱི་ཚོགས་ནི་རྫས་དང་ཡོ་བྱད་ཕུན་སུམ་ཚོགས་པ་ལ་རག་ལས་ཏེ། ཨ་ཏི་ཡོ་ག་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ཚོགས། ཆོས་ཉིད་དབྱིངས་ཀྱི་རྒྱན། རིག་པ་ཕྱོགས་མེད་དུ་བཀྲམ་པའོ། །རང་བཞིན་གནས་པ་འགྲིམ་པ་མེད། །ཅེས་པ། མ་ཧཱ་ཡོ་ག་ལྟར་ཨེ་མ་ཧོ་ལ་སོགས་པས་ཆེད་དུ་འགྲིམ་དུ་མེད་དེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་གདོད་མ་ཉིད་ནས་རང་བཞིན་གྱིས་མ་སྐྱེས་ཤིང་། ཀུན་ལ་ཁྱབ་པར་གནས་པས། རྒྱུ་བསོད་ནམས་ཀྱི་ཚོགས་ལ་རག་མ་ལས་ཤིང་། ཆེད་དུ་འགྲིམ་དུ་མེད་དོ། །ལྷུན་གྱིས་གྲུབ་པས་མི་བསྔོ་ཞིང་། །ཞེས་པས། སྨོན་ལམ་ཆེད་དུ་འདེབས་པའི་བྱ་རྩོལ་དང་བྲལ་བའི་རིགས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་དང་འབྲས་བུའི་ཆོས་དང་། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཡང་། ཐིག་ལེ་བྱང་ཆུབ་ཀྱི་སེམས་ལ་མ་བཙལ་བཞིན་དུ་ཡེ་ནས་ལྷུན་གྱིས་གྲུབ་པས། ཐེག་པ་འོག་མ་པ་ལྟར་སྨོན་ལམ་གཞན་དུ་མི་བསྔོ་བ་དེ་ཅིས་ནས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་རྣལ་འབྱོར་པས་ཡེ་གདོད་མ་ཉིད་ནས། འཁོར་བར་འཁྱམས་མ་མྱོང་སྟེ། ལུས་ཀྱང་མི་ལེན་ལ་གནས་ཀྱང་མི་བསྙེག་ཙ་ན། ལྷ་མིའི་གནས་སུ་སྐྱེ་བར་ཤོག་ཅེས་པའི་སྨོན་ལམ་ཞིག་དེ་ལ་དགོས་རྒྱུ་མེད་དོ། །གདོད་ནས་དག་པ་བདུད་རྩི་ཡིན། །ཅེས་པ་བདུད་རྩི་ཆེད་དུ་འབུལ་བའི་བྱ་རྩོལ་དང་བྲལ་བའི་རིགས་པ། ཨ་ཏི་ཡོ་གའི་ལུགས་ཀྱིས། ཡེ་གདོད་མ་ནས་སེམས་རིག་པ་ལ་བག་ཆགས་བསོག་པའི་གནས་མེད་དེ། སྐྱོན་གྱིས་མ་གོས་ཤིང་རྣམ་པར་དག་པ་ཐེག་པ་འོག་མ་པ་ཕྱོགས་འཛིན་གྱི་བདུད་ལ། ཨ་ཏི་ཕྱོགས་མེད་ཀྱི་རྩི་གཏོང་བའི་བདུད་རྩི་ཆེན་པོ་ལ། མ་ཧཱ་ཡོ་ག་དང་ཨ་ནུ་བ་དེ་ལྟར་མ་གོ་སྟེ། ཤིང་གི་ཕྱེ་མ་ལ་མགོ་ནས་ནར་མར་སྒྲུབ་སྟེ། སྨན་གྱི་ཕྱེ་ཚོགས་ལ་འདེབས་པ་དེ་ལ་དགོས་པ་མེད་པར་ལ་བཟླའོ། །བཞི་པ་ནི། འདུ་མཆེད་བཅུ་གཉིས་ཁྱད་པར་ལས། །ཞེས་པ་འདུ་བ་ནི་དབང་པོ་དྲུག །མཆེད་པ་ནི་ཡུལ་དྲུག་ཡིན་ཏེ། མ་ཧཱ་ཡོ་ག་པ་ཡུལ་དྲུག་དབང་པོ་དྲུག་གི་རྟོག་ཚོགས་ལས་ཁྱད་པར་དུ་གྱུར་པ་ནི། གནས་གྱུར་ལྷ་ཡི་དཀྱིལ་འཁོར་བསྒོམ་པ་ཡིན་ཏེ། ལྷག་པའི་བསམ་པས་གཟུང་བ་མེད། །ཅེས་པ། རང་ཡེ་ནས་ཆེ་བའི་གཏན་ཚིགས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས་ཀྱིས། ཆོས་ཉིད་ཀུན་ཏུ་བཟང་པོ་རང་ལ་རང་ཆས་སུ་གནས་པས། ཡེ་ཤེས་རང་སྣང་གི་ལྷ་ཡིན་པ་ལ། དེ་ལས་ལྷག་པའི་ལྷ་ཞིག་ལོགས་ནས་བསམ་པ་བཟང་པོས་སྒོམ་དུ་མེད་པར་ལ་བཟླ། གལ་ཏེ་དེ་ལས་གཞན་དུ་སྒོམ་ན་ཡིད་སྨོན་ལམ་བཟང་རྟོག་ཡིན་པས་བྱེ་མ་ལ་གསེར་དུ་སྒོམ་པ་དང་འདྲ་སྟེ། ལྷ་ལ་གྲུབ་པའི་དུས་མེད་པ་ཡིན་ནོ། །རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་ཉི་ཤུ་རྩ་གསུམ་པ་ལའང་། སྐབས་ཀྱི་དོན་བསྟན་པ། དྲན་རྟོག་ཆོས་ཉིད་དུ་འཆར་བའི་དགོངས་པ་རྒྱལ་པོ་མཐོང་ན་གཉན་པའི་བློ་སྐྱེ་བ་ལྟ་བུར་ཐུག་ཕྲད་ཆེན་པོའི་ཀློང་དུ་བསྟན་པ། སྣང་བ་རང་གྲོལ་གྱི་རིགས་པ་བསྟན་པ། རྫོགས་པ་ཆེན་པོའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་སྐབས། ཞེས་པས། མ་ཧཱ་ཡོ་ག་བའི་ཚོགས་ནི། ཛ་གད་ཛ་ཏི་ཟླ་རྒྱས་ཟླ་ཕྲོམ་ལ་སོགས་པ་ཚོམ་བུ་རྒྱན་དུ་འགྲིམས་པས་ན། རྒྱུ་བསོད་ནམས་ཀྱི་ཚོགས་ཡིན་ལ། ཨ་ཏི་ཡོ་ག་སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ཚོགས་ཆོས་ཉིད་དབྱིངས་ཀྱི་རྒྱན་ནམ་རོལ་པ་ནི། སྣང་བ་སྣ་ཚོགས་སུ་ཤར་བ་འདི་ཙམ་ན་སྐྱེ་མེད་ཀྱི་རྒྱན་ཡིན་ལ། དེ་ཡང་སྐྱེ་འགག་གཉིས་མེད་དུ་ལྷུན་གྱིས་གྲུབ་ནས་གནས་པར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་དེ་ཡེ་ཤེས་ཤར་བའི་ཕྱིར། །ཚོགས་རྒྱན་ལྷུན་གྱིས་གྲུབ་པའི་སྐབས། །ཞེས་སོ། །གཉིས་པ་ནི། ཡིད་ཀྱིས་བསམ་པ་ཡོན་བདག་སྟེ། བྱ་བ་ལ་སོགས་པས་སྟོན་ཏེ། དྲན་རྟོག་ནི་ཡིད་ལ་ཅི་འགྱུས་ཤིང་། ཚོགས་དྲུག་གིས་གང་དུ་བཏགས་པ་ཐམས་ཅད་ཡིན་ཏེ། དེ་ཅིས་ན། ཨ་ཏི་ཡོ་གའི་ལུགས་ཀྱིས་མིག་གིས་ཅི་མཐོང་ཐམས་ཅད་ཆོས་ཉིད་ཅེར་མཐོང་། ཡིད་ལ་ཅི་བསམ་ཐམས་ཅད་ཡེ་ཤེས་ཀློང་རྡོལ། ལུས་ངག་གིས་ཅི་བྱས་ཐམས་ཅད་ཤུགས་འབྱུང་རང་ཤར་གྱི་ཆོས་ཉིད་ལ། དགོངས་པ་ནི་དེའི་ངང་ལས་མི་འདའ་བས། ཆོས་ཉིད་ཀྱི་ཀློང་ངོ་། །རྒྱལ་པོ་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་བ་ཙམ་གྱིས་མགོ་ནག་ཕལ་པ་ལས་གཉན་པའི་བློ་སྐྱེ་བ་བཞིན་དུ། ཡུལ་དྲུག་མཐོང་བ་ཙམ་གྱིས་ཐམས་ཅད་ཆོས་སྐུ་ཐུག་ཕྲད་ལས་ཤར་ཞིང་གྲོལ་བའི་ངོ་བོ་ཤེས་པས་ཀློང་ངོ་། །དེ་ལ་ཡུལ་སེམས་གཉིས་སུ་མེད་པས་སྣང་བ་རང་གྲོལ་གྱི་རིགས་པ་། ཐམས་ཅད་དེ་རུ་འདུས་པས་རྫོགས་པ་ཆེན་པོའི་གཏན་ཚིགས་སོ། །དེས་ན། ཡིད་ཀྱིས་བསམ་པ་ཡོན་བདག་སྟེ། ཞེས་པ། ཡིད་ལ་ཅི་བསམ་བློ་ལ་ཅི་ཤར་ཐམས་ཅད་ནི་རང་བྱུང་ཡེ་ཤེས་ཀྱི་གཞི་བྱས་པའི་ཡོན་བདག་སྟེ། དེ་ཅིས་ན། དཔེར་ན་ཡོན་བདག་ནི་རྫས་ཐམས་ཅད་ལ་གཏོར་ཞིང་དབང་སྒྱུར་བ་དང་འདྲ་བར། འཁོར་འདས་ཀྱི་ཆོས་ཐམས་ཅད་རིགས་པ་བྱང་ཆུབ་ཀྱི་སེམས་ཕྱོགས་མེད་དབང་སྒྱུར་བས། རིག་པ་བྱང་ཆུབ་ཀྱི་སེམས་བྱ་བྲལ་གྱི་ཀློང་ཆེན་པོ་དེ་ནི་འཁོར་འདས་ཐམས་ཅད་ཀྱི་ཡོན་བདག་གོ། །དེས་ན། བལྟས་པས་ཚོགས་ནི་བཀྲམ་པ་ཡིན། །ཅེས་པ། ཆོས་ཉིད་ཅེར་མཐོང་གི་དགོངས་པ་དེ། རྫོགས་པ་ཆེན་པོའི་རྣལ་འབྱོར་པས། མིག་གིས་ཅི་མཐོང་ཐམས་ཅད་ཆོས་ཉིད་ཅེར་མཐོང་གི་ལྟ་བ་ཡིན་ཏེ། ཆོས་ཉིད་ཟང་ཐལ་ལ་ཡེ་ཤེས་རང་ཤར་བས། སྣང་སྲིད་ཐམས་ཅད་ཆོས་ཉིད་རིགས་པའི་རྒྱན་དུ་བཀྲམ་པ་ལ། ཡུལ་དང་ཡུལ་ཅན་གཉིས་སུ་གྲུབ་པ་མེད་དོ། །དེའི་སྐྱོན་བསལ་འདྲ། གསུམ་པ་ནི། མཐོང་བར་གྱུར་པས་དངོས་གྲུབ་ལ། །ཞེས་པ། དེས་ན། ཨ་ཏི་ཡོ་ག་པས་མིག་གིས་ཅི་མཐོང་ཐམས་ཅད་ནི། ཆོས་ཉིད་ཟང་ཐལ་གྱི་ལྷ་དངོས་སུ་གྲུབ་པ་དང་། ཡིད་ལ་ཅི་བསམ་ཐམས་ཅད་ཡེ་ཤེས་ཀློང་རྡོལ་གྱི་སྒོམ་པ་དངོས་སུ་གྲུབ་པས་སོ། །ལུས་ངག་གིས་ཅི་བྱས་པ་ཐམས་ཅད་ཤུགས་འབྱུང་རང་ཤར་གྱི་སྤྱོད་པ་དངོས་སུ་གྲུབ་པ་དང་། ཅི་དང་ཅི་རུ་སྣང་བ་ཐམས་ཅད། རང་ཤར་རང་གྲོལ་གྱི་འབྲས་བུ་དངོས་སུ་གྲུབ་པས་ཐེག་པ་འོག་མ་པ་ལྟར་ད་གདོད་བསྒྲུབ་ཏུ་མེད་པར་བསྟན་པ་ནི་དངོས་གྲུབ་ཆེན་པོའོ། །གསང་བ་འདུས་པ་ལས་ཀྱང་། དངོས་གྲུབ་དངོས་གྲུབ་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །དངོས་ནི་རང་གི་བྱང་ཆུབ་སེམས། །གྲུབ་པ་རྟོགས་པ་མངོན་དུ་གྱུར། །དངོས་གྲུབ་ཅེས་ཀྱང་དེ་ལ་བྱ། །ཞེས་གསུངས་སོ། །བཞི་པ་ནི། དེ་ཉིད་མཉམ་བཞག་རྫོགས་པའོ། །ཞེས་པ་སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་ཕྱི་ནང་སྣོད་བཅུད་ཀྱི་བསྡུས་པའི་ཆོས་ཐམས་ཅད། གཞི་ངོ་བོ་དོན་བདག་ཉིད་མཉམ་པ་ཆེན་པོའི་རང་བཞིན་དུ་དབྱེར་མེད་པས་མཉམ་བཞག །དེ་ཡང་སྣང་བ་སྟོང་པ་རུ་རྫོགས། སྡུག་བསྔལ་བདེ་བ། སྐྱོན་ཡོན་ཏན། ཆོས་ཅན་ཆོས་ཉིད། སྣང་གྲགས་ཀྱི་ཆོས་ཐམས་ཅད་རིག་པ་ལ་ཕྱོགས་མེད་པར་རྫོགས་པས་ན། རྫོགས་པ་ཆེན་པོ་ཞེས་བྱའོ། །རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་ཉི་ཤུ་རྩ་བཞི་པ་ལའང་། སྐབས་ཀྱི་དོན་བསྟན་པ། སྦྱོར་བ་བཏང་བཞག་མེད་པའི་དགོངས་པ་ཚ་ལ་དང་གར་སྦྱིན་ལྟ་བུར་འདུ་འབྲལ་མེད་པའི་ཀློང་དུ་བསྟན་པ། དབྱེ་བསལ་བླང་དོར་མེད་པའི་རིགས་པ་བསྟན་པ། དབྱེར་མེད་རང་ཤར་གྱི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། ལྷུན་གྱིས་གནས་པའི་སྐབས། ཞེས་པ་ཨ་ཏི་ཡོ་གའི་ལུགས་ཀྱིས། རྒྱུ་སེམས་ཅན་གྱི་དུས་ན་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ལྷུན་གྱིས་གྲུབ་ནས་གནས། སྣང་བའི་དུས་ན་སྟོང་པ། སྡུག་བསྔལ་གྱི་དུས་ན་བདེ་བ། ཆོས་ཅན་གྱི་དུས་ན་ཆོས་ཉིད། འཁོར་འདས་ཀྱི་དུས་ནས་རིག་པར་ལྷུན་གྱི་གྲུབ་ནས་གནས་པས། གཉིས་སུ་མེད་པའི་དོན་ཟབ་མོ་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ཉིད་ལྷུན་གྱིས་གྲུབ་པའི་ཕྱིར། །ལྷུན་གྱིས་གྲུབ་པའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། ཡུད་ཙམ་བཟུང་བས་སྦྱོར་བ་ཡིན། །ཅེས་པས་སྟོན་ཏེ། འཁོར་འདས་རྟག་ཆད་ཕྱི་ནང་སྣོད་བཅུད་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་གང་སྦྱོར་ན། གཞིའི་དུས་ན་ལྷུན་གྱིས་གྲུབ་པར་སྦྱོར། ངོ་བོ་དོན་བདག་ཉིད་ལ་ཐོག་མཐའ་མེད་པར་སྦྱོར་བས་ན། དོན་གྱི་སྦྱོར་བ་ཆེན་པོ་ཡིན་ཏེ། དེ་ལ་འདུ་འབྲལ་ཀྱང་མེད་ལ། བཏང་བཞག་ཀྱང་མེད་པའི་དགོངས་པ་ཆོས་ཉིད་ཀྱི་ངང་ངོ་། །གར་སྦྱིན་ལྟ་བུ་ནི་རྒྱས་ཐེབས་པའི་དཔེ་སྟེ། དབྱིངས་དང་ཡེ་ཤེས་གཞི་དང་ངོ་བོ་དབྱེར་མེད་ཅིང་འདུ་འབྲལ་མེད་པས། ཐམས་ཅད་དེ་ལས་ཤར་ཞིང་དེ་རུ་གྲོལ་བའི་ཀློང་ངོ་། །དེ་ལ་ཅིར་སྣང་ཆོས་ཉིད་ཡིན་པས། དབྱེ་བསལ་བླང་དོར་མེད་པའི་རིགས་པ། གཅིག་པ་ཀུན་ཏུ་ཤར་བས་དབྱེར་མེད་རང་ཤར་གྱི་གཏན་ཚིགས་ཞེས་བྱའོ། །དེས་ན། ཡུད་ཙམ་བཟུང་བས་སྦྱོར་བ་ཡིན། །ཅེས་པ་ཆོས་ཉིད་སྐྱེ་འགག་མེད་པའི་དོན་འདི་ལ། ཡུན་རིང་པོ་དང་ལྟ་ཅི་སྨོས་ཏེ། སྐད་ཅིག་ཙམ་དུ་རྟོགས་པ་ཕྱོགས་མེད་དུ་ཤར་བས་ཀྱང་། ཆོས་ཉིད་ཕྱོགས་མེད་མཉམ་པ་ཆེན་པོའི་དོན་ལ་སྦྱོར་བ་ཡིན་ཏེ། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད། གཞི་ལྷུན་གྱིས་གྲུབ་པ་ལ། འཕོ་འགྱུར་མེད་པར་སྦྱོར་བ་དང་། ངོ་བོ་ངེས་པ་མེད་པ་ལ་ཅིར་ཡང་འཆར་བར་སྦྱོར་བ་དང་། དོན་སྐྱེ་བ་མེད་པ་ལ་གཉིས་སུ་མེད་པར་སྦྱོར་བ་དང་། བདག་ཉིད་ཐོག་ཐ་མེད་པ་ལ་རྒྱུན་མི་འཆད་པའི་ཆོས་ཉིད་དུ་སྦྱོར་བས་ན། སྦྱོར་བ་ཆེན་པོའི་དགོངས་པའོ། །སྐྱོན་བསལ་འདྲ། གསུམ་པ་ནི། དགའ་བར་གྱུར་པ་དམ་ཚིག་སྟེ། ཞེས་ཏེ། ཅིར་སྣང་ཅིར་སྲིད་ཐམས་ཅད་ཆོས་ཉིད་འབའ་ཞིག་ལ། སྐྱོན་ཡོན་དང་བཟང་ངན་གང་དུའང་མི་ལྟ་བས། སྤྱོད་ཡུལ་གང་དུ་ཤར་བ་ཐམས་ཅད་ལ། དགའ་བར་ལྷག་ལྷག་ཤེས་ནས། ཅི་བྱས་ཆོས་ཉིད་ཀྱི་ཀློང་ལས་མི་འདའ་བ་ནི། བསྲུང་མཚམས་དང་འདའ་ཉམས་མེད་པའི་དམ་ཚིག་ཆེན་པོ་ཡིན་ནོ། །བཞི་པ་ནི། ཐབས་ཀྱི་གར་ཐབས་བསྐྱོད་པ་ཡིས། །ཞེས་པ་ཐབས་རང་ཤར་གྱི་གཏན་ཚིགས་གཞི་ལྷུན་གྲུབ་བྱ་བ་མེད་པ་ཐབས་ཀྱི་རྒྱལ་པོ། ངོ་བོ་མ་ངེས་པ་གར་ཐབས་ཕྱོགས་མེད་དུ་བསྐྱོད་པས་ན། གཉིས་མེད་སྦྱོར་བ་ཕུལ་བ་ཡིན། །ཅེས་པ་གཉིས་མེད་ཀྱི་གཏན་ཚིགས་ཏེ། རོལ་པ་ཅི་ཤར་ཐབས་ཡིན་ཏེ། དོན་སྐྱེ་མེད་ལ་འཛིན་པ་མེད་པ་ཤེས་རབ་ཀྱི་རྒྱལ་པོ་བྱ་བྲལ་གྱི་དབྱིངས། འཁོར་འདས་གཉིས་སུ་མེད་ཅིང་མཉམ་པ་ཉིད་དུ་སྦྱོར་བས། སྦྱོར་བ་ཆེན་པོའི་མཆོད་པ་འབུལ་བ་ཡིན་ནོ། །རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་ཉི་ཤུ་རྩ་ལྔ་པ་ལའང་། སྐབས་ཀྱི་དོན་བསྟན་པ། གཟུང་འཛིན་བྱ་བརྩལ་མེད་པའི་དགོངས་པ་སྐྱི་བསེར་ལྟ་བུར་ཞེན་ཆགས་མེད་པའི་ཀློང་དུ་བསྟན་པ། རྟོགས་པ་བར་ཆད་མེད་པའི་རིགས་པ་བསྟན་པ། བརྗོད་དུ་མེད་པའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། ལས་རྒྱ་མཚོའི་སྐབས། ཞེས་པ། མ་ཧཱ་ཡོ་གའི་ཕྲིན་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པ་ཐམས་ཅད་ནི། རྒྱ་མཚོའི་ཁའི་ཆུ་བུར་དང་འདྲ་སྟེ། ཡོད་ཡོད་འདྲ་ལ་མེད་པ། བདེན་བདེན་འདྲ་ལ་མི་བདེན་པ། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་བྱ་བ་མེད་པའི་ཕྲིན་ལས་རྒྱ་མཚོའི་འཇིངས་དང་འདྲ་བ་དེ་ལས་བྱུང་ཞིང་། ཐམས་ཅད་དེ་རུ་འདུས་པར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ལ་རྩོལ་སྒྲུབ་མེད་པའི་ཕྱིར། །ཕྲིན་ལས་རྒྱ་མཚོའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། མི་གཟུང་གཏོང་བས་གཏོར་མ་ཡིན། །ཅེས་པ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས་ཀྱིས། འཁོར་འདས་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད། འཛིན་མེད་ཀྱི་རང་ཤར་དུ་བྱུང་བ་ཡིན་ཏེ། སངས་རྒྱས་སུ་མི་འཛིན། སེམས་ཅན་དུ་མི་འཛིན། སངས་རྒྱས་སེམས་ཅན་གཉིས་ཀར་མི་འཛིན། གཉིས་མེད་དུ་མི་འཛིན། མདོར་ན་གང་དུ་ཡང་མི་འཛིན་པས། གཉིས་བསྡུས་ཐམས་ཅད་དེ་ལྟར་དུ་ཤེས་པ་ནི། འཛིན་པ་མེད་པ་ཤེས་རབ་ཀྱི་རྒྱལ་པོ་ཡིན་ཏེ། དེས་ལ་དགག་རྒྱུ་དང་སྒྲུབ་རྒྱུ་ཅི་ཡང་མེད་པས་བྱ་བཙལ་མེད་པའི་དགོངས་པ། ཆོས་ཉིད་ཀྱི་ཀློང་ངོ་། །སྐྱི་བསེར་ལྟ་བུ་ནི་ཞེན་པ་མེད་པའི་དཔེ་སྟེ། ཨ་ནུ་མན་ཆད་ཀྱི་སྤྱོད་ཡུལ་གང་ལ་སྤྱོད་ཀྱང་རང་ཤར་རང་གྲོལ་དུ་ཤེས་པས། གང་ལའང་མ་ཞན་པར་གྲོལ་བའི་ཀློང་ངོ་། །དེ་ལ་ཞེ་འདོད་མེད་པས་རྟོགས་པ་བར་ཆད་མེད་པའི་རིགས་པ། དེ་ལ་ཐ་སྙད་མེད་པས་བརྗོད་དུ་མེད་པའི་གཏན་ཚིགས་སོ། །དེས་ན། མི་གཟུང་གཏོང་བས་གཏོར་མ་ཡིན། །ཞེས་པ་ཡེ་ཤེས་སྦྱིན་གཏོང་ཕྱོགས་མེད་དུ་གཏོང་བའི་དགོངས་པ། རྫོགས་པ་ཆེན་པོ་ཕྱོགས་རིས་དང་བྲལ་བའི་སྦྱིན་གཏོང་ཆེན་པོ་ནི། གཞི་ཕྱོགས་མེད་ལ་ཕྱོགས་སུ་མི་གཟུང་། ངོ་བོ་ངེས་མེད་ལ་མཐའ་རུ་མི་གཟུང་། དོན་སྐྱེ་མེད་ལ་གཉིས་སུ་མི་གཟུང་། ཆོས་ཉིད་མུ་མཐའ་མེད་པ་ལ། རིག་པ་གང་དགར་གཏོང་ཞིང་། ཕྱོགས་དང་རིས་སུ་མི་འཛིན་པ་ནི། ཡེ་ཤེས་ཀྱི་སྦྱིན་གཏོང་ཆེན་པོ་ཕྱོགས་རིས་མེད་པར་བཏང་བའོ། །བྱ་བ་མེད་པའི་ལས་རྣམས་ཏེ། ཞེས་པ་ཕྲིན་ལས་དུས་གཅིག་ཏུ་ཟིན་པའི་དགོངས་པ་སྟེ། སེམས་ལ་གཟུང་འཛིན་བྱ་རྩོལ་རྩྭ་རྩེ་ཙམ་ཡང་མེད་པར་གོ་ན། འདི་དང་ཕྱི་མའི་ཕྲིན་ལས་ཐམས་ཅད་དུས་གཅིག་ལ་འགྲུབ་སྟེ། ཅི་ཡང་བྱ་མི་དགོས་པའི་གནད་ཀྱིས་སོ། །སྐྱོན་བསལ་འདྲ། གསུམ་པ་ནི། མི་རྟོག་ཡེ་ཤེས་བགེགས་བསལ་ནས། །ཞེས་པ་མཚམས་ལ་བར་ཆོད་མེད་པའི་རིགས་པ། ཨ་ཏི་ཡོ་གའི་ལུགས་ཀྱིས། གཞི་ཕྱོགས་མེད་ལ་ཕྱོགས་འཛིན་དུ་མི་རྟོག །ངོ་བོ་ལ་མཐར་མི་འཛིན། དོན་ལ་གཉིས་འཛིན་གང་དུའང་མི་རྟོག་སྟེ། རྣམ་པར་མི་རྟོག་རང་བྱུང་ཡེ་ཤེས་ཆེན་པོ་དེས། ཕྱིའི་བགེགས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་ཚེ་ལ་བར་དུ་གཅོད། ནང་གི་བགེགས་ཉོན་མོངས་དུག་ལྔ་དང་དུག་གསུམ་གྱིས་རྟོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཕྱི་ནང་མེད་ཅིང་མཉམ་ཉིད་ཆེན་པོ་དུས་གཅིག་ལ་རང་ཤར་ཏེ་གཉིས་སུ་མེད་པར་རང་གསལ་བའོ། །དེ་ལྟར་མ་ཤེས་ན། བགེགས་ཡུལ་དང་ཡུལ་ཅན་དུ་བཟུང་ནས་བསྐྲད་སྐད་ཀྱང་། རང་ལས་བྱུང་བའི་རོལ་པ་ཡིན་པས། གཞན་དུ་འགྲོ་ས་མེད་དོ། །བཞི་པ་ནི། མི་གསུངས་མཉམ་ཉིད་སྔགས་ཚིག་གོ། །ཞེས་པ་ཆོས་ཉིད་སྨྲ་བརྗོད་དང་བྲལ་བའི་ཀློང་ན་རིག་པ་བདེ་བླག་ཆེན་པོར་གནས་ན། དེ་ཁོ་ན་དོན་གྱི་སྔགས་ཚིག་གི་བཟླས་པ་མ་ནོར་བ་ཡིན་པས། སེམས་མཉམ་པ་ཉིད་ལ། མཐའ་རུ་འཛིན་པའི་ཐ་སྙད་མེད་ན། ཧཱུྃ་དང་ཕཊ྄ཿཀྱི་བཟླས་པ་བྱ་མི་དགོས་སོ། །རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་ཉི་ཤུ་རྩ་དྲུག་པ་ལ་ཡང་། སྐབས་ཀྱི་དོན་བསྟན་པ། འཁོར་གསུམ་ཡོངས་སུ་དག་པའི་དགོངས་པ། ཤེས་སྒོང་གཡའ་དག་པ་ལྟ་བུ་དྲི་མ་མེད་པའི་ཀློང་དུ་བསྟན་པ། ངོ་བོ་འདི་ཡིན་དུ་མི་རྟོག་པའི་རིགས་པ་བསྟན་པ། ཆགས་ན་འཆིང་བའི་གཏན་ཚིགས་བསྟན་པ་དང་བཞི་ལས། དང་པོ་ནི། བདག་དང་བཅས་པས་གཏོར་མ་འཆིང་བའི་སྐབས། །ཞེས་པ་གང་ལ་བདག་འཛིན་ཡོད་ན་དེ་ལ་འཆིང་བ་ཡོད་དེ། ཐེག་པ་འོག་མ་སྦྱིན་གཏོང་ཅི་བྱས་པ་ཐམས་ཅད་དངོས་པོའམ་མཚན་མ་ཅན་དུ་སོང་བས། ཞེན་པ་དེ་དང་མ་བྲལ་ན་སླར་ལ་འཆིང་བར་སྟོན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ཉིད་ཆགས་ཤིང་གཡོ་མེད་ལ། །མ་ཆགས་མི་གཡོའི་སེམས་མེད་པས། །འཆིང་བ་ཆེན་པོའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། བླ་མ་མཆོད་དང་གཏོང་བ་དང་། །ཞེས་པས་སྟོན་ཏེ། ཡར་ལ་བླ་མ་དང་དཀོན་མཆོག་མཆོད་པ་དང་། མར་ལ་སྦྱིན་གཏོང་རྒྱ་ཆེ་ཆུང་གང་བྱེད་ཀྱང་། གཏོང་བའི་བདག་དང་གཅིག །དམིགས་པའི་ཡུལ་དང་གཉིས། གཏང་བར་བྱ་བའི་རྫས་དང་གསུམ་ཀ་མི་དམིགས་ཏེ། དམིགས་པའི་ཡུལ་ལས་འདས་པར་བསྟན་པས། འཁོར་གསུམ་ཡོངས་སུ་དག་པ་ཆོས་ཉིད་ཀྱི་ཀློང་ངོ་། །ཤེས་སྒོང་གཡའ་དག་པ་ལྟ་བུ་ནི། ཕྱི་ནང་མེད་ཅིང་དྲི་མས་མ་གོས་པའི་དཔེ་ཡིན་ཏེ། འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མ་མེད་པར་གོ་བ་ལ། ཡོན་ཏན་ཐམས་ཅད་འབྱུང་ཞིང་དེ་རུ་འདུས་པའི་ཀློང་ངོ་། །དེ་ལ་ཚད་གཟུང་མེད་པ་ནི། །ངོ་བོ་འདི་ཡིན་དུ་མི་རྟོག་པའི་རིགས་པ། ཡུལ་དང་ཡུལ་ཅན་དུ་འཛིན་པའི་འཁྲུལ་པ་ཆགས་ན་འཆིང་བའི་གཏན་ཚིགས་ཞེས་བྱའོ། །དེས་ན། བླ་མ་མཆོད་དང་གཏོང་བ་དང་། །ཞེས་པ། ཡོན་ཏན་ལ་ཡར་བལྟས། གཏོང་བ་ལ་མར་བལྟས་གཉིས་འཛིན་གྱི་དགོངས་པ་ཡིན་ཏེ། བླ་མ་ལ་གཉིས། དོན་གྱི་བླ་མ་དང་རྟགས་ཀྱི་བླ་མའོ། །དོན་གྱི་བླ་མ་ནི་སེམས་ཅན་རང་རང་གི་རིག་པ་ཐིག་ལེ་ཉག་གཅིག་བྱང་ཆུབ་ཀྱི་སེམས་ཡིན་ནོ། །དེ་གང་གིས་མཆོད་ན། གོ་བ་ཀློང་དུ་གྱུར་ན་རྟོགས་པ་ཉི་མ་ཤར་བ་ལྟ་བུའི་སྒོ་ནས་མཆོད་པ་ཡིན། རྟགས་ཀྱི་བླ་མ་ནི། བདག་ལ་ལུང་དང་མན་ངག་གི་དོན་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ཡིན་པས། དེ་ཡང་མཆོད་ལུགས་གཉིས་ཏེ། ཆོས་ཀྱི་མཆོད་པས་རྒྱུད་བཟུང་བ་དང་། ཟང་ཟིང་གི་མཆོད་པས་རྒྱུད་ཚིམ་པར་བྱ་བའོ། །དང་པོ། བླ་མས་ཇི་ལྟར་བསྟན་པའི་བཀའ་སྲོལ་མ་ནོར་བར་གཞན་ལ་སྟོན་ཤེས་པས་ན། བླ་མའི་ཐུགས་རྒྱུད་བཟུང་བར་འགྲོ་བས། བླ་མ་མཉེས་པ་རབ་ཡིན་ནོ། །གཉིས་པ་ནི། བརྒྱད་ཅུ་པ་ལས་ཀྱང་། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །ཞེས་པའོ། །དེ་ཡང་རབ་ཤེས་རབ་ཀྱིས་མ ཉེས་པ། འབྲིང་གུས་ཚུལ་གྱིས་མཉེས་པ། ཐ་མ་ཟང་ཟིང་ནོར་གྱིས་མཉེས་པར་བྱའོ། །དེར་ཡང་མ་ཟད་དེ། ཡར་ལ་དཀོན་མཆོག་མཆོད་པ་དང་། མར་ལ་སྙིང་རྗེ་བ་རྣམས་ལ་སྦྱིན་གཏོང་སྐྱབས་དང་ཟང་ཟིང་ཆོས་ཀྱི་སྦྱིན་པ་གསུམ་ལས་གང་བྱེད་ཀྱང་ངོ་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །ཞེས་པ། ལྟ་བ་སྲོག་དང་ལྡན་པའི་དགོངས་པ་སྟེ། ལར་བསོད་ནམས་རང་ལ་ཐུན་མོང་དང་། ཐུན་མོང་མིན་པ་གཉིས་ལས། རང་དང་གཞན་གྱི་བསོད་ནམས་གླང་པོ་ཆུ་ཆོད་ཁ་ལན་ངོ་སྲུང་མེད་པའོ། །དེ་ཡང་མ་ཟད་གཞན་གྱི་འདུས་བྱས་ཀྱི་དགེ་རྩ་བྱའོ་ཅོག་ལ་ཟེར། དེ་ཡོ་གོང་དུ་བསྟན་པ་བཞིན་འཁོར་གསུམ་ཡོངས་དག་གི་རྩིས་ཟིན་དགོངས་པས་ན་མི་དམིགས་པར་ཤེས་པའོ། །སྐྱོན་བསལ་འདྲ། གསུམ་པ་ནི། མ་ཆགས་མི་གཡོའི་སྟོབས་མེད་ན། །ཞེས་པ་ཆེད་དུ་བྱ་བ་མེད་པའི་རིགས་པ་སྟོན་ཏེ། དེ་གང་ལའང་མ་ཆགས་པའི་ལྟ་བ་རྟོགས་པ་དང་། མི་གཡོ་བའི་དགོངས་པ་བརྟན་པ་དང་། མི་དམིགས་པའི་སྦྱིན་སྟོབས་ལྡན་པ་དང་། ཕྱོགས་མེད་ཀྱི་ཉམས་མྱོང་གསལ་བ་དང་བཞི་མེད་ན་མི་གྲོལ་ཞེས་པའོ། །དེས་ན། བཞི་པ་ནི། བྱས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་པ། འདུས་བྱས་ཀྱི་དགེ་རྩ་གང་ལ་ཡང་། ངས་བྱས་དང་རློམ་སེམས་དང་། ཕྱོགས་འཛིན་གྱིས་བྱས་ན་སླར་ལ་འཆིང་བ་ཆེན་པོར་འགྱུར་ལ། ངས་བྱས་དང་རློམ་སེམས་ཕྱོགས་སུ་འཛིན་པ་མེད་ན་མ་བྱས་ཀྱང་གྲོལ་བ་ཆེན་པོར་འགྱུར་རོ། །རྒྱས་གདབ་འགྲེའོ།། ༈ །།ད་ནི་སྐབས་ཉི་ཤུ་རྩ་བདུན་པ་ལའང་། སྐབས་ཀྱི་དོན་བསྟན་པ། ལུང་ཆེན་སྒྲོག་གྲོལ་གྱི་དགོངས་པ་གྱི་ལིང་སྒྲོག་བཀྲོལ་བ་ལྟ་བུ་ཡན་པ་ཆེན་པོའི་ཀློང་དུ་བསྟན་པ། གནས་སྐབས་འདྲ་གཞི་དང་ནོར་བའི་རིགས་པ་བསྟན་པ། འདོད་པ་ཐོག་ཏུ་མ་ཕེབས་པའི་གཏན་ཚིགས་བསྟན་པ། ཐིག་ལེའི་ངེས་ཚིག་བསྟན་པ་དང་ལྔ་ལས། དང་པོ་ནི། ལུང་འགྲེལ་བ་མིང་ཙམ་བརྡར་བསྟན་པའི་སྐབས། །ཞེས་པ། ལུང་གིས་གཏན་ལ་འབེབས་པའི་དྲང་ལུང་དང་། མངོན་དུ་ཕྱུང་བའི་དྲང་ལུང་ཐམས་ཅད། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་རྣ་བརྒྱུད་ཟབ་མོའི་ངེས་ལུང་ཕྱོགས་མེད་དུ་བཀྲོལ་ནས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་དབུ་ཞབས་ཐམས་ཅད་བསྡུས་པ་དེ། བརྡའ་འམ་ཟུར་དུ་བཀྲལ་ནས་མངོན་པར་བསྟན་པའི་སྐབས་ལ་བབ་བོ། །ཞེས་པ་སྟེ། ངེས་དོན་མདོ་བཅུ་ལས། ཆོས་ཀུན་བྱང་ཆུབ་སེམས་སུ་འདུས། །སེམས་ཉིད་ཆོས་ཀྱི་ཁུངས་ཡིན་ཕྱིར། །ལུང་ཆེན་འགྲེལ་བའི་སྐབས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། དེ་བས་དེ་ལུང་དེ་ཉིད་ལས། །ཞེས་པས་སྟོན་ཏེ། སྤྱིར་ལུང་ལ་གསུམ་སྟེ། རྣ་བ་ནས་རྣ་བར་བརྒྱུད་པའི་ལུང་དང་། མངོན་དུ་ཕྱུང་བའི་ལུང་དང་། གཏན་ལ་འབེབས་པའི་ལུང་དང་གསུམ། འདི་གཏན་ལ་འབེབས་པའི་དྲང་ལུང་ཨ་ནུ་ཡོ་ག་མན་ཆད་དང་། མངོན་དུ་ཕྱུང་བའི་དྲང་ལུང་ལ་མི་ཟེར་ཏེ། དེའི་གནས་སྐབས་སུ་རྣ་བ་ནས་རྣ་བར་བརྒྱུད་པའི་ངེས་ལུང་དུ་བསྟན་ཏེ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་རིག་པས་བརྒྱུད་པ། གང་ཟག་སྙན་ཁུང་དུ་བརྒྱུད་པའི་ལུང་ངོ་། །མན་ངག་ཟབ་མོ་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་འདི་བསྟན་པས། ཉོན་མོངས་པ་ལྕགས་སྒྲོག་དང་འདྲ་བ་ལས་གྲོལ་བ་ཆོས་ཉིད་ཀྱི་ཀློང་ངོ་། །གྱི་ལིང་སྒྲོག་བཀྲོལ་བ་ནི་ཁ་ཡན་དུ་འགྲོ་བའི་དཔེ་ཡིན་ཏེ། རྫོགས་པ་ཆེན་པོའི་རྣལ་འབྱོར་པས། མི་མཐུན་པ་དང་གཉེན་པོར་འཛིན་པའི་ལྕགས་སྒྲོག་མེད་པར། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རང་ཡན་ཚུགས་ཏེ། གང་གིས་ཀྱང་འཆིང་གྲོལ་མེད་པའི་ངང་ལ། ཐམས་ཅད་ཤར་ཞིང་དེ་རུ་གྲོལ་བས་ཀློང་ངོ་། །དེ་ལ་རྩོལ་སྒྲུབ་བྱེད་ན་ཐེག་པ་འོག་མ་བ་དང་ཁྱད་མེད་པས། གནས་སྐབས་འདྲ་ཞིང་ནོར་བའི་རིགས་པ། འབྲས་བུ་ཆེད་དུ་འདོད་ན་གོལ་ས་ཡིན་པས་འདོད་པ་ཐོག་ཏུ་མི་ཕེབས་པའི་གཏན་ཚིགས་བྱུང་ངོ་། །དེས་ན། དེ་བས་དེ་ལུང་དེ་ཉིད་ལས། །ཞེས་པ། དེ་བས་ནི་གོང་ལ་བསྙེགས་པའི་ཚིག་ལ་གོང་དུ་གསུངས་པ་བཞིན་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། གཞི་གནས་ཡེ་གྲོལ་བྱ་བྲལ་ཀློང་ཆེན་གྱི་ངང་དུ་སངས་རྒྱས་པ་ཡིན་པས། དེ་བས་ན། དེ་ནི་ལུང་ཐམས་ཅད་ཀྱི་ནང་ནས་ཀྱང་། བྱ་བྲལ་རྫོགས་པའི་ལུང་ཐམས་ཅད་འདུས་པ་ཡིན་པས་ལུང་གི་རྒྱལ་པོ་ཉིད་དུ་རིགས་པར་བྱ་སྟེ། བྱང་ཆུབ་སེམས་ལ་འདུས་པ་ལགས། ལར་ལུང་བྱ་བ་དེ་རྒྱུད་ན་ཁ་འཐོར་ཞིང་དཀྲུགས་ནས་ཡོད་པ་རྣམས་ལ། དོན་སྡེབས་བྱ་སྟེ། སྣོད་ལ་ལུང་བཏགས་པ་ལྟ་བུར་སྤྱོད་བདེ་བའམ་ཉམས་སུ་བླང་བདེ་བ་ལ་ཟེར་ཏེ། རྩེ་མོ་བྱུང་རྒྱལ་ལས། རྒྱུད་ཀྱི་དོན་ལམ་བསྡེབས་པའི་ལུང་ཞེས་བྱ། །རྣམ་གྲངས་རྒྱན་དུ་བཀོད་པས་ཕྲེང་བ་སྟེ། །ཞེས་སོ། །དེའི་སྐྱོན་བསལ་དང་ལ་བཟླ་འདྲ། གསུམ་པ་ནི། དེ་ལ་དེ་བྱར་སྒྲིབ་པར་འགྱུར། །ཞེས་པ། བྱ་བྲལ་ཀློང་ཆེན་ཟབ་མོ་ཡིས། ཞེས་པའི་ལུང་དེ་ཡང་སྙིང་པོར་ངེས་པའི་བསྒྲུབ་བྱར་བཟུང་སྟེ་དེ་ཉིད་རྟོགས་པར་འདོད་ནས། མཉམ་པ་ཉིད་ལ་རྩོལ་སྒྲུབ་བྱས་པས། ཐེག་པ་འོག་མ་པའི་དྲང་ལུང་རྩོལ་སེམས་ཅན་དང་ནོར་ཏེ། སླར་ཆོས་ཉིད་ཟབ་མོའི་དོན་མ་རྟོགས་ཏེ། མཉམ་པ་ཉིད་ལ་རྩོལ་སེམས་བཅུག་པ་ཕྱོགས་མེད་ཀྱི་དོན་ལ་སྒྲིབ་པར་འགྱུར་རོ། །བཞི་པ་ནི། དེ་ལྟར་དེ་ལ་དེ་རྟོག་ན། །ཞེས་པ་བཟང་རྟོག་ཆེད་དུ་བྱེད་ན་མི་གྲོལ་བའི་གཏན་ཚིགས་བསྟན་ཏེ། དེ་ལྟར་དེ་བཞིན་ཉིད་ཀྱི་ལུང་། རྩོལ་སྒྲུབ་ལས་མ་བྱུང་། འདུས་བྱས་སུ་མི་འགྱུར། རྒྱུ་རྐྱེན་གཉེན་པོ་གང་གིས་ཀྱང་མ་བསྐྱེད་པའི་ཆོས་ཉིད་ཕྱོགས་མེད་དེ་ལ། ཐེག་པ་འོག་མ་པས། འཁོར་འདས་གཉིས་སམ། བཟང་ངན་གཉིས་སམ། མཐོ་དམན་གཉིས་སམ། ཕྱི་ནང་གཉིས་སམ། ཡུལ་སེམས་གཉིས་སམ། བདག་གཞན་གཉིས་སུ་རྟོག་ཅིང་ཕྱོགས་མེད་ལ་ཕྱོགས་སུ་བལྟས་པས་ནོར་རོ། །དེ་ལ་དེ་ཉིད་འགྲུབ་པ་མེད། །ཅེས་པ་གཉིས་འཛིན་ཅན་གྱིས་མི་འགྲུབ་པའི་གཏན་ཚིགས་བསྟན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད། ཡེ་ནས་གཞི་གནས་ཡེ་གྲོལ་བྱ་བྲལ་ཀློང་ཆེན་པོ་མཉམ་པ་ཉིདཀྱི་ངང་དུ་སངས་རྒྱས་པས། ཨ་ནུ་ཡོ་ག་མན་ཆད་ཀྱིས་དེ་ལྟར་མ་གོ་སྟེ། འཁོར་འདས་སམ། སྐྱོན་ཡོན་གཉིས་སུ་འཛིན་པ་ཅན་དེ་ལས། དེ་བཞིན་ཉིད་མ་ནོར་མ་བཅོས་པའི་དོན་ལ་ཕྱོགས་པ་མེད་དེ་འགྲུབ་པའི་དུས་མེད་པ་ལགས་སོ། །ལྔ་པ་ནི། ལྷུན་གྱིས་གྲུབ་པའི་ཐིག་ལེ། ཞེས་པ། དང་པོ་བྱེ་བྲག་ལྷུན་གྱིས་གྲུབ་པ། གཉིས་པ་རང་བཞིན་ལྷུན་གྱིས་གྲུབ་པ། གསུམ་པ་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པ། བཞི་པ་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ། ལྔ་པ་མ་ཆགས་པར་ལྷུན་གྱིས་གྲུབ་པ། དྲུག་པ་དེ་བཞིན་ཉིད་དུ་ལྷུན་གྱིས་གྲུབ་པར་སྟོན། མ་སྤངས་ལ་རང་གྲོལ་བས་ན་ལྷུན་གྱིས་གྲུབ་པ། མ་སྤྲོས་ཀུན་ལ་ཁྱབ་ཅིང་གདལ་ཁྱབ་ཆེན་པོར་གནས་པས་ན་ཐིག་ལེ་ཞེས་བྱའོ། །འོ་ན་དཔེ་དོན་རིགས་པ་གཏན་ཚིགས་བཞི་པོ་དེ་ཐ་དད་དམ་ཞེ་ན། བཤད་པ་དཀྱུས་ཐོག་ཏུ་བཏང་བའི་དབང་དུ་བྱས་ན་དེ་ལྟར་འགྲོ་ལ། གདམས་ངག་དོན་ཐོག་ཏུ་དྲིལ་ན། ཚིག་རྐང་ལྔ་པོ་འདིར་འདུས་ཏེ་བཤད་ཚོད་དེ་དག་ཐམས་ཅད་ཀྱི་མདོ་ཐིག་ལེ་ཉག་གཅིག་ཏུ་བསྡུ་བ་དང་། འགག་བྱ་རྩོལ་མེད་པར་བསྡམ་པ་དང་། གནད་འཁོར་འདས་དབྱེར་མེད་དུ་བཀྲོལ་བ་དང་། ཕུགས་ཐག་ད་ལྟར་གྱི་སྣང་བ་ལ་བཅད་པ་དང་། འགྲོ་ས་ཆོས་ཀྱི་དབྱིངས་སུ་བཏང་བ་དང་ལྔར་འདུས་སོ། །དེ་ཚོ་ཧྲིལ་གྱིས་དྲིལ་བས། ཐིག་ལེ་ཆེན་པོ་དྲུག །ཆེ་བ་རྣམ་པ་ལྔ། སྐབས་ཉི་ཤུ་རྩ་བདུན་གྱི་སྒོ་ནས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། ལུང་ཐམས་ཅད་ཀྱི་བདག་ཉིད། དཔལ་རྡོ་རྗེ་སེམས་དཔའི་ཞལ་ནས་གསུངས་པ་རྫོགས་སོ། །དཔེ་དོན་རིགས་པ་གཏན་ཚིགས་བཞི་བསྟན་པ། སློབ་དཔོན་ཤྲཱི་སིངྷའི་དགོངས་པ་སྟེ། གཟུ་ལུམས་རས་ཆད་མཁན་ལ་ཤོར་བ་རེ། །རིན་ཆེན་གསེར་བས་དཀོན་པའི་མན་ངག་འདི། །མི་ནུབ་རྒྱལ་མཚན་སྙིང་གི་ཉིང་ཁུ་ཡིན། །བཻ་རོ་ཙ་ན་ཐུགས་ཀྱིས་བརྣག་པར་ཆོངས། །ཞེས་པས་རྒྱ་གདབ་པར་གསལ་ལོ། །རྒྱ་རྒྱ་རྒྱ། སླར་སྨྲས་པ། དེ་ལྟར་ཟབ་ལས་ཆེས་ཟབ་སྙིང་པོའི་དོན། །རང་སྣང་ཆོས་དབྱིངས་འོད་གསལ་གདོད་མའི་གཞི། །མཚོན་བྱ་ཟབ་དོན་གཉུག་མ་གཤིས་ཀྱི་བབ། །གབ་སྤས་མེད་པར་རང་ངོ་རྗེན་པར་སྣང་། །འོན་ཀྱང་མཐའ་བྲལ་ཕྱོགས་རིས་གྲོལ་བའི་དབྱིངས། །ཁྱབ་གདལ་རིག་པ་ཉག་གཅིག་ཐིག་ལེའི་ངང་། །དམུས་ལོང་དག་ལ་གཟི་ལྡན་ཉི་མ་བཞིན། །ཕྱོགས་ལྷུང་བློ་ངོར་རང་གསང་ཐབས་ཀྱིས་ཆོད། །དེ་ཕྱིར་ལུང་དང་རིགས་པ་མན་ངག་གིས། །གཟུར་གནས་སྐལ་བཟང་བློ་དང་ལྡན་པ་ལ། །མ་ནོར་རྫོགས་པ་ཆེན་པོའི་དོན་མཚོན་ཕྱིར། །སྐུ་གསུམ་དགོངས་བཅུད་རིན་ཆེན་འཕྲུལ་གྱི་ཐབས། །ཚུལ་འདིར་གཞི་ལམ་འབྲས་བུའི་ངེས་གསང་གི། །གནད་ཀུན་མ་འདྲེས་ཡོངས་སུ་རྫོགས་པའི་ཕྱིར། །རྟོགས་པར་དཀའ་ཡང་ཇི་བཞིན་མཐོང་ཙ་ན། ། ཐེག་མཆོག་རྒྱལ་པོའི་དགོངས་དོན་ལྷུན་པོ་ལྟར། །ཀུན་གྲོལ་ཀུན་ལས་འདས་ཤིང་ཀུན་གྱི་བཅུད། །ཐེག་པ་ཀུན་རྫོགས་ཀུན་གྱི་ཡང་སྙིང་དུ། །མཐོང་བའི་བློ་མིག་ཉི་ཟླའི་འོད་བཞིན་འཆར། །དེས་ན་རིགས་ལྡན་དྲྭ་མས་ནན་ཏན་མཛོད། །སྔོན་བྱོན་མཁས་གྲུབ་བརྒྱུད་པའི་རྣམ་ཐར་བཞིན། །ལེགས་པར་ཤེས་པའི་དད་ལྡན་བློ་གསལ་རྣམས། །ཤེས་རབ་ཚད་མས་སྙིང་པོའི་ཆོས་ཉིད་ལ། །གོ་བ་ཀླུང་དུ་གྱུར་ཚེ་ངེས་ཤེས་འཆར། །དེ་ཕྱིར་བརྒྱུད་པའི་རིང་ལུགས་མ་ནོར་བར། །འཁྲུལ་མེད་ངེས་པའི་ལུང་གིས་ཟུར་བརྒྱན་ཏེ། །གདམས་ངག་སྙིང་པོ་དུས་ཀྱི་ཡང་མཐའ་འདིར། །བླ་མའི་བཀའ་ལ་བརྟེན་ནས་གསལ་བར་བྱས། །དེ་ལྟར་བརྒྱུད་གསུམ་ནོར་བུའི་ཞལ་ལུང་བཞིན། །མན་ངག་ཚད་མའི་ལམ་མཆོག་ཅུད་ཟད་བཀྲལ། །གང་དེའི་དགེ་བས་མཁའ་ཁྱབ་འགྲོ་བ་ཀུན། །གདོད་མའི་རྒྱལ་སར་མངོན་པར་བྱང་ཆུབ་ཤོག །བཀྲ་ཤིས་གང་ཞིག་སྐུ་གསུམ་སྟོན་པ་ནས། །རིམ་བརྒྱུད་རིག་འཛིན་གོང་མའི་སྙན་རྒྱུད་དོན། །བློ་ལྡན་སྐྱེས་བུའི་དགོངས་པ་རྩལ་རྫོགས་ཏེ། །བསྟན་པའི་སྙིང་པོ་ཕྱོགས་མཐར་རྒྱས་གྱུར་ཅིག །དེ་ལྟར་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་འགྲེལ་ཆུང་འདི་ཉིད་རིག་འཛིན་ཆེན་པོ་ཤྲཱི་སིདྷས་ལོ་ཆེན་བཻ་རོ་ཙ་ན་ལ་སྙན་རྒྱུད་དུ་སྩལ་བའི་དཔེ་རྙིང་ཇི་ལྟ་བ་བཞིན་ལ་ཡིག་ཉམས་གསོ་བ་དང་། མདོ་ཆེན་པོའི་དཀའ་གནད་ལ་བརྟེན་པའི་དགོས་པ་དང་བསྟུན་ཏེ་ཆེ་བ་དང་ཐིག་ལེ་རྣམས་ཅུང་ཟད་བཀྲལ་ནས་ལུང་གི་སྤྲས་ཏེ་སྔར་ཞིག་མཆོག་སྤྲུལ་ཀུན་ཏུ་བཟང་པོ་ནས་ནམ་མཁའ་ཆེ་ལ་ནན་ཏན་བྱེད་བར་མ་འཆུགས་གསུངས་པ་དང་། རྗེས་སོར་སྐྱབས་རྗེ་རིགས་བདག་བཀའ་དྲིན་མཚུངས་མེད་མཁན་ཆེན་ལེགས་བཤད་དུལ་པའི་སྡེས་སེམས་ཕྱོགས་ལའང་གསལ་བྱེད་ཀྱི་ཡི་གེ་རེ་ཅིས་ཀྱང་གྱིས་ཤིག་ཅེས་བཀའ་སྩལ་ཕེབས་པ་བཞིན། མཆོག་སྤྲུལ་པདྨ་ཚུལ་ཁྲིམས་གྱིས་ཀྱང་གསུང་བསྐུལ་བྲི་གཞི་བཅས་གནང་བ་ལ་བརྟེན་ནས་སྤྲང་འཁྱམས་ཐུབ་བསྟན་མཁྱེན་བརྩེའི་བློ་གྲོས་ཀྱིས་འོག་མིན་ཀཿཐོག་གི་ཡང་དབེན་གསེར་ཁང་རི་ཁྲོད་བདུད་འདུས་ཕྲིན་ལས་ཀུན་ཁྱབ་གླིང་གི་གཟིམས་སྤྱིལ་འོད་གསལ་ཐེག་མཆོག་མཛོད་ཁང་ནས་ཞལ་བཤུས་ཏེ་རྫོགས་པར་བགྱིས་པ་འདིས་ཀྱང་རྒྱལ་བསྟན་སྤྱི་དང་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །ཆོས་ཉིད་བདེ་གཤེགས་སྙིང་པོའི་ཀློང་ཆེན་པོར། །འཁོར་འདས་ལམ་གྱི་སྣང་བ་ཇི་སྙེད་པ། །མཉམ་ཉིད་ཁྱབ་བརྡལ་ཆེན་པོར་བྱང་ཆུབ་པའི། །ཐེག་མཆོག་འོད་གསལ་རྡོ་རྗེ་སྙིང་པོ་ཆེ། །དེ་ཡི་རྒྱུད་ཀྱི་རྩ་བ་ནམ་མཁའ་ཆེ། །རྡོ་རྗེ་སེམས་དཔའི་དགོངས་པའི་གནད་གཅིག་པུའི། །ཆོས་སྒོ་རིན་ཆེན་ནོར་བུའི་མཛོད་ཆེན་པོ། །མཁན་ཆེན་མཁྱེན་བརྩེ་བློ་གྲོས་མཆོག་གིས་ཕྱེས། །དེ་ཡི་བཀའ་དྲིན་དྲན་ཕྱིར་རྩ་འགྲེལ་སྤར། །གསུང་གི་བདུད་རྩི་མྱོང་བའི་སློབ་ཚོགས་ནས། །ལྷག་བསམ་དཀར་པོས་བསྒྲུབས་པའི་དགེ་ཚོགས་ཀྱིས། །འགྲོ་རྣམས་འོད་གསལ་ལམ་མཆོག་མཐར་ཕྱིན་ཤོག །ཅེས་སྤར་གཞིའི་མཐུན་རྐྱེན་སོགས་མཁན་ཆེན་རིན་པོ་ཆེས་སྦྱར་ནས་གུས་པ་སློབ་ཚོགས་རྣམས་ཀྱིས་སྤར་གསར་དུ་བསྐྲུན་པའི་སྐབས་འཇམ་དཔལ་བཟང་པོས་སྨོན་ཚིག་ཏུ་སྤེལ་བའོ། །སརྦ་མདྒ་ལཾ།། །།
རིན་པོ་ཆེ་གཏེར་གཏད་པ།
རཏྣ ཏ ད པ རྻ སུ ཏྲ བི ཧ ར ཏི སྨ། །
༄༅། རིན་པོ་ཆེ་གཏེར་གཏད་པ་བཞུགས་སོ། །
རྒྱ་གར་སྐད་དུ། རཏྣ་ཏད་སརྻ་སཱུ་ཏྲ། བོད་སྐད་དུ། གནས་ལུགས་རྟོགས་པའི་ངང་ལ་ཡོན་ཏན་རིན་པོ་ཆེ་གཏེར་གཏད་པ་མདོ་བསྡུས་པ། ༈ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ༈ །གནས་ལུགས་ཡུལ་མེད་རང་སྣང་དུ་གནས་པ་ཡིན་མོད་ཀྱང་མི་མཐུན་པ་དེ་ཉིད་མཚོན་པའི་བརྡ་དང་མཚོན་བྱ་རྟོགས་པའི་དོན་དང་བྲལ་བས་མ་རིག་ལྷན་ཅིང་། བདག་ཏུ་ཀུན་རྟོག་པའི་མཐུས་གཞན་སྣང་སྟེ་རང་གཞན་གཉིས་སུ་གྲུབ་དེའི་ཆ་ལས་ཞེན་པ་ཉོན་མོངས་པ་ལྔ་བྱུང་ཞིང་དེས་ཀུན་སློབ་བྱས་པའི་འདུ་བྱེད་སེམས་དཔའི་ངོ་བོ་ཡང་སྲིད་འཕེན་ཅིང་གཡོ་བས་རླུང་སྟེ་ལས་གསུམ་སྤྱད་པས་དེས་འཁོར་བའི་དངོས་པོ་རིས་དྲུག་སྨིན་པའོ། །རྟོགས་པའི་རྒྱུའི་རྐྱེན་ལྷུན་གནས་བདེ་ཆེན་ལུང་སྤྱི་མན་ངག་རིགས་སམ་ཁྱད་ཐུག་ཕྲད་གསུམ་གྱིས་ངོ་ཤེས་ནས། །དེའི་དོན་ལ་འདྲིས་ཤིང་གོམས་ནས་ངན་སོང་དང་ཐེག་དམན་དུ་ལྡོག་པ་མེད་དེ་དུཿཁ་རྩོལ་བའི་ནད་ལས་གྲོལ་ཅིང་། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་མངོན་ཤེས་འབྲས་བུ་ལྔ་མཚན་དཔེ་ཡེ་ཤེས་འགྲོ་དོན་རྣམས་དེའི་ཤུགས་ལས་མ་བཙལ་བར་འཆར་བའོ། །དེས་ན་རང་གི་སེམས་ཉིད་ཡོན་ཏན་མི་ཟད་པས་གཏེར་གང་ཆེན་༡ པོ་དེ་རང་ལ་གནས་གང་ལ་༡པར། །ཆོས་ཉིད་རྟོགས་པ་ལ་མི་སླུ་བས་ཚད་མ་གང་ལྟར་ལུང་མན་ངག་རིགས་པ་གསུམ་དང་ལྡན་པར་འཇམ་དཔལ་བཤེས་གཉེན་ལ་གཏད་ཀྱིས་ལོང་ཞིག་པའོ། ༈ །དཔེར་ན་ཀླུའི་རྒྱལ་པོ་སྤྱི་གཙུག་གི་རྒྱན་རིན་པོ་ཆེ་ལ་དགོས་པ་ཐམས་ཅད་ཚང་ཡང་ཀླུ། གདུག་པས་དབང་དུ་བྱས་པས་འགྲོ་བའི་དབུལ་བ་མ་སེལ་ཏེ། རྒྱལ་བུ་དགེ་དོན་གྱིས་བསོད་ནམས་བསགས་པའི་ལོ་རྒྱུས་སྦྱར་དབང་གིས་ཐོབ་པའི་རིན་པོ་ཆེ་དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་པས་འདོད་པའི་ཡོན་ཏན་ཆར་དུ་ཕབ་ནས། དེས་འགྲོ་བའི་དབུལ་བ་བསལ་ཏེ་འདོད་པའི་བདེ་བ་ལ་ལོངས་སྤྱད་པ་ལྟར་དུ། ༈ །ཡེ་ནས་རང་ལ་ལྷུན་གྱིས་གྲུབ་པར་གནས་པས་རྩོལ་བའི་དུཿཁ་མེད་པའི་བདེ་བ་ཆེན་པོ་དེ། །མ་རྟོགས་ཤིང་ཕྱིན་ཅི་ལོག་ཏུ་བརྟགས་པས་བག་ཆགས་ཀྱི་རྙོག་པས་ལྷུན་གནས་དེ་བསྒྲིབས་པ་ལ། ལྷའི་དབང་པོ་ཡིས་ཕྱོགས་བཅུའི་སངས་རྒྱས་བསྐུལ་བའི་དྲིན་གྱིས་ཕྱག་ན་རྡོ་རྗེས་ལྷུན་གནས་མངོན་སུམ་དུ་བསྟན། །དེ་ལ་གོམས་ཤིང་འདྲིས་པས་བག་ཆགས་ཀྱི་རྙོག་གཞི་སངས་ཏེ་རྣམ་བྱང་རྒྱ་མཚོ་དྭངས་བ་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱི་གཟུགས་བརྙན་རང་ཤར། །བ་ནི་རྩོལ་བས་བསྒྲུབས་པའི་ཐེག་པ་གཞན་དང་མཚུངས་པ་མེད་པའི་རྩོལ་མེད་ཀྱི་བདེ་བ་ཆེན་པོ་རང་ལ་ཤར་ཏོ། ༈ །དུས་གསུམ་གྱི་བདེ་བར་གཤེགས་པའི་རྟོགས་པའི་ཡེ་ཤེས་དང་། །འགྲོ་བ་རིགས་དྲུག་གི་སེམས་ཉིད་མ་ནོར་བར་ཡུལ་མེད་རང་སྣང་བ་དང་། །བླ་མའི་དྲིན་གྱིས་ཐོབ་པའི་གནས་ལུགས་ངོ་ཤེས་བའི་རིག་བ་ཡུལ་མེད་རང་ཤར་བ་དང་གསུམ་པོ་དེ། རང་བཞིན་ཡེ་ནས་དབྱེར་མེད་པ་ནི། དཔེར་ན་མིང་དབྱིབས་ལས་ཐ་དད་ཀྱང་ངོ་བོ་གསེར་དུ་གཅིག་པ་བཞིན་ནོ། ༈ །འཁྲུལ་པས་བརྟགས་ཞེན་ཕྱི་སྣང་བ་ལས་ཡེ་ནས་དབེན་པ་ནི་སེམས་ཀྱི་རང་བཞིན་སྤྲོས་བྲལ་ལྷུན་གྲུབ་གྱིས། །སྨག་གི་མུན་རུམ་ལྟར་དུ་བརྟགས་ཞེན་ཅིར་ཡང་མ་དམིགས་པས་ཐེར་ཟུག་རྟག་པ་ལས་གྲོལ་ལོ། ༈ །གཟུང་འཛིན་གཉིས་སུ་སྣང་བའི་དུས་ཉིད་ན་སེམས་ཀྱི་མཚན་ཉིད་རང་རིག་ལྷུན་གྲུབ་ཀྱིས། །ཡེ་ནས་གཉིས་སྣང་མི་གནས་པར་རང་གསལ་བ་ནི་ཉི་མའི་སྙིང་པོ་དང་འདྲ་འོ། ༈ །ཡེ་ཤེས་རོལ་པའི་རང་སྣང་རྣམ་པ་སྒྱུ་མ་ལྷུན་གྲུབ་ཀྱིས་མ་འགགས་པ་འཆར་ཏེ། །སྟོང་པ་ཕྱང་ཆད་མ་ཡིན་པ་ནི་ཆུ་ཉིད་རླབས་སུ་ཤར་བ་དང་འདྲའོ། ༈ །དེ་ལྟར་རྟག་ཆད་ཀྱི་མཐའ་གསུམ་ལས་གྲོལ་བའི་དགོས་པ་ཡོད་པའི་ཕྱིར་བརྡར་བཏགས་པ་ཡིན་ནོ། །ཤིང་༼༠༽མཚམས་སྦྱར་རོ། ༈ །ཤེས་ནས་རང་གྲོལ་བར་བྱ་བ་ནི་སྐབས་འདིར་རེ་ཞིག་རྣམ་ཤེས་ཚོགས་བརྒྱད་ཡོད་པ་ལས་ནི། །ཀུན་གཞི་གཅིག་ལ་གཞི་སྦྱོར་གཉིས་༼༠༽སུ་ཤེས་པར་བྱ་ཏེ་ཚོགས་བདུན་ལ་སྐྱེ་ལུགས་གསུམ། །དུ་བསྟན་ཏེ་ཅིས་ན་གཞི་དོན་གྱི་ཀུན་གཞི་རྣམ་བྱང་དང་བར་གནས་པ་དེ་ཚོགས་བདུན་བག་ཆགས་ཀྱི་རྙོག་པས་བསླད་པས་སྦྱོར་དོན་དང་གཉིས་སོ། །ཚོགས་བདུན་གྱིས་གཞི་དོན་མ་སྤངས་ཀྱང་བྲལ་བར་སྣང་བས་སྐྱེ་ལུགས་གསུམ་དུ་ཤར། །དེས་ན་རྣམ་ཤེས་ཚོགས་བདུན་ལ་གསལ་བར་མྱོང་བ་སྐྱེ་ལུགས་གསུམ་གྱིས་བསྟན་ཏོ། ༈ །དེའི་བརྡ་ཡང་ན་ཡང་རྒྱ་གར་འཁྲུལ་པ་ཤར་བའི་ཕྱོགས་མང་བས་བྷ་གྷ་ལར། །མཁར་ཆེན་ནི་ཟག་བཅས་ཀྱི་ཕུང་པོའམ་ལུས་ཏེ་དེ་ལ་སྒོ་དོན་དབང་པོ་དྲུག་སོགས་ལྷན་ཅིག་འབྱུང་བའི་གནས་བརྒྱད་དུ་གོ་སྟེ་ཉེར་སྤྱོད་སྐྱེ་བའི་སྒོ་ཡིན་པས་སོ། །བརྒྱད་ཕྱི་སྒོ་ལྔ་བར༴ ནང་༴ གནམ་སྒོ་གཅིག་ལྡན་པའི་ནང་ན། །ལྟ་བ་ཕྱིར་དུ་དོན་དང་སེམས་ཅན་ལ་ལྟ་ཞིང་གནས་པ་ནང་ན་མི་འགྱུར་བར་གནས་པའི་རྒྱལ་པོ་ཆེན་པོ་གཅིག་ནི་ཀུན་གཞི་སྟེ་གཞི་སྦྱོར་མ་ཕྱེ་བའོ། །དེ་ལ་འཁོར་སེམས་བྱུང་ནི་ཉོན་མོངས་རྣམ་རྟོག་གི་གྲངས་མེད་ནང་ན་སྒོ་སྲུང་རྣམ་ཤེས་ཚོགས་བརྒྱད། །སྒོ་གཏན་མཚན་མར་འཛིན་པ་སྤྲོས་པ་སྣ་ཚོགས་ང་བདག་ཏུ་འཛིན་པ་གསུམ་དང་གནས་འཁོར་བའི་ས་རིས་དྲུག ། ཡོད་རྒྱལ་པོ་དེ་ཤིན་ཏུ་དབང་ནི་ཆེན་ནོར་བུ་མ་བྲལ་བཞིན་དུ་ཀུན་མི་ནུབ་པའི་རྒྱལ་མཚན་མ་བསྒྱེལ་བཞིན་དུ་གཅོག་པས་འགྲོ་བ་དབུལ་བར་བྱེད་པས། ༈ །རྟོགས་པའི་གདེང་ཆེན་པོ་དང་ལྡན་པའི་དེ་དག་གི་གཡུལ་འཇོམས་པའི་དཔའ་བོ་ཐུག་ཕྲད་གསུམ་ནི། རྣམ་རྟོག་ནུབ་པའི་ཕྱོགས་གོང་ན་མེད་ཅིང་མཛེས་པས་ཨུ་རྒྱན་ཐོར་ཅོག་ཅན་གྱི་གནས་ན། འཇུག་སྒོ་ཐེག་པ་བརྒྱད་ལམ་སྟེགས་སུ་ལྡན་པའི་ཁྲི་སྔོན་དུ་རྫོགས་པར་བཤམས་ནས་རྩ་བ་རིག་པར་གཅིག་ལ་གང་གིས་ཀྱང་གོང་མ་ཆོད་པའི་རྩེ་མོ་ཐུག་ཕྲད་གསུམ་ནི་ཤེས་པ་གསུམ་སྒྲོལ་བས་མཚོན་ཆ་སྐྱེ་ལུགས་གསུམ་པོ་རང་ལྷུན་གྲུབ་གསུམ་དུ་འབར་བར་བྱེད་བས་འོད་དེ་དེས། སྒོ་སྲུང་༡སྒོ་གཏན་༡འཁོར་ས་༡དག༡༡༡ །རང་བསྒྲལ་རང་བཅག་ཕྱགས་མས་བཏབ་པ་རྣམས་བྱས་ནས། །འཁོར་སེམས་དང་སེམས་བྱུང་རྣམས་རྒྱལ་པོ་ཀུན་གཞི་ཉིད་ལ་བསྡུས་པས་སྦྱོར་དོན་རང་གྲོལ་བས། ༈ །ཕྱི་རུ་དོན་དང་སེམས་ཅན་ལ་བལྟར་མེད་ནང་གཞི་དོན་དུས་གསུམ་དུ་མི་འགྱུར་བར་གནས་པ་ཉིད། །ནོར་བུ་ལ་ལོངས་སྤྱད་ཅིང་མི་ནུབ་པའི་རྒྱལ་མཚན་གཟུགས་༼༴༽ པའི་དགོས་པ་ཡོད་པའི་ཡང་ཕྱིར་རོ། །རིན་པོ་ཆེ་གཏེར་གཏད་པ་ལས་གནས་ལུགས་བདེ་ཆེན་གྱི་ལེའུ་སྟེ་དང་པོའོ།། ༈ །།རྒྱུ་རྐྱེན་བྱེད་པ་མེད་པས་རང་བྱུང་གི་ཡེ་ཤེས་ལྔ་རུ་རྟག་ཏུ་རང་སྣང་བ་ཡིན་པ་ལ་མ་རིག་སྟེ་ཅིས་ན། རིན་ཆེན་ལྟ་བུའི་གདམས་ངག་གི་རྐྱེན་མེད་པས་ན་མ་རིག །གང་དུ་ན་རང་བྱུང་ཡེ་ཤེས་ཉིད་དུ་མ་རིག་པ་སྟེ་ལྷན་སྐྱེས་ཞེས་བྱ། ༈ །དེས་ང་བདག་ཏུ་འཛིན་ཀུན་བརྟགས་ཀྱི་མ་རིག་པ་མདུད་པ་དགྲོལ་དཀར་བས་དམ་པར་མཐས་པ་དེའི། མཐུ་ལས་གཞན་དུ་སྣང་དེ་གཉིས་ཀྱི་ཆ་ལས་འཛིན་པ་ཉོན་མོངས་པ་ལྔར་སྨིན། །ནང་ན་ས་བོན་ཉོན་མོངས་པ་དུག་ལྔ་གནས་པ་དེས། །ཀུན་ནས་བསླངས་པའི་འདུ་བྱེད་ལས་དགེ་མི་དགེ་མི་གཡོ་བ་ཡང་ན་ལུས་ངག་ཡིད་གསུམ་གྱི་མེ་ཏོག་ཕྱི་རུ་རྒྱས། ༈ །རེ་ཞིག་གི་འབྲས་བུ་འགྲོ་བ་རིས་དྲུག་ལས་གསུམ་ལས་གྲུབ་པའོ། ༈ །ཡིན་ལུགས་ཆོས་ཉིད་རང་བཞིན་གྱི་སྣང་བ་ཡིན་མོད་ཀྱང་བདག་ཏུ་འཛིན་པའི། །མཐུ་ཅན་གྱི་བསྒོ་གཞི་དེ་ལ་སྒོད་བྱེད་ཀྱིས་བཞག་པའི་ལས་ཉོན་མོངས་ཀྱི་ས་བོན་ལ་སོགས་པ་བགས་ཀྱིས་ཆོས་ཉིད་འདུས་མ་བྱས་ལ་བགས་ཆགས་སྒོད་པར་བཤད་མི་གསུང་ངོ་། ཆགས་པ་ནི་དཔེ་ན་རས་དཀར་པོ་གུར་དུ་ཕུབ་པ་ལ། །དྲི་མ་བགས་ཀྱིས་ཆགས་པ་ཇི་ལྟ་བ་བཞིན་ནོ། ༈ །ཟག་བཅས་ཀྱི་ལས་གསུམ་གྱིས་གཡོ་བས་རླུང་དྲག་པོ་སྟེ་དེ་ནུས་པའི་མཐུ་ཆེ་བས། །ཞེན་པ་འགྲོ་བ་རིགས་དྲུག་གི་འཁོར་ལོ་ནི་ལས་ཀྱི་ཤུགས་ཀྱིས་ཡང་ཡང་དུ་བསྐྱར་བས་འཁོར་བ་ཞེའོ། ༈ །ཕྱི་དང་ནང་གི་རྟེན་འབྲེལ་བཅུ་གཉིས་སྣོད་བཅུད་ལ་ཆ་ཕྲ་རགས་གྲངས་མང་ཉུང་དུ་འཁོར་བའི་ཚུལ་ནི། །ཟོ་ཆུའི་བརྒྱུད་པའི་འཁོར་ལོ་དང་འདྲ་བར་རྒྱུན་མི་འཆད་ཅིང་དེ་དག་དབྲལ་དཀར་བར་ཞེས་པའོ། ༈ །སྟོན་པ་དང་བསྟན་པའི་རྐྱེན་གྱིས་འཁོར་བའི་འཁོར་ལོ་ལོག་པ་གསུམ་དང་རྩོལ་བ་ཐེག་པ་བརྒྱད་དོ། ༈ །ལོག་པ་གསུམ་གྱིས་འཁོར་ལོ་ཡིན་ལུགས་ལས་ཕྱིར་ལ་ཕྱིན་ཅི་ལོག་ཏུ་བསྐོར་བས་འཁོར་བ་ཞེའོ། །གནས་ལུགས་ཀྱི་དོན་ལྷུན་གྲུབ་གསུམ་ལ་རྒྱབ་ཀྱིས་འཕྱོགས་པར་འགྱུར་ཏེ་གང་ཞེ་ན། ༈ །ཚེ་འདིའི་བདེ་སྡུག་སྔར་གྱི་དགེ་སྡིག་གི་ལས་ཀྱི་མཐུ་ལས་གྱུར་པ་བློས་མ་དཔྱད་དེ་ལས་རྒྱུ་འབྲས་ལ་རྨོངས་པས། ཚེ་འདིའི་ཆེད་དུ་མཐུ་དང་སྟོབས་དང་བཙན་པ་དང་ཕྱུག་པ་བསྒྲུབ་པ་ལ་བརྩོན་པ་སྟེ་འཇིག་རྟེན་བའི་གསང་ཚིག་ལ་བརྟེན་པའི། ༈ །བརྟུལ་ཞུགས་ཀྱི་སྤྱོད་པ་དྲག་པོ་སྤྱོད་པས་ལོག་པར་བགྲངས་སོ། ༈ །མོས་པ་ཅན་ཐབས་འཛུད་བསྲེ་བའི་ལུང་གིས་དྲང་མ་མོས་ན་བཏང་སྙོམས་སུ་གཞག་གོ། ༈ །སྔ་ཕྱིར་འབྲེལ་བའི་མུ་མེད་པས་ཕྱང་ཆད་པ་སྟེ་ལ་ལས་འདོད་པ་ནི་སྔ་ཕྱི་མེད་པར་ཚེ་འདི་ཙམ་ཞིག་འདོད་ལ། དེ་ཉིད་ཀྱང་ཁུ་ཁྲག་དང་ས་ཆུ་མེ་རླུང་འབྱུང་བ་བཞི་འདུས་པ་ཡི་ནུས་མཐུ་ལས་མངོན་པར་སེམས་ཅན་གསལ་མི་གསལ་སྣོད་ཀྱི་སེམས་པ་ཅན་གློ་བུར་དུ་བྱུང་གི་ལས་འབྲས་སུ་མི་འདོད། སླར་ཡང་འབྱུང་བའི་ནུས་པ་ཟད་ནས་དེར་ཐིམ་སྟེ། །ལུས་སེམས་རྒྱུན་ཆད་པ་ན་སྲིད་པར་ཉིང་མཚམས་སྦྱོར་བ་མེད་པ་ནི་དཔེ་ན་མེ་ཤི་ནས་ཐལ་བ་རླུང་གིས་ཁྱེར་ཏེ་མེའི་རྒྱུན་འབྲེལ་བ་གཞན་སྐྱེ་བ་མེད་པ་དང་འདྲ་བར་འདོད་པ། ༈ །འདི་དག་ནི་སྔོན་ཀྱང་རྒྱལ་བའི་བཀའ་ཡིས་ཀྱང་མ་བཟློགས་པས། གཏིང་ནས་བྱང་ཆུབ་ཀྱི་ས་བོན་ཚིག་པ་ཕྱོགས་ལྷུང་གི་གང་ཟག་ལ། །ལོག་ལྟ་ལ་ཉོན་ཆེན་པོ་དག་ཡོད་པའི་བསྡིགས་བསྐུར་ལ་བཏང་སྙོམས་སུ་གཞག་༼༡༽གོ། ༈ །མོས་པ་ཅན་ལ་ཐབས་འཛུད་ཉེ་དུ་ཁ་ལེན་བྱེད་པ་འདྲ་༼༡༽བསྲེ་བ་ནི་འདྲེན་མར་སྤྱད་ནས་མཐར་འདི་ལ་འཛུད་པའོ། ༈ །བློའམ་རིགས་པ་སྤྱི་སར་འཇོག་པའི་གང་ཟག་དེ་ལ། ༈ །དང་པོ་ལུང་ལས་ཚེ་སྔ་ཕྱི་དང་ལས་འབྲས་བཤད་པས་ཡོད་པར་དཔག་པར་༼༡༽བྱ་སྟེ་མདོ་སྡེ་ལས་བརྒྱ་པ་དང་སྐྱེས་རབས་དྲང་། ༈ །རྨི་ལམ་ཉམས་ཏེ་སེམས་མེད་པའི་གཉིད་དང་བརྒྱལ་བའི་ཚེ་ཤེས་པ་རྒྱུན་ཆད་ཀྱང་ཕྱིས་སྔར་གྱི་རྒྱུན་ལས་འབྱུང་བས་ཚེ་ཕྱི་མ་འབྱུང་བར་གྲུབ་བོ། ༈ །རིགས་པ་ཆོས་ཅན་རང་གི་རིགས་འདྲ་སྔ་མའི་རྒྱུ་ལས་འབྱུང་བ་ཡིན་ཏེ་དམ་བཅའ། རེས་འགའ་བ་རྣམས་དམིགས་པའི་ཕྱིར་མྱུ་གུ་བཞིན་ནོ། །ཞེས་འབྲས་བུའི་རྟགས་ལ་སྦྱར་བས་རྒྱུ་སྔ་མ་ཡོད་པར་གྲུབ་བོ། ༈ །སྔ་མའི་རྒྱུ་ལ་མ་བརྟེན་པར་གློ་བུར་དུ་འབྱུང་ཞིང་རེས་འགའ་བར་མ་གྲུབ་སྟེ་རེ་ཞིག་རྟག་པར་འདོད་པ་རྣམས་ལ། ལྡོག་པ་དེ་དག་གཅོད་པའི་ཐལ་འགྱུར་རྟག་ཏུ་ཡོད་པའམ་མེད་པར་ཐལ་ཞེས་པའི་རྟགས་སུ་ཁས་བླངས་སྦྱར་ལ་རྟག་ཏུ་ཡོད་ན་རྒྱུད་ཆད་ཉམས་ལ། མེད་ན་འདིའང་མེད་པར་འགྱུར་བྱའོ། ༈ །ལ་ལའི་འདོད་པས་ཚེ་སྔ་ཕྱི་ཙམ་ཡོད་པར་འདོད་ལ། །ངེས་པར་ལེགས་༼༠༽པའི་འབྲས་བུ་ཐམས་ཅད་མཁྱེན་པ་ལ་མེད་ཅེས་སྐུར་པ་འདེབས་ཏེ་ཇི་ལྟར་ན། དེ་ནི་༼༠༽ཉོན་མོངས་པ་དུག་གསུམ་ལས་གྲོལ་བར་འདོད་པར་འདུག་ཏེ། །ངེད་ཀྱི་འདོད་པ་ནི་དུག་གསུམ་སེམས་ཀྱི་རང་ཀ་བཞིན་ཡིན་པས། །དུག་གསུམ་དེ་སྤངས་ན་སེམས་དེ་དང་ཡང་བྲལ་བར་འགྱུར་བས་ན། །སེམས་མེད་པས་དུག་གསུམ་ལས་གྲོལ་བ་པོ་ནི་གང་གྲོལ་སུ་དཔེར་ན་ནག་པོ་སྤངས་ན་སོལ་བ་མེད་པར་འགྱུར་བས་དཀར་པོར་གང་གཏོང་ཞེས་པ་ལྟ་བུའོ། །ཞིག་གྲོལ་ཏེ་གྲོལ་རྒྱུ་མེད། དུག་ཁ་གསུམ་སྤང་དུ་མི་འགྱུར་བར་རྟག་པ་ཡིན་ལ་སྤོང་ག་བའི་ཐབས་མེད་ཅིང་སྤོང་ཐབས་ཤེས་ང་པའང་མེད་ལ་སྤང་དུ་བཏུབ་ཅ་པའང་མིན། །དུག་གསུམ་དེ་ཆ་ནི་ངོ་བོ་ཉིད་ཀྱིས་མི་འགྱུར་བར་གནས་པར་འདོད་དོ། ༈ །དེ་ཡང་རིགས་ཆད་བཏང་སྙོམས་སུ་བཞག་པ་ལ་སོགས་པ་གསུམ་སྔར་བཤད་༼༡༽༼༡༽༼༡༽བཞིན་དུ་མཐུན་ལ། ༈ །རིགས་པས་སུན་དབྱུང་བ་ཡང་། །དང་པོ་ཀ་མ་ངེས་ཏེ་རྙོག་ཆུ་འདྲ་བས་དྭངས་སུ་བཏུབ། གཉིས་ཁ་པ་མ་གྲུབ་སྟེ་དུག་གསུམ་གྱི་རྒྱུ་བདག་འཛིན་དང་རྐྱེན་གཞན་སྣང་དང་ལྡན་པས་མི་རྟག །གསུམ་ག་པ་ཡེ་ཤེས་ཀྱིས་སྤོང་བས་ཐབས་ཡོད་བཞི་ང་པ་བླ་མ་བརྒྱུད་པའི་གདམས་ངག་ཡོད་པས་སྤོང་ཤེས། ལྔ་ཅ་པ་ཡེ་ཤེས་དེ་ཉིད་དུག་གསུམ་དེའི་རང་བཞིན་ཡིན་པས་སྤང་དུ་བཏུབ། ཆ་ཐ་མ་དུག་གསུམ་འགྱུར་བ་རང་རིག་མངོན་སུམ་གྱིས་གྲུབ་པས་ངོ་བོ་ཉིད་ཀྱིས་མི་གནས་སོ་མོ། ༈ །སློབ་དཔོན་ཤེས་རབ་འབྱུང་གནས་ཀྱིས། གང་གཞན་ལ་འཆད་པ་ལ་དོན་དང་མཐུན་ཞིང་འགལ་བ་མེད་པ་དེས་གཞལ་བྱ་དེ་མངོན་སུམ་དུ་མཐོང་བ་ཡིན་ཏེ། རང་རང་གིས་ཡུལ་དཔྱད་པ་བཞིན། གཞུང་འབུམ་ལ་སོགས་པ་འཆད་པ་པོ་དེས་ཀྱང་། དོན་དང་མཐུན་ཞིང་འགལ་བ་མེད་དོ། །ཞེས་བྱ་བས་སྒྲུབ་པར་ནུས་སོ། །ཞེས་གསུངས་པ་ནི། ངག་གི་སྤུ་རིས་ཟིན་ན་འགལ་བ་མེད་དོ། །གྲུབ་བོ། ༈ །ལ་ལའི་འདོད་པས་རྒྱལ་བའི་ལུང་བྲལ་ཕྱོགས་ཙམ་ལ་བརྟེན་ནས། །ཆོས་ཐམས་ཅད་ཅི་ཡང་མ་ཡིན་པ་ལ། །ཅི་ཡང་མ་ཡིན་པ་རང་ཡང་མ་ཡིན་པར་འདོད་དེ་ཁས་ལེན་སྤངས་པའོ། ༈ །གྲུབ་མཐའ་འདི་ནི་བསྒྱུར་བ་དཀའ་འབྱུང་བའི་ཉེན་ཆེ་ལ། །འབྲས་བུ་སངས་རྒྱས་ཐོབ་པ་ལ། སླུ་བར་བྱེད་པས་ལམ་གྱི་གཟུགས་བརྙན་ཙམ་ཡིན་ལ་ཡང་དག་པའི་ལམ་མིན་པས་ཁོའི། ༈ །འདོད་པ་དེ་ལས་བཟློག་པ་ཙམ་དུ་ཅི་ཡང་ཡིན་པར་ཁས་ལེན་བྱའོ། ༈ །མུ་སྟེགས་རྟག་པ་ཐེར་ཟུག་ཏུ་འདོད་པ་དག་རིགས་མི་འདྲ་བ་བཞིར་གནས་ཏེ་གང་ཞེ་ན། ༈ །རིག་པ་གཟུང་འཛིན་ལས་གྲོལ་བ། །རྟག་གཅིག་བདེ་བ་རང་དབང་ཅན། །བདག་ལ་གཟུགས་མེད་པས་དངོས་པོ་ཡོད་༡པ་བདག་ནི་ཡོད་པས་མེད་པ་ལས་༡གྲོལ་བ་ཙམ་དུ། གནས་པས་བླང་བ་དང་དོར་བ་དང་བྲལ་བར་འདོད་དོ། ༈ །ལྡོག་པ་བེམས་པོ་ལོག་པ་དང་བཅས་པའི་རིག་པ་དེ་ལ། །ང་དང་བདག་ཏུ་འཛིན་པ་དང་བཅས་པར་འདོད་པ་དེ་ལས། །བླང་དོར་གཉིས་དང་བྲལ་བའི་དངོས་པོར་ལས་གྲོལ་ཏེ་མིན་པར་སྨྲ་ན། སོ་སོ་སྐྱེ་བོའང་བྱང་ཆུབ་དེ་འཐད་འགྱུར། ༈ །ཐེར་ཟུག་ལ་ལའི་འདོད་པས་སྣོད་བཅུད་ཐམས་ཅད་རྡུལ་ཕྲ་རབ་འདུས་པ་ལས་གྲུབ་པར་འདོད་དེ། དེ་ཡང་རྡུལ་གཉིས་བར་མེད་པར་འབྱར་བ་ལ་རྫས། རྫས་གཉིས་འབྱར་བ་ལ་རྫས་གཞན་ཞེས་བྱ། ཕྲན་ནི་རྡུལ་རྟག་ལ་རགས་པ་ཡན་ལག་ཅན་རྟག་པ་མིན་ཏེ། །སྙིང་གི་དཀྱིལ་ན་སེམས་ཅན་ཐམས་ཅད་ལ་བདག་ཅེས་བྱ་བ་བྱེད་པ་པོ་རང་དབང་ཐོབ་པ་དེ་དག་ཀྱང་རྡུལ་ལས་གྲུབ་པ་ཤེས་སྦྱངས་པ་འདྲ་བ་ལ་སོགས་པར་འདོད་གཞན་ཡང་ཚིག་དྲུག་གི་འདོད་པ་སྦྱར་རོ། ༈ །རྡུལ་ཕྲ་མོ་ཕྲད་མ་ཕྲད་བལྟས་མ་བལྟས་རིང་ཐུང་གི་ཕྱོགས་ཆས་གཞིག་པས་ཆ་མེད་ཀྱི་རྫས་མ་གྲུབ་པས། །ཡོན་ཏན་ལ་སོགས་ལས་སྤྱི་བྱེ་བྲག་འདུ་བ་རྣམས་ཀྱི་ཐ་སྙད་སྤངས་པ་སྟེ་དོན་ལ་ཡང་རྫས་སུ་མ་གྲུབ་བོ། ༈ །ལ་ལས་ཡོན་ཏན་རྡུལ་མུན་པ་སྙིང་སྟོབས་གསུམ་གྱི་རང་བཞིན་ཆ་མཉམ་པ་ནི་གཙོ་བོ་སྟེ་དེ་རྟག་པར་འདོད་ལ་རྒྱུའི་དུས་འབྲས་བུ་གནས་པའམ་ཡིན་པར་རྫོགས་པར་འདོད་པ། ༈ །དེ་ལ་སྒྲུབ་བྱེད་ཀྱི་ཚད་མ་ཡོད་པ་མིན་ལ། །དུག་གསུམ་གྱི་རང་བཞིན་ནི་མི་རྟག་སྟེ་རྒྱུ་ཡོད་པར་ནི་སྔར་ཆད་ལྟའི་སྐབས་སུ་བཤད་པ་ཉིད་དོ། །རྒྱུ་ཡིན་པ་རུ་ཁས་བླངས་ནས་འབྲས་བུ་རྫོགས་པར་བརྗོད་པ་ནི། རང་ཚིག་གིས་རང་གི་འདོད་པ་བསལ་བ་ཡིན་པས་ན་བླུན་པོའི་ངག་ཏུ་རིག་པར་བྱའོ། ༈ །ཁ་ཅིག་གི་འདོད་པས་རྫས་གཅིག་ཉིད་ཀུན་གྱི་དངོས་གཞི་ཅན་ལ། ངེས་པར་འདོད་པས་བཅིངས་པར་སྨྲ་བ་མུ་སྟེགས་ཀྱི་ལྟ་བ་སུམ་བརྒྱ་དྲུག་ཅུ་གསུམ་པོ། ལས་གྲོལ་བ་ཁྱུ་མཆོག་གི་མདོག་རིས་ལྟར། །རྟོགས་ནས་སྤྱོད་པ་ལོག་པའི་སྤྱོད་པ་མེ་ལྔ་བསྟེན་པ་ལ་སོགས་པ་སྤྱད་པས་སྔར་གྱི་སྡིག་སྒྲིབ་དག་པར་འདོད། ༈ །ལས་དང་རྟོག་མཐུན་གྱི་སྣང་བའི་རྫས་གཅིག་ཉིད་རྫས་ཀུན་གྱི་དངོས་གཞི་མིན་ཏེ། ཞེས་དབང་པོའི་མངོན་སུམ་ཚད་མས་ཁོའི་འདོད་པ་བསལ་བ་དང་། །གཞན་ཡང་སྒྲུབ་བྱེད་ཀྱི་ཚད་མ་མ་གྲུབ་པའོ། ༈ །དབང་ཕྱུག་གིས་ཐམས་ཅད་ཀྱི་རྒྱུ་མེད་པས་བྱེད་པར་འདོད་པའི་ཐ་སྙད་སྤངས་པའོ། ༈ །རང་བཞིན་སྤྲོས་བྲལ་ཉམས་འཐད་ངེས། ༈ །བློ་དང་མོས་པའི་རིམ་པས་སོ་སོའི་འཇུག་པའི་སྒོ་ཐེག་པ་བརྒྱད་ཀྱི་འཁོར་ལོ་དེ་ལ། སྤང་བྱ་དང་གཉེན་པོ་ལྷན་ཅིག་མི་གནས་པའི་འགལ་བས་གང་ཟག་གི་བདག་གཟུང་བ་གཉིས་ཀའི་ཆོས་ཀྱི་བདག་སྤོང་བ་ཉན་རང་བྱང་སེམས་གསུམ་དང་བདག་གཅིག་པའི་འབྲེལ་བའི་སྟོབས་ཀྱིས་སྒྲུབ་པ་སྔགས་སྡེ་ལྔའོ། ༈ །འགལ་སྤོང་གསུམ་གྱི་དང་པོ་སངས་རྒྱས་ཀྱི་བཀའ་ཡི་གཞི་འཛིན་པ་ནི་ཉན་ཐོས་ཏེ་དེའི་འདོད་པ་ནི། འགྲོ་བ་རིགས་དྲུག་དང་ལོག་པ་གསུམ་གྱི་ཞེན་བརྟགས་ཀྱི་སྣང་བ་ལས་ལོག་པ་ཡིན་སྟེ་གང་ཞེ་ན། སོ་སོ་སྐྱེ་བོ་དང་མུ་སྟེགས་ཀྱི་གང་ཟག་གི་བདག་མི་གནས་པས་སོ། །ཆོས་ཀྱི་བདག་ཙམ་ལྷག་ཅིང་འགོག་པ་རྫས་སུ་ཡོད་པར་ལྟ་བ་ནི། །ཕྱི་གཟུང་བར་བྱ་བའི་ཡུལ་ཕྲ་༢རབ་དོན་དམ་རྡུལ་༡དུ་༣གྲུབ་ལ། ནང་འཛིན་པའི་ཤེས་པ་སྐད་ཅིག་མ་ནི་དོན་དམ་དུ་འདོད་དེ། དེ་དག་བཅོམ་གཞིག་གི་མིག་ནོད་པས་སོ། །ལམ་འཕགས་པའི་བདེན་པ་དུཿཁ་ཀུན་འབྱུང་འགོག་པ་ལམ་བཞི་ལ་ངེས་པར་བརྟེན་ནས་འབྲས་བུ་སྒྲུབ་པ་ཅན། ༈ །རྡུལ་ཕྲ་མོ་ཕྱོགས་ཆས་གཞིག་སྟེ་གཟུང་བ་མ་གྲུབ་པས་དེ་འཛིན་པའི་ཡན་ལག་སེམས་དང་སེམས་བྱུང་སྐད་ཅིག་མའང་སྤངས་པའོ། ༈ །ཉན་ཐོས་དེ་ལ་བརྟེན་ནས་བྱུང་བ་དགེ་བཤེས་ལ་མི་ལྟོས་པས་རང་ཤེས་ཅན་ཏེ། དེས་ཕྱི་ནང་གི་རྟེན་འབྲེལ་སྒྱུ་མ་མིག་ཡོར་ལྟར་རྟོགས་པ་ལ་བརྟེན་པས། །གཟུང་ཡུལ་གཟུགས་ཆོས་བཅོ་ལྔ་ལ་གཅིག་རིག་བྱེད་མིན་པ་ལས་གཞན་བཅུ་བཞི་རྟེན་འབྲེལ་དུ་རྟོགས་ཏེ་རྡུལ་ཕྲན་དུ་མ་གྲུབ་པ་ཅན་ལ། ནང་འཛིན་པའི་ཡན་ལག་སེམས་དང་སེམས་བྱུང་སྐད་ཅིག་མར་བདེན་ཅིང་ངེས་པར་ལྟ་བའོ། ༈ །གཟུང་བའི་ཡུལ་བདེན་པར་ཡོད་པ་མིན་ཀྱང་འཛིན་པ་དེ་ངེས་པར་ཡོད་པར་ལྟ་ན། །ཡུལ་མེད་པས་ཤེས་པ་དེ་གང་ལ་ངེས་པར་འཛིན་ཏེ་དཔེར་ན་གདུང་ཆད་པའི་སྲས་བཞིན་དུ། རིགས་པས་འཐད་པའི་འཛིན་པ་ནི་ཡོད་པ་མ་ཡིན་ནོ། ༈ །ལྟ་བ་བདག་མེད་དང་སྤྱོད་པ་གཞན་དོན་ནར་སོན་པའི་ཐེག་པ་ཆེན་པོ་ཡིས་གཟུང་བ་རྡུལ་དང་འཛིན་པ་སྐད་ཅིག་མ་ཆོས་ཀྱི་བདག་ཀྱང་སྤངས། ལ། །སྣང་བའི་དངོས་པོ་རྣམ་པ་ལ་རྟག་པ་དང་བདེ་པས་སྟོང་པ་ནི། ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། །དོན་དམ་པར་སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བ་དངོས་པོ་རྣམས་ཀྱི་རང་བཞིན་གང་ཡང་མ་གྲུབ་པར་འདོད་ལ་དེ་གང་གིས་ཕྱེ་ན་ཡུལ་ཅན། བློ་འཁྲུལ་མ་འཁྲུལ་དང་ཡུལ་དངོས་པོ་དང་དེས་སྟོང་པས་རྣམ་པ་གཉིས་སུ་ཕྱེ་བའོ། ༈ །དངོས་པོ་རྣམས་དོན་དམ་པར་རང་བཞིན་མེད་པར་བདེན་ན། །བློས་བརྟགས་འཁྲུལ་པའི་ཡུལ་ཀུན་རྫོབ་ས་ལམ་ཕར་ཕྱིན་རྣམས་བརྟེན་བས་ཅི་ཞིག་བྱ། ༈ །འཁྲུལ་པ་ཡིན་ཀྱང་ཡང་དག་པའི་ཀུན་རྫོབ་ཀྱིས་འབྲས་བུ་ཐོབ་པའི་དོན་བྱེད་ནུས་པས་དང་དུ་བླང་བྱ་ཡིན་ཅེ་ཀ་ན། །སྨིག་རྒྱུས་ཀྱང་སྐོམ་པ་སེལ་བའི་དོན་བྱེད་ནུས་པར་ཐལ་ཁ་འོ་ན་གོ་ཡིས། ༈ །དོན་དམ་པའི་བདེན་པ་ཤེས་བྱའི་གཤིས་རང་བཞིན་མེད་པས་ན། །སྟོང་པ་ཕྱང་ཆད་ཀྱི་ལྟ་བ་སོང་བ་དེ་ཀུན་རྫོབ་འཁྲུལ་པས་ཆད་ལྟ་དེ་ལས་བཟློག་ཏུ་བཏུབ་པ་ཞིག་གམ་ཅི་ཡིན། ༈ །གྲུབ་པའི་མིས་གྲུའི་ཐག་པ་ལ་ལག་པས་ཟིན་པས་ན། གྲུ་ཞིག་པས་མི་འཇིགས་སོ་ཟེར་བ་ལྟར་འདིར་ཡང་ཀུན་བརྟགས་ལས་གྲོལ་ན་ཆད་ལྟས་མི་འཇིགས་པ་ནི་དེ་བཞིན་ནོ། ༈ །གདོད་ནས་དངོས་པོ་ཡོད་པར་མ་གྲུབ་པར་འདོད་པ་ཡེ་ནས་སྟོང་པས་ཆད་པར་མི་འགྱུར་ཞེ་ན། ཉིད། །སྟོང་པ་ཕྱང་ཆད་མིན་ན་གཞན་གྱི་གཏན་ཚིགས་ཅིས་ཕྱང་ཆད་ཡིན་ཏེ་ཁྱད་མེད་དོ། །སྔར་ཡོད་ཕྱིས་མེད་ཆད་ལྟ་ཡིན་ལ། ༈ །འབྲེལ་པས་སྒྲུབ་པ་ལྔ་ལ་བསྒྱུར་ཏེ་སྒྲུབ་པ་ནི་ཕྱི་པ་གསུམ་མོ། ༈ །དེའི་དང་པོ་ཀྲི་ཡ་པའི་འདོད་པ་ལ། །ཀུན་རྫོབ་ཏུ་མཐོ་འཇམ་རྩུབ་པ་ལ་སོགས་པའི་སྣང་བ་རྣམས་དེ་པད་རྡོ་རྗེའི་རིགས་གསུམ་གྱི་ལྷའི་དལ་ཡེ་ཤེས་པ་དང་དམ་ཚིག་པ་ཐ་དད་བཟང་ངན་རྗེ་བོ་དང་འབངས་འདྲ་སྤྱོད་པ་དང་རྫས་གཙང་མས་འབྲས་བུ་གྲུབ། །དོན་དམ་དུ་མཐའ་བཞིའི་དྲི་མ་དག་པའི་ཆོས་ཉིད་དུ་འདོད་དོ། ༈ །དོན་དམ་དག་པར་བདེན་པ་ལ་སྤྱོད་པ་ཁྲུས་དང་གཙང་སྤྲ་བྱ་དགོས་པས་ལྟ་སྤྱོད་འཁྲུལ་པ་ཡིན་ནོ། ༈ །ཁྱེ་བེལ་ལྟར་ལྟ་སྤྱོད་མ་ངེས་པའི་ཨུ་པ་ཡའི་འདོད་པས་དོན་དམ་པར་སྟོང་པ་ཉིད་དུ་ལྟ་ལ། ཀུན་རྫོབ་ཏུ་སྣང་བ་རྣམས་ཡུལ་ཡུལ་ཅན་ནམ་བྱ་བྱེད་གང་རུང་བསྡུས་པའི་རིགས་བཞི་ལྷའི་དལ་ཡེ་ཤེས་པ་དམ་ཚིག་པ་དཔོན་གཡོག་གི་ཚུལ་དུ་ཐ་དད་བཟང་ངན་དུ་ལྟ། ཀྲི་ཡ་བ་ལྟར་ལས་དང་བྱ་བ་དང་ཡོ་ག་བ་ལྟར་ཏིང་ངེ་འཛིན་དང་གཉིས་ཀྱིས་མཐུ་ཡི་འབྲས་བུ་སྒྲུབ་པའོ། ༈ །སྔ་མ་ཀྲི་ཡ་བ་དང་ཕྱི་མ་ཡོ་ག་བ་གཉིས་ཀྱི་ལྟ་སྤྱོད་ལ་སྐྱོན་བརྗོད་པའི་རྗེས་སུ་འདི་ལའང་གནོད་དོ། ༈ །རྣལ་འབྱོར་པའི་ལྟ་བ་ནི་ཀུན་རྫོབ་སྣང་བའི་རྣམ་པ་འདི། །རིགས་ལྔ་ལྷའི་དལ་དུ་གསལ་ན་ཡེ་ཤེས་པ་དང་དམ་ཚིག་པ་གྲོགས་པའི་ཚུལ་དུ་ཐ་དད་བཟང་ངན་མཉམ་པ་ལྟ་ལ། དོན་དམ་པར་རྣམ་པར་སྣང་མཛད་ཆེན་པོ་སྟོང་པར་རྟོགས་ནས། བསམ་གཏན་གྱི་ཡན་ལག་སྟོང་ཟླ་གསུང་ཐུགས་སྐུ་ལྔ་དང་། དབང་བྱིན་ཏིང་མཆོད་བཞི་སྟེ་དགུ་དང་ལྡན་པའི་སྒོ་ནས་ལྷ་བསྒོམས་པས་འབྲས་བུ་སྟུག་པོ་བཀོད་པའི་སངས་རྒྱས་ཐོབ་བོ། ༈ །དོན་དམ་པ་རྣམ་པར་སྣང་མཛད་ཆེན་པོ་ལ་ཕྱོགས་རིས་མེད་པ་ཡིན་ན། །དགོངས་རྒྱུད་ཐ་དད་ལ་རིགས་ལྔ་ཕྱོགས་རིས་དང་བཅས་པ་ཡིན་ནམ་ཅི། །བདེན་གཉིས་རེས་འཇོག་གི་བསམ་གཏན་གྱིས་འབྲས་བུ་གཅིག་སྒྲུབ་པར་འདོད་པ་ནི། དཔེར་ན་ཚ་རེག་དང་གྲང་རེག་གི་ནུས་པ་གཅིག་ཏུ་བསྡུས་ནས། །བཙོ་བསྲེག་ཕྱོགས་གཅིག་སྒྲུབ་པར་འདོད་པའི་བླུན་པོ་དང་འདྲའོ། ༈ །རང་གི་སེམས་ལས་ཕྱི་རོལ་ནས་ཡེ་ཤེས་ལས་བསྒྲུབ་བྱའི་དོན་དངོས་གྲུབ་ལེན་ཏེ་ནང་ནས་མིན་པས་ཕྱི་པ། སྤྱོད་པ་དམ་རྫས་ལ་མི་སྤྱོད་དམ་ཚིག་མཉམ་པ་མི་སྲུན་པ་ལ་སོགས་པས་ནང་མིན་དེ་ཙམ་ལ་ཕྱི་པར་འདོད། །ནང་པ་དབང་སྒྱུར་ཐབས་ཀྱི་ཐེག་པ་ལ་གཉིས་ཀྱི་རྣལ་འབྱོར་ཆེན་པོ་བ། །ལྟ་བས་སྣང་སྟོང་ཟུང་འཇུག་གི་དོན་དེ་གསལ་བར་རྟོགས་ན། །བསྒོམ་པ་ཆོ་ག་ལྔ་སྔགས་ཀྱི་ཡན་ལག་ལྔས་བསྐྱེད་པའི་རྩོལ་བ་གཙོར་བྱས་པས། །རྫོགས་པའི་རིམ་པ་མི་རྟོག་པའི་དོན་ལ་ངང་གིས་འཇུག་གོ ། ༈ །དེ་ཡང་ལྟ་བ་དབྱེར་མེད་དུ་འདོད་པ་དང་བཅས་སྒོམ་པ་བསྐྱེད་རྫོགས་ཀྱི་རྩོལ་བ་ཅན། །ཕྱོགས་མེད་ཀྱི་ངང་དུ་གནས་པར་འདོད་ཀྱང་དེའི་དོན་དང་འགལ་ལོ། ༈ །རྗེས་སུ་རྣལ་འབྱོར་གྱི་འདོད་པ་ནི་ཡུལ་དུ་སྣང་བ་ཆོས་ཀྱི་དབྱིངས་ལ། རིག་པ་ཡེ་ཤེས་དེ་གཉིས་འདུ་བ་དང་འབྲལ་བ་མེད་ཅིང་། མ་ཧཱའི་གཉིས་མེད་དུ་འཛིན་པ་དེ་ལས་གྲོལ་ནས་བདེ་ཆེན་གྱི་སྐུ་རུ་འདོད་ལ། རྒྱུ་ནི་སྣང་བ་རྣམས་དབྱིངས་སུ་བསྒོམ་པ་ལ། འབྲས་བུ་ནི་དྲན་རྟོག་ཡེ་ཤེས་ཉིད་དུ་འཆར། །སྤྱོད་པ་དམ་ཚིག་ལ་སོགས་པའི་རྐྱེན་ལ་རག་མ་ལས་པར་འདོད་དོ། ༈ །དེ་ཡང་ལྟ་བ་བདེ་ཆེན་གྱི་ཕྱོགས་རིས་དང་བཅས་སྒོམ་པ་རྒྱུ་དབྱིངས་དང་འབྲས་བུ་ཡེ་ཤེས་ཅན། །དེས་ན་བདེ་ཆེན་ཀྱང་ཚིག་ཙམ་ལས་མཚན་ཉིད་པ་དང་བྲལ་བས། ཤིན་ཏུ་མཐར་ཕྱིན་མ་བཅོས་བའི་རྣལ་མར་འབྱོར་པ་མིན་ནོ། ༈ །རྡོ་རྗེ་གླིང་ཕུག་གི་རྐེད་པ་ན། །སྙིང་པོ་མེད་པས་ཆུ་ཤིང་གི་རྩ་བ་ན་མ་ཧེ་མོ། །ཞོ་སྐྱེལ་དུ་འོང་ཡང་སྙིང་པོ་སྣུམ་པ་ཙམ་ལས་མེད་པ་ལྟར་དུ་རང་ས་ཐོབ་ཀྱང་མཐར་མི་ཕྱིན་པའོ། ༈ །རིན་པོ་ཆེ་གཏེར་གཏད་པ་ལས་གནས་ལུགས་མ་རྟོགས་པ་དེ་མ་ཡིན་ལ་དེར་འཛིན་པས་འཁྲུལ་པའི་ལེའུ་སྟེ་གཉིས་པའོ།། ༈ །།དཔེར་ན་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དེས་པ་དེ་ལ། །རང་གི་བསོད་ནམས་ཀྱི་མཐུས་ཕ་ཡིས་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོ་གཏད་པ་ལྟར་དུ། དྲིན་ཅན་བླ་མ་ཡིས་རང་གི་སེམས་ཉིད་ལ་ཡོན་ཏན་མི་ཟད་པའི་གཏེར་གནས་པ་དེ་རྙེད་པ་ནི་གང་ཞེ་ན། ༈ །ལེའུ་དང་པོར་བཤད་པའི་ཤེས་བྱ་རེ་ཞིག་བརྒྱད་ལ་ནི། ཞེས་པའི་གྲངས་བརྒྱད་པོ་དེ་ལ། ༈ །ཆོས་ཉིད་རྟོགས་པའི་དོན་ལ་མི་སླུ་བས་ཚད་མ་གསུམ་གྱི་དང་པོ་ལུང་གིས། ཡིད་ཆེས་པར་བྱས་ནས། །གཏན་ཚིགས་གསུམ་གྱིས་གཞིགས་ཏེ་དཔེས་མཚོན་པ་དང་གསུམ་གྱིས་སྤྱིའི་རྣམ་པ་རྟོགས་པར་བྱས་ནས་དྲོད་དང་ལྡན་པ་ལ་བླ་མ་རིན་ཆེན་གྱིས་གདམས་ངག་སྙན་ཁུང་བརྒྱུད་པས་ཆོས་ཉིད་རང་གི་མཚན་ཉིད་མངོན་སུམ་པར་བསྟན་ཏེ། ༈ །བློ་དང་སྐལ་བ་ཞན་ཅིང་དད་པ་ཅན་གྱི་སློབ་བུ་དེ་ལ། །ཐབས་ཆེན་བརྒྱུད་པའི་ལུང་ཐེག་པ་བརྒྱད་པོ་བློ་དང་གང་འཚམ་པས་བརྒྱུད་ནས་དྲང་བ་ནི། རྗོད་པའི་ཚིག་དང་བརྗོད་བྱའི་དོན་མི་མཐུན་པར་དོན་གཞན་ལ་དགོངས་པས་ཚིག་སྟོན། །པ་ནི་དཔེར་ན་བྱིས་པ་གཡང་ས་ལས་འདྲེན་པའི་ཕྱིར་དུ་སྟག་འོང་ནོར་བུ་སྦྱིན་ཟེར་བ་དང་འདྲ་འོ། །དྲང་དོན་ངེས་དོན་གྱི་ཁྱད་པར་ནི། ༈ སྐལ་བ་དང་ལྡན་པ་ལ་བྱ་བྲལ་རྫོགས་པར་སྟོན་པའི་ལུང་གིས། བདེན་ཅིང་ངེས་པར་མཚོན་ནས་དངོས་སུ་དོན་ལ་དྲང་བའི་ལུང་གསུམ་སྟེ། །གོལ་ས་བརྗོད་བྱ་གནས་ལུགས་སེམས་ཀྱི་དེ་ཁོ་ན་ཉིད་ལ་བརྒྱུད་ནས་འཇུག་པ་དྲང་དོན། དངོས་སུ་འཇུག་པ་ངེས་དོན་ཡིན་མི་གསུང་། ཤན་འབྱེད་པར་བྱེད་པ་བྲམ་ཟེའི་གཞུང་དང་། རང་གཞུང་ལ་ཟློ་བ་རྒྱལ་པོའི་རྒྱུད་དང་། རང་གྲོལ་མངོན་སུམ་པར་སྟོན་པ་མན་ངག་གི་རྒྱུད་དང་གསུམ་གྱི་ཚིག་གིས་ཡིད་ཆེས་པར་བྱ། ༈ །རིག་པ་རང་གསལ་བ་ངང་དང་རང་བཞིན་རིག་པ་ཅིར་ཡང་སྣང་བ་དང་བདག་ཉིད་ཆེན་པོ་སྣང་སྟོང་ཐ་དད་མེད་པའོ། ༈ །སྣ་ཚོགས་སུ་སྣང་ཡང་གནས་ལུགས་ལས་མ་གཡོས་པར་མཚོན་པ་ནི་ངང་གི་གཏན་ཚིགས་ཉིད་ཡིན་དེ། །མུ་མཐའ་ཅིར་ཡང་སྣང་བས་དོན་ཆོས་ཉིད་ཅིར་ཡང་གྲུབ་པ་མིན་ཏེ། མུ་མཐའི་ཕྱོགས་གཅིག་ཏུ་གྲུབ་པ་མིན་པས་མུ་མཐའ་ཕྱོགས་གཅིག་ཏུ་སྣང་བ་ཡང་མ་ངེས་ཏེ་རིག་པ་མཐས་མ་བསྒྲིབས་པར་གསལ་བའོ། ༈ །ཆོས་ཉིད་མ་ནོར་བཅོས་མེད་རང་ག་བཞིན་གྱི་གཏན་ཚིགས་ནི། །ཕྱི་ཡུལ་དུ་གྲུབ་པ་མིན་ནང་རིག་པ་ཏུ་རྒྱ་མ་ཆད། །ཡུལ་ཤེས་གཉིས་ནང་ནས་སེམས་ལས་སྐྱེ་བ་མིན་ཏེ་རང་སྣང་ཉིད་ཀ་ཡིན་པའི་ཕྱིར། ངོ་བོ་ཡེ་ཤེས་ཉིད་རྒྱུ་རྐྱེན་མེད་པར་རང་སྣང་བ་ཡིན་བས། །ཕྱི་གཟུང་ཁ་བའི་ཡུལ་མི་སྤོང་ནང་འཛིན་པའི་སེམས་མི་འགེགས། །རིག་པའི་ཡེ་ཤེས་ཉིད་རྒྱུ་ལ་རག་མ་ལས་པར་ཅིར་ཡང་སྣང་ངོ་། ༈ །བདག་ཉིད་ཆེན་པོ་སྣང་སྟོང་དབྱེར་མེད་ཀྱི་གཏན་ཚིགས་ནི། །སྣང་བ་བདེ་བ་ཆེན་པོ་རྩོལ་བ་མེད་པ་དང་། ཡུལ་མེད་ཅིང་རང་རིག་པ་ངོས་གཟུང་ལས་འདས་པའི་སྟོང་པ་གཉིས་ཐ་དད་མེད་པའོ། ༈ །ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ཏུ་ཤེས་པ་ལ། །དེ་ལས་གཞན་དུ་སྣང་བ་དང་བཟང་ངན་གྱི་རྟོག་པ་ཐམས་ཅད་དང་བྲལ་བས་ན། དེ་ལ་ཐ་སྙད་དུ་བདག་ཉིད་ཆེན་པོ་གཅིག་ཅེས་བཏགས་སོ། ༈ །ཡུལ་དུ་སྣང་བ་རྣམས་ནི་ཆུ་ཉིད་རླབས་སུ་སྣང་བ་ལྟར་རང་སྣང་བའི་ཡུལ་དབྱིངས་ཉིད་དག་པ་རྒྱུ་ཡིན་ཏེ། དེ་ལས་ཡུལ་ཅན་རིག་པ་མི་རྟོག་པའི་ཡེ་ཤེས་ཉིད་འབྲས་བུར་ཤར། །དབྱིངས་རྒྱུ་ཡེ་ཤེས་འབྲས་གཉིས་མཚན་ཉིད་མི་གཉིས་ཏེ་གཅིག་ཏུ་འདུས་པས་གཟུང་འཛིན་གྱི་མཐར་ལས་རང་གྲོལ། །གཟུང་འཛིན་མ་སྤངས་ཐིག་ལེ་ཉག་གཅིག་མ་བསྒྲུབས་པར་གཏན་ཚིགས་བརྟེན་ཏེ་བལྟས་པས་དོན་ཆོས་ཉིད་དང་མཇལ་ལོ། ༈ །དཔེར་ན་བློ་འཁྲུལ་པ་ལ་ཐག་པ་སྦྲུལ་དུ་སྣང་བ་ཡང་ཀ་ཆོས་ཅན། ཧེ་ཏུཿཐག་ག་པའི་མཚན་ཉིད་སྦྲུལ་མིན་པས། །ཁ་སྦྲུལ་འཛིན་དུ་སྐྱེས་པའི་ཤེས་པ་བདེན་པ་མིན་ཏེ་དམ་བཅའ་འདིར་ཡང་དེ་བཞིན་དུ་སྐྱེ་ལུགས་གསུམ་དུ་སྣང་ཡང་བདེན་པ་མིན་ནོ། ༈ །ཡོན་ཏན་ཆ་རེ་གནས་ལུགས་དང་མཐུན་པའི་དཔེ་ནི་ནམ་མཁའ་དང་རིན་རྒྱན་དང་ཆེན་དང་རྒྱ་མཚོ་སོགས་པ་ནི། དོན་དང་གཉིས་ཕྱོགས་ཀྱི་ལྡོག་ཆ་འགའ་རེས་ཀུན་ཀྱང་མཐུན་ཏེ་ཕྱོགས་རིས་མེད་པ་དང་མི་རྟོག་ལ་རེ་བ་སྐོང་བ་ལ་སོགས་པའོ། ༈ །ལུང་གཏན་དཔེ་ཀུན་ཀྱང་དོན་སྤྱིའི་རྣམ་པ་ཙམ་ལ་རྟོགས་པར་བྱེད་པས་ཤེས་བྱེད་དུ་གནས་སོ། ༈ །ཆོས་ཉིད་རང་གི་མཚན་ཉིད་རང་རིག་པས། །རིན་ཆེན་བརྒྱུད་པས་མངོན་སུམ་པར་ཤེས་པའི་ཐབས་ནི་གང་ཞེ་ན། ༈ དབང་རྒྱུད་མན་ངག་གྲུབ་པའི་ཆུ་བོ་བཞིའི་རྒྱུན་མ་ཆད་པའི་བླ་མ་དམ་པ་དེས། །རྒྱལ་བའི་གདུང་འཚོབ་པའི་སྲས་ཨ་ཏིའི་སྐལ་བ་དང་ལྡན་པའི་སློབ་མ་ལ། །ཀུན་གཞི་བག་ཆགས་རྣམ་པར་བྱང་བར་གནས་པ་དེ་ཚོགས་བདུན་དང་ལྷན་དུ་ལྡན་པས་ཆགས་དང་གཅིག་ཏུ་བསྲེས་པའི་སྦྱོར་དོན་ལ། རྟོགས་པའི་གདེང་ཆེན་པོ་ཐུག་ཕྲད་གསུམ་གྱིས་ཐིག་ལེ་ཉག་གཅིག་ཏུ་བསྟན་ནོ། ༈ །མཁར་ཆེན་པོ་གཅིག་ལ་སྒོ་བརྒྱད་ཡོད་པའི་དབང་པོ་ལྔའི་སྒོའི་ཕྱི་ན། ༈ །དབང་པོ་ཡུལ་སྟོན་གྱི་བུ་མོ་གཟུགས་སྒྲ་དྲི་རོ་རེག་ལྔ་ནི། འདོད་པའི་ཡོན་ཏན་སྡུག་༡སྙན་༢ཞིམ་༣བྲོ་༤འཇམ་༥ལྔ་བསྣམས་ནས་ཆ་ལུགས་མཛེས་མས་དེ་ལ་སྟོབ། ༈ །སྒོ་དེའི་ནང་ན་སྒོ་སྲུང་རྣམ་ཤེས་ལྔ་པོ་ལ། ༈ །རེ་རེ་ལའང་བུ་སེམས་ལས་བྱུང་བ་བཞི་བཞི་ཡོད་པའི་ཕུ་བོ་ནི། །རྟོགས་པའི་གདེང་ཆེན་པོ་མངའ་བའི་རྒྱལ་པོ་མ་འཁྲུལ་བར་ཚུགས་ན་གནས་པ་ནི། སྣང་ལ་འཛིན་པ་མེད་པས་སྒྱུ་མ་མ་བཙལ་བས་ལྷུན་གྲུབ་ཀྱི་ཡུལ་ལ་རོལ་ལོ། །བུ་གཉིས་པ་ནི་བྲམ་ཟེ་ལྟར་རྟོག་པ་རྩིང་བ་ཅན་ཏེ། གཙང་སྨེ་དང་རེ་དོགས་ཀྱི་ཡུལ་ལ་རོལ་ལོ། །བུ་གསུམ་པ་ནི་རིག་བྱེད་བཟོ་མཁན་ལྟར་དཔྱོད་པ་ནི་ཤེས་པ་ཞིབ་པ་སྟེ། ཉེས་ལེགས་དང་མཛེས་སྡུག་གི་ཡུལ་ལ་རོལ། །བུ་བཞི་པ་ནི་ཞལ་ཆེ་གཅོད་མཁན་ལྟར་ཐ་སྙད་འདོགས་ཏེ། ཞལ་ཆེ་གཅོད་པ་ཚོང་དུས་ཀྱི་ཡུལ་ལ་རོལ་ལོ། ༈ །ཕུ་བོས་ནུ་བོ་གསུམ་པོ་དབང་དུ་བྱས་ནས་བསྒྲལ་དུ་བཏུབ་སྟེ། ང་ནི་ཚུགས་ན་གནས་པའི་རྒྱལ་པོ་ཡིན་ན། །ནུ་བོ་ཁྱེད་གསུམ་ཀྱང་དེ་ང་བཞིན་ཕ་རྣམ་པ་སྒྱུ་མར་གཅིག་པས། །ལས་ཐབས་རྟོགས་དཔྱོད་ཐ་སྙད་འདོག་པ་གསུམ་ལ་མ་གནས་ཤིག་ང་བཞིན་དུ་འགྱུར་རོ། །སྒོ་གཏན་མཚན་མར་འཛིན་པ་བཅག་སྟེ་འཁོར་ས་ཕྱགས་ནས། དབུལ་བའི་དྲི་མ་སེལ་བའི་ནོར་བུ་ཆུ་འདང་བླངས་ནས་ལོངས་སྤྱད་དེ་བཟོ་ལས་བྱས་པའི་རྒྱལ་མཚན་བཙུགས་སོ། །སྒོ་ལྔའི་ཡུལ་ལྔ་རྣམས་རྒྱལ་པོ་སྣང་ལ་མི་རྟོག་པའི་མངའ་རུ་བཞེས། །ཏེ་དེ་ལས་གཞན་པའི་འབངས་མེད་པས་རྒྱལ་པོའི་ཐ་སྙད་ཀྱང་གྲོལ་ལོ། ༈ །སེམས་མེད་པ་དེས་ན་ཐིག་ལེ་ཉག་གཅིག་གོ ༈ །གཅིག་ནི་ཕྱི་སྒོ་ལྔ་དང་ནང་ཉོན་ཡིད་གཉིས་ཀྱི་བར་སྒོ་ཡིད་ཀྱི་དབང་པོ་ཕྱི། ༈ །མ་འོངས་ལུང་སྟོན་དང་འདས་པ་གླེང་སློང་གི། བུ་མོ་གཉིས་སྐད་ཚངས་པའི་དབྱངས་ལྟར་སྙན་པ་གཏན་རྒྱུད་ཚངས་ཆེན་ལྟར་མཁས། །པ་གཉིས་ཀྱིས་ཡིད་འཕྲོག་ནས་བྱ་བ་མང་པོ་ལ་ཤོར། ༈ །སྒོའི་ནང་ན་སྒོ་སྲུང་ཡིད་ཀྱི་རྣམ་ཤེས་བྱ་བ་མང་པོ་བྱ་བ་ཡོད། ༈ །དེ་ལ་བུ་གསུམ་ཡོད་པའི་ཆེན་པོ་ནི། །སྔར་བྱས་པ་ཐམས་ཅད་དོན་མེད་ཅེས་བྱ་བུ་ཆུང་བ་ནི། །ཕྱིས་བྱེད་པ་ཟིན་མེད་ཅེས་བྱ་བུ་བར་པ་ནི། །གདེང་ཆེན་རྩོད་པ་མི་བྱེད་པས་འཛངས་པ་བར་ན་ཡོད་པས་གཟུང་བོར་གནས་སོ། །བུ་ཆེན་པོ་ནི་དོན་མེད་ཐང་ཆད་ཀྱི་ཡུལ་ལ་རོལ། །བུ་ཆུང་བ་ནི་ཟིན་མེད་སྒྱིད་ལུག་གི་ཡུལ་ལ་རོལ། །བར་པ་ནི་འོད་གསལ་གྱི་དགོན་པར་རོལ། །བུ་ཆེ་ཆུང་གཉིས་བུ་མོ་གཉིས་ཀྱིས་གཏམ་རྒྱུད་དག་ལ་མ་མཐུན་ཏེ་རྩོད། ༈ །བུ་བར་པས་གོང་འོག་གཉིས་ཐབས་ཀྱིས་དབང་དུ་བྱས་ཏེ་བསྒྲལ། །ངས་ནི་གཏམ་རྒྱུད་ལ་བསམས་པ་མེད། །བྱ་བ་མང་ལ་ཟིན་པ་ཉུང་དོན་ཆུང་ལ་ཉེས་པ་མང་བས། སྡུག་བསྔལ་གྱི་རྒྱུ་བྱ་བ་ཞོག་ལ་འོད་གསལ་གྱི་དགོན་པར་འདོང་། །ཁྱེད་གཉིས་ཀྱང་ང་བཞིན་དུ་བདེ་བ་འདོད་པ་གཅིག་ཅེས་པས་དྲངས་ཏེ། འཛངས་པ་ཞི་དལ་ཅན་གྱིས་རི་རྒོད་ཀླུངས་སུ་ཕབ་སྟེ། ༈ །རྩོད་པ་མེད་པས་བར་པ་གཟུ་བོའི་ཐ་སྙད་ཀྱང་རང་གྲོལ་ལོ། ༈ །ཡིད་གཅིག་ནི་ཁ་ནང་དུ་ཀུན་གཞི་ལ་བསྟན་པའི་སྒོ་དང་མཚུངས་པར་ལྡན་པའི་འགྲམ་ན། ༈ །སྲིན་པོ་སྟོབས་ཆེན་ཉོན་ཡིད་ལས་བྱུང་བས་བུ་སྤུན་དུག་ལྔ་ནི། རྣོ་ཞིང་འཇུག་པས་རང་ལ་རང་གསོད་པའི་མཚོན་ཆ་སྣ་ཚོགས་ཐོགས་ནས། །རང་ལ་ཤེད་སྐྱེད་ཅིང་ནུས་པའི་མཐུ་སྟོབས་དང་ལྡན་པར་བྱེད། ༈ །སྒོ་དེའི་ནང་ན་སྒོ་སྲུང་སྡིག་ཅན་སྤྱི་ལ་རང་དུ་དམིགས་པ་བྱ་བ་དེ་ལ། ༈ །བུ་ཉོན་མོངས་པ་ལྔ་དང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད། དེ་རྣམས་འདུས་པའི་ཐ་ཆུངས་མཐར་ཐུག་ཐ་མ་ནི། །གདེང་ཆེན་པོ་མངའ་བའི་དཔའ་བོ་ཉོན་མོངས་པའི་གཡུལ་འཇོམས་བྱ་བ་གནས། །ཕུ་བོ་རྣམས་ནི་ན་རག་དམྱལ་བའི་ཡུལ་ན་ཡོད། ཐ་ཆུངས་རང་རིག་བདེ་ཆེན་དགོས་པ་འབྱུང་བའི་རིན་ཆེན་གྱི་གླིང་ན་ཡོད། ༈ །ཆུང་བས་གཅེན་པོ་རྣམས་ཐབས་ཀྱི་དབང་དུ་བྱས་ནས་བསྒྲལ་དུ་བཏུབ་པ་ནི། འུ་ཅག་ཀུན་ཀྱང་དཔའ་བོར་མཐའ་ཐུག་པས་ན། ང་ཉིད་ལ་ཉོན་མོངས་པ་ཀུན་གྱི་སྟོབས་རྫོགས་ན། །ཤེད་ཆེར་སྐྱེད་ཅིག་ནུས་པའི་སྟོབས་དང་རྣོ་མཚོན་ཀུན་གྱིས། རང་ལ་རང་གིས་འཇོམས་པ་མ་བརླག་གམ། །དེ་བས་ཡུལ་ངན་པ་ན་རག་རྟེན་དེ་བོར་ལ། །བདེ་ཆེན་རིན་ཆེན་གྱི་གླིང་དུ་འདོད་ཞེས་བྱ་སྟེ། ༈ །ཐམས་ཅད་དཔའ་བོ་ཆེན་པོར་གྱུར་པས་མི་མཐུན་པ་མེད་དེ་དཔའ་བོའི་ཐ་སྙད་ཀྱང་རང་གྲོལ་ལོ། ༈ །འཁྲུལ་གཞི་ཐིག་ལེ་ཉག་གཅིག་ལ་སྐྱེ་ལུགས་གསུམ་བྱུང་ནས་ཚོགས་བདུན་གྱིས་རྒྱུད་དཀྲུགས་པས་གཞི་དོན་དྭང་བའི་རྒྱ་མཚོ་བག་ཆགས་ཀྱི་རྙོག་པས་བསླད་པ་ལ། ༈ །ནོར་བུ་ཀ་སྤྲུལ་ཆུ་འདང་གིས་ནོར་བུ་ཁ་ཆོས་བཀྲ་ཤིས་ཀྱིས་རིན་ག་ལོངས་ཆེན་དབང་གི་རྒྱལ་པོས། རྙོག་ཀ་པ་སངས་འོ་ཁ་མའི་རྒྱ་མཚོ་བྱས་བདུད་ག་རྩིའི་རྒྱ་མཚོར་གྱུར་པ་ལྟར་དུ། ༈ །ཚོགས་བདུན་ལ་ཐུག་ཕྲད་གསུམ་གྱིས་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་མཐོང་བས། །བག་ཆགས་ཀྱི་རྟེན་སྦྱོར་བ་དོན་གྱི་ཀུན་གཞི་རང་སར་གྲོལ་ལོ། ༈ །ཐ་སྙད་དུ་མ་བཅོས་པ་དང་ལྷུན་གྲུབ་དང་རང་གསལ་བ་ཞེས་བཏགས་པའང་། དགོས་པའི་དབང་གིས་བཏགས་པ་ཡིན་གྱི་དོན་ཐུན་མིན་པས་སྒྲ་ཇི་བཞིན་པ་མིན་ནོ། །འཁྲུལ་པ་རྣམས་བྱང་ཆུབ་ཀྱི་སེམས་སུ་ངོ་ཤེས། །པས་དེ་ལས་གཞན་པའི་སེལ་མེད་པ་ནི་དཔེར་ན་རིན་ཆེན་གྱི་གླིང་ན་རྡོའི་སེལ་མེད་པ་བཞིན་ནོ། ༈ །ཆོས་ཉིད་རང་གི་མཚན་ཉིད་རང་རིག་པའི་མངོན་སུམ་དུ་རང་རིག་ན། །ཕ་བླ་མ་ལ་དྲིན་དུ་བཟོ་བས་བརྩེ་ཞིང་མཆེད་གྲོགས་ལ་གདུང་སེམས་ཆེ། མ་རྟོགས་པའི་འཁྲུལ་བ་ལ་སྙིང་བརྩེ་བས་ཕན་པའི་སེམས་དང་ལྡན། །དམ་ཚིག་ལ་རུབ་ཅིང་དོན་ལ་རྟོན་ཏེ་ཉམས་སུ་ལེན། ཕྱི་ནང་གི་དངོས་པོ་ལ་ཞེན་པ་མི་བརྟན་དགྲ་གཉེན་ལ་སོགས་པའི་གཏད་འཛིན་ཆུང་། །ནང་ན་རྟོགས་པའི་གདེང་དང་ལྡན་པས་འབྲས་བུ་ཐོབ་ཏུ་རེ་བ་དང་མ་ཐོབ་ཏུ་དོགས་པ་མེད། །དོན་གནས་ལུགས་མཚོན་པར་བྱེད་པའི་ཚིག་ལ་ཡིན་མིན་གྱི་ཡངས་དོག་མེད། །གང་ལྟར་སྤྱད་ཀྱང་མི་འཆིང་བས་སྤྱོད་ལམ་ཡངས་ལ་གྲུབ་མཐའ་ལ་སོགས་པ་གང་གི་འང་ཕྱོགས་འཛིན་ཆུང་ངོ་། ༈ །ངེས་པར་རྟོགས་ཏེ་གདེང་དུ་གྱུར་པ་ན། །ལས་ཀྱི་སྐྱེ་རྐང་ཆོགས་པས་ངན་པར་འགྲོ་བ་གསུམ་གྱི་སྡུག་བསྔལ་ལས་གྲོལ་ཕྱོགས་མེད་ཀྱི་དོན་རྟོགས་པས་ཐེག་པ་དམན་པ་ལས་ཁྱད་པར་དུ་འཕགས། །ཅི་སྤྱོད་དོན་ལས་མི་ཉམས་པས་རྒྱལ་བ་སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག །ཐུན་མོང་ཐ་མལ་གྱི་སྡིག་པའི་རྣམ་སྨིན་སྡུག་བསྔལ་མེད། །ཡོན་ཏན་གྲངས་ཀྱི་མཐའ་འང་མེད་པས་རྒྱལ་བས་ཀྱང་བརྗོད་ལས་འདས་སོ། ༈ །ལྟ་བ་འདི་མེད་ན་འོག་མ་བས་དོན་ལ་རྩོལ་བས་ཇི་ལྟར་འབད་ཅིང་བརྩལ་ཀྱང་། །མཐར་ཐུག་གི་འབྲས་བུའི་ས་ལ་གནས་པ་མིན་ཏེ། །འབྲས་བུ་གོང་མར་སྐྱེ་ཞིང་རང་གི་འབྲས་བུ་འཇིག་པ་དང་བཅས་པས་འཁོར་བར་རྒྱུད་ལས་བཤད། །དཔེར་ན་ནོར་བུ་འཆིང་བུ་རྒྱལ་མཚན་གྱི་རྩེར་འདོགས་ཀྱང་དགོས་པ་མི་འབྱུང་བ་དང་འདྲ་སྟེ། ༈ །རང་སའི་འདོད་པ་དོན་དུ་གཉེན་བ་ཙམ་ལས་མཐར་མིང་ཕྱིན་པས་དམར་ཐག་ལས་པ་ནི། ལེའུའི་གཉིས་པར་བཤད་པའི་མ་ཧེའི་ཞོ་སྙིང་པོ་སྣུམ་པ་དེ་བཞིན་ཙམ་མོ། ༈ །ཐེག་པ་གཞན་གྱིས་མཐར་མི་ཕྱིན་པའི་སྐྱོན་ཡོད་པ་དེ་བས་ན་རྣལ་མའི་དོན་འདི་རྟོགས་པས་དོན་ཀུན་མཐར་ཐུག་པར་རྫོགས་ཡེ་ཤེས་གསང་བའི༴ ཞེས་དྲང་། རྒྱ་མཚོ་ཆེན་པོ་དང་གསེར་གྱི་འོག་གཞིའི་སྟེང་ན་ཀུན་རྫོགས་པ་དང་འདྲ། ༈ །ཕྱོགས་ཀུན་ནས་མཐུན་པར་མཚོན་པའི་དཔེ་ལས་འདས་པ་ནི། དམུས་ལོང་ལ་མར་གྱི་མདོག་མཚོན་དུ་མི་བཏུབ་པ་དང་འདྲའོ། ༈ །མུ་མཐའི་ཕྱོགས་སུ་འདི་ཁོ་ན་ཡིན་ཅེས་ཚིག་ཏུ་བརྗོད་པའི་ཐ་སྙད་དང་བྲལ་བ་ནི། ཁམས་གསུམ་གྱི་དང་པོ་འདོད་པའི་ཁམས་ཀྱི་ལས་ཀྱི་མཐའ་ཉམས་སུ་མྱོང་བ་དང་འདྲ། ༈ །ཆོས་ཐམས་ཅད་མ་ནོར་བར་ཆོས་ཉིད་རང་སྣང་ཡིན་བ་ནི། ཆུའི་རླབས་ཐམས་ཅད་རྒྱ་མཚོར་རོ་གཅིག་པ་བཞིན་ནོ། ༈ །རྟོགས་པའི་ལྟ་བ་གསལ་ན་ཆེ་བའི་ཡོན་ཏན་ཤུགས་ལ་འཆར་བ་ནི། ནོར་བུ་རིན་པོ་ཆེའི་རྒྱལ་པོ་ལ་མཆོད་ཅིང་བསྙེན་བཀུར་བྱས་པ་དང་འདྲ། ༈ །སྐྱོན་ཡོན་ཡོད་པ་དེས་ན་སྐལ་བ་དང་ལྡན་པས་རང་གི་གཏེར་ལོང་ཞིག ༈ །མ་དད་པ་དང་ལེ་ལོ་དང་ཡིད་གཉིས་ཐེ་ཚོམ་ཀྱིས། །དགོས་པའི་དོན་གྲུབ་པ་འཇིག་རྟེན་གྱི་ཁམས་ན་འགའ་ཙམ་ཡང་མེད། ༈ །ཚ་རེག་དང་གྲང་རེག་ཐང་ཅིག་འདྲེས་པར་སྤྱད་པས། །འབྲས་བུ་གཙོ་བསྲེག་གི་ལས་གྲུབ་པ་འགའ་ཙམ་ཡང་མཐོང་ངམ་ཅི་དེས་ན་དེ་དག་སྤོངས་ཤིང་པར་གདམས་པའོ། ༈ །རིན་པོ་ཆེ་གཏེར་གཏད་པ་ལས་རྟོགས་པ་ལྟ་བའི་ཐབས་དང་ངོ་བོ་ལ་སོགས་པའི་དོན་གསལ་བར་བསྟན་པའི་ལེའུ་སྟེ་གསུམ་པའོ།། ༈ །།ལེའུ་གསུམ་པར་བཤད་པའི་རྒྱལ་པོ་གསལ་རྒྱལ་གྱི་བསོད་ནམས་ཀྱིས་ཕའི་གཏེར་ཆེན་པོ་གཏད་པ་ལྟར་དུ། ལྟ་བ་རྟོགས་པའི་དོན་ལ་འདྲིས་ཤིང་གོམས་པས་འབྲས་བུ་མཐར་དབྱུང་བའི་ཐབས་ནི་གང་ཞེ་ན། ༈ །འོག་མ་པ་རྟོགས་པའི་དོན་མུ་བཞི་ཕྱོགས་ལྟུང་གི་འདོད་པ་དང་བཅས་པ་ནི། ཡོངས་ཆོད་བསྒྲུབ་བྱའི་ལྟ་བ་དེ་མ་ཡིན་ལས་ལྡོག་པའི་ས་རྣམ་ཆོད་ཅན་ལ། དམིགས་པ་གཏད་ནས་དེ་ལས་མ་ཡེངས་པར་གོམས་པའི་རྒྱུ་ལས། །རང་ལ་སྔར་མེད་ཀྱི་འབྲས་བུ་དུས་ཕྱིས་འབྱུང་བར་འདོད་པ་ལས་གྲོལ་བ་ནི་གང་ཞེ་ན། ༈ །རྡོ་རྗེ་གླིང་ཕུག་གོང་ན་གཞན་མེད་པས་རྩེ་མོ་ན། །ཤིང་ཙ་ན་ཀའི་སྡོང་པོའི་རྩ་བ་ནའི་ས་ལ་གནས་པ་ལ་དབང་ཆེ་བར་འཛིན་པའི་སེང་གེ་མ་དེ། སྟོབས་ཆེ་ངར་སྐད་དྲག་ཁྲོ་གཉེར་དང་ལྡན་པ་དེ་ཐབས་ཀྱིས་བསྟེན་ནས། །གསེར་གྱི་ཟོ་བར་འོ་མ་བཞོས་ནས་བཅུད་དུ་གྱུར་པ་དེ་ལེན་པ་ལྟར་དུ། ༈ །རྟོགས་པར་བྱ་བའི་དོན་ཐིག་ལེ་ཉག་གཅིག་ཡིན་པས། །ཚོགས་བདུན་རྣམས་ཐིག་ལེ་ཉག་གཅིག་ཏུ་ཐུག་ཕྲད་གསུམ་གྱིས་དགྲོལ། །དོན་དང་མི་མཐུན་པའི་རྣམ་རྟོག་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཀར་ནས་དག་པ་ཡིན་ལ། །དེ་ལྟར་རྟོགས་པས་ཆེད་དུ་མ་གཏད་པའི་དོན་གྱིས་༼༠༽དུས་ནམ་ཡང་དེ་དང་འབྲལ་བའང་མེད་༡༽པས། གཏད་ནས་བསྒོམ་༼༠༽དུ་མེད་ཀྱང་མི་འབྲལ་བས་ན་སྒོམ་༡༽ པའི་གཟེར་ཆེན་པོ་ཡིན་ནོ། ༈ །རྟོགས་པའི་དོན་དྲན་པ་རྐྱེན་གྱི་མན་ངག་གིས། །ཡེ་ནས་ཡིན་པའི་དོན་རྟོགས་པའི་སོ་མ་འདས་པ་ཙམ་ལ་སྒོམ་ཞེས་བྱའོ། ༈ །གསེར་ལ་གསེར་འགྱུར་གྱི་རྩི་མི་སྟེན་པ་ལྟར་དུ་ཡེ་ནས་སངས་རྒྱས་པ་ལ་རྩོལ་བས་མི་སྒྲུབ་པར། མངོན་སུམ་པར༴ དེ་ཡིན་པར༴ བདག་ཉིད་ཆེན་པོར༴ ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་དང་བཞིས་བརྡ་དོན་ཕྲད་པ་དང་ལྔའི་ཐ་མ་སངས་རྒྱས་མེད་པའི་ཆེ་བས་ངེས་པར་འཛིན་པའི་བརྡ་དོན་དགྲོལ། །བརྡ་བྲལ་རང་གྲོལ་དུ་རྟོགས་པའི་གདེང་ཆེན་པོ་དང་ལྡན་པའི་སྐྱེས་བུའི་ལྟ་བ་ལ་ཞེ་འདོད་གང་ཡང་མེད་པ་ནི། དཔེར་ན་ཁྱུང་ཆེན་ནམ་མཁའ་ལ་ལྡིངས་པ་ལ་རྗེས་མེད་པ་ལྟ་བུའོ། ༈ །རྟོགས་པ་དེ་ལ་ཡང་བློ་གྲོས་ཀཆེ་ཁཆུང་གི་བྱེ་བྲག་ཡོད་དེ། ༈ རང་བཞིན་གྱི་རིགས་ཁ་ཤེས་པའི་རྒྱུད་དབང་པོ་ཆིག་ཆོད་དུ་མ་ལྡན་པས། །རྟོགས་པའི་གདེང་ཆེན་པོས་གྲོལ་བ་ཚད་ལ་མ་ཕེབས་ན། །ཏིང་ངེ་ལ་གནས་པར་བྱ་དགོས་ཏེ། ཉམས་ཀྱི་རིམ་པའང་དང་པོ། གནས་པ་གཉིས་པ་མི་གཡོ་བ་གསུམ་པ་མཉམ་པ་ཉིད་དང་རིམ་པར་སྦྱར་ནས། ཐ་མ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཉམས་ལ་གནས་ན་སངས་རྒྱས་ཀྱི་ཟག་མེད་ཀྱི་བདེ་བ་ཆེན་པོར་འཆར་རོ། ༈ །ཏིང་ངེ་འཛིན་ལ་བློ་གནས་པའི་ཐབས་ལ་ཡང་སྤྲུལ་པའི་སྐུ་ལ་བསམ་ཡས་ཡོད་པས། །སྒོ་ལྔ་ཡུལ་ལ་མཚན་མར་འཛིན་པ་ལ་བཞི་ལྡན་པའི་དང་པོ་བཞི་ཆ་རང་གསལ་གྱིས་རྟོག་དཔྱོད་ཐ་སྙད་འདོགས་པ་གསུམ་བསྒྲལ་ཏེ། ཡུལ་ལྔར་སྣང་བ་ཙམ་མི་དགག་པར་དེ་ལ་ཞེན་པར་མི་བྱའོ། །དེ་ཡང་ངལ་གསོ་དབུགས་ཕྱུང་བས་ལེགས་པ་ཙམ་ལས་སྤྲོས་བྲལ་དང་རང་རིག་གི་དམར་ཐག་མ་ཆོད་པར་ཡོད་དོ། ༈ །དཔའ་བོ་ཉོན་མོངས་པ་རྣོ་འཇུག་གི་མཚོན་ཆ་ཐོགས་པ་དེས་འཁོར་བར་འཛིན་པས་ལྕགས་ཀྱུ་དུག་ལྔ། །པོ་བདག་གི་མ་སྤངས་པར་ལོངས་སྤྱོད་པས་མཐར་ཐུག་པའི་དུས་ན་རང་ལ་གཉེན་པོར་བཟློག །ང་བདག་དང་གཟུང་འཛིན་མི་སྤང་པར་རང་རིག་ཏུ་ཤེས་པས་རང་གྲོལ་དུ་ལ་བཟླ་བ་ནི། བདུད་ཀྱི་དཔུང་གི་དགྲ་ཆོམས་ནས་དགྲ་ཉིད་གཉེན་དུ་འཇུག་པ་དང་འདྲའོ། ༈ །སྨྲ་བ་གཏམ་རྒྱུད་མཁན་གྱི་བུ་མོ་གཉིས་ཐབས་ཀྱིས་སྤྲོས་བྲལ་དུ་སྦྱར་བ་ནི། བྱ་བ་མང་ལ་ཟིན་པ་ཉུང་བས་བྱ་བ་ཞོག་ཅེས་ཞོར་ལ་ཤེ་གཅད། །འཛངས་པ་བར་པས་ཡུལ་སྤྲོས་བྲལ་དུ་བཅད་པའི་ངག་དོན་མཉན། །སྔ་ཕྱིའི་རྟོག་པ་སྣ་ཚོགས་ཀྱི་གྲས་ཐག་དུས་དེར་རྒྱུན་འཆད་ལ། །ཡིད་ཀྱི་ཡུལ་དུ་སྣང་བ་རྣམས་རང་སར་ཐབས་དེས་གྲོལ་བར་འགྱུར་རོ། ༈ །ཏིང་ངེ་ལ་འཇུག་པ་སླ་ལ་གཏང་བ་དཀའ་རང་གི་ངོ་བོ་བདེ་ལ་གསལ་ཞིང་མི་རྟོག་པའོ། ༈ །ཉམས་ཀྱི་དོན་གྱི་རྣམ་གྲངས་པྲ་ཁྲིད་ཉམས་རིམ་བཞི་པར་རེ་རེ་ལ་ངོ་བོ་དཔེ་རྟགས་འབྲས་བུ་བཞི་བཞིར་གསལ། ༈ །འཁྲུལ་པའི་རྐྱེན་ཤུགས་ཀྱི་ཚོགས་བདུན་སྐྱེ་ལུགས་གསུམ་དུ་ཤར་བ་དེ་སེམས་ཉིད་ཐིག་ལེ་ཉག་གཅིག་ཏུ་དགྲོལ་ལོ། ༈ །རྟོགས་པའི་ཀ་གདེང་ཆེན་པོ་ཚད་དང་ལྡན་པས་རྟོགས་གྲོལ་ཆིག་ཆོད་དུ་ནར་སོན་པའི་གང་ཟག་ལ། །དུས་༼༠༽གསུམ་༼༠༠༽དགུ་ཕྲུགས་གསུམ་གཅིག་རྫོགས། ༼༠༽ཆེ་ལོང་དང་ཞིབ་༼༠༠༽མོའི་བྱེ་བྲག་གིས། །དུས་ནམ་དུ་ཡང་རྟོགས་པ་རང་གི་སོ་ལས་མི་འདའ་ན། །སེམས་གནས་པའི་ཐབས་དང་ཏིང་ངེའི་སྐྱོན་བཅོས་པའི་ཐབས་ལ་ཆེད་དུ་ཅི་ལ་ཆེ། །སེམས་བསམ་གཏན་ལ་གནས་པས་ལྷག་ལུས་རྡོ་རྗེའི་སྐྱིལ་ཀྲུང་ངག་རྡོ་རྗེའི་བཟླས་པ་སྟེ་ལྷག་པའི་རྟགས་དང་ལྡན་པའི་ལྷའི་བུ་བཞིན་དུ། སྤྲུལ་སྐུ་ལས་ཡང་སྤྲུལ་པའི་གསང་བདག་གི་ཐུགས་ཀྱི་སྲས་ངས་སྐུ་གསུམ་གྱི་དགོངས་པ་ཐུགས་ཀྱི་བཅུད་འཐུངས་པས། མ་ཧེའི་ཞོའི་བཅུད་ཀྱང་རྡོ་རྗེ་བཅུད་དུར་ཆགས་སོ། ༈ །བློ་ཆེ་བ་དེ་ལས་གཞན་དུ་བློ་ཆུང་བས་ཇི་ལྟར་ཡིན་པའི་དོན་ངེས་པར་མཐོང་ཡང་། །འཁྲུལ་པ་ལ་ཐོག་མ་མེད་པ་ནས་གོམས་པའི་བག་ཆགས་སྟུག་པོས་བསྒྲིབས་པ་ལ། ལྟ་བ་མཐོང་བའི་དོན་བློ་ལ་འདྲིས་པས་བག་ཆགས་ཀྱི་རྙོག་གཞི་སྦྱོར་དོན་སངས་པས། གཞི་དོན་གྱི་ཀུན་གཞི་རྣམ་པར་བྱང་བའི་ཡོན་ཏན་ཐམས་ཅད་རྫོགས་པའི་ཕྱིར་སྒོམ་དགོས་སོ། ༈ །དེ་ལྟར་བག་ཆགས་ཀྱི་རྙོག་པ་མེད་པའི་ངང་དུ་འདྲིས་ན། །ངར་འཛིན་༡དང་ཕྱོགས་ཆ༡༽་དང་ཞེན་པ་ནུབ། །བླང་དོར་༡ གྱི་རྩིང་ཆོས་ཀྱི་དྲེགས་པའི་སྤྱོད་པ་དང་བྲལ། །རྟོགས་པའི་གདེང་དང་ལྡན་སྣང་ལ་རང་བཞིན་མེད་པའི་སྒྱུ་མར་སྣང་བའི་ངང་དུ་འདྲིས་པས། །ཐ་སྙད་ལ་བརྗེད་ངས་ཕྱི་ནང་གི་དངོས་པོ་ལ་ཆགས་པ་ཆུང་། །འཁྲུལ་ལ་ཡ་མཚན་༼༡༽སྐྱེ་བས་སེམས་ཅན་ལ་ཐུགས་བརྩེ་༼༠༽བས། །འཁོར་༼༠༽བ་མི་སྤེལ་ཕན་༼༠༽སེམས་ཆེ། །ཕྱི་ལུས་ལ་སྣང་བ་ནང་དབུགས་ལ་སྣང་སྟེ་རང་གིས་མྱོང་བས་དྲོད་༡གཞན་ལ་སྣང་བའི་རྟགས་༡ཉམས་༡ཀྱི་རིམ་༡༡༡པ་རྫོགས་པར། གསང་སྔགས་གཅེས་པའི་མཛོད་མི་ཟད་པས་གཏེར་གྱི་བདག་པོ་ཉིད་ཀྱིས་རྒྱུད་དུ་གསུངས་སོ། ༈ །གནས་ལུགས་མིང་ཙམ་འདི་ཞེས་མཚོན་པར་ནི། རྡོ་རྗེ་སེམས་དཔས་ཡོང་མ་གསུངས། །ཞེས་ནམ་མཁའ་ཆེ་ལས་སོ། །མིང་གིས་མཚོན་པ་ལ་མི་གནས་༼༠༽ཤིང་། །རྟོགས་དོན་དེ་མ་ཡིན་པའི་ལྡོག་པ་ལས་གྲོལ་༼༠༠༽བས། །དགོངས་པའི་ངོ་བོ་རང་གིས་རང་ལ་དྲིས༼༠༠༽། །བརྡ་༼༠༽་དོན་རྒྱུད་པའི་བླ་མ་ཐན་པས་དོན་ཅི་ཞིག་མཚོན་པའི་ཚིག་སྨྲ། །དེ་ལས་གཞན་དུ་ཇི་སྐད་བརྗོད་དང་དོན་དང་མི་འགལ་བར་མཚུངས། །རང་༼༴༽ལ་རང་གིས་ཤོག་ཅིག་བུ་ཞེས་གདམས་སོ། ༈ །དེ་ལྟར་ལེ་ལོ་དང་འཛིན་རྟེན་གྱི་གཡེང་བ་སྤངས་ནས། །དམིགས་པའི་ཡུལ་དུ་མ་གཏད་པའི་ངང་ལ་དུས་རྟག་ཏུ་གནས་ན། །བསྐལ་པ་གྲངས་མེད་པ་ནས་བསགས་པ་ཡི། །སྡིག་པ་དང་སྒྲིབ་པའི་མུན་པའི་བག་ཆགས་ཀྱི་རྙོག་པ་སངས། །རྣམ་བྱང་གི་རྒྱ་མཚོ་དྭངས་པ་ལས། །ཡིད་ལ་བསམས་པ་སྦྱིན་གྱི་ཡོན་ཏན་མི་ཟད་པའི་གཏེར་རང་འཆར་རོ། །བདག་ཉིད་བདེ་བ་ཆེན་པོས་འགྲོ་བ་ཡི། །བདེ་བས་དབུལ་བ་སེལ་བ་ཞར་ལ་འཆར་བ་ནི་འབྲས་འཁར་མ་ལོ་ལེགས་ན་ཕུབ་སོག་ཞོར་ལ་འབྱུང་བའོ། ༈ །ཡོན་ཏན་ལས་གཞན་དུ་མ་བསྒོམས་པའི་སྐྱོན་ཀྱང་ཡོན་ཏན་དེ་ལས་བཟློག་པ་དང་མཚུངས་ཏེ་གོང་དང་སྦྱར་རོ། །ཞེན་དྲུག་གི་སྡུག་བསྔལ་དང་ཐེག་བརྒྱད་ཀྱི་རྩོལ་བའི་ནད་ཀྱིས་གདུངས། །འབྲས་བུ་ནས་སྲན་གྲོ་འབྲས་ཏིལ་ཉུངས་དྲུག་རྩལ་རྫོགས་པར་སྨིན་ཀྱང་མ་བསྡུས་༡པའི་དཔེ་དང་། རྟོགས་ནས་མ་གོམས་པའི་དོན་འདིར་དེ་༡དང་འདྲའོ། །རྒྱལ་པོ་ལ་སྲས་གཅིག་ཡོད་པ་དེ་སྲིན་པོས་བཟུང་ན། རྒྱལ་བུ་ཡིན་ངེས་པར་མཐོང་ཡང་རྒྱལ་པོའི་གདུང་མི་ཟིན་པ་དང་འདྲའོ། །སྐྱོན་དེས་ན་རྟོགས་པའི་ངང་ལ་མ་ཡེངས་པར་གོམས་པ་གཅེས་སོ། ༈ །ཐབས་ཀུན་ཀྱི་རྒྱལ་པོ་སྙན་ཁུང་བརྒྱུད་པའི་གདམས་ངག་རིན་ཆེན་གྱིས། །རྒྱལ་དྭ་བུ་རྒྱལ་སར་བཏོན་པས་རྒྱལ་པོ་ཆེན་པོར་མངོན་སུམ་དུ་གྲུབ་པ་ལྟར་སྦྱར་རོ། ༈ །དྲན་རྟོག་རིག་པའི་རླུང་གིས་གཡེངས་ནས་རྟོགས་པས་འཕྱར་ཏེ་བློ་མི་གནས་ན། །གཡོ་འཛིན་རླུང་གི་མན་ངག་གཟུང་བ་ལ་སོགས་པ་སྦྱིན་ཏེ། ལུས་དང་སེམས་ཀློང་ལ་ཡེ་ཤེས་རླུང་གི་གཟེར་ཆེན་པོ་གདབ། །ཞོར་ལ་འབྱུང་བས་ཐུན་མོང་སྟེ་ཚེ་རིང་བ་ལ་སོགས་པ་དང་མཆོག་གི་དངོས་གྲུབ་རྫོགས་སོ། ༈ །ཁམས་གསུམ་གྱི་དང་པོ་འདོད་པའི་ཁམས་ཀྱི་འདོད་ཆགས་ཀྱི་ཤས་དྲག་བས། མཚན་མ་ཆགས་པའི་སྤྲོས་པ་འཆེལ་ནས་དེ་ལ་ཞེན་ཏེ་མི་གནས་པ་ལ། །བདེ་བ་ཐིག་ལེ་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་བསྟན་ནོ། ༈ །མདོར་ན་ཐབས་གང་ལ་བརྟེན་ནས་སྐྱེས་ཀྱང་ཏིང་འཛིན་གྱི་མཆོག་ཡིན་ཏེ། དབང་ཀློང་ལས། དཔེར་ན་ལྷ་ཡི༴ ཞེས་དྲང་། བརྡ་དང་བྲལ་བའི་རྒྱལ་བུ་རྒྱལ་སར་དབང་བསྐུར་བ་དང་འདྲའོ། ༈ །རྟོགས་པ་དེ་ཡང་དང་པོར་དབང་བསྐུར་བ་ལས་ཤེས། །དེའི་རྟེན༡་ག༡ཞི་༢དཀྱིལ་འཁོར་དང་དམ་༢ཚིག་གཉིས་ལྡན། །དེའི་རྐྱེན་གྱི་རིམ་པ་ཕྲིན་ལས་དང་ལྡན་པར་རྫོགས། །རྒྱན་ལས། དེ་དག་༴ ཅེས་དྲང་རྣམ་རྟོག་རང་གྲོལ་དུ་ཤར་བ་ནི་ལྟ་བ་རྟོགས་པ་སྟེ་དབང་ཐོབ་པའི་ཚད་འཁོར་འདས་རང་དབང་དུ་འདུས་པའོ། །ཉམས་སུ་བླངས་ཤིང་གོམས་པས་འབྲས་བུ་མཐར་ཕྱིན་པར་འགྱུར་རོ། །གནང་བ་དང་བཀག་པ་མེད་པའི་སྤྱོད་པས་ལ་བཟླ་བ་ནི་ལྟ་སྒོམ་གྱི་གྲོགས་པོ། ས་སྦྱངས་པ་དང་ལམ་བགྲོད་མེད་པའི་ས་ལམ་ནི་ཡོན་ཏན་གྱི་གཏེར་རོ། །སེམས་ལས་ལོགས་ནས་ཐོབ་པ་དང་སྒྲིབ་པ་སྤངས་སུ་མེད་པ་འབྲས་བུའི་སེལ་མེད་པས་ཀློང་ངོ་། ༈ །མིང་གིས་ཀློང་དགུ་རུ་བཏགས་པ་ལ་དོན་རང་སྣང་ཉག་གཅིག་ཏུ་རྟོགས་པ་ནི། དཔེར་ན་རིག་གནས་བཟོ༴ གསོ་བ༴ སྒྲ༴ གཏན་ཚིགས༴ ནང་རིག་པ་སྟེ་ལྔ་རྫོགས་པའི་གང་ཟག་ལ། །བཟོ་བོ་དང་སྨན་པ་ལ་སོགས་པའི་མིང་གང་དུ་བཏགས་ཀྱང་ཡོན་ཏན་གྱི་ལྡོག་ཆ་ནས་བརྩིས་པས་ཀུན་ཀྱང་བདེན་པ་བཞིན་ནོ། །གསང་སྔགས་ཀྱི་མཛོད་༡གཏེར་༡གྱི་༢འཛིན་༢བདག་པོས་དེ་ཉིད་དགུ་ལྡན་སེམས་ཀྱི་གཞི། ཞེས་རྒྱུད་དུ་གསུངས་སོ། ༈ །རིན་པོ་ཆེ་གཏེར་གཏད་པ་ལས་རྟོགས་པའི་དོན་ལ་འདྲིས་ཤིང་གོམས་པའི་ཐབས་ཀྱིས་འབྲས་བུ་མཐར་ཕྱིན་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། ༈ །།ཤིང་ཙ་ན་ཀའི་འབྲས་བུ་ལྟར་དུ་རྒྱུ་རྐྱེན་མེད་པར་རང་གསལ་བའི་འབྲས་བུ་ནི། ༈ །རང་གི་ངོ་བོས་མ་ནོར་བར་འཁོར་འདས་ཀྱི་ཆོས་ཀུན་ལ་ཁྱབ་པ་ནི་ངོ་བོ་ཉིད་ཀྱི་སྐུ་ཅན། ༈ །དེ་ཉིད་བླ་མའི་དྲིན་གྱིས་མ་བཅོས་པར་རང་ཉིད་ལམ་གྱིས་མཐར་ཕྱིན་པ་ནི་ཆོས་སྐུ། ༈ འཁོར་འདས་ཀྱི་བདེ་བ་ཐམས་ཅད་རང་རིག་བདེ་བ་ཆེན་པོར་མངོན་སུམ་དུ་མཛད་པས་ནི་ཉིད་ལོངས་སྐུ། དེ་ཉིད་ས་ཐོབ་པའི་བྱང་ཆུབ་སེམས་དཔའི་ངོ་ལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྟར་མཚན་དཔེར་སྣང་བ་ནི་གཞན་ལོངས་སྐུ། ༈ འགྲོ་བ་རིས་དྲུག་དང་སྲིད་པ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ངོ་ལ་དག་མ་དག་སྣ་ཚོགས་སུ་སྣང་ནས་སྦྱོང་བར་མཛད་པ་ནི་སྤྲུལ་སྐུའོ། ༈ །ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་བཞིན་པ་ཉིད་དུ་གནས་པ་དེ་མངོན་དུ་མཛད་པའི་ཕྱིར། རང་སྣང་རིག་པའི་མངོན་སུམ་དུ་སྐུ་བཞི་པོ་རྫོགས་པས་ངོ་བོ་ལ་དབྱེར་མེད་དོ། ༈ །སྒྲིབ་བྱེད་མེད་པས་རང་གསལ་རྣམ་པར་མི་རྟོག་སྣང་བའི་ཡུལ་མེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ༈ ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་འདིར་བཟང་ངན་ཆེ་ཆུང་མེད་པར་མཉམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། ༈ མཚོན་ཚུལ་ནས་མ་འདྲེས་ལ་ཡེ་ཤེས་ཀྱི་ངང་དུ་ཡོངས་སུ་རྫོགས་པས་རྒྱལ་བའི་ཐུགས་ཀུན་གྱི་བདག་ཉིད་ནི་སོ་སོར་རྟོག་པའི་ཡེ་ཤེས། ༈ རྩོལ་བས་མ་བྱས་པར་བདག་གཞན་གྱི་དོན་དུ་བྱ་བ་ཀུན་སྒྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས། ༈ མུ་མཐའི་ཕྱོགས་རིས་ཐམས་ཅད་རང་སར་གྲོལ་ནས་ཐིག་ལེར་རྫོགས་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། ༈ །ཡུལ་མེད་རང་གསལ་ཐིག་ལེ་ཉག་གཅིག་ནི་ཡེ་ཤེས་ཞེས་མིང་དུ་གདགས་པའི་གཞི་ཅན་ཡིན་ནོ། །རང་གསལ་ཡེ་ནས་མ་བཅོས་པ། །དོན་དེ་ཤེས་པས་ཡེ་ཤེས་ཡིན། །ཅེས་སོ། ༈ །ཚོགས་བརྒྱད་ཡུལ་དང་བཅས་པ་ཐམས་ཅད་བྱང་ཆུབ་སེམས་སུ་རྫོགས་པས་ཉན་སྤངས་རང་རྒྱལ་བཀག་སྦྱོང་བ་བྱང་དང་བྲལ་ཏེ། མངོན་སུམ་པར་སངས་རྒྱས་ཏེ་སྤོང་འགེགས་སྦྱོང་བའི་རྩོལ་བ་མེད་པས་བདེ་ཆེན་དེ་ཤིན་ཏུ་རྣལ་འབྱོར་ལ་རྫོགས་པས་མཚན་ཉིད་སྡེ་གསུམ་ལས་ཆེའོ། །ཐིག་ལེ་སྤྲོས་བྲལ་དུ་རོ་གཅིག་པས་རྒྱུ་དབྱིངས་དང་འབྲས་བུ་ཡེ་ཤེས་ཀྱི་མཚན་ཉིད་དང་བྲལ་བས། ཆོས་ཀྱི་དབྱིངས་སུ་སངས་རྒྱས་ཏེ་རྒྱུ་འབྲས་ཀྱི་རྩོལ་བ་མེད་པས་བདེ་ཆེན་དེ་གང་ལས་ཆེ་ན་ཡོངས་སུ་རྣལ་འབྱོར་ལས་རྫོགས་ཆེན་ཆེ་བའོ། ༈ །སྣང་སྟོང་གཉིས་མེད་གཉིས་སུ་མེད་པའང་མིན་ཏེ་དེ་དང་བྲལ་བས། ༈ བདག་ཉིད་ཆེན་པོར་སངས་རྒྱས་པ་སྟེ་ཚུལ་ངན་གྱི་རྩོལ་བ་མེད་པས་བདེ་ཆེན་གང་ལས་ན་རྣལ་འབྱོར་ཆེན་པོ་ལས་ཆེའོ། ༈ །བླང་བ་དང་དོར་བ་དང་ཡིན་མིན་གྱི་ཕྱོགས་ཆ་དང་བྲལ་བས། དོར་བྱ་དེ་ཉིད་བླང་བྱ་དེ་ཡིན་པར་སངས་རྒྱས་པ་ནི་གང་ལས་ཆེ་ན་སེམས་དཔའའི་རྣལ་འབྱོར་ལས་ཆེའོ། ༈ །དེ་དག་ཐམས་ཅད་མིང་དུ་བཏགས་པ་ཙམ་སྟེ་དགོངས་གཞི་རྨོངས་པ་ལ་དོན་མཚོན་པ་ཅན་ཡིན་ཏེ། སངས་རྒྱས་ཞེས་བླ་དྭགས་སུ་བཏགས་པའི་ཐ་སྙད་རང་གྲོལ་བ་ཙམ་ནི་སངས་རྒྱས་མེད་པའི་ཆེ་བའོ། ༈ །རིན་པོ་ཆེ་གཏེར་གཏད་པ་ལས་ངོ་བོ་སྐུ་དགོངས་པ་ཡེ་ཤེས་ཁྱད་པར་དུ་འཕགས་པའི་ཆེ་བ་བསྟན་པའི་ལེའི་སྟེ་ལྔ་པའོ།། ༈ །།རང་ལ་ཡེ་ནས་གནས་པའི་གཏེར་ཆེན་པོ་རང་གིས་རྙེད་པའི་ཐབས་འདི། གདོད་མ་ནས་མ་བྲལ་ཀྱང་ངོ་མ་ཤེས་པ་ལ་ཤེས་བྱེད་ནི། ༈ ཤཱཀྱ་རིགས་ཐུབ་པའི་དབང་པོས་དྲང་དོན་དགོངས་པ་ཅན་གྱི་དྲངས། ༈ །ཉོན་མོངས་པའི་རྒྱུད་དྲག༼༠༽་པ་དང་མོས་པའི་མཐུ་ཞན་༼༡༽པ་དང་། ལས་ངན་ཀྱིས་ཚེ་ཐུང་བ་དང་བཀའ་ཡི་དོན་ལ་རྟོན་པ་དང་། བསྟན་པ་སྙིགས་པ་དང་གྲུབ་མངའ་ངན་པས་བསྒྱུར་བ་དང་དྲུག་གོ། །བྱམས་པ་ལ་སོགས་པའི་གཉེན་༼༠༽པོ་ཕྱོགས་གཅིག་པས་མི་ནོན་ཅིང་སྒྲུབ་པ་ལ་བརྩོན་འགྲུས་ཞན་པ། དེ་དག་མཐོང་ནས་བདེ་བ་ཆེན་པོ་མངོན་སུམ་དུ་རྟོགས་པའི་ཐབས། །སྐུ་གསུང་གྱི་དགོངས་པ་ཐུགས་ཀྱི་བཅུད་ཕྱུང་བ་དེ། འཐུངས་པས་བྱང་ཆུབ་ཀྱི་ཆུ་ཡིས་རྒྱུད་བརླན། །སྨོན་ལམ་བཏབ་པའི་མཐུ་དྲག་པོས་བྱང་ཆུབ་ཀྱི་མྱུ་གུ་སྨིན། ༈ །ཐུགས་རྗེས་གཟུང་བའི་ཡུལ་ངན་པ་འགྲོ་བ་དྲུག་ལ་སེམས་འཕྲོགས་པས། །རང་དང་རིགས་རྒྱུད་མཐུན་པ་འགའ་ལ་ཐུགས་རྗེའི་ཟེར་སྤྲོས་བསམ། །ཐ་སྙད་རྒྱས་པར་ཟེར་བ་སྤངས་ཏེ་དོན་དུ་དྲིལ་ནས། །འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པ་ཉིད་ཀྱི་བུ་ལ་གཏད། ༈ །ཁྱེད་ཀྱིས་རང་དང་རིགས་མཐུན་པའི་སྐལ་བ་དང་ལྡན་པ་འགའ་འགའ་ཙམ་ལ། །རྡོ་རྗེ་སེམས་དཔའི་ནམ་མཁའ་ཆེ། །རང་གྲོལ་བའི་གདམས་ངག་གིས་སྐབས་ཕྱེ་ལ་བརྡ་སྤྲད། བརྡ་དོན་ཐམས་ཅད་ཕྱོགས་རིས་ལས་གྲོལ་བར་རྒྱས་གདབ་ཅིང་། །རྣམ་རྟོག་གི་སྤྲོས་པ་ཐིག་ལེ་དྲུག་གིས་གཅད། །ཆེ་བ་ལྔས་ཁྱད་པར་དུ་སྤགས་ཏེ་དགྲོལ། །རང་གི་གཏེར་ཆེན་པོ་གཏད་དོ་ཀྱེ་ལེགས་པར་ཆོངས་ཤིག ༈ །རིན་པོ་ཆེ་གཏེར་གཏད་པ་མདོར་བསྡུས་པ་སློབ་དཔོན་དགའ་རབ་རྡོ་རྗེའི་ཞལ་སྔ་ནས་མཛད་པ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་སེང་གེའི་འོད་ཅན་དང་། ལོ་ཙཱ་བ་དགེ་སློང་ག་འཇག་སྡང་རྣམ་པར་སྣང་མཛད་ཀྱི་ཞལ་གཟིགས་པས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ༈ །སེའི་བནྡྷེ་འབྱུང་ལྡན་གྱིས་རང་གི་རྣམ་རྟོག་དང་མཐུན་པར་མཆན་བུ་བཏབ་པ། གཞན་ཕན་གྱི་སེམས་ཀྱིས་བྲིས་པས་འགྲོ་བའི་དཔལ་དུ་བསྔོའོ།། །།
རིན་པོ་ཆེ་གཏེར་གཏད་པའི་འགྲེལ་ཆུང་འཕྲུལ་གྱི་མེ་ལོང་གསལ་བར་འབྱེད་པའི་འོད་ཀྱི་ལྡེའུ་མིག །མཁྱེན་བརྩེའི་བློ་གྲོས།
རཏྣཾ ནི དྷི ཉ྄པྲ྅྅྅ ཏྟ སྱ ཀ ཊཱི ཀོ ཛཱ ལི ཀ སྱཱ ད ཪྴཾ བྷེ སྭ རི ཥུ བྷེད སྱོ ལྐ ཡཱ སྐུ ཉྩཱི ཀཾ ན མ བི ཧ ར ཏི སྨ། །
རིན་པོ་ཆེ་གཏེར་གཏད་པའི་འགྲེལ་ཆུང་འཕྲུལ་གྱི་མེ་ལོང་གསལ་བར་འབྱེད་པའི་འོད་ཀྱི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་བྷྱཿ ཡེ་གྲོལ་གདོད་མའི་མགོན་པོ་ཆོས་ཀྱི་སྐུ། །གངས་ཆེན་མཚོ་ལྔའི་བཀོད་པ་ལོངས་སྤྱོད་རྫོགས། །སྟོན་པ་བཅུ་གཉིས་མངོན་རྫོགས་སྤྲུལ་པའི་སྐུ། །ལྷུན་མཉམ་སྐུ་གསུམ་རྒྱལ་བ་ཐོག་མར་མཆོད། །སྐྱེས་བུའི་ཐུགས་ལས་སེམས་དཔའ་རྡོ་རྗེར་སྤྲུལ། །སེམས་ལྷག་མཆོག་སྤྲུལ་དུས་མཐར་ས་ལ་བཀོད། །དགའ་རབ་རྡོ་རྗེ་འཛམ་གླིང་སྒྲོན་མར་ཤར། །དགོངས་བརྒྱུད་སྟོན་པ་རྣམས་ལ་གུས་ཕྱག་འཚལ། །སྙིང་པོའི་མཛོད་འཛིན་འཇམ་དཔལ་བཤེས་གཉེན་དང་། །དཔལ་གྱི་སེང་གེ་མཚོ་སྐྱེས་པདྨའི་ཞལ། །ཛྙཱ་ན་སཱུ་ཏྲ་པཎ་ཆེན་བི་མ་ལ། །བརྡ་བརྒྱུད་རིག་འཛིན་རྣམས་ལ་གུས་ཕྱག་འཚལ། །སྤྲུལ་པའི་ལོ་ཙཱ་བཻ་རོ་ཙ་ན་དང་། །གཡུ་སྒྲ་སྙིང་པོ་ཉང་བན་སྐ་ཅོག་ཞང་། །དམ་པ་ཡབ་སྲས་ཀུན་མཁྱེན་སྔ་ཕྱི་སོགས། །སྙན་བརྒྱུད་གང་ཟག་རྣམས་ལ་གུས་ཕྱག་འཚལ། །ཁྱད་པར་གསང་མཛོད་གཏེར་གྱི་སྒོ་ཕྱེ་ནས། །སྨིན་གྲོལ་གདམས་པས་སྐལ་ལྡན་རྗེས་བཟུང་སྟེ། །སྐྱོང་མཛད་མཁས་གྲུབ་ཡོངས་ཀྱི་རྒྱལ་པོ་ཆེ། །ཀུན་མཁྱེན་དྷརྨཱ་སཱ་རར་གུས་ཕྱག་འཚལ། །སྤྲུལ་པའི་སྐྱེས་བུ་ཐབས་མཁས་ཐུགས་རྗེའི་བདག །ཤེས་བྱ་ཀུན་མཁྱེན་ཟབ་མོའི་ཆོས་ཚུལ་གྱིས། །བདག་རྒྱུད་སྨིན་མཛད་བཀའ་དྲིན་མཚུངས་མེད་རྗེ། །འཁོར་བའི་མགོན་པོ་མཆོག་ལ་གུས་ཕྱག་འཚལ། །ཐེག་རིམ་ཀུན་གྱི་བཀའ་དང་དགོངས་འགྲེལ་སོགས། །འཇུག་ཐབས་ཡོངས་དང་སྨིན་ལམ་དབང་གི་སྒོ། །གྲོལ་བྱེད་ཁྲིད་སོགས་གདམས་པའི་བཅུད་སྩོལ་བའི། །འདྲེན་མཆོག་བླ་མ་རྣམས་ལ་གུས་ཕྱག་འཚལ། །དེ་ལྟར་བརྒྱུད་གསུམ་ནོར་བུའི་ཕྲེང་བ་ལ། །གུས་པས་བཏུད་དེ་སྡེ་གསུམ་ཀློང་དགུའི་བཅུད། །བཀའ་ཡི་ཡང་སྙིང་བྱང་ཆུབ་སེམས་ཀྱི་གཏེར། །མངོན་གསུམ་གཏད་པའི་མན་ངག་འདིར་གསལ་བྱ། །དེ་ལ་རྒྱུད་ཀྱི་དོན་བཀྲོལ་ནས་ལུང་གི་མདོ་བཟུང་། མན་ངག་གི་སྙིང་ཕྱུང་ནས་དགོངས་པའི་ལ་བཟླ། གནས་ལུགས་ཀྱི་དོན་བསྟན་ནས་རིག་པ་གནད་ལ་དབབ། ལུང་རིགས་ཀྱི་བརྡ་གྲོལ་ནས་བྱང་ཆུབ་སེམས་མངོན་སུམ་དུ་སྟོན་པ་རིན་པོ་ཆེ་གཏེར་གཏད་པ་འདི་ཉིད་འཆད་པ་ལ། རིག་འཛིན་ཆེན་པོ་ཤྲཱི་སེདྷས་མཛད་པའི་རིན་པོ་ཆེ་རྒྱན་ལས། མན་ངག་འབྱུང་ཁུངས་ལོ་རྒྱུས་དོན། །འཇུག་སྒོ་ཐེག་པ་ཡོ་གའི་དོན། །རྟེན་གྱི་གང་ཟག་དགོས་པའི་དོན། །དྲིལ་ནས་མཚན་གསོལ་རྩ་བའི་དོན། །དབུ་ཞབས་དཀྱུས་བཤད་ཚིག་གི་དོན། །སྤྱི་དོན་ལྔ་ཡི་བཤད་པ་ཡིན། །ཞེས་གསུངས་པ་ལྟར། སྤྱི་དོན་ཆེན་པོ་ལྔ་ཡི་སྒོ་ནས་བཤད་པ་ལས། དང་པོ་ལོ་རྒྱུས་ཀྱི་དོན་ལའང་། སྐུ་གསུམ་གྱི་བཤད་ལུགས་སྤྱིར་བཤད་པ། བརྒྱུད་པའི་བབ་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། དང་པོར་ཡིད་ཆེས་པ་ཡི་ཁུངས་བསྟན་ཕྱིར། ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པར་བྱ། །ཞེས་གསུངས་པས། འདི་ལ་གསུམ་སྟེ། བཤད་རྒྱུད་ངེས་དོན་མདོ་བཅུ་ལས། ལོ་རྒྱུས་དོན་ལ་རྣམ་གསུམ་སྟེ། །བྱིན་གྱིས་རླབས་ཀྱིས་བཤད་པ་དང་། །རང་གི་ངོ་བོས་བཤད་པ་དང་། །ཚིག་སྡེབ་ལེགས་པས་བཤད་པའོ། །ཞེས་འབྱུང་བས་དང་པོ་ནི། སྟོན་པ་ཀུན་ཏུ་བཟང་པོས་དཔལ་རྡོ་རྗེ་སེམས་དཔའ་ལ་བཤད་པ་སྟེ། དེ་ཉིད་ལས། བྱིན་གྱིས་རླབས་ཀྱི་བཤད་པ་ནི། །རང་བཞིན་ཆོས་ཀྱི་གཞལ་ཡས་ནས། །སྟོན་པ་ཀུན་ཏུ་བཟང་པོ་ཡང་། །མཚན་མའི་སྐུ་གསུང་མི་མངའ་བར། །ཆོས་ཉིད་སྐྱེ་བ་མེད་པ་དེ། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བཟང་ཉིད་དུ་བྱིན་རླབས་ནས། །རྡོ་རྗེ་སེམས་དཔའི་ཐུགས་ལ་བརྒྱུད། །བྱིན་གྱིས་རླབས་ཀྱིས་བཤད་ཅེས་བྱ། །ཞེས་དང་། རྒྱན་ལས། བྱིན་རླབས་ཆོས་སྐུས་དོན་གྱི་གསུང་། །བརྗོད་མེད་དོན་གྱིས་བྱིན་གྱིས་བརླབས། །དོན་གྱི་མི་གཉིས་བརྒྱུད་པ་ཅན། །ཐ་སྙད་བྲལ་བའི་དོན་མཚོན་པ། །མན་ངག་ཚད་མས་རང་མཚན་སྟོན། །རྒྱལ་བ་རིག་འཛིན་གང་ཟག་ཏུའོ། །ཞེས་པ་སྟེ། བརྒྱུད་པ་གསུམ་ལ་སྦྱར་བ་ན། མན་ངག་ཚད་མ་མཚན་ཉིད་དྲུག་དང་ལྡན་པ་ལ་བརྟེན་ནས་བྱིན་ཆོས་ཉིད་རང་ཆས་ལ། རླབས་རྟོག་པ་ཆིག་ཆད་དུ་ཤར་བ་ལ་བྱིན་གྱིས་རླབས་ཀྱི་བཤད་ཅེས་བྱའོ། །གཉིས་པ་ནི། སྟོན་པ་རྡོ་རྗེ་སེམས་དཔས་ཡང་སྤྲུལ་དགའ་རབ་རྡོ་རྗེ་ལ་གསུངས་པ་སྟེ། མདོ་བཅུ་ལས། རང་གི་ངོ་བོས་བཤད་པ་ནི། །སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་ན། །སྟོན་པ་རྡོ་རྗེ་སེམས་དཔའ་ཡང་། །མཚན་མའི་སྐུ་གསུང་མི་མངའ་བར། །ཆོས་ཉིད་སྐྱེ་བ་མེད་པ་དེ། །སྐྱེ་འཇིག་མེད་པའི་ངོ་བོ་དང་། །རྡོ་རྗེ་ང་ཡི་ངོ་བོ་རུ། །སྤྲུལ་པ་གང་ཟག་སྐལ་ལྡན་ལ། །རིག་པའི་འོག་མིན་གནས་སུ་བཤད། །རང་གི་ངོ་བོས་བཤད་ཅེས་བྱ། །ཞེས་དང་། རྒྱན་ལས། ལོངས་སྐུས་དགོངས་པ་བརྡ་སྒོ་ནས། །རང་གི་ངོ་བོས་རང་ཤར་མཚོན། །ངོ་བོས་མི་གཉིས་མ་ནོར་ངེས། །བརྡ་བྲལ་རང་གྲོལ་རང་རིག་ཉམས། །རང་མཚན་ཡུལ་མེད་རང་ཤར་བའོ། །ཞེས་པ་སྟེ། རིག་པའི་འོག་མིན་གནས་སུ་བཤད། །ཅེས་པ་ནི། གནས་མ་ཡིན་ཏེ། རིག་པ་ཕྱི་ནང་མེད་པ་སྤྲོས་མཚན་གང་གིས་ཀྱང་འོག་ཏུ་མ་གྱུར་པར་རྣམ་པར་དག་པའི་ཐུགས་ལ་བརྒྱུད་པའི་བཤད་ལུགས་ཡིན་ཏེ། དབང་གི་ཀློང་ལས། རྣམ་རྟོག་མཚན་མ་ཇི་སྙེད་པ། །ཇི་བཞིན་མི་འགྱུར་དེ་ཉིད་གསལ། །གནས་འགྱུར་རྒྱལ་བའི་ལུང་ཆེན་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེའང་མ་ནོར་ངེས་པའི་སློབ་དཔོན་གྱིས་མན་ངག་གིས། ཡིན་ཐོག་ཏུ་མཚོན། མཚོན་ཐོག་ཏུ་གོ། །གོ་བ་བཞིན་རྟོགས་པས་རང་རིག་པའི་ཚད་མ་ཡུལ་མེད་དུ་ཤར་བའོ། །གསུམ་པ་ནི། སྟོན་པ་དགའ་རབ་རྡོ་རྗེས། འཇམ་དཔལ་བཤེས་གཉེན་ལ་སོགས་པ་ལ་ཚིག་ཉུང་ངུས་དོན་ཀུན་རྫོགས་པར་བཤད་པ་སྟེ། བཤད་རྒྱུད་ལས། ཚིག་སྡེབ་ལེགས་པའི་བཤད་པ་ནི། །འཛམ་གླིང་རྒྱུད་དྲུག་གནས་འདི་ན། །སྤྲུལ་པ་གང་ཟག་སྐལ་ལྡན་དེས། །ཆོས་ཉིད་སྐྱེ་བ་མེད་པ་དེ། །སྐྱེ་བ་མེད་པའི་ཚིག་བརྗོད་པས། །སྐྱེ་བ་མེད་པའི་དོན་རྟགས་སུ། །རིན་ཆེན་གསེར་གྱི་གླེགས་བམ་ལ། །བཻ་ཌཱུར་ཞུན་མའི་རང་ནན་གྱིས། །ཚིག་དང་ཡི་གེར་བྲིས་བསྡེབས་ནས། །ཕྱི་རབས་རྣམས་ཀྱི་བཙས་སུ་བཞག །ཚིག་སྡེབ་ལེགས་པས་བཤད་ཅེས་བྱ། །ཞེས་དང་། རྒྱན་ལས། སྤྲུལ་པའི་དབང་པོས་ཚངས་པའི་དབྱངས། །ཚིག་ཏུ་བསྡེབ་ལེགས་དོན་ཀུན་མཚོན། །བརྒྱུད་པས་བརྡ་སྤྲོད་ཡི་གེར་བཀོད། །སྤྱི་ཙམ་ཡིད་ཆེས་རྫོགས་ལུང་ཡིན། །ཞེས་པ་སྟེ། དེ་གཉིས་ཀྱི་དོན་ལ་ཡིད་ཆེས་ཀྱི་ངེས་པ་རྫོགས་པའི་ཆེད་དུ་བརྗོད་བྱ་རང་མཚན་དང་མཐུན་པར་རྒྱལ་བ་སྐུ་བཞིའི་བཀའ་དྲི་མ་མེད་པའི་སྙིང་པོ་ཚིག་སྡེབ་ལེགས་ཤིང་ཚད་མ་གསུམ་དང་ལྡན་པར་བཤད་པས་ངེས་དོན་ལུང་གི་ཚད་མའོ། །དེའང་སྤྲུལ་པའི་བཀའ་ལྷ་མི་དང་ཉན་ཐོས་ནས་ཨ་ནུའི་བར་གྱི་ཐེག་པ་ཀུན་ཀྱང་མ་འདྲེས་པར་རིམ་གྱིས་མཚོན་པའི་ཆ་ནས་རྫོགས་པ་ཆེན་པོའི་འཇུག་སྒོ་དང་ལམ་སྟེགས་ཡིན་པས་ཀུན་ལ་བཤད་དུ་རུང་ཡང་། དངོས་དོན་ནི། ཡོངས་རྫོགས་ཀྱི་གནས་ལུགས་སྟོན་པ་བྱ་བྲལ་རྫོགས་པའི་ལུང་ཨ་ཏི་ཡོ་ག་ཁོ་ནའོ། །གཉིས་པ་བརྒྱུད་པའི་བབ་ཚུལ་བྱེ་བྲག་ཏུ་བཤད་པ་ནི། རྒྱན་ལས། བྱུང་ཚུལ་ཉི་མའི་སྙིང་པོ་ལས། །འོད་དང་འདྲ་བའི་ཟེར་བྱུང་ལྟར། །ངོ་བོ་ཉིད་ཤར་ཆོས་སྐུ་ཡིས། །བདག་པོའི་རྐྱེན་བྱས་ལོངས་སྐུར་སྣང་། །དེ་ལས་སེམས་དཔའ་རྡོ་རྗེ་འཆང་། །ཡོན་ཏན་མ་འགགས་ཡུལ་ལ་ཤར། །རང་གི་ངོ་བོའི་བྱིན་རླབས་ཀྱིས། །ཤར་བ་ཡང་སྤྲུལ་ཐུགས་སྲས་ཀྱིས། །ཚིག་ཏུ་བསྡེབ་པ་སྦྱར་ལེགས་མཛད། །དེ་ལས་རིག་པ་འཛིན་པ་བཞི། །སྨིན་ནས་དམ་པར་དགེ་སློང་ཆེའི། །ཐུགས་ཀྱི་འོད་ཟེར་བདག་མུན་བསལ། །རྣམ་སྣང་བྱིན་བརླབས་མཐའ་ཡི་མི། །གསལ་མཛེས་རིམ་གཏད་ནན་ཏན་ཆོངས། །དགོངས་པ་རིག་པ་སྙན་དུའོ། །ཞེས་གསུང་པས་མན་ངག་འདི་ཡི་བཀའ་སྲོལ་ལ་གྲགས་པ་ལྟར་འཆད་དེ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་མན་ངག་ངེས་པར་ལུང་བསྟན་པ་ལས། སྣ་ཚོགས་ཐེག་པས་དོན་མཛད་པ། །ཐུན་མོང་ཚར་གཅོད་སྤྱོད་སྒྱུར་སྡུད། །རྫོགས་ནས་སྙིང་པོ་རྣལ་མ་ཉིད། །ཤེས་གནས་མ་བརྩལ་རང་གྲོལ་བའི། །བསྟན་པ་འབྱུང་དུས་གསུམ་གཉིས་ཚེ། །དམ་པ་ཡང་སྤྲུལ་ཡུལ་དང་ཕྲད། །ཅེས་གསུངས་པས་ཚུལ་དེ་ཉིད་བཤད་པ་ལ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་རིག་བརྒྱུད། གང་ཟག་སྙན་བརྒྱུད་དང་གསུམ་ལས། དང་པོ་ལ། དགོངས་པས་བརྒྱུད་དེ་བསྟན་པ་རིན་པོ་ཆེ་ལྷ་གནས་སུ་བྱུང་བ་དང་། དེ་ནས་མི་ཡུལ་དུ་ཇི་ལྟར་བྱུང་ཚུལ་བཤད་པ་གཉིས་ལས། དང་པོ་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་གནས་སུ། རང་བྱུང་གི་སྟོན་པ་དཔལ་ཀུན་ཏུ་བཟང་པོས། རིགས་ཀྱི་སངས་རྒྱས་ལྔ་ལ་སྙིང་པོ་རྣལ་མ་དོན་གྱི་རྒྱུད་སྒྲིབ་མེད་ཟང་ཐལ་དུ་བསྟན་པས་འོད་གསལ་རྫོགས་པ་ཆེན་པོའི་སྐུར་འོད་དུ་འབར་ཏེ། ཇི་སྐད་དུ། བརྒྱུད་པའི་ལུང་བྱང་ལས། སེམས་ཀྱི་སངས་རྒྱས་ཀུན་བཟང་གིས། །ཡང་དག་གདོན་གྱི་འོག་མིན་དུ། །ཀུན་རིག་རྣམ་པར་སྣང་མཛད་ལ། །རང་གསལ་ཉག་གཅིག་བྱིན་རླབས་སྣང་། །མི་བསྐྱོད་རྡོ་རྗེ་སེམས་དཔའ་ལ། །མ་ནོར་རང་སྣང་ཡུལ་མེད་ཤར། །བཤད་པས་མ་རྟོགས་བཞག་པས་རིག །རྒྱལ་བ་དགོངས་པས་བརྒྱུད་དེ་བཞུགས། །ཞེས་པ་ལ་སོགས་པ་ལྟར་ཏེ། དེའང་རྩོལ་བའི་ཐེག་པ་མཐར་ཕྱིན་ཏེ་སྙིང་པོ་རྣལ་མ་འབྱུང་བའི་དུས་ལ་བབ་པ་ན། ཐུགས་རྗེས་བཟུང་བར་བྱ་བ་དོན་ལས་ཤར་བའི་རྒྱལ་པོ་དམ་པ་ཡང་སྤྲུལ་གྱི་ཡུལ་དང་ཕྲད་དེ། མན་ངག་ངེས་པར་ལུང་བསྟན་པ་ལས་གོང་གི་འཕྲོར། སུམ་ཅུ་རྩ་གསུམ་གནས་ཆེན་དུ། །བཟང་སྐྱོང་ལྷ་ཡི་སྲས་ཐུ་བོར། །བཞེས་པའི་སེམས་ལྷག་རྟགས་ཅན་ལ། །མཐངས་སུ་ཡང་སྤྲུལ་རང་གྲོལ་ནས། །དུས་མཐར་སར་གཤེགས་སྒྲོན་མ་མཛད། །སྣང་སྟེ་རང་རིགས་སྟོན་པ་ལ། །བསྙད་པས་བརྒྱ་བྱིན་བཀའ་དྲིན་གྱིས། །ཡེ་ཤེས་ཅན་ལ་གནད་ནས་བསྐུལ། །དགོངས་པ་ཆོས་ཉིད་ནམ་མཁའ་ལ། །ཐུགས་རྗེ་ཡེ་ཤེས་ཉི་ཤར་བགྲོས། །རྒྱབ་ཚབ་མི་བསྐྱོད་རྡོ་རྗེ་ལ། །བཀའ་ཡི་བགྲོ་བ་བསྐུལ་སྦྱར་བས། །རང་བཞིན་མངོན་མཛད་ཡེ་ཤེས་ལས། །ཐུགས་རྗེ་སྤྲུལ་པའི་རྡོ་རྗེ་འཆང་། །སྤྲུལ་པ་ལོངས་སྤྱོད་རྫོགས་པའི་སྐུ། །རྩེ་ལྔ་རྡོ་རྗེ་འཁོར་ལོ་བཅས། །མཁྱེན་པས་བདུད་འཇོམས་རྒྱུད་དུ་གཅོད། །རང་འབར་རྩལ་གྱིས་བསྟན་པ་སྒྲོགས ། །ཞེས་གསུངས་ཏེ། ལྷ་གནས་ཆེན་པོ་སུམ་ཅུ་རྩ་གསུམ་དུ ། ཕྱག་ན་རྡོ་རྗེའི་སྤྲུལ་པ་ལྷ་དེ་ཝ་བཟང་སྐྱོང་ཞེས་བྱ་བ་ལ་སྲས་ལྔ་བརྒྱ་དང་རྩ་གཅིག་མངའ་བའི་ཐུ་བོར་སྐུའི་སྐྱེ་བ་བཞེས་པའི་ཀུན་དགའ་སྙིང་པོ་བྱ་བ་ལུས་རྡོ་རྗེའི་སྐྱིལ་ཀྲུང་དང་ངག་རྡོ་རྗེའི་བཟླས་པ་ལ་དགའ་བའི་རྟགས་དང་ལྡན་པ་ལ། ལྷའི་དབང་པོ་སྤྲུལ་པའི་བརྒྱ་བྱིན་གྱིས་སེམས་ལྷག་ཅན་དུ་མཚན་བཏགས་ཏེ། འདོགས་པའི་རྒྱུ་མཚན། ལྷ་བུ་གཞན་རྣམས་དགའ་བའི་ཚལ་ན་རོལ་མོ་དང་རྩེད་འཇོ་དང་གླུ་དབྱངས་དང་ཚིགས་བཅད་ལ་དགའ་ཞིང་སེམས་ལྷག་ཅན་ནི་བསམ་གཏན་གྱི་ཁང་བུར་གཅིག་པུར་སྡོད་པ་ལ་དགའ་བས་སོ། །ལྷའི་བུ་དམ་པ་དེ་ལ། ཉམས་ཀྱི་རྨི་ལམ་བཞི་བྱུང་སྟེ། ལུང་བྱང་ལས། ཡང་སྤྲུལ་མཐངས་སུ་ཐུབ་དྲུག་ཐིམ། །ཚངས་དང་ཁྱབ་འཇུག་གུ་ལང་ཟོས། །ཉི་ཟླ་ལག་ཐོགས་འཇིག་རྟེན་སྣང་། །མཁའ་སྤྲིན་རིན་ཆེན་མདོག་ལྔ་ལས། །བདུད་རྩིའི་ཆར་བབ་ཆག་བཏབ་སྟེང་། །མཆོད་རྟེན་བང་རིམ་བུམ་པ་འཁྱིལ། །སྲོག་ཤིང་རྡོ་རྗེ་རྩེ་དགུ་པར། །གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི། །ཁ་ལ་བཞུགས་པ་རྣམ་བཞི་སྣང་། །ཞེས་པ་ལྟར། ཐུབ་དྲུག་ཐིམ་པ་ནི་ཡང་སྤྲུལ་སྣང་ནུས་པ་དང་། ལྷ་གསུམ་ཟོས་པ་ནི་དུག་གསུམ་རང་གྲོལ་ནས་བྱང་ཆུབ་ཏུ་རྫོགས་པ་དང་། ཉི་ཟླ་ཐོགས་པ་ནི་འཇིག་རྟེན་གྱི་སྒྲོན་མ་མཛད་པ་དང་། བུམ་པ་འཁྱིལ་བའི་སྟེང་དུ་བཞུགས་པ་ནི་དུས་མཐའི་སྐད་ཅིག་མར་མཐར་ཐུག་གི་སར་གཤེགས་པའི་རྟགས་ཏེ། རང་དང་རིགས་མཐུན་པའི་སྟོན་པ་ལྷའི་དབང་པོ་ལ་བསྙད་པས། དེས་བསྟོད་པ། ཨེ་མ་ཧོ། སྙིང་པོ་རྣལ་མ་འབྱུང་བའི་དུས། །ཡང་སྤྲུལ་སྣང་ནུས་དུས་གསུམ་བྱང་ཆུབ་རྫོགས། །འཇིག་རྟེན་མུན་སེལ་དུས་མཐའི་ས་ནོན་པའི། །ཐུགས་སྲས་འཛམ་གླིང་དཔལ་གྱུར་མཚར་བགྲང་ཨཾ། །ཞེས་གསུངས་ཏེ། གླིང་བཞི་ཚོགས་པར་ཤེས་ནས་ཕྱོགས་བཅུའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཅན་ཐམས་ཅད་ལ། སེམས་ལྷག་ཅན་གྱི་དོན་དུ། གསུང་གི་མངའ་བདག་ཐམས་ཅད་ཀྱིས། །རྩོལ་བའི་ཐེག་པ་མཐར་བཏོན་ནས། །རྩོལ་མེད་ཐེག་པ་མི་གསུང་པ། །ཐུགས་རྗེ་ཆེན་པོ་ཡས་ལམ་ཅི། །ལྐལ་ལྡན་གདུལ་བྱ་མཆིས་པས་ན། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་གནད་ནས་བསྐུལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དགོངས་པ་ཆོས་ཉིད་ཀྱི་ནམ་མཁའ་ལ་ཐུགས་རྗེ་ཡེ་ཤེས་ཀྱི་ཉི་མ་ཤར་ནས་བཀའ་བགྲོས་ཏེ། རྒྱལ་ཚབ་ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་བཀའ་བགྲོས་པའི་གསུང་མཐུན་པར་མགྲིན་གཅིག་ཏུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས། །སངས་རྒྱས་ཀུན་གྱི་མཛད་པར་བཤད། །གསུང་གི་མངའ་བདག་ཐམས་ཅད་ཀྱི། །ཡེ་ཤེས་རང་བཞིན་ཁྱོད་ཡིན་པས། །ཐམས་ཅད་བྱང་ཆུབ་སེམས་སུ་གསལ། །མ་ལུས་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་ཡི་ངོ་བོ་དེ་ལྡན་པས། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །གསུང་གི་མངའ་བདག་ཐམས་ཅད་ཀྱི། །གསུང་གི་བདག་ཉིད་རིག་པའི་གསུང་། །རྨད་བྱུང་རོལ་པའི་གསུང་དུ་ཤར། །ཚིག་གཅིག་དོན་ཀུན་རྫོགས་པའི་བདག །རིན་ཆེན་འཕྲུལ་གྱི་སྙིང་པོའི་སྒོ། །སྐལ་ལྡན་རྣམས་ལ་བསྟན་དུ་གསོལ། །རིན་ཆེན་འཕྲུལ་གྱི་ཐབས་ལྡན་པས། །གང་འདོད་མཐུན་པའི་སྒོ་དེ་ནས། །རྩོལ་མེད་དབྱིག་དང་ཕྲད་པར་གྱིས། །བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །བརྗོད་པའི་ཐ་སྙད་ཀུན་བྲལ་ཡང་། །མ་རྟོགས་བློ་ལ་ཚིག་སྒོ་ནས། །གསུང་གི་སྒྲོན་མས་གསལ་བར་གྱིས། །ཞེས་བསྐུལ་བར་མཛད་དོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེའམ་སེམས་དཔའ་རྡོ་རྗེ་རང་བཞིན་ཡེ་ནས་གནས་པའི་དོན་མངོན་དུ་མཛད་པའི་ཡེ་ཤེས་ཀྱི་ཐུགས་ལ་སྤྲུལ་ཏེ། རིན་པོ་ཆེ་རང་འབར་གྱི་འཁོར་ལོ་ལག་ཏུ་གཏད་དེ། སྤྲུལ་སྐུ་དང་ལོངས་སྐུ་གཉིས་ཀྱི་ཡེ་ཤེས་ཀྱི་མཁྱེན་པས་བར་དུ་གཅོད་པའི་བདུད་འཇོམས་ཤིང་རྒྱུན་དུ་གཅོད་པའི་རྟགས་སུ་ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་དང་། ཉོན་མོངས་པ་རང་ཡེ་ཤེས་སུ་འབར་བའི་རྩལ་གྱིས་བསྟན་པ་ཟབ་མོ་སྒྲོགས་པའི་རྟགས་སུ་གཡོན་ན་འཁོར་ལོ་བསྣམས་པའོ། །དེའང་མན་ངག་ངེས་པར་ལུང་བསྟན་པ་ལས། སྔར་གྱི་འཕྲོར། གཟི་བྱིན་ལས་གྲུབ་གནོད་སྦྱིན་འདུལ། །སྐབས་ཀྱིས་གསང་བདག་བསྐུལ་བ་ལས། །གནོད་འདུལ་གསང་བའི་མངའ་བདག་པོས། །ཞལ་བཞེས་ཕྱོགས་བཞིར་རྒྱལ་བ་ལ། །རྭ་ཆོད་བསལ་ཕྱིར་ཤེས་སྒྲུབ་དོན། །ཐེ་ཚོམ་བཞི་བཅོད་ཕ་ག་ལ། །ཀུན་རིག་ཆོས་སྐུ་ལོངས་སྤྱོད་རྫོགས། །རིག་བདག་རྗེ་བཙན་དམ་པ་དེས། །རྩོལ་བྲལ་ས་ལ་བསྐུལ་བས་བསླང་། །སེམས་དཔའ་གུས་པས་ཞུ་བར་འདུན། །བརྗོད་པར་བྱ་བའི་དོན་ཀློང་དགུ། །དོན་ལས་འཁྲུལ་པ་རྟོགས་གནས་གྲོལ། །རྩ་བ་ལྔ་དྲིལ་མ་འདྲེས་རྫོགས། །གནོད་འདུལ་གསང་སྔགས་མངའ་བདག་དེས། །མཐར་ཐུག་སེམས་དཔའི་མཚམས་སྦྱར་ནས། །དམ་པ་ཡང་སྤྲུལ་དཔའ་བོ་བརླབས། །སུམ་ཅུ་རྩ་གསུམ་བུམ་ཐོག་སྟེང་། །རྒྱལ་ཐབས་རྫོགས་པར་དབང་རྫོགས་མཛད། །བསྟན་པ་ལྷ་གནས་གསུམ་དུ་རྒྱས། །ཞེས་གསུངས་ཏེ། དེ་ནས་སྤྱིར་སྐུའི་གཟི་བྱིན་ལས་གྲུབ་པའི་གསང་བའི་བདག་པོ་གནོད་སྦྱིན་གོས་སྔོན་ཅན་རྣམས་འདུལ་བ་དང་གཉིས་སུ་མེད་ཀྱང་བྱེ་བྲག་ཏུ་རང་བཞིན་མ་བཅོས་པའི་བྱིན་རླབས་ལས་རང་ཤར་བ་ལ། རྡོ་རྗེ་སེམས་དཔའ། གཉིས་མེད་ཡེ་ཤེས་གསང་བའི་དོན། །བྱ་མེད་མི་རྩོལ་ཡེ་སངས་རྒྱས། །དབུ་མ་ཆེད་པོ་དྲང་པོའི་ལམ། །འདུས་པའི་ཚོགས་ལ་བསྟན་པར་གྱིས། །ཞེས་སྙིང་པོ་རྣལ་མ་སྟོན་པའི་གནས་སྐབས་ཀྱིས་བསྐུལ་བ་ལས། གསང་བའི་མངའ་བདག་སེམས་དཔའ་རྡོ་རྗེས། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །བདག་གི་འགྲོལ་བར་ཤིན་ཏུ་དཀའ། །མ་རྟོགས་པ་ལ་ཚིག་སྒོ་ནས། །མཚོན་ནས་རྟོགས་པར་བྱ་བའི་ཕྱིར། །ཅི་རིགས་པར་ནི་རྣམ་པར་འགྲོལ། །ཞེས་ཞལ་གྱིས་བཞེས་ཏེ། རྭ་ཆོད་བསལ་བའི་ཕྱིར། ཤར་ཕྱོགས་རྡོ་རྗེ་རྣམ་པར་གནོད་པའི་ཞིང་ཁམས་ན། དེ་བཞིན་གཤེགས་པ་རྡོ་རྗེ་གསང་བ་ཞེས་བྱ་བ་མི་ཕྱེད་པའི་འཁོར་དང་བཅས་ཏེ་བཞུགས་པ་ལ། སེམས་ཉིད་རྡོ་རྗེ་ལྟ་བུ་ལ། །སྐྱེ་འགག་འབྱུང་བ་ཇི་ལྟར་ལགས། །ཞེས་གསོལ་བས། སེམས་ཉིད་མི་འགྱུར་རྡོ་རྗེ་ལ། །སྐྱེ་དང་འགག་པ་ཡོད་མ་ཡིན། །རྣམ་རྟོག་བློ་ལ་སྐྱེ་འགག་བྱུང་། །ཞེས་བཀའ་སྩལ་ཏོ། །དེ་བཞིན་དུ་ལྷོ་ཕྱོགས་རིན་པོ་ཆེ་སྣང་བ་ན། དེ་བཞིན་གཤེགས་པ་རིན་པོ་ཆེའི་ཞབས་ཞེས་བྱ་བ། རང་འབར་སྣང་བའི་ཁྲི་ལ་བཞུགས་ཏེ། ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཞིང་བཞུགས་པ་ལ། བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །རྒྱུ་རྐྱེན་རྩོལ་བས་མ་བསྒྲུབས་པར། །ཡོན་ཏན་འབྲས་བུ་ཇི་ལྟར་འཆར། །ཞེས་གསོལ་བས། ཀ་ཤ་ཀ་ཡི་རྒྱན་བཞིན་དུ། །རྒྱུ་འབྲས་མཐར་ཕྱིན་གཞི་ནས་རྫོགས། །ཐམས་ཅད་རང་བྱུང་སྙིང་པོའི་མཆོག །གསང་བའི་ཐབས་ཀྱིས་རྟོགས་གྱུར་ན། །ཉི་མའི་འོད་ལྟར་འབྲས་བུ་འཆར། །ཞེས་བཀའ་སྩལ་ཏོ། །ཡང་ནུབ་ཕྱོགས་པདྨ་བརྩེགས་པ་ན། བཅོམ་ལྡན་འདས་པདྨའི་འོད་ཅེས་བྱ་བ། དྲི་མ་མེད་པ་པདྨའི་གདན་ལ་བཞུགས་ཏེ་ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཞིང་བཞུགས་པ་ལ། སེམས་གཉིས་པདྨ་ལྟར་དག་ལ། །གཟུང་འཛིན་དྲི་མ་ཇི་ལྟར་བྱུང་། །ཞེས་གསོལ་བས། པདྨ་འདམ་ན་གནས་བཞིན་དུ། །འདམ་གྱི་སྐྱོན་གྱིས་གོས་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །འཁོར་བའི་རྟོག་པར་མི་འགྱུར་ཏེ། །རྣམ་རྟོག་བློ་ལ་འཁོར་བ་བྱུང་། །ཞེས་བཀའ་སྩལ་ཏོ། །དེ་ནས་བྱང་ཕྱོགས་རྣམ་དག་གྲུབ་པ་ན། དེ་བཞིན་གཤེག་པ་གྲུབ་པར་སྣང་བ་ཞེས་བྱ་བ། རང་བཞིན་སྣང་བའི་གདན་ལ་བཞུགས་ཏེ་ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཞིང་བཞུགས་པ་ལ། བཙལ་མེད་སེམས་ཀྱི་རང་བཞིན་ལ། །འགྲོ་དོན་མཛད་པ་ཇི་ལྟར་འབྱུང་། །ཞེས་གསོལ་བས། རང་བྱུང་ཡེ་ཤེས་རྟོག་གྱུར་ན། །མཛད་པ་བྱིན་གྱིས་རླབས་ལས་འཆར། །ཞེས་བཀའ་སྩལ་ཏོ། །དེ་ལྟར་ཤེས་བྱ་གཞི་དང་བསྒྲུབ་བྱ་འབྲས་བུའི་དོན་ལ། གཞི་སྐྱེ་འགག །འབྲས་བུ་འཆར་ཚུལ། གཟུང་འཛིན་བྱུང་ཚུལ། འགྲོ་དོན་འགྲུབ་ཚུལ་གྱིས་ཐེ་ཚོམ་བཞི་བཅད་དེ། དབྱིངས་ལྷུན་མཉམ་ཡངས་པའི་བདག་ལ་དགོངས་པ་ཆོས་སྐུ་ལས་མཛད་པ་ལོངས་སྐུའི་རྣམ་པར་སྣང་བ་རིགས་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཀུན་གྱི་རྗེ་བཙན་གདོད་མའི་སྤྱི་དཔལ་དམ་པ་དེས། འདུས་པའི་འཁོར་ཚོགས་ཁྱེད་རྣམས་ཀྱིས། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །ཡེ་ཤེས་གསང་བ་རྟོགས་པར་གྱིས། །ཞེས་རྩོལ་བྲལ་གྱི་ས་ལ་བསྐུལ་བས་གླེང་བསླང་བ་ན། གདུལ་བྱའི་སྣང་ངོར་སེམས་དཔའ་རྡོ་རྗེ་སྟན་ལས་ལངས་ཏེ་གུས་པས་ཞུས་པ། ཁྱོད་ནི་གསུང་གི་སེང་གེ་སྟེ། །ཡེ་ཤེས་གསང་བ་མ་རྟོགས་ན། །བིམ་པ་ར་ཡི་འབྲུ་བཞིན་དུ། །སྨིན་ཀྱང་འབྲས་བུ་མི་འབྱུང་བས། །ཡེ་ཤེས་གསང་བ་རྟོགས་པར་གྱིས། །ཐུགས་རྗེའི་མངའ་བདག་ཁྱོད་ཀྱི་བསྟན། །དེ་དག་ངེད་ཀྱིས་མ་རིག་པས། །ཡེ་ཤེས་གསང་བ་བསྟན་དུ་གསོལ། །ཞེས་གསོལ་བ་ལས། བཀའ་སྩལ་པ། སེམས་དཔའ་རྡོ་རྗེ་ད་ཉོན་ཅིག །ཡེ་ཤེས་གསང་བའི་རང་བཞིན་ནི། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ། །མ་རིག་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པ་ལམ་དུ་གཅིག །ཡེ་ཤེས་གསང་བའི་མཚན་ཉིད་ནི། །རང་རིག་འོད་གསལ་རྣམ་པར་དག །རྣམ་རྟོག་ཡེ་ཤེས་ཉིད་དུ་གནས། །གཞིར་ཞག་རང་ལུགས་རིན་ཆེན་མཛོད། །རང་བྱུང་མ་བཙལ་གདོད་ནས་དག །ཡེ་ཤེས་གསང་བའི་རྣམ་པ་ནི། །སྣ་ཚོགས་སྣང་ལ་ངོས་གཟུང་མེད། །མི་དམིགས་སྒྱུ་མ་ལྷུན་གྲུབ་ནི། །རྟག་པར་གསལ་ན་ལྟ་བ་ཡིན། །ཞེས་པ་ལ་སོགས་པ་གསུངས་ཏེ་ཞུས་ལན་འདྲེས་མའི་རྗོད་བྱེད་ཀྱིས། བསྟན་པ་རིན་པོ་ཆེ་ཀློང་ཆེན་པོ་དགུ་ལ་སོགས་པ་དོན་གྱི་གནས་ལུགས་དང་། དེ་ལས་མ་རྟོགས་པར་འཁྲུལ་བ་དང་། ཡང་དག་པར་རྟོགས་པ་དང་། དེ་ལ་གནས་པའི་ཐབས་དང་། མཐར་གྲོལ་བ་འབྲས་བུ་དང་ལྔར་རྩ་བའི་རྒྱུད་དུ་དྲིལ་ནས་བསྟན་པ་སོགས་གཅིག་དང་དུ་མ་ལས་འདས་པའི་ཚུལ་གྱིས་མ་འདྲེས་ཡོངས་སུ་རྫོགས་པར་གསུངས་སོ། །དེས་ན་བཤད་པར་བྱ་བ་རིན་པོ་ཆེ་གཏེར་གཏད་པ་ཉིད་ཀྱང་མན་ངག་གི་རྒྱུད་དུ་གཏོགས་སོ། །དེ་ནས་གནོད་སྦྱིན་འདུལ་བའི་གསང་སྔགས་ཀྱི་མངའ་བདག་དེས། མཐར་ཐུག་སྟོན་པའི་རྒྱུད་རྣམས་སེམས་དཔའ་རྡོ་རྗེའི་ཚིག་གི་མཚམས་སྦྱར་གྱིས་བསྡུས་ནས་གདུལ་བྱ་དམ་པ་ཡང་སྤྲུལ་དཔའ་བོ་བྱིན་གྱིས་བརླབས་པ་ནི། ལྷའི་གནས་སུམ་ཅུ་རྩ་གསུམ་དུ་མཆོད་རྟེན་བུམ་པ་འཁྱིལ་བའི་ཐོག་འཁོར་ལོ་འབར་བའི་ལྟེ་བའི་སྟེང་དུ་འོད་ཟེར་གྱི་ཞགས་པས་དྲངས་ཏེ་བཞག་པ་ལ། རྒྱལ་ཐབས་སྤྱི་བླུགས་ཡོངས་སུ་རྫོགས་པར་དབང་བསྐུར་ནས་རྩོལ་བཅས་དང་རྩོལ་མེད་ཀྱི་དབང་ཀུན་རྫོགས་པར་མཛད་དེ། རྟོགས་གྲོལ་ཆིག་ཆོད་དུ་མཐར་ཐུག་གི་ས་ལ་སྐད་ཅིག་གིས་བཀོད་ནས་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པའི་མངའ་བདག་ཏུ་གྱུར་ཏེ་རྩོལ་མེད་ཀྱི་བསྟན་པ་ལྷ་གནས་འོག་མིན་དང་། དགའ་ལྡན་དང་། སུམ་ཅུ་རྩ་གསུམ་རྣམས་སུ་དར་ཞིང་རྒྱས་པའོ། །གཉིས་པ་བསྟན་པ་རིན་པོ་ཆེ་མི་ཡུལ་དུ་ཇི་ལྟར་བྱུང་བ་ནི། མན་ངག་ངེས་པར་ལུང་བསྟན་པ་ལས། གོང་གི་འཕྲོར། འཛམ་གླིང་སྣོད་ལྡན་བཅུད་བྲལ་བར། །གཟིགས་ནས་གསང་བདག་རྡོ་རྗེ་འཆང་། །ས་པ་སྤྲུལ་པའི་རང་བཞིན་ཅན། །ལྷ་ལས་གྲོལ་བ་དེ་བསྡུས་བཙུད། །འཛམ་གླིང་མཚན་ཅན་གྷོ་མ་ལའི། །ཐུགས་ལས་བཤོས་ནས་སྐུ་ལ་བཞག །དཔའ་བོ་བཞད་མཛད་རྡོ་རྗེ་བལྟམས། །དམ་ཤོད་གླིང་གི་དུར་ཁྲོད་དུ། །དབང་བསྐུར་བསྟན་པ་བཤད་ཚུལ་མཛད། །དུར་ཁྲོད་མ་མོ་གཤིན་རྗེ་ལ། །དམ་བརྩལ་ལས་ལ་བསྒོ་བར་མཛད། །ཨུ་རྒྱན་རྡོ་རྗེ་ཅན་གནས་སུ། །ཀློང་དགུ་བམ་པོ་ཉི་ཁྲི་བསྡུས། །ཞེས་གསུངས་ཏེ། མིའི་ཡུལ་ཤིང་འཛམ་བུ་བརྒྱན་པའི་གླིང་ན་རྣལ་མའི་སྣོད་ཁྱད་པར་ཅན་ཡོད་ཀྱང་བཅུད་ཀྱི་སྟོངས་པར་གཟིགས་ནས་གསང་བདག་ཆེན་པོ་རྡོ་རྗེ་འཆང་གིས་མཐར་ཐུག་གི་ས་པ་སྤྲུལ་པའི་རང་བཞིན་ལྷ་སེམས་ལྷག་ཅན་ལས་གྲོལ་བས་སྙིང་པོའི་སྟོན་པ་དེ་ཉིད་ཡི་གེ་ཧཱུྃ་དུ་བསྡུས་ནས་ཐུགས་ཀར་བཙུད་དེ། འཛམ་བུའི་གླིང་ན་ཨོ་རྒྱན་ཡུལ། །ཡོན་ཏན་ལག་ནས་འཆར་བའི་རིགས། །སྐྱོན་བྲལ་སྒྱུ་སྤངས་པ་ར་ནི། །གཏེར་ཆེན་བདུད་རྩིས་ནད་སྦྱངས་ཤིང་། །ཅེས་གསུངས་ཏེ། བྱའི་རྒྱལ་པོ་ངང་པར་སྤྲུལ་ནས་བབས་ཏེ་ཤིང་མོ་གླང་གི་ལོར་དབྱར་ཟླ་ར་བའི་ཚེས་བརྒྱད་ལ་རྡོ་རྗེའི་གླིང་ཕུག་ན་ལྕམ་མཚན་དང་ལྡན་པ་ལ་གྷོ་མ་ལ་གནས་པ་ཡི་ཐུགས་ཀར་མཆུ་ལན་གསུམ་གཏུགས་ཏེ་ཐུགས་ལས་མཆུ་ཡིས་བཤོས་ནས་ཐུགས་སྲས་སྐུའི་ལྷུམས་སུ་བཞུགས་པས་བདེ་བ་ཆེར་སྐྱེས་སོ། །དེ་ནས་ཟླ་དགུ་ངོ་བཅུ་ན་ཐུགས་ཀ་ནས་རྩོལ་མེད་ཀྱི་ཐེག་པ་སྟོན་པའི་རྟགས་རྡོ་རྗེ་རྩེ་མོ་དགུ་པ་ཞིག་བྱུང་སྟེ། འོད་དུ་ཞུ་བ་ལས། ཁྱེའུ་མཚན་དཔེ་དང་ལྡན་པ་སྐྱེ་ལུགས་གསུམ་པོ་རང་ལྷུན་གྲུབ་གསུམ་དུ་བསྒྲལ་ནས་འཁོར་བའི་གཡུལ་ལས་རྒྱལ་བའི་དཔའ་བོ་ཆེན་པོ། ཕྱག་གཡས་ན་རྡོ་རྗེ་དང་གཡོན་ན་དྲིལ་བུ་བསྣམས་ཤིང་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞལ་འདོན་མཛད་པ་ཞིག་བྱུང་བ་ན། སྔོན་སྟོན་མཆོག་ཤཱཀྱ་ཐུབ་པ་བལྟམས་པའི་དུས་ཀྱི་ལྟས་ལྟར་བྱུང་ནས། ཤཱཀྱའི་རིགས་ཐམས་ཅད་བཞད་པར་མཛད་ཅིང་དགྱེས་པའི་རབ་ཏུ་གྱུར་པས་དགའ་རབ་རྡོ་རྗེ་ཞེས་བྱ་བ་མཚན་དུ་གསོལ་ལོ། །དེ་ནས་ལྷོ་ནུབ་ངམ་ཤོད་གླིང་གི་དུར་ཁྲོད་དུ་གསང་བའི་བདག་པོ་དངོས་སུ་བྱོན་ནས་དབང་བསྐུར་ཞིང་བསྟན་པ་བཤད་ཚུལ་ཙམ་མཛད་དེ་དངོས་སུ་ལྷ་ཡུལ་དུ་གསུངས་པ་ཡིན། དུར་ཁྲོད་ཀྱི་མ་མོ་དང་ལས་ཀྱི་གཤིན་རྗེ་རྣམས་ལ་དམ་ཚིག་རྩལ་ནས་བཀའ་དང་བསྟན་པ་སྲུང་བའི་ལས་ལ་བསྒོ་བར་མཛད་ཅིང་གསང་བའི་གཉེན་གཏད་དེ། གསང་བའི་བདག་པོས་བསྐུལ་བ། རྒྱལ་ཐབས་སྤྱི་བླུགས་རྫོགས་དབང་ཟུང་། །སྤྲོས་པའི་སེམས་ལྡན་དོན་ལ་སྦྱོར། །རང་བཞག་རིག་པ་མ་ཡིན་པར། །བརྡ་སྒོ་རྟོག་པའི་རྗེས་མ་འབྲང་། །ཞེས་གསུངས་སོ། །དེ་ནས་དགའ་རབ་རྡོ་རྗེས། དགའ་རབ་རྡོ་རྗེ་བདག་ཉིད་ཀྱང་། །དེ་ཝ་བཟང་སྐྱོང་བུ་ཐུ་བོ། །ཀུན་དགའ་སྙིང་པོ་བྱ་བ་ཡིན། །ལག་ན་རྡོ་རྗེ་དབང་བསྐུར་ཏེ། །འཛམ་གླིང་ཉིད་དུ་རྒྱལ་ཚབ་བྱའོ། །ཞེས་ཉམས་ཚངས་པའི་མགུར་བཞེངས་ཏེ། །ཨོ་རྒྱན་དྷ་ན་ཀོ་ཥའི་ཡུལ་རྡོ་རྗེ་གླིང་ཕུག་གི་གནས་སུ། བརྗོད་བྱ་ཀློང་ཆེན་པོ་དགུ་རྗོད་བྱེད་དོན་སྡེ་ཚན་དང་ཚིག་ཤྭ་ལོ་ཀ་སུམ་བརྒྱར་བམ་པོ་བྱས་ཏེ་བམ་པོ་ཉི་ཁྲིར་བསྡུས་པ་ལ་སོགས་རྫོགས་པ་ཆེན་པོའི་བཀའ་ཐམས་ཅད་བསྡུ་བར་མཛད་དེ་བཞུགས་སོ། །དེ་ལས་སྤྱི་བླུགས་སྲས་གཅིག་ལ་བརྒྱུད་པ་དང་། གསུམ་ལ་བརྒྱུད་པ་དང་། བདུན་ལ་བརྒྱུད་པ་དང་། ཉི་ཤུ་རྩ་གཅིག་ལ་བརྒྱུད་པ་རྣམས་སུ་གྲགས་པ་ལས། དང་པོ་ནི། འཇམ་དཔལ་བཤེས་གཉེན་ཁོ་ན་ལ་བཤད་པའོ། །གཉིས་པ་ནི། བྲམ་ཟེ་བདེ་མཆོག་སྙིང་པོ། རྒྱལ་པོ་དྷ་ཧེ་ན་ཏ་ལོ། བློན་པོ་གང་བ་བཟང་པོའི་བུ་ཨ་ཙརྱ་ཨ་ལོ་ཀེ་དང་གསུམ་ལ་བཤད་པའོ། །གསུམ་པ་ནི། འཇམ་དཔལ་བཤེས་གཉེན། རྒྱལ་པོ་དྷ་ཧེན་ཏ་ལོ། ཀླུའི་རྒྱལ་པོ་འཇོག་པོ། ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ། ལྷའི་རྒྱལ་པོ་མ་ཧཱ་རཱ་ཛ། ཀླུ་སྒྲུབ་སྙིང་པོ། ཤྲཱི་སིངྷ་དང་བདུན་ལ་བཤད་པ་སྟེ་གཞན་དྲུག་ནི་སྒོམ་ཆེན་དུ་དབང་བསྐུར་ལ་ཤྲཱི་སིངྷ་ནི་རྒྱལ་ཚབ་ཏུ་དབང་བསྐུར་རོ། །བཞི་པ་ནི། འཇམ་དཔལ་བཤེས་གཉེན་ནས། ཤྲཱི་སིངྷའམ། དགེ་སློང་མ་ཀུན་དགའ་མའམ། བི་མ་ལ་ཡན་ཆད་ལ་བཤད་པ་སྟེ། མཁས་པ་གཉེར་གཅིག་པོ་ཀུན་གྱིས་དགའ་རབ་རྡོ་རྗེའི་ཞལ་མཐོང་ཡང་བཞེས་ཚུལ་མི་འདྲ་བ་སྣང་ངོ་། །དེ་བཞི་ལས་ལུགས་འདི་ནི་དང་པོ་ལྟར་ཏེ། གཉིས་པ་རིག་འཛིན་རིག་པས་བརྒྱུད་པ་ནི། མན་ངག་ངེས་པར་ལུང་བསྟན་པ་ལས། གོང་གི་འཕྲོར། ཁོ་བོ་རྗེ་བཙུན་འཇམ་དབྱངས་ཀྱིས། །བྱིན་བརླབས་དབང་བསྐུར་ལུང་བསྟན་ནས། །དམ་པ་དེ་ལ་འདུན་པ་ལས། །ཡེ་ཤེས་རིགས་ཅན་མཁའ་འགྲོ་མས། །བརྡས་བསྐུལ་བྱིན་རླབས་ལྡན་བྱས་ནས། །དམ་པ་ག་ལ་བ་དེར་ཕྱིན། །འདུན་པས་བརྟགས་སྤྱོས་བརྡ་བཀྲོལ་ཏེ། །རྒྱལ་བ་འགྲོ་བ་ཟམ་ཆད་པ། །རྣ་བརྒྱུད་རྡོ་རྗེའི་ཟམ་བཙུགས་ནས། །བོ་ཟོས་ན་ཡང་ལན་གྲངས་འགས། །རང་གྲོལ་བདེ་ཆེན་རང་གཏད་པའོ། །ཞེས་གསུངས་ཏེ། རྒྱ་གར་ཤར་ཕྱོགས་ན་བྲམ་ཟེ་དཔལ་ལྡན་བདེ་སྐྱོང་གི་བུ་སྙིང་པོ་གྲུབ་པ་ཞེས་བྱ་བ་འཕགས་པ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་ཞིག་འཕྲུལ་གྱི་མན་ངག་སྙིང་པོ་རྣལ་མའི་དོན་ལ་མོས་པ་ལ། ལྷག་པའི་ལྷས་ལུང་བསྟན་པ། དབུལ་པོ་རང་གཏེར་རྙེད་འདོད་ན། །རྡོ་རྗེ་གླིང་ཕུག་གནས་རི་ལ། །ཡང་སྤྲུལ་གང་ཟག་ཐུགས་སྲས་ལས། །ལྡེའུ་མིག་ལོང་ལ་རང་གཏེར་ཐོན། །ཞེས་ཐོས་པས། དེར་དགའ་རབ་རྡོ་རྗེ་ཡང་སྤྲུལ་དམ་པ་དེ་ལ་འདུན་པས་ཚོལ་དུ་ཕྱིན་པ་ན། ལྷོ་ནུབ་ངམ་ཤོད་གླིང་དུ། ཡེ་ཤེས་ཀྱི་རིགས་ཅན་ཤྲཱི་ཙ་མུནྡྲི་སོགས་མཁའ་འགྲོ་མ་གསུམ་གྱིས། ཆུ་བོའི་གཞུང་ལ་ཞོན་ནུས་སམ། །དོན་འབིགས་མཚོན་ཆ་འདེབས་སྤྲོའམ། །འཕྲུལ་གྱི་མེ་ལོང་ལྟ་བྱེད་དམ། །ནོར་བུ་རིན་ཆེན་ལོན་ངེས་སམ། །ཞེས་གསུངས་ཏེ། དོན་ནི། སྒོམ་པ་རྒྱུན་ཆད་མེད་པར་ཆུ་བོའི་གཞུང་ལ་ལུང་རིགས་ཀྱིས་ཡིད་ཆེས་པར་བྱས་ནས་ཞོན་པར་ནུས་སམ། རྟོག་པ་དོན་གྱི་གཤིས་ལུགས་གཏན་ཚིགས་ཀྱིས་གཞིགས་ཏེ་མཐར་ཕྱིན་པར་འབིགས་པས་མཚོན་ཆ་འདེབས་པར་སྤྲོའམ། ལྟ་བ་འཕྲུལ་གྱི་མེ་ལོང་དཔེ་ཡིས་མཚོན་ནས་ལྟ་བར་བྱེད་དམ། མན་ངག་ནོར་བུ་རིན་ཆེན་འབྲས་བུར་རང་གསལ་གྱི་དགོས་འདོད་འབྱུང་བར་ལེན་ངེས་སམ། ཞེས་པའི་བརྡས་བསྐུལ་བ་ན། རྡོ་རྗེའི་ཕུག་དྲིལ་བས། ཡིད་ཆེས་བར་གྱིས་ལ་སྒྲོ་འདོགས་ཆོད་དང་། དཔེ་ལས་ཅུང་ཞིག་སྣང་ནས་དགོས་པའི་དོན་འགྲུབ་པར་འགྱུར་རོ། །ཞེས་བརྗོད་དེ་བྱིན་གྱིས་བརླབས་ནས་ལུང་བསྟན་པས་མྱུར་དུ་ཕྱིན་ནོ། །དེ་ཀ་ན་ཤིན་ཏུ་བསྒྲེས་པའི་སྐྱེས་བུ་གཅིག་གཟིམས་ནས་བཞུགས་པ་ལ། དང་བའི་མཐུ་སྐྱེད་དེ་འདོད་ཡོན་མང་པོ་ཕུལ་ནས་མཆོད་པས། ཞལ་ནས། འདོད་ལྡན་མ་ཡིན་གཟུངས་མཛེས་ལ། །བརྟེན་པས་ཚིམ་པ་ཅང་ཡོད་དམ། །སོལ་བའི་ལྗོན་ཤིང་བྱེ་མའི་གསེར། །བརྒྱ་ལ་སྲིད་ཀྱང་ཅང་ཤེས་སམ། །རུསྨེ་ཀི་ཀ་ར། ཞེས་གསུངས་ཏེ། སྔགས་དོན་ནི་ངན་པ་ཡིན་ན་ཁྱོད་ཅི་བྱེད། ཅེས་པའོ། །དེ་ནས་ལུང་བསྟན་བསྙད་པས། སྣོད་བརྟགས་པའི་ཕྱིར་དཔེ་ལ་བརྟེན་པའི་བརྡ་ཡིས་སྤྱོ་བ་གསུམ་མཛད་དེ། དང་པོ་གདམས་ཚུལ་ལ་སྤྱོ་བ། འོ་ན་བྲག་འདིའི་རྩ་བ་ན་ཕུག་གསུམ་ཡོད་པས་དེར་སོང་ལ་གདམས་པར་རིགས་སུ་གསུངས། དེར་ཕྱིན་པ་ན། གཅིག་ན་བྲམ་ཟེ་གཙང་མ་བཅུད་གཡོ་ཞིང་ཟ་བ་ལ་སྟོབས་ཞན་པར་མཐོང་། གཅིག་ན་རྨ་བྱ་དུག་གིས་མཛེས་པར་མཐོང་། སྟེང་ངོས་ཀྱི་བར་ན་དྲང་སྲོང་བཅུད་ལེན་མཁན་ཐམས་ཅད་བཅུད་དུ་ལེན་པ་ཞིག་མཐོང་ནས་སླར་ཕྱིན་པས། དེ་ལ་ཅང་གོའམ་གསུངས། མ་གོ་ལགས་ཞུས་པས། ཨེ་མ་ཧོ། རྨོངས་པ་འདོད་པ་ཅན། བླང་དོར་བྱས་པས་སུ་ཞིག་གྲོལ། །བརྟུལ་ཞུགས་ཅན་ལ་མདོག་སྡུག་ཙམ། །མཁས་པར་བླང་དོར་ཅི་བྱར་ཡོད། །ཅེས་གསུངས་ཏེ། དོན་ནི། རང་གནས་མ་ཤེས་པ་ལ་མཚལ་བས་དབུ་དྲངས་ནས། རྒྱུ་མཚན་ཉིད་པ་ལྟར་དོན་མ་མཐོང་བས་ཞེ་འདོད་ཅན། སྔགས་ཕྱི་པ་ལྟར་མཉམ་པ་ཉིད་ལ་བླང་དོར་གྱི་ཇི་ལྟར་གྲོལ། སྔགས་ནང་པས་བརྟུལ་ཞུགས་ལ་གནས་ཀྱང་མདོག་སྡུག་པ་ཙམ་ཡིན་ན་དོན་ཕྱོགས་མེད་ལ་མཁས་པར་བླང་དོར་གྱི་རྩོལ་བ་ཡོད་དམ། ཞེས་པའོ། །དེ་ནས་བར་པ་སྣོད་བཅུད་ལ་སྦྱོར་བ། ཡང་ཞལ་ནས། འོ་ན་བྲག་འདིའི་རྐེད་པ་ན་ཆུ་ཤིང་གི་སྡོང་པོའི་རྩ་ན་མ་ཧེ་མོ་ཞིག་ཞོ་སྐྱེལ་དུ་འོང་གིས་དེ་ལ་ཞོ་ཞོས་ལ་བུམ་པར་ལུགས་ལ་སྣུམ་ཐོན་ཞིག །བྲག་འདིའི་རྩེ་མོ་ཙ་ན་ཀའི་ཤིང་བུའི་རྩ་བ་ན། ས་ལ་གནས་པ་ལ་དབང་ཆེ་བ་སེང་གེ་དཀར་མོ་ཞིག །གཡུའི་རལ་པ་གསིགས། མཆེ་བ་ནི་གཙིགས། རང་སྐད་འདོན་ཞིང་འོང་གིས་མ་འཇིག་པར་རྩར་ཆོར་ལ། གསེར་གྱི་ཟ་བ་འདིར་ཞོ་ཞོས་ལ་བཅུད་ལོང་ཞིག །གསུངས། དེར་ཕྱིན་པས། དེ་ཀ་ཚུགས་འདུག་ནས་འོ་མ་ཚན་གཉིས་སྣོད་གཉིས་སུ་བླུགས་ནས་བླ་མའི་སྤྱན་སྔར་མཆིས་པ་ན། མ་ཧེའི་ཞོ་སེང་གེའི་ཞོའི་ཟླ་ལ་བླུགས་པས་བཅུད་དུ་གྱུར། དེ་ནི་གོལ་ས་མི་སྤོང་བར་ལ་ཟླ་བའི་དཔེའོ། །གསེར་སྐྱོགས་ཀྱི་ནང་དུ་སེང་གེའི་ཞོ་གཅིག་མ་ཧེའི་ཞོའི་སྟེང་དུ་བླུགས་པས་ཞོ་ངན་དོར་ཏེ་སེར་གེའི་ཞོ་བཅུད་བཟུང་། དེ་ནི་ཤན་འབྱེད་དེ་རང་སར་གཏན་ལ་འབེབས་པའི་དཔེའོ། །རྫའི་བུམ་པར་མ་ཧེའི་ཞོའི་སྟེང་དུ་སེང་གེའི་ཞོ་བླུགས་པས་རྫ་ཆག་ཞོ་བོའོ། །དེ་ནི་སྣོད་ངན་ལ་ཆུད་ཟ་བའི་དཔེའོ། །དེ་ལ་ཅང་གོའམ་གསུངས། ཅང་མ་གོ་ལགས་ཞུས་པས། ཨེ་མ་ཧོ། རྨོངས་པ་ཕྱོགས་འཛིན་ཅན། བཅུད་ལ་ཁྱད་པར་དེ་ཡོད་པས། །སྣོད་ལ་ཁྱད་པར་དེ་ཙམ་གནས། །རིག་པའི་མིག་ཅན་དོན་ལ་རྟོན། །ཞེས་གསུངས། དེ་ནས་ཐ་མ་རྟོགས་ཐབས་ལ་སྤྱོ་བ། ཡང་ཞལ་ནས། །འོ་ན་འདི་ནས་ཤར་ཕྱོགས་བྷ་གྷ་ལ་ན་མཁར་ཆེན་པོ་གཅིག་ལ། ཕྱི་སྒོ་ལྔ། བ ར་སྒོ་གཅིག །ནང་སྒོ་གཅིག །གནས་སྒོ་གཅིག་སྟེ་སྒོ་བརྒྱད་ཡོད། དེའི་ནང་ན་ཕྱི་རུ་ལྟ་ཞིང་ནང་ན་གནས་པའི་རྒྱལ་པོ་གཅིག་ལ། སྒོ་སྲུང་བརྒྱད། སྒོ་གཏན་གསུམ། གནས་འཁོར་ས་དྲུག་ཡོད། རྒྱལ་པོ་དེ་ལ་འཁོར་གྲངས་མེད་པ་ཡོད་པས་ཤིན་ཏུ་དབང་ཆེ། དེས་ནོར་བུ་རིན་པོ་ཆེ་མ་བྲལ་བཞིན་དུ་བརྐྱང་། མི་ནུབ་པའི་རྒྱལ་མཚན་ཆེན་པོ་ནི་མ་བསྐྱེལ་བཞིན་གཅིག་ནས་འགྲོ་བ་ཐམས་ཅད་དབུལ་ཕོངས་པར་བྱེད་དོ། །ད་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་འདི་ན། གདེང་ཆེན་པོ་དང་ལྡན་པའི་སྐྱེས་བུ་གསུམ་གྱིས་དམག་དཔོན་བྱས་ཏེ་སྒོ་བརྒྱད་དང་ལྡན་པའི་ཁྲི་ཆེན་པོ་ནི་བཤམས། རྩེ་གསུམ་མཚོན་ཆ་རང་འོད་འབར་བ་ནི་ཐོགས། གཞན་གྱི་མཚོན་གྱིས་མི་ཕིགས་པའི་གོ་ཆ་སྲ་བ་ནི་གྱོན་ནས། འཁོར་བརྒྱད་ཁྲི་བཞི་སྟོང་དང་བཅས་ཏེ་དམག་འདྲེན་གྱིས། དེར་སོང་ལ་ཕྱི་སྒོ་ལྔ་ལ་དྲངས་ཙ་ན། དབང་པོ་ཡུལ་སྟོན་གྱི་བུ་མོ་ལྔ་ཡོད། འདོད་ཡོན་ལྔ་ཕྱག་ན་བསྣམས། ཤིན་ཏུ་མཛེས་པའི་ཆ་ལུགས་དང་ལྡན་པས། དེ་ལ་སྟོབས་སུ་ཡོད་ཀྱིས་རེ་དོགས་མ་བྱེད་པར་སོང་ཞིག །ཕྱི་སྒོ་ལྔ་ན་སྒོ་སྲུང་ལྔ་ལ་བུ་བཞི་བཞི་ཡོད་པ་ལ་བུ་ཐུ་བོ་ནི་ཨོ་རྒྱན་སྒྱུ་མ་ལས་གྲུབ་པའི་ཡུལ་ན། གདེངས་ཆེན་པོ་མངའ་བའི་སྐྱེས་བུ་རྒྱལ་པོ་ཚུགས་ན་གནས་པ་བྱ་བ་གཅིག་ཡོད། བུ་གཉིས་པ་ནི་བྷ་གྷ་ལའི་གཙང་སྨེ་རེ་དོགས་ཅན་གྱི་ཡུལ་ན། བྲམ་ཟེ་དྲག་པ་ཅན་བྱ་བ་གཅིག་ཡོད ། བུ་གསུམ་པ་ནི། ཉེས་ལེགས་མཛེས་སྡུག་གི་ཡུལ་ཤྲཱི་ལནྡྲ་ན། རིག་བྱེད་བཟོ་མཁན་དཔྱད་པ་བྱ་བ་གཅིག་ཡོད། ཐ་ཆུང་ནི་གཅོད་པ་ཚོགས་འདུས་ཀྱི་ཡུལ་ཝཱ་ར་ཎ་སཱི་ན། གཅོད་མཁན་ཐ་སྙད་འདོགས་པའི་ཞལ་ཆེ་བ་བྱ་བ་གཅིག་ཡོད། དེ་ལ་ཐབས་ཤེས་ན་བུ་ཐུ་བོས་ནུ་བོ་གསུམ་ཟིལ་གྱིས་མནན་ཏེ་བསྒྲལ་ཏུ་བཏུབ་པ་འདི་ལྟ་སྟེ། འུ་ཅག་ཕ་གཅིག་གི་བུ་ལ་ང་རྒྱལ་པོ་ཚུགས་ན་གནས་པ་ལྟར་ཁྱེད་ཀྱང་དེ་བཞིན་དུ་གནས་པར་གྱིས་ཤིག །ཅེས་བསྒོ་ལ། ཇི་ལྟར་བྱ་ཞེ་ན། གཙང་སྨེར་སྤྱོད་པ་དང་བཟོ་དང་ཚོང་གི་བར་ཞོག་ལ་དེ་ལ་མ་གནས་ཤིག །ང་བཞིན་དུ་འགྱུར་རོ། །ཞེས་བྱས་ནས། སྒོ་སྲུང་ནི་རང་བསྒྲལ། སྒོ་གཏན་ནི་རང་བཅག ། འཁོར་ས་ཕྱགས་མས་བཏབ་སྟེ། དེ་ན་ནོར་བུ་རིན་པོ་ཆེ་ཆུ་དྭངས་ཡོད་པས་དེས་དབུལ་བའི་དྲི་མ་སེལ་ནུས་ཏེ། དབུགས་དེ་ཙམ་ཕྱིན་ནས་བཟོ་ལས་བྱས་པའི་རྒྱལ་མཚན་བཙུགས་པར་གྱུར་ཏེ། དེ་ཡིས་ཡུལ་ཁམས་དེ་རྒྱལ་པོའི་རིགས་རྒྱུད་དུ་བསྒྱུར་བས་འབངས་ཀྱི་མིང་ཡང་མེད་དེ། རྒྱལ་པོའི་ཐ་སྙད་ཀྱང་རང་གྲོལ་ལོ། །དེ་ལ་འདི་སྐད་དུ། གནས་ཐབས་སྤྲུལ་པ་བསམ་ཡས་ལས། །མཚན་མ་བཞི་ལྡན་དང་པོས་བསྒྲལ། །སྣང་བ་མི་དགག་ཞན་མི་བྱ། །ངལ་གསོ་ལགས་ཙམ་དམར་ཐག་ཡོད། །ཅེས་བྱའོ། །དེ་ནས་ཡར་ཕྱིན་ནས་ཕྱི་ནང་གི་བར་སྒོ་ན། མ་འོངས་ལུང་སྟོན་གྱི་བུ་མོ་དང་། འདས་པ་གླེང་སློང་གི་བུ་མོ་སྐད་ཚངས་པའི་དབྱངས་ལྟར་སྙན་ལ། གཏམ་རྒྱུད་ཚངས་པ་ཆེན་པོ་ལྟར་མཁས་པ་གཉིས་ཀྱི་ཡིད་ཕྲོགས་བྱ་བ་ཤོར་བར་བྱེད་པ་ཡོད་ཀྱི། དེར་ཞོར་ལ་ཤེ་བཅད། སྒོའི་ནང་ན་སྒོ་སྲུང་བྱ་བ་མང་པོ་བྱ་བ་ཡོད། དེ་ལ་བུ་གསུམ་ཡོད་པས། བུ་ཐུ་བོ་ནི་དོན་མེད་ཐང་ཆད་བྱ་བའི་ཡུལ་ན་བྱས་པ་དོན་མེད་བྱ་བ་ཡོད། ཐ་ཆུང་ནི་ཟིན་མེད་སྒྱིད་ལུག་བྱ་བའི་ཡུལ་ན་བྱེད་པ་ཟིན་མེད་བྱ་བ་ཡོད། བར་པ་ནི་འོད་མའི་ཚལ་གྱི་དགོན་པ་ན་གདེངས་ཆེན་པོ་ལྡན་པའི་སྐྱེས་བུ་འཛངས་པོ་གཟུ་བོར་གནས་པ་བྱ་བ་ཞིག་ཡོད་པས། བུ་ཆེ་ཆུང་བུ་མོ་གཉིས་ཀྱི་གཏམ་རྒྱུད་ལ་མ་མཐུན་ཏེ་རྩོད་པ་བྱུང་བས། བུ་བར་བ་དེས་ཆེ་ཆུང་ཐབས་ཀྱིས་དབང་དུ་བྱས་ཏེ་བསྒྲལ་དུ་བཏུབ་པ་ནི། ལར་གཏམ་རྒྱུད་ལ་དགོས་པ་ཅི་ཡོད། བྱ་བ་མང་ལ་ཟིན་པ་ཉུང་། དོན་ཆུང་ལ་ཉེས་པ་མང་། དེས་ན་འུ་བུ་གསུམ་བདེ་བ་འདོད་པ་ལ་གཅིག་པས། སྡུག་བསྔལ་གྱི་རྒྱུ་བྱ་བ་ཞོག་ལ་དགོན་པར་བདེ་བ་ལ་འདོང་ངོ་། །ཞེས་འདོད་པ་གཅིག་པར་དྲངས་ཏེ་འཛངས་པས་ཞི་དལ་གྱིས་རི་རྒོད་ཀླུངས་སུ་ཕབ་ནས། རྩོད་པ་མེད་པས་གཟུ་བོའི་ཐ་སྙད་ཀྱང་རང་གྲོལ་ལོ། །དེས་སྒོ་སྲུང་བསྒྲལ། སྒོ་གཏན་བཅག ། འཁོར་ས་ཕྱགས་མས་བཏབ་སྟེ། དེ་ན་ནོར་བུ་རིན་པོ་ཆེ་བཀྲ་ཤིས་ཡོད་པས་དེས་བཀྲེས་པའི་དབུལ་བ་སེལ་ཏེ་འབྱུང་ཆེན་གཏོས་ཀྱི་རྒྱལ་མཚན་གཙུགས་པར་གྱུར་ཏོ། །དེ་ལ་འདི་སྐད་དུ། སྨྲ་མཁན་བུ་མོ་ཐབས་ཀྱིས་སྦྱར། །བྱ་མང་ཟིན་ཉུང་ཞོར་ཤེ་བཅད། །འཛངས་པས་གཅད་པའི་ངག་དོན་མཉེན། །རྟོག་པ་གྲས་ཐག་དེར་ཆད་ལ། །སྣང་བ་རང་སར་དེས་གྲོལ་འགྱུར། །ཞེས་བྱའོ། །དེ་ནས་ཡར་ཕྱིན་པས་ནང་དུ་བསྟན་པའི་སྒོ་འགྲམ་ན། རཀྴ་སྟོབས་པོ་ཆེའི་བུ་ལྔ་རྣོ་འཇུག་གི་མཚོན་ཆ་སྣ་ཚོགས་ཐོགས་ནས། དེང་རང་ལ་ཤེད་སྐྱེད་ཅིང་ནུས་པའི་སྟོབས་སྐྱེད་པར་བྱེད་པ་ཡོད་ཀྱི། སྒོའི་ནང་ན་སྒོ་སྲུང་སྡིག་ཅན་སྤྱི་ལ་རང་དུ་དམིགས་བ་བྱ་བ་ཡོད། དེ་ལ་བུ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད། ཐ་ཆུང་ཨོ་རྒྱན་ཐོར་ཅོག་ཅན་འདི་ན་གདེངས་ཆེན་པོ་མངའ་བའི་སྐྱེས་བུ་དཔའ་བོ་གཡུལ་འཇོམས་བྱ་བ་ཞིག་ཡོད་དེ། ཕུ་བོ་རྣམས་ཀྱི་ཡུལ་ནི་ན་རག་གདོང་ཆེན་ན་ཡོད་པ་ལ། ཐབས་ཤེས་ན་ཐ་ཆུང་དེས་ཕུ་བོ་རྣམས་ཟིལ་གྱིས་མནན་ཏེ་བསྒྲལ་བཏུབ་པ་ཡིན་འདི་ལྟར་ཏེ། འུ་ཅག་ཐམས་ཅད་དཔའ་བོ་མཐར་ཐུག་ན་ཀུན་གྱི་སྟོབས་ང་ཉིད་ལ་རྫོགས་པ་ལ། སྲིན་པོས་ཤེད་སྐྱེད་དུ་ཅི་ཡོད། རྣོ་འཇུག་གསོད་པའི་མཚོན་ཆ་ཀུན། །རང་ལ་རང་འཇོམས་མ་བརླག་གམ། །ཡུལ་ངན་པ་དེ་ཞོག་ལ། རིན་པོ་ཆེའི་གླིང་བདེ་བ་ཅན་དུ་འདོང་ངོ་། །ཞེས་བྱས་ཏེ་ཐམས་ཅད་དཔའ་བོར་གྱུར་པ་ལ། མི་མཐུན་པའི་དགྲ་མེད་པས་དཔའ་བོའི་ཐ་སྙད་ཀྱང་རང་གྲོལ་ལོ། །དེས་སྒོ་སྲུང་བསྒྲལ། སྒོ་གཏན་བཅག །འཁོར་ས་ཕྱགས་མས་བཏབ་སྟེ། དེ་ན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ཡོད་པས། དེ་ལས་བདུད་རྩིའི་ཆར་ཕབ་སྟེ་དབུལ་བ་དང་། ནད་དང་། བཀྲ་མི་ཤིས་པ་ཐམས་ཅད་བསལ་ཏེ། མི་ནུབ་པའི་རྒྱལ་མཚན་བཙུགས་པར་གྱུར་ཏོ། །དེ་ལ་འདི་སྐད་དུ། དཔའ་བོ་མཚོན་ཆ་ལྕགས་ཀྱུ་ལྔ། །བདག་གི་ལོངས་སྤྱོད་རང་ལ་བཟློག ། གཟུང་འཛིན་མི་སྤང་རང་ལ་བཟླ། །བདུད་དཔུང་དགྲ་ཆོམས་གཉེན་འཛུགས་འདྲ། །ཞེས་བྱའོ། །དེ་ནས་ཡ་བགྲོད་པ་མེད་པའི་ཚུལ་དུ་ཕྱིན་པས། གནམ་སྒོ་འབྱུང་འཇུག་མེད་པ་ན། ལྟ་བ་ཕྱི་རུ་ལྟ་ལ། གནས་པ་ནང་ན་གནས་པའི་རྒྱལ་པོ་བྱ་བ་བཞུགས་པས། དེའི་སྤྱི་བོའི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསམ་འཕེལ་བྱ་བ་ཡོད་ཀྱིས་དེ་ལོངས་ལ་ཤོག་ཅིག་གསུངས། དེར་ཕྱིན་ནས་བཙལ་བས་ཅི་ཡང་མ་རྙེད་པ་ལ། ད་ཡར་རྙེད་པར་མི་འདུག་པས་སླར་ལྡོག་གམ་བསམ་པ་ལས། ནམ་མཁའ་ནས་ཤྲཱི་ཙ་མུ ནྡྲིས། ཨེ་མ་ཧོ། རྨོངས་པ་སྙིང་རེ་རྗེ། རང་ལ་ཡོད་ནས་གཞན་དུ་ཚོལ། །བཙལ་བས་སྐྱེས་བུ་སུ་ཡིས་རྙེད། །བརྡ་ལ་དོན་ཚོལ་དེ་ཡ་མཚན། །ཞེས་བརྗོད་དེ་ག་ཞ་ཆེན་པོ་བཏབ་པས། སླར་སྤྱན་སྔར་ལོག་གོ། །དེ་ལ་ཅང་གོའམ་གསུངས། མ་གོ་ལགས། ཞུས་པས། དཔེ་ལ་བརྟེན་ནས་དོན་ཅུང་ཟད་ཙམ་དུ་སྣང་བ་ལས། བརྡ་ཇི་བཞིན་དུ་མ་འཕྲོད་ནས། ཡང་བཀའ་སྩལ་པ། ཨེ་མ་ཧོ། རྒྱལ་སྲས་བརྡ་བྲལ་འདི། རྒྱལ་སར་གཏོན་ནས་རང་དབང་བསྐུར། །དབུལ་བོར་རང་གཏེར་ལག་ཏུ་གཏད། །ངེས་པར་བསྟན་གྱི་གུས་པར་ལོངས། །ཞེས་གསུངས་ནས་རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་བསྐུར། བསྟན་པའི་ཀློང་བརྡོལ་ནས། རིན་པོ་ཆེའི་གཏེར་གཏད་དེ། །སྐུ་གསུམ་དགོངས་པ་ཐུགས་ཀྱི་བཅུད། །སོགས་གཏད་རྒྱ་གསུངས་སོ། །དེ་ནས་སྙིང་པོ་གྲུབ་པས། བདག་ནི་བསྐལ་པ་ཐོག་མེད་ནས། །རང་གཏེར་ཡིད་བཞིན་རིན་ཆེན་བྲལ། །དམ་པ་མཆོག་གིས་རང་གཏེར་སྩལ། །དབུལ་སེལ་བདེ་ལྡན་སྐུ་དྲིན་ཆེ། །ཞེས་གཏང་རག་ཕུལ་ནས། གསེར་གྱི་བྲག་ཕུག་ཡུ་བ་ཅན་དུ་མཁའ་འགྲོ་མའི་ལོ་ལྔ་བརྒྱ་རྩ་བཅུར་དགོངས་པ་ལ་བཞུགས་ཏེ། ཡི་དམ་གྱི་ལྷས་ལུང་བསྟན་པའི་མཚན་འཇམ་དཔལ་བཤེས་གཉེན་ནོ། །དེ་ལ་ལྷ་ཡུལ་སུམ་ཅུ་རྩ་གསུམ་དུ་དེ་ཝ་རཱ་ཛ་ཞེས་བྱ་བ་སར་ཆུད་པའི་རིག་འཛིན་གྱི་གོ་འཕང་ལ་གནས་པ་ཞིག་ཡོད་པ་ལ། བསོད་ནམས་ཀྱི་གཡེངས་པས་ཡིད་དབྱུང་ནས་མི་ཡུལ་གྱི་སྙིང་པོ་རྣལ་མ་ཨ་ཏི་ཡོ་ག་ལ་ཐུགས་དགྱེས་ནས། ཤཱཀྱའི་རིགས་དྷརྨ་ཤྲིའི་སྲས་སུ་སྐྱེ་བ་བཞེས་ཏེ། ཨོ་རྒྱན་ཡུལ་དུ་འཇམ་དཔལ་བཤེས་གཉེན་ཆེ་བ་འཛིན་ཅིང་སྤྱོད་པས་འདུལ་ཕྱིར་ཁྱེའུ་ཆུང་ཟུར་ཕུད་ཅན་དུ་བཞུགས་པ་དང་འཕྲད་པས་ལྷ་མིག་གིས་མཁྱེན་ཏེ། འདུན་ཞིང་དང་བས་འདོད་ཡོན་དུ་མས་མཆོད་དེ། ལྷ་གནས་སུམ་ཅུ་རྩ་གསུམ་དུ། །བདུད་རྩི་སྨན་ལས་སར་ཆུད་པས། །སྙིང་པོའི་དོན་ལ་རྩལ་མ་འབྱོངས། །བྱམས་པའི་ཉི་ཤར་ཞགས་པས་ཟུངས། །ཞུས་པས། བསྐལ་པར་སྤྱོད་དཀའི་དྲི་མ་ཅན། །རྣལ་མ་མ་བཅོས་དག་པའི་ཆུས། །རྩོལ་ནད་མིག་ནས་དག་པར་བཀྲུ། །གདོད་སེམས་རང་སོའི་གཉུག་མར་ཞོག །གསེར་གྱི་བྲག་ཕུག་ཏུ། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། གསལ་བྱེད་འབར་བའི་ཀློང་བརྡོལ། རིན་པོ་ཆེའི་གཏེར་གཏད་དེ། བསྐུལ་བ་རྐྱེན་གྱི་མན་ངག །སྒོམ་པའི་ས་མི་རྙེད་ཕྱིར་སྒོམ་པས་རྙེད་པར་མི་འགྱུར་ཏེ། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པའི་ལམ་མཆོག་འདི་སྒོམ་མོ། །འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། །ཞེས་གསུངས་ཏེ་གཏད་དོ། །དེ་ནས་དྷེ་ཝ་རཱ་ཛས། རྩོལ་བས་ཡིད་འབྱུང་རྩོལ་མེད་བཙལ། །གཞན་ནས་རྩོལ་མེད་མ་རྙེད་དེ། །རྩོལ་བཅས་སེམས་ཉིད་རྩོལ་བྲལ་བདེ། །ཨེ་མ་ཧོ་རང་གྲོལ་སྐུ་དྲིན་ཆེ། ཞེས་གཏང་རག་ཕུལ་ནས། ཟ་མ་ཏོག་གི་བསིལ་ཁང་དུ་ལོ་བརྒྱ་རྩ་བདུན་དུ་ངང་ལས་མ་གཡོས་པར་གནས་ཏེ། ལྷས་ཨ་མྲྀ་ཏ་དྷརྨ་རཱ་ཛ་ཞེས་བཏགས་སོ། །དེ་ལ་འོག་མིན་རྒྱ་མཚོའི་གླིང་ཁམས་ནས་ཡང་དག་ཚེ་དབང་ཐོབ་པ་ཀླུའི་རྒྱལ་པོ་དགའ་བོ་དེ། རང་གི་ལས་ལས་གྲུབ་པའི་གདུག་པའི་ནུས་མཐུ་ལ་ཡིད་དབྱུང་ནས། མི་ཡུལ་ན་སྙིང་པོ་རྣལ་མ་གནས་པ་ལ་ཐུགས་དགྱེས་ནས། གདོལ་བའི་རིགས་ཨ་བ་དྷ་མུརྙ་བྱ་བའི་སྲས་སུ་ལུས་བླངས་པས་སྔ་མའི་ལས་ཀྱིས་སྦྲུལ་མགོ་ལྔ་པ་ཞིག་བྱུང་། ཕ་མ་སྐྲག་ནས་དུར་ཁྲོད་དུ་བསྐྱལ་བ་ལ། སུ་ཏྲས་སྐད་ཆེར་ཕུང་སྟེ། བྱོལ་སོང་གདུག་པ་ཀླུ་ལས་ནི། །སྙིང་པོའི་རྟེན་དུ་ལུས་འཕངས་ན། །ལས་ཀྱི་འབྲེལ་བས་ཕ་དང་མ། །སྐལ་བ་མ་གཅད་ཕུང་པོ་སྐྱེད། །ཟེར་བས། བདེན་ནོ་སྙམ་ནས་བླངས་ཏེ་གསོས་པས་མཛེ་ཤུ་སོས་པ་སོགས་ལེགས་པ་ཆེར་བྱུང་བས། མིང་ནཱ་ག་སཾ་ཀྲི་ཏ་བཏགས་སོ། །དེ་ནས་ཟ་མ་ཏོག་གི་བསིལ་ཁང་གི་རྩ་བར་རཱ་ཛ་ཧ་སྟི་ལ་སྨིན་པའི་ལམ་ཞི་ཁྲོ་ཕྱི་ནང་གསང་བའི་དབང་ཐོབ་ནས་སྣོད་དུ་རུང་བ་ལས་བདུད་རྩི་ཆོས་རྒྱལ་དང་མཇལ་བས་ཡིད་བཞིན་ནོར་བུ་ཞིག་ཕུལ་ཏེ། གདུག་པའི་སེམས་ཀྱིས་བྱོལ་སོང་ལུས་སེམས་སྨིན། །བསོད་ནམས་ལས་ཀྱི་ཡོན་ཏན་དཔག་མེད་ཀྱང་། །སྙིང་པོའི་དོན་མེད་སྙིང་པོའི་རྟེན་ལ་འཕངས། །སྙིང་པོའི་དོན་རྩོལ་ཐུགས་རྗེའི་ཞགས་པས་ཟུངས། །ཞུས་པས། གསེར་ཟོར་སེང་གེའི་འོ་མ་ལྟར། །རིགས་ལ་རྒྱུད་གཏད་སྙིང་པོར་སྨིན། །གདུག་སེམས་སྤངས་པའི་སྙིང་པོའི་དོན། །སྤྱན་ལྔས་མ་གཟིགས་དེ་ཉིད་རྟོགས། །ཞེས་གསུངས་ཏེ། བསིལ་ཁང་དུ་རྒྱལ་ཐབས་ཀྱི་དབང་བསྐུར། བསྟན་པའི་ཀློང་བརྡོལ། རིན་པོ་ཆེའི་གཏེར་གཏད་དེ། བསྐུལ་བ། རང་གྲོལ་བརྡ་སྤྲོད་སྐབས་ཕྱེ་ལ། །ཕྱོགས་བྲལ་རྒྱས་གདབ་བརྡ་དོན་བྲལ། །སྤྲོས་བཅད་ཁྱད་པར་འཕགས་པ་ནི། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཞེས་གཏད་དོ། །དེ་ནས་ནཱ་ག་སང་སྐྲྀ་ཏས། །ཆེ་མཆོག་རང་སེམས་རིན་པོ་ཆེ། །གདུག་པའི་འདམ་ཁྲོད་ནང་དུ་འཁྱམས། །གདོད་ནས་མ་བྲལ་ཤུགས་ཀྱི་སྤངས། །གཏེར་ཆེན་རང་གཏད་སྐུ་དྲིན་ཆེ། །ཞེས་རྟོགས་པ་ཕུལ་ཏེ་གངྒ་རྒྱ་མཚོའི་གླིང་དུ་འཁར་ས་བ་ནེའི་ལོ་སྟོང་དུ་བཅུད་ལ་གནས་པས། ལྷས་ནཱ་ག་རཱ་ཛ་གྷུ་ཎ་གརྦ་ཞེས་ལུང་བསྟན་ཅིང་དབང་བསྐུར་བའི་ཡ་མཚན་ནོ། །དེ་ལ་རི་རབ་ཀྱི་བྱང་ཕྱོགས་ན་གནོད་སྦྱིན་གྱི་བུ་མོ་དེ་མ་ཞེས་བྱ་བ། རི་རབ་ཀྱི་ལྕོག་བཞི་ལ་གནས་པའི་ལག་ན་རྡོ་རྗེ་བཞིའི་སྲིང་མོར་གྱུར་པ། ཀྲི་ཡའི་སྒོ་ནས་ཚེ་དབང་རིག་འཛིན་ཐོབ་པ་ཞིག་ཡོད་པ་ལས། རང་གི་ལས་ཀྱིས་གྲུབ་པའི་ནུས་པ་དང་། རྫས་ཀྱི་གཉེར་ལ་གཡེངས་པས་ཡིད་དབྱུང་ནས་མི་ཡུལ་ན་སྙིང་པོ་རྣལ་མ་གནས་པ་ལ་ཐུགས་དགྱེས་ནས། རྒྱ་གར་ཤར་ཕྱོགས་རྒྱལ་པོ་སྲིད་སྲུངས་ཀྱི་སྲས་མོར་ལུས་བླངས་པས། དེ་ལ་སྲས་མི་མངའ་བས་རྫུན་བྱས་ཏེ་སྲས་གཟིགས་སོ། །འདི་ཤིན་ཏུ་དཀོན་པ་ལས་མཐོང་བས་མའི་རྩར་ཡང་མི་གནང་གསུངས་ཏེ་སྦས་ནས་གསོལ་བ་ལས། བྷ་གྷ་ལའི་ལོ་ཉེར་བཞི་བོད་ལོ་བཅུ་གཉིས་ལོན་ནས་རྒྱལ་སར་འདོན་པ་ལ། ལྷས་ལུང་བསྟན་པ། སྙིང་པོའི་དོན་ལ་གནས་སྨིན་ནས། །བཅུ་གཉིས་ལོ་རུ་སྲིད་ཙམ་བཟུང་། །གནོད་སྦྱིན་གྲགས་ལྡན་བུ་ཞོག་ལ། །རང་གི་སྨོན་པ་ད་མཐར་དབྱུང་། །ཞེས་གྲགས་པས་སྔོན་གྱི་སྨོན་པ་དྲན་ནས་མིང་པོ་བཞི་ལ་ནུས་པ་བསྐུལ་བས་གྲགས་ལྡན་གྱི་བུ་གནོད་སྦྱིན་མོ་བྱང་ཆུབ་ཇི་འདྲ་བ་ཞིག་བསྐྱལ་བས། དེ་རྒྱལ་པོ་ལ་གཏད་དེ་སྲིད་བཟུང་བས་མིའི་ཆ་བྱད་མི་འདྲ་ནས་སྤྱུགས་པ་ལས་བོད་ཀྱི་མི་མང་པོ་འཕེལ་བར་ཡང་གྲགས་ལ། དེ་ནས་བྱང་ཆུབ་ཀྱིས། བསམ་གཏན་གྱི་གླིང་ཨོརྒྱན་ཐོར་ཅོག་ཅན་དུ་སྙིང་པོའི་དོན་བརྩལ་བས། རི་མ་ལ་ཡའི་རྩར་སྨད་འཚོང་མ་སངས་རྒྱས་མ་ལ་སྨིན་པའི་ལམ་བླངས། བྷ་གྷ་ལའི་གླིང་ནས་གཏེར་ལོང་ཞེས་ཕྱག་ན་རྡོ་རྗེས་ལུང་བསྟན་པས། དེར་ཕྱིན་ནས་ཀླུའི་རྒྱལ་པོ་དང་མཇལ། སེང་གེའི་ལྟ་སྟངས་ཀྱིས་ཞལ་དུ་བལྟས་ཏེ། ཉོན་མོངས་དབང་ཆེན་གནོད་སྦྱིན་མོ་ལུས་ཐོབ། མོས་པའི་རྩོལ་བ་དྲག་པས་ལྷ་ཞལ་འཁུམས། སྨོན་པའི་མཐུན་འཕངས་བླ་མའི་སྤྱན་སྔར་མཆིས། སྙིང་པོའི་དོན་སྩོལ་ཐུགས་རྗེའི་ལྕགས་ཀྱུས་ཟུང་། ཞེས་ཞུས་ཏེ་ལུས་མཛེས་པ་རཏྣའི་རྒྱན་གྱིས་སྤྲས་པ་ཡོན་དུ་ཕུལ་བས། དད་པས་འཕངས་པའི་ལུས་སེམས་ཅན། །འདོད་པའི་གཏེར་དང་དྲེགས་སེམས་བཏང་། །སྙིང་པའི་དོན་ཚོལ་འབྲེལ་པས་འཕྲད། །གཏེར་ནོར་དྲེགས་སེམས་དེ་ལྟོས་དང་། །ཞེས་གསུངས་ཏེ། གངྒའི་གླིང་དུ། རྒྱལ་པོ་མངོན་གྲུབ་ཀྱི་དབང་བསྐུར། བསྒྱུར་བ་གསུམ་གྱི་མན་ངག་གིས་བདེ་བ་ཐིག་ལེའི་ཀློང་བརྡོལ། རིན་པོ་ཆེའི་གཏེར་གཏད་དེ། བསྐུར་བ། ལུང་བཅུད་རྫོགས་པའི་ཐིག་ལེ་ཅན། །རང་ལུས་རྟོགས་པའི་ཡེ་ཤེས་ཏེ། །དེ་བཞིན་ཡེ་ཤེས་གདགས་གཞི་ཅན། །རྒྱུ་རྐྱེན་བྲལ་བས་དངོས་གྲུབ་མེད། །ཅེས་གཏད་དོ། །དེ་ནས་བྱང་ཆུབ་ཀྱིས། ཨེ་མ་ཧོ། ཐམས་ཅད་མ་ནོར་བས། རྒྱུ་དང་རྩོལ་བས་བཅོས་ཐང་ཆད། །འདོད་གཏེར་དྲེགས་སེམས་ཉིད་མ་ནོར། །བརྡ་བརྟེན་རྒྱུ་གྲོལ་སྐུ་དྲིན་ཆེ། །ཞེས་གཏང་རག་ཕུལ་ཏེ་དོན་གྲུབ་རཏྣའི་ཁང་བུར་ཨོ་རྒྱན་གྱི་ལོ་ལྔས་བཅུད་རྫོགས་སོ། །དེ་དག་ནི་འཆད་པ་པོས་ཚངས་པའི་དབྱངས་ཀྱིས་གསུངས་ཏེ། ཉན་པ་པོའི་ཤེས་རབ་ཀྱི་དབང་པོ་བརྒྱུད་པ་སྤྲུལ་པའི་རིག་འཛིན་ཤ་སྟག་གོ། །དེ་ལ་དགེ་སློང་ཀུ་ཀུ་རཱ་ཛ་ཞེས་བྱ་བ་རྒྱལ་པོ་ཨིནྡྲ་བྷོ་དྷིའི་མཆོད་གནས་མ་ཧཱ་ཡོ་གའི་ཏནྟྲ་སྡེ་བཅོ་བརྒྱད་ལ་མངའ་བརྙེས་པ་ཞིག་བཞུགས་པ་ལ། ལྷག་པའི་ལྷས་ལུང་བསྟན་པ། གནོད་སྦྱིན་ཕྱུག་པོ་རྫས་ལ་སྲིད། །སྒེག་མོ་འདོད་པས་ངོམས་པ་ཉུང་། །ས་གསུམ་སེམས་དཔའ་སྲེད་པའི་ཆོས། །ཕྱོགས་འཛིན་ཐོངས་ལ་སྙིང་པོ་ལོངས། །ཞེས་ཐོས་ནས་རང་གི་ཤེས་རབ་ཀྱི་བསམ་པས་བལྟས་ཏེ། རྡོ་རྗེའི་ཕུག་ཏུ་རུ་དགའ་རབ་རྡོ་རྗེ་ལ་སྙིང་པོའི་དོན་བཞུགས་པར་རིག་གནས། དེར་ཕྱིན་པས། ཕུག་སྒོར་འཇམ་དཔལ་བཤེས་གཉེན་དང་འཇལ་བ་ན། ལོ་རྒྱུས་བསྙད་པས། གཞུ་བཀང་བ་ཡི་མདའ་རྩེ་ནི། །དོན་གྲུབ་རིན་ཆེན་ཁང་བུ་ན། །གནོད་སྦྱིན་རིགས་ཅན་བྱང་ཆུབ་མོ། །འབིགས་པ་མཐར་ཕྱིན་དེར་ལོངས་ཤིག །ཅེས་ལུང་བསྟན། བརྡ་འཕྲད་དེ་དེར་ཕྱིན་ནས། ཀྱེ་ཧོ་རིག་པ་གྲུབ་པ་མོ། །གཉིས་མེད་ཡེ་ཤེས་ལས་གྲོལ་བའི། །ཁྱད་འཕགས་དོན་དེ་གྲུབ་སྲིད་དམ། །མོས་པས་འདུན་གྱིས་ཐུགས་རྗེས་ཟུངས། །ཞུས་པས། ཀུན་མཁྱེན་ཕྱོགས་རིས་ཀུན་གྲོལ་ལ། །དངོས་པོ་སྟོང་པ་གཉིས་མེད་གཉིས། །རྟོགས་ཐབས་ཡིན་ཀྱང་རྒྱ་ཆད་མིན། །གཉིས་མེད་འཛིན་པའི་རིག་པས་ལྟོས། །ཞེས་གནང་སྟེ། རྒྱལ་པོ་མངོན་གྲུབ་ཀྱི་དབང་བསྐུར། བདེ་ཆེན་རིག་པའི་ཐིག་ལེའི་ཀློང་བརྡོལ། རིན་པོ་ཆེའི་གཏེར་གཏད་དེ། རྫོགས་པ་དང་བསྐུལ་བ། གཉིས་མེད་གཉིས་སུ་མེད་མིན་ཞིང་། །དགོངས་པ་མང་བཏགས་ཕྱོགས་མ་ཞན། །རིག་དོན་སོ་ལས་མ་འདས་ན། །གཉིས་མེད་གཉིས་བཅས་རང་བཏང་ཞོག །ཅེས་གཏད་དོ། །དེ་ནས་ཀུ་ཀུ་རཱ་ཛས། ཨེ་མ་ཧོ། རེ་བདེ་རི་ཁྲོད་མ། དཔལ་ལྡན་བཅོས་ལྡན་མས་བདག་བརླབས། །རིགས་དང་མཐུན་པའི་ལས་སྤྱད་པས། །ཆེན་པོ་ལས་འཕགས་དོན་གྲོལ་དྲིན། །ཅེས་གཏང་རག་ཕུལ་ནས། དོན་གྲུབ་རིན་ཆེན་ཁང་བུར་བྷ་གྷ་ལའི་ལོ་བརྒྱ་རྩ་ལྔས་བཅུད་ལ་དབང་ཐོབ་པར་གྱུར་ཏོ། །དེ་ལ་ཡུལ་དྷ་ཧེ་ནའི་འདུ་ཁང་བར་བར་དགེ་སློང་ཤྲཱི་སིངྷ་པྲ་བྷཱུ་ཏ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་ཞལ་གཟིགས་ཤིང་པཎྜི་ཏ་ལྔ་བརྒྱ་ལ་རིག་པའི་གནས་སྦྱོར་བ། དགེ་སློང་མ་ཀུན་དགའ་མ་ལས་རྫོགས་པ་ཆེན་པོའི་བརྡ་ཤས་ཐོབ་པ་ཞིག་བཞུགས་པ་ལ་ཀུ་ཀུ་རཱ་ཛས་སྙིང་པོ་བཞག་པའི་རྟེན་བརྩལ་བས། ཚེ་སྟོད་ལ་ཨོ་རྒྱན་གྱི་རྒྱལ་པོ་དེ་ཝ་རཱ་ཛ་དང་མཇམ་དཔལ་ནས་བཞག་པར་འདོད་ཀྱང་རྒྱལ་རིགས་ཀྱིས་དྲེགས་ནས་གཏད་རྒྱ་མ་རྫོགས། ཚེ་སྨད་ལ་ཤྲཱི་སིངྷ་དང་འཕྲད་པས་སྣོད་ལྡན་དུ་རིག་ནས། ཨེ་མ་ཧོ། སྐྱེས་བུ་སྦྱངས་པ་ཅན། རང་བཞག་དོན་ལ་གནས་འདོད་ན། །རིན་ཆེན་གླིང་ནས་ནོར་བུ་ལོངས། །དབུལ་བ་སེལ་ནུས་འགའ་ཡོད་དམ། །ཞེས་གསུངས་པས། དེ་ལ་སྤྲོ་བ་ཆེར་སྐྱེས་ཏེ་སྒོ་གསུམ་འདུད་པ་དང་བཅས་པས། མ་བསྐུལ་དོན་ལ་རབ་བརྩོན་པའི། །ཐུགས་རྗེའི་མངའ་བདག་དགེ་སློང་ཆེ། །མོས་པས་འདུད་ཅིང་ཞབས་ལ་འཇུ། །ཐུགས་རྗེས་བདེ་ཆེན་སྤྲོ་བར་མཛད། །ཞུས་པས། འདུ་ཁང་བར་མ་རུ་སྒོ་བརྒྱད་དང་ལྡན་པའི་གསལ་བྱེད་ཀྱི་དལ་ལ་བརྟེན་ནས། རྒྱལ་པོ་ཚངས་པའི་དབང་བསྐུར། བསྟན་པའི་ཀློང་བརྡོལ་རིན་པོ་ཆེའི་གཏེར་གཏད་དེ། རྫོགས་པ་ན་བསྐུལ་བ། རང་གསལ་ངང་ལ་ཕྱོགས་མེད་ལྟོས། །མ་ནོར་བཅོས་མེད་རང་སོར་ཞོག །སྒོ་གསུམ་མ་བཅིང་བག་ཡངས་སྤྱོད། །རྒྱན་དང་བཅས་པའི་ལུས་ལ་རྟོན། །ཞེས་གསུངས་ཏེ་གཏད་རྒྱ་མཛད་དོ། །དེ་ནས་ཤྲཱི་སིདྷས། འདོད་བཅས་ལྟ་བ་ཉིད་ཕྱོགས་བྲལ། །གཏད་འཛིན་སྒོམ་པ་མ་གཏད་གསལ། །བླང་དོར་སྤྱོད་པ་བག་ཡངས་བཀྲོལ། །བདག་ཉིད་རྒྱན་བཅས་སྐུ་དྲིན་ཆེ། །ཞེས་གཏང་རག་ཕུལ། དེ་ཉིད་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་ཆོས་གྲྭའི་མཁན་པོ་དང་མན་ངག་གི་བདག་པོ་མཛད་ཅིང་དགོངས་པའི་དོན་བསྐྱངས་སོ། །དེ་དག་ནི་རིག་འཛིན་རིག་པས་བརྒྱུད་པ་སྟེ། ཕྱག་མཚན་འགའ་ཞིག་ན་རྒྱན་གྱི་རིག་འཛིན་བཞི་ཞེས་པའི་ཚིག་ལ་བརྟེན་ནས་ཀུ་ཀུ་རཱ་ཛ་ནས་སྙན་བརྒྱུད་དུ་བཞག་ཀྱང་འདིར་བརྒྱུད་སྲོལ་ཐམས་ཅད་ལ་སྒྲགས་པ་ལྟར་རོ། །གསུམ་པ་གང་ཟག་སྙན་དུ་བརྒྱུད་པའི་ཚུལ་ནི། དེ་ལ་བོད་ཀྱི་དགེ་སློང་གན་ཇག་ཐང་ཏ་ཞེས་བྱ་བ་རུས་པ་གོར་དཔལ་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང་བ་དེས། དཀའ་སླས་ཆེན་པོས་རྒྱ་གར་དུ་ཕྱིན་ཏེ། རིག་འཛིན་ཆེན་པོ་ཤྲཱི་སིངྷ་སོགས་མཁས་པ་ཉེར་གཅིག་གམ་ཉེར་གསུམ་གྱི་ཞལ་མཇལ། ཐུན་མོང་གི་རིག་པ་ནས་སྔགས་ཕྱི་ནང་གསང་བ་མཐའ་དག་རྫོགས་པ་ན། ཤྲཱི་སིངྷ་ལ། མ་སྐྱེས་རྣམ་དག་རྫོགས་པ་ཆེ། །སྤྲོས་བྲལ་ཐིག་ལེ་ཉག་གཅིག་ལ། །བཟང་ངན་མཐོ་དམན་མི་བདོག་ཀྱང་། །ལ་ཟློའི་ཆོས་གཅིག་བསྐུར་ཏེ་ཞུ། །ཞེས་གསོལ་བས། ཆོས་རྣམས་ཟད་པར་སྐྱེལ་བ་ཡི། །རྫོགས་ཆེན་ཐེག་པའི་ཡང་རྩེ་འདི། །ཀུན་དང་ཀུན་གྱི་ཐུན་མོང་མིན། །བློ་རབ་འགའ་ལ་བསྟན་པར་བྱ། །ཞེས་གསུངས་ཏེ། རྫོགས་པ་ཆེན་པོའི་ཆོས་ཀྱི་གསང་མཛོད་སྒོ་ཕྱེས། སྤྱི་བླུགས་ཚངས་པའི་དབང་བསྐུར། སྲུང་བྲལ་རིག་པའི་དམ་ཚིག་ཕོག །གསལ་བྱེད་འབར་བའི་ཀློང་བརྡོལ། རིན་པོ་ཆེའི་གཏེར་གཏད། མན་ངག་གི་གནད་བསྡེབས་ནས་གནང་སྟེ། ཆོས་ཀྱི་དབྱིངས་ལ་ཟད་མེད་ཀྱང་། །དེ་བཞིན་ཉིད་ནི་གཅིག་ཤེས་ན། །མ་ལུས་དེ་ལ་ཡོངས་སུ་རྫོགས། །དེ་ལས་ཡོད་ན་སི་ཏི་ཀན། །ཞེས་གསུངས་ཏེ། བསྐུལ་བ། ཤན་དབྱེ་ལ་བཟླས་རྒྱུ་ཁྲོལ་ལ། །བརྒྱུད་པའི་གདམས་པས་མངོན་སུམ་སྟོན། །དབེན་པར་རང་སེམས་གོམས་པར་གྱིས། །སྨིན་པར་གྱིས་ཤིག་ཀྱེ་ཐུགས་སྲས། །ཞེས་གཏད་རྒྱ་མཛད་དེ། དེ་ནས་བཻ་རོ་ཙ་ན་ནས། སྤྲུལ་པ་གཤེགས་ཤུལ་རྡོ་རྗེ་གདན། །སྙིང་པོའི་དོན་རྫོགས་སྐལ་བཟང་རྗེ། །ངེས་པ་ཡིན་པས་དེས་མངོན་བསྟན། །བདག་རྒྱུད་རང་གྲོལ་སྐུ་དྲིན་ཆེ། ཞེས་རྟོགས་པ་ཕུལ་ཏེ། མ་སྐྱེས་རྡོ་རྗེ་བདེ་བའི་སྐུ། །བཞི་བཅུ་རྩ་བདུན་ཟབ་མོའི་གསུང་། །གཉིས་མེད་ཡེ་ཤེས་ནམ་མཁའི་ཐུགས། །ཤྲཱི་སིངྷའི་སྐུ་གསུང་ཐུགས་ལ་བསྟོད། །ཅེས་གཏང་རག་གི་བསྟོད་པ་མཛད་དོ། །དེ་ནས་བོད་ཡུལ་དུ་བྱོན་ནས། མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རྫོགས་པ་ཆེན་པོའི་གདམས་ངག་ཟབ་མོ་ཕོག་ནས་བོད་ཀྱི་རྒྱལ་ཁམས་དཀར་པོར་བསྒྱུར་ཀྱང་། བློན་པོ་གདུག་པ་ཆེ། བཙན་མོ་དམ་ལས་འདས་ཏེ། གདམས་ངག་མཐར་མ་ཕྱིན་པར་སྐུ་ཚེའི་སྨད་ལ་རྒྱལ་མོ་ཚ་བ་རོང་དུ་བྱོན་ནོ། །རོང་ནག་པོའི་ཡུལ་དུ་སློབ་མའི་མཆོག་གསུམ་ལ་རིམ་པ་གསུམ་དུ་བརྒྱུད་པ་ལས། རྒྱལ་རོང་བྲག་ལྷ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ་ཞེས་བྱ་བ་ལོ་བཅུ་གསུམ་པ་ལ་སྒྲ་བསྒྱུར་རྫོགས་པར་བསླབ་པ་ནས། ཐེག་པའི་རུ་ཤན་ཕྱེད་པ་ན། སྐལ་ལྡན་དུ་གཟིགས་ཏེ། སྙིང་པོ་རྣལ་མ་དོན་གྱི་རྒྱུད། རང་ལ་ཤར་བས་རྩོལ་བ་སྤངས། །ངེས་པར་རྟོགས་ན་ཉག་གཅིག་སྟེ། །ཤེས་པ་ཐག་ཆོད་ལུང་བཞིན་གཉེར། །ཞེས་གསུངས་པས་གཡུ་སྒྲ་མཁས་པས་ཅུང་ཟད་རྟོགས་ཏེ། སང་སྐྲྀ་ཏ་ཡི་སྒྲ་གོམས་ཏེ། །རིག་པའི་སྟེང་དུ་ཡིད་མ་ཆེས། །ཐ་སྙད་ཚིག་ལ་མ་བརྟེན་པའི། །བརྒྱུད་པའི་དོན་འདི་བརྡ་བགྲོལ་འཚལ། །ཞུས་པས། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དྲུག་ལ་སོགས་པ་རྫོགས་པ་ཆེན་པོ་སྙིང་པོ་རྣལ་མའི་མཛོད་ཀྱི་སྒོ་ཕྱེས། སྤྱི་བླུགས་ཚངས་པའི་དབང་བསྐུར། གསལ་བྱེད་འབར་བའི་ཀློང་བརྡོལ། རིན་པོ་ཆེའི་གཏེར་གཏད། དོན་ཐུགས་ལ་དྲིལ་ནས་བརྡར་བསྟན་ཏེ། རྟོགས་ཚད་མཐར་ཕྱིན་པ་ན་བསྐུར་བ། བྱང་སེམས་རང་བྱུང་ཀུན་དངོས་ཅན། །རྒྱལ་པོ་མངོན་སུམ་གྲུབ་པ་ཡི། །རྟོགས་སོ་མ་འདས་འདྲིས་པར་བྱ། །ཤུགས་ལ་སྐལ་ལྡན་སྨིན་པར་གྱིས། །ཞེས་གསུངས་ཏེ་གཏད་རྒྱ་མཛད་དོ། །དེ་ནས་གཡུ་སྒྲ་སྙིང་པོས། སྒྲ་བཤད་དོན་མཚོན་དེ་དཔྱད་ཀྱིས། །བརྡ་བྲལ་རང་གྲོལ་ཡོངས་མ་དཔྱད། །བསྐལ་བར་འཐིམས་པའི་མུན་ནག་ཚོགས། །ཡུད་ལ་གསལ་མཛད་སྐུ་དྲིན་ཆེ། །ཞེས་རྟོགས་པ་ཕུལ་ཏེ། རྒྱལ་མོ་ཚ་བ་རྟག་རོང་གི་དབེན་པར་ལོ་ལྔ་ཡིས་ཕུར་པ་ཐེབས་པས། རྒྱལ་ཚབ་ཏུ་དབང་བསྐུར་ནས་བཻ་རོའི་བཀའ་བཞིན་བོད་ཡུལ་དབུས་སུ་ཡར་གཤེགས་པས་པཎ་ཆེན་བི་མ་ལ་མི་ཏྲ་དང་། ཞལ་མཇལ་ཏེ་རྫུ་འཕྲུལ་འགྲན་པ་དང་མན་ངག་གི་བཀའ་བསྡུར་བས་འདབ་ཆགས་མ་བུ་བསྡེབས་པ་བཞིན་བྱུང་ནས་བོད་རྣམས་ཡིད་ཆེས་ཏེ་བཻ་རོ་ཙ་ན་ལ་ཡང་དག་བཅུ་གཅིག་གིས་བསྟོད་དོ། །དེ་ནས་གཡུ་སྒྲས་གཉགས་ཛྙཱ་ན་ཀུ་མཱ་ར་ལ་སྔ་འགྱུར་ལྔ་ལ་སོགས་པ་གསུངས། བླ་མ་གསལ་རབ་ཆེན་པོ་ལ་སེམས་ཕྱོགས་ཁམས་ལུགས་སུ་གྲགས་པའི་བརྒྱུད་སྲོལ་ཐམས་ཅད་གནང་། བཻ་རོའི་ཞལ་སློབ་སེམྃས་ཕྱོགས་ཀྱི་བརྒྱུད་པ་ཐ་མའི་བདག་པོ་ལྷོ་བྲག་པ་སངས་རྒྱས་མགོན་པོ་ལ་གདམས་ངག་གི་འཕྲོས་གཏད་རྒྱ་གསུམ་པའི་ལུགས་ཚངས་པར་བསྟན། དབུས་པ་རྒྱ་བློ་གྲོས་གཞོན་ནུ་ལ་རྒྱུད་སྡེ་ཉེར་ལྔ་ཕྲ་མོ་དང་བཅས་པ་གཏད་དེ། དེ་གཉིས་བཻ་རོས་ལུང་བསྟན་པའང་ཡིན་ཏེ། ལས་ཅན་པྃ་དང་རྒྱ་གཉིས་བྱུང་། །བཀའ་བཞིན་ལེགས་པར་སྨིན་པར་བྱས། །ཞེས་གསུངས། རོང་དུ་གཤེགས་ཁར་དབས་སྒོམ་རྡོ་རྗེ་རྒྱལ་མཚན་ལ་རྒྱལ་ཐབས་ཀྱི་དབང་དང་མན་ངག་གི་གཟེར་བུ་ཐམས་ཅད་རྫོགས་པར་གནང་ངོ་། །དེ་ལྟར་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་ནས་བརྒྱུད་པའི་བཀའ་སྲོལ་ཐམས་ཅད། སྤྱིར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་དང་པོ་གཉགས་ལ་བབ། བར་དུ་གནུབས་ལ་བབ། ཐ་མ་ཟུར་ལ་བབ་པ་དང་། ཁྱད་པར་ཁམས་ལུགས་ནི་བྱང་སྟོན་རྣམ་དག་ནས་བརྒྱུད་ཅིང་། སེམས་ཕྱོགས་བརྒྱུད་པ་ཐ་མ་ནི་པྃ་སངས་རྒྱས་མགོན་པོ་ནས་གསང་བདག་ཆེན་པོ་སྒྲོ་ཕུག་པ་ལ་བརྒྱུད་པ་དང་། གཞན་ཡང་སྤམ་མི་ཕམ་མགོན་པོ་ལ་གཏད་པའི་སྙན་བརྒྱུད་རྡོ་རྗེ་ཟམ་པ་སོགས་ཀུན་འདུས་ཡོངས་རྫོགས་ཀྱི་ཚུལ་དུ་ཀུན་མཁྱེན་བླ་མ་ཀཿཐོག་པ་ཆེན་པོ་ཤར་པ་ཤེས་རབ་སེང་གེ་ཞེས་བྱ་བ་རྗེ་བཙུན་འཇམ་པའི་དབྱངས་མི་གཟུགས་སུ་ཤར་བ་དེ་ལ་བཀའ་བབས་པར་གྱུར་ཏོ། །ཡང་སྐོར་ཐུང་ཤེས་རབ་ཡེ་ཤེས་ཀྱིས་སུ་ལེགས་པའི་སྒྲོན་མའི་སྲས་གཞོན་ནུ་སྙིང་པོ་དང་། སོ་ཡེ་ཤེས་དབང་ཕྱུག་གི་སྲས་གསུམ་དང་ཁྱད་པར་དུ་སྲས་ཆེ་བ་སྐལ་པོ་ལ་ཞུས་པ་ལས་སྐོར་ལུགས་པ་ཞེས་སུ་གྱེས་ཀྱང་ཚིག་གི་བརྒྱུད་པ་ལས་སྒོམ་པའི་དོན་རྒྱུད་མེད་པར་ཡང་གྲགས་མོད། དོན་དུ་སྔ་འགྱུར་ལྔ་ལ་ཤིན་ཏུ་མཁས་པ་ཞིག་བྱོན་པས། བརྒྱུད་ཚུལ་དེའང་ཟུར་གྱི་བརྒྱུད་པ་འདི་ལ་འདུས་པར་མངོན་ནོ། །དེ་དག་ལས་མན་ངག་གི་རྒྱལ་པོ་གཏེར་པ་གཏད་འདིར་འདིའང་གདན་ལ་ས་ཆེན་པོའི་མཁས་གྲུབ་འོད་གསལ་གྱི་སྐུ་ཅན་གོང་མ་རྣམས་ནས་དཔལ་ཡུལ་རིག་འཛིན་ཆེན་པོའི་བར་དམ་པ་རྣམས་ཀྱི་སྤྱོད་ཡུལ་དུ་བཞུགས་པ་ཀུན་འདུས་རིག་པའི་སྒྲོན་མེ་དང་སངས་རྒྱས་ལག་འཆང་གི་ཟབ་ཁྲིད་སོགས་ཀྱིས་གསལ་ཡང་། ད་ལྟའི་ཕྱག་དཔེ་འདི་ནི་བདག་ཅག་གི་བླ་མ་དམ་པ་བཀའ་དྲིན་མཚུངས་མེད་སྐྱབས་རྗེ་ཐམས་ཅད་མཁྱེན་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ཨོ་རྒྱན་བསྟན་འཛིན་རྒྱལ་མཚན་བྱམས་པ་འོད་ཟེར་དཔལ་བཟང་པོ་གང་གིས་ལྷོ་བྲག་ཉི་ལྡེའི་དགེ་འཕེལ་གྱི་གཙུག་ལག་ཁང་ནས་དཔེ་གཏེར་གྱི་ཚུལ་དུ་སྤྱན་དྲངས་པ་སྟེ། རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། ཤར་ཀཿ ཐོག་གི་བསྟན་པ་བག་ལ་ཞ། དེ་གསལ་བྱེད་དྷཱརྨའི་མིང་ཅན་འབྱུང་། ཞེས་དང་། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་གསང་བའི་ལུང་བསྟན་ལས། ཀཿཐོག་པ་ཡི་བསྟན་པ་ལ༔ སྤྱན་རས་གཟིགས་ཀྱི་སྤྲུལ་པ་ནི༔ ཆོས་ཀྱི་རྒྱ་མཚོ་ཞེས་བྱ་འབྱུང༔ དེ་དུས་ཤཱ ཀྱའི་བསྟན་པ་ནི༔ ཕྱོགས་རྣམས་ཀུན་ཏུ་སྣང་བར་བྱེད༔ ཅེས་དང༔ པདྨ་འོད་གསལ་མདོ་སྔགས་གླིང་པའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལུང་བྱང་སྙིང་གི་མེ་ལོང་ལས། གཉགས་ལོའི་སྐྱེ་བའི་སྒྱུ་འཕྲུལ་གྱིས༔ ཟབ་མོ་བསྟན་པའི་རྒྱུད་རྣམས་བཤད༔ ཅེས་དང་། དེ་ཉིད་ཀྱི་ལོ་རྒྱུས་ཤེལ་གྱི་ཕྲེང་བ་ལས། གཉགས་ཆེན་ཛྙཱ་ན་རྟོགས་པ་རང་རྒྱུད་གྲོལ༔ མདོ་སྔགས་ཟུང་འབྲེལ་འཆད་རྩོམ་སྒྲོན་མེ་སྦར༔ ཞེས་དང་། གསང་སྔགས་གླིང་པའི་གཏེར་ལུང་ལས། །སྐལ་ལྡན་བཞི་པ་ཀཿཐོག་བྱང་ཤར་མཚམས༔ རྒྱལ་མཚན་མིང་ཅན་དབང་གི་རྟགས་འཆར་བ༔ མ་བསླབས་ཆོས་རྣམས་ཁོང་ནས་རྡོལ་བ་འབྱུང༔ ཞེས་དང་། ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གཏེར་ལུང་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ བསྟན་པའི་སྙིང་པོ་དམ་པ་ནི༔ གསལ་བྱེད་དྷརྨའི་མིང་ཅན་ཞིག༔ ཐེ་ཚོམ་མེད་པར་སྣང་བར་འགྱུར༔ ཞེས་དང་། གྲྭ་མདའ་ཀརྨའི་ལུང་བསྟན་ལས། ཀཿཞེས་བྱ་བའི་དགོན་པར་རུ༔ དྷརྨའི་མིང་ཅན་སྐྱེས་བུ་འབྱུང༔ བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྒྲེང༔ སྔོན་མེད་དཔལ་རིའི་བློས་བསླངས་བྱེད༔ འབྲེལ་ཚད་རྔ་ཡབ་གླིང་དུ་འདྲེན༔ ཞེས་པ་ལ་སོགས་རྡོ་རྗེའི་ལུང་གིས་བསྔགས་པའི་ཚད་མའི་གྲུབ་དོན་གྱི་འབྲས་བུ་མངོན་པར་སྣང་བའི་བདུད་རྩིའི་ཆ་ཤས་སོ། །དེ་ལྟར་བཤད་པ་འདི་ནི་ཇི་སྐད་དུ། བཻ་རོ་ཙ་ན་འདྲ་བའི་ལོ་ཙཱ་བ། །སྔར་ཡང་མ་བྱོན་ཕྱིས་ཀྱང་འབྱོར་རེ་སྐན། །ལོ་ཙཱར་བཏགས་ཀྱང་དོན་ལ་པཎྜི་ཏ། །འདི་ཡིས་ཆོས་དྲིན་ཡོད་དོ་ཕྱི་རབས་རྣམས། །ཞེས་གསུངས་པ་ལྟར། བརྒྱུད་ཚུལ་འདིའི་མན་ངག་གི་རྒྱལ་པོའི་བཀའ་བབས་ཚུལ་གངས་རིའི་ལྗོངས་འདིར་ཇི་ལྟར་བྱུང་བའི་ལོ་རྒྱུས་བྱེ་བྲག་ཏུ་སྨོས་པ་སྟེ། རྒྱས་པར་བཤད་ན། རྫོགས་པ་ཆེན་པོའི་ཟབ་རྒྱུད། གསང་རྫོགས་སྒྲོན་གསུམ། ཡེ་ཤེས་བདུན་འབྱུང་། ཀློང་ཆེན་རབ་འབྱམས། སྒྲ་ཐལ་འགྱུར་ཆེན་པོ། བཀྲ་ཤིས་མཛེས་ལྡན། ནོར་བུ་ཕྲ་བཀོད། ཀློང་ཆེན་དྲུག་པ། ཡང་ཏི་སངས་རྒྱས་མཉམ་སྦྱོར་རྣམས་ལས་དངོས་སུ་བསྟན་པ་ལ་སོགས་པ་སྡེ་གསུམ་ཀློང་དགུ་ཀུན་གྱི་དོན་འགྲེལ་བཅུད་ཀྱི་ཡང་སྙིང་ནི་བཀའ་དྲི་མ་མེད་པ་མན་ངག་གི་རྒྱལ་པོ་གསང་བ་ཟབ་མོ་འདི་ཉིད་ཡིན་པས་དེ་དག་ཀུན་གྱི་བརྒྱུད་ཚུལ་རྣམས་ཤེས་པར་བྱ་ཞིང་ཀུན་གྱི་དགོངས་པའི་ཟབ་གནད་དྲིལ་བ་ལ་མཁས་པ་གལ་ཆེ་བ་དང་། ཁྱད་པར་དུ་སྒྲ་ཐལ་འགྱུར་ཆེན་པོ་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་གསུང་། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་གཟིགས་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་བཟུང་བས་རིགས་ལྔར་སྨིན། །དེེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང་། །བརྫུས་དང་སྒོ་ང་ལས་སྐྱེས་དང་། །དྲོད་དང་མངལ་ནས་སྐྱེས་པ་ཡི། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ལས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་འབྱུང་། །འདི་ཡི་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་ནི་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡིས་རྗེས་བཟུང་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་ལྡན་ལྡན་པ། །མཉྫུ་ཤྲཱི་བ་ཏི་ཞེས། ལོ་ནི་བདུན་ཅུ་རྩ་ལྔ་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤིའི་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་ལ་ཤྲཱི་སིངྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སཱུ་ཏྲས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱིས་རྒྱལ་མཚན་དག་གིས་པོ། །དེ་རྗེས་སིངྷ་ཤྭ་རས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁན་དཔལ་འཛིན་ནོ། །དེ་འོག་ཡོ་གི་པྲ་བྷས་འཛིན། །དེ་འོག་རྒྱལ་པོ་ཁྲི་འོད་དེ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློོ་གྲོས་མཆོག་གིས་འཛིན། །ཞེས་རྒྱལ་བ་སྐུ་གསུམ་ལ་དགོངས་པས་བརྒྱུད་དེ། རིག་འཛིན་ཆེན་པོ་བཞི་ལ་བརྡ་ཡིས་བརྒྱུད་ནས་གང་ཟག་ལ་སྙན་དུ་བརྒྱུད་པ་བོད་ཡུལ་ནས་ཆོས་རྒྱལ་ཆེན་པོ་སོགས་སུ་ལུང་བསྟན་པ་ལྟར་རང་རང་གི་སྐབས་ཀྱི་ལོ་རྒྱུས་ལ་མཁས་ཤིང་རྒྱལ་བའི་བཀའི་ཁྱད་ཆོས་ལ་ངེས་པ་རྙེད་ན་ཡི་གེའི་གྲངས་སོགས་སྒྲོ་འདོགས་ཐམས་ཅད་ཆོད་ཅིང་དེ་དག་གི་ཟབ་གནད་མཐའ་དག་མན་ངག་འདིར་འདུས་ལ། མན་ངག་འདིའི་དགོངས་པའི་དོན་འཁྲུལ་མེད་དུ་ངེས་ན་དེ་དག་གི་ཟབ་ཅིང་རྒྱ་ཆེ་བའི་དོན་གནད་ཀུན་གྱི་དགོངས་པའི་མཐིལ་དུ་སླེབ་པ་ནི་ཚད་མས་གྲུབ་པ་ཡིན་པས་བློ་དང་ལྡན་པ་རྣམས་ཀྱིས་སྤྱི་རྒྱ་གཅོད་པ་ལའང་མཁས་པར་བྱའོ། །གཉིས་པ་ཡོ་གའི་དོན་ནི། ཀུན་བྱེད་རྒྱལ་པོ་ལས། ཐེག་པའི་ཁྱད་པར་སོ་སོར་དབྱེ་བའི་ཕྱིར། །ཡོ་ག་དོན་གྱི་རྩ་བ་བསྟན་པར་བྱ། །ཞེས་གསུངས་ཏེ། ཡེ་ཤེས་གསང་བ་དང་ཀུན་བྱེད་སོགས་ལས་ཡོ་ག་རྣམ་པ་བཞི་བཤད་དེ། ཡོ་ག་ཕྱི་པ་ནི། ལྷ་དང་གཙང་བ་ལེན་ཞིང་རྟོག་པ་དང་སྨེ་བ་དོར་བའི་སྤྱོད་པ་ཅན་ཏེ་བླང་དོར་ཅན་ཀུན་དེར་འདུ་ལ། མ་ཧཱ་ཡོ་ག་ནི་བསྙེན་སྒྲུབ་བཞིས་རྩོལ་ཞིང་སྒྲུབ་པ་དང་། ཨ་ནུ་ཡོ་ག་ནི་རྒྱུ་སྣང་བ་དབྱིངས་དང་འབྲས་བུ་དྲན་རྟོག་ཡེ་ཤེས་སུ་འདོད་ཅིང་། ཨ་ཏི་ཡོ་ག་ནི་དེ་དག་ལས་གྲོལ་བའོ། །དེ་ལྟར་ཡོ་ག་བཞི་ལ་སོགས་པ་ཐེག་པ་ཐམས་ཅད་ཀྱི་ཁྱད་པར་ཨ་ཏི་ཡོ་གས་འབྱེད་ཅིང་ཀུན་གྱི་དགོངས་པ་མ་འདྲེས་ཡོངས་རྫོགས་སུ་འདུས་པ་ཡིན་ཏེ། རྒྱན་ལས། ཡོ་ག་རྣམ་པ་བཞི་བཤད་པ། ། ཐེག་པ་ཀུན་གྱི་བསྡུ་ས་ཡིན། །ཡོ་ག་བླང་དོར་སྤྱོད་པ་ཅན། །མ་ཧཱ་ཡོ་ག་རྩོལ་ཞིང་སྒྲུབ། །ཨ་ནུ་ཡོ་ག་རྒྱུ་འབྲས་འདོད། །ཨ་ཏི་ཡོ་ག་དེ་ལས་གྲོལ། །ཞེས་དང་། ཀུན་བྱེད་ལས། རྫོགས་ཆེན་ཨ་ཏི་ཡོ་གའི་དོན་འདིས་ནི། ཐེག་པའི་ཤན་འབྱེད་རྫོགས་པའི་ལུང་ཞེས་བཤད། །ཅེས་སོ། །དེས་ན་ཨ་ཏི་ཡོ་ག་ནི་ཆེ་བ་ལྔ་དང་ལྡན་པས་ཐེག་པའི་རིམ་པ་ཀུན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྒྱན་ལས། མངོན་པར་སངས་རྒྱས་ཆེ་བས་ནི། །གསུམ་གྲོལ་རང་གཞུང་ཨ་ཏི་དངོས། །ཐམས་ཅད་དེ་ཡིན་བླང་དོར་བྲལ། །ཡོ་ག་ཨ་ཏིར་ལ་བཟླས་པའོ། །རྩོལ་སྒྲུབ་མི་གནས་བདག་ཉིད་ཆེ། །མ་ཧཱ་ཨ་ཏིར་ལ་བཟླས་པའོ། །ཆོས་དབྱིངས་ངང་ལས་རྒྱུ་འབྲས་འདས། །ཨ་ནུ་ཨ་ཏིར་ལ་བཟླས་པའོ། །ཐམས་ཅད་བླ་དང་རྒྱས་བཏབ་པ། །སངས་རྒྱས་མེད་པའི་ཆེ་བ་སྟེ། །ཨ་ཏི་ཡོ་གའི་ཨ་ཏིའོ། །ཞེས་སོ། །གསུམ་པ་དགོས་ཆེད་ཀྱི་དོན་ནི། རྒྱན་ལས། དགོས་ཆེད་དབང་པོ་ཡང་རབ་སྟེ། །རི་རབ་རྡུལ་དུ་བརྩི་བ་དང་། །བསྐལ་ཆེན་སྐད་ཅིག་མར་བརྩི་ཞིང་། །བློ་ལ་ཤྭ་ལོ་ཀ་འདོན་ཞིང་། །ཐ་སྙད་བྱེ་བྲག་ཤེས་པ་དག །ཡང་རབ་མ་ཡིན་དོན་ལ་རྩིང་། །དོན་གྱི་གནས་ལུགས་མཐར་ཕྱིན་གོ། །ཕྱོགས་སུ་བློ་གྲོས་མ་ལྷུངས་པར། །སྤྱི་སར་བཞག་ནས་ཐུན་མོང་བློས། །ཤེས་བྱ་གཅོད་ཅིང་རྟོགས་ནུས་པའི། །དོན་དུ་དབང་པོས་གསུངས་པ་ཡིན། །ཞེས་པ་ལྟར། གདུལ་བྱ་ལས་འཕྲོ་དང་སྐལ་བར་ལྡན་ཞིང་བློ་གྲོས་ཕུལ་དུ་བྱུང་བ་རྣམས་ལ་རྫོགས་པ་ཆེན་པོའི་དོན་བསྟན་པས་རྩོལ་སྒྲུབ་ཀྱི་བྱ་བ་མི་དགོས་པར་སེམས་ཀྱི་རང་བཞིན་ཇི་ལྟར་བ་བཞིན་དུ་མཐོང་ཞིང་རྟོགས་ནས་གྲོལ་བར་འགྱུར་བའི་ཆེད་དུ་བསྟན་པ་སྟེ། ཀུན་བྱེད་ལས། རྩོལ་སྒྲུབ་བྱ་མི་དགོས་པར་བསྟན་པའི་ཕྱིར། །དགོས་ཆེད་དོན་གྱི་དགོས་པ་དེ་རུ་བསྟན། །ཞེས་དང་། བྱང་ཆུབ་སེམས་རྟོགས་ཆོས་ཉིད་མངོན་འཚང་རྒྱ། །དེས་ན་སྐལ་ལྡན་དགོས་ཆེད་བསྟན་པ་ཡིན། །ཞེས་སོ། །བཞི་པ་རྩ་བའི་དོན་ནི། རྒྱན་ལས། དྲིལ་ནས་མིང་དུ་གང་བཏགས་པ། །གཅིག་རྟོགས་པས་ནི་ཀུན་རིག་པས། །དགོས་པས་ཅིར་བཏགས་དེར་འདུས་ལ། །རྩ་བའི་དོན་ཅེས་གསུངས་པ་ཡིན། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་སྣང་དུ་བསྟན་པའི་ཕྱིར་ན། བྱང་ཆུབ་ཀྱི་སེམས་མ་གཏོགས་ཆོས་བཞན་མེད་ལ། དེ་ཉིད་ཐིག་ལེ་ཉག་གཅིག་རང་རིག་སེམས་ཀྱི་ཆོས་ཉིད་དུ་ཡེ་ནས་རིན་པོ་ཆེ་གསེར་ས་ལེ་སྦྲམ་གྱི་གཏེར་ལྟར་གནས་པ་ཉིད། ཚད་མ་གསུམ་གྱིས་མངོན་སུམ་དུ་རང་ལ་གཏད་པའི་ཕྱིར། དོན་ཐམས་ཅད་ཀྱི་རྩ་བར་སྟོན་པ་སྟེ། ཀུན་བྱེད་རྒྱལ་པོ་ལས། བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་སྟེ། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །ཞེས་སོ། །འདིས་ནི་རྟོག་ལྡན་ཆོས་ཀྱི་རྗེས་འབྲངས་དག་འཇུག་པའི་ཕྱིར་དགོས་སོགས་ཆོས་བཞིའང་བསྟན་ཏེ། དང་པོ་བརྗོད་བྱ་ནི། གནས་ལུགས་བྱང་ཆུབ་ཀྱི་སེམས་ལྷུན་གྲུབ་གསུམ་མམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཡེ་ན་གནས་ཀྱང་རྟོག་པས་བསྒྲིབས་ཏེ་མི་གསལ་བར་དཔེར་ན་ཕྱི་ནང་གི་རྒྱ་མཚོ་ཆེན་པོའི་གསེར་གྱི་འོག་གཞི་ལྟར་རང་བཞིན་གྱི་སྣང་བ་བརྗོད་པའི་ཡུལ་དང་བྲལ་བ་དེ་ཉིད་ཡིན་ཏེ། རྒྱན་ལས། རྟོགས་ལྡན་འཇུག་ཕྱིར་དགོས་ན། འབྲེལ་ནི། བྱང་སེམས་ལྷུན་གྲུབ་གསུམ་རང་བཞིན། །གནས་ལ་མི་གསལ་རྟོག་པས་བསྒྲིབས། །མཚོ་ཆེན་གསེར་གྱི་འོག་གཞི་ལྟར། །རང་སྣང་ཡུལ་བྲལ་དེ་བརྗོད་ཡུལ། །ཞེས་སོ། །དེ་ཉིད་ཇི་བཞིན་དུ་སྟོན་པའི་རྗོད་བྱེད་ནི། ཐུན་མོང་གི་སྟོན་པ་རྣམ་འདྲེན་ཤཱཀྱ་ཐུབ་པས་རྩོལ་བཅས་ཀྱི་ཐེག་པ་མཐར་ཕྱིན་པར་གསུངས་ཏེ་མྱ་ངན་ལས་འདས་པའི་འོག་ཏུ་བྱུང་ཚུལ་གྱི་ལོ་རྒྱུས་ལྟར་བསྟན་པ་རིན་པོ་ཆེ་རྫོགས་པ་ཆེན་པོ་འཕྲུལ་གྱི་མེ་ལོང་གི་བཀའ་ལུང་དང་མན་ངག་གི་རིམ་པ་མ་ལུས་པ་ཡང་དག་པར་སྣང་བ་རྣམས་ཏེ། འདིར་ནི་མན་ངག་གི་རྒྱལ་པོ་རིན་པོ་ཆེ་གཏེར་གཏད་པ་ཉིད་དོ། །དེས་ན་ངེས་པར་ཡིད་ཆེས་རྙེད་པ་མ་ཟད་དོན་དུ་འགྱུར་བའི་ཐེ་ཚོམ་གྱིས་ཀྱང་འཇུག་པར་རིགས་ཏེ། ཐེག་པ་ཀུན་ཀྱང་གཞུང་ལུགས་དང་ཐ་དད་པ་མིན་པས་བསླབ་བྱར་མ་གྱུར་པ་གང་ཡང་མེད་དེ། གདུལ་བྱའི་བློ་རིམ་གྱི་འཇུག་སྒོར་དྲང་ངེས་གཉིས་སུ་ཤར་ཡང་དངོས་དོན་མཚོན་པའི་བཀའི་ཚིག་ལ་ཡངས་དོག་མེད་པར་གསུངས་པ་དང་སྦྱོར་བར་བྱ་སྟེ། སྔ་མ་ལས། ཐུན་མོང་སྟོན་པས་རྩོལ་བའི་ཆོས། །མཐར་ཕྱིན་འདས་འོག་སེམས་ལྷག་གི། །དོན་དུ་དབང་པོས་གསོལ་བཏབ་སྟེ། །ངང་གསོལ་རིག་པའི་སྐྱེས་ཆེན་དེ། །ཀུན་གྱི་ངོ་བོར་རང་གནས་པས། །འོད་ལྟར་སྣང་གཉིས་ལོངས་སྐུ་ལ། །དོན་གྱི་ཤུགས་ཀྱིས་བསྐུལ་གྲགས་སྣང་། །དེ་ལས་རང་སྣང་རྡོ་རྗེ་འཛིན། །དགོས་པས་ལྔ་ལ་ཐེ་ཚོམ་བཅད། །ཡང་སྤྲུལ་ཐུགས་སྲས་ངོ་བོར་མཛད། །བཀའ་ལུང་མན་ངག་རིམ་སྣང་མཛད། །རྩོལ་བྲལ་གནས་ཕྱིར་ངེས་པ་ཡིན། །དེ་ཡང་ཐེ་ཚོམ་ཡུལ་གྱུར་ན། །བཀའ་འོ་ཅོག་ཀྱང་དེ་འདྲ་བས། །དོན་དུ་འགྱུར་ཙམ་རེ་ཞིག་རིགས། །ཀུན་ཀྱང་གཞུང་ལུགས་ཐ་དད་མིན། །བསླབ་བྱར་མ་གྱུར་མེད་གསུངས་སྦྱོར། །ཞེས་སོ། །གཉིས་པ་དགོས་པ་ནི། ཉོན་ཤེས་ཀྱི་སྒྲིབ་པ་གཉིས་བྱང་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ནས་ཐབས་ཕུན་སུམ་ཚོགས་པས་འཁོར་བའི་ཕ་རོལ་ཏུ་འགྲོ་བར་འདོད་པའི་སྐལ་ལྡན་དེ་ཡིས། རྗོད་བྱེད་ཚིག་གི་ལམ་རྐྱེན་གྱིས་བརྗོད་བྱའི་དོན་མཚོན་པ་ལ་བརྟེན་ནས་རྟོགས་པ་དོན་གྱི་ལམ་མཆོག་རང་རྒྱུད་ལ་གསལ་བར་ཤར་བ་ན། ལམ་དེས་གདུལ་བྱ་གཞན་འདྲེན་པ་ཉིད་ཡིན་ཏེ། དེ་ཉིད་ལས། དེ་ལ་གཉིས་གཉིས་བྱང་རྫོགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་འདོད་དེ། །ཚིག་ལམ་རྐྱེན་གྱིས་དོན་མཚོན་ནས། །དོན་ལམ་རྒྱུད་ལ་གསལ་ཤར་བས། །ལམ་དེས་གཞན་འདྲེན་དགོས་པའོ། །ཞེས་སོ། །གསུམ་པ་ཡང་དགོས་ནི། གཞིའི་ཉེས་པ་མ་རིག་པ་དང་བརྟགས་སྣང་གི་སྡུག་བསྔལ། ལམ་གྱི་ཉེས་པ་ཕྱོགས་འཛིན་དང་གཉེན་པོས་རྩོལ་བའི་ནད་ལས་ངེས་པར་གྲོལ་ནས་མཐར་ཐུག་གི་འབྲས་བུ་བདེ་བ་ཆེན་པོ་རང་ལས་ཤར་ཏེ་གཟུགས་སྐུ་གཉིས་ཀྱིས་གདུལ་བྱ་ཀུན་སྒྲོལ་བའི་མཛད་པ་བྱིན་གྱིས་རླབས་ལས་སྣང་བ་སྟེ། སྔ་མ་ལས། སྡུག་བསྔལ་རྩོལ་བའི་ནད་ལ་ནས། །བདེ་ཆེན་རང་ཤར་ཀུན་སྒྲོལ་བ། །བྱིན་གྱིས་བརླབས་སྣང་ཡང་དགོས་སོ། །ཞེས་དང་། འབྲས་བུའི་ཀློང་ལས། ལྷུན་གནས་བདེ་ཆེན་རྟོགས་གོམས་ལས། །མ་རིག་བརྟགས་པ་རང་གྲོལ་ནས། །རྩོལ་བའི་ནད་བྲལ་མཐར་སོན་དང་། །རང་རང་འདོད་གནས་ཆེར་རྒྱས་པའོ། །ཞེས་སོ། །བཞི་པ་འབྲེལ་བ་ནི། ཆོས་ཉིད་ཀྱི་གནས་ལུགས་དང་རྟོགས་གོམས་བྱེད་པ་ལམ་པ་དང་ཐོབ་བྱ་འབྲས་བུ་དག་ནི། དཔེར་ན་གསེར་གོང་ལས་བྱས་པའི་རྫས་མི་འདྲ་བ་རྣམས་ངོ་བོ་གསེར་དུ་གཅིག་པ་བཞིན་དུ་ངོ་བོས་བདག་ཉིད་གཅིག་པས་འབྲེལ་ལ། གནས་ལུགས་དང་དེ་ཉིད་སྟོན་པར་བྱེད་པ་ཚིག་གི་ལམ་དང་དོན་གྱི་ལམ་ནི། གནས་ལུགས་མཚན་བཞི་དང་། ཇི་སྐད་དུ། ལམ་ནི་དོན་དང་ཚིག་ལས་ཏེ། །དོན་ནི་ཐུག་ཕྲད་གསུམ་ཡིན་ལ། །དེ་ཡི་བརྡ་སྤྲོད་ཚིག་གི་ལམ། །ཞེས་པ་ལྟར་དོན་གྱི་ལམ་མཚོན་བྱེད་ཀྱི་མཚན་ཉིད་དང་། ཚིག་གི་ལམ་ནི་དེ་ཉིད་བརྡ་ཐབས་ཀྱིས་མཚོན་པར་འབྲེལ་ལ། འབྲས་བུ་དང་དོན་ལམ་དང་ལམ་པ་དག་ནི་ཐོབ་པར་བྱ་བ་དང་འཐོབ་པར་བྱེད་པ་དང་ཐོབ་པ་པོར་འབྲེལ་ཞིང་། ལམ་གྱི་ངོ་བོ་དང་འབྲས་བུ་ནི། འབྲས་བུ་ཐབས་ལས་བྱུང་བ་དང་ལམ་ནི་དེའི་ཆ་རྐྱེན་གྱི་ཐབས་སུ་འབྲེལ་ཏེ་ཐབས་དང་ཐབས་བྱུང་ཡིན་ལ། འཁྲུལ་པའི་སྣང་བ་ནི་དེ་མིན་པ་ལ་དེར་འཛིན་པ་ཡིན་པས། དེ་ཉིད་རང་གྲོལ་བར་བྱེད་པའི་ལམ་གྱིས་གྲོལ་ཏེ་མཐར་ཕྱིན་གྱི་འབྲས་བུ་བྱུང་བས་ན་དང་པོ་དང་གནས་སྐབས་ཀྱི་འབྲེལ་བ་བྱས་པ་ཙམ་ལས་མཐར་ཐུག་བདག་ཉིད་གཅིག་པར་ངོ་བོས་འབྲེལ་ལོ། །དེ་ལྟར་བསྟན་པ་འོག་མ་དང་མཐུན་པར་བཤད་པས་དབང་རྣོན་རྟོག་པ་དང་ལྡན་པ་ལམ་འདིར་འཇུག་པ་དག་དོན་ལ་དྲང་བར་བྱ་བའི་ཕྱིར་བརྗོད་པར་ཟད་དེ། དེ་ཉིད་ལས། གནས་ལུགས་ལམ་པ་འབྲས་བུ་དག །གསེར་གོང་རྫས་བཞིན་ངོ་བོས་འབྲེལ། །གནས་ལུགས་སྟོན་ཚིག་དོན་གྱི་ལམ། །མཚན་གཞི་མཚན་ཉིད་མཚོན་པར་འབྲེལ། །འབྲས་བུ་དོན་ལམ་ལམ་པ་དག །ཐོབ་བྱ་འཐོབ་བྱེད་ཐོབ་པར་འབྲེལ། །ལམ་གྱི་ངོ་བོ་འབྲས་བུ་ནི། །ཐབས་ལས་བྱུང་བ་ཆ་རྐྱེན་ཐབས། །འཁྲུལ་སྣང་དེ་མིན་དེར་འཛིན་པས། །རང་གྲོལ་ལམ་གྱི་གྲོལ་མཐར་ཕྱིན། །བྱུང་བྱས་མཐར་ཐུག་ངོ་བོས་འབྲེལ། །མཐུན་པས་རྟོག་འཇུག་དྲང་བར་ཟད། །ཅེས་སོ། །ལྔ་པ་ཚིག་གི་དོན་ལ། ཚིག་དོན་གྱི་ངོ་བོ་ངོས་བཟུང་ཞིང་བཤད་ཐབས་ལྔའི་སྐྱོན་ཡོན་བཅས་ཏེ་མདོར་བསྟན། མན་ངག་རྒྱལ་པོའི་དབུ་ཞབས་དཀྱུས་བཤད་ཀྱི་ཚིག་དོན་གཞུང་གི་གསང་བ་ཟབ་མོ་རྒྱས་པར་བཀྲོལ་བ་གཉིས་ལས། དང་པོ་ནི། ཀུན་བྱེད་རྒྱལ་པོའི་ལེའུ་ཉེར་གཅིག་པ་ལས། སེམས་ཀྱི་རང་བཞིན་ཚིག་ཏུ་བརྗོད་མེད་དེ། །མ་བརྗོད་སེམས་ཀྱི་རང་བཞིན་མི་སྣང་བས། །མི་སྣང་མཚོན་དུ་མེད་ཅེས་མ་བརྗོད་ན། །ཀུན་ཀྱང་རང་སེམས་མ་མཐོང་རྩོལ་སྒྲུབ་བྱེད། །དེས་ན་བརྗོད་མེད་ཚིག་གི་དོན་ཡང་བཤད། །ཅེས་གསུངས་པ་ལྟར། ཐེག་པའི་རིམ་པ་བརྒྱད་ཀྱིས་ཐ་སྙད་ལ་བརྟེན་པའི་ཚིག་གི་རྗོད་བྱེད་ལས་ཁྱད་པར་དུ་འཕགས་པའི་མན་ངག་གི་རྒྱལ་པོའི་ཐབས་ཀྱི་གསང་བ་གནས་ལུགས་རྗེན་པར་སྟོན་པའི་བརྡ་ཐབས་ཟབ་མོ་རིན་ཆེན་འཕྲུལ་གྱི་མེ་ལོང་མཚོན་བྱེད་ཚིག་གི་སྒྲོན་མ་ལ་བརྟེན་ནས་རང་གནས་ཀྱི་ཆོས་ཉིད་མ་འདྲེས་ཡོངས་སུ་རྫོགས་པར་རང་གྲོལ་རིག་པའི་མངོན་སུམ་དུ་གསལ་བར་སྟོན་པ་སྟེ། རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། དཔེར་ན་མུན་ནག་རྫས་སྟོར་ལ། །ལག་ནོམ་བཙལ་བ་རྙེད་པར་དཀའ། །སྣང་གསལ་སྒྲོན་མེ་ལ་བརྟེན་ནས། །བཙལ་བས་རྙེད་པ་ཐེ་ཚོམ་མེད། །དེ་བཞིན་མ་རིག་མུན་གནག་ཏུ། །ཆོས་ཉིད་ནོར་བུ་སྟོར་བ་དེ། །ཐ་སྙད་ཚིག་གིས་རྙེད་པར་དཀའ། །མ་ནོར་བླ་མའི་བཀའ་དྲིན་གྱིས། །རིན་ཆེན་བརྡ་ཡིས་རྙེད་པར་འགྱུར། །ཞེས་དང་། རིམ་པ་གསུམ་བསྡུས་པའི་མན་ངག་ལས། དངོས་སུ་བརྡ་ཡིས་དོན་བསྟན་པ། །བསམ་ཡས་བརྒྱུད་པ་བརྡ་དྲུག་རྒྱ། །རྒྱུ་འབྲས་མཐར་མིན་རང་བྱུང་ཡེ་ཤེས་བརྡ། །བཅོས་བསླད་མཐར་མིན་རྫོགས་པ་ཆེན་པོའི་བརྡ། །ཇི་བཞིན་ཉིད་གནས་བྱང་ཆུབ་སེམས་ཀྱི་བརྡ། །གཞན་ནས་མི་ཚོལ་ལྷུན་གྱིས་གྲུབ་པའི་བརྡ། །སྡུག་བསྔལ་མཐར་མིན་བདེ་བ་ཆེན་པོའི་བརྡ། །ལྡོག་པ་མི་གནས་ཕྱོགས་སུ་མ་ལྷུངས་པར། །ཇི་བཞིན་མ་ཡིན་བརྡ་ཡིས་དོན་དང་སྤྲོད། །བརྡ་དག་མཉེས་བྱས་བླ་མས་སྟོན་འགྱུར་གྱིས། །བརྡ་བྲལ་གོལ་སྒྲིབ་རིག་པས་ཉམས་ཚོད་ཟུང་། །ཞེས་པ་ལྟར་རོ། །དེ་ཡང་བཤད་ཐབས་ལྔས་བཤད་པའི་སྐྱོན་ནི། །བང་མཛོད་འཕྲུལ་གྱི་ལྡེའི་མིག་ལས། །ལོ་རྒྱུས་དོན་གྱིས་མ་བཤད་ན། །ཡིད་ཆེས་བྱུང་ཁུངས་མི་ངེས་པས། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །རྩ་བའི་དོན་གྱིས་མ་བཤད་ན། །ཆོས་ཀུན་སེམས་སུ་མི་འདུས་པས། །པྲ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་ག་དོན་གྱིས་མ་བཤད་ན། །ཐེག་པའི་ཤན་ཐང་མི་ཕྱེད་པས། །རལ་མི་ཕྱེད་པའི་སྐྱོན་དུ་འགྱུར། །དགོས་ཆེད་དོན་གྱིས་མ་བཤད་ན། །རྩོལ་དང་སྒྲུབ་པ་མ་བྱས་པར། །སངས་རྒྱས་ས་ལ་དོན་མེད་འགྱུར། །ཚིག་གི་དོན་གྱིས་མ་བཤད་ན། །ཚིག་དང་དོན་དུ་མི་ལྡེབ་པས། །འབྲུ་མི་ཆོམས་པའི་སྐྱོན་དུ་འགྱུར། །ཞེས་སོ། །དེས་ན་བཤད་ཐབས་ལྔ་ཡིས་ལེགས་པར་བཤད་པའི་ཡོན་ཏན་ནི། དེ་ཉིད་ལས། དེ་བཟློག་བཤད་པའི་ཡོན་ཏན་ཡིན། །ཞེས་གསུངས་པས། མན་ངག་ཟབ་མོ་ཇི་ལྟར་བྱུང་ཚུལ་ལོ་རྒྱུས་ཀྱི་དོན་གྱིས་བཤད་པས་བསྟན་པ་རིན་པོ་ཆེ་ཚད་མར་བརྒྱུད་དེ་བྱུང་བའི་ཁུངས་ལ་བརྟེན་ནས་ཕྱིར་རབས་ཀྱི་སྐལ་ལྡན་རྣམས་ཡིད་ཆེས་སྐྱེ་བའི་ཡོན་ཏན་ཡོད་པའོ། །རྩ་བ་དོན་གྱིས་བཤད་པས་ཆོས་ཐམས་ཅད་སེམས་ཉིད་དུ་འདུས་པར་ངེས་ནས་དོན་གྱི་བསྡུས་ཤེས་པས། ཚིག་གི་བཞག་ས་རྙེད་པའི་ཡོན་ཏན་ཡོད་ལ། ཡོ་ག་དོན་གྱིས་བཤད་པས་ཐེག་པའི་རིམ་པ་ཀུན་གྱི་ཤག་རལ་ཕྱེད་ནས་གོང་མ་ལ་ལྟོས་ཏེ་བོགས་འབྱིན་ཤེས་ཤིང་། འོག་མ་ལ་ལྟོས་ཏེ་སྒྲིབ་པ་སེལ་ཤེས་པའི་ཡོན་ཏན་ལྡན་ཞིང་། དགོས་ཆེད་དོན་གྱི་བཤད་པས། གཤིས་ཀྱི་གནས་ལུགས་རྩོལ་སྒྲུབ་བྱ་བཙལ་ལས་འདས་པར་རྟོགས་ནས་ལམ་གྱིས་རྩོལ་བའི་ཟུག་རྔུ་ལས་གྲོལ་བའི་ཡོན་ཏན་ཡོད་དོ། །ཚིག་གི་དོན་གྱིས་བཤད་པས་ཚིག་དང་དོན་དུ་བསྡེབས་ཏེ་འབྲུ་ཆོམས་ཤིང་། དེ་ལྟར་ཆོམས་པས་དོན་གྱི་བཅུད་འབྱིན་ཏེ་ཚིག་གི་སྒྲོན་མ་ལ་བརྟེན་ནས་རང་གནས་དོན་གྱི་གསེར་མཆོག་འཛད་མེད་འདོད་རྒུའི་གཏེར་ཆེན་རང་ལས་རྙེད་པའི་ཡོན་ཏན་དང་ལྡན་པ་ཉིད་དེ། ཀུན་བྱེད་རྒྱལ་པོ་ལས་ཀྱང་། དེས་ན་གཏན་ཚིགས་དོན་གྱི་བཤད་ལུགས་ལྔས། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ཀྱི་དོན། །མ་ནོར་ངེས་པར་གཏན་ལ་འབེབས་པར་བྱེད། །ཅེས་པ་དང་། ཉི་ཟླ་ཁ་སྦྱོར་སོགས་ལས་ཀྱང་འབྱུང་ངོ་། །གཉིས་པ་མན་ངག་གི་རྒྱལ་པོའི་དབུ་ཞབས་དཀྱུས་བཤད་ཀྱི་ཚིག་དོན་གཞུང་གི་གསང་བ་ཟབ་མོ་རྒྱས་པར་བཀྲོལ་བ་ལ། འཇུག་པའི་ཡན་ལག་ཀླད་ཀྱི་དོན། འཇུག་ཡུལ་བཤད་བྱ་གཞུང་གི་དོན། ཞུགས་པ་རྫོགས་པ་མཇུག་གི་དོན་དང་གསུམ་ལས། དང་པོ་ལ་མན་ངག་གི་རྒྱལ་པོའི་མཚན་བསྟན་པ། ཐུན་མོང་མིན་པའི་སྟོན་པ་ལ་ཕྱག་འཚལ་བ་གཉིས་ལས། དང་པོ་ནི། རྒྱ་གར་སྐད་དུ། ཞེས་པ་ནས། མདོར་བསྡུས་པ། ཞེས་པའི་བར་གྱིས་བསྟན་ཏེ། མན་ངག་འདིའི་མཚན་ལ། རྒྱ་གར་འཕགས་པའི་ཡུལ་གྱི་ལེགས་པར་སྦྱར་བའི་སྐད་དུ། རཏྣ་ཏཪྤ་རྻ་སཱུ་ཏྲ། ཞེས་བྱ། དེ་ཉིད་བོད་ཡུལ་གྱི་སྐད་དུ་ཆོས་དང་མཐུན་པར་བསྒྱུར་ན། རིན་པོ་ཆེ་གཏེར་གཏད་པ་མདོར་བསྡུས་པ། ཞེས་བྱ་ལ། དེའང་མཚན་གྱི་འབྲུ་བོད་སྐད་ལྟར་བཤད་ན། གནས་ལུགས་རྟོགས་པའི་ངང་ལ་ལྷུན་རྫོགས་ཀྱི་ཡོན་ཏན་རྣམས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་དགོས་འདོད་འབྱུང་བ་ལྟར་རྩོལ་སྒྲུབ་མི་དགོས་པར་འཆར་བའི་སེམས་ཉིད་ཀྱི་གཏེར་ཆེན་པོ་མངོན་སུམ་དུ་གཏད་པའི་མན་ངག་གི་སྙིང་པོ་དམ་པ་མདོར་བསྡུས་པ་ཉིད་ཉུང་གསལ་དུ་འགྲེལ་ཏེ་བསྟན་པ། ཞེས་སོ། །གཉིས་པ་ཕྱག་འཚལ་བ་ནི། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། ཀློང་རབ་འབྱམས་རྒྱལ་པོ་ལས། རང་བཞིན་ལྷུན་གྲུབ་གཞི་ཡི་ཀློང་། །ངོ་བོ་རང་བྱུང་ཡེ་ཤེས་ཀློང་། །དོན་ལ་སྐྱེ་མེད་གཉིས་མེད་ཀློང་། །ཐོག་མཐའ་མེད་པའི་ཆོས་ཉིད་ལ། །བདག་ཉིད་འབྲས་བུ་ཡེ་གྲུབ་ཀློང་། །སྣ་ཚོགས་གཅིག་འདུས་གཅིག་ལས་ཤར། །ཞེས་པའི་དགོངས་པ་ལྟར་ཐུན་མོང་མ་ཡིན་པའི་དཔལ་གསུམ་གྱི་གསང་དོན་བླ་ན་མེད་པའི་ཐེག་པའི་ཁྱད་པར་དང་སྦྱར་ཏེ་བཤད་ན། གཞི་ལྷུན་གྱིས་གྲུབ་པའི་ཕྱོགས་མེད་ཀྱིས་ཕྱོགས་འཛིན་གྱི་མཚན་མ་བཅོམ། ངོ་བོ་ངེས་པ་མེད་པར་ཅིར་ཡང་ཤར་བས་རིག་པ་རང་བྱུང་དུ་གསལ་བའི་རྒྱན་དང་ལྡན། དོན་སྐྱེ་བ་མེད་པའི་རང་བཞིན་གྱིས་གང་ལའང་གཉིས་སུ་མེད་པས་གཉིས་འཛིན་གྱི་མཐའ་ལས་འདས་ཏེ་བདག་ཉིད་ཆེན་པོ་ཐོག་མཐའ་མེད་པར་རང་གྲོལ་བས་རིག་པ་རང་སྣང་སྔ་ཕྱི་མེད་པའི་རྟོགས་པ་དོན་གྱི་དཔལ་མངོན་དུ་བྱས་པས་ཁྱད་ཆོས་དྲུག་དང་ལྡན་པའི་ནང་གསལ་གཞོན་ནུ་བུམ་སྐུར་མངོན་པར་བྱང་ཆུབ་སྟེ་རང་གཞན་གྱི་དོན་ཀུན་རྫོགས་པས་སྟོན་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་བཟང་ངན་བླང་དོར་མེད་པ་དང་རྣམ་དབྱེ་སྤྲོས་པའི་མཐའ་ལས་འདས་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། གཟུགས་སུ་སྣང་བ་ཐམས་ཅད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་སྐུ་ཕྱོགས་མེད་རྒྱན་གྱི་འཁོར་ལོ། །སྒྲ་རུ་གྲག་པ་ཐམས་ཅད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་གསུང་ཕྱོགས་མེད་རྒྱན་གྱི་འཁོར་ལོ། དྲན་དང་རྟོག་པ་ཐམས་ཅད་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་ཐུགས་ཕྱོགས་མེད་རྒྱན་གྱི་འཁོར་ལོར་ཡེ་ཀློང་དབྱེར་མེད་ཆེན་པོ་མཉམ་པ་ཉིད་དུ་ཤར་བའི་རྩོལ་བྲལ་བདེ་བ་ཆེན་པོ་ལ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་གདོད་མའི་མགོན་པོ་དེ་ལ་དགོངས་པ་མངོན་དུ་གྱུར་ཅིང་གོ་བ་ཀླུངས་སུ་གྱུར་པས་ལྟ་བ་མཇལ་བའི་ཚུལ་གྱིས་ཕྱག་འཚལ་ལོ། །ཞེས་དབྱེར་མེད་དུ་རྟོགས་པས་བརྡ་མཇལ། རིག་པའི་མེ་ཏོག་དོར་བ་སྟེ། སྔོན་བྱུང་དུ་སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེས་འཚལ་བའོ། །དེར་མ་ཟད་རྗེས་འཇུག་ཏུ་འདི་ལ་འཆད་ཉན་བྱེད་པ་རྣམས་ཀྱིས་ཀྱང་ལུས་ངག་ཡིད་གསུམ་གུས་པའི་ཚུལ་དུ་འཚལ་པའང་ཡིན་ནོ། །གཉིས་པ་འཇུག་ཡུལ་བཤད་བྱ་གཞུང་གི་དོན་དངོས་ལ། མན་ངག་གི་ངོ་བོ་མདོར་བསྟན་པ། དེ་ཡི་རང་བཞིན་རྒྱས་པར་བཤད་པ། འབྱུང་བའི་དུས་བསྟན་ཏེ་གཏད་རྒྱ་མཛད་པ་དང་གསུམ་ལས། དང་པོ་ནི། རང་སྣང་མོད་ཀྱང་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། ཀུན་ཏུ་བཟང་པོ་ཀློང་དྲུག་པ་ལས། འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །ང་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་པའི་ཞིང་། །ཞེས་དང་། རིན་པོ་རྒྱན་ལས། ཐམས་ཅད་རང་སྣང་ཉིད་གནས་ལ། །སྒྲིབ་པ་མེད་ཀྱང་སྣང་རྐྱེན་བྲལ། །མི་ཤེས་བློ་ཡིས་ནན་བརྟགས་པས། །འཛིན་ལྔ་དངོས་པོར་འཐས་པ་ལས། །འདུ་བྱེད་རླུང་གིས་གཡོས་པས་ན། སྣོད་བཅུད་སྡུག་བསྔལ་ངོ་བོར་གྲུབ། །ཅེས་སོགས་གསུངས་པ་ལྟར་གནས་ལུགས་རང་སྣང་ཡུལ་མེད་དུ་གནས་པ་ཡིན་མོད་ཀྱང་དེ་ཉིད་དང་མི་མཐུན་པ་མཚོན་པར་བྱེད་པའི་བརྡ་དང་མཚོན་བྱ་རྟོགས་པའི་དོན་དང་བྲལ་ཏེ་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས་ཤིང་། དེ་ལ་བརྟེན་ནས་ཀུན་ཏུ་བརྟགས་པའི་མ་རིག་པས་བདག་ཏུ་རྟོག་པའི་མཐུ་ལས་གཞན་དུའང་སྣང་སྟེ་རང་གཞན་གཉིས་སུ་གྲུབ་པ་དང་། དེའི་ཆ་ལས་ཞེན་པ་ཉོན་མོངས་པ་དུག་ལྔ་བྱུང་ཞིང་། དེ་ལྔས་ཀུན་སློང་བྱས་པས་འདུ་བྱེད་སེམས་པའི་ངོ་བོ་ཡང་སྲིད་འཕེན་ཞིང་གཡོ་བས་རླུང་གི་བདག་ཉིད་ལས་གསུམ་སྤྱད་པས་དེས་འཁོར་བའི་དངོས་པོ་འགྲོ་བ་རིགས་དྲུག་ཏུ་སྨིན་པའོ། །དེ་ལས་གྲོལ་བའི་ཐབས་མཐར་ཐུག་པ་རྟོགས་པའི་རྒྱུ་ཡི་རྐྱེན་ལྷུན་གྱིས་གནས་པའི་བདེ་བ་ཆེན་པོ་དེ་ཉིད། སྤྱིར་ལུང་རིགས་མན་ངག་གསུམ་མམ། ཁྱད་པར་ཐུག་ཕྲད་གསུམ་གྱིས་ངོ་ཤེས་ནས། དེའི་དོན་ལ་འདྲིས་ཤིང་གོམས་ནས་ངན་སོང་དང་ཐེག་དམན་དུ་ལྡོག་པ་མེད་པར་སྡུག་བསྔལ་དང་རྩོལ་པའི་ནད་ལས་གྲོལ་ཞིང་། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་མངོན་ཤེས་དང་འབྲས་ཆོས་ལྔ་མཚན་དཔེ་ཡེ་ཤེས་འགྲོ་དོན་རྣམས་ཤུགས་ལས་མ་བཙལ་བར་འཆར་བ་དེས་ན་རང་གི་སེམས་ཉིད་ནི་ཡོན་ཏན་མི་ཟད་པའི་གཏེར་ཆེན་པོ་ཡིན་པས། གང་གཏད་ན་དེ་ལྟ་བུའི་གཏེར་དེ་གང་ན་གནས་ན་རང་ཉིད་ལ་གནས་པར་གང་ལྟར་གཏད་ན་ཆོས་ཉིད་རྟོགས་པ་ལ་མི་བསླུ་བས་ཚད་མ་ལུང་རིགས་མན་ངག་གསུམ་དང་ལྡན་པར་འཇམ་དཔལ་བཤེས་གཉེན་ཉིད་ལ་གཏད་ཀྱིས་གུས་པས་ལོངས་ཤིག་ཅེས་བཀའ་སྩལ་པའོ། །གཉིས་པ་དེའི་རང་བཞིན་རྒྱས་པར་བཤད་པ་ལ། ཆོས་ཉིད་གཞིའི་གནས་ལུགས་གཏེར་དང་འདྲ་བར་རང་ལ་ཡེ་ནས་གནས་ཚུལ། དེ་ཉིད་མ་རྟོགས་པས་འཁྲུལ་ཏེ་སྡུག་བསྔལ་དང་རྩོལ་བའི་ནད་ཀྱིས་འཁྱམས་ཚུལ། དེ་ལྟར་གནས་པའི་དོན་དེ་ཉིད་ལྟ་བས་མངོན་སུམ་དུ་རྟོགས་ཏེ་གཏེར་ཆེན་རང་ལ་གཏད་ཚུལ། དེ་ལ་འདྲིས་གོམས་བྱེད་པའི་ཐབས་ཀྱིས་རྟོགས་དོན་མཐར་དབྱུང་སྟེ་གྲོལ་བ་ཐོབ་ཚུལ། དེ་ལྟར་མངོན་དུ་གྱུར་ཏེ་འབྲས་བུ་ལྷུན་གྱིས་གྲུབ་ནས་ངང་ལ་རྫོགས་ཚུལ་དང་ལྔ་ལས། དང་པོ་ལ། མཐུན་དཔེས་མཚོན་ཏེ་སྟོན་པ་ཡང་སྤྲུལ་ཉིད་ཀྱི་དོན་མཆོག་མངོན་དུ་བྱས་ཚུལ། རྟོགས་དོན་དེའི་རང་བཞིན་དང་མཚན་ཉིད་དངོས་བཟུང་བ། དེ་ཉིད་བརྡ་ཐབས་ཀྱིས་མཚོན་ཏེ་ལེགས་པར་ངོ་སྤྲོད་པ་དང་གསུམ་ལས། དང་པོ་ནི། གཙུག་གི་རྒྱན་ལ་སོགས་རྐང་པ་བཅུས་བསྟན་ཏེ། དཔེར་ན་ཀླུ་ཡི་རྒྱལ་པོའི་སྤྱི་གཙུག་གི་རྒྱན་གྱི་ནོར་བུ་རིན་པོ་ཆེ་ལ་དགོས་པ་ཐམས་ཅད་ཚངས་ཡང་ཀླུ་གདུགས་པའི་དབང་དུ་བྱས་པས་འགྲོ་བའི་དབུལ་བ་མ་སེལ་བ་དེ་ཉིད་སྐྱེས་པ་རབས་ཀྱི་སྡེ་ལས་དགེ་དོན་དུ་གྲག་པའི་རྒྱལ་བུས་སྔོན་གྱི་བསོད་ནམས་བསགས་པའི་དབང་གིས་ཐོབ་པ་ན། ནོར་བུ་རིན་པོ་ཆེ་དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་པས་འདོད་པའི་ཡོན་ཏན་གྱི་ཆར་བཟང་པོ་ཕབ་སྟེ་དེས་འགྲོ་བའི་དབུལ་བ་བསལ་ཏེ་འདོད་པའི་བདེ་བ་ལ་ལོངས་སྤྱད་པ་ལོ་རྒྱུས་གཏམ་རྒྱུ་ལས་འབྱུང་བ་ལྟར་དུ། ཡེ་ནས་རང་ཉིད་ལ་ལྷུན་གྱིས་གྲུབ་པར་གནས་པས་རྩོལ་བའི་སྡུག་བསྔལ་མེད་པའི་གནས་ལུགས་བདེ་བ་ཆེན་པོ་དེ་ཉིད་མ་རྟོགས་ཤིང་ཕྱིན་ཅི་ལོག་ཏུ་བརྟགས་པས་བག་ཆགས་ཀྱི་རྙོག་པས་ལྷུན་གནས་དེ་བསྒྲིབས་པ་ལ། ལྷའི་དབང་པོའི་དུས་ལ་བབ་པར་མཁྱེན་ནས་ཕྱོགས་བཅུའི་སངས་རྒྱས་ལ་བསྐུལ་བའི་བཀའ་དྲིན་གྱིས་གསང་བདག་ཕྱག་ན་རྡོ་རྗེས་ལྷུན་གནས་མངོན་སུམ་དུ་བསྟན་ནས། དེ་ལ་གོམས་ཤིང་འདྲིས་པར་བྱས་པས་བག་ཆགས་ཀྱི་རྙོག་གཞི་སངས་ཏེ་རྣམ་བྱང་གི་རྒྱ་མཚོ་དྭངས་པ་ལ་སངས་རྒྱས་རྣམས་ཀྱི་ཆེ་བའི་ཡོན་ཏན་གྱི་གཟུགས་བརྙན་རང་ཤར་བ་ནི་རྩོལ་བས་བསྒྲུབས་པའི་ཐེག་པ་གཞན་དང་མཚུངས་པ་མེད་པར་རྩོལ་མེད་བདེ་བ་ཆེན་པོ་རང་ལ་ཤར་བས་གྲོལ་བ་མཐར་ཐུག་ཏུ་གྱུར་ཏོ། །འདི་ནི་སྔོན་བྱོན་དམ་པའི་རྣམ་ཐར་གསུངས་པ་ཡིན་པས་དེ་ལ་བརྟེན་ནས་རྗེས་འཇུག་མཁས་པའི་ཉམས་ལེན་ཀྱང་ཤེས་པར་བྱའོ། །གཉིས་པ་ནི། དུས་གསུམ་བདེ་གཤེགས་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དུས་གསུམ་གྱི་བདེ་བར་གཤེགས་པས་རྟོགས་པའི་ཡེ་ཤེས་དང་འགྲོ་བ་རིགས་དྲུག་གི་སེམས་ཉིད་མ་ནོར་བར་ཡུལ་མེད་དུ་རང་སྣང་བ་དང་། བླ་མའི་དྲིན་གྱིས་ཐོབ་པའི་གནས་ལུགས་རང་ངོ་ཤེས་པའི་རིག་པ་ཡུལ་མེད་དུ་རང་ཤར་བ་དང་གསུམ་པོ་དེ་དག་རང་བཞིན་ཡེ་ནས་དབྱེར་མེད་དུ་གནས་པ་ནི་དཔེར་ན་གསེར་གྱི་གོང་བུ་ས་ལེ་སྦྲམ་ལས་བྱས་པའི་རྫས་རྣམས་མིང་དང་དབྱིབས་དང་བྱེད་ལས་དང་དངོས་པོ་བཞིའི་སྒོ་ནས་ཐ་དད་ཡིན་ཀྱང་ངོ་བོ་གསེར་དུ་གཅིག་པ་ལ་རྣམ་དབྱེ་མེད་པ་བཞིན་ནོ། །དེ་ལྟར་ཡང་ཀློང་རབ་འབྱམས་རྒྱལ་པོ་ལས། ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ། །འབྲས་བུ་མི་ཟད་གཏེར་དང་ལྡན། །འཁོར་འདས་ཐམས་ཅད་དེ་ལས་བྱུང་། །སྣང་གྲགས་ཐམས་ཅད་དེ་ལ་སྤྱོད། །བཙལ་བ་མེད་པའི་བྱ་བྲལ་དང་། །ནམ་མཁའི་ཀློང་ལྟར་ཡོངས་ལ་ཁྱབ། །གསེར་གྱི་རྫས་ལྟར་གཅིག་ལས་སྣང་། །ཐ་དད་ཤར་ཡང་གཅིག་ཏུ་རྫོགས། །ཞེས་དང་། མན་ངག་གསེར་གྱི་སྦུབས་མཆུ་ཀློང་གསལ་ཡེ་ཤེས་ཀྱི་མར་མེ་ལས། ལྷུན་གྱིས་གྲུབ་པ་འབྲས་བུ་མི་ཟད་གཏེར། །འཁོར་འདས་ཐམས་ཅད་དེ་ལས་འབྱུང་བས་གཞི། །རྩོལ་བ་མེད་པའི་བྱ་བྲལ་ནམ་མཁའ་འདྲ། །གསེར་གྱི་རྫས་ལྟར་གཅིག་ལས་ཐ་དད་ཤར། །རྩ་བ་མི་འགྱུར་འབྲས་བུ་གཅིག་ཏུ་སྣང་། །དེ་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཉིད་ཀྱི་ངོ་བོར་མ་གྱུར་གཞན་མེད་པས། །མ་སྤྲོས་ཀུན་ལ་ཁྱབ་པར་གདལ་པའི་ཀློང་། །ཞེས་སོ། ། དེ་ལྟ་བུའི་གདོད་མའི་ཆོས་ཉིད་ཀྱི་དོན་དེ་ཉིད་ཇི་ལྟར་གནས་པའི་མཚན་ཉིད་ཀྱང་ལྷུན་གྲུབ་གསུམ་མམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ་གནས་ཏེ། འཁྲུལ་པས་བརྟགས་ཞེན་གྱི་སྣང་བ་ལས་ཡེ་ནས་དབེན་པ་ནི་སེམས་ཀྱི་རང་བཞིན་སྤྲོས་བྲལ་ལྷུན་གྲུབ་ཀྱིས་སྨག་གི་མུན་རུབ་ལྟར་དུ་བརྟགས་ཞེན་ཅིར་ཡང་མ་དམིགས་པས་ཐེར་ཟུག་རྟག་པ་ལས་གྲོལ་ཏེ་ངོ་བོ་ཀ་དག་ཏུ་བཞུགས་ཤིང་། གཟུང་འཛིན་གཉིས་སུ་སྣང་བའི་དུས་ཉིད་ན་ཡང་སེམས་ཀྱི་མཚན་ཉིད་རང་རིག་ལྷུན་གྲུབ་ཀྱིས་ཡེ་ནས་གཉིས་སྣང་མི་གནས་པར་རང་གསལ་བ་ནི་ཉི་མའི་སྙིང་པོ་ལ་རང་ཆས་ཀྱི་འོད་ཟེར་སྒྲིབ་པ་མེད་པ་དང་འདྲ་བས་རང་བཞིན་འོད་གསལ་གྱི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པར་གནས་ལ། ཡེ་ཤེས་རིག་པའི་རང་སྣང་གི་རོལ་པ་ཅིར་ཡང་འཕྲུལ་པ་ནི་རྣམ་པ་སྒྱུ་མ་ལྷུན་གྲུབ་ཀྱིས་མ་འགགས་པར་འཆར་ཏེ་སྟོང་པ་ཕྱང་ཆད་མ་ཡིན་པས་ཆུ་ཉིད་རླབས་སུ་ཤར་བ་དང་འདྲ་བར་རང་བྱུང་གི་ཐུགས་རྗེས་ཀུན་ལ་ཁྱབ་པ་ཉིད་དེ། ཡེ་ཤེས་གསང་བ་ལས། གཞི་མཚོན་དཔེ་ཡི་རང་བཞིན་ནི། །མུན་པ་ཆུ་དང་ཉི་མས་བསྟན། །སེམས་ཉིད་རིག་པ་ཀ་དག་ལ། །ཞེན་པས་བརྟགས་པའི་སྣང་མེད་པས། །སྨག་གི་མུན་རུབ་ལྟ་བུར་བཤད། །དངོས་མེད་རིག་པ་རང་སྣང་ལ། །ཡེ་ཤེས་རོལ་པ་མི་འགག་པས། །ཆུ་ཡི་གཉེར་མ་ལྟ་བུར་བཤད། །མ་བཅོས་སེམས་ཀྱི་མཚན་ཉིད་ལ། །རྩོལ་བས་བཀག་པ་མ་ཡིན་ཡང་། །གདོད་ནས་དག་པའི་དྲི་མེད་པས། །ཉི་མ་ཤར་བ་ལྟ་བུར་བཤད། །ཐ་དད་རྟག་པར་འཛིན་པ་དང་། །རོལ་པའི་སྣང་བ་བཀག་པས་ཆད། །མཐའ་བྲལ་དབུ་མའི་དོན་འཛིན་པའི། །མཐའ་གསུམ་གསལ་བའི་དགོས་པའོ། །ཞེས་སོ། །དེ་ལྟར་གྲོལ་གཞི་དོན་གྱི་གནས་ལུགས་འདི་ནི་དབྱིངས་ཆེན་ངོ་བོ་ཀ་དག །ལྷུན་གྲུབ་རང་གསལ་ཡེ་ཤེས། དབྱེར་མེད་ཐུགས་རྗེའི་རྣམ་པ་གསུམ་ཡེ་ནས་མ་འདྲེས་ལ་མཐའ་བྲལ་ཆེན་པོར་ཡོངས་སུ་རྫོགས་པའི་རིག་པ་འདུས་མ་བྱས་པ་ཡིན་པས་རྟག་ཆད་དང་དེ་གཉིས་བྲལ་ནས་དབུས་སུ་འཛིན་པའི་མཐའ་གསུམ་ལས་གྲོལ་བའི་དགོས་པ་ཡོད་པས་ན་མཚན་ཉིད་དབྱེར་མེད་ཆེན་པོར་བསྟན་པ་ཡིན་ཏེ། རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་བ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་བོ། །རང་བཞིན་འདི་འདྲར་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །ཞེས་སོགས་དང་། འཁོར་དང་འདས་པར་མི་གནས་པས། །ཆོས་ཉིད་སྟོང་པ་ཀུན་ཁྱབ་ཕྱིར། །ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་དང་། ཀུན་ཏུ་བཟང་པོ་ཀློང་དྲུག་པ་ལས། གདོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱང་ནས་ཆད་པ་མེད་པར་སྣང་། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་འདུས་པས། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་འཆར། །ཞེས་སོ། །དེ་ཉིད་རྡོ་རྗེའི་ལུས་ལ་ཇི་ལྟར་གནས་པའང་། གཟུགས་ཀྱི་ཕུང་པོ་སྐྱེ་མཆེད་ཚུལ་ལས་བསྐྱེད་ནས། གནས་ཐམས་ཅད་འདུས་པའི་ལུས་ཀྱི་དཀྱིལ་ཙིཏྟ་རིན་པོ་ཆེ་ཡེ་ཤེས་ཀྱི་གནད་དང་ཡོན་ཏན་འབྱུང་བས་གཞལ་ཡས་ཁང་དམ་པ་སྐུ་གསུམ་གྱི་གནས་ན། ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ཀྱི་ཆ་སྟོང་པ་ཆེན་པོ་དང་། རང་བཞིན་ལྷུན་གྲུབ་ཀྱི་ཆ་གསལ་བ་འགག་མེད་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཆ་དབྱེར་མེད་དུ་འདུས་པའི་རིག་པར་གནས་ལ། དེ་ཡང་ངོ་བོ་སྐུ་ཡི་རང་གདངས་ཞལ་ཕྱག་རང་ས་ན་རྫོགས་ལ་འོད་ཀྱི་གཏིང་མདངས་སྟོན་ཏེ་ཤེས་བྱ་ལ་ཁ་ཕྱིར་མ་བལྟས་པ་དཔེར་བུམ་ནང་སྐུའི་ཚུལ་དུ་ནང་གསལ་དུ་བཞུགས་ལ། རང་བཞིན་ལྷུན་གྲུབ་ཀྱི་རང་གདངས་སྐུ་དེ་དག་ཀྱང་འོད་ཀྱི་གོང་བུར་གནས་ཤིང་། ཐུགས་རྗེ་ཀུན་ཁྱབ་ཀྱི་གདངས་ལས་འོད་དེ་དག་ཀྱང་ཁ་དོག་གི་རིགས་རྣམས་སོ་སོར་མ་འདྲེས་པར་གསལ་བར་བཞུགས་ཏེ། ཐལ་འགྱུར་ལས། ལུས་ཀྱི་དུས་ན་འདི་ལྟ་སྟེ། །འབྱུང་བ་འདུས་པའི་ཕུང་པོ་ཡི། །ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །ཞེས་དང་། རང་རིག་ཡེ་ཤེས་ལུས་ལ་གནས། །ཏིལ་འབྲུ་ལས་ནི་མར་བཞིན་དུ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ཅེས་སོ། །དེ་ལྟ་བུའི་ཆོས་ཉིད་དེ་ཡི་བཞུགས་ཚུལ་ཇི་ལྟ་བ་བཞིན་དུ་སྐལ་ལྡན་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་སྒྲ་ཡིས་མཚོན་པའི་བརྡར་བཏགས་ཤིང་ཚིག་སྡེབས་ལེགས་པས་བསྟན་ཏེ་བཀའ་སྩལ་པ་ཡིན་ནོ། །དེས་ན་ཤིང་ཞེས་པ་ན་མཚམས་སྦྱོར་གྱི་སྒྲ་ལྟ་བུར་འགྱུར་རོ། །གསུམ་པ་ལ། ཇི་ལྟར་འཁྲུལ་ཚུལ་གྱི་བརྡ་དང་། དེ་ལས་གྲོལ་ཚུལ་གྱི་བརྡ་བསྟན་པ་གཉིས་ལས། དང་པོ་ནི། ཤེས་བྱ་རེ་ཞིག་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ཤེས་ནས་གྲོལ་བར་བྱ་བ་ནི། སྐབས་འདིར་རེ་ཞིག་རྣམ་པར་ཤེས་པ་ཚོགས་བརྒྱད་ཡོད་པ་ལས་ནི། ཀུན་གཞི་གཅིག་ལ་གཞི་སྦྱོར་གཉིས་སུ་ཤེས་པར་བྱས་ཏེ་ཚོགས་བདུན་ལ་སྐྱེ་ལུགས་གསུམ་དུ་བསྟན་པར་ངེས་པར་བྱའོ། །དེ་ཉིད་རྒྱུ་མཚན་ཅིའི་ཕྱིར་ན་གཞི་དོན་གྱི་ཀུན་གཞི་རྣམ་བྱང་དྭངས་པར་གནས་པ་དེ་ཉིད་ཚོགས་བདུན་བག་ཆགས་ཀྱི་རྙོག་པས་བསླད་པའི་སྦྱོར་དོན་དང་གཉིས་སུ་བསྟན་པས་སོ། །དེ་ལ་ཚོགས་བདུན་གྱིས་གཞི་དོན་མ་སྤངས་ཀྱང་ངོ་མ་ཤེས་ནས་བྲལ་བར་སྣང་བས་སྐྱེ་ལུགས་གསུམ་དུ་ཤར་བ་ཡིན་ཏེ། སྒོ་ལྔ་མཚན་མའི་ཡུལ་གྱི་རྣམ་པར་སྐྱེ་བ་དང་། ཡིད་ཤེས་སྤྲོས་པ་སྣ་ཚོགས་ཀྱི་རྣམ་པར་སྐྱེ་བ་དང་། ཉོན་ཡིད་ང་བདག་གི་རྣམ་པར་སྐྱེ་བས་སོ། །དེས་ན་རྣམ་ཤེས་ཚོགས་བདུན་ལ་གསལ་བར་མྱོང་བ་སྐྱེ་ལུགས་གསུམ་གྱིས་བསྟན་པར་མཛད་དོ། །དེ་ཡི་བརྡ་ཡང་རྒྱ་གར་ཤར་ཕྱོགས་ཡུལ་གྱི་བཀོད་པ་རྒྱ་ཆེ་བས་སམ་ཡང་ན་འཁྲུལ་པ་ཤར་བའི་ཕྱོགས་བྱིངས་ཆེ་ཞིང་མང་བས་བྷ་གྷ་ལར་ཏེ་ལ་ཞེས་བྱ་བ་ན། མཁར་ཆེན་པོ་ནི་ཟག་བཅས་ཀྱི་ཕུང་པོའམ་ལུས་ཡིན་ལ་དེ་ལ་སྒོ་བརྒྱད་ནི་དོན་དབང་པོ་དྲུག་སོགས་ལྷན་ཅིག་འབྱུང་བའི་གནས་བརྒྱད་དུ་གོ་སྟེ་ཉེར་སྤྱོད་སྐྱེ་བའི་སྒོ་ཡིན་པས་སོ། །དེ་ཡང་ཕྱི་སྒོ་ལྔ། བར་སྒོ་གཅིག །ནང་སྒོ་གཅིག །གནམ་སྒོ་གཅིག་དང་ལྡན་པ་ཡི་ནང་ན། ལྟ་བ་ཕྱིར་ཡུལ་ལ་ཕྱོགས་ཏེ་དོན་དང་སེམས་ཅན་ལ་ལྟ་ཞིང་གནས་པ་ནང་ན་མི་འགྱུར་བར་གནས་པའི་རྒྱལ་པོ་ཆེན་པོ་གཅིག་ནི་ཀུན་གཞི་སྟེ་གཞི་སྦྱོར་མ་ཕྱེ་བའོ། །དེ་ལ་འཁོར་སེམས་བྱུང་ནི་ཉོན་མོངས་དང་རྣམ་རྟོག་གི་རྣམ་པ་གྲངས་མེད་པ་ཡོད་ཅིང་ནང་ན་སྒོ་སྲུང་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་དང་། སྒོ་གཏན་ནི་མཚན་མར་འཛིན་པ། སྤྲོས་པ་སྣ་ཚོགས་སུ་འཛིན་པ། ང་བདག་ཏུ་འཛིན་པ་གསུམ་དང་། སྤྱོད་ཡུལ་གྱི་གནས་འཁོར་བའི་ས་ནི་རིགས་དྲུག་གི་སྣང་བ་ཡོད་པས་རྒྱལ་པོ་ནི་ཤིན་ཏུ་དབང་ཆེན་པོ་ཡིན་ཞིང་ནོར་བུ་རིན་པོ་ཆེ་མ་བྲལ་བཞིན་དུ་མི་མངོན་པར་བྱེད་པས་རྐུན་པོ་དང་མི་ནུབ་པའི་རྒྱལ་མཚན་མ་བསྐྱེལ་བཞིན་དུ་གཅིག་པར་སྣང་བས་འགྲོ་བ་དབུལ་བར་བྱེད་པའོ། །གཉིས་པ་ནི། གདེངས་ཆེན་ལྡན་པའི་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། གཞི་ཉིད་འབྲས་བུར་ངེས་པའི་ཚད་མ་རྟོགས་པའི་གདེངས་ཆེན་པོ་དང་ལྡན་པའི་སྒོ་ནས་དེ་དག་གི་གཡུལ་ངོ་འཇོམས་པའི་དཔའ་བོ་ལྷུན་གྲུབ་གསུམ་གྱི་རང་འོད་འབར་བའི་ཐུགས་ཕྲད་གསུམ་ནི། གདམས་ངག་གི་འབྱུང་གནས་རྒྱ་གར་ནུབ་ཕྱོགས་མེ་ཏོག་རིགས་ལྔས་དབུ་རྒྱན་བྱེད་པའི་ཡུལ་ལམ། ཡང་ན་རྣམ་རྟོག་ནུབ་པའི་ཕྱོགས་གོང་ན་མེད་ཅིང་མཛེས་པས་ཨུ་རྒྱན་ཐོར་ཅོག་ཅན་གྱི་གནས་ན། འཇུག་སྒོ་ཐེག་པ་བརྒྱད་ལམ་སྟེགས་སུ་ལྡན་པའི་ཁྲི་རྐང་མཛོད་མིག་བརྒྱད་ལྡན་སྔོན་དུ་རྫོགས་པར་བཤམས་ནས། རྩ་བ་རིག་པར་གཅིག་པས་གང་གིས་ཀྱང་གོང་མཆོད་པས་རྩེ་མོ། ཐུག་ཕྲད་གསུམ་ན ི་ཤེས་པ་གསུམ་སྒྲོལ་བས་མཚོན་ཆ། སྐྱེ་ལུགས་གསུམ་པོ་རང་ལྷུན་གྲུབ་གསུམ་དུ་འབར་བར་བྱེད་པས་འོད་དེ་དེས་སྒོ་སྲུང་དང་སྒོ་གཏན་དང་འཁོར་ས་དག་རིམ་པ་བཞིན་དུ་རང་བསྒྲལ་རང་བཅག་ཕྱགས་མས་བཏབ་པ་རྣམས་བྱས་ནས་འཁོར་སེམས་དང་སེམས་བྱུང་རྣམས་རྒྱལ་པོ་ཀུན་གཞི་དག་པའི་ངང་ཉིད་ལ་བསྡུས་པས་སྦྱོར་དོན་རང་གྲོལ་ཏེ་ཕྱི་རུ་དོན་དང་སེམས་ཅན་ལ་བལྟར་ཞེས་ལྟ་བ་མེད་པར་ནང་གཞི་དོན་དུས་གསུམ་དུ་མི་འགྱུར་བར་གནས་པ་ཉིད་ནི་ནོར་བུ་ལ་ལོངས་སྤྱོད་ཅིང་མི་ནུབ་པའི་རྒྱལ་མཚན་གཟུགས་པའི་དགོས་པ་ཡང་ཡོད་པའི་ཕྱིར་རོ། །དེ་ལྟར་བརྡ་ཐབས་ཟབ་མོས་ཇི་བཞིན་དུ་མཚོན་པའི་འཕྲུལ་སྣང་སྣ་ཚོགས་པའི་ཁམས་ཅན་གྱི་རང་བཞིན་དང་གཉིས་སུ་མེད་པའི་ཤེས་བྱ་དོན་གྱི་གནས་ལུགས་སེམས་ཉིད་རང་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ནི། ཡེ་ཤེས་རྫོགས་པ་ལས། འཁོར་བའི་ཤེས་པ་གློ་བུར་བ། །རང་བཞིན་མ་ཡིན་རྐྱེན་གྱིས་སྣང་། །བརྗོད་པའི་བརྙན་མ་ཉིད་དང་མཚུངས། །རྣམ་པར་རྟོག་པའི་སེམས་ཉིད་ནི། །གོང་ལྟར་བརྟགས་པ་གཞན་དུ་མཐོང་། །དུ་མ་རིམ་གྱིས་རྟོག་པ་དག །སྒོ་རྣམས་ཀུན་ཏུ་རྒྱུ་བ་སྟེ། །མི་གཅིག་སྐར་ཁུང་དུ་མ་བཞིན། །དོན་གྱི་རྣམ་བྱང་དུ་མ་མིན། །རིག་པ་དབྱེར་མེད་དཀྱིལ་འཁོར་འདིར། །མཐའ་བྲལ་ལྟ་བའི་དོན་ལྡན་གྱིས། །རང་བཞིན་དགོངས་པས་གནས་པར་བྱ། །ཞེས་དང་། དྲི་མེད་གསང་སྒྲོན་ལས། རྣམ་ཤེས་བརྒྱད་ལས་ཀུན་གཞི་བྱང་ཆུབ་སེམས། །མ་རྟོགས་རྙོག་པས་སྤགས་པས་ཚོགས་བདུན་གྱིས། །བག་ཆགས་གཞི་རུ་སྨིན་པ་སྦྱོར་བ་དོན། །བདུན་པོ་གྲོལ་ན་བག་ཆགས་རྙོགས་པ་དྭངས། །བྱང་སེམས་གཞི་དོན་ཡོན་ཏན་གཟུགས་བརྙན་ཤར། །བདུན་ལ་སྒོ་ལྔ་ཡུལ་ལྔར་གསལ་མི་རྟོག །ཡིད་ཀྱིས་རྗེས་འབྲངས་ཡུལ་ལ་མཚན་མར་གཟུང་། །ཉོན་མོངས་ཅན་ཡིད་ཀུན་གཞི་ཁ་ནང་བལྟས། །ང་བདག་ཕྲར་འཛིན་ཡིད་ཀྱི་རྗེས་འབྲངས་ནས། །བདག་དང་བདག་གིར་གཟུང་འཛིན་ལྔ་སོགས་འཛིན། །ཡིད་ཀྱི་རྣམ་ཤེས་དེ་གཉིས་རྗེས་སུའང་འབྲང་། །རང་རྒྱུད་སྔ་མ་ཙམ་གྱི་རྗེས་སུ་འབྲང་། །དེ་གསུམ་ལྷུན་གྲུབ་གསུམ་ལས་མ་འདས་ལ། །ཐུག་ཕྲད་གསུམ་གྱིས་དེ་ལྟར་ངོ་སྤྲོད་ནས། །དེ་ཡི་སོ་ལ་བརྟག་དཔྱད་མེད་པར་བཞག །ཅེས་གསུངས་པ་ལྟར་ཏེ། ལྷུན་གྲུབ་གསུམ་ནི། རང་བཞིན་སྤྲོས་བྲལ་ལྷུན་གྲུབ། རྣམ་པ་སྒྱུ་མ་ལྷུན་གྲུབ། མཚན་ཉིད་རང་རིག་ལྷུན་གྲུབ་གསུམ་སྟེ། ཡེ་ཤེས་གསང་བ་ལས། གཞི་དོན་ལྷུན་གྲུབ་རྣམ་གསུམ་ལ། །རྣམ་པ་རང་བཞིན་མཚན་ཉིད་རྣམས། །བདེ་བ་ཆེན་པོར་ལྷུན་གྲུབ་པ། །དུས་གསུམ་བདེ་གཤེགས་ཡེ་ཤེས་དང་། །འགྲོ་དྲུག་སེམས་ཀྱི་མ་བཅོས་པ། །ཐ་དད་མ་ཡིན་རང་བཞིན་གཅིག །ཅེས་དང་། དཀྱིལ་འཁོར་གྱི་ཀློང་ལས། གནས་ལུགས་རང་བྱུང་ཡེ་ཤེས་ཏེ། །རྣམ་པས་དོན་རྫོགས་རོལ་པའི་རྒྱན། །སྟོང་ཉིད་དངོས་བྲལ་རང་གྲོལ་རྒྱན། །དེ་མཁྱེན་རང་གསལ་སྐྱོན་ལས་གྲོལ། །ཡེ་རྫོགས་གཞི་ཡི་དཀྱིལ་འཁོར་ཡིན། །ཞེས་དང་། བདུད་རྩི་ཆུ་རྒྱུན་ལས། ཅིས་ཀྱང་མཚོན་འདས་དབྱེར་མེད་གྲོལ། །ཅིར་ཡང་མ་འགགས་ལྷུན་གྲུབ་རྫོགས། །དེ་མཁྱེན་རང་གསལ་མ་གོས་དག །གདོད་ནས་མ་འདྲེས་ཡོངས་སུ་རྫོགས། །ཞེས་སོ། །ཐུག་ཕྲད་གསུམ་ནི། སྒོ་ལྔ་སྤྲུལ་སྐུ་ཐུག་ཕྲད་དང་། །ཉོན་ཡིད་ལོངས་སྐུ་ཐུག་ཕྲད་དང་། །ཡིད་ཤེས་ཆོས་སྐུ་ཐུག་ཕྲད་དུ་ཤར་བས་སྦྱོར་དོན་རང་གྲོལ་ནས་ཀུན་གཞི་མ་བཅོས་པར་རང་རིག་བྱང་ཆུབ་ཀྱི་སེམས་སུ་དབྱེར་མེད་ཡོངས་རྫོགས་ཀྱི་ངོ་བོར་རྣམ་པར་དག་པས་ཐིག་ལེ་ཉག་གཅིག་གི་དགོངས་དོན་ཇི་བཞིན་དུ་རྟོགས་པར་བྱེད་པའི་དོན་གྱི་ལམ་སྟེ། བྱང་ཆུབ་ཀྱི་སེམས་ཉི་མའི་འོད་ཟེར་ལས། གཅོད་བྱེད་ཡུལ་གཉིས་གསུམ་འབྲངས་རྣམས། །ངང་གིས་མི་གནས་སྤྲོས་བྲལ་བྱང་། །རྟེན་ལྔ་རང་བཞིན་མི་འགག་ཤར། །སྒྱུ་མའི་རྣམ་པར་ཁྱབ་པས་ཆུབ། །ནང་བལྟས་ངར་འཛིན་དེ་མཚན་ཉིད། །རྟོགས་ན་རང་རིག་གཉུག་མའི་སེམས། །མི་གནས་མི་འགག་དབྱེར་མེད་གསུམ། །ཕྱོགས་སུ་མ་ལྷུངས་རོ་གཅིག་པ། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །ཞེས་དང་། ལྟ་བའི་ཀློང་ལས། ངོས་བཟུང་འདས་པའི་ཡེ་ཤེས་སུ། །འཁོར་འདས་རང་བཞིན་དབྱེར་མེད་དོ། །དེ་ལྟར་མཁྱེན་པའི་རང་རིག་པ། །ཁྱབ་ལ་མ་འདྲེས་རང་གསལ་ལོ། །དེ་ཡི་རྣམ་འཕྲུལ་རོལ་པའི་ཆོས། །སྤྲུལ་པས་དོན་རྣམས་གྲུབ་སྟེ་རྫོགས། །དེ་དག་དབྱེར་མེད་འདྲེས་པའང་མིན། །མཚན་ཉིད་ལས་གྲོལ་མཚན་ཉིད་དོ། །ཞེས་དང་། རིན་པོ་ཆེ་འོད་ལས། འོད་གསལ་སྙིང་པོ་རྫོགས་པ་འདི། །རིན་ཆེན་གསུང་གི་བརྟག་པས་ཤེས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །རང་གནས་ཡེ་ཤེས་ཉིད་ལྡན་པ། །བརྟག་པ་གསུམ་གྱིས་ཤེས་པར་འགྱུར། །མིང་དང་སེམས་ཀྱིས་ཡེ་ཤེས་ཚོལ། །དངོས་པོ་གང་ཡང་རུང་བ་ལས། །བརྟགས་པས་རང་ལོག་ཤེས་པ་འབྱུང་། །རིན་ཆེན་བཞིན་དུ་འགྱུར་བ་མེད། །ཅེས་དང་། མན་ངག་ངེས་པར་ལུང་བསྟན་པ་ལས། རྟོགས་པའི་ཐབས་སུ་ཅིར་མཚོན་མོད། །དོན་དུ་ཡེ་ཤེས་འོད་གསལ་ཉིད། །སྙིང་པོ་ཀུན་བྲལ་མ་འདྲེས་རྫོགས། །བརྗོད་བྱ་ཉག་གཅིག་ཉིད་མཐུན་པ། །ངེས་དོན་སྙིང་པོ་ཉག་གཅིག་མོད། །ཅེས་སོ། །ཐུག་ཕྲད་ཀྱི་དོན་ནི། སྐྱེ་ལུགས་གསུམ་གྱི་རྣམ་རྟོག་ཐམས་ཅད་ངེས་དོན་བདུད་རྩིའི་མན་ངག་སྤུ་གྲི་ལྟ་བུའི་བརྡ་ཐབས་ཀྱིས་གཅིག་ཆོད་དུ་བཅད་ནས་རྒྱུ་རྐྱེན་གྱིས་བསྐྱེད་པ་ལ་མ་ལྟོས་པར་རང་གནས་སྐུ་གསུམ་རང་ཆས་ལ་མ་བཅོས་རང་ལུགས་སུ་འཇུག་པས་བར་གཞན་མེད་པར་རྟོགས་པ་ཅིག་ཆར་དུ་འཆར་བ་ལ་གསུངས་ཏེ། ཡེ་ཤེས་གསང་སྒྲོན་ལས། ཡང་དག་གདམས་ངག་རྒྱལ་པོ་འདི། །བཀའ་རྒྱུད་སྤུ་གྲི་ལྟ་བུ་སྟེ། །གང་ཟག་འབུམ་ལས་འགའ་ཡི་དོན། །འབྱུང་བ་སེམས་ལ་གནས་པར་བྱ། །གང་ལ་མི་ལྟོས་མན་ངག་རྒྱུད། །ཟུང་དུ་འཇུག་པའི་ཡེ་ཤེས་ནི། །རང་ལུགས་བཞིན་དུ་ཤེས་པར་བྱ། །རྒྱུ་དང་རྐྱེན་ལ་རག་མ་ལས། །ཐུག་ཕྲད་ཤུགས་ཀྱི་ལྷུག་པའོ། །སྐུ་གསུམ་འབྲས་བུ་རང་ཆས་ལ། །ཡེ་ཤེས་རང་ཆས་ཟང་ཀ་མ། །འདི་ནི་རང་ལ་བྱིན་གྱིས་བརླབས། །ཞེས་དང་། མན་ངག་ངེས་པར་ལུང་བསྟན་པ་ལས། དེ་ལས་མི་འདའ་ངང་བསྡམ་པ། །མཚན་མ་ལྔ་དང་དེ་རྗེས་མིང་། །ངར་འཛིན་གཞན་རྟོག་རྒྱུན་ལང་ཅན། །ཁ་འབྱམས་སྤྱི་བལྟས་ཙམ་མིན་པར། །སྒྱུ་མ་སྤྲོས་བྲལ་རང་རིག་པར། །ཐུག་ཕྲད་ཉིད་དུ་ཐལ་བྱུང་བས། །གསུམ་ལ་བཏུད་ཅིང་གྲས་ཐག་བཅད། །རང་ལོག་ཐུག་ཕྲད་རང་སོར་བཞག །ཅེས་གསུངས་སོ། །ལེའུའི་མཚན་ནི། རིན་པོ་ཆེ་གཏེར་གཏད་པ་ལས། གནས་ལུགས་བདེ་ཆེན་གྱི་རང་བཞིན་བསྟན་པའི་ལེའུ་སྟེ་སྐབས་དང་པོ་རྣམ་པར་བཤད་པའོ། །ལེའུ་དོན་ནི། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། རིགས་ཀྱི་ལེའི་ཞེས་པ་ནི། སོ་སོའི་ས་མཚམས་དང་ཆོས་གཞན་མ་འདྲེས་ཏེ་གང་མཚོན་པའི་དོན་གཙོ་བོར་བཤད་པའོ། །སྐབས་ཞེས་པ་ཐམས་ཅད་ལེའི་དོན་དང་དོན་འབྱུང་བའི་གཞི་མ་འགགས་པར་ཤེས་པ་ལ་བྱའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དེ་ཉིད་མ་རྟོགས་པས་འཁྲུལ་ཏེ་སྡུག་བསྔལ་དང་རྩོལ་བའི་ནད་ཀྱིས་འཁྱམས་ཚུལ་ལ། དོན་གྱི་ངང་ལས་འཁྲུལ་པ་འབྱུང་ཚུལ་གྱི་ངོ་བོ་ངོས་བཟུང་། རང་བཞིན་གྱི་སྣང་བ་ལ་འཁྲུལ་པའི་བག་ཆགས་ཀྱི་རྙོག་ཚུལ་དཔེས་བསྟན། དེ་ལྟར་འཁྲུལ་པའི་རྣམ་གྲངས་ཀྱི་མཚན་ཉིད་དབྱེ་སྟེ་བསྟན་པ་དང་གསུམ་ལས། དང་པོ་ནི། རང་བྱུང་ལྔ་རུ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། བདེ་ཆེན་ཀློང་འབྱམས་ཀྱི་བསམ་གཏན་ལས། མ་བཅོས་སེམས་ཀྱི་ཀློང་དཀྱིལ་ནས། །རང་བྱུང་ཡེ་ཤེས་དོན་ཤར་བས། །སྟེང་འོག་ཕྱོགས་མཚམས་ཡོངས་ལ་བརྡལ། །ཉག་གཅིག་དབྱིངས་ལ་ཀུན་གསལ་བས། །མཐོང་དང་ཐོས་དང་དྲན་པ་དང་། །རིག་པའི་ངོ་ལ་གང་སྣང་བ། །ཡུལ་མེད་གཅིག་ལས་ཤར་བས་ན། །སྣང་བ་མེད་ཅིང་འགྲིབ་པ་མེད། །ཅེས་དང་། ཡེ་ཤེས་གསང་བ་ལས། མ་བཅོས་རང་བྱུང་ཡེ་ཤེས་ནི། །རང་བྱུང་ཡེ་ཤེས་ལྔ་སྣང་ལ། །ཕྱིན་ཅི་ལོག་གི་བསམ་པ་ཡིས། །ཡེ་ཤེས་ཉིད་དུ་མ་རྟོགས་ཏེ། །ཡང་དག་ཞེན་པ་ལྔ་རུ་མཐོང་། །ཞེན་པ་ལྔ་ཡི་འབྲས་བུ་ནི། །ཁམས་གསུམ་སེམས་ཅན་ཉིད་དུ་ཤར། །ཞེས་གསུངས་པ་ལྟར་རྒྱུ་རྐྱེན་བྱེད་པ་མེད་པར་རང་བྱུང་གི་ཡེ་ཤེས་ལྔ་རུ་རྟག་ཏུ་རང་སྣང་བ་ཡིན་པ་ལ། རང་ངོ་རང་གིས་མ་རིག་པ་ཉིད་དེ། རྒྱུ་མཚན་ཅིའི་ཕྱིར་ན་མཚོན་བྱེད་ནོར་བུ་རིན་ཆེན་ལྟ་བུ་གདམས་ངག་གི་རྐྱེན་མེད་པས་ན་མ་རིག་ལ། གང་དུ་ན་རང་བྱུང་ཡེ་ཤེས་ཉིད་དུ་མ་རིག་པ་སྟེ་ལྷན་ཅིག་སྐྱེས་པ་ཞེས་བྱ། དེ་ཡི་ང་བདག་ཏུ་འཛིན་པར་བྱས་ནས་ཀུན་བརྟགས་ཀྱི་མ་རིག་པའི་མདུད་པ་དགྲོལ་དཀའ་བས་ཤིན་ཏུ་དམ་པར་འཐས་པར་གྱུར་ཏེ། དེའི་མཐུ་ལས་གཞན་དུའང་སྣང་སྟེ། དེ་གཉིས་ཀྱི་ཆ་ལས་འཛིན་པའི་ཀུན་རྟོག་ཉོན་མོངས་པ་དུག་ལྔར་སྨིན་ཏེ། ནང་ན་ས་བོན་གྱི་བདག་ཉིད་དུག་ལྔ་ཡི་ཆ་ཅན་རྩ་བ་དང་ཉེ་བའི་ཉོན་མོངས་པ་དུ་མ་གནས་པས་དེ་དག་གིས་ཀུན་ནས་བསླང་བའི་འདུ་བྱེད་ཀྱི་ལས་དགེ་བ་དང་མི་དགེ་བ་དང་མི་གཡོ་བ་དང་གསུམ་མམ་ཡང་ན་ལུས་ངག་ཡིད་ཀྱི་ལས་གསུམ་གྱི་མེ་ཏོག་ཕྱི་རུ་རྒྱས་པས་རེ་ཞིག་གི་འབྲས་བུ་འགྲོ་བ་རིགས་དྲུག་པོ་ལས་གསུམ་ལས་གྲུབ་པས་བདུད་བཞི་ལ་སོགས་པ་ཞོར་སྣང་གི་དུཿཁས་རྟག་ཏུ་ཉེན་པ་ཡིན་ཏེ། སློབ་དཔོན་ལྷའི་རྒྱལ་པོས། ཡུལ་ན་མི་གནས་ངེས་རྐྱེན་བྲལ། །རང་གིས་རང་ངོ་མ་ཤེས་པས། །དོན་དུ་གནས་ཀྱང་ངོ་བོས་བསྐལ། །ངང་འཛིན་གཞན་སྣང་ཐ་དད་བརྟགས། །ཆ་ལས་ཉོན་མོངས་ལྔ་ཡི་བདུད། །ཆོས་ཉིད་སྤྲོས་བྲལ་བཅད་ལྟར་འཕྲོས། །འདུ་བྱེད་མཐུ་ཡིས་ཕུང་པོ་བླངས། །སྒྱུ་མའི་རྣམ་པ་མཚན་མར་བཅས། །སྲོག་རྒྱུན་བརྟེན་པས་ནུས་ཟད་འཕོ། །འགྱུར་མེད་བཅད་ལྟར་ཆུ་བཞི་སྲིད། །རྟོག་པས་གཞན་དུ་བཟུང་བ་ཡིས། །སླུ་བའི་བྲི་ཏས་དངོས་གྲུབ་བཅད། །བཞི་ཡིས་བྱང་ཆུབ་སེམས་བསླད་དེ། །སྡུག་བསྔལ་རྩོལ་བའི་ནད་ཀྱི་མནར། །ཞེས་སོ། །གཉིས་པ་ནི། རང་སྣང་མོད་ཀྱང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། །ཡིན་ལུགས་ཆོས་ཉིད་རང་བཞིན་གྱི་སྣང་བ་ཡིན་མོད་ཀྱང་རང་གིས་རང་ངོ་མ་རིག་སྟེ་བདག་ཏུ་འཛིན་པའི་མཐུ་ཅན་གྱི་བགོ་གཞི་དེ་ལ་བགོ་བྱེད་ཀྱིས་བཞག་པའི་ལས་དང་ཉོན་མོངས་རྣམས་ཀྱི་ས་བོན་ལ་སོགས་པ་བགས་ཀྱིས་ཆགས་པ་ནི་དཔེར་ན་རས་དཀར་པོ་གུར་དུ་ཕུབ་པ་ལ་དྲི་མ་བགས་ཀྱིས་ཆགས་པ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཆོས་ཉིད་རང་གདངས་སྣང་བ་ལས། །རྟོག་འཛིན་སྣང་བས་ཡིད་ཕྲོགས་ཏེ། །འཁྲུལ་ཆའི་ཡུལ་ནི་ཕྲ་མོའི་ལས། །བསྒྲིབས་ཤིང་རང་སྣང་མ་དག་གྱུར། །དེ་ཡིས་བག་ལ་ཉལ་བ་ཉིད། །ཕྲ་ཞིང་རྡུལ་གྱི་ཆ་དག་ནི། །འགྱུ་ཞིང་འཛིན་པ་ཙམ་དུ་གྱུར། །ཕྲ་བས་ཕྲ་འགྱུར་ཤེས་པ་ལས། །རྟོག་དཔྱོད་གཟུང་ཆ་གཉིས་སུ་སོང་། །ཕྲ་རྡུལ་ཡེ་ཤེས་སྣང་བ་འགགས། །ཡུལ་ཤེས་ཐད་ཀ་ཙམ་དུ་ཤར། །ཞེས་སོ། །གསུམ་པ་དེ་ལྟར་འཁྲུལ་པའི་རྣམ་གྲངས་ཀྱི་མཚན་ཉིད་དབྱེ་སྟེ་ངེས་པར་བསྟན་པ་ལ། ཞེན་པས་འཁྲུལ་པ་འགྲོ་བ་རིགས་དྲུག་དང་། རྐྱེན་གྱིས་འཁྲུལ་པ་ཕྱི་ནང་གི་གྲུབ་མཐའ་བཤད་པ་གཉིས་ལས། དང་པོ་ནི། ལས་རླུང་དྲག་པོ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། ཞེན་རྟོག་ལ་བརྟེན་ནས་ཟག་པ་དང་བཅས་པའི་ལས་གསུམ་གྱི་གཡོ་བས་འདུ་བྱེད་སེམས་པའི་རླུང་ནི་ཤུགས་དྲག་པོ་ཅན་དུ་གྱུར་ཏེ་དེ་ཉིད་ཀྱི་ནུས་པའི་མཐུ་མཆེ་བས་ཞེན་པ་འགྲོ་བ་རིགས་དྲུག་གི་འཁོར་ལོ་ནི་ལས་ཀྱི་ཤུགས་ཀྱིས་ཡང་ནས་ཡང་དུ་བསྐྱལ་བས་འཁོར་བ་ཞེས་སུ་གསུངས་ཏེ། ཇི་སྐད་དུ། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་བསྐོར་བ་བཞིན། །ཞེས་སོ། །དེ་ཡང་ཐལ་འགྱུར་ལས། མ་རིག་ལ་སོགས་བཅུ་གཉིས་ཆས། །འགྲོ་བའི་འབྱུང་རིགས་བཅུ་གཉིས་འགྱུར། །དེ་ཡི་ནང་ཤས་འབྱུང་བའི་ལུས། །ཕུང་པོ་རྣམས་དང་ཁམས་དང་ཡང་། །སྐྱེ་མཆེད་ལས་ཀྱི་ཚོགས་ལ་འདུས། །ཉོན་མོངས་འདུས་པ་དཔག་མེད་ལས། །འགྲོ་བའི་ལུས་ཀྱི་རྟོག་ཚོགས་སྡུད། །རྟེན་འབྲེལ་ཚོགས་པ་དུ་མ་ལས། །མི་མཐུན་གཟུགས་སོགས་བྱེ་བྲག་གོ། །ཞེས་གསུངས་པ་ལྟར་ཕྱི་དང་ནང་གི་རྟེན་འབྲེལ་བཅུ་གཉིས་སྣོད་བཅུད་ལ་ཆ་ཕྲ་རགས་དང་གྲངས་མང་ཉུང་དུ་འཁོར་བའི་ཚུལ་ནི། །དཔེར་ན་ཟོ་ཆུའི་བརྒྱུད་པའི་འཁོར་ལོ་དང་འདྲ་བར་རྒྱུན་མི་འཆད་ཅིང་དེ་དག་ལ་དབྲལ་དཀའ་བར་ཞེན་ནས་ཨ་འཐས་སུ་གྱུར་པའོ། །དེ་བས་ན་རིན་པོ་ཆེ་རྒྱན་ལས་ཀྱང་། །ཡིན་པར་གནས་དང་མ་ཤེས་པ། །སྔ་ཕྱི་མི་གནས་ཐོག་མ་མེད། །ཚད་ལས་འདས་པས་ཐ་མའང་བྲལ། །རྒྱུན་དུ་མི་སྟོངས་འཁོར་ལོ་བསྐོར། །ཟོ་ཆུ་བརྒྱུད་པའི་འཁོར་ལོ་ལྟར། །ཕྱི་ནང་བཅུ་གཉིས་ཤུགས་ཀྱིས་བསྐྱར། །ཡོད་པ་མིན་ཀྱང་དོན་ལྟར་སྣང་། །རྐྱེན་གྱིས་དཀྲུགས་པའི་དབང་པོ་བཞིན། །མ་རིག་འདམ་གྱི་ཕུང་པོ་ལ། །ཉོན་མོངས་དུག་ལྔ་གཞི་བཏབ་པས། །སྡུག་བསྔལ་སྣ་ཚོགས་ཉེས་པས་ཉེན། །ཐར་པ་བདེ་ཆེན་སྲོག་བྲལ་བའོ། །ཞེས་གསུངས་ཏེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་དངོས་མེད་མ་ཤེས་ན། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཟུང་འཛིན་དག་གིས་གཟུང་ནས་ནི། །འཁོར་བ་ཉིད་ལ་ཡུན་རིང་གནས། །ཁམས་གསུམ་པ་ཡི་ཁང་པ་རུ། །མི་དང་གཟུགས་ཀྱི་བརྩོན་རར་ཚུད། །མ་རིག་ལས་ཀྱི་ལྕགས་ཀྱིས་བསྡོམས། །རང་བྱུང་སྒྲོན་མ་ཉིད་དང་བྲལ། །འཁོར་བའི་མུན་ནག་སྟུག་པོས་གཡོགས། །འདོད་ཆགས་ལན་ཚྭའི་རོ་ལ་ཆགས། །གཏི་མུག་ཞགས་པས་དམ་དུ་བཅིངས། །ཞེ་སྡང་མེ་ཡི་ཚད་པས་གདུངས། །ང་རྒྱལ་དག་གིས་མགོ་གཏུམས་ཏེ། །ཕྲག་དོག་ཉིད་ཀྱི་སྒོ་མོས་དཀྲིགས། །ཁོང་ཁྲོ་ལ་སོགས་དམག་གིས་བསྐོར། །དྲན་བསམ་ཉིད་ཀྱི་གཡས་གཡོན་བརྟེན། །གཟུང་འཛིན་ཞགས་པས་སྐྱེ་ནས་བཏགས། །སྔ་ཕྱི་བག་ཆགས་འདམ་དུ་བྱིང་། །རྣམ་སྨིན་ཉིད་དང་ལག་སྤྲེལ་ཏེ། །ལས་ཀྱིས་མ་བུ་མཚམས་སྦྱར་ནས། །གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན། །བཟང་ངན་རིམ་པའི་ལུས་བླངས་ཏེ། །སོ་སོའི་རིགས་སུ་སྐྱེ་བར་འགྱུར། །ངར་འཛིན་རབ་ལ་འབོགས་ནས་ནི། །སྡུག་བསྔལ་རྒྱ་མཚོའི་གཏིང་དུ་བྱིང་། །ངན་སོང་ལྕགས་ཀྱུས་སྙིང་ནས་བཟུང་། །རང་གིས་རང་བཅིང་ཉོན་མོངས་དགྲ །དམྱལ་བ་པར་ནི་མི་ཆུར་སྣང་། །ཡི་དྭགས་རྣམས་ལ་བཀྲེས་དང་སྐོམ། །བྱོལ་སོང་རྣམས་ལ་ན་བུན་ལྟར། །མི་རྣམས་ཕུང་པོ་ཁམས་དང་ནི། །སྐྱེ་མཆེད་འབྱུང་བ་ལྔ་རུ་སྣང་། །དེ་ཡང་བདེ་སྡུག་བཏང་སྙོམས་སོ། །ལྷ་མིན་རྣམས་ལ་གོ་མཚོན་ཏེ། །ལྷ་རྣམས་འདོད་པའི་ཡོན་ཏན་ནོ། །ཞེས་སོ། །གཉིས་པ་རྐྱེན་གྱིས་འཁྲུལ་པ་ཕྱི་ནང་གི་གྲུབ་མཐའ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྐྱེན་གྱིས་འཁོར་ལོ་གསུམ་དང་བརྒྱད། །ཅེས་རྐང་པ་གཅིག་གིས་བསྟན་ཏེ། སྟོན་པ་དང་བསྟན་པའི་རྐྱེན་གྱིས་འཁོར་བའི་འཁོར་ལོ་མ་གོ་ལ་གོལ་བ་ནི་ཕྱིན་ཅི་ལོག་ཏུ་འཕྱན་པ་མུ་སྟེགས་སྡེ་གསུམ་དང་། བཀའ་ལ་ཕྱོགས་ཆར་བཟུང་བརྩོལ་བའི་ཐེག་པ་བརྒྱད་དེ་འདི་ནི་ཕྱོགས་ཙམ་རྟོགས་ཀྱང་རྣལ་མ་ཡང་དག་པར་མ་རྟོགས་པས་བཞག་པའོ། །གཉིས་པ་ལ་སོགས་པས་འཁྲུལ་པ་ཕྱི་རོལ་བ་སྡེ་གསུམ་དང་། རྩོལ་བས་འཁྲུལ་པ་ཐེག་རིམ་རྣམ་བརྒྱད་བཤད་པ་གཉིས་ལས། དང་པོ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། གསུམ་གྱི་འཁོར་ལོ་སོགས་རྐང་པ་གཉིས་ཀྱི་བསྟན་ཏེ། དེ་རྣམས་ལས་ལོག་པ་གསུམ་གྱིས་རྐྱེན་ལ་བརྟེན་པའི་འཁོར་ལོ་ནི་ཡིན་ལུགས་ལས་ཕྱིར་ལ་ཕྱོགས་ཏེ་ཕྱིན་ཅི་ལོག་ཏུ་བསྐོར་པས་འཁོར་བ་ལས་མ་འདས་པའོ། །དེའི་དབང་གིས་གནས་ལུགས་ཀྱི་དོན་ལྷུན་གྲུབ་གསུམ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་ཏེ་ལམ་གོལ་བ་ལ་ཞུགས་པའོ། །གཉིས་པ་ལ། ལས་འབྲས་ལ་རྨོངས་པས་ལོག་པ་གསང་ཚིག་པ་ཕྱི་མ་རྒྱང་དུ་འཕེན་པའི་སྡེ། སྐུར་འདེབས་ཀྱི་ལྟ་བས་ལོག་པ་ཆད་ལྟ་བ་མུར་ཐུག་ཏུ་འཛིན་པའི་སྡེ། སྒྲོ་འདོགས་ཀྱི་ལྟ་བས་ལོག་པ་རྟག་སྨྲ་བ་ཐེར་ཟུག་ཏུ་འདོད་པའི་སྡེ་དང་གསུམ་ལས། དང་པོ་ནི། ལས་ལས་གྱུར་པ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། ཚེ་འདིའི་བདེ་སྡུག་གི་ཁྱད་པར་སྔར་གྱི་དགེ་སྡིག་གི་ལས་ཀྱི་མཐུ་ལས་གྱུར་པ་ལ་བློས་མ་དཔྱད་དེ་ལས་རྒྱུ་འབྲས་ལ་རྨོངས་པའི་དབང་གིས་ཚེ་འདི་ཡི་ཆེད་དུ་མཐུ་དང་སྟོབས་དང་བཙན་པ་ཕྱུག་པོར་སྒྲུབ་པ་ལ་བརྩོན་པར་བྱེད་དེ་འཇིག་རྟེན་པའི་གསང་ཚིགས་ལ་བརྟེན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་དྲག་པོ་ལ་སྤྱོད་པས་ན་འདིའང་ལོག་པར་རྟོག་པའི་གྲངས་སུ་བསྒྲངས་པའོ། །གལ་ཏེ་འདི་ཉིད་ཡང་དག་པའི་གནས་ལ་མོས་པ་ཅན་ཡིན་ན་ཐབས་འཛུད་བསྲེ་བའི་ལུང་གིས་དོན་དང་མཐུན་པར་མཚམས་ཕྱོགས་སུ་དྲང་ལ། མ་མོས་ན་བཏང་སྙོམས་སུ་བཞག་གོ། །གཉིས་པ་ལ། ཚེ་སྔ་ཕྱི་ལ་སྐུར་པ་འདེབས་པ་ཐར་པ་ངེས་ལེགས་ལ་སྐུར་པ་འདེབས་པ། སྣང་ཆོས་ཐམས་ཅད་ལ་སྐུར་པ་འདེབས་པ་དང་གསུམ་ལས། དང་པོ་ནི། ཕྱང་ཆད་ལ་ལས་སོགས་རྐང་པ་བཅོ་ལྔས་བསྟན་ཏེ། སྔ་ཕྱི་འབྲེལ་བའི་མུ་མེད་པས་ཕྱང་ཆད་དུ་སྨྲ་བ་ལ་ལས་འདོད་པ་ནི་ཚེ་སྔ་ཕྱི་མེད་པར་ཚེ་འདི་གང་ཙམ་ཞིག་ཏུ་འདོད་ལ། དེ་ཉིད་ཀྱང་ཁུ་ཁྲག་དང་ས་ཆུ་མེ་རླུང་འབྱུང་བ་བཞི་པོ་འདུས་པ་ཡི་ནུས་མཐུ་ལས་མངོན་པར་གསལ་བའི་སེམས་ཅན་དང་མི་གསལ་བའི་སྣོད་ཀྱི་སེམས་པ་ཅན་གློ་བུར་དུ་བྱུང་བ་ཡིན་གྱིས་ལས་ཀྱི་འབྲས་བུར་མི་འདོད་ལ། ཡང་ན་གང་གི་དེ་ཉིད་བཞི་ཞེས་པ་འདི་ཡིས་འབྱུང་བཞི་དོན་དམ་དུ་འདོད་པ་ལ་སྦྱར་ཡང་རུང་ངོ་། །སླར་ཡང་འབྱུང་བའི་ནུས་པ་ཟད་ནས་དེར་ཐིམ་སྟེ་ལུས་སེམས་རྒྱུན་ཆད་པ་ན་སྲིད་པར་ཉིང་མཚམས་སྦྱོར་བ་མེད་པ་ནི་དཔེར་ན་མེ་ཤི་ནས་ཐལ་བ་རླུང་གིས་ཁྱེར་ཏེ་མེའི་རྒྱུན་འབྲེལ་བ་གཞན་སྐྱེ་བ་མེད་པ་དང་འདྲ་བར་འདོད་པའོ། །འདི་དག་གི་སྔོན་ཀྱང་རྒྱལ་བའི་བཀའ་ཞེས་བཀའ་ཡིས་དངོས་ལན་མཛད་ནས་མ་བཟློག་པས་ན་གཏིང་ནས་བྱང་ཆུབ་ཀྱི་ས་བོན་ཚིག་པ་ཅན་གྱི་ཕྱོགས་ལྷུང་གི་གང་ཟག་ལ་ལོག་པར་ལྟ་བའི་ཉེན་ཆེན་པོ་དག་ཡོད་པས་སྡིག་ཏུ་སྐུར་བའི་རིགས་ལ་བཏང་སྙོམས་སུ་བཞག་གོ། །འོན་ཀྱང་མོས་པ་ཅན་ལ་ཉེ་དུ་ཁ་ལན་བྱེད་པ་དང་འདྲ་བར་ཐབས་འཛུད་བསྲེ་བའི་ལུང་ནི་དེ་དང་མཐུན་པར་འདྲེན་མར་སྤྱད་ནས་མཐར་འདི་ལ་འཛུད་པའོ། །གལ་ཏེ་བློ་འམ་རིགས་པ་སྤྱི་སར་འཇོག་པ་ཡི་གང་ཟག་ཚད་མར་མཐོང་ན་ཁས་ལེན་པ་དེ་ལ་དང་པོ་ལུང་ལས་ཚེ་སྔ་ཕྱི་དང་ལས་འབྲས་རྣམས་བཤད་པས་ན་ཡོད་པར་དཔག་པར་བྱ་སྟེ་མདོ་སྡེ་ལས་བརྒྱ་པ་དང་སྐྱེས་རབས་ལྟ་བུ་དྲང་ངོ་། །དེ་ཡང་རྨི་ལམ་ཉམས་པ་སེམས་མེད་པའི་གཉིད་འཐུང་དང་བརྒྱལ་བའི་ཚེ་ཤེས་པ་རྒྱུན་ཆད་ཀྱང་ཕྱིས་སུ་སྔར་གྱི་རྒྱུན་ལས་འབྱུང་བས་ཚེ་ཕྱི་མའང་དེ་བཞིན་དུ་འབྱུང་བར་གྲུབ་བོ། །དེ་ཉིད་གཏན་ཚིགས་སུ་འགོད་ཚུལ། རིག་པ་ཆོས་ཅན། རང་གི་རིགས་འདྲ་སྔ་མའི་རྒྱུ་ལས་འབྱུང་བ་ཡི་ཤེས་པ་ཡིན་ཏེ། ཞེས་དམ་བཅའ། ཅིའི་ཕྱིར་ན་རེས་འགའ་བ་རྣམས་སུ་དམིགས་པའི་ཕྱིར། དཔེར་ན་མྱུ་གུ་བཞིན། ཞེས་འབྲས་བུའི་རྟགས་ལ་སྦྱར་བས་རིགས་པ་དེ་ཡིས་རྒྱུ་སྔ་མ་ཡོད་པར་སྒྲུབ་བོ། །གལ་ཏེ་སྔ་མའི་རྒྱུ་ལ་མ་བརྟེན་པར་གློ་བུར་དུ་འབྱུང་བའང་རེས་འགའ་བར་མ་གྲུབ་སྟེ། རེ་ཞིག་རྟག་དངོས་སུ་འདོད་པ་རྣམས་ལ་ལྡོག་པ་མི་འདྲ་བའི་ཁྱད་པར་གཅོད་པའི་ཐལ་འགྱུར་གྱི་གཏན་ཚིགས་རྟག་ཏུ་ཡོད་པའམ་མེད་པ་ཁོ་ནར་འགྱུར་བར་ཐལ། རྒྱུ་མེད་གཞན་ལ་མི་ལྟོས་པའི་ཕྱིར། ཞེས་པའི་རྟགས་སུ་ཁས་བླངས་སྦྱར་ལ། རྟག་ཏུ་ཡོད་ན་རྒྱུན་ཆད་པ་ཉམས་ལ། མེད་ན་འདིའང་མེད་པར་འགྱུར་རོ། །ཞེས་བྱའོ། །གཉིས་པ་ནི། ལ་ལས་སྔ་ཕྱི་སོགས་ཚིགས་བཅད་བཞིས་བསྟན་ཏེ། ཡང་ལ་ལས་འདོད་པ་ནི་ཚེ་སྔ་ཕྱི་ཙམ་ནི་ཡོད་པར་འདོད་ལ། འོན་ཀྱང་ངེས་པར་ལེགས་པའི་འབྲས་བུ་ཐམས་ཅད་མཁྱེན་པ་ལ་མེད་ཅེས་སྐུར་པ་འདེབས་ཏེ། ཇི་ལྟར་ན་ངེས་པར་ལེགས་པ་དེ་ནི་ཉོན་མོངས་པ་དུག་གསུམ་ལས་གྲོལ་བ་ལ་འདོད་པར་འདུག་ཀྱང་དེ་ནི་མི་འཐད་པས་ཏེ། ངེད་ཀྱི་འདོད་པ་ནི་དུག་གསུམ་སེམས་ཀྱི་རང་བཞིན་ཡིན་པས་དེ་གསུམ་སྤངས་ན་སེམས་དེ་ཡང་བྲལ་བར་འགྱུར་བས་ན། སེམས་མེད་པས་དུག་གསུམ་ལས་གྲོལ་བ་པོ་ནི་གང་སུ་ཞིག་ཡིན་ཏེ་གྲོལ་རྒྱུ་མེད་པའི་ཕྱིར། དཔེར་ན་ནག་པོ་སྤངས་ན་སོལ་བ་མེད་པར་འགྱུར་བས་དཀར་པོ་གང་ཞིག་གཏོང་། ཞེས་པ་ལྟ་བུའོ། །དེར་མ་ཟད་དུག་གསུམ་ནི་སྤོང་བས་མི་འགྱུར་བར་རྟག་པ་ཡིན་ལ ། སྤང་བའི་ཐབས་ཀྱང་མེད་ཅིང་སྤང་ཐབས་ཤེས་པའང་མེད་ལ་སྤང་དུ་བཏུབ་པའང་མིན་ཏེ། དུག་གསུམ་དེ་ནི་ངོ་བོ་ཉིད་ཀྱིས་མི་འགྱུར་བར་གནས་པའི་ཕྱིར། ཞེས་འདོད་དོ་ཞེའོ། །དེ་ཡང་རིགས་ཆད་བཏང་སྙོམས་སུ་བཞག་པ་ལ་སོགས་པ་གསུམ་ནི་སྔར་བཤད་པ་བཞིན་དུ་མཐུན་པར་སྒྲུབ་སྟེ། ཁྱད་པར་གྱི་རིགས་པ་ཡང་དག་པས་སུན་དབྱུང་བ་ཡང་དང་པོ་མ་ངེས་ཏེ་རྙོག་ཆུ་དང་འདྲ་བས་དྭངས་སུ་བཏུབ་ལ། གཉིས་པ་མ་གྲུབ་སྟེ་དུག་གསུམ་གྱི་རྒྱུ་བདག་འཛིན་དང་རྐྱེན་གཞན་སྣང་བ་དང་ལྡན་པས་མི་རྟག་པ་ཡིན་ཅིང་། གསུམ་པ་གཉེན་པོའི་ཡེ་ཤེས་ཀྱིས་སྤོང་བར་བྱེད་པས་ཐབས་ཡོད་ལ། བཞི་པ་བླ་མ་བརྒྱུད་པ་དང་ལྡན་པའི་མན་ངག་ཡོད་པས་སྤོང་ཡང་ཤེས་ཤིང་། ལྔ་པ་ཡེ་ཤེས་དེ་ཉིད་དུག་གསུམ་དེ་ཡི་རང་བཞིན་ཡིན་པས་སྤང་དུ་བཏུབ་ལ། ཐ་མ་དུག་གསུམ་སྤངས་ཏེ་གནས་འགྱུར་བ་ནི་རང་རིག་པའི་མངོན་སུམ་མོ་ཞེས་རང་རིག་མངོན་སུམ་གྱིས་གྲུབ་པས་ངོ་བོ་ཉིད་ཀྱིས་མི་གནས་སོ། །དེས་ན་བཀའ་ཡི་བརྒྱུད་པ་རྣམས་ནི་འདས་པ་བྱུང་ཟིན་པར་བསྒྲུབས་པའི་འབྲས་བུ་ཡི་རྟགས་ལ་བརྟེན་ནས་རྒྱུད་སྔ་མ་སྔོན་དུ་སོང་བ་དང་རྒྱུ་རྐྱེན་དང་ལྡན་པ་མི་རྟག་པར་སྒྲུབ་ཅིང་། དེ་ཡི་རང་བཞིན་རྟོགས་ནས་གནས་ཚུལ་གྱི་དོན་དུ་བྱས་པ་ལ་བརྟེན་ཏེ་ངེས་པར་ལེགས་པ་ཉིད་དུ་རང་གྲུབ་པར་སྒྲུབ་བོ། །དེ་བས་ན་སློབ་དཔོན་ཤེས་རབ་འབྱུང་གནས་ཀྱིས། གང་གཞན་ལ་འཆད་པ་ལ་དོན་དང་མཐུན་ཞིང་འགལ་བ་མེད་པ་དེས་གཞལ་བྱ་དེ་མངོན་སུམ་མཐོང་བ་ཡིན་ཏེ། རང་རང་གིས་ཡུལ་དཔྱོད་པ་བཞིན། གཞུང་འབུམ་པ་ལ་སོགས་པ་འཆད་པ་པོ་དེས་ཀྱང་དོན་དང་མཐུན་ཞིང་འགལ་བ་མེད་དོ། །ཞེས་བྱ་བས་བསྒྲུབས་པར་ནུས་སོ། །ཞེས་གསུངས་པ་ནི། ངག་གི་སྤུ་རིས་ཟིན་ན་འགལ་བ་མེད་པས་འདིར་ཡང་དེ་ལྟར་སྦྱར་རོ། །ཡང་ན་རྐང་པ་འདིའི་དོན་བཀའ་བརྒྱུད་འདིར་ནི་འབྲས་བུ་རང་སྣང་ཉིད་དུ་ལྷུན་གྱིས་གྲུབ་པར་བཞེད་པས་ཆད་པའི་མཐའ་ལས་གྲོལ་བའོ། །ཞེས་སུ་འགྲེལ་ཀྱང་རུང་བར་མངོན་ནོ། །གསུམ་པ་ནི། ལ་ལས་ལུང་ཙམ་སོགས་ཚིགས་བཅད་གཅིག་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱི་བསྟན་ཏེ། ཡང་ལ་ལས་འདོད་པ་ནི་རྒྱལ་བའི་ལུང་གི་བྲལ་ཕྱོགས་ཙམ་ལ་བརྟེན་ནས་ཆོས་ཐམས་ཅད་ཅི་ཡང་མ་ཡིན་ལ། ཅི་ཡང་མ་ཡིན་པ་རང་ཡང་མ་ཡིན་པར་འདོད་དེ་ཁས་ལེན་སྤངས་པའོ། །གྲུབ་མཐའ་འདི་ལྟར་འཛིན་པ་ནི་བསྒྱུར་བར་དཀའ་ཞིང་རང་ལའང་འབྱུང་ཉེན་ཆེ་ལ། འབྲས་བུ་སངས་རྒྱས་ཐོབ་པ་ལ་སླུ་བར་བྱེད་པས་ལམ་གྱི་གཟུགས་བརྙན་ཙམ་ཡིན་ཞིང་ཡང་དག་པའི་ལམ་མིན་པས་དང་པོ་ཁོའི་འདོད་པ་དེ་ལས་བཟློག་པ་ཙམ་དུ་ཆོས་ཐམས་ཅད་ཅི་ཡང་ཡིན་པར་ཁས་ལེན་ཏེ་བསྒྲུབ་པར་བྱའོ། །གསུམ་པ་སྒྲོ་འདོགས་ཀྱི་ལྟ་བས་ལོག་པ་རྟག་སྨྲ་བ་ཐེར་ཟུག་ཏུ་འདོད་པའི་སྡེ་ལ། མདོར་བསྟན་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཐེར་ཟུག་པ་དག་རིག་བཞིར་གནས། ཞེས་རྐང་པ་གཅིག་གིས་བསྟན་ཏེ། མུ་སྟེགས་པའི་གྲུབ་མཐའ་རྟག་པ་ཐེར་ཟུག་ཏུ་འདོད་པ་དག་ནི་རིགས་མི་འདྲ་བ་བཞིར་གནས་པའོ། །དེ་དག་ཀྱང་གང་ཞེ་ན། གཉིས་པ་ལ། རིག་བྱེད་པ་རིག་པ་ལ་སྒྲོ་འདོགས་པ། བྱེ་བྲག་པ་ཤེས་བྱ་ལ་སྒྲོ་འདོགས་པ། གྲངས་ཅན་པ་རང་བཞིན་དང་ཤེས་རིག་ལ་སྒྲོ་འདོགས་པ། གཅེར་བུ་པ་དུ་མ་རོ་གཅིག་ལ་སྒྲོ་འདོགས་པ་དང་ཞི་ལས། དང་པོ་ནི། རིག་པ་གཟུང་འཛིན་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། རང་གི་རིག་པ་གཟུང་འཛིན་གཉིས་ལས་གྲོལ་བ་ཡི་རྟག་གཅིག་བདེ་བ་རང་དབང་ཅན་གྱི་བདག་སྟེ། བདག་དེ་ལ་གཟུགས་མེད་པས་དངོས་པོ་ཡོད་པ་ལས་གྲོལ་ཞིང་། བདག་ནི་ཡོད་པས་དངོས་པོ་མེད་པ་ལས་ཀྱང་གྲོལ་བ་ཙམ་དུ་གནས་པས་བླང་བ་དང་དོར་བ་གཉིས་དང་བྲལ་བར་འདོད་དོ། །དེ་ཡང་ལྡོག་པ་བེམས་པོ་ལས་ལོག་པ་དང་བཅས་པར་ཤེས་པའི་རྒྱུད་དུ་རང་བློ་ལ་སྣང་བའི་རིག་པ་དེ་ལ་ང་བདག་ཏུ་འཛིན་པ་དང་བཅས་པར་འདོད་པ་དེ་ལས་བླང་དོར་གཉིས་དང་བྲལ་ནས་དངོས་པོར་གྱུར་པ་དང་དངོས་པོ་མེད་པ་ལས་གྲོལ་ཏེ་གཉིས་ཀ་མིན་པར་སྨྲ་ན། སོ་སོའི་སྐྱེ་བོའང་བྱང་ཆུབ་དེ་ཉིད་ཡིན་པར་ཤིན་ཏུ་འཐད་པར་འགྱུར་རོ། །གཉིས་པ་ནི། ལས་ལས་ཐམས་ཅད་སོགས་རྐང་པ་ལྔས་བསྟན་ཏེ། ཡང་ཐེར་ཟུག་པ་ལ་ལས་འདོད་པ་ནི། སྣོད་བཅུད་ཐམས་ཅད་རྡུལ་ཕྲ་རབ་འདུས་འདུས་པ་ལས་གྲུབ་པར་འདོད་དོ། །དེ་ཡང་རྡུལ་གཉིས་བར་མེད་པར་འབྱར་བ་ལ་ཡན་ལག་ཅན་གྱི་རྫས་དང་། དེ་གཉིས་འབྱར་བ་ལ་རྫས་གཞན་ཞེས་བྱ་བ། དེ་ཡི་རྡུལ་ཕྲན་ནི་རྟག་ལ་རགས་པ་ཡན་ལག་ཅན་ནི་རྟག་པ་མིན་ཏེ་མི་རྟག་པར་འདོད་ཅིང་། སྙིང་གི་དཀྱིལ་ན་སེམས་ཅན་ཐམས་ཅད་ལ་བདག་ཅེས་བྱ་བ་བྱེད་པ་པོ་རང་དབང་ཐོབ་པ་དེ་དག་ཀྱང་རྡུལ་ལས་གྲུབ་པ་ཤེས་སྦྱངས་པ་དང་འདྲ་བ་ལ་སོགས་པར་འདོད་དེ་གཞན་ཡང་ཚིག་དྲུག་གི་འདོད་པ་སྦྱར་རོ། །འདིར་རྡུལ་ལས་གྲུབ་པའི་བདག་ནི་ཤེས་པ་མེད་པའི་བེམས་པོ་ལ་ཡོན་ཏན་གྱི་ཆས་རྡུལ་དུ་འདོད་པ་ཡིན་གྱི། ཐོགས་པ་དང་བཅས་པའི་རྡུལ་ལ་གོ་བར་མི་བྱའོ། །དེ་ཡང་རྡུལ་ཕྲ་མོ་ཉིད་ཕྲད་མ་ཕྲད་དང་བལྟས་མ་བལྟས་དང་རིང་ཐུང་གི་ཕྱོགས་ཆས་གཞིགས་ན་ཆ་མེད་ཀྱི་རྫས་སུ་མ་གྲུབ་པས་ཡོན་ཏན་དང་ལ་སོགས་ཞེས་ལས་དང་སྤྱི་བྱེ་བྲག་འདུ་བ་རྣམས་ཀྱི་ཐ་སྙད་སྤངས་ཏེ་དོན་ལའང་རྫས་སུ་མ་གྲུབ་བོ། །གསུམ་པ་ནི། ལ་ལས་ཡོན་ཏན་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ཡང་ལ་ལས་འདོད་པ་ནི། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་གྱི་རང་བཞིན་ཆ་མཉམ་པ་ནི་གཙོ་བོ་སྟེ་དེ་ཉིད་རྟག་པར་འདོད་ལ་རྒྱུ་ཡི་དུས་ནའང་འབྲས་བུ་གནས་ཏེ་རྫོགས་པར་འདོད་པ་ཡིན་ནོ། །གྲུབ་མཐའ་དེ་ལ་ཡང་སྒྲུབ་བྱེད་ཀྱི་ཚད་མ་ཡོད་པ་མ་ཡིན་ལ། དུག་གསུམ་གྱི་རང་བཞིན་ནི་མི་རྟག་པ་ཡིན་ཞིང་རྒྱུ་རྐྱེན་དང་བཅས་པར་ནི་སྔར་ཆད་ལྟའི་སྐབས་སུ་བཤད་པ་ཉིད་དོ། །དེར་མ་ཟད་རྒྱུ་ཡིན་པ་རུ་ཁས་བླངས་ནས་འབྲས་བུ་རྫོགས་པར་བརྗོད་པ་ནི་རང་ཚིག་གིས་རང་གི་འདོད་པ་བསལ་བ་ཡིན་པས་ན་བླུན་བའི་ངག་ཏུ་རིག་པར་བྱའོ། །བཞི་པ་ནི། ཁ་ཅིག་རྫས་གཅིག་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། ཡང་ཁ་ཅིག་གི་འདོད་པ་ནི། ནོར་བུ་གཟིའི་བདག་ཉིད་ལྟར་རྫས་གཅིག་ཉིད་ཀྱང་ཀུན་གྱི་དངོས་གཞི་ཅན་ཡིན་ལ། འདོད་པས་བཅིངས་ཏེ་ངེས་པར་སྨྲ་བ་མུ་སྟེགས་ཀྱི་ལྟ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་ལས་གྲོལ་ཏེ་ཁྱུ་མཆོག་གི་མདོག་རིས་ལྟས་གྱུར་པ་འདི་ཉིད་རྟོགས་ནས་ལོག་པའི་སྤྱོད་པ་མེ་ལྔ་བརྟེན་པ་ལ་སོགས་པ་ལ་སྤྱད་པས་སྔར་བྱས་ཀྱི་སྡིག་སྒྲིབ་རྣམས་དག་པར་འདོད་དོ། །དེ་ཡང་ལས་དང་རྟོག་མཐུན་གྱི་སྣང་བའི་རྫས་གཅིག་ཉིད་རྫས་ཀུན་གྱི་དངོས་གཞི་མིན་ཏེ་དབང་པོའི་མངོན་སུམ་དང་འགལ་བའི་ཕྱིར། ཞེས་པའི་ཚད་མས་ཁོའི་འདོད་པ་བསལ་བ་དང་། གཞན་ཡང་སྒྲུབ་བྱེད་ཀྱི་ཚད་མ་གང་ཡང་མ་གྲུབ་པའོ། །རྟག་པ་རང་བྱུང་གི་ཐམས་ཅད་མཁྱེན་པ་དབང་ཕྱུག་ཉིད་ཀྱིས་ཐམས་ཅད་ཀྱི་རང་རྒྱུ་སྔོན་སོང་མེད་པར་འདོད་པའི་ཐ་སྙད་སྤངས་ཏེ་དོན་ཡང་མ་གྲུབ་པས་སོ། །དེས་ན་རང་བཞིན་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ཉམས་ནི་འཐད་བར་ངེས་ཏེ། དོན་དང་མཐུན་པས་སོ། །ཡང་ན་རྐང་པའི་འདི་ཉིད་བཀའ་རྒྱུད་འདི་ཡི་རིང་ལུགས་ལྟར་རང་བཞིན་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ཉམས་པའི་འཐད་པར་ངེས་ཏེ། རྟག་མཐའ་ལ་མི་གནས་པས་སོ། །ཞེས་སུ་འགྲེལ་ཀྱང་རུང་བར་མངོན་ནོ། །གཉིས་པ་རྩོལ་བས་འཁྲུལ་བ་ཐེག་རིམ་རྣམ་བརྒྱད་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ་ལས། དང་པོ་ནི། འཇུག་པའི་སྒོ་བརྒྱད་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་བློ་དང་མོས་པའི་རིམ་པ་ལྟར་སོ་སོར་འཇུག་པའི་སྒོ་ཡི་ཐེག་པ་བརྒྱད་ཀྱི་འཁོར་ལོ་དེ་ལ། སྤང་བྱ་དང་གཉེན་པོ་ལྷན་ཅིག་ཏུ་མི་གནས་པས་འགལ་བར་བལྟས་ཏེ་སྤོང་བར་འདོད་པ་ཉན་རང་བྱང་སེམས་གསུམ་དང་། བདག་གཅིག་པར་འབྲེལ་བའི་སྟོབས་ཀྱིས་སྒྲུབ་པར་འདོད་པ་སྔགས་ཕྱི་ནང་གི་སྡེ་ལྔ་དང་བརྒྱད་དོ། །གཉིས་པ་ལ། འགལ་བར་བལྟས་ཏེ་སྤང་བ་མཚན་ཉིད་ཀྱི་ཐེག་པ་གསུམ་དང་། འབྲེལ་བར་བལྟས་ཏེ་སྒྲུབ་པ་གསང་སྔགས་ཀྱི་ཐེག་པ་སྡེ་ལྔ་བཤད་པ་གཉིས་ལས། དང་པོ་ལ། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ལས། དང་པོ་ནི། དང་པོ་བཀའ་ཡི་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་འགལ་སྤོང་གསུམ་གྱི་དང་པོ་སྟོན་པ་སངས་རྒྱས་ཀྱི་བཀའ་ཡི་གཞི་འཛིན་པ་ཉན་ཐོས་ཡིན་པས་དེའི་འདོད་པ་ནི། འགྲོ་བ་རིགས་དྲུག་དང་ལོག་པ་གསུམ་གྱི་ཞེན་པ་རྟགས་ཀྱི་སྣང་བ་ནི་ཕྱིན་ཅི་ལོག་པ་ཡིན་ཏེ། སོ་སོའི་སྐྱེ་བོ་དང་མུ་སྟེགས་ཀྱི་གང་ཟག་གི་བདག་མི་གནས་པས་སོ། །ཞེས་འགོགས་ཤིང་ཆོས་ཀྱི་བདག་ཙམ་མ་ཁེགས་པས་ལྷག་སྟེ་ཡོད་པར་ལྟ་བ་ནི། ཕྱི་གཟུང་བར་བྱ་བའི་ཡུལ་རྡུལ་ཕྲ་རབ་དོན་དམ་པ་རྡུལ་དུ་གྲུབ་ལ། ནང་འཛིན་པའི་ཤེས་པ་སྐད་ཅིག་མ་ཡང་དེ་ལྟར་དོན་དམ་དུ་ཡོད་དེ། དེ་དག་བཅོམ་གཞིགས་ཀྱིས་མི་གནོད་པས་སོ། །ལམ་སྡུག་ཀུན་འགོག་ལམ་གྱི་འཕགས་པའི་བདེན་པ་བཞི་ལ་ངེས་པར་བརྟེན་ནས་འབྲས་བུ་སྒྲུབ་པའི་རིགས་ཅན་ཡིན་ནོ། །དེ་ཡང་རྡུལ་ཕྲ་མོ་ཕྱོགས་ཆས་གཞིགས་ནས་བཟུང་བ་མ་གྲུབ་ཅིང་། དེ་འཛིན་པའི་ཡན་ལག་སེམས་དང་སེམས་བྱུང་སྐད་ཅིག་མའང་དུས་ཀྱི་ཆས་སྤངས་པ་ཡིན་པས་མི་འཐད་དོ། །གཉིས་པ་ནི། དེ་ལས་བྱུང་བ་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། སྤྱིར་ཉན་ཐོས་དེ་ལ་བརྟེན་པ་ལས་བྱེ་བྲག་གི་ཁྱད་པར་དུ་བྱུང་བ་སྲིད་པ་ཐ་མའི་དུས་སུ་དགེ་བཤེས་ལ་མི་ལྟོས་པར་རང་གི་ཡེ་ཤེས་ཀྱིས་རྟོགས་པ་ཅན་ཏེ། དེས་ཕྱི་ནང་གི་རྟེན་འབྲེལ་གྱི་འབྱུང་ལྡོག་སྒྱུ་མ་དང་མིག་ཡོར་ལྟར་རྟོགས་པ་ལ་བརྟེན་པས་ན་གཟུང་ཡུལ་གཟུགས་ཆོས་བཅོ་ལྔ་ལས་གཅིག་རྣམ་པར་རིག་བྱེད་མིན་གཟུགས་མ་གཏོགས་པར་གཞན་བཅུ་བཞི་པོ་རྟེན་འབྲེལ་ཏུ་རྟོགས་ཏེ་རྡུལ་ཕྲན་ཉིད་མ་གྲུབ་པར་ལྟ་བ་ཅན་ལ། ནང་འཛིན་པའི་ཡན་ལག་སེམས་དང་སེམས་བྱུང་རྣམས་སྐད་ཅིག་མར་ངེས་པར་གྲུབ་པས་བདེན་པར་ལྟ་བའོ། །དེ་ཡང་གཟུང་བའི་ཡུལ་བདེན་པར་ཡོད་པ་མིན་ཀྱང་དེ་ལ་འཛིན་པའི་ཡན་ལག་ནི་ངེས་པར་ཡོད་པར་ལྟ་ན། ཡུལ་མེད་པའི་ཤེས་པ་ངེས་གང་ལ་ངེས་པར་འཛིན་ཏེ་དཔེར་ན་གདུང་རྒྱུད་ཆད་པའི་སྲས་བཞིན་དུ་རིགས་པས་འཐད་པའི་འཛིན་པ་ནི་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། ནར་སོན་པ་ཡིས་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ལྟ་བ་བདག་མེད་གཉིས་ཀ་རྟོགས་ཤིང་སྤྱོད་པ་གཞན་དོན་ལ་ཞུགས་པས་ལྟ་སྤྱོད་ནར་སོན་པའི་ཐེག་པ་ཆེན་པོ་ཡིས་ནི། གཟུང་བ་རྡུལ་དང་འཛིན་པ་སྐད་ཅིག་མའི་ཆོས་ཀྱིས་བདག་ཀྱང་སྤངས་ལ། དངོས་པོར་སྣང་བའི་རྣམ་པ་ལ་རྟག་པ་དང་བདེན་པས་སྟོང་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དོན་དམ་པར་སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བ་ཡིན་པས་དངོས་པོ་རྣམས་ཀྱི་རང་བཞིན་གང་དུའང་མ་གྲུབ་པར་འདོད་ཅིང་། དེ་ལྟར་གང་གིས་ཕྱེ་ན་ཡུལ་ཅན་བློ་འཁྲུལ་མ་འཁྲུལ་དང་ཡུལ་དངོས་པོ་དང་དེས་སྟོང་པས་རྣམ་པ་གཉིས་སུ་ཕྱེ་བའོ། །དེ་ཡང་དངོས་པོ་རྣམས་དོན་དམ་པར་རང་བཞིན་མེད་པར་བདེན་ན། བློས་བརྟགས་པ་འཁྲུལ་པའི་རྣམ་པ་ཡུལ་ཀུན་རྫོབ་ལ་བརྟེན་པའི་ས་ལམ་ཕར་ཕྱིན་རྣམས་ཀྱིས་ཅི་ཞིག་བྱ་སྟེ། འཁྲུལ་བ་ཡིན་པས་སོ། །གལ་ཏེ་འཁྲུལ་བ་ཡིན་ཀྱང་ཡང་དག་པའི་ཀུན་རྫོབ་ཀྱིས་འབྲས་བུ་ཐོབ་པའི་དོན་བྱེད་ནུས་པས་དང་དུ་བླང་བྱ་ཡིན་ནོ་ཞེ་ན། དེ་ལྟར་ན་སྨིག་རྒྱུས་ཀྱང་སྐོམ་པ་སེལ་བའི་དོན་བྱེད་ནུས་པར་ཐལ། དོན་ལ་འཁྲུལ་པར་མཉམ་པའི་ཕྱིར། རྟགས་ཁས་བླངས། འོ་ན་གོ་ཡིས། ཁྱོད་ཀྱིས་དོན་དམ་པའི་བདེན་པ་ཤེས་བྱའི་གཤིས་རང་བཞིན་མེད་པར་འདོད་པས་ན་སྟོང་པ་བྱང་ཆུབ་ཀྱི་ལྟ་བར་སོང་བ་དེ་ཀུན་རྫོབ་འཁྲུལ་པ་ལ་བརྟེན་པས་ཆད་ལྟ་དེ་ལས་བཟློག་ཏུ་བཏུབ་བཞིག་གམ་ཅི་ཞིག་ཡིན། དཔེར་ན་ཆུ་བརྒལ་བའི་མི་གྲུ་ལ་ཞུགས་པ་རྣམས་ཀྱིས་གྲུའི་ཐག་པ་ལ་ལག་པས་ཟིན་པས་ན། གྲུ་ཞིག་པས་མི་འཇིགས་སོ་ཞེས་ཟེར་བ་ལྟར་འདིར་ཡང་ཀུན་བརྟགས་འཁྲུལ་པ་ལ་བརྟེན་པས་ཆད་ལྟས་མི་འཇིགས་པར་འདོད་པ་ནི་དེ་ཇི་ལྟ་བ་བཞིན་ནོ། །གལ་ཏེ་སྔར་ཡོད་ཕྱིས་མེད་ཆད་ལྟ་ཡིན་ལ། ཡེ་ནས་སྟོང་པས་ཆད་པ་མི་འགྱུར་རོ་ཞེ་ན། གདོད་ནས་དངོས་པོ་ཡོད་པར་མ་གྲུབ་པ་དེ་དོན་དུ་བདེན་པར་འདོད་པ་ཉིད་སྟོང་པ་ཕྱང་ཆད་མིན་ན་གཞན་གྱི་གཏན་ཚིགས་ཅིས་ཞེས་ཅི་ཡིས་ཕྱང་ཆད་པ་ཡིན་ཏེ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །གཉིས་པ་འབྲེལ་བས་བལྟས་ཏེ་སྒྲུབ་པ་གསང་སྔགས་སྡེ་ལྔའི་ཐེག་པ་བཤད་པ་ལ་དམིགས་པའི་ཁྱད་པར་གྱིས་བསྒྱུར་ཏེ་སྒྲུབ་པ་དང་། ཐབས་ཤེས་ཀྱི་ཁྱད་པར་གྱིས་དབང་དུ་བྱས་ཏེ་སྒྲུབ་པ་གཉིས་ལས། དང་པོ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་དང་གསུམ་ལས། དང་པོ་ནི། འབྲེལ་སྒྲུབ་ཕྱི་གསུམ་ཞེས་པས་བསྟན་ཏེ། འབྲེལ་བས་སྒྲུབ་པ་ལྔ་ལ་བསྒྱུར་ཏེ་སྒྲུབ་པ་ནི། གསང་སྔགས་ཕྱི་པ་རྣམ་པ་གསུམ་མོ། །གཉིས་པ་ལ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་དང་གསུམ་ལས། དང་པོ་ནི། དང་པོ་ལ། ཀུན་རྫོབ་སོགས་རྐང་པ་ཕྱེད་ལྔས་བསྟན་ཏེ། དེ་དག་གི་དང་པོ་ཀྲི་ཡ་པའི་འདོད་པ་ལ། ཀུན་རྫོབ་ཏུ་མཐོ་འཇམ་རྩུབ་པ་ལ་སོགས་པའི་སྣང་བ་རྣམས་དེ་བཞིན་གཤེགས་པ་དང་པད་མ་དང་རྡོ་རྗེའི་རིགས་གསུམ་གྱི་ལྷ་ཡི་དལ་ཡིན་ལ་ཡེ་ཤེས་པ་དང་དམ་ཚིག་པ་ཐ་དད་བཟང་ངན་རྗེ་བོ་དང་འབངས་ཀྱི་ཚུལ་འདྲ་ཞིང་། སྤྱོད་པ་དང་རྫས་གཙང་མས་འབྲས་བུ་གྲུབ་ལ། དོན་དམ་དུ་སྤྲོས་པའི་མཐའ་བཞིའི་དྲི་མ་དག་པ་ཡི་ཆོས་ཉིད་དུ་འདོད་དོ། །དེ་ཡང་དོན་དམ་དག་པར་བདེན་པ་ལ་སྤྱོད་པ་ཁྲུས་དང་གཙང་སྦྲ་བྱ་དགོས་པས་ལྟ་སྤྱོད་ཡ་ཆ་ནི་འཁྲུལ་པ་ཡིན་ནོ། །གཉིས་པ་ནི། ཁྱེ་བེལ་འདོད་པས་སོགས་ཚིགས་བཅད་གཅིག་གི་བསྟན་ཏེ། ཁྱེ་བེལ་ལྟར་ལྟ་སྤྱོད་མ་ངེས་པའི་ཨུ་པ་ཡའི་འདོད་པ་ནི་གོང་འོག་གཉིས་ཀ་ལྟར་བཞེད་པས་དོན་དམ་པར་སྟོང་པ་ཉིད་དུ་ལྟ་ལ། ཀུན་རྫོབ་ཏུ་སྣང་བ་རྣམས་ཡུལ་དང་ཡུལ་ཅན་ནམ་བྱ་བྱེད་གང་རུང་བསྡུས་པའི་རིགས་བཞི་ལྷའི་དལ་ཏེ་ཡེ་ཤེས་པ་དང་དམ་ཚིག་པ་དཔོན་གཡོག་གི་ཚུལ་དུ་ཐ་དད་བཟང་ངན་དུ་ལྟ་ཞིང་། ཀྲི་ཡ་པ་ལྟར་ལས་དང་བྱ་བ་སྤྱོད་ཅིང་། ཡོ་ག་པ་ལྟར་ལྟ་བ་དང་ཏིང་ངེ་འཛིན་ཏེ་གཉིས་ཀྱིས་མཐུ་ལས་འབྲས་བུ་སྒྲུབ་པའོ། །དེ་ཡང་སྔ་མ་ཀྲི་ཡ་པ་དང་ཕྱི་མ་ཡོ་ག་པ་གཉིས་ཀྱི་ལྟ་སྤྱོད་ལ་སྐྱོན་བརྗོད་པའི་རྗེས་སུ་འདི་ལའང་གནོད་དོ། །གསུམ་པ་ནི། རྣལ་འབྱོར་པ་ནི་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། རྣལ་འབྱོར་པ་ཡི་ལྟ་བ་ནི་ཀུན་རྫོབ་ཏུ་སྣང་བའི་རྣམ་པ་འདི་དག་རིགས་ལྔ་ལྷའི་དལ་དུ་གསལ་ན་ཡེ་ཤེས་པ་དང་དམ་ཚིག་པ་གྲོགས་པོའི་ཚུལ་དུ་ཐ་དད་དང་བཟང་ངན་མཉམ་པར་ལྟ་ལ། དོན་དམ་པར་རྣམ་པར་སྣང་མཛད་ཆེན་པོར་སྟོང་པ་ཉིད་ཕྱོགས་རིས་བྲལ་བར་རྟོགས་ནས་བསམ་གཏན་གྱི་ཡན་ལག་གཞི་སྟོང་པ། གདན་ཟླ་བ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་ཀྱི་མངོན་པར་བྱང་ཆུབ་པ་ལྔ་དང་། དབང་བྱིན་རླབས་ཏིང་ངེ་འཛིན་དང་མཚད་པའི་ཆོ་འཕྲུལ་བཞི་སྟེ་དགུ་དང་ལྡན་པའི་སྒོ་ནས་ལྷ་བསྒོམས་པས་འབྲས་བུ་སྟུག་པོ་བཀོད་པའི་སངས་རྒྱས་ཐོབ་པར་འདོད་པའོ། །དེ་ཡང་དོན་དམ་པར་རྣམ་པར་སྣང་མཛད་ཆེན་པོ་ལ་ཕྱོགས་རིས་མེད་པ་ཡིན་ན་ཡང་ཀུན་རྫོབ་ཏུ་དགོངས་རྒྱུད་ཐ་དད་གྱུར་ལ་རིགས་ལྔ་ཕྱོགས་རིས་དང་བཅས་པ་ཡིན་ནམ་ཅི་ལྟར་འདོད། དེས་ན་བདེན་གཉིས་རེས་འཇོག་གི་བསམ་གཏན་གྱིས་འབྲས་བུ་གཅིག་ཏུ་སྒྲུབ་པར་འདོད་པ་ནི་དཔེར་ན་ཚ་རེག་དང་གྲང་རེག་གི་ནུས་པ་གཅིག་ཏུ་བསྡུས་ནས་གཙོ་སྲེག་ཕྱོགས་གཅིག་ཏུ་སྒྲུབ་པར་འདོད་པའི་བླུན་པོ་འདྲ་བའོ། །གསུམ་པ་ནི། ཕྱི་ནས་དོན་གྲུབ་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། རང་གི་སེམས་ལས་ཕྱི་རོལ་ནས་ཡེ་ཤེས་པ་ལ་བསྒྲུབ་བྱའི་དོན་གྱི་དངོས་གྲུབ་ལེན་ཏེ་ནང་གི་ཆོས་ཉིད་དུ་འདོད་པ་མིན་པས། སྤྱོད་པ་དམ་རྫས་ལ་མི་སྤྱོད་ཅིང་དམ་ཚིག་མཉམ་པར་མི་སྲུང་བ་ལ་སོགས་པས་ནང་པ་མིན་པ་དེ་ཙམ་ལ་གསང་སྔགས་ཕྱི་པར་འདོད་པ་ཡིན་ནོ། །གཉིས་པ་ཐབས་ཤེས་ཀྱི་ཁྱད་པར་གྱིས་དབང་དུ་བྱས་ཏེ་སྒྲུབ་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ནང་གཉིས་ཞེས་པས་བསྟན་ཏེ། ནང་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ལ་རྣམ་གྲངས་གཉིས་ཀྱིས་བསྟན་པ་ལས། ཞེས་པའོ། །གཉིས་པ་ལ། བསྐྱེད་པ་མ་ཧཱ་ཡོ་ག་དང་། རྫོགས་པ་ཨ་ནུ་ཡོ་ག་གཉིས་ལས། དང་པོ་ནི། རྣལ་འབྱོར་ཆེན་པོ་སོགས་རྐང་པ་ཕྱེད་དང་བཅས་པའི་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་གསང་སྔགས་ནང་གི་རྒྱུད་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་པ་དག་གི་བཞེད་པ་ནི། ལྟ་བས་སྣང་སྟོང་ཟུང་འཇུག་གི་དོན་དེ་གསལ་བར་རྟོགས་ན་སྒོམ་པ་ཆོ་ག་ལྔ་དང་སྔགས་ཀྱི་ཡན་ལག་ལྔས་ལྷ་བསྐྱེད་པའི་ཐབས་ཀྱི་རྣལ་འབྱོར་ལ་རྩོལ་བ་གཙོར་ཞེས་གཙོ་བོར་བྱས་ཏེ་བསྒོམས་པས་བརྟན་པ་ན། ཤེས་རབ་རྫོགས་པའི་རིམ་པ་མི་རྟོག་པའི་དོན་ལ་ངང་གིས་འཇུག་པ་ཡིན་ནོ། །དེ་ཡང་ལྟ་བ་དབྱེར་མེད་དུ་འདོད་པ་དང་བཅས་པར་གྱུར་ལ། སྒོམ་པ་བསྐྱེད་རྫོགས་ཀྱི་རྩོལ་བ་ཅན་དུ་གྱུར་པ་ཡིན་ན། གནས་ལུགས་ཕྱོགས་མེད་ཀྱི་ངང་དུ་གནས་པར་འདོད་ཀྱང་དེའི་དོན་དང་འགལ་བ་ཁོ་ནའོ། །གཉིས་པ་ནི། རྗེས་སུ་རྣལ་འབྱོར་སོགས་ཚིག་བཅད་གཉིས་རྐང་གཅིག་གིས་བསྟན་ཏེ། དེ་ནས་གསང་ཆེན་རྗེས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་པ་རྣམས་ཀྱི་འདོད་བ་ནི། ཡུལ་དུ་སྣང་བ་ཐམས་ཅད་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་ཆོས་ཀྱི་དབྱིངས་སུ་གནས་ལ། ཡུལ་ཅན་རིག་པ་ཀུན་ཏུ་བཟང་པོ་རང་བཞིན་འོད་གསལ་གྱི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས་དེ་གཉིས་གདོད་མ་ནས་དབྱེར་མེད་ཆེན་པོར་འདུ་བ་དང་འབྲལ་བ་མེད་པའི་སྲས་རྩ་བ་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ་ངེས་ཏེ། མ་ཧཱའི་གཉིས་མེད་དུ་འཛིན་པ་ལས་གྲོལ་ནས་བདེ་བ་ཆེན་པོའི་སྐུ་རུ་འདོད་ལ། དེ་ལྟར་རྟོགས་ནས་རྒྱུ་ནི་སྣང་བ་རྣམས་དབྱིངས་སུ་བསྒོམ་པ་ལས་འབྲས་བུ་ནི་དྲན་རྟོག་ཐམས་ཅད་ཡེ་ཤེས་ཉིད་དུ་འཆར་བར་འགྱུར་ཞིང་། སྤྱོད་པ་དང་དམ་ཚིག་ལ་སོགས་པའི་རྐྱེན་ལ་རག་ལས་པར་འདོད་པའོ། །དེ་ཡང་ལྟ་བ་བདེ་ཆེན་གྱི་ཕྱོགས་རིས་དང་བཅུས་ཤིང་སྒོམ་པ་རྒྱུ་དབྱིངས་དང་འབྲས་བུ་ཡེ་ཤེས་ཅན་ཏེ། དེས་ན་བདེ་ཆེན་ཀྱང་ཚིག་བརྗོད་ཙམ་ལས་མཚན་ཉིད་པ་དངོས་སུ་རྟོགས་པ་དང་བྲལ་བས་ཤིན་ཏུ་མཐར་ཕྱིན་ཏེ་རྩོལ་བ་མེད་པར་མ་བཅོས་པའི་དོན་ལ་རྣལ་མར་འབྱོར་པ་ནི་མིན་ནོ། །གསུམ་པ་དོན་བསྡུ་བ་ནི། རྡོ་རྗེ་གླིང་ཕུག་སོགས་རྐང་པ་གསུམ་གྱིས་བསྟན་ཏེ། ཀློང་རབ་འབྱམས་རྒྱལ་པོ་ལས། ལྷུན་གྲུབ་ཕྱོགས་མེད་མ་རྟོགས་པས། །ལྟ་བའི་འདོད་གཞུང་དུ་མར་བྱུང་། །བློ་དང་ཆོས་སུ་མ་འདྲེས་པས། །མཉམ་ཉིད་ལྟ་ལ་ཕྱོགས་སུ་ཞེན། །ཀུན་རིག་ཤེས་པ་མ་སྐྱེས་པས། །ཡུལ་མེད་གཅིག་པ་རིས་སུ་གཅོད། །རང་བྱུང་ཕྱོགས་མེད་མ་ཤར་བས། །མུན་པའི་ཀློང་ན་ཚོད་ཀྱིས་འཇལ། །ཞེས་གསུངས་པ་ལྟར་ཐེག་པའི་རིམ་པ་བརྒྱད་པོ་དེ་དག་ཀྱང་སྙིང་པོ་རྣལ་མའི་ཐེག་པ་འདི་ལ་བསྒྲུན་ན། དཔེར་ན་རྡོ་རྗེ་གླིང་ཕུག་གི་རྐེད་པ་ན། སྙིང་པོ་མེད་པས་ཆུ་ཤིང་གི་རྩ་བ་ན་གནས་པའི་མ་ཧེ་མོ་དེ་ཞོ་སྐྱེལ་དུ་འོང་ཡང་དེའི་མར་བཅུད་ལ་སྙིང་པོ་སྣུམ་པ་ཙམ་ལས་མེད་པ་ལྟར་དུ་རང་ས་ཐོབ་ཀྱང་མཐར་ཕྱིན་པར་ནུས་པ་མ་ཡིན་ཏེ། ཡེ་ཤེས་གསང་བ་ལས། མ་བཅོས་ཅི་ཡང་མ་ཡིན་ལ། །ཅིར་ཡང་འཛིན་པའི་སེམས་ཀྱིས་བརྟགས། །བགྲོད་མེད་འབྲས་བུ་ལྷུན་གྲུབ་ལ། །ལམ་བརྒྱད་བགྲོད་པས་བགྲོད་མེད་བསླད། །ཅེས་སོ། །དེའི་ཚུལ་ནི་ལྟ་བའི་ཀློང་ལས། ཆོས་ཀུན་ཕྱོགས་གྲོལ་ཀུན་གསལ་རང་གྲོལ་ཀྱང་། །མ་རྟོགས་ཡུལ་མིན་རྐྱེན་བྲལ་རང་བཟུང་བས། །ཐ་དད་སྣང་ཞིང་ཉོན་མོངས་ལས་ཀྱིས་དཀྲུགས། །ཞེན་དྲུག་འཁོར་ལོ་སྡུག་བསྔལ་དྲྭ་བར་ཚུད། །སྤང་འགེགས་སྤྱོད་སྒྱུར་རྩོལ་སྒྲུབ་རྒྱུ་འབྲས་ཀྱིས། །སྡུག་བསྔལ་རྩོལ་བའི་ནད་ཀྱིས་འཁོར་བ་ལས། །ཞེས་སོ། །དེས་ན་སྙིང་པོ་རྣལ་མའི་དོན་དེ་ཇི་བཞིན་དུ་མ་རྟོགས་པའི་དབང་གིས་འཁྲུལ་པའི་ཕྱོགས་སུ་བཞག་པ་ཡིན་ཏེ། སེང་གེ་རྩལ་རྫོགས་ལས། གསང་སྔགས་གཅིག་ལ་ཁྱེར་སོ་དགུ། །དེ་ཡང་རྣམ་པ་ཙམ་དུ་སྣང་། །རིམ་པ་དགུ་ཡི་ངོ་བོ་ཡིས། །རང་སྣང་ཡེ་ཤེས་དོན་མ་རྟོགས། །ཞེས་དང་། ཐལ་འགྱུར་ལས། རང་རིག་མངོན་སུམ་མཐོང་མེད་པས། །རིམ་དགུའི་འདོད་པས་གྲོལ་བ་མིན། །ཆོས་ཉིད་ཟད་ཅིང་མཐར་ཕྱིན་པས། །སྐུ་གསུམ་ལམ་གྱི་སྣང་བའོ། །ཞེས་སོ། །འདིའི་རིམ་པ་དགུ་ལ་འཇིག་རྟེན་པའི་ཐེག་པའམ་ཡང་ན་ཨ་ཏི་ཡོ་ག་ཐུན་མོང་གི་སྐོར་ལའང་གསུངས་སོ། །འོན་ཀྱང་ངེས་དོན་གྱི་མདོ་དང་རྒྱུད་སྡེའི་ཟབ་དོན་དངོས་སུ་རྟོགས་ན་འདིའི་དོན་ལ་ཤུགས་ཀྱིས་འཇུག་པ་ཡིན་པས་མཐར་ཐུག་གི་དོན་ལ་དགོངས་པའི་གནད་གཅིག་འབབ་པ་ཁོ་ནའོ། །ལེའུའི་མཚན་ནི། རིན་པོ་ཆེ་གཏེར་གཏད་པ་ལས། གནས་ལུགས་ཇི་བཞིན་དུ་མ་རྟོགས་པར་དེ་མ་ཡིན་པ་ལ་དེར་འཛིན་པས་འཁྲུལ་པའི་རྣམ་གྲངས་བསྟན་པའི་ལེའུ་སྟེ་སྐབས་གཉིས་པ་ལེགས་པར་བཤད་པའོ། །གསུམ་པ་དེ་ལྟར་གནས་པའི་དོན་ཉིད་ལྟ་བས་མངོན་སུམ་དུ་རྟོགས་ཏེ་གཏེར་ཆེན་རང་ལ་གཏད་ཚུལ་ལ། དཔེ་དང་བཅས་ཏེ་ཆོས་ཉིད་རྟོགས་པའི་ལྟ་བ་རང་ངོ་སྤྲོད་ཚུལ་མདོར་བསྟན། དེའི་རང་བཞིན་མན་ངག་ཚད་མའི་བརྡ་ཐབས་ལ་བརྟེན་ནས་རྒྱས་པར་བཤད། དེ་ལྟར་རང་མཚན་མཐོང་བས་ལྟ་བའི་གདེངས་ཚད་ངོས་བཟུང་། རྟོགས་པ་དེ་ཉིད་གཞན་ལས་འཕགས་པའི་ངེས་གསང་གི་ཁྱད་པར་བསྟན་པ་དང་བཞི་ལས། དང་པོ་ནི། རྒྱལ་པོ་གསལ་རྒྱལ་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། དཔེར་ན་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དུ་གྲགས་པའི་ངང་རྒྱུད་བཟང་ཞིང་ངེས་པ་དེ་ལ་རང་གི་བསོད་ནམས་ཀྱི་མཐུས་པ་ཡབ་རྩིབས་ཀྱིས་འཕུར་ཚངས་བྱིན་ཞེས་བྱ་བས་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོ་གཏད་པ་ལྟར་དུ། བཀའ་དྲིན་ཅན་གྱི་བླ་མ་དམ་པས་སེམས་ཀྱི་ཆོས་ཉིད་ལ་ཡོན་ཏན་མི་ཟད་པའི་རང་གི་གཏེར་གནས་པ་དེ་ལེགས་པར་རྙེད་ནས་སྐལ་ལྡན་ལ་གཏད་པར་མཛད་པ་ནི་གང་ཞེ་ན། ལེའུ་དང་པོར་བཤད་པའི་ཤེས་བྱ་རེ་ཞིག་བརྒྱད་ལ་ནི། ཞེས་པས་ཤེས་བྱའི་རྣམ་གྲངས་ཚོགས་བརྒྱད་དུ་སྣང་བ་དེ་ལ། ཆོས་ཉིད་རྟོགས་པའི་དོན་ལ་མི་སླུ་བས་ཚད་མ་གསུམ་གྱི་དང་པོས་ཞེས་བྱ་བྲལ་རྫོགས་པའི་ལུང་གིས་ཡིད་ཆེས་པར་བྱས་ནས། དེ་ལྟར་གཏན་ཚིགས་གསུམ་གྱིས་གཞིགས་ཏེ་དཔེས་མཚོན་པ་དང་རྣམ་གྲངས་གསུམ་གྱིས་སྤྱིའི་རྣམ་པ་རྟོགས་པར་བྱས་ནས་དྲོད་དང་ལྡན་པར་གྱུར་པ་ན། བླ་མ་མཆོག་གིས་གསལ་བྱེད་རིན་ཆེན་སྣང་བའི་གདམས་ངག་སྙན་ཁུང་བརྒྱུད་པས་ཆོས་ཉིད་རང་གི་མཚན་ཉིད་མངོན་སུམ་དུ་བསྟན་ཏེ་བརྡ་དོན་བཀྲོལ་བ་ཡིན་ནོ། །གཉིས་པ་ལ། ཚད་མ་གསུམ་གྱིས་མཚོན་ཚུལ་སྤྱིར་བཤད། རིན་ཆེན་བརྒྱུད་པས་མཚོན་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལ། ལུང་ཚད་མ། གཏན་ཚིགས་ཚད་མ། མཐུན་དཔེ་ཚད་མ། དེ་གསུམ་གྱིས་དོན་རྟོགས་ཚུལ་བཤད་པ་དང་བཞི་ལས། དང་པོ་ལ། སྐལ་དམན་རྣམས་ཐབས་ཆེན་བརྒྱུད་པའི་ལུང་གིས་ཇི་ལྟར་མཚམས་པར་དྲང་ཚུལ། སྐལ་ལྡན་ལ་བྱ་བྲལ་རྫོགས་པའི་ལུང་གིས་རང་མཚན་ངེས་པར་སྟོན་ཚུལ་གཉིས་ལས། དང་པོ་ནི། སྐལ་ཞན་དད་ཅན་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དེ་ཡང་གདུལ་བྱ་བློ་དང་སྐལ་བ་ཞན་ཅིང་དད་པ་ཅན་གྱི་སློབ་བུ་དེ་ལ་ཐབས་ཆེན་བརྒྱུད་པའི་ལུང་ཐེག་བ་བརྒྱད་པོ་བློ་དང་གང་འཚམ་པར་བསྟན་པས་བརྒྱུད་ནས་དྲང་བ་ནི། རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་མི་མཐུན་པར་དོན་གཞན་ལ་དགོངས་པས་བརྒྱུད་ནས་འདྲེན་པའི་བཀའ་ལུང་གི་ཚིག་སྣ་ཚོགས་སུ་སྟོན་པ་སྟེ། དཔེར་བྱིས་པ་གཡང་ས་ལས་འདྲེན་པའི་ཕྱིར་དུ་སྟག་འོང་ནོར་བུ་སྦྱིན་ཟེར་བ་དང་འདྲ་བའོ། །འདིར་དྲང་ངེས་ཀྱི་ཁྱད་པར་ནི། བརྗོད་བྱ་གནས་ལུགས་སེམས་ཀྱི་དེ་ཁོ་ན་ཉིད་ལ་བརྒྱུད་ནས་འཇུག་པ་དྲང་དོན། དངོས་སུ་འཇུག་པ་ངེས་དོན་ཡིན་གསུངས། གཉིས་པ་ནི། སྐལ་ལྡན་བྱ་བྲལ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། གདུལ་བྱ་ཨ་ཏིའི་སྐལ་བ་དང་ལྡན་པའི་བློ་མཆོག་མངའ་བ་དེ་ལ་བྱ་བྲལ་རྫོགས་པར་སྟོན་པའི་ལུང་ཟབ་མོས་བདེན་ཅིང་ངེས་པའི་དོན་མཚོན་ནས་དངོས་སུ་དྲང་བར་བྱེད་པའི་ལུང་ནི་རྣམ་པ་གསུམ་ཡིན་ཏེ། གོལ་ས་ཤན་འབྱེད་པར་བྱེད་པ་བྲམ་ཟེའི་གཞུང་དང་། རང་གཞུང་ལ་ཟློ་བ་རྒྱལ་པོའི་རྒྱུད་དང་། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་གི་རྒྱུད་དང་གསུམ་གྱི་ཚིག་གིས་ཡིད་ཆེས་པར་བྱ་བ་སྟེ། རིན་པོ་ཆེ་རྒྱན་ལས། བྲམ་ཟེ་རྩ་བའི་རྒྱུ་དྲུག་ལ། །གོལ་བའི་གཞི་དང་གོལ་བ་དངོས། །དངོས་འཛིན་སུན་དབྱུང་རང་གཞུང་དང་། །སྤྱིའི་རྒྱུད་དུ་བསྟན་པའོ། །དེ་ཡང་བཀྲུ་བྱ་གདོང་པ་ལ། །བཀྲུ་རྒྱུ་དྲི་མ་ངོས་འཛིན་ནི། །འཁར་གསིལ་འཁྲུད་པ་བུམ་ཆུ་ཡིས། །རིགས་གཙང་མདངས་གསལ་བྱེད་པ་ཡིན། །ཡན་ལག་རྒྱུད་སྡེ་བཅུ་གསུམ་དྲུག །ཤན་གྱི་ཆོས་སུ་འབྱུང་བ་ཡིན། །རྒྱལ་པོ་རྩ་བའི་རྒྱུད་ལྔ་ལ། །ལ་ཟླའི་ས་དང་བཟླ་རྒྱུ་བྱེད། །བཟླ་བའི་ཐབས་དང་ཡོན་ཏན་ནི། །མངའ་རུ་བསྡུ་མ་བསྡུ་རྒྱུ་དང་། །བསྡུ་བྱེད་བསྡུ་ཐབས་ཡོན་ཏན་དག །མངའ་རིས་མགོ་ནག་རྒྱལ་པོ་ཉིད། །ཞི་བའམ་དྲག་པོས་ལོངས་སྤྱོད་པའོ། །གཞི་དང་སྣང་གྲགས་བྱང་ཆུབ་སེམས། །ལུང་རིགས་མན་ངག་རང་གྲོལ་བས། །བདེ་བ་ཆེན་པོར་གསལ་བ་ཡིན། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མངའ་བའི་རྩལ་དུ་བྱུང་བ་ཡིན། །ཡན་ལག་ཉི་ཤུ་རྩ་ལྔ་ལ། །ཞིང་དང་སྐུ་དང་ཐུགས་གསུམ་ལས། །ཡུལ་དང་ལུས་དང་ཡིད་བྱུང་བས། །སྟོན་བྱེད་ངག་ཏུ་རྒྱུད་གསུམ་བྱུང་། །ཡོན་ཏན་ཆ་ལས་བཅུ་བདུན་ལྔ། །བརྒྱ་རྩ་ལྔ་རུ་ཤར་བ་ཡིན། ། མན་ངག་རྩ་བའི་རྒྱུད་ལྔ་ལ། །གནས་ལུགས་འཁྲུལ་ཚུལ་བསྟན་པའི་ཐབས། །གོམས་པར་བྱ་ཐབས་སྤྱིར་འབྲས་བུ། །གཙོ་རུ་གང་སྣོན་རྣམས་ལྔར་ཕྱེ། །ཡན་ལག་བཅུ་གཉིས་ལྔར་བྱུང་བ། །ལུས་དང་ཡན་ལག་ཚུལ་ཡིན་ནོ། །ཞེས་སོ། །གཉིས་པ་གཏན་ཚིགས་ཚད་མ་ལ། །རིས་མེད་མཉམ་པ་ཆེན་པོའི་གཏན་ཚིགས་གསུམ་གྱིས་ཐིག་ལེ་ཉག་གཅིག་ཏུ་སྒྲུབ་པ་དང་། དབྱིངས་ཡེ་ཟུང་དུ་འཇུག་པའི་གཏན་ཚིགས་མཆོག་གིས་གཟུང་འཛིན་རང་གྲོལ་དུ་སྒྲུབ་པ་གཉིས་ལས། དང་པོ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། ངང་དང་རང་བཞིན་བདག་ཉིད་ཆེ། །ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཟང་ཐལ་དུ་དངོས་སུ་སྟོན་པའི་ཚད་མའི་རིགས་པ་མཐར་ཐུག་པ་ནི། རང་རིག་པ་ངང་གིས་སྐྱེ་བ་མེད་པར་གསལ་བ་དང་། རང་བཞིན་རིག་པ་འགག་མེད་དུ་ཅིར་ཡང་སྣང་བ་དང་། བདག་ཉིད་ཆེའམ་ཆེན་པོ་སྣང་སྟོང་ཐ་དད་མེད་པར་གཏན་ལ་འབེབས་པ་དང་གསུམ་སྟེ། ཡེ་ཤེས་གསང་བ་ལས། བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །དམན་པའི་སེམས་ཀྱིས་མི་རྟོགས་ཏེ། །གཏན་ཚིགས་གསུམ་གྱིས་ཤེས་པར་བྱ། །ངང་ནི་རིག་པ་གསལ་བ་སྟེ། །རང་བཞིན་རིག་པ་ཅིར་ཡང་སྣང་། །བདག་ཉིད་སྣང་སྟོང་ཐ་དད་མེད། །བསྒྲུབ་བྱ་དག་གི་རང་བཞིན་ནི། །འཁྲུལ་བ་བྱང་ཆུབ་སེམས་སུ་ཤེས། །ཞེས་སོ། །གཉིས་པ་ལ། རང་གསལ་ངང་གི་གཏན་ཚིགས། ཀུན་སྣང་རང་བཞིན་གྱི་གཏན་ཚིགས། གཉིས་མེད་བདག་ཉིད་ཆེན་པོའི་གཏན་ཚིགས་གསུམ་ལས། དང་པོ་ནི། མ་གཡོས་མཚོན་པ་སོགས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་སྣ་ཚོགས་སུ་སྣང་ཡང་གནས་ལུགས་ལས་མ་གཡོས་པར་མཚོན་པ་ནི་རང་གི་གཏན་ཚིགས་ཉིད་ཡིན་ཏེ། དེ་ལ་མུ་མཐའ་ཅིར་ཡང་སྣང་བས་དོན་ཆོས་ཉིད་ཅིར་ཡང་གྲུབ་པ་མིན་ཏེ། དེས་ན་མུ་མཐའི་ཕྱོགས་གཅིག་ཏུ་གྲུབ་པ་མིན་པས་མུ་མཐའ་ཕྱོགས་གཅིག་ཏུ་སྣང་བ་ཡང་མ་ངེས་པའི་ཕྱིར་རིག་པ་མཐས་མ་བསྒྲིབས་གསལ་བའོ། །དེ་ཉིད་དབང་གི་ཀློང་ལས་རྒྱུད་དྲུག་རྟོག་པ་ཐམས་ཅད་དང་། མྱ་ངན་འདས་པ་རྒྱལ་བའི་ཐུགས། །མ་ལུས་བདེ་ཆེན་རིག་པའི་ངང་། །ཇི་བཞིན་མ་བཅོས་ངང་དུ་གསལ། །ཀུན་རྫོགས་སྤྲོས་པ་མེད་པའི་ངང་། །གཅིག་འདུས་མ་ལུས་ཀུན་གྱི་བདག །རྣམ་པར་རྟོག་པའི་རྒྱུ་བ་བྲལ། །དུས་གསུམ་བྲལ་བའི་རང་རིག་ཉིད། །རྩོལ་དང་བྲལ་བས་རྒྱུན་མི་འཆད། །རྣམ་རྟོག་མཚན་མ་ཇི་སྙེད་པ། །ཇི་བཞིན་མི་འགྱུར་དེ་ཉིད་གསལ། །གནས་འགྱུར་རྒྱལ་བའི་ལུང་ཆེན་ཡིན། །ཞེས་པའི་དོན་ནོ། །གཉིས་པ་ནི། མ་ནོར་བཅོས་མེད་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆོས་ཉིད་མ་ནོར་བར་བཅོས་སུ་མེད་པ་རང་བཞིན་གྱི་གཏན་ཚིགས་ནི། ཕྱི་ཡུལ་དུ་གྲུབ་པ་མིན་ལ་ནང་རིག་པར་ཡང་རྒྱ་མ་ཆད་དེ། དེས་ན་ཡུལ་ཤེས་གཉིས་ནང་ནས་སེམས་ལས་སྐྱེ་བ་མིན་ཏེ་རང་སྣང་ཉིད་ཡིན་པའི་ཕྱིར། དེ་ལ་མཐར་སྣང་གི་གཟུང་འཛིན་མི་དམིགས་པར་ངོ་བོ་ཡེ་ཤེས་ཉིད་རྒྱུ་རྐྱེན་མེད་པར་རང་སྣང་བ་ཡིན་པས་ཕྱི་གཟུང་བའི་ཡུལ་མི་སྤོང་ནང་འཛིན་པའི་སེམས་མི་འགེགས་ཏེ་རིག་པའི་ཡེ་ཤེས་ཉིད་རྒྱུ་རྐྱེན་ལ་རག་མ་ལས་པར་ཅིར་ཡང་སྣང་ཞིང་ངེས་མེད་དུ་གསལ་བའོ། །དེས་ན་ཡེ་ཤེས་གསང་བ་ལས། །སྣང་བ་བརྟགས་པར་ཞེན་མོད་ཀྱང་། །མ་བཅོས་སྣང་བ་བརྟགས་པ་མིན། །རོལ་པ་སྒྱུ་མ་ལྷུན་གྲུབ་སྟེ། །རྩོལ་མེད་སྒྱུ་མ་བདེ་མཆོག་ཡིན། །མི་འགྱུར་རྡོ་རྗེ་བཙན་པོ་ཡིན། །མ་བཅོས་ལྷུན་གྲུབ་ཆེན་པོ་ལ། །ངེས་པ་མེད་པས་གསང་བར་བཤད། །ཅེས་པའི་དོན་ནོ། །གསུམ་པ་ནི། བདག་ཉིད་ཆེན་པོ་སོགས་ཚིགས་བཅད་གཅིག་རྐང་པ་གཉིས་ཀྱིས་བསྟན་ཏེ། ཡེ་བབ་རང་རྫོགས་ཀྱི་བདག་ཉིད་ཆེན་པོ་སྣང་སྟོང་དབྱེར་མེད་ཀྱི་གཏན་ཚིགས་ནི། སྣང་བ་བདེ་བ་ཆེན་པོ་རྩོལ་བ་མེད་པ་དང་། ཡུལ་མེད་ཅིང་རང་རིག་པ་ངོས་གཟུང་ལས་འདས་པའི་སྟོང་ཉིད་དམ་པ་གཉིས་གདོད་ནས་ཐ་དད་མེད་པར་རྟོགས་ཏེ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ཏུ་ཤེས་པ་ལ་དེ་ལས་གཞན་དུ་སྣང་བ་དང་བཟང་ངན་གྱི་རྟོག་པ་ཐམས་ཅད་དང་བྲལ་བས་བདག་ཉིད་ཆེན་པོ་ཐོག་མཐའ་མེད་པའི་གཏིང་གསལ་བྱ་བ་དང་བྲལ་བའི་ཟང་ཐལ་གཅིག་ཏུ་གནས་པ་ཉིད་ཅེས་ཐ་སྙད་ཙམ་དུ་བཏགས་ཤིང་མཚོན་པར་མཛད་པ་ཡིན་ཏེ། ཡེ་ཤེས་གསང་བ་ལས། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། །ཐམས་ཅད་བྱང་ཆུབ་སེམས་སུ་ཤེས། །གང་ལྟར་གནས་ཀྱང་ཆོས་ཉིད་དོ། །ཞེས་གསུངས་ཏེ། རང་བཞིན་ངང་དུ་ཕེབས། ངང་བདག་ཉིད་ཆེན་པོར་གསལ་བའི་ཕྱིར་ན། གསང་བ་སྒྲ་རྒྱུད་ལས། །གཞན་ཡང་རབ་ཏུ་བཤད་བྱ་བ། །སྐུ་ཡི་མཚན་ཉིད་རབ་ཤེས་པས། །འཁྲུལ་པ་ཐམས་ཅད་དུས་གཅིག་འགགས། །སྐུ་ཡི་རང་བཞིན་ཡོངས་ཤེས་པས། །གསལ་དང་སྟོང་པའི་སོ་མཚམས་ཟིན། །ངོ་བོ་ཤེས་པས་སྟོང་པར་དག །ངང་ཤེས་པས་ནི་མི་རྟོག་སྐྱེ། །བདག་ཉིད་ཆེན་པོ་ཤེས་པ་ཡིས། །ཁམས་གསུམ་འཁོར་བའི་རྩ་བ་གཅོད། །དེ་དག་གིས་ནི་རང་གྲོལ་གདེངས། །བྱས་པ་མེད་པར་ཐོབ་པར་ངེས། །ཞེས་རིག་པའི་ཡེ་ཤེས་སྐུ་རུ་ཤར་བའི་མཚན་ཉིད་ལ་རང་བཞིན་སྐྱེ་མེད་མཐའ་གྲོལ་གྱི་ངོ་བོ་ཕྱོགས་མེད་རང་གྲོལ་ཉིད་དུ་རྒྱུད་རང་བརྟན་པར་གནས་པས་བདག་ཉིད་ཆེན་པོར་གྱུར་པ་མེད་པའི་དོན་ཏོ། །གཉིས་པ་དབྱིངས་ཡེ་ཟུང་དུ་འཇུག་པའི་གཏན་ཚིགས་མཆོག་གིས་གཟུང་འཛིན་རང་གྲོལ་དུ་སྒྲུབ་པ་ནི། ཡུལ་སྣང་རླབས་ལྟར་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དབྱིངས་དང་ཡེ་ཤེས་ཀྱི་གཏན་ཚིགས་ནི། ཡུལ་དུ་སྣང་བ་རྣམས་ནི་ཆུ་ཉིད་རླབས་སུ་སྣང་བ་ལྟར་རང་སྣང་གི་ཡུལ་དབྱིངས་ཉིད་རྣམ་པར་དག་པ་ནི་རྒྱུ་ཡིན་ཏེ། དེ་ལས་ཡུལ་ཅན་རིག་པ་མི་རྟོག་པའི་ཡེ་ཤེས་ཉིད་འབྲས་བུར་ཤར་བས། དབྱིངས་ཞེས་རྒྱུ་དང་ཡེ་ཤེས་ཞེས་འབྲས་བུ་གཉིས་མཚན་ཉིད་མི་གཉིས་ཏེ་གཅིག་ཏུ་འདུས་པས་གཟུང་འཛིན་གྱི་མཐའ་ལས་རང་གྲོལ་བའི་བདེ་བ་ཆེན་པོ་ལ། གཟུང་འཛིན་མ་སྤངས་ཐིག་ལེ་ཉག་གཅིག་མ་བསྒྲུབས་པར་གཏན་ཚིགས་བརྟེན་ཏེ་བལྟས་པས་དོན་ཆོས་ཉིད་མཇལ་བར་འགྱུར་ཏེ། སྔ་མ་ལས། དབྱིངས་དང་ཡེ་ཤེས་གཏན་ཚིགས་ནི། །དབྱིངས་ནི་དག་པའི་རྒྱུ་ཡིན་ཏེ། །ཡེ་ཤེས་འབྲས་བུ་ཉིད་དུ་གསལ། །གཅིག་ཏུ་འདུས་པས་གཟུང་འཛིན་མེད། །ཅེས་སོ། །གསུམ་པ་མཐུན་དཔེ་ཚད་མ་ལ། །ཆོས་ཉིད་དང་མི་མཐུན་པར་འཁྲུལ་པ་སྣང་ཚུལ་གྱི་དཔེ་དང་། ཆོས་ཉིད་དང་མཐུན་པར་རང་སྣང་ཕྱོགས་མེད་ཀྱི་དཔེ་བཤད་པ་གཉིས་ལས། དང་པོ་ནི། དཔེར་ན་ཐག་པ་སོགས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་དོན་དང་མི་མཐུན་པའི་དཔེ་ནི། དཔེར་ན་ཆོས་ཅན་བློ་འཁྲུལ་བ་ལ་ཐག་པ་སྦྲུལ་དུ་སྣང་བ་ཡང་། གཏན་ཚིགས་ཐག་པའི་མཚན་ཉིད་སྦྲུལ་མིན་པས། སྦྲུལ་འཛིན་དུ་སྐྱེས་པའི་ཤེས་པ་བདེན་པ་མིན་ཏེ། ཞེས་དམ་བཅའ་བ་ལྟར་འདིར་ཀྱང་དེ་བཞིན་དུ་སྐྱེ་ལུགས་གསུམ་དུ་སྣང་ཡང་བདེན་པ་མིན་ནོ། །དེ་ཡང་འདི་ལྟར། བློ་འཁྲུལ་པ་ལ་སྐྱེ་ལུགས་གསུམ་དུ་སྣང་བ་ཆོས་ཅན། དེར་འཛིན་གྱི་ཤེས་པ་བདེན་པ་མིན་ཏེ། དོན་ཆོས་ཉིད་ཀྱི་མཚན་ཉིད་སྐྱེ་ལུགས་གསུམ་དུ་མི་གནས་པའི་ཕྱིར། དཔེར་ན་ཐག་པ་སྦྲུལ་དུ་འཛིན་པ་བཞིན་ནོ། །ཞེས་འགོད་དོ། །གཉིས་པ་ནི། མཐུན་པ་ནམ་མཁའ་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཡོན་ཏན་གྱི་ལྡོག་ཆ་རེ་རེས་གནས་ལུགས་དང་མཐུན་པ་ཡི་དཔེ་ནི། ནམ་མཁའ་དང་རྒྱ་མཚོ་དང་ནོར་བུ་རིན་ཆེན་དབང་གི་རྒྱལ་པོ་ལ་སོགས་པ་རྣམས་ཏེ། རིན་པོ་ཆེ་རྒྱན་ལས། ནམ་མཁའ་རྒྱ་མཚོ་རིན་པོ་ཆེ། །སྨན་དུག་འབྱུང་བ་ཉི་མ་དང་། །གསེར་བཞིན་ཕྱོགས་མེད་རྒྱ་ཆེ་ཟབ། །མི་རྟོག་རེ་སྐོང་རྐྱེན་གྱིས་སྣང་། །རྩལ་སྣང་གསལ་རྐྱེན་མ་རག་བརྟན། །ཡོན་ཏན་ཆ་རེས་ཀུན་ཀྱང་མཐུན། །ཞེས་སོ། །དཔེ་དེ་དག་ཀྱང་དོན་ཆོས་ཉིད་ཀུན་མཉམ་གདལ་ཁྱབ་ཆེན་པོའི་སྤྱིའི་ཕྱོགས་ཀྱི་ལྡོག་ཆ་འགས་ཏེ་ཆ་འགའ་རེས་ཀུན་ཀྱང་མཐུན་པ་ཡིན་ལ། འདི་དག་ལས་གཞན་ཡང་མུ་ཏིག་ཕྲེང་བ་ལས། དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་སྐོངས་པས་ནོར་བུ་འདྲ། །དགོས་པ་ཚང་བས་བང་མཛོད་བཞིན། །གང་བསྟན་སྣང་བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེས་སྒོང་འདྲ། །སྣང་བ་སྣ་ཚོགས་ཟ་འོག་གུར། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་སེང་གེ་བཞིན། །གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ། །རང་བྱུང་གྲོལ་བས་ནམ་མཁའ་བཞིན། །ཐམས་ཅད་བརྟེན་པས་ས་གཞི་ལྟར། །ཡུལ་རྣམ་ཀུན་ལ་ཁྱད་པར་འཕགས། །ཞེས་གསུངས་པ་སོགས་དཔེ་མང་དུ་འབྱུང་བ་བཞིན་ནོ། །བཞི་པ་དེ་གསུམ་གྱིས་དོན་རྟོགས་ཚུལ་ནི། ཀུན་ཀྱང་སྤྱི་ལ་རྟོགས་པས་གནས། །ཞེས་པས་བསྟན་ཏེ། དེ་ལྟར་ལུང་དང་གཏན་ཚིགས་དཔེ་ཡི་ཚད་མ་གསུམ་པོ་ཀུན་ཀྱང་དོན་ཆོས་ཉིད་རང་བཞིན་གྱི་སྣང་བའི་སྤྱི་ཡི་རྣམ་པ་ཙམ་ལ་རྟོགས་པར་བྱེད་པས་ཤེས་བྱེད་ཀྱི་ཐབས་དམ་པ་ཉིད་དུ་གནས་པ་ཡིན་ནོ། །གཉིས་པ་རིན་ཆེན་བརྒྱུད་པས་མཚོན་ཚུལ་བྱེ་བྲག་ཏུ་བཤད་པ་ལ། ཆུ་བོ་བཞིན་རྫོགས་ཀྱི་བླ་མས་སྐལ་ལྡན་ལ་ཆོས་ཉིད་རང་གི་མཚན་ཉིད་དངོས་སུ་སྟོན་ཚུལ་མདོར་བསྟན། དེ་ཉིད་མཚན་ཐབས་ཀྱི་བརྡ་དོན་ཟབ་གསང་ངོ་སྤྲོད་ཀྱི་མན་ངག་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རང་གི་མཚན་ཉིད་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ནས་ཆོས་ཉིད་རང་གི་མཚན་ཉིད་རང་རིག་པར་རྟོགས་པས་རིན་ཆེན་བརྒྱུད་པའི་གསལ་བྱེད་ཀྱི་ངེས་པས་མངོན་སུམ་པར་ཤེས་པ་ཡི་ཐབས་མཆོག་བླ་ན་མེད་པ་ནི་ཇི་ལྟ་བུ་ཡིན་ཞེ་ན། ལྟ་བའི་ཀློང་ལས། ལུང་དང་བླ་མའི་མན་ངག་རིག་པའི་ཉམས། །བློ་དང་འཚམ་ཚད་རྒྱུད་དྲང་ཐབས་ལུང་གིས། །དེས་མཚོན་བྱ་བྲལ་རྫོགས་ལུང་ཉི་ཁྲི་བ། །དེས་མཚོན་མཁའ་ཁྱབ་བྱང་ཆུབ་སེམས་ལུང་གིས། །སྐལ་ལྡན་སྣོད་སྐྱོན་བྲལ་ན་གཏན་ལ་ཕེབས། །སྟོན་པའི་རིགས་སུ་ངེས་ན་ངེས་ཤེས་འཆར། །དེ་ལ་ཡིད་ཆེས་དམིགས་ནས་གདམས་པས་དགྲོལ། །དབང་ཐོབ་ལུང་མཁྱེན་གདམས་པའི་རིག་པ་ཤར། །རང་གཤིས་སྒྲོ་སྐུར་བྲལ་གྲུབ་བླ་མ་ལ། །སྐལ་ལྡན་སྐྱོན་བྲལ་རྒྱལ་སྲས་སློབ་མ་དེས། །དད་མོས་གུས་པས་ཞུས་ཏེ་ཐུགས་རྗེས་གནང་། །ཡི་གེ་དཀྱུས་དང་སྙན་རྒྱུད་རང་གྲོལ་བས། །ངེས་པར་ཡིད་ཆེས་གདེང་དུ་ཕེབས་པར་བྱ། །རིག་ཉམས་སྒྲོ་སྐུར་བསལ་ལ་ངེས་དོན་གནས། །སྣང་གྲགས་བྱང་ཆུབ་སེམས་སུ་ལྷུན་གྲུབ་པ། །རིགས་པ་བཞི་ཡིས་སྒྲོ་སྐུར་ཐེ་ཚོམ་བསལ། །བསྲེགས་བཅད་བརྡར་བས་ས་གསེར་ངེས་བརྟགས་ལྟར། །ཆོས་ཉིད་བྱ་བྱེད་ལྟོར་ཤར་འཐད་པས་སྒྲུབས། །ཞེས་དང་། རིན་པོ་ཆེ་ཕྲེང་བ་ལས། ཐུན་མོང་ཁྱད་པར་དབང་རྫོགས་ཤིང་། །ལུང་གསུམ་ཚིག་གི་བརྒྱུད་པ་ཅན། །རང་གྲོལ་མན་ངག་བར་མ་ཆད། །མངོན་སུམ་གྲུབ་པས་ཡིད་ཆེས་པའི། །བླ་མ་རིན་ཆེན་སྲོག་གི་གཟུངས། །ཞེས་སོགས་གསུངས་པ་ལྟར་དབང་རྒྱུད་མན་ངག་གྲུབ་པའི་ཆུ་བོ་བཞིའི་རྒྱུན་མ་ཆད་པའི་བླ་མ་དམ་པ་དེས། རྒྱལ་བའི་གདུང་འཚོ བ་བའི་ཐུགས་སྲས་ཨ་ཏིའི་སྐལ་བ་དང་ལྡན་པའི་སློབ་མ་བློ་གྲོས་འཆང་བ་ལ། ཀུན་གཞིའི་ཆོས་ཉིད་བག་ཆགས་རྣམ་པར་བྱང་བར་གནས་བྱ་དེ་ཉིད་ཚོགས་བདུན་དང་ལྷན་ཅིག་ཏུ་ལྡན་པས་བག་ཆགས་དང་གཅིག་ཏུ་བསྲེས་པ་ཡི་སྦྱོར་བ་དོན་གྱི་ཀུན་གཞི་ལ། རྟོགས་པའི་གདེངས་ཆེན་པོ་ཐུག་ཕྲད་གསུམ་གྱིས་ཐིག་ལེ་ཉག་གཅིག་ཏུ་བསྟན་ཏེ་བརྡ་སྤྲོད་པ་ཡིན་ནོ། །གཉིས་པ་ནི། ལྟ་བའི་ཀློང་གི་སྔར་གཉིས་པར་དྲངས་པའི་འཕྲོ་ལས། མ་འདྲེས་འཁོར་བའི་ཆོས་ལ་རབ་གྲོལ་ཞིང་། །རྫོགས་པས་འདས་མཐའ་མི་གནས་དགྲོལ་བྱའི་ཕྱིར། །དད་ཙམ་གང་ཟག་རྗེས་འབྲང་ལུང་ཙམ་མིན། །ཆོས་ཀྱི་རྗེས་སུ་ཚད་མ་རྣམ་གསུམ་གྱིས། །མ་བཅོས་ཡེ་གནས་ཡུལ་མེད་རང་གསལ་དུ། །རྟོགས་ཐབས་ལྟ་བར་ཀུན་འདུས་དེ་བསྟན་བྱའོ། །ཞེས་གསུངས་པ་ལྟར། མངོན་སུམ་སྔ་མ་གསུམ་གྱིས་མ་འདྲེས་སྐུ་གསུམ་རང་སྣང་གི་དགོངས་པར་སྟོན་པ་དང་། རྣལ་འབྱོར་མངོན་སུམ་གྱིས་ཡོངས་རྫོགས་དབྱེར་མེད་མཉམ་གྲོལ་གྱི་དགོངས་པར་སྟོན་པ་གཉིས་ལས། དང་པོ་ནི། ཡེ་ཤེས་གསང་བ་ལས། རྨད་བྱུང་གཞལ་ཡས་སྤྲོས་བྲལ་ནི། །འབར་བའི་ཡེ་ཤེས་བདེ་གཤེགས་གསུམ། །ཐུག་ཕྲད་ཉིད་དུ་བཞག་པ་སྟེ། །བླ་མའི་ཞལ་ནས་ཤེས་པར་བྱ། །ཞེས་དང་། རིན་པོ་ཆེ་འོད་ལས། པདྨ་གསུམ་གྱི་དཀྱིལ་འཁོར་ནས། །བདེ་གཤེགས་གསུམ་གྱི་སྐུར་ལྡན་པ། །རྣམ་གྲོལ་འབྲས་བུ་རང་བཞག་ཡིན། །གཞི་ནས་མ་གཡོས་རང་བཞིན་གྲུབ། །ཅེས་སོགས་གསུངས་པ་ལ་བརྟེན་ནས་བཤད་ན། དབང་པོའི་མངོན་སུམ་དུ་སྤྲུལ་སྐུ་ཐུག་ཕྲད་ཀྱིས་རྣམ་པ་སྒྱུ་མ་ལྷུན་གྲུབ་ཏུ་ངོ་སྤྲད་པ། ཡིད་ཀྱི་མངོན་སུམ་དུ་ཆོས་སྐུ་ཐུག་ཕྲད་ཀྱིས་རང་བཞིན་སྤྲོས་བྲལ་ལྷུན་གྲུབ་ཏུ་ངོ་སྤྲད་པ། རང་རིག་མངོན་སུམ་དུ་ལོངས་སྐུ་ཐུག་ཕྲད་ཀྱིས་མཚན་ཉིད་རང་རིག་ལྷུན་གྲུབ་ཏུ་ངོ་སྤྲད་པ་དང་གསུམ་ལས། དང་པོ་ནི། མཁར་ཆེན་སྒོ་བརྒྱད་སོགས་ཚིགས་བཅད་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། སྔར་བཤད་པ་ལྟར་མཁར་ཆེན་པོ་གཅིག་ལ་སྒོ་བརྒྱད་ཡོད་པ་ལས། མིག་ལ་སོགས་པའི་དབང་པོ་ལྔ་ཡི་སྒོ་རྣམས་ཀྱི་ཕྱི་ནང་དབང་པོ་ཡུལ་སྟོན་གྱི་བུ་མོ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ནི་འདོད་པའི་ཡོན་ཏན་སྡུག་སྙན་ཞིམ་བྲོ་འཇམ་པ་ལྔ་བསྣམས་ནས་ཆ་ལུགས་མཛེས་མས་དེ་ལ་སྟོབ་པར་བྱེད་ལ། སྒོ་དེའི་ནང་ན་སྒོ་སྲུང་རྣམ་ཤེས་ལྔ་པོ་ལ། རེ་རེ་ལའང་བུ་སེམས་ལས་བྱུང་བ་བཞི་བཞི་ཡོད་པ་ལས་བུ་ཕུ་བོ་ནི་རྟོགས་པའི་གདེངས་ཆེན་པོ་མངའ་བའི་རྒྱལ་པོ་མ་འཁྲུལ་བར་ཚུགས་ན་གནས་པ་ཡིན་པས། སྣང་ལ་འཛིན་པ་མེད་པས་སྒྱུ་མ་མ་བཙལ་བས་ལྷུན་གྲུབ་ཀྱི་ཡུལ་ལ་རོལ་བའོ། །བུ་གཉིས་པ་ནི་བྲམ་ཟེ་ལྟར་ལྟོག་པ་རྩིང་བ་ཅན་ཏེ་གཙང་སྨེ་དང་རེ་དོགས་ཀྱི་ཡུལ་ལ་རོལ་ལོ། །བུ་གསུམ་པ་ནི་རིག་བྱེད་བཟོ་མཁན་ལྟར་དཔྱོད་པས་ཤེས་པ་ཞིབ་པ་སྟེ་ཉེས་ལེགས་དང་མཛེས་སྡུག་གི་ཡུལ་ལ་རོལ་ལོ། །བུ་བཞི་པ་ནི་ཞལ་ཆེ་གཅོད་མཁན་ལྟར་ཐ་སྙད་འདོགས་ཏེ། ཞལ་ཆེ་གཅོད་པ་ཚོང་དུས་ཀྱི་ཡུལ་ལ་རོལ་བར་བྱེད་དོ། །དེ་ལ་རྟོགས་པའི་རང་ས་བཟུང་བའི་མན་ངག་གི་ཐབས་ཤེས་ན། མ་འཁྲུལ་བར་གནས་པའི་ཕུ་བོས་ནུ་བོ་གསུམ་པོ་དབང་དུ་བྱས་ནས་བསྒྲལ་དུ་བཏུབ་སྟེ་ཇི་ལྟར་བཏུབ་ན། ང་ནི་ཚུགས་ན་གནས་པའི་རྒྱལ་པོ་ཡིན་ན། ནུ་བོ་ཁྱེད་གསུམ་དག་ཀྱང་ཇི་ལྟར་དེ་བཞིན་དུ་ཕ་རྣམ་པ་སྒྱུ་མར་གཅིག་པ་ཡིན་པས། ལས་ཐབས་རྟོག་དཔྱོད་ཐ་སྙད་འདོགས་པ་གསུམ་ལ་མ་གནས་ཤིག་དང་ང་བཞིན་དུ་འགྱུར་རོ། །དེས་སྒོ་གཏན་མཚན་མར་འཛིན་པ་བཅག་སྟེ་འཁོར་ས་རིགས་དྲུག་གི་ཡུལ་ལྔའི་སྣང་བ་མཐར་འཛིན་དང་བཅས་པ་ཕྱགས་ནས་རང་སྣང་བ་བདེ་བས་དབུལ་བའི་དྲི་མ་སེལ་བྱེད་བཞི་ཆའི་ནོར་བུ་ཆུ་དྭངས་སྤྲུལ་སྐུ་མངོན་སུམ་གྱིས་བླངས་ནས་ལོངས་སྤྱོད་དེ་དཀྱིལ་འཁོར་ལྔ་ཡེ་ཤེས་བཟོ་ལས་བྱས་པ་སྟག་གི་རྒྱལ་མཚན་ཉིད་གསལ་བར་བཙུགས་སོ། །དེའི་ཚེ་སྒོ་ལྔའི་ཡུལ་ལྔ་རྣམས་རྒྱལ་པོའི་ཞེས་རྒྱལ་པོ་ཆེན་པོ་སྣང་ལ་མི་རྟོགས་པའི་མངའ་རུ་བཞེས་ཏེ། དེ་ལས་གཞན་པའི་འབངས་མེད་པས་རྒྱལ་པོའི་ཐ་སྙད་ཀྱང་རང་སར་གྲོལ་ནས་ཡུལ་ལྔའི་འཁྲུལ་སྣང་ལོག་པས་ཡེ་ཤེས་ཀྱི་རང་འོད་ངོས་བཟུང་མེད་པར་རོལ་པ་སྒྱུ་མ་བདེ་མཆོག་ཏུ་གསལ་བ་ཡིན་ཏེ། ཡེ་ཤེས་གསང་བ་ལས། བཞི་ཆའི་རིག་པ་རང་གསལ་དེ། དུས་གསུམ་བདེ་གཤེགས་སྙིང་པོ་ཡིན། །གསུམ་ལྡན་འཁོར་བའི་རང་བཞིན་ནོ། །དུས་ཚོད་བླ་མའི་ཞལ་ལས་ཤེས། །གཞན་དུའང་དེ་བཞིན་ཁོ་ན་ཡིན། །ཞེས་དང་། ལྟ་བའི་ཀློང་ལས། སྣང་ལ་མི་རྟོག་དོན་ལ་མ་འཁྲུལ་བར། །སྒོ་ལྔས་ཡུལ་ལྔ་རྣམ་པ་སྒྱུ་མར་བཅད། །སྡུག་བསྔལ་རྩོལ་སྒྲུབ་བཅས་ཚེ་ངེས་ཤེས་འཆར། །སྤྲུལ་སྐུ་མ་བཙལ་གནས་པར་འཐད་པས་གྲུབ། །ཅེས་དང་། རིན་པོ་ཆེ་འོད་ལས། དབང་པོ་པདྨ་རྒྱལ་པོའི་ཐུགས། །འགྲོ་བ་ཀུན་ལ་རང་བཞིན་གནས། །མཐོང་བ་ལོག་པ་གཞན་འདོད་ཀྱང་། །སྤྲུལ་སྐུ་དང་པོ་གཞན་ལས་མིན། །ཀུན་བཟང་རྒྱལ་བའི་དགོངས་པ་ཉིད། །སྣང་བའི་ཚུལ་གྱིས་གཟུང་བྱས་ལ། །དྲན་པའི་ཚུལ་གྱི་ཉམས་སུ་བླངས། །འཕེན་པ་དང་པོའི་དུས་ནའོ། །རིན་ཆེན་གསུམ་གྱི་བརྟག་པ་ལས། །ཐབས་ཀྱི་བྱེ་བྲག་ཤེས་གྱུར་ན། །ཐོག་མའི་པདྨ་ཇི་བཞིན་ནོ། །དཀྱིལ་འཁོར་ལྔ་ཡི་ཡེ་ཤེས་འཕྲོ། །དེ་ནས་རྒྱལ་བའི་གྲལ་དུ་གནས། །ཐུགས་རྗེ་ཀུན་ལྡན་རྙོག་པས་བསླད། །དྭངས་མ་དུས་གསུམ་འགྱུར་བ་མེད། །ཅེས་སོ། །དཀྱིལ་འཁོར་ལྔ་ནི། ཡེ་ཤེས་གསང་བ་ལས། དབང་པོ་ཡུལ་ལ་གང་སྣང་བ། །ཡེ་ཤེས་འོད་དུ་ཀུན་ལ་གནས། །བཀྲ་གསལ་གཟུགས་ཀྱི་དཀྱིལ་འཁོར་ལ། །འོད་གསལ་རང་བྱུང་ངོ་མཚར་ཆེ། །བརྗོད་བྲལ་སྒྲ་ཡི་དཀྱིལ་འཁོར་ལ། །རྣ་བའི་ཡེ་ཤེས་རང་བཞིན་གསལ། །རང་བཞིན་སྣ་ཚོགས་དྲི་དག་ལ། །ཡེ་ཤེས་གསལ་བ་རང་བྱུང་སེམས། །མུ་ཁ་རོ་ཡི་དཀྱིལ་འཁོར་ལ། །ལྕེ་ཡི་ཡེ་ཤེས་ངོ་མཚར་ཆེ། །གསལ་བ་རེག་བྱའི་རང་བཞིན་ལ། །ཤེས་རབ་ལུས་ཀྱི་རང་བྱུང་གནས། །ཞེས་སོ། །དེ་ལྟར་རྟོགས་པའི་དོན་ལ་སེལ་མེད་པ་དེས་ན་རང་སྣང་ཐིག་ལེ་ཉག་གཅིག་ཏུ་གྲོལ་བས་རང་གདངས་སྒྱུ་མ་ལྷུན་གྲུབ་རིས་མེད་མཉམ་པ་ཆེན་པོར་ངང་གཅིག་གོ། །དེ་བས་ན་ཐིག་ལེ་ཉག་གཅིག་ཅེས་པའི་ངེས་ཚིག་ཀྱང་། ཡེ་ཤེས་གསང་བ་རིན་པོ་ཆེ་སྒྲོན་མའི་རྒྱུད་ལས། ཐིག་ལེ་མི་འགྱུར་རང་སེམས་སྐྱེ་མེད་ཡིན། །ལེ་ནི་གང་ལ་ཁྱབ་མཉམ་པ་ཉིད་དུ་གསལ། །ཉག་ནི་ཕྲ་བས་སྐལ་མེད་སྤྱོད་ཡུལ་མིན། །ཅིག་ནི་རང་བྱུང་ཡེ་ཤེས་རང་སྣང་ངོ་། །ཞེས་དང་བྱང་ཆུབ་སེམས་ཡིད་སྐྱོབས་ཀྱི་དངོས་པོ་གནས་ལུགས་ཀྱི་ཡི་གེ་ལས། གསང་སྔགས་གནས་ལུགས་ཐིག་ལེ་ཉག་གཅིག་སྟེ། །ཀུན་བྲལ་ཀུན་དངོས་ཅི་སྤངས་ཅི་མ་སྤངས། །ཐིག་ནི་མི་གཡོ་མི་འགྱུར་མ་ནོར་དྲང་པོར་སྤྲོས་དང་བྲལ། །ལེ་ནི་ཀུན་དངོས་ཁྱབ་བདལ་ཅིར་ཡང་ཤར། །ཉག་ནི་ཟབ་ཅིང་ཕྲ་སྟེ་བརྟགས་པར་དཀའ། །གཅིག་ནི་ཅི་སྨྲས་ཅི་དྲན་ཡུལ་སེམས་བདག་གི་དབྱིངས། །ཞེས་དང་། ཀུན་བྲལ་ཕྱོགས་རིས་བདག་གཞན་རྒྱུ་འབྲས་སྤྲོས་པ་བྲལ། །ཀུན་དངོས་རང་ཉིད་མ་རིག་ཅིར་ཡང་ཤར། །ཅི་སྤངས་རང་རིག་རང་རྟོགས་ཐམས་ཅད་རང་དུ་བརླག །ཅི་མ་སྤངས་པ་སྣང་སྲིད་མ་བཅོས་རང་སར་གྲོལ། །ཞེས་གསུངས་པས་ཆོས་ཉིད་མཉམ་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཀློང་དུ་ཤེས་པར་བྱ་ཡི་མངོན་སུམ་ཕྱོགས་གཅིག་པར་གཟུང་བར་མི་བྱའོ། །གཉིས་པ་ནི། གཅིག་ནི་ཕྱི་ནང་སོགས་ཚིགས་བཅད་ལྔས་བསྟན་ཏེ། སྤྲོས་པ་སྣ་ཚོགས་སུ་གཅོད་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་ནི་ཕྱི་སྒོ་ལྔ་དང་ནང་ཉོན་ཡིད་གཉིས་ཀྱི་བར་སྒོ་ཡིད་ཀྱི་དབང་པོའི་ཕྱི་མཚམས་ན། མ་འོངས་ལུང་སྟོན་པ་དང་འདས་པ་གླེང་སློང་གི་བུ་མོ་སྐད་ཚངས་པའི་དབྱངས་ལྟར་སྙན་ལ་གཏམ་རྒྱུད་ཚངས་པ་ཆེན་པོ་ལྟར་མཁས་པ་གཉིས་ཀྱིས་ཡིད་འཕྲོག་ནས་བྱ་བ་མང་པོས་དོན་མེད་རྣམ་གཡེང་ལ་ཤོར་བའོ། །སྒོའི་ནང་ན་སྒོ་སྲུང་ཡིད་ཀྱི་རྣམ་པར་ཤེས་པ་བྱ་བ་མང་པོ་ཞེས་བྱ་བ་ཡོད་དེ། དེ་ལ་བུ་གསུམ་ཡོད་པ་ལས་བུ་ཆེན་པོ་ནི་སྔར་བྱས་པ་ཐམས་ཅད་དོན་མེད་དུ་གྱུར་པ་ཞེས་བྱ། བུ་ཆུང་བ་ནི་ཕྱིས་བྱེད་པ་ཐམས་ཅད་ཟིན་པ་མེད་པ་ཞེས་བྱ་བ། བུ་བར་བ་ནི་རྟོགས་པའི་གདེངས་ཆེན་པོ་དང་ལྡན་ཞིང་རྩོད་པ་མི་བྱེད་པས་འཛངས་པ་བར་ན་ཡོད་པས་གཟུ་བོར་གནས་པ་ཞེས་བྱའོ། །དེ་ལ་བུ་ཆེན་པོ་ནི་དོན་མེད་ཐང་ཆད་ཀྱི་ཡུལ་ལ་རོལ་ལོ། །བུ་ཆུང་བ་ནི་ཟིན་མེད་སྒྱིད་ལུག་གི་ཡུལ་ལ་རོལ་ཞིང་། བུ་བར་པ་ནི་མཐའ་བྲལ་འོད་གསལ་གྱི་དགོན་པར་རོལ་བ་ལས། བུ་ཆེ་ཆུང་གཉིས་བུ་མོ་གཉིས་ཀྱི་གཏམ་རྒྱུད་དག་ལ་མ་མཐུན་ཏེ་རྩོད་པ་བྱེད་དོ། །དེ་ཡང་མ་བཅོས་རང་གྲོལ་དུ་འཆར་བའི་མན་ངག་གི་ཐབས་ཤེས་ན་བུ་བར་པས་གོང་འོག་གཉིས་ཐབས་ཀྱིས་དབང་དུ་བྱས་ཏེ་བསྒྲལ་དུ་བཏུབ་པ་ནི། ངས་ནི་གཏམ་རྒྱུད་ལ་བསམ་པ་མེད་དེ། བྱ་བ་མང་ལ་ཟིན་པ་ཉུང་། དོན་ཆུང་ལ་ཉེས་པ་མང་བས་སོ། །དེས་ན་སྡུག་བསྔལ་གྱི་རྒྱུ་བྱ་བ་སྣ་ཚོགས་ཞོག་ལ་འོད་གསལ་གྱི་དགོན་པར་འདོད་དང་། བུ་ཁྱེད་གཉིས་ཀྱང་བར་པ་ང་བཞིན་དུ་བདེ་བ་འདོད་པ་ལ་གཅིག་པར་འདུག་པས་སོ། །ཞེས་པས་དྲངས་ཏེ་འཛངས་པས་ཞེས་འཛངས་པ་ཞི་དལ་ཅན་གྱིས་རི་རྒོད་ཀླུངས་སུ་ཕབ་པར་བྱས་ཏེ་ངེས་སྒོ་གཏན་སྤྲོས་པ་སྣ་ཚོགས་སུ་འཛིན་པ་བཅག་སྟེ་འཁོར་ས་རིགས་དྲུག་གི་སྤྲོས་པའི་ཡུལ་སྣང་ཕྱོགས་འཛིན་དང་བཅས་པ་ཕྱག་ནས་རང་བཞིན་གཉུག་མའི་དོན་གྱིས་དབུལ་བའི་དྲི་མ་སེལ་བྱེད་རྩོལ་བྲལ་གྱི་ནོར་བུ་བཀྲ་ཤིས་ཆོས་སྐུ་ཐུག་ཕྲད་ཀྱིས་བླངས་ཏེ་ལོངས་སྤྱད་ནས་རང་བཞིན་སྤྲོས་བྲལ་གྱི་ཡེ་ཤེས་རི་རབ་ལྟ་བུའི་འབྱུང་ཆེན་གཏོས་ཀྱི་རྒྱལ་མཚན་བཙུགས་སོ། །དེ་ལྟར་ཆེ་ཆུང་རྩོད་པ་མེད་པས་བར་བ་གཟུ་བོའི་ཐ་སྙད་ཀྱང་རང་སར་གྲོལ་ཏེ་སྤྲོས་པའི་རྟོག་འཛིན་དང་བརྡ་དོན་དུ་ཞེན་པའི་བློ་དང་བྲལ་བས་གཉུག་མའི་རིག་པ་རང་སོ་ན་གསལ་བ་ཡིན་ཏེ། ཡེ་ཤེས་གསང་བ་ལས། རྩོལ་བྲལ་ཟིན་དང་མ་བཟུང་བར། །གསང་བའི་འཁོར་ལོ་ཡེ་ཤེས་གཏེར། །གསང་སྔགས་གཏེར་གྱི་མཛོད་འཛིན་ཅིང་། །རིག་པའི་བསྟན་པ་སྒྲོགས་པའི་བདག །ཅེས་དང་། ལྟ་བའི་ཀློང་ལས། ཡིད་ཀྱི་ཡེ་ཤེས་ཟིན་དང་མ་བཟུང་བར། །སྤྲོས་པའི་རང་བཞིན་སྤྲོས་བྲལ་ཉིད་དུ་ཟིན། །བསམ་གྱིས་མི་ཁྱབ་དུས་སུ་ངེས་ཤེས་འཆར། །ཆོས་སྐུ་མ་བཙལ་གནས་པར་འཐད་པས་གྲུབ། །ཅེས་དང་། རིན་པོ་ཆེ་འོད་ལས། གསང་བའི་པདྨ་སྔགས་ཀྱི་སེམས། །དཔྱོད་པ་བྲལ་བའི་དུས་ན་ཤེས། །བཏང་བཞག་རང་བཞིན་བྱ་བ་བྲལ། །འཁོར་བ་རྣམ་པར་མི་སེམས་ཏེ། །མྱ་ངན་འདས་པའི་རྒྱུ་བའང་བྲལ། །རྫོགས་པའི་དགོངས་པ་བྱ་མེད་ལ། །དུས་གསུམ་མ་ཡེངས་སྲོག་ཏུ་སེམས། །བླང་དོར་མི་མངའ་ལྟ་བ་མེད་། །རང་བཞིན་རྒྱལ་བའི་ལྟ་བ་ཡིན། །མི་རྩོལ་དབུ་མ་དྲང་པོའི་ལམ། །གང་གིས་མ་བཅོས་ཐུགས་ཀྱི་ལམ། །ཞེས་སོ། །གསུམ་པ་ནི། གཅིག་ནི་ནང་བསྟན་སོགས་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། བག་ཆགས་ཀྱི་ཤེས་པའི་རྒྱུད་ལ་ངར་འཛིན་པའི་ཉོན་མོངས་པ་ཅན་གྱི་ཡིད་གཅིག་ནི་ཁ་ནང་དུ་ཀུན་གཞི་ལ་བསྟན་པའི་སྒོ་དང་མཚུངས་པར་ལྡན་པའི་འགྲམ་ན། སྲིད་པོ་སྟོབས་ཆེན་ཉོན་ཡིད་ལས་བྱུང་བའི་བུ་སྤུན་དུག་ལྔ་ནི་རྣོ་ཞིང་འཛུགས་པས་རང་ལ་རང་གསོད་པའི་མཚོན་ཆ་སྣ་ཚོགས་ཐོགས་ནས། རང་ཉིད་ལ་ཤེད་ཆེར་སྐྱེད་ཅིང་ནུས་པའི་མཐུ་སྟོབས་དང་ལྡན་པར་བྱེད་ལ། སྒོ་དེའི་ནང་ན་སྒོ་སྲུང་སྡིག་ཅན་སྤྱི་ལ་རང་དུ་དམིགས་པ་བྱ་བ་དེ་ལ་བུ་ཉོན་མོངས་པ་ལྔ་དང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་དོ། །དེ་རྣམས་འདུས་པའི་ཐ་ཆུང་མཐར་ཐུག་ཐ་མ་ནི་རྟོགས་པའི་གདེངས་ཆེན་པོ་མངའ་བའི་དཔའ་བོ་ཉོན་མོངས་པའི་གཡུལ་ངོ་འཇོམས་པར་བྱེད་པ་ཞེས་བྱ་བ་གནས་ལ། དེ་དག་གི་ཡང་ཕུ་བོ་རྣམས་ནི་དངོས་དང་བརྒྱུད་པའི་ཚུལ་གྱིས་ན་རག་དམྱལ་བའི་ཡུལ་ན་ཡོད་ཅིང་། ཐ་ཆུང་རང་རིག་ནི་དགོས་པ་འདོད་རྒུར་འབྱུང་བས་བདེ་བ་ཆེན་པོ་རིན་ཆེན་གྱི་གླིང་ན་ཡོད་པ་ལ། ཡུལ་མེད་འཛིན་བྲལ་དུ་གསལ་བའི་མན་ངག་གི་ཐབས་ཤེས་ན་བུ་ཆུང་བས་གཅེན་པོ་རྣམས་ཐབས་ཀྱིས་དབང་དུ་བྱས་ཏེ་བསྒྲལ་དུ་བཏུབ་པ་ནི། འུ་ཅག་ཀུན་ཀྱང་དཔའ་བོར་མཐར་ཐུག་པ་ཡིན་པས། ཐ་ཆུང་ང་ཉིད་ལ་ཉོན་མོངས་པ་ཀུན་གྱི་སྟོབས་ཐམས་ཅད་རྫོགས་པར་གནས་ན། ཁྱེད་ཅག་གིས་ཤེད་ཆེར་སྐྱེད་ཅིང་ནུས་པའི་སྟོབས་ཤུགས་དང་རྣོ་མཚོན་ཀུན་གྱིས་རང་ལ་རང་གིས་འཇོམས་པར་བྱས་ནས་མ་བརླག་གམ། དེ་བས་ན་ཡུལ་ངན་པ་ན་རག་གི་རྟེན་དེ་བོར་ལ། བདེ་ཆེན་རིན་ཆེན་གྱི་གླིང་དུ་འདོང་ངོ་། །ཞེས་བྱས་ཏེ། དེས་སྒོ་གཏན་ང་བདག་ཏུ་འཛིན་པ་བཅག་སྟེ་འཁོར་ས་རིགས་དྲུག་གི་བདག་གཞན་དུ་སྣང་བ་དམིགས་འཛིན་དང་བཅས་པ་ཕྱགས་ནས་རྩོལ་བྲལ་གྱི་བདེ་བས་དབུལ་བ་དང་རྩོལ་བའི་ནད་དང་ཕྱོགས་ལྷུང་གི་བཀྲ་མི་ཤིས་པ་ཐམས་ཅད་སེལ་བྱེད་རང་རིག་པའི་ནོར་བུ་རིན་ཆེན་དབང་གི་རྒྱལ་པོ་ལོངས་སྐུ་ཐུག་ཕྲད་ཀྱིས་བླངས་ནས་ལོངས་སྤྱད་དེ། རང་བྱུང་རིག་པའི་ཡེ་ཤེས་རྡོ་རྗེ་ལྟ་བུར་མི་ནུབ་པའི་རྒྱལ་མཚན་ལེགས་པར་བཙུགས་སོ། །དེའི་ཚེ་ན་ཐམས་ཅད་དཔའ་བོ་ཆེན་པོར་གྱུར་ཏེ་མི་མཐུན་པ་མེད་པས་དཔའ་བོའི་ཐ་སྙད་ཀྱང་རང་སར་གྲོལ་ཏེ་བརྡ་གྲོལ་རང་བྱུང་རང་ཤར་དུ་རྟོགས་པས་རང་རིག་བདེ་བ་ཆེན་པོར་ཡེ་གསལ་ཕྱོགས་མེད་ཀྱི་ངང་དུ་གདལ་ཁྱབ་ཆེན་པོར་གནས་པ་ཡིན་ཏེ། ཡེ་ཤེས་གསང་བ་ལས། ཤེས་རབ་གསང་བའི་དཀྱིལ་འཁོར་ནི། །དགུ་རུམ་སྦས་པ་དག་ཡིན་ཡང་། །གསལ་བྱེད་སྒྲོན་མ་དེ་ཡིས་མཐོང་། །ཡེ་གསལ་ཆེན་པོ་ཕྱོགས་མེད་གདལ། །ཕྱི་ནང་མེད་པར་ཀུན་ལ་གསལ། །ཞེས་དང་། ལྟ་བའི་ཀློང་ལས། །རང་རིག་མངོན་སུམ་ངར་འཛིན་ཉོན་མོངས་ཆེ། །སིངས་ཀྱིས་རིག་ལ་གང་དུའང་མི་རྟོག་པར། །རང་རིག་བདེ་ཆེན་ཤར་དུས་ངེས་ཤེས་འཆར། །ལོངས་སྐུ་ལྷུན་གྱིས་གནས་པ་འཐད་པས་གྲུབ། །ཅེས་དང་། རིན་པོ་ཆེ་འོད་ལས། སྙིང་གི་པདྨ་རིན་པོ་ཆེ། །འོད་གསལ་རིག་པའི་དཀྱིལ་འཁོར་ལྔར། །ཆགས་པ་ལ་སོགས་ཉོན་མོངས་ལྔ། །མཐར་ཐུག་ཐ་མའི་དུས་ན་མཐོང་། །གང་སྐྱེས་དུས་ན་ཡུལ་མི་དཔྱད། །མི་དགག་ངོ་བོ་ཉིད་ལ་བཞག །ཅེས་སོ། །གཉིས་པ་རྣལ་འབྱོར་མངོན་སུམ་གྱིས་ཡོངས་རྫོགས་དབྱེར་མེད་མཉམ་གྲོལ་གྱི་དགོངས་པར་སྟོན་པ་ནི། གཅིག་ལ་གསུམ་བྱུང་སོགས་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་བསྟན་ཏེ། སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་ལས། འཁོར་བ་རྣམས་ཀྱི་ཐོག་མ་ནི། །མི་འབྱེད་བྱས་མེད་རང་བཞིན་ལས། །དམིགས་པར་འཛིན་པའི་ཡུལ་ཤར་ཏེ། །རྟོག་འཛིན་ལས་ནི་ཐ་དད་སྣང་། །ཞེས་སོགས་གསུངས་པ་ལྟར། འཁྲུལ་གཞི་རང་ངོ་མ་ཤེས་པའི་ཐིག་ལེ་ཉག་གཅིག་ལ་སྐྱེ་ལུགས་གསུམ་དུ་བྱུང་ནས་རྣམ་པར་ཤེས་པ་ཚོགས་བདུན་གྱིས་རྒྱུད་དཀྲུགས་པས་གཞི་དོན་དྭངས་པའི་རྒྱ་མཚོ་ལྟ་བུར་གནས་པ་དེ་ཉིད་བག་ཆགས་ཀྱི་རྙོག་པས་བསླད་དེ་སྦྱོར་བ་དོན་གྱི་ཀུན་གཞིར་སྨིན་པའི་དབང་གིས་འཁྲུལ་བའི་འཁོར་ལོར་འཕྱན་པ་ལ། ཡེ་ཤེས་གསང་བ་ལས། བྱ་བ་མེད་པའི་དཀྱིལ་འཁོར་གསུམ། །གདོད་ནས་རྩོལ་མེད་ལྷུན་གྱིས་གྲུབ། །ཡེ་ཤེས་ཉི་མའི་སྙིང་པོར་ཤར། །རང་གསལ་མུན་པ་ཡེ་ནས་དག །ཅེས་དང་། ལྟ་བའི་ཀློང་ལས། རང་རིག་སྟོང་ཉིད་སྤྲུལ་པའི་རྣམ་པ་ཅན། །ངང་ལ་གནས་པས་བག་ཆགས་རྙོག་གཞི་དྭངས། །རྣལ་འབྱོར་ཤིན་ཏུ་རྫོགས་གསལ་སྐུ་གསུམ་དང་། །རྟོག་པ་རང་གྲོལ་ཡེ་ཤེས་མ་འཁྲུལ་འཐད། །ཅེས་དང་། རིན་པོ་ཆེ་འོད་ལས། གསང་བའི་པདྨ་ཆོས་ཀྱི་སྐུ། །མ་བཅོས་རང་གསལ་གཟུང་འཛིན་བྲལ། །རྫོགས་པའི་ལོངས་སྤྱོད་བདེ་བའི་སྐུ། །སྤྲུལ་སྐུ་གང་ལའང་ངོས་གཟུང་མེད། །དབྱེར་མེད་རིག་པ་གཅིག་ལ་གནས། །ཞེས་དང་། རྟོགས་པས་གཞན་ནས་མ་འོངས་ཏེ། །རང་བྱུང་སྙིང་པོ་ཐོག་མ་མེད། །སྤྲོས་བྲལ་ནམ་མཁའ་ལྟ་བུ་ཉིད། །རྒྱལ་བའི་སྐུ་དང་རང་བཞིན་ལྡན། །ཞེས་གསུངས་པ་ལྟར། སྤྲུལ་སྐུ་དབང་པོའི་མངོན་སུམ་ནོར་བུ་ཆུ་དྭངས་ལྟ་བུ་དང་། ཆོས་སྐུ་ཡིད་ཀྱི་མངོན་སུམ་ནོར་བུ་བཀྲ་ཤིས་ལྟ་བུ་དང་། ལོངས་སྐུ་རང་རིག་མངོན་སུམ་ནོར་བུ་རིན་ཆེན་དབང་གི་རྒྱལ་པོ་ལྟ་བུ་དང་གསུམ་གྱིས་རིམ་པ་བཞིན་དུ་རྒྱ་མཚོ་ཆེན་པོའི་རྙོགས་པ་སངས་འོ་མའི་ངོ་བོར་བྱས་བདུད་རྩི་དྭངས་གསལ་འཁྱིལ་བའི་ཀློང་དུ་གྱུར་པ་ལྟར། རྣམ་ཤེས་ཚོགས་བདུན་ལ་ཐུག་ཕྲད་གསུམ་གྱིས་རྟོགས་པའི་ངོ་བོ་ཉིད་དེ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ཏུ་ཤིན་ཏུ་རྫོགས་པར་ཀུན་གསལ་རྣལ་འབྱོར་མངོན་སུམ་གྱིས་མཐའ་གྲོལ་ཟང་ཐལ་དུ་མཐོང་བས། བག་ཆགས་ཀྱི་རྟེན་གཞི་སྦྱོར་བ་དོན་གྱི་ཀུན་གཞི་རང་སར་གྲོལ་ཏེ་སྐུ་གསུམ་དབྱེར་མེད་ཡོངས་རྫོགས་ངོ་བོ་ཉིད་ཀྱི་སྐུ་རུ་ཤར་ནས་ཡེ་ཤེས་སྒྲིབ་མེད་དུ་གསལ་བ་ལ། ཐ་སྙད་དུ་མ་བཅོས་པ་དང་ལྷུན་གྱིས་གྲུབ་པ་དང་རིག་པ་རང་གསལ་པ་ཞེས་སུ་བཏགས་པའང་དགོས་པས་ཞེས་གནས་ལུགས་ཀྱི་ངོ་བོ་མཚོན་པའི་ཕྱིར་དགོས་དབང་གིས་བཏགས་པ་ཡིན་གྱི་དོན་ཐུན་མོང་མིན་པར་གནས་པར་ཡིན་པས་སྒྲ་ཇི་བཞིན་པ་མིན་ཏེ། ཐལ་འགྱུར་ལས། གཟུང་བ་མེད་པའི་སྣང་བ་ལ། །འཛིན་པ་མེད་པའི་སེམས་ཤར་བ། །དཔྱོད་པ་མེད་པའི་མིག་གིས་མཐོང་། །ཆོས་ཉིད་མེད་པའི་ལམ་ནས་དྲངས། །ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ། །བྱར་མེད་རྩོལ་བྲལ་འབྲས་བུར་དྲིལ། །འདི་ལ་སྣང་མཐའ་མི་གནས་སོ། །ཞེས་གསུངས་པ་སོགས་ཤིན་ཏུ་མང་ལ། དེ་ལྟར་སོ་སོའི་མཚོན་ཚུལ་མ་འདྲེས་ན་ཡང་ངོ་བོ་དབྱེར་མེད་དུ་གྲོལ་བས་མཐའ་བྲལ་ཡོངས་རྫོགས་ཀྱི་གནས་ལུགས་མཐོང་སྟེ། དེ་ལས་ཡར་གཤེགས་ཀྱང་དགུང་ལ་ཤུལ་མི་མངའ་བའི་རྩེ་མོར་གྱུར་ཏེ་མཐར་ཕྱིན་པ་ཡིན་པས། དེ་ཉིད་ལས། གཞན་ཡང་ཆོས་ཉིད་ངོ་བོ་ནི། །རང་བཞིན་ཉིད་ལས་ངོ་བོར་གྲུབ། །སྣང་ཚུལ་གཅིག་ཏུ་མ་ངེས་པས། །འཇུག་པའི་ལམ་ཡང་ཐ་དད་དོ། །ངོ་དང་ཤེས་དང་གྲོལ་མཐོང་གིས། །འཇུག་དང་ཤེས་དང་གོམས་པ་ལས། །ངོ་ཤེས་པ་ལས་རང་ངོ་སྟེ། །ཡིད་ཆེས་པ་ཡི་ཐུག་པའོ། །ཐག་ཆད་པས་ནི་གདེང་དུ་ཚུད། །དེ་ལྟར་གསུམ་གྱི་ངེས་པ་ལས། །ངོ་བོ་རྫོགས་པས་རྒྱུ་འགགས་སོ། །གཞན་ཡང་ཆོས་ཉིད་རང་བཞིན་བཤད། །འདི་འདྲ་གཅིག་ཏུ་མ་ངེས་པས། །གང་ལྟར་བཏགས་པ་དེ་ལྟར་སྣང་། །སྣ་ཚོགས་མིང་གི་གདགས་གཞི་ལས། །སྒྲ་ཚིག་དུ་མའི་སྤྲོས་པར་སྣང་། །ངེས་མེད་མིང་ནི་སྣ་ཚོགས་ལས། དོན་ཡང་བཏགས་པ་ཙམ་གྱིས་སྟོང་། །སྟོང་ཉིད་གང་ཡང་མ་གྲུབ་པས། །རང་བཞིན་དག་པ་ལྟར་སྣང་ངོ་། །གཞན་ཡང་ཆོས་ཉིད་ཐུགས་རྗེ་བཤད། །གདུལ་བྱའི་ཡུལ་ནི་སྣ་ཚོགས་པས། །འདུལ་བྱེད་སྐུ་ཡང་དེ་བཞིན་ནོ། །རིགས་དང་དབང་པོའི་རྣམ་འཕྲུལ་ལས། །འཁོར་འདས་རྟོག་པ་ཐ་དད་དེ། །དེ་ཉིད་སོ་སོའི་ཡུལ་བཞག་ན། །མ་བཅོས་དོན་གྱི་དགོངས་པའོ། །ཞེས་དང་། འཁོར་བའི་ལམ་རྒྱུད་གཅད་འདོད་ན། །བྱ་བ་བྲལ་བར་རྫོགས་པས་རྫོགས། །མཐའ་དང་བྲལ་བས་དབུས་མི་གནས། །ཡོངས་སུ་རྫོགས་པས་དངོས་དང་བྲལ། །ལྷག་མ་མེད་པས་ཆ་ཤས་མིན། །གཅིག་ཏུ་མ་ཡིན་གཉིས་མཐའ་ཟད། །དུ་མར་མི་སྣང་གཅིག་ལས་འདས། །བརྗོད་དུ་མེད་པའི་ཚིག་གི་གཞི། །དངོས་བྲལ་སྟོང་པ་སྙིང་པོའི་དོན། །ཕྱོགས་སུ་མ་ལྷུངས་ལྟ་བའི་དོན། །འདི་ཤེས་འཁོར་བའི་ལམ་འགག་གོ། །ཞེས་སོ། །དེ་ལྟར་འཁྲུལ་པ་རྣམས་ཡེ་ནས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་གནས་པ་དེ་ཉིད་ཇི་ལྟ་བ་བཞིན་དུ་ངོ་ཤེས་ཤིང་མ་ནོར་བར་རྟོགས་པས་དེ་ལས་གཞན་པའི་སེལ་མེད་པ་ནི་དཔེར་ན་རིན་ཆེན་གྱི་གླིང་ན་ས་རྡོའི་སེལ་མེད་པ་བཞིན་ནོ། །དེ་ལྟར་ཡང་ཡེ་ཤེས་གསང་སྒྲོན་ལས། སེམས་རྟོགས་མེད་ཅིང་ཡེ་ཤེས་གསལ། །གནས་ལུགས་ངང་ལས་མ་གཡོས་པས། །དཔེར་ན་གསེར་གླིང་ཕྱིན་པ་འདྲ། །དགོངས་པ་རྡོ་རྗེ་འཆང་དང་མཉམ། །ཞེས་དང་། ཡིན་པ་གསུམ་གྱིས་ཐག་བཅད་དེ། །སྐུ་གསུང་ཐུགས་ལ་ཡིད་ཆེས་སྐྱེ། །རིན་པོ་ཆེ་ཡི་གསེར་གླིང་དུ། །ཕྱིན་པས་ཐམས་ཅད་གསེར་དུ་སྣང་། །འཁོར་འདས་བཟང་ངན་མེད་པར་ཤེས། །ཅེ་སྤྱང་ཨེ་ནའི་མིག་བཞིན་དུ། །གཉིས་སུ་མེད་པར་ཐག་ཆོད་དོ། །ཞེས་དང་། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་ལྷུན་གྱིས་གྲུབ། །ཅེས་དང་། གསང་བ་སྒྲ་རྒྱུད་ལས། གཞན་ཡང་རབ་ཏུ་བཤད་བྱ་བ། །སྣང་བ་འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་བའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །ཞེས་དང་། ཡང་ནི་རྫོགས་པ་ཆེན་པོ་ཡི། །གནད་ཤེས་པ་ལས་ཡེ་ཤེས་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་དུ། །ཀུན་ཏུ་རྟོག་པས་སྤྲོས་དང་བྲལ། །ངོ་མཚར་རྨད་བྱུང་ཡེ་ཤེས་ནི། །སྔོན་མེད་ཕྱིས་མེད་གདོད་ནས་མེད། །ད་ལྟ་རྣམ་རྟོག་ཡུལ་ལས་འདས། །མཐའ་བྲལ་སྟོང་བའི་རང་བཞིན་ནོ། །ཚིག་འདས་བློ་བྲལ་ངོ་བོས་སྟོང་། །རང་བཞིན་གང་དུ་མ་ཕྱེ་བས། །ཐུགས་རྗེས་མཛད་པ་མི་སྣང་ངོ་། །ཡེ་ཤེས་སྣང་བ་གསུམ་པ་ལས། །ཡིད་འབྱུང་ཤེས་རབ་འཁྲུལ་ཆར་བཟུང་། །འདི་ལ་རྣམ་པར་དམིགས་མཐའ་མེད། །མེད་པ་རྨད་བྱུང་རོལ་པ་ལས། །སངས་རྒྱས་རྣམས་ཀྱི་འབྲས་བུ་རྙེད། །ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །འདི་ལ་གང་ཡང་མི་སྣང་ངོ་། །ཞེས་སོགས་ཚད་མེད་དོ། །གསུམ་པ་དེ་ལྟར་རང་མཚན་མཐོང་བས་ལྟ་བའི་གདིངས་ཚད་ངོས་བཟུང་བ་ལས། ལྟ་བས་མངོན་སུམ་རང་ཐོག་ཏུ་ཕེབ་པའི་རྟགས་ཚད་དང་། དེ་ལས་རྟོགས་པ་གདེངས་སུ་གྱུར་པའི་རྟགས་ཚད་གཉིས་ལས། དང་པོ་ནི། རང་མཚན་མངོན་སུམ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཆོས་ཉིད་རང་གི་མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས་པར་མངོན་སུམ་བཞི་རྫོགས་ཀྱི་ཟང་ཐལ་དུ་རང་རིག་པའི་ཡེ་ཤེས་ཀྱིས་རང་གསལ་མ་བཅོས་པར་རྟོགས་ན་ཕ་བླ་མ་ལ་བཀའ་དྲིན་གཟོ་བས་དད་མོས་གུས་པ་དང་བཅས་ཏེ་བརྩེ་བ་ཆེ་ཞིང་། མཆེད་གྲོགས་དམ་ལྡན་ཀུན་ལ་རྡོ་རྗེའི་སྤུན་དུ་མཐོང་ནས་གདུང་སེམས་ཆེ་ལ། མ་རྟོགས་པའི་འགྲོ་བ་འཁྲུལ་བར་ཞེན་པ་རྣམས་ལ་སྙིང་བརྩེ་དང་བཅས་པས་ཕན་པའི་སེམས་དང་ལྡན་པ་དང་། བསྲུང་བྱ་དམ་ཚིག་ལ་བརྟན་པར་གནས་ཏེ་ཀུན་ཏུ་རྫོགས་པས་མི་འབྲལ་བར་རུབ་ཅིང་རྟོགས་པའི་དོན་ལ་རྟེན་ཏེ་ཉམས་སུ་ལེན་པ་ལ་བརྩོན་པར་བྱེད་དེ། དེས་ན་ཕྱི་ནང་གི་དངོས་པོ་གང་ལའང་ཞེན་པ་མི་བརྟན་པར་དགྲ་གཉེན་ལ་སོགས་པའི་ཕྱོགས་རིས་ཀྱི་གཏད་འཛིན་ཆུང་བ་དང་། ནང་ན་རྟོགས་པའི་གདེང་དང་ལྡན་པས་འབྲས་བུ་ཐོབ་ཏུ་རེ་བ་དང་མ་ཐོབ་ཏུ་དོགས་པ་མེད་ཅིང་། ཐེག་པའི་རིམ་པ་གང་གིས་ཀྱང་དོན་གྱི་གནས་ལུགས་མཚོན་པར་བྱེད་པའི་ཚིག་རྣམས་ལ་ཡིན་མིན་གྱི་ཡངས་དོག་གི་ཁྱད་པར་མེད་ལ། གང་ལྟར་སྤྱད་ཀྱང་མི་འཆིང་བས་སྤྱོད་ལམ་ཡོངས་ལ་གྲུབ་མཐའ་ལ་སོགས་པ་གང་གིའང་ཕྱོགས་འཛིན་ཆུང་བ་སོགས་ཀྱིས་རྟོགས་པའི་ཚད་དང་ལྡན་པར་འགྱུར་རོ། །གཉིས་པ་ནི། ངེས་པར་གདེངས་སུ་སོགས་རྐང་པ་ལྔས་བསྟན་ཏེ། དེ་ལྟ་བུའི་གནས་ལུགས་ཟབ་མོ་ངེས་པར་རྟོགས་ཏེ་གོམས་པས་གདེངས་སུ་གྱུར་པ་ན། ལས་ཀྱི་སྐྱེ་རྐྱང་ཆོག་པས་ངན་འགྲོ་གསུམ་གྱི་སྡུག་བསྔལ་ལས་གྲོལ་ནས་ཕྱོགས་མེད་ཀྱི་དོན་རྟོགས་པས་ཐེག་པ་དམན་པ་ལས་ཁྱད་པར་དུ་འཕགས་ཤིང་། ཅི་སྤྱོད་དོན་ལས་མི་ཉམས་པས་རྒྱལ་བ་སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག་པ་ཐོབ་ཅིང་། ཐུན་མོང་ཐ་མལ་གྱི་སྡིག་པའི་རྣམ་སྨིན་སྡུག་བསྔལ་གྱི་ཟུག་རྔུ་མེད་ལ། ཡོན་ཏན་གྱི་གྲངས་མཐའ་ཡས་ཡང་ཚད་མེད་འབྱུང་བས་རྒྱལ་བས་ཀྱང་བརྗོད་པ་ལས་འདས་པ་ཡིན་ཏེ། ཐལ་འགྱུར་ལས། འདིར་ནི་རང་ཡུལ་བསྟན་པ་ལས། །འཁོར་རྐྱེན་འཇུག་པ་མ་ཡིན་པར། །ཟང་མ་ཉིད་དུ་ཐལ་བྱུང་དུ། །ཡུལ་དང་ཤེས་པའི་སྣང་ཆ་ལས། །ཐད་ཀ་སོ་སོའི་གཞི་ལ་གྲོལ། །འདོད་ཡོན་རྣམས་ནི་རང་རྫོགས་ཏེ། །སྣ་ཚོགས་འགྱུར་བ་སོ་སོའི་གནས། །གཅིག་ཤེས་པ་ཡིས་གྲོལ་བར་གནས། །དེས་ན་ཆོས་ཉིད་རྟོགས་པ་སྟེ། །ཆ་ཤས་ཉིད་དང་བྲལ་བའོ། །ཞེས་དང་། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཆར་རང་གྲོལ་བས། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱོངས་ནས། །ཁམས་གསུམ་འཁོར་བའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་སོ། །བཞི་པ་རྟོགས་པ་དེ་ཉིད་གཞན་ལས་འཕགས་པའི་ངེས་གསང་གི་ཁྱད་པར་བསྟན་པ་ལ། ཐེག་པ་གཞན་གྱི་རང་ས་ཐོབ་ཀྱང་མཐར་ཕྱིན་མི་ནུས་པའི་ཚུལ། དོན་འདི་རྟོགས་ན་སྙིང་པོའི་བྱང་ཆུབ་ལ་སྦྱོར་བས་ཆོས་ཉིད་རང་མཚན་མཐོང་བའི་ཁྱད་ཆོས་ལྡན་ཚུལ། དེའི་ཕྱིར་ན་སྐལ་བཟང་དམ་པས་རང་གཏེར་ལོང་ལ་འགལ་རྐྱེན་སྤོངས་ཤིག་པར་གདམས་པ་དང་གསུམ་ལས། དང་པོ་ནི། འདི་མེད་དོན་ལ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེའི་ཕྱིར་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་ལྟ་བའི་ངེས་གསང་འདི་ཉིད་ཇི་བཞིན་དུ་རྟོགས་པ་མེད་ན་ཐེག་པ་འོག་མ་པ་དག་གིས་རང་སའི་དོན་ལ་རྩོལ་བ་ཆེན་པོས་ཇི་ལྟར་འབད་ཅིང་བཙལ་བར་བྱས་ཀྱང་མཐར་ཐུག་གི་འབྲས་བུའི་ས་ལ་གནས་པ་མིན་ཏེ། འབྲས་བུ་གོང་མར་སྐྱེ་ཞིང་རང་འབྲས་འཇིག་པ་དང་བཅས་པས་ན་འཁོར་བའི་ཕྱོགས་སུ་གྱུར་པར་རྒྱུད་ལས་བཤད་དེ། ཡེ་ཤེས་གསང་བ་ལས། གསུམ་ལ་ངོས་བཟུང་མི་མངའ་སྟེ། །བརྒྱད་ཀྱིས་རང་འདོད་གཉིས་ཀྱིས་ལོག །གཅིག་གིས་མ་རིག་ཁས་མི་ལེན། །དྲུག་གིས་ལྔ་ཡི་འབྲས་བུ་མྱོང་། །དེས་ན་ཡེ་ཤེས་གསང་བ་ཡིན། །ཞེས་དང་། ཡེ་ཤེས་རྫོགས་པ་ལས། གང་དག་དག་པའི་འཁོར་ལོ་ལ། །སྦྱོར་འདོད་རྒྱུར་རྩོལ་གང་ཞིག་ན། །མཐུན་པ་ཉིད་ན་མི་མཐུན་པ། །ཐུག་པ་མེད་དེ་གང་ལ་འཐད། །ཅེས་སོ། །དེ་ཡི་ཕྱིར་དེ་དག་གི་རྟོགས་དོན་གང་ཡིན་པ་དེ་ཉིད་དཔེར་བྱས་ན། ནོར་བུ་འཆིང་བུ་རྒྱལ་མཚན་གྱི་རྩེར་ཞེས་རྩེ་མོར་འདོགས་ནས་བཀུར་སྟི་བྱས་ཀྱང་དགོས་འདོད་གྲུབ་པ་མི་འབྱུང་བ་དང་འདྲ་སྟེ། རང་སའི་འདོད་པ་དོན་དུ་གཉེར་བ་ཙམ་ལས་མཐར་མི་ཕྱིན་པར་དམར་ཐག་ལས་པ་ནི་ལེའུ་གཉིས་པར་བཤད་པའི་མ་ཧེའི་ཞོའི་བཅུད་ལ་སྙིང་པོ་རང་ས་སྣུམ་པར་བཤད་པ་དེ་བཞིན་ཙམ་དུ་ངེས་པར་གནས་པས་སོ། །གཉིས་པ་ནི ། དེ་བས་འདི་རྟོགས་སོགས་ཚིགས་བཅད་ཕྱེད་དང་གསུམ་གྱིས་བསྟན་ཏེ། དེ་ལྟར་ཐེག་པ་གཞན་གྱིས་མཐར་མི་ཕྱིན་པའི་སྐྱོན་ཡོད་པ་དེ་བས་ན་རྣལ་མའི་དོན་ཟབ་མོ་འདི་ཉིད་མ་ནོར་བར་རྟོགས་ན་ཤེས་སྒྲུབ་ཀྱི་དོན་མ་ལུས་པ་ཀུན་མཐར་ཐུག་པར་རྫོགས་པ་ཡིན་ཏེ། ཡེ་ཤེས་གསང་བ་ལས། ཡེ་ཤེས་གསང་བའི་དོན་རྟོགས་ན། །མི་གཡོ་སེམས་ཀྱི་དཀྱིལ་འཁོར་ནས། །ཐེག་པ་ཀུན་གྱི་འབྲས་བུར་འཆར། །དེས་ན་ཀུན་གྲོལ་དགོངས་པའི་ཐུགས། །ཞེས་གསུངས་པས་དཔེར་ན་རྒྱ་མཚོ་ཆེན་པོ་དང་གསེར་གྱི་འོག་གཞི་ས་ཡི་དཀྱིལ་འཁོར་གྱི་སྟེང་ན་ཀུན་གྱི་བཀོད་པ་རྫོགས་པ་དང་འདྲ་ལ། དེ་ལྟ་བུའི་དོན་གྱི་ངོ་བོ་དེ་ཡང་ཕྱོགས་ཀུན་ནས་མཐུན་པར་མཚོན་པའི་དཔེ་ལས་འདས་པ་ནི་དཔེར་ན་དམུས་ལོང་ལ་མར་གྱི་རང་མདོག་མཚོན་དུ་མི་བཏུབ་པ་དང་འདྲའོ། །མུ་མཐའི་ཕྱོགས་སུ་འདི་ལྟ་བུ་ཁོ་ན་ཡིན་ཞེས་ཚིག་ཏུ་བརྗོད་པའི་ཐ་སྙད་དང་བྲལ་བ་ནི། ཁམས་གསུམ་གྱི་དང་པོའི་ཞེས་དང་པོ་འདོད་པའི་ཁམས་ཀྱི་ལས་རྣམས་ཀྱི་མཐའ་ཉམས་སུ་མྱོང་ཚུལ་སྣ་ཚོགས་པས་གཅིག་ཏུ་མ་ངེས་པ་དང་འདྲ་ལ། ཆོས་ཐམས་ཅད་མ་ནོར་བར་ཆོས་ཉིད་རང་སྣང་གི་ཀློང་དུ་རྫོགས་པ་ནི་ཆུ་ཡི་རླབས་ཐམས་ཅད་རྒྱ་མཚོར་རོ་གཅིག་པ་བཞིན་དུ་ཡིན་ཞིང་། རྟོགས་པའི་ལྟ་བ་གསལ་ན་ཆེ་བའི་ཡོན་ཏན་རྣམས་ཤུགས་ལ་འཆར་བ་ནི། ནོར་བུའི་མཆོག་ཆེན་དབང་གི་རྒྱལ་པོ་ཉིད་མཆོད་ཅིང་བསྙེན་བཀུར་བྱས་པ་དང་འདྲ་བ་ཡིན་པས་རྟོགས་དོན་ཕུལ་དུ་བྱུང་ཞིང་བླ་ན་མེད་པ་དམ་པའོ། །གསུམ་པ་ནི། དེས་ན་སྐལ་ལྡན་སོགས་རྐང་པ་གཅིག་ལྷག་པས་ཚིགས་བཅད་ཀྱིས་བསྟན་ཏེ། བཤད་མ་ཐག་པ་དེ་ལྟ་བུའི་སྐྱོན་ཡོན་གྱི་ཁྱད་པར་ཡོད་པ་དེས་ན་བློ་མཆོག་སྐལ་བ་དང་ལྡན་པ་དག་གིས་རང་ལ་ཡོད་པའི་དགོས་འདོད་ཀུན་འབྱུང་གི་གཏེར་ཆེན་པོ་རྨད་དུ་བྱུང་བ་འདི་ཉིད་བློ་གྲོས་གསལ་ཞིང་དད་བརྩོན་དང་གུས་པས་ལོངས་ལ་ཚུལ་བཞིན་དུ་སྤྱོད་ཅིག །ཅེས་བསྐུལ་བར་མཛད་པ་སྟེ། རིན་པོ་ཆེ་སྤྲུངས་པ་ལས། ང་ནི་སྒྲ་ཚད་རང་རིག་ལ། །ཡོན་ཏན་རིན་ཆེན་གཏེར་ཆེན་འཆང་། །འདི་ནི་བཅངས་པ་ཙམ་གྱིས་ཀྱང་། །ཟད་པ་མེད་པའི་ལོངས་སྤྱོད་ཐོབ། །ཟད་མེད་འདི་ལ་གང་གནས་པ། །ནུབ་པ་མེད་པའི་གཏེར་ཆེན་རྙེད། །གཏེར་འདི་གང་གིས་རྙེད་པའི་མི། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་དང་། ཀུན་ཏུ་བཟང་པོ་ཀློང་དྲུག་ལས། །བདེན་གོམས་རྣལ་འབྱོར་སྐལ་ལྡན་པ། །སུས་མ་རྙེད་པའི་དོན་རྙེད་དེ། །འདི་ལ་རིན་ཐང་དཔག་ཏུ་མེད། །དཔག་མེད་ནོར་དང་འཕྲད་པའི་མིས། །སུས་མ་མཐོང་བའི་སྣང་བ་མཐོང་། །འདི་མཐོང་རང་རིག་ལྟད་རེ་ཆེ། །དེ་ལྟར་སེམས་ལ་ལྟད་ཆེ་བ། །ཆོས་ཅན་དུམ་བུ་ཕྱགས་མས་བཏབ། །ཆོས་ཅན་དུམ་བུར་སུས་ཆོད་པ། །འདིས་ནི་རང་རིག་སྤར་གྱི་ཟིན། །འདི་ལྟར་ཟིན་པའི་སྐྱེས་བུ་ནི། །སངས་རྒྱས་བས་ཀྱང་སྔར་སངས་རྒྱས། །ཞེས་དང་། རང་རིག་སྐལ་མཉམ་སྟོང་ཉིད་གྲོགས། །འདི་ལ་གོམས་པའི་སྐལ་བ་ཅན། །རྟོག་པ་མེད་པའི་སྐུ་གཟུགས་ཏེ། །ང་ཡི་ཐུགས་རྗེའི་འོད་ལ་ཞུགས། །འདི་དང་ང་ཉིད་སྐལ་བ་མཉམ། །ང་ཡི་དཀྱིལ་དང་འཁོར་ཡང་ཡིན། །ཞེས་སོ། །དེ་ལྟར་བཤད་པ་ལས་གཞན་དུ་མ་དད་པ་དང་ལེ་ལོ་དང་ཡིད་གཉིས་སམ་ཐེ་ཚོམ་རྣམས་ཀྱིས་དགོས་པའི་དོན་གྲུབ་པ་ནི་འཇིག་རྟེན་གྱི་ཁམས་ན་འགའ་ཙམ་ཡང་མཐོང་རྒྱུ་མེད་པར་ངེས་ཏེ། དཔེར་ན་ཚ་རེག་དང་གྲང་རེག་ཐང་ཅིག་འདྲེས་པར་སྤྱོད་པས་འབྲས་བུ་བཙོ་བསྲེག་གི་ལས་གྲུབ་པ་འགའ་ཙམ་ཡང་མཐོང་ངམ་ཅི། ཞེས་མཐོང་དུ་མེད་པ་དེ་ལྟ་བུ་ཡིན་པའི་ཕྱིར་ན་དེ་དག་སྤོངས་ཤིག་པར་གདམས་པའོ། །ལེའུའི་མཚན་ནི། རིན་པོ་ཆེ་གཏེར་གཏད་པ་ལས། རྟོགས་པ་ལྟ་བའི་ཐབས་དང་ངོ་བོ་ལ་སོགས་པའི་དོན་གསལ་བར་བསྟན་པའི་ལེའུ་སྟེ་སྐབས་གསུམ་པ་ལེགས་པར་བཤད་པའོ། །བཞི་པ་དེ་ལ་འདྲིས་གོམས་བྱེད་པའི་ཐབས་ཀྱིས་རྟོགས་དོན་མཐར་དབྱུང་ཚུལ་བཤད་པ་ལ། ཐབས་མཆོག་ལམ་གྱི་ཁྱད་གཞི་འོག་མའི་མུ་མཐའི་ཕྱོགས་ཆ་ལས་གྲོལ་ཚུལ་དང་བཅས་ཏེ་མདོར་བསྟན། དེ་ཡི་ཁྱད་ཆོས་གསལ་བར་སྟོན་པའི་ཐུན་མིན་ལམ་གྱི་མཚན་ཉིད་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། བཤད་པའི་བསོད་ནམས་སོགས་ཚིགས་གཅད་དང་གཅིག་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ལེའུ་གསུམ་པར་བཤད་པའི་རྒྱལ་པོ་གསལ་རྒྱལ་ལ་རང་གི་བསོད་ནམས་ཀྱི་དབང་ལས་ཕ་ཡིས་གཏེར་ཆེན་པོ་གཏད་པ་ལྟར་དུ། རང་གནས་གྱི་གཏེར་མཆོག་དམ་པ་མཐོང་ནས་ལྟ་བ་རྟོགས་པའི་དོན་ལ་འདྲིས་ཤིང་གོམས་པས་འབྲས་བུ་མཐར་དབྱུང་བའི་ཐབས་ནི་འདི་ལྟར། ཐེག་པ་འོག་མ་པ་དག་གི་རྟོགས་པའི་དོན་མུ་བཞི་ཕྱོགས་ལྷུང་གི་འདོད་པ་དང་བཅས་པ་ནི། ཡོངས་གཅོད་བསྒྲུབ་བྱའི་ལྟ་བ་དེ་ཉིད་དེ་མ་ཡིན་པ་གཞན་ལས་ལྡོག་པའི་ས་ཡི་རྣམ་གཅོད་ཅན་ཡིན་ལ། དེར་དམིགས་པ་གཏད་ནས་དེ་ལས་མ་ཡེངས་པར་གོམས་པ་བརྟན་པའི་རྒྱུ་ལས་རང་ལ་སྔར་མེད་ཀྱི་འབྲས་བུ་ཕྱིས་དུས་སུ་འབྱུང་བར་འདོད་པ་ལས་གྲོལ་བའི་ཁྱད་པར་མཆོག་དང་ལྡན་པ་ཡིན་ནོ། །དེ་ཉིད་བསྟན་པ་གང་ཞིག་ཡིན་ཞེ་ན། གཉིས་པ་ལ། སེམས་ཉིད་སྒྲུབ་པའི་དོན་ལམ་ཐུག་ཕྲད་གསུམ་གྱིས་རྟོགས་པའི་ངང་ལ་གནས་ཏེ་གདེངས་ཆེན་ཐོབ་ཚུལ། དེ་ཡི་ཆ་རྐྱེན་ངེས་དོན་སྙིང་པོ་ཐབས་མཆོག་དམ་པ་གསལ་བར་བཤད་པ་གཉིས་ལས། དང་པོ་ལ། ལམ་མཆོག་ངེས་པར་མཚོན་པའི་མཐུན་དཔེ་དང་། དོན་ལམ་བྱང་ཆུབ་སེམས་ཀྱི་དངོས་གཞི་བསྟན་གཉིས་ལས། དང་པོ་ནི། རྡོ་རྗེ་གླིང་ཕུག་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། གནས་མཆོག་རྡོ་རྗེ་གླིང་ཕུག་གི་གོང་ན་གཞན་མེད་པས་རྩེ་མོ་ན་ཤིང་གི་རྒྱལ་པོ་ཙ་ནའི་ཞེས་ཙ་ན་ཀའི་སྡོང་པོའི་རྩའི་ཞེས་རྩ་བའི་དྲུང་ན་ས་ལ་གནས་པ་ལ་དབང་ཆེ་བར་འཛིན་པའི་སེང་གེ་མོ་དེ་ཉིད། འདོད་ཆགས་རང་གྲོལ་མཚོན་པས་སྟོབས་ཆེ་ཞིང་། གཏི་མུག་རང་གྲོལ་མཚོན་པས་ངར་སྐད་དྲག་ལ་ཞེ་སྡང་རང་གྲོལ་མཚོན་པས་ཁྲོ་གཉེར་དང་ལྡན་པ་དེ་ཐབས་ཀྱིས་བསྟེན་ནས་གསེར་གྱི་ཟོ་བར་འོ་མའི་ཞེས་འོ་མ་བཞོས་ཏེ་ཐོགས་མེད་དུ་སྣུམ་པའི་སྙིང་པོའི་བཅུད་དུ་གྱུར་པ་དེ་ཉིད་ལེན་པ་ལྟར་དུ་ཞེས་པའོ། །གཉིས་པ་ནི། རྟོགས་པའི་ཐིག་ལེ་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་ལྟ་བས་ཡང་དག་པར་རྟོགས་པའི་དོན་ཆོས་ཉིད་ཐིག་ལེ་ཉག་གཅིག་ཡིན་པས་ཚོགས་བདུན་པོ་རྣམས་ཐིག་ལེ་ཉག་གཅིག་ཏུ་ཐུག་ཕྲད་གསུམ་གྱིས་དགྲོལ་ནས་དོན་དང་མི་མཐུན་པའི་རྣམ་རྟོག་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཀར་ནས་དག་པ་ཡིན་ལ། དེ་ལྟར་རྟོགས་པས་ཆེད་དུ་མ་གཏད་ཀྱང་དོན་གྱི་ངང་དེར་དུས་ནམ་ཡང་འབྲལ་བའང་མེད་པས་ན། དམིགས་པ་གཏད་ནས་བསྒོམ་དུ་མེད་ཀྱང་རྟག་ཏུ་མི་འབྲལ་བ་ནི་སྒོམ་པའི་གཟེར་ཆེན་པོ་ཡིན་ཏེ། དགོངས་པའི་ཀློང་ལས། ཡེ་ནས་གནས་པ་རིག་པར་ཤར། །དེ་ཡི་སོ་ལ་མ་ཡོངས་པར། །སྙིང་པོ་རྣལ་མ་དོན་གྱི་རྒྱུད། །རྟོགས་པའི་ཀློང་དུ་གནས་པ་ཙམ། །ཞེས་གསུངས་པ་བཞིན་ནོ། །དེས་ན་རྟོགས་པའི་ངང་དུ་དྲན་པ་རྐྱེན་གྱི་མན་ངག་གིས་ཡེ་ནས་ཡིན་པའི་དོན་དེ་མ་ནོར་བར་རྟོགས་པའི་སོ་ལས་མ་འདས་པ་ཙམ་ལ་སྒོམ་ཞེས་བྱ་སྟེ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས། དེ་དོན་རྟོགས་སོ་མ་འདས་པར། །མ་རྨོངས་དྲན་པའི་འདུ་བྱེད་སེམས། །སྙིང་པོ་རང་གྲོལ་འདུས་མ་བྱས། །དུས་གསུམ་ཤེས་བྱ་མ་ལུས་པ། །སྐད་ཅིག་མི་གནས་རྒྱུན་དང་བཅས། །མ་ཆད་དུམ་བུར་མ་རེད་པ། །ངང་དུ་གནས་ན་དོན་མཐར་སོན། །ཆུ་རྒྱུན་གནས་འདྲར་མ་གཏད་སྡོད། །ཅེས་དང་། ངེས་དོན་འདུས་པ་ལས། ཡང་ཏིའི་དོན་ལམ་ཆེན་པོ་ནི། །ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །དྲན་པ་ཙམ་གྱིས་ཆོས་སྐུར་རྫོགས། །དེ་ཙམ་ཉིད་ན་ཡེ་ཤེས་ཐུགས། །ཞེས་སོ། །དེའི་ཕྱིར་དཔེར་ན་གསེར་ཉིད་ལ་གསེར་འགྱུར་གྱི་རྩི་མི་བརྟེན་པ་ལྟར་དུ་ཡེ་ནས་སངས་རྒྱས་པར་གནས་པ་ལ་རྩོལ་བའི་ཐབས་ཀྱིས་མི་སྒྲུབ་པར། མངོན་སུམ་པར་སངས་རྒྱས་པའི་ཆེ་བ། དེ་ཉིད་ཡིན་པར་སངས་རྒྱས་པའི་ཆེ་བ། བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ། ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་སྟེ་སྔ་མ་བཞིས་བརྡ་དོན་སྤྲོད་དེ། ལྔ་ཡི་ཐ་མས་ཞེས་ཐ་མ་སངས་རྒྱས་མེད་པའི་ཆེ་བས་བརྡ་དོན་ལ་ངེས་པར་འཛིན་པར་དགྲོལ་བར་བྱས་པས། བརྡ་བྲལ་རང་གྲོལ་དུ་རྟོགས་པའི་གདེངས་ཆེན་པོ་དང་ལྡན་པའི་སྐྱེས་བུའི་ལྟ་བ་ལ་ཞེ་འདོད་གང་ཡང་མེད་པ་ནི་དཔེར་ན་ཁྱུང་ཆེན་པོ་ནམ་མཁའ་ལ་ལྡེང་བ་ལ་རྗེས་མེད་པ་ལྟ་བུའོ། །དེ་ལྟར་ཡང་ཡེ་ཤེས་གསང་སྒྲོན་ལས། བསྟན་པ་ཡོངས་སུ་རྫོགས་བྱེད་པ། །ལས་སིམ་ཁོང་ཀློད་གཉུག་མའི་ངང་། །བྱང་སེམས་བདེ་བ་ཆེ་དང་འཕྲད། །མཁའ་ལྟར་མཐའ་དབུས་སེམས་ལ་མེད། །ཅེས་དང་། ཀུན་བྱེད་རྒྱལ་པོ་ལས། འདི་ནི་ཐེག་པ་ཀུན་གྱི་རྒྱལ། །བཏང་ངོ་བཞག་གོ་རང་བཞིན་ཏེ། །འདོད་པ་མེད་ཅིང་ལེན་པ་མེད། །ཕྲོད་པ་རྡུལ་ཙམ་མི་བསྐྱེད་དོ། །ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །སྟོར་བར་མི་དོགས་བཟའ་བ་མེད། །རྒྱ་མཚོ་བཞིན་དུ་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཞེས་སོ། །གཉིས་པ་ལ། རྟོགས་དོན་ལ་འདྲིས་གོམས་བྱེད་པའི་ཐབས་ཀྱི་ཆ་རྐྱེན་ཕུལ་དུ་བྱུང་བ་དང་། དོན་ལམ་གྱི་ངོ་བོའི་ཆ་རྐྱེན་རང་སྣང་ཀློང་དགུའི་དགོངས་པ་བླ་མེད་ཆེན་པོར་བསྟན་པ་གཉིས་ལས། དང་པོ་ལ། རང་ལ་གྱིས་རྟོགས་གོམས་བྱེད་པའི་ཐབས་མཆོག་དངོས་ཀྱི་དོན་དང་། དེ་ལ་དངོས་བརྒྱུད་ནས་འཇུག་པའི་ཐབས་སྒོ་མང་བའི་ཁྱད་པར་གཉིས་ལས། དང་པོ་ལ། རིམ་པ་དང་བཅས་ཏེ་འདྲིས་གོམས་བྱེད་པའི་ལམ་གྱི་རྣམ་པ་བསྟན། དེ་ལྟར་ལམ་ལ་གོམས་པའི་རྟགས་ཚད་འཆར་ཚུལ་གསལ་བཤད། སྒོམ་མ་སྒོམ་གྱི་སྐྱོན་ཡོན་རྣམ་པར་དབྱེ་སྟེ་ཕྲང་བསལ་བ་གསུམ་ལས། དང་པོ་ལ། ཉམས་རིམ་བཞི་པོ་ཇི་ལྟར་སྐྱེ་ཚུལ་ངོས་བཟུང་། དེ་ཡི་གོལ་ས་གཅོད་ཕྱིར་ཐུག་ཕྲད་གསུམ་གྱིས་གནད་ལ་དབབ། རྟོགས་ཉམས་དོན་ལ་སྦྱོར་བའི་ངེས་པ་དངོས་ཀྱི་དམིགས་བཟུང་། དོན་གྱི་གདེངས་ཆེན་ལྡན་ན་རྟོག་གྲོལ་ཆིག་ཆོད་ཡིན་པའི་ཁྱད་ཆོས་བསྟན། དེ་ལས་གཞན་པས་བརྩོན་ཏེ་གོམས་ན་མཐར་ཕྱིན་པའི་ངེས་པ་བསྟན་པ་དང་ལྔ་ལས། དང་པོ་ནི། དེ་ཡང་བློ་གྲོས་སོགས་རྐང་པ་ལྔས་བསྟན་ཏེ། དེ་ལྟ་བུའི་ལྟ་བ་རྟོགས་པ་དེ་ལ་ཡང་། ཡེ་ཤེས་རྫོགས་པ་ལས། རིགས་རྒྱུད་དབང་པོ་ཆིག་ཆོད་དམ། །སྦྱང་བའི་འཕྲོ་ཅན་གང་ཡང་རུང་། །ཞེས་གསུངས་པ་ལྟར་བློ་གྲོས་རྩལ་ཆེ་ཆུང་གི་བྱེ་བྲག་ཡོད་པ་ཡིན་པས། རང་བཞིན་གྱི་རིགས་ཁམས་ཤེས་པའི་རྒྱུད་ཀྱི་ངོ་བོ་དབང་པོ་ཆིག་ཆོད་དང་མ་ལྡན་པས་རྟོགས་པའི་གདེངས་ཆེན་པོས་གྲོལ་བ་ཚད་ལ་མ་ཕེབས་ན། ཏེང་ངེ་འཛིན་གྱི་ངང་ལ་གོམས་དགོས་པས། ཉམས་ཀྱི་རིམ་པ་ཡང་དང་པོ་གནས་པར་བྱ་བ་དང་གཉིས་པ་མི་གཡོ་བ་དང་། གསུམ་པ་མཉམ་པ་ཉིད་རྣམས་རིམ་པར་སྦྱར་ནས། ཐ་མ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཉམས་ལ་གནས་ན་སངས་རྒྱས་ཀྱི་དགོངས་པ་ཟག་པ་མེད་པའི་བདེ་བ་ཆེ་སྟེ་ཆེན་པོར་འཆར་བས་གྲོལ་བ་ཚད་ལ་ཕེབས་པ་འབྱུང་སྟེ། སྒོམ་པའི་ཀློང་ལས། དེ་ལྟར་གནས་ན་དང་པོ་གནས་པ་ཙམ། །སྐལ་ལྡན་བློ་ཞན་རྟགས་ཚད་གོམས་བྱེད་ཚེ། །མི་སྡོད་རྟོག་མང་རྐྱེན་བྲལ་ཅུང་ཟད་གནས། །སྤྲིན་བར་ཉི་འདྲ་ཡིད་ཆེས་རེ་དོགས་མེད། །དད་པས་བློ་ལྡོག་ཆགས་ཆུང་སྙིང་རྗེ་ཆེ། །སྣང་བས་གཡང་སར་མི་ལྟུང་འབྲེལ་བས་ཕྲད། །ཟིལ་གནོན་སྟོབས་ཆུང་སྲིད་པ་བརྒལ་མ་ནུས། །སྔར་གནས་སྟོབས་ཀྱིས་སྐྱོན་བྲལ་ཕྲད་པར་གནས། །རྒྱ་མཚོའི་གཏིང་འདྲ་རྟགས་བཟང་རབ་ཏུ་འཕེལ། །བློ་ཞན་བརྟག་པ་མཐར་ཟུང་བག་ལ་ཉལ། །མ་བྲལ་ཟག་བཅས་གོམས་སྟོབས་མཐར་ཕྱིན་འགྱུར། །མཚན་ཉིད་དབྱེར་མེད་ངོ་བོར་སོན་མཛད་པ། །ངོས་བཟུང་མི་གནས་རྩོལ་འདས་དོན་མཐར་ཕྱིན། །རྟགས་མཚན་ཡོངས་རྫོགས་འཕོ་འདས་བགྲོད་མེད་གནས། །རྗེས་ཐོབ་ཆུང་མངའ་ཚུལ་བཟང་རྩོལ་བ་ཅན། །རང་སེམས་ཆོས་སྐུ་ཞལ་འཇལ་མཐར་ཕྱིན་པ། །མཚོན་དུ་མེད་པ་ཉིན་མཚན་མཐར་དབུས་འདས། །རྩོལ་མེད་བྱིན་རླབས་ཡུལ་གྱིས་ཅིར་ཡང་འཆར། །སྐྱེད་དུ་བྱར་མེད་ཕྱོགས་བྲལ་རང་གསལ་གདགས། །རིམ་པ་ཇི་བཞིན་མ་ལུས་ཚང་བ་ཡང་། །དུས་ལ་ངེས་མེད་བརྩོན་སྟོབས་རིག་པའི་རྩལ། །འགའ་ཞིག་ལ་ལར་གནས་ནས་མཐར་ཕྱིན་ཡོད། །བདག་འདྲ་ངེས་པར་འབྱུང་ན་ཆིག་ཆོད་ཡིན། །ཞེས་བཀའ་སྩལ་ཏོ། །གཉིས་པ་ནི། གནས་ཐབས་སྤྲུལ་པ་སོགས་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་བཞིན་དུ་ཏིང་ངེ་འཛིན་ལ་བློ་གནས་པའི་ཐབས་ལ་ཡང་སྤྲུལ་པ་རང་གསལ་རོལ་པའི་སྐུ་ལ་རྣམ་པའི་སྣང་ཚུལ་བསམ་ཡས་པ་ཡོད་པས། སྒོ་ལྔ་ཡུལ་མཚན་མར་འཛིན་པ་ལ་ཁྱད་པར་བཞི་དང་ལྡན་པ་ལས་དང་པོས་ཞེས་དང་པོ་བཞི་ཆ་རང་གསལ་གྱིས་རྟོག་དཔྱོད་ཐ་སྙད་འདོགས་པ་གསུམ་བསྒྲལ་ཏེ་ཡུལ་ལྔར་སྣང་བ་ཙམ་མི་དགག་པར་དེ་ལ་ཞེན་པར་མི་བྱ་བའོ། །དེ་ཡང་དབུགས་ཕྱུང་བས་ངལ་གསོ་བ་ལེགས་པའི་རྟོགས་པ་ཙམ་ལས་སྤྲོས་བྲལ་དང་རང་རིག་གི་དམར་ཐག་མ་ཆོད་པར་ཡོད་དོ། །རྟོགས་མ་རྟོགས་ཀྱི་འཁོར་འདས་ཀྱི་ཕྱོགས་རྒྱལ་བར་བྱེད་པས་དཔའ་བོ་ཉོན་མོངས་པ་རྣོ་འཛུག་གི་མཚོན་ཆ་ཐོགས་པ་དེས་འཁོར་བར་འཛིན་པའི་ལྕགས་ཀྱུ་དུག་ཆེན་པོ་ལྔ་པོ་དེ། བདག་གི་བ་མ་སྤང་པར་ལོངས་སྤྱོད་པས་མཐར་ཐུག་པའི་དུས་ན་རང་ལ་རང་གཉེན་པོར་བཟློག་སྟེ་ང་བདག་དང་གཟུང་འཛིན་མི་སྤང་བར་རང་རིག་ཏུ་ཤེས་པས་རང་གྲོལ་དུ་ལ་བཟླ་བ་ནི་དཔེར་ན་བདུད་ཀྱི་དཔུང་གི་དགྲ་ཆོམས་ནས་དགྲ་ཉིད་གཉེན་དུ་འཛུགས་པ་དང་འདྲ་བ་ཡིན་ནོ། །སྨྲ་བ་གཏམ་རྒྱུད་མཁན་གྱི་བུ་མོ་གཉིས་ཐབས་ཀྱིས་མི་གནས་པར་བྱས་ཏེ་སྤྲོས་བྲལ་དུ་སྦྱར་བ་ནི། བྱ་བ་མང་ལ་ཟིན་པ་ཉུང་བས་བྱ་བ་ཞོག་ཅིག་ཅེས་པས་ཞོར་ལ་ཤེ་གཅད་དེ། འཛངས་པ་བར་པས་ཡུལ་སྤྲོས་བྲལ་དུ་བཅད་པའི་ངག་དོན། ངས་ནི་གཏམ་རྒྱུད་བསམ་པ་མེད། ཅེས་སོགས་བསླབ་པ་ལྟར་མཉན་པས་སྔ་ཕྱིའི་རྟོག་པ་སྣ་ཚོགས་ཀྱི་གྲས་ཐག་དུས་དེར་རྒྱུན་བ་ཆད་ལ། ཡིད་ཀྱི་ཡུལ་དུ་ཆོས་ཁམས་སྣ་ཚོགས་སུ་སྣང་བ་རྣམས་མི་གནས་པར་རིག་པའི་རང་སར་ཐབས་དམ་པ་དེས་གྲོལ་བར་འགྱུར་རོ། །དེ་ལྟ་བུའི་རྟོགས་དོན་མ་འདྲེས་ཡོངས་རྫོགས་ཆེན་པོའི་ངང་ལ་གནས་པའི་ངོ་བོ་ནི། ཡེ་ཤེས་རྫོགས་པ་ལས། རྩོལ་བྲལ་རིག་པའི་ཡེ་ཤེས་ལ། །ཡེངས་པ་མེད་པར་རང་བཞིན་བཞག །དབང་པོའི་ངོ་ལ་སྣང་བ་ལ། །མི་རྟོག་རང་བཞིན་རིག་པར་གསལ། །ཡེ་ཤེས་ཀུན་བཟང་འཕྲོ་འདུ་མེད། །གང་ལ་མི་འཛིན་རང་བྱུང་སེམས། །མཚན་མའི་སྤྲོས་པར་འགྱུར་བ་ན། །བརྡ་སྒོ་འཇུག་པའི་མན་ངག་སྦྱིན། །ཏིང་འཛིན་འཁོར་ལོས་སྒྲོ་སྐུར་གཅོད། །ཡེ་ཤེས་འཁོར་ལོ་མཐའ་དབུས་མེད། །རང་རིག་འཁོར་ལོ་གཟུང་འཛིན་བྲལ། །རྣམ་རྟོག་ཡེ་ཤེས་ཉིད་དུ་གནས། །ཞེས་དང་། རང་རིག་སྟོང་ཉིད་རྣམ་བཅས་པས། །བདེ་ཆེན་ལྷུན་གྲུབ་རང་རིག་གསལ། །ཡེ་ཤེས་རིག་པའི་འཁོར་ལོ་ལ། །གང་ཡང་ཡིན་ནོ་རྣམ་ཀུན་གཅེས། །ཡེ་ཤེས་རང་ཤར་མ་བསྒྲུབས་གསལ། །ཞེས་དང་། རྡོ་རྗེ་ལྟ་བུར་དབྱེར་མེད་པའི། །སེམས་ཀྱི་རང་བཞིན་ཀུན་ཏུ་བཟང་། །སྐུ་གསུང་རྫོགས་པའི་བདེ་བ་ཆེ། །བསམ་མེད་བཞག་མེད་ཉིད་ཀྱིས་གོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ཆོས་ཉིད་ཡུལ་གྱི་སྣང་བ་ལ། །བསམ་པའི་དངོས་པོ་ཇི་སྙེད་པ། །འཁྲུལ་དང་མ་རིག་རྒྱུ་ཡིན་པས། །བསམ་པ་མེད་པའི་རིག་པ་ལ། །དོན་གྱི་དེ་ཉིད་བཟློག་པར་བྱ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་ནི། འཇུག་སླ་བཏང་དཀའ་སོགས་རྐང་པ་གསུམ་གྱིས་བསྟན་ཏེ། བཤད་པ་དེ་ལྟར་གོམས་པར་བྱས་པས་ཏིང་ངེ་འཛིན་ལ་འཇུག་པར་སླ་ལ་བཏང་བར་དཀའ་ཞིང་རྟོགས་པ་རང་གི་ངོ་བོ་བདེ་ལ་གསལ་ཏེ་མི་རྟོག་པར་གནས་པར་འགྱུར་ལ། ཉམས་སྐྱེ་ཚུལ་གྱི་དོན་གྱི་རྣམ་གྲངས་ནི། པྲ་ཁྲིད་ཉམས་རིམ་བཞི་པར་རེ་རེ་ལའང་ངོ་བོ་དཔེ་རྟགས་འབྲས་བུ་བཞི་བཞིར་གསལ་བར་བསྟན་པས་དེར་ཤེས་པར་བྱ་ལ། དེ་ལྟར་གོམས་པས་འཁྲུལ་བའི་རྐྱེན་ཤུགས་ཀྱི་རྣམ་ཤེས་ཚོགས་བདུན་སྐྱེ་ལུགས་གསུམ་དུ་ཤར་བ་གང་དེ་སེམས་ཉིད་ཐིག་ལེ་ཉག་གཅིག་ཏུ་གྲོལ་བར་བྱས་ཏེ་དོན་གྱི་གནས་ལུགས་སུ་འཇུག་པར་བྱ་སྟེ། ཐལ་འགྱུར་ལས། རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོ་ཡུལ་ལ་གསལ་སྣང་བས། །ཅེར་མཐོང་གྲོལ་བའི་བདག་ཉིད་དོ། །ཞེས་སོ། །འདི་ལ་ཉམས་རིམ་དང་པོ་གཉིས་སུ་བདུད་དང་ཆ་དབྱེ་བ་ཤིན་ཏུ་གཅེས་པར་གསུངས་པས། མདོ་དང་སེམས་ཕྱོགས་སྤྱི་ལ་གྲགས་པ་རྣམས་བསམ་གཏན་ཉམས་སྒྲོན་དང་ཁྲིད་ཡིག་སོགས་ན་གསལ་ཡང་། བཀའ་སྲོལ་འདི་ཉིད་ལ་གྲགས་པ་རྣམས་ཀྱང་བརྒྱུད་པའི་རང་ལུགས་འཛིན་པ་དག་གིས་ཤེས་པར་བྱ་སྟེ། ཡེ་ཤེས་གསལ་སྒྲོན་ལས། བདུད་དང་ཆོས་སུ་དབྱེ་བ་ལ། །རྣམ་པ་བཅོ་བརྒྱད་འདི་བཤད་དོ། །གཟུགས་ནི་ཕུང་པོའི་བདུད་ཡིན་ཏེ། །བུ་སོགས་ལྷ་ཡི་བདུད་དུ་སྤྲུལ། །དེ་ལ་འཛིན་པ་ཉོན་མོངས་བདུད། །འཁྲུལ་པའི་སེམས་ནི་འཆི་བདག་བདུད། །དགོས་པའི་ནོར་ཡང་བར་ཆོད་བདུད། །གནོད་སྦྱིན་ལྷ་ཡང་དེ་དང་འདྲ། ། སྟོང་པ་ཕྱང་ཆད་ལྷ་བའི་བདུད། །ཧད་པོ་བོགས་མེད་སྒོམ་པའི་བདུད། །རྟོགས་མེད་རང་ག་སྤྱོད་པའི་བདུད། །ཐོབ་བྱ་འདོད་པ་འབྲས་བུའི་བདུད། །ཕྲ་མོས་ཆོག་ཤེས་ཐོས་པའི་བདུད། །རྩ་རླུང་འཁྲུག་པ་རླུང་གི་བདུད། །གྲུབ་མཐའ་ལོག་པ་ཆོས་ཀྱི་བདུད། །མི་ཐུབ་དམ་བཅའ་སྡོམ་པའི་བདུད། །འདུ་འཛི་ལོངས་སྤྱོད་གཡེང་བའི་བདུད། །ལས་ངན་འབྲེལ་བ་གྲོགས་ཀྱི་བདུད། །ཐེ་ཚོམ་སྐྱེས་ན་ཉམས་ཀྱི་བདུད། །ཐབས་ཀྱིས་མ་ཟིན་ཤེས་རབ་བདུད། །བར་ཆད་བགེགས་རྣམས་སེམས་ཤེས་པས། །བདུད་ཀྱི་གེགས་སེལ་ཉམས་ལ་ཕན། །ཞེས་དང་། རང་སེམས་མ་རྟོགས་བདུད་དུ་ཤར། །ཡོད་པ་ངོ་ཤེས་སྐྱབས་ཡིན་པས། །དེ་མཚོན་ངོ་སྤྲོད་འདི་ལྟར་བྱ། །སྣང་བ་སེམས་སུ་ཤེས་པར་གྱིས། །སེམས་ཀྱི་རང་བཞིན་སྟོང་པ་ཡིན། །སྟོང་པ་འཛིན་མེད་བསམ་དུ་མེད། །བསམ་མེད་མཐའ་བྲལ་ཆོས་སྐུ་ཡིན། །ཟིན་པ་རྩོལ་བའི་ནད་དང་བྲལ། །ལྷུན་གྱིས་གནས་པར་རྟོགས་པ་ན། །དེ་དང་མ་བྲལ་རྣལ་འབྱོར་རྒྱན། །གཞན་བཙལ་འཇིགས་པའི་སྐྱབས་མི་རྙེད། །རང་བྱུང་ཡེ་ཤེས་སྐྱེལ་མ་འདྲ། །རང་སེམས་ཆོས་ཀྱི་སྐུར་རྟོགས་པས། །འཇིགས་པ་ཡི་ནི་ནད་དང་བྲལ། །ཞེས་སྤྱིར་བསྟན་པ། བྱེ་བྲག་ཏུ་གཞུང་འདི་ཉིད་ལས་གསུངས་པ་ལྟར་ན། རིན་པོ་ཆེ་རྒྱན་ལས། རྒོད་པ་ཤེས་པ་སྐྱེ་བ་གསུམ། །མཚན་མར་འཛིན་པ་ཡུལ་གྱི་བདུད། །སྔ་ཕྱི་རྗེས་གཅོད་སྤྲོས་པའི་བདུད། །ང་བདག་འཛིན་པ་ནང་གི་བདུད། །ཤེས་ཀྱང་མི་གནས་གཡེང་བའི་བདུད། །དངོས་གྲུབ་རྣལ་མའི་བར་དུ་གཅོད། །ཅེས་རྣམ་ཤེས་ཚོགས་བརྒྱད་ཀྱི་སྐྱེ་བ་གསུམ་དང་བག་ཆགས་ཀྱི་རྟེན་ལ་གནས་པའི་ཆ་ནས་བཞག་པ་ཡིན་ཏེ། རྒྱས་པར་བསྟན་ན། རིན་པོ་ཆེ་ཕྲེང་བ་ལས། དེ་ལ་བར་ཆད་རྩ་བ་སེམས། །མ་ཤེས་པ་དང་མ་གོམས་ལས། །རྣམ་བཞིའི་ཚུལ་དུ་ཤར་བ་ཡིན། །ནང་ལྟར་ཤར་བ་འཛིན་པའི་བདུད། །ཉོན་མོངས་ལོངས་སྤྱོད་མ་རྫོགས་པས། །གཅོད་བྱེད་རྗེས་སུ་འབྲངས་ནས་ནི། །རང་སྨྲ་རང་ལན་རང་གིས་འདེབས། །རང་གྲོལ་ཆེན་པོའི་བར་དུ་གཅོད། །ཕྱི་ལྟར་ཤར་བ་ཡུལ་གྱི་བདུད། །བརྩེ་ལྔ་སྤྲུལ་པར་མ་ཤར་བས། །གཅོད་བྱེད་རྗེས་སུ་འབྲངས་ནས་ནི། །དང་པོ་སྣང་བའི་འགྲང་བྱ་བྱེད། །རྗེས་འཇུག་ཐ་མ་རྐུན་བུར་བྱུང་། །སྣང་བ་རང་གྲོལ་བར་དུ་གཅོད། །རྗེས་འཇུག་རང་རྗེས་བར་གྱི་བདུད། །སྤྲོས་པ་ཆོས་སྐུར་མ་ཆོད་པས། །ཕྱི་ནང་བར་གསུམ་ཕྱི་བཞིན་འབྲང་། །རང་བཞིན་གཉུག་མའི་བར་དུ་གཅོད། །ཤེས་པ་མི་གནས་ལྡིང་བའི་བདུད། །བརྩེ་གདུང་བྲལ་བས་དམ་མི་གནས། །ཁ་ལ་ཁྱེར་ཏེ་སྤྱི་ལ་གནས། །བག་ཆག་བརྟེན་ལ་དེ་ཞེན་པས། །མི་འཕགས་འཕྲུལ་འཁོར་དྲྭ་བར་གནས། །ཀུན་གྲོལ་ཆེན་པོའི་བར་དུ་གཅོད། །ཅེས་གསུངས་ཏེ། ཉོན་མོངས་པ་དུག་ལྔ་ལོངས་སྤྱོད་རྫོགས་སྐུ་རང་རིག་བདེ་ཆེན་དུ་མ་རྫོགས་པས་ནང་གི་བདུད་དུ་ཤར་བ་ཀུན་གཞི་ལ་ང་བདག་ཏུ་འཛིན་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་གཟུང་འཛིན་རང་གྲོལ་མཚན་ཉིད་རང་རིག་ཆེན་པོའི་བར་དུ་གཅོད་པ་ཡིན་ཞིང་། ཡུལ་ལྔ་སྤྲུལ་པའི་སྐུ་མཆོག་སྣང་ལ་རང་བཞིན་མེད་པར་མ་ཤར་བས་ཕྱི་ཡི་བདུད་དུ་གྱུར་པ་ཡུལ་ལ་མཚན་མར་འཛིན་པའི་སྒོ་ལྔའི་རྣམ་ཤེས་ཀྱིས་སྣང་བ་རང་གྲོལ་རྣམ་པ་སྒྱུ་མ་ལྷུན་གྲུབ་ཀྱི་བར་དུ་གཅོད་ལ། ཡིད་ཆེས་ཀྱི་སྤྲོས་པ་སྣ་ཚོགས་སྤྲོས་བྲལ་ཆོས་ཀྱི་སྐུ་རུ་མ་ཆད་པས་བར་གྱི་བདུད་དུ་ཤར་བ་ཕྱི་ནང་གཉིས་ཀའི་རྗེས་སུའང་འཇུག་ཅིང་རང་རིགས་སྔ་མའི་རྗེས་སུ་འབྲང་བའི་ཡིད་ཀྱི་ཀུན་ཏུ་རྟོག་པས་རང་བཞིན་སྤྲོས་བྲལ་ཆེན་པོ་གཉུག་མ་མ་བཅོས་པའི་བར་དུ་གཅོད་དོ། །དེ་དག་སྐུ་གསུམ་དུ་ངོ་ཤེས་ཀྱང་རྟོགས་པའི་ངང་དུ་མ་གོམས་པས་ཀུན་གཞི་བག་ཆགས་ཀྱི་རྟེན་ལ་ཚོགས་བདུན་གྱི་བག་ཆགས་དེ་དག་ཞེན་པས་འཁྲུལ་འཁོར་དུ་འཆིང་བ་ལྡིངས་བའི་བདུད་ཀྱིས་གཞི་ལམ་གྱི་ཉེས་པ་ཀུན་ལས་གྲོལ་བའི་ཡོངས་རྫོགས་བྱང་ཆུབ་སྙིང་པོའི་བར་དུ་གཅོད་པའི་ཕྱིར་རོ། །དེ་རྣམས་དགྲོལ་བའི་ཐབས་ནི། དེ་ཉིད་ལས། དེ་དག་གྲོལ་བར་བྱ་བ་ཡང་། །ཤེས་པ་སྐྱེ་བ་གསུམ་ཡིན་ལ། །དེ་ཡི་གནས་ལུགས་ལྷུན་གྲུབ་གསུམ། །ཐུག་ཕྲད་གསུམ་ལ་ངེས་བཅད་ལ། །སོ་མ་ལྷུག་པ་རང་དང་གཞག །དེ་ཡིས་དེ་ཉིད་དེར་གྲོལ་འགྱུར། །ཆུ་དང་འཁྱག་པ་ཇི་བཞིན་དུ། །དེ་ལ་ནན་ཏན་གནས་པ་གཅེས། །ཞེས་གསུངས་སོ། །བཞི་པ་ནི། གདིངས་ཆེན་ཚད་ལྡན་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། རིགས་རྒྱུད་དབང་པོ་ཆིག་ཆོད་དུ་གྱུར་པས་རྟོགས་པའི་གདེངས་ཆེན་པོ་ཚད་དང་ལྡན་ཏེ་རྟོགས་གྲོལ་དུས་མཉམ་དུ་ཤར་ནས་དགོངས་དོན་ནར་སོན་པའི་གང་ཟག་དམ་པ་ལ། ཆེ་ལོང་དུས་གསུམ་དང་ཞིབ་པར་དགུ་ཕྲུག་ཏུ་དབྱེ་བའི་རྣམ་གྲངས་གསུམ་པོ་མཉམ་པ་ཆེན་པོ་གཅིག་གི་ངང་དུ་རྫོགས་ཏེ་ཆེ་ལོང་དང་ཞིབ་མོའི་བྱེ་བྲག་གིས་དུས་ནམ་ཡང་རྟོགས་པ་རང་གི་སོ་ལས་མི་འདའ་བར་བརྟན་པ་ཐོབ་ན། སེམས་གནས་པའི་ཐབས་དང་ཏིང་ངེ་འཛིན་གྱི་སྐྱོན་བཅོས་པའི་ཚུལ་རྣམས་ཆེད་དུ་ཅི་ལ་ཆེ་སྟེ། སེམས་བསམ་གཏན་ལ་གནས་པས་ལྷག་ཅིང་། ལུས་རྡོ་རྗེའི་སྐྱིལ་དཀྲུང་དང་ངག་རྡོ་རྗེའི་བཟླས་པ་ཡིས་ལྷག་པའི་རྟགས་གསུམ་དང་ལྡན་པའི་ལྷའི་བུ་ཀུན་དགའ་སྙིང་པོ་དེ་ཉིད་རྟོགས་གོམས་ཆིག་ཆོད་དུ་གྲོལ་བ་བཞིན་དུ་སྐད་ཅིག་གཅིག་གིས་བྱང་ཆུབ་པར་འགྱུར་ལ། སྤྲུལ་སྐུ་ལས་ཡང་སྤྲུལ་དུ་བྱོན་པའི་གསང་བདག་གི་ཐུགས་ཀྱི་སྲས་མཆོག་དགའ་རབ་རྡོ་རྗེ་ངས་ཀྱང་སྐུ་གསུམ་གྱི་དགོངས་པའི་ཐུགས་ཀྱི་གསང་བཅུད་མཐར་ཐུག་རྗོགས་པར་འཐུངས་པས་མ་ཧེའི་ཞོའི་བཅུད་ཀྱང་རྡོ་རྗེར་རྡོ་རྗེའི་བཅུད་དུ་ཆགས་པར་གྱུར་པ་ཡིན་ཏེ། བཤད་རྒྱུད་ངེས་དོན་མདོ་བཅུ་ལས། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན། །སྤྲུལ་པའི་གང་ཟག་སྐལ་ལྡན་གྱིས། །ཇི་ལྟར་རྟོགས་ཤིང་རིག་པ་དེ། །ལུང་ལས་མ་བྱུང་མན་ངག་ཡིན། །ཞེས་དང་། དབང་གི་ཀློང་ལས། རིན་ཆེན་གཏེར་གྱི་སྙིང་པོ་འདི། །ཀུན་བཟང་རྒྱལ་བ་ཐམས་ཅད་ཀྱིས། །གསང་བའི་བདག་པོར་བཀའི་བསྒོ་བ། །གསང་མཛོད་རྡོ་རྗེ་སེམས་དཔའ་ནི། །སུམ་ཅུ་རྩ་གསུམ་བུམ་ཐོག་སྟེང་། །སྲོག་ཤིང་རྡོ་རྗེ་རྩེ་དགུ་པར། །གསེར་གྱི་འཁོར་ལོ་འབར་བ་བཞག །གསང་བ་གཏེར་འཛིན་བདག་པོར་གྲགས། །དགའ་རབ་རྡོ་རྗེ་བདག་ཉིད་ཀྱང་། །དེ་ཝ་བཟང་སྐྱོང་བུ་ཐུ་བོ། །ཀུན་དགའ་སྙིང་པོ་བྱ་བ་ཡིན། །ལག་ན་རྡོ་རྗེ་གསང་བདག་གིས། །འཁོར་ལོ་འབར་བའི་ལྟེ་བར་བཞག །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །ཀློང་དགུ་བམ་པོ་ཉི་ཁྲི་གསུངས། །སྤྱི་བླུགས་ཚངས་པའི་དབང་བསྐུར་ནས། །དུས་མཐའ་ཉིད་ཀྱིས་ས་ལ་བཀོད། །འཛམ་གླིང་འཇིང་དུ་རྒྱལ་ཐེབས་བྱས། །སེམས་རྒྱུད་རིག་པའི་ཐོར་ཅོག་ཅན། །རྒྱལ་གྱི་རིགས་ཅན་དྲྭ་མའི་ཡུལ། །རྒྱ་ཕུག་དྷ་ན་ཀོ་ཤའི་གླིང་། །ཕུག་ཏུ་གསལ་བའི་གནས་རབ་བཅས། །ལུང་གསུམ་བརྒྱུད་པའི་རྩ་བའི་དོན། །དགུ་རུམ་སྦས་པའི་མན་ངག་འདི། །སེམས་ལ་བླན་ཅིང་བདེ་ལ་བཀོད། །ཡིད་ལ་གནག་ཅིང་ལུས་ལ་བཅངས། །བཀའ་ཡི་བདེ་ཆེན་མ་མཐོང་ན། །ཕྱི་ནང་བརྒྱུད་པའི་ལུང་ལ་བརྟེན། །ལུས་ངག་སེམས་ཀྱིས་བྱ་བཙལ་གྱིས། །བརྐམ་ཆགས་འདོད་པའི་ཆུ་བོ་སྐྱེད། །བདེ་ཆེན་སྲོག་དང་བྲལ་མཐོང་ནས། །གསལ་རབ་གནས་སུ་དབུགས་ཆེན་ཕྱུང་། །ཞེས་སོགས་གསུངས་པ་བཞིན་ཏེ། རྡོ་རྗེ་ནི། བཙལ་བ་མེད་ཅིང་འདུས་མ་བྱས། །སྐྱེ་འཇིག་དང་བྲལ་མི་ཕྱེད་པ། །མཐའ་ཀུན་འཇོམས་པར་བྱེད་པ་ཡི། །ཆོས་ལྔའི་ཕྱིར་ན་རྡོ་རྗེར་བརྗོད། །ཅེས་པའི་དོན་ནོ། །ལྔ་པ་ནི། གཞན་དུ་ཡིན་དོན་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དེ་ལྟ་བུའི་བློ་ཆེ་བ་དེ་ལ་གཞན་དུ་བློ་ཆུང་བ་དག་གིས་ཇི་ལྟར་ཡིན་པའི་དོན་གྱི་སྙིང་པོ་ཉིད་ངེས་པར་མཐོང་ན་ཡང་། འཁྲུལ་པ་ལ་ཐོག་མ་མེད་པ་ནས་གོམས་པར་གྱུར་པའི་བག་ཆགས་སྟུག་པོས་བསྒྲིབས་པས་ན། ལྟ་བ་མཐོང་བའི་དོན་དེ་བློ་ལ་ཡང་ཡང་འདྲིས་པར་བྱས་པས་བག་ཆགས་ཀྱི་རྙོག་གཞི་སྦྱོར་བ་དོན་གྱི་ཀུན་གཞི་སངས་པས། གཞི་གཉུག་མ་དོན་གྱི་ཀུན་གཞི་ལ་རྣམ་སྟུན་བྱང་བའི་ཡོན་ཏན་ཐམས་ཅད་ཡེ་ནས་གནས་པ་ཉིད་མངོན་གྱུར་དུ་རྫོགས་ཏེ་སྣང་ཞིང་གསལ་བར་འགྱུར་བའི་ཕྱིར་བརྩོན་པ་དང་ལྡན་པས་སྒོམ་དགོས་ཏེ། ཡེ་རྫོགས་པ་ལས། མངོན་སུམ་སྣང་བའི་ཡེ་ཤེས་ལ། །སངས་རྒྱས་སེམས་ཅན་ཁྱད་མེད་ཀྱང་། །རང་དབང་སེམས་ལ་མི་གནས་ན། །སེམས་ཉིད་བདེ་བར་སྤྱོད་མི་ནུས། །འཛིན་སེམས་དག་གི་ལྕགས་བཀྲོལ་ཀྱང་། །གོམས་པའི་བག་ཆགས་བཅིངས་དང་འདྲ། །ཡེ་ཤེས་འཁོར་ལོ་རང་དབང་ན། །ཇི་ལྟར་གནས་ཀྱང་བྱ་བཙལ་མེད། །རིག་པ་མཐའ་མེད་དཀྱིལ་འཁོར་ལ། །ལུས་ཀྱིས་བཙལ་མེད་ཆོས་སྐུར་གསལ། །རང་སྣང་རིག་པའི་འོད་གསལ་ལ། །ངག་གིས་བཙལ་མེད་རིག་པའི་གསུང་། །མི་འགྱུར་ཀུན་བཟང་ཡེ་ཤེས་ལ། །ཐུགས་ཀྱིས་བཙལ་མེད་བསམ་དང་བྲལ། །ཞེས་དང་། བསམ་དང་བྲལ་བའི་ཆོས་ཉིད་ལ། །ཡེ་ཤེས་འཁོར་ལོ་རང་བཞག་སྟེ། །དུས་གསུམ་འགྱུར་བ་མེད་པར་གནས། །རྟོག་པའི་དངོས་པོ་གང་སྣང་ཡང་། །རང་བྱུང་རིག་པའི་འཁོར་ལོས་གཅོད། །རིག་པ་རྒྱ་མཚོའི་ཀློང་ལྟར་ཟབ། །ཅེས་དང་། བྱང་ཆུབ་སྙིང་པོར་བཞུགས་པའི་ཚེ། །ངོ་བོ་ཉིད་ནི་དམིགས་སུ་མེད། །ཡེ་ཤེས་ཀུན་བཟང་རྣམ་པར་དག །འབར་བའི་ཏིང་འཛིན་ངོ་མཚར་ཆེ། །ཞེས་དང་། ཡེ་ཤེས་གསང་སྒྲོན་ལས། རང་སེམས་དག་པ་ཆོས་ཉིད་ལ། །མ་བཙལ་ལྷུན་གྱིས་གྲུབ་པ་སྟེ། །གང་ལྟར་བསྒོམས་ཀྱང་ཐིག་ལེའི་ངང་། །དཔེར་ན་ཏིལ་གྱི་མར་མེ་བཞིན། །ཕྱི་ནང་གསལ་བའི་རིག་པའི་མདངས། །རང་སེམས་རྟོགས་པས་སངས་རྒྱས་པ། །འོག་མའི་ལམ་ལྔ་ས་མི་བགྲོད། །གསང་སྔགས་ཐབས་ལམ་སྐད་ཅིག་གིས། །སྒྲིབ་པའི་ཕུང་པོ་གསལ་བར་བྱེད། །དགའ་བདེ་སྡུག་བསྔལ་བྱུང་ཚེ་ན། །བཏང་སྙོམས་ཆེན་པོའི་ངང་བཞག་པས། །ངེས་དོན་བདུད་རྩིའི་སྨན་ཆེན་འདིས། །ཉོན་མོངས་ནད་རྣམས་ཞི་བར་མཛད། །ཅེས་སོ། །གཉིས་པ་དེ་ལྟར་ལམ་ལ་གོམས་པས་ཉམས་ཀྱི་རྟགས་ཚད་འཆར་ཚུལ་གསལ་བར་བཤད་པ་ལ། དྲོད་དང་རྟགས་ཚད་ཀྱི་མཚན་ཉིད་བསྟན་པ་དངོས་དང་། ལམ་གྱི་དོན་གནད་རིག་པ་རང་ཐོག་ཏུ་དབབ་པ་གཉིས་ལས། དང་པོ་ནི། དེ་ལྟར་རྙོག་མེད་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་བག་ཆགས་ཀྱི་རྙོག་པ་མེད་པའི་ངང་དུ་འདྲིས་པར་བྱས་ན། ངར་འཛིན་པ་དང་ཕྱོགས་ཆ་དང་ཞན་པ་གསུམ་ནུབ་ཅིང་། བླང་དོར་གྱི་སྤྱོད་པ་དང་། རྩིང་ཆོས་ཀྱི་སྤྱོད་པ་དང་། ཁེངས་དྲེགས་ཀྱི་སྤྱོད་པ་གསུམ་དང་བྲལ་ལ། རྟོགས་པའི་གདེངས་དང་ལྡན་པར་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་སྣང་བའི་ངང་དུ་གོམས་འདྲིས་བྱས་པས། ཐ་སྙད་རྣམས་ལ་བརྗེད་ངེས་བྱུང་ནས་གྲོལ་དུ་ཉེ་བ་དང་། ཕྱི་ནང་གི་དངོས་པོ་ལ་ཆགས་པ་ཆུང་ཞིང་། འཁྲུལ་པའི་སྣང་བ་ལ་ཡ་མཚན་སྐྱེ་ནས་སེམས་ཅན་ལ་ཐུགས་བརྩེ་བས་འཁོར་བ་མི་སྤེལ་བར་ཕན་སེམས་ཆེ་ཞེས་ཆེན་པོ་དང་ལྡན་ཏེ། དེ་ལྟར་ཕྱི་ལུས་ལ་སྣང་བ་དང་། ནང་དབུགས་ལ་སྣང་ནས་རང་གི་མྱོང་བའི་དྲོད་དང་། གཞན་ལའང་སྣང་བའི་རྟགས་དང་བཅས་པ་འཆར་བས་ཉམས་ཀྱི་རིམ་པ་རྣམས་རྫོགས་པར་འགྱུར་བར་གསང་སྔགས་རྒྱ་མཚོའི་ཡང་བཅུད་མཆོག་ཏུ་གཅེས་པའི་ཆོས་མཛོད་མི་ཟད་པར་འཛིན་པས་གཏེར་གྱི་བདག་པོ་ཉིད་ཀྱིས་རྒྱུད་དུ་གསུངས་པ་ཡིན་ཏེ། ཡེ་ཤེས་རྫོགས་པ་ལས། མཁའ་མཉམ་ཡེ་ཤེས་རང་བྱུང་ལ། །དུས་གསུམ་འདའ་བ་མེད་པར་གནས། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་ནས། །དངོས་གྲུབ་རིན་ཆེན་འོད་ལྟར་འབྱུང་། །ཞེས་དང་། ཡེ་ཤེས་གསང་བ་ལས། མཐོང་བ་སྣ་ཚོགས་རིག་པའི་ཉམས། །དང་པོ་གནས་པའི་ཏིང་ངེ་འཛིན། །ཆུ་དྲག་འབབ་པའི་དཔེ་ཡིས་བསྟན། །མྱུར་དང་དལ་བས་འབབ་ཆུ་འདྲ། །གཉིས་པ་ལ་ནི་མི་གཡོ་བ། །རྒྱ་མཚོའི་གཏིང་བཞིན་མི་གཡོའོ། །གསུམ་པ་བཞི་པ་འབྲས་བུའི་ཉམས། །མཉམ་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ། །སྣང་བ་རྣམ་རྟོག་ཅིར་མི་བསྟན། །དྲན་པ་ཀུན་སྤངས་ཡེ་ཤེས་ཉིད། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པར་བཞག་པ་ཡིན། །ཞེས་སོགས་ཀྱིས་བསྟན་ཏེ་རྒྱས་པར་བསམ་གཏན་ཉམས་ཀྱི་སྒྲོན་མ་ལས་ཤེས་པ་བྱ་ལ། ཇི་ལྟར་གོམ་པའི་ཚུལ་ཡང་། དེ་ཉིད་ལས། ཉམས་བླངས་གོམས་པས་མཐར་འགྱུར་ཏེ། །ཇི་ལྟར་བསམ་པས་བཟུང་བའི་བློ། །མ་ལུས་པར་ནི་ཟད་གྱུར་ནས། །མི་རྟོག་ཡེ་ཤེས་གསལ་མཐར་ཕྱིན། །འགྱུར་མེད་སེམས་ཀྱི་གཡུང་དྲུང་ལ། །ཡེ་ཤེས་རང་གསལ་གྱི་ནར་བཞག །དྲན་པའི་རྐྱེན་གྱིས་མ་ཤོར་ཏེ། །དེ་ཉིད་ཚོད་དུ་ལྷུག་པར་ཞོག །ཅེས་དང་། ཐལ་འགྱུར་ལས། གནད་ལས་བྱུང་བའི་མངོན་སུམ་ཉིད། །གོམས་པའི་སྟོབས་ཀྱིས་འཁྲུལ་པ་འཇིག །རང་བཞིན་དག་པས་གཡེངས་པ་མེད། །རྒྱུན་དུ་གནས་པས་འབྲལ་བ་མེད། །རང་སྣང་ཡིན་པས་རྣམ་རྟོག་ཟད། །རླུང་ཟད་ཡེ་ཤེས་ཉིད་ལ་སྤྱོད། །འདི་དང་འབྲལ་བ་མེད་པ་ཡིས། །འགྲོ་དྲུག་ལམ་གྱི་རྒྱུན་གཅོད་དོ། །ཞེས་སོ། །དེར་མ་ཟད་དང་པོའི་ལས་ཅན་རྣམས་ཀྱིས་ཤེས་རབ་གསུམ་དང་ལམ་ལྔ་ལ་རིམ་པ་ལྟར་བརྟེན་པའི་ཚུལ་ཡང་། ཡེ་ཤེས་གསལ་སྒྲོན་ལ། དང་པོ་ཐོས་པའི་ཤེས་རབ་ཀྱིས། །ཕྱི་ནང་ཆོས་ལ་སྒྲོ་འདོགས་གཅོད། །བར་དུ་བསམ་པའི་ཤེས་རབ་ཀྱིས། །དེ་དོན་རྒྱུད་ལ་གོམས་པར་བྱ། །ཐ་མ་སྒོམ་པའི་ཤེས་རབ་ཀྱིས། །བདག་ཏུ་འཛིན་པའི་ཉོན་མོངས་གཞོམ། །ཚོགས་ལམ་བླ་མ་མཚོན་ལྡན་ལ། །མཉེས་པ་གསུམ་གྱིས་མཆོད་པ་འབུལ། །སྦྱོར་ལམ་བླ་མའི་གདམས་ངག་གིས། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །མཐོང་ལམ་སྤྱན་ལྔ་དག་པ་ཡིས། །རང་སེམས་སྐྱེ་མེད་མཐོང་བར་བྱ། །སྒོམ་ལམ་ཏིང་འཛིན་རྣམ་གསུམ་གྱིས། །གཉུག་མའི་ཡིད་ལ་གོམས་པར་བྱ། །མཐར་ཕྱིན་ཉེས་པ་གཉིས་ཟད་པས། །ཆོས་རྣམས་ཟད་པར་བསྐྱལ་བར་བྱ། །ང་ནི་ཐབས་ཀྱི་ས་མཁན་ཏེ། །ཐར་ལམ་ཚོལ་བ་ལམ་འདིར་ཤོག །ཅེས་སོ། །གཉིས་པ་ནི། གནས་ལུགས་མིང་ལ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱི་བསྟན་ཏེ། དེ་ཡང་ཡེ་ཤེས་རྫོགས་པ་ལས། ཡེ་ཤེས་རྫོགས་པའི་སེམས་བསྐྱེད་བཟུང་། །སྤྲོས་པའི་སེམས་ལྡན་དོན་ལ་སྦྱོར། །རང་བཞག་རིག་པ་མ་ཡིན་པ། །བརྡ་སྒོ་རྟོག་པའི་རྗེས་མ་འབྲང་། །བདེ་ཆེན་གསང་བའི་འཁོར་ལོ་ལ། །གཉིས་སུ་མེད་པའི་རང་བཞིན་པས། །ཆོས་ཅན་ཆོས་ཉིད་གང་ཡང་མིན། །འདོད་པའི་བློ་ཡིས་གང་སྦྱོར་བ། །དམན་པའི་སེམས་ལ་བསྟན་པར་ཟད། །ཅེས་གསུངས་པ་ལྟར། གནས་ལུགས་བརྗོད་མེད་ཆེན་པོ་མིང་གིས་མཚོན་པ་ལ་མི་གནས་པའི་ཕྱིར། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས། སླ་ཞིང་དཀའ་ལ་སླ་ཕྱིར་དཀའ། །མངོན་སུམ་མི་གནས་ཀུན་ཏུ་ཁྱབ། །མིང་ཙམ་འདི་ཞེས་མཚོན་པར་ནི། །རྡོ་རྗེ་སེམས་དཔས་ཡོངས་མ་གསུངས། །ཞེས་དང་། ཡེ་ཤེས་རྫོགས་པ་ལས། མེ་ལོང་དྭངས་པའི་བརྙན་མར་ལྟག །རྡོ་རྗེ་གསང་བའི་གདམས་པ་ཡིས། །རིག་པའི་ཡེ་ཤེས་ཀུན་ཏུ་བཟང་། །ཡི་གེ་མེད་པའི་དོན་དུ་མཐོང་། །ཞེས་གསུངས་ཤིང་། གཉིས་མེད་ཇི་བཞིན་པའི་ངོ་བོ་མ་འདྲེས་ཀུན་རྫོགས་སུ་རྟོགས་པའི་དོན་ནི་དེ་མ་ཡིན་པའི་ལྡོག་པ་ལས་གྲོལ་བའི་ཕྱིར། སྔ་མ་ལས། ཡེ་ཤེས་རྫོགས་པའི་རང་བཞིན་ནི། །ཀུན་སྤངས་ཀུན་གྱི་དངོས་གཞི་ཅན། །འཛིན་པ་དུ་མའི་རྟོག་པ་འདི། །བྱང་ཆུབ་སེམས་སུ་བརྗོད་པ་ཡིན། །ཞེས་དང་། དབང་གི་ཀློང་ལས། ཕྱི་རོལ་ནང་ན་གནས་པ་ཡི། །དོན་རྣམས་མ་ལུས་ལྡན་པར་བྱ། །ཐམས་ཅད་སྤང་བའི་གཞི་མེད་དེ། །དེ་ཉིད་དོན་དེ་ཡིན་ཕྱིར་རོ། །ཞེས་བཀའ་སྩལ་བར་མཛད་པས་ན། །ཀུན་གྲོལ་ཆེན་པོའི་དགོངས་པའི་ངོ་བོ་ཉིད་རང་གིས་རང་ལ་དྲིས་ནས་ཤེས་རབ་ཀྱི་སྤྱན་གྱིས་ངེས་པར་བྱ་དགོས་ཏེ། ནམ་མཁའ་ཆེ་ལས། ལྷུན་གྱིས་གྲུབ་པའི་བདེ་ཆེན་དེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་ཉིད་གཞན་ལས་འབྱུང་མི་འགྱུར། །ཞེས་དང་། ཡེ་ཤེས་རྫོགས་པ་ལས། རང་སེམས་སྟོན་པར་མ་ཤེས་ན། །རང་བྱུང་མཐོང་བར་ཡང་མི་འགྱུར། །དེས་ན་ཡེ་ཤེས་རྫོགས་པའི་དོན། །རང་རིག་བདེ་བས་ཤེས་པར་གྱིས། །ཞེས་དང་། སེང་གེ་རྩལ་རྫོགས་ལས། རང་སྣང་ཐབས་ཀྱི་རྒྱལ་པོ་ལས། །སྟོབས་ཀྱི་རིག་པ་མ་འགགས་པས། །རང་གི་ཤེས་རབ་ཉིད་ལ་དྲིས། །དམིགས་པ་མེད་པའི་ཏིང་འཛིན་ནི། །བྱ་བཙལ་བྲལ་བའི་ངང་དུ་དྲིས། །ཡུལ་གསལ་ཐོག་མ་མེད་པའི་སེམས། །རྣམ་པར་དག་པའི་དབྱིངས་ལ་དྲིས། །དེ་ནི་དགོངས་པའི་དོན་དུ་བསྟན། །ཞེས་སོ། །དེས་ན་གོ་རིམ་བཞིན་དུ་བརྡ་དོན་བརྒྱུད་པའི་བླ་མ་དྲན་པས་ཇི་ཞིག་མཚོན་པའི་ཚིག་ཏུ་སྨྲ་སྟེ་བརྗོད་དུ་མེད་ལ། གང་ཡང་མཉམ་པ་ཡིན་པ་ལ་དེ་ལས་གཞན་དུ་ཇི་སྐད་བརྗོད་པ་དང་དོན་ལ་མི་འགལ་བར་མཚུངས་པ་ཡིན་པས། རང་ལ་རང་གིས་ཤོད་ཅིག་བུ་མཆོག་རྣམས། ཞེས་གདམས་པའོ། །གསུམ་པ་སྒོམ་མ་སྒོམ་གྱི་སྐྱོན་ཡོན་རྣམ་པར་དབྱེ་སྟེ་ཕྲང་བསལ་བ་ལ། རྟོགས་གོམས་ལ་གནས་པའི་ཕན་ཡོན་བསྟན་ཏེ་སྤྲོ་བ་སྐྱེད། དེ་ལྟར་མ་གནས་པའི་ཉེས་སྐྱོན་བསྟན་ནས་སྒོམ་དགོས་པར་གདམས་པ་གཉིས་ལས། དང་པོ་ནི། དེ་ལྟར་ལེ་ལོ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། གོང་དུ་བསྟན་པ་དེ་ལྟར་དོན་ཆེན་ཟབ་མོའི་ངེས་གསང་ལ་མི་བརྩོན་པའི་ལེ་ལོ་དང་འཇིག་རྟེན་གྱི་གཡེང་བ་མཐའ་དག་སྤངས་ནས་དམིགས་པའི་ཡུལ་དུ་མ་གཏད་པའི་ངང་ནས་རྟོག་པའི་དོན་ལ་རྟག་ཏུ་གནས་པར་འགྱུར་ན། བསྐལ་པ་གྲངས་མེད་མང་པོ་ནས་བསགས་པ་ཡི། སྡིག་པ་དང་སྒྲིབ་པའི་མུན་ནག་ཏུ་འཕྱན་པའི་བག་ཆགས་ཀྱི་རྙོགས་མ་ཐམས་ཅད་སངས་ཏེ། དོན་གྱི་གནས་ཚུལ་རྣམ་པར་བྱང་བའི་རྒྱ་མཚོ་ཆེན་པོ་དེ་ཉིད་དྭངས་པ་ལས། ཡིད་ལ་བསམ་པ་བཞིན་དུ་འདོད་རྒུ་ཚད་མེད་པ་སྦྱིན་པར་བྱེད་པས་ཡོན་ཏན་མི་ཟད་པའི་གཏེར་མཆོག་རང་ཉིད་ལ་མངོན་གྱུར་དུ་འཆར་བར་འགྱུར་བས་བདག་ཉིད་བདེ་བ་ཆེན་པོར་གྲོལ་ནས། གདུལ་བྱའི་འགྲོ་བ་སྐལ་ལྡན་ལམ་མཆོག་འདི་ཡི་དོན་ལ་མོས་པ་རྣམས་ཀྱི་བདེ་བས་དབུལ་བ་སེལ་བ་ཡང་ཞར་ལ་འཆར་བར་འགྱུར་བ་ནི་དཔེར་ན་འབྲས་འཁར་མ་ལོ་འབྲས་ལེགས་ན་ཕུབ་སོག་ཞོར་ལ་འབྱུང་བ་ལྟ་བུར་ངེས་ཏེ། མུ་ཏིག་ཕྲེང་བ་ལས། འཁོར་བ་ཉིད་ཀྱི་དོན་རྟོགས་ན། །མྱ་ངན་འདས་ཞེས་ཡོད་མ་ཡིན། །ཉོན་མོངས་ལྔ་ཡི་དོན་རྟོགས་ན། །ཡེ་ཤེས་མིང་དུ་ཡོད་མ་ཡིན། །སྡུག་བསྔལ་ཉིད་ཀྱི་དོན་རྟོགས་ན། །བདེ་བ་ཆེན་པོ་བཙལ་དུ་མེད། །སྐྱོན་གྱི་མཐའ་ཉིད་རབ་རྟོགས་ན། །ཡོན་ཏན་ཆེན་པོ་བཙལ་མི་དགོས། །འཁྲུལ་པ་ཉིད་ཀྱི་དོན་རྟོགས་ན། །འཁྲུལ་མེད་རིག་པ་བཙལ་མི་དགོས། །འབྱུང་ལྔ་ཉིད་ཀྱི་དོན་རྟོགས་ན། །ཆེན་པོ་ལྔ་ཉིད་བབས་ཀྱིས་གྲུབ། །མ་རིག་ཉིད་ཀྱི་རྩད་ཆོད་ན། །རིག་པའི་སྐུ་ཉིད་མ་བསྒྲུབ་འགྲུབ། །སེམས་ཅན་ཉིད་ཀྱི་དོན་ཤེས་ན། །སངས་རྒྱས་ཉིད་ཀྱང་མ་བཙལ་རྙེད། །སྣ་ཚོགས་སྣང་བའི་དོན་རྟོགས་ན། །རང་རིག་འོད་སྣང་མ་བཙལ་རྙེད། །རྟོག་པ་ཉིད་ཀྱི་རྗེས་ཆོད་ན། །འཁྲུལ་པ་དེ་ཉིད་རང་སར་གྲོལ། །སྟོང་པ་སྣང་བའི་དོན་རྟོགས་ན། །ཡེ་ཤེས་སྐུ་ཡང་ལྷུན་གྱིས་གྲུབ། །དངོས་པོར་སྣང་བའི་ཕུགས་མཐོང་ན། །སྟོང་པ་ཉིད་ཀྱང་མ་བསྒྲུབས་རྫོགས། །ཆོས་ཉིད་ཨ་ཡི་དོན་རྟོགས་ན། །སྐྱེ་མེད་ཆོས་ཉིད་ཕ་རོལ་ཕྱིན། །ཞེས་དང་། ཡེ་ཤེས་རྫོགས་པ་ལས། ཡེ་ཤེས་རྒྱ་མཚོ་མུ་མཐའ་མེད། །འོད་གསལ་རིག་པ་གདེངས་ལྡན་ལ། །མཚོན་པའི་ལམ་གྱིས་བརྒྱུད་དང་བྲལ། །རང་བྱུང་ལུང་གི་དོན་མཐོང་བས། །ལུང་ཆེན་ཚད་མ་ཀུན་གྱི་བདག །ཅེས་དང་། ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །རང་བྱུང་གསལ་བའི་ཉི་མ་ཤར། །བསམ་སྦྱོར་བློ་ཡི་དྲི་མ་དག །འདོད་འཇུག་རིམ་རྩོལ་ཀུན་དང་བྲལ། །བསམ་མེད་རང་བཞག་སྤྱོད་པར་གནས། །སྐུ་གསུམ་རིག་པའི་དཀྱིལ་འཁོར་ནས། །ཐུགས་རྗེ་ཉི་མའི་ཟེར་ཤར་ནས། །འགྲོ་འདུལ་སྤྱོད་པ་ཅི་བདེར་སྤྱོད། །ཐབས་ཀྱི་རིམ་པ་རང་ཤར་ནས། །ཡེ་ཤེས་གསལ་བས་འགྲོ་དོན་མཛད། །ཡེ་ཤེས་རང་བྱུང་འདྲེན་སྐུར་ཤར། །སྣ་ཚོགས་སྤྲུལ་སྐུ་རིན་ཆེན་སྤྲོས། །གང་དག་དམན་པའི་འཁོར་དག་ལ། །བློ་དང་མཐུན་པའི་བསྟན་པ་བཀོད། །ཅེས་སོ། །གཉིས་པ་ནི། གཞན་དུ་སྐྱོན་ཀྱང་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། ཡོན་ཏན་ལས་གཞན་དུ་མ་བསྒོམས་པའི་སྐྱོན་ཀྱང་ཡོན་ཏན་དེ་ལས་བཟློག་པ་དང་མཚུངས་ཏེ་གོང་དང་སྦྱར་ལ། དེ་བཞིན་དུ་ཞེན་པ་དྲུག་གི་སྡུག་བསྔལ་དང་ཐེག་པ་བརྒྱད་ཀྱི་རྩོལ་བའི་ནད་ཀྱིས་གདུང་ཞིང་། དཔེར་བཀོད་ན་སྟོན་ཐོག་ལོ་ལེགས་པའི་འབྲས་བུ་ནས་སྲན་གྲོ་འབྲས་ཏིལ་ཉུང་བ་དྲུག་པོ་རྩལ་རྫོགས་པར་སྨིན་ཀྱང་མ་བསྡུས་པའི་དཔེ་ལྟར། རྟོགས་ནས་མ་གོམས་པའི་དོན་འདིར་ཡང་དེ་དང་འདྲ་བར་སྦྱར་ལ་གཞན་ཡང་རྒྱལ་པོ་ཆེན་པོ་ལ་སྲས་མཚན་ཉིད་དང་ལྡན་པ་གཅིག་ཡོད་པ་ཡིན་ན་དེ་ཉིད་རང་དང་མི་མཐུན་པའི་སྲིན་པོས་བཟུང་ནས་དབང་དུ་མ་གྱུར་ན། རང་གི་རྒྱལ་བུ་ཡིན་ངོས་སུ་མཐོང་ཡང་རྒྱལ་པོའི་གདུང་རྒྱུད་མི་ཟིན་པའི་དཔེ་དང་ཡང་འདྲ་བ་ཡིན་པས་ན། སྒོམ་པའི་ཀློང་ལས། ཇི་ལྟར་རྟོགས་པའི་དོན་ལ་བརྩོན། །བཀའ་གཞུང་རྒྱ་མཚོར་མཁས་གསལ་ཡང་། །གོམས་པའི་ཟིལ་གནོན་རྒྱན་བྲལ་ན། །མཚན་མའི་ཆུ་ཀླུང་སྒྲོལ་མ་ཡིན། །ངོས་འཛིན་འཁྲུལ་པའི་ལྕགས་གྲོལ་ཀྱང་། །འཛིན་པའི་བག་ཆགས་འཐུག་པོ་ཡིས། །གོམས་པའི་ལྕགས་སྒྲོག་བཅིངས་པ་འདྲ། །ཁྱུང་དང་སེང་གེའི་གཤོག་རྒྱངས་རྩལ། །མངལ་དང་སྒོང་ངས་བསྒྲིབས་དང་མཚུངས། །ངེས་པར་གདེངས་སུ་མ་གྱུར་ན། །ཐོས་ཟིན་གོ་ཞིང་རྟོགས་བྱས་ཀྱང་། །མོས་པའི་རྣལ་འབྱོར་འཁོར་བའི་རྒྱུ། །འདུན་པ་དྲག་པོས་མོས་བྱས་ན། །འབྲེལ་བས་མཇལ་བའི་གཟུངས་ཐག་ཙམ། །བསྐལ་པར་སྦྱངས་ཀྱང་མཐར་མ་ཕྱིན། །སྙིང་པོ་རྣལ་མའི་སྣོད་ལྡན་པའོ། །ཞེས་གསུངས། སྐྱོན་དེ་ལྟར་ཡོད་པ་དེས་ན་རྟོགས་པའི་ངང་ལ་མ་ཡེངས་པར་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་སྒོ་གོམས་པར་བྱེད་པ་ནི་ཤིན་ཏུ་གཅེས་པ་ཡིན་ཏེ། སྒྲ་ཐལ་འགྱུར་ལས། མ་བསྒོམས་པ་ཡི་སྐྱོན་ཉིད་ནི། །འཁོར་བའི་མཚན་ཉིད་མངོན་སྣང་བས། །བདག་དང་གཞན་ཏེ་ཡུལ་ཤེས་ནས་དང་། །ཚིག་དང་བཅས་པའི་ལྟ་བ་དང་། །དམིགས་དང་བཅས་པའི་ཡུལ་དག་དང་། །ཉོན་མོངས་བདག་ཏུ་འཆིང་བར་འགྱུར། །སངས་རྒྱས་ལམ་ཡང་སྟོར་བ་དང་། །འབྲས་བུའི་རང་བཞིན་མ་ཤེས་དང་། །ཆོས་ཀུན་མཉམ་པའི་གཞི་མེད་དང་། །རང་རིག་ཁམས་གསུམ་འཆིང་བ་དང་། །རྟོག་དང་བཅས་ཏེ་ལྟུང་བར་འགྱུར། །ཞེས་དང་། མ་གོལ་གནས་པའི་བསྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་པས། །ཤེས་པ་ཉིད་ལ་དཔྱོད་པའི་ཡིད། །ཕྱིར་ལ་ཤོར་བ་མེད་པ་ཉིད། །རིས་ཅན་གསལ་བ་མ་ཡིན་དང་། །གུད་བཅད་སྟོང་བར་མ་སོང་དང་། །བདེ་བ་རྒྱུན་ཆགས་མ་ཡིན་དང་། །བཏང་སྙོམས་ལྟེང་པོར་མ་སོང་དང་། །དྲན་རིག་གསལ་བ་ངལ་གསོ་དང་། །སྦྱོངས་པ་ལོག་ཆའི་ལམ་སོང་དང་། །འཛིན་ཆ་ནང་དུ་རྒྱུན་བདེ་བར། །ཆ་ལུགས་གསལ་བའི་འཛིན་ཆ་དང་། །ཁ་དོག་ཡིག་འབྲུ་སྒྱུར་བྱེད་རྣམས། །དེ་རྣམས་ཕྱོགས་སུ་མ་ལྟུང་ན། །མ་གོལ་གནས་པའི་བསྒོམ་པའོ། །ཞེས་གསུངས་ཏེ་འདི་ཉིད་གནད་ཆེ་བས་ཅུང་ཟད་བཀྲོལ་ན། མ་གོལ་བར་གནས་པའི་བསྒོམ་པ་ནི། ཚོགས་དྲུག་གི་དབང་པོའི་སྒོ་རྣམས་རང་གསལ་བ་ལ། འདིར་བསྟན་པའི་ཡིད་གཉིས་ལ་འདུ་ལ། ཞིབ་པར་དབྱེ་ན་གསང་བ་སྙིང་ཏིག་གི་གཞུང་ལས་ཡིད་དྲུག་ཏུ་གསུངས་པ་ལྟར་ཡིད་ཀྱི་བྱུང་ཚོར་གྱི་རྟོག་པ་མ་འགྱུས་པས་ན། སྟོང་ཉིད་བསམ་ངོ་དང་བྲལ་བའི་སྒོམ་ལ། ཕྱི་རོལ་སྣང་གྲགས་ཀྱི་ཆོས་རྣམས་འགག་མེད་དུ་ཤེས་པ་ཉིད་ལ་དེར་དཔྱོད་པའི་ཡིད་རྟོག་རླུང་ལ་བརྟེན་ནས་ཕྱིར་ལ་ཤོར་བ་མེད་པ་ཉིད་ཀྱི་རིག་དང་དེ་མཐའ་བྲལ་ཡོངས་རྫོགས་སུ་སྐྱོང་བ་ན། རིས་ཅན་གྱི་དམིགས་པ་གཏད་པ་ཕྱོགས་རེ་ལ་གསལ་བ་ལས། གཞན་དུ་དེ་ལྟར་མ་ཡིན་ན། རྟག་པར་རང་ཤེས་ལ་འཇུག་པའི་སྒོམ་པ་ཞེས་བྱ་སྟེ། དོན་གྱིས་ཁམས་གསུམ་དུ་འཇུག་པའི་སྒོམ་པ་ཡིན་པས་དེ་ལྟར་མ་ཡིན་པར་གསལ་བ་རང་ངོ་ལ་གསལ་ལ་རྟོག་པ་ཕྱོགས་སུ་མ་ལྷུང་ན་སྒོམ་གཤའ་མ་ཡིན་ནོ། །ཡང་སེམས་གུད་དུ་བཅད་པའི་དུས་ན་ཕྱི་མི་སྟོང་ལ་ནང་སྟོང་པར་སོང་ན་རྣམ་པ་ཁ་འཁྱལ་བའི་སྒོམ་པ་ཞེས་བྱ་སྟེ། དེ་ལྟར་མ་སོང་བར་འདི་དུས་སྟོང་ཉིད་ངོས་བཟུང་དང་བྲལ་བར་ཤེས་ན་སྒོམ་གཤའ་མ་ཡིན་ནོ། །ཡང་བསྒོམ་པའི་དུས་ལུས་ངག་གི་བདེ་བ་ཁྱད་པར་ཅན་སྐྱེས་ཏེ་དེ་ལ་སེམས་རྒྱུན་དུ་ཆགས་ན་ཞེན་པ་མཐའ་ཡས་པའི་སྒོམ་པ་ཞེས་བྱ་སྟེ། དེ་ལྟར་མ་ཡིན་པར། བདེ་བ་རང་ལུགས་སུ་འབྱུང་ལ་སེམས་ཉིད་རང་ངོ་ན་གསལ་ཡང་དེ་ལ་ངོས་བཟུང་མ་རྙེད་པ་ནི་སྒོམ་གཤའ་མ་མ་ཡིན་ནོ། །ཡང་བསྒོམས་པས་ཤེས་པ་བཏང་སྙོམས་སུ་ལྟེང་གིས་སོང་ནས་དེ་ལས་བོགས་སྐྱེད་མེད་པ་ནི་བདེ་ཆེན་སྐྱེ་མེད་པའི་སྒོམ་པ་ཞེས་བྱ་སྟེ། དེ་ལྟར་མ་སོང་བར། ཕྱི་ནང་བཞིན་གྱིས་གསལ་ལ། ནང་རང་བཞིན་མ་བཅོས་པར་མཉམ་བཞག་ལ་ལྟེང་གིས་སོང་ན་སྒོམ་གཤའ་མ་ཡིན་ནོ། །ཡང་སྒོམ་པས་ཕྱི་ནང་གི་དྲན་རིག་མ་འགགས་པར་གསལ་བ་ལ། ཤེས་པའི་འཕྲོ་མ་ཆད་པར་དེ་ཉིད་ཀྱི་སྟེང་དུ་རང་སོར་བཞག་པ་ནི། སྒོ་ལྔའི་ཡུལ་རྐྱེན་མ་བཅོས་པའི་སྒོམ་ཞེས་བྱ་སྟེ། དེ་ཉིད་དུ་ངལ་གསོ་མི་བྱེད་པར། དྲན་རིག་མ་འགགས་ཀྱང་དེ་ལས་འཛིན་བྱེད་ཀྱི་ཤེས་པ་ཕྱིར་མ་ཤོར་བར། ནང་རིག་པ་རང་ངོ་ན་གསལ་བ་ནི་སྒོམ་གཤའ་མ་ཡིན་ནོ། །ཡང་སྒོམ་པའི་དུས་ན། སེམས་ཀྱི་སྦྱངས་པ་ལོག་ཆའི་སྒོམ་པ་སེམས་མཐའ་ཡས་པར་ཁྱེར་ནས་ཤེས་པ་ཉམས་ཐོག་ཏུ་མི་ཕེབས་པ་ནི་སེམས་རྟོགས་པ་སྣ་ཚོགས་པའི་ཕྱིར་ཤོར་བ་སྟེ་ལམ་གྱི་སྣང་ཆ་ལོག་པའི་སྒོམ་པ་ཞེས་བྱ་བ་ཡིན་པས། དེ་ལྟར་མ་སོང་བར། སེམས་སྟོང་པ་རང་བཞིན་མེད་པར་སྦྱངས་པས་སེམས་ཉིད་རང་བཞིན་འོད་གསལ་བ་ནང་དུ་སྟོང་པ་ངོས་བཟུང་དང་བྲལ་བ་ནི་སྒོམ་གཤའ་མ་ཡིན་ནོ། །ཡང་སེམས་ཀྱི་འཛིན་པའི་ཆ་གང་དེ་ནང་དུ་རྒྱུན་དུ་བདེ་ཡང་། ཤེས་པ་གསལ་ཙམ་ལས་ཕྱི་སྣང་བའི་གནོད་པ་མ་སྤོང་བ་ནི་ཡུལ་སེམས་ནང་དུ་ལོག་པའི་སྒོམ་པ་ཞེས་བྱ་སྟེ། དེ་ཉིད་དུ་མ་སོང་བར་ནང་དུ་བདེ་བར་ཤར་ལ་ཕྱིར་གསལ་བར་ཉམས་སུ་མྱོང་ན་སྒོམ་གཤའ་མ་ཡིན་ནོ། །ཡང་སྟོང་པ་ཉིད་དུ་སྒོམ་པའི་དུས་ན་ཡི་དམ་ལྷ་ཡི་ཆ་ལུགས་གསལ་བའི་རྣམ་པ་སེམས་ཀྱིས་འཛིན་པའི་ཆར་གསལ་ན་མཚན་མ་རང་རྒྱུད་ལ་བློས་ལྟ་བའི་སྒོམ་པ་ཞེས་བྱ་སྟེ། དེ་ལྟ་མ་སོང་བར་ནང་དུ་སེམས་ཉིད་སྟོང་པར་གསལ་བས་འགྱུར་བ་རང་ཆོད། ཕྱིར་སྣང་བ་སྟོང་པར་གསལ་བས་དངོས་པོ་རང་དག་པ་ནི་སྒོམ་གཤའ་མ་ཡིན་ནོ། །ཡང་སྟོང་ཉིད་ངོས་བཟུང་དང་བྲལ་བར་མ་ཤེས་པས། རླུང་གི་ཁ་དོག་བསྒོམ་པ་དང་། ཡིག་འབྲུ་ལ་སློབ་པ་དང་། དེའི་རྣམ་པ་སྒྱུར་བར་བྱེད་པ་རྣམས་སུ་སྒོམ་པ་ནི་སྟོང་ཉིད་དངོས་པོ་ལ་མཐར་ལྷུང་པའི་སྒོམ་པ་ཞེས་བྱ་སྟེ། དེ་ལྟར་མ་ཡིན་པར་ནང་རྟོག་པའི་སྤྲོས་པར་རང་ཆོད་ནས་གསལ་བར་ཉམས་སུ་མྱོང་། ཕྱི་མཚན་མའི་སྤྲོས་པ་རང་ཆོད་ནས་སྟོང་པར་ཉམས་སུ་མྱོང་བ་ནི་སྒོམ་གཤའ་མ་ཡིན་ནོ། །དེ་ལྟར་དགུ་པོ་རྣམས་ཀྱི་མི་མཐུན་པའི་ཕྱོགས་སུ་མ་ལྷུང་བར་རིག་པ་ལྷུན་གྲུབ་རིན་པོ་ཆེ་གསང་བའི་དབྱིངས་རང་གསལ་ཆེན་པོ་སྤྲོས་པ་མ་ལུས་པ་ཀུན་རྣམ་པར་དག་པའི་ངང་ལ་གནས་ན་མ་གོལ་བར་གནས་པའི་བསྒོམ་པ་ཞེས་བྱའོ། །དེ་ལྟར་འགྲེལ་རིན་ཆེན་སྒྲོན་མ་ལས་གསུངས་པའི་གནས་བསྡུས་པའོ། །དེ་བས་མཐའ་བྲལ་གཏིང་གསལ་ཆེན་པོ་རང་རིག་སྐྱེ་བ་མེད་པའི་ངང་དུ་མི་གཡོ་བར་གནས་པ་དེ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པར་རྟོགས་ནས་ནོར་འཁྲུལ་དང་བྲལ་བར་ཡང་དག་པའི་སྒོམ་པ་ཡིན་ཏེ། ཡེ་ཤེས་གསལ་སྒྲོན་ལས། འཛིན་མེད་རང་གསལ་རྟེན་མི་འཆའ། །ཟང་ཐལ་རིག་པ་རྗེན་པར་བཞག །བརྟན་པ་བོགས་དབྱུང་ལ་བཟླ་བས། །རང་སེམས་དག་པ་ཆོས་སྐུ་ཡིན། །རང་བྱུང་ཡེ་ཤེས་མཐའ་ལས་འདས། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །རིག་པ་ཡུལ་གྱི་མི་གནོད་པ། །དཔེར་ན་དངུལ་ཆུ་འབོ་བ་འདྲ། །ཞེས་དང་། སྒོམ་པའི་ཀློང་ལས། རྣམ་པ་རང་བཞིན་མཚན་ཉིད་རྣམས། །བདེ་བ་ཆེན་པོར་ལྷུན་གྲུབ་པ། །ལུང་དང་མན་ངག་རིག་ཉམས་ཀྱིས། །རྟོགས་པའི་ངང་དུ་གོམས་བྱེད་པས། །དེ་ཡང་ཡེ་ནས་གནས་པ་ལས། །མ་རྟོགས་ལོག་བརྟགས་ངེས་ཤེས་པའང་། །འཁྲུལ་པའི་ངན་ཤུགས་སྟོབས་དྲག་པས། །གཤིས་ཀྱི་ངང་དུ་མ་གོམས་ན། །ངོ་ཤེས་ཙམ་གྱིས་མཐར་མ་ཕྱིན། །རྟོགས་ནས་ངང་དུ་གནས་པ་དེ། །མཁྱེན་པའི་བསམ་པ་ཀློང་དུ་གྱུར། །བསམ་གཏན་ཆེན་པོ་རྩོལ་བྲལ་ཡིན། །ཡེངས་པའི་དོགས་མེད་ཀློང་ཆེན་པོར། །འབྲལ་མེད་དོན་གྱི་གཟུངས་ཆེན་ལྡན། །ཡེ་ཤེས་ངང་གནས་ཏིང་འཛིན་མཆོག །ཚོགས་བརྒྱད་རྦ་རླབས་རང་ཞི་སྟེ། །བདེ་ཆེན་ངང་གནས་མ་སྤངས་ལྷག །ཡུལ་མེད་ཤེས་རབ་སྤྱན་གྱིས་གཟིགས། །དབྱེར་མེད་རིག་པ་གཅིག་གི་ངང་། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །ཞེས་སོ། །དེ་ལྟར་སྒྲོ་འདོགས་གཅོད་པ་ནི་ཤིན་ཏུ་གཅེས་ཏེ། །ཀུན་མཁྱེན་དམ་པ་རིན་པོ་ཆེས། །ཏིང་འཛིན་མངོན་དུ་མ་གྱུར་ན། །བག་ལ་ཉལ་བའི་མདུད་པ་ཡིས། །ལྷུན་གྲུབ་མངོན་དུ་མི་འགྱུར་བས། །བསམ་གཏན་སྒྲོ་འདོགས་གཅོད་པ་གཅེས། །ཞེས་གསུངས་སོ། །གཉིས་པ་དེ་ལ་དངོས་བརྒྱུད་ནས་འཇུག་པའི་ཐབས་སྒོ་མང་བའི་ཁྱད་པར་བསྟན་པ་ལ། བློ་ཆེ་བ་ལ་རིན་ཆེན་བརྒྱུད་པའི་ཐབས་ཀྱི་དངོས་སུ་སྟོན་ཚུལ། བློ་ཆུང་བ་ལ་བརྒྱུད་ནས་འཇུག་པའི་ཐབས་ཀྱི་རྣམ་གྲངས་སྟོན་ཚུལ། དེ་དག་ཀྱང་མཐར་ཐུག་དོན་ལམ་ལ་འཛུད་པའི་ཁྱད་པར་འཕགས་ཚུལ་བཤད་པ་དང་གསུམ་ལས། དང་པོ་ནི། ཐབས་རྒྱལ་བརྒྱུད་པའི་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཡེ་ཤེས་གསང་བ་ལས། བསྐལ་པ་གྲངས་མེད་སྔོན་རོལ་ནས། །རྫོགས་ཆེན་དོན་ལ་སྦྱངས་སྦྱངས་པ། །ཡེ་ཤེས་གསང་བའི་སྣོད་དུ་བསྔགས། །སྒོ་ངའི་ནང་གི་ཁྱུང་ཕྲུག་ལྟར། །འཁོར་བ་ཉིད་དུ་ཡེ་སངས་རྒྱས། །སྒོང་ཆག་མཁའ་ལ་འཕུར་བ་ལྟར། །རྟོགས་པས་མ་བཅོས་བླ་མའི་ས། །རྒྱ་མཚོའི་བཅུད་འདུས་བདུད་རྩི་བཞིན། །བཀའ་ཡི་བཅུད་འདུས་རྫོགས་ཆེན་འདི། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ཞེས་གསུངས་པ་ལྟར་མཚན་ཉིད་རྫོགས་པའི་སྐལ་བཟང་དམ་པ་བློ་ལྡན་དབང་པོ་གསལ་བ་ལ་ཐབས་ཀུན་གྱི་རྒྱལ་པོ་སྙན་ཁུང་བརྒྱུད་པའི་གདམས་ངག་རིན་ཆེན་འབར་བ་གསལ་བར་བྱེད་པའི་སྙིང་པོའི་ཡང་བཅུད་ཆེན་པོའི་བརྡ་དོན་བཀྲོལ་བ་འདི་ཉིད་ཀྱིས། དཔེར་ན་རྒྱལ་བུ་མཚན་ལྡན་རྒྱལ་སར་བཏོན་པས་རྒྱལ་པོ་ཆེན་པོར་མངོན་སུམ་དུ་གྲུབ་པར་ཞེས་གྲུབ་པ་ལྟ་བུར་སྦྱར་ནས་བསྟན་པ་ཡིན་ཏེ། ཡེ་ཤེས་རྫོགས་པ་ལས། ཡེ་ཤེས་རྫོགས་པ་བདེ་བ་ཆེན། །མཐའ་ཡས་འགྲོ་བ་ཀུན་ལ་ལྡན། །རིག་པ་དབྱེར་མེད་ཀུན་ཏུ་བཟང་། །གང་ཡང་མ་ཡིན་རིག་པར་གསོལ། །རྩོལ་བའི་སེམས་བྲལ་མངོན་སངས་རྒྱས། །རྒྱུ་འབྲས་གཉིས་མེད་འགྱུར་བ་བྲལ། །རྣམ་བྱང་ཤེས་པ་རང་གནས་པ། །བྱེད་པ་ཉིད་ཀྱིས་མཐོང་བར་གྱིས། །ཞེས་དང་། ཡེ་ཤེས་རྫོགས་པ་ལུང་གིས་ནི། །ཐམས་ཅད་ཡེ་ཤེས་ངོ་བོར་གསལ། །ཞེན་པའི་སྒྲོ་སྐུར་མ་ལུས་པ། །ཡེ་ཤེས་རིག་པའི་འཁོར་ལོས་གཅོད། །རང་གསལ་རིག་པའི་སྣང་བ་ལ། །གང་ལྡན་གསལ་བའི་རིག་པས་མཐོང་། །ཞེས་དང་། རིན་པོ་ཆེ་འོད་ལས། རྡོ་རྗེའི་བཀའ་ནི་རྟོགས་པའི་ལམ། །བྱེད་པའི་སྒྲ་ལ་གཉེར་བའི་སེམས། །ཚུལ་བཟང་རྩོལ་ལ་གང་གནས་པ། །བྱེད་པའི་དོན་དང་འཕྲད་གྱུར་ནས། །བྱ་བའི་རང་བཞིན་ཤེས་པར་བྱ། །རྒྱལ་བའི་དགོངས་པ་ཉིད་རིག་པ། །གསུམ་གྱི་བྱེད་པའི་འོད་ཀྱིས་མཐོང་། །གསུམ་གྱིས་འོད་གསལ་གཞི་ཡི་ལམ། །བྱེད་དང་བྲལ་བ་ཉིད་ལ་གནས། །ཞེས་སོགས་ཤིན་ཏུ་མང་ངོ་། །དེ་ལྟ་བུ་གདམས་ངག་གི་རྒྱལ་པོ་གསལ་བྱེད་རིན་ཆེན་འབར་བ་འདི་ནི། ཐབས་གཞན་ལ་རག་ལས་པ་མེད་དེ། ཡེ་ཤེས་གསང་བ་ལས། མ་ལུས་འདུས་པའི་སྙིང་པོའི་དོན། །རྒྱུ་ཡིས་མ་བསྐྱེད་རྐྱེན་དང་བྲལ། །བདེན་བཞི་རྟོགས་པའི་རྒྱུ་དང་བྲལ། །ཞེས་པ་ནས། མཚོན་མེད་སེམས་ཀྱི་ངོ་བོ་ལ། །ཤེས་རབ་ཐབས་ཀྱིས་མཚོན་དུ་མེད། །རྒྱུ་འབྲས་བྲལ་བའི་རིག་པ་ལ། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་བྲལ། །ཞེས་སོགས་རྒྱས་པར་བསྟན་པ་བཞིན་དུ། རྩོལ་བ་དང་བཅས་པའི་ཐེག་རིམ་བརྒྱད་ཀྱི་ཐབས་ལ་མི་ལྟོས་པའི་ཚུལ། སྒོམ་པའི་ཀློང་ལས། སྐྱོན་རྣམས་མ་སྤངས་ཡོན་ཏན་རྫོགས། །དོན་གྲུབ་དགྲ་བཅོམ་པ་ལས་གྲོལ། །རྟེན་འབྲེལ་མ་བཀག་སྐྱེ་འགག་གྲོལ། །ཡིད་བཞིན་བདེ་བའི་ས་ལས་གྲོལ། །མ་སྦྱངས་མ་བསགས་གནས་པས་གྲོལ། །ལྷུན་རྫོགས་མདོ་སྡེའི་ས་ལས་གྲོལ། །བྱ་བའི་ལས་གྲོལ་ཡོན་ཏན་རྫོགས། །གཉིས་ལ་མ་བརྟེན་ངང་དུ་རྫོགས། །ཡན་ལག་དགུ་ཡིས་གོམས་ལས་གྲོལ། །གཉིས་ལྟ་གྲོལ་ནས་ཡོན་ཏན་ཤར། །བླ་དོར་རྣམ་རྟོག་བདེ་ཆེན་གནས། །ཕྱི་ནང་མི་མངའ་སྤྲོ་བསྡུ་མེད། །ཐམས་ཅད་དེ་བཞིན་ཉིད་སངས་རྒྱས། །ཐུབ་པའི་བསམ་གཏན་ལས་གྲོལ་བའོ། །བསྐྱེད་ལས་རྫོགས་པར་བཙལ་བ་བྲལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་མི་བྱེད། །ཆོ་ག་སྔགས་དང་ཡོ་བྱད་རྣམས། །བཙལ་བས་མ་ཡིན་ཡེ་གྲོལ་བའོ། །རྫོགས་ཚུལ་དཀྱིལ་འཁོར་གཙོར་བྱེད་མིན། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་བྲལ། །བརྟུལ་ཞུགས་གྲངས་ལ་རག་མ་ལས། །ཕྱོགས་མེད་བདེ་ཆེན་ཡེ་རྫོགས་མཇལ། །ཆེ་བའི་ཆེ་བ་ཟབ་མོ་ཡིས། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །བྱ་བ་མེད་པས་གྲོལ་བའང་སྒྲོལ། །ཞེས་དང་། རིན་པོ་ཆེ་འོད་ལས། འཁོར་ལོའམ་རིག་མའི་བདེ་བ་ཡིས། །རང་གནས་རིག་པ་ཚོལ་བ་ཉིད། །རྣམ་རྟོག་ཡིན་ཏེ་དོན་ལ་མིན། །ཆགས་པའི་འདུ་ཤེས་དྲང་བའི་དོན། །ངེས་པར་སྤྲོས་བྲལ་རང་བྱུང་སེམས། །ཆགས་པའི་ལམ་གྱིས་ཤེས་མི་འགྱུར། །བླང་དོར་མེད་པའི་བརྟུལ་ཞུགས་ཀྱང་། །ངེས་པར་བརྟགས་ན་བླང་དོར་ཉིད། །རང་རིག་བསམ་བྲལ་བཞག་པ་དེ། །དོན་ལ་དངོས་འཛིན་ཞེན་པར་གནས། །ཞེས་དང་། རྣལ་འབྱོར་རྫོགས་པ་བཅོས་མེད་ལ། །འདོད་སྤྱོད་ཐིག་ལེ་སྤྲོ་བསྡུ་མེད། །ཡེ་ནས་རྫོགས་པ་རྣམ་དག་ལ། །བསམ་གཏན་ཡན་ལག་ཀུན་དང་ལྡན། །རླུང་གིས་འཇུག་པ་རང་བཞིན་ནི། །ཡེ་ཤེས་བརྩལ་མེད་བདེ་བ་ལ། །དགའ་བ་བཞི་ཡི་ཡན་ལག་གནས། །གསང་སྤྱོད་ཐབས་ལ་མ་བརྟན་ཡང་། །རིན་ཆེན་སྣང་བའི་ཐབས་ཀྱིས་ཤེས། །བརྡ་སྤྲོད་ཚིག་ལ་གནས་གྱུར་ཀྱང་། །ཐིག་ལེ་རང་བྱུང་ཉིད་ལས་འཆར། །ཞེས་དང་། སྒྱུ་མའི་རོ་ལ་མ་ཆགས་པས། །ཆགས་མེད་ཡེ་ཤེས་རྫོགས་པའི་ལམ། །བྱང་ཆུབ་སེམས་ཀྱི་རང་གསལ་འདི། །དངོས་མེད་ཤེས་རབ་ཐབས་ཀྱིས་འགྲུབ། །སྣང་གསལ་འཁོར་ལོ་རིག་པ་འདི། །ངོ་བོ་མ་གྲུབ་མེ་ཤེལ་འདྲ། །དངོས་མེད་ཡེ་ཤེས་མཐོང་བས་གྲོལ། །གཟུགས་སོགས་སྣང་བ་བརྟགས་པ་ཡིན། །དངོས་པོ་རང་བཞིན་ཐམས་ཅད་ནི། །ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་ཡིན། །དེ་ཉིད་སྒྲུབ་པའི་ཐབས་སུ་ནི། །སྙིང་པོ་རིག་པའི་ཉི་ཤར་བས། །མཐའ་ཡི་མུན་པ་ངང་གི་དག །སྒྲུབ་མེད་རང་བྱུང་བསྒྲུབས་པ་འདིས། །ཁམས་གསུམ་འོད་གསལ་ཐུགས་སུ་གྲུབ། །ཅེས་སོ། །གཉིས་པ་ནི། དྲན་རྟོག་རླུང་གིས་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། འོན་ཀྱང་རིག་པ་དྲན་རྟོག་གི་རླུང་གིས་གཡེངས་ནས་རྣམ་པར་རྟོག་པས་འཕྱར་ཏེ་བློ་མི་གནས་ན། གཡོ་བ་འཛིན་པ་རླུང་གི་མན་ངག་རླུང་གཟུང་བ་ལ་སོགས་པའི་ཐབས་རྣམས་སྦྱིན་ཏེ། ལུས་དང་སེམས་ཀློང་ལ་ཡེ་ཤེས་ཀྱི་རླུང་གི་གཟེར་ཆེན་པོ་གདབ་པས། ཞོར་ལ་འབྱུང་བ་ཐུན་མོང་གི་དངོས་གྲུབ་ཚེ་རིང་བ་ལ་སོགས་པ་དང་། མཐར་ཐུག་མཆོག་གི་དངོས་གྲུབ་ཀྱང་རྫོགས་པར་འགྱུར་ལ། ཡང་གདུལ་བྱ་ཁམས་གསུམ་གྱི་དང་པོའི་ཞེས་དང་པོ་འདོད་པའི་ཁམས་ཀྱི་མི་རྣམས་ནི་འདོད་ཆགས་ཀྱི་ཤས་དྲག་པ་ཡིན་པས། ཆགས་པ་ལ་བརྟེན་ཏེ་མཚན་མའི་སྤྲོས་པ་ལ་འཆེལ་ནས་དེར་ཞེན་གྱི་དབང་གིས་བློ་མི་གནས་པ་ལ། བདེ་བ་ཐིག་ལེའི་མན་ངག་འོག་སྒོ་ཁམས་གསུམ་རོལ་པའི་ཐབས་སྤྱོད་རྣམས་བསྟན་ནས་མཐར་འདི་ལ་གཟུད་པར་བྱ་བ་སོགས་གང་ལ་གང་འོས་སུ་བྱ་བ་ཡིན་ནོ། །དེས་ན་ཐབས་སྣ་ཚོགས་ཀྱིས་དྲངས་ཚུལ་དམ་ཚིག་གི་ཀློང་ལས་གསུངས་ནས། མཇུག་ཏུ། དེ་ལྟར་བཏང་སྙོམས་མི་གཞག་ནུས་ཚད་དྲངས། །ཅིས་ཀྱང་རང་རྒྱུད་དྲེགས་པའི་མཚོན་རྣོ་ན། །རེ་ཞིག་གདུལ་བྱ་མ་ཡིན་ཕྱིས་སྨོན་ལ། །གཅན་གཟན་རྒྱལ་པོའི་ཚུལ་དུ་སྔར་ཚུལ་བླངས། །ཞེས་གདམས་པར་མཛད་དོ། །གསུམ་པ་ནི། མདོར་ན་གང་སྐྱེས་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། མདོར་ན་ཐབས་ཀྱི་རིམ་པ་གང་ལ་བརྟེན་ནས་རྟོགས་པ་སྐྱེས་ཀྱང་། དབང་གི་ཀློང་ལས། སེམས་ཀྱི་རྣམ་གྲངས་གང་དང་གང་། །དེ་དང་དེ་ཡི་རྗེས་མཐུན་པར། །རྡོ་རྗེ་ཟམ་པ་མ་ཆད་པའི། །བླ་མ་རིན་ཆེན་སྲོག་གྱུར་དེས། །དེ་དེའི་སྒོ་ནས་གཏེར་ཁ་དབྱེ། །དེ་ཉིད་སྒོ་ཀུན་ཕྱེ་བ་ཡིན། །དབྱིག་གི་རྫས་དང་འཕྲད་པ་ཡིན། །དཔེར་ན་ལྷ་ཡི་ནོར་བུ་ལ། །མཎྜལ་རྩེགས་པའི་སྒོ་བཞི་ཡོད། །གང་ཕྱེའང་དེ་ཉིད་ཐོབ་པར་འགྱུར། །འདི་ནི་རྒྱལ་ཐབས་རིན་ཆེན་ཏེ། །རྩོལ་དང་བྲལ་བའི་དངོས་གྲུབ་ཡིན། །ཞེས་གསུངས་པ་ལྟར་རྣལ་མ་དོན་གྱི་སྙིང་པོ་འདི་ཉིད་མ་ནོར་བར་རྟོགས་ཏེ་རང་ལ་གནས་པ་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པས་དཔེར་ན་བརྡ་དང་བྲལ་བའི་རྒྱལ་བུ་དའུ་རྒྱལ་སར་དབང་བསྐུར་བ་དང་འདྲ་བར་རྟོགས་པར་བྱ་སྟེ། དེ་ཉིད་ལས། བརྡ་དོན་བྲལ་བའི་རྒྱལ་བུ་བཞིན། །ནོར་བུའི་ས་ནས་བརྡ་བཀྲོལ་ཏེ། །འཁོར་ལོ་བཞི་ལ་དབང་བྱེད་ཅིང་། །སྟོབས་བརྒྱད་མཐུ་ཡི་དག་པོར་བསྐུར། །དེ་བཞིན་སྐལ་ལྡན་རིགས་ཀྱི་བུ། །རང་སྣང་བརྡ་དོན་གྲོལ་ཐོབ་ནས། །རང་བཞིན་མཚན་ཉིད་མ་བཅོས་པ། །མངོན་སུམ་བསྟན་པའི་མན་ངག་སྦྱིན། །ཞེས་སོ། །གཉིས་པ་དོན་ལམ་གྱི་ངོ་བོའི་ཆ་རྐྱེན་རང་སྣང་ཀློང་དགུའི་དགོངས་པ་བླ་མེད་ཆེན་པོར་བཤད་པ་ལ། རང་སྣང་ཀློང་དགུ་མ་འདྲེས་ཡོངས་རྫོགས་ཀྱི་དགོངས་པ་དང་། དེ་ཉིད་དཔེ་ཡིས་མཚོན་ཏེ་ཚད་མའི་ལུང་དང་སྦྱར་བ་གཉིས་ལས། དང་པོ་ནི། དེ་ཡང་དང་པོ་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟ་བུའི་རྟོགས་པ་དེ་ཡང་དང་པོ་རྒྱལ་ཐབས་སྤྱི་བླུགས་ཚངས་པ་ཆེན་པོའི་དབང་བསྐུར་བ་ལས་རིག་པ་རང་ངོ་ཤེས་ཤིང་རང་དབང་དུ་འདུ་བ་ཡིན་ཏེ། རང་ཤར་ལས། དཔེར་ན་རྒྱལ་རིགས་སྤྱི་བོ་ནས། །དབང་བསྐུར་བརྟན་པ་ཐོབ་པ་བཞིན། །རིགས་ཀྱི་བུ་ལ་དབང་བསྐུར་བས། །གཞི་སྣང་རྒྱ་ཡི་བཏབ་བའི་ཕྱིར། །དེ་ཕྱིར་རྒྱལ་ཐབས་ཞེས་བྱར་གྲངས། །ཞེས་དང་། དབང་གི་ཀློང་ལས། རྒྱ་ཕུག་འཁོར་ལོ་བརྩེགས་པའི་ཁང་། །དྷ་ན་ཀོ་ཤའི་གླིང་ཕུག་ཏུ། །གསེར་གྱི་བྲག་ཕུག་ཡུ་བ་ཅན། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །རིན་ཆེན་འབར་བ་གསལ་བྱེད་ཀྱིས། །ཕྱོགས་མཚམས་རྒྱས་པའི་གུར་ཕུབ་སྟེ། །ཡི་གེ་མེད་པའི་འབྲུ་གསུམ་བསྟིམས། །རྣ་བརྒྱུད་ལུང་གི་གཏེར་ཆེན་བཀྲོལ། །ཕྱོགས་མཚམས་རྒྱས་པའི་འཁོར་ལོ་བསྐོར། །རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན། །རྒྱུ་བ་མེད་པའི་རིག་པ་བསྐྱེད། །རང་བཞིན་གསལ་བའི་འོད་ལ་བཞུགས། །ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན། །སྤྱི་བླུགས་ཚངས་པའི་དབང་བསྐུར་ཏེ། །བདེ་ཆེན་ས་ལ་བཀོད་པའོ། །ཞེས་སོ། །དེའི་རྟེན་གཞི་ལ་ནི་དཀྱིལ་འཁོར་དང་དམ་ཚིག་གཉིས་དང་ངེས་པར་ལྡན་པ་དགོས་ཏེ། སྔ་མ་ལས། དེ་ནས་རང་བྱུང་དཀྱིལ་འཁོར་འདི། །ཇི་བཞིན་མངོན་སུམ་ཁོ་ན་བས། །འདི་ལ་དེ་བཞིན་ནན་ཏན་བྱ། །བཀྲ་གསལ་གཟུགས་དང་བརྗོད་བྲལ་སྒྲ། །དངོས་བྲལ་རང་བཞིན་མེད་པའི་དྲི། །མུ་ཁེའི་ཐིག་ལེ་དབྱིངས་ཀྱི་ངང་། །སྣ་ཚོགས་དབྱིངས་ཉིད་བདག་གའི་ཀློང་། །ཀུན་འདུས་བདེ་ཆེན་དཀྱིལ་འཁོར་དྲུག །བདེ་བ་ཆེན་པོ་གཅིག་གི་ངང་། །ཡེ་ཤེས་མུ་མཐའ་མེད་པར་འཇུག །འདི་ནི་རང་བཞིན་དཀྱིལ་འཁོར་ཡིན། །ཞེས་དང་། དཀྱིལ་འཁོར་གྱི་ཀློང་ལས། དེ་ནི་སྙིང་པོའི་དོན་ཉིད་དེ། །འབྱུང་འཇུག་མེད་པའི་ངང་གནས་པས། །ངོ་བོས་འབྲེལ་ཕྱིར་ངེས་པར་ལོངས། །ཀུན་ནས་བཟླུམས་ཕྱིར་དཀྱིལ་འཁོར་རོ། །དེ་ལ་གཙོ་བོ་དབུས་གནས་དང་། །མཐའ་ན་འཁོར་གནས་བཟང་ངན་མེད། །སྙིང་པོ་སྤྲོས་བྲལ་དབུས་གནས་དང་། །སྤྲོས་པའི་ཆོས་ཀྱི་མཐའ་བསྐོར་བྲལ། །འཁོར་འདས་ཕྱི་ནང་ཆོས་ཐམས་ཅད། །རང་བཞིན་མཚན་ཉིད་རྣམ་པར་དག །མ་འདྲེས་ཡོངས་རྫོགས་ལྷུན་གྱིས་གྲུབ། །བདེ་ཆེན་ངང་དུ་མཉམ་པས་གདེངས། །ཞེས་དང་། དམ་ཚིག་གི་ཀློང་ལས། བྱང་སེམས་ལྷུན་གནས་དམ་པའི་ངང་། །རྩོལ་བྲལ་གནས་ལ་ཉམས་པ་ཡི། །འཇིགས་དོགས་གདོད་ནས་མི་གནས་ཏེ། །ཀ་དག་ཡོན་ཏན་ལྷུན་གནས་གདེངས། །དེས་ན་བསྲུང་བྱ་ཕྱོགས་རིས་གྲངས། །རྣམ་པར་དབྱེ་བ་བཟང་ངན་དང་། །མཚམས་བཟུང་མི་གནས་བདེ་བ་ཆེ། །རྩོལ་བྲལ་ངེས་པའི་སྲོག་གིས་གནས། །ཞེས་དང་། རྩོལ་བྲལ་རིག་པའི་དམ་ཚིག་ནི། །གཅིག་ཅེས་འདི་ཞེས་གྲངས་བཏབ་བར། །གནས་པ་མིན་ལ་གནས་སྐབས་སུ། །དགོས་པས་མེད་པ་ཕྱལ་བ་དང་། །གཅིག་བུ་ལྷུན་གྲུབ་རྣམ་པ་བཞི། །ཕྱོགས་དང་གྲངས་ཀྱིས་བསྲུང་བྱ་དང་། །བྲལ་བས་མེད་པའི་དམ་ཚིག་ཡིན། །ཡིན་མིན་ཡོད་མེད་བདེན་རྫུན་གྱི། །འཛིན་པ་བྲལ་བས་ཕྱལ་བ་ཡིན། །འཁོར་འདས་བདག་གཞན་བཟང་ངན་དུ། །དབྱེར་མེད་གཅིག་པུའི་དམ་ཚིག་ཡིན། །ངང་གནས་ཉམས་པ་ལས་གྲོལ་བས། །བཙལ་མེད་ལྷུན་རྫོགས་ཡེ་གྲུབ་པའོ། །ཞེས་དང་། དེ་ཡི་ངང་ལ་རྟག་གནས་ན། །ཐུན་མོང་ཡོན་ཏན་ཆ་ལ་རྫོགས། །རིན་ཆེན་ཞོར་ལ་ཕྲན་བུ་ལྟར། །ཁྱད་པར་བདེ་ཆེན་ལྷུན་གྱིས་གནས། །སྡུག་བསྔལ་རྩོལ་བའི་ནད་ལས་གྲོལ། །དོན་ཀུན་མ་བཙལ་ལྷུན་གྱིས་གྲུབ། །ཕྱོགས་རིས་མི་མངའ་ཀུན་ཏུ་ཁྱབ། །རྒྱུན་མ་ཆད་པར་ཐམས་ཅད་གྲོལ། །དེ་བཟློག་སྐྱོན་ཡང་རྗེས་མཐུན་ཏེ། །འདི་བྲལ་རྣལ་འབྱོར་སྤུན་པ་ལ། ཇི་ལྟར་འབད་རྩོལ་བརྩོན་བྱས་ཀྱང་། །འཁོར་བའི་འབྲས་བུ་ཉིད་འགྱུར་ཏེ། །རང་གཤིས་གནད་དུ་མ་བྱིན་པས། །འདུས་བྱས་སླར་འཇིག་ཐུགཔ་་མེད། །རྩོལ་བས་ཐང་ཆད་སྡུག་བསྔལ་ལ། །བདེ་ཆེན་སྙིང་པོ་སྲོག་དང་བྲལ། །ཞེས་སོ། །དེ་བཞིན་དུ་དེའི་དོན་ཀུན་མཛད་པའི་རྐྱེན་གྱི་རིམ་པ་ལའང་ཕྲིན་ལས་རྣམས་དང་ལྡན་པར་རྟོགས་རིག་མ་འགགས་པའི་ངང་དུ་རྫོགས་པ་དགོས་ཏེ། ཕྲིན་ལས་ཀྱི་ཀློང་ལས། ཐུགས་རྗེས་འདུལ་དང་རང་བཞིན་གྲུབ། །རྣམ་པ་གཉིས་སུ་བཤད་པ་ནི། །གདེངས་ལ་གནས་ནས་མཛད་པ་བཞིས། །གང་འདུལ་ཐུགས་རྗེས་སྐྱོབ་པ་དང་། །མཛད་པ་རྩོལ་བ་ལས་གྲོལ་བར། །དོན་གྱིས་ལས་བཞིར་ལྷུན་གྲུབ་པའོ། །ཞེས་དང་ཕྱི་མ་ལས། རིན་པོ་ཆེ་རྒྱན་ལས། རང་བཞིན་ལྷུན་གྲུབ་ཕྲིན་ལས་ནི། །ཡེ་ཤེས་རང་སྣང་ངང་གནས་པས། །ཕྱི་ནང་རྣམ་རྟོག་ངང་གིས་ཞི། །ཡེ་ཤེས་མཐའ་དབུས་མེད་པར་རྒྱས། །འཁོར་འདས་བྱང་སེམས་དབང་དུ་འདུས། །ཕྱི་ནང་རྣམ་རྟོག་ཚར་བཅད་བསྒྲལ། །རང་བཞིན་ཡེ་ནས་མ་བཅོས་པའོ། །ཞེས་གསུངས་སོ། །དེ་དང་མཚུངས་པར་རྟོགས་པ་དོན་གྱི་ལྟ་བ་ཡང་། དེ་ཉིད་ལས། དེ་དག་ལྡན་པས་དབང་བསྐུར་ནས། །ཐོབ་ཚད་འཁོར་འདས་རང་དབང་འདུས། །རང་གྲོལ་ཤར་བའི་ལྟ་བ་སྟེ། །ཞེས་གསུངས་པ་ལྟར། རྣམ་རྟོག་རང་གྲོལ་དུ་ཤར་བ་ནི་གསང་མཆོག་རྒྱལ་པོའི་ལྟ་བ་མ་ནོར་བར་རྟོགས་པ་སྟེ། དབང་ཐོབ་པའི་ཚད་འཁོར་འདས་རང་དབང་དུ་འདུས་པ་ལ་སོགས་པ་ཀུན་ཀྱང་ལྟ་བའི་ངང་ལ་རྫོགས་པ་ཡིན་ཏེ། ལྟ་བའི་ཀློང་ལས། བྱང་སེམས་ཀུན་མཁྱེན་ཡེ་ཤེས་དེས། །ཀུན་མཁྱེན་ཡུལ་མེད་རང་གསལ་བ། །དགོས་པ་ཅིར་བརྟགས་དེར་མི་རྟོག །མ་འདྲེས་ཡོངས་རྫོགས་རང་གྲོལ་བའོ། །དེ་ཡང་རྟོག་པ་ཡེ་ཤེས་སུ། །འདུས་པས་ལྟ་བའི་དབང་དུ་རྟོགས། །རྟོགས་པས་དོན་གྱི་སྙིང་པོ་ལོངས། །ལྟ་བའི་དཀྱིལ་འཁོར་རྟོགས་པ་ཡིན། །ངང་ལ་གནས་པས་འདའ་མེད་གནས། །ལྟ་བའི་དམ་ཚིག་ཡེ་བསྲུངས་ཡིན། །ཕྱོགས་འཛིན་ཞི་ལ་ཡེ་ཤེས་རྒྱས། །དོན་འདུས་དངོས་མཚན་ཚར་གཅོད་ལས། །ཡུལ་མེད་ཡེ་གསལ་ཀུན་མཁྱེན་པ། །བལྟར་མེད་ལྟ་བ་ཡེ་བལྟས་མཐོང་། །རྟོགས་ནས་ངང་ལས་འདའ་མ་མྱོང་། །ལྟ་བའི་སྒོམ་པ་ཡེངས་བྲལ་བའོ། །མཁྱེན་པའི་ཡེ་ཤེས་འགག་མེད་རོལ། །ལྟ་བའི་སྤྱོད་པ་རང་རྫོགས་ཡིན། །རྟོགས་པའི་ངང་གནས་མཐར་ཕྱིན་པ། །ལྟ་བའི་ས་ལམ་རང་གནས་པའོ། །ཡིན་དོན་རྟོགས་ལས་སྐྱེས་དབྱུང་མེད། །ལྟ་བའི་འབྲས་བུ་ཡེ་སངས་རྒྱས། །ཀུན་ལ་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་རྟོགས་པའི་དོན་དེ་བཞག །ཐབས་གསུམ་གྱིས་ཉམས་སུ་བླངས་ཤིང་གོམས་པར་བྱས་པས་འབྲས་བུ་མཐར་ཕྱིན་པར་འགྱུར་བ་ཡིན་ཏེ། སྒོམ་པའི་ཀློང་ལས། ཐུན་མོང་མིན་པར་བརྡ་སྤྲད་ནས། །ཕྱོགས་མེད་རང་གྲོལ་ངང་གནས་པས། །མ་གཏད་ངང་དུ་མ་ཡེངས་གསལ། །བསྒོམ་མེད་སྒོམ་པའི་གཟེར་ཆེན་ཡིན། །གདོད་ནས་སྙིང་པོ་རྣལ་མ་ཉིད། །ཡེངས་དང་བྲལ་བའི་དོགས་པ་མེད། །འདི་ནི་ཤིན་ཏུ་རྣལ་མར་འབྱོར། །བཙལ་བ་བྲལ་བའི་ཐབས་ཆེན་ཡིན། །ཐོག་མར་རང་རིག་རྣལ་འབྱོར་པས། །རྟོགས་པ་ཕྱོགས་བྲལ་ངེས་པའི་སོར། །མ་བཅོས་ལྷུན་གྱིས་བདེར་གནས་ཏེ། །མ་ཡེངས་གནས་ཙམ་དེ་ཉིད་སྒོམ། །བྱིང་རྒོད་འཕྲོ་ཐིམ་ཅིར་གཡོས་ཀྱང་། །ཐོག་མའི་དོན་དང་རྟོགས་པའི་གནད། །དེས་ན་སྤང་དག་སྦྱང་བསྒྱུར་མིན། །དེ་ཉིད་ཚོད་དུ་རང་ཏང་གནས། །གཅོད་བྱེད་འཛིན་བྱེད་རྗེས་འབྲང་བ། །སྒྱུ་མ་རང་རིག་སྟོང་ཉིད་པས། །སྤྲུལ་རྫོགས་ཆོས་སྐུར་ལྷུན་གྱིས་གྲུབ། །དེས་ན་མ་བཙལ་ལྷུག་པར་ཞོག །མ་ཤོར་མ་བཅོས་བཙལ་མེད་པ། །བརྗོད་པ་གསུམ་པ་དབྱེར་མེད་པས། །ཐ་དད་རྗེས་སུ་སེམས་མི་སྤྲོ། །ཐིག་ལེ་རང་གསལ་ཉག་གཅིག་གོ། །ཞེས་སོ། །དེའི་བོགས་འདོན་ལྟ་བུར་གནང་བ་དང་བཀག་པ་མེད་པའི་སྤྱོད་པ་སྤྱད་དེ་ལ་བཟླ་བ་ནི་ལྟ་སྒོམ་གྱི་གྲོགས་སུ་མེད་ཐབས་མེད་པ་ཉིད་དེ། སྤྱོད་པའི་ཀློང་ལས། བྱང་སེམས་ངང་གནས་སྐྱེས་ཆེན་ལ། །ཐམས་ཅད་ཡེ་ཤེས་ཐུགས་རྗེར་རོལ། །རྣམ་པ་སྒྱུ་མར་ལྷུན་གྲུབ་པས། །བླང་དོར་བསམ་བྲལ་གདེངས་ཆེན་ལྡན། །དེས་ན་གནང་བཀག་སྤྱད་པ་ལ། །སོགས་པའི་རྗེས་སུ་སེམས་མི་འབྲང་། །གང་ལྟར་གནས་པས་དེ་ལྟར་བདེ། །བླང་དང་དོར་བའི་ཡིད་བྲལ་གཟུངས། །འགྲོ་བས་གང་སྒྲུབ་དེར་བརྩོན་པས། །འདོད་པའི་དོན་ལ་མྱུར་གནས་ལྟར། །དོན་གྲུབ་ངང་གནས་སྐྱེས་ཆེན་གྱིས། །སྙིང་པོར་གནས་ཤིང་དོན་ཀུན་གྲུབ། །ཅེས་དང་། བདག་ཉིད་མཁྱེན་གོམས་ངང་མ་གཡོས། །གཞན་དོན་མ་བཙལ་ལྷུན་གྲུབ་པ། །བྱང་ཆུབ་ཆེན་པོའི་དོན་མཐར་ཕྱིན། །སྤྱོད་པ་ལྷུན་གྲུབ་དེ་ཕན་ཡོན། །དེ་ཡི་དོན་བྲལ་རྣལ་འབྱོར་ནི། །རྟོགས་པ་ཡར་བསྙགས་འཕངས་བསྟོད་ཀྱང་། །བུས་པའི་ཐེག་པར་གནས་པ་སྟེ། །སྨོན་ལམ་མོས་པ་དེ་དོན་མིན། །ཞེས་སོ། །དེ་བཞིན་དུ་ས་ལ་སྦྱངས་དང་ལམ་ལ་བགྲོད་དུ་མེད་པའི་ས་ལམ་ནི་ཡོན་ཏན་མཆོག་གི་གཏེར་དམ་པ་ཡིན་ཏེ། ཡེ་ཤེས་གསང་བ་ལས། མ་བཅོས་རང་སྣང་བླ་མའི་ས། །སྦྱངས་པས་མ་ཡིན་ཡེ་ནས་གྲུབ། །རང་བྱུང་རྣམ་དག་ཀུན་བཟང་ས། །དབྱེར་མེད་ཆེ་མཆོག་ཆོས་ཀྱི་ས། །ཞེས་དང་། ཡེ་ཤེས་རྫོགས་པ་ལས། རང་བྱུང་ཁྱད་པར་ལམ་ཆེན་ནི། །བླང་དོར་གཉིས་མེད་རིག་པའི་ངང་། །ཡེ་ཤེས་དབུ་མ་མཐའ་བྲལ་ལ། །བགྲོད་པའི་ལམ་མེད་ཡེ་སངས་རྒྱས། །ཞེས་དང་། ས་ལམ་གྱི་ཀློང་ལས། མ་བཅོས་བླ་མར་གནས་རྫོགས་པའི། །ས་ལམ་ཞེས་སུ་གསུངས་པ་ཡང་། །གནས་ཤིང་བརྟེན་པས་བྱང་ཆུབ་སེམས། །འཇུག་ཅིང་ཕྱིན་པས་ཡེ་ཤེས་ལམ། །ཞེས་སོ། །དེ་ལྟར་གོམས་པས་གཞི་ལམ་དང་ཞོར་སྣང་གི་སྐྱོན་རྣམས་བྲལ་ནས་སེམས་ཉིད་རང་རིག་པ་རང་སྣང་བའི་ངང་དུ་གསལ་བར་རྟོགས་པ་མཐར་ཕྱིན་ཀྱང་སེམས་ལས་ལོགས་ནས་འབྲས་བུ་ཐོབ་པ་དང་སྒྲིབ་པ་སྤངས་སུ་མེད་པ་ནི་འབྲས་བུའི་ཀློང་ཆེན་པོ་སེལ་མེད་པ་ཉིད་དེ། རིན་པོ་ཆེ་རྒྱན་ལས། ངོ་བོ་སེམས་ཉིད་གསལ་མཐར་ཕྱིན། །གཞི་ལམ་ཞོར་སྣང་སྐྱོན་བྲལ་ཡིན། །གནས་ལུགས་རང་སྣང་གདགས་གཞི་ཅན། །ཐ་སྙད་རང་གྲོལ་མངོན་ཤར་བས། །མཚོན་ཆོས་ཀུན་གྲོལ་ཀུན་གྱི་གཞི། །རང་སྣང་ཉིད་དུ་མཐར་སོན་ཡིན། །རྒྱུ་ལས་རྐྱེན་གྱིས་བསྒྱུར་མིན་ལ། །མཐར་ཕྱིན་བསྐྱེད་དུ་བྱར་མེད་པས། །སྨིན་པའི་འབྲས་བུར་བརྡར་བཏགས་པ། །མཐུན་པའི་མིང་དུ་ངེས་པ་ཡིན། །ཞེས་དང་། འབྲས་བུའི་ཀློང་ལས། དེ་ཀུན་རང་རིག་ཡེ་ཤེས་ཉིད། །རང་མཁྱེན་པས་ན་སྟོང་གསལ་དེས། །གཞི་རྟེན་ཀུན་གསལ་སྤྲོས་པ་གཅོད། །མཚུངས་མེད་བདེ་ཆེན་མཚན་ལྡན་ཆད། །དེ་ཉིད་གདུལ་བྱ་སྐལ་ལྡན་ལ། །བྱིན་རླབས་རང་མཚན་ཚངས་པའི་གསུང་། །སྒྲོ་སྐུར་བྲལ་བར་བསྟན་པ་ནི། །མ་རྟོགས་ལོག་རྟོག་ཐེ་ཚོམ་བྲལ། །སྐུ་དང་ཡེ་ཤེས་རྫོགས་པ་ཆེ། །རྣམ་པས་བྱང་ཆུབ་སྙིང་པོར་གནས། །ཞེས་སོ། །དེ་ལྟར་མིང་གིས་ཀློང་དགུ་རུ་བཏགས་ཏེ་བསྟན་པ་ཀུན་ཀྱང་དོན་གྱི་ངོ་བོ་རང་སྣང་ཐིག་ལེ་ནག་གཅིག་ཏུ་ཡོངས་སུ་རྫོགས་པར་རྟོགས་པ་ནི་རང་རིག་སྙིང་པོའི་རིན་པོ་ཆེ་རང་འབར་འོད་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་སྣང་བ་དམ་པ་ཉིད་ཡིན་ཏེ། ཡེ་ཤེས་གསང་བ་ལས། མ་ལུས་འདུས་པའི་ལུས་པོ་ཆེ། །གཅིག་ནི་ཀུན་གྱི་རང་བཞིན་ཏེ། །ལྷག་མ་མེད་པར་ཡོངས་སུ་རྫོགས། །རིག་པའི་འཁོར་ལོ་འབུམ་ཕྲག་ཡས། །ཞེས་དང་། རང་བཞག་འོད་གསལ་རིག་པ་ལ། །མ་ལུས་དགོངས་པ་ཐམས་ཅད་འདུས། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །རང་བཞག་དགོངས་པ་གཅིག་ལས་མེད། །ཅེས་དང་། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས། གཅིག་སྟེ་རྣམ་པ་ཡོངས་ཀྱི་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །ཅེས་དང་། གསང་བ་སྒྲ་རྒྱུད་ལས། དགོངས་པ་གཅིག་ལས་གཡོས་པས་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལ། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་ཡུལ་སྟོང་པས། །མཐོང་ཤེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་བྱེད། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་དང་། གཞན་ཡང་འདོད་སེམས་ལྟ་བ་བཤད། །ཀུན་བརྒྱབ་གཅིག་ཀྱང་མ་ཆོད་པས། །གཅིག་བརྒྱབ་ཐམས་ཅད་གསད་པར་བྱ། །མི་བརྒྱ་ལྕགས་སྒྲོག་གཅིག་མ་ཐར། །གཅིག་གཟུང་བས་ནི་ཐམས་ཅད་ཐར། །ཐར་བས་གོང་དུ་གྲོལ་ལམ་ཟད། །འཇུག་པ་ལས་ཀྱི་རྒྱུ་འགགས་སོ། །ཞེས་སོགས་ཤིན་ཏུ་མང་ངོ་། །དེ་ལྟར་མ་འདྲེས་མཐའ་བྲལ་རང་གསལ། ཡོངས་རྫོགས་དབྱེར་མེད་མཉམ་གྲོལ་གྱི་དགོངས་པ་གསང་བ་ཆེན་པོ་འདི་ནི་དོན་ལམ་གྱི་ངོ་བོའི་ཆ་རྐྱེན་མེད་དུ་མི་རུང་བའི་མན་ངག་བླ་ན་མེད་པ་ཡིན་ཏེ། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས། ཚོགས་བརྒྱད་ཡེ་ནས་གནས་ཇི་བཞིན། །དམ་པས་ཀློང་དགུ་སེམས་ལ་ཐོབ། །ཅེས་གདམས་སོ། །གཉིས་པ་ནི། དཔེར་ན་རིག་གནས་སོགས་རྐང་པ་གསུམ་གྱིས་བསྟན་ཏེ། དཔེར་ན་བཟོ་གསོ་བ་སྒྲ་གཏན་ཚིགས་ནང་རིག་པ་སྟེ་རིག་པའི་གནས་ཆེན་ལྔ་པོ་ཡོངས་སུ་རྫོགས་པའི་གང་ཟག་མཁས་པ་ལ། བཟོ་བོ་དང་སྨན་པ་ལ་སོགས་པའི་མིང་གང་དུ་བཏགས་ཀྱང་ཡོན་ཏན་གྱི་ལྡོག་ཆ་སོ་སོ་ནས་བརྩིས་པས་ཀུན་ཀྱང་བདེན་པར་ལྡན་པ་བཞིན་དུ་མ་འདྲེས་ཡོངས་སུ་རྫོགས་ཀྱི་དགོངས་པ་འདི་ཡང་སྦྱར་ཏེ་རྟོགས་དགོས་པར། གསང་སྔགས་རིན་པོ་ཆེའི་མཛོད་ཁང་གི་བདག་པོ་གཏེར་ཆེན་མི་ཟད་པའི་སྙིང་པོ་འཛིན་པའི་སྟོན་མཆོག་རྡོ་རྗེ་འཆང་ཆེན་རིགས་ཀྱི་བདག་པོས་ཡེ་ཤེས་གསང་བའི་རྒྱུད་སོགས་ལས་གསུངས་ཏེ། དེ་ཉིད་དགུ་ལྡན་སེམས་ཀྱི་གཞི། །རིན་ཆེན་ལམ་གྱིས་ཉམས་སུ་བླངས། །མ་བསྒྲུབས་འབྲས་བུ་ལྷུན་གྱིས་གྲུབ། །ལྟ་བ་སེམས་ལ་བླང་དོར་མེད། །མཐའ་དབུས་མེད་པའི་སྙིང་པོ་ལེན། །ཡེ་ཤེས་མ་འགགས་གསལ་བར་སྣང་། །གནང་བཀག་མེད་པ་སྤྱོད་པའི་རྒྱན། །མི་བསམ་མ་ཡེངས་དགོངས་པའི་ཀློང་། །རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་། །བགྲོད་མེད་མཐར་ཕྱིན་སེམས་ཀྱི་ལམ། །བཅོས་མེད་དམ་ཚིག་གདོད་ནས་དག །རང་སྣང་འབྲས་བུ་ལྷུན་གྲུབ་ཀློང་། །ཞེས་པ་ལ་སོགས་པ་དང་ཀློང་དགུ་བམ་པོ་ཉི་ཁྲི་ལས་ཤིན་ཏུ་སྤྲོས་ཏེ་རྒྱས་པར་གསུངས་སོ། །དེ་དག་གི་དོན་གྱི་གནས་ནི་ཟབ་ཅིང་རྒྱ་ཆེ་བ་ཡིན་པས། རྒྱས་པར་ཀློང་དགུ་སོ་སོའི་སྐབས་དང་། འབྲིང་རིན་པོ་ཆེའི་རྒྱན་དང་། ཉུང་བསྡུས་བདུད་རྩི་ཆུ་རྒྱུན་ལས་གསུངས་པ་རྣམས་ལ་བློ་གྲོས་ཀྱི་འཇུག་པ་གསལ་བར་བྱས་ཏེ་རྣལ་མ་སྙིང་པོའི་ངེས་དོན་ལ་འཇུག་པར་བྱའོ། །ལེའུའི་མཚན་ནི། རིན་པོ་ཆེ་གཏེར་གཏད་པ་ལས། རྟོགས་པའི་དོན་འདྲིས་ཤིང་གོམས་པའི་ཐབས་ཀྱིས་འབྲས་བུ་མཐར་ཕྱིན་པར་བསྟན་པའི་ལེའུ་སྟེ་སྐབས་བཞི་པ་ཉིད་ལེགས་པར་བཤད་པའོ།། །།ལྔ་པ་དེ་ལྟར་མངོན་དུ་གྱུར་ཏེ་འབྲས་བུ་ལྷུན་གྱིས་གྲུབ་ནས་ངང་ལ་རྫོགས་ཚུལ་བཤད་པ་ལ། ངོ་བོ་སྐུ་ཡི་བཞུགས་ཚུལ། དགོངས་པ་ཡེ་ཤེས་ཀྱི་རང་བཞིན། ཁྱད་པར་དུ་འཕགས་པའི་ཆེ་བ་བསྟན་པ་དང་གསུམ་ལས། དང་པོ་ནི། ཙ་ནའི་འབྲས་ལྟར་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དཔེར་ན་ཤིང་མཆོག་ཙ་ནའི་ཞེས་ཙ་ན་ཀའི་འབྲས་བུ་ལ་ཕྱི་ནང་དང་སྒྲིབ་བྱེད་མེད་པ་ལྟར་དུ་རྒྱུ་རྐྱེན་དང་དབྱེར་བ་མེད་པར་རང་རིག་པ་སྐྱེ་འགགས་གནས་གསུམ་དང་བྲལ་བར་རང་གསལ་བ་ཡི་འབྲས་བུ་ཉིད་རང་གི་ངོ་བོས་མ་ནོར་བར་འཁོར་འདས་ཀྱི་ཆོས་ཀུན་ལ་ཁྱབ་གདལ་དུ་གྱུར་པ་ཅན་གྱི་གནས་ལུགས་མངོན་དུ་གྱུར་པ་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ལ། དེ་ཉིད་ཇི་ལྟར་གནས་པའི་དོན་བཞིན་དུ་དཔལ་ལྡན་བླ་མའི་སྐུ་དྲིན་གྱིས་མ་བཅོས་རང་གྲོལ་དུ་ངོ་ཤེས་ཏེ་རང་ཉིད་ལམ་གྱིས་མཐར་ཕྱིན་པའི་ཡེ་ཤེས་རང་བྱུང་དུ་གསལ་བ་ནི་ཆོས་ཀྱི་སྐུ་ཡིན་ཞིང་། ཡེ་ཤེས་ཆེན་པོ་དེས་འཁོར་འདས་ཀྱི་བདེ་བ་ཐམས་ཅད་རང་རིག་བདེ་བ་ཆེན་པོར་མངོན་སུམ་དུ་མཛད་དེ་ཆགས་པ་མེད་པར་ལོངས་སྤྱོད་པས་ན་ཉིད་ལོངས་སྐུ་དང་། དེ་ཉིད་ས་ཐོབ་པའི་བྱང་ཆུབ་སེམས་དཔའི་ངོ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུར་སྣང་བ་ནི་གཞན་ལོངས་སྐུ་ཏེ། འདི་གཉིས་ཡང་གསང་སྙིང་ཐིག་གི་གཞུང་ལས་རང་སྣང་དང་གཞན་སྣང་གི་ལོངས་སྐུ་བཤད་པ་དང་དོན་དུ་གཅིག་གོ། །དེ་ཡི་རྣམ་འཕྲུལ་འགྲོ་བ་རིགས་དྲུག་དང་སྲིད་པ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ངོ་ལ་དག་མ་དག་སྣ་ཚོགས་སུ་སྣང་ནས་འཁྲུལ་པ་རིམ་བཞིན་དུ་སྦྱོང་བར་མཛད་པ་ནི་སྤྲུལ་པའི་སྐུ་སྟེ། འབྲས་བུའི་ཀློང་ལས། ངོ་བོ་ཉིད་གནས་ཡེ་ཤེས་ཤར་ཆོས་སྐུ། །དེ་ཡི་འོད་ཤར་རིགས་ལྔ་སྤྲུལ་པར་བཅས། །ཞེས་དང་། ལྷུན་གནས་བདེ་ཆེན་གདལ་བའི་སྐུ། །ཆོས་སྐུ་སྤྲོས་པ་ཀུན་ལས་གྲོལ། །རང་རིག་བདེ་ཆེན་ལོངས་སྤྱོད་རྫོགས། །འོད་ཟེར་ཐུགས་རྗེའི་རྣམ་པར་འཕྲུལ། །དབྱེར་མེད་ངང་དུ་རྫོགས་པ་ལས། །ས་གནས་དག་པས་དེ་བདག་བྱས། །མཚན་དཔེས་བརྒྱན་པའི་སྐུས་འདུལ་མཛད། །འགྲོ་དྲུག་རྒྱུད་དག་མ་དག་ལ། །བདག་པོ་དེ་ཉིད་དག་པ་དང་། །མ་དག་སྤྲུལ་པ་རྒྱ་ཆེར་ཤར། །བསམ་མི་ཁྱབ་པས་འདུལ་བར་མཛད། །ཅེས་སོ། །དེ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་ཆོས་ཉིད་ཇི་བཞིན་པའི་དེ་ཁོ་ན་ཉིད་དུ་གནས་པ་ནི་ངོ་བོ་ཡིན་ལ། དེ་ཉིད་གནས་ལུགས་ཇི་ལྟ་བར་མངོན་དུ་མཛད་པའི་ཕྱིར་རང་སྣང་རིག་པའི་མངོན་སུམ་དུ་སྐུ་བཞི་པོ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་པས་ངོ་བོ་ལ་དབྱེར་མེད་ཆེན་པོར་མཉམ་པ་ཉིད་དོ། །དེ་ལྟར་ཡང་སྔ་མ་ལས། ངོ་བོ་མཚན་མའི་སྐུ་ལས་འདས། །ཀུན་གྱི་གཞི་རྩ་སྙིང་པོའི་སྐུ། །བདེ་ཆེན་ངོས་མེད་ཉི་འོད་ཤར། །ཡེ་ཤེས་མཆོག་སྐུ་མེད་ལས་འདས། །ཡོད་པའང་ཡོད་མེད་ལས་འདས་སོ། །ཞེས་སོ། །གཉིས་པ་ནི། རང་གསལ་མི་རྟོག་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྒྲིབ་བྱེད་མེད་པར་རང་གསལ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད། སྣང་བའི་ཡུལ་དུ་མེད་པར་ཆོས་ཉིད་ཀྱི་ངང་དུ་མཁྱེན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ཡེ་ཤེས་གསང་བ་ལས། བྱང་ཆུབ་སེམས་འདི་ཀུན་ཏུ་བཟང་། །མ་ལུས་འདུས་པའི་སྙིང་པོའི་མཆོག །ཐེག་པ་མཁའ་འདྲ་ལྟ་བའི་ཀློང་། །རྒྱ་ཆེ་ཡངས་པ་བདེ་བ་ཆེ། །ཀུན་འདུས་ཡེ་ཤེས་དག་པའི་འོད། །ཕྱོགས་མཚམས་ཀུན་ཏུ་གསལ་བར་འགྲོ། །ཡེ་ཤེས་མེ་ལོང་ཐམས་ཅད་གསལ། །མ་བཅོས་གཟུགས་བརྙན་སྣང་བས་ན། །ཡེ་ཤེས་མེ་ལོང་དག་ཏུ་བཤད། །ཅེས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་འདིར་བཟང་ངན་དང་ཆེ་ཆུང་མེད་པར་མཉམ་པའི་སྟོང་གསལ་དུ་མཁྱེན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རང་རིག་ཡེ་ཤེས་འོད་གསལ་ལ། །མཐོ་དམན་རློམ་སེམས་ཆེ་ཆུང་མེད། །བདག་གཞན་གཉིས་མེད་རང་རིག་པས། །འཛིན་པ་ཀུན་བྲལ་འོད་གསལ་དག །དབྱེར་མེད་ནམ་མཁའ་ལྟ་བུར་ཁྱབ། །སྣང་སྲིད་བྱང་ཆུབ་སེམས་སུ་མཉམ། །མཉམ་པའི་རང་གསལ་ཕྱོགས་བཅུར་བརྡས། །འོད་གསལ་རིག་པ་མཉམ་པར་བཤད་། །ཅེས་སོ། །དེ་བཞིན་དུ་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་མཚོན་ཚུལ་ནས་མ་འདྲེས་ལ་ཡེ་ཤེས་ཀྱི་ངང་དུ་ཡོངས་སུ་རྫོགས་པར་མཁྱེན་པས་རྒྱལ་བའི་ཐུགས་ཀུན་གྱི་བདག་ཉིད་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །གཉིས་མེད་རིག་པ་ཀར་དག་ལ། །ཡེ་ཤེས་རོལ་པ་མ་འདྲེས་གསལ། །ཀུན་བཟང་ཆོས་ཉིད་སྤྲོས་མེད་ལ། །རོལ་པའི་འཁོར་ལོ་བསམ་མི་ཁྱབ། །འདུ་ཞིང་འཕྲོ་བ་རྒྱ་མཚོ་བཞིན། །འབར་བའི་ཡེ་ཤེས་རྨད་པོ་ཆེ། །རང་གསལ་རིག་པ་ཀུན་མཁྱེན་ཐུགས། །མཉམ་ལ་མ་འདྲེས་ཀུན་ཏུ་བཟང་། །མ་འདྲེས་གསལ་བའི་ཡེ་ཤེས་སོ། །ཞེས་སོ། །དེ་བཞིན་དུ་རྩོལ་བས་མ་བྱས་པར་བདག་གཞན་གྱི་དོན་དུ་བྱ་བ་ཀུན་རྫོགས་པར་སྒྲུབ་པས་ཐུགས་རྗེའི་རྣམ་པ་རང་ཤར་བའི་མཁྱེན་པ་ནི། བྱ་བ་གྲུབ་པའི་ཡེ་ཤེས་ཏེ། །མི་མདའ་ཕྱག་རྒྱ་ཆེན་པོ་ལ། །རང་བྱུང་མཛད་པ་ཅིར་ཡང་འགྱུར། །ལྷུན་གྲུབ་མཛད་པ་ཕྱོགས་རིས་མེད། །ཀུན་གྱི་སྙིང་པོ་རང་བྱུང་ལ། །ཐུགས་རྗེ་ལྷུན་གྲུབ་ཤར་གྱུར་ནས། །གདུལ་བྱའི་བྱ་བ་ཀུན་མཛད་གསལ། །དེས་ན་བྱ་བ་ནན་ཏན་ནོ། །ཞེས་སོ། །དགོངས་པ་དེ་དག་ཀུན་ཀྱང་མུ་མཐའི་ཕྱོགས་རིས་ཐམས་ཅད་རང་སར་གྲོལ་ནས་གསལ་ཁྱབ་དབྱིངས་ཀྱི་ཐིག་ལེར་ལྷུན་གྱིས་རྫོགས་པས་ཀུན་འདུས་ཆོས་ཉིད་དབྱིངས་ཀྱི་ངོ་བོར་མ་བཅོས་འོད་གསལ་དུ་མཁྱེན་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། བཅོས་མེད་དབྱིངས་ཀྱི་རང་བཞིན་ལ། །འཛིན་རྟོག་ཞེན་པའི་ཆོས་མེད་པས། །མི་འགྱུར་ཡེ་ཤེས་རང་བྱུང་ལ། །བདེན་པར་མི་འཛིན་རྫུན་པའང་མིན། །འཛིན་མེད་རིག་པ་གཉིས་བྲལ་ལ། །གང་ཡང་མི་སྣང་ཀུན་ཏུ་བཟང་། །ཆོས་ཉིད་སེམས་ལ་དངོས་མེད་གསལ། །སྟོང་པ་ཀུན་མཁྱེན་ཡེ་ཤེས་ཐུགས། །དངོས་མེད་ཀུན་ལྡན་སྟོང་ཆེན་པོ། །འཛིན་མེད་རིག་པ་འོད་གསལ་བས། །སྟོང་ཉིད་ཡེ་ཤེས་དག་ཏུ་བཤད། །ཅེས་སོ། །དེ་ལྟར་ཡེ་ཤེས་ལྔ་པོ་ཡུལ་མེད་རང་གསལ་རང་རིག་གདོད་མའི་མགོན་པོ་བྱང་སེམས་ཐིག་ལེ་ཉག་གཅིག་གི་ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ཞེས་མིང་དུ་གདགས་པའི་གཞི་ཅན་ཉིད་ཡིན་ཏེ། སྔ་མ་ལས། རང་གསལ་ཡེ་ནས་མ་བཅོས་པ། །དོན་དེ་ཤེས་པས་ཡེ་ཤེས་ཡིན། །ཆོས་ཉིད་ཀ་དག་འོད་གསལ་སེམས། །དོན་དེ་ཤེས་པས་ཡེ་ཤེས་ཡིན། །མ་འགགས་རང་རིག་རྒྱུ་མེད་གསལ། །རང་བྱུང་ཡེ་ཤེས་འགྱུར་མེད་སེམས། །འོད་གསལ་བསམ་གྱིས་མི་ཁྱབ་པར། །ཀུན་བཟང་རོལ་པ་མཐའ་དབུས་མེད། །མི་རྩོལ་མཐའ་བྲལ་དབུ་མའི་སེམས། །མཚོན་འདས་རང་རིག་ཞེན་རྟོག་མེད། །གཉིས་མེད་རང་རིག་ཡུལ་དང་བྲལ། །ཞེས་དང་། རང་བྱུང་ཡེ་ཤེས་ཉག་གཅིག་ལ། །ཡོན་ཏན་ཆ་རེས་དུ་མར་བགྲངས། །རང་རིག་ཉིད་ལ་ཡུལ་མེད་པས། །ཡུལ་གྱིས་བསྐྱེད་པའི་ཡེ་ཤེས་མིན། །རང་བྱུང་ཉིད་ལ་རྒྱུ་མེད་པས། །རྒྱུ་ཡིས་བསྐྱེད་པའི་ཡེ་ཤེས་མིན། །ལྷུན་གྲུབ་ཉིད་ལ་རྩོལ་མེད་པས། །རྩོལ་བས་བསྐྱེད་པའི་ཡེ་ཤེས་མིན། །ཞེས་སོ། །གསུམ་ནི། ཐམས་ཅད་རྫོགས་པས་སོགས་ཚིགས་སུ་བཅད་པ་བྱེད་དང་གསུམ་གྱིས་བསྟན་ཏེ། དེ་ཡང་ཚོགས་བརྒྱད་ཡུལ་དང་བཅས་པ་ཐམས་ཅད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་མ་འདྲེས་ལ་ཡོངས་སུ་རྫོགས་པས་ཉན་ཐོས་ལྟར་སྤངས་པ་དང་རང་རྒྱལ་ལྟར་བཀག་པ་དང་བྱང་སེམས་ལྟར་སྦྱངས་པ་རྣམས་དང་བྲལ་ཏེ་མངོན་སུམ་སངས་རྒྱས་པར་རྟོགས་ཏེ། སྤང་འགེགས་སྦྱོང་བའི་རྩོལ་བ་མེད་པས་བདེ་བ་ཆེན་པོ་དེ་ཉིད་ཤིན་ཏུ་རྣལ་འབྱོར་ལ་རྫོགས་པས་ན་མཚན་ཉིད་སྡེ་གསུམ་ལས་འཕགས་པའི་ཁྱད་པར་གྱི་ཆེ་བ་བླ་ན་མེད་པ་སྟེ། སྔ་མ་ལས། མངོན་པར་སངས་རྒྱས་ཆེ་བ་ལ། །ཡེ་ཤེས་ཐིག་ལེ་ཀུན་ཏུ་གསལ། །ཞེས་སོ། །རྒྱུ་རྐྱེན་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་སྤྲོས་བྲལ་གྱི་ངང་དུ་རོ་གཅིག་པ་ཡིན་པས་རྒྱུ་དབྱིངས་དང་འབྲས་བུ་ཡེ་ཤེས་ཀྱི་མཚན་ཉིད་དང་བྲལ་བས་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པར་རྟོགས་ཏེ་རྒྱུ་འབྲས་ཀྱི་རྩོལ་བ་མེད་པས་བདེ་བ་ཆེན་པོ་ཉིད་དེ། གང་ལས་ཆེ་ན་ཡོངས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་ལས་འཕགས་པའི་རྫོགས་པ་ཆེན་པོའི་ཆེ་བ་རྨད་དུ་བྱུང་བ་སྟེ། རྣམ་གསུམ་ཀུན་བཟང་ཐིག་ལེ་ཉིད། །ཆོས་ཉིད་དབྱིངས་སུ་སངས་རྒྱས་ཆེ། །ཞེས་སོ། །དེ་བཞིན་དུ་སྣང་སྟོང་གཉིས་སུ་དབྱེ་བ་མེད་པས་གཉིས་ཀྱི་ཐ་སྙད་འདོགས་པའི་གཞི་མེད་ལ། ཕྱོགས་རིས་ལས་གྲོལ་བས་གཉིས་སུ་མེད་པའང་མིན་ཏེ། གཉིས་དང་གཉིས་མེད་ཀྱི་སྤྲོས་པ་དེ་ཉིད་དང་བྲལ་བས་བདག་ཉིད་ཆེན་པོ་སངས་རྒྱས་པར་རྟོགས་ཏེ། ཚུལ་ངན་གྱི་རྩོལ་བ་མེད་པས་བདེ་བ་ཆེན་པོ་ཉིད་དེ། གང་ལས་ཆེ་ན་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་ལས་འཕགས་པའི་ཆེ་བ་ཟླ་དང་བྲལ་ཏེ། རྩོལ་བྲལ་ལྷུན་གྲུབ་ཐིག་ལེ་ནི། །བདག་ཉིད་ཆེ་བའི་སངས་རྒྱས་ཡིན། །ཞེས་སོ། །བླང་བ་དང་དོར་བ་འདི་ཡིན་དང་འདི་མིན་གྱི་ཕྱོགས་ཆ་ཐམས་ཅད་དང་བྲལ་བས་དོར་བ་དེ་ཉིད་བླང་བྱ་དེ་ཁོ་ན་ཡིན་པས་སངས་རྒྱས་ཏེ་བླང་དོར་གྱི་རྩོལ་བ་མེད་པར་རྟོགས་པས་བདེ་བ་ཆེན་པོ་ཉིད་དེ། གང་ལས་ཆེ་ན་སེམས་དཔའ་ཡི་རྣལ་འབྱོར་སྔགས་ཕྱི་པ་ལས་འཕགས་པའི་ཆེ་བ་ཕུལ་དུ་བྱུང་བ་སྟེ། ཀུན་བཟང་ཐིག་ལེ་བྱང་ཆུབ་སེམས། །ཐམས་ཅད་ཡིན་པའི་ཆེ་བ་ཉིད། །ཅེས་སོ། །དེ་དག་ཐམས་ཅད་ཀྱང་དགོས་པའི་དབང་གིས་མིང་དུ་བཏགས་པ་ཙམ་སྟེ་དགོངས་གཞི་རྨོངས་པ་ལ་དོན་མཚོན་པ་ཅན་ཡིན་པའི་ཕྱིར་ན། སངས་རྒྱས་ཞེས་བླ་དགས་སུ་བཏགས་པའི་ཐ་སྙད་རང་གྲོལ་བ་ཙམ་དུ་རྟོགས་པ་ནི་སངས་རྒྱས་མེད་པའི་ཆེ་བ་རང་བྱུང་གི་ཡེ་ཤེས་ཉི་མ་བྱེ་བའི་རང་འོད་སྒྲིབ་མེད་དུ་བརྡལ་ཡང་བྱ་བྱེད་ཡེ་ནས་གྲོལ་བས་རྩེ་མོའི་ཡང་ཏོག་ཏུ་ཕེབས་ཏེ་ཐ་སྙད་ཀུན་ལས་འདས་པ་སྟེ། སྔ་མ་ལས། མཐའ་བྲལ་འོད་གསལ་ཆེན་པོ་ནི། །སངས་རྒྱས་མེད་པའི་ཆེ་བར་བཤད། །ཅེས་དང་། ལ་ཤན་ལྟ་བའི་མེ་ལོང་ལས། །རང་བྱུང་ཡེ་ཤེས་མངོན་བྱས་པའི། །ཉི་མ་བྱེ་བའི་འོད་བརྡལ་ཡང་། །དུས་དང་རྣམ་པ་ཐམས་ཅད་དུ། །སངས་མ་རྒྱས་པར་བྱ་བྱེད་པའི། །ཆོས་ནི་རྡུལ་ཙམ་ཡོད་མིན་པས། །སངས་རྒྱས་མེད་པའི་ཆེ་བར་གསུངས། །ཞེས་སོ། །ལེའུའི་མཚན་ནི། རིན་པོ་ཆེ་གཏེར་གཏད་པ་ལས། ངོ་བོ་སྐུ། དགོངས་པ་ཡེ་ཤེས། ཁྱད་པར་དུ་འཕགས་པའི་ཆེ་བ་རྣམས་བསྟན་པའི་ལེའུ་སྟེ་སྐབས་ལྔ་པ་ཉིད་རྣམ་པར་བཤད་པའོ།། །།རྩ་བའི་གསུམ་པ་འབྱུང་བའི་དུས་བསྟན་ཏེ་གཏད་རྒྱ་མཛད་པ་ལ། འབྱུང་དུས་ལ་བབ་ཚུལ་ངོས་བཟུང་བ། མན་ངག་གི་རྒྱལ་པོའི་བཀའ་གཏད་མཛད་པ་གཉིས་ལས། དང་པོ་ནི། རང་གནས་གཏེར་ཆེན་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ལྟར་རང་ལ་ཡེ་ནས་གནས་པའི་གཏེར་ཆེན་པོ་རང་གིས་མ་ནོར་བར་རྙེད་པའི་ཐབས་མཆོག་དམ་པ་འདི་ནི། རང་གནས་ཀྱི་གཏེར་དེ་ཡང་གདོད་མ་ནས་རང་དང་མ་བྲལ་བར་གནས་པ་ཡིན་ཀྱང་རང་ངོ་རང་གིས་མ་ཤེས་པས་དབུལ་བར་གྱུར་པ་ལ། རང་ངོ་ཇི་བཞིན་དུ་ཤེས་པར་བྱེད་པའི་ཐབས་ཀྱི་རྒྱལ་པོ་མཚུངས་པ་མེད་པའི་རྩེ་མོ་སྟེ། ཡེ་ཤེས་རྫོགས་པ་ལས། རིམ་འཇུག་བློ་ཡི་ཐེག་པ་རྣམས། །འདྲེན་པའི་སྐུ་ཡིས་དྲང་དོན་བསྟན། །ངེས་པའི་ཐེག་གཅིག་སྙིང་པོ་ལ། །འདོད་པའི་ཡན་ལག་ཀུན་དང་བྲལ། །མ་ལུས་བསྟན་པའི་རྣམ་པ་ཀུན། །ཡེ་ཤེས་རིག་པའི་མཁས་ལ་རྫོགས། །ཞེས་གསུངས་པ་བཞིན་དུ་ཤཱཀྱའི་རིགས་ཐམས་ཅད་སྒྱུ་རྩལ་སྣ་ཚོགས་པའི་སྟོབས་ཀྱིས་ཐུབ་པར་མཛད་པའི་སྟོན་པ་ཤཱཀྱའི་དབང་པོས་དགོངས་པས་ཞེས་དྲང་དོན་དགོངས་པ་ཅན་གྱིས་དྲངས་ཏེ་ཐེག་པ་སྣ་ཚོགས་ཀྱི་དོན་རྣམས་རྫོགས་པའི་རྗེས་སུ། ཇི་སྐད་དུ། བརྒྱུད་པའི་ལུང་བྱང་ལས། ཉོན་མོངས་རྒྱུད་དྲག་མོས་མཐུ་ཞན། །ལས་ཀྱི་ཚེ་ཐུང་བཀའ་དོན་ཏོན། །བསྟན་སྙིགས་གྲུབ་མཐའ་ངན་པས་བསྒྱུར། །གཉེན་པོས་མི་ནོན་སྒྲུབ་བརྩོན་ཞན། །དེ་ཚེ་རིག་པ་རྣམ་སྟོང་ཤར། །ཞེས་གསུངས་པ་ལྟར་ཉོན་མོངས་པའི་རྒྱུད་དྲག་པར་བྱུང་བ་དང་། དད་པ་དང་མོས་པའི་མཐུ་ཞེན་པ་དང་། ལས་ངན་པའི་སྟོབས་ཀྱིས་ཚེ་ཐུང་བ་དང་། ངེས་པའི་བཀའ་ཡི་དོན་ལ་རྟོན་པ་དང་། བསྟན་པའི་སྙིགས་མ་ལ་བབ་པ་དང་། གྲུབ་མཐའ་ངན་པས་བསྒྱུར་བ་དང་དྲུག་ནི་འབྱུང་བའི་དུས་གསུངས་ཏེ། རིན་པོ་ཆེ་རྒྱན་ལས། འབྱུང་བའི་དུས་དྲུག་གསུངས་པ་ལས། །བསྟན་པའི་སྙིགས་མ་གྲུབ་མཐའ་ངན། །ལོག་རྟོག་མང་དུས་བྲམ་ཟེའོ། །དད་མེད་བཀའ་ཡི་དོན་ལ་རྟོན། །ཉོན་མོངས་རྒྱུད་དྲག་རྒྱལ་པོས་བསྡུས། །མན་ངག་སྤྱིར་གཅེས་ཚེ་འཐུང་བས། །དྲོན་ཚོགས་ཆུང་བར་བསྟན་པ་ཡིན། །ཀུན་ལ་ཐམས་ཅད་འཇུག་པའོ། །ཞེས་སོ། །དེ་ཡང་ཉོན་མོངས་པའི་རྒྱུད་དྲག་པས་བྱམས་པ་ལ་སོགས་པའི་གཉེན་པོས་ཞེས་གཉེན་པོས་ཕྱོགས་གཅིག་ཏུ་གྱུར་པས་མི་ནོན་ཅིང་། མོས་པའི་མཐུ་དམན་པས་སྒྲུབ་པ་ལ་བརྩོན་འགྲུས་ཞན་པ་ཅན་གྱིས་རིགས་དང་ལྡན་པ་དེ་དག་ཡང་སྤྲུལ་ཐུགས་སྲས་ཆེན་པོའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་གྱིས་མཐོང་བའམ་གཟིགས་ནས། སྤྱིར་རྫོགས་པ་ཆེན་པོའི་བཀའ་ཐམས་ཅད་བསྡུས་ཤིང་། དེ་དག་གི་དགོངས་འགྲེལ་དང་གསལ་བྱེད་ཀྱི་གདམས་པ་མང་པོས་ཀུན་ནས་རྒྱས་པར་མཛད་ལ། བྱེ་བྲག་ཏུ་རྩོལ་བ་དང་བྲལ་བར་རང་རིག་བདེ་བ་ཆེན་པོ་མངོན་སུམ་དུ་རྟོགས་པར་བྱེད་པའི་ཐབས་ཀུན་གྱི་མཐར་ཐུག་པ། མན་ངག་འཕྲུལ་གྱི་མེ་ལོང་གི་རྩ་བ་འདི་ཉིད་ཀྱང་བཀའ་སྩལ་བར་མཛད་པ་ཡིན་ནོ། །གཉིས་པ་ནི། སྐུ་གསུམ་དགོངས་པ་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཐམས་ཅད་ཐེག་པ་ཀུན་གྱི་མཐར་ཐུག་པའི་སྙིང་པོ་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་མཁྱེན་པའི་དགོངས་པ་དང་ཐུགས་ཀྱི་གསང་བཅུད་ཕྱུང་བའི་བདུད་རྩིའི་ཉིང་ཁུ་དེ་ཉིད་འཐུངས་པས་བྱང་ཆུབ་ཆེན་པོའི་ཆུ་ཡིས་ཐུགས་རྒྱུད་བརླན་ཞིང་། གཞན་ཕན་གྱིས་སྨོན་ལམ་བཏབ་པའི་ནུས་མཐུ་དྲག་པོས་བླ་ན་མེད་པའི་བྱང་ཆུབ་ཀྱི་མྱུ་གུ་རྒྱས་ཏེ་སྨིན་པར་གྱུར་པ་ན། ཐུགས་རྗེས་གཟུང་བའི་ཡུལ་ངན་པ་འགྲོ་བ་རིགས་དྲུག་ལ་སེམས་གཏིང་ནས་འཕྲོགས་པའི་བརྩེ་བས་དགོངས་ཏེ། སྟོན་པ་རང་ཉིད་དང་རིགས་རྒྱུད་མཐུན་པ་འགའ་ཙམ་བྱུང་བ་ལ་ཐུགས་རྗེའི་འོད་ཟེར་སྤྲོས་ནས་རྣམ་གྲོལ་མཆོག་གི་ལམ་ལ་འཇུག་པའི་ཐབས་ཀྱི་གདམས་པ་སྟོན་པའི་ཐུགས་ཀྱི་བསམ་པ་མཆོག་ཏུ་གྱུར་པ་བསྐྱེད་ནས་གསུངས་པར་མཛད་པ་སྟེ། སྒོམ་པའི་ཀློང་ལས། འགྲོ་རྣམས་སྐྱེ་བཞིའི་སྡུག་བསྔལ་དྲྭ་བར་རྟག་ཏུ་འཇུག་པ་ཆུ་རྒྱུན་དེ། འབྱུང་བའི་རྒྱུ་ནི་མ་རིག་བདག་ལྟ་ཉོན་མོངས་ལས་ཀྱི་འཁོར་ལོ་སྟེ། བདེ་བ་འཇོམས་པའི་དགྲ་ལས་རྒྱལ་མཛད་སྐུ་གསུམ་བརྒྱུད་པའི་བཀའ་ལ་བརྟེན། གདམས་པ་འདི་ཡིས་ཡིད་ཀྱི་མུན་པ་བསལ་ནས་ཡེ་ཤེས་རྒྱལ་མཚན་ཚུགས། འཇམ་དབྱངས་བྱིན་བརླབས་བུ་དང་བདག་དང་རིགས་མཐུན་སྐལ་ལྡན་མོས་འཇུག་རྣམས། འདི་ལ་ནན་ཏན་ཆེར་གྱི་དད་བརྩོན་དམ་ཚིག་ཡོད་སེམས་ལ་ཐུམས། ཞེས་གསུངས་པ་ལྟར་བཀའ་ལུང་ཐམས་ཅད་ཀྱི་སྙིང་པོ་རིན་ཆེན་སྣང་བའི་མན་ངག་དམ་པ་འདི་ཉིད་ཐ་སྙད་ཀྱི་རྣམ་གྲངས་སྤྲོས་ཏེ་རྒྱས་པར་ཟེར་བའི་བརྗོད་པ་མང་པོ་སྤངས་ཏེ་དོན་གྱི་གནད་རྣམས་འདུས་པར་ཚིག་ཚོགས་ཉུང་དུར་དྲིལ་ནས། ལྷག་པའི་ལྷ་མཆོག་འཇམ་པའི་དབྱངས་ཀྱི་བྱིན་གྱིས་བརླབས་པ་ཉིད་ཀྱི་ཐུགས་སྲས་མཆོག་གི་བུ་ལ་བཀའ་འདི་གཏད་པ་ཡིན་པས། ཁྱེད་ཀྱིས་རང་དང་རིགས་མཐུན་པའི་སྐལ་བ་དང་ལྡན་པ་འགའ་དང་འགའ་ཙམ་བྱུང་བ་རྣམ་ལ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཡི་དགོངས་པ་གསང་བ་ཆེན་པོ་དེ་ཉིད་རང་གྲོལ་བའི་གདམས་ངག་གིས་སྐབས་ཕྱེ་ལ་བརྡ་སྤྲད་དེ། བརྡ་དོན་ཐམས་ཅད་ཕྱོགས་རིས་ལས་གྲོལ་བ་རྒྱས་གདབ་ཅིང་། རྣམ་རྟོག་གི་སྤྲོས་པ་རྣམས་ཐིག་ལེས་ཞེས་ཐིག་ལེ་དྲུག་གི་གཅད་པ་དང་། ཆེ་བ་ལྔས་ཁྱད་པར་དུ་དཔགས་པར་བསྟན་ཏེ་དགྲོལ་བར་མཛད་པ་ལ་རེམས་ཤིང་། དེ་ལྟར་རང་ལ་གནས་པའི་གཏེར་ཆེན་པོ་རང་ཉིད་ལ་མངོན་སུམ་དུ་གཏད་པར་བྱེད་དོ་རིགས་ཀྱི་བུ་མཆོག་ཀྱེ་ཞེས་བོས་ནས་ལེགས་པར་ཆོངས་ཤིག་ཅེས་བཀའ་སྩལ་ཏེ། བྲམ་ཟེར་སྙིང་པོ་གྲུབ་པ་པཎ་ཆེན་འཇམ་དཔལ་བཤེས་གཉེན་ལ་གཏད་རྒྱ་མཛད་པའོ། །དེ་ལྟར་གསུངས་པ་རྣམས་ཀྱི་དོན་ཅུང་ཟད་སྤྲོས་ཏེ་བཤད་ན། འབྲས་བུའི་ཀློང་ལས། ཤིན་ཏུ་རྣལ་མའི་ཡེ་ཤེས་ལ། །སེམས་མེད་གནས་པའི་རང་བཞིན་ནི། །སྤྲོས་པ་ཀུན་བྲལ་དེ་མཁྱེན་པའི། །ཡེ་ཤེས་མཚན་ཉིད་རང་རིག་གསལ། །དེ་འོད་རྣམ་པ་ཅི་ཡང་ཤར། །དབྱེར་མེད་ཀུན་བྲལ་ཇི་མ་སྤངས། །རང་བཞིན་ཅིས་ཀྱང་སྟོང་པས་ཡོད་པའི་མཐའ་ལས་འདས། །དེ་མཁྱེན་ཐམས་ཅད་རྫོགས་པས་མེད་པའི་མཐའ་ལས་འདས། །མཚན་ཉིད་ཐ་དད་བྲལ་བས་གཉིས་ཀྱི་མཐའ་ལས་འདས། །གཉིས་མེད་ངོས་བྲལ་རོལ་བས་དེར་འཛིན་ངང་ལས་འདས། །ཀུན་བྲལ་ཇི་མ་སྤངས་པས་ཀུན་མཁྱེན་སྟོང་ཉིད་རྫོགས། །ཡེ་ཤེས་ཡོད་མེད་མཐའ་ལས་འདས་པར་བཞུགས། །ཀུན་མཁྱེན་གསལ་བས་ཡེ་ཤེས་ལྷག་ཆད་མེད། །སྤྲོས་དངབྲལ་བས་ཆོས་དབྱིངས་ལྷག་ཆད་མེད། །ངོ་བོ་མ་འདྲེས་བདེན་གཉིས་ལྷག་ཆད་མེད། །རང་བཞིན་དབྱེར་མེད་མཉམ་ཉིད་ལྷག་ཆད་མེད། །ཐམས་ཅད་ལྷུན་གྲུབ་རོལ་པ་ལྷག་ཆད་མེད། །རྒྱ་མ་ཆད་པས་ཀ་དག་ལྷག་ཆད་མེད། །དེ་ལྟར་མཁྱེན་ལ་ངེས་མེད་རོལ་པར་ཤར། །མ་བཅོས་ལྷུན་གནས་ཡེ་ཤེས་བདེ་ཆེན་ཡིན། །ལྷག་མ་མེད་པར་རྫོགས་པ་ཆེན་པོ་ཡིན། །རང་གྲོལ་རྒྱས་གདབ་སྤྲོས་བཅད་ཁྱད་པར་འཕགས། །ཞེས་གསུངས་པས། དང་པོ་རང་གྲོལ་ཆེན་པོའི་མན་ངག་གིས་སྐབས་འབྱེད་པ་ལ་རྒྱས་པར་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས་སྐབས་ཉི་ཤུ་རྩ་བདུན་གྱིས་བསྟན་པ་ལྟར་ཤེས་དགོས་ཀྱང་། མདོར་བསྡུ་ན་གོང་དུ་གསལ་བར་བསྟན་པའི་བརྡ་དོན་བཞིན་དུ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས། མཚན་མ་སྤྲོས་པ་གཟུང་འཛིན་ལ། །གཉེན་པོས་མི་དགག་ཐུག་ཕྲད་མོད། །སྤྲུལ་རྫོགས་ཆོས་སྐུ་མ་འདྲེས་གསལ། །བཙལ་བས་བསྣམ་མེད་ལྷུན་གནས་ཉིད། །ཅེས་གསུངས་པ་ལྟར་སྒོ་ལྔའི་རྣམ་པར་ཤེས་པས་ཡུལ་ལྔ་ལ་མཚན་མར་རྟོག་སྟེ་རང་ཡུལ་སོ་སོར་གཅོད་པ་དང་། ཉོན་ཡིད་ཀྱིས་ཀུན་གཞི་ལ་དམིགས་ཏེ་ངར་འཛིན་པས་གཟུང་འཛིན་གྱི་བདག་ཉིད་ཅན་དང་། ཡིད་ཀྱི་རྣམ་ཤེས་ནི་དེ་གཉིས་དང་རང་རིགས་སྔ་མའི་རྗེས་སུ་ངར་འཇུག་ལ་ཁྱད་པར་དུ་དེ་དག་དང་སྔ་ཕྱིའི་མིང་ལ་རྟོག་སྟེ་སྤྲོས་པ་སྣ་ཚོགས་པར་ཀུན་ནས་འབྲང་བར་བྱས་པས་གཉུག་མ་དོན་གྱི་ཀུན་གཞི་འཁྲུལ་པའི་བག་ཆགས་ཀྱི་བསླད་དེ་གནས་པ་ལ། མན་ངག་འདི་ཡིས་སྒོ་ལྔའི་མཚན་མའི་ཡུལ་སྣང་དེ་ཉིད་རྣམ་པ་སྒྱུ་མ་ལྷུན་གྲུབ་ཏུ་ངོ་སྤྲོད་པས་ཐུགས་རྗེ་སྤྲུལ་པའི་རྣམ་པར་རོལ་ཏེ་སྤྲུལ་སྐུ་ཐུགས་ཕྲད་དུ་རང་སྣང་བར་རྟོགས་ནས་རང་གདངས་འོད་གསལ་དུ་གྲོལ་ཞིང་། དེ་ཉིད་རང་གསལ་དུ་མཁྱེན་པའི་རིག་ཆ་དེ་ཉིད་མཚན་ཉིད་རང་རིག་ལྷུན་གྲུབ་ཏུ་ངོ་སྤྲད་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཀུན་ལ་ཆགས་མེད་བདེ་བ་ཆེན་པོར་ལོངས་སྤྱོད་ཅིང་དོན་གྱི་ངང་ལ་ཐུག་ཕྲད་དུ་རྫོགས་པའི་སྐུར་གྲོལ་ལ། སྔ་ཕྱི་ཀུན་ཏུ་རྟོག་ཅིང་རང་རིགས་སྔ་མ་དང་ཕྱི་ནང་ཀུན་གྱི་རྗེས་སུ་མིང་ལ་བརྟེན་ནས་འབྲང་བའི་ཡིད་ཀྱི་སྤྲོས་བྲལ་ལྷུན་གྲུབ་ཏུ་ངོ་སྤྲད་པས་མཐའ་དབུས་གང་ལའང་མི་གནས་པར་ཞེན་བསམ་རྣམ་པར་དག་པ་ཉིད་དམིགས་མེད་ཆོས་ཀྱི་སྐུར་ཐུག་ཕྲད་དུ་རང་གྲོལ་བས་མཐོང་བས། མཚོན་ཚུལ་ནས་སྐུ་གསུམ་དུ་མ་འདྲེས་ཀྱང་ངོ་བོ་ཡོངས་རྫོགས་དབྱེར་མེད་དུ་ལྷུན་གྱིས་གྲུབ་པས་གསལ་སྟོང་རིག་པའི་ཡེ་ཤེས་ཀུན་བཟང་ཐིག་ལེ་ཉག་གཅིག་ལྷུན་གནས་བདེ་བ་ཆེན་པོ་ཡུལ་མེད་རང་གསལ་དུ་མཐོང་བའི་ངང་དེར། སོ་སོ་སྐྱེ་བོ་ལྟར་རང་རྟོག་གིས་མ་བསླད། མུ་སྟེགས་ལྟར་ཉིད་རྐྱེན་གྱིས་མ་བཅོས། ཉན་ཐོས་ལྟར་གཉེན་པོས་མ་སྤངས། རང་རྒྱལ་ལྟར་རྒྱུ་ནས་མ་བགག །བྱང་སེམས་ལྟར་ཆོས་ཉིད་དུ་མ་སྦྱངས། སྔགས་ཕྱི་པ་ལྟར་ལྷ་རུ་མ་བསྒྱུར། མ་ཧཱ་ལྟར་རྩོལ་བས་མ་བརྩལ། ཨ་ནུ་ལྟར་རྒྱུ་ཡིས་མ་བསྐྱེད་པར་ཤེས་པ་གསུམ་ལྷུན་གྲུབ་གསུམ་གྱི་ངོ་བོ་ཉིད་དུ་རང་གྲོལ་བར་རྟོགས་པ་ནི། རང་གྲོལ་ཆེན་པོའི་གདམས་ངག་གིས་སྐབས་ཕྱེ་བའི་དོན་མཆོག་རབ་ཏུ་གསང་བ་ཡིན་ཏེ། སྔ་མ་ལས། ཡུལ་ལ་མཚན་མར་རྟོག་དང་ངར་འཛིན་ཅན། །རྗེས་སུ་མིང་ལ་སྤྲོས་པར་འབྲང་བར་བསླད། །དེ་ཉིད་སྤྲུལ་པར་རོལ་བས་དེ་མཁྱེན་པའི། །ཡེ་ཤེས་ཀུན་ལ་བདེ་བར་ལོངས་སྤྱོད་རྫོགས། །དེ་ཉིད་རྣམ་དག་དམིགས་མེད་ཆོས་སྐུར་གྲོལ། །སྐུ་གསུམ་ལྷུན་གྲུབ་ཀུན་བཟང་ཉག་གཅིག་པོ། །མ་བསླད་མ་བཅོས་མ་སྤངས་མ་བཀག་ཅིང་། །མ་སྦྱངས་མ་བསྒྱུར་མ་བརྩལ་མ་བསྐྱེད་གྲོལ། །ཞེས་སོ། །དེ་ལྟར་འགག་མེད་རང་གྲོལ་གྱི་ཐིག་ལེ་ཆེན་པོའི་ངོ་བོ་ནི། མུ་ཏིག་ཕྲེང་བ་ལས། གཞི་སྣང་ཆེན་པོ་དེ་ཉིད་ལ། །མ་རིག་པ་ཞེས་བརྟག་མེད་པས། །འཁྲུལ་བར་གྲུབ་པ་ཡོད་མ་ཡིན། །བློ་ཞེས་ཀུན་ཏུ་མ་བརྟགས་པས། །དྲི་མ་འཁྲུལ་བའི་མིང་ཡང་མེད། །མིང་དང་ཡི་གེའི་ཚོགས་མེད་པས། །བཏགས་པའི་འཁྲུལ་པ་ཡོད་མ་ཡིན། །ཆོས་ཞེས་མིང་དུ་མ་གྲགས་པས། །བློ་བཏགས་འཁྲུལ་པ་མི་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་པ་ངང་གི་མེད། །ཕྲ་རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་པ་ངང་གིས་མེད། །བྱ་དང་བྱེད་པ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་བ་ག་ལ་ཡོད། །ཡུལ་དང་དབང་པོ་གཉིས་མེད་པས། །གཟུང་འཛིན་འཁྲུལ་བ་མེད་པའོ། །ཞེས་དང་། གསལ་བ་མངོན་གནས་བརྗིད་རེ་ཆེ། །སྣང་བ་ཉིད་ནི་ལྷུན་རེ་སྡུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་སྦུབས་རེ་ཡངས། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །ཐུགས་རྗེ་ཀུན་འབྱུང་སྐྱེད་རེ་ཆེ། །ཁྱབ་པ་ཡེ་གདངས་བཀྲག་རེ་གསལ། །གནས་པ་ཐོགས་མེད་བར་རེ་མགྱོགས། །རིག་པའི་རང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་འཚར། །མ་བཙལ་བཞག་པ་རྒྱུན་རེ་རིང་། །མ་བཀོད་རང་བྱུང་བརྡལ་རེ་ཆེ། །སྣང་སྲིད་གཞིར་བཞེངས་དཔངས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་ཆེ་ཆེ། །ཡེ་རྟོགས་ཆེན་པོ་འཁོར་རེ་མཁས། །ཁ་དོག་ལྔ་ལྡན་བྲི་རེ་ལེགས། །སྣང་སྲིད་རྣམ་དག་ཁོད་རེ་སྙོམས། །རང་བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཤངས་རེ་ཆེ། །འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། །ཞེས་གསུངས་པ་ལྟར་མཐའ་བྲལ་ཡོངས་སུ་རྫོགས་པའི་གཞི་སྣང་ཟང་ཐལ་ཆེན་པོའི་ཀློང་དུ་ཤེས་པར་བྱ་ཞིང་། དེ་ཡང་རིན་པོ་ཆེ་སྤུངས་པ་ལས། འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱིས། །གཅིག་པར་གནས་པའི་ཡེ་ཤེས་ལ། །མ་བཙལ་རང་གི་རང་རྙེད་པས། །སྔོན་ནས་ད་ཡི་རང་བཞིན་ནོ། །ཞེས་དང་། སྔ་མ་ལས། དེ་ཕྱིར་གཞི་གནས་རིག་པ་ལ། །རང་ཤར་ཡིན་ཕྱིར་སྣང་བ་རྫོགས། །རང་བྱུང་ཡིན་ཕྱིར་གཞི་ཉིད་རྫོགས། །རང་སྣང་ཡིན་ཕྱིར་ཡུལ་ཡང་རྫོགས། །རང་གྲོལ་ཡིན་ཕྱིར་འཁྲུལ་གཞི་རྫོགས། །རང་དག་ཡིན་ཕྱིར་ལམ་ཀུན་རྫོགས། །རང་རིག་ཡིན་ཕྱིར་ཤེས་བྱ་རྫོགས། །རང་ཁྱབ་ཡིན་ཕྱིར་འབྲས་བུ་རྫོགས། །རང་ས་ཡི ན་ཕྱིར་རྒྱུ་རྐྱེན་རྫོགས། །རང་རྟོགས་ཡིན་ཕྱིར་ཆོས་ཉིད་རྫོགས། །རང་ལོག་ཡིན་ཕྱིར་འཁོར་འདས་རྫོགས། །རང་གནས་ཡིན་ཕྱིར་རྒྱུད་ལུང་རྫོགས། །རང་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས། །རང་ཤེས་ཡིན་ཕྱིར་གདམས་ངག་རྫོགས། །རང་བཞག་ཡིན་ཕྱིར་བསམ་གཏན་རྫོགས། །རང་ཆས་ཡིན་ཕྱིར་དབྱིངས་རྫོགས་པའོ། །ཞེས་གསུངས་པ་ལྟར་གཞི་གྲོལ་གདོད་མའི་ཆོས་ཉིད་གཉིས་མེད་འོད་གསལ་ཆེན་པོ་རིན་པོ་ཆེ་གསང་བའི་དབྱིངས་སུ་ལ་ཟླ་བར་བྱའོ། །དེ་ལྟར་ལེགས་པར་རྟོགས་ན་སྐབས་ཀྱི་མན་ངག་འདིའི་དགོངས་དོན་ཇི་བཞིན་དུ་ལྷོངས་ཏེ་གཉུག་མའི་བཙན་ས་ཟིན་པར་འགྱུར་རོ། །གཉིས་པ་ཐམས་ཅད་ཕྱོགས་གྲོལ་དུ་རྒྱས་གདབ་པའི་ཕྱག་རྒྱ་ནི། རྒྱས་པར་ནམ་མཁའ་ཆེ་འཆད་པའི་སྐབས་སུ་ངེས་དོན་མདོ་བཅུ་ལས། མཚན་མའི་ཡུལ་ལ་མི་གནས་ཏེ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཞེས་སོགས་ཡེ་ཤེས་རྐྱེན་པོའི་ཕྱག་རྒྱ་ཉི་ཤུ་རྩ་ལྔ་དང་རང་ལུགས་ཀྱིས་གཅོད་དུ་འཕྲུལ་གྱི་གཟེར་བུ་དམ་པ་ཕྱག་རྒྱ་ལྔར་བསྟན་པ་བཞིན་ཤེས་དགོས་ཀྱང་། མདོར་བསྡུ་ན། དེ་ལྟར་གདམས་ངག་གིས་སྐབས་ཕྱེ་བ་ཡང་གཞན་སེལ་དང་དོན་གཉེན་གྱི་དགོས་ཆེད་གཉིས་ཡོད་པའི་ཕྱིར་བརྡར་བརྟགས་ནས་བསྟན་པར་ཟད་ཀྱི། གཤིས་ཀྱི་ངོ་བོས་མཚོན་བརྗོད་ལས་འདས་པའི་དེ་ཁོ་ན་ཉིད་ནི། ཡིན་མིན་དང་ཡོད་མེད་ཀྱིས་མཚོན་པ་ལས་འདས་པའི་མཐའ་གྲོལ་ཡོངས་རྫོགས་ཐིག་ལེ་ཉག་གཅིག་ཏུ་བཞུགས་པ་ལས། ཡིན་དོན་གྱི་ཆོས་ཉིད་མུ་མཐའ་ལས་འདས་པའི་སྙིང་པོར་ངེས་པ་དེ་ལ་ལྷུན་གྲུབ་གསུམ་གྱི་ཚིག་གི་སྒྲར་བྱུང་བས། ལོག་པ་སྡེ་གསུམ་ལྟ་བུ་ལ་ལ་ནི་ཕྱོགས་གཅིག་པར་གོལ་ཞིང་། གཞན་ཞན་དྲུག་ལྟ་བུར་ནི་དོན་ལ་སྒྲིབ་པར་འགྱུར་ལ། དེ་བཞིན་དུ་རྩོལ་བ་བརྒྱད་ཀྱང་འབྲས་བུ་ལ་ཞེན་པས་གནས་ལུགས་ཕྱོགས་མེད་ཀྱི་དོན་ལས་རྣམ་པར་འཁྱམས་པ་ལྟར་འགྱུར་བས། དེ་དག་ཐམས་ཅད་དགོས་དབང་གི་ཐ་སྙད་དུ་བརྟགས་པ་ཙམ་སྟེ་དོན་ལ་ཞེ་འདོད་དང་བྲལ་བའི་ངང་དུ་རྒྱས་གདབ་པའི་ཕྱག་རྒྱ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཉིད་ལས། དེ་ཡང་དགོས་ཆེད་གཉིས་ཕྱིར་བརྡར་བཏགས་ཀྱི། །ཡིན་མིན་གཅིག་ལ་ཡིན་གསུམ་བྱུང་བས། །ལ་ལ་གོལ་ལ་གཞན་བསྒྲིབས་འབྲས་བུ་འཁྱམས། །བརྟགས་པ་ཙམ་སྟེ་འདོད་བྲལ་དང་རྒྱས་གདབ། །ཅེས་སོ། །དེའང་མིང་དོན་དཔེ་གསུམ་གྱི་ཚུལ་ཤེས་པར་བྱ་སྟེ། ངེས་དོན་མདོ་བཅུ་ལས། ཕྱག་རྒྱ་འདི་ཡི་རང་བཞིན་ནི། །རྣམ་པ་གསུམ་དུ་ཤེས་པར་བྱ། །མིང་དང་རང་བཞིན་དཔེ་གསུམ་སྟེ། །མིང་ནི་ཕྱག་རྒྱར་བཤད་པ་ཡིན། །རང་བཞིན་འགྱུར་བ་མེད་པ་སྟེ། །རྡོ་རྗེའི་སེམས་ལ་འགྱུར་བ་མེད། །དཔེ་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའི་དཔེ་ལ་མཚོན་དུ་མེད། །ཅེས་གསུངས་སོ། །གསུམ་པ་རྣམ་རྟོག་གི་སྤྲོས་པ་ཐིག་ལེས་གཅད་པ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་རིག་པ་བྱང་ཆུབ་སེམས་ཀྱི་ངོ་དེ་བསྟན་པ་སྟེ། ཡེ་ཤེས་གསང་བ་ལས། མ་འཕྲོས་ཟླ་བའི་དཀྱིལ་འཁོར་ལྟར། །མི་གཡོ་སེམས་ཉིད་མ་འཕྲོས་པ། །ཐིག་ལེ་སྤྲོས་བྲལ་ཡེ་སངས་རྒྱས། །བྱང་ཆུབ་སེམས་ཀྱི་ཁྱད་པར་ཆེ། །ཞེས་དང་། མདོ་བཅུ་ལས། ཐིག་ལེ་ཐིག་ལེ་ཞེས་བྱ་བ། །སྤྲོས་པ་མེད་པའི་དོན་ཡིན་ཏེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཞེས་སོ། །དེ་ལ་སྤྲོས་པ་གཅོད་ཚུལ་གྱིས། གཤིས་དང་ངོ་བོ་དང་ཡོན་ཏན་གྱི་ལྡོག་ཆ་ནས་དབྱེ་བས་རྣམ་གྲངས་དྲུག་ཏུ་གསུངས་ཏེ། རྒྱས་པར་ནམ་མཁའ་ཆེའི་སྐབས་དོན་རྣམས་ལས་འབྱུང་བ་ལྟར་སོ་སོའི་ཁྱད་གཞི་དང་ཁྱད་པར་གྱི་རང་གནད་ལ་བརྟེན་ཏེ་ཤེས་དགོས་ཀྱང་། མདོར་བསྡུ་ན། འབྲས་བུའི་ཀློང་ལས། མ་བཅོས་པ་ལས་ཡོན་ཏན་མཐའ་དག་རྫོགས། །ཤར་ཚད་དོན་དང་བཅས་ཏེ་ཡེ་ནས་དག །དེ་མཁྱེན་རང་གསལ་དེ་ལ་ཕྱོགས་རིས་གྲོལ། མ་བཙལ་གདོད་ནས་རྫོགས་པའི་བླ་དྭགས་ཡིན། །གསུམ་གྱིས་གཤིས་བསྟན་གཅིག་གིས་ངོ་བོ་བསྟན། །གཉིས་ཀྱིས་ཡོན་ཏན་ཁྱད་པར་དམ་པ་བསྟན། །ཞེས་གསུངས་པས་དྲུག་སྟེ། ཡིན་མིན་དང་ཞེ་འདོད་ཀྱི་སྤྲོས་པ་གཅོད་པ་ཆོས་ཉིད་ཀྱི་ཐིག་ལེ་དང་། རེ་ལྟོས་དང་ཆད་སྟོང་གི་སྤྲོས་པ་གཅོད་པ་དབྱིངས་ཀྱི་ཐིག་ལེ་དང་། དངོས་མཚན་དང་རྒྱུ་འབྲས་ཀྱི་སྤྲོས་པ་གཅོད་པ་དབྱིངས་རྣམ་པར་དག་པའི་ཐེག་ལེ་དང་། མ་རིག་པ་དང་གྲུབ་མཐའི་ཕྱོགས་རིས་ཀྱི་སྤྲོས་པ་གཅོད་པ་ཡེ་ཤེས་ཆེན་པོའི་ཐིག་ལེ་དང་། བཟང་ངན་དང་བླང་དོར་གྱི་སྤྲོས་པ་གཅོད་པ་ཀུན་ཏུ་བཟང་པོའི་ཐིག་ལེ་དང་། འབད་རྩོལ་དང་སྐྱེད་སྒྲུབ་ཀྱི་སྤྲོས་པ་གཅོད་པ་ལྷུན་གྱིས་གྲུབ་པའི་ཐིག་ལེ་རྣམས་སོ། །དེ་ལ་དང་པོ་ནི། སྤྱིར་ཆོས་ཞེས་བྱ་བ་ནི་འཛིན་པའི་དོན་ཏེ། ཆོས་རྣམས་ཀྱི་རང་དང་སྤྱི་ཡི་མཚན་ཉིད་འཛིན་པས་ཆོས་དང་། རྣམ་དཀར་གྱི་སྤྱོད་པས་ངན་འགྲོར་ལྷུང་བ་ལས་འཛིན་པས་ཆོས་དང་། སྣང་གྲགས་མྱང་རིས་རྣམས་ནི་རིགས་པས་ཐ་སྙད་བདེན་པའི་དོན་འཛིན་པས་ཆོས་དང་། ཆོས་ཅན་གྱི་ངོ་བོས་ནི་ཁྱད་པར་གྱི་རང་རྣམ་འཛིན་པས་ཆོས་ཞེས་བྱ་སྟེ། ཆོས་བཞི་པོ་དེ་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ནི། ལྟ་བའི་ཀློང་ལས། མཚན་ཉིད་འཛིན་ཞིང་ངོ་བོས་ཁྱད་པར་འཛིན། །སྣང་མྱོང་རིགས་པའི་ཆོས་ལས་དཀར་སྤྱོད་ཀྱིས། །ལྟུང་བ་ལས་འཛིན་དེ་དག་གནས་ལུགས་ཉིད། །རང་བཞིན་སྤྲོས་པ་ཀུན་བྲལ་ཉིད་ངེས་ཏེ། །དེ་མཁྱེན་མཚན་ཉིད་རང་རིག་ཡེ་ཤེས་ཉིད། །དེ་ཡི་རྣམ་པ་ཐུགས་རྗེའི་སྤྲུལ་པར་ཤར། །སྒྱུ་མ་རྩལ་འཛིན་རྡོ་རྗེ་བཙན་པོ་མཆོག །གདོད་ནས་འདུ་འབྲལ་མེད་པར་རྫོགས་པ་ཆེ། །དེ་བཞིན་མུ་བཞི་མཐའ་བརྒྱད་འཁོར་འདས་ཆོས། །ཅིར་ཡང་འཆར་བར་མི་རིགས་དེ་ཡི་ཕྱིར། །ཆོས་ཀྱི་ཆོས་ཉིད་གནས་ལུགས་དེར་རིགས་པའོ། །ཞེས་གསུངས་པ་ལྟར་མཚན་ཉིད་རང་གསལ། རྣམ་པར་ལྷུན་གྲུབ། རང་བཞིན་ངོས་གཟུང་མེད་པའི་དོན་གྱི་ངང་ལས་མི་འདའ་བས་ན། དེས་མཚོན་པ་དངོས་པོའི་རྐྱེན་དུ་ཆོས་ཉིད་ཅེས་བྱ་སྟེ། དེས་ན་མཚན་མར་འཛིན་པ་དང་། རྒྱུ་འབྲས་སུ་འཛིན་པ་དང་། གནས་སྐབས་ཀྱི་རིགས་པ་བདེན་པར་འཛིན་པ་དང་། ངོ་བོ་ཆོས་ཅན་དང་ཁྱད་པར་གྱི་ཆོས་སུ་འཛིན་པ་རྣམས་ཀྱི་མཚན་ཉིད་ལ་ཡིན་མིན་དང་ཞེ་འདོད་ཀྱིས་དམིགས་པ་དང་འཛིན་པའི་སྤྲོས་པ་ཐམས་ཅད་གཅོད་པས་ཐིག་ལེར་བཞག་སྟེ། ཆོས་བཞིར་པོ་རང་རེའི་རང་བཞིན་ལྷུན་གྲུབ་གསུམ་ལས་གཞན་དུ་མི་འགྱུར་སྤྲོས་པ་ཡེ་ནས་མེད་པས་ན་བཞི་པོ་དེ་དག་དོར་བ་མིན་གྱི་རང་རང་གི་ངང་ཚུལ་གདོད་ནས་མ་བཅོས་པར་དེ་དེ་ལྟ་བུའི་རང་བཞིན་དུ་གནས་པའོ། །དེ་སྐད་དུའང་འབྲས་བུའི་ཀློང་ལས། རང་མཚན་ལྟུང་བ་རིགས་པས་ངོ་བོ་ཡིས། །ཁྱད་པར་འཛིན་པས་ཆོས་རྣམས་དེ་ཡི་གནས་ལུགས་ནི། །རང་གསལ་ལྷུན་གྲུབ་ངོས་མེད་ལས་མི་འདའ། །དེས་མཚོན་དངོས་པོའི་རྐྱེན་དུ་ཆོས་ཉིད་ཅེས། །དེས་ན་མཚན་མ་རྒྱུ་འབྲས་གནས་སྐབས་རིགས། །ཆོས་ཅན་ཆོས་ཀྱི་འདོད་པའི་སྤྲོས་པ་གཅོད། །རང་རེའི་རང་བཞིན་མི་འགྱུར་སྤྲོས་པ་མེད། དེ་དག་དོར་མིན་ངང་ཚུལ་དེ་དེ་ལྟའོ། །ཞེས་དང་། མདོ་བཅུ་ལས། སྤྲོས་མེད་ཆོས་ཉིད་ཐིག་ལེ་ནི། །མ་བཅོས་པ་ཡི་བྱང་ཆུབ་སེམས། །རང་བཞིན་གནས་པའི་ཐིག་ལེར་བཤད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཞེས་སོ། །གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་ཀྱི་ངང་ཚུལ་རྣམ་པར་དག་པའི་ཆོས་ཉིད་ཀྱི་ཀློང་ཆེན་པོ་དེ་ནི་སངས་རྒྱས་ཀྱི་འབྲས་བུའི་ཆོས་རྣམས་ཀྱིས་ཡོན་ཏན་ཀུན་དང་དེ་ཉིད་རྟོགས་པར་བྱེད་པའི་ཐབས་སམ་རྣམ་གྲངས་ཀྱི་བསྟན་པ་རྒྱ་མཚོའི་འབྱུང་གནས་དང་ཆོས་ཀུན་གྱི་ངོ་བོར་གྱུར་པའི་ཆོས་ཉིད་ཀྱི་དངོས་གཞིར་གནས་ཤིང་ཡེ་ནས་ཐམས་ཅད་སྡུད་པའི་དབྱིངས་སུ་རྫོགས་པས་ཆད་པ་ཉི་ཚེ་བའི་སྤྲོས་པ་ལས་ཀྱང་འདས་པ་སྟེ། དེས་ན་ཆོས་ཉིད་ཀྱི་ངང་དེ་འཁོར་འདས་ཀྱི་ཆོས་ཀུན་འབྱེད་པ་དང་སྡུད་པའི་རྒྱུའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཀློང་དུ་གསལ་ཏེ་སྟོང་པ་ཉི་ཚེ་བའི་སྤྲོས་པ་ཐམས་ཅད་གཅོད་པས་ཐིག་ལེ་ཆེན་པོར་ཡེ་ནས་མཐའ་དབུས་མེད་པར་རྫོགས་པའོ། །དེ་སྐད་དུའང་འབྲས་བུའི་ཀློང་ལས། དེ་ལྟར་ངང་ཚུལ་རྣམ་པར་དག་པ་ཉིད། བསྟན་པ་རྒྱ་མཚོའི་འབྱུང་གནས་གཞིར་གནས་རྫོགས། །ཆད་པ་ཉི་ཚེའི་སྤྲོས་པའང་འདས་པ་སྟེ། །ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་རྫོགས་པའོ། །ཞེས་དང་། མདོ་བཅུ་ལས། སྤྲོས་མེད་དབྱིངས་ཀྱི་ཐིག་ལེ་ནི། །ཐམས་ཅད་སྡུད་པའི་བྱང་ཆུབ་སེམས། །འབྱེད་པར་བྱེད་པའི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཞེས་སོ། །གསུམ་པ་ནི། དེ་ལྟར་ཆོས་ཉིད་ཀྱི་ངང་དུ་ཀུན་གྱི་འབྱུང་གནས་སུ་གྱུར་པའི་ཆོས་ཀྱི་དབྱིངས་ཉིད་གཞིར་གནས་སུ་རྫོགས་པ་དེ་ཡི་ཚེ་ཉིད་ནའང་ཡོན་ཏན་ཇི་ལྟར་ཤར་ཞིང་དེའི་དགོས་པ་དང་བཅས་པ་གང་ཡང་དོན་དུ་འབྱུང་ས་དང་འབྱུང་ཚུལ་དང་འབྱུང་བ་པོའི་དབྱིངས་ཞེས་བྱ་བའི་ཕྱོགས་རིས་དང་ཀུན་བཏགས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ནས་ཆོས་ཀྱི་དབྱིངས་མཐའ་དབུས་དང་ཕྱི་ནང་མེད་པར་ངོས་བཟུང་མཐའ་དག་དང་བྲལ་བར་རང་གི་ངང་དུ་སེལ་མེད་པར་དག་པས་དབྱིངས་ཞེས་ཆད་སྟོང་གི་སྤྲོས་པ་གཅོད་པའི་དགོས་དབང་གིས་བཏགས་ཀྱི། རང་གི་ངོ་བོ་ཡེ་ནས་ཕྱོགས་རིས་ཐམས་ཅད་གཉིས་མེད་ཀྱི་ཀློང་དུ་དག་པར་གནས་པས། གཟུང་འཛིན་ཕྲ་རགས་ལ་སོགས་པའི་སྤྲོས་པ་ཡོད་དོ་ཅོག་ཀུན་རྣམ་པར་བཅད་པའི་ངང་ཡིན་པས་དབྱིངས་རྣམ་པར་དག་པའི་ཐིག་ལེ་ཞེས་བྱ་སྟེ། འབྲས་ཀློང་ལས། དེ་ཚེ་ཉིད་ན་འབྱུང་ས་འབྱུང་ཚུལ་འབྱུང་། །ཕྱོགས་རིས་ཀུན་བརྟགས་རྣམ་པར་རང་དག་པས། །དབྱིངས་ཞེས་དགོས་པས་བཏགས་ཀྱི་ཡེ་དག་པས། །སྤྲོས་པའོ་ཅོག་ཀྱང་རྣམ་པར་བཅོད་པའི་ངང་། །ཞེས་དང་། མོད་བཅུ་ལས། དབྱིངས་ཉིད་རྣམ་དག་ཐིག་ལེ་ནི། །གཟུང་འཛིན་དག་པའི་བྱང་ཆུབ་སེམས། །སྤྲོས་པ་མེད་པའི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཞེས་སོ། །འདི་གསུམ་གྱིས་གཤིས་ཀྱི་གནས་ཚུལ་གྱི་ངོས་ནས་བསྟན་པའོ། །བཞི་པ་ནི། དེ་ལྟ་བུའི་གཤིས་ཀྱི་གནས་ལུགས་དེ་དག་མ་འདྲེས་སྒྲིབ་མེད་དུ་མཁྱེན་པ་ནི། རང་རིག་པའི་རང་འོད་རང་གསལ་དུ་ཤར་བའི་རང་བྱུང་གི་ཡེ་ཤེས་ཡིན་ནས་ཉན་ཐོས་ལྟར་སྤང་བ་དང་རང་རྒྱལ་ལྟར་དགག་པ་དང་། བྱང་སེམས་ལྟར་སྦྱོང་བ་དང་གསང་སྔགས་ལྟར་རྩོལ་བ་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཡེ་ནས་ཡུལ་མེད་རང་གསལ་གྱི་ངང་དུ་གྲོལ་བས། གཤིས་ལ་ཕྱོགས་རིས་མེད་པར་གནས་པའི་དོན་དེ་ཉིད་སྒྲིབ་གཡོགས་དང་བྲལ་བར་མཁྱེན་པའི་ཡེ་ཤེས་འགག་པ་མེད་པ་ཡིན་པས་རྩོལ་བརྒྱད་ཀྱི་ཡེ་ཤེས་ལས་ཁྱད་པར་དུ་གྱུར་པ་ཅན་དུ་རང་ཤར་བ་ནི། ཀུན་གསལ་ཡེ་ཤེས་ཆེན་པོའི་ཐིག་ལེ་ཡིན་ཏེ། འབྲས་བུའི་ཀློང་ལས། དེ་མཁྱེན་རང་རིག་འོད་གསལ་ཡེ་ཤེས་པས། །སྤང་དགག་སྦྱོང་རྩོལ་སྤྲོས་པ་ཡེ་གསལ་གྲོལ། །ཕྱོགས་རིས་མེད་པར་མཁྱེན་པས་ཁྱད་པར་ཅན། །རང་ཤར་ཡེ་ཤེས་ཆེན་པོའི་ཐིག་ལེ་ཡིན། །ཞེས་དང་། མདོ་བཅུ་ལས། ཡེ་ཤེས་ཆེན་པོའི་ཐིག་ལེ་ནི། །མ་བསྒྲིབས་པ་ཡི་བྱང་ཆུབ་སེམས། །འགག་པ་མེད་པའི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཞེས་སོ། །འདིས་ནི་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་སྒྲིབ་མེད་ཟང་ཐལ་དུ་གསལ་བའི་ཆ་ནས་བསྟན་པའོ། །ལྔ་པ་ནི། དེ་ལྟར་ཡེ་ཤེས་ལ་ཕྱོགས་རིས་མེད་པས་དགག་སྒྲུབ་བླང་དོར་མཐའ་དག་དང་བྲལ་ཏེ་ཆོས་ཐམས་ཅད་ཡེ་ནས་བྱང་ཆུབ་ཀྱི་སེམས་ལྷུན་གནས་བདེ་བ་ཆེན་པོ་ཡིན་པས་ཡོད་པ་དངོས་པོར་འདོད་ལ་དང་མེད་ལ་སྟོང་པར་འདོད་པ་དང་གཉིས་དང་གཉིས་མེད་དུ་འདོད་པ་དང་ཀུན་ཡིན་ལྷུན་གྲུབ་ཏུ་འདོད་པ་དང་གང་ཡང་མིན་པ་ཀ་དག་ཏུ་འདོད་པ་ལ་སོགས་པ་མུ་བཞི་མཐའ་དྲུག་གི་ཞེ་འདོད་ཀྱི་སྤྲོས་པ་ཐམས་ཅད་བཅད་པས། དབྱེར་མེད་བདེ་བ་ཆེན་པོར་ཀུན་འདུས་ཤིང་ཤོངས་བས་མཉམ་ཉིད་ཡངས་པ་ཆེན་པོའི་དགོངས་ཀློང་དམ་པ་ནི་ཀུན་ཏུ་བཟང་པོའི་ཐིག་ལེ་ཡིན་ཏེ། འབྲས་ཀློང་ལས། དེ་ལ་ཕྱོགས་རིས་དགག་སྒྲུབ་བླང་དོར་བྲལ། །ཐམས་ཅད་ཡེ་ནས་བྱང་སེམས་བདེ་ཆེན་པས། །ཡོད་མེད་ཡིན་མིན་འདོད་པའི་སྤྲོས་པ་བཅད། །བདེ་ཆེན་ཡངས་པ་ཆེན་པོའི་ཐིག་ལེའོ། །ཞེས་དང་། མདོ་བཅུ་ལས། སྤྲོས་མེད་ཀུན་བཟང་ཐིག་ལེ་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །མཉམ་པ་ཆེན་པོའི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཞེས་སོ། །འདིས་ནི་ངོ་བོའི་ཡོན་ཏན་བསྟན་པའོ། །དྲུག་པ་ནི། དེ་ལྟར་ཀུན་མཉམ་ཡ ངས་པ་ཆེན་པོ་དེ་ཡི་རོལ་པའི་རྒྱན་དུ་ཆོས་ཐམས་ཅད་རྫོགས་ཏེ་སྒྱུ་མ་དང་ཆུ་ཟླ་ལ་སོགས་པ་ལྟར་དུ་ཡུལ་གྱི་རྣམ་པ་ཀུན་ཀྱང་དེའི་རོལ་པར་ལྷུན་གྱིས་གྲུབ་ནས་རིགས་ཀྱི་ཁྱད་པར་དུ་མ་རང་ཤར་དུ་གསལ་བ་ཡིན་པས། ཉན་རང་ལྟར་སྤོང་འགེགས་དང་བྱང་སེམས་ལྟར་སྦྱོང་བ་དང་སྔགས་ཕྱི་པ་རྣམ་གསུམ་ལྟར་སྒྱུར་བ་དང་ནང་པ་སྡེ་གཉིས་ལྟར་རྩོལ་སྒྲུབ་ལས་གྲོལ་བས་ཅིར་སྣང་ཅིར་སྲིད་ཅིར་འགྱུར་ཀྱང་རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པར་ཡེ་ནས་ལྷུན་གྱིས་གྲུབ་པར་གནས་ཏེ་གང་དུའང་མ་གཡོས་པར་ཆོས་ཀུན་ལྷག་མ་མེད་པར་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་རྫོགས་པའི་ཕྱིར་ལྷུན་གྱིས་གྲུབ་པའི་ཐིག་ལེ་ཞེས་བྱ་སྟེ། འབྲས་བུའི་ཀློང་ལས། དེ་ཡི་རོལ་པ་རྒྱན་རྫོགས་སྒྱུ་མ་ལྟར། །རྣམ་པ་ལྷུན་གྲུབ་རིགས་ཀྱི་ཁྱད་པར་ཤར། །སྤོང་འགེགས་སྦྱོང་སྒྱུར་རྩོལ་སྒྲུབ་ལས་གྲོལ་བས། །ལྷུན་གནས་བདེ་ཆེན་རྫོགས་པའི་ཐིག་ལེའོ། །ཞེས་དང་། མདོ་བཅུ་ལས། སྤྲོས་མེད་ལྷུན་གནས་ཐིག་ལེ་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །མ་གཡོས་པ་ཡི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཞེས་སོ། །འདིས་ནི་གཤིས་ཀྱི་ཡོན་ཏན་བསྟན་པའོ། །དེ་ལྟར་ཐིག་ལེ་དྲུག་པོ་ཡང་། ཆོས་ཉིད་དང་། དབྱིངས་དང་། དབྱིངས་རྣམ་པར་དག་པའི་ཐིག་ལེ་གསུམ་ལྟ་བ་དང་། ཡེ་ཤེས་ཆེན་པོའི་ཐིག་ལེ་དགོངས་པ་དང་། ཀུན་ཏུ་བཟང་པོའི་ཐིག་ལེ་སྤྱོད་པ་དང་། ལྷུན་གྱིས་གྲུབ་པའི་ཐིག་ལེ་རང་བཞིན་བསྟན་པའི་སྒོ་ནས་བཞག་པ་ཡིན་ཏེ། ཡེ་ཤེས་གསང་བ་ལས། རང་རིག་ཡེ་ཤེས་ཐིག་ལེ་དྲུག །ལྟ་སྤྱོད་དགོངས་པའི་རང་བཞིན་ནོ། །ཞེས་གསུངས་སོ། །བཞི་པ་ཆེ་བ་ལྔས་ཁྱད་པར་དཔགས་ཏེ་བསྟན་པ་ནི། སྔར་གོང་དུའང་བསྟན་མོད། ཆ་ཤས་ནས་གསལ་བར་བྱ་བའི་ཕྱིར་སླར་ཡང་བཤད་ན། འབྲས་བུའི་ཀློང་ལས། མངོན་སུམ་སྣང་བའི་རང་བཞིན་ཡེ་སངས་རྒྱས། །དེ་ཡི་མཚན་ཉིད་ཆོས་དབྱིངས་མུ་མཐའ་གྲོལ། །དེ་མཁྱེན་ཡེ་ཤེས་མཐའ་དབུས་ཀུན་ཁྱབ་རྒྱས། །དེ་ཉིད་དེ་ཡིན་དེ་མཚོན་ངེས་པའི་ཚིག །དགོས་པས་སྤྲད་ཀྱི་སྒྲ་ལ་དོན་མི་གཞག །ཅེས་གསུངས་པས། རྒྱས་པར་ནམ་མཁའ་ཆེའི་མཚན་དོན་གྱི་ཆེ་བ་ལ་བརྟེན་ནས་ཐིག་ལེ་དྲུག་དང་དེ་དག་གི་བརྡ་གསང་དགྲོལ་བའི་ཁོག་དོན་ལ་སྦྱར་ཏེ་སྐབས་ཀྱི་ཟབ་གནད་བསྡུ་བའི་མངོན་རྟོགས་ཀྱི་ཚུལ་དུ་ཤེས་དགོས་ཀྱང་། མདོར་བསྡུ་ན། ཡིད་སྐྱོབ་ལས། མ་སྤངས་མི་གནས་མི་ལྟོས་རག་མ་ལས། །ཐ་སྙད་ཀུན་དང་བྲལ་བའི་འབྲས་བུ་སྟེ། །རང་བྱུང་ལྷུན་གྲུབ་འདུས་མ་བྱས་པས་ན། །འབྲས་བུའི་རྒྱལ་པོ་ཁྱད་པར་འཕགས་ཏེ་ཆེ། །ཞེས་གསུངས་པ་ལྟར་ལྔ་སྟེ། སྤང་གར་ཡང་མ་སྤངས་པར་མངོན་སུམ་དུ་སངས་རྒྱས་པའི་ཆེ་བ། རག་གར་ཡང་མ་ལས་པར་བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ། གནས་ཅི་ལ་ཡང་མི་གནས་པར་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ། ལྟོས་ཅིར་ཡང་མི་ལྟོས་པར་དེ་ཉིད་ཡིན་པར་སངས་རྒྱས་པའི་ཆེ་བ། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་ཏེ་ཐ་སྙད་རང་གྲོལ་དུ་ཤར་བས་སངས་རྒྱས་མེད་པའི་ཆེ་བ་རྣམས་སོ། །དང་པོ་ནི། གང་ཆེ་བ་དང་། གང་ལས་ཆེ་བ་དང་། གང་གིས་ཆེ་བ་དང་། ཇི་ལྟར་ཆེ་བ་དང་ལྡན་པས་ཁྱད་པར་འཕགས་སྙམ་ན། གང་ཆེ་ན། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་རང་གཞུང་ནི་མངོན་སུམ་པར་སངས་རྒྱས་པས་ཆེ་བ་རྨད་དུ་བྱུང་བ་དང་ལྡན་ནོ། །གང་ལས་ཆེ་ན། ཞེན་པ་དྲུག་གིས་གཞི་མེད་ལ་བདག་དང་རང་སྣང་ལ་ཡུལ་དུ་བཟུང་ཞིང་། མུ་སྟེགས་ཀྱིས་རྟག་ཆད་དུ་ལྟ་ལ། ཉན་ཐོས་ཀྱིས་སྤོང་བ་དང་། རང་རྒྱལ་གྱིས་འགེགས་པ་དང་། བྱང་སེམས་ཀྱིས་སྦྱོང་བ་རྣམས་ལས་ཆེས་འཕགས་པའོ། །གང་གིས་ཆེ་ན། ལྟ་བའི་ཀློང་ལས། དོན་གཅོད་རིག་པའི་ཡེ་ཤེས་ཀྱིས། །འཁོར་འདས་སྣང་གྲགས་མྱོང་རིག་པའི། །ཚོགས་བརྒྱད་ཡུལ་དང་བཅས་པ་འདི། །གསལ་སྟོང་སྤྲུལ་པར་མ་འདྲེས་གསལ། །ཞེས་གསུངས་པ་ལྟར་སྤྱིར་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་དང་། ཁྱད་པར་ཚོགས་བརྒྱད་སྐྱེ་བ་གསུམ་པོ་ཡུལ་དང་བཅས་པ་ཉིད་མཚན་ཉིད་རང་རིག་དང་། རང་བཞིན་སྤྲོས་བྲལ་དང་། རྣམ་པ་སྒྱུ་མར་མངོན་སུམ་དུ་མ་འདྲེས་ཡོངས་རྫོགས་སུ་ལྷུན་གྱིས་གྲུབ་པར་རྟོགས་པས་ཆེ་བའོ། །ཇི་ལྟར་ཆེ་ན། དེ་ལྟར་རྟོགས་པའི་ངང་དེར་གནས་བྱ་གནས་བྱེད་ཀྱི་དམིགས་པ་མེད་པར་མ་གཏད་པར་གནས་ན་བག་ཆགས་ཐམས་ཅད་ཀྱི་གཞི་རྟེན་ཀུན་གཞི་ཆ་དང་བཅས་པ་རང་གྲོལ་དུ་ཤར་བས། དངོས་པོ་དང་མཚན་མ་དང་མ་རིག་པའི་མུན་པ་ཐམས་ཅད་སངས་ཏེ་ཡེ་ཤེས་ཕྱོགས་རིས་མེད་པར་རྒྱས་པས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་ཅིང་མཐར་འཛིན་ཀུན་དང་བྲལ་ཏེ་མངོན་གྱུར་དུ་སངས་རྒྱས་པར་ལྷུན་གྱིས་གནས་པ་ནི་མཚན་ཉིད་སྡེ་གསུམ་མན་ཆད་ཀྱི་དམན་པའི་ཐེག་པ་མཐའ་དག་ཟིལ་གྱིས་གནོན་པའི་གཉེན་པོར་གྱུར་པ་ཡིན་པས་ཆེ་བ་དེ་ལྟ་བུ་དང་ལྡན་ཏེ། འབྲས་བུའི་ཀློང་ལས། རྫོགས་ཆེན་རང་གཟུང་མངོན་པར་སངས་རྒྱས་ཆེ། །སྤོང་འགེགས་སྦྱོར་ལས་ཚོགས་བརྒྱད་ཡུལ་དང་བཅས། །རང་རིག་སྤྲོས་བྲལ་སྒྱུ་མར་ལྷུན་གྲུབ་པས། །དེར་གནས་བག་ཆགས་རྟེན་གྲོལ་དངོས་མཚན་དང་། །མ་རིག་མུན་སངས་ཡེ་ཤེས་ཕྱོགས་མེད་རྒྱས། །དམན་པའི་ཐེག་པ་ཟིལ་གནོན་གཉེན་པོས་ཆེ། །ཞེས་དང་། ཀློང་ཆེན་རབ་འབྱམས་ལས། གང་ལ་མི་གནས་ནམ་མཁའ་འདྲ། །མངོན་སུམ་ས་རུ་ཡེ་སངས་རྒྱས། ། ཞེས་སོ། །གཉིས་པ་ནི། གང་ཆེ་ན། རྫོགས་པ་ཆེན་པོ་ནི་རག་གར་ཡང་མ་ལས་པར་བདག་ཉིད་ཆེན་པོ་ཐོག་མཐའ་མེད་པར་འབྲས་བུ་ཡེ་རྫོགས་ཀྱི་རིག་པ་ཇི་བཞིན་དུ་རྟོགས་པས་མ་ཧཱ་ཨ་ཏིར་ལ་བཟླ་བའི་ཆེ་བ་དང་ལྡན་ནོ། །གང་ལས་ཆེ་ན། རྣལ་འབྱོར་ཆེན་པོ་ལ་སོགས་པ་ལྷ་དང་ཆོ་གའི་ཡན་ལག་སོགས་ཀྱིས་རྩོལ་སྒྲུབ་ཀྱི་གཞན་དབང་ལ་ལྟོས་ཤིང་རག་ལས་པར་འཇུག་པའི་ཐབས་ཀྱིས་འབྲས་བུ་ཐོབ་པར་འདོད་པ་དེ་ཉིད་ཟིལ་གྱིས་གནོན་པའི་གཉེན་པོར་ཡང་ཆེའོ། །གང་གིས་ཆེ་ན། དེ་ལྟར་མངོན་སུམ་དུ་སངས་རྒྱས་པར་རྟོགས་པ་དེ་ཉིད་བདག་ཉིད་ཆེན་པོར་རང་ཉིད་ཡེ་ནས་དབང་ཐོབ་ཟིན་ཏེ་མཐའ་དབུས་མེད་པར་ཀུན་ལ་ཁྱབ་པར་མཐོང་བས་ཆེས་འཕགས་པའོ། །ཇི་ལྟར་ཆེ་ན། མ་ཧཱ་མན་ཆད་ཀྱི་འོག་མའི་ཐེག་པས་ཚུལ་ངན་པའི་རྩོལ་བ་ཐམས་ཅད་སངས་ཏེ་རང་རིག་པའི་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པས་ངོ་བོ་དུས་གསུམ་དུ་འདུ་འབྲལ་མེད་པར་དགོངས་པ་རྩོལ་བྲལ་བདེ་བ་ཆེན་པོའི་ངང་ལ་རྣམ་རོལ་གྱི་སྒྱུ་འཕྲུལ་ཀུན་ཀྱང་ལྷུན་རྫོགས་སུ་ཤར་བས་རང་རྩལ་གྱི་མངའ་དབང་དུ་སྒྱུར་བའི་ཆེ་བ་དང་ལྡན་ཏེ། འབྲས་བུའི་ཀློང་ལས། རྣལ་འབྱོར་ཆེན་པོ་ལ་སོགས་རྩོལ་སྒྲུབ་ཀྱི། །གཞན་དབང་ལ་ལྟོས་ཟིལ་གནོན་གཉེན་པོར་ཡང་། །བདག་ཉིད་ཆེན་པོར་རང་ཉིད་ཡེ་དབང་པས། །ཚུལ་ངན་རྩོལ་སངས་རང་རིག་ཕྱོགས་མེད་རྒྱས། །ཞེས་དང་། ཀློང་ཆེན་ལས། ཆོ་འཕྲུལ་འབྱུང་བས་ནམ་མཁའ་འདྲ། །བདག་ཉིད་ཆེན་པོར་ཡེ་སངས་རྒྱས། །ཞེས་སོ། །གསུམ་པ་ནི། གང་ཆེ་ན། རྫོགས་པ་ཆེན་པོ་ནི། རྒྱུ་འབྲས་ཀྱི་ཕྱོགས་རིས་ཅི་ལ་ཡང་མི་གནས་པར་ཆོས་དབྱིངས་གདལ་ཁྱབ་ཆེན་པོར་ཡེ་ནས་དབྱིངས་རིག་རོ་མཉམ་དུ་གནས་པར་རྟོགས་པས་ཨ་ནུ་ཨ་ཏིར་ལ་བཟླ་བའི་ཆེ་བ་དང་ལྡན་ནོ། །གང་ལས་ཆེ་ན། རྗེས་སུ་འཇུག་པ་ཨ་ནུ་ཡོ་ག་པས་རྒྱུ་ནི་དག་པའི་དབྱིངས་དང་འབྲས་བུ་ཡེ་ཤེས་ཆེན་པོར་བཞེད་པ་ལ་སོགས་པའི་རྒྱུ་འབྲས་ཀྱི་མཚན་ཉིད་དུ་འདོད་པའི་ཕྱོགས་ཐམས་ཅད་ཡང་དག་པར་གནོན་པའི་གཉེན་པོར་ཡང་ཆེའོ། །གང་གིས་ཆེ་ན། རྒྱུ་རྐྱེན་འབྲས་བུ་ཐམས་ཅད་ཡེ་ནས་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་རྟོགས་ཏེ་ཀློང་ཡངས་ཡེ་བརྡལ་ཆེན་པོ་གཏིང་མཐའ་བྲལ་བའི་ཀློང་ཆེན་དུ་གསལ་བར་མཐོང་བས་ཆེས་འཕགས་པའོ། །ཇི་ལྟར་ཆེ་ན། རྒྱུ་ཡིས་མ་བསྐྱེད་རང་གི་ངོ་བོས་ཅིར་ཡང་མི་གནས་གཉན་པོས་འགག་པ་མིན་པས་དེ་ལྟར་འདོད་པའི་ཕྱོགས་རིས་ཐམས་ཅད་སངས་ལ། མུ་མཐའི་ཆོས་ཀུན་མ་འདྲེས་ཡོངས་རྫོགས་སུ་མཁྱེན་ཏེ་རྒྱུ་འབྲས་ཀྱི་མཚན་མ་ཟིལ་གྱིས་གནོན་པའི་ཡེ་ཤེས་སྒྲིབ་མེད་དུ་རྒྱས་པས་ཆོས་དབྱིངས་རང་གསལ་གྱིས་ཀློང་ལ་ཕྱི་ནང་མེད་པར་མཚན་ཉིད་ཀུན་གྲོལ་གྱི་རིག་པ་ཕྱོགས་བྲལ་བདེ་བ་ཆེན་པོ་ལྷུན་གནས་ཀྱི་དབྱིངས་སུ་འཁྱིལ་བའི་ཆེ་བ་དང་ལྡན་ཏེ། འབྲས་བུའི་ཀློང་ལས། རྗེས་འཇུག་ལ་སོགས་རྒྱུ་འབྲས་གཉེན་པོར་ཡང་། །རྒྱུ་རྐྱེན་འབྲས་བུ་ཆོས་དབྱིངས་རོ་གཅིག་པས། །མ་བསྐྱེད་མི་གནས་འགག་མིན་དེ་འདོད་སངས། །ཀུན་མཁྱེན་མཚན་མ་ཟིལ་གནོན་ཡེ་ཤེས་རྒྱས། །ཞེས་དང་། ཀློང་ཆེན་ལས། མཚན་ཉིད་མེད་པས་ནམ་མཁའ་འདྲ། །ཆོས་ཀྱི་དབྱིངས་སུ་ཡེ་སངས་རྒྱས། །ཞེས་སོ། །བཞི་པ་ནི། རྫོགས་པ་ཆེན་པོ་ནི། གཉིས་སུ་དབྱེ་བའི་ཕྱོགས་ཆ་ལ་ལྟོས་པའི་མཐའ་སྣང་ཀུན་དང་བྲལ་ཏེ་ཅིར་སྣང་ཅིར་སྲིད་ཅིར་འགྱུར་ཡང་གཉིས་མེད་མཉམ་ཉིད་ཡངས་པར་ཀུན་རྫོགས་སུ་རྟོགས་པས་ཡོ་ག་ཨ་ཏིར་ལ་བཟླ་བའི་ཆེ་བ་དང་ལྡན་ནོ། །གང་ལས་ཆེ་ན། སེམས་དཔའི་རྣལ་འབྱོར་ཡོ་ག་ཕྱི་པ་ལ་སོགས་པ་ཡིན་མིན་དང་བླང་དོར་ཅན་དུ་འདོད་པ་དེ་དག་ཐམས་ཅད་ཟིལ་གྱིས་གནོན་པའི་གཉེན་པོར་ཡང་ཆེའོ། །གང་གིས་ཆེ་ན། འཁོར་བ་དང་འདས་པ། ཡུལ་དང་ཡུལ་ཅན། བླང་བྱ་དང་དོར་བྱ། འདི་ཡིན་དང་འདི་མིན། ཀུན་རྫོབ་དང་དོན་དམ་ལ་སོགས་པ་གཉིས་ཆོས་ཐམས་ཅན་ཡེ་ནས་ཆོས་ཉིད་དེ་ཁོ་ན་ཉིད་དེ་ཡིན་པར་རྟོགས་པས་གཉིས་མེད་མཉམ་ཉིད་ཆེན་པོ་མཁའ་ལྟར་ཕྱོགས་རིས་མེད་པ་ཀུན་ཏུ་མཉམ་པར་མཐོང་བས་ཆེས་འཕགས་པའོ། །གང་ལྟར་ཆེ་ན། ཡིན་པ་བླང་བར་བྱ་བ་དང་མིན་པར་དོར་བྱར་འཛིན་པ་ལ་སོགས་པའི་ཕྱོགས་རིས་ཐམས་ཅད་སངས་ཏེ་གཉིས་མེད་ཡེ་ཤེས་མཉམ་ཉིད་རང་གསལ་དུ་རྒྱས་པས་མཉམ་རྫོགས་གཉིས་བྲལ་ལྷུན་མཉམ་བདེ་བ་ཆེན་པོར་ཀུན་ནས་ཟླུམ་པའི་ཆེ་བ་དང་ལྡན་ཏེ། འབྲས་བུའི་ཀློང་ལས། སེམས་དཔའི་རྣལ་འབྱོར་ལ་སོགས་བླང་དོར་ཅན། །ཟིལ་གནོན་གཉེན་པོར་ཐམས་ཅད་དོན་ཡིན་པས། །ཡིན་མིན་ཕྱོགས་སངས་མཉམ་ཉིད་རང་གསལ་རྒྱས། །ཞེས་དང་། ཀློང་ཆེན་ལས། གཉིས་སུ་མེད་པས་ནམ་མཁའ་འདྲ། །དེ་ཡིན་པ་རུ་ཡེ་སངས་རྒྱས། །ཞེས་སོ། །ལྔ་པ་ནི། གང་ཆེ་ན། རྫོགས་པ་ཆེན་པོའི་རྟོགས་པ་དོན་གྱི་ངོ་བོ་ཇི་བཞིན་པའི་ཐོག་ཏུ་ཕེབས་པ་ནི། རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོ་གསང་བ་སྒྲ་ཡི་རྒྱུད་ལས། དེ་ཡང་གནས་ལུགས་ཆེན་པོ་ལས། །འཁྲུལ་ཞེས་ཀ་ནས་དག་པ་ལས། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོགས་པ་རང་འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་མིན། །རང་བཞིན་ཡེ་གདངས་མ་གཡོས་པས། །ཆོས་ཀུན་མཉམ་པར་རོག་ཅིག་གོ། །མི་མཛད་རྟོག་བྲལ་ཡེ་སངས་རྒྱས། །བཅོས་ཤིང་བསྒྱུར་དུ་བཏུབ་པ་མིན། །དེ་ཡི་གནད་ནི་ཡུལ་ཡིན་ཏེ། །ཡུལ་དང་སྟོང་པ་རིག་རྩལ་མཉམ། །ཐ་དད་རྟོག་པས་ཤེས་པ་མིན། །ཞེས་དང་། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི། །མ་བྱས་མི་འབྱེད་མཉམ་པ་ལས། །སྒྲ་ཚིག་མིང་དུ་ག་ལ་སྲིད། །ལྟོས་གཞི་རང་དག་འཁྲུལ་པ་དག །འཁོར་འདས་མིང་དུ་མ་གྲགས་སོ། །ཞེས་དང་། མཐའ་གྲོལ་འགག་པ་མེད་པ་ལས། །ཡོངས་སུ་རྫོགས་པའི་གཏིང་གསལ་གནས། །ཆེན་པོ་ཡིན་པས་གོང་ན་མེད། །རང་བཞིན་གཡོས་པ་མེད་ཕྱིར་རོ། །ཞེས་སོགས་གསུངས་པ་ལྟར་སེམས་ཉིད་ཀློང་ཆེན་ཡངས་པར་དབྱིངས་སྣང་ལྷུན་གྱིས་གྲུབ་པའི་རང་བྱུང་གི་ཡེ་ཤེས་མཐའ་བྲལ་ཡོངས་རྫོགས་ཀྱི་ངོ་བོར་སངས་རྒྱས་པ་དང་མ་རྒྱས་པའི་ཐ་སྙད་ཐམས་ཅད་དང་བྲལ་ཏེ་ཆོས་ཀུན་ཡེ་ནས་སྐྱེ་འགག་དང་འབྱུང་འཇུག་ལས་འདས་པའི་ངང་དུ་སངས་རྒྱས་པར་རྟོགས་ཏེ་ཐེ་ཚོམ་དང་སྒྲོ་སྐུར་གྱི་ཕྱོགས་རིས་གང་ཡང་མེད་པར་སངས་རྒྱས་ཀྱི་དགོངས་པ་ལྷུན་གནས་བདེ་བ་ཆེན་པོ་ཀུན་རྫོགས་སྒྲིབ་མེད་དུ་གསལ་བར་མངོན་དུ་གྱུར་པའི་ཆེ་བ་བླ་ན་མེད་པ་དང་ལྡན་ནོ། །གང་ལས་ཆེ་ན། ཨ་ཏི་ཡོ་ག་རང་གིས་རྒྱུད་ལུང་མན་ངག་གི་དོན་གྱི་ཁྱད་པར་དང་བརྡ་ཚིག་གིས་མཚོན་ཚུལ་རྣམས་ལ་ཞེན་པ་དང་ཡིད་དཔྱོད་ཀྱི་ཆ་ཅན་དུ་ཤོར་བའི་འཛིན་རྟོག་མཐའ་དག་ལས་ཆེས་འཕགས་པའོ། །གང་གིས་ཆེ་ན། རང་རིག་པ་བྱང་ཆུབ་ཀྱི་སེམས་ལྷུན་གྱིས་གནས་པའི་མཐའ་བྲལ་འོད་གསལ་བདེ་བ་ཆེན་པོ་དོན་དམ་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་རང་གསལ་དུ་རྟོགས་ཏེ་དེའི་ངང་ལ་སྐུ་དང་ཡེ་ཤེས་མ་འདྲེས་གཉིས་མེད་དུ་མཉམ་པར་རྫོགས་ཤིང་རྣམ་པས་བྱང་ཆུབ་ཀྱི་སྙིང་པོར་ངེས་པས་ཆེས་ཁྱད་པར་དུ་འཕགས་པའོ། །ཇི་ལྟར་ཆེ་ན། རྩོལ་བ་དང་རྒྱུ་འབྲས་དང་བླང་དོར་གྱི་ཕྱོགས་ཆ་གསུམ་པོ་ཀུན་དང་། དེར་མ་ཟད་ཨ་ཏིའི་རྒྱུད་ལུང་མན་ངག་གི་དམིགས་རྣམས་ཀྱི་ཚིག་དོན་དུ་སྣང་བའི་རིགས་གསུམ་གྱི་བློ་ཡུལ་དང་བསམ་རྟོག་ཐམས་ཅད་མ་བཅོས་རང་གྲོལ་གྱི་ངང་དུ་ཀུན་ནས་མཉམ་པར་ལ་བཟླས་པས། བལྟ་བྱ་ལྟ་བྱེད་མེད་པར་རང་རིག་ཡེ་གསལ་ཆེན་པོ་ཀུན་བྲལ་ཇི་མ་སྤངས་པར་ཡེ་ནས་རྫོགས་པ་ཆེན་པོ་རྒྱལ་བའི་དགོངས་པ་འདུས་མ་བྱས་པ་མཐའ་གྲོལ་འགག་མེད་དུ་ཡོངས་སུ་རྫོགས་པར་ཁྱད་ཆོས་དྲུག་དང་ལྡན་པའི་ཐིག་ལེ་ཉག་གཅིག་ལ། སྔར་སངས་མ་རྒྱས་པ་ཞིག་ཕྱིས་སངས་རྒྱ་བར་བྱེད་པའི་བྱ་བྱེད་དང་ཕྱོགས་རིས་ཐསམ་ཅད་སངས་ཏེ་དགོངས་པ་ཕྱོགས་བྲལ་བདེ་བ་ཆེན་པོ་ཡེ་ཤེས་ནམ་མཁའི་མཐའ་ལྟར་རྒྱས་པར་གྱུར་པའོ། །དེ་ཡང་བླ་དྭགས་ཐམས་ཅད་དང་བྲལ་བ་ཡིན་ཀྱང་གཞན་སེལ་དང་དོན་གཉེར་གྱི་དགོས་པ་གཉིས་ཀྱི་ཕྱིར་བརྡར་བཏགས་པ་ཡིན་པས། གཞན་སེལ་ནི་སངས་རྒྱས་དངོས་པོ་དང་མཚན་མར་འདོད་པ་དང་ཉི་ཚེ་བའི་སྟོང་པར་འདོད་པའི་ཕྱོགས་རིས་ལས་གྲོལ་བའི་ཆེད་དུ་བཀའ་སྩལ་ཞིང་། དོན་གཉེར་ནི་འབྲས་བུའི་དོན་གྱི་རང་བཞིན་འོད་གསལ་གཉུག་མའི་དེ་ཁོ་ན་ཉིད་ལ་རྨོངས་པའི་བློ་རིགས་ཅན་ལ་དེ་ཉིད་ཇི་བཞིན་པར་མཚོན་པའི་དགོས་པ་ཡོད་པའི་ཕྱིར་བཀའ་སྩལ་ནས་བརྡ་དོན་སྤྲད་པ་ཡིན་གྱི། དེ་ཡང་ཚིག་ཏུ་བཏགས་པ་ཙམ་ལ་ངེས་པའི་དོན་དུ་འདོད་པ་དེ་ཟིལ་གྱིས་གནོན་པའི་གཉེན་པོར་གྱུར་པས། ཁྱད་པར་གྱི་ཆེ་བ་སངས་རྒྱས་མེད་པར་བླ་དྭགས་རང་གྲོལ་གྱི་དགོངས་པ་ཕུལ་བྱུང་བླ་མེད་ཆེན་པོ་དང་ལྡན་པ་ཁོ་ནའོ། །དེ་སྐད་དུའང་འབྲས་བུའི་ཀློང་ལས། ལྷུན་གནས་བདེ་ཆེན་དོན་དམ་ཡེ་ཤེས་འཕགས། །ཕྱོགས་གསུམ་ལ་བཟླས་དྲང་གསལ་ཡེ་སངས་རྒྱས། །དངོས་མཚན་ཉི་ཚེའི་སྟོང་པ་ལས་གྲོལ་ཞིང་། །དོན་ཉིད་རྨོངས་ལ་མཚོན་ཕྱིར་བརྡ་སྤྲད་ཀྱི། །དེ་ཡང་ཚིག་ཙམ་ངེས་འདོད་ཟིལ་གནོན་ཆེའོ། །ཞེས་དང་། ཀློང་ཆེན་ལས། གང་ལའང་ལྟོས་པ་མེད་པ་དང་། །ཅི་ལའང་ཕན་དང་གནོད་པ་མེད། །ཐམས་ཅད་མཉམ་པས་ནམ་མཁའ་འདྲ། །ཐམས་ཅད་ནས་ནི་ཐམས་ཅད་དུ། །སངས་རྒྱས་མེད་པའི་སངས་རྒྱས་ཏེ། །སེམས་ཉིད་ཀློང་ཆེན་ཡངས་པ་རུ། །འཁོར་འདས་མ་ལུས་ཆོས་རྣམས་ཀུན། །ཆེ་བ་ལྔ་རུ་མངོན་སངས་རྒྱས། །ཞེས་སོ། །དེ་ཡང་དང་པོ་མངོན་སུམ་པར་སངས་རྒྱས་པས་ཤེས་བྱའི་དོན་གྱི་རང་བཞིན་བསྟན་ཞིང་། དེ་ནས་བདག་ཉིད་ཆེན་པོ་དང་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པ་གཉིས་ཀྱིས་གཉིས་མེད་མཚོན་བྲལ་གྱི་མཚན་ཉིད་བསྟན་ལ། ཐམས་ཅད་དེ་ཉིད་ཡིན་པར་སངས་རྒྱས་པ་གཅིག་གིས་དབྱེར་མེད་ཕྱོགས་གྲོལ་གྱི་ངེས་ཚིག་བསྟན་ཏེ་ཐ་མས་སངས་རྒྱས་མེད་པའི་ཆེ་བས་དེ་དག་གི་བརྡ་དོན་གྱི་ངེས་པར་འཛིན་པ་མཐའ་དག་དགྲོལ་ཏེ་རྒྱས་གདབ་པ་ཡིན་པས། དེ་ལྟ་བུའི་ཆེ་བ་ལྔས་ཁྱད་པར་དུ་འཕགས་པ་དེས་ན་མཚན་མེད་འོད་གསལ་རྫོགས་པ་ཆེན་པོ་ནི་ཐེག་པ་ཀུན་གྱི་རྩེ་མོར་གྱུར་པའི་ཆེ་བ་ཕུན་སུམ་ཚོགས་པ་དང་། ལྡན་པར་ཤེས་པར་བྱ་སྟེ། འབྲས་བུའི་ཀློང་ལས། དང་པོས་ཤེས་བྱའི་རང་བཞིན་གཉིས་མཚན་ཉིད། །གཅིག་གིས་ངེས་ཚིག་ཐ་མས་རྒྱས་བཏབ་པ། །ཆེ་ལྔས་ཁྱད་འཕགས་དེས་ན་རྫོགས་པ་ཆེ། །ཞེས་གསུངས་སོ། །དེ་ལྟར་མན་ངག་གི་རྒྱལ་པོ་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཡང་སྙིང་བཀའ་ལུང་དྲི་མ་མེད་པ་འདི་ནི་གནད་ཆེན་པོའི་ངེས་གསང་གི་བཅུད་མཆོག་དེ་ལྟ་བུ་དང་ལྡན་པ་ཡིན་ཏེ། ལྟ་བའི་ཀློང་ལས། བདག་ནི་མ་རིག་གནས་ནས་དབྱུང་བ་ལ། །རྟོགས་པ་རིན་ཆེན་གདེངས་མེད་ཐབས་འགའ་ཡང་། །རྙེད་པར་མ་གྱུར་དུས་བབ་དབང་པོས་བསྐུལ། །སྐུ་གསུམ་ཆུ་རྒྱུན་བབས་པས་མ་རིག་པའི། །དྲི་མ་དག་ནས་ཡེ་ཤེས་ཀུན་མཁྱེན་གསལ། །འཁྲུལ་པ་གཞན་མཐོང་སྙིང་རྗེས་རྟོགས་ཐབས་བཀོད། །འདི་ལ་བརྟེན་ནས་ཐམས་ཅད་མིག་རྙེད་ཤོག །ཅེས་དང་། འབྲས་བུའི་ཀློང་ལས། དེ་བཞིན་རང་ལ་གནས་པས་ཚུལ་ངན་རྩོལ་མིན་བསླད་འཁྱམས་ལས་གྲོལ་ཕྱིར། གདེངས་ཆེན་གནས་ཏེ་ཞེན་མཐའ་ཀུན་གྲོལ་ངེས་པར་དམར་ཐག་ཀུན་གསལ་བའི། སྙིང་པོའི་དོན་སྟོན་སྒྲོན་མ་འདི་ལ་སྐལ་ལྡན་འགའ་གནས་སྲིད་ན་གཏེར་དུ་ལོང་། དེ་ལྟ་མིན་ན་བརྒྱུད་པའི་སྟེགས་བུ་ཚུལ་གཞན་སྤང་མིན་ཤུགས་ཀྱིས་འཇུག །ཅེས་དང་། སྒོམ་པའི་ཀློང་ལས། འདི་ནི་དངོས་གྲུབ་དམ་པའི་བཅུད། །འཁོར་འདས་མཚན་ཉིད་འཛིན་པའོ་ཅོག །གདོད་ནས་མ་བཅོས་བྱང་ཆུབ་སེམས། །བདེ་གཤེགས་དུས་གསུམ་རྒྱལ་བ་ཡི། །ཐུགས་དགོངས་མཁྱེན་པའི་ཡེ་ཤེས་ཏེ། །མ་ནོར་དོན་ལ་རིག་པས་འབྱོར། །ཡང་རབ་སྐྱེས་བུའི་སྤྱོད་ཡུལ་ཉིད། །འདུས་བྱས་མིན་པས་འཕོ་འགྱུར་བྲལ། །མཚུངས་པ་མེད་པའི་གསལ་མཁྱེན་ཡིན། །གདོད་ནས་གནས་པས་བསྐྱེད་པ་མེད། །སྒྲོ་སྐུར་བྲལ་བའི་ངེས་དོན་ཉིད། །སྐལ་ལྡན་རྣམས་ལ་བཞག་པ་ཡིན། །ཨེ་མ་ཧོ། སྐལ་ལྡན་སྐྱེས་བུ་རྣམས། མ་འོངས་དུས་ན་འབྱུང་བ་དང་། །རྒྱལ་བའི་བཀའ་ལུང་ཟབ་མོ་ལ། །བརྒྱུད་པའི་བརྡ་སྤྲོད་གཉེར་ལྡན་པས། །གཞི་དོན་བདེན་པར་གནས་པ་ཡི། །ཡོན་ཏན་ཟེར་མཐོང་ང་རྒྱལ་ལ། །མཐོང་བའི་དགོས་པ་འགའ་ཡིས་རྐྱེན། །བྱ་མེད་ཆོས་ལ་བློ་གཏད་ནས། །དད་ལྡན་སྐལ་ལྡན་བློ་བརླབས་པས། །དངོས་གྲུབ་ཆུ་རྒྱུན་མ་བཅད་པར། །རིན་ཆེན་བརྒྱུད་པ་མཚོན་པའི་ཚིག །འདི་ལ་བརྟེན་ལ་ཚད་ལ་ཕོབ། །འདི་དང་བྲལ་ན་སྐྱེ་བོ་ཉིད། །འཕགས་པའི་གནས་ལས་འགྱངས་པར་ངེས། །དེས་ན་སྐལ་ལྡན་རིན་ཆེན་རྟེན། །དགོས་པ་ཕྲ་མོར་མ་སྤྱད་པར། །འདི་ཡིས་གྲུབ་པའི་གྲོགས་མཆོག་མཛོད། །ཅེས་གདམས་པར་མཛད་དོ། །དེ་ལྟར་བཀའ་རྫོགས་པ་ཆེན་པོའི་སྙན་བརྒྱུད་ཀྱི་གདམས་ངག་འདི་དང་འཕྲད་པའི་སྐལ་ལྡན་བློ་གྲོས་གསལ་བ་རྣམས་ཀྱིས་ཤན་འབྱེད་ཀྱི་གནམ་ཐིག་མ་ནོར་བ་དང་ལྡན་པའི་ཚད་མའི་ལུང་རིགས་ལ་བརྟེན་ནས་ཁེ་ཉན་མ་འཆོལ་བར་དོན་གྱི་གསང་བཅུད་ལེན་པ་ལ་གནས་པས་ངང་པའི་རྒྱལ་པོའི་སྒྱུ་རྩལ་གྱི་ཚུལ་ལ་མཁས་པར་བྱ་བ་ནི་ཤིན་ཏུ་གཅེས་ཏེ། ཡེ་ཤེས་གསང་བ་ལས། རྩོལ་བྲལ་གསང་བའི་ཐེག་པ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་བྱེད། །རྒྱལ་སྲས་གསང་བའི་སྣོད་ལྡན་ལ། །རྣ་བརྒྱུད་རིག་པ་སྔགས་ཀྱི་དོན། འཕྲུལ་ཚིག་རིག་པའི་སྒོ་ནས་བསྟན། །གསང་འཛིན་རིག་པའི་སྣོད་ལྡན་རྣམས། །མ་བཅོས་གསང་བའི་དོན་གོ་ནས། །རྣམ་གྲོལ་འབྲས་བུ་ཐོབ་པར་འགྱུར། །དེ་ནས་གསང་བ་དམ་པ་འདི། །མཐའ་འཁོབ་ཡུལ་དུ་རྒྱས་པར་འགྱུར། །དེ་ཡང་གསང་བ་དམ་པ་འདིས། །སྐལ་ལྡན་གདུལ་བྱའི་ངོ་དག་ཏུ། །རིག་པའི་སྒྲོན་མ་བྱེད་པར་འགྱུར། །དེ་ནས་ཐུགས་རྗེའི་སྐལ་མེད་པས། །གསང་བ་དམ་པ་ནུབ་པར་འགྱུར། །གསང་བའི་ཐེག་པ་དམ་པ་འདི། །གཞན་གྱིས་ནུབ་པར་མི་འགྱུར་ཏེ། །དྲི་མེད་བདུད་རྩི་རྟོགས་དཀའ་ལ། །རྣ་བརྒྱུད་འཕྲུལ་ཚིག་མི་ལྡན་པར། །སྒྲ་བཞིན་དཔྱད་ནས་སྨྲ་བ་དག །ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན། །མ་བཅོས་རང་སྣང་རོལ་པ་དང་། །རྣམ་རྟོག་ཞེན་པའི་བརྟགས་པ་དག །བྱེ་བྲག་མ་ཕྱེད་རྨོངས་པའི་བློ། །རྡོ་ལ་གསེར་དུ་འཛིན་པ་བཞིན། །འོད་གསལ་ལྷུན་གྲུབ་རང་སྣང་དང་། །བརྟགས་པའི་ཞེན་པ་བསྲེས་ནས་སྨྲ། །མ་བཅོས་རིག་པའི་གདེངས་མེད་པར། །རང་ལྟ་ཡ་རབས་མཐོ་འདོད་པ། །བབ་ཅོལ་འདོད་ལྔ་སྤྱད་པས་ལོག །དེ་ཡི་དུས་ཀྱི་གང་ཟག་དག །སྦྲེལ་མ་གཡང་དུ་ལྷུང་བ་བཞིན། །རྡོ་རྗེའི་ཁབ་ཏུ་ལྷུང་གྱུར་ནས། །བྱང་ཆུབ་སེམས་ཀྱི་རིགས་དང་བྲལ། །མགྱོགས་འགྲོ་སོ་མཚམས་འདས་དང་འདྲ། །ཞེས་པ་ལ་སོགས་པ་བཀའ་ལུང་གི་ཚིག་ལས་མཐོང་བས་སོ། །དེས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས། བྱང་ཆུབ་ཀྱི་སེམས་ཉིད་མའི་སྙིང་པོ་ལས། ཀྱེ་ཧོ་དཔལ་ལྡན་རིགས་ཀྱི་བུ། །མཁས་པས་དོན་ལས་མི་འཁྱར་བྱའི། །ཐ་སྙད་ཚིག་རྗེས་མ་འབྲང་ཞིག །དོན་མེད་ཚིག་སྙན་འབྲང་མིན་གྱི། །དོན་མཚོན་ཚིག་ལ་མ་དགག་ཅིག །རྟོགས་དོན་གནས་སམ་གནས་རྟོགས་བྱའི། ཞི་གནས་ཉམས་ལ་མ་ཞེན་ཅིག །མ་རྟོགས་ཉམས་ཞེན་གཏད་སྤང་གི། །དངོས་གྲུབ་ཆུ་རྒྱུན་མ་གཅད་ཅིག །དོན་འགྱུར་ལྷག་སྤྱོད་བཙུན་བར་བྱའི། །བཙུན་དྲེགས་གཞན་བརྙད་མ་བྱེད་ཅིག །རང་དོན་འཇུར་བུས་བསྔམ་སྤང་གི། །དཀར་ནག་རྒྱུ་འབྲས་མ་ཟློག་ཅིག །མཐའ་བཞིར་ཕྱོགས་ལྷུང་གྲོལ་བར་བྱ། །རྟོགས་ཐབས་མུ་བཞི་མ་དག་གཅིག །མུ་བཞི་ལྡེའུ་མིག་རང་གྲོལ་བྱའི། །འགྲོས་བདེ་ཁ་འབྱམས་མ་སྨྲ་ཞིག །ངེས་པར་གདེངས་སུ་ཐེབས་པར་བྱ། །ཤེས་ཚུལ་རང་བསླུ་མ་བྱེད་ཅིག །ཅེས་གསུངས་པ་ལྟར་དལ་རྟེན་ལ་སྙིང་པོ་ལེན་པ་ནི་རང་གཞན་ཀུན་ལ་དོན་ཆེན་པོའི་དཔལ་དང་ལྡན་པ་ནོར་འཁྲུལ་མེད་པའི་གདམས་ངག་གི་གནད་ཀྱིས་རྟོགས་དོན་ལ་འཇུག་པའི་བཅུད་འདུས་ཀྱི་སྙིང་པོ་ཉིད་དུ་ཤེས་ནས་ཟབ་མོའི་དོན་ལ་རྟོན་པར་བྱའོ། །གསུམ་པ་ཞུགས་པ་རྫོགས་པ་མཇུག་གི་དོན་ལ་མཛད་བྱང་དང་། བསྒྱུར་བྱང་གཉིས་ལས། དང་པོ་ནི། རིན་པོ་ཆེ་གཏེར་སོགས་ཀྱིས་བསྟན་ཏེ། མན་ངག་འཕྲུལ་གྱི་མེ་ལོང་གི་རྩ་བ་རིན་པོ་ཆེ་གཏད་པ་མདོར་བསྡུས་ཏེ་བསྟན་པ་རྒྱལ་བ་སྐུ་གསུམ་གྱི་བྱིན་རླབས་ལས་ཤར་བའི་སྤྲུལ་པའི་སྐུ་མཆོག་ལས་སླར་ཡང་ཐུགས་རྗེའི་ཡང་སྤྲུལ་དུ་བྱོན་པའི་གསང་ཆེན་བདག་པོའི་ཐུགས་སྲས་མཚན་དཔེ་རྫོགས་པའི་སློབ་དཔོན་ཆེན་པོ་གསང་བདག་དགའ་རབ་དཔའ་བོ་དགྱེས་མཛད་བཞད་པ་རྡོ་རྗེའི་ཞལ་སྔ་ནས་བཀའ་སྩལ་བར་མཛད་པའི་སྡེ་གསུམ་ཀློང་དགུ་མཐའ་དག་གི་ཡང་བཅུད་ཐུགས་ཀྱི་དགོངས་པའི་ཡང་སྙིང་དུ་གནས་པའི་བསྟན་པ་རིན་པོ་ཆེའི་བཙས་དམ་པ་གདམས་ངག་ཐམས་ཅད་ཀྱི་རྒྱལ་པོ་ཉིད་ཡོངས་སུ་རྫོགས་ས྄ོཧ྅྅྅། ཞེས་ལྷག་མ་མེད་པར་མཐར་ཕྱིན་པའི་དོན་ཏོ། །གཉིས་པ་ནི། རྒྱ་གར་གྱི་སོགས་ཀྱིས་བསྟན་ཏེ། རྒྱ་གར་འཕགས་པའི་ཡུལ་གྱི་མཁན་པོ་ཆེན་པོ་པཎྜི་ཏའི་རྒྱལ་པོ་ཤྲཱི་སེངྷ་པྲ་བྷ་ཏ་ཞེས་གྲགས་པ་བོད་སྐད་དུ་དཔལ་སེང་གེའི་འོད་ཅན་དང། བོད་ཀྱི་ལོ་ཙཱ་བ་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པའི་དགེ་སློང་བཻ་རོ་ཙ་ན་ཞེས་བྱ་བ་སྐུ་ཆུང་ངུའི་དུས་ཀྱི་མཚན་ག་འཇག་སྡང་དམ་སྐད་གསར་བཅད་དུ་གན་ཇག་ཐང་ཏ་ཞེས་གྲགས་པ་དཔལ་རྣམ་པར་སྣང་མཛད་ཀྱི་ཞལ་གཟིགས་པས་སྤྲུལ་པའི་སྐྱེས་བུ་དེས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་ནས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་བཀའ་འདི་གཏད་པའི་སྐུ་དྲིན་ལས། གངས་དཀར་གྱི་ཕྲེང་བས་ཡོངས་སུ་བསྐོར་བའི་བདེ་ཁམས་དམ་པའི་ཆོས་ཀྱི་ཡུལ་ལྗོངས་འདིར་ཡང་རྒྱལ་བསྟན་ཡོངས་སུ་རྫོགས་པའི་སྒྲོན་མེའི་ཞིང་གི་བསོད་ནམས་ཀྱི་དཔལ་དང་ལྡན་ཏེ་དགེ་ཞིང་བཀྲ་ཤིས་པའི་སྣང་བས་ཀུན་ཏུ་ཁྱབ་པར་གྱུར་པའོ། །དེ་དག་གི་སྒོ་ནས་མན་ངག་གི་རྒྱལ་པོ་གཏེར་གཏད་པ་ཉིད་སྤྱི་དོན་ལྔའི་ཚུལ་གྱིས་ལེགས་པར་བཤད་ཟིན་ཏོ། །དེའང་གཅིག་ཤེས་ཀུན་རྟོགས་ཀྱི་སྐབས་ལ། དམ་པ་སྔ་མས་དཔེ་གཉིས་དང་དོན་རྫོགས་ཆེན་སྤྱི་ལ་སྦྱར་བ་ལས། གཡུ་ལྗང་རི་ཁྲོད་ཀྱི་རྣལ་འབྱོར་པ་གྲགས་པ་དཔལ་བཟང་གིས། དཔེ་སྔར་བཞིན་ལ། དོན། ཆོས་རྣམས་རང་བཞིན་མཐོང་འདོད་ན། སོགས་ཀུན་བྱེད་རྒྱལ་པོ་ལ་སྦྱར་ཏེ་བསྟན་ཀྱང་། ཕྲན་ཆུང་ཁོ་བོ་ནི། སྤྱིར་ཐམས་ཅད་གལ་ཆེ་ཞིང་ཁྱད་པར་དུའང་མན་ངག་འདི་ཉིད་ཀུན་གྱི་སྲོག་བཅུད་དུ་གྱུར་ཏེ་ཆོས་སྐུའི་རང་ངོ་ཤེས་ཤིང་ཡེ་ཤེས་ཀྱི་རང་ས་ཟིན་ནས་དགོངས་པ་འགྱུར་མེད་ལ་གནས་པས་དྭངས་མའི་འབྱུང་བ་ལ་རྟེན་ཏེ་རང་སྣང་སྐུ་གསུམ་གྱི་དཀྱིལ་འཁོར་དུ་རྟོགས་པ་མཐར་ཕྱིན་པར་བྱེད་པའི་གདམས་ངག་མཐའ་དག་གི་སྙིང་པོ་འདུས་པའི་མན་ངག་གི་རྩ་བ་བླ་ན་མེད་པ་ཡིན་པས་ན་ཐམས་ཅད་སྦྱར་ནས་འདི་སྐད་དུ། ཆོས་རྣམས་ཐམས་ཅད་འཐུང་འདོད་ན། །རྒྱ་མཚོ་ཆེན་པོའི་ཆུ་ལ་འཐུངས། །ལྟད་མོ་སྣ་ཚོགས་ལྟ་འདོད་ན། །རི་བོ་ཆེན་པོའི་རྩེ་ནས་ལྟོས། །ཆོས་རྣམས་ཐམས་ཅད་ཐོས་འདོད་ན། །རྫོགས་ཆེན་ཐེག་པའི་ཡང་རྩེ་ཉོན། །ཀུན་གྱི་རང་བཞིན་མཐོང་འདོད་ན། །བྱང་སེམས་ཀུན་བྱེད་རྒྱལ་པོ་ལྟོས། །ཡོངས་རྫོགས་རང་གཏེར་རྙེད་འདོད་ན། །གཏེར་གཏད་མན་ངག་བཅུད་མཆོག་ལོང་། །ཞེས་སྨྲའོ། །སླར་སྨྲས་པ། རྨད་བྱུང་ཐེག་མཆོག་རྒྱལ་པོའི་དགོངས་པའི་མཐིལ། །སྐུ་གསུང་ཐུགས་བཅུད་ཚད་མའི་བཀའ་ཡི་ལུང་། །སྙན་རྒྱུད་འཕྲུལ་ཚིག་མན་ངག་སྙིང་པོའི་དོན། །བརྒྱུད་པའི་གསུང་སྒྲོས་ལ་བརྟེན་གསལ་བར་བཀྲོལ། །སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་སེམས་པའང་བདག་ལ་མེད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །དགེ་བ་གོམས་ཕྱིར་བདག་གི་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ། །བདག་དང་སྐལ་བ་མཉམ་པའི་ཐོས་བསམ་པ། །གཟུར་གནས་གཞན་གྱིས་མཐོང་ནའང་དོན་ཡོད་འགྱུར། །དེ་སླད་མཆོག་གཟིགས་དམ་པའི་སྐྱེས་བུ་བཞིན། །ཟབ་དོན་རྟོགས་ཏེ་རང་དབང་འབྱོར་མིན་ཀྱང་། །སྐྱབས་མཆོག་པཎ་གྲུབ་བླ་མའི་བཀའ་དྲིན་གྱིས། མུན་པའི་བློ་ལ་སྣང་བའི་ཟེར་ཙམ་ཤར། །ཁྱད་པར་ཡང་སྤྲུལ་ཐུགས་སྲས་དཔའ་བོ་ཡིས། །ཚིག་སྡེབས་ལེགས་པས་ཕྱི་རབས་རིགས་ཅན་ལ། །འཕྲུལ་གྱི་ཡི་གེ་བཙས་སུ་བཞག་པའི་དོན། །ཅུང་ཟད་དེས་ཕྱིར་བརྒྱུད་པའི་བརྡ་ཡང་འཕྲོས། །དེ་ཕྱིར་འདི་ལ་ལེགས་པར་བཤད་པའི་ཆ། །གང་མཆིས་དམ་པ་གོང་མའི་བྱིན་རླབས་དང་། །བླ་མའི་དྲིན་ཕྱིར་རང་བཟོ་ཚིག་གཅིག་མེད། །རབ་དཀར་ལེགས་བྱས་འབྱུང་ལ་ཐེ་ཚོམ་བྲལ། །ཀྱེ་ལགས་སྐལ་ལྡན་བློ་གྲོས་གསལ་བ་རྣམས། །མན་ངག་གསང་བཅུད་འདི་འདྲར་འཕྲད་དཀའ་བས། །མགོ་ལ་མེ་འབར་གསད་ལས་རིངས་ཚུལ་དུ། །སྙིང་པོའི་ཟབ་དོན་ལེན་ལ་འཇུག་པར་འཚལ། །དུས་ཀྱི་སྙིགས་མ་མུན་གནག་བཞིན་དུ་བདོ། །ཚེ་ལ་འགལ་རྐྱེན་རླུང་གསེབ་མར་མེ་འགྲན། །ཆོས་མིན་འཚེ་བ་ཆར་སྤྲིན་འཁྲིགས་འདྲ་བའི། །ཚུལ་འདིར་དགོངས་ལ་སྙིང་པོའི་དོན་མཆོག་ལོང་། །བདག་ཀྱང་དེང་ནས་བྱང་ཆུབ་མཆོག་གི་བར། །མན་ངག་འདི་དང་ནམ་ཡང་མི་འབྲལ་ཞིང་། །ཆུང་ནས་བཤེས་གཉེན་དམ་པས་རྗེས་བཟུང་སྡེ། །རང་གཏེར་ཇི་བཞིན་མངོན་དུ་འགྱུར་བར་ཤོག །ཨ་ཏི་ཡོ་ག་སེམས་ཀློང་མན་ངག་སྡེ། །སྤྱི་ཏི་ཡང་ཏིའི་བཀའ་དང་དགོངས་འགྲེལ་གནད། །ཀུན་བཟང་རྡོར་སེམས་དགའ་རབ་དཔའ་བོ་ཡི། །ཐུགས་དགོངས་ཟབ་མོ་མ་ནོར་རྙེད་པར་ཤོག །ཐེག་མཆོག་རྒྱལ་པོའི་བསྟན་དོན་ཇི་ལྟ་བར། །རིག་འཛིན་བརྒྱུད་པའི་རིང་ལུགས་ཚད་མ་ལྟར། །དམ་པ་ཡབ་སྲས་ཀུན་མཁྱེན་སྔ་ཕྱི་དང་། །མི་ཕམ་ཆོས་རྗེའི་དགོངས་མཛོད་རྟོགས་པར་ཤོག །སྐུ་གསུམ་རྒྱལ་བའི་ཡེ་ཤེས་སྒྱུ་མའི་འཕྲུལ། །པན་ཆེན་བླ་མ་ཆོས་ཀྱི་རྒྱ་མཚོ་དང་། །གྲུབ་བརྒྱའི་སྤྱི་དཔལ་བྱམས་པ་ཆོས་འཛིན་རྗེའི། །དགོངས་དོན་འཁྲུལ་མེད་རྒྱུད་ལ་སྐྱེ་བར་ཤོག །མདོར་ན་སྙན་རྒྱུད་སྟོན་པའི་བླ་མ་རྣམས། །འབྲལ་མེད་འཁོར་ལོའི་མགོན་དུ་རང་བཞུགས་ནས། །མཚན་མེད་འོད་གསལ་མཐའ་བྲལ་ཡོངས་རྫོགས་ཀྱི། །རང་རིག་གཉུག་མའི་རང་གཞན་མཐོང་བར་ཤོག །ལེགས་གསུང་བཀའ་ལ་རྟོགས་གོམས་སྐྱེད་པའི་ཕྱིར། །མན་ངག་ཚད་མའི་ལམ་བཟང་གསལ་བྱས་པས། ཚེ་འདིར་ཁྱད་ཆོས་དྲུག་ལྡན་གདོད་མའི་སར། །མངོན་བྱང་ཆུབ་སྟེ་དོན་གཉིས་ལྷུན་གྲུབ་ཤོག །དགེ་བ་དེ་ཡིས་འབྲེལ་ཐོབ་ཡིད་ཅན་ཀུན། །རྒྱལ་བ་དགྱེས་པའི་ཐབས་ལ་ངེས་བརྟེན་ནས། །རྣམ་གྲོལ་རྫོགས་པའི་སངས་རྒྱས་མགོན་བྱས་ཏེ། །ཁམས་གསུམ་འཁོར་བ་དོང་སྤྲུགས་དཔའ་ཐོབ་ཤོག །གཞན་ཡང་དཀར་དམར་ཟབ་དང་སྲུ་གོས་གྱོན། །ཁལ་རྟ་ཞོན་པའི་འགྲོ་བ་གཙོར་གྱུར་པའི། །མ་ལུས་སེམས་ཅན་ཀུན་གྱི་རྨོངས་པའི་ཡིད། །བསལ་ནས་ཀུན་མཁྱེན་ཡེ་ཤེས་རྒྱས་པར་ཤོག །རང་སྣང་འོད་གསལ་འདུས་མ་བྱས་པའི་མཁར། ལུང་རྟོགས་བསྟན་པའི་འོད་སྟོང་གསལ་བཀྲ་བས། །བླ་མེད་འབྲས་བུའི་དཔལ་འབྱོར་རབ་འཕེལ་ཏེ། །ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་རིན་པོ་ཆེ་གཏེར་གཏད་ཀྱི་འགྲེལ་བ་འདི་ཡང་སྐྱབས་རྗེ་བཀའ་དྲིན་མཚུངས་མེད་གདོད་མའི་མགོན་པོ་གསང་བའི་མངའ་བདག་གྲུབ་དབང་ཐམས་ཅད་མཁྱེན་པའི་བཀའ་ཡི་གནང་བ་ཐོབ་ཅིང་། ཆོས་རྗེ་མཁན་ཆེན་རིན་པོ་ཆེ་ཐུབ་བསྟན་ལེགས་བཤད་དུལ་བའི་སྡེའི་ཞལ་ནས་སེམས་ཕྱོགས་ལའང་གསལ་བྱེད་ཀྱི་ཡི་གེ་རེ་ཅིས་ཀྱང་གྱིས་ཤིག་ཅེས་གསུང་བསྐུལ་མཛད་པ་བཞིན་རང་ཡང་མན་ངག་ཟབ་མོ་ལ་བློ་གྲོས་རྒྱས་པའི་འབྲེལ་འཇོག་ཏུ་བྲི་འདུན་སྐྱེས་ནས་གསེར་ཁང་རི་ཁྲོད་བདུད་འདུལ་ཕྲིན་ལས་ཀུན་ཁྱབ་གླིང་དུ་འཆད་ཐབས་ལྔའི་སྤྱི་ཁོག་ཙམ་བྲིས་ཤིང་། དེ་རྗེས་ལྟ་བདེ་བའི་ཕྱིར་རྨུགས་སངས་ཆོས་དགོན་མི་འགྱུར་བཀྲ་ཤིས་འོད་འབར་གྱི་ཡང་དབེན་དགོན་སྟོད་ལྷུན་གྲུབ་དགའ་ཚལ་གྱི་མཆོད་སྡོང་བྱིན་རླབས་འོད་སྣང་གི་ཉེ་འཁོར་དུ་སེ་སྟོན་འབྱུང་ལྡན་གྱི་ཕྱག་མཆན་ལ་བརྟེན་ནས་གཞུང་དངོས་ཙམ་ཉུང་ངུ་ཞིག་བྲིས་པ་ལས། སླར་ཡང་རིགས་བདག་མ་ཧཱ་པཎྜི་ཏ་ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་ཡང་སྤྲུལ་བྱམས་ཆེན་ཆོས་ཀྱི་ཉི་མའི་མདུན་ནས་ནམ་མཁའ་ཆེ་དང་འདི་ཉིད་ལ་བྱིན་རླབས་ཀྱི་བཀའ་ཁྲིད་ཞུས་ཚེ་འགྲེལ་པ་དགོས་པའི་ཞལ་ལུང་གསེར་གྱི་ཅོད་པཎ་སྤྱི་བོར་སོན་པ་དང་སྔ་ཕྱིར་དམ་པ་འགའ་ཡིས་ཀྱང་བསྐུལ་བའི་ཕྱིར། སྤྲང་འཁྱམས་ཐུབ་བསྟན་མཁྱེན་བརྩེ་བློ་གྲོས་ཀྱིས་བྲོ་བརྡུང་གསང་སྔགས་ཆོས་གླིང་གི་ཡང་བདེན། གཡུ་ཕུད་བྲག་དཀར་རྩེ་མཐོའི་རི་དོགས། ས་འཛིན་སྨན་ཤིང་འཁྲིགས་པའི་སྤང་མཐོངས། བཀྲ་ཤིས་དགེ་ལེགས་རྒྱས་པའི་བསྟི་གནས། ལྷ་བྱ་སྐད་སྙན་སྒྲོགས་པའི་དགའ་ཚལ། གཙུགས་ལག་ནོར་བུའི་བརྒྱན་པའི་ཁང་བཟང་། ཐེག་མཆོག་འོད་གསལ་མཛོད་ཀྱི་བཤགས་ཆུང་དུ་བར་མཚམས་སུ་ཇི་ལྟར་རིགས་པ་བསྣན་ཅིང་མཇུག་གི་སྐབས་དོན་མན་ཆད་རྫོགས་པར་བྱས་ཏེ་མཐར་ཕྱིན་པར་བགྱིས་པ་འདིས་ཀྱང་རྒྱལ་བསྟན་སྤྱི་དང་སྔ་འགྱུར་མདོ་སྒྱུ་སེམས་གསུམ་འོད་གསལ་རྡོ་རྗེ་སྙིང་པོ་དང་བཅས་པའི་བསྟན་པ་རིན་པོ་ཆེ་རྣམས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀཱ་ལྱཱ་ཎཱཾ་བྷ་བ་ཏུ། དགེའོ།། །།སླར་སྨྲས་པ། ཡེ་གྲོལ་ཀ་དག་ཟང་ཐལ་ཀུན་ཏུ་བཟང་། །ཡོངས་གྲོལ་གཉུག་མ་རྡོ་རྗེ་སེམས་དཔའ་ཆེ། །ལྷུན་གྲུབ་རོལ་རྩལ་མ་འགགས་དགའ་རབ་རྗེ། །དབྱེར་མེད་རིག་སྟོང་དོན་གྱི་བླ་མར་འདུད། །དགོས་འདོད་ནོར་བུ་རྒྱ་མཚོའི་ཀློང་བཞིན་དུ། །སེམས་ཀྱི་རིན་ཆེན་རྡོ་རྗེའི་གཏེར་ཆེན་པོ། །ཀུན་བཟང་རྡོར་སེམས་དགའ་རབ་ཐུགས་ཀྱི་བཏུད། །ཤྲཱི་སེངྷས་ཆིངས་ལྔའི་བརྡ་ཡིས་བཀྲོལ། །དཔེ་དོན་རྟགས་ཀྱི་སྤྲས་པའི་མན་ངག་རྣམས། །དགོངས་བརྒྱུད་ཕར་ཟོག་ཐོབ་པའི་སྐལ་ལྡན་པ། །ཤར་གྲོལ་རིས་མེད་རང་བྱུང་བརྡས་བསྟན་པ། །ཀུན་ལ་ཡོད་ཀྱང་ཀུན་གྱི་སྤྱོད་ཡུལ་མིན། །རང་སྦས་གབ་པ་གསང་བའི་དོན་འཆོལ་ན། །མ་གྲོལ་གྲོལ་བའི་གནད་གསང་རྟོགས་དཀའི་ཕྱིར། །འཕྲུལ་གྱི་མེ་ལོང་གསལ་བའི་ལྡེ་མིག་འདི། །པཎ་གྲུབ་བརྒྱུད་པའི་ལུང་རིགས་མན་ངག་བཞིན། །དགའ་རབ་ཞལ་མཐོང་གཉུག་མའི་དེ་ཉིད་མཁྱེན། །རྩོལ་མེད་བརྩེ་བའི་ཁོ་ལག་རས་རྒྱས་ཤིང་། །གཟི་ལྡན་བློ་གྲོས་ཉི་མའི་རང་རྩལ་གྱིས། །རང་བཞག་ཀློང་ནས་རང་གྲོལ་ཚིག་གིས་བཀྲོལ། །རྒྱུད་ཀྱི་དོན་བཀྲོལ་ལུང་གི་མདོ་བཟུང་ནས། །མན་ངག་སྙིང་བྱུང་དགོངས་པའི་ལ་བཟླ་བ། །གནས་ལུགས་དོན་བསྟན་རིག་པ་གནད་པ་ཕབ། །ཚིག་གི་བརྡ་བཀྲོལ་བྱང་སེམས་མངོན་དུ་བསྟན། །སྐྱེས་བུའི་ལུས་ལ་གཅེས་པའི་སྲོག་བཞིན་དུ། །སྡེ་གསུམ་ཀློང་དགུའི་གནད་སྟོན་གཞུང་ལུགས་འདི། །མི་ཉམས་ཕྱོགས་དུས་ཀུན་ཏུ་སྤེལ་བའི་ཕྱིར། །སཱུརྱའི་མཚན་ཅན་བླ་མས་སྤར་དུ་བཞེངས། །དབུལ་པོའི་གཏེར་དང་སེམས་ཉིད་སངས་རྒྱས་རྣམས། །ཡེ་ནས་གནས་ཀྱང་མ་ཤེས་ལོག་པར་འཁྱམས། །དེང་འདིར་འདིའི་མཐུས་རང་གནས་གཉུག་མའི་ཁམས། །ཡེ་གྲོལ་ཆོས་ཟད་ཀུན་ཁྱབ་ཐིག་ལེ་ཆེ། །གཟི་བྱིན་ཉི་མ་འབུམ་ལས་ཆེས་ལྷག་པ། །འགྲོ་བའི་ཡིད་མཁར་རབ་ཏུ་བརྟན་གྱུར་ནས། །ས་འཛིན་སྤོ་ལ་དགེ་ལེགས་གྲུ་ཆར་གྱིས། །པད་དཀར་ཆུན་འཕྱངས་ཀུན་གནས་བལྟར་གྱུར་ཅིག །ཅེས་སྤར་འདི་རྨུགས་སངས་གསང་སྔགས་གླིང་དུ་བཞུགས་པ་ཡུལ་ཕྱོགས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག །མདྒ་ལཾ། ཤུབྷཾ།། །།
བྱང་ཆུབ་སེམས་ཀྱི་དོན་བསྒོམ་པའི་ཡི་གེ་གཞི་ལམ་འབྲས་བུའི་དོན་བསམ་པ་ཞེས་བྱ་བ་བལྟ་བསྒོམ་སྤྱོད་པའི་མན་ངག །ལྷ་རྗེ་བློ་གྲོས་བཟང་པོ།
བྱང་ཆུབ་སེམས་ཀྱི་དོན་བསྒོམ་པའི་ཡི་གེ་གཞི་ལམ་འབྲས་བུའི་དོན་བསམ་པ་ཞེས་བྱ་བ་བལྟ་བསྒོམ་སྤྱོད་པའི་མན་ངག་བཞུགས་སོ། །ན་མོ་མཧཱ་གུ་རུ་བཛྲ་དྷརི་དྷརྨྨ་རཱ་ཛཱ་ཡ། ཡོངས་རྫོགས་བཤེས་གཉེན་འདུས་པའི་དབུས་ན་མཁས། །ཉེས་ལྟུང་དྲི་བྲལ་འདུལ་འཛིན་ཁྲོད་ན་བཙུན། །ཡང་དག་རྟོགས་པས་གྲུབ་པའི་ནང་ན་བཟང་། །བསྟན་པའི་སྲོག་ཤིང་བླ་ཆེན་ཆོས་རྗེ་མཁྱེན། །ཆོས་ཀྱི་ཕུང་པོ་བརྒྱ་ཁྲི་བཞི་སྟོང་ལས། །སེམས་ཀྱིས་གསང་འདི་རིག་པར་མ་གྱུར་ན། །ཇི་ལྟར་འབད་ཀྱང་དོན་མེད་ངལ་བར་ཟད། །དེ་ཕྱིར་ཟབ་མོའི་གཏམ་གྱིས་སྐབས་དབྱེའོ། །འདིར་ཡང་དག་པའི་གནས་ལུགས་རྟོགས་པར་འདོད་པས་ནི། །གཞི་ལམ་འབྲས་བུའི་དོན་ཁོང་དུ་ཆུད་དགོས་ལ། །དང་པོ་གཞི་ནི་རང་གི་སེམས་སྟོང་པ་ཡིན་མིན་ཡོད་མེད་གང་དུ་ཡང་མ་གྲུབ་པ། གཞན་ལས་མ་བྱུང་བས་རང་བྱུང་། ཏིལ་ལ་མར་བཞིན་དུ་འཁོར་འདས་ཐམས་ཅད་ལ་ཁྱབ་པ། འདིའོ་ཞེས་བརྗོད་དུ་མི་ནུས་པ། འཁོར་བ་མ་ཡིན། མྱང་འདས་མ་ཡིན། ཆོས་གང་ཡང་མ་ཡིན་པའི་རང་བཞིན་ལྷན་ཅིག་སྐྱེས་པ་དེས་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པས་ན་ཀུན་གཞི་བྱ་བ་ཡིན་ཏེ། སློབ་དཔོན་འཕགས་པས། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །མྱ་ངན་འདས་པའི་གཞི་མའང་ཡིན། །ཞེས་གསུངས། དེ་ཉིད་སངས་རྒྱས་རྣམས་ཀྱིས་རང་ངོ་རིག་པས་རིག་ཐོག་དེར་གྲོལ་བས་གྲོལ་གཞི་ཡིན་ལ། སེམས་ཅན་རྣམས་ཀྱི་རང་ངོ་མ་ཤེས་པར་གཞན་དུ་གཟུང་བས་བཟུང་འཛིན་གྱིས་འཕྲུལ་སྣང་འདི་དག་ཤར་བས་འཁྲུལ་གཞི་ཡང་ཡིན་ཏེ་ཀུན་ཏུ་བཟང་པོའི་དགོངས་པ་ཟངས་ཐལ་དུ་བསྟན་པའི་རྒྱུད་ལས། ཀུན་གྱི་གཞི་ནི་འདུས་མ་བྱས། །རང་བྱུང་ཀློང་ཡང་བརྗོད་དུ་མེད། །འཁོར་འདས་གཉིས་ཀའི་མིང་མེད་དོ། །དེ་ཉིད་རིག་ན་སངས་རྒྱས་ཏེ། །མ་རིག་སེམས་ཅན་འཁོར་བར་འཁྱམས། །ཤེས་གསུངས་སོ། །དེ་ལྟ་བུའི་སེམས་ཀུན་གྱི་གཞི་དེ་ཉིད་མ་རིག་པ་རིག་པར་བྱ་བའི་ཐབས་ལམ་ལྟ་བསྒོམ་སྤྱོད་པ་གསུམ་ཡིན་ཏེ། ལྟ་བའི་ངོ་བོ་ནི་སེམས་རང་བཞིན་གྱིས་སྤྲོས་པ་དང་བྲལ་བ་དེ་ཉིད་ཡིན་ཏེ། དེ་ཡང་སྟོང་པ་ཉིད་ཀྱིས་རང་བཞིན་དུ་ཡེ་ནས་ལྷུན་གྱིས་གྲུབ་པས་སྐྱེ་བ་མེད་པ། སྐྱེ་བ་མེད་པ་ནམ་མཁའ་ལྟ་བུའི་སྟོང་པ་དེའི་གདངས་ལས་འཁོར་འདས་ཀྱིས་ཆོས་ཐམས་ཅད་སྤྲིན་དང་ན་བུན་ལྟར་གཞི་ལ་མེད་བཞིན་དུ་སྣང་བར་ནུས་པས་འགག་པ་མེད་པ། དེ་ལྟར་གནང་ཡང་སྟོང་པ་ཉིད་ལས་མ་འདས་པས་གནས་པ་མེད་པ། དབྱིབས་དང་ཁ་དོག་དང་དངོས་པོ་དང་མཚན་མ་ཐམས་ཅད་དུ་མ་གྲུབ་པ། འདི་ཉིད་དོ་ཞེས་ངོས་བཟུང་དུ་མེད་པ། དཔེར་ན་བར་སྣང་གི་སེར་བུ་ལྟར་ཡོད་པའི་དངོས་པོར་མ་གྲུབ་ཀྱང་མེད་པ་མ་ཡིན་ཏེ་སིར་རི་རི་སྣང་བ། གར་ཡང་མི་གནས། གང་དུ་ཡང་སོང་བ་མེད་པའི་བུན་ནེ་བ་འདི་ལྟ་བུ་སྟེ། གཟུ གས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ཐམས་ཅད་ལས་འདས་པ། ཁམས་དང་སྐྱེ་མཆེད། ཐམས་ཅད་ལས་གྲོལ་བ། ཕྱི་བཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་མེད་པ། བདག་གཞན་དང་སྲོག་དང་བྱེད་པ་པོ་ལ་སོགས་པ་རྟོག་པ་ཐམས་ཅད་མེད་པ། གཟུགས་ནས་རྣམ་མཁྱེན་གྱིས་བར་ལ་སོགས་པ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན། གང་དུ་ཡང་མ་གྲུབ་པས་ངོ་བོ་མེད་པ། གར་ཡང་སྣང་བས་ངོས་བཟུང་མེད་པ། དེ་ལྟ་བུར་ཡེ་གདོད་མ་ནས་གནས་པས་མེད་པ་མ་ཡིན། དངོས་པོ་དང་མཚན་མར་མ་གྲུབ་པས་ཡོད་པ་མ་ཡིན། ཡོད་མེད་གཉིས་སུ་མ་གྲུབ་པས་གཉིས་ཀ་ལ་ཡིན་པའང་མ་ཡིན་ཏེ། བད་ས་ལའི་རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོ་ལས་འཁོར་བ་མེད་པས་མྱ་ངན་འདས་པའང་མེད། ཡོད་པ་མ་གྲུབ་པས་ན་མེད་པའང་མེད། གཉིས་ག་མིན་པས་གཉིས་ག་མིན་པའང་མིན། ཅེས་གསུངས་ཤིང་། དཔལ་འདུས་པ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུངས་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པར་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པས། །སྟོང་པ་ཉིད་ཀྱིས་རང་བཞིན་ནོ། །ཞེས་པ་དང་། དབུ་མ་རིན་ཆེན་འཕྲེང་བ་ལས། །སྐྱེ་བ་རྒྱུ་དང་བཅས་མཐོང་ན། །ཅི་ཡི་ཕྱིར་ན་མེད་པར་བརྗོད། །རྒྱུ་དང་བཅས་པའང་འགག་མཐོང་ན། །ཅི་ཡི་ཕྱིར་ན་ཡོད་པར་བརྗོད། །ཅེས་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། ཡོད་དང་མེད་པ་འདི་དག་མཐའ་ཡིན་ལ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དེ་ལྟར་མཐའ་བཞི་རྣམ་པར་སྤངས་པ་ཡིས། །མཁས་པ་དབུས་ལའང་གནས་པར་མི་བྱའོ། །ཞེས་གསུངས་ཤིང་། ལངྐར་གཤེགས་པ་ལས་ཀྱང་། ཕྱི་རོལ་དངོས་པོ་ཡོད་མེད་མིན། །སེམས་ཀྱང་ཡོངས་སུ་བཟུང་བ་མེད། །ལྟ་བ་ཐམས་ཅད་རབ་སྤངས་པ། །དེ་ནི་སྐྱེ་མེད་མཚན་ཉིད་དོ། །ཞེས་དང་། འཕགས་པ་བརྒྱད་སྟོང་པ་ལས། ཤཱ་རིའི་བུས་སྨྲས་པ། འཕགས་པ་རབ་འབྱོར་ཅི་ཆོས་མ་སྐྱེས་པ་རྣམས་སྐྱེས་བའམ། འོན་ཏེ་སྐྱེས་པ་སྐྱེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་རིའི་བུ་ཁོ་བོ་ནི་མ་སྐྱེས་པ་ཡང་སྐྱེ་བར་མི་འདོད། སྐྱེས་པ་ཡང་སྐྱེ་བར་མི་འདོད་དོ། །ཞེས་གསུངས་སོ། །དེང་སང་དགེ་བའི་བཤེས་བསྙེན་འགའ་ཞིག་ལྟ་བའི་གནས་ལུགས་ཅི་ཡང་མེད་པ་ལ་བཞེད་པ་ནི་འཕགས་པ་ཀླུ་བསྒྲུབ་ཀྱིས་བཀག་སྟེ། རྩོད་བཟློག་ལས། འདིར་ནི་ཡོད་ཉིད་འགོག་འདོད་ཀྱིས། །མེད་ཉིད་བསྒྲུབ་པ་མ་ཡིན་ནོ། །ཞེས་དང་། དབུ་མ་རྩ་བ་ཤེས་རབ་ལས། ཡོད་ཅེས་བྱ་བར་རྟག་པར་འཛིན། །མེད་ཅེས་བྱ་བར་ཆད་པར་བལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་སོ། །དེ་ལ་ཅང་མེད་དུ་འདོད་པ་ནི་མུ་སྟེགས་རྒྱང་འཕེན་པའི་ཆད་བལྟ་དང་མཚུངས་པས་ངན་འགྲོར་འགྲོ་བར་གསུངས་སོ། །སློབ་དཔོན་འཕགས་པས། ཡོད་པ་པ་ནི་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཞེས་དང་། གང་ལ་སྟོང་པ་ཉིད་ལྟ་བ། །དེ་དག་གསོར་མི་རུང་པར་གསུངས། །ཞེས་པ་དང་། འཕགས་པ་དཀོན་མཆོག་རྩེགས་པ་ལས། འོད་བསྲུངས་གང་ཟག་ཏུ་བལྟ་བ་རི་རབ་ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་ཅི་མེད་པར་གསུངས་པ་རྣམས་ཀྱི་དགོངས་དོན་གང་ཞེ་ན། དེ་ནི་གང་ཟག་བདག་ཏུ་ལྟ་བ་རྣམས་ཀྱིས་དངོས་པོར་འཛིན་པ་བཟློག་པའི་སླད་དུ་གསུངས་པ་ཡིན་ལ། རི་བོང་གིས་རྭ་ལྟར་ཅང་མེད་དུ་འདོད་པ་མ་ཡིན་ཏེ། རྡོ་རྗེ་གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོག་རྣམས་དང་། །བདག་ཏུ་བལྟ་བ་ཚོལ་རྣམས་ཀྱིས། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པར་བསྟན། །ཞེས་དང་། འཇམ་པའི་དབྱངས་ཀྱིས། ཐུབ་པས་སྟོང་ཉིད་སྔགས་པ་ནི། དངོས་པོར་འཛིན་པ་བཟློག་ཕྱིར་ཡིན། །སེང་གེ་གངས་ལ་མི་སྐྲགས་ཏེ། །མེ་ཆེར་མཐོང་ན་སྐྲག་ཅེས་བྱ། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡང་། །ཆོས་གཞན་དག་ལ་མི་སྐྲག་སྟེ། །སྟོང་པ་ཉིད་ལ་སྐྲག་ཅེས་གསུངས། །ཞེས་སོ། །དེ་ལྟར་སྟོང་པ་ཉིད་ཁང་སྟོང་མིས་སྟོང་པ་ལྟ་བུ་ཉི་ཚེ་བའི་སྟོང་པ་ཉིད་དང་། ཅི་ཡང་མེད་པ་ཆད་ལྟའི་སྟོང་པ་ཉིད་དང་། དངོས་མེད་ཙམ་གྱིས་སྟོང་པ་ཉིད་དང་། བེམ་པོའི་སྟོང་པ་ཉིད་དང་། རྒྱས་འདེབས་ཀྱིས་སྟོང་པ་ཉིད་ལ་སོགས་པའི་ཡང་དག་པའི་ལམ་མ་ཡིན་ཏེ། འཇམ་དཔལ་གྲགས་པས། ཕུང་པོ་རྣམ་དཔྱད་སྟོང་པ་རྣམས། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེ་བ་མེད་པ་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་པོ་རྣམས་རྣམ་དཔྱད་པ་མིན། །ཞེས་དང་། འཕགས་པ་བརྒྱད་སྟོང་པ་ལས་ཀྱང་ཤ་རིའི་བུས་སྨྲས་པ། འཕགས་པ་རབ་འབྱོར་ཅི་སེམས་མེད་པ་ཉིད་དེ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་རིའི་བུ། སེམས་མེད་པ་དེ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པའོ། །ཞེས་དང་། རྒྱུ་འཕྲུལ་དྲྭ་བ་ལས། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། ཅེས་སོགས་ཀྱིས་གསལ་བ་ཡིན་ནོ། །ཡང་ཁ་གཅིག་རྒྱལ་སྲས་འབྲོམ་གྱིས། ཁོ་བོའི་དབུ་མའི་ལྟ་བ་ཅི་ཡང་མ་ཡིན་པ་བྱ་བ་ཡིན་ཞེས་གསུངས་པ་དེ་མེད་དགག་ཡིན་ཏེ། ཚད་མ་རྣམ་ངེས་སུ་ཆོས་ཀྱིས་གྲགས་པས། མེད་པར་དགག་པ་ནི་ཅི་ཡང་མ་ཡིན་པའི་ཕྱིར་རོ། །ཞེས་བཤད་པ་ཡིན་ནོ་གསུངས་པ་དག་འདོད་དེ། ཡང་དག་པའི་དོན་རྟོག་གེའི་ཡུལ་ལས་འདས་པ་དེའི་དོན་ཅུང་ཟད་མ་དགོངས་པ་འདྲའོ། །མདོར་ན་སེམས་ཡོད་མེད་ཡིན་མིན་གང་དུ་ཡང་མ་གྲུབ་པས། ངོས་བཟུངས་དང་ཁས་ལེན་དང་དམ་བཅའ་བ་མེད་པ་གང་དུ་ཡང་མི་འཛིན་པ་དེ་འདིའི་བལྟ་བ་ཡིན་ཏེ། དྲི་མེད་འོད་ལས། ཡོད་མེད་མེད་མིན་ཡོད་མེད་མིན། གཉིས་ཁའི་བདག་ཉིད་མིན་པའང་མིན། མཐའ་བཞི་ལས་ནི་རྣམ་གྲོལ་བ། དེ་ཉིད་དབུ་མ་པ་ཡིས་རིགས། ཞེས་པ་དང་། སློབ་དཔོན་འཕགས་པས། གལ་ཏེ་དངོས་གང་དམ་བཅའ་ཡོད། དེ་ན་ང་ལ་སྐྱོན་དེ་ཡོད། ང་ལ་དམ་བཅའ་མེད་པས་ན། ང་ནི་སྐྱོན་མེད་ཁོ་ན་ཡིན། ཞེས་གསུངས་སོ། །འོ་ན་ཆོས་མངོན་པ་ལས། ཁས་མི་ལེན་པའི་བལྟ་བ་དང་། ངན་གཡོའི་ལྟ་བ་དང་། ཞེས་བཤད་པས་མི་འཐད་དོ་སྙམ་ན། འདིར་གང་དུ་ཡང་ཁས་ལེན་རྒྱུ་མེད་པས་ཏེ། བློའི་སྤྱོད་ཡུལ་ལས་འདས་པའི་ཕྱིར། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །བློ་འདི་ཀུན་རྫོབ་ཡིན་ཕྱིར་རོ། །ཞེས་དང་། དེ་ནི་ཐེག་པ་གསུམ་པོ་རང་རང་གི་སྒོར་བཞུགས་ནས་དེ་དང་དེའི་ལྟ་བ་ཁས་མི་ལེན་པ་རྣམ་དག་གོ། །རྫོགས་ཆེན་ལས། ཆོས་ཉིད་སྤྱིའི་ངོ་བོར་ཡང་མ་གྲུབ་པ་དེ་ཉིད། སེམས་ཅན་ཤེས་རབ་ཆུང་པས་མེད་པར་གོ །ཞེས་གསུངས་ལ། སློབ་དཔོན་ཞི་བའི་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡིས་མདུན་ན་མི་གནས་པས། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །དེ་དག་གིས་ནི་ཐེག་པ་ཆེན་པོའི་མདོ་བརྒྱུད་མན་ངག་རྣམས་ཀྱི་ལྟ་བའི་དགོངས་དོན་ཕྱིན་ཅི་མ་ལོག་པར་བསྟན་པ་ཡིན་ནོ། །སྤྱི་དོན་གཉིས་པ་བསྒོམ་པའི་ཚུལ་བཤད་པ་ནི། གོང་དུ་བ སྟན་པའི་ལྟ་བའི་གནས་ལུགས་དེ་ཉིད་རྟོགས་ནས་མངོན་དུ་འགྱུར་བར་བྱ་བའི་ཐབས་ཡིན་ཏེ། ཇོ་བོ་ཆེན་པོ་རྗེས། སྟོང་ཉིད་རྟོག་པས་གྲོལ་འགྱུར་གྱིས། བསྒོམ་པ་ལྷག་མ་དེ་དོན་ཡིན། ཞེས་སོ། །དེ་ལ་གང་ཟག་དབང་པོ་འབྲིང་མན་ཆད་ཀྱིས་ཐོགས་མར་ཞི་གནས་ལ་བསླབ་སྟེ། སམྤུཊི་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཅེས་པ་དང་། ཇོ་བོ་ཆེན་པོ་རྗེས། ཐ་མལ་རྣམ་རྟོག་མ་རྟོགས་པ། སྲིད་དག་སྡུག་བསྔལ་གཞན་མེད་པ། དེ་ལྟར་འདི་ནི་མངོན་དགག་འདི། ཞེས་དང་། བྲམ་ཟེ་ཆེན་པོས། མིག་མི་འཛུམ་པར་ལྟ་དང་མི་བསལ་དང་། །རླུང་འགོག་པ་ནི་བླ་མ་དམ་པའི་ལུང་། །ཞེས་དང་། སློབ་དཔོན་ཞི་བ་ལྷས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་སྤོངས་བ་ཤེས་བྱས་ནས། །ཐོག་མར་ཞི་གནས་རྩལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་གཞོལ། །ཞེས་པས། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ངས་ཇི་སྲིད་མཉམ་པར་བཞག་རིན་ལ་རྣམ་པར་རྟོག་པ་ཞི་བ་ཅིག་བྱའོ་སྙམ་དུ་དམ་བཅའ། རྣམ་རྟོག་གང་ཤར་གྱིས་རྗེས་སུ་མ་འབྲང་པར་སེམས་བློད་ནས་མ་ཡེངས་པར་བཞག་པས་རེ་ཞིག་ནས་ཞི་གནས་ཀྱིས་ཉམས་སྐྱེ་བོ། ཚུལ་འདི་ལ་ཕྱག་ཆེན་པས། དང་པོ་རྟོག་པ་བཀག་ནས་བསྒོམ། ཞེས་གསུངས། དེ་ནས་ལྷག་མཐོང་ལ་བསླབས་པར་བྱ་སྟེ། དེ་ལ་ལྷག་མཐོང་ཞེས་བྱ་བ་ནི་རྟོགས་པ་མི་དགེགས་པར་གང་ཤར་བ་དེ་ངོ་ཤེས་ཙམ་གྱི་ངང་ལ་འཇོག་པ་ཡིན་ལ། འདི་ལས་ལྷག་པའི་བསྒོམ་ཞིག་ལོགས་སུ་མེད་དོ། །དེ་ལ་མདོ་དགོངས་པ་ངེས་འགྲེལ་ལས། གསོལ་པ། བཅོམ་ལྡན་འདས་དུ་ཞིག་གི་ཞི་གནས་ཀྱིས་དམིགས་པ་ལགས། བཀའ་བསྩལ་པ། གཅིག་སྟེ་རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ། །གསོལ་པ། བཅོམ་ལྡན་འདས་དུ་ཞིག་གིས་ལྷག་མཐོང་གི་དམིགས་པ་ལགས། བཀའ་བསྩལ་པ། གཅིག་སྟེ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ། །ཞེས་གསུངས་སོ། །འདི་ལྟར་རྣམ་པར་རྟོག་པ་གང་ཤར་བ་དེ་རང་ལ་ཆེ་རེ་བལྟས་པས་རང་གྲོལ་དུ་སྟོང་ཕྱམ་གྱི་འགྲོ་ལ། བལྟ་ནས་བལྟ་བརྒྱུ་མེད་ཀྱིས་དེ་ངོ་ཤེས་ཙམ་བྱས་ནས་འཇོག་པ་ཡིན་དེས་དཔེ་རྐུན་མ་ངོ་ཤེས་ན་མ་སྐྲད་པར་རང་ལོག་འགྲོ་བ་ལྟར་རོ། །ཡང་སྟོང་ཕྱམ་པ་དང་། བདེ་བ་དང་། གསལ་བ་དང་། རྟོག་མེད་ལ་སོགས་པ་ཡོང་དུ་རེ་བའང་མི་བྱ་སྟེ་གང་བྱུང་གིས་ཐོག་ཏུ་བཞག །བྱུང་ནའང་དེ་ཁ་ངོ་ཤེས་ཙམ་དུ་སློད་ནས་འཇོག་པ་ཡིན་གྱིས། བསྒོམ་དུ་ཅི་ཡང་མེད་ལ། བསྒོམ་དུ་མེད་པའི་ངང་ལ་མ་ཡེངས་ཙམ་དུ་འཇོག་པ་འདི་ལ་དྲན་པའམ། ཤེས་བཞིན་ཞེས་བྱ་སྟེ་རྒྱུན་དུ་མ་བྲལ་བར་བྱའོ། །དེ་ལྟར་ཡང་སློབ་དཔོན་ཤྲི་སིང་ཧས། བསྒོམ་མ་མྱོང་དང་འབྲལ་མ་མྱོང་། མི་བསྒོམ་དོན་དང་མི་འབྲལ་བ། ཞེས་བཤད་དོ། །དེ་ལྟར་རྣམ་རྟོག་གང་ཤར་ལ་བཟོ་བཅོས་མ་བྱས་པར་བཞག་པས་ན་རང་ཐོག་ཏུ་གྲོལ། གྲོལ་ཐོག་ནས་ཤར། དེ་གཉིས་དབྱེར་མི་ཕྱེད་པ་ནི་ཤར་གྲོལ་དུས་མཉམ་ཤེས་བྱ་སྟེ། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགག་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་དང་། མཁས་གྲུབ་བློ་གྲོས་རབས་ཡངས་གྱིས། །སེམས་ལ་སེམས་ཀྱིས་ཚུར་ལྟས་པས། །སྐྱེ་འགག་གནས་གསུམ་སྤྲོས་དང་བྲལ། །ཁ་དོག་དབྱིབས་འདས་མཚན་མས་སྟོང་། །ངོས་གཟུངས་ཀུན་དང་བྲལ་བ་ཡིས། །སྟོང་པ་ཉིད་དུ་ཐག་ཆོད་ལ། །འཛིན་མེད་ངང་ལ་ཡེངས་མེད་ཞོག །བཞག་ཚེ་གནས་ན་གནས་མཁན་བལྟོས། །འགྱུ་བ་ཤར་ན་འགྱུ་མཁན་བལྟོས། །བལྟས་ཚེ་ངོས་བཟུང་མེད་པས་ན། །གནས་འགྱུ་ཐམས་ཅད་སྟོང་པར་གཅིག །སྟོང་པའི་ངང་ནས་གནས་འགྱུ་འཆར། །འཆར་བྱ་འཆར་བྱེད་གཉིས་མེད་ཤེས། །དེ་ལ་ཤར་གྲོལ་དུས་མཉམ་ཟེར། །དེ་ལ་རང་ཤར་རང་གྲོལ་ཟེར། །དེ་ལ་ཡེ་དག་ཡེ་གྲོལ་ཟེར། །དེ་ལ་ཆོས་སྐུའི་ཡོ་ལང་ཟེར། །དེ་ལ་ཡེང་མེད་རྒྱུན་དུ་ཞོག །ཅེས་གསུངས་སོ། །འོ་ན་ཚོགས་དྲུག་གི་ཡུལ་དུ་སྣང་བ་འདི་དག་ལམ་དུ་ཇི་ལྟར་མཁྱེར་ཞེས་ན། མིག་གི་ཡུལ་དུ་གཟུགས་སུ་སྣང་བ་ཕྱི་རོལ་གྱི་ས་བརྡོ་རི་བྲག་རྩི་ཤིང་ནགས་ཚལ་ཁང་ཁྱིམ་ལ་སོགས་པ་དང་། མི་དང་དུད་འགྲོ་ལ་སོགས་པ་ནང་བཅུད་ཀྱིས་སེམས་ཅན་དང། དཀར་དམར་མཐིང་ག་ལ་སོགས་པའི་ཁ་དོག་དང་། དགྲ་དང་གཉེན་ལ་སོགས་པ་མདོར་ན་མིག་གི་གང་མཐོང་བའི་རྟོག་པ། རྡོ་རྗེ་གུར་ལས། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་སྐྱེས་པའི་དངོས། །རིན་ཆེན་སེམས་འདི་བརྗོད་ཉིད་དེ། །ཆོས་དབྱིངས་མཆོག་ཏུ་ཞི་བའོ། །གཟུགས་དང་ཚོར་བ་འདུ་ཤེས་དངོས། །འདུ་བྱེད་དང་ནི་རྣམ་ཤེས་ཉིད། །ཐམས་ཅད་སེམས་འདིའི་ངོ་བོ་ལས། །ཐུབ་པས་གཞན་དུ་མ་གསུངས་སོ། །ཡིད་བཞིན་ནོར་བུ་ཆེན་པོ་ནི། །འདོད་དོན་འབྲས་བུས་རྩོལ་བ་བཞིན། །དབེན་ཞིང་དགའ་བའི་སེམས་ཉིད་ཀྱིས། །སངས་རྒྱས་བྱང་ཆུབ་འབྲས་རབ་སྟེར། །ཅེས་སོ། །འདི་ནི་མཛེས་པའོ། །འདི་ནི་མི་མཛེས་པའོ། །སའོ། །རྡོའོ། །དགྲའོ། །གཉེན་ནོ། །སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་གང་ཤར་བ་དེ་རང་གི་ཐོག་ཏུ་ལྷོད་དེ་བསློད་པས་རང་གྲོལ་ཏུ་འགྲོ་སྟེ། རྒྱལ་པོ་འཆར་བྱེད་ཀྱིས་མདོ་ལས། དངོས་འདི་སྤངས་ནས་སྟོང་ཉིད་མི་རྩམ་གྱིས། སྣང་པ་ཉིད་ན་སྟོང་པ་ཉིད་ཡིན་ཕྱིར། ཞེས་པ་དང་། ཨོ་རྒྱན་ཆེན་པོས། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡིས། ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན། ། སྣང་ཡང་བདེན་འཛིན་མེད་པའི་ངང་ལ་ཞོག །ཅེས་པ་སྟེ། གཟུགས་སྣང་སྟོང་དབྱེར་མེད་དུ་གྲོལ་བའོ། །དེ་བཞིན་སྣ་བའི་ཡུལ་དུ་ཆུ་སྒྲ་དང་རླུང་ལ་སོགས་པ་འབྱུང་པའི་སྒྲ་དང་། རོལ་མོའི་སྒྲ་དང་། གླུ་དང་། རྒོད་པ་དང་། ངུ་བ་དང་། སྙན་པ་དང་མི་སྙན་པ་ལ་སོགས་པའི་གཏམ་སོགས་གང་ཐོས་པ་དེ་ཉིད་ལ་བཟོ་མེད་དུ་བཞག་པས་སྒྲ་གྲགས་སྟོང་དུ་གྲོལ་བ་སྟེ། ཨོ་རྒྱན་ཆེན་པོས། འདི་ལྟར་སྣང་བའི་ཡུལ་དུ་གྲགས་པ་ཡིས། །སྙན་དང་མི་སྙན་འཛིན་པའི་སྒྲ་རྣམས་ཀུན། །གྲགས་སྟོང་བསམ་སྣོ་བྲལ་བའི་ངང་ལ་ཞོག །ཅེས་སོ། །དེ་བཞིན་དུ་སྣའི་ཡུལ་དུ་སྤོས་ལ་སོགས་པའི་ཞིམ་པའི་དྲི་དང་། གཤང་ལྕི་ལ་སོགས་པ་སྨྲེ་བའི་དྲི་སོགས་གང་ཚོར་ཡང་འཛིན་མེད་དུ་དེ་ཁའི་ཐོག་ཏུ་བཞག་པས་དྲི་ཚོར་སྟོང་དུ་གྲོལ་བའོ། །ལྕེའི་ཡུལ་དུ་ཁ་ཟས་རོ་དྲུག་གི་རྣམ་པ་གང་མྱངས་ཡང་དེ་ལ་འཛིན་མེད་དུ་ངང་ལ་བཞག་པས་རོ་མྱོང་སྟོང་དུ་གྲོལ་བའོ། །ལུས་ཀྱིས་ཡུལ་དུ་དར་ཟབ་ལ་སོགས་པ་རེག་བྱ་འཇམ་པ་དང་། རེ་བ་དང་ཚེར་མ་ལ་སོགས་པ་རྩུབ་པ་དང་། གྲང་བ་དང་དྲོ་བ་ལ་སོགས་པ་གང་བྱུང་ཀྱང་། དེ་ཀ་ལ་གཟོ་མེད་དུ་བཞག་པས་རེག་སྟོང་དུ་གྲོལ་བའོ། །ཡིད་ཀྱིས་ཡུལ་དུ་བསྐྱིད་སྡུག་ལེགས་ཉེས་བྱ་བ་ཆེ་ཆུང་གི་རྟོག་པ་གང་ཤར་་བ་དེ་ཀའི་ངོ་བོ་ལ་བཅོས་བསླད་མེད་པར་བཞག་པས་རྣམ་པར་རྟོག་པ་རང་གྲོལ་བ་སྟེ། ཨོ་རྒྱན་ཆེན་པོས། འདི་ལྟར་ཡིད་ཀྱིས་ཡུལ་དུ་འགྱུ་བ་ཡིས། ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། སྔོན་བསུ་རྗེས་སྤྱོད་བློ་ཡིས་བཅོས་མི་བཞུགས། འགྱུ་བ་རང་སར་དག་པས་ཆོས་སྐུར་གྲོལ། ཞེས་གསུངས་ཏེ། དམ་པ་པོ་དང་བསྒོམ་སྨོན་གྱིས་ལོ་རྒྱུས་ལྟ་བུའོ། །དེ་ལྟར་གང་ཤར་གྱི་ཐོག་ཏུ་གཟོ་བཅོས་མི་བྱ་བར་རང་གི་ངོ་བོ་ལ་ལྟས་ནས་འཇོག་པ་ཡིན་གྱིས། རྡོ་རྗེ་ཕྲེང་བ་ལས། དབང་པོ་རྣམས་ནི་ཡུལ་རྣམས་ལ། །འཇུག་ཅིང་རྟག་ཏུ་གང་གནས་པ། །བདག་མེད་ཆོས་ལ་ཡང་དག་གནས། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །ཞེས་པ་དང་། སམྦུ་ཊི་ལས། གཟུགས་རྣམས་སྣ་ཚོགས་ལྟ་བ་དང་། སྒྲ་ནི་རྒྱས་པར་ཉན་པ་དང་། སྣ་ཚོགས་རོ་ནི་ཟ་བ་དང་། སྨྲ་བ་དང་ནི་རྒོད་པ་དང་། །ལས་དེ་རྣམས་ནི་བྱེད་པ་ན། །དེ་ཉིད་རིག་པའི་རྣལ་འབྱོར་པས། །རྣལ་འབྱོར་རྒྱུན་དུ་སྐྱེ་བར་འགྱུར། །ཞེས་སོ། །འདི་ནི་དབང་པོ་རྒྱ་ཡན་གྱིས། །གདམ་ངག་བྱ་བ་དཔེར་ན་སྐྱེས་བུ་ཐ་མལ་བ་དང་འདྲ་སྟེ། ལམ་པའི་རྣལ་འབྱོར་པ་དང་གཉིས་ངོ་ཤེས་མ་ཤེས་ཀྱི་ཁྱད་ལས་མེད་པས། རྗེ་བཙུན་ཆེན་པོས། དབང་པོ་རྒྱ་ཡན་གྱི་གདམས་ངག་དང་སྒོ་གསུམ་ཐ་མལ་དུ་ཤོར་བ་གཉིས། འདྲ་ནི་འདྲ་སྟེ་ནོར་པ་ཡོད། །ཅེས་གསུངས་ཤིང་། བསམ་པ་རྣམ་པར་དག་པའི་མདོ་ལས། འཇམ་དཔལ་གྱིས་གསོལ་པ། དགེ་སློང་རྣལ་འབྱོར་སྤྱོད་པའི་ཏིང་ངེ་འཛིན་གྱིས་ཉམས་ཇི་ལྟ་བུ་ལགས། བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན་ཐབ་ཀྱི་མེ་བསད་ན་དཀར་ཁུང་གི་དུ་བ་ཆད་པ་ལྟར། སེམས་སྟོང་པར་ཤེས་བཞིན་རིག་པས་གཟུགས་སྣང་སྟོང་སྒྲ་གྲགས་སྟོང་དྲི་ཚོར་སྟོང་རོ་མྱོང་སྟོང་རེག་བྱ་རེག་སྟོང་གིས་ཉམས་འབྱུང་སྟེ། ནམ་མཁའ་མ་སྒྲིབས་ན་གསལ། ཆུ་མ་མྱོགས་ན་དངས་སོ། སེམས་མ་བཅོས་ན་བདེའོ། །སེམས་ངོ་ཤེས་པའི་དགེ་སློང་གང་། ཇི་ལྟར་སྤྱད་ཀྱང་བསྒོམ་པའི་ངང་། སྙུག་མའི་དོན་ལ་གནས་པ་ཡིན། །ཅེས་པ་དང་། རྫོགས་པ་ཆེན་པོ་ལས། སྒོ་ལྔའི་རྣམ་ཤེས་གསལ་བ་ལ། །ཡིད་ཀྱིས་ཞེན་རྟོགས་མ་ཞུགས་ན། །རྒྱལ་བའི་དགོངས་པ་དེ་ཀ་དང་། །ཞེས་གསུངས་སོ། །དེ་ལྟར་རྣམ་པར་རྟོག་པ་གང་ཤར་རང་བབས་སུ་བཞག་པ་དེ་རྣམ་རྟོག་ལྟར་སྣང་མོད་ཀྱང་སྟོང་ཉིད་འབའ་ཞིག་ཡིན་ཏེ། རྟོག་པའི་གནད་ཚང་རིག་པའི་རྒྱུ་མཚན་གྱིས། རྣམ་རྟོག་ལྟར་སྣང་དེས་འཆིང་ནུས་པ་མ་ཡིན་ཏེ། གུང་ཐང་པ་ལྷ་དབང་བློ་གྲོས། ཇི་ལྟར་ཐག་པ་མེས་ཚིག་ཐལ་བ་དེ། །ཐག་པའི་གཟུགས་སུ་གནང་ཡང་འཆིང་མི་ནུས། །དེ་བཞིན་གཞི་རྩ་སྤྱད་པའི་སེམས་ཉིད་འདི། །ཉོན་མོངས་དུག་ལྔར་ཤར་ཡང་འཆིང་མི་ནུས། །ཞེས་སོ། །དེ་བས་ན་མ་རིག་པའི་སྐྱེ་བོ་རྣམས་ནི་རྣམ་པར་རྟོག་པས་འཆིང་མོད་ཀྱིས། རྣམ་རྟོག་གིས་རང་བཞིན་རིག་པ་དག་ནི་རྣམ་རྟོག་དེས་ཀས་གྲོལ་བས་ན། བདེ་མཆོག་ཉུང་ངུའི་རྒྱུད་ལས། གང་གིས་བློན་པོ་འཆིང་འགྱུར་བ། །དེས་ནི་མཁས་པ་ཡོངས་སུ་གྲོལ། །ཞེས་པ་སྟེ། ཆུ་ལས་རྦ་རླབས་འཁྲུག་ཀྱང་། རྦ་བརླབས་དེ་ཀ་ཆུ་ཡིན་པ་ལྟར་སེམས་ལས་སྣ་ཚོགས་སུ་ཤར་ཡང་། ཤར་བ་དེ་ཀ་སེམས་ཡིན་པས་དེའི་རང་བཞིན་ཤེས་པ་དེ་ཁོ་ནས་ཆོག་སྟེ། དམ་པ་ཀུན་དགས། ངོ་བོ་སྟོང་སྟེ་ཡུལ་དུ་བཟུང་བས་འཁྲུལ། །བྱེད་མཁན་མཚན་ཉིད་བལྟོས་གཅིག་དིང་རི་བ། །ཞེས་པ་དང་། རྗེ་བཙུན་མི་ཊ་ཛོ་གིས། རྣམ་རྟོག་སྟོང་པ་མིན་ན་རྟོག་མེད་སྒོམ་དགོས་པ་ལ། རྣམ་རྟོག་ཁོ་རང་སྟོང་པར་འདུག་པས་རྟོག་མེད་གུད་ནས་རྩལ་མི་དགོས། ཐག་ཉེ་བ་བཞག་ནས་རིང་བ་བསྐོར་ནས་ཅི་བྱ། ཞེས་དང་། སྣང་མཁན་ངོས་ཟིན་ན་སྣང་པ་སྐྱོན་མིན་ཏེ། སླར་སྣང་པ་དེ་ཉིད་ཡེ་ཤེས་ཀྱིས་རོལ་པར་འཆར་བས་སྣང་བ་ལ་སྟོང་པས་རྒྱས་ཐེབས་པ་ཡིན། ཅེས་གསུངས་པས། རྣམ་རྟོག་དང་སྣང་བ་སེམས་གསུམ་དབྱེར་མེད་པའི་སྟོང་པ་ཡིན་པ་ལ། ཡིན་ཐོག་དེ་རང་དུ་བཞག་པས་ཆོག་པ་ཉམས་ལེན་ཤིན་ཏུ་བསླ་བ་ལགས། འཕགས་པ་སྤྱན་རས་གཟིགས་ཀྱིས་སེམས་ཉིད་ངལ་གསོ་ལས། གང་སྐྱེས་སྙུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་མ་བརྗེད་ན། །དེ་ཤར་སྟོང་པ་ཉིད་དུ་དག །རྣལ་འབྱོར་དབང་ཕྱུག་ཉིད་དུ་དག །ཅེས་དང་། བུ་ཉོན་ཁྱོད་གང་རྣམ་པར་རྟོག །འདིས་བདག་མ་བཅིང་མ་གྲོལ་ཕྱིར། །མ་ཡེངས་མ་བཅོས་རང་གར་ནི། །ཀྱེ་ཧོ་དུབ་པ་ངལ་གསོས་ཤིག །ཅེས་གསུངས་སོ། །འདིར་ཁ་གཅིག་ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་ཐམས་ཅད་སྟོང་པ་ཉིད་དུ་བློས་བཅོས་ནས་བསྒོམ་པའི་ལུགས་ཡོད་པར་གྲགས་ལ། དེ་ཇོ་བོའི་ལུགས་ཡིན་ཟེར། ཇོ་བོའི་གསུང་རབས་རྣམས་སུ་ནི་དེ་ལྟར་མི་སྣང་ལ། ཇོ་བོས་གསེར་གླིང་རྒྱལ་པོ་བླ་མ་སྐྱོངས་ལ་གནང་བའི་མན་ངག་ལས། ཇི་སྲིད་དུ་མཚན་མའི་རྣམ་པར་རྟོག་པའི་དགྲ་མ་ལངས་ཀྱིས་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །ཞེས་གསུངས་པ་ནི་ཞི་གནས་ཀྱི་སྐབས་ཡིན་ལ། ལྷག་མཐོང་ནི། དེ་ཉིད་ལས། བར་སྐབས་དེར་ཅི་ལ་ཡང་མི་རྟོག །ཅིར་ཡང་མི་འཛིན་ཞེས་སོགས་གསུངས་པས། ལུགས་དེ་ལྟ་བུར་སྟོང་པར་བསྒོམ་པ་མ་གསུངས་ཞིང་། མེད་པར་བསྒོམ་པ་ནི་བཅོས་མ་རྣམ་རྟོག་རང་རྒྱུད་པ་ཡིན་ཏེ། ཡེ་ཤེས་གསང་བ་ལས། ཐོགས་མ་མེད་ནས་ད་ལྟའི་བར། །འཁོར་བར་འཁྱམས་པ་གང་ཡིན་པ། །གཤིས་ལས་འཁྲུལ་ནས་བཅོས་པས་ལན། །ཅེས་གསུངས་ཤིང་། སེམས་ཀྱི་རང་བཞིན་ནམ་གནས་ལུགས་འགག་མེད་དུ་གནས་པ་ཡིན་པས། རྣམ་པར་རྟོག་པ་དཀག་པས་མིི་ཁེགས་ཏེ་གར་ཡང་འཆར། འགོག་པ་ལ་སྙོམས་པར་ཞུགས་པ་དག་དང་། བསམ་གཏན་བཞི་པའི་ལྷ་ལ་སོགས་པ་དག་ཀྱང་ཏིང་ངེ་འཛིན་དེ་ལས་སད་པ་ན་སླར་འཁོར་བར་ལྟུང་། རྗེ་དྭགས་པོ་རིན་པོ་ཆེས་ཀྱང་། བསྒོམ་ཆེན་པ་ནི་རྣམ་རྟོག་མེད་པ་གཅིག་འདོད། །རྣམ་རྟོག་ནི་བཀག་པས་མི་ཁེགས། །བསྒོམ་ཆེན་པ་འོ་རྒྱལ་ཏེ་འཆི། །ཞེས་གསུངས་ཤིང་། རྣམ་རྟོག་བཀག་པས་སྟོང་པ་བསྒོམ་པ་འདི་ནི་རྡོ་རྗེ་འཆང་གིས་བཀག་སྟེ། །སམྦུ་ཊི་ལས། སྟོང་པ་སྒོམ་པར་མི་བྱ་ཞིང་། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་དང་སྟོང་མིན་གཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤང་ན་ཀུན་རྟོག་སྟེ། །དེ་ཕྱིར་དེ་ནི་ཡང་དག་སྤངས། །ཞེས་གསུངས་ལ། ཕྱི་རོལ་གྱི་དངོས་པོ་དང་། ནང་གི་འཛིན་པ་གང་ཡིན་པ་དག་ཀྱང་གདོད་མ་ནས་སྟོང་ཞིང་བདག་མེད་པ་ཡིན་པ་ལ་སྟོང་པའོ་སྙམ་དུ་བསྒོམ་མི་དགོས་ཏེ། རང་གིས་རང་ལ་ང་ཡིན་སྙམ་དུ་བསྒོམ་མི་དགོས་པ་བཞིན་ནོ། །དེ་བས་ན་ཕྱི་ནང་གི་ཆོས་ཐམས་ཅད་ཡེ་ནས་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་གནས་པ་དེ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རིགས་རྩལ་ལས་གཞན་པའི་སྤངས་བླངས་གང་ཡང་མེད་དེ། འཕགས་པ་དཀོན་མཆོག་རྩེགས་པ་ལས། འོད་བསྲུང་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་ཆོས་ལ་སྦྱོར་བ་གང་ཞེ་ན། དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་ཡང་དག་པར་རྟོགས་ཞེས་བྱའོ། །ཞེས་སོ། །དེས་ནི་རྟོགས་མེད་ཀྱི་དོན་མཐོང་བ་མེད་པའི་ཚུལ་གྱི་མཐོང་བར་འགྱུར་ཏེ། ཇོ་བོ་ཆེན་པོ་རྗེས། རྟོག་མེད་ཚུལ་གྱིས་མཐོང་བས་ན། སྟོང་ཉིད་མཐོང་ཞེས་ཐ་སྙད་བཏགས། མ་མཐོང་བ་ཉིད་དེ་མཐོང་བར། ཤིན་ཏུ་ཟབ་པའི་མདོ་ལས་གསུངས། ཞེས་གསུངས་སོ། །དེ་ལྟར་བསྒོམ་དུ་མེད་པའི་ངང་ལ་མ་བཅོས་པར་རང་བབས་སུ་བཞག་པ་འདི་ཁོ་ན་ལས་གཞན་དུ་མེད་དེ། འཕགས་པ་བརྒྱད་སྟོང་པ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་སུའི་ཀྱང་བསྒོམ་ཀྱང་བསྒོམ་པར་བགྱི་བ་མ་ལགས། སུ་ཡང་མི་བསྒོམ། སུ་ཡང་བསྒོམ་པར་མི་འགྱུར། གང་ལ་ཡང་བསྒོམ་པར་བགྱི་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ཡང་ཡོངས་སུ་གྲུབ་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་བསྒོམ་པའོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ཆོས་ཐམས་ཅད་མི་བསྒོམ་པ་ལགས་སོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་མ་ཆགས་པ་བསྒོམ་པ་ལགས་སོ། །ཞེས་པ་དང་། སམྦུ་ཊི་ལས། བསྒོམ་མེད་བསྒོམ་པ་པོ་ཡང་མེད། །གང་ཡང་རྣམ་པར་བསྒོམ་པའང་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མིན་པ། །དེ་ཡི་དེ་ཉིད་བསྒོམ་པར་བརྗོད། །ཅེས་དང་། རྡོ་རྗེ་སྙིང་འབྲེལ་ལས། གང་དུ་ཡིད་ཀྱི་མ་བསྒོམ་ན། །འགྲོ་བ་ཐམས་ཅད་བསྒོམ་འགྱུར་ཏེ། །བསྒོམ་པ་མེད་པའི་བསྒོམ་ཉིད་ཀྱིས། །ཆོས་རྣམས་ཐམས་ཅད་ཡོངས་ཤེས་བྱ། །ཞེས་སོ། །འོ་ན་དྲན་པ་རྟེན་པ་དེ་ཀ་བསྒོམས་ཡིན་ནོ་ཅེ་ན། དྲན་པ་ཞེས་པ་གང་ཤར་ལ་མ་བཅོས་པར་བཞག་པ་ཡིན་ལ། དེ་ལ་བསྒོམ་མི་བསྒོམ་གཉིས་ཀའི་ཐ་སྙད་མེད་དོ། །པཎ་ཆེན་ཐམས་ཅད་མཁྱེན་པ་བུ་སྟོན་གྱིས་ཀྱང་། མི་རྟག་སྟོང་པ་སོགས་སུ་ཞེན་ནའང་མཚན་འཛིན་གཞི་ཤེས་བྱ་སྟེ་བྱང་སེམས་ཀྱི་སྤངས་བྱར་གསུངས། ཞེས་པས། གང་དུ་ཡང་འཛིན་པ་མེད་པར་བཞག་པ་ནི་གནད་ཀྱི་དམ་པའོ། །ཡང་ཁ་གཅིག །སངས་རྒྱས་ཀྱིས་དགོངས་པ་ནི་སེམས་ཅན་གྱིས་བློའི་ཡུལ་ལས་འདས་པས་ད་ལྟ་སོ་སོ་སྐྱེ་བོས་བསྒོམ་པར་མི་ནུས་སོ་ཞེས་ཟེར། དེ་ལྟར་ན་ཏིང་ངེ་འཛིན་བསྒོམ་པ་ཐམས་ཅད་དོན་མེད་དུ་འགྱུར་ཞིང་། གཡག་སྡེ་པཎ་ཆེན་གྱིས་ཀྱང་། དོན་དམ་བློའི་སྤྱོད་ཡུལ་མིན་ཅེས་པ། རྟོག་པ་ལ་བློར་བཞེད་པ་ཡིན། རིག་ཙམ་ལ་བློར་བྱས་ན་དོན་དམ་དེའི་སྤྱོད་ཡུལ་མ་ཡིན་པར་བྱས་ན་ཆོས་ཉིད་རྟོག་བྱ་མ་ཡིན་པ་དང་། རྟོག་མི་སྲིད་པའི་སྐྱོན་ཡོད། ཅེས་གསུངས་ལ། བདེ་གཤེགས་འདུས་པ་རྩ་བའི་རྒྱུད་ལས་ཀྱང་། ཡང་དག་བདེན་པ་དེ་བཞིན་ཉིད། མ་ནོར་མ་བཅོས་མ་རྩལ་བ། མ་སྐྱེས་མ་འགག་མི་དམིགས་པ། སྙིང་པོ་བྱང་ཆུབ་སེམས་ཀྱི་ངང་། །འཁོར་བའི་སྐྱོན་གྱིས་མ་གོས་ཤིང་། །ཡོན་ཏན་གྱིས་ཀྱང་མ་རེག་པ། །རྣལ་མ་རང་བྱུང་མཚན་ཉིད་བྲལ། །བརྗོད་མེད་བསམ་འདས་ཆོས་ཀྱིས་སྐུ། །བྱང་ཆུབ་ཆེན་པོ་དེ་ཉིད་དེ། །བསྒྲུབ་ཏུ་མེད་དེ་མཐོང་དུ་མེད། །རྩལ་དུ་མེད་དེ་རྟོག་ཏུ་ཡོད། །གྲུབ་ཏུ་མེད་དེ་སྣང་དུ་ཡོད། །གནས་ལུགས་དོན་གྱིས་རྟ་མགྲིན་ཡིན། །ཅེས་གསུངས་ཤིང་། ལུང་གི་ཡིད་ཆེས་བསྐྱེད་པའི་རིམ་པ་གཞན་ཡང་། མཚན་མོ་བཟང་པོའི་མདོ་ལས། འདས་ལ་རྗེས་སུ་འགྲོ་མི་བྱེད། །མ་འོངས་པ་ལ་རེ་བ་མེད། །ད་ལྟར་བྱུང་ཆོས་གང་ཡིན་པ། །དེ་དང་དེ་ལ་རྣམ་ལྟ་བ། །མི་འཕྲོག་ཀུན་ཏུ་མི་འཁྲུལ་པ། །དེ་ལྟར་མཁས་པས་སྤེལ་བར་བྱ། །ཤེས་དང་། ཡང་། དེ་ལྟར་སྐྱེས་པའི་རྒྱུན་རྣམས་ནི། །མཁས་པས་ཡོངས་སུ་བསྐྱངས་པར་བྱེད། །ཅེས་པ་དང་། དེ་ཉིད་རབ་ཏུ་མི་གནས་པས། རྒྱུད་ལས། ངོ་མཚར་རྡོ་རྗེ་སངས་རྒྱས་མཆོག །སེམས་ནི་སྐྱེ་མེད་དེ་ཤེས་ནས། །བསྒོམ་པར་བྱ་བ་མ་ཡིན་ཏེ། །རང་གར་བཞག་ན་བདེ་བ་ཆེ། །ཞེས་པ་དང་། ཡང་། ཐ་མལ་ཤེས་པ་རང་བཞིན་འབྲས་བུ་མཆོག །མ་བཅོས་བཞག་ན་སྐུ་གསུམ་འབྲས་བུ་ཐོབ། །རང་གར་བསློད་ན་མཐར་ཕྱིན་ཡེ་ཤེས་ཡིན། །སེམས་ཉིད་མ་བཅོས་རྡོ་རྗེ་ཀུན་གྱི་ངང་། །རྣམ་མར་བཞག་པའི་དོན་དེ་མཚོན་དུ་མེད། །འདི་ནི་དུས་གསུམ་སངས་རྒྱས་ཀུན་གྱིས་ཡུམ། །ཞེས་པ་དང་། དཔལ་ཤ་བ་རིས། མ་བཅོས་མ་བཅོས་བློ་མ་བཅོས། །བློ་ཡི་བཅོས་པའི་ཆོས་རྣམས་ནི། །རི་བས་ལྕི་ཞིང་མཚོ་བས་ཟབ། །ཅེས་དང་། རྗེ་རྒོད་ཚང་པས། མ་བཅོས་པར་བཞག་པ་རང་གི་འོང་སྟེ། །ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁྲུལ་པ་འདི་མ་བཅོས་པར་འཇོག་མ་ཤེས་པ་རང་གིས་ལན། ཞེས་གསུངས་སོ། །དེ་ལྟར་གང་བསྒོམ་དུ་མེད་ཀྱང་ཡེངས་སུ་མེད་པའི་ཉམས་ལེན་བརྩོན་པར་མ་བྱས་ན་གོ་ཡུལ་དང་ཁ་ལྟ་ལ་སོང་ནས་མི་ཕན་ཏེ། དཔལ་ཤ་ར་བས། གང་ལའང་སྐྱོན་དུ་མི་ལྟ་ཞིང་། །ཅི་ཡང་མ་ཡིན་ཉམས་སུ་བླང་། །དྲོད་རྟགས་ལ་སོགས་འདོད་མི་བྱ། །བསྒོམ་དུ་མེད་པར་བསྟན་མོད་ཀྱང་། །ལེ་ལོ་བཏང་སྙོམས་དབང་མི་བཏང་། །རྒྱུན་དུ་དྲན་པས་བསྒོམ་པར་བྱ། །ཞེས་པ་དང་། འཕགས་པ་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྱི་བ་གང་གིས་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱི་བ་དེ་ཡང་བགྱི་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་རྟོག་པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཤེས་ན་ཤེས་རབ་ཀྱི། ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུའོ། །ཞེས་དང་། སྡོང་པོ་བཀོད་པའི་མདོ་ལས། ཇི་ལྟར་འགྲོ་བ་མང་པོ་ལ། ཟས་དང་བསྐོམ་དག་བྱིན་བྱས་ཀྱང་། རང་ཉིད་བསྐྲེས་པས་ཤི་བ་ལྟར། །ཆོས་ལ་མ་བསྒོམ་དེ་དང་འདྲ། །ཞེས་དང་། ཡང་། ཇི་ལྟར་ཡོངས་སུ་མ་བསྒོམ་པར། ཆོས་ཉིད་མཐོང་པར་མི་འགྱུར་ཏེ། །ཆུ་ནི་མཐོང་དང་ཐོས་པ་ཡིས། །མ་མཐུང་བསྐོམ་པ་ཇི་ལྟར་སེལ། །ཞེས་དང་། གསང་བ་བདུད་རྩིའི་རྒྱུད་ལས། བསྒོམ་རྒྱུ་བརྡུལ་ཙམ་མེད་པ་ལ། །ཡེངས་རྒྱུ་སྐད་གཅིག་མེད་པ་འདི། །ལྷ་ཡི་རྒྱལ་པོ་ཡིན་པར་འདོད། །དཀྱིལ་འཁོར་ཀུན་གྱི་མཆོག་གྱུར་པ། །རང་རིག་ཡེ་ཤེས་མེ་བོ་ཆེ། །ཐམས་ཅད་འདི་ལ་གནས་པ་སྟེ། །མཆོད་དང་གཏོར་མ་ལ་སོགས་པ། །ལས་དང་བྱ་བ་སྣ་ཚོགས་ཀུན། །སེམས་ཀྱི་དེ་ཉིད་ཤེས་གྱུར་ན། །ཐམས་ཅད་འདི་ལ་གནས་པར་ཤེས། །ཞེས་སོ། །དེ་ལྟར་རྣམ་རྟོག་གཟོ་མེད་དུ་བཞག་པས་རྟོག་པ་ཐམས་ཅད་རང་གྲོལ། དང་གསལ་སྤྲོས་པ་མེད་པ་ཡེ་ཤེས་བརྟེན་པར་འཆར་ཏེ། དེ་ངང་ལས་གནས་པ་ནི་མཉམ་བཞག་ཞེས་བྱའོ། །ཐུན་མཚམས་དང་འགྲོ་འཆག་ཉལ་འདུག་ཐམས་ཅད་དྲན་པས་སྐྱོང་བ་ལ་རྗེས་ཐོབ་ཞེས་ཟེར། མཉམ་རྗེས་འབྲེས་ནས་རྨི་ལམ་དུ་ཡང་བསྒོམ་དང་མི་འབྲལ་བ་ནི་འོད་གསལ་འཁོར་ཡུག་གམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་ཙ་ན་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཀྱང་རང་ཤུགས་ལ་འོང་ལ། རྣལ་འབྱོར་བཞིའི་ཉམས་ཡང་རིམ་གྱིས་འཆར་རོ། །རྣལ་འབྱོར་བཞི་པོ་འདི་ཁ་གཅིག་ཉམས་ཡིན་པར་བཞེད། ཁ་གཅིག་རྟོག་པར་བཞེད་ཅིང་། རྣལ་འབྱོར་བཞི་སུམ་ཅུ་གཉིས་སུ་ཕྱེ་བ་དང་། རྗེ་རང་བྱུང་རྡོ་རྗེས་ནི། ཉམས་ཀྱི་རྣལ་འབྱོར་བཞི་དང་། རྟོག་པའི་རྣལ་འབྱོར་བཞིར་ཕྱེ་ལ་འདིར་ནི་རོ་གཅིག་མན་ཆད་ཉམས་དང་། བསྒོམ་མེད་ནི་རྟོག་པར་འདོད་དོ། །དེ་ཡང་ཉམས་འགྱུར་བ་ཅན་ཡིན་པས་རོ་གཅིག་བསྒོམ་མེད་དུ་འགྱུར་དགོས་ལ། རྟོག་པ་ནི་མི་འགྱུར་བ་ཡིན་པས། བསྒོམ་མེད་ནས་འགྱུར་བ་མེད་པས་སོ། །འདི་དང་རྫོགས་ཆེན་པས་ཉམས་རིམ་བཞིན་མཐུན་པ་ཡིན་ཏེ། དང་པོ་གནས་པའི་ཉམས་ཤེས་པ་ཡུལ་ཕྱིར་མི་འཕྲོ་བས་རྩེ་གཅིག་ཏུ་ཐུན་ཐུབ ། གཡོ་བའི་ཉམས་ཏིང་ངེ་འཛིན་ལ་བྱིངས་རྒོད་སོགས་རྐྱེན་གྱིས་མི་གནོད་པས་ལོ་ཟླར་གནས་པ ། མཉམ་པ་ཉིད་ཀྱི་ཉམས་མཉམ་གཞག་ལ་འཁོར་འདས་ལ་རོ་མཉམ་པས་རྗེས་ཤེས་ལ་། ཆོས་བརྒྱད་སྒྱུ་མ་ལྟར་ཁོངས་སུ་ཆུད་ནས་འཇིག་པ་བྲལ་བ། ལྷུན་གྱིས་གྲུབ་པའི་ཉམས་ཏིང་ངེ་འཛིན་ཐུན་མཚམས་ལས་འདས་པ་རྣམས་དང་དོན་གཅིག་གོ། །འདི་དག་རྒྱས་པར་ནི་ཡི་གེ་མང་པོར་འགྲོ་བས་མ་སྤྲོས་སོ། །གོལ་ས་དང་སྐྱོན་ཡོན་གྱིས་གནས་གལ་ཆེ་བ་རྣམས་ནི་སྙིང་ཏིག་གི་མཁའ་འགྲོས་ཞུས་ལན་དུ་རྒྱས་པར་གསུངས་པས་དེར་ལྟའོ། །མདོར་བསྡུ་ན། རྗེ་དམ་པས། མི་བསྒོམ་པར་རེག་པ་རང་ལུགས་སུ་ཞོག །མི་བསྒོམ་པས་བསྒོམ་མི་ཤེས་མི་སྲིད། སེམས་ཉིད་རྟོག་མེད་དུ་རིག་པ་བསྒོམ་ཡིན་པས་མི་ཡོང་མི་སྲིད། བསྒོམ་ཉམས་ཀྱི་འདོད་པ་མེད་པས་གོལ་མི་སྲིད། ཅེས་པ་དང་། རྒྱལ་བ་རྒོད་ཚངས་པས། རྟོག་པ་ཐམས་ཅད་དངོས་པོར་ཡང་མི་འཛིན། སྟོང་པར་ཡང་མི་བསྒོམ་པར་འཛིན་མེད་མ་བཅོས་པའི་ངང་དུ་རང་སོར་བཞག་པས་འཆོར་ས་དང་གོལ་ས་བྱ་བ་ཅི་ཡང་མི་ཡོང་། ཞེས་གསུངས་པ་ལ་འདུས་སོ། །དེ་ལྟར་ཉམས་སུ་ལེན་པ་གལ་ཆེ་ཏེ། རྗེ་དམ་པས། བསྒྲུབ་པ་ལ་གཙོ་བོར་མ་བྱས་ན་མཁས་བཙུན་དུ་བརློམ་ཡང་རྟགས་ཀྱི་འཁྲུལ་པ་མི་སེལ། སེམས་ལ་ཏིང་འཛིན་མ་སྐྱེས་ན་གོ་རྟོགས་བཟང་ཡང་རིག་པ་ལས་སུ་མི་རུང་། རིག་པ་ལས་སུ་མ་རུང་ན་མི་ཚེ་ཆོས་ལ་བསྐྱལ་ཡང་ནམ་ཞིག་ཐ་མལ་དུ་འཆི། འཆི་དུས་ཐ་མལ་དུ་ཤི་ན་མན་ངག་ཟབ་མོ་ཡོད་ཀྱང་བར་དོར་རྐྱེན་ངན་དུ་འགྲོ། ཞེས་གསུངས་ལ། ཉམས་ལ་ཆགས་ན་ཡང་འཆིངས་ཏེ། རྗེ་དམ་པས། ཉམས་ནི་བསམ་གཏན་ཞེས་བྱ་བར་གནས་གོང་མར་འཆིང་པར་བྱེད་པའི་ཏིང་ངེ་འཛིན་ཡིན་ལ། རྟོག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱ་བ་འཁོར་བ་གཞི་མེད་དུ་གྲོལ་བར་བྱའོ། །ཞེས་གསུངས་ཤིང་། ཧྲིལ་གྱིས་གྲིལ་ན། རྗེ་སྒམ་པོ་པས། རྣམ་རྟོག་སྒོམ་དུ་མ་ཤར་ན། །གང་བྱས་འཁོར་བའི་རྒྱུ་འབྲས་ཡིན། །བསྒོམ་ཆེན་བསྒོམ་གྱིས་མ་བཅིངས་ན། །གཞན་གྱིས་བཅིངས་པར་མི་ནུས་པས། །གོ་བའི་ལྟ་བ་རྒྱབ་ཏུ་བོར། །བསྒོམ་པའི་ཉམས་མྱོང་སྨང་ནས་བཤིག །ཅེས་པ་ལྟར་ཉམས་སུ་བླངས་པར་བྱ། ད་ནི་ཞར་བྱུང་དུ་མཁས་གྲུབ་གོང་མ་དག་གི་གསུངས་བསྒྲོས་ཐོར་བུ་བརྗོད་པར་བྱ་སྟེ། པཎ་ཆེན་ཐམས་ཅད་མཁྱེན་པ་བུ་སྟོན་གྱིས་བཀའ་ལས། སེམས་ཀྱི་གནས་ལུགས་མ་བཅོས་མཐའ་བཞི་བྲལ། །གང་དུའང་མ་འཛིན་ཡེངས་མེད་རྩེ་གཅིག་ལྟོས། །བདེ་བསྡུག་ལ་སོགས་རྟོགས་པའི་འཆར་སྒོ་རྣམས། །ཆུ་བོའི་བརླབས་བཞིན་དབྱེར་མེད་ངང་དུ་མཉམ། །སྣ་ཚོགས་སྣང་ཡང་ཆུ་ནང་བཟའ་སྐར་བཞིན། །ཤར་དང་མ་ཤར་རོ་གཅིག་རྟོགས་པར་གྱིས། །དེ་ལྟར་རྟོགས་ན་བསྒོམ་དུ་མེད་པའི་དོན། །རྒྱུན་དུ་གོམས་པ་བསྒོམ་པ་ཆེན་པོ་ཡིན། ཅེས་གསུངས་ཤིང་། རྗེ་དམ་པས། སེམས་ཉིད་ངོ་སྤྲོད་པའི་རྟོགས་པ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟར་གྱིས་ཤེས་པ་སྐྱེས་ལ་འགག་པ། འགག་པ་མ་སྐྱེས་པ་ཧྲིག་གེ་བ་འདི་རང་ཡིན་ནོ། །ཞེས་དང་། ཡང་། མཉམ་བཞག་གི་བསྒོམ་ནི་མ་བཅོས་པ་ཡིན་ལ། བསྒོམ་རྒྱུ་ནི་ཡེ་རང་ནས་མེད། ལྟ་སྟང་མ་ཤོར་ཙམ་བྱས་ནས་ནི། བསྒོམ་དང་འདི་མི་བསྒོམ་མེད་པར་རང་ལུགས་སུ་བཞག་གོ། །རྗེས་ཀྱིས་བསྒོམ་ནི་མ་བཅོས་པ་ལ་ངོས་བཟུངས་ཏེ། ལུས་ངག་ཡིད་གསུམ་ཆེད་དུ་བརྗོད་པ་ཡེངས་པ་དང་དགའ་མི་དགའི་རྟོགས་པ་ཐམས་ཅད་ངོས་གཟུངས་གསུངས་ཀྱང་། རིག་པ་དྲི་མ་མེད་པའི་སྒོམ་པ་ལ། བསྒོམ་གྱིས་ཞེན་པ་བོར་ལ་ཐོང་། མཁན་པོ་བསྐྱུར་བ་ནི་མ་ཡེངས་པར་སྒྲིམས་པའི་སྙིང་པོ་ལིང་གིས་བསྐྱུར་བ་ཡིན། གསུངས། ཡང་གཏོལ་སྐྱེས་ཀྱིས་ཤེས་པ་ངོས་གཟུངས་དང་། དྲན་པ་རང་དངས་ལ་འགྲོ་ཡིས་གསུངས། རྗེ་སྒམ་པོ་པས། ཕ་རོལ་ཏུ་ཕྱིན་པ་ནི་རྟེན་འབྲེལ་ལ་སོགས་པ་ལུང་དང་རིག་པའི་སྒོ་ནས་སྣང་ལ་རང་བཞིན་མེད་པ་གཏན་ལ་ཕབ་ནས་བསྒོམ་པ་ཡིན། མོས་པ་སྟོང་ཉིད་དུ་བྱེད་པ་ཡིན་ཏེ། དེ་དབུ་མ་པའི་སྒོམ་ལུགས་ཡིན། དེ་རང་ཡང་བསྒོམ་བྱ་བསྒོམ་བྱེད་དང་བཅས་པའི་གཉིས་འཛིན་གྱི་བློར་འཇུག །དེ་ལྟ་བ་མ་རྟོགས། དངོས་པོ་ལ་གནོད་པ་ཅུང་ཞིག་རྐྱལ་བས་སྒྲིབ་པ་དཔག་ཏུ་མེད་པ་མཛད་དེ་སངས་རྒྱས་མི་ནུས། བཀའ་གདམས་པ་དང་མཚན་ཉིད་པ་ཐམས་ཅད་དེ་བསྒོམ་པ་ཡིན། བླ་མ་མི་ལའི་ལུགས་ལ། མི་དགེ་བ་བཅུ་བསྒོམ་པས། ངན་སོང་དུ་འཁྱམ། དགེ་བཅུ་བསྒོམ་པས་ལྷ་མིར་འཁྱམ། ཏིང་ངེ་འཛིན་གྱི་རོ་ལ་ཆགས་ནས་བསྒོམ་པས་ལྷ་ཚེ་རིང་པོར་སྐྱེ། དྲན་པས་ཟིན་པས་རྣམ་རྟོག་ནི་ཡོན་ཏན། མ་ཟིན་པ་ལ་སྐྱོན་དུ་ལྟ་ན་དེ་ཡང་གཉིས་འཛིན་གྱིས་སྐྱོན། རྟོགས་མེད་ལ་སོགས་པའི་ཡོན་ཏན་ཐམས་ཅད་བསྒྲུབ་པར་འདོད། རྣམ་རྟོག་ལ་སོགས་པའི་སྐྱོན་ཐམས་ཅད་སྤོང་བར་འདོད་ན་དེ་ཡང་གཉིས་འཛིན་གྱི་སྐྱོན། སྟོང་པར་བསྒོམ་ཀྱང་བློ་མི་སྟོང་པར་བསྒོམ་ཀྱང་བློ། ཡོད་མེད་དུ་བསྒོམ་ཀྱང་བློ། མདོར་ན་བསྒོམ་ཚད་བློ་དང་གཉིས་འཛིན་ལས་གྲོལ་བ་མེད་གསུངས། རྣམ་རྟོག་བྱུང་ན་ཇི་ལྟར་བགྱི་ཞུས་པས། དེ་ཁ་ན་གཙུག་ཏུ་བཞག་པས་ཆོག །ཁོ་རང་མེད་དུ་འགྲོ་ཡིས། སྤང་མི་དགོས་གསུངས། ཕ་རོལ་ཏུ་ཕྱིན་པ་སྤོང་བའི་ལམ་ས་ཡིན་པས་མི་སྡུག་པ་ལ་སོགས་པ་གཉེན་པོས་ཉོན་མོངས་པ་ངོ་ཐུག་ཏུ་སྤོང་བ་ཡིན། གསང་སྔགས་ནི་གཞི་བསྒྱུར་བའི་ལམ་ཡིན་པས་དུག་ལྔ་རྣམ་རྟོག་ཏུ་འཁྱེར་བ་ཡིན། དུག་ལྔ་དང་རྣམ་རྟོག་ལ་དགག་བསྒྲུབ་གང་ཡང་མ་བྱས་པར། དེ་ཁར་ཙུག་སྐྱེར་གཙུག་པ་རང་གི་རང་ཞིར་འགྲོ་བ་ཡིན་ནོ་གསུངས་ཤིང་ཇི་ལྟར་མང་བ་ལྟར་མེ་ཆེ་བ་ཡིན་རྣམ་རྟོག་ཇི་ལྟར་མང་བ་ལྟར་གཉིས་མེད་ཀྱིས་ཡེ་ཤེས་བྱས་པ་ཡིན་པས་དུག་ལྔ་དང་རྣམ་རྟོག་དེ་ཀ་ལྟར་སྐྱེར་བཅུག་པས་ཆོག །དགག་སྒྲུབ་མེད་པར་མ་བཅོས་པ་འདི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་འདི་རང་ཡིན་ནོ། །རང་ཅག་གི་སངས་རྒྱས་ངོ་ཤེས་པ་དང་མ་ཤེས་པ་ཡང་འདི་ཀ་ཡིན་ནོ། །སངས་རྒྱས་ལ་ཡང་འདི་ཀ་ལས་ལྷག་པ་མེད། ཚེས་གཅིག་གི་ཟླ་བ་དང་། ཉའི་ཟླ་བ་ལ་ཟླ་བ་ཙམ་དུ་ཁྱད་པར་མེད། དེ་བཞིན་དུ་མ་བཅོས་པར་བཞག་པས་གཉིས་མེད་ཀྱི་ཡེ་ཤེས་རྣལ་འབྱོར་པས་དེ་རིང་རྟོགས་པ་དང་། སངས་རྒྱས་ཀྱིས་ཐུགས་ཡེ་ཤེས་གཉིས་ལ་གཉིས་མེད་ཙམ་དུ་ཁྱད་པར་མེད། གཉིས་འཛིན་གྱི་རྣམ་རྟོག་རྦད་ཀྱིས་ཆད་ཙ་ན་སངས་རྒྱས་ཡིན་གསུངས། ཡང་། མ་བཅོས་པ་ལ་ལོ་གཅིག་བསྒོམ་པ་རང་གི་མངོན་པར་ཤེས་པ་འོང་སྟེ་གསུང་སྐད། གཞན་དག་མི་རྟོག་པ་དུ མ་གཅིག་ལ་མཉམ་བཞག་བྱས་ནས་རྗེས་རྨི་ལམ་སྒྱུ་མ་ལྟར་བསྒོམ་པ་ཡིན། རྗེ་བཙུན་གྱི་ལུགས་ཀྱི་དུག་ལྔ་དང་རྣམ་རྟོག་གཉིས་མེད་ཀྱི་ཡེ་ཤེས་སུ་ཁྱེར་ནས་གོམ་ཙ་ན་ཐུན་མཚམས་མེད་པར་ཐམས་ཅད་དུ་མཉམ་བཞག་འབའ་ཞིག་ཏུ་འཁྱེར་བ་ཡིན་གསུངས། དཔལ་ཕྱག་ན་རྡོ་རྗེ་ལ་ལྷོ་ཕྱོགས་དཔལ་གྱི་རི་བོར་ཏིལློ་པས་ཞུས་པ་མ་བཅོས་པར་ཞེས་གསུངས། དེར་མར་ལ་བྱོན་པས་མ་བཅོས་པའི་དོན་མ་གོ་ནས། ཡང་ཞུར་ཕྱིན་པས་མཁའ་འགྲོ་མ་ཤྲི་དྷ་ར་དང་ཕྲད་ནས། རང་གི་སེམས་ལ་མ་བལྟ་མ་བསྒོམ་ཐ་མལ་པར་ཞོག །མ་བཅོས་པ་འདི་ཡིན་གསུངས། ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ་མ་བཅོས་པ་སྙུག་མའི་དོན་ཉིན་ཞག་ཕྲུག་རེའི་ནང་དུ་ཡང་ཡང་སྐྱེ་ཡང་ངོ་མ་ཤེས་པས་ལུང་མ་བསྟན་དུ་སོང་ནས་རང་གཞན་གྱིས་དོན་མ་གྲུབ་གསུངས། རྗེ་བཙུན་ཁྱི་ཐུལ་ཅན་གྱི་ཞལ་ནས། ཆོས་ཉིད་མ་བཅོས་པ་ལ་ཕོགས་གཅིག་དྲན་པས་ཆོག །རྟག་ཏུ་སྟུར་རེ་བྱ་མི་དགོས། དྲན་པ་དེ་ནས་བོར་ཡང་བོར་དུ་མི་བཏུབ་པ་འོང་གིས། རྟོག་མེད་དུ་འདུག་རུང་། རྣམ་རྟོག་ཏུ་འདུག་རུང་འཇིག་རྟེན་པའི་རྣམ་རྟོག་མིན། སྟོང་ཉིད་འབའ་ཞིག་ཡིན་གསུངས། ཁོང་བཀའ་དྲིན་ཆེ། ཁོང་དང་མ་འཕྲད་ཙ་ན་ང་མ་བཅོས་པ་རང་བསྒོམ་པ་ཡིན། དེ་རང་དུ་ཤེས་པས་འཐུམས་ནས་རྟོག་མེད་དར་རེ་ལས་མ་བྱུང་། དེས་ན་འཇིག་རྟེན་པའི་རང་ཁ་མར་སོང་། ཁོང་གི་དེ་དགག་བསྒྲུབ་མེད་པའི་གཉིས་མེད་རང་གྲོལ་དེ་གོའོ། །གསུངས། ཡང་རྗེ་སྙི་བསྒོམ་ལ། སེམས་རང་བཞིན་མེད་པ་བསྒོམ་པ་དེ་རང་བློར་མི་འགྲོའམ་ཞུས་པས། སེམས་རང་བཞིན་མེད་པས་ཆུ་ལ་ཆུ་ཐིམ་མོ། རྟག་ཏུ་བསྒོམ་མི་དགོས་ཏེ་ཕོགས་ཅིག་དྲན་པས་ཆོག་གསུངས། བསློད་ནས་འཇོག་པ་དེ་རང་བློར་མི་འགྲོའམ་ཞུས་པས། རང་ཤུགས་ཀྱི་རྟོག་མེད་དེ་སེམས་གནས་པ་ཤ་མ་ཡིན། རྩ་རླུང་ལ་སོགས་པས་རྟོག་མེད་དུམ་རེ་བ་དེ་སེམས་བཙན་བཟུང་གི་སེམས་འཛིན་བྱ་བ་ཡིན། སེམས་གནས་པ་ཤ་མ་མིན་ནོ། །སེམས་ཁོ་རང་རྟོགས་མེད་དུ་བདེའམ། མིག་བཙུམ་པ་བདེའམ། ཕྱེ་བ་བདེའམ། ཉལ་བ་ལ་སོགས་པའི་སྤྱོད་ལམ་གང་བདེར་བཞག་གོ །དགག་བསྒྲུབ་སྩོལ་བ་གང་ཡང་མི་བྱ་བར་མི་རྟོགས་པར་འདུག་ཀྱང་རུང་། རྣམ་རྟོག་སྣ་ཚོགས་སུ་འདུག་ཀྱང་རུང་། མ་བཅོས་པར་བཞག་པ་རང་གི་གཉིས་འཛིན་དང་བྲལ། གཉིས་མེད་ཀྱི་ཡེ་ཤེས་རང་ཤར་བར་འདུག་ཨང་སྙམ་པའི་གོ་བ་བྱུང་ཙ་ན་སེམས་ཁོ་རང་གི་ངོ་བོའོ། །གཤིས་སམ་འདུག་ཚུལ་ཤེས་པ་ཡིན། དེ་ལྟར་གོ་ན་བསྒོམ་བྱ་མི་དགོས། བོར་བའམ་བཞག་ཏུ་མི་བཏུབ་པར་བསྒོམ་དབང་མེད་དུ་སྐྱེ་བ་ཡིན་གསུངས། སེམས་ཀྱི་ངོ་བོ་ཤེས་པ་ཇི་ལྟ་བུ་ལགས་ཞུས་པས། མ་བཅོས་པ་ལ་མ་བཅོས་པར་ཤེས་པ་དེ་ཀ་ངོ་བོ་ཤེས་པ་ཡིན་གསུངས། མ་བཅོས་པར་བཞག་པས་དགག་སྒྲུབ་ཀྱི་བྱ་རྒྱུ་དང་བྲལ་ནས་གཉིས་མེད་ཀྱི་ཡེ་ཤེས་རང་འཆར་བ་དེ་ནི་མི་རྟོག་པ་ཡིན། ལྐུགས་མ་བུ་རམ་མུར་བའམ་གཞོན་ནུ་མ་འདོད་ཆགས་ཀྱི་བདེ་བ་མྱོང་བ་ལྟར་སྨྲ་རུ་མེད་པ་གཉིས་མེད་ཀྱི། ཡེ་ཤེས་གསལ་བ་དེ་ནི་གསལ་བ་ཡིན་ནོ། །མི་རྟོག་པ་དང་གསལ་བ་བྱུང་ཙ་ན་གཉིས་འཛིན་གྱི་བྱ་རྒྱུ་ཐམས་ཅད་འགགས་ནས་འགྲོ། དེ་ཙ་ན་སེམས་བདེ། སེམས་བདེ་བས་ལུས་བདེ། དེ་ལྟར་བདེ་བ་གསལ་བ་མི་རྟོག་པ་གསུམ་གྱིས་ཕན་ཡོན་མཐོང་ཆོས་ཚེ་འདི་ལ་འབྱུང་ངོ་། །འཇིག་རྟེན་པའི་རྣམ་རྟོག་རང་ག་མ་དང་། རྣལ་འབྱོར་པས་ངོ་ཤེས་པས་རྣམ་རྟོག་གཉིས་ཀྱི་ཁྱད་ངོ་ཤེས་མ་ཤེས་ལ། བསྒོམ་ནས་ཤེས་ན་རྟོག་པར་འགྱུར་མ་བསྒོམ་པར་ཤེས་ན་རང་གྲོལ་དུ་མི་འགྱུར་རམ་བྱས་ན་བརྟུགས་ནས་འགྲོ་བའི་རྒད་པོ་དེ་འདྲ་ངའི་རྩར་བྱུང་གསུངས། པཎ་ཆེན་ཤཱཀྱ་ཤྲིས་ཀྱང་། ཅིར་སྣང་རང་སོར་བཞག་ན་བྱ་བྲལ་ལྷུན་གྱིས་གྲུབ། གང་ཤར་ངོ་ཡིས་བཟུང་ན་རིག་པ་རང་སར་གྲོལ། འགྱུ་བའི་རྩད་རྗེས་བཅད་ན་དྲན་རྟོག་དབྱིངས་སུ་ཡལ། ཐུན་མཚམས་དྲན་པས་བཟུང་ན་མཉམ་རྗེས་རོ་གཅིག་འགྲུབ། ཅེས་དང་། ཁྲོ་བུ་ལོ་ཙཱ་བས། ཉོན་མོངས་བཀག་པས་མ་ཁེགས་ཚེ། གདམས་ངག་རྒྱལ་པོ་སོར་བཞག་བྱུང་། ངང་ལ་བཞག་པས་དབྱིངས་སུ་ཡལ། བླང་དོར་བྱ་བའི་མིང་ཡང་མེད། ཅེས་དང་། རྒྱལ་བ་ཡང་དགོན་པས་ཡེ་བསྒོམ་ལ་བློ་ཡིས་མ་བསྒོམ་མཛོད། རང་བབས་ལ་གཟོ་ཡིས་མ་བཅོས་མཛོད། བསྒོམ་བསྟིང་གསལ་ལ་རྐྱེན་གྱི་སྒྱུར་དུ་མེད་ཀྱིས། བློ་རྟོགས་པ་ལ་སྐྱོན་དུ་མ་བལྟ་བར། མི་རྟོག་པར་ཆེད་དུ་མ་བསྒོམ་པར། སེམས་རང་ལུགས་སུ་ཞོག་ལ་རྒྱང་སོ་ཚུགས། བསྒོམ་ཞི་གནས་ཀྱི་མཐིལ་དུ་ཕེབས་པ་གཅིག་འོང་གི་སེམས་ངོས་བཟུང་མེད་པ་སྟོང་པའི་དབྱིངས། འགག་མེད་དུ་གསལ་བ་རིག་པའི་སྒོ། བློ་བྲལ་གྱི་གསལ་སྟོང་རྗེན་པ་འདི་ལ་རང་སོར་བཞག་གིན་ངང་ལ་ལྟོས་དང་། བསྒོམ་ལྷག་མཐོང་གི་རང་ངོ་མཐོང་བ་གཅིག་འོང་གི། མ་ཡེངས་པའི་དྲན་པ་སོ་མ་ཤོར། མ་བསྒོམ་པའི་གནས་ལུགས་གཟོ་མ་བྱས། བསམ་མེད་ཀྱི་རིག་པ་སྨྲ་མ་འདོད། རྟག་ཆད་ཀྱི་མ་སླད་ཁ་ཡན་དུ་སྐྱོང་དང་། བསྒོམ་སྤྲོས་བྲལ་གྱི་མ་བུ་འཕྲད་པ་གཅིག་འོང་གི། བློ་རྟོགས་པ་འགྱུ་བ་གནས་ལུགས་ཀྱིས་སྒོ། རང་ངོ་ཤེས་པ་ཉམས་ལེན་གྱི་གནད། ཅེས་དང་། ཡང་། རྟོག་པ་འཕྲོ་བ་དེ་ཚུར་དཀུག་ནས་བསྒོམ་ལ་འཇོག་པ་ནི་མིན། རྟོག་པ་རལ་མེ་བ་དེ་ཀའི་ངོ་བོ་ལ་ལྟ་བ་ཡིན་ནོ། །རྟོག་པ་དང་བསྒོམ་གཉིས་ལ་ངོ་ཤེས་མ་ཤེས་མིན་པ་ཁྱད་མེད་དོ། །གནས་པའི་དུས་དང་འགྱུ་བའི་དུས་གཉིས་ལ་སེམས་ཀྱི་ངོ་བོ་གཅིག་ལས་འདུག་གོ་ལྟོས་དང་། ཞེས་གསུངས་སོ། །གྲུབ་ཆེན་ཨུ་རྒྱན་པས། མ་བཅོས་པའི་ཤེས་པ་ངོས་འཛིན་པ་ལ་མ་བཅོས་པར་འཇོག་པ་འདི་ཀ་ཟབ་པ་ཡིན་གསུངས། བཟུང་དྲན་གྱིས་དུས་སུ་མིག་གིས་གཟུགས་མཐོང་པས་རང་ངོ་ཤེས་པའི་གསལ་ལེ་ཧྲིག་གེ་བ་དེ་རང་ལ་མཉམ་པར་བཞག་པ་རང་གིས་དུས་སུ་ཡང་། གཟུགས་ཀྱི་བྱེད་པ་ལས་འཕྲོས་པའི་འཆར་སྒོ་མང་དག་གཅིག །དྲོན་པའི་ཁྲོད་ནས་འགྱུ་བའི་གྲོགས་ཁོ་རང་གི་བྱེད་ཀྱི་ཡོད་དེ་ཁོ་རང་གིས་མི་ཚོར། རང་གི་གདོང་པ་རང་གིས་མི་མཐོང་བ་དང་འདྲ། སྒྲ་དང་དྲི་ལ་སོགས་པ་ལའང་འགྲེའོ། །དེ་ཐམས་ཅད་ཀྱི་རྒྱུ་མཚན་སེམས་དང་དྲན་པ་ལ་འདྲེས་པར་ཡུལ་ཡུལ་ཅན་དུ་བཟུང་ནས་ཡོད་པས་ལན། རང་གསལ་གྱིས་དྲན་པའི་དུས་སུ་ཚོགས་དྲུག་གིས་སྣང་པ་ཐམས་ཅད་རང་རང་སོ་སོར་བལྟ་བྱ་བལྟ་བྱེད་དང་བྲལ་བའི་ཤེས་བྱ་ཤེས་བྱེད་ཀྱིས་གཉིས་འཛིན་མེད་པ་རང་རིག་ཅིང་རང་གསལ་བ་གཅིག་འོང་། གཟུང་བྲན་དེ་རྩོལ་མེད་ཀྱིས་དྲན་པར་འཕོ་བའི་ཐབས་ལའང་གཟུང་དྲན་ལ་བརྩོན་འགྲུས་བསྐྱེད་པ་ཁོ་ན་ཟབ། ཅེས་དང་།བཟུང་དྲན་གྱིས་དྲན་པ་བརྟན་པོ་ཡོད་ན འང་དུས་དེར་ལམ་དུ་སོང་བ་ཡིན། ལམ་དུ་འགྲོ་བ་སྐྱོན་མེད་གཅིག་ལ་གང་ཤར་རང་རིག་རང་གསལ་དུ་འཆར་དགོས་པས་བརྩོལ་མེད་ཀྱི་དྲན་པ་དགོས། གཟུང་དྲན་ལ་ཡུལ་ཡུལ་ཅན་གྱིས་དྲན་པ་ལས་མེད་གསུངས། ཡང་ཐ་མལ་ཤེས་པ་རང་ག་འདི། མ་བསྒོམ་ཆོས་ཀྱིས་སྐུ་རུ་ཤར། སངས་རྒྱས་རང་གི་སེམས་ལས་སྙེད། འཁོར་འདས་རེ་དོགས་སུ་དགའ་གྱིས། ཞེས་གསུངས། མཆིམས་ནམ་མཁའ་གྲགས་ཀྱིས། བསྒོམ་ཞེས་བྱས་ཀྱང་བསྒོམ་རྒྱུ་བརྡུལ་ཙམ་མེད། བསྒོམ་མེད་བྱས་ཀྱང་ཡེངས་སུ་སྐད་གཅིག་མེད། དོན་མཐོང་བ་ལ་བསྒོམ་དུ་བསྒོམ་མཁན་མེད། །བློ་རྟོག་ཅན་ལ་ཡེངས་སུ་སྐད་གཅིག་མེད། །བསྒོམ་མེད་ཡེངས་མེད་རྣལ་འབྱོར་བསྒོམས་པ་ཡིན། །རྟོགས་ལྡན་སེམས་ལ་འཆོས་རྒྱུ་ཅི་ཡང་མེད། །ཅེས་དང་། སྣང་བ་མི་སྤོང་སྟོང་པ་མི་བསྒོམ་ཤིང་། །རྣམ་རྟོག་མི་འགེགས་རྟོག་མེད་མི་བསྒོམ་མོ། །གལ་ཏེ་དེ་ལྟར་སྒོམས་ན་ཡང་པ་ཡིན། །བློ་ལ་དྲན་སྣང་མཚན་མ་ཅི་ཤར་ཡང་། །དྲན་སྣང་དེ་ཁ་ཆོས་ཉིད་ཡིན་པའི་ཕྱིར། །ཅེར་གྱི་བལྟས་པས་རང་སར་གྲོལ་བར་འགྱུར། །དེ་ལ་གཉེན་པོས་བཅོས་བསྒྱུར་བྱ་མི་དགོས། །ཞེས་དང་། གཡག་སྡེ་པཎ་ཆེན་གྱིས། འཁྲུལ་པ་རང་སོར་འཇོག་པའི་བསྒོམ། །སྤངས་གཉེན་གཉིས་མེད་རང་གྲོལ་ཏེ། །འཁྲུལ་པ་དག་པས་ཡེ་ཤེས་ལགས། །ཞེས་དང་། འདི་ཡིན་མེད་པ་ཆོས་ཀྱི་དབྱིངས། །འདི་བསྒོམ་མེད་པ་ལམ་གྱིས་གནད། །བྱ་བྱེད་བྲལ་བ་གཉུག་མའི་སེམས། །ལྷུན་གྱིས་གྲུབ་པའི་འོད་གསལ་ལགས། །ཞེས་དང་། སེམས་འཛིན་པ་བས་ཀྱང་སྟོང་པ་ཟབ། །སེམས་བཟུང་བ་ཡོད་ན་གང་འགྲོར་ཐོང་། །དོན་བསྒོམ་པ་ཡོད་ན་བསློད་ལས་ཞོག །དེ་གསུང་རབ་ཀུན་གྱི་སྙིང་པོར་འདུག །དཔལ་ལྡན་བླ་མ་རྣམས་ཀྱིས་ཕྱག་བཞེས་ལགས། །བསྒོམ་མ་ཡེངས་པས་ཀྱང་ཡེང་པ་ཟབ། །བསྒོམ་ཡེངས་མེད་ཡོད་ན་ཡེངས་ལ་བོར། །ཉམས་གདམ་པ་བས་ཀྱང་གང་བྱུང་ཟབ། །ཉམས་གདམས་པ་ཞོག་ལ་གང་བྱུང་གྱིས། །རླུང་འཛིན་པ་བས་ཀྱང་རྒྱ་ཡན་ཟབ། །རླུང་བཟུང་བ་ཡོད་ན་ཡན་དུ་ཆུག །ལུས་འཁྲུལ་འཁོར་བས་ཀྱང་བདེ་བ་ཟབ། །ལུས་འཁྲུལ་འཁོར་ཡོད་ན་ཤིག་ལ་ཐོང་། །གཟེར་འཕོ་འཆུག་མེད་ན་ཐེབས་པ་ཡིན། །བློ་ཕྱོགས་ཞེན་མེད་ན་དབུ་མ་ཡིན། །ཞེས་དང་། མ་ཡེངས་ཏིང་འཛིན་ཡེངས་སུ་བཅུག་ན་འཆར། །མི་རྟོགས་ཏིང་འཛིན་རྟོགས་པའི་དཀྱིལ་འཁོར་དང་། །བློ་བུར་ཉོན་མོངས་གཉུགས་མའི་ཡེ་ཤེས་ཡིན། །བསྒོམས་ན་བློ་ཡིན་ཡེངས་ན་འཁྲུལ་པ་སྟེ། །བློ་ཉིད་བློ་འདས་འཁྲུལ་པ་ཡེ་ཤེས་སོ། །ཇི་ལྟར་བསྒོམས་ཀྱང་བསྒོམ་གྱིས་མ་གོས་ཤིང་། །གང་ལྟར་བྱས་ཀྱང་བྱེད་པ་ཀུན་དང་བྲལ། །གཉིས་སུ་བཟུང་བ་ཡང་གཉིས་འཛིན་མ་མཆིས་ཤིང་། །མང་པོར་སྣང་ཡང་གཅིག་གི་ངང་ཚུལ་ཅན། །གཅིག་བློ་དེ་ནི་བསམ་པའི་ཡུལ་ལས་འདས། །ཇི་ལྟར་བསམ་ཀྱང་གཟོ་མེད་རང་གྲོལ་ཡིན། །ཞེས་སོ། །སྣུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོས། །སེམས་དང་ཆེས་ནི་ཅི་ཡང་མ་ཡིན་པས། །བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །རྟོགས་པ་དེ་ཉིད་ཆོས་ཉིད་ཡིན་པའི་ཕྱིར། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །དེ་ལ་གཉེན་པོས་བཅོས་ཤིང་དགག་ཏུ་མེད། །འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཉིད་ལས་མ་ཡོངས་པ་ནི་ཆོས་ཀྱིས་སྐུ། །ཞེས་པ་དང་། བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་པར། །དོན་དམ་ངང་ལས་བདེ་བར་གནས་པ་ནི། །བྱང་ཆུབ་སེམས་བསྒོམ་ཞེས་ཀྱང་དེ་ལ་བྱ། །ཞེས་སོ། །དེ་ལྟར་མདོ་རྒྱུད་བསྟན་བཅོས་རྣམས་དང་། གྲུབ་ཆེན་རྣམས་ཀྱིས་མགུར་ན་མང་དུ་ཡོད་དེ་འདིར་ཐོར་བུ་ལས་བྲི་བར་མ་ནུས་ལ། རེ་རེས་ཀྱང་ངོ་འཕྲོད་ཤིང་ངེས་ཤེས་རྙེད་པའི་དགོས་པ་ཡོད་དེ། །ལྕེ་བསྒོམ་ཆེན་པོ་ཤེས་རབ་རྡོ་རྗེས། ཆོས་ཀྱི་རྟོགས་པར་བྱ་རྒྱུ་སེམས་ལས་མེད་ཀྱང་། ངོ་སྤྲོད་གདམས་ངག་མེད་ན་རྟོགས་པར་དཀའ་བས། གྲུབ་ཐོབ་རྣམས་ཀྱི་གསུང་ལ་ནན་ཏན་བསྐྱེད་ཅིག །ཅེས་པ་སྟེ། དེ་ལྟ་བུའི་དོན་དང་མི་ལྡན་ན། སློབ་དཔོན་ཞི་བ་ལྷས། སེམས་ཀྱི་གསང་འདི་མ་རིག་ན། །བདེ་འདོད་སྡུག་བསྔལ་བྲལ་འདོད་ན། །བདེ་བ་འདོད་པ་ཙམ་གྱི་ལས། །དེ་ནི་ངལ་བ་ཁོ་ནར་ཟད་ཅེས་དང་། གཡག་སྡེ་པཎ་ཆེན་གྱིས། སྣང་སྟོང་སེམས་ཀྱི་འདུག་ཚུལ་མ་ཤེས་ན། འཕྲལ་སྣང་རིག་པ་རྣོ་ཡང་ལོག་ཤེས་ཡིན། ཅེས་གསུངས་པ་ལྟར་རོ། །དེ་བས་ན་སྙིང་པོའི་ལམ་འདིར་འབད་པ་གལ་ཆེ་སྟེ། ཇོ་བོ་ཆེན་པོ་རྗེས་བདེན་གཉིས་ལས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །གང་ལ་གཅེས་པ་དེ་ནི་ལེན་པར་བྱ། །ཞེས་པ་དང་། རྒྱལ་བ་ཡང་དགོན་པས། མི་སྙིང་ཅན་ཀུན་རང་ལ་ཕྱི་ཐག་སྲིངས། །རང་མི་སླུ་ན་སྙིང་ནས་ཆོས་གཅིག་གྱིས། །ཞེས་གསུངས་པ་ལྟར་འབུང་དགོས་སོ། །ལམ་བསྒོམ་པའི་ཚུལ་གསལ་བར་བསྟན་ཟིན་ཏོ། །ད་ནི་སྤྱོད་པ་སྟོན་ཏེ། སེང་གེ་ལྟ་བུའི་སྤྱོད་པ་དང་། བུང་བ་ལྟ་བུའི་སྤྱོད་པ་ལ་སོགས་པ་མང་དུ་གསུངས་ཀྱང་། སྤྱོད་པའི་ངོ་བོ་ཆོས་ཀྱི་གྲོགས་སུ་འགྲོ་བ་ཞིག་དགོས་པ་ཡིན། དེ་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པ་དག་ལ་ནི་སྤྱོད་པ་བླང་དོར་དང་བྲལ་བ་ཡིན་ལ། གསར་བུ་བ་དག་གིས་ཀྱང་སྤྱོད་ལམ་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་དྲན་པ་དང་མ་བྲལ་ཙམ་བྱའོ། །དེ་ལྟར་མི་ལྡན་ན་བསྒོམ་སྐྱེ་དུས་མི་ཡོང་སྟེ་དམ་པས་ཉ་མ་དགེ་འདུན་བསྐྱིད་ལ་གསུངས་པ་བཞིན་ནོ། །མཚན་མོ་རྨི་ལམ་གཟུངས་བའི་ཐབས་ལ་རྩལ་སྦྱངས་ཏེ། ཚེའི་ཕྱེད་གཉིད་ལ་འགྲོ། ཉིན་མོའི་ང་ཚེ་འདིའི་བྱ་བྲེལ་གྱིས་གཡེངས་པས་ཁྱེར་བས་ན་གནད་ཆེ་ས་ཡིན། དེ་ལྟར་ཉིན་མཚན་ཀུན་ཏུ་ཅི་བྱེད་སྒོམ་དང་མ་བྲལ་བར་བྱ་སྟེ་མི་ཚེ་སྟོང་ཟད་ལ་མི་བཏང་། དྲན་པ་དང་མ་བྲལ་བའི་སྤྱོད་པ་འདི་ནི་མཉམ་བཞག་ལས་མྱུར་བ་ཆེས་ཟབ་སྟེ། བླ་མ་ཞང་རིན་པོ་ཆེས། མཉམ་བཞག་དུས་ཀྱིས་མཉམ་བཞག་སྟེ། མཉམ་བཞག་མ་ཡིན་རྗེས་ཐོབ་ཡིན། །རྗེས་ཐོབ་དུས་ཀྱི་རྗེས་ཐོབ་དེ། །རྗེས་ཐོབ་མ་ཡིན་མཉམ་བཞག་ཡིན། །ཅེས་གསུངས་སོ། །ཞར་ལ་ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ལའང་འཛེམས་དགོས་ཏེ། ཨོ་རྒྱན་ཆེན་པོས་ཀྱང་། ང་ལྟ་བ་ནམ་མཁའ་བས་ཀྱང་མཐོ། རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། ཅེས་གསུངས་པ་ཡིན། ཐུན་མགོར་སྐྱབས་འགྲོ་དང་སེམས་བསྐྱེད་རྒྱ་ཆེན་པོ་བྱ་ཞིང་། ཐུན་མཚམས་སུ་བདག་གིས་དགེ་རྩ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུར་བསྔོའོ། །འདི་དང་མི་ལྡན་ན་ལྟ་བ་མཐོ་བས་མི་ཕན་ཏེ། ཐེག་པ་དམན་པའི་ལམ་དུ་གོལ། འདུས་བྱས་ཀྱི་དགེ་བ་ཁྱད་དུ་མི་བསད། བླ་མ་ཅི་གསུང་གི་བཀའ་མི་བཅག །ལུས་ལོངས་སྤྱོད་ཐམས་ཅད་བླ་མ་ལ་འབུལ་ཞིང་མོས་གུས་འཆི་མ་འཁྲུག་པ་མ་བྱུང་བར་དུ་བྱས་ནས་གསོལ་བ་གདབ། གསང་སྔགས་པ་ལམ་ཟབ་མོ་བླ་མའི་ལམ་བྱ་བ་ཉམས་མྱོང་དང་རྟོག་པ་དང་ཡོན་ཏན་ཐམས་ཅད་བླ་མའི་བྱིན་བརླབས་ལ་བརྟེན་ནས་འབྱུང་པས་གནད་ཤིན་ཏུ་ཟབ་པ་ཡིན། ཆོས་དང་མི་མཐུན་པའི་གྲོགས་དང་མི་འགྲོགས་ཡོན་ཏན་སྐྱེ་དུས་རང་མཐོང་མི་བྱ་བར་ཀུན་ལ་དག་སྣང་སྦྱངས། བསྟན་པ་དང་སེམས་ཅན་ལ་ཕན་པའི་ཐབས་སུ་གྱུར་པ་ན། གང་ཡིན་ཡང་ཞུམ་པ་མེད་པར་རྩོན་པས་དང་དུ་བླངས། དམ་ཚིག་དང་སྡོམ་པ་སྣ་གཅིག་དང་མ་ཉམས་པར་བསྲུང་། གལ་ཏེ་ཉམས་ན་གཤགས་པ་དང་ཕྱིར་བཅོས་ལ་སོགས་པས་སོར་ཆུད་པར་བྱའོ། །མདོར་ན་རྣམ་པ་ཐམས་ཅད་དུ། ཐ་མལ་ཤེས་པ་སོར་བཞག་ལ། ངོ་ཤེས་བྱེད་པ་མ་གཏོགས་པ། བསྒོམ་རྒྱུ་གཞན་མེད་བསྒོམ་ཆེན་ཚོ། ཞེས་རྗེ་སྒམ་པོ་པས་གསུངས་པ་ལྟར་སྤྱོད་དོ། །དེ་ལྟར་ཡང་ནི་གུ་མ་སྔོན་འགྲོ་ལ་གཙོ་བོར་བྱེད། མཻ་ཏྲི་པ་དངོས་གཞི་ལ་གཙོ་བོར་བྱེད། སུ་ཁ་སིདྷི་རྗེས་ལ་གཙོ་བོར་བྱེད། ཅེས་གྲགས་པ་ལས། ལམ་འདི་སྐྱོང་བའི་གང་ཟག་དེ་ཡང་རྗེས་ལ་གཙོ་བོར་བྱེད་པ་ཟབ་པ་ཡིན་ནོ། །སྤྱོད་པའི་ཚུལ་བསྟན་ཟིན་ཏོ། །ད་ནི་དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་བཤད་པར་བྱ་སྟེ། རང་གི་སེམས་གདོད་ནས་དག་ཅིང་ལྷུན་གྱིས་གྲུབ་པ་དེ་ཉིད། གུར་ལས། རྣམ་རྟོག་བདེན་པ་མ་ཡིན་པས་རིན་ཆེན་སེམས་ནི་དྲི་མར་བྱས། ཇི་ལྟར་ནམ་མཁའ་འཇིག་མེད་བཞིན། དག་པའི་སེམས་ནི་དག་པར་འགྱུར། རིན་ཆེན་སེམས་ནི་རབ་བསྐུལ་བས། །ཇི་ལྟར་ནམ་མཁའ་དེ་བཞིན་སེམས། །སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམ་པས་ནི་སངས་རྒྱའོ། །ཞེས་སོ། །འཁྲུལ་པ་བློ་བུར་བས་སྒྲིབ་པས་བག་ཆགས་ཐམས་ཅད་མ་སྤངས་དབྱིངས་སུ་དག་ནས་མངོན་དུ་གྱུར་པ་དེ་ལ་ཆོས་སྐུ་དག་པ་གཉིས་ལྡན་ཞེས་བྱ། རྡོ་རྗེ་ཟམ་པ་དག་བློའི་མཐའ་ཟབ་ཅིང་ཆ་ཕྲ་བ་ཡང་མི་གནས་པ་དབྱེར་མི་ཕྱེད་པའི་དུས་ཞེས་པ་དང་། རྫོགས་ཆེན་པ་གཞན་དག་ནི་འབྲས་བུ་བཞི་ལ་རྫོགས་པ་ཞེས་འདོད་དེ། གང་ལྟར་ཡང་རུང་། སེམས་རང་བཞིན་གྱིས་དག་པ་ལ་དྲི་མ་བློ་བུར་བས་སྒྲིབ་པའི་འཁྲུལ་པའི་སྣང་ས་མ་སྤངས་གནས་སུ་དག་པས་དེ་ལ་སངས་རྒྱས་ཆོས་ཀྱི་སྐུ་ཞེས་བྱའོ། །འདི་ལ་རྗེ་བཙུན་ཆེན་པོས། རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ། མཐའ་ཡས་ཚོགས་ནི་གནས་འགྱུར་ཡིན། དེས་ན་ལྷུན་གྲུབ་གནས་འགྱུར་མི་འགལ་བ། འདི་ནི་འབྲས་བུའི་འཁོར་འདས་དབྱེར་མེད་ཡིན་ཅེས་གསུངས་སོ། །སྐུ་འདི་ནི་རྣམ་པར་རྟོག་པ་ཐམས་ཅད་བྲལ་བ་སྟོང་གསལ་བདེ་བ་ཆེན་པོའི་ངང་ལ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་གནས་ཤིང་སྣང་བ་ཡིན་ལ། དེ་ཉིད་གཞན་གྱིས་མི་མཐོང་ཡང་། རང་ཉམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་སྣང་བ་ཡིན་ཏེ། སྐུ་གསུམ་གྱི་མདོ་ལས། རིགས་ཀྱི་བུ། སངས་རྒྱས་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་གང་ལ་སྣང་ངོ་། །ཞེས་སོ། །ཁ་གཅིག་ཆོས་སྐུ་ཞལ་ཕྱག་མེད་པ་ནམ་མཁའ་ལྟ་བུའི་སྟོང་པ་ལ་བཞེད་ཀྱང་། གསེར་འོད་དམ་པའི་མདོ་ལས། འཁོར་བར་རྣམ་པར་རྟོག་པ་ཟད་པ་ཡང་རྣམ་པར་དག་པ་སྟེ། སངས་རྒྱས་རྣམས་ཀྱིས་ཡང་དག་པའི་སྐུ་དེ་ནི་མེད་པ་མ་ཡིན་ནོ། །ཞེས་པ་དང་། དབུ་མ་འཇུག་པར། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོགས། འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་དུ། འདི་ནི་སྤྲོས་དང་བྲལ་བ་སྣང་པ་ཡིན། ཞེས་དང་། ཡང་དེ་ཉིད་ལས། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པ་ལས། ཤེས་བྱ་སྐྱེ་བ་མེད་པ་ལ་སྐྱེ་བ་དང་ལྡན་པར་གྱུར་པ་གང་ཡིན་པ་དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །ཞེས་པས་གསལ་བ་ཡིན་ལ། རྫོགས་ཆེན་པས། ཐོགས་མའི་སངས་རྒྱས་ཀུན་ཏུ་བཟང་། །མཚན་དང་དཔེ་བྱད་ལྡན་པ་ཡོད། ཞེས་པ་དག་ཚུལ་མཚུངས་པ་ཡིན་ནོ། །དེ་ལྟར་མཚན་མ་དང་སྤྲོས་པ་ཅི་ཡང་མི་མངའ་བ་དབྱིངས་ཀྱིས་སྐུ་དེའི་ངང་ལས། གདུལ་བྱའི་ངོ་ལ་སྣང་བའི་སྐུ་མཆེད་པ་ནི། འགྲོ་དོན་མཛད་པའི་རྟོག་པ་མེད་ཀྱང་། སྔོན་གྱིས་སྨོན་ལམ་གྱི་མཐུ་དང་། རང་བཞིན་གྱི་ཡོན་ཏན་གྱི་སྟོབས་ཀྱི་རྒྱུ་ལས། གདུལ་བྱའི་རྐྱེན་དང་འཕྲད་པ་ན། ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུར། སྣང་བ་ལ་སོགས་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྒྱུ་མ་ཆུ་དང་ཟླ་བ་ལྟ་བུ་ནི་མདོ་སྡེ་བརྒྱན་ལས་ཀྱང་། ཆུ་དང་ནམ་མཁའི་ཟླ་གཟུགས་བཞིན། ཅེས་གསུངས་ལ། དེ་ལྟར་ཡང་རྟོག་པ་མེད་པ་དེའི་ངང་ལས་འགྲོ་བའི་དོན་གང་ལ་གང་འདུལ་དུ་མཛད་པ་ནི། དཔེར་ན་ནོར་བུ་དང་དཔག་བསམ་ཤིང་དང་བུམ་པ་བཟང་པོ་ལ་སོགས་པ་ལ་གཞན་གྱི་རེ་བ་བསྐོང་མཉམ་པའི་རྟོག་པ་མེད་ཀྱང་། རང་བཞིན་གྱི་གྲུབ་པས་ནུས་མཐུ་འགྲོ་བའི་རེ་བ་སྐོངས་པ་ལྟར་ཡིན་ཏེ། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། ཇི་ལྟར་རེ་བ་ཡོངས་སྐོང་བ། དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། དབང་གི་རྒྱལ་བའི་སྐུ་སྣང་ངོ་། །ཞེས་པ་དང་། དཔལ་ཤ་བ་རས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་བཞིན་དུ། སྨོན་ལམ་དབང་གིས་རེ་བ་ཡོངས་སྐོངས་བ། དེ་ནི་འཇིག་རྟེན་ཐ་སྙད་ཀུན་རྫོབ་ཏེ། དམ་པའི་དོན་དུ་འགའ་ཡང་ཡོད་མ་ཡིན། །ཞེས་སོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ནི། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་ལྡན། དཔེ་བྱད་བརྒྱད་བཅུའི་བདག་ཉིད་དེ། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། ཅེས་གསུངས་པ་ཉིད་དོ། །སྐུ་དེས་བྱང་ཆུབ་སེམས་དཔའ་ས་ཐོབ་པ་རྣམས་ཀྱི་དོན་མཛད་པ་ཡིན་ཏེ། སྐུ་གསུམ་གྱི་མདོ་ལས། ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་གང་ལ་སྣང་པའོ། །ཞེས་གསུངས་སོ། །སྤྲུལ་པའི་སྐུ་ནི་ཆོས་ཀྱི་སྐུ་ཅིར་ཡང་མི་འཛིན་པའི་ངང་ནས་སེམས་ཅན་གྱི་སྣང་ངོར་གང་ལ་གང་འདུལ་དུ་སྣང་བར་མཛད་པ་ནི་རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། སྐྱེ་བ་མངོན་པར་སྐྱེ་བ་དང་། ཞེས་སོགས་གསུངས་ཤིང་། མངོན་རྟོགས་རྒྱན་ལས་གཟོ་དང་སྐྱེ་བ་བྱང་ཆུབ་ཆེ། ཞེས་སོགས་དབྱེ་བ་གསུངས། ངོ་བོ་ནི་དེ་ཉིད་ལས། གང་གིས་སྲིད་པ་ཇི་སྲིད་པར། འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ན། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། ཅེས་པ་ཉིད་དོ། །དཔེར་མཚོན་ན། གཟོས་འདུལ་བ་ལ་བྱི་ཤྭ་ཀརྨྨ་ལྟ་བུ་དང་། སྐྱེ་པས་འདུལ་བ་ལ་སེམས་ཅན་གྱི་གནས་རིགས་སྣ་ཚོགས་པ། སྐྱེ་བ་བཞེས་པ་སྐྱེས་རབ་ལས་བཤད་པ་ལྟ་བུ་དང་། བྱང་ཆུབ་ཆེན་པོ་ཤཱཀྱ་ཐུབ་པ་དང་། ཐུབ་པ་དྲུག་ལ་སོགས་པར་སྤྲུལ་ནས་གང་ལ་གང་འདུལ་དུ་འགྲོ་བའི་དོན་མཛད་དོ། །སྐུ་དེས་ནི་འགྲོ་བ་རང་རྒྱུད་པ་དག་གི་དོན་མཛད་པ་སྟེ། སྐུ་གསུམ་གྱི་མདོ་ལས། རིགས་ཀྱི་བུ། སངས་རྒྱས་སྤྲུལ་པའི་སྐུ་ནི་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱི་ངོ་གང་ལ་སྣང་ངོ་། །ཞེས་གསུངས་སོ། །འདིར་རྙིང་མ་དག་སྤྲུལ་སྐུ་ཐུབ་པ་དྲུག་ཅེས་བཞེད་པ་ལ། དཔལ་འཛིན་གྱི་རྩོད་པ་ན། འོ་ན་ཐུབ་པ་གཞན་ལྔ་ཡི། མཛད་པ་བཅུ་གཉིས་གང་དུ་སྤྱད། ཆོས་ཀྱི་འཁོར་ལོ་གང་དུ་བསྐོར། ཞེས་སོགས་རྒོལ་བ་ནི་རང་ཉིད་ཐོས་པ་ཆུང་པར་ཟད་དེ། ཇི་སྐད་དུ། རྣམ་སྣང་མངོན་བྱང་གི་རྒྱུད་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་ཐམས་ཅད་ལ་རྣམ་པར་ཕྱེ་སྟེ་ཚུལ་སྣ་ཚོགས་དང་། བསམ་པ་སྣ་ཚོགས་དང་། ཐབས་སྣ་ཚོགས་དབང་གིས་སྟོན་ཅིང་། ཁ་གཅིག་ལ་ནི་ཉན་ཐོས་ཀྱིས་ཐེག་པའི་ཚུལ། ཁ་གཅིག་ལ་ནི་ཉོས་ཀྱི་ཐེག་པའི་ཚུལ། ཁ་གཅིག་ལ་ནི་ཐེག་པ་ཆེན་པོའི་ཚུལ། ཁ་གཅིག་ལ་ནི་མངོན་པར་ཤེས་པ་ལྔའི་ཚུལ། ཁ་གཅིག་ལ་ནི་ལྷར་སྐྱེ་བ་བྱ་བ་དང་། ཁ་གཅིག་ལ་ནི་མིར་སྐྱེ་བར་བྱ་བ་དང་། ཇི་ཙམ་དུ་ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མིའམ་ཅིར་སྐྱེ་བར་བྱ་བའི་བར་དུ་ཆོས་སྟོན་པ་ལགས་སོ། །དེ་ལ་སེམས་ཅན་ལ་སངས་རྒྱས་ཀྱི་འདུལ་བར་བྱ་བ་དག་གི་ནི་སངས་རྒྱས་ཀྱི་གཟུགས་སུ་མཐོང་། ལ་ལས་ནི་ཉོས་ཀྱི་གཟུགས་སུ་མཐོང་། ལ་ལས་ནི་རང་སངས་རྒྱས་ཀྱི་གཟུགས་སུ་མཐོང་། ལ་ལས་ཀྱི་བྱང་ཆུབ་སེམས་པའི་གཟུགས་སུ་མཐོང་། ལ་ལས་ནི་དབང་ཕྱུག་ཆེན་པོའི་གཟུགས་སུ་མཐོང་། ལ་ལས་ནི་ཚང་པའི་གཟུགས་སུ་མཐོང་། ལ་ལས་ནི་སྲེད་མེད་ཀྱི་བུའི་གཟུགས་སུ་མཐོང་། ལ་ལས་ནི་རྣམ་ཐོས་ཀྱི་བུའི་གཟུགས་སུ་མཐོང་། ལ་ལས་ནི་ལྟོ་འཕྱེ་ཆེན་པོའི་དང་། མི་དང་མི་མ་ཡིན་པའི་བར་དུ་མཐོང་སྟེ། རང་གི་ཚིག་བརྗོད་པའི་ཚུལ་དག་དང་། སྤྱོད་ལམ་སྣ་ཚོགས་སུ་སྣང་པར་མཐོང་ངོ་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་འདི་ལྟར་དེ་བཞིན་གཤེགས་པའི་རྣམ་པར་འཕྲོ་བའི་རོར་ཅིག་པ་ལགས་སོ། །ཞེས་པ་དང་། རྡོ་རྗེ་གུར་ལས་ཀྱང་། གང་དུ་སྣང་ནས་ཀྱང་སེམས་ཅན་གྱིས་དོན་མཛད་དོ། །ཆང་ཚོང་མར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །སེང་གེར་སྣང་ནས་སེམས་ཅན་གྱི་དོན་མཛད་དོ། །ཞེས་པ་ལ་སོགས་པ་གསུངས་པས་ན། སེམས་ཅན་སོ་སོ་རང་རང་གི་མོས་པ་དང་མཐུན་པར། ལྷ་ལ་བརྒྱ་བྱིན་དང་། ལྷ་མ་ཡིན་ལ་ཐགས་བཟང་རིགས་དང་། མི་ལ་ཤཱཀྱ་ཐུབ་པ་དང་། བྱོལ་སོང་ལ་སེང་གེ་རབ་བརྟན་དང་། ཡི་དྭགས་ལ་ནམ་མཁའ་མཛོད་དམ་ཁ་འབར་མ། དམྱལ་བ་ལ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་བར་དུ་སྣང་ནས་བརྡའ་དང་ཐབས་མཁས་པས་སྤྱོད་ལམ་སྣ་ཚོགས་པ་དག་གིས་རིམ་གྱི་ཆོས་ཀྱི་སྣོད་རུང་དུ་མཛད་པ་གོང་གི་ལུང་གི་བསྒྲུབས་ཟིན་ཏོ། །དེ་ལྟར་སྐུ་གཅིག་ཏུ་འདོད་པ་དང་། དེ་བཞིན་དུ་གཉིས་པ་དང་། བཞིར་འདོད་པ་དང་། སྐུ་ལྔར་བཤད་པ་དང་། འདོད་པ་མང་ཡང་། དེ་དག་ཀྱང་སྐུ་གསུམ་དུ་མི་འདུ་བ་མེད་པས་ན་ཅུང་ཟད་ཙམ་གཅིག་བཤད་པ་ཡིན་ནོ། །རྒྱས་པར་འདོད་ན་གཞན་དུ་བལྟ་བར་བྱའོ། །དེ་ལྟ་བུར་སེམས་ཀྱིས་ལམ་ལ་གོམས་པར་བྱ་བ་འདི་ནི་ཆོས་ཐམས་ཅད་ཀྱི་དོན་ཉམས་སུ་ལེན་པར་བྱེད་པ་ཡིན་ཏེ། གཡག་སྡེ་པཎ་ཆེན་གྱིས། རྣམ་རྟོག་འདུལ་ཕྱིར་འདུལ་བ་ཡིན། ཏིང་འཛིན་མཆོག་འདི་མདོ་སྡེ་ཡིན། །ཇི་བཞིན་རྟོགས་པ་མངོན་པ་སྟེ། །རྣམ་རྟོག་གཅོད་ཕྱིར་གཅོད་ཡིན་ལ། །སྡུག་བསྔལ་ཞི་ཕྱིར་ཞི་བྱེད་ཡིན། །འཛིན་པ་སྦྱོང་བས་བློ་སྦྱོངས་ཡིན། །མཐར་འཛིན་ཞི་བས་དབུ་མའི་ལམ། །རང་གྲོལ་ཀུན་ཁྱབ་ཕྱག་རྒྱ་ཆེ། །ངང་ལ་རྫོགས་པས་རྫོགས་ཆེན་ཡིན། །ཅེས་གསུངས་སོ། །ཤེས་རབ་ཞན་པས་རྨོངས་པ་བདག་ལྟ་བུས། ངེས་དོན་བསྟན་ལ་དབབ་པར་མི་ནུས་ཤིང་། ལྟ་བའི་གདེང་དང་བསྒོམ་པའི་ཉམས་མྱོང་མེད། །སྦྱངས་པའི་ཤེས་རྒྱ་ཆེན་པོའང་མ་མཆིས་ཀྱང་། རྡོ་རྗེ་འཆང་དངོས་བླ་ཆེན་ཆོས་ཀྱི་རྗེའི། །ཐུགས་རྗེའི་བྱིན་རླབས་སྙིང་ལ་ཅུང་ཟད་བབས། །དེ་ཕྱིར་བླ་མ་ཤཱཀྱ་བཟང་པོ་ཡིས། །གཞི་ལམ་འབྲས་བུའི་རྣམ་དབྱེ་དགོས་སོ་ཅེས། །ནན་གྱི་བསྐུལ་བའི་ངོ་རུ་བྲིས་པ་འདི། །ལེགས་པར་རྟགས་ལ་ཉམས་སུ་བླངས་པར་མཛོད། །གང་དག་འདི་ལ་ནོངས་པ་ཅི་མཆིས་པ། །དེ་ཉིད་གཟིགས་པའི་སྐྱེས་ཆེན་རྣམས་ལ་གཤགས། །བོད་འགྱུར་བཀའ་དང་བསྟན་བཅོས་གྲངས་མང་ཞིང་། །གདམས་ངག་སོ་སོར་ཟབ་པའང་བསམ་ལས་འདས། །ཚུལ་བཞིན་ཉམས་སུ་ལེན་པའི་གང་ཟག་ཉུང་། །དེ་ཕྱིར་བདག་འདྲའི་བརྩོམ་པས་ཅི་ཞིག་བྱ། །དེ་ལྟར་ན་ཡང་འདིར་འབད་དགེ་བ་གང་། །རྟོགས་བྲལ་མ་བཅོས་རང་བབས་དེ་བཞིན་ཉིད། །བདེ་གཤེགས་དགོངས་དོན་རྟོགས་པའི་བློ་གྲོས་ཀྱིས། །འགྲོ་རྣམས་ཀུན་ཏུ་བཟང་པོའི་སར་འགོད་ཤོག །བྱང་ཆུབ་སེམས་ཀྱི་དོན་བསྒོམ་པའི་ཡི་གེ་གཞི་ལམ་འབྲས་བུའི་དོན་གསལ་བ་ཞེས་བྱ་བ། ཀཿཐོག་བླ་མ་ཤཱཀྱ་བཟང་པོས་ནན་ཏན་དུ་སྐུལ་བའི་ངོར། ལྷ་རྗེ་བློ་གྲོས་བཟང་པོའི་གཙང་རོང་གི་རི་ཁྲོད་དུ་བྲིས་པའོ། །འདི་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལས་བློ་བྲལ་ཟག་པ་མེད་པའི་ཡེ་ཤེས་མངོན་དུ་འཆར་བར་གྱུར་ཅིག །དགེའོ། །མངྒལཾ། །ཤུབྷཾ། །ཤུབྷཾ། བྷ་ཝནྟུ།
ཐུགས་སྒྲུབ་ཡང་ཏིག་གཅེས་སྒྲོན་ཁྲིད་ཀྱི་ཟིན་བྲིས་གཞུང་དོན་རབ་གསལ་བྱ་བྲལ་བ། པདྨ་འཕྲིན་ལས།
ཐུགས་སྒྲུབ་ཡང་ཏིག་གཅེས་སྒྲོན་ཁྲིད་ཀྱི་ཟིན་བྲིས་གཞུང་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ། རྒྱལ་བ་ཀུན་དངོས་ཨོ་རྒྱན་རྡོ་རྗེ་འཆང་། །བདེ་གཤེགས་ཀུན་འདུས་དྲག་པོ་རྩལ་གྱི་སྐུར། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཡོངས་སྫོགས་པ། །རིགས་བདག་བླ་མ་དབྱེར་མེད་དེར་ཕྱག་འཚལ། །ཐུགས་སྒྲུབ་ཡང་ཏིག་གཅེས་སྒྲོན་གྱི། །ཟབ་ཁྲིད་ཉམས་སུ་ལེན་པའི་ཚུལ། །བརྒྱུད་ལྡན་བླ་མའི་གསུང་ཇི་བཞིན། །ཟིན་བྲིས་གཞུང་དོན་རབ་གསལ་བ། །ཁྱབ་བདག་རིགས་ཀྱི་བདག་པོ་མཆོག །ཟུར་ཆེན་རྡོ་རྗེ་འཆང་ཆེན་པོའི། །གསུང་ལས་ཇི་ལྟར་ཐོས་པ་བཞིན། །བསྲེ་ལྷད་མེད་པར་འདིར་བཤད་བྱ། །དེ་ལ་འདིར་ཡང་ཏིག་གཅེས་པའི་སྒྲོན་མེ་ཞེས་བྱ་དྲག་པོ་ཐུགས་ཀྱི་བསྒྲུབ་པའི་ཐེམས་ཅན་རྩ་བའི་ཆོས་ཚན་ཉེར་ལྔ་ལས་ཉེར་གཉིས་པ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་ལ། ལས་ཅན་དག་པའི་འཁོར་རྣམ་པ་ལྔས་གསོལ་བ་བཏབ་པ་ལ་བརྟེན་ནས། གསང་བ་རིན་ཆེན་འདུས་པ་སྐུའི་ཚབ་དང་། །ཡང་ཏིག་དཔའ་བོ་འབྲུ་གཅིག་གསུང་གི་ཚབ། །པདྨའི་ཡང་ཏིག་གཅེས་སྒྲོན་ཐུགས་ཀྱི་ཚབ། །མཁའ་འགྲོ་གསང་བའི་སྒྲུབ་ཐབས་ཡོན་ཏན་གྱི་ཚབ། གདུལ་བྱ་ལས་སྦྱོར་གྱི་གནད་ཏིག་ཐེམས་དང་བཅས་པ་འཕྲིན་ལས་ཀྱི་ཚབ་ཏུ་བཞག་པ་ལས་འདིར་ཐུགས་ཀྱི་ཚབ་ཏུ་བཞག་པ་ཡང་ཏིག་གཅེས་པའི་སྒྲོན་མེ་འདི་གང་བཤད་པར་བྱ་བའི་ཆོས་ཡིན་ནོ། །དེ་ཡང་གང་ལས་བྱུང་པའི་བརྒྱུད་པ་དང་བརྒྱུད་པ་དེ་ལས། བྱུང་པའི་གདམས་ངག་བཤད་པ་སྟེ་སྤྱི་དོན་གཉིས་པས། དང་པོ་གང་ལས་བྱུང་བའི་བརྒྱུད་པ་ནི། སྤྱིར་བྱང་གཏེར་ལ་སྲས་བརྒྱུད་སློབ་བརྒྱུད་ཡུམ་བརྒྱུད་གསུམ་ལས། འདི་སྲས་སློབ་གཉིས་ཀ་ཐུན་མོང་བ་ཡིན། དེ་ཡང་སྤྱིར་སྔ་འགྱུར་བཀའ་གཏེར་གྱི་རིང་ལུགས་ལ། རྒྱལ་བ་རིག་འཛིན་གང་ཟག་གསུམ། །དགོངས་པ་རིག་པ་རྣ་བར་བརྒྱུད། །གང་ལ་ཐུག་གི་བར་དུ་འོ། །ཞེས་གསུངས་པ་ལྟར་བཤད་ཚུལ་རྒྱ་ཆེ་ཡང་མདོར་བསྡུས་ཏེ་འཆད་པ་ལ། འོག་མིན་ཆོས་ཀྱི་དབྱིངས་སུ་ཆོས་སྐུ་ཀུན་བཟང་གདོད་མའི་མགོན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་སྣང་བ་རང་སྣང་ཚོམ་བུའི་དཀྱིལ་འཁོར་ཉིད་ལས་གཞན་དུ་མ་གྱུར་པ་ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་དགོངས་པ་རང་ཤར་བས་དགོངས་བརྒྱུད། ལྕང་ལོ་ཅན་དུ་སྤྲུལ་སྐུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་སྨུག་ནག་དབང་གི་མཁའ་འགྲོ་ལ་དགོངས་པས་བྱིན་གྱིས་བརླབས་ཏེ། རི་མ་ལ་ཡའི་རྩེར་རིགས་ཅན་གྲ་མ་ལྔ་ལ་བཤད་པ་སོགས་རིགས་འཛིན་རིགས་བརྒྱུད་དམ་བརྡའ་བརྒྱུད། དེ་མན་ཆད་ལ་སྙན་བརྒྱུད་དང་། གཏེར་མའི་ཕྱོགས་ལ་དེའི་སྟེང་དུ། བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་སོགས་ཀྱི་འཆད་ཚུལ་མང་བས། འདིར་ཐར་ཆགས་སུ་བཀོད་ན་སྨུག་ནག་ཌཱ་ཀིས་ཚངས་པ་གདོང་གསུམ་ལ། དེ་ཡང་གཟུགས་ཁམས་ཀྱི་ཚངས་པ་གདོང་བཞི་པ་དང་མི་འདྲ་བས་འདོད་ཁམས་ཀྱི་རི་རྒྱལ་ལྷུན་པོའི་རྩེ་མོར་འཁོད་པ་ཚངས་པ་གདོང་གསུམ་པ་དང་། ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ་འཇོག་པོ་རྣམས་དང་། ཟ་ཧོར་གྱི་རྒྱལ་པོ་ཛཿ མཁས་པ་ཤཱཀྱ་པྲ་བྷ་ཝ། ཨོ་རྒྱན་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས། པཎ་ཆེན་བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ། མཁར་ཆེན་གཟའ་འཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་དང་། འདི་རྣམས་ཀྱི་ལོ་རྒྱུས་རྣམ་ཐར་སྔ་འགྱུར་བཀའ་གཏེར་ལ་གྲགས་ཆེ་བ་ལྟར་ཡིན་པས་འདིར་མ་བཀོད་ལ། གཏེར་བཏོན་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་དངོས་གྲུབ་རྒྱལ་མཚན་ཞབས་ནི་རི་ཁྲོད་པ་བཟང་པོ་གྲོགས་པའི་ཁ་བྱང་དང་། རི་བོ་བཀྲ་བཟང་ནས་གཏེར་གྱི་ལྡེ་མིག་ལ་བརྟེན་ནས། བྱང་ཟང་ཟང་ལྷ་བྲག་གི་སྐེད་བྲག་རི་དུག་སྦྲུལ་སྤུངས་འདྲ་ནས་མཛོད་ལྔའི་གཏེར་ཆེན་གདན་དྲངས་པའི་གཏེར་མཛོད་རེ་རེ་ལ་ཡང་ཆོས་ཚན་བརྒྱ་ཕྲག་རེ་བཞུགས་པས་ན་ལྔ་བརྒྱ་ཕྲག་གཅིག་ཏུ་གྲགས་ཤིང་། དྲག་པོ་ཐུགས་ཀྱི་བསྒྲུབ་པའི་སྐོར་འདི་ལྷོ་ཕྱོགས་གསེར་མཛོད་སེར་པོ་ནས་ཕལ་ཆེར་སྤྱན་དྲངས་པ་ཡིན་ནོ། །དེ་ལྟར་གཏེར་བཏོན་ཆེན་པོ་དང་སྐུ་སྲས་རྣམ་རྒྱལ་མགོན་པོ་སྟེ་ཡབ་སྲས་གཉིས་ཀས་རྗེས་སུ་བཟུང་བའི་ལུང་ཟིན་གྱི་སློབ་མ་རིག་འཛིན་སངས་རྒྱས་བྱམས་བཟང་ལ་གནང་། དེས་སེ་སྟོན་ཉི་མ་བཟང་པོ་ལ་གནང་ཞིང་། འདི་ཉིད་ནི་གཏེར་བཏོན་གྱི་དངོས་སློབ་ཡིན་ཅིང་། དེ་ཡང་སེ་སྟོན་གོང་མ་དག་གིས་གླང་ལ་ཁལ་བཀལ་ཞིང་སྒྲུབ་གནས་བཙལ་བས་ས་དེར་གླང་ཉལ་བ་ལ་དབྱུག་པ་བརྒྱས་བསྣུན་ཀྱང་མ་ལངས་པར་མཁར་ཏེ་ཉལ་བས་དེ་ཁར་གནས་གཞི་བཏིང་བ་ལ། དཔལ་ལྡན་བརྒྱ་མཁར་གསང་སྔགས་གླིང་དུ་གྲགས་པའི་གནས་དེར། སེ་སྟོན་ཉི་མ་བཟང་པོས་ཐོ་རེངས་ཀྱི་སྐབས་ཤིག་ཐུགས་སྒྲུབ་ཀྱི་འཕྲིན་ལས་མཛད་པས་ཏིང་འཛིན་རྩེ་གཅིག་ཏུ་སོང་བའི་མཐར་ཅུང་ཟད་མནལ་བར་དག་སྣང་དུ་མ་དང་། ཁྱད་པར་སྔགས་སྲུང་ཨེ་ཀ་ཛཱ་ཊིས་སྐུ་ལུས་བོར་མ་ཐག་ཨོ་རྒྱན་ཆེན་པོའི་ཞབས་དྲུང་དུ་བྱོན་ཏེ་ལུང་བསྟན་ཐོབ་ནས། སྟེང་ཕྱོགས་འཁོར་བ་ཟིལ་གནོན་གྱི་ཞིང་དུ་བསྒྲོད་ཅིང་སེམས་ཅན་འབུམ་ཕྲག་བདུན་གྲོལ་བར་ལུང་བསྟན་པ་ཡིན་ནོ། །དེས་སེ་སྟོན་མགོན་པོ་བཟང་པོ་ལ་གནང་། འདི་ཡང་བསྒྲུབ་པ་མཐར་ཕྱིན་དུ་སྐུ་ཚེ་དྲིལ་བས་སྤངས་རྟོགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་གོ། །བརྒྱུད་འདེབས་ཀྱི་དཔེ་རྒྱུན་འགར་སེ་སྟོན་མགོན་པོ་བཟང་པོ་སྔོན་དང་ཉི་བཟང་རྗེས་སུ་བྲིས་པ་ནོར་བར་ཤེས་དགོས་སོ། །དེས་སེ་སྟོན་རིན་ཆེན་རྒྱལ་མཚན་ལ་གནང་བས་འདི་ཉིད་ནི་མཁས་གྲུབ་ཆེན་པོར་བཞུགས་ཤིང་དམ་པ་དུ་མའི་ཞབས་པད་བསྟེན་པས་ལུང་རྟོགས་ཀྱི་ཡོན་ཏན་དུ་མས་ཕྱུག་པའི་འཆད་རྩོམ་མང་དུ་མཛད་པས་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་སྲོལ་འཛིན་ཆེན་པོར་གྱུར་པའོ། །དེས་སྤྱན་ཚབ་མགོན་པོ་ཟླ་བ་ལ་གནང་བས་འདི་ཉིད་ནི་མངོན་སྫོགས་མ་མོ་ལ་གྲུབ་པ་བརྙེས་ཤིང་། ས་དམ་གྱི་རི་ཁྲོད་དུ་བསྒྲུབ་པ་སྙིང་པོར་མཛད་པ་ཞིག་གོ། །དེས་མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་རྒྱལ་མཚན་ལ་གནང་བས། དམ་པ་འདི་ནི་བསྟན་པ་ཡོངས་སྫོགས་ཀྱི་བཤེས་གཉེན་མཁས་གྲུབ་ཆེན་པོ་གཤིན་རྗེ་ཚེ་བདག་དང་པདྨ་ཡང་གསང་ལས་གྲུབ་པ་བསྙེས་པ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་ལ། སྐབས་ཤིག་འཇིག་རྟེན་དུ་མི་དགེ་བའི་ལྟས་སྐར་མ་ཕོད་ཅན་ཤར་བ་ལ་གཤིན་རྗེའི་གཏོར་ཟོར་འཕངས་པས་མི་སྣང་བར་གྱུར་པ་སོགས་ནུས་མཐུ་མངའ་བ་དང་། ཞིང་ཁམས་འཕོས་པའི་ཚེ་ངོ་མཚར་གྱི་རྟགས་དུ་མ་དང་། སྐུ་གདུང་ཞུགས་ལ་ཕུལ་བའི་ཚེ་དུད་རིས་ལས་རྟ་མགྲིན་ཡང་གསང་གི་སྐུ་ཤར་བ་སོགས་ངོ་མཚར་གྱི་རྣམ་ཐར་མཐའ་ཡས་པའོ། །དེས་ཐུགས་སྲས་བློ་གྲོས་རྒྱལ་མཚན་ལ་གནང་ཞིང་། འདི་ཡང་མཉམ་མེད་ནུབ་དགོན་པའི་ཐུགས་སྲས་དང་འདི་སྐབས་སུ་སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་རྒྱལ་མཚན་གྱི་མཚན་མཐའ་ཅན་བརྒྱད་བྱུང་བའི་ནང་ཚན་དུ་གྱུར་པ། ཚུལ་ཁྲིམས་རྣམ་པར་དག་ཅིང་ཚེ་བདག་གི་ལྗགས་བསྙེན་མཛད་དུས་ཡ་མཱནྟ་ཀའི་ཞལ་གཟིགས་ཤིང་། མགོན་པོ་ལེགས་ལྡན་བྲན་དུ་འཁོལ་བ་བྱང་བདག་པོ་དཔོན་གཡོག་ལ་ཚེ་དབང་མཛད་དུས་ཚེ་རིལ་ཟད་པ་ལ་ལྗགས་ཕུ་བཏབ་ཅིང་ཕྱག་གིས་རེག་པས་མངོན་སུམ་དུ་འཕེལ་བའི་གྲུབ་མཚན་བྱུང་ཞིང་མཉམ་མེད་རྗེའི་གདན་སར་བཞུགས་པ་ཞིག་གོ། །དེས་མཁན་ཆེན་བྱམས་པ་བཟང་པོ་ལ་གནང་ཞིང་། འདི་ཉིད་ནི་བྱ་རྒོད་གཤོངས་ཀྱི་དགེ་བཤེས་རྫོགས་ཆེན་ཟང་ཐལ་དང་ལམ་འབྲས་ཀྱི་རྣལ་འབྱོར་མཐར་ཕྱིན་པ་ངམ་རིངས་དགའ་ལྡན་བྱམས་པའི་གླིང་གི་མཁན་སར་བཞུགས་པ་ཡིན་ནོ། །དེས་ཀུན་བཟང་ཆོས་ཀྱི་ཉི་མ་ལ་གནང་ཞིང་། འདི་ནི་གྲུབ་བརྙེས་སྦས་པའི་རྣལ་འབྱོར་པ་ཞིག་ཡིན་པ་ཧ་ཅང་གྲགས་མི་ཆེ་བས་རྣམ་ཐར་ཞིབ་པ་མ་འཚལ་ལོ། །དེས་རིག་འཛིན་འབྲུག་སྒྲ་བཟང་པོ་ལ་གནང་། འདི་ནི་སྲིད་གསུམ་རྣམ་རྒྱལ་གྱི་དགེ་བཤེས། ཀུན་མཁྱེན་ཆེན་པོའི་བསྟན་བཅོས་གསང་འགྲེལ་ཕྱོགས་བཅུ་མུན་སེལ་ཐུགས་ལ་ཚུད་ཅིང་། དམ་པ་སངས་རྒྱས་ཀྱི་རྣམ་སྤྲུལ་དུ་གཏེར་ལུང་གིས་ཟིན་པ། རྫོགས་ཆེན་ཟང་ཐལ་གཙོ་བོར་གྱུར་པའི་བཀའ་གཏེར་གྱི་ཟབ་ཆོས་མང་དུ་བཞུགས་པ་རྫོགས་ཆེན་གྱི་འཆད་ཉན་གཙོ་བོར་མཛད་པས་རོང་པ་རྫོགས་ཆེན་པར་གྲགས་ཤིང་ལྷ་བཙུན་ནམ་མཁའ་འཇིགས་མེད་སོགས་བསྟན་འཛིན་གྱི་སློབ་བུ་མང་དུ་བསྐྲུན་པ་ཞིག་གོ། །དེས་རིག་འཛིན་འཕྲིན་ལས་ལྷུན་གྲུབ་ལ་གནང་ཞིང་དམ་པ་འདི་ཉིད་ནི་གཉོས་རིགས་སུ་སྐུ་བལྟམས་ཤིང་། མཁས་གྲུབ་མདོ་སྔགས་བསྟན་འཛིན་སོགས་སྐྱེས་ཆེན་དུ་མར་གསར་རྙིང་བཀའ་གཏེར་གྱི་དམ་ཆོས་མང་དུ་གསན་ཅིང་། ཕྱིས་སྔ་འགྱུར་གྱི་བསྟན་འཛིན་ཁྲོད་ན་གསན་རྒྱ་ཆེ་བར་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ལྔ་བས་ཀྱང་བསྔགས་པར་མཛད་ཅིང་། གཏེར་ལུང་ལས་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པར་ལུང་གིས་ཟིན་ཅིང་། མཁས་པ་ལ་གྲུབ་པའི་ཡོན་ཏན་གྱིས་བརྒྱན་པ། དག་པའི་སྣང་བར་མཁའ་འགྲོ་མ་བདེ་ཆེན་རྒྱལ་མོས་མཚམས་སྦྱར་ཏེ་གུ་རུ་པདྨས་ཞལ་བསྟན་ཅིང་དབང་བསྐུར་བྱིན་གྱིས་བརླབས་པ་རིགས་སྲས་རྩོད་བྲལ་གྱི་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཡབ་རྗེར་གྱུར་པ་དེ་ཉིད་དོ། །དེས་ཁོ་བོའི་བླ་མ་ཟུར་ཆེན་རྡོ་རྗེ་འཆང་ཆེན་པོ་ཆོས་དབྱིངས་རང་གྲོལ་ལ་གནང་བ་སྟེ། རིག་འཛིན་མཁས་གྲུབ་ཆེན་པོ་འདི་ཉིད་ནི་གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པར་རིག་འཛིན་ཡོལ་མོ་པ་ཆེན་པོའི་ཟབ་གཏེར་དང་ལྷ་བཙུན་རྗེའི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་ཆོས་བདག །རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་སྐོར་སོགས་ལས་གསལ་བར་ལུང་གིས་བསྟན་ཅིང་། ཟུར་རིགས་སུ་སྐུ་བལྟམས་ཏེ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། རིག་འཛིན་ངག་གི་དབང་པོ། རིག་འཛིན་ཡོལ་མོ་པ་ཆེན་པོ། ངག་དབང་ཡེ་ཤེས་གྲུབ་པ། ཡབ་རྗེ་འཁོར་ལོའི་དབང་ཕྱུག་གཞོན་ནུ་དོན་གྲུབ། རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ། རྗེ་བཀའ་འགྱུར་བ་ཆེན་པོ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། དར་སྡིངས་རིག་འཛིན་འཕྲིན་ལས་ལྷུན་གྲུབ་སོགས་གསར་རྙིང་གི་སྐྱེས་ཆེན་དུ་མ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་མཐའ་ཡས་པར་གསན་ཅིང་། ཟབ་ཆོས་ཀྱི་བདུད་རྩི་ཕར་ཡང་རྩོལ་བ། ཐོས་དོན་ཉམས་སུ་བཞེས་པའི་བསྒྲུབ་པ་མཐར་ཕྱིན་པ་མདོ་སྔགས་རིག་གནས་སོགས་ཤེས་བྱའི་གནས་མཐའ་དག་གཟིགས་པའི་ཀུན་མཁྱེན་སེམས་ཅན་ལ་བརྩེ་བ་སྙིང་རྗེ་ཆེན་པོས་གཟིགས་ཤིང་ཕན་པ་ཁོ་ན་ལྷུར་མཛད་པའི་སེམས་དཔའ་ཆེན་པོ་མཐུ་སྟོབས་ནུས་པའི་དབང་ཕྱུག་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར་པ་སྔ་འགྱུར་གྱི་བསྟན་པའི་སྲོག་འཐུད་པའི་བཀའ་དྲིན་བླ་ན་མེད་པ་རྩོལ་བ་ཞིག་ཡིན་ལ། ཁྱད་པར་ཛྙཱ་ན་ཀུ་མཱ་རའི་སྔོན་གནས་རྗེས་དྲན་གྱི་ཚུལ་ནི། ཡར་ཀླུངས་བཀྲ་ཤིས་རྩེར་ཚར་ལུགས་ཀྱི་ཟབ་ཆོས་རྣམས་གསན་པར་ཕེབས་ཞོར། བསམ་ཡས་བུ་ཚལ་མཇལ་བར་ཕེབས་པས་སྔོན་གྱི་བག་ཆགས་མང་དུ་སད་ཅིང་། ཁྱད་པར་དུ་ཌཱ་རིལ་གྱི་སྒྲ་ཞིག་གསན་པའི་མོད་ལ་མདུན་གྱི་ནམ་མཁར། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། གཡས་སུ་པཎ་ཆེན་བི་མ་ལ། གཡོན་དུ་མཁའ་འགྲོ་འཚོ་རྒྱལ་རྣམས་མངོན་སུམ་དུ་གཟིགས་པར། གུ་རུ་ཞི་བའི་ཡན་ལག་བཅུ་པ་མཛད་ཅིང་ཛཿཧཱུྃ་བཾ་ཧོཿ ཞེས་དབང་བཞི་བླངས་པས། གུ་རུའི་ཞལ་ནས། ཛྙཱ་ན་ཀུ་མཱ་མ་ཡེངས་གསོན་མཛོད་ཅིག །ཆོས་དབྱིངས་རྣམ་དག་ཡེ་གྲོལ་གདོད་མའི་ཀློང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་ལྡན། མི་འགྱུར་གཏིང་ཟབ་བརྗོད་བྲལ་ལྷང་ངེ་བ། དྲི་བྲལ་ཡན་པ་ལྷུན་གྲུབ་ཆོས་ཀྱི་སྐུ། ཞེས་གསུངས་ཤིང་ངོ་སྤྲད། བི་མ་ལས། འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་ཀྱི་དཀྱིལ། གདོད་ནས་དག་པ་སྐུ་གསུམ་ལྷུན་གྱིས་གྲུབ། དེ་ཉིད་མ་བཅོས་ལྕོག་བཞག་སོ་མའི་ངང་། ཡེ་གྲོལ་དག་པ་དེ་ཉིད་ཉམས་སུ་ལོངས། ཞེས་དང་། འཚོ་རྒྱལ་གྱིས་ཡང་དག་དོན་ལ་སྐྱེ་འཆི་གཉིས་མེད་ཀྱང་། གནས་སྐབས་ཤ་ཁྲག་ལུས་འདི་ངེས་པར་འགྱུར། ཚེ་འདིའི་སྣང་བ་རྨི་ལམ་སྒྱུ་མ་འདྲ། རང་ངོ་ཤེས་ནས་སྐད་ཅིག་བརྟན་པ་ཐོབ། ཅེས་གསུངས་པ་དང་། དེ་ཞོར་དུ་འཇམ་མགོན་བཀའ་འགྱུར་བ་ཆེན་པོ་དང་། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་གཉིས། སྙིགས་དུས་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པའི་སྒྲོན་མེར་ལུང་བསྟན་མ་ཐག །དཔལ་མགོན་ཞལ་བྲལ་གཟུགས་ཅན་དངོས་སུ་བྱོན་ཏེ། རྗེ་བཀའ་འགྱུར་བ་ཆེན་པོ་ཆོས་རྒྱལ་ཁྲི་སྲོང་གི་དུས་ཁ་ཆེའི་པཎ་ཆེན་དྷརྨ་པཱ་ལ། རྒྱལ་སྲས་དངུལ་ཆུ་ཆོས་རྫོང་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་ཀྱི་སྐྱེ་བརྒྱུད་དུ་ལུང་བསྟན་མཛད་པ་སོགས་ངོ་མཚར་གྱི་གནས་དུ་མ་དང་། གཞན་ཡང་དག་པའི་གཟིགས་སྣང་མཐའ་ཡས་ཤིང་། རྒྱལ་དབང་མཆོག་གི་ཏི་ཤྲཱིར་གྱུར། བསྟན་འཛིན་གྱི་སྐྱེས་བུ་མང་པོ་སྨིན་་གྲོལ་གྱི་ལམ་ལ་བཀོད་པ་སོགས་མཛད་འཕྲིན་རྒྱ་ཆེ་ཞིང་། མཐར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའ ི་ཚེ། བསམ་ཡས་མཆིམས་ཕུའི་དུར་ཁྲོད་དུ་ཁོ་བོས་སྐུ་གདུང་ཞུགས་ལ་ཕུལ་བའི་ཚེ། ནམ་མཁའ་འཇམ་སྤྲིན་གྱིས་ཁྱབ་ཅིང་། མེ་ཏོག་གི་ཆར་དང་ཁྱད་པར་པུར་དུད་ཀྱི་སྣེ་ལ་འོད་དཀར་པོ་སྡེར་མ་ཙམ་ཞིག་ཨོ་རྒྱན་གསང་ཕུག་ཏུ་འཇའ་དཀར་ཟུགས་པའི་རྩེར་སོང་བ་དང་། གུ་རུའི་སྤྲུལ་པ་བྱ་རྒོད་ཐང་དཀར་ཞིག་ནམ་མཁའ་ལ་ལྡིང་བ་སོགས་ཀུན་གྱིས་མཐོང་བའི་ངོ་མཚར་བསམ་ལས་འདས་པ་བྱུང་བ་ལགས་སོ། །དམ་པ་དེས་བདག་རྗེས་སུ་བཟུང་བ་ཡིན་ཏེ། དེ་ཡང་རང་ལོ་དྲུག་པ་ནས་བཅུ་དྲུག་གི་བར་དུ་ཡང་ཡང་ཞབས་ཀྱི་པདྨོར་བཏུད་པའི་སྨིན་གྲོལ་གྱི་ཟབ་ཆོས་མང་དུ་ནོས་ཤིང་། ཁྱད་པར་རང་ལོ་བཅུ་དྲུག་གི་ཐོག་གུང་ཐང་གི་གཙུག་ལག་ཁང་གི་ཡང་རྩེར་གསང་འགྲེལ་པ་བཀབ། རོང་འགྲེལ་གཡུ་ཊིག་ཕྱོགས་བཅུ་མུན་སེལ་སོགས་འགྲེལ་པ་བཞིའི་ལུང་དང་རཏྣའི་འདུས་པ་སྐོར་བཞི་སོགས་ཟབ་ཆོས་མང་དུ་གནང་ཞིང་། ཁྱད་པར་རྫོགས་ཆེན་དགོངས་པ་ཟང་ཐལ་ཀ་དག་ལྷུན་གྲུབ་ཀྱི་ཉམས་ཁྲིདཀྱི་གཞུང་བཙུགས་པའི་ཟུར་བརྒྱན་དུ་ཡང་ཏིག་གཅེས་སྒྲོན་དང་། བླ་མ་སྐུ་གསུམ་མ། རིག་འཛིན་སྲོག་སྒྲུབ་ཀྱི་ཁྲིད་སོགས་སྨིན་པར་རྩལ་ཞིང་ཞབས་པད་ཡུན་རིང་དུ་བསྟེན། མཐར་གསང་བ་རྨད་བྱུང་མའི་དབང་ཁྲིད་དང་། མ་གཅིག་གི་སྤྱོད་ཁྲིད་ཀྱི་མཎྜལ་ཙམ་དུ་སླེབས་ལ་ངེད་ཀྱང་ཅུང་ཟད་བྲོ་འཚལ་བས། དེར་ཆོས་མཚམས་གནང་བའི་ངེད་ལ་བསུན་བཟློག་བརྟན་བཞུགས་སོགས་རྒྱས་པར་རྩལ་ཞིང་དེའི་ཕྱི་ལོ་ཞིང་ཁམས་འཕོས་པ་སོགས་རྣམ་ཐར་དུ་གསལ་བ་ལྟར་རོ། །རིག་འཛིན་བརྒྱུད་པ་སྤེལ་ལེགས་ནོར་བུའི་འཕྲེང་། སེལ་མེད་དགོས་འདོད་རེ་སྐོང་ཡིད་བཞིན་གྱི། སྨིན་གྲོལ་འདོད་དགུར་རྩོལ་མཛད་རྩ་བརྒྱུད་ཀྱི། ཡོངས་འཛིན་དམ་པ་རྣམས་ལ་ཕྱག་བགྱི་འོ། །ཞེས་སོ། །སྤྱི་དོན་གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་དངོས་བཤད་པ་ལ། སྨིན་གྲོལ་གཉིས་ལས། དང་པོ་ནི། དབང་མ་ཐོབ་པར་རྒྱུད་དང་གདམས་ངག་གི་ཟབ་ཁྲིད་འཆད་པར་མི་རུང་ཡང་། དེང་སང་རས་ཆོད་བྱེད་པ་མང་དུ་སྣང་བས། དེས་ན་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ཐེམས་མེད་ཀྱི་དབང་ཆོག་ཆེན་མོ་སྒྲུབ་པ་སྡེ་དགུ་དང་སྦྱར་བ་དང་། ཐེམས་ཅན་དྲུག་པ་དབང་བསྐུར་འབྲིང་པོ་བསྒྲུབ་པ་སྡེ་དྲུག་དང་འབྲེལ་བ་དང་། བསྡུས་པ་བྱིན་རླབས་ཐུགས་རྗེའི་དབང་ལྔ་ཞི་དྲག་ཐུན་མོང་གི་གཏོར་དབང་ཟངས་མཛོད་མ་སོགས་ལེགས་པར་ཐོབ་པའམ། ཁྱད་པར་དབང་བསྐུར་ཆེ་འབྲིང་གཉིས་གང་རིགས་ཀྱིས་སྨིན་པར་བྱས་པ་ཞིག་ལ་ཟབ་ཁྲིད་སྟོན་པར་བྱེད་དགོས་པ་ཡིན་ནོ། །གཉིས་པ་གྲོལ་བྱེད་ཀྱི་གདམས་ངག་ཇི་ལྟར་སྟོན་ཚུལ་ནི། གཙོ་བོར་གཏེར་གཞུང་གི་ཟིན་པོ་གཙོ་ཆེ་ཞིང་ཁྱད་པར་ནུབ་དགོན་ནས་བརྒྱུད་པའི་ཁྲིད་རིམ། ཟུར་ཆེན་རྡོ་རྗེ་འཆང་གིས། རིགས་འཛིན་འཕྲིན་ལས་ལྷུན་གྲུབ་ལ་གསན་སྐབས་སུ་མཛད་པ་དམིགས་རིམ་གསལ་བྱེད་ཟིན་བྲིས་ཉིད་རྩ་བར་བཟུང་སྟེ་འཆད་པར་བྱེད་པ་ལ། རྩ་བ་ལས། ཐོག་མར་སྔོན་འགྲོ་གཟེར་ལྔ་དམིགས་རིམ་བཅད། ཅེས་གསུངས་པའི་དང་པོ་ཐུན་མོང་གི་སྔོན་འགྲོ་གཟེར་ལྔ་ནི། བྱང་གཏེར་སྤྱི་དང་ཁྱད་པར་སྫོགས་ཆེན་ཀ་དག་ལྷུན་གྲུབ། ཐུགས་སྒྲུབ་རྣམ་གསུམ་བཅས་པའི་སྔོན་འགྲོར་མཛད་པས། གཟེར་ལྔའི་གཏེར་གཞུང་ལས། ཀུན་བཟང་ཐུགས་ལ་ཕྱག་འཚལ་ལོ༔ ཞེས་མཆོད་པར་བརྗོད་ནས། དང་པོ་དད་ལྡན་སྐྱེས་བུ་རྣམས༔ ཞེས་པ་ནས། རིན་ཆེན་གནད་ཀྱི་གཟེར་ལྔ་བརྩམས༔ ཞེས་པའི་བར་གྱིས་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་བསྟན། དེས་ཇི་ལྟར་ཉམས་སུ་བླང་བ་ནི་སྐྱབས་སེམས། ཚོགས་བསག་སྒྲིབ་སྦྱང་། མི་རྟག་བསྐུལ་འདེབས། བླ་མའི་རྣལ་འབྱོར་ཏེ་ལྔ་པོ་རང་རྒྱུད་ལ་གཟེར་བཏབ་པ་བཞིན་དགོས་པས་ན་གཟེར་ལྔ་ཞེས་སོ། །དེ་ལ་དང་པོ་སྐྱབས་སེམས་ནི། བདག་དང་ཁམས་གསུམ་སེམས་ཅན་རྣམས༔ ཞེས་པ་ནས། ཐར་བར་བྱ་ཕྱིར་སེམས་བསྐྱེད་དོ༔ ཞེས་པའི་བར་གྱིས་ལུས་མདོར་བསྟན་ནས། གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ཇི་ལྟར་སྒོམ་པ་ནི། བདག་གི་སྤྱི་བོར་ནམ་མཁའི་ཁམས༔ ཞེས་པ་ནས། བཀའ་ཉན་ལས་བྱེད་ཕོ་ཉར་བསམ༔ ཞེས་པའི་བར་གྱིས་བསྟན་པས། དེ་ལྟར་སྒོམ་པའི་ཚུལ་ནི་རང་གི་སྤྱི་བོར་པད་སྡོང་འདབ་མ་བཞི་པ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བའི་ཟེ་འབྲུར་ཉི་ཟླའི་གདན་ལ་རྩ་བའི་བླ་མ་དེ་ཉིད་བརྒྱུད་པ་དྲུག་འདུས་ཀྱི་ངོ་བོ་རྡོ་རྗེ་དྲག་པོ་རྩལ་ཡུམ་ཕག་མོ་དང་མཉམ་པར་སྦྱོར་བ་བདག་ལ་དགྱེས་ཞལ་འཛུམ་མདངས་དང་ལྡན་པ། དེའི་མདུན་ཤར་གྱི་འདབ་མ་དང་ཤར་ཕྱོགས་ཀྱི་སྟེང་འོག་ཐམས་ཅད་ཁྱབ་པར་བདག་ཅག་གི་སྟོན་པ་ཐུབ་ཆེན་ཤཱཀྱ་སེང་གེ་གཙོ་བོར་གྱུར་པའི་ཐེག་དགུའི་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལྷ་ཚོགས་མ་ཚང་བ་མེད་པའི་སངས་རྒྱས་དཀོན་མཆོག་དང་། གཡས་ཕྱོགས་ལྷོའི་འདབ་མ་དང་ནམ་མཁའ་སྟེང་འོག་ཐམས་ཅད་དུ་བདེ་བར་གཤེགས་པའི་གསུང་རབ་གླེགས་བམ་གྱི་རྣམ་པ་ལུང་རྟོགས་ཀྱི་དམ་ཆོས་མ་ལུས་པ་འདུས་པའི་བདག་ཉིད་ཅན། དེའི་བར་མཚམས་ཐམས་ཅད་བཻ་ཌཱུརྻའི་གཞི་ལ་གསེར་ཞུན་མས་བྲིས་པ་དང་གསེར་གྱི་གཞི་ལ་བཻ་ཌཱུརྻའི་ཁུ་བས་བྲིས་པའི་བཏགས་གྲོལ་རྒྱུད་དྲུག་སོགས་ཀྱིས་གོ་མཚམས་མེད་པར་གཏམས་པ་ཏེ་ཆོས་དཀོན་མཆོག་དང་། རྒྱབ་ཕྱོགས་ཀྱི་འདབ་མ་དང་སྟེང་འོག་ཐམས་ཅད་རྒྱལ་བ་རིགས་གསུམ་མགོན་པོ་དང་རྒྱལ་ཚབ་བྱམས་པ་མགོན་པོ་སོགས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཉན་རང་སོགས་འགྲོ་དོན་མཛད་པའི་དགེ་འདུན་དཀོན་མཆོག་དང་། གཡོན་ཕྱོགས་ཀྱི་འདབ་མ་དང་སྟེང་འོག་ཐམས་ཅད་སྔགས་ཀྱི་སྲུང་མ་རྡོ་རྗེ་ཁྲོ་མོ་རག་གདོང་མ་གཙོ་བོར་གྱུར་པའི་མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་སྟེ་འདི་དག་ཀྱང་དགེ་འདུན་དཀོན་མཆོག་ཏུ་བསྡུའོ། །གང་གིས་སྐྱབས་སུ་འགྲོ་མཁན་ནི། རང་ཉིད་གཙོ་བོར་གྱུར་པའི་གཡས་གཡོན་དུ་ཕ་མ། འོག་ཏུ་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་དགྲ་གཉེན་བར་མའི་ཚོགས་ཐམས་ཅད་མངོན་སུམ་ལྟ་བུར་འཁོད་པ་ལ་བརྩེ་བ་སྙིང་རྗེ་ཆེན་པོས་ལེགས་པར་བརྟགས་ཏེ་རྒྱུ་མི་དགེ་བ་དང་དཀར་ནག་སྣ་ཚོགས་ཀྱི་འབྲས་བུ་དངོས་སུ་མྱོང་བ་འདི་རྣམས་ལ་སྙིང་རྗེ་དང་ལས་བསགས་པ་ལ་འགྱོད་སེམས་དྲག་པོས་སྐྱབས་སུ་འགྲོ་བར་བྱ་དགོས་ལ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ནི། རང་གིས་བྱང་དྲངས་ཏེ་མགྲིན་གཅིག་ཏུ་འུར་དིང་གིས་སྐྱབས་སུ་འགྲོ་བར་དམིགས་ཏེ། ཀྱེ་མ། ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཀུན༔ ཞེས་པ་ནས། བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་གཟིགས༔ ཞེས་པའི་བར་གྱིས་སྤྱིར་སྨོས་ཏེ་བྱེ་བྲག་ཏུ། ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནས༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི༔ ཞེས་བརྗོད་པའི་ཚེ་བླ་མ་རྡོ་རྗེ་དྲག་པོ་རྩལ་དེ་ཉིད་ལ་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་བསྟད་པའི་མོས་གུས་གདུང་ཤུགས་དྲག་པོ་མ་ཡེངས་པར་བྱ། དེ་བཞིན་དུ་གང་ལ་གང་འདུལ་སོགས་ཚིག་རྐང་གཉིས་ཀྱི་དུས་ཤར་གྱི་ཡི་དམ་དང་། སངས་རྒྱས་གསུངས་ལས་སོགས་ཀྱི་དུས་ལྷོའི་ཆོས་དང་། ཐུགས་རྗེ་ཆེན་པོས་ཞེས་སོགས་ཀྱི་སྐབས་ནུབ་ཀྱི་དགེ་འདུན་དང་། གདུལ་བྱའི་དོན་དུ་ཞེས་སོགས་ལ་བྱང་གི་ཆོས་སྲུང་རྣམས་ལ་སེམས་བསྟད་དེ་སྐྱབས་འགྲོ་ལན་མང་དུ་བྱའོ། །སྐྱབས་ཡུལ་དེ་རྣམས་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རྣམ་བཤད་སོགས་མང་དུ་ཡོད་ཀྱང་ཡི་གེས་འཇིགས་ཏེ་བྲིར་མ་ལང་ཞིང་། དེ་དག་ཀྱང་ཆོས་སྐུར་བལྟས་ཏེ་སྐྱབས་སུ་སོང་ན་ངེས་དོན་གྱི་ཡོན་ཏན་རྒྱུད་ལ་སྐྱེ། ལོངས་སྐུར་བལྟས་ན་སྐུ་དང་ཞིང་ཁམས་རྒྱས་པའི་ཡོན་ཏན། སྤྲུལ་སྐུར་བལྟས་ན་སྤྲུལ་པས་འགྲོ་བ་འདྲེན་ནུས་པའི་ཡོན་ཏན་སྐྱེ་བར་གསུངས། དེ་དང་རྗེས་སུ་འབྲེལ་བར་སེམས་བསྐྱེད་པ་ནི། སྤྱིར་སྨོན་འཇུག་དོན་དམ་སོགས་ཀྱི་བཤད་གཞི་རྣམས་བཏང་སྙོམས་སུ་བྱས་ཏེ། གོང་གི་སྐྱབས་ཡུལ་དེ་རྣམས་སེམས་བསྐྱེད་བླང་བའི་ཡུལ་དཔང་པོ་ལྟ་བུར་བསྒོམས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམས་པའི་སྨོན་པ་སེམས་བསྐྱེད་དང་། དེའི་ཕྱིར་དུ་ལམ་གྱི་འཇུག་སྒོ་མང་ཡང་། ཟབ་གསང་འོད་གསལ་རྡོ་རྗེ་སྙིང་པོའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་འདིར་འཇུག་ཅིང་ཉམས་སུ་བླང་སྙམས་པ་འཇུག་པ་དང་། དེའི་ཕྱིིར་བདག་གིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཀྱི་མཐུ་ལས། མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་བྱང་ཆུབ་ཐོབ་པ་དང་། དོན་དམ་པར་རང་བྱུང་རིག་པ་རང་ཤར་གྱི་ཆོས་སྐུ་ཡང་དག་སྙིང་པོ་རྟོགས་པར་ཤོག་ཅིག་པའི་དོན་དམ་སེམས་བསྐྱེད་སོགས་གསལ་བཏབ་སྟེ། བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིས༔ ཞེས་པ་ནས། འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ ཅེས་པའི་བར་ལན་མང་དུ་བརྗོད་ཅིང་སྐྱབས་སེམས་སྙིང་ཐག་པ་ནས་བྱའོ། །གཞུང་ལས། དབང་པོ་རབ་འབྲིང་ཐ་མ་ཡིས༔ ཞག་གསུམ་ལྔའམ་བདུན་གྱི་བར༔ རིམ་པར་སྐྱབས་འགྲོ་སེམས་བསྐྱེད་བྱ༔ ཞེས་གསུངས་པས་ཉམས་ཁྲིད་ཀྱི་དུས་དེ་ལྟར་བྱའོ། །སྐྱབས་སེམས་འདི་རྣམས་ཉམས་སུ་ལེན་སྐབས་རྒྱུ་དང་འབྲས་བུའི་སྐྱབས་འགྲོ། སྨོན་འཇུག་དོན་དམ་བདག་གཞན་མཉམ་བརྗེའི་བྱང་སེམས་བསྒོམ་ཚུལ། ཕར་ཕྱིན་དྲུག་གི་ལམ་སོགས་ལ་སྒྲོ་འདོགས་ཆོད་པར་བྱ་བ་ནི་ཤིན་ཏུ་གཅེས་སོ། །དེ་ལྟར་སྐྱབས་སེམས་གྲུབ་ནས་སྐྱབས་ཡུལ་དེ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་ཏེ་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕོག་པས་ལུས་ཟག་མེད་བདེ་ཆེན་གྱི་སྐུ་དང་སེམས་རྟོག་མེདཆོས་སྐུར་སངས་རྒྱས་ཏེ་བྱ་མ་བུ་འཕུར་བ་བཞིན་དུ་དག་པ་མཁའ་སྤྱོད་ཀྱི་གནས་སུ་འུར་དིང་གིས་འཕུར་བར་བསམས། སྐྱབས་ཡུལ་དེ་རྣམས་ཀྱང་འོད་ཕུང་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ནས་རང་ལ་ཐིམ་པས་དེ་རྣམས་ཀྱི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་བསམས་ལ་མཉམ་པར་བཞག་གོ །གཉིས་པ་ཚོགས་བསགས་པ་ནི། ཁྲིད་གཞུང་ལས། ཅི་ཡོད་ལོངས་སྤྱོད་ཆགས་མེད་དགེ་བར་ཐོང་༔ ཞེས་དང་གཟེར་ལྔའི་གཞུང་ལས། གཉིས་པ་བདག་འཛིན་འགྲོལ་བ་ནི༔ བསོད་ནམས་ཚོགས་གཉིས་བསག་པའི་ཕྱིར༔ ཟས་དང་ལོངས་སྤྱོད་ཅི་འབྱོར་བ༔ འཕངས་དང་སྙིང་བརྩེ་ཐམས་ཅད་ཀྱང་༔ བདེ་གཤེགས་མཆོད་ཅིང་སྦྱིན་པར་བཏང་༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་བའི༔ ཕྱི་ནང་གསང་བའི་མཎྜལ་འབུལ༔ ཞེས་གསུངས་པའི་དོན། རྒྱུའི་ཐེག་པ་ལྟར་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ངལ་བ་བསྟེན་མི་དགོས་པར། འབྲས་བུའི་ཐེག་པ་འདིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་ཚུལ་དངོས་ཞེན་སྤང་ཕྱིར། རང་འབྱོར་ཅི་ཡོད་ཆགས་མེད་དུ་མཆོད་སྦྱིན་བྱ་བ་དང་ཁྱད་པར་ཕྱི་ནང་གསང་བའི་མཎྜལ་གྱི་སྒོ་ནས་ཚོགས་གཉིས་རྫོགས་པའི་ཟབ་ལམ་དམ་པ་ཉམས་སུ་བླང་བ་ནི། སྐྱབས་ཡུལ་དང་འདྲ་བའི་ཚོགས་ཞིང་དེ་དག་རང་གི་མདུན་དུ་དམིགས་ལ། དང་པོ་སྤྱིའི་མཎྜལ་འབུལ་བ་ནི། ན་མོ། དབང་ཆེན་གཞལ་ཡས་དབུས་ཀྱིི་ལྟེ་བ་ལ༔ ཞེས་པ་ནས། ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ ཅེས་པའི་བར་ངག་ཏུ་བརྗོད་ཅིང་། ཇི་ལྟར་དམིགས་ཚུལ་ནི་སྤྱིར་དུས་འཁོར་མངོན་པ་སོགས་ཀྱིི་འདོད་ཚུལ་གྱིས་སྣོད་བཅུད་ཀྱི་འཇིག་རྟེན་ལུགས་མི་འདྲ་ཡང་། འདིར་མངོན་པ་ལྟར་བསྒོམ་བདེ་ཞིང་གསར་རྙིང་ཐམས་ཅད་དེ་ལྟར་མཛད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་གླིང་འཁོར་ཡུག་ཉི་ཟླ་ལྕགས་རི་དང་བཅས་པའི་གནས་ཚུལ་གྱི་དོན་སྤྱི་ངེས་པར་བྱས་ལ། སྙིང་ཐིག་རྣམས་སུ་ལྔ་ཚན་ལྔའི་མཎྜལ་འབུལ་ཚུལ་རྒྱས་པར་གསུངས་ཤིང་། འདིར་རང་གི་མདུན་དུ་གསེར་དངུལ་འཁར་བ་སོགས་ཀྱི་མཎྜལ་ནས་འབྲས་སོགས་ཀྱི་འབྲུ་རྣམས་སྟ་གོན་བྱ། དེ་ལྟ་བུའི་མཎྜལ་གྱི་ཚོམ་བུ་ཡང་རྒྱས་པ་སོ་བདུན་མ་དང་། བསྡུས་པ་བདུན་མ་སོགས་ཀྱི་བཤད་ཚུལ་དང་། གུ་རུ་པདྨས་གསང་སྔགས་ལམ་རིམ་དུ། བསྒྲུབ་དང་མཆོད་པའི་མཎྜལ་གཉིས་སུ་འབུལ༔ ཞེས་གསུངས་པའི་རང་འགྲེལ་དུ་བསྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་མཆོད་ཡུལ་དང་། ཚོམ་བུ་བདུན་མ་མཆོད་པའི་མཎྜལ་དུ་བཤད་ཅིང་། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར་གྱི་སྔོན་འགྲོའི་སྐབས་དང་། འདིར་ཡང་མཆོད་པའི་མཎྜལ་ཚོམ་བུ་བཅོ་ལྔ་མར་བཤད་པ་སྟེ། རི་རབ་གླིང་བཞི་གླིང་ཕྲན་བརྒྱད། ཉི་ཟླ་སྟེ་བཅོ་ལྔར་བཤད་པའི་ཕྱིར་རོ། །དེ་ལྟ་བུའི་ཚོམ་བུ་བཀོད་པ་དམིགས་རྟེན་ཙམ་དང་། བསྒོམ་བྱར་སྣོད་བཅུད་ཀྱི་འཇིག་རྟེན་སྟོང་གསུམ་གྱི་སྟོང་ཆེན་པོ་གླིང་བཞི་རི་རབ་བྱེད་པ་ཕྲག་བརྒྱ་ཉི་ཟླ་ཁོར་ཡུག་དང་བཅས་པར་སྤྲུལ་ཏེ་འབུལ་དགོས་ལ། དེ་ལྟ་བུའི་མཎྜལ་དེ་ཉིད་རང་དབང་དུ་འབུལ་བའི་ནུས་པ་མ་མཆིས་ཀྱང་། བདག་དོན་དུ་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་མཐུས་བཞེས་པར་འགྱུར་བ་ཡིན་ཏེ། སྤྱོད་འཇུག་ལས། བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་གསུངས་པའི་ཕྱིར། ཁྲིད་ཀྱི་དུས་སྐབས་འདིར་དངོས་འབྱོར་གྱི་མཆོད་པ་ཡང་ཅི་ནུས་སུ་འབུལ་ལོ། །གཉིས་པ་ནང་གི་མཎྜལ་ནི། རང་དབང་དུ་བྱས་པ་རྣམས་བློས་བླངས་ཏེ་འབུལ་བ་ཡིན་པས། གཞུང་ལས། ན་མོ། འཇིག་རྟེན་ལས་ཀྱི་འདུས་པའི་བར་དོ་རུ༔ བདག་བློས་ཤིན་ཏུ་གཅེས་པར་གཟུང་བ་ཡི༔ ཞེས་པ་ནས། དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ ཞེས་པའི་བར་དུ་ངག་ཏུ་བརྗོད་ཅིང་། བསྒོམ་དོན་ནི། སྐྱེ་འཆིའི་བར་དོ་འདིར་བདག་གི་བློས་གཟུང་བའི་ཡུལ་འཁོར་འདོད་པའི་ལོངས་སྤྱོད། ཕ་མ་བུ་ཚ་མཛའ་གྲོགས་ཟས་ནོར་གོས་རྒྱན་དང་བཅས་པ་གཅེས་འཛིན་གྱི་བློས་གཟུང་བ་འདི་རྣམས་བློས་ལིངས་ཀྱིས་བསྐྱུར་ཏེ་འབུལ་བར་དམིགས་སོ། །གསུམ་པ་གསང་བའི་མཎྜལ་ནི། ཕྱི་ལྟར་སྣོད་བཅུད། ནང་ལྟར་གྱི་ཡུལ་འཁོར་ལོངས་སྤྱོད་དང་བཅས་པ་འདི་རྣམས་བདག་ལུས་འབྱུང་འདུས་ཀྱི་ཉེར་མཁོར་གྱུར་པས་ན། རྒྱུ་ལུས་ཀྱི་ཕུང་པོ་གཅེས་པར་འཛིན་པ་འདི་ཡང་ཆགས་ཞེན་མེད་པར་འབུལ་བ་ཡིན་པས། ཧཱུྃ། རང་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ༔ ཞེས་པ་ནས། རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ༔ ཞེས་པའི་བར་བརྗོད་ཅིང་འབུལ་ཚུལ་ནི། བླ་མའི་གསུང་རྒྱུན་རིལ་པོར་འབུལ་བ་དང་། བསིལ་བུར་འབུལ་བ་གཉིས་ལས། རིལ་པོར་འབུལ་ན་རང་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་གི་དབུས་སུ་ཙིཏྟ་རིན་པོ་ཆེ་འབར་བ་དང་དབང་པོ་སྒོ་ལྔས་བརྒྱན་པ་ལ་རྣམ་ཤེས་ཚོགས་བརྒྱད་འཁོར་གྱི་ཚུལ་དུ་བསྐོར་བ། ཤ་ཁྲག་རུས་པ་ནང་ཁྲོལ་དང་བཅས་པ་འདོད་ཡོན་སྣ་ཚོགས་དང་མིག་གཉིས་ཉི་ཟླའི་རྣམ་པར་འབུལ་ཞིང་། བསིལ་བུར་འབུལ་ན། ལུས་ཀྱི་པགས་པ་བཤུས་ཏེ་གསེར་གྱི་ས་གཞིའི་དོད་དང་། ཁྲག་གིས་ཆག་ཆག་བཏབ་པ་དྲི་བཟང་གི་ཆུ་དང་ཁོག་སྨད་འབྱུང་བཞི་ཁོག་སྟོད་རི་རབ་ཀྱི་ཚུལ་ལ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་ཟླ། ཡན་ལག་ཉིང་ལག་སོགས་ཕྱོགས་མཚམས་སུ་གླིང་བཞི་གླིང་ཕྲན་གྱི་ཚུལ་དུ་བཀོད་ཅིང་། ཤ་ཁྲག་ནང་ཁྲོལ་སོགས་འདོད་ཡོན་ལྔའི་རང་བཞིན་དུ་ཆལ་པར་བཀྲམ་ཏེ་འབུལ་བར་དམིགས་པ་ཡིན་གསུང་། དེ་ལྟ་བུའི་མཎྜལ་ཕྱི་ནང་གསང་བ་གསུམ་གྱི་ཚུལ་དུ་ཕུལ་བས། ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས། གསང་བ་སེམས་ཀྱི་འཕྲོ་འདུ་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྫོགས་པའི་རྒྱུད་འགྱུར་བས་མཆོད་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་ཕྱི་ནང་གསང་བའི་མཎྜལ་རྣམས་ཉམས་ཁྲིད་ཀྱི་དུས་སུ་སྐྱབས་སེམས་ལྟར་ཞག་གྲངས་སུ་བཅད་དེ་འབུལ་ཞིང་། རྒྱུན་ལྡན་ཇི་ལྟར་རིགས་པར་ཕུལ་ནས་མཆོད་ཡུལ་རྣམས་རང་ལ་བསྡུའོ། །གསུམ་པ་སྒྲིབ་སྦྱོང་ནི། གཟེར་ལྔའི་གཞུང་ལས། གསུམ་པ་སྒྲིབ་སྦྱོང་བཤགས་པའི་གཟེར༔ ལས་ཀྱི་སྒྲིབ་པ་མ་དག་པར༔ ཡང་དག་སྙིང་པོ་མི་རྟོགས་པས༔ ཞེས་གསུངས་པས། དེ་ཉིད་ཇི་ལྟར་ཉམས་སུ་བླང་བ་ནི། རང་གི་སྒྱུ་ལུས་བེམ་པོ་ཡི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང་༔ ཨཿལས་རྡོ་རྗེ་སེམས་དཔའ་ཉིད༔ ཅེས་པ་ནས། ཕྱི་ནང་ལུས་བཀྲུས་དག་པར་བསམ༔ ཞེས་པའི་བར་ལྟར་ཡིིན་ལ། དེ་ལ་ཡང་ཐུན་མོང་པ་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་བ་ནི་གོང་གི་དཀྱུས་ལྟར་ལ། ཐུན་མོང་མ་ཡིན་པ་ནི། དུག་ལྔ་སྤྱི་འཇོམས་སུ། རང་གི་སྤྱི་བོར་ཐུན་མོང་བ་ལྟར་གྱི་རྡོར་སེམས་གསལ་བ་དེའི་ཀླད་པ་དུང་ཁང་དུ་གཏི་མུག་འཇོམས་པའི་རྡོར་སེམས་དཀར་པོ། མགྲིན་པར་འདོད་ཆགས་འཇོམས་པའི་རྡོར་སེམས་དམར་པོ། ཐུགས་ཀར་ཞེ་སྡང་འཇོམས་པའི་རྡོར་སེམས་མཐིང་ག །ལྟེ་བར་སེར་སྣ་དང་ང་རྒྱལ་འཇོམས་པའི་རྡོར་སེམས་སེར་པོ། གསང་གནས་སུ་ཕྲག་དོག་འཇོམས་པའི་རྡོར་སེམས་ལྗང་གུ །དེ་རྣམས་ཀྱང་པད་ཟླའི་གདན་ལ་སེམས་སྐྱིལ་གྱིས་བཞུགས་པའི་སོ་སོའི་ཐུགས་ཀར་ཟླ་གདན་ལ་ཧཱུྃ་ཡིག་དཀར་དམར་མཐིང་སེར་ལྗང་བ་ལ་ཡིག་བརྒྱ་ས་བོན་གྱི་མདོག་ལྟར་བསྐོར་བ་གསལ་བཏབ་ཅིང་། ཡིག་བརྒྱ་བཟླ་བཞིན་པས་དུང་ཁང་གི་རྡོར་སེམས་དེའི་ཐུགས་ཀའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་བདུད་རྩི་དཀར་པོའི་རྒྱུན་བབས་པས་སྐུ་ལུས་ཤེལ་བུམ་འོ་མས་གང་བ་ལྟར་གྱུར་པ་ཕྱིར་ལུད་དེ་གཞིའི་རྡོར་སེམས་དེའི་སྐུ་ལུས་ཀྱང་མེར་གྱིས་གང་བ་ཞབས་གཡས་པའི་མཐེ་བོང་ནས་འཛགས་པས་རང་ལུས་ཀྱི་ཕྱི་ནང་ཐམས་ཅད་སྦྱོང་བྱེད་འོད་ཟེར་བདུད་རྩི་དཀར་པོའི་རྒྱུན་དེས་བཀྲུས་པས་སྦྱང་གཞི་གཏི་མུག་གི་ལས་ཀྱིས་དུད་འགྲོར་སྐྱེ་བའི་ལས་སྒྲིབ་སྦྱངས། སྦྱང་འབྲས་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། སྦྱོང་བྱེད་ཀྱིི་འོད་ཟེར་དེ་ཕྱོགས་བཅུར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྦྱང་གཞི་སྦྱང་འབྲས་སོགས་གོང་ལྟར་གྱུར་པ་བསམ། དེ་བཞིན་དུ་མགྲིན་པའི་རྡོར་སེམས་དམར་པོའི་ཐུགས་སྲོག་སྔགས་འཕྲེང་དང་བཅས་པ་ལས་བདུད་རྩི་དམར་པོའི་རྒྱུན་བབས་པས་བྱུ་རུའི་བུམ་པ་མཚལ་བཏུལ་མའི་ཁུ་བས་ཁེངས་པ་ལྟར་གྱུར་པ་གཞིའི་རྡོར་སེམས་ཀྱི་སྐུ་ལུས་ཤེལ་བུམ་མཚལ་གྱི་ཁུ་བ་ལྟ་བུས་གང་བ་ཞབས་མཐེབ་ནས་འཛགས་ཏེ། སྦྱོང་བྱེད་འོད་ཟེར་བདུད་རྩི་དེས་རང་རྒྱུད་ཀྱི་སྦྱང་གཞི་འདོད་ཆགས་ཀྱི་དབང་གིས་མིར་སྐྱེ་བའི་ལས་སྦྱངས། སྦྱང་འབྲས་སོར་རྟོག་ཡེ་ཤེས་དང་སེམས་ཅན་གྱི་ལས་སྦྱོང་བྱེད་སྦྱང་གཞི་སྦྱང་འབྲས་གོང་ལྟར་བསམ། ཐུགས་ཀའི་རྡོར་སེམས་མཐིང་གའི་ས་བོན་སྔགས་འཕྲེང་ལས་སྦྱོང་བྱེད་འོད་ཟེར་བདུད་རྩི་མཐིང་གའི་རྒྱུན་བྱུང་བ་བཻ་ཌཱུརྻའི་བུམ་པ་མཐིང་ཤུན་གྱི་ཁུ་བས་གང་བ་ལྟར་གྱུར་པ་སོགས་གོང་ལྟར། སྦྱང་གཞི་ཞེ་སྡང་གིས་དམྱལ་བར་སྐྱེ་བའི་ལས་སྦྱོང་ཞིང་སྦྱང་འབྲས་མེ་ལོང་ཡེ་ཤེས་དང་། ལྟེ་བའི་རྡོར་སེམས་ཀྱི་ས་བོན་དང་སྔགས་འཕྲེང་ལས་སྦྱོང་བྱེད་འོད་ཟེར་བདུད་རྩི་སེར་པོའི་རྒྱུན་བབས་པས་གསེར་བུམ་གསེར་བཏུལ་མའི་ཁུ་བས་གང་བ་ལྟར་གྱུར་པ་དང་། སྦྱང་གཞི་སེར་སྣ་དང་ང་རྒྱལ་གྱིས་ལྷ་དང་ཡི་དྭགས་སུ་སྐྱེ་བའི་ལས་སྦྱང། སྦྱང་འབྲས་མཉམ་ཉིད་ཡེ་ཤེས་དང་། གསང་གནས་ཀྱི་རྡོར་སེམས་ལྗང་གུའི་ས་བོན་སྔགས་འཕྲེང་ལས་སྦྱོང་བྱེད་འོད་ཟེར་བདུད་རྩི་ལྗང་གུའི་རྒྱུན་བྱུང་བས་མར་གད་ཀྱི་བུམ་པ་མར་གད་ཀྱི་ཁུ་བས་ཁེངས་པ་ལྟར་གང་བ་དང་། སྦྱང་གཞི་ཕྲག་དོག་གིས་ལྷ་མིན་དུ་སྐྱེ་བའི་ལས་སྦྱངས། སྦྱང་འབྲས་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར་པ་སོགས་གོང་གི་རིགས་འགྲེ་སྦྱར་ཏེ་ཡིག་བརྒྱ་བཟླ་གཟེར་ལྔའི་གཞུང་ལས། ཐུན་བཞི་ཐུན་དྲུག་གང་བདེ་བར༔ ཡང་སྙིང་གཟུངས་དང་བཅས་པ་བཟླས༔ ཞེས་གསུངས་པས་ཡང་སྙིང་། ཨཱོཾ་བཛྲ་སཏྭ་ཧཱུྃ་ཨཱཿ ཞེས་དང་། གཟུངས་རིངས་ནི། ཧེ་རུ་ཀའི་ཡིག་བརྒྱ་སོགས་མིན་པའི་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཁོ་ན་བཟླའོ། །གཟེར་ལྔའི་གཞུང་ལས། དབང་པོ་རབ་འབྲིང་ཐ་མ་ཡིས༔ ཞག་གསུམ་བདུན་ནམ་ཉེར་གཅིག་བར༔ རིམ་པར་སྒྲིབ་སྦྱོང་བ་ལ་འབད༔ ཅེས་གསུངས་པས། ཁྲིད་ཀྱི་དུས་ཞག་གྲངས་དེ་བཞིན་དང་། རྒྱུན་དུ་བརྒྱའམ་ཉེར་གཅིག་ལ་ཉུང་མཐའ་བྱ་དགོས་ཏེ། བརྒྱ་རྩ་བཟླས་ན་དུས་གསུམ་གྱི་རྒྱལ་སྲས་སུ་འགྱུར་བར་དོང་སྤྲུགས་ལས་གསུངས་ཤིང་། ཉེར་གཅིག་བཟླས་ན་ལྟུང་བ་མི་འཕེལ་བར་བཤད་པའི་ཕྱིར་རོ། །ས་ལུགས་ལ། ཕྱི་དང་ནང་གི་ཆུས་ཁྲུས་བྱ། རྣལ་འབྱོར་མ་ཡི་དབང་ཡང་བསྐུར། ཞེས་པའི་རྒྱུད་ལུང་དང་སྦྱར་བའི་རྡོར་སེམས་ཀྱི་ཆུ་རྒྱུན་དེས་ལུས་ནང་གང་བའི་ནང་ཁྲུས་དབང་བཞི་དང་སྦྱོར་བ་འདུག་ཀྱང་འདིར་གཞུང་དང་ཟིན་བྲིས་སོགས་ལ་བཤད་ཚོད་མེད་དོ། །ཐུན་བསྡུ་བ་ན། དུང་ཁང་གི་རྡོར་སེམས་འོད་དུ་ཞུ་ནས། མགྲིན་པའི་རྡོར་སེམས་ལ་ཐིམ། དེ་ཐུགས་ཀའི་རྡོར་སེམས་ལ། གསང་གནས་ཀྱི་རྡོར་སེམས་ལྟེ་བ་དང་། དེ་ཐུགས་ཀར། ཕྱིའི་རྡོར་སེམས་ཀྱང་ཐུགས་ཀའི་རྡོར་སེམས་དང་། དེ་ཉིད་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་ནས་བླ་མ་རྡོ་རྗེ་སེམས་དཔའ་དང་རང་སེམས་དབྱེར་མེད་དུ་གྱུར་པར་བསམས་ལ་མཉམ་པར་བཞག་གོ། །འདི་ནི་ཐུན་མོང་མ་ཡིན་པའི་ཟབ་གནད་གསུང་རྒྱུན་མ་ཡིན་པས་རྒྱུན་པར་བསྒོམས་ན་ལེགས། ཡང་ན་རང་རྒྱུད་ལ་ཉོན་མོངས་གང་ཆེ་བརྟགས་ལ། གཏི་མུག་ཤས་ཆེ་བ་ལ་དཀར་པོ། འདོད་ཆགས་ལ་དམར་པོ། ཞེ་སྡང་ལ་མཐིང་ག། སེར་སྣ་དང་ང་རྒྱལ་ལ་སེར་པོ། ཕྲག་དོག་ལ་ལྗང་གུ་སྟེ་གང་འདུལ་གྱི་སྐུ་སོ་སོར་བསྒོམ་བཟླས་བྱེད་པར་ཡང་གསུངས་སོ། །དེ་ཡང་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་བསྡོམས་བྱེད་དགོས་པས་སྟོབས་བཞི་ངོས་འཛིན་པ་གཅེས་སོ། །བཞི་པ་མི་རྟག་བསྐུལ་འདེབས་ཀྱི་གཟེར་ནི། ཁྲིད་གཞུང་རྩ་བ་ལས། དང་པོ་མི་རྟག་དྲན་པས་འཁོར་བ་ཡི༔ ཡུལ་འཁོར་ལོངས་སྤྱོ་བརྩེ་གདུང་ཉེ་འབྲེལ་རྣམས༔ གྲོས་བཏབ་ནན་གྱི་འཁྲི་བ་རྦད་ཀྱིས་བཅད༔ ཅེས་གསུངས་པའི་དོན། གཟེར་ལྔའི་གཞུང་ལས། བཞི་པ་བསྐུལ་འདེབས་མི་རྟག་གཟེར༔ རང་གི་ཡུལ་འཁོར་ཁང་ཁྱིམ་དང་༔ ཞེས་པ་ནས། ཐུན་དུ་བཅད་ལ་མི་རྟག་བསྒོམ༔ མི་རྟག་མཐོང་ནས་ཆོས་ལ་འཇུག༔ ཅེས་པའི་བར་གྱིས་བསྟན་པ་ལྟར་ངག་ཏུ་བརྗོད་ལ་སྒོམ་པའི་ཚུལ་ནི། གསར་རྙིང་སྤྱིར། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྣམས་ཐོག་མར་སྒོམ་པ་ཐུན་མོང་གི་སྔོན་འགྲོ་དང་། སྐྱབས་སེམས་སོགས་ཐུན་མོང་མ་ཡིན་པའི་སྔོན་འགྲོར་བྱེད་ཀྱང་། འདིར་གཟེར་ལྔའི་ཁོངས་སུ་བསྡུས་ཏེ་གསུངས་པས། སྐབས་འདིར་བསྒོམ་བྱ་ནི། རང་གི་ཡུལ་འཁོར་ཁང་ཁྱིམ་དང་༔ ས་རྡོ་རི་བྲག་འཇིག་རྟེན་ཁམས༔ བརྩིག་དང་གནས་དང་འཇིག་པ་དང་༔ དུས་ཀྱི་འཕོ་འགྱུར་ལེགས་པར་བསམ༔ ཞེས་སོགས་ཀྱིས་དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པར་བསམ་པ་དང་། བར་དུ་རང་གི་དགྲ་དང་གཉེན༔ སྲོག་ཆགས་ཀུན་དང་རང་གི་ལུས༔ སྐྱེ་དང་གསོན་དང་འཆི་བར་བསམ༔ ཞེས་སོགས་ཀྱི་གཉིས་པ་རང་གཞན་སྐྱེ་འཆིའི་སྡུག་བསྔལ། བཅུད་ཀྱི་སེམས་ཅན་མི་རྟག་པ་བསམ་པ་དང་། ཐ་མ་འཁོར་བ་རིགས་དྲུག་གི༔ སྡུག་བསྔལ་རིམ་གྱིས་བརྟག་ཅིང་བསམ༔ ཞེས་སོགས་ཀྱིས་གསུམ་པ་རིགས་དྲུག་གི་སྡུག་བསྔལ་བསམ་པ་སོགས་དོན་གསུམ་གྱིས་བསྟན་པ་ལྟར་རྒྱས་པར་འཆད་ཅིང་བསྒོམ་དུ་གཞུག་དགོས། འདིའི་ཁོངས་ནས་དལ་འབྱོར་རྙེད་དཀའ་མི་རྟག་པ་ལས་འབྲས་འཁོར་བའི་སྡུག་བསྔལ་སོགས་གསུང་རབ་སྤྱི་ལྟར་རྒྱས་པར་བཤད་དེ་ཡིད་ངེས་འབྱུང་དང་སྐྱོ་ཤས་དྲག་པོ་བཅོས་མིན་དུ་སྐྱེ་ཞིང་ལས་འབྲས་ལ་ཡིད་ཆེས་བརྟན་པོ་རྙེད་པར་བྱ་དགོས་སོ། །ལྔ་པ་བླ་མའི་རྣལ་འབྱོར་ནི་གཟེར་ལྔའི་གཞུང་ལས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས༔ ཐུགས་རྗེས་འགྲོ་བའི་དོན་མཛད་ཀྱང་༔ བདག་ནི་འཁོར་བའི་གནས་སུ་འཁྱམས༔ ད་ལྟ་ངེས་པའི་དོན་སྟོན་པའི༔ བླ་མ་དེ་ནི་སངས་རྒྱས་ཀྱི༔ སྤྲུལ་པ་ཡིན་ཏེ་བཀའ་དྲིན་ཆེ༔ ཞེས་པ་ནས། འཁོར་ལོས་བསྒྱུར་བའི་རྒྱལ་པོར་ཡིད་བཞིན་གྱི་ནོར་བུ་རྩོལ་མེད་དུ་འབྱུང་བ་ལྟར། དད་ལྡན་གྱི་མི་ལ་བླ་མ་རྩོལ་མེད་དུ་འབྱུང་བ་དང་། འཁོར་ལོས་བསྒྱུར་རྒྱལ་གཤེགས་པའི་ཚེ། ནོར་བུ་ཡང་རྒྱ་མཚོར་ལྡོག་པ་ལྟར། ལོག་ལྟ་ཅན་ལ་བླ་མ་དེ་ཉིད་དག་ཞིང་དུ་གཤེགས་པའི་དཔེ་དོན་དང་བཅས་ཏེ། བླ་མའི་རྣལ་འབྱོར་བསྒོམ་པར་བྱ༔ ཞེས་པའི་བར་ངག་ཏུ་བརྗོད་ཅིང་ཚིག་རྗེས་དོན་དྲན་བྱ། བླ་མའི་རྣལ་འབྱོར་སྒོམ་ཚུལ་ནི། ཐུགས་སྒྲུབ་རང་གི་ཆོས་སྡེར་ལོགས་སུ་འབྱུང་བའི། གསང་མཚན་ཐུགས་སྒྲུབ་བླ་མ་ཡི༔ རྣལ་འབྱོར་པདྨ་བདག་གིས་བཤད༔ ཧཱུྃ། རང་ལུས་དེར་འཛིན་མེད་པ་ཡི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང་༔ དར་ཆེན་ལྟབ་ཁྲིད་བརྩེགས་པའི་གདན༔ དེ་སྟེང་གུ་རུ་དྲག་པོ་རྩལ༔ ཞེས་པས་ནས། ཐུགས་ནི་དྲག་པོའི་ངར་དང་ལྡན༔ ཅེས་པའི་བར་ལྟར་རོ། །དེ་ཡང་སྤྱིར་བླ་མ་ཁྲོམ་ཚོགས་སུ་སྒོམ་པ་དང་། མཐོ་བརྩེགས་སུ་སྒོམ་པ་དང་། ཀུན་འདུས་ནོར་བུ་ལུགས་སུ་སྒོམ་པ་གསུམ་ལས། འདིར་ཀུན་འདུས་ནོར་བུ་ལུགས་སུ་སྒོམ་དགོས་ཏེ། གང་གི་འཕྲོས་ལས། དུས་གསུམ་སངས་རྒྱས་ཡི་དམ་ལྷ༔ རྣམ་དག་བརྒྱུད་པའི་བླ་མ་རྣམས༔ བཀྲག་མདངས་འོད་དུ་མེར་རེ་རེ༔ མ་ཧཱ་གུ་རུའི་སྐུ་ལ་འདུས༔ ཀུན་འདུས་བླ་མའི་ངོ་བོ་ལ༔ རྩེ་གཅིག་དད་པས་ཕྱག་འཚལ་ལོ༔ གཉིས་མེད་རོལ་པའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྩོལ༔ ཞེས་གསུངས་པའི་ཕྱིར། རང་གི་སྤྱི་བོར་རྩ་བའི་བླ་མ་དེ་ཉིད་རྡོ་རྗེ་དྲག་པོ་རྩལ་གྱི་སྐུའི་རྣམ་པར་གསལ་བཏབ་པ་དེ་ལ། དུས་གསུམ་གྱི་སངས་རྒྱས་ཡི་དམ་ཞི་ཁྲོ། བརྒྱུད་པའི་བླ་མ་ཐམས་ཅད་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་ཏེ་བསྟིམ་པས་བཀྲག་དང་གཟི་མདངས་དང་ལྡན་པར་གྱུར་ནས་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱིི་ངོ་བོ་དེ་ཉིད་ལ། དད་པས་ཕྱག་འཚལ་ཞིང་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་གཉིས་མེད་རོལ་པ་ཆེན་པོར་ཕུལ་བས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་རྩོལ་བར་མོས་དགོས་ཤིང་། གཞུང་ལས་ཀུན་འདུས་ནོར་བུ་ལུགས་སུ་སྒོམ་པ་གསལ་བར་གསུངས་བཞིན་དུ་བླ་མ་མཐོ་བརྩེགས་སུ་སྒོམ་པ་གཞུང་དོན་དང་འགལ་བར་སེམས་སོ། །གསོལ་བ་འདེབས་པ་ནི། ཨཱོཾ་ཨཱཿཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་བ་འདེབས༔ ཞེས་པ་ནས། འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཞེས་པའི་བར་དཀྱུས་ལྟར་ལ་བརྒྱུད་ཚུལ་གཏེར་བཏོན་ཆེན་པོ་ནས། རིག་འཛིན་སངས་རྒྱས་བྱམས་བཟང་སོགས་བརྒྱུད་འདེབས་བྱེ་བྲག་པ་ལྟར་གསོལ་འདེབས་རྩེ་གཅིག་ཏུ་བྱའོ། །མཐར་དབང་བཞི་བླང་བ་སོགས་ཀྱི་སྤྲོས་པ་མི་དགོས་ཏེ། གོང་གི་འཕྲོས་ལས། བླ་མ་འོད་དུ་མེར་གྱིས་ཞུ༔ བདག་གི་སྤྱི་བོར་ཐིམ་པ་ལས༔ ཐ་མལ་ལུས་འདི་འོད་དུ་ཞུ༔ བདག་གི་ལུས་ངག་ཡིད་གསུམ་པོ༔ མ་ཧཱ་གུ་རུའི་ངོ་བོར་གྱུར༔ རང་རིག་བླ་མའི་ངང་དེར་ནི༔ དར་ཅིག་མ་ཡེངས་གློད་ལ་བཞག༔ དེ་ནས་བླ་མའི་རྣམ་པར་ལྡང་༔ ཐམས་ཅད་སྐུ་གསུམ་བླ་མར་བལྟ༔ ཞེས་གསུངས་པའི་ཕྱིར། བླ་མ་རྡོ་རྗེ་དྲག་པོ་རྩལ་དེ་ཉིད་བདག་ལ་དགྱེས་པ་ཆེན་པོས་འོད་དུ་མེར་གྱི་ཞུ་ནས། རང་གི་སྤྱི་བོར་ཐིམ་པ་ལ་བརྟེན་ནས། རང་ལུས་ཐ་མལ་པར་སྣང་བ་འདི་ཡང་འོད་ཕུང་བདེ་བ་ཆེན་པོའི་རྣམ་པར་ཞུ་སྟེ་བདག་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་རང་རིག་བླ་མ་དྲག་པོ་རྩལ་གྱི་ངོ་བོར་བསམས་ལ། མ་བཅོས་པའི་ངང་དུ་ལྷོད་ཀྱིས་གློད་ལ་མཉམ་པར་བཞག །རྗེས་ཐོབ་ཏུ་སྣང་གྲག་རིག་གསུམ་ཐམས་ཅད་སྐུ་གསུམ་བླ་མའི་རང་བཞིན་དུ་བལྟ་ཞིང་གསལ་བཏབ་པོ། །དེ་ལྟར་ཐུན་མོང་གི་སྔོན་འགྲོ་གཟེར་ལྔས་རྒྱུད་སྦྱང་བ་གལ་ཆེ་བ་ཡིན་ཏེ། ཀ་དག་གི་ཁྲིད་གཞུང་ལས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་མ་སོང་ན༔ ནང་པ་སངས་རྒྱས་ཀྱི་ཆོས་སུ་མི་འགྲོ་བས། ཅི་བྱེད་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་ཟིན་པར་བྱ༔ བདག་འཛིན་མ་གྲོལ་ན་རིག་པའི་མདངས་མི་འཆར་བས། ཕྱི་ནང་གསང་བའི་མཆོད་པ་འབུལ་ལོ༔ སྒྲིབ་པ་མ་སྦྱངས་ན་བྱང་ཆུབ་མི་ཐོབ་པས་སྡིག་སྦྱོང་གི་ཆོས་ལ་ནན་ཏན་བསྐྱེད༔ རིགས་དྲུག་གི་སྡུག་བསྔལ་མ་བསམས་ན། དགེ་བའི་ལས་ལ་མི་ཚུད་པས་འཁོར་བའི་སྡུག་བསྔལ་ལ་རྩིས་འདེབས་ཡང་ཡང་བྱ༔ བླ་མ་སངས་རྒྱས་དངོས་སུ་མ་མཐོང་ན། བྱིན་རླབས་ཀྱིས་རང་རྒྱུད་འགྲོལ་བ་དཀའ་བས་ཡོན་ཏན་བསམས་ལ་བླ་མའི་རྣལ་འབྱོར་སྒོམ༔ ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཐུན་མོང་མ་ཡིན་པའི་སེམས་འཛིན་ལ་གསུམ་སྟེ། ལུས་ལྷ་ལ་སེམས་འཛིན་པ། ངག་སྔགས་ལ་སེམས་འཛིན་པ། སེམས་ཉིད་ཕྱག་མཚན་ལ་སེམས་འཛིན་པ་དང་གསུམ་ལས། དང་པོ་ནི་ཟིན་བྲིས་རྩ་བ་ལས། བླ་མ་རང་ཐིམ་ལུས་འདི་ལྷ་རུ་གྱུར། སྣང་སྟོང་འཛིན་མེད་ལྷ་ལ་སེམས་འཛིན་པ། རགས་དང་ཕྲ་བ་ཆ་ཤས་ཀུན་ལ་འཛིན། ཅེས་གསུངས་པའི་དོན། ལུས་ལྷའི་དཀྱིལ་འཁོར་བསྒོམ་ཚུལ་ནི་གཞུ་ལས། མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ ང་ཡི་སྐུ་ཚབ་ཡིན་པས་གསལ་བར་བསྒོམ༔ ཞེས་གསུངས་པ་ལྟར། སྐབས་འདིར་ཐུགས་སྒྲུབ་རང་གི་གཏེར་གཞུང་བདག་བསྐྱེད་ཟུར་དུ་གསལ་བ་འདིར་བླངས་ཏེ། བདག་ཉིད་ཀྱིས་ཧཱུྃ་ཧཱུྃ་ཞེས་བརྗོད་པས་སྐད་ཅིག་དྲན་རྫོགས་སུ་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་བ༔ སྐུ་འཇིགས་པའི་ཆ་ལུགས་སུ་བསྟན་པ༔ གསུང་རྔམས་པའི་ང་རོ་སྒྲོག་པ༔ ཐུགས་དྲག་པོའི་ངར་དང་ལྡན་པ༔ འགྱིང་བག་དང་རོལ་པའི་སྟབས་སུ་བཞུགས་པ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་འཕྱར་བ༔ གཡོན་པ་གསེར་གྱི་དྲིལ་བུ་དཀུ་ལ་བསྟེན་པ༔ རུས་པའི་རྒྱན་དྲུག་དང་རིན་པོ་ཆེའི་དབུ་རྒྱན་དང་༔ སྦྲུལ་གྱི་གདུ་བུས་བརྒྱན་པ༔ ཁྲོ་གཏུམ་འཇིགས་པའི་གར་དགུ་དང་ལྡན་པ༔ སྤྱན་གསུམ་ཉི་ཟླ་འཁྱིལ་བ་ལྟར་གཟིགས་པ༔ ཚེམས་གངས་རི་གཏམས་པ་ལྟར་བཞད་པ༔ ཨག་ཚོམ་དུས་མཐའི་མེ་ལྟར་འབར་བ༔ ཞལ་ནས་ཧཱུྃ་གི་སྒྲ་འབྲུག་ལྟར་སྒྲོག་པ༔ ཟ་འོག་གི་བེར་སྨུག་པོ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ དབུ་སྐྲའི་ཐོར་ཅོག་རུས་པས་བརྒྱན་པ༔ ཞབས་གཉིས་སྟང་སྟབས་སུ་བགྲད་དེ༔ ཉི་ཟླ་པདྨའི་གདན་སྟེང་དུ་རཀྴ་སྲིན་པོ་ཕོ་མོ་བརྫིས་པའི་གདན་ལ་བཞུགས་པ༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན་འགྱིང་བག་ཏུ་བརྗིད་པ༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་གྱུར༔ ཅེས་ངག་ཏུ་བརྗོད་ཅིང་བསྐྱེད་རིམ་གསལ་བཏབ། དེ་ཡང་སྣང་བཞིན་དུ་སྟོང་བ། སྟོང་བཞིན་དུ་གསལ་བར་འཆར་ཞིང་། འཛིན་ཞེན་མེད་པའི་ངང་ལ་ཅི་གནས་སུ་བཞག །རྣམ་རྟོག་འཕྲོ་ན། རགས་པ་དང་ཕྲ་བ་ཆ་ཤས་ལ་སེམས་འཛིན་པའི་ཐོག་མ། ང་ནི་ཐ་མལ་པ་ནམ་ཡང་མ་ཡིན་ཏེ། རང་རིག་ལྷ་སྐུར་ཤར་བ་རྡོ་རྗེ་དྲག་པོ་རྩལ་དངོས་ཡིན་སྙམས་པའི་ང་རྒྱལ་བཟུང་སྟེ་སེམས་འཛིན། རགས་པ་ནི་སྐུ་མདོག་མཐིང་ནག་ཏུ་འབར་བ་འཇིགས་ཚུལ་ཅན་གསུང་དྲག་པོའི་རྔམ་སྒྲ་ཅན། ཐུགས་གདུལ་བྱ་གདུག་པ་ཅན་འདུལ་བའི་ཕྱིར་དུ་དྲག་པོའི་ངར་དང་བཅས་པ། སྐུ་འགྱིང་བག་དང་རོལ་པའི་སྟབས་སུ་བཞུགས་པ་ལ་སེམས་འཛིན། ཕྲ་བ་ལ་གཉིས་ཏེ་དང་པོ་རྒྱན་ཅན་ལ་སེམས་འཛིན་པ་ནི། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འཕྱར་སྟབས་སུ་འཛིན་པ། གཡོན་པ་གསེར་གྱི་དྲིལ་བུའི་ཁ་དཀུར་བསྟེན་པ། རུས་རྒྱན་དྲུག་ནི། སྤྱི་བོར་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པ་ལས་རུས་པའི་དྲ་མིག་སོ་གཉིས་འཕྱང་འཕྲུལ་༡དང་བཅས་པ། མགྲིན་པར་རུས་པའི་དྲ་མིག་བཅུ་དྲུག་གི་མགུལ་༢རྒྱན། རྒྱབ་མདུན་དུ་སེ་རལ་ཁ་རུས་འཕྲེང་ཉིས་གཤིབས་བརྒྱད་༣དང་བཅས་པ། སྐུ་སྨད་སྟག་ཤམ་གྱི་སྟེང་དུ་རུས་པའི་དྲ་མིག་རེ་བཞིའི་འོག་༤པག །ཕྱག་ཞབས་ཀྱི་མཁྲིག་མར་རུས་པའི་ཕྱག་གདུབ་༥དང་ཞབས་གསུམ་༦སྟེ་རུས་རྒྱན་དྲུག །སྐྲ་མཚམས་སུ་ཐོད་པ་སྐམ་པོ་ལྔ་ལ་རིན་པོ་ཆེའི་ཟེ་སྲོག་ཅན་རྒྱལ་བ་རིགས་ལྔས་མཚན་པ། སྦྲུལ་རིགས་ལྔས་དབུ་སྐྲ་སྙན་མགུལ་ཕྱག་ཞབས་དོ་ཤལ་རྣམས་སྤྲས་པ། སྙན་རྒྱན་རིན་པོ་ཆེ་དང་རུས་པའི་སྣ་རྒྱན། གར་དགུའི་ཉམས་ལྡན། སྤྱན་གསུམ་ཉི་ཟླ་ལྟར་དྲ་མིག་འཁྱིལ་ཞིང་གཟིགས་པ། ཚེམས་འཕྲེང་དང་མཆེ་བ་གངས་རི་ལྟར་གཏམས་པ་བཞད་ཅིང་ཧཱུྃ་གི་སྒྲ་འབྲུག་ལྟར་སྒྲོག་པ། ཨག་ཚོམས་དང་སྨིན་མ་སྨ་ར་མེ་ལྟར་འབར་བ། ཟ་འོག་སྨུག་པོའི་བེར་ཕོད་ལྡིང་ཐབས་སུ་གྱོན་པའི་སྟེང་དུ་ཞིང་གླང་གི་པགས་པ་གསོལ་བ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་དང་སྣ་རྩེར་རཀྟའི་ཐིག་ལེ། ལྐོག་མར་ཞག་གི་ཟོ་རིས། ཐོད་པ་སྐམ་རློན་རྙིད་གསུམ་མམ་ཡང་ན་ཐོད་རློན་གྱི་དོ་ཤལ་ཅན། དེ་ཡང་ཐོད་པ་སྐམ་པོའི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ལ་གདགས་པའི་རྒྱན་གཉིས། ཞིང་གླང་སྟག་ལྤགས་གསུམ་ལ་བགོ་བའི་གོས་གསུམ། ཐལ་ཞག་རཀྟ་གསུམ་ལ་བྱུག་པའི་རྩི་གསུམ་སྟེ་དུར་ཁྲོད་ཀྱིི་ཆས་བརྒྱད་དུ་གྲགས་སོ། །དེང་སང་བྲིས་འབུར་ཕལ་ཆེར་ལ། ཁྲོ་བོ་དཀྱུས་མ་ལྟར་དབུ་སྐྲ་གཟིངས་པ་ཁོ་ན་ཤས་ཆེ་ཡང་། འདིར་དབུ་སྐྲའི་ཐོར་ཅོག་རུས་པས་བརྒྱན༔ ཅེས་དང་། རྟགས་སྟོད་ལས། དབུ་སྐྲའི་ཐོར་ཚུགས་ནམ་མཁའི་སྤྲིན་ལྟར་གཏིབས༔ ཞེས་གསུངས་པས། དབུ་སྐྲ་ཐོར་ཚུགས་ཁོ་ནའི་རྩེར་རྡོ་རྗེ་ཕྱེད་པའི་ཏོག་དང་། དབུ་སྐྲའི་ལྷག་མ་ཅུང་ཟད་རྒྱབ་ཏུ་གྲོལ་བ་ཡིན་ནོ། །གཞན་ཡང་རྟགས་བསྟོད་ལས། རིན་ཆེན་འབར་བས་དབུ་དང་ཕྱག་ཞབས་སྤྲས༔ ཞེས་འབྱུང་བས། ཕྱག་ཞབས་ཀྱི་མཁྲིག་མ་དང་ཕྱག་གི་ཉྭ་གཉིས་སུ་རིན་པོ་ཆེའི་གདུ་བུ་ཅན། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གིས་སྲིན་པོ་ཕོ་ཁ་སྦུབ་དང་མོ་གན་རྐྱལ་གྱི་སྟེང་དུ་བགྲད་པ་དེའི་འོག་ཏུ་ཉི་ཟླ་པདྨའི་གདན་ཅན་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། འགྱིང་བག་ཏུ་བརྗིད་ཅིང་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུ་ཅན་དུ་སེམས་འཛིན་ནོ། །གཉིས་པ་ཕྲ་བ་རྒྱན་མེད་ལ་སེམས་འཛིན་པ་ནི། སྐུ་མདོག་མཐིང་ནག་བཻ་ཌཱུརྻ་སྔོན་པོ་ཉི་མའི་འོད་ཟེར་གྱིས་ཆེར་འབར་བ་ལྟ་བུ་དང་། སྤྱན་གསུམ་དམར་ཟླུམ་འཁྱིལ་བ་སྨིན་མ་རྫི་མ་དང་བཅས་ཏེ་འབར་བ། ཤངས་ཁྲོ་གཉེར་དང་ལྡན་པ། ཞལ་གདངས་པ་ཧེ་ཞེས་བཞད་པ་ལྟ་བུ། སྐུ་ལུས་སྦོམ་ཞིང་གསུས་ཁྱིམ་ཆེ་བ། ཉྭ་སུལ་རྣམས་རགས་པ། ཕྱག་ཞབས་ཀྱི་མཐིལ་བཞི་ཁྲག་གིས་བྱུགས་པ་ལྟར་དམར་བ། སེན་མོ་རྣམས་ཟངས་མདོག་ཅན་བྱ་སྡེར་ལྟར་རྣོ་བ་སྟེ་རྒྱན་མེད་ལ་སེམས་འཛིན་ནོ། །ཆ་ཤས་ལ་སེམས་འཛིན་པ་ནི། དེ་དག་ཀྱང་རེ་རེ་བཞིན་དུ་གསལ་སྣང་བརྟན་པོར་མ་གྱུར་གྱི་བར་དུ་སེམས་འཛིན་ལ། དེ་ཡང་བྱིང་རྨུགས་དང་འཕྲོ་རྒོད་ཀྱི་དབང་དུ་མ་ཤོར་བར་རྣམ་པ་གསལ་བ་དང་། སོ་སོའི་རྣམ་དག་དྲན་པ་དང་། ང་རྒྱལ་བརྟན་པོ་རེག་མཐོང་གི་མཚན་མ་རྙེད་ཀྱི་བར་དུ་སེམས་འཛིན་ནོ། །བསྐྱེད་རིམ་གྱི་སེམས་འཛིན་འདི་གསལ་སྣང་ཐོན་པ་ཞིག་ངེས་པར་གལ་ཆེ་བས། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་རྣམ་པ་གསལ་བར་འཆར་བ་ཞིག་མ་བྱུང་ན། གདོས་བཅས་ཀྱི་བེམ་པོ་བྲིས་འབུར་གྱི་སྐུ་ལྟ་བུའི་བསྐྱེད་རིམ་ཉག་ཉོག་དང་དེར་འཛིན་གྱི་ཨ་འཐས་དྲག་པོར་ཞེན་ན་རུ་ཏྲར་གོལ་བ་སོགས་བཤད་པས་ལམ་འདིར་གཅིག་ཏུ་བརྩོན་པས་འབད་དགོས་ཤིང་། རྣམ་དག་དྲན་པ་ནི་ཐེམས་མེད་ཀྱི་རྒྱུད་ཡང་གསང་འདུས་པ་ལས་རྒྱ་ཆེར་བཤད་པ་ལྟར་ངེས་པ་གཅེས་སོ། །དེ་ལྟར་བསྐྱེད་རིམ་ལ་གོམས་པའི་ང་རྒྱལ་བརྟན་པར་བྱ་དགོས་པས། ཁྲིད་ཀྱི་དུས་སུ་ཤར་བསྒོམ་མ་ཡིན་པའི་རིམ་པ་དང་གཅིག་ཅར་དུ་རེས་འཇོག་གི་ཉམས་ལེན་ཐུན་དུ་བཅད་ལ་བསྒོམ་ཞིང་ཐུན་མཚམས་སུ་བློ་བྲལ་གྱི་ངང་དུ་འཇོག་པ་སོགས་རྒྱུན་བསྲིང་ངོ་། །དེ་ལྟར་ལུས་ལྷ་ལ་སེམས་འཛིན་པ་སོང་ནས། གཉིས་པ་ངག་སྔགས་ལ་སེམས་འཛིན་པ་ངག་སྔགས་ཀྱི་དཀྱིལ་འཁོར་ནི། རྩ་བ་ལས། དེ་ནས་ངག་ཉིད་སྔགས་ལ་སེམས་འཛིན་པ། ཡི་གེ་ཧཱུྃ་སྔོན་སྣོད་བཅུད་ཁྱབ་པ་ནི། ཁ་དོག་སྒྲ་དབྱིབས་ཀུན་ལ་ཅི་གནས་བྱ། ཞེས་གསུངས་པའི་དོན། རང་གི་མདུན་དུ་ཧཱུྃ་སྔོན་པོ་རང་ལུས་ཙམ་ཞིག་གསལ་བར་དམིགས་ནས་དེ་ལ་སེམས་འཛིན། འཕྲོ་ན་ཧཱུྃ་དེ་ལས་ཧཱུྃ་གྲངས་མེད་པ་འཕྲོས་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཧཱུྃ་གིས་ཁྱབ་པར་དམིགས། ཡང་ཚུར་བསྡུས་ཏེ་སྤྲོ་གཞིའི་ཧཱུྃ་སྔོན་དེ་ལ་སེམས་གཟུང་། དེ་ལྟ་བུའི་ཧཱུྃ་ཁ་དོག་སྔོན་པོར་སྣང་བ་དང་། དབྱིབས་ཡི་གེ་དབུ་ཆེན་གྱི་རྣམ་པ་ཧཱུྃ་གི་རང་སྒྲ་སྒྲོག་པ་རྣམས་ལ་སེམས་འཛིན་ནོ། །དེ་ཡང་ཁྲིད་གཞུང་ལས། ཡང་ཏིག་དཔའ་བོ་འབྲུ་གཅིག་སྔགས་ཀྱི་འབྲུ༔ གསུང་གི་ཚབ་ཡིན་རྒྱུན་ཆད་མེད་པར་ཟློས༔ ཞེས་གསུངས་པའི་དགོངས་དོན་དང་། ཐུགས་སྒྲུབ་ལ་ཡི་དམ་དུ་བཟུང་བའི་རྒྱུན་གྱི་བཟླས་བརྗོད་ཆག་མེད་དུ་བྱེད་ཀྱི་ཡོད་ན། ཆོས་ཚན་ཉེར་ལྔ་ལས་གསུམ་པ་གསང་བ་རིན་ཆེན་འདུས་པ་དང་། དེའི་གསལ་བྱེད་ཆོས་རྒྱལ་དབང་པོའི་སྡེས་མཛད་པ་དང་། ངེད་ཀྱི་བྲིས་པའི་བསྙེན་པའི་ཡང་ཡིག་ཟབ་དོན་ནོར་བུ་ལྟར། ཧཱུྃ་ཞི་བ་ཤུབ་བུ་བརྒྱའི་བར་བདུན་ཕྲག་དང་པོའི་དམིགས་པ་དང་། དྲག་པོ་ཉིས་རྩེགས་བརྒྱའི་བར་བདུན་གཉིས་པའི་དམིགས་པ། དབང་ལྔ་རྩེགས་བརྒྱའི་བར་བདུན་གསུམ་པའི་དམིགས་པ་སྟེ་སུམ་བརྒྱ་དང་། རྒྱས་པ་བདུན་རྩེགས་ཉེར་གཅིག་བར་བདུན་ཕྲག་བཞི་པའི་དམིགས་པ་རྣམས་སྦྱར་བའི་སུམ་བརྒྱ་ཉེར་གཅིག་གི་བཟླས་པ་བྱ། ཁྲིད་གཞུང་གི་དགོངས་དོན་རྒྱུན་ཆད་མེད་པར་བཟླ་བ་ནི། རླུང་འབྱིན་འཇུག་ཐམས་ཅད་ཧཱུྃ་གི་སྒྲར་ཤེས་པར་བྱས་ཏེ་སེམས་བཟུང་ན་གཞུང་དང་མཐུན། སྐབས་འདིར་ཟིན་བྲིས་ཁ་ཅིག་ཏུ་སྲུང་འཁོར་གཞལ་ཡས་ཁང་སོགས་ཕྱི་དཀྱིལ་དང་། ལུས་དཀྱིལ་སྒོམ་ཚུལ་སོགས་བྲིས་འདུག་ཀྱང་། སྤྱིར་དབང་བསྐུར་སོགས་ཀྱི་སྐབས་བདག་བསྐྱེད་ཐེམས་ཅན་བདུན་པ་འཕྲིན་ལས་འབྲིང་པོ་ལྟར་ལུས་དཀྱིལ་བསྒོམས་རྗེས། མདུན་བསྐྱེད་ཀྱི་ཚུལ་དུ་ཐེམས་མེད་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་པ་ཆེན་པོ་ཟུར་ནས་འབྱུང་བ་ལྟར་སྦྱར་ན། སྤྱན་འདྲེན་མཆོད་བསྟོད་སོགས་ལྷན་གཅིག་ཏུ་བྱེད་པ་ཕྱག་གཞེས་སུ་ཡོད་ཅིང་། གཞན་དུ་ན་བསྙེན་པའི་སྐབས་ཀྱང་། དཀྱིལ་འཁོར་གསུམ་གྱི་བསྒྲུབ་པ་བྱ༔ ཞེས་གོང་དུ་སྨོས་པ་ལྟར་ལུས་ལྷའི་དཀྱིལ་འཁོར། ངག་སྔགས་ཀྱི་དཀྱིལ་འཁོར། སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ལས་གཞན་པའི་ཕྱི་དཀྱིལ་ལ་བརྟེན་མི་དགོས་ཤིང་། སྲུང་འཁོར་བྱེ་བྲག་པ་ཟབ་ཁྱད་ཅན་ཡང་ལོགས་སུ་ཡོད་པས་འདིར་བསྲེ་ལྷད་ཀྱི་རྒྱས་འགེབས་མང་པོ་ངལ་བའི་རྒྱུར་ཟད་པས་མི་བྱའོ། །གསུམ་པ་ཐུགས་ཕྱག་མཚན་ལ་སེམས་འཛིན་པ་ནི། རྩ་བ་ལས། སེམས་ཉིད་ཕྱག་མཚན་གནམ་ལྕགས་རྡོ་རྗེ་ལ། འཛིན་ཚུལ་སྙིང་དབུས་གནམ་ལྕགས་རྩེ་དགུར་གྱུར། །དེ་ལ་སྤྲོ་བསྡུ་གོང་བཞིན་འཛིན་པར་བྱ། ཞེས་གསུངས་པ་སྒོམ་ཚུལ་ནི། རང་ལྷར་གསལ་བའི་སྙིང་དབུས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཞིག་ལ་སེམས་བཟུང་། འཕྲོ་ན་དེ་ལས་རྡོ་རྗེ་རྩེ་དགུ་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་ཕྱི་སྣོད་ནང་བཅུད་ཐམས་ཅད་མེར་གྱིས་གང་བར་མོས། ཡང་ཚུར་བསྡུས་ཏེ་སྙིང་དབུས་ཀྱི་སྤྲོ་གཞིའི་རྡོ་རྗེ་ལ་ཐིམ་པར་བསམས་ལ་མཉམ་པར་འཇོག །འདི་ནི་རྩ་བར་རྡོ་རྗེ་དབུས་སུ་བསྒོམ་པ་དེ་ལས་སྤྲོ་བསྡུ་བྱེད་པར་གསུངས་པས་དེ་བཞིན་དང་། ཧཱུྃ་གི་སེམས་འཛིན་སྐབས་མདུན་དུ་ཧཱུྃ་ཡིག་ལས་སྤྲོ་བསྡུ་བྱེད་པ་ལས། སྙིང་དབུས་ནས་སྤྲོ་བའི་གསལ་ཁ་མེད་པས་འདི་བཞིན་མ་འདྲེས་པར་བྱའོ། །ཁྲིད་གཞུང་ལས། གང་ཟག་དབང་པོ་རབ་འབྲིང་ཐ་མ་ཡིས༔ བདུན་དང་བདུན་གཉིས་བདུན་གསུམ་ཉེར་གཅིག་གིས༔ ཡོན་ཏན་རྟགས་ཀྱི་དངོས་གྲུབ་ངེས་པར་འབྱུང་ཿ ལོངས་སྤྱོད་མཐའ་རྒྱས་ཚོགས་ཀྱི་འཁོར་ལོ་བསྐོར༔ ཅེས་གསུངས་པས་ཉམས་ཁྲིད་ཀྱི་དུས་སྐུ་གསུང་ཐུགས་ཀྱི་སེམས་འཛིན་ཞག་གྲངས་དེ་ལྟ་བུས་རྟགས་ཐོན་གྱི་བར་དུ་འབད་ཅིང་། སྐབས་འདིར་སྤྲོ་ན་འཕྲིན་གཞུང་གྱེར་ཞིང་ཚོགས་འཁོར་སོགས་བགྱིས་ན་ཁྲིད་གཞུང་དང་མཐུན་ཅིང་། མ་བྱུང་ཡང་འགལ་བ་མེད་དོ། །རྩ་བ་ལས། དེ་ནས་ཀ་དག་སྔོན་འགྲོ་རྡོ་རྗེ་དང་། ཧཱུྃ་སྔོན་ཐིག་ལེ་དཀར་དམར་དམིགས་རིམ་སྐྱོང་། ཞེས་པའི་སེམས་འཛིན་དོན་གསུམ་གྱི་དང་པོ་རྡོ་རྗེ་དཀར་པོ་ལ་སེམས་འཛིན་པ་ནི་རྫོགས་ཆེན་ཀ་དག་གི་ཁྲིད་ཡིག་གཏེར་གཞུང་མ་རིག་མུན་སེལ་སྒྲོན་མེའི། སྙིང་པོ་བཅུད་བསྡུས་ལམ་གྱི་གནད་ཁྲིད་ལས། ཚེ་འདིར་སངས་རྒྱས་བསྒྲུབ་འདོད་ན༔ ཕྱི་ལྟར་ཡུལ་གྱི་སྣང་བ་ལ༔ ནང་ལྟར་རིག་པའི་བརྡ་ངོ་སྤྲོད༔ ལས་ཅན་སྐལ་བར་ལྡན་པ་ཡིས༔ མདུན་དུ་ཁྲུ་བདུན་བཅལ་བའི་སར༔ རྡོ་རྗེ་དཀར་པོ་རྩེ་ལྔ་པ༔ གཡས་སུ་འཁྱིར་བ་རང་གཟུགས་ཙམ༔ གསལ་བར་བསྒོམས་ལ་དྲག་པོར་བསྐོར༔ ཅེས་གསུངས་པས༔ རང་གི་མདུན་ནས་ཁྲུ་བདུན་ཙམ་གྱི་སར། རྡོ་རྗེ་དཀར་པོ་རྩེ་ལྔ་པ་རང་གཟུགས་ཙམ་ཞིག་གསལ་བཏབ་ལ་རྡོ་རྗེ་དེ་གཡས་སུ་འཁྱིལ་ལི་ལི་འཁོར་བ་ལ་སེམས་བཟུང་། དེ་ལ་དམིགས་པ་གསལ་ཐེབས་པའི་རྟགས་ནི། གོང་གི་འཕྲོས་ལས། དམིགས་པ་གསལ་ཐེབས་རྟགས་འདི་འབྱུང་༔ མགོ་འཁོར་རྣ་བ་འུར་བ་དང་༔ རླུང་རིག་གར་བསྟད་རྡོ་རྗེ་འཁྱིར༔ ཞེས་གསུངས་པས་དེ་ལྟར་བྱུང་ན་ལོག་གནོན་དུ་རྡོ་རྗེ་གཡོན་དུ་འཁོར་བ་ལ་སེམས་བསྟད། མཐར་རླུང་སེམས་རྡོ་རྗེ་དབྱེར་མེད་དུ་མཉམ་པར་འཇོག་ཅིང་། དེ་ལྟ་བུ་བདུན་གསུམ་ཉེར་གཅིག་གང་རིགས་སུ་བསྒོམས་པའི་མཐར། དེ་ནས་ཞག་གཅིག་དལ་བར་བྱ༔ ཞེས་གསུངས་པས། དམིགས་པ་དེས་སུན་པ་ལྟར་སྣང་ན། ཞག་གཅིག་གི་རིང་དམིགས་པའི་སྤྲོ་བསྡུ་བོར་ནས་གནས་ལུགས་ཀྱི་ངང་ནས་ངལ་གསོའོ། །གཉིས་པ་ཧཱུྃ་སྔོན་པོ་ལ་སེམས་འཛིན་པ་ནི། ཀ་དག་གི་ཁྲིད་གཞུང་ལས། མདུན་དུ་ཁྲུ་བདུན་བཅལ་བའི་སར༔ ཧཱུྃ་ཆེན་སྔོན་པོ་རང་གཟུགས་ཙམ༔ ཞེས་གསུངས་པས་སྔར་རྡོ་རྗེ་དཀར་པོ་བསྒོམས་པ་ལྟར། མདུན་ནས་ཁྲུ་བདུན་གྱི་སར་དབུ་ཆེན་གྱི་ཧཱུྃ་སྔོན་པོ་རང་གཟུགས་ཙམ་ཞིག་གསལ་བཏབ་ལ་སེམས་བཟུང་། ལ་ལར་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་ཡིག་སྒོམ་ཚུལ་འདུག་ཀྱང་གོང་གི་རྡོ་རྗེ་དང་འཁྲུལ་བ་ཡིན་པས་ཧཱུྃ་ཁོ་ན་བསྒོམས་པས་འཐུས་ཤིང་། སྡོད་ན་ཧཱུྃ་རིག་མཉམ་པར་བཞག༔ ཅེས་འབྱུང་བས་ཧཱུྃ་ཡིག་སྔོན་པོ་དེ་ལ་རིག་པ་བསྟད་དེ་ཅི་གནས་སུ་བཞག །འཕྲོ་ན་ས་རྡོ་རི་བྲག་དང་ཿ རི་རབ་གླིང་བཞི་གླིང་ཕྲན་དང་༔ དགྲ་གཉེན་ཁང་ཁྱིམ་རང་གི་ལུས༔ ཡིད་འོང་གྲོགས་དང་མཛེས་པའི་ནོར༔ གང་ལ་འཕྲོ་བའི་སྣང་ཡུལ་ལ༔ ཆུ་སྲིན་དུང་གིས་ཕུག་པ་ལྟར༔ ཕར་ཐལ་ཚུར་ཐལ་དག་ཏུ་ཕུག༔ བདག་མེད་བྲལ་ནོར་ལྟ་བུར་བསམས༔ ཞེས་གསུངས་པས་ཤེས་པ་གང་ལ་འཕྲོ་བའི་སྣང་ཡུལ་ས་རྡོ་རི་བྲག་རི་རབ་གླིང་བཞི་གླིང་ཕྲན་སོགས་དང་། ཚོགས་དྲུག་གི་སྣང་བར་དགྲ་གཉེན་ཁང་ཁྱིམ་ཡིད་དུ་འོང་བའི་གྲོགས་དང་ནོར་རྫས་སོགས་གང་ཤར་བ་ལ། ཧཱུྃ་དེ་ལས་ཧཱུྃ་ཡིག་གྲངས་མེད་པ་སྤྲོས་ཏེ། རྒྱ་མཚོར་བགྲོད་པའི་ཚོང་པ་ལ་ཆུ་སྲིན་རི་བོ་ཙམ་རྒྱང་རིང་པོ་ནས་མཐོང་བ་རི་དང་ཆུ་སྲིན་གང་ཡིན་བརྟག་ཕྱིར་ཕུག་རོན་དང་དེ་གསོད་པའི་ཕྱིར་སྲོག་ཆགས་དུང་དཀར་གསོན་མ་བཏང་བས་དེས་ཆུ་སྲིན་གྱི་ལུས་ཕུག་པས་འཇིགས་པ་དང་བྲལ་བ་དཔེར་བྱས་ཏེ། ཧཱུྃ་ཡིག་དེས་སྣང་ཡུལ་དེ་དག་ཕར་ཐལ་ཚུར་ཐལ་དུ་ཁྲོལ་མ་ལྟར་ཕུག་པས་འཛིན་མེད་དུ་བཏང་ཞིང་། མཐར་རང་ལུས་གདོས་བཅས་སུ་སྣང་བ་འདི་ཡང་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཤ་འབུས་གཡེངས་པ་ལྟར་ཕུག་སྟེ་འཛིན་མེད་དུ་འཇོག་པ་སོགས་བྱ། དེ་ལྟར་དམིགས་པ་གསལ་ཐེབས་པའི་རྟགས་ནི། དམིག ས་པ་གསལ་ཐེབས་རྟགས་འདི་འབྱུང་༔ ཡེངས་མེད་རིག་པ་ལམ་དུ་ཚུད༔ རྟོག་པ་ཅི་ཤར་ཧཱུྃ་དུ་འཆར༔ དམིགས་པ་གང་ལའང་བསྟད་དུ་འདོད༔ ཅེས་གསུངས་པས་འཕྲོ་གནས་གང་བྱུང་ལ་གོང་བཞིན་གཅུན་པས། མ་ཡེངས་པའི་དྲན་པ་སོ་ཚུགས་ཤིང་། འཕྲོ་རྒོད་ཐམས་ཅད་ཧཱུྃ་ཡིག་ཏུ་འཆར་བ་དང་དམིགས་པ་གར་བསྟད་བདེ་བ་འབྱུང་ངོ་། །དམིགས་རྐང་འདི་ཡང་ཞག་གྲངས་གོང་མ་བཞིན་ཐུན་དུ་བཅད་དེ་སྒོམ་པ་དང་། དེ་ནས་ཞག་གཅིག་དལ་བར་བྱ༔ ཞེས་པ་ཡང་གོང་ལྟར་རོ། །གསུམ་པ་ཐིག་ལེ་དཀར་དམར་ལ་སེམས་འཛིན་པ་ནི། རྩ་བ་ལས། ལུས་གནད་རླུང་གནད་རྩ་གནད་་ཐིག་ལེའི་གནད། བཞི་ལ་རྟེན་ནས་སེམས་ཀྱི་གནས་ཆ་བཙལ། ཞེས་གསུངས་པ། གོང་གི་ཐིག་ལེ་དཀར་དམར་དམིགས་རིམ་སྐྱོང་། ཞེས་པ་ལ་སྦྱོར་རྒྱུ་ཡིན་པས་ཐིག་ལེ་དཀར་དམར་གྱི་སེམས་འཛིན་དང་། གནད་བཞི་ཐ་དད་དུ་ཡོད་པ་ནི་མ་ཡིན་ཏེ། གཏེར་གཞུང་ལས། པདྨ་འབྱུང་གནས་ཐུགས་ཀྱི་བཅུད་ལེན་པ༔ ལུས་ཀྱི་གནད་ནི་མཉམ་གཞག་དྲང་པོར་བསྲང་༔ རྩ་ཡི་གནད་ནི་མིག་གཉིས་ཐད་ཀར་བལྟ༔ རླུང་གི་གནད་ནི་སྟེང་རླུང་འོག་རླུང་གཅུན༔ ཤེས་པའི་གནད་ནི་མ་བཅོས་ལྷུག་པར་བཞག༔ ཅེས་དང་། ཀ་དག་གི་ཁྲིད་གཞུང་ལས། ལུས་གནད་རྐང་པ་སྐྱིལ་ཀྲུང་ལ༔ ལག་པ་མཉམ་གཞག་རྒལ་ཚིགས་བསྲང་༔ རྩ་གནད་མིག་གཉིས་རང་པོར་བལྟ༔ རླུང་གནད་སྟེང་རླུང་འོག་རླུང་བསྡམ༔ ཐིག་ལེའི་གནད་ལ་ལྟེ་བའི་དབུས༔ ཨེ་ལས་ཐིག་ལེ་དམར་པོ་བསམ༔ སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ༔ བམ་ལས་ཐིག་ལེ་དཀར་པོ་བསམ༔ ཤེས་པའི་གནད་ནི་སུམ་མདོ་རུ༔ ཨེ་ལས་མེ་འབར་བཾ་ཞུ་ནས༔ སྙིང་གར་ཐིག་ལེ་དཀར་དམར་འདྲེས༔ དེ་ལ་ཤེས་པ་བསྟད་དེ་གཟུང་༔ ཡང་དག་དོན་གྱི་གནད་བསྟན་པ༔ ཐིག་ལེ་དཀར་དམར་རིམ་གྱིས་བསྡུ༔ ཅི་ཡང་ཡིད་ལ་མི་བྱའོ༔ ཞེས་གསུངས་པའི་ཕྱིར་དམིགས་པ་དེ་གཉིས་གོང་འོག་སྦྱར་ཏེ་ཉམས་སུ་ལེན་པའི་ཚུལ་ནི། ལུས་གནད་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་སོགས་རྣམ་སྣང་ཆོས་བདུན་སྤྱི་ལྟར་ལ། ལག་པ་མཉམ་གཞག་གམ། བླ་མའི་གསུང་རྒྱུན་ལག་གཉིས་ཀྱི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་ཏེ་རྡོ་རྗེ་བསྡམས་པ་བརླ་གཉིས་ཀྱི་སྟེང་དུ་བཞག་སྟེ། རླུང་རོ་དགུ་ཕྲུགས་སམ་ལན་གསུམ་བསལ། ལུས་ཀྱི་དྲང་ཐད་དུ་རྩ་དབུ་མ་མཚན་ཉིད་བཞི་ལྡན་ཡར་རྩེ་ཚངས་བུག་དང་། མར་སྣ་ལྟེ་འོག་སོར་བཞིར་ཟུག་པ་ལས་རོ་རྐྱང་གཉིས་བསྒོམ་མི་དགོས། རྩ་གནད་མིག་གཉིས་རང་བབས་སུ་བལྟ། ལུང་གནད་འོག་རླུང་བསྐུམ་ཞིང་སྟེང་རླུང་སྣ་བུག་ནས་བརྔུབས་ཏེ་ལྟེ་འོག་ཏུ་ཆིར་གྱིས་མནན། ཐིག་ལེའི་གནད་ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་ཤེས་རབ་ཀྱི་རང་བཞིན་ཨེ་ཡིག་ལས་བྱུང་བའི་ཐིག་ལེ་དམར་པོ་དབུ་མ་སྦོམ་ཕྲ་སྦ་ལྕག་ཙམ་ལ་ཐིག་ལེ་རྒྱ་སྲན་ཙམ་མདའ་སྨུག་ཙམ་ལ་སྲན་མ་ཙམ་ཞིག་གསལ་བཏབ། སྤྱི་གཙུག་གི་དབུ་མའི་ནང་དུ་ཐབས་ཀྱི་རང་བཞིན་བམ་ཡིག་ལས་བྱུང་བའི་ཐིག་ལེ་དཀར་པོ་ཆེ་ཆུང་གོང་དང་འདྲ་བ་གསལ་བཏབ། ཤེས་པའི་གནད་ནི་སུམ་མདོར་ཨ་ཐུང་ཤད་ཀྱི་རྣམ་པ་མེའི་རང་བཞིན་ཅན་འདི་ལྟ་བུ་ཞིག་གསལ་བཏབ། འོག་རླུང་བསྐུམ་པའི་རྐྱེན་གྱིས་ཨ་ཤད་ལ་བུས་ཏེ་མེར་འབར་བ། ཐིག་ལེ་དམར་པོ་དང་འདྲེས་ཏེ་གྱེན་དུ་འབར་བས་སྙིང་ཐད་ཀྱི་དབུ་མར་སླེབ། དེ་ལས་ཀྱང་མེ་ལྕེ་གྱེན་དུ་འབར་བས་སྤྱི་བོའི་ཐིག་ལེ་དཀར་པོ་དངུལ་ཆུ་ལྟར་ཞུ་སྟེ་སྙིང་གའི་ཐིག་ལེ་དམར་པོ་དང་འདྲེས་པ་ལ་སེམས་བཟུང་སྟེ་ཅི་གནས་སུ་བཞག་སྟེ་རླུང་བཟུང་། མི་ཐུབ་པ་དང་སངས་ཀྱིས་བཏང་བ་སོགས་དང་། ཡང་གོང་བཞིན་གསལ་བཏབ་སྟེ་རླུང་འཛིན་པ་སོགས་ཐུན་རེར་ཅི་ནུས་བྱ། ཐུན་བསྡུ་ན་མཐར་ཐིག་ལེ་དཀར་དམར་གཉིས་ཀྱང་མི་དམིགས་པར་བསམ་ལ་ཅི་ཡང་ཡིད་ལ་མི་བྱ་བར་གང་ཤར་རང་གྲོལ་དུ་མཉམ་པར་འཇོག་དགོས་ཏེ། རྩ་བ་ལས། བར་བར་ངོ་བོ་བལྟས་ཏེ་ཤར་གྲོལ་བཏང་ངོ་། །ཞེས་གསུངས་པའི་ཕྱིར། དེ་ལྟར་གསལ་ཐེབས་པའི་རྟགས་ནི། དམིགས་པ་གསལ་ཐེབས་རྟགས་འདི་འབྱུང་༔ ལུས་ཀྱི་སྣང་བ་དྲན་ཚོར་མེད༔ དབུགས་ནི་ཕྱི་ནང་འགྱུ་མི་ཚོར༔ སྣང་བ་ཐོགས་མེད་འགྲོ་བར་ཤེས༔ ཞེས་གསུངས་ཕན་ཡོན་ནི། དེ་ལྟར་དམིགས་པ་གསུམ་བསྒོམས་པས༔ ལུས་ངག་ཡིད་གསུམ་ལམ་དུ་ཚུད༔ ཅེས་གསུངས་པས། རྡོ་རྗེ་དཀར་པོས་ལུས། ཧཱུྃ་སྔོན་པོས་ངག་ཐིག་ལེ་དཀར་དམར་གྱི་སེམས་གསུམ་ལམ་དུ་ཚུད་པར་འགྱུར། །དམིགས་པ་དེ་གསུམ་སྒོམ་པའི་ཚད་ནི། གང་ཟག་དབང་པོ་རིམ་པ་གསུམ༔ དམིགས་པ་རེ་རེ་བསྒོམ་པའི་ཚད༔ བདུན་དང་བཅུ་བཞི་ཉེར་གཅིག་གིས༔ རང་རང་རྟགས་རེ་འབྱུང་བར་ངེས༔ ཞེས་གསུངས་པས། སྔོན་འགྲོ་གཟེར་ལྔ་ནས་འདིའི་བར་གྱི་དམིགས་རིམ་རྣམས། དབང་པོ་རབ་ཀྱིས་བདུན། འབྲིང་གི་བཅུ་བཞི། ཐ་མས་ཉེར་གཅིག་རེ་བསྒོམས་ན་རྟགས་དེ་རྣམས་འབྱུང་ངེས་པས་ཞག་རེ་ཙམ་ཡང་བསྒོམ་མི་ནུས་པར་ཉམས་རྟགས་འབྱུང་དཀའ་བས་ཉམས་ཁྲིད་དུ་བྱེད་ན་གཞུང་བཞིན་བྱ་བ་གཅེས་སོ། །དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་སོང་རྗེས། དངོས་གཞིའི་ཁྲིད་ཀྱི་རིམ་པ་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ནི། རྩ་བ་ལས། དེ་རྗེས་ཁྲིད་གཞུང་དངོས་གཞི་ལ་ཞུགས་ཏེ། མཉམ་གཞག་གསལ་སྟོང་འཛིན་མེད་ངོ་བོ་སྐྱོང་། ཞེས་གསུངས་པའི་དོན་སྤྱིར་ཞི་གནས་སྔོན་དུ་བཏང་བའི་མཐར་སེམས་འཚོལ་གྱིས་བདར་ཤ་བཅད་དེ་བསྒོམ་ཐོག་ནས་ལྟ་བ་འཚོལ་བ་དང་། ཐོག་མར་སེམས་འཚོལ་དང་དེ་ནས་ཞི་གནས་སུ་ཕབ་ཏེ་བལྟ་ཐོག་ནས་བསྒོམ་འཚོལ་བ་སྟེ་ལུགས་གཉིས་ལས། འདིར་སྔ་མ་ལྟར་ཡིན་པས། དང་པོ་བསྒོམ་ཐོག་ནས་ལྟ་བ་འཚོལ་བ་ནི། གོང་གི་སེམས་འཛིན་དེ་རྣམས་ལ་རིམ་པར་སློབ་པ་དང་། བླ་མའི་ཕྱག་བཞེས་སུ་སྐབས་འདིར་རྟེན་ཅན་རྡེའུ་ཤིང་བུ་སོགས་ལ་བརྟེན་ནས་སེམས་འཛིན་པ་དང་། རྟེན་མེད་མ་བཅོས་པར་འཇོག་པ་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཞི་གནས་བསྒོམ་གྱི་གཞི་ཡིན་པས་མཉམ་པར་འཇོག་དགོས་ཤིང་། དེ་ཡང་རྣམ་རྟོག་བཀག་བསྒོམ་ལྟ་བུ་མ་ཡིན་པར་གཞི་རྩ་གཅོད་པའི་ཕྱིར་ཡིན་ཏེ། ཀ་དག་གི་ཁྲིད་གཞུང་ལས། དེ་ནས་དབེན་པའི་གནས་ཆེན་དུ༔ ལུས་ངག་ཡིད་གསུམ་བརྟག་པར་བྱ༔ དུས་དེ་ཡན་ཆད་དུག་ལྔའི་ལས༔ ཅི་བྱས་ཅི་དྲན་བག་ཆགས་ཡིན༔ མེ་ཏོག་སད་ཀྱིས་ཁྱེར་བ་འདྲ༔ རྗེས་འབྲེང་མི་བྱ་འབྲེལ་ཐག་བཅད༔ དུས་དེ་མན་ཆད་དུག་ལྔའི་ལས༔ ཅི་བྱས་ཅི་བསམས་ཉོན་མོངས་ཡིན༔ སྣ་ཐག་དགྲ་ལ་ཤོར་བ་འདྲ༔ བསམ་མནོ་མི་བཏང་་ཅི་དགར་བཞག༔ ད་ལྟར་ཤེས་པ་དངས་མ་ཕྱེད༔ ཐོམ་མེ་མུན་ནེ་གཏི་མུག་ཡིན༔ ཐེ་ཚོམ་རེ་དྭོགས་རྣམ་རྟོག་ཡིན༔ རྟོག་པའི་སྤུན་ལངས་ལྟ་བའི་དགྲ༔ མ་བཅོས་མ་བཅོས་རང་སོ་ལ༔ ཅི་ཡང་ཡིད་ལ་མི་བྱ་བར༔ སྣང་བ་སྟོང་པར་རྟོགས་པ་དང་༔ སྟོང་པ་སྣང་བར་རྟོགས་པ་དང་༔ སྣང་སྟོང་དབྱེར་མེད་རྟོགས་པ་དང་༔ སངས་རྒྱས་སེམས་ཅན་དབྱེར་མེད་དུ༔ མ་རྟོགས་བར་ལ་དབེན་པ་བསྟེན༔ དབང་པོ་རབ་འབྲིང་ཐ་མ་ཡིས༔ བདུན་གསུམ་ཉེར་གཅིག་བསྒོམས་པ་ཡིས༔ ཉམས་བཞི་འཆར་བས་ནན་ཏན་བསྐྱེད༔ ཅེས་དང་། གུ་རུ་པདྨ་དགེ་སློང་ནམ་མཁའ་སྙིང་པོར་གསོལ་འདེབས་སུ་རྩལ་བ་ལས། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་༔ སྔོན་བསུ་རྗེས་གཅོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ ཅེས་གསུངས་པ་ལྟར་བསྒོམ་དགོས་པས། དེ་ཡང་གང་ཟག་གི་རིགས་ཐོད་རྒལ་རིམ་སྐྱེས་གཅིག་ཅར་གསུམ་གྱི་རྒྱུད་ཚོད་དང་སྦྱར་བའི་ཁྲིད་ཚུལ་བྱ་དགོས་པས་རྟེན་ཅན་རྡེའུ་ཤིང་བུ་སོགས་ལ་བརྟེན་ཀྱང་འགལ་བ་མེད་མོད། འོན་ཀྱང་གོང་གི་སེམས་འཛིན་རྣམས་དམིགས་པའི་རྟེན་ཅན་ཁོ་ན་ཡིན་པས་རྡེའུ་ཤིང་བུ་སོགས་ཀྱི་སྤྲོས་པ་མེད་ཀྱང་ཆོག་ཅིང་། རྟེན་མེད་ཁོ་ན་གཞུང་དང་མཐུན་པས། རྣམ་སྣང་ཆོས་བདུན་བཅས་ཏེ་ཤེས་པ་ཁོང་གློད་དེ་མཉམ་པར་བཞག་པས་ལས་དང་པོས་ཚོགས་དྲུག་གི་རྟོག་པ་ཤུགས་ཆེ་བས། ཕྱི་རོལ་གྱི་རྐྱེན་ལས་སེམས་ཀྱི་རྣམ་རྟོག་དུག་ལྔའི་བག་ཆགས་ལྡང་གིས་ཤར་བ་དེའི་རྗེས་མི་གཅོད་ཅིང་། མ་འོངས་པའི་རྟོག་པའི་སྔོན་མི་བསུ་ད་ལྟའི་ཤེས་པ་དངས་སྙིགས་མ་ཕྱེད་པ་ཆུ་བོ་རྙོག་མས་དཀྲུགས་པ་ལྟ་བུ་མུན་ཐོམ་དུ་ཡོད་པ་དེ་དྲན་ཤེས་ཀྱི་རིག་པས་ངོས་ཟིན་པར་བྱས་ཏེ། རྣམ་རྟོག་ཐོལ་སྐྱེས་རྦད་གཅོད་ཀྱི་ཚུལ་དུ་གང་ཤར་གྱི་ངོ་བོ་རང་ཤར་རང་གྲོལ་དུ་བཏང་། ལས་དང་པོ་པར་རྣམ་རྟོག་རི་གཟར་ལ་ཆུ་རྒྱུག་པ་ལྟར་འབྱུང་ཡང་སྐྱོན་དུ་མི་བལྟ་བར་ངོས་ཟིན་པར་བྱས་པས། རེ་ཞིག་ནས་འགྱུ་བ་ཇེ་ཕྲར་འགྱུར་ཞིང་གནས་ཆ་ཆེར་སོང་བའི་དུས། འགྱུ་བ་ཕྲ་མོ་རྩད་མ་ཆོད་པའི་གནས་ཡོད་སྙམ་པའི་བཟང་རྟོག་ཨ་འཐས་ན་ཞི་གནས་ལྟེམ་པོའི་འགོག་པའི་སྙོམས་འཇུག་ལྟ་བུར་འགྲོ་བས་འགྱུ་བ་ཕྲ་རགས་སྦོམ་གསུམ་ངོས་གཟུང་སྟེ་ཤར་གྲོལ་དུ་གཏོང་བ་གཅེས་ཏེ། གུ་རུ་པདྨས། མཁར་ཆེན་གཟའ་ལ་གསུངས་པ་ཀ་དག་གི་ཆོས་ཅན་ཟབ་མོ་གནད་ཀྱི་ཐེམས་བཅུ་ལས། སེམས་འཛིན་གྱི་ཕུར་པ་ལ་ཞེན་པས་ཐར་པ་མི་ཐོབ༔ ཞི་གནས་མགོ་བྱིལ་གྱིས་ཐར་པའི་ལམ་མི་རྙེད༔ ཅེས་གསུངས་པའི་ཕྱིར། དེ་ལྟར་བསྒོམས་པས་ཉམས་བཞི་འཆར་ཚུལ་ནི། ཀ་དག་གི་ངོ་སྤྲོད་རང་རིག་རང་གསལ་ལས། སྣང་བ་འདི་སྟོང་པར་རྟོགས༔ སྟོང་པ་སྣང་བར་རྟོགས༔ སྣང་སྟོང་དབྱེར་མེད་དུ་རྟོགས༔ སངས་རྒྱས་དང་སེམས་ཅན་དབྱེར་མེད་དུ་རྟོགས༔ དེ་ཉིད་ཀྱི་གདེངས་རྙེད་པའི་ཤེས་པ་འབྱུང་༔ ཞེས་གསུངས། དེ་ལྟར་ཤར་ཡང་ཆོག་ཤེས་དང་འཛིན་ཆགས་མེད་པ་ཞིག་དགོས་ཏེ། གོང་གི་འཕྲོས་ལས། ཉམས་ཀྱི་སྣང་བ་བཞི་ལ་ཆོག་ཤེས་སུ་གཟུང་བ་ནི་བྱིས་པའི་ལྟ་བ་ཡིན་ནོ༔ སྣང་བ་དང་སྟོང་པ་འདི་ལ་མ་ཆགས་པ་ཞིག་དགོས༔ ཞེས་གསུངས་པའི་ཕྱིར་རོ། །སྣང་བ་དང་སྟོང་པ་དབྱེར་མེད་དུ་འདུག་སྙམ་ན། སྣང་བ་འདི་ལ་མ་ཆགས་པ་ཞིག་དགོས་ཏེ༔ ཞེས་ཤོག་སེར་ཚ་ལ་གདུགས་པ་བརྟག་གོ། །དེ་ལྟར་བསྒོམས་པ་ལ་གེགས་སེལ་བ་ནི། རྩ་བ་ལས། ཕྱི་གེགས་སེལ་བྱེད་གུ་རུ་སྤྱི་བོར་བསྒོམ། ཐོ་རེངས་དུས་སུ་ཧཱུྃ་གི་སྣང་གླུ་བླངས། བླ་མའི་ཐུགས་དང་རང་གི་ཤེས་པ་བསྲེ། ཞེས་གསུངས་པ་སྤྱིར་ཕྱིའི་གེགས་སེལ་ཐབས་སུ། ལུས་མཉམ་གཞག་གི་མིག་ནམ་མཁར་བསྟད། ཤེས་པ་མ་བཅོས་པའི་ངང་ནས་རང་གི་སྤྱི་བོར་བླ་མ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུའི་རྣམ་པར་གསལ་བཏབ་སྟེ། གསོལ་འདེབས་ཀྱི་ཚུལ་དུ་གདུང་ཤུགས་དྲག་པོས་རྒྱས་པའི་ཧཱུྃ་བདུན་བརྩེགས་ཀྱི་སྣང་གླུ་བླངས་པས་མོས་གུས་ཀྱི་ཉམས་སྐྱེས་པ་དང་། དེ་ཉིད་འོད་ཕུང་སྔོན་པོའི་རྣམ་པར་ཞུ་སྟེ་རང་ལ་ཐིམ་པས་བླ་མ་དང་རང་སེམས་དབྱེར་མེད་དུ་མཉམ་པར་བཞག་གོ །འདི་ནི་ཁྲིད་གཞུང་དངོས་གཞི་ལས། པདྨ་འབྱུང་གནས་ཐུགས་ཀྱི་བཅུད་ལེན་པ༔ ལུས་ཀྱི་གནད་ནི་མཉམ་གཞག་དྲང་པོར་བསྲང་༔ རྩ་ཡི་གནད་ནི་མིག་གཉིས་ཐད་ཀར་བསྟད། རླུང་གི་གནད་ནི་སྟེང་རླུང་འོག་རླུང་གཅུན༔ ཤེས་པའི་གནད་ནི་མ་བཅོས་ལྷུག་པར་བཞགཿ ཐོ་རངས་དུས་ན་ཧཱུྃ་གི་སྣང་གླུ་བླངས༔ བླ་མ་སྤྱི་བོར་བསྒོམ་ཞིང་གསོལ་བ་གདབ༔ མ་བཅོས་རྩེ་གཅིག་གདུང་བ་སྐྱེས་པའི་ཚེ༔ བླ་མའི་ཐུགས་དང་རང་གི་ཤེས་པ་བསྲེ༔ མཉམ་གཞག་ངག་ལ་རིག་པ་དར་ཅིག་བཞག༔ ཅེས་གསུངས་པའི་དོན་ནོ། །བྱེ་བྲག་ཏུ་སྒོམ་སྐྱོན་ལྔ་སེལ་བའི་དང་པོ་བྱིང་བ་གཏི་མུག་གི་གེགས་སེལ་ནི། རྩ་བ་ལས། དེ་ནས་ནང་གི་སྒོམ་སྐྱོན་ལྔ་སེལ་ཕྱིར། བྱིང་བ་གཏི་མུག་འཐིབས་པའི་གེགས་བྱུང་ན། གུ་རུ་དམར་སྨུག་ནམ་མཁའི་མཐོངས་སུ་བསྒོམ། འོད་ཞུ་རང་ལ་ཐིམ་སོགས་གཞུང་བཞིན་བསྐྱང་། ཞེས་པའི་དོན་ཁྲིད་གཞུང་ལས། དེ་ལ་བསྒོམ་གྱི་སྐྱོན་ལྔ་བསལ་བ་ནི༔ བྱིང་ཞིང་འཐིབས་ན་གཏི་མུག་ལས་ངན་སློང་ཿ ལུས་དང་ཤེས་པ་གཟེངས་བསྟོད་ཤེས་པ་བསྒྲིམས༔ མཐོ་ས་རླུང་གི་གསེར་བུ་འོང་ས་རུ༔ ལུས་གནད་བཅོས་ཏེ་ཤེས་པ་ནམ་མཁར་བསྟད༔ གུ་རུ་དམར་སྨུག་མདངས་ལྡན་བདག་ལ་བསྟིམ༔ རྗེས་ལ་མཉམ་གཞག་མ་བཅོས་ངང་ལ་བཞག༔ ཞག་གསུམ་འབད་ན་གཏི་མུག་མུན་པ་སེལ༔ ཞེས་པའི་སྒོམ་དོན་བྱིང་རྨུགས་ཀྱི་ངང་དུ་སོང་ན་བྱིང་བ་གཏི་མུག་གི་གེགས་ཡིན་པས། དེ་སེལ་བ་ནི་ས་མཐོ་ས་རླུང་བསེར་བུ་ཡོད་པར་ལུས་གནད་གོང་བཞིན་བྱ། ཤེས་པ་གཟེངས་བསྟོད་དེ་བསྒྲིམས་ལ་ནམ་མཁར་བསྟད། བླ་མ་གུ་རུ་དྲག་པོ་རྩལ་གྱི་སྐུའམ་གུ་རུ་ཞི་བ་གང་ཡང་རུང་བ་སྐུ་མདོག་དམར་སྨུག་ཏུ་ཡོད་པ་མདངས་དང་ལྡན་པ་ཞིག་མདུན་གྱི་ནམ་མཁར་བསྒོམས་པ་དེ་ལ་ཤེས་པ་བསྟད་ཅིང་གདུང་ཤུགས་ཀྱི་གསོལ་འདེབས་ཡིད་ཀྱིས་བྱས་པའི་མཐར་དེ་ཉིད་འོད་ཟེར་དམར་སྨུག་གཅིག་ཏུ་གྱུར་ནས་རང་ལ་བསྟིམ་ནས་མཉམ་པར་འཇོག་པ་ཞག་གསུམ་བསྒོམ་མོ། །གཉིས་པ་རྒོད་པ་ཞེ་སྡང་གི་གེགས་སེལ་བ་ནི། རྩ་བ་ལས། རྒོད་པ་ཞེ་སྡང་གེགས་སེལ་གུ་རུ་དཀར། སྨིན་མཚམས་ཐད་ཀྱི་ནམ་མཁར་བསྒོམ་པ་དང་། ཞེས་པ། ཁྲིད་གཞུང་ལས། རྣམ་རྟོག་ཧྲགས་ཤིང་རྒོད་ན་ཞེ་སྡང་སློང་༔ ང་ཡི་སྐུ་ལ་བལྟ་སྟངས་རིག་པ་བསྟད༔ རང་འདྲའི་ལྷ་སྐུས་འཇིག་རྟེན་ཐམས་ཅད་གང་༔ དཔའ་ཞིང་ངར་ལྡན་སྐུ་ཆེ་ཡན་ལག་ཧྲགས༔ དྲག་པོའི་ཧཱུྃ་སྒྲ་ངར་ལྡན་དིར་རི་རི༔ དགྲ་གཉེན་རྩིས་གདབ་མེད་པར་ཤེས་པ་བསྒྲིམ༔ གུ་རུ་དཀར་གསལ་རང་གི་ཐུགས་ཀར་ཐིམ། ཤེས་པ་གློད་ཀྱིན་མཉམ་གཞག་ངང་ལ་བཞག༔ ཞག་གསུམ་བསྒོམས་ན་ཞེ་སྡང་རྟོག་པ་ཐུལ༔ ཞེས་གསུངས་པས། རྣམ་རྟོག་འཕྲོ་རྒོད་ཆེ་བ་ཞེ་སྡང་གི་རྟོག་པ་འཕེལ་བའི་གེགས་ཡིན་པས་དེ་སེལ་བ་ནི། མདུན་གྱི་སྨིན་མཚམས་ཐད་ཀྱི་ནམ་མཁར་གུ་རུ་ཞི་དྲག་གང་རིགས་ཀྱི་སྐུ་དཀར་གསལ་ཞིག་གསལ་བཏབ་པ་ལ་རིག་པ་བསྟད་ཅིང་ལྟ་སྟངས་བྱས་ཏེ་ཡིད་ཀྱིས་གསོལ་བ་བཏབ་པས་མཐར་འོད་ཟེར་དཀར་པོའི་རྣམ་པར་གྱུར་ནས་རང་ལ་བསྟིམ་ནས་མཉམ་པར་འཇོག །སྐབས་འགར་མདུན་གྱི་གུ་རུའི་སྐུ་དང་། རང་ཡང་སྣང་བ་མ་འགགས་རིག་པ་ལྷ་སྐུ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུར་ཤར་བ་ལས། གུ་རུ་དྲག་པོའི་སྐུ་དཔའ་ཞིང་ངར་དང་ལྡན་པ་སྐུ་ཆེ་ལ་ཡན་ལག་རགས་པ་ཞལ་ནས་དྲག་པོའི་ཧཱུྃ་སྒྲ་འབྲུག་སྒྲ་ལྟར་དིར་རི་རི་སྒྲོག་པ་དཔག་ཏུ་མེད་པ་འཕྲོས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་སྟེ་དགྲ་གཉེན་གྱི་སྣང་བ་གང་ཤར་ཡང་རྩིས་གདབ་མེད་པར་བཅོམས་པ་ལ་ཤེས་པ་བསྒྲིམས་ཏེ་བསྟད་པའི་མཐར་ལྷོད་ཀྱིས་གློད་ལ་མཉམ་པར་འཇོག་པ་ཞག་གསུམ་བསྒོམ་མོ། །གསུམ་པ་ཟ་ཟིའི་རྟོག་པ་སྣ་ཚོགས་སུ་འཕྲོ་ཞིང་མཉམ་གཞག་ལ་མི་གནས་པར་ཕྱི་རོལ་གྱི་ཡུལ་སྣང་རྒོད་པའི་གེགས་སེལ་ནི། རྩ་བ་ལས། འཕྲོ་དང་ཤེས་པ་རྫི་འཁོར་གེགས་བྱུང་ན། ལྟེ་བའི་གནས་ནས་མེ་འབར་སྣོད་བཅུད་དང་། ཕུང་ཁམས་བསྲེགས་ནས་སྟོང་ཉིད་ངང་ལ་འཇོག །འཕྲོ་ན་གུ་རུ་མཐིང་ག་སྙིང་ཐད་བསྒོམ། དེ་ཡང་འོད་ཞུ་རང་ལ་ཐིམ་པར་བསམ། ཞེས་པ་ཁྲིད་གཞུང་ལས། ཤེས་པ་སྫི་འཁོར་ཟ་ཟི་རྟོག་པ་མང་༔ མཉམ་གཞག་མི་བརྟན་ཡུལ་སྣང་རྒོད་པ་ན༔ ལྟེ་བའི་འོག་ནས་མེ་བྱུང་རང་ལུས་བསྲེགས༔ མེ་དཔུང་ཕྱིར་འཕེལ་ཕྱི་ཡི་ཡུལ་མཁར་དང་༔ དགྲ་གཉེན་མཛེས་སྡུག་འཛིན་པའི་ཡུལ་སྣང་བསྲེགས༔ ཐམས་ཅད་སྟོང་པ་ཆེན་པོའི་ངང་ལ་བཞག༔ གུ་རུ་མཐིང་ག་བདག་གི་ཐུགས་ཀར་བསྟིམ༔ འཛིན་མེད་ངང་ལ་ཞག་གསུམ་མཉམ་པར་བཞག༔ དེས་ནི་རྣམ་རྟོག་རྐུན་པོ་ལམ་དུ་ཚུད༔ ཅེས་གསུངས་པས། དེ་ལྟ་བུའི་གེགས་སེལ་བ་ནི། རང་གི་ལྟེ་འོག་ན་གཞིར་གནས་ཀྱི་མེ་ཨ་ཐུང་ཤད་ཀྱི་རྣམ་པར་ཡོད་པ་དེ་ལས་མེ་འབར་ཏེ་རང་ལུས་གདོས་བཅས་སུ་སྣང་བ་འདིཡང་གཞོབ་ཐུལ་གྱིས་བསྲེགས། དེ་ལས་མེ་དཔུང་ཆེར་འཕེལ་ནས་སྣོད་ཀྱི་འཇིག་རྟེན་ས་རྡོ་རི་བྲག་ཡུལ་མཁར་སོགས་དང་བཅུད་ཀྱི་སེམས་ཅན་དགྲ་གཉེན་མཛེས་སྡུག་འཛིན་པའི་ཡུལ་སྣང་ཐམས་ཅད་བསྲེགས་ཏེ་ཐམས་ཅད་སྟོང་པ་ཆེན་པོའི་ངང་དུ་མཉམ་པར་བཞག །གུ་རུ་དྲག་པོ་མཐིང་ག་ཞིག་ནམ་མཁར་བསྒོམས་པ་ལ་ཡིད་ཀྱིས་གསོལ་བ་བཏབ་པས་འོད་ཟེར་མཐིང་གའི་རྣམ་པར་གྱུར་ཏེ་རང་གི་སྙིང་གར་ཐིམ་པར་བསམས་ལ་འཛིན་མེད་ཀྱི་ངང་དུ་འཇོག་པ་ཞག་གསུམ་བྱས་པས་རྣམ་རྟོག་རྐུན་པོ་ཞེས་འགྱུ་བ་ཕྲ་རགས་རྩད་མི་ཆོད་པའི་འོག་འགྱུ་རྒྱ་འབྱམས་ཀྱི་གེགས་ལས་གྲོལ་བར་འགྱུར་རོ། །བཞི་པ་ཤེས་པ་སྫི་འཁོར་བ་དང་རེ་དྭོགས་བདག་འཛིན་གྱི་གེགས་སེལ་ནི། རྩ་བ་ལས། སྐབས་འགར་བདེ་སྡུག་རེ་དྭོགས་སྣ་ཚོགས་པའི། སྣང་བ་གང་ཤར་ཆུ་ཡི་རི་མོའམ། སྦྲུལ་མདུད་བཞིན་དུ་རང་གྲོལ་ངང་དུ་བཏང་། །དེ་ལ་མི་གནས་གུ་རུ་འོད་ལྔ་ཡིན། རྣམ་པར་སེམས་བསྟད་འོད་ཞུ་རང་ལ་ཐིམ། འཛིན་མེད་ངང་ལ་ཞག་གཅིག་མཉམ་པར་བཞག །ཅེས་པ་ཁྲིད་གཞུང་ལས། གཏད་མེད་བསྒོམས་ཀྱང་ཤེས་པ་སྫི་འཁོར་ནས༔ རེ་དྭོགས་བདག་འཛིན་དམ་པོས་འཐས་པ་ན༔ སྣང་སེམས་བྱ་བྱེད་ཐམས་ཅད་འཁྲུལ་པ་ཡིན༔ སྐྱེ་འཆི་འཕོ་འགྱུར་མི་རྟག་དྲན་པར་གྱིས༔ འཇིགས་སྐྲག་ཚ་གྲང་ནད་ཀྱང་སྒྱུ་མ་ཡིན༔ བསྐལ་པར་དམྱལ་བར་ཕྱིན་ནས་བཙོས་བསྲེགས་ཀྱང་༔ སེམས་ལ་སྐྱེ་འཆི་མེད་པས་འཐོན་པ་ཡིན༔ ཟས་ནོར་ཉེ་འབྲེལ་སྙིང་བརྩེ་སྒྱུ་མ་ཡིན༔ རང་ལུས་གཅེས་པར་གཟུང་ཡང་ནམ་ཞིག་འཆི༔ འཁོར་བའི་སྒྱུ་ནི་རེ་དྭོགས་ཐེ་ཚོམ་ཡིན༔ སངས་རྒྱས་དགོངས་པ་སྟོང་གསལ་འཛིན་མེད་ཡིན༔ དཔེར་ན་ནམ་མཁའ་སྤྲིན་དང་བྲལ་བ་དེ༔ གསལ་དངས་བཀྲག་འཚེར་ངོས་གཟུང་གཅིག་ཀྱང་མེད༔ དེ་ཕྱིར་སྐྱེས་བུའི་ཤེས་པ་ཧུར་གྱིས་འདོན། །ནམ་མཁའ་མན་ཤེལ་དག་ལ་ཤེས་པ་བསྟད༔ རིག་པ་ངར་ལྡན་ཕྱོགས་ཞེན་འཛིན་ཆགས་དོར༔ བཅོས་མེད་ངང་ལ་མཉམ་གཞག་དར་ཅིག་བཞག༔ གུ་རུ་འོད་ཟེར་ལྔ་ལྡན་བདག་ལ་བསྟིམ༔ དེ་ལྟར་ཞག་གསུམ་བསྒོམས་པས་ཐེ་ཚོམ་ཆོད༔ ཅེས་གསུངས་པས་དེའི་དོན་སྒོམ་པའི་ཚུལ་ནི། བདེ་སྡུག་རེ་དྭོགས་ཀྱི་སྣང་བ་གང་ཤར་ཆུའི་རི་མོའམ་སྦྲུལ་གྱི་མདུད་པ་བཞིན་དུ་རང་གྲོལ་བ། གནས་ལུགས་གཏད་མེད་རང་བབས་སུ་མཉམ་པར་བཞག་ཀྱང་ཤེས་པ་སྫི་འཁོར་ནས་རེ་དྭོགས་དང་བདག་འཛིན་གྱི་མདུད་པ་མ་འཁྲོལ་ན་འདི་ལྟར་བསམས་ཏེ། ཕྱི་སྣང་བ་ལ་སེམས་གཡེངས་པའི་བྱ་བྱེད་ཀྱི་བློ་སྣ་ཚོགས་སུ་ཤར་ན་ཐམས་ཅད་འཁྲུལ་པར་ངོ་ཤེས་པར་བྱས་ཏེ་སྐྱེ་འཆི་དང་འཕོ་འགྱུར་ཐམས་ཅད་མི་རྟག་པར་དྲན་པར་བྱ། འདིར་སྣང་གི་སེམས་ལ་འཇིགས་སྐྲག་དང་ལུས་ལ་ཚ་གྲང་དང་ནད་སོགས་ཐམས་ཅད་རྟག་པ་མ་ཡིན་པར་སྒྱུ་མར་ཤེས་པ་དང་། སྒྱུ་མཚན་སེམས་སྣང་གི་འཁྲུལ་ངོར་དམྱལ་བར་བསྐལ་པ་དུ་མར་བཙོ་སྲེག་གི་སྡུག་བསྔལ་མྱོང་ཡང་སེམས་ལ་སྐྱེ་འཆི་མེད་པའི་ཕྱིར་དམྱལ་བ་ནས་འཐོན་པ་དང་། ཚེ་འདིར་ཟས་ནོར་ཉེ་འབྲེལ་ལ་སྙིང་བརྩེ་ཞིང་ཆགས་ཀྱང་སྒྱུ་མ་ཡིན་ཕྱིར་བརྟག་མི་ཐུབ་པས། ཁྲིད་གཞུང་ལས། ཉེ་འབྲེལ་ཟས་ནོར་རི་ཁའི་རྩྭ་སྦུར་འདྲ༔ ཇི་ལྟར་བྱས་ཀྱང་འབྲལ་བས་བརྩེ་སེམས་དོར༔ ཞེས་གསུངས། རང་གི་ལུས་འདི་གཅེས་པར་གཟུང་ཡང་ནམ་ཞིག་འཆི་བར་འགྱུར་བས་དེའི་ཕྱིར་འཁོར་བར་འཁྱམས་པའི་སྒྱུ་བཟང་པོར་རེ་བ་དང་ངན་པར་དྭོགས་པའི་ཐེ་ཚོམ་གྱི་བློས་འཆིང་བ་ཡིན་པས་འཛིན་མེད་སྒྱུ་མར་ཤེས་པ་དང་། མཐར་ཐུག་སངས་རྒྱས་ཀྱི་དགོངས་པ་ཡང་སྟོང་གསལ་འཛིན་མེད་ནམ་མཁའ་སྤྲིན་བྲལ་ལྟར་ངོས་གཟུང་མེད་པའི་ཕྱིར་རང་གི་ཤེས་པ་སྫི་འཁོར་བ་ལས་ཧུར་གྱིས་བཏོན། ཕྱི་རོལ་གྱི་ནམ་མཁའ་དང་མན་ཤེལ་གཡའ་བྲལ་ལ་རིག་པ་བསྟད་ལ་དབྱིངས་རིག་བསྲེས་ཏེ་འཛིན་མེད་མ་བཅོས་པའི་ངང་དུ་མཉམ་པར་བཞག །འདི་ལ་རྩ་བར་ཞག་གཅིག་མཉམ་པར་འཇོག་ཚུལ་བཤད་ཀྱང་ཁྲིད་གཞུང་དུ་དར་ཅིག་བཞག །ཅེས་གསུངས་པས་རྗེས་ཐོབ་ཀྱི་སྣང་བ་ལ་ཤར་བར་དུ་དར་ཅིག་མཉམ་པར་འཇོག་པའི་དོན་ཡིན་པར་རྟོགས། མཉམ་གཞག་དེ་ལ་མ་གནས་པར་རྟོག་པའི་སྤུན་ལངས་ན། གུ་རུ་ཞི་དྲག་གི་སྐུ་འཆར་གང་བདེ་འོད་ཟེར་ལྔ་འཕྲོ་བ་ཞིག་མདུན་གྱི་ནམ་མཁར་གསལ་བཏབ་པ་ལ་སེམས་བཟུང་སྟེ་ཡིད་ཀྱིས་གསོལ་བ་བཏབ་མཐར་རང་ལ་བསྟིམ་ནས་མཉམ་པར་འཇོག་པ་ཞག་གསུམ་སྒོམ་པར་གསུངས་པ་ལྟར་བྱ། ལྔ་པ་ཞི་གནས་ཀྱི་གཞི་བཅའ་བ་དང་། དེ་ལ་དུག་གསུམ་བྱེ་བྲག་གི་གེགས་སེལ་བ་ཡིན་པ་རྩ་བར། དེ་ནས་ལུས་སེམས་སྣང་སེམས་བརྟག་པར་བྱ། ཞེས་སོགས་བཤད་པ་འོག་ཏུ་སེམས་འཚོལ་གྱི་སྐབས་སུ་འཆད་ཅིང་། འདིར་ཁྲིད་གཞུང་གི་ས་བཅད་མི་སྟོངས་པའི་ཕྱིར་ལྔ་པའི་དོན་མདོ་ཙམ་བརྗོད་ན། ཁྲིད་གཞུང་ལས། སྣང་བ་རང་སྣང་གྲག་པ་རང་སྒྲ་ཡིན༔ འགྱུ་བ་རང་སྟོང་ཡིན་པས་ངང་ལ་ཞོག༔ དེ་ལྟར་བསྒོམས་པས་རྣམ་རྟོག་ཇེ་ཉུང་འགྲོ༔ གསལ་སྟོང་རིག་པའི་གདངས་ནི་ཇེ་རིང་འཕེལ༔ དྲན་ཐག་ཇི་ཉེ་རྟོག་པ་ཉལ་གྱིས་ཞི༔ ལུས་ཀྱི་སྣང་བ་དྲན་ཚོར་མེད་པ་ལ༔ སྲོག་རྩོལ་རླུང་གི་འབྱུང་འཇུག་མི་ཚོར་ཞིང་༔ ཤེས་པ་གཡོ་མེད་རྒྱ་མཚོ་རླབས་བྲལ་འདྲ༔ དེ་ནི་བསྒོམ་གྱི་གཞི་ཡིན་མེད་ཐབས་མེད༔ ཞི་གནས་ཞེས་བྱ་བསྒོམ་གྱི་ཞིང་ས་ཡིན༔ ཞེས་གསུངས་པས་ཕྱིི་རོལ་སྣང་གྲགས་ཀྱི་ཡུལ་ལ་འགྱུ་བྱེད་ཀྱི་དྲན་པ་རང་གི་ངོ་བོས་སྟོང་པའི་ངང་དུ་བཞག་པས། རྣམ་རྟོག་འཕྲོ་རྒོད་ཇེ་ཉུང་དུ་སོང་ཡང་དྲན་ཤེས་ཀྱི་གསལ་ཆ་མ་འགགས་པའི་ངོ་བོ་སྟོང་པ་རིག་གདངས་རང་ངོ་རང་ཤེས་ཀྱི་དྲན་པ་རྩོལ་མེད་དུ་ཉེ་བར་འཆར་བས་འཕྲོ་རྒོད་ཀྱི་འགྱུ་བ་ཉལ་གྱིས་ཞི་བ་ལུས་སྣང་དྲན་ཚོར་མེད་པ་རླུང་འབྱུང་རྔུབ་མི་ཚོར་བ་ཤེས་པ་རྒྱ་མཚོ་རླབས་བྲལ་ལྟར་མི་གཡོ་བར་གནས་པ་དེ་ཞི་གནས་ཡིན་པས་དེ་བསྒོམ་གྱི་གཞི་བཅའ་བ་ཞིང་ས་ལྟ་བུ་ཡིན་པའི་དོན། དེ་ལྟར་ཞི་གནས་ཀྱི་རོ་ལ་ཆགས་པའི་ཞེན་པ་སྤང་ཐབས་རྣམས་ཁྲིད་གཞུང་གི་ཚིགས་བཅད་གོང་འོག་འཁྲུགས་སྡེབས་ཀྱི་དོན་བསྡུས་ཏེ་བཤད་ན། སྔར་མ་ཕྱིན་པའི་དབེན་གནས་ཤིག་ཏུ་ཕྱིན་པས་རྟོག་པ་གསར་པ་ཞིག་ལྷང་གི་འཆར་བར་འགྱུར་བས་དེ་རིག་པས་བཀུག་སྟེ་ངོ་བོ་ལ་ཆེར་གྱིས་བལྟས་པས་རྣམ་རྟོག་དང་པོ་བྱུང་ས་དང་། ཐ་མར་འགྲོ་ས་མེད་པ་ད་ལྟའི་བར་གྱི་ཤེས་པ་འཚུབ་རིལ་རང་གིས་རང་བཅིངས་པའི་འཁྲུལ་པ་དེ་ལྟ་བུ་ལྷོད་ཀྱིས་གློད་དེ་འཇོག །དེ་བཞིན་དུ་དུར་ཁྲོད་དང་ཁང་སྟོང་། ངམ་འབྲོག་གཡང་ས་དགྲ་བགེགས་གཉེན་དང་ནོར་རྫས་སོགས་ཆགས་སྡང་སྐྱེ་བའི་ཡུལ་རྣམས་སུ་རིམ་པར་བགྲོད་པས་རྟོག་པ་གསར་པ་རེ་སྐྱེ་བས། ཁྲིད་གཞུང་ལས། དེ་ནས་རིམ་གྱི་དུར་ཁྲོད་ཁང་སྟོང་དང་༔ ངམ་འབྲོག་གཡང་ས་དགྲ་བགེགས་ཆགས་སྡང་ཡུལ༔ རིམ་པར་བགྲོད་པས་རྟོག་པ་གསར་བ་སྐྱེ༔ ཞེས་གསུངས་པས་དུག་གསུམ་བྱེ་བྲག་གི་གེགས་སེལ་ལས། ཞེ་སྡང་གི་གེགས་སེལ་ནི། དེ་ཡང་དགྲ་བགེགས་ལྟ་བུར་ཞེ་སྡང་དང་འཇིགས་སྐྲག་སྐྱེས་ན། ཁྲིད་གཞུང་ལས། ཞེ་སྡང་སྐྱེས་ན་དེ་ཡི་ངོ་བོ་བལྟ༔ དགྲ་བོ་གཉེན་དུ་འགྱུར་སྲིད་སྒྱུ་མ་ཡིན༔ ཞེས་དང་། དགྲ་འདྲེའི་རྐྱེན་གྱིས་འཇིགས་ཤིང་སྐྲག་པ་ན༔ གཅེས་པའི་འཛིན་པ་དམ་པོས་བྱུང་བ་སྟེ༔ ལུས་འདི་སྐྲག་ན་ཆུ་ལྦུར་ས་རྡོ་འདྲ༔ ཇི་ལྟར་བྱས་ཀྱང་འཆི་བས་རྒྱངས་ཀྱིས་སྐྱུར༔ ཞེས་དང་། དགྲ་དང་འདྲེ་ཡང་རྨི་ལམ་སྣང་བ་འདྲ༔ གཉིད་ཀྱི་དགྲ་འདྲེ་སད་དུས་གང་ན་འདུག༔ དེ་བཞིན་ད་ལྟའི་འཛིན་སྣང་འདིས་འཕུང་བས༔ འཛིན་སྣང་དོར་ན་སེམས་ལ་དགྲས་མི་འཇིགས༔ ལྷོད་གློད་རྒྱངས་བསྐྱུར་མ་བཅོས་ངང་ལ་ཞོག༔ ཅེས་གསུངས་པས་དགྲ་ལ་ཞེ་སྡང་དྲག་པོ་སྐྱེས་ན་དེ་ཡི་ངོ་བོར་བལྟས་དེ་མཉམ་པར་བཞག་པས་དགྲ་འཛིན་གྱི་སྣང་བ་རང་སར་ཞིག་པས་དགྲ་ཡང་མཉེན་དུ་འགྱུར་བས་སྒྱུ་མ་དང་འདྲ། དགྲ་དང་འདྲེར་འཛིན་གྱི་རྣམ་རྟོག་ཨ་འཐས་པས་འཇིགས་སྐྲག་གི་སྣང་བ་ཤར་ན་རང་ཉིད་གཅེས་འཛིན་གྱི་འཇུར་བུ་དམ་པོ་ལས་བྱུང་བས་འདི་ལྟར་བསམས་ཏེ་ལུས་འདི་སྐྲག་ན་ཆུ་བུར་ས་རྡོ་དང་འདྲ་བས་གཅེས་པར་གཟུང་ཡང་ནམ་ཞིག་ན་འཆི་ལ། དགྲ་འདྲེའི་སྣང་བ་ཤར་བ་ཡང་རྨི་ལམ་དང་འདྲ་བས་གཉིས་སད་པའི་ཚེ་གང་དུ་ཡང་མེད་པས། གཉིས་འཛིན་གྱི་སྣང་བ་དོར་ན་རང་སར་གྲོལ་བས་ལྷོད་ཀྱིས་གློད་ལ་མ་བཅོས་པར་བཞག །འདོད་ཆགས་ཀྱི་གེགས་སེལ་ནི། ཁྲིད་གཞུང་ལས། འདོད་ཆགས་སྐྱེས་ན་དེ་ཡི་ངོ་བོ་བལྟ༔ ཤ་ཁྲག་ལང་འཚོ་མི་རྟག་རྨི་ལམ་འདྲ༔ གང་ལའང་སྙིང་པོ་མེད་ཀྱི་ཆགས་ཞེན་བསྐྱུངས༔ འཛིན་མེད་དྲན་པ་མཉམ་གཞག་བརྟན་པར་མཛོད༔ ཅེས་གསུངས་པས་འདོད་ཆགས་སྐྱེས་ན་དེའི་ངོ་བོ་ལ་བལྟ་ཞིང་ཆགས་ཡུལ་གྱི་ཤ་ཁྲག་ལང་ཚོ་ཐམས་ཅད་མི་རྟག་ཅིང་རྒ་བར་འགྱུར་བ་དང་མི་སྡུག་པའི་རང་བཞིན་རྨི་ལམ་འདྲ་བས་ཆགས་ཞེན་གྱི་བློ་བསྐྱུར་ནས་འཛིན་མེད་དུ་འཇོག །གཏི་མུག་གི་གེགས་སེལ་ནི། ཁྲིད་གཞུང་ལས། ཤེས་པ་སྫི་འཁོར་གསལ་ཆ་མ་ཐོན་ན༔ དྲན་པས་རྒྱུར་གཟུང་བདག་ལ་གསོལ་བ་ཐོབ༔ མ་རིག་བག་ཆགས་འཐིབས་པོ་དྲན་པས་གཟུང་༔ ཤེས་པ་གཟེངས་བསྟོད་མཉམ་གཞག་དར་ཅིག་མཛོད༔ ཅེས་གསུངས་པས་བྱིང་ཞིང་འཐིབས་ཏེ་ཤེས་པ་སྫི་འཁོར་ནས་གཏི་མུག་གི་དབང་གིས་གསལ་ཆ་མ་ཐོན་ན། དྲན་འཛིན་གྱི་ངང་ནས་གུ་རུ་སྤྱི་བོར་བསྒོམས་ཤིང་མོས་གུས་ཀྱི་གསོལ་བ་བཏབ་སྟེ་ཤེས་པ་གཟེངས་བསྟོད་ཅིང་མཉམ་བཞག་བྱ། འདི་ནི་གུ་རུ་པདྨས་རིག་འཛིན་རྒོད་ལྡེམ་ཅན་ལ་དག་སྣང་དུ་ཞལ་གདམས་ངོ་སྤྲོད་གསུངས་པ་ལས། རྐྱེན་སྣང་ཐེ་ཚོམ་གྱིས་སེམས་ཀྱི་རྒྱུད་བཀྲུགས་ནས་ཅི་ཡང་བྱེད་མ་ཤེས་པར་ཤེས་པ་སྫི་འཁོར་ན་རིག་པ་རང་ལུགས་ཀྱི་ངང་ནས་བླ་མ་ལ་གསོལ་བ་ཐོབ། དེའི་རྗེས་བུ་ཤར་བའི་བློ་གྲོས་རྣམ་རྟོག་གིས་མ་བསླད་པ་དེ་སྒྲོ་འདོགས་ཆོད་པའི་སྙིང་གཏམ་ཡིན་ནོ། །ཞེས་གསུངས་པ་དང་དོན་གཅིག་པར་སྣང་། དེ་ལྟར་དུག་གསུམ་གྱིས་ཀུན་ནས་བསྐྱེད་པའི་བག་ཆགས་རྣམ་རྟོག་གི་རང་གཟུགས་ན་བ་དང་འཆི་བའི་རྣམ་རྟོག་གི་སྡུག་བསྔལ་ཤར་ན་དེ་དག་གི་བྱུང་གནས་འགྲོ་གསུམ་བརྟག་པ་དང་ལམ་དུ་འཁྱེར་ཚུལ་ནི། ཁྲིད་གཞུང་ལས། ན་དང་འཆི་བའི་སྡུག་བསྔལ་བྱུང་བའི་ཚེ༔ དེ་ཡི་བྱུང་ས་གནས་ས་ངོ་བོ་བལྟ༔ ན་བ་གཅེས་འཛིན་འཐས་པའི་བག་ཆགས་ཡིན༔ སྡུག་བསྔལ་ཤི་ཡི་དྭོགས་པའི་རྣམ་རྟོག་ཡིན༔ ཟུག་གཟེར་ཉོན་མོངས་ལས་ཀྱི་རྣམ་སྨིན་ཡིན༔ ལེགས་པར་བརྟགས་ན་ཡང་དག་ཆོས་སྐུ་སྟེ༔ ན་བའི་དུས་ན་གར་ཡང་སོང་བ་མེད༔ གཅེས་འཛིན་མི་བྱ་འཆི་བའི་འཇིགས་པ་དོར༔ ཟུག་གཟེར་རོ་ལ་མི་མྱང་མཉམ་པར་བཞག༔ དེ་ཕྱིར་སྐྱོན་རྣམས་ཅི་བྱུང་ཐམས་ཅད་ལ༔ བྱུང་ས་འགྲོ་ས་གནས་ས་ལེགས་པར་བརྟག༔ དོན་ལ་རྒྱུ་རྐྱེན་མེད་དོ་འཛིན་པ་ཆོད༔ མ་བཅོས་ངང་ལ་མཉམ་གཞག་བརྟན་པར་བྱ༔ དེ་ཡིས་ལམ་གྱི་གེགས་དང་བར་ཆོད་སེལ༔ ཞེས་གསུངས་པའི་དོན་ལུས་ལ་ནད་བྱུང་བའི་ཚེ་ནད་དེ་དང་པོ་གང་ནས་བྱུང་བར་དུ་གང་དུ་གནས་ཐ་མར་གང་དུ་འགྲོ་བརྟག་ཅིང་ནད་ཀྱི་ངོ་བོ་ལ་བལྟ། དེ་ཡང་གཅེས་འཛིན་འཐས་པའི་བག་ཆགས་ལས་ནད་དང་། དེའི་སྡུག་བསྔལ་ཤི་དྭོགས་ཀྱི་རྣམ་རྟོག་དང་ཟུག་གཟེར་སྔོན་ལས་ཀྱི་རྣམ་སྨིན་དུ་ཤེས་པས་ཟུག་གཟེར་གྱི་རོ་མི་མྱང་ཞིང་ལེགས་པར་བརྟགས་ན་རྣམ་རྟོག་གི་རང་གཟུགས་ཆོས་སྐུ་བདེ་བ་ཆེན་པོར་འཆར་ཞིང་དེ་བཞིན་དུ་རྐྱེན་བཟང་ངན་ཐམས་ཅད་ཀྱི་བྱུང་གནས་འགྲོ་གསུམ་བརྟག་ཅིང་མཁན་པོ་རྩད་ཆོད་པས་མ་བཅོས་པའི་ངང་ལ་མཉམ་པར་བཞག་པས་ལམ་གྱི་གེགས་དང་བར་ཆོད་ཐམས་ཅད་སེལ་བར་གསུངས་ཏེ། ཀ་དག་གི་ཆོས་སྡེ་གེགས་སེལ་ནོར་བུའི་བང་མཛོད་ལས། དེ་ལྟར་སྒོ་གསུམ་རང་ལུགས་སུ་བཞག་པས་རྣམ་རྟོག་ཕྲ་རགས་ཐམས་ཅད་ཞི་ནས་སེམས་རང་སར་ལྷག་གེ་གནས་པ་ཅིག་འབྱུང་༔ དེ་ཀ་ལ་ཞི་གནས་ཞེས་བྱའོ༔ ཞེས་གསུངས་པའི་ཕྱིར་རོ། །འདི་ཡན་ཆད་སེམས་འཛིན་གྱི་ཞི་གནས་སུ་བཞག་ཐབས་དེ་དག་གི་གེགས་སེལ་དང་བཅས་པའི་རིམ་པའོ། །གཉིས་པ་བལྟ་ཐོག་ནས་བསྒོམ་འཚོལ་བ་སེམས་འཚོལ་གྱི་སྒོ་ནས་བདར་ཤ་གཅད་པ་ནི། རྩ་བ་ལས། དེ་ནས་ལུས་སེམས་སྣང་སེམས་བརྟག་པར་བྱ། བྱུང་གནས་འགྲོ་གསུམ་བརྟགས་ལ་ཕུ་ཐག་བཅད། ཅེས་གསུངས་པ་ཁྲིད་གཞུང་དུ་ལུས་སེམས་དང་སྣང་སེམས་བརྟག་པ་མ་གསུངས་ཀྱང་། བླ་མའི་གསུང་རྒྱུན་ལུས་ལས་སེམས་བྱུང་ངམ་སེམས་ལས་ལུས་བྱུང་བརྟགས་པས་ཉམས་མྱོང་གང་བྱུང་བླ་མར་ཞུ། སྣང་སེམས་གཉིས་ཀྱང་དེ་དང་མཚུངས་པར་བརྟག །དེ་དག་གི་དོན་འོག་ཏུ་ངོ་སྤྲོད་ཀྱི་སྐབས་སུ་སྟོན། བྱུང་གནས་འགྲོ་གསུམ་རྟག་པ་ནི། ཁྲིད་གཞུང་ལས། དེ་ནས་རྣལ་འབྱོར་སེམས་ཀྱི་ངོ་བོ་བལྟ༔ དང་པོ་ཞག་གསུམ་སེམས་ཀྱི་བྱུང་ས་བསམ༔ བྱུང་ས་འདུག་ན་དེ་ཡི་རྩ་བ་བརྟག༔ བྱུང་ས་མེད་ན་རྒྱུ་མེད་ཅི་ལ་སྲིད༔ དེ་ནས་ཞག་གསུམ་སེམས་ཀྱི་ཁ་དོག་དང་༔ གཟུགས་དང་དབྱིབས་སུ་གྲུབ་བམ་མ་གྲུབ་བལྟ༔ གྲུབ་ན་ལེགས་པར་དེ་ཡི་རྩ་བ་བཅད༔ མ་གྲུབ་འདུག་ན་འཕྲོ་འདུ་ཅི་ལས་བྱུང་༔ དེ་ནས་ཞག་གསུམ་སེམས་ཀྱི་འགྲོ་ས་བརྟག༔ འགྲོ་ས་འདུག་ན་དེ་ཡི་རྩ་བ་བཅད༔ འགྲོ་ས་མེད་ན་བློ་གཏད་ཇི་ལྟར་བྱེད༔ ཁ་ཙམ་ཚིག་ཙམ་མ་ཡིན་ལེགས་པར་བརྟག༔ ཅེས་གསུངས་པའི་དོན་སེམས་ཞེས་བྱ་བ་འདི་དང་པོ་གང་ནས་བྱུང་། བར་དུ་གང་དུ་གནས། ཐ་མར་གང་དུ་འགྲོ། སེམས་དེའི་གཟུགས་ཆེ་ཆུང་། དབྱིབས་ཟླུམ་པོ། གྲུ་བཞི་སོགས་ཇི་ལྟར་འདུག །གཟུགས་སུ་གྲུབ་ན། ཁ་དོག་དཀར་དམར་སོགས་ཇི་འདྲར་སྣང་། །གཅིག་དང་དུ་མ་ཇི་ལྟ་བུ་ཞིག །གཅིག་ཏུ་འདུག་ན་དེ་ཡང་ཇི་ལྟ་བུ། མང་པོར་འདུག་ན་གྲངས་ཇི་ཙམ། ཕྱི་རོལ་ཚོགས་དྲུག་གི་ཡུལ་སྣང་གང་དུ་གནས། རང་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་གང་དུ་གནས། མང་པོར་འདུག་ན་སོ་སོར་དབྱིབས་ཁ་དོག་སོགས་སུ་གྲུབ་པ་གཞིར་བཅས་པས་ཇི་ལྟར་སྣང་། གཅིག་པོར་འདུག་ན་དེ་ཡང་གཟུགས་དབྱིབས་སོགས་ཅི་འདྲ་བ་ཞིག །ལུས་འདིར་སེམས་གནས་པའི་ཕྱིར་ལུས་ཀྱི་ནང་ནས་ཕྱིར་འཕྲོ་བའི་ཚེ། ཕྱི་རོལ་ཏུ་འཕྲོ་བའི་སེམས་དང་། ནང་དུ་གནས་པའི་སེམས་གཉིས་སུ་བྱུང་བས་གཉིས་སུ་སྣང་ངམ། གཅིག་ཏུ་འདུག་ན་ཕྱིར་འཕྲོ་བའི་ཚེ་ནང་ན་སེམས་མེད་པ་ཤི་བའི་རོ་དང་འདྲ་བ་ཞིག་འདུག་གམ་ཇི་ལྟར་ཡིན་སོགས་ཁྲིད་གཞུང་ལྟར་ན་ཞག་དགུའི་བར་དང་། དབང་རྟུལ་ལ་དེར་ཡང་མ་ཚད་པའི་ཞག་མང་པོའི་བར་རྟོག་ཏུ་འཇུག་ཅིང་བླ་མས་སོ་སོར་དྲི་བ་ལེན་འདི་སྐབས་འགའ་ཞིག་གིས་བརྟག་དཔྱད་མ་བཏང་བར་འོལ་ཚོད་ཀྱི་ལན་འདེབས་པ་དང་། འགའ་ཞིག་གིས་དཔེ་ལ་བལྟས་པའི་ལན་འདེབས་པ་སོགས་སྣ་ཚོགས་ཡོང་བས་རིག་ཐོག་ནས་བདར་ཤ་བཅད་པའི་དྲིས་ལན་ཚུལ་བཞིན་མ་བྱུང་གི་བར་དུ་སྤྲོད་ལ་རིངས་རྒྱུ་མེད་པས་ཡང་ཡང་བསྐྱར་ཞིང་དྲི་བ་རྡོ་རུས་ཐུག་པར་ལེན་པ་གནད་དུ་ཆེའོ། །དེ་ལྟར་སེམས་འཚོལ་གྱི་རིམ་པ་འདི་ཡན་ཆད་སྔོན་འགྲོའི་རིམ་པའོ། །དངོས་གཞི་ཐོག་མར་བྱུང་གནས་འགྲོ་གསུམ་སོགས་ངོ་སྤྲོད་པའི་རིམ་པ་ལ། རྩ་བ་ལས། དེ་ནས་སེམས་ཉིད་སྟོང་གསལ་འཛིན་མེད་དེ། ཡེ་ནས་སྐུ་གསུམ་ཡིན་པར་ངོ་སྤྲད་དེ། ངོ་བོ་སྟོང་པ་ཆོས་སྐུ་དེ་ཡི་མདངས། རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་སྐུ་དང་། ཐུགས་རྗེ་ཅིར་ཡང་མ་འགགས་སྤྲུལ་སྐུ་སྟེ། དོན་ལ་རང་རིག་མ་བཅོས་རྗེན་པ་འདི། གསལ་སྟོང་དབྱེར་མེད་སྣང་སྟོང་དབྱེར་མེད་དང་། རིག་སྟོང་དབྱེར་མེད་གསལ་ལེ་སིང་ངེ་བ། ཡེར་རེ་སྤྲོས་པའི་མཐའ་དང་བྲལ་བ་འདི། ཡེ་ནས་སྐུ་གསུམ་བླ་མ་རང་བཅས་ཡིན། ཞེས་གསུངས་པའི་དོན་ཁྲིད་གཞུང་ལས། ངེས་པར་གོ་ན་སེམས་ཀྱི་ངོ་བོ་འདི༔ དང་པོ་བྱུང་ས་མེད་དེ་ནམ་མཁའ་འདྲ༔ ས་གཞི་རང་ཡང་སྟོང་པའི་ངང་ལས་གྲུབ༔ ངོས་གཟུང་མེད་པ་ཅི་ཡང་སྐྱེ་བ་སྟེ༔ ས་གཞི་ལོ་ཏོག་སེམས་ཅན་སྐྱེ་འཆི་དང་༔ ནམ་མཁའི་སྤྲིན་དང་ཆར་དང་འབྲུག་བཞིན་ནོ༔ སེམས་ཀྱི་གཟུགས་དང་ཁ་དོག་དབྱིབས་རྣམས་ནི༔ ངོས་གཟུང་མེད་དེ་སྟོང་པའི་རང་གདངས་ཡིན༔ སྣ་ཚོགས་ཅིར་ཡང་འཆར་བས་འཁྲུལ་པའི་ལམ༔ ཐ་མ་སེམས་ཀྱི་འགྲོ་ས་ག་ལ་སྲིད༔ དཔེར་ན་གླིང་བཞིའི་འཇིག་རྟེན་འཇིག་པའི་ཚེ༔ སྟོང་པ་ཆེན་པོ་ནམ་མཁའི་ངང་དུ་ཐིམ༔ ནམ་མཁའ་སྟོང་པ་དག་ལ་འཇིག་རྒྱུ་མེད༔ དེ་བཞིན་ལུས་དང་འཛིན་པའི་ཡུལ་སྣང་ཞིག༔ སྟོང་པར་འགྲོ་སྟེ་སེམས་འདི་སྟོངས་པ་མེད༔ མདོར་ན་སེམས་ཀྱི་ངོ་བོ་གསལ་སྟོང་ཡིན༔ དེ་ལ་ཞེན་ཆགས་ཕྱོགས་འཛིན་བྱེད་པ་འཁྲུལ༔ རིག་པ་བཅོས་མེད་རང་ཤར་འཛིན་མེད་ལྟོས༔ ཞེས་གསུངས་པ་ལྟར་འཆད་པ་ནི། དང་པོ་སེམས་ཀྱི་བྱུང་ས་ནམ་མཁའ་དང་འདྲ་བའི་སྟོང་པ་ཡིན་པས། དཔེར་ན་སྣོད་ཀྱི་འཇིག་རྟེན་ས་གཞི་སོགས་ཀྱང་སྟོང་པའི་ངང་ལས་གྲུབ་པས་ངོས་གཟུང་མེད་པ་ལས་ཅི་ཡང་སྐྱེ་བ་སྟེ་ས་གཞི་ལོ་ཏོག་སེམས་ཅན་སྐྱེ་འཆི་ཐམས་ཅད་ནམ་མཁར་སྤྲིན་དང་དེ་ལས་ཆར་དང་འབྲུག་གྲག་པ་བཞིན་ནོ། །སེམས་ལ་གཟུགས་དང་ཁ་དོག་དབྱིབས་རྣམས་ངོས་གཟུང་མེད་ཀྱང་སྟོང་པའི་རང་མདངས་ཚོགས་དྲུག་གི་ཡུལ་སྣང་སོ་སོར་ཅིར་ཡང་འཆར་བས་འཁྲུལ་པ་ཡིན་ནོ། །བར་དུ་སེམས་ཀྱི་གནས་པ་གཅིག་ཏུ་མ་ངེས་ཀྱང་། རང་སྣང་ལ་ཤར་བའི་ཕྱི་སྣང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་རིག་པ་གར་གཏད་དུ་གནས་པར་བྱེད་པས་མཐའ་གཅིག་ཏུ་ངོས་གཟུང་མེད་དོ། །ཐ་མ་སེམས་ཀྱི་འགྲོ་ས་ཡང་རྩིས་གདབ་མེད་དེ་དཔེར་ན་སྣོད་ཀྱི་འཇིག་རྟེན་རྟག་བརྟན་ཐེར་ཟུག་ལྟ་བུར་སྣང་བ་འདི་ཡང་མཐར་མེད་བདུན་ཆུ་གཅིག་སོགས་ཀྱིས་འཇིག་པའི་ཚེ་སྟོང་པ་ཆེན་པོ་ནམ་མཁའི་ངང་དུ་ཐིམ་ཞིང་། ནམ་མཁའ་སྟོང་པ་དག་ལ་འཇིག་རྒྱུ་མེད་པ་བཞིན། རང་གི་ལུས་དང་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་ཞིག་ཅིང་སྟོངས་པར་གྱུར་ཀྱང་སེམས་འདི་སྟོང་པ་མེད་དོ། །སེམས་གཅིག་ལས་མེད་ཀྱང་རྩལ་སྣ་ཚོགས་སུ་འཆར་བས་གྲངས་སུ་རྩིས་གདབ་བྲལ་བ་ཡིན། དེ་ལྟར་ཡང་ཀ་དག་གི་ཁྲིད་གཞུང་ལས། རང་རིག་བྱང་ཆུབ་སེམས་འདི་ལ༔ སེམས་ཀྱིས་ཡང་དང་ཡང་དུ་ལྟོས༔ གཟུགས་དང་ཁ་དོག་གྲུབ་པ་མེད༔ ཕྱོགས་དང་རིས་སུ་གྲུབ་པ་མེད༔ མཐའ་དང་དབུས་སུ་གྲུབ་པ་མེད༔ བྱུང་ས་གནས་ས་འགྲོ་ས་མེད༔ །སྟོང་པ་ཅིར་ཡང་མ་གྲུབ་པ༔ གསལ་ལ་དངས་པ་འདི་མཐོང་ན༔ རང་ངོ་རང་གིས་ཤེས་པ་ཡིན༔ ཞེས་གསུངས། དེ་ལྟ་བུའི་སེམས་ཀྱི་ངོ་བོ་དེ་གསལ་སྟོང་སྣང་སྟོང་རིག་སྟོང་དབྱེར་མེད་གསལ་ལེ་སིང་ངེ་ཧྲིག་གེ་ཡེར་རེ་སྤྲོས་པའི་མཐའ་དང་བྲལ་བ་དེ། ངོ་བོ་སྟོང་པ་ཆོས་སྐུ། དེའི་རང་མདངས་རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཅིར་ཡང་མ་འགགས་པ་སྤྲུལ་སྐུ་སྟེ་སྐུ་གསུམ་རང་ཆས་སུ་གྲུབ་པ་དེ་ལ་ཞེན་ཆགས་དང་ཕྱོགས་གཅིག་ཏུ་འཛིན་པ་འཁྲུལ་པ་ཡིན་པས་རིག་པ་བཅོས་མེད་རང་ཤར་རང་གྲོལ་འཛིན་མེད་ཀྱི་ངོ་བོར་ལྟོས་ཤིག་ཅེས་ངོ་སྤྲོད་པ་དང་དེ་བཞིན་དུ་ལུས་སེམས་ཀྱང་དང་པོར་སེམས་དང་དེ་ལས་ལུས་གྲུབ་ཅིང་སྣང་བ་ཡང་སེམས་ཀྱི་རྩལ་སྣང་ཆུ་དང་ཆུ་ལྦུར་ལྟ་བུ་ཡིན་པར་གསུངས་པས་མདོར་ན་སློབ་མའི་དྲི་བ་དང་རྒྱུད་ཚོད་བསྟུན་ནས་ངོ་སྤྲད་དོ། །འདི་ལ་སྤྲོས་ན་བཤད་གཞི་ཡངས་པས་མཐའ་གཅོད་དང་རྒྱས་བཤད་མང་དུ་འབྱུང་ཡང་འདི་ཙམ་གྱིས་དོན་གོ་བར་སེམས་སོ། །སྐབས་འདིར་གོང་གི་འཕྲོས་སུ་རྩ་བ་ལས། དེ་ལས་ལོགས་སུ་ཞི་དང་ཁྲོ་བོ་སོགས། སངས་རྒྱས་ཡར་ལ་འཚོལ་བའི་རེ་བ་དང་། མར་ལ་ངན་སོང་འཁོར་བར་ལྷུང་དོགས་པའི། རེ་དྭོགས་དང་བྲལ་བར་དོ་རྣམས་གསུམ་གཅོད། འཁོར་འདས་ཤན་ཕྱེད་བེམ་རིག་མགོ་ལྟག་ཕྱེད། གཟུང་འཛིན་རང་གྲོལ་འོད་གསལ་མ་བུ་འཕྲད། རང་རིག་ངོ་བོ་མ་བཅོས་ཐོད་འཕྲེང་རྩལ། ཞེས་པའི་དགོངས་དོན་ལ་ཐར་ཐུག་ཁྲིད་ཡིག་གི། ཟིན་བྲིས་ཡང་ཏིག་གཅེས་སྒྲོན་གསལ་བྱེད་འདི། རིག་འཛིན་བརྒྱུད་པའི་གསུང་རྒྱུན་མ་ཉམས་པར། བཀའ་གཏེར་སྙན་བརྒྱུད་འཛིན་པའི་ལྡུམ་བུ་བ། འཕྲིན་ལས་རབ་རྒྱས་གང་དེས་བྲིས་པ་ལ། ནོངས་པ་མཆིས་ན་ཆོས་སྲུང་ཀུན་ལ་བཤགས། དགེ་འདིས་ཀུན་བཟང་གདོད་མའི་ས་ཐོབ་ཤོག །ཅེས་དོན་བསྡུས་ཏེ་བཤད་ཅིང་། ཁྲིད་གཞུང་ལས་ངོ་སྤྲོད་དངོས་གཞི་ལ་དོན་གསུམ་གྱི། དང་པོ་ནམ་མཁའ་ལ་ཕྱག་མཛུབ་གཏད་དེ་ངོ་སྤྲད་པ་དང་། གཉིས་པ་མན་ཤེལ་ལ་ལྟ་སྟངས་གཏད་དེ་ངོ་སྤྲད་པ་གསུམ་པ་སློབ་བུའི་སྙིང་གར་ཕྱག་མཛུབ་གཏད་ནས་ངོ་སྤྲད་པ་སྟེ་གསུམ་དུ་གསུངས་པའི་དང་པོ་འདིར་གཏེར་ཤོག་ལ། གུ་རུའི་སྐུ་ཆོས་གོས་དང་མཉེན་ཞུ་གསོལ་བ་རྡོ་རྗེའི་སྐྱིལ་ཀྲུང་ཅན་ཕྱག་གཡས་རྡོ་རྗེ་ཐུགས་ཀར་སྡིགས་མཛུབ་ཀྱིས་འཛིན་ཅིང་གཡོན་ཕྱག་མཛུབ་དང་ལྟ་སྟངས་ནམ་མཁའ་ལ་གཏད་པ་ཞིག་བྲིས་པ་ལྟར་དཔེ་རྒྱུན་དུ་ཡང་ཡོད་ཅིང་། ཁྲིད་གཞུང་དེ་ཉིད་ལས། ཕྱི་རབས་ང་ཡི་རྗེས་ནས་འཇུག་པ་རྣམས༔ ངོ་སྤྲོད་ཀྱི་སྐབས་སུ་བླ་མས་ཕྱག་རྒྱ་འདི་ལྟ་བུར་སྟོན་ཅིག༔ སློབ་བུས་བླ་མ་པདྨ་འབྱུང་གནས་ང་ཉིད་དངོས་སུ་མོས་པས་ཆོས་ཉིད་ཀྱི་དོན་རྩེ་གཅིག་ཏུ་རྟོགས་ཤིག༔ ངའི་ཐུགས་ཀྱི་བཅུད་རྩོལ་མེད་དུ་ལོངས་པར་འགྱུར་རོ། །ཞེས་གསུངས་པས་སྤྲོ་ན་དེ་ལྟར་བྱ་ཞིང་གཞན་དུ་དམིགས་པ་ཙམ་གྱིས་འཐུས་པར་སེམས་སོ། །ངོ་སྤྲོད་དང་པོ་ནི། བླ་མས་གཡོན་པའི་སྡིགས་མཛུབ་ནམ་མཁར་གཏད་ལ། ཁྲིད་གཞུང་ལས། རིགས་ཀྱི་བུ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཇི་ལྟར་སྣང་ཡང་དོན་ལ་ཡོད་མ་མྱོང་བ་ཅིག་ཡིན༔ ཞེས་སོགས་ཁྲིད་གཞུང་ལྟར་ངོ་སྤྲོད་བྱ་དགོས་པའི་རྒྱས་བཤད་ནི་ཁྲིད་གཞུང་རིམ་པར་ཀློག་ཅིང་དོན་ལེགས་པར་འགྲོལ་དགོས་པས་འདིར་ཚིག་དོན་མདོར་བསྡུས་ཏེ་བཤད་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཇི་ལྟར་སྣང་ཡང་དོན་ལ་ཡོད་མ་མྱོང་བ། དེ་ཡང་བརྗོད་བྲལ་ཡིན་པས་ཁ་ནང་དུ་བལྟས་ཏེ་རང་གི་སེམས་ལ་བལྟས་པས་དང་པོར་བྱུང་ས་དང་རྒྱུ་མེད་པ། བར་དུ་འདིར་གནས་དངོས་པོ་དང་མཚན་མར་མ་གྲུབ་པ། ཐ་མ་འགྲོ་ས་དང་འགྲོ་རྒྱུ་འགག་པ་མེད་པ་ཞིག་ཡིན། དེ་བས་ན་འཇིག་རྟེན་གྱི་སྡུག་བསྔལ་ལམ་དུ་སློང་བ་དང་སྐྱེ་རྒ་ན་འཆི་བཞིར་མི་འཇིགས་པའི་གདེངས་དགོས་པས་དེ་ལ་བར་དོ་རྣམ་པ་གསུམ་ཆོད་དགོས་ཏེ། དེ་ལྟ་བུའི་བར་དོ་ལ་ཡང་རྣམ་པ་བཞི་དང་དྲུག་ཏུ་དབྱེ་བ་ཡོད་ཀྱང་། འདིར་གསུམ་དུ་བསྡུས་ཏེ་སྲིད་པ་བར་དོ་དང་། རྨི་ལམ་གྱི་བར་དོ་དང་། སྐྱེ་འཆིའི་བར་དོ་དང་གསུམ་དུ་བྱས་པའི་དང་པོ་སྲིད་པའི་བར་དོ་ནི། ཐོག་མར་འཁྲུལ་ནས་མཐར་འཁྲུལ་པ་མ་དག་གི་བར་དུ་འཁོར་བར་སྐྱེ་འཆི་དང་སྡུག་བསྔལ་རྒྱུན་མི་ཆད་པར་སྤྱོད་ཅིང་མྱོང་བས་ན་སྲིད་པ་བར་དོ་ཞེས་བྱ་ལ། སྲིད་པའི་བར་དོ་དེར། སེམས་ཉིད་ཕྱིན་ཅི་མ་ལོག་པའི་དོན་མ་རྟོགས་ན་འདུས་བྱས་ཀྱི་དགེ་རྩ་ཇི་ཙམ་བྱས་ཀྱང་དགེ་འབྲས་དེས་སྐྱེ་བ་འགའ་ཞིག་ངན་སོང་དུ་མི་འགྲོ་ཡང་། མཐར་དགེ་བའི་སྟེགས་དེ་ནམ་ཟད་པ་ན་སླར་ཡང་ངན་སོང་དུ་ལྷུངས་ཏེ་སྡུག་བསྔལ་ལས་མི་ཐར་བས། འདུས་བྱས་ཀྱི་དགེ་བས་ཕྱེས་པ་ལ་རྟ་རྔ་ཉག་མ་གཅིག་ཙམ་གྱིས་ཉེར་མི་འགྲོ་ཞིང་འཁོར་བ་ལས་མི་འཕགས་པ་ཡིན་གསུང་། དེའི་རྒྱུ་མཚན་ནི་གཉིས་པ་རྨི་ལམ་བར་དོའི་དཔེས་བསྟན་ཏེ། གཉིད་དུ་སོང་དུས་ཀྱི་རྨི་ལམ་དུ་བདེ་སྡུག་ཅི་རྨིས་ཀྱང་ལུས་ངག་གཉིས་ལ་མ་རྨིས་ཏེ་སེམས་ཁོ་ན་ལ་རྨིས་པ་བཞིན་དུ་འཆི་བའི་དུས་སུ་ལུས་བོར་ངག་འགགས། བཟང་ངན་ཐམས་ཅད་སེམས་ལ་སྨིན་པར་འགྱུར་བས་ད་ལྟ་རང་སེམས་མ་བཅོས་པར་བཞག་པས་བདེ་སྡུག་གི་རྣམ་རྟོག་ཇི་ལྟར་ཤར་ཡང་རང་བྱུང་ཆོས་སྐུར་ངོ་ཤེས་པར་འགྱུར་རོ། །གསུམ་པ་སྐྱེ་འཆིའི་བར་དོ་ནི། སྐྱེས་ནས་མ་ཤིའི་བར་དེར། སྐྱེ་བ་འདིར་གཏན་གྱི་སོ་རྣམ་བྱ་དགོས་པས་སྙིང་རུས་བསྐྱེད་དགོས་ཤིང་། ཚེ་འདིར་བླ་མ་དམ་པ་དང་གདམ་ངག་ཟབ་མོ་འཕྲད་ཅིང་སྙིས་སུ་བླངས་ན་བར་དོ་ཆོད་ཅིང་། དེས་རྣལ་འབྱོར་པའི་ལུས་རྒྱ་ཡང་ཆོད་པར་འགྱུར་རོ། །དེ་ལྟར་བར་དོ་རྣམ་གསུམ་གཅོད་པ་ལ་མན་ངག་ཚིག་གསུམ་སྟེ། དང་པོ་འཁོར་འདས་གཅིག་ཏུ་བསྲེ་བ། གཉིས་པ་བེམ་རིག་མགོ་ལྟག་དབྱེ་བ། གསུམ་པ་སངས་རྒྱས་དང་སེམས་ཅན་གྱི་འབྲེལ་ཐག་བཅད་པ་སྡེ་གསུམ་ལས། དང་པོ་འཁོར་འདས་གཅིག་ཏུ་བསྲེ་བ་ནི། རང་སེམས་རྐྱེན་གྱིས་མ་བསླད་པར་རང་སར་བཞག་པས། གནས་ལུགས་གཞི་ནས་སྟོང་པ། ཀ་ནས་དག་པ། རང་བཞིན་གྱིས་གསལ་བ་འདི་ངོ་ཤེས་པར་བྱ། དེ་ཡང་ཐོག་མ་ནས་བཅོས་པ་མ་ཡིན། རང་བཞིན་དུ་གནས་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཐུགས་གཉིས་མེད་ཀྱི་ཡེ་ཤེས། སེམས་ཅན་གྱི་རིག་པ་བྱང་ཆུབ་ཀྱི་སེམས། རང་གི་རིག་པ་མ་བཅོས་པ་སོགས་ཐ་དད་མ་ཡིན་པ་གཅིག་ཏུ་གྲུབ་པ་དབྱེར་མེད་ཐ་མི་དད་དུ་རྟོགས་པས། རང་རིག་རང་དག་རང་གསལ་རྣམ་རྟོག་གིས་མ་བསླད་པ་དེ་ལ་མ་ཡེངས་པར་ཡུན་རིང་དུ་གོམས་སུ་བཅུག་པས་ངོ་བོ་བཅོས་མེད་ཀྱི་ངང་དུ་གནས་ཤིང་གསལ་བའི་དུས་འཁོར་འདས་གཉིས་གཅིག་ཏུ་འདྲེས་པ་ཡིན་ཅིང་། དེ་ལྟར་རྟོགས་པ་གདེངས་དང་ལྡན་པས་ཡར་སངས་རྒྱས་ལ་རེ་བ་མེད། ཆོས་དང་སེམས་སུ་འདྲེས་པས་བཅོས་མེད་ཀྱི་རིག་པ་རང་ལུགས་གཉུག་མའི་ངང་ལ་གནས་པས་མར་ངན་སོང་དུ་ལྷུང་བའི་དྭོགས་པ་མེད་པས་འཁོར་འདས་གཅིག་ཏུ་བསྲེ་བའོ། གཉིས་པ་བེམ་རིག་མགོ་ལྟག་དབྱེ་བ་ནི། སེམས་ཀྱི་རྟེན་ལུས་ཡིན་ཀྱང་། རིག་པ་གནས་ལུགས་སྟོང་གསལ་དུ་གནས་པའི་ཕྱིའི་སྣང་ཡུལ་དགྲ་གཉེན་ལོངས་སྤྱོད་གང་སྣང་ཡང་འཛིན་པ་མེད་པས་སྣང་བ་རང་སར་སྟོངས། བར་དུ་རང་གི་ལུས་ཀྱང་འཛིན་མེད་ཀྱི་ལུས་ཡོད་དུ་མི་ཚོར། ནང་སེམས་ཀྱང་འཛིན་མེད་རྣམ་རྟོག་རང་སར་ཞི། གང་ལ་ཡང་འཛིན་ཞེན་མེད་པ་དེའི་དུས་ཆོས་ཉིད་ཀྱི་རིག་པ་ལ་རྒྱུན་ཆད་མེད་པས་ལུས་མིར་འདུག་ཀྱང་སེམས་སངས་རྒྱས་དང་དགོངས་པ་མཉམས། བེམ་པོ་ལ་གཅེས་འཛིན་མེད་པར་རིག་པ་རང་གསལ་དུ་གནས་པས་བེམ་རིག་མགོ་སྟག་ཕྱེད་པའོ། །གསུམ་པ་སངས་རྒྱས་དང་སེམས་ཅན་འབྲེལ་ཐག་བཅད་པ་ནི། སེམས་སྟོང་པ་མ་བཅོས་པ་དེ་ལ་སངས་རྒྱས་དང་སེམས་ཅན་དུ་མ་གྲུབ། དེ་ལྟར་ཉམས་སུ་བླངས་པས་ཐག་ཆོད་ཡིད་ཆེས་ཀྱི་གདེངས་རྙེད་ཅིང་དོན་རྟོགས་པས་འཁོར་བའི་སྡུག་བསྔལ་དང་སྐྱེ་འཆི་ལ་ཉམ་ང་མེད། འཆི་དུས་ལུས་འཕོ་ངག་འགགས་ཀྱང་རིག་པ་རང་སར་གནས། རིག་སྟོང་འདྲེས་པ་དེ་ལ་ཕྱི་རོལ་གྱི་རྐྱེན་གྱི་མི་གནོད། འཁོར་བའི་གདོས་ཐག་ཆོད་པས་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་མ་རྙེད། རྣམ་རྟོག་གི་རོལ་བརྒྱ་རིག་པ་སྐད་ཅིག་མའི་འོག་ཏུ་ཚུད། ཆོས་ཉིད་སྟོང་གསལ་དངས་པ་ལ་ཉོན་མོངས་པའི་དུག་རོ་ལྡང་མི་སྲིད། ལས་ཀྱི་རྣམ་སྨིན་ཟད་པས་སྡིག་པ་ཕྱགས་མས་བཏབ། ལུས་ལ་བླང་ས་མེད་པས་ངན་སོང་གི་སྒོ་བཅད། སྣང་སྲིད་སེམས་སུ་ཤེས་པས་དམྱལ་བ་གཏན་ནས་སྤྲུགས། མན་ངག་འདི་ལྟར་ཉམས་སུ་ལེན་པའི་གང་ཟག་ལ་འཆི་བས་མི་འཇིགས། ཚེ་གཅིག་གིས་གཏན་འདུན་གྲུབ་འཁོར་འདས་གཉིས་མེད་ཀྱི་མན་ངག་ཚིག་གསུམ་གྱིས་སྐྱེ་འཆི་ལ་ཟློ་བའི་མན་ངག་གསང་སྔགས་ཀྱི་བསེབ་ལམ་ཟབ་མོ་ཡིན་པས་ཉམས་སུ་ལོང་ཞིག་གསུངས་སོ། །གཉིས་པ་མན་ཤེལ་ལ་ལྟ་སྟངས་བསྟད་དེ་ངོ་སྤྲད་པ་ནི་མན་ཤེལ་བསྟན་ལ། རང་རིག་བྱང་ཆུབ་ཀྱི་སེམས་འདི་ལ་སེམས་ཀྱི་བལྟས་པའི་ཚེ་གཟུགས་དང་ཁ་དོག་ཕྱོགས་རིས་མཐའ་དབུས་སུ་མ་གྲུབ་པས་བྱུང་གནས་འགྲོ་གསུམ་ཐམས་ཅད་སྟོང་པ་ཅིར་ཡང་མ་གྲུབ། ཕྱོགས་ཞེན་དང་བྲལ་བར་འདུག་པ་སྟོང་པ་དེ་ཡང་ངོ་བོ་ཉིད་མེད་པ་མ་ཡིན་ཏེ་གསལ་ལ་དངས་པ་མན་ཤེལ་ལྟ་བུ་འདི་མཐོང་ངམ། མ་མཐོང་ན་འཇིག་རྟེན་གྱི་ཟས་ནོར་དགྲ་གཉེན་གྱི་འཛིན་པ་ཐམས་ཅད་གོས་ཧྲུལ་བོར་བཞིན་བསྐྱུར་ལུས་ལ་གཅེས་པར་གཟུང་ཡང་ཤིང་སྡོང་གོག་པོའི་བྱ་ཚང་དང་འདྲ་བས་གཅེས་འཛིན་བསྐྱུར། ཚོང་པ་བདེ་བའི་ལམ་འཚོལ་བ་ལྟར་ལུས་ངག་ཡིད་གསུམ་མཉམ་པར་ཞོག་ལ་ཆོས་ཉིད་ཀྱི་ལམ་ཚོལ། སྒེག་མོ་མེ་ལོང་ལ་བལྟ་བ་ལྟར་སེམས་ལ་ཡང་ཡང་ལྟོས། རྐུན་མ་གྲོང་ནས་འབྱུང་བས་ནང་དུ་རྩད་ཆོད། དགྲ་ངོ་ཤེས་དུས་སྒྲོལ་ལ་ཕྱིན་ཆད་སྒོ་བསྡོམས་ཤེས་པ་གློད་ལ་ཉོལ། སེམས་མ་བཅོས་པའི་ངང་ལ་བལྟ་བ་ནི་རང་ངོ་རང་གིས་ཤེས་པ་ཡིན། ཆོས་ཉིད་ཀྱི་དོན་གོ་ཞིང་མཐོང་བ་ཡིན། གནས་ལུགས་གཏན་ལ་ཕེབས། ཤེས་བྱའི་སྒྲོ་འདོགས་ཆོད་པ་ཡིན། རང་སེམས་དངོས་པོར་མ་གྲུབ་པ་རང་བྱུང་རང་གནས་རྟག་ཆད་ཀྱི་མཐའ་ལས་འདས་པས་སངས་རྒྱས་གཞན་ནས་བཙལ་མི་དགོས་ཏེ་གཟུང་འཛིན་གྱི་རྟོག་པ་སངས་ནས་མ་བཅོས་པའི་ཡེ་ཤེས་རྒྱས། ངན་འགྲོར་འགྲོ་བའི་རྒྱུ་ངན་པ་དོར་རྒྱུ་མེད་པས་རིག་པ་རང་སར་དག །ཆོས་ལ་བྱེད་མཁན་དང་བྱ་རྒྱུ་མེད་པས་ཆོས་ཉིད་རང་གསལ་དུ་གསལ། ལྟ་བ་རང་ལ་ཡོད་པས་གཞན་ནས་བཙལ་དུ་མེད་པ་དེའི་དོན་རྟོགས་ནས་ཉམས་སུ་ལེན་པའི་ཚེ། རང་ལུས་རི་བོ་དགོན་པའི་གནས། ཕྱིའི་སྣང་བ་གང་ཤར་ཐམས་ཅད་སྣང་སྟོང་རང་བྱུང་རང་ཞི་སྤྲོས་པའི་མཐའ་དང་བྲལ་བར་བཞག །དེ་ལྟར་ཤེས་པས་སྣང་བ་གྲོགས་སུ་ཤར། གཟུང་འཛིན་རང་སར་དག་ཅི་བྱུང་ལམ་དུ་འཁྱེར་བས་ཉམས་ལེན་བདེ། འགྱུ་དྲན་རང་སར་དག་ཅིང་ལམ་དུ་ལྷོངས། དེའི་ཚེ་བསྒོམ་བྱ་བསྒོམ་བྱེད་ཐམས་ཅད་གྲོགས་སུ་ཤར་བས་ཉམས་ལ་གསལ་འགྲིབ་མེད། ཆོས་ཉིད་དང་ཡེ་ཤེས་རྒྱུན་ཆད་མེད་སྤྱོད་པ་ལ་ཡངས་དོག་མེད། སྡུག་བསྔལ་དང་གཟུང་འཛིན་མེད། རྒྱུན་ཆད་དང་ཕྱོགས་རིས་མེད། མི་འགྱུར་བའི་བརྟན་པ་ཐོབ་པས་དེ་ལྟར་ཉམས་སུ་ལོང་། མན་ངག་ཟབ་མོ་འདི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བརྟོལ་བ་ཡིན་པས། མཐོང་བལྟས་རེག་ཆོག་ཡིན་པའི་ཕྱིར་ན་སོ་རྒན་གཞོན་དབང་པོ་རྣོ་རྟུལ་ཤེས་རབ་ཆེ་ཆུང་སྐྱེ་བ་མཐོ་དམན་མེད་པས་ཅིའི་ཕྱིར་ན་ཐམས་ཅད་སེམས་ལས་བྱུང་བའི་ཕྱིར། སེམས་མེད་པའི་སེམས་ཅན་མི་སྲིད་པས་བྱ་བ་ཐམས་ཅད་བྱིས་པའི་རྩེད་མོའམ་སྲིན་བུའི་ཁ་ཆུས་རང་བཅིངས་པ་དང་འདྲ་བ་རང་སྡུག་རང་གིས་ཉོས་པ་ཡིན་པས། ཐམས་ཅད་རྒྱངས་བསྐྱུར་འཛིན་ཞེན་མེད་པར་བཞག་པས་རིག་པ་གསལ་སྟོང་དུ་ཡེར་རེ་འབྱུང་བས་དེ་ལ་གོམས་པས་བེམ་རིག་བྲལ་དུས་ཡེ་ཤེས་ཆོས་ཀྱི་སྐུ་དང་འདུ་འབྲལ་མེད་པས་ཤིན་ཏུ་ཟབ། དེ་ལ་བརྟན་པ་ཐོབ་ཀྱི་བར་དུ་དགོས་པའི་མན་ངག་བརྒྱད་ཡོད་པས། འཆི་བ་བསམས་ཤིང་མི་རྟག་པ་དྲན་པར་བྱ་ཞིང་ཚེ་ལ་སྡོད་ལོང་མེད་པས་བརྩོན་འགྲུས་བསྐྱེད། བརྩོན་འགྲུས་གྲོགས་ལས་འབྱུང་བས་གྲུབ་ཐོབ་གོང་མའི་རྣམ་ཐར་སོམས། ལོང་གཏམ་འཆལ་གཏམ་སྤོངས་ལ་གཅིག་པུར་སྡོད། ཉེ་འབྲེལ་དང་བུ་ཚས་འཆིང་བས་འབྲེལ་ཐག་ཆོད། ཟས་ནོར་སྡུག་བསྔལ་ཡིན་པས་གང་བྱུང་ཟས་སུ་ཟོ། ལས་ངན་གྲོགས་ཀྱིས་སློབ་པས་སྡིག་སྤྱོད་ཀྱི་གྲོགས་མ་སྟེན། ཚིག་འདི་དཔེ་ཙམ་ཡིན་པས་དོན་ལ་ཆེར་གྱིས་བསྒོམས། མ་ཡེངས་ལམ་སྣ་ཡིན་པས་དྲན་པའི་རྩིས་གཟུང་། ཞེས་གསུངས་པ་ལྟར་ངོ་སྤྲད་དོ། །གསུམ་པ་སློབ་བུའི་སྙིང་གར་སྡིགས་མཛུབ་བསྟད་ནས་ངོ་སྤྲད་པ་ནི། ཁྲིད་གཞུང་ལས། རིགས་ཀྱི་བུ་ལུས་ཙོག་པུར་ཞོག་ལ་དྲང་པོར་སྲོངས། སེམས་ཁོང་གློད་ལ་དར་ཅིག་ཞོག༔ ཅེས་གསུངས་པ་ལྟར་བརྗོད་ལ་ཚིག་དོན་ངོ་སྤྲད་པ་ནི། སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་ལ་ཁྱད་པར་ཅི་ཡོད་སྙམ་ན། རང་སེམས་སྐད་ཅིག་ལ་འདིའི་དོན་རྟོགས་དང་མ་རྟོགས་ཀྱི་ཁྱད་ཡིན་པས་མ་རྟོགས་པས་མ་རིག་འཁྲུལ་པ་བྱུང་བས་དུག་ལྔ་སྣ་ཚོགས་སུ་ཤར་ནས་འཁོར་བ་འཁྱམས་པ་ཡིན། སངས་རྒྱས་ཀྱི་རྒྱུ་རང་ལ་ཡོད་པ་དེ་ངོ་མ་ཤེས། དེ་ལྟར་སངས་རྒྱས་ཀྱི་རྒྱུ་སེམས་ཅན་ཐམས་ཅད་ལ་ཡོད་ཅིང་སྒོས་དལ་འབྱོར་གྱི་མི་ལ་ཆེ་ཆུང་མཐོ་དམན་མེད་པར་ཡོད། དེ་རྟོགས་བྱེད་ཀྱི་ཐབས་སུ་སངས་རྒྱས་རྣམས་ཀྱིས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་བསྡུ་ན་ཚིག་གསུམ་དུ་འདུས། དེ་ཡང་ཇི་ལྟར་ན། ཕྱི་གཟུང་ཡུལ་དག་པས་སྣང་བ་རང་སར་གྲོལ༔ ནང་འཛིན་སེམས་དག་པས་རིག་པ་རང་སར་གྲོལ༔ བར་དུ་འོད་གསལ་མ་བུ་འཕྲོད་པས་རང་ངོ་རང་གིས་ཤེས་པའོ༔ དེའི་དོན་ཅུང་ཞིག་བཀྲོལ་ན། ཕྱི་གཟུང་ཡུལ་དག་པ་ནི། རང་སེམས་རྣམ་རྟོག་གིས་མ་བསླད་པ་རང་གསལ་དུ་བཞག་པས་ཕྱི་རོལ་བདེ་སྡུག་གི་ཡུལ་སྣང་ལ་འཛིན་པ་མ་ཞུགས་པས་སྣང་བ་ཇི་ལྟར་ཤར་ཡང་བདེན་པ་དང་དངོས་པོར་མ་གྲུབ་ཅིང་། བདག་འཛིན་གྱི་བློ་དག་པས་ཕྱི་གཟུང་ཡུལ་དག་པ་བྱ་བ་ཡིན། གཟུང་ཡུལ་དག་པ་ཞེས་མེད་པར་འགྲོ་བ་མ་ཡིན་ཏེ་ཞེན་འཛིན་མེད་པས་མེ་ལོང་གི་གཟུགས་བརྙན་བདེན་པར་མ་གྲུབ་པ་ལྟར་སྣང་ཡུལ་འདི་རྨི་ལམ་སྒྱུ་མ་བྱིས་པའི་རྩེད་མོའམ། བར་སྣང་གི་འཇའ་ཚོན་ལྟ་བུའོ། །ནང་འཛིན་སེམས་དག་པ་ནི། སེམས་ལ་རྣམ་རྟོག་དུག་ལྔ་གང་སྐྱེས་ཀྱང་། གང་ཤར་བློས་མ་གཟུང་བར་རྒྱང་བསྐྱུར་ཆམ་བཞག །དུག་གི་མེ་ཏོག་བཀྲག་ཆེ་ཡང་ནོར་དུ་མི་འཛིན་པ་ལྟར། རྣམ་རྟོག་གི་རྗེས་སུ་མི་འབྲེང་བར་ངོ་བོ་ལ་བལྟ་ཞིང་ལྷོད་ཀྱིས་གློད་པས་རང་གྲོལ་དུ་འགྲོ། འགྱུ་བྱེད་ཀྱི་རྐྱེན་གྱིས་མི་གོས། འཛིན་སེམས་དག་པ་ཞེས་བེམ་པོ་ས་རྡོ་ལྟར་འགྲོ་བ་མ་ཡིན་ཏེ། རིག་པ་ལ་རྟོག་པའི་དྲི་མ་མི་འཇོག་པ་སྟེ། རིན་པོ་ཆེ་གསེར་གླིང་དུ་ས་རྡོ་གཞན་མེད་པ་ལྟར་དྲན་རིག་རང་གྲོལ་དུ་ཤེས་པས་རྣམ་རྟོག་གི་མིང་ཡང་མེད་པའོ། །བར་དུ་འོད་གསལ་མ་བུ་འཕྲོད་པ་ནི། དེ་ལྟར་ཉམས་སུ་བླངས་པས། རང་གི་ཤེས་རིག་དྲི་མེད་གསལ་ལེ་སིང་ངེ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་བདེ་གསལ་མི་རྟོག་པ་ཞེན་འཛིན་གྱི་མ་བསླད་པའི་ཉམས་ཤིག་འཆར་བ་དེ་སངས་རྒྱས་ཀྱིི་དགོངས་པ་ཡིན་པས་རང་ངོ་རང་ཤེས་དེ་དྲན་པས་རྒྱུན་ཆགས་སུ་གཟུང་བས། གཟུང་འཛིན་གྱི་རྣམ་རྟོག་རང་སར་གྲོལ། གཞི་མ་བཅོས་པའི་ཆོས་ཉིད་རྟོགས་པའི་གདེངས་ཐེ་ཚོམ་སྐྱོན་བྲལ་དུ་འཆར་བ་དེ་འོད་གསལ་མ་བུ་འཕྲད་པ་ཡིན་པས། རང་གི་མ་དང་ཕྲད་ན་མར་བསྒོམ་མི་དགོས་པ་བཞིན་དུ་རང་རིག་རང་བྱུང་ཆོས་ཉིད་ཡིན་པར་ངོ་ཤེས་པས་འཁོར་བ་ཐམས་ཅད་ཆོས་ཉིད་ཡིན་སྙམ་པ་དང་། ཡང་དག་པའི་དོན་ཡིན་མིན་གྱི་རྟོག་པ་མི་འཆར་བས་ཆོས་ཐམས་ཅད་ལ་རང་བཞིན་མེད་པ་ནི་མ་དང་རང་བཞིན་མེད་པར་ཤེས་པ་དེ་བུ་ཡིན་པས་ན། རིག་པ་ཆོས་དབྱིངས་སུ་ངོས་ཟིན་པས་རང་ངོ་རང་གིས་ཤེས་པ་བྱ་བ་ཡིན་པས་དེའི་ཚེ་ལུས་མི་རུ་སྣང་ཡང་སེམས་རྡོ་རྗེ་སེམས་དཔའ་རང་བྱུང་གི་ཡེ་ཤེས་ཆེན་པོ་རྟོགས་པ་ཡིན་ནོ། །གསུངས་པ་ལྟར་ངོ་སྤྲད་དོ། །དེ་ཡང་གུ་རུ་པདྨས། ཕྱིི་ལྟར་གཟུང་བའི་ཡུལ་སྣང་དག་པ་དང་༔ ནང་ལྟར་འཛིན་པའི་སེམས་ཉིད་གྲོལ་བ་དང་༔ བར་དུ་འོད་གསལ་རང་ངོ་ཤེས་པ་དང་༔ ཞེས་གསུངས་པ་ལྟར་རོ། །དེ་ལྟར་ངོ་སྤྲོད་གསུམ་པོ་དེ་འདི་དངོས་གཞིའི་ཉམས་ལེན་གལ་ཆེ་བར་འདུག་པས་ཡིག་ཚོགས་ལ་མ་བལྟས་པར་ཁྲིད་གཞུང་གི་དོན་བསྡུས་ཏེ་བྲིས་སོ། །འདི་ཡན་ཆད་ཉམས་ཁྲིད་དུ་བསྐྱང་ཞིང་སེམས་ངོ་འཕྲོད་ངེས་པ་བྱ་དགོས་ཤིང་། རྒྱུན་གྱི་ཉམས་ལེན་ནི་འགའ་ཞིག་དམིགས་རིམ་རྣམས་བསྟར་ཆགས་སུ་བསྒོམ་པ་ལས། དྲན་ཤེས་ཀྱི་རྩིས་ཟིན་པའི་ཉམས་ལེན་གནད་དུ་བསྣུན་པ་མེད་པར་ཐོབ་ཆོས་ཙམ་བྱེད་པ་ནི་རང་གིས་རང་བསླུས་པ་ཡིན་པས་ཀ་དག་ཁྲེགས་ཆོད་ཀྱི་གནས་ལུགས་གཙོ་བོར་བྱ་དགོས་ཤིང་། དེ་ཉིད་ལམ་དུ་འཁྱེར་ཐབས་སུ། སྔོན་འགྲོ་གཟེར་ལྔ་དང་བདག་བསྐྱེད་ཀྱི་ངང་ནས་སུམ་བརྒྱ་ཉེར་གཅིག་གི་བཟླས་པ་ཙམ་བྱས་ན་སྐྱོན་དུ་མི་འགྱུར་ཞིང་གྲོགས་སུ་འགྱུར་ལ། གཞན་དུ་རྡོ་རྗེ་དཀར་པོའི་སེམས་འཛིན་སོགས་ལས་དང་པོ་པ་ཞི་གནས་ཀྱི་ཐབས་སུ་ཁྲིད་ཀྱི་དུས་མ་གཏོགས་མི་དགོས། ཐིག་ལེ་དཀར་དམར་སོགས་གནད་བཞིའི་སེམས་འཛིན་ནི་སྐབས་འགར་བསྒོམས་ཀྱང་བོགས་ཆེ། གཙོ་བོར་གནས་ལུགས་ཀྱི་དོན་བལྟ་བ་གལ་ཆེ་ཞིང་། དེ་ལ་ཡང་རྫོགས་ཆེན་ཟང་ཐལ་གྱི་ཆ་ལག་བར་དོ་ལྔའི་ངོ་སྤྲོད་ལས་ཉིན་མོ་བྱ་བ་སྒོམ་དུ་འགྲོ་བ་ལ་སྣང་བ་རྒྱ་ཡན་གྱི་མན་ངག་གཅེས༔ མཚན་མོ་ཉལ་བས་གཉིད་སྒོམ་དུ་འགྲོ་བ་ལ་སྲོད་ལ་དབང་པོ་གནད་བསྡུས་ཀྱིི་མན་ངག་གཅེས༔ ནམ་ཕྱེད་ཤེས་བྱ་བུམ་འཇུག་གི་མན་ངག་གཅེས༔ ཐོ་རངས་ཡེ་ཤེས་རང་གསལ་གྱི་མན་ངག་གཅེས༔ གཅེས་པ་རྣམ་པ་བཞིའི་མན་ངག་ཆོངས་མཛོད༔ ཅེས་གསུངས་པའི་དོན་བསྡུས་ཏེ་བཤད་ན། སེམས་ལ་རྒྱུ་རྐྱེན་གྱིས་མ་བསྐྱེད། གཞན་གྱིས་མ་བྱས་བློ་བུར་དུ་བྱུང་བ་མ་ཡིན། སེམས་ཉིད་འདི་འདྲ་ཞེས་བསྟན་དུ་མེད། ངོ་བོ་སྟོང་པ་འགྱུར་མེད་ནམ་མཁའ་དང་འདྲ་བས། རང་སྣང་རིས་མེད་ཀྱི་སྣང་བ་གཏན་ལ་དབབ། ཕྱི་རོལ་གྱི་ཡུལ་སྣང་སྣ་ཚོགས་སུ་འདུག་ཀྱང་རང་སྣང་ཡིན། སྣང་བ་ལ་འཛིན་པ་མེད་པར་བལྟ། བར་དུ་བློའི་སྣང་བ་རྣམ་རྟོག་ཕྲ་རགས་ཅི་སྐྱེས་ཅི་ཤར་ཐམས་ཅད་གཞི་རྩ་དང་བྲལ་བས་འཛིན་པ་མི་བྱ། ཐ་མ་གཡོ་འགུལ་གྱི་ཉམས་སྣང་བདེ་གསལ་མི་རྟོག་པ་གང་བྱུང་ཡང་ཆགས་འཛིན་མེད་པ་ཆུ་ནང་གི་ཟླ་བ་དང་འདྲ། སྣང་སྟོང་གཉིས་པོ་ལ་སྔ་ཕྱི་མེད་པས་སྣང་བ་རང་སྣང་སྟོང་པ་རང་སྟོང་སེམས་ཉིད་སྟོང་པ་གཉིས་མེད་བདེ་ཆེན་གསལ་ལ་མ་འདྲེས་པས་འཇའ་ཚོན་ལྟ་བུར་རྟོགས་ཙ་ན། སྣང་བ་གསལ་ལ་མ་འགགས་རིག་པ་སྟོང་ལ་འཛིན་མེད། སྣང་བ་མ་སྤངས་རང་གྲོལ། རྣམ་པར་མི་རྟོག་པ་མཚན་མ་རང་གྲོལ་ཆོས་ཉིད་ཀྱི་དོན་ཁོང་དུ་ཆུད་པས། ཡེ་ཤེས་རྒྱུན་ཆད་མེད་པའི་མན་ངག་འདིས་རྩིས་ཟིན་ན། ཉིན་མོ་བྱ་བ་བསྒོམ་དུ་འགྲོ་བ་སྣང་བ་རྒྱ་ཡན་གྱི་མན་ངག་ཡིན། སྲོད་ལ་གཉིད་དུ་འགྲོ་བའི་ཚེ། དབང་པོ་ལྔ་ཆེད་དུ་མི་དགག་ཆེད་དུ་མི་བསྡུ་བར་སྒོ་ལྔ་གསལ་ལ་འཛིན་མེད་ཡེ་ཤེས་རང་ཤར་དུ་བཞག །གཉིད་ཟ་ཟིའི་དུས་ཀུན་གཞི་སྟོང་པ་རྩ་བྲལ་གྱི་ངང་དུ་ཤེས་པ་གསལ་ལ་འཛིན་མེད་དུ་བཞག་པའི་ངང་ལ་གཉིད་དུ་ཐུམ་སོང་བས་བག་ཆགས་ངན་པའི་རྨི་ལམ་མི་འབྱུང་བར་གཉིད་དུས་རྨི་ལམ་གྱི་ནང་དུ་ཤེས་པ་གསལ་ལེ་སིང་ངེ་འཛིན་མེད་དུ་འཆར་བ་རང་བྱུང་གི་དོན་ལ་བཞག་པ་ནི་སྲོད་ལ་དབང་པོ་ག ནད་སྡུད་ཀྱི་མན་ངག་གོ། །ནམ་ཕྱེད་དུས་བུམ་ནང་གི་མར་མེ་རང་གསལ་ཕྱིིར་མི་འཕྲོ་བ་ལྟར་རིག་པ་ནང་དུ་གསལ་ལ་འཛིན་མེད་ངོ་བོ་དངས་གསལ་མི་གཡོ་བར་བཞག་པ་ནི་ནམ་ཕྱེད་ཤེས་བྱ་བུམ་འཇུག་གི་མན་ངག་ཡིན། ཐོ་རངས་གཉིད་ཕྲད་སད་པའི་དུས་སུ་གོང་གི་གསལ་ལ་འཛིན་མེད་དེ་གསལ་བཏབ་ལ་སྒོ་ལྔ་གསལ་ལ་མ་འགགས་འཛིན་ཞེན་མེད་པ། མེ་ལོང་གཡའ་དག་ལ་གཟུགས་བརྙན་གསལ་བ་ལྟར། ཆོས་ཉིད་ཀྱི་དོན་ཡེ་གསལ་དེ་ཡང་གསལ་དུ་གསལ་སྟོང་གཉིས་མེད་དུ་སྒོམ་པ་ནི། ཐོ་རངས་ཡེ་ཤེས་རང་གསལ་གྱི་མན་ངག་ཡིན་པར་གསུངས་པ་ཁྲེགས་ཆོད་ཉམས་སུ་ལེན་པ་ལ་གལ་ཆེ་བར་སྣང་བས་དེ་ལྟར་ཉམས་སུ་བླང་ངོ་། །དེ་ཡང་མཉམ་པར་བཞག་པའི་དུས་རྣམ་རྟོག་གི་འཕྲོ་འདུ་བཀག་པས་མི་ཁེགས་ཤིང་། རྗེས་སུ་ཡང་མི་འབྲེང་བར་རང་བབས་སུ་བཞག་པའི་དྲན་པ་མ་ཡེངས་པའི་ངང་ནས་འགྱུ་བ་ཕྲ་རགས་སྦོམ་གསུམ་ཅི་ཤར་ཡང་ངོས་གཟུང་ནས་ངོ་བོ་ལ་བལྟ་བ་ཡིན་པས། གུ་རུ་པདྨས། སྔོན་བསུ་རྗེས་གཅོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ ཞེས་དང་། ཐང་ཡིག་ཏུ་ངང་བྱུང་རྒྱལ་མོར་གདམས་པ་ལས༔ ལུས་སེམས་མ་བསྒྲིམ་ལྷོད་དེ་ཤིག་གེ་ཞོག༔ མ་གཞི་སྟོང་པ་ཉིད་ཀྱི་ཞི་གནས་སུ༔ རྣམ་རྟོག་མཐར་འདེད་སྟོང་སྐོར་རེམ་ལ་གྱིས༔ ཉམས་ལ་འདི་འབྱུང་བྱ་བ་མེད་དེ་འབྱུང་༔ བསྒོམ་ལ་མ་ཞེན་ཡང་ནས་ཡང་དུ་བཤིག༔ བཟང་རྟོག་ངན་རྟོག་གང་ཤར་ཅེར་ཅེར་ལྟོས༔ ཞེས་དང་། ཀ་དག་གི་ཁྲིད་ཡིག་སྙིང་པོ་བཅུད་བསྡུས་ལམ་གྱི་གནད་ཁྲིད་ལས། རིག་པ་བྱང་ཆུབ་སེམས་འདི་ལ༔ རྣམ་རྟོག་འཁྲུལ་པས་མ་བསླད་པར༔ རང་གསལ་སོ་མར་བཞག་པ་ཡིས༔ ཡུལ་ལ་འཛིན་པ་མ་ཞུགས་ཏེ༔ གང་ལྟར་ཤར་ཡང་འཛིན་པ་མེད༔ བདག་ཏུ་འཛིན་པའི་བློ་མ་ཞུགས༔ གང་ཤར་འཛིན་པ་མེད་པ་དེ༔ གཟུང་བའི་ཡུལ་སྣང་དག་པ་ཡིན༔ སེམས་ལ་དུག་ལྔ་གང་སྐྱེས་ཀྱང་༔ གང་དྲན་བློ་ཡིས་མ་གཟུང་བས༔ འགྱུ་བ་རང་སར་གྲོལ་བ་ཡིན༔ དེ་ལྟར་ཉམས་སུ་བླངས་པ་ཡིས༔ རང་རིག་དྲི་མ་མེད་པ་ལ༔ གསལ་ལེ་ཧྲིག་གེ་རང་བྱུང་སྟེ༔ རྒྱུད་ལ་ཉམས་སུ་ལོངས་པའི་ཚེ༔ ཞེན་འཛིན་བློ་ཡིས་མ་བསླད་པའི༔ བདེ་གསལ་མི་རྟོག་ཉམས་ཤིག་འཆར༔ གཞན་ནས་འཆར་བ་མ་ཡིན་ཏེ༔ རང་ངོ་རང་གིས་ཤེས་པ་ཡིན༔ སངས་རྒྱས་དགོངས་པ་མཐར་ཐུག་ཡིན༔ ཞེས་གསུངས་པ་དོན་འདུས་ཤིང་གོ་སླ་བར་འདུག་པས་བྲིས་པ་ཡིན། གཞན་དུ་སྐབས་འདིར་མདོ་རྒྱུད་སྤྱི་དང་རང་ལུགས་ཀྱི་ལུང་མང་དུ་མཆིས་ཀྱང་ཡི་གེར་འཇིགས་ཏེ་མ་བཀོད་ཅིང་འདི་ཙམ་གྱིས་དོན་གོ་བར་སེམས་སོ། །དེང་སང་ཁྲིད་ཞུས་རློམ་ཁ་ཅིག་དོན་གྱི་སྙིང་པོ་དོར་ཞིང་དམིགས་རིམ་རྣམས་ཐར་ཆགས་སུ་སྒོམ་པ་གཙོ་བོར་བྱས་པས་རྒྱུད་ཐོག་ཏུ་ཉམས་ལེན་མི་ཁེལ་བར་ཆོས་དང་གང་ཟག་སོ་སོར་ལུས་པ་ལྟ་བུ་དང་། གནས་ལུགས་ཀྱི་རོ་མ་མྱོང་བས་སེམས་ཐ་མལ་དུ་ལུས་པའི་འགྱུ་བ་ཕྲ་རགས་རྩད་མ་ཆོད་པར་འོག་འགྱུ་རྒྱ་འབྱམས་ལ་གནས་པར་འཁྲུལ་བ་དང་། རྣམ་རྟོག་སྤང་བྱར་འཁྲུལ་ཏེ་ནན་གྱིས་འགེགས་པ་སོགས་ཤོར་གོལ་གྱི་དབང་དུ་འགྲོ་བ་མཐོང་བས། གཙོ་བོར་སེམས་ཀྱི་བཞག་ཐབས་ཁོ་ན་གལ་ཆེ་བའི་ཕྱིར། ཐོག་མར་བློ་མས་ངོ་སྤྲད་པའི་དོན་མ་འཁྲུལ་བར་ཉམས་སུ་བླང་ཞིང་མཉམ་རྗེས་དབྱེར་མེད་དུ་མ་གྱུར་བར་ཉམས་མྱོང་དང་བསྟུན་པའི་གེགས་སེལ་བོགས་འདོན་བླ་མའི་གསུང་དང་། སྐབས་འདིར་བྱང་གཏེར་རྫོགས་ཆེན་རང་གི་གེགས་སེལ་ནོར་བུའི་བང་མཛོད་གཅེས་པར་སྣང་བས་རྒྱུད་ཚོད་དང་བསྟུན་པའི་ཉམས་སུ་ལེན་པར་མཛོད་ཅིག །དེ་ལྟར་ཡང་ཏིག་གཅེས་པའི་སྒྲོན་མེ་ཡི། ཟིན་བྲིས་གཞུང་དོན་རབ་གསལ་ཞེས་བྱ་བ། འཁོར་ལོའི་མགོན་པོ་གཏེར་ཆེན་ཆོས་ཀྱི་རྒྱལ། འགྱུར་མེད་རྡོ་རྗེའི་བཀའ་ཡིས་བསྐུལ་བའི་ངོར། དགེ་སློང་རྒན་པོ་པདྨ་འཕྲིན་ལས་ཀྱིས། གཞུང་དོན་གཙོར་བྱས་བླ་མའི་མན་ངག་གིས། ལེགས་བརྒྱན་རང་གཟོའི་བཅོས་བསླད་མ་བགྱིས་པར། བྲིས་འདི་མཁྱེན་ལྡན་རྣམས་ཀྱིས་དཔྱད་པར་འཚལ། དགེ་འདིས་ཚེ་རབས་ཀུན་ཏུ་ལས་བཟང་པོ། སྔ་འགྱུར་སྨིན་གྲོལ་ཆོས་ཀྱི་དགའ་སྟོན་གྱིས། ཁྲེགས་ཆོད་ཐོད་རྒལ་ཉམས་མྱོང་མཐར་ཕྱིན་ནས། ཀུན་བཟང་གདོད་མའི་མགོན་པོ་མཆོག་ཐོབ་ཤོག །དེ་ཡང་ཁྲིད་ཡིག་འགའ་ཞིག་ཏུ་གཏེར་གཞུང་གི་དགོངས་དོན་མ་ལོན་པའི་ཕྱི་དཀྱིལ་གྱི་བསྲུང་འཁོར་རྟེན་བརྟེན་པའི་དམིགས་ཁྲིད་རྒྱས་པར་བཤད་ཅིང་། གཞུང་དོན་རྣམས་རང་སོར་བཞག་པ་སོགས་འདྲ་མིན་སྣ་ཚོགས་སུ་བྲིས་པར་བརྟེན། ཁྱབ་བདག་བླ་མ་རྩོད་བྲལ་གྱི་གཏེར་བཏོན་རིགས་འཛིན་གཏེར་བདག་གླིང་པའི་བཀས་རྩོམས་ཤིག་པར་ནན་ཏུར་ཆེན་པོས་རྩལ་བར་ལྡོག་པར་མ་ནུས་ཤིང་། རང་ལ་ཉམས་མྱོང་དང་སྐྱེས་སྦྱངས་ཀྱི་བློ་གྲོས་ཆ་ཕྲ་བ་དང་ཁྱད་པར་ན་ཚོད་ཀྱིས་གཏུགས་ཤིང་མིག་ཀྱང་མི་གསལ་བ་བཅས་དཀའ་ཚེགས་ཆེ་བར་སྣང་ཡང་། བླ་མའི་བཀའ་བསྒྲུབ་པའི་སླད་དང་། དོན་གཉེར་ཅན་འགའ་ཞིག་ལ་ཡང་ཕན་པར་བསམས་ཏེ་གཙོ་བོར་གཏེར་གཞུང་གི་ཁྲིད་ཡིག་ཤོག་སེར་གྱི་བུ་དཔེ་དངོས་ལ་གཏུགས་ཤིང་། ཟུར་ཆེན་རྡོ་རྗེ་འཆང་གི་གསུང་ཟིན་བྲིས་སུ་ཀ་དག་རང་བྱུང་རང་ཤར་གྱི་སྔོན་འགྲོར་ཞལ་འཕངས་སུ་གནང་བས། དེའི་རྒྱུ་མཚན་ཐུགས་སྒྲུབ་ཀྱི་ཆོས་སྐོར་གཞན་རྣམས་གཙོ་བོར་ལྷོ་གསེར་མཛོད་དང་། དབུས་སྙིང་མཛོད་སོགས་སུ་ཁ་འཐོར་ཡང་། འདི་ནི་ཤར་ཕྱོགས་དུང་མཛོད་དུ་ཀ་དག་གི་ཆོས་སྐོར་དང་ལྷན་གཅིག་ཟབ་གཏེར་དུ་བཞུགས་པ་སོགས་རིགས་མཐུན་པས་ཁ་འགེང་རྣམས་དེ་ལས་བགྱིས་ཤིང་། གཞན་དུ་རང་གཟོ་དང་བསྲེ་ལྷད་མ་འདྲེས་པར་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྨྲ་བའི་དགེ་སློང་བྱ་བྲལ་བ་པདྨ་འཕྲིན་ལས་ཀྱིས་རང་ལ་དོན་གཉིས་སུ་སླེབ་པ་ས་ག་ཟླ་བའི་ཤེས་ཕྱོགས་ཀྱི་དམར་ཆའི་གང་བ་སྤེན་པ་རྣར་མའི་འགྲུབ་སྦྱོར་ཉིན་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་ཉེ་གནས་དགེ་སློང་པདྨ་ཕན་བདེས་བགྱིས་པའི་དགེ་དེས་འགྲོ་ཀུན་གདོད་མའི་མགོན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག་ཀ་ལྱཱ་ན་ཝརྷནྟུ།། །། ༈ ལམ་ཐམསཅད་ཀྱི་རྨིང་རྡོ་སྐྱབས་སུ་འགྲོ་བ་དང་། ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གཟེར། མཐུན་རྐྱེན་ཚོགས་གཉིས་བསགས་པ་མཎྜལ་གྱི་གཟེར། འགལ་རྐྱེན་སྡིག་སྒྲིབ་སྦྱོངས་སྤྱིར་རྡོར་སེམས་བསྒོམ་བཟླས་ཀྱི་གཟེར། འཁོར་བ་ལ་ངེས་པར་འབྱུང་བར་མི་རྟག་བསྐུལ་འདེབས་གཅེས་པའི་བློ་ལྡོག་རྣམ་བཞིའི་གཟེར། རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་འཕོ་བའི་ཐབས་ཀྱི་མཐར་ཐུག་པ་བླ་མའི་རྣལ་འབྱོར་གྱི་གཟེར་དང་ལྔ་ལས།།