ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།
བྱ་རོག་མ་བསྟན་བསྲུང་གི་སྐོར་གྱི་ཆོས་ཚན་ཐོ་ཡིག་གསེར་གྱི་ཐུར་མ།
བྱ་རོག་མ་བསྟན་བསྲུང་གི་སྐོར་གྱི་ཆོས་ཚན་ཐོ་ཡིག་གསེར་གྱི་ཐུར་མ་བཞུགས་སོ། །བདེ་གཤེགས་རྣམས་ཀྱི་མཐུ་ནུས་རྡོ་རྗེའི་ཞུན། །མ་རུངས་འདུལ་བླུག་སྲིན་པོའི་གཟུགས་ཞུད་པོ། །མཐོང་བས་བདུད་བཞིའི་སྙིང་ཀུན་ཁར་འཚང་བས། །སྟོབས་བཀྱེ་མདུན་ན་ཚུགས་པ་མེད་དེར་འདུད། །འཇིགས་པ་མི་ཟད་ཆུ་སྲིན་གྱིས་བལྟམ་པའི། །འཁོར་བའི་རྒྱ་མཚོ་དུག་ལྔའི་རྦས་དཀྲུགས་པ། །འདི་ཁ་ཕ་རོལ་ཕྱིན་པ་མྱུར་བྱེད་དུ། །མཐུན་པའི་རླུང་ཆེན་གཡོ་འདིར་གསལ་པོར་བྱས། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོངས་སྤེལ་བ་དང་། གཡོན་ཅན་བདུད་ཀྱི་སྡེ་འཇོམས་པ་ལ་གཅིག་ཏུ་དཔའ་བར་འདོད་པར་དག་ལ་བསམ་པ་ལྷུན་གྱིས་གྲུབ་པར་བྱེད་པའི་ཆོས་ཀྱི་སྡེ། དཔལ་འབྲུག་པའི་སྒྲུབ་ཐབས་བསྐོར་ལྔར་གྲགས་པའི་ནང་ཚན། བྱ་རོག་མ་བསྟན་བསྲུངས་ཀྱི་སྐོར་གྱི་དཔེ་གཅེས་པ་རྙོག་པ་མེད་པ་རྣམས་ཐོ་ཡིག་ཏུ་འགོད་དོ། །ཐོག་མར། དངོས་གྲུབ་འབྱུང་འི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ་པ། ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ། ནམ་མཁའ་དང་མཉམ་པའི་རྒྱུད་དགོས་འདོད་འབྱུང་བ་ལེའུ་ལྔ་བཅུ་པ། སྤུ་གྲི་ཀླད་གཟིར་ནག་པོ་དངོས་གྲུབ་འབྱུང་བའི་བཀའ་བརྒྱུད་ལེའུ་བཅུ་བདུན་པ་སྟེ་འབྱུང་བ་བཞི། བྱ་རོག་རྩེགས་པ་དམ་ཚིག་བསྟན་པ་སྤྱིའི་རྒྱུད་ལེའུ་ཉི་ཤུ་རྩ་གཅིག་པ། རྡོ་རྗེ་གྲི་གུག་རྩེགས་པ་ཡེ་ཤེས་གསང་བ་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉེར་བཞི་པ། ཤ་ཟ་རྩེགས་པའི་རྒྱུད་དུམ་བུ་བཅུ་བཞི་པ་སྟེ་རྩེགས་པ་གསུམ། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་གཟིར་ནག་པོ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་བདུན་པ། ཐོད་པ་ནག་པོ་གསང་བའི་རྒྱུད་ལེའུ་ཉེར་གསུམ་པ་སྟེ། ནག་པོ་གཉིས། ལས་གསང་བ་ནམ་ངག་གི་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉེར་གསུམ་པ་དང་། བཅོ་ལྔ་པ་སྟེ་ལས་གསང་གཉིས། དཔལ་ནག་པོ་ཆེན་པོ་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་གི་སྤུ་གྲི་གསང་བའི་རྒྱུད་ཅེས་བྱ་བ་ལེའུ་ཉེར་གསུམ་པ་དང་། ལེའུ་བཅོ་ལྔ་པ་གཉིས་ཏེ་འདི་གཉིས་ལ་དྲག་པོ་མཚོན་ཆ་བསྣོལ་བ་སྤུ་གྲིའི་རྒྱུད་ཆེ་ཆུང་ཟེར། ཁྲག་མཚོ་ཁོལ་མ་ཞེས་བྱ་བ་མགོན་པོ་གསང་བའི་རྒྱུད་ལེའུ་བརྒྱད་ཅུ་རྩ་གཅིག་པ་དང་། ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལེའུ་ཉེར་གཉིས་པ་ཏེ་ཁྲག་མཚོ་ཁོལ་མའི་རྒྱུད་ཆེ་ཆུང་། ནག་པོ་ཆེན་པོ་སྙིང་རྗེ་ཁྲོས་པའི་རྒྱུད་ལེའུ་བཅུ་དྲུག་པ། བྱ་གདོང་ཁྲོས་པ་བཞི་སྙིང་གསང་བ་སྲོག་གཟིར་སྦས་པའི་རྒྱུད། ཁ་ཏནྟྲཱི་རྒྱུད་ཀྱང་ཟེར་བ་ལེའུ་བཅུ་བདུན་པ་ཁྲོས་པ་གཉིས་རྣམས་ཕོ་རྒྱུད། མེ་ལྕེ་འབར་མའི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པ། མེ་ལྕེ་འཕྲེང་བའི་རྒྱུད་དུམ་བུ་གཉིས་པ་སྟེ་མེ་ལྕེ་གཉིས། གསོད་བྱེད་དམར་མོ་རྩ་འཇིབ་མ་དུག་རླངས་ཁོལ་མས་བསད་པའི་རྒྱུད་ལེའུ་བཅོ་ལྔ་པ། འཇིག་རྟེན་ཕུང་བྱེད་སྔགས་རྒོད་ནག་པོའི་རྒྱུད་ལེའུ་བཅུ་གསུམ་པ་གསང་བ་གཉིས། ཨེ་ཀ་ཛཱ་ཊིའི་སྔགས་རྒྱུད་ལེའུ་བཅོ་བརྒྱད་པ། མཁའ་འགྲོ་མ་སྙིང་པོ་སྡུས་པའི་རྒྱུད་ལེའུ་བརྒྱད་པ། མཁའ་འགྲོ་མ་ལས་ཚོགས་འཕྲེང་བའི་རྒྱུད་ལེའུ་བདུན་པ། མ་མོ་འཇིག་རྟེན་གཙུག་ལག་གི་རྒྱུད་ལས་ཡང་ཏིག་བཀོལ་བ་ལེའུ་དགུ་པ། མཁའ་འགྲོ་མ་བཅུད་བསྡུས་ཀྱི་རྒྱུད་དམ་མཁའ་གྲོ་དྲུག་སྐོར་གྱི་རྒྱུད་དུ་གྲགས་པ་ལེའུ་དྲུག་ཕ་མ་ལྔའོ། །དུག་རླབས་ཁོལ་མ་རྩ་བའི་རྒྱུད། རོ་ལངས་ནག་མོ་བཤད་རྒྱུད། སྒྲོལ་བྱེད་ནག་མོ་མན་ངག །ཐོད་ཕྲེང་ནག་མོ་སྐྱེ་རྒྱུད། ཁྲག་མཚོ་ཁོལ་མ་ལས་ཚོགས། ཟླ་གསང་ནག་པོ་གནད་འགག་སྟོན་པ་ཞེས་ཀྱང་ཟེར་རོ། །རྒྱུད་དེ་དག་གི་མན་ངག་བླ་མ་རྣམས་ཀྱིས་མཛད་པ་ལ། ཐོག་མར་ལོ་རྒྱུས་གསེར་གྱི་ཡང་ཞུན་དང་། སྟོང་མཐུན་གསེར་གྱི་སྒྲོམ་བུ་གཉིས་ཆོས་རྗེས་མཛད་པ། ནག་པོ་ཆེན་པོ་བྱ་རོག་ཅན་ཕྱག་བཞི་པའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་འདི་མགོན་པོའི་མན་ངག་ཐམས་ཅད་ཀྱི་ཐོག་མར་བྱུང་བའི་ཡི་གེ་ཡིན། དེའི་འགྲེལ་པ་ས་བཅད་དང་བཅས་པ་དཔལ་རྒ་ལོས་མཛད་པ། ནག་པོ་ཆེན་པོ་ལས་ཀྱི་མན་ངག་ཨ་བྷྱ་ཡ་ཀ་རས་མཛད་པ། འདི་ལས་ལས་བརྒྱད་དྲག་པོའི་སྦྱིན་སྲེག་དང་དགུ་བསྟན། དེའི་ཁ་སྐོང་ཏིང་ངེ་འཛིན་སྔགས་ཁ་སྦྱར་དབྱེ་བ། ཞི་རྒྱས་དབང་གི་ལས་གསུམ་རྡོ་རྗེ་གདན་པ་ཆེན་པོས། སྦྱིན་སྲེག །བསྲུང་བ། བཟློག་པ། ཆར་དབབ། སྲིའུ་གསོ་བ།ཆོ་འཕྲུལ་གྱི་ཕྲ་མོའི་ཡི་གེ་རེ་རེ། ཕྱི་སྒྲུབ་བོ། །བྱ་རོག་ཅན་གྱི་ནང་སྒྲུབ་ཞེས་བྱ་བ་སློབ་དཔོན་ཨཱརྻ་དེ་ཝ་མཛད་པ། གསུང་གི་སྙིང་པོའི་སྒྲུབ་ཐབས་རྒ་ལོ། འདི་གཉིས་རང་རྐྱང་དུ་བསྒྲུབ་པའི་གཞུང་ཡིན། བཀའ་སྡོད་ཅན་དུ་བསྒྲུབ་པ་ལ་རྒ་ལོས་མངོན་རྟོགས་ཚིགས་བཅད་དང་ལྷུག་པ་གཉིས་མཛད། དེ་གཉིས་ཚད་མར་གྱུར་ཀྱང་དར་བ་དང་ཚིགས་ཚོགས་ཆེ་བས་འདིར་མ་བཞུགས། དཀྱིལ་འཁོར་དེ་དང་འབྲེལ་བ་དབང་བཞི་རྫོགས་ཀྱི་ཆོ་ག་རྒ་ལོས་མཛད་པ། དེའི་ཁ་བསྐོངས་སྡོམ་གཟུང་། བཀའ་བསྒོ་སྔགས་དབང་གི་ཡི་གེ་དེའི་ཕྱི་མ་འདི་ཕྱི་སྒྲུབ་གྱི་རྗེས་གནང་དུ་ཡང་མཛད། འབྲུག་ལུགས་ཀྱི་རྗེས་གནང་འཇམ་དབྱངས་ཀུན་དགའ་སེང་གེས་མཛད་པ། ཐོད་ནག་གི་བསྙེན་པའི་གཞུང་ལས་ཀྱི་ནག་པོ་ཆེན་པོའི་སྒྲུབ་པ་ཞེས་བྱ་བ་དང་། ལས་ཀྱི་སྦྱོར་བ་གཉིས་ཨཱརྻ་དེ་ཝས་མཛད་པ། ཕྱི་མ་འདི་ལ་ཙ་མིའི་ལས་སྦྱོར་ཆེན་པོ་ཟེར་ཕྱི་རབས་པ་འདོད་པ་ནོར་བ་ཡིན་ལས་ཀྱི་སྦྱོར་བ་ཆེན་པོ་ངེས་པ་དྲུག་གི་གཏན་ལ་ཕབ་པ་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པས་མཛད་པ། ངེས་དྲུག་མ་གཞན་འདིས་ཟོང་མར་བཏང་། བརྟེན་བཅའ་སྦྱོར་གཞུག །སེམས་བསྐྱེད། མངོན་རྟོགས། ལས་སྒྲུབ། ཐུན་སྒྲུབ། གདུང་ལས། འབྲུ་ཐེམས་གསལ་སྒྲོན། དྲིལ་གཏོར། བརྟགས་ཡིག་རྩ་འགྲེལ། སྦོབས དཀྲུགས་བཅད་་ ཆོག །གཟི་མདངས་སྡུ་བ། ལྷ་དབྱེ། ངག་མནན་ཡུམ་གྱིས་བསད་པ། བེང་གི་དམག་སྒྲུབ། གཏོར་འབུལ་ཟོར་ལས་ཏེ་ཕྲ་མོ་སྲོག་གཟིར་རྒ་ལོ། འགྱུ་བྱེད་མ། ཁྲག་འཇིབ་མ། སྒྲོལ་བྱེད་མ་གསུམ་གྱི་སྒེར་སྒྲུབ་ཀྱི་གཞུང་གསུམ་ཀླུ་སྒྲུབ་ཀྱིས་མཛད་པ། དུག་གསུམ་མགོན་པོའི་སྒྲུབ་ཐབས་ཁྲག་ཏིག་གསང་བ་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ། སྲོག་ཏིག་གཤན་པ་བྱ་གདོང་གི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། ཁྲག་འཐུང་ནག་པོའི་ལས་སྦྱོར་སྙིང་ཏིག་ཡང་ཏིག །གྱིམ་ཤང་བླ་མ་ཙ་མིས་བཅུག་པ། འདི་རྣམས་ཐོད་ནག་དང་འབྲེལ་བའི་ཡི་གེ། ཐོད་ནག་གི་བསྙེན་སྒྲུབ་ལས་སྦྱོར་གྱི་བེ་བུམ་གསུམ་རྒ་ལོས་ཇི་ལྟར་གསུངས་པ་ཁོ་ན་ལྟར་གནམ་རྩེ་ལྡིང་དུ་ཟིན་བྲིས་མཛད་པ། འདི་ལ་ཕྱི་ཆོས་སྡིངས་་བ་ རབས་པས་བར་དུ་བཅུག་པའི་ཡི་གེ་དར་ཀྱང་ཁུང་མི་ཐུབ་པས་འདི་ལ་གཅེས་པར་བྱ། གཅེས་བརྒྱད་ཀྱི་རྩ་འགྲེལ་ཞལ་གདམས་མངོན་རྟོགས་དང་ལས་བྱང་བསྡུས་པ་བསྒྲུབ་ཐབས་ལེའུ་བདུན་པ་ནང་བསྒྲུབ་བོ། །གསང་བ་ཐུགས་སྒྲུབ་ཀྱི་རྩ་བ། དཔང་ལོ་རྒྱུས་ཞལ་གདམས་རྒ་ལོས། འཁོར་ལོའི་གབ་ཕྱུང་། བསྙེན་པའི་ཐོ་ཡིག །སྒྲུབ་པའི་ཐོ་ཡིག །འདི་ལ་འཁོར་ལོ་བཞི་ཁྲིད་ཟེར། ལས་སྦྱོར་གྱི་ཐོ་ཡིག་གསང་སྒྲུབ་ཀྱི་དབང་ཆོག །དཔལ་རྒ་ལོ་དང་རྗེ་ཕག་མོ་གྲུ་པའི་ཞུ་ལན་ཉི་ཤུ་པ་གསང་བ་ཐུགས་སྒྲུབ་ཀྱི་གནད་ཐང་ལ་འབེབས་པ་ལྟ་བུ་རྣམས། དཔལ་ཕག་པོ་གྲུ་པའི་ཟིན་བྲིས་ངོ་མ་སྐུ་རགས་མ་མ་འཆུགས་པ་ཡང་དག་པ་ཡིན། གཞན་རྣམས་བསྲེ་སླད་ཅན་འབའ་ཞིག །གསང་སྒྲུབ་བོ། །སྦྱོར་བའི་འཕྲེང་བ། འདི་ལ་བོད་ཀྱི་མཁས་རློམ་དག་ཙ་མིའི་སྦྱོར་དྲུག་ཏུ་འདྲེན་ཏེ། དེའི་ལུགས་ཀྱི་སྦྱོར་དྲུག་ལོགས་པར་ཡོད། འདི་ཉིད་དུའང་། ལྷན་སྐྱེས་དྲི་མེད་ལ་དེ་བཞིན། ཡེ་ཤེས་འཆར་བའི་མན་ངག་ནི། ཅུང་ཟད་བདག་གིས་བྲི་བར་བྱ། སོགས་མ་གོ་བར་ཟད་དོ། །དེ་ཁོ་ན་ཉིད་ཀྱི་སྒྲུབ་པའོ། །དཀར་པོ་སྐུའི་སྒྲུབ་པ་འདུས་པ་ཆེན་པོ་ཚེའི་ལེའུ་ལ་བསྟེན་ནས་རྡོ་རྗེམངོན་ཤེས་ཅན་ཡང་ཟེར སཽ་རི་པའང་ཟེར་ གདན་པ་ཆེན་པོ་རིན་ཆེན་འབྱུང་གནས་སྦས་པས་མཛད་པ། དེ་ལ་མཁོ་བའི་བདུད་ཀྱི་ཞགས་འགྲོལ་ཨ་སེང་གིས་མཛད་པ། དམར་པོ་གསུམ་གྱི་སྒྲུབ་ཐབས་ལ་དབང་སྒྲུབ་དང་། རིན་ཆེན་དབང་གི་འཁོར་ལོ་ཞེས་བྱ་བའི་ལས་ཚོགས་གཉིས་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པ། སེར་པོ་ཡོན་ཏན་གྱི་སྒྲུབ་པ། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོས་ས་ར་ཧ་ཡང་ཟེར་བདེ་མཆོག་རྩ་རྒྱུད་རྒྱས་པའི་ནག་པོའི་རྟོག་པ་ན་འདུག་པ་གུད་དུ་ཕྱུང་པ། ལྗང་ཁུ་འཕྲིན་ལས་ཀྱི་སྒྲུབ་པ་ལ། ལས་བརྒྱའི་ཆོ་ག་ཞེས་བྱ་བ་དུམ་བུ་གསུམ་ཡོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མགོན་པོའི་རྒྱུད་སྣ་ཚོགས་ལས་ཕྱུང་བ། དེའི་གབ་འབྱིན་གྱི་ཕྲ་མོའི་ཡི་གེ་བཅུ། རིགས་བཞིའི་སྒྲུབ་པའོ། །འདི་རྣམས་ཕག་མོ་གྲུ་པས་དཔལ་རྒ་ལོ་དངོས་ལ་གསན་པ་ཡིན། གནད་ཀྱི་ཆིངས། ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་ཞལ་ཤེས། བསྒྲུབ་ཐབས་གསེར་ཁུར་མ། གནད་བཞི་མ། དེའི་ཞལ་གདམས་གཉིས། ཞལ་མྱུར་ལྟ། གཏོར་མའི་དགྲ་བསད་ཆུང་འབྲིང་ཆེན་པོ་ཙ་མིས་མཛད་པ། དེའི་ཞལ་ཤེས་གཉིས། དམ་ཚིག་གི་གཏོར་མ་རྒ་ལོས་མཛད་པ། སྲོག་ཕུར་གྱི་གཞུང་བྲམ་ཟེ་མཆོད་སྲེད་ཕྱི་མས་མཛད་པ། དམ་སྦྲགས། སྤོས་སྦྱོར། ནག་པོ་ཆེན་པོ་དང་ཨེ་ཀ་ཛ་ཊཱིའི་སྦགས་སྒྲུབ། སྲིང་མོ་བཞི་བསྐོར་རྒ་ལོས། གནོད་སྦྱིན་ཁྲག་རལ་ཅན་མེ་ཉག །བྱ་ཁྱུང་གི་བསྒྲུབ་པ་བྱ་རོག་ཅན་གྱི་རྒྱུད་ལེའུ་བཅུ་བདུན་པ་ལ་བརྟེན་ནས་ཀླུ་སྒྲུབ་ཀྱིས་མཛད་པ། དེའི་ཞལ་གདམས། འདི་རྣམས་དཔལ་རྒ་ལོས་བླ་མ་ཨ་སེང་མིན་པ་ལ་མ་གནང་། དེ་ལ་དཔལ་ཕག་མོ་གྲུ་པས་གསན། ཐུགས་སྒྲུབ་ཀྱི་སྐོར་མ་གཏོགས་གོང་གི་སྐོར་ཀྱང་ཨ་སེང་ལ་རྒ་ལོས་གནང་། རྒ་ལོས་གནང་བ་ལ་སློབ་དཔོན་འདི་གཉིས་རྒྱ་ཆེ་བ་ཡིན་ནོ། །ཕྱི་གནད་མགོན་པོ་འཇིག་རྟེན་པར་སྒྲུབ་པ་དང་། སྡེ་བརྒྱད་དང་སྡོང་ནས་ལས་བཀོལ་བ་ལེ་ཚེ་བརྒྱད་པ་གཉིས་བླ་མ་རྡོ་རྗེ་གདན་པས་མཛད་པ། དེའི་བསྐུལ་བྱང་། ནང་གནད་མགོན་པོ་ཞིང་སྐྱོང་དུ་སྒྲུབ་པ་ལ་ཞིང་སྐྱོང་མགོན་པོ་བྱ་རོག་གདོང་ཅན་བཞིས་སྐོར་བ་ཀླུ་སྒྲུབ་ཀྱིས་ན་ལེནྡའི་རྡོ་སྐུའི་རྩར་མཛད་པ། འདི་ལ་བཀའ་གཏེར་གཉིས་ཡོད་པའི་འདི་བཀའ་མ་ཡིན། འདིའི་ལག་ལེན་ཙ་མི་ལོ་ཙཱ་བས་མཛད་པ། དེའི་ལས་ཚོགས་པར་པུ་ཆིག་སྐོར། གཉིས་སྐོར་གསུམ་བསྐོར། གསང་གནད་མགོན་པོ་ཡེ་ཤེས་པར་སྒྲུབ་པ་ལ་གསང་བ་དམ་ཚིག་གི་སྒྲུབ་པ་ཨ་ཝ་དྷཱུ་ཏཱི་པས་མཛད་པ། འདི་ལ་སྐུ་རགས་མའི་རྩ་བའོ་ཟེར་བ་གབ་པ་མ་གོ་བ་ཡི་ནོ། །གསང་རྟེན་ཧཱུཾ་གཉིས་མ་ཞལ་མྱུར་ལྟ་དང་སྲོག་གི་ཞལ་གདམས། གསང་བ་སྲོག་གི་སྒྲུབ་པ་རྣམས་དཔལ་རྒ་ལོས་བླ་མ་སོག་པ་མིན་པ་ལ་མ་གནང་། ཁོང་ལ་དེ་ལས་མ་གནང་། དེ་ཁ་ལ་ཕག་མོ་གྲུ་པས་གསན། ལོ་རྒྱུས། ཞིང་སྐྱོང་ལྷ་ལྔའི་སྒྲུབ་ཐབས་འདི་རྡོ་སྐུའི་ཐུགས་ཁ་ནས་རྒ་ལོས་སྤྱན་དྲངས་པས་གཏེར་མ། གསང་བ་རྣམ་བརྒྱད། རྟེན་བཅའ་གསུམ་སྔགས་ཀྱི་འབྲུ་ཐེམས། སྤོག་ཆོག །ཐན། ཟློག་པ། བེ་ཏ་ལ་རྟེན་པ་འི་ནོར་སྒྲུབ་ཐོད་པས་དབང་། རལ་གྲིས་བསད་པ། ཁ་ཊཱཾ་གས་སྐུ་གསུང་ཐུགས་ཡེ་ཤེས་ལམ་དུ་བྱེད་པ་སྟེ་ཕྲ་མོ་རེ་རེ་འདི་རྒ་ལོས་བླ་མ་གསལ་སྟོང་ཤྭ་རེ་མིན་པ་ལ་མ་གནང་། ཁོང་ལ་འདི་ལས་མ་གནང་། དེ་ལ་ཕག་གྲུས་གསན། འདི་ཡོད་རྣམས་ཕག་གྲུ་ལུགས་ཐུན་མོང་མ་ཡིན་པ། ཚལ་ལུགས་ལ་གཞུང་དང་པོ་གཉིས་མ་གཏོགས་མེད་པ་ཀྱང་ཡིན། སྟེང་པ་ལུགས་ལའང་གཞུང་དང་པོ་གཉིས་ལས་སྦྱོར་གྱི་གཞུང་གཉིས་ཡོད། གཞན་མེད། རྗེས་གནང་། དབང་བསྐུར་གྱི་ཆོ་ག་རིན་ཆེན་འཕྲེང་འདྲ་ཞེས་བྱ་བ་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པར་གྲགས་པ། གསང་བ་གསུང་གི་སྒྲུབ་ཐབས་སྤྱོད་མཛད་ཆོས་ཀྱི་རྡོ་རྗེས་མཛད་པ། དེའི་འགྲེལ་པ་རྒ་ལོས་མཛད་པ། གནད་གདམས་ཞང་ཆོས་རྗེས་མཛད་པ། མཁའ་འགྲོ་བརྒྱད་སྐོར་གྱི་ལས་ཚོགས་ནག་པོ་ཞབས་ཆེན་པོས་མཛད་པ། ལས་ཀྱི་ནག་པོ་གསང་བའི་སྒྲུབ་ཐབས་རྒ་ལོ་ལ་རྡོ་རྗེ་མཁའ་འགྲོ་མས་གནང་བ། དེའི་ལས་ཚོགས་དགྲ་བོ་མྱུར་དུ་བསད་པ་འགྱོགས་བྱེད་ཕོ་ཉར་བཏང་བའི་མན་ངག །གཞན་གྱི་རྦོད་གཏོང་བཟློག་པ་སྣང་སྲིང་བརྩད་ནས་གཅོད་པའི་འཁོར་ལོ་རང་གཞན་བསྲུང་བ་ཁམས་སུ་ཟིལ་གྱི་གནོན་པའི་ཏིང་ངེ་འཛིན། ལས་ཀྱི་མགོན་པོ་ཡུམ་བཅས་ཀྱི་སྒྲུབ་ཐབས་ཁྲག་འཐུང་ནག་པོས་མཛད་པ། འདི་སློབ་དཔོན་ཤནྟ་རྙིང་མའི་ གརྦྷ་ཡིན། ལས་ཀྱི་ནག་པོ་མཁའ་འགྲོ་དྲུག་གིས་སྐོར་བ་སློབ་དཔོན་ནག་པོ་ཞབས་ཕྱི་མས་མཛད་པ། འདི་མཁས་པ་སྒོ་དྲུག་གི་གྱ་བ་ཨ་ཙརྻ་བ་ལིང་ནག་པོ་ཡིན་ཟེར། དུར་ཁྲོད་བསིལ་བའི་ཚལ་དུ་དཔལ་རྒ་ལོ་ལ་བྱ་གདོང་དངོས་གྱི་གནང་བའི་ཤོག་དྲིལ་བྱ་གདོང་གསུམ་གྱི་སྒེར་སྒྲུབ་ གསུམ་གནང་འབེབས། སེང་གདོང་གི་སྒྲུབ་ཐབས་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་ཞབས་འོག་ནས་རྒ་ལོས་བཏོན་པ་དང་། དེའི་ཡུམ་སྒྲུབ་ཚངས་པ་ལྷའི་མེ་ཏོག་གིས་ཀླུ་སྒྲུབ་ཕྱི་མ་ལ་ཕུལ་བ་སོགས་དེའི་སྐོར་ཤོག་དྲིལ་བརྒྱད། ནག་པོ་སྟོང་གི་གཙོ་བོ་བདུད་ལྕམ་དྲལ། གནོད་སྦྱིན་ཁྲིའི་གཙོ་བོ་ནག་པོ་གནོད་སྦྱིན་མིང་སྲིང་། ཤ་ཟ་འབུམ་གྱི་གཙོ་བོ་མུ་སྟེགས་ཨ་སེ་ནག་པོ་རྣམས་ཀྱི་སྒེར་སྒྲུབ་རྣམས་ཙ་མིས་ཤོག་དྲིལ་གཉིས་གཉིས། སེར་བ། ཇག་ཆིངས། ཐོག་གི་བཙན་དུག །རྟེན་གཏོར་གྱི་བཅས་རྒྱས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྟེན་གཏོར་ཞང་དང་ཆོས་རྗེས་མཛད་པ། གཏོར་མའི་རྣམ་བཤད་ཆོས་རྗེས། གསང་བའི་གསོལ་འདེབས། གང་མཛེས་ཀྱི་ཤམ་བུ་ཅན་གྱི་ནོར་སྒྲུབ་སྲོག་འཁོར་གསུམ་ཡབ་ཡུམ་ལས་གསུམ་ རྗེས་གནང་སྒྲུབ་ཐབས་གོང་ཁུག་མ། སྒྲུབ་ཐབས་རྒྱས་པ་ཞང་གདན་ས་པའི་ཟིན་བྲིས། འདི་རྣམས་བླ་མ་ཞང་རང་ལ་རྒ་ལོ་དངོས་ཀྱིས་གནང་བ་ཚལ་ལུགས་ཁོ་ན། གཞན་ལ་མེད། ནག་པོ་སྤྱོད་པས་མཛད་པའི་གསང་བ་གསུམ་གྱི་བསྒྲུབ་པ། འདི་མངོན་འབྱུང་གི་རྒྱུད་ནས་གསུངས་པའི་དཀྱིལ་འཁོར། དེར་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་འཕྲེང་བ། རཏྣ་ཨཱ་ཀ་ར་གུ་སོ་རི་པ པྟས་མཛད་པ་འགྱུར་འགའ་ཞིག་ལས་རཏྣ་ཨ་ཀ་ར་ཤནྟི་པ་སྔ་མ ཤནྟི་བས་མཛད་ཟེར་ཅུང་མི་འདྲ་ཙམ་གནང་སྟེ་འགྱུར་ཁྱད་དུ་ཟད། འདི་གཉིས་བདག་གི་བྱས་པའི་མགོན་མངས་སུ་གྲགས་པ་འདིའི་རྩ་བ་ཡིན། སྟོང་མཐུན་རྙིང་པ་རྣམས་ན་ཀླུ་སྒྲུབ་ཀྱིས་མཛད་པ་མགོན་པོ་ལ་ལེགས་ལྡན་ཆེན་པོ་བདུན་ཅུ་རྩ་གསུམ་གྱི་སྐོར་བ་ཡོད་ཟེར། རྐང་བརྒྱད་རྒྱ་སྐད་མ། དེའི་རྒྱ་འགྲེལ་ཀྱང་ཡོད་ཟེར། རྒ་ལོའི་ཚིགས་བཅད་ལྷུག་འདི་རྣམས་ཚལ་ཕག་གཉིས་ཀ་ལ་ཡོད། སུམ་དྲིལ་རྒྱན་ཅན་ཞེས་བྱ་བའི་གསང་སྒྲུབ་སློབ་དཔོན་འཕགས་པ་ལྷས་མཛད་པ། རྒ་ལོས་མཛད་པའི་དེའི་སྒྲུབ་ཐབས་དང་ཞལ་གདམས་གསུམ། ལས་སྦྱོར་གནང་ལྔའི་ཡི་གེ། གཏོར་ཆེན་རྣམས་རྒ་ལོས་ཅོག་རོ་ཆོས་ཀྱི་རྒྱལ་མཚན་མིན་པ་ལ་མ་གནང་། མཁའ་འགྲོ་མ་ནཱ་ལི་སུརྻས་མཛད་པའི་མགོན་པོའི་སྒྲུབ་ཐབས་གཞུང་གཅིག་ལ་ཆ་ཚང་པ་དགེ་བཤེས་གཡོར་པོ་མིན་པ་ལ་མ་གནང་། ཁོང་ལ་འདི་ལས་མེད། ནག་པོ་ཆེན་པོ་ཡིད་བཞིན་ནོར་བུའི་ལོ་རྒྱུས། སྒྲུབ་ཐབས་ཡིད་བཞིན་ནོར་བུ། སློབ་དཔོན་ཡེ་ཤེས་ཀླུ་སྒྲུབ་ལ་ཝ་པ་སོགས་གྲུབ་ཐོབ་ བདུན་གྱི་སློབ་མ་ཟེར་ཏེ་ཡེ་ཤེས་ཞབས་འདྲའོ། སྤྱན་བཟང་པོས་མཛད་པ། ཕྱག་མཚན་ལ་རྟེན་ནས་སྒྲུབ་པ། ནད་གདོན་བསྲུང་བ། རྒྱས་པའི་ལས་གྲུབ། དབང་གི་ལས་སྒྲུབ། མངོན་སྤྱོད་ཀྱི་ལས་སྦྱོར། བསྐྲད་པ། དབྱེ། རིམས། སྨྱོར་འཇུག །ཆོ་འཕྲུལ། ལས་ཐམས་ཅད་པའི་སྔགས་འབུམ་རིན་ཆེན་རྡོ་རྗེས། གཞན་རྣམས་ཙ་མིས་ཡི་གེར་བྲིས་མཛད་པ། གཏོར་མའི་རིམ་པ་ཁ་ཆེའི་མཁས་པ་ཆེན་པོ་རིན་ཆེན་རྡོ་རྗེས་མཛད་པ། དེའི་ཡིག་ཆུང་རྣམས་དཔལ་རྒ་ལོས་ཁམས་པ་སླངས་སྟོན་ལས་གཞན་ལ་མ་གནང་། བྱ་རོག་ཅན་ཕྱག་གཉིས་པར་སྒྲུབ་པ་མགོན་དམར་རྐང་གླིང་མར་གྲགས་པ་ཡིག་ཚན་གཉིས་རྒ་ལོས་ལྷོ་པ་སྤྲེའུ་སྟོན་ཆར་འབེབས་ལ་གཞན་དོན་ལ་འབྱོན་ཁར་གནང་བའོ། །པཎྜྻི་ཏ་བདེ་བའི་གྲོས་ཀྱིས་མཛད་པའི་ལས་ཀྱི་ཙཎྛི་ཀ་དམར་མོའི་ཤོག་དྲིལ་ལྔ་རྒ་ལོ་མྱ་ངན་ལས་འདའ་ཁར་སྲེགས་བན་ལ་གནང་བ་འདི་རྣམས་རྒ་ལོ་ལུགས་སོ། །མགོན་པོ་བསྟན་པ་འདི་ལ་གསུང་ཚུལ། དེ་རྒྱ་གར་དུ་བྱོན་ཚུལ་གྱི་ལོ་རྒྱུས་གཉིས། གདམས་ངག་གསུང་བགྲོས་ཅེས་པ་ཐེམས་ཡིག །འདི་ལས་དོན་དགུར་ཕྱེ་ནས་གཙོ་བོ་ལ་སྒྲུབ་ཐབས་བཞི་ཡོད་ཅེས་པའི་དང་པོ་ཕྱི་སྒྲུབ་རྒྱ་གཞུང་མཐུན། དེའི་དོན་སྟེང་ལོ་ཉིད་ཀྱིས་མཛད་པ། ནང་སྒྲུབ་ཀྱང་གཞུང་མཐུན། དེའི་དོན་སྟེང་ལོས་མཛད་པ། བྱ་རོག་གདོང་ཅན་གྱི་གསང་སྒྲུབ་ལས་སྦྱོར་གྱི་གཞུང་གཉིས་ཨརྻ་དེ་ཝའི་ མཐུན། ངེས་པ་དྲུག་གིས་གཏན་ལ་ཕབ་པ་ཞེས་པ་སྟེང་ལོ་རང་གི་མཛད་པ། དེའི་ཉེ་བསྙེན་གྱི་མངོན་རྟོགས་ལག་ལེན། ནག་པོ་ཆེན་པོའི་སྒྲུབ་ཐབས་སྒྲུབ་ཐབས་རྒྱ་མཚོའི་གཤམ་ན་ཡོད་པ་དེ། ཕྱག་གཉིས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཀླུ་སྒྲུབ་དང་། ལོ་ཙཱ་བས་དེའི་བསྲུང་འཁོར་བོད་ཡིག་དང་། ཡབ་སྲས་ཀྱི་ལས་བྱང་གསུམ་བླ་མ་ཙ་མིས་སྡེབས་པ་དེ་རྣམས་ཡིན། འཁོར་ལ་སྒྲུབ་ཐབས་ལྔ་ཅེས་པ། གནོད་སྦྱིན། གིང་། བཙན། མ་མོ། ཀླུ། དེའི་གནོད་སྦྱིན་ལ་རྣམ་སྲས་ཞི་སྒྲུབ་དེ་ཝ་ག་ར་འམ་ཛ་ཡ་དེ་བར་གྲགས་པས་མཛད་པ་དྲག་སྒྲུབ་དེས་མཛད་པ། གཏོར་མའི་ཆོ་ག་དེ་དང་། རྒྱས་པ་ཙ་མིས། གསོལ་འདེབས་སྟེང་ལོ། རྟ་བདག་སོ་སོའི་སྒྲུབ་པ་བ་ཀྲི་མ་ལ་ཤི་ལ་བས་མཛད་པ། ཨ་བྷ་ཡ་ཡིན། ལྗང་སྔོན་གྱི་སྒྲུབ་ཐབས་སྟེང་ལོ། གིང་རྒྱལ་པོ་ལ་ཤོག་དྲིལ་དགུ །བཙན་རྡོར་ལེགས་ཀྱི་ཤོག་དྲིལ་བཅུ་བཞི། མ་མོ་དུར་ཁྲོད་བདག་མོའི་ཤོག་དྲིལ་ལྔ། ཀླུ་མེ་སྦལ་གྱི་ལས་ལ། ཁྱེའུ་མཐའ་ཡས་སྔགས་ཀྱི་སྒྲུབ་པ་ཞེས་བྱ་བ་ཀླུ་སྒྲུབ་ཀྱིས་མཛད་པ། ཀླུ་མེ་སྦལ་ནག་པོ་གསང་བ་ས་གསོར་གྱི་གདམས་ངག་ཀླུ་སྒྲུབ་ཀྱིས་མཛད་པ། འབྱུང་བ་རང་གཤེད་དུ་དབབ་པའི་མན་ངག་གཉིས། དུག་གསུམ་འཁོར་ལོ་དེའི་སྔགས་བྱང་། ཡང་སྔགས་བྱང་འདྲེའི་ཁང་བུ་མེ་སྦལ་གྱི་མངོན་རྟོགས་ཞལ་གདམས་གསུམ་རྣམས་སྟེང་ལོས། ལས་ཚོགས་བརྒྱད་ལ་ཐོ་ཡིག་བཞིན་གྱི་བདུན་ལ་ཤོག་དྲིལ་སོ་སོ། བརྒྱད་པའི་ཐུགས་དམ་བསྐང་མདོས་ལ། ཕྱི་སྲོག་ཆགས་ཀྱིས་བསྐང་བ། ནང་གཏོར་མདོས་ཀྱིས་བསྐང་བ། གསང་བ་མདོས་བསྐང་། ཡང་གསང་བཾ་གྱིས་བསྐང་བའོ། །གནད་ཀྱི་གདམས་པ་བདུན་དང་བཅས་པ་དེ་རྣམས་ཐམས་ཅད་ཙ་མིས་མཛད་པ་སྐོར་གཉིས་ལ་ཕོ་སྐོར་སྤུ་གྲི་རེག་གཅོད། ཁྲག་འཐུང་ནག་པོས་མཛད་པ། དེའི་བསྐུལ་བྱང་། ཡུལ་སྐོར་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། འདི་ལ་འགྱུར་མི་འདྲ་བ་གཉིས་ཀྱི་ལེགས་ཉེས་སྣང་བ་ལས་འདི་ལེགས་པ་ཡིན་གཞུང་གཉིས་སུ་མ་རྟོག་ཤིག །དེའི་ལས་ཚོགས་ཀྱི་གཞུང་ཡང་བྱང་ཆུབ་བཟང་པོས་མཛད་པ། དེའི་ལག་ཁྲིད་ཙ་མིས་སྟེང་ལོ་ལ་གནང་བའོ། །དེའི་བསྐུལ་བྱང་། བརྒྱད་ཀྱི་བསད་པ་ལ། ནག་པོ་ཆེན་པོའི་ཕྱག་བརྙན་གཟའ་བདུད་དམག་དཔོན་བརྒྱད་དུ་བསྒྲུབ་པ་ཀླུ་སྒྲུབ་ཀྱིས་མཛད་པ། དེས་ཚོད་ངེས་པར་གཟུང་བ་ཞེས་བྱ་བ་ཀླུ་སྒྲུབ་ཀྱིས་མཛད་པ། གཟའ་ཤོར་བའི་མན་ངག་ཀླུ་སྒྲུབ་ཀྱིས། མོན་པོ་རོག་ཏི་ནག་པོའི་སྒྲུབ་ཐབས་ཙ་མིས། དོན་བརྒྱད་གསལ་བའི་སྒྲོན་མེ་ཙ་མིས། སྟེང་ལོ་རང་གི་མཛད་པའི་སྒྲུབ་ཐབས་གཅིག །བར་ཆད་སེལ་བ་ཀླུ་སྒྲུབ། རྫས་སེར་ཙ་མིས། རྟགས། ནོར་སྒྲུབ་ཀླུ་སྒྲུབ་ཀྱིས་འགྱུར་དུས་ཀྱི་ཡིག་ཆུང་བཞི་ཕྱིར་རབས་པས་མཛད་པ། བསྲུང་བ་ཙ་མིས། དཔལ་ནག་པོ་ཆེན་པོའི་མདོས་གསུམ་ལ། བསྐང་མདོས། བཞི་མདོས་སུ་གྲགས་པ། གླུད་མདོས་སམ་ཟློག་མདོས་བཅུ་གསུམ་སོགས་སུ་གྲགས་པ། རཀྴ་དགྲ་མདོས་བརྒྱད་སོགས་སུ་གྲགས་པ་ཀུན་ཙ་མིས་མཛད་པ། འཁོར་ལ་སྒྲུབ་ཚུལ་གཉིས་ཟེར་བ་ར་ཐོད་དང་དམར་པོ་དགྲ་ཟོར་ཡིན། ར་ཐོད་ལ་ལོ་རྒྱུས། ལྷ་གསུམ་གྱི་གཞུང་བླ་མ་གསེར་གླིང་པས་མཛད་པ། འདི་ཁྲག་འཐུང་ནག་པོའི་སློབ་མ། དེའི་ལག་ལེན་ལོ་ཙཱ་བས། ལྷ་དྲུག་མའི་གཞུང་གསེར་གླིང་པས། ར་ཐོད་མ་ལྷ་དགུ་སོགས་ཀྱི་གཞུང་གསུམ་ཕྱི་རབས་པས་སྦྱར་པ། དེའི་ཞལ་གདམས་གཅིག །དགབ་འདྲེ་མནན་པ། ལྷ་དབྱེ། ཨར་གཏད། སེར་བ། བསད་པའི་ཡི་གེ་གསུམ་ལོ་ཙཱ་བ་རང་གིས་སོ། །ལྷ་དགུ་དང་ལྷ་བཅུ་གཉིས་མའི་རྒྱ་གཞུང་ཡོད་ཟེར། དམར་པོ་དགྲ་ཟོར་ཨ་བྷ་ཡ་ཀ་རས་མཛད་པའི་གཞུང་གཉིས་སྣང་བ་འགྱུར་གྱི་ཁྱད་ཁོ་ནར་ཟད་ལ་འགྱུར་འདི་ལེགས་སོ། །མངོན་རྟོགས། སྤྱན་འདྲེན། གཏོར་འབུལ། བསྟོད་པ། བསྐུལ། གཏོར་འབུལ་ཆེ་བ་དང་། རྟེན། སྔགས་གོ་ལོག །ཆོ་འཕྲུལ། འཁོར་ལོའི་བཅས་ཡིག་རྣམས་སྟེང་པ་ལུགས་སོ། །སྤུ་གྲི་ཀླད་གཟེར་ནག་པོའི་རྒྱུད་འགྲེལ་དཔེ་འགའ་ཞིག་ཏུ་གུང་ཐང་རས་པས་བྱས་ཟེར་ཏེ་མི་དག་པའོ། རོང་ལིངས་ལོ་ཙཱ་བ་རྡོ་རྗེ་དབང་ཕྱུག་གིས་མཛད་པ། འདི་ལ་རོ་ལངས་རྡོ་རྗེ་དབང་ཕྱུག་ཟེར་མང་པོ་བྱུང་བ་མ་དག་པའོ། །མ་མོ་སྒྲུབ་པའི་དགབ་མནོན། ཡུམ་ཙཎྜྻི་ཀའི་སྒྲུབ་ཐབས་ཕྱི་ནང་གི་རྣལ་འབྱོར་པ་རྣམས། བགྲོས་ནས་མཛད་པ། དེའི་ཤོག་དྲིལ་གསུམ་ཙ་མིས། མགོན་པོ་ལ་མཁའ་འགྲོ་དྲུག་གིས་སྐོར་བ་ཡེ་ཤེས་སྤྱན་ཞེས་བྱ་བ་ཨ་ཙརྻ་སྤྲིན་གྱི་ཤུགས་ཀྱིས་མཛད་པ། རྡོ་རྗེ་མཁའ་འགྲོ་མའི་བསྐང་མདོས། བསྐང་ཆོག །ལས་ཀྱི་གོ་རིམ་རྣམས་དེས་མཛད་པ། དྲུག་བསྐོར་གྱི་ལས་ཚོགས་ཨ་བྷྱ་ཡས་མཛད་པ། ཡིག་ཕྲན་གསུམ་རོང་ལིངས་ལོ་ཙཱ་བས་སྦྱར་བ་སྟེ་རོང་ལིངས་པའི་སྐོར། ལས་གསང་གི་འགྲེལ་པ་ཁེ་ཁད་ཀྱི་གསུང་ལ་ལྷོ་བྲག་པ་དར་མ་སེང་གེས་ཟིན་བྲིས་བྱས་པ། ལས་གསང་བའི་རྒྱུད་ཀྱི་ཁྱད་པར་གྱི་གནད་བསྟན་པ་ཁེ་གད་འཁོར་ལོ་གྲགས་རང་གིས་མཛད་པ། སྔགས་ཀྱི་མན་ངག་གསང་བ་ཞེས་བྱ་བ་རྟ་དབྱངས་ཀྱིས་མཛད་པ། དེའི་དོན་གསལ་བར་བྱེད་པ་ཁེ་གད་ཀྱིས་མཛད་པ། བྱད་འགྲོལ་དང་ངག་ལ་དབང་བསྐུར་གཉིས་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ་རྣམས་ཁེ་གད་ཀྱི་ལུགས་སོ། །འདི་སོ་སོ་ནས་བརྒྱུད་པ་ཐུན་མོངས་མ་ཡིན་པ་བཀོད། གཞན་སྒྲུབ་ཐབས་གསུམ་ཡུམ་སྐོར་ཐམས་ཅད་ལ་ཡོད། གསུམ་གྱི་སྟེང་པ་བླ་མ་གཞན་གཉིས་སློབ་མར་གྲགས་སོ། །དཀྱིལ་ཆོག་རིན་ཆེན་འཕྲེང་འདྲའི་ལོ་རྒྱུས། ལས་གསང་བའི་རྒྱུད་ནས་ཕྱུང་བ་དཀྱིལ་ཆོག་རིན་ཆེན་འཕྲེང་འདྲ་སློབ་དཔོན་ཆེན་པོ་ཞེ་སྡང་རིག་པ་གྲགས་ཀྱིས་མཛད་པ། ཞང་ཞུང་ལོ་ཙ་ཱབའི་ལུགས། བལ་པོ་ཡེ་རང་གི་བླ་མ་ཡེ་ཤེས་རྡོ་རྗེའི་གདམས་པ་ལོ་ཙཱ་བ་འཇམ་དཔའ་གྲགས་པས་བྲིས་པ་རིན་པོ་ཆེ་པ་རི་བས་བཅུག་པར་འདུག་གོ །མང་ཐོས་ཨུཏྤལ་ཟེར་འབྲུའི་ཁའི། །རྣམ་དཔྱོད་རལ་གྲི་ཆེན་པོའི་རྣོ། །ལུགས་མིན་ཐམས་ཅད་གཏུབ་བྱེད་འདི། །འཇམ་དབྱངས་རྣམས་ཀྱི་དཔུང་པའི་གཉེན། །འདིར་བཀོད་པའི་དཔེ་རྣམས་བར་གྱི་གཞུང་ཚིག་ཕལ་ཆེར་མཐུན་ཀྱང་ལྷད་བཅུག་པས་ལྷག་པ། ཆད་པ་དུ་མས་དེ་ལ་བློ་ཁ་མ་རྫོགས་ནས། སྡོན་གྱི་དཔེ་གང་རྙིང་པ་ཀུན་ནས་དག་པ་དག་པ་བཙལ་ནས་བྲིས་བྲིས་པ་རྗེ་ནུས་པར་བྱས་པས། ཡིད་ཆེས་པར་བྱའོ་ཞེས་པདྨ་དཀར་པོས་སོ།།
དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྣམ་བཤད་རྡོ་རྗེའི་སྙིང་པོ།
དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྣམ་བཤད་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །རྗེ་བཙུན་བླ་མ་མཉེས་པ་ཉིན་མོ་བཞིན། །མི་ཤེས་གཉིད་སངས་ཤེས་བྱར་བློ་རྒྱས་པའི། །ཐབས་ཀྱི་དམ་པར་དབང་གྱུར་དེས་མདོ་རྒྱུད། །ཀུན་ཏུ་གསུངས་ཕྱིར་རྩེ་གཅིག་དེ་ལ་སྐྱབས། །བདུད་དང་བདུད་ཀྱི་ཕྱོགས་ཀྱི་ཕྱོགས་རྣམས་གཡུལ་ངོར་བསད་པའི་དྲག་ཤུལ་ཆེན་པོས་འཇིགས་ནས་གང་གི་དྲུང་། །སྲིད་གསུམ་སྲིད་པའི་བདག་པོ་རྣམས་ཀྱི་མགོ་བོས་རབ་བཏུད་ཅི་གསུངས་ཐོད་དུ་བཅིངས་གུས་པ། །རྒྱལ་བའི་རྒྱལ་ཐབས་མ་ལུས་སྐྱོང་མཁན་རྣམ་པའི་རོལ་མོ་སྐུ་གསུང་ཐུགས་དང་བདེ་ཆེན་གྱི། །དཀྱིལ་འཁོར་དཀྱིལ་ན་འཇིགས་བྱེད་གཏུམ་པའི་གར་མཛད་དེ་ཡིས་བདག་ལ་རྟག་ཏུ་བདེ་ལེགས་མཛོད། །དྲག་སྔགས་དམོད་པའི་མཚོན་ཆ་རྣོན་པོའི་སྡེ། །ལེགས་བཤད་གླང་ཆེན་སྨྱོན་པའི་སྣས་བསྐོར་ཚེ། །སྡིག་པ་སྤྱོད་པ་རྣམས་ལ་རྒྱུད་ཆད་པ། །འབྱུང་སྙམ་དགའ་རབ་དབང་ཕྱུག་བཞིན་རས་ཟུམ། །གཞན་པ་ལྔ་བརྒྱ་མཐའ་མའི་ཚ་གདུང་ཁྲོད། །ཐར་པར་བགྲོད་པའི་ལུས་རྣམས་དགུན་དུས་ཀྱི། །ཁ་བའི་རེག་བྱས་བསྐུས་པ་ཡང་དང་ཡང་། །པད་དཀར་ཙན་དན་ནགས་ཚལ་གནས་རིང་མོད། །འདིར་གང་བཤད་པར་བྱ་ན་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་དེའོ། །ཚུལ་ཇི་ལྟ་བུས་བཤད་ན། གླེང་བསླང་གླེང་གཞི་བསྟན་པ། རྒྱུད་ཀྱི་གཞུང་རྒྱས་པ་ངེས་པར་བསྟན་པ། ལེའུ་མཐའ་མ་གསང་བ་བསྡུ་བའི་ཚུལ་གསུམ་གྱིས་སོ། །དང་པོ་ནི་དེ་ནས་བཅོམ་ལྡན་ཀུན་མཁྱེན་པའི། །ཡེ་ཤེས་མངོན་པར་མཁྱེན་པ་ཡིས། །བདུད་ཀྱི་དཀྱིལ་འཁོར་འཇོམས་བྱེད་པ། །བཀའ་ཡི་འཁོར་ལོ་བཤད་པར་བྱ། །ཞེས་དགོས་པ་དང་ཉིད་དགོས་གཟིགས་ནས་བཅོམ་ལྡན་འདས་ཤཱཀྱ་སེང་གེས་དཔལ་འབྲས་སྤུངས་རྒྱལ་བའི་མཆོད་རྟེན་ཆེན་པོར་བདེ་མཆོག་གི་རྒྱུད་གཞན་ཐམས་ཅད་བཤད་པའི་མཇུག་ཐོགས་སུ་འདིའི་གླེང་བསླང་བར་མཛད་ལ། དེ་ཡང་བདེ་མཆོག་ཆེན་པོ་ལས་བསྡུས་པར་ཡང་བླ་མ་རྣམས། དེའི་སྡོམ་པ་རྒྱ་མཚོའི་མཇུག་ཏུ། དཔལ་ལྡན་ཁྲག་འཐུང་ནག་པོ་ཆེ། །བྱ་རོག་མིང་ཅན་ཚོགས་ཀྱི་བདག །འཁོར་ནི་ནག་པོ་སྟོང་དང་བཅས། །མ་མོ་ནག་མོ་འབུམ་གྱིས་བསྐོར། །དེ་ཡི་གསང་བ་སྔགས་ཀྱི་གནད། །རྡོ་རྗེ་འཆང་གིས་བཀའ་སྩལ་ཏོ། །ཞེས་སོགས་ཀྱིས་ཤིན་ཏུ་རྒྱས་པར་བཤད་ཡོད་ཅེས་གསུངས་ལ། དེ་རིགས་པ་ཉིད་དེ། ཐུགས་རྗེ་འབྱུང་བར། བདེ་མཆོག་རྒྱ་མཚོར་བཤད་པ་བཞིན། །མིང་དང་ལེའུ་བརྗོད་བྱ་དོན། །ཕྱི་ནང་གོ་རིམ་གཞུང་གི་ཚད། །དེ་ཡི་དབྱེ་བ་རྒྱས་ཞེས་བསྟན། །ཞེས་པས་སོ། །དེ་བཞིན་བདེ་མཆོག་གི་རྩ་བའི་རྒྱུད་ཉུང་ངུའི་ལེའུ་ཉེར་བདུན་བརྒྱད་གཉིས་སུ། རིགས་གཅིག་ལ་ནི་ཀུན་སྤྱོད་པ། །རྣལ་འབྱོར་སྤྱོད་པ་རབ་ཏུ་མཆོད། །ཅེས་ནས། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །བདུད་ཀུན་རབ་ཏུ་ཞི་བར་བྱེད། །ཅེས་པའི་བར་གྱིས་གསུངས་པ་དེ་འདིས་བཤད་པས་འདི་དེའི་བཤད་པའི་རྒྱུད་དུ་བགྲངས་པ་ཡིན་ནོ། །དཔལ་ནི་གཉིས་སུ་མེད་པ་ཡིན་ལ། གང་གཉིས་སུ་མེད་ན། རྡོ་རྗེ་ནི་དམིགས་པ་དང་བཅས་པའི་ཤེས་རབ་དང་། ནག་པོ་ནི་འགྱུར་བ་མེད་པས་སྙིང་རྗེའོ། །ཆེན་པོ་ནི་དེ་དག་གཉིས་སུ་མེད་པ་ཉིད་དང་པོའི་མགོན་པོ། ཁྲོས་པ་ནི་མ་རིག་པའི་བསླད་པ་ཅན་ལ་སྙིང་རྗེས་སོ། །མགོན་པོ་ནི་ལམ་དུས་ཀྱི་སྟེ། དེས་དྲི་མ་ཟློག་པར་བྱེད་པའི་ཕྱིར་རོ། །གསང་བ་དངོས་གྲུབ་འབྱུང་བ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་གྲགས་པ་སྟེ། མིང་འདིས་བརྗོད་བྱ་དོན་གྱི་རྒྱུད་གཞི་ལམ་འབྲས་བུ་གསུམ་དུ་ཕྱེ་སྟེ་བསྟན་ནོ། །དེ་བརྗོད་པར་བྱེད་པའང་དེ་ཉིད་ལས་གཞན་མ་ཡིན་ཏེ། བརྗོད་བྱ་བརྗོད་བྱེད་རོ་མཉམ་པའི་ཕྱིར་རོ། །འདིའི་དགོས་པ་ནི། ཡེ་ཤེས་མངོན་པར་མཁྱེན་པ་ཡིས། །ཞེས་པས་བཤད་དེ། སྐུ་གསུང་ཐུགས་རྡོ་རྗེའི་སྙིང་པོ་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་པའི་ཐབས་ཤེས་པའོ། །ཉིང་དགོས་ནི། བདུད་ཀྱི་དཀྱིལ་འཁོར་འཇོམས་བྱེད་པ། །ཞེས་པས་ཏེ། དེ་ཤེས་པས་བདུད་ལས་རབ་ཏུ་རྒྱལ་བའི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །འབྲེལ་བ་ནི་ཞར་གྱིས་འཐོན་ལ། བཀའ་ཡི་འཁོར་ལོ་ནི། སངས་རྒྱས་ཀྱི་བཀའ་འདི་རྒྱུད་དང་འཚམ་པར་གོ་བ་ལ་བྱེད་དེ། ཆོས་ཀྱི་འཁོར་ལོའི་སྒྲ་བཤད་བཞིན་ནོ། །ཡང་དེ་ནས་ཞེས་པའི་སྐད་དོད། ཨ་ཐ་ཨེ་ཝཾ་དུ་བསྒྱུར་ནས་བཤད་པས། དེ་གཉིས་མེད་པ་མ་ཡིན་པ་དང་། རྒྱུད་ཐམས་ཅད་ཀྱི་ཐོག་མར་ཚིག་དེ་གཉིས་རང་ངེས་པར་སྨྲ་དགོས་པ་མ་ཡིན་པའང་དོན་ལ་སྟོན་པའི་ཕྱིར་དུའོ། །གླེང་གཞི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐོགས་པ་མེད་ཅིང་གདོན་མི་ཟ་བ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་ནས། ཀླ་ཀློའི་སྐད་ཀྱིས་སྦས་པ་སྟེ། །ཞེས་པའི་བར་གྱིས་རྒྱུའི་རྒྱུད་དམ་གཞི། དེ་ནས་རྐང་པ་ལྔས་དབང་། དེ་ནས་དྲུག་གིས་ལམ་གྱི་ཆིངས། དེ་ནས་བཅུ་དགུས་བསྐྱེད་རིམ། དེ་ནས་བརྒྱད་ཀྱིས་གསང་དབང་གི་ལམ། དེ་ནས་བཞིས་དབང་གསུམ་པའི་ལམ། དེ་ནས་བཅུ་གཉིས་ཀྱིས་དབང་བཞི་པའི་ལམ། དེ་ནས་གསུམ་གྱིས་དམ་ཚིག དེ་ནས་བཞིས་བརྗོད་བྱེད་ཀྱི་རྒྱུད་ཀྱི་གནས་པ། དེ་ནས་ལེའུ་དང་པོ་རྫོགས་པའི་བར་གྱིས་སྤྱོད་པ་མདོར་བསྟན་པ་ཡིན་ནོ། །འདི་ནི་རྫོགས་པའི་སངས་རྒྱས་ཆོས་བཤད་པར་བཞེད་པ་ཙམ་སྟེ་ཚིག་ཏུ་མ་ཐོན་པས། རྩ་བའི་རྒྱུད་རྒྱས་པ་སངས་རྒྱས་རྣམས་ཀྱི་ཐུགས་དང་མཉམ་པ་དེ་འཆད་པའི་གླེང་གཞིར་སོང་ངོ་། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་གསུང་རྨི་ལམ་ལྟ་བུ་ཉེ་བར་གསན་ཏེ་གསུང་རྡོ་རྗེའི་ཚིག་འདི་གསུངས་སོ། །རྡོ་རྗེ་འཛིན་པ་གང་ཞིག་གི །ནས། གསང་བ་ཆེན་པོའི་རིགས་དག་པའི། །འདོད་ཆགས་རྡོ་རྗེའི་སྐུར་ལྡན་པ། །ཞེས་པའི་བར་གྱིས་རྒྱུའི་སྟོན་པ་ལོངས་སྐུས། རྩ་བའི་རྒྱུད་འབྲིང་པོ་འོག་མིན་དུ་རྒྱུན་མི་འཆད་པར་བསྐོར་བ་སངས་རྒྱས་རྣམས་ཀྱི་དབྱངས་དང་མཉམ་པ་དེ་བཤད་པའི་གླེང་གཞི། ལྷོ་ཕྱོགས་བྱ་རྐང་རི་དང་ནི། །ནས། ཐུབ་པའི་རྒྱལ་པོ་དེ་བཞིན་གཤེགས། །ཞེས་པའི་བར་གྱིས་འབྲས་དུས་ཀྱི་ཧེ་རུ་ཀ་སྤྲུལ་པའི་སྐུར་བཞེངས་ནས་རྒྱུད་ཉུང་ངུ་ལེའུས་བཅིངས་པ་ཤླཽ་ཀ་བགྲང་བར་ནུས་པ་རྣམས་འཆད་པ་སྐུའི་གླེང་གཞི་སྟེ། འདི་ནི་གླེགས་བམ་ལ་འགོད་པར་ཡང་ནུས་པ་ཡིན་ནོ། །དེ་ལ་ཡང་རྒྱས་བསྡུས་དུ་མ་ནི་གདུལ་བྱའི་བསམ་པས་ཡིན་ལ། ཤིན་ཏུ་ཉུང་བའི་བཀའ་དག་ནི་བདག་ཅག་ལྔ་བརྒྱ་མཐའ་མ་པ་རྣམས་ལ་དགོངས་ནས་སོ། །མཐའ་མ་འདི་ལ་གནས་ཕུན་སུམ་ཚོགས་པ་ནི་དཔལ་འབྲས་སྤུངས་རྒྱལ་བའི་མཆོད་རྟེན་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོའི་དབུས་ཀྱི་སེང་གེའི་ཁྲི་སྟེ། ལྷོ་ཕྱོགས་བྱ་རྐང་རི་དང་ནི། །དཔལ་གྱི་རི་ལ་མདུན་ཕྱོགས་པ། །ཤྲཱི་དྷཱ་ནྱ་ཀ་ཊ་ཀ །པདྨ་གེ་སར་རྒྱས་པའི་དབུས། །ཆོས་ཀྱི་འབྱུང་གནས་བསྟན་པར་གནས། །དཔལ་ལྡན་དགའ་བའི་ཁང་པ་བརྩེགས། །གསང་བ་སྔགས་ཀྱི་རྒྱ་མཚོ་ཡི། །མ་ལུས་རྒྱལ་བ་བགྲོད་པའི་ཡུལ། །གསང་བ་ཆོས་ཀྱི་དབྱིངས་ཆེན་པོ། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་དུ། །ཞེས་དང་། དེ་དབུས་སེང་གེའི་ཁྲིར་བཞུགས་པ། །ཞེས་སོ། འཁོར་ནི། ཀླ་ཀློའི་ཡུལ་གྱི་མི་རྣམས་དང་། །དཔའ་བོ་རྣལ་འབྱོར་དབང་ཕྱུག་ཚོགས། །ལྷ་དང་ལྷ་མིན་དྲི་ཟར་བཅས། །གསང་ཆེན་ཡོངས་སུ་རྫོགས་པ་ཡི། །རང་བྱུང་ཡེ་ཤེས་ཕོ་བྲང་དུ། །ཚངས་དབང་ཁྱབ་འཇུག་དབང་ཕྱུག་དག །དཀྱིལ་འཁོར་སྒོ་བཞིར་བཅུག་ནས་ཀྱང་། །སྐྱེ་བོ་ཆགས་ཅན་རབ་འདུལ་ཕྱིར། །མཆོག་ཏུ་གྱུར་པའི་སྙིང་པོ་གསུངས། །ཕྱོགས་བཅུར་གནས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། །དཔའ་བོ་རྣལ་འབྱོར་དབང་ཕྱུག་ཚོགས། །གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །ཁྲག་ཁྲིག་རི་རབ་རྡུལ་མཉམ་དང་། །ཞེས་པ་འདིས་ཀླ་ཀློ་ཡུལ་གྱི་མི་ནི་ཤམྦྷ་ལ་ཡི་རྒྱལ་པོ་འཁོར་བཅས་སོ། །སྟོན་པ་ནི། ཐུབ་པའི་རྒྱལ་པོ་དེ་བཞིན་གཤེགས། །རྡོ་རྗེ་འཛིན་པ་ཆེན་པོ་ལ། །ཞེས་གསུངས་པ་ཤཱཀྱ་སེང་གེ་ཉིད་དཔལ་མགོན་པོ་ཐམས་ཅད་འདུས་པའི་དཀྱིལ་འཁོར་དུ་བཞེངས་ནས་འདི་བཤད་པ་སྟེ། གཞན་དུ། གསང་ཆེན་ཡོངས་སུ་རྫོགས་པ་ཡི། །རང་བྱུང་ཡེ་ཤེས་ཕོ་བྲང་དུ། །ཞེས་གསུངས་པ་འབྲེལ་མེད་པར་འགྱུར་བའི་སྐྱོན་མཆིའོ། །ཞུ་བ་དང་སྡུད་པ་པོ། རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ། །བླ་གོས་ཕྲག་པ་གཅིག་གཟར་ཏེ། །པུས་མོའི་ལྷ་ང་ས་ལ་བཙུགས། །ཐལ་མོ་སྦྱར་ཏེ་འདི་དོན་ཞུས། །ཞེས་སོགས་ཀྱིས་སོ། །ཆོས་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་པ། བླ་མེད་སངས་རྒྱས་བསྟན་པ་ལ། །དགའ་ཞིང་མགུ་ལ་རབ་དད་པའི། །སེམས་དཔའ་ཆེན་པོ་གསང་བའི་དོན། །རབ་ཏུ་ཞུས་པ་ལེགས་སོ་ལེགས། །ཤིན་ཏུ་རྨད་དུ་བྱུང་བ་ཡི། །གདུལ་དཀའ་མ་ལུས་འདུལ་དོན་དུ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་མཛོད། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཞེས་ནས་རྒྱུད་རྫོགས་པའི་བར་རོ། །དུས་ནི་བཅོམ་ལྡན་འདས་དགུང་ལོ་བདུན་ཅུ་རྩ་དགུ་པ་ནག་པའི་ཉ་ལའོ།། །། གཉིས་པ་རྒྱུད་ཀྱི་གཞུང་རྒྱས་པ་ངེས་པར་བསྟན་པ་ལ། འཁྲུགས་བསྡེབས་ནས་རྒྱུད་ཀྱི་མངོན་རྟོགས་བསླང་བ་དང་། ལེའུས་བཅད་པའི་གནད་ཀྱིས་རྒྱུད་ཆ་ཤས་སུ་གསིལ་བ་རྣམ་གྲངས་སུ་བསྟན་པའོ། །དང་པོ་ལ། ཇི་ལྟར་ཞུས་པ། དེ་ལ་ལན་རིམ་པར་བཏབ་པ་གཉིས། དང་པོ་ནི། གསང་ཆེན་ཁྱད་པར་འཕགས་པ་ཡི། །ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཆེ། །ཞེས་པས་དང་པོའི་མགོན་པོ་དྲིས་པ། མི་འགྱུར་རྡོ་རྗེ་ཐེག་པའི་ལམ། །ཞེས་པས་ལམ་དུས་ཀྱི་མགོན་པོ་དྲིས་པ། རྒྱུ་བསྟན་པ། དེ་ཉིད་ཅེས་པས་འབྲས་བུའི་དུས་ཀྱི་མགོན་པོ་དྲི་བ་གསུམ་སྟེ། མཚན་དང་གླེང་གཞིའི་འབྲེལ་གྱིས་བསྟན་པ་ཡིན་ནོ། །ལམ་དུས་ལས་འཕྲོས་ནས། དུས་དང་གནས་དང་གང་ཟག་སྟེ། །སྤྱོད་ཡུལ་བསྟན་པའི་ཁྱད་པར་ནི། །ཞེས་པས་དྲི་བ་བཞི་སྟེ། དུས་ནམ། གནས་གང་། གང་ཟག་ཅི་ལྟ་བུ། རྣལ་འབྱོར་གྱི་སྤྱོད་ཡུལ། དེ་ལས་འཕྲོས་ནས། སྒྲུབ་དང་བསྒྲུབ་པ་འཕྲིན་ལས་ཚོགས། །ཐབས་དང་སྟོབས་དང་འཇུག་པ་སྟེ། །མངོན་བྱེད། ཅེས་པ་དྲིས་པས་བདུན་ནོ། །གཉིས་པ་དེ་ལ་ལན་རིམ་པར་བཏབ་པ་ལ། གཞི་དུས་ཀྱི་ལན་ལམ། འབྲས་དུས་ཀྱི་ལན་བསྟན་པའོ། །དང་པོ་ནི། དེ་ལ་དངོས་གྲུབ་ཐམས་ཅད་ཀྱི། །གྲུབ་པ་རབ་ཏུ་སྟེར་བྱེད་པ། །རྒྱལ་བ་ཀུན་གྱི་སྙིང་པོ་སྟེ། །སྙིང་པོའི་སྒྲ་ནི་བསྟན་པ་ཐམས་ཅད་ཀྱི་གཅེས་ཤོས་ལ་བཞག་པ་དང་། དྲི་མ་དགུའི་སྦུབས་སུ་གནས་པ་ལ་བཞག་པ་གཉིས་ལས། འདིར་ཕྱི་མའོ། །དེའི་ངོ་བོ་ནི། ཡ་ཀི་ཡེ་ཤེས་ཀྱི་མགོན་པོ་ནས་མ་ཀི་ཐེའུ་རང་རྐང་གཅིག་པའི་བར་ཐ་དད་མེད་པས་རྒྱུད་གཅིག་སྟེ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་རྒྱན་ལས་གསུངས་པའི་ཕྱིར་རོ། །རྒྱུད་གཅིག་ཏུ་བཞག་པའི་གནས་སྐབས་དེར་ཡང་དངོས་པོར་གཟུང་རྒྱུ་ཞིག་ཏུ་མ་གྲུབ་པས་རང་བཞིན་མེད་པ་ཞེས་བྱ། དེ་ཀ་རང་བཞིན་རྣམ་དག་གི་དོན་དུ་བླ་མ་བཞེད་ལ། བཞེད་པ་ལྟར་རྒྱལ་བ་རྣམས་ཀྱིས་འདིའི་དཔེར་ནམ་མཁའ་གཟུང་སྟེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ཁམས་གསུམ་པོ་ནི་མ་ལུས་པ། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །ལག་པ་ལ་སོགས་པས་མྱུལ་བའི་ཚེ་རེག་བྱ་མེད་པ་ཙམ་ཞིག་ལ་འཇིག་རྟེན་ནམ་མཁའ་ཞེས་ཟེར་ལ། རྒྱུ་དེས་གཞན་གྱི་གོ་མི་དགག་པས་གཞན་མི་སྒྲིབ་པ་སྟེ། ཆོས་མངོན་པར། དེ་ལ་ནམ་མཁའ་མི་སྒྲིབ་པའོ། །ཞེས་གསུངས་སོ། །གང་དངོས་པོ་ཞིག་ཏུ་གྲུབ་ན་དེས་དེར་གཞན་འཇུག་པའི་གོ་བགགས་ཏེ་ཕ་བོང་ལྟ་བུའོ། །དེའི་ཕྱིར་རང་བཞིན་མེད་པས་རང་བཞིན་ཅན་ལྟར་སྣང་བ་འདི་ཐམས་ཅད་རྐྱེན་གྱི་ངོར་རུང་བ་མེ་ལོང་དྭངས་པ་ལ་གཟུགས་བརྙན་བཞིན་ནོ། །དེ་ལྟར་ཤར་བ་དེ་ལས་གཞན་དུ་མེད་ཀྱང་སྣང་ཙམ་ཞིག་ལོགས་སུ་གྲུབ་པ་འདྲ་བས་སྒྱུ་མ་ལྟ་བུ་སྟེ། བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་ཐོས་པ་སོགས། །ཐམས་ཅད་སྒྱུ་མ་ལྟ་བུར་འཆར། །ཞེས་སོ། །དེའི་ཕྱིར་ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །འབྱུང་བ་བཞི་ལ་སོགས་པ་རྣམས། །ཐམས་ཅད་གདོད་ནས་དག་པ་ཡིས། །ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱིས། །དངོས་པོ་དུ་མ་གསལ་བར་སྣང་། །ཡེ་ཤེས་མེད་པར་སྐྱེ་མི་འགྱུར། །སངས་རྒྱས་ཡེ་ཤེས་ཀྱིས་རབ་བསྐུལ། ནམ་མཁའི་དཔེས་མཚོན་པའི་གཞི་དེ་ཡང་སངས་རྒྱས་ཀྱི་གཟིགས་པ་ལ་བྱ་ཡི། བདག་ཅག་གིས་མཐོང་བ་ནི་བཅོས་མ་སྟེ། དཔེར་ན་སྐྱེས་བུ་ལྷ་སྦྱིན་ཨོ་ཚོམ་མེར་འདུག་བཞིན་པ་ལ་དགྲ་གཉེན་མཆོད་སྦྱིན་གྱིས་ཐ་དད་པར་མཐོང་བ་ལྟ་བུའོ། །དེ་ལྟ་བ་པོའི་སྐྱོན་ཡིན་གྱི། ལྟ་གཞིའི་དེའི་མ་ཡིན་པ་བཞིན། གཞི་འཁྲུལ་མེད་ལ་འཁྲུལ་པའི་ལྷད་གློ་བུར་དུ་ཞུགས་པ་ཤེས་པར་བྱའོ། །ལྷད་དེས་རྐྱེན་བྱས་པས་སྲིད་པ་ཇི་སྲིད་དམན་མཆོག་གི་སྣང་བ་འཇུག་ལ། ལྷད་དེ་འཇུག་པ་མེད་པར་གྱུར་ན་སྣང་བ་ཐམས་ཅད་དག་སྟེ་འཚང་རྒྱ་བ་ཡིན་ནོ། །དེའི་ཕྱིར། ཇི་སྲིད་འཁོར་བའི་གནས་སུ་ནི། །ཀུན་མཁྱེན་བདེ་གཤེགས་བཞུགས་གྱུར་པ། །མྱ་ངན་འདའ་བར་མི་མཛད་ཅིང་། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །རྒྱུན་མི་འཆད་པར་འགྲོ་བ་ཀུན། །སྲིད་པའི་ཞགས་པས་འཇིགས་མེད་པར། །བྱམས་པའི་ཐུགས་ཀྱི་བརྩོན་འགྲུས་ཀྱིས། །རྟག་ཏུ་སེམས་ཅན་དོན་མཛད་རྣམས། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །སྨོན་ལམ་རྣམ་པར་སྦྱོང་བྱེད་ཅིང་། །སྙིང་རྗེས་དོན་བརྩོན་སེམས་ཀྱིས་ནི། །དཔའ་བོས་སྲིད་པ་སྦྱོང་བར་མཛད། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །དེ་བས་གཞི་དུས་ཀྱི་སྙིང་རྗེས་གཞན་གྱི་གོ་འབྱེད་པ་བཞིན། ལམ་དུས་སུ་སེམས་ཅན་སྡུད་པར་བྱེད་ལ། འབྲས་དུས་སུ་སེམས་ཅན་ཐམས་ཅད་ཀྱི་དོན་འཆར་བས། སྙིང་རྗེའི་སྟེང་དུ་གཞི་ལམ་འབྲས་བུ་ཐམས་ཅད་ལྷུན་གྱིས་གྲུབ་བོ། །དེ་བཞིན་གཞི་དུས་སུ་རྐྱེན་མ་ཞུགས་པ་རང་བཞིན་གྱིས་དག ལམ་དུས་སུ་འཁོར་བ་སྦྱོང་ལ། འབྲས་དུས་སུ་དག་པ་གཉིས་ལྡན་ཏེ། བློ་ཟད་ཆོས་ཟད་དུ་འགྱུར་བས། སྟོང་པའི་སྟེང་དུ་གཞི་ལམ་འབྲས་བུ་ལྷུན་གྱིས་གྲུབ་བོ། །དེའི་ཕྱིར། གསང་བ་ལས་ཀྱི་རིམ་པ་ཉིད། །ཅེས་བསྟན་ནོ། །གཞི་ལ་རྐྱེན་ཞུགས་པའི་དབང་དུ་བྱས་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུང་ཞིང་བཀའ་ལ་མཉན། །དམ་ཚིག་འཛིན་པའི་ཞིང་སྐྱོང་ལ། །མགོན་པོ་ས་བཅུའི་དབང་ཕྱུག་གཙོ། །དཔལ་ལྡན་ཞིང་སྐྱོང་ཐམས་ཅད་ལས། །མཆོག་ཏུ་གྱུར་པའི་ལས་སྒྲུབ་པ། །དཔལ་ལྡན་ནག་པོ་ཆེན་པོ་ནི། །འདུས་པ་འདིས་ནི་ལྷ་མིན་གྱི། །གཡུལ་ལས་རྒྱལ་བར་བྱེད་པ་ཡིན། །ཞེས་དང་། འོག་ཏུ། དཔལ་ལྡན་ལྷ་མོ་ཆེན་མོ་དང་། །ནག་མོ་རེ་མ་ཏིར་གྱུར་པ། །ལྕམ་དྲལ་གྱུར་པས་བསྟན་པ་བསྲུང་། །ཞེས་ཐུགས་དཀྱིལ་བ་ཐམས་ཅད་ཡུམ་ཅན་དུ་བཤད་པ་དང་། ཞིང་སྐྱོང་བ། ཉི་ཤུ་རྩ་བཞིའི་གཙོ་བོ་སྟེ། གཞན་དུ་ས་གསུམ་དབང་བྱེད་པའོ། །ཞེས་དུར་ཁྲོད་ཀྱི་ཞིང་སྐྱོང་བརྒྱད། འདི་ལ་དངོས་ཟིན་ཕོ་གཙོ་བོར་གྱུར་པ་འདྲ་ཞིག་བསྟན་ཡང་། རིགས་ཐམས་ཅད་པའི་དཀྱིལ་འཁོར་ལ་མོ་གཙོ་དགོས་ལ། ལེའུ་བཅུ་གཅིག་པར། དེ་ནས་དཀྱིལ་འཁོར་ཆེན་པོ་ཡི། །དུར་ཁྲོད་གནས་པའི་ཞིང་སྐྱོང་དང་། །ཉི་ཤུ་རྩ་བཞིའི་ཞིང་སྐྱོང་བཅས། །དེ་དག་རིམ་པ་བཤད་པར་བྱ། །རྡོ་རྗེ་རིགས་ཀྱི་ཕོ་ཉ་མོ། །དྲུག་ཅུ་རྩ་བཞིའི་འཕྲིན་ལས་དང་། །འདི་ཉིད་གསང་བའི་མགོན་པོ་ཡི། །ཐབས་མཆོག་འདི་ནི་ཀུན་ཏུ་སྦས། །ཞེས་བཤད་པས་སོ། །ལྷ་སྲིན་སྡེ་བརྒྱད་མ་ལུས་པ། །མཆོད་འོས་གཙོ་བོར་གྱུར་པ་ཡིན། །ཞེས་སྐུ་དཀྱིལ་གྱི་ལྷ་བཤད་ནས། སྐུ་དང་གསུང་དང་ཐུགས་གསང་བ། །སྒོ་གསུམ་སྦྲག་དང་། དེ་ཡང་ལྷའི་དག་པའི་དབང་དུ་མཛད་ནས། ཕྱི་ནང་དེ་ཉིད་ཁོ་ནའི་དོན། །ཡོན་ཏན་འཕྲིན་ལས་དབང་ཕྱུག་ཏུ། །དམ་ཚིག་མགོན་པོ་ཞེས་གསུངས་སོ། །དེའི་དོན། དེ་ཁོ་ན་ཉིད་དུ་ཆོས་ཉིད་ཀུན་འགྲོ་ཡིན་པས་ཆོས་ཅན་དུ་མར་གྲུབ་ལ། དེས་ཆོས་ཆོས་ཉིད་མི་ཕྱེད་པ་དང་། གསང་བར་རིགས་གཅིག་རིགས་བརྒྱ་ནས་གྲངས་མེད་པའི་བར་དུ་འཆར་བས། རིགས་དང་རིགས་ཅན་མི་ཕྱེད་པ་དང་། ཡ་གི་དཔལ་ཡེ་ཤེས་ཀྱི་མགོན་པོ་ནས་མ་གི་ཐེའུ་རང་གི་བར་ཐམས་ཅད་ནང་རྩའི་རྟེན་འབྱུང་སྟེ། རྩ་ཁམས་མ་དག་པར་དེ་དག་ཀྱང་བགེགས་དང་ལོག་འདྲེན་ལ་སོགས་པ་བར་དུ་གཅོད་བྱེད་ཀྱི་བདུད། རང་གི་རྩ་དག་པ་ན་དེ་དག་ཆོས་སྐྱོང་དུ་ཞལ་བསྒྱུར། རྩ་ཐམས་ཅད་དབུ་མར་ཐིམ་ན་རང་རྒྱུད་དུ་དྭངས་ཏེ་འཚང་རྒྱ་བས། རྗེ་བཙུན་གྱིས། ནང་རྩ་གཟུགས་རྟེན་འབྲེལ་ཤེས་པའི་ཕྱིར། །ཕྱི་འཁྲུལ་སྣང་གི་གདོན་ལ་ང་མི་འཇིགས། ཞེས་དང་། དགྱེས་རྡོར་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཇི་ལྟར་ནང་བཞིན་ཕྱི་དེ་བཞིན། །ཞེས་སོ། །འདི་ཀའི་ལེའུ་བཞི་པར། དཀྱིལ་འཁོར་ལྷ་འདི་ལུས་ཉིད་ཡིན། །གཞན་དུ་ལྷ་དང་དཀྱིལ་འཁོར་ནི། །བཙལ་ཡང་རྙེད་པར་མི་འགྱུར་ཞེས། །འདྲེན་པ་དཔའ་བོས་རྟག་ཏུ་གསུངས། །ཞེས་བཤད་དོ། །གཞན་ཡང་སམ་པུ་ཊར། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་བྱུང་། །ཞེས་བཤད་པ་དང་། བརྟག་གཉིས་ལས། ང་ལས་འཇིག་རྟེན་ཐམས་ཅད་བྱུང་། །ང་ལས་གནས་གསུམ་པོ་ཡང་བྱུང་། །དང་། འཇིག་རྟེན་འཇིག་རྟེན་འདས་པ་ང་། །དང་། བདེ་མཆོག་ཉུང་ངུ་ལས། ཡུལ་ཕྱོགས་གང་ན་གནས་གྱུར་པའི། །རིགས་ངན་ཀླ་ཀློ་ཡིན་ན་ཡང་། །ཡུལ་དེ་ཡོངས་སུ་བཏགས་པ་སྟེ། །སེམས་ཅན་ཡོངས་སུ་གཟུང་བའི་རྒྱུར། །དེ་རུ་ང་ནི་རྟག་ཏུ་གནས། །ཞེས་འབྱུང་བས་ཐམས་ཅད་ཧེ་རུ་ཀའི་རོལ་མོ། དེའི་ཕྱིར། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་ཀུན་སྤྱོད་ལས་བཤད་དོ། །འདི་ལྟ་བུའི་གནད་གོ་ནས་ལྷའི་རྣལ་འབྱོར་བསྒོམས་ན་དེས་ཐ་མལ་གྱི་སྣང་བ་ཟློག་པར་ནུས་ལ། དེར་ལྷའི་སྣང་བ་བསྒོམ་རྒྱུ་ཞིག་སྟོན་དགོས་པ་ཡང་། དང་པོ་ནས་མཚན་མ་མེད་པ་ལ་འཇོག་མི་ནུས་པས། སྤྲོས་པ་ལ་འཁྲིད་ནས་སྤྲོས་མེད་ལ་འཇུག་པར་བྱ་བའོ། །དེ་ལྟར་ཡང་བརྟག་གཉིས་ལས། སྤྲོས་པ་རྨི་ལམ་ལྟར་བྱས་ན། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། །ཅེས་གསུངས་པས་སོ། །གཞན་ཕྱི་རོལ་དུ་ལྷ་དང་འདྲེ་ཞིག་གཟུང་། དེ་གསོལ་བ་དང་བརྡུང་བར་ཞེན་པ་དག་ནི་རྡོ་རྗེ་ཐེག་པར་མི་འགྱུར་ཏེ། གང་ཟག་དེས་སེམས་ཙམ་གྱི་ལྟ་བ་ཡང་མ་སྙེགས་པས་སོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་རྒྱན་དུ་དེའི་གྲུབ་མཐར། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །ཞེས་འབྱུང་བས་སོ། །དབུ་མ་པར་འགྱུར་བ་ལ་དེར། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་འབྱུང་ཞིང་། འདིར་ཕྱི་ནང་སྦྱར་བ་ཡང་ཐམས་ཅད་མཉམ་པ་ཉིད་དུ་སྟོན་པ་སྟེ། ཕྱི་ནང་གསང་བ་དེ་ཁོ་ནའི་སྤྲོས་པ་ཉེ་བར་ཞི་ན་ཞི་བའི་དབྱིངས་དེ་ལ་མཉམ་པ་ཉིད་ཅེས་བྱ་ཡི། སྤྲོས་པ་ཟིང་ངེར་བཞུགས་པའི་མཉམ་ཉིད་ནི་མིང་ཙམ་མོ། །རང་བཞིན་མེད་པ་ཐམས་ཅད་པར་འཆར་བ་ཙམ་ཕྱག་རྒྱས་མཚོན་ནུས་པས་ཕྱག་མཚན་དེ་དག་ཀྱང་ཐུགས་སུ་བཞག་གོ །དེ་ལྟར་ཐུགས་ཕྱག་རྒྱ་ཆེན་པོ་བཤད་ནས་ལེའུ་བཞི་པར། སྐུ་གསུང་ཐུགས་ཀྱི་གསང་བ་ལས། །དྲག་པོ་ཀུན་གྱི་སྲོག་གྱུར་པ། །ཡོན་ཏན་འཕྲིན་ལས་དབང་ཕྱུག་གི །ཕྱི་ནང་གསང་བའི་བདག་པོ་ཡིན། །འདི་ཡང་སྔར་གསུང་རྡོ་རྗེ་ཚིག་ཏུ་འཐོན་པའི་གླེང་གཞིར། རྡོ་རྗེ་འཛིན་པ་གང་ཞིག་གི །སྒྱུ་མ་བྲག་ཅའི་གཟུགས་བརྙན་ལྟར། །ཡིད་འོང་དབེན་པའི་གནས་དག་ཏུ། །དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། །ཅེས་སྒྲ་བརྙན་ལྟ་བུར་སྔགས་བཟླ་བ་དེ་འཆད་པར་བཞེད་པ་ཡིན་ལ། བླ་མ་རྣམས་འདིར་སྲོག་བཞིའི་ཐ་སྙད་མཛད་དེ། དེ་བཞིན་འདིར། །གཅིག་ལས་དུ་མའི་ངོ་བོ་ཅན། །འཇིག་རྟེན་པ་དང་ཡེ་ཤེས་ཆེ། །མི་འགྱུར་བ་དང་དགུག་པ་དང་། །ལས་རྣམས་བྱེད་པའི་གྲོགས་གྱུར་པའོ། །གསང་སྔགས་འཁོར་ལོ་འདི་དག་ནི། བྱེ་བྲག་རྣལ་འབྱོར་པས་བཤད་བྱ། །ཞེས་དང་སྲོག་གམ་མི་འགྱུར་བའི་སྲོག འཁྲུལ་སྲོག་གམ་གནས་པའི་སྲོག གདགས་སྲོག་གམ་མིང་སྲོག འདི་དགུག་སྲོག འདྲེན་སྲོག་གམ་སྲོག་སྔགས། འདི་ལས་བྱེད་ཀྱི་སྲོག དང་པོ་ནི་ཆོས་ཐམས་ཅད་ལ་སྙིང་པོར་བཞུགས་པས། ཧཱུྃ་ལ་བྱེད། དེ་ཀ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཏེ་ཡེ་ཤེས་ལྔ་ལྡན་དུ་བཤད་པས་སྟོང་ཆེན་ཡི་གེ་ལྔར་འགྱུར་བ་ལ། རྡོ་རྗེ་བཞི་ལ་གནས་པའི་ཆ། །གཏེར་གྱི་བུམ་པ་ཁ་ཁྱེར་ལྡན། །དུས་ཀྱི་རྒྱལ་པོ་འོད་གསལ་བ། །ཆུ་འཛིན་ཕྱོགས་ཙམ་ཕྱེད་ལྡན་གཉིས། །སྒྲ་དང་སྒྲ་ཡིས་ཁྱབ་པ་སྟེ། །དུ་མ་མ་ཡིན་གནས་པའི་ཡུལ། །ཞེས་དགོངས་པའི་སྐད་ཀྱིས་གསུངས་སོ། །སྟོང་ཆེན་ཡི་གེ་ལྔ་ནི་དབྱངས་ཐམས་ཅད་ལ་ཁྱབ་པ་ཡིན་ལ། དེ་ལས་ཐིག་ལེ་སྟོང་པ་ཡི་གེ་དྲུག་ཏུ་འགྱུར་བ་གསལ་བྱེད་ཐམས་ཅད་པ་སྟེ། དབྱངས་དང་གསལ་བྱེད་ཀྱིས་མ་བསྡུས་པའི་ཡི་གེ་ནི་མ་མཆིས་སོ། །འདིས་ཡི་གེ་ཧཱུྃ་དང་སྲོག་ཐུགས་མི་འགྱུར་བ་གཅིག་ཡིན་པས་ཐམས་ཅད་ཀྱི་ས་བོན་དུ་འདི་བཞེད་དོ། །སྤྱིའི་མི་འགྱུར་བའི་སྲོག་ཨེ་ལ་བཞག་པ་སྟོང་པ་ཉེད་ཨེར་འཆད་པའི་དགོངས་པས་ཡིན་ལ། དེ་ཡང་རྣམ་འགྱུར་གཙོ་བོར་སོང་བས་འཁྲུལ་སྲོག་ཏུ་གཟུང་ངོ་། །དེར་རྣམ་པར་མ་གྱུར་པའི་ཨ་ལྟ་བུ་ནི་ངག་ཐམས་ཅད་ཀྱི་རྩ་བ་ཡིན་ལ། དེ་དང་འདིར་ཧཱུྃ་རྒྱལ་བ་རྣམས་ཀྱི་ཐུགས་ལ་གནས་པའི་གསང་སྔགས་ངོ་མ་ཡིན་པར་ཁྱད་པར་མེད། དེ་གསུང་རྡོ་རྗེའི་ས་བོན་དུ་བཞག་པའི་ཚེ་རིང་པོར་སྣང་བ་ཙམ། དེ་བཞིན་ཡི་གེ་ཨོཾ་སྐུའི་ས་བོན་དུ་བྱས་པ་ཡང་ཤེས་པར་བྱ་དགོས། དེ་བས་ན་དྲི་མེད་འོད་ལ་སོགས་པར། སྐུ་གསུངས་ཐུགས་ཀྱི་སྙིང་པོ་འདི་དག་ལས། ཨ་ཨུ་མ་གསུམ་ལས་ཨོཾ་སྒྲུབ་པ་དང་། ཨ་ཨཿརྣམ་བཅད་གསུམ་ལས་ཨཱཿདང་། ཧ་ཨུ་མཱ་གསུམ་ལས་ཧཱུྃ་བསྒྲུབ་པར་མཛད་པའང་སྐུ་གསུང་ཐུགས་གཅིག་པ་མཚོན་པའི་ཕྱིར་རོ། །གཞན་མི་འགྱུར་བའི་སྲོག་ཏྲི་ལ་བྱེད་པ་ནི་དྲེགས་པ་ཁོ་ནའི་དབང་དུ་བྱས་སོ། །གདགས་པའི་སྲོག་ནི་མིང་ངམ་མིང་གི་ཐོག་མ་སྟེ། ཨཱི་ཤྭ་ར་ལྟ་བུའི། ཨ་བསྡུས་པ་དང་། བདུད་ལ་དུ། གཤིན་རྗེ་ལ་ཡ། གཟའ་ལ་ར། ཀླུ་ལ་ཕུཿ བཙན་ལ་ཙ། གནོད་སྦྱིན་ལ་ཀྵ། རྒྱལ་པོ་ལ་རཱ། མ་མོ་ཐམས་ཅད་ལ་མའམ་བྷྱོ། ཕོ་བརྒྱུད་ཐམས་ཅད་ལ་ཡ་བཤད་པ་ལྟ་བུ། འདྲེན་སྲོག་ནི་རང་རང་གི་སྙིང་པོ་སྟེ། དེ་ལྟར་ལྷ་ལས་ཀྱི་འགྱུར་ན་དེའི་སྔགས་ཀྱང་འགྱུར་བས་མཐའ་གཅིག་ཏུ་མི་གཟུང་སྟེ་སྐབས་ཐོབ་ཀྱིས་ཤེས་པར་བྱའོ། །དེ་ཡང་། སྙིང་པོ། ཡང་སྙིང་། འཕྲིན་ལས་ཀྱི་སྔགས་གསུམ་དུ་ཕྱེ། དེ་ཐམས་ཅད་ཀྱང་ཁྲག་མཚོ་ཁོལ་མའི་རྒྱུད་དུ། སྙིང་དབུས་སྲོག་གནས་མི་ཤིགས་པ། །རྩེ་མོར་གྱུར་པ་ཀུན་བསྐྱེད་གཞི། །མཚན་ནས་བརྗོད་པ་ཐུན་མོང་བ། །དེ་ནི་བདེ་བ་མིང་ཙམ་ཡིན། །གསང་བ་ཐུན་མོང་མ་ཡིན་པ། །མྱུར་དུ་བསྐུལ་བ་ལས་བྱེད་འགྱུར། །ཡང་སྙིང་གསང་ཆེན་རང་དབང་མེད། །ལེན་ཞིང་འཛིན་པས་དོན་གྲུབ་པའོ། །འཕྲིན་ལས་སྐུལ་བྱེད་དྲག་སྔགས་ནི། །བརྗོད་པས་ཐོག་དང་གླང་ཆེན་བཞིན། །གང་གཏང་རྒྱུག་ཅིང་འཇོམས་པར་བྱེད། །ཅེས་སོ། །གཞན་འདིར། རྩ་བའི་སྔགས་ནི་སྲོག་ཡིན་ཏེ། །གསུང་གི་དངོས་གྲུབ་སྙིང་པོ་ཡིན། །ཉེ་བའི་སྙིང་པོ་ཐུགས་བསྐུལ་བའོ། །ཡེ་ཤེས་ས་བོན་མི་ཤིགས་པ། །དྭངས་མའི་གནས་པར་དེ་བཤད་དོ། །ཞེས་སོ། །ལར་ཡ་གི་རྒྱལ་བ་རིགས་ལྔ་ནས་མ་གི་དམྱལ་བའི་བར་གྱི་སྲོག་གཟུགས་ཐམས་ཅད་རྩ་གཟུགས་དབྱིབས་ཀྱི་ཡི་གེར་སྣང་ཞིང་དེར་རླུང་རྒྱུ་བའི་གདངས་ལས་དེ་དང་དེའི་ཡི་གེ་དངོས་གྲུབ་པའོ། །དེའི་ཕྱིར་རྩ་གཟུགས་དེ་དག་ཏུ་རླུང་གིས་ཐིག་ལེ་འཁྲིད་པ་ན་སོ་སོའི་གནས་སྦྱོང་འཆར་ལ། རྩ་གཟུགས་དེ་དག་འཁྲུལ་འཁོར་དང་དམིགས་པ་རླུང་གནད་ཀྱིས་བཤིག་ན་དེ་ལས་གྲོལ་ནས་ཕྱིན་ཆད་དེའི་སྣང་བ་མི་འཆར་བ་ཡིན་ནོ། །དེའི་ཕྱིར། དྭངས་སྙིགས་ལས་ཀྱི་རྒྱུ་འབྲས་ཀྱིས། །གནས་པ་ཁྱད་པར་རྟེན་འབྲེལ་ཏེ། །འཁྲུལ་དང་འཁྲུལ་པ་མ་ཡིན་པས། །ཁམས་གསུམ་ཀུན་ལ་དབང་བྱེད་པས། །འཇིག་རྟེན་ལས་དང་ཡེ་ཤེས་ཀྱི། །མགོན་པོའི་ཁྱད་པར་མངོན་དུ་འབྱུང་། །ཞེས་གསུངས་ལ། ལས་ཀྱི་རྣམ་སྨིན་རགས་པས་འཁྲུལ་པ་ཤས་ཆེ། དེས་འཇིག་རྟེན་པ། རྣམ་སྨིན་གྱི་གཟུགས་ཕྲ་བས་ཡེ་ཤེས་པ་སྟེ། སོ་སོ་སྐྱེ་བོ་དང་མ་རིག་བག་ཆགས་ཀྱི་ས་པའི་ཁྱད་ལྟ་བུ། དོན་རགས་པ་ཉིད་སྦྱངས་པས་ཕྲ་བར་འགྱུར་ཞིང་། ཕྲ་བ་དག་ན་སངས་རྒྱས་ཀྱི་སྐུ་གསུམ་དུ་གནས་འགྱུར་བས་སོ། །གདགས་པ་ཐ་སྙད་ཁྱབ་པ་པོ། །ཐུན་མོང་བར་ནི་བསྟན་པ་ཡིན། །གདགས་པའི་སྲོག་རྩ་གཟུགས་བོད་ལ་བོད་དང་རྒྱ་ལ་རྒྱའི་ཡི་གེའི་གཟུགས་སུ་ཡོད་པས་སྐད་རིགས་བཞི་ཡོད་པ་ནས་སྐད་བསམ་གྱིས་མི་ཁྱབ་པའི་བར་ཏེ། གྲི་གུག་བརྩེགས་པར། སྔགས་ནི་རྩ་བའི་སྲོག་ནང་གནས། །ཨཱ་ལི་ཀཱ་ལི་ཁོང་ནས་འབྱུང་། །འཇུག་འབྱིན་རྒྱན་གྲོགས་རྐྱེན་གྱིས་བསྒྱུར། །མིང་དང་ཚིག་དང་ཡི་གེའི་ཚོགས། །རབ་ཏུ་བྱེད་པ་དུ་མར་འགྱུར། །ཞེས་པས་སོ། །དེའི་ཕྱིར། འདི་དག་ལས་དང་སྐྱེ་བོ་ལས། །སྒྲིབ་པ་ཐུན་མོང་ལྷ་ཡི་ཆ། །དངོས་དང་བརྒྱུད་པས་ལུང་བསྟན་པས། །སྲོག་དང་སྲོག་མ་ཡིན་པ་སྟེ། །ཞེས་པ་འབྱུང་བའི་དབྱེ་བ་ཕན་ཚུན་དགྲ་གཤེད་གྲོགས་བཏང་སྙོམས་པར་འགྱུར་བ་བཞིན། སྔགས་དེ་དག་ཀྱང་དགྲ་གྲོགས་བཏང་སྙོམས་པར་གནས་པ་བཤད་ལ། རྒྱུ་དང་རྐྱེན་དང་བསྐུལ་བ་ཡིས། །གསང་སྔགས་བཟླས་པ་མངོན་པར་ཕྱེ། །ཞེས་པ། གླེགས་བམ་དུ་བཀོད་པ་ཙམ་མ་ཡིན་པ། རྒྱུ་དང་རྐྱེན་གྱི་ངོར། དགྲ་དང་སྤྲད་པ། གྲོགས་དང་བསྡེབ་པ། ཡི་གེ་བསྣན་པ། དུག་དབྱུང་བ། དཀྲུག་པ། འཕྲུལ་དུ་བསྐོར་བ་རྣམས་ཤེས་དགོས་པས། ཁྲག་འཚོ་ཁོལ་མར། དེ་ཡི་གསང་སྔགས་བསྟན་པ་ཡང་། །གཏོར་དང་གྲིལ་དང་དཀྲུག་པའི་ཚུལ། །བྱིན་ཆེ་ཚན་སྐྱེད་མི་བཟློག་ཕྱིར། །སྤྱི་དང་བྱེ་བྲག་བཟླས་པ་བྱ། །ཞེས་བཤད་པ་དང་། ཐུགས་རྗེ་འབྱུང་བར། རང་གི་རྒྱུད་རྩུབ་ཁྲོ་བ་ན། །ཡེ་ཤེས་བསྙེན་པས་སྟོད་ལ་མནན། །འཁོར་དང་ནོར་ལ་འཁྲེན་པ་ན། །འཕྲེང་བའི་སྔགས་ཀྱིས་མགོ་ཐོག་བགྲང་། །ནོར་དང་བསོད་ནམས་ཆུང་བ་ན། །གསང་བའི་སྔགས་ལ་ཐུན་བཞིར་རྦད། །ལྷ་བཞིའི་འབྱིན་འཇུག་མ་ཤེས་ན། །ནག་པོ་གནད་ནས་འཁྲུལ་མི་འགྱུར། །ཞེས་སོགས་རྒྱུད་རྣམས་ལས་དུ་མས་གསུངས་སོ། །བཞི་སྙིང་སྦས་པའི་རྒྱུད་དུ། འཇུག་པ་རང་རང་སྐབས་ཀྱི་འབོད། །འབྱིན་པ་འཐེམས་ཀྱིས་བསྐོར་ལ་དབྱུང་། །ཞེས་དང་། རང་གནས་དང་ནི་བསྐོར་བ་དང་། །མི་བསྐོར་བ་དང་མཐར་ཟད་དང་། ཚེག་དྲག་བར་དུ་དགྲ་མིང་འཇུག །ཅེས་ཚེ་ཟད་ལས་ཟད་དུ་སྡེབས་པ་ཡང་བཤད་དོ། །བསྐུལ་བ་ནི་རྣམ་པ་བཞིས་ཏེ། བརྗོད་པ་དང་། དམིགས་པ་དང་། བརྡར་གྱུར་པ་དང་། འགོག་པ་རྡོ་རྗེའི་བཟླས་པ་བཞིའི་རིམ་པས་སོ། །དེ་བས་ན་སྔགས་ལ་གཞུང་ཇི་ལྟ་བ་དང་། བླ་མའི་མན་ངག་གི་དབྱེ་བ་གཉིས་ལས། ཐམས་ཅད་དུ་ཕྱི་མ་གཙོ་བ་ཡིན་ནོ། །དེ་ལྟར་གསུང་ཕྱག་རྒྱ་ཆེན་པོར་བཤད་ནས། ལེའུ་བཅུ་དྲུག་པར། དཔལ་ལྡན་ནག་པོ་ཆེན་པོ་ཡི། །བཀའ་ཡི་ཚོགས་ཀྱི་འཁོར་གྱུར་པ། །འདི་ནི་ཀུན་ཏུ་ཤེས་པར་བྱ། །ལས་ཀྱི་མགོན་པོ་རྣམས་དང་ནི། །ལྷ་མོ་ཆེན་མོ་འཁོར་དང་བཅས། །ལྷ་སྲིན་སྡེ་བརྒྱད་མ་ལུས་པ། །ཕོ་ཉ་མངག་གཞུག་ལས་བྱེད་པ། །གཞན་ཡང་ཕྱོགས་སྐྱོང་བཅུ་དང་ནི། །ཀླུ་ཆེན་བརྒྱད་དང་ལྷ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་རྒྱལ་ཆེན་བཞི། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །གནོད་སྦྱིན་བརྒྱད་དང་འཕྲོག་མ་བུ། །ཤ་ཟ་དང་ནི་མ་མོ་དང་། །འཇིག་རྟེན་པ་དང་དམ་ཚིག་གནས། །ཞིང་སྐྱོང་མ་ལུས་འཁོར་དང་བཅས། །འདི་དག་ལས་ཀུན་བྱེད་པ་ཡི། །འཇིག་རྟེན་སྐྱོང་བ་བཞི་བཅས་པ། །གྲུབ་པ་རབ་ཏུ་རྩོལ་བར་མཛད། །ལྷ་དང་ལྷ་མིན་མིའམ་ཅི། །ལྟོ་འཕྱེ་གྲུལ་བུམ་སྲུལ་པོ་དང་། །ལུས་སྲུལ་གྲིབ་གནོན་སྐྱེ་མཆེད་སོགས། །ནམ་མཁའ་ལྡིང་དང་ཤ་ཟ་དང་། །འབྱུང་པོ་མ་ལུས་འདུས་པ་ཀུན། །ཞེས་པའི་ལྷ་མོ་ཆེན་མོ་འཁོར་དང་བཅས་པ་ཡན་གྱིས་ཐུགས། འཇིག་རྟེན་པ་དང་དམ་ཚིག་གནས། །ཞེས་སོགས་ཀྱི་རྐང་པ་དང་པོ་གཉིས་ཀྱིས་དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཞིང་སྐྱོང་མ། རྐང་པ་ཕྱི་མ་གཉིས་ཀྱིས་སྒོ་མ་བཞི། ལྷག་མས་སྐུ་དཀྱིལ་བ་བཤད་ལ། དེ་ཡང་ཆབས་གཅིག་ཏུ་བཤད་པས་དཀྱིལ་འཁོར་གཅིག་ཡིན་པ་ཤེས་པར་བྱའོ། །སངས་རྒྱས་ལ་མཐོང་བ་པོ་གསུམ་གྱི་དབྱེ་བས་སྐུ་གསུང་དུ་འགྱུར་བ་བཞིན། །དཔལ་ནག་པོ་ཆེན་པོ་ཡང་ཡིན་ལ། ཆོས་སྐུ་ནི་སངས་རྒྱས་ནང་ཕན་ཚུན། ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་བདག་གི་ངོར། སྤྲུལ་པའི་སྐུ་ནི། མཆོག་དང་སྐྱེ་བ་སྤྲུལ་པའི་སྐུའི་དབང་དུ་བྱས་པ་གཉིས་ཏེ། དང་པོ། སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་བཀའ་བརྒྱུད་དུ། དང་པོ་སངས་རྒྱས་ཀྱི་བསྟན་པ་གང་གི་བསྲུངས་ན། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི་བསྣུབས། ལོག་འདྲེན་གྱི་སྤྱོད་པ་དར་དུ་བཅུག་ནས་ཡོད་པ་ལ། འགྲོ་བ་རིགས་དྲུག་མུན་པའི་ནང་ན་གནས་པ་ལས་བྱང་ཆུབ་ཀྱི་མྱུ་གུ་སྐྱེ་མི་སྲིད་པས། བཅོམ་ལྡན་འདས་ཀྱིས་དྲེགས་པ་ཅན་རྣམས་ཐུལ་བར་མ་གྱུར་ནས། དཔལ་ཆེན་པོ་རྡོ་རྗེ་སྲིན་པོར་སྐུ་སྤྲུལ་ཏེ། ནམ་མཁའ་འབྲུག་གིས་བཀང་། བར་སྣང་གློག་གིས་བཀང་། ས་གཞི་མེ་དཔུང་དང་ཁྲོ་ཆུང་གི་སེར་བས་བཀང་ནས་གདུག་པ་ཅན་ཐམས་ཅད་ནི་བརྒྱལ་ཞིང་མྱོས་པར་གྱུར་ནས། དཔའ་བོ་ཆེན་པོ་དབུགས་ཕྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་དྲེགས་པ་ཅན་རྣམས་བརྒྱལ་སངས་པ་ལས་དྲེགས་པའི་གཙོ་བོ་དེ་རྣམས་ན་རེ། བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཅིག ཇི་ལྟར་གསུངས་པའི་བཀའ་བཞིན་བྱེད་དོ་ཟེར་ཞེས་ནས་བྱང་ཆུབ་ཀྱི་སེམས་ལ་བཀོད་དོ། །བར་དུ་དཔའ་བོ་ཆེན་པོ་བསྟན་པ་ལ་དགོངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པས། དེའི་ངང་ནས་ཆུའི་ཆུ་བུར་གྱི་ཚུལ་དུ་གྱུར་ཏེ་ལེགས་ལྡན་ཆེན་པོའི་སྐུར་གྱུར་ནས་ཞེས་ཕྱག་བཞི་པ་བཤད་ལ། མཐའ་མར་དཔའ་བོ་ཆེན་པོའི་ཐུགས་ཀྱི་དཀྱིལ་ནས་དྲག་པོ་ཚ་རབ་རྔམ་པའི་འོད་ནག་པོ་གཅིག་འཐོན་པར་གྱུར་ཏོ། །འོད་ཟེར་དེས་འཇིག་རྟེན་གྱི་ཁམས་ལན་གསུམ་དུ་དཀྲུགས་ཏེ། སླར་དཔའ་བོ་ཆེན་པོའི་ཐུགས་ཁར་ཐིམ་མོ། །ཐིམ་པ་དང་ཞལ་ལྡེག་པའི་ངང་ནས་ཧཱུྃ་ཧཱུྃཕཊ྄་ཕཊ྄་ཅེས་རྔམ་པར་བསྒྲགས་པས། ཐུགས་ཀ་ནས་མིའི་ལུས་ལ་བྱ་རོག་གི་གདོང་པ་ཅན། ཕྱག་གཡས་ན་གྲི་གུག་འཕྱར་བ། གཡོན་ན་ཐོད་ཁྲག་ཞལ་དུ་བརྔུབ་པ། སྐུ་ལ་གདུག་པའི་འོད་ཟེར་རབ་ཏུ་འཕྲོ་བ། རྐང་པ་ས་ལ་བརྡབས་པས་ཐམས་ཅད་རྡུལ་དུ་རློག་པ། སྐད་ཅིག་གིས་སྟོང་གསུམ་རླག་པར་མཛད་པ། ལོག་འདྲེན་ཅན་རྣམས་བརྒྱལ་ཞིང་ཁྲག་ཏུ་སྐྱུག་པ། དྲག་པོ་བཙན་དུག་སྲོག་གི་སྤུ་གྲི། དམ་ཉམས་ཀྱི་སྲོག་གཅོད། བཀའ་ཡིས་བསྟན་སྲུངས། ཡེ་ཤེས་ཀྱི་སྤྱན་ཅན། ནག་པོ་ཆེན་པོའི་སྙིང་ཏིག་འདི་འཐོན་པར་གྱུར་ཏོ། །འཐོན་པ་དང་འཇིག་རྟེན་གྱི་ཁམས་འགུལ་འགུལ་ཤིག་ཤིག་གྱུར་ཏེ། ཞེས་པས་ལས་མགོན་བཤད་དོ། །གཞན་ཡང་སྟོན་པ་ཉིད་དེར་སྤྲུལ་ཏེ་མགོན་པོ་ཐམས་ཅད་ཀྱི་རྩ་བའི་རྒྱུད་དངོས་གྲུབ་འབྱུང་བ་གསུངས་པས་ཀྱང་ཤེས་སོ། །གཉིས་པ་ནི། ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། སྔོན་འདས་པའི་དུས་ན་བསྐལ་པ་དྲག་པོ་རྣམ་པར་འཁྲུག་པ་ཞེས་བྱ་བ་ལ། སངས་རྒྱས་ཞི་བའི་འོད་ཏོག་གི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས། དེའི་བསྟན་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་བདུད་ཀྱི་སྤྲུལ་པ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་ཝ་དང་། ལྷ་མོ་ཨུ་མ་དེ་ཝཱི་གཉིས་སྤྲུལ་ནས། དེ་གཉིས་ཀྱིས་ཀྱང་འཇིགས་བྱེད་དང་དུས་མཚན་གཉིས་སྤྲུལ་ནས། དེ་དག་གིས་འཇིག་རྟེན་གྱིས་ཁམས་ཀྱི་སེམས་ཅན་རྣམས་ལ་གསོད་པའི་ལས་ཀྱིས་ཟད་ཅིང་བརླག་པར་བྱས་ནས། སྟོངས་པ་ལ་ཐུག་པའི་ཚེ། སངས་རྒྱས་ཞི་བའི་འོད་ཀྱིས་བདུད་བཞི་པོ་དེ་དག་བཏུལ་ཡང་མ་ཐུལ་བས། དཔལ་བདེ་བ་ཆེན་པོས་བདུད་འདུལ་བའི་ཆོ་འཕྲུལ་གྱིས་ལྷ་མོ་ཨུ་མ་ལ་དགྱེས་པའི་གད་རྒྱངས་བཅུ་གཉིས་ཀྱིས་སྦྱོར་བ་བྱས་པ་ལས། དེ་དག་ལ་བུ་རྡོ་རྗེ་སྲིན་པོ་རབ་ཏུ་འཇིགས་པ་དག་སྐྱེས་པར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བའི་འཕྲུལ་འཁོར་འགུལ་ཞིང་ལྡེག་པར་གྱུར་པ་ལས། བདུད་དགའ་རབ་དབང་ཕྱུག་ཡིད་འཁྲུགས་པར་གྱུར་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བའི་འཕྲུལ་འཁོར་ལ་ཞུགས་ནས། ལྷ་མ་ཡིན་གྱི་དམག་བསྡུས་ནས་ཐོག ནམ་མཁའ་ལ་མེ་དང་འབྲུག་དང་། དྲག་པོའི་ཆོ་འཕྲུལ་ཆེན་པོ་བཅུ་དྲུག་གིས་སྲིད་པ་གསུམ་འགུལ་འགུལ་ཤིག་ཤིག་བྱེད་པ་ལས། དེའི་ཚེ་རྡོ་རྗེ་སྲིན་པོ་རབ་ཏུ་ཁྲོས་པ་ལས། བདུད་ཀྱི་ཞལ་བཞི་ནས་དྲག་པོའི་སྐུ་བྱུང་བས། དེ་འདུལ་བ་ལ་གསང་བའི་ལྷ་མོ་བཞི་སྤྲུལ། ཁོའི་མིག་ལ་དུག་བཞི་ཡོད་པ་ལས། དེ་འདུལ་བ་ལ་འཕྲིན་ལས་ཀྱི་ཕྱག་བཞི་སྤྲུལ་ཞིང་དུག་ཞི་བའི་རྒྱལ་པོ་བཞི་སྤྲུལ། སྐྱེ་མཆེད་དྲུག་ལས་མཁའ་འགྲོ་མ་དྲུག རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་བཀའ་སྡོད་ཀྱི་མགོན་པོ་བརྒྱད། རིགས་པའི་ཡན་ལག་བཅུ་ལས་ཕྱོགས་སྐྱོང་བཅུ། དབང་གི་བཞིན་འཛུམ་བཅུ་དྲུག་ལས་མགོ་བརྙན་བཅུ་དྲུག སྐུའི་བཀོད་པ་བཅོ་བརྒྱད་ལས་གིང་ཆེན་བཅོ་བརྒྱད། ཁྲོས་པའི་ང་རོ་ཉི་ཤུ་རྩ་གཅིག་ལས་ཕོ་བདུད་ཉི་ཤུ་རྩ་གཅིག ཆགས་པའི་གར་ཉི་ཤུ་རྩ་བརྒྱད་ལས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། སྤྱན་གྱི་འགྱུར་བཟློག་སུམ་ཅུ་ལས་དྲེགས་པ་སུམ་ཅུ་དང་། འཕྲིན་ལས་ཀྱི་འོད་ཕུང་བདུན་ཅུ་ལས་དཔལ་མགོན་བདུན་ཅུ། ཞལ་གྱི་མདངས་བྱད་བརྒྱ་ལས་རོ་ལངས་བརྒྱ། སྤྱན་གྱི་འགྱུར་ལྡོག་སྟོང་ལས་ནག་པོ་སྟོང་། ཞབས་ཀྱི་སྟངས་སྟབས་ཁྲི་ལས་གནོད་སྦྱིན་ཁྲི། དབང་གི་གར་སྤྱོད་འབུམ་ལས་མ་མོ་འབུམ། བ་སྤུའི་འོད་ཟེར་བྱེ་བ་ལས་ཤ་ཟ་བྱེ་བ་སྤྲུལ་ནས། དྲག་པོ་འཇིགས་བྱེད་དང་དུས་མཚན་དམར་མོའི་ལུས་ལ་དབང་བྱས་ནས་སྟན་དུ་བཏིང་། ལྷ་ཆེན་ཡབ་ཡུམ་འཁོར་དུ་བཀོད། འཁོར་ཚོགས་གཞན་ཐམས་ཅད་དབང་དུ་བསྡུས་ནས་བདུད་ཀྱི་དམག་ཚོགས་ཐམས་ཅད་བརླག་པར་བྱས་སོ། །དེས་ན་ཡབ་ནི་ཁྲག་འཐུང་ཆེན་པོ་ཧེ་རུ་ཀ་ཡིན་ལ། མ་ནི་ཨུ་མ་དེ་ཝཱི་ཞེས་བྱ་བ་དེ་ཡིན་ཏེ། དེ་དག་གཉིས་ལས་རྡོ་རྗེ་སྲིན་པོ་སྐྱེས་སོ། །དེ་ནས་རྡོ་རྗེ་སྲིན་པོ་དེས་བདུད་ཐམས་ཅད་དབང་དུ་བསྡུས་ཏེ་ཉིད་ཀྱི་སྐུ་ལས་སྤྲུལ་པ་ཐམས་ཅད་རང་ལ་རང་ཐིམ་པར་གྱུར་ཏོ། །དེ་ཉིད་ཀྱང་དཔལ་ཧེ་རུ་ཀའི་ཞལ་ལ་ཐིམ་པར་གྱུར་ཏོ། །ཞེས་གསུངས་པའི་གསང་བའི་ལྷ་མོ་བཞི་ནི་རེ་མ་ཏི་བཞི་དུག་ཞི་བའི་རྒྱལ་པོ་བཞི་སྟེ་སྲས་མཆོག་བཞི། ཧཱུྃ་མཛད། མྱུར་མཛད། གདོང་བཞི། ལས་མགོན། ཕྱི་མ་ལས་ལས་མགོན་ཆེན་པོ་གསུམ། བཀའ་སྡོད་བརྒྱད་ནི་མགོན་པོ་བཀའ་བརྒྱད་དུ་བཤད་དོ། །ཡང་དེར། དང་པོ་སྔོན་བྱུང་འདས་པའི་དུས་ཀྱི་ཚེ། །བསྐལ་པ་བཟང་རྒྱན་ཞེས་ནི་བྱ་བ་ལ། །སངས་རྒྱས་ཞི་བ་འོད་ཅེས་འཇིག་རྟེན་བྱུང་། །དེ་ལ་འཁོར་ནི་བྱེ་བ་དུང་འཕྱུར་འབུམ། །དགེ་སློང་དགེ་བསྙེན་ཚངས་སྤྱོད་གཙང་། །སྦྱངས་པ་བཅུ་གཉིས་སྤྱོད་པ་ལས། །བྱང་ཕྱོགས་ཨོ་ཊའི་ཡུལ་དུ་སོང་། །སངས་རྒྱས་འཁོར་དང་བཅས་པ་རྣམས། །སྡིག་སྤྱོད་རྒྱལ་པོ་དགའ་བའི་དཔལ། །ཁམས་གསུམ་ལྷ་ཡི་བདག་པོ་དེས། །འོག་གི་རྒྱ་མཚོ་དུག་རིའི་ཁ། །དུག་གསུམ་འབར་བའི་ཁང་པར་བཅུག །བདུད་རྒྱལ་དགའ་རབ་དབང་ཕྱུག་དང་། །བཙུན་མོ་པདྨའི་འཕྲེང་བ་ཅན། །རང་གི་ལྷ་རུ་སྨོན་པ་ལས། །སངས་རྒྱས་རྫུ་འཕྲུལ་མཁའ་ལ་གཤེགས། །དེ་ཚེ་འཁོར་གྱིས་སྨོན་ལམ་བཏབ། །བདག་ཅག་དགེ་སློང་ཕོ་མོ་རྣམས། །ཚངས་སྤྱོད་བསོད་ནམས་སྔགས་མཐུ་ཡིས། །སྐྱེ་བ་འདི་ནས་གཉིས་པ་ན། །སྲིད་པ་གསུམ་ལ་དབང་ཆེ་བ། །གནོད་སྦྱིན་གདུག་པ་སྲིན་པོའི་རིགས། །ཤ་ཟ་ཁྲག་འཐུང་སྲོག་གི་བདག །ལས་ཀྱི་གཤིན་རྗེར་སྨོན་ལམ་གདབ། །སྨོན་ལམ་བདེན་པའི་བྱིན་རླབས་ཀྱིས། །རི་རབ་རི་ཡི་རྩེ་མོ་རུ། །ལྷ་ཆེན་དབང་ཕྱུག་ཆེན་པོ་དང་། །བཙུན་མོ་ཨུ་མ་དེ་ཝཱི་ལ། །བུ་ནི་བརྒྱད་སྐྱེས་ལྷ་ཆེན་བརྒྱད། །དེ་ཡི་ཆུང་ཤོས་མགོན་པོ་སྟེ། །སྲིན་པོ་ནག་པོ་སྟོབས་པོ་ཆེ། །ཤ་དང་ཁྲག་ལ་རབ་དགའ་བ། །སྲིད་པ་གསུམ་ལ་དབང་ཆེ་བ། །འཇིག་རྟེན་གསུམ་པོ་ཟ་བྱེད་ཅིང་། །ཁམས་གསུམ་པོ་ནི་བརླག་པར་བྱས། །རྒྱལ་ཆེན་བཞི་པོ་བསྒྲལ་བྱས་ནས། །གསང་བའི་ཡུམ་བཞི་ཉིད་ལ་སྦྱོར། །དེ་ལ་གསང་བའི་བུ་བཞི་སྐྱེས། །སྲིན་པོའི་གཟུགས་ལ་བྱ་རོག་གདོང་། །གསུས་ཁྱིམ་ཆེ་ལ་ཤ་ཁྲག་དགའ། །མིག་རྩ་དམར་ལ་མཆེ་བ་རིང་། །དྲག་པོའི་གཟུགས་ཅན་བཞི་རུ་བྱུང་། །སྟེང་ཕྱོགས་ཚངས་པའི་འཇིག་རྟེན་ནས། །ལྷ་མོ་བརྒྱད་པོ་དབང་དུ་བསྡུས། །འདོད་ཁམས་ལྷ་རིགས་གནས་དྲུག་ནས། །མཁའ་འགྲོ་དྲུག་པོ་དབང་དུ་བསྡུས། །རི་རབ་རི་ཡི་ཁོང་སེང་ནས། །ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས། །རྣམ་པར་རྒྱལ་བའི་ཁང་བཟང་ནས། །ཕྱོགས་སྐྱོང་བཅུ་པོ་དབང་དུ་བསྡུས། །ཞེས་དང་། དེ་ནས་སྲིན་པོ་ནག་པོ་དེས། །སྔོན་གྱི་སྨོན་ལམ་དམོད་བོར་བས། །ལས་ཀྱི་སྐྱེ་དྲན་དུག་རིའི་ཁར། །རྒྱལ་པོ་འཁོར་བཅས་སྟོང་གི་ནི། །མཁལ་མ་སྙིང་དང་ནང་རོལ་དང་། །ལུས་ཕྱེད་དག་ནི་བཅད་ཅིང་ཟོས། །སྲིན་པོ་ལངྐཱ་སྤུ་གྲིའི་ཡུལ། །སྲིན་གྱི་གྲོང་ཁྱེར་བདུན་འབུམ་བརླག །གཡས་པ་གཅོད་བྱེད་གྲི་གུག་གིས། །སྲིན་པོའི་མགོ་བཅད་དོན་སྙིང་གཏུབས། །ལངྐཱ་སྤུ་གྲིའི་སྙིང་ཁྲག་འཐུངས། །ལྷ་མིན་བུ་མོ་གློག་མ་སྤྲིན། །བསད་ནས་མགོ་བཅད་འཕྲེང་བ་བྱས། །ཞེས་པའི་སྐྱེ་བརྒྱུད་འདི་ནི་ལས་ཀྱི་མགོན་པོའི་ཡིན་ལ། འདིར་བྱ་རོག་གདོང་བཞི་ནི། བཞི་སྙིང་སྦས་པ་སྲོག་གཟེར་ནག་པོར་བཤད་པའི། སྲོག་བདག་གཤིན་རྗེ་བདུད་པོ། གནོད་སྦྱིན་བྱར་གདོང་བཞིའོ། །གཞན་དུ་བདུད་མོ་བྱར་གདོང་ཡང་བཤད་དོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཉིད་ལ་འཇིག་རྟེན་དང་མཐུན་པའི་སྐྱེ་བརྒྱུད། ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་དགོས་འདོད་འབྱུང་བ་ལས། ཕ་ནི་དགའ་རབ་དབང་ཕྱུག་ཡིན། །མ་ནི་དུར་ཁྲོད་པེ་ཏཱ་ལི། །བུ་ནི་ནག་པོ་ཆེན་པོ་སྟེ། །ཕས་བྱིན་གཡས་ན་གྲི་གུག་སྟེ། །མས་བྱིན་གཡོན་ན་ཐོད་ཁྲག་འཛིན། །གཞན་ཡང་འཁོར་གྱིས་བྱིན་པ་ནི། །རལ་གྲི་དང་ནི་ཁ་ཊྶཱཾ་འཛིན། །མར་མེ་མཛད་ལ་སེམས་བསྐྱེད་ནས། །དེ་བཞིན་གཤེགས་པར་ལུང་བསྟན་པ། །མི་བརྗིད་འཇིག་རྟེན་ཁམས་གསུམ་ནི། །སངས་རྒྱས་ཤཱཀྱ་ཐུབ་པ་འབྱུང་། །དེ་ཡི་བསྟན་པ་ཁྱོད་ཀྱིས་བསྲུངས། །མུ་སྟེགས་གནོད་པ་ཁྱོད་ཀྱིས་ཐུལ། །ཞེས་པས་བསྐལ་པ་བཟང་པོའི་སངས་རྒྱས་ཀྱི་བསྟན་སྲུང་མཛད་པའི་རྒྱུ་མཚན་དང་བཅས་ཏེ་བཤད་དོ། །བསྐལ་བ་བཟང་པོ་ཡང་། ཡར་གྱི་ཡ་ཐོག་རིང་མོ། བར་གྱི་ཁུག་པ་བཅོ་བརྒྱད། མར་གྱི་མ་ཐོག་རིང་མོ་ཞེས་པ་འདི་ཙམ་ཉན་ཐོས་དང་ལུང་ཆ་མཐུན་ཕལ་ལ་གྲགས། དྲི་མེད་འོད་དུ། རྣམ་པར་གཟིགས་ལ་སོགས་པའང་བསྐལ་པ་བཟང་པོའི་སངས་རྒྱས་སུ་བཤད་པ་བཞིན་སོ་ཐར་མདོའི་འགྲེལ་པ་མང་པོར་བཤད་དོ། །ཞིང་ཁམས་འདི་ཁ་ཡང་། བསྐལ་བཟང་གི་མདོར། སངས་རྒྱས་འཁོར་བ་འཇིག་ནས་བགྲངས་པའི་བཅུ་དང་བཞི་བཅུ་པ་ལ་སོགས་པར་ཞིང་ཁམས་རྒྱལ་བའི་སྨོན་ལམ་གྱིས་འགྱུར་ནས་ཆེས་ཕུན་སུམ་ཚོགས་པར་བཤད་པས་ན། ཇི་སྐད་བཤད་ཀྱང་མི་འགལ་བའི་གནད་ཅིག་མ་རིག་ན་རྒྱལ་བའི་བཀའ་ནང་ཕན་ཚུན་མི་མཐུན་པར་འགྱུར་རོ། །དེ་ལྟ་བུའི་ལས་ཀྱི་མགོན་པོ་དེ་ཡང་། ཐུགས་རྗེ་འབྱུང་བའི་རྒྱུད་དུ། ཁྱོད་ནི་དང་པོ་དུས་ཀྱི་སྔོན་རོལ་ཚེ། །བྲམ་ཟེའི་བུ་ནི་བླ་མར་སྐྱེས་པའི་ཚེ། །གནོད་སྦྱིན་འབྲོག་གནས་བཟང་པོ་ལ། །གདུག་པའི་སེམས་ཀྱིས་ནོར་བུ་བརྐུས། །འགྱོད་པའི་སེམས་ཀྱིས་སླར་གཏད་པ། །མི་འདོད་ཚུར་ལ་སྦྱིན་པར་གཏང་། །མངོན་སུམ་སངས་རྒྱས་ལ་དད་དེ། །འབྲས་བུ་མི་བསླུ་སྔོན་ཡང་བསྐལ་པ་བརྒྱར། །རེ་རེ་ལ་ཡང་བསོད་ནམས་བསགས་ལས་སྐྱེས། །རྣམ་གཟིགས་མར་མེ་རིན་ཆེན་གཙུག །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བས། །བྲམ་ཟེའི་སྔགས་འགྲུབ་འདི་ཉིད་དུ། །ལས་ཀྱི་མགོན་པོའི་ལུས་བླངས་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་གཙུག་ལག་བསྲུངས་ནས་ཀྱང་། །ནུབ་ཕྱོགས་ཐལ་བ་ཅན་ཞེས་པའི། །རྣམ་པར་དག་པའི་འཇིག་རྟེན་དེར། །ཁྱོད་ནི་ཐལ་བའི་དབང་པོ་མཆོག །བདེ་བར་གཤེགས་པར་སངས་རྒྱས་ནས། །ལུས་ཅན་ཁྱོད་ཀྱིས་བསད་པ་རྣམས། །ཞིང་དེར་ཐམས་ཅད་སངས་རྒྱས་འགྱུར། །ཞེས་འབྱུང་བ་དང་། ཁ་ཏནྟྲའི་རྒྱུད་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཉིད་ལས་མ་ཧཱ་ཀཱ་ལ་བྱ་རོག་གི་རྡོ་རྗེ་ཅན་དུ་སྤྲུལ་ནས་ཀྱང་བཤད་དེ། དོན་ལ་འདུལ་བྱེད་ཀྱི་ངོར་དེ་དང་དེར་སོང་བས་གཅིག་དུ་མར་སོང་བ་ཞེས་བྱའོ། །གྲི་གུག་བརྩེགས་པར། ཡེ་ཤེས་མགོན་པོ་ས་བཅུ་ཡི། །དབང་ཕྱུག །ཅེས་དང་། ལས་མགོན་དུར་ཁྲོད་བདག་པོ་ནི། །འཇིག་རྟེན་གནས་པ་ས་དྲུག་པ། །ཞེས་བཤད་དོ། །དེ་བས་ན། སྐྱེ་བརྒྱུད་བཤད་པར་ཡང་། ཆོས་སྐྱོང་ཐམས་ཅད་མགོན་པོ་ཕྱག་བཞི་པ་ཉིད་ཀྱི་སྤྲུལ་པར་བསྟན་ནོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཉིད་ཀྱང་དོན་གསང་བ་སྔགས་ཀྱི་ངོ་བོ། །བརྡ་ཐབས་སུ་དེར་སྣང་བ་ཙམ་སྟེ། །ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་དུ། །ཞལ་གཅིག་ཆོས་སྐུ་མི་འགྱུར་དག །ཕྱག་བཞི་འཕྲིན་ལས་བཞི་མཛད་པ། །བདུད་བཞི་འདུལ་མཛད་གྲི་གུག་དང་། །ལྷ་མིན་གཡུལ་ཟློག་རལ་གྲི་གཡས། །ཁམས་གསུམ་དབང་སྡུད་ཐོད་ཁྲག་དང་། །བགེགས་ཆེན་འདུལ་བྱེད་ཁ་ཊྶཱཾ་གཡོན། །ཐབས་དང་ཤེས་རབ་ལས་བྱུང་བའི། །ཁྲོས་པའི་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་ཁྲག་འཐུང་། །ཞེས་དང་། ནམ་མཁའ་མཉམ་པ་དགོས་འདོད་འབྱུང་བའི་རྒྱུད་དུ། གྲི་གུག་ཉོན་མོངས་གཅོད་པར་བྱེད། །ཐོད་པ་སྟོང་ཉིད་དོན་དམ་པ། །ཤེས་རབ་རལ་གྲིས་མཚོན་པ་སྟེ། །ཁ་ཊྶཱཾ་སྐུ་གསུམ་ངོ་བོ་གཅིག །ཁྱེད་ཀྱིས་དེ་ལྟར་བསྟན་པ་སྟེ། །སྤྱན་གསུམ་དུས་གསུམ་མཁྱེན་པ་ལས། །སྙིང་རྗེ་ཆེ་བས་སྤྱན་རྩ་དམར། །གདུག་པ་འདུལ་ཕྱིར་ཁྲོ་བོས་ཏེ། །ཕྱག་བཞི་འཕྲིན་ལས་བཞི་ལ་སོགས། །མུ་སྟེགས་འདུལ་ཕྱིར་ཧ་ཧ་བརྗོད། །འདུ་བྱེད་ལྔ་བཅུ་རྩ་གཅིག་པོ། །འཇོམས་ཕྱིར་ཐོད་རློན་འཕྲེང་བ་ཅན། །དབུལ་བ་སེལ་ཕྱིར་སྒེག་པ་སྟེ། །ཡེ་ཤེས་ལྔ་པོ་ཐོད་སྐམ་མཚོན། །སྟག་ལྤགས་མནབས་པས་དཔའ་བོ་སྟེ། །མཆེ་བཞི་སྐྱེ་གནས་འཇོམས་པ་པོ། །དྲི་མས་མ་གོས་ཆུ་སྐྱེས་གདན། །རྟག་ཆད་སྤངས་པ་དྲེགས་པའི་གདན། །བདུད་དང་མུ་སྟེགས་ལ་སོགས་པ། །ཐམས་ཅད་འཇོམས་ཕྱིར་མེ་དཔུང་ངོ་། །ཞེས་བཤད། ཡུམ་ཆེན་གསུམ་ནི། དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཞེས་ཀུན་སྤྱོད་ལས་བཤད་པ་ལྟར་དུ། འཁྱུད་བྱེད་བདེ་བ་ཆེན་པོ་ནི་དཔལ་ནག་པོ་ཆེན་པོ་ཡིན་པས། གྲི་གུག་བརྩེགས་པར། འགྲོ་དོན་སྙིང་རྗེས་བྱེད་པ་ན། །སྒྲོལ་བྱེད་ནག་པོ་ཆེན་པོར་བཤད། །ཅེས་འབྱུང་བས་སོ། །དེ་ལ་འཁྱུད་པས་སྟོང་ཉིད་ཡུམ་དུ་གྲུབ་ལ། དེ་ཡང་རྣམ་པར་ཐར་པའི་སྒོ་གསུམ་གྱི་དབྱེ་བས་དབྱིངས་ཡུམ་སྦྱོར་ཡུམ་སྒྲོལ་ཡུམ་གསུམ་བཤད། རིགས་བཞིའི་དབྱེ་བས་རེ་མ་ཏི་བཞི་སྟེ། གསང་བའི་ཡུམ་ཆེན་མ་བདུན་ཞེས་བྱའོ། །ཧཱུྃ་མཛད་ནག་པོ་ཆེན་པོ་ནི་སངས་རྒྱས་རྣམས་ཀྱི་ཐུགས་རྡོ་རྗེས་སྤྲུལ་པས་ལག་ན་རྡོ་རྗེ། མྱུར་མཛད་ནག་པོ་ཕྱག་དྲུག་པ་ནི་གསུང་རྡོ་རྗེ་འཇིག་རྟེན་དབང་ཕྱུག གདོང་བཞི་པ་ནི་སྐུ་རྡོ་རྗེ་འཇམ་དཔལ་ཏེ། ཕྱི་མ་དངོས་གྲུབ་འབྱུང་བར་སྔགས་ཙམ་ལས་ལྷ་སྦས་ཏེ་མ་བཤད་པས་གསང་བའི་མགོན་པོ་ཞེས་བྱའོ། །དེ་དག་རིགས་གསུམ་གྱི་ཁྲོ་བོའོ། །མངོན་འབྱུང་གི་རྒྱུད་ལས་སྦས་པ་དེ་ཕྱུང་ནས། ཕྱག་བཞི་པ་བདུད་འཇོམས་པ་དང་། ཧཱུྃ་མཛད་དགྲ་འདུལ་བ་དང་། ཕྱག་དྲུག་པ་བགེགས་འདུལ་བ་དང་། ཞལ་བཞི་པ་བསྟན་པ་སྐྱོང་བར་བསྔགས་སོ། །དཔལ་ལས་ཀྱི་མགོན་པོའི་སྐུ་གསུང་ཐུགས་ལས་གདོང་ཅན་གསུམ་སྟེ། དོན་འཇིག་རྟེན་ལས་ལས་གྲུབ་པའི་ཚེ་བདག་སྲོག་བདག་འཆི་བདག་གོ །ཧཱུྃ་མཛད་ནག་པོ་ཆེན་པོ་དགྱེས་པའི་རྡོ་རྗེའི་ཐུགས་ཀ་ནས་སྤྲོས་པར་རྡོ་རྗེ་གུར་གྱི་རྒྱུད་ནས་བཤད་པས་གུར་མགོན་ཞེས་གྲགས་ལ། དེ་ཉིད་ཀྱིས་ཡང་རྣམ་འཕྲུལ་གྱི་གཎྜྻཱི་འཛིན་པ་འདི་སྤྲུལ་པར་དེ་ཁའི་རྒྱུད་ལས་བཤད། ལེགས་ལྡན་ལྗང་སྔོན་ཞལ་གསུམ་ཕྱག་དྲུག་པ་ཉིད་འཕྲིན་ལས་མཛད་པའི་ཚེ། ཡོན་ཏན་མགོན་པོ་འདིར་བཞེངས་པར་ཡང་དེ་ཁའི་རྒྱུད་ལས་བཤད་པ་སོགས། དོན་གཅིག་ལ་རྣམ་འཕྲུལ་གྱིས་གཉིས་འདིར་འགོད་པ་ཡང་ལག་ན་རྡོ་རྗེ་དང་རྡོ་རྗེ་རྣམ་པར་འཇོམས་པ་འདུག་ས་གཅིག་ཏུ་གྲལ་ལ་བསྒྲིགས་པ་ལྟ་བུའོ། །དེ་བས་དངོས་གྲུབ་འབྱུང་བར་དངོས་སུ་དཀྱིལ་འཁོར་ལ་མགོན་པོ་འདི་གསུམ་འགོད་པ་སྦས་ཀྱང་། ལེའུ་བཅུ་བཞི་པར། དཀྱིལ་འཁོར་བའི་མགོན་པོ་དང་། ཡུམ་དང་བཅས་པའི་གསང་སྔགས་དང་འཕྲིན་ལས་ཀྱི་ལེའུ་ཞེས་གསུངས་ཤིང་དེར་འདི་དག་གི་སྔགས་བསྟན་པས་ཤེས་པར་བྱ་དགོས་པ་དང་། ལེའུ་བཅུ་བདུན་པར་ཤར་དུ་སྐུ་ཡི་མགོན་པོ་དང་། ལྷོར་ཡོན་ཏན་མགོན་པོ་དང་། ནུབ་ཏུ་གསུང་གི་མགོན་པོ་དང་། བྱང་དུ་ལས་ཀྱི་མགོན་པོ་སྟེ། ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། གྲི་གུག་ཐོད་པ་བསྣམས་པའོ། །སོ་སོའི་གཡོན་དུ་ཡུམ་རེ་རེ། །གཏུམ་པ་མ་དང་དྲག་མོ་དང་། །ཟློག་བྱེད་མ་དང་དཔའ་མོ་སྟེ། །ཞལ་གཅིག་ཕྱག་གཉིས་རྒྱན་དང་བཅས། །དེ་ཡི་ཕྱི་ཡི་གྲུ་ཆད་ལ། །བེང་འཛིན་པ་དང་ཁ་ཊྶཱཾ་ག །གཎྜྻཱི་འཛིན་དང་རྒྱལ་མཚན་འཛིན། །སོ་སོ་ཡུམ་དང་བཅས་པ་སྟེ། །དེ་ཡི་ཕྱི་ཡི་སྒོ་དང་གྲྭར། །ལྷ་མོ་བརྒྱད་པོ་གར་གྱིས་རོལ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ། །གར་སྟབས་ལྡན་པར་བཞུགས་པའོ། །ཞེས་གསུངས་ལ། འཁོར་ཚོགས་འདི་ཐམས་ཅད་ཀྱི་མི་གསལ་བ་བཤད་པའི་རྒྱུད་ཀྱིས་ཁ་བསྐང་དགོས་པས། ཁྲག་མཚོ་ཁོལ་མར། ཡེ་ཤེས་ཀྱི་མགོན་པོ་ནི་གནམ་ལྕགས་འབར་བའི་རི་མཱ་ལ་ཡའི་རྩེ་མོའི་གཞལ་ཡས་ཁང་ན་གནས་སོ། །གསོད་བྱེད་སྐུའི་མགོན་པོ་བསིལ་བའི་ཚལ་ན་གནས་པའོ། །རྔམ་བྱེད་གསུང་གི་མགོན་པོ་གྱད་ཀྱི་ཡུལ་ན་གནས་པའོ། །སྒྲོལ་བྱེད་ཐུགས་ཀྱི་མགོན་པོ་ཨུ་རྒྱན་ན་གནས་པའོ། །མིའུ་ཐུང་ཁྲོས་པ་སྲིན་པོའི་གླིང་སྟེ། དེའི་འཁོར་ལས་ཀྱི་གཤན་དམར་ནི་ཀརྞ་པའི་ཡུལ་གྱི་རླུང་སྤུ་གྲི་ཅན་གྱི་གནས་སུའོ། །ཕྱག་དྲུག་པ་དཔལ་གྱི་རིའི་འགྲམ་ནའོ། །གྲི་གུག་བརྩེགས་པ་ནི་ཧ་རི་ཀེ་ལར་རོ། །ཆུ་སྲིན་ལ་ཞོན་པའི་མགོན་པོ་དཔལ་སྐྱོང་དྲག་པོ་ནི་རྡོ་རྗེ་གདན་གྱི་བཀའ་བསྲུང་ངོ་། །གདོང་བཞི་པའི་མགོན་པོ་ནི་སིངྒཱ་ལ་ན་གནས་སོ། །བེང་འཛིན་པ་ནི་གདོང་དམར་གྱི་བྲག་ལ་བརྟེན་པའོ། །བེང་འཛིན་པ་བར་པ་ནི་རྒྱ་ནག་རི་བོ་རྩེ་ལྔ་ལའོ། །ཞེས་སོ། །འདིར་བཤད་པའི་དཔལ་ཡེ་ཤེས་མགོན་པོ་ནི་ལེགས་ལྡན། གསོད་བྱེད་སོགས་གསུམ་བྱར་གདོང་། མིའུ་ཐུང་ཁྲོས་པ་མ་ནིང་། མགོན་པོ་བེང་གདོང་དམར་གྱི་བྲག་སྟེ་སྐྱི་ཤོད་ཀྱི་མགོན་པོ་གདོང་ངོ་། །འདི་བྲག་ལྷ་མགོན་པོ་ཡང་བཏགས། སྤྱིར་གདོང་དམར་ཞེས་པ་རྒྱ་ནག་ལའང་བཞག་ཀྱང་འདིར་བོད་དོ། །དཔལ་སྐྱོང་དྲག་པོ་ནག་པོ་ཆེན་པོ་འབར་བ་སྟེ་རྡོ་རྗེ་གདན་གྱི་ལྷོའི་སྒོ་སྐྱོང་དུ་བཤད་པས་སོ། །བེང་འཛིན་བར་པ་ནི་ཨ་གྷོ་རའོ། །སྟག་ཞོན་ནི་དེར་མ་ཧཱ་ཀཱ་ལ་སྟག་ལ་གནས་པ་དང་། ཞེས་གསུངས་ལ། གནས་ས་དེའི་གཞུང་དུ་ལྕང་ལོ་ཅན་དང་གྱད་ཡུལ་ནའོ། །ཏྲག་ཤད་ནི་རྡོ་རྗེ་བསེ་གདོང་སྟེ་རྒྱ་ནག་གེའུ་ཏེ་ཤན་གནས་ལ། གཞན་དུ་སངས་རྒྱས་ཀྱི་བསྟན་པ་གང་དུ་གནས་པ་དེར་རོ། །དེ་ཉིད་དུ། ཆོས་སྐྱོང་ཆེན་པོ་དེ་དག་ནི་བསྟན་པ་འཛིན་པའི་སྒྲུབ་པ་པོ་གང་དུ་གནས་པར་འདུ་ཞིང་ལས་ཐམས་ཅད་གྲུབ་པར་བྱེད་དོ། །ཞེས་བཤད་པས། ཆོས་སྐྱོང་དུ་མ་བསྟེན་ན་ཁུ་བཟློག་འབྱུང་སྙམ་པའི་ལོག་རྟོག་ཀྱང་ཞར་ལ་བཀག་གོ །རེ་མ་ཏི་བཞི་ལ་འདིར་འཕྲོག་མ་ལ་སོགས་པའི་མཚན་བསྟན་པ་བཞིན་མེ་ཁ་ལ་ཞེས་བྱ་བའི་གཟུངས་སྔགས་ལས་ཀྱང་བཤད་པ་ནི་མཐུན་ལ། དེ་བྱ་བའི་རྒྱུད་ཀྱི་ལྔས་རྩེན་གྱི་རིགས་སུ་གསུངས་ལ། འདིར་རྡོ་རྗེ་རིགས་ཀྱི་ཡུམ་དུ་བཤད་པ་ནི་གདུལ་བྱའི་སྐལ་བས་སོ་ཞེས་མང་དུ་སྨྲས་སོ། །ཞིང་སྐྱོང་ལ། ཀུན་ཏུ་གཏུམ་པའི་ཤུགས་འཆང་བ། །ཡུལ་དང་ཡུལ་དུ་རོལ་བྱེད་པས། །ཤིང་རྣམས་ལ་ནི་གནས་ནས་ཀྱང་། །དཀྱིལ་འཁོར་ཞིང་རྣམས་སྐྱོང་བར་བྱེད། །དུར་ཁྲོད་གནས་ཀྱིས་ཡོངས་སུ་བསྐོར། །མ་མོ་གནས་སོགས་ཁྱབ་པར་བྱེད། །ཀླུ་ཡིས་མཚོན་པའི་ཞིང་སྐྱོང་ལ། །མེ་ཡིས་ཕྱེ་བས་ཡོངས་སུ་བསྐོར། །སྒོར་ནི་མིག་གིས་ཁྱབ་པར་འགྱུར། །ཞེས་པ། རྡོ་རྗེ་ཕོ་ཉ་མོ་བརྒྱད་ལ། དུར་ཁྲོད་ཀྱི་མ་མོ་བཞི་བཞིས་བསྐོར་བས་བཞི་བཅུ་ཕྱོགས་མཚམས་བརྒྱད་ལ་མེས་ཕྱེ་བས་ཉེར་བཞིའི་ཡུལ་གྱི་ཞིང་སྐྱོང་མ་རྣམས་ལ་ཕོ་ཉ་དྲུག་ཅུ་རྩ་བཞི་སྟེ། དུས་ཀྱི་འཁོར་ལོའི་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་ཕན་གནོད་ཀྱི་ལས་བྱེད་པ་གསུངས་པ་དག་གོ །དེ་དག་གི་གཙོ་མོ་ཡབ་ཡུམ་དཀྱིལ་འཁོར་ཐམས་ཅད་ཀྱི་དུར་ཁྲོད་དུ་འབྱུང་བའི་ཞིང་སྐྱོང་ཡིན་པ་དང་། འཁྱུད་བྱེད་སོ་གཉིས། སྒོར་མིག་ཅེས་པ་ལྕམ་དྲལ་གྱི་ཞིང་སྐྱོང་བཞིའོ། །སྡེ་བརྒྱད་ལ། ལྷ་ཆེན་པོ་ལྷའི་མགོན་པོའམ་མ་མོའི་སྡེ་དཔོན་ཏེ། དུར་ཁྲོད་ཀྱི་མ་མོ་ཐམས་ཅད་ཀྱིས་མཆོད་པའི་ཡུལ་ཡིན་པས་དང་ཁམས་གསུམ་གྱི་བདག་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་འདི་ལ་ཕྱིའི་སྡེ་བརྒྱད་འཁོར་དུ་འགྱུར་རོ། །དཔལ་བདུད་ཀྱི་མགོན་པོ་ནི་འཇིག་རྟེན་པའི་སྐྱེ་བརྒྱུད་དང་བསྟུན་ན་བདུད་རྒྱལ་ནག་པོ་བཀྲག་མེད་ཅེས་བྱ་བ་བདུད་ཡུལ་ཁ་རག་མགོ་དགུའི་གླིང་ན་གནས་པ་སྟེ། དོན་ཤ་ཟ་སེང་གདོང་། འདི་ཡང་ཐུབ་དཀའ་ཞེས་བོད་ཡུལ་གྱི་ཞིང་སྐྱོང་ཆེན་པོ་དེ་ཀ་ཡིན་ལ། བདུད་ཡུལ་ཁ་རག་ཅེས་པའང་བོད་བདུད་ཀྱི་གཟུང་བ་དེའི་དུས་ཀྱི་རྒྱལ་ཁམས་ཀྱི་མིང་དེ་ལྟར་གྲགས་པའོ། །འོན་ཀྱང་སྒོ་སྐྱོང་མ་དག་དང་འདི་ལྟ་བུ་ལ་སོགས་པ་བྱ་བའི་དབྱེ་བས་གཉིས་གཉིས་འདིར་དཀྱིལ་འཁོར་དུ་བཞུགས་སོ། །འདི་ལ་སྲིད་པ་གསུམ་སྒྲོལ་བའི་ལས་བྱེད་པས་བདུད། དེའི་ཕྱིར་ལས་བྱེད་ཀྱི་སྡེ་བརྒྱད་ཐམས་ཅད་འཁོར་རོ། །གཤིན་རྗེ་ནི་ཕྱོགས་སྐྱོང་དང་དོན་གཅིག འོན་ཀྱང་འཆི་མེད་མཛོད་ལ་སོགས་བར་ཆོས་ཀྱི་རྒྱལ་པོ་བདུན་བཤད། གཞན་གཤིན་རྗེའི་སྡེ་དཔོན་བརྒྱད། གཤིན་རྗེ་ཕོ་ཉ་མོ་སོགས་མ་མོ་བརྒྱད་འཁོར་དང་བཅས་པ། གཤིན་བུའི་རྗེ་ཡིན་པས་གཤིན་རྗེའོ། །དེ་ནི་སྔགས་ཀྱི་བདག་པོར་བཤད་པས་སྔགས་ཀྱི་སྡེ་བརྒྱད་ཐམས་ཅད་འཁོར་རོ། །གཟའ་ནི་ནང་དུ་མུན་ཅན། ཕྱིའི་སྒྲ་གཅན་ལྷ་མ་ཡིན་གྱི་སྡེ་དཔོན་ཀྱང་ཡིན་ལ། ཆོས་མངོན་པའི་གཞུང་ལས། དེ་དག་གི་གཙོ་བོ་མཆོག་རབ་ནི་ཐག་བཟང་རིས་ལ་བཤད་ཀྱང་། འཆི་བདག་བདུད་པོ་དངོས་སུ་རྒྱུ་བ་རཱ་ཧུ་ལ། འདིས་ཀི་ཀཾ་དུ་བཞག་པ་དང་། ཞིབ་མོར་བརྟགས་ན་འཆར་ཀ་ནག་པོ་ཡང་འདི་ཀའོ་ཞེས་བླ་མ་གསུང་ངོ་། །འཇིག་རྟེན་ཁམས་ན་དྲག་ཤུལ་ཆེ་ལ། དེ་ཉིད་འཇམ་དཔལ་གཤིན་རྗེ་གཤེད་པོས་འཁོར་ལོ་འཕངས་པས་ལུས་དུམ་བུ་བརྒྱད་དུ་སོང་བ་ལྷ་ཆེན་གཟའ་བརྒྱད། དོན་དེ་ཀ་བསྡོངས་ཟླས་ཕྱེ་བའོ། །ཕྱི་རོལ་གྱི་རེས་གཟའ་དག་ཀྱང་དོན་དེ་དག་རྣམ་པ་སོ་སོ། གཟའ་དགུར་བྱེད་པའི་མཇུག་རིས་ཀྱང་འདིས་མཇུག་མར་བསྡུ་ལ། ཤིན་ཏུ་མྱུར་པར་ལས་བྱེད་པས་མྱུར་མགྱོགས་ཀྱི་སྡེ་བརྒྱད་དོ། །ཀླུ་བདུད་ནག་པོ་མགོ་དགུ་པ་ཞེས་མགོན་པོའི་ལུང་མང་པོར་བཤད་པ་ནི། གདུག་པ་ཅན་ཀླུའི་ནང་ན་དེ་ལས་མཐུ་རྩལ་ཆེ་བ་མེད་པས་ཀླུའི་བདུད་དམ། ཀླུའི་སྲིན་པོ་ཡིན་པས་ནཱ་ག་རཱཀྵ་ཞེས་བཤད་དེ། གཏད་ཁྲམ་རུས་སྦལ་ནག་པོའམ། གཤིན་རྗེ་འཁོར་ལོ་ནག་པོར་བཤད་པ་དང་། ཡི་དམ་ལྟར་བསྙེན་པའི་ཚུལ་མང་པོར་གསང་སྔགས་རྙིང་མ་ལས་བྱུང་ཞིང་། འདིའི་ཀླུ་བརྒྱད་ཀྱི་སྲོག་བདག་ལྷ་འདྲེ་བརྒྱད་དང་བཅུ་དྲུག་ལ་སོགས་པ་རྣམ་འགྱུར་དུ་བྱེད་པས་རྣམ་འགྱུར་དེ་སྦས་པའི་ཕྱིར་སྦས་པའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་རོ། བེག་རྩེ་ནི་བཙན་གྱི་སྡེ་དཔོན། བཙན་ཞེས་པའང་གསུང་རབ་ཆེན་པོ་དག་ཏུ་ཤ་ཟའི་སྒྲས་བསྙད་པ་ཀྱང་ངོ་། །དེ་དག་ཀྱང་ནང་གི་ལྷ་མ་སྲིན་སྡེ་བརྒྱད་དེ། ཤ་ཟར་མཚན་མོ་རྒྱུ་བ་ཐམས་ཅད་འདུས་པའི་ཕྱིར་རོ། །གནོད་སྦྱིན་ནག་པོ་ཁྲག་རལ་ཅན་ཞེས་གསུངས་ཤིང་། སྐབས་འགར་གནོད་སྦྱིན་བྱར་གདོང་དུ་ཡང་བཤད་པ་ནི་ཞང་འོན། ཕྱིས་རིག་འཛིན་རྣམས་ཀྱིས་བན་ཆེན་རྡོ་རྗེ་བདུད་འདུལ་དུ་མཚན་བཏགས། གསང་བའི་བདག་པོའི་སྲས་ཏེ་གནོད་སྦྱིན་བརྒྱད་ནི། གསང་བའི་སྡེ་བརྒྱད་དེ། དྲེགས་པ་ཐམས་ཅད་ཀྱང་གནོད་སྦྱིན་དུ་བསྡུས་དུས་ཀྱི་སྡེ་དཔོན་ཡིན་པས་སོ། །རྒྱལ་པོ་པེ་ཧཱ་ར་ནི་གིང་ཆེན་པོ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་གུར་གྱི་མགོན་པོ་དང་རྒྱུད་གཅིག་ཏུ་གསུངས་པ་ཞེས་གྲགས་པ། འདིའི་འཁོར་པུ་ཏྲ་བྷ་དྲ་སྲིང་མོ། གནོད་སྦྱིན་ཡབ་ཡུམ་རྣམས་ས་ལུགས་པའི་གུར་ཀྱི་འཁོར་དུ་བྱུང་བ་དེ་ཀ་ཡིན་ཞིང་། རུ་འདྲེན་སྡེ་བཞིའང་དེ་ཀའོ། །དེ་བས་བཏགས་ཆགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཅེས། མཁའ་ལ་རྒྱུ་བའི་ཚོགས་ཐམས་ཅད་དོ། །འདིར་སྡེ་བརྒྱད་བསྡུ་བའི་མཚན་ཉིད་སྲིད་པའི་གཏེར་ཁྱིམ་སོགས་དང་མཐུན་ལ། མཚན་གཞི་ནི་མ་ངེས་ཏེ། ཕྱག་ན་རྡོ་རྗེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་གང་དུའང་འདྲེན་པ་བཞིན་ནོ། །ཕྱོགས་བཅུ་སྐྱོང་བ་ནི་ངེས་པར་སླ་ལ། རྒྱལ་པོ་ཆེན་པོ་བཞི་བདུད་དགའ་རབ་དབང་ཕྱུག་གི་བློན་པོ་བཞི་ཡོད་པའི་གཤེད་ཆེན་པོར་རྒྱལ་བས་བསྐོས་པའོ། །དེའི་ཕྱིར་ཐུགས་རྗེ་འབྱུང་བར། རྒྱལ་ཆེན་བཞི་བསད་ཅེས་པ་སྔ་མ་བདུད་ཀྱི་བློན་པོ་བཞི་པོ་དེ་ཡིན་པས་ཤན་ཕྱེད་པར་བྱའོ། །དེ་བས་ན་དཀྱིལ་འཁོར་ཆེན་པོ་འདིར་དཔལ་གྱི་མགོན་པོ་ལྕམ་དྲལ་ནས་སྲིད་པ་ཕོ་རྒྱུད་མོ་རྒྱུད་ཅི་ཡང་མ་འཚོགས་པ་མེད་དོ། །འདི་ལ་བོས་ན་མི་ཁོམ་པའི་མགྲོན་མེད་དེ། འདིར་ནི་སྣང་སྲིད་ཐམས་ཅད་དཀྱིལ་འཁོར་ཆེན་པོར་བསྒྱུར་བས་སོ། །དེ་ལྟ་བུའི་ཐུགས་དཀྱིལ་དུ་ལྷ་དགོད་ཁྱེར། ཐུགས་རྗེ་འབྱུང་བར་ཡང་། ཡི་གེ་ཧཱུྃ་ལས་བྱུང་བ་སྟེ། །ཉི་མ་ཟླ་བའི་གདན་སྟེང་དུ། །ས་བཅུའི་མགོན་པོ་ཡེ་ཤེས་པ། །བརྐྱང་བསྐུམ་ཚུལ་དུ་བཞུགས་པར་བསྒོམ། །འཇིག་རྟེན་ལས་སྤྲུལ་ཡུམ་ཆེན་གསུམ། །དཀར་དམར་ནག་པོ་ཁྲོས་པའི་སྐུ། །འཇིགས་པའི་མཚོན་ཆ་སྣ་ཚོགས་བཟུང་། །ཡི་གེ་ཀྵཾ་ལས་བསྐྱེད་པར་བྱ། །ཐུགས་ཀྱི་སྲས་མཆོག་ཆེན་པོ་བཞི། །སྤྲུལ་པའི་མགོ་བརྙན་བྱར་གདོང་བཞི། །ཧཱུྃ་ལས་སྐྱེས་པའི་ནག་པོ་ཆེ། །ནས། །རིགས་བཞི་འཁོར་དང་བཅས་པར་བསྒོམ། །སྐྱེ་མཆེད་སྤྲུལ་པའི་མཁའ་འགྲོ་དྲུག །ཡེ་ཤེས་ལས་དབང་དབང་མོ་ཆེ། །འབྱུང་བ་དྲུག་ལས་བྱུང་བ་ཡི། །དང་། ལས་ཀྱི་བཀའ་སྡོད་ཡབ་ཡུམ་བརྒྱད། །དྷ་དང་དྷེ་ལས་བྱུང་བའི་སྐུ། །འཇིགས་པའི་ཞལ་བགྲད་མཆེ་བ་གཙིགས། །ལག་ན་བེང་མདུང་གློ་སྙིང་ཟ། །དར་ནག་འཇོལ་བེར་ལུས་ལ་གྱོན། །སྤྲུལ་པ་མགོ་བརྙན་སྤྱི་བོར་བརྩིགས། །མི་མགོའི་འཕྲེང་བ་ལུས་ལ་འཆང་། །བདུད་འདུལ་མི་རོའི་སྟེང་ན་བཞུགས། །ལྷ་མོ་མགྱོགས་མ་མགོ་བརྙན་ཅན། །གྲི་གུག་ཐོད་པ་ལག་ན་ཐོགས། །མི་ལྤགས་གཡང་གཞིའི་སྟོད་གཡོགས་ཅན། །སྐུ་མདོག་ནག་མོ་མུན་པའི་གཟུགས། །ཕྱོགས་དང་མཚམས་ན་གནས་པར་བསྒོམ། །ཞེས་བཤད་པས། འདིར་ལྷ་གྲངས་ཇི་ལྟར་བཤད་པ་དེར་གཏན་ལ་ཕབ་ལ་ཁ་དོག་ཕྱག་མཚན་གྱི་ཁྱད་པར་ཅུང་ཟད་སྣང་ངོ་། །དེ་ལྟ་བུར། གྲི་གུག་བརྩེགས་པའི་རྒྱུད་དུ་ཡང་། །ཁྱད་པར་ལྷ་མོ་ལྕམ་མོ་ནི། །བོང་བུ་གྭ་དམར་ཆིབས་པ་སྟེ། །ལས་བྱེད་སྲིན་མོའི་ཚོགས་བཅས་པའོ། །མིང་པོ་མགོན་པོ་ནག་པོ་ནི། །ཕྱག་བཞི་པ་དང་ཕྱག་གཉིས་པ། །ནག་པོ་དུ་མའི་གཙོ་བོར་གྱུར། །གཏུམ་བྱེད་ནག་མོ་མ་མོར་བཅས། །ཕྱོགས་མཚམས་གནས་པའི་ལྷ་མོ་དང་། །འཇིགས་བྱེད་དྲག་མོ་རྔམ་དང་རྒོད། །ལས་མཁན་ཁྭ་ཏའི་གདོང་ཅན་དང་། །ཕོ་ཉའི་མགོན་པོ་ཤ་ཟ་བརྒྱད། །སོ་སོའི་སྡེ་དཔུང་བཅས་པ་ནི། །འདི་དག་གིས་ནི་སྔོན་དུས་སུ། །དེ་བཞིན་གཤེགས་པ་དུ་མ་མཆོད། །ད་ལྟ་ཕྱོགས་བཅུའི་ཞིང་ཁམས་སྐྱོང་། །ཐུབ་པ་ཆེན་པོ་འདི་ཡི་ནི། །བསྟན་པ་སྲུང་བར་བྱེད་པ་ཡིན། །མ་འོངས་པ་ནའང་དེ་བཞིན་འགྱུར། །ཞེས་སོ། །འདིར་བྱ་རོག་གདོང་སྡེ་བརྒྱད་མགོན་པོའི་སྔོན་དུ་བཤད་པ་ནི། ལས་གྲུབ་ཀྱི་དཀྱིལ་འཁོར་ལ་དེ་གཙོ་བོར་བསྟན་པ་ཡིན་ནོ། །དེ་ཕྱིར་ཕྱག་གཉིས་པ་གཙོ་བོར་གྱུར་པ་དེའོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་མགོན་པོ་ལ། བྱ་རོག་མིང་ཅན་ཞེས་པའི་རྒྱུ་མཚན་ཡང་། བདུད་དཔུང་ཐམས་ཅད་འཇོམས་བྱེད་པའི། །མགོན་པོ་བྱ་རོག་ཅན་ཞེས་པ། །སྔོན་ཚེ་ལྷ་མིན་འདུལ་བའི་ཚེ། །བྱ་རོག་དག་ཏུ་སྤྲུལ་ནས་ནི། །དེ་ཡི་ཡང་སྤྲུལ་དུ་མ་ཡིས། །འོད་ཟེར་ནག་པོ་སྐར་མདའ་སྟོང་། །དེ་ཡིས་བདུད་ཚོགས་ཕམ་པ་བྱས། །སྲིན་པོའི་ཚོགས་ནི་འདུལ་བའི་ཚེ། །བྱ་རོག་ཆེན་པོས་གཤོག་པ་བརྡབས། །དེ་ཚེ་རྒྱ་མཚོ་འཁྲུགས་པ་དང་། །མེ་དཔུང་ཁ་ནས་སྤྲོས་པ་ཡིས། །ཐམས་ཅད་བསྲེགས་ཤིང་རྡུལ་དུ་བརླགས། །གཤིན་རྗེའི་ཡུལ་དུ་བྱ་རོག་ཆེས། །ཏོག་ཏོག་རྔམ་པའི་སྒྲ་བསྒྲགས་པས། །བེ་ཏ་ས་སྟ་བཏུལ་བར་གྱུར། །མ་མོ་རྣམས་ནི་དབང་དུ་བྱས། །བདུད་ཀྱི་དཔུང་རྣམས་ཀ་ནི་ཀར། །གཡོས་ཚེ་སུམ་ཅུ་རྩ་གསུམ་ནས། །བྱ་རོག་ཆེན་པོ་ཁྲོས་པ་ཡིས། །ལྷ་དམག་དུང་ཕྱུར་ཕྲག་བརྒྱ་རྣམས། །གཤོག་པའི་སྟེང་དུ་བཏེག་ནས་ནི། །འོངས་ཏེ་བདུད་ཚོགས་ཕམ་པར་བྱས། །དུས་གསུམ་མ་ལུས་ཐམས་ཅད་དུ། །ཀུན་ཁྱབ་གློག་གི་འོད་ལྟར་འཁྱུག །ཐམས་ཅད་མཐོང་བ་རྡོ་རྗེ་ཡིས། །མངོན་ཤེས་མངའ་བར་འགྱུར་བའི་གནད། །རྡོ་རྗེ་བྱ་རོག་ཅན་དུ་གྲགས། །སྒྲུབ་པ་པོ་རྣམས་སྐྱོང་བའི་ཚེ། །བྱ་རོག་ཆེན་པོས་སྲུང་བར་བྱེད། །ཉེ་བའི་ཡུལ་ནི་ཉི་ཤུ་བཞི། །ཁྱབ་མཛད་ཞིང་སྐྱོང་ཆེན་པོ་སྟེ། །ལྗོན་པའི་ཤིང་ལ་བརྟེན་ཏེ་གནས། །དེ་ཕྱིར་ཞིང་སྐྱོང་ཆེན་པོར་གྲགས། །ཐབས་དང་ཤེས་རབ་ཤེས་པར་ལྡན། །རྡོ་རྗེའི་སྤྱན་གྱིས་གཟིགས་མཛད་ཅིང་། །གནམ་ལྕགས་འབར་བ་རྡོ་རྗེའི་མཆུས། །ཁྲོ་ཞལ་ཅན་དང་ཕྱག་ཞབས་ལ། །བྱ་སྡེར་སེན་མོ་རྣོན་པོ་ཅན། །ལས་ཀྱི་མགོན་པོར་རབ་ཏུ་གྲགས། །ཀཾ་ཀ་བྱ་ཁྱུང་ཁྭ་ཏ་འགྱེད། །ཡེ་ཤེས་སེམས་དཔས་མ་ཐུལ་བ། །མ་རུངས་གདུལ་དཀའ་དེས་འདུལ་བས། །བྱ་རོག་གདོང་ཅན་དྲག་པོ་ཆེ། །ཞེས་རྒྱུ་མཚན་བདུན་གྱིས་གསུངས་སོ། །ལས་ཀྱི་མགོན་པོ་རྡོ་རྗེའི་གཤོག་པ་ཅན་དང་ཞིང་སྐྱོང་རྣམས་སྤྲུལ་པར་ཡང་འདིས་བསྟན་ནོ། །དེ་བས་ན་འདིའི་སྲོག་གི་སྙིང་པོར། ཀཱ་ཝུ་ཝ་ཝ་པ་ཤཱ་ཡ་ཞེས་པ་ཉིད་རྒྱུད་ཀྱི་དགོངས་པ་ཡིན་གྱི། ཀཱ་ཝུ་ཝ་ཝ་པུ་ཥ་ཡ་ཞེས་འདོན་པ་ནི་མཁས་འདོད་ཅན་དག་གི་བཅོས་མའོ། །སྔ་མ་བྱ་རོག་མིང་ཅན། ཕྱི་མ་བྱ་རོག་སྐུ་ཅན་ཞེས་བསྒྱུར་བས་ཁྱད་པར་མེད་དོ་ཞེས་སྨྲ་བའི་འགལ་སྤོང་ཡང་རྒྱུ་མཚན་འདིས་མི་འཐད་དོ། །དེ་བས་གཤིས་གང་དུ་ཡང་མ་གྲུབ། གདངས་ལྷའི་རོལ་མོར་གནས་པའི་གནད་ཤེས་ན་སྐུ་ཕྱག་རྒྱ་ཆེན་པོར་འགྱུར་བས། བརྟག་གཉིས་ལས། སྒོམ་པ་པོ་མེད་སྒོམ་པ་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་གསུངས་སོ། །དེ་ཕྱིར་ཕྱག་རྒྱ་ཆེན་པོ་གསུམ་པོའི་ལན་ནི་རྫོགས་རིམ་མཚན་ཉིད་གསུམ་ལྡན་དུ་སྟོན་པ་སྟེ། རྣམ་པར་མི་རྟོག་པས་ཟབ་པ། རྣམ་པ་ཐམས་ཅད་པས་གསལ་བའམ་རྒྱ་ཆེ་བ། ལྷན་ཅིག་སྐྱེས་པས་ཟུང་འཇུག་སྟེ། གཅིག་དང་དུ་མ་རོ་མཉམ་པའོ། །འདིར་རྫོགས་རིམ་དང་པོར་སྟོན་པའང་། འཆད་འགྱུར་ཐམས་ཅད་ལྟ་བའི་རྩིས་ཟིན་ན་ཐར་པའི་ཐབས་སུ་འགྱུར་གྱི། མ་ཟིན་ན་འཁོར་བ་ཁོ་ནའི་རྒྱུ་ཉིད་རེད་པ། དེའི་ཕྱིར་སློབ་དཔོན་ཆེན་པོ་པདྨའི་གཞུང་ལས་ཀྱང་། ལྟ་བ་གྱབས་ཀྱི་ལྷ་ཞེས་རྣམ་པ་ཀུན་ཏུ་གཅེས་པར་གཟུང་ལ། ཇོ་བོ་རྗེས་ཀྱང་། སངས་རྒྱས་པ་ཡི་སྔགས་རྒྱུད་དང་། །མུ་སྟེགས་པ་ཡི་སྔགས་རྒྱུད་ལ། །སྟོང་པ་ཉིད་ལ་ཁྱད་པར་ཡོད། །ཅེས་གསུངས་ཤིང་། དེ་བཞིན་འདི་ཁའི་གླེང་གཞིར། ཤེས་རབ་སྙིང་རྗེ་ཟུང་འཇུག་པའི། །ཏིང་འཛིན་གང་དུ་སྒོམ་བྱེད་པ། །བླ་མེད་དཀོན་མཆོག་གསུམ་པ་སྟེ། །རྒོལ་བ་ངན་པ་བཟློག་པར་མཛད། །ཐུབ་པ་མཆོག་གི་བསྟན་པ་ལ། །འཛིན་དང་སྐྱོང་དང་བསྲུང་བ་གསུམ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །བདག་ཏུ་འཛིན་པ་སྤོང་བར་མཛད། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་པར། །ཡེ་ཤེས་གཅིག་པུ་བསྒྲུབ་པར་བྱ། །ཞེས་གསུངས་པས་སོ། །དེ་བས་ན་འདིར་ལྷའི་དག་པ་ཡང་། དམ་ཚིག་གསང་བ་འབྱུང་བ་ལས། །རྒྱལ་བ་རིན་ཆེན་འབར་བའི་གཙོ། །ཕྱོགས་དུས་མེད་པར་རང་བྱུང་བ། །དམ་ཚིག་གསང་བ་འབྱུང་བ་ནི། །མཆོག་ཏུ་མི་འགྱུར་བའི་བདེ་ཆེན། རྒྱལ་བ་རིན་ཆེན་འབར་བའི་གཙོ་ནི་དེ་ལས་ཡིད་བཞིན་གྱི་ནོར་བུའམ་དཔག་བསམ་གྱི་ཤིང་རྣམ་པར་རྟོག་པའམ་འབད་རྩོལ་མེད་པར་འདོད་དགུ་སྟེར་བ་ལྟ་བུར། ཕྱོགས་དུས་མེད་པར་རང་བྱུང་བའི་ལྷའི་རོལ་པ་སྤྲོས་པ་དང་བྲལ་བ་ལས་སྣང་བ་དེ། ཆོས་འབྱུང་ཕོ་བྲང་དཀྱིལ་འཁོར་དུ། །ཆོས་ཐམས་ཅད་ཀྱི་འབྱུང་གནས་སོ། །དེ་ཉིད་དཀྱིལ་འཁོར་ཏེ། སྙིང་པོ་ལེན་པས་སོ། །རིགས་ཀྱི་ཡོན་ཏན་ལྡན་པར་ཡང་། ལེན་བྱའི་སྙིང་པོ་དེ་ཡང་། རིགས་ལྔ་དྲུག་པ་རྡོ་རྗེ་འཆང་དང་མི་ཕྱེད་པའོ། །གང་དེ་དག་དང་མི་ཕྱེད་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚོགས་འདི་པའོ། །ཇི་ལྟར་མི་ཕྱེད་པ་ནི། འདུས་པར། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །ཞེས་སོགས་ཀྱིས་གསུངས་པ་ལྟར་རོ། །དེའི་ཕྱིར་གཞི་ལམ་འབྲས་བུ་གསུམ་རོ་མཉམ་པས། ནམ་མཁའ་རྒྱ་མཚོ་འབྲས་ལྡན་པ། །ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ། །ཅེས་བཤད་དོ། །གཞལ་ཡས་ཁང་གི་དག་པ་ནི། །མི་ཕྱེད་ལྷན་ཅིག་སྐྱེས་པའི་རྒྱལ། །ཕོ་བྲང་གསང་བའི་གཞལ་ཡས་ཁང་། །མི་ཕྱེད་པ་ནི་གཉིས་སུ་མེད་པ་གང་གཉིས་སུ་མེད་ན་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་གཉིས་སུ་མེད་པ་ཞེས་བྱའོ། །དེ་བས་གཞལ་ཡས་ཁང་གིས་རྣམ་བྱང་གི་ཆོས་ཐམས་ཅད་བསྟན་ལ། ལྷག་པར་དཔལ་བདེ་མཆོག་བླ་མ་ལས་དེ་ཀ་རིགས་ལྔར་བཤད་པས་སོ།། །། གཉིས་པ་ལམ་དུས་ཀྱི་ལན་ལ་སྤྱིར་བཏབ་པ་དང་། བྱེ་བྲག་ཕྱེ་སྟེ་བཏབ་པ་གཉིས་ལས། དང་པོ་ནི། དེ་ནས་གསང་བ་བཤད་བྱ་བ། །དེ་ཉིད་བླ་མེད་སྒྲུབ་པ་པོ། །བླ་ན་མེད་པ་ནི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་རྡོ་རྗེ་ཐེག་པའོ། །བསྒྲུབ་བྱ་དེར། འབྲས་བུ་ལམ་དུ་བྱེད་པས་སྦྱོར་བ་སྟེ། སངས་རྒྱས་བསྟན་པ་སྲུང་བྱེད་པ། །སྙིང་པོ་འབྲས་བུ་ལམ་བྱེད་པ། །ཞེས་སོ། །སུ་ཞིག་དེར་སྦྱོར་ན། འཁོར་བའི་རྒྱ་མཚོར་ལྟུང་བ་ཡི། །སེམས་ཅན་སྡུག་བསྔལ་གཟིགས་ནས་ནི། །ཞེས་པ་དག་གོ །ཚུལ་ཇི་ལྟ་བུས་སྦྱོར་ན། སོ་སོའི་མོས་པ་ལ་བཀྲི་བའི་སྒོ་ནས་ཏེ། ཇི་ལྟ་ཇི་ལྟར་གྲོལ་གྱུར་པ། །དེ་ལྟ་དེ་ཡིས་གྲོལ་བར་མཛད། །དེའི་ཕྱིར་གདུལ་བྱ་དང་པོར་ཁྲིད་པའི་སྒོ་ནི་རབ་ཏུ་མང་བས་རིམ་པ་གཅིག་གིས་གཞལ་བར་མི་ནུས། དེས་ཐེག་པ་སྣ་ཚོགས་ཏེ། མི་དང་། ལྷ་དང་། ཚངས་པ་དང་། ཉན་ཐོས་དང་། རང་རྒྱལ་དང་། ཕ་རོལ་ཏུ་ཕྱིན་པ་དང་། རྡོ་རྗེ་ཐེག་པའོ། །སྒོ་སྣ་ཚོགས་པ་ནས་ཞུགས་ཀྱང་ཐར་པའམ་དེ་ཁོ་ན་ཉིད་དུ་བགྲོད་ཀ་མའི་ལམ་ནི་གཅིག་སྟེ། དེ་ཁོ་ན་ཉིད་གཅིག་ཡིན། དེ་མཐོང་བའི་ཡེ་ཤེས་ཀྱང་གཅིག་པུར་ཟད་པས་སོ། །དེའི་ཕྱིར། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་དེར། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་མཚན་ཡང་དག་པར་བརྗོད་པར་གསུངས་སོ། །བགྲོད་པའི་ལམ་གཅིག་པུ་ཀ་རྣལ་མའི་ལམ། གང་ལ་བཅོས་བསླད་མ་བྱས་ན་དེས་རང་བཞིན་ཤེས་པར་ནུས་པ། དཔེར་ན་ཆུ་རྙོག་མ་ཅན་མ་བསྒུལ་བར་བཞག་ན་རང་དྭངས་པ་བཞིན་ནོ། །དེའི་ཕྱིར་བླ་མ་རྣམས་མ་བཅོས་སོ་མར་གཞོག་ཤེས་ན། མ་ཡེངས་པ་དང་དེས་རྣལ་མའི་ལམ་དུ་ཞུགས་པ་ཞེས་གསུངས་ནས། དེ་སློབ་མས་ཅི་ཤེས་མཛད། དེ་ཤེས་ན་སྤང་བྱ་སྤང་དུ་མེད་པ་དང་གཉེན་པོ་བསྟེན་དུ་མེད་དེ་སྲིད་ཞི་ངང་གིས་མཉམ་ཉིད་དུ་ཤེས། དེ་ལ་རང་བཞིན་ཡོངས་ཤེས་ཀྱི་ཐ་སྙད་མཛད། དེ་འཚང་རྒྱ་བའི་ཐབས་ངོ་མར་སོང་ནས། བཀའ་བརྒྱུད་འདིའི་རིང་ལུགས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་བྱེ་བ་ཁྲག་ཁྲིག་ཞིག་བྱུང་བ་ནི་མངོན་སུམ་པའོ། །གཞན་གཞོག་ཁྱེར་དེ་ལ་འཁུ་བ་ནི་ཡུལ་སྣང་དགྲར་གཟུང་དེ་བཤིག་པར་འདོད། ལུང་རིགས་ཀྱི་བསམ་གཞིགས་མང་པོ་མཛད་པས་མཐར་འོ་བརྒྱལ། མིག་འབྲས་གཏིང་དུ་ལྷུང་། སྔོ་ལྷང་ངེ་བ། སེམས་ཅན་དམྱལ་བ་བཞིན་དུ་དྲན་པ་ཤིན་ཏུ་གསལ་ནས། ཚེ་གཞུག་སྡུག་དོགས་སྲིད་པའི་སྲད་བུ་སྐྱེད་གང་ཐུབ་བྱེད་པ་ཁོ་ནར་མཐོང་ངོ་།། །། གཉིས་པ་ལ་དུས་ཀྱི་དྲིས་ལན། གང་ཟག་གི གནས་ཀྱི་སྤྱོད་ཡུལ་བསྟན་པའི་ཁྱད་པར་གྱིས་ལན་བཞི། དང་པོ་ནི། དུས་ནི་བསྐལ་པ་བཟང་པོ་ཡི། །རྫོགས་ལྡན་མཐའ་མར་གྱུར་པ་ཡི། །དཔག་མེད་དུས་ལས་འདས་ན་ནི། །གསུམ་ལྡན་དང་ནི་གཉིས་ལྡན་ནས། །རྩོད་པའི་དུས་ཀྱི་རིམ་པ་ལ། །བཅོམ་ལྡན་ཚེ་ལོ་བརྒྱ་པའི་དུས། །དེ་ཡི་བསྟན་པའི་སྙིགས་མ་ཡི། །ལྔ་བརྒྱ་པ་ཡི་དུས་ཀྱི་མཐར། །ཤིན་ཏུ་གདུག་ཅིང་རྩུབ་པ་ཡི། །མི་བསྲུན་པ་ཡི་དུས་ཀྱི་ཚེ། །དེ་ཚེ་མགོན་པོའི་བསྟན་པ་འབྱུང་། །དེ་ཡང་། ལས་ཀྱི་ས་པའི་བསྐལ་པར་གྱུར་པ་དང་། ཁྱད་པར་སྙིགས་མ་ལས་ཆེས་སྙིགས་མ་ལྔ་བརྒྱ་མཐའ་མ་ལ་ཉེ་བ་ད་ལྟའི་དུས་ལ་འདི་དག ཉོན་མོངས་པ་རགས་པས་དེ་སྤངས་ནས་སེམས་རྩེ་གཅིག་པ་ལ་འཇོག་མི་ནུས་པ་དང་། སེར་སྣ་དང་གཡོ་སྒྱུའི་དབང་དུ་སོང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་དུ་ལེན་དཀའ་བ་དང་། རྒྱུད་སྡེ་ཕྱི་མ་དག་བཞིན་དུ། བྱ་བ་དང་རྣལ་འབྱོར་རྒྱ་ཆེན་པོ་སྙུགས་ཀྱིས་མི་ཁྱོངས་པ་དག་ལ། གཏི་མུག་དང་། འདོད་ཆགས་དང་། ཞེ་སྡང་ངམ། ཉོན་མོངས་པ་ཐམས་ཅད་སྤང་མི་དགོས། དེ་ཁོ་ནའི་སྒོར་ཞུགས་ནས་ཚེ་གཅིག་ལ་འཚང་རྒྱ་བའི་རྡོ་རྗེ་སེམས་དཔའི་གསེབ་ལམ་བླ་ན་མེད་པའི་རྒྱུད་གསལ་བར་བསྟན་ལ། དེ་ཡང་བསྟན་པ་འཛིན་སྐྱོང་བསྲུང་བ་གསུམ་ལས། ཕྱི་མ་གཙོ་བོར་གྱུར་པ་ནི་འདིར་མགོན་པོའི་བསྟན་པའོ། །དེ་སྤྱོད་པའི་དུས་ནི་ད་ལྟའི་དུས་མན་ཆད་དེ། མ་རུངས་པ་མང་པོས་བསྟན་པ་ཉམས་སྨད་གང་ཐུབ་བྱེད་པ་ནི་མིག་ལམ་ན་མངོན་སུམ་པ། དེ་དག་ལ་སྙིང་རྗེས་བསད་ན་ཁོང་ཚོའི་དོན་ཆེན་པོར་འགྱུར་རོ། །ཞེས་དགོངས་སོ། །གཉིས་པ་གང་ཟག་གི་ལན་ནི། གང་ཟག་ལ་ཡང་གཉིས་སུ་བཤད། །བསྒྲལ་བར་བྱ་བའི་གང་ཟག་དང་། །སྒྲོལ་བར་བྱེད་པའི་སྒྲུབ་པོ་སྟེ། །ཞེས་པའི་དང་པོ། དཀོན་མཆོག་གསུམ་པོ་སྨོད་པ་དང་། །བླ་མ་ལ་སྡང་བདག་ལ་སྨོད། །དེ་དག་སོགས་ལ་བྱ་བར་བཤད། །སོགས་སྒྲས། སེམས་ཅན་སྤྱི་ལ་འཚེ་བ་དང་། །སྡིག་པའི་ལས་ལ་རྔམས་པ་དང་། །ངན་སོང་གསུམ་ལ་གཞོལ་བ་དང་། །བདུད་ཀྱི་ཕྱོགས་སུ་ལྷུང་བ་དང་། །མུ་སྟེགས་བྱེད་ལ་སོགས་པ་ལྟར་གྲུབ་མཐའ་ངན་པས་ལམ་གོལ་བར་ལྷུང་བ་ལྟ་བུ་རྣམས། དེ་ཡང་། དང་པོར་སྡིག་པ་ལ་དགའ་ཡང་། ཕྱིས་དད་པས་བསྟན་པ་ལ་བྱ་བ་ཆེར་ནུས་པ་རྒྱལ་པོ་མྱ་ངན་མེད་ལྟ་བུ་འབྱུང་སྲིད་པས་དུས་འཁོར་ནས། མངོན་སྤྱོད་ལ་སོགས་པ་མངོན་ཤེས་ཐོབ་པས་བྱ་བར་གསུངས་ལ། གཞན་དུ་དང་པོ་རིམས་ལ་སོགས་དུང་བའམ་ལྟས་ངན་པ་དང་ཆོ་འཕྲུལ་དབབ་པ་ལ་སོགས་བྲེད་བསྡིགས་བྱ། དེས་འཆུན་ནས་འདུན་ན་སླར་གསོ་ཞིང་གལ་ཏེ་མི་འདུད་པར་ད་དུང་བྱ་བ་ངན་པ་དེ་དང་དུ་ལེན་པར་སྤྲོ་ན་དེ་དད་པས་འཕོངས་པ་མངོན་སུམ་པ་ཡིན་པས་ཕྱིས་བསད་པའི་ལས་བྱ་བར་གསུངས་སོ། །སྒྲུབ་པ་པོ་ནི་རྣམ་པ་གསུམ། །ཧེ་རུ་ཀ་དཔལ་རྣལ་འབྱོར་མ། །དག་ཅིང་སྦྱངས་ཏེ་ཏིང་འཛིན་གསལ། །རིམ་པ་གོ་འཕང་ཐོབ་པ་སྟེ། །ཞེས་རབ་ལྟ་བ་རྟོགས་པ་སྟེ། དེ་ལ་དྲེགས་པ་རྣམས་ཡིད་བཞིན་གྱི་ནོར་བུ་ལྟར་བཀུར་ཞིང་མཆོད་པའོ། །འབྲིང་ཏིང་ངེ་འཛིན་གྱིས་འཆུན་པ་སྟེ། དེ་ལ་ཇོ་བོ་ལྟར་དུ་བཀུར་ཞིང་བཀའ་ཉན་པས་སོ། །མཐའ་མ་རྩལ་གསུམ་བསྙེན་པས་འཆུན་པ་སྟེ། དེས་ཅི་བསྒོ་བའི་ལས་བྱེད་ཅིང་ཕྲིག་མི་ནུས་པས་སོ། །རྩལ་གསུམ་ནི། ལུས་ལྷ། ངག་བཟླས་བརྗོད། སེམས་དམིགས་པ་ལ་རྩེ་གཅིག་པ་སྟེ། དེ་དག་ནི་བཙན་པོའི་མཁར་དུ་མི་ཤིགས་པའི་སྐུ་བསྐྱེད་དེ། གནམ་ལྕགས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱའོ། །ཐུན་མོང་སྤྱི་དང་བྱེ་བྲག་ཏུ། །དམ་ཚིག་གནས་པའི་རྡོ་རྗེ་འཛིན། །ཞེས་པ་ནི། དེ་ལ་དམ་ཚིག་ལ་གནས་པ་ནི་ཐམས་ཅད་དུ་གཙོ་བ་སྟེ། ལེགས་ཉེས་ཀྱི་སྟངས་གཅོད་པ་ལ་དམ་ཅན་འདི་རྣམས་འཁྲུངས་པས་ཉམས་ན་ལྷ་བདུད་དུ་འབབ་ལ། མ་ཉམས་པར་གཙང་ན་ཅི་བསྒོ་བ་ཐམས་ཅད་བསྙེན་བསྒྲུབ་མ་བྱས་ཀྱང་ངང་གིས་བྱེད་པས་སོ།། །། གསུམ་པ་གནས་ཀྱི་ལན་ནི། གནས་ཀྱི་ཁྱད་པར་འབྱུང་བ་ཡང་། །བསྙེན་པའི་དུས་དང་སྒྲུབ་པ་དང་། །ལས་ལ་སྦྱར་བའི་དུས་ཤེས་པས། །ཡིད་འོང་དབེན་དང་དུར་ཁྲོད་སོགས། །བསམ་གཏན་འཕེལ་དང་ཁྱད་པར་རོ། །ཞེས་བཤད་པ་ནི། བསྙེན་པ་ནི་ཡིད་འོང་བཀྲ་ཤིས་པའམ་བྲག་རི་ནག་པོ་ཁ་ལྷོར་བལྟ་བའི་ཕུག་དབེན་པར། སྒྲུབ་པ་བརྒྱད་སོགས་དུར་ཁྲོད་ལ་སོགས་པ་བདེ་མཆོག་དང་མཐུན་ལ། འཕྲིན་ལས་སྣ་ཚོགས་ནི། སོ་སོའི་བསྔགས་པ་དེར་བསྒྲུབ་དགོས། གཞན་དུ་མི་འགྲུབ་པས། སློབ་དཔོན་པདྨས། སྡེ་གནས་སྦྱིན་སྲེག་བྱས་མལ་དུ། །སེར་བ་བསྒྲུབས་ན་མི་ཐོན་ཞུད། །དབང་བསྐུར་ཚེ་བསྒྲུབ་བྱས་མལ་དུ། །ཐུན་ཕྲན་བསྒྲུབས་ན་མི་ཐོན་ཞུད། །མཆོད་རྟེན་ཚྭ་ཚྭ་བཤིག་པ་དང་། །སྟོང་ཉིད་གསུང་བཀླག་མལ་ཉིད་དུ། །ལྟས་ངན་བསྒྲུབ་ན་མི་ཐོན་ཞུད། །ཕུང་ཤུལ་བསད་བཅད་གཡུལ་བཀྱེའི་སར། །མངོན་ཤེས་བསྒྲུབས་ན་མི་ཐོན་ཞུད། །དུག་སྦྲུལ་ས་རལ་ཤག་འཕུང་ཤུལ། །ནོར་བསྒྲུབ་བྱས་ན་མི་ཐོན་ཞུད། །ཅེས་བཤད་པ་ལྟ་བུས་སོ།། །། བཞི་པ་རྣལ་འབྱོར་གྱི་སྤྱོད་ཡུལ་ལ་བདུན་ལས། དང་པོ་སྒྲུབ་པའི་ལན་ནི། ཡུལ་དང་དབང་པོའི་སྤྱོད་ཡུལ་དུ། །མཐོང་བ་དང་ནི་ཐོས་པ་དང་། །རེག་པ་དང་ནི་དྲན་པ་ཡི། །དཀྱིལ་འཁོར་པ་ཡི་སྣང་བ་དང་། །མ་ལུས་དངོས་པོར་གང་ཤར་བ། །བདེ་བ་ཅན་དུ་ཤེས་པར་བྱ། །སྣང་ཚད་སྐུ་ཕྱག་རྒྱ་ཆེན་པོ། གྲགས་ཚད་གསུང་ཕྱག་རྒྱ་ཆེན་པོ། དྲན་ཚད་ཐུགས་ཕྱག་རྒྱ་ཆེན་པོའི་ཁྱེར་སོ་དང་ལྡན་པས་བསྙེན་པ་བྱ་བར་བསྟན་ལ། གང་བསྙེན་ན། བསྟན་པ་ཀུན་ལས་བཏུས་པ་ཡིས། །བྱང་ཆུབ་སེམས་དཔའི་ལམ་ལས་ཀྱང་། །གསང་བ་འབྲས་བུ་ལམ་བྱེད་པ། །རྡོ་རྗེ་ཐེག་པ་འདི་ཉིད་དེ། །ཞེས་པས་འདིར་བསྟན་པ་ནི། རྩ་བའི་རྒྱུད་ཆེན་པོ། ངེས་པར་བརྗོད་པ་འབུམ་ཕྲག་སོ་དྲུག་པ་ལས་བསྡུས་པ་འདིའོ། །དེ་ཡང་། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཆས་པའི་ལམ། རིང་བ་དང་ཉེ་བ་གཉིས་ཡོད་པའི་ཕྱི་མ་རྡོ་རྗེའི་གསེབ་ལམ་དེ་ནས་སོ། །བསྟན་པ་འཛིན་སྐྱོང་བསྲུང་བ་གསུམ། །འདི་ནི་ཁྱད་པར་བསྲུང་བ་ཡིན། །བསྟན་པ་ནི་རྒྱལ་བ་རྣམས་ཀྱི་ཆོས་ལུང་དང་རྟོགས་པའོ། །འཛིན་པ་ནི་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ནོ། །དེས་ཇི་ལྟར་འཛིན་པའི་ཚུལ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཞེས་པའི་ཚུལ་གྱིས་སོ། །སྐྱོང་བ་ནི། བསོད་ནམས་ཀྱི་གཞིས་དགེ་འདུན་བསྡུ་བ་དང་། ཆོས་འཁོར་འཛུགས་པ་དང་། འཆད་པ་དང་། རྩོམ་པ་དང་། བསམ་གཏན་གྱི་བདེ་བ་ལ་རེག་པར་བྱེད་འཇུག་པ་དང་། ཤེས་རབ་ཀྱིས་སྦྱངས་ནས་གོང་ནས་གོང་དུ་སྤེལ་བ་དག་གོ །བསྲུང་བ་ནི། ལོ་ཏོག་སེར་བ་ལས་སྐྱོབ་པ་ལྟ་བུ་རིགས་པས་རྩོད་པ་དང་། ཕས་ཀྱི་རྒོལ་བ་ངན་པ་ཆོས་བཞིན་དུ་ཚར་བཅད་པ་མཐུ་དག་གོ །དེ་ལས་འདི་ཕྱི་མའི་དབང་དུ་མཛད་དོ། །དེ་ཡང་། བསྒྲུབ་པ་བསྙེན་པའི་ཏིང་ངེ་འཛིན་དང་། ཉེ་བར་བསྙེན་པའི་ཏིང་ངེ་འཛིན་དང་། བསྙེན་པ་དང་། ཉེ་བསྙེན་ནམ་ཉེར་བསྒྲུབ་གཉིས་དང་པོ་ནི། ལུས་ཀྱི་ལྷ། ངག་གི་མཚང་ཚིག་སྔགས། ཡིད་ཆོས་ཉིད་ཀྱི་རྩལ་ཏིང་ངེ་འཛིན་གྱི་འཕྲོ་འདུ་དང་སེམས་ཅི་བྱེད་གཞན་དོན་དུ་བསམས་པས་རང་རྒྱུད་བྱིན་གྱིས་རློབས་ནས། དམ་ཅན་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་པདྨའི་མཚོ་ལ་ངང་པ་ལྟ་བུར་འདུ་ཞིང་དེས་དངོས་གྲུབ་ཅི་འདོད་པ་འགྲུབ་པས་བསྙེན་པ་སྟེ། དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེ། །རྣམ་དག་དམ་ཚིག་ཀུན་གྲུབ་ལ། །བདེ་བའི་བསོད་ནམས་རྒྱུན་གནས་པས། །རྣལ་འབྱོར་སྟོབས་ནི་རྒྱས་པར་བྱེད། །ཅེས་པས་སོ། །འདི་ལ། བསྙེན་པའི་དུས་སུ་རང་ལྷ་ཡི། །ཧེ་རུ་ཀར་ནི་གནས་པ་ཡིས། །མདུན་དུ་བཀའ་སྡོད་དམ་ཚིག་གི །མགོན་པོ་ཕྱག་བཞི་བསྒོམ་པར་བྱ། །དེ་ལ་ཆོ་གའི་ཆིངས། ལྷག་པའི་ལྷར་སྦྱར་བ་དང་། བགེགས་ལ་གཏོར་མ་སྦྱིན་ཏེ་བསྐྲད་པ་དང་། མདུན་སྐྱེད་བསྐྱེད་པ། བྱིན་གྱིས་རླབས་པ་སྤྱན་འདྲེན་པ། མཆོད་པ། དམ་ཚིག་ཡེ་ཤེས་བསྲེ་བ། དབང་བསྐུར་བ། རྒྱས་བཏབ་པ། ཕྱག་བཙལ་བ། མཆོད་པ་བྱིན་གྱིས་བརླབ་པ། མཆོད་པ་བཞི་འབུལ་བ། གཏོར་མ་བཏང་བ། བསྟོད་པ། བཟླས་པ། སླར་མཆོད་བསྟོད་བྱ་བ། བསྡུ་བ། བསྔོ་བ་དང་། བཀྲ་ཤིས་སོ། །ཆིངས་དང་པོ་ནི་གོང་ནོན་པའི་ཕྱིར་ཏེ། ཡེ་ཤེས་ཀྱི་མགོན་པོ་དཔལ་དྲེགས་པ་ལྟ་བུར་སྒྲུབ་པའི་སྐབས་ཡིན་པས། ཡི་དམ་འཁོར་ལོ་སྡོམ་པ་ལྟ་བུའི་བསྙེན་པ་ལེགས་པར་འཐེམས་པས་འདི་ལ་འཇུག་གོ །གཉིས་པ་བགེགས་དང་ལོག་པར་འདྲེན་པས་རྣལ་འབྱོར་གྱི་ནུས་པ་འཇོམས་པ་བཟློག་པའི་ཕྱིར་ཡིན་ལ། མདུན་སྐྱེད་བསྐྱེད་པ་ནས་བསྲེ་བའི་བར། འདིར་རང་བཞིན་གནས་པའི་ཧཱུྃ་ལས་བསྐྱེད་དོ། །དེ་ནས་དཔལ་ལྡན་བདུད་འཇོམས་པའི། །སྒྲུབ་པ་ཡང་དག་རབ་ཏུ་བཤད། །ཅེས་སོགས་ཀྱིས་རྒྱས་པར་བཤད་པའི་སྙིང་པོ། སྟོན་པ་གནས་པ་རང་བཞིན་ལས། །ཕྱིར་ཆད་དུ་སྟོན་པ་བཀའ་སྡོད་ལྟར་སྒྲུབ་པ་ལ། གནས་པའི་སྲོག་ལས་རང་བཞིན་དུ་བསྐྱེད་པ་ཞེས་བྱའོ། །འཁོར་ལོ་དགུག་བྱ་གཉིས་མེད་བསྟིམ། རང་རྒྱུད་ལྟར་གནས་པའི་མགོན་པོ་སངས་རྒྱས་ཀྱི་ཞིང་སྐྱོང་བ་རྣམས་སྤྱན་དྲངས་གཉིས་མེད་དུ་བསྲེ་བའི་བར་བསྟན་ལ། དབང་བསྐུར་རྒྱས་བཏབ་པ་ནི། གོང་དུ། སྒྲུབ་པའི་དུས་སུ་མགོན་པོ་ཡི། །རྒྱས་འདེབས་སྤྱི་བོར་ཧེ་རུ་ཀ །དེ་ཉིད་ཅེས་པས་བསྟན་ཏེ། དཔལ་མགོན་པོ་ལ་ཧེ་རུ་ཀ་རིགས་བདག་དང་། གཞན་རྣམས་ལ་དེ་ཉིད་ཅེས་པ་མགོན་པོ་ཉིད་དེ། བདེ་མཆོག་ཉུང་ངུར། འདི་རིགས་གཅིག་པའི་དཀྱིལ་འཁོར་དུ་གསུངས་ཤིང་། རྡོ་རྗེ་འཕྲེང་བར་ལྷ་རིགས་མ་ངེས་པ་དག་ལ་རྡོ་རྗེ་སེམས་དཔའམ་མི་བསྐྱོད་པས་རྒྱས་འདེབས་པར་བཤད་པའང་དེ་ཐམས་ཅད་ཀྱི་བདག་པོར་དགོངས་པས་སོ། །མཆོད་པ་ནི། དམ་ཚིག་ལྡན་པའི་སྔགས་པ་ཡིས། །སྒྲུབ་པའི་རྫས་རྣམས་ཁྱད་པར་ལས། །འབྲུ་ནག་གཏོར་མ་རབ་ཏུ་ཤེས། །ཞེས་སྡོམ་འབྱུང་དུ། ཆང་དང་གཏོར་མ་མེད་པར་ནི། །ལས་རྣམས་ཐམས་ཅད་འགྲུབ་མི་འགྱུར། །ཞེས་པས་གཏོར་མ་གཙོ་བོ་དང་། ཁྱད་པར་ལས། ཞེས་པས་ཞི་རྒྱས་དབང་དྲག་གིས་དབྱེ་བ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དུ་བཞག་པའོ། །ཤ་ཆེན་གྱིས་ནི་བརྒྱན་པ་ཡི། །ཚོགས་རྫས་མཆོད་པ་གུས་པས་འབུལ། །སྨད་ལས་ཏེ་དེ་སྐབས་སྐབས་སུ་བྱ་བ་དང་། སྟོད་ལས་རྒྱུན་དུ་བྱ་བར་གསུངས་པས། རྒྱུན་དང་གནས་སྐབས་ལས། བསྒྲུབ་དང་བསྒྲུབ་པས་མངོན་དུ་འགྱུར། །ཞེས་སོ། །ཟློས་དུས་ཀྱི་ཏིང་ངེ་འཛིན་ཀྱང་འདི་ཉིད་དུ། རང་ཉིད་ཧེ་རུ་ཀར་གསལ་བ། །རི་རབ་སྟེང་དུ་ཡུམ་བཅས་བསམ། །དེ་མདུན་ནག་པོ་ཆེན་པོ་ཉིད། །གསལ་བ་བསྐྱེད་ཚུལ་དབྱེ་བ་ཡིས། །རྒྱན་དང་ཆ་ལུགས་རྫོགས་པ་ནི། །མངོན་གྱུར་ལྟ་བུར་བལྟ་བར་བྱ། །བདག་དང་མདུན་གྱི་མགོན་པོ་ཡི། །ཐུགས་ཀའི་ཏིང་འཛིན་རང་སྔགས་ལས། །དེ་ལས་སྤྲོ་བསྡུའི་ཏིང་འཛིན་བསམ། །ཞེས་པ་སྔར་མདོར་བསྟན་དུ། འོད་འཕྲོས་འཁོར་བའི་བཟླས་པ་ནི། །ཁྱད་པར་དུ་ནི་སྒྲ་དང་བཅས། །ཤིན་ཏུ་དཔའ་བར་བཟླ་བར་བྱ། །ཞེས་པའི་དོན་འདིའི་རྣམ་གྲངས་སུ། གྲི་གུག་བརྩེགས་པར། ཟླ་ཉིའི་དབུས་ཀྱི་ས་བོན་ལ། །སྟིམ་བྱ་འོད་ཟེར་སྤྲོས་ནས་ཀྱང་། །ཁྱོགས་ལྟར་འཕྲེང་བ་ལྡིང་གྱུར་པ། །དེ་ཉིད་རྣམ་པར་གསལ་བ་ལས། །ནུས་པ་གཟི་བྱིན་མྱུར་བསྐྱེད་པ། །ཞེས་དང་། དེར་སྲོག་གཅོད་སྤང་བ་ཞི་བ་སྟེ། སོགས་མ་བྱིན་ལེན། མི་ཚངས་སྤྱོད། རྫུན་སྨྲ་ལས་ལོགས་པ་རྒྱས་པ། དབང་དྲག་པོ་དང་། སྐུ་གསུང་ཐུགས་ཀྱི་བསྙེན་པས་ནི། །རྩ་བའི་ཉོན་མོངས་རང་དག་འགྱུར། །གསལ་བ་གསུམ་དང་ལྡན་པ་ཡི། །སྤང་བྱ་དུ་མའི་གཉེན་པོར་ཆེ། །བསོད་ནམས་ཚོགས་ནི་བསགས་པ་ཡིས། །ཁ་ན་མ་ཐོའི་དྲི་མ་འདག །ཡེ་ཤེས་ཚོགས་ཀྱིས་རང་བཞིན་གྱིས། །ཁ་ན་མ་ཐོའི་གཉེན་པོར་འགྲོ། །ཞེས་དམིགས་པའི་ཁྱད་པར་བཤད་དོ། །གཞན་ཡང་། ཁ་དོག་སྣ་ཚོགས་འབར་བའི་འོད། །ཡེ་ཤེས་མེ་ལྕེའི་སྙིང་པོ་ནི། །འོད་གསལ་མཁའ་དབྱིངས་མི་འགྱུར་བ། །ངག་བརྗོད་པ་ཡི་བཟླས་པ་ཡང་། །དཔལ་འཛིན་བྱིན་རླབས་དུས་སུ་བྱ། །ཞེས་མྱུར་བའི་གནད་གསུངས་སོ། །ཁྱད་པར་རྟགས་ནི་གསལ་བར་འབྱུང་། །ཉེ་བའི་མཚན་མ་ངེས་མཐོང་ནས། །དངོས་གྲུབ་བླང་ཞིང་གཏོར་མ་འབུལ། །སྦྱིན་སྲེག་ལས་ཀྱིས་མྱུར་དུ་འགྲུབ། །གསང་སྔགས་འབུམ་ཕྲག་བཅུ་ཡིས་ནི། །འབྲས་བུ་ཡིད་ལ་འདོད་པ་འགྲུབ། །ཁ་སྐོང་མེ་ཡིས་མཆོད་པ་བྱ། །ཞེས་ལེའུ་བཅུ་དགུ་པར་བཤད། དེ་ཡང་གྲངས་རྟགས་དུས་གསུམ་དུ་བཞག་སྟེ། དེ་ཡང་རབ་འབྲིང་མཐའ་མ་ཡིས། །བྱེ་བྲག་རྟག་ཏུ་འཆར་བར་འགྱུར། །གྲངས་ནི་བདུན་འབུམ་དག་དང་ནི། །ཁྲི་ཕྲག་དགུ་དང་ཁྲི་ཕྲག་བདུན། །སྟོང་ཕྲག་བདུན་གྱིས་ཉེ་བར་འགྱུར། །ཐབས་དང་ཤེས་རབ་བཅས་པ་ཡི། །སྔགས་ཀྱི་སྟོང་ཕྲག་བཅུ་དག་གིས། །མངོན་སུམ་གསལ་བའི་ངེས་པ་འཆར། །དུས་ནི་ཟླ་དྲུག་ཞག་བདུན་བར། །རྣལ་འབྱོར་སྨྲ་བ་བཅད་དེ་བཟླ། །མི་ཚིག་བར་མ་ཆོད་པ་ཡིས། །གསང་སྔགས་འཕྲིན་ལས་ངེས་པར་འགྲུབ། །ཐུན་མཚམས་མཆོད་དང་གཏོར་མ་དང་། །བསྟོད་བཅོལ་ཞེས་གསུངས་སོ། །འདིར་འཕྲེང་བ་བསྙེན་དུས། རུ་རཀྵ། དུང་ཆེན། གཞན་ཤེལ་གྱིས་ཞི་བ་འགྲུབ་སོགས་ཀྱིས་སོ། །རྒྱུ་གྲངས་བྱིན་བརླབ་གྲི་གུག་བརྩེགས་པར། ཤེས་པས་ལྷ་ཡི་ཏིང་འཛིན་གྱིས། །འཕྲེང་བ་གང་ནས་རྙེད་པ་ལ། །ཁྲུས་བྱས་དྲིས་བྱུག་རང་ལག་སྟེང་། །མི་དམིགས་ངང་ལས་རང་བཞིན་གྱིས། །བྱིན་རླབས་སྤྲོ་བསྡུ་མཆོད་པ་བྱ། །གསང་སྔགས་བརྗོད་ལ་བཅད་པར་བྱ། །འདིར་རང་བཞིན་ཞེས་པ་དམ་པ་རིགས་བརྒྱ། སྔགས་བརྗོད་རྒྱུ་དབྱངས་གསལ་ལོ། །འདིར་མགོན་པོ་ཕྱི་རོལ་ཏུ་བལྟ་བ་མ་བཟློག་པར་བསྙེན་པས་ཕྱི་སྒྲུབ། ཉེ་བར་བསྙེན་པ་ནི། ཉེ་བར་བསྙེན་པའི་དུས་སུ་ནི། །བདག་ཉིད་ཧེ་རུ་ཀ་ལས་ནི། །ཧཱུྃ་བྱུང་མདུན་དུ་སྤྲོས་པ་ལས། །བསྐྱེད་ཅིང་མཐར་ནི་ཉེ་བར་བསྡུ། །བཅུ་དགུ་པར། གཏོར་མ་ཆེན་པོ་དང་བཅས་པས། །ལན་བདུན་ཉེ་བར་བསྙེན་པས་འགྲུབ། །མགོན་པོ་འཁོར་བཅས་བསྐྱེད་པའི་རྒྱུ་དུས་ཀྱི་ཧཱུྃ་བདག་ཉིད་ཀྱི་ཐུགས་ཀ་ནས་སྤྲོས་ལ་དེས་སྤྲུལ་པའི་དཀྱིལ་འཁོར་བལྟ་བའམ། མཐར་ནི་ཉེ་བར་བསྡུ་ཞེས་པས་ཞལ་མྱུར་དུ་ལྟ་བའི་མན་ངག དེའི་དབང་དུ་མཛད་ནས་གྲི་གུག་བརྩེགས་པར། ཆུ་སྐྱེས་དབུས་སུ་རྡོ་རྗེ་ནི། །ས་བོན་འོད་འཕྲོས་མི་བཟད་པ། །ཉི་ཟླ་དྲག་པོ་སྙིང་པོ་ལས། །རོལ་མཚོའི་ཕྱོགས་གྱུར་གནས་པ་ཡི། །པདྨ་ཕྱོགས་བཅས་འཕྲེང་བའོ། །གེ་སར་འདབ་ཀླུ་གནས་གྱུར་ཏེ། །སྲོག་ཉིད་ཡེ་ཤེས་བདག་ཉིད་ཅན། །སྙིང་པོ་རྒྱུན་དུ་བསྐུལ་བའོ། །ཉེ་བའི་ཉོན་མོངས་དག་པའི་ཚུལ། །ལྷག་མར་གྱུར་པའི་ཉེས་པ་སྡོམ། །ལྷ་ནི་མེ་དང་ཕྱོགས་དག་གི །དཀྱིལ་འཁོར་རང་བཞིན་གྱུར་པ་ཡི། །ལྷ་མོ་ཉེར་བཞིར་བདེ་བར་རོལ། །སྤྱོད་དང་གྲོལ་བའི་ངོ་བོར་མཐོང་། །འདི་ལ་གསང་རྟེན་ལུས་ལ་བཅའ་བ་ཞེས་ཀྱང་གསུངས་སོ། །སྔ་མས་ཕན་འདོགས་བྱར་སོང་བས་སམ་ཉེ་བའི་ཉོན་མོངས་པ་འཇོམས་པའི་གཉེན་པོ་ཡིན་པས་ཉེ་བསྙེན་ནོ། །ལྷ་རང་སེམས་ཀྱི་སྤྲུལ་པར་བསྒོམ་པས་སམ། ལུས་ཀྱི་ནང་དུ་འགོངས་པས་ཕྱིར་མ་ཆད་པའི་ཕྱིར་ནང་བསྒྲུབ་བོ།། །། གཉིས་པ་སྒྲུབ་པ་ཆེན་པོའི་ལན་ནི། བསྒྲུབ་པ་ཆེན་པོ་བླ་ན་མེད། །ཡེ་ཤེས་མགོན་པོ་ཆེན་པོ་ནི། །ཁྭ་གདོང་ལ་སོགས་ལྷ་མོ་བརྒྱད། །དམ་པ་བཞིན་དུ་ཡོངས་སུ་བསྐོར། །དཀྱིལ་འཁོར་ཕོ་བྲང་དབུས་སུ་ཡང་། །དུར་ཁྲོད་དུ་ནི་མགོན་པོ་རོལ། །འཇིག་རྟེན་གསུམ་ན་རྙེད་དཀའ་བའི། །དམ་ཚིག་སྤྱོད་པའི་རང་བཞིན་ནི། །རྟག་ཏུ་རང་སྔགས་སྦས་པ་སྟེ། །རབ་ཏུ་འབད་དེ་གསང་བར་བྱ། །ཞེས་མདོར་བསྟན། དཀྱིལ་འཁོར་ཆེན་པོ་སྟོན་པའི་ལས་རིམ་དང་འབྲེལ་བའི་གཞུང་ཚིག་གིས་ཐམས་ཅད་རྒྱས་པར་བཤད་དོ། །འདི་ལ་སྔོན་འགྲོ་དང་དངོས་གཞི་རྣམ་པ་གཉིས། སྔོན་འགྲོ་ལ། ས་ཆོག་སྟ་གོན་གཉིས། དང་པོ་ལ། ས་བརྟག་བསླང་སྦྱང་ཞིང་གཟུང་བ་བཞི། སྔ་མ་ལ་ས་བརྟག་པ་དང་ལྟོ་འཕྱེ་བརྟགས་ཏེ་བརྐོ་བ་གཉིས། བར་པ་ལ་སློབ་མས་གསོལ་བ་བཏབ་པ། བགེགས་སྡིག་པ་མི་ཤེས་པར་སྦྱང་བ། བསྙེན་པ་བྱ་བ། མཚན་མ་ཐོབ་ནས་དཀྱིལ་འཁོར་གྱི་ཕྱོགས་སུ་བསྙེན་པ་དང་འདྲ་བར་བདག་མདུན་བསྐྱེད་མཆོད། མི་སྣང་བ་ལ་བསླང་བ། མཐའ་མ་ལ། བགེགས་སྦྱང་སྲི་མནན་པ་སྦྱང་བ་རྣམས། བཞི་པ་ལ། དཀྱིལ་འཁོར་ཡོད་སའི་དབུས་སུ་བདག་བསྐྱེད། གསོལ་བཏབ། ཁྲོ་བོ་བསྐྱེད་པ། བཀའ་བསྒོ། སྟངས་སྟབས། སློབ་མ་བསྲུང་བ། ས་དེ་ལ་མཆོད་པ། ལེའུ་བཅུ་བདུན་པར། དེ་ནས་གཞན་ཡང་བཤད་བྱ་བ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །ཐར་པའི་གྲོང་ཁྱེར་ཉམས་དགའ་བ། །ནས། རྒྱུད་ཤེས་ཡང་དག་བླ་མ་ལ། །སྣོད་ལྡན་དག་པའི་སློབ་མ་ཡིས། །གསོལ་བ་ལན་གསུམ་གདབ་བྱ་བ། །ནས། ལན་གསུམ་བརྗོད་ནས་གནང་བྱ་བའི། །ཞེས་པའི་བར་དང་། དང་པོར་བསྙེན་པ་བརྩམ་པར་བྱ། །མཚན་མ་ཉེ་བའི་ཚུལ་ཤེས་ནས། །དེ་ནས་སྔོན་འགྲོ་བརྩམ་པར་བྱ། །འཕྲིན་ལས་མཆོད་པ་གཏོར་མ་ཡིས། །ཡེ་ཤེས་ལྷ་རྣམས་མཆོད་པ་དང་། །ལུས་དང་ངག་དང་ཡིད་ཀྱི་ནི། །སྡིག་པ་འབྲལ་ཞིང་བགེགས་དབྱུང་བའི། །སྔགས་དང་བཅས་པའི་ཡུངས་ཀར་གྱིས། །མེ་སྦར་བསྲེག་དང་བྲབ་པར་བྱ། །བགེགས་ལ་བཀའ་བསྒོ་གཏོར་མ་བྱིན། །སློབ་མ་ཀུན་ལ་བསྲུང་བྱས་ནས། །དེ་རྗེས་ས་ཕྱོགས་གཙང་མ་ལ། །ས་བརྟག་པ་དང་སྦྱང་བ་དང་། །ས་བསླངས་ནས་ནི་བཀའ་ཐོབ་པས། །བརྐོ་ཞིང་རོ་ལྔ་བསལ་བར་བྱ། །དེ་ནས་བསྲུང་བའི་འཁོར་ལོ་ཡི། །བཀའ་ཡི་འཁོར་ལོ་རྣམ་པར་བསྒོམ། །དང་། དེ་ལས་བརྗོད་པ་ཙམ་གྱིས་ནི། །ཕུར་བུས་གདབ་དང་བརྡུང་བར་བྱ། །རྡོ་རྗེ་མགོན་པོ་ཆེན་པོ་ཡི། །ཏིང་ངེ་འཛིན་དུ་གནས་པ་ལ། གསོལ་བ་བཏབ་པས་གནང་བ་བྱིན། །དེས་རྗེས་ཐལ་སྦྱར་གསོལ་བ་ནི། །སོགས་དང་། བགེགས་ལ་བཀའ་བསྒོ་གཏོར་མ་བྱིན། །དང་། དེ་ནས་བསྲུང་ཞིང་བཅག་པར་བྱ། །རྡོ་རྗེ་འཛིན་པ་བཞེངས་ནས་ནི། །རྡོ་རྗེ་གོམས་པའི་གར་སྟབས་ཀྱིས། །ཧཱུྃ་ཧཱུྃ་དྲག་པོའི་སྒྲ་བརྗོད་པས། །ཕྱོགས་ཀུན་བཅིངས་པ་བྱས་ནས་ནི། །དང་། སློབ་མ་ཀུན་ལ་བསྲུང་བྱས་ནས། །དང་། ཁྱད་པར་བདུད་རྩི་འཁྱིལ་པས་བསྲུང་། །ཞེས་པའི་དངོས་ཤུགས་ཀྱིས་བཤད་དོ། །སྟ་གོན་ལ། ས་ལྷ་བུམ་པ་སློབ་མ་ལྷག་གནས་བཞི། །དེ་ནས་ལྷག་པར་གནས་པ་བརྩམ། །ས་འཛིན་ལྷ་མོ་ཉིད་མཆོད་པས། །བཀའ་བྱིན་ནས་ནི་ཐིམ་པར་བལྟ། །དང་། དཀྱིལ་འཁོར་དྲི་ཡི་ཐིག་ལེ་ལ། །མེ་ཏོག་ཆལ་དགྲམ་ལྷ་རྣམས་ནི། །བསྐྱེད་ཅིང་མཆོད་ལ་གཉིས་མེད་བཏེག །ཅེས་དང་། བུམ་པ་བཀྲ་ཤིས་ཡན་ལག་ལྡན། །མ་ཉམས་མཚན་ཉིད་ལྡན་པ་དགུ། །ཁ་ཚར་མ་ཉམས་རས་ཟུང་དཀྲི། །སྙིང་པོ་སྨན་དང་འབྲུ་ལྔ་པ། །སྤོས་དང་རིན་ཆེན་དག་གིས་དགང་། །རྒྱུན་འབབ་ཆུ་ཡིས་གང་བ་དང་། །འབྲས་ལྡན་ཤིང་གིས་ཁ་བརྒྱན་པའོ། །དེ་ནས་སེམས་བསྐྱེད་སྡོམ་གནས་པས། །དམ་ཚིག་གསང་བ་སྦྱིན་པར་བྱ། །དང་། སོ་ཤིང་དོར་ནས་ལྟས་བརྟག་པ། །བསྲུང་སྐུད་ཀུ་ཤ་སྦྱིན་པར་བྱ། །རྣམས་ཀྱིས་སོ། །བསྒྲུབ་པ་ཆེན་པོའི་དངོས་གཞི་ལ། །ཐིག་བྱིན་རླབས་གདབ་པ། ཚོན་བྱིན་རླབས་བྲི་བ། སྤྱན་གཟིགས་དགྲམ་པ། རྟེན་འཛུགས་པ། དཀྱིལ་འཁོར་བསྒྲུབ་པ། བདག་འཇུག་པ། གཞན་ལ་དབང་བསྐུར་བ། དཀྱིལ་འཁོར་དེ་ཉིད་དུ་དངོས་གྲུབ་དང་འཕྲིན་ལས་སྣ་ཚོགས་བསྒྲུབ་པའོ། །དེ་དག་ཀྱང་རིམ་པ་བཞིན། ཁྱད་པར་ལྷ་ལ་གསོལ་བཏབ་ནས། །རྡུལ་ཚོན་དཀྱིལ་འཁོར་ཐིག་གདབ་བྱ། །དང་པོར་ཡེ་ཤེས་ཐིག་གདབ་ཅིང་། །དེ་ནས་དམ་ཚིག་ངེས་པར་གདབ། །གོ་རིམ་མ་ནོར་ངེས་པའི་ཚུལ། །སྲད་བུ་ཤེས་རབ་ཅན་གྱིས་གདབ། །ཚོན་ནི་བྱིན་གྱིས་བརླབས་ནས་ཀྱང་། །པྲ་བརྟག་རྡུལ་ཚོན་རིམ་པས་འགྱེད། །ཇི་ལྟར་བྲིས་པའི་དཀྱིལ་འཁོར་ནི། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པ་ཡི། །ཕོ་བྲང་ལེ་ཚེ་དགུ་ཟླུམ་སྐོར། །དབུས་མ་ཨེ་དབྱིབས་དྲག་པོ་ཉིད། །པདྨ་འདབ་བརྒྱད་ཕྱི་རོལ་ནི། །ལྷ་ཁྱམས་བཅས་པའི་དཀྱིལ་འཁོར་མཆོག །ཅེས་གསུངས་ལ། ནང་དྲག་པོ་ཨེར་བཤད་པའི་རིགས་པས། ཕྱི་མ་ཟླ་གམ་གསུམ་ལྡན་པ། བལྟ་ཚུལ་ལ་ཟླ་གམ་དྲུག་ལྡན་ཀྱང་འཐོན་པས་ཕྱི་ཟླུམ་པོ་ཞི་བ། དེའི་ཕྱི་གྲུ་བཞི་རྒྱས་པར་བཤད་པ་ནི། ཞེ་སྡང་རིགས་པ་གྲགས་ཀྱིས་མཛད་པའི་ལས་གསང་གི་བཀའ་འགྲེལ་ལས། དབུས་ཀྱི་ཕོ་བྲང་ཨེ་ཡི་དཀྱིལ། །རལ་གྲིའི་རྩིག་པས་དྲག་པོ་འདུལ། །ཟླ་གམ་དྲུག་ལྡན་དམར་པོ་དབང་། །ཆོས་སྐུ་སྤྲོས་མེད་མུ་ཁྱུད་ཟླུམ། །གྲི་གུག་དག་གི་རྩིག་པ་ཡིན། །མི་འཇིགས་བཞི་རྒྱས་གྲུ་ཚད་བཞི། །བར་གྱི་ཁྱམས་དང་སྒོ་བཞིར་ལྡན། །སྐུ་གསུམ་ལྡན་ཕྱིར་ཐོད་བརྩིགས་གསུམ། །ཞེས་འབྱུང་བ་དང་། སློབ་དཔོན་རཏྣ་ཨཱ་ཀ་ར་གུཔྟའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་འཕྲེང་བར་ཇི་སྐད་བཤད་པ་བཞིན་དེའི་རྗེས་སུ་འབྲངས་ལ། དེར། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ། །གྲུ་བཞི་པར་ནི་མཉམ་པ་ལ། །ཕོ་བྲང་ནང་མ་དུར་ཁྲོད་ཀྱི། །གཞལ་ཡས་ཐོད་པའི་རྩིག་པར་ལྡན། །མུ་ཁྱུད་རིམ་པ་གཉིས་ཀྱིས་བསྐོར། །ཕྱི་མ་ཕོ་བྲང་ལེ་ཚེ་བརྒྱད། །དེ་ཡི་ནང་གི་ཨེ་དབྱིབས་ན། །ཟླ་གམ་གསུམ་ལྡན་དབུས་སུ་ནི། །མུ་ཁྱུད་རིམ་པ་བསྐོར་བ་ལ། །པདྨ་འདབ་བརྒྱད་ལྟེ་བར་བཅས། །ཞེས་འབྱུང་ལ། འདིར་གཏི་མུག་འདོད་ཆགས་ཞེ་སྡང་རྣམ་པར་དག་པའི་བརྡར་ཀླད་ཁྲག་ཞག་གི་རྒྱ་མཚོ་བཤད་ཅིང་། ཕོ་བྲང་ནི། གུར་ཆེན་པོའི་ནང་དུ་ཆུང་ངུ་ཕུབ་པ་ལྟ་བུར་སྐུ་དཀྱིལ་གྱི་ནང་དུ་གསུང་དཀྱིལ་ཆུག་པའི་རིམ་པས་ཤེས་པར་བྱ་སྟེ། འདིར་ནི་སྲིན་པོའི་རྒྱལ་ཁབ་དཔེར་མཚོན་ཏེ་བཤད་པའི་ཕྱིར་རོ། །ལྷག་མ། རིན་ཆེན་འདོད་སྣམ་བསྐོར་བ་དང་། །དྲྭ་ཕྱེད་བ་ཀུ་ལཱི་ཡི་འཕྲེང་། །ཡ་སྟེང་ཁ་བད་མཛེས་པར་བརྒྱན། །ཆོས་འཁོར་རི་དྭགས་གདུགས་དང་བཅས། །ཐོད་སྐམ་པདྨའི་ཕྲེང་བར་ལྡན། །དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར། །རྡོ་རྗེ་མེ་འོད་འབར་བ་འཁྲིགས། །ལས་དཀྱིལ་ནི། ཡང་ན་ལེ་ཚེ་དགུ་ལྡན་པའི། །པད་འདབ་བརྒྱད་ཀྱི་ཕྱི་རོལ་ཏུ། །མུ་ཁྱུད་འཁོར་ལོ་རིམ་གསུམ་དུ། །ཨེ་དབྱིབས་ཞིང་སྐྱོང་རིམ་པས་དགོད། །ལྷ་དང་ས་བོན་ཕྱག་མཚན་ནི། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་མཚན། །ཞེས་སོ། །དགྲམ་པ་ནི། ཉེ་བར་བརྒྱན་ཅིང་ཡོངས་སུ་བསྐོར། །དང་། རྟེན་འཛུགས་པ། ལྷ་དང་ས་བོན་ཕྱག་མཚན་ནི། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་མཚན། །དང་། དཀྱིལ་འཁོར་བསྒྲུབ་པ། གསང་སྔགས་ཉེ་བར་བསྔགས་པས་གནས། །བསྟེན་ཅིང་མཆོད་ལ་གསོལ་བ་གདབ། །བསྒྲུབ་ཚུལ་རྒྱས་པ། བདག་མདུན་བུམ་པ་བསྒྲུབ་པ་གསུམ། །དང་པོ། ཚོགས་གཉིས་ལ་གནས་པ། འབྱུང་བ་རིམ་བརྩེགས། གུར་ཁྲོ་བཅུའི་བསྲུང་འཁོར། དེ་ལ་མཆོད་བསྟོད་བཟླས་པ། གཞལ་ཡས་ཁང་། རྒྱུ་དུས་ཀྱི་མགོན་པོ། མངལ་འབྱིན་གྱིས་འཁོར་བསྐྱེད་པ། གླུས་བསྐུལ་བ། འབྲས་དུས་ཀྱི་ལྷར་བཞེངས་པ། བྱིན་བརླབས། ཡེ་ཤེས་དགུག་པ། མཆོད་པ། གཞུག་པ། དབང་། རྒྱས་བཏབ་པ། ཕྱག་མཆོད་བདུད་རྩི་མྱང་དང་བསྟོད་པ། འཛབ་དང་ཏིང་ངེ་འཛིན་ཉེར་བསྡུ་རྣམས་སོ། །དེ་ཡང་ལེའུ་ལྔ་པར། འགྲོ་བ་ཀུན་ལ་རབ་བལྟས་ནས། །སོགས་ནས། དེ་ཉིད་ཧཱུྃ་དང་བཅས་པ་ཡང་། །ནཱ་ད་ཙམ་དུ་གནས་པ་ལས། །ནམ་མཁའ་ལྟ་བུའི་ངང་ལས་ནི། །ཚངས་པའི་གནས་བཞིས་ཁྱབ་པར་བྱ། །ཞེས་སོགས་ཀྱིས་དང་། དེ་ལས་ས་བོན་འདི་དག་ནི། །ལྟེ་བ་གེ་སར་བཅས་དབུས་སུ། །ཞེས་པའི་བར་དང་། ཧ་ལས་སྣ་ཚོགས་རྡོ་རྗེ་ནི། །ནས། འདི་དག་བསྲུང་བའི་ཁྱད་པར་རོ། །ཞེས་པའི་བར་དང་། བྷྲཱུྃ་ལས་བྱུང་བའི་འཁོར་ལོ་ནི། །ནས། བཀུག་ནས་གཉིས་མེད་བཞུགས་པར་བསམ། །ཁྲོ་བོ་དེ་དག་རེ་རེ་ཞིང་། །བརྟན་པར་བྱ་ཕྱིར་གསང་སྔགས་བརྗོད། །དང་། ཨོཾ་དཀར་འཁོར་ལོ་དང་བཅས་པ། །ནས། རྡོ་རྗེ་དང་ནི་ནོར་བུ་ཡི། །འོད་ཟེར་འཁྲུག་པའི་རྣམ་པར་རོ། །སྐུ་དཀྱིལ་ལ་རྡོ་རྗེ་རིན་པོ་ཆེ་དང་། གསུང་ནོར་བུའི་འོད་ཟེར་ཅན་ཏེ། རྩིག་པའི་རྒྱུ་བཤད་པའོ། །ཕོ་བྲང་ནང་མ་ཟླུམ་པོ་ལ། །ནས། དྲག་པོའི་གནས་སུ་བསམ་པར་བྱ། །ཞེས་པའི་བར་དང་། དབུས་མའི་ནང་དུ་བཾ་ལས་ནི། །ནས། དེ་ལྟར་ཡབ་ཡུམ་རྫོགས་བསྐྱེད་ནས། །ཞེས་པའི་བར་དང་། མཁའ་གསང་བྱིན་གྱིས་བརླབས་བྱས་ནས། །ནས། དཀྱིལ་འཁོར་ལྷ་རྣམས་རྫོགས་པ་དག །ཅེས་པའི་བར་གྱིས་དང་། དེ་ནས་གཙོ་བོ་ཡབ་ཡུམ་དག །སྙོམས་པར་ཞུགས་པས་འོད་དུ་ཞུ། །ནས། ཨ་ཨི་ཞེས་པའི་བར་དང་། དེ་ལྟར་བསྐུལ་བར་གྱུར་པ་ལས། །ནས། བདུད་འདུལ་ཆེན་པོ་བརྒྱད་ཀྱི་བར། །དང་། སྐུ་གསུང་ཐུགས་ཀྱི་རྒྱས་གདབ་ཅིང་། །དང་། སྤྲོ་བ་དང་ནི་བསྡུ་བ་དང་། །དེ་ཉིད་བརྟན་དང་མཉེས་པར་བྱ། །ཡེ་ཤེས་གཞུག་དང་དབང་བསྐུར་དང་། །བྱིན་གྱིས་བརླབ་དང་འདི་རྒྱས་བཏབ། །མཆོད་པ་དང་། བདུད་རྩི་མྱང་དང་བསྟོད་ཅིང་བསྐུལ། །སྔགས་ཀྱི་རྟེན་བྱེད་བཟླས་པ་བྱ། །ཏིང་འཛིན་དོན་བསམ་ཉེ་བར་བསྡུ། །ཞེས་པ་རྣམས་ཀྱིས་སོ། །འདིར་བསྒྲུབ་པ་ཆེན་པོ་དང་འབྲེལ་བའི་བསྙེན་པ་སྟེ། རང་རིག་དམིགས་མེད་གཅིག་པུ་སྒྱུ་མ་ཙམ་དུ་ཁྱེར་བས་ཕྱི་ནང་གི་འཛིན་པ་མེད་པས་གསང་སྒྲུབ། དེའི་ཕྱིར་བསྐྱེད་རིམ་རང་རྐྱང་གི་དབང་དུ་བྱས་པ་ལ་བསྙེན་པ་བྱ་བའི་སྒོ་གསུམ་ཡོད་པས་མདོར་བསྟན་དུ། གསང་བ་ཞིང་སྐྱོང་རྒྱལ་པོ་ཆེ། །ཆོ་ག་གསུམ་གྱིས་བསྒྲུབ་པའི་ཚུལ། །ཞེས་གསུངས་ཤིང་། དེ་ཁའི་སྔོན་དུ། གསང་སྔགས་ཕྱོགས་བཅས་པ། །དེ་ཉིད་སེམས་དཔའ་སུམ་བརྩེགས་བསམ། །ཞེས་པའི་རྐང་པ་ཕྱི་མ་ཕྱི་མའི་བཟླ་དུས་ཀྱི་ཏིང་ངེ་འཛིན་ཡིན་ལ། གསང་སྔགས་ཕྱོགས་ཞེས་པ་བཟླས་ཚུལ་དམ་ཚིག་བཟླས་པ་སོགས་བཅུར་བཤད་པའི་དབང་དུ་བྱས་སོ། །བསྐྱེད་རྫོགས་ཟུང་འབྲེལ་དུ་བསྙེན་པའི་དབང་དུ་བྱས་ནས་དེའི་མཐར། འཇིག་རྟེན་འཇིག་རྟེན་འདས་པའི་བདག །ཐམས་ཅད་བདེ་ཆེན་གནས་པ་ལ། །དུས་གསུམ་འཁོར་ལོ་གསུམ་དུ་གནས། །བརཏལ་ཞུགས་འཛིན་པས་ཐོབ་པར་འགྱུར། །ཞེས་མདོར་བསྟན། དེ་ཡང་། གྲུབ་པའི་སློབ་དཔོན་ཆེན་པོ་ཙ་མི་སངས་རྒྱས་གྲགས་པས་སྦྱོར་བའི་འཕྲེང་བ་ཞེས་པས་གསལ་བར་བསྟན་པ། ཉོན་མོངས་པའི་བདུད་འཇོམས་པ་ལས་རླུང་འགོག་པའི་སྦྱོར་བ། ཕུང་པོའི་བདུད་འཇོམས་པ་འཛག་པ་བཅིང་བའི་སྦྱོར་བ། འཆི་བདག་གི་བདུད་གཞོམ་པ་བཅུད་ཀྱིས་ལེན་གྱི་སྦྱོར་བ། ལྷའི་བུའི་བདུད་གཞོམ་པ་སྒྱུ་འཕྲུལ་གྱི་སྦྱོར་བ། བདུད་བཞི་ཅིག་ཅར་དུ་གཞོམ་པ་བཙན་ཐབས་ཀྱི་སྦྱོར་བ་དང་ལྔའི་དང་པོ། དབྱུག་གུ་དག་པའི་ཕོ་ཉ་དང་། །ཆུ་ཚོད་ཀྱི་ནི་མི་མོ་དང་། །འཕོ་བ་གནོད་སྦྱིན་བརྒྱ་ཕྲག་གཉིས། །ཐུན་ནི་ཕོ་ཉ་བརྒྱད་དག་གོ །དུས་སྦྱོར་བཅུ་གཉིས་གནས་པའི་ཡུལ། །ཉི་ཤུ་རྩ་བཞི་དེ་ཡི་ཕྱེད། །རྩ་རླུང་ཡི་གེ་ཁམས་ལ་རྒྱུ། །འཆིང་གྲོལ་ཚར་བཅད་རྗེས་འཛིན་པའོ། །ཞེས་བཤད་པས། ལས་རླུང་འགོག་པ་ཚར་བཅད་དང་། །དབུ་མར་འཇུག་པ་རྗེས་འཛིན་ནོ། །སྦྱོར་བ་གཉིས་པ་ནི། ཁྱད་པར་ཡེ་ཤེས་བླ་མེད་པ། །དམ་ཚིག་མགོན་པོ་སྒྲུབ་པ་ཡི། །དམ་ཚིག་འདི་ནི་རྨད་པོ་ཆེ། །བདེ་བར་གཤེགས་པའི་ལམ་སྤྱོད་མཛད། །འདིས་ཐིག་ལེ་ཐུར་དུ་འཕོ་བ་དགག་པ་བུམ་པ་ཅན་བསྟན་ཏེ། བརྟག་གཉིས་སུའང་། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །ཞེས་པས་ཡས་འོངས་ལ་འཆད། དེ་དགག་པ་བུམ་པ་ཅན་འཆིངས་པས་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་ཀྱི་ཟླ་བ་འདི། །ཡར་ངོ་མར་ངོར་རབ་ཏུ་གནས། །ཡར་ངོ་ཡིས་ནི་བསྐྱེད་བྱེད་ལ། །མར་ངོ་ལ་ནི་གྲིབ་པར་བྱེད། །ཡར་ངོ་ཡི་ནི་བཅོ་ལྔ་ལ། །བྱང་ཆུབ་སེམས་ཀྱི་མཁའ་འགྲོ་ཡང་། །བདེ་བ་ཆེན་པོར་འདུ་བར་མཛད། །འདི་ནི་ངེས་པའི་དོན་དུ་གསུངས། །ཞེས་པ་ཐིག་ལེ་གོ་བཟློག་ཏུ་གནོན་པ་སྲོག་ཐུར་བསྲེ་བའི་སྒོ་ནས་བསྒྲུབ་པར་བསྟན་ནོ། །སྦྱོར་བ་གསུམ་པ། གསང་བ་སྔགས་ཀྱི་འཁོར་ལོ་ལས། །ལྷ་ཡི་འཁོར་ལོ་རྒྱ་མཚོ་ནི། །ལན་ཚྭ་ཆུ་རྒྱུན་འབབ་པའི་ངང་། །ཞེས་པ་རྒས་པ་གཞོམ་པ་རླུང་ཟས་སུ་ཟ་བ། གངས་ཀྱི་ཐིགས་པ་བདུད་རྩིའི་ཆུ། །མེ་ཏོག་མདངས་གསལ་སྙིང་པོ་ཡི། །གེ་སར་ཟེའུ་འབྲུ་ལྡན་པ་ལ། །འདབ་རྒྱས་ཡེ་ཤེས་ཉི་ཤར་བས། །རང་གྲོལ་མདངས་འབར་རབ་ཏུ་རྒྱས། །ཞེས་པས་འཆི་བ་སྐྱེངས་སུ་གཞུག་པ་བདུད་རྩི་སྐོམ་དུ་བཏུང་བ་བཤད་དོ། །སྦྱོར་བ་བཞི་པ། རྡོ་རྗེ་རལ་གྲི་རིན་ཆེན་དང་། །འཁོར་ལོ་འབར་བའི་རྩིབས་དག་ལས། །ཞེས་པ་སྟོང་པ་ཉིད་རྣམ་པ་ཀུན་ལྡན་གྱི་ལྷའི་གཟུགས་གོམས་པར་བྱ་བ་བསྟན་ལ། འཁོར་བའི་རྒྱུན་ལས་འོད་ཟེར་འཕྲོ། །ཞེས་པས་མངོན་ཤེས་སོགས་མངོན་པར་འདོད་པ་བསྒྲུབ་པ་བསྟན་ནོ། །སྦྱོར་བ་ལྔ་པ། སྟེང་འོག་དག་ལས་རིམ་པ་ནི། །འཁྲུག་ཅིང་གཅོད་པའི་གྲི་གུག་གིས། །ལས་དང་འཕྲིན་ལས་རང་བྱུང་དུ། །བྱེད་ཅིང་སྤྲུལ་པའི་ལས་འགྲུབ་པ། །ཕྱི་ནང་གསང་བ་རིམ་བཞིན་དུ། །དབབ་དང་སྔགས་དང་བཟློག་པ་སྟེ། །རྩ་བ་ཡན་ལག་ལས་བཞིར་འགྱུར། །དང་པོ་ཐུན་མོང་དགུ་པ་སྟེ། །གཉིས་པ་བྱེ་བྲག་ཕྱེད་པ་དང་། །བསྐྱེད་པ་ཡེ་ཤེས་མི་བཟློག་པ། །ཀླུངས་སུ་ཚུད་པ་ཕྱག་རྒྱ་ཆེ། །སྙིང་པོ་གཅིག་ལ་དུས་གསུམ་དུ། །འགྱུར་མེད་དེ་ཉིད་དབྱེ་བ་ཉིད། །ཞེས་པས་ཕྱག་རྒྱའི་རྣལ་འབྱོར་བཤད་དོ། །དེ་ཡང་། དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་སྟེ་དེ་ཕྱིར་སྒྲུབ་པ་བཞི་ལྡན་དུ་སོང་ངོ་། །མདུན་བསྐྱེད་ནི། དཀྱིལ་འཁོར་རྟེན་རྫས་ཐམས་ཅད་ལ་ཚིག་འདོན་པ་གཅིག་གིས། དམ་ཚིག་པ་བསྐྱེད། ཡེ་ཤེས་སེམས་དཔའ་གསུམ་བསྲེ། དབང་བསྐུར་བཟླས་པའི་བར་བསྙེན་པ་བཞིན་དུ་བྱ་བ་ནི། དེ་ནས་ལྡང་བར་གྱུར་པ་ན། །གཉིས་པ་ལྷ་རྣམས་ཐམས་ཅད་ཀུན། །སྐད་ཅིག་གཅིག་གིས་རྫོགས་བྱས་ཏེ། །དེ་ཡི་ངང་ལ་ཏིང་འཛིན་ནི། །གསང་བ་རྫོགས་པར་བྱ་བའོ། །ཞེས་པས་བསྟན་ལ། བུམ་བསྐྱེད་ནི་སྟ་གོན་བཞིན་དུ་བྱའོ། །རང་ཉིད་དམ་ཚིག་གསོ་བའི་ཕྱིར་ཡང་བདག་འཇུག་ལེན་ལ། གཞན་ལ་དབང་བསྐུར་ན་ངེས་པར་བླང་སྟེ། །སམྦུ་ཊར། སློབ་དཔོན་སྨིན་པའི་ལས་ཀྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་སོ། །བསྐུར་བའི་དབང་ལ། སྔོན་འགྲོ་འཇུག་པ། དངོས་གཞི་དབང་བསྐུར། རྗེས་ཡོན་འབུལ་གསུམ། དང་པོ། འཇུག་པ་ལ་ཕྱི་རོལ། ནང་གསང་བའི་འཇུག་པ་གསུམ་གྱི་དང་པོ། ཁྲུས་དང་། མཎྜྻལ། གསོལ་བཏབ། སྡོམ་པ། མིག་དར་བཅིང་བ། སྟོད་གཡོགས་སྨད་གཡོགས་བསྐོན་པ། གཙུག་ཏོར་བཅིང་བ། མེ་ཏོག་འཕྲེང་བ་འཛིན་དུ་འཇུག་པ། དྲི་བ། ལན། རྣལ་འབྱོར་དུ་སེམས་བསྐྱེད་པའོ། །དེ་ཡང་། སློབ་མ་ཁྲུས་བྱས་རྒྱན་གདགས་ཏེ། །མཎྜྻལ་མེ་ཏོག་ཁྲུས་བྱ་ཞིང་། །རས་ཀྱི་མིག་ནི་བཀབ་ནས་སུ། །ཞེས་པས་དང་། ནང་འཇུག ཡོལ་བའི་ནང་དུ་ཁྲིད་པ། བསྐོར་བ། ཕྱག་བྱ་བ་སྟེ། མཚན་མ་མཐོང་བས་ལེགས་པར་དྲངས། །སྒོ་བཞི་ནས་ནི་ནང་འཇུག་ཅིང་། །ཞེས་པས་སོ། །གསང་འཇུག དམ་བཞག་བཞི། གསོལ་བཏབ། བྱིན་དབབ། མ་ཕེབས་ན་སྤོགས་ཆོག ཕེབས་ན་གཤེགས་གསོལ། ཁ་དོག་དྲི་བ། ལས་སོ་སོ་གྲུབ་པར་གོ་བར་བྱ་བ་དྲིས་སློབ་མ་བསངས། འཛབ། སྔར་བཟུང་བའི་མེ་ཏོག་བྱིན་གྱིས་བརླབས་ཏེ་དོར་བ། རིགས་འདིའོ་ཞེས་བརྡ་སྤྲད་པ། དེས་མེ་ཏོག་སློབ་མའི་མགོར་བཅིང་བ། མིག་དར་དགྲོལ་བ། དཀྱིལ་འཁོར་བརྟེན་པ་རྟེན་དང་བཅས་པ་བསྡུ་བ་ནི། སྐུ་གསུང་ཐུགས་ཀྱི་བྱིན་དབབ་པ། གུ་གུལ་བདུག་ཅིང་ཏིང་འཛིན་གྱིས། །ནག་པོ་ཆེན་པོའི་ལྷ་ཚོགས་ཀྱང་། །ངེས་པར་སྤྱན་དྲངས་བསྟིམ་པར་བྱ། །དེ་ལ་ངེས་པར་རྟགས་རྣམས་འབྱུང་། །ཡང་ན་སོ་སོའི་མགོན་པོར་བསྐྱེད། །ཡེ་ཤེས་སེམས་དཔའ་བྱིན་གྱིས་བརླབ། །བླ་མ་དཀྱིལ་འཁོར་གཙོར་བྱས་ལ། །འོད་འཕྲོས་རང་བྱིན་བརླབས་པར་འགྱུར། །མཐོང་བ་དྲི་དང་བདུད་རྩི་གཏོར། །གདོང་གཡོགས་བཀྲོལ་ཞིང་ལྷ་ངོ་བསྟན། །དང་། སྔར། དང་པོར་མེ་ཏོག་གཏོར་བར་བྱ། །དམ་ལ་བཞག་པ་བཞི་འདིའི་སྔོན་དུ་འགྲོ་བར་རྒྱུད་སྡེ་ཕལ་མོ་ཆེའི་ཕྱག་སྲོལ་ལ་ཡོད་ཅིང་རྒྱ་གཞུང་དུ་གསུངས་སོ། །ད་ནི་འདིར་ཅུང་ཟད་དཔྱད་ན། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པ་ནི་ཐུན་མོང་བའི་དབང་དུ་བྱས་པ་ཡིན་ལ། རྣམ་རྟོག་ཡེ་ཤེས་ལྔར་གྱུར་པས། །རྟག་ཏུ་བརྟེན་ཅིང་སྤྱད་པར་བྱ། །རྣམ་པར་རྟོག་པ་ལས་མི་མཐུན་ཕྱོགས་ལྟུང་བ་འབྱུང་བ་དང་། དེ་རང་བཞིན་ཡོངས་སུ་ཤེས་ན་བདེ་བ་ཆེན་པོ་ཡིན་པའི་ཕྱིར། རྣམ་རྟོག་བག་ཆགས་ཀྱིས་བཅིངས་པ། །རྟོག་པ་དག་པའི་ཐབས་མཆོག་ལྡན། །རྣམ་རྟོག་རང་བཞིན་ཡོངས་ཤེས་ནི། །དེ་ཉིད་ཐོབ་ཏུ་མེད་པ་སྟེ། །བདེ་བ་ཆེན་པོ་ཡང་དག་འབྱུང་། །ཞེས་སོ། །དེ་ཁ་ཡེ་ཤེས་ལྔའི་མདངས་སུ་ཤར་བས་རིགས་ལྔ། དེའི་དབང་གིས་འཕྲིན་ལས་ཐམས་ཅད་བྱ་བ་རྣལ་འབྱོར་པ་དེའི་བརཏལ་ཞུགས་ཡིན་པས། ཚིག་ཉུང་ཀྱང་དོན་རིགས་ལྔའི་དམ་ཚིག་དྲང་ངེས་ཀྱི་རྣམ་པ་ཐམས་ཅད་འཐོན་པ་ཡིན་ནོ། །ཡང་དག་བླ་མ་མཉེས་པར་བྱ། །འདིར་ནི་བྱང་ཆུབ་སེམས་ཀྱིས་སུ། །བསྙེན་པ་ཉེ་བར་བསྙེན་པ་དང་། །སྒྲུབ་པ་བསྒྲུབ་པ་ཆེན་པོ་ཡི། །ཁྱད་པར་རིམ་པ་རྟགས་དང་དུས། །ལས་ལ་སྦྱར་བ་ཤེས་པར་བྱ། །བླ་མ་མཉེས་པ་དངོས་གྲུབ་ཀྱི་གཞིའི་གནད། ལྟ་བ་ཕྱག་ཆེན་ལས་མ་གཡོས་པ་འཁོར་བ་གཅོད་པའི་གྱབས་ཀྱི་གནད། སྒོམ་པ་སྒོ་གསུམ་སྐུ་གསུམ་དུ་ཁྱེར་བ་རྩལ་སྦྱོང་གི་གནད། སྤྱོད་པ་ཅི་བྱེད་ཐབས་ཀྱིས་ཟིན་པས་བསྒྲལ་བྱ་དབྱིངས་སུ་འདྲེན་པ་གདུག་པ་འདུལ་བ་ལ་མཁས་པའི་གནད་བཞི་མ་སྟེ། འདིར་ཁྱད་པར་གྱི་དམ་ཚིག་ཏུ་བཞག་གོ །རྣལ་འབྱོར་དུ་སེམས་བསྐྱེད་པ་ནི། རྡོ་རྗེ་ཐེག་པར། སེམས་རྣམ་པ་གཉིས་ནི། ཀུན་རྫོབ་ཀུན་ད་ལྟ་བུ་དང་། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་པས། དེ་གཉིས་ལ་སློབ་ཚུལ་རྒྱུད་སྡེ་ཕྱི་མར། དང་པོ་ཟླ་བའི་དཀྱིལ་འཁོར་གྱིས་མཚོན་པ་དང་། གཉིས་པ་རྡོ་རྗེ་རྩེ་ལྔ་པས་སོ། །ནང་མར་དང་པོ་ནི་ཞུ་བ། གཉིས་པ་ནི་བདེ་བ། དེའི་ཕྱིར་ཞུ་བདེ་ལྷན་སྐྱེས་རྣལ་འབྱོར་དུ་འགྱུར་རོ། །དེ་ཙམ་འཇུག་པའི་དུས་སུ་བསྐྱེད་པས་བསྐྱེད་རིམ་ཙམ་གྱི་མཐར་ཡང་ཕྱག་རྒྱའི་རྣལ་འབྱོར་ལ་སློབ་ཏུ་རུང་བའི་གནད་ཤེས་པར་འགྱུར་རོ། །འདིར་དབབ་རྒྱུའི་ལྷ་ནི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཉིད་དམ་ལས་ཀྱི་མགོན་པོ་ལ་སོགས་པ་ལས་གང་འདོད་པ་དབབ་པར་བྱའོ། །དངོས་གཞི་དབང་བསྐུར་ལ་བུམ་གསང་ཤེས་རབ་ཚིག་དབང་། རྡོ་རྗེ་སློབ་དཔོན་བདག་པོའི་དབང་ལྔའོ། །དེ་ཡང་གླེང་བསླང་དུ། འཁོར་བའི་སྡུག་བསྔལ་འཇོམ་པ་པོ། །ཞེས་པས། ལུས་ངག་ཡིད་ཡེ་ཤེས་ཀྱི་དྲི་མ་བཞི་འཁྲུད་པས་དབང་བཞིར་སོང་ལ། གང་ལ་དེ་བཞིའི་མ་རིག་པ་འགགས་པའི་ཡེ་ཤེས་སུ་གྲུབ་པ་ཉིད། རྡོ་རྗེ་སེམས་དཔའ་མཉམ་གྱུར་པའི། །ཞེས་པའི་ཚིག་གིས་བསྟན་ཏེ། དེ་ནི། རྡོ་རྗེ་སློབ་དཔོན་བདག་ཉིད་ཆེར། །དེར་འོས་ཏེ་ཐམས་ཅད་དུ་མ་རིག་པ་ལས་ལོག་པའི་ཕྱིར་སངས་རྒྱས་བཞིན་ནོ། །ཅིའི་ཕྱིར་རྡོ་རྗེ་སློབ་དཔོན་དུ་འོས་པ་ཞེ་ན། དངོས་གྲུབ་ཐམས་ཅད་སྟེར་བྱེད་པ། །ཞེས་པས། གཞན་དབང་བཞིས་ཁྲིད་པའི་སློབ་དཔོན་དུའོ། །འདིས་སེམས་འགྲེལ་གྱི་དགོངས་པ་བཞིན་བུམ་པའི་དབང་ལ་སློབ་དཔོན་དུ་གསུངས་པ་དྲང་དོན། དབང་བཞི་པའི་མཐར་དེ་སྟེར་བ་ངེས་པའི་དོན་དུ་བཤད་ལ། ཐམས་ཅད་དུ་སྤྲོས་པ་དང་བཅས་པ་དགོས་སམ་སྙམ་ན་མ་ཡིན་ཏེ། དཔོན་སློབ་ཀྱི་རྟེན་འབྲེལ་འགྲིག་ན་ཚིག་གཅིག་ལ་མ་བལྟོས་པར་ཡང་པྲ་བ་དང་མེ་ཤེལ་ཉི་འོད་གསུམ་འཛོམ་པའི་མེ་ལྟ་བུར་དབང་བཞི་མོད་ལ་འཐོབ་པའང་། འཕྲལ་དུ་ཡང་དག་ཡིད་ཆེས་བྱེད། །ཅེས་གསུངས་ལ། དེ་བས་ལམ་རྒྱུད་ལ་བརྟེན་པར་བྱ་བ་ཡང་། འདིར། བསམ་པ་གང་དང་གང་དག་གིས། །མི་རྣམས་སེམས་དང་མཐུན་པར་འཇུག །དེ་དང་དེ་ཡི་གཟུགས་སྤྲུལ་ཏེ། །སྣ་ཚོགས་གཡོགས་ཏེ་བདེ་བར་བཞུགས། །ཞེས་པས་འདྲེར་འཛིན་གྱི་རྟོག་པས་འདྲེ། ལྷར་འཛིན་གྱི་རྟོག་པས་ལྷར་འགྲོ་བར་བཤད་དེ། རྗེ་བཙུན་ལ། རྣམ་རྟོག་དགྲ་རུ་མ་ལངས་ན། །ང་བྲག་སྲིན་དགྲ་རུ་ཅི་ལ་སྡང་། །ཞེས་པ་བཞིན་དེ་བས་འདིར་ལྷག་པའི་ལྷར་བལྟ་བའི་དབང་དུ་བྱས་ནས། དཀྱིལ་འཁོར་དུ་འཇུག་པ་ནས་བརྩམས་ཏེ་བུམ་དབང་། དེའི་ལམ་ལ་བསླབས། དེ་ནས་གསང་དབང་དང་། དེའི་ལམ། དེ་ནས་གསུམ་པ་བསྐུར། དེའི་ལམ། དེ་ནས་བཞི་པ་བསྐོར། དེའི་ལམ། དེའི་མཐར་རྡོ་རྗེ་སློབ་དཔོན་དུ་སྐོར་བའམ། སྟན་ཐོག་གཅིག་ཏུ་བསྐུར་ཏེ་དེ་ཀས་གྲོལ་བར་བྱེད་ནུས་པས་སམ། མ་ནུས་ན་དེ་སྨིན་བྱེད་དུ་བཞག་ནས། ཕྱིས་དེ་ལ་གྲོལ་བྱེད་སྟོན་པ། དེ་ནས་དབང་པོའི་བྱེ་བྲག་གིས། །ངེས་པར་རིམ་པར་དབང་བསྐུར་བ། །འདི་ལྟ་བུས་ནི་དཔལ་རྒྱལ་བའི་དབང་པོས། དབང་བསྐུར། རྒྱུད་བཤད། མན་ངག་སྦྱིན་པའི་སྒྲོས་གསུམ་ལ་བསྟན་བཤད་བསྡུ་བའི་ཚུལ་གསུམ་དུ་བཤད་པས་དབང་བསྐུར་ཉིད་འཚང་རྒྱ་བར་བྱེད་པའི་གསེབ་ལམ་དངོས་དང་། རྡོ་རྗེ་ཐེག་པར་གྲོལ་ལམ་རིམ་པ་གཉིས་སོགས་བཤད་པ་ཡང་དབང་བསྐུར་ཉིད་དུ་ཤེས་ན་རྡོ་རྗེ་ཐེག་པའི་གསང་རིག་པ་ཡིན་ནོ། །ཞེས་དཔྱད་དོ། །དེ་ལྟ་བུའི་བུམ་པའི་དབང་དེ་ལ། གསོལ་བ་བཏབ་པ། བགེགས་སྦྱང་བ། རིགས་ལྔའི་དབང་། རྗེས་གནང་འདོགས་དང་བཅས་པའི་ཕྱིར་མི་ལྡོག་པའི་དབང་། འདོགས་ནི། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་དྲུག་གོ །དེ་དག་ཀྱང་། བསྟན་པ་འཛིན་ཞིང་བསྟན་པ་སྐྱོང་། །བསྟན་པ་སྲུང་བར་བྱེད་པ་ཡིས། །སངས་རྒྱས་བསྟན་པ་འཕེལ་མཛད་པ། །སྐུ་ཡི་མགོན་པོ་སོགས་བཅས་ཀྱིས། །བླ་མེད་དངོས་གྲུབ་སྦྱིན་པའི་ཕྱིར། །ཡང་དག་ཡེ་ཤེས་དབང་བསྐུར་རོ། །ཞེས་པས་རིགས་དྲུག་གི་དབང་ངོ་ཏི་དང་། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །འཕྲིན་ལས་ལྷ་ཡི་ཁྱད་པར་རོ། །ཞེས་པས་འདོགས་དྲུག་མདོར་བསྟན། མེ་ལོང་ཡེ་ཤེས་བདག་ཉིད་ཅན། །ནས། མཉམ་ཉིད་སོ་སོར་རྟོག་པ་དང་། །བྱ་བ་ནན་ཏན་ཆོས་ཀྱི་དབྱིངས། །ཡེ་ཤེས་ལྔ་ཡི་རིགས་ཀྱི་གཙོ། །ངེས་པར་དབང་བསྐུར་བསྟན་པར་བྱ། །འཕྲིན་ལས་བཞི་ཡི་དབང་ཡང་བསྐུར། །ལྷ་མོ་བརྒྱད་ཀྱི་ལས་རྣམས་སྒྲུབ། །ཞེས་པས་རིགས་ལྔ་དེའི་མཐའི་རྗེས་གནང་རྒྱས་པར་བཤད། བུམ་པ་སྤྱི་བོར་སྦྱིན་པ་དང་། །ཞེས་པས། ཕྱིར་མི་ལྡོག་པའི་ངོ་ཏི་དང་། །དེ་རྗེས་བ་ལིང་གཏད་པ་ཡིས། །ནུས་པ་ཐོགས་མེད་སྦྱིན་པ་ཡིན། །སྐུ་གསུང་ཐུགས་ཀྱི་གསང་བ་མཆོག །ལྷ་དང་སྔགས་ཀྱི་ཟབ་པའི་ཆོས། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཆེ། །འདོགས་རྒྱས་པར་བཤད་དོ། །དཀྱིལ་འཁོར་གྱི་ལྷའི་དབང་བསྐུར་བ་རྙིང་མའི་རྒྱས་འགེབས་སོ་སྙམ་པའང་དེང་ཕྱིན་དོར་ཞིག གསང་དབང་། མཎྜྻལ། གསོལ་བ་བཏབ་པ། མིག་དར། ཕྱག་རྒྱ་འབུལ་བ། མཁའ་གསང་བྱིན་གྱིས་བརླབས་ཏེ་སྦྱོར་བ་མཛད་པ། ཐིག་ལེ་ཕྱུང་དེས་གནས་བཞིར་ཐིག་ལེ་ཁར་སྦྱིན་ལ་མིག་དར་བཀྲོལ། དབང་དོན་བཤད་པ། ཐོད་པའི་བདུད་རྩི་བླུག་པ་ཡི། །ཐོད་པ་ནི། རྡོ་རྗེ་སློབ་དཔོན་གྱི་མགོ་བོའི། །བདུད་རྩི་ནི། དེར་གནས་པའི་བྱང་སེམས་སྦྱོར་བས་ཕབ་པ། དེ་བླུགས་པ་ནི་སློབ་མའི་ཁར་རོ། །དབང་གསུམ་པ་ནི། མཎྜྻལ། གསོལ་བཏབ་མིག་དར། ཕྱག་རྒྱ་གཏད་པ། ལྷ་བསྐྱེད། མཁའ་གསང་བྱིན་བརླབ། སྦྱོར་བ་བྱེད་དུ་བཅུག་ནས། མིག་དར་དཀྲོལ་བ། དེ་ཡང་། གསང་བ་བདེ་ཆེན་ཡེ་ཤེས་ཉིད། །ཅེས་པས་ཞུ་བདེ་དབང་གསུམ་པར་བྱས་ལ། བཞི་པ། མཎྜྻལ། གསོལ་བ་བཏབ་པ། དབང་དོན་བཤད་པ་སྟེ། རང་བྱུང་དྲི་མེད་དབང་བསྐུར་བའོ། །དེ་ཡང་ཞུ་བདེའི་ལྷན་སྐྱེས་འགྱུར་མེད་དུ་དག་ན་དེ་ཁ་དབང་བཞི་པ་ཡིན་ལ། དེ་ཡང་གསུམ་པར་ལྷན་སྐྱེས་བརྟན་ནུས་ན། དེར་སོ་སོ་རང་རིག་ངེས་པར་འོང་ལ། དེས་དངོས་གྲུབ་མཆོག་གི་རྒྱུད་རྙེད་པས་བདེ་མཆོག་ཏུ། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་འབྱུང་བས་སོ། །རྡོ་རྗེ་སློབ་དཔོན་གྱི་དབང་ལ། མཎྜྻལ། གསོལ་བཏབ། སློབ་དཔོན། པོ་ཏི་ལུང་སྦྱིན། བརཏལ་ཞུགས་གཉིས་སོ། །དེ་ཡང་། འདི་ཉིད་དངོས་གྲུབ་ཀུན་གྱི་གཏེར། །ཟབ་ཅིང་རྒྱ་ཆེ་དངོས་གྲུབ་པ། །སྐལ་བ་ཅན་ལ་སྦྱིན་པར་འོས། །ཞེས་པས་བསྟན་ནོ། །དེ་ཉིད་དུ། དངོས་གྲུབ་བསྒྲུབ་པའི་རྫས་བཀོད། ཐུན་མོང་གི་བསྒྲུབ་པ་བརྒྱད་བསྒྲུབ་པ་དང་འཕྲིན་ལས་གང་ཡང་རུང་བས་ཚར་བཅད་པའམ་ཕན་བཏགས་པ་བསྒྲུབ་པར་བྱ་སྟེ་ཟླ་བ་དང་ལོ་ལ་སོགས་པའི་བར་དུ་རྒྱུན་མི་འཆད་པས་སོ། །ཡང་འདིར་བསྒྲུབ་པ་ཆེན་པོར་འགྱུར་བ་ནི་ཚོགས་ཀྱི་དཀྱིལ་འཁོར་དུ་བྱ་བ་སྟེ། རྒྱལ་པོ་ཛས་ཇི་ལྟར་བསྒྲུབས་པའི་ཚུལ་བཞིན་གྱིས་ཐ་མལ་གྱི་སྣང་ཞེན་སྦྱངས། དག་པའི་སྣང་བ་བསྒྲུབས་ཏེ། སྦྲུལ་ལྤགས་པ་བརྗེ་བ་བཞིན་དུ་ཡེ་ཤེས་ཀྱི་སྐུས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་བར་བྱའོ། །དེ་དག་ཀྱང་ལེའུ་ལྔ་པར། ཆགས་པ་མེད་པས་ཀུན་ཏུ་སྤྱད། །འདི་དེའི་རང་བཞིན་རྣལ་འབྱོར་པ། །ཞེས་འཕྲིན་ལས་སྒྲུབ་པ་སོགས་དང་། རིགས་མ་རྣམས་ལ་རོལ་བྱེད་ནའང་། །དེ་ཉིད་ཤེས་པ་བཅིང་མེད་དེ། །རྣམ་པར་རོལ་བའི་ཚུལ་མཆོག་གོ །ཞེས་གསུངས་པས་སོ།། །། གསུམ་པ་འཕྲིན་ལས་ཀྱི་ལན་ནི། འཕྲིན་ལས་ཁྱད་པར་གང་ཡིན་པ། །ལས་ལ་སྦྱོར་བ་རིམ་ཤེས་བྱ། །རེངས་པར་བྱེད་དང་སྐྲོད་པ་དང་། །རྨུགས་པར་བྱེད་དང་བརྒྱབ་ཏུ་འཇུག །ཐམས་ཅད་རྨོངས་དང་ལྐུགས་པར་བྱེད། །དུག་གིས་འཛིན་དང་འོན་ལོངས་དང་། །རང་ཤ་རང་གི་ཟ་བྱེད་ཅིང་། །གཤིས་ངན་དུག་དང་ཁྲག་ཏུ་སྐྱུག །འདི་དག་དུས་མིན་འཆི་བྱེད་པ། །ལས་ཀྱི་ཁྱད་པར་ཡོངས་སུ་བསྟན། །ཞེས་པའི་རྐང་པ་དང་པོ་གཉིས་ཀྱིས་ལས་སྤྱིར་བསྟན་ལ། ལྷག་མས་མངོན་སྤྱོད་མདོར་བསྟན་ནོ། །འཕྲིན་ལས་ལ་རྣམ་པར་དབྱེ་ན། ཞི་དྲག་གཉིས། ཞི་བ་ལ་ཞི་རྒྱས་གཉིས། དྲག་པོ་ལ་དབང་དགུག་མངོན་སྤྱོད་གསུམ། དང་པོ་གཉིས་གཅིག་ཏུ་བསྡུས་ན་ལས་བཞི། ཐུགས་རྗེ་འབྱུང་བར། དེ་ནས་ལས་ཆེན་དཔག་མེད་ཀྱང་། །བསྡུས་པ་ཞི་རྒྱས་དབང་དྲག་དང་། །ལྷ་དང་སྔགས་དང་དམིགས་པའི་གནད། །དེ་ཡི་གོ་རིམ་བཞི་བཞིར་འགྱུར། །ཞེས་སོ། ཕྱི་མ་ལ། བསད་པ་དང་། བསྐྲད་པ་དང་། དབྱེ་བ་དང་། ལུས་ངག་ཡིད་རེངས་པར་བྱེད་པས་གསུམ་དང་། སྲིད་སྐམ་པ་དང་། གསོ་བ་དང་། སྦྱིན་སྲེག་གི་ལས་རྣམས་ཨ་བྷ་ཡཱ་ཀ་རས་མཛད་པའི་མན་ངག་གི་ཡི་གེར་བྱུང་། དེའི་བསད་པ་ལ། བཞི་སྙིང་སྦས་པ་སྲོག་གཟེར་ནག་པོའི་རྒྱུད་དུ། སྤུ་གྲིས་བསད་དང་ཐུན་གྱིས་བསད། །སྙིང་གཟེར་དང་ནི་རེག་གཅོད་དང་། །ལྟོ་དཀྲུགས་དང་ནི་སྲོག་ཏིག་དང་། །འབྱུང་དཀྲུགས་དང་ནི་སྲོག་གཟེར་གྱིས། །བཞི་སྙིང་བསད་པ་རྣམ་པ་བརྒྱད། །ལྷ་དང་སྔགས་དང་དམ་རྫས་དང་། །དུག་དང་ཐུན་དང་འཁོར་ལོ་དང་། །གཏོར་མ་སྦྱིན་སྲེག་བཞི་བཞི་ཡི། །སྙིང་པོ་གཅིག་ཏུ་དྲིལ་ལ་བསད། །ཅེས་གསུངས་ལ། དེའི་བཞི་སྙིང་གིས་བསད་པ་བརྒྱད། དེ་ཉིད་དུ། གཏོར་མས་བསད་དང་སྦྱིན་སྲེག་དང་། །ཟོར་གྱིས་བསད་དང་མདོས་ཀྱིས་བསད། །མནན་པས་བསད་དང་ལྟས་ངན་དང་། །བཟློག་པས་བསད་དང་ཐུན་གྱིས་བསད། །ནག་པོ་གཏོར་མས་བསད་པ་ནི། །ནག་པོ་རྣམས་ཀྱི་ཤ་ཁྲག་ལ། །གཏོར་ཆེན་གཅིག་ལ་གཏོར་ཆུང་སྟོང་། །འབྲུ་སྣ་སྨན་དང་སྙིང་སྣ་སྟོང་། །ནག་པོའི་ཉི་མ་བདུད་འཆར་ལ། །བཞི་སྙིང་བཟླས་ཤིང་ཁྲག་ཐུན་གཏོར། །གཏོར་མ་རེ་ལ་དགྲ་གཟུགས་རེ། །སྔགས་རིང་དྲག་པོའི་དབལ་གྱིས་འབུལ། །དགྲ་བོ་གནས་པའི་ཕྱོགས་སུ་བསྐྱལ། །དེས་ནི་ལན་གསུམ་ཐལ་ནས་འཆི། །དུག་གི་ཚེར་མ་སྤུན་དགུ་ལ། །དྲག་པོའི་ཧོམ་ནག་ཟུར་སུམ་བྱ། །སྔགས་བྱང་ལིངྒ་རྩ་བརྒྱད་བྲི། །དུག་ཁྲག་སྙིང་འབྲུ་ནག་པོ་དགུ །བཞི་སྙིང་བཞི་སྟོང་བཟླས་པ་ཡི། །ཟླ་བ་མཐའ་མ་སྟོང་བཞི་ལ། །སྲེག་པ་ཉི་ཤུ་རྩ་བདུན་སྲེག །བུ་ག་དགུ་ནས་ཁྲག་གཟགས་ནས། །དགྲ་དེ་མ་ལུས་དུས་མིན་འཆི། །ཕུང་ས་ནག་པོ་སྤུན་དགུ་ལ། །ཟོར་གྱི་ཀོང་བུ་ཟུར་གསུམ་བརྒྱད། །ནག་པོའི་ཁྲག་བཀང་དུག་ནག་དང་། །འགོང་རྫས་ཡུངས་ནག་མཚེ་ནག་རྩང་། །དུག་མདའ་ནག་པོ་སྤུན་དགུ་ལ། །ཐན་སྒྲོ་སྐྱོན་རྡོ་དུག་ཁྲག་བྱུགས། །བཞི་སྙིང་སྟོང་བཟླས་དགྲ་ཡུལ་འཕང་། །དེས་ནི་དགྲ་རྣམས་ཁ་ཕུང་འཆི། །འབྲུ་སྣ་ནག་པོ་སྤུན་དགུ་ལ། །མི་ནག་དར་མདུང་ཐོགས་པ་བརྒྱ། །གནོད་སྦྱིན་ཐོགས་སེར་འཕེན་པ་བརྒྱ། །མ་མོ་ནད་རྐྱལ་ཐོགས་པ་བརྒྱ། །ཅེ་སྦྱང་འུར་པ་རྒྱུག་པ་བརྒྱ། །རྒྱང་བུ་མདའ་འཕང་རུ་དར་དང་། །ནམ་མཁའ་ཤིང་བྲིས་གདུང་བརྒྱ་དང་། །ཤ་ཁྲག་གཏོར་བཅས་བཞི་སྙིང་ནི། །བཞི་སྟོང་བཞི་བརྒྱས་རྦད་ལ་བཏང་། །དགྲ་རྣམས་དུས་གཅིག་བརླག་པར་འགྱུར། །གཏོར་ཆེན། ཧོཾ། ཟོར། ཟོར་མདོས་རྣམས་བཤད་ལ། ལྷག་མ་རྡིབ་གྲིར་གསོད་པ་དང་། དངངས་ཏེ་གསོད་པ་དང་། ལྷ་དང་དྲལ་ཏེ་གསོད་པ་དང་། སྦོས་གྲིར་གསོད་པའི་ཚུལ་རྣམས་གསུངས་སོ། །སྲོག་གཟེར་ནག་པོས་གསོད་པ་ནི་ཐོད་ནག་ཏུ་གྲགས་པ་སྟེ། ཙ་མིའི་ལས་སྦྱོར་ཆེན་པོ་གཙོ་བོ་དེས་དྲུག་མར་གྲགས་པ་ཁ་སྐོངས་སོ། །གཞན་ཡང་ཆར་དབབ་པ་དང་། སྤྲིན་དབྲལ་བ་དང་། ཐོག་དང་སེར་བ་དབབ་པ་དང་། རང་ཕྱོགས་སུ་ནི་བཟློག་ཅིང་བསྲུང་། །བྱད་ཁ་བཟློག་དང་ཁ་འཆིང་དང་། །ནུས་པ་གཞོམ་དང་ཆོ་འཕྲུལ་དང་། །ཕྲན་ཚེགས་ལས་ཀྱིས་བསད་པའོ། །དེ་དག་རྣལ་འབྱོར་པ་རབ་ཀྱི་དབང་དུ་མཛད་ནས་བསམ་གཏན་གྱིས་འགྲུབ་པ་ཞེས་གསུངས་ཏེ་རྫས་སྔགས་ཀྱི་བྱ་བ་ལ་མི་ལྟོས་པའོ། །འབྲིང་གི་དབང་དུ་མཛད་ནས་སྔགས་ཀྱིས་འགྲུབ་པ་ཞེས་གསུངས་ཏེ། བསྙེན་སྒྲུབ་མཐར་ཕྱིན་ནས་ལས་སྦྱོར་བྱ་བར་བཤད་པས་སོ། །མཐའ་མ་ལྷའི་སྟོབས་དང་རྫས་ཀྱིས་ཏེ། ལྷའི་སྟོབས་ནི། ཐུགས་རྗེ་འབྱུང་བར། གཙོ་བོ་ཡེ་ཤེས་མགོན་པོ་ལ། །མ་མོ་མཁའ་འགྲོས་བསྐོར་བ་ནི། །སྤྱི་བསྙེན་ཡིད་བཞིན་ནོར་བུ་ཡིན། །ལས་མགོན་ནག་པོ་མཆེད་བཞི་ལ། །གིང་ཆེན་ལྷ་མོས་བསྐོར་བ་ནི། །སྙིང་ཏིག་ནག་པོའི་སྲོག་བསྒྲུབ་ཡིན། །དཔེར་ན་མྱུར་མཛད་ལ་དབང་ཕྱུག་ཛི་ན་མི་ཏྲ་ལ་སོགས་པ་གིང་གིས་བསྐོར་བ། གདོང་བཞི་པ་ལ་སྲིང་མོ་ལྷ་མོ་བཞིས་བསྐོར་བ། ཧཱུྃ་མཛད་ལ་ལྷ་དང་གཤིན་རྗེ་དང་བདུད་དང་གནོད་སྦྱིན་བརྒྱད་དམ་ལས་ཀྱི་མགོན་པོ་གདོང་ཅན་བཞིས་བསྐོར་བ་བཤད་པའོ། །བཀའ་སྡོད་ནག་པོ་མཆེད་བརྒྱད་ལ། །ཕོ་བརྒྱུད་དྲེགས་པས་བསྐོར་བ་ནི། །ལྟོ་དཀྲུགས་གསང་བའི་མན་ངག་ཡིན། །མགོན་པོ་སྟག་ཞོན་ལ་སོགས་པའི་སྒེར་སྒྲུབ། རོ་ལངས་དམར་མོ་སྤུན་བདུན་ལ། ཤ་ཟ་བྱེ་བས་བསྐོར་བ་ནི། །སྙིང་གཟེར་ནག་པོའི་སྒྲུབ་པ་ཡིན། །འདིར་རོ་ལངས་དམར་མོ་ནི་ལས་ཀྱི་ཙཎྜྻི་ཀ །དེའི་མཆེད་མཁའ་འགྲོ་དྲུག །གསང་བའི་ཡུམ་ཆེན་མ་བདུན་ལ། །དབང་ཕྱུག་མ་མོས་བསྐོར་བ་ནི། །ཙིཏྟ་གསང་ཐུན་དྲག་སྔགས་ཡིན། །དབྱིངས་ཡུམ། སྦྱོར་ཡུམ། སྒྲོལ་ཡུམ། རེ་མ་ཏི་བཞི་རྣམས་གཙོ་བོ་ཉིད་དང་སྦྱོར་བའི་ཕྱིར་མ་བདུན་ནོ། །ལས་ཀྱི་གཤན་པ་མཆེད་བཞི་ལ། །ནག་པོ་སྟོང་གིས་བསྐོར་བ་ནི། །གཤེད་པོ་ལྟོ་དཀྲུགས་དྲག་སྔགས་ཡིན། །གཟའ་ཀླུ་བཙན་གིང་། བདུད་མགོན་ནག་པོ་སྤུན་གསུམ་ལ། །མུན་པའི་བདུད་མོས་བསྐོར་བ་ནི། །ལྕམ་དྲལ་སྲོག་ཏིག་དྲག་སྔགས་ཡིན། །བདུད་མགོན་ནི་ཤ་ཟ་སེང་གདོང་ཡིན། སྤུན་གསུམ་ནི་ལྒ་ལོས། དུག་གསུམ་མགོན་པོ་སྤུན་གསུམ་གྱི་བཙན་དུ་བཤད་པ་སྟེ། ཞེ་སྡང་གི་མགོན་པོ་སེང་གདོང་། གཏི་མུག་གི་མགོན་པོ་ལྕགས་མགོ་ནག་པོའམ་འཇིགས་བྱེད་དུས་མཚན་ནག་པོ། ད་ལྟ་ཞིང་སྐྱོང་གི་འཁོར་དུ་རྫུ་བའི་བམ་རོ་འདི་ཀ་ཡིན། འདི་ལ་ལེགས་ལྡན་གྱི་རྒྱུད་དུ་ཡང་ལེགས་ལྡན་ཉིད་ཁྲོས་པར་བཤད་ཡོད་དོ། །འདོད་ཆགས་ཀྱི་མགོན་པོ་ལས་གཤིན། རོ་ལངས་དྲག་པོ་སྨྱོན་པ་ལ། །མཁའ་འགྲོ་དྲུག་གིས་བསྐོར་བ་ནི། །སྤུ་གྲི་རེག་གཅོད་དྲག་སྔགས་ཡིན། །འདི་མུ་སྟེགས་གུ་ལང་ཡིན། དེ་ཀ་ལ་ལྷ་ཆེན་པོ་ཤྲཱི་རལ་པ་ཅན། དབང་ཕྱུག་ཁྲག་རལ་ཅན་ལ་སོགས་པར་གྲགས། སྒོ་མཚམས་ཀྱི་མཁའ་འགྲོ་བརྒྱད་ཀྱི་ལས། ལྷ་མོ་བྱ་རྒོད་མགོ་ཅན་མས་རེངས་པའི་ལས་བྱེད་དོ། །སོགས་དང་། ཞིང་སྐྱོང་རྣམས་ཀྱིས། དེ་དག་གྲུབ་པའི་རྣལ་འབྱོར་མ། །དངོས་གྲུབ་སྩོལ་བར་ཐེ་ཚོམ་མེད། །སོགས་དང་། རྒྱལ་པོ་བཞི་ལ། ཕྱོགས་བཞི་ཡོངས་སུ་སྐྱོང་བ་ཡི། །ནས། སངས་རྒྱས་བསྟན་པ་སྲུང་བྱེད་པ། །འདི་ཉིད་གྲུབ་པ་སྟེར་བྱེད་པའོ། །ཞེས་པའི་བར་དང་། འདི་ཉིད་དུ། རྣམ་སྲས་ཀྱིས་རྒྱས་པའི་ལས་གྲུབ་པ་མང་དུ་བཤད་པ། གྲི་གུག་བརྩེགས་པར། གང་པོ་མཛེས་མའི་སྒྲུབ་པ་བཤད་པ་ནི་གནོད་སྦྱིན་མིང་སྲིང་ཡིན་ལ། སྲིང་མོ་ལ་རྫོང་གི་ལྷ་མོ་ཞེས་བྱ་བའི་རྒྱུད་དུ་མར་བསྔགས་ཏེ། དེ་ཡང་སྔགས་སྟོབས་ཀྱིས་བཀུག་ནས། དེས་མཁའ་སྤྱོད་དུ་འཁྱེར་བར་བཤད་པ་ལྟ་བུ་སོགས་རེ་རེས་ཀྱང་ལས་ཐམས་ཅད་ནུས་ཀྱང་གཙོ་བོར་དེ་དང་དེ་ལ་བསྔགས་སོ། །རེ་མ་ཏེ་བཞི་གཞན་དུ་བཤད་པའི་སྒོ་མ་བཞི་ཡང་ཡིན་ཏེ། ཤར་གྱི་ལྷ་མོ་འཕྲོག་བྱེད་མས་འགུགས་པའི་ལས་བྱེད་དོ། །ལྷོའི་ལྷ་མོ་གླང་སྣ་མས་འཆིང་བའི་ལས་བྱེད་དོ། །ནུབ་ཀྱི་ལྷ་མོ་རལ་པ་ཅན་གྱིས་སྡོམ་པའི་ལས་བྱེད་དོ། །བྱང་གི་ལྷ་མོ་སའི་གཙུག་གིས་མྱོས་ཤིང་དབང་དུ་བྱེད་དོ། །ཞེས་པས་སོ། །གཞན་གསུང་དཀྱིལ་གྱི་སྒོ་བ་ལ་སོགས་པའི་ལྷའི་སྟོབས་ནི་ཁྲག་མཚོ་ཁོལ་མ་སོགས་ལས་བཤད་དོ། །དོན་དུ་ལྷ་གཅིག་ཉིད་ཁ་དོག་ཕྱག་མཚན་ལ་སོགས་པའི་དབྱེ་བས་ལས་སོ་སོར་བསྔགས། དཔལ་ཡེ་ཤེས་ཀྱི་མགོན་པོ། རྟག་པའི་རྡོ་རྗེས་དུས་མ་ཡིན་པའི་འཆི་བ་དང་། ནད་གདོན་འཇོམས་པས་ཞི་བ་དང་ཚེ་སྒྲུབ། མགོན་པོ་འཇམ་པའི་རྡོ་རྗེས་ཤེས་རབ་དང་རྒྱས་པ། ཆགས་པའི་རྡོ་རྗེས་དབང་བསྡུད་དང་དགུག་པ། ཞེ་སྡང་རྡོ་རྗེས་མངོན་སྤྱོད། འཕྲིན་ལས་ཐམས་ཅད་པའི་རྡོ་རྗེས་ལས་ཐམས་ཅད་པར་རོ། །དེ་ནས་སྦྱིན་སྲེག་གིས་བསྒྲུབ་པའི་དབང་དུ་མཛད་ནས། དཀྱིལ་འཁོར་བའི་ལྷའི་འཕྲིན་ལས་ཀྱི་རྣལ་འབྱོར་དང་ལྡན་པས་ཞི་བའི་ལས་བསྒྲུབ་པ་ལ་ནི་བིལ་བ་ལ་སོགས་པའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱའོ། །འབྲས་ལྡན་གྱི་ཤིང་གང་ལས་རྒྱས་པའི་ལས་བསྒྲུབ་ན་སྟོང་ཕྲག་གིས་བྱའོ། །ཁ་དི་རའི་ཤིང་དང་དམར་བའི་ཤིང་གིས་ནི་དབང་བསྒྲུབ་ན་ཁྲི་ཕྲག་གི་བྱའོ། །ཤིན་ཏུ་རྩུབ་པའི་ཚེར་མ་དང་ལྡན་པའི་ཤིང་དག་གིས་ནི་མངོན་སྤྱོད་ལ་འབུམ་ཕྲག་གིས་བྱ་བར་ཤེས་སོ། །ཞེས་སོགས་ལས་སོ་སོ་ལ། ཁྱད་པར་གྲི་གུག་བརྩེགས་པར། སྦྱིན་སྲེག་མེ་ལྷ་མཆོད་པ་དང་། ཐབ་ཁུང་སྲེག་རྫས་ཡམ་ཤིང་དང་། །འདུག་ཕྱོགས་གོས་དང་ཕྱག་རྒྱ་བསམ། །སྔགས་དང་སྤེལ་ཚིག་འཕྲིན་ལས་བཅོལ། །གཏོར་མ་མཆོད་པ་གོ་རིམ་བཞིན། །ཀུན་ལ་སྦྱར་བ་ཤེས་པར་བྱ། །ཞེས་དང་། དྲག་པོ་ལ། ལས་གསང་བར། ལིངྒ་མང་ན་གནད་མི་ཕེབས། །སྲེག་རྫས་མང་ན་ལས་ཀྱང་འགྱངས། །སྔགས་མང་རང་ལ་བཟློག་དེའི་ཕྱིར། །ཞེས་གསུངས་པ་དང་། རྫས་ཀྱིས་འགྲུབ་པ་ནི་བསྐྲད་པ་ལ་ཤིང་གི་ལོ་མ་རླུང་དམར་བྱུང་བའི་ཚེ་ས་ལ་མ་ལྷུང་བ་བླངས་ཏེ་གཟུགས་བརྙན་བྲིས་ནས་ཡུལ་གཞན་གྱི་ཧོར་པ་ལ་བཏགས་ཏེ་བཏང་བར་བྱའོ། །སོགས་ཀྱིས་དང་འཕྲུལ་འཁོར་གྱིས་འགྲུབ་ལ། །མར་ངོ་ཡི་ནི་ཚེས་བརྒྱད་དམ། །གཟའ་སྐར་ཤིན་ཏུ་དྲག་པོ་ལ། །དེ་ནས་འཁོར་ལོ་བྲི་བར་བྱ། །སོགས་ཀྱིས་སོ། །འཁོར་ལོ་ཡང་། ཞི་རྒྱས་ལ་ཡིག་མགོ་ཕྱི་དང་། དྲག་པོ་ལ་ནང་། དེས་ན་དབང་ཡང་དྲག་པོའི་དབྱེ་བར་དགོངས་ནས་གནོད་སྦྱིན་འཁོར་ལོ་ལྟ་བུ་ལ་དབུ་རུག་མ་མཛད། །མོ་འོག་ཕོ་སྟེང་དུ་རྣམ་པ་ཐམས་ཅད་དུ་བཤད་དོ། །རབ་གནས་ནི། འཁོར་ལོ་དགུག་བྱ་གཉིས་མེད་བསྟིམ། །སོགས་ཀྱིས། རྟེན་དང་བླ་རྡོའི་འཁོར་ལོ་ཐམས་ཅད་སྲོག་གི་རང་བཞིན་ཡིན་པས་ཆགས་པའི་རྟེན་ནམ་འདུ་བའི་རྐྱེན་དུ་དམིགས། བསད་པའི་འཁོར་ལོ་ནི་མཚོན་ཆའི་དབལ་དུ་ནག་པོ་དགྲ་བགེགས་ཀྱི་སྲོག་ལ་འདེབས་ཀྱིན་འཁོར་བ། མནན་པའི་འཁོར་ལོ་བསྒྲུབ་བྱ་ལིངྒར་བསྟིམ། དེའི་ལུས་ངག་ཡིད་གསུམ་རི་རབ་སོགས་ཀྱིས་མནན་པའོ། །དབྱེ་བ་ནི་ཕན་ཚུན་དུ་དབྱེ་བྱ་དེའི་བར་དུ་རླུང་ལྷ་ཡབ་ཡུམ་སྲས་འགོང་པོ་ལ་སོགས་པ་མི་མཐུན་པ་ཐམས་ཅད་ཀྱིས་དབྱེ་བ། བསྐྲད་པ་རླུང་གི་དཀྱིལ་འཁོར་གྱི་ཁར་བསྒྲུབ་བྱ་རྔ་མོང་ལ་བསྐྱོན་ཏེ་རྒྱ་མཚོའི་མཐར་བསྐྱལ་བ་སོགས་སུ་དམིགས་པས་ལྷག་མ་རིགས་འགྲེའོ། །ཕོ་འཁོར་གཡས་མོ་འཁོར་གཡོན། །འགའ་ཞིག་ལས། སྔགས་ཕོ་ལ་མགོ་ཕྱི། མོ་ལ་ཡིག་མགོ་ནང་དུ་བསྟན་པར་ཡང་བཤད་དོ། །འདིར་སྔགས་ཀྱིས་འགྲུབ་པ་ནི། ལས་སོ་སོའི་སྔགས་ཤེས་དགོས་ཏེ། དེ་ཡང་། ཞི་བ་ལ་མཱ་ར་ཡ། བསད་པ་ཤཱནྟིཾ་དུག་ཏུ་འགྱུར་བ་ལྟ་བུས་སོ། །ཏིང་ངེ་འཛིན་གྱིས་བསྒྲུབ་པ་ཡང་། སྤུ་གྲི་ཀླད་གཟེར་ནག་པོར། རང་གི་ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱི་བསྐོར་བར་བསམས་ལ། ཞི་བ་ལ་ཡི་གེ་ཁ་དོག་དཀར་པོ། རང་གི་ཞལ་ནས་མགོན་པོའི་ཞལ་དུ་ཞུགས་པར་བསམ། མགོན་པོའི་ཐུགས་ཀ་ནས་བརྒྱུད་པ་ལ་ཞི་བའི་ལས་བཅོལ་བ་ལ་མགོན་པོ་མི་བསྙེལ་བ་དང་། བར་དུ་གདོན་གང་ཞི་བར་བྱེད་པའི་ཞི་བ་དང་། རང་གི་ཐུགས་ཀ་ནས་བརྒྱུད་པ་དེ་རང་གི་ཉོན་མོངས་པ་ལ་སོགས་པ་ཞི་བར་བསམ་མོ། །རྒྱས་པའི་སྐབས་སུ་ཡི་གེ་སེར་པོ་ལ་འཁོར་ལུགས་གོང་བཞིན་དུ་གསུངས་པ་ལས། མགོན་པོའི་ཐུགས་ཀ་ནས་འཁོར་དུས་སུ་རང་གིས་རྒྱས་པའི་ལས་བཅོལ་བ་ལ་མི་བསྙེལ་བ་དང་། རང་གི་ཐུགས་ཀ་ནས་འཁོར་བའི་དུས་སུ་ཚེ་དང་དཔལ་ལ་སོགས་པ་རྒྱས་པར་བསམ། དབང་གི་དུས་སུ་ཁ་དོག་དམར་པོ་མགོན་པོའི་ཞལ་ནས་རང་གི་ཞལ་དུ་ཞུགས་པར་བསམ། མགོན་པོའི་ཐུགས་ཀ་ནས་འཁོར་དུས་དབང་གི་ལས་བཅོལ་བས་མི་བསྙེལ་བར་བསམ། བར་དུ་འཁོར་དུས་གང་དབང་དུ་བྱ་བ་རྒྱལ་པོ་ལ་སོགས་པ་དབང་དུ་གྱུར་པ་བསམ། རང་གི་ཐུགས་ཀ་ནས་རྒྱུ་དུས་སུ་གང་དབང་དུ་བྱེད་པ་དེ་དབང་དུ་གྱུར་པར་བསམ། མངོན་སྤྱོད་ཀྱི་དུས་སུ་ཡི་གེ་ཁ་དོག་ནག་པོ་ལ་འཁོར་ལུགས་དང་པོ་དང་འདྲ། མགོན་པོའི་ཐུགས་ཀ་ནས་འཁོར་དུས་སུ་མངོན་སྤྱོད་ཀྱི་ལས་བཅོལ་བས་མི་བསྙེལ་བར་བསམ། བར་དུ་འཁོར་བའི་ཚེ་དགྲ་བགེགས་ལ་སོགས་པ་རྣམས་བསད་ཅིང་གཏུབ་པར་བསམ། རང་གི་ཐུགས་ཀ་ནས་འཁོར་བའི་དུས་སུ་རང་གི་བར་ཆད་ཞི་བར་བསམ་ཞེས་དང་། ལས་ཐམས་ཅད་པ་ལ་ནམ་མཁའ་དང་མཉམ་པའི་རྒྱུད་དུ། སྙིང་གར་པད་ཉིའི་སྟེང་དུ་ཧཱུྃ། །ནག་པོ་དེ་ལ་རྩ་སྔགས་ཀྱིས། །བསྐོར་བར་བསམས་ཏེ་བཟླ་དུས་སུ། །སྔགས་འཕྲེང་འཁོར་བར་བསམ་ཞིང་བཟླ། །འོད་ཟེར་ལྔ་འཕྲོས་ལས་བཞི་འགྲུབ། །ཁྱད་པར་དུ་ཡང་གདུག་པ་རྣམས། །ཚར་བཅད་དབང་དུ་བསྡུས་པར་བསམ། །ཞེས་སོ། །གཞན་ཡང་ཁམ་ཟས་གོས། འདུག་སྟངས་དུས། གཟའ་སྐར། ཕྱག་རྒྱ་མ་ལ་སོགས་པའི་སྟོབས་ཀྱིས་བསྒྲུབ་པ་སོ་སོར་ཤེས་པར་བྱ་སྟེ། གྲི་གུག་བརྩེགས་པར། བསྙེན་པ་ཚེས་གསུམ་བརྒྱད་དང་ནི། །བཅུ་བཞི་ཉེར་གཉིས་བརྒྱད་ལ་སོགས། །ལས་སྦྱོར་དྲང་སྲོང་དབང་བྱེད་དང་། །མགོན་པོ་རྒྱུ་དུས་འཕྲིན་ལས་ནི། །སྒྲ་གཅན་གྱིས་ནི་ལས་བྱེད་པ། །དེ་དུས་སྦྱོར་བ་བྱེད་པར་བརྟག །ཉིན་ཞག་ཆ་ལས་རབ་དབྱེ་བས། གནས་སྐབས་རྟགས་དང་སྦྱར་བར་བྱ། །སོགས་ཀྱིས་སོ། །ཕྱག་བཞི་འཕྲིན་ལས་བཞི་ཡིན་པས་དེའི་ཕྱག་མཚན་བཞི་ལས་དེ་དག་ཇི་ལྟར་བསྒྲུབ་པ་ནི། གྲི་གུག་བརྩེགས་པར། རོ་ལངས་ཀྱི་ནི་ལྕེ་ལྟ་བུར། །གཤིན་རྗེའི་ལྕེ་འདྲའི་གྲི་གུག་གི །རལ་གྲིའི་དངོས་གྲུབ་ཕྱག་མཚན་ཉིད། །སྟོབས་ཆེན་དཔའ་བོའི་ཟིལ་གནོན་ཆེ། །ཐམས་ཅད་ཟིལ་གནོན་བཟློག་པའོ། །ཁ་ཊྶཱཾ་ག་ལས་སྐུ་གསུམ་སྟེར། །ཡེ་ཤེས་ཐུགས་རྗེ་ཞི་བ་ཉིད། །ཡང་ན་རྩེ་གསུམ་འཇིགས་བྱེད་པ། །གདུག་པ་ཅན་རྣམས་ཚར་གཅོད་བྱེད། །ཡེ་ཤེས་བདུད་རྩིའི་རྒྱུན་ཕབ་ནས། །འཚེ་བ་འབྱུང་བ་ཀུན་ལས་བསྲུངས། །ཐོད་པའི་སྣོད་ནི་བཟང་པོ་རུ། །བདུད་རྩིའི་རྫས་བསྒྲུབ་དངོས་གྲུབ་བླང་། །ཁ་སྦྱར་ཏིང་འཛིན་སྤྲོ་བསྡུ་ཡིས། །རིལ་བུ་སྦྱར་བས་མཆོག་ཏུ་སྟེར། །རཱ་ས་ཡ་ན་བཅུད་ཀྱིས་ལེན། །འཆི་མེད་གྲུབ་པའི་རྡོ་རྗེ་འཐོབ། །ཅེས་པས་གྲི་གུག་དང་རལ་གྲི་ལས་མཐུན་པར་བཤད་ལ། གོང་དུ། རྣལ་འབྱོར་པ་ལ་གྲུབ་སྟེར་བའི། །ལས་ཀྱི་སྣ་ཚོགས་པ་ཞེས་པ་བེ་ཏའི་འབྲས་བུ་ལ་སྦྱར་བ་ཡིན་ནོ། །དེ་བས་ན་གྲི་གུག་དང་བེ་ཏ་མཐའ་གཅིག་ཏུ་ངེས་པ་མེད་པར་བླ་མ་རྣམས་གསུང་ངོ་།། །། བཞི་པ་ཐབས་ལས་ཀྱི་ལམ་རིམ་པའི་དྲིས་ལན་ནི། ཐབས་ནི་ལས་ཀྱི་རིམ་པ་སྟེ། །རྟེན་གྱི་གང་ཟག་འགའ་ཞིག་གིས། །དང་པོར་བླ་མ་མཉེས་པར་བྱ། །གཉིས་པར་དབང་བཞི་ཐོབ་པ་དང་། །གསུམ་པར་བྱིན་གྱིས་བརླབས་ནས་ནི། །བཀའ་བསྒོ་རྗེས་གནང་ཚུལ་བཞིན་དུ། །མ་ནོར་འཇུག་པའི་ལམ་རིམ་ཤེས། །བླ་མ་མཉེས་པ་དང་། དབང་བཞི་ཐོབ་པ་དང་། རྡོ་རྗེ་སློབ་དཔོན་དུ་བྱིན་གྱིས་བརླབས་པས། བཀའ་བསྒོ་ཞེས། རྒྱལ་བས་བསྟན་པ་བསྲུང་བར་རོ། །རྗེས་སུ་གནང་བ་ནི་གསང་སྔགས་ཀྱི་ལས་རིམ་མོ། །དེ་ཡང་། །མངོན་སྤྱོད་མཐུའི་དབང་དུ་བྱས་པ་སྟེ། བསྲུང་བཟློག་བསད་གསུམ། སྲེག་འཕང་མནན་གསུམ་སྟེ་ལས་དྲུག་ཏུ་བསྡུ་ལ། བསྲུང་བ་ནི་དམག་གོ་བགོ་བ་ལྟ་བུ། བཟློག་པ་དམག་བཤམ་པ་ལྟ་བུ། བསད་པ་གཡུལ་ངོ་སྤྲད་པ་ལྟ་བུ། སྲེག་འཕང་མནན་པ་མཚོན་ཆ་སྣ་ཚོགས་ཀྱིས་ཕ་རོལ་འཇོམས་པ་ལྟ་བུའོ། །འདི་དག་བུམ་དབང་དང་འབྲེལ་བ་ཙམ་གྱི་ལས་ཡིན་པ་ལ། དབང་བཞི་དང་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པ་ཅིའི་ཕྱིར་བཤད་སྙམ་ན་བསྒྲལ་འདྲེན་ནུས་པའི་དབང་དུ་བྱས་པ་སྟེ། འབད་པས་སྙིང་རྗེ་བསྐྱེད་པ་ཉིད། །བསད་པར་བྱ་བ་བརྗོད་པ་ཉིད། །སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་བསྐྱེད་པར་བྱ། །ཞེས་པས་སོ། །དེ་ལ་ཡང་བསྙེན་སྒྲུབ་ལས་སྦྱོར་གསུམ། བར་པ་འབོད་རྦད། ཕྱི་མ་ལ་བསད་པ། དེ་ཡང་ལས་གསང་བར། དང་པོ་འབོད་ལ་ཞག་བདུན་བྱ། །དུས་ནི་བཅུ་གཅིག་དག་ལ་ཤིས། །རྟགས་ནི་རྣམ་པ་གསུམ་ཡིན་ཏེ། །རབ་ནི་དངོས་སུ་འོང་བ་ཡིན། །འབྲིང་ནི་སྒྲ་རུ་སྟོན་པ་ཡིན། །མཐའ་མ་རྨི་ལམ་དག་ཏུ་འོང་། །དེ་ནས་རྦད་པ་ཞག་བདུན་བྱ། །དུས་ནི་ཉི་ཤུ་གཉིས་ལ་ཤིས། །རྟགས་ནི་རབ་འབྲིང་གསུམ་དུ་འོང་། །མོན་དང་ཨཱ་ཙ་ར་ནག་པོ། །རྒོད་ཅིང་ཅི་བྱ་ཟེར་འོང་རབ། །ལྕགས་སྤྱང་ཁང་ཕྱིར་བསྐོར་བྱས་འབྲིང་། །བྱ་ནག་མོན་པས་འཁོར་ཞིང་ལྡིང་། །མཐའ་མའི་རྟགས་སུ་ཤེས་པར་བྱ། །དེ་ནས་བསད་པ་ཞག་བདུན་བྱ། །དུས་ནི་ཉི་ཤུ་བཞི་ལ་ཤིས། །རྟགས་ནི་རྣམ་པ་གསུམ་དུ་འདོད། །ཤིང་གཅོད་རོ་གཅོད་ཤ་བསྐོས་རབ། །ཞུབ་ཅན་དམག་སྣ་འདྲེན་པ་དང་། །ཁྱི་ནག་དྲུང་འོང་འབྲིང་གི་རྟགས། །ལིངས་དང་ཁྱི་ར་བྱེད་པ་ནི། །མཐའ་མའི་རྟགས་སུ་ཤེས་པར་བྱ། །རྟགས་འོག་ཏུ་རྒྱས་པར་བཤད་དེ་རྒྱས་པ་ཐུགས་རྗེ་འབྱུང་བར། དེ་ཡི་ལས་མཐའ་ཡང་དག་བཤད། །བརྒྱད་ཚན་བརྒྱད་ཀྱི་གོ་རིམ་ལས། །གནད་འཆིང་གེགས་དང་བླ་རྡོ་ནི། །གསང་བའི་ལས་ཆེན་ཉིད་དུ་གསུངས། །མཆོད་དང་ལས་ཚོགས་ཆ་ལག་ནི། །ནང་གི་ལས་ཚོགས་ཡིན་པར་བཤད། །མཐའ་གནད་བརྒྱད་ཅེས་ཕྱི་ཡི་ལས། །ཞེས་པའི་ཕྱིའི་བརྒྱད་ནི། ལྷའི། གསང་བའི། སྔགས་ཀྱི། བསྲུང་བཟློག་གི རྫས་ཀྱི། རྟགས་ཀྱི། མཚང་ཚིག་བསྐུལ་བའི། དམ་ཚིག་བསྲུང་བའི་གནད་བརྒྱད་ལ་མཐའ་གནད་བརྒྱད་ཅེས་གསུངས་སོ། །དང་པོ་ནི། སྤྱིར་ཡེ་ཤེས་པའི་རྩལ་གསུམ་གྱི་བསྙེན་པ་རྫོགས་པར་བྱས་ལ། སྒོས་སུ་ལས་གང་བྱེད་ཀྱང་སྒྲུབ་པའི་སྔོན་དུ་བསྙེན་པ་ཁ་གསོ། ཕོ་བསྒྲུབ་ན་མོ་ནི་འཁོར་དང་ལས་བྱེད་ལྟ་བུར་དམིགས། སྔགས་ནི་ཕོའི་ཤམ་བུར་མོ། མོ་བསྒྲུབ་ན་མོ་ནི་ཡུམ་མམ་འཁོར་གྱི་ཚུལ་དུའམ་ཆུང་མའམ་སྲིང་མོ་ཚུལ་དུ་བསྙེན་ན་སྙིང་ཉེ། ཕོ་རྗེ་བོ་ལྟ་བུ་ལ་མོ་བྲན་གྱི་ཚུལ་དུ་བསྟེན་ན་ལས་མྱུར། ཐུགས་རྗེ་འབྱུང་བར། ཕོ་ནི་ནག་པོ་བདུད་ཀྱི་རིགས། །དྲག་ཅིང་མྱུར་ལ་རྩུབ་པར་འགྱུར། །མོ་ནི་དཀར་མོ་ལྷ་ཡི་རིགས། །འཇམ་ཞིང་རྣོ་ལ་འགྱང་བར་འགྱུར། །ཕོ་བསྒྲུབས་མོ་རྟགས་འབྱུང་བ་ན། །དེ་ཡི་དགྲ་རྣམས་ཕུང་བར་འགྱུར། །མོ་བསྒྲུབས་ཕོ་རྟགས་བྱུང་བ་ན། །དེས་ཀྱང་དགྲ་རྣམས་ཕུང་བར་འགྱུར། །ཞེས་སོ། །ཞེས་སྤྱིར་ཕོ་མོ་རྟེན་ལ་གནས་པ་ཕྱི་ནང་གསང་བའི་རྟེན་བླ་རྡོ་སྲོག་འཁོར་ལུས་ལ་བསྲེལ་བའོ། །ཡེ་ཤེས་ཀྱི་ལྷ་འགྲུབ་དཀའ་བས་འཇིག་རྟེན་ལས་བྱེད་ཤམ་བུར་གདགས་སོ། །བསྙེན་དུས་གང་བསྒྲུབ་ཀྱང་གཏོར་མ་དང་། སྙིང་སྣ། ཁྲག བདུད་རྩི་རྣམས་ཀྱིས་མཆོད་ཅིང་། དུང་བ་བསྐྱེད། བསྙེན་པའི་སྔགས་ཆུ་བོའི་གཞུང་བཞིན་བཟླ་ཞིང་། ཟོ་དལ་བར་བྱ། བསྙེན་པ་ལ་དྲགས་ན་རྦད་བསད་ཀྱིས་དུས་དུབ་ནས་སུན་འགྲོ་བ་ཡིན་ལ། འདི་དུས་དམིགས་པ་འདི། བདག་གཉེན་པོ་དང་ལས་བྱེད་བདག་མདུན། ཐུགས་ཀའི་སྔགས་ཀྱི་འོད་ཟེར་ཕར་འཕྲོ་ཚུར་འཕྲོ། ལྷག་པར་དྲེགས་པའི་མཐུ་སྟོབས་ཐམས་ཅད་དམ་ཅན་དེ་ལ་བསྟིམ་གཟི་བརྗིད་དང་ལྡན་པར་བསམ། ཡང་ཡང་མཆོད་ཅིང་བསྟོད་དབང་དུ་བསྡུ་བའི་ཕྱག་རྒྱ་ཡང་བསྟེན། མཐའ་ཚིག་བརྗོད་པས་ཤིན་ཏུ་འདྲིས་པར་བྱ་བ་སྟེ། དཔེར་ན་མི་གཅིག་ལ་གྲོགས་པོ་འཚོལ་བར་འདོད་ན་དང་པོར་འདྲིས་བཙལ། འདྲིས་ནས་བཟའ་བཏུང་ནོར་སྦྱིན། དེ་ནས་མནའ་ཐོ་སྦྲེལ་བ་འདྲ་བ་ཡིན་ནོ། །དེ་ལྟ་བུའི་བསྙེན་པས་རང་རྒྱུད་པ་ལ་གནས་ན་མི་ཡོང་བའི་དབང་མེད་དེ། སྔོན་རྒྱལ་བའི་སྤྱན་སྔར་ཁས་བླངས་པ་ཡིན་པས་བཀའ་ལས་འདའ་མི་སྲིད་པའོ། །རྦད་པ་མི་དེ་ལ་གླ་བྱིན་ནས་ལས་ཀྱིས་ཟེར་བ་ལྟ་བུ། བསད་པ་ནི་མི་དེས་དེ་ལ་ཉན་ནས་ལས་ལ་ཞུགས་པ་ལྟ་བུའོ། དེ་ཡང་རྦད་དུས་མཐུན་པའི་དམ་རྫས་སྦྱིན་ལས་བཅོལ་བས་རང་རྒྱུད་པར་འདུག་པའི་དབང་མེད་དོ། །རྦད་པའི་སྔགས་ནི་སྲོག་འཕེན་པར་བྱེད་པའི་ཕྱིར། སྔོན་གྱི་མཐའ་ཚིག་དྲན་ནས་ལས་བྱེད་དོ། །གསང་སྔགས་ནི་མཚོན་ངར་མ་དང་འདྲ་སྟེ་དམིགས་བྱའི་ལུས་སྲོག་འབྲལ་བར་བྱེད་པའོ། །དེ་ཡང་འབོད་པའི་དུས་སུ་སྔགས་དང་ཏིང་ངེ་འཛིན་གྱིས་ཚུར་འགུགས། རྦད་པའི་དུས་སུ་ཕར་བསྐུལ་ཏེ་དགྲའི་བླ་དགུག་པའི་ཕྱིར་རྦད།། །། གཉིས་པ་གསང་བའི་གནད་ནི། མཐུ་གཏད་ཀྱི་ལས་གང་བྱེད་ནའང་། རྟེན་གྱི་ལས་ཁྱིམ། གནད་ཀྱི་སྲོག་ཁྱིམ། བཏགས་ཆགས་ཀྱི་རྫས་ཁྱིམ། རྟོགས་པའི་རྟ་ཁྱིམ། སྲིད་པའི་གཏེར་ཁྱིམ། རྫུ་འཕྲུལ་གྱི་སྦྲ་ཁྱིམ་རྣམས་ཀྱི་དོན་གོ་ཞིང་ཤེས་དགོས། དེ་དག་ཏུ་སྡེ་བརྒྱད་ཀྱི་གནས་ལུགས། སྲོག་ལས། སྡེ་བརྒྱད་དུ། དབྱེ་བའི་རྒྱུ་མཚན་སྒྲུབ་པའི་ཐབས་རྣམས་སྟོན་པ་ཡིན་ནོ། །གཞན་ཡང་ལས་བྱེད་མཁན་དེ་གསངས་ནས་གཞན་ལ་ཁ་འཆོལ་བ་སྟེ། དཔེར་ན་གཟའ་ལ་ཆོས་སྐྱོང་སྙིང་ཏིག་ཡིན་ན་དེ་གསངས་ནས་ཀུན་ཏུ་གིང་ཆོས་སྐྱོང་གི་གཙོ་བོ་ཡིན་ཟེར་བ་ལྟ་བུའོ། །ཡང་བསྟེན་གྱི་མེད་རྒྱུ་བར་ཡང་གསང་ངོ་། །དེ་ལྟར་མ་བྱས་ན་གཞན་གྱིས་རྩད་བཅད་ནས་ཞུ་འགྲས་འདུས་བཟློག་སླ་བ་ཡིན། གཞན་ཡང་གསང་སྔགས་གསངས་བས་གྲུབ། མ་གསངས་ན་འཆལ་ཏེ་ཆོས་སྐྱོང་ནུས་པ་ཆུང་འཕྲིན་ལས་བཅོལ་ཀྱང་ཞུམ་ནས་ལས་འགྱང་བ་ཡིན་ནོ།། །། གསུམ་པ་སྔགས་ཀྱི་གནད་ནི། བསྙེན་སྔགས་ལ། རྦད་དང་ཐུན་དང་ཡཱ་གསུམ་སྤང་། །དུང་དུང་བྲེང་བྲེང་ཛཿཛཿགཞུག བསྒྲུབ་དུས་སྭཱ་ཧཱ། བཟློག ཧཱུྃ་ཧཱུྃ་སྤངས་ཏེ། བྷྱོ་བྷྱོ། ཐུན་ཐུན། ཡ་ཡཱ་གདགས་ལས་སྦྱོར། །ནྲི་ཛཿ མཱ་ར་ཡ། སྲོག་ལ་ཧུར་ཐུཾ་གདགས་པ་ལྟ་བུ། བཟླ་ལུགས། བསྙེན་དུས་ཆུ་བོའི་རྒྱུན་འབབ་ལྟ་བུ། སྒྲུབ་པ་དྲག་ལ་མི་བསྲུན་པར་རི་གཟར་གྱི་རྦབ་ལྟར་བཟླ། ལས་སྦྱོར་ནི་ཅེ་སྤྱང་ཤ་ལ་རོལ་པ་ལྟར་བཟླ་སྟེ་རྔམས་ལ་སྙིང་རྗེ་མེད་པའོ། །འབོད་པ་སྤང་ལ་མེ་མཆེད་པ་ལྟར་བགྲང་། །རྦད་པ་མགར་གྱི་ཚ་ཚ་འཕྲོ་བ་ལྟར་བགྲང་། བསད་པ་དུག་གི་ཆར་འབབ་པ་ལྟར་བགྲང་། །མནན་པ་དུག་ལོ་འཁྱིལ་བ་ལྟར་བགྲང་། །ཟོར་སྔགས་རལ་གྲི་སོ་འདེབས་པ་ལྟར་བགྲང་། །སྦྱིན་སྲེག་ཧོཾ་སྤོར་བ་ལྟར་བགྲང་བར་བཤད་དོ། །དྲེགས་པ་ཕོ་མོ་ཐམས་ཅད་ཀྱི་ཐུགས་ཀ་ནས་མི་འགྱུར་བའི་སྲོག་ལ། སྔགས་ཕོ་བརྒྱུད་ལ་གཡས། མོ་བརྒྱུད་ལ་གཡོན་དུ་འཁོར་ཏེ་གནས་པ་བཞིན་བསམ། བཟློག་དུས་འོད་ཟེར་ཚ་ཞིང་རྩུབ་པས་སྲོག་གནད་ནས་བསྐུལ་བར་བསམ། བཞི་པ་བསྲུང་བཟློག་གི་གནད་ནི། བསྲུང་བའི་འཁོར་ལོ་ཐམས་ཅད་སྔགས་མགོ་ཕྱི། བསྲུང་བྱ་དབུས། བཟློག་པའི་འཁོར་ལོ་ཐམས་ཅད་སྔགས་མགོ་ནང་། བསྲུངས་བཟློག་སྦྲགས་མ་ལ་སྤེལ་མར་དྲག་སྔགས་ཀྱི་གཞུང་མང་པོར་བཤད་དོ། །སྔགས་པ་ནང་རྒྱས་བྱུང་ན་རང་དང་འཁོར་མ་ཀུན་ལ་གདགས། ཁོའི་བསྲུངས་མ་ལ་གསེར་སྐྱེམས་གཏང་། བདེན་པ་བདར། ཤགས་གདབ་དཔང་གཟུགས། ཁོའི་ལིངྒ་ལ་ཐུན་དང་ཕུར་པ་གདབ། སྲོད་ལ་ཁོའི་བསྲུངས་མ་བཟློག་པའི་ལས་བྱས། ནམ་ཕྱེད་ལ་བླ་སྲོག་དགུག་ཅིང་བསད་པའི་ལས་བྱ། ཐོ་རངས་ཟོར་དྲག་པོ་འཕང་ངོ་། །ལྔ་པ་རྫས་ཀྱི་གནད་ནི་བཞི་སྟེ། འབོད་རྫས། མཆོད་རྫས། བསྐང་རྫས། རྟེན་རྫས་ཏེ། དེ་དག་ཚོགས་ན་དམ་ཅན་རང་བཞིན་དུ་འདུ་ཞིང་ལས་ཅི་བསྒོ་བ་བྱེད་དོ། །གཞན་ཡང་ལས་དང་མཐུན་པའི་རྫས། ཟོར། སྲེག་རྫས། མནན་རྫས་ཚང་བར་དགོས་སོ། །དེ་ལ་དང་པོ་སྙན་པ་དབྱངས་དང་རོལ་མོ་སྣོམ་པ་གསུར་ཆེན་སོགས་དྲི། སྤྱན་གཟིགས་རྐུན་ཆེན་ལག་པ་ལ་དར་སྣ་བཏགས་པ་དེ། མདའ་ལ་བརྒྱན་པའི་གཡབ་དར། ཁྲག་མཚོ་ཁོལ་མར། བྷཾ་པཾ་སཾ་བཾ་གྷཾ། མི་རྒོད་གཏུམ་པོ་ཙྭཽ་ར་པའི། །ལག་གཡས་དཀྱིལ་དུ་འཁོར་ལོ་ནི། །རྩིབས་ལྔའི་ཡིག་འབྲུ་ཁ་དོག་ལྔ། །སོར་མོ་ལ་ནི་མཚན་སྔགས་དགོད། །མགུལ་པར་སྤེལ་ཚིག་དབང་སྡུད་བྲི། །གྲིར་ཤིའི་ལག་སོར་དར་སྣ་ལྔ། །འབྲུ་སྣའི་ཚོམ་བུ་དགོད་དང་དྲིལ། །ཞེས། འདི་སྤྱིར་དབང་དུ་སྡུད། ཁྱད་པར་འབོད་པའི་རྫས་གཙོ་བོར་བླ་མའི་མན་ངག་ལས་ཤེས་སོ། །དམ་ཚིག་གཙང་མར། གདུང་བའི་ཤུགས་རྣམས། གཉིས་པ་སྤྱན་གཟིགས་སྟེང་དུ་གདུགས་བླ་བྲེ་སོགས་ཡོལ་བ་ལྡ་ལྡི་མདའ་དར་འཕན་ལྷ་ལྷུབ། ཕྱེ་ཕུར། དགྲ་ཆ། དཀོར་ཆ། རྒྱན་ཆ་དང་། ལས་དང་མཐུན་པའི་མཆོད་པ། དེའི་གཙོ་བོ་སྨན་རཀ་གཏོར་མའོ། །གསུམ་པ་ཕྱི་ལྟར་བསྐང་བ་མདོས། ནང་ལྟར་བསྐང་བ་གཏོར་མ་ཡས་ཐགས་དེར་དར་འབྲུ་སྣ་རིན་པོ་ཆེ་སྙིང་སྣ་ཚོགས་པས་བརྒྱན་པ། མདོས་ཆོག་ཏུ་གསང་བ་མདོས་ཞེས་འབྱུང་བའི་གསང་བ་ནི་སྔགས་ཀྱི་དམ་རྫས་ཡིན་པ་ལ་དགོངས་སོ། །གསང་བ་ཆོས་དང་རྗེས་སུ་མཐུན་པར་ཆོས་བསྒྲུབ་པ་དང་། ཚོགས། འདི་ལ་དང་པོར་མཆོད། བར་དུ་བཤགས་ཤིང་སྐོང་། མཐའ་མར་གདབ་པ་བཤད་པའི་མཐའ་མ། །མ་ཉམས་གྲིར་ཤིའི་བམ་བླངས་ལ། །མ་ཏྲཾ་རུ་དྲ་བསྟིམ་ནས་ནི། །སོགས་བམ་གྱི་བསྐང་བ་བཤད་པ་འདིར་བསྡུས་པའི་དབང་དུ་བྱས་པའོ། །རྟེན་རྫས་བླ་རྡོ་ཡིན་པས་འོག་ཏུ་འཆད་དོ། །འཇུག་པ་རྟགས་ཀྱི་གནད་ནི། དམ་ཅན་གྲུབ་པའི་རྟགས་མ་བྱུང་བར་ལས་ལ་བརྫངས་ཀྱང་མངགས་པའི་གནས་སུ་མི་འགྲོ། འགྲུབ་པ་ཡང་རྟགས་ཀྱིས་གསལ་ལ། དེ་ཡང་དམ་ཅན་གང་བསྒྲུབས་ཀྱང་སྔོན་ལ་བགབ་འདྲེའི་རྟགས། དཔེ་དཀར་དང་གཟའ་ལྟ་བུ་ལ་ཐེའུ་རང་། ཚོགས་བདག་ལ་སེང་གདོང་ལྟ་བུ། མོ་བརྒྱུད་ལ་ཏེ་ཕུར་མའི་ཆོ་འཕྲུལ་འོང་བས། དེ་རྣམས་བྱུང་བ་བར་ཆད་ཡིན། དེ་ནས་འཁོར་གྱི་འདྲེ་སྲིན་རྣམས་ཀྱི་ཆོ་འཕྲུལ་འོང་བས་ཡིད་བརྟན་མི་རུང་། རྗེ་དཔོན་ཉིད་ཀྱི་རྟགས་བྱུང་ན་ཡིན། དེ་ཡང་ཕོ་བསྒྲུབ་ན་རྨི་ལམ་དུ་སྐད་རིགས་མི་གཅིག་པ། མཛའ་བོ་བརྟེན་པ་དང་། ཐོ་བཅད་པ་དང་། ཡུལ་གྱི་མི་ཆེན་དང་། བློན་པོ་ཞང་བློན་དང་། བོན་པོ་མི་རེང་མང་པོ། ཞུབ་ཅན། ཕ་ཁུ། གཙོ་བོ་སྟག་ཤར། བྲོ་པ། བརྩད་པོ། བཙུན་པ། བྱིས་པ། མོན་རྒྱ། རྟ་པ། སྟག་སེང་། མི་ནག གྲིབ་སོ། མུན་པ། མེ་འབར། ཆུ་བྲུབ་པའོ། །མངོན་སུམ་དུ་ཡང་འོང་། ཤུག་པ། འཚེར་བ། བརྡ། འབོད་པ། ཁང་པ་འཚེག་པ། སྒོ་ཁྲོག་པ། མེ་སྟག་འཕྲོ་བ། རྡོ་འཕེན་པ་སོགས་སོ། །མོ་བརྒྱུད་ལ་བརྩད་པོ་བྱེ་མོ་མ་སྲིང་ཆུང་མ་མཛའ་མོ། བུད་མེད་གཡུ་ཞུ་ཅན། ཅོད་ཐོད་ཅན། སྨ་ར་ཅན། གཅུགས་པ། བུ་མོ་ཤོན་བྱེད་པ། རྒྱ་མོ། བལ་མོ། མོན། འབྲི་རྒོད། གཡག་རྒོད། བྱ་མང་པོ། མོ་རིགས་མང་པོ། དགོ་བ། གཉན། ཕྱག་བྱེད་པ་སོགས་བཀུར་སྟི། རྦད་རྟགས་དམག་ལ་ཆས་པ། མཁར་བརྩིག་པ། གོ་གྱོན་པ། མདའ་གསིར་བ། མཚོན་བརྡར་བ། འཆིངས་བྱེད་པ། དམག་འདྲེན་པ། བྲག་གཤོག་པ། ཤིང་གཅོད་པ། རྩྭ་འབྲེག་པ། མེ་སྤོར་བ། ཆུ་བྲུབ་པ། རླུང་ཆེན་གཡོ་བ། ཁྲོམ་ཆེན་སྡུད་པ། མི་མང་པོས་བདག་ལ་དགའ་སྟོན་བྱེད་པ། དེ་ལྟར་བྱུང་ན་ལས་ལ་ཚུད་པ་ཡིན་ནོ། །བསད་རྟགས། དགྲ་ཕོ་མོ་དངོས་བསད་པ་དང་། ར་ལུག་སོགས་སྲོག་ཆགས་བསད་པ། རྩི་ཤིང་གཅོད་པ། རི་དྭགས་རྒྱ་ལ་འཐུམས་པ། འདབ་ཆགས་རྙི་ལ་ཟིན་པ། ཁྲོམ་ཤ་འགྱེད་པ། ཁྲག་བསྐྱིལ་བ། པགས་པ་བཏིང་བ། མགོ་བྲེགས་པ། གློ་སྙིང་ཟ་བ། དམག་ཚོགས་ཡུལ་མཁར་བསྒྱེལ་བ། གོ་ཅན་འཁྲུག་པ། མཚོན་རྣོན་པོ་བསྲེལ་བ། མི་མང་པོ་གཡུལ་སྤྲོད་པའི་བཤམ་རྭ། རི་སྙིལ། སེམས་ཅན་མང་པོ་ཤི་བ། ཆུ་ཆེན་པོས་ཡུལ་གྲོང་བཤིག་པ། བདག་གིས་དུང་ཕུ་བ། རྔ་བརྡུང་བ། དར་འཕྱར། གསོ་བཏབ་པ། བྲུབ་ཁུང་ནང་དུ་རྐང་རྗེས་བྱུང་བ། ཤི་དྲི་མནམ་པ། སེམས་ཅན་བརྡུང་བ། དེ་དག་ཀྱང་ལན་རེ་ལན་གཉིས་ཀྱིས་མི་ཆོག་ཤིན་ཏུ་བསྟན་པ་དགོས་སོ། །རང་འགྲོ་སྙིང་འདོད་པ། སྙིང་མི་དགའ། སྒྲུབ་ཁང་ལ་ཡིད་མི་ཆགས་པ། སེམས་སྤུར་བ། འཇིགས་ཤིང་སྐྱི་གཡའ་བ། བག་གྲང་བ། རྨི་ལམ་དུ་བུད་མེད་རྫུད་པ། སྤྲང་ལོང་། བུད་མེད་ཆགས་པ་དགུག་པ་བྱུང་ན་དམ་སྲིའི་རྟགས། དགོངས་པ་བསྐྱེད། སེམས་དགུག ཕྱག་རྒྱ་གསལ་བཏབ། དམ་སྲི་མནན། ཛ་བརྡུངས་བྱ། བཟླས་བརྗོད་སྒྲིམ། ཁྲོ་ཞིང་ཚིག ལྷ་འདྲེ་ནང་འཁྲུག བདག་ལ་གནོད་ན་དམ་ཅན་འཁྲུགས་པས་བསྐང་བཤགས་བྱ། ཚོགས་གཏོར་བཟང་དུ་བཏང་ངོ་། །གཉིད་རྨུགས་མྱོས་པ། བྱེད་སྙིང་མི་འདོད་པ། ཁམས་མི་བདེ་བ། སྲུངས་མ་ཡེལ་ལེ་བྱས་མི་འཁོར་ན་ཉམས་གྲིབ་ཁོན་གྲིབ་མི་གཙང་པ་ཕོག་པ་ཡིན་པས་ཁྲུས་བཤགས་བསྡམ་གྲིབ་སེལ་གང་ཐུབ་བྱའོ། །རེས་ཉེ་རེས་རིང་། རེས་བཟང་རེས་ངན་ན་ཡིད་གཉིས་སོམ་ཉི། སྙོམས་སེམས་ལེ་ལོ་གཉིད་རྨུགས་ཀྱི་སྐྱོན་ཡིན་པས་ཐེ་ཚོམ་བཅད། ཡིད་ཆེས་དམ་ཅན་ལ་གདུང་བ་སྐྱེད། དགྲ་བོ་ལ་གནག་པ་མ་ཡེངས། བརྩོན་པས་དམ་ཅན་ལ་འབོད་པ་བྱའོ། །དྲེགས་པ་གང་བསྒྲུབས་ཀྱང་ལྟས་བཟང་བ་ལ་དགའ་བ་མི་སྐྱེ། ངན་པ་ལ་སྡུག་སྣང་མི་བྱ། འཇིགས་པ་ལ་ཡ་ང་སྤངས་ཏེ་དོགས་པ་མེད་པར་བརྩོན་པར་བྱའོ།། །། བདུན་པ་མཚང་ཚིག་བསྐུལ་བའི་གནད་ནི། བསྙེན་པ་མ་འཐེམས་བར་དུ་ལས་ལ་མི་བསྐུལ། བསྙེན་རྟགས་རྫོགས་ནས་སྒྲུབ་པ་ལ་བླ་རྡོ་བསྲེལ། མཆོད་གཏོར་བཟང་དུ་བྱ། དུས་བཞིར་བསྐུལ། ཐུན་བཅའ། ལིངྒ་བྲུབ་ཁུང་དུ་བཅུག ལྷ་དབྱེ་བླ་འཁྱམས་པའི་དུས་སུ་རྣམ་ཤེས་དགུག་ལ་བསྟིམ། བསྐུལ་བ་ལ་བྱུང་ཁུངས་སྐྱེ་བརྒྱུད་ནས་བསྐུལ་བ། མཚང་ཚིག་གནད་ནས་བསྐུལ་བ། ཆེ་བརྗོད་བསྟོད་པས་བསྐུལ་བ། ཕྱག་རྒྱ་གསལ་འདེབས་ཀྱིས་བསྐུལ་བ། མཐའ་ཚིག་གདུང་ཤུགས་ཀྱིས་བསྐུལ་བའོ། །བསྙེན་སྒྲུབ་མ་འཐེམས་བར་བསྐུལ་ཡང་ལས་མི་བྱེད། འཐེམས་ནས་དུས་རྒྱུན་དུ་བསྐུལ། རང་ལ་དགྲ་མེད་ན་བསྟན་པའི་སྤྱི་དགྲ་ལ་བསྐུལ། མ་བསྐུལ་ན་རང་ལ་འཚེ་ཞིང་འཁོར་ལ་གཟན། བསྟན་པ་ལ་གནོད་ངེས་པའི་རིམ་གྲོ་བ་མི་བྱ། བྱས་ན་རང་དམ་ཚིག་ཉམས་པར་འགྱུར་རོ།། །། བརྒྱད་པ་དམ་ཚིག་བསྲུང་བའི་གནད་ནི། སྤྱིར་སྔགས་ནས་བཤད་པའི་རྩ་ལྟུང་གིས་མ་ཕོག་པ། བྱེ་བྲག་རྩ་བ་གསུམ་ཡན་ལག་ལྔ། རྩ་བ་གསུམ་ནི་བསྐྱེད་རིམ་བསྒོམ་པ། བཟླས་བརྗོད་བྱེད་པ། ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའོ། །ཡན་ལག་ལྔ་ནི། སྐུའི་ཡན་ལག་ཏུ་བྲིས་སྐུ་སོགས་སྐུ་བརྙན་བསྲེལ་བ། གསུང་གླེགས་བམ། །ཐུགས་ཕྱག་མཚན། ཡོན་ཏན་ཚོགས་གཏོར་སོགས་རྒྱུན་ལོ་ཟླ། འཕྲིན་ལས་སྡེ་བརྒྱད་རང་རང་གི་གཞུང་ནས་བཤད་པ་ལྟར་བསྟེན་ནོ། །གཞན་མི་འགྲུབ་པའི་ལས་མི་འཆོལ། འགྲུབ་པ་རྣམས་ཕྱི་བཤོལ་དུ་མི་བཞག དཔེར་ན་འབོད་རྟགས་བརྟན་པོ་བྱུང་ནས་རྦད་མ་ཤེས་པ་དང་བླ་ཁུགས་རྟགས་བརྟན་པོ་བྱུང་ནས་བསད་པ་མ་སྦྱར་བ་ལྟ་བུ་དམ་ཅན་སྐྱེངས་པའི་རྒྱུར་བཤད་དོ། །གང་བསྒྲུབ་པའི་ལྷ་འདྲེ་དེ་དངོས་སུ་བྱུང་ན། གཉེན་པོ་ལྷ་བསྒོམ། གཉིས་མེད་དུ་བསྲེ། དེ་ལ་འཇིགས་པ་སྐྱེ། ཡི་ཆད་ན་རང་ཕུང་། གདུང་བ་མེད་ན་གོང་གཡེལ། ཞེ་སྡང་མེད་ན་སྒྲོལ་མི་ནུས། ཏིང་ངེ་འཛིན་མི་གསལ་ན་བཀའ་མི་ཉན། བསྟེན་ཐབས་ནོར་ན་འཁོར་ལ་གཟན། ལྟ་བ་མེད་ན་དབང་དུ་མི་འདུ། ཐེ་ཚོམ་སྐྱེས་ཤིང་འདུན་པ་མེད་ན་ལས་མི་འགྲུབ། སྐྱོན་དེ་རྣམས་སྤངས་ཏེ་ལས་རབ་འབྱམས་བསྒྲུབ་པའོ། །ཉེ་ཡང་ལས་བྱེད་དུ་མ་འདོད་ན། གནད་ལ་དབབ་ཅིང་ཨར་ལ་གཏད། དེ་ཡང་སྲོག་གི་སྙིང་པོ་མས་ཟློག བསྐུལ་ཡང་མས་ཟློག དེས་མ་གྲུབ་ན་སྲིད་པ་དཀྲུག སྲོག་སྙིང་དཀྲུག རང་ཡི་དམ་མམ་གོང་གནོན་གྱི་ལྷར་བསྐྱེད། དམ་བདར། གནད་གཟིར། ཞེ་སྡང་དྲག་པོ་བསྐྱེད། དེ་ལྟར་བྱས་ཀྱང་མ་གྲུབ་ན་ལན་གསུམ་སྤོགས། དེས་ཀྱང་མ་གྲུབ་ན་དམ་ཅན་ཤི་ས་བསྟན། དེ་ལ་སྤྱིར། དམ་ཅན་དེའི་ཙཀྐ་ལི་དང་། དམ་རྫས་བྲུབ་ཁུང་དུ་བཅེར་ལ་ཐུན་གྱིས་བྲབ། ཕུར་པས་གཟིར། དེའི་དུས་སུ་སྣང་སྲིད་ཐམས་ཅད་བདག་གི་ཞབས་འོག་ཏུ་གནས་པར་བསམ། བྱེ་བྲག་དམ་ཅན་དེ་ཞབས་ཀྱིས་མནན། སྙིང་ཁྲག་ཞལ་དུ་བརྔུབས། ཉ་བྱེ་ཚན་ལ་བོར་བ་ལྟར་མིག་སྲིག་སྲིག འདར་ཧེད་ཧེད། ལས་ཅི་བྱ་ཟེར་བར་བསམ། སྔགས་མས་བཟློག་དྲག་ཏུ་བཟླའོ། །བྲུབ་ཁུང་དུ་ཡང་ཞིང་ལྤགས་རེ་གཡབ་བརྡབ། ཚིལ་ཆེན་གྱི་དུད་པ་བཏང་། ལ་གཡོགས་བདར། དེའི་ཚུལ་ཡང་། ལུས་གཅེར་བུ་བྱས། ཏིལ་མར་བྱུགས། སོལ་བས་གདོང་ནག་པོར་བཏང་། ཞིང་ལྤགས་གྱོན། སྐྲ་འབལ། བ་སྤུ་སློང་། མཆི་མ་འབྱིན། བྲང་བརྡུང་། ངུ་ཞིང་ཆོ་ངེ་བརྡབ། ཐལ་མོ་ལན་བདུན་བརྡབ། བསྐོར་བ་ཕྱིར་ལོག་ལན་བདུན་བྱ། ངག་ཏུ་སངས་རྒྱས་ཀྱི་བཀའ་རྫུན་ནོ། །ཕུག་པ་ཞྭ་ལྟར་གྱོན། ལུས་སྲོག་འབེན་དུ་བཙུགས། ཤ་ཁྲག་གཟན་དུ་བོར་ནས་བསྒྲུབ་པ་བྱས་པས། རྣལ་འབྱོར་ང་གཙང་ཤས་ཉ་བཞིན་མྱུལ། དམ་ཉམས་དགྲ་བོ་གངས་ཁོངས་ཀྱི་སེང་ལྟར་རྒྱུག འཇིག་རྟེན་འདི་ན་བདག་ལ་མགོན་མེད་དམ། ཁྱེད་ཀྱི་ཐུགས་རྗེས་བདག་ལ་མི་དགོངས། སྡང་བའི་དགྲ་ལ་རྟགས་མ་བྱུང་། བསྟན་པའི་རུ་ཏྲ་ལ་ཚེ་སྲོག་མེད་དམ། སྔོན་གྱི་མཐའ་ཚིག་འགལ་བར་མི་འགྱུར་རམ། ཞེས་བརྗོད་ཅིང་སྲིད་པ་དཀྲུག དེ་ལྟར་ཞག་གཅིག་ཏུ་ཞེ་སྡང་མ་ཡོལ་བ་བྱ། དེ་ནུབ་གཏོར་མ་ཡང་མི་བཏང་བར་ཉལ་བསྡད། དེ་ནས་ནངས་བར་ཙཀ་ལི་ཐུན་རྫས་མེ་ལོང་དུ་འཆར་དུ་གཞུག བདུད་རྩིའི་ཁྲུས་བྱས་སོ་སོའི་སར་བཀོད། བཤགས་པ་བྱས་ལ་ཞག་གསུམ་ལས་སྦྱོར་བྱའོ། །འདི་ནི་དགྲ་ལ་ལྕགས་ཀྱི་སྲོག་རྩ་ཡོད་ཀྱང་འཆིའོ། །ཤི་ས་བསྟན་ཅིང་སྲིད་པ་དཀྲུག་པའི་ལས་འདི་ནི་ཅི་རུང་རུང་ལ་མི་བྱའོ། །དེ་ཡང་ཐུགས་རྗེ་འབྱུང་བར། དབང་བསྐུར་བསྙེན་པ་ཕྱི་ཡིན་ལ། །སྒྲུབ་པ་ལས་ཚོགས་ནང་གི་ཡིན། །ལས་སྦྱོར་དྲག་པོ་གསང་བ་ཡིན། །སྤོགས་དང་གནད་འབེབས་མཐར་ཐུག་ཡིན་ནོ། །ཞེས་སོ། །གཉིས་པ་ནང་གི་ལ། མཆོད་བརྒྱད། ལས་ཚོགས་བརྒྱད། ཆ་ལག་བརྒྱད་དེ་གསུམ། དང་པོ་ལ། རྦད་བསད་ཀྱི་དུས་གསེར་སྐྱེམས་གཏོང་བ། གཟུ་དཔང་འཛུགས་པ། འདི་ལྷ་འདྲེ་ཐམས་ཅད་རང་གི་རོགས་སུ་སྦྲན་པས་ཁོ་ལ་སྟོངས་གྲོགས་བྱེད་མཁན་ཉུང་ཞིང་རང་ལ་དམག་ཚན་ཆེ་ལ། འཇིག་རྟེན་ན་དམག་གྲོགས་སྡུད་པ་ལྟ་བུའོ། །འདི་འདྲ་བའི་དམག་གཡབ་པ་ཞེས་བྱའོ། །བྲུབ་ཁུང་སོགས་བསྐྱེད་པ། བདེན་བདར་བྱས། དགུག་བཅིང་བསྐུལ་བ། སྡིག་བསྒོ་སྟེ་ལྷ་དང་དབྱེ་བ། བསད་པ། བརྡུང་བ། བཏབ་པ་དང་བརྒྱད་དོ། །རྣམ་ཤེས་ལིངྒའི་རྟེན་མེད་པར་མི་ཁུགས་ཤིང་། ལིངྒ་དགྲའི་བླ་རྡོ་ཡིན་པས་སྤྱིར་བཏང་། འདི་ལ་དགྲ་གཟུགས། དེ་ཡང་རྗུད་པ། རིད་པ། རོའི་གཟུགས་འདྲ་བ། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ། ཞགས་པས་མགྲིན་པ་བཅིངས་པ། མིག་ཤི་མིག་ཏུ་ལྟ་བ། དེའི་སྙིང་གར་ཛཿ ཁ་སྤྲོད་ཀྱི་བར་དུ་དགྲ་ལ་ནྲི། བགེགས་ལ་ཏྲི། དེ་ལ་མིང་རུས་བླ་གདགས་ཀྱིས་བསྐོར། དེ་ཡང་ཕོ་ཡིན་ན་ཡིག་མགོ་ཕྱིར་བསྟན། མོ་ཡིན་ན་ནང་དུ་བསྟན། ནང་དུ་དཔྲལ་བར་རུས་ལ་ཆེ་གེ་མོ་མཱ་ར་ཡ་ཛཿཛཿ སྐེད་པ་ལ་མིང་ལ་མཱ་ར་ཡ་ཛཿཛཿ མགོ་ལ་ནན། མདོམས་སུ་ཚ། བརླ་གཉིས་ལ་བླ་གདགས། ཡན་ལག་བཞི་ལ་ཛཿ གཞོགས་གཉིས་ལ་རྦད། དེ་ཡང་ཕོ་གཤེད་མོ་ལ་རྦད་པ་ཞེས་བྱ་སྟེ་དགྲ་མོ་ཡིན་ན་ཡི་གེ་དེ་རྣམས་ཕོ་གྲིར་ཤི་བའི་ཁྲག་གིས་བྲི། དགྲ་ཕོ་ཡིན་ན་མོ་གཤེད་ཕོ་ལ་རྦད་པ་ཞེས་བྱ་སྟེ་མོ་གྲིར་ཤི་བའི་ཁྲག་གིས་བྲི། སྲོག་གཤེད་སྲོག་ལ་དབབ་པ་ཞེས་པས་བླ་ཚེ་གང་ཡིན་པ་དེའི་སྙིང་ཁྲག་གིས་ལིངྒ་དམར་པོར་བྱུག རང་གཤེད་རང་ལ་དབབ་པ་ཞེས་དེ་ཀའི་ཟག་རྫས་དུག་གང་འཛོམ་དེས་ལིངྒ་ལ་བྱུག བསད་པའི་ཏིང་ངེ་འཛིན་ཏེ་ཕུར་པ་གཟིར་བསྲུང་བ། བྱིན་རླབས་ཀྱི་ཁ་སྦྱར་དབྱེ་བ། བདུད་བཞི་གཤེད་དུ་བསླང་བ། ཏིང་ངེ་འཛིན་གྱིས་ཁ་སྦྱར་དབྱེ་བ། ཚེ་ལུང་ལྔ་ལ། གནམ་གྱི་འཇུ་ཐག་བཅད་པ་ཞེས་བྱ་སྟེ་ཡེ་ཤེས་ཀྱི་ལྷ་ལ་སོགས་པའི་བྱིན་རླབས་ཀྱིས་སྐྱོབས་པ་དང་འབྲེལ་བས་སོ། །ཁྲུས་ལུང་རྣམ་ཤེས་འོག་མིན་དུ་བསྒྲལ་བ། འདི་ལས་ཀྱི་རྣམ་སྨིན་དང་འགྲེལ་བས་སའི་རྟེན་ཕུར་འབྱིན་པ་ཞེས་བྱའོ། །དེ་གཉིས་ཀྱིས་བསྒྲུབ་བྱ་རང་དབང་དུ་གནས་པའི་སྐབས་མེད་པས་འཆི་བར་འགྱུར་རོ། །བླ་འགུགས་དུས་སམ་རྦད་དུས། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཕྱག་རྒྱ། བདག་ལྷར་གསལ་བའི་ཐུགས་ཀ་དང་ལྕགས་ཀྱུའི་རྒྱའི་རྩེར་ཛཿ དེའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་དགུག་བྱ་གནས་པའི་ཕྱོགས་སུ་སོང་། དེའི་སྲོག་ནྲི་རུ་གནས་པ་དེ་ལ་བཏབ་ནས་འཐེན་པས་དམར་ནར་གྱིས་བྱུང་། བྲུབ་ཁུང་གི་རྟེན་དང་གཉིས་སུ་མེད་པར་བསྟིམ། དེ་ནས་ཕོ་ཉའི་རྩལ་གྱིས་དགུག་སྟེ། ཡེ་ཤེས་ཀྱི་ལྷ། འཇིག་རྟེན་པ་ཀུན་ལ་གསེར་སྐྱེམས་བཤོས་བུ་རཀྟས་མཆོད། །གསུར་ཆེན་གྱི་དུད་པ་བཏང་། །དྲེགས་པ་སྤྱི་བསྐུལ་བ་དང་། ཕོ་ཉ་གང་ཡིན་པ་དེ་སྒོས་སུ་བསྐུལ་ལོ། །དེ་ཡང་། རང་གི་ཐུགས་ཀ་ནས་འོད་འཕྲོས། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པའི་ལྷ་མོ་བཞི་ལ་འཕོག དེ་རྣམས་ཀྱིས་རང་འདྲ་ནམ་མཁའ་གང་བའི་སྤྲུལ་པ་སྤྲོས། གཞན་ཡང་ཁྲོ་བོ་ཁྲོ་མོ་དཔག་ཏུ་མེད་པ་དང་དམ་ཅན་རྒྱ་མཚོ་ལྷ་སྲིན་དྲེགས་པ་ཕྱག་མཚན་སྣ་ཚོགས་ཐོགས་པ་དགྲ་གནས་པའི་ཕྱོགས་སུ་དམག་དཔུང་བཞིན་དུ་འཆས་ནས། ཡཾ་ལས་ལས་ཀྱི་རླུང་དམར་གྱིས་གཡོས་པས་རྒྱབ་ནས་དེད། གནམ་ལྕགས་འཁོར་ལོའི་ཁར་བསྒྲུབ་བྱ་བཞག ལྕགས་ཀྱུ་མ་རྣམས་ཀྱིས་ལྕགས་ཀྱུས་སྙིང་ཕུག ཞགས་པས་སྐེ་བཅིངས། ལྕགས་སྒྲོག་གིས་ལུས་བསྡམས། དྲིལ་བུས་རྒྱབ་ནས་འདེབས། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས། འཇིགས་པའི་མུན་ནག་གིས་མདུན་བདར། གཤེད་མས་བཙོན་ཁྲིད་དེ་འོང་བ་བཞིན་ནམ། བྱིའུ་ཁྲས་དེད་པ་ལྟར་བདས་ནས་བྲུབ་ཁུང་དེར་བཅུག་ནས་དམིགས་རྟེན་ལིངྒ་ལ་བསྟིམ་པར་བསམ་མོ། །བྱེ་བྲག་གང་བསྐུལ་བའི་སྲུངས་མས་དེ་བཞིན་ནོ། །ལྷ་དང་དབྱེ་བ་ལ། རང་གི་ལྷ་དང་དབྱེས་འཇུག་པ། ཆེ་གེ་མོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག་གོ །དཀོན་མཆོག་གི་དབུ་འཕངས་སྨད་དོ། །ཐུགས་དམ་ལ་གནས་པའི་བསམ་གཏན་དཀྲུགས་སོ། །སྔགས་འཆང་བདག་ལ་བསྡོས་སོ། །སྲུངས་མ་ཁྱེད་ལ་བརྙས་སོ། །མཐུ་བུ་ལོན་བཞིན་དུ་འདེད་དོ། །ཞེས་པ་ལྟ་བུ། ཁོ་རང་གི་ལྷ་དང་དབྱེས་འཇུག་པ། བླ་གླུད་གཏོར་མ་སྦྱིན་པ་གཞུང་བཞིན་ནོ། །ཟ་ལམ་བསྟན་པ་ནངས་ནུབ་ཚོགས་དང་གཏོར་མ་འབུལ་དུས་མཆོད་རྫས་དེ་ལ་དགྲ་བོ་བཀུག་སྟེ་བསྟིམ། དེའི་ཤ་ཁྲག་རུས་ནང་ཁྲོལ་དུ་དམིགས་ཏེ་འབུལ་ལོ། །ཡང་ན་མིའི་རྩིབ་མ་ལ་མིང་རུས་བྲིས་པའམ་ལིངྒ་དེ་དགྲ་བོར་བསམས་ལ་བསྟབས་སོ། །དགྲའི་སྒོ་རྩར་ཕོ་བྲང་གདབ་པ་ནི། ཐོད་ངན་དུ་འཇིག་རྟེན་གྱི་ལྷ་འདྲེའི་མིང་དང་རུས་ཤེས་ཚད་བྲིས་ལ་གཞུགས། ཐུན་སྣ་དུག་སྣ་ཁྲག་སྣ་བླུགས་སྟེ་དེའི་སྒོའམ་ཁང་པའི་རྨང་དུ་སྦས་ན་ལྷ་འདྲེ་ཐམས་ཅད་དེར་འཚོག་ཅིང་འདུའོ། །དགྲ་ཟུན་འཐབ་ཏུ་འཇུག་པ་ནི། ལས་སྔགས་དང་དམིགས་བྱའི་མིང་རུས་སྦྲེལ་ཏེ། དེས་ལས་མི་བྱེད་པའི་དབང་མེད་པ། དཔེར་ན་རྦད་པའི་སྔགས་ཀྱིས། ཆེ་གེ་མོའི་ཙིཏྟ་ལ་ཡཱ་ཞེས་པ་ལྟ་བུ། དམག་ཟས་དུས་སུ་བྱིན་པ་ནི། ལས་དྲག་པོ་བྱས་པ་གྲུབ་པའི་དུས་སུ་རང་གཞུང་དང་མཐུན་པའི་གཏང་རག་གཏང་། ལིངྒ་ཡོད་པ་ཀུན་ཀྱང་གཏོར་མ་དང་སྦྲགས་ཏེ་དབུལ་ལོ། །གསེར་སྐྱེམས་དང་ལིང་རོ་ལྷ་འདྲེ་སྤྱི་ལ་གཏོང་། དེ་ཡང་མྱུར་བར་བཏང་། ཕྱིས་ན་བཀའ་ཆད་འོང་ཉེན་ཆེའོ། །དུས་རྒྱུན་དུ་མཆོད་པ་ལ་བརྩོན་པ་ནི་དམ་ཅན་ཉེ་བའི་ཐབས་སོ། །གཉིས་པ་ལས་བརྒྱད་ནི། ཐུགས་རྗེ་འབྱུང་བར། སྲོག་དང་ཆོ་འཕྲུལ་སེར་བ་དང་། །ཐོག་དང་གཏད་ཆེན་སེལ་ནག་དང་། །ནང་རྒྱས་བཟློག་དང་བསྲུང་བ་སྟེ། །ཞེས་དང་། ཆ་ལག་བརྒྱད་ནི་བཟློག་པ། ངག་མནན། ངག་དགྲོལ། བཅིང་བ། བསྐྲད་པ། དབྱེ་བ། མནན་པ། སྲིའུ་གསོ་བའོ། །གསང་བ་ལ། གེགས་སེལ། ཆིངས། གནད། བླ་རྡོའི་བརྒྱད་ཚན་བཞིའི་དང་པོ། སྲོག་ལ་བྱེད་ན་སྲུངས་མ་སྐྱེངས་དྲེད་འབྱམས་གསུམ་དུ་མ་སོང་བའི་གནད་ཤེས་པ། སྐྱེངས་པ་ནི་ལས་བྱས་དུས་གཏང་རག་མ་བཏང་བར་དེ་ཀར་བཞག་ན་འབྱུང་བ། དྲེད་པ་ནི་ཡང་ཡང་མཆོད་ནས་རྦད་མ་ཤེས་ན་འབྱུང་། འཇིག་རྟེན་ན་མིང་རུས་གཅིག་པ་མང་པོ་ཡོད་པས། དེས་ནོར་ཞིང་འབྱམས་པ་སྲིད་པས། གསལ་ཤིང་འཛུགས་པའི་གནད་ཤེས་པར་བྱ་སྟེ། ཤིང་གདུག་པ་ཅན་ཅིག་ལ་ཁྲམ་བཏབ། ཁྲམ་བར་དུ་དགྲ་བོའི་མིང་རུས་དང་། ཕ་ཚན་དང་། ཕ་དང་མ། བླ་གདགས། ཡུལ་དང་ཞིང་ལ་སོགས་པ་བྲི། སྒྲུབ་ཁང་གི་རྩར་འཕྱར་རོ། །ས་ལ་གཡོན་དང་གཡས་སུ་བསྐོར་ཞིང་བྲབས་པས་མྱུར་དུ་འགྲུབ་བོ། །ཁུངས་བཞིན་དུ་བསད་པའི་ལས་ལ་མ་སྦྱར་ནའང་འབྱམས་ཏེ་དོན་མི་འགྲུབ། རྦད་རྟགས་རྫོགས་ནས་བསད་པ་ལ་མ་སྦྱར་ན་ཡང་དོན་མི་འགྲུབ་བོ། །སེར་བ་བྱེད་ན་བོ་ཟགས་ཞུང་གསུམ་དུ་མ་སོང་བའི་གནད། གཏད་བྱེད་ན་ལོག་རྡུགས་འབྱམས་གསུམ་དུ་མ་སོང་བའི་གནད། ཐོག་བྱེད་ན་ཞུད་ལོག་འབྱམས་གསུམ་དུ་མ་སོང་བའི་གནད། ལྟས་ངན་བྱེད་ན་ལོག་རྡུགས་འབྱམས་གསུམ་དུ་མ་སོང་བའི་གནད། སེལ་བྱེད་ན་ལོ་ནོར་ཟླ་ནོར་དུས་ནོར་དུ་མ་སོང་བའི་གནད། སེང་གེ་ཁ་འཐབ་བྱེད་ན་འཁོར་ལོ་ཚུར་འཁོར། ལྷ་སྲིན་ཚུར་ལོག ལྟས་ངན་ཚུར་ལོག་གསུམ་དུ་མ་སོང་བ་བྱེད་པའི་གནད། འཁོར་ལོ་བསྐོར་ན་ཐལ་རྡུགས་འབྱམས་གསུམ་དུ་མ་སོང་བའི་གནད་དོ། །ཆིངས་བརྒྱད་ནི། སྲོག་ལ་བསྡོ་ན་བསད། ཡུལ་ཁམས་དགྲར་ལངས་ན་སེར་བ། ཕུང་དུ་འཇུག་ན་ཀླུ་ལ་གཏད། སྒོས་དང་འགྲས་ན་གནམ་ལྕགས་དབབ། འགྲན་འཚོལ་ན་ཁང་བཤིག་དུང་རྨད་དཀྲུག་པ་སེལ་ནང་རྒྱས་བྱུང་ན་སེང་གེ་ཁ་འཐབ་བྱ། རྦོད་གཏོང་བྱུང་ན་བཟློག་ཅིང་ནུས་པ་བཤིག རང་གི་ཕྱོགས་བསྲུང་བ་རྣམས་སོ། །གནད་ནི། སྲོག་ལ་གཏོང་ན་བསྲུང་བཟློག་གིས་མི་ཐུབ་པའི་གནད། སེར་བ་བྱེད་ན་མུ་ཁྲིད་དུ་འོང་བའི་གནད། གཏད་རང་ལ་མི་བཟློག་པ་གཞན་ལ་ཐེབས་པའི་གནད། ཐོག་དམིགས་བྱའི་ཁང་སྟེང་དུ་འབབ་པའི་གནད། ལྟས་ངན་རང་ལ་མི་བབས་པའི་གནད། སེལ་དུར་ཁང་ཞིང་གསུམ་དཀྲུག་པའི་གནད། ཁ་འཐབ་བྱེད་ན་ཁོ་རང་གི་སྲུང་མ་གནད་དུ་དབབ་པའི་གནད། འཁོར་ལོ་བསྐོར་ན་དྲག་སྔགས་སྡེབ་པའི་གནད་བརྒྱད་དོ། །བླ་རྡོ་བརྒྱད་ནི། རྟེན་བཅས་དཀྱིལ་འཁོར་བཞེང་པ་དང་། །རྟེན་བཙུག་རྟེན་བསྐྱེད་དེ་ཉིད་བསྙེན། །ཞེས་དང་། རྟ་ནག་ལུག་ནག་གཡག་རོག་ཁྱིའི། །མགུལ་དུ་སྙིང་པོ་བྲིས་པ་གདགས། །དེ་ཡི་ངོ་བོ་ལེགས་ཕུལ་ལ། །ཕྱི་ཡི་རྟེན་དུ་བྱ་བར་བཤད། །ཅེས་པ་ལ། རྟེན་དུ་འཛུགས་པ་དང་འབུལ་བའི་ཚུལ་གཉིས་སོ། །དེས་མཚོན་ཏེ་དྲེགས་པ་རང་དགའ་བའི་སྲོག་ཆགས་དེ་དང་དེའི་རྟེན་དུ་ཤེས་པར་བྱའོ། །སྣ་ཚོགས་འབྲུ་ནག་དབལ་བྱས་པའི། །གཏོར་མ་མི་ཤས་བརྒྱན་པ་འདི། །ཕོ་བྲང་རྟེན་དང་བརྟེན་པར་བཅས། །ནང་གི་རྟེན་དུ་སློབ་པའོ། །སྤྱིར་གཏོར་མའི་ངོ་བོ་ཐབས་ཤེས་དབྱེར་མེད། དབྱེ་བ། རྟེན་གཏོར། གཏའ་གཏོར་མཆོད་གཏོར། གཏོར་ཆེན། ཟོར་དུ་འཕང་པའི། རྒྱུན་གྱི་གཏོར་མ། བསྐང་བའི་གཏོར་མ་བརྒྱད། དང་པོ་ནི། དཀྱིལ་འཁོར་ཆེན་པོ་ལ་དགོད་པ་ལྷར་བསྒོམ་རྒྱུ། གཉིས་པ་ནི་དུས་རྒྱུན་དུ་འཛུགས་པ། དེ་ལའང་རྟེན་དང་མཆོད་པའི་དབྱེ་བ་གཉིས། གསུམ་པ་ལས་མ་འགྲུབ་པར་མི་འབུལ་བར་བྱིན་གྱིས་བརླབས་ཏེ་ནམ་འགྲུབ་པ་དང་འབུལ་རྒྱུ། བཞི་པ་ལས་ཀྱིས་ཕྱེ་བ་བཞི་མཆོད་གཏོར་བྱིན་བརླབས་ཀྱང་། བྱ་རོག་གདོང་གི་རྒྱུད་དུ། ཨོཾ་ཨཱཿཧཱུྃ། སྦྱངས་དང་སྤེལ་དང་བདུད་རྩིར་བསྒྱུར། །ཞེས་སོ། །གཏོར་ཆེན་ནི་གཏོར་མས་བསད་པ་དེའོ། །ཟོར་དུ་འཕང་བ་ནི་ཟོར་རྫས་སུ་བྱིན་གྱིས་བརླབ་པའོ། །མཐའ་མ་གཉིས་ངེས་སླ། དེ་ལ་གཅིག་ལ་ཡང་ཤེས་པ་བཞི། རྟེན་དུས་ཁང་པ། བསྒྲུབ་དུས་ལྷར། མཆོད་དུས་ཁམ་ཟས། འཕང་དུས་ཟོར་དུ་བྱས་ཀྱང་རུང་ངོ་། །མདོས་ཀྱང་ནང་གི་རྟེན་ནོ། །ནམ་མཁའ་མཉམ་པའི་རྒྱུད་དུ། ནང་གི་རྟེན་ནི་བྱ་རོག་གི རྒྱལ་མཚན་ལ་ནི་དར་ནག་བརྒྱན། །འདབ་གཤོགས་ལ་ནི་སྔགས་ཀྱང་བྲི། །ཁར་ནི་ཆེ་གེ་བྲིས་པ་གཞུག །དེ་ནི་སྒྲུབ་ཁང་སྟེང་དུ་འཛུགས། །ཞེས་པས་སྲོག་ཆགས་དངོས་ཀྱི་གཡང་གཞིའི་རྒྱལ་མཚན། ནང་རྟེན་དུ་འདི་ཤུགས་ཀྱིས་བསྟན་ནོ། །དེ་ནས་ནུབ་ཕྱོགས་དག་ནས་ནི། །མི་ནག་གསུམ་གྱིས་ཁུར་བའི་རྡོ། །ནག་པོ་དག་ལ་འདི་སྐད་བརྗོད། །ནས། འདི་ནི་རང་བཞིན་རྟེན་རྫས་ཡིན་གྱི་བར་དང་། ནག་པོའི་རས་སམ་དར་ལ་ཡང་། །ཏིང་འཛིན་སྔགས་དང་བཅས་པ་ཡི། །ནག་པོ་ཞལ་གཅིག་ཕྱག་བཞི་པ། །བྲིས་པ་ཉིན་གཅིག་གིས་རྫོགས་ནས། །བར་ཆད་མེད་པ་ལུས་ལ་འཆང་། །གསང་རྟེན་ལུས་ལ་འཆང་བའོ། །འདིས་སྲོག་གི་འཁོར་ལོ་ལུས་ལ་འཆང་བ་བསྟན། ནམ་མཁའ་མཉམ་པར། གསང་བའི་རྟེན་ནི་ཀ་པཱ་ལ། །མཚན་དང་ལྡན་པར་གྲི་རྒོད་སྙིང་། །དར་ནག་གིས་གཏུམ་ཕོ་བྲང་དབུས། །ཞེས་བཤད་པས། དཀྱིལ་འཁོར་དུ་དགོད་པ་དང་། བྱ་རོག་གཡང་གཞིས་བརྒྱན་པ་ཡི། །ནས། ཐུགས་ཀྱི་རྟེན་དུ་གཟུང་བར་གྱིས་སྐུ། །སྔགས་བྲི་བ། ཕྱག་མཚན་བཅད་བ་སྐུ་གསུང་ཐུགས་རྟེན་དུ་རིམ་པ་བཞིན་བཤད་པ་དང་། སྐྱེས་པ་གྲིར་ཤིའི་ཐོད་འཕྲེང་ནི། །ཡོན་ཏན་ལྡན་ཕྱིར་རྟག་ཏུ་སྦ། །མི་བཟད་མཚོན་ལས་བྱས་པ་ཡི། །རྡོ་རྗེ་གྲི་གུག་ཧཱུྃ་བྲིས་པ། །འཕྲིན་ལས་བྱེད་པའི་ཁྱད་པར་རོ། །འཕྲེང་བ་ཕྱག་མཚན་ཡོན་ཏན་ནམ་འཕྲིན་ལས་ཀྱི་རྟེན། ཁྱད་པར་ཡེ་ཤེས་བླ་མེད་པ། །དམ་ཚིག་མགོན་པོ་བསྒྲུབ་པ་ཡི། །དམ་ཚིག་འདི་ནི་རྨད་པོ་ཆེ། །བདེ་བར་གཤེགས་པའི་ལམ་སྦྱོང་མཛད། །འདིས་དེ་ཁོ་ན་ཉིད་ཀྱི་རྟེན་བསྟན་ཏེ། དེ་ཡང་དགྲ་བོའི་གཤེད་དུ་མངགས་པའི་ཚེ་དྲག་པོའི་མཐུ། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཚེ་ཞི་བ་དམ་པའི་ཆོས། དུག་གསུམ་གྱི་སྨན་པ་མཛད་པའི་ཚེ་དག་པ་གསུམ་གྱི་བསྐྱེད་པ། དམ་པ་ཆོས་ཀྱི་སྲོག་ཤིང་འཛིན་པའི་ཚེ་གསང་བ་སྔགས་ཀྱི་གནད། ཡེ་ཤེས་ཀྱི་མགོན་པོར་བསྙེན་པའི་ཚེ་སྟོང་ཉིད་སྙིང་རྗེ་གཅིག་པའི་ཟུང་འཇུག་གོ །དམ་ཚིག་མགོན་པོར་བསྙེན་པའི་ཚེ། ཐིག་ལེའི་རྣལ་འབྱོར་ཏེ། དཀྱིལ་འཁོར་ལྷ་ནི་ལུས་ཉིད་ཡིན། །ཞེས་སོགས་ཀྱིས་སོ། །ལྔ་པ་སྟོབས་ཀྱི་དྲི་ལན་ནི། སྟོབས་ནི་ཆོས་རྣམས་ཐམས་ཅད་ལ། །སྒྱུ་མ་ལྟ་བུར་ཤེས་པ་དང་། །ཡང་དག་བདེན་པའི་སྟོབས་ཀྱིས་ནི། །རང་བཞིན་མེད་པར་རྟོགས་པ་འབྱུང་། །ཞེས་བསྒྲུབས་པའི་མཐུའོ། །དྲུག་པ་འཇུག་པའི་ལན་ནི། འཇུག་པ་ཐུན་མོང་མ་ཡིན་པ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཚད་མེད་བཞི་དང་ལྡན་པ་ཡིས། །འགྲོ་བའི་དོན་ལ་སེམས་པ་པོ། །ཞེས་པས་སྤྱིར་བྱམས་པ་རྩ་བ། སྙིང་རྗེ་སྡོང་པོ། བྱང་ཆུབ་ཀྱི་སེམས་པདྨའི་སྙིང་པོ་དང་ཆོས་མཚུངས་པས་སྔ་མ་གཉིས་རྒྱུར་བྱས་པའི་བྱང་ཆུབ་སེམས་ལ་གནས་པས་ཇི་སྐད་བཤད་པ་ཐམས་ཅད་བྱའོ། །ཁྱད་པར་ཞི་བ་ལ་བཏང་སྙོམས་པའི་སེམས། རྒྱས་པ་ལ་དགའ་བ། དབང་དགུག་ལ་བྱམས་པ། དྲག་པོ་བསྒྲལ་བ་སྙིང་རྗེ། དེ་ཡང་རྒྱུ་དུས་ཀྱི་ཀུན་སློང་སྙིང་རྗེ། དེ་དུས་ཀྱི་ཀུན་སློང་ཞེ་སྡང་ཞེས་གོང་མ་རྣམས་གསུང་ངོ་། །བདུན་པ་མངོན་དུ་བྱེད་པའི་དྲིས་ལན་ནི། མངོན་དུ་བྱེད་པ་ཉེར་སྒྲུབ་སྟེ། །ནས། གཙོ་བོ་དང་ནི་འཁོར་རྣམས་ཀྱིས། །གང་འགྲུབ་རབ་འབྲིང་མཐའ་མ་རུ། །རྟགས་ཀྱིས་དབྱེ་བ་བསྟན་པ་ཡིན། །ཞེས་པ་རྟགས་ཤེས་ནས་ལས་རིམ་པར་སྒྲུབ་པ་ཡིན་ནོ། །འདིར་རྟགས་ནི་བསྙེན་དུས། སྔར་བཤད་པ་ནི་སྒྲུབ་པ་དང་ལས་སྦྱོར་གྱི་སྐབས་སོ།། །། གསུམ་པ་འབྲས་བུའི་དྲིས་ལན་ནི། རྒྱུ་ནི་ཐོག་མ་མེད་པ་ཡི། །རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། །མངོན་སུམ་དུ་ནི་འབྱུང་བ་ལ། །གང་གིས་དགག་པར་མི་ནུས་པ། །དེ་ལས་འབྲས་བུ་ཕུན་སུམ་ཚོགས། །སྙིང་པོ་སྨིན་པ་བཞིན་དུ་འབྱུང་། །ཇི་ལྟར་རྒྱུ་ཚོགས་གཉིས་རྫོགས་པ་ལས་འབྲས་བུ་སྐུ་གཉིས་གྲུབ་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཇི་ལྟར་འཁོར་བ་ཟད་པ་ལས་ཐར་པ་འགྲུབ་པ་ཡང་ཆུ་ཤིང་གི་ནུས་པ་ཟད་ཁར་འབྲས་བུ་ཆགས་ལ་འབྲས་བུ་སྨིན་པ་ན་དེ་རྩ་བ་ནས་བསྐམས་པ་ལྟ་བུའོ། །སྙིང་པོའི་འབྲས་བུ་དེ། གང་དུ་ཐོགས་མེད་རྡོ་རྗེ་ཡིས། །སྙིང་པོ་ཟག་པ་མེད་པའི་དོན། །ཡང་དག་ཡེ་ཤེས་སྣང་བའོ། །བླ་མའི་དྲིན་ལས་ཐོབ་པར་འགྱུར། །འདིས་མཐར་ཐུག་ཡེ་ཤེས་གཅིག་ཀ་ཡིན་ལ། གདུལ་བྱ་སོ་སོ་ལ་ནི་དེ་ཀ་སྐུ་སོ་སོར་འགྱུར་ཏེ། ཤེལ་དྭངས་པོ་དར་གང་གི་ཁར་བྱུང་བའི་མདོག་ཏུ་འགྲོ་བ་བཞིན་ནོ། །དེ་ལྟར་འཁྲུགས་པ་སྡེབས་ནས་མངོན་པར་རྟོགས་པ་བསླང་བའི་ཚུལ་དེ་ཙམ་སྟེ། རྒྱས་པར་ཡི་གེ་མང་པས་འཇིགས་ཏེ་གཞན་གླེགས་བམ་བཀླགས་པ་ཉིད་ཀྱིས་གོ་བར་ཡང་ནུས་སོ་བསམ་མོ། །གཉིས་པ་ལེའུས་བཅད་པའི་གནད་ཀྱིས་ཆ་ཤས་སུ་གསིལ་བ་རྣམ་གྲངས་སུ་བསྟན་པ་ནི། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་ལྔ་བྱུང་བའི་གཉིས་པ་ནས་ཉེར་བཞིའི་བར་གྱིས་དངོས་སུ་བསྟན་པ་དོན་སོ་སོ་བར་བཤད་པ། རྒྱུད་འདི་ཡང་གྱི་ལྗང་དབུ་དཀར་གྱི་འགྱུར་རྒྱས་ཏེ། དེར་ཆོས་ཀྱི་གྲགས་པ་དང་ནག་པོ་སྤྱོད་པ་ལུང་བསྟན་པ་ཡོད་པ་དང་། ཁེ་གད་འགྱུར་དུ་མི་སྣང་ལ། ཁེ་གད་འགྱུར་དང་། དེ་གཉིས་ཀར་དཔེ་ལ་སྐྱོན་ཞུགས་པས་སྔགས་བཏུ་ཅུང་ཟད་མ་དག་ཅེས་བུ་སྟོན་གསུང་བ་མེད་པར་མཐོང་ལ། དེ་ཙམ་གྱིས་རྒྱུད་དེ་ལ་ལོག་པར་རྟོག་མི་འོས་ཏེ། ཁེ་གད་འགྱུར་ལ་གདོད་ཀྱིས་ཞུས་ཆེན་མཛད་པས་ཤིན་ཏུ་དག་པར་ཡང་སྣང་བའི་ཕྱིར་རོ། །དེ་ལྟ་བུ་མགོན་པོའི་རྩ་བའི་རྒྱུད་དུ་བཤད་དེ། དཔལ་ལྒ་ལོའི་སློབ་རྒྱུད་རྣམས་ཡོངས་གྲགས་ཀྱི་རྒྱུད་ཉི་ཤུ་རྩ་བཞིར་འཆད་པ་སོགས་མགོན་པོ་སྣ་ཚོགས་པའི་རྒྱུད་ཐམས་ཅད་འདིའི་བཤད་པའི་རྒྱུད་དུ་བཞག་ནུས་པའི་ཕྱིར་དང་། དཔལ་མགོན་པོ་ལ་སོགས་པའི་དྲེགས་པའི་རྒྱུད་མང་པོ་བློས་མ་འཆེལ་བ་ནི་མི་རིགས་ཏེ། རྒྱུད་སྡེའི་དབྱེ་བ་ན་འཇིག་རྟེན་པའི་ཚུལ་གཟུང་བའི་རྒྱུད་བསམ་གྱིས་མི་ཁྱབ་པ་བཤད་པའི་ཕྱིར་རོ། །སུས་བཤད་ཀྱང་ཐམས་ཅད་སངས་རྒྱས་ཀྱི་ལུང་དུ་འགྲུབ་སྟེ་དེའི་མཐུ་ལས་འོངས་པའི་ཕྱིར་རོ། །གསུམ་པ་ལེའུ་མཐའ་མས་གསང་བ་བསྡུ་བའི་ཚུལ་བཤད་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །གསང་བ་མངོན་པར་འབྱུང་བའི་གནས། །དྲང་སྲོང་ཐུབ་པ་ཡང་དག་བསྟན། །ངེས་པར་གསང་བ་འཛིན་གྱུར་པ། །གསང་བ་ཡོན་ཏན་འབྱུང་བའི་གཏེར། །ཡེ་ཤེས་མགོན་པོ་ཆེན་པོ་དང་། །ལས་ཀྱི་མགོན་པོ་དུ་མར་བཅས། །དཔལ་ལྡན་ལྷ་མོ་ནག་མོ་ནི། །འཁོར་བཅས་དཀྱིལ་འཁོར་བསྟན་པ་སྟེ། །དཀྱིལ་འཁོར་གྱི་དོན་བསྡུ། གདུག་པ་རྣམས་ནི་གཟུང་བའི་ཕྱིར། །ནས། རྫོགས་པའི་བར་གྱིས་ཆོ་ག་རྣམས་ཀྱི་དོན་བསྡུ། སྐལ་ལྡན་ལམ་འདི་འཛིན་པ་གང་། །ང་ཡིས་ལུང་བསྟན་གྱུར་པ་ཡིན། །རྒྱུད་ཀྱི་གསང་བ་འདི་འཛིན་པ་དག་རྒྱལ་བས་རྡོ་རྗེ་འཛིན་པའི་ནང་ན། སྐལ་བ་བཟང་པོའོ་ཞེས་ལུང་བསྟན་ནོ་ཞེས། རིག་པ་འཛིན་པ་པདྨ་དཀར་པོ་རྗེ་བཙུན་བླ་མ་དང་ཆོས་སྐྱོང་ཉིད་ཀྱིས་གསང་བ་འཆད་པར་བསྐོས་པ་ན། དཔལ་འབྲུག་པའི་ལེགས་པར་བཤད་པའི་གསང་མི་གཏོལ་བའི་མཐུ་མེད་ནས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་འདི། ཕྱོགས་རེའི་མིག་སྐྱོན་གྱིས་ལོག་པར་རྟོག་པ་དག་ལ་སྙིང་རྗེའི་བློ་ཁོ་ནས་ལུང་གཙོ་བོར་བཏོན་ཏེ་ཕོ་བྲང་ཡང་རྩེའི་སའི་ཆར་སྦྱར་བ་ཡིན་ནོ། །ལེགས་བཤད་ཉིན་འདིས་ཀུན་ཤེས་མིག་བྱེ་ཚེ། །ཕྱོགས་ལྷུང་འུག་པའི་ཚོགས་ལོང་ཡིབ་གྱུར་པ། །ཐུབ་བསྟན་འདབ་རྒྱས་ཤེས་ཏེ་ཀེ་ས་རའི། །གད་མོ་ཆེན་མོས་འདེབས་པ་ཀུན་ཏུ་ཁྱབ།། །།མངྒལཾ།། །།
དཔལ་ཡེ་ཤེས་ཀྱི་མགོན་པོ་བསྙེན་པའི་ཚེ་དགོས་པའི་གོང་གནོན།
དཔལ་ཡེ་ཤེས་ཀྱི་མགོན་པོ་བསྙེན་པའི་ཚེ་དགོས་པའི་གོང་གནོན་བཞུགས་སོ། །གང་གི་བསྙེན་བྱེད་ཤར་རིའི་ཕྲག་མཐོན་པོར། །འཁོར་ལོ་སྡོམ་པ་ཉི་མའི་གདུང་བྱེད་འཛིན། །དེ་ནས་མགོན་པོའི་པདྨོ་རྣམ་རྒོད་པས། །འཕྲིན་ལས་དྲི་བཟང་ཕྱོགས་ཀྱི་ཁོང་འདིར་རྒྱས།། དཔལ་ཡེ་ཤེས་ཀྱི་མགོན་པོའི་བསྙེན་དུས་དགོས་པའི་ཡི་གེ་ཉུང་དུ་ཞིག་དགོད་པར་བྱ་སྟེ། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བརྩམས་ཏེ་མགོན་མེད་བདག །བྱང་ཆུབ་སྙིང་པོ་མ་ཐོབ་བར། །འཁོར་བའི་འཇིགས་པ་ཆེན་པོ་ལས། །བདག་དང་འགྲོ་རྣམས་སྐྱབས་པའི་ཕྱིར། །རྐང་གཉིས་གཙོ་བོ་སྐུ་གསུམ་བདག །བཅོམ་ལྡན་འདས་ལ་སྐྱབས་སུ་མཆི། །འདོད་ཆགས་བྲལ་ཞིང་མྱ་ངན་འདས། །ཞི་བའི་ཆོས་ལ་སྐྱབས་སུ་མཆི། །ཚོགས་ཀྱི་མཆོག་གྱུར་ས་ལ་བཞུགས། །ཕྱིར་མི་ལྡོག་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་མཆོག་ལ་སྐྱབས་སུ་མཆི། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་རྣལ་འབྱོར་མ། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །གཉུག་མའི་སེམས་ལ་སྐྱབས་སུ་མཆི། །བདག་གི་ལུས་ངག་ཡིད་གསུམ་གྱིས། །སྔོན་ཆད་སྡིག་པ་ཅི་བགྱིས་པ། །མགོན་པོ་ཁྱོད་ཀྱི་སྤྱན་སྔར་བཤགས། །ཕྱིན་ཆད་སྡིག་ལས་ལྡོག་པར་བགྱི། །དེང་ནས་ཁྱོད་ཀྱི་འབངས་སུ་མཆི། །ཁྱོད་ཀྱི་བསླབ་བྱ་རྗེས་སུ་སློབ། །ཁྱོད་ཀྱི་བཀའ་ལས་མི་འདའ་བས། །ཀུན་ནས་ཡོངས་སུ་བསྐྱབ་ཏུ་གསོལ།། ཞེས་སྐྱབས་འགྲོ་ལན་གསུམ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད།། ཅེས་སེམས་བསྐྱེད་ལན་གསུམ། རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷར་གསལ་བའི་སྤྱི་བོར་སེང་གེས་བཏེག་པ་རིན་པོ་ཆེའི་ཁྲི། པདྨ་དང་། ཟླ་བ་དང་། ཉི་མ་དང་། དར་གྱིས་ཀླུབས་པའི་གདན་གྱི་སྟེང་དུ། བླ་མ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བཞུགས་པའི་སྤྱི་བོ་ནས་ཡར་བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་ཀྱི་ཚུལ་དུ་བཞུགས་ཤིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྲིན་གཏིབས་པའི་ཚུལ་དུ་བཞུགས་པར་གྱུར། བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་དང་། མཁའ་དང་མཉམ་པའི་འགྲོ་བ་མ་ལུས་ཀུན། །སྐྱེས་མཆོག་ཁྱེད་ཀྱི་འབངས་སུ་འབུལ་ལགས་ན། །ཐུགས་རྗེས་དགོངས་ཏེ་བཞེས་ནས་སྐྱབས་ཏུ་གསོལ། །སྟོན་པ་གསང་བདག་ཨིནྡྲ་བྷུ་ཏི་དང་། །ཀླུ་ཡི་རྣལ་འབྱོར་མ་དང་སཱ་ར་ཧ། །ཀླུ་སྒྲུབ་འཕགས་པ་ལྷ་དང་ཀླུའི་བྱང་ཆུབ། །དུས་ཞབས་ཆེ་ཆུང་རྡོ་རྗེ་གདན་པ་དང་། །ཨ་བྷ་ཡ་དང་ཙ་མི་དཔལ་ལྒ་ལོ། །ཚུལ་ཁྲིམས་འབྱུང་གནས་རྡོ་རྗེ་དབང་ཕྱུག་དང་། །ཕག་གྲུ་ཞང་དང་གླིང་རས་གཙང་པ་རྒྱ། །སེང་གེའི་མཚན་དགུ་བསམ་རྒྱལ་ཁ་ཆེ་དང་། །རིགས་གསུམ་རྣམ་འཕྲུལ་རྒྱལ་དབང་རྗེ་ཡབ་སྲས། །ཆོས་ཀྱི་གྲགས་པ་ཡོན་ཏན་ཡེ་ཤེས་ཞབས། །ཆོས་རྒྱལ་ལྷུན་གྲུབ་མཐུ་ཆེན་རྒྱལ་བའི་མཚན། །བདུད་འཇོམས་དཔའ་བོ་པདྨ་དཀར་པོ་དང་། །ངག་དབང་བཟང་དང་མི་ཕམ་ཆོས་ཀྱི་རྗེ། །དཔག་བསམ་དབང་པོ་ཀུན་དགའ་ལྷུན་གྲུབ་དང་། །ཆོས་ཀྱི་དབང་ཕྱུག་ཀུན་དགའ་བསྟན་འཛིན་རྗེ། །ཆོས་རྒྱལ་རྒྱ་མཚོ་ཁྱབ་བདག་མཐུ་སྟོབས་དབང་། །དགེ་ལེགས་རིན་ཆེན་སྒྲུབ་བརྒྱུད་ཤིང་རྟའི་སྡེ། །གཞན་ཡང་མགོན་པོའི་དབང་རྒྱུད་མན་ངག་གི །བླ་མ་ཀུན་ལ་སྙིང་ནས་གསོལ་བ་འདེབས། །བསྟན་སྲུང་མཐུ་དང་དངོས་གྲུབ་རྣམ་གཉིས་སྩོལ། །ཞེས་གསོལ་བ་བཏབ་པས་བླ་མ་རྣམས་འོད་དུ་ཞུ་རང་གི་སྤྱི་བོར་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་བདེ་བ་དེ་ཡང་རྒྱུན་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་གནས་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་ལ་གནས་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷཱོཧཾ། བདག་དང་དངོས་པོའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། རང་ཉིད་སྐད་ཅིག་གིས་དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཡས་བརྐྱང་བས་དུས་མཚན་དམར་མོའི་སྙིང་ག་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མཆེ་བ་ཅུང་ཟད་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། ནོར་བུ་དང་། སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། མི་མགོ་སྐམ་པོ་ལྔའི་དབུ་བརྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པའོ། །དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཅེར་བུ་སྐྲ་གྲོལ་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། ཁ་ཊྶཱཾ་ག་དང་ཐོད་པས་མཚན་པའི་ཕྱག་གཡོན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕྱར་བ། ཞབས་གཡས་ཡབ་ལ་འཁྱུད་ཅིང་གཡོན་ཡབ་དང་ལྷན་ཅིག་ཏུ་བརྐྱང་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར་པའི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་མི་བསྐྱོད་པའི་གཟུགས་ཅན་གྱིས་དབུ་བརྒྱན་ཅིང་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། འགྲོ་བ་མ་ལུས་པའི་དོན་བྱས། ཚུར་འདུས་ཧཱུྃ་ལ་ཐིམ། ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བར་གྱུར། ཅེས་ཆུ་ལས་ཆུ་སྦུར་ལྟ་བུར་སྟོང་པ་ཉིད་ལས་ས་བོན་མེད་པར་སྐད་ཅིག་གིས་ལྡང་བར་བྱའོ། །དེ་ལྟར་བསྒོམས་ནས་སླར་སྣོད་བཅུད་རྣམས་རང་གི་ལུས་ལ། ལུས་ཡས་མས་ནས་རིམ་གྱིས་སྙིང་གའི་ཧཱུྃ། དེ་ཡེ་ཤེས་ལྔའི་རང་བཞིན་ཡིན་ལ། དེ་ཡང་ཞབས་ཀྱུ་ཧ། ཟླ་ཚེས། ཐིག་ལེ། ནཱ་ད་མེ་ལོང་ལ་ཧས་བཏབ་པ་འདུ་བ་ལྟར་བསྒོམས་ནས་ཐམས་ཅད་སྟོང་པ་འོད་གསལ་ལ་མཉམ་པར་བཞག་ཅིང་། མི་གནས་ན་འོད་གསལ་དེ་ལས་ཆུ་ལས་ཉ་ལྡང་བ་ལྟ་བུར་སྔར་ཇི་ལྟ་བར་ལངས་ཏེ་སྙིང་གའི་ས་བོན་གྱི་མཐར། ཨོཾ་སྲཱིཿ ཧ་ཧ་ཧུྃ་ཧཱུྃ་ཕཊ྄། ཅེས་པས་བསྐོར་ཏེ་ངག་ཏུ་བཟླ་ལ། དེའི་ཚེ་སྔགས་བཅས་འོད་ཟེར་གྱི་རྩེ་ལ་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་སྐུ་བཞུགས་པ། འཇིག་རྟེན་གསུམ་ན་སྤྲོས། འགྲོ་བ་ཐམས་ཅད་ཀྱི་སྡིག་པ་སྦྱངས། དགེ་བ་ལ་བཀོད་པའི་མཐར་འཁོར་ལོ་སྡོམ་པའི་གོ་འཕང་གྲུབ་སྟེ་འོད་ཟེར་སླར་འདུས་པར་བསམ་མོ། །དེ་ནས། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུྃ་ཕཊ྄། ཨོཾ་གྲྀ་གྲྀ་ཧུཾ་ཧཱུྃ་ཕཊ྄། ཨོཾ་གྲྀ་པ་ཡ་གྲྀ་པ་ཡ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱཿན་ཡ་ཧོཿ བྷ་ག་ཝན་བཛྭ་ཧུཾ་ཧཱུྃ་ཕཊ྄། ཅེས་ལན་གསུམ། ཐུགས་ཀ་ནས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་སྤོས་ཆུ་ལ་ཐིམ་པས་ཁྲོ་བོ་རྣམས་ཆུའི་རྣམ་པར་གྱུར་པ་དེས་དངོས་པོ་གང་ལའང་གཏོར་ཞིང་རེག་པས་ཉེས་སྐྱོན་གྱི་དྲི་མ་དག་པར་བྱེད་པ་རྣམ་པར་མི་རྟོག་པའི་ཆུར་གྱུར། བསང་ཆུ་བྱིན་རླབས། ཧ་ཧོ་སྲཱིཿ ལྷན་སྐྱེས་དཀར་པོའི་ཐུགས་ཀར་ཧ་དཀར་པོ་དེ་ལས་འོད་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་བཀུག །ཧ་ལ་ཐིམ། ཧ་ལྷ་དང་བཅས་པ་འོད་དུ་ཞུ་ནས་ཁ་དོག་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཧ་ཧོ་སྲཱིཿ ལྷན་སྐྱེས་དམར་པོའི་ཐུགས་ཀར་ཧོ་དམར་པོ་དེ་ལས་འོད་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་བཀུག །ཧོ་ལ་ཐིམ། ཧོ་ལྷ་དང་བཅས་པ་འོད་དུ་ཞུ་ནས་དྲི་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཧ་ཧོ་སྲཱིཿལྷན་སྐྱེས་སྔོན་པོའི་ཐུགས་ཀར་སྲཱིཿ སྔོན་པོ་དེ་ལས་འོད་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་བཀུག །སྲཱིཿལ་ཐིམ། སྲཱིཿ ལྷ་དང་བཅས་པ་འོད་དུ་ཞུ་ནས་རོ་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། བདུད་རྩི་བྱིན་རླབས། ཕཊ྄། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོ་འདིའི་བྱིན་གྱིས་བརླབས་ཀྱིས་རྣལ་འབྱོར་པ་བདག་གི་ལྷག་པའི་བསམ་པ་རྣམ་པར་དག་པའི་མཐུ་ལ་བརྟེན་ནས་བདག་རྡོ་རྗེ་འཛིན་པ་འདི་ཞེས་བགྱི་བ་དཔོན་སློབ་ཡོན་མཆོད་རྣམས་ཀྱིས་བླ་མ་རྒྱལ་བ་སྲས་དང་བཅས་པ་མ་ལུས་པའི་མཐུ་སྟོབས་ཀྱི་སྤྱི་གཟུགས། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ལ་མཆོད་པ་འབུལ་ཞིང་འཕྲིན་ལས་གཉན་པོ་བཅོལ་བའི་དུས་འདིར། འབྱུང་པོ་མི་དང་མི་མ་ཡིན་པ་སྔགས་ཉན་པ་ལ་མི་མོས་ཤིང་ཕྱག་རྒྱ་བལྟ་བ་ལ་མི་དབང་བའི་བདུད་བགེགས་བར་དུ་གཅོད་པར་བྱེད་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཁྱེར་ལ་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་མ་འདའ་ཞིག །གལ་ཏེ་བཀའ་ལས་འདས་པ་ན། །རྡོ་རྗེ་མེ་ལྟར་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང་། །བརླག་པར་འགྱུར་བ་གདོན་མི་ཟ། །དེ་ཡི་ཉེན་ལ་མ་བསྡོ་བར། །མཆོད་སྦྱིན་གཏོར་མ་འདི་ཁྱེར་ལ། །མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུྃ་ཕཊ྄། ཨོཾ་གྲྀ་གྲྀ་ཧུཾ་ཧཱུྃ་ཕཊ྄། ཨོཾ་གྲྀ་པ་ཡ་གྲྀ་པ་ཡ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱཿན་ཡ་ཧོཿ བྷ་ག་ཝན་བཛྭ་ཧུཾ་ཧཱུྃ་ཕཊ྄། ཧཱུྃ། བདག་ཉིད་དཔལ་ཆེན་སྐུར་གྱུར་ཏེ། །དཔལ་འབར་ཁྲོས་པའི་ཐུགས་ཀ་ནས། །ཧཱུྃ་ལས་སྤྲོས་པའི་མེ་དཔུང་འབར། །ཁ་དོག་སྣ་ལྔ་ཆེར་འབར་བས། །སྟེང་ཡང་མེ་ཡི་བླ་བྲེ་ལ། །མེ་ཡི་ཐོག་དང་སེར་ཆེན་འབབ། །འོག་ཀྱང་མེ་ཡི་ས་གཞི་ལ། །མེ་ཡི་རྡོ་རྗེ་གཅལ་དུ་བཀྲམ། །ཕྱོགས་མཚམས་མེ་ཡིས་གཏམས་པ་ལ། །མེ་ཡི་འདུ་འཕྲོ་སྐར་ལྟར་འཁྲུག །མེ་ཕུང་འབར་བའི་ཚྭ་ཚྭ་རྣམ་པར་འཕྲོ། །འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར། །ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར། །གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། །ཡེ་ཤེས་ལྔ་ལྡན་ལོག་འདྲེན་འཇོམས་མཛད་པའི། །འབར་བ་མེ་ཡི་མཚམས་ལས་མ་འདའ་ཞིག། དེ་ནས་ཆུ་དང་བདུད་རྩི་དཀྱིལ་འཁོར་ལ་གཏོར་ཏེ་བསྙེན་པའི་ཡི་གེ་ལ་འཇུག་པར་བྱའོ། །པདྨ་དཀར་པོས་སོ།། །། ༄༅། །དཔལ་མགོན་པོའི་གསང་བའི་གསོལ་འདེབས་ནི། ཧོཿ དགོངས་སུ་གསོལ་ལོ། དཔལ་རྡོ་རྗེ་མགོན་པོ་འཇིགས་བྱེད་ཆེན་པོ་ཧེ་རུ་ཀ་དང་རང་བཞིན་ཆོས་ཉིད་དུ་གཅིག་པ། ངོ་བོ་ཡེ་ཤེས་སུ་མཚུངས་པ། མཚན་ཉིད་འཕྲིན་ལས་ཐོགས་མེད་དུ་མཉམ་པ། མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པའི་དཔའ་བོ། སྣང་སྲིད་ལྷ་འདྲེ་ཀུན་གྱི་ཡང་རྗེ། ཞིང་སྐྱོང་དྲག་པོ་ལས་གཉན་གྱི་དེད་དཔོན། མི་ཕམ་རྡོ་རྗེ་གཟི་བརྗིད་ཀྱི་རྒྱལ་པོ། རིག་འཛིན་གྱི་རྣལ་འབྱོར་བུ་བཞིན་དུ་སྐྱོང་བ། དམ་ཅན་སྒྲུབ་པ་པོའི་བསམ་གཏན་གྱི་དྲོད་ཉུལ་བ། ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་སྡུད་ལས་ཀྱི་རྩལ་མངའ་བ། དྲག་པོ་དགྲ་བགེགས་སྒྲོལ་བའི་ལས་ལ་མྱུར་བ། བསྟན་པ་བསྲུང་བ་ལ་རྩལ་འབྱིན་པ། མཐུ་དང་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་དྲག་རྩལ་ཅན་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་འཛིན་པས་མིང་འདི་ཞེས་བགྱི་བས་བཙུགས་པའི་ཕྱི་ནང་གསང་གསུམ་གྱི་རྟེན་འདི་ལ་བརྟན་པར་བཞུགས་ལ། རྣལ་འབྱོར་པ་བདག་བླ་ན་མེད་པའི་བྱང་ཆུབ། བདེ་བ་ཆེན་པོའི་ཞིང་ཁམས་བགྲོད་པའི་ལམ་གྱི་བར་ཆད་བདུད་བཞིའི་འཇིགས་པ་ལས་སྒྲོལ་བའི་སྐྱེལ་མ་མཛོད་ཅིག ཡང་དག་པའི་ལམ་ལ་འཁྲིད་པའི་ཏིང་ངེ་འཛིན་གྱི་བསུན་མ་དང་ཕྲད་པར་མཛོད་ཅིག དེ་ལྟར་བྱང་ཆུབ་མ་ཐོབ་བར་དུ་ཡང་ལུས་ངག་ཡིད་གསུམ་ལོག་པའི་ལམ་ལ་མི་འཇུག་ཅིང་། ཐར་པ་བྱང་ཆུབ་ཀྱི་ཕྱོགས་སུ་བློ་འགྲོ་བར་མཛད་དུ་གསོལ། འཇིག་རྟེན་འདིར་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་། བཀྲ་ཤིས་དང་བདེ་ལེགས་ཀྱིས་གནས་ནས། ཅི་བསམས་པ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ་ལོ། །མཆོག་ཐུན་མོང་གི་དངོས་གྲུབ་ཐོགས་པ་མེད་པར་ཐོབ་ནས། འགྲོ་བ་ཡོངས་ཀྱི་དཔལ་དང་མགོན་དུ་འགྱུར་བར་མཛད་དུ་གསོལ། དུས་དང་གནས་སྐབས་ཐམས་ཅད་དུ་འཕྲིན་ལས་ཀྱི་བྱ་བ་ལ་གསོལ་བ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པར་མཛད་དུ་གསོལ་ལོ།། དཔལ་ཆེན་པོ་ལྒ་ལོས་ནྱ་གྲོ་དྷའི་ཚལ་དུ་བསམ་གཏན་ལ་མཉམ་པར་བཞག་པའི་དུས་སུ། རྡོ་རྗེ་མགོན་པོ་ཞལ་གཟིགས་པའི་ཚེ་གསང་བའི་གསོལ་འདེབས་འདི་མཛད་པས་བྱིན་རླབས་ཁྱད་པར་འཕགས་པའོ། །ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་་ཝ་དཏ། ཏེ་ཥཉྩྨ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿ བཀྲ་ཤིས།། །།
སྐུ་གསུང་ཐུགས་སྙིང་པོའི་དངོས་གྲུབ་སྒྲུབ་པའི་ཆོ་ག་བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བ།
སྐུ་གསུང་ཐུགས་སྙིང་པོའི་དངོས་གྲུབ་སྒྲུབ་པའི་ཆོ་ག་བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བ་ཞེས་བྱ་བ་བཞུགས་སོ། །བླ་མ་དང་མགོན་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་མཐུ་སྟོབས་རྒྱ་མཚོ་སྙིང་རྗེའི་སྲུབ་ཤིང་གིས་བསྲུབས་ཚེ། །མགོན་པོའི་ཐིག་ལེར་ལེགས་པར་འཁྲུངས་པ་དམ་ཆོས་ཉིན་མོ་ལ་ཉིན་དང་། །སྲིད་གསུམ་མནན་པའི་དཔུང་པའི་ཁེངས་ལྡན་བདུད་མུན་ལ་བདུད་ཀྱི། །མཧཱ་ཀཱ་ལའི་སྣང་བའི་ནང་ན་ཆེ་ལས་ཡང་ཆེ་ལའོ། །རྩ་བའི་རྒྱུད་ལས་བསྟན་པའི་ཟིལ། །བཤད་པའི་ལུང་གིས་དངར་བྱས་པ། །གྲུབ་པའི་ངག་གིས་བརྒྱན་པའི་བཅུད། །པདྨ་དཀར་པོའི་ཁ་ལས་འཐོན། །དེ་ཕྱིར་ལྔ་བརྒྱ་ཐ་མའི་རྫིང་། །མགོན་པོའི་བསྟན་པའི་ཉིད་འོད་ལྷུང་། །དེ་མྱང་རྒྱལ་བས་ལུང་བསྟན་ལོ། །དེ་ནི་ཁོ་བོ་མིན་པ་སུ།། དེ་ཡང་སྐུ་གསུང་ཐུགས་རྡོ་རྗེ་སྙིང་པོ་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་ཅིང་བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་དཔའ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོའི་སྲུང་མ་ལས་ལ་བཀོལ་བའི་དུས་ལྔ་བརྒྱ་ཐ་མར། གནས་བསམ་གཏན་གང་བྱ་བ་དང་རྗེས་སུ་མཐུན་པར། གང་ཟག་བསྒྲལ་བར་བྱ་བ། སྙིང་རྗེས་དེ་སྒྲོལ་པར་འདོད་པའི་སྒྲུབ་པ་པོས་དཔལ་འཁོར་ལོ་སྡོམ་པ་ལེགས་པར་བསྙེན་ཅིང་། ལྟ་བ་གཏན་ལ་ཕེབས་པས་བདེན་འཛིན་གྱི་དབལ་བཅོམ་པ། ཐམས་ཅད་སྒྱུ་མ་ཙམ་དུ་ཤེས་པ་ཞིག་གིས། ཐབས་བླ་མ་མཉེས་པར་དབང་ཞུས། དམ་ཚིག་དང་ལྡན་པས་རྒྱུད་བྱིན་གྱིས་ལོབས། རྡོ་རྗེ་སློབ་དཔོན་གྱི་གནས་ཚུལ་བཞིན་དུ་ཐོབ་ནས། ཆོས་ཉིད་ཀྱི་རྩལ་སྒྱུ་མ་ཙམ་ཚངས་པའི་གནས་པར་ལངས་ཏེ། རིམ་པ་བཞིན་མངོན་དུ་བྱེད་པ་ནི། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་། འཕྲིན་ལས་ལ་སྦྱར་བ་གསུམ་ལས། དང་པོ་ལ། བསྙེན་པ། ཉེ་བར་བསྙེན་པ་གཉིས་ཀྱི་དང་པོ། ལྷག་པའི་ལྷར་སྦྱར་བགེགས་གཏོར་བསྐྲད། །མདུན་བསྐྱེད་བྱིན་རླབས་སྤྱན་འདྲེན་མཆོད། །བསྲེ་དབང་རྒྱས་བཏབ་ཕྱག་བྱིན་བརླབ། །མཆོད་བཞི་གཏོར་མ་བསྟོད་བཟླས་སླར། །མཆོད་བསྟོད་བསྡུ་བསྔོ་བཀྲ་ཤིས་སོ། །རྒྱས་འདོད་བསྟོད་རྗེས་ཚོགས་ལས་ཏེ། །བྱིན་བརླབ་སྤྱན་འདྲེན་མཆོད་བཤགས་བསྐང་། །གསེར་སྐྱེམས་གཟུ་དཔང་བྲུབ་སོགས་བསྐྱེད། །དགུག་བསྐུལ་སྡིག་བསྒོ་དབྱེ་དང་གསང་། །བརྡུང་བཏབ་ཚོགས་རོལ་ལྷག་མ་བསྔོ། །ཞེས་པའི་ཆོ་གས་རྟགས་དུས་གྲངས་རབ་འབྲིང་ཐ་མར་བྱས་ཏེ་བསྙེན་པར་བྱའོ། །ཉེ་བར་བསྙེན་པ་ནི། གཞན་འདྲ་བ་ལ། བདག་གི་ཐུགས་ཀ་ལས་རྒྱུའི་ཧཱུྃ་སྤྲོ་བ་དང་། ཞལ་མྱུར་བལྟའོ། །གཉིས་པ་སྒྲུབ་པ་ཆེན་པོ་ལ། །སྔོན་འགྲོ་དངོས་གཞི་རྣམ་པ་གཉིས། །དང་པོས་ཆོ་ག་སྟ་གོན་ཏེ། །དང་པོ་བརྟག་བསླང་སྦྱང་གཟུང་བ། །སྔ་མ་ས་དང་ལྟོ་འཕྱེའོ། །བར་བསྙེན་འདྲ་སྣང་སྦྱང་མི་སྣང་། །གསུམ་པ་བགེགས་སྦྱང་སྲི་མནན་སྦྱང་། །བཞི་པ་བདག་བསྐྱེད་གསོལ་བཏབ་ཁྲོ། །བཀའ་བསྒོ་སྟང་སྟབས་བསྲུང་མཆོད་དོ། །ཕྱོགས་གསར་པ་ཡིན་ན་སའི་ཕྱོགས་དང་ལྟོ་འཕྱེ་བརྟག་པར་བྱའོ། །ཡུལ་དེའི་བདག་པོ་ལ་གནང་བ་ཞུ་ཞིང་། དཀྱིལ་འཁོར་བཅའ་འདོད་པ་དེར་ཕྱིན་ནས་བསྙེན་དུས་བཞིན། བདག་ཉིད་ལྷར་གསལ་བགེགས་ལ་གཏོར་མ་བྱིན། མདུན་བསྐྱེད་ཀྱི་མགོན་པོ་འཁོར་བཅས་མཆོད་ནས། དབང་བསྐུར་རྒྱུའི་སློབ་མ་རྣམས་དེར་བོས་ནས་འོག་བཞིན་གསོལ་བ་བཏབ། བགེགས་སྡིག་པ་མི་ཤེས་པ་སྦྱང་བ་འོག་ནས་འབྱུང་བ་བཞིན་བྱས་བསྙེན་པའི་མཚན་མ་ཐོབ་ནས་མདུན་དུ་དྲིའི་ཐིག་ལེ་མེ་ཏོག་གི་ཚོམས་བུ་མཐའ་མཆོད་པས་བསྐོར་བ་བཤམས་ནས། མདུན་དུ་ལཾ་ལས་སའི་ལྷ་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ཁས་ལེན་པའི་ཕྱག་རྒྱ་དང་གཡོན་གསེར་གྱི་བུམ་པ་འཛིན་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལྟེ་བ་ཡན་ཆད་ས་སེ་བ་ནས་འཐོན་པར་བསམས་ལ། རང་གི་སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་ལྷ་མོ་སྤྱན་དྲངས་ཏེ། ཧཱུྃ། ལྷ་མོ་ཆེན་མོ་ས་འཛིན་འཇིག་རྟེན་ཡུམ། །རིན་ཆེན་སྣ་ཚོགས་ན་བཟའི་རྒྱན་གྱིས་བརྒྱན། །དོ་ཤལ་རྐང་གདུབ་རྒྱན་ལྡན་སེམས་མ་ཁྱོད། །མཆོད་པ་འདི་བཞེས་འདི་རུ་བྱིན་བརླབ་མཛོད། །ཨེ་ེ་ཧེ་པྲི་ཐི་ཝི་དེ་ཝི་ཨཱ་ཀརྵ་ཡ་ཛཿ ཞེས་བརྗོད་པས་ནམ་མཁར་བྱོན་པ་ལ་སུམྦྷ་ནི་སོགས་ཀྱིས་ཕྱི་འབྲང་གི་བགེགས་བསྐྲད། ཛཿཧཱུྃ་བཾཧོཿཨོཾ་རཏྣ་ཨ་བྷི་ཥིཉྩྨ་ཧཱུྃ། ཞེས་དབང་བསྐུར་བས་རིན་པོ་ཆེས་དབུ་བརྒྱན། ཨོཾ་པྲི་ཐི་ཝི་དེ་ཝཱི་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། པཱ་དྱཾ་སོགས་རྣམ་ལྔ་རོལ་མོ། ཨོཾ་ཨ་ཀཱ་རོས་གཏོར་མ་ཕུལ། ཁྱོད་ནི་ས་འཛིན་ལྷ་མོ་སྟེ། །སྐུ་ཕྱེད་འཐོན་པ་གསེར་ཀྱི་མདོག །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ས་འོག་གཙོ་མོ་ཁྱོད་ལ་བསྟོད། །ས་གནོན་གྱི་ཕྱག་རྒྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྦྱོང་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི།། ཞེས་དང་། ས་ལ་རྒྱུ་བའི་ལྷ་ཀུན་དང་། །གང་ཡང་ས་ལ་བརྟེན་པ་རྣམས། །སེམས་ཅན་རྣམས་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིས་གནང་བར་མཛོད། །ཅེས་གསོལ་བ་བཏབ་པས། །རྡོ་རྗེ་འཛིན་པ་ཁྱོད་ཀྱིས་སའི་ཕྱོགས་འདི་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་པར་བསམས་ལ་གོང་བཞིན་མཆོད། ཨོཾ་པྲི་ཐི་ཝི་དེ་ཝི་བཛྭ་མུཿ ཞེས་བརྗོད་པས་དེ་ཉིད་དུ་ཐིམ་པར་བསམ་མོ།། དེ་ནས་གཏོར་མ་གཉིས་པ། སྙིང་གའི་ཧཱུྃ་ཡིག་གི་འོད་ཟེར་གྱིས་བྱེ་བྲག་གི་སའི་བདག་པོ་འཁོར་བཅས་ཨཱ་ཀརྵ་ཡ་ཛཿ ཞེས་པས་བཀུག་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་རེ་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ནས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱོད་ཀྱིས་སྩལ་དུ་གསོལ། །ཞེས་བརྗོད་པས་ཅི་དགའ་བར་གྱིས་ཤིག་ཅེས་གནང་བ་བྱིན་ནས་བཛྭ་མུཿརང་གནས་སུ་གཤེགས་པར་བསམ། ཚོམས་བུ་དང་མཆོད་རྫས་བསྡུ། དེ་ནས་བདག་ཉིད་ཧེ་རུ་ཀ་རྡོ་རྗེ་ཧཱུྃ་མཛད་དུ་གྱུར་ནས། ལག་པ་གཡས་ལ་གཤིན་རྗེ་མཐར་བྱེད། གཡོན་ལ་ཤེས་རབ་མཐར་བྱེད། ཁ་ལ་པདྨ་མཐར་བྱེད། གསང་བར་བགེགས་མཐར་བྱེད། དཔུང་པ་གཡས་པར་མི་གཡོ་མགོན་པོ། གཡོན་པར་འདོད་པའི་རྒྱལ་པོ། པུས་མོ་གཡས་པར་དབྱུག་པ་སྔོན་པོ། གཡོན་པར་སྟོབས་པོ་ཆེ། སྤྱི་བོར་གཙུག་གཏོང་འཁོར་ལོས་སྒྱུར་བ། རྐང་པ་གཉིས་ལ་གནོད་མཛེས་རྒྱལ་པོ་བསྒོམ། སེང་ལྡེང་ལ་སོགས་པ་དྲག་པོའི་ཤིང་གི་ཕུར་བུ་ཆུར་སོར་བཅུ་གཉིས་པ། སྦོམས་སུ་སོར་བཞི་པ། ཙན་དན་དམར་པོས་བྱུགས་པ་ཁ་དོག་སྣ་ལྔའི་སྐུད་པ་དཀྲིས་ཏེ། མགོ་བོར་མེ་ཏོག་དང་ཡུངས་ཀར་བཅིངས་པ་རྣམས་བསངས་ནས། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུྃ། ཨོཾ་གྲྀ་་གྲྀ་་ཧུཾ་ཧཱུྃ། ཨོཾ་གྲྀ་པ་ཡ་གྲྀ་ུ་པ་ཡ་ཧུཾ་ཧཱུྃ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བི་དྱ་རཱ་ཛ་ཧུཾ་ཧཱུྃ་ཕཊ྄། ཅེས་གནོད་མཛེས་ལ་བཀའ་བསྒོས་པས་དེ་ལས་སྤྲུལ་པའི་གནོད་མཛེས་གཉིས་པ་འོངས་ཏེ། དེས་བགེགས་དང་ལོག་འདྲེན་རྣམས་ལྕགས་ཀྱུས་བཀུག ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས་དྲིལ་བུས་མཉེས་ཏེ་ཕྱོགས་བཅུར་གན་ཀྱལ་དུ་བསྒྱེལ་བའི་ཁར། ཁྲོ་བོ་བགེགས་མཐར་བྱེད་ཀྱིས་རང་འདྲ་བའི་སྤྲུལ་པ་ཁ་སང་བར་བཞག་ནས་རང་ཉིད་སྟོད་ཁྲོ་བོ་སྨད་རྩེ་མོ་གཅིག་པའི་རྡོ་རྗེ་ཕུར་བུའི་རྣམ་པར་སྣང་བ་བགེགས་རྣམས་ཀྱི་མགོ་བོར་གནས་པ་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཾ་ཕཊ྄་ཕཊ྄། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཱ་ན་ཕཊ྄་ཕཊ྄་ཧུཾ་ཧཱུྃ། བཛྭ་ཀཱི་ལ་ཡ། བཛྭ་དྷ་ར་ཡ་ཛྙྱཱ་པ་ཡ་ཏི། སརྦ་བི་གྷ་ནཾ་ཀཱ་ཡ་ཝཱ་ཀ་ཙིཏྟཾ་བཛྭ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་བཛྭ་མུདྒ་ར་བཛྭ་ཀཱི་ལ་ཡ། ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ། ཞེས་གནོད་མཛེས་ཀྱི་རྡོ་རྗེ་ལྕགས་ཀྱུ་དེ་ཐོ་བ་མེ་རབ་ཏུ་འབར་བར་གྱུར་པས་ཕུར་བུ་རྣམས་སྡིགས་པས་བགེགས་རྣམས་ཀྱི་སྤྱི་བོ་ནས་གསང་བའི་བར་ཕུག་སྟེ་གསེར་གྱི་ས་གཞི་ལ་བསྒྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོའི་རོར་གྱུར། དེ་རྣམས་ལས་ཡེ་ཤེས་མེ་ཁ་དོག་ལྔ་རབ་ཏུ་འབར་བས་གདུག་པ་ཅན་ཐམས་ཅད་བསྲེགས་པར་གྱུར་པར་བསམ། དངོས་སུ་ལས་ཀྱི་རྡོ་རྗེས་ཕུར་སྐོར་བྱེད་ཅིང་ཕྱོགས་བཅུར་ཕུར་པ་གདབ། སྟེང་འོག་ཏུ་འདེབས་མ་ཐུབ་ན་ནུབ་དང་ཤར་དུ། དེ་ནས་ཕུར་བུ་རྣམས་སྲུང་འཁོར་བཞིན་དུ་ཁྲོ་བཅུར་བསྒོམས་ཏེ་མཆོད་བསྟོད་བཟླས་པ་བྱའོ། །དེ་བཞིན་དུ་ཉིན་ཞག་སོ་སོར་ཕུར་བུ་རྣམས་མཆོད་པར་ཡང་བྱའོ། །དེ་ནས་དམ་སྲི་བསྒྲལ་བ། གདབ་ལས་འཕྲིན་ལས་བཞིན་ལ། སྡིག་བསྒོ་དང་ལྷ་དབྱེ་བཞག་ཚབ་ཏུ། ཧཱུྃ། དམ་སྲི་བྱ་བའི་སྡིག་ཅན་ཁྱོད། །དུག་གསུམ་ཉོན་མོངས་དབང་དུ་སོང་། །གསང་བའི་དཀྱིལ་འཁོར་གཉན་པོ་བཤིག །དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར། །ཕོ་ཉ་ལྕགས་ཀྱུས་མི་འགུགས་སུ། །ངན་སོང་གནས་ལ་འཁྱམ་ལ་དགའ། །རྒྱབ་རྟེན་དབང་དུ་མི་བསྡུ་རུ། །སྡིག་པའི་གྲོགས་པོས་གཏོང་མ་ཕོད། །ཕྱག་རྒྱ་དྲ་བས་མི་བཅིང་དུ། །ཁྱོད་ཀྱི་ལུས་སེམས་སྡོད་མི་ཉན། །ལིང་གའི་རྟེན་ལ་མི་བསྟིམ་དུ། །བག་ཆགས་ངན་པར་རྟེན་མ་བྱུང་། །རྣོན་པོ་རྩང་གིས་མི་བསྐོར་དུ། །དམ་སྲི་འཕུང་སྲི་འགྲོས་ལ་དགའ། །ཡེ་ཤེས་ཕུར་བས་མི་འདེབས་སུ། །ངན་སོང་གནས་སུ་གཞོལ་ལ་དགའ། །ཤེས་རབ་རལ་གྲིས་མི་གཏུབ་ཏུ། །གཏི་མུག་མུན་པར་འཁྱམས་པར་འགྱུར། ཐུན་རྫས་རྣམས་ཀྱིས་མི་བྲབ་ཏུ། །ལུས་སེམས་རྡུལ་དུ་འགྲོ་མ་ཉན། །དུག་ཆུ་ཁོལ་མས་མི་སྦྱང་དུ། །ཡེ་ནས་ཉོན་མོངས་དུག་གིས་གཟིར། །ཁྲོ་བོའི་ཞལ་དུ་མི་བཏབ་ཏུ། །གཟུགས་ཕུང་ཤ་ཁྲག་རུལ་པའི་རྒྱུ། །དེ་ནས་བཀའ་ལ་མི་གདགས་སུ། །ཕྱིན་ཆད་ངན་སྤྱོད་དགག་པར་བྱེད།། མཐར་བཏབ་ཅིང་ཁྱི་ཐོད་ལ་སོགས་པ་སྒོར་མནན་ནས་ལས་ཀྱི་གཤིན་རྗེ་ལ་གཏད་པ། ཧཱུྃ། འབྱུང་བ་རྟེན་བཞིའི་རྔམས་འོག་ནས། །ལས་ཀྱི་ཚེ་བདག་ནག་པོ་ནི། །ཡ་མཚན་ཆེན་པོ་རྨད་དུ་བྱུང་། །མུན་ནག་འཐིབས་པའི་ནང་དུ་བཞུགས། །གཡས་པའི་ལག་ན་རི་རབ་ཐོགས། །གཡོན་པའི་ལག་ན་རྒྱ་མཚོ་འཁྲུག །ཞབས་ཀྱིས་རླུང་གི་འཁོར་ལོ་མནན། །དམ་ཉམས་ལས་ཀྱི་དམ་སྲི་ལ། །མནན་པ་ལས་ཀྱི་དུས་ལ་བབ། །སྒོ་མེད་ལྕགས་ཁང་ནང་དུ་ཆུག །གཤིན་རྗེ་རྣམས་ཀྱི་ཟས་སུ་བྱིན། །འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན། །རྒྱ་མཚོ་ཆེན་པོའི་གཏིང་ལ་ཆུག །རི་རབ་ཆེན་པོའི་རྨང་དུ་གནོན། །ནམ་ཡང་གཏོང་བར་མ་བྱེད་ཅིག །དེ་ནས་མགོན་པོའི་བྲོ་བརྡུང་བ། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཁྲག་འཐུང་ཆེན་པོ་རིགས་ལྔའི་སྐུ། །ཡེ་ཤེས་མགོན་པོའི་རང་བཞིན་ཏེ། །མཧཱ་ཀཱ་ལས་ནམ་མཁའ་གང་། །འཇིགས་བྱེད་མ་མོ་སྤྲིན་ལྟར་གཏིབས། །ལྷ་སྲིན་སྡེ་བརྒྱད་ས་གཞི་ཁྱབ། །བགེགས་ཞེས་བྱ་བའི་མིང་ཡང་མེད། །ཚངས་པའི་དབྱངས་སུ་བྱས་ནས་སུ། །གླུ་ནི་བར་ཆད་མེད་པར་ལེན། །བདུད་དཔུང་ཐམས་ཅད་གཞོམ་པའི་ཕྱིར། །བྲོ་ནི་བར་ཆད་མེད་པར་བརྡུང་། །སྟོང་ཉིད་གདངས་སུ་ཆེམས་སེ་ཆེམས། །རྡོ་རྗེ་བྲོ་རྡུང་ཁྲིགས་སེ་ཁྲིགས།། ཕྱོགས་སར་པར་སའི་རོ་ལྔ་བསལ། །གཏེར་བཅུག ལས་དང་མཐུན་པའི་སས་བཀང་པ་ལའམ། གཞན་དུ་བ་བྱུང་གི་རྣམ་ལྔ་ཁོ་ནས་བྱུག ཨོཾ་བྷཱུཾ་ཁཾ་ཞེས་བརྗོད་དེ་ས་གཞི་ནམ་མཁར་བསམ། ཧཱུྃ་ལཾ་ཧཱུྃ་ཞེས་རྡོ་རྗེའི་ས་གཞིར་བསྐྱེད། ཨོཾ་མཾ་དི་ནཱི་བཛྭ་བྷ་ཝ་བཛྭ་བནྡྷ་ཧཱུྃ། ཞེས་པས་ས་གཞི་རྣམ་པར་དག་པ་དེ་བཞིན་ཉིད་དུ་མོས་པས་བྱིན་གྱིས་བརླབས་ལ་གནས་གང་ཡོལ་བ་བླ་རེས་བརྒྱན། དཀྱིལ་འཁོར་གྱི་དབུས་གང་འོང་སར་སློབ་དཔོན་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་འདུག་ལ། འཆད་འགྱུར་བཞིན་གྱི་བདག་བསྐྱེད་ཏིང་ངེ་འཛིན་གྱི་བར་དུ་བསྒོམ། དེ་ནས་ནམ་མཁའ་གང་བའི་སངས་རྒྱས་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་མཆོད་ཀྱིས་མཆོད་ནས་ཐལ་མོ་སྦྱར་བདུག་སྤོས་འཐུལ་ལྕེ་ཧཱུྃ་ལས་རྡོ་རྗེར་བསྐྱེད་དེ། ཡང་དག་ཡེ་ཤེས་སེམས་དཔའ་ཆེ། །འཁོར་བའི་གཡུལ་ལས་རྒྱལ་བྱེད་པ། །རྒྱལ་བ་མ་ལུས་བསྟན་སྐྱོང་གཙོ། །བདག་ལ་གནང་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་གནང་བ་བྱིན། །ཤར་ནས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། ལྷོ་ནས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤོངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། ནུབ་ནས། ཞི་བའི་མཆོག་ནི་ཆས་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། བྱང་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། ཞེས་གསོལ་བ་བཏབ། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་བདག་བསྐྱེད་བསྡུས་ནས་ཤར་ཕྱོགས་སུ་མཉམ་པའི་རྐང་སྟབས་ཀྱི་ཐལ་མོ་སྤྱི་བོར་སྦྱར་ནས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ཏེ་སེམས་བསྐྱེད་ནས། སེམས་ཅན་མ་རིག་པའི་མུན་པར་ལྷུང་ཞིང་བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ལ་བལྟས་ནས། དེ་རྣམས་ཀྱི་བདུད་གཞོམ་པའི་བསམ་པས་སྐད་ཅིག་གིས་རང་ཉིད་ཧཱུྃ་མཛད་མགོན་པོ་ཕྱག་གཉིས་པར་གསལ་བའི་མིག་གཡས་པར་མ་ལས་ཉི་མ་དང་། གཡོན་པར་ཊ་ལས་ཟླ་བ་དང་། མིག་འབྲས་ཧཱུྃ་ལས་བསྐལ་པའི་མེ་ལྟར་འབར་བར་བསམ་སྟེ་རྡོ་རྗེའི་ལྟ་སྟངས་ཀྱིས་ཕྱོགས་ཐམས་ཅད་དུ་བལྟས་ལ། ལས་ཀྱི་རྡོ་རྗེས་གཏོར་མ་ཏིང་ལོ་ཆང་བུས་བསྐོར་ཞིང་ཕྱིར་དོར། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས། །ང་ཡི་བཀའ་ལས་མ་འདའ་ཞིག །གལ་ཏེ་བཀའ་ལས་འདས་པ་ན། །རྡོ་རྗེ་མེ་ལྟར་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང་། །བརླག་པར་འགྱུར་བ་གདོན་མི་ཟ། །དེ་ཡི་ཉེན་ལ་མ་བསྡོ་བར། །མཆོད་སྦྱིན་གཏོར་མ་འདི་ལོང་ལས། །མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །སའི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སངས་རྒྱས་ཀྱི་བསྟན་པ་འཛིན་པ་དང་། སྐྱོང་བ་དང་། བསྲུང་བའི་ཕྱིར་དཔལ་ཡེ་ཤེས་ཀྱི་མགོན་པོའི་དཀྱིལ་འཁོར་གྱི་རྒྱལ་པོ་རྩོམ་གྱིས། གང་སུ་ཡང་རུང་བས་ཕྱོགས་འདི་ན་གནས་པའི་ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། འབྱུང་པོ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། རིག་པ་འཛིན་པ་ལ་སོགས་པ་རྒན་པོ་དང་། རྒན་མོ་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག འདི་ལྟར་རྡོ་རྗེ་འཛིན་པའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག གང་དག་མི་འགྲོ་བ་དེ་དག་ནི་ཕྱག་ན་རྡོ་རྗེ་རབ་ཏུ་འབར་བ་ཧཱུྃ་ཀ་ར་ཤིན་ཏུ་ཁྲོས་པ་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་ནས་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། ཞེས་ལན་གསུམ་དང་། སུམྦྷ་ནི་བརྗོད། དེའི་དུས་སུ་རྡོ་རྗེ་གསོར་བ་དང་དྲིལ་བུ་དཀྲོལ་བར་བྱ་ཞིང་ཁྲོ་བོ་དུ་མ་སྤྲོས་པས་བགེགས་བཅོམ་སྟེ། དཀྱིལ་འཁོར་གྱི་ས་གཞི་ཧཱུྃ་ལས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས། བསྐོར་བ་གཡས་བསྐོར་དུ་ལན་གསུམ་བྱ། རྒྱས་པར་འདོད་ན། གཞི་བཅའ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་རེག་ལ། དབུས་སུ་གཡས་བརྐྱང་དང་གཡོན་བརྐྱང་དང་མཉམ་པའི་སྟབས་དང་། དེ་བཞིན་དུ་གཞི་བཅའ་རལ་གྲིའི་ཕྱག་རྒྱས་རེག་ཅིང་ཤར་དུ་ཟླུམ་པོའི་སྟབས་དང་། གཞི་བཅའ་རིན་པོ་ཆེའི་ཕྱག་རྒྱས་རེག་ནས་ལྷོར་རོལ་པའི་སྟབས་དང་། གཞི་བཅའ་འཁོར་ལོའི་ཕྱག་རྒྱས་རེག་ནས་ནུབ་ཏུ་རྡོ་རྗེའི་གདན་ནམ་ས་གའི་སྟབས་དང་། གཞི་བཅའ་པདྨའི་ཕྱག་རྒྱས་རེག་ནས་བྱང་དུ་དཱཎྜྻ་པའི་སྟབས་ཏེ་གར་སྟབས་ཀྱིས་བཅག་ཅིང་བསྐོར་བར་བྱའོ། །དེ་ནས་ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄་ཅེས་བརྒྱ་རྩ་བརྒྱད་བཟླས་པའི་ཆུས་བདག་གནས་སློབ་མ་རྣམས་ལ་ཉེ་རེག་བྱས་ཏེ་བསྲུང་། ཕྱོགས་དེར་དྲི་ལ་སོགས་པས་མཆོད་དོ། །སྟ་གོན་བཞི་སྟེ་ས་དང་ལྷ། །བུམ་པ་སློབ་མ་ལྷག་གནས་སོ། །དཀྱིལ་འཁོར་གྱི་ཕྱོགས་ལ་ཁ་བལྟས་ཏེ་བདག་ལྷག་པའི་ལྷའི་རྣལ་འབྱོར་དང་ལྡན་པས། སའི་ལྷ་མོ་བསྐྱེད་པ་ནས་བསྟིམ་པའི་བར་ས་ཆོག་བཞིན། དེ་ནས་ལྷའི་གནས་མ་འཆོལ་བར། གཙོ་བོའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི། གཞན་རྣམས་ལ་ཟླུམ་པོ། །དེ་རྣམས་སུ་ལྷ་སོ་སོའི་སྔགས་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་དགོད། དེ་ནས་དམ་ཚིག་པ་བསྐྱེད་པ་ལ། དེའི་ཁར་རང་གི་ཐུགས་ཀ་ནས་འཕྲོས་པའི་ཧཱུྃ་མཐིང་ནག་འབར་བ་རེ་ཞེས་འདོན་པ་བསྒྱུར་བ་ཙམ་ལས་བཏབ་པའི་བར་བསྙེན་པ་ཇི་ལྟ་བ་དེ་ནས་པུས་མོ་བཙུགས་ཏེ་སྤོས་དང་རྡོ་རྗེ་དང་དྲིལ་བུ་འཛིན་པས། སློབ་མ་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པ། །ནང་པར་དཀྱིལ་འཁོར་འབྲི་བར་འཚལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་སྙན་གསན་དབབ་བོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་བསྒྲད་པའི་རྩེ་སྤྲད་ལ་ཁ་འོག་ཏུ་ཕྱོགས་པས་སྤྱི་བོར་བཞག ཧཱུྃ་བཛྭ་ཨུཏྟིཥྛ་ཞེས་བསྒོམས་པའི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་གོ། ཚོམས་བུ་བསྡུ། བུམ་པ་མཚན་ཉིད་དང་ལྡན་པ་དགུ་གུ་གུལ་གྱིས་བདུག བགེགས་བསྐྲད། མགུལ་ཆིངས་དང་མཚན་མ་བཀོད། འབྲས་བུ་ཅན་གྱི་ཤིང་གི་ཁ་བརྒྱན། བུམ་རྫས་དང་སྲོག་ཆགས་མེད་པའི་ཆུས་སུམ་གཉིས་དགང་། རྒྱལ་བ་བཀྲ་ཤིས་ཤར་དང་མེར། གྲུབ་པ་སྲུང་བ་ལྷོ་དང་བདེན་བྲལ། རྒྱལ་བ་ཞི་བ་ནུབ་དང་རླུང་། དངོས་གྲུབ་རྫུ་འཕྲུལ་བྱང་དང་དབང་ལྡན། རྣམ་རྒྱལ་དབུས། ལས་ཐམས་ཅད་པ་གཡོན་ཏེ་སྟེགས་གཙང་མའི་ཁར་བཞག རྣམ་པར་རྒྱལ་བའི་ཁར་རྣམ་རྒྱལ་ཆེན་པོ་ཐོད་པ་བདུད་རྩི་ལྔའི་ཆུས་གང་བ། སྟེང་དུ་མེ་ཏོག་གི་འཕྲེང་བ་བཏགས་པའི་རྡོ་རྗེ་བཞག དེ་ནས་ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས། བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཚང་བ་རྣམ་རྒྱལ་ཆེན་པོ་ནང་སྟོང་གསུམ་ཙམ་དུ་ཡངས་པར། བཾ་ལས་བདུད་རྩིའི་རྒྱ་མཚོ་དབུས་སུ་པཾ་ལས་པདྨའི་སྡོང་པོ་ལ། རང་གི་ཐུགས་ཀ་ནས་འཕྲོས་པའི་ཧཱུྃ་མཐིང་ནག་འབར་བ་རེ་ཞེས་པ་ནས་བཟླས་པའི་རབ་བསྙེན་པའི་བསྡུས་པ་ཇི་ལྟ་བ་བཞིན། རྩིབས་གླིང་གྲྭ་ཁྱམས་སོགས་མི་འདོན་པ་ཙམ་མོ། །ལྷ་བསྐྱེད་དུས་རྣམ་རྒྱལ་དུ་མཁའ་འགྲོ་དྲུག་ཡན། ལྷག་མ་རྣམས་ཕྱོགས་སོ་སོར་མཚན་མ་ཡང་དམ་ཚིག་པར་བསྐྱེད། རྣམ་རྒྱལ་ཆེན་པོར་དཀྱིལ་འཁོར་གྱི་ལྷ་ཡོངས་རྫོགས་དགུ་མེད་ན་རྣམ་རྒྱལ་དུ་ལྷ་ཐམས་ཅད་དང་། ལས་ཐམས་ཅད་པར་ལས་མགོན་ལྕམ་དྲལ་བསྐྱེད་དོ། །མེ་ཏོག་གི་འཕྲེང་བ་དང་ལྡན་པའི་རྡོ་རྗེ་གཟུང་བས་བུམ་པ་ལ་རེག་ལ། གཙོ་བོའི་སྙིང་པོ་བརྒྱ་རྩ་བརྒྱད་དང་། གཞན་རྣམས་ཀྱི་སྙིང་པོ་ཉི་ཤུ་རྩ་གཅིག་བཟླས་ཏེ་མེ་ཏོག་དོར་བས། ལྷ་རྣམས་ཆགས་པ་ཆེན་པོས་ཞུ་བས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པར་བསམ་མོ།། བུམ་པ་མཆོད། ཇི་ལྟར་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་པར་དེ་སྲིད་དུ་བགེགས་རྣམས་བསྲུང་པར་གྱིས་ཤིག་བརྗོད། དེ་དག་ལ་རེག་བསྟོད་དོ། །སློབ་མ་ལྷག་གནས་ཁྲུས་མཎྜྻལ། །སྙན་གསོལ་སྤྲོ་སྡོམ་རབ་གནས་བྱ། །སོ་ཤིང་ཁྱོར་ཆུ་བསྲུང་སྐུད་གདགས། །ཀུ་ཤ་གཏད་ཅིང་ཆོས་འཆད་པའོ། །སློབ་མ་རྣམས་ཁྲུས་བྱས་མཎྜྻལ་ཕུལ། ཐལ་མོ་སྦྱོར་གྲལ་འཁོད་པ་ལ།། གསང་སྔགས་དོན་གྲུབ་དོན་གཉེར་གང་། །བསོད་ནམས་འདོད་པ་དེ་ལས་གཞན། །འཇིག་རྟེན་ཕ་རོལ་ལ་གཞོལ་བ། །ཁ་ཅིག་དཀྱིལ་འཁོར་འདིར་འཇུག་བྱེད། །འཇིག་རྟེན་གཞན་དོན་འདོད་པ་ཡིས། །བློ་བཟང་དད་པ་ཆེར་བྱས་འཇུག །འཇིག་རྟེན་འདི་ཡི་འབྲས་སྤངས་ནས། །འཇིག་རྟེན་གཞན་དོན་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །འདི་ལས་འཇིག་རྟེན་གཞན་གྱི་མིན། །དེ་ཕྱིར་འཇིག་རྟེན་གཞན་དག་གི །དངོས་གྲུབ་དོན་དུ་ཡིད་བརྟན་གྱིས།། ཞེས་བརྗོད་པས། རྗེས་སུ་ཉན་པར་གདམས་ལ། རྡོ་རྗེ་འཛིན་པ་མ་ལུས་དང་། །རྒྱལ་བ་མགོན་པོ་ཀུན་གྱི་གནས། །དབང་ཕྱུག་དམ་པའི་དཀྱིལ་འཁོར་དུ། །སྟ་གོན་གནང་བར་མཛད་དུ་གསོལ།། གསོལ་བ་བཏབ། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །སྐྱོབ་པ་དཔའ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་བཅད་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག། ཞེས་སྤྲོ་བ་བསྐྱེད། དེ་ནས་འཆད་པར་འགྱུར་བ་བཞིན། ཐུན་མོང་སྤྱི་ཁྱད་པར་གྱི་སྡོམ་པ་གཟུང་ནས། སློབ་མ་དཔལ་ཡེ་ཤེས་ཀྱི་མགོན་པོར་བསྐྱེད་པའི་སྙིང་གར་ཧཱུྃ། མགྲིན་པར་ཨཱཿ དཔྲལ་བར་ཨོཾ་བསམ་ཞིང་དྲི་ཆུ་མེ་ཏོག་དང་བཅས་པའི་རྡོ་རྗེས་རེག །སླར་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་དེ་དག་ལ་ཐིམ་པར་བསམ་མོ།། ཉེར་མཆོད་ལྔས་མཆོད། དེ་ནས་སོ་ཤིང་བྱིན་ནས་མཎྜྻལ་ཚོམས་བུ་ལྔ་པ་ཅན་ལ་སློབ་མ་ཁ་ཤར་དུ་ཕྱོགས་པས་བཛྭ་ཧཱ་ས་ཧཿསོ་ལ་དྲུད་དེ་སྟེང་ནས་དོར་བས་དེའི་མགོ་བོ་གང་དུ་ཕྱོགས་པ་དང་མཐུན་པར་ལས་འགྲུབ་པར་བརྡ་སྤྲད། དེ་ནས། ཨོཾ་སྲཱིཿབི་ཤུདྡྷ་སརྦ་དྷརྨ་པཱ་པཱ་ནི་ཙཱ་ཀྵྼ་བི་ཤོ་དྷ་ཡ་སརྦ་བི་ཀ་ཝཱ་ན་ཨ་པ་ཡ་ནཱ་ཡ་ཧཱུྃ། དྲིའི་ཆུ་ཁྱོར་བར་བླུག་ཅིང་འཐུང་དུ་གཞུག ལྷག་མ་རྒྱབ་ཏུ་དོར། སློབ་མའི་ལུས་ཚད་དང་མཉམ་པའི་སྲད་བུ་སྔོ་དམར་གསུམ་བསྒྲིལ་མདུད་པ་གསུམ་ལྡན་ལ་རྩ་སྔགས་བཟླས་ཏེ་དཔུང་པ་གཡས་ལ་བཅིངས། ཨོཾ་བུདྡྷ་མཻ་ཏྲཱི་རཀྵ་རཀྵ་སརྦཱ་ན་སྭཱ་ཧཱ། ཞེས་བརྗོད། ཡི་གེ་ཧཱུྃ་ལས་སྐྱེས་པའི་ཀུ་ཤ་སྔས་དང་། དྷིཿལས་བྱུང་བའི་ཨོཾ་བཛྭ་ཏིཀྵཎྭ་བཾ་གྱིས་སྟན་དུ་བྱིན་ལ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། བློ་གྲོས་ཤིན་དུ་མི་གཡོ་ན། །དེ་དག་ཀུན་གྱི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པས། །དེ་ལྟར་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བར་འགྱུར་བ་ཡིན། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བ་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར།། ཞེས་ཆོས་བཤད། ཁྱེད་རྣམས་དཀྱིལ་འཁོར་གྱི་ཁང་པར་ཀུ་ཤའི་སྟན་དང་སྔས་ལ་སེང་གེའི་ཉལ་སྟབས་ཀྱིས་དུག་གསུམ་གྱི་སྤྲོས་པ་སྤངས་ཏེ་ཉོལ། བླ་མ་ཡིད་ལ་བྱེད་བཞིན་དུ་རྨི་ལམ་བསྒུག་པར་གྱིས་ལ་བཟང་ངན་གང་མཐོང་བ་སྨྲོས་ཤིག་ཅེས་ཉལ་དུ་གཞུག མཚན་མ་ངན་ན་སྤོགས་པའི་ཆོ་ག་བྱའོ། །སྒྲུབ་པ་ཆེན་པོའི་དངོས་གཞི་ལ། །ཐིག་ཚོན་བརླབ་གདབ་བྲི་དགྲམ་དང་། །རྟེན་འཛུག་བསྒྲུབ་དང་བདག་འཇུག་དང་། །གཞན་ལ་དབང་བསྐུར་དེ་ཉིད་དུ། །དངོས་གྲུབ་འཕྲིན་ལས་འདོད་སྦྱར་རོ། །གཞོན་ནུ་མས་བཀལ་བའི་སྲད་བུ་ཁ་དོག་ལྔ། སྦོམས་སུ་ནས་ཀྱི་ཆ་ཙམ་རིང་ཐུང་དཀྱིལ་འཁོར་བྱ་རྒྱུ་ཉིས་འདབ་ཡོད་པ། ལས་ཐམས་ཅད་པའི་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། ཐིག་ཚོན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར།སྟོང་པའི་ངང་ལས་ཧཱུྃ་ཁ་དོག་ལྔ་ལས་རིགས་ལྔའི་ཡེ་ཤེས་ཀྱི་མགོན་པོ་ཤེས་རབ་དང་བཅས་པ་ཐུགས་ཀར་པདྨ་ཟླ་ཉི་ཁ་སྦྱོར་གྱི་དབུས་སུ་རང་རང་གི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཨོཾ་བཛྭ་ཨརྒྷཾ་སོགས་ཆུ་གཉིས་ཉེར་མཆོད་དང་བཅས་པས་མཆོད། བདེ་གཤེགས་ཐུགས་རྗེའི་ཤློ་ཀས་བསྟོད། དེ་དག་ཞུ་བ་ལས་ཐིག་སྐུད་དུ་བསམ་སྟེ། སློབ་དཔོན་དང་ལས་ཀྱི་རྡོ་རྗེས། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏེཿ སརྦ་དྷརྨཿཔ་ར་སྤ་ར་ཨ་ནུ་པྲ་བིཥྚཿསརྦ་དྷརྨཿཨ་དྱནྟུ་ཨ་ནུ་པྲ་བིཥྚཿསརྦ་དྷརྨཿཨོཾ་ཨཱཿཧཱུྃ། སློབ་དཔོན་ཤར་དུ་ཕྱོགས་པའི་ཁུ་ཚུར་གཡོན་པས་གཟུང་། སློབ་མ་ནུབ་ཏུ་ཕྱོགས་པའི་ཁུ་ཚུར་གཡས་པས་གཟུང་སྟེ། སློབ་དཔོན་གྱི་རྡོ་རྗེ་དང་བཅས་པའི་གཡས་པའི་མཐེ་བོང་དང་གུང་མོས་སྐུད་པ་དང་བཅས་པའི་སེ་གོལ་རྡེབ་པ་དང་ལྷན་ཅིག་ནམ་མཁའ་ལ་གདབ། ཐིག་འདེབས་དུས། ཨོཾ་བཛྭ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་པས་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་བཀུག་སྟེ་ཐིམ་པར་བསམ། དེ་བཞིན་དུ། སློབ་དཔོན་ལྷོ་དང་བདེན་བྲལ་དུ་གནས་ནས། ཚངས་ཐིག་གཉིས་པ་ཟུར་ཐིག་རྣམས་གདབ། ནུབ་ཏུ་གནས་ནས་ལྷོ་བྱང་གི ལྷོར་གནས་ནས་ནུབ་དང་ཤར་གྱི་རྩ་ཐིག་རྣམས་གདབ་ཅིང་། དེ་ནས་ལས་ཐིག་གདབ། འདི་དང་གོང་མ་གཉིས་ཀ་ལ་སློབ་དཔོན་ནུབ་ཏུ་གནས་ནས་མེ་རླུང་གི་མཚམས་ནས་ཕར་མི་འདའ། སློབ་མ་ཤར་དང་བྱང་དུ་གནས་ནས་མེ་རླུང་གི་མཚམས་ནས་ཚུར་མི་འདའོ། །ཆ་དབྱེ་བ་ནི། ཚངས་གནས་མཉམ་གསུམ་ཕྱི་གཤགས་ཆ། །དེ་ནང་དབུས་བཞག་ཕྱི་ཕྱེད་ཕྱི། །ཕྱི་ཆས་ནང་མའི་མཉམ་པ་བྱེད། །སྒོ་ལ་མཉམ་གཅིག་ཕྱེད་དང་ཕྱེད། །ཕྱི་ཡང་གཉིས་བཞིར་སྟེང་དེ་འདྲའི། །མངའ་སྒོ་འཛོམ་སྟེང་གཅིག་དབུས་གཉིས། །བསྐོར་སྐུར་དབུས་བཞག་རྩ་གཉིས་རྩེ། །གཅིག་འཛོམ་ནས་དྲུག་སྟེང་གསུམ་བསྐོར། །ཐུགས་ཀྱི་རྩིག་ནང་ཕྲན་གཉིས་ཁྱམས། །གཅིག་གཉིས་གཅིག་གླིང་ནང་གཅིག་བསྐོར། །དེ་ནས་གྲུ་གསུམ་ནང་པད་ཕྱིར། །གཉིས་གསུམ་གཅིག་གཅིག་ཆ་བསྐོར་བ། །ཚོན་ཐིག་སྐུད་བཞིན་བྱིན་གྱིས་བརླབས་ནས། ལྟེ་བ་མཐིང་། འདབ་མ་ཕྱོགས་མདོག་དང་མཛེས་ཚོན། གྲུ་གསུམ་མཐིང་། ཟླ་གམ་དམར། མུ་ཁྱུད་སྔོ། གླིང་ནང་ལྗང་། མུ་ཁྱུད་སྔོ། ཕྱི་ཁྱམས་དཀར་དམར། རྩིག་པ་ཕྱི་ནས་དཀར་སྔོ་དམར་བ། སྣམ་བུ་དམར། ཕ་གུ་གསེར། མུན་པ་ནག་པོར་དྲ་ཕྱེད། བྱ་འདབ་སྔོ་ལ་ཤར་བུ་དཀར་བ། མདའ་ཡབ་དཀར་པོ། གསུང་གི་ཁྱམས་ཁྲག་མདོག རྩིག་པ་ཕྱི་ནས་དཀར་དམར་སྔོ་བ། སྐུའི་ཁྱམས་ལྗང་སེར། རྩིག་པ་དཀར་སེར་དམར་ལྗང་སྔོ་བ། ཁྱམས་རྣམས་ལ་མཚོའི་རྦ་རླབས་ཀྱི་རི་མོ། ཕྱི་ཁྱམས་ལྗང་། པད་འདབ་སྣ་ཚོགས། དུར་ཁྲོད་ནག་པོ། རྡོ་རྭ་སྔོན་པོ། མཚོན་ཆ་དམར། མེ་རི་སྣ་ལྔ། ལྷ་འབུར་དོད་དམ་བྲིས་པ། ཕྱག་མཚན་ནམ། ས་བོན་ནམ། མཐའ་ཚོན་སྤུངས་ཀྱི་གདན་དང་བཅས་པའི་མཚན་མ་བྱའོ། །དེ་ནས་ལྡ་ལྡི་མདའ་དར་ཕྱེ་ཕུར་གདུགས་རྒྱལ་མཚན་བ་དན་སོགས་དང་དགྲ་ཆ་རྒྱན་ཆ་ནོར་ཆ་སོགས་སྤྱན་གཟིགས་ཀྱིས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་བྱས། དཀྱིལ་འཁོར་གྱི་སྟེང་དུ་སྟེགས་བུའི་ཁར་བུམ་པ་སྔར་བཞིན་གྱིས་གཞོག་པའི་ཚེ།། ཧཱུྃ། བུམ་པ་བཀྲ་ཤིས་ཡང་དག་ལྡན། །རྡོ་རྗེ་མགོན་པོ་འཁོར་བཅས་པ། །རང་བཞིན་གནས་ནས་བཞེངས་ལ་འདིར། །བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ།། དེ་བཞིན་གཏོར་མ་བཀོད་ཚེ། ཧཱུྃ། ནུས་པ་ཐོགས་མེད་བ་ལིཾ་ཏ།། གཞན་འདྲ། སྐུ་བྲིས་པ། གསུང་སྔགས་བྱང་། ཐུགས་རྟེན་ཙིཏྟ་བླ་རྡོ་དང་བཅས་པ་བཀོད་ཚེ། ཧཱུྃ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན།། ཕྱག་མཚན་བཀོད་ཚེ།། ཧཱུྃ། འཕྲིན་ལས་སྣ་ཚོགས་བདག་ཉིད་ཅན།། ཀ་པཱ་ལ། ཧཱུྃ། ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ནི།། གཞན་རྟེན་དབང་རྫས་ཅི་དགོས་པ་ཐམས་ཅད། ཧཱུྃ། གསང་བ་སྔགས་ཀྱི་བརྡ་ཡི་ལྷ།། ཞེས་པས་བཀོད། ཤར་དུ་ཆུ་གཉིས་ཉེར་མཆོད་ལྔ། དཀར་སྐྱེམས་རྒྱ་ཇ། བྱང་སེམས་འབྱོངས་པའི་ཁྲག་འོ་མ་མཚོ། མཚན་གྱི་ཁུ་བ། བཟའ་བཅའ་བཏུང་བ་ལྡག་གཞིབ་མྱང་བའི་ཁ་ཟས་གཏོར་མ་ཟླུམ་པོ། ལྷོར་མཎྜྻལ་གླིང་བཞི་གླིང་ཕྲན་རི་རབ་རོལ་མཚོ་རི་བརྒྱད་དང་བཅས་པ། བཀྲ་ཤིས་རྫས་བརྒྱད། རིན་ཆེན་སྣ་བདུན། གཏེར་བུམ་མ་སྨོས་པའི་ལོ་ཏོག འདོད་འཇོའི་བ། རྒྱལ་མཚན་ཡོད་བཞིན་ནོར་བུ། དར་ཟབ། རིན་པོ་ཆེ། འབྲུ་སྣ། སྨན། ཆང་སེར་དང་བཅས་པའི་ཛ་གད་ཀྱི་གསེར་སྐྱེམས། ཞོ་འབྱུང་བ་རྩིའི་ཁྲག་གིས་དམར་བ། ཤིང་ཏོག་སོགས་འབྲུ་སྣ་ཚོགས་པའི་གཏོར་མ་ནོར་བུ་འབར་བའི་དབྱིབས་ཅན། ནུབ་ནས་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་བདའ་བ། རེག་བྱ་འཇམ་པ། རིག་པའི་ལྷ་མོ་བཅུ་དྲུག སྒེག་སོགས་བརྒྱད་སོགས་དང་། སྦྲང་ཆང་ལ་སོགས་པའི་མངར་སྐྱེམས། པདྨ་རཀྟ། དབང་དུ་བྱེད་པའི་ལ་དུ། མྱོས་བྱེད་ཀྱི་འབྲས་བུ་ལ་སོགས་པ་ལས་བྱས་པའི་གཏོར་མ་ཟླ་གམ་གྱི་དབྱིབས་ཅན། བྱང་དུ། དགྲ་བོའི་ཁྲག་གི་ཨརྒྷཾ། དུག་ཆུའི་ཞབས་བསིལ། མགོ་ལ་སོགས་པའི་མེ་ཏོག གསུར་ཆེན་གྱི་སྤོས། ཞུན་ཆེན་གྱི་མར་མེ། གླང་པོ་ཆེའི་འགིའུ་ཝང་ལ་སོགས་པའི་དྲི་ཆུ། སྙིང་ལ་སོགས་པའི་ཞལ་ཟས། རྐང་གླིང་ཐོད་རྔ་སོགས་ཀྱི་རོལ་མོ། །ཨ་མྲྀ་ཏ་སྒོག་སྐྱ་སྦྱར་བའི་གཡུ་སྐྱེམས། བསྒྲལ་བའི་རཀྟ། ཤ་ཁྲག་རུས་པ་འབྲུ་ནག་པོ་ལ་སོགས་པའི་གཏོར་མ་དབང་ཕྱུག་ཆེན་པོའི་སྙིང་ལྟ་བུ། གཞན་ཡང་མཆོད་པར་འོས་པ་ཐམས་ཅད་ཀྱིས་བསྐོར་ལ། ཕྱི་རྟེན་གཡག་རྟ་ལུག་ཁྱི་ནག་འཛུགས་སོ། །སྒྲུབ་ཚུལ་བདག་མདུན་བུམ་པ་གསུམ། །དང་པོ་ཚོགས་གཉིས་འབྱུང་བརྩེགས་གུར། །ཁྲོ་བོ་བསྐྱེད་ལ་མཆོད་བསྟོད་བཟླས། །གཞལ་ཡས་རྒྱུ་དུས་མངལ་འབྱིན་གླུ། །འབྲས་དུས་བྱིན་བརླབ་ཡེ་ཤེས་དགུག །མཆོད་གཞུག་དབང་དང་རྒྱས་བཏབ་དང་། །ཕྱག་མཆོད་བདུད་རྩི་མྱང་དང་བསྟོད། །འཛབ་དང་ཏིང་འཛིན་ཉེར་བསྡུའོ།། བདག་ཉིད་སྐད་ཅིག་གིས་ཡེ་ཤེས་མགོན་པོ་ཡབ་ཡུམ་དུ་གསལ་བའི་སྙིང་གར་ཨ་ལས་ཟླ་བ། དེའི་སྟེང་དུ་རཾ་ལས་ཉི་མ། དེ་དབུས་ཧཱུྃ་མཐིང་ནག་ཡེ་ཤེས་ལྔར་འབར་བའི་འོད་ཀྱི་ལྕགས་ཀྱུས་རང་བཞིན་གྱི་གནས་ནས། བླ་མ་ལྷག་པའི་ལྷ་སྟེང་དུ་བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྭ་ཨརྒྷཾ་སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་སྐྱབས་སེམས། བཛྭ་མུཿརང་ལ་བསྟིམ། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། སེམས་ཅད་ཐམས་ཅད་བདེ་བ་དེ་ཡང་རྒྱུན་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་གནས་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་བྱའོ།། ཞེས། སེམས་ཅད་ཐམས་ཅད་ཀྱི་ཆེད་དུ་དཔལ་ཧེ་རུ་ཀ་ཐོབ་པར་བྱའོ།། སྙམ་སྨོན་པའི་སེམས་བསྐྱེད་ནས། འཇུག་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱ་ཿསྭ་བྷཱ་ཝ་ཤུདྡྷོཉ་ཧཾ། གཟུང་བའི་ཆོས་ཐམས་ཅད་མི་དམིགས། ཨོཾ་བཛྭ་ཤུདྡྷཱཿསརྦ་དྷརྨཱ་ཿསྭ་བྷཱ་ཝ་ཤུདྡྷཱོ་ཧཾ། འཛིན་པའི་ཆོས་ཐམས་ཅད་མི་དམིགས། ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷ་རྨཱཿསྭ་བྷཱ་ཝ་ཤུདྡྷཱོ་ཧཾ། ཆོས་ཐམས་ཅད་གཟུང་འཛིན་དང་བྲལ་བ་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ཙམ་གྱི་ངོ་བོར་བལྟས་ལ། སྨོན་ལམ་གྱི་དབང་གིས་སེམས་དེ་ཉིད་གོང་ནས་གོང་དུ་གནས་པའི་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ། དེ་གསུམ་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས། འགྲོ་བའི་དོན་བྱས། སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ཞུ་ནས་དེ་གསུམ་ལ་ཐིམ། ཨོཾ་ཨཱཿལ་ཨཱཿཧཱུྃ་ལ། ཧཱུྃ་གི་ཨུ་ནི་ཧའི་ཁོག་པ་ལ། དེ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད་ལ་ཐིམ། དེ་ཉིད་ཇེ་ཕྲ་ཇེ་ཕྲར་གྱུར་པས་སྐྲའི་རྩེ་མོ་བརྒྱར་གཤགས་པ་ཙམ་དུ་གནས་པ་དེ་ལས། ཡཾ་རཾ་བཾ་ལཾ་བྷཱུཾ་པཾ་ཧ་རྣམས་སྟེང་ནས་སྟེང་དུ་འཆེད། ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་ནས། ལྔས་ཡོངས་སུ་བསྐོར་བའི་དབུས་སུ། བྷཱུཾ་ལས་གནམ་ལྕགས་འབར་བའི་འཁོར་ལོ་ཕྱོགས་མཚམས་བརྒྱད་སྟེང་འོག་དང་བཅས་པའི་རྩིབས་བཅུ་པ་དཔག་པའི་ཡུལ་ལས་འདས་པའི་ལྟེ་བར་ཉི་མ་ལ་བདུད་བཞི་བརྩེགས་པ་དང་། རྩིབས་རྣམས་ལ་ཉི་མ་དང་སོ་སོའི་ཕྱོགས་སྐྱོང་གི་གདན་ལ་ཧཱུྃ་ཡིག་འབར་བ་རེ་རེ། དེ་རྣམས་ཡོངས་སུ་གྱུར་པ་ལས། ལྟེ་བར་རྡོ་རྗེ་ཧཱུྃ་མཛད་སྔོན་པོ་དབུས་སྔོ་གཡོན་དཀར་གཡས་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་གྲི་གུག་རྩེ་གསུམ། གཡོན་གསུམ་ན་དྲིལ་བུ་ཐོད་པ་ཁ་ཊྶཱཾ་ག མི་བསྐྱོད་པས་དབུ་བརྒྱན་པ། ཤར་དུ་གཤིན་རྗེ་མཐར་བྱེད་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ་རྡོ་རྗེ་འཁོར་ལོ། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་དྲིལ་བུ་དགྲ་སྟ། རྣམ་སྣང་གིས་དབུ་བརྒྱན། མེར་མི་གཡོ་བ་མཐིང་ནག་མཐིང་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི་རྡོ་རྗེ་འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་དགྲ་སྟ་ཞགས་པ། རྣམ་སྣང་གིས་དབུ་བརྒྱན། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ་དབྱུག་པར་རལ་གྲི། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་དྲིལ་བུ་དགྲ་སྟ། རིན་འབྱུང་གིས་དབུ་བརྒྱན་པ། བདེན་བྲལ་དུ་འདོད་བའི་རྒྱལ་པོ་མཐིང་ནག་མཐིང་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་གཉིས་རྡོ་རྗེ་རལ་གྲི། གཡོན་གཉིས་ཞགས་པ་ལྕགས་ཀྱུ། རིན་འབྱུང་གིས་དབུ་བརྒྱན་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་པདྨ་རལ་གྲི་གཏུན་ཤིང་། གཡོན་པ་གསུམ་ན་དྲིལ་བུ་དགྲ་སྟ་ཞགས་པ། འོད་དཔག་མེད་པས་དབུ་བརྒྱན་པ། རླུང་དུ་དབྱུག་པ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ་དང་རལ་གྲི་འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་ཞགས་པ་དགྲ་སྟ། འོད་དཔག་མེད་པས་དབུ་བརྒྱན་པ། བྱང་དུ་བགེགས་མཐར་བྱེད་སྔོན་པོོ་སྔོ་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང་། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་དྲིལ་བུ་དགྲ་སྟ། དོན་གྲུབ་ཀྱིས་དབུ་བརྒྱན་ཅན། དབང་ལྡན་དུ་སྟོབས་པོ་ཆེ་ནག་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ་རལ་གྲི་འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་རྩེ་གསུམ། དགྲ་སྟ། དོན་གྲུབ་ཀྱིས་དབུ་བརྒྱན། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་གཙུག་ཏོར་སྤྱི་བོར་འཛིན་པ། ལྷག་མའི་གཡས་གཉིས་ཀྱིས་རྡོ་རྗེ་པདྨ། གཡོན་པ་གཉིས་ཀྱིས་སྡིགས་མཛུབ་རལ་གྲི། མི་བསྐྱོད་པས་དབུ་བརྒྱན་ཅན། འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ་འཁོར་ལོ་རིན་ཆེན། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་པདྨ་རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། དེ་ཐམས་ཅད་ཀྱང་ཤིན་ཏུ་ཁྲོས་པའི་ཞལ་གདངས་ཤིང་དྲག་པོའི་གད་རྒྱངས་ཅན། མཆེ་བ་གཙིགས་པ། སྤྱན་དམར་པོ་གསུམ་གཟིར་ཞིང་སྨ་ར་ཨག་ཚོམས་མེར་འབར་བ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། དཔའ་གྱི་ཆས་ཀྱིས་བརྒྱན་ཏེ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཕྱོགས་སྐྱོང་བརྫིས་ཏེ་མེའི་ཕུང་པོའི་ནང་དུ་ཁ་ཕྱིར་བསྟན་ཏེ་བཞུགས་པ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ། ཨོཾ་བཛྭ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧ྄ཱུྃ་སྭཱ་ཧཱ། སོགས་བརྒྱད་ཀྱིས་མཆོད། ཧཱུྃ། དྲག་ཤུལ་ཆེན་པོ་ལྷ་ཡི་ལྷ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿབཛྭ་ཀྲོ་དྷ་རཱ་ཛ་ཧཱུྃ་ཀ་ར། ཡ་མནྟ་ཀྲྀ་ཏ། ཨ་ཙ་ལ། པྲཛྙྱཱནྟ་ཀྲྀཏ། ཊཀྐི་རཱ་ཛ། པདྨནྟ་ཀྲྀ་ཏ། ནཱི་ལ་དཎྜྻ། བིགྷྣནྟ་ཀྲྀཏ། མཧཱ་བ་ལ། ཨུཥྞི་ཥ་ཙ་ཀྲ་ཝརྟི། སུམྦྷ་རཱ་ཛ། དེ་ཤི་རཀྵཾ་ཀུ་རུ་སྭཱཧཱ། ཞེས་ཁྲོ་བོ་རྣམས་བརྟན་པར་བྱ་བའི་ཕྱིར་ལན་བདུན་བཟླས། ཧཱུྃ་མཛད་ཀྱི་ལྟོ་བ་ཡངས་པ་དཔག་ཏུ་མེད་པའི་ནང་དུ། ཨོཾ་དཀར་པོ་རྣམ་པར་སྣང་མཛད་ཅེས་ནས། པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མའི་གདན་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལི་ལཱི། ཨེ་ཨཱཻ། ཨོ་ཨཱཽ། ཨཾ་ཨ། ལན་གཉིས་བརྗོད། དེ་གཅིག་གཡས་དང་། ཅིག་ཤོས་གཡོན་དུ་འཁོར་བས་མཚན་སོ་གཉིས་ཀྱི་ངོ་བོ་ལས་ཟླ་བའི་དཀྱིལ་འཁོར་དཀར་པོ་དབྱངས་དེ་དག་གིས་མཚན་པ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཐ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵཿཌཱ་དྷ། ད་དྷ། ཡ་ལ། ལན་གཉིས། དེ་གཅིག་གཡས་དང་། ཅིག་ཤོས་གཡོན་དུ་འཁོར་བས་དཔེ་བྱད་བརྒྱད་ཅུའི་ངོ་བོ་ལས་ཉི་མའི་དཀྱིལ་འཁོར་དམར་པོ་གསལ་བྱེད་དེ་དག་གིས་མཚན་པ། དེ་གཉིས་ཀྱི་དབུས་སུ་ནམ་མཁར་གནས་པའི་ནཱ་ད་ཞུགས། དེ་ལས་ཐིག་ལེ། དེ་ལས་མགོ་བོ། དེ་ལས་ཧའི་ཁོག་པ། དེ་ལས་རིང་པོ་དང་བཅས་པའི་ཞབས་ཀྱུ་མཆེད་པའི་ཧཱུྃ་མཐིང་ནག་དུ་རྫོགས་པ། དཔལ་ཧེ་རུ་ཀའི་ངོ་བོ་དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པ་ལས། འགྲོ་བ་ཐམས་ཅད་འཁོར་ལོ་གསུམ་གྱི་ལྷ་ཚོགས་སུ་བཀོད་ནས། ཕྱོགས་བཅུའི་ཐོགས་མ་མེད་པ་ནས་གྲུབ་པའི་དམ་ཅན་རྒྱ་མཚོ་ཐམས་ཅད་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་ཞུ་བ་དང་ལྷན་ཅིག་སླར་འདུས་པ་ཧཱུྃ་གི་ནཱ་ད་ལ་ཐིམ་པས་མཆོག་ཏུ་དགའ་བའི་རང་བཞིན་ཟླ་བ་གཉིས་ཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གྲི་གུག དེ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཞེས་པ་ནས། ཙན་འཁྱིལ་གྱིས་བཞུགས་པ། ཡབ་ཀྱི་གསང་གནས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། སྦྱོར་ཡུམ་གྱི་མཁའ་ཨཱ་ལས་པདྨ་འདབ་བརྒྱད་ཨཱཿམཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། སྙོམས་པར་ཞུགས་པའི་སྒྲས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་བསྟན་པ་བསྲུང་བའི་མགོན་པོ་ལྕམ་དྲལ། ཞིང་སྐྱོང་མ་མོ་མཁའ་འགྲོ་ལས་བྱེད་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ནཱ་དར་གྱུར་པ་བདག་གི་སྤྱི་བོར་ཞུགས། དབུ་མའི་ལམ་བརྒྱུད། རྡོ་རྗེའི་ཁར་འཐོན་ཡུམ་གྱི་པདྨར་ལྷུང་བ་སྐུ་གསུང་ཐུགས་ཀྱི་ལྷའི་ཚོགས་དང་གྲངས་མཉམ་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེའི་དབུས་རླུང་དང་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཨཱ་ལི་ཀཱ་ལི་ལས་ཟླ་བ་ཁ་སྦྱོར་གྱི་བར་དུ་ཞུགས། ཧཱུྃ་དེ་ལས་འོད་ཟེར་སྤྲོས་གདུག་པ་ཅན་ཐམས་ཅད་ཚར་བཅད་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་བསྡུས་ཏེ་དེ་ཉིད་ལ་ཐིམ། དེ་དག་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཞེས་ནས། ཐུགས་གསུང་སྐུའི་ལྷ་ཚོགས་ཐམས་ཅད་གསལ་བཏབ། དེ་ནས་གཙོ་བོ་ཡབ་ཡུམ་བཞི། ཡབ་ཀྱི་དབུ་མ་ནས་གྱེན་དུ་སོང་། སྙིང་ཀ་ནས་ཕྱིར་ཕྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གདུག་པ་མ་ལུས་པ་འདུལ་ཞིང་བསྟན་པ་རྒྱས་པར་མཛད་དེ། བདག་ཉིད་གཙོ་བོ་ཡབ་ཡུམ་དུ་གསལ་བ་ལ་ཐིམ་མ་ཐག་ཏུ་བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་འཇོམས་པ་ལ་ཤིན་ཏུ་དྲག་པོར་གྱུར། གཞན་རྣམས་མངལ་ནས་རིམ་པ་བཞིན་འཐོན་ནས་དཀྱིལ་འཁོར་ཆེན་པོར་རིམ་པ་ཇི་ལྟ་བས་བཞུགས་པར་གྱུར། དེ་ནས་གཙོ་བོ་ཡབ་ཡུམ་བལྟ་བ་དང་། རྒོད་པ་དང་། རྗེས་སུ་ཆགས་པའི་སྦྱོར་བས་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་བ་དངུལ་ཆུའི་རྣམ་པ་ལྟ་བུར་གྱུར་པ་ལྷ་མོ་བཞིས་གདུང་བས་ཚད་མེད་པ་བཞིའི་དབྱངས་གྱིས་བསྐུལ་བ། འདི་སྙམ་ནས་ནི་ཡང་དག་སྟོན་པ་པོ། །སྐྱེ་བའི་མུན་པ་བཅོམ་ནས་རིང་དུ་བཞུད། །ཡན་ལག་འབྱོར་པའི་དབང་ཕྱུག་འཛིན་པ་འདི། །ངེས་པར་འབྱུང་བ་བྱུང་བ་དེ་ཉིད་ལ། །རྟག་པར་བཞུགས་ཤིང་ཕ་རོལ་འགྲོ་མ་བྱེད། །ཀུན་ཏུ་ཡང་དག་བྱེད་པ་ཆེན་པོ་ཡི། །མི་སྣང་སྣང་བ་དེ་ཐོས་མཉམ་པར་སྟོན། །ད་ནི་སྟོན་པ་རྒྱུན་ཆད་མ་བཞུགས་ཤིག །ཆེན་པོ་དེ་ལྟར་སྟོན་པ་སྡིག་མེད་མདོག །སྒྱུ་མ་གཞན་གྱིས་སྨོན་ཞེས་སྐྱེ་མེད་བཞེངས། །ཞེས་བསྐུལ་བས་ཐུགས་རྗེ་ཆེན་པོས་ཆུ་ལས་ཉ་ལྡང་བ་ལྟ་བུར་སྐད་ཅིག་གིས་གཙོ་བོ་གསང་བའི་ཡུམ་ཆེན་གསུམ་དང་བཅས་པ་སྔར་བཞིན་བཞེངས་པར་གྱུར། དེ་རྣམས་ཀྱི་སྤྱི་བོར་ཨོཾ་ཞེས་པ་ནས། འཛབ་ཀྱི་བཟླས་པའི་བར་བསྙེན་པའི་ཡི་གེ་ཇི་བཞིན། བཟླས་པ་ཚར་ནས། དཔལ་ཡེ་ཤེས་ཀྱི་མགོན་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་སྣང་བ་ལས་མི་གཡོ་བའི་སེམས་རྩེ་གཅིག་པ་བསྒྲུབ། བདག་བསྐྱེད་རྐྱང་པ་བྱེད་ན་བཛྭ་མུཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱས་ཡུམ་དང་བཅས་པའི་རྟེན་བརྟེན་པར་བཅས་པ་ཐམས་ཅད་བདག་གི་སྙིང་ཀར་བསྡུས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ས་ལ་འགོད་པར་ཤོག། ཅེས་དགེ་བའི་རྩ་བ་བསྔོས་ཏེ་མགོན་པོའི་ང་རྒྱལ་གྱིས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག མདུན་བསྐྱེད་དང་འབྲེལ་ན་མི་བསྡུ་བར། མདུན་བསྐྱེད་དམ་ཚིག་བསྐྱེད་པ་ལ། །ཡེ་ཤེས་སེམས་དཔའ་གསུམ་བརྩེགས་བསྲེ། །དབང་བསྐུར་བ་ནས་བཟླས་པའི་བར། །བསྙེན་པ་བཞིན་དུ་བྱ་བ་ཡིན། །མདུན་གྱི་དཀྱིལ་འཁོར་རྟེན་རྫས་དབང་རྫས་ཐམས་ཅད་བསང་གཏོར་བྱས། ཨོཾ་ཤཱུ་ནྱ་ཏ་ཞེས་ནས། སྲིད་པ་གསུམ་ཟ་བར་ཆས་པ་ཞེས་པའི་བར་ཏེ་སྒྲུབ་པ་ཇི་ལྟ་བ་ལ། བདག་བསྐྱེད་ཀྱི་ཡབ་ཀྱི་གསང་གནས་ཞེས་ནས། ཐུགས་གསུང་སྐུའི་དཀྱིལ་འཁོར་གྱི་འཁོར་ལོ་ཆེན་པོར་གྱུར་པ་ཡུམ་པདྨ་ནས་ཕྱིར་འཐོན་པ་དང་། ནམ་མཁར་བཏེག་པའི་དཀྱིལ་འཁོར་གྱི་འཁོར་ལོར་བཅས་པ་མདུན་དུ་བསྐྱེད་པའི་དམ་ཚིག་གི་འཁོར་ལོ་ལ་ཇི་ལྟ་བ་བཞིན་དུ་ཐིམ། དེ་རྣམས་ཀྱི་སྤྱི་བོར་ཨོཾ་ནས་བཟླས་པའི་བར་བསྙེན་པ་ལ་འཕྲིན་ལས་རྒྱས་པ་བསྣན་པ་བཞིན་བྱས། དེ་ནས་སྔར་བཞིན་དུ་བུམ་བསྐྱེད་བྱས། སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་གྱི་གཙོ་བོས་དང་། སློབ་མའི་རྣམས་རང་གིར་ཤེས་པས་འོག་ནས་འབྱུང་བ་བཞིན་གྱི་བདག་འཇུག་བླང་། སློབ་མ་ལ་དབང་བསྐུར་ན། བདེན་པ་གང་གི་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་ཁྱོད། །བདག་གི་འདོད་པ་ཡོངས་རྫོགས་མཛོད།། ཅེས་པ་བརྗོད། དབང་ལ་སྔོན་འགྲོ་འཇུག་པ་དང་། དངོས་གཞི་དབང་བསྐུར་རྗེས་ཡོན་འབུལ། །འཇུག་པ་ཕྱི་ནང་གསང་བའི་དང་། །ཁྲུས་དང་མཎྜྻལ་གསོལ་བཏབ་སྡོམ། །བཅིང་བསྐོན་གཙུག་ཏོར་མེ་ཏོག་འཛིན། །དྲི་ལན་སེམས་བསྐྱེད་གཉིས་པ་འཁྲིད། །བསྐོར་དང་ཕྱག་བྱ་གསུམ་པ་ལ། །དམ་བཞག་བཞི་དང་གསོལ་དབབ་དང་། །སྤོགས་གཤེགས་དྲི་གོ་བསང་བརླབ་དོར། །བརྡ་སྤྲད་བཅིང་དཀྲོལ་དཀྱིལ་འཁོར་བསྟན། །ལྷག་གནས་ཀྱི་དུས་ཀྱི་སློབ་མ་རྣམས་ཡོལ་བའི་ཕྱིར་ཁྲུས་བྱས་མཎྜྻལ་ཕུལ་ཏེ་གསོལ་བ་འདེབས་པ། མགོན་པོ་ཁྱོད་ལ་གང་གསོལ་བ། །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །དཀྱིལ་འཁོར་ཆེན་པོ་དམ་པ་ཡི། །གོ་ཆའི་མཆོག་ནི་བཤད་དུ་གསོལ།། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ཐུན་མོང་དང་། རྣམ་རྟོག་ཡེ་ཤེས་ལྔར་གྱུར་པས། །རྟག་ཏུ་བརྟེན་ཅིང་སྤྱད་པར་བྱ། །རྒྱལ་བ་རིགས་ལྔའི་བརཏལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་།། ཞེས་སྤྱི་དང་། ཡང་དག་བླ་མ་བསྟེན་པར་བྱ། །འདིར་ནི་བྱང་ཆུབ་སེམས་ཀྱི་ནི། །བསྙེན་པ་ཉེ་བར་བསྙེན་པ་དང་། །སྒྲུབ་པ་སྒྲུབ་པ་ཆེན་པོ་ཡི། །ཁྱད་པར་རིམ་པ་རྟགས་དང་དུས། །ལས་ལ་སྦྱོར་བ་ཤེས་པར་བྱ།། ཞེས་བྱེ་བྲག་གི་སྡོམ་པ་འཛིན་པ་ལན་གསུམ་གྱིས་ཁས་བླངས་ལ། ཨོཾ་སུམྦྷ་ནི་སོགས་བཟླས་པའི་དར་དམར་པོས་གདོང་བཅིང་། ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄་བཟླས་པའི་སྟོད་གཡོགས་སྨད་གཡོགས་བསྐོན། ཨོཾ་བཛྭ་ཨུཥྞི་ཥ་ཧཱུྃ་ཕཊ་བཟླས་པའི་གཙུག་ཏོར་བྱས། ཨཱཿཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གི་འཕྲེང་བ་འཛིན་དུ་བཅུག འཇུག་ཡོན་ཕུལ་ཏེ་དཀྱིལ་འཁོར་དུ་གཞུག་པའི་ཕྱིར། ཀྱེ་དགའ་བ་ལ་དགའ་བ་ཁྱོད་སུ་ཡིན། ཞེས་དྲི། བདེ་ཆེན་བདག་ནི་སྐལ་བཟང་ལགས།། ཞེས་ལན་བརྗོད། དེ་ནས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི། བྱང་ཆུབ་ཀྱི་སེམས་བསྐྱེད་དུ་བཅུག མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་ཀར་རེག་སྟེ། ཨོཾ་སུ་ར་སྟེ་ས་མ་ཡ་སྟཾ་ཧོཿསི་དྷྱ་བཛྭ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ཅིང་རྡོ་རྗེ་ལ་འཛིན་དུ་བཅུག ཨཱཿཁཾ་བཱི་ར་ཧཱུྃ་གིས་ཡོལ་བའི་ནང་དུ་མཚན་མ་མཐོང་བའི་ལས་ཀྱི་རྡོ་རྗེས་འཁྲིད། བླ་མ་རྡོ་རྗེ་འཛིན་པ་དང་། །ཧེ་རུ་ཀ་དཔལ་རྣལ་འབྱོར་མ། །རྡོ་རྗེ་ནག་པོ་ཆེན་པོ་ཡི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལྷ། །མ་ལུས་བདག་ལ་དགོངས་སུ་གསོལ།། ཞེས་ལན་གསུམ་གྱིས་དཀྱིལ་འཁོར་ལ་གཡས་སུ་བསྐོར་བ་བྱས་ནས། དཔལ་ལྡན་བདེ་མཆོག་འཁོར་ལོ་དང་། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །དཔའ་བོ་དང་ནི་མཁའ་འགྲོ་མ། །ཡེ་ཤེས་མགོན་པོ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ལ། །གུས་པ་མཆོག་གིས་ཕྱག་འཚལ་ཞིང་། །སྐྱབས་སུ་ངེས་པར་མཆི་ལགས་ཀྱིས། །བདག་ལ་བཀའ་དྲིན་བསྐྱབ་ཏུ་གསོལ།། ཤར་ནས་སྒོ་བཞིར་རིམ་པ་བཞིན་ཞུགས་ནས་པདྨའི་ལག་བསྐོར་སྔོན་དུ་འགྲོ་བས་མེ་ཏོག་འཐོར་ཞིང་ཕྱག་བྱའོ།། ན་མཿཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ། དེང་ཁྱོད་དཀྱིལ་འཁོར་ཆེན་པོའི་ནང་དུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་མ་ཧཱ་ཀཱ་ལའི་ཡེ་ཤེས་བསྐྱེད་པར་བྱ་སྟེ་ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ཅི་སྨོས། དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་ཕན་ཡོན། རྡོ་རྗེ་སྙིང་ཀར་གཏུག མ་ཧཱ་ཀཱ་ལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། ཉེས་དམིགས་ཀྱི། མནའ་ཆུ་བླུད། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ།། ཅེས་ཕན་ཡོན་ཉེས་དམིགས་གཉིས་ཀས། དེ་ནས་རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་མ་ཧཱ་ཀཱ་ལ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙེས་པར་ཡང་མ་བྱེད་ཅིག ཁྱོད་མི་བདེ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་སློབ་དཔོན་བཀའ་གཉན་པོའི་སྒོ་ནས་དམ་ལ་བཞག བདག་གི་ལུས་ངག་ཡིད་གསུམ་ལ་དཔལ་ཧེ་རུ་ཀ་ཡེ་ཤེས་ཀྱི་མགོན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ་གྱིས་གསོལ་བ་བཏབ། སྤུ་པགས་ཤ་རུས་རྐང་ཏེ་རོའི་ཡན་ལག་ལྔ་རིགས་ལྔའི་ས་བོན་གྱིས་བྱིན་གྱིས་བརླབ་པ་དང་། མར་ཁུ་ཆེན་པོ་དང་། གུ་གུལ་ཆེན་པོ་སྟེ་སྨན་སྣ་བདུན་དང་། ཆང་ལ་གུ་གུལ་ནག་པོ་སྦྱར་བའི་རིལ་བུ་ཡུམ་གྱི་སྔགས་བཟླས་པའི་དུད་པར་བདུག རོལ་མོ་དྲག་པོ་བྱ། རྒྱས་པར་འདོད་ན་འཛབ་བྲོའི་གསོལ་བ་འདེབས་སོ་བྱིན་ཆེན་དབབ་ཏུ་གསོལ་གདགས་པ་བྱ། ལུས་རྣམ་སྣང་གི་ཆོས་བདུན། ངག་རླུང་བུམ་པ་ཅན་འཆིང་། ཡིད་ཤིན་ཏུ་འདོད་ཐག་ཉེ་ཞིང་མ་ཡེངས་པས་དག་པའི་སྔགས་བརྗོད། སློབ་མ་རྣམས་སྐད་ཅིག་གིས་མགོན་པོ་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་ཅན་མེ་དཔུང་འབར་བའི་ནང་ཉི་ཟླའི་སྟེང་ན་གར་མཛད་པ། བླ་མ་མགོན་པོ་ཡབ་ཡུམ་དུ་བཞུགས་པ་དང་། དཀྱིལ་འཁོར་གྱི་དབུས་ནས་མགོན་པོ་ཕྱག་བཞི་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་བཞིན་གྱི་གནས་དང་གྲུབ་པའི་གནས་ནས་ཐུགས་གསུང་སྐུའི་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པ་ནམ་མཁའ་ལས་སྤྲིན་ཆད་པའམ་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་བྱུང་ནས་སོ་སོའི་ལུས་ལ་ཐིམ་པར་བསམས་ཏེ། ཨོཾ་བཛྭ་མཧཱ་ཀཱ་ལ་ཨཱ་བེ་ཤ་ཡ་ཨ་ཨ། དེས་མ་ཕེབས་ན་སོ་སོའི་ལུས་ཀྱི་ལྟེ་བར་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་གར་མཛད་ཅིང་། བླ་མ་དང་གཙོ་བོའི་འོད་ཟེར་གྱིས་གནས་གསུམ་གྱི་ཌཱ་ཀི་ཐམས་ཅད་བཀུག་སྟེ། བ་སྤུའི་ཁུང་ནས་ཞུགས། ལུས་ངག་ཡིད་གསུམ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་མོས་ཏེ། ཨོཾ་མཧཱ་ཀཱ་ལ་ཡ། ཝ་པ་ཤ་ཡ། ཌཱ་ཀི་ནི་ཀཱ་ཡ་ཝ་ཀ་ཙིཏྟ་བཛྭཱ་ནཱཾ་ཨཱ་བེ་ཤ་ཡ་ཨ་ཨ། མ་ཕེབས་ན་ལན་གསུམ་དུ་བསྐྱར། དེས་ཀྱང་མ་ཕེབས་ན་རེ་ཞིག་སྡིག་པ་སྦྱོང་དུ་བཅུག དེ་རེས་ལ་དབང་བསྐུར་དུ་མི་བཏུབ་བོ། །བབས་པའི་རྟགས་བྱུང་ན་ཏིཥྛ་བཛྭ་ཞེས་རྡོ་རྗེ་རྒྱ་གྲམ་དུ་བཀོད་པས་བརྟན་པར་བྱ། རྣམ་འགྱུར་མ་ཞི་ན་ཨོཾ་ཏིཥྛ་ས་མ་ས་པ་རི་བ་ལི་ཏེ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་སྭཱཧཱ། རྡོ་རྗེ་མགོ་བོར་བཞག་གཤེགས་སུ་གསོལ་ལོ།། དཀྱིལ་འཁོར་བལྟར་བཅུག་ལ་མིག་སྔར་ཅི་སྣང་ཞེས་དྲི་ཁ་དོག་གི་དབྱེ་བས་ལས་སོ་སོ་གྲུབ་པ་གོ་བར་བྱའོ།། དྲིས་སློབ་མ་བསངས་ནས། འཛབ་བྲོ་དང་བཅས་པས། དཀྱིལ་འཁོར་ལ་ལན་གསུམ་བསྐོར། སྔར་བཟུང་བའི་མེ་ཏོག་གི་འཕྲེང་བ་ཨོཾ་ཨཱཿཧཱུྃ་ལན་བདུན་གྱིས་བསྔགས་ཏེ་ཐལ་མོའི་བར་དུ་བྱིན་ལ་སློབ་དཔོན་གྱིས། ཡང་དག་པ་ཡི་དཀྱིལ་འདིར། །བདག་གིས་སློབ་མ་འཇུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང་། །བསོད་ནམས་ཇི་ལྟར་དེ་བཞིན་ཤོག །བརྗོད་པའི་མཐར་པྲ་ཏཱིཙྪ་བཛྭ་ཧོཿདཀྱིལ་ འཁོར་དུ་དོར། དེ་ནས། མེ་ཏོག་གང་དུ་ལྷུང་གྱུར་བ། །དེ་ནི་ཁྱོད་ཀྱི་རིགས་ཀྱི་ལྷ།། ཞེས་བརྡ་སྤྲད། ཨོཾ་པྲ་ཏི་གྲྀ་ཏྭཾ་མི་མཾ་མཧཱ་བ་ལ། ཞེས་པས་མེ་ཏོག་གི་འཕྲེང་བ་པད་བསྐོར་གྱིས་བླངས་ཏེ་གང་ལ་བབས་པའི་ལྷ་དེ་ཉིད་ཀྱིས་སློབ་མ་དེའི་མགོ་བོར་བཅིངས་པར་བསམ་མོ། །དེ་ནས།། རྡོ་རྗེ་ནག་པོ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད།། ཞེས་གདོང་གཡོགས་བཀྲོལ།། ཧེ་བཛྭ་པཱ་ཤེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཅེས་བརྗོད། དེ་ནས། དམ་ཚིག་གསང་བ་རྨད་དུ་བྱུང་། །རྒྱལ་བ་རིན་ཆེན་འབར་བའི་གཙོ། །ཕྱོགས་དུས་མེད་པར་རང་བྱུང་བ། །ཆོས་འབྱུང་ཕོ་བྲང་དཀྱིལ་འཁོར་དུ། །རིགས་ཀྱི་ཡོན་ཏན་ལྡན་པར་ནི། །ནམ་མཁའ་རྒྱ་མཚོ་འབྲས་ལྡན་པ། །ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ།། ཞེས་ལྷའི་དེ་ཉིད་དང་། མི་ཕྱེད་ལྷན་ཅིག་སྐྱེས་པའི་རྒྱལ། །ཕོ་བྲང་གསང་བའི་གཞལ་ཡས་ཁང་།། ཞེས་པས་དཀྱིལ་འཁོར་གྱི་དེ་ཉིད་བསྟན་ཅིང་དག་པ་བཤད་དོ། །འཇུག་པའོ། །དབང་བསྐུར་བུམ་གསང་ཤེས་རབ་ཚིག །སློབ་དཔོན་བཅས་ཡིན་སྔ་མ་ལ། །གསོལ་བཏབ་བགེགས་སྦྱང་རིགས་ལྔའི་དབང་། །རྗེས་གནང་འདོགས་བཅས་ཕྱིར་མི་ལྡོག །བུམ་རྒྱན་ཙཀ་ལི་སྐུ་དང་འཕྲེང་། །སྔགས་སྦྱིན་དྲིལ་གསུང་བསྒོམ་རྡོར་ཐུགས། །དངོས་གྲུབ་ཡོན་ཏན་འཕྲིན་ལས་མཐུ། །ལྷ་ཚོགས་སྐུ་གསུང་ཐུགས་རྗེས་གནང་། །འདོགས་དྲུག་འདི་ལ་བཤད་པ་ཡིན། །རིགས་ལྔའི་དབང་ཞུ་བའི་ཕྱིར་མཎྜྻལ་ཕུལ་ནས། རྡོ་རྗེ་འཛིན་པ་མ་ལུས་དང་། །རྒྱལ་བ་མགོན་པོ་ཀུན་གྱི་གནས། །དབང་ཕྱུག་དམ་པའི་དཀྱིལ་འཁོར་དུ། །དབང་བསྐུར་གནང་བར་མཛད་དུ་གསོལ།། དེ་ནས་ཡུངས་ཀར་ལག་པ་གཡས་གཡོན་དུ་གཟུང་ལ་སོ་སོར་ལན་གཉིས་སུ་གཡོན་དུ་བསྐོར་ཞིང་། ཨོཾ་སརྦ་པ་པཾ་ད་ཧ་ན་བཛྭཱ་ཡ། བཛྭ་ས་ཏྭ་ཀྵྼ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱཧཱ། ཞེས་བཟླས་ཤིང་ཡུངས་ཀར་མེ་ལ་དོར། ཡང་གཡས་སུ་བསྐོར་བས་ཀྱང་ངོ་། །དེ་བཞིན་དུ་ཆུ་དང་། ཁམ་ཕོར་དང་། དུར་བ་དང་བཅས་པའི་བ་ལྕིའི་ཆང་བུ་དང་། ཟན་ཆངས་དང་། སེང་རས་ཀྱིས་ཀྱང་བྱབ་སྟེ་མེར་ནི་མི་འདོར་རོ། །དེ་ནས་ལག་པ་ཉེ་རེག་བྱས་ལ། སྙིང་ཀར་དྲི་དང་། མགོ་ལ་མེ་ཏོག མདུན་དུ་ཡོན་ཆབ། མར་མེས་བསྐོར་ཞིང་མར་དང་སྤོས་དཀར་བདུགས་ཏེ་ཕྱིར་དོར་རོ། །དེ་ནི་བགེགས་དང་སྡིག་པ་དང་མི་ཤིས་པ་སྦྱང་བའོ། །དེ་ནས་སློབ་མ་དབང་སྟེགས་སུ་བཞག ལས་ཐམས་ཅད་པའི་ཆུ་འཐོར། ཨོཾ་སྭ་བྷཱ་ཝ། ཉོན་མོངས་པ་ཞེ་སྡང་དང་དེའི་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་རྡོ་རྗེའི་ཞིང་ཁམས་ཆེན་པོའི་དབུས་སུ་པདྨ་ཉི་ཟླའི་གདན་ལ་ཧཱུྃ་འོད་ཟེར་གྱི་དོན་གཉིས་བྱས་པ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཞེ་སྡང་རྡོ་རྗེ་བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་སྒྲོལ་བའི་ལས་ལ་མྱུར་བ་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་ཕོ་ཉ་བཀའ་སྡོད་ཐམས་ཅད་ཀྱིས་བསྐོར་བ་སྐད་ཅིག་གིས་གསལ་ཐོབ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་ཆེན་རྣམས་ཀྱི་བདུད་རྩིའི་བུམ་པས་དབང་བསྐུར། མགོན་པོ་རྣམས་ཀྱིས་བཀྲ་ཤིས་བརྗོད། ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཕོ་ཉ་བཀའ་སྡོད་ཀྱི་ཚོགས་ཀྱིས་བགེགས་སྐྲོད་པར་བསམས་ལ། མེ་ལོང་ཡེ་ཤེས་བདག་ཉིད་ཅན། །རྡོ་རྗེའི་རིགས་ཀྱི་མགོན་པོ་ཡིས། །དཀྱིལ་འཁོར་ཆེན་པོའི་ནང་དུ་ནི། །ཞེ་སྡང་དག་པས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྭ་ཨ་བྷི་ཥིཉྩྨ་ཧཱུྃ། དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན། དངོས་སུ་བུམ་པ་གཞན་རྣམས་ཀྱི་ཆུ་རྣམ་རྒྱལ་དུ་བླུག དེ་སྤྱི་བོར་དཀོར་ཅིང་འཐུང་དུ་གཞུག བསང་སྦྱང་། ཉོན་མོངས་པ་ང་རྒྱལ་ཚོར་བའི་ཕུང་པོ་གནས་གྱུར་པའི་རིན་པོ་ཆེའི་ཞིང་ཁམས་ཆེན་པོའི་དབུས་སུ། མགོན་པོ་འཇམ་པའི་རྡོ་རྗེ་རྒྱས་པའི་བྱིན་ཆགས་པ་རིན་པོ་ཆེའི་རིགས། མཉམ་ཉིད་ཡེ་ཤེས་བདག་ཉིད་ཅན། །རིན་ཆེན། ང་རྒྱལ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥིཉྫ་ཏྲཱཾ། དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། དབུ་རྒྱན་དར་དཔྱངས་དང་བཅས་པ་མགོ་ལ་བསྐོན། བསང་སྦྱང་། ཉོན་མོངས་པ་འདོད་ཆགས། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་པའི་པདྨའི་ཞིང་། མགོན་པོ་ཆགས་པའི་རྡོ་རྗེ་དབང་སྡུད་ལས་ཀྱི་རྩལ་མངའ་བ། པདྨའི་རིགས་ཐམས་ཅད་ཀྱི། སོར་རྟོག་ཡེ་ཤེས་བདག་ཉིད་ཅན། །པདྨའི། འདོད་ཆགས། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཨ་བྷི་ཥིཉྩྨ་སྲཱིཿདབང་བསྐུར། ཚེ་དཔག་མེད་ཀྱིས་དབུ་བརྒྱན། རྡོ་རྗེ་ལག་པ་གཡས་པར་གཏད། བསང་སྦྱང་། ཉོན་མོངས་ཕྲག་དོག འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པའི་སྣ་ཚོགས་རྡོ་རྗེའི་ཞིང་། མགོན་པོ་འཕྲིན་ལས་ཐམས་ཅད་པའི་རྡོ་རྗེ་མཐུ་དང་སྟོབས་ཀྱི་དབང་ཕྱུག་ཆེན་པོ། ལས་ཀྱི་རིགས་ཀྱི། བྱ་བ་ནན་ཏན་བདག་ཉིད་ཅན། །ལས་ཀྱི། ཕྲག་དོག ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་བྷི་ཥིཉྩྨ་ཨ། དབང་བསྐུར། དོན་གྲུབ་ཀྱིས་དབུ་བརྒྱན། དྲིལ་བུ་གཡོན་པར་གཏད། བསང་སྦྱང་། ཉོན་མོངས་པ་གཏི་མུག གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་འཁོར་ལོའི་ཞིང་། མགོན་པོ་རྟག་པའི་རྡོ་རྗེ་ཞི་བའི་མདངས་དང་ལྡན་པ། འཁོར་ལོའི་རིགས་ཐམས་ཅད་ཀྱི། ཆོས་དབྱིངས་ཡེ་ཤེས་བདག་ཉིད་ཅན། །འཁོར་ལོའི། གཏི་མུག ཨོཾ་སརྦ་ཏ་ཐ་ག་ཏ་བུདྡྷ་ཨ་བྷི་ཥིཉྩྨ་བྷྲུཾ། དབང་བསྐུར། རྣམ་སྣང་གིས་དབུ་བརྒྱན། མེ་ཏོག་ཕོག་པ་དང་མཐུན་པ་མིང་བཏགས། དེ་ནས་འཕྲིན་ལས་བཞིའི་འཇམ་རྡོར་སོགས་མགོན་པོ་རིགས་བཞིར་རིམ་པ་བཞིན་བསྒོམས་ནས། ཐོག་མར་བཻ་ཏའི་འབྲས་བུ་གཏད་ལ། ཧཱུྃ། སྐལ་ལྡན་ཁྱོད་ཀྱི་གདུལ་བྱ་ལ། །སྣ་ཚོགས་ལོངས་སྤྱོད་འཕེལ་བྱེད་པ། །ཕན་དང་བདེ་བ་ཀུན་གྱི་གཞི། །རྒྱས་པའི་འཕྲིན་ལས་འགྲུབ་གྱུར་ཅིག །ཨོཾ་བཛྭ་མཧཱ་ཀཱ་ལ་པུཥྚིཾ་ཨ་བྷི་ཥིཉྩྨ་ཧཱུྃ། དེ་ནས་ཐོད་པ་གཏད་ལ། ཧཱུྃ། མཆོག་ཐུན་དངོས་གྲུབ་ཀུན་གྱི་གནས། །ཐོད་པ་ཨནྟྲས་བཀང་བ་འདི། །འགྲོ་བ་རྗེས་སུ་གཟུང་བའི་ཕྱིར། །དབང་གི་འཕྲིན་ལས་འགྲུབ་གྱུར་ཅིག །ཨོཾ་བཛྭ་མཧཱ་ཀཱ་ལ་ཝ་ཤཾ་ཨ་བྷི་ཥིཉྩྨ་བཾ། རལ་གྲི་གཏད་ལ། ཧཱུྃ། གདུག་པ་མ་རུངས་འདུལ་བྱེད་ཅིང་། །བདུད་ལས་རྣམ་པར་རྒྱལ་བ་ཡི། །འབར་བའི་རལ་གྲི་རྣོན་པོ་འདིས། །དྲག་པོའི་འཕྲིན་ལས་འགྲུབ་གྱུར་ཅིག །མཱ་ར་ཡ་ཨ་བྷི་ཥིཉྩྨ་ཧོཿཁ་ཊྶཱཾ་ག་གཏད་ལ། ཧཱུྃ། ལུས་ངག་ཡིད་གསུམ་ཉེས་པ་རྣམས། །རབ་ཞི་རྩེ་གསུམ་འབར་བ་ཡིས། །ཡེ་ཤེས་སྐུ་གསུམ་རྟོགས་གྱུར་ནས། །ཞི་བའི་འཕྲིན་ལས་འགྲུབ་གྱུར་ཅིག །ཤཱནྟི་ཨ་བྷི་ཥིཉྩྨ་ཛཿགྲི་གུག་གཏད་ནས། ཧཱུྃ། རེངས་དང་ཁྲག་འདྲེན་རྣམ་གནོན་དང་། །བརྒྱལ་དང་སྨྱོར་འཇུག་རྣམ་པར་རྨོངས། །དབྱེ་དང་བསྐྲད་ལ་སོགས་པ་ཡིས། །འཕྲིན་ལས་ཐམས་ཅད་འགྲུབ་གྱུར་ཅིག །སློབ་མ་བསང་སྦྱང་། ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱངས། ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་གནས་གྱུར་པའི་ལོངས་སྤྱོད་རྫོགས་སྐུའི་གནས་འོག་མིན་གྱི་ཞིང་ཁམས་ཆེན་པོའི་དབུས་སུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས། བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་ཚར་བཅད། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྲག་འཐུང་ཐམས་ཅད་ཀྱི་སྤྱི། མ་ཧཱ་ཀཱ་ལའི་རིགས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་མགོན་པོ་ཆེན་པོ་ཞེས་ནས། སྒྲོལ་ཡུམ་དང་བཅས་མངོན་རྟོགས་བཞིན་གསལ་བཏབ། དེ་རྣམས་ཀྱི་སྤྱི་བོར་ཨོཾ་ནས། ས་མཱ་ཛའི་བར། ཛཿཧཱུྃ་བཾ་ཧོཿནས། དུ་མ་དང་ལྡན་པས་དབང་བསྐུར་བའི་མོས་པ་གྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེ་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་བ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ།། ཞེས་བརྗོད་ཅིང་དབང་བསྐུར། ཆུས་གང་། ལུས་ཀྱི་དྲི་མ་དག་སློབ་དཔོན་གྱི་བྱ་བ་ལ་དབང་བར་བྱས་ཏེ་ལྷག་མ་སྤྱི་བོར་འཁྱིལ། དཔལ་འཁོར་ལོའི་མགོན་པོ་རྡོ་རྗེ་ཡན་ལག་མ་དང་ལྷན་ཅིག་བཞུགས་པས་དབུ་བརྒྱན་པར་གྱུར།། ཕྱག་རྒྱ་ལྔ། སྦྲུལ་བརྒྱད། ཐོད་སྐམ་མགོ་བོའི་ག་ཤ་ཐམས་ཅད་སྦྱིན་ཏེ། ཧཱུྃ། བདུད་དང་ལོག་འདྲེན་ཚར་བཅད་ཅིང་། །མ་ཏྲཾ་རུ་དྲ་བསྒྲལ་བའི་དུས། །དཔལ་གྱི་སྐུ་ལ་མཛེས་པའི་རྒྱན། །བསྟན་པ་བསྲུང་ཕྱིར་གདགས་པར་གྱིས།། ཞེས་པས་ལུས་ལ་གྱོན། དེ་བཞིན་བགོ་བའི་གོས་གསུམ་བྱིན་ནས། གོས་བགོ་པར་གྱིས། བྱུག་པའི་རྫས་གསུམ་བྱུག་ཅིང་། དཔའ་གྱི་སྐུ་ལ་མཛེས་པའི་རྫས། །བསྟན་པ་བསྲུང་ཕྱིར་བྱུག་པར་བགྱི།། དེ་ནས་སྐུའི་ཙཀ་ལི་མིག་དོར་བྱིན་ཏེ། ཧཱུྃ། སྤྲུལ་པས་འགྲོ་བ་འདུལ་བ་དང་། །སངས་རྒྱས་བསྟན་པ་རྒྱས་བྱའི་ཕྱིར། །དེ་རིང་རིགས་ཀྱི་སྐལ་ལྡན་ལ། །སྒྱུ་མ་ལྟ་བུའི་སྐུ་བསྟན་ནོ། །ཨོཾ་ཤྲཱི་མཧཱ་ཀཱ་ལ་བཛྭ་ཀཱ་ཡ་ཨ་བྷི་ཥིཉྩྨ་ཧཱུྃ། དྲི་མ་མེད་པའི་ཤེལ་དར་སྣ་ཚོགས་ལ་བཞག་པ་ལྟ་བུར། དཔལ་ཡེ་ཤེས་མགོན་པོའི་སྐུ་གཅིག་གང་གང་གིས་འདུལ་བ་དེ་དང་དེའི་ཕྱག་རྒྱར་རོལ་པས་སེམས་ཅན་གྱི་དོན་གྱིས་ཤིག། སྐུའི་དབང་ངོ་། །འཕྲེང་བ་མི་མགོའི་འཕྲེང་བར་མོས་པ་བྱེད་དུ་བཅུག། ཧཱུྃ། དངོས་པོའི་རྣམ་རྟོག་བཅོམ་པ་ཡིས། །སྣ་ཚོགས་མགོ་ཡི་འཕྲེང་བ་འདི། །བདུད་དང་མུ་སྟེགས་ཚར་བཅོད་དང་། །ཡོན་ཏན་རྒྱས་ཕྱིར་གཟུང་བར་གྱིས། །སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་རྩ་སྔགས་རྣམས་ཤ་ར་ར་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ག་གནད་འབྱེད་པའི་སྒོ་ནས་ཞུགས། ཙིཏྟ་རིན་པོ་ཆེའི་གུར་ཁྱིམ་དུ་ཉི་མའི་གདན་ལ་ཧཱུྃ་ཡིག་འབར་བའི་མཐར་འཁོར་བའི་མོས་པ་གྱིས། གཙོ་བོའི་སྔགས་ཀྱི་རྗེས་གནང་བྱིན། ཐོད་པའི་བདུད་རྩི་བླུད། དྲིལ་བུ་རྣ་བར་དཀྲོལ་ནས། ཧཱུྃ། བླ་མེད་སྐུ་གསུམ་དངོས་གྲུབ་ཀྱིས། །གསང་སྔགས་བརྗོད་དུ་མེད་པའི་དོན། །ནུས་པ་མཆོག་གི་གཏེར་འགྱུར་པ། །དྲིལ་བུ་དབྱངས་རྗེས་རྣལ་འབྱོར་གཟུང་། །ཨོཾ་ཤྲཱི་མཧཱ་ཀཱ་ལ་བཛྭ་ཝཱ་ཀ་ཨ་བྷི་ཥིཉྩྨ་ཧཱུྃ། དཔལ་ཡེ་ཤེས་ཀྱི་མགོན་པོའི་གསང་སྔགས་དང་རིག་སྔགས་དང་གཟུང་སྔགས་སྙིང་པོའི་ཆོས་ཀྱི་གནྜི་རྣལ་མར་བཞག་པ་དགྲ་དང་སྤྲོད་པ། གྲོགས་དང་སྡེབ་པ། མནན་པ། དབྱུང་བ། དཀྲུག་པ། འཕྲུལ་དུ་བསྐོར་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་སྒྲ་ཚུལ་གྱིས་བརྡུངས་ལ་སེམས་ཅན་གྱི་དོན་གྱིས་ཤིག། གསུང་གི་དབང་ངོ་། །ལུས་ངག་རྣལ་དུ་ཕབ། སེམས་བདེ་བ་ཆེན་པོར་བསྟིམ། ཅུང་ཞིག་བཞག དེ་ནས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ཁམས་གསུམ་པོ་ནི་མ་ལུས་པ། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །གཤིས་སྟོང་པ་ཉིད་ཡིན་པས་རྩལ་རྐྱེན་གྱིས་བསྒྱུར་ན་ཅི་དགའ་བར་འཆར་དུ་བཏུབ་པ་ཡིན་ཏེ་ན་མ་མཁའ་བཞིན། རྩལ་དེ་ཡང་ལྷ་སྔགས་ཏིང་ངེ་འཛིན་ཅི་དང་ཅིར་ལངས་ཀྱང་སྣང་ཙམ་སྟེ་དེ་དང་དེའི་དངོས་པོ་ཞིག་ཏུ་མེད་པས་ན་སྒྱུ་མ་ལ་སྒྱུ་མ་མཁན་བཞིན་རོལ་ཞིག རྡོ་རྗེ་ཐུགས་ཀར་གཟུང་ལ། ཧཱུྃ། ཐུགས་རྗེ་ཆེན་པོས་དོན་འགྲུབ་ཅིང་། །ཡེ་ཤེས་མི་གཡོ་རྣལ་འབྱོར་པས། །འགག་མེད་བརཏལ་ཞུགས་ཆེན་པོ་ཡིས། །རྡོ་རྗེ་མི་འགྱུར་དབང་བསྐུར་རོ། །ཨོཾ་ཤྲི་མཧཱ་ཀཱ་ལ་བཛྭ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩྨ་ཧཱུྃ། ཐུགས་ཀྱི་དབང་ངོ་། །དེ་ནས་འབོད་རྟེན་གཡབ་དར། སྤྲུལ་པས་འགྲོ་བ་འདུལ་བ་དང་། ནས། སྐལ་ལྡན་ལ། །འབོད་པའི་རྟེན་རྫས་མ་ལུས་སྦྱིན།། ཞི་བའི་མཆོད་པ་ཆུ་གཉིས་རྣམ་ལྔ་རོལ་མོ་སྨན་རག་གཏོར་མ། སྤྲུལ་པསྎ སངས་རྒྱསྎ དེ་རིངྎ ཞི་བའི་མཆོད་རྫསྎ དེ་བཞིན་རྒྱས་པ་བཀྲ་ཤིས་རྫས་བརྒྱད་རིན་ཆེན་སྣ་བདུན་གླིང་བཞི་རི་རབ་སོགས་བཀོད་པའི་མནྜལ་སྨན་རཀ་གཏོར་གསུམ། སྤྲུལ་པསྎ སངས་རྒྱསྎ དེ་རིངྎ རྒྱས་པའི། འདོད་ཡོན་ལྔ། སྨན་རཀ་གཏོར་མ། སྤྲུལ་པསྎ སངས་རྒྱསྎ དེ་རིངྎ དབང་གིྎ དུར་ཁྲོད་ཆེན་པོའི་མཆོད་ཡོན་སོགས་དང་སྨན་རཀ་གཏོར་མ། སྤྲུལ་པསྎ སངས་རྒྱསྎ དེ་རིངྎ དྲག་པོའི་མཆོདྎ ཕྱི་རྟེན་གཡག་ལུག་སོགས་བྲིས་པ་དང་། ནང་རྟེན་བླ་རྡོ། གསང་རྟེན་གྲིར་ཤི་བའི་སྙིང་རྣམས་ནི་ སྤྲུལ་པསྎ སངས་རྒྱསྎ དེ་རིངྎ རྟེན་པའི་དམ་རྫས་མ་ལུས་སྤྱིན། དེ་ནས་ལག་པ་གཡོན་དུ་ཀཱ་པཱ་ལ་བདུད་རྩི་བླུག་པ་གཏད། གཡས་སུ་རྡོ་རྗེ་གྲི་གུག་གིས་ཐོད་ཁྲག་དཀྲུགས་པའི་ཚུལ་དུ་བྱས་ནས་ལྕེ་ཐོག་ཏུ་བདུད་རྩི། མདུན་དུ་ཚོགས། རྟེན་གཏོར་སྤྱི་བོར་བཞག་ལ། ཧཱུྃ། ཡེ་ཤེས་མགོན་པོ་འཁོར་བཅས་ཀྱི། །བླ་ན་མེད་པ་དབང་བསྐུར་བས། །མཆོད་དང་ཐུན་མོང་ཐམས་ཅད་ཀྱི། །དངོས་གྲུབ་མྱུར་དུ་ཐོབ་གྱུར་ཅིག །ཨོཾ་བཛྭ་མཧཱ་ཀཱ་ལ་གུ་ཎ་སིདྡྷི་ཕ་ལ་ཧོཿཨ་བྷི་ཥིཉྩྨ་ས་མ་ཤྲཱི་ཡེ་ཧཱུྃ། ཞེས་པས་ཡོན་ཏན་གྱི་དབང་ངམ་དངོས་གྲུབ་བླང་བ་སྦྱིན། དེ་ནས་ཕུར་པ་གཏད་དེ། ཧཱུྃ། ལས་རྣམས་བསྒྲུབ་ཅིང་བསྟན་པ་བསྲུང་། །རྣལ་འབྱོར་འཕྲིན་ལས་དབང་བྱེད་པས། ནུས་པས་ཚར་བཅད་ཕུར་པ་ཡིས། །མི་གནས་གནང་བ་སྦྱིན་པར་བྱ། །ཨོཾ་མཧཱ་ཀཱ་ལ་གུ་ཎ་སྲྀ་ད་བཛྭ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩྨ་ཧཱུྃ། ཕུར་པ་ལས་མགོན་དུ་བསམ། མདུན་དུ་བྲུབ་ཁུང་གནམ་ལྕགས་ཀྱི་ཁང་པར་དགྲ་པོ་ཨཱ་ཀརྵ་ཡ་ཛཿ ཉའུ་དགྲ་ལྕགས་ཀྱུས་སྙིང་ཕུག ཞགས་པས་སྐེ་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུ་དང་མཚོན་ཆ་སྣ་ཚོགས་ཀྱིས་མཉེས་པ། ལས་ཀྱི་རླུང་གིས་རྒྱབ་ནས་འཕུལ། འཇིགས་པའི་མུན་ནག་ལ་མདུན་ཕྱོགས་པའི་ཉམ་ཤིན་ཏུ་ཐག་པ་ཞིག་ཏུ་གྱུར། ཨོཾ་མཧཱ་ཀཱ་ལ་ཤག་ཕྱེ་ཤག་ཕྱེ་མ་མ་ཏྲག་རུ་དྲ་མཱ་ར་ཡ་རྦད། དེ་འགོ་བའི་ལྷ་དང་ཕྲལ། ཨོཾ་མཧཱ་ཀཱ་ལ་གུ་ཎ་སྲྀ་ད་བཛྭ་ཀཱིི་ལི་ཀཱི་ལ་ཡ་ཨ་མུ་ཀ་མཱ་ར་ཡ་རྦད། ཕུར་སྐོར་བྱེད་དུ་བཅུག ཕུར་པ་ལས་འོད་ཟེར་འཕྲོས། དེ་ལ་འཕོག་པས་དེའི་བསྲུང་བ། བྱིན་རླབས། རང་བཞིན་གྱི་ཁ་སྦྱར་དབྱེ། ཚེ་སྲོག་གི་ལྷག་མ་བསྡུས་ནས་བདག་ལ་ཐིམ་རྣམ་ཤེས་ནྲི་ཕུར་རྩེར་བླངས་དབལ་དུ་བསྲེགས། དྭངས་མ་ཧཱུྃ་དུ་གྱུར་པ་རྒྱ་མདུད་ནས་འཐོན་ནས་འོག་མིན་དུ་སོང་བར་གྱུར་པའི་མོས་པ་གྱིས་བྱས་བཞི་སྙིང་བསྒྲག གནས་ལྔར་བསྣུན་དུ་བཅུག བཅད་ཅིང་གཏུབས་ཤ་ཁྲག་ཚོ་ཚོགས་སུ་རོལ་བར་བྱའོ། །འཕྲིན་ལས་ཀྱི་དབང་ངོ་། །དེ་ནས་ཡུམ་ཆེན་མ་མོའི་སྲོག་དབང་རྒྱས་པར་འདོད་ན་གཞན་དུ་བཤད་པ་བཞིན་ནམ། མདོར་བསྡུས་པ། ཁྱེད་རང་དབྱིངས་ཡུམ་རང་བཞིན་གྱིས་གནས་པ། སྦྱོར་ཡུམ་རྣམ་པ་ལ་འཆར་བ། སྒྲོལ་ཡུམ་བྱེད་ལས་སུ་བསྒྲུབ་པས་ངོ་བོ་གཅིག་ལྡོག་པ་ཐ་དད་པར་སྣང་བ་སྐད་ཅིག་གིས་གསལ་ཐོབ། ཧཱུྃ། རྣམ་ཐར་གསུམ་གཟུགས་ཤེར་ཕྱིན་ཡུམ་ཆེན་མོ། །དབྱིངས་སྦྱོར་སྒྲོལ་མཛད་སྐུ་གསུང་ཐུགས་གསུམ་དང་། །སྐལ་ལྡན་འདི་ཡི་ལུས་ངག་ཡིད་ཐམས་ཅད། །གཉིས་མེད་ཡེ་ཤེས་ཆེན་པོར་དབང་བསྐུར་རོ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་མཧཱ་ཀཱ་ལི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་དྷིཥྛ་ན་ཨ་བྷི་ཥིཉྩྨ་ཧཱུྃ། ཞེས་སྐུའི་ཙཀ་ལི་སྤྱི་བོར་བཞག སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ནས་ཡེ་ཤེས་ཀྱི་མ་བུ་ཡུག་འཚུབ་པ་ལྟར་འོངས་པ་དེ་ལ་བསྟིམ་པ་སྐུའི་རྗེས་གནང་། སྙིང་པོ་གསུམ་ཟློས་སུ་གཞུག ཐོད་པའི་བདུད་རྩི་སྦྱིན་པ་གསུང་། ཕྱག་མཚན་བླ་རྡོ་རྣམས་གཏད། ཧཱུྃ། འཇིག་རྟེན་ལས་དང་མཐུན་པར་འཇུག་པའི་ཚེ། །དགྲ་བགེགས་སྲོད་དང་དབུགས་ལ་མྱུར་རོལ་པའི། །དྲེགས་པ་ལྷ་ཡིས་ཕྱག་རྒྱ་འདི་བྱིན་པས། །འཕྲིན་ལས་ཐམས་ཅད་ཐོགས་མེད་འགྲུབ་གྱུར་ཅིག། ཞེས་ཐུགས་ཀྱི་རྗེས་གནང་། དེ་བཞིན་རིགས་འདྲེ་བས། ང་རྒྱལ་དག་པས་ལྷ་མོ་རེ་མ་ཏི། གཏི་མུག་དག་པས་ཀླུ། ཞེ་སྡང་དག་པས་བདུད། འདོད་ཆགས་དག་པས་གནོད་སྦྱིན་རེ་མ་ཏིར་གསལ་ཐོབ། ཧཱུྃ། འདོད་དགུར་བསྒྱུར་པའི་གཟུགས་ཅན་འཕྲུལ་མོ་ཆེ། །རེ་ཏི་མཆེད་བཞིའི་སྐུ་གསུང་ཐུགས་གསུམ་དང་། ཨོཾ་དེ་ཝི་ཀཱ་ཡ་སོགས། ཧཱུྃ་མཛད་ཡེ་ཤེས་ཀྱི་མགོན་པོར། ཧཱུྃ། ཧཱུྃ་མཛད་མགོན་པོ་ཆེན་པོ་ཕྱག་གཉིས་པ། །རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་གསུམ་དང་། །ཧཱུྃ། གསང་བའི་མགོན་པོ་ཆེན་པོ་གདོང་བཞི་པ། །སེམས་དཔའ་ཆེན་པོའི། ཧཱུྃ། མྱུར་མཛད་མགོན་པོ་ཆེན་པོ་ཕྱག་དྲུག་པ། །དམ་ཚིག་སེམས་དཔའི། ཧཱུྃ། མཁའ་འགྲོ་མ་དང་ཞི་བྱེད་སྲུང་བྱེད་མ། །ཡེ་ཤེས་མ་མོའི། ཧཱུྃ། ལས་ཀྱི་མགོན་པོ་ཆེན་པོ་བྱ་རོག་གདོང་། །འཇིགས་བྱེད་ནག་པོའི། དེའི་ཡུམ་ཙཎྜྻི་ཀ་དམར་མོ། ཧཱུྃ། སྐྱེ་འགྲོ་ཡོངས་ཀྱི་མ་གཅིག་ཙཎྜྻི་ཀ འབར་གདོང་དམར་མོའི། ཧཱུྃ། གསོད་བྱེད་མགོན་པོ་ཆེན་པོ་བྱ་རོག་གདོང་། །ཚེ་བདག་ནག་པོའི། ཧཱུྃ། རྔམ་བྱེད་མགོན་པོ་ཆེན་པོ་བྱ་རོག་གདོང་། །སྲོག་བདག་ནག་པོའི། ཧཱུྃ། སྒྲོལ་བྱེད་མགོན་པོ་ཆེན་པོ་བྱ་རོག་གདོང་། །འཆི་བདག་ནག་པོའི་ཧཱུྃ། ཤ་ཟ་མ་དང་ཁྲག་འཐུག་རྩ་འཇིབ་མ། །འཇིག་རྟེན་མ་མོའི། ཧཱུྃ། འཁོར་ལོ་སྐུ་ཡི་མགོན་པོ་སྟག་ཞོན་ཆེ། །ནག་པོ་ཡབ་ཡུམ། མཧཱ་ཀཱ་ལ། ཧཱུྃ། པདྨ་གསུང་གི་མགོན་པོ་ཚོགས་བདག་ཆེ། །ཧཱུྃ། རྡོ་རྗེ་ཐུགས་ཀྱི་མགོན་པོ་འབར་བ་ཆེ། །ཧཱུྃ། རིན་ཆེན་ཡོན་ཏན་མགོན་པོ་ལེགས་ལྡན་ཆེ། །ཧཱུྃ། སྣ་ཚོགས་འཕྲིན་ལས་མགོན་པོ་གྲི་གུག་ཆེ། །ཧཱུྃ། དམོད་པ་དྲག་སྔགས་མགོན་པོ་བེང་ཆེན་པོ། །ཧཱུྃ། མ་མོ་རྦོད་གཏོང་མགོན་པོ་མ་ནིང་ཆེ། །ཧཱུྃ། འཇིག་རྟེན་དྲེགས་པའི་མགོན་པོ་ཏྲ་ཀ་ཤད་ཆེ། །ཡེ་ཤེས་ལྷ་མོ་གང་འདུལ་གྱི་སྐུ་བརྒྱད་དུ་འཆར་བཞིན་པར་སྒོམས་ཤིག ཧཱུྃ། མཁའ་འགྲོའི་གཟུགས་ཅན་གར་ཡང་ཐོགས་མེད་པ། །ལྷ་མོ་བརྒྱད་ཀྱི། སྒོ་བརྒྱད་གནས་ཉེར་བཞི་ཞིང་སྐྱོང་གི་རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་ཞིང་སྐྱོང་སོ་གཉིས་དང་བཅས་པ་སྐད་ཅིག་གིས་གསལ་ཐོབ། ཧཱུྃ། ཁྱོད་ལ་སྐུ་གསུང་ཐུགས་ཉིད་དང་། །མཐུ་སྟོབས་ནུས་པ་རྫུ་འཕྲུལ་སོགས། །ཞིང་སྐྱོང་མཁའ་འགྲོའི་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པའི་དབང་སྐུར་རོ། །སྲིད་པའི་བདག་མོ་དང་བེར་ནག་ཅན་ལྕམ་དྲལ་གསལ་ཐོབ། བྷྱོཿ སྲིད་བདག་ཆེན་མོ་རང་བྱུང་རྒྱལ་མོ་དང་། །བེར་ནག་ལྕམ་དྲལ། བྷྱོཿ ཡིད་ཀྱི་རེ་སྐོང་བཀྲ་ཤིས་ཚེ་རིང་དང་། །ཚོགས་བདག་ལྕམ་དྲལ། བྷྱོཿ ཨེ་ཀ་ཛཱ་ཊྀ་གཡུ་ཡི་སྒྲོལ་མ་དང་། །རྟ་ནག་ལྕམ་དྲལ། བྷྱོཿཟ་བྱེད་ཆེན་མོ་དུར་ཁྲོད་བདག་མཛད་པ། །ཞིང་སྐྱོང་ལྕམ་དྲལྎ སོ་སོའི་སྐུ་སྐད་ཅིག་གིས་གསལ་བཏབ། སྐུ་བསྟིམ་པ། སྙིང་པོ་གཏད་པ། བླ་རྡོ་ཕྱག་མཚན་སྦྱིན་པ་རྣམས་བྱའོ། །སློབ་དཔོན་གྱིས་ཙཀ་ལི་གཏད། ཧཱུྃ། གུ་ལང་ཆེན་པོ་དབང་ཕྱུག་ལྷ་ཡི་ལྷ། །བཙུན་མོ་ནང་མི་མངག་གཞུག་དམག་གི་སྡེས། །སྐལ་ལྡན་དམ་ལྡན་རིགས་ཀྱི་བུ་འདི་ལ། །ཞི་རྒྱས་དབང་དྲག་དངོས་གྲུབ་ཀུན་སྩོལ་ཅིག ཨོཾ་བཛྭ་མཧཱ་ཀཱ་ལ་ཨ་ཏྲིག་ནན། ཨེ་ཧུར་ཐུཾ་ཛཿམ་ར་ཡ་རྦད། ཞེས་གཟིར་བས་ལྷའི་སྡེ་དཔོན་ཆེན་པོ་འཁོར་བཅས་རང་དབང་མེད་པར་སློབ་མ་མགོན་པོར་གསལ་བ་ལ་འདུད་ཅིང་ལུས་བྲན་དུ་བཀོད་སྲོག་སྙིང་ཕུལ་བར་བསམ་ཟློས་སུ་བཅུག ཕྱག་མཚན་གཏོད་པའི་ཚེ། ཧཱུྃ། སྙིགས་མ་ལྔ་ལྡན་དུས་འདི་རུ། །དམ་ཚིག་འཛིན་པའི་རྡོ་རྗེ་འཆང་། །ཁྱེད་ཀྱི་བསྟན་པ་བདག་གིས་བསྲུང་། །འཕྲིན་ལས་ཅི་བསྒོ་བསྒྲུབ་པར་བྱ། །ཡིད་ཅི་བསྒོ་བ་ཉན་ནོ་སྙམ་པས་རང་རྟགས་ཕུལ་བར་བསམ་མོ། །དེ་ལྟར་རིགས་འདྲེ་བས། ཧཱུྃ། སེང་གེའི་གདོང་ཅན་ནག་པོ་བདུད་ཀྱི་བདུད། །དུ་ཏྲིག་ནན། ཧཱུྃ། ལས་ཀྱི་གཤིན་རྗེ་ཆེན་པོ་ཆོས་ཀྱི་རྒྱལ། །ཡ་ཏྲིག་ནན། ཧཱུྃ། དུག་གི་སྤུ་གྲི་གཟའ་མཆོག་ར་ཧུ་ལ། །ར་ཏྲིག་ནན། ཧཱུྃ། ནཱ་ག་རཀྵ་གདུག་པ་ཀླུ་ཡི་བདུད། །ཕུ་ཏྲིག་ནན། ཧཱུྃ། སྐྱེས་བུ་བེག་རྩེ་སྒྲོལ་བའི་གིང་ཆེན་པོ། །ཙ་ཏྲིག་ནན། ཧཱུྃ། ཞང་འོན་རྡོ་རྗེ་བདུད་འདུལ་ཁྲག་རལ་ཅན། །ཀྵ་ཏྲིག་ནན། ཧཱུྃ། སྟོད་ཀྱི་མི་བོ་ཆེན་པོ་དམུ་རྗེ་བཙན། །ཙ་ཏྲིག་ནན། ཧཱུྃ། ཕྱོགས་སྐྱོང་བཅུ་དང་རྒྱལ་པོ་ཆེན་པོ་བཞི། །ཏྲི་ཏྲིག་ནན། ཐུན་མོང་དུ་མནན་གཏད་ཀྱི་རྫས་གཏད། ཧཱུྃ། བསྟན་པ་བཤིག་པའི་དགྲ་དང་བགེགས། །ལས་ཀྱི་གཤིན་རྗེའི་ཁར་གཏད་ནས། །ས་འོག་རིམ་པ་དགུར་འཆིང་བའི། །མནན་གཏད་ལས་ཀྱི་དབང་བསྐུར་རོ།། མནན་གཏད་ཀྱི་སྔགས། དགང་བླུགས་གཏད། ཧཱུྃ། ཞི་རྒྱས་དབང་དྲག་ཐབ་ཁུང་དུ། །ལས་དང་ཡེ་ཤེས་ལྷ་དམིགས་ནས། །ཕྱི་དང་གསང་བའི་རྫས་ཐམས་ཅད། །སྲེག་པ་ཧོམ་གྱི་དབང་ཐོབ་ཤོག །སྲེག་སྔགས་བརྗོད། དམར་གཏོར་མཆོད་དུས་གཏོར་མ། སྒྲུབ་དུས་ཁང་པ། བསྐུལ་དུས་ལྷ་འཕང་དུས་སུ་གཟེར་དུ་ཤེས་པར་གྱིས་ཤིག་བྱས་ཏེ། ཧཱུྃ། དྲེགས་པ་ཐམས་ཅད་དབང་སྡུད་ཕྱིར། །དམ་ཚིག་རྗེས་སུ་འཛིན་བྱེད་པ། །གཏོར་མའི་གསང་བ་སྦྱིན་པ་འདིས། །དུས་ཀུན་མཆོད་དང་འཕང་བར་གྱིས། །ཨོཾ་ཤྲཱི་མཧཱ་ཀཱ་ལ་ས་མ་ཡ་བ་ལིཾ་ཨ་བྷི་ཥྀཉྩྨ་ཧཱུྃ། བཞི་སྙིང་གཅིག་དྲིལ་གྱི་བཟླས་ལུང་བྱིན། ཐུན་རྫས་བཅུ་དྲེགས་པ་ལས་ལ་འཆོས་པར་ཤེས་པར་གྱིས་གཏད་ནས། ཧཱུྃ། དྲེགས་པའི་སྡེ་དཔོན་ཁྲོས་པའི་མཚོ། །དགྲ་བོའི་ལུས་སྲོག་འགྲེལ་བའི་འཁྱུག །དྲག་སྔགས་དམོད་པའི་གནམ་ལྕགས་ཐོག །མ་རུངས་འདུལ་བའི་དབང་བསྐུར་རོ།། ལིདྒ་ལ་ཟོར་རྣམས་བརྡེག་ཏུ་འཇུག་ཅིང་གཞུང་བཞིན་གྱིས་བྱིན། བུམ་དབང་ངོ་། །དེ་ནས་ཚོགས་ཀྱི་དཀྱིལ་འཁོར་བརྩམས་ནས་གསང་དབང་ནི། མཎྜྻལ་གསོལ་བཅིངས་འབུལ་སྦྱོར་ཕྱུང་། །ཐིག་ཁར་བྱིན་དཀྲོལ་དབང་དོན་བཤད། །མཎྜྻལ་ཕུལ། དཔལ་ལྡན་ཁྲག་འཐུང་འགྲོ་བའི་མགོན། །ངག་གི་དྲི་མ་དག་པ་དང་། །གསུང་གི་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་དབང་བསྐུར་སྩལ་དུ་གསོལ།། ལན་གསུམ་གྱིས་གསོལ་བ་བཏབ། སློབ་མའི་གདོང་བཅིངས། སློབ་མས་རིག་མ་ཕུལ། དེ་དང་སློབ་དཔོན་གཉིས་གཙོ་བོ་ཡབ་ཡུམ་དུ་བསྐྱེད། ལུས་ངག་ཡིད་གསུམ་མཁའ་གསང་བྱིན་གྱིས་བརླབས་པ་བྱས། སྙོམས་པར་ཞུགས་པའི་ཐུགས་ཀའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས། སྤྱི་བོ་ནས་ཞུགས་རྗེས་ཆགས་ཀྱི་མེས་བཞུ་བ་རྡོ་རྗེ་ནོར་བུའི་རྩེར་ལྷན་ཅིག་སྐྱེས་པའི་བདེ་བ་བརྟན་པར་བྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་སོགས་བརྗོད། དེ་ནས་ཕྱིར་ཕྱུང་བའི་ཁྲག་དང་ཁུ་བ་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོཿསྲཱིཿལན་གསུམ་བཟླས། སྤྱི་གཙུག་སྨིན་མཚམས་མགྲིན་སྙིང་བཞིར་ཐིག་ལེ་བྱ། ཆོས་དབྱིངས་རྣམ་དག་ཡུམ་གྱི་མཁའ། །ཡེ་ཤེས་རང་གསལ་ཡབ་ཀྱི་གསང་། །གཉིས་མེད་བདེ་ཆེན་བྱང་ཆུབ་སེམས། །བདུད་རྩིའི་བཅུད་ཆེན་མྱང་བར་བྱོས།། ཞེས་ཁར་མཐེབ་སྲིན་གྱིས་སྦྱིན་ཞིང་། སློབ་མས་ཀྱང་བདུད་རྩི་མྱངས་ཏེ། ཨ་ཧོ་མཧཱ་སུ་ཁཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཤེས་རབ་མས་ཀྱང་པདྨར་གནས་པའི་སྦྲང་རྩི་དེ་བཞིན་དུ་བྱིན་ནས་གདོང་གཡོགས་བཀྲོལ། བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་ཐོས་ལ་སོགས། །ཐམས་ཅད་སྒྱུ་མ་ལྟ་བུར་འཆར། །དེ་ཡང་སོ་སོ་རང་རིགས་པར་གནས་པའི་ངོ་ན་ཅི་ཡང་སྣང་བ་མེད་ལ། རྗེས་ཀྱི་ཤེས་པར་ནི་དེས་བདེན་པའི་དབལ་བཅོམ་པའི་ཕྱིར་སྒྱུ་མ་ཙམ་དུ་འཆར་བས་མཉམ་བཞག་ཏུ་ཅི་ཡང་མི་དམིགས་པ་དང་། རྗེས་ཐོབ་ཏུ་སྣང་བ་ཐམས་ཅད་ཟུང་དུ་འབྲེལ་བར་ཁྱེར་ནས་གོང་ནས་གོང་དུ་དཔའ་བར་འགྲོ་བར་གྱིས་ཤིག ཅེས་བརྡ་སྤྲད་དོ། །མཎྜྻལ་གསོལ་བཅིངས་ཕྱག་རྒྱ་གཏད། །ལྷ་བསྐྱེད་བྱིན་བརླབ་སྦྱོར་ནས་བཀྲོལ། །དེ་ནས་དབང་གསུམ་པའི་དོན་དུ་མཎྜྻལ་ཕུལ། མགོན་པོ་ཐུགས་ཀྱི་རང་བཞིན་ཅན། །སེམས་ཀྱི་དྲི་མ་དག་པ་དང་། །ཐུགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར། །ཤེས་རབ་ཡེ་ཤེས་དབང་བསྐུར་སྩོལ།། ཞེས་གསོལ་བ་བཏབ། སློབ་མ་དང་ཕྱག་རྒྱའི་གདོང་བཅིངས། གང་གིས་སྐྱེ་བོ་འཆིང་འགྱུར་བ། །དེ་ཉིད་ཡོངས་ཤེས་རྣམ་པར་གྲོལ། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ས་གསུམ་བདེ་བ་ཆེན་པོར་བསྒྱུར།། ཞེས་དབང་རྟེན་མཚན་ཉིད་ལྡན་པའི་ཕྱག་རྒྱ་སློབ་མ་ལ་གཏད། དེ་ཉིད་གཙོ་བོ་ཡབ་ཡུམ་དུ་གསལ་བའི་གནས་གསུམ་མཁའ་གསང་བྱིན་གྱིས་བརླབས་ཏེ། གཉིས་ཤོར་གཉིས་མཉམ་གྱི་དབུས་སུ་རྣམ་པར་སྨིན་པའི་དགའ་བ་མཐོང་གི་བར་དུ་སྙོམས་པར་འཇུག་ཏུ་བཅུག དེ་ནས་ཡིད་ནང་དུ་ཆུད་པ་དེ་ཉིད་དམ་བླ་མའི་མན་ངག་གིས་ཟླ་བ་ཕྱིར་མི་འཛག་པར་བྱས་ཏེ་གདོང་གཡོགས་བཀྲོལ། མཎྜྻལ་གསོལ་བཏབ་དབང་དོན་ནོ། །དེ་ནས་དབང་བཞི་པའི་དོན་དུ་མཎྜྻལ་ཕུལ། དཔའ་ལྡན་གསང་བ་ཧེ་རུ་ཀ །གཟུང་འཛིན་གཉིས་མེད་བདེ་བ་ཆེ། །ངོ་བོ་ཉིད་སྐུ་ཐོབ་བྱའི་ཕྱིར། །བདག་ལ་བཞི་པའི་དབང་བསྐུར་སྩོལ།། གསོལ་བ་བཏབ། དེ་ནས་གདོང་གཡོགས་བཅིངས། །ཉོན་མོངས་མེད་ན་ཡེ་ཤེས་མེད། །ཉན་རང་བྱང་ཆུབ་ལམ་ལ་རིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །འབྱུང་བ་བཞི་ལ་སོགས་པ་རྣམས། །ཐམས་ཅད་གདོད་ནས་དག་པ་ཡི། །ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱིས། །དངོས་པོ་དུ་མ་གསལ་བར་སྣང་། །ཡེ་ཤེས་མེད་པར་སྐྱེ་མི་འགྱུར། །སངས་རྒྱས་ཡེ་ཤེས་ཀྱིས་རབ་སྐུལ། །དེ་བས་བླ་མེད་རྒྱུད་འདི་རུ། །འབད་དེ་དད་པ་བསྐྱེད་པར་བྱ། །གསང་བའི་སྡོམ་པ་བླ་ན་མེད།། དེ་ཡང་ཕྱག་རྒྱ་ཆེན་པོའི་རྗེས་སུ་ཆགས་པ་མེད་པར་འགྱུར་བ་མེད་པའི་བདེ་བ་ཐོབ་པ་མེད་པས་ཉན་རང་རྣམས་བྱང་ཆུབ་ཀྱི་ལམ་ལ་རིང་ལ། ཕྱག་རྒྱ་ཆེན་པོ་ལ་རྗེས་སུ་ཆགས་པས་འགྱུར་བ་མེད་པའི་བདེ་བ་ཐོབ་པ་དེ་ཉིད་སངས་རྒྱས་ཏེ་རྣམ་པ་མེད་བཞིན་དུ་རྣམ་པ་ཐམས་ཅད་པར་འཆར་བས་བསམ་གྱིས་མི་ཁྱབ་པའམ་ཟུང་འཇུག་རབ་ཏུ་མི་གནས་པ་དེ་ནི་དབང་བཞི་པ་དང་། རྡོ་རྗེ་ཐེག་པའི་དམ་ཚིག་གམ་སྡོམ་པ་ཆེན་པོའོ།། ཞེས་བརྡ་སྤྲད། གདོང་གཡོགས་བཀྲོལ། །མཎྜྻལ་གསོལ་བཏབ་སློབ་དཔོན་བྱ། །པོ་ཏི་ལུང་སྦྱིན་བརཏལ་ཞུགས་གཉིས། །རྡོ་རྗེ་སློབ་དཔོན་གྱི་དོན་དུ་མཎྜྻལ་ཕུལ། འཁོར་བའི་སྡུག་བསྔལ་འཇོམས་པ་པོ། །རྡོ་རྗེ་སེམས་དཔའ་མཉམ་འགྱུར་བའི། །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །མྱུར་དུ་དངོས་གྲུབ་སྟེར་བྱེད་སྩོལ།། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་མའི་འོག་ཏུ་སེང་གེའི་ཁྲི། སྟེང་དུ་གདུགས། རྐང་འོག་འཁོར་ལོ། ལག་པ་གཉིས་བསྣོལ་བར་རྡོ་རྗེ་དང་དྲིལ་བུ་བྱིན་ཏེ། བསམ་པ་གང་དང་གང་དག་གིས། །མི་རྣམས་སེམས་དང་མཐུན་པར་འཇུག །དེ་དང་དེ་ཡི་གཟུགས་སྤྲུལ་ཏེ། །སྣ་ཚོགས་གཡོགས་ཏེ་བདེ་བར་བཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྭ་ཙཱརྻ་ཨ་ཏིཥྛུ་ཎ་ཨ་བྷི་ཥིཉྩྨ་ཧཱུྃ། དེ་ནས་པོ་ཏི་ལུང་སྦྱིན་གྱི་ཕྱིར་དུང་དང་། རྒྱུད་མན་ངག་གི་པོ་ཏི་དང་། རྡོ་རྗེ་རྣམས་གཏད་ལ། པདྨ་རྒྱས་པ་གཡས་འཁྱིལ་དུང་། །ཆོས་བདག་སོ་སོ་རིགས་པ་མཆོག །དྲི་མེད་དཔའ་བོ་རྡོ་རྗེ་ནི། །མི་ཕྱེད་བདེ་ཆེན་ཡེ་ཤེས་སོ།། ཞེས་བརྗོད་དཔའ་བོའི་རིམ་པའི་བརཏལ་ཞུགས་དབང་གི་ཕྱིར་ཅང་ཏེའུ་ཁ་ཊྶཱྃ་ག་ཐོད་པ་རྣམས་བྱིན་ནས། ཡང་དག་དོན་ལྡན་མཆོག་དོན་དུ། །རྣལ་འབྱོར་དབང་ཕྱུག་བརཏལ་ཞུགས་ཀྱིས། །གསང་བ་འཛིན་པར་བྱེད་པ་དང་། །ནམ་ཡང་འབྲལ་བ་མ་བྱེད་ཅིག། གར་འཆམས་ཀྱི་ཆས་དེས་བྱིན་ནོ། །རང་བྱིན་གྱིས་བརླབ་པའི་མཐའི་བརཏལ་ཞུགས་ཀྱི་ཆེད་དུ། རྡོ་རྗེ་ལག་ཏུ་གཏད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་རྡོ་རྗེས་ཕྱག་ན་རྡོ་རྗེར་དབང་བསྐུར་བ་ལྟར་དུ་ཁྱེད་རང་རྣམས་ལ་ཡང་དབང་བསྐུར་བའི་མོས་པ་གྱིས། སྒོ་གསུམ་ནུས་མཐུ་ལྡན་པ་ཡིས། །གསང་བ་གསུམ་གྱི་རྡོ་རྗེར་བསྒྲུབ། །རིན་ཆེན་དབང་གི་རྒྱལ་པོ་ལྟར། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས།། ཡོན་ཚོགས་བསྡུ་དང་བསྔོ་དང་ཤིས། །རྡུལ་ཚོན་གཤེགས་སུ་གསོལ་བ་ཡིན། །ཞེས་གཏང་རག་གི་ཡོན་དང་མཎྜྻལ་ཕུལ། ཚོགས་ལ་རོལ་བ་མན་བསྙེན་པ་བཞིན་ནོ། །དེ་ནས་གསེར་སྐྱེམས་ཀྱི་ཚིག་མཐའ་མའི་ཚབ།། གསོལ་བ་འདེབས་ཀྱི་དངོས་གྲུབ་སྩལ་དུ་གསོལ་ཞེས་པའི་མཐར་འཛབ་བྲོ་དང་བཅས་དཀྱིལ་འཁོར་ལ་ཅི་ནུས་བསྐོར་ཞིང་། དེ་ནས། ཧཱུྃ། དཀྱིལ་འཁོར་ཆེན་པོའི་ལྷ་ཡི་ཚོགས། །སྐུ་ཡི་དངོས་གྲུབ་བདག་ལ་ཞུ། །མི་ཟད་རྒྱན་གྱི་འཁོར་ལོའི་ལུས། །འགྲུབ་ནས་འགྲོ་དོན་རྒྱས་པར་ཤོག། དེ་བཞིན་གསུང་ཐུགས་འདོན་པ་བསྒྱུར་བས་དངོས་གྲུབ་བླང་ངོ་། །དེ་ཡང་སློབ་མ་ལ་དབང་བསྐུར་བ་ཙམ་གྱི་དོན་དུ་ཡིན་ན། རྡོ་རྗེ་བསྡུ་བའི་སྔགས་རྒྱས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། ཕུར་བུ་ཕྱུང་། རྡུལ་ཚོན་རྣམས་ཨ་ཀཱ་རོའི་སྔགས་ཀྱི་ལས་ཀྱི་རྗེས་མི་མངོན་པར་བྱེད། རང་དོན་སྒྲུབ་མཆོད་ལ་སོགས་པ་དང་འབྲེལ་ན། སང་ཉིན་དཀྱིལ་འཁོར་སྒྲུབ་ཁའི་དུས་སྟ་གོན་བཞིན་དུ་ནམ་མཁར་བཏེག དེ་ནས་སྔར་བཞིན་དུ་བསྲེ་བ། མཐར་བསྡུ་བའི་ཚེ་དམ་ཚིག་ཡེ་ཤེས་གཉིས་མེད་བདག་ལ་བསྲེ། རྫས་བསྒྲུབ་རྒྱུ་ཡིན་ན་དེ་ལའོ། །དེ་ནས་དགེ་བ་བསྔོ། ཤིས་པ་བརྗོད། རྡུལ་ཚོན་ཆུ་བོར་དོར་ཚེ་ནཱ་རཱཀྵ་གཙོ་འཁོར་བསྐྱེད་མཆོད་བསྟོད། མཐར་རྒྱ་མཚོ་ཆེན་པོར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱུར་སྤྱན་དྲོངས་ཤིག་ཅེས་བརྗོད། དེ་ཡང་སྒོམ་པ་བརྟན་པ་བོགས་དབྱུང་བའི་ཕྱིར་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་ན། དེར་ཕྱག་རྒྱ་འཆམ་ལ་སོགས་པས་རྩེ་ཞིང་འདོད་པ་ལྔ་ལ་རྣམ་པར་རོལ། རལ་གྲིའི་དངོས་གྲུབ་ལ་སོགས་པ་གྲུབ་པ་བརྒྱད་དམ། རྟག་པའི་རྡོ་རྗེ་ལ་སོགས་པ་ཏིང་ངེ་འཛིན་གྱིས་ཞི་བ་ལ་སོགས་པའི་ལས་རབ་འབྱམས་གང་གིས་སེམས་ཅན་གང་འདུལ་བ་དེ་དང་དེ་ཐ་མལ་གྱི་ཡོངས་སུ་དོར་བས་སྤྱད་པ་དཔའ་བོའི་རིམ་པའོ། །གལ་ཏེ་མཆོག་བསྒྲུབ་པར་འདོད་ན་བསྐྱེད་པའི་རིམ་པ་ལ་གོམས་ནས་སྦྱོར་བའི་འཕྲེང་བ་ལས་བཤད་པ་བཞིན་བསྒོམ་ཞིང་། དེ་ལ་བོགས་འབྱིན་པའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་སོགས་པ་ལ་ཡང་འཇུག་པར་བྱའོ། །དེ་ལྟར་དཔལ་ཡེ་ཤེས་ཀྱི་མགོན་པོ་སྒྲུབ་པའི་ཐབས་ཀྱི་ཡི་གེ་འདི་ནི། གཙང་རྒྱལ་མཁར་རྩེ་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོ་རྣམ་པར་རྒྱལ་བས་རིང་མོ་ཞིག་ནས་རྩོམ་དགོས་ཞེས་བསྐུལ་བར་མཛད་པ་དང་། བླ་མ་དང་མགོན་པོ་གཉིས་སུ་མེད་པའི་སྣང་བས་ཕྱོགས་འདི་ལ་མི་ཤེས་པའི་གཉིད་ཅུང་ཟད་བསྲབས་པ་པདྨ་དཀར་པོས། དངོས་གྲུབ་འབྱུང་བའི་རྒྱུད། སྡོམ་འབྱུང་། ཁྲག་མཚོ་ཁོལ་མ་སོགས་བཤད་རྒྱུད་དང་། རིན་ཆེན་འབྱུང་གནས་ཞི་བའི་རྒྱ་གཞུང་རྣམས་ལ་བརྟགས་ནས། ཐུབ་པའི་དགོངས་པ་བཞིན་དུ་རྗེ་བཙུན་རས་ཆུང་ཞབས་མངོན་པར་རྫོགས་པར་སངས་རྒྱས་པའི་བྱང་ཆུབ་ཀྱི་སྙིང་པོའི་སྤོ། མོག་པ་ཚེ་ཀོང་ཞེས་གྲགས་པའི་རི་ཁྲོད། ལྷ་རྩེའི་ཐེག་ཆེན་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའི་དགེ་བ་འདིས་བདུད་དང་བདུད་ཀྱི་མུན་པ་བཅོམ་ནས། སངས་རྒྱས་ཀྱི་བསྟན་པའི་ཉིན་མོ་ཉིན་མོ་ལས་ཀྱང་ཉིན་མོར་གྱུར་ཅིག །ཤོག་བུའི་ངོགས་ཡངས་ལག་པའི་འགྱུར་མང་པོས། །རྒྱུད་སྡེའི་གསང་ཚིག་ཅི་ཡང་འདོན་པ་ལ། །ངལ་བ་མེད་འདི་ཚངས་པའི་བུ་སུ་ཞེས། །བརྟག་པར་ཅི་དགོས་གཉིས་པ་མི་སྣང་ངོ་། །ཕྱོགས་རེའི་མིག་ནི་འདི་དོན་དགག་གཞིའི་ཕྱིར། །རྣམ་དཔྱོད་ལྡན་པའི་གཞལ་བྱར་འགྲིམ་འོས་པ། །དེ་ལ་ཆགས་ལྡན་སྒེག་མོས་དྲི་མཚུངས་པར། །སེམས་ཕེབས་བྲལ་ན་སྐྱོ་བ་ཚད་མེད་ལོ། །ལེགས་བཤད་རྣམ་མང་པུསྟ་ཀ་ཅི་ཡང་། །འཇམ་མགོན་དགྱེས་པའི་མཆོད་སྤྲིན་ཡིན་ཤེས་ནས། །གང་གི་བཀའ་དྲིན་ཐོབ་པའི་བཟང་ལན་དུ། །པད་དཀར་བློ་གྲོས་ཡངས་པས་སྦྱར་བ་ཡིན། །མཁས་པས་དབུལ་ཞིང་སྒྲུབ་པས་འཕོངས་པའི་སར། །ལན་ཅིག་ལས་ཀྱིས་བསྐྲད་མོད་ད་ནི་ང་། །དགེ་མཐུའི་བཟློག་པ་བཀླགས་ལ་མི་འཁྲུགས་ཤིང་། །མཁས་པའི་མདུན་སར་མཁས་པ་ངོམས་པར་འདོད།། །།སརྦ་མདྒ་ལཾ།། །།
གསང་སྒྲུབ་ཀྱི་དབང་ཆོག་བྱིན་རླབས་མྱུར་འཇུག
གསང་སྒྲུབ་ཀྱི་དབང་ཆོག་བྱིན་རླབས་མྱུར་འཇུག་བཞུགས་སོ། །སྙིང་རྗེ་ཉིད་ཀྱིས་དྲག་ཤུལ་ཆེར་འཇིགས་པས། །སྡིག་ཅན་སྲོག་འཐོར་གཟུགས་ཀྱི་ཕུང་པོའི་སྡེ། །ཞལ་གྱི་དགའ་སྟོན་ཉིད་དུ་དགྱེས་མཛད་པ། །མགོན་པོའི་མགོན་པོ་དེ་ལ་ཕྱག་འཚལ་ལོ། །དག་པའི་བློ་ལ་མངོན་གྱུར་པ། །འོག་མིན་གཏམ་གྱི་གེ་སར་འཕྲེང་། པད་དཀར་ཁོང་གནས་བསྟན་རག་ཞེས། །བསྐུལ་བའི་ཉི་མ་དེང་འདིར་བྱོན།། འདིར་སློབ་དཔོན་རྩ་མིས་མཛད་པའི་གསང་སྒྲུབ་ཀྱི་དབང་ཆོག ཕྱིས་ཆོས་སྐྱོང་ཉིད་ཀྱིས་དཔལ་རྒ་ལོ་ལ་དངོས་སུ་གདམས་པས་ཁ་བསྐང་སྟེ་བཤད་པར་བྱའོ། །དེ་ལ་མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་གི་དབྱིབས་བྲིས། ནང་དུ་ཝཾ་ཡིག་མཉྫྱིའི་ཁའི་ཐོད་པ་ཆང་གིས་བཀང་བ། དེའི་སྟེང་དུ་བུམ་པ་བཟང་པོ་བཤམ། མདུན་གྱི་གྲུར་སྒྲུབ་གཏོར།གཡས་སུ་ལས་བྱེད་དྲག་གཏོར། གཡོན་དུ་མཆོད་གཏོར། མཐའ་མཆོད་པས་བསྐོར། ཚོགས་ཀྱི་མཆོད་པས་ཀྱང་བདར་ཏེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད། ཚོགས་ཞིང་། ཚད་མེད། སྟོང་ཉིད་ཀྱི་ངང་ལས་བདག་ཉིད་གསང་སྒྲུབ་བཞིན་གྱི་གཙོ་འཁོར་དུ་བསྐྱེད། བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་། ནང་དུ་བདག་བསྐྱེད་བཞིན་གྱི་གཙོ་འཁོར། ཀ་པཱ་ལར་ཨཱ་ལི་ཀཱ་ལི་སྔགས་ཡི་གེ་གསུམ་གྱིས་ཐོག་མཐའ་བརྒྱན་པ་སིནྡྷུ་ར་ཡུམ་ཙཎྜྻི་ཀའི་མཁའ། བདེ་ཆེན་ཡེ་ཤེས་ཝཾ་གྱི་རྣམ་པར་ཞུགས་པ། སྒྲུབ་གཏོར་གཙོ་བོ་ཡབ་ཡུམ། དྲག་གཏོར་ལས་མགོན་དུ་བསྐྱེད། སྤྱན་དྲངས་བསྟིམ། དབང་བསྐུར། རྒྱས་བཏབ། མཆོད་བསྟོད་ཀྱིས་མཉེས་པར་བྱས། མདུན་བསྐྱེད་བསྐུལ་བའི་སྔགས་ཚན་གསུམ་བཟླས། དེ་ནས་སློབ་མ་མདུན་དུ་བོས། ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར་བྱས། དུས་བཞི་གནད་བཞི་ཁ་དོག་བཞི། །ཞི་རྒྱས་དབང་དང་མངོན་སྤྱོད་ལས། །གནས་སྐབས་དང་ནི་མཐར་ཐུག་དབང་། །བདག་ལ་ལེགས་པར་སྩལ་དུ་གསོལ།། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་དཔལ་ཡེ་ཤེས་ཀྱི་མགོན་པོར་གསལ་བཏབ་པའི་སྤྱན་སྔར། སངས་རྒྱས་ཆོས་དང་དགེ་འདུན་ལ།། སོགས་ཀྱིས་སྐྱབས་འགྲོ། ཇི་ལྟར་དུས་གསུམ་སོགས་ཀྱིས་སེམས་བསྐྱེད་སྦྱིན། སློབ་མ་ཡེ་ཤེས་ཀྱི་མགོན་པོར་བསྐྱེད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བསིལ་བའི་ཚལ་ལ་སོགས་པ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་གནམ་ནས་ཁ་བ་བབས་པ་ལྟ་བུ། ས་ནས་ས་རླངས་འབྱུང་བ་ལྟ་བུ། བར་ནས་བུ་ཡུག་འཚུབས་པ་ལྟ་བུར་བྱོན་པ་སློབ་མ་ལ་ཐིམ་པར་བསམས་ཏེ། རོལ་མོ་དྲག་ཏུ་བརྡུང་། གུ་གུལ་འཐུལ། བཅུ་བདུན་པའི་མཐར་ཛྙྱཱ་ན་ཨ་བེ་ཤ་ཡ་ཨཱཿཨཿ ཞེས་པས་དངོས་སུ་སྐུ་ཕེབས་ནས་གར། གསུང་བརྡ་སྐད། ཐུགས་ཏིང་ངེ་འཛིན་ནམ་སྣང་བ་ཐམས་ཅད་ཟི་ལོང་ཨ་མཐས་ཀྱི་སྣང་བ་ཞིག་པ་འབྱུང་། དེ་ནི་དཀྱིལ་འཁོར་དུ་གསལ་བས་འཇུག་པའམ་བྱིན་དབབ་པའོ།། དེ་ནས་བུམ་པ་ལག་ཏུ་ཐོགས་ཏེ། བུམ་པའི་ལྷ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་སྤྱན་དྲངས། དེ་ཉིད་ལ་ཐིམ། སྐད་ཅིག་གིས་བདེ་མཆོག་རིགས་ལྔ་མདུན་གྱི་ནམ་མཁར་བྱོན་ནས་ཡེ་ཤེས་ཀྱི་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་གྱིས། བྱས། བུམ་པའི་དབང་བསྐུར་དམ་པ་འདིས། །ལུས་ཀྱི་སྒྲིབ་པ་སྦྱངས་ནས་སུ། །ལྷ་ཡི་དེ་ཉིད་མངོན་གྱུར་པའི། །སྐུ་ཡི་རྡོ་རྗེ་འགྲུབ་གྱུར་ཅིག། བཅུ་བདུན་པའི་མཐར། ཀ་ལ་ཤ་ཨ་བྷི་ཥིཉྩྨ་ཧཱུྃ། ཞེས་བརྗོད། ལྷ་ཚོགས་ཞུ་བའི་བུམ་པའི་ཆུས་ཕྱི་ནང་བཀྲུས། སད་པའི་སྒྲིབ་པ་སྦྱངས། དྭངས་མ་འཇའ་ཚོན་ལྟ་བུར་གྱུར་པའི་ནང་དུ་རྩ་གསུམ་འཁོར་ལོ་ལྔ་གསལ་བ། ཆུ་རྒྱུན་སྤྱི་བོའི་འཁོར་ལོའི་དབུས་སུ་སྐུའི་མགོན་པོ་ཟླ་བ་ཆུ་ཤེལ་ལྟ་བུར་དཀར་ཞིང་ཞི་བའི་ལས་རབ་འབྱམས་དང་ཚེའི་མཆོག་སྩོལ་བའི་མཐུ་སྟོབས་ཀྱི་གཏེར་དུ་གྱུར་པ་བཞུགས་པར་བསམ། དེ་ནས་ཀ་པཱ་ལ་ལག་ཏུ་ཐོགས་ཏེ། ཨཱ་ལི་ཀཱ་ལི་ལས་འོད་འཕྲོས། གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་བསྡུས། དེ་ཉིད་ལ་ཐིམ། དབང་ལྷའི་བདེ་མཆོག་རིགས་ལྔ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་དཀར་དམར་འདྲེས་པ་བབས་པ་དེས་དབང་བསྐུར་བར་བསམ། ངག་ཏུ། བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས། །ངག་གི་སྒྲིབ་པ་སྦྱངས་ནས་སུ། །སྔགས་ཀྱི་དེ་ཉིད་མངོན་གྱུར་པའི། །གསུང་གི་རྡོ་རྗེ་ཐོབ་གྱུར་ཅིག། སྔགས་མཐར། བོ་དྷི་ཙིཏྟ་སྦྱར་བ་འཛབ་ཏུ་འདྲེན། ཨཱ་ལི་ཀཱ་ལི་ཞུ་བའི་བྱང་སེམས་དཀར་དམར་ལྕེ་བརྒྱུད་མགྲིན་པའི་འཁོར་ལོ་གང་། རྨི་ལམ་གྱི་སྒྲིབ་པ་སྦྱངས། རླུང་འབྱུང་འཇུག་ཐམས་ཅད་སྔགས་ཀྱི་བཟླས་བརྗོད་དུ་གྱུར། དབང་རྟགས་མགྲིན་པར་གསུང་གི་མགོན་པོ་ལི་ཁྲི་ཞུན་མ་བྱུགས་པ་ལྟ་བུ། དབང་གི་ལས་རབ་འབྱམས་དང་། ཚིག་གི་མཆོག་སྩོལ་བའི་མཐུ་སྟོབས་ཀྱི་གཏེར་དུ་གྱུར་པ་བཞུགས་པར་བསམ། དེ་ནས་སིནྡྷུ་རའི་དཀྱིལ་འཁོར་ཁྱེར་ཏེ། མཁའ་དབྱིངས་ཡུམ་གྱི་དབང་བསྐུར་བས། །ཡིད་ཀྱི་སྒྲིབ་པ་སྦྱངས་ནས་སུ། །ཕྱག་རྒྱའི་དེ་ཉིད་མངོན་གྱུར་པའི། །ཐུགས་ཀྱི་རྡོ་རྗེ་ཐོབ་གྱུར་ཅིག། སྔགས་མཐར། ཛྙྱཱ་ཛྙྱཱ་ན་སྦྱར། འཁོར་ལོ་ལུས་ལ་ཞུགས། སྣང་བ་ཡུན་གྱི་མཁར་རང་རིག་བདེ་བའི་ཝཾ་གྱིས་སྙོམས་པར་ཞུགས་པས། གཉིད་སྟུག་གི་སྒྲིབ་པ་སྦྱངས། ཟུང་འཇུག་གི་ཏིང་ངེ་འཛིན་ཐམས་ཅད་མངོན་དུ་གྱུར། དབང་རྟགས་སྙིང་གའི་འཁོར་ལོའི་དབུས་སུ་ཐུགས་ཀྱི་མགོན་པོ་མཐིང་ཤུན་དྲི་མ་མེད་པ་ལྟ་བུ་མཆོག་དངོས་གྲུབ་པའི་མཐུ་སྟོབས་ཀྱི་གཏེར་དུ་གྱུར་པ་བཞུགས་པར་བསམ། དེ་ནས་གཏོར་མ་ཐོགས་ཏེ། བ་ལིཾ་གཏོར་མའི་དབང་བསྐུར་བས། །རྣམ་ཤེས་ཁམས་རྣམས་སྦྱངས་བྱས་ནས། །ཡེ་ཤེས་ལྔ་པོ་མངོན་གྱུར་པས། །ཐམས་ཅད་སངས་རྒྱས་ཉིད་གྱུར་ཅིག། སྔགས་མཐར། མ་ཧཱ་མུ་དྲ་ཨ་སྦྱར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་གཉིས་སུ་མེད་པར་ཐིམ་པས། སྙོམས་འཇུག་གི་དྲི་མ་སྦྱངས། ཡེ་ཤེས་ལྔ་མངོན་དུ་གྱུར་པས། དབང་རྟགས་ལྟེ་བ་སྤྲུལ་པའི་འཁོར་ལོར་རིན་ཆེན་མགོན་པོ་རྒྱས་པའི་བྱིན་ཆགས་པ། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་སྩོལ་བའི་སྟོབས་ཀྱི་གཏེར་དུ་གྱུར་པ་བཞུགས་པར་བསམ། དེ་ནས་དྲག་གཏོར་ལག་ཏུ་ཐོགས་ཏེ། ཆོས་སྐྱོང་ཀུན་གྱི་དྲག་པོའི་དབང་། །སྐལ་ལྡན་ཁྱོད་ལ་བསྐུར་བ་འདིས། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །འཕྲིན་ལས་ཐམས་ཅད་འགྲུབ་གྱུར་ཅིག། སྔགས་མཐར། ཀརྨ་ཨ་སྦྱར། དབང་རྟགས་གསང་གནས་སུ་འཕྲིན་ལས་ཀྱི་མགོན་པོ་མརྒད་ཀྱི་མདངས་ཅན། བྱ་རོག་གདོང་ལ་སོགས་པ་ཡེ་ཤེས་ཀྱི་མགོན་པོ་དང་ལས་ཀྱི་མགོན་པོ་སྡེ་བརྒྱད་ཐམས་ཅད་ཀྱིས་ཅི་བསྒོ་བའི་བཀའ་ཉན་ཞིང་དམ་ལ་གནས་ཏེ་གདུག་པ་ཅན་ཐམས་ཅད་བསྒྲལ། ཤ་ཁྲག་ཚོགས་ཀྱི་ཡོ་བྱད་དུ་བྱས་པར་བསམ་ལ། ལྷ་མི་བསྒོམ་པ་ལུས་ཀྱི་དམ་ཚིག སྔགས་མི་བགྲང་བ་ངག་གི ཏིང་ངེ་འཛིན་མི་བསྒོམ་པ་ཡིད་ཀྱི། གཏོར་མ་མི་བཏང་བ་རྫས་ཀྱི། འཕྲིན་ལས་མི་བསྐུལ་བ་རྣལ་འབྱོར་གྱི་དམ་ཚིག་སྟེ། ཡེ་ནས་ལུས་ལྷ། ངག་སྔགས། ཡིད་ཏིང་ངེ་འཛིན། སྣང་སྲིད་གཏོར་རྫས། གང་ལ་གང་གིས་འདུལ་བ་དེ་དེར་འཆར་བའི་ཕྱིར་རོ།། ཚོགས་ལ་རོལ། ལྷག་མ་བཏང་། སློབ་དཔོན་ཡོན་གྱིས་མཉེས་པར་བྱའོ། །ཞེས་གསང་སྒྲུབ་དང་འབྲེལ་བའི་དབང་ཆོག་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི། དཔལ་འབྲུག་པ་ཞེས་ཡོངས་སུ་གྲགས་པའི་དབོན་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མས་བསྐུལ་བ་ལྟར། དགེ་སློང་གསང་བ་སྦྱིན་པ་པདྨ་དཀར་པོས་འོལ་དགའ་སྟག་རྩེའི་སྒང་དུ་བྲིས་པའོ། །མངྒ་ལཾ།། །།
བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་པའི་བསྙེན་པའི་མན་ངག
བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་པའི་བསྙེན་པའི་མན་ངག་བཞུགས་སོ། །བླ་མ་དང་ཡེ་ཤེས་མགོན་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །ནག་པོ་བདུད་ཀྱི་རྒྱལ་མཚན་ཀུན་སྙོལ་ཞིང་། །དཀར་པོ་ཆོས་ཀྱི་བ་དན་སྐྱོང་བའི་གཉེན། །བསྟན་སྲུང་བྱ་རོག་མིང་ཅན་འདི་འདྲའི་རྫི། །བསྟན་པའི་བར་སྣང་གར་ཡང་གཞན་མ་ལངས། །དེ་ལྟར་ཤེས་ནས་ཕྱག་བྱས་དེ་བསྙེན་ཐབས། །གང་གི་ལག་སོན་མོད་ལ་གང་ལེགས་པ། །ཆར་རྒྱས་དབྱར་ཀའི་ཡིད་འོང་མཚོ་དག་དང་། །གོང་དུ་འཕེལ་ལ་འགྲན་པས་དགའ་བ་སྐྱེས།། དེ་ཡང་འོ་སྐོལ་གྱི་སྟོན་པའི་བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཆེན་པོའི་བསྙེན་པའི་མན་ངག་བཤད་པར་བྱ་སྟེ། འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་གནས་པའི་མཐར་བགེགས་ལ་གཏོར་མ་བྱིན་ནས་བསྐྲད་ལ། དཀྱིལ་འཁོར་རྟེན་རྫས་རྣམས་སྦྱང་བའི་ཕྱིར། ཨོཾ་ཤཱུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སྟོང་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། བྷྲཱུཾ་ལས་རི་མཚོ་གླིང་རྣམས་ཀྱིས་བསྐོར་བའི་རི་རབ་ཀྱི་རྩེར། པཾ་ལས་པདྨ་འདབ་མ་སྟོང་དང་ལྡན་པའི་གེ་སར་ལ་ཧ་ལས་སྣ་ཚོགས་རྡོ་རྗེ་གདོང་བཞི་པའི་ལྟེ་བར་ཉི་མ་ལ་ཧཱུྃ། དེ་གསུམ་གྱི་འོད་ཟེར་གཅིག་ཏུ་འདྲེས་པ་འཕྲོས་པས། འོག་དང་སྟེང་ལོགས་ཕྱིར་རིམ་པ་བཞིན་རྡོ་རྗེའི་ས་གཞི་གུར་བླ་བྲེ་ར་བ་དང་དྲྭ་བ། བར་ཆད་ཀྱི་བདུད་ཐམས་ཅད་ཀྱིས་མི་ཕྱེད་པ། དེའི་ཕྱི་རོལ་དུ་རལ་གྲི་འཁོར་ལོ་མདའ་ཕུར་བུ་གྲི་གུག་ཁ་ཊྶཱཾ་ག་རྡོ་རྗེ་རྩེ་མོ་གཅིག་པ་དང་གསུམ་པ་ཉི་ཤུ་རྩ་ལྔ་པ་སོགས་མཚོན་ཆ་སྣ་ཚོགས་པ་དང་། མེ་ཁ་དོག་ལྔས་ཡོངས་སུ་བསྐོར་བའི་དབུས་སུ་ཨོཾ་དཀར་པོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཞུ་བ་ལས་དུར་ཁྲོད་བརྒྱད་དང་བཅས་པའི་སྐུའི་དཀྱིལ་འཁོར་རྩིག་པ་རྡོ་རྗེ་རིན་པོ་ཆེ་དཀར་སེར་དམར་ལྗང་སྔོ་བ་ལས་གྲུབ་པ་གྲུ་བཞི་པ་རྨང་གི་ཕྱིར་པདྨ་རཱ་གའི་སྣམ་བུ། ཁ་ཁྱེར་ལ་གསེར་གྱི་ཕ་གུ། མུན་པར་གསེར་གདུང་ལས་མུ་ཏིག་གི་དྲྭ་བ་དྲྭ་ཕྱེད། བྱ་འདབས་ལས་ཐུར་དུ་བ་ཀུ་ལཱའི་སྟེང་དུ་མདའ་ཡབ་དཀར་པོ། བར་བར་དུ་གདུགས་དང་འཕན་རྒྱལ་མཚན་གྱིས་བརྒྱན་པ། ཁང་པ་བརྩེགས་པ་དབུས་འཕྱུར་བུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཏོག་བྱས་པ། སྒོ་བཞི་རྟ་བབས་བཞི་དང་ལྡན་པའི་སྟེང་གི་པདྨ་ལ་གསེར་གྱི་འཁོར་ལོ་གདུགས་ཀྱིས་ཕུབ་པ་ལ་རི་དྭགས་ཟུང་ལྟ་བ། ཕྱི་ཀུན་ཏུ་བཟང་པོའི་རྒྱན་བཀོད་པའི་གཞལ་མེད་ཀྱི་ཁང་ཆེན་པོ་ཇི་ལྟ་བ། ནང་ཞག་གི་རྒྱ་མཚོ། དེའི་ནང་དུ་ཚུད་ཅིང་ཕྱེད་ཀྱི་ཚད་དབྱིབས་དེ་ལྟ་བུའི་གསུང་གི་དཀྱིལ་འཁོར་རྩིག་པ་ནོར་བུ་དཀར་དམར་སྔོ་བ། ནང་ཁྲག་གི་རྒྱ་མཚོ། དེའི་ནང་དུ་ཚུད་ཅིང་ཕྱེད་ཀྱི་ཚད་ཐུགས་ཀྱི་དཀྱིལ་འཁོར་ཐོད་པ་སྐམ་རྙིད་རློན་གསུམ་གནམ་ལྕགས་ཀྱི་ཞུན་དང་ཁྲག་ཞག་གི་འདམ་གྱིས་བརྩེགས་པ་དུར་ཁྲོད་ཀྱི་ཁང་པའི་མཚན་ཉིད་ཚང་བ། ནང་ཀླད་པའི་རྒྱ་མཚོ། དེའི་ནང་དུ་བདེ་ཆེན་གྱི་འཁོར་ལོ་རལ་གྲིའི་ཕྲེང་བས་གྲུ་བཞི་གླིང་དགུར་བཅད་པའི་ལྟེ་བར། གྲི་གུག་དང་རྡོ་རྗེས་ཟླུམ་པོར་བསྐོར་བའི་ཕྱི་མ་དྲག་པོ་ཨེ། ནང་མ་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མའི་གདན་དང་། འཁོར་གནས་ཐམས་ཅད་དུ་ཧཱུྃ་མཐིང་ནག་འབར་བ་རེ། དབུས་ཀྱི་ཧཱུྃ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཆེན་པོ་བྱ་རོག་གི་མིང་ཅན། བདུད་དང་བདུད་ཀྱི་ཕྱོགས་ལ་དྲག་ཤུལ་ཆེན་པོར་ཁྲོས་པ། ཟ་བྱེད་སྲིན་པོའི་གཟུགས། མཐིང་ནག་སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། ཞལ་གདངས་ཤིང་མཆེ་བ་རྣོ་དཀར་གངས་རི་འདྲ་བ་གཙིགས་པའི་བར་ནས་སྲིད་པ་བཤོལ་བའི་ཆུ་འབྲུབ་པ། ལྗགས་གློག་ལྟར་རྣམ་པར་འགྱུར་བ། ཧ་ཧ་དང་ཧཱུྃ་ཧཱུྃ་ལ་སོགས་པའི་ང་རོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུར་བསྒྲག་པས་ཁམས་གསུམ་གྱི་དབང་པོ་ཐམས་ཅད་མྱོས་སུ་འཇུག་པ། ཁྲོ་གཉེར་བསྡུས་པའི་ཤངས་ནས་འཐོར་བྱེད་ཀྱི་རླུང་འཚུབས་པས་མ་རུངས་པ་ཐམས་ཅད་བརླག་པར་བྱེད་པ། གདུག་པ་ཅན་ཐམས་ཅད་གཟིར་བའི་སྤྱན་གསུམ་ཉི་མ་འབུམ་བཞིན་འབར་ལ་སྨ་ར་ཨག་ཚོམས་སྨིན་མའི་མེ་འཁྱོག་པོར་འཁྱིལ་བ། བདུད་བཞི་འདུལ་བའི་ཕྱག་བཞིའི་དང་པོ་གཉིས་ཀྱིས་བཻ་ཏའི་འབྲས་བུ་སྙིང་འདྲ་བ་དང་། ལྷ་མ་ཡིན་གྱི་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀའི་སྟེང་འོག་ཏུ་བཟུང་ནས་ཡུམ་ལ་འཁྱུད་པ། འོག་མ་གཉིས་རོ་ལངས་ཀྱི་ལྕེ་ལས་གྲུབ་པའི་རལ་གྲི་འབར་བ་དང་དབང་ཕྱུག་གི་རྩེ་གསུམ་དར་དཔྱངས་ཌཱ་མ་རུ་དང་ལྡན་པ་འཕྱར་བ། རཱུ་ཏྲ་བཏུལ་བའི་རུས་པའི་རྒྱན་དྲུག །ཐོད་པ་དང་རིན་པོ་ཆེའི་ཅོད་པན། རྣ་ཆ། མགུལ་རྒྱན། སེ་མོ་དོ། ཕྱག་ཞབས་ཀྱི་གདུ་བུ། འོག་པག་ཕུད་ཀྱི་སྒྲ་དང་དུག་གི་རླངས་པ་མི་ཟད་པ་འབྱིན་པའི་ཀླུ་བརྒྱད། རཀྟའི་ཐིག་ལེ། ཞག་གི་སོར་རིས། ཁྲག་སྦར་འཛག་པའི་མགོ་བོ་ལྔ་བཅུ་རྒྱུ་མར་བརྒྱུས་པའི་དོ་ཤལ་རྣམས་ཀྱིས་སྤྲས་པ། སྐྲ་མཚམས་སུ་སྤྲུལ་པའི་ཁྱུང་ནག །སྤྱི་གཙུག་ཏུ་དཔལ་ལྡན་ལྷན་ཅིག་སྐྱེས་པ་དང་ཡིད་བཞིན་གྱི་ནོར་བུ་གནས་པ། གླང་པོ་ཆེ་ས་སྲུང་གི་པགས་པ་དང་དར་དཔྱངས་ཀྱིས་སྟོད་གཡོགས་པ། མ་ཏྲཾ་དང་སྟག་མི་ཟན་སྟོང་གི་ཞིང་ཤམ་ཐབས་སུ་མཛད་དེ། སྐུའི་བ་སྤུའི་ཁུང་ནས་སྤྲོས་པའི་བསྐལ་པ་སྲེག་པའི་མེ་མི་བཟད་པའི་དུ་བ་འཁྲུག་པའི་དབུས་ན་རྒྱལ་པོ་ཆེན་པོའི་རོལ་པས། རྡོ་རྗེའི་ཐོག མཚོན་ཆ་སྣ་ཚོགས་པའི་འཁྱུག ཁྲོ་བོ་འཆོལ་བའི་སེར་བ་འབེབས་བཞིན་དུ་འཇིགས་བྱེད་དང་དུས་མཚན་བསྒྲལ་བའི་བཾ་ཆེན་པོ་བརྫིས་ཏེ་བཞུགས་པའི་པང་དུ། ཙཎྜྻི་ཀ་སྐུ་མདོག་ནག་མོ་ཁྲོ་བའི་ཞལ། སྤྱན་གསུམ་དམར་ལ་ཟླུམ་པ། ཕྱག་གཡས་གཤིན་རྗེའི་ལྕེ་འདྲ་བའི་གྲི་གུག་དང་། གཡོན་མུ་སྟེགས་བསྒྲལ་བའི་ཐོད་པ་ཁྲག་གིས་གང་བ་ཡབ་ལ་སྟོབ་པ། དབུ་སྐྲ་སེར་པོ་ཐུར་དུ་གྲོལ་བ། གཅེར་བུ་ཐོད་པ་དང་སྦྲུལ་དང་ཕྱག་རྒྱ་ལྔས་བརྒྱན་ཅིང་ཡབ་དང་རྡོ་རྗེ་པདྨ་གཉིས་སུ་མེད་པར་སྙོམས་པར་ཞུགས་པ། གཡས་སུ་དབྱིངས་ཡུམ་ཨེ་ཀ་ཛཱ་ཊི་ཁྲོ་མོ་མཆེ་གཅིག་སྤྱན་གཅིག་མ། གཡས་ཞིང་དབྱུག་དང་གཡོན་སྙིང་དང་ལྕགས་སྤྱང་ཁྲ་ཐབས་སུ་འགྱེད་པ། འཇའ་ཚོན་གྱི་བེར་གྱོན་ཏེ་རལ་པ་རྟིང་པར་དྲུད་ནས་གཡས་བརྐྱང་གིས་རོའི་ཁར་བཞུགས་པ། གཡོན་དུ་སྒྲོལ་ཡུམ་འདོད་ཁམས་ཀྱི་དབང་ཕྱུག་དུད་པའི་སོལ་བ་མ་ནག་མོ་སྐེམ་ཞིང་སྦེག་ལ་ཤིན་ཏུ་གཏུམ་པ་ཞལ་གདངས་ནས་མཆེ་བ་བཞི་གཙིགས་པའི་བར་དུ་མི་རོ་གསོལ་བ། སྤྱན་གསུམ་ལྡོག་ནས་གཟིགས་པ། ཕྱག་གཡས་རལ་གྲི་དང་བྷཱཉྫྱ། གཡོན་ཤཱཀྟི་དང་ཏྲི་ཤཱུ་ལ། མ་མོའི་ཆས་བརྒྱད་ཀྱིས་སྤྲས་ཏེ་བོང་བུ་གྭ་དམར་གྱི་སྟེང་ན་ཙན་འཁྱིལ་གྱིས་བཞུགས་པ། ཤར་གྱི་འདབ་མར་འཕྲོག་མ་དཀར་མོ། ལྷོར་གླང་སྣ་མ་སེར་མོ། ནུབ་ཏུ་སྲིན་མོ་རལ་པ་ཅན་དམར་མོ། བྱང་དུ་མྱོས་བྱེད་སའི་གཙུག་ལྗང་ཁ། ཞལ་གཅིག་ཤིན་ཏུ་ཁྲོས་པ། ཕྱག་བཞིའི་གཡས་ཀྱི་དང་པོ་རྣམས་སུ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ། འོག་མ་རྣམས་རལ་གྲི། གཡོན་ཐམས་ཅད་ལ་ཐོད་ཁྲག་དང་རྩེ་གསུམ། ཡེ་ཤེས་ཀྱི་མ་རེ་ཏི་མཆེད་བཞི་ཀའང་གཅེར་བུ་ཐོད་པ་དང་སྦྲུལ་དང་ཕྱག་རྒྱ་ལྔས་བརྒྱན་ཏེ་གཡས་བརྐྱང་གིས་རོའི་ཁར་བཞུགས་པ། མཚམས་བཞིར་ཐོད་པ་བདུད་རྩིས་གང་བ། ཆོས་འབྱུང་གི་གྲུ་མདུན་ནས་གཡས་སྐོར་དུ། ཧཱུྃ་མཛད་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཞལ་གཅིག་ཕྱག་གཉིས་པ་སྲིན་པོའི་གཟུགས་ཅན་རང་གི་ཤ་ལ་ཟ་བ་ཙམ་དུ་གཏུམ་པ། གད་རྒྱངས་དང་བཅས་པའི་སོ་དང་མཆུ་ལས་ཁྲག་འཛག་ཅིང་སྤྱན་གསུམ་དམར་པོ། དབུ་སྐྲ་སེར་པོ་ཐོད་ཕྲེང་གིས་བཅིངས་ཤིང་ཕྱག་གཡས་འབར་བའི་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་བཟུང་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཏེ་གཡོན་བརྐྱང་གིས་རོའི་ཁར་བརྗིད་པར་བཞུགས་པ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཞལ་གཅིག་ཕྱག་དྲུག་པ། གཡས་གསུམ་གྲི་གུག་ཐོད་ཕྲེང་ཌཱ་མ་རུ། གཡོན་གསུམ་ཐོད་ཁྲག་རྩེ་གསུམ་ཞགས་པ། འཇིགས་སུ་རུང་བའི་བཞིན་རས་ཅན། དཔྲལ་བར་སིན་དྷུ་རས་བྱུགས་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་ཏེ་གྱད་ཀྱི་དོར་སྟབས་སུ་ལོག་འདྲེན་གླང་པོ་ཆེའི་གདོང་པ་ཅན་བརྫི་བ། གསང་བ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་གདོང་བཞི་པ། རྩ་ཞལ་སྟེང་མ་གཉིས་ནག་པོ། གཡས་གཡོན་གཉིས་ལྗང་ནག ཕྱག་བཞིའི་དང་པོ་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། འོག་མ་གཉིས་རལ་གྲི་དང་རུས་ཕྲེང་འཕྱར་བ། སྤྱན་བཅུ་གཉིས་མེ་ལྟར་འབར་བ། ཞལ་མཆེ་བ་གཙིགས་ཤིང་མཆུ་འཕྱང་བ། ཚངས་སྐུད་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཏེ་གཡས་བརྐྱང་གིས་རོའི་གདན་ལ་བཞུགས་པ། ཟླ་གམ་གསུམ་ལ་དེ་དག་གི་ཡུམ་མཁའ་འགྲོ་ནག་མོ། ཞི་བྱེད་དཀར་མོ། སྲུང་བྱེད་སེར་མོ་སྟེ་ཡེ་ཤེས་ཀྱི་མ་གསུམ། གྲུ་བཞིར་དཔལ་ལས་ཀྱི་མགོན་པོ་དང་། ཡུམ་ཙཎྜྻི་ཀ་དམར་མོ་འབར་བའི་གདོང་། སྐུའི་སྤྲུལ་པ་ཚེ་བདག་དང་ཤ་ཟ་མ། གསུང་གི་སྤྲུལ་པ་སྲོག་བདག་དང་ཁྲག་འཐུང་མ། ཐུགས་ཀྱི་སྤྲུལ་པ་འཆི་བདག་དང་རྩ་འཇིབ་མ་སྟེ་ལས་ཀྱི་མ་གསུམ། ཡབ་རྣམས་ཐུང་ལ་གེལ་བས་མིའུ་ཐུང་ལྟ་བུ། ཁྲོ་བོའི་བཞིན་ལ་བྱ་རོག་གི་མཆུ། རྔམ་ཞིང་རྐན་སྒྲ་ཏོག་པས་སྲིད་པ་གསུམ་ལྡེག་པ། གཡས་འབར་བའི་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། སྐུ་ལས་གདུག་པའི་མེ་ཕུང་འཕྲོ་ཞིང་དུར་ཁྲོད་ཀྱི་ཆས་ཐམས་ཅད་འཆང་བ། ཁྲོས་པའི་ཞབས་བརྡབས་པས་ས་གཞི་གཡོ་ཞིང་བདུད་ཀྱི་སྡེ་ཐམས་ཅད་བརླག་པར་བྱེད་པ། རྡོ་རྗེའི་གཤོག་པ་བརྒྱངས་པས་དྲག་པོའི་ལས་ལ་རྒོད་པ། མ་མོ་བདུན་ཀའང་ཤིན་ཏུ་གཏུམ་ཞིང་སྦེག་པ། རལ་གྲི་དང་ཐོད་ཁྲག་ཅན་མ་མོའི་ཆས་ཐམས་ཅད་ཀྱིས་བརྒྱན་ཏེ་རོལ་པའི་སྟབས་ཀྱིས་རོའི་ཁར་བཞུགས་པ། ལིང་རྩེར་སྐུའི་མགོན་པོ་སྟག་ཞོན་ནག་པོ་ཕྱག་གཡས་ཙནྡན་གྱི་བེང་དགྲ་བོའི་ཀླད་དུ་གསོར་ཞིང་། གཡོན་ཉམས་པའི་སྐེ་ནས་བཏགས་ཏེ་ཁྲིད་པའི་ཞགས་པ་དང་བཅས་པས་པར་བུ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཀླད་དུ་བྱ་ཁྲ་གཞུང་བ། རོལ་དུ་སེངྒེ་དོམ་དྲེད་ཅེ་སྤྱང་ཁྲིད་ཅིང་གཏུམ་མོ་ནག་མོ་ཁྲམ་བཾ་དང་ནད་རྐྱལ་འཛིན་པ་དང་རྩེ་བ། དམོད་པ་དྲག་སྔགས་ཀྱི་མགོན་པོ་བེང་དམར་སྨུག ཕྱག་གཡས་དམག་གི་གཏེར་ཙནྡན་གྱི་བེང་བསྒྲེང་བ། གཡོན་ཞགས་པ་དང་བཅས་པའི་ཕུར་པ་ཐུགས་ཀར་འཛིན་པ། ཀུན་ཏུ་དགྱེས་མ་ནག་མོ་གྲི་ཐོད་འཛིན་པ་དང་རྩེ་བ། ཡོན་ཏན་གྱི་མགོན་པོ་ལེགས་ལྡན་མཐིང་ནག ཕྱག་གཉིས་ཐུགས་ཀར་གྲི་གུག་གིས་ཐོད་ཁྲག་དཀྲུག་ཅིང་། ཙནྡན་གྱི་བེང་མཆན་གཡས་སུ་གཟེར་བ། དབུ་ལ་ཁྱུང་ལྡིང་བ། སྟ་ཟུར་ལ་སེངྒེ་འཁྲབ་པ། རྩིབ་ལོགས་ལ་འཕར་དྲེད་འཁྱུག་པ། ཞབས་ལ་སྟག་འཕྲོ་བ། ནད་མཚོན་གྱི་བསྐལ་པ་དགྲ་ལ་འགྱེད་ཅིང་། ཀྲོ་དྷི་ཤྭ་རི་སྔོ་སྐྱ་སྦྲུལ་ཞགས་དང་ཐོད་པ་འཛིན་པ་དང་རྩེ་བ། རྦོད་གཏོང་གི་མགོན་པོ་མ་ནིང་ནག་པོ། ཕྱག་གཡས་ཁ་ཊྶཱཾ་རུ་མཚོན་ཅན་འཕྱར་ཞིང་། གཡོན་ཞགས་པ་དང་སྙིང་འཛིན་པ་ཨུ་མ་དཀར་མོ་གྲི་ཐོད་འཛིན་པ་དང་རྩེ་བ། གསུང་གི་མགོན་པོ་ཚོགས་བདག་ཆེན་པོ་ཨ་གྷོ་ར་མཐིང་ནག ཕྱག་གཡས་ཙནྡན་གྱི་བེང་འཕྱར་ཞིང་། གཡོན་བདུད་རྩི་ལྔས་གང་བའི་ཐོད་པ་ཐུགས་ཀར་བཟུང་ནས། ཟློག་བྱེད་མ་ནག་མོ་གྲི་ཐོད་འཛིན་པ་དང་རྩེ་བ། དེ་ཐམས་ཅད་ཀྱང་མི་བཟད་པའི་ཁྲོ་བོ་ཤིན་ཏུ་འཇིགས་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་གྱེན་ཐུར་ཐད་ཀར་གཟིགས་པ། སྨ་ར་ཨག་ཚོམས་སྨིན་མ་མེར་འབར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་ལ་རིན་པོ་ཆེའི་པར་ཁབ་དང་ཐོད་སྐམ་ལྔས་བརྒྱན་ཅིང་། མགོ་དང་སྙིང་སྦྲེལ་བ་རྒྱུ་མའི་ཐག་པས་བརྒྱུས་པ་དང་སྦྲུལ་སྦྲམ་ག་ཤར་བྱས་པ་ཟ་འོག་གི་བེར་སུམ་བརྩེགས་སྣྲེལ་ཞིར་གྱོན་ནས་གསེར་གྭ་ཕྲ་མང་མགུལ་ལ་བཅིངས་པ། སག་རིའི་ལཧྭམ་པོ་ཆེ་གསོལ་ནས་གཡོན་བརྐྱང་གིས་དགྲ་བོ་བསྒྲལ་བའི་བམ་ལ་བཞུགས་པ། ཐུགས་ཀྱི་མགོན་པོ་རྡོ་རྗེ་ནག་པོ་འབར་བ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་ཞིང་། དབུས་ན་རྣམ་འཕྲུལ་གྱི་གཎྜྻི་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་ལ་མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་ཅུའི་དོ་ཤལ། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་ཤམ་ཐབས་ཅན། མིའུ་ཐུང་གེལ་བའི་སྟངས་སྟབས་ཀྱིས་རོའི་གདན་ལ་བཞུགས་པ། གཡས་སུ་བྱ་ནག གཡོན་དུ་ཁྱི་ནག རྒྱབ་ན་ཅེ་སྤྱང་། མདུན་ན་མི་ནག སྟེང་ན་ཕོ་ཉ་འགྱེད་པ། ཙཱ་མུཎྜྻི་ནག་མོ་གྲི་ཐོད་འཛིན་པ་དང་རྩེ་བ། ཕྲིན་ལས་ཀྱི་མགོན་པོ་ནག་པོ་གྲི་གུག་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། བདུད་ཀྱི་བེར་ནག་པོ་གསོལ་ཞིང་། སྤྱན་གསུམ་མེ་ཕུང་ལྟར་དམར་བ། ཁྲོ་གཉེར་བསྡུས་ཤིང་སྨིན་མ་དང་སྨ་ར་དམར་སེར་འཁྱུག་ལ་མེ་ལྟར་འབར་བ། ཞལ་གདངས་ཤིང་མཆེ་བ་ཟླ་ཚེས་ལྟ་བུ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ་ལ་རིན་པོ་ཆེ་དང་ཐོད་སྐམ་གྱི་དབུ་རྒྱན་དང་། མི་མགོ་ལྔ་བཅུའི་སྐྲ་ལན་བུར་ལྷས་པ་གཅིག་ལ་གཅིག་བརྒྱུས་པས་དོ་ཤལ་བྱས་པ། གསུས་ཁྱིམ་ཆེ་ཞིང་སྐུ་ཤ་རྒྱས་པ། ཤིན་ཏུ་འཇིགས་པའི་ཆ་བྱད་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བས་མི་རོ་མནན་ནས་ང་རོ་ཕེཾ་སྐད་དུ་སྒྲོག་པ། དཔའ་མོ་ནག་མོ་གྲི་ཐོད་འཛིན་པ་དང་རྩེ་བ། འཇིག་རྟེན་དྲེགས་པའི་མགོན་པོ་ཏྲག་ཤད་ནག་པོ་ཆིབས་སུ་བྲ་ནག་རྟིང་དཀར་ལ་ཆིབས་པ། སྐུ་ལ་བདུད་ཀྱི་བེར་ནག་གསོལ་ཞིང་སྐེད་ལ་གསེར་གྭ་དང་རིན་པོ་ཆེ་བཅིངས་པ། སྟག་རལ་གཡས་དང་གཟིག་ཤུབས་གཡོན་དུ་བཏགས་པ། ཕྱག་གཡས་མདུང་དར་ནག་པོ་འཕྱར་ཞིང་། གཡོན་དགྲ་སྙིང་སྲོག་རྩ་གསུམ་དང་མ་བྲལ་བར་ཁྱེར་བ། བདུད་ཞབས་ནག་པོ་མཐེའུ་ཆུང་གིས་བཟུང་ཞིང་གཞུ་གྲུ་མོ་ལ་བཀལ་བ། མདའ་བྱ་རྒོད་མ་དང་བདུད་ཀྱི་ཁྲམ་ཤིང་སྐེད་ལ་བཙུགས་པ། རལ་པ་ཁམ་ནག་ཞུ་ལུགས་སུ་བྱས་པ། སྤྱན་གསུམ་དམར་ལ་ཟླུམ་ཞིང་འཁྲུག་པ། ཞལ་ཨམ་གཙིགས་བསྡམས་པ། སྲིང་མོ་དུང་སྐྱོང་སྣ་ཚོགས་གདོང་མས་རྟ་མཐུར་ནས་ཁྲིད་པ། སྒོ་མཚམས་བརྒྱད་ལ་བྱ་རྒོད་གདོང་མ་དང་། ཕག་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཁྭ་གདོང་མ་དང་། སྤྱང་གདོང་མ་དང་། ཁྱུང་གདོང་མ་དང་། སྟག་གདོང་མ་ཐམས་ཅད་ཀྱང་གཅེར་བུ་མཐིང་ནག་ཕྱག་རྒྱ་ལྔས་བརྒྱན་ཅིང་གྲི་ཐོད་བཟུང་ནས་རོའི་སྟེང་དུ་གར་གྱིས་རོལ་པ། ནང་ཐམས་ཅད་འབར་བའི་ཕྲེང་བ་འཁྲིགས་པ། གཞན་ཡང་དཔལ་གྱི་མགོན་པོ། ཡེ་ཤེས་ཀྱི་མ། ལས་བྱེད་ཀྱི་ཁྲོ་བོའི་རིགས་ཐམས་ཅད་ཚོགས་པ། མཐོང་ན་སྐྱི་ཟིང་བ། གསུང་དཀྱིལ་གྱི་གྲྭ་ནང་མའི་ཤར་གྱི་གཡས་ནས་རིམ་པ་བཞིན། ཙརྩི་ཀ་དྲག་པོས་འཁྱུད་པ་ལ། རྒན་བྱེད་མ་དང་། དྲག་མོ་དང་། འཇིགས་མ་དང་། ཨུ་མས་བསྐོར་བ། ཁྱབ་འཇུག་མ་རྩིགས་པ་ཅན་གྱིས་འཁྱུད་པ་ལ། འཕྲོག་བྱེད་མ་དང་། འབར་བྱེད་མ་དང་། འཇིགས་བྱེད་མ་དང་། ཡུལ་འཁོར་སྐྱོང་མ། ཕག་མོ་དྲག་པོ་ཆེན་པོས་འཁྱུད་པ་ལ། རྒྱལ་མ་དང་། རྣམ་པར་རྒྱལ་མ་དང་། མི་ཐུབ་མ་དང་། གཞན་གྱིས་མི་ཐུབ་མ། གཞོན་ནུ་མ་མི་སྡུག་པས་འཁྱུད་པ་ལ། འཇིགས་བྱེད་མ་དང་། གཟུགས་ཅན་མ་དང་། མཆེ་གཙིགས་མ་དང་། ཐོད་པ་ཅན་མ། དྲག་མོ་ལྷས་བྱིན་གྱིས་འཁྱུད་པ་ལ། ནག་མོ་ཆེན་མོ་དང་། ནག་སྦོམ་དང་། བཟང་མོ་དང་། མཆེ་བ་ཅན་མ། དཔའ་མོ་དགའ་བར་ལྡན་པས་འཁྱུད་པ་ལ། ཐོད་འཕྲེང་འཛིན་མ་དང་། འཕྲེང་འཛིན་མ་དང་། ཏྲི་ཤཱུ་ལ་འཛིན་མ་དང་། སྦྲུལ་འཛིན་མ། དབང་མོ་ནག་མོ་ཁྱབ་བྱེད་ཀྱིས་འཁྱུད་པ་ལ། དབང་མོ་དང་། ཟླ་བ་མོ་དང་། དྲག་ཏུ་སྡང་བ་མོ་དང་། རྣ་བ་འཕྱང་མ། ཚངས་མ་ལོག་སྲེད་ཅན་གྱིས་འཁྱུད་པ་ལ། རལ་གྲི་མ་དང་། དགྲ་ཧྶ་མ་དང་། མདའ་ཐོགས་མ་དང་། གཞུ་ཅན་མས་བསྐོར་བ། ཡབ་ཡུམ་རྣམས་མཐིང་ནག་ཞལ་གཅིག་མི་བཟད་པར་ཁྲོས་པ། ཕྱག་བཞིའི་དང་པོ་གཉིས་གྲི་གུག་དང་ཐོད་པ། ལྷག་མ་གཉིས་ཌཱ་མ་རུ་དང་ཏྲི་ཤཱུ་ལ། དུར་ཁྲོད་ཀྱི་ཆས་ཅན་རོའི་གདན་ལ་འགྱིང་བ། འཁོར་གྱི་མ་མོ་རྣམས་མདུན་ནས་གཡས་བསྐོར་གྱིས་ནག་སེར་དམར་ལྗང་བ་གྲི་ཐོད་ཅན་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་ཏེ་གར་མཛད་པ། ལྷ་ཁྱམས་ཕྱི་མར་ཞིང་སྐྱོང་ཞི་བའི་གདོང་མ་དང་དྲིལ་བུ་ཆེན་པོ། དཔལ་ཆེན་མོ་དང་མེའི་གདོང་། བདེ་བྱེད་མ་དང་གྱེན་དུ་འབར་སྐྲ། སྣ་མོ་ཆེ་དང་མཆོག་གི་དབང་ཕྱུག མེ་འབར་མ་དང་སྒྲ་ཆེན། མེ་ལྕེའི་ཁ་མ་དང་དྲིལ་བུའི་སྒྲ། དམར་སེར་མ་དང་བྱིན། བོང་ཞོན་མ་དང་གླང་ཆེན་རྣ་བ། བ་ལང་རྣ་མ་དང་བུ་གུའི་བྱིན་ཅན། རིམ་པ་མོ་དང་རྩིག་པ། མཐོང་གཤོལ་མ་དང་སྤུའི་བྱིན་པ། ཙཱ་མུཎྜྻི་དང་བུམ་པ། བཞིན་མདངས་མ་དང་རལ་པ་གསུམ་པ། གློག་གི་གདོང་མ་དང་དྲིལ་བུའི་སྒྲ་ཆེན། མེ་ལྕེའི་གདོང་མ་དང་བྱ་བ་ཀུན་མཛེས། ཀ་རཉྫྱ་གནས་མ་དང་དྲིལ་ཆེན། ལྷ་མོ་ཆེན་མོ་དང་སྒྲ་ཆེན་པོ། གཏུམ་མོ་དང་བསྐྱེད་པ། སྐྱེ་བོ་མ་དང་ལྷུན་པོ་ཆེན་པོ། འདོད་མ་དང་འཇིགས་པ། ཨ་མྲ་ཀོ་དང་བརཏལ་ཞུགས་ཆེན་པོ། ཛི་ལིའི་སྒྲ་འབྱིན་མ་དང་སྣ་ཆེན། ལྷན་ཅིག་སྐྱེས་མ་དང་ཐུབ་དཀའ། དབང་བསྐུར་མ་དང་སྣ་ཚོགས་དབང་ཕྱུག ཐམས་ཅད་གྲྭ་ནང་མའི་གཙོ་བོ་ལྟ་བུ། ཤར་སྒོར་རང་བྱུང་སྲིད་རྒྱལ་མཐིང་ནག་ཁྲོས་པའི་ཞལ་གཅིག་ཕྱག་བཞི་ཁ་ཊྶ་ཾཕུར་བུ་མེ་ལོང་སྦྲུལ་ཞགས་འཛིན་པ། མ་མོའི་ཆས་ཀྱིས་བརྒྱན་པ། ཙན་འཁྱིལ་གྱིས་དྲེའུའི་སྟེང་དུ་བཞུགས་པའི་ཕང་དུ། ཟ་བྱེད་ཀྱི་མགོན་པོ་བེར་ནག་པོ་མི་སྡུག་པའི་བཞིན་ཅན་མིའུ་ཐུང་གེལ་བའི་གཟུགས། མཐིང་ནག་གཡས་ཟངས་གྲི་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཐོད་རུས་སྦྲུལ་གྱིས་བརྒྱན་ཅིང་། ཞབས་གཡོན་བརྐྱང་གིས་བཞུགས་པ། ལྷོ་སྒོར་སེངྒེ་དཀར་མོ་ལ་ཆིབས་པའི་ཇོ་མོ་བཀྲ་ཤིས་ཚེ་རིང་མ་སྐུ་མདོག་དཀར་མོ་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཚེའི་བུམ་པ་འཛིན་པ། གཟུགས་མཛེས་ཤིང་ལྟ་ན་སྡུག་པ། ལྷའི་བུ་མོ་བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་ཞིང་དབུ་སྐྲ་མཐོན་མཐིང་ལྷས་མ་རྒྱབ་ཏུ་འཕྱང་ཞིང་ཅུང་ཟད་བཅིངས་པའི་ཟུར་ཕུད་ཡིད་བཞིན་གྱི་ནོར་བུས་བརྒྱན་པ། སྙན་གོང་གསེར་དང་ཨུཏྤ་ལའི་ཕྲེང་བ་དང་རྣ་ལྟག་ཏུ་དར་གྱི་ཅོད་པན་གཡོ་བ། ནོར་བུའི་རྣ་ཆ་གདུབ་ཀོར་དང་། མགུལ་རྒྱན་དང་། དཔུང་རྒྱན་དང་། ཕྱག་ཞབས་གསེར་གྱི་གདུ་བུས་སྤྲས་ཤིང་། མུ་ཏིག་གི་དོ་ཤལ་དང་རིན་པོ་ཆེའི་སྐ་རགས་ཅན། དར་དཀར་པོ་ཡིད་དུ་འོང་བའི་སྟོད་གཡོགས་དང་། ཀ་ཙ་ལིནྡའི་སྨད་གཡོགས་འཆང་བ་མཚར་སྡུག་འོད་དུ་ཆགས་པ། ཤིན་ཏུ་སྒེག་ཅིང་འགྱིང་བ། གཡས་ལོགས་སུ་ཤཱནྟ་པུ་རིར་གནས་པའི་ཚོགས་ཀྱི་བདག་པོ་ཟླ་བའི་འོད་ཅན་གླང་པོ་ཆེའི་དབུ་མཆེ་བ་གཅིག་གཙིགས་པ། སྤྱན་གསུམ་ཆགས་པས་གཟིགས་པ། དབུ་སྐྲ་ནག་པོ་ཟུར་ཕུད་ལྔ་བཅིངས་པ་ལ་ཡིད་བཞིན་གྱི་ནོར་བུ་དང་ཟླ་ཚེས་ཀྱིས་བརྒྱན་པ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཕྱག་བཞིའི་དང་པོ་གཉིས་ལ་ཕུག་དང་ཟས་ཀྱི་གཞོང་པ། ལྷག་མ་གཉིས་བགྲང་ཕྲེང་དང་དགྲ་ཧྶ། རིན་པོ་ཆེ་དང་མེ་ཏོག་གི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། ནོར་བུ་སྐྱུག་པའི་བྱི་བའི་ཁར་གེལ་བའི་སྟབས་ཀྱིས་བཞུགས་པ། ནུབ་སྒོར་རྡོ་རྗེ་གཡུའི་སྒྲོན་མ་ཁྲོས་མ་དམག་ཟོར་གྱི་རྒྱལ་མོ་གཅེར་བུ་མཐིང་ནག་དབུ་དགུ་རཀྵ་སིའི་གདོང་པ་ཅན། སྲིད་པ་གསུམ་ཤར་ཟ་བའི་ཁ་མོ་ཆེ་དགུ་གདངས་ནས་མཆེ་བ་རི་ལྟར་དུ་གཙིགས་པའི་འགྲམ་དང་མིག་ནས་ནད་རིགས་ཐམས་ཅད་ཁྲག་གི་རྒྱུན་དུ་འཛག་པ། ལུས་ལས་མེ་དཔུང་འཕྲོ་ཞིང་ལྟས་ངན་པ་དང་། ཆོ་འཕྲུལ་ཐམས་ཅད་དགྲ་ལ་གཏོང་བ། སྣ་རྣམས་ནས་ཐལ་བའི་རླུང་དམར་འཚུབ་པ། དབུ་རེ་རེ་ལས་སྤྱན་གསུམ་གསུམ་དགྲ་ལ་གཟིར་ནས་གློག་ལྟར་འཁྱུག་པ། གཡུ་ཡི་རལ་པས་སྟོང་གསུམ་ཁེངས་པ། ནུ་མ་འཕྱང་བ། བྷ་ག་བསྒྲད་པ། ཕྱག་བརྒྱད་ཀྱི་དང་པོ་གཉིས་གྲི་ཐོད། ལྷག་མ་གཡས་གསུམ་རལ་གྲི་དགྲ་ཧྶ་ལྕགས་ཀྱུ། གཡོན་གསུམ་རྩེ་གསུམ་ཞགས་པ་ཅང་ཏེའུ་བརྡུང་བ། ཁྲག་ཞག་ཐལ་བས་བྱུགས་པ། ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ་ཆིབས་པ། གཡས་སུ་རྟ་ནག་དྲེགས་པ་ཆེན་པོ་སྤྱི་གཙུག་ཏུ་རྟ་མགོ་ལྗང་ནག་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་བ། རྩ་བའི་ཞལ་མི་བཟད་པར་ཁྲོས་པ། ཕྱག་གཡས་རལ་གྲི་རེག་གཅོད་ཀྱི་སྤུ་གྲིའི་སོ་ཅན་འཕྱར་ཞིང་། གཡོན་བྷཉྫྱ་ཀླད་ཁྲག་སྙིང་གིས་གང་བ་ཐུགས་ཀར་འཛིན་པ་དར་ནག་གི་འཇོལ་བེར་གསོལ་བའི་སྟེང་དུ་དུར་ཁྲོད་ཀྱི་ཆས་བརྒྱད་ཚང་བར་མནབས་པ། གསེར་གྭ་སྐེད་ལ་བཅིངས་ནས་སྭག་རིའི་ལཧྭམ་དང་བཅས་ཏེ་སྟག་མོ་དྲུས་མ་ལ་ཆིབས་པ། བྱང་སྒོར་དུར་ཁྲོད་ཀྱི་བདག་མོ་ཤིན་ཏུ་ཁྲོས་པ་ཀེང་རུས་གར་བྱེད་པའི་གཟུགས་ཅན་ཕྱག་གཡས་དབྱུག་ཐོ་འཕྱར་ཞིང་། གཡོན་བྷན་དམར་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། དར་གྱི་ཤམ་ཐབས་ཅན་རང་འདྲ་བའི་ཡབ་གཡས་སུ་གནས་པ། གཞན་ཡང་གནས་གསུམ་དང་། ཕོ་ཉ་དང་། འཇིག་རྟེན་དང་། དམ་ཚིག་དང་། ཤ་ཟའི་མཁའ་འགྲོ་མ་རྗེ་མོ་བཅུ་བཞི། སྲིད་པའི་སྨན་མོ་ལྔ་ཅུ་རྩ་བརྒྱད་ལ་སོགས་པ་འཇིགས་བྱེད་མ་མོའི་ཚོགས་སྲིད་ཚད་སྤྲིན་ལྟར་དུ་འཁྲིགས་པ། སྐུ་དཀྱིལ་གྱི་ལྷ་ཁྱམས་ནང་མའི་ཤར་གྱི་གཡས་སུ། ལྷའི་མགོན་པོ་གུ་ལང་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་གར་དགུའི་ཉམས་དང་ལྡན་པ། གཡས་སྐྱེ་འགྲོ་འགུགས་པའི་ལྕགས་ཀྱུ། གཡོན་སྲིད་པ་གསུམ་ཟིལ་གྱིས་གནོན་པའི་རླུང་གི་ཞགས་པ་དང་བཅས་པའི་ལིངྒ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་རལ་པ་ཟླ་ཚེས་ཀྱིས་སྤྲས་པ། འོད་དང་ལྡན་པའི་རྟགས་གྱེན་དུ་བསྒྲེང་ཞིང་ཕྱེད་སྐྱིལ་གྱིས་བཞུགས་པ། གཡོན་དུ་ལྷ་མོ་ཨུ་མ་འཕྲུལ་གྱི་མེ་ལོང་དང་བུམ་པ་བཟུང་སྟེ་ཡབ་ཀྱི་ཕྱེད་དུ་བཞུགས་པ། འཁོར་ཚངས་པ་དང་། འདོད་ལྷ་དང་། དབང་པོ་དང་། ཁྱབ་འཇུག་དང་། ཉེ་དབང་དང་། གཞོན་ནུ་དང་། བྷྲྀཾ་གི་རི་དང་། ཚོགས་ཀྱི་བདག་པོ་ལ་སོགས་ཏེ་གཟུགས་དང་འདོད་ལྷ་གྲུབ་པ་དང་རིག་པ་འཛིན་པ་ཐམས་ཅད་ཀྱིས་བསྐོར་བ། གཡོན་དུ་བདུད་ཀྱི་མགོན་པོ་སེངྒེའི་གདོང་པ་ཅན་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་འབར་བ། སེངྒེའི་ཞལ་རྔམ་ཞིང་ཁྲོས་པའི་ཉམས་ཅན། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། མཆེ་བ་རྣོན་པོ་གཙིགས་པའི་ཞལ་གདངས་ཤིང་ལྗགས་གློག་ལྟར་འཁྱུག་པ། རལ་པ་སྔོ་སྐྱ་གྱེན་དུ་བརྫེས་པའི་གསེབ་ནས་སེང་ཆུང་མང་པོ་འཕྲོ་བ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སེངྒེའི་ང་རོ་འབྲུག་ལྟར་དུ་སྒྲོག་པ། ཕྱག་གཡས་མདུང་དར་ནག་པོ་སྲིད་རྩེའི་བར་དུ་འཕྱར་ཞིང་། གཡོན་ཐོད་པ་གློ་སྙིང་གི་གཏོར་མས་གང་བ་བསྣམས་པ། དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་བའི་ནང་མར་རིན་པོ་ཆེའི་སྐ་རགས་དང་གསེར་གྭ་མཛེས་པར་བཅིངས་པ། ཞབས་གཉིས་དྲག་ཤུལ་ཆེན་པོའི་སྟོབས་ཀྱིས་གུང་གཉིས་ལ་གླིང་བཞི་ཁྱབ་པར་རྒྱུ་བའི་བདུད་རྟ་ནག་པོ་རླུང་གི་ཤུགས་ཅན་ལ་ཆིབས་པ། མེའི་ཕུང་པོ་གཅིག་ཏུ་འབར་བ། གཡོན་དུ་བདུད་མོ་སེང་གདོང་མ་སྐུ་མདོག་དམར་མོ་རབ་ཏུ་ཁྲོས་པའི་སྤྱན་བསྒྲད་ཅིང་ཞལ་གདངས་པ། རལ་པ་དམར་པོ་འབར་བའི་ནང་ནས་ཁྲོ་ཆུང་མེ་སྟག་ལྟར་འཕྲོ་བ། དར་དམར་གྱི་བེར་གྱོན་ཞིང་སྟག་གི་པགས་པས་སྨད་དཀྲིས་པ། ཕྱག་གཡས་ཏྲི་ཤཱུ་ལ་འདེབས་པའི་ཚུལ་དུ་བསྣམས་པ། གཡོན་པ་མི་སྙིང་དྲོན་མོ་བར་མ་ཆད་པར་གསོལ་བ། མྱུར་མགྱོགས་ཀྱི་རྩལ་དང་ལྡན་པའི་རྟ་དམར་ལ་ཞོན་པ། ཡབ་ཡུམ་དེ་དག་གི་གཡས་དང་གཡོན་དུ་ལས་མཁན་འཇིགས་བྱེད་དུས་མཚན་ནག་པོ་ཡབ་ཡུམ་ཁ་དོག་སེར་བ་སྤྲེའུའི་གདོང་པ་ཅན། ལག་གཉིས་བྱ་སྡེར་ས་ལ་བཙུགས་ནས་སྤྱིའུ་ཚུགས་སུ་འགྲོ་ཞིང་། རྐང་པས་ཐོད་པ་གཏོར་མས་གང་བ་ཐོགས་པ། མི་ལྤགས་ཀྱིས་སྐེད་དཀྲིས་ཤིང་ལུས་སྟོད་ཀྱི་ཐད་དུ་རླུང་ནག་འཚུབ་པ། སྐེད་པར་མེ་དཔུང་མཆེད་ཅིང་འབར་བ། རྐང་པའི་ཐད་སོར་གློག་གི་ཕྲེང་བ་དང་བཅས་པའི་སྤྲིན་འཁྲིགས་པའི་ཆོ་འཕྲུལ་གཏོང་བ། འཁོར་དུ་དམག་དཔོན་བཛྭ་སཱ་དྷུ་ནག་པོ། དར་དཀར་གྱི་རལ་གུ་གྱོན་པ། གཡས་ལྕགས་ཀྱི་ཐོ་ཆེན་འབར་བ་འཕྱར་ནས་དགྲ་བགེགས་ཀྱི་མགོ་བོ་འགེམས་ཞིང་། གཡོན་སྦུད་པ་ནག་པོ་དྲག་ཏུ་འབུད་པས་མྱོས་པར་བྱེད་པ། ར་སྐྱེས་ཁམ་པ་ལ་ཞོན་པ། གཤིན་རྗེ། ཀླུ། བདུད། སྲིན་པོ། སྲོག་བདག བཙན། མ་མོ་སྟེ་བདུད་ཀྱི་སྡེ་དཔོན་ཆེན་པོ་བརྒྱད། ཕོ་བདུད་ཉི་ཤུ་རྩ་གཅིག ནག་པོ་སྟོང་ལ་སོགས་པ་བདུད་ཀྱི་རིགས་ཐམས་ཅད་དང་། སྨྱོ་བྱེད་ལ་སོགས་པ་འབྱུང་པོ་དང་། བརྗེད་བྱེད་ལ་སོགས་པ་གདོན་དང་། ཟ་བྱེད་ལ་སོགས་པ་ཤ་ཟའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། ལྷོའི་གཡས་སུ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དམར་ནག་ཁྲག་གི་རྒྱ་མཚོ་རུལ་བ་ལྟ་བུ། གཅེར་བུ་རྒྱན་མེད་རྟགས་བསྒྲེང་བ། མ་ཧེ་ཁྲོས་པའི་ཞལ་གདངས་ཤིང་མཆེ་བ་རྣམ་པར་གཙིགས་པ་ལྗགས་བསྒྲིལ་ནས་ངར་སྒྲ་འབྲུག་ལྟར་དུ་སྒྲོག་པ། སྤྱན་གསུམ་དམར་པོ་གཟིར་བ། སྨ་ར་ཨག་ཚོམ་སྨིན་མ་འབར་ཞིང་འཁྱིལ་བ། རལ་པ་གསིགས་པའི་གསེབ་ནས་གཤིན་རྗེའི་ཕོ་ཉ་ཐམས་ཅད་སྤྲོ་བ། གནམ་ལྕགས་ཀྱི་རྭ་རྩེས་སྲིད་པ་གསུམ་གྱི་ལྟོ་བ་འབིགས་པ། ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་ཐོད་ཁྲག་འཆང་བ། ཞབས་གཡོན་བརྐྱང་གིས་སྲིན་གྱི་མ་ཧེ་ཁྲོས་པའི་སྟེང་དུ་བཞུགས་ཤིང་། ཙཱ་མུཎྜྻི་མ་ཧེ་མོའི་གདོང་ཅན་དམར་ནག་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་དང་རྩེ་བ། གཡས་སུ་སྲོག་བདག་མོན་པ་དམར་པོ་བསྭེའི་ཞུབ་ཅན་དཔའ་བོའི་ངར་སྐད་སྒྲོག་ཅིང་། བསེ་མདུང་དང་མདའ་གཞུ་ཁྱེར་ཏེ་རྟ་རྒོད་མི་ཟན་ལ་ཞོན་པ། དགྲ་ལ་ཇག་པར་ཆས་ནས་སྲོག་དབུགས་མེ་ལྟར་དུ་ལེན་པ། གཡོན་དུ་སྐྱེ་དགུའི་སྲོག་གི་སྒོར་གཟའི་ཟེར་ལ་ཞོན་ནས་རྒྱུ་བའི་འཆི་བདུད་ནག་པོ་མདའ་གཞུ་ཁྱེར་བ། འཁོར་དུ་གཤིན་རྗེ་ཡ་བ་ཏི། མིག་དམར། ཆོས་རྒྱལ། ཕྱ་སང་། ཏེལ་པ། རྨིག་པ། ཨ་བ། རལ་པ་ཚར་དགུ་སྟེ་གཤིན་རྗེའི་སྡེ་དཔོན་ཆེན་པོ་བརྒྱད། ལོ་ཟླ་ཞག་ཟ་མའི་གཤེད་ལ་སོགས་པ་གཤིན་རྗེའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། གཡོན་དུ་སྲིན་པོའི་མགོན་པོ་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ་ལུས་པོ་གཅིག་ལ་མགོ་བོ་དགུ་ཡོད་པ་སྟེང་ཕྱོགས་བྱ་རོག་གི་ཞལ་དང་བཅུ། དབུ་དགུ་ནི་རྩ་བའི་ཞལ་གསུམ་གཤིན་རྗེའི་ཞལ་གཡས་ལྗང་། གཡོན་ནག དབུས་དུད་ཁ་འབར་བ། སྤྱན་དགུ་ཐུར་དུ་གཟིགས་པ། བར་གྱི་ཞལ་གསུམ་བདུད་ཀྱི་ཞལ་གཡས་མཐིང་། གཡོན་དམར། དབུས་ལྗང་ནག སྤྱན་དགུ་བར་སྣང་ལ་གཟིགས་པ། སྟེང་གི་ཞལ་གསུམ་ལྷའི་ཞལ་གཡས་ལྗང་གཡོན་དམར། དབུས་དཀར་བ། ཞི་བའི་སྤྱན་དགུ་སྟེང་དུ་གཟིགས་པ། ཤིན་ཏུ་རྔམ་པའི་རང་བཞིན་ཅན། མཆེ་བ་གཙིགས་ཤིང་སྨིན་མ་དང་སྨ་རའི་བར་ནས་བསྐལ་པའི་མེ་སྟག་འཕྲོ་བ། མགོ་ལུས་ཐམས་ཅད་མིག་གིས་གང་ཞིང་ཁྲོ་བ་དང་འཁྲུགས་པ་དང་ལྡན་པ། ཕྱག་གཡས་ན་ཆུ་སྲིན་གྱི་ཞགས་པ་བསྣམས་པས་ས་བདག་གདུག་པའི་སྙིང་ནས་འདྲེན་ཞིང་ཐལ་བར་རློག་པ། གཡོན་རྭའི་མདའ་གཞུ་བསྣམས་པས་དམ་ཉམས་པའི་དགྲ་བོ་སྒྲོལ་བ། སྐུ་སྨད་སྦྲུལ་དུ་ཡོད་པ། ཀླུ་རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བྲམ་ཟེ་དང་། གདོལ་པའི་རིགས་ཀྱིས་ཕྱག་དང་རྒྱན་རྣམས་ལ་ཕྲ་མིག་ཏུ་མཛེས་པ། སྐུ་མདོག་དུད་ཁ་འཇིགས་པའི་མདངས་དང་ལྡན་པ། སྐུ་སྟོད་ནམ་མཁའི་དབྱིངས་ན་བཞུགས་པ། སྐུ་སྨད་རྒྱ་མཚོའི་གཏིང་ན་འཁྱིལ་བ། སྣང་སྲིད་ཀྱི་ལྷ་འདྲེ་གཞན་རྣམས་ཀྱིས་མཐོང་ན་འཇིགས་ཤིང་སྐྲག་པར་འགྱུར་བ། སྟག་སྲིན་ཟོར་བའི་གདོང་པ་ཅན་སེར་ནག་སྟག་ལྤགས་གྱོན་པ་ཉི་མ་ལ་ཆིབས་ནས་ཟོར་བ་བསྣམས་པ། བཾ་སྲིན་དྲེད་མོའི་གདོང་པ་ཅན་སྔོ་ནག་དྲེད་ལྤགས་གྱོན་པ་ཟླ་བ་ལ་ཆིབས་ནས་སྦྲུལ་ཞགས་བསྣམས་པ། ཀོང་སྲིན་བ་ལང་གི་གདོང་པ་ཅན་དམར་ནག་གླང་ལྤགས་གྱོན་པ་སྡིག་པ་ལ་ཆིབས་ནས་ཟངས་གྲི་བསྣམས་པ། འབྲོག་སྲིན་ཆུ་སྲིན་གྱི་གདོང་པ་ཅན་ལྗང་ནག་ཆུ་སྲིན་གྱི་གཡང་གཞི་གྱོན་པ་རྨིག་བུ་ལ་ཆིབས་ནས་བེ་ཅོན་བསྣམས་པ། འཁོར་ལྗང་སྔོན་དྲག་པོ། དྲང་སྲོང་དཀར་སེར། བདུད་པོ་རོག་ཏི། བིཥྚི་པ་ཏྲ། བྱི་ནུ་རཱ་ཛ། དུ་བ་མཇུག་རིང་། བིཥྞཀྵྭ། སྒྲ་གཅན་ཏེ་ལྷ་ཆེན་བརྒྱད་ཀྱིས་དྲེགས་པ་ལས་ལ་བཀོལ་བ། གཟའ་དང་རྒྱུ་སྐར་རྣམས་ཀྱིས་ཉམས་པ་བྱད་དུ་སྟེམས་པ། ལྷ་མ་ཡིན་གཏུམ་པོ་རྣམས་ཀྱིས་མཚོན་ཆའི་ཆར་འབེབས་པ། ལངྐའི་བདག་པོ་ལ་སོགས་པ་སྲིན་པོའི་ཚོགས་སྲོག་དབུགས་ཟ་བ་རྣམས་ཀྱིས་བསྐོར་བ། ནུབ་ཀྱི་གཡས་སུ་ཀླུའི་མགོན་པོ་ནཱ་ག་རཀྴ་ནག་པོ་སྐུ་སྟོད་སྲིན་པོའི་གཟུགས་ཅན། རྒྱབ་རི་རབ་ལ་གཏད་པ། སྐུ་སྨད་རྒྱ་མཚོའི་གཏིང་དུ་འཁྱིལ་བ། རྩ་ཞལ་སྲིན་པོ་ཤིན་ཏུ་ཁྲོས་པ། ལྷག་མ་སྦྲུལ་ནག་བརྒྱད་བར་སྣང་ལ་འཕྱོ་བའི་དབུས་མར་རིན་པོ་ཆེའི་པྲོག་ཞུ་ཅན། ཕྱག་བཅུ་དྲུག་གི་གཡས་བརྒྱད་གྲི་གུག་འཕྱར་ཞིང་། གཡོན་བརྒྱད་སྦྲུལ་ཞགས་འཕེན་པའི་དང་པོ་གཉིས་ཐུགས་ཀར་བསྣོལ་བ། ཞལ་ནས་ཨིཀ་ཤ་ཨིཀ་ཤ་ཞེས་པའི་སྒྲ་སྒྲོག་པ། སྲིད་པ་གསུམ་པོ་ལྟོ་ན་ཆུག་པ། ཡུམ་ཀླུ་མོ་ཁྲོས་མ་སྦལ་མགོ་དགུ་པ། ཕྱག་གཉིས་སྦྲུལ་ལྤགས་དང་ནད་རྐྱལ་བསྣམས་པ། འཁོར་སྟོབས་ཀྱི་རྒྱུ། དུང་སྐྱོང་། པདྨ། ནོར་རྒྱས། མཐའ་ཡས། རིགས་ལྡན། འཇོག་པོ། པད་ཆེན་ལ་སོགས་པའི་ཀླུ། གཉན་ཆེན་སྡེ་བཞི་ལ་སོགས་པའི་གཉན། ཐེ་སེ་ལ་སོགས་པའི་ས་བདག་སྟེ་ལྟོ་འཕྱེའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། གཡོན་དུ་བཙན་གྱི་མགོན་པོ་བེག་རྩེ་དམར་པོ་ཞལ་བསྒྲད་ཅིང་མཆེ་བ་གཙིགས་པ། རྐན་སྒྲ་རྡེབ་པ། སྡང་མིག་གིས་བགེགས་དཔུང་སྲེག་པ། ཕྱག་གཡས་ཟངས་གྲི་རྣོན་པོ་འཕྱར་ཞིང་། གཡོན་དགྲ་བོའི་གློ་སྙིང་མདའ་གཞུ་བསྭེ་མདུང་རྣམས་འཛིན་པ། དཔའ་བ། ཟངས་ཀྱི་ཡ་ལད་ཅན། ཁྲག་འཛག་པའི་མགོ་བོའི་དོ་ཤལ། སྭག་རིའི་ལཧྭམ་གསོལ་ཞིང་སྤྲུལ་པའི་ཕོ་ཉ་འགྱེད་པ། གཡོན་དུ་སྲིན་མོ་གདོང་དམར་མ་མི་ལྤགས་ཀྱི་རལ་གུ་དང་། མགོ་བོའི་དོ་ཤལ་ཅན་ཟངས་གྲི་དང་ཕུར་བུ་བསྣམས་པ། གཡས་སུ་ལས་མཁན་དམག་དཔོན་ཆེན་པོ་ཅེ་སྤྱང་ལ་ཞོན་པ་ཟངས་ཀྱི་ཞུབ་ཅན་བཙན་ཞགས་མདའ་ལྟར་དུ་འཕེན་པ། དེའི་མཐའ་སྐོར་དུ་གྲི་ཐོགས་ཀྱི་གིང་སྡེ་བརྒྱད། སྲོག་གཅོད་ཀྱི་བཤན་པ་ཉི་ཤུ་རྩ་གཅིག་ལ་སོགས་པ་བཙན་གྱི་རིགས་ཐམས་ཅད་ཀྱིས་བསྐོར་བ། བྱང་གི་གཡས་སུ་གནོད་སྦྱིན་གྱི་མགོན་པོ་ཞང་འོན་ནག་པོ་ཁྲག་རལ་ཅན། ཐུང་ཞིང་སྦོམ་ལ་གསུས་ཁྱིམ་ཆེ་བ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་འབུར་ཚུགས་སུ་ལྟ་བ། དབུ་ལ་རིན་པོ་ཆེའི་པྲོག་ཞུ་འབར་བ། ཕྱག་གཡས་དགོས་འདོད་སྩོལ་བའི་ནོར་བུ་རིན་པོ་ཆེ་དང་། གཡོན་ནད་ཐམས་ཅད་སེལ་བའི་བདུད་རྩིའི་བུམ་པ་བསྣམས་པ། འདོད་དགུ་འབྱུང་བའི་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བརྗིད་ཅིང་རབ་ཏུ་བརྗིད་པའི་སྐུ་ལ་དར་ནག་གི་བེར་ཆེན་སུམ་བརྩེགས་གསོལ་བའི་འོག་མ་ལ་སྐ་རགས་གསེར་གྭ་རིན་ཆེན་འབར་བ་བཅིངས་པ། སྒེག་ཅིང་དཔའ་བའི་ཆ་བྱད་ཡོངས་སུ་རྫོགས་པ། སྭག་ལཧྭམ་རིན་པོ་ཆེའི་འབུར་ཅན་གྱོན་པའི་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་སྲིན་པོ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་གདན་ལ་བཞུགས་པ། གཡོན་དུ་སྲིང་མོ་གནོད་སྦྱིན་ནག་མོ་དགྲ་ལ་འོ་དོད་འབོད་པའི་ཁ་ནས་ཁྲག་དང་དུག་ཆུ་འབབ་པ། ཕྱག་གཡས་ནད་ཀྱི་རྐྱལ་པ་དང་། གཡོན་རིན་པོ་ཆེའི་གཞོང་པ་ཞལ་ཟས་སྣ་ཚོགས་ཀྱིས་གང་བ་ཡབ་ལ་སྟོབ་པ། འཁོར་གང་བ་བཟང་པོ། ནོར་བུ་བཟང་པོ། ཡང་དག་ཤེས། ཀུ་བེ་ར། འབྲོག་གནས། ལྔས་རྩེན། པི་ཙི་ཀུཎྜྻ་ལི། ཛམྦྷ་ལ་སྟེ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད། ནག་པོ་འབར་བ་ལ་སོགས་པ་ལྕགས་ཁྲབ་ཅན་དྲག་པོའི་ལས་སྒྲུབ་པ། གཏུམ་པོ་ཉི་མའི་གཟི་བརྗིད་ལ་སོགས་པ་གསེར་ཁྲབ་ཅན་རྒྱས་པའི་ལས་སྒྲུབ་པ། ཧ་ལ་འབར་བྱེད་ལ་སོགས་པ་སྨུག་པོ་བསྭེ་ཁྲབ་ཅན་དབང་གི་ལས་སྒྲུབ་པ། འབྲོག་གནས་མཆེད་ལྔ་ལ་སོགས་པ་གཡུའི་ཁྲབ་ཅན་ཞི་བའི་ལས་སྒྲུབ་པའི་གནོད་སྦྱིན་གཏུམ་པོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། གཡོན་དུ་གིང་གི་མགོན་པོ་མཐིང་ནག་རྔམ་ཞིང་ཁྲོས་པ། ཟ་འོག་གི་འཇོལ་བེར་དང་དོམ་གྱི་སླག་པ་གྱོན་པ། དར་ནག་གི་ཐིབས་ཞུ་ཅན། གཡས་སྤུ་གྲི་འཕྱར་ཞིང་གཡོན་བདུད་ཞགས་འཛིན་པ། བ་གླང་སྣ་རིང་ལ་ཞོན་པ། ཡུམ་ཤཱནྟི་རོ་ཟན་མ་དར་དང་རིན་པོ་ཆེས་བརྒྱན་པ། རལ་གྲི་འཕྱར་ཞིང་ནེའུ་ལེ་དཀུར་བརྟེན་པ་དང་རྩེ་བ། ནང་བློན་པུ་ཏྲ་ནག་པོ་རལ་གྲི་དང་ཐོད་པ་ཅན་དར་གྱི་ཨང་ག་རག་དང་དར་ནག་གི་གོས་ཅན། བྷ་ཏྲ་ནག་པོ་སྟག་སླག་ཅན་དམ་ཤིང་དང་མི་སྙིང་བཟུང་བ། སྲིང་མོ་གསེར་གྱི་སྤུ་གྲི་དང་རྒྱུ་མ་འཛིན་པ། གསུམ་ཀའང་རུས་པའི་རྒྱན་དང་མི་མགོའི་དོ་ཤལ་ཅན། རྩི་མ་ར་བསྭེའི་ཁྲབ་རྨོག་བགོས་ཤིང་མདུང་དམར་དང་ཞགས་པ་བཟུང་ནས་རྟ་རྒོད་བྲ་བོ་གཡུ་རྔོན་ལ་ཞོན་པ། གཡས་ཀྱི་རུ་འདྲེན་སྐྱེས་པ་སྟག་ཆས་ཅན་བརྒྱ། གཡོན་གྱི་རུ་འདྲེན་དགེ་སློང་བརྒྱ། སླད་ཀྱི་རྗེས་འབྲང་སྔགས་པ་ནག་པོ་བརྒྱ། མདུན་གྱི་ཤུལ་འདྲེན་པ་བུད་མེད་ནག་མོ་བརྒྱ། གར་མཁན་སྐྱོ་བསངས་འབག་ལ་སོགས་པ་སྐྱེས་བུ་གིང་གི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། ལྷ་ཁྱམས་ཕྱིའི་ཕྱོགས་མཚམས་སྟེང་འོག་ཏུ། བརྒྱ་བྱིན་དཀར་པོ་རྡོ་རྗེ་འཆང་བ། མེ་ལྷ་དམར་པོ་བགྲང་ཕྲེང་འཆང་བ། གཤིན་རྗེ་ནག་པོ་བེ་ཅོན་འཆང་བ། སྲིན་པོ་ནག་པོ་རལ་གྲི་འཆང་བ། ཆུ་བདག་དཀར་པོ་སྦྲུལ་ཞགས་འཆང་བ། རླུང་ལྷ་ནག་པོ་བ་དན་འཆང་བ། གནོད་སྦྱིན་སེར་པོ་དབྱུག་ཐོ་འཆང་བ། དབང་ལྡན་དཀར་པོ་རྩེ་གསུམ་འཆང་བ། གདོང་བཞི་སེར་པོ་འཁོར་ལོ་འཆང་བ། ས་འཛིན་སེར་པོ་བུམ་པ་འཆང་བ་དང་། ཤར་སྒོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཀར་པོ་བཻ་ཌཱུརྻའི་རྒྱུད་མངས་སྦྲེང་བ། ལྷོ་སྒོར་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཆང་བ། ནུབ་སྒོར་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན་བསྣམས་པ། བྱང་སྒོར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སེར་པོ་གཡས་རྒྱལ་མཚན་དང་གཡོན་ནེའུ་ལེ་བཟུང་ནས་སེངྒེའི་སྟེང་ན་བཞུགས་པ་བཞི་ཀའང་གཟི་བརྗིད་ཚད་མེད་པ། ལྷའི་གོ་ཁྲབ་དང་རྒྱན་གྱིས་ལེགས་པར་བརྒྱན་པ། ཕྱོགས་བཅུའི་མགོན་པོ་འཇིག་རྟེན་སྐྱོང་བ་བཞི་ཀའང་བཙུན་མོ་ནང་མི་སྣག་གི་གཉེན་མངག་གཞུག་རང་རང་གི་སྡེ་དཔུང་ཐམས་ཅད་ཀྱིས་བསྐོར་བ། རོ་ལངས་བརྒྱ་ཕྱོགས་མཚམས་ཐམས་ཅད་དུ་རྒྱུ་བ། སྤྲུལ་པའི་དྲེགས་པ་བཅོ་བརྒྱད་ལས་ལ་རྒྱུག་པ། སྡེ་དཔོན་སུམ་ཅུ་བཀའ་ལ་ཉན་པ། ཕྱི་ནང་གསང་བ་སྦས་པ་སྔགས་བསྟན་པ་སྐྱོང་བ། ལས་བྱེད་རྟགས་ཆགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ལུས་མི་སྡུག་པའི་གཟུགས་བྲེད་དགུར་ཚོགས་པ། ངག་མི་སྙན་པའི་སྒྲས་འཁོལ་བ། ཡིད་སྙིང་རྗེ་མེད་པར་གཏུམ་པས་སྲིད་པ་གསུམ་པོ་ཟ་བར་ཆས་པ། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་ཧོཿ གཙོ་བོའི་ཧ྄ཱུཾ་ལས་འོད་ཟེར་འཕྲོས་པ་ལྷ་མོ་བཞི་ལ་ཕོག་པས། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པ་དཔག་ཏུ་མེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་མ་ཧཱ་ཀཱ་ལ་ལྕམ་དྲལ། རྡོ་རྗེའི་ཕོ་ཉ་མོ་དང་ཕོ་ཉ། བཀའ་སྡོད་ཀྱི་མགོན་པོ་ལྷ་མ་སྲིན་དྲེགས་པ་སྡེ་བརྒྱད། ཕྱོགས་དང་འཇིག་རྟེན་སྐྱོང་བ་འཁོར་བཅས་ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་སྡུད་ལས་ཀྱི་རྩལ་མངའ་བ། བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་སྒྲོལ་བའི་ལས་ལ་མྱུར་བ་ཤ་སྟག་གི་ཚོགས་ཀྱིས་མདུན་དུ་བདར་བ། ལྟས་ཆེན་པོ་བཅོ་བརྒྱད་དང་བཅས་པས། ཕྱོགས་མཚམས་ཐམས་ཅད་དུ་མི་ཟད་པའི་གནམ་རྡོ་ལྟུང་བཞིན་པར་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ཧཱུྃ། ཆོས་དབྱིངས་འགྱུར་བ་མེད་པའི་ཀློང་། །ཕ་མཐའ་གདལ་བ་ཡུམ་གྱི་མཁའ། །མ་ལུས་རྒྱལ་བ་བགྲོད་པའི་ཡུལ། །གསང་བ་མཆོག་གི་དགྱེས་པ་ནས། །ཡེ་ཤེས་མགོན་པོ་སྤྱན་འདྲེན་གྱིས། །འཇིག་རྟེན་འཇིག་རྟེན་འདས་རྣམས་ཀྱི། །རང་བཞིན་འཇིགས་བྱེད་ཧེ་རུ་ཀར། །མངོན་པར་བཞེངས་ནས་གཤེགས་སུ་གསོལ། །ཁམས་གསུམ་ཡོངས་ལས་ཆེར་འཕགས་པའི། །འོག་མིན་གནས་མཆོག་ཉམས་དགའ་བ། །ཕྱིར་མི་ལྡོག་པའི་གཏན་གྱི་ཡུལ། །ཀུན་བཟང་འབྱོར་པ་རྒྱས་པ་ནས། །དམ་ཚིག་མགོན་པོ་སྤྱན་འདྲེན་གྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེར། །གཅིག་པུ་སྣ་ཚོགས་ལྷར་འཆར་བ། །ཆུ་ཟླའི་གར་གྱིས་གཤེགས་སུ་གསོལ། །སྟོང་གསུམ་ཆེན་པོའི་འཇིག་རྟེན་དབུས། །རྡོ་རྗེ་གདན་གྱི་ཛམ་བུའི་དྲུང་། །དཔའ་བོ་སངས་རྒྱས་བརྙེས་པའི་ཡུལ། །ཆོས་ཀྱི་གཡེ་ཡི་དགོན་པ་ནས། །སྤྲུལ་པའི་མགོན་པོ་སྤྱན་འདྲེན་གྱིས། །སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག །དམ་པ་ཆོས་ཀྱི་སྲོག་ཤིང་ཆེ། །བྱ་རོག་མིང་ཅན་གཤེགས་སུ་གསོལ། །ནཱ་ལེནྡྲ་དང་རྣམ་གནོན་ཚལ། །ཤྲཱི་དྷ་ནྱ་ཀ་ཊ་ཀ །པདྨ་གེ་སར་རྒྱས་པའི་ཡུལ། །ཆོས་ཀྱི་འབྱུང་གནས་ཆེན་པོ་ནས། །བཀའ་སྲུང་མགོན་པོ་རྣམས་འབོད་ཀྱིས། །བདུད་དང་བདུད་ཀྱི་ཕྱོགས་འཇོམས་ཤིང་། །དཀར་པོ་སྐྱོང་བ་དགྲ་ལྷའི་རྒྱལ། །ལེགས་ལྡན་ཐམས་ཅད་གཤེགས་སུ་གསོལ། །བྱ་རྒོད་ཕུང་པོའི་རི་བོའི་འདབས། །འཇིགས་སུ་རུང་བ་བསིལ་བའི་ཚལ། །དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཡུལ། །ལངྐ་གདོང་དམར་རྒྱ་ནག་ནས། །རྡོ་རྗེ་ཕོ་ཉ་རྣམས་འབོད་ཀྱིས། །ཕྱི་དང་ནང་དང་གསང་བ་ཡི། །མཁའ་འགྲོ་མ་ཡི་དྲྭ་བ་ཆེ། །ཞིང་སྐྱོང་ཐམས་ཅད་གཤེགས་སུ་གསོལ། ། ཧཱུྃ། ནམ་མཁའི་དབྱིངས་ནས་ལྷ་ཆེན་པོ། །མུན་པའི་ཀློང་ནས་བདུད་ཀྱི་མགོན། །ས་འོག་དགུ་ནས་ཆོས་ཀྱི་རྒྱལ། །བར་སྣང་ཁམས་ནས་གདུག་པ་གཟའ། །རྒྱ་མཚོའི་བྱིངས་ནས་ཀླུ་ཡི་སྲིན། །མྱ་ངན་མེད་ནས་བེག་རྩེ་ཅན། །རི་རབ་རྩེ་ནས་ཞང་འོན་དང་། །ཆོས་འཁོར་རྣམས་ནས་ལི་བྱིན་ཧར། །ཕྱོགས་མཚམས་རྣམས་ནས་སྐྱོང་བ་བཅུ། །བང་རིམ་ངོས་ནས་རྒྱལ་ཆེན་བཞི། །འཇིག་རྟེན་མགོན་པོ་མ་ལུས་པ། །བཙུན་མོ་ནང་མི་སྣག་གི་གཉེན། །མངག་གཞུག་དམག་གི་སྡེར་བཅས་པ། །བདག་གི་དད་པས་སྤྱན་འདྲེན་གྱིས། །མཐུ་སྟོབས་ཆེན་པོས་གཤེགས་སུ་གསོལ། །ཨོཾ་བཛྭ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ ཞེས་པས་སྤྱན་དྲངས། བཞུགས་སུ་གསོལ་བ། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །བཀའ་སྡོད་མང་པོའི་འཁོར་གྱིས་བསྐོར། །སྲིད་པ་མ་མོའི་ཚོགས་དང་བཅས། །འདིར་བཤམས་འབར་བའི་གདན་ལ་བཞུགས། །ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་པ་ནི། །དངོས་དང་ཡིད་ལས་བྱུང་བ་དག །ནམ་མཁའ་མཉམ་པ་སྙེད་ཀྱིས་མཆོད། །ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པའི་རྣམ་པ་དུ་མ་དང་ལྡན་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་གཙོ་བོ་ལ་བདེ་མཆོག་དང་། གཞན་རྣམས་ལ་རྡོ་རྗེ་སྲིན་པོ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པས་དབུ་བརྒྱན་པར་གྱུར། ཨོཾ་བཛྭ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཅེས་རྡོ་རྗེ་སྤྱི་བོར་བཞག དམ་ཆུ་ལྗགས་ལ་བྱིན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་སྲུང་ཞིང་བཀའ་ལ་གནས། །དམ་ཚིག་འཛིན་པའི་ནག་པོ་ཆེ། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ན་མཿཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། མཆོད་རྫས་ཐམས་ཅད། ཨོཾ་སྦྱངས། ཨཱཿས་སྤེལ། ཧཱུྃ་སྦར་བས། ཤར་དུ་ཞི་བ་ཀུན་ཏུ་བཟང་པོའི་མཆོད་སྤྲིན། ལྷོར་རྒྱས་པ་ནམ་མཁའི་མཛོད། ནུབ་ཏུ་དབང་ཁམས་གསུམ་འགུགས་པའི་ལྕགས་ཀྱུ། བྱང་དུ་དྲག་པོ་གཤིན་རྗེའི་ཁབ་ཀྱི་འབྱོར་པ་ཐམས་ཅད་པར་གྱུར། ཨོཾ་བཛྭ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། པཱ་དྱཾྎ པུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ ནཻ་ཝི་དྱྎ ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་བཛྭ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་རཀྟ་པཱུ་ཛ་ཁཱ་ཧི། ཨོཾ་མ་ཧཱ་སུ་ཁ་བཛྭ་སཏྭ་ཛཿཧཱུྃ་བཾ་ཧོཿསུ་ར་ཏེ་ཧྶཾ། རྒྱས་པར་སྔགས་ཀྱི་སྔོན་དུ་ཕྲིན་ལས་བཞིན་དུ་བྱེད་ལ། གཏོར་མ་ཨོཾ་ཨཱཿཧཱུྃ། དག་པ་རབ་འབྱམས་ཀྱི་མདངས། ནམ་མཁའི་སྣོད་ཆེན་པོར་ཕྱི་ནང་གསང་བར་འབྱུང་བའི་དཀྱིལ་འཁོར་གྱི་ཁར། བདུད་དང་བདུད་ཀྱི་ཕྱོགས་དང་དགྲ་བོ་ཐམས་ཅད་བསྒྲལ་བའི་ཤའི་ཁོར་ཡུག་ཆེན་པོས་བསྐོར་བ། ཁྲག་ཞག་ཀླད་པའི་རྒྱ་མཚོ་རྦ་ཀློང་འཁྲུག་པ། རུས་པ་སྣ་ཚོགས་པའི་རི་བོ། ལྷ་བ་དང་དྭངས་མའི་རོལ་པའི་ཆུ་གཏེར་ཆེན་པོས་དཀྲིགས་པ། སྙིང་དང་། གློ་བ་དང་། མཆིན་པ་དང་། མཚེར་པ་དང་། མཁལ་མ་དང་། རྒྱུ་མ་དང་། ནང་ཁྲོལ་གཞན་དང་། མགོ་ལག་དང་། མིག་ལ་སོགས་པ་དབང་པོ་ཐམས་ཅད་སྤུངས་པའི་ལྷུན་པོ། མཐོང་ན་བྲེད་པའི་གཟུགས་ཐམས་ཅད་པར་འཆར་བ། མི་སྡུག་པའི་སྒྲ་ཐམས་ཅད་ཀྱིས་ཁོལ་བ། བཾ་ཞིང་མྱགས་པ། རུལ་ཞིང་སུམས་པ་ལ་སོགས་པའི་དྲི་ང་བ་ཐམས་ཅད་འཚུབ་པ། ཕྱོགས་བཅུའི་བཾ་ཕོ་མོ་ཐམས་ཅད་སིང་ང་རོ་ལེན་མ་རྣམས་ཀྱིས་དེར་འདོར་བ། པགས་པ་ཁྲག་གིས་སྦགས་པ་ཐམས་ཅད་གཡབ་མོ་དང་བཅས་ཏེ་རེག་བྱར་འཐིབས་པ། གཞན་ཡང་འཇིག་རྟེན་གསུམ་གྱི་བཟའ་བ་དང་བཏུང་བ་དང་བཅའ་བ་དང་མྱང་བ་དང་བལྡག་པ་དང་གཞིབ་པའི་ཟས་ཀྱི་གནས་ཐམས་ཅད་སྣང་བ། ཡོངས་འདུ་དང་འཛམ་བུ་དང་དཔག་བསམ་གྱི་ཤིང་ལ་སོགས་པའི་འབྲས་བུ། མ་རྨོས་པ་ལ་སོགས་པའི་འབྲུ། བི་ཛ་པཱུ་ར་ལ་སོགས་པའི་སྨན། འཆི་མེད་ཀྱི་བདུད་རྩི་ལ་སོགས་པའི་བཅུད་ཐམས་ཅད་ཆགས་པ། དབང་དུ་བྱེད་པའི་ལ་དུ། ཉམས་པའི་སྲོག་དབུགས་བླ་ཚེ་ཁ་རྗེ་དབང་ཐང་ཀླུང་རྟ་ལ་སོགས་པ། ཁྱིམ་གྱི་འཁོར་ལོ་སྒང་གཤོང་དུ་འཁོར་བ། རྨང་སྲིད་པའི་གཏིང་དུ་བཅས་པ། མཐོ་དགུང་སྔོན་གྱི་དབྱིངས་སུ་སླེབས་པ། རྒྱ་ནམ་མཁའི་མཐའ་ཚུན་ཆད་དུ་བརྡལ་བ། དཔལ་ཡེ་ཤེས་ཀྱི་མགོན་པོ་ནས་འཇིག་རྟེན་སྐྱོང་བ་བཞིའི་བར་གྱི་དཀྱིལ་འཁོར་ཆེན་པོའི་དམ་ཅན་རྒྱ་མཚོ་ཐམས་ཅད་ཧབ་ཧབ་རྒྱུག་ཅིང་དུངས་དུངས་འཁྲུངས་ནས་རྔམ་རྔམ་པོར་རྐན་སྒྲ་ཏོག་བཞིན་པས་དུར་ཁྲོད་ཀྱི་རོ་ལ་བྱ་རྒོད་ཀྱིས་རུབ་པ་ལྟ་བུར་ཐུགས་ཀྱི་རེ་ཁ་མ་རྫོགས་ཀྱི་བར་དུ་གསོལ་བར་གྱུར། ཐུགས་དཀྱིལ་གྱི་མགོན་པོ་རྣམས་ལ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་ཨུ་པ་ཧཱ་རི་ཎི་ཨེ་ཥ་ཨ་པཥཙི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏཱིཛྙྱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་སཏྭ་ན། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀ་གྲྀ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ྄་ཧཱུྃ། གསུང་གི་དཀྱིལ་འཁོར་རྣམས་ལ། ཨོཾ་ཀ་ཀ་ཀ་དྷྱ་ན། བ་བ་བནྡྷ་ན། ཁ་ཁ་ཁ་ད་ན། སརྦ་དུཥྚན། ཧ་ན་ཧ་ན། གྷཱ་ཏ་ཡ་གྷཱ་ཏ་ཡ་ཨ་མུ་ཀ་ཀྵྼ། ཤཱིནྟཾ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་ཛཿསྭཱ་ཧཱ། སྐུ་དཀྱིལ་རྣམས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྱ་ནུཏྤནྣ་ཏྭཏྟ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ། ཅེས་ལན་གསུམ་གྱིས་འབུལ། རྒྱས་པར་སྤྲོ་ན་རང་རང་གི་སྲོག་གམ་མིང་སྔགས་ཀྱི་མཐར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པས་འབུལ། དེ་ནས། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་སྒྲོལ་བའི་དཔའ་བོ། གཙུག་ལག་ཁང་གི་སྲུང་མ། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་སྐྱོང་བ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་གྱི་དགྲ་ལྷ་ཆེན་པོ། ལེགས་ལྡན་རྡོ་རྗེ་སྲིན་པོ་བྱ་རོག་གི་མིང་ཅན། ཡུམ་ཆེན་པེ་ཏཱ་ལི། ཨེ་ཀ་ཛཱ་ཊི། དུད་པའི་སོལ་བ་མ། རེ་མ་ཏི་མཆེད་བཞི། ཧཱུྃ་མཛད་ཡེ་ཤེས་ཀྱི་མགོན་པོ། མྱུར་མཛད་དམ་ཚིག་གི་མགོན་པོ། གསང་བའི་མགོན་པོ། འཇིགས་བྱེད་ཀྱི་མགོན་པོ། ལས་མཁན་ཆེན་པོ། གསོད་བྱེད་ཀྱི་མགོན་པོ། རྔམ་བྱེད་ཀྱི་མགོན་པོ། སྒྲོལ་བྱེད་ཀྱི་མགོན་པོ། ཡེ་ཤེས་ཀྱི་མ་གསུམ། ཙཎྜྻི་ཀ་འབར་བའི་གདོང་། ལས་ཀྱི་མ་མོ་གསུམ། སྐུའི་མགོན་པོ་སྟག་ཞོན་ཡབ་ཡུམ། གསུང་གི་མགོན་པོ་ཨ་གྷོ་ར་ཡབ་ཡུམ། ཐུགས་ཀྱི་མགོན་པོ་ནག་པོ་ཆེན་པོ་འབར་བ་ཡབ་ཡུམ། ཡོན་ཏན་གྱི་མགོན་པོ་ལེགས་ལྡན་ཡབ་ཡུམ། ཕྲིན་ལས་ཀྱི་མགོན་པོ་གྲི་གུག་ཡབ་ཡུམ། དམོད་པ་དྲག་སྔགས་ཀྱི་མགོན་པོ་བེང་ཡབ་ཡུམ། རྦོད་གཏོང་གི་མགོན་པོ་མ་ནིང་ཡབ་ཡུམ། འཇིག་རྟེན་དྲེགས་པའི་མགོན་པོ་ཏྲཀ་ཤད་ཡབ་ཡུམ་སྟེ་མགོན་པོ་བཀའ་བརྒྱད། སྒོ་མཚམས་སྐྱོང་བའི་ལྷ་མོ་བརྒྱད། རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི། ཞིང་སྐྱོང་ཆེན་པོ་སོ་གཉིས། སྲིད་པའི་རྒྱལ་མོ་དང་བེར་ནག་ཅན། བཀྲ་ཤིས་ཚེ་རིང་མ་དང་ཚོགས་ཀྱི་བདག་པོ། རལ་གཅིག་གཡུ་སྒྲོན་མ་དང་རྟ་ནག་དྲེགས་པ་ཆེན་པོ། དུར་ཁྲོད་བདག་མོ་ཡབ་དང་བཅས་པ། ལྷའི་མགོན་པོ་གུ་ལང་དབང་ཕྱུག་ཆེན་པོ། བདུད་ཀྱི་མགོན་པོ་ནག་པོ་སེངྒེའི་གདོང་། གཤིན་རྗེའི་མགོན་པོ་དམ་ཅན་ཆོས་ཀྱི་རྒྱལ་པོ། སྲིན་པོའི་མགོན་པོ་གཟའ་བདུད་དུག་གི་སྤུ་གྲི། ལྟོ་འཕྱེའི་མགོན་པོ་ཀླུ་བདུད་ནཱ་ག་རཀྴ། བཙན་གྱི་མགོན་པོ་སྒྲོལ་གིང་ཆེན་པོ་བེག་རྩེ། གནོད་སྦྱིན་གྱི་མགོན་པོ་ཞང་འོན་ནག་པོ་ཁྲག་རལ་ཅན། གིང་གི་མགོན་པོ་རྒྱལ་པོ་ཆེན་པོ་པེ་ཧ་ར། ཕྱོགས་བཅུའི་མགོན་པོ། རྒྱལ་པོ་ཆེན་པོ་སྡེ་བཞི། བཙུན་མོ་ནང་མི་སྣག་གི་གཉེན་མངག་གཞུག་དམག་གི་སྡེ་དང་བཅས་པ་དམ་པ་ཆོས་བྱེད་པའི་བཀའ་སྡོད་ཐམས་ཅད་ལ་མཆོད་སྦྱིན་ཆེན་པོ་འདི་འབུལ་ལོ། །སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། ཁྱད་པར་དུ་དཔལ་ལྡན་འབྲུག་པའི་བཤད་སྒྲུབ་ཀྱི་བསྟན་པ་ཟླ་བ་ཡར་གྱི་ངོ་ལྟར་གོང་ནས་གོང་དུ་འཕེལ་བར་མཛོད་ཅིག སྒོས་རྣལ་འབྱོར་པ་བདག་ཅག་རྒྱུ་སྦྱོར་བ་འཁོར་དང་བཅས་པ་ཐམས་ཅད་ལ་སྔོན་གྱི་ལས་འཕྲལ་གྱི་རྐྱེན་ངན་པ་ཐམས་ཅད་ཞི་བ་དང་། ཕས་ཀྱི་སྔགས་བོན་མུ་སྟེགས་ནག་པོས་ཕྱག་རྒྱ་སྔགས་ཏིང་ངེ་འཛིན་ཅི་དང་ཅིས་བྱད་དུ་སྟེམས་པ། ས་ལ་མནན་པ། ཆུ་ལ་གཏད་པ། མེ་ལ་བསྲེག་པ། རླུང་ལ་བསྐོར་བ་ལ་སོགས་པ་ཐམས་ཅད་བྱེད་པ་པོ་རང་ལ་གཤེད་དུ་ཕོབ་ཅིག སྣང་སྲིད་ཀྱི་ལྷ་འདྲེས་ཟ་བའི་ཁ་གཏད་པ། གནོད་པའི་དབལ་འཛུགས་པ། མཐོའི་རྒྱན་གཞི་གཏིངས་པ། ཤྭའི་རྡེའུ་སྤུངས་པ། བྱད་ཀྱི་ཁྲམ་ལ་འདེབས་པ་ཐམས་ཅད་དགྲ་ལ་སྒྱུར་ཅིག ཞི་བ་དང་། རྒྱས་པ་དང་། དགུག་པ་དང་། དྲག་པོའི་ལས་ཐམས་ཅད་ལ་དབང་དང་ལྡན་པ། གྲུབ་པ་བརྒྱད་དང་། ཕྱག་རྒྱ་ཆེན་པོ་དངོས་གྲུབ་ཀྱི་མཆོག་སྦྱིན་པར་མཛད་དུ་གསོལ། དེ་ནས་བསྟོད་པ་རྐང་བརྒྱད་དང་ཏིལ་མར་མའི་རྗེས་ལ། ཐུགས་དཀྱིལ་བ་ལ། ཧཱུྃ། བདེ་གཤེགས་ཐུགས་རྗེས་སྐུ་སྤྲུལ་པ། །སེམས་ཅན་རྣམས་ལ་མགོན་སྐྱབས་མཛད། །འོག་མིན་གནས་ན་བཞུགས་པ་ལ། །རབ་ཏུ་བཏུད་དེ་གུས་ཕྱག་འཚལ། གསུང་དཀྱིལ་བ་ལ། བཅོམ་ལྡན་འདས་ཀྱི་སྐུར་བསྟན་པ། །འདྲེན་པ་འཇིག་རྟེན་མཁའ་འགྲོའི་གཙོ། །དྲག་པོ་མ་རུངས་འདུལ་མཛད་པ། །མ་ཧཱ་ཀཱ་ལིར་ཕྱག་འཚལ་བསྟོད།། སྐུ་དཀྱིལ་བ་རྣམས་ལ། འཇིག་རྟེན་ལ་གནས་གདུག་པ་འདུལ། །དུར་ཁྲོད་མ་མོ་རྣམས་ཀྱི་གཙོ། །ལྷ་ཆེན་དྲག་པོའི་སྐུར་སྟོན་པའི། །འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད།། ཅེས་པས་སམ། རྒྱས་པར་ཕྲིན་ལས་ཀྱི་གཞུང་བཞིན་དུ་གྱེར་ཞིང་། འཛབ་བྱང་བཞིན་དུ་བཟླས་པ་བྱས་ནས། མདོར་བསྡུས་པས་སླར་མཆོད་ཅིང་བསྟོད་དེ། རྟེན་ཡོད་ན་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་དེ་ལ་བསྟིམ། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་བཛྭ་མུཿས་ཐམས་ཅད་རང་ལ་བསྟིམ། དགེ་བ་འདི་ཡིས་ཞེས་སོགས་ཀྱིས་བསྔོ། །བཀྲ་ཤིས་བརྗོད། ཚིག་གི་སྤུན་པས་མ་རྙོགས་ཤིང་། །དོན་མིན་ལྷད་ཀྱིས་མ་བསླད་པ། །མྱངས་ན་ཞིམ་པའི་ཆོས་ཀྱི་རོ། །སུས་འཐུང་ཁ་དེ་ལྷ་ཡི་ཞལ། །གང་ཞིག་རྒྱུད་ལུང་རྒྱ་མཚོ་ཆེ། །བསྲུབས་པའི་བདུད་རྩི་མ་མཐོང་བར། །ཕྱོགས་རེའི་ཆང་བུམ་ལ་འཐུངས་པའི། །མྱོས་སྤྱོད་བཟང་པོར་ཕལ་ཆེར་རློམ། །ཆོས་ཀྱི་རྒྱལ་པོ་རྣམ་རྒྱལ་ལྷའི། །རྒྱལ་མཁར་རྩེར་འོས་འདི་ཤེས་ནས། །པད་དཀར་རྣམ་དཔྱོད་མཐའ་ཡས་ཀྱིས། །ངལ་བས་སྟོན་འདི་དར་གྱུར་ཅིག །གདགས་ཕུ་ཞེས་བྱའི་ཤུག་གསེབ་ཏུ། །བླ་མའི་ལུང་གི་རྗེས་འབྲངས་ནས། །གཞན་གྱིས་མ་རྙེད་འདི་རྒྱུད་བཞིན། །རྙེད་པ་ངོ་མཚར་དག་གི་གཏེར། །དགེ་ལེགས་འཕེལ།། །།
བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་པའི་དམ་ཅན་རྒྱ་མཚོའི་མཆོད་སྤྲིན།
བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་པའི་དམ་ཅན་རྒྱ་མཚོའི་མཆོད་སྤྲིན་བཞུགས་སོ། །ཚིག་དོན་རྣམ་བཀྲའི་མཆོད་སྤྲིན་ཡིད་འོང་འདིས། །མགོན་པོའི་དཀྱིལ་འཁོར་རྣམ་པར་བརྒྱན་པའི་ཚེ། །ཐུབ་ཆེན་གངས་ཅན་མཚོ་ཡི་འདུན་ས་ཉིད། །འདིར་འོངས་སྙམ་དུ་དཔྱོད་ལྡན་སྙིང་ཀ་འཛིན། ཤར་ནས་ཞི་བའི་མཆོད་པ་ནི། ཧཱུྃ མཆོད་ཡོན་བསིལ་ཟེར་ཁེངས་པའི་ག་པུར་སྡེ། །ཁྲུས་ཆབ་སྦྲུལ་གྱི་སྙིང་པོའི་རྫབ་ལྡན་རྫིང་། །མེ་ཏོག་འཇའ་མདངས་སོ་སོར་ཕོན་བྱས་པ། །བདུག་སྤོས་ཡོངས་འདུའི་དྲུང་ནས་འཐུལ་བའི་ངད། །མར་མེ་ཉིན་མོར་བྱེད་པའི་གཟུགས་གསར་པ། །བྱུག་པ་ཡིད་འོང་ལྷ་ཡི་ཆུ་བོའི་རྒྱུན། །ཞལ་ཟས་བདུད་རྩིའི་རྩེར་འཐོན་རོ་བརྒྱ་པ། །རོལ་མོ་ཡན་ལག་འབུམ་ལྡན་སྙན་པའི་སྒྲ། །རེ་རེའང་མཆོད་པའི་ཡོ་བྱད་མ་ལུས་པ། །རབ་འབྱམས་ནམ་མཁའི་ཁྱོན་རྣམས་ཀུན་བཀང་ཞིང་། །ཐམས་ཅད་ཚོགས་པས་བདོག་པ་མ་མཆིས་པའི། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་འབུལ་ལོ།། ལྷོ་ནས་རྒྱས་པའི་མཆོད་པ་ནི། ཧཱུྃ བརྟན་གཡོ་བཀོད་པ་རྒྱ་མཚོའི་དཀྱིལ་ཆེན་པོར། །ཀླུ་དབང་རིན་ཆེན་ཐམས་ཅད་ལེགས་པར་བསྟར། །མཐོ་རིས་འབྱོར་པ་ལྷུན་དུ་ཆགས་པའི་རྩེར། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་ཟློས་གར་སྦྱར། །གཏེར་བུམ་མ་རྨོས་སྙེ་མ་བརྡལ་བའི་སར། །མཐའ་བཞི་རྣམ་གནོན་རྒྱལ་སྲིད་སྣ་བདུན་བཤམས། །དཔག་བསམ་ནགས་སུ་འདོད་འཇོའི་བ་ཡི་ཁྱུ། །ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་བསྒྲེང་བའི་རྩེར། །བསམ་འཕེལ་མཐུ་སྟོབས་རྔོམ་བརྗིད་བགྱིད་པ་དང་། །གཞན་ཡང་སྲིད་ཞིའི་ཚར་དུ་དངར་བ་ཡི། །དབང་ཕྱུག་ཆེན་པོའི་ལོངས་སྤྱོད་མ་ལུས་པ། །མི་ཟད་ནམ་མཁའི་མཛོད་དུ་འབུལ་གྱིས་བཞེས།། ནུབ་ནས་དབང་གི་མཆོད་པ་ནི། ཧཱུྃ མཛེས་སྡུག་མཚན་དཔེའི་དཔལ་གྱིས་འགུག་བྱེད་མ། །རྒྱུད་མང་སྒྲེང་ཞིང་གླུ་སྒྲས་འཆིང་བྱེད་མ། །རྔུལ་ཐིགས་ངད་པ་ཞིམ་པོས་དབང་བྱེད་མ། །ཟླ་བཞིན་བདུད་རྩི་སྦྱིན་པས་མྱོས་བྱེད་མ། །པད་ཅན་ཟེ་བའི་རེག་པས་ལྟུང་བྱེད་མ། །ལུས་ཅན་ཡིད་འགུགས་འདོད་པའི་མེ་ཏོག་མདའ། །སྔགས་རྒྱ་ཏིང་འཛིན་གཞུ་ནས་འཕང་བ་རྣམས། །དཀྱིལ་འཁོར་ཀུན་ཏུ་མཆོད་པ་དམ་པར་འབུལ།། བྱང་ནས་དྲག་པོའི་མཆོད་པ་ནི། ཧཱུྃ དགྲ་བོ་མཐར་བྱེད་འཚུབ་མས་དཀྲུགས་པའི་ཁྲག །མི་བཟད་བསྒུལ་བ་ཀློང་འཁོར་རལ་པའི་བྱིངས། །བསད་པའི་རོ་ཚོགས་ལང་ལོང་རྒྱུ་བ་ཅན། །དམར་གྱི་ཨརྒྷཾ་ཆེན་པོ་ཀུན་ནས་བསྒྲེང་། །ནག་པོ་ཧ་ལ་ཧ་ལ་ཞུ་བའི་ཆུ། །དུག་རླངས་འཁྲུགས་པས་དགྲ་བོ་རྨོངས་རེངས་དང་། །སྨྱོ་འབོག་བརྒྱལ་དང་འཆི་བར་བྱེད་པའི་རྦས། །མ་ལུས་བརྫིས་པའི་ཞབས་ཟུང་རྣམ་པར་བཀྲུ། །མི་རོ་ལས་བཏོན་རྒྱུ་མའི་ཐག་པ་ལ། །གཡུལ་ངོར་སྣ་ཚོགས་མཚོན་བསྣུན་བསད་གཏུབས་པའི། །མགོ་ལག་དབང་པོ་དོན་ལྔ་སྣོད་བརྒྱུས་པ། །དུར་ཁྲོད་ཆེན་པོའི་མེ་ཏོག་ཕྲེང་བར་སྦྲེལ༑ །ངད་པ་དྲེགས་པ་རྔམས་ནས་འཁོལ་འགྱུར་བའི། །རབ་འཇིགས་དུ་བ་འཚུབས་པའི་མུན་པའི་མཐིངས། །མེ་སྟག་སྐར་མདའ་ལྟུང་དང་རྒྱུག་བྱེད་པའི། །གདུག་པའི་དྲི་ཅན་ཐམས་ཅད་སྤོས་སུ་སྦྱར། །ཉིན་མོར་བྱེད་པ་བསད་པ་དམར་བའི་ཁྲག །ཕྱོགས་ཀྱི་གདོང་ལ་མཐུག་པོར་བྱུག་འདོད་པའི། །རོ་རས་སྦྲང་ཆེན་གྱིས་སྦངས་སྦར་བའི་མེ། །མ་ལུས་མུན་ལ་མཐར་བྱེད་གཏུམ་པོར་བཏང་། །གླང་ཆེན་ཟླ་བོར་ཞེ་སྡང་མེས་བཞུ་ཞིང་། །མྱོས་བྱེད་ཀྱིས་རྦད་འགྲམ་པ་ནས་ཟགས་པའི། །གིའུ་ཝང་དྲི་བཟང་བུང་བའི་གཏེར་འཛིན་པ། །སིམ་པ་སྐྱེད་པའི་བྱུག་པ་མཆོག་ཏུ་བྱས། །ཕྱོགས་རྣམས་དཔུང་བཞིའི་སྤྲིན་གྱིས་བཀབ་ནས་སུ། །མཚོན་ཆའི་གློག་གཡོ་མདའ་རྣོན་ལྕེ་འབབ་པས། །བདུད་བཞི་ཁ་བཏགས་བླ་ཚེ་སྲོག་དབུགས་སོགས། །གཡུལ་ངོར་རྒྱལ་བའི་དགའ་སྟོན་ཆེན་པོར་སྒྲིག །སྡིག་སྤྱོད་རྣམས་ལ་ཆད་ལས་བཟོད་དཀའ་བ། །ལྟུང་བས་གཡོ་ཅན་རང་དང་དེ་ཡི་ཕྱོགས། །དཔའ་འཁུམས་ཅི་བྱ་གཏོལ་མེད་ངུ་བའི་སྒྲ། །ཆོས་ཀྱི་དར་ཆེན་འཕྱར་བའི་རོལ་མོར་འབུལ།། དེ་ནས་ནང་གི་མཆོད་པ་ནི། ཧཱུྃ དཔག་བསམ་ཤིང་བཅུད་ཛ་གད་དཔའ་བོའི་ཕུད། །པདྨའི་ཟིལ་དངར་རྩ་བརྒྱད་ཡན་ལག་སྟོང་། །ལྷ་མིན་ཁྲག་གིས་སྦགས་པའི་དྲི་རོ་ནུས། །འཆི་མེད་བདུད་རྩིའི་ཁེངས་པ་འཕྲོག་པས་མཆོད།། གསང་བའི་མཆོད་པ་ནི། ཧཱུྃ བྱང་ཆུབ་སེམས་འབྱོངས་རཀྟ་འོ་མའི་མཚོ། །འདོད་འཇོའི་ཞོ་ལ་འབྱུང་བའི་རྩི་ཁྲག་བཏབ། །མཚན་ལྡན་མ་དང་གཟུགས་འཚོང་བྷ་གའི་རྡུལ། །བསྒྲལ་བའི་དམར་ཆེན་རྦ་རུ་འཛག་པས་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧཱུྃ དབྱིངས་ཕྱུག་ཀུ་མུད་རྒོད་པའི་ཟེ་བའི་རྩེར༑ །བསིལ་ཟེར་བྱེད་པ་ལྷུང་བས་རྟབ་རྟབ་པོར། །ཉིན་བྱེད་འོད་ཀྱིས་བསུས་ནས་སླར་ཡང་ནི། །བདེ་ཆེན་འཁོར་ལོའི་མཁའ་ལ་འཛེག་དེས་མཆོད།། །། ༈ །གཏོར་འབུལ་གྱི་ཀཱ་རི་ཀ་ཕྱེད་བཅས་བཅུ་གཉིས་པ། ཧཱུྃ ཆོས་ཀྱི་དབྱིངས་ནས་ཁྲོས་ཏེ་འོངས་པའི་ལྷ། །རྡོ་རྗེ་སྲིན་པོ་མི་བཟད་དྲག་ཤུལ་ཅན། །ཡེ་ཤེས་མགོན་པོ་བྱ་རོག་མཚན་ཅན་ལ། །འཁོར་དུ་གུར་མགོན་ཕྱག་དྲུག་གཉན་མགོན་ཞལ། །ལས་མཁན་བྱ་རོག་གདོང་ཅན་སྡེ་བཞི་དང་། །སྟག་ཞོན་ཨ་གྷོ་ར་དང་ལེགས་ལྡན་ཆེ། །གྲི་གུག་གནྜི་འཆང་དང་བེང་འཛིན་པ། །མ་ནིང་ཏྲག་ཤད་ཕོ་རྒྱུད་མགོན་པོ་ཀུན། །སྔགས་སྲུང་ཨེ་ཀ་ཛཱ་ཊི་ཙཎྜྻི་ཀ །འདོད་དབང་དུད་སོལ་རེ་མ་ཏི་བཞི་དང་། །འབར་གདོང་མཁའ་འགྲོ་དྲུག་དང་སྒོ་མཚམས་མ། །མ་ཧཱ་ཀཱ་ལི་བརྒྱད་དེ་མོ་རྒྱུད་ཀུན༑ །རྡོ་རྗེ་ཕོ་ཉ་ཆེན་མོར་མངའ་གསོལ་བའི། །ས་གསུམ་གནས་པའི་ཞིང་སྐྱོང་མཁའ་འགྲོའི་ཚོགས། །གུ་ལང་ཆེན་པོ་སེང་གདོང་ལས་གཤིན་དང་། །གཟའ་མཆོག་ཀླུ་བདུད་བེག་རྩེ་ཞང་འོན་གིང་༑ །ཕྱོགས་བཅུ་སྐྱོང་བ་རྒྱལ་པོ་ཆེན་པོ་བཞི། །ཀུན་ཀྱང་རང་རང་བཀའ་ཉན་བསམ་ཡས་པའི། །སྡེ་དཔུང་གནམ་སའི་ཁྱོན་རྣམས་གང་གྱུར་པ། །ཀླད་དུ་ལྡིང་དང་བཤུལ་དུ་འབྲང་བར་བཅས། །རབ་དད་དྭངས་བས་གནས་འདིར་སྤྱན་འདྲེན་གྱིས། །ཚུར་གཤེགས་ཚུར་གཤེགས་དམ་ཅན་རྒྱ་མཚོའི་ཚོགས། །ཧཱུྃ གཏིང་ངོགས་གསེར་ཕྱེའི་འདབ་རྫབ་མི་ཟད་པའི། །དཔའ་བོའི་ཛ་གད་རྒྱ་མཚོར་འཁྱིལ་བ་ནི། །དངུལ་དཀར་སྐྱོགས་ཀྱིས་ཁོར་ཡུག་ཆེར་གཟུང་བ། །དགའ་སྟོན་ཆེན་པོའི་སླད་དུ་འབུལ་བར་བགྱི། །ཉམས་པ་བདུན་ལ་ཁ་སྦྱར་གསུམ་ཕྱེ་ནས། །སྙིང་རྗེས་བསྒྲལ་བའི་དམར་ཆོལ་ཆེན་པོ་ནི། །རྟ་གདོང་མེ་འབར་རྒྱ་མཚོའི་ཆུ་ལྟ་བུ། །དགའ་སྟོནྎ ཁྲག་སྣ་མི་བཟད་བརླན་ཆགས་ཞག་གིས་བྲན། །ངོས་བཞི་ཤ་ཡི་རྩིགས་པས་དམར་གྱུར་པའི། །རུས་པ་ཁ་ཟས་ཀུན་གྱི་བ་ལིངྟ༑ །དགའ་སྟོན་ཆེན་པོའི་སླད་དུ་འབུལ་བར་བགྱི། །ཧཱུྃ རྨད་བྱུང་དགྱེས་པའི་མཆོད་སྤྲིན་ཆེན་པོ་འདི། །སྔར་བཅོལ་ལེགས་པར་མཛད་པའི་བརྔན་ལགས་ཤིང་། །ད་དུང་བསྟན་པ་འཛིན་ལ་འཕྲིན་ལས་བཞིས། །ཕྱོགས་ལས་རྣམ་རྒྱལ་ཞུ་བའི་རྟེན་ལགས་སོ།། གཏོར་མའི་གཤམ་ནས་ཅུང་ཟད་ཕུད་ཀྱིས་བཤལ་བ། ཧཱུྃ གང་གི་མཛེས་པས་མཚར་བྱས་དེ་དང་དེར། །ཐུབ་བསྟན་ཀུ་མུཏ་ཐམས་ཅད་འཛུམ་དམུལ་ཞིང་། །པདྨ་དབང་གི་བཀའ་རྟགས་འཆང་བྱེད་པ། །ཟླ་བ་གསར་པ་ལྟ་བུའི་བུ་མོའི་སྡེ། །ཚུར་གཤེགས་ཚུར་གཤེགས་བསྟན་མ་བཅུ་གཉིས་པོ། །བ་ལིང་གཏོར་མའི་ཕམ་ཕབས་ཆེན་པོ་ལོངས༑ །བདུད་རྩི་སྨན་གྱི་བཤལ་ཆུ་འདི་བཞེས་ནས། །དབང་མཚན་ཐིག་ལེ་རཀྟས་བྲན་པར་བགྱི། །བོད་ཁམས་མུན་པར་རྙོག་པའི་མ་རུངས་པ། །ཐམས་ཅད་རྫུ་འཕྲུལ་འོད་བརྒྱས་ཚར་ཆོད་ལ༑ །རྫོགས་ལྡན་ཉིན་མོའི་གནས་སྐབས་དང་འདྲ་བས། །ཐུབ་བསྟན་རྩེ་དགའ་ཐམས་ཅད་རྒྱས་པ་མཛོད།། །།
ཞི་བའི་བསྟོད་བསྐུལ།
ཞི་བའི་བསྟོད་བསྐུལ་བཞུགས་སོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་བྱ་རོག་ཅན་ལ་ཕྱག་འཚལ་ལོ། །ཧཱུཾ། རབ་དཀར་ཞི་བའི་ཆ་ཙམ་གཟུང་བའང་ས་གསུམ་གྱི༑ །དབང་ཕྱུག་ཆེན་པོའི་སྤྱི་བོར་རྟག་ཏུ་བརྟེན་གྱུར་པ། །དེ་ཕྱིར་དག་པའི་ཆ་རྫོགས་ཁྱོད་ལས་གཞན་འདི་ན། །སྲིད་པའི་གདུང་སྐྱོབ་ཅི་ཡང་མེད་མནོ་སྐྱབས་ཞུས་སོ། །འདོད་ཆེན་རྣམས་ཀྱི་རྒྱུ་སྐར་བདག་པོ་ལ། །མཚན་མོའི་མགོན་པོ་ཞེས་བསྔགས་འདིའི་རྩིས་ན། །འཇིག་རྟེན་གསུམ་པོ་འདི་ན་ཅི་མཆིས་པའི། །བསྟོད་ར་ཐམས་ཅད་ཁྱོད་ལ་གཏོང་བར་འོས། །མཐའ་དག་ཉིན་མོར་བྱས་སྙམ་ཆེར་གྱུར་པ། །སྤྱང་ཀིའི་མཆེ་བའི་ཞུད་ཀྱི་ཞུམ་པར་བླ། །བདུད་བཞིའི་སྡེ་དཔུང་རྨེག་མེད་བཅོམ་པས་ཁྱོད། །གང་དང་ཅིར་ཡང་ཞུམ་ཁེངས་མེད་པས་མཚར། །ཉིད་ཀྱིས་རིགས་གསུམ་མངོན་སུམ་བགྱིས་པས་ན། །ཐོགས་པའི་སྒྲིབ་པ་ཀུན་ལས་གྲོལ་བའི་ཕྱིར། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པས་དེ། །ཀུན་གྱི་སྟོན་པར་འོས་ནས་ཕྱག་བགྱིས་སོ། །ཁྱོད་ཀྱི་ཆོས་ཀྱི་འཁོར་ལོ་ཕུལ་བྱུང་བ། །རིགས་གསུམ་རྒྱུད་ལ་འཁོར་བས་ཉོན་མོངས་དགྲ། །རབ་ཞི་སྨིན་གྲོལ་བདེར་འཚོའི་བཀའ་རྟགས་ཐོད། །དཔལ་མོའི་དཔལ་གྱི་ཐོར་ཅོག་ལྟར་མཐོའོ། །ལ་ལར་ཞི་དང་འགར་ནི་ཁྲོ་བ་དང་། །ཆགས་སོགས་ཅི་དགར་སྟོན་པའི་འགྱུར་མེད་དབྱིངས། །སྔགས་ཀྱི་རྣམ་པར་འཁྲུལ་པ་ལ་སྦྱངས་བའི། །སྒྱུ་མ་བྱེད་པའི་རྫས་དང་མཚུངས་སྙམ་བགྱིད། །ཇི་ལྟར་སྨན་དང་དགོན་པའི་ཤིང་བཞིན་དུ། །འགྲོ་བའི་དགོས་པ་ཀུན་ཏུ་ཁྱོད་འཆར་ཏམ། །སྤང་གྱུར་འཇམ་པའི་དབྱངས་དེ་སྒྲོག་པས་སུ། །ཕྱིན་ཆད་དབུལ་འཕོངས་མིང་དུ་ཟད་འགྱུར་རོ། །བུ་ཆུང་ཉེས་པར་ཞུགས་ལ་མ་ཁྲོས་ནས། །བརྡེག་ཚོག་མི་སྙན་ཚིག་རྩུབ་སྨྲ་བ་ཡང་། །བྱམས་པའི་རྣམ་འགྱུར་ཉིད་དུ་བས་པ་བཞིན། །ཉིད་སྐུའི་ཁྲོ་ཚུལ་འདི་ཡང་དེ་བཞིན་ཡིན། །གང་གི་ཕྱག་བཞི་ཕྱག་ཆའི་རིགས་པས་ཀྱང་། །ཕན་པའི་གཉེན་དུ་གསོལ་བར་བྱས་པ་འདི། །སྔོན་ཚེ་སྨོན་འཇུག་ཐུགས་སྦྱངས་རྣམ་སྨིན་ཕྱིར། །རྒྱུ་འབྲས་རྟེན་འབྱུང་སྒྲུབ་བྱེད་ཆེན་པོར་སོང་། །དེ་ཁ་དགེ་བ་སྤྱོད་པའི་འདྲེན་བྱེད་དཔྱིད། །སྡིག་ཞུགས་དངངས་བ་སྲོག་གི་གཤེད་མངོན་སུམ། །གླང་ཆེན་སྨྱོན་པའི་སྣར་བཅངས་རལ་གྲི་རྣོ། །ཕས་རྒོལ་མུ་སྟེགས་ལས་ངན་རྒྱུད་གཅོད་ལགས། །སྨན་གྱི་བུ་མོ་དཔག་བསམ་ལྗོན་པའི་རྒྱལ༑ །ལྕགས་ཀྱུ་མཚོན་ཆའི་འཁོར་ལོའི་དཔལ་ནུས་ནི། །ཁྱོད་གསུང་གསང་སྔགས་རིགས་པ་གཟུངས་ཀྱི་སྡེ། །ཏིང་འཛིན་ཕྱག་རྒྱའི་ཁུང་ལས་མངོན་དུ་རྒྱུ། །གནོད་པར་སྦྱར་ཡང་ཁྱོད་མཐུའི་སྐྱོ་ཐང་གི །བདེ་བར་དྲངས་པས་ཐལ་བའི་དབྱངས་སོང་བཞིན། །ཚར་གཅོད་རྗེས་གཟུང་གཞི་གཅིག་ལ་འདུ་བས། །དཀར་ནག་ལས་ཀུན་མཉམ་པ་ཉིད་དུ་སྦྱངས༑ །ཁྱོད་དཔལ་སངས་རྒྱས་ཉིད་ཀྱི་བསྐལ་པ་ནི། །གངྒའི་ཀླུང་ནི་ཇི་སྙེད་བརྗོད་མི་ཟད། །དེ་ཕྱིར་བདག་གི་བརྗོད་པར་མི་སྤོབས་བཞིན། །སྨྲས་འདི་ཤིས་བརྗོད་སྔོན་བཏང་ཞུ་འདོད་ཆེད༑ །སྙིགས་མའི་དབང་གིས་མི་ཤེས་ཤུགས་རྒྱས་ནས། །རྒྱལ་བ་དང་ནི་མགོན་པོ་ཆེན་པོ་ཁྱོད། །སྟོན་དང་དེ་ཡི་གཉེར་ཁ་འཛིན་པའི་ཁྱད། །འབྱེད་ལས་ནོངས་པ་ཅི་དགོས་བཤགས་ལགས་སོ། །འོན་ཀྱང་ཁྱོད་ནི་རིས་མེད་ཅིར་གཟུང་བ། །དེ་ཁའི་དོན་གྲུབ་ཉིད་ཀྱི་ཉམས་ཉེས་པ། །མ་ཡིན་བྱ་བའི་ཡུལ་ལ་ཡོད་པ་ཡི། །མཛད་པའི་མཆོག་གི་སྙམ་དགའ་ཚངས་པ་ཐོབ། །དེས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །དུས་ཀྱི་འབྱུང་ཁུངས་རྣམས་ནའང་རྙེད་དཀའ་བ། །གང་ཡོད་མངོན་སུམ་ཕྱུང་ནས་བདག་ཅིག་གི །ལོངས་སྤྱོད་ཆེན་པོའི་ཕྱིར་དུ་སྦྱིན་པར་གསོལ། །འགའ་ལ་འཆད་ཉན་བགྱིད་རློམ་དེ་དག་ནའང་། །གསེར་ལ་ར་བཞིན་རྟོག་གེས་བསླད་པས་སུ། །འདོད་དོན་ཡིད་བཞིན་འགྲུབ་དཀས་སྐྱོན་སེལ་ཀྱང་། །མཛོད་ཅིག་གཞན་གྱིས་ནུས་པའི་ཡུལ་མིན་ནོ། །གཞན་ལྟ་ཟློག་ཟེར་ལུས་ངག་ཡིད་ངལ་རིང་། །རང་ལུགས་འཇའ་ཚོན་གར་སོང་ཁུང་མེད་པའི། །ཁ་འཆལ་ཆར་མུན་འཐིབས་པ་འདི་སོལ་ལ། །ཐུབ་བསྟན་ཉི་འོད་རྒྱས་པར་མཛད་དུ་གསོལ། །རྒྱུད་སྡེའི་ཐང་ལ་ཧོལ་རྒྱུགས་བྱས་པས་སུ། །སྨིན་དང་བསྐྱེད་རྫོགས་གནད་ཀྱི་ཆུས་འཕོངས་ནས། །ཐ་སྙད་སྨིག་རྒྱུའི་རྗེས་འབྲང་ངལ་འདི་རྣམས། །དབུགས་འབྱིན་མཛད་པར་རྟག་ཏུ་གསོལ་བ་འདེབས། །ཚེ་གཅིག་སངས་རྒྱས་ས་ལ་འགྲོ་རིངས་ནས། །སྙིང་པོའི་གསེབ་ལམ་འདི་རུ་ཞུགས་གྱུར་ཀྱང་། །བག་ལྡན་ས་མཁན་མེད་པས་ཐོམས་རྣམས་ལ། །དགེ་བའི་བཤེས་གཉེན་ཞུ་ཞེས་སྨྲེ་སྔགས་བཏོན། །བདེ་བའི་གོ་སྐབས་ཡངས་པ་འདི་ནས་སུ། །བདེ་འགྲོ་དོར་ནས་ངན་འགྲོའི་ཅ་འཕྲང་དུ། །ནན་གྱིས་འཚང་ཀུན་ཞི་བསླབས་མི་ཉན་པས། །བཀའ་ནོན་ཕོབ་ཅེས་ཁྱོད་ལ་འབོད་པ་རྒྱབ། །དཔལ་ཡོན་ཀུན་གྱི་ཀེ་ལ་ཤའི་རི་བོ། །རབ་དཀར་བདུད་རྩི་ཕུང་པོ་ཁྱོད་མདུན་དུ། །འཁོར་བའི་ཚད་གདུངས་འཐིབས་པོས་བདག་ཅག་མནར། །གཞན་དོན་དུས་ལས་ཡོལ་འདྲ་སྦྲན་ལགས་སོ། །རེ་ཞིག་རང་ལས་ལྷུ་ལོང་དེ་ནས་སོ། །དགོངས་ན་གཞན་དོན་བསགས་པའི་དགའ་ཆར་སྤྲིན། །རྒྱལ་པོས་ཕུག་སྤྱོད་མཉམ་ནོར་སྦས་པའི་མཛོད། །ཕན་མེད་ཡལ་བ་དེ་བཞིན་མི་འགྱུར་གྲང་། །གཞན་དུ་རང་ལ་རག་ལུས་ཉིད་གྱུར་ན། །དབང་ཕྱུག་རྒྱང་ཕན་འདོད་པ་ཚང་མར་སོང་། །ནད་པར་སྨན་པ་ཞིང་ལ་སོ་ནམ་སོགས། །འབད་པའང་ངལ་བ་ཁོ་ནར་མ་ཟད་དམ། །གངས་ཀྱང་ཚ་བའི་དྲོད་དང་མ་ཕྲད་རིང་། །བསིལ་བའི་ཆུ་ཀླུང་འབེབས་པ་མི་སྤྲ་ོལ། །རྩོལ་བས་ཆུ་གཏེར་བགྲོད་པས་ནོར་ཐོབ་པ། །མངོན་གྱུར་རྒྱུ་མཚན་གསོལ་ནས་ཁྱོད་ཐུགས་བསྐུལ། །བདག་མཐུ་ཞན་པས་ཁྱོད་ལ་རེས་པ་སྟེ། །སྟོབས་མཉམ་རེ་ལྟོས་ཞུ་དགོས་མ་མཆིས་པ། །དཔའ་བོ་ཕན་ཚུན་འདྲ་བའང་གཟིགས་མཛོད་ཅེས། །ལྡབ་ལྡིབ་འཆི་ཀའི་ངག་འདྲས་སྤོས་ཐོལ་ཞུས། །ཕུག་པ་ཞྭ་ལྟར་གྱོན་ནས་ཁྱོད་སྒྲུབས་ཤིང་། །དམ་རྫས་རྟེན་དུ་བཙུགས་ནས་ཁྱོད་བོས་ལ། །དཀའ་དགུ་དང་དུ་བླང་ནས་ཁྱོད་མཆོད་ཀྱང་། །མཆོག་སྟེར་མི་མཛད་མགོན་པོ་ཁྱོད་རེ་ཞན། །བདག་ལ་ཆོས་ཀྱི་བར་ཆད་ཐམས་ཅད་བདོའོ། །སྡུག་བསྔལ་ཚོགས་ཀྱང་ཅུང་ཟད་གྲ་མ་ཆག །ན་རྒ་འཆི་བའི་འཇིག་པའང་དྲུང་གཉེར་བས། །མཆི་མ་ལྷུག་པར་ཤོར་གྱི་རོགས་ལ་བྱོན། །གནོད་པ་བྱེད་པ་འདི་ཀུན་ཚ་རཾ་རཾ། །གྲོགས་ཡོངས་བསིལ་སྐྱོབ་སྤྲིན་བཞིན་ཡལ་ལེ་ལེ། །ཅི་དྲག་ལ་གཏོར་སྨྲེ་དངངས་དི་རི་རི། །ཁྱོད་སྙན་བསུན་རུང་མི་བྱའི་ཐབས་མ་བྱུང་། །ཚུལ་གནས་ཐོས་བསམ་བསྒོམ་ལ་འབད་པ་ཡི། །ལུང་རྟོགས་བསྟན་པ་འཛིན་ལ་གེགས་འདི་འདྲ། །ཚར་གཅོད་མི་མཛད་བཏང་སྙོམས་ཁྱོད་བཞུགས་ན། །བསྟན་བསྲུང་གཉན་པོ་མིང་དུ་ཟད་པར་འགྱུར། །འཇིག་རྟེན་འདི་ན་དབུལ་ཞིང་འཕོངས་པ་མོད། །ཕལ་ཆེར་ཆོས་ལས་ནོར་ལ་རིན་ཐང་ཆེ། །འདི་འདྲའི་དུས་འདི་ཞི་བར་མི་མཛད་ན། །རྒྱལ་བའི་སྤྱན་སྔར་དམ་བཅས་གཡེལ་བ་ཡིན། །ཐུགས་རྗེ་དབང་ཕྱུག་དེ་ཡང་ཐོས་པའི་ལམ། །གཞན་དོན་མཐར་ཕྱིན་བརྙེས་པའང་ཁ་སྐད་ཀ །ནུས་པ་དེ་ཡང་འགར་སྟེ་གཞན་རྡུགས་སྙམ། །རྣལ་འབྱོར་ཡི་ཆད་སྐྱེ་ཡི་སྙིང་མ་རིང་། །བདག་ནི་ཆོས་བཞིན་སྤྱོད་འདོད་མ་ལགས་པ། །བསམ་པ་གཉིས་པ་མ་མཆིས་ཁྱེད་རང་དཔང་། །དེ་ཕྱིར་ཞུ་ཚིག་བདེན་པའི་གཏམ་གསན་ནས། །འཁོར་དང་བཅས་པ་མཐུ་རྩལ་ལའུར་ཕྱུང་།། ཅེས་མགོན་པོ་ཕྱག་བཞི་པ་ཞི་བའི་ལས་ལ་བསྐུལ་བ་པདྨ་དཀར་པོས་སྦྱར་བའོ།། །།
དབང་གི་བསྟོད་བསྐུལ།
དབང་གི་བསྟོད་བསྐུལ་བཞུགས། །ཛཿ འགྲོ་ལ་ཆགས་པས་རྗེས་ཆགས་ལི་ཁྲིའི་རི། །བརྒྱ་སྟོང་གཅིག་ཏུ་ཞུ་བའི་ནུས་པའི་མཚོ། །གསང་ཆེན་གནམ་གྱི་དབྱིངས་སུ་འཁྲིལ་གྱུར་པ། །འབུམ་ཕྲག་ཉིན་མོར་བྱེད་པ་ཟིལ་གནོན་འོད།། ཏིང་འཛིན་བྱེ་བ་སྙེད་དུ་ཆེར་བརྡལ་བ། ཀུན་གསལ་ཁོང་པར་ཤོང་དཀའ་སྣང་བའི་མཐའ། །དཔག་ཡས་མགོན་པོ་སྔོན་མེད་འདིར་བྱོན་པ། །པདྨའི་རིགས་རྣམས་ཀུན་གྱི་གཙུག་གི་གཉེན།། རིག་པ་དྲག་པོའི་དྲོད་ཀྱིས་ས་འོག་ས། །ས་བླ་དབང་པོར་བཅས་པའི་ཁེངས་པའི་གངས། །དབང་བྲལ་ཆུ་རུ་བསྒྱུར་བའི་སྤྲོ་བསྡུ་ཅན། །ཐམས་ཅད་འགུགས་བྱེད་ཛ་ཡིག་ལྕགས་ཀྱུ་ཆེ།། འཆིང་བྱེད་ཧཱུྃ་ཞེས་ཞགས་པར་འཁྱིལ་པའི་བྱིན། །དབང་དུ་བྱེད་པའི་བཾ་དངོས་ལྕགས་སྒྲོག་གཟི། །རོ་མཉམ་བསྒྱུར་བྱེད་དྲིལ་བུ་ཆེན་པོའི་བརྗིད། །དཔལ་ཆེན་ཞི་ཁྲོ་རྒྱལ་བའི་ཕྱག་རྒྱ་བཞི།། དཔུང་པས་སྙེམས་པའི་ཡིད་སྲུབ་རྣམས་བཅིངས་ནས། །འདོད་པའི་ཡོན་ཏན་ཀུན་ཕྲོགས་སྒྲུབ་པ་པོའི། །ལོངས་སྤྱོད་ཆེན་པོར་སྦྱོར་བའི་ཤུགས་དྲག་པོས། །རྣལ་འབྱོར་གནས་ལ་གནས་པའི་འབྱོར་བའི་དཔྱིད།། རྣམ་སྲས་དཔལ་དང་དཔལ་དེར་སྙམ་པ་ཀུན། །འདི་ན་རི་རབ་རི་ཕྲན་བསྒྲིགས་པ་བཞིན། །བརྟགས་ཀྱིན་གང་ལ་གང་གིས་འགྲན་མེད་སྦྱིན། །དེ་ཕྱིར་རྣམ་པར་དད་པའི་ཕྱོགས་ཀུན་གྱི།། ཡན་ལག་མཆོག་གི་ཞིང་དུ་སྙིམ་པ་ཡི། །མེ་ཏོག་འབུས་བྱས་བརྗིད་ཀྱིས་ལུས་འདུད་པ། །ཁྱོད་ཞབས་འཁོར་ལོ་འདེགས་སུ་སྦྱར་ལ་གུས། །གང་ཞིག་རྒྱལ་དབང་རྣམས་ཀྱང་ཆོས་ཀྱི་དབྱངས།། སྙན་པར་དགོངས་ནས་གསན་པ་དེ་ལྟ་བུ། །གཞན་དོན་གཡེལ་རྒྱུ་མེད་པ་ཁྱོད་ལ་ནི། །ཡང་ཡང་བསྐུལ་བའང་དེ་བཞིན་ལགས་སོ་སེམས། །དེ་ཕྱིར་ཁྱོད་སྙན་བསུན་འབྱིན་མི་འགྱུར་ཞིང་། །བདག་ཀྱང་བག་མེད་གྱུར་ནས་མ་ཡིན་གྱི། །བསྟན་ཆེད་སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །ཁམས་གསུམ་བདག་དབང་འདུ་བའི་དངོས་གྲུབ་ཞུ། །སློང་བ་ཐམས་ཅད་ངོ་ཟུམ་མི་འཇུག་པ། །ཁྱོད་མིན་ཡོངས་འདུའི་དཔག་བསམ་གཞན་ནི་སུ། །མཆོད་ཅིང་གསོལ་བ་བཏབ་པས་དོན་འགྲུབ་པའི། །ཡིད་བཞིན་ནོར་བུའང་ཉིད་ཀ་གཉིས་པ་ཅི། །འདོད་ཀུན་འབྱུང་བའི་བུམ་པ་བཟང་པོའང་། །མཁས་པས་ཁྱོད་ལ་སྙན་ངག་བྱས་པ་སྟེ། །གང་ཁྱོད་རྩོལ་པས་བསྙེན་ནུས་དེ་དག་ལ། །ཕུན་ཚོགས་ཀུན་འབྱུང་རྒྱ་མཚོའི་དབང་ཕྱུག་གོ །ཁྱོད་ཀྱི་མཛད་སྤྱོད་མཐོ་ལ་ཉེ་བ་མེད། །དམའ་ལ་མི་ཞན་ཀུན་ལ་མ་འདྲར་བྱམས། །འོན་ཀྱང་མངོན་སུམ་འཚལ་ལམ་མ་འཚལ་བ། །རང་གི་སྐལ་བ་ཉིད་ལ་གཅིག་ཏུ་རག །གལ་ཏེ་བདག་ནི་བསོད་ནམས་ཞན་དབང་གིས། །ཁྱོད་ཀྱིས་འཕྲལ་དུ་རྗེས་འཛིན་དཀའ་སྲིད་ཀྱང་། །ད་ནི་དད་པས་གསོལ་བཏབ་སྐད་ཅིག་རེར། །བསོད་ནམས་དཔག་མེད་སྐྱེས་ཀྱི་ཐུགས་རྗེས་གཟིགས། །སྔོན་ཆད་སྡིག་མང་བགྱིས་པས་བདག་ནོངས་ན། །ནོངས་པ་ཉིད་ལ་ཐུགས་རྗེ་ཆེར་འཛིན་པར། །ཁྱོད་ཀྱི་རྒྱལ་བའི་སྤྱན་སྔར་དམ་བཅས་ཞེས། །བདག་གི་རྣ་བའི་དབང་པོས་བདུད་རྩིར་བླངས། །དེ་ཕྱིར་བྱམས་པའི་དགུང་སྔོན་ཆེན་པོའི་ཀློང་། །རྩ་གསུམ་རྒྱ་མཚོའི་ཁ་རླངས་སྦྱར་ནས་སུ། །ས་གསུམ་རྨ་བྱའི་སྡེ་ཆེ་མྱོས་བྱས་ནས། །དབང་སྡུད་འཕྲིན་ལས་སྦྱར་འདི་སྒྲུབ་ཏུ་གསོལ། །ཅེས་མགོན་པོ་ཕྱག་བཞི་པ་དབང་གི་ལས་ལ་བསྐུལ་བ་པདྨ་དཀར་པོས་སྦྱར་བའོ།། །།
བསྟན་སྲུང་དངོས་གྲུབ་འབྱུང་བའི་དབྱངས་ཡིག་དྲི་ཟའི་རྒྱུད་མངས།
བསྟན་སྲུང་དངོས་གྲུབ་འབྱུང་བའི་དབྱངས་ཡིག་དྲི་ཟའི་རྒྱུད་མངས་བཞུགས་སོ། །ཧཱུཾ།དམ་ཚིག བདག་ རིང་།ཉིད་ཡའི་འའི། དཔལ་འ་ལ་ལ། ཆེན་འཇིག སྐུར་རུང་། བསྒོམ་མོ་མ། སྟེ།ཡས་ཡས། དཔལ་ལ་ལ། འབར་རར། ཁྲོས་འོས་སོས། པའི་ཡ་འི་འའི། ཐུགས་ཝ། ཀ་ཝ། ནས།ཡ་ཡའི་ཡཱ་ཡ། སྙིང་པོའི་གཞན་མཆོད། ཧཱུཾ།ངེ་། ཆོས་དབྱིངས་ གཤེད།འགྱུར་རུར་རུར། བ་ཝ་འ་ཝ་ཝ། མེད་དེ། པའི་ཡི་འའི་ཡ་མྱུར། གློང་།ང་ཡའི་ཡ་ཡ། ཧཱུཾ།ང་ཐུང་། ནམ་འགྱོགས། མཁའི་ཡའི། དབྱིངས་ནས་ཡ། ལྷ་ཝ་འགྱིང་། ཆེན་ནེན། པོ།ཝ། ཧཱུཾ།གདུང་། མཆོད་འདི་དང་ཞིང་སྐྱོང་ཉེར་བཞིའི་བསྟོད་པ་ཅིག ཡོན་བསིལ་ཟེར་འགྱེང་། ཁེངས་ཝ། པའི་ཡི་ལའི་ཡའི་འཇོག ག་ཤེད་ཝ། བུར་སྡེ།ཡས། གཡུ་མཆོད།ཧཱུཾ། བརྟན་ནའ། གཡོ་ཡའི། བཀོད་དོད། པ་རྒྱ་ཝ། མཚོའི་འགྱིང་། དཀྱིལ་ལ། ཆེན་འེན་ནེ། པོར།རོར་ཝ། ཚེ་རིང་སྤྱན། ཧཱུཾ། མཛེས་སྡུག་ལ་འི་རིང་། མཚན་ཧན། དཔེའི་དཔལ་ལ། གྱི་འགུགས་༼༢ན༣༽བྱེད་འའི་ཡའི་འཇོག མ།འ་ཝ། ཧཱུཾ།ཛ་ཝ་ཡ་ཝ། དགྲ་མྱུར། བོ་མཐར་འདུར། བྱེད་འཚུབ་མས་དཀྲུགས་པའི་འའི་ཡའ་འཇོག ཁྲགཝ་བའི་ཡའ་ཤད། །ཧཱུཾ།མྱུར། དཔག་བསམ་རིང་། ཤིང་ངེ་། རིང་།བཅུད་ཡས། འཛ་ཝ་འ། གད་དད། དཔའ་ཝ། བོའི་ཡའི་འའི་ཡའ་འའི། ཕུད།ཡའི་ཡཱ་འའི་ཡཱ། གཟའི་མགོ་ཅིག །ཧཱུཾ།ང་། འཇིག་གེ། རྟེན་ནེ། གསུམ་རིང་། གྱི་ཡ་འའི། མི་ཡའི། ཐུབ་བུ། ཅིང་།ངའ་འའི་ཡ། །མའི་ཡས། བྷྱོ་བྷྱོ་འཇོག བྷྱོ་ཝ་འ་ཝའ་རིང་། བྷྱོ་ཝ་འོ་ཝ་འཇོག བྷྱོ་བྷྱོ་བཅད། བྷྱོ་འོ་ཝ། བྷྱོ།འོང་ཝ། དགྲ་ལ་ཝ་ཝ་འ་ཝ་ཝ་འཇོག བྷྱོ་ཝ་ཝ་འ་ཝ་ཝ་འཇོག བྷྱོ་བྷྱོ་ལོའོ་བཅད། བྷྱོ་ལོ་བཅད། བྷྱོ་འ་ཝ། བགེགས་ལ་ཝ་ཝ་འ་ཝ་འ་ཝ། བྷྱོ།ཝ་ཝ་འ་ཝ་འ་ཝ་འཇོག བྷྱོ་ཝ་འ་ཝ་འོ། ཡུམ་བཅད། ཆེན་ལ་ཝ་བཅད། ནག་མོ་ཝ་འ་ཝ། པེ་ཡེ། ཏ་ཝཝ་འ་ཝ་འ་ཝ་འཇོག ལི།ཡ་ཡ་ཡཱ་འའི་ཡའི་ཡ། དམར་འཁྲུག །ཧཱུཾ།ང་། སྲིན་པོའི་ལ་ཝ། གཟུགས་གའུའུ། ཀྱིས་ཡ་འའི་འ་བཅད། གདུག་ཤོད། པ་ཅན།ན་འའི་ཡཱ། གཟའ་ཕྱག །ཧཱུཾ།འདི་དང་བསྟན་ལ་རབ་དགའ་འདྲ། ཞང་བློན། ཕྱོགས། ཞབས་མྱུར། གདུབ་དང་བཅས་བི་ཡཱ། ན་ཝ་ཡ་འའ་འི་ཡས་འཇོག ཡ་༼༢བ༤༽ཀ་ལ་ཝ། མནན།ན་ནའའི་ཡའ། འདི་དང་རྣམ་སྲས་༡། ཧཱུཾ།ང་། སྐུ་འདུད། མདོག་ནག་ ཤེད།པོ་འོ། ཞལ་ལ་ལ། བཞི་ཡས་ཡས། མཆེ་ཡས་ཡས། བ་ཝ་ཝ། གཙིགས། རྣམ་ཝའི་ཡས། གྲངས་མང་པོའི་ཡི། མིང་འོང་། ཅན་ཡས་ཡས། འཁྱོག་ཝ་ཝ། འགྲོ་ཡའི་ཡས། ཞིང་།ངའི་ངའི་ཡས། བྱ་རོག་འཕུར་ཆེན་དང་༡། ཧཱུཾ།ང་། དཔལ་ལྡན་མགོན་པོ་བྱ་ཝ། རོག་ག། གདོང་།ངོ་འོ་ངོ་། གདུག་པ་ནག་པོའི་ཤིང་དྲུང་། ཧཱུཾ།ང་། འཇོགདཔལ་ལ་འ་ལ་ལ། ལྡན་ན། སྐུ་ཝ་བའི་ཡ། ཡི་ཡ། མགོན་ནོན་འོན་ནའོ། པོ་འོ་རིང་། ནི། ཞིང་བསྐང་གསུང་། འདི་དང་ཨ་གྷོ་ར་འདྲ།ཧཱུཾ།ང་། སྨུག་ནག་མྱུར། ཞལ་བགྲད་ལ། ཕཊ་དད་འས། དང་གི་ང་། ཧཱུཾ་འ་འི་ཡའི་ཡ་ཤད། སྒྲ་ཅན།ནའི་ན། དུར་ཁྲོད་བརྒྱད་ཀྱི་ཞིང་སྐྱོང་བསྟོད་པ་དང་༡། ཧཱུཾ།ང་། ཆོལ་འདུར། པའི་ཁྲོ་ ལ།རྒྱལ་རིང་། མ་ཝ། ནིང་ང་། བྱད་ད། མའི་འི་འའི་ཡའི་ཡ། གཤེད།ཡ་འའི་ཡ། ཧཱུཾ།ང་། ལས་རྣམས་རྫོགས་མཛད་ཡས། མགོན་ནོན་འོན་འོན། པོ་ཡི་འའི་ཡ་འའི་ཡ། ནག་ནའ་ཝ། པོའི་ ཝ་ཡའི་ཡའ།སྐུ། ཧཱུཾ་བཀའ་ཝཱ་ཡིས་ཡའི་ཡའའི་ཡ།བྷྱོ། ལྷ་འདུད། ཆེན་དང་། བདུད་པོ་ཁྱོད། མ་ཝ་འ་ཝ། རུངས་དུ་འུང་དུ། བ།ཡའི་ཡ་འ་འི་ཡ་འི་ཡཱ། ཧཱུཾ། ༼༣ན༥༽རེངས་ཤེད། པར་བྱེད་ཤོད། པ་བྱ་ར། རྒོད་གདོང་།དོ། ཨེ་སྐྱེས་མ། བྷྱོ། གསང་སྔགས་རྣལ་འབྱོར་ཀུན་གྱི་བཀའ་ཝ། བསྲུང་ད། མཛད།ད་འའི་ཡ། གསེར་སྤུ་གྲི། བྷྱོ། དཔལ་མོའི་གཟུགས་གསར་མཚར་ར། སྡུག་ག། བྲིས་ཡ། པ་ཝ། འདྲ། བྷྱོ།འོ། སྨན་བཙུན་ཆེན་ནེ། མོ་འདགས། གཡུ་ལོ། སྒྲོན་འེན་ནོན། མ།ཝ་འའི་ཡ། དང་པོར་སྲིད་དེ། པ་རིང་། ཆགས་འཇོག བྱེད་པའི།འཇོག འཇིགས་བྱེད་ཐོད་འཕྲེང་ ༢། ཧཱུཾ།ང་། སྤྱན་འཇོག་ནན། རས་ཡས་འདགས། གཟིགས་གེ། ཀྱི་ཡ། སྤྲུལ་ལུ་འུས། པའི་ཡའི་ཡ། སྐུ།ཝ་ཝ་འ། དེ་ཞིང་བསྟོད་གསུང་། ཧཱུཾ།ང་། མདོག་ནག་ལ་ཝ། ཤེད།གཟུགས་གུ། ཤེད།ཐུད།ངོ་། སེང་ཤེད། གེའི་ཡི་འའི་ཡ། ཞལ།ལ་འི་ཡ། བསྐུལ་བསིལ་ཐུང་། ང་།ཧཱུཾ།བགྱིང་། འདི་ཡས། ནས་ཡས། ལྷོ་འོ། ཡི་ཡས། ཕྱོགས་ག། རིང་།རལ་ལོ། ན།ཡས། ཧཱུཾ། ཁྱབ་ཝ། འཇུག་ལ། ཆེན་ནེ་འོ་ན། པོ་ཝའི་ཝའི་ཝ་ཡའི་ཡཱ་ཡཱ། ཀུན་འུན། ཏུ་འུན་ཝའི། རྒྱུ།ཝ་ཝའི་ཝའི་ཝའའི་ཡཱི་ཡ། སྲཱིཿཕྱོགས་བཞི་ནམ་མཁའ་ལ། ཡངས་ང་འང་། པའི་ཡའི་ཡའའི་ཡ་ཀཱ། ༼༣བ༦༽དཀྱིལ་ལི་འའི། འཁོར་རོ་འོར། ནས། ཧཱུཾ།ཡའི་འའི་ཡ་འའི་ཡི་ཡ། བེག་འདུར། རྩེ་ཆེན་པོ་ཁྲག་མདོག་རལ་ཤེད། པ་འ་ཝ། ཅན།འ་འི་ཡ། གཤན་བསྟོད་གསུང་། ཧཱུཾ། ཚངས་པའི་ཡི། གིང་ངེ་། ཆེན་ནེ། ཐོར་རོ། ཚུགས་ཅ་ན།ནའི་ན། ཧཱུཾ།དེ། དམ་ཅན་འདིར་གྱོན་འཕོད་ད་ཡངས་་་་་་་་་་ཡས་འཇོག རྫས་ཡས་ཡའི་ཡའའི་ཡས། རླུང་ངོ་། ཆེན་ནེ་བའི་ཡའི་ཡའི་ཝ་འ་ཝ་འཇོག གཡོ། ཛཿཝ་ཝའི་ཝུ་ཝའི་ཝ་ཝའི་ཝ། དམ་མ། ཚིག་གེ། ཆེན་ནེ། པོའི་ཡི། དུས་ཡོ། ལ་ཝ་ཝ་འའི་ཡའ། བབ། ཧཱུཾ།ངའི་ངའི་ངའི་ང་། དགྲ་བགེགས་ག། གདུག་གུ། པ་ཝ། བསྒྲལ་བའི་འོ་འི། ཤ་ཝ། ཁྲག་ཝ། རུས།ཡཱ་འའི་ཡ། ཧཱུཾ།ང་། སྔོན་ཚེ་རྫོགས་ག པའི་འི། ང་།སངས་འཇོག རྒྱས་ཡ་འའི་ཡ། ཀྱིས།ཡའའི་ཡ། སྐུ་མགོན་དང་གཅིག །ཧཱུཾ། ཁྲག་འཐུང་མཧཱ་ཀཱ་ལའི། སྡེ། གཤིན་རྗེའི་བསྟོད་པ་དང་ཉ། ཧཱུཾ། དཔལ་ལྡན་མགོན་པོ་ནག་པོའི་སྐུ། བྷྱོ་དབྱངས་དང་༡། ཧཱུཾ། དབྱིངས་ཀྱི་ཨེ་ཀ་ཛ་ཊཱི་མ། ལྷ་མོའི་མ་ཡེ་མ། ཧཱུཾ། ཕུ་ནས་བགྱིང་། དེ་ནི་འགྱིད། ཁུས་པ། བཏབ་ཀྱང་།ང་། ཨ་ལྕེ་དང་༡། བྷྱོ། དུར་ཁྲོད་ཆེན་པོ་བརྒྱད་དང་ནི། བལ་ནག་དང་། ཧཱུཾ། ༼༤ན༧༽སྲིད་པའི་རྒྱལ་མོ་བདེ་ཝ། འགྲོ་ལ། མ།ལ་ཡ། བལ་ནག །ཧཱུཾ། སྲིད་པ་ཆགས་བྱེད་གཡུ་སྒྲོན་མ། འཇིག་ཐོད། ཧཱུཾ། གུ་ལང་ཆེན་པོ་ལྷ་ཡི་ལྷ། དྲག་བསྐུལ། ཧཱུཾ། བདུད་ཀྱི་ལ། མགོན་པོ་འ། སེང་ང་། གེའི་འི། གདོང་། བསིལ་ཐུང་། ཧཱུཾ། ས་འོག་རིམ་པ་དགུ་ཡི་འོག །ཛཱ་ཝ། ཡ་ཝ། ཁྱབ་འཇུག་ཡ་ཝ། ཆེན་འགྱིང་། པོ་ཡ་འའི་ཡ། རཱ་ཧུ་འུ། ལ།ཝ། གཟའ་ཕྱག །ཧཱུཾ། འཇིག་རྟེན་འདས་དང་མ་འདས་ཤེད་ན། ལེགས་ནག །ཧཱུཾ། ཧ་ཧར་རྒོད་པའི་དུར་ཁྲོད་ཆེན་པོ་ཡི། སྟག་བསྐུལ། ཧཱུཾ། དྲེགས་པ་ཕྱག་ན་རྡོ་རྗེའི་སྲས། བསྐང་ཐུབ། ཧཱུཾ། ཙསྟེང་གི་ཚངས་པ་གིང་གི་གཙུག །གཞན་ཐུང་༤། ཧཱུཾ། ཕྱོགས་བཅུ་སྐྱོང་བའི་མགོན་པོའི་ཚོགས། རྟག་བསྐུལ། ཧཱུཾ། ད་ནི་དམར་ཆེན་གཏོར་མ་གཏོང་། གཞན་ཐུང་། ཧཱུཾ། སྔོན་གྱི་བསྐལ་པ་དང་པོ་ལ། ཐུགས་སྦྲུལ་མ། ཆོས་ཀྱི་དབྱིངས་ནས་ཁྲོས་ཏེ་འོངས་པའི་ལྷ། གཞན་ཐུང་། ཧཱུཾ། གཏིང་ངོགས་གསེར་ཕྱེའི་འདམ་རྫབ་མི་ཟད་པའི། ཙིཏྟ་རིན་ཆེ་ནས། ཧཱུཾ། གང་གིས་མཛེས་པས་མཚར་བྱེད་དེ་དང་དེ། འདི་སྦྱོང་ཉེར་བཞིའི་བསྟོད་པ་དང་གཅིག ཧཱུཾ།ང་། སྒྱུ་མ། འཕྲུལ་ལ། རྡོ་འགྱིང་། རྗེའི་གར་ར། མཛད་ཡ་ཡའི་ཡ་ཝའི་ཡ། ནག་པོ་ཡ་འའི་ཡ། ཆེ། ཧཱུཾ།རྒྱས་མཆོད་དང་གཅིག བསོད་ནམས་༼༤བ༨༽སྟོབས་ལས་འོངས་པའི་ཕུན་ཚོགས་ནོར། གཞན་མཆོད་དང་རིང་། ཧཱུཾ། གསང་བ་མཆོག་གི་དགྱེས་པ་ནས། བྱ་རོག་འཕུར་ཆེན་དང་། ང་།ཧཱུཾ།ཐུང་། བསྐལ་ལ་ལ་འི། པ་ཝ་འཇོག མ་ཡས། ལྟར་ར། འབར་ར། བ་ཝ་འ་ཝ་ཝའི། ཡི།ཡཱ་ཡ་ས། དུར་རུ། ཁྲོད་ཡས། ཆེན་པོའི་གློང་དཀྱིལ་ནས། ཧཱུཾ། བདག་ནི་རིག་འཛིན་བསྒྲུབ་པ་པོ། །ཧཱུཾ། སྔོན་ཚེ་རྒྱ་མཚོ་བསྲུབས་པ་ལས། དེ་ལྟར་དངོས་གྲུབ་འབྱུང་བའི་དབྱངས་ཡིག་དྲི་ཟའི་རྒྱུད་མངས་ཞེས་བྱ་བ་པདྨ་དཀར་པོས་དཀར་བརྒྱུད་ཆོས་སྡིངས་སུ་སྦྱར་བ་ཕྱིན་ཆད་འདི་ལས་མ་འགལ་བགྱིས་ཤིག། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།
དཔལ་ནག་པོ་ཆེན་པོའི་གཏོར་ཆེན་གྱི་འཁོར་ལོའི་གཟེར།
དཔལ་ནག་པོ་ཆེན་པོའི་གཏོར་ཆེན་གྱི་འཁོར་ལོའི་གཟེར་བཞུགས་སོ། །རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་ལ་མི་ཤིགས་རྡོ་རྗེའི་གོ །ཕས་ཀྱི་བྱད་མ་མཁན་གྱི་སྲོག་གི་གཤེད། །ལྷག་པར་དགྲ་བོ་ཚར་གཅོད་མཚོན་ཆའི་སྡེ། །སངས་རྒྱས་བསྟན་པའི་སྲུང་བར་འདི་ན་འོངས། །དཔལ་ནག་པོ་ཆེན་པོའི་སྒོ་ནས་བདུད་ཀྱི་གཡུལ་འཇོམས་པའི་གཏོར་ཆེན་ལ་གཅེས་པའི་འཁོར་ལོ་མི་འཆུག་པ་གཟེར་དུ་སྟེམས་པ་ནི་འདི་ལྟར། དང་པོར་སྲུང་བའི་འཁོར་ལོ་སྟེང་དུ་འབུབས་པ་ལ་མུ་ཁྱུད་རིམ་པ་བཅུ་བདུན་དུ་བསྐོར་བའི་དབུས་སུ་ཆོས་འབྱུང་གྲུ་གསུམ་བསྣོལ་བའི་ལྟེ་བར། བླ་མ་དང་ཡི་དམ་གྱི་གཟུངས་སྔགས་བྲི་སྟེ། ཨོཾ་བཛྭ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། དང་། བདེ་མཆོག་ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་ངོ་། །ཟུར་དྲུག་ལ་བྷཱུྃ། རྩིབས་མཆན་ལ་ཆེ་གེ་འཁོར་དང་བཅས་པའི་རྐྱེན་ཕྱི་ནང་གི་བར་གཅོད་ཐམས་ཅད་ཞི་བར་མཛད་དུ་གསོལ། དེའི་ཕྱི་ལ་ནག་པོ་ཆེན་པོའི་སྲོག་སྔགས་བཅུ་བདུན་པ། ཡུམ་ཆེན་གསུམ་གྱི་སྔགས། འདོད་གསོལ། དེའི་ཕྱིར། རེ་ཏིའི་སྔགས། ཨོཾ་མ་ཧཱ་ཀཱ་ལི་ཨཿཧཱུྃ་ཕཊ྄། ཨོཾ་ཀ་རོ་ལི་མཾ་ཧཱུྃ་ཕཊ྄། ཨོཾ་ཀངྐ་ལི་སྲཾ་ཧཱུྃ་ཕཊ྄། ཨོཾ་ཀ་ལ་ར་ཏྲི་རཾ་ཧཱུྃ་ཕཊ྄། སྒོ་མའི་སྔགས། ཨོཾ་གྲྀ་དྷ་ཀྵྼ་གུ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བྷ་ག་བྱཱ་གྷྲ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བྷ་ན་སུ་བྷྲ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སི་མ་མ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བྷ་ན་ཥེ་ཎཾ་ཀྵྼཾ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཀྲོ་ན་དྷ་ཀ་ཀྱཻ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨུ་ལཱུ་ཀ་ཀྵྼཻ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ག་རུ་ཎ་ལ་གྷུ་ཀྵྼཻ་ཧཱུྃ་ཧཱུྃ་ཕཊ྄། དེའི་ཕྱིར་པད་འདབ་བརྒྱད་ལ། སྙ་ཛཿསྲིཿབཾ། ནི་ཛཿཨཿཏཾ། ཤེ་ཙ། ཨུ་ལཾ། ཧ་ཛཿཧཱུྃ་མེ། པུ་ཛ། ཧཱུྃ་ཝཾ། དེའི་ཕྱི་མ་ལེ་ཚེ་བདུན་དུ་བཏང་ལ་སྲས་མཆོག་མགོན་པོ་བཞི་དང་། ཉིང་སྤྲུལ་ལས་མགོན་གསུམ་ཡུམ་དང་བཅས་པའི་སྔགས། དེའི་ཕྱིར། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ཡ་ཀྵ་ཡ་བཛྭ་ཙ་ཧ་ཤཱནྟི་ཤཱནྟི་ཤག་བྱེར་ཡར་ཡར་སྟཾ་བྷ་ཡ་བྱེར། མོ་ཧ་ཡ་བྱེར། ཛཾ་བྷ་བྱེད་ཡ་བཟློག་བྷྱོ། ཨོཾ་ཝཱ་ག་ཀྵ་ཡ་བཛྭ་དྷི་ཧན་ཙ་ཧ་མན། ཨོཾ་ཙཏྟི་ཥནྟི་ཀྵ་ཡ་བཛྭ་ཚིནྡྷ་ཙ་ཧ་མན་འདྲ། མ་མ་ཀཱ་ཡ་ཝཱ་ག་ཙིཏྟ་བནྡྷ་ཁྲོལ། དེའི་ཕྱིར་རྩིབས་བརྒྱད་ལ། མགོན་པོ་བཀའ་བརྒྱད་ཀྱི་སྲོག་སྔགས། རྩིབས་མཆན་ལ། ཨོཾ་ཙཎྜྻ་ཤྭ་རཱི་ཡེ་སྭཱ་ཧཱ། ཨོཾ་རུ་རུ་མ་མ་བྷྱོ། ཨོཾ་ཙརྩི་ཀ་ཡེ་སྭཱ་ཧཱ། ཨོཾ་ཨུ་མ་དེ་ཝཱི་ཛཿཨོཾ་ཀ་ལི་ཀ་ཡེ་སྭཱ་ཧཱ། ཨོཾ་ཙཱ་མུནྜི་ཛ། ཨོཾ་ཀུ་ལི་ཤི་ཥེ་ཡེ་སྭཱ་ཧཱ། ཨོཾ་ཤདྒ་པ་ལི་ཛཿདེའི་ཕྱིར་རྩིབས་བརྒྱད་ལ། གསུང་དཀྱིལ་ལྷ་མོ་བརྒྱད། རྩིབས་མཆན་ལ། ཨོཾ་ཤཱནྟི་ཀྵེ་པ་ཧཱུྃ་ཕཊ྄། ཨོཾ་ཀ་ལ་དྷི་པ་ཧཱུྃ་ཕཊ྄། ཨོཾ་མ་ཧཱ་སྨྲྀ་ཏི་ཧཱུྃ་ཕཊ྄། ཨོཾ་ཛ་ཡ་བྷ་ལན་ཧཱུྃ་ཕཊ྄། ཨོཾ་བྷ་ལན་སུ་ཧཱུྃ་ཕཊ྄། ཨོཾ་བྷེ་སུ་བྷ་ག་ཧཱུྃ་ཕཊ྄། ཨོཾ་ཤངྐ་རི་ཧཱུྃ་ཕཊ྄། ཨོཾ་ཝརྞ་པ་ན་ཧཱུྃ་ཕཊ྄། དེའི་ཕྱིའི་མུ་ཁྱུད་ལ་གསུང་དཀྱིལ་སྒོ་སྐྱོང་སྤྱི་སྔགས། རྒྱས་པར་འདོད་ན་མངོན་འབྱུང་དུ་གསུངས་པ་བཞིན་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་དང་ཞིང་སྐྱོང་སོ་གཉིས་ཀྱི་སྔགས་བྲི། དེའི་ཕྱིའི་རྩིབས་བརྒྱད་ལ་སྡེ་བརྒྱད་མགོན་པོའི་སྔགས། རྩིབས་མཆན་ལ་ཕྱོགས་སྐྱོང་གི་སྔགས། དེའི་ཕྱིར་རྩིབས་བཅུ་ལ་ཁྲོ་བོ་བཅུའི་སྔགས་ནི། ཨོཾ་ཨཱཿཨུཥྞིུ་ཥ་ཙ་ཀྲ་ཝརྟི་ཧཱུྃ་ཧཱུྃ། ཨོཾ་ཨཱཿཡ་མཱནྟ་ཀྲི་ཏ་ཧཱུྃ་ཧ྄ཱུྃ། ཨོཾ་ཨཱཿཨ་ཙ་ལ་ཧཱུྃ་ཧཱུྃ། ཨོཾ་ཨཱཿཔྲ་ཛྙྱཱནྟ་ཀྲི་ཏ་ཧཱུྃ་ཧཱུྃ། ཨོཾ་ཨཱཿཊཀྐི་རཱ་ཛ་ཧཱུྃ་ཧཱུྃ། ཨོཾ་ཨཱཿསུམྦྷ་རཱ་ཛ་ཧཱུྃ་ཧཱུྃ། ཨོཾ་ཨཱཿཔདྨཱནྟ་ཀྲྀ་ཏ་ཧཱུྃ་ཧཱུྃ། ཨོཾ་ཨཱཿནཱི་ལ་དཎྜྻ་ཧཱུྃ་ཧཱུྃ། ཨོཾ་ཨཱཿབི་གྷྣཱནྟ་ཀྲྀ་ཏ་ཧཱུྃ་ཧཱུྃ། ཨོཾ་ཨཱཿམ་ཧཱ་བ་ལ་ཧཱུྃ་ཧཱུྃ། རྩིབས་མཆན་ལ། སྟེང་གི་གདོན་ཐམས་ཅད་རཀྵ། དེ་བཞིན། ཤར་སོགས་རིགས་བསྒྲེའོ། །དེའི་ཕྱིའི་མུ་ཁྱུད་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ན་མཿས་མནྟ་དྷརྨཱ་རྣཱཾ། ན་མཿས་མནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤངྐ་ར། ཨོཾ་པྲ་དྱདྒཱིར། བཛྭ་ཨུཥྞིུ་ཥ་ཙཀཀྲ་ཝརྟི། སརྦ་ཡནྟྲ་མནྟྲ། མུ་ལ་ཀརྨ་པནྡྷཱ་ནཱཾ། དཱ་ཌ་ནཾ་ཀི་ལ་ནི་བ། མ་མ་ཀྲྀ་ཏི། ཡེ་ན་ཀ་ན་ཙིཏྟ་ཀྲྀ་ཏཱནྟཱད། སརྦནྟུ་ཚིནྡ་ཚིནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མཱ་ར་མཱ་ར། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ། དེའི་ཕྱིའི་རྩིབས་བཅུ་དྲུག་ལ། སྲཱི་ཿཧཱུྃ་སྤེལ་མ། རྩིབས་མཆན་ལ་ཕཊ྄་མགོ་ནང་བསྟན། དེའི་ཕྱིའི་མུ་ཁྱུད་ལ་རྩ་སྔགས་ཀྱི་མཐར། ཨུ་ཨུ་ཨུ་སརྦ་དེ་ཝ་ལ། ས་མ་ཡ་ཛཿཨོ་ཨོ་ཨོ་སརྦ་དེ་ཝ་ཨ། ས་མ་ཡ་ཛཿཨུ་ནེ་ཨུ་ནེ་ཨཾ་ཀུ་ཤ་ཛཿཨོཾ་མ་ཏི་འུར་པ་ནན་ཁྲོལ། ལྕེ་ཏི་འུར་པ་ནན་ཁྲོལ། ཙིཏྟ་འུར་པ་ནན་ཁྲོལ། མལ་ཏེ་ཕྱེ། ས་མ་ཡ་ཁྲོལ། ཆེ་གེ་མོའི་ལུས་ངག་ཡིད་གསུམ་བཅིངས་པ་དང་གཟིར་བ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ་མ་མ་དྷ་ར་ཀཱ་ཡ་ཝཱ་ག་ཙིཏྟ་རཀྵ་ཀུ་རུ་སྭཱ་ཧཱ། དེའི་ཕྱིར་ཕྱག་མཚན་མཚོན་ཆའི་རིགས་ཐམས་ཅད་བྲི། དེའི་ཕྱིར་དབྱངས་གསལ་བཅོམ་ལྡན་འདས་དང་རིགས་གསུམ་མགོན་པོ་རྣམ་འཇོམས། ཡེ་དྷར། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། དེ་ལྟར་ནང་མའི་མུ་ཁྱུད་ཕལ་ལ་ཆེ་གེ་མོའི་ལུས་ངག་ཡིད་གསུམ་ལ་མི་དང་མི་མ་ཡིན་གྱིས་གནོད་ཅིང་འཚེ་བར་བྱེད་པ་ཐམས་ཅད་དང་ཕས་ཀྱི་རྦད་འདྲེ་རྦོད་སྟོང་བྱད་ཟོར་རིག་སྔགས་དྲེགས་པའི་དམོད་པས་གཟིར་བ་སོགས་གནོད་པ་སརྦ་རཀྵ་ཀུ་རུ་སྭཱ་ཧཱ། དེའི་ཕྱི་མའི་མུ་ཁྱུད་ལ་བུང་བ་ཁྲག་འཐུང་བཞིན་གྱི་བཟློག་སྔགས་ཡིག་མགོ་ཕྱིར་བསྟན། དེའི་ཕྱིར་མེ་རི། ཕྱི་རོལ་མིའི་གཡང་གཞི་རྔམ་པར་བྲིའོ། །དམག་ལ་སོགས་པ་བསྲུང་བར་འདོད་ན། བུང་བ་ཁྲག་འཐུང་བྲིས་པའི་ནང་དུ་མུ་ཁྱུད་གཅིག་བསྣན་ལ། དངོས་གྲུབ་འབྱུང་བ་བཞིན་བེང་གི་རྩ་སྔགས་མཐར། །དམོད་བྱང་དང་བཅས་པ་བྲིའོ། །བཟློག་པའི་འཁོར་ལོ་ནི། མུ་ཁྱུད་དགུ་པ་ལ་ལྟེ་བར་ཆོས་འབྱུང་ནང་དུ་སྲོག་སྔགས་བཅུ་བདུན་པ། ཟླ་གམ་གསུམ་ལ་ཡུམ་སྔགས། དེའི་ཕྱིར་རྩིབས་བཞི་ལ་རེ་ཏི་བཞིའི་སྔགས། རྩིབས་མཆན་ལ་བྷྱོ་བཟློག དེའི་ཕྱིའི་རྩིབས་གསུམ་ལ་སྲས་མཆོག་གསུམ། རྩིབས་མཆན་ལ། ཨོཾ་ལ་ཀི་ནི་ལ་ལིཾ་ལུ་ལེཾ་ལོཾ་ལ། ཨོཾ་ཌཱ་ཀི་ནི་དྷཾ་དྷིཾ་དྷུཾ་དྷེཾ་དྷོཾ་དྷ། ཨོཾ་ཀ་ཀི་ནི་ཀཾ་ཀིཾ་ཀུཾ་ཀེཾ་ཀོཾ་ཀ དེའི་ཕྱིར་རྩིབས་བཞི་ལ་མདུན་ནས་གཡས་བསྐོར་གྱིས་ལས་མགོན་སྡེ་བཞིའི་སྔགས། རྩིབས་མཆན་ལ་སྲཱིཿཙཎྜྻི་ཀའི་སྙིང་པོ་རཀྵ་སེ་ཨངྐུ་ཤ་ཛ་ཛ། ཨོཾ་ས་ཀི་ནི་སཾ་སིཾ་སུཾ་སེཾ་སོཾ་ས། ར་ཀི་ནི་རཾ་རིཾ་རུཾ་རེཾ་རོཾ་ར། ཨོཾ་ཧ་ཀི་ནི་ཧཾ་ཧིཾ་ཧུཾ་ཧེཾ་ཧོཾ་ཧ། དེའི་ཕྱིར་རྩིབས་བརྒྱད་ལ་མགོན་པོ་བརྒྱད་ཀྱི་སྔགས། རྩིབས་མཆན་ལ་བེ་ཅོན། དེའི་ཕྱིར་ཡུམ་བརྒྱད་ཀྱི་སྔགས། དེ་ཚུན་ཡིག་མགོ་ཕྱིར་བསྟན། དེའི་ཕྱི་མ་ལ་བཞི་སྙིང་། དེའི་ཕྱིར་བེང་སྔགས། དེའི་ཕྱིར་བཟློག་སྔགས། དེ་ནས་མེ་རིས་བསྐོར་རོ། །བྱ་ཁྱུང་གི་འཁོར་ལོ་ནི། མུ་ཁྱུད་རིམ་པ་ལྔ་བསྐོར་བའི་ལྟེ་བར་བུདྡྷ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄། ཡེ་ཤེས་ཁྱུང་གི་ལྟས་ངན་པ་ཐམས་ཅད་དགྲ་ལ་བྷྱོ་བཟློག དེའི་ཕྱིའི་མུ་ཁྱུད་ལ། ཨོཾ་ཀཾ་ཀཾ་བྷ་ནི་ལན་བྷ་མ་ཀུ་རུ་བྷི་ས་ཧ་ར་ཧཱུྃ་ཕཊ྄། ཕ་རོལ་གྱི་བྱད་དང་རྦོད་གཏོང་གི་གནོད་པ་ཐམས་ཅད་བཟློག་པར་གྱུར་ཅིག དེའི་ཕྱིར་རྩིབས་བཞིའི་མདུན་མ་ལ། ཨོཾ་བཛྭ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄། ཨོཾ་རཏྣ། ཨོཾ་པདྨ་ཨོཾ་ཀརྨ་རྩིབས་མཆན་ལ། རྡོ་རྗེའི་ཁྱུང་གིས་ལྟས་ངན་པ་ཐམས་ཅད་དགྲ་ལ་བྷྱོ་བཟློག རིན་ཆེན་ཁྱུང་གིས། པདྨའི་ཁྱུང་གིས། ལས་ཀྱི་ཁྱུང་གིས། དེའི་ཕྱིའི་མུ་ཁྱུད་ལ། ཨོཾ་སརྦ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄། མ་ཧཱ་ཀཱ་ལི་ཧ་བ་ལ་ཧ་བྷ་ར་ཁ་རག་གནོད་བྱེད་བྱད་མ་ལྷ་སྲུངས་དང་བཅས་པ་མ་ར་རྦད། མཱ་ར་ཡ་མྱོག་མྱོག་མཱ་ར་ན་སོད་སོད། སྣ་ཚོགས་ཁྱུང་གིས་བྱད་དང་རྦོད་གཏོང་ལྟས་ངན་པ་ཐམས་ཅད་དགྲ་ལ་བྷྱོ་བཟློག དེའི་ཕྱིར་གདོང་པས་གདོང་ཅན་གྱིས་ལྟས་ངན་པ་ཐམས་ཅད་དགྲ་ལ་བྷྱོ་བཟློག སྡེར་མོས་སྡེར་ཅན་གྱི་མཆུ་ཡིས་མཆུ་ཅན་གྱི་རྭ་ཡིས་རྭ་ཅན་གྱི་ལྟོ་བས་ལྟོས་འགྲོའི་ལྟས་ངན་བརྒྱད་ཅུ་རྩ་གཅིག ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་གློ་བུར་བདུན་བརྒྱ་ཉི་ཤུ། བྱིས་པའི་གདོན་ཆེན་བཅོ་ལྔ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ཆགས་ཆེ་ཉམ་ང་ཐམས་ཅད་དགྲ་ལ་བྷྱོ་བཟློག དེ་ཐམས་ཅད་ཡིག་མགོ་ནང་། དེའི་ཕྱིར་མེ་རི། དེའི་ཕྱིར་ཁྱུང་གི་གཟུགས། དེའི་སྤྱི་བོར་བདེ་མཆོག་ཡི་གེ་བདུན་པའི་ཤམ་བུ་ཡེ་ཤེས་ལྷའི་བཀའ་ཆད་བཟློག གཤོག་པ་གཡས་སྲིད་པ་ཕོ་བརྒྱུད་བཟློག་པའི་ཕྱིར། དང་པོར། ཨོཾ་མ་ཧཱ་ཀཱ་ལ་སྤྲོ་མ་རི་མ་རི་ཤ་ཏྲག་ཐུམ་བྷྱོ། གཉིས་པར། ཨེ་ཀ་པ་ར་སྲྀ་ད་སྲྀ་ད་དུ་ཁ་ཚེ་དུ་ཁ་ཚེ་བྷྱོ། གསུམ་པར། ཨོཾ་ཨ་ཀྲོ་ཏེ་ཤྭ་རི་མཉྫྱུ་ཡ་མཱནྟ་ཀ་ཧ་ན་ཧཱུྃ། བཞི་པར། ཡ་ཡ་བྲ་མ་ར་ཀྲི་ཀར། ལྔ་པར། དུ་པ་ཤ་རྦད་ཕྱེ་དྷི་བྷྱོ། གཡོན་པ་མོ་བརྒྱུད་བཟློག་པའི་སྔགས་ནི། དང་པོར། ཨོཾ་མ་ཧཱ་ཀཱ་ལ་ཡ་མ་ར་ཙ་ཡ་བྷྱོ། གཉིས་པར། མ་མོ་སྙིང་ཁ་རག་མཱ་ར་ཡ་ཐུན་བཟློག །གསུམ་པར། མ་མ་ཏྲི་མ་མཱ་ར་ཤ་ཤ་ཧེད་ཧེད་ཐུན་བཟློག །བཞི་པར། མ་མོ་ཀྱེ་ཐུན་པྲ་མ་ཡི་སྣ་ག་ཤ། ལྔ་པར། ཐུན་བྷྱོ། མཇུག་སྒྲོ་ལ་ས་བདག་ཀླུ་གཉན་བཟློག་པའི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄། ཨོཾ་ཏ་ཀེ་ཙ་ཀི་བྱ་ཙ་ཏི། ཧུ་ཡ་ཧུ་ཡ། ན་ག་ཧུ་ལུ་ཧུ་ལུ། སུ་རུ་ཏེ་སུ་རུ་ཏེ་སྭཱ་ཧཱ། གསུང་དཀྱིལ་བའི་འཁོར་ལོ་ནི། མུ་ཁྱུད་ལྔའི་ལྟེ་བར། ཨོཾ་བཛྭ་ཙརྩི་ཀ་ཡཻ་ན་མཿགནས་ཡུལ་དུར་ཁྲོད་ཀྱི་ཡེ་ཤེས་དང་ལས་ཀྱི་མ་མོ་རྣམས་ཀྱི་ཆེ་གེ་མོའི་མི་མཐུན་ཕྱོགས་ཐམས་ཅད་བཟློག་པར་གྱིས་ཤིག དེའི་ཕྱི་ལ་ཞིང་སྐྱོང་གི་སྲོག་སྔགས། དེའི་ཕྱི་ལ་རྩིབས་བརྒྱད་ཀྱི་མདུན་མ་ལ་ཞིང་སྐྱོང་སོ་གཉིས་ཀྱི་སྔགས་ལས་དང་པོ་ཐུགས་སྔགས། ཨོཾ་ཀྵེཊ་པཱ་ལ་ཧ་ཧ་ཧོ་ཧཱུྃ་ཕཊ྄། ཨོཾ་ཀི་ལི་ཀི་ལི་ཕེཾ་ཕེཾ་ཕེཾ་ཕེཾ། ཀྵཾ་ཀྵཾ། ཀྵུ་ཀྵུ། ཀ་ཧ་ཀ་ཧ། སྲིཾི་སྲིཾ་སྲིཾ་སྲིཾ། པ་ཙྪ་པ་ཙྪ། ཧཱུྃ་ཧཱུྃ་ཕཊ྄། དེའི་ཕྱིའི་རྩིབས་བརྒྱད་ལ་གསུང་། ཧ་ཧ་ཌ་ཌ། རཾ་རཾ་རཾ་རཾ། ཀྲུཾ་ཀྲུཾ་ཀྲུཾ་ཀྲུཾ། ཁཾ་ཁཾ་ཁཾཁཾ། རུ་རུ་རུ་རུ། ཌཾ་ཌཾ་ཌཾཌཾ། ཀཾ་ཀཾ་ཀཾ་ཀཾ། ཙཾ་ཙཾ་ཙཾ་ཙཾ། དེའི་ཕྱིའི་རྩིབས་བརྒྱད་ལ་སྐུ་སྔགས། ཀྲཾ་ཀྲཾ་ཀྲཾ་ཀྲཾ། སཾ་སཾ་སཾ་སཾ། བཾ་བཾ་བཾ་བཾ། ཡཾ་ཡཾ་ཡཾ་ཡཾ། བྷྲུཾ་བྷྲུཾ་བྷྲུཾ་བྷྲུཾ། ཀྵཾ་ཀྵཾ་ཀྵཾ་ཀྵཾ། ཀླཾ་ཀླཾ་ཀླུཾ་ཀླུཾ། པཾ་པཾ་པཾ་པཾ་སྭཱ་ཧཱ། དེའི་ཕྱིའི་མུ་ཁྱུད་ལ་ཕོ་ཉ་དྲུག་ཅུའི་སྲོག་སྔགས་ཀྱིས་བསྐོར་ཏེ། ཨོཾ་བྷཻ་ར་ཁི་ནཱི་སྭཱ་ཧཱ། རུ་ཏྲི་ནི། ཌ་ཥ་ཀཱ་ར་ལི་ནི། ཛཱ་ལ་མུ་ཁི་ནཾ། བྷ་ཡུ་བྷེ་ཀེ་ནི། པྲ་ཙཎྜྻི་ནི། རུ་ཏྲ་ཨ་ཀྵི་ནི། མ་ཧཱ་ཎ་སེ་ནི། ཨ་པ་ནི། ཡ་མ་ནི། ཀི་རི་ནི། ལཀྵཱི་ནི། བི་ཛ་ཡི་ནི། ཤྲཱི་ཛཱ་ན་ཡེ། ཤྲི་ཛཱ་ཡ་ཀ་ར་ཎཱི། ཤྲི་བཛྭི་ནཱི། ཀི་ཀ་ལི་ནི། ཀཱ་ལ་རཱ་ཏྲི་ནི། པྲ་ཀྲོ་ཏ་མུ་ཁི་ནཱི། ཀཱ་ལ་ཛི་ཧཱ་ནཱི། ཀཱི་ར་ལི་ནི། བཛྭ་བྷཻ་རེ་པ་ཀ་ར་ནཱི། དྷུ་རུ་སི་ནཱི། ཡ་ནི་མ། ན་ཨདྒ་རི་ནི། སྨྲ་ཀ་ར་བ་ཏཱེུ་ནཱི། རཏྣ་མ་ལི་ནི། སུ་ཡཀྵི་ནི། ཀུ་སུ་ལི་ནི། ཁ་ཏ་ཏྲི་ནཱི། བཛྭ་པྲ་བྷ་ནཱི། བཛྭ་ཀཱ་ལ་ཡ་ནཱི། མ་ས་པཉྩྨ་ནི། ཀ་མ་ནི་བྷི། ཙི་ཏྲ་ལི་ཀ་ནཱི། ཤུ་ཀི་ནཱི། སརྦ་ལྷྭནྲི་ནི། སུ་ཏྲ་རི་ནཱི། ག་ལ་པ་ནཱི། པདྨ་ཨཀྵི་ནཱི། ཛ་ལ་ཛ་ལ་ཁ་ཏི་བྷ་ཝ་ཤུདྡྷི་ནཱི། ཤྲི་གྷོ་ར་ནཱི། ཙནྟྲ་ལེ་ཀ་ནཱི། ཙཎྜྻ་མུ་ཁཾ་ནཱི། ཧི་ས་ཝརྨི་ནཱི། ཝ་གེ་མེ་ཤྭ་རྭ་ནཱི། གྷི་ཏ་རུ་ཏྲ་ཡེ། ཀ་རནི་སོ་ག བྷི་ཏུ་པ་ནི། མྲྀ་ཏ་ནི་དྷི། གྷ་རི་ཎ། ཤ་ཥོ་ནཱི། པུ་ཤི་གྷྲཾ་ནཱི། བྷནྡུ་བྷ་ར་ནཱི། ཤྲི་མུ་ཁི་ནཱི། པི་ཀ་ལི་ནཱི། ཀ་ལི་ནཱི། ཧ་རི་ནིཥྛ་ཡེ། པདྨི་ནཱི། ན་གྲ་པ་ཨཀྵི་ནཱི། བྷི་མ་ལ་ཙན་གྷྲི་ནི་སྭཱ་ཧཱ། བཀྵ་བཀྵ་སརྦ་ཡོ་གི་ནཱི། ཀ་མེ་ཤྭ་རི། སརྦ་དུཥྚ་གརྫ་གརྫ་གྲྀ་་གྲྀ་་ཧཱུྃ་ཧཱུྃ་ཕཊ྄། དེའི་མཐར་གནས་ཡུལ་དུར་ཁྲོད་ཀྱི་དཔའ་མོ་དང་མཁའ་འགྲོ་རྣམས་ཀྱིས་ཆེ་གེ་མོ་ལ་ཕ་རོལ་མི་དང་མི་མ་ཡིན་པའི་བྱད་ཟོར་སྔགས་ཀྱི་སྦྱོར་བ་ཐམས་ཅད་བྱད་མ་ཁོ་རང་ལ་བྷྱོ་བཟློག ནད་རིམས་དལ་ཁ་ཐམས་ཅད་དགྲ་ལ་བཟློག གཞན་འཁོར་ལོ་རྣམས་ཀྱི་ལྟེ་བ་འགྱུར། གཞན་དེ་ཁ་བས་གཡས་བསྐོར་རིམ་པ་བཞིན། ཨོཾ་བཛྭ་བཻཥྞ་བྷྱཻ་ན་མཿཨོཾ་བཛྭ་ཝཱ་རཱ་ཻ་ན་མཿཨོཾ་བཛྭ་ཀུ་མརྻཻ་ན་མཿཨོཾ་བཛྭ་མ་ཧེ་ཤྭརྻཻ་ཧཱུྃ་ཕཊ྄། ཨོཾ་བཛྭ་མ་ཧཱ་ལཻ་ཧཱུྃ་ཕཊ྄། ཨོཾ་བཛྭ་ཨིནྡྱཻ་ན་མཿཨོཾ་བཛྭ་བྲ་་ནྱཻ་ན་མཿསྡེ་བརྒྱད་ཀྱི་འཁོར་ལོ་ཀུན་ལ་ལྟེ་བར་ཧཱུྃ། ལྷའི་མགོན་པོ་དབང་ཕྱུག་ཆེན་པོ་འཁོར་བཅས་ཀྱིས་ལྷའི་གནོད་པ་ཐམས་ཅད་དགྲ་ལ་བཟློག་པར་གྱིས་ཤིག དེའི་ཕྱིར་ལྷའི་མགོན་པོའི་སྲོག་སྔགས་དམོད་པ་དང་བཅས་པ། དེའི་ཕྱིའི་རྩིབས་བརྒྱད་ལ། མགོ་ནས་གཡས་བསྐོར་གྱིས། །ཨོཾ་བྲ་་ཧཱུྃ་ཕཊ྄། ཨོཾ་ཊཀྐི་པ་རི་ཧཱུྃ་ཕཊ྄། ཨོཾ་ཨིནྟྲ་ཧཱུྃ་ཕཊ྄། ཨོཾ་ཨུ་པནྡྲེ་ཧཱུྃ་ཕཊ྄། ཨོཾ་རཱ་་ཎ་ཧཱུྃ་ཕཊ྄། ཨོཾ་བིཥྞཀྵྭ་ཧཱུྃ་ཕཊ྄། ཨོཾ་ཀརྟི་ཀ་ཧཱུྃ་ཕཊ྄། ཨོཾ་ག་ཎ་པ་ཏི་ཧཱུྃ་ཕཊ྄། དེའི་ཕྱིར་ཤཱ་ས་ན། དེའི་ཕྱིར་བཞི་སྙིང་། དེའི་ཕྱིར་བཟློག་པ་བུང་བ་ཁྲག་འཐུང་མེ་རི་གསུམ་པོ་འདི་ཀུན་ལ་འདྲའོ། །བདུད་མགོན་ལ། ཡ་མ་ར་ཙ་སྲི་ཛཿམ་མོ་ཧ་ས་མཾ་སྲི་ཛཿ། ཙ་ཙ་ཤུ་ལ་ར་ཙ་སྲིཾ་ཛཿཙ་གིངྐ་ར་སྲིཾ་ཛཿར་རཀྵ་སྲིཾ་ཛཿདུ་བདུང་པྲ་མ་ཡ་སྲིཾ་ཛཿཕུ་ལ་ན་ག་ར་ཕུ་ཛཿཏྲི་ཛ་བཛྭ་ས་དྷུ་ཏྲི་སྲིཾ་ཛཿགཤིན་རྗེ་ལ་རྩིབས་བརྒྱད་ལ། ཡ་མ་རཱ་ཛ་ས་དོ་མེ་ལ། ཡ་མེ་དོ་རུ་ཎ་ཡོ་ད་ལ། ཡ་ད་ཡོ་ནི། ར་ཡ་ཀྵ་ཡ། ཡ་ཀྵེ་ཡ་ཚྪ་ནི་ར་མ་ཡ། རྩིབས་མཆན་ལ། ཛ་པ་རུ་ཎ། ནི་ར་ཙཱ་ནི། གཟའ་ལ། མུ་ལེ་ཀ་པ་ཤ་མི་ཀི་རཱ་ཧུ་ལ་ཛ་ཛཿབྱི་ན་ཡ་ཀ་པ་ཤ་མི་ཀི་རཱ་ཧུ་ལ་ཛ་ཛཿབ་ག་ཤེ་གེ་ཏ་པ་ཤ་མི་ཀི་རཱ་ཧུ་ལ་ཛ་ཛཿརཀྵ་ཀ་ཧ་ས་ཤ་མི་ཀི་རཱ་ཧུ་ལ་ཛ་ཛཿཨོཾ་མཱ་རཀྵེ་པ་ཤ་མི་ཀི་རཱ་ཧུ་ལ་ཛ་ཛཿཨོཾ་ཡ་མ་ཀ་ཏ་པ་ཤ་མི་ཀི་རཱ་ཧུ་ལ་ཛ་ཛཿཨོཾ་ཁེ་ཚེ་རི་ཧ་ཧ་ན་མ་ལ་ཧབ་ཧབ་ཏྲི་པ་ཤ་མི་ཀི་རཱ་ཧུ་ལ་ཛ་ཛ་ཿནཱ་ག་ཤོ་ག་ཡ་པ་ཤ་མི་ཀཱི་རཱ་ཧུ་ལ་ཛ་ཛཿཀླུའི་རྩིབས་བརྒྱད་ལ། ཨོཾ་བ་རུ་ཎཱ་ཡེ་སྭཱ་ཧཱ། ཨོཾ་ཨ་ནནྡ་ཡེ་སྭཱ་ཧཱ། ཨོཾ་རཀྵ་ཡེ་སྭཱ་ཧཱ། ཨོཾ་ཤཾ་ཀ་ཀུ་ལི་ཡེ་སྭཱ་ཧཱ། ཨོཾ་ཀརྐོ་ཊ་ཡེ་སྭཱ་ཧཱ། ཨོཾ་པདྨ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་ཡེ་སྭཱ་ཧཱ། ཨོཾ་ཀུ་ལི་ཀ་ཡེ་སྭཱ་ཧཱ། བཙན་ལ། ཨོཾ་ཤུ་ལ་ཙ་ཧཱུྃ་ཕཊ྄། ཨོཾ་ཨ་བྷི་ཤུ་ཧཱུྃ་ཕཊ྄། ཨོཾ་ཨ་ཤ་ན་ཧཱུྃ་ཕཊ྄། ཨོཾ་ཨ་ཏི་པ་ར་ཧཱུྃ་ཕཊ྄། ཨོཾ་ཁ་ཏ་ཁ་ཏ་ཧཱུྃ་ཕཊ྄ ཨོཾ་ཤན་ཀུ་རུ་ཧཱུྃ་ཕཊ྄། ཨོཾ་ཨ་པ་པ་ཧ་ཧཱུྃ་ཕཊ྄། ཨོཾ་ན་ཙ་ཏྲི་ཧཱུྃ་ཕཊ྄། གནོད་སྦྱིན་ལ། ཨོཾ་སཾ་པྲ་ཛ་ན་ཡ་སྭཱ་ཧཱ། ཨོཾ་གྷུ་ེཧྨ་ན་ཡ་སྭཱ་ཧཱ། ཨོཾ་པཉྩྨི་ཀ་ཡ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜྻ་ལི་ཡེ་སྭཱ་ཧཱ། ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། གིང་གི་མགོན་པོ་ལ། ཨོཾ་པུ་ཏྲ་ཧཱུྃ་ཕཊ྄། ཨོཾ་རཱ་ཛ་སརྦ་ཧཱུྃ་ཕཊ྄། ཨོཾ་བྷ་ཏྲ་ཧཱུྃ་ཕཊ྄། ཨོཾ་ཧཾ་ཤཾ་ཧཱུྃ་ཕཊ྄། ཨོཾ་ཨེ་ཀ་ཛ་ར་ཧཱུྃ་ཕཊ྄། ཨོཾ་རུ་ཏྲ་ཧཱུྃ་ཕཊ྄། ཨོཾ་རྩེ་སྨ་ར་ཧཱུྃ་ཕཊ྄། ཨོཾ་མུ་ན་མུ་ཧཱུྃ་ཕཊ྄། མནན་གཏད་ལ་དགོས་པ་ཀླུ་བདུད་ནག་པོའི་འཁོར་ལོ་ནི། དངོས་གྲུབ་འབྱུང་བ་ལས། ཚད་དང་ལྡན་པའི་འཁོར་ལོ་ནི། །མུ་ཁྱུད་བཞི་པ་བྲི་བར་བྱ། །གྲུ་གསུམ་ནག་པོ་ས་བོན་བཅས། །ལས་རྣམས་བྱེད་པ་རླུང་ཡིག་དང་། །མ་ཧཱ་ཀཱ་ལ་འབྲུ་བཞི་དང་། །སྟེང་གནོན་ཨོཾ་དང་བཛྭ་ཏེ། །ཞེས་པས་འཁོར་ལོ་བཞི་མུ་ཁྱུད་བཞི། དང་པོ། ལྟེ་བར་གླིང་དགུར་བཅད་པའི་དབུས་སོགས་གླིང་ལྔར། རླུང་དཀྱིལ་ཡཾ་དང་། ལྟེ་བར་ཨོཾ་བཛྭ། གླིང་བཞིར་མ་ཧཱ་ཀཱ་ལ། ནང་གི་གྲུ་སྲིན་མོའི་བཙོན་དོང་བཞིར། དགྲ་བོའི་མིང་མཐར་ཧཱུྃ་ཧཱུྃ་ཕཊ྄། དེའི་ཕྱིའི་མུ་ཁྱུད་ལ་བཞི་སྙིང་། དེའི་ཕྱིར་པད་འདབ་བརྒྱད་ལ་སྒོ་མཚམས་མ་བརྒྱད་ཀྱི་སྔགས་རེ་རེའི་མཐར། བྱ་རྒོད་གདོང་ཅན་མས་དགྲ་བོ་འདི་རེངས་པར་གྱིས་ཤིག སྟག་གདོང་མས་བསྐྲད་པར་གྱིས་ཤིག ཕག་གདོང་མས་སྨྱོར་འཇུག་པར་གྱིས་ཤིག ཅེ་སྤྱང་མས་ནང་དབྱེ་བ། ཁྱི་གདོང་མས་རྣམ་པར་རྨོངས་པ། ཁྭ་ཏའི་གདོང་ཅན་མས་རྣམ་པར་གནོན་པ། འུག་གདོང་མས་ཁྲག་དྲང་བ། ཁྱུང་གི་གདོང་ཅན་མས་བརྒྱལ་བའི་ལས། དེའི་མུ་ཁྱུད་ལ་ཀླུ་བདུད་ནག་པོའི་སྲོག་སྔགས། ཨོཾ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཱཀྵ་ན་ག་ཀཱ་ལ་དུ་ར་དུ་ཛ་ཧཱུྃ། ཨེ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཱཀྵ། གནོད་བྱེད་ཧེ་ཁུགས་ལཾ་ཕེ་ཤན་ཕོས་ཕོས། ཤིག་ཤིག ཆུཾ་ཆུཾ། ཧུ་ཡ་ཧུ་ཡ། ཀླུ་བདུད་ནག་པོ་མགོ་དགུ་པ་ཆེ་གེ་མོའི་སྲོག་ལ་མཱ་ར་ཡ་ཛ་ཛཿཨཻ་ཕེ་ལཾ་ཤཾ། ནག་པོ་ཏི་པ་ཙ་ཡ། ཡག་ཤ་ནཱ་ག་ཀྲོ་ཏཱི་ཤྭ་རི། ཏྲི་ཤན་རྦད། པུ་རུ་རཀྵ་རྦད། ཏི་པ་ཙ་ཡ་ཁ་ལ་བཾ། ཆེ་གེ་མོ་ཤ་ཏྲཱུཾ་མཱ་ར་ཡ་རྦད། ནག་པོ་བཾ་ཙི་ཙི་རྒྱས། དྲག་ཐུར། སྙིང་ཐུར་གུལ་གུལ་མྱག་རྩ་བཞི་སྐུཾ་ཤན་ཤན། སྲོག་ལ་ཤན། ཐུར་སོད་ཐུར་སོད། ཆེ་གེ་མོ་མཱ་ར་ཡ། ཏྲི་ཐུར་སོད། ཡཾ་རཾ་ལཾ་ཁཾ། ཆེ་གེ་མོ་ལྷྭནྲི་འབྱུང་བ་བཞིའི་ནད་ཀྱི་མཱ་ར་ཡ་ཐིབས་སོད། དེའི་རྩིབས་ལིང་བརྒྱད་ལ། ས་བདག་ནག་པོ་རོ་ལངས་རུས་སྦལ་མགོ་དགུ་པ་ས་ག་དུ། ནཱ་ག་ནག་པོ་བཾ་རོ་ལ་དྲག་ཐུར་མཱ་ར་ཡ་སོད། དགྲ་བོའི་ཕོ་རྒྱུད་ཁྱོད་ལ་ཟས་སྐལ་དུ་གཏད་དོ། གཉིས་པར། གཉན་རྗེ་ནག་པོ་སྡིག་པའི་མགོ་དགུ་པ། ཏྲི་ག་ན་ནཱ་ག་ནག་པོ་བཾ། སྙིང་ལ་གུལ་གུལ་ཆེ་གེ་མོ་མཱ་ར་ཡ། ཞ་རེངས་ཀྱིས་སོད་ཅིག དགྲ་བོའི་བུ་རྒྱུད་ཁྱོད་ལ་ཟས་སྐལ་དུ་གཏད་དོ། །གསུམ་པར། ཀླུ་སྲིན་ནག་པོ་ཆུ་སྲིན་གྱི་མགོ་དགུ་པ། ཨོཾ་མ་ཧཱ་ཏྲི་ཤབ་ཤ །ནཱ་ག་ནག་པོ་བཾ། ཆེ་གེ་མོ་རྩ་བཞི་སྐུཾ་སྐུཾ་མཱ་ར་ཡ་སོད། དགྲ་བོའི་མོ་རྒྱུད་ཁྱོད་ལ་ཟས་སྐལ་དུ་གཏད་དོ། བཞི་པར། ཀླུ་བཙན་ནག་པོ་ཤ་བའི་མགོ་སྦྲུལ་གྱི་གདེངས་ཀ་དགུ་པ། ཨོཾ་ཤ་ནཱ་ག་ན་ཏྲི་ཙ་ར་ཡ། ནཱ་ག་ནག་པོ་བཾ། ཆེ་གེ་མོ་ཤན་ཤན་སྲོག་ལ་ཤན་མཱ་ར་ཡ་རྦད། དགྲ་བོའི་སྤུན་ཕ་སྤུན་རྣམས་ཁྱོད་ལ་ཟས་སྐལ། ལྔ་པར་ཀླུ་གཟའ་ནག་པོ་བྱ་མགོ་དགུ་པ། ཨོཾ་ར་ཏྲི་པ་ལ་ནཱ་ག་ནག་པོ་བཾ། ཆེ་གེ་མོ་ཐུར་ཐུར་སྲོག་ལ་ཐུར། མཱ་ར་ཡ་སོད། དགྲ་བོའི་འཁོར་ཚོགས་ཁྱོད་ལ་ཟས་སྐལ། དྲུག་པར་ཀླུ་རྒྱལ་ནག་པོ་སྲོག་ལེན་སྟག་མགོ་སྦྲུལ་གྱི་གདེངས་ཀ་དགུ་པ། ཨོཾ་ཏྲི་ར་ཙ་ཧ་ལ་ནག་པོ་བཾ་ཙཏྟི་དབུགས་ལ་སྲིང་སྲིང་སོད་མཱ་ར་ཡ་རྦད། དགྲའི་སྒོ་ནོར་ཐམས་ཅད་ཁྱོད་ལ་ཟས་སྐལ། བདུན་པར། ཀླུ་ཐེལ་ནག་པོ་ཝའི་མགོ ཨོཾ་ས་དུ་ར་ཧ་ལ་ཡ་ནཱ་ག་ནག་པོ་བཾ། ཆེ་གེ་མོའི་ཤ་ལ་ཤན་ཤན་མཱ་ར་ཡ་སོད། དགྲ་བོའི་ལོ་ཐོག་ཐམས་ཅད་ཁྱོད་ལ་ཟས་སྐལ་དུ། བརྒྱད་པར་ཀླུ་བདུད་ནག་པོ་དོམ་མགོ་ཨོཾ་ནཱ་ག་དུ་ཏྲི་ཧ་ལ་ས་ཏི། ནཱ་ག་ནག་པོ་བཾ། ཆེ་གེ་མོའི་སྲོག་ཁྲག་མྱགས་ཐུམ་རིལ་མཱ་ར་ཡ་རྦད། དགྲ་བོའི་སྒོ་ཕྱི་ཐམས་ཅད་ཁྱོད་ལ་ཟས་སྐལ་དུ། དེའི་མུ་ཁྱུད་ལ་ཀླུ་བདུད་ཀྱི་འབོད་རྦད་བསད་ཁྲམ་གྱི་སྔགས། དེའི་ཕྱིའི་ལིང་ཚེ་བརྒྱད་ལ། ར་ཛ་ཏྲི་ཡཾ་དགྲ་བོའི་ཤ་ལ་རྦད་ཆེ་གེ་མོའི་རྣམ་པར་ཤེས་པ་རྒྱུན་ཆོད་ཅིག རྒྱལ་པོ་ཤིང་བྱ་ཅན་ཁྱོད་ལ་དགྲ་བོ་འདི་གཏད་དོ། །སྨྱོ་འབོག་ཏུ་སོད་ཅིག །གཉིས་པར། ཧ་ཧ་ཏྲི་ཡཾ་ཛ་དགྲ་བོའི་སྲོག་ལ་རྦད། མིག་གི་རྣམ་ཤེས་ཚངས་པ་དུང་གི་ཐོར་ཚུགས་ཅན། བརྒྱལ་དུ་ཆུག་ཅིག །གསུམ་པར། མུ་ཏྲི་ཡཾ་ཛ། སྲོག་ལ་རྦད། སྣའི་རྣམ་ཤེས་བདུད་ནག་པོ་ཆིག་རྒྱུགས་ལུས་ཉམས་སུ། བཞི་པར། རུ་ཏྲ་ནཱ་ག་སྙིང་ལ་ཡཾ་ཛ། ཁྲག་ལ་རྦད། ཤ་ལ་འདུས། ལྕེའི་རྣམ་ཤེས་ཀླུ་བདུད་ནག་པོ་སྦྲུལ་ཞོན་ཁྱོད་ལ་ཀླུ་ནད་ཀྱིས་སོད་ཅིག །ལྔ་པར། ཤུ་ལ་ཡཾ་ཏྲི་ཡཾ་ཛ་ཤན་ས་མཱ་ར་ཡ་རྦད། ལུས་ཀྱི་རྣམ་ཤེས་བདུད་བཙན་ནག་པོ་ཁྱི་ཞོན་ཁྱོད་ལ་གྲིར་གསོད་ཅིག །དྲུག་པར། ཏྲི་ཤར་ར་ཙ་རག་ཐུམ་རི་ལི་ལི་ཛ་ཛ། ཡིད་ཀྱི་རྣམ་ཤེས་བདུད་མོ་ཐོད་འཕྲེང་ཅན་ལ། ཡུལ་མཁར་བཤིག་ཅིག །བདུན་པར། ཨ་སེ་རྒྱལ་པོའི་བུ་མོ་རལ་པ་དམར་པོ་ཅན་ཁྱོད། ཁྲག་ནད་ཀྱིས་གསོད་ཅིག །བརྒྱད་པར། མ་ཏྲི་ཡཾ་ཛ། སྲོག་ཐུག་ཐུག་མཱ་ར་ཡ་ཛ། ག་ཏྲི་མ་ར་ཡ་ཛ། ཡིད་གྱི་རྣམ་ཤེས་གཡའ་རི་དང་གངས་རིའི་བདག་མོ་མ་བདུད་ནག་མོ་ཁྱོད་ལ། འགག་གྲིར་གསོད་ཅིག དེའི་ཕྱིའི་མུ་ཁྱུད་ལ། ཨེ་ར་ཙ་རྒྱལ་པོ་ས་མ་ཡ་ཏྲི་དུ་ཛ། ཏྲི་མ་ཡཾ་ཛ། མ་ཏྲི་མ་ཡཾ་ཛ། མ་མ་ཏྲི་ཏྲི་ཡཾ་ཛ། ཕུ་ཕུ་ནཱ་ག་ཏྲི་ཛ། བནྡྷ་བནྡྷ། རཱ་ཛ་ཏྲི་ཡཾ་ཛ། དཀར་པོ་ཏྲི་མ་ཡཾ་ཛ། ནག་པོ་ཏྲི་མ་ཡཾ་ཛ། ག་ན་མ་ཡཾ་ཛ། ཏྲི་མ་ཡཾ་ཛ། ས་ཏྲི་མ་ཡཾ་ཛ། ར་ཙ་ཙ་ཏི་འདུས་འདུས་ཡཾ་ཛ། དགྲ་བོའི་ཙིཏྟ་ལ་འདུས་འདུས། ཀུ་ཀུ་རིང་རིང་བྷེས་བྷེས། བྷེར་བྷེར་ཛ། ར་ཛ་ཧེ་ཧེ་ཛ། ནཱ་ག་ག་ཕུ་ཕུ་ཏྲི་ཛ། ནཱ་ག་འདུ་ཤེ། ཡཾ་དུ་ཤེ་ཡ་དུ་ཤེ། ཐིབས་ཐིབས་འདུས་འདུས། དེའི་ཕྱིར་ལིང་ཚེ་བཅུ་དྲུག་ལ། དྷེ་ཝ་ར་ཙ་སིད་དྷི་ས་མ་ཐིབས་ཛ་རཱ་ཛ་ཨ་ཧེ་ས་མ་ཡ་ཤིག ཚངས་པའི་རྒྱལ་པོ་ཁྱོད་ལ་ཆེ་གེ་མོ་འདི་གཏད་དོ་ཕུང་བར་གྱིས་ཤིག གཉིས་ཨོཾ་ནི་རྨ་ཙ་ཀྲུ་ཐུཾ། བདུད་ཡབ་རྗེ་ནག་པོ་ཁྱོད་ལ། དགར་བོའི་ཕ་ཚན་རུས་ཐོན། གསུམ་ཏི་མི་ཤ་ཀུ་ཐུན་རཱཀྵ་ཡཀྵ། ཀ་དུན་ཡཀྵ་ཛ། ཁྱབ་འཇུག་རཱ་ཧུ་ལ་ཁྱོད་ལ། དགྲ་བོའི་ཞིང་དང་ལོ་ཐོག བཞི་བདུད་ཏྲི་ལྷྭནྲིར་བཟུང་། གནམ་ཁྱི་བདུད་པོ་ནག་པོ་ཁྱོད་ལ། རྟ་ནོར་ལ་སོགས་པ། ལྔ་མ་ཏྲི་ལྷྭནྲིར་ཛ། གཉན་གྱི་རྒྱལ་པོ་བྱ་ཁྱུང་ཁྱོད་ལ་ནོར་ཕྱུགས་ཐམས་ཅད། དྲུག་ཏྲི་ཚ་པ་ལ་ལྷྭནྲིར་གཟུང་ཞིག་ཕུང་ཞིག སྲིན་པོའི་རྒྱལ་པོ་ལག་རིངས་ཁྱོད་ལ་མཁར་ཁྱིམ་ཐམས་ཅད། བདུན། མ་མ་རག་མོ་ཙིཏྟ་ལ་རག་མོ་སྲོག་ལ་བྲེང་བྲེང་ཛ། མ་མོ་ཁྲག་འཐུང་རལ་པ་ཅན་ཁྱོད་ལ་བུད་མེད་ཐམས་ཅད་ཟོ་ཅིག །བརྒྱད་པ། ནཱ་ག་ཀྲོ་ཏཱི་ཤྭ་རི་སྲོག་ལ་ལྷན་ལྷན། ཀླུ་བདུད་ནག་པོ་སྦྲུལ་གྱི་རལ་པ་ཅན་ཁྱོད་ལ་བུ་དང་ཚ་བོ་ཟོ་ཅིག །དགུ་པར། ཙ་ལ་ཙ་ལ། ཙི་ལི་ཙི་ལི། སིག་དུ་ལི་དུ་བྷྱོ། དྷན་དྷ་རག་ཤ་མར་མི་བྷྱོ། ཛ་ཧི་ཧ་སི་ནི་རྣི་ཏུབས་ཏུབས། སྲིན་པོ་ཡཀྵ་མེ་སྦལ་ཁྱོད་ལ་ཡུལ་མི་ཐམས་ཅད། ཕུང་དུ་ཆུག་ཅིག །བཅུ་པར། ཨོཾ་ཀ་ཏི་ཀ་རྦད། སྲིན་མོ་ཧབ་ཤང་སེང་གདོང་ཁྱོད་ལ། བུ་མོ་དང་ཚ་མོ། རླག་པར། བཅུ་གཅིག །ཨོཾ་གྷ་ཛ་ཝག་དྲ་ཡེ་སྭཱ་ཧཱ། དགྲ་ལྷའི་དེད་དཔོན་ཁྱོད་ལ་ནོར་ཐམས་ཅད་བརླག་པ། བཅུ་གཉིས། ར་ཛ་སྲོག་ལ་དུང་དུང་ཛ། རྒྱལ་པོ་རཀྵ། ཟ་བྱེད་ཁྱོད་ལ་མི་བརྒྱུད་ཐམས་ཅད་རྩད་ནས་ཆོད་ཅིག མེད་པར་གྱིས་ཤིག །བཅུ་གསུམ། ཨོཾ་སུཾ་ཏྲི་རཀྵ་ཡ་མ་ར་ཙ་དྷརྨ་ར་ཛ། ས་མ་ཡ་བྷྱོ། བཙན་རྒོད་ཡཾ་ཤུད་དམར་པོ་ཁྱོད་ལ་གསེར་དངུལ་ཟངས་ལྕགས་ཐམས་ཅད། བཅུ་བཞི། སེ་ཁྲག་རུལ། ཙིཏྟ་རོལ་དབུགས་བྲེང་བྲེང་། སེ་ར་ནག་པོ་ཁྱོད་ལ། རྗེ་དཔོན་ཐམས་ཅད། བཅོ་ལྔ། ཏྲི་བན་ཤ་ཡ་ནན། ཡཾ་ཤ་ལ་ཧབ་ཧབ། གཤིན་རྗེ་བྱ་ཐུལ་ཅན་ཁྱོད་ལ། དགྲ་བོའི་ཡུལ་ས་རྣམས་གཏད་དོ། །གཤིན་རྗེའི་ཕོ་བྲང་ཐོབ་ཅིག །བཅུ་དྲུག ནཱ་ག་ར་ཙ་ཀྲོ་ཏ་ནི་ཀྲོ་ཏ་ནི། ཏྲི་ཁ་ཐུན་ཏྲི་ཁ་ཐུན། ཐེ་འགོང་རྒྱལ་བོ་ཧེ་བན་ཁྱོད་ལ་ཆེ་གེ་མོའི་བྲེ་སྲང་ལ་གཞལ་བའི་ནོར་ཐམས་ཅད་གཏད་དོ། །བརླག་པར་གྱིས་ཤིག དེའི་ཕྱིའི་མུ་ཁྱུད་ལ། རྒྱུད་ཀྱི་མནན་སྔགས་ཀྱི་མཐར། ཛ་ར་ཛ་ཨ་ཧོ་ས་མ་ཡ་ཤོག ར་ཙ་ས་མནྟ་ཏི་སྟ་སྟོཾ་སྟོཾ། ར་ཛ་ཏྲ་ཏྲི་ཛ་ལྷན། རོ་འུ་རོ་འུ་ཏྲི་ཏྲི། ཛ་ཛ་ཐིབས་ཐིབས་ལྷན་ཛ། ཏྲི་ཛ་ཏྲི་ཛ་ཛ། ར་ཛ་ཏྲི་ཏྲི་ཛ་ཛ། ར་ཛ་ཏྲི་ཧོ། ར་ཙ་ཏྲི་ཏྲི་ཛ་ཛ། རྒྱུག་རྒྱུག་ཛ། ཐིབས་ཐིབས། གནམ་དྲག་ཡ། ཨ་ཀོ་ཏ་ཨེ་ཡཾ་ཤིག་རིག ཏྲི་ཐུན་ཏྲི་ཐུན་ཛ་ཛ། ཡཾ་ཡཾ་ཤིག་ཤིག་ཛ་ཛ། ཏྲི་ཏྲི་རོ་དུ། ཡཾ་ཡཾ། ན་ག་དུ་ཤི་ཡཾ་དུ་ཤེ། ན་ག་ཛ། ཏྲི་ཏྲི་ཛ་ཛ། ལྷན་ཐིབས་ཛ་ཛ། ཏྲི་ཡཾ་ཏྲི་ཡཾ། དུ་ཛ་རེ་ཛ། ཏྲི་ཏྲི་ཡཾ་ཡཾ་ཐིབས་ཐིབས། དུ་དུ། ཤེ་ཤེ། ཏྲི་ཏྲི། ཡཾ་ཡཾ། ན་ག་དུ་ཤེ་ཡཾ་ཡཾ། ཨཱ་ཀརྴ་ཡ། ཨཱ་ཀརྴ་ཡ། ཤིག་ཤིག་སརྦ་ཤ་ཏྲཱུཾ། དྷེ་བ་ཐིབས། ར་ཏྲི་ཐུཾས། ལྷྭནྲི་མཱ་ར་ཡ་ཐུཾས། བ་སུ་དྷ་ར་ནི། ས་མ་ཡ་ཐུཾས། དུ་ན་དུ་ན། བནྡྷ་བནྡྷ། ཆེ་གེ་མོ་མཱ་ར་ཡ་ནན། དེའི་ཕྱིར་འཆི་བདག་ནག་པོ་ཁྲོས་པའི་གཟུགས་བྲིའོ། །ཡུམ་འཁོར། མུ་ཁྱུད་ལ་སོགས་པ་འདྲ་བ་ལ། ལྟེ་བར་ཡཾ། ཕྱོགས་བཞིར་ཡཾ་མཾ་སྲཾ་རཾ། དེའི་ཕྱིར་བཞི་སྙིང་། མ་ཧཱ་ཀཱ་ལི་སྦྱར་བ། དེའི་ཕྱིའི་རྩིབས་བརྒྱད་ལ། མ་ཧཱ་ཀཱ་ལི་ཙཎྜྻི་ཀཱ། མུ་ཁྱུད་ལ། ཨོཾ་ནཱ་ག་ཀྲོ་ཏི་ཤྭ་རི་ནཱ་ག་ནག་པོ་བཾ། ཆེ་གེ་མོའི་ཙིཏྟ་ལ་རྒྱོབ། མཱ་ར་ཡ་རྦད། དེའི་མཐར། ཨེ་ཀ་ཧེ་དུན་ཡ་མ་ར་ཙ་ས་དོ་མེ་ཡ། ཡ་མ་དོ་རུ་ཎ་ཡོ་ད་ཡ། ཡ་ཏ་ཡོ་ནི། ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནིར་མ་ཡ། ཡ་མ་ར་ཙ་དགྲ་བོའི་ཙིཏྟ་རོ་ལ་ཤན། རེ་ཙ་སྨུག་རཀྟ་ཐིབས་ཛ། ཤ་ལ་མ་ཏ། བྷི་ཏ་ཀ་ལ་རུ་པ། ཨ་ནུ་ཀ་ར་ཏྲི། དགྲ་བོ་ཛ་ལ་ཛ་ལ། ཛ་ལ་པ་ཡ། ཛ་ལ་པ་ཡ། ཏ་ཙ་ཏ་ཙ། མ་ར་མ་མྱག་སོད། ཡ་ཏྲིག་ནན། དུ་དུ་ནན་སྟོཾ་སྟོཾ་ཡ་ཡ། མཱ་ར་ཡ་སོད། ལཾ་ནན། དེའི་རྩིབས་བརྒྱད། དེ་ལ། འཆི་བདག་ནག་པོ་མཆེ་བ་གཙིགས་པ་ཁྱོད་ལ་དགྲ་བོ་གཏད་དོ། ཡ་མ་ཕེ་ཤ་ཀ་དུ་དགྲ་བོ་མཱ་ར་ཡ། ལཾ་ལཾ་རྦད། ལུས་བརླག་པར་གྱིས་ཤིག །གཉིས། འཆི་བདག་ནག་པོ་དྲག་པོའི་ཞལ་ཁྱོད་ལ་དགྲ་བོ་གཏད་དོ། །ཡ་མ་ནག་པོ་ཀ་ལ་རཀྵ་མ་ར་ཡ། ཁཾ་ཁཾ་ཆེ་གེ་མོའི་ངག་བརླག་པར་གྱིས་ཤིག །གསུམ། འཆི་བདག་ནག་པོ་རྫ་མགོ་ཁྱོད་ལ་དགྲ་བོ་གཏད་དོ། །ཡ་མ་ལིང་དུ་ཤན། སུཾ་སུཾ་ཛ། དགྲ་བོའི་ཡིད་ཐུམ་ཐུམ། ཡིད་ཐིབ་ཏུ་ཆུག་ཅིག །བཞི། འཆི་བདག་ནག་པོ་པདྨའི་སྤྱན་ཁྱོད་ལ་དགྲ་བོ་གཏད་དོ། །ལཾ་ཡ་མ་རོ་ལ་ཁྲཾ་ཐུང་ཙ་ཤ་བཾ། མ་ར་ཡ། རཾ་རཾ་རྦད། ཁྲག་སྐོམས་ཤིག་བརླག་པར་གྱིས་ཤིག །ལྔ། འཆི་བདག་ནག་པོ་སྤྱན་གཅིག་པའི་གདོང་ཁྱོད་ལ་དགྲ་བོ་གཏད་དོ། །ཨོཾ་ཡ་མ་རཀྵ་ཏྲི་ཤ་དུ་རུ་དུ་རུ་ཛ། མ་ར་ཡ་དུཾ་དུཾ་རྦད། རྩ་རྒྱུས་བརླག་པར་གྱིས་ཤིག །དྲུག འཆི་བདག་ནག་པོ་རུ་རུ་ལི་ཁྱོད་ལ་དགྲ་ཨོཾ་ཡ་མ་དན་ཏི་སུ་ཨཱ་ཀརྴ་ཡ་ཛ། མ་ར་ཡ་ཤག་ཤག་རྦད། རུས་བརླག་པར་གྱིས་ཤིག །བདུན། འཆི་བདག་ནག་པོ་རྨེ་བའི་མདོག་ཁྱོད་ལ་དགྲ་ཨོཾ་ཡ་མ་སུཾ་ཏྲི་དུ་ན་ཛ་ཡ། མ་ར་ཡ་དུལ་དུལ། གདངས་འཕྲོག་པར་གྱིས་ཤིག །བརྒྱད། འཆི་བདག་ནག་པོ་ཤ་བའི་ཞལ་ཁྱོད་ལ་དགྲ་ཨོཾ་ཡ་མ་ཏྲི་ལིང་ཤངྐ་ཛ། མཱ་ར་ཡ་ཡཾ་ཡཾ་རྦད། དབུགས་བརླག་པར། དེའི་ཕྱིའི་མུ་ཁྱུད་ལ། བཛྭ་རཀྵ་ཙིཏྟ་བཟུང་། སྙིང་ལ་ཁ་རག་རྨ་ཤ་རྦད། འཆི་བདག་སྐུ་སྤྲུལ་བདུད་རྒྱུད་ར་ཙ་སེང་ཞོན་ཁྱོད་ལ་དགྲ་བོ་གཏད་དོ། །མྱུར་དུ་ཕུང་བར་ཛ། ཨོཾ་ཏྲི་ཏ་ཙ་ཛ་ཙ་པ་ལ་ཨ་ཤུག་མེ་སྭཱ་ཧཱ། འཆི་བདག་གསུང་སྤྲུལ་རཀྵ་ཙ་ལི་སྤྲེལ་ཞོན་ཁྱོད་ལ་དགྲ་ཡུལ་དུ་རྒྱུག་ལ་ཕུང་ཉེས་སྣ་ཚོགས་ཐོང་། །ཨོཾ་བྷི་ཤ་མ་ཧཱ་ར་ཙ་སྭཱ་ཧཱ། འཆི་བདག་ཐུགས་སྤྲུལ་ནག་པོ་སྲོག་གཟན་སྤྱང་ཞོན་ཁྱོད་ལ་དགྲ་དགྲ་ཡུལ་དུ་རྒྱུགས་ལ་ལྟས་ངན་སྣ་ཚོགས་ཐོང་ཅིག དེའི་ཕྱིར་རྩིབས་བརྒྱད་ལ། གཟའ་བདུད་སྦལ་གདོང་ཁྲག་མིག་མ་ལ་དགྲ་བོ་གཏད་དོ། །ཏྲག་རཀྵ་ཙ་མུན་ཏྲི་རུ་རུ་བྷྱོ། དགྲ་བོ་ཁྲག་ནད་ཀྱིས་ངེས་པར་གསོད་ཅིག མཱ་ར་ཡ་ཧཱུྃ་ཤི་རྦད། གཟའི་རྒྱལ་པོ་དགྲ་ཅན་མགོ་པ། རུ་ཏི་ཧཾ་ཤཾ་དུ་ཏྲི་བྷྱོ། དགྲ་བོ་སྨྱོ་འབོག་གིས་གསོད་ཅིག མཱ་ར་ཡ་ཧ་ཐུཾ་ཐུཾ་རྦད་ཡ། གཟའ་བདུད་དུ་བ་མཇུག་རིངས། ཨོཾ་པ་ཤ་མི་ཀི་རཱ་ཧུ་ལ། དགྲ་བོ་གྲི་ཐབས་ཀྱིས་གསོད་ཅིག མཱ་ར་ཡ་རྦད། ཐིབ་ཐིབ་ཡ། གཟའ་རྒྱལ་བྱི་ནུ་ར་ཛ། ཨོཾ་ཡ་མ་རཱ་ཙ་སརྦ་མེ་ཡ་རཱ་ཧུ་ལ་བྷི་རུ་ཧུ་ར་ཡ། དགྲ་བོ་ཆུ་ནད་ཀྱིས་གསོད་ཅིག དུན་ཏི་རྦད། གཟའ་རྒྱལ་ལྗང་སྔོན་དྲག་པོ། ཨོཾ་ན་ག་ཏྲི་ཤཾ་ཡཾ་རཾ་དུ་ཡ་དགྲ་བོ་མེས་གསོད་ཅིག སྲོག་ཚིག་མཱ་ར་ཡ་རྦད། གཟའ་རྒྱལ་བི་ཏྲི་པ་ཊ། ཨོཾ་ར་ཏྲི་བྷི་དུ་ཚུར་ཡ། དགྲ་བོ་རིམས་ནད་ཀྱིས་གསོད་ཅིག མཱ་ར་ཡ་རྦད། གཟའི་རྒྱལ་པོ་ཧེ་ལེ་ཁྱབ་པ། ཨོཾ་པུ་པ་ཏྲི། རུ་ར་རུ་ར། ས་གྷ་ན། དགྲ་བོ་ཞ་ནད་ཀྱིས་གསོད་ཅིག ལཾ་བོ་ནན་རྦད། གཟའི་རྒྱལ་བོ་སྒྲ་གཅན་འཛིན་ལ་དགྲ་ནད་དང་གྲིར་གསོད་ཅིག མཱ་ར་ཡ། དེའི་མུ་ཁྱུད་ལ། སྲི་རཀྵ་རཱ་ཧུ་ལ་ར་ཏྲི་ཆུམ། ལྷྭནྲི་མཱ་ར་ཡ་རྦད། ཀེ་ཏ་ཀེ་ཏ་རཱ་ཧུ་ལ། རམ་ཏྲིག སརྦ་དུ་ན་དུ་ན། ཀེ་ཤཾ་ན་ག་ཏྲི་རག་ཤ་མ་མ་ཟ་ཟ། འགྲཾ་འགྲཾ། ཧ་ལ་ཧ་ལ། ནག་པོ་ཀིངྐ་དུ་རུ་སུ་རུ། དགྲ་བོ་ནད་དུ་ཡ་དུ་ཡ། ཕོབ་ཕོབ། ཐིབ་ཐིབ། དུ་རཾ་ཐིམ། ཡཾ་ཡཾ་ཐུ་ཙ་མཱ་ར་ཡ། ཕུང་ཤིག་ཡ། དེའི་ཕྱིར་ལིང་ཚེ་བཅུ་དྲུག་མུ་ཁྱུད་དང་བཅས་པ་ཡབ་འཁོར་བཞིན་ནོ། །དེའི་ཕྱིར་ཡུམ་སྦལ་མགོ་དགུ་པ་སྦྲུལ་མཇུག་ཅན་སྦྲུལ་ཞགས་དང་ནད་རྐྱལ་འཛིན་པ་བྲིའོ། །རྫས་ནི། བྲི་གཞི་ཞིང་ལྤགས་རོ་རས་སམ་དུག་ཤོག མཛེ་གྲི། མི་ཁྱི་བཙོད་ཡུགས་ས་མོའི་མངལ་ཁྲག རྒྱ་ཚོས། རྫ་བྲག ཐང་ཁྲོམ། ཡུངས་ཀར། ལྡོང་རོས། བབ་བླ། ཀེ་ཚེ། ཤང་རྩེ། ཏང་རྩེ། རོ་སོལ། ཀླུ་གནས་ཆུར་སྦྱར་བས་སྣ་ཚ། མི་རུས་སམ་བྱ་རོག་སྒྲོ་རྩ་སྨྱུག་གུ། ཐལ་ཆེན་མཚལ། སྐྱེར་ཚེར་ཁན་དྷ། ཁྲག་སྣ་ཁྱི་ནག་འོ་མ་བྱུག་རྫས། ཚོན་སྐུད་ལྔ་དཀྲི་པའི། མཛེ་མོན་རབས་ཆད་རྟ་དྲེལ་གྱི་ཐོད་པའམ། ལྕགས་ཟངས་ཁམས་སའི་སྦལ་པ། གླང་རུ། མནན་པའི་སྣོད། སྦྲུལ་ལྤགས་གཏུམས་བྱེད། རམ་བུ། ཡུངས་དཀར་ནག ཀེ་ཤང་། ཐང་ཁྲོམ། དུག་ཕྱེ། ཟངས། ལྕགས། རྡོ། ཏེ་ལོའི་ཤ། མུ་ཟི། ཆུ་དག རྟ་དང་། ཁྱི་དམར་པོའི་ཁྲག སྐྱེས་པ་གྲིར་ཤི་བའི་ཁྲག ཕག་རྒོད་མཆེ་བ་རྣམས་ནང་དུ། ག་པུར། ཙན་དན། གླ་རྩི། གུ་གུལ། འབྲུག་རུས། ཁང་དུད། རྨ་བྱའི་མདོངས། ཀླུ་སྨན། ཕྱིར་བྱུག་པའི་རྫས་སོ། །བར་ལིང་ནི། དགྲ་གཟུགས་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་སྦྲུལ་གྱིས་བཅིངས་པ་ལྕེ་ཁ་ནས་ཕྱུངས་ཏེ་ལྟེ་བར་སླེབ་པའི་སྟེང་དུ་རྡོ་རྗེ་རྒྱ་གྲམ། ཟུར་བཞི་མཆོད་རྟེན་རྩེ་མོ་ནང་བསྟན། ལྟེ་བར་ཛ་ཁ་སྤྲོད་ཀྱི་དབུས་སུ་ལྷྭནྲི། དགྲ་བོ་ཆེ་གེ་མོ་ཁུག ཨངྐུ་ཤ་ཛཿསྤྱི་བོར་འཁོར་ལོ་རྩིབས་བརྒྱད་ལ་ཧཱུྃ་མ་མ། དཔྲལ་བར་རུས། ལྕེ་རྩར་དུང་དུང་། ཕྲག་པར་ཛཿདང་ཧཱུྃ་མཚན་མཚམས། ཡུཾ་ཤེ་གཉིས། ཁྲིག་མ། མཱ་དང་ར། བླ་ལ་བླ་གདགས། པུས་མོར་བཾ་དང་ཧོ། ལྷམ་སྒྲོག་འཆིང་སར་རྦད་དང་ཡ། བྱིན་པར་བྲི་ཞ་ཞ་གཉིས། རྐང་མཐིལ་དུ་ཡཾ་གཉིས། ཕྱི་བཞི་སྙིང་མནན་སྔགས་དམོད་པ། དེའི་ཕྱིར་ཁྲམ་རིས་ཁུངས་སུ་ཛ་བྲིས་པས་སྐོར་བའོ། །བསད་ལིང་ནི། འཁོར་ལོ་མུ་ཁྱུད་ཅན་རྩིབས་བརྒྱད་ནང་དུ་བལྟ་བའི་ལྟེ་བར་ལིདྒ་ཚོན་སྣ་ཚོགས་ལུས་ལ་ཟུག་པ་ཡི་གེ་སྔར་བཞིན། རྩིབས་བརྒྱད་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན། མུ་ཁྱུད་ལ་བཞི་སྙིང་། ཕྱིར་མུ་ཁྱུད་གཅིག་ལ་དམོད་པ། དེའི་ཕྱིར་ཁྲཾ་སྔར་བཞིན། སྲེག་ལིང་། རཱུ་པ་དེ་ལྟ་བུ་ལ་བཞི་སྙིང་སྲེག་སྔགས་ཀྱིས་བསྐོར་བ། དེའི་ཕྱིར་ཁྲམ་དེའི་བར་ལ་ཛ་སྟེང་འོག་རཾ་བྲིས་བས་བསྐོར་བའོ། །འཁོར་ལོ་གཞན་རྣམས་འབོད་དུས་སྔགས་ལ་དྲེགས་པ་རྣམས་བསྟིམ། རྦད་དུས་དེ་རྣམས་ཀྱི་དགྲ་བོའི་བླ་བཀུག་སྟེ་ལིང་གར་བསྟིམ་པས་དེ་དམ་ཉམས་དགྲ་བོ་ཉམ་ཐག་པར་བསམ། དབྱེ་དུས་ལྷ་དང་ཕྲལ། བསད་དུས་དམ་ཅན་རྣམས་ཀྱི་མཚོན་ཆ་སྣ་ཚོགས་ཀྱིས་གཟིར་བར་བསམ་མོ། །ལྷག་པར་གཏད་མནན་གང་བྱེད་ན་ཀླུ་བདུད་ནག་པོའི་འབོད་རྦད་བསད་ཁྲམ་བཏབ་བཞི་ཤེས་པར་བྱ་སྟེ། ཨེ་ཕེ་ཤ་ཀ་དུ་བྷྲུཾ་ནག་པོ་ཏི་པ་ཙ་ནཱ་ག་རཀྵ། ཀྲོ་ཏི་ཤྭ་རི། ནཱ་ག་དུ་ན། ནཱ་ག་དུ་ན། ཧེ་ལི་ཧེ་ལི། ནཱ་ག་འདུས་འདུས། ས་མ་ཧཱུྃ་ཛཿདང་པོའོ། །ཧཱུྃ་ནཱ་ག་རཀྵ་རུ་ཏྲ་ཀ་ལ་བྷྱོ། དགྲ་བོའི་སྙིང་ལ་བཾ་རིལ། ཙིཏྟ་ལ་རྒྱབ་དྲག་ཐུར་སྙིང་ཐུར། སྙིང་གུལ་གུལ། མྱག་མྱག རྩ་བཞི་སྐུམ། ཤན་ཤན། སྲོག་ལ་ཤན། ཐུར་ཐུར་དགྲ་བོའི་ཙིཏྟ་རྦད་བྷྱོ། ས་ནཱ་ག་ཧ་ལ་ཙ་ལ་རིང་། དགྲ་བོའི་སྙིང་ལ་ཐུཾ་བྷྱོ། ནཱ་ག་ར་ཙ་ཏི་པ་ཙ་ར་ཡ་དགྲ་བོའི་དབུགས་ལ་བྷྱོ། མཛེ་གྲི་ནག་པོ་ཐུཾ་ལ་རྦད་བྷྱོ། གཉིས་པའོ། །ཨེ་ནག་པོ་ཏི་པ་ཙ་ལ། །ནཱ་ག་རཀྵ། དགྲ་བོའི་སྙིང་ལ་མཱ་ར་ཡ་ཛ། ཀླུ་བདུད་ནག་པོ་ན་ག་དགྲ་བོའི་སྙིང་ལ་ཡ། ས་ནཱ་ག་ཕུ་ཡེ་ཕུ་ཡེ། དུ་ཕུ་ཡ་ཛ། དགྲ་བོ་ཆེ་གེ་མོའི་ཤ་ཁྲག་ལ་མཱ་ར་ཡ་རྦད་རྦད་ཛ། གསུམ་པའོ། ཧཱུྃ་ཛེ་ཕེ་ཤ་ཀ་དུ། ནཱ་ག་ར་ཙ་ཏྲི་ལིཾ་ཤཾ་ཀ་དུ། ཡ་མ་ར་ཙ། ས་ནཱ་ག་དུ་ནེ་དུ་ནེ། དོ་ཤིང་ཁྲཾ་ཁྲཾ། བཞི་པའོ། །ཀླུ་བདུད་སྲོག་སྔགས་ལ། ཏྲིག་ནན་ཧུར་ཐུཾ་ཛཿམཱ་ར་ཡ་རྦད། དཾ་དཾ་ས་མ་ཡ། ཡཾ་རཾ་ཁཾ་ལཾ་ནན་རྦད་རྦད་བྷྱོ། འཇུག་ཀར་དེས་བྲབ་བོ། །དེ་ནས་སྔགས་གཞན་རྣམས་བྱང་བུར་བྲིས་ལ་ནུར་འདོན་ཐུབ་ན་བཟང་ངོ་། །འབྱམས་སྡུག་ལ། འདི་བགྲང་། བཛྭ་ར་ཏྲི་ཡ་བྷྱོ། ས་མ་ཡ་ཤ་མ་བཾ་བཾ་བྷྱོ། སྲི་ལ་སྲིཾ་སྲིཾ། ཁ་ལ་རཀྵ་བྷྱོ། དགྲ་བོ་ཕུང་ཕུང་། ཤིག་ཤིག དུལ་དུལ། ཡ་ཡཱ། རཾ་རཾ། ཁཾ་ཁཾ། སུཾ་སུཾ། ཡཾ་ཡཾ། དུ་རུ་ཙ་ན། དགྲ་བོ་མྱུར་དུ་ཕུང་། ཤིག་སོད་ཡ་བྷྱོ་བྷྱོ་བྷྱོ་བྷྱོ། ཏྲི་ཏྲི་ཏྲི། བྷྱོ་བྷྱོ་བྷྱོ། ཞེས་བགྲང་ངོ་། ཡང་ན་རིམ་པ་གསུམ་པ་ཡི། གསང་སྔགས་མ་ཧཱ་ཀཱ་ལ་ཡི། །འཕྲིན་ལས་ཁྱད་པར་དགོད་པར་བྱ། །འདིས་ནི་ཤིན་ཏུ་མངོན་སྤྱོད་མྱུར། །ཐབས་དང་ཤེས་རབ་ཁྱད་པར་དང་། །སྟེང་འོག་བར་གྱི་དབྱེ་བ་ཡིས། །འདིས་མགྱོགས་བྱེད་ཀྱི་འཁོར་ལོ་བསྟན། །མུ་ཁྱུད་རིམ་པ་གསུམ་བསྐོར་ལ། །ནང་མ་ཆེ་བར་བྱ་དེ་ལ། །མགོན་པོ་ཡི་གེ་བཅུ་བདུན་པ། །དེའི་མཐར། འཆི་བདག་མགོ་དགུ་སྲངས་ལ་བཞུར་ཅིག ནག་པོ་ཏི་པ་ཙ་ཡ་སྲང་ལ་ལྷ་མ་སྲིན་སྡེ་བརྒྱད་སྲང་ལ་ཀླུ་བདུད་ཀྱི་ཕོ་བྲང་སྲང་ལ་དགྲ་བོ་ཆེ་གེ་མོའི་ཡུལ་ཁམས་ཕུང་བར་གྱིས་ཤིག ལྷ་མ་སྲིན་སྡེ་བརྒྱད་མ་འཇམ་ཞིག བར་མ་རྩིབས་དྲུག་ལ་ཧཱུྃ། ཕྱི་མ་མོ་བཅུ་བདུན་པའི་མཐར་ཏྲི་ཛ་ཧཱུྃ་ཕཊ྄། ཨོཾ་ར་ཏྲི་ཤ་ཤ་མ་རུ་ཏྲ་ཁུ་ཁ་ཁུ་ཁ་ནག་པོ་ཏི་པ་ཙ་ཁུ་ཁ་ཁུ་ཁ། དེའི་ཕྱི་རིམ་ལ་མགོན་པོའི་སྐུ། ཡུམ་གྱི་འཁོར་ལོ་གཞན་འདྲ་ལ་སྲོག་སྔགས་བསྒྱུར་བ་ཙམ་མོ། །ཞེས་དཔལ་ཡེ་ཤེས་མགོན་པོའི་དྲག་པོའི་ལས་ལ་དགོས་པའི་འཁོར་ལོའི་གཟེར་སྔགས་འཆང་པདྨ་དཀར་པོས་བགྱིས་པའོ། །གང་ཞིག་སངས་རྒྱས་བསྟན་གནོད་འགྲོ་ལ་འཚེ། །ནག་པོའི་མཐུ་ནི་བུ་ལོན་ལྟར་འདེད་མདུན། །འཁོར་ལོ་འདི་ནི་འཆི་བདག་བདུད་པོའི་ཁ། །མི་བཟད་མཆེ་བ་གཟིངས་པ་མངོན་སུམ་པའོ། །མདྒལཾ།། །།
དཔལ་ཡེ་ཤེས་ཀྱི་མགོན་པོའི་ལས་མཐའ་བསྟན་དགྲ་འཇོམས་པའི་སྤུ་གྲི།
དཔལ་ཡེ་ཤེས་ཀྱི་མགོན་པོའི་ལས་མཐའ་བསྟན་དགྲ་འཇོམས་པའི་སྤུ་གྲི་ཞེས་བྱ་བ་བཞུགས་སོ། །གང་ཞིག་ཁྲོ་བས་དགྲ་དང་ནི། །གནག་པས་བདུད་སྡེ་ཚར་གཅོད་པ། །སངས་རྒྱས་ཀུན་གྱིས་གསང་བ་བྱིན། །བྱ་རོག་མིང་ཅན་དེ་ལ་འདུད། །གང་ཞིག་སྐྱེ་བོ་མི་བསྲུན་པ། །མཐུ་ནི་བུ་ལོན་ལྟར་སྙེག་པ། །དེ་ལ་མངོན་སྤྱོད་ལས་ཀྱི་མཐུ། །གནམ་ལྕགས་འདྲ་བ་འདི་ཕོབ་ཅིག། སྲུང་དང་བཟློག་དང་བསད་པའི་མཐའ། །འཕང་དང་བསྲེག་དང་མནན་པས་བསྡུ། །སྒྲུབ་པའི་དཀྱིལ་འཁོར་ཆེན་པོའི་གཡོན་ལོགས་སུ་ལས་དཀྱིལ་གྲུ་གསུམ་རྡོ་རྭ་མཚོན་ཆ་མེ་རིས་བསྐོར་བའི་ནང་གཞལ་ཡས་ཁང་འཁོར་ལོ་རིམ་པ་གསུམ་ལྟེ་བར་ཨེ་པད་འདབ་བརྒྱད་ལྟེ་བ་དང་བཅས་པའི་ཁར་ལྕགས་སམ་རུསྦལ་ཆེན་པོའི་ཁོག་པའི་ནང་དུ་དབང་ཕྱུག་ཆེན་པོ་བསྒྲལ་བའི་སྙིང་ལྟ་བུའི་གཏོར་མ་རྩེར་ཞལ་ཕྱུང་ཞིང་བཤོས་བུ་བརྒྱད་ཀྱིས་བསྐོར་བ། མཚམས་སུ་ཁྲམ་བྱང་། ཟོར་ཀོང་མཚེ་ཡུངས། རྩང་སྲིན་མོ་འགྲོས་སུ་བཙུགས་པ། རྩེར་བཟློག་པའི་འཁོར་ལོ། དེའི་སྟེང་དུ་ཁྱུང་གི་འཁོར་ལོ། བཤོས་ཕྲན་བརྒྱད་ལ་དུར་ཁྲོད་ཀྱི་ཞིང་སྐྱོང་ཕོ་མོའི་འཁོར་ལོ། སྟེང་དུ་ཁྱུང་གི་འཁོར་ལོ་རེ་བཙུགས་པ། ཕྱོགས་མཚམས་བརྒྱད་དུ་སྡེ་བརྒྱད་མགོན་པོའི་གཏོར་ཆེན་བཤོས་ཕྲན་བརྒྱད་ཀྱིས་བསྐོར་བ་རེ་ལ་རང་རང་གི་འཁོར་ལོ་དང་ཁྲམ་བྱང་སོགས་སྔར་བཞིན་བརྒྱན། སྟེང་དུ་སྲུང་བའི་འཁོར་ལོ་གདུགས་སུ་ཕུབ། མཐའ་མར་རྡོ་རའི་སྟེང་དུ་ཟོར་རྫས་རྣམས་བཤམས། གྲུ་གསུམ་ལ་ཕུང་ཤུལ་ལ་སོགས་པ་གདུག་པའི་ས་ལས་བྱས་པའི་བྲུབ་ཁུང་རེ། ཐོད་པ་ནག་པོ། མདུན་དུ་བསད་པའི་ལིང་འཁོར། གཡས་གཡོན་དུ་ཐུན། གཡས་སུ་བསྲེག་པའི་འཁོར་ལིང་། ཧོཾ་རྫས། གཡོན་དུ་མནན་པའི་འཁོར་ལིང་། མནན་རྫས་དང་བཅས་པ་བཀོད། མཐའ་མར་མཆོད་པ་ཕྱི་ནང་གསང་བ། གཏོར་མ། ཤ་ཁྲག་རུས་པ་དོན་སྙིང་སོགས་ནང་ཁྲོལ་ལས་བྱས་པ་ཕྱོགས་བཞིར་བཤམ། སྤྱན་གཟིགས་མི་མགོ་དོན་སྣོད་ཀྱི་ཕྲེང་བ་མིག་སོགས་དབང་པོའི་ཕྲ་ཚོམ་ཅན། མཚོན་ཆ་ལ་སོགས་པ་གཤིན་རྗེའི་འདུན་སར་ཡོད་སྐད་པ་ལྟར་དུ་བྱའོ། །དེ་ནས་ཕྲིན་ལས་གྱེར་བའི་དུས། ལས་དཀྱིལ་དེ་དུར་ཁྲོད་ཀྱི་གཞལ་ཡས་འཇིགས་སུ་རུང་བ། འཆི་བདག་གཤིན་རྗེའི་ཁ་ལྟ་བུར་བྲེད་པའི་དབུས་ཀྱི་ལྟེ་བར་གཙོ་བོ་ཡབ་ཡུམ། འདབ་མ་ལ་སྲས་མཆོག་མགོན་པོ་བཞི། མཚམས་ལ་རེ་ཏི་བཞི། ཟླ་གམ་ལ་ཉིད་སྤྲུལ་གསུམ་ཡུམ་བཅས། རྩིབས་བརྒྱད་ལ་མགོན་པོ་བཀའ་བརྒྱད་ལྕམ་དྲལ། རྩིབས་མཆན་ལ་ལྷ་མོ་བརྒྱད། དེའི་ཕྱི་རོལ་གྱི་རྩིབས་ལ་དུར་ཁྲོད་ཀྱི་ཞིང་སྐྱོང་ཕོ་མོ་བརྒྱད་ཕྱོགས་མཐུན་གྱི་ཞིང་སྐྱོང་གསུམ་སྟེ་ཕོ་ཉ་དང་བཅས་པ། རྩིབས་མཆན་ལ་སྒོ་སྐྱོང་ཕོ་མོ། དེའི་ཕྱི་རོལ་གྱི་རྩིབས་ལ་སྡེ་བརྒྱད། ཕྱོགས་མཚམས་ལ་སྒོ་སྐྱོང་བ།བར་བར་དུ་ཡེ་ཤེས་མགོན་པོ་ལྕམ་དྲལ་ལས་བྱེད་ཀྱི་མ་མོ་མཁའ་འགྲོ། བཀའ་སྡོད་ཀྱི་དྲེགས་པའི་སྡེ་དཔོན་སུམ་ཅུས་གཙོས་པའི་དཀར་པོའི་ཆོས་ལ་སྲིད་ཞུར་བྱེད་པའི་སྡེ་བརྒྱད་མ་ཚང་བ་མེད་པ་རྣམ་ཐོས་སྲས་ཀྱི་དམག་ཚོགས་ལྟ་བུར་མཐོང་ན་སྐྱི་བུང་བྱེད་ཅིང་བརྒྱལ་བའི་བརྒྱལ་བ་ལ་ཐུག་སྟེ་ཁྲག་དྲོན་མོ་སྐྱུག་ཉེ་བ་ཙམ་དུ་བྲེད་པ་བསྒོམ་སྟེ་མདུན་བསྐྱེད། དམིགས་པས་གཉིས་སུ་སྒོམ་པ་མ་གཏོགས་འདོན་པ་གཅིག་གིས་འགྲུབ་བོ། །དེ་ནས་བསྙེན་པ་བྱེད་དུས་རང་ཉིད་ལྷར་གསལ་བའི་སྙིང་ཟུར་གསུམ་དུ་རྣོ་བའི་ནང་གནམ་ལྕགས་ཀྱི་རྡོ་རྗེ་གྲི་གུག་གི་ལྟེ་བའི་ནང་དུ་སེམས་ཉིད་ཀྱི་ངོ་བོ་ལྷྭནྲྀི་མིང་ཡིག་དང་བཅས་པ་འོད་ཀོར་རྡོ་རྗེའི་རྭ་གུར་དུ་ཡོད་པ་ཞི་ཁྲོའི་ལྷའི་ནུས་པའི་རང་བཞིན་ཅིས་ཀྱང་མི་ཤིགས་པ་ཞིག་ཏུ་གྱུར། ལུས་སྲིད་པའི་རྩེ་ནས་རླུང་རྡོ་རྗེ་རྒྱ་གྲམ་ལ་ཐུག་གི་བར་ཐམས་ཅད་ཤིན་ཏུ་འཇིགས་པ་སྲིད་པ་གསུམ་ཁོང་ན་གནས་པར་བསམ་པའི་ཡུམ་གྱི་བྷ་གའི་ནང་དུ་བྲུབ་ཁུང་བསྐྱེད་ཆོག་བཞིན་གསལ་བཏབ། ལིངྒ་དེ་བྱད་མ་ལྷ་སྲུང་དང་བཅས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱིས་བཀུག་ནས་དེར་བཅུག ཐུན་རྫས་ཀྱིས་གཟིར་ལ་ཁ་སྦྱར་གསུམ་ཕྱེ། ལུས་རྡུལ་ལྟར་དུ་བརླག རང་ལུས་མེ་དཔུང་གི་ནང་དུ་ཚུད་པ། རྡོ་རྗེའི་མཁར་དུ་གྱུར། སྲུང་བའི་ཏིང་ངེ་འཛིན་ནོ། །བདག་གི་ཐུགས་ཀ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲུལ་པའི་ཕོ་ཉ་བསྒོམས་པ་དང་འདྲ་བ་ནམ་མཁའ་གང་བར་སྤྲོས། མཚོན་ཆ་སྣ་ཚོགས་སུ་གྱུར་ནས་བྱད་མཁན་མེ་ལྕེ་ཁའི་སྦྲང་བུ་བཞིན་དུ་གཞོབ་ཐུལ་གྱིས་བསྲེགས། དེའི་ལྷ་སྲུང་ཤིང་ལོ་རླུང་གིས་ཁྱེར་བ་ལྟ་བུར་བསྐྲད་ནས་རྒྱ་མཚོའི་ཕ་རོལ་ཏུ་སོང་བར་བསམ་པའམ། ཤིན་ཏུ་འཚུབ་ན་བུང་བ་ཁྲག་འཐུང་གི་ཏིང་ངེ་འཛིན་བཟློག་སྔགས་གསུང་མི་ཆད་བཟླ་བའོ། །བཟློག་པའོ། །དེ་ནས་དམ་ཅན་བསྐུལ་ནས་དགྲ་བོ་ཁུག་རྟགས་མ་བྱུང་བར་དུ་དགུག ཁུག་ནས་ལྷ་དང་དབྱེ། དེ་ནས་ཐུན་འཕང་ཞིང་ཁ་སྦྱར་དབྱེ་བས་བསད། ལིངྒ་བཏུབ་པའི་བར་བསྙེན་དུས་ཀྱི་གདབ་ལས་ལ་སོ་སོར་རུས་འདོན་པ་ཙམ་ལས་ཁྱད་པར་མེད་དོ། །དེ་ནི་བསད་པའོ། །ཤིན་ཏུ་མི་བསྲུན་ན་ལིང་ཚབ་བམ་ལ་བྱེད་ཅིང་དངོས་སུ་བཏུབ་པའི་ཤ་ཁྲག་གིས་མཆོད་པར་ཡང་གསུངས་སོ། །དེ་ནས་འཕང་བའི་ཕྱིར་ལིང་རོ་དེ་ལ་ལིངྒ་བརྒྱ་དང་བརྒྱད། ཉེར་གཅིག་པ་བརྒྱད་ཚན། བཤོས་བུ་དེ་དང་མཉམ་པ་ཟོར་གྱི་ཕྱིར་བཀོད་པ། ཉིན་ཕྱེད་ནས་བརྩམས་ཚོགས་ལས་བྱས་ནས་ནམ་ཕྱེད་དུ་ཉེ་བ་ཙམ་ན། སློབ་དཔོན་དང་ལས་མཁན་ཆས་གོས་ནག་པོ་དུག་ཁྲག་གིས་བྱུགས་པ་བྱས་ནས་ཁྲིའུ་ཤིང་གི་ཁར་འདུག ལས་དཀྱིལ་གྱི་ཐུགས་གསུང་གི་ལྷ་རྣམས་ལ་མཆོད་པ་བྱས། ལིངྒ་རེ་ལ་འབོད་རྦད་ཀྱི་སྔགས་ཀྱིས་དམ་ཅན་བསྐུལ། དགྲ་བགེགས་བཀུག་ནས་བསྟིམ། ལྷ་དང་ཕྱེ། ཕུར་ཐུན་གྱིས་བསད་ནས་ཤ་ཁྲག་རུས་པ་ཐུན་རྫས་འབྲུ་ནག་ལ་སོགས་པའི་བཤོས་བུ་སྟེ། ཐུགས་གསུང་གི་ལྷ་ཚོགས་རྣམས་ཞལ་གནམ་སའི་བར་ཙམ་དུ་གདངས་པ། མཆེ་བ་གངས་རི་ཙམ་གཙིགས་པ། ལྗགས་གློག་ལྟར་འཁྱུག་པས་གསོལ་བར་བསམས་ལ་ཤཱ་ས་ན་དང་གསུང་དཀྱིལ་པའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་འབུལ། བསྟོད། དེ་ནས་སྡེ་བརྒྱད་མགོན་པོ་རེ་རེའི་གཙོ་འཁོར་ལ་མཆོད། ཉེར་གཅིག་གིས་འབུལ། སོ་སོའི་བསྟོད་པ་བྱས་ནས། ཆད་མདོ་འདི་ལྟར་བསྒྲག་གོ། ཧཱུྃ། སྔོན་ཚེ་རྫོགས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྙིང་པོའི་ནགས་ཚལ་དུ། །ཇི་ལྟར་རྟགས་གཏད་བསྙེལ་ལམ་ཅི། །བདུད་སྡེ་འདུལ་བའི་གྲོགས་མཛོད་ཅིག །བར་དུ་རིག་འཛིན་བླ་མའི་སྡེས། །རྒྱ་བོད་ཆོས་འཁོར་ཐམས་ཅད་དུ། །ཇི་ལྟར་རྟགས་གཏད་བསྙེལ་ལམ་ཅི། །གདུག་པ་འདུལ་བའི་གྲོགས་མཛོད་ཅིག །ཐ་མར་སྔགས་འཆང་བདག་ཅག་གིས། །སྒྲུབ་ཅིང་མཆོད་པའི་དཀྱིལ་འཁོར་དུ། །ཇི་ལྟར་རྟགས་གཏད་བསྙེལ་ལམ་ཅི། །དགྲ་བགེགས་བསྒྲལ་བའི་གྲོགས་མཛོད་ཅིག། དེ་ནས་ཕོ་རྒྱུད་མགོན་པོ་རྣམས་བསྐུལ་བ། ཧཱུྃ། ཁྲག་འཐུང་མ་ཧཱ་ཀཱ་ལའི་སྡེ། །ཚོགས་རྗེ་ཚོགས་བདག་དབང་ལྡན་པ། །འཁོར་ལོས་སྒྱུར་བ་བྱ་རོག་མཚན། །རྡོ་རྗེ་སྲིན་པོ་འཇིགས་བྱེད་ཆེ། །མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །དཔལ་གྱི་ཆས་ཀྱིས་ལུས་བརྒྱན་ནས། །འཇིགས་བྱེད་དུས་མཚན་བསྒྲལ་བའི་ཁར། །རྒྱལ་པོ་ཆེན་པོའི་རོལ་པས་འགྱིང་། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱིས། །གཡོན་ཅན་འདུལ་བར་སྤྲུལ་ལགས་ཀྱིས། །ཕྲིན་ལས་མཛད་པའི་དུས་ལ་བབ། །ནག་པོ་བདུད་རྣམས་ཚར་ཆོད་ཅིག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོའི་གསུང་། །དྲག་ཤུལ་ཆེ་ལ་སྟོབས་ཆེ་བ། །མྱུར་མཛད་ནག་པོ་ཕྱག་དྲུག་པ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བདུད་དང་ལོག་འདྲེན་ཚར་ཆོད་ཅིག །ཧཱུྃ། དཔལ་ལྡན་མགོན་པོ་ཆེན་པོའི་སྐུ། །དབང་ཕྱུག་ཆེ་ལ་ཤུགས་འཆང་བ། །གསང་བའི་བདག་པོ་ཞལ་བཞི་པ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བསྟན་ལ་གནོད་བྱེད་ཚར་ཆོད་ཅིག །ཧཱུྃ། དཔལ་ལྡན་མགོན་པོ་ཆེན་པོའི་ཐུགས། །གཏུམ་པོ་ཆེ་ལ་འཇིགས་བྱེད་པ། །ཧཱུྃ་མཛད་ནག་པོ་ཕྱག་གཉིས་པ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །གནོད་པའི་དགྲ་བོ་ཚར་ཆོད་ཅིག །ཧཱུྃ། དཔལ་ལྡན་མགོན་པོའི་ཕྲིན་ལས་ནི། །གཞན་གྱིས་མི་ཐུབ་དཔའ་བོ་ཆེ། །ལས་མཛད་ནག་པོ་བྱ་རོག་གདོང་། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །མི་མཐུན་གནོད་པ་ཚར་ཆོད་ཅིག །ཧཱུྃ། ལས་ཀྱི་མགོན་པོ་ཆེན་པོ་ཡི། །དུག་གསུམ་གདུག་པའི་སྤྲུལ་པ་ནི། །ཚེ་བདག་སྲོག་བདག་འཆི་བདག་སྟེ། །རྡོ་རྗེ་ཁྲོ་བོ་བྱ་རོག་གདོང་། །སྐུ་ལས་སྤྲུལ་པའི་ཁྲོ་བོ་ཆེ། །སྟག་ཞོན་ནག་པོ་མཐུ་རྩལ་ཅན། །གསུང་ལས་སྤྲུལ་པའི་ཁྲོ་བོ་ཆེ། །ཚོགས་བདག་ནག་པོ་ཨ་གྷོ་ར། །ཐུགས་ལས་སྤྲུལ་པའི་ཁྲོ་བོ་ཆེ། །ནག་པོ་ཆེན་པོ་འབར་བ་སྟེ། །ཡོན་ཏན་སྤྲུལ་པའི་ཁྲོ་བོ་ཆེ། །ལེགས་ལྡན་ནག་པོ་དུར་ཁྲོད་བདག །ཕྲིན་ལས་སྤྲུལ་པའི་ཁྲོ་བོ་ཆེ། །དཔལ་ལྡན་གྲི་གུག་བརྩེགས་པ་ཆེ། །དམོད་པར་སྤྲུལ་པའི་ཁྲོ་བོ་ཆེ། །དཔའ་བོ་ཁྲག་འཐུང་ནག་པོ་བེང་། །རྦོད་གཏོང་སྤྲུལ་པའི་ཁྲོ་བོ་ཆེ། །མ་ནིང་སྔགས་བཟློག་མཁན་གྱི་གཤེད། །དྲེགས་པར་སྤྲུལ་པའི་ཁྲོ་བོ་ཆེ། །བདུད་མགོན་ནག་པོ་ཏྲག་ཤད་ཀུན། །ཧཱུྃ། འཇིགས་པའི་གཟུགས་ཀྱིས་ཐམས་ཅད་དངངས། །ཁྲོས་པའི་སྤྱན་གྱིས་ཕྱོགས་བཅུར་བལྟ། །རྔམ་པའི་ང་རོས་སྟོང་གསུམ་འགེངས། །མགྱོགས་པའི་བང་གིས་ཁམས་གསུམ་བསྐོར། །དྲག་པོའི་སྟོབས་ཀྱིས་རི་རབ་བཤིག །གདུག་པའི་འོད་ཀྱིས་རྒྱ་མཚོ་སྐེམ། །སྤྲུལ་པའི་དམག་གིས་བར་སྣང་ཁྱབ། །ཐུགས་དམ་བསྐུལ་ལོ་དམ་ཅན་ཚོགས། །ཧཱུྃ། སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །ཟབ་མོའི་བཀའ་ལ་བགྲང་བ་དང་། །དམ་ཚིག་ཁྱད་དུ་གསོད་པ་དང་། །སེམས་ཅན་ཡོངས་ལ་འཚེ་བ་དང་། །རྣལ་འབྱོར་བར་དུ་གཅོད་པ་དང་། །བདག་ལ་གནོད་པའི་སེམས་ཅན་རྣམས། །ཧཱུྃ། རིངས་པར་དེད་ལ་དྲག་ཏུ་སོད། །མྱུར་བར་ཟུངས་ལ་དམ་དུ་ཆིངས། །མགྱོགས་པར་ཁུག་ལ་ངེས་པར་སོད། །མཚོན་ཆ་རྣམས་ཀྱིས་དུམ་བུར་གཏུབས། །རྔམ་རྔམ་རྔམ་རྔམ་ཤ་ལ་ཟོ། །ཧབ་ཧབ་ཧབ་ཧབ་ཁྲག་ལ་འཐུང་། །ཆེམ་ཆེམ་ཆེམ་ཆེམ་རུས་ལ་ཟོ། །བཞེས་ཤིག་ལྷག་མ་མེད་པར་མཛོད།། མོ་རྒྱུད་རྣམས་ལ་བསྐུལ་བ། ཧཱུྃ། དབྱིངས་ཀྱི་ཨེ་ཀ་ཛཱ་ཊི་མ། །རྣམ་པར་གཏུམ་པའི་དབང་ཕྱུག་མོ། །བྱེད་པའི་ལས་ལ་འདོད་དབང་མ། །སྐུ་ནི་སྲིད་པ་ཡོངས་ཀྱི་ཁྱོན། །བྷ་ག་ནམ་མཁའི་ཕ་མཐར་བསྒྲད། །ཁམས་གསུམ་སྲིད་པ་དེ་ལས་འཆར། །ངེས་པའི་བདེ་ཀློང་གཅིག་ཏུ་འཁྱིལ། །འགག་པ་མེད་པའི་འཕྲོ་འདུ་ལས། །དཀར་མོ་སེར་མོ་དམར་མོ་ལྗང་། །ཡེ་ཤེས་མ་མོ་རེ་མ་ཏི། །ཁྲག་འཐུང་ཆེན་པོ་རིགས་ལྔའི་ཡུམ། །སྐུ་གསུང་ཐུགས་ལས་གྲུབ་པའི་མ། །ཌཱ་ཀི་ར་ཀི་ལ་ཀི་ནི། །ཕྲིན་ལས་ཆ་ལས་ཙཎྜྻི་ཀ །བར་སྣང་ཁམས་ཀྱི་གློག་མ་སྤྲིན། །དམར་མོ་འབར་བའི་གདོང་པ་ཅན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དམ་ཚིག་ཉམས་པ་ཚར་ཆོད་ཅིག །ལས་མཁན་མ་དེའི་དུག་གསུམ་ཆ། །ཀ་ཀི་ས་ཀི་ཧ་ཀི་ནི། །དེ་ཡི་རྣམ་པར་ཤེས་པ་བརྒྱད། །མགོན་པོ་བརྒྱད་ཀྱི་ལྕམ་དུ་བསྟན། །སྒོ་བརྒྱད་ལྷ་མོ་བརྒྱད་སྤྲུལ་ཀུན། །ཁྲག་མཚོ་ཁོལ་མའི་ནང་ན་གནས། །སྐྱེ་འགྲོའི་སྲོག་ལ་དབང་བྱེད་མ། །ཟ་བྱེད་ཤ་ཟ་ཁྲག་འཐུང་མ། །ཤིན་ཏུ་འཇིགས་པའི་གཟུགས་འཆང་མ། །གར་ཡང་ཐོགས་མེད་རྫུ་འཕྲུལ་ཅན། །ཕོ་རྒྱུད་ཀུན་གྱི་དབང་ཁྱེར་ཞིང་། །མོ་རྒྱུད་ཀུན་གྱི་གཙོ་མོ་མཛད། །ངན་སྔགས་ཀུན་གྱི་ཕྲ་མེན་ཏེ། །སྔོ་རཀ་གདོང་མ་མི་བསྲུན་མ། །མུན་པའི་ནང་ན་མེ་རུ་འབར། །རླུང་ནག་འཚུབ་པའི་ཀློང་ན་རྒྱུག །ནད་ཡམས་གཏོང་ཞིང་དལ་ཁ་འགྱེད། །ཁ་ནས་དྲག་པོ་ཧཱུྃ་གི་འབྲུག །བར་སྣང་ཁམས་ཀུན་ལྡིར་བྱེད་ཅིང་། །རལ་པ་ཁམ་ནག་གསིག་པའི་སྤྲིན། །ནམ་མཁའི་དབྱིངས་རྣམས་འཚུབས་པར་བྱས། །སྤྲུལ་པའི་ཕོ་ཉའི་སེར་བ་ཡིས། །དགྲ་བགེགས་ཐམས་ཅད་བརླག་པར་བྱེད། །དོ་ནུབ་སྡང་བའི་དགྲ་ལ་རྦད། ཧཱུྃ། ཕུ་ནས་དེ་ནི་ཁུས་བཏབ་ཀྱང་། །རྡོ་རྗེའི་སྙན་གྱིས་མ་གསན་ནམ། །མདའ་ནས་དེ་ནི་གཡབ་དོར་ཡང་། །ཡེ་ཤེས་སྤྱན་གྱིས་མ་གཟིགས་སམ། །ཅི་ནོངས་གཡེལ་ལམ་ཐུགས་དམ་ཅན། །བདག་གི་ལུས་ལ་མ་བབ་ན། །ཤ་ཁྲག་གཟན་དུ་ཅི་ལ་འབོར། །བདག་གི་ངག་ལ་མ་བབ་ན། །གདུང་བའི་ང་རོས་ཅི་ལ་འབོད། །བདག་གི་སེམས་ལ་མ་བབ་ན། །ལུས་སེམས་འབེན་དུ་ཅི་ལ་འཛུགས། །ལས་ལ་བབ་བོ་མཐུ་མ་ཆུང་། །དུས་ལ་བབ་བོ་ས་མ་ཡ། །ཡལ་ཡོལ་ཁྱད་གསོད་མ་མཛད་ཅིག །བཏང་སྙོམས་ལེ་ལོ་མ་མཛད་ཅིག །སྐྱེ་བོའི་ཡ་གར་མ་བཏང་ཅིག །སེམས་ལ་བཅངས་པ་མ་བཏང་ཅིག །ཡིད་ལ་བརྣག་པ་མ་དོར་ཞིག །མིང་དུ་བྲིས་པ་མ་བཏང་ཞིག །འདི་ཡི་ཤ་ཟོ་ཁྲག་ལ་འཐུང་། །རུས་པ་ནང་ཁྲོལ་ཀླད་པ་ཟོ། །ཕོ་རྒྱུད་རྩད་ནས་ཆོད་ལ་བྱོན། །མོ་རྒྱུད་མངལ་ནས་སྐེམ་པར་གྱིས། །མཛའ་བ་ཀུན་དང་མྱུར་དུ་ཕྲོལ། །བདག་གིས་བསྒོ་བ་མ་ཉན་ན། །མ་རྣམས་དམ་ཚིག་རལ་བར་འགྱུར། །མིང་པོའི་དམག་སྣ་སྲིང་གིས་དྲོངས། །བདག་གི་རེ་བ་འགྲུབ་པར་མཛོད།། དེ་ནས་ཞིང་སྐྱོང་རྣམས་བསྐུལ་བ། བྷྱོཿ དུར་ཁྲོད་ཆེན་པོ་བརྒྱད་དང་ནི། །ཉེར་བཞིའི་ས་ན་གནས་བཅས་ནས། །ཁམས་གསུམ་མ་ལུས་དབང་དུ་སྡུད། །སྲིད་གསུམ་མ་ལུས་ཟིལ་གྱིས་གནོན། །འཇིགས་བྱེད་མ་མོ་མཁའ་འགྲོའི་ཚོགས། །ཐོགས་པ་མེད་པའི་རྫུ་འཕྲུལ་ཅན། །ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ། །ནམ་མཁའི་དབྱིངས་ནས་བྱ་ར་བྱེད། །དམ་ཚིག་ལྡན་པའི་སྟངས་འཛིན་ནོ། །བར་སྣང་ཁམས་ནས་མྱུར་དུ་རྒྱུག །དམ་ཉམས་ཐམས་ཅད་སྡུག་གྲིར་གསོད། །ས་ཆེན་འདི་ལ་རྟག་ཏུ་མྱུལ། །སྐྱེ་འགྲོའི་སྲོག་ལ་ཧམ་ཟས་བྱེད། །སྟོང་གསུམ་ཀུན་ལ་མི་ཐོགས་པས། །ཆོས་མཛད་སྒྲུབ་པོའི་རེ་བ་སྐོང་། །ལས་ལ་རྒྱུག་ཅིག་ཕོ་ཉའི་ཚོགས། །དགྲ་སྲོག་གཅོད་པའི་དུས་ལ་བབ། །བར་ཆད་བཟློག་པའི་དུས་ལ་བབ། །དམ་ཚིག་ཆེན་པོའི་དུས་ལ་བབ།། དེ་ནས་སྒོ་མ་རྣམས་བསྐུལ་བ། ཧཱུྃ། སྲིད་པའི་རྒྱལ་མོ་བདེ་འགྲོ་མ། །ཁམས་གསུམ་ཐམས་ཅད་ཁྱེད་ཀྱིས་ཕྱུངས། །སྲིད་པ་མ་མོའི་གཙོ་མོ་སྟེ། །ཟ་བྱེད་ཆེན་པོ་བེར་ནག་ཅན། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དོ་ནུབ་དགྲ་ལ་ཕྲིན་ལས་མཛོད། ཧཱུྃ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན། །མུ་སྟེགས་ཚོགས་ཀྱི་བདག་དང་རྩེ། །དུས་བཞིའི་དབང་མོ་བཞི་ལ་སོགས། །རྗེ་མོ་བཅུ་བཞི་ཁྱོད་ཀྱི་འཁོར། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། ཧཱུྃ། དཔལ་གྱི་ཕྱག་བརྙན་ཤ་ཟ་མོ། །དུར་ཁྲོད་བདག་པོར་བཅས་པ་ནི། །འཇིག་རྟེན་ལས་ཀྱི་མ་མོས་བསྐོར། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། ཧཱུྃ། སྲིད་པ་ཆགས་བྱེད་གཡུ་སྒྲོན་མ། །འཇིགས་པའི་མགོ་དགུ་ཕྱག་བརྒྱད་མ། །རྟ་ནག་དྲེགས་པ་ཆེན་པོར་བཅས། །གྲུ་འདེགས་དམག་གི་རྒྱལ་མོ་དང་། །སྲིན་མོ་བདུན་དང་སྲིང་མོ་བཞི། །སྲིད་པའི་སྨན་མོ་ཡོངས་ཀྱིས་བསྐོར། །སྤྲུལ་པའི་ཚོགས་ཀྱིས་བར་སྣང་ཁེངས། །ལས་ཀྱི་མ་མོ་སྲོག་ལེན་མ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ།། དེ་ནས་སྡེ་བརྒྱད་མགོན་པོ་རྣམས་བསྐུལ་བ། ཧཱུྃ། གུ་ལང་ཆེན་པོ་ལྷ་ཡི་ལྷ། །མུ་སྟེགས་ནག་པོའི་སྟོན་པ་ཆེ། །དབང་ཕྱུག་ཤྲཱི་ཁྲག་རལ་ཅན། །ཨུ་མ་དཱེ་ཝིས་རྟག་འཁྱུད་པ། །ཚངས་པ་འདོད་ལྷ་དབང་པོ་དང་། །ཉེ་དབང་ཁྱབ་འཇུག་ར་ཎ། །གཞོན་ནུ་ཚོགས་ཀྱི་བདག་པོ་སོགས། །སྲིད་པའི་དབང་པོ་མ་ལུས་པ། །ཁྱོད་ཀྱི་བཀའ་ལས་གཞན་མི་འདའ། །འཇིག་རྟེན་གསུམ་ན་གནས་གྱུར་པ། །དཀའ་ཐུབ་གྲུབ་པ་ཁྱོད་ཀྱི་མཐུས། །ཟིལ་གྱིས་མི་གནོན་གང་ཡང་མེད། །རྒྱལ་བའི་སྤྱན་སྔར་དམ་བཅས་པ། །ད་ལྟ་རྣལ་འབྱོར་བདག་བསྐུལ་གྱིས། །ཕྱི་ཡི་སྡེ་བརྒྱད་དམག་ཆས་ནས། །ཁམས་གསུམ་སྲིད་པ་ཐམས་ཅད་ལ། །འགུགས་པར་བྱེད་པའི་ལྕགས་ཀྱུས་ཐོབ། །རླུང་གི་ཞགས་པས་ཡིད་བཅིངས་ནས། །བདག་གི་དབང་དུ་འགྱུར་བར་མཛོད། །བདུད་དང་བདུད་ཀྱི་ཕྱོགས་ལྷུང་བའི། །དགྲ་བོ་དམོད་པ་དྲག་པོས་གཟིར། །ལུས་ངག་ཡིད་སུམ་ཕུང་བར་མཛོད། ཧཱུྃ། བདུད་ཀྱི་མགོན་པོ་སེངྒེའི་གདོང་། །མདོག་ནག་ལྕགས་ཀྱི་གཉའ་རལ་ཅན། །བདུད་མོ་སེངྒེའི་གདོང་མར་རྩེ། །ཁ་ནས་དུག་ནད་བུ་ཡུག་འཚུབ། །ཕྱག་གཉིས་རུ་མཚོན་དམར་གཏོར་འཕེན། །ཁྱོད་ཀྱི་གཡས་གཡོན་ཕོ་ཉ་ནི། །འཇིགས་བྱེད་དུས་མཚན་ལྕམ་དྲལ་ཏེ། །གཞན་གྱིས་མི་ཐུབ་དཔའ་བོ་ཆེ། །རྫུ་འཕྲུལ་ཆེ་ཞིང་མཐུ་དང་ལྡན། །བཟློག་པར་དཀའ་བའི་དྲག་ཤུལ་ཅན། །རྡོ་རྗེ་འཛིན་པའི་ཕོ་ཉ་བ། །སྐྱེས་བུ་རྡོ་རྗེ་ལེགས་པ་སོགས། །མགར་བ་ཐོ་ཐོགས་ཡེ་རེ་རེ། །གཤིན་རྗེ་ཁྲམ་ཐོགས་ཉི་ལི་ལི། །ཀླུ་བདུད་དུག་འགྱེད་ཁོ་ལོ་ལོ། །བདུད་ཀྱི་མཚོན་ཐོགས་ཟེང་ངེ་ངེ་། །བཙན་གྱི་བཤན་པ་སྤུངས་སེ་སྤུང་། །སྲིན་པོའི་འོ་དོད་ལྷང་ལྷང་གྲགས། །སྲོག་བདག་རྔམ་ཤུགས་འུ་རུ་རུ། །མ་མོའི་ནད་སྤྲིན་ཐིབས་སི་ཐིབ། །ཤ་ཟ་འབུམ་སྡེ་ཀླད་དུ་ལྡིང་། །ནག་པོ་སྟོང་སོགས་ལས་བྱེད་པ། །ལྷ་སྲིན་སྡེ་བརྒྱད་དམག་གི་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །གདུག་པའི་དགྲ་བོ་ཁྱོད་ལ་གཏད། །ཞག་དང་ཟ་མར་བཞག་མི་ཁོམ། །ད་ལྟ་ཉིད་དུ་སོད་ལ་ཤོག །ཧཱུྃ། ས་འོག་རིམ་པ་དགུ་ཡི་འོག །འཇིགས་སུ་རུང་བའི་མུན་པའི་ཀློང་། །དུག་གསུམ་སྤྱོད་པ་འགྲིམ་པའི་འཕྲང་། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ནི། །གཤིན་རྗེའི་རྒྱལ་ཁམས་ཆེན་པོའི་ཁབ། །དམྱལ་སྲུང་གདུག་པ་རྣམས་ཀྱི་ཡུལ། །དྲེགས་པ་ཀུན་གྱི་བཤན་ཁང་ནས། །འཇིགས་བྱེད་ལས་ཀྱི་གཤིན་རྗེ་ནི། །རབ་ཏུ་ཁྲོས་པ་མ་ཧེའི་གདོང་། །ཙཱ་མུཎྜྻི་དང་ལྷན་ཅིག་རོལ། །སྲིད་པར་དགེ་སྡིག་ཅི་སྤྱད་པའི། །ཤན་ཐང་འབྱེད་པའི་མཐུ་བོ་ཆེ། །ཁྱོད་ཀྱི་ནུས་པ་གློག་ལྟར་འཁྱུག །ཤུགས་ནི་ནམ་མཁའི་ཐོག་བས་ཆེ། །རྫུ་འཕྲུལ་སྣ་ཚོགས་ཅིར་ཡང་རྫུ། །དགྲ་བོ་ཆམ་ལ་འབེབས་པར་འཚལ། །སྲོག་བདག་འཆི་བདག་གཤེད་དུ་ཡ། །ཆོས་རྒྱལ་དགྲ་བོའི་སྲོག་ལ་ཡ། །ཡ་བ་ཏི་ནི་ཚེ་ལ་ཡ། །གླང་མགོ་ཅན་ནི་གཟུགས་ལ་ཡ། །རལ་པ་ཚར་དགུ་དབུགས་ལ་ཡ། །ཕྱྭ་སངས་མདངས་དང་བཀྲག་ལ་ཡ། །ཏེལ་པ་རྣམ་པར་ཤེས་ལ་ཡ། །རྨིག་པ་དགྲ་བོའི་བླ་ལ་ཡ། །མིག་དམར་ཤ་རུས་ཁྲག་ལ་ཡ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ལོ་ཟླ་ཞག་དང་ཟ་མའི་གཤེད། །ལས་ཀྱི་གཤིན་རྗེ་ཐམས་ཅད་དང་། །སྔགས་ཀྱི་ལྷ་སྲིན་སྡེ་བརྒྱད་དམག །དོ་ནུབ་སྡང་བའི་དགྲ་ལ་བྷྱོ། །དགྲ་བོའི་མདུན་མ་རླུང་ལ་བསྐུར། །བཅས་པའི་དམག་དཔུང་མཐའ་ལ་སྐྲོད། །གདུག་པའི་བསམ་སྦྱོར་ཀུན་སྦྱིན་ནས། །བསོད་ནམས་གང་འདུག་བསྐམས་སུ་ཆུག །ཅི་བྱེད་མཚང་བརླག་ལས་ཆོལ་ནས། །མི་ནོར་ས་ཁང་ཕུང་བར་གྱིས། །ཛ་ཡཿ ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །ནུབ་ནས་ཤར་དུ་རྒྱུ་བའི་ཚེ། །མ་མོ་ཀུན་གྱི་དམག་དཔོན་མཛད། །མ་མོའི་ཀིཾ་ཀང་དགྲ་ལ་ཕོབ། །ལྗང་སྔོན་དྲག་པོའི་དུས་ལ་བབ། །མཐུ་རྩལ་ཕྱུང་ལ་དགྲ་སྲོག་ཆོད། །ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །ལྷོ་ཤར་མཚམས་ནས་ནུབ་བྱང་རྒྱུ། །དགྲ་ལྷའི་རྒྱལ་པོའི་དམག་དཔོན་མཛད། །དགྲ་ལྷའི་ཀིཾ་ཀང་དགྲ་ལ་ཕོབ། །རཱ་ཧུ་ལ་ཡི་དུས་ལ་བབ། །མཐུ་རྩལ་ཕྱུངས་ལ་དགྲ་སྲོག་ཆོད། །ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །བྱང་ནས་ལྷོ་རུ་རྒྱུ་བའི་ཚེ། །བདུད་པོ་འབུམ་གྱི་དམག་དཔོན་མཛད། །བདུད་ཀྱི་ཀིཾ་ཀང་དགྲ་ལ་ཕོབ། །རོག་ཏི་ནག་པོའི་དུས་ལ་བབ། །མཐུ་རྩལ་ཕྱུང་ལ་དགྲ་སྲོག་ཆོད། །ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །ལྷོ་ནུབ་མཚམས་ནས་བྱང་ཤར་རྒྱུ། །སྲིན་པོ་ཡོངས་ཀྱི་དམག་དཔོན་མཛད། །སྲིན་པོ་ཀིཾ་ཀང་དགྲ་ལ་ཕོབ། །བིཥྚི་པཱ་ཊའི་དུས་ལ་བབ། །མཐུ་རྩལ་ཕྱུང་ལ་དགྲ་སྲོག་ཆོད། །ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །ཤར་ནས་ནུབ་ཏུ་རྒྱུ་བའི་ཚེ། །དམུ་བདུད་ཡོངས་ཀྱི་དམག་དཔོན་མཛད། །དམུ་བདུད་ཀིཾ་ཀང་དགྲ་ལ་ཕོབ། །བི་ནུ་རཱ་ཛའི་དུས་ལ་བབ། །མཐུ་རྩལ་ཕྱུང་ལ་དགྲ་སྲོག་ཆོད། །ཁྱབ་འཇུགྎ ནུབ་སྨད་མཚམས་ནས་ཤར་ལྷོར་རྒྱུ། །གཤིན་རྗེ་ཀུན་གྱིྎ གཤིན་རྗེའི་ཀིཾ་ཀངྎ དུ་བ་མཇུག་རིང་དུས་ལ་བབ། །མཐུ་རྩལ་ཕྱུང་ལྎ ཁྱབ་འཇུགྎ ལྷོ་ནས་བྱང་དུ་རྒྱུ་བའི་ཚེ། །ཀླུ་བཙན་ཡོངས་ཀྱིྎ ཀླུ་བཙན་ཀིཾ་ཀངྎ ཁྱབ་འཇུག་ཆེན་པོའི་དུས་ལ་བབས། །མཐུ་རྩལ་ཕྱུང་ལ་དགྲ་སྲོག་ཆོད། །ཁྱབ་འཇུགྎ བྱང་ཤར་མཚམས་ནས་ལྷོ་ནུབ་རྒྱུ། །བགེགས་རྣམས་ཀུན་གྱིྎ བགེགས་ཀྱི་ཀིཾ་ཀངྎ བི་ན་ཡ་ཀའི་དུས་ལ་བབ། །མཐུ་རྩལ་ཕྱུང་ལ་དགྲ་སྲོག་ཆོད། །ཤར་ནས་སྟག་སྲིན་ཟོར་བའི་གདོང་། །སེར་ནག་སྟག་མགོ་སྟག་ཤམ་ཅན། །ཉི་མ་ཆིབས་ནས་ཟོར་བ་བསྣམས། །ཤར་གྱི་ཕྱོགས་ཀྱི་དགྲ་རྣམས་སྒྲོལ། །ལྷོ་ནས་བཾ་སྲིན་དྲེད་མོའི་གདོང་། །སྔོ་ནག་དྲེད་མགོ་དྲེད་ལྤགས་གྱོན། །ཟླ་བ་ཆིབས་ནས་སྦྲུལ་ཞགས་བསྣམས། །ལྷོ་ཡི་ཕྱོགས་ཀྱི་དགྲ་རྣམས་སྒྲོལ། །ནུབ་ནས་ཀོང་སྲིན་བ་ལང་གདོང་། །དམར་ནག་གླང་མགོ་གླང་ལྤགས་གྱོན། །སྡིག་པ་ཆིབས་ནས་ཟངས་གྲི་བསྣམས། །ནུབ་ཀྱི་ཕྱོགས་ཀྱི་དགྲ་རྣམས་སྒྲོལ། །བྱང་ནས་འབྲོག་སྲིན་ཆུ་སྲིན་གདོང་། །ལྗང་ནག་ཆུ་སྲིན་གཡང་གཞི་གྱོན། །རྨིག་བུ་ཆིབས་ནས་བེ་ཅོན་བསྣམས། །བྱང་གི་ཕྱོགས་ཀྱི་དགྲ་རྣམས་སྒྲོལ། །མཐུན་པའི་དམ་རྫས་འདི་བཞེས་ལ། །དགྲ་བོའི་སྲོག་དབུགས་རྔམ་ཟས་གྱིས། །དགྲ་བོའི་ཡུལ་མཁར་རྨང་ནས་བསྒྱེལ། །དགྲ་བོའི་ལོ་ཏོག་བརླག་པར་མཛོད། ཧཱུྃ། འཇིག་རྟེན་འདས་དང་མ་འདས་མཚམས་ཤེད་ན། །རྒྱ་མཚོ་ཀློང་ཡངས་འཁྲུག་པའི་ནང་ཤེད་ན། །བསྐལ་པ་སྦྲུལ་དང་མུན་ནག་གཏིབས་པ་ན། །དུག་གསུམ་རང་གཟུགས་འཆི་བདག་མགོ་དགུ་པ། །བདུད་ཀྱི་བདུད་དེ་གདུག་པ་ཀླུ་ཡི་བདུད། །དེ་དང་གཉིས་མེད་གདུག་པའི་བུད་མེད་ཆེ། །སྦལ་མགོ་ཁྲག་གི་མིག་དགུ་སྦྲུལ་མཇུག་ཅན། །དགྲ་བོ་གསོད་ལ་ཁྱོད་ལས་ལྷག་པ་མེད། །སྐུ་ནི་དཔའ་བརྗིད་ནམ་མཁའི་ཁམས་དང་མཉམ། །སྟེང་གི་ས་བདག་ཐམས་ཅད་ཁ་ལོ་སྒྱུར། །སྤྱན་གྱིས་ཧུར་ཧུར་ས་དང་བར་སྣང་གཟིགས། །གདུག་པ་ཅན་གྱི་གཉན་རིགས་ཐམས་ཅད་ཁོལ། །སྐུ་ནི་རི་རབ་ཆེན་པོའི་ངོགས་ལ་བརྟེན། །ནང་གི་ལྷ་སྲིན་སྡེ་བརྒྱད་དམག་ཏུ་ཁོལ། །མཇུག་མ་རྒྱ་མཚོ་ཆེན་པོའི་ཀློང་ན་འཁྱིལ། །གདུག་པ་ཀླུ་ཚོགས་ཐམས་ཅད་ཕོ་ཉར་འགྱེད། །དོ་ནུབ་བསྐུལ་ལོ་སྡང་བའི་དགྲ་སྟེང་དུ། །ཕོ་རྒྱུད་སོད་ལ་མོ་རྒྱུད་མངལ་སྐེམ་ཤིང་། །ཆུང་རྒྱུད་རྩད་ཆོད་འཁོར་འབངས་ཡུལ་མི་དཀྲུགས། །ནོར་རྫས་རླུང་བསྐུར་ཁང་ཁྱིམ་འཇིག་ཏུ་ཆུག །ཕུང་བྱེད་ལས་ཀྱི་རིམ་པ་གཉེར་དུ་གཏད། །ཕུང་བྱེད་འཆི་བདག་འཁོར་དང་བཅས་པ་རྣམས། །དུས་བཞིར་སངས་རྒྱས་བསྟན་པའི་མེལ་ཚེ་མཛོད། །ཧཱུྃ། ཧ་ཧར་རྒོད་པའི་དུར་ཁྲོད་ཆེན་པོ་ཡི། །སྒྲོལ་གིང་ཚོགས་པའི་གྲོང་ཁྱེར་མ་རུ་ཙེ། །རབ་འཇིགས་གནས་ཀྱི་རཀྟའི་རྒྱ་མཚོ་ནས། །དྲེགས་པའི་གཙོ་བོ་འཇིགས་པའི་བེག་རྩེ་ཅན། །ཟངས་ཀྱི་ཡ་ལད་རྣོ་བའི་མཚོན་ཆ་བསྲེལ། །མ་མོ་ཆེན་མོ་ཁྲག་གི་མདའ་འཕེན་མ། །ནམ་མཁའི་མདོག་ཅན་བསྭེ་གདོང་མེ་རལ་ཅན། །སྲོག་བདག་བློན་པོ་ལྷ་སྲིན་མྱུར་མགྱོགས་དམག །མི་བསྲུན་ལས་ལ་གློག་ལྟར་མྱུར་བའི་སྡེ། །སྟོབས་ལྡན་དྲག་ཤུལ་ཅན་རྣམས་དགྲ་ལ་བྷྱོ། །ཁྲོ་བའི་ཤུགས་ཀྱིས་དགྲ་བོ་ཚར་བཅད་ནས། །དཔའ་བའི་བྱིན་གྱིས་བསྟན་པ་སྲུང་བ་དང་། །བརྗིད་པའི་བག་གིས་བདག་གི་རེ་བ་སྐོང་། །དགའ་བའི་ཉམས་ཀྱིས་ཕྲིན་ལས་མ་ལུས་མཛོད། །ཧཱུྃ། དྲེགས་པ་ཕྱག་ན་རྡོ་རྗེའི་སྲས། །གོས་སྔོན་ཅན་གྱི་སྡེ་དཔོན་ཆེ། །ཞང་འོན་ནག་པོ་ཁྲག་རལ་ཅན། །རྡོ་རྗེ་བདུད་འདུལ་བན་ཆེན་པོ། །འཇིགས་པའི་མཚོན་ཆ་ཅི་ཡང་འཛིན། །རྔམ་པའི་འགྱུར་བ་རྣམ་མང་པོའི། །གནོད་སྦྱིན་གཏུམ་པོ་གཟི་བརྗིད་ཅན། །དངུལ་དང་ཟངས་དང་བསྭེ་དང་གསེར། །རིན་ཆེན་བཻ་ཌཱུརྻ་དང་ཤེལ། །རྡོ་རྗེའི་ཡ་ལད་བགོས་པ་ནི། །ཚོགས་ཡང་ཆེ་སྟེ་ཁམས་གསུམ་ཁྱབ། །རྩལ་ཆེ་རི་རབ་པང་དུ་འདེགས། །དཔའ་སྟེ་སུས་ཀྱང་མི་ཐུབ་པ། །གཏུམ་སྟེ་སྲིད་གསུམ་ཁ་རུ་ཟ། །རཏལ་ཕོད་དེ་དག་བཟོ་སྦྱངས་པ། །དོ་ནུབ་སྡང་བའི་དགྲ་ལ་རྦད། །གནོད་བྱེད་ཐམས་ཅད་ཁ་བཏགས་མཛོད། །དོ་ནུབ་གདུག་པའི་བགེགས་ལ་བསྐུལ། །ལོག་འདྲེན་ཐམས་ཅད་ཚར་ཆོད་ཅིག །ཧཱུྃ། སྟེང་གི་ཚངས་པ་གིང་གི་གཙུག །བར་གྱི་ཁུ་ལེ་ལག་དགུ་པ། །འོག་གི་ས་བདག་དམུ་རྗེ་བཙུན། །ཆོས་འཁོར་སྐྱོང་བའི་པེ་ཧ་ར། །དགྲ་ལྷའི་རྒྱལ་པོ་རྫུ་འཕྲུལ་ཅན། །སྣ་ཚོགས་སྐུ་ལྔར་རྫུ་བའི་འཕྲུལ། །ཤཱནྟི་རོ་ཟན་མས་དགའ་བ། །མོན་བུ་པུ་ཏྲ་བྷ་དྲ་དང་། །སྲིང་མོ་གནོད་སྦྱིན་ཙེའུ་མ་ར། །རུ་འདྲེན་གར་མཁན་སྐྱོ་བསངས་འབག །འགོང་པོ་དམ་སྲི་དམུ་ཐེའུ་རང་། །རྟགས་ཆགས་ལྷ་མ་སྲིན་ཐམས་ཅད། །ཁྱོད་ཀྱི་འཁོར་དུ་བསྡུས་ནས་སུ། །ཆོས་འཁོར་བཤིག་པའི་དགྲ་ལ་རྦད། །འགོང་པོའི་ཕུང་སྲི་ཁ་གཏོད་ལ། །དབུལ་ཕོངས་འཆོས་ནས་བརླག་པར་གྱིས། །དོ་ནུབ་བྱད་མ་མཁན་ལ་རྦད། །དམ་སྲི་ཕུག་ནས་སློངས་ནས་སུ། །ལུས་ངག་ཡིད་ལ་རང་གཤེད་ཕོབ། །དོ་ནུབ་དགྲ་བོའི་སྟེང་དུ་རྦད། །རྒྱལ་པོའི་ཁ་གཏོད་འཕུང་དཀྲུགས་ལ། །ནང་འཁྲུག་དམེ་འཐབ་ལས་ལ་སྦྱོར། ཧཱུྃ། ཕྱོགས་བཅུ་སྐྱོང་བའི་མགོན་པོའི་ཚོགས། །ཁྱོད་ཀྱི་འཁོར་ཚོགས་མི་བཟད་པ། །འཇིག་རྟེན་མི་ལ་གདོན་དུ་འཚེ། །དམ་ཚིག་ཅན་ལ་དབལ་མི་གཟུགས། །རྒྱལ་བའི་བཀའ་ལས་མི་འདའ་བས། །བསྟན་པ་བཤིག་པའི་དགྲ་ལ་གདོན། །བར་ཆད་བདུད་ཀྱི་སྐྱོང་བ་ཆོམ། །ནག་པོ་ལས་ཀྱི་སྤྱོད་པ་གཏུབས། །ཧཱུྃ། ཤར་ཕྱོགས་ནས་ནི་ཡུལ་འཁོར་སྲུང་། །ལྷ་ཆེན་དཔལ་འབར་མཐུ་བོ་ཆེ། །ཤར་ཕྱོགས་གནམ་ས་ཕྱེད་ཀྱི་བདག །ཐུགས་དམ་བསྐུལ་ལོ་རུ་དར་ཕྱོར། །འཇིགས་པའི་དཔུང་ཚོགས་དགྲ་ལ་ཁྱེ། །བདུད་ཀྱིས་སྐྱོང་བའི་མཐུ་རྩལ་ཤིག །ཧཱུྃ། ལྷོ་ཕྱོགས་ནས་ནི་འཕགས་སྐྱེས་པོ། །ལྷ་ཆེན་དཔལ་འབར་མཐུ་བོ་ཆེ། །ལྷོ་ཕྱོགས་གནམ་ས་ཕྱེད་ཀྱི་བདག །ཐུགས་དམ་བསྐུལ་ལོ་རུ་དར་ཕྱོར། །འཇིགས་པའི་དཔུང་ཚོགས་དགྲ་ལ་ཁྱེ། །བདུད་ཀྱིས་སྐྱོང་བའི་མཐུ་རྩལ་ཤིག །ཧཱུྃ། ནུབ་ཕྱོགས་ནས་ནི་སྤྱན་མི་བཟང་། །ལྷ་ཆེན་དཔལ་འབར་མཐུ་བོ་ཆེ། །ནུབ་ཕྱོགས་གནམ་ས་ཕྱེད་ཀྱི་བདག །ཐུགས་དམ་བསྐུལ་ལོ་རུ་དར་ཕྱོར། །འཇིགས་པའི་དཔུང་ཚོགས་དགྲ་ལ་ཁྱེ། །བདུད་ཀྱིས་སྐྱོང་བའི་མཐུ་རྩལ་ཤིག །ཧཱུྃ། བྱང་ཕྱོགས་ནས་ནི་རྣམ་ཐོས་སྲས། །ལྷ་ཆེན་དཔལ་འབར་མཐུ་བོ་ཆེ། །བྱང་ཕྱོགས་གནམ་ས་ཕྱེད་ཀྱི་བདག །ཐུགས་དམ་བསྐུལ་ལོ་རུ་དར་ཕྱོར། །འཇིགས་པའི་དཔུང་ཚོགས་དགྲ་ལ་ཁྱེ། །བདུད་ཀྱིས་སྐྱོང་བའི་མཐུ་རྩལ་ཤིག། དེ་ནས་སྒོ་དབྱེ་བ། ཧཱུྃ། ད་ནི་དམར་ཆེན་གཏོར་མ་གཏོང་། །ད་ནི་ཐུན་དང་ཟོར་ཅིག་འཕེན། །སྣང་སྲིད་ལྷ་འདྲེ་གཉན་པོ་ཀུན། །གང་ལ་བྱ་བ་ཁྱེད་ཀྱིས་ཤེས། །རྣལ་འབྱོར་བདག་གི་ཟོར་ལམ་ཕྱེས། །མཐོ་བ་ལྷ་ཡི་ཞབས་བསྡུས་ཤིག །དམའ་བ་ལྟོ་འཕྱེའི་མགོ་བསྐུམ་ཞིག །བར་གྱི་ཀིཾ་ཀང་སྐུ་བཟུར་ཞིག །ཕྱོགས་སྐྱོང་ཆེན་པོ་སྐུ་བྱོལ་ཅིག །སྒོ་བ་རྣམས་ཀྱིས་སྒོ་ཕྱེ་ཞིག །འཕྲང་བ་རྣམས་ཀྱིས་འཕྲང་སོལ་ཞིག །ཡུལ་ལྷ་རེ་ཞིག་གཞན་དུ་བྱོལ། །གདོང་དུ་སུ་ཡང་མ་སྡོད་ཅིག །དོ་ནུབ་དམར་ཆེན་གཏོར་མ་འདི། །ཡུངས་སོགས་ཟོར་དུ་འགྲེམ་པ་འདི། །སྡང་བ་དགྲ་ཡི་སྟེང་དུ་འཕེན། །གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ། །དགྲ་བོའི་མདུན་མ་བཤིག་པར་འཕེན། །ལེགས་པའི་བྱ་བ་བཤོལ་བར་འཕེན། །ཉེས་པའི་ལས་ལ་བསྐུལ་བར་འཕེན། །ཕོ་རྒྱུད་མོ་རྒྱུད་གཅོད་པར་འཕེན། །ཡུལ་འཁོར་ལོ་ཏོག་འཇོམས་པར་འཕེན། །མངའ་འབངས་བསོད་ནམས་བརླག་པར་འཕེན། །ནག་པོ་མཐུ་ནི་བུ་ལོན་ལྟར། །བསྙེགས་པའི་ཞིང་བཅུ་བསྒྲལ་ལ་འཕེན།། ལམ་བསྟན་པ། ཧཱུྃ། གཏོར་ཆེན་ལམ་བསྟན་ཤར་དུ་བསྟན། །མགོན་པོའི་དམག་ཚོགས་ཤར་དུ་ཁྱེ། །དབང་པོ་རྡོ་རྗེ་འཆང་བ་ཡང་། །སྐུ་བཟུར་དེ་ནི་སྤྱན་བྱོལ་ལ། །རྣལ་འབྱོར་བདག་གི་དམག་ལམ་ཆོས། །ཡུལ་འདིར་ཆེ་གེ་མོ་ཞེས་པས། །སངས་རྒྱས་བསྟན་པ་བཤིག་པར་བརྩོན། །དཀོན་མཆོག་དབུ་འཕང་སྨད་པར་བྱེད། །ཁྱད་པར་སེམས་ཅན་ཡོངས་ལ་འཚེ། །བདེན་པ་གཉན་པོ་ཁྱད་དུ་གསོད། །ཕན་གདགས་ལན་དུ་གནོད་བྱེད་པས། །དམ་ཚིག་གིས་བསྡམས་རལ་བར་བྱས། །ཆོས་གཞིའི་དཀོར་བརྐུ་ཕྲོགས་ནས་ཟ། །རྡོ་རྗེ་སློབ་དཔོན་ལ་བརྙས་ཤིང་། །མཆེད་གྲོགས་རྣམས་ལ་བསྡོ་བྱེད་པ། །ཤི་སྲོག་དམར་པོ་ཕོད་བཙུགས་ནས། །ཁྱོད་ལ་མཐུ་དང་རྩལ་ཡོད་ན། །ང་ལ་སྟོན་ཞེས་བསྡོ་ཞིང་སྨོད། །ཆོས་སྐྱོང་སྲུང་མར་བརྙས་བྱེད་པ། །དེ་ལ་རྣལ་འབྱོར་ངས་རྦད་དོ། །ཁམས་གསུམ་སྲིད་པ་གཡོ་ཞིང་བསྒུལ། །རི་རབ་བརྡེག་ཅིང་རྒྱ་མཚོ་འཁྲུག །ཕྱོགས་མཚམས་མེ་ཡི་སྤྲིན་འཐིབས་ཤིང་། །སྐར་མདའ་ལྟུང་ཞིང་ཐོག་སེར་འབེབས། །ཀུན་ཏུ་གནམ་རྡོ་ལྷུང་བ་དང་། །དཔའ་བའི་ངར་སྒྲས་ཁོལ་གྱུར་པའི། །དམག་ཚོགས་ཆེན་པོ་དེར་བྱོན་ཅིག །གཡུལ་ངོ་ཆེན་པོ་དེར་སྤྲོད་ཅིག །དགྲ་བོ་ཐམས་ཅད་ཁ་བཏགས་ནས། །སངས་རྒྱས་བསྟན་པ་རྒྱས་མཛོད་ཅིག །གཏམ་སྙན་ཀུན་གྱིས་ཐོས་པར་སྒྲོགས། །དཔའ་བའི་དར་ཆེན་ངས་འབུལ་ལོ།། དེ་བཞིན། གཏོར་ཆེན་ལམ་བསྟན་ཤར་ལྷོར་བསྟན། །མགོན་པོའི་དམག་ཚོགས་ཤར་ལྷོར་ཁྱེ། །དྲང་སྲོང་བགྲང་ཕྲེང་འཆང་བ་ཡང་། །སྐུ་བཟུར་དེ་ནི་སྤྱན་བྱོལ་ལ། །རྣལ་འབྱོར་བདག་གི་དམག་ལམ་སོགས། །གཏོར་ཆེན་ལམ་བསྟན་ལྷོ་རུ་བསྟན། །མགོན་པོའི་དམག་ཚོགས་ལྷོ་རུ་ཁྱེ། །གཤིན་རྗེ་བེ་ཅོན་འཆང་བ་ཡང་། །སྐུ་བཟུར་དེ་ནི་སྤྱན་བྱོལ་སོགས། །གཏོར་ཆེན་ལམ་བསྟན་ལྷོ་ནུབ་བསྟན། །མགོན་པོའི་དམག་ཚོགས་ལྷོ་ནུབ་ཁྱེ། །སྲིན་པོ་རལ་གྲི་འཆང་བ་ཡང་། །སྐུ་བཟུར་དེ་ནི་སྤྱན་བྱོལ་སོགས། །གཏོར་ཆེན་ལམ་བསྟན་ནུབ་ཏུ་བསྟན། །མགོན་པོའི་དམག་ཚོགས་ནུབ་ཏུ་ཁྱེ། །ཆུ་བདག་སྦྲུལ་ཞགས་འཆང་བ་ཡང་། །སྐུ་བཟུར་དེ་ནི་སྤྱན་བྱོལ་སོགས། །གཏོར་ཆེན་ལམ་བསྟན་ནུབ་བྱང་བསྟན། །མགོན་པོའི་དམག་ཚོགས་ནུབ་བྱང་ཁྱེ། །རླུང་ལྷ་བ་དན་འཆང་བ་ཡང་། །སྐུ་བཟུར་དེ་ནི་སྤྱན་བྱོལ་སོགས། །གཏོར་ཆེན་ལམ་བསྟན་བྱང་དུ་བསྟན། །མགོན་པོའི་དམག་ཚོགས་བྱང་དུ་ཁྱེ། །གནོད་སྦྱིན་དབྱུག་ཐོ་འཆང་བ་ཡང་། །སྐུ་བཟུར་དེ་ནི་སྤྱན་བྱོལ་སོགས། །གཏོར་ཆེན་ལམ་བསྟན་བྱང་ཤར་བསྟན། །མགོན་པོའི་དམག་ཚོགས་བྱང་ཤར་ཁྱེ། །དབང་ལྡན་རྩེ་གསུམ་འཆང་བ་ཡང་། །སྐུ་བཟུར་སོགས་ཕྱོགས་གར་བྱ་བ་དེའི་འདོན་པ་བསྒྱུར་བའོ།། དེ་ནས་བཟློག་པ་བྱ་བ་ནི། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །བདུད་རྒྱལ་ལྷ་ཆེན་འཇིགས་བྱེད་དུ། །རིམ་པར་སྤྲུལ་ནས་རྒྱལ་བའི་ཞིང་། །དུག་གསུམ་ལས་ཀྱི་རླུང་དམར་གྱིས། །འཇིགས་པའི་མུན་པར་ཕྱོགས་བཅུག་ཚེ། །རྒྱལ་བ་ཞི་བའི་འོད་ཀྱིས་སྦྲན། །ཁྲག་འཐུང་ཆེན་པོའི་སྦྱོར་མཚམས་ནས། །མགོན་པོ་ཆེན་པོ་ཁྱོད་འོངས་ཏེ། །དྲག་པོ་འཇིགས་བྱེད་ཁྱོ་ཤུག་བསད། །ལྷ་ཆེན་བཀའ་ཉན་འཁོར་དུ་བསྡུས། །དགའ་རབ་དབང་ཕྱུག་མྱ་ངན་གྱི། །ཁང་བུའི་ནང་དུ་བཅིངས་ཏེ་བཞག །དེ་བཞིན་ལྔ་བརྒྱ་ཐ་མ་འདིར། །བདུད་དང་བདུད་ཀྱི་ལས་རྣམས་ཟློག །དེ་ནས་ལྷ་དབང་བརྒྱ་བྱིན་ལ། །ལྷ་མིན་ཕྲག་དོག་དམག་བསགས་ནས། །རི་རབ་རི་ཡི་རྩེ་མོར་འཐབས། །དེ་ཚེ་ལྷ་རྒྱལ་གྱིས་སྦྲན་པས། །ཁྱོད་ཀྱིས་སྤྲུལ་པའི་དམག་བཀྱེས་ནས། །ལྷ་མིན་གཡུལ་དུ་བརླག་པར་བྱས། །དེ་བཞིན་དུས་ཀྱི་སྙིགས་མ་འདིར། །མཐའ་མིའི་དམག་ལྷགས་ནང་རྩོད་པའི། །འཁྲུག་སློང་བྱེད་པ་ཐམས་ཅད་ཟློག །ཐ་མ་བསྐལ་པ་བཟང་པོ་འདིར། །རྩོད་པའི་དུས་སུ་ཤཱཀྱ་ཐུབ། །བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ། །རྫོགས་པའི་སངས་རྒྱས་བསྒྲུབ་པ་ལ། །གཡོན་ཅན་བདུད་ཀྱིས་གཡུལ་བཤམས་ཚེ། །སེམས་དཔའ་མཆོག་དེས་ཁྱོད་སྦྲན་པས། །བདུད་སྡེ་ཕམ་ནས་ཕྱོགས་བཅུར་བྱེར། །ཐུབ་པ་མངོན་པར་སངས་རྒྱས་གྱུར། །དེ་བཞིན་ཀློག་དང་སྤོང་བ་པར། །བར་ཆད་རྩོམ་པ་ཐམས་ཅད་ཟློག །དེ་ནས་རྒྱ་གར་ཆོས་ཀྱི་གླིང་། །ཀླ་ཀློ་གདུག་པའི་འཚེ་བ་བྱུང་། །ཁྱད་པར་མུ་སྟེགས་ནག་པོ་རྒྱས། །ཆོས་འཁོར་ཐམས་ཅད་འཇིག་ཉེའི་ཚེ། །པཎ་གྲུབ་རྣམས་ཀྱིས་ཁྱོད་སྦྲན་པས། །ཀླ་ཀློ་ཐམས་ཅད་ཐལ་བར་བཏང་། །མུ་སྟེགས་ནག་པོ་ཆོས་ལ་བསྒྱུར། །དེ་བཞིན་ཆོས་མིན་ལྷད་ཞུགས་པའི། །བསྟན་ལ་གནོད་པ་ཐམས་ཅད་ཟློག །དེ་ནས་བོད་ཡུལ་མུན་པའི་གླིང་། །ཐུབ་བསྟན་ཉི་མས་ཉིན་བྱེད་ལ། །ནག་པོ་ལྷ་འདྲེས་མུན་པར་བསྒྲུབས། །དེ་ཚེ་སློབ་དཔོན་པདྨ་ཡིས། །ཁྱོད་སྦྲན་ལྷ་འདྲེ་བཀར་བཏགས་པས། །ཆོས་ཀྱི་རྒྱལ་པོའི་བཞེད་པ་འགྲུབ། །དེ་བཞིན་དགེ་བའི་ལས་བརྩམ་པར། །གཞན་གྱིས་འཚེ་བ་ཐམས་ཅད་ཟློག །ཧཱུྃ། རིགས་ཀྱི་བདག་པོ་སྐུ་གསུམ་གྱིས། །ཡེ་ཤེས་ལྷ་ཡི་བཀའ་ཆད་ཟློག །སྤྲུལ་པའི་ཁྱུང་ཆེན་འབར་བ་ཡིས། །ཕོ་རྒྱུད་མོ་རྒྱུད་ས་བདག་གི །གནོད་པའི་དུག་སྦལ་ནག་པོ་ཟློག །དཔལ་ལྡན་ནག་པོ་ཆེན་པོ་ཡིས། །བདུད་དང་བདུད་ཕྱོགས་གནོད་པ་ཟློག །སྲས་མཆོག་བཞི་དང་ཡུམ་གསུམ་གྱིས། །དགྲ་བགེགས་གདུག་པའི་བསམ་སྦྱོར་ཟློག །བཀའ་སྡོད་མགོན་པོ་ཡབ་ཡུམ་གྱིས། །ཕས་ཀྱིས་བརྩམས་པའི་བྱད་ཁ་ཟློག །ཡེ་ཤེས་ལས་ཀྱི་མ་མོ་ཡིས། །བར་ཆད་བདུད་ཀྱི་ཕྱག་བརྙན་ཟློག །ཞིང་སྐྱོང་མ་མོ་མཁའ་འགྲོ་ཡིས། །དམ་ཚིག་ཉམས་པའི་རྒྱུ་རྐྱེན་དང་། །ཆད་པ་ནད་ཡམས་དལ་ཁ་ཟློག །དབང་ཕྱུག་ཁྲག་རལ་འཁོར་བཅས་ཀྱིས། །མུ་སྟེགས་ནག་པོའི་ངན་བྱད་ཟློག །བདུད་ཀྱི་མགོན་པོ་འཁོར་བཅས་ཀྱིས། །རིག་སྔགས་དམོད་པའི་མཚོན་ཆ་ཟློག །ཆོས་ཀྱི་རྒྱལ་པོ་འཁོར་བཅས་ཀྱིས། །གཤིན་རྗེས་གཤེད་དུ་དབབ་པ་ཟློག །གཟའ་བདུད་ཆེན་པོ་འཁོར་བཅས་ཀྱིས། །སྡེ་བརྒྱད་ཀིཾ་ཀང་ཕབ་པ་ཟློག །ནཱ་ག་རཀྴ་འཁོར་བཅས་ཀྱིས། །གཏད་ཁྲམ་ནག་པོའི་གནོད་པ་དང་། །དུག་གི་སྦྱོར་བ་གཡོས་པ་ཟློག །བེག་རྩེ་ཆེན་པོ་འཁོར་བཅས་ཀྱིས། །ལྷ་འདྲེའི་ཤྭ་རྡེལ་སྤུངས་པ་ཟློག །གནོད་སྦྱིན་ནག་པོ་འཁོར་བཅས་ཀྱིས། །དབུལ་ཕོངས་ཉམས་ཐག་ཐམས་ཅད་ཟློག །རྒྱལ་པོ་གིང་ཆེན་འཁོར་བཅས་ཀྱིས། །དམ་སྲི་ཕུང་སྲི་ལངས་པ་དང་། །འགོང་པོའི་ཟ་ཁ་ཟུག་པ་ཟློག །ཕྱོགས་སྐྱོང་རྣམས་ཀྱི་འཁོར་གདོན་དང་། །རྒྱལ་པོ་བཞི་ཡི་བདུད་བློན་གྱིས། །ཐབས་སོགས་སྦྱོར་བ་ཐམས་ཅད་ཟློག །ཧཱུྃ། སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་སྒྱུར། །ལྷ་འདྲེའི་དམག་ཚོགས་ཐམས་ཅད་དགྲ་ལ་དྲོངས། །ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ། །བྱད་ཁ་ཕུར་ཁ་རྦོད་གཏོང་དྲག་པོ་དང་། །མཚེ་ཟོར་རྦད་འདྲེ་ཡུངས་ཟོར་འཕེན་པ་སྒྱུར། །ས་བདག་ཀླུ་ཡིས་བྱད་དུ་བཅུག་པ་དང་། །ཐེའུ་རང་འབྱུང་པོས་སྲི་རྐུན་ཐམས་ཅད་སྒྱུར། །གཤིན་རྗེའི་འཁོར་ལོ་བདུད་ཀྱིས་རྐོས་འདེབས་དང་། །མུ་སྟེགས་ངན་པས་བར་ཆད་བྱེད་པ་སྒྱུར། །རྒྱལ་བསེན་རྣམས་ཀྱིས་སྨྱོ་འབོགས་གཏོང་བ་དང་། །དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་སྒྱུར། །ཞང་ཞུང་ཛོ་ཟོར་སུམ་པའི་གླང་ཟོར་དང་། །བོན་པོ་རྣམས་ཀྱིས་ལྟ་ཟོར་འཕེན་པ་སྒྱུར། །བནྡེའི་སྔགས་ཟོར་སྐྱེ་བོའི་མདའ་ཟོར་དང་། །བུད་མེད་རྣམས་ཀྱིས་དམོད་ཟོར་འཕེན་པ་སྒྱུར། །བདུད་ཀྱི་གཤེད་ལངས་རྗེད་བྱེད་འབྱུང་པོ་དང་། །མ་མོ་རྣམས་ཀྱིས་ཁྲག་ཟོར་འཕེན་པ་སྒྱུར། །མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན། །ལྟས་ངན་མི་རུང་བརྒྱད་ཅུ་རྩ་གཅིག་སྒྱུར། །བཞི་བརྒྱ་རྩ་བཞིའི་མི་ནད་ཕྱུགས་ནད་དང་། །གདོན་རིགས་ཉི་ཁྲི་ཆིག་སྟོང་གནོད་པ་སྒྱུར། །སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་མ་ལུས་དང་། །ཡེ་འདྲོག་ཆེན་པོ་སུམ་བརྒྱ་དྲུག་ཅུ་དང་། །གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐེག །མི་མཐུན་ཕྱོགས་རྣམས་དགྲ་བགེགས་སྟེང་དུ་སྒྱུར། །དུས་མིན་འཆི་དང་འཇིགས་པ་བརྒྱད་རྣམས་དང་། །ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་སྒྱུར།། ཞེས་བཟློག་སྔགས་འདོན། །དེ་ནས་ཕྱིར་བཏེག་ལ་དྲག་པོའི་ཟོར། བསྙེན་པའི་ཐུན་ཟེར་བའི་ཚབ་ཏུ་ཟོར་བཅུག་པའི་ཚིག་དང་དམིགས་པ་རྦད་སྔགས་བཅས་གཏོར་ཆེན་འཕངས་ནས། ཧོཾ་གྲུ་གསུམ་པ་གདུག་པ་ཅན་གྱི་ཤིང་བརྩེགས་པར་འཇིག་རྟེན་པའི་མེ་ལྷ་ཁྲོས་པའི་ལྟོ་བར་དམ་ཅན་རྣམས་ཞལ་གདངས་པར་ཕུལ་བར་བསམ་ཞིང་བསྲེག་སྔགས་ཀྱིས་སྲེག མནན་རྒྱུ་རྣམས་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་དོང་གྲུ་གསུམ་པ་བྲུས་པར་བྲུབ་ཁུང་བཅས་བཅུག སྟེང་རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ། གཤིན་རྗེའི་བཙོན་ཁང་དུ་ཐར་དུས་མེད་པར་སྟེང་རི་རབ་ཀྱིས་མནན་པར་བསམས་ནས་མནན་སྔགས་བགྲང་། ལས་ཀྱི་གཤིན་རྗེ་ལ་གཏད་པ་དང་བྲོ་གཞུང་བཞིན་དུ་བྱའོ།། དེ་ནས་ནང་དུ་ལོག་ནས་གཏང་རག་གི་མཆོད་བསྟོད་བསྡུས་པ་བྱས་ནས་མངའ་གསོལ་བ་ནི། ཧཱུྃ། གསང་བ་མཆོག་གི་དགྱེས་པ་ནས། །སྙིང་རྗེས་འཇིག་རྟེན་ལ་ཁྲོས་པའི། །རྡོ་རྗེ་སྲིན་པོ་ཁྱོད་འོང་ཚེ། །ཞི་ཁྲོ་རྒྱལ་བ་རབ་འབྱམས་ཀྱིས། །ཡུམ་ཆེན་རྣམས་དང་ལྷན་ཅིག་ཏུ། །མ་ཧཱ་ཀཱ་ལ་ཐམས་ཅད་ཀྱི། །འཁོར་ལོས་སྒྱུར་བར་དབང་བསྐུར་ཞིང་། །སྐུ་གསུང་ཐུགས་ཀྱི་གསང་བའི་བྱིན། །ཐམས་ཅད་ཕུལ་ནས་བདུད་འདུལ་བའི། །དཔའ་བོ་ཆེན་པོར་མངའ་གསོལ་བ། །དེ་བཞིན་བདག་ཀྱང་མངའ་གསོལ་ལོ། །སེམས་དཔའ་སེམས་མ་རྒྱ་མཚོ་ཡིས། །རྣམ་པར་ཐར་པ་ཀུན་ཕུལ་ནས། །ཀུན་ཏུ་བཟང་པོའི་རོལ་པ་ཡིས། །ཀུན་ཏུ་སྤྱོད་པར་མངའ་གསོལ་བ། །དེ་བཞིན་བདག་ཀྱང་མངའ་གསོལ་ལོ། །ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱིས། །འཇིགས་པའི་ཕྱག་ཆ་ཀུན་ཕུལ་ནས། །ཕྲིན་ལས་མཛད་པར་མངའ་གསོལ་བ། །དེ་བཞིན་བདག་ཀྱང་མངའ་གསོལ་ལོ། །མ་ཧཱ་ཀཱ་ལ་ཀཱ་ལི་རྣམས། །གར་འཆམས་ཕྱག་ཀུན་ཕུལ་ནས། །ཚོགས་བདག་ཆེན་པོར་མངའ་གསོལ་བ། །དེ་བཞིན་བདག་ཀྱང་མངའ་གསོལ་ལོ། །ཞིང་སྐྱོང་མ་མོ་མཁའ་འགྲོའི་སྡེས། །དཔལ་གྱི་ཆས་རྣམས་ཀུན་ཕུལ་ནས། །ལེགས་ལྡན་ཆེན་པོར་མངའ་གསོལ་བ། །དེ་བཞིན་བདག་ཀྱང་མངའ་གསོལ་ལོ། །བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཀྱིས། །ཁས་བླངས་རང་སྲོག་ཀུན་ཕུལ་ནས། །མགོན་པོ་ཆེན་པོར་མངའ་གསོལ་བ། །དེ་བཞིན་བདག་ཀྱང་མངའ་གསོལ་ལོ། །དཀར་པོ་ལྷ་ཡི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བའི་མཆོད་ཕུལ་ནས། །དམག་དཔོན་ཆེན་པོར་མངའ་གསོལ་བ། །དེ་བཞིན་བདག་ཀྱང་མངའ་གསོལ་ལོ། །རིག་འཛིན་བླ་མ་ཐམས་ཅད་ཀྱིས། །དམ་ཚིག་གཙང་མའི་རྟེན་ཕུལ་ནས། །བསྟན་པ་བསྲུང་བར་མངའ་གསོལ་བ། །དེ་བཞིན་བདག་ཀྱང་མངའ་གསོལ་ལོ། །ཐ་མར་ཆོས་བྱེད་ཐམས་ཅད་ཀྱིས། །མ་ཏྲཾ་བསྒྲལ་བའི་བཾ་ཕུལ་ནས། །དགྲ་གསོད་བཤན་པར་མངའ་གསོལ་བ། །དེ་བཞིན་བདག་ཀྱང་མངའ་གསོལ་ལོ།། ལས་རྗེས་བསྡུ་བ་གཞུང་བཞིན་དུ་བྱའོ། །འདིས་ཕས་ཀྱི་བྱད། དམག་གི་དཔུང་། བསམ་པ་ངན་པ་བརྩམས་པ་ཐམས་ཅད་ཁོ་རང་ལ་བཟློག་པར་འགྱུར་ཞིང་། བདུད་ཀྱི་མཐུ་སྟོབས་ཉམས་སྨད། ཆོས་ཀྱི་མཐུན་རྐྱེན་ཡར་ངོའི་ཟླ་ལྟར་འཕེལ་བ་ལ་སོམ་ཉི་མེད་པ་མང་དུ་བརྗོད་ཅི་དགོས། ནག་པོ་ཆེན་པོ་མཉེས་ན་སངས་རྒྱས་ཉིད་ཀྱང་ཚེ་འདི་ལ་ཐབས་འདི་ཁོ་ནས་སྟེར་རོ།། བསྟན་པའི་ཆེད་དུ་ནག་པོའི་མཐུ་སྒྲུབ་ཅིང་། །རང་དོན་དཀར་པོའི་ཆོས་ལས་མི་འདའ་བའི། །སྔགས་པ་དེ་འདྲ་མུ་སྟེགས་ནང་འདུག་ཀྱང་། །སངས་རྒྱས་བསྟན་ལ་གཅེས་པའི་མིག་འབྲས་ཡིན། །ཟོང་སྒྲུབ་ཚོང་རྫས་ནག་པོའི་མཐུས་བྱེད་ཅིང་། །ཚེ་འདིའི་ཆགས་སྡང་ཁོང་དུ་འཚངས་གྱུར་པའི། །སྔགས་པ་དེ་འདྲ་བསྟན་འཛིན་ཁྲོད་འདུག་ཀྱང་། །ནག་པོ་བདུད་ཀྱི་བང་ཆེན་དང་པོ་ཡིན། །དེ་ཕྱིར་པད་དཀར་ཅོལ་རྒྱུག་མི་བྱེད་པར། །ནག་པོའི་མཐུ་ཡིས་འཁོར་བར་མི་འདོར་ཞིང་། །དཀར་པོའི་ཆོས་ཀྱིས་ངན་སོང་སྒོ་བཀག་སྟེ། །བསྟན་ལ་ཅི་ཕན་ཁོ་ན་སྒྲུབ་པ་ཡིན། །དགེའོ།། །།
མགོན་པོ་རྟག་པའི་རྡོ་རྗེ་ཚེ་དབང་འཆི་མེད་སྒྲུབ་པའི་འདོད་འཇོ།
མགོན་པོ་རྟག་པའི་རྡོ་རྗེ་ཚེ་དབང་འཆི་མེད་སྒྲུབ་པའི་འདོད་འཇོ་བཞུགས་སོ། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཚངས་དང་དྲག་པོ་ཡིད་སྲུབས་ནོར་ལྷའི་བུས། །རྒྱལ་བར་མ་ནུས་འཆི་བདག་གཏུམ་པོའི་གཡུལ། །རྨིག་མེད་འཇོམས་མཛད་དཔལ་ལྡན་ཁྲག་འཐུང་རྒྱལ། །བླ་མའི་ཞབས་དང་གཉིས་མིན་དེར་ཕྱག་འཚལ། །རྒྱུད་དོན་བླ་མའི་ཞལ་ལས་འོངས་གང་འདིར། །འཇིགས་བྱེད་ཧེ་རུ་ཀ་ཡི་ལུང་ཐོབ་པས། །རྟོག་བཟོ་དྲི་མའི་རྙོག་པས་མ་སྤགས་པར། །པདྨ་དཀར་པོས་གཞན་ལ་སྦྱིན་པར་བྱ།། དཔལ་འཇིགས་བྱེད་ཧེ་རུ་ཀ་ཞལ་གཅིག་ཕྱག་བཞི་པ་ལ་བརྟེན་ནས་འཆི་བ་མེད་པའི་གྲོང་ཁྱེར་ཉམས་དགའ་བར་རང་དང་གཞན་འཇུག་པར་མོས་པ་དག་གིས་རྒྱུད་ནས་མངོན་པར་བསྔགས་པའི་གནས་སུ་སྟེགས་བུ་གཙང་མར་མཎྜྻལ་པདྨ་འདབ་མ་བརྒྱད་པ་མཛེས་ཚོན་དུ་བྱས་པའི་དབུས་དང་ཕྱོགས་བཞིར་ལྷའི་མཚན་མ་བཀོད། དཀྱིལ་འཁོར་གྱི་དབུས་ཀྱི་མནྫིའི་ཁར་རིན་པོ་ཆེའི་བུམ་པ་འབྲས་བུ་ཅན་གྱི་ཤིང་ངམ་ཀུ་ཤས་ཁ་བརྒྱན། དྲི་མ་མེད་པའི་དར་གྱིས་མགུལ་དཀྲིས་པ་བཞགགཡས་སུ་ཚེའི་འབྲང་རྒྱས་དང་གཡོན་དུ་ཚེ་ཆང་བདུད་རྩི་ལྔ་བཏབ་པས་ཀ་པཱ་ལ་བཀང་བ་བཞགསློབ་དཔོན་གྱི་སྲིན་ལག་གི་ཁྲག་གཏར་བའི་ཉ་སྐྱོགས་བཀྲ་ཤིས་པའི་རྫས་བརྒྱད། རྡོ་རྗེ་དྲིལ་བུ་ལ་སོགས་པ་དམ་ཚིག་གི་རྫས་དང་། ཚོགས་དང་མཆོད་པ་མ་ཚང་བ་མེད་པ་ཕྱག་ལེན་བཞིན་བཤམས་ཏེ་བདེ་བའི་སྟན་ལ་འདུག་ནས། རང་ཉིད་སྐད་ཅིག་གིས་མགོན་དཀར་ཕྱག་བཞི་པར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་འོད་ཀྱིས་བསིལ་བ་ཚལ་གྱི་དུར་ཁྲོད་ནས་མགོན་དཀར་ཕྱག་བཞི་པའི་ལྷ་ཚོགས་བླ་མ་དང་གཉིས་སུ་མེད་པ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿན་མཿཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ། ཨོཾ་ཤྲི་ཧེ་རུ་ཀ་ས་པ་རི་ཝཱ་རེ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཱ། ཤཔྟ་པྲ་ཏཱིཙྪ་ཧཱུྃ་གིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱི་བདུན་རྣམ་དག་བྱས། ཚོགས་ཞིང་རང་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་སྔགས་བཛྭ་མུཿཡིས་བསྡུའོ། །དེ་ནས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་བདེ་བ་ལ་དགོད་པར་བྱ་བའི་ཕྱིར་བདག་ཉིད་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ། སྙམ་པའི་བསམ་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུ་དྡྷཱོཧཾ། ཞེས་བརྗོད་པས་ཆོས་ཐམས་ཅད་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར་པའི་དབྱིངས་སུ་ཆུ་སྐྱེས་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་སྟེང་དུ་བཾ་རོ་ཕོ་མོ་བསྣོལ་བའི་གདན་ལ་ཧཱུྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་གྱི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བསལ། འཆི་བ་མེད་པའི་གོ་འཕང་ལ་བཀོད། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་རྟག་པའི་རྡོ་རྗེ་ཟླ་བ་ཆུ་ཤེལ་གྱི་མདོག་ལྟར་དཀར་བ། ཞལ་གཅིག་སྤྱན་གསུམ་ཁྲོ་ལ་འཛུམ་པ། ཕྱག་བཞིའི་གཡས་ཀྱི་དང་པོས་འཆི་མེད་ཀྱི་མདུད་རྩིས་གང་བའི་རིན་པོ་ཆེ་བཻཌཱུརྻ་དཀར་པོའི་བུམ་པ་ཐུགས་ཀར་འཛིན་ཅིང་གཉིས་པས་རལ་གྲི་འཕྱར་བ། གཡོན་དང་པོས་ཐོད་ཁྲག་ཐུགས་ཀའི་འོག་ཏུ་བསྣམས་ཤིང་གཉིས་པས་ཁ་ཊྶཾ་ག་རྩེ་གསུམ་འགྱིང་སྟབས་སུ་འཛིན་པ། ཕྱག་རྒྱ་དྲུག་དང་སྦྲུལ་གྱིས་བརྒྱན་ཅིང་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་ཅན། ཞིང་ལྤགས་དང་གླང་པོ་ཆེའི་ཀོ་རློན་གྱིས་སྟོད་གཡོགས་ཤིང་སྟག་གི་པགས་པས་ཤམ་ཐབས་བྱས་པ། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུས་སྤྲས་པ། སྐུའི་ཡུམ་ཞི་བྱེད་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། དཔའ་པོ་རོལ་པའི་འདུག་སྟངས་ཀྱིས་མེའི་ཀློང་ཆེན་པོའི་དབུས་ན་བཞུགས་པའི་ཤར་དུ་འགུགས་བྱེད་མཐིང་ཁ་ཐུགས་ཀྱི་ཡུམ། ལྷོར་བྱ་རོག་སྔོན་མོ་ཡོན་ཏན་གྱི་ཡུམ། ནུབ་ཏུ་སྲུང་བྱེད་དམར་མོ་གསུང་གི་ཡུམ། བྱང་དུ་སྒྲོལ་བྱེད་ལྗང་ཁུ་འཕྲིན་ལས་ཀྱི་ཡུམ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ། ཕྱག་གཡས་ལྕགས་ཀྱུ་དང་གཡོན་ཐོད་ཁྲག་འཛིན་པ། རུས་པ་དང་རིན་པོ་ཆེས་བརྒྱན་ཅིང་ཕྱོགས་ཀྱི་གོས་ཅན། ཞབས་བརྐྱང་བསྐུམ་གར་སྟབས་སུ་བཞུགས་པ། མཚམས་བཞིར་བྱང་སེམས་དཀར་དམར་གྱིས་གཏམས་པའི་བུམ་པ་བདུད་རྩི་ལྔས་གང་བའི་ཐོད་པས་མཚན་པའོ། །གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་སྲོག་ཧཱུྃ་དཀར་པོ། དེའི་མཐར་གདགས་པའི་སྲོག་ཨོཾ་བཛྭ་ཀཱ་ཝུ་ཝ་ཝ་པ་ཤཱ་ཡ་མཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ྄། ཨོཾ་ཨ་མཱ་རཎི་ཛི་ནས་བསྐོར་བ་དེ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ་དམ་ཚིག་པ་དང་གཉིས་མེད་དུ་བསྲེས། དབང་གི་ལྷ་ཚོགས་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར། སྐུ་གང་། དྲི་མ་དག་ཆུ་ལྷག་མ་གྱེན་དུ་འཁྱིལ་བ་ལས། རལ་པ་སེར་པོ་གྱེན་དུ་བརྫེས་པའི་དབུས་སུ་མི་བསྐྱོད་པས་བརྒྱན་ཅིང་། ཡུམ་ལ་རྣམ་སྣང་། ཤར་དུ་མི་བསྐྱོད་པ། ལྷོར་རིན་འབྱུང་། ནུབ་ཏུ་སྣང་བ་མཐའ་ཡས། བྱང་གི་ཡུམ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ཨོཾ་ཤྲཱི་ཧེ་རུ་ཀའི་སྔགས་གྱིས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད། རྐང་པ་བརྒྱད་པས་བསྟོད། །བདུད་རྩི་སྭ་བྷཱ་ཝས་སྦྱངས། མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་སོགས་ཀྱིས་བྱིན་གྱིས་བརླབས་ཏེ། བཛྭ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧིས་མྱང་བར་བྱའོ། །བདག་གི་རྣལ་འབྱོར་རོ། །མདུན་གྱི་དཀྱིལ་འཁོར་སྭ་བྷཱ་ཝས་སྦྱངས་ཆོས་ཐམས་ཅད་ནས། དེ་ལས་འོད་ཟེར་འཕྲོས་བསིལ་བ་ཚལ་གྱི་དུར་ཁྲོད་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་བཛྭ་ས་མ་ཛཿ ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཡེ་ཤེས་མགོན་པོ་ཁྱོད། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །གསང་བའི་ཡུམ་ལྔ་གཤེགས་སུ་གསོལ། །ཁྱོད་ལ་གསང་བའི་མཚན་གསོལ་བ། །ནག་པོ་རོ་ལངས་དུར་ཁྲོད་བདག །མཚན་ནས་འབོད་དོ་ད་ཚུར་སྤྱོན། །བསིལ་བའི་ཚལ་དུ་མཚན་གསོལ་བ། །ནག་པོ་མནའ་གཟན་ཀུན་གྱི་གཤེད། །མཚན་ནས་འབོད་དོ་ད་ཚུར་སྤྱོན། །སྒྲུབ་པ་པོ་ཡི་གནས་མཆོག་ན། །དམ་རྫས་བདུད་རྩིའི་ཚོགས་ནི་སི་ལི་ལི། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་ཁྱིལ་ལི་ལི། །བྷནྡྷ་རུས་པའི་ཚོགས་ནི་ཁྲ་ལ་ལ། ཨ་ཀར་དུད་སོགས་སྤོས་ངད་ཐུལ་ལུ་ལུ། །མཐུན་པའི་དམ་རྫས་ཚོགས་སོ་ད་ཚུར་སྤྱོན། ཞེས་མངོན་སུམ་དུ་བྱོན་པར་བསམས་ནས། ཤྲཱི་བཛྭ་ཧེ་རུ་ཀ་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་བསྲེས། སླར་ཡང་ཐུགས་ཀའི་འོད་ཀྱིས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་སྤྱན་དྲངས། དབང་གི་ལྷ་ཚོགས་རྣམས་ཀྱིས་ནས། དབུ་བརྒྱན་པར་གྱུར། བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་སྤྲིན་མཐའ་ཀླས་པའི་མཆོད་རྫས་སྤྲོ་བས་མཆོད་པར་མོས་ཏེ། ཧཱུྃ་རབ་འབྱམས་སངས་རྒྱས་ཞིང་ཁམས་ཀུན་ཁྱབ་པའི། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ཡིད་འོང་སྤྲོ་བའི་སྤྲིན། །མགོན་པོ་འཇིགས་བྱེད་འཁོར་དང་བཅས་ལ་འབུལ། །རབ་མཛེས་བལྟ་བས་མི་ངོམས་གཞོན་ནུ་མ། །གཟུགས་སྒྲ་དྲི་རོ་རེག་བྱའི་རྡོ་རྗེ་ནི། །སྒེག་མོའི་རྣམ་ཐར་འཛིན་པས་མཁའ་ཁྱབ་པ། །མགོན་པོ་ཟག་མེད་ཡེ་ཤེས་བདུད་རྩིའི་རང་བཞིན་གང་། །སྒྲོན་མ་ལྔ་ཡི་རྣམ་པར་རོལ་པའི་རྫས། །རྒྱ་མཚོའི་ཀློང་ལྟར་མི་ཟད་འཁྱིལ་བ་འདི། །མགོན་པོྎ ཞེས་མཆོད། རྐང་པ་བརྒྱད་པས་བསྟོད། མདུན་བསྐྱེད་དོ། །བུམ་པ། ཚེ་ཟན། ཚེ་ཆང་རྣམས་སྭ་བྷཱ་ཝས་སྦྱངས། བྷྲཱུཾ་བྷྲཱུཾ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་དང་ཀ་པཱ་ལ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཆུ་སྐྱེས་འདབ་མ་བརྒྱད་པའི་ནས་བསྟོད་པའི་བར་མདུན་བསྐྱེད་བཞིན་བྱའོ། །དེ་ནས་བཟླས་པ་ནི། རང་གི་ཐུགས་ཀའི་སྔགས་ཀྱི་འཕྲེང་བ་ལས་འོད་ཟེར་འཕྲོས། ཚེ་ལ་གནོད་བྱེད་ཀྱི་བགེགས་ཐམས་ཅད་བསྒྲལ། ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་དབང་དུ་བསྡུས། དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་ཚེ་བསྲིང་བར་ནུས་པའི་སྣོད་བཅུད་ཐམས་ཅད་བཀུག བུམ་པ་དང་ཀ་པཱ་ལའི་ལྷ་ཚོགས་རྣམས་དང་གཉིས་སུ་མེད་པར་བསྟིམ་པར་བསམ་ཞིང་ཡི་གེ་བཅུ་བདུན་པ་ཅི་རིགས་པ་བཟླས། བརྒྱ་རྩ་བརྒྱད་སྲིན་ལག་གཏར་བའི་ཁྲག་ལ་གདབ་བོ། །དེའི་མཐར། ཧཱུྃ། ཞི་བྱེད་དཀར་མོ་སྐུ་ཡི་ཡུམ།། ཞེས་སོགས་དབང་གི་ཆོ་གར་བཤད་པ་བཞིན་གྱིས་བསྐུལ། དམིགས་པ་དེ་ཉིད་དང་། ཨོཾ་ཨ་མཱ་ར་ཎི་ཛི་ཞེས་པ་དང་བཅུ་བདུན་པའི་ཀཱ་ལ་ཡའི་མཐར་ཨཱ་ཡུཿབྷྲཱུཾ་ཨཱ་ཡུཿཛཿཛཿབཏགས་ལ་ཁྲི་ཕྲག་གཅིག་བཟླ་བར་བྱའོ། །མཐར་བུམ་པ་དང་ཚེ་ཆང་གི་ཀ་པཱ་ལའི་ལྷ་ཚོགས་འོད་དུ་ཞུ་བས་འཆི་མེད་ཀྱི་བདུད་རྩིར་གྱུར་པར་བསམ་མོ། །དེ་ནས་གཏོར་མ་སྭ་བྷཱ་ཝས་སྦྱངས། མདུན་དུ་ཡཾ་ལས་སོགས་ཀྱིས་བྱིན་གྱིས་བརླབས། ཡི་གེ་བཅུ་བདུན་པའི་མཐར་པ་རི་ཝཱ་རེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ཉི་ཤུ་རྩ་གཅིག་གིས་ཕུལ། འདོད་པའི་དོན་ལ་གསོལ་བ་གདབ། མཐར་མཆོད་བསྟོད་བསྡུས་པ་ཞིག་བྱའོ། །རང་གཞན་གཉིས་ཀ་འཇུག་པ་ཚེ་དབང་གི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་བགེགས་སྦྱང་བ་དང་། ཚེ་སྦྱིན་པ་དང་། ཤིས་པ་བརྗོད་པ་གསུམ་ལས། དང་པོ་ལ། ཁྲུས་བྱས། མཎྜྻལ་ཕུལ་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ།། ཞེས་སོགས་གྱིས་གསོལ་བ་གདབ། བླ་མ་མགོན་དཀར་ཕྱག་བཞི་པར་གསལ་བའི་སྤྱན་སྔར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་སོགས་ཀྱིས་སྡོམ་པ་བླང་། དེ་ནས་མདུན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་གསལ་བར་དམིགས། ཁྱད་པར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ལ་མི་ཕྱེད་པའི་གདུང་བས། སངས་རྒྱས་ཀུན་དངོས་སློབ་དཔོན་དང་། །འཇིག་བྱེད་ཆེ་ལ་བདག་སྐྱབས་ཀྱི། །གཏུམ་ཆེན་ཁྲོས་པ་འཆི་བདག་གི །བདུད་སྡེའི་གཡུལ་ལས་བདག་རྒྱལ་མཛོད།། ཅེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་རང་གི་སྙིང་རྩེ་མོ་གྱེན་ལ་གྱུར་ཏེ་དཀར་ནག་གི་མཚམས་སུ་ཡི་གེ་མཾ་ནག་པོ་དེ་ལས་འོད་ཟེར་ནག་པོ་འཕྲོས། ལུས་ཕྱི་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྡུས། ཡི་གེ་མཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། འཆི་བདག་བདུད་པོ་འཇིགས་སུ་རུང་བ། ཁ་གདངས་པ། མིག་བགྲད་པ། སྤར་བ་གདེངས་པ། རིད་ཅིང་སྐེམ་པ་ཞིག་ཏུ་གྱུར། དེ་ནས་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཡུམ་གྱི་མཁའ་རྡོ་རྗེའི་ལམ་ནས་ཧཱུྃ་མཐིང་ནག་སྤྲོས། དེ་ལས་འོད་ཟེར་འཕྲོས། དྲེགས་པའི་ཚོགས་ཐམས་ཅད་ཀྱི་ནུས་མཐུ་བསྡུས། ཧཱུྃ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་གྱི་གསང་བའི་བུ་བྱ་རོག་གི་གདོང་པ་ཅན་སྤྱན་གསུམ་མེའི་ཕུང་པོ་ལྟར་དམར་བ་ཁྲོས་ཤིང་རྐན་སྒྲ་དང་བཅས་པའི་ཞལ་བརྡབས་པས་སྲིད་གསུམ་གཡོ་བ། སྐུ་མདོག་མཐིང་ནག་ཐུང་ལ་གེལ་བའི་གཟུགས་ཅན་ཕྱག་གཡས་གྲི་གུག་འབར་བ་ནམ་མཁར་འཕྱར་བ། གཡོན་ཐོད་ཁྲག་དཀུར་བརྟེན་པ། ལྟེ་བ་མན་ཆད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མེ་ལྟ་བུར་དམར་བ། དབལ་གསུམ་དང་ལྡན་པའི་རྩེ་མོ་ཤིན་ཏུ་རྣོ་བ་གང་ལ་རེག་པ་ཐམས་ཅད་ཐལ་བར་རློག་པའི་ནུས་པ་དང་ལྡན་པ་ཕྱིར་འཐོན། རང་གི་སྤྱི་བོ་བརྒྱུད་ནས་འཆི་བདག་བདུད་ཀྱི་སྤྱི་བོར་ཕབ་པས་བདུད་པོས་མ་བཟོད་པར་བཤང་ལམ་ན་མར་བྲོས། དེ་ཁོ་ན་ལྟར་དེད། གསེར་གྱི་ས་གཞི་ལ་ཐུག དེ་ཡང་ཕུག ཆུའི་དཀྱིལ་འཁོར་ན་མར་བྲོས་པས་རླུང་གི་དཀྱིལ་འཁོར་ལ་ཐུག་སྟེ་རྣམ་པར་འཐོར་བའི་རླུང་གིས་བདུད་པོའི་ལུས་རྡུལ་ཕྲ་རབ་ཏུ་གཏོར་ནས་མི་དམིགས་པར་བྱས་ཏེ་ལས་ཀྱི་མགོན་པོ་དེ་ཉིད་རང་འདྲ་བཅུར་སོང་ནས་སྟེང་འོག་ཕྱོགས་མཚམས་བཅུར་འཁོད། བར་དུ་གཅོད་པའི་བགེགས་བསྲུང་བར་མོས་ཏེ། ཨོཾ་ཀརྨ་མཧཱ་ཀཱ་ལ་ཀཱ་ཀ་མུ་ཁ་བཛྭ་ཀཱི་ལཱ་ཡ་རཀྵ་རཀྵ་ཧཱུྃ། བགེགས་སྦྱང་བའོ། །གཉིས་པ་ཚེ་སྦྱིན་པ་ལ། ཚེ་འགུག་པ། ཚེ་བསྟིམ་པ། ཚེ་སྦ་བ་རྣམ་པ་གསུམ་ལས། དང་པོ་ནི། བླ་མས་གུ་གུལ་དང་ཤ་ཆེན་སྦྱར་བའི་སྤོས། རོལ་མོ་དབྱངས་སྙན་པོས་འཐེན་ཞིང་མདའ་རྒོད་སྒྲོ་ལ་དར་ཚོན་སྣ་ལྔ་བཏགས་པས་གཡབ་ཅིང་། ཧཱུྃ་དབུས་ཀྱི་ཕྱོགས་ནས་ཚེ་འགུགས་མ། །ཞི་བྱེད་དཀར་མོ་སྐུ་ཡི་ཡུམ། །སངས་རྒྱས་མཁའ་འགྲོའི་ཚོགས་བསྐུལ་ལ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས། །ཚེ་དབང་མ་ལུས་འདིར་ཁུག་ཅིག །ཤར་གྱིྎ འགུགས་བྱེད་མཐིང་ཁ་ཐུགས་ཀྱི་ཡུམ། །རྡོ་རྗེ་མཁའ་འགྲོའི་ཚོགས་བསྐུལ་ལ། །སྟེངྎ ཚེ་དབངྎ ལྷོ་ཡི་ཕྱོགསྎ བྱ་རོག་སྔོན་མོ་ཡོན་ཏན་ཡུམ། །རིན་ཆེན་མཁའ་འགྲོའི་ཚོགས་བསྐུལ་ལ། སྟེངྎ ཚེྎ ནུབ་ཀྱིྎ སྲུང་བྱེད་དམར་མོ་གསུང་གི་ཡུམ། །པདྨ་མཁའ་འགྲོའི་ཚོགས་བསྐུལ་ལ། སྟེངྎ ཚེ་དབངྎ བྱངྎ སྒྲོལ་བྱེད་ལྗང་ཁུ་ལས་ཀྱི་ཡུམ། །ལས་ཀྱི་མཁའ་འགྲོའི་ཚོགས་བསྐུལ་ལ། །སྟེངྎ ཚེ་དབངྎ བཛྭ་ཨཱ་ཡུརྫྙཱ་ན་ཨཾ་ཀུ་ཤ་ཛཿཛཿཞེས་བསྐུལ་བས་ཡུམ་ལྔའི་ཐུགས་ཀ་ནས་རང་འདྲའི་སྤྲུལ་པས་རིགས་ལྔ་མཁའ་འགྲོའི་ཚོགས་བསྐུལ་བས་ནམ་མཁའི་ཁམས་མཐས་ཀླས་པ་ན་གནས་པའི་ཚེ་བསྲིང་བར་ནུས་པའི་གཟུངས། དཔལ་བསྐྱེད་པར་ནུས་པའི་དབང་ཐང་ཐམས་ཅད་ལྕགས་ཀྱུས་བཀུག ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མཉེས་པར་བྱས་ཏེ། བུམ་པའི་བདུད་རྩི་དང་རོ་མཉམ་དུ་གྱུར་པར་བསམས་ལ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཕྱག་རྒྱས་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དོ། །གཉིས་པ་ཚེ་བསྟིམ་པ་ནི། སྭ་བྷཱ་ཝས་སློབ་མ་སྦྱངས་ཏེ། ཆུ་སྐྱེས་ཀྱི་ལྟེ་བ་ནས། མེའི་ཀློང་ཆེན་པོའི་དབུས་ན་བཞུགས་པ་ཞེས་པའི་བར་གྱིས་མགོན་པོའི་སྐུར་བསྐྱེད། དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་ལྔས་རིན་པོ་ཆེའི་བུམ་པ་ཐོགས་པས་མངོན་པར་དབང་བསྐུར་བའི་མོས་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །རྡོ་རྗེའི་དབང་བསྐུར་འདི་སྦྱིན་པས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་བཛྭ་ཀཱ་ཝུ་ཝ་ཝ་པ་ཤཱ་ཡ་ཀཱ་ལ་ཤ་ཨ་བྷི་ཥིཉྩྨ་ཨཱ་ཡུ་རྫྙཱ་ན་བྷྲཱུཾ། ཞེས་བུམ་པའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་ཞིང་ཚངས་བུག་ནས་བླུགས་པས་ལུས་ཀྱི་ནང་ཐམས་ཅད་འཆི་བ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བས་རྩའི་མདུད་པ་ཐམས་ཅད་དབྲལ་དབུ་མར་དག་པས་ལུས་འཆི་མེད་དུ་གྲུབ། རླུང་ཕྱི་རོལ་དུ་འཕོ་བ་འགགས། ཉི་ཟླའི་རྒྱུ་བ་ཐམས་ཅད་དབུ་མར་ཚུད་པས་ངག་འཆི་མེད་དུ་གྲུབ། ཁམས་དཀར་དམར་གྱི་ཐིག་ལེ་འཛག་མེད་དུ་འཆིངས་པས་ལུས་ཐམས་ཅད་ཟག་པ་མེད་པའི་བདེ་བས་གང་བས་ཡིད་འཆི་མེད་དུ་གྲུབ་པར་བསམ་ལ་ཚེའི་རིལ་བུ་སྦྱིན་ཚེ་ཆང་བླུད་དོ། །གསུམ་པ་ཚེ་སྦ་བ་ནི། ཚེའི་འབྲང་རྒྱས་སྤྱི་བོར་བཞག་སྟེ། དཔལ་ལྡན་མགོན་པོ་ཡབ་ཡུམ་དང་། །གསང་བའི་ཡུམ་བཞིར་བཅས་པ་ལ། །སྐལ་ལྡན་རིགས་ཀྱི་བུ་འདི་ཡི། །ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས། །ཞེས་བརྗོད་པས་གཏོར་མའི་པད་འདབ་ཐོད་པ་བུམ་པ་ཡུམ་བཞི་ལ་ཐིམ། དེ་གཙོ་བོ་ཡབ་ཡུམ་ལ། ཡེ་ཤེས་པ་ཡུམ་སྐར་མདའ་འཕངས་པ་བཞིན་དུ་ཙིཏྟ་རིན་པོ་ཆེའི་གུར་ཁང་དུ་བྱོན། ཡབ་ཟླ་བའི་དཀྱིལ་འཁོར་དང་ཡུམ་ཉི་མའི་དཀྱིལ་འཁོར་དྲི་མ་མེད་པར་གྱུར་བ་སྟེང་འོག་ཏུ་ཁ་སྦྱར་བའི་དབུས་སུ་འཆི་བ་མེད་པ་ཚེའི་གཟུངས་ཧཱུྃ་ཡིག་དཀར་ལ་དམར་བའི་མདངས་ཆགས་པ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུར་གྱུར་པའི་མཐའ་མར་གདགས་པའི་སྲོག་ཡི་གེ་བཅུ་བདུན་པ་བར་མེད་དུ་འཁོར་བ་སྲིན་ལག་གཉིས་ཀྱི་རྩ་བའི་སྙིང་རྩའི་ནང་དུ་ཧཱུྃ་མཐིང་ནག་རེ་བསམས་ལ། ཡང་དག་པར་བསྔགས་པའི་སྲིན་ལག་གཡོན་པའི་ཁྲག་གིས་གནས་གསུམ་སྲིན་ལག་གཉིས་ཀྱི་རྩ་བ་ནས་ཐིག་ལེ་བྲིས་ལ། སྲོག་སྔགས་ཀྱི་མཐར་རཀྵ་རཀྵ་བཏགས་པས་བསྲུང་བར་བྱའོ། །དེ་ནས་རྒྱས་གདབ་པ་ནི། དབུས་ཀྱི་ཕྱོགས་ནས་ཚེ་ཡི་ལྷ། །ཡབ་ཡུམ་སྲས་འཁོར་བཅས་པ་ལ། །སྐལ་ལྡན་རིགས་ཀྱི་བུ་འདི་ཡི། །ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས། །དེ་བཞིན་ཤར་རྡོ་རྗེའི་ཕྱག་རྒྱ། ལྷོར་རིན་པོ་ཆེ། ནུབ་པདྨ། བྱང་རྒྱ་གྲམྎ ཚེའི་ཟན་ཡང་སྦྱིན་ནོ། །གསུམ་པ་ཤིས་པ་བརྗོད་པ་ནི། བཀྲ་ཤིས་རྫས་བརྒྱད་ལག་ཏུ་གཏད་དེ། དཔལ་ལྡན་ཡེ་ཤེས་མགོན་པོའི་དཀྱིལ་འཁོར་འདིར། །དེ་རིང་ཁྱོད་ཀྱི་འཆི་བདག་བདུད་བཅོམ་པས། །ལྷ་མོ་བརྒྱད་ཀྱི་བཀྲ་ཤིས་གང་ལགས་པའི། །བཀྲ་ཤིས་དམ་པས་ཤིས་པ་བརྗོད་པར་བགྱི།། ཞེས་སློབ་མ་རྣམས་ཀྱི་དཔྲལ་བར་ལི་ཁྲིའི་གཡུང་དྲུང་རིས་སམ་ཚོམ་བུ་བཀོད། བཀྲ་ཤིས་པའི་རྫས་བརྒྱད་མདུན་དུ་བདར། ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག ཅེས་སོགས་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །ལོ་བརྒྱ་ཐུབ་ཅིང་དང་། པདྨ་ཉི་མ་འཇིགས་བྱེད་དུས་མཚན་མནན། ཞེས་དང་། དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་བསྲུང་ཕྱིར།། ཞེས་དང་། མི་འགྱུར་ལྷུན་པོ་སོགས་ཀྱི་ཤིས་པ་བརྗོད་ཚོགས་ལ་གཞུང་བཞིན་རོལ། རྗེས་ཆོག་ནི། མཆོད་བསྟོད་བསྡུས་པ་བྱས། དཀྱིལ་འཁོར་གྱི་ལྷ་བདག་ཉིད་ལ་བསྟིམ། དགེ་བ་འདི་ཡིས་མྱུར་དུ་བདག །འཆི་བ་མེད་པའི་ཚེ་འགྲུབ་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པར། །དེ་ཡི་ས་ལ་འགོད་པར་ཤོག། ཅེས་བསྔོ་བ་བྱའོ། །བསྒྲུབ་པའི་ཚེ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་གྱིས་དངོས་སུ་ཚེའི་མཆོག་སྟེར་བ་དང་། གཏོར་མ་སྔར་བས་བཀྲག་ཆེ་ཞིང་བདུད་རྩིའི་རོར་འགྱུར། ཚེ་ཆང་དང་བུམ་པ་ཁོལ་ཞིང་ལུད་པ་དང་། ཚེའི་རིལ་བུ་མང་དུ་འཕེལ་བར་འགྱུར་རོ། །ངག་དབང་འཇམ་པའི་དབྱངས་དང་གཅིག་གྱུར་པའི། །ཆོས་ཀྱི་རྒྱལ་པོའི་བྱིན་རླབས་ཐོབ་དེ་ཡིས། །ཟབ་རྒྱས་ཆོས་ཀྱི་སྒོ་བརྒྱ་འབྱེད་པ་ལ། །པད་དཀར་བློ་ནི་ནམ་ཡང་ཐོགས་པ་མིན། །ཞེས་དཔལ་ཡེ་ཤེས་མགོན་པོའི་ཚེ་དབང་གི་ཆོ་ག བླ་མ་དང་གཉིས་སུ་མེད་པའི་ཧེ་རུ་ཀ་ཉིད་ཀྱིས་བྱིན་རླབས་ཀྱི་འཕོ་བ་ཐོབ་པའི། རིག་པ་འཛིན་པ་པདྨ་དཀར་པོས་བླ་མ་རྡོ་རྗེ་གདན་པའི་མན་ངག་བཞིན་དུ་ལྷོ་བྲག་མཁར་ཆུར་སྦྱར་བའི་ཡི་གེ་པ་ནི་བཱིརྻ་བྷ་དྲའོ། །མངྒ་ལཾ།། །།
འཇིག་རྟེན་གསུམ་སྣང་བར་བྱེད་པའི་ལྕགས་ཀྱུ་མགོན་པོ་ཆགས་པའི་རྡོ་རྗེའི་མན་ངག
འཇིག་རྟེན་གསུམ་སྣང་བར་བྱེད་པའི་ལྕགས་ཀྱུ་མགོན་པོ་ཆགས་པའི་རྡོ་རྗེའི་མན་ངག་བཞུགས་སོ། །དཔལ་མགོན་པོ་ཆགས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བསྙེན་ཅིང་བསྒྲུབ་པས་འཇིག་རྟེན་གསུམ་དགུག་ཅིང་། །དབང་དུ་བྱེད་པའི་ནུས་མཐུ་བསམ་པ་ཡི། །ར་བར་མ་ཟིན་ཡུད་ཀྱིས་ལག་པའི་རྩེར། །ཐོབ་འདིས་འདུད་དོ་ཆགས་པའི་རྡོ་རྗེ་ལའོ། །ཁྱོད་མཐུའི་རྗེས་འགྲོ་ཏིང་ངེ་འཛིན་དང་སྔགས། །སྲེག་བླུགས་མན་ངག་གསར་པའི་ཟླ་ཚེས་ནི། །སྙིགས་དུས་ཆོས་པའི་རྐྱེན་དུ་རྩོམ་པའི་མཁར། །རྔོམ་བརྗིད་ཤར་འདི་འབར་བའི་སྒྲོན་མ་བཞིན།། ས་དང་ས་འོག་ས་བླའི་འཇིག་རྟེན་དབང་ཕྱུག་གི་ཅོད་པན་བཅིངས་བའི་ཚོགས་དང་བཅས་པ་གཞུག་བྱེད་ཅིང་ནམ་མཁའི་མཛོད་བསྒྲུབ་པར་འདོད་པས། ཡེ་ཤེས་ཀྱི་མགོན་པོ་ཆགས་པའི་རྡོ་རྗེ་བསྒྲུབ་པར་བྱའོ། །འདི་ལ། བསྙེན་སྒྲུབ་ལས་ལ་སྦྱོར་བ་གསུམ་ལས། དང་པོ་ནི། སྐྱེ་བོ་འདུ་བའི་གནས་སུ་སྟན་དམར་པོ་གཙང་མ་དགའ་བ་འཁྱིལ་པས་བརྒྱན་པ་ལ་པདྨའི་སྐྱིལ་མོ་ཀྲུང་བཅས་ཏེ། བྱམས་པ་ཚད་མེད་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཆགས་ཤིང་དབང་དུ་བསྡུ་བའི་བསམ་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་ངྷརྨཱཿསྭ་བྷཱ་ཝ་ཤུདྡྷཱཱོཧཾ། སྟོང་པའི་ངང་ལས་པདྨ་ར་ཱགའི་རང་བཞིན་ཟླ་གམ་གྱི་དཀྱིལ་འཁོར་འོད་ཟེར་འཁྲུག་པའི་དབུས་སུ་པདྨ་དམར་པོ། ཉི་མ་ལ་བཾ་ཕོ་མོ་བསྣོལ་བའི་ཁྲིར་ཧཱུྃ་གཡས་གཡོན་དུ་ཨཱི་དང་གཿདེ་ཡོངས་སུ་གྱུར་པ་ལས་ལྕགས་ཀྱུ་དམར་པོ་ས་བོན་གྱིས་མཚན་པ་གསུམ། དེ་ལས་དབང་དུ་བསྡུ་བའི་ནུས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བཞིན་དུ་བསྡུས། དེ་ལ་ཐིམ། ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་མགོན་པོ་ཆགས་པའི་རྡོ་རྗེ་འཆར་ཀའི་མདངས་ལྟར་དམར་ཞིང་ཉི་མ་བྱེ་བའི་འོད་ཟེར་དང་མཚུངས་པའི་གཟི་བརྗིད་ཀྱིས་སྲིད་པ་གསུམ་དབང་དུ་བྱེད་པའི་སྐུ། ཞལ་གཅིག་ཁྲོ་ལ་ཆགས་པའི་ཉམས་བྱམས་པས་དམར་བའི་སྤྱན་གསུམ་ཟླུམ་པ། འབར་བའི་སྨིན་མ་སེར་པོ་དང་སྨ་ར་ཨག་ཚོམ། ཕྱག་བཞིའི་གཡས་ཀྱི་དང་པོ་འགུགས་པར་བྱེད་པའི་ལྕགས་ཀྱུ། གཉིས་པ་རལ་གྲི་གཡོན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ། གཉིས་པ་པདྨའི་ཁ་ཊྶཱཾ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ་འགྱིང་བག་དང་བཅས་པས་ཤིན་ཏུ་འཇིགས་ཤིང་གཞན་གྱིས་མི་ཐུབ་བའི་ཟིལ་ཆེན་པོ་སྟོན་པ། དགོས་འདོད་ཐམས་ཅད་སྟེར་བའི་ནོར་བུའི་རྒྱལ་པོ་ཐམས་ཅད་ཀྱིས་བརྒྱན་པ། གླང་པོའི་པགས་པ་སྟོད་དུ་གྱོན་ཞིང་སྟག་ཤམ་ལྷུག་པར་དཀྲིས་པ། སྲུང་བྱེད་དམར་མོ་གསུང་གི་ཡུམ་ཤིན་ཏུ་གཞོན་པ་སྒེག་མོའི་ལང་ཚོ་ཅན་ལྕགས་ཀྱུ་འཕྱར་ཞིང་ཐོད་ཁྲག་སྟོབ་པ་དང་གཉིས་སུ་མེད་པར་ཙན་དན་འཁྱིལ་བའི་སྟབས་ཀྱིས་བཞུགས་པ། གཡས་སུ་དབང་ཕྱུག་ཆེན་པོ་དང་། གཡོན་དུ་ཚོགས་བདག་གླང་པོ་ཆེའི་གདོང་པ་ཅན་གཉིས་ཀ་ཤིན་ཏུ་བརྗིད་ཅིང་དམར་བའི་སྐུ་ཕྱག་གཡས་ལྕགས་ཀྱུ་དང་། གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་ཅིང་གཙོ་བོ་ལ་འདུད་པའི་གར་གྱིས་རོལ་པ་མེའི་ཀློང་ན་གནས་པ། ཐུགས་ཀར་ཉི་མ་ལ་ས་བོན། དེ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་རྣམ་པར་ནམ་མཁའི་མཐར་ཐུག་པར་སྤྲོས། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྐྱོང་པའི་མགོན་པོ་ཡབ་ཡུམ་དབང་ཕྱུག་དང་ཚོགས་ཀྱི་བདག་པོ་ཐམས་ཅད་ཀྱི་ཐུགས་ཀར་ལྕགས་ཀྱུས་བཏབ། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མཉེས། བསྐལ་པའི་རླུང་ལྟ་བུའི་ཤུགས་ཀྱིས་བཏེག་སྟེ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ས་བོན་གྱི་འོད་བུང་བའི་མཆུ་ལྟ་བུ་སྣ་གཡས་ནས་འཐོན། སངས་རྒྱས་ཡབ་ཡུམ་སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོའི་ཚོགས་ཀྱི་ཤངས་གཡས་ནས་ཞུགས། དེ་དག་གིས་དབང་དུ་སྡུད་པའི་ནུས་མཐུའི་ཐིག་ལེ་འཇིབས་ཏེ་ཤངས་གཡོན་ནས་འོངས། སྣ་སྒོ་གཡོན་ནས་ཞུགས་ཏེ་སྤྱི་བོ་ནས་ལུས་ཀྱི་གནས་ཐམས་ཅད་དུ་ཁྱབ་པར་དབང་བསྐུར་བས་དབང་གི་ལས་བསྒྲུབ་པའི་དབང་ཕྱུག་ཆེན་པོའི་གནས་ཐོབ་པར་བསམ། ཨོཾ་མཧཱ་ཀཱ་ལ་ཤུ་ར་ནི་ཨེ་མཉྫྱུ་ཀུཔྟ་ཧཱུྃ་ཀ་བྷེ་ར་ཀོ་བྷི་ར་ག་ན་པ་ཏི་སྭཱ་ཧཱ། ཞེས་པས་གཙོ་བོའི་ས་བོན་གྱི་མཐར་བྱུ་རུའི་འཕྲེང་བས་བསྐོར་བ་ལྟ་བུར་དམིགས་ཏེ་བཟླས་པའི་དུས། སྔགས་འཕྲེང་ལས་འོད་འཕྲོས། འཁོར་གཉིས་ཀྱི་སྲོག་གི་ས་བོན་ལ་ཐིམ། གཉིས་སུ་མེད་པར་འདྲེས་པས་གནད་དུ་གཟིར་སྲོག་ལྷག་པར་བསྐུལ་བས་རང་དབང་ཐམས་ཅད་དང་བྲལ་བར་བདག་ཉིད་ཀྱི་དབང་དུ་འདུས་པར་བསམ་མོ། །ཐུན་མཚམས་སུ་གཏོར་མ་སྭ་བྷཱ་ཝས་སྦྱངས། མདུན་དུ་ཡཾ་ལས་ཞེས་སོགས་ཀྱིས་བྱིན་གྱིས་བརླབ། རྩ་སྔགས་ཀྱི་མཐར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་བཏགས་པས་འབུལ་ལོ། དེ་ནས་འཁོར་ཡུམ་དང་བཅས་པ་རང་ལ་ཐིམ། རང་སྙིང་གའི་སྲོག་གི་ཧཱུྃ་ལ། ཧཱུྃ་མེ་ལོང་ལ་ཧས་བཏབ་པ་ལྟར་རིམ་གྱིས་མི་དམིགས་པར་བསམ་མོ།། དེ་ལྟ་བུས་འབུམ་ཕྲག་བཞིར་བསྙེན་པར་བྱའོ། །གཉིས་པ་བསྒྲུབ་པ་ལ། གནོད་སྦྱིན་དབང་དུ་བསྡུ་བ་དང་། སྡེ་བརྒྱད་དབང་དུ་བསྡུ་བ་དང་། རིགས་དྲུག་དབང་དུ་བསྡུ་བའི་མན་ངག་གསུམ་ལས། དང་པོ་ནི། མདངས་འཕྲོག་པར་བྱེད་པ་རྨ་བྱའི་མདངས། ཚ་བ་བསྐྱེད་པར་བྱེད་པ་ཚྭ། ཆགས་པར་བྱེད་པ་བུ་རམ། ཡིད་རྨོངས་པར་བྱེད་པ་ཤིང་ཀུན། གདོན་བཟློག་པར་བྱེད་པ་གུ་གུལ། ཡིད་འཁྲུལ་པར་བྱེད་པ་ཐང་ཁྲོམ། ཕོ་ཐམས་ཅད་དབང་དུ་སྡུད་པ་པདྨའི་རཀྟ། མོ་ཐམས་ཅད་དབང་དུ་སྡུད་པར་བྱེད་པ་བྱང་སེམས་དཀར་པོ། དབང་གི་ལས་ཐམས་ཅད་སྒྲུབ་པར་བྱེད་པ་སིནྡྷུ་ར། མཁའ་འགྲོ་འདུ་ཞིང་མཉེས་པར་བྱེད་པ་ཨ་མྲྀ་ཏ་དང་བཅུས་དབང་གིས་དཀྱིལ་འཁོར་ཟླ་གམ་དུ་བྲིས་ལ། དབུས་སུ་འདབ་བཞི། དེའི་ལྟེ་བ་གཡས་གཡོན་དུ་ཏོག་དམར་པོའི་ཚོམ་བུ། དེའི་སྟེང་དུ་ཀ་པཱ་ལ་བཟང་པོ་དུམ་བུ་གསུམ་པའི་ནང་དུ་ཁྲོམ་ཚོགས་ས་དགུའི་རྡེའུ། སྡེ་དཔོན་ཆེན་པོ་དགུའི་བང་ནས། དགེ་འདུན་གྱི་སྡེ་ཆེན་པོ་དགུའི་ཕྱགས་ཁུང་གི་ས། བཀྲ་ཤིས་པའི་ས་སྣ། རྡོ་སྣ། ཆུ་ཀླུང་ཆེན་པོ་དང་མཚོ་ཆེན་པོ་དགུའི་རིལ་བུ། གསེར་དངུལ་ཡན་གྱི་རིན་པོ་ཆེ། འབྲུ་ཤིང་ཐོག སྨན་ཁ་ཟས་ཚོགས་ཚང་། བཀྲ་ཤིས་པའི་རྫས་བརྒྱད་ཀྱིས་བཀང་། དེའི་སྟེང་དུ་དཔེ་རིས་བཞིན་དུ་བྲིས་པའི་འཁོར་ལོ་བཞག་ནས་བདག་བསྐྱེད་བཟླས་པའི་བར། འཁོར་ལོ་རྟེན་རྫས་སྭ་བྷཱ་ཝས་སྦྱངས་ནས། མགོན་པོ་ཡབ་ཡུམ་འཁོར་བཅས་བསྐྱེད་དགུག་གཞུག་དབང་བསྐུར་བའི་བར་བདག་བསྐྱེད་བཞིན་འདོན་པ་བསྒྱུར་བས་བྱ། ཙན་དན་དམར་པོའི་ཆུའི་མཆོད་ཡོན། རྒྱ་སྐྱེགས་ཀྱི་ཆུའི་ཞབས་བསིལ། མེ་ཏོག་དམར་པོའི་རིགས། སི་ལ་སོགས་པའི་དྲི་ཞིམ་པོའི་སྤོས། མདངས་བསྒྱུར་བའི་མར་མེ། པདྨ་རཀྟའི་དྲི་ཆབ། འབྱུང་རྩིའི་ཁྲག་བྱུགས་པའི་ཞལ་ཟས། སྙན་ཞིང་འཇེབས་པའི་རོལ་མོ་རྣམས། ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤེ། ངྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཱ། ཤཔྟ་པྲ་ཏཱིཙྪ་ཧཱུྃ་གིས་ཕུལ། རྐང་པ་བརྒྱད་པས་བསྟོད། ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གནོད་སྦྱིན་ཕོ་དགུ་མོ་དགུའི་རྣམ་པར་ཤེས་བཀུག རྣམ་སྣང་གི་སྒོ་ནས་ཞུགས་ཏེ་ཨ་ཝ་ངྷཱུ་ཏིར་ཞུ་བ་ཛཾ་དགུ་དང་བཾ་དགུ་དང་བཅས་པར་གྱུར་པ་ཡུམ་གྱི་བྷ་ག་ཟླ་གམ་གྱི་དཀྱིལ་འཁོར་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པར་ལྷུང་བས། དབུས་སུ་ནོར་རྒྱུན་མ། ཤར་དུ་རབ་ཏུ་དགའ་མ། མེར་ལྷ་མོ། ལྷོར་འཕགས་མ། བདེན་བྲལ་དུ་དབྱངས་ཅན་མ། ནུབ་ཏུ་ཆུ་ཤེལ་མ། རླུང་དུ་རབ་ཏུ་བཟང་མོ། བྱང་དུ་དགའ་མ། དབང་ལྡན་དུ་སྦས་མ། ཐམས་ཅད་ཀྱང་སྐུ་མདོག་སེར་མོ་ཕྱག་ན་མཆོག་སྦྱིན་དང་འབྲས་ཀྱི་སྙེ་མ། སྒེག་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྣམས་ལ་རིམ་པ་བཞིན་དུ་འཁྱུད་པའི། ཛམྦྷ་ལ། ཡང་དག་ཤེས། འབྲོག་གནས། ལྔས་རྩེན། པི་རྩི་ཀུཎྜྻ་ལི། རྣམ་སྲས། གང་བཟང་། ནོར་བུ་བཟང་པོ། རྟ་བདག ཐམས་ཅད་ཀྱང་གསེར་བཙོ་མ་ལྟ་བུ། ཐུང་ཞིང་ལྟོ་འཕྱང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་བི་ཛ་པཱུ་ར་ཀ་དང་ནེའུ་ལེ་བསྣམས་པ། རིན་ཆེན་འབྱུང་ལྡན་གྱི་དབུ་བརྒྱན་ལ་ཨུཏྤ་ལའི་འཕྲེང་བས་མཛེས་པ། མོ་རྣམས་དང་ཕོའི་སྙིང་གར་ཟླ་བ་ལ་བཾ་དང་ཛཾ་རང་རང་གི་སྲོག་གི་ངོ་བོ། བདག་མདུན་གྱི་གཙོ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། གསང་བ་པའི་གནས་ནས་གནོད་སྦྱིན་ཕོ་དགུ་མོ་དགུ་བཀུག བསྒོམས་པ་དང་གཉིས་སུ་མེད་པར་བསམས་ཏེ། བཛྭ་སརྦ་དུཥྚན། ཏྲིག་ནན། ཛཾ་བཾ་ཨེ་ཧུར་ཐུམ་ཛཿཨཱ་ཀརྵུ་ཡ་སྲིཾ་སྲིཾ་ཛཿཛཿཞེས་བོས་རྟགས་མ་བྱུང་བར་དུ་བཟླ། བྱུང་ནས་ཏིང་འཛིན་སྔར་གྱི་ཁར། ཡབ་ཡུམ་སྦྱོར་བ་བྱས་པའི་རྗེས་སུ་ཆགས་པའི་མེས་གདུངས་པས་གནོད་སྦྱིན་ཕོ་མོ་རྣམས་ཆགས་པས་མྱོས་འབོག་བརྒྱལ་བྱང་སེམས་དཀར་དམར་ཟགས་པར་བསམ་ཞིང་། བཛྭ་སརྦ་དུཥྚུན་ཏྲིག་ནན། ཛཾ་བཾ་ཨེ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། གཟིར་རྟགས་མ་བྱུང་བར་དུ། བྱུང་ནས་སྔར་གྱི་ཁར། དེ་ནས་གཙོ་བོའི་ཐུར་སེལ་གྱི་རླུང་བསྐུམ་པས་ཕོ་མོ་རྣམས་ཀྱི་ནུས་མཐའི་རང་བཞིན་སྲོག་གྱེན་ཚངས་པའི་བུ་ག་ནས་བྱུང་སྟེ། མདུན་བསྐྱེད་ཀྱི་ཤངས་ནས་བདག་མགོན་པོར་གསལ་བའི་སྲོག་ལ་ཐིམ་པས། རིད་ཅིང་འདར་བ་དང་ཉམ་ཐག་པས་དབང་དང་བྲལ་ཏེ་བདག་ཅི་བསྒོ་བ་ཁས་ལེན་ཅིང་དབང་དུ་འདུས་པར་བསམས་ལ། ཨོཾ་བ་སུ་དྷ་རི་ཏྱཻ། སུ་དཏྟ་ཨཻ། དེ་ཝྱཻ། ཨཱརྻུ་ཡཻ། ས་ར་སྭ་ཏྱཻ། ཙནྡྲ་ཀནྡྱཻ། སུ་བྷ་དྲ་ཡཻ། རཏྟ་ཡཻ། གུ་ུ་ཡཻ། ཛམྦྷ་ལ་ཛ་ལེནྡྲཱ་ཡེ། སཾ་པྲ་ཛྙྱཱ་ནཱ་ཡེ། གུ་ཧྶྭུ་ན་ཡེ། པཉྩྨི་ཀ་ཡེ། བི་ཙི་ཀུཎྜྻ་ལི་ཡེ། བཻ་ཤྲ་ཝ་ཎ་ཡེ། པུརྞ་བྷ་དྲཱ་ཡེ། མ་ཎི་བྷ་དྲཱ་ཡེ། ཀུ་བེ་རཱ་ཡེ། ཝ་ཤཾ་ཀུ་རུ་ཧོཿ དབང་དུ་འདུས་རྟགས་མ་བྱུང་བར་དུ་སྔར་བཞིན་ལ་མགོན་པོ་ཡབ་ཡུམ་གྱི་གསང་བའི་སྣ་རྩེར་ཨོཾ་ཨཱཿཛྭིཾ་ཁཾ་ཧཱུྃ་ལས་རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། མི་བསྐྱོད་པ། དཀར་སེར་དམར་ལྗང་སྔོ་བ་བྱང་ཆུབ་མཆོག་དང་མཆོག་སྦྱིན་ཏིང་ངེ་འཛིན་སྐྱབས་སྦྱིན་ས་གནོན་གྱི་ཕྱག་རྒྱ་ཅན། རང་རང་གི་སྐྱིལ་ཀྲུང་གིས་བཞུགས་པ་རྣམས་འོད་དུ་ཞུ་བའི་བདུད་རྩི་ལྔའི་རྒྱུན་གནོད་སྦྱིན་ཕོ་མོ་རྣམས་ཀྱི་སྤྱི་བོར་ཕབ་ལུས་ཕྱི་ནང་ཐམས་ཅད་དུ་ཁྱབ་པས་བཀྲག་མདངས་སོགས་མཐུ་སྟོབས་དང་ལྡན་ཏེ་བདག་གི་ལས་བསྒྲུབ་པ་ལ་གཅིག་ཏུ་བརྩོན་ཞིང་འདུན་པར་བསམས་ཏེ་ཛཾ་བཾ་བརྒྱ་རྩ་བཟླ། གཏའ་གཏོར་གཉིས་སྦྱངས། བྱིན་གྱིས་བརླབས་སྙིང་པོའི་སྔགས་ཀྱིས་ཕུལ་ཏེ། མཐར་ལྷ་ཚོགས་འོད་དུ་ཞུ་བའི་འཁོར་ལོ་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་འདོད་བའི་རེ་བ་ཆར་བཞིན་དུ་འབེབས་པར་གྱུར་པ་བལྟའོ། །གཉིས་པ་སྡེ་བརྒྱད་དབང་དུ་བསྡུ་བ་ནི། དཀྱིལ་འཁོར་གྱི་སྟེང་དུ་ཐོད་པ་དུམ་བུ་བརྒྱད་པ། དེའི་ནང་དུ་གྲི་ལྕགས་ཀྱི་སྡིག་པ་ལ་ཨེ་དང་རྡོ་ཕ་ཝང་ལོང་བུ་ལ་ཏྲི་བྲིས་པ་དཔེ་རིས་བཞིན་གྱི་འཁོར་ལོ་བཤམས་ནས་བདག་བསྐྱེད་འཁོར་ལོ་སྦྱངས་ནས་བསྟོད་པའི་བར་སྔར་བཞིན་ལ། ཡབ་ཡུམ་གཙོ་འཁོར་གྱི་ཐུགས་ཀ་ནས་འོད་འཕྲོས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་རྣམ་པར་ཤེས་པ་བཀུག རྣམ་སྣང་གི་སྒོ་ནས་ཨ་ཝ་དྷཱུ་ཏཱིར་ཞུ་བ་ཨ་ཡ་མ་དུ་རུ་ཙ་ཤ་ན་དང་བཅས་པར་གྱུར། ཡུམ་གྱི་བྷ་ག་ཟླ་གམ་གྱི་དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་ལྟེ་བ་དང་བཅས་པར་ལྷུང་བས་ལྷ་མ་སྲིན་དྲེགས་པ་སྡེ་བརྒྱད་ཕོ་མོ་རང་རང་གི་གཟུགས་སུ་སྙིང་གར་རང་རང་གི་སྲོག་གི་ཡི་གེ་དང་བཅས་པ། བདག་མདུན་གཙོ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་འཇིག་རྟེན་གྱི་དྲེགས་པ་ཅན་སྡེ་བརྒྱད་ཐམས་ཅད་བསྡུས། བསྒོམས་པ་དང་གཉིས་སུ་མེད་པར་བསྟིམ་སྟེ། བཛྭ་སརྦ་དུཥྚུན་ཏྲིག་ནན། ཨ་ཡ་མ་དུ་རུ་ཙ་ཤ་ན་ཨེ་ཧུར་ཐུམ་ཛཿཨཱ་ཀརྵུ་ཡ་སྲིཾ་སྲིཾ་ཛཿཛཿཞེས་དགུག་རྟགས་མ་བྱུང་བར་བཟླ། བྱུང་ནས་སྔར་གྱི་ཏིང་ངེ་འཛིན་གྱི་མཐར། ཡབ་ཡུམ་སྦྱོར་བ་བྱས་པའི་རྗེས་སུ་ཆགས་པའི་མེས་གདུངས་པས་སྡེ་བརྒྱད་ཆགས་པས་བརྒྱལ་མྱོས་འབོག་སྟེ་རང་རང་གི་དྭངས་མ་ཟགས་པར་བསམས་ལ། བཛྭ་སརྦ་དུཥྚན། ཏྲིག་ནན། ཨ་ཡ་མ་དུ་རུ་ཙ་ཤ་ན་ཨེ་ཧུར་ཐུཾ་ཛཿམཱ་ར་ཡ་རྦད་ཅེས་གཟིར་བའི་མཚན་མ་མ་རྙེད་བར་དུའོ། །ཏིང་ངེ་འཛིན་སྔ་མའི་ཁ་ལ། ཡབ་ཡུམ་གྱི་ཐུར་སེལ་གྱི་ནུས་པར་སྡེ་བརྒྱད་ཀྱི་སྲོག་ཚངས་སྒོ་ནས་ཤངས་ཀྱི་བུ་ག་བརྒྱུད་དེ་བདག་གི་སྣར་ཐིམ་པས་སྡེ་བརྒྱད་རིད་ཉམས་ཐག་འདར་ཞིང་དབང་དང་བྲལ་བས་བདག་ཅི་བསྒོ་བ་ཉན་པར་བསམས་ཏེ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཝ་ཤཾ་ཀུ་རུ་ཧོཿཞེས་དབང་དུ་འདུས་རྟགས་མ་བྱུང་ཚུན་བཟླ། གསོ་བའི་དམིགས་པ་སྔར་བཞིན་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན་ཨ་མྲྀ་ཏ་ཧཱུྃ་ཞེས་བཟླས་པས་བཀྲག་མདངས་གསོས། མཐུ་རྩལ་ལྡན་ཏེ་བདག་གི་ལས་བསྒྲུབ་པ་ལ་འདུན་ཅིང་བརྩོན་པར་གྱུར། གཏོར་མ་ཕུལ། མཐར་ལྷ་རྣམས་འོད་དུ་ཞུ་བའི་འཁོར་ལོ་རྟེན་དང་བཅས་པ་སྡེ་བརྒྱད་ཀྱི་སྙིང་དུ་གྱུར་ཏེ། དེ་བདག་ལ་ཤོར་བས་ཅི་བགྱི་བ་ཉན་པར་བསམ་མོ། །གསུམ་པ་རིགས་དྲུག་དབང་དུ་བསྡུ་བ་ནི། དཀྱིལ་འཁོར་སྟེང་དུ་ཕོ་མོའི་ཐོད་པ་ཁ་སྦྱར། བྲིས་པའི་འཁོར་ལོ་ཙན་དན་གྱི་བྱང་བུ་ལ་གང་དབང་དུ་བྱ་འདོད་པའི་ལིངྒ། ཙན་དན་གྱི་ཁ་ཊྶཱཾ་ག་གཟུངས་ཐག་དང་བཅས་བ་བཤམས། གཟུང་ཐག་བཟུང་སྟེ་བདག་མདུན་བསྟོད་པའི་བར། ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་འཕྲོས། གང་དབང་དུ་བྱ་འདོད་པའི་རྒྱལ་པོ་བཙུན་མོའམ། དགེ་བའི་བཤེས་སམ། བློན་པོའམ། ལྷའམ་ཀླུའམ་སྐྱེས་པ་དང་བུད་མེད་ཀྱིས་གཙོས་པའི་རིགས་དྲུག་ཐམས་ཅད་ཀྱི་རྣམ་པར་ཤེས་པ་བཀུག རྣམ་སྣང་གི་སྒོ་ནས་ཨ་ཝ་དྷཱུ་ཏཱིར་བྱང་ཆུབ་སེམས་སུ་ཞུ་བ་ཨ་ལྷྭནྲི་སུ་ཏྲི་པྲེ་དུ་ཏྲིར་གྱུར་ནས་ཡུམ་གྱི་བྷ་ག་ཟླ་གམ་དཀྱིལ་འཁོར་འཁོར་ལོ་རྩིབས་དྲུག་ལྟེ་བ་དང་བཅས་པའི་ནང་དུ་ལྷུང་བས་ལྟེ་བར་དབང་དུ་བྱ་འདོད་པ་ཕོ་མོ། རྩིབས་དྲུག་ལ་རིགས་དྲུག་ཕོ་མོ། མུ་ཁྱུད་ཀྱི་ཨཱ་ལི་ཀཱ་ལི་རྣམས་དཔའ་བོ་དང་དཔའ་མོར་རང་རང་གི་གཟུགས་སྙིང་གར་སྲོག་གི་ཡི་གེ་དང་བཅས་པ་བདག་མདུན་གྱི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་རྒྱལ་པོ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བསྡུས་པ་བསྒོམས་པ་དང་གཉིས་སུ་མེད་པར་ཐིམ་པར་བསམས་ཏེ། བཛྭ་སརྦ་དུཥྚུན་ཏྲིག་ནན། ཨ་ལྷྭནྲི་སུ་ཏྲི་པྲེ་དུ་ཏྲི་ཨེ་ཧུར་ཐུཾ་ཛཿཨཱ་ཀརྵུ་ཡ་སྲིཾ་སྲིཾ་ཛཿཛཿདགུག་རྟགས་མ་བྱུང་བར་དུ་སྔར་གྱི་ཁར། ཡབ་ཡུམ་སྦྱོར་བ་བྱས་པའི་ཆགས་པའི་མེས་གདུངས་པས་རྒྱལ་པོ་སོགས་རིགས་དྲུག་འདོད་ཆགས་ཀྱིས་མྱོས་འབོག་བརྒྱལ་དྭངས་མ་འཛག་པར་བསམས་ཏེ། བཛྭ་སརྦ་དུཥྚུཾན། ཏྲིག་ནན་ཨ་ལྷྭནྲི་སུ་ཏྲི་པྲེ་དུ་ཏྲི་ཨེ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། གཟིར་བའི་མཚན་མ་མ་རྙེད་བར་དུ། ཏིང་ངེ་འཛིན་སྔ་མའི་ཁར། ཡབ་ཡུམ་གྱི་ཐུར་སེལ་གྱི་ནུས་པས་རྒྱལ་པོ་སོགས་རིགས་དྲུག་གི་སྲོག་ཚངས་པའི་བུ་ག་ནས་གྱེན་དུ་དྲངས་ཏེ་ཤངས་ནས་འཐོན། བདག་གི་སྣར་ཞུགས་ཧཱུྃ་ལ་ཐིམ་པས་དེ་དག་རིད་ཅིང་ཉམ་ཐག་འདར་ལ་དབང་དང་བྲལ་བས་བདག་ཅི་བསྒོ་བ་ཉན་པར་བསམས་ཏེ། ཨ་ལྷྭནྲི་སུ་ཏྲི་པྲེ་དུ་ཏྲི་ཝ་ཤཾ་ཀུ་རུ་ཧོཿ གསོ་བའི་དམིགས་པ་སྔར་བཞིན། ཨ་ལྷྭནྲི་སུ་ཏྲི་པྲེ་དུ་ཏྲི་ཨ་མྲྀ་ཏ་ཧཱུྃ། གཏོར་མ་ཕུལ། འདོད་དོན་གསོལ། འོད་དུ་ཞུ། འཁོར་ལོ་ལ་བསྟིམ། འཁོར་ལོ་སོ་སོར་དྲིལ། ཕོ་འཁོར་གཡས་མོ་འཁོར་གཡོན་པའི་ལཧྭམ་ལ་བཅུག་གྱོན། དམིགས་པ་མཁའ་འགྲོ་ཆོས་སྐྱོང་རྒྱལ་པོ་སོགས་རིགས་དྲུག་ཐམས་ཅད་ཀྱིས་ཞབས་འོག་ནས་རིན་ཆེན་འཁོར་ལོས་འདེགས་པར་བསྒོམས། གཟུངས་ཐག་སྐེད་པར་བཅིངས། ཁ་ཊྶཱཾ་ལག་ཏུ་བཟུང་། སྣ་བུག་གཡོན་པའི་རླུང་རྒྱུ་དུས་སུ་ཕྱིན་ན་ལྷ་ཆེན་པོ་དག་ཀྱང་དབང་དུ་འགྱུར་ན་འགྲོ་བ་གཞན་ལྟ་ཅི་སྨོས། གལ་ཏེ་གནོད་སྦྱིན་གྱི་འཁོར་ལོ་རྡུགས་ཏེ་ལས་འགྱངས་ན། འཁོར་ལོའི་ཛམྦྷ་ལ་ཕོ་མོའི་སྐུ་ལ། དུག་དང་། ཀེ་ཚེ་དང་། ནིམ་པའི་ལོ་མ་དང་། ངྷ་དྷུར་དང་། དུར་ཁྲོད་ཀྱི་སོལ་བས་བྱུགས་ལ་བསྲོ་ཞིང་བསྐམ། ཕྱིན་ནས་དུར་ཁྲོད་ཀྱི་མེ་ལ་བསྲོས་ཏེ་བདུགས་ན་ངེས་པར་ལས་བྱེད་དོ། །སྡེ་བརྒྱད་ཀྱི་ལས་འགྱངས་ན། ཟངས་ཀྱི་ནང་དུ་ཁྲག་སྐོལ་ལ། སྟག་པ་དང་གླང་མའི་བྱང་བུ་བཙོས། དེ་ལ་སྡེ་བརྒྱད་ཀྱི་ལིདྒ་བྲིས། ཁོག་པར་མིང་དང་སྲོག་སྔགས། དེ་འོ་མ་དང་ཁྲག་སྐོལ་བའི་ནང་དུ་བཅུག རང་ཉིད་མགོན་པོ་འཁོར་བཅས་སུ་གསལ་བ་ཁྲོས་འཁྲུགས་པས་སྟེང་ནས་དུག་ཐུན་བྲབ་ཅིང་ཕུར་པས་དཀྲུག་ཅིང་བསྣུན། ཨོཾ་ཨཱཿཧཱུྃ་སྲི་ཛཿཡཀྵ་མ་ཏྲི་ཙ་བྷྱོ་ཨེ་སྡེ་བརྒྱད་ཀྱི་སྲོག་ལ་རྦད་ཁུག་ཛཿཞེས་བཟླའོ། །དེས་སྡེ་བརྒྱད་གཟི་བྱིན་ཉམས་ཏེ་གང་བསྒོ་བ་ཉན་ནོ། །རྒྱལ་པོ་དང་ཡུལ་འཁོར་དབང་དུ་བསྡུ་དཀའ་ན། སྡེ་བརྒྱད་གནད་གཟིར་བ་བཞིན། གང་འདོད་པའི་ཡུལ་ལྷའམ་ཕོ་ལྷ་ལ་བྱས་པས་ངེས་པར་དབང་དུ་འདུའོ། །གསུམ་པ་ལས་ལ་སྦྱར་བ་ནི། མར་ངོའི་སྟོང་ལ་ཙན་དན་དམར་པོས་ཟླ་གམ་དུ་བྱུགས་པའི་སའི་ཆར་པདྨ་འདབ་བརྒྱད་དམར་པོ་བྲིས་པའི་དབུས་སུ་ཚོམ་བུ་བཀོད། ཙན་དན་དམར་པོའམ་དུ་རུ་ཀའམ་སེང་ལྡེང་ངམ་དམར་པོའི་རིགས་ཅན་ཤིང་གང་ཡང་རུང་བའི་བུད་ཤིང་ཟླ་གམ་དུ་བརྩིག མཆོད་རྫས་སྲེག་རྫས་རྣམས་སྟ་གོན་བྱས་ལ། བསངས་སྦྱངས་བྱིན་གྱིས་བརླབས། རང་ལྷག་པའི་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རླུང་ཕྱིར་འབྱིན་པ་དང་ལྷན་ཅིག་རཾ་དམར་པོ་ཆད་དེ་ཡོངས་སུ་གྱུར་པ་ལས་ཟླ་གམ་དམར་པོའི་དཀྱིལ་འཁོར་གྱི་སྟེང་དུ་དབང་གི་རང་བཞིན་གྱི་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ་པདྨ་དམར་པོའི་གདན་བསམ། སླར་ཡང་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་མགོན་པོ་ཆགས་པའི་རྡོ་རྗེ་གཙོ་འཁོར་གསུམ་བསྐྱེད། ཨོཾ་མཧཱ་ཀཱ་ལ་ཤུ་ར་ནི། ཨཱི་ཤྭ་ར་ག་ན་པ་ཏི་ཨཱ་ཀརྵུ་ཡ་སྲིཾ་སྲིཾ་ཛཿཛཿཉི་ཤུ་རྩ་གཅིག་བརྗོད། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་བསྲེས། པདྨ་ཀ་མ་ལ་ཡ་ཧྶཾ་གྱིས་གདན་དབུལ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་མཆོད་ལྔ་རོལ་མོ་དང་བཅས་པས་མཆོད་ཅིང་བསྟོད། མེ་ཏོག་དམར་པོ་དང་དྷ་ངྷུ་རའི་གང་བུ་དང་ཤིང་། ཏིལ་བག་ཕྱི་བུ་རམ་མར་རྣམས་སྦྱར་བའི་ལ་དུའི་རིལ་བུ་ཙན་དན་དམར་པོས་ཁ་བསྒྱུར་བ་དང་། གང་འདོད་པའི་རིན་ཆེན། འབྲུ་སྨན། དར་དཔྱངས་སྤེལ་བསྒྱུར་ཏེ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས། རྩ་སྔགས་དང་དངོས་གྲུབ་བསྐུལ་བའི་སྔགས་སྤེལ་ཏེ་བཟླ་བཞིན་དུ་གཡས་པའི་མཐེ་བོང་དང་སྲིན་ལག་གིས་བླངས་ལ་ཕུལ། འཁོར་བཅས་ཚིམ་ཞིང་དགྱེས་ཏེ་མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་རང་ལ་ཕུལ་ཞིང་ནོར་དང་འབྲུ་དང་རིན་པོ་ཆེ་དང་ཟས་གོས་ལ་སོགས་པའི་ཆར་གྱིས་རང་གི་གང་ཁྱིམ་བང་མཛོད་ཡུལ་འཁོར་ལ་སོགས་པའི་མཐར་ཐུག་པ་གང་བར་བསམ་ཞིང་། ལ་དུ་སོགས་ཞལ་དང་། རིན་པོ་ཆེ་ལ་སོགས་པ་མདུན་དང་། དར་ཟབ་སྐུའི་ཉེར་སྤྱད་དུ་དམིགས་ཏེ་ཕུལ། ནོངས་པ་འཆགས། འདོད་དོན་གསོལ། གཤེགས་སུ་གསོལ་ཏེ་ལས་ཀྱི་རྗེས་མི་མངོན་བར་བསྡུ། དགེ་བ་བསྔོ། ཤིས་པ་རྒྱ་ཆེར་བརྗོད་དོ། །མགོན་དམར་ལ་བརྟེན་ནས་སློབ་མ་རྗེས་སུ་འཛིན་པར་འདོད་ན། དབང་གི་དཀྱིལ་འཁོར་ཟླ་གམ་དབུས་སུ་པད་འདབ་བཞི། གཡས་གཡོན་དབུས་གསུམ་དུ་མེ་ཏོག་དམར་པོའི་ཚོམ་བུ། མཐར་མཆོད་གཏོར་གྱིས་བསྐོར། བདག་མདུན་བསྒྲུབ་མཆོད་བསྟོད་གཏོར་མ་ཕུལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར། མཎྜྻལ་ཕུལ་ཏེ། འཇིག་རྟེན་གསུམ་གྱིས་མཆོད་པའི་དབང་ཕྱུག་ཚོགས་ཀྱི་རྗེ། །རེ་བའི་སེམས་ཅན་ཡིད་ཀྱི་ཤིང་རྟ་གང་བའི་སྡེ། །ཡོན་ཏན་འབྱུང་བའི་གནས་གྱུར་ཁྱོད་ལ་བདག་སློང་ན། །བཀའ་དྲིན་བདུད་རྩིའི་རོ་ཡིས་ཚིམ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་མགོན་པོ་དམར་པོ་ཡབ་ཡུམ་དུ་གསལ་པའི་སྤྱན་སྔར་སེམས་བསྐྱེད་པའི་ཕྱིར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་གསུམ་བྱས། སློབ་མ་མགོན་དམར་ཡབ་ཡུམ་དུ་བསྐྱེད། བླ་མ་གཙོ་བོ་ཡབ་ཡུམ་དུ་གསལ་བ་རྗེས་སུ་ཆགས་པའི་སྦྱོར་བས་བསྐུལ་བའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་དམར་པོ་རྣོ་ཞིང་དྲག་པ་ཉི་མ་བྱེ་བའི་གདུང་བྱེད་ལྷག་པར་འབར་བ་འཕྲོས། དཀྱིལ་འཁོར་གྱི་མགོན་པོ་གཙོ་འཁོར་གསུམ་གྱི་དཔྲལ་བའི་ཨོཾ་གཙོ་བོར་གྱུར་པའི་ལུས་ཀྱི་ཆ་ཐམས་ཅད་ལ་ཕོག་ལུས་བརྟན་པ་དང་བྲལ་ཞིང་རང་ཉམས་མེད་པར་ཁྱེད་རང་ལ་ལྷག་པར་འདུད་ཅིང་རྗེས་སུ་ཆགས་པའི་ཚུལ་གྱིས་དབང་དུ་གྱུར། ཨོཾ་ཡིག་ལས་འཕྲོས་པའི་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་ས་འོག་གི་དངོས་གྲུབ་ཐམས་ཅད་བསྡུས་ཏེ་ཁྱེད་རང་ལ་ཕུལ་བ་འོད་ཟེར་གྱི་རྣམ་པས་ཐུགས་ཀའི་ཧཱུྃ་གི་ཁོག་པ་ལ་བསྡུ། སྐུའི་དངོས་གྲུབ་ཐམས་ཅད་རང་དབང་དུ་གྱུར་ཅིང་ཐོགས་པ་མེད་པའི་ནུས་པ་ཐོབ་པར་བསམ། དེ་བཞིན་དུ་འོད་ཟེར་མགྲིན་པའི་ཨཱཿགཙོ་བོར་གྱུར་པའི་ངག་གི་གནས་ཐམས་ཅད་ལ་ཕོག ངག་བརྟན་པ་དང་བྲལ་ཞིང་རང་ཉམས་མེད་པར་ཁྱེད་ཅི་བསྒོ་བ་ཁས་ལེན་པའི་ཚུལ་གྱིས་དབང་དུ་གྱུར། ཨཱཿཡིག་ལས་འཕྲོས་པའི་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་ས་སྟེང་ན་སྤྱོད་པའི་དངོས་གྲུབ་ཐམས་ཅད་བསྡུས་ཏེ་ཁྱེད་རང་ལ་ཕུལ་བས་འོད་ཟེར་གྱི་རྣམ་པས་ཧཱུྃ་གི་ཟླ་ཚེས་ལ་བསྡུ། གསུང་གི་དངོས་གྲུབ་ཐམས་ཅད་ལ་རང་དབང་དུ་གྱུར་ཅིང་ཐོགས་པ་མེད་པའི་ནུས་པ་ཐོན་པར་བསམ། སླར་ཡང་སྙིང་གའི་ཧཱུྃ་གཙོ་བོར་གྱུར་པའི་ཡིད་ཀྱི་གནས་ཐམས་ཅད་ལ་ཕོག ཡིད་བརྟན་པ་དང་བྲལ་ཞིང་རང་ཉམས་མེད་པར་ཁྱེད་རང་གི་ཡིད་བཞིན་དུ་འཇུག་པའི་ཚུལ་གྱིས་དབང་དུ་གྱུར། ཧཱུྃ་ཡིག་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ས་བླ་ན་སྤྱོད་པའི་དངོས་གྲུབ་ཐམས་ཅད་བསྡུས་ཏེ་ཁྱེད་རང་ལ་ཕུལ་བ་འོད་ཟེར་གྱི་རྣམ་པས་ཧཱུྃ་གི་ཐིག་ལེ་ལ་བསྡུ། ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ལ་རང་དབང་དུ་གྱུར་ཅིང་ཐོགས་པ་མེད་པའི་ནུས་པ་ཐོན་པར་བསམ། སྔགས་ལས་བྱུང་བའི་འོད་ཟེར་དམར་པོ་སྲིད་པ་གསུམ་གང་བར་འཕྲོས་པ་རྣམས་ཀྱིས་སྣོད་བཅུད་ཀྱི་འབྱོར་པ་ལོངས་སྤྱོད་ཕུན་ཚོགས་མདངས་བཅུད་ཅི་ཡོད་པ་ཐམས་ཅད་ལྷག་མ་མེད་པར་བསྡུས་ཏེ་ཁྱོད་རང་ལ་དངོས་གྲུབ་ཀྱི་ཚུལ་དུ་ཕུལ་བ་འོད་ཟེར་གྱི་རྣམ་པས་ཐུགས་ཀའི་ཧཱུྃ་ལ་སྲོག་གཏད་བཟུང་བའི་ཚུལ་གྱིས་རོ་གཅིག་ཏུ་འདྲེས་པར་བསམས་ལ། ཨོཾ་མཧཱ་ཀཱ་ལ་ཤཱུ་ར་ནི། ཨེ་མཉྫྱུ་ཀུཔྟ་ཧཱུྃ། ཀ་བྷེར་ཀོ་བྷ་རི་ག་ན་པ་ཏི་སྭཱ་ཧཱ། ཞེས་བཟླས་ལུང་སྦྱིན། རྡོ་རྗེ་དང་བཅས་པའི་མེ་ཏོག་སྤྱི་བོར་བཞག བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནུས་པ་བརྟན་པར་མཛད་དུ་གསོལ། །ཞེས་བརྗོད། སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། མཎྜྻལ་དང་ཡོན་འབུལ་ལོ། །དེ་ལྟར་མགོན་དམར་ཆགས་པའི་རྡོ་རྗེའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་སློབ་དཔོན་དྲིལ་བུ་པའི་མན་ངག་ལ་བརྟེན་ནས་པདྨ་དཀར་པོས་རྒྱལ་བྱེད་ཚལ་དུ་སྦྱར་བའོ། །མདྒ་ལཾ།། །།
མགོན་དམར་ཆགས་པའི་རྡོ་རྗེའི་འཁོར་ལོའི་ཁ་བྱང་།
མགོན་དམར་ཆགས་པའི་རྡོ་རྗེའི་འཁོར་ལོའི་ཁ་བྱང་བཞུགས་སོ། །གང་ཡང་སྲིད་གསུམ་འདི་ན་དབང་ཕྱུག་གི །འབྱོར་པས་བསྟན་ལ་བཀུར་སྟིར་བྱ་འདོད་ལ། །དཔལ་མགོན་ཆགས་པའི་རྡོ་རྗེ་ལ་བཏུད་ནས། །ཡིད་ཀྱི་རེ་བ་འགྲུབ་བྱེད་ཆོ་ག་བཤད། །མགོན་པོ་དམར་པོ་ཆགས་པའི་རྡོ་རྗེ་ལ་བརྟེན་ནས་ཁམས་གསུམ་དབང་དུ་སྡུད་པའི་འཁོར་ལོ་ནི། ཡབ་འཁོར་མུ་ཁྱུད་ལྔ་པ་ལྟེ་བ་དང་བཅས་པའི་ལྟེ་བར་གཙོ་འཁོར་གསུམ་ཐུགས་ཀར་རང་གི་གནས་སྲོག་བྲིས་པ་དེའི་ཕྱིའི་མུ་ཁྱུད་ལ་ཨཱ་ལི། དེའི་ཕྱིར་རྩིབས་བརྒྱད་ལ། ཨོཾ་བཛྭ་མཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ྄། དེའི་ཕྱིར་བསྙེན་སྔགས། ཨོཾ་མཧཱ་ཀཱ་ལ་ཤུ་ར་ནི་ཨེ་མཉྫྱུ་ཀུཔྟ་ཀ་བྷི་ར་ཀོ་བྷ་ར་ག་ན་པ་ཏི་སྭཱ་ཧཱ། འདོད་གསོལ། དེའི་ཕྱིར་ཀཱ་ལི་ཡེ་ངྷར། དེའི་ཕྱིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ། དེའི་ཕྱིར་མགོན་པོའི་སྐུ། ཡུམ་འཁོར་རྩིབས་བརྒྱད་ལ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མཧཱ་ཀཱ་ལི་ཧཱུྃ་བྷྱོ་དེའི་ཕྱིར་མཧཱ་ཀཱ་ལི་ཤུ་ར་སོགས་བསྒྱུར་བ་ལས་གཞན་ཡབ་དང་མཐུན་ཕྱིར་སྐུ་བྲིས། བུ་འཁོར་ལ། གནོད་སྦྱིན་དབང་སྡུད་ལ་མུ་ཁྱུད་ལྔ་པའི་ལྟེ་བར་ཛམྦྷ་ལ་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཕྱིར་ཨཱ་ལི་དང་བསྙེན་སྔགས། འདབ་མ་བརྒྱད་ལ་གནོད་སྦྱིན་ཕོ་བརྒྱད། དང་པོ་ལ། ཨོཾ་སཾ་པྲ་ཛ་ན་ཡེ་ཨ་ཀརྵ་ཡ་སྲིཾ་སྲིཾ་ཛཿབསྐོར། ཨོཾ་གུ་ཧྶྭ་ན་ཡེ་ཨོཾ་པཉྩྨི་ཀ་ཡེ་ཨོཾ་པིརྩི་ཀུཎྜྻ་ལི་ཡེ། ཨོཾ་བཻ་ཤྲ་ཝ་ན་ཡེ། ཨོཾ་པཱུརྣ་བྷ་དྲ་ཡེ། ཨོཾ་མ་ཎི་བྷ་དྲ་ཡེ། ཨོཾ་ཀུ་བེ་རཱ་ཡེ། དེའི་ཕྱིར་ཨོཾ་བཛྭ་སརྦ་དུཥྚན་ཏྲིག་ནན་ཛཾ་ཧུར་ཐུཾ་ཛ། མཱ་ར་ཡ་རྦད། འདོད་གསོལ། མཐར་སྤྱི་བསྙེན་སྔགས། དེའི་ཕྱིར་ཀཱ་ལི་ཡེ་དྷར། དེའི་ཕྱིར་ལྕགས་ཀྱུ་སོགས། ཡུམ་འཁོར་ལྟེ་བར་ནོར་རྒྱུན་ལ། ཨོཾ་བ་སུ་དྷ་རི་ཡེ་ཨཱ་ཀརྵ་ཡ་ཛཿ པད་འདབ་བརྒྱད་ལ་གནོད་སྦྱིན་མོ་བརྒྱད། དང་པོ་ལ། ཨོཾ་སུ་དཏྟ་ཡེ་ཨཱ་ཀརྵ་ཡ་ཛཿཛཿདེ་ནས་གཡོན་བསྐོར་གྱིས། ཨོཾ་དེ་ཝ་ཡཻ། ཨོཾ་ཨརྻུ་ཡཻ། ཨོཾ་ས་ར་སྭ་ཧྱཻ། ཨོཾ་ཙནྡྲ་ཀཻནྡྱ། ཨོཾ་སུ་བྷ་དྲ་ཡཻ། ཨོཾ་དཏྟ་ཡཻ། ཨོཾ་གུ་ཻ། ཕྱིར་གཟིར་སྔགས་ལ། ཛཾ་གྱི་ཚབ་ཏུ་བཾ། གཞན་རྣམས་འདྲ། སྡེ་བརྒྱད་དབང་དུ་བསྡུ་བའི་འཁོར་ལོ་ནི། ལྟེ་བར་ཨེ་བཛྭ་སརྦ་དུཥྚན་ཏྲིག་ནན་ཨ་ཡ་མ་དུ་རུ་ཙ་ཤ་ན་ཨེ་ཧུར་ཐུཾ་ཛཿཨཱ་ཀརྵ་ཡ་སྲིཾ་སྲིཾ་ཛཿཛཿདེའི་ཕྱིར་ཀཱ་ལི། རྩིབས་བརྒྱད་ལ་གཟིར་སྔགས་ལ་སྲོག་ཕྲལ་ཏེ། ཨ་ཡ་མ་དུ་རུ་ཙ་ཤ་ན་དེའི་ཕྱིར་གཟིར་སྔགས། དེའི་ཕྱིར་ཀཱ་ལི་ཡེ་དྷར། ཕྱིར་ཕྱག་མཚན། མོ་འཁོར་རྩིབས་ལ་སྡེ་བརྒྱད། གཞན་འདྲ། རིགས་དྲུག་དབང་དུ་སྡུད་པའི་འཁོར་ལོ་ནི། མུ་ཁྱུད་ལྔ་པའི་ལྟེ་བར། བཛྭ་སརྦ་དུཥྚཾ་ཏྲིག་ནན་ཨལྷྭནྲི་སུ་ཏྲི་པྲེ་དུ་ཏྲི་ཨེ་ཧུར་ཐུ་ཛ། ཨཱཿཀརྵ་ཡ་སྲིཾ་སྲིཾ་ཛ་ཛ། འགྲོ་བ་རིགས་དྲུག་ཐམས་ཅད་ཆེ་གེ་མོའི་དབང་དུ་བསྡུས་ཤིག དེའི་ཕྱིར་དབྱངས། དེའི་ཕྱིར་རྩིབས་དྲུག་ལ། དེ་ཨ་དྲི་ཛ་ཐ་པ་རི་ཏྲི་ཏྲི་ཛ། ཨ་མུ་ཀཾ་ལྷྭནྲི་ཏྲི་ཛ། ཀུ་རུ་པི་ཏྲི་ཛ། པྲེ་ཏ་ཀ་ཏྲི་ཏྲི་ཛ། ནཱ་ག་ར་དུ་ཏྲི་ཛ། དེའི་ཕྱིར་གཟིར་སྔགས་ལ། རིགས་དྲུག་ས་བོན་བཅུག་ལས། དེའི་ཕྱིར་ཀཱ་ལི་ཡེ་དྷར། དེའི་ཕྱིར་ཕྱག་མཚན། མོ་འཁོར་རྩིབས་བརྒྱད་ལ་གཟུགས། གཞན་སྔར་འདྲ། ཕོ་འཁོར་ཐམས་ཅད་ཡིག་མགོ་ཕྱིར་བསྟན། མོ་འཁོར་ཐམས་ཅད་ནང་བསྟན། ཡབ་ཡུམ་གྱི་འཁོར་ལོའི་བར་དུ་གང་དབང་དུ་བྱ་བའི་འཁོར་ལོ་གཉིས་བཅུག ཡིག་མགོ་སྤྲོད། མགོ་མཇུག་མ་ནོར་བར་བསྟབ་བོ། །ཞེས་པདྨ་དཀར་པོའི་སྦྱིན་པར་བྱས་པའི་ཆོས་སོ།། །།
མགོན་པོའི་ངག་གི་དབང་ཕྱུག་སྒྲུབ་པའི་མན་ངག
མགོན་པོའི་ངག་གི་དབང་ཕྱུག་སྒྲུབ་པའི་མན་ངག་བཞུགས་སོ། །མགོན་པོ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ནང་གི་མུན་པ་མཐར་བྱེད་འོད་སྟོང་ཅན། །འཇམ་པའི་རྡོ་རྗེའི་ཉི་མ་ལས་གཞན་ཅི། །དེས་ན་རྒྱལ་རྣམས་མཁྱེན་དང་ཡེ་ཤེས་ཀྱི། །སྤྱི་གཟུགས་མགོན་པོ་གང་ལ་བདག་ཕྱག་འཚལ། །ཐམས་ཅད་མཁྱེན་པར་བགྲོད་འདོད་དེ་དག་ལ། །རིན་ཐང་མེད་པའི་ཤིང་རྟར་གྱུར་པ་འདི། །ངག་དབང་ལྷག་པའི་ལྷ་ལས་མཆོག་ཐོབ་དེའི། །ཕུལ་བྱུང་ལྷག་བསམ་སྟོབས་ཀྱིས་འདི་རུ་དྲངས། །རིགས་པའི་ཕ་མཐར་ཕྱིན་པའི་བློ་གསལ་ང་། །མཚུངས་མེད་བླ་མ་ཡི་དམ་ཆོས་སྐྱོང་གསུམ། །ཐ་དད་བྱེད་པའི་གཏན་ཚིགས་ཀྱིས་འཕོངས་པས། །སྐྱེངས་པ་འདི་ཡང་ཡིན་ལུགས་གཤིས་ཀྱིས་ལན། །སྒྲ་དོན་འདྲེས་འཛིན་མྱོས་ཆུས་བསླད་པའི་འགྲོ། །རང་ངོའི་སྣང་བས་ཡུས་རྣམས་བདག་ཚིག་ནི། །དྲང་པོ་ཡིན་ཡང་བསྙོན་དོར་དུ་རྟོག་པ། །འདི་ཅི་བདག་གི་ཉེས་མིན་རྣམ་འགྱུར་དབང་། །དེ་ཕྱིར་རྒྱུད་དོན་ལྟད་མོ་མ་འཚལ་བར། །སྒྲ་ཙམ་བུས་པའི་སྤྱོད་པར་ཡིད་འཐམས་པ། །དེ་ལ་འདིས་ཅི་ཐོས་ཅིང་དད་གྱུར་ནས། །འདིར་འཇུག་དབང་རྣོན་དེ་དག་སྐལ་བ་བཟང་། །རང་དང་གཞན་གྱི་མ་རིག་པའི་མུན་པ་སྟུག་པོ་དྲུངས་ཕྱུང་སྟེ་ཤེས་རབ་དང་ཡེ་ཤེས་ཀྱི་སྣང་བ་ཡང་དག་པར་སད་པར་བྱ་བའི་ཕྱིར་མགོན་པོ་འཇམ་པའི་རྡོ་རྗེའི་བསྒྲུབ་བ་ལ་འཇུག་པར་བྱའོ་སྙམ་དུ་དམ་བཅས་ནས། ཡིད་དགའ་བའི་གནས་ཁང་ཡེ་ཤེས་ལྔའི་བདུད་རྩིས་བྱུགས། བཟོད་པའི་ངོ་བོ་ཉིད་ཀྱི་མེ་ཏོག་སྣ་ཚོགས་བཅལ་དུ་བཀྲམ། བསམ་གཏན་གྱི་བདག་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་མཉམ་པར་བཞག་སྟེ། རང་གི་སྤྱི་བོར་བླ་མ་ཡི་དམ་ཆོས་སྐྱོང་རྣམ་པར་དབྱེ་བ་མེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁྱེན་པའི་སྤྱི་གཟུགས་ཡེ་ཤེས་ཀྱི་མགོན་པོ་འཇམ་པའི་རྡོ་རྗེ་སྐད་ཅིག་གིས་བལྟས་ལ། མཆོག་ཏུ་གུས་པའི་ཕྱག་སྔོན་དུ་འགྲོ་བས་ལུས་འབུལ་བའི་སྔགས་འདི་བརྗོད་དོ།། ན་མོ་མཉྫྱུ་བཛྭ་པྲཛྙྱཱ་པཱ་ར་མི་ཏ་ཡཻ་ཨཱཏྨ་བྷཱ་ཝ་པྲ་ཏཱིཙྪ་ཧཱུྃ། དེ་ནས་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། ཞེས་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་ཏུ་སེམས་བསྐྱེད།། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཤུདྡྷཱོཧཾ། རང་གི་སེམས་ཟླ་བའི་དཀྱིལ་འཁོར་དམར་སེར་དབྱངས་ཡིག་སོ་གཉིས་ཀྱིས་མཚན་པ། དེའི་སྟེང་དུ་ཟླ་བ་དམར་པོ་གསལ་བྱེད་བརྒྱད་ཅུ་འབར་བ་གཉིས་ཡོངས་སུ་གྱུར་པའི་ཤེས་རབ་ཀྱི་རང་བཞིན་རལ་གྲི་གནམ་ཞུ་བ་ཁེངས་པ་ལྟ་བུའི་རྡོ་རྗེའི་ཡུ་བའི་ལྟེ་བར་ཉི་མ་ལ་སྟེང་དང་འོག་ཏུ་ཧཱུྃ་བར་དུ་མཱཾ་ཡིག་དམར་སེར་དང་། མདུན་དུ་ཆུ་སྐྱེས་དཀར་པོའི་སྡོང་བུ་ཨོཾ་གྱིས་མཚན་པ་དེ་གཉིས་ཞུ་བའི་ཐིག་ལེ་ཁ་སྦྱར་ལས། སངས་རྒྱས་ལྔའི་བདག་ཉིད་ཀྱི་བཅོམ་ལྡན་འདས་མགོན་པོ་འཇམ་པའི་རྡོ་རྗེ་གཞོན་ནུར་གྱུར་པའི་ཉམས་ཅན་གུར་ཀུམ་གྱི་ཁ་དོག་ཅན། ཞལ་གཅིག་བཞད་པའི་ཉམས་རྒྱས་པའི་མཆེ་བ་གཙིགས་ཤིང་ལྗགས་བསྒྲིལ་བ། དམར་བའི་སྤྱན་གསུམ་འབར་བའི་སྨིན་མ། སྨ་ར་དང་ཨག་ཚོམ་རལ་པ་སེར་པོ་གྱེན་དུ་བརྫེས་པ། ཕྱག་བཞིའི་གཡས་དང་པོ་རལ་གྲི། གཉིས་པ་མཆོག་སྦྱིན། གཡོན་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད་ཅིང་། འོག་མས་རྡོ་རྗེའི་ཁ་ཊྶཱཾ་ག་དཀར་པོ། ཐོད་པ་ལྔ་རྩེ་ཕྲན་དང་བཅས་པའི་དབུ་རྒྱན་ཁྲག་འཛག་པའི་མགོ་བོ་ལྔ་བཅུའི་འཕྲེང་བ་ཕྲག་པར་འཕྱང་བ། དྲག་པོ་འཇིགས་བྱེད་ཀྱི་པགས་པའི་སྟོད་གཡོགས་དང་། སྟག་གི་ཤམ་ཐབས་ཅན། ཀླུ་བརྒྱད་དང་ཕྱག་རྒྱ་དྲུག་གིས་བརྒྱན་པའི་པང་ན། ཡུམ་ལྔའི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་ཞི་མ་ཁྲོའི་ཉམས་ཅན། དབུ་སྐྲ་མཐོན་མཐིང་གསིལ་བུར་གྲོལ་ཞིང་སྒེག་མོའི་ལང་ཚོ། ཕྱག་གཡས་སྡོང་བུ་དང་བཅས་པའི་ཆུ་སྐྱེས་དཀར་པོ། ཤེར་ཕྱིན་གྱི་པོ་ཏི་དང་བཅས་པའི་གཡོན་པའི་ཕྱག་གིས་ཡབ་ལ་འཁྱུད་པ། གཉིས་སུ་མེད་པར་སྙོམ་པར་འཇུག་བཞིན་པའི་པད་ཉིའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་འབར་ཞིང་གསལ་བའི་འོད་ཟེར་གྱིས་མཐའ་ཡས་པའི་ཞིང་ཐམས་ཅད་རྒྱས་པར་འགེངས་པ། སྤྱི་བོར་སེམས་དཔའ་ཐམས་ཅད་ཨ་ཡིག་གི་རྣམ་པར་བཞུགས་པ་ལས་འཇམ་པའི་དབྱངས་མཛེས་པ་སྟོན་ཀའི་ཟླ་བའི་རྣམ་པ་ཅན་ཟུར་ཕུད་ལྔ་དང་ལྡན་པ། ཕྱག་གཡས་མཆོག་སྦྱིན། གཡོན་པ་ཨུཏྤལའི་སྡོང་བུ་ཤེར་ཕྱིན་གྱི་པོ་ཏིས་བརྒྱན་པ་བསྣམས་པ། བརྒྱད་གཉིས་ཀྱི་ལང་ཚོའི་དཔྱིད་ཀྱི་འགྱིང་ཞིང་རྡོ་རྗེའི་རྒྱན་གྱིས་བརྒྱན་ནས་སྐྱིལ་མོ་ཀྲུང་གིས་པད་ཟླ་ལ་བཞུགས་པ། མགྲིན་པར་སེམས་མ་ཐམས་ཅད་སྲཱིཾ་ཡིག་གི་རྣམ་པར་ཞུགས་པ་ལས་དབྱངས་ཅན་མ་བཅུ་གཉིས་ཀྱི་ལང་ཚོ་ཅན་ཟླ་བ་ཆུ་ཤེལ་གྱི་མདངས། ནུ་མ་འབུར་ཞིང་སྐེད་པ་བྱིན་གྱིས་ཕྲ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཚར་སྡུག་གི་སྙིང་པོར་ཕྱིན་པ། འཇམ་པའི་ཕྱག་གཉིས་རིན་པོ་ཆེའི་རྒྱུད་མངས་བསྒྲེང་བ། ཞོ་འཐུང་བྱིས་པ་དང་མཚུངས་པ་ཅུང་ཟད་ཙོག་པུར་པད་ཟླ་ལ་བཞུགས་པ། སྙིང་གར་ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཧཱུྃ་ཡིག་དཀར་པོའི་རྣམ་པར་ཞུགས་པ་ལས་མི་གཡོ་བ་གངས་ཀྱི་རིའི་དུམ་བུ་འཁྲུགས་པ་ལྟ་བུ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དམར་ལ་ཟླུམ་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། ཞབས་གཡས་ཙོག་བུ། གཡོན་ཉི་མའི་དཀྱིལ་འཁོར་རབ་ཏུ་བཙུགས་པ་ལྷའི་ན་བཟའ་མནབས་པ། ལྟེ་བར་ཁྲོ་མོ་ཐམས་ཅད་སྲཱིཿཡིག་གི་རྣམ་པར་ཞུགས་པ་ལས་ཕག་མོ་ཤེས་རབ་གསལ་བྱེད་མཆེ་བ་ཅུང་ཟད་གཙིགས་པ་སྤྱན་གསུམ་དམར་ཞིང་སྒེག་པ་སོགས་པའི་ཉམས་དང་ནུ་འབུར་རྒྱས་པ། བ་དན་དང་བཅས་པའི་ཕྱག་གཡས་རྡོ་རྗེ་འོག་ཏུ་བསྣུན་ཞིང་། ཁྲག་གིས་གང་བའི་པདྨའི་སྣོད་ཞལ་གྱེན་དུ་ཕྱོགས་པས་འཐུང་ཞིང་ཁ་ཊྶཱཾ་དཀར་པོ་རྩེ་མོ་གཅིག་པ་གཡོན་པའི་ཕྲག་པར་བཀལ་བ། དབུ་སྐྲ་ཕྱེད་བཅིངས་པ་སྣ་ཚོགས་པའི་མེ་ཏོག་གིས་མཛེས་ཤིང་རྡོ་རྗེ་ནག་པོའི་འཕྲེང་བ་གཉིས་ཀྱི་དབུས་སུ་ཐོད་འཕྲེང་དང་ཟུར་ཕུད་གསུམ་བཅིངས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་མགོ་རློན་ལྔ་བཅུའི་དོ་ཤལ་དུ་བྱས་པ། གཅེར་མོ་གཡས་བརྐྱང་གིས་ཉི་མའི་གདན་ལ་གནས་པ། ཉི་མའི་འོད་ལྟ་བུ་རབ་ཏུ་འཕྲོ་བ་སྤྲུལ་པ་སྣ་ཚོགས་པས་ཕྱོགས་བཅུའི་འགྲོ་བའི་དོན་མཛད་པ། ཡབ་ཀྱི་ཙིཏྟ་ཟུར་གསུམ་པའི་རྩ་སྦུབས་དབུས་མར་ཉི་མ་ལ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཤེས་རབ་ཀྱི་རང་གཟུགས་རལ་གྲི་འོད་ཟེར་འབར་ཞིང་འཁྲུགས་པས་སྙིང་གི་ནང་ཉི་མའི་སྙིང་པོ་ལྟར་གསལ་བར་བྱེད་པའི་ཡུ་བའི་ལྟེ་བར་མཱཾ་ཡིག་ཧཱུྃ་གཉིས་སྟེང་འོག་ཏུ་གནས་པ་གུར་ཀུམ་གྱི་ཁ་དོག་ཅན། ཡུམ་གྱི་སྙིང་གར་ཟླ་བ་ལ་ཨོཾ། འཇམ་དབྱངས་ཀྱི་ཐུགས་ཀར་ཟླ་བ་ལ་ཨཱ། དབྱངས་ཅན་མ་ལ་ཟླ་བ་ལ་སྲཱིཾ། གཏུམ་པོ་ལ་ཉི་མར་ཧཱུྃ། ཕག་མོ་ལ་ཉི་མ་ལ་སྲཱིཿ དེ་རྣམས་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཁྱེན་པའི་སྤྱི་གཟུགས་ཀྱི་མགོན་པོ་ཡབ་ཡུམ་བསྒོམས་པ་དང་འདྲ་བར་མདུན་གྱི་ནམ་མཁར་ཕེཾ། སྤྱན་དྲངས། ཨོཾ་ཨརྒྷཾ། པཱ་དྱཾ། པུ་ཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཱ་ཤཔྟ་པྲ་ཏཱིཙྪ་ཧཱུྃ་གིས་མཆོད། ཁྱོད་ནི་རྒན་ཡང་གཞོན་ནུ་མཐའ་དག་རྒྱལ་བའི་སྲས་པོ་ཡིན་ཡང་ཐོག་མར་དང་པོའི་སངས་རྒྱས་མཆོག བུད་མེད་སྦྱོར་ཞིང་ཚངས་པར་སྤྱོད་ལྡན་མཆོག་གི་ཐུགས་རྗེ་དག་གིས་འཇིག་རྟེན་གཉེན་ཏེ་གཤིན་རྗེའི་དགྲ། །ཁྱོད་ནི་ཞི་ཡང་རྡོ་རྗེ་བཟང་པོ་འཆི་བའི་འཇིགས་པ་འཕྲོག་པ་ཁྱོད་ནི་རྟག་ཏུ་བདུད་ཀྱི་བདུད། །ཁྱོད་ནི་གྲོལ་ཡང་སྲིད་པ་འདིར་ནི་འགྲོ་བ་སྨིན་པའི་སླད་དུ་རབ་འཇུག་འཇམ་པའི་དབྱངས་ལ་འདུད། ཅེས་བསྟོད། ཛཿཧཱུྃ་བཾ་ཧོཿརང་དང་གཉིས་སུ་མེད་པར་དགུག་གཞུག་བྱ། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་ལྷ་ཕེཾ། དེ་རྣམས་ཀྱིས་བཀྲ་ཤིས་བརྗོད། གླུ་ལེན་གུར་ཀུམ་གྱི་ཆར་འབེབས་བཞིན་པས་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར། རྒྱུན་གྱིས་ལུས་གང་། དྲི་མ་དག རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམ། མགོན་པོའི་ས་བོན་ལས་སྔགས་འཕྲེང་ཆད་དེ་ཨ་བ་དྷཱུ་ཏཱི་ནས་མི་གཡོ་བའི་ཞལ་དུ་སོང་། སྲོག་བསྐུལ། ལྟེ་བ་ནས་འཐོན། ཕག་དཀར་གྱི་ཞལ་དུ་ཞུགས། སྲོག་བསྐུལ། དེའི་བྷ་ག་ནས་ཡབ་ཀྱི་རྡོ་རྗེའི་ལམ་བརྒྱུད། ཡུམ་གྱི་མཁར་ལྷུང་། དེའི་ཨ་བ་ངྷཱུ་ཏཱི་ནས་ཡབ་ཡུམ་གྱི་ཞལ་བརྒྱུད་དེ་སྤྱི་བོའི་འཇམ་དབྱངས་ཀྱི་ཞལ། དེའི་སྲོག་བསྐུལ་ལྟེ་བ་ནས་འོངས་ཏེ་དབྱངས་ཅན་མའི་ཞལ་ནས་སོང་སྲོག་བསྐུལ། ལྟེ་བ་ནས་འཐོན་ཏེ་མི་གཡོ་བའི་ཞལ་ནས། སྲོག་བསྐུལ་ཏེ་ལྟེ་བ་ནས་འཐོན། མགོན་པོའི་སྲོག་ལ་འདུས་ཏེ་ཚུལ་དེས་འཁོར་བ་དང་། དེ་ལས་སྲོག་རྣམས་ཀྱི་ནུས་པས་བྱིན་གྱིས་བརླབས་པའི་འོད་ཟེར་འཕྲོས་པས། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཤེས་རབ་ཀྱི་གཟུངས་ཅི་ཡོད་པ་འོད་ཀྱི་འཕྲེང་བར་བསྡུས་པ་ལུས་ལ་ཞུགས་པས་ལུས་ཕྱི་ནང་ཐམས་ཅད་མི་ཤེས་པའི་མུན་པ་འཇོམས་པའི་འོད་ཟེར་གྱིས་ཉི་མ་ཁོང་དུ་ཆུད་པ་ལྟ་བུ་བསམས་ཏེ། མཱཾ་ཧཱུྃ་ཨོཾ་ཨ་སྲིཾ་ཧཱུྃ་སྲཱིཿ པྲཛྙྱཱ་སིདྡྷི་མེ་པྲ་ཡ་ཙྪནྟུ། ཞེས་འདོད་གསོལ་དང་བཅས་ཏེ་བཟླའོ། །ཟླ་བ་གཅིག་གིས་ཤེས་རབ་འཕེལ་བར་འགྱུར་ཞིང་། ཟླ་བ་དྲུག་གིས་ཐོས་པ་འཛིན་པར་འགྱུར་རོ།། མཐར་ཡུམ་རང་ལ། རང་ཡས་མས་ནས་ཞུ་བ་སྙིང་གའི་རལ་གྲི་ལ། དེ་ཉིད་མཱཾ་ཡིག་ལ། དེ་ཡང་མི་དམིགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་སུ་མཉམ་པར་བཞག་སྟེ། ལངས་པའི་ཚེ་དགེ་བ་མགོན་པོ་འཇམ་པའི་རྡོ་རྗེ་འགྲུབ་པའི་ཕྱིར་བསྔོའོ། །སྙིང་གའི་ནང་དུ་པདྨ་ལ་བཾ་ལས་ཆོས་ཀྱི་དུང་དཀར་པོ་གཡས་སུ་འཁྱིལ་བ། ཨོཾ་བཛྭ་ཛི་ཧྭ་རཾ། ཞེས་པས་ལྕེ་རྡོ་རྗེའི་རང་བཞིན། དེའི་སྟེང་དུ་རིན་པོ་ཆེ་དང་པདྨ་ལ་སྲཱིཿདམར་པོ་ཡོངས་སུ་གྱུར་པའི་འོད་དཔག་མེད་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་རྡོར་སྐྱིལ་གྱིས་བཞུགས་པ། འོད་དཔག་མེད་ཀྱི་སྐུ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡི་གེ་གསུམ་གྱི་རང་བཞིན་དུ་བྱོན། དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་ཞུགས། དེ་ཞུ་བ་བཾ། དེ་ལས་བདུད་རྩི་བབས། ལྕེ་རྡོ་རྗེའི་རང་བཞིན་དྲི་མ་མེད་པར་བཀྲུས། དེ་ནས་རྒྱུན་སྙིང་གི་ནང་དུ་སོང་། ཆོས་ཀྱི་དུང་བཀྲུས་ཏེ་པདྨའི་སྡོང་བུ་བརླན་པས་ཆེར་གསལ་གསོས་ཤིང་དར་བའི་གེ་སར་ཆོས་ཀྱི་ཕུང་པོ་མ་ལུས་པའི་ཡི་གེ་ཆགས་པ་དུང་གི་སྒྲས་བུས་པས་ཆོས་ཀྱི་རྡུལ་ཡི་གེའི་གཟུགས་ཉིད་ལྕེ་རྡོ་རྗེའི་བུ་ག་ནས་འཐོན། ནམ་མཁའི་ཁམས་ཐམས་ཅད་ཆོས་ཀྱི་རྡུལ་རང་སྒྲས་གང་བར་བསམ་སྟེ་བཟླས་པ་འདིས་ནི་འཆད་རྩོད་རྩོམ་གསུམ་ལ་ངག་གི་དབང་ཕྱུག་འགྲུབ་པར་བྱེད་དོ། །ཉི་ཟླ་གཟས་ཟིན་པའི་ཚེ། སྲན་མ་དཀར་པོ་བཀྲུས་ཏེ་ཁར་བཅུག ལྷའི་རྣལ་འབྱོར་གསལ་བཏབ། ལྕེ་རྡོ་རྗེ་རྩེ་ལྔ་པའི་སྟེང་དུ་བཾ། ལྟེ་བར་ས་མེ་རླུང་གི་རང་བཞིན་གྱི་ཐིག་ལེའི་ནང་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁྱེན་པའི་ནུས་པ་བསྡུས་པ་སྲན་མ་དཀར་པོ། པཾ་ལས་བདུད་རྩིའི་རྒྱུན་ནར་གྱིས་བྱུང་། རྡོ་རྗེའི་བུ་ག་ནས་ཞུགས་ཏེ་ཐིག་ལེ་བརླན་པས་ཐོས་པ་འཛིན་པའི་དངོས་གྲུབ་ཀྱི་མྱུ་གུར་འཐོན་པར་བསམ་ཏེ་སྔགས་བཟླས་སོ། །མྱུ་གུ་འཐོན་པར་འགྱུར་ཞིང་དེ་ར་དཀར་མོའམ་བ་དམར་མོའི་འོ་མས་ཕུལ་ཏེ་མིད་ན་ཐོས་པ་འཛིན་པར་འགྱུར་རོ། །ཤུ་དག་དཀར་པོ་ཞོ་ཕྱེད་ལ་གཟས་ཟིན་པའི་དུས་སུ་མངོན་པར་བསྔགས་ལ། འོ་མའམ་མར་ལ་སྦྱར་ཏེ་ཟླ་བ་གཅིག་ཏུ་ཟོས་ན་རྨོངས་པ་མེད་པའི་ངག་ལྷག་པར་གསལ་བར་འགྱུར་ཏེ། ལྐུག་པ་དང་དིག་པའི་ཉེས་པ་སེལ་ལོ། །རྩབས་མོའི་བཏུང་བ་ལ། རང་ཉིད་བཅོམ་ལྡན་འདས་མར་བལྟས་ཏེ། ཨོཾ་པྲཾ་སྭཱ་ཧཱ། ཞེས་ཐོ་རངས་བྱ་རོག་སྐད་མི་གྲག་པའི་གོང་དུ་བཟླས་ཏེ་ཟླ་བ་དྲུག་འཐུངས་ན་བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པར་འགྱུར་རོ། །གཟས་ཟིན་པའི་ཚེ་ཁབ་ལེན་གྱི་ལྕགས་ལས་བརྡུངས་པའི་རལ་གྲི་ལག་པས་བཟུང་སྟེ་ཟླ་བ་ལ་བལྟས་ནས་ཇི་སྲིད་མ་གྲོལ་བ་དེ་སྲིད་དུ་བཟླས་པ་བྱས་ན། རལ་གྲིའི་རིག་འཛིན་དུ་གྲུབ་སྟེ་ཚེ་འདོད་ལྷ་དང་མཉམ་པར་འགྱུར་རོ། །བསྙེན་པའི་ཁ་སྐོང་དང་ལས་ལ་སྦྱོར་བའི་ཚེ། ཡར་གྱི་སྔ་དྲོ་ལ། གིའུ་ཝཾ་དང་གུར་ཀུམ་གྱིས་གྲུ་བཞིར་བྱས་པའི་སའི་ཆར། པད་འདབ་བརྒྱད་དབུས་སུ་ཚོམ་བུ་བཀོད། འབྲས་བུ་ཅན་གྱི་ཤང་གི་བུད་ཤིང་གི་གྲུ་བཞིར་བརྩིགས། མཆོད་རྫས་སྲེག་རྫས་སྟ་གོན་བྱས། བསངས་སྦྱངས་བྱིན་བརླབ་རང་ལྷག་པའི་ལྷར་གསལ་བའི་ཐུགས་ཀའི་མཱཾ་ལས་རླུང་ཕྱིར་འབྱིན་པ་དང་ལྷན་ཅིག་རཾ་སེར་པོ་ཆད་དེ་ཡོངས་སུ་གྱུར་པ་ལས། ཐབ་ཁུང་སེར་པོའི་དཀྱིལ་འཁོར་གྱི་ནང་དུ་རྒྱས་པའི་རང་བཞིན་གྱི་མེ་འབར་བའི་ཀློང་དུ་པདྨ་སེར་པོའི་གདན། སླར་ཡང་ཐུགས་ཀའི་མཱཾ་གྱི་འོད་ཀྱིས་མགོན་པོ་འཇམ་པའི་རྡོ་རྗེ་ཡབ་ཡུམ་གོ་ཆ་དང་བཅས་པ་བསྐྱེད། ཨོཾ་མཉྫྱུ་བཛྭ་པྲཛྙྱཱ་པཱ་ར་མི་ཏ་ཨཱ་ཀརྵ་ཡ་སྲཱིཾཿསྲཱིཿཛཿཛཿཉི་ཤུ་རྩ་གཅིག་བརྗོད། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་བསྲེས། པདྨ་ཀ་མ་ལ་ཡ་ཧྶཾ་གྱིས་གདན་ཕུལ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་མཆོད་ལྔ་རོལ་མོ་དང་བཅས་པས་མཆོད། བསྟོད། མེ་ཏོག་དཀར་པོའི་རིགས་ཅི་རྙེད་པ་དང་། ཞོ་ཟན། སྲན་མ་དཀར་པོ། མར་ཁུ། དར་ཟབ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། རྩ་བའི་སྔགས་དང་དངོས་གྲུབ་བསྐུལ་བའི་སྔགས་སྤེལ་ཏེ་བཟླས་བཞིན་པས་གཡས་པའི་མཐེ་བོང་དང་སྲིན་ལག་གིས་བླངས་ལ་ཕུལ། ཡབ་ཡུམ་གོ་ཆའི་ལྷ་དང་བཅས་པ་ཚིམ་ཞིང་དགྱེས་ཏེ། མངོན་པར་འདོད་པའི་ཤེས་རབ་ཀྱི་དངོས་གྲུབ་ཐོགས་པ་མེད་པ་རང་ལ་སྦྱིན་པར་བསམ་མོ། །ཞོ་ཟན་སོགས་ཞལ། ན་བཟའ་སྐུའི་ཉེར་སྤྱད་གཞན་མདུན་དུ་དམིགས་ཏེ་ཕུལ། ནོངས་པ་འཆགས། འདོད་དོན་གསོལ། གཤེགས་སུ་གསོལ། ལས་ཀྱི་རྗེས་མི་མངོན་པར་བསྡུ་བའོ། །མགོན་པོ་འཇམ་པའི་རྡོ་རྗེའི་སྒོ་ནས་སློབ་མ་རྗེས་སུ་འཛིན་པར་འདོད་པས། ཁྲུས་བྱས་མཎྜྻལ་ཕུལ་ནས་ཐལ་མོ་སྦྱར་ཏེ། སློབ་དཔོན་མགོན་པོ་འཇམ་པའི་རྡོ་རྗེ་ཡབ་ཡུམ་དུ་གསལ་བ་ལ། མ་རིགས་རབ་རིབ་དྲུངས་ཕྱུང་བའི། །ཐམས་ཅད་མཁྱེན་པར་བདག་འགྱུར་ཕྱིར། །ཤེས་རབ་མཆོག་གི་དབང་བསྐུར་བ། །འཇམ་པའི་རྡོ་རྗེས་བདག་ལ་སྩོལ།། ལན་གསུམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་ཡན་ལག་བདུན་པ་བྱ། སློབ་དཔོན་མགོན་པོ་འཇམ་རྡོར་ཡབ་ཡུམ་དུ་བསྐྱེད། ཐུགས་ཀའི་འོད་ཟེར་གྱིས་སློབ་མ་རྣམས་བསྡུས། ཞལ་ནས་ཞུགས་ཏེ་འོད་དུ་སོང་བ་སྤྱི་བོའི་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ཞལ་ནས་ཞུགས། ཐུགས་ཀར་སྲོག་དང་འདྲེས་པས་ལུས་ཀྱི་དྲི་མ་དག བུམ་དབང་ཐོབ། སྐུ་རྡོ་རྗེ་ཐམས་ཅད་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབས། ལྟེ་བ་ནས་ཕྱིར་འཐོན། དབྱངས་ཅན་མའི་ཞལ་ནས་ཞུགས། དེའི་སྙིང་གའི་སྲོག་དང་འདྲེས་པས་ངག་གི་དྲི་མ་དག གསང་དབང་ཐོབ། གསུང་རྡོ་རྗེ་ཐམས་ཅད་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབས། ལྟེ་བ་ནས་ཕྱིར་འཐོན། མི་གཡོ་བའི་ཞལ་ནས་ཞུགས། སྙིང་གའི་སྲོག་དང་འདྲེས་པས་ཡིད་ཀྱི་དྲི་མ་དག དབང་གསུམ་པ་ཐོབ། ཐུགས་རྡོ་རྗེ་ཐམས་ཅད་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབས། ལྟེ་བ་ནས་ཕྱིར་འཐོན། ཕག་མོའི་ཞལ་དུ་ཞུགས། སྙིང་གའི་སྲོག་དང་འདྲེས། བཞི་པའི་གནས་སྐབས་ཀྱི་དྲི་མ་དག དབང་བཞི་པ་ཐོབ། ཡེ་ཤེས་རྡོ་རྗེ་ཐམས་ཅད་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབས། དེའི་བྷ་ག་ནས་ཕྱིར་འཐོན། བྱང་ཆུབ་ཀྱི་སེམས་སུ་གྱུར་པ་ཡབ་ཀྱི་ཨ་བ་དྷཱུ་ཏཱི་ནས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བྷ་གར་ལྷུང་བ། དཔལ་ཡེ་ཤེས་ཀྱི་མགོན་པོ་འཇམ་པའི་རྡོ་རྗེ་ཡབ་ཡུམ་གོ་ཆའི་ལྷ་དང་བཅས་པ་བསྐྱེད། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཀུག ཛཿཧཱུྃ་བཾ་ཧོཿབསྟིམ། ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བདུད་རྩི་ལྔའི་རྒྱུན་བབས་པས་སྤྱི་བོ་ནས་དབང་བསྐུར། དྲི་མ་དག ལྷག་མ་སྤྱི་བོར་འཁྱིལ་བས་རྡོ་རྗེ་སེམས་དཔས་དབུ་བརྒྱན། ཕྱིར་འཐོན་ཏེ་གདན་ལ་འཁོད་པ་ལ། སློབ་དཔོན་གྱི་སྙིང་གའི་རལ་གྲིའི་ས་བོན་ལས་སྔགས་འཕྲེང་ཆད་དེ་ཕག་མོའི་ཞལ་ནས་ལྟེ་བའི་བར་འཁོར། ཡབ་ཡུམ་གྱི་སྦྱོར་མཚམས་ནས་སློབ་མའི་ལྟེ་བར་འོངས། གནས་བཞི་ལྷའི་ལྟེ་བ་ནས་ཞུགས། ཞལ་དུ་འཐོན། སློབ་དཔོན་གྱི་ཞལ་ནས་འཇམ་དབྱངས་དབྱངས་ཅན་མ་མི་གཡོ་བའི་ཞལ་བརྒྱུད་དེ། སླར་མགལ་མེ་འཁོར་བ་ལྟར་བསམས་ནས། མཱཾ་ཧཱུྃ་ཨོཾ་ཨ་སྲཱིཾ་ཧཱུྃ་སྲཱིཿཔྲཛྙྱཱ་སིདྡྷི་མེ་པྲ་ཡཙྪནྟུ། ཞེས་བརྒྱ་རྩ་བརྒྱད་བཟླས། སྔགས་དབང་ཐོབ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི།། སོགས་དང་། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི།། ཅེས་སོགས་བརྗོད། མཎྜྻལ་ཕུལ་གཏང་རག་གི་ཡོན་འབུལ་ལོ། །སློབ་དཔོན་ཆེན་པོ་ཨཱརྻ་དེ་ཝའི་ཞལ་སྔ་ནས་ཀྱི་གྲུབ་པའི་མགོན་པོ་འཇམ་པའི་རྡོ་རྗེར་བསྙེན་པའི་ཆོ་ག་འདི། པདྨ་དཀར་པོས་རྒྱལ་བྱེད་ཚལ་དུ་སྦྱར་བའོ། །མདྒལཾ།། །།
གསང་སྒྲུབ་ཀྱི་དབང་ཆོག་བྱིན་རླབས་མྱུར་འཇུག
གསང་སྒྲུབ་ཀྱི་དབང་ཆོག་བྱིན་རླབས་མྱུར་འཇུག་བཞུགས་སོ། །སྙིང་རྗེ་ཉིད་ཀྱིས་དྲག་ཤུལ་ཆེར་འཇིགས་པས། །སྡིག་ཅན་སྲོག་འཐོར་གཟུགས་ཀྱི་ཕུང་པོའི་སྡེ། །ཞལ་གྱི་དགའ་སྟོན་ཉིད་དུ་དགྱེས་མཛད་པ། །མགོན་པོའི་མགོན་པོ་དེ་ལ་ཕྱག་འཚལ་ལོ། །དགེ་བའི་བློ་ལ་མངོན་གྱུར་པ། །འོག་མིན་གཏམ་གྱི་གེ་སར་འཕྲེང་། །པད་དཀར་ཁོང་གནས་བསྟན་རན་ཞེས། །བསྐུལ་བའི་ཉི་མ་དེང་འདིར་བྱོན། །འདིར་སློབ་དཔོན་ཙ་མིས་མཛད་པའི་གསང་སྒྲུབ་ཀྱི་དབང་ཆོག ཕྱིས་ཆོས་སྐྱོང་ཉིད་ཀྱིས་དཔལ་རྒྭ་ལོ་ལ་དངོས་སུ་གདམས་པས་ཁ་བསྐང་སྟེ་བཤད་པར་བྱའོ། །དེ་ལ་མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་གི་དབྱིབས་བྲིས། ནང་དུ་ཝཾ་ཡིག་མཉྫྱིའི་ཁའི་ཐོད་པ་ཆང་གིས་བཀང་བ། དེའི་སྟེང་དུ་བུམ་པ་བཟང་པོ་བཤམས། མདུན་གྱི་གྲུར་སྒྲུབ་གཏོར། གཡས་སུ་ལས་བྱེད་དྲག་གཏོར། གཡོན་དུ་མཆོད་གཏོར། མཐའ་མཆོད་པས་བསྐོར། ཚོགས་ཀྱི་མཆོད་པས་ཀྱང་བདར་ཏེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད། ཚོགས་ཞིང་། ཚད་མེད། སྟོང་ཉིད་ཀྱི་ངང་ལས་བདག་ཉིད་གསང་སྒྲུབ་བཞིན་གྱི་གཙོ་འཁོར་དུ་བསྐྱེད། བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་། ནང་དུ་བདག་བསྐྱེད་བཞིན་གྱི་གཙོ་འཁོར། ཀ་པཱ་ལར་ཨཱ་ལི་ཀཱ་ལི་སྔགས་ཡི་གེ་གསུམ་གྱིས་ཐོག་མཐའ་བརྒྱན་པ། སིནྡྷུ་ར་ཡུམ་ཙཎྜྻི་ཀའི་མཁའ། བདེ་ཆེན་ཡེ་ཤེས་ཝཾ་གྱི་རྣམ་པར་ཞུགས་པ། སྒྲུབ་གཏོར་གཙོ་བོ་ཡབ་ཡུམ། དྲག་གཏོར་ལས་མགོན་དུ་བསྐྱེད། སྤྱན་དྲངས་བསྟིམ། དབང་བསྐུར། རྒྱས་བཏབ། མཆོད་བསྟོད་ཀྱིས་མཉེས་པར་བྱས། མདུན་བསྐྱེད་བསྐུལ་བའི་སྔགས་ཚན་གསུམ་བཟླས། དེ་ནས་སློབ་མ་མདུན་དུ་བོས། ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར་བྱས། དུས་བཞི་གནད་བཞི་ཁ་དོག་བཞི། །ཞི་རྒྱས་དབང་དང་མངོན་སྤྱོད་ལས། །གནས་སྐབས་དང་ནི་མཐར་ཐུག་དབང་། །བདག་ལ་ལེགས་པར་སྩལ་དུ་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་དཔལ་ཡེ་ཤེས་ཀྱི་མགོན་པོར་གསལ་བཏབ་པའི་སྤྱན་སྔར། སངས་རྒྱས་ཆོས་དང་དགེ་འདུན་ལ། །སོགས་ཀྱི་སྐྱབས་འགྲོ། ཇི་ལྟར་དུས་གསུམ་སོགས་ཀྱིས་སེམས་བསྐྱེད་སྦྱིན། སློབ་མ་ཡེ་ཤེས་ཀྱི་མགོན་པོར་བསྐྱེད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བསིལ་པའི་ཚལ་ལ་སོགས་པ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་གནམ་ནས་ཁ་བ་བབས་པ་ལྟ་བུ། ས་ནས་ས་རླངས་བྱུང་བ་ལྟ་བུ། བར་ནས་བུ་ཡུག་འཚུབས་པ་ལྟ་བུར་བྱོན་པ་སློབ་མ་ལ་ཐིམ་པར་བསམས་ཏེ། རོལ་མོ་དྲག་ཏུ་བརྡུང་། གུ་གུལ་འཐུལ། བཅུ་བདུན་པའི་མཐར་ཛྙྱཱ་ན་ཨ་བེ་ཤ་ཡ་ཨཿཨཿ ཞེས་པས་དངོས་སུ་སྐུ་ཕེབས་ན་གར། གསུང་བརྡ་སྐད། ཐུགས་ཏིང་ངེ་འཛིན་ནམ་སྣང་བ་ཐམས་ཅད་ཟི་ལོང་ཨ་མཐས་ཀྱི་སྣང་བ་ཞིག་པ་འབྱུང་། དེ་ལ་དཀྱིལ་འཁོར་དུ་གསང་བས་འཇུག་པའམ། བྱིན་དབབ་པའོ། །དེ་ནས་བུམ་པ་ལག་ཏུ་ཐོགས་ཏེ། བུམ་པའི་ལྷ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་སྤྱན་དྲངས། དེ་ཉིད་ལ་ཐིམ། སྐད་ཅིག་གིས་བདེ་མཆོག་རིགས་ལྔ་མདུན་གྱི་ནམ་མཁར་བྱོན་ནས་ཡེ་ཤེས་ཀྱི་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་གྱིས་བྱས། བུམ་པའི་དབང་བསྐུར་དམ་པ་འདིས། །ལུས་ཀྱི་སྒྲིབ་པ་སྦྱངས་ནས་སུ། །ལྷ་ཡི་དེ་ཉིད་མངོན་གྱུར་པའི། །སྐུ་ཡི་རྡོ་རྗེ་འགྲུབ་གྱུར་ཅིག །བཅུ་བདུན་པའི་མཐར་ཀ་ལ་ཤ་ཨ་བྷི་ཥིཉྩྨ་ཧཱུྃ་བརྗོད། ལྷ་ཚོགས་ཞུ་བའི་བུམ་པའི་ཆུས་ཕྱི་ནང་བཀྲུས། སད་པའི་སྒྲིབ་པ་སྦྱངས། དྭངས་མ་འཇའ་ཚོན་ལྟ་བུར་གྱུར་པའི་ནང་དུ་རྩ་གསུམ་འཁོར་ལོ་ལྔ་གསལ་བ། ཆུ་རྒྱུན་སྤྱི་བོའི་འཁོར་ལོའི་དབུས་སུ་སྐུའི་མགོན་པོ་ཟླ་བ་ཆུ་ཤེལ་ལྟ་བུར་དཀར་ཞིང་ཞི་བའི་ལས་རབ་འབྱམས་དང་ཚེའི་མཆོག་སྩོལ་བའི་མཐུ་སྟོབས་ཀྱི་གཏེར་དུ་གྱུར་པ་བཞུགས་པར་བསྒོམ། དེ་ནས་ཀ་པཱ་ལ་ལག་ཏུ་ཐོགས། ཨཱ་ལི་ཀཱ་ལི་ལས་འོད་འཕྲོས། གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་བསྡུས། དེ་ཉིད་ལ་ཐིམ་དབང་ལྷའི་བདེ་མཆོག་རིགས་ལྔ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་དཀར་དམར་འདྲེས་པ་བབས་པ་དེས་དབང་བསྐུར་བར་བསམ། ངག་ཏུ། བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས། །ངག་གི་སྒྲིབ་པ་སྦྱངས་ནས་སུ། །སྔགས་ཀྱི་དེ་ཉིད་མངོན་གྱུར་པའི། །གསུང་གི་རྡོ་རྗེ་ཐོབ་གྱུར་ཅིག །སྔགས་མཐར་བོ་དྷི་ཙིཏྟ་སྦྱར་བ་འཛབ་ཏུ་འདྲེན། ཨཱ་ལི་ཀཱ་ལི་ཞུ་བའི་བྱང་སེམས་དཀར་དམར་ལྕེ་བརྒྱུད་མགྲིན་པའི་འཁོར་ལོ་གང་། རྨི་ལམ་གྱི་སྒྲིབ་པ་སྦྱངས། རླུང་འབྱུང་འཇུག་ཐམས་ཅད་སྔགས་ཀྱི་བཟླས་བརྗོད་དུ་གྱུར། དབང་རྟགས་མགྲིན་པར་གསུང་གི་མགོན་པོ་ལི་ཁྲི་ཞུན་མ་བྱུགས་པ་ལྟ་བུ། དབང་གི་ལས་རབ་འབྱམས་དང་། ཚིག་གི་མཆོག་སྩོལ་བའི་མཐུ་སྟོབས་ཀྱི་གཏེར་དུ་གྱུར་པ་བཞུགས་པར་བསྒོམ། དེ་ནས་སིནྡྷུ་རའི་དཀྱིལ་འཁོར་ཁྱེར་ཏེ། མཁའ་དབྱིངས་ཡུམ་གྱི་དབང་བསྐུར་བས། །ཡིད་ཀྱི་སྒྲིབ་པ་སྦྱངས་ནས་སུ། །ཕྱག་རྒྱའི་དེ་ཉིད་མངོན་གྱུར་པའི། །ཐུགས་ཀྱི་རྡོ་རྗེ་ཐོབ་གྱུར་ཅིག །སྔགས་མཐར་པྲ་ཛྙྱཱ་ཛྙྱཱ་ན་སྦྱར། འཁོར་ལོ་ལུས་ལ་ཞུགས། སྣང་བ་ཡུམ་གྱི་མཁར་རང་རིག་བདེ་བའི་ཝཾ་གྱིས་སྙོམས་པར་ཞུགས་པས། གཉིད་སྟུག་གི་ཟུང་འཇུག་གི་ཏིང་ངེ་འཛིན་ཐམས་ཅད་མངོན་དུ་གྱུར། དབང་རྟགས་སྙིང་གའི་འཁོར་ལོའི་དབུས་སུ་ཐུགས་ཀྱི་མགོན་པོ་མཐིང་ཤུན་དྲི་མ་མེད་པ་ལྟ་བུ་མཆོག་གི་དངོས་གྲུབ་པའི་མཐུ་སྟོབས་ཀྱི་གཏེར་དུ་གྱུར་པ་བཞུགས་པར་བསྒོམ། དེ་ནས་གཏོར་མ་ཐོགས་ཏེ། བ་ལིཾ་གཏོར་མའི་དབང་བསྐུར་བས། །རྣམ་ཤེས་ཁམས་རྣམས་སྦྱངས་བྱས་ནས། །ཡེ་ཤེས་ལྔ་པོ་མངོན་གྱུར་པས། །ཐམས་ཅད་སངས་རྒྱས་ཉིད་གྱུར་ཅིག །སྔགས་མཐར་མ་ཧཱ་མུ་དྲ་ཨ་སྦྱར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ། གཉིས་སུ་མེད་པར་ཐིམ་པས་སྙོམས་འཇུག་གི་དྲི་མ་སྦྱངས། ཡེ་ཤེས་ལྔ་མངོན་དུ་གྱུར་པས། དབང་རྟགས་ལྟེ་བ་སྤྲུལ་པའི་འཁོར་ལོར་རིན་ཆེན་མགོན་པོ་རྒྱས་པའི་བྱིན་ཆགས་པ། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་སྩོལ་བའི་མཐུ་སྟོབས་ཀྱི་གཏེར་དུ་གྱུར་པ་བཞུགས་པར་བསྒོམ། དེ་ནས་དྲག་གཏོར་ལག་ཏུ་ཐོགས་ཏེ། ཆོས་སྐྱོང་ཀུན་གྱི་དྲག་པོའི་དབང་། །སྐལ་ལྡན་ཁྱོད་ལ་བསྐུར་བ་འདིས། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །འཕྲིན་ལས་ཐམས་ཅད་འགྲུབ་གྱུར་ཅིག །སྔགས་མཐར་ཀརྨ་ཨ་སྦྱར། དབང་རྟགས་གསང་གནས་སུ་འཕྲིན་ལས་ཀྱི་མགོན་པོ་མརྒད་ཀྱི་མདངས་ཅན། བྱ་རོག་གདོང་ལ་སོགས་པ་ཡེ་ཤེས་ཀྱི་མགོན་པོ་དང་ལས་ཀྱི་མགོན་པོ་སྡེ་བརྒྱད་ཐམས་ཅད་ཀྱིས་ཅི་བསྒོ་བའི་བཀའ་ཉན་དམ་ལ་གནས་ཏེ་གདུག་པ་ཅན་ཐམས་ཅད་བསྒྲལ། ཤ་ཁྲག་ཚོགས་ཀྱི་ཡོ་བྱད་དུ་བྱས་པར་བསམས་ལ། ལྷ་མི་བསྒོམ་པ་ལུས་ཀྱི་དམ་ཚིག །སྔགས་མི་བགྲང་བ་ངག་གི ཏིང་ངེ་འཛིན་མི་བསྒོམ་པ་ཡིད་ཀྱི། གཏོར་མ་མི་བཏང་བ་རྫས་ཀྱི། འཕྲིན་ལས་མི་བསྐུལ་བ་རྣལ་འབྱོར་གྱི་དམ་ཚིག་སྟེ། ཡེ་ནས་ལུས་ལྷ། ངག་སྔགས། ཡིད་ཏིང་ངེ་འཛིན། སྣང་སྲིད་གཏོར་རྫས། གང་ལ་གང་གིས་འདུལ་བ་དེ་དེར་འཆར་བའི་ཕྱིར་རོ། །ཚོགས་ལ་རོལ། ལྷག་མ་བཏང་། སློབ་དཔོན་ཡོན་གྱིས་མཉེས་པར་བྱའོ། །ཞེས་གསང་སྒྲུབ་དང་འབྲེལ་བའི་དབང་ཆོག་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི། དཔལ་འབྲུག་པ་ཞེས་ཡོངས་སུ་གྲགས་པའི་དབོན་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མས་བསྐུལ་བ་ལྟར། དགེ་སློང་གསང་བ་སྦྱིན་ནམ། པདྨ་དཀར་པོས་འོལ་དགའ་སྟག་རྩེའི་སྒར་དུ་བྲིས་པའོ།། །།སརྦ་མངྒ་ལཾ།།
ལས་ཀྱི་གཤིན་རྗེའི་སྦྱོར་བའི་དུག་ནག་པོ་ཧ་ལ་ཧ་ལ།
ལས་ཀྱི་གཤིན་རྗེའི་སྦྱོར་བའི་དུག་ནག་པོ་ཧ་ལ་ཧ་ལ་ཞེས་བྱ་བ་བཞུགས་སོ། །མཐུ་སྟོབས་མཆོག་གི་ཡ་ལད་ཇི་སྙེད་པ། རྒྱལ་བ་ཀུན་ལས་རྙེད་དེ་ལྔ་བརྒྱ་པར། །བདུད་དགྲར་འོངས་ཏེ་བདུད་འདུལ་ལས་ཀུན་ལ། །དཔའ་ཞིང་རཏལ་ཕོད་བསྒྲུབ་དེར་ཕྱག་བགྱིའོ། །ཨེ་མ་སྡིག་པར་རྔམས་རྣམས་ལ། །མི་འདོད་པ་ཡི་གནོད་པའི་སྡེ། །གཅིག་ཏུ་སྤུངས་འདྲ་ཅིག་ཅར་གྱི། །གཤིན་རྗེ་དམར་པོའི་གནམ་ལྕགས་འབབ། །ཁྲོ་བོར་བསྙེན་དང་གདོང་བརྙན་དུ། །བསྒྲུབ་ཅིང་གིང་དུ་རྦད་པ་ཤིས། །དུར་ཁྲོད་གནས་སམ་ལྷོར་བལྟའི་བྲག །ཟངས་རི་འདྲ་བའི་འགྲམ་དུ་སྟེ། །ལྷོ་ཕྱོགས་དུར་ཁྲོད་གཡུལ་བསྐྲད་དང་། །ལྷ་སྲིན་དྲག་གནས་ས་དག་གིས། །བསད་པའི་འབྲུབ་དོང་གྲུ་གསུམ་བརྩིགས། །དུར་ཁྲོད་རོ་སོལ་ཞལ་བར་བྱ། །རང་བྱུང་ཞལ་ཕྱ་རབ་གནས་པ། །མི་ཡི་རྒྱུ་མས་བསྒྲིལ་ཏེ་བཞག །གཏོར་ལིང་རྒྱུན་དུ་ཟས་སུ་སྦྱིན། །སྟེང་དུ་མེ་རླུང་འཁྲུག་པའི་ནང་། །ཐོད་པ་ཁྲག་མཚོས་བསྐོར་བའི་དབུས། །ཟངས་མཁར་གྲུ་གསུམ་སྒོ་གཅིག་པ། །གཞི་ལྗང་འཁོར་ལོ་མཐིང་ནག་ནི། །རྩིབས་བཞི་ཐོད་པའི་མུ་ཁྱུད་བྲི། །རྒྱལ་རིགས་ཐོད་ཚལ་སྔགས་རིགས་ཀྱི། །དུམ་བཞིར་གཙོ་བོ་ཡབ་ཡུམ་སྐུ། །བ་ཅོན་ལྔ་ལ་བཏགས་ཏེ་གཟུགས། །ར་གླང་མི་རྟ་ཁྲག་སྦྲུས་པའི། །ཟླ་གམ་གསུམ་སྟེང་ཟུར་གསུམ་བཤོས། །རྩེ་མོ་རུ་མཚོན་འཕྱར་པ་ལྔ། །ཁྱི་སྤྱང་སྤྲེལ་ཐོད་གང་རུང་ནང་། །མིང་གཟུགས་བླ་རྡོ་བླ་ཤིང་ལ། །ཏྲི་ཛ་དུ་མེ་བྲིས་པ་ལ། དམ་སྲི་རུ་ཏྲི་ཏྲིག་ནན་བསྐོར། །བདེན་བདར་ནས་ནི་བཏབ་པའི་བར། །ཏཱི་རཱ་ཛ་དུ་མེ། །རྒྱལ་འགོང་དམ་སྲི་མཱ་ར་ཡ་རྦད། རཱ་ཛ་ཏྲིག་ནན་རཱ་ཛ་ཧུར་ཐུཾ། པ་ཙ་འདྲི་མ་ཐི། བ་ར་རཱ་ཛ་ཙ་སྦུར་སྲོག་ནན། སྙིང་གཟེར་དྲེད་ཤག་ཡཾ་རྦད། འདོན་ཅིང་དེ་ལ་ཐུན་གྱིས་བྲབ། །ཙ་ཏྲི་དུ་མེ་སྲོག་ལ་བྲེང་བྲེང་། །ཙ་ལ་དུན་དུན་སྦུར་ནན། །ཁཾ་ཤག་རྦད། ཙིཏྟ་རོ་མྱགས་རྦད། སྲོག་ལ་ཐུན་རྦད་བྷྱོ། དུག་ཕྱུང་ཁྲམ་ཤིག་རྦད། ཙ་ཏྲི་མམ་དབུགས་ལ་ཐང་གཟིར་རྦད། །ཁྲི་ཐོན་པའམ་རྟགས་མཐོང་ནས། །སྤྱང་དུག་སྦྱད་ཚེར་གུ་གུལ་བདུག །རྒྱ་གྲམ་ལ་མཾ་ཐེམ་འོག་མནན། བདག་ཉིད་ལྷར་བལྟས་རྟེན་སྦྱངས་ནས། ཧཱུཾ་བསྒོམ་སྔགས་ཀྱི་སྒྲ་བསྒྲགས་༼༢ན༣༽པས། །ལྷོ་ཕྱོགས་གཤིན་རྗེའི་རྒྱལ་པོ་བསྐྱེད། །ཙཱ་མུཎྜྻི་ནི་གྲིབ་མ་བཞིན། །གཙོ་བོའི་གནས་བཞི་ལས་སྤྲོས་པའི། །ཛ་ལས་རྩིབས་བཞིར་བློན་པོ་སྟེ། །པྲ་མ་ར་ཙ་ཟོམ་ཞ་མ། །ཡ་མ་ར་ཙ་ག་ཡང་གཞི་མ། །ད་ཤ་གྲི་བ་དན་ཤ་མ། །ཡཀྵ་ཀཱ་ལ་ཕོར་ཐོགས་མ། །བསམ་གྱིས་མི་ཁྱབ་གིང་གིས་བསྐོར། །གསལ་བར་བསྐྱེད་པ་དེ་དག་ལ། །འབྱུང་བ་རྟེན་བཞིའི་རྔམ་འོག་དང་། །ལྷོ་ཕྱོགས་དུར་ཁྲོད་ཙ་རི་ཏྲ། །མཱ་ལ་ཡ་སོགས་གནས་རྣམས་ནས། །ལས་ཀྱི་གཤིན་རྗེ་འཁོར་བཅས་འབོད། །བཞུགས་གསོལ་བསྟིམ་ནས་ཕྱག་བྱས་ཏེ། །དམ་བསྒྲག་བྱིན་བསྐྱེད་མཆོད་ཅིང་བསྟོད། །འོད་ཀྱི་སྦྲོ་བསྡུ་ལ་དམིགས་ཏེ། །གསང་སྔགས་འདི་ནི་མ་ཡེངས་བཟླས། །ཨོཾ་ཤྲཱི་མནྫུཔྱ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཏི་ཛ་ཛཿདེ་ནས་འཁོར་གྱི་སྔགས་འདི་གདགས། །པྲ་མ་ར་ཙ་ཛ་ཛ། ཡ་མ་ར་ཙ་ཛ་ཛ། ད་ཤ་གྲྀ་བ་ཛ་ཛ། ཡཀྵ་ཀཱ་ལ་ཛ་ཛ། ཨོཾ་སུ་ཏྲི་བ་ཡ། པ་ར་ཙི་ཏ། ཡོ་ཏྲི་ཤྭ་ར། །ཡ་མ་ཙིཏྟ་ཧཱུཾ་ཕཊ་སྭཱཧཱ། དེ་ནས་ལས་སྔགས་འདི་ལའོ། །ཨོཾ་ཨཱཿཡ་མ་ར་ཛཱ་ས་དོ་མེ་ཡ། །ཡ་མེ་དོ་རུ་ང་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ། ཡཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཧཱུཾ་ཕཊ། དངོས་ཉམས་རྨི་ལམ་དག་ཏུ་ནི། གཤིན་རྗེའི་རྒྱལ་པོ་མདུན་དུ་འོངས། །མི་ཁྲག་ཆང་གི་ཡོན་ཆབ་ཕུལ། །ཤ་ཆེན་གཏོར་མ་ཆེན་པོ་བྱིན། །བེ་ཅོན་ཕྱག་རྒྱ་བསྟན་ནས་ཀྱང་། །བདག་གི་ལས་འདི་སྒྲུབས་ཤིག་བསྒོ། །ཕྱིན་ཆད་གཏོར་མ་བྱིན་ཙམ་གྱིས། །དེ་ཡིས་བྱེད་འགྱུར་གདོན་མི་ཟ། །དངོས་གྲུབ་བླངས་ལ་ཚོགས་མཆོད་དང་། །བསྐང་བ་དག་གིས་མཉེས་པར་བྱ། །མཐར་ནི་རྟེན་ལ་བཞུགས་སུ་གསོལ། །མི་སྦྲུལ་བྱ་ཁྲ་ཕག་རོག་གི། །སྙིང་དང་ཁྲག་སྦྲུས་གཏོར་མ་སྟེ། །མི་ཁྲག་ཨ་རྒྷཾ་གསུམ་ཡར་འབུལ། །གསུར་ཆེན་དུད་པ་རྒྱུན་མི་བཅད། །ངན་སྔགས་བཟླས་པའི་ཐུན་རྫས་བཤམས། །འབྱུང་བ་གཤེད་འབེབས་འཁོར་ལོ་ནི། །རང་བྱུང་ཞལ་གྱི་སྟེང་འོག་བར། །རྒྱུ་རྐྱེན་དྲུག་གི་དམིགས་རྟེན་ལ། །གཤེད་འབེབས་འཁོར་ལོ་གནས་བཞིར་བསྐོར། །བྱད་མ་དེ་ཡི་གནས་བཞི་རུ། །ཉོན་མོངས་རྫས་སུ་གྲུབ་པ་ལས། །ལས་ཀྱི་གཤིན་རྗེ་བཞི་རུ་བཞེངས། །༼༢ བ ༤༽བསྐྱེད་ནས་མཆོད་ཅིང་བསྟོད་བྱས་ལ། །བསྐུལ་བས་ཀླད་པ་རོ་མྱགས་བཞུ། །གསང་ལམ་དབང་པོ་ཚལ་པར་བྱས། །སྲོག་ལ་མེ་སྦར་སྨྱོ་ཞིང་བརྒྱལ། །ལྟེ་བའི་སྲིད་པའི་རྟེན་བཅས་བསམ། །རང་གནད་སྔགས་ཀྱི་གཉའ་མནན་ཏེ། །གསལ་བར་བྱས་ན་ངན་སྔགས་བཟླས། །རང་གནད་སྔགས་ནི་འདི་ཡིན་ཏེ། །ཙི་ཏ་སྦུར་ནན། །ཧྶ་བྷ་ཡ་ནན། མྱགས་ཐིབས་རོ་མྱགས་ནན། །ཨུ་ནན། ཨེ་ནན། རི་རི་གཟིར། ཏྲིག་ནན། བིག་ནན། དུན་དུན་ཙི་ཏ་དུན་སྙིང་ཁྲག་རྦད། །ཤག་ཏི་ཁས། སྙིང་ལ་ཐིབས་འདྲེད། །ཨུ་ཨུ། རི་རི། ཧ་ར་ཧ་ར་ཛ་ཡ། ཧུར་ཐུམས་ཛ། ས་མ་ཡ་སྲི་ཏི་གར་བ་ཁུག་དྲོངས། དུན་ཛཱ་སྲི། ཐུམས་རིལ་སྙིང་ལ་རྦད། རོ་མྱོགས་ཨུ་ཤ་ག་རྦད། ཤ་ཙི་ཁྲག་རྦད། ཁཾ་ཤག་རྦད། མ་དུ་ཧ་ལ་ཛ་ལ་རཾ་རྦད། ཐུམས་མྱགས་ཏྲིག་ཤག་མཱ་ར་ཡ་རྦད་ཨེ་ཨ་ཡ་མ་དུ་རུ་ཙ་ཤ་ན་མ། ཀླད་ཙ་ཀུན་བཅད་མྱོས། མྱོགས་མུན་ཁས་ཐིབས། ཧུབ་ལིང་དུན་རུ་དྲ་ཁྲག །ཀླད་ཁྲག་མྱོགས་མཱ་ར་ཡ་རྦད། ཤག་ཏྲི་ཨོཾ་དེ་བྷི་སྲིཾ་ཧེ་དུན་ཁྲག །མ་བྲིན་ཁྲག་མྱོགས་མཱ་ར་ཡ་རྦད། ཙཎྜྻ་ཏ་ཁྲག་ཧ་ཧ་ཡ་དུ་ཧུ་སྟི་ཁྲག །སྙིང་ཁྲག་མྱོགས་མཱ་ར་ཡ་རྦད། ར་ག་ཧུ་ས་ཏི་མོན་ཏཱ་ཁྲག །ལྟ་ཁྲག་མྱོགས་མཱ་ར་ཡ་རྦད། དེ་ཡི་ངན་སྔགས་འདི་ཡིན་ཏེ། ཨུ་ནེ་ཨུ་ནེ་ཨུ་ནེ། ཨོཾ་ཀད་ན་མ་ཡ། ཛ་ར་མ་ར་ཡ། ཙི་ཏ་ཀ་ཡེ། ཏ་པ་ལ་ཙནྡྲ་བཛྭ་མཱ་ར་ཡ་ཕྱེ། ཛ་ཏི་མ་མ་ཛ་ལ་ཕཊ། སརྦ་པ་པ་ཛ་མ་ཏི་ཧཱུཾ་ཧཱུཾ། ཧ་མ་ཧེ་གཾ། ཙ་གྲན་ཏྲ་ཙ་ལ་ཕཊ། ཀྲི་ལ་ཤ་ཀ་ར་རྦད། ཀྲི་ཙ་ཡ་ཀྵ་རྦད་སུ་ཛ་ཧཱུཾ་ཕཊ། རྣི་མཱ་ར། མ་ར་ཛ་ཛ་ཚལ་པ་ཚལ་པུ་རྦད་སུ་ནན་ཤོ་མ་ཤཀྟི་ཤག་ཤག་ཕཊ་ཛ་ཛ། མྱོགས་མུན་ཁས་ཐིམ། ཧུབ་ལིང་དུན་དུ་ཏྲ་ཁྲག །ཀླད་ཁྲག་མྱོགས་མཱ་ར་ཡ་རྦད། ཤག་ཏྲི་ཨོཾ་དེ་བྷི་སྲིཾ་ཧེ་དུན་ཁྲག །མགྲིན་ཁྲག་མྱོགས་མཱ་ར་ཡ་རྦད། ཙཎྜྻ་ར་ཁྲག་ཧ་ཧ་ཡ་དུ་ཧུ་སྟི་ཁྲག །སྙིང་ཁྲག་མཱ་ར་ཡ་མྱོགས་རྦད་ཡ། ར་ག་ཧུ་སྟི་མོན་ཏ་ཧ་བ་ཁྲག །ལྟེ་ཁྲག་མྱོགས་མཱ་ར་ཡ་རྦད་ཡ། བརྒྱ་བརྒྱའི་མཚམས་སུ་ཐུན་གྱིས་བྲབ། དེ་ནས་ཉ་འུའི་ལྟག་པ་ན། འཆི་བདག་གདོང་བརྙན་ཅན་བཞེངས་པར། མཆོད་བསྟོད་བསྐུལ་བས་གཤེད་དུ་བབས། ༼༣ན༥༽རང་སྲོག་རང་གིས་གཅོད་བཅུ་བ་ནས། བླ་ཚེ་སྲོག་དབུགས་ཟོས་པར་བསམ། བབས་རོ་ལངས་རཱཀྵ་སྙིང་ལ་བབས། ཡ་མ་ར་ཙའི་སྙིང་རྩ་རོམ་བཾ་རིལ་རྦད། ཡ་མ་ར་ཙ་སྙིང་ལ་ཁུག་ཐུམ་རིལ་རྦད། ཡ་མ་ར་ཙ་ཁྲག་ལ་ཐིབས་རྦད། ཡ་མ་ར་ཙ་མུགས་ཐིབས་དྲད། ཡ་མ་ར་ཙ་སུབས་རིལ་རྦད། ཡ་མ་ར་ཙ་གླིང་དུ་ཡ་རྦད་རྦད། སྔར་བཞིན་བརྒྱ་བརྒྱར་ཐུན་བྲབ་བོ། །ཞག་ནི་ཉི་ཤུ་གཅིག་ཏུ་བྱ། དུག་གི་ཆུ་ལ་ལིངྒ་སྦངས། །རྩད་གི་ཕུར་པས་གནས་བདུན་གདབ། །ལིངྒ་ཐོད་བཅས་ཀླུ་ལ་གཏད། །སྟཾ་བ་ཡ་ནན། ཨུ་ནནྟ་ཨུ། ཨནྟ་ཨ། རི་རབ་འོག་ཏུ་ཚུད་བཞིན་འགྲོ། ཐུན་དང་གཏོར་མ་དགྲ་ལ་བརྡེག །དམ་ཚིག་ཉམས་ན་རང་སྲོག་གཅོད། །མ་ཉམས་དུས་ལས་མི་འདའོ། །དཀྱུས་བཞིན་མ་བྱུང་ལན་གསུམ་བསྐྱར། །ལས་ཀྱི་གཤིན་རྗེའི་རྟོག་པའི་རྒྱུད། །འབུམ་ཕྲག་མང་པོའི་སྙིང་ཏིག་ཡིན། །བྱ་རོག་གཡས་དང་འུག་པའི་གཡོན། །དང་རུར་དགྲ་ལྷ་ཨ་ཎི་བྲིས། །བར་དུ་ཕྲ་མེན་གཟུགས་ཀྱིས་དཀྲུག །སྒྲོ་གཉིས་རྩ་བ་ཚོན་སྐུད་བཅིང་། །ཤིང་བཏགས་རླུང་ལ་འཐབ་དུ་གཞུག །ཐུན་གྱིས་བྲབ་ཅིང་སྔགས་འདིས་བསྐུལ། །མ་མཱ་ཏྲག་རཀྵ་མཱ་ར་ཡ་ཕྱེ། མ་མ་ཏྲག་རཀྵ་རུ་དྲ་མཱ་ར་ཡ་ཕྱེ། ཏྲག་ཁ་ཧིད་མཱ་ར་ཡ་ཛཿཏྲག་ཁ་ཧི་ད་མཱ་ར་ཡ་ཁུག །ཨ་ནི་ཏྲག་རཀྵ་མཱ་ར་ཡ་ཕྱེ། དེ་ནས་རྨེ་དུད་རྣམ་ལྔ་ལ། ཨོཾ་ལཾ་ཀུ་ས་མ་དུ་ཧུ་ལུ་ལིད་མྱོས་མྱོས་ན་རྒལ། ག་གཟེར་ག་ན་ཡ། སྔགས་འདིས་འདུག་པར་བྱ་བ་ཡིན། ཨོཾ་ཡ་མ་རཱ་ཛ་ཀླུ་ལིང་བྷ་སང་སང་། ཀུ་ན་བྷ་སང་སང་། ཀླུ་ལིང་སང་ཀུ་ཏ་ནན། ཡོ་ལྕགས་སང་ཀུ་ཏ་ཀཾ་ཧཱུཾ་ཕཊ། འབུམ་བཟླས་དུག་གི་ཆུ་ལ་བཏབ། དེ་ནས་སྒྲོ་ཡིས་བླངས་ནས་ཀྱང་། ན་མོ་རཏ་ན་ཏྲཱ་ཡ་ཡཱ། ཙ་ལ་ཙ་ལ། པྲ་ཙཱ་ལ་པྲ་ཙཱ་ལ། ཤྲཱི་ག་ད་ག་མི་ནི་སྭཱཧཱ། ཏ་ཀུ་ཏ་ཀུ། པ་ར་བ་ར་མ་ཏ་ནི་ཛ་ནི་མཱ་ར་ཡ། མ་ར་དུ། ཡ་མ་སྙིང་། ཡ་མ་ཁྲག །ཚལ་པ་བཾ་རིལ་ད་པ་དུམ་བུ་ཧཱུཾ་ཕཊ། ནི་ཤ་ཀུ་རུ་ནི་ཤ་ཀུ་རུ་ཁ་སོ་བ་ཏྲི་ཡཾ། སེན་མེན་ཡང་། སྙིང་ཚལ་པ་རྦད། དུན་དུན་མུག་པ་༼༣ བ ༦༽ཤད། ཧ་ལ་ཧ་ལ། ཙ་ལ་ཙ་ལ། པ་ཙ་པ་ཙ། ཧི་ལི་ཧི་ལི། རྦ་ན་རྦ་ན། རྦད་པུ་ལི་ད་རྦད་པུ་ལིད། མེ་ཤ་ཡ་མེ་ཤ་ཡ། མཱ་ར་ཡ་མཱ་ར་ཡ། སྟ་ན་སྟ་ན། རྦན་རྦན། རྦད་ན་རྦུད་རྦད་ན་རྦུད། སྙིང་ཤོས་ཡ། འུར་འུར་རབ་ཏུ་འུར། ཆེམ་ཆེམ་རབ་ཏུ་ཆེམ། ཡ་མ་ཡཾ་ལས་ལ་ཡཾ། སྲི་ལི་སྲི་ལི་ལི། ཡ་ཡ། རྒྱོབ་རྒྱོབ། ཅེས་བཟླས་ལིང་ག་དེ་ལ་གདབ། དེ་ཡི་ལྷ་ལྟ་འབྲོས་པར་འགྱུར། དེ་ནས་བདེན་བདར་བླ་དགུག་སྟེ། ཨ་མུ་ཀཾ། ཨེ་ཨཱ་རཀྵ་ཡ་ཛ། ཡཾ་ཛ་ཨ་ཙ་ཙ་ཨ་ཙ་ཚ་སྲིཾ་ཛ། གང་ཡིན་གནས་ནས་འགུགས་པར་བྱེད། །རྟགས་ཐོན་དྲག་པོའི་དུས་ལ་མེའི། སྦྱོར་བ་བརྩམས་པར་བྱ་བ་སྟེ། དུར་ཁྲོད་ས་ལ་དུག་ཆུས་སྦྲུས། །མེ་ཐབ་མཐོ་གང་བརྩིགས་པའི་ནང་། །དབུས་སུ་རྡོ་རྗེ་རྒྱ་གྲམ་དང་། །ལོགས་ལ་མེ་རི་བྲི་བར་བྱ། །བསྒྲུབ་དུས་ལིང་ག་གཉིས་བྱས་པའི། །གཅིག་ནི་ནང་དུ་གན་རྒྱལ་ལོ། །གཅིག་ནི་ཕྱེ་མར་བརྡུངས་བྱས་ལ། །མིང་བྱང་རེ་དང་སྦགས་ལ་ནི། །བག་ཕྱེ་དུག་ཆུས་སྦྱར་བའི་ཟན། །རིལ་བུར་བྱས་པའི་ནང་དུ་གཞུག །ཚིལ་ཆེན་དུ་ནི་དེ་བཙོའོ། །མར་ནག་ཆང་དང་མི་རྟ་ཡི། །ཤ་དང་རུས་པ་ཁྲག་གུ་གུལ། །སྲེག་རྫས་ཐོད་པའི་ནང་དུའོ། །ཚེར་ཅན་སེ་དྲི་ཅན་དུག་ཤིང་། །སྲེག་པའི་ཡམ་ཤིང་བྱ་བ་ཡིན། །མེ་ཐབ་ཟངས་མཁར་ཆེན་པོར་བསམ། །དབུས་སུ་ལས་གཤིན་ཡབ་ཡུམ་བསྒོམ། །མེ་ལྷ་མདུན་དུ་བཀའ་ཉན་ཚུལ། །ཁ་གདངས་ལྟོ་བར་དང་པོའི་ཉིན། །པྲ་མ་ར་ཙ་གཞན་གསུམ་ཡང་། །ལྷག་པའི་ཉི་མ་རེར་ཤེས་བྱ། །དད་ནས་གཙོ་བོ་ཡབ་ཡུམ་དང་། །ཕྱིས་ནས་བཀའ་སྡོད་དེ་ལའོ། །སྤྱན་དྲངས་གཟུ་དཔང་བསྟོད་བསྐུལ་མཐར། །ཨཾ་ཨ་ཀྲོ་ཏ་ག་ཡ་མན་ཏ་ཀ་ཧཱུཾ། པེ་ཏ་ལི་རཀྵ་ཨེ་ཀ་ཛ་ཏི་བྷྱོ་བྷྱོ། ཧཱུཾ་ཡ་མ་ར་ཙ་ས་ཏོ་མེ་ཡ་ཧཱུཾ་ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཧཱུཾ་ཡ་ཏོ་ཡོ་ནི། ར་ཡཀྵེ་ཡ་ཧཱུཾ། ཡཀྵེ་ཡཙྪ་ནིར་མ་ཡ། ཧཱུཾ་ཡ་མ་རཀྵ་ཕུ་ར་ཡ། བཛྭ་ཀ་ཏ་ཙནྡྷ་ཡ་མ་མེ་ཙ་ཏི་ལི་ཏྲ་ཏེ་ཧཱུཾ། ཨོཾ་ཨ་གྣེ་དེ་བ་ར་ཙ་ཡེ། ཆེ་གེ་མོ་ད་ཧ་ད་ཧ། པ་ཙ་པ་ཙ། ཨཱ་ཀ་རྴ་ཡ་བཛྭ་ཛ་ལ་ལ་རཾ། བས་མི་ཀུ་རུ་མཱ་ར་ཡ། ཁ་རཾ་ཛ་ལ་རཾ། དྲག་པོའི་སྔགས་འདིས་སྲེག་རྫས་ཕུལ། གནོད་བྱེད་ཞལ་དུ་༼༤ན༧༽གསོལ་བར་བསམ། །ཉི་མ་བཞི་ཡི་བར་དུ་བྱ། །བརྒྱ་བྱིན་ཉིད་ཀྱང་བརླག་འགྱུར་ན། །གཞན་མ་ཀུན་ལ་སྨོས་ཅི་དགོས། །གཡང་གཞིའི་སྟེང་དུ་དཀྱིལ་འཁོར་བྱ། །དབུས་སུ་ཞལ་གཏོར་ཆེན་པོ་བཞག །མཐའ་མར་ཟོར་རྫས་བསྐོར་བའི་ནས། །ཕུར་ཁ་གཞན་གྱི་མིང་བྱད་གཞུག །དུག་ཆུ་ཡུངས་ཀར་ཁྲག་གི་སྙིང་། །རྡོ་འཕང་དུག་རྡོག་མི་ཁའི་རྫས། །དུག་སྦལ་སྤངས་རྩང་ཡུངས་མཚེ་ཟོར། །བདུན་ནམ་ཉེར་གཅིག་བརྒྱ་རྩ་སྟེ། །མཐའ་འབྲིང་རབ་ཏུ་ཤེས་པས་བཤམས། །ཉིན་ཕྱེད་དུས་ནས་བརྩམས་ནས་སུ། །ནམ་ཕྱེད་དུས་སུ་འཕང་བར་བྱ། །སྔགས་པ་དགྲ་ཕྱོགས་ཁ་བལྟས་ལ། །ཤ་རི་བྷྱོ་མ་རི་བྷྱོ། ཁྲག་མ་མ་བྷྱོ། རྩེར་སྙིང་བྷྱོ། སྙིང་བྷྱོ། མཀྵི་ཐོད་ཁྲག་ཛ། ཁྲག་ཏི་སྙིང་ཡ་ཡ། ནྲི་ཏྲི་ཆོད། ནཱ་ག་ཆོད། །མུ་ལོ་ཆོད། ཤ་ལོ་ཆོད། ཤ་ལ་ཀྱིད་ཀྱིད་བྷྱོ་བྷྱོ། ཨ་ཏི་པྲ་མ་ནི་མཱ་ར་ཡ་ཟློག །པ་རོ་བི་དན་ཙིནྡྷ་ཙིནྡྷ་བྷྱོ། ཏི་པུར་ཤག་བྷྱོ། ཏི་པུར་ཙནྡྲ་ཙ་ཀྲ་བྷྱོ། ཏི་པུར་མེ་ཤུཾ་ཙུར་ནི་བྷྱོ། ཏི་པུར་མཱ་ར་ཡ་ནི་བྷྱོ། མ་མ་ཏྲག་རཀྵ་མུ་དྲ་སྙིང་ཁ་རག་ཐུན་བྷྱོ། བཟློག་བཟློག་ནི་ཤ་ཀུ་རུ་ཐུན་བྷྱོ་བཟློག་བཟློག །མི་ཚིག་མ་འདྲེས་བཟླ་བར་བྱ། །བརྒྱ་ཕྲག་རེ་ནས་རྫས་ལ་བཏབ། །ལས་ཀྱི་ཕོ་ཉ་དེ་ལ་བསྟིམ། །ནད་དང་མཚོན་ཆར་གྱུར་པར་བསྒོམ། །ལྷ་བསྐུལ་དཔུང་བསྐྱེད་དཔང་བཙུགས་ནས། །པྲ་ཏི་མ་འུར་རྡོ་སྦྲུལ་དུ་བསམ། །གཡས་སུ་བསྐོར་ཞིང་དགྲ་ལ་འཕང་། །ལས་གཤིན་དམག་ཚོགས་དེ་དག་གིས། །དགྲ་བོ་འཁོར་བཅས་སྲོག་བཅད་ཅིང་། །ཡུལ་ཁང་ནོར་རྫས་བརླག་བྱས་བསམ། །འདི་ནི་ངན་པ་དགུ་ཐུབ་སྟེ། །ལས་འགྲུབ་ནས་ནི་གཏང་རག་འབུལ། །ལས་ཀྱི་གཤིན་རྗེའི་སྦྱོར་བའི་དུག །ནག་པོ་ཧ་ལ་ཧ་ལ་ཞེས། །ཆོས་སྐྱོང་དེ་ཡིས་སྐབས་ཕྱེ་བའི། །སྔགས་འཆང་པདྨ་དཀར་པོས་སྦྱར། །དགེ་བས་བསྟན་པ་རྒྱས་པར་ཤོག། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ། །མངྒ་ལཾ།། །།
ནག་པོ་ཆེན་པོའི་ལས་མཐའ་སྲེག་པ་ཧོཾ་གྱི་གཟེར།
ནག་པོ་ཆེན་པོའི་ལས་མཐའ་སྲེག་པ་ཧོཾ་གྱི་གཟེར་བཞུགས་སོ། །རྡོ་རྗེའི་སློབ་དཔོན་དཔལ་འབྲུག་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཆེ་ཆེར་གནག་གཟུགས་འོད་ཀྱི་སྲིད་པའི་མུན་པ་བཅོམ། །ཧ་ཧར་བཞད་པས་མཚན་རྟོག་ཐམས་ཅད་སྐྲག་ནས་བྱེད། །བརྩེ་བརྩེས་རྗེས་གཟུང་སྡིག་ཅན་སྲོག་ལ་མཐར་བྱེད་མཚོན། །དེ་དེས་མཉམ་མེད་ཀུན་མཉམ་མཛད་པ་ཆོས་སྐྱོང་བའི། །ཕྱོགས་དེར་དད་པའི་མགོ་བོ་བཏུད་གྱུར་པ། །པུཎྜྻ་རཱི་ཀ་འདི་འདོད་ལེགས་བཤད་ནི། །ཉི་མའི་འོད་ཟེར་དང་རྩེ་མྱུར་ཆེད་སྙམ། །དཔྱོད་ལྡན་སྐྱེད་ཚལ་སྐྱོང་བས་དགོངས་གྱུར་ཀྱང་། །གདེངས་གསུམ་སྦྲང་རྩིས་མྱོས་འགྱུར་བས། །མངོན་སྤྱོད་མདུང་རྣོན་འཆང་རྣམས་ལ། །བསྟན་དགྲ་དམེ་ཤ་ཅན་གསོད་པའི། །སྐབས་དབྱེར་ཡིན་སྙམ་བདག་ཡུས་སོ།། འདིར་རྩ་རྒྱུད་ལེའུ་ཉེར་བརྒྱད་པའི། །བ་ལང་ཤ་དང་རྟ་ཤ་དང་། །ཁྱི་ཤ་དག་དང་བྱ་དག་གི །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །སངས་རྒྱས་རྣམས་ཀྱང་ངེས་པར་འཇིག །ཅེས་པའི་ལུང་འདིས་ནག་པོ་ཆེན་པོའི་སྒོ་ནས་བསྒྲལ་བའི་ཞིང་དུ་གྱུར་པ་སྒྲོལ་བའི་ཕྱིར་སྒྲུབ་པ་བརྩམས། ལས་ལ་སྦྱོར་བ་མནན་བསྲེག་འཕང་གསུམ་ལས་སྲེག་པ་ཡང་བཤད་པ་དེ་ལ་སྡང་བའི་སེམས་ཀྱིས། དྲག་པོ་ལ་ཤིས་པའི་གཟའ་སྐར་ཚེས་དུས་སྦྱོར་གྱི་ཉི་མ་ཕྱེད་དམ་མཚན་ཕྱེད་ལ། ས་གཞི་རྩུབ་ཅིང་ཚ་སྒོ་ཅན་ཁ་དོག་ནག་ཅིང་གས་པ་དུར་སའམ། འཇིག་རྟེན་གྱི་མ་མོའི་གནས་ས། གྲོང་ཁྱེར་ལ་སོགས་པའི་ལྷོར། ཐབ་ཁུང་གྲུ་གསུམ་པ་རྒྱར་སོར་མོ་ཉི་ཤུ། ཕྱེད་ཀྱི་སྲིད་དང་ལྡན་པ། ནང་དུ་སོར་བཅུ་ཐུར་དུ་བརྐོས་པ། ཁ་ནས་སོར་གསུམ་ཕྱིར་བོར་བའི་ཁ་ཁྱེར་སོར་གསུམ་གྱི་དཔངས་ཞེང་ཅན། ས་ནག་དང་བོང་བུ་དང་རྔ་མོའི་སྦངས་དང་། རོ་ཐལ་དང་། ཕུབ་མ་དང་སོལ་ཕྱེ་བསྲེས་པས་ཕྱི་ནང་བྱུགས། རྩེ་བྱང་དུ་བསྟན། དྲི་མི་ཞིམ་པའི་མེ་ཏོག་དང་འབྲུ་ནག་དང་ཕུབ་མ་གཏོར། ནང་དུ་ཁྲོ་བོའི་རྡོ་རྗེ་རྩེ་གསུམ་སོར་བརྒྱད་པའི་ཚད། ཕྱི་ཟུར་ལ་སྣ་ཚོགས་རྡོ་རྗེ། རྩེ་གསུམ་རྡོ་རྗེ་ཐོབ་བྲི། ཁ་ཁྱེར་རལ་གྲིས་བསྐོར། བུད་ཤིང་དྲི་མི་ཞིམ་པ། རོ་ཁ་བ། ཚེར་མ་རྣོ་བའི་ཤིང་། དུར་ཁྲོད་དུ་སྐྱེས་པའམ། ལྷ་འདྲེ་དྲག་པོ་གནས་སར་སྐྱེས་པ་སྐམ་པོ་དང་། བོང་བུ་དང་རྔ་མོའི་སྦངས་སྐམ་པོ་དང་། ནིམ་པ་དང་། སེང་ལྡེང་གི་ཤིང་འུག་པའི་སྒྲོ་དང་བཅས་པ་ཐབ་ལས་ཅུང་ཟད་དམའ་བར་རྩིག སྒྲུབ་པ་པོའི་གཡོན་དུ་ཡམ་ཤིང་སྲེག་ཤིང་། བུད་ཤིང་དུ་བཤག་པའི་ཤིང་རྙིང་པ་རྩེ་ཉམས་པ་ཤུན་པ་མེད་ཅིང་གས་པ། ཐུང་རིང་སྦོམ་འཁྱོག་པོ་གྲུམ་ཆག་འབུས་ཟོས། སྲོག་ཆགས་ལྡན་པ་བསྐམས་པ་རྣམས་ཀྱི་རྩ་བའི་ཆ་ལས། ཚད་སོར་བཅུ་གཉིས་པ། རྩེ་གཉིས་རྩུབ་པའམ་རྣོ་བ། དུག་ཁྲག་ཞག་ཆེན་པོས་སྦགས་པ། ཚ་བའམ་ཡུངས་ཀར་རམ་ཞུན་ཆེན་གྱི་མར་ཁུ། ཁྲག་དང་ལན་ཚྭ་དང་ཀེ་ཚེ་དང་ནིམ་པའི་ལོ་མ། དུར་ཁྲོད་ཀྱི་རུས་ཐལ། བོང་བུ་རྔ་མོང་གི་སྦངས་དང་སྐྲ་དང་ཞག བྱ་རོག་དང་འུག་པའི་སྒྲོ། བཤང་གཅི། བ་ལང་ཁྱི་ཁྱིམ་བྱའི་ཤ གཞན་ཤ་ཁྲག་འབྲུ་ནག་ཅི་རྙེད་པ་དུག་ཁྲག་སྨྱོ་བྱེད་ཀྱི་ཁུ་བས་སྦངས་པ་སྲེག་རྫས་སུ་བྱ། སྒྲུབ་དུས་ཀྱི་ལིདྒ་གདབ་ལས་ཀྱིས་བསྒྲལ་བ་དེ་དུམ་བུར་གཏུབས་པ། རྗེས་ཤུལ་གྱིས། བག་ཟན། ཁྲག དུག་སོལ་པ་བསྲེས་པའི་ལིང་ཆུང་བརྒྱ་རྩ་བརྒྱད། འཇིག་རྟེན་པ་ལ་འབུལ་རྒྱུ་བདུན་དང་བཅས་པ་བྱ། གཡས་སུ་ལྕགས་ཀྱི་སྣོད་དུ་ཁྲག་དང་ཀོ་ཊ་པའི་ཁུ་བ་དང་། །མིའམ་བ་ལང་ངམ། བོང་བུའི་གཅིན་གྱི་མཆོད་ཡོན། ཆེན་པོ་དྲུག་གི་ཉེར་མཆོད། སྨན་རག་གཏོར་གསུམ་རིམ་པ་གཉིས་གཉིས་ཚོགས་ཀྱི་མཆོད་པ་དང་བཅས་པ་བཤམ། འདིར་དགང་གཟར་ནི་ཡུ་བ་སོར་བཅུ་དྲུག དཀྱུས་སོར་བཞི་པ་ཟབས་སུ་སོར་གཉིས་པ་ཁྲུ་གསུམ་པ། རྡོ་རྗེ་རྩེ་གསུམ་པའི་འཕྲེང་བས་བསྐོར་བ། ནང་གི་གྲྭ་གསུམ་ལ་སྟག་དང་སྦྲུལ་དང་། སེང་གེའི་གདོང་པས་མཚན་པ། མར་འཛག་པའི་བུ་ག་སོར་གཅིག་པ། མཆུ་རྡོ་རྗེ་གདེངས་པ་འབར་བ་སོར་གཅིག་པའོ། །བླུགས་གཟར་ནི་ཡུ་བ་སོར་བཅུ་གཉིས་པ། དཀྱུས་སོར་གསུམ་པ། ཟབས་སོར་གཅིག་པ་གྲུ་གསུམ་སྔར་བཞིན་གྱིས་མཚན་པ། ཡུ་བའི་མཐར་རྡོ་རྗེ་རྩེ་གསུམ་པ་གདེངས་པས་མཚན་པ་མངོན་སྤྱོད་ཀྱི་དགང་བླུགས་ཡིན་ལ། རྒྱུ་ཐོག་བརྒྱབ་བའི་ཤིང་ངམ་ལྕགས་སམ་ཚེར་མ་རྣོན་བོ་ཡོད་པའི་ཤིང་ལ་བྱས་པ་བཤམས། བདུད་གིང་ཆས་སུ་ཞུགས་པའམ། རྣམ་སྣང་དང་རོ་སོལ་དང་ཁྲག་བསྲེས་པའི་བྱུག་པས་ལུས་བྱུགས་ཏེ་གཅེར་བུ་སྐྲ་ལྷུག་པར་བཤམས། ཁ་ཟས་ཤ དཔའ་བོའི་བཏུང་བས་ངར་བསྐྱེད་སྟན་སྲ་ཞིང་རྩུབ་པའམ་རོ་གདན་བྲིས་པར་སྟང་སྟབས་ཁྲོ་བོའི་སྐྱིལ་ཀྲུང་། མིང་གཞན་དཔའ་བོའི་འདུག་སྟངས་བྱས། ཁ་ལྷོར་བལྟས། ཁྲོ་གཉེར་དང་བཅས་པའི་གདོང་། བགེགས་ལ་གཏོར་མ་བཏང་། བསྐྲད་མཚམས་བཅད། བདག་བསྐྱེད་བདེ་མཆོག་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་ལས་ཐམས་ཅད་པའི་ཆུས་རྫས་རྣམས་བསངས། ཤ་ཆེན་དང་གུ་གུལ་གྱིས་བདུགས། ཨོཾ་མ་ཧཱ་ཀཱ་ལ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ྄་བཏགས་པས་ལན་བདུན། ཉེར་སྤྱད་ཧཱུྃ་ལས་དེ་དག་ཏུ་བསྐྱེད། ཨོཾ་སྭཱ་ཧཱ་རྫས་བཀྲུས། ཨོཾ་ཨ་སྭཱ་ཧཱ་ཡཾ་ཤིང་། ཨོཾ་ཤྲཱི་སྭཱ་ཧཱ་མར་ཁུ། ཨོཾ་ཛྭིཾསྭཱ་ཧཱ། འབྲུ་རྣམས། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེ་ལས་གཞན་པ་རྣམས་སྦྱངས། ཨོཾ་ཨཱཿཧཱུྃ། ལྷ་རྫས། ཞལ་དུ་གསོལ་རྒྱུ་རྣམས་དགྲ་བོའི་ཤ་ཁྲག་རུས། ཡཾ་ཤིང་གདུག་པ་ཅན་གྱི་ཤིང་དུ་བསྐྱེད། དེ་ནས་བསང་གཏོར་བྱ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ནས། ཆེ་གེ་འདི་ལ་མངོན་སྤྱོད་མཛོད། །ཨོཾ་བཛྭ་ས་ཏྭ་ཨཱཿལན་གསུམ་གྱི་རང་གི་གཡས་ཕྱོགས་ནས་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་ལྷོར་བསྟན་ནས་གཡོན་སྐོར་དུ་བཀྲམ། གཤན་པའི་ཁྱིམ་ནས་མེ་བླངས་བསངས། ཨོཾ་ཛྷ་ལ་ཛྷ་ལ་ཧཱུྃ་ཞེས་པས་སྤར། ལན་བདུན་གྱིས་མར་ཁུ་བླུགས། ལེགས་པར་སྦར། དེ་ནས་ཐབ་ལས་ཐམས་ཅད་པས་བསངས། བྷྲུཾ་ལས་དྲག་པོའི་ཐབ་ཁུང་ཟུར་གསུམ་པ་ནག་པོ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ་ཁ་ཁྱེར་རལ་གྲིས་མཚན་པ་དེའི་ནང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་དབུས་སུ་ཁྲོ་བོའི་མེ་ལྷ་ཟ་བྱེད་དུད་པའི་མདོག་བ་སྤུ་སེར་པོ། གདོང་བདུན་ལྕགས་ཀྱི་ལུགས་མའི་ཞལ་ཅན་མཆེ་བ་བཞི་བཞི་གཙིགས་པ་རེས་གཟའ་བདུན་གྱི་བདག་ཉིད་ཀྱི་ལྗགས་གློག་ལྟར་འཁྱུགས་ཅིང་འཇིགས་པའི་ཧཱུྃ་སྒྲ་སྒྲོག་པ། སྤྱན་དམར་པོ་གསུམ་གསུམ་སྟེང་དུ་མི་གཡོ་བར་གཟིགས་པ། གོས་སྔོན་པོ་དང་ལྕགས་ཀྱི་རྒྱན་བཟང་པོས་བརྒྱན་ཞིང་ཕྱག་བཞི་དང་པོ་གཉིས་མདུང་དང་རྡོ་རྗེ། ལྷག་མ་གཉིས་རལ་གྲི་དང་གྲི་གུག་འཛིན་པ། སྟོབས་དང་དྲག་ཤུལ་ཆེན་པོ་བསྐལ་པའི་མེ་ལྟར་དྲག་པོའི་འོད་དུ་བའི་འཕྲེང་བ་དང་རླུང་གི་དཀྱིལ་འཁོར་ལ་གནས་པ་འཇིག་རྟེན་གསུམ་གསལ་བར་བྱེད་པ། མ་ཧེའི་གདན་ལ་བཞུགས་པའི་གཡས་སུ་ནག་པོ་ཁ་སེར་དང་མདུན་དུ་མཐར་བྱེད་མདོག་ནག་པོ་མིག་དུད་པའི་མདོག་ཅན། ཚེམས་ཀྱིས་མ་མཆུ་མནན་པ། གདོང་གཅིག་པ་ལག་པ་བཞི་པ། གཡས་གཉིས་རྡོ་རྗེ་དང་གྲི་གུག གཡོན་གཉིས་ཁྲག་གིས་གང་བའི་ཐོད་པ་དང་རལ་གྲི་འཛིན་པ་འོད་ཟེར་དམར་པོ། གཡོན་དུ་གཤིན་རྗེ་མཐར་བྱེད་དང་ནག་པོ་གཉིས་ཞལ་དྲུག་སྤྱན་གསུམ་གསུམ་དང་ལྡན་ཞིང་རྣམ་པར་འགྱུར་བ། མཆེ་བ་གཙིགས་པ། ཕྱག་དྲུག་བེ་ཅོན་གཏུན་ཤིང་། རལ་གྲི་དང་ཐོད་ཁྲག རོ་ལངས་དང་དབྱུག་པ་འཛིན་པ། ཞབས་བཞི་པ་མ་ཧེ་ལ་ཞོན་པ་བཞི་ཀ་ལྕགས་ཀྱི་རྒྱན་ཅན། ལྟོགས་ཤིང་ཟས་འདོད་པ་ཡི་དྭགས་ཀྱི་རྒྱལ་པོ་ལྟར་དྲག་ཅིང་བྱ་བ་བྱེད་པ་དེ་དག་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས། འཇིག་རྟེན་ཁམས་ཀྱི་ཤར་ལྷོའི་ཕྱོགས་ནས་མེ་ལྷ་ཟ་བྱེད་ཆེན་པོ་བློན་པོ་བཀའ་ཉན་བསམ་གྱིས་མི་ཁྱབ་པ་དང་བཅས་པ། ཧཱུྃ འཇིག་རྟེན་ཁམས་ཀྱི་ཤར་ལྷོའི་ཕྱོགས། །འབར་བ་མེ་ཡི་དཀྱིལ་འཁོར་ནས། །རྒྱལ་བའི་བསྟན་སྲུང་གདུག་པའི་གཤེད། །ཕྱོགས་སྐྱོང་ཆེན་པོ་དྲག་ཤུལ་ཅན། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཨགྣེ་ཡ། ཨཱ་དཱི་པྱ། ཨཱ་དཱི་པྱ། ཨཱ་བེ་ཤ མ་ཧཱ་ཤྲཱི་ཡེ། ཧ་བྱ་ཀ་བྱ། མ་ཧཱ་ན་ཡ་སྭཱ་ཧཱ། མདུན་དུ་སྤྱན་དྲངས། ཕྱི་འབྲང་གི་བགེགས་ཨོཾ་སུམྦྷ་ནིས་བསྐྲད། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ན་མ་མནྟ་བུདྡྷཱ་ནཱཾ། ཨགྣེ་ཡ་སྭཱ་ཧཱ། བྱོན་སྐྱེམས་ལན་བདུན་ཕུལ། དེ་ནས་ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་ཡོན་ཐུགས་པྲོཀྵ་ནཾ། བསང་གཏོར་སྐུ། ཨཉྩྨ་མཱ་ནཾ་ཞལ་ཕྱག་བསིལ། དེ་ནས། ཧཱུྃ དབང་པོའི་མེ་ཏོག་སྤྲིན་དུ་འཐིབས། །བསུར་ཆེན་སྤོས་ཀྱི་ན་བུན་འཐུལ། །ཞུན་ཆེན་མར་མེའི་གློག་འོད་འབར། །ཁྲག་ཆེན་བྱུག་པའི་ཆར་པ་བསྙིལ། །ཤ་རུས་སྙིང་ཟས་མཚོ་རུ་འཁྱིལ། །རྐང་གླིང་ཐོད་རྔའི་འབྲུག་སྒྲ་ལྡིར། །དེ་འདྲའི་མཆོད་རྫས་མི་བཟད་པ། །ཉམས་པའི་དགྲ་བོ་འཇོམས་ཕྱིར་འབུལ། །ཉེར་སྤྱོད་ལྔ་རོལ་མོའི་སྔགས་སྦྲེལ་བས་མཆོད། སྲིད་གསུམ་སྒྲོལ་ཕྱིར་ཛ་གད་ཕུད། །ཁམས་གསུམ་དབང་བྱེད་རཀྟའི་མཚོ། །འཕྲིན་ལས་ཀུན་འགྲུབ་བ་ལིང་ཏ། །ཉམས་པའིྎ སྨན་རག་དང་གཏོར་སྔགས་ཀྱིས་ཕུལ། ཧཱུྃ ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱབས་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པའི། །རིགས་སྔགས་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །གདུག་པ་སྒྲོལ་བའི་མཚོན་ཆ་བསྣམས། །དྲག་ཤུལ་ཆེན་པོའི་འཁོར་གྱིས་བསྐོར། །ཟ་བྱེད་ཆེན་པོ་ཁྱོད་ལ་བསྟོད།། དེ་ནས་མེ་དབུས་ཀྱི་ལྷ་ལ། ལག་པ་གཡོན་འཇིག་རྟེན་པའི་ཁུ་ཚུར་བྱས། གཡས་འབར་བ་ལྟར་བྱས་ཏེ། ཨོཾ་བཛྭ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྷ་ལ་ཛྷ་ལ་སརྦ་བྷསྨིན་ཀུ་རུ་སརྦ་དུཥྚུཾ་ཧཱུྃ་ཕཊ྄་དྲྀ་ཥྱ་ཛཿཧཱུྃ་བཾ་ཧོཿས་མ་པཧྶཾ། ས་མ་ཡཧྶཾ་ཨ་ཧཾ། འཁོར་བཅས་དམ་ཚིག་ལ་གནས་པར་གྱུར་པས་སྐུ་ལས་སྤྲུལ་པ་དཔག་ཏུ་མེད་པ་བཀྱེ། ཆེ་གེ་མོའི་མགྲིན་པ་ནས་ཞགས་པས་བཅིངས། སྙིང་གར་ལྕགས་ཀྱུས་བཏབ། ཡན་ལག་ལྕགས་སྒྲོག་གིས་བསྡམས་ནས། རྒྱབ་ནས་ཕོ་ཉ་དང་ལས་ཀྱི་རླུང་དམར་གྱིས་དེད། འཇིགས་པའི་མུན་པས་མདུན་བསུས། འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན། མེ་རི་འབར་བས་མཐའ་བསྐོར་ནས་ཉའུ་ལ་བསྟིམ། བདེན་པ་བརྗོད། དམ་ཚིག་གི་སྔགས། དུཥྚུཾ་གྱི་མཐར་བིགྷྣཱཾ་བཏགས་པ་མེ་ལྷའི་སྙིང་པོར་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཧཱུྃ་བཏགས་པས་བསྒྲལ་ཏེ། ལིདྒ་རྐང་པ་གཡོན་ནས་སམ། མགོ་ནས་བརྩམས་ཏེ་གཏུབས། དེ་ནས་ཁྲོ་བོའི་ཁུ་ཚུར་གྱིས་དགང་བླུགས་པུས་མོའི་ཕྱི་ཟུར་དུ་བཟུང་། དེའི་ཁ་ལ་ཧཱུྃ་ཨོཾ་ཨཱཿཧཱུྃ། འོད་ཟེར་དང་བཅས་པ་མེ་ལྷའི་ལྗགས་རྩེར་རཾ་བསམས་པས་སྔགས་ཨོཾ་ཨཱཿཧཱུྃ་སྔོན་དུ་འགྲོ་བས། མེ་ལྷའི་སྙིང་པོའི་མཐར་ཨོཾ་ཨགྣ་ཡ་ཆེ་གེ་མཱ་ར་ཡ་ཕཊ྄་བཏགས་པས་སྤྱི་བསྐོས་ལན་བདུན། དེ་ནས་ཡཾ་ཤིང་། ཨོཾ་བཛྭཱ་ཡ། མར་ནག ལིངྒ། མེ་ལྷའི་སྔགས། ལིངྒ་རེ་སྔགས་རེ་བསྟུན་པས་ཕུལ། ལྷག་མ་ཐམས་ཅད་སྔགས་དེ་ཁོ་ནས་སོ། །ལུགས་འདི་ལ་དཱུརྦ་ཀུ་ཤ་འབུལ་བ་མི་བྱེད། དེ་ནས་མེ་ལྷ་ཐབ་ནས་བྱོན་ཏེ་ཁ་ཁྱེར་གྱི་ཤར་ལྷོར་བཞུགས་སུ་གསོལ། ཐབ་ནས་མེ་མགལ་གཅིག་ཕྱུང་སྟེ་དེར་བཞག མེ་དབུས་སུ་ལྷ་བསྐྱེད་སྤྱན་དྲངས། དཀྱིལ་འཁོར་དང་འབྲེལ་ན་ཡེ་ཤེས་པ་དར་ལམ་བྱས་ཏེ། དེ་ནས་ཚོམ་བུར་སྤྱན་དྲངས་ཐབ་ཁུང་དུ་བཞུགས་གསོལ་རྒྱས་བཏབ་ཀྱི་བར་བྱས། དམ་བསྒྲག ལས་བྱ་བར་ཞལ་གྱིས་བཞེས་པར་བསམ། དྲག་པོའི་མཆོད་པ་སྨན་རག་གཏོར་མ་ཕུལ། བསྟོད་པའི་བར་བྱས་ནས། གསེར་སྐྱེམས་ནས་བསྒྲལ་བའི་བར་བྱས། དེ་ནས་དགང་བླུགས་ཀྱིས་སྤྱི་བསྐོས་ལན་བདུན་ཕུལ། དེ་ནས་ཡཾ་ཤིང་མར་ཁུ། ལིདྒ་སོགས་ཐམས་ཅད་ཨོཾ་ཨཱཿཧཱུྃ་ལ་རྩ་སྔགས་བཏགས་པས་ཕུལ། གཞུང་བཞིན་ནམ་དམིགས་བྱ་བསྒྲལ་བའི་ཕྱིར་དུ་འདོད་གསོལ་བྱས། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད།། སོགས་ཀྱི་བཟོད་པར་གསོལ། ཡེ་ཤེས་པ་གཤེགས་པའམ། དཀྱིལ་འཁོར་དང་འབྲེལ་ན་སྔར་བཞིན་མཐར་སྤྱན་དྲངས་དེ་ལ་བསྟིམ། དམ་ཚིག་པ་རང་ལ་བསྡུ། དེ་ནས་མེ་ལྷ་མེ་དབུས་སུ་སྤྱན་དྲངས་པ་ལ་ཆུ་གསུམ་ཉེར་མཆོད། བསྟོད་པ། འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད།། དེ་ནས་དེའི་སྨན་རག་གཏོར་མ་ཨོཾ་ཨ་ཀཱ་རོས་ཕུལ། འདོད་པ་གསོལ། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཅིང་། །བདག་ལ་དངོས་གྲུབ་ཀུན་འགྲུབ་མཛོད། །ཨོཾ་གཙྪ་གཙྪ་ཞེས་གཤེགས། ཐལ་བ་ཆ་གསུམ་དུ་བཏང་སྟེ་གཅིག་དགྲ་ཕྱོགས་སུ་རླུང་ལ་ཕྱར། གཅིག་མནན། གཅིག་ཕྱིན་ཆད་ཀྱི་དགོས་པར་བཞག་གོ །ཞེས་པདྨ་དཀར་པོ་བླ་མ་དང་ལྷ་ལས་གནང་བ་ཐོབ་པ་དེས་དཀར་རྒྱུད་ཆོས་སྡིངས་སུ་སྦྱར་བའོ།། །།མདྒལཾ།། །།
མགོན་པོའི་བསྐང་བ་གཡུལ་ལས་རྣམ་རྒྱལ།
མགོན་པོའི་བསྐང་བ་གཡུལ་ལས་རྣམ་རྒྱལ་བཞུགས་སོ། །ནུས་མཐུའི་གསེར་གྱི་རྩིབས་སྟོང་མཁར་འཕགས་པས། །ཡོན་ཏན་ཆེན་པོས་ཕས་བསུ་མཛད་པས་ན། །ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྟེར་བའི་ལྷ། །བྱ་རོག་མཚན་ཅན་དེ་ལ་ཕྱག་འཚལ་ལོ།། མདུན་གྱི་རྟེན་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བརྩམས་ཏེ་མགོན་མེད་བདག །བྱང་ཆུབ་སྙིང་པོ་མ་ཐོབ་བར། །འཁོར་བའི་འཇིགས་པ་ཆེན་པོ་ལས། །བདག་དང་འགྲོ་རྣམས་བསྐྱབ་པའི་ཕྱིར། །རྐང་གཉིས་གཙོ་བོ་སྐུ་གསུམ་བདག །བཅོམ་ལྡན་འདས་ལ་སྐྱབས་སུ་མཆི། །འདོད་ཆགས་བྲལ་ཞིང་མྱ་ངན་འདས། །ཞི་བའི་ཆོས་ལ་སྐྱབས་སུ་མཆི། །ཚོགས་ཀྱི་མཆོག་གྱུར་ས་ལ་བཞུགས། །ཕྱིར་མི་ལྡོག་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་མཆོག་ལ་སྐྱབས་སུ་མཆི། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་རྣལ་འབྱོར་མ། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །གཉུག་མའི་སེམས་ལ་སྐྱབས་སུ་མཆི། །བདག་གི་ལུས་ངག་ཡིད་གསུམ་གྱིས། །སྔོན་ཆད་སྡིག་པ་ཅི་བགྱིས་པ། །མགོན་པོ་ཁྱེད་ཀྱི་སྤྱན་སྔར་བཤགས། །ཕྱིན་ཆད་སྡིག་ལས་ལྡོག་པར་བགྱི། །དེང་ནས་ཁྱོད་ཀྱི་འབངས་སུ་མཆི། །ཁྱོད་ཀྱི་བསླབ་བྱ་རྗེས་སུ་སློབ། །ཁྱོད་ཀྱི་བཀའ་ལས་མི་འདའ་བས། །ཀུན་ནས་ཡོངས་སུ་བསྐྱབ་ཏུ་གསོལ།། ཞེས་སྐྱབས་འགྲོ་ལན་གསུམ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད།། ཅེས་སེམས་བསྐྱེད་ལན་གསུམ། རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷར་གསལ་བའི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པད་མ་དང་། ཟླ་བ་དང་། ཉི་མ་དང་། དར་གྱིས་ཀླུབས་པའི་གདན་གྱི་སྟེང་དུ་བླ་མ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བཞུགས་པའི་སྤྱི་བོ་ནས་ཡར་བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་ཀྱི་ཚུལ་དུ་བཞུགས་ཤིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྲིན་གཏིབས་པའི་ཚུལ་དུ་བཞུགས་པར་གྱུར། །བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་དང་། །མཁའ་དང་མཉམ་པའི་འགྲོ་བ་མ་ལུས་ཀུན། །སྐྱེས་མཆོག་ཁྱེད་ཀྱི་འབངས་སུ་འབུལ་ལགས་ན། །ཐུགས་རྗེས་དགོངས་ཏེ་བཞེས་ནས་བསྐྱབ་ཏུ་གསོལ། །སྟོན་པ་གསང་བདག་ཨིནྡྲི་བྷཱུ་ཏི་དང་། །ཀླུ་ཡི་རྣལ་འབྱོར་མ་དང་ས་ར་ཧ། །ཀླུ་སྒྲུབ་འཕགས་པ་ལྷ་དང་ཀླུའི་བྱང་ཆུབ། །དུས་ཞབས་ཆེ་ཆུང་རྡོ་རྗེ་གདན་པ་དང་། །ཨ་བྷ་ཡ་དང་ཙ་མི་དཔལ་རྒྭ་ལོ། །ཚུལ་ཁྲིམས་འབྱུང་གནས་རྡོ་རྗེ་དབང་ཕྱུག་དང་། །ཕག་གྲུ་ཞང་དང་གླིང་རས་གཙང་པ་རྒྱ། །སེང་གེའི་མཚན་དགུ་བསམ་རྒྱལ་ཁ་ཆེ་དང་། །རིགས་གསུམ་རྣམ་སྤྲུལ་རྒྱལ་དབང་རྗེ་ཡབ་སྲས། །ཆོས་གྲགས་མཐུ་སྟོབས་ཞབས་དང་པདྨ་དཀར། །གཞན་ཡང་མགོན་པོའི་དབང་བརྒྱུད་མན་ངག་གི །བླ་མ་ཀུན་ལ་སྙིང་ནས་གསོལ་བ་འདེབས། །བསྟན་སྲུངས་མཐུ་དང་དངོས་གྲུབ་རྣམ་གཉིས་སྩོལ། །བླ་མ་རྣམས་འོད་དུ་ཞུ་རང་ལ་བསྟིམ། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་བདེ་བ་དེ་ཡང་རྒྱུན་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། སེམས་ཅད་ཐམས་ཅད་ཡང་དག་པའི་ལམ་ལ་གནས་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་ལ་གནས་པར་བྱའོ། །ཨོཾ་སྭ་བྷཱ་ཝཤུདྡྷཱཿསརྦ་དྷརྨྨུཿསྭ་བྷཱ་ཝ་ཤུདྡྷཱོཧཾ། བདག་དང་དངོས་པོའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། རང་ཉིད་སྐད་ཅིག་གིས་དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་སྙིང་ག་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མཆེ་བ་ཅུང་ཟད་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། ནོར་བུ་དང་། སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པའོ། །དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཅེར་བུ་སྐྲ་གྲོལ་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་ཕྱག་རྒྱས་ལྔས་བརྒྱན་པ། ཁ་ཊྶཱཾ་ག་དང་ཐོད་པས་མཚན་པའི་ཕྱག་གཡོན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁར་འཕྱར་བ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་ཡབ་དང་ལྷན་ཅིག་ཏུ་བརྐྱང་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར་པའི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་མི་བསྐྱོད་པའི་གཟུགས་ཅན་གྱིས་དབུ་བརྒྱན་ཅིང་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོས་མཚན་པར་གྱུར། ཅེས་ཆུ་ལས་ཆུ་བུར་ལྟ་བུར་སྟོང་པ་ཉིད་ལས་ས་བོན་མེད་པར་སྐད་ཅིག་གིས་ལྡང་བར་བྱའོ། །དེ་ལྟར་བསྒོམས་ནས་སླར་སྣོད་བཅུད་རྣམས་རང་གི་ལུས་ལ། ལུས་ཡས་མས་ནས་རིམ་གྱིས་སྙིང་གའི་ཧཱུྃ། དེ་ཡེ་ཤེས་ལྔའི་རང་བཞིན་ལ། དེ་ཡང་ཞབས་ཀྱུ་ཧ། ཟླ་ཚེས་ཐིག་ལེ། ནཱ་ད་ལ་མེ་ལོང་ལ་ཧས་བཏབ་པ་འདུ་བ་ལྟར་བསྒོམས་ནས་ཐམས་ཅད་སྟོང་པ་འོད་གསལ་ལ་མཉམ་པར་གཞག་ཅིང་། མི་གནས་ན་འོད་གསལ་དེ་ལས་ཆུ་ལས་ཉ་ལྡང་བ་ལྟ་བུར་སྔར་ཇི་ལྟ་བར་ལངས་ཏེ་སྙིང་གའི་ས་བོན་གྱི་མཐར། ཨོཾ་སྲཱིཿཧ་ཧ་ཧུ་ཧཱུྃ་ཕཊ྄། ཅེས་པས་བསྐོར་ཏེ་ངག་ཏུ་བཟླ་ལ། དེའི་ཚེ་སྔགས་བཅས་འོད་ཟེར་རྩེ་ལ་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་སྐུ་བཞུགས་པ་འཇིག་རྟེན་གསུམ་དུ་སྤྲོས་པས་ཐམས་ཅད་ཀྱི་སྡིག་པ་སྦྱངས། དགེ་ལ་བཀོད་པའི་མཐར་འཁོར་ལོ་སྡོམ་པའི་གོ་འཕང་གྲུབ་སྟེ་འོད་ཟེར་སླར་འདུས་པར་བསམ་མོ། །དེ་ནས། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧཱུྃ་ཕཊ྄། ཨོཾ་གྲྀ་་གྲྀ་་ཧུཾ་ཧཱུྃ་ཕཊ྄། ཨོཾ་གྲྀ་་པ་ཡ་གྲྀ་་པ་ཡ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝན་བཛྭེ་ཧུཾ་ཧཱུྃ་ཕཊ྄། ཅེས་ལན་གསུམ། ཐུགས་ཀ་ནས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་སྤོས་ཆུ་ལ་ཐིམ་པས་ཁྲོ་བོ་རྣམས་ཆུའི་རྣམ་པར་གྱུར་པ་དེས་དངོས་པོ་གང་ལ་གཏོར་ཞིང་རེག་པས་ཉེས་སྐྱོན་གྱི་དྲི་མ་དག་པར་བྱེད་པ་རྣམ་པར་མི་རྟོག་པའི་ཆུར་གྱུར། ཆུ་བྱིན་བརླབས། ཧ་ཧོ་སྲཱིཿ ལྷན་སྐྱེས་དཀར་པོའི་ཐུགས་ཀར་ཧ་དཀར་པོ་དེ་ལས་འོད་འཕྲོས་ཡེ་ཤེས་ཀྱི་བདུད་རྩི་བཀུག ཧ་ལ་ཐིམ། ཧ་ལྷ་དང་བཅས་པ་འོད་དུ་ཞུ་བས་ཁ་དོག་ཕུན་སུམ་ཚོགས་པ་དང་ལྡན་པ་གྱུར། ཧ་ཧོ་སྲཱིཿ ལྷན་སྐྱེས་དམར་པོའི་ཐུགས་ཁར་ཧོ་དམར་པོ་དེ་ལས་འོད་འཕྲོས་ཡེ་ཤེས་ཀྱི་བདུད་རྩི་བཀུག ཧོ་ལ་ཐིམ། ཧོ་ལྷ་དང་བཅས་པ་འོད་དུ་ཞུ་བས་དྲི་ཕུན་སུམ་ཚོགས་པ་དང་ལྡན་པ་གྱུར། ཧ་ཧོ་སྲཱིཿལྷན་སྐྱེས་སྔོན་པོའི་ཐུགས་ཁར། སྲཱིཿསྔོན་པོ་དེ་ལས་འོད་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་བཀུག སྲཱིཿལ་ཐིམ། སྲཱིཿལྷ་དང་བཅས་པ་འོད་དུ་ཞུ་བས་རོ་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། བདུད་རྩི་བྱིན་བརླབས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི་བཀའ་བདེན་པ་དང་། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོ་འདིའི་བྱིན་གྱིས་བརླབས་དང་། རྣལ་འབྱོར་པ་བདག་གི་ལྷག་པའི་བསམ་པ་རྣམ་པར་དག་པའི་མཐུ་ལ་བརྟེན་ནས་བདག་རྡོ་རྗེ་འཛིན་པ་འདི་ཞེས་བགྱི་བས། བཀའ་སྡོད་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ལ་མཆོད་པ་འབུལ་ཞིང་འཕྲིན་ལས་གཉན་པོ་བཅོལ་བའི་དུས་འདིར། འབྱུང་པོ་མི་དང་མི་མ་ཡིན་པ་སྔགས་ཉན་པ་ལ་མི་མོས་ཤིང་། ཕྱག་རྒྱ་བལྟ་བ་ལ་མི་དབང་བའི་བདུད་བགེགས་བར་དུ་གཅོད་པར་བྱེད་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཁྱེར་ལ་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག གང་དག་མི་འགྲོ་བ་དེ་དག་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཧཱུྃ་ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས། །ང་ཡི་བཀའ་ལས་མ་འདའ་ཞིག །གལ་ཏེ་བཀའ་ལས་འདས་པ་ན། །རྡོ་རྗེ་མེ་ལྟར་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང་། །བརླག་པར་འགྱུར་བར་གདོན་མི་ཟ། །དེ་ཡི་ཉེན་ལ་མ་བསྡོ་བར། །མཆོད་སྦྱིན་གཏོར་མ་འདི་ལོང་ལ། །མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུྃ་ཕཊ྄། ཨོཾ་གྲྀ་་གྲྀ་་ཧུཾ་ཧཱུྃ་ཕཊ྄། ཨོཾ་གྲྀ་་པ་ཡ་གྲྀ་་པ་ཡ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝན་བཛྭ་ཧུཾ་ཧཱུྃ་ཕཊ྄། ཧཱུྃ བདག་ཉིད་དཔལ་ཆེན་སྐུར་གྱུར་ཏེ། །དཔལ་འབར་ཁྲོས་པའི་ཐུགས་ཀ་ནས། །ཧཱུྃ་ལས་འཕྲོས་པའི་མེ་དཔུང་འབར། །ཁ་དོག་རྣམ་ལྔ་ཆེར་འབར་བས། །སྟེང་ཡང་མེ་ཡི་བླ་རེ་ལ། །མེ་ཡི་ཐོག་དང་སེར་ཆེན་འབབ། །འོག་ཀྱང་མེ་ཡི་ས་གཞི་ལ། །མེ་ཡི་རྡོ་རྗེ་གཅལ་དུ་བཀྲམ། །ཕྱོགས་མཚམས་མེ་ཡིས་གཏམས་པ་ལ། །མེ་ཡི་འདུ་འཕྲོ་སྐར་ལྟར་འཁྲུག །མེ་དཔུང་འབར་བའི་ཚ་ཚ་རྣམ་པར་འཕྲོ། །འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར། །ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར། །གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། །ཡེ་ཤེས་ལྔ་ལྡན་ལོག་འདྲེན་འཇོམས་མཛད་པའི། །འབར་བ་མེ་ཡི་མཚམས་ལ་མ་འདའ་ཞིག། དེས་ཆུ་དང་བདུད་རྩི་དཀྱིལ་འཁོར་ལ་གཏོར་ཏེ་བསྙེན་པའི་ཡི་གེ་ལ་འཇུག་པར་བྱའོ།། ཧཱུྃ ར་ལས་སྐྱེས་པ་ཁྲག་གི་རྒྱ་མཚོ་ར། །ཤར་གྱི་རྦ་རླབས་དམར་པོ་ནུབ་ཏུ་འཕྱོ། །ནུབ་ཀྱི་རྦ་རླབས་དམར་པོ་ཤར་དུ་འཕྱོ། །མ་མོ་བྱེ་བའི་ཚོགས་རྣམས་མཉེས་གྱུར་ཅིག །མ་ལས་སྐྱེས་པ་ཞག་གི་རྒྱ་མཚོ་མ། །དཀར་དམར་འཁྲུག་ཅིང་གཡས་ཀྱི་ཕྱོགས་སུ་འཁོར། །མི་རོ་རྟ་རོ་མང་པོ་རམས་སེ་རམ། །ཤ་ཟ་འབུམ་གྱི་ཚོགས་རྣམས་མཉེས་གྱུར་ཅིག །སུ་ལས་སྐྱེས་པ་ཀླད་པའི་རྒྱ་མཚོ་སུ། །ཁ་དོག་དཀར་པོ་ཅུང་ཟད་དམར་བའི་མདངས། །མཐོ་དམའ་མེད་པར་རྒྱ་ཞོ་མནན་པ་འདྲ། །ནག་པོ་སྟོང་གི་ཚོགས་རྣམས་མཉེས་གྱུར་ཅིག །འདོད་ཆགས་དག་པ་ཁྲག་གི་རྒྱ་མཚོར་ཤར། །ཞེ་སྡང་དག་པ་ཞག་གི་རྒྱ་མཚོར་ཤར། །གཏི་མུག་དག་པ་ཀླད་པའི་རྒྱ་མཚོར་ཤར། །རིགས་གསུམ་སྤྲུལ་པའི་མཚོ་ལ་ཕྱག་འཚལ་ལོ། །ཀཾ་ལས་སྐྱེས་པ་ཀེཾ་རུས་ཆེན་པོ་ཀཾ །ཀཾ་ལས་མེ་འབར་ཟུར་བཞིར་དུད་པ་འཐུལ། །གནམ་ལྕགས་འདུར་མོ་རྡོ་རྗེའི་ཁོང་གཟེར་བཏབ། །ཁྲོ་ཆུ་ཁོལ་མའི་སྦྱིན་གྱིས་བར་མཚམས་བསྡམས། །ཀེང་རུས་ལྷུན་པོ་ཞག་འཛག་ཕྱག་འཚལ་ལོ། །ཧཱུྃ་ལས་སྐྱེས་པ་རྡོ་རྗེ་རྒྱ་གྲམ་ཧཱུྃ། །སྟེང་དུ་འཕྲོས་པས་རྡོ་རྗེའི་གུར་བླ་བྲེ། །འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞིར་གྱུར། །ལོགས་སུ་འཕྲོས་པས་རྡོ་རྗེའི་རྭ་བ་སྟེ། །ཕྱི་ནས་བལྟས་པས་མེ་དཔུང་གཅིག་ཏུ་འབར། །ནང་ནས་བལྟས་པས་རྡོ་རྗེའི་གཞལ་ཡས་ཁང་། །རྭ་གུར་བར་ཆད་བསྲུང་ལ་ཕྱག་འཚལ་ལོ། །འབྱུང་བ་རཾ་ལས་སྐྱེས་པ་ལྷུན་སྟུག་ཅིང་། །རྡོ་རྗེ་རྭ་བ་གུར་དང་མེ་ཡི་མཚམས། །མེ་ཆུ་རླུང་དང་མུན་པ་སྟུག་པོའི་གནས། །གཅན་གཟན་བསྲུང་བའི་གནས་ལ་ཕྱག་འཚལ་ལོ། །དབུས་སུ་བྷྲུཾ་ལས་རིན་ཆེན་ལས་གྲུབ་པའི། །སྣོད་ཀྱི་གཞལ་ཡས་གྲུ་བཞིའི་ཤར་ཕྱོགས་ནི། །ཀེ་ཀེ་རུ་ཡི་རང་བཞིན་དཀར་པོ་ལ། །ལྷོ་ཕྱོགས་བཻ་ཌཱུརྻ་ཡི་རང་བཞིན་མཐིང་། །ནུབ་ཕྱོགས་པདྨ་རཱ་གའི་རང་བཞིན་དམར། །བྱང་ཕྱོགས་ཨིནྡྲ་ནཱི་ལའི་རང་བཞིན་ལྗང་། །ཟུར་བཞི་གསེར་གྱི་ཅོག་བཞི་བཙོ་མའི་མདོག །སྒོ་བཞི་རྟ་བབས་རིན་ཆེན་དུ་མས་སྤྲས། །ཕྱི་ནང་མེད་པ་གསལ་ཞིང་རབ་ཏུ་མཛེས། །ཡེ་ཤེས་ཉི་ཟླའི་སྐར་ཁུང་ཏ་ལ་ལ། །ཁ་དོག་རྣམ་ལྔའི་ཟེར་གྱིས་འཕྲིན་ལས་མཛད། །འདོད་ཡོན་རྒྱས་ཤིང་དུར་ཁྲོད་བརྒྱད་ཀྱིས་བརྒྱན། །ལྔ་ལྡན་གཞལ་ཡས་ཁང་ལ་ཕྱག་འཚལ་ལོ། །དེ་ཡི་ནང་ན་བཅུད་ཀྱི་གཞལ་ཡས་ཁང་། །ཐོད་པ་སྐམ་རློན་གནམ་ལྕགས་འབར་བས་བརྩིགས། །ཁྲག་ཆེན་སྤྱིན་དང་ཀླད་ཆེན་ཞལ་བ་བྱས། །རྟ་ཁྲག་མི་ཡི་ཁྲག་གིས་རབ་བྱུགས་པ། །དེ་ཡང་གྲུ་བཞི་སྒོ་བཞི་རྟ་བབས་བཅས། །གཟའ་ནི་ཆེན་པོ་བརྒྱད་ཀྱི་གདུང་ཆེན་ལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལྕམ་གྱི་ཚུལ། །དེ་ལྟར་ཉི་ཟླ་གཉིས་ཀྱི་ཀ་གཞུ་ལ། །རྒྱལ་པོ་ཆེན་པོ་བཞི་ཡི་ཀ་བས་བཏེག །ཚངས་པ་བརྒྱ་བྱིན་གཉིས་ཀྱིས་ཀ་གདན་བྱས། །ཀླུ་ཡི་རྒྱལ་པོ་མཐའ་ཡས་འཇོག་པོ་ཡིས། །སྒོ་ཡི་སྐྱེས་བུ་གཡས་དང་གཡོན་པ་བྱས། །ཀླུ་ཡི་རྒྱལ་པོ་དགའ་བོ་ཉེ་དགའ་བོས། །ཡ་ཐེམ་མ་ཐེམ་བྱས་ནས་ཕུག་ཅེས་སྒྲོག །ལྷ་སྲིན་ཀུནྡ་ལི་ནི་བསྒྲལ་བ་ཡིས། །སོག་པས་ཕྱོགས་བཞི་ཡི་ནི་སྒོ་མོ་དང་། །མ་ཧཱ་གསེར་གྱི་རུ་སྦལ་སྒོ་ལྕིབས་བྱས། །ཞིང་ཆེན་གཡང་གཞིའི་ཐོག་ཕུབ་ཞིང་ཆུང་གི །གཡང་གཞིའི་འཕན་གདུགས་ཉ་སྦལ་ཟ་ར་ཚགས། །རྟ་རོ་མི་རོ་གཅལ་དུ་ཕྱོགས་མཚམས་བཀྲམ། །གཏི་མུག་མུན་གཏིབས་ང་རྒྱལ་བྲག་རི་བརྩིགས། །ཕྲག་དོག་རླུང་འཚུབ་འདོད་ཆགས་ཆུ་ལྟར་འབྲུབ། །ཞེ་སྡང་མེ་འབར་མཁའ་འགྲོ་མ་མོ་དང་། །གཤིན་རྗེ་ཕོ་ཉའི་ཚོགས་ནི་མ་རུངས་པ། །དེ་འདྲའི་གནས་མཆོག་དུར་ཁྲོད་རྒྱན་དང་བཅས། །རབ་འཇིགས་བཅུད་ཀྱི་གཞལ་ཡས་ཁང་ལ་བསྟོད། །ཧཱུྃ དབུས་སུ་ཨེ་ལས་སྐྱེས་པ་ཆོས་ཀྱི་འབྱུང་གནས་ཨེ། །གྲུ་གསུམ་མཐིང་ནག་སངས་རྒྱས་འབྱོན་པའི་ཞིང་། །ཉི་མའི་གདན་བཤམས་པདྨའི་གེ་སར་ལ། །ཆར་སྤྲིན་མདོག་འདྲའི་ཧཱུྃ་མཆོག་གྱུར་པ་ལས། །དཔལ་ལྡན་ལྷ་ཆེན་མཧཱ་ཀཱ་ལ་ནི། །སྐུ་མདོག་མཐིང་ནག་ཆར་སྤྲིན་ནག་པོའི་མདོག །ཞལ་ཅིག་ཕྱག་བཞི་གཡས་ཀྱི་དང་པོ་ཡིས། །བཻ་ཏའི་འབྲས་བུ་རློན་པ་སྙིང་འདྲ་བསྣམས། །གཡོན་གྱི་དང་པོ་མ་རུངས་བདུད་བཞི་ཡི། །ཁྲག་གིས་རབ་ཏུ་གང་བའི་ཐོད་པ་འཛིན། །གཡས་ཀྱི་འོག་མ་རལ་གྲི་འདེབས་པའི་ཚུལ། །གཡོན་གྱི་འོག་མ་རྩེ་གསུམ་འཕྱར་སྟབས་འཛིན། །ཐོད་པ་སྐམ་པོ་ལྔ་ཡི་ཅོད་པན་ལ། །རིན་ཆེན་སྣ་ཚོགས་རྩེ་བྲན་ལྔ་ཡིས་བརྒྱན། །རུས་པའི་རྒྱན་དྲུག་དག་གིས་སྐུ་ལ་སྤྲས། །སྤྱི་གཙུག་ཉི་ཟླའི་རྒྱན་གྱིས་རབ་ཏུ་མཛེས། །མགོ་རློན་ལྔ་བཅུའི་དོ་ཤལ་མགུལ་དུ་འཕྱང་། །ཐལ་ཆེན་ཚོམ་བུ་ལྔ་ཡི་ཐིག་ལེ་དང་། །ཞག་གི་ཟོ་རས་དག་གིས་ལེགས་པར་བརྒྱན། །གླང་ཆེན་ཀོ་རློན་སྐུ་ཡི་སྟོད་དུ་གསོལ། །ཞིང་ལྤགས་གཡང་གཞི་སྐུ་ཡི་སྐེད་པར་དཀྲིས། །སྟག་གི་པགས་པའི་ཤམ་ཐབས་རབ་ཏུ་མཛེས། །ཀླུ་ཆེན་རྒྱལ་རིགས་དཀར་པོས་དབུ་བརྒྱན་ཅིང་། །བྲམ་ཟེ་སེར་པོ་མགུལ་བརྒྱན་མཛེས་པར་དཀྲིས། །རྗེ་རིགས་དམར་པོས་རྣ་བ་གཡས་གཡོན་བརྒྱན། །དམངས་རིགས་ལྗང་ཁྲས་སེ་རལ་ཁ་བྱས་ཤིང་། །གདོལ་པ་ནག་པོས་ཕྱག་གདུབ་ཞབས་གདུབ་བྱས། །དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པའི་ཚུལ། །སྤྱན་གསུམ་ལས་ནི་གློག་སྟོང་འགྱུ་བའི་གཟི། །སྨ་ར་ཨག་ཚོམ་བསྐལ་པའི་མེ་ལྟར་འབར། །ཁྲོ་གཉེར་གསུམ་ལྡན་རིན་ཆེན་འབར་བས་བརྒྱན། །གསུས་ཁྱིམ་ཆེ་ཞིང་ལྟོ་བ་འཐུར་དུ་འཕྱང་། །ལྗགས་འདྲིལ་མཆེ་གཙིགས་དྲག་པོའི་གད་རྒྱང་ཅན། །ཧུཾ་ཧཱུྃ་ཕཊ྄་ཀྱི་ང་རོ་དྲག་པོ་སྒྲོག །ཞབས་གཉིས་བརྐྱང་བསྐུམ་དཔའ་བོའི་འདུག་སྟངས་ཀྱིས། །རོ་ཡི་གདན་ལ་དགྱེས་པའི་གར་གྱིས་ནི། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །དཔལ་མཆོག་མ་ཧཱ་ཀཱ་ལ་སྐུ་བཞེངས་ཤིག །དཔལ་འབར་དབང་ཕྱུག་ཆེན་པོ་སྐུ་བཞེངས་ཤིག །རྡོ་རྗེ་ཁྲག་འཐུང་ནག་པོ་སྐུ་བཞེངས་ཤིག །ལུས་དང་གྲིབ་མའི་ཚུལ་དུ་བཞུགས་པ་ཡི། །ཡུམ་མཆོག་ཙཎྜྻི་ནག་མོ་ཞལ་གཅིག་མ། །ཕྱག་བཞི་གཡས་ཀྱི་དང་པོ་རལ་གྲི་འཕྱར། །གཉིས་པ་ཏྲི་ཤུ་ལ་ནི་འབར་བ་འཛིན། །གཡོན་གྱི་དང་པོ་མདའ་དང་གཞུ་འཛིན་ཅིང་། །འོག་མ་དགྲ་བོའི་མགོ་བཅད་ཁྲག་ལ་བལྡག །ཤིན་ཏུ་སྐེམ་ཞིང་སྐྲ་གྲོལ་རོ་གདན་བཞུགས། །ཡུམ་མཆོག་ཙཎྜྻི་ནག་མོ་སྐུ་བཞེངས་ཤིག །གཡས་ཀྱི་ཕྱོགས་ན་བདུད་པོ་བྱ་རོག་གདོང་། །གིང་ཕོའི་ཞལ་ནས་ཕཊ྄་སྒྲོག་སྐུ་བཞེངས་ཤིག །གཡོན་གྱི་ཕྱོགས་ན་བདུད་མོ་བྱ་རོག་གདོང་། །རབ་གཏུམ་ཞལ་ནས་ཁྲག་འཛག་སྐུ་བཞེངས་ཤིག །མདུན་གྱི་ཕྱོགས་ན་སྲོག་བདག་བྱ་རོག་གདོང་། །གཏུམ་པའི་ཞལ་ནས་ཧཱུྃ་མཛད་སྐུ་བཞེངས་ཤིག །རྒྱབ་ཀྱི་ཕྱོགས་ན་བཙན་མགོན་བྱ་རོག་གདོང་། །ཁྲག་འཐུང་རྔམ་པའི་ཚུལ་གྱིས་སྐུ་བཞེངས་ཤིག །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །མདོག་ནག་གཏུམ་ཞིང་ཐུང་ལ་གེལ་བའི་གཟུགས། །ཕྱག་གཡས་གྲི་གུག་འབར་བ་ནམ་མཁའ་འཕྱར། །གཡོན་པ་ཐོད་པ་ཁྲག་བཀང་རྔམ་ཞིང་འཐུང་། །རལ་སེར་གྱེན་བརྫེས་མགོ་འཕྲེང་དོ་ཤལ་བྱས། །སྦྲུལ་གདུག་རྒྱན་དང་སྐུ་སྨད་སྟག་ཤམ་སྤྲས། །ཞབས་གཡས་རྡེབ་ཅིང་རོ་ཡི་གདན་ལ་བཞུགས། །ལས་མཁན་བྱ་རོག་གདོང་ཅན་སྐུ་བཞེངས་ཤིག །གཞན་ཡང་སངས་རྒྱས་སྤྱན་སྔར་ཁས་བླངས་པའི། །གནོད་སྦྱིན་བྱ་རོག་གདོད་ཅན་སྐུ་མདོག་ལྗང་། །ཞལ་གཅིག་ཕྱག་གཉིས་གཡས་པ་གྲི་གུག་འཕྱར། །གཡོན་པ་ཐོད་པ་ནོར་བུས་གང་བ་གཟུང་། །ཞབས་གཉིས་གཡོན་པའི་བྲང་དང་གཡས་པུས་བཙུགས། །བདུད་དང་གནོད་སྦྱིན་མང་པོ་ལས་ལ་འགྱེད། །གནོད་སྦྱིན་འབུམ་གྱི་སྡེ་དཔུང་བཅས་པ་ཡང་། །སྟོབས་ཆེན་དྲེག་པ་མ་ལུས་ཀུན་གྱི་རྒྱལ། །ལྷ་སྲིན་ཤ་ཟ་འབུམ་སྡེའི་འཁོར་དང་བཅས། །བྱ་ཁྲ་དགུ་ནི་ཀླད་ལ་ལྡིང་ཞིང་རྒྱུག །གཅན་གཟན་འབུམ་ནི་ཕྱི་ལ་རོལ་ཞིང་ཁྲིད། །གནོད་སྦྱིན་བྱ་རོག་གདོང་ཅན་སྐུ་བཞེངས་ཤིག །ཁྲག་འཐུང་ནག་པོའི་སྤྱན་མངར་ཁས་བླངས་པའི། །སྲིན་པོ་བྱ་རོག་གདོང་ཅན་སྤྲུལ་པའི་སྐུ། །ཕ་ནི་སྲིན་ལ་མ་ནི་ཀླུ་མོ་སྟེ། །ཀླུ་སྲིན་འདུས་པའི་སྲས་པོ་མཐུ་རྩལ་ཅན། །མགོ་དགུ་མགོ་ལུས་ཐམས་ཅད་མིག་གིས་ཁེངས། །སྐུ་མདོག་ཤིན་ཏུ་འཇིགས་པའི་དུད་ཁའོ། །གཡས་པ་ཆུ་སྲིན་ཞགས་པའི་རྒྱལ་མཚན་བསྣམས། །གཡོན་ན་རྭ་ཡི་མདའ་གཞུ་འཛིན་ཅིང་གཟིར། །སྐུ་སྟོད་སྲིན་པོའི་གཟུགས་ལ་སྐུ་སྨད་སྦྲུལ། །སྡེ་བརྒྱད་དྲེགས་པ་ཀུན་གྱི་དམག་དཔོན་མཛད། །དམ་ཉམས་དགྲ་བོའི་སྲོག་ལ་ཧུར་ཐུམ་བྱེད། །སྲིན་པོ་བྱ་རོག་གདོང་ཅན་སྐུ་བཞེངས་ཤིག །བཀའ་ི་ཕྱག་བརྙན་སེང་གེའི་གདོང་ཅན་ནི། །སྐུ་མདོག་མཐིང་ནག་གཡས་པ་རལ་གྲི་འཕྱར། །གཡོན་པ་ཐོད་པ་ཁྲག་གིས་གང་བ་འཛིན། །ཞབས་གཉིས་བརྐྱང་བསྐུམ་རོ་ཡི་གདན་ལ་བཞུགས། །རྔམ་པའི་ཁ་གདངས་དྲག་པོའི་མཆེ་བ་གཙིགས། །སྨ་ར་མེ་འབར་སྨིན་མ་གློག་ལྟར་འཁྱུག །ཐོད་པ་ལྔས་བརྒྱན་ལྕགས་ཀྱི་རལ་པ་སྤྲུག །སྦྲུལ་ནག་གདུ་བུ་མགོ་རློན་དོ་ཤལ་བྱས། །སྟག་ལྤགས་ཤམ་ཐབས་དུར་ཁྲོད་ཆས་ཀྱིས་བརྒྱན། །མི་བསྲུན་ཤ་ཟའི་ཚོགས་ཀྱི་གཙོ་བོ་སྟེ། །ཤ་ཟ་སེང་གེའི་གདོང་ཅན་སྐུ་བཞེངས་ཤིག །ཤར་སྒོར་བྱ་རྒོད་གདོང་ཅན་སྐུ་བཞེངས་ཤིག །བྱང་སྒོར་ཁྱུང་གི་གདོང་ཅན་སྐུ་བཞེངས་ཤིག །ནུབ་སྒོར་ཁྭ་ཏའི་གདོང་ཅན་སྐུ་བཞེངས་ཤིག །ལྷོ་སྒོར་འུག་པའི་གདོང་ཅན་སྐུ་བཞེངས་ཤིག །ཤར་ལྷོར་ཕག་གི་གདོང་ཅནྎ ལྷོ་ནུབ་ཁྱི་ཡི་གདོངྎ ནུབ་བྱང་སྤྱང་ཀིའི་གདོང་ཅནྎ བྱང་ཤར་སྟག་གི་གདོང་ཅན་སྐུ་བཞེངས་ཤིག །ཀུན་ཀྱང་ཆ་ལུགས་མཐུན་པ་སྟེ། སྐུ་མདོག་མཐིང་ནག་རྔམ་པའི་ཚུལ། །ཐོད་འཕྲེང་དུར་ཁྲོད་ཆས་ཀྱིས་བརྒྱན། །ཕྱག་གཉིས་འབར་བའི་གྲི་ཐོད་འཛིན། །ཞབས་གཉིས་བརྐྱང་བསྐུམ་གར་གྱིས་བཞུགས། །མཁའ་འགྲོ་བརྒྱད་པོ་སྐུ་བཞེངས་ཤིག །གཞན་ཡང་ཕྱོགས་མཚམས་རྒྱུག་པ་ཡི། །རོ་ལངས་བརྒྱ་རྣམས་སྐུ་བཞེངས་ཤིག །ནག་པོ་སྟོང་རྣམས་སྐུྎ ཤ་ཟ་འབུམ་རྣམས་སྐུྎ མ་མོ་ས་ཡ་སྐུྎ གནོད་སྦྱིན་ཁྲི་རྣམསྎ ཕྱི་རོལ་སྡེ་བཞི་བསྲུང་བ་ཡི། །རྒྱལ་ཆེན་སྡེ་བཞིྎ དུར་ཁྲོད་བརྒྱད་ན་བཞུགས་པ་ཡི། །ཕྱོགས་སྐྱོང་ཞིང་སྐྱོང་སྐུྎ ལྷ་ཆེན་བརྒྱད་པོྎ ཀླུ་ཆེན་བརྒྱད་པོྎ གནོད་སྦྱིན་བརྒྱད་པོྎ གཟའ་ཆེན་བརྒྱད་པོྎ རྒྱུ་སྐར་ཉེར་བརྒྱདྎ འཇིགས་བྱེད་དགུ་རྣམསྎ མ་མོ་བདུན་དང་སྲིད་མོ་བཞི། །འབར་མ་ཆེན་མོ་བརྒྱད་རྣམས་དང་། །ཕོ་ཉ་དྲུག་ཅུ་རྩ་བཞི་སོགས། །ལས་བྱེད་ཕོ་ཉ་སྐུ་བཞེངས་ཤིག །དེ་ལྟར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བསིལ་བའི་ཚལ་ན་ལནྡ་རྡོ་རྗེ་གདན་ལ་སོགས་པ་ནས་ཆོས་སྐྱོང་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་ཁོར་དང་བཅས་པ་ཐམས་ཅད་བཛྭ་ས་མཱ་ཛཿཧཱུྃ རྒྱ་གར་ཡུལ་ཀྱི་རྡོ་རྗེ་གདན། །འགྱུར་མེད་རྒྱུན་ཏུ་བརྟན་པའི་གནས། །དུས་གསུམ་སངས་རྒྱས་འབྱོན་པའི་ཞིང་། །རྡོ་རྗེ་གདན་གྱི་ཤར་ཕྱོགས་ན། །གཙུག་ལག་ཁང་ཆེན་ན་ལནྡའི། །ཆོས་སྐྱོང་སྲུང་མར་མངའ་གསོལ་བའི། །ཡེ་ཤེས་མགོན་པོ་བྱ་རོག་མཚན། །ཁྲག་འཐུང་རྒྱལ་པོའི་སྤྲུལ་པ་སྟེ། །བསྟན་པ་བསྲུང་ཕྱིར་འཇིགས་པའི་གཟུགས། །ནག་པོ་ཆེན་པོ་མཐུ་རྩལ་ཅན། །ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །ཁམས་གསུམ་མ་ལུས་དབང་དུ་སྡུད། །དགྲ་བགེགས་ཐམས་ཅད་རྡུལ་དུ་རློག །བདུད་དགྲ་འདུལ་ལ་ཕྱག་འཚལ་ལོ། །ཧཱུྃ ཁྱོད་ལ་བསྟོད་ཅིང་ཞུ་བ་ནི། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སེམས་ཅན་བདེ་ལ་འགོད་པ་དང་། །སྒྲུབ་བོ་བདག་གི་རེ་སྐོང་ཕྱིར། །ཐུན་མོང་མཆོག་གི་མཆོད་པ་རྣམས། །ཁྱོད་ལ་འབུལ་གྱི་བཞེས་སླད་དུ། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཐུགས་རྗེས་དགོངས་ལ་མྱུར་དུ་བྱོན། །ཞེས་སྤྱན་དྲངས། སངས་རྒྱས་བསྟན་པ་བསྲུང་བའི་མཐུ་རྩལ་ཅན། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་དང་བཅས། །བདུད་དང་བར་ཆད་མ་ལུས་འདུལ་བ་དང་། །དྲག་པོའི་དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །དྲག་པོ་གཞལ་ཡས་ཆེན་པོའི་གནས་མཆོག་འདིར། །གཉིས་མེད་བརྟན་པར་བཞུགས་ལ་འཕྲིན་ལས་མཛོད། །ཨོཾ་བཛྭ་མ་ཧཱ་ཀཱ་ལ་ས་མ་ཡ་ཏིཥྛ་ལྷན། ཛཿཧཱུྃ་བཾ་ཧོཿཔདྨ་ཀ་མ་ལ་ཡེ་ཧྶཾ། ཨོཾ་བཛྭ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པུ་ཥྤེ། དྷུ་པེ། ཨ་ལོ་ཀེ གནྡྷེ། ནཻཝི་དྱེ། ཤཔྟས་མཆོད། ཡེ་ཤེས་མགོན་པོ་འཁོར་དང་བཅས། །སྔོན་གྱི་ཞལ་བཞེས་དགོངས་མཛོད་ལ། །རྡོ་རྗེ་འཆང་གི་བཀའ་མ་བཅག །དཀོན་མཆོག་གསུམ་གྱི་དམ་མ་བྲལ། །སྔགས་འཆང་རྣམས་ཀྱི་ངག་མ་གཅོག །གལ་ཏེ་དམ་ལས་འདས་གྱུར་ན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་མཆོག་རྡོ་རྗེ་འབར་བ་འདིས། །འཁོར་བཅས་བརླག་པར་གདོན་མི་ཟ། །ཨོཾ་བཛྭ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བ་རིགས་ལྔ་སྤྱན་དྲངས། དེ་རྣམས་ཀྱི་བདུད་རྩིའི་བུམ་པས་དབང་བསྐུར་བས་སྐུ་གང་། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་བདེ་མཆོག་ལྷན་སྐྱེས། འཁོར་རྣམས་ལ་ཡེ་ཤེས་ཀྱི་མགོན་པོ་ཉིད་ཀྱིས་དབུ་བརྒྱན་པར་གྱུར། འོ་མ་ཆུ་གཙང་སྦྱར་བ་ཡི། །ཡིད་འོང་མཆོད་ཡོན་ཕྱག་ཏུ་འབུལ། །ཨོཾ་བཛྭ་མ་ཧཱ་ཀཱ་ལ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཙན་དན་གླ་རྩི་སྦྱར་བ་ཡི། །ཞལ་བསིལ་དམ་པས་སྐུ་ཁྲུས་གསོལ། །པཱ་དྱཾྎ ས་བཅུ་ཉིད་ལ་གནས་པའི་སེམས་དཔའ་ཡང་། །གཟི་བརྗིད་མེ་ལྟར་འབར་བའི་ཁྲོ་ཚུལ་གྱིས། །བསྟན་ལ་སྡང་བའི་དགྲ་བགེགས་ཚར་གཅོད་པ། །མགོན་པོ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཧཱུྃ རཀྟ་སྐོམ་དུ་འཐུང་བའི་ཕྱིར། །ཁྲག་སྣ་སྟོང་གི་ཡོན་ཆབ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། ཨོཾ་བཛྭ་མ་ཧཱ་ཀཱ་ལ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་ཕཊ྄། སྤྱན་གཟིགས་ཤ་ལ་མཛད་པའི་ཕྱིར། །ཤ་སྣ་སྟོང་གི་མེ་ཏོག་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། །པུཥྤེྎ ཚིལ་ཆེན་དྲི་ལ་མནོམ་པའི་ཕྱིར། །བསུར་ཆེན་སྤོས་ཀྱི་དུད་སྤྲིན་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། །དྷཱུ་པེྎ སྲིན་པོ་གདུག་པ་འཇོམས་པའི་ཕྱིར། །ཞུན་ཆེན་གསལ་བའི་མར་མེ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། ཨཱ་ལོ་ཀེྎ ནུས་པ་མཆོག་དང་རབ་ལྡན་ཕྱིར། །བདུད་རྩི་ལྔ་ཡི་དྲི་ཆབ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། །གནྡྷེྎ ལྗགས་ཀྱི་དབང་པོ་ཚིམ་བྱའི་ཕྱིར། །སྙིང་སྣ་སྟོང་གི་ཞལ་ཟས་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། །ནཻ་ཝི་དྱེྎ སྙན་གྱི་དབང་པོ་ཚིམ་བྱའི་ཕྱིར། །རྐང་གླིང་ཐོད་ལྔ་ཅང་ཏིའུ་སོགས། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། །ཤཔྟྎ ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་དུ། །དྲིན་ཅན་རྩ་བ་བརྒྱུད་པའི་བླ་མ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། དཀྱིལ་འཁོར་ཆེན་པོའི་གནས་མཆོག་དམ་པ་རུ། །བཅོམ་ལྡན་འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། ཨོཾ་ཤྲཱི་ཧེ་རུ་ཀྎ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་དུ། །བཀའ་སྡོད་ཡེ་ཤེས་མགོན་པོ་ཆེན་པོ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། ཨོཾ་བཛྭ་མ་ཧཱ་ཀཱ་ལྎ མགོན་པོའི་སྐུ་དང་གཉིས་མེད་ལྷན་སྦྱོར་བའི། །ཨེ་ཀ་ཛ་ཊི་གསང་བའི་ཡུམ་ཆེན་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། མ་ཧཱ་ཀཱ་ལིྎ དྲག་པོའི་ལས་བྱེད་བྱ་རོག་གདོང་ཅན་སོགས། །བཀའ་ཉན་ལས་བྱེད་དྲེགས་པའི་ཚོགས་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་སྲི་དྎ གཞན་ཡང་མགོན་པོའི་བཀའ་ཉན་ལས་བྱེད་ཚོགས། །འཕྲིན་ལས་བཞི་ཡིས་བསྟན་པ་སྐྱོང་མཛད་ཅིང་། །རྣལ་འབྱོར་སྒྲུབ་པའི་བར་ཆད་ཀུན་སེལ་བའི། །དམ་ཅན་རྒྱ་མཚོའི་ཚོགས་ལ་མཆོད་པ་འབུལ། །གནས་བདག་གཞི་བདག་རིགས་དྲུག་མཆོད་སྦྱིན་གནས། །རང་རང་འདོད་པའི་དངོས་གྲུབ་ཇི་ལྟ་བ། །འབད་མེད་སྩོལ་བས་ཉེ་བར་འཚོ་བ་ཡི། །རྣམ་དག་བདུད་རྩིའི་ཆར་རྒྱུན་དབབ་གྱུར་ཅིག །སརྦ་པཉྩྨྎ རང་རྫས་མཛེས་པ་ཉིད་ཀྱི་རྫས། །སྟོང་དང་ཤིན་ཏུ་སྟོང་པ་དང་། །སྟོང་པ་ཆེན་པོའི་རྒྱུད་དེ་ཡིས། །ཐམས་ཅད་སྟོང་པ་མངོན་སུམ་དུ། །བྱས་ལ་བདེ་ཆེན་སྐད་ཅིག་གིས། །གོམས་པར་བྱས་ལ་མཆོད་པར་བྱ། །མན་ངག་བཞིན། ཨོཾ་བཛྭ་ཀ་ཝུ་ཝ་མ་ཧཱ་ཀཱ་ལཱ་ཡ་ཧུཾ་ཧཱུྃ་ཕཊ྄། ཅེས་བཟླས་སོ།། ཧཱུྃ འོག་མིན་གནས་མཆོག་དམ་པ་ཡི། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །འཁོར་དུ་དཔའ་བོ་དཔའ་མོས་བསྐོར། །ཟ་བྱེད་རྔམ་པའི་ཁྲོ་གཏུམ་ཅན། །བདུད་དཔུང་ཐམས་ཅད་འཇོམས་མཛད་པ། །ཁྲག་འཐུང་རྒྱལ་ལ་ཕྱག་འཚལ་བསྟོད། །ཧེ་རུ་ཀ་དཔལ་སྐུ་སྤྲུལ་པ། །བཀའ་སྡོད་བྱ་རོག་མཚན་ཅན་ནི། །ནག་པོ་ཆེན་པོ་ཁྲོ་བོའི་རྒྱལ། །ཀེང་རུས་སྐམ་རློན་ཁྲི་ལ་བཞུགས། །གཅེར་བུ་སྐུ་མདོག་ནག་པོ་ལ། །ཐལ་བའི་མཚན་མས་ལུས་བྱུགས་པ། །གཟུང་འཛིན་དྲི་མས་མ་གོས་ཤིང་། །ཆོས་སྐུ་འགྱུར་བ་མེད་པའི་རྟགས། །དགྲ་བགེགས་འཇོམས་ལ་ཕྱག་འཚལ་བསྟོད། །ཕྱག་བཞི་ཡི་ནི་བརྡ་བསྟན་པ། །འཕྲིན་ལས་རྣམ་བཞི་བསྒྲུབ་པའི་རྟགས། །ཕྱག་གཡས་དང་པོ་བེ་ཏ་ཡི། །འབྲས་བུ་དམར་པོ་འཛིན་མཛད་པ། །ལོངས་སྤྱོད་དངོས་གྲུབ་སྟེར་བའི་རྟགས། །རིན་ཆེན་གཏེར་གྱི་ཆར་འབེབས་པའི། །གཏེར་བདག་ཆེན་པོར་ཕྱག་འཚལ་བསྟོད། །ཕྱག་གཡས་འོག་མ་རལ་གྲི་འཛིན། །དགྲ་བགེགས་སྲོག་རྩ་གཅོད་པའི་རྟགས། །ཕྱག་གཡོན་དང་པོ་ཐོད་ཁྲག་བསྣམས། །བདུད་ཁྲག་དྲོན་མོ་གསོལ་བའི་རྟགས། །ཕྱག་གཡོན་འོག་མ་རྩེ་གསུམ་བསྣམས། །སྐུ་གསུམ་ཡོན་ཏན་མངའ་བའི་རྟགས། །སྐྱོན་མེད་སྐུ་ལ་ཕྱག་འཚལ་བསྟོད། །མཆེ་བཞི་གཙིགས་པས་བདུད་བཞི་འཇོམས། །འབྱུང་པོའི་ཤ་ལ་རོལ་པའི་རྟགས། །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས། །སྤྲུལ་པའི་ཕོ་ཉ་འགྱེད་པའི་རྟགས། །ཁྲོ་གཉེར་དཔྲལ་བའི་དབྱིངས་སུ་བསྡུས། །གནོད་བྱེད་ཚེ་སྲོག་འགུགས་པའི་རྟགས། །དམ་ཚིག་ཅན་ལ་ཕྱག་འཚལ་བསྟོད། །དབུ་སྐྲ་རལ་པའི་ཐོར་ཚུགས་ནི། །བསྐལ་པའི་མེ་ལྟར་གྱེན་དུ་འབར། །ལྷ་རྣམས་དབང་དུ་སྡུད་པའི་རྟགས། །སྦྲུལ་རིགས་བཞི་ཡིས་དབུ་ཞབས་བརྒྱན། །ཀླུ་རྣམས་དབང་དུ་སྡུད་པའི་རྟགས། །ཨག་ཚོམ་ཁམ་ནག་འཁྱིལ་བ་ནི། །ལྷ་མིན་གཡུལ་ངོ་འཇོམས་པའི་རྟགས། །བྱ་རོག་མིང་ཅན་ཕྱག་འཚལ་བསྟོད། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རིགས་ལྔའི་རྒྱན་དང་ལྡན་པའི་རྟགས། །ཐོད་རློན་འཕྲེང་བའི་དོ་ཤལ་རྒྱན། །དམ་ཉམས་སྲོག་རྩ་གཅོད་པའི་རྟགས། །དཔའ་བོའི་འདུག་སྟངས་ཀྱིས་བཞུགས་པ། །བསྒྲལ་བའི་ཞིང་བཅུ་སྒྲོལ་བའི་རྟགས། །སྐུ་སྨད་སྟག་ལྤགས་ཤམ་ཐབས་ནི། །གཅན་གཟན་འཁོར་གྱིས་བསྐོར་བའི་རྟགས། །དྲིལ་བུ་གཡེར་ཁའི་སྒྲ་སྒྲོག་པ། །ཕྱོགས་བཅུར་སྙན་པ་སྒྲོག་པའི་རྟགས། །བྱ་རོག་མིང་ཅན་ཕྱག་འཚལ་བསྟོད། །མེ་དཔུང་འབར་བའི་དབུས་ན་བཞུགས། །ཉོན་མོངས་རྣམ་རྟོག་སྲེག་པའི་རྟགས། །བྱ་རོག་མིང་ཅན་ཕྱག་འཚལ་བསྟོད། །ཧཱུྃ དཔལ་ལྡན་མགོན་པོ་ནག་པོ་ཡི། །དཔྲལ་བའི་དཀྱིལ་ནས་སྐུ་སྤྲུལ་པ། །ལྕགས་ཀྱི་བྱ་ཁྱུང་ནག་པོ་ནི། །དུང་གི་མཆེ་བ་རབ་གཙིགས་ཤིང་། །སྤྱན་ནི་ཁྲག་མདོག་བསེ་ཡི་སྤྱན། །རྭ་ནི་རྡོ་རྗེ་ཕ་ལམ་རྭ། །རིན་ཆེན་འབར་བའི་ཚ་ཚ་འཕྲོ། །མཐིང་གཤོག་འབར་བ་གདེངས་མིག་གཡོབ། །ཀཾ་ཀཾ་ཀྲིཾ་ཀྲིཾ་སྒྲ་འབྱིན་ཞིང་། །ཟངས་ཀྱི་སྡེར་མོ་དམར་པོ་ཡིས། །དགྲ་བགེགས་གློ་སྙིང་ཕྱུང་ནས་ནི། །རྔམ་ཞིང་རྔམ་ཞིང་ཞལ་དུ་གསོལ། །ཁྱུང་ནག་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ ཐུགས་ཀྱི་དཀྱིལ་ནས་སྤྲུལ་པ་ནི། །བྱ་རོག་གདོང་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་ནི་གཉིས་པ་ལ། །གཡས་པ་བདུད་ཀྱི་གྲི་གུག་འཕྱར། གཡོན་པ་བདུད་ཁྲག་དྲོན་མོ་གསོལ། །མི་མགོ་རློན་པའི་དོ་ཤལ་བྱས། །སྐུ་སྨད་སྟག་གི་ཤམ་ཐབས་བགྱིས། །འགྱིང་ཞིང་འགྱིང་ཞིང་དགྲ་ལ་རོལ། །རྔམ་ཞིང་རྔམ་ཞིང་དགྲ་ཤ་ཟ། །སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག །རྒྱུ་མའི་ག་ཤས་ལུས་བརྒྱན་ནས། །ཁྲོ་ཞིང་ཁྲོ་ཞིང་བགེགས་རྣམས་འཇོམས། །ཧཱུྃ་ཧཱུྃ་ཕཊ྄་ཀྱི་སྒྲ་སྒྲོག་ཅིང་། །ལྷ་མིན་ཐམས་ཅད་འབྱེར་བར་བྱེད། །ལེགས་ལྡན་ནག་པོ་ཁྲོ་བོའི་གཟུགས། །བྱ་རོག་བགེགས་འཇོམས་ཕྱག་འཚལ་བསྟོད། །དམ་ཅན་ཡོངས་ཀྱི་སྲུང་མ་ཆེ། །དམ་ཉམས་ཡོངས་ཀྱི་གཤེད་པོ་ཆེ། །མནའ་ཟན་ཡོངས་ཀྱི་ཤ་ཟན་པོ། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཆེ། །བདུད་འདུལ་ཡོངས་ཀྱི་དབང་ཕྱུག་ཆེ། །དུག་གསུམ་ནད་ཀྱི་སྨན་པའི་རྒྱལ། །ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །བྱ་རོག་གདོང་ཅན་ཁྱོད་ལ་བསྟོད། །ལྷ་དམག་ཀུན་གྱི་དབུགས་འབྱིན་པ། །ནམ་མཁའི་བུ་མོ་གློག་མ་སྤྲིན། །འདུལ་བར་ཞལ་གྱིས་བཞེས་མཛད་པ། །རྡོ་རྗེ་དུར་ཁྲོད་རོ་ལངས་འདུལ། །བདུད་འདུལ་དབང་ཕྱུག་ཁྱོད་ལ་བསྟོད། །གཞན་ཡང་ཐུགས་ཀྱི་སྤྲུལ་པ་ནི། །གནོད་སྦྱིན་བྱ་རོག་གདོང་ཅན་ཏེ། །བསྟན་པ་བསྲུང་ལ་ཕྱག་འཚལ་བསྟོད། །ཕྱག་བརྙན་ལེགས་ལྡན་སེང་གེའི་གདོང་། །གཙང་རིས་མགོན་པོ་ཆེན་པོ་སྟེ། །མགོན་པོ་འབུམ་གྱི་འཁོར་གྱིས་བསྐོར། །རྣལ་འབྱོར་བདག་གིས་ཁྱོད་བསྒྲུབ་ཀྱི། །བོས་པའི་དུས་ན་སྙན་མ་སྲ། །རྦད་པའི་དུས་ན་མཐུ་མ་ཆུང་། །རྣལ་འབྱོར་ལུས་དང་གྲིབ་བཞིན་འགྲོགས། །ཧཱུྃ ལྷ་མོ་དུས་མཚན་རེ་མ་ཏི། །ཨེ་ཀ་ཛ་ཊི་སྔགས་ཀྱི་ཡུམ། །ཞལ་གཅིག་མ་ལ་སྤྱན་གསུམ་མ། །ཕྱག་བཞི་མ་ལ་མཛེས་མ་སྟེ། །ཕྱག་གཡས་རལ་གྲི་ཏྲི་ཤུ་ལ། །གཡོན་པ་མདའ་གཞུ་དགྲ་མགོ་འཛིན། །སྐུ་མདོག་ནག་མོ་དྲེའུ་ཞོན། །རལ་པ་ཁམ་ནག་ས་ལ་རྡོལ། །ཡང་འཁོར་མ་མོ་བྱེ་བས་བསྐོར། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཧཱུྃ དཔལ་ལྡན་མགོན་པོ་ནག་པོ་ཡི། །ཤར་ན་སྤྲུལ་པའི་ཕོ་ཉ་ནི། །མ་མོ་བྱ་རྒོད་གདོང་ཅན་མ། །སྐུ་མདོག་ནག་མོ་མུན་པའི་མདོག །ཕྱག་གཡས་རལ་གྲི་འབར་བ་འཕྱར། །གཡོན་པ་ཐོད་པ་ཁྲག་ཅན་གསོལ། །སྤྱན་གསུམ་སྐྲ་གྲོལ་གཅེར་བུ་མ། །ཟངས་ཀྱི་མཆེ་བ་རབ་གཙིགས་ནས། །རྒོད་ཅིང་རྒོད་ཅིང་རོ་ལ་ཟ། །བྱ་རྒོད་གདོང་ཅན་ཁྱོད་ལ་བསྟོད། །བྱང་ན་ཁྱུང་གི་གདོང་ཅན་མ། །སྐུ་མདོག་ནག་མོ་ཆར་སྤྲིན་མདོག །རལ་པ་ཕུར་བུ་ས་ལ་འདྲུད། །གཡས་གཡོན་འབར་བའི་གྲི་ཐོད་འཛིན། །སྤྱན་གསུམྎ བསེ་ཡི་མཆེ་བྎ མཆོང་ཞིང་མཆོང་ཞིང་བགེགས་ལ་རོལ། །ཁྱུང་གི་གདོངྎ ནུབ་ན་ཁྭ་ཏའི་གདོང་ཅན་མ། །སྐུ་མདོག་ནག་མོ་དུད་ཁ་ལ། །རལ་པ་ཁམ་ནག་གཡོན་དུ་འཁྱིལ། །ཕྱག་གཉིས་འབར་བའི་གྲི་ཐོད་འཛིན། །སྤྱན་གསུམྎ ཤེལ་གྱི་མཆེ་བ་རབ་གཙིགས་ནས། །ལྡིང་ཞིང་ལྡིང་ཞིང་དགྲ་རྣམས་གསོད། །ཁྭ་ཏའི་གདོང་ཅནྎ ལྷོ་ན་འུག་པའི་གདོང་ཅན་མ། །སྐུ་མདོག་ནག་མོ་མཐིང་གི་མདོག །ཁྲག་གི་རལ་པ་དམར་པོ་གཟིངས། །རལ་གྲི་ཐོད་ཁྲག་ཕྱག་ན་བསྣམས། །སྤྱན་གསུམྎ ལྕགས་ཀྱི་མཆེ་བ་རབ་གཙིགས་ནས། །རྒྱུག་ཅིང་རྒྱུག་ཅིང་དམ་ཉམས་སྒྲོལ། །འུག་པའི་གདོང་ཅན་ཁྱོད་ལ་བསྟོད། །ཁྱོད་ཀྱི་ཐུགས་ཀྱི་སྤྲུལ་པ་ནི། །ཤར་ལྷོ་མཚམས་ན་ཕག་གི་གདོང་། །ཕག་རྒོད་འབུམ་གྱི་ཕོ་ཉ་འགྱེད། །དགྲ་བགེགས་ཐལ་བའི་རྡུལ་དུ་རློག །བདུད་དགྲ་འདུལ་ལ་ཕྱག་འཚལ་བསྟོད། །ལྷོ་ནུབ་མཚམས་ན་ཁྱི་གདོང་མ། །བདུད་ཁྱི་འབུམ་གྱིྎ དགྲ་བགེགས་ཐལྎ བདུད་དགྲ་འདུལ་ལ་ཕྱག་འཚལ་བསྟོད། །ནུབ་བྱང་མཚམས་ན་སྤྱང་གདོང་མ། །སྤྱང་མོ་འབུམྎ དགྲ་བགེགསྎ བདུད་དགྲ་འདུལ་ལྎ བྱང་ཤར་མཚམས་ན་སྟག་གདོང་མ། །སྟག་མོ་འབུམྎ དགྲ་བགེགས་ཐལ་བའི་རྡུལ་དུ་རློག །བདུད་དགྲ་འདུལ་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད། ཚོགས་རྫས་རྣམས་བདུད་རྩི་རིལ་བུས་བསང་གཏོར་བྱས་ནས། ལག་པ་གཡོན་པ་གདེངས། ཨོཾ་ཡིག་ཏུ་སོང་བས་སྦྱངས། གཡས་པ་གདེངས། ཨཱཿཡིག་གི་རྟོགས་པ་སྟེ་མང་པོར་སྤེལ། སྙིམ་པ་བཀབ། ཧཱུྃ་ཡིག་གིས་སྦར་བ་སྟེ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་བྱས། ནམ་མཁའ་ལྡིང་གི་ཕྱག་རྒྱས། ཧོཿཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་ཞུ་བར་བསམས་ལ། ཧཱུྃ དབྱིངས་སྲིད་ཞི་ཀུན་ཏུ་འཆར་བའི་མ། །དཔལ་རྡོ་རྗེ་ཡན་ལག་མ་མོའི་འཕྲུལ། །མཚན་ཀུན་ལྡན་ཡེ་ཤེས་ཀ་པཱ་ལ། །དེ་བསམ་གྱིས་མི་ཁྱབ་ནམ་མཁའ་ཙམ། །ཨ་རཱ་ལི་རྣལ་འབྱོར་གྱི་འདུས་པ་ལ། །འདོད་ཡོན་གྱི་ལོངས་སྤྱོད་མི་ཟད་པ། །ཧ་ཧོ་སྲཱིཿཁ་དོག་དྲི་རོའི་ཚོགས། །མཆོག་རྣམ་པ་ཀུན་ལྡན་སྟོང་པའི་དཔྱིད། །ཨོཾ་ཨཱཿཧཱུྃ་སྦྱངས་རྟོགས་སྦར་བས་ན། དཔལ་མི་འགྱུར་བདེ་བ་ཆེན་པོའི་གནས། །ས་ཧ་ཛ་སོ་སོ་རང་རིག་གིས། །ཁ་སྦྱོར་གྱི་འཁོར་ལོ་གཅིག་ཏུ་བསྡམས།། ཚོགས་ལ་སྤྱན་དྲངས། ཧཱུྃ ཐུགས་ཟུང་འཇུག་རྒྱལ་བ་ཀུན་གྱི་དངོས། །གསུང་ཆོས་ཀྱི་འཁོར་ལོ་ཐམས་ཅད་པ། །སྐུ་རྣམ་པ་ཀུན་ལྡན་ཚོགས་ཀྱི་མཆོག །སྐྱབས་གསུམ་གྱི་འདུས་པ་བླ་མ་རྗེ། །འཁོར་བརྒྱུད་པའི་བླ་མ་ཉིལ་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུར་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་རྣམས་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་གནང་ནས་ཀྱང་། །ཡབ་ཁྱེད་དང་ཉམས་པར་བྱིན་གྱིས་རློབས། །དཀྱིལ་འཁོར་གྱི་པདྨའི་སྙིང་པོ་ཀུན། །རིས་མེད་པ་རྒྱལ་བའི་ཟེའུ་འབྲུས་གང་། །དངོས་གྲུབ་ཀྱི་ཟིལ་དངར་ཅི་དང་ཅི། །ཡིད་བཞིན་དུ་འབྱུང་བ་ལྷག་པའི་ལྷ། །འཁོར་ཡི་དམ་ལྷ་ཚོགས་ཉི་ལི་ལི། །སྐུྎ གསུངྎ ཐུགསྎ ངེདྎ བཅུདྎ མཆོགྎ ལྷ་ཁྱེད་དངྎ ནང་ཡེ་ཤེས་ཉི་མ་ཟླ་བའི་རྫུ། །བར་ཆད་ཀྱི་མུན་པ་མཐར་བྱེད་ཅིང་། །ཡིད་སྐྱོབ་ཀྱི་སྣང་བ་ཀུན་སྟོན་པ། །ཡུམ་རྡོ་རྗེ་བཙུན་མོ་རིགས་ལྔའི་སྡེ། །འཁོར་དཔའ་བོ་ཌཱ་ཀིྎ སྐུྎ གསུངྎ ཐུགསྎ ངེདྎ བཅུདྎ མཆོགྎ མ་ཁྱེད་དངྎ ཁོང་བདུད་བཞིའི་གཡུལ་ངོ་རླག་བྱེད་དུ། །དཔལ་རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་སྟོབས། །ལྷ་མི་བཟད་ཁྲོས་པ་དཔའ་བོའི་སྟེ། །མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་རྣམས། །འཁོར་དྲེགས་པའི་ལྷ་སྲིནྎ སྐུྎ གསུངྎ ཐུགསྎ ངེདྎ བཅུདྎ མཆོགྎ མགོན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །ཚོགས་ཀྱི་མཆོད་པ། རྗེ་སྲིད་ཞིའི་ཕན་པ་ཐམས་ཅད་དུ། །ཆུ་ཟླ་བཞིན་འགོག་པ་མེད་ཤར་བ། །དཔལ་དང་པོའི་མགོན་པོ་བླ་མའི་ཞབས། །བཀའ་བརྒྱུད་ཀྱི་རྗེ་བཙུན་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་ཏེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོས་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་གྱིས། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། །ཞི་བ་དང་ཁྲོ་ཆགས་ཐམས་ཅད་པ། །སྒྱུ་འཕྲུལ་གྱི་ཟློས་གར་ལ་ཤར་ནས། །དཀྱིལ་འཁོར་གྱི་འཁོར་ལོའི་མགོན་མཛད་པ། །ཡི་དམ་གྱི་ལྷ་ཚོགས་རྒྱ་མཚོ་ལ། མིྎ སྔགསྎ ཅིྎ འདོདྎ ཚོགསྎ སྒྲིབྎ དཔལྎ ནམ་མཁའྎ འཁོར་འདས་ཀྱི་ངོ་མཚར་མ་ལུས་པ། །གཉིས་མེད་ལ་གཉིས་སུ་སྟོན་བྱེད་པའི། །སྲས་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །དཔའ་བོ་དང་ཌཱ་ཀ྄ི་རྒྱ་མཚོ་ལ། །མིྎ སྔགསྎ ཅིྎ འདོདྎ ཚོགསྎ སྒྲིབྎ དཔལྎ ནམ་མཁའ་སྲིད་འགེངསྎ བདུད་ཚོགས་ལ་བདུད་དང་ཆོས་པར་གཉེན། །སྙིང་རྗེ་ལས་རྣམ་པ་ཐམས་ཅད་པ། །ཁྲག་འཐུང་གི་རྒྱལ་པོ་དགའ་མར་བཅས། །དམ་ཅན་གྱི་ཆོས་སྐྱོང་རྒྱ་མཚོ་ལ། མིྎ སྔགསྎ ཅིྎ འདོདྎ ཚོགསྎ སྒྲིབྎ དཔལྎ ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། །བཤགས་པ་ནི། མ་ཧཱ་ཀཱ་ལ་གསན་ཅིང་དགོངས་སུ་གསོལ། ནག་པོ་ཆེན་པོའི་དཀྱིལ་འཁོར་སྒོར་ཞུགས་ནས། །བཀའ་ཡི་དམ་ཚིག་གཉན་པོ་བསྲུང་རྒྱུ་ལ། །བཀའ་ལྟར་མ་གྱུར་གཞུང་བཞིན་རྔོ་མ་ཐོགས། །བརྙེན་བསྒྲུབ་དུས་འདས་ཕུད་དང་གཏོར་མ་ཆག །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རྡོ་རྗེ་སྲིན་པོ་འཁོར་དང་བཅས་ལ་བཤགས།། བསྐང་བ། ཧཱུྃ དམ་ཅན་འདིར་སྤྱོན་འབོད་རྫས་རླུང་ཆེན་གཡོ། །དབྱངས་སྙན་རོལ་སྒྲ་ཁོལ་བའི་མཆོད་སྤྲིན་འཐིབས། །དམ་ཚིག་གིས་བརྣངས་གདུང་བའི་གྲུ་ཆར་སོགས། །འདུ་བའི་དམ་རྫས་བསགས་པས་ཐུགས་དམ་བསྐང་། །ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་ལ། །དགྱེས་ནས་འཁོར་བ་དེ་ཙམ་གཞན་དག་གིས། །ཅི་ལྟར་མཆོད་ལའང་མི་མཛད་དེས་མགུ་ནས། །བསྟོད་བཀུར་བསྔགས་པ་ཕྱག་གིསྎ གདུགས་ཕྱོགས་བླ་བྲེ་རྒྱལ་མཚན་འཕན་ཕུར་གདུགས། །བར་སྣང་ལྡ་ལྡི་ལྷབ་ལྷུབ་མདའ་དར་བར། །གཞུ་ཅན་འདོད་དགུར་འཆར་བའི་དབང་པོའི་གཞུ། །བསྐང་བྱེད་ཕན་ཚུན་སྦྲེལ་བསྎ རྔམ་རྔམ་གཤིན་རྗེའི་མཛོད་རྫས་དགྲ་ཆའི་སྡེ། །མཚར་མཚར་འདོགས་པར་རིངས་པའི་རྒྱན་ཆ་དང་། །ལྷག་ལྷག་རྔོམ་བརྗིད་འོས་པའི་ནོར་སྣ་ཚོགས། །ཕུང་ཕུང་བཀོད་པ་རྒྱ་མཚོསྎ སྣ་ཚོགས་གཡང་གཞིའི་རྒྱལ་མཚན་ཆོས་འབྱུང་དུ། །སྲུབ་མཐོང་ཕྲག་དོག་གི་རྦད་རུ་མཚོན་རྩེ། །མཐོར་བསྙེག་སྔོ་བསངས་མ་ལ་བསྣུན་ལ་ཁད། །འཕྱར་དར་ལག་པས་བཟློག་འདྲསྎ ནམ་མཁའ་འདབ་ཆགས་འཕུར་དགུས་མུན་པར་གཏིབས། །ས་གཞི་རྨིག་ཆགས་རྣམས་ཀྱིས་རྫིས་པའི་ཁར། །མི་བཟད་སྡེར་ཆགས་ཁྱུ་ཆེན་བརྡལ་ནས་སུ། །སོ་སོའི་རྟེན་དུ་ཕུལ་བསྎ སྣ་ཚོགས་གཟི་མདངས་ལྷུན་དུ་ཆགས་པའི་ཚེ། །དཀར་དམར་ཟླ་ཉི་ཏོག་ཏུ་ཆས་གྱུར་ཅིང་། །མཐུན་རྫས་རྒྱུ་སྐར་མཛེས་པའི་རྒྱན་བྱས་པ། །བ་ལིང་ཕོ་བྲང་ཆེན་པོསྎ དུར་ཁྲོད་ཆས་བརྒྱད་སྦྲུལ་བརྒྱད་རུས་རྒྱན་ལྔ། །མ་མོའི་ཆས་ཀ་ཕོད་ཀ་ནག་པོའི་ཞྭ། །སྟག་གཟིག་དོམ་རལ་མ་རལ་གདོང་བརྙན་དང་། །ཆས་བཅུག་འཆམས་ཀྱི་གཟིགས་མོསྎ ཡས་ཐགས་ལས་ཀྱི་མེ་ལོང་ཆེན་པོ་དེར། །སྣང་ཞིང་སྲིད་གཟུགས་སྣང་བ་འདི་གཟིགས་ནས། །གཤིས་ལུགས་བདེན་མེད་བསྒྱུར་ལ་བརྫུན་མིན་གླུད། །ལོང་ཞུའི་སྨྲེང་དང་བཅས་པསྎ རང་རང་སྲོག་གིས་ལེགས་བསྡམས་བླ་རྡོ་ཡིས། །གཽ་རིར་འཁྱུད་པས་འབྲལ་བར་མ་ཕོད་པས། །སྐུ་གཟུགས་གླེགས་བམ་ཕྱག་མཚན་གཉན་པོའི་རྟགས། །ཅི་དགའ་ཞིང་དུ་སྤེལ་བསྎ ཧཱུྃ གནོད་བྱེད་དགྲ་བོའི་གཤེད་དུ་མངགས་པའི་ཚེ། །བསྲུང་བའི་གོ་བགོས་ཟློག་པའི་བཀོད་བཤམས་ནས། །བསད་པའི་གཡུལ་ཞུགས་མནན་བསྲེག་འཕང་ལ་སོགས། །དྲག་པོ་ནག་པོའི་མཐུ་ཡིས་ཐུགས་དམ་བསྐང་། །སངས་རྒྱས་བསྟན་པའི་གཉེར་ཁ་འཛིན་པའི་ཚེ། །ལམ་གོལ་སུན་ཕྱུངས་རྒྱུ་འབྲས་ཡིད་ཆེས་པས། །སྡིག་སྤོང་དགེ་བསྒྲུབ་རང་གི་སེམས་འདུལ་བ། །ཞི་བ་དཀར་པོའི་ཆོས་ཀྱིས་ཐུགས་དམ་བསྐང་། །དུག་གསུམ་ནད་ཀྱི་སྨན་པ་མཛད་པའི་ཚེ། །བསྐྱེད་པའི་རིམ་གསལ་དག་དྲན་ང་རྒྱལ་གྱིས། །ཐ་མལ་སྣང་ཞེན་ན་བའི་སྐབས་ཕྲལ་ནས། །རང་བྱིན་བརླབས་གསོ་ཕྱག་རྒྱསྎ དམ་པ་ཆོས་ཀྱི་སྲོག་ཤིང་མཛད་པའི་ཚེ། །དགྲ་དང་གྲོགས་བརྩིས་རྣལ་བཟློག་དཀྲུག་དབྱུང་སྡེབ། །འཕྲུལ་བསྐོར་དགྲ་ཚུལ་བསམ་གྱིས་མི་ཁྱབ་པའི། །ཆོས་ཀྱི་གཎྜྻཱི་བརྡུངས་བསྎ བདུད་བཞི་འཇོམས་པའི་དཔའ་བོར་ཞུགས་པའི་ཚེ། །རིག་པའི་རལ་གྲིས་བདེན་པའི་སྲོག་བཅད་ཅིང་། །སྟོང་ཉིད་མདུང་རྩེར་སྣ་ཚོགས་རོ་འཐོར་བ། །དཔལ་མཆོག་དང་པོའི་སྐྱེས་བུསྎ ཞིང་སྐྱོང་ལེགས་ལྡན་ཆེན་པོར་སྤྲུལ་པའི་ཚེ། །ཕྱིན་ནང་སྲེག་བླུགས་འོག་ཞལ་ཧོ་མར་དང་། །ཕྱུགས་བསད་ཁྲག་གིས་སྟེང་གི་ཞལ་བཀང་ནས། །ཚངས་པའི་སྲིན་པོར་བསྙེན་པས་ཐུགས་དམ་བསྐང་།། གཏོར་མ་སྦ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེ། ལཾ་ལས་མི་མགོའི་སྒྱེད་བུ། དེའི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་པའི་ནང་དུ་གཏོར་རྫས་ཤ་ལྔ། བདུད་རྩི་ལྔའི་ཕུང་པོ། དགྲ་བགེགས་ཐམས་ཅད་ཐུགས་ཀའི་འོད་ཟེར་གྱིས་དེ་ཉིད་དུ་བཀུག བསྒྲལ་བའི་ཤ་ཁྲག་དང་གཉིས་སུ་མེད་པར་བདུད་རྩིའི་རྒྱ་མཚོར་གྱུར། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་འོད་ཀྱི་སྦུ་གུ་ཅན་དུ་གྱུར་པས། བདུད་རྩི་དྲངས་ཏེ་གསོལ་བས་མཉེས་པར་བསམ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་བཛྭ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་དང་ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎེ། ཨེཥ་ཨ་པཉྩྨི་མ་ཀཱ་ལཿཨ་ཡཾ། ཨི་དཾ་རཏྣ་ཏྲཱ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་དི་པྲ་ཏི་ཛྙྱཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཾཥྚཾ། བ་ལིངྟ་། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀ་་གྲྀ་། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ྄། ལན་བདུན་གྱིས་ཕུལ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་དམ་ཅན་ཡོངས་ཀྱི་སྟོངས་གྲོགས། དམ་ཉམས་ཡོངས་ཀྱི་སྲོག་གཅོད། མནའ་ཟན་ཡོངས་ཀྱི་ཤ་ཟན། ལྷ་ཡི་དགེ་བསྙེན་ཆེན་པོ། ལྷ་དམག་ཀུན་གྱི་དབུགས་འབྱིན་པ། ནམ་མཁའི་བུ་ལྷ་མ་ཡིན་གྱི་བུ་མོ་གློག་མ་སྤྲིན་འདུལ་བར་ཞལ་གྱིས་བཞེས་པ། རྡོ་རྗེ་དུར་ཁྲོད་རོ་ལངས་ཀྱི་བདག་པོ། བདུད་འདུལ་གྱི་དབང་ཕྱུག་ཆེན་པོ། བཀའ་སྡོད་ཡེ་ཤེས་ཀྱི་མགོན་པོ་ཕྱག་བརྙན་བྱ་རོག་གདོང་ཅན། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་ལ་སོགས་པ་ཁྱེད་རྣམས་རྣལ་འབྱོར་བདག་གི་ཆོས་སྐྱོང་དུ་བསྐོས་པ་ཡིན་པས། དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། རྣལ་འབྱོར་བདག་གི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་མཛད་དུ་གསོལ། དཔལ་ལྡན་ལྷ་མོ་དུས་མཚན་མ་ནག་མོ་ལྷ་མོ་ནག་མོ་རེ་མ་ཏི། ཡུམ་ཨེ་ཀ་ཛ་ཊི། གནོད་སྦྱིན་ལྕམ་དྲལ་ཁྱེད་རྣམས་ཀྱིས་རྣལ་འབྱོར་པ་བདག་ལ་སྡང་བའི་དགྲ་ཐུལ་ཅིག གནོད་པའི་བགེགས་ཐུལ་ཅིག བོས་པའི་དུས་ན་སྙན་མ་སྲ། །རྦད་པའི་དུས་མཐུ་མ་ཆུང་། །ཉིན་གྱི་དུས་ན་བྱ་ར་གྱིས། མཚན་གྱི་དུས་ན་མེལ་ཚེ་མཛོད། ལེགས་དང་སྤྲོད། ཉེས་དང་སྣོལ། བསམ་པ་སྒྲུབས། རེ་བ་སྐོངས། བཅོལ་བའི་འཕྲིན་ལས་གྲུབ་པར་མཛད་དུ་གསོལ། ཅེས་འདོད་དོན་གསོལ།། ཨརྒྷཾ་སོགས་ཀྱིས་མཆོད། རྐང་པ་བརྒྱད་པས་བསྟོད། ཚོགས་ལ་འདོད་པ་ལྔ་ལྡན་དུ་རོལ། ལྷག་མ་བསྡུས་ཁ་ཕྲུ་བཏབ་སྟེ། ཧཱུྃ མ་རྡོ་རྗེ་བཙུན་མོ་ཁྲོས་པའི་གཟུགས། །འཁོར་གནས་དང་ཕོ་ཉ་འཇིག་རྟེན་པ། །དམ་ཚིག་དང་ཤ་ཟའི་ཌཱ་ཀ྄ི་མ། །མདངས་དཀར་སེར་དམར་ལྗང་སྔོ་དང་ཁྲ། །ལུས་གློག་འཁྱུག་མེ་དཔུང་འུར་རུ་རུ། །ངག་གཤུག་གླུ་ཞུད་པོ་དིར་རི་རི། །ཡིད་སངས་རྒྱས་བསྟན་ལ་དུང་ངེ་ངེ་། །ལས་སྲིད་གསུམ་མྱུལ་ལ་ཤར་ར་ར། །མཐོ་ནམ་མཁའི་དབྱིངས་ནས་བྱ་ར་བྱེད། །དམ་ཉམས་པའི་སྟེང་དུ་ཐོག་ཏུ་འབབ། །བར་དུར་ཁྲོད་ཀུན་ཏུ་རྒྱུ་ཞིང་འཕུར། །དགྲ་ཐོ་ལུམ་འབར་བའི་རོ་རུ་ཟ། །དམའ་རྒྱ་མཚོའི་ཀློང་ནས་གྱེན་ལ་རྒྱུག །མི་དམ་ཉམས་བསྒྲལ་ནས་ཁྲག་ལ་འཐུང་། །ནད་བརྒྱད་ཁྲི་བཞི་སྟོང་ཀུན་གྱི་བདག །ཕོ་མཚར་པོ་ཀུན་གྱི་སྙིང་ལ་འཇུག །མོ་མཚར་མོ་ཐམས་ཅད་ཞེ་ཡིས་གནོན། །གནས་དབེན་པར་བསྒོམ་པའི་དྲོད་ཚད་མྱུལ། །ཁྱེད་དགྱེས་པའི་ལྷག་གཏོར་བཤམས་ནས་འབུལ། །ངེད་སྐལ་ལྡན་དགའ་བའི་དངོས་གྲུབ་ཞུ། །ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་བྷྱཿསྭཱ་ཧཱ། མ་འབྱོར་བ་དང་སོགས་ཀྱིས་ཉེས་པ་བཤགས། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། སོགས་ཀྱི་དེ་ལ་བསྡུ། མེད་ན་འོད་ཀྱིས་དམ་ཚིག་ཡེ་ཤེས་པ་གཉིས་སུ་མེད་པར་རང་ལ་བསྟིམ། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་ཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག། ཅེས་བསྔོ། བླ་མ་ཡི་དམ་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་བརྗོད་དོ། །མི་དབང་དོན་གྲུབ་རྡོ་རྗེའི་རྒྱུན་གྱི་ཉམས་བཞེས་སུ་པདྨ་དཀར་པོས་རྡོ་རྗེ་གླིང་དུ་སྦྱར་བའོ།། །།མངྒ་ལཾ།། །།
མདོས་ཆོག་ནམ་མཁའི་མཛོད།
མདོས་ཆོག་ནམ་མཁའི་མཛོད་ཅེས་བྱ་བ་བཞུགས་སོ། །ཡེ་ཤེས་མགོན་ཉིད་སྲིད་དུ་འདྲེ་དང་ཞིར། །ལྷ་ཀུན་གཞིར་གྱུར་རྣམ་པ་སོ་སོའི་མདུན། །རྒྱ་ཆེ་བླ་མེད་མཆོད་པའི་སྤྲིན་ཆེན་པོ། །ཀུན་འབེབས་རྣལ་འབྱོར་མོས་པ་ནམ་མཁའི་མཛོད། །དེས་ན་ཀུན་རྫོབ་ལྷུར་ལེན་འདྲར་སྣང་ཡང་། །དོན་དམ་བློ་འདས་ཉམས་ལེར་མི་གཏོང་བས། །བདེན་གཉིས་མཉམ་པར་ཁྱེར་བའི་མདོས་ཆོག་མཁན། །སྔགས་པའི་རྒྱལ་པོར་ཤེས་ནས་ང་བསྟོད་དོ། །དེ་ལ། མདོས་སྒོ་དབྱེ་བ་དང་། རྫོངས་བསྟབས་པ་དང་། མདོས་གཞུག་ཟོར་གྱིས་བཅད་པ་གསུམ། དང་པོ་ལ། རྣལ་འབྱོར་མདོས་བདག་མདོས་ཀྱི་སྒོ་འབྱེད་པ་གསུམ། དང་པོ་ནི། ཧེ་རུ་ཀའི་ང་རྒྱལ་གྱིས་དྲེགས་པ་ཟིལ་གྱིས་གནོན་པ་དང་། དྲེགས་པའི་མཚང་ཚིག་ཤེས་པ་དང་། ལྟ་བའི་གྱབས་དང་ལྡན་པའོ། །གཉིས་པ་ལ། སྤྱན་དྲང་མཚང་འདྲུ་བྱིན་བརླབ་བྱ་བ་གསུམ། དང་པོ་ནི། སྙན་གསན་ཕབ། རྔ་རབས་བཏང་། དེ་ནས་སྤྱན་དྲང་བ་སྟེ། ཧཱུྃ འཇིགས་བྱེད་ཆེན་པོ་ཧེ་རུ་ཀ །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །ཐམས་ཅད་གཅིག་ཏུ་གདལ་བ་ཡིས། །མཆོག་ཏུ་བདེ་བའི་ཐིག་ལེའི་དངོས། །དེ་ལ་མཆོད་བྱ་མཆོད་བྱེད་རྫས། །སྤྱན་འདྲེན་པ་དང་གཤེགས་མཁན་གྱི། །རྣམ་པར་དབྱེ་བ་ཅང་མ་མཆིས། །འོན་ཀྱང་དེ་ཡི་འགག་མེད་རྩལ། །ནམ་མཁའ་ལྟ་བུའི་གོ་འབྱེད་པས། །སྒྱུ་འཕྲུལ་རྡོ་རྗེའི་གར་འབུམ་ཕྲག །བདུད་བཞིའི་དཔུང་པ་གཞོམ་ལ་བཀོད། །དེ་ལ་བདག་ཅག་མ་རིག་པས། །བསླད་ནས་ལྷ་དང་འདྲེ་ཞེས་ཕྱེ། །དེ་བས་གཉིས་སྣང་ཅན་དུ་ཐལ། །ཉོན་མོངས་དུག་གིས་ཀུན་བསླང་ནས། །ནག་པོའི་སྡིག་པའི་ལས་ལ་ཞུགས། །རྣམ་སྨིན་ནད་དང་གནོད་པས་མནར། །དེ་ལ་ཕན་ཕྱིར་གསོལ་བཏབ་ཀྱིས། །ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གྱིས། །མི་ཟད་འཇིག་རྟེན་ཁམས་བཀང་ནས། །བུ་ཡི་གནས་འདིར་གཤེགས་ནས་ཀྱང་། །འདོད་པའི་དོན་ཀུན་སྒྲུབ་ཏུ་གསོལ། ཧཱུྃ སྔོན་ཚེ་རྒྱ་མཚོ་བསྲུབ་པ་ལས། །ཉི་མའི་སྤུན་འཁྲུངས་ཆོས་སྒྲ་སྒྲོག །དེ་ནས་ཅོག་རྒན་ཉེར་བ་དང་། །བྱ་ང་སེ་མོ་སྲིད་པའི་བུ། །ཆེ་བ་ནམ་མཁའ་སྐད་པོ་ཆེ། །ཚངས་པ་ལྷ་ཡི་རྔ་རུ་བཟུང་། །ཆུང་བ་རྒྱ་མཚོའི་གཏིང་དུ་བྱིང་། །ཀླུ་དབང་རྣམས་ཀྱི་རོལ་མོར་གྱུར། །བར་པ་འཛམ་གླིང་མི་ལ་བྱུང་། །ཤིང་བསྒྲིགས་རྩེ་རའི་པགས་པས་གཡོགས། །ལི་བྱིང་ཕོ་རྡོས་བརྡུངས་པ་ལས། །གནམ་སའི་ལྷ་སྲིན་ཐམས་ཅད་འདུས། །འདི་ཡིས་མགོན་པོའི་ཐུགས་དམ་བསྐང་། །སྡེ་བརྒྱད་ཐམས་ཅད་དམ་ལ་འདུ། །དགྲ་དང་བགེགས་ཀྱི་ཀླད་པ་འགེམས། །མ་ཐོགས་དབྱིངས་ནས་འབོད་པའི་བརྡ།། ཐུགས་ཀའི་འོད་ཟེར་གྱིས་དམ་ཅན་རྒྱ་མཚོ་ཐམས་ཅད་སྤྱན་དྲངས་པར་བསམས་ལ། ཧཱུྃ འཁོར་ལོ་སྡོམ་པའི་སྦྱོར་མཚམས་ནས། །སངས་རྒྱས་ཀུན་གྱི་མཐུ་སྟོབས་གཟུགས། །ཡེ་ཤེས་མགོན་པོ་བྱ་རོག་མཚན། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །རྣམ་པ་ཐར་པའི་སྒོ་གསུམ་ནས། །ཨེ་ཀ་ཛ་ཊཱི་ཙཎྜྻི་ཀ །དུད་སོལ་རེ་ཏི་མཆེད་བཞི་རྣམས། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །དགྱེས་མཛད་རྡོ་རྗེའི་ཐུགས་ཀ་ནས། །ཧཱུྃ་མཛད་ནག་པོ་ཆེན་པོ་ནི། །བཀའ་སྡོད་མང་པོའི་འཁོར་བཅས་རྣམས། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །ལྷོ་ཕྱོགས་དཔལ་གྱི་རི་བོ་ནས། །མྱུར་མཛད་ཕྱག་དྲུག་མགོན་པོ་ནི། །བཀའ་མཉན་བཞི་དང་བཅས་པ་ཡང་། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །སིང་ག་ལི་དང་ཏི་སེ་ནས། །ཞལ་བཞི་གཉན་གྱི་མགོན་པོ་ནི། །སྲིང་མོ་བཞི་དང་བཅས་པ་ཡང་། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །བསིལ་བ་ཚལ་གྱི་དུར་ཁྲོད་ནས། །འཇིགས་བྱེད་ལས་ཀྱི་མགོན་པོ་ནི། །བྱ་གདོང་གསུམ་དང་བཅས་པ་ཡང་། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །སྟོབས་ལྡན་གྱད་ཀྱི་ཡུལ་ཁམས་ནས། །སྟག་ཞོན་སྐུ་ཡི་མགོན་པོ་ནི། །མོན་པའི་ཕྱག་བརྙན་བཅས་པ་ཡང་། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །རྒྱ་ནག་རི་བོ་རྩེ་ལྔ་ནས། །སྲོག་བདག་གསུང་མགོན་ཨ་གྷོ་ར། །འཆོལ་པའི་གིང་དང་བཅས་པ་ཡང་། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །རྡོ་རྗེ་གདན་གྱི་ལྷོ་སྒོ་ནས། །དཔལ་ལྡན་གུར་གྱི་མགོན་པོ་ནི། །སྤྲུལ་པ་འཁོར་དང་བཅས་པ་ཡང་། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །མཱ་ལ་ཡ་ཡི་རི་བོ་ནས། །ལེགས་ལྡན་མགོན་པོ་ཆེན་པོ་ནི། །ལས་བྱེད་འབངས་དང་བཅས་པ་ཡང་། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །ཧ་རི་ཀེ་ལའི་གནས་མཆོག་ནས། །འཕྲིན་ལས་མགོན་པོ་གྲི་གུག་ནི། །བློན་པོ་འབངས་དང་བཅས་པ་ཡང་། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །གདོང་དམར་བོད་ཀྱི་བྲག་གདོང་ནས། །དཔལ་གྱི་མགོན་པོ་བེང་ཆེན་པོ། །སྲས་དང་བཀའ་འཁོར་བཅས་པ་ཡང་། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །སྲིན་ཡུལ་རྔ་ཡབ་གླིང་ཆེན་ནས། །མ་ནིང་ནག་པོ་ཆེན་པོ་ནི། །སྲོག་བདུད་མོན་པར་བཅས་པ་ཡང་། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །རྒྱ་ནག་གེའུ་ཏེ་ཤ་ནས། །འཇིག་རྟེན་མགོན་པོ་ཏྲག་ཤད་ནི། །དད་དཔོན་སུམ་ཅུས་བསྐོར་བ་ཡང་། །གསང་བ མདོས་ལ་སྤྱན་འདྲེན་ནོ། །མཁའ་འགྲོ་དྲུག་དང་སྒོ་མ་བརྒྱད། །མ་ཧཱ་ཀཱ་ལི་ཐམས་ཅད་ནི། །སྤྲུལ་པ་ཡང་སྤྲུལ་བཅས་པ་རྣམས། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །རྡོ་རྗེའི་ཕོ་ཉ་དྲུག་ཅུ་བཞི། །ཞིང་སྐྱོང་མཁའ་འགྲོ་སུམ་ཅུ་གཉིས། །རང་འདྲ་འབུམ་འབུམ་གྱིས་བསྐོར་བ། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །སྲིན་ཡུལ་རླུང་དམར་འཚུབ་མ་ནས། །ཟ་བྱེད་ལས་ཀྱི་མགོན་པོ་ནི། །བེར་ནག་ལྕམ་དྲལ་འཁོར་བཅས་ཀྱང་། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །ནཻ་པཱ་ལ་ཡི་ཞིང་ཁམས་ནས། །ལྷ་ཆེན་ཚོགས་ཀྱི་བདག་པོ་ནི། །ཚེ་རིང་མཆེད་ལྔའི་ལྕམ་བཅས་པ། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །པདྨ་དབང་གི་གནས་མཆོག་ནས། །རྟ་ནག་དྲེགས་པ་སྡེ་བརྒྱད་ནི། །རྡོ་རྗེ་གཡུ་སྒྲོན་ཡུམ་ལྡན་པ། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །སོ་ས་གླིང་གི་དུར་ཁྲོད་ནས། །དུར་ཁྲོད་བདག་པོ་ཡབ་ཡུམ་ནི། །ལངྐའི་ཚོགས་དང་བཅས་པ་ཡང་། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །འདོད་གཟུགས་ལྷ་ཡི་རྒྱལ་ཁམས་ནས། །མ་ཧཱ་དེ་ཝ་ཡབ་ཡུམ་འཁོར། །ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་བཅས། །གསང་མདོས་ལ་སྤྱན་འདྲེན་ནོ། །ཙ་རི་ཏྲ་ཡི་ཕོ་བྲང་ནས། །བདུད་མགོན་སེང་གདོང་ཡབ་ཡུམ་འཁོར། །ལས་བྱེད་ལྷ་སྲིན་སྡེ་བརྒྱད་བཅས། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །གཤིན་རྗེའི་རྒྱལ་ཁམས་ཆེན་པོ་ནས། །ལས་ཀྱི་གཤིན་རྗེ་ཡབ་ཡུམ་འཁོར། །སྔགས་ཀྱི་ལྷ་སྲིན་སྡེ་བརྒྱད་བཅས། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །རི་རབ་ཆེན་པོའི་ཟོམ་ནང་ནས། །གཟའ་བདུད་ཆེན་པོ་མིང་སྲིང་འཁོར། །མྱུར་མགྱོགས་ལྷ་སྲིན་སྡེ་བརྒྱད་བཅས། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །རྒྱ་མཚོ་བརྒྱད་ཀྱི་ཀློང་དཀྱིལ་ནས། །ནཱ་ག་རཱཀྵ་ཡབ་ཡུམ་འཁོར། །སྦས་པའི་ལྷ་སྲིན་སྡེ་བརྒྱད་བཅས། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །མྱ་ངན་མེད་པའི་སྐུ་མཁར་ནས། །བེང་གདོང་ལྕམ་དྲལ་གཉིས་ལ་འཁོར། །ནང་གི་ལྷ་སྲིན་སྡེ་བརྒྱད་བཅས། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །ལྕང་ལོ་ཅན་གྱི་ཁང་བཟང་ནས། །གནོད་སྦྱིན་ནག་པོ་མིང་སྲིང་འཁོར། །གསང་བའི་ལྷ་སྲིན་སྡེ་བརྒྱད་བཅས། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །ཆོས་འཁོར་ཆེན་པོ་ཐམས་ཅད་ནས། ལི་བྱིན་པུ་ཏྲ་བྷ་དྲ་སྲིང་། །རྟག་ཆགས་ལྷ་སྲི་སྡེ་བརྒྱད་བཅས། །གསང་བ་མདོས་ལ་སྤྱན་འདྲེན་ནོ། །ཕྱོགས་མཚམས་སྟེང་འོག་ཐམས་ཅད་ནས། །འཇིག་རྟེན་སྐྱོང་བ་བཅུ་བཞི་ཡང་། །རང་རིགས་སྡེ་དཔུང་ཅི་མཆིས་པ། གསང་བ་མདོས་ལ་སྤྱན་འདྲེན་ནོ། །གཞན་ཡང་རོ་ལངས་འབོད་སྐད་ཅན། །ནག་སྟོང་ཤ་ཟ་འབུམ་དང་ནི། །ཁྲག་འཐུང་མ་མོ་གནོད་སྦྱིན་ཚོགས། །བོས་ཀྱང་མི་ཁོམ་མགྲོན་མ་གཏོགས། །ཐམས་ཅད་མདོས་ལ་སྤྱན་འདྲེན་ནོ། །དད་པ་དང་ནི་དམ་ཚིག་གིས། །བསྐུལ་གྱིས་ཚུར་གཤེགས་དམ་ཅན་རྣམས། །དབྱངས་སྙན་རོལ་མོའི་སྒྲ་ཆེན་པོས། །བོས་སོ་ཆོས་སྐྱོང་སྙན་མ་སྲ། །གསུང་ཆེན་སྤོས་བཏང་ཧསྟ་ཡིས། །གཡབས་སོ་བསྟན་སྲུངས་སྤྱན་མ་རཏལ། །སྔར་གྱི་དམ་བཅས་ངས་སྦྲན་གྱིས། །ཅི་བསྒོ་བསྒྲུབ་ཕྱིར་གཤེགས་སུ་གསོལ།། ནམ་མཁའ་ས་གཞི་ཐམས་ཅད་ཁྱབ་པ་མདུན་དུ་བྱོན་པར་བསམ་ལ། མཚང་འདྲུ་བྱ་བ་ནི། ཧཱུྃ བདག་ནི་རིག་འཛིན་སྒྲུབ་པ་པོ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། །ཁྱེད་རྣམས་དྲག་ཤུལ་མི་བཟད་པ། །དཔའ་བོ་ཁྲག་འཐུང་ཧེ་རུ་ཀ །དབང་བསྐུར་རྡོ་རྗེ་སྤྱི་བོར་བཀོད། །དམ་ཚིག་བདུད་རྩི་ལྗགས་ལ་བསྟིམ། །ཆད་རྡོ་གཉན་པོ་ཐུགས་ལ་བྲིས། །དེ་ཕྱིར་སྲུང་མ་དམ་ཚིག་ཅན། །ཁྱེད་ཀྱི་ཐུགས་དམ་ངས་བསྐང་གིས། །ང་ཡི་འཕྲིན་ལས་ཁྱེད་ཀྱིས་མཛོད། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །རྦད་པའི་དུས་ན་མཐུ་མ་ཆུང་། །བཅོལ་བའི་དོན་གྱི་ལས་མ་འགྱངས། །ཇོ་བོ་བཀུར་རོ་དབང་མ་ཆེ། །མཛའ་བོར་བྱས་སོ་གཞུང་མ་ཅན། །བྲན་ལྟར་བསྐུལ་ལོ་རྒྱུ་མ་ཞན། །མ་ལྟར་བསྟེན་ནོ་རུ་མ་ང་། །སྲིང་ལྟར་གཤིབ་བོ་ཁྲེལ་མ་གཏོང་། །དོ་ནུབ་བདག་གིས་ཉེས་པ་བཤགས། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །དོ་ནུབ་སྔར་གྱི་གཏང་རག་གཏོང་། །དོ་ནུབ་ཕྱི་མའི་ཞུ་བ་གསོལ། །བཏང་སྙོམས་ཁྱད་གསོད་མ་མཛད་ཅིག །སྙོམ་ལས་ལེ་ལོར་མ་བཞག་ཅིག །བརྩེ་དང་གདུང་སེམས་མ་ཞན་ཅིག །མཐོ་སྙེག་གསར་འགྲོགས་མ་མཛད་ཅིག །རྫུན་དང་གཡོ་སྒྱུ་མ་མཛད་ཅིག །དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ། །ཁྱེད་ཀྱིས་ཁས་བླངས་འདི་མིན་ནམ། །སངས་རྒྱས་བསྟན་པ་བསྲུང་ངོ་ཞེས། །དཀོན་མཆོག་དབུ་འཕངས་བསྟོད་དོ་ཞེས། །བདུད་དང་དགྲ་བགེགས་འདུལ་ལོ་ཞེས། །རྣལ་འབྱོར་ཅི་དགོས་བསྒྲུབ་བོ་ཞེས། །དམ་བཅས་མ་གཡེལ་ལས་འདི་མཛོད། །གལ་ཏེ་ཆད་ལས་གཡོས་པ་ན། །དམ་ཚིག་གཉན་པོའི་ཆད་པས་མནར། །བཀའ་ཡི་དམོད་པས་བསྡིགས་པར་འགྱུར། །དེ་བས་དམ་ལས་མ་འདའ་ཞིག། བྱིན་རླབས་ནི། རང་ཉིད་སྟོན་པ། ཐལ་མོ་ཁོང་སྟོང་དུ་སྦྱར། ཨོཾསྭ་བྷཱ་ཝ་བིཤུདྡྷཱཿ སརྦ་དྷརྨཿསྭབྷཱ་ཝ་བིཤུདྡྷཱོཧཾ། མདོས་རྫས་ཤིན་ཏུ་དག་པར་བསམས་པ་ཆོས་ཉིད་རྣམ་དག་གི་ཏིང་ངེ་འཛིན་ནོ། །རིན་འབྱུང་དུ་བསྒོམ། སྔར་ལག་སོར་རྩེ་སྤྲད། ཚིགས་ཟུར་བཅག་པས་སྒྲོམ་བུ་ལྟ་བུ། ན་མརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་སྭཱ་ཧཱ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་མི་ཟད་པ་འབྱུང་བ་ནམ་མཁའི་མཛོད་དུ་བསམ་པ་དེའི་ཏིང་ངེ་འཛིན་ནོ། །སྣང་མཐའ་བསྒོམ། ཐལ་མོ་ཕྱིར་དགྱེད་མཐེ་བོང་བསྣོལ། ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། ནམ་མཁའ་མཛོད་དེ་ལས་སོ་སོའི་ཐུགས་བཞེད་ཇི་ལྟ་བ་མོད་ལ་དབང་པོ་ལྔའི་བདུད་རྩི། དུག་ལྔའི་གསོས་སུ་གྱུར་པ་ཅི་ཡང་འབྱུང་བར་བསམ་པ་བདུད་རྩི་ཐབ་སྦྱོར་གྱི་ཏིང་ངེ་འཛིན་ནོ། །མདོས་ཀྱི་སྒོ་དབྱེ་བ་ལ་བསྐོས་བསྟབ་པ། མདོས་སྣ་གླུད་ཀྱིས་དྲངས་ཏེ་བསྔོ་བ། ཡས་ཆང་ཏིང་ངེ་འཛིན་དང་སྨྲེང་གིས་འཐུད་པ་གསུམ་གྱི་དང་པོ། ཕྱག་རྡོར་དུ་བསྒོམ། ལག་གཡས་རྡོ་རྗེ་ཁུ་ཚུར་བྱས་པའི་མཛུབ་མོ་བསྒྲེང་། ན་མརྦ་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། མགྲོན་རྣམས་རང་རང་གི་མདུན་དུ་མཆོད་རྫས་ཅི་འདོད་པ་ཐམས་ཅད་བདར་བར་བསམ་པ་རྒྱལ་ཆེན་ཤུགས་ལྡན་འོད་ཀྱི་ཏིང་ངེ་འཛིན་ནོ། །མི་འཁྲུགས་པ་བསྒོམ། གཡས་རྡོ་རྗེ་ཁུ་ཚུར་སྙིང་ཁར་བསྟན། གཡོན་མཆོད་སྦྱིན་གྱི་སྣོད་འགེགས་པའི་ཚུལ། ཨོཾ་ཛྙྱཱ་ན་ཨ་བ་ལོ་ཀི་ཏེ། ན་མ་མནྟ་ཀྵྨྱ་ར་ཎ་ར་སྨི་སམྦྷ་བ་ས་མ་ཡ། མཧཱ་མ་ཎི། དུ་རུ་དུ་རུ། སྲྀ་ད་ཡ་ནི་ཛྷ་ལ་ནི་ཧཱུྃ། བདག་གི་ལུས་ཞིང་རྡུལ་གྱི་གྲངས་སུ་སོང་བས་ཡར་མཆོད་འོས། མར་སྙིང་རྗེའི་མགྲོན་ཐམས་ཅད་ལ་ཕམ་རྒྱལ་མེད་པ་བློ་ཁ་རྫོགས་པ་ཕུལ་བར་བསམ་པ་ཡེ་ཤེས་སྐར་མདའི་ཏིང་ངེ་འཛིན་ནོ། །རྣམ་པར་སྣང་མཛད་བསྒོམ། ཐལ་མོ་ཁོང་སྟོང་སོར་མོ་ནང་དུ་བསྣོལ། ན་མ་མནྟ་བྷུདྡྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྩྨ་ཛ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཕྱག་རྒྱ་ཕྱོགས་བཅུར་ཁྱེར། མགྲོན་ཐམས་ཅད་ཀྱིས་བདག་གི་སྟོང་གྲོགས་ཅི་དགོས་པ་བྱེད་པར་བསམ་པ་དབང་བསྒྱུར་འཁོར་ལོའི་ཏིང་ངེ་འཛིན་ནོ། །ཏིང་འཛིན་ཕྱག་རྒྱ་ཀུན་བདུན་བདུན་བྱ། མདོས་སྣ་གླུད་གྱིས་དྲངས་ཏེ་བསྔོ་བ་ལ། རྟེན་དུ་བསྔོ་བ། མཆོད་རྫས་སུ་བསྔོ་བ། གླུད་རྫས་སུ་བསྔོ་ཚུལ་གསུམ། དང་པོ་རྟེན་དུ་བསྔོ་ནི། ཧཱུྃ བསྐང་ངོ་སྐལ་པས་ཐུགས་དམ་བསྐང་། །འཇིགས་བྱེད་ཐོད་པའི་འཕྲེང་བ་ཅན། །མཧཱ་ཀཱ་ལ་ཡབ་ཡུམ་དང་། །ནག་པོ་ལྕམ་དྲལ་མ་ལུས་དང་། །ཞིང་སྐྱོང་མཁའ་འགྲོ་ཤུགས་འགྲོའི་ཚོགས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །འཇིག་རྟེན་སྐྱོང་བའི་ཚོགས་ཐམས་ཅད། །རྣལ་འབྱོར་བདག་ལ་དགོངས་སུ་གསོལ། །བྱུང་བ་རིམ་བརྩེགས་གླིང་བཞིའི་དབུས། །རི་རབ་ཆེན་པོའི་རྩེ་མོ་ཡི། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ན། །ཀུན་ཏུ་བཟང་པོའི་རྒྱན་བཀོད་པའི། །གཞལ་མེད་ཁང་བཟང་ཡིད་འོང་དང་། །གདུག་པ་སྲིན་པོའི་གྲོང་ལྟ་བུ། །དྲག་པོའི་ཕོ་བྲང་ཉམས་ཞུད་པ། །གཞན་ཡང་ཅི་དགྱེས་བླ་རྡོར་ནི། །སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །ཆོས་སྐྱོང་ཕོ་བྲང་ཉིད་དུ་བཞེས།། ཞེས་པས་སྤྱན་དྲངས་པ་ཐམས་ཅད་དེ་ལ་ཞུགས་པར་བསམ། གཉིས་པ་མཆོད་རྫས་སུ་འབུལ་བ་ནི། ཧཱུྃ གཞན་ཡང་མཆོད་པར་འབུལ་བ་ནི། །གཉིས་སྐྱེས་རྣམས་ཀྱི་རིག་བྱེད་བཞིན། །སོ་སོའི་ཐུགས་ཀྱི་རྗེས་འགྲོ་བའི། །སྐུ་གསུང་ཐུགས་ཀ་དག་བྱེད་རྫིང་། །སྤྱན་རས་ཁྱབ་འཇུག་བཙའ་བ་ལ། །མེ་ཏོག་ཀུན་གྱི་དཔལ་མོའི་འཛུམ། །གེ་སར་ཟུར་མིག་གཡོ་བ་ནས། །རྡུལ་སར་འདོད་པའི་རྣམ་འགྱུར་སྤྲོ། །ཤངས་ཀྱི་དབང་པོ་བརྒྱ་བྱིན་མདུན། །ཡོངས་འདུའི་དྲི་བཟང་ཉིད་དུ་འཐུལ། །གཟི་བརྗིད་ལྷ་ཆེན་ལྟ་སྟངས་ཕྱོགས། །བདུད་ཀུན་སྲེག་པའི་མེ་བོར་སྣང་། །ཐུགས་ཀའི་ཚངས་པ་བག་འབེབས་ལ། །བསམ་གཏན་གངྒཱའི་བྱུག་པར་ཆགས། །སྙན་གྱི་དཔྱིད་དུ་རོལ་མོའི་སྒྲ། །གླུ་དབྱངས་མཆོག་དང་སྦྱར་བར་འགྱུར། །གློག་ལྟར་འཁྱུག་པའི་ལྗགས་ཀྱི་རྩེ། །ཁམ་ཟས་བདུད་རྩིའི་སྤྲིན་ཕུང་ཆགས། །གཞན་ཡང་ཡིད་སྲུབ་རྩེ་དགའི་རྫས། །འཇིག་རྟེན་གསུམ་གྱི་གཞོན་དུ་མ། །མཛེས་པ་ཡིད་ཀྱིས་བྲིས་འདྲ་རྣམས། །སྙན་ཞིང་འཇེབས་པའི་གླུ་ལེན་ཅིང་། །ཡིད་ཀྱི་དོ་ར་དེ་དང་དེར། །དྲི་ཞིམ་གར་སྟབས་ཅི་ཡང་ནི། །དབང་པོ་ཀུན་ལ་བདུད་རྩིའི་རོ། །རེག་པས་གདུང་བ་བསྐྱེད་པ་སྟེར། །ཆེན་པོའི་གཙུག་འཆང་རིན་ཆེན་སྡེ། །ཡིད་འོང་རྒྱན་གྱི་རིགས་ཀུན་དང་། །དགྲ་ཆ་ལག་ཆ་བཞོན་པའི་གཏེར། །གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན། །བཙུན་མོ་བདེ་སོགས་སར་འོངས་བཞིན། །དམག་དཔོན་ཕས་ཀྱིས་རྒོལ་འཇོམས་པ། །འདོད་སྐོང་ནོར་བུ་བསམ་འཕེལ་དང་། གླང་ཆེན་ཐལ་ཀར་མཆེ་དྲུག་ཅན། །སྤྲིན་གྱི་ཤུགས་ལྡན་རྟ་མཆོག་དང་། །བློན་པོ་ཕུར་བུའི་ཤེས་པ་ཅན། །ཉེ་བའི་རིན་ཆེན་ཐམས་ཅད་དང་། །བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས། །སྲིད་ཞིའི་ངོ་མཚར་མ་ལུས་པ། །གསང་བ་ཆེན་པོའི་མདོས་ཀྱི་འབུལ། །འདི་ནི་མཆོད་རྫས་ཐམས་ཅད་པ། །མི་ཟད་འབྱུང་བས་ནམ་མཁའི་མཛོད། །དགྲ་མགོ་དབང་པོའི་མེ་ཏོག་སྟེ། །ཤ་ཆེན་ཞུགས་སུ་ཞེན་པའི་སྤོས། །ཚིལ་ཆེན་རོ་རས་ཀྱིས་སྤར་དང་། །སྙིང་ཁྲག་ཤ་རུས་བཟའ་བཅའ་དང་། །རྐང་གི་རོལ་མོ་དག་ཏུའང་འབུལ།། བསྟོད་པ་ནི། ཧཱུྃ བསྐལ་པའི་མེ་ལྟར་འབར་བ་ཡི། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །ལྷ་ཆེན་དཔལ་འབར་མཐུ་བོ་ཆེ། །རྡོ་རྗེ་སྲིན་པོ་དྲག་ཤུལ་ཅན། །འཇིགས་བྱེད་འཇིགས་པར་བྱེད་པའི་ཤུགས། །འཇིག་རྟེན་གསུམ་གྱི་དྲེགས་པར་ལྷུང་། །ཐམས་ཅད་བཀའ་ཉན་འཁོར་དུ་འདུས། །དེ་ཕྱིར་ཁྲག་འཐུང་རྒྱལ་པོར་བསྔགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཐམས་ཅད། །སྐུ་ལས་མཆེད་པའི་མེ་ལྕེས་གང་། །འཐོར་བྱེད་རླུང་གི་འཚུབ་མས་འཁོལ། །འུར་འུར་ཆེམ་ཆེམ་སྒྲ་སྒྲོག་ཅིང་། །ས་གཞི་གཡོ་ལ་རི་རབ་ལྡེག །སྲིད་པ་གསུམ་པོ་ཟིལ་གྱིས་གནོན། །ཁམས་གསུམ་ཐམས་ཅད་དབང་དུ་བསྡུས། །ཕུན་ཚོགས་ཐམས་ཅད་རྒྱས་བྱེད་པའི། །གཟི་བརྗིད་ཆེན་པོའི་བྱིན་དང་ལྡན། །ལྷག་པར་སྟོབས་ལྡན་བདུད་བཞིའི་གཡུལ། །རྨེག་མེད་འཇོམས་པའི་དཔའ་བོ་ཆེ། །ཀུན་ཏུ་བདག་གི་འདོད་པའི་དོན། །མ་ལུས་སྒྲུབ་པར་མཛད་དུ་གསོལ།། གསུམ་པ་གླུད་བསྔོ་བ་སྣ་འདྲེན་དང་བསྔོ་བ་དངོས་གཉིས། དང་པོ་ནི། གཟི་བྱིན་ཡིད་ཆེས་སྐྱེད་པ་གཉིས་ཀྱི་དང་པོ་ལ། གསུང་གི་གཟི་བྱིན་སྦར་བ་རོལ་མོ། ཐུགས་སྤོས་སྐུ་མདངས་མར་མེ་སྟེ། ཧཱུྃ དེ་རིང་གསང་བ་མདོས་རྫས་ཀྱི། །ཡན་ལག་འབུམ་ལྡན་རོལ་མོའི་སྒྲ། །ཟབ་པ་ཆོས་ཀྱི་དབྱངས་མཚུངས་པས། །སྟེང་གི་ཡེ་ཤེས་ལྷ་རྣམས་མཆོད། །ཆེ་བ་ནམ་མཁའི་འབྲུག་ལྟ་བུས། །རིག་འཛིན་སྲུང་མའི་ཐུགས་དམ་བསྐང་། །སྙན་པ་དྲི་ཟའི་པི་ཝང་འདྲས། །དྲེགས་པ་ཐམས་ཅད་དབང་དུ་སྡུད། །འཇེབས་པ་ཕུར་བུའི་ཚིག་ལྟ་བུས། །ལྷ་འདྲེ་མི་གསུམ་ལས་ལ་ཁོལ། །ཧཱུྃ སྤོས་ཀྱི་མ་ཕྱི་དྭངས་དཀར་མཚེ། །ཕ་མ་སྤང་རི་ནགས་རི་སྟེ། །འདུས་ཤིང་སྲིང་བུ་དྲི་ཞིམ་སྤོས། །ཤངས་ཚིམ་མདོས་ཀྱི་ལམ་དུ་འབུལ། །ཧཱུྃ སྐུ་ཡི་མར་མེ་སྣང་བའི་དཔྱིད། །གསུང་གི་མར་མེ་ཆགས་པ་བྲལ། །ཐུགས་ཀྱི་མར་མེ་གདལ་བའི་དབྱིངས། །ཡེ་ཤེས་ཐིག་ལེར་འབར་བ་འབུལ།། ཡིད་ཆེས་བསྐྱེད་པ་ལ་ནས་ཆང་བཤོས་རིན་པོ་ཆེའི་མཆོད་བཞི་སྟེ། ཀྱཻ བསྐལ་པའི་དང་པོར་ཏིང་འཛིན་ཟས། །བདུད་རྩི་ས་ཞག་རིམ་པའི་མཐར། །དགུང་མ་གནམ་གྱི་མཐུ་ཕྱུང་སྟེ། །དོག་མོ་ས་ཡི་རྩལ་སྤྲུགས་པས། །མ་རྨོས་འབྲུ་འཁྲུངས་ལེ་ལོས་ཉམས། །ཟས་ཀྱི་དབུལ་འཕོངས་དེ་ནས་བྱུང་། །མི་ནི་ཐབས་མཁས་དཔྱིད་གསུམ་བཏབ། །དབྱར་གསུམ་སྐྱེས་ཏེ་སྟོན་གསུམ་བཙས། །དགུན་གསུམ་ཟ་བའི་འབྲུ་མཆོག་ལས། །སྣ་ཚོགས་འབྲུ་ཡི་དཔྱ་འབུལ་ལོ། །ཧཱུྃ ཆུ་གཏེར་བསྲུབས་འཐོན་ལྷ་མོ་ཆང་། །མྱོས་བྱེད་རྣམ་པར་བརྒྱད་དུ་བརྫུས། །འཐུངས་བས་ཁོང་ནས་གཟི་བྱིན་སྐྱེད། །ལུས་སེམས་བདེ་ཞིང་དྲན་པ་གསལ། །ཕོ་བརྒྱུད་ལྷ་འདྲེའི་སྤྱན་ལམ་ན། །ཆང་ལས་ངོ་ཆེ་ཅི་ཡང་མེད། །འཛམ་གླིང་མི་ཡི་སྐོམ་མཆོག་འདི། །གསེར་སྐྱེམས་གཡུ་སྐྱེམས་རྔོན་ཆང་འབུལ། ཧཱུྃ དགྲ་བོ་བསྒྲལ་བའི་སྙིང་ཁྲག་དང་། །མཚན་ལྡན་བུ་མོའི་བྷ་གའི་རྡུལ། །འབྱུང་བ་རྩི་ལས་རང་བྱུང་རྣམས། །མོ་བརྒྱུད་དགྱེས་པའི་རྔན་དུ་འབུལ། །ཧཱུྃ ཤ་སྣ་རུས་སྣ་འབྲུ་སྣའི་སྡེ། །ཁྲག་གིས་སྦྲུས་པའི་བཤོས་བུ་ནི། །རྩེ་མོ་གནམ་གྱི་དགུང་ལ་རེག །རྨང་ནི་དབང་ཆེན་ཁྱོན་དུ་བརྡལ། །དཀར་དམར་རྒྱན་ལྡན་བདུད་རྩི་དངོས། །གཉིས་ཀ་དགྱེས་པའི་ཆེད་དུ་འབུལ། །ཨོཾ་ཨཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱཱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ། ལན་བདུན་གྱིས་ཕུལ། ཧཱུྃ འདོད་དགུའི་སྙིང་པོ་རིན་ཐང་ཅན། །གསེར་གཡུ་མུ་ཏིག་མུ་མེན་ཤེལ། །བྱི་རུ་དུང་བསེ་ཁྲབ་བྱང་སོགས། །དགྱེས་པའི་ནོར་སྣས་མཆོད་ལགས་སོ།། དངོས་ལ་གླུད་གཏོང་བ་དང་། བསྐང་བ་དང་། སྣང་སྲིད་གསིལ་བུའི་གྱེར་གསུམ་ལས། དང་པོ་ནི། གང་སླུ་རྒྱུ་དེ་འདྲ་མོར་བསམས་པའི་གླུད། ངར་བྱ། ངར་ལུག་སྟེ། ཀྱཻ གླུད་བྱུང་དང་པོ་གང་ནས་བྱུང་། །གླུད་བྱུང་ལྷ་ཡི་ཡུལ་དུ་བྱུང་། །མཐའ་བྲལ་ལྷ་ཡི་བུ་མོ་ཡིས། །རྒྱ་མཚོར་ཁྲུས་བྱས་ཀླུ་ཡིས་བཟུང་། །ལྷ་དམག་དྲངས་ཏེ་བཀུག་ཀྱང་ཤོར། །ལུས་ངག་ཡིད་གསུམ་མཐུ་བའི་གླུད། །གདུག་པ་ཀླུ་ཡི་བུ་ལ་བྱིན། །ལྷ་ཡི་བུ་མོ་གྲོལ་ཞིང་ཐར། །དེ་ནས་གླུད་ནི་ཟ་ཧོར་བྱུང་། །རྒྱལ་པོ་གྲ་བ་གཟི་བསྙུང་ཚེ། །བྲམ་ཟེ་དགེ་བས་གླུད་བཏང་གསོས། །དེ་ནས་རྒྱ་གར་རྒྱལ་པོ་ནི། །མཛེས་ཟིན་སྐུ་མེད་རྡོ་རྗེ་ཡིས། །བདེན་པའི་སྨྲེང་བཏང་གླུད་སྦྱིན་གདངས། །དེ་ནས་རྒྱ་ནག་ཡུལ་ཁམས་སུ། །རྒྱལ་པོ་ཀྲྀ་ཀྲི་འོད་བཟང་གིས། །བྱ་བ་ལོག་པ་སྣ་ཚོགས་སྤྱད། །ལྟས་ངན་མཚན་མ་ཅི་ཡང་བྱུང་། །སྐྱེག་ཆེན་ལངས་ཤིང་གདོན་ཆེན་གཡོ། །ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་དེས། །སྐོར་མགོ་སུམ་བརྒྱ་དྲུག་ཅུ་ལ། །ངན་པ་ལྟོ་དང་གླུད་ཀྱིས་བཅོས། །ཉེས་པ་མ་ལུས་བསལ་ཞིང་བསྒྱུར། །དེ་ནས་གླུད་འདི་བོད་ཡུལ་བྱུང་། །བཙན་པོ་ཁྲི་སོང་སྡེ་བཙན་གྱིས། །དཔལ་གྱིས་བསམ་ཡས་བཞེངས་པའི་དུས། །བོད་ཀྱི་ལྷ་འདྲེ་གདུག་པ་གནོད། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །སོ་སོའི་མཐུན་རྫས་བཞེད་པའི་དཀོར། །ཡས་དང་ཐགས་སུ་སྦྱར་ཞིང་བཤམས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །བདེན་པའི་སྨྲེང་གི་བཀྲོལ་ཏེ་བཏང་། །ཀུན་གྱིས་སྲོག་ཕུལ་བཀའ་བསྒོ་ཉན། །རྒྱལ་ཁམས་བདེ་ལ་ཆོས་ཁྲིམས་དར། །དེ་ནས་གླུད་འདི་དེ་རིང་བྱུང་། །དྲེགས་པ་ཕོ་མོའི་མཐུན་པའི་རྫས། །མི་ནོར་ཕྱུགས་དང་ཁང་པའི་གླུད། །རང་གི་འབྱོར་དང་གཞན་ནས་བཙལ། །ཡིད་ཀྱིས་སྤྲུལ་ལ་སེམས་ཀྱིས་དམིགས། །ཚུལ་དང་མཐུན་པའི་ཆོ་འབྲང་བཤད། །གུས་ཤིང་དད་པས་འབུལ་ལགས་ཀྱིས། །བུ་ལོན་ལན་ཆགས་འདིས་ཁྱེར་རོ། །ཀྱཻ ངར་ཕ་གནམ་ལ་ཡ་ང་རྩེ། །ངར་མ་ས་ལ་དོག་མོ་ལྕམ། །གནམ་ས་གཉིས་ལས་སྐྱེས་པའི་བུ། །ནམ་མཁའ་སེམས་ལ་ཞོ་ཤའི་སྙིང་། །དུང་གི་རུས་ལ་བསེ་ཡེ་ཤ །མཚལ་གྱི་ཁྲག་ལ་མེ་ཡི་དྲོད། །རླུང་གི་དབུགས་ལ་ཆུ་ཡི་ཁམས། །ཟེར་སྤུའི་སྐྲ་ལ་མུ་ཏིག་ཀླད། །འགྲོན་བུའི་སོ་ལ་ལེ་བརྒན་ལྕེ། །མོ་ཁབ་སྣ་ལ་ལུང་ཐང་མིག །གྲོ་གའི་རྣ་བ་དབང་པོའི་ལག །ཡུངས་མོའི་རྐང་ལ་ངར་གྱི་ལུས། །བལ་ཚོན་གོས་ལ་དཀོར་ཆའི་རྒྱན། །འཇའ་ཚོན་སྣ་ལྔར་ཡ་ལ་ལ། །ཁྱུ་མཆོག་འགྲོས་སུ་ལམ་སེ་ལམ། །ལྷ་ཡི་གསུང་སྙན་ཀྱུ་རུ་རུ། །ཕུང་ཁམས་སྐྱེ་མཆེད་ཡེ་རེ་རེ། །བཅའ་བཅའ་དེ་ནི་བརྡར་ར་ར། །སྐྱེས་པ་དམག་ལ་ཆས་པ་འདྲ། །བརྒྱན་བརྒྱན་དེ་ནི་སྤུར་རུ་རུ། །ན་ཆུང་བག་མར་ཆས་པ་འདྲ། །འདི་འདྲའི་གླུད་ཕུལ་ལན་ཆགས་སྐོངས། །གནོད་པའི་བསམ་སྦྱོར་ངན་པ་སྒྱུར། །དུས་མིན་འཆི་བའི་རྐྱེན་རྣམས་བཟློག །ཚེ་ཟད་དུས་ལ་བབ་ན་ཡང་། །སྔོན་གྱི་ལས་ཀྱི་འཕྲོ་འཐུད་ལ། །ལོ་གསུམ་བར་དུ་བཤོལ་ཐོབ་ལ། །ཚེ་དབང་ལོངས་སྤྱོད་རྒྱས་པར་མཛོད། །ཀྱཻ ངར་བྱ་འདི་ཡིས་ཕ་སྨོས་ན། །འདབ་ཆགས་གསེར་གྱི་ཕྱེ་མ་ལེབ། །མ་ནི་རྔ་མོ་གཡུ་གཤོག་རྩལ། །དེ་གཉིས་སྲིད་པའི་དུང་གཡུ་གསེར། །དེ་འདྲའི་སྒོ་ང་གསུམ་བརྟོལ་བས། །ཤ་གཟན་འགུམ་གཟན་འདམ་གཟན་གསུམ། །དེ་ལས་སྲིད་པའི་བྱ་རིགས་གྱེས། །ཀུན་ཀྱང་མདོས་ཀྱིས་རྫས་སུ་བཤམས། །ཀྱཻ སྔོན་ཚེ་གནམ་ལུག་རལ་པ་ཅན། །མཐིང་གི་བལ་མོ་ཆེ་འཁྲིགས་པས། །ལུ་གུ་རིགས་བརྒྱད་འཇིག་རྟེན་འཕེལ། །བཞེད་པའི་དཀོར་དུ་དེ་ཡང་བདར།། བསྐང་བ་ནི། ཧཱུྃ ཆོས་ཀྱི་དབྱིངས་ནས་ཁྲོས་པའི་གཟུགས། །འཇིག་རྟེན་པ་དང་མཐུན་ཞུགས་ནས། །ཕན་གནོད་ལས་ཀྱི་ཁ་བསྒྱུར་བའི། །ཟ་བྱེད་སྲིན་པོ་ཆེན་པོའི་ཚོགས། །རྣལ་འབྱོར་བདག་ལ་སྙན་གསོན་ཅིག །ཁྱེད་ནི་ཆད་པའི་ཡས་འགམ་ཅན། །ཁྱེད་ནི་རྒྱལ་བའི་བཀའ་སྒྲུབ་བ། །ཁྱེད་ནི་བསྟན་པའི་གཉེར་ཆེན་ཏེ། །ཁྱེད་ནི་དཀོན་མཆོག་རྣམ་གསུམ་འབངས། །དེ་ཕྱིར་བདག་གི་དགྲ་ལྷར་ཆེ། །མགོན་སྐྱབས་དཔུང་གཉེན་ཐམས་ཅད་ཞུ། །སྒོ་གསུམ་འབད་པའི་མཆོད་པ་འབུལ། །འོན་ཀྱང་བྱིས་དང་མི་ཤེས་དང་། །ཉོན་མོངས་བག་མེད་དབང་གིས་སུ། །ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན། །འཕྲིན་ལས་མྱོགས་པའི་ཉེས་པ་ནི། །ལུས་ཀྱིས་བསྐྱེད་པའི་རིམ་མ་གསལ། །ངག་གི་མཚང་ཚིག་ཟློས་པ་ཉམས། །ཡིད་ཀྱིས་ཏིང་འཛིན་རྒྱ་མཚོ་ཡོལ། །མཆོད་བསྟོད་ལས་ཀྱི་བཅས་ཁ་ཆག །ཆོས་མིན་སྤྱད་པ་མ་ལྷོགས་པས། །བླངས་པའི་བཅས་པ་མང་དང་འགལ། །མདོར་ན་རུ་དྲར་སྐྱེ་བའི་ལས། །ཅི་བགྱིས་གནོང་ཞིང་འགྱོད་པས་བཤགས། །ཕྱིན་ཆད་བདག་གིས་ལེགས་པར་སྡོམ། །ཁྱེད་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །མཐུན་རྫས་བསྐལ་པའི་མདོས་ཆེན་ཕུལ། །དེ་ཡང་སྣང་སྲིད་ཀུན་གྱི་གླུད། །རྫས་སྔགས་ཕྱག་རྒྱའི་ཏིང་འཛིན་གྱིས། །ནམ་མཁའ་སྟོང་པའི་རང་བཞིན་ལ། །རྒྱ་གྲམ་རླུང་གི་འཁོར་ལོ་ཆགས། །སྟོང་གསུམ་གཅིག་གི་འོག་གཞིར་བརྡལ། །དེ་སྟེང་ཟླུམ་པོ་ཆུ་དང་ནི། །གྲུ་བཞི་གསེར་གཞི་གླིང་བཞིའི་ཁྱོན། །དེ་སྟེང་ཆར་གྱི་ཆུ་གཏེར་བྱུང་། །རླུང་གིས་བསྲུབས་པས་རི་རབ་དང་། །གསེར་རི་བདུན་དང་རོལ་མཚོ་བདུན། །གླིང་དང་རྒྱ་མཚོ་ལྕགས་རིར་ཆགས། །ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །དངུལ་དང་བཻ་ཌཱུརྻ་དང་ནི། །པདྨ་རཱ་ག་གསེར་དང་ཕྱེད། །ཆུར་ནུབ་སྟེང་དུ་དཔག་ཚད་ནི། །བརྒྱད་ཁྲི་འཕགས་པའི་ཕྱེད་འོག་མ། །མཉམ་པའི་བང་རིམ་བཞི་དང་ལྡན། །རྩེ་མོ་ལྕོག་བརྒྱད་དབུས་ན་ལྷའི། །གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག །ཕྱོགས་མཚམས་ཚལ་བཞི་ཡོངས་འདུ་དང་། །ཆོས་བཟང་ཨརྨོ་ནི་གའི་རྡོ། །བར་ན་ཡིད་འོང་སྨན་གྱི་ལྗོངས། །དཔག་བསམ་ཤིང་གི་ནགས་ཚལ་ཏེ། །བང་རིམ་སྡེ་བཞི་རྟག་མྱོས་དང་། འཕྲེང་ཐོགས་གཞོང་ཐོགས་ཆུར་ནུབ་སེང་། །ལྷ་མིན་རྣམས་ཀྱི་ཡུལ་ཁམས་ཏེ། །གླིང་གནས་གཅིག་སྲིན་མི་ཡི་ཡུལ། །རྒྱ་མཚོ་ཀླུ་སོགས་དུད་འགྲོའི་གནས། །འདི་ནས་དཔག་ཚད་བརྒྱད་ཁྲིའི་འོག །དེ་ནས་ལྔ་བརྒྱ་འདས་པ་ན། །གཤིན་རྗེ་རྒྱལ་ཁམས་དམྱལ་བ་འོག །སྟེང་གི་གདུགས་ནི་གོ་ལ་སྟེ། །ཉི་ཟླ་གཟའ་སྐར་ཐམས་ཅད་མཚོན། །ཏོག་གི་སྐོར་འོག་མཐའ་བྲལ་ནས། །གཟུགས་ཁམས་འོག་མིན་དག་གི་བར། །གཞལ་རྣམ་སྐྱེ་མཆེད་མུ་བཞི་སྟེ། །རང་རང་སྤྱོད་པའི་འབྱོར་པས་བརྒྱན། །དེ་འདྲའི་འཇིག་རྟེན་ཁམས་ཆེན་པོ། །དམ་ཅན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་དད་པས་འབུལ་ལགས་ཀྱི། །ཉམས་པ་ཐམས་ཅད་སྐོངས་གྱུར་ཅིག །སྡིག་སྒྲིབ་ཐམས་ཅད་དག་གྱུར་ཅིག །ལན་ཆགས་ཐམས་ཅད་ཁྱེར་གྱུར་ཅིག །ཚོགས་གཉིས་ཐམས་ཅད་རྫོགས་གྱུར་ཅིག། གསུམ་པ་སྣང་སྲིད་གསིལ་བུའི་གྱེར་ལ། ལུས། སེམས། ཡུལ། མཁར། ཕོ་མོ། སྤྱི་གོས་རྒྱན། ས། ཟས། སྐྱེ་གནས་ཀྱི་གླུད། དང་པོ་ཡུངས་ཀར། བྱ་སྤུ། བལ་ཚོན། སྨྱུག་མ། རྒྱང་བུ་སྟེ། ཀྱཻ སྔོན་ཚེ་སྐུ་མེད་རྡོ་རྗེ་ཡིས། །རྒྱ་ཡི་བཀྲ་ཤིས་ཁྲི་སྒོ་ནས། །ཡུངས་མོའི་ཁུང་རྙེད་ཞིང་པས་སྤེལ། །དཔྱིད་གསུམ་འདབ་མཛེས་དབྱར་གསུམ་རིང་། །མེ་ཏོག་སྟོན་གསུམ་སྒང་བུར་སྨིན། །དེ་འདྲའི་འབྲུ་མཆོག་ས་ལེ་སྦྲམ། །བགེགས་རིགས་འཇོམས་པའི་བཀྲ་ཤིས་རྫས། །ཡོན་བདག་ལུས་ཀྱི་གླུད་དུ་འབུལ། །ཀྱཻ སྲིད་པའི་བྱ་རིགས་སྣ་ཚོགས་ཀྱི། །སྤུ་བཟང་ཡས་ཀྱི་རྒྱན་དུ་བགྱིས། །ཚངས་པའི་ལྷ་བྱ་ཡིད་འོང་ལུས། །སྙན་པའི་ངག་ལྡན་མཁའ་ལ་འགྲོ། །ཡོན་བདག་ལུས་ཀྱི་གླུད་དུ་འབུལ། །ཀྱཻ རྒྱུ་ནི་ལུག་ཤིང་སྲིན་ལས་བྱུང་། །ཁ་དོག་སྣ་ཚོགས་ཚོས་ཀྱིས་བསྒྱུར། །བཀྲ་ཤིས་སྨྱུག་མའི་རྩེར་འཆར་ཚེ། །རིགས་དྲུག་སོ་སོའི་སྡུག་བསྔལ་སེལ། །དེ་ཕྱིར་ཡེ་ཤེས་ལྔའི་བལ་ཚོན། །ཡོན་བདག་ལུས་ཀྱི་གླུད་དུ་འབུལ། །ཀྱཻ འབྱུང་བ་དྲོད་གཤེར་སྲིད་པའི་བུ། །ཤུན་པ་ཁོང་སོང་བྱང་ཆུབ་སེམས། །དེ་ཕྱིར་ཐགས་ཀྱི་གཞི་མོ་སྟེ། །ཡོན་བདག་ལུས་ཀྱི་གླུད་དུ་འབུལ། །ཀྱཻ རིན་ཆེན་སྨྱུག་མའི་རྩེ་ལོགས་ལ། །ཚངས་པ་བྱ་ཡི་སྤུ་བཟང་དང་། །འབྲུ་མཆོག་ཡུངས་མོའི་སྒང་བུ་དང་། །མཚེ་མ་ཐན་གྱི་མགལ་པ་དང་། །ཡེ་ཤེས་བལ་ཚོན་སྣ་ལྔ་ཡིས། །རྒྱང་བུ་དཀྲིས་པ་རིམ་གསུམ་པ། །སྐུ་གསུང་ཐུགས་སུ་བྱིན་རླབས་པ། །ཡོན་བདག་ལུས་ཀྱི་གླུད་དུ་འབུལ།། སེམས་གླུད་ནམ་མཁའ་སྟེ། ཀྱཻ ནམ་མཁའ་དངོས་མེད་ཁ་དོག་ལྔ། །འབྱུང་བ་ལྔ་ཡི་འོད་ལས་སྲིད། །ཡེ་ཤེས་ལྔ་དང་ལྡན་པའི་རྟགས། །སྐུ་བཞི་འཕྲིན་ལས་རྣམ་བཞི་རྫོགས། །སྦུབས་ཀྱི་སྟོང་པ་ཀུན་ཁྱབ་མཁའ། །མཐུན་པ་རྫས་ཀྱིས་ལེགས་བསྒྲུབས་པ། །སེམས་ཉིད་སྟོང་པའི་གླུད་དུ་འབུལ། །ཡུལ་མཁར་གྱི་གླུད་ཤིང་བྲིས་ཏེ། ཀྱཻ ཤིང་ལ་དཔེ་དང་ལུགས་མེད་ཀྱང་། །ཁམས་གསུམ་སྲིད་པ་ཤིང་གི་དཔེ། །སྲིད་པ་སྤྱི་རིས་བྲིས་པ་ཡིད། །ཡེ་གདལ་དགུང་སྔོན་རྒྱ་རེ་ཆེ། །ཉི་ཟླ་ཟུང་ཅིག་འོད་རེ་གསལ། །མཛེས་པའི་གཟའ་སྐར་གྲངས་རེ་མང་། །ལྷོ་སྤྲིན་སྨུག་པོ་བརྗིད་རེ་ཆེ། །འདབ་ཆགས་མཁའ་ལྡིང་གདངས་རེ་སྙན། །རི་ཤིང་ཁང་བཟང་ཉམས་རེ་དགའ། །ཡང་དག་དོན་རིགས་གང་བཞེད་བྲིས། །སྲིད་པའི་དབང་ཆེན་དཀོར་དུ་འབུལ། །ཡུལ་མཁར་གླུད་ནི་འདི་ལགས་པས། །ཡོན་བདག་ལན་ཆགས་བྱང་བར་ཤོག། ཕོ་གླུད་མདའ་དང་ཕོ་གདོང་སྟེ། ཀྱཻ སྨྱུག་མདའ་འཁྲིས་གསུམ་སྦྲུལ་གྱི་རིགས། །རིན་ཆེན་ཉ་མིག་ཕྱག་རྒྱས་བཏབ། །སྒྲོ་བཟང་བསྐྱོན་ནས་མདེའུ་བཟང་བཙུད། །འཕངས་ན་གཟའ་རྒོད་ལམ་ཞུགས་འདྲ། །ཡོན་བདག་སྐྱེས་པའི་གླུད་དུ་འབུལ། །ཕོ་ཤིང་སྟག་པར་ཕ་ཡི་གདོང་། །ཡན་ལག་བཞི་དོད་ཉ་མིག་ཅན། །ཟ་འོག་གོས་ཀྱིས་མཛེས་པ་ཡང་། །ཡོན་བདག་སྐྱེས་པའི་གླུད་དུ་འབུལ།། མོ་གླུད་འཕང་དང་མོ་གདོང་སྟེ། ཀྱཻ མོ་ཤིང་འཕང་མའི་མོ་འཕང་ལ། །ཆ་སྐོར་འཁོར་བའི་འཕང་ལོ་བྱས། །བལ་ཚོན་འདབ་བརྒྱན་འཇའ་ཚོན་རིས། ཡོན་བདག་བུད་མེད་གླུད་དུ་འབུལ། །མོ་ཤིང་གླང་མར་མོ་ཡི་གདོང་། །ཡན་ལག་བཞི་དོད་ཉ་མིག་ཅན། །ཟ་འོག་གོས་ཀྱིས་མཛེས་པ་ཡང་། །ཡོན་བདག་བུད་མེད་གླུད་དུ་འབུལ།། ཕོ་མོ་སྤྱི་མཐུན་གྱི་གླུད་བལ་ཏི་ཤུག་ཏི་སྟེ། ཀྱཻ བལ་ཏི་བཀྲ་ཤིས་ཤིང་གི་ཚོགས། །བཟའ་ཤིང་རྭ་བ་ཆེན་པོར་ཆགས། །རིན་ཆེན་ཤུག་ཏི་དཔག་བསམ་ཤིང་། །ཡོངས་འདུའི་དབང་པོར་བྱིན་གྱིས་བརླབས། །ཡོན་བདག་ཕོ་མོའི་གླུད་དུ་འབུལ།། དར་ཟབ་པགས་པ་གོས་གླུད་དེ། ཀྱཻ ལྷ་ཡི་དར་ཟབ་པཉྩྨ་ལི། །དཔག་བསམ་ཤིང་ལས་གང་འདོད་འབྱུང་། །མི་ལ་སྲིན་གྱི་ཁ་ཆུ་ལས། །རྒྱ་མོ་བཟོ་སྦྱངས་འཕྲུལ་ལས་འཐོ། །མདངས་མཛེས་འཇའ་འོད་འཁྱིལ་འདྲ་ལ། །སྣ་ཚོགས་གཟུགས་བརྙན་རི་མོར་བཀྲ། །ཡོན་བདག་གོས་ཀྱི་གླུད་དུ་འབུལ། །ཀྱཻ པགས་བུ་དྲག་པོར་ཆས་པའི་གོས། །གླང་ཆེན་མི་དང་སྟག་གཟིག་གི །གཡང་གཞི་ཆེན་པོར་བསྔོས་པ་འདི། །ཡོན་བདག་གོས་ཀྱི་གླུད་དུ་འབུལ།། བཙག་རམས་རྩི་ཚོན་རྒྱན་གྱི་གླུད་དེ། ཀྱཻ རྒྱུ་ནི་སྲིད་པའི་རྡོ་ལས་བྱུང་། །མིང་ནི་བཙག་དང་རམས་ཞེས་ཟེར། །ཁ་དོག་དམར་པོ་ཡས་ཀྱི་ཕ། །ཁ་དོག་སྔོན་པོ་ཡས་ཀྱི་མ། །ཡས་ཀྱིས་གཟུགས་ཀྱི་ཁ་དོག་བསྒྱུར། །ཆོ་ཆེ་འབྲང་བཙུན་བཙག་དང་རམས། །སྣང་སྲིད་ལྷ་འདྲེའི་སྤྱན་ལམ་བརྒྱན། །ཡོན་བདག་རྒྱན་གྱི་གླུད་འབུལ།། ཁམ་ས་སའི་གླུད་དེ། ཀྱཻ སྲིད་པ་ཆགས་པའི་ཁམ་ས་ལ། །མི་ཡི་གླུད་བྱས་ཆོ་རེ་ཆེ། །མི་ཡི་རྫོངས་བྱས་འབྲང་རེ་བཙུན། །ཁམ་ས་གླུད་དུ་མི་འབུལ་དུ། །འགྲོ་དྲུག་སེམས་ཅན་ས་ལ་གནས། །རིན་ཆེན་སྣ་དགུ་ས་ལས་བྱུང་། །འབྲུ་མཆོག་སྣ་ཚོགས་ས་ལས་སྐྱེད། །དེ་ལྟར་ཁམ་ས་ཡོན་ཏན་ཆེ། །གླུད་འབུལ་རྫོངས་འདེབས་བུ་ལོན་འཇལ། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ།། སྒོ་ང་ཟས་དང་སྐྱེ་གནས་ཀྱི་གླུད་དེ། ཀྱཻ དང་པོར་ཚངས་པའི་སྒོ་ང་བྱུང་། །འཇིག་རྟེན་དེ་ལས་བྱུང་ཞེས་གྲངས། །ད་ལྟ་གཙུག་ཕུད་ཅན་གྱི་སྒོང་། །སྐྱེ་དང་བདུད་རྩིའི་གོང་བུར་བསམས། །ཡོན་བདག་ཟས་དང་སྐྱེ་གནས་གླུད། །སྲིད་པའི་ལྷ་འདྲེ་རྣམས་ལ་འབུལ།། གསུམ་པ་ཡས་ཆད་སྨྲེང་གི་འཐུད་པ་ནི་གཉིས་ཏེ། ཏིང་ངེ་འཛིན་དང་སྨྲེང་ངོ་། །དང་པོ་ནི། རང་གི་སྙིང་ག་ནས་འོད་འཕྲོས། སྲིང་མོ་བཞི་བསྐུལ། དེས་མིང་པོ་རྒྱལ་ཆེན་བཞི་བསྐུལ། དེ་དག་གིས་གནམ་ས་རྒྱ་མཚོར་གནས་པའི་སྲོག་ཆགས་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ། མདོས་ལ་བསྟིམ་པས། ཅི་འདོད་པ་ཐམས་ཅད་ཀྱི་ཕུང་པོ་རི་རབ་ཙམ་དུ་སོང་བར་བསམ་པའོ། །སྨྲེང་ནི། ཀྱཻ ཁྱུང་ནག་ཉི་མའི་འོད་ལྡན་པ། །གཟི་མིག་རྡོ་རྗེའི་མཆུ་སྡེར་རྭ། །སྤུ་གྲི་ངར་མའི་སྤུ་གཤོག་ཅན། །གདུག་པའི་ས་བདག་ཁར་བསྲེལ་དང་། །བྱ་ནག་སྲིད་གསུམ་མཐོང་བའི་མིག །ཀང་ཀ་གནམ་ལྕགས་མཆུ་རིང་དང་། །བྱ་གླག་སྡེར་མོའི་མཐུ་ཅན་དང་། །འུག་པ་གསེར་གྱི་མིག་པོ་ཆེ། །སྲིན་བྱ་ཟངས་ཀྱི་སྡེར་ཅན་དང་། །བྱེ་ཁྲ་རྩལ་གྱིས་སྙེམས་པ་སྟེ། །ཤ་གཟན་མཆུ་གུག་དག་གི་རིགས། །གནམ་གྱི་གཤན་པ་གཏུམ་དགུ་དང་། །ཤང་ཤང་བྱ་ཡི་ཚོང་དཔོན་དང་། །རྨ་བྱ་ཟློས་གར་མཁན་པོ་དང་། །ཀ་ལ་པིངྐ་གླུ་དབྱངས་མཁན། །བྱ་ནག་མཆུ་དམར་མཆུ་སེར་དང་། །ཁྱིམ་བྱ་གཙུག་ཕུད་ཅན་དག་དང་། །གོང་མོ་ལྷ་བྱ་སྲེག་པ་འདྲེ། །བྱ་ཝང་བོན་དུ་རྫུ་བ་སོགས། །འགུམ་གཟན་མཆུ་ཟླུམ་ཐམས་ཅད་དང་། །ཁྲུང་ཁྲུང་ཚེ་རིང་ལྗོངས་ཀྱི་བྱ། །ངང་ངུར་པདྨོ་རྫིང་གི་རྒྱན། །བཞད་དང་ཆུ་སྐྱར་ལ་སོགས་པ། །འདམ་གཟན་མཆུ་ལེབ་ཐམས་ཅད་དེ། །སྲིད་པའི་བྱ་རིགས་མ་ལུས་པ། །ཡོན་བདག་གླུད་དུ་འབུལ་གྱིས་བཞེས། །རི་དྭགས་རྒྱལ་པོ་གདོང་ལྔ་པ། །དམར་སེར་རལ་པས་བརྗིད་པ་ལ། །ལུས་གྲིམ་རྐང་པ་བརྒྱད་པའི་ཤུགས། །རི་དྭགས་སྲོག་གི་གཤེད་གྱུར་དང་། །སྟག་བུ་འཛུམ་དྲུག་འཁྱིལ་བའི་བློན། །དཔའ་བོ་གཟིག་ཆེན་ཐིག་ལེ་ཅན། །ཅེ་སྤྱང་དུར་ཁྲོད་ཕོ་ཉ་དང་། །ཁྱི་ནག་དུག་གི་མཆེ་བ་ཅན། །དོམ་བུ་ལུས་ནག་སྙིང་དཀར་དང་། །དྲེད་མོ་མི་གཟན་ལ་སོགས་པ། །གཅན་གཟན་གཏུམ་དགུའི་རིགས་ཀུན་དང་། །གླང་ཆེན་ཐལ་ཀར་མཆེ་བ་དྲུག །བཞིན་མཛེས་ཨེ་ནྱ་ཡ་དང་ནི། །ཀྲིཥྞུ་ས་ར་སྣ་དགོ་གཉན། །བློ་ལྡན་རི་བོང་གླ་བ་རྐྱང་། །རི་དྭགས་རིགས་སུ་རྔོད་རྣམས་དང་། །གཡག་རྒོད་ངར་བའི་ཁ་རླངས་ཅན། །འབྲི་མོ་ངུར་བའི་སྐད་ཅན་དང་། །གཡང་ལུག་འབལ་སྒྲ་འབྱིན་པ་དང་། །རྩ་ར་རི་དབྲག་མྱུལ་བ་དང་། མཛོ་གླང་རྭ་བརྡར་ས་སློག་དང་། །མ་ཧེ་རྨིག་པ་སར་རྡེབ་མཁན། །ཅང་ཤེས་རྟ་དང་དྲེའུ་དང་། །བོང་བུ་ལ་སོགས་རྨིག་ཆགས་ཏེ། །ཡོན་བདག་ནོར་དང་མཐུན་པའི་ཕྱུགས། །ཆུ་སྲིན་ཉ་མིད་ཆེན་པོ་དང་། །མ་ཧཱ་གསེར་གྱི་རུ་སྦལ་དང་། །ཉ་ཆེན་ཡོར་མོ་ལ་སོགས་པའི། །ཆུར་གནས་སྲོག་ཆགས་ཐམས་ཅད་དང་། །གདུག་པའི་དུག་སྦྲུལ་སྒྲམ་ཆེན་སོགས། །ཁུང་དུ་འཛུལ་བ་ཐམས་ཅད་དང་། །ཁྱད་པར་ས་གསུམ་གཞོན་ནུའི་སྡེ། །དཔའ་ཞིང་རཏལ་ཕོད་ཡན་ལག་ཅན། །ན་ཆུང་ཡིད་སྲུབ་རྩེ་དགའི་ཤིང་། །ཇི་ལྟར་ཡིད་ཀྱིས་སྤྲུལ་ལ་སོགས། །སྲོག་ཆགས་ཐམས་ཅད་གླུད་དུ་འབུལ། །ལྷ་དབང་རྣམས་དང་མི་དབང་དང་། །ཀླུ་དབང་རྣམས་ཀྱི་གཙུག་རྒྱན་ནས། །མན་ཤེལ་བར་གྱི་རིན་ཆེན་དང་། །ཤིང་ཏོག་སྨན་དང་བཟའ་བཅའ་དང་། །བཏུང་དང་འབྲུ་སྣ་དར་ཟབ་སོགས། །དཀོར་ཆ་ཀུན་ཀྱང་འབུལ་ལགས་སོ།། ཕྱུགས་དང་འབངས་ཀྱི་གླུད་དོ། །གཉིས་པ་མདོས་ལ་རྫོངས་བསྟབས་པ་ལ། ཆོས་ཉིད་ཀྱི་རྫོངས། མདོས་ཀྱི་རྫོངས། །དྲེགས་པར་རྫོང་བ་གསུམ། དང་པོ་ནི། ཧཱུྃ ཐོག་མཐའ་བར་མེད་ཀ་དག་དབྱིངས། །སྲིད་དང་ཞི་བར་མ་ཆད་པ། །ཁྲེགས་གཅོད་ཡེ་ཤེས་སྐྱེ་བའི་ཁུངས། །ཀུན་ཁྱབ་ཆོས་ཀྱི་སྐུ་ཆེན་པོ། །ནམ་མཁའ་ལྟ་བུར་གོ་འབྱེད་པས། །ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན། །ཐོད་བརྒལ་ཉམས་ཀྱིས་གཟིགས་མོའི་གནས། ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུ། །ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །ཆོས་དང་ཆོས་ཉིད་ཀུན་ཟད་པ། །སྐུ་གསུམ་ཡེ་ཤེས་རྣམ་པ་ལྔར། །ཐག་ཆོད་ཐིག་ལེའི་ཀློང་མདོས་འབུལ། །འཁོར་གསུམ་མི་དམིགས་འདི་ཁོ་ན། །རྫོགས་པ་ཆེན་པོའི་མདོས་ལགས་སོ།། མདོས་རྫོངས། ལ་རྫས། ཀླུང་རྫས། ལྷོ་ཟོག བྱང་ཟོག མདོས་ཀྱི་རྫོངས་ཆང་བུ་ཏིང་ལོ་སོགས་ཏེ། ཧཱུྃ དོན་དམ་དེ་བཞིན་ཉིད་ཀྱི་གདངས། །རྐྱེན་གྱི་ངོ་ན་ཅིར་སྣང་ཡང་། །དྲི་མེད་མེ་ལོང་བྱད་ལྟ་བུ། །བརྟགས་ན་ཀུན་རྫོབ་སྣང་བ་འཇིག །དེ་ཕྱིར་མ་བརྟགས་ཉམས་དགའ་བའི། །སྒྱུ་འཕྲུལ་ཆེན་པོའི་ལོངས་སྤྱོད་ནི། །ནམ་མཁའི་མཛོད་རྫས་ངོ་མ་རྣམས། །དེ་རིང་མདོས་ཀྱི་རྫོངས་སུ་འདེབས། །འདི་ལ་ཆད་པ་ཅི་ཡང་མེད། །གང་བཞེད་མདོས་ལ་འབྱུང་བའི་ཕྱིར། །འདི་ལས་ཕུན་ཚོགས་གར་ཡང་མེད། །དེ་ཕྱིར་ཀུན་བཟང་མཆོད་པའི་སྦྲིན། །སྲི་ཞུ་མགོན་པོ་ལན་ཆགས་དང་། །སྙིང་རྗེའི་མགྲོན་ཀུན་ཚིམ་ནུས་པས། །འདི་ནི་བསམ་འཕེལ་ནོར་བུ་ལགས། །མི་ཟད་གཏེར་གྱི་བུམ་པའང་སྟེ། །རིན་ཆེན་འབྱུང་བའི་རྒྱ་མཚོ་དང་། །དགོས་འདོད་སྩོལ་བའི་དཔག་བསམ་ཤིང་། །དེ་ཕྱིར་འདོད་པའི་ཡོན་ཏན་རྣམས། །ཚང་མར་བདག་གིས་འབུལ་ལགས་སོ། །མདོས་དྲེགས་པ་ལ་རྫོངས་བསྟབས་ལ།། སྒེར་མདོས་འདིར་གཏོང་། ཧཱུྃ སྲིད་པ་གསུམ་གྱི་དབང་པོ་ཆེ། །མ་ཧཱ་ཀཱ་ལ་ལྕམ་དྲལ་ཚོགས། །ཞིང་སྐྱོང་མ་མོ་མཁའ་འགྲོའི་ཚོགས། །བགེགས་ཆེན་དྲག་པོ་མཐུ་རྩལ་ཅན། སྡེ་བརྒྱད་མགོན་པོ་ཐམས་ཅད་དང་། །འཇིག་རྟེན་སྐྱོང་བ་ཆེན་པོའི་ཚོགས། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །གཤིན་རྗེ་ཕོ་མོ་སྲིན་པོ་དང་། །ཉི་ཟླ་གཟའ་སྐར་མེ་ལྷ་དང་། །དྲི་ཟ་དྲང་སྲོང་རླུང་ལྷ་དང་། །ཡི་དྭགས་ཤ་ཟ་བརྗེད་བྱེད་དང་། །སྨྱོ་བྱེད་གྲུལ་བུམ་སྲུལ་པོ་དང་། །ནམ་མཁའ་ལྡིང་དང་མིའམ་ཅི། །ལྷ་མིན་མི་མིན་འབྱུང་པོ་དང་། །རྒྱལ་པོ་བཙན་དང་བདུད་དང་དམུ། །ས་བདག་གཉན་དང་ཀླུ་བསེན་དང་། །ཡུལ་ལྷ་ཡུལ་བདག་མ་སངས་སྨན། །འགོ་དང་བསྟེན་དང་ཆགས་པ་དང་། །བསེ་རགས་ཡུལ་འདྲེ་འཕུང་སྲི་དང་། །དུར་སྲི་གཤིན་འདྲེ་གཤིན་ལོག་དང་། །སྲིད་པའི་ལྷ་འདྲེ་མ་ལུས་པ། །སྡེ་རིས་འཁོར་བཅས་ཐམས་ཅད་ལ། །མཐུན་པའི་རྫས་དང་བཞེད་པའི་དཀོར། །ཇི་ལྟར་འདོད་པ་སྦྱར་ཞིང་བཤམས། །བསྔོས་ཤིང་ཕུལ་བས་ཐམས་ཅད་ཀྱི། །ལུས་ངག་ཡིད་གསུམ་ཚིམ་གྱུར་ཅིག །ཀྱཻ མ་མཐོང་མ་ཐོས་མ་ཤེས་དང་། །མ་སླེབ་མི་གདའ་དབང་ཆུང་བས། །སྐལ་བ་མ་ཐོབ་ཐམས་ཅད་པ། །སྐྱེམས་དང་བརྔོན་གྱིས་ཚིམ་གྱུར་ཅིག །དེ་ལྟར་ཐམས་ཅད་མཆོད་པའི་མཐུས། །བར་དུ་གཅོད་པ་ཀུན་ཞི་ནས། །བསམ་པ་ཐམས་ཅད་འགྲུབ་པ་དང་། །རྣམ་ཐོས་བུ་བཞིན་ནོར་ལྡན་ལ། །ཉི་ཟླ་མཉམ་པའི་ཚེ་ཐོབ་ཤོག །གཞན་ཡང་ཡུལ་ཁམས་བདེ་བ་དང་། །ལོ་ལེགས་སྐྱ་རྒྱལ་རྒྱལ་པོ་རྣམས། །ཆོས་བཞིན་རྒྱལ་སྲིད་སྐྱོང་གྱུར་པས། །ཐུབ་བསྟན་རྟག་ཏུ་རྒྱས་གྱུར་ཅིག། གསུམ་པ་མདོས་གཞུག་ཟོར་གྱིས་བཅད་པ་ལ། གླུད་སྐོར། མདོས་ལམ། དྲག་པོར་ཟོར་དུ་བྱ་བའི་ཚུལ་ལོ། །དང་པོ་ཆད་རྡོ་བསྐུལ་བཏང་། ཀྱཻ ད་ནི་གླུད་སྐོར་གཡས་སུ་བསྐོར། །གླུད་ཆེན་གཡས་སུ་བསྐོར་ཙ་ན། །སྣང་སྲིད་ལྷ་འདྲེ་གཡས་སུ་འཁོར། །བྲན་གཡོག་མང་པོའི་འཁོར་དང་བཅས། །དགྱེས་པའི་མདངས་དང་བཅས་ཏེ་འཁོར། །སྐྱེས་པ་ཕོ་ཡི་སྐྱེག་ཟློག་ཅིག །གླུད་ཆེན་གཡོན་དུ་བསྐོར་ཙ་ན། །མ་ཡམས་ནག་མོ་གཡོན་དུ་འཁོར། །བྲན་གཡོག་མང་པོའི་འཁོར་དང་བཅས། །དགྱེས་པའི་མདངས་དང་བཅས་ཏེ་འཁོར། །ཟ་མ་མོ་ཡི་སྐྱེག་ཟློག་ཅིག །གླུད་སྐོར་གཅིག་དང་གཉིས་དང་གསུམ། །ཞག་སྐོར་ཟླ་སྐོར་ལོ་སྐོར་གླུད། །ནད་དང་གདོན་གྱི་ཞེན་པ་ཆུང་། །གླུད་དང་འགྲོགས་ཏེ་ལམ་ལ་སོང་།། གཉིས་པ། མདོས་ལམ། དྲེགས་པའི་ལམ། དགྲ་ལ་ལམ་བསྟན་པ་སྟེ། ཀྱཻ མདོས་དང་གླུད་ཀྱི་ལམ་བསྟན་ནོ། །རི་གསུམ་རྩེ་དང་ལུང་གསུམ་མདོ། །རྒྱ་གྲམ་ལམ་དང་འབབ་ཆུའི་གཞུང་། །ཉི་ཟླའི་གྲིབ་སོ་མདོས་ཀྱི་ལམ། །འདྲེ་ལྔ་བདུད་གཅོད་མདོས་ཀྱི་ཕྱོགས། །ལམ་དེར་ཞུགས་ལ་ཕྱོགས་དེར་སོང་།། དྲེགས་པའི་ལམ་བསྟན་པ། ཀྱཻ ད་གཤེགས་ཕར་ལ་ཤ་ར་ར། །ད་བཞུད་གཞན་དུ་སི་ལི་ལི། །བཤུལ་ལམ་ནམ་མཁའི་མཐོངས་སུ་ལྟོས། །དགུ་ཚིགས་ལྷ་དབང་ལམ་ལ་སོང་། །བཤུལ་ལམ་རྒྱ་མཚོའི་དབྱིངས་སུ་ལྟོས། །ཀླུ་རྒྱལ་འབུམ་སྡེ་ལམ་ལ་སོང་། །བཤུལ་ལམ་རི་བདུན་རྩེ་ལ་སོང་། །གནོད་སྦྱིན་དྲག་པོའི་ལམ་ལ་སོང་། །བཤུལ་ལམ་གང་ནས་བྱོན་དེར་སོང་། །རྟེན་དང་ཕོ་བྲང་དག་ཏུ་གཤེགས།། དགྲ་ལ་ལམ་བསྟན་པ། ཧཱུྃ ཐུགས་ཀྱི་སྤྲུལ་པ་བདུད་འདུལ་ཆེན་པོ་ནི། །དུར་ཁྲོད་ཆེན་པོའི་གནས་ནས་མཐོ་རིས་གཤེགས། །ལྷ་དམག་དཀར་པོ་ཀུན་གྱི་དམག་དཔོན་མཛད། །ལྷ་མིན་དཔུང་ཚོགས་གཡུལ་དུ་བརླག་པར་བྱས། །དེ་ནས་བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ། །བདུད་དཔུང་བྱེ་བ་དུང་ཕྱུར་ཐམས་ཅད་བཅོམ། །མུ་སྟེགས་ནག་པོའི་ཕྱོགས་ཀུན་ཆམ་ལ་ཕབ། །སྔོན་གྱི་དགྲ་འདུལ་དེ་བཞིན་དགྲ་བོ་འདི། །ཚར་གཅོད་ལས་ལ་དཔལ་མགོན་འཁོར་བཅས་སྤྱོན། །མ་ཧཱ་ཀཱ་ལའི་ཚོགས་ཀྱིས་དྲག་ཤུལ་མཛོད། །མ་མོ་མཁའ་འགྲོའི་ནད་རིམས་ཐམས་ཅད་ཐོང་། །ལྷ་སྲིན་སྡེ་བརྒྱད་འཇིག་རྟེན་སྐྱོང་བའི་དཔུང་། །གནམ་ས་ཁོང་ལ་བཅོལ་བའི་འཕྲིན་ལས་སྒྲུབས།། དྲག་པོ་ཟོར་དུ་བྱ་བ། ཧཱུྃ ཡོན་བདག་བྱོལ་ཁ་དགྲ་ལ་བྷྱོ། །རྒྱུ་སྦྱོར་བདུད་ཁ་བགེགས་ལ་བྷྱོ། །དལ་ཁ་རིམས་ཁ་དགྲ་ལ་སྒྱུར། །མདོས་ཡས་དྲག་པོའི་ཟོར་དུ་སྒྱུར། །གནོད་བྱེད་དགྲ་བགེགས་རྩད་ནས་གཅོད། །ངར་གླུད་རྒྱན་གྱི་རྫས་རྣམས་ཀྱང་། །ཞུབ་ཅན་ཁྲོམ་ཚོགས་དཔུང་གི་ཟོར། །མདའ་ཁྲ་འཕེན་བྱེད་མདའ་ཡི་ཟོར། །འཕང་ཁྲ་གདུག་པ་རྩང་གི་ཟོར། །ཕོ་གདོང་མོ་གདོང་ཐོད་པའི་ཟོར། །ཤིང་བམ་མདུང་རྩེ་དབལ་གྱི་ཟོར། །ཡུངས་ཀར་ཁྲོ་ཆུང་ཐུན་གྱི་ཟོར། །མཚེ་མོ་འབིགས་བྱེད་མཚོན་གྱི་ཟོར། །བལ་ཚོན་སྣ་ལྔ་བྱད་ཀྱི་ཟོར། །བྱ་སྤུ་ལྟས་ངན་ཐན་གྱི་ཟོར། །ཟོར་ཁ་དགྲ་དང་བགེགས་ལ་བྷྱོ། །ལོངས་སྐྱོད་དཀོར་རྫས་སྤྱན་གཟིགས་ཀྱང་། །འཇོམས་བྱེད་གདུག་པའི་ཟོར་དུ་སྒྱུར། །མཁའ་ལ་འཕྱོ་བའི་འདབ་ཆགས་ཀྱང་། །མཁའ་ལྡིང་མཆུ་སྡེར་ཅན་གྱི་ཟོར། །ནགས་ལ་རྒྱུ་བའི་གཅན་གཟན་ཡང་། །ཟ་བྱེད་མཆེ་བ་ཅན་གྱི་ཟོར། །རི་ལ་གནས་པའི་རི་དྭགས་ཀྱང་། །ལྟས་ངན་གནོད་པ་ཅན་གྱི་ཟོར། །དུད་འགྲོ་ཕྱུགས་ཀྱི་རིགས་རྣམས་ཀྱང་། །ཚུལ་དང་མི་མཐུན་ལྟས་ངན་ཟོར། །ལོངས་སྤྱོད་རིན་ཆེན་རྣམ་ལྔ་ཡང་། །ལྕགས་ཟངས་རྡོ་ཐུན་ཆར་གྱི་ཟོར། །མཛེས་པའི་དར་ཚོན་སྣ་ལྔ་ཡང་། །འདུ་བ་རྣམ་ལྔ་ནད་ཀྱི་ཟོར། །བཀྲ་ཤིས་ཤུག་ཏི་དེ་དག་ཀྱང་། །མི་སྡུག་མགོ་འཐོམས་བྱུར་གྱི་ཟོར། །གཙང་ལུག་ལྤགས་པ་དཀར་ནག་ཀྱང་། །གཡང་གཞི་དུལ་ནག་གཡབ་མོའི་ཟོར། །ཚོན་འབྱེད་བཙག་རམས་རི་མོ་ཡང་། །ཁྲ་བོ་གཅན་གཟན་གཟུགས་ཀྱི་ཟོར། །ཡས་གཞི་ཁམ་ས་རྒྱན་གླུད་འདི། །འབྲུ་ཁུང་ཟུར་གསུམ་ཀོང་བུའི་ཟོར། །འབྲུ་སྣ་རིན་ཆེན་སྣ་བདུན་ཡང་། །དྲག་པོ་རྫས་དུག་ཐུན་གྱི་ཟོར། །ཆང་ཕུད་རྔོན་ཆ་གསེར་སྐྱེམས་ཀྱང་། །མྱོས་བྱེད་རྦ་ཀློང་ཁྲག་གི་ཟོར། །བཤོས་བུ་ཞལ་ཟས་སྣ་ཚོགས་ཀྱང་། །ལུས་སེམས་རླག་བྱེད་དབལ་གྱི་ཟོར། །དམ་རྫས་ཤ་ཁྲག་སྣ་ཚོགས་ཀྱང་། །མཚོན་འཁྲུགས་ཚ་བ་ནད་ཀྱི་ཟོར། །དེ་ལྟར་དྲག་པོའི་མདོས་ཟོར་འདི། སྟེང་གི་ཕྱོགས་སུ་འཕངས་པ་ཡིས། །ལྷ་ཆེན་རྣམས་ཀྱི་དྲེགས་པ་ཟློག །ཤར་གྱི་ཕྱོགས་སུ་འཕངས་པ་ཡིས། །བརྒྱ་བྱིན་དྲི་ཟའི་གཡེང་བ་ཟློག །ཤར་ལྷོ་མཚམས་སུ་འཕངས་པ་ཡིས། །མེ་ལྷ་དྲང་སྲོང་དམོད་པ་ཟློག །ལྷོ་ཡི་ཕྱོགས་སུ་འཕངས་པ་ཡིས། །ཡི་དྭགས་གཤིན་རྗེའི་འཆིང་བྱེད་ཟློག །ལྷོ་ནུབ་འཚམས་སུ་འཕངས་པ་ཡིས། །བདེན་བྲལ་སྲིན་པོ་ཟ་ཁ་ཟློག །ནུབ་ཀྱི་ཕྱོགས་སུ་འཕངས་པ་ཡིས། །གདུག་པ་ཀླུ་ཡི་དུག་ཆེན་ཟློག །ནུབ་བྱང་མཚམས་སུ་འཕངས་པ་ཡིས། །རླུང་ལྷ་ཉི་འབྱེད་བསྐྲད་པ་ཟློག །བྱང་གི་ཕྱོགས་སུ་འཕངས་པ་ཡིས། །གནོད་སྦྱིན་གསོད་གཅོད་གནོད་པ་ཟློག །བྱང་ཤར་མཚམས་སུ་འཕངས་པ་ཡིས། །ལོག་འདྲེན་བགེགས་ཀྱི་བར་གཅོད་ཟློག །འོག་གི་ཕྱོགས་སུ་འཕངས་པ་ཡིས། །ས་བདག་གཉན་གྱི་བྱད་ཁ་ཟློག །དྲག་པོའི་བྱོལ་ཟོར་འདི་འཕངས་པས། །ལྷ་སྲིན་སྡེ་བརྒྱད་མ་ལུས་པའི། །གདུག་རྩུབ་གནོད་ཅིང་འཚེ་བ་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །རླུང་མཁྲིས་བད་ཀན་འདུས་པ་ཡི། །བཞི་བརྒྱ་རྩ་བཞིའི་ནད་ཡམས་ཟློག །རྨི་ལམ་མཚན་ལྟས་ངན་པ་དང་། །ཕས་ཀྱི་བསམ་སྦྱོར་ངན་པ་ཟློག །བན་བོན་སྔགས་པ་ནག་པོའི་མཐུ། །ཐམས་ཅད་བྱད་མ་རང་ལ་ཟློག །སྡང་བའི་དགྲ་ལ་ཟོར་ཁ་ཡ། །གནོད་པའི་བགེགས་ལ་ཟོར་ཁ་ཡ། །དེ་ནས་མནན་པ་དང་སྲེག་པ་གཏོར་ཆེན་གྱི་དུས་བཞིན་ནོ། །ཞེས་དཔལ་མགོན་པོའི་མདོས་ཆོག རྡོ་རྗེ་འཛིན་པ་མཐུ་ཆེན་དཔའ་བོའམ་ཆོས་ཀྱི་མགོན་པོས་རིང་མོ་ཞིག་ནས་རྩོམ་པར་བསྐུལ་བ་བཞིན་པདྨ་དཀར་པོས་སྲིད་པ་ཕོ་བྱོལ་ལ་སོགས་པ་སློབ་དཔོན་ཆེན་པོ་པདྨའི་ལེགས་པར་བཤད་པར་ཀུན་དང་མཐུན་པར་སྦྱར་བ། རྒྱལ་བའི་བསྟན་པ་རྒྱས་པའི་རྐྱེན་ཆེན་པོར་གྱུར་ཅིག ཤུ་བྷ་མསྟུ་སརྦ་ཛ་གཏཱམ྄། །ན་མོ་རཏྣ་ཏྲཡཱ་ཡ། ཨོཾ་ཨེདྷརྨཱ་ཧེཏུཔྲ་བྷ་ཝཱ་ཧེ་ཏུནྟེཥཱནྟཐཱགཏོཝདཏ྄། ཏེཥཱཉྩྨ་ཡོནིརོདྷཨེཝཾཝཱདཱིམཧཱཤྲ་མཎ་ཡ་སྭཱ་ཧཱ། མངྒ་ལཾ།། །།
མདོས་ཀྱི་གསལ་བྱེད་འཕྲུལ་གྱི་མེ་ལོང་།
མདོས་ཀྱི་གསལ་བྱེད་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །སྒྱུ་མའི་འཇིག་རྟེན་མཐུན་ཞུགས་པའི། །སྒྱུ་མ་ཆེན་པོའི་དཀྱིལ་འཁོར་ལ། །སྒྱུ་མའི་མཆོད་པ་སྦྱར་མཁས་པའི། །སྒྱུ་མ་མཁན་རྣམས་ཕྱག་བྱའི་འོས། །འདི་ལ་མདོས་ཀྱི་རྣམ་པར་གཞག་པ་དང་། ལག་ལེན་གྱི་བཅས་གཉིས། དང་པོ་ལ། ངོ་བོ། ངེས་ཚིགདབྱེ་བ། བྱིན་གྱིས་བརླབ་ཅིང་བསྔོ་བ་བཞི། དང་པོ། སྣ་ཚོགས་སུ་སྣང་བ་ཐབས་ཀྱི་ཡེ་ཤེས་དེ་དག་ཅིར་ཡང་མ་གྲུབ་པ་ནི་སྟོང་པ་ཉིད་དེ། དེ་གཉིས་གཉིས་སུ་མི་ཕྱེད་པའོ། །གཉིས་པ་ནི། །དེ་ཉིད་གླུད་རྫས་ཆེན་པོར་བྱས་པ་ལ་མདོས་ཏེ་ཡས་བཏགས། ཡང་། ཟན་ལ་གཟུགས་སྣ་ཚོགས་སུ་བཀོད་པ་ཡས་དང་། སྣལ་མ་སྦྲན་པ་ལ་ཐགས་སུ་བྱས་པས་ཡས་ཐགས། ཡང་སློབ་དཔོན་ཆེན་པོས། མདོས་པ་སེལ་བ་ལ་ཡང་གསུངས་ཏེ། དེའི་ཚེ་རྣལ་འབྱོར་པ་ལ་མདོས་པ་ཉམས་ཆག སྦྱིན་བདག་ལ་མདོས་པ་ཆགས་ཆེ་ཉམས་ང་། དགྲ་བོ་ལ་མདོས་པ་བྱད་མ་མཁན་གྱིས་བྱད་དུ་བཅུག་པ། དེ་ཆོ་ག་མཁན་པོས་ཐབས་ཀྱིས་སེལ་བས་ན་མདོས་སོ། །གསུམ་པ་ནི། །ཕོ་མདོས། མོ་མདོས། རེ་རེ་ལའང་སྤྱི་མདོས་དང་སྒོས་མདོས་གཉིས། སྒོས་མདོས་ལ་སུམ་བརྒྱ་དྲུག་ཅུ། སྤྱི་མདོས་ལ་མཧཱ་ཤཱནྟིཾ་དང་། སརྦ་རཱུ་པ་གཉིས། དང་པོ་ལ། ཕྱི་ནང་གསང་བ་གསུམ། ཕྱི་མ་ལ་ཕྱི་ནང་གཉིས་རྣམས་ལས། འདིར་སྲིད་པ་ཕོ་མདོས། དེའི་ནང་ནས་དཔལ་ཡེ་ཤེས་མགོན་པོ་ཆེན་པོའི་མདོས་ཏེ། དངོས་གྲུབ་འབྱུང་བ་ལས། རི་རབ་ཀྱི་གཟུགས་ལ་སྣ་ཚོགས་པའི་གཟུགས་བརྙན་བཀོད་དེ་འཕྲིན་ལས་སེམས་པ་དང་བཅས་པའི་ཕྱག་རྒྱས་བཏབ་ན་གཡུལ་ཆེན་པོ་དེ་ལས་རྣམ་པར་རྒྱལ་བར་བྱེད་དོ། །ཞེས་པས་གཡུལ་བཟློག་སོགས་དང་། ཡང་། དཔག་བསམ་གྱི་ཤིང་ལྗོན་པའི་ཚུལ་དུ་བྱས་ལ། ཨ་ཤྭ་ཀའམ་བི་དྲ་ཀའི་ཤིང་ལ་བརྟེན་ནས་ཐབས་དང་ལྡན་པས་ནི་ཡུལ་ཕྱོགས་དེ་ཡོངས་སུ་རྒྱས་པའི་གནས་ཐོབ་པར་འགྱུར་རོ། །ཞེས་གསུངས་པས་རྟེན་མདོས་སོགས་བཤད་དོ། །དེ་ཡང་སྤྱིར་སྒྲུབ་མདོས་དང་རྟེན་མདོས་དང་། མཆོད་མདོས་དང་བསྐང་མདོས་དང་། སྲིད་པ་གཡུལ་བཟློག་དང་བྱོལ་བཟློག་དང་། རཱཀྵ་དགྲ་མདོས་ལ་སོགས་བ་དུ་མར་བྱེད་པ་དང་། མདོས་ཀྱི་བཅས་གཅིག་ལ་ཀུན་ཚང་བར་བྱེད་པའོ། །བཞི་པ་ལ། བྱིན་གྱིས་བརླབ་པ་དང་བསྔོ་བ་གཉིས་ལས། དང་པོ་ནི། མདོས་རྟེན་བརྟེན་པའི་དཀྱིལ་འཁོར་ཆེན་པོ་རྒྱན་གླུད་ཐམས་ཅད་དགྱེས་པའི་མཆོད་སྤྲིན་དུ་བསམས་བྱིན་གྱིས་བརླབས་ལ། སྙན་གསན་ཕབ། སྤྱན་དྲངས། བཞུགས་སུ་གསོལ། གཉིས་མེད་དུ་བསྟིམ། དབང་བསྐུར། མཆོད་བསྟོད་བྱ་བ་ནི། མདོས་དཀྱིལ་འཁོར་དུ་ཤེས་པ་ཞེས་བྱ་སྒྲུབ་མདོས་སམ་རྟེན་མདོས་ཀྱི་སྐབས། མདོས་གཞི་གནམ་འཁོར་ལོ་རྩིབས་སྟོང་མུ་ཁྱུད་ཀྱིས་མཛེས་པ་འཇིག་རྟེན་གྱི་ཁམས་དང་མཉམ་པ་ལ་ཡས་ཐགས་ཀྱིས་ནམ་མཁའི་རྒྱན་སྐར་མའི་ཚོགས་ལྟར་བཀྲམ་པ། ས་གཞིའི་རྒྱན་རྩི་ཤིང་ནགས་ཚལ་ལྟར་སྤུངས་འཐུག་པ། བར་སྣང་གི་རྒྱན་སྤྲིན་དང་འཇའ་ཚོན་བཞིན་བྱིན་ཆགས་ལ་བཀྲ་བ། རེ་རེ་འང་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པའི་བྱིན་གྱིས་བརླབ་པ་མདོས་མཆོད་རྫས་སུ་ཤེས་པ་ཞེས་བྱ། དེས་དྲེགས་པ་རྣམས་མ་སྲིང་ལྟ་བུར་ལྟ་བར་བྱེད་པས་གར་སྤྱི་ཕུད་ཀྱི་མདོས་ཞེས་ཀྱང་བྱའོ། །ཡང་། བདག་དམ་ཚིག་གཡེལ་བས་དྲེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ནོགས་པ་ན་རྒྱལ་གླུད་སྐུའི། མདའ་འཕང་གསུང་། ནམ་མཁའ་ཐུགས། དར་དང་རྒྱལ་མཚན་ཡོན་ཏན། སྤྱན་གཟིགས་རྔོན་ཆ་འཕྲིན་ལས་ཀྱི་བསྐང་བའི་རྫས་སུ་འབུལ་བས་ཉམས་པ་བསྐང་བས་བསྐང་མདོས་ཞེས་བྱའོ། །ལན་ཆགས་ཀྱི་མགྲོན་དམིགས་ཏེ། མདོས་ཡས་ཐགས་རི་རབ་གླིང་བཅུ་གཉིས་འདོད་པའི་ལོངས་སྤྱོད་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་ནས་བདག་ལ་གཞན་གྱི་དྲིན་ལན་ཆགས་པ་འཁོར་བའི་ཕྱིར་བཏང་ན་ལན་ཆགས་གཏོང་འཕྲིན་གྱི་མདོས་ཞེས་བྱ། མདོས་ཡས་སྦྱིན་བདག་དང་ལྷ་འདྲེའི་གཟུགས་འདྲ་བར་དམིགས་ནས་བདག་གཞན་གྱི་གླུད་བུ་བཏང་ན་ཚེ་ཟླ་རྒྱས་ཀྱི་མདོས་ཞེས་བྱ། ཡས་ཐགས་ཀྱི་རྫས་ཐམས་ཅད་སྣང་སྲིད་ལྷ་འདྲེའི་དམག་དང་དཔུང་དུ་བྱིན་གྱིས་བརླབས་ནས་བདག་གཞན་ལ་གནོད་པ་བཟློག་པར་བཏང་བ་ནི་ནག་པོ་ཕྱོགས་བཟློག་གི་མདོས་སམ་མགོན་པོ་གཡུལ་བཟློག་གི་མདོས་ཞེས་བྱ། ཡང་སྲིད་པ་ལུགས་བཞིན་དུ་བཤམས་ནས་མོ་བརྒྱུད་དུ་བྱིན་གྱིས་བརླབས་ནས་ཕོ་བརྒྱུད་ལ་བཏང་བ་ན་སྲིད་པ་ཕོའི་བྱོལ་བཟློག ཕོ་བརྒྱུད་དུ་བྱིན་གྱིས་བརླབས་ནས་མོ་བརྒྱུད་ལ་རྫོངས་སུ་བསྟབས་པ་སྲིད་པ་མ་མོའི་བྱོལ་བཟློག ལྷག་པར་རྦད་འདྲེ་ཐུ་བ་དམིགས་ཀྱིས་བསལ་ན་སྤྱི་བཞིན་བཅས། དེ་ཁོ་ན་ལ་བཏང་ན་སྤྱི་མདོས་སྒོས་སུ་བཏང་བ། ཡང་དམིགས་ཀྱི་མ་བསལ་ན་སྒོས་མདོས་བཅས་པ་སྤྱི་ལ་བཏང་ན་སྒོས་མདོས་སྤྱི་ལའོ། །ཡང་མདོས་ཀྱི་བཅས་ལ་ཕོ་གཙོ་བོར་བཀོད་ན་ཕོ་མདོས། མོ་གཙོ་བོར་བཀོད་ན་མོ་མདོས། འདི་ལྟར་སྣང་བ་དྲག་པོའི་འཕང་རྫས་སུ་བྱེད་པ་ལ་ཟོར་ཞེས་བཏགས་ཏེ། ཡང་དྲག་པོར་འཕེན་པ་ལ་ཡང་ཟོར་ཅེས་པ་བཞིན་ནོ། །གཞི་དྲག་པོའི་འབྲུབ་ཁུང་། རྫས་ཟོར་ནད་དང་དུག་དང་མཚོན་ཆ། དྲེགས་པ་རྣམས་ཐུན་གྱི་ལྷར་ཤེས་པ་ལས་དགྲ་བོའི་ལུས་སེམས་འབྲལ་བར་བྱེད་པར་བྱིན་གྱིས་བརླབས་ཏེ། ཐེབས་བཟློག་བརྩིས་ནས་བཏང་ན་རཱཀྵ་དགྲ་མདོས་སོ། །རྣལ་འབྱོར་པ་དངོས་གྲུབ་སྒྲུབ་པ་བྱེད་ན་བརྟེན་པའི་མདོས་བྱ། དམ་ཚིག་ཉམས་པ་གསོ་ན་བསྐང་བ་དང་། ཚོགས་རྫོགས་པར་འདོད་ན་མཆོད་མདོས། ཡུལ་དུ་ནང་འཁྲུག་གཞན་གྱི་དམག་ལྷགས་པ་སོགས་ཕ་རོལ་གྱི་བསམ་ངན་བཟློག་ན་གཡུལ་བཟློག མ་མོ་འཁྲུགས་པའི་དལ་ཡམས་དང་རྦད་འདྲེ། ལྷ་འདྲེ་མི་བསྲུན་པའི་སྡང་ཟུར་ཟུག་པ་ལ་བྱོལ་བཟློག་གཉིས། དགྲ་བོ་སྒྲོལ་བ་ལ་ཟོར་མདོས་ཐུན་མདོས་སམ། ཁྲག་མདོས་སམ་དགྲ་མདོས། ནོར་གོད་བཟློག་པ་ལ་ལན་ཆགས་སྟོང་འཕྲིན། འཆི་ལྟས་བྱུང་ན་བླུ་བ་ལ་ཚེ་རྒྱས་ཀྱི་མདོས་བྱའོ། །གཡུལ་བཟློག་བྱོལ་བཟློག་དགྲ་མདོས་ལ། ཉིན་དང་པོ་མཆོད་རྫས་བསྐང་རྫས་སུ་ཕུལ། ཕྱི་དེ་ཉིན་ནས་བསྐྱེད་ཆོག་བྱ་བས་སྒྲུབ་མདོས་དང་ཕྱིས་འཕང་མདོས་སུ་ཤེས་པར་བྱ། མདོས་དེ་དག་དགྲ་བོའི་ཤ་ཁྲག་རུས་པར་དམིགས་ནས་ཕུལ་ན་མདོས་དྲག་པོའི་གཏོར་མར་གཏོང་བ། ཡུལ་ལ་སོགས་པར་ལྟས་ངན་པ་བྱུང་ན། དེ་བྲིས་ནས་བྱོལ་བཟློག་བཞིན་དུ་བྱ་བ་ལྟས་ངན་བཟློག་པའི་མདོས་ཞེས་བྱ་བ་དེ་ལྟ་བུའི་མདོས་ཀྱི་འཕྲུལ་མིག་ཆེན་པོར་ཤེས་པར་བྱའོ། །གཉིས་པ་བསྔོ་བ་ལ། དང་པོར་མདོས་ཀྱི་སྒོ་དབྱེ་བ། མདོས་ལ་རྫོངས་བསྟབ་པ། མདོས་གཞུག་ཟོར་གྱིས་བཅད་པ་གསུམ་མོ། །དང་པོ་ལ། རྣལ་འབྱོར་པའི་སྒོ་དབྱེ། དྲེགས་པའི་སྒོ་དབྱེ། མདོས་ཀྱི་སྒོ་དབྱེ། དང་པོ་སྔགས་པ་ཐོད་ཁ་གཡས་སུ་གསེར། གཡོན་དུ་གཡུ། ལས་ཀྱི་སྐབས་ཤེས་པའི་ཆས་སུ་ཞུགས་ཏེ་ལུས་ཡི་དམ་ལྷའི་ང་རྒྱལ་བརྟན་པ་ལུས་ཀྱི་སྒོ་དབྱེ། མདོས་བདག་ཕོ་མོའི་སྲོག་སྙིང་མཚང་ཚིག་ཤེས་པ་ངག་གི གཉིས་སུ་མེད་པར་རྟོགས་པ་ཡིད་ཀྱི་སྒོ་དབྱེ་ཤེས་དགོས་སོ། །དེ་མེད་ན་རིམ་པ་བཞིན། དྲེགས་པ་དབང་དུ་མི་འདུ་བ་དང་། བསྔོས་པ་གནས་སུ་མི་ཕྱིན་པ་དང་། ཐམས་ཅད་འཁོར་བའི་གཡས་སྦྱོར་དུ་འགྲོ། གཉིས་པ་མདོས་བདག་གི་སྒོ་དབྱེ་བ་ལ། སྤྱན་དྲངས། མཚང་འདྲུ། ཐུན་རྫས་བྱིན་གྱིས་བརླབ་པ་གསུམ་ཤེས་དགོས། དེ་མ་ཤེས་ན་རིམ་པ་བཞིན། སྤྱན་མ་དྲངས་ན་མི་འབྱོན། མཚང་མ་དྲུས་ན་ཡས་མི་ལེན། དགོས་དོན་མ་ཚང་ན་མི་རྫོངས་པའི་སྐྱོན་གསུམ་འབྱུང་། གསུམ་པ་མདོས་ཀྱི་སྒོ་དབྱེ་བ་ལ། དང་པོར་བརྐོས་བཏབ་པ། མདོས་སྣ་གླུད་ཀྱིས་དྲངས་ཏེ་བསྔོ་བ། ཡས་ཆད་སྨེང་གིས་འཐུད་པ་གསུམ་ཤེས་དགོས། དེ་མ་ཤེས་ན་རིམ་པ་བཞིན། ལྷ་འདྲེ་འཁྲུག་པ། ཡོན་བདག་གི་ཚེ་སྲོག་ཉམས་པ་ཚུར་མི་ཁུགས་པ། ཕན་ལས་གནོད་ཆེ་སྟེ་ལག་ན་ཅི་ཡང་མེད་པ་ལ་ཁྱོད་ཀྱི་འདི་གྱིས་ཟེར་བ་དང་འདྲ་བས་སོ། །གཉིས་པ་མདོས་ཀྱི་རྫོངས་བསྟབ་པ་ལ། རབ་ལྟ་བས་ཐག་བཅད་དེ་རྫོངས་བསྟབ། འབྲིང་སྤྱོད་པ་ལ་དོར་ཏེ་རྫོངས་བསྟབ་པ། མཐའ་མ་ཏིང་ངེ་འཛིན་དབང་བསྒྱུར་ཏེ་རྫོངས་བསྟབ་པ་གསུམ། དང་པོ། མདོས་ཆོས་ཉིད་དུ་ཤེས་པ་སྟེ་ཆོས་སྐུ། བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་ངང་ལས། རིག་པ་འགག་པ་མེད་པ། ལོངས་སྤྱོད་རྫོགས་པའི་རྩལ། མདོས་བདག་ཡོན་བདག རྣལ་འབྱོར་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡིན་པས། སྣང་བ་ཅིར་སྣང་ཡང་ངོ་བོ་ལ་བརྟགས་ན་གང་དུའང་མ་གྲུབ་པས། དེ་ཀ་ཐིག་ལེ་ཆེན་པོ། གདལ་བ་ཆེན་པོ་ཚུལ་འདིས་ཡང་དག་མཐའ་གྲོལ་གྱི་ཀློང་དུ་ཐམས་ཅད་གཅིག་པར་ཤེས་པ་ནི་ཐིག་ལེའི་ཀློང་མདོས་སམ། སྐུ་གསུམ་གདལ་བའི་ཀློང་དུ་མདོས་པས་ཡེ་ཤེས་ཆེན་པོའི་མདོས་ཞེས་ཀྱང་བྱའོ། །གཉིས་པ་སྤྱོད་པ་ཚད་མེད་བཞི་དང་ལྡན་པས་སྣང་སྲིད་ཐམས་ཅད་མདོས་ལ་རྫོངས་འདེབས་པ་སྟེ། དེ་མེད་ན་དྲེགས་པ་ཕོ་མོའི་ཐུགས་དམ་མི་བསྐོངས་སོ། །གསུམ་པ་མདོས་དྲེགས་པ་ལ་རྫོངས་སུ་བསྟབ་པ་སྟེ། དེ་མེད་ན་ཕན་གནོད་ཀྱི་ལས་མི་འགྲུབ་པའོ། །གསུམ་པ་མདོས་གཞུག་ལ་མདོས་ཀྱི་ལམ་བསྟན་པ་ཕན་མདོས་ལ། ཆུ་གནས་ཐམས་ཅད་རྒྱ་མཚོར། ནམ་མཁར་གནས་པ་ཐམས་ཅད་དགུ་ཚིགས། ས་གཞི་ལ་གནས་པ་ཐམས་ཅད་ཕྱོགས་བཅུར་ལམ་བསྟན་ནོ། །དེ་མ་བསྟན་ན་ཡུལ་དུ་ནད་ཡམས་དང་ཡོན་བདག་ལ་ཕྱེ་བཀྲེན་ལྡང་། མདོས་བདག་གི་ལམ་བསྟན་པ་ནི། ཐམས་ཅད་རང་གནས་སུ་གཤེགས་སུ་གསོལ་དགོས། དེ་མ་ཤེས་ན། སྔགས་པའི་ཤུལ་མི་ལ་གནོད་དོ། །མདོས་བསྐྱལ་ས་ཡང་། རང་གི་ཁམས་དང་བསྟུན་པའི་ཕྱོགས་ཀྱི་དྲེགས་པ་གནས་པའམ། དཔྱིད་རི་རྩེ། དབྱར་ཆུ་གཞུང་། སྟོན་དུར་ཁྲོད། དགུན་ལམ་རྒྱ་གྲམ་དུ་སྐྱེལ་བར་བཤད་དོ། །ཟོར་དུ་འཕང་བ་ནི། དགྲ་བོའི་ཕྱོགས་ལ་ལམ་སྟོན། དེ་ལ་ཐེབས་བཟློག་བརྩི་དགོས་ཏེ། ཐེབས་ནི་ཕོ་མདོས་ཟླ་བ་ཡར་ངོ་དང་སྔ་དྲོ། མོ་མདོས་མར་ངོ་དགོང་དང་སྲོད། དགྲ་མདོས་ནམ་གུང་ཉིན་གུང་ཉི་ནུབ། བཟློག་པ་ནི། ཕོ་བྱོལ་ཉི་མ་གུང་དང་ནམ་གུང་ལ་བཏང་ན་ལོག མོ་བྱོལ་ཐོ་རངས་ཉིན་གུང་ལ་ལོག གཉིས་ཀ་ལ་རྫས་མ་ཚོགས་ན་ཡོན་བདག་ལ་མདོས། མ་བླངས་ན་ལྷ་འདྲེ་ལ་མདོས། ཏིང་ངེ་འཛིན་མ་གསལ་ན་སྔགས་པ་ལ་མདོས། ལོག་གནོན། སྤྱི་མདོས་ལོག་ན་མནན་པ་བྱ། སྒྲུབ་མདོས་ལོག་ན་སྦྱིན་སྲེག་བྱ། ཡང་ན་ལན་མང་དུ་བསྐྱར། གནོད་མདོས་ལོག་ན་ཐུན་དུ་སྒྲུབ། ཟོར་དུ་འཕང་། མནན་པ་བྱའོ། །སྒོས་མདོས་ལོག་ན་གཏོར་མ་རྒྱ་ཆེན་པོ་བཏང་ངོ་། །མདོས་སྲེག་པ་དང་མནན་པ་ནི་འཕང་བའི་རྗེས་ལས་ཏེ་གཏོར་ཆེན་བཞིན་ནོ། །ཕན་ཡོན་ནི། གནས་སྐབས་ཀྱི་བར་ཆད་ཐམས་ཅད་ཞི་བ་དང་། བསོད་ནམས་ཀྱི་ཚོགས་རྫོགས་པས་མཐར་ཐུག་སངས་རྒྱས་འགྲུབ་པའོ། །གཉིས་པ་ལག་ལེན་གྱི་བཅས་ལ། རྫས་དང་བཅའ་ཚུལ་གཉིས། རྫས་ལ། རྒྱན་གླུད། དཀོར་ཆ། སྤྱན་གཟིགས། དང་པོ་རྒྱན་གླུད་ལ་ནམ་མཁའ། རྒྱང་བུ། ཤིང་གྲི། མདའ་བཀྲ། འཕང་བཀྲ། ཕོ་གདོང་མོ་གདོང་། རྒྱལ་མཚན། རུ་དར་ལ་སོགས་པའོ། །དང་པོ་ནི། སྨྱུག་མ་མདའ་གང་གཤགས་པ་ལ་ལུས་དང་སྦྱར་བའི་རྟགས་ལག་པ་གཉིས་ཚོན་སྐུད་སྣ་ལྔའི་ཐགས་ཁོང་སྟོང་ནང་སྔོ་བ་ནས་རིམ་པས་མཐའ་མ་འཇའ་རིས་སུ་བསྐོར་བ། རྩེ་ལ་བྱའི་རིགས་སུ་གཏོགས་པ་མཛེས་པའི་སྤུ་དང་བལ་ཚོན་སྣ་ལྔའམ། ལག་པ་གཉིས་ལ་དར་བལ་ཤོག་བུའི་དཔྱངས། ཡུངས་ཀར་གྱི་སྒང་བུ་མཚེའི་མགལ་བ་དེ་ལ་མཐུན་པ་རྫས་ཀྱི་ནམ་མཁའ་ཟེར། དེའི་དཀྱིལ་སྟོང་པའམ་སྦུགས་ཡོད་པ་ནི། དབྱིངས་མི་འགྱུར་བའི་ནམ་མཁའ་སྟེ་སྟོང་པས་ཆོས་ཉིད་མི་འགྱུར་བ་མཚོན་པས་སོ། །ཚོན་སྐུད་སྣ་ལྔའི་འཇའ་རིས་དེ་ལ་ཡེ་ཤེས་ལྔ་རྫོགས་ཀྱི་ནམ་མཁའ་ཟེར་སེམས་ཀྱི་གླུད་དོ། །གཉིས་པ་ནི། སྨྱུག་མ་དེ་ལྟ་བུ་ལ། རྩེ་ལ་བལ་ཚོན་དང་བྱ་སྤུ། སྨད་དུ་དར་སྣའི་འཕན་ཕུན་བར་དུ་ཡུངས་ཀར་གྱི་སྒང་བུ་དེ་ནི་ལུས་ཀྱི་གླུད། བྱིས་པའི་གླུད་དུའང་བཤད་དོ། །གསུམ་པ་ནི། ཤིང་ཤུག་པ་ལ་རལ་གྲི་རྩེ་གཉིས་པའི་དབྱིབས་ལྟ་བུ་མཐོ་གང་ལ་སྦལ་མགོ་དམར་པོ། བར་དུ་མཐིང་ཀའི་འབྱེད། ངོས་ཀྱི་སྟེང་དུ་ནམ་མཁའ་ལ་སྤྲིན་ལང་ལོང་དང་གཟའ་སྐར། དེའི་འོག་ཏུ་རི་དང་ཡུལ་ཁྱིམ། སྨད་དུ་མཚོ་རྣམས་ལ་སྲིད་པ་སྤྱི་རིས་སུ་བྲི་བ་ཟེར། དེའི་དབུས་སུ་ལྷ་གང་ཡིན་གྱི་གཟུགས་རྒྱབ་ཏུ་མཚང་ཚིག་སྟེ་རང་སྔགས་བྲི་བ་ནི་གང་ཟག་སྒོས་བྲི། ཡུལ་མཁར་གྱི་འོག་ཏུ་སོ་སོའི་ཕྱག་མཚན་བྲི་བ་ནི། སོ་སོའི་སྤྱོད་རིས་སུ་བྲིས་པ་ཞེས་བྱའོ། །དེ་ཡུལ་དང་མཁར་གྱི་གླུད། བཞི་པ་ནི། མདའ་ལྷ་སོ་སོའི་མདོག་དང་མཐུན་པ་ལ། མདའ་ཚད་དམ་ཁྲུ་གང་། བསྐྱེད་པའི་ས་བོན་བྲི་བ་རང་རྟགས་དང་སྦྱར་བ་དེ་ཡང་ཐུགས་དཀྱིལ་བ་རྣམས་ལ་ཧཱུྃ། རྡོ་རྗེ་ཕོ་ཉ་མོ་རྣམས་ལ་བྷྱོ། ཡབ་རྣམས་ལ་ཨེ། སྡེ་བརྒྱད་རྣམས་ལ་ཨ་མ་ཨ་ར་ཕུ་ཙ་ཛ་ར། ཕྱོགས་སྐྱོང་སོགས་ལྷག་མ་ཏྲི། བསྟན་མ་སོགས་སྟོན་པའི་སྤྱན་སྔར་དམ་བཅས་པའི་དུས་ལག་ཏུ་རྡོ་རྗེ་གཏད་པ་ཡིན་པས་རྡོ་རྗེ་རེ་བྲི་བ་ལ་དབང་རྟགས་དང་སྦྱར་བ་ཞེས་བྱ། རང་རང་གི་ཕྱག་གཡས་ཀྱི་ཕྱག་མཚན་མ་ནོར་བ་བྲི། སྟོད་དུ་སྒྲོ་བཞི་དང་སྟོང་མཛེས་པའི་ཚོན་རིས། སྨད་དུ་ཉ་མིག་དང་བཅས་པའི་མདེའུས་བརྒྱན་པའོ། །འདི་མདའ་རང་རང་གི་ཁ་དོག་དང་མཐུན་པས་སྐུའི་བསྐང་རྫས། བསྐྱེད་པའི་ས་བོན་གསུང་གི ཕྱག་མཚན་བཀོད་པ་ཐུགས་ཀྱི། མདའི་བཅས་མདེའུ་སོགས་ཡོན་ཏན་དང་འཕྲིན་ལས་ཀྱི་བསྐང་རྫས། སྐྱེས་པ་ཕོའི་གླུད་དོ། །ལྔ་པ་ནི། འཕང་ལོ་མས་ནས་འཁོར་བས་མས་ནས་འབྱུང་བ་རིམ་བརྩེགས་ཀྱིས་ཁ་དོག་སྔོ་ལྗང་དམར་དཀར་སེར་བསྐོར་བ་ལ་འཇིག་རྟེན་སྣང་ཚུལ་དུ་བྲི་བ་ཟེར། འཕང་ལྷ་དང་མཐུན་པའི་མདོག་ཏུ་བཏང་བ་དང་། ས་བོན་ཕྱག་མཚན་བྲི་བ་ལ་གང་ཟག་གནས་ལུགས་སུ་བྲི་བ་ཟེར། དུང་འཕང་འཆོང་ལོང་ཅན། གསེར་འཕང་གཡུ་ལོང་ཅན། ལྕགས་འཕང་དུང་ལོང་ཅན་དུ་བྱས་པ་མཛེས་པའི་རྒྱན་དུ་བྲི་བའོ། །ཚད་བུད་མེད་ཀྱི་འཕང་དང་མཉམ་པའམ་མཐོ་ཚད། རྩེ་ལ་དར་སྣ་དང་ཟ་འོག་གིས་བརྒྱན་པ་མོའི་གླུད་དོ། །དྲུག་པ་ནི། ཕོ་ཤིང་སྟག་པ་ལ་ཕོ་གདོང་། མོ་ཤིང་གླང་མ་ལ་མོ་གདོང་། རང་རང་གི་གདོང་ཡན་ལག་བཞི། འོག་ཏུ་ཉ་མིག་རིས་དར་ཟབ་ཀྱི་གོས་གྱོན་པ་བྱའོ། །ཕོ་གདོང་ཕོ་གླུད། མོ་གདོང་མོ་གླུད། བདུན་པ་ནི། མཆོད་སྦྱིན་གྱི་ཤིང་། བརྒྱད་པ་ཤུག་པ་འདབ་མ་རྩེ་ཚད་ཕུན་སུམ་ཚོགས་པ། རྒྱལ་མཚན་སྲོག་ཆགས་ཀྱི་གཟུགས་དང་། གཞན་ལོགས་རེར་ཁྱུ་མཆོག་དང་ཉ་དང་སྟག དར་ཟབ་ཀྱི་རྒྱལ་མཚན། ཟུར་རེ་རེར་འཕྱར་བའི་རུ་འཕན། དེ་ཡང་དར་རས་སམ་ཤོག་བུ་ལའོ། །གཉིས་པ་དཀོར་ཆའི་གླུད་ནི། འདྲ་བའི་གླུད་དང་མཐུན་པའི་གླུད། འདྲ་གླུད་ལ་ཡོན་བདག་དང་འདྲ་གླུད། ཕོ་མོ་བྱིས་པ་རྟ་ཕྱུགས་ཡུལ་མཁར་ཇི་ལྟ་བ་ཡས་སུ་བྱ། རིན་ཆེན་བརྡར་བའི་ལམ་ས་ལ་གྲུ་བཞི་བྱས་པ་སེར་པོ་ས་ཆའི་གླུད། མཐུན་པའི་གླུད། ཆེ་དགུ། གསེར་དངུལ་མུ་ཏིག་ཟངས་ལྕགས་ཁྲབ་ཀྱི་བྱང་བུ་མཁར་བ་བསེ་དུང་། ཆུང་གླུད། རྟ་གཡག་མཛོ་དྲེལ་བ་ལང་ར་ལུག་ཁྱི་ཕག་རྣམས་ཡོན་བདག་དང་མཐུན་པའི་གླུད། རྒོད། གོང་མོ། བྱ་ནག རྨ་བྱ། ནེ་ཙོ། པུ་ཤུད། སྐྱུང་ཀ ཁྱིམ་བྱ། ངང་པ་སོགས་འདབ་ཆགས་འཕུར་དགུ །སེང་གེ སྟག གཟིག གུང་། སྤྱང་ཀི སྤྲེའུ། ཝ་མོ། དྲེད། དོམ་སོགས་གཅན་གཟན་ཆེ་དགུ །ཤ་བ། གླ་བ། རྣ་བ། དགོ་བ། གཉན། གཙོད། རྐྱང་། རི་བོང་། རྒྱ་སོགས་རི་དྭགས་ཆེ་དགུ། དེ་རྣམས་ལྷ་འདྲེ་ནོར་དང་མཐུན་པའི་གླུད་ཡིན། བསྡུས་ནའང་དེ་ཙམ་དགོས། གཞན་འདབ་ཆགས་ཁྱུང་ནས་ཕྱེ་ལེབ་ཀྱི་བར་མཁའ་ལ་འཕུར་ཚད། སེང་གེ་ནས་སྲེ་མོང་གི་བར་སྡེར་ཆགས། རྟ་ནས་ར་ལུག་གི་བར་རྨིག་ཆགས། ཁྱུ་མཆོག་ནས་སྡིག་པ་ལ་སོགས་པའི་བར་རྭ་ཆགས་ཏེ་ས་ལ་སྤྱོད་ཚད། ཆུ་སྲིན་ནས་སྦལ་ལྕོང་གི་བར་ཆུ་ལ་གནས་ཚད་ཀྱི་གཟུགས་གང་མང་། གསུམ་པ་སྤྱན་གཟིགས་ཕོ་བརྒྱུད་དགྱེས་པ་རྔོན་ཆ། མོ་བརྒྱུད་དགྱེས་པ་རཀྟ། གཉིས་ཀ་དགྱེས་པ་བ་ལིངྟ་འབྲུ་ཤ་སྣ་སྙིང་སྣ་ཁྲག་སྣ་ལ་བྱས་པ་ལ་རྫས་ཀླུངས་རྫས་འབྲུ་སྣ་རིན་པོ་ཆེ། སྨན་སྣ་དར་ཟབ་སྟག་རས་གཟིག་རས་ལུག་རའི་པགས་པ་སོགས་ལྤགས་པ་ཐམས་ཅད་དོ། དེ་ལ་རྔོན་ཆ་ནི། ཆང་རྔོན། གསེར་རྔོན། གཡུ་རྔོན། མཚོ་རྔོན། ཆང་རྔོན་ལ། གཉན་ཕུད། བར་ཕུད། མཐའ་ཕུད་དོ། །སྣལ་ཐགས་ཀྱི་གདུགས་ཏོག་ནམ་མཁའ། ཐགས་ཅི་ཤེས་པས་བརྒྱན། གཉིས་པ་བཅའ་ཚུལ་ལ། སྒོས་མདོས་མེད་པ་དང་ཡོད་པའི་ལུགས་སོ། །དང་པོ་གཞི་བ་བྱུང་གི་རྣམ་ལྔ། དྲི་བཟང་ངམ། བསད་ཁྲག་གིས་སྦགས་པ་འབྲུ་ཁལ་བཅུ་གསུམ་གྱི་དར་ཕྱེ་ལ་རིན་པོ་ཆེ་སྣ་ཚོགས་བཏབ་པ་ལ། དབྱིབས་གྲུ་བཞི་བང་རིམ་བཞི་པ། རྟེན་བསྐང་དགྲ་མདོས་ཚད་རིམ་པ་བཞིན་ཁྲུ་བཅུ་གཉིས་བརྒྱད་བཞི་པར་བྱའོ། །དབུས་འཕར་མ་ལ་ལྕོག་བརྒྱད། ཤར་དཀར། ལྷོ་མཐིང་། ནུབ་དམར། བྱང་སེར་བ། སྟེང་དུ་རྣམ་རྒྱལ་ཁང་བཟང་། འོག་གི་ཕྱིར་གསེར་རི་བདུན། རོལ་མཚོ་བདུན། ཕྱིའི་རྒྱ་མཚོ་ལ་གླིང་བཅུ་གཉིས་བཀོད། ལྕགས་རི་ནག་པོས་བསྐོར་བའོ། །དེ་ལ་རྩེར་བདེ་ཆེན་གྱི་འཁོར་ལོ། བང་རིམ་དང་པོར་ཐུགས། གཉིས་པ་གསུང་། གསུམ་པར་སྐུ་དཀྱིལ། བཞི་པར་ཕྱོགས་སྐྱོང་དང་རྒྱལ་པོ་བཞི། མགོན་པོ་རྣམས་ལ་ནག་པོ་བཅུ་གསུམ་གྱི་རྒྱལ་མཚན་ཤ་ཁྲག་སྙིང་། དཔལ་བཤོས་རེ་རེ། ནག་པོ་བཅུ་གསུམ་ནི། རྟ། གཡག ར། ལུག བྱ་རོག ཁྱི། སྐྱེས་པ། བུད་མེད། དྲེལ། དོམ། དྲེད་ཕག བོང་བུའོ། །གསུང་དཀྱིལ་བ་རྣམས་ལ། ཙ་ཏ་ཀ ནེ་ཙོ། རི་སྐེགས། ཁུ་བྱུག ནཱི་ལ་བི། ཕུག་རོན། བྱ་དཀར་ཙ་ཏྲ་ཀ ངུར་པ། ངང་པ། ཧོར་པ། ཤིང་སྟ་མོ། བྱ་རོག བྱ་རྒོད། འུག་པ། རི་དགས་དགྲ། གཙུག་ཕུད་ཅན། བྱ་ནག བྷི་ཌ་ནི། འོལ་བ། ཁྲུང་ཁྲུང་། ཁུ་བྱུག་མིག ར་ཛ་ཀི བྷ་ག་བྷ་ཏི། ཏི་ཏི་ར། བཞད། ཆུ་བྱ་རོག་པོ། ཆུ་སྐྱར། མིག་སྔོན། ཙ་ཀོ་ར། ཨ་ནཱི་ལ། ཕ་ཝང་། སུག་ཀི ཊི་ཊ་ཊི་བྷི། བྷེ་རུན་ཌི། ཨཾ་བྷ་རི་ཀ་རེ་འདབ་ཆགས། ཁྱི་མོ། རྒོད་མ། གླང་མོ། བ། ལུག་མོ། ར་མོ། རི་དྭགས་མོ། བོང་མོ། ཕག་མོ། རྔ་མོ། འབྲོག་ཁྱི་མོ། སེད་མོ། བསེ་མོ། སྟག་མོ། དོམ་མོ། སྦྲེ་མོ། འབྲི་མོ། ཅེ་སྤྱང་མོ། སྲམ་མོ། བྱི་ལ་མོ། ཀུམ་བི་རི། འགྲོན་བུ་མོ། ཀརྐ་ཊ། ཉ་མོ། ཆུ་སྲིན་མོ། སྦལ་པ་མོ། རུ་སྦལ་མོ། དུད་མོ། གོ་དྷི། བྱི་བ་མོ། ཤ་ཛ་ཏ་ཀི སྤྲེའུ་མོ། རི་བོང་མོ། གཟུགས་མོ་བྱི་ཐུར། ཨི་ཤུ་ཀི རྩངས་པ་རྣམས་སོ། །སྐྱུང་ཀ སྒྲིབ། ལྕི་ལྡིང་། པུ་ཤུད། དུར་བྱ། ཕུག་རོན། ཁྱིམ་བྱ། སྤྱི་བེར་ཐན་བྱ། དར་ཐོད་ཅན། མཆིལ་བ། འུག་པ། སེ་མོ། བྱ་ཝང་། ཕོ་རོག མ་མོའི་སྤྱི་སྐོངས་སོ། །ཤ་ཁྲག་སྙིང་དཔལ་བཤོས་རེ་རེ། སྐུ་དཀྱིལ་གྱི་སྡེ་བརྒྱད་ལ་འོག་ཏུ་འཆད་པ་བཞིན་གྱི་ཤ་ཁྲག་སྙིང་བཤོས་བུ། རྒྱལ་པོ་བཞི་ལ་གཙང་བཤོས། གསེར་རྟ་གཡུ་མི། གཡུ་རྟ་གསེར་མི། མཆོང་རྟ་དུང་མི། ཤེལ་གཡག་བྱི་རུའི་མཛོ། ཕྱོགས་སྐྱོང་བཅུ་ལ། གཙང་བཤོས། གླང་པོ་ཆེ། ར། མ་ཧེ། མི། ཆུ་སྲིན། ཤ་བ། རྟ། ཁྱུ་མཆོག ངང་པ། ཕག་རྣམས་ཀྱི་ཤ་ཁྲག་སྙིང་རྒྱལ་མཚན། ཕྱོགས་བཞིར་བསྟན་མ་དང་སྨན་མོ་རྣམས་ལ་དར་གྱི་སྨན་ལེ་ཟླུམ་པོ་གཉིས་བརྩེགས་པའི་སྟེང་མ་པང་དུ་བུ་འཁུར་བས་བརྩེགས་མ་གསུམ་པ་སྣ་ལྔ། མཚལ་གྱིས་ཐིག་ཕྲན་བལ་ཏི་ཤུག་ཏི་མདའ་འཕང་ངར་གྱི་བྱེའུ་གནམ་རྒྱང་ལ་མཚོན་གྱིས་བརྒྱན་པའོ། །རྒྱ་མཚོ་བདུན་ལ། ཆུར་གནས། རི་བདུན་ལ། གནམ་ལ་འཕུར་དགུ། ས་ལ་གནས་པ། མདའ་འཕང་དང་། ཕྱི་མ་ལ་གནས་རྒྱང་བཞི་ལྷ་གྲངས་ཕྱོགས་རེར་རྒྱལ་མཚན་མཚམས་སུ་རུ་དར་བཞི་དབུས་སུ་ཚོན་སྐུད་ཀྱི་གདུགས་ཕུབ་བླ་རེ་བྲེས། དར་འཕྱར། རྒྱང་ཐག་བཞི་བྲེ། འདོད་ཡོན། རིན་པོ་ཆེ། ཟས་སོགས་རྒྱན་གྱི་རྣམ་པ་ཟར་ཚགས་སུ་བྲིས། ལ་རྫས་ཀླུངས་རྫས་སྨན་སྣ་འབྲུ་སྣ་གོས་སྣ་འབྱོར་ཚད་བཤམ། འོག་ཏུ་མདོས་ནས་ཁལ་གཉིས་དགྲམ། དབུས་དང་ཕྱོགས་མཚམས་སུ་མར་མེ་བརྒྱད། རྔོན་ཆ་དང་ཕུད་བཤོས་ཆ་ཅི་འབྱོར་བཤམ་མོ། །གཉིས་པ་སྒོས་མདོས་བྱེད་ན། མ་མོ་ལ་སྐུ་གསུམ་མཚོན་པས། རི་རབ་བང་རིམ་གསུམ་པ་གྲུ་གསུམ་སྟེང་དུ་བུམ་པ་ཐོད་དགྲམ། ལྷ་དབང་ཕྱུག་ཆེན་པོ་འཁོར་བཅས་ལ། རི་རབ་བང་རིམ་བཞི་བརྩེགས་ཁྱུ་མཆོག ངང་པ། ཆུ་སྲིན། རྟ། གླང་པོ་ཆེ། རྨ་བྱ། ཁྱུང་། སེང་གེ སྟག་གཟིག་རྣམས་ཀྱི་རྒྱལ་མཚན། བཟའ་བཅའ་གཙང་མའི་ལྷ་བཤོས། བདུད་ལ། རི་རབ་བང་རིམ་གཉིས་པའི་སྟེང་དུ། བདུད་ཀྱི་མཁར་ནག་པོ་ལ་དགུ་ལུང་དགུས་བསྐོར། སེང་གེ གླང་པོ། རྟ། བྱ། ཁྱི། གཡག་ནག་པོ། འབྲུག ར། ཕག དོམ། བྱ་རྒོད། ཁྱུང་། དར་གྱི་རྒྱལ་མཚན། སྲོག་ཆགས་དེ་དག་གི་ཤ་ཁྲག་སྙིང་། བདུད་བཤོས་རྣམས། གཤིན་རྗེ་ལ། རི་རབ་གྲུ་གསུམ་བང་རིམ་གསུམ་གྱི་ཁར་ཐོད་སྐམ། རྟ་དམར། ར་དཀར། ལུག་ནག གཡག་ཁམ། མ་ཧེ། འུག་པ། སྲིན་བྱ། རྨ་བྱ། དོམ། བ་དན་དམར་པོ། ཁྲམ་ཤིང་གི་བམ། ཤ་ཁྲག གཤིན་རྗེའི་བཤོས། དྲང་སྲོང་གཟའ་ལ། རི་རབ་གྲུ་གསུམ་བང་རིམ་གསུམ་པ། སྟེང་དུ་བུམ་པ། མི། བྱ། རྟ། གཡག ར། ལུག རྟོལ་ནག སྟག་གཟིག ཕག་ནག་རྣམས་ཀྱི་རྒྱལ་མཚན། ཤ་ཁྲག སྙིང་། བཤོས་བུ་ནག་པོའི་ལིངྒ་ཅན། དུང་། བསེ། ཁྲབ་བྱང་། སྟག་རས། གཟིག་རས། ཤ་རུལ། ཁྲག་རུལ། ཉ་རུལ་ལ་སོགས་པ་དང་། ར་མཆིན་ལ་སོགས་པ་ཡབ་ཀྱི་རྫས། དཀར་གསུམ་མངར་གསུམ་ཀླུ་སྨན་ག་བུར་ཡུལ་གྱི་རྫས། སྟག དོམ། བ་ལང་། ཉའི་སྙིང་གདོང་མོ་བཞིའི་རྫས་སོ། །ཀླུ་ལ། མདོས་གཟའ་འདྲ་བ། སྦྲུལ་མགོ་བདུན་པ། ལྔ་པ། བཞི་པ། གསུམ་པ། གཅིག་པ། ཆུ་རྟ། ཆུ་གླང་། ཆུ་ལུག ཆུ་རྩངས། གཙང་མའི་ཀླུ་བཤོས། བཙན་གྱི་བྲག་སྟེང་མཁར་སྟབས། རྟ། ར། ཁྱི། གླང་རྣམས་དམར་པོ། གཡག་ཁམ་པ། ཁྲ། སྲིན་བྱ། འུག་པ། ལུག་གི་རྒྱལ་མཚན། ཤ་ཁྲག་སྙིང་། བཙན་བཤོས། གནོད་སྦྱིན་ལ། རི་རབ་གྲུ་བཞི་བང་རིམ་བཞི་པའི་རྩེར་ནོར་བུ། ནག་པོ་བཅུ་གསུམ། འབྲི་མོ་གསལ་ལེ། ནེའུ་ལེ། ཡིད་བཞིན་གྱི་ནོར་བུ། ཤིང་ཏོག་སྣ་ཚོགས་དང་གཏོར་མ། གནོད་སྦྱིན་གྱི་བཤོས་བུ། རྒྱལ་པོ་ལ། དབུ་རྩེ་རིས་གསུམ། གླིང་གཡོག་སྐོར་ཁང་ཕྱི་ལྕགས་རི་དང་བཅས་པ། སྟག་གཟིག སྤྲ་སྤྲེ། སེང་གེ གླང་པོ། ཁྱི་དང་། བྱ་ནག ཟ་འོག་གི་རྒྱལ་མཚན། མཆོད་རྟེན་ནག་པོ། ལ་རྫས། དར་ཟབ། གསེར། དངུལ། རམས། རྒྱ་སྐྱེགས། བཙོད། ཞུ་མཁན། ལྒ་གཡེར། ཀ་ར་བུ་རམ། བསེ་ཕོར་དམར་པོ། དཀར་མོ་ལག་ཡ། ཕ་ཝང་ལོང་བུ། སྲོག་ཆགས་སྔ་མ་དག་གི་ཤ་ཁྲག རྒྱལ་བཤོས་དགུ དེ་ཐམས་ཅད་ལ་གདུགས་རེ་རྒྱན་གླུད། དཀོར་གླུད། སྤྱན་གཟིགས། རྔོན་ཆ་རྣམས་དགུ་དགུར་གཏོར་ཆེན་བཞིན་ཕྱོགས་མཚམས་བརྒྱད་དུ་བཀོད། དེའི་ཕྱི་ཟུར་གསུམ་དུ་འབྲུབ་ཁུང་། བསད། སྲེག མནན་པའི་ལིངྒ་བཅུག་པ། དྲེའུ་རྔོག་གམ་གཡང་གཞིའི་གདན་ལྤགས་བུ་དཀར་ནག ཚེ་རྟེན་ལུག་དང་རྟ། སྲོག་རྟེན་མདའ་ཕུར། དབང་རྟེན་ནས་མདུན་དུ་བདར་ཏེ་ཆོ་ག་བཞིན་དུ་གྱེར་རོ། །བཅས་འཚར་འཕྲལ། བསང་ཆུ་སྭ་བྷཱ་ཝས་སྦྱངས། བདུད་རྩི་བྲན། ཨོཾ་བཛྭ་རཀྵ་རཀྵ་ཧཱུྃ། ཞེས་པས་བསྲུང་བ་བྱའོ། །མདོས་ཀྱི་བཤད་པ་འཕྲུལ་གྱི་མེ་ལོང་ཆེན་པོ་པདྨ་དཀར་པོས་སྦྱར་བ་རྫོགས་སོ།། །།ཤུ་བྷམསྟུ་སརྦྦ་ཛ་ཏཱཾ།། །།
སྡེ་བརྒྱད་ཀྱི་སྒོས་མདོས་ཀྱི་གྱེར་མཆོད།
སྡེ་བརྒྱད་ཀྱི་སྒོས་མདོས་ཀྱི་གྱེར་མཆོད་བཞུགས་སོ། །དཔལ་ཡེ་ཤེས་མགོན་པོ་ལ་ཕྱག་འཚལ་ལོ། །ལྷའི་གྱེར། ཀྱཻ སྟོང་གསུམ་མི་མཇེད་ཞིང་ཁམས་འདིར། །བསྐལ་བཟང་སྒྲོན་མ་ཐམས་ཅད་དང་། །སྨོན་ལམ་གཅིག་ཏུ་བཏབ་པའི་མཐུས། །སྲིད་པའི་བདག་པོར་སྐུ་འཁྲུངས་ནས། །སེམས་ཅན་སྨིན་པར་མཛད་པའི་ཕྱིར། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། །ཐབས་མཁས་ཐུགས་རྗེའི་བྱིན་རླབས་ཀྱིས། །ས་དང་ལམ་ལ་གནས་བྱས་ནས། །འཇིག་རྟེན་དབང་པོའི་ཚུལ་བསྟན་པའི། །གཙོ་བོ་དམ་པ་མཆོག་རབ་ནི། །རི་རབ་ཆེན་པོའི་ཟོམ་རྩེ་ན། །དབང་ཕྱུག་མ་ཧཱ་དེ་ཝ་དང་། །བཙུན་མོ་ཨུ་མ་དེ་ཝཱི་གཉིས། །མི་རོ་རྟ་རོའི་གདན་ལ་བཞུགས། །ཕྱག་ན་སྲིད་པའི་མེས་པོ་དང་། །འགུགས་བྱེད་རླུང་གི་ཞགས་པ་བསྣམས། །ཁྱོད་ཀྱི་གསང་བའི་མཚན་བརྗོད་པ། །མུ་སྟེགས་གུ་ལང་ནག་པོ་སྟེ། །ལམ་གོལ་ཞུགས་པ་སྟོན་པར་འཛིན། །ཁྱོད་ཀྱི་སྔོན་གྱི་རབས་ཤེས་པ། །ཚངས་པའི་རྒྱལ་པོའི་དབུ་སྟེང་མ། །དེ་ཡིས་བཤད་པར་བརྩམས་པའི་མོད། །ཁྱོད་ཀྱིས་སེན་མོ་བཏབ་པས་ཆད། །དེ་ནས་དེ་ཡང་གདོང་བཞིར་གྲགས། །དེ་ཡི་སྡིག་པ་སྦྱང་བཞེད་ནས། །དཀའ་ཐུབ་སྤྱད་པ་ཁྱོད་ཀྱི་མིང་། །ལྷ་ཆེན་དཀའ་ཐུབ་པ་ཞེས་འབོད། །དེ་ལ་དགའ་རབ་དབང་ཕྱུག་ཁྲོས། །ཆགས་པའི་མདའ་ཆེན་ཁྱོད་ལ་འཕངས། །ལྷ་མོ་ཨུ་མ་དེ་ཝཱིར་འཁྲིགས། །སྤྱད་པས་མ་ངོམས་ལུས་ཕྱེད་ནི། །བུད་མེད་རྣམས་ཀྱིས་དབང་ཕྱུག་སྦྱར། །དེ་ལན་ཁྲོས་པའི་མིག་གསུམ་ནས། །ཞུགས་སྤྲོས་བདུད་ཀྱི་ལུས་པོ་བསྲེགས། །དེ་ཡང་ལུས་མེད་མིང་དུ་སོང་། །ཁྱོད་མཚན་དྲག་པོ་མིག་གསུམ་པ། །གཞན་གྱིས་ཐུབ་པ་སུ་ཡང་མེད། །དེ་ཡི་ང་རྒྱལ་རྒྱལ་རྣམས་ཀྱིས། །གསང་བའི་བདག་པོས་ཁྱོད་བཏུལ་བས། །ཐལ་བའི་དབྱངས་ཞེས་བྱ་བ་ཡི། །རྫོགས་པའི་སངས་རྒྱས་ལུང་བསྟན་མཛད། །སྟོང་གསུམ་འདི་ཡི་བདག་པོ་ལགས། །གཙང་མ་རིས་ཀྱི་ལྷ་ལྔ་དང་། །བསམ་གཏན་གཉིས་པ་གསུམ་པ་ཡི། །ལྷ་ཚོགས་ཐམས་ཅད་འཁོར་དུ་བསྐོར། །དེ་འོག་ཚངས་པ་གདོང་བཞི་པ། །ཆུང་ངུའི་སྟོང་གི་བདག་པོ་སྟེ། །བསམ་གཏན་དང་པོ་དེ་ཡི་འཁོར། །དགའ་བྱེད་དབང་ཕྱུག་འདོད་པའི་བདག །གཞན་འཕྲུལ་དབང་བྱེད་འཕྲུལ་དགའ་དང་། །དགའ་ལྡན་འཐབ་བྲལ་ལྷ་དང་བཅས། །རྣམ་པར་རྒྱལ་བའི་ཁང་བཟང་ནས། །ལྷ་དབང་ཉེ་དབང་སུམ་ཅུ་གཉིས། །རྒྱལ་ཆེན་རྟག་མྱོས་འཕྲེང་ཐོགས་དང་། །གཞོང་ཐོགས་བར་སྣང་ལྷ་བྲན་སོགས། །ལྷ་ཡི་མགོན་པོ་ཆེན་པོ་ནི། །རང་རིགས་སྡེ་དཔུང་འཁོར་བཅས་ལ། །རིན་ཆེན་ངར་གྱི་རི་རབ་ནི། །ཟུར་བཞི་ལོགས་བཞི་བང་རིམ་བཞི། །ཞབས་ནི་མི་འགྱུར་ས་ལ་བགྲད། །རྩེ་ལ་འདོད་ཡོན་རྒྱན་དང་ལྡན། །གཟུགས་དང་འདོད་ཁམས་ལྷ་ཡི་ནོར། །བཤོས་བུ་ཛ་གད་གསེར་སྐྱེམས་དང་། །ཁྱུ་མཆོག་ངང་པ་ཆུ་སྲིན་རྟ། །གླང་པོ་རྨ་བྱ་ཁྱུང་སེང་གེ །སྟག་གཟིག་རྣམས་ཀྱི་རྒྱལ་མཚན་བཀོད། །འདྲ་བའི་གླུད་དང་མཐུན་པའི་གླུད། །འཁོར་བཅས་ཐུགས་ལ་བཞེད་པའི་དཀོར། །འདོད་པའི་ཡོན་ཏན་ལྔ་ལྡན་པ། །ནམ་མཁའ་ཤིང་བྲིས་རྒྱང་བུ་དང་། །མདའ་འཕང་ཕོ་གདོང་མོ་གདོང་དང་། །བལ་ཏི་ཤུག་ཏི་ལ་སོགས་པ། །དངོས་སུ་འབྱོར་ཞིང་བཀོད་པ་དང་། །ཡིད་ཀྱིས་དམིགས་ཤིང་སྤྲུལ་པ་རྣམས། །རང་གི་རིགས་སྡེ་འཁོར་བཅས་ཀྱི། །མཐུ་སྟོབས་བྱིན་རླབས་མངའ་བ་ཀུན། །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ། །སྟོངས་གྲོགས་མཛད་ཕྱིར་བཞེས་སུ་གསོལ། །ཕོ་བརྒྱུད་བྱོལ་ཁ་དགྲ་ལ་གཏོད། །མོ་བརྒྱུད་དལ་ཁ་དགྲ་ལ་ཁྱེ། །མི་མཐུན་གནོད་པ་དགྲ་ལ་སྒྱུར། །ཕས་ཀྱི་རྦད་འདྲེ་རྦོད་སྟོང་ཟློག །ཆགས་ཆེ་ལན་ཆགས་འདིས་བསྐང་ངོ་། །དུས་ལ་བབ་ནས་འཆིར་ཐུག་ནའང་། །སྔོན་གྱི་ལས་ཀྱི་འཕྲོ་འཐུད་ནས། །ལོ་གསུམ་བར་དུ་བཤོལ་བར་མཛོད། །བདུད་ཀྱི་གྱེར། ཧཱུྃ ཙ་རི་དཔལ་གྱི་རི་ཟླུམ་ན། །མི་ལུས་སེང་གེའི་མགོ་བོ་ཅན། །བསྐོས་རྗེ་བྲང་དཀར་ལུས་ནག་པོ། །བདུད་མོ་སེང་གེའི་གདོང་མར་བཅས། །སྐུ་ལ་དར་ནག་བེར་ཆེན་གསོལ། །ཕྱག་ན་རུ་མཚོན་དམར་གཏོར་འཕྱར། །ཞལ་ནས་དུག་གི་ངན་སྐྱུགས་འཐོང་། །དགྲ་བོའི་སྲོག་ལུས་ཁྱབ་པར་བྱེད། །བར་སྣང་ཁམས་ལ་རྒྱུག་བྱེད་ཅིང་། །སྤྲུལ་པ་འཇིགས་བྱེད་དུས་མཚན་ཏེ། །ལས་མཛད་མགར་བ་ནག་པོ་དང་། །གཤིན་རྗེ་ཀླུ་དང་བདུད་དང་བཙན། །གནོད་སྦྱིན་སྲོག་བདག་མ་མོས་སྐོར། །ཁྱོད་དུ་མ་སྤྲུལ་མ་བརྫུས་པ། །ལུས་ཅན་ཀུན་གྱི་ཞེ་སྡང་ཉིད། །རྩ་ཁམས་རང་ལ་བདུད་བཞིར་གནས། །ཉམས་པའི་གཤེད་དུ་ལྡང་བ་ཡིན། །དེ་ཡི་དབང་ལས་ཁྱོད་ཀྱི་གཟུགས། །མི་སེར་རྟ་སེར་ཕུང་པོའི་བདུད། །མི་སྔོན་རྟ་སྔོན་ཉོན་མོངས་བདུད། །མི་དཀར་རྟ་དཀར་ལྷ་ཡི་བདུད། །མི་ནག་རྟ་ནག་འཆི་བདག་བདུད། །བདུད་པོ་བྱེ་བ་འབུམ་འབུམ་སྤྲོ། །སྲིད་པ་བསྐོས་ལ་འདེབས་པ་ལ། །ཁྱབ་པ་ལག་རིངས་ཁྱོད་ཀྱི་རྫུ། །ཉིང་སྤྲུལ་གར་གྱི་དབང་ཕྱུག་དང་། །མ་བདུད་བརྒྱ་བྱིན་གཤོས་པ་ལས། །ལས་ཀྱི་ཤུགས་འགྲོ་བཅུ་གཉིས་དང་། །སྦས་པའི་བུ་མོ་ཐལ་མདོག་མ། །སྲིད་གསུམ་ཁ་སྦུབ་གཏོང་བ་མོ། །གནམ་ཕྱེད་གོས་སུ་གྱོན་པ་མོ། །ས་ཕྱེད་གདན་དུ་བཏིང་བ་མོ། །དེ་དང་ཡབ་བདུད་ནག་པོ་གཤོས། །བདུད་བུ་མཆེད་སྡེ་བཅུ་གསུམ་བྱུང་། །གཞན་ཡང་ཁྱོད་ཀྱི་འཕྲུལ་གྱི་གཟུགས། །རེ་ཏི་མགོ་གཡག་བདུད་ཀྱི་བུ། །བཤོར་བ་གཞོན་ནུ་བདུད་ཀྱི་མཆོག །ཟངས་སྡེར་མཆེ་བ་བདུད་ཀྱི་གཙོ། །ལིང་ཕྱི་ཤ་ཁྲག་བདུད་ཀྱི་ཚ། །མ་ཧཱ་ཧོ་མོ་བདུད་ཀྱི་འཁོར། །བདུད་ཀྱི་བུ་ནི་ལྔ་བརྒྱར་བཅས། །ཕྱི་རྗེ་ཁྱུང་ལྡིང་བདུད་ཀྱི་རྗེ། །ཡབ་རྗེ་བླ་མེད་བདུད་ཀྱི་འཁོར། །ར་ཁམ་གསོར་མིག་བདུད་ཀྱི་མཆོག །འགྲམ་པོ་སྐྱ་བདུན་བདུད་ཀྱི་འཁོར། །ཕག་ཞོན་ནག་པོ་བདུད་ཀྱི་སྡེ། །གཉའ་རིངས་ཁྲག་མེད་འཁོར་དང་བཅས། །ཡབ་བདུད་ཕྱག་བརྙན་བཅས་པ་དང་། །ཕོ་བདུད་མོ་བདུད་བྱིས་པའི་བདུད། །རང་རང་སྡེ་དཔུང་བཅས་པ་སྟེ། །བདུད་ཀྱི་བློན་པོ་ཆེན་པོ་བཞི། །རྟ་པ་ལག་གཡས་མདུང་ཐོགས་ཤིང་། །གཡོན་པ་ཚེ་འཕང་མདའ་བས་རྣོ། །རྟ་ཁ་སྲབ་བཞིན་རྗེ་ཁ་བློན། །དམ་ཅན་བཛྭ་སཱ་དྷུ་ནི། སྔགས་པ་ཀུན་གྱི་འབངས་གཅིག་པུ། །འོལ་གོད་སྟོང་རྗེ་དེ་དང་ནི། །བདུད་གཟའ་སྨིན་དཀར་གཉིས་ཀྱི་སྲས། །མཆེད་ནི་སུམ་བརྒྱ་དྲུག་ཅུ་སྟེ། །རྒྱ་གར་རྒྱ་ནག་ཞང་ཞུང་ན། །བརྒྱ་བརྒྱ་བོད་ན་དྲུག་ཅུ་ལགས། །ཁྱོད་ཀྱི་སྐྱོབ་སངས་བཟང་ར་དང་། ཁབ་ཏུ་མཛའ་བཙལ་ཡ་མ་སྐྱོང་། །ཁ་རག་ཁྱུང་བཙུན་སྲོད་ཀྱི་མཛའ། །ཐོ་རངས་དགྱེས་ཏེ་ཀོང་བཙུན་མ། །གཏན་གྲོགས་གངས་དཀར་ཤ་མེད་དེ། །དེ་ལྟར་བདུད་དམག་དུང་ཕྱུར་བཅས། །མི་བསྲུན་ཁྱེད་རྣམས་ཧེ་རུ་ཀ །དྲེགས་མཛད་ཕྱག་ན་རྡོ་རྗེས་བཏུལ། །སངས་རྒྱས་བསྟན་པའི་སྲུང་མར་བསྐོས། །ཕྱིས་ནས་པདྨ་འབྱུང་གནས་ཀྱིས། །རྩིས་ལ་ཕབ་པ་རྗེས་དགོངས་ཤིག །བདུད་ཀྱི་མགོན་པོ་ཆེན་པོ་ནི། །རང་རིགས་སྡེ་དཔུང་འཁོར་བཅས་ལ། རི་རབ་ནག་པོ་བང་རིམ་གཉིས། །ཞེས་སྡང་ཐོད་མཁར་བདུད་ཀྱི་མཁར། །ལོགས་བཞི་མི་དང་སྤྲེའུ་དང་། །ལུག་དང་རྟ་ཡི་ཐོད་པས་བརྩིགས། །ཟུར་བཞི་རིན་ཆེན་ཟངས་ལ་བྱས། །རིན་ཆེན་གསེར་གྱི་རི་བཞི་ལ། །ཤེལ་གྱི་སྒོ་མོ་དཀར་མོ་བཙུགས། །མུ་མེན་འཕྲུལ་གྱི་ཡགས་ཤིང་ལ། །དཀར་པོ་དུང་གི་གཏན་པ་གསལ། །རྨང་རྡོ་ནག་པོ་ལྕགས་ལས་བྱས། །ཁ་བད་སྔོནཔོ་གཡུ་ལས་བྱས། །ཐོད་མཁར་ཁྲ་བོ་དེ་ཡི་ནང་། །མི་རོ་རྟ་རོ་གཅལ་དུ་བཀྲ་མ། །མི་ཁྲག་རྟ་ཁྲག་མཚོ་རུ་བསྐྱིལ། །མི་རྟའི་པགས་པས་ཡོལ་བ་བྲེས། །གསུར་ཆེན་དུད་པ་ཐུ་ལུ་ལུ། །མི་རྐང་གླིང་བུ་ཅོང་ངོ་ངོ་། །མི་མགོ་བགད་མོ་ཡ་ལ་ལ། །དེ་འདྲའི་སྐུ་མཁར་དམ་པ་དང་། །ལ་དགུ་ཀླུང་དགུའི་ལྗོངས་རྣམས་དང་། །སེང་གེ་གླང་ཆེན་རྟ་བྱ་ཁྱི། །གཡག་འབྲུག་ར་ཕག་དོམ་བྱ་རྒོད། །ཁྱུང་ནག་ཟ་འོག་རྒྱལ་མཚན་དང་། །ཤ་ཁྲག་སྙིང་བཤོས་གསེར་སྐྱེམས་དང་། །འདྲ་བའི་གླུད་དང་མཐུན་པའི་གླུད། །འཁོར་བཅས་ཐུགས་ལ་བཞེད་པའི་དཀོར། །འདོད་པའི་ཡོན་ཏན་ལྔ་ལྡན་པ། །ནམ་མཁའ་ཤིང་བྲིས་རྒྱང་བུ་དང་། །མདའ་འཕང་ཕོ་གདོང་མོ་གདོང་དང་། །བལ་ཏི་ཤུག་ཏི་ལ་སོགས་པ། །དངོས་སུ་འབྱོར་ཞིང་བཀོད་པ་དང་། །ཡིད་ཀྱིས་དམིགས་ཤིང་སྦྲུལ་པ་རྣམས། །རང་གི་རིགས་སྡེ་འཁོར་བཅས་ཀྱི། །མཐུ་སྟོབས་བྱིན་རླབས་མངའ་བ་ཀུན། །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ། །སྟོངས་གྲོགས་མཛད་ཕྱིར་བཞེས་སུ་གསོལ། །ཕོ་བརྒྱུད་བྱོལ་ཁ་དགྲ་ལ་གཏོད། །མོ་བརྒྱུད་དལ་ཁ་དགྲ་ལ་ཁྱེ། །མི་མཐུན་གནོད་པ་ཐམས་ཅད་སྒྱུར། །ཕས་ཀྱི་རྦད་འདྲེ་རྦོད་སྟོང་ཟློག །ཆགས་ཆེ་ལན་ཆགས་འདིས་བསྐང་ངོ་། །དུས་ལ་བབ་ནས་འཆིར་ཐུག་ནའང་། །སྔོན་གྱི་ལས་ཀྱི་འཕྲོ་འཐུད་ནས། །ལོ་གསུམ་བར་དུ་བཤོལ་བར་མཛོད། །གཤིན་རྗེའི་གྱེར། ཧཱུྃ མ་ཏྲཾ་རུ་དྲ་བསྒྲལ་དུས་ཀྱི། །འདོད་ཆགས་ཁྲག་གི་རྒྱ་མཚོ་ནི། །ལེགས་ལྡན་ཉི་མའི་བུ་རུ་འཁྲུངས། །ཆོས་ཀྱི་རྒྱལ་པོ་ཆེན་པོར་གྲགས། །ཡུམ་ཆེན་ནག་པོ་ཙཱ་མུཎྜྻི། །འདི་ནས་དཔག་ཚད་བརྒྱད་ཁྲིའི་འོག །དབང་ཆེན་གསེར་གྱི་གཞི་མོའི་སྟེང་། །དེ་ནས་ལྔ་བརྒྱ་འདས་པ་ན། །གཤིན་རྗེའི་རྒྱལ་ཁམས་ཆེན་པོར་སྣང་། །ཡངས་པ་ཅན་གྱི་ཐད་མཉམ་ན། །ཡི་དྭགས་རྣམས་ཀྱི་རྒྱལ་ཁམས་ཏེ། །སྒོ་མེད་ལྕགས་མཁར་བཅུ་དྲུག་ནི། །ཐོད་པ་ལྕགས་ཀྱི་ར་བས་བསྐོར། །དེ་ན་ཁྱོད་བཞུགས་འཇིག་རྟེན་གྱི། །གསོན་པོ་སྐོས་ལ་འདེབས་པ་དང་། །ཤི་བ་རྣམས་ཀྱི་རྗེ་བོར་འགྱུར། །ལས་ཀྱི་གཤིན་རྗེ་ཞེས་སུ་གྲགས། །ལུས་ཅན་ཀུན་གྱི་ཐོད་པ་ན། །མངོན་སུམ་ཁྱོད་བཞུགས་གཤེད་ལངས་པས། །འཆི་བདག་གཏུམ་པོའི་ཁ་ན་ཚུད། །དེ་ཕྱིར་འཆི་བདག་སྲོག་བདག་དང་། །ཚེ་བདག་ནག་པོ་གསང་བའི་མཚན། །ཆོས་རྒྱལ་ཡ་བ་ཏི་དང་ནི། །གླང་མགོ་རལ་པ་ཚར་དགུ་དང་། །ཕྱྭ་སང་ཏེལ་པ་རྨིག་པ་དང་། །མིག་དམར་སྡེ་དཔོན་ཕོ་མོ་བརྒྱད། །ལོ་གཤེད་ཟླ་གཤེད་བཅུ་གཉིས་ཏེ། །ཞག་གཤེད་སུམ་བརྒྱ་དྲུག་ཅུ་དང་། །ཟ་གཤེད་བདུན་བརྒྱ་ཉི་ཤུ་སོགས། །གཤིན་རྗེ་ཕོ་མོ་དུང་འཕྱུར་དང་། །ཡི་དྭགས་མ་ལུས་ཐམས་ཅད་དང་། །གྲུལ་བུམ་སྟོང་སྡེ་གྲིབ་གནོན་ཏེ། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ཀྱི། །བཅུ་དྲུག་ཞབས་ཀྱིས་ལྕགས་མཁར་བརྫིས། །འཁོར་བཅས་བཅིངས་ནས་མནའ་བོར་བཅུག །སངས་རྒྱས་བསྟན་པའི་སྲུང་མར་བཞག །གཤིན་རྗེའི་མགོན་པོ་ཆེན་པོ་ཁྱོད། །རང་རིགས་སྡེ་དཔུང་འཁོར་བཅས་ལ། །རི་རབ་ནག་པོ་བང་རིམ་གསུམ། །ཐོད་པའི་གྲོང་ཁྱེར་ཆེན་པོ་དང་། །རྟ་དམར་ར་དཀར་ལུག་ནག་དང་། །གཡག་ཁམ་མ་ཧེ་འུག་པ་སྲིན། །རྨ་བྱ་དོམ་གྱི་རྒྱལ་མཚན་དང་། བ་དན་ཁྲམ་ཤིང་ཤ་ཁྲག་སྙིང་། །བཤོས་བུ་ཛ་གད་གསེར་གྱི་སྐྱེམས། །འདྲ་བའི་གླུད་དང་མཐུན་པའི་གླུད། །འཁོར་བཅས་ཐུགས་ལ་བཞེད་པའི་དཀོར། །འདོད་པའི་ཡོན་ཏན་ལྔ་ལྡན་པ། །ནམ་མཁའ་ཤིང་བྲིས་རྒྱང་བུ་དང་། །མདའ་འཕང་ཕོ་གདོང་མོ་གདོང་དང་། །བལ་ཏི་ཤུག་ཏི་ལ་སོགས་པ། །དངོས་སུ་འབྱོར་ཞིང་བཀོད་པ་དང་། །ཡིད་ཀྱིས་དམིགས་ཤིང་སྤྲུལ་པ་རྣམས། །རང་གི་རིགས་སྡེ་འཁོར་བཅས་ཀྱི། །མཐུ་སྟོབས་བྱིན་རླབས་མངའ་བ་ཀུན། །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ། །སྟོངས་གྲོགས་མཛད་ཕྱིར་བཞེས་སུ་གསོལ། །ཕོ་བརྒྱུད་བྱོལ་ཁ་དགྲ་ལ་གཏོད། །མོ་བརྒྱུད་དལ་ཁ་དགྲ་ལ་ཁྱེ། །མི་མཐུན་གནོད་པ་ཐམས་ཅད་སྒྱུར། །ཕས་ཀྱི་རྦད་འདྲེ་རྦོད་སྟོང་བཟློག །ཆགས་ཆེ་ལན་ཆགས་འདིས་བསྐང་ངོ་། །དུས་ལ་བབ་ནས་འཆིར་ཐུག་ནའང་། །སྔོན་གྱི་ལས་ཀྱི་འཕྲོ་འཐུད་ནས། །ལོ་གསུམ་བར་དུ་བཤོལ་བར་མཛོད། །གཟའི་གྱེར། ཧཱུྃ འཆི་བདག་མངོན་སུམ་རྒྱུ་བ་ནི། །གཟའ་བདུད་ཆེན་པོ་ཁྱོད་ལགས་སོ། །ཁྱོད་ནི་སྔོན་དུས་དགེ་སློང་ཆེ། །ཉེས་མེད་རྒྱལ་པོས་ཁྲིམས་ལ་སྦྱར། །དེ་དུས་སྨོན་ལམ་བཏབ་པ་ལས། །གཟའ་བདུད་ཆེན་པོ་ཁྱོད་དུ་འཁྲུངས། །བཙུན་མོ་བཞི་ཡང་སྲིང་མོར་ཏེ། །རྒྱལ་པོ་འཁོར་བཅས་བརླག་པར་བྱས། །རྒྱལ་བ་རིན་ཆེན་སྙིང་པོའི་བཀས། །སངས་རྒྱས་བསྟན་ལ་ཞུགས་པར་གྱུར། །དེ་ནས་བསྐལ་པ་བཟང་པོ་འདིར། །ཡབ་ནི་སྲིན་པོ་གློག་འཕྲེང་ཅན། །ཡུམ་ནི་སྦལ་མགོ་ཁྲག་མིག་མ། །སྲས་མཆོག་ཁྱོད་དེ་ལུས་ཀྱི་སྟོད། །སྲིན་པོ་མགོ་དགུ་བྱ་རོག་གདོང་། །སྨད་ནི་སྦྲུལ་མཇུག་ཆེན་པོར་འཁྱིལ། །སྐུ་མདོག་དུད་ཁ་མིག་གིས་གང་། །མགྲིན་དང་ལྟེ་བའི་ཕྱོགས་དག་ཏུ། །མི་བཟད་འཇིགས་པའི་ཁ་རེ་གདངས། །སྔོན་ཚེ་རྒྱལ་བའི་མཆོད་གནས་ཀྱི། །དྲང་སྲོང་ཆེན་པོ་ཁྱོད་ཀྱི་མཚན། །ལྷ་མིན་དམག་དཔོན་མཛད་པའི་ཚེ། རཱ་ཧུ་ལ་ཞེས་འཇིག་རྟེན་སྒྲོག །ལྷ་ཡི་བདུད་རྩི་བརྐུས་པའི་དུས། །ཁྱབ་འཇུག་ཆེན་པོ་ཞེས་སུ་བཏགས། །འཇིག་རྟེན་བསྒྲལ་བར་རྒྱུ་བའི་མིང་། །ཀི་ཀཾ་ཆེན་པོ་ཞེས་གྲགས་སོ། །ཕ་ཡིས་སྐྱེ་འགྲོ་ཟས་སུ་བྱིན། །ར་རོག་རྟེན་དུ་བཞག་པར་བྱས། །མས་སྨན་མངར་གསུམ་འོ་མ་བྱིན། །ཁྱོད་ཀྱི་གདུག་པའི་མེ་སྦལ་གྱིས། །སྐྱེ་དགུ་ཐམས་ཅད་ཟད་ཉེ་བས། །འཇམ་དཔལ་གཤིན་རྗེ་གཤེད་ཁྲོས་ནས། །འཁོར་ལོ་འཕངས་པ་ཁྱོད་ལ་ཕོབ། །སྐུ་ནི་དུམ་བུ་བརྒྱད་དུ་བསྙིལ། །ལྷ་སྲིན་སྡེ་བརྒྱད་སྡེ་དཔོན་དུ། །ལྷ་ཆེན་གཟའ་བདུད་བརྒྱད་དུ་གྱུར། །ལྗང་སྔོན་དྲག་པོ་རཱ་ཧུ་ལ། །རོག་ཏི་ནག་པོ་བིཥྚི་དང་། །བིཥྞཀྵྭ་མཇུག་རིངས་བི་ནཱ་ཡ། །དྲང་སྲོང་དཀར་སེར་ཞེས་སུ་གྲགས། །དེ་ནས་ཕྱག་ན་རྡོ་རྗེ་ཡིས། །དབང་བསྐུར་དམ་ལ་བཏགས་ནས་སུ། །གསང་སྔགས་རྒྱུད་ཀྱི་བཀའ་གཉེར་བསྐོས། །ལྷག་པར་སྟོན་པ་ཤཱཀ་ཐུབ་ཀྱིས། །བསྟན་པ་རིན་ཆེན་སྒྲོམ་བུ་བཅོལ། །ཧེ་རུ་ཀ་ཡི་སྤྲུལ་པར་གྲགས། །ཨེ་ཀ་ཛ་ཊཱིའི་ཕོ་ཉ་བ། །གཟའ་ཡི་རྒྱལ་པོ་པ་བ་སངས། །གཟའ་ཡི་བློན་པོ་མིག་དམར་ཡིན། །གཟའ་ཡི་ཐུགས་རྗེ་ཉི་མ་སྟེ། །གཟའ་ཡི་ཕྱག་མཚན་སྤེན་པ་དང་། །གཟའ་ཡི་འོད་གསལ་ཟླ་བ་དང་། །གཟའ་ཡི་རྐོས་པ་ལག་པ་ལགས། །ཕྱག་བརྙན་སྒྲ་གཅན་འཛིན་ཆེན་པོ། །གཟའ་བདུད་ཉི་བདུད་ཟླ་བདུད་དང་། །སྐར་བདུད་ལ་སོགས་གཟའ་ཀུན་དང་། །གླིང་བཞིའི་མཁའ་ལ་རྒྱུ་བ་ཡི། །སྨིན་དྲུག་ལ་སོགས་རྒྱུ་སྐར་ནི། །འཆར་བ་དང་ཡང་ནུབ་པས་ནི། །འཁོར་ལོ་མཚོན་ཆ་བཞིན་དུ་རྒྱུ། །འཇིག་རྟེན་དུ་ནི་ཟད་འཕེལ་དང་། །དུས་དང་ལོ་ཚིགས་མཚམས་སྦྱོར་བྱེད། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ནས། ལངྐའི་རི་བོ་མཱ་ལ་ཡར། །གནས་པ་ལངྐ་མགྲིན་བཅུ་དང་། །ནག་པོ་གློག་འཕྲེང་ལ་སོགས་པའི། །སྲིན་པོ་བྱེ་བ་དུང་འཕྱུར་དང་། །སྲིན་མོ་སྦལ་མགོ་ཁྲག་མིག་སོགས། །གཟུགས་ཕུང་ཆེ་ལ་ཧལ་བག་ཅན། །ཐག་བཟང་རིས་དང་སྟོབས་ལྡན་སོགས། །ཁྲོ་གཏུམ་ལྷ་མིན་ཚོགས་བཅས་པའི། །གཟའ་བདུད་ཆེན་པོ་ལྷ་མིན་མགོན། །རང་རིགས་སྡེ་དཔུང་འཁོར་བཅས་པ། །རིན་ཆེན་ངར་གྱི་རི་རབ་ནི། །ནག་པོ་བང་རིམ་གསུམ་པའི་སྟེང་། །རིན་ཆེན་གཏེར་གྱི་བུམ་པ་ལ། །མི་བྱ་རྟ་གཡག་ར་ལུག་རྟོལ། །སྟག་གཟིག་ཕག་ནག་རྒྱལ་མཚན་དང་། །ཤ་ཁྲག་སྙིང་དང་བཤོས་བུ་དང་། །ཀླུ་སྨན་ག་བུར་གསེར་སྐྱེམས་དང་། །འདྲ་བའི་གླུད་དང་མཐུན་པའི་གླུད། །འཁོར་བཅས་ཐུགས་ལ་བཞེད་པའི་དཀོར། །འདོད་པའི་ཡོན་ཏན་ལྔ་ལྡན་དང་། ནམ་མཁའ་ཤིང་བྲིས་རྒྱང་བུ་དང་། །མདའ་འཕང་ཕོ་གདོང་མོ་གདོང་དང་། །བལ་ཏི་ཤུག་ཏི་ལ་སོགས་པ། །དངོས་སུ་འབྱོར་ཞིང་བཀོད་པ་དང་། །ཡིད་ཀྱིས་དམིགས་ཤིང་སྤྲུལ་པ་རྣམས། །རང་གི་རིགས་སྡེ་འཁོར་བཅས་ཀྱི། །མཐུ་སྟོབས་བྱིན་རླབས་མངའ་བ་ཀུན། །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ། །སྟོངས་གྲོགས་མཛད་ཕྱིར་བཞེས་སུ་གསོལ། །ཕོ་བརྒྱུད་བྱོལ་ཁ་དགྲ་ལ་གཏོད། །མོ་བརྒྱུད་དལ་ཁ་དགྲ་ལ་ཁྱེ། །མི་མཐུན་གནོད་པ་ཐམས་ཅད་ཟློག །ཕས་ཀྱི་རྦད་འདྲེ་རྦོད་སྟོང་ཟློག །ཆགས་ཆེ་ལན་ཆགས་འདིས་བསྐང་ངོ་། །དུས་ལ་བབ་ནས་འཆིར་ཐུག་ནའང་། །སྔོན་གྱི་ལས་ཀྱི་འཕྲོ་འཐུད་ལ། །ལོ་གསུམ་བར་དུ་བཤོལ་བར་མཛོད། །ཀླུ་བདུད་ཀྱི་གྱེར། ཧཱུྃྃ སྐྱེ་དགུའི་ཉོན་མོངས་དུག་གསུམ་གཟུགས། །ཀླུ་བདུད་ནཱ་ག་རཱཀྵ་སྟེ། །ལྟོ་འཕྱེ་ཀུན་གྱི་མངའ་བདག་པོ། །སྦལ་མགོ་ཁྲག་མིག་དེ་ཡི་ཡུམ། །ལྟོ་འཕྱེ་ཞེ་ནག་སྐྱེ་དགུར་གཟན། །འཇམ་དཔལ་སྤྲུལ་པ་དེར་སྣང་ནས། །ཀླུ་ལ་ཀླུ་ཉིད་གཤེད་དུ་ཕབ། །སྐུ་ནི་གདོང་གཅིག་སྲིན་པོའི་བཞིན། །སྦྲུལ་ནག་བརྒྱད་པོ་གདེངས་ཀར་ཆེ། །འཇིགས་པ་བཅུ་དྲུག་ཕྱག་དང་ལྡན། །སྐུ་སྨད་སྦྲུལ་གྱི་གཟུགས་སུ་སྣང་། །དགའ་བོ་འཇོག་པོ་མཐའ་ཡས་དང་། །དུང་སྐྱོང་ནོར་རྒྱས་པདྨ་དང་། །པད་ཆེན་རིགས་ལྡན་རྒྱ་མཚོ་དང་། །ཀླུ་ཡི་རྒྱལ་པོ་ཐམས་ཅད་དང་། །ཀླུ་ཡི་བློན་པོ་གདུག་པ་ཅན། །བ་མགོ་ཅན་དང་གླང་མཇུག་ཅན། །སྦྲུལ་མཇུག་ཅན་དང་སྦྲུལ་མགོ་ལྔ། །སྦལ་མགོ་ཅན་དང་ཉ་མཇུག་རིགས། །འབུ་སྒྲ་འདོན་དང་རྟ་སྐད་འཚེར། །བྲམ་ཟེ་རྗེ་རིགས་དམངས་རིགས་དང་། །གདོལ་པ་ལ་སོགས་ཀླུ་ཡི་འབངས། །འཇིག་རྟེན་ཁམས་ན་ཅི་མཆིས་པ། །ས་བདག་ལྟོ་འཕྱེ་སྦྲུལ་གཟུགས་དང་། །ལོ་ཟླ་ཞག་དང་ཟ་མ་དང་། །སྤར་སྨེ་ལ་སོགས་ས་བདག་དང་། །གཉན་ཆེན་འབྲུག་ཆེན་འབྱིན་པ་སོགས། །སྲིད་པ་གསུམ་གྱི་གཉན་གྱི་རྗེ། །གཉན་པོ་གེ་སར་སྐད་ཆེན་སོགས། །གཉན་གྱི་བློན་པོ་ཐམས་ཅད་དང་། །ཁ་ཡས་ཁ་ཡས་བྱ་དམར་སོགས། །གཉན་གྱི་ཕྱག་བརྙན་ཐམས་ཅད་དང་། །སྤང་གཉན་ས་གཉན་ཆུ་གཉན་སོགས། །གཉན་གྱི་གཡོག་འཁོར་ཐམས་ཅད་དེ། །ལྟོ་འཕྱེའི་མགོན་པོ་ཆེན་པོ་ནི། །རང་རིགས་སྡེ་དཔུང་བཅས་པ་ལ། །ངར་གྱི་རི་རབ་ཁྲ་བོ་ན། །བང་རིམ་གསུམ་པ་བུམ་པས་བརྒྱན། །ཀླུ་སྨན་དཀར་གསུམ་མངར་གསུམ་དང་། །སྦྲུལ་མགོ་བདུན་ལྔ་བཞི་དང་གསུམ། །གཉིས་གཅིག་ཆུ་རྟ་ཆུ་གླང་དང་། །ཆུ་ལུག་ཆུ་མི་བཤོས་དང་སྐྱེམས། །འདྲ་བའི་གླུད་དང་མཐུན་པའི་གླུད། །འཁོར་བཅས་ཐུགས་ལ་བཞེད་པའི་དཀོར། །འདོད་པའི་ཡོན་ཏན་ལྔ་ལྡན་པ། །ནམ་མཁའ་ཤིང་བྲིས་རྒྱང་བུ་དང་། །མདའ་འཕང་ཕོ་གདོང་མོ་གདོང་དང་། །བལ་ཏི་ཤུག་ཏི་ལ་སོགས་པ། །དངོས་སུ་འབྱོར་ཞིང་བཀོད་པ་དང་། །ཡིད་ཀྱིས་དམིགས་ཤིང་སྤྲུལ་པ་རྣམས། །རང་གི་རིགས་སྡེ་འཁོར་བཅས་ཀྱི། །མཐུ་སྟོབས་བྱིན་རླབས་མངའ་བ་རྣམས། །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ། །སྟོང་གྲོགས་མཛད་ཕྱིར་བཞེས་སུ་གསོལ། །ཕོ་བརྒྱུད་བྱོལ་ཁ་དགྲ་ལ་གཏོད། །མོ་བརྒྱུད་དལ་ཁ་དགྲ་ལ་ཁྱེ། །མི་མཐུན་གནོད་པ་ཐམས་ཅད་སྒྱུར། །ཕས་ཀྱི་རྦད་འདྲེ་རྦོད་སྟོང་ཟློག །ཆགས་ཆེ་ལན་ཆགས་འདིས་བསྐང་ངོ་། །དུས་ལ་བབ་ནས་འཆིར་ཐུག་ནའང་། །སྔོན་གྱི་ལས་ཀྱི་འཕྲོ་འཐུད་ལ། །ལོ་གསུམ་བར་དུ་བཤོལ་བར་མཛོད། །བཙན་གྱི་གྱེར། ཧཱུྃ ཕ་ནི་ཆུ་སྲིན་རྒྱལ་མཚན་ཅན། །ནག་པོ་བདུད་ཀྱི་སྡེ་དཔོན་ལ། །ཡུལ་ནི་རྡོ་རྗེ་གར་དབང་མ། །དེ་གཉིས་བཤོས་པའི་ལྕམ་སྲིང་གཉིས། །མིང་པོ་ཡབ་ཤུད་དམར་པོ་སྟེ། །གནོད་སྦྱིན་ཟངས་ཀྱི་བེག་རྩེ་ཅན། །སྲིང་མོ་ནག་མོ་རེ་མ་ཏི། །ཁྲོས་པས་གདོང་དམར་མ་ཞེས་གྲགས། །སྐུ་ལ་ཟངས་ཀྱི་ཡ་ལད་དང་། །མདུང་དང་ཞགས་སོགས་སྣ་ཚོགས་འཛིན། །དེ་ཉིད་བརྫུས་ཤིང་སྤྲུལ་པ་ནི། །དམུ་བཙན་རོལ་པ་གློག་འགྱུ་མ། །དེ་གཉིས་གཤོས་ལས་ཐོག་རྗེ་དཀར། །དེ་དང་ཀླུ་བཙན་དམར་པོ་གཤོས། །ལྷ་བཙན་ལ་བཞི་མིང་སྲིང་འགྲུབ། །ས་ཡི་རྟ་པོ་རྒྱ་གྲམ་ལ། །མི་ལུས་རྟ་མགོ་ཕྱོགས་བཞིར་བ་ལྟ། །ཤར་བལྟས་དུང་སྒོང་ཆགས་པ་བརྡོལ། །མི་དཀར་རྟ་དཀར་ཨ་སེ་རྒྱལ། །ཡ་བ་སྐྱ་ཅིག་ཕྱག་བརྙན་ཅན། །ལྷོར་བལྟས་གཡུ་སྒོང་བརྡོལ་བ་ལས། །མི་སྔོན་རྟ་སྔོན་ཡ་བཙན་ཁྲ། །ནུབ་བལྟས་བསེ་སྒོང་དམར་པོ་བརྡོལ། །མི་དམར་ལྟ་དམར་སྐྱེས་བཟང་སྡོམ། །བྱང་བལྟས་ལྕགས་སྒོང་ནག་པོ་བརྡོལ། །མི་ནག་རྟ་ནག་ཆུ་རྗེ་སྲི། །ཕྱག་བརྙན་དུང་བ་གུང་བཙན་དང་། །ཁུ་བཙན་ཆུ་ཡི་ཕྱག་བརྙན་ཅན། །ཡང་ཅིག་སྐྱི་ཡི་མི་བོ་ཆེ། །གྲིར་གུམ་འཁྲུངས་ནས་མཚན་གསོལ་བ། །སྐྱེས་བུ་རླུང་བཙན་དེ་ཡི་སྲས། །བཙན་གྱི་སྟོང་སྡེ་སུམ་བརྒྱར་གྱེས། །ཉི་མ་ཤར་བའི་ཟེར་ལས་བྱུང་། །ཆུ་བོ་འབབ་པའི་རྩལ་ལས་བྱུང་། །ཟླ་བ་ཤར་བའི་མདངས་ལས་བྱུང་། །ན་བུན་འཐིབས་པའི་ནང་ནས་བྱུང་། །འཚུབ་མར་འཁྱིལ་བའི་ཁྲོད་ནས་བྱུང་། །ཤྭ་དང་འོད་པའི་སྣ་ལས་བྱུང་། །བཙན་གྱི་བློན་པོ་ཆེན་པོ་ནི། །ཆབ་བཟང་གླིང་རེ་སྐྱེས་པ་འཁྲུངས། །བྱ་བཙན་ཤུ་བོ་སྐྱེས་སུ་བཏགས། །དེ་དང་སྨན་དུ་གཤོས་པ་ལས། །ལྷ་བཙན་སྤུན་དྲུག་དེ་ལ་སྐྱེས། །བྱང་རྒྱལ་བཞི་དང་བློན་པོ་བཞི། །བྱང་གི་ཕྱུག་པོ་བཞི་དང་ནི། །བྱང་གི་སྒོ་བ་བཞི་ལ་སོགས། །ལྷ་བཙན་དྲག་པོ་སྟོང་སྡེ་གཅིག །ཀླུ་བཙན་གཏུམ་པོ་སྟོང་སྡེ་གཅིག །བདུད་བཙན་ནག་པོ་སྟོང་སྡེ་གཅིག །གཟའ་བཙན་ཁྲ་བོ་སྟོང་སྡེ་གཅིག །སྲིན་བཙན་འབར་བ་སྟོང་གཅིག །དམུ་བཙན་རོལ་པ་སྟོང་སྡེ་གཅིག །བཙན་འགོང་གཡག་པོ་སྟོང་སྡེ་གཅིག །སྐར་བཙན་ཡར་བ་སྟོང་སྡེ་གཅིག །གྲིབ་བཙན་ཤུ་བོ་སྟོང་སྡེ་གཅིག །སྨན་བཙན་བསིལ་མ་སྟོང་སྡེ་གཅིག །ལབ་བཙན་ཡུལ་པོ་སྟོང་སྡེ་སོགས། །སྟོང་སྡེ་བཞི་བཅུ་རྩ་གཉིས་དང་། །རྒྱ་གར་ཡུལ་དང་བོད་ཀྱི་གླིང་། །རྒྱ་ནག་ལ་སོགས་ཡུལ་གྱི་བཙན། །སྟོང་སྡེ་སུམ་བརྒྱ་དྲུག་ཅུ་དང་། །འཁོར་ཚོགས་བདུན་བརྒྱ་ཉི་ཤུ་སྟེ། །ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང་། །ཐོད་འཕྲེང་རྩལ་གྱི་དམ་ལ་བཏགས། །སངས་རྒྱས་བསྟན་པའི་བསྲུང་མར་བསྐོས། །བཙན་གྱི་མགོན་པོ་ཆེན་པོ་ནི། །རང་གི་རིགས་སྡེ་འཁོར་བཅས་ཀྱི། །རིན་ཆེན་ཟངས་ལས་གྲུབ་པའི་མཁར། །སྔོན་པོ་གཡུ་ཡི་ཁ་བད་བཏང་། །རུ་མཚོན་དམར་པོ་ཕྱོགས་བཞིར་བཙུགས། །ནག་པོ་ལྕགས་རིས་ཀུན་ནས་བསྐོར། །ཞབས་ནི་དབང་ཆེན་གཞི་ལ་བགྲད། །དཔངས་ནི་སྲིད་པའི་རྩེ་དང་མཉམ། །ཆེ་བའི་ཡོན་ཏན་བསམ་ལས་འདས། །རྟ་ར་ཁྱི་གླང་དམར་པོ་དང་། །གཡག་ཁམ་ཁྲ་འུག་སྲིན་བྱ་དང་། །ལུག་གི་རྒྱལ་མཚན་ཤ་ཁྲག་སྙིང་། །དགྱེས་པའི་བཤོས་བུ་གསེར་སྐྱེམས་དང་། །འདྲ་བའི་གླུད་དང་མཐུན་པའི་གླུད། །འཁོར་བཅས་ཐུགས་ལ་བཞེད་པའི་དཀོར། །འདོད་པའི་ཡོན་ཏན་ལྔ་ལྡན་པ། །ནམ་མཁའ་ཤིང་བྲིས་རྒྱང་བུ་དང་། །མདའ་འཕང་ཕོ་གདོང་མོ་གདོང་དང་། །བལ་ཏི་ཤུག་ཏི་ལ་སོགས་པ། །དངོས་སུ་འབྱོར་ཞིང་བཀོད་པ་དང་། །ཡིད་ཀྱིས་དམིགས་ཤིང་སྤྲུལ་པ་རྣམས། །རང་གི་རིགས་སྡེ་འཁོར་བཅས་ཀྱི། །མཐུ་སྟོབས་བྱིན་རླབས་མངའ་བ་རྣམས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །སྟོངས་གྲོགས་མཛད་ཕྱིར་བཞེས་སུ་གསོལ། །ཕོ་བརྒྱུད་བྱོལ་ཁ་དགྲ་ལ་གཏོད། །མོ་བརྒྱུད་དལ་ཁ་དགྲ་ལ་ཁྱེ། །མི་མཐུན་གནོད་པ་ཐམས་ཅད་སྒྱུར། །ཕས་ཀྱི་རྦད་འདྲེ་རྦོད་སྟོང་ཟློག །ཆགས་ཆེ་ལན་ཆགས་འདིས་བསྐང་ངོ་། །དུས་ལ་བབ་ནས་འཆིར་ཐུག་ནའང་། །སྔོན་གྱི་ལས་ཀྱི་འཕྲོ་འཐུད་ནས། །ལོ་གསུམ་བར་དུ་བཤོལ་བར་མཛོད།། །།གནོད་སྦྱིན་གྱི་གྱེར། ཧཱུྃ མཐོ་རིས་འཇིག་རྟེན་སྐྱིད་པའི་དཔལ། །ལྕང་ལོ་ཅན་གྱི་གནས་མཆོག་ཏུ། །གནོད་སྦྱིན་ཆེན་པོའི་དཔལ་གྱི་གཟི། །འཕོངས་པའི་སྡུག་བསྔལ་སེལ་མཛད་པ། །ནོར་བུ་བཟང་པོ་རྒྱལ་རྣམས་ཀྱིས། །གསང་བའི་བདག་པོར་དབང་བསྐུར་བ། །དེ་ཡི་སྲས་མཆོག་མཐུ་སྟོབས་ཅན། །གནོད་སྦྱིན་ནག་པོ་མིང་སྲིང་སྟེ། །ཞང་འོན་ཆེན་པོ་ཁྱོད་ཀྱི་མཚན། །རིག་འཛིན་རྣམས་ཀྱི་གསོལ་བ་ནི། །རྡོ་རྗེ་བདུད་འདུལ་ཆེན་པོ་ལགས། །ལག་པ་རྡོ་རྗེ་འཛིན་བྱེད་པའི། །གོས་སྔོན་ཅན་པའི་དབུས་ན་གཙོ། །ཁྱོད་ཀྱི་ཁྲོས་པའི་གཟུགས་བཟུང་ཚེ། །ཡ་འགོང་གདུག་པ་གནམ་ལ་རེག །མ་འགོང་གདུག་པ་ས་ལ་རེག །མཆེ་བཞི་ལྷུན་པོ་ལྟ་བུར་གཉེར། །ཁྱེད་ཀྱི་རྐན་ཕུག་གཡས་པ་ན། །ནད་རིགས་བཞི་བརྒྱ་རྩ་བཞི་འདུག །ཁྱེད་ཀྱི་རྐན་ཕུགས་གཡོན་པ་ན། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་འདུག །ཁྱོད་ཀྱི་འཁྱོག་པོའི་བལྟ་ཐབས་ལ། །གློ་བུར་བརྒྱད་ཅུ་རྩ་གཅིག་འདུག །གང་བཟང་ནོར་བཟང་ཡང་དག་ཤེས། ཀུ་བེ་ར་དང་འབྲོག་གནས་དང་། །ལྔས་རྩེན་པི་ཙི་ཀུཎྜྻ་ལི། །ཛམྦྷ་ལ་སྟེ་ནོར་བདག་བརྒྱད། །ནག་པོ་འབར་བ་ལ་སོགས་པ། །དྲག་པོའི་ལས་སྒྲུབ་ལྕགས་ཁྲབ་ཅན། །གཏུམ་པོ་ཉི་མའི་གཟི་བརྗིད་སོགས། །རྒྱས་པའི་ལས་འགྲུབ་གསེར་ཁྲབ་ཅན། །ཧ་ལ་འབར་བྱེད་ལ་སོགས་པ། །དབང་གི་ལས་བྱེད་བསེ་ཁྲབ་ཅན། །འབྲོག་གནས་མཆེད་ལྔ་ལ་སོགས་པ། །ཞི་བའི་ལས་སྒྲུབ་གཡུ་ཁྲབ་ཅན། །སོ་སོའི་གཡོག་འཁོར་བསམ་མི་ཁྱབ། །གནོད་སྦྱིན་མགོན་པོ་ཆེན་པོ་ནི། །རང་རིགས་སྡེ་དང་འཁོར་བཅས་ལ། །ངར་གྱི་རི་རབ་བང་རིམ་གསུམ། །རྟ་གཡག་ར་ལུག་ཁྱི་དང་དོམ། །སྤྲེའུ་བོང་བུ་བྱ་དང་མི། །བུད་མེད་དྲེད་དང་དྲེའུ་ཕག །དེ་དག་རྣམས་ཀྱི་རྒྱལ་མཚན་དང་། །ཤ་ཁྲག་སྙིང་དང་བཤོས་བུ་དང་། །འདྲ་བའི་གླུད་དང་མཐུན་པའི་གླུད། །འཁོར་བཅས་ཐུགས་ལ་བཞེད་པའི་དཀོར། །འདོད་པའི་ཡོན་ཏན་ལྔ་ལྡན་པ། །ནམ་མཁའི་ཤིང་བྲིས་རྒྱང་བུ་དང་། །མདའ་འཕང་ཕོ་གདོང་མོ་གདོང་དང་། །བལ་ཏི་ཤུག་ཏི་ལ་སོགས་པ། །དངོས་སུ་འབྱོར་ཞིང་བཀོད་པ་དང་། །ཡིད་ཀྱིས་དམིགས་ཤིང་སྤྲུལ་པ་རྣམས། །རང་གི་རིགས་སྡེ་འཁོར་བཅས་ཀྱི། །མཐུ་སྟོབས་བྱིན་རླབས་མངའ་བ་རྣམས། །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ། །སྟོངས་གྲོགས་མཛད་ཕྱིར་བཞེས་སུ་གསོལ། །ཕོ་བརྒྱུད་བྱོལ་ཁ་དགྲ་ལ་གཏོད། །མོ་བརྒྱུད་དལ་ཁ་དགྲ་ལ་ཁྱེ། །མི་མཐུན་གནོད་པ་ཐམས་ཅད་སྒྱུར། །ཕས་ཀྱི་རྦད་འདྲེ་རྦོད་སྟོང་ཟློག །ཆགས་ཆེ་ལན་ཆགས་འདིས་བསྐང་ངོ་། །དུས་ལ་བབ་ནས་འཆིར་ཐུག་ནའང་། །སྔོན་གྱི་ལས་ཀྱི་འཕྲོ་འཐུད་ལ། །ལོ་གསུམ་བར་དུ་བཤོལ་བར་མཛོད།། །།རྒྱལ་པོའི་གྱེར། ཧཱུྃ གནམ་གྱི་ཡ་སྟེང་དགུང་གི་མཁར། །པདྨ་ཤེལ་གྱི་ལྡིང་ཁང་ན། །རིན་ཆེན་སྣ་བརྒྱད་ཁྲི་སྟེང་ན། །ཡབ་ནི་མུ་ལེ་ཐོགས་པ་ལགས། །ཡུམ་ནི་ཟླ་གཟའ་འོད་དཀར་མོ། །དེ་གཉིས་གཤོས་པའི་གསང་རུམ་གཡོན། །གཡུ་ཡི་སྒོ་ང་སྔོན་པོ་བྱུང་། །དེ་ཉིད་བརྡོལ་བའི་ནང་ཤེད་ནས། །རྒྱལ་པོ་གཡུ་ཐོག་སྔོན་པོ་བྱུང་། །གཡུ་མཁར་སྔོན་པོའི་རྩེ་ལ་བཞུགས། །སྲིན་པོ་དུས་ཀྱི་ཚོད་སྙོམ་སྲས། །སེམས་ཅན་མི་ལ་མི་འབབ་པོ། །དེ་ལ་མིང་དང་མཚན་གསོལ་པ། །དཔེ་ཀར་རྒྱལ་པོ་ཞེས་བྱའོ། །དེ་ནས་མོན་ཡུལ་གཏིང་དུ་བྱོན། །མོན་བུ་པུ་ཏྲ་མིང་སྲིང་གསུམ། །ཁྱོད་ཀྱི་འབངས་སུ་གུས་པས་ཞུགས། །དེ་རུ་བཞུགས་པར་མ་སྤྲོ་ནས། །ཧོར་གྱི་སྒོམ་རའི་བདག་ཏུ་གཤེགས། །དངུལ་གྱི་བྱ་བའི་བདག་པོ་མཛད། །མངའ་བདག་ཁྲི་སྲོང་ལྡེ་བཙན་དང་། །ཨུ་རྒྱན་པདྨ་འབྱུང་གནས་ཀྱིས། །སྒོམ་ར་བཅོམ་ནས་སྤྱན་དྲངས་པ། །དེ་ཚེ་མིང་དང་མཚན་བཏགས་པ། །དཀོར་སྲུངས་ཆེན་པོ་ཞེས་པའོ། །ཕྱག་ན་མཉེན་ལྕུག་སྦ་དབྱུག་བསྣམས། །རེས་འགའ་བེང་གི་འགྱིང་དཀར་ཏེ། །གྲི་གུག་དང་ནི་ཙིཏྟའང་འཛིན། །ཆིབས་སུ་བ་ལང་སྣ་རིང་ཅིབས། །རེས་འགའ་སེང་གེ་དཀར་མོ་སྟེ། །ལ་ལར་བྲ་བོ་གཡུ་སྔོན་རྟ། །སེར་ཆགས་རྣམས་ཀྱི་དགྲ་ལྷ་མཛད། །སྔགས་སྡེ་རྣམས་ཀྱི་ཆོས་སྐྱོང་ཡིན། །སྐྱེ་བོ་རྣམས་ཀྱི་སྲོག་བདུད་མཛད། །བཙན་པོ་རྣམས་ཀྱི་ཡང་རྗེའོ། །བུད་མེད་རྣམས་ཀྱི་གར་རྗེའོ། །ཁྱོད་ཀྱི་གཡས་ཀྱི་རུ་འདྲེན་ལ། །དཔའ་བོ་སྟག་ཆས་ལྡན་པ་བརྒྱ། །དེ་ཡི་མ་བརྫུས་མ་སྤྲུལ་ན། །ཧོར་གྱི་རྒྱལ་ཕྲན་བརྒྱ་ཡིན་ལ། །དེ་ལ་སྟག་གཟིག་རྒྱལ་མཚན་འབུལ། །སྐྱེས་པ་ཕོ་ཡི་དཀོར་ཟློག་ཅིག །ཁྱོད་ཀྱི་གཡོན་གྱི་རུ་འདྲེན་པ། །དགེ་སློང་ནག་པོ་དགྲ་བཅོམ་བརྒྱ། །དེ་ཡང་མ་བརྫུས་མ་སྤྲུལ་ན། །ཟངས་ཀྱི་རྒྱལ་པོ་བརྒྱ་ཡིན་ཏེ། །དེ་ལ་ཟ་འུག་རྒྱལ་མཚན་དང་། །གླིང་ཚང་དབུ་རྩེ་བརྩེགས་པ་འབུལ། །རྒྱལ་པོའི་སྔོན་གྱི་བཤུལ་འདྲེན་པ། །སྔགས་པ་ནག་པོ་བརྒྱ་ཕྲག་རེ། །དེ་ཡང་མ་བརྫུས་མ་སྤྲུལ་ན། །ཕྲན་གྱི་བློན་པོ་བརྒྱ་ཡིན་ཏེ། །དེ་ལ་མཆོད་རྟེན་ནག་པོ་དང་། །ཁྱི་ནག་བྱ་ནག་རྒྱལ་མཚན་འབུལ། །རྒྱལ་པོའི་སླད་ཀྱི་རྗེས་མྱུལ་བ། །བུད་མེད་ནག་མོ་བརྒྱ་ཡིན་ཏེ། །དེ་ཡང་མ་བརྫུས་མ་སྤྲུལ་ན། །ལྕོང་ཁང་ནང་གི་ཀླུ་སྲིན་མོ། །བང་གི་བསེན་མོ་བརྒྱ་ཡིན་ཏེ། །དེ་ལ་སྤྱན་གཟིགས་ནོར་བུ་དང་། །ལ་རྫས་དར་ཟབ་གསེར་དངུལ་དང་། །རམས་དང་རྒྱ་སྐྱེགས་ལ་སོགས་འབུལ། །རྒྱལ་པོའི་སྔོན་གྱི་བཤུལ་མཚོན་པ། །མོན་ཕྲུག་གར་མཁན་བརྒྱ་ཡིན་ཏེ། །དེ་ཡང་ཧཱ་དང་ལང་བཀྲ་ལགས། །དེ་ལ་བཙོད་དང་ཞུན་མཁན་དང་། །ལྒ་དང་གཡེར་མར་བཅས་པ་དང་། །ཀ་ར་བུ་རམ་ལ་སོགས་འབུལ། །རྒྱལ་པོའི་སྐུ་ཡི་སྐྱོ་བསངས་པ། །འབག་དང་སེང་གེ་རོལ་མོ་བརྒྱ། །འགོང་པོ་ཐེ་རང་ཨ་ཀྱ་ལགས། །དེ་ལ་བསེ་ཡི་ཕོར་པ་འབུལ། །ཚངས་པ་དུང་གི་ཐོར་ཙུགས་དང་། །ཤིང་བྱ་ཁུ་ལེ་ལག་དགུ་དང་། །ལི་བྱིན་ཁོ་བྱིན་གཡུ་སྨིན་ཅན། །གྱད་དང་གླིང་དང་རྐོས་ཀྱི་རྒྱལ། །ལི་རྒྱལ་ཐོ་གར་བཅུ་གསུམ་དང་། །རྒྱལ་པོ་གསིལ་མ་བཅུ་དྲུག་དང་། །སྟག་པོ་སུམ་བརྒྱ་དྲུག་ཅུ་དང་། །རྒྱལ་ཕྲན་ཉི་ཁྲི་ཆིག་སྟོང་སོགས། །གིང་གི་མགོན་པོ་ཆེན་པོ་ནི། །རང་གི་རིགས་སྡེ་འཁོར་བཅས་ཀྱི། །མཐུན་རྫས་དབུ་རྩེར་རིགས་གསུམ་ལ། །གླིང་བཞི་གླིང་ཕྲན་དག་གིས་བསྐོར། །ལྕགས་རི་སྐོར་ཁང་རྣམས་ཀྱི་སྤྲས། །ཡག་ཤ་སྟག་མགོ་དཀོར་སྣ་དང་། །དགྱེས་པའི་གཡང་ཤ་ཕ་ཝཾ་དང་། །བཤོས་བུ་དམར་ཆོལ་གསེར་སྐྱེམས་དང་། །འདྲ་བའི་གླུད་དང་མཐུན་པའི་གླུད། །འཁོར་བཅས་ཐུགས་ལ་བཞེད་པའི་དཀོར། །འདོད་པའི་ཡོན་ཏན་ལྔ་ལྡན་པ། །ནམ་མཁའ་ཤིང་བྲིས་རྒྱང་བུ་དང་། །མདའ་འཕང་ཕོ་གདོང་མོ་གདོང་དང་། །བལ་ཏེ་ཤུག་ཏི་ལ་སོགས་པ། །དངོས་སུ་འབྱོར་ཞིང་བཀོད་པ་དང་། །ཡིད་ཀྱིས་དམིགས་ཤིང་སྤྲུལ་པ་རྣམས། །རང་གི་རིགས་སྡེ་འཁོར་བཅས་ཀྱི། །མཐུ་སྟོབས་བྱིན་རླབས་མངའ་བ་ཀུན། །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ། །སྟོང་གྲོགས་མཛད་ཕྱིར་བཞེས་སུ་གསོལ། །ཕོ་བརྒྱུད་བྱོལ་ཁ་དགྲ་ལ་གཏོད། །མོ་བརྒྱུད་དལ་ཁ་དགྲ་ལ་ཁྱེ། །མི་མཐུན་རྐྱེན་རྣམས་ཐམས་ཅད་སྒྱུར། །ཕས་ཀྱི་རྦད་འདྲེ་རྦོད་སྟོང་ཟློག །ཆགས་ཆེ་ལན་ཆགས་འདིས་བསྐང་ངོ་། །དུས་ལ་བབ་ནས་འཆིར་ཐུག་ནའང་། །སྔོན་གྱི་ལས་ཀྱི་འཕྲོ་འཐུད་ལ། །ལོ་གསུམ་བར་དུ་བཤོལ་བར་མཛོད།། །།བསྟན་མ་ལ། ཧཱུྃ སློབ་དཔོན་པདྨ་ཐོད་འཕྲེང་གིས། །དབང་བསྐུར་མིང་བྱིན་དམ་ཕོག་པའི། །བོད་ཁམས་མུ་སྟེགས་དགག་པའི་སྒོ། །བསྟན་མ་ཆེན་མོ་བཅུ་གཉིས་ལ། །ལྷ་སྨན་ཀླུ་སྨན་གངས་སྨན་མོ། །མཚོ་སྨན་བྲག་སྨན་གཡའ་སྨན་དང་། །ཡེ་སྨན་སེ་སྨན་རྫ་སྨན་དང་། །སྤང་སྨན་ཤིང་སྨན་ཆུ་སྨན་མོ། །གནམ་སྨན་རང་རང་འཁོར་བཅས་པ། །ཕ་ནི་ལྷ་བབས་གནམ་ལས་བབས། །མ་ནི་ཀླུ་ལངས་གནམ་ལ་ལངས། །དེ་གཉིས་བར་དུ་སྲིད་པ་ལས། །ལྷ་བས་དམན་ཏེ་ཀླུ་བས་མཐོ། །ཁྱེད་རྣམས་དགྱེས་པའི་མཐུན་རྫས་འདི། །རྒྱུ་ནི་རིན་ཆེན་དར་ལས་བྱས། །སྨན་ལེ་ཟླུམ་པོར་འདུག་པ་ནི། །ཆོས་ཉིད་སྤྲོས་དང་བྲལ་བའི་རྟགས། །ལེའུ་བརྩེགས་མར་འདུག་པ་ནི། །མཐོ་དམན་རིམ་པར་འདུག་པའི་རྟགས། །དབུས་ཀྱི་འབུར་འཕང་བསྟོད་པ་ནི། །ཆེ་བའི་ཡོན་ཏན་རྒྱས་པའི་རྟགས། །ལེའུ་རིས་གསུམ་བྱས་པ་ཡང་། །སྐུ་གསུང་ཐུགས་དང་ལྡན་པའི་རྟགས། །རི་མོ་ཧ་ཐབས་བྲིས་པ་ནི། །འཕྲིན་ལས་སྣ་ཚོགས་འགྲུབ་པའི་རྟགས། །འཇའ་ཚོན་སྣ་ལྔའི་འོད་ལྡན་པས། །ཡེ་ཤེས་ལྔ་དང་ལྡན་པའི་རྟགས། །མཚལ་གྱི་ཐིག་ཕྲན་བཏབ་པ་འདི། །ལན་ཆགས་བདག་པོ་དབང་སྡུད་རྟགས། །བལ་ཏི་ཤུག་ཏི་བཙུགས་པ་འདི། །དཔག་བསམ་ཤིང་དང་ལྗོན་པའི་ཤིང་། །གེལ་བའི་ཤིང་དང་ཙཱུ་ཏའི་ཤིང་། །ལོ་འདབ་མེ་ཏོག་འབྲས་བུར་རྒྱས། །མདའ་བཀྲ་འཕང་བཀྲ་བཙུགས་པ་འདི། །ཐབས་ཤེས་ཕོ་མོར་འགྱུར་བའི་རྟགས། །དར་གྱི་བྱེ་ཆུང་བཀོད་པ་ཡང་། །ལུས་ལ་ཡེ་ཤེས་འོད་དུ་འཕྲོ། །དགོས་འདོད་རེ་བ་ཡིད་བཞིན་སྐོང་། །གནམ་རྒྱང་བལ་ཚོན་སྣ་ལྔ་ཡང་། །མེ་ཏོག་ཧ་ལོ་འབར་བ་འདྲ། །འདི་འདྲའི་མཐུན་རྫས་ཡ་མཚན་ཅན། །མདོས་བདག་ཆེན་པོས་མདོས་བཞེས་ཤིག །གླུད་བདག་ཆེན་པོས་གླུད་ལོངས་ཤིག །པདྨ་དཀར་པོས་སྦྱར་བའོ།། །།
སྙན་བརྒྱུད་མགོན་པོའི་སྒྲུབ་ཐབས་འཕྲིན་ལས་ཀུན་འགྲུབ།
སྙན་བརྒྱུད་མགོན་པོའི་སྒྲུབ་ཐབས་འཕྲིན་ལས་ཀུན་འགྲུབ་བཞུགས་སོ། །རྒྱལ་བ་ཀུན་གྱི་སྙིང་རྗེའི་ཐུགས། །ནག་པོའི་བདུད་ལས་ཁྲོས་ནས་སུ། །དྲག་པོའི་འཕྲིན་ལས་ཀུན་མཛད་པར། །བཏུད་དེ་དེ་བསྙེན་བྱེད་ཐབས་བྲི།། དཔལ་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བཀའ་བསྲུངས་མགོན་པོ་བསྒྲུབ་པར་འདོད་པས། བསྙེན་སྒྲུབ་ལས་སྦྱོར་གསུམ་མམ། ཅིག་ཅར་དུ་འདོད་ན། ཕྱི་ཕོ་ཉ་ལྟར་བསྙེན་པ། ནང་སྲས་ལྟར་བསྙེན་པ། གསང་བ་རང་དང་གཉིས་མེད་དུ་བསྙེན་པ་གསུམ་ལས། དང་པོ་ནི། རང་ཉིད་དཔའ་འཁོར་ལོ་སྡོམ་པའམ་ལྷན་ཅིག་སྐྱེས་མའི་བདག་བསྐྱེད་བསྒོམས་ནས། རྟེན་རྫས་རྣམས་སྭ་བྷཱ་ཝས་སྦྱངས་ནས། མདུན་དུ་པདྨ་དང་ཉི་མ་བམ་གྱི་ཁར། ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་གདུག་པ་ཅན་ཐམས་ཅད་བཏུལ། དྲེགས་པ་ཐམས་ཅད་ཀྱི་སྲོག་བསྡུས་ཏེ་དེ་ལ་ཐིམ་པ་ལས་ཧཱུཾ་མཛད་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་པ་སྲིན་པོའི་གཟུགས་ཅན་རང་གི་ཤ་ལ་ཟ་བ་ཙམ་དུ་གཏུམ་པ། གད་རྒྱངས་དང་བཅས་བའི་སོ་དང་མཆུ་ལས་ཁྲག་འཛག་ཅིང་སྤྱན་གསུམ་དམར་པོ་དབུ་སྐྲ་སེར་པོ་ཐོད་འཕྲེང་གིས་བཅིངས་ཤིང་ཕྱག་གཡས་འབར་བའི་གྲི་གུག་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་བཟུང་བ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཏེ། གཡོན་བརྐྱང་གིས་རོ་རློན་པ་དང་ཀེང་རུས་ཀྱི་ཁར་བཞུགས་པ་ཡེ་ཤེས་ཀྱི་མེའི་ཕུང་པོ་མི་ཟད་པར་འཕྲོ་བ། ཞིང་སྐྱོང་བའི་མ་མོའི་ཚོགས་འབུམ་ཕྲག་མང་པོས་བསྐོར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། ཨུ་རྒྱན་སྤྲུལ་པའི་ཞིང་ལ་སོགས་པ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཟ་བྱེད་མཁའ་འགྲོའི་ཆོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ནག་པོ་ཆེན་པོའི་ཚོགས། །དཔལ་ལྡན་མགོན་པོ་འདིར་གཤེགས་ཤིག །ལྷ་ཆེན་དཔལ་འབར་འདིར་གཤེགས་ཤིག །རྣམ་འབྱོར་དགྲ་ལྷྎ རིག་འཛིན་བསྲུངས་མྎ བདུད་འདུལ་དཔའ་བོྎ ལྷ་མིན་གཡུལ་བཟློགྎ ལྷ་དམག་དབྱུགས་འབྱིནྎ སྡེ་དཔོན་ཆེན་པོྎ ནག་པོ་མི་གཟནྎ ཁྱོད་ནི་ཆོས་ཉིད་རང་བཞིན་ཏེ། །དབྱིངས་ལས་བཞེངས་པ་མི་མངའ་ཡང་། །རབ་འབར་འཇིགས་པའི་སྐུར་བསྟན་ནས། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨེ་ེ་ཧི་མ་མཧཱ་ཀཱ་ལ་ཧཱུཾ་ནི་ཧཱུཾ་ཛཿཛཿབྱོན་ནས། སྔར་བསྐྱེད་པ་དང་ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་སྤྱན་དྲངས། དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པས་དབང་བསྐུར། ལུས་གང་། དྲི་མ་དག །ཆུ་ལྷག་མ་སྤྱི་བོར་ལུད་པ་ལས་བཛྭ་ཧེ་རུ་ཀ་ཁྲོས་པས་དབུ་བརྒྱན་པར་གྱུར། མཆོད་པ་ནི་བདུད་རྩི་ཡཾ་རཾ་ཀཾ་ལས་རླུང་དང་མེའི་དཀྱིལ་འཁོར་ལ་ཐོད་པའི་སྒྱེད་པུ་གསུམ་ལ་ཨ་ལས་པདྨའི་སྣོད། དེའི་སྟེང་དུ་བི་མུ་མ་ར་ཤུ། གོ་ཀུ་ན་ད་ཧ་ལ་བདུད་རྩི་ལྔ་ཤ་ལྔ། ཨོཾ་སྦྱངས། ཨཱཿསྤེལ། ཧཱུཾ་སྦར་ཏེ་བདུད་རྩིར་ཞུ་བར་བསམ་ལ། ཧཱུཾ། ནག་པོ་ཆེན་པོ་དྲག་ཤུལ་ཅན། །འཇིག་རྟེན་པ་དང་མཐུན་པའི་ཕྱིར། །ཕྱག་དང་ཞབས་གཉིས་བསིལ་མཛོད་ལ། །དགྱེས་པའི་མཐུན་རྫས་འདི་བཞེས་ཤིག །དམར་ཆེན་ཁྲག་སྣའི་ཨརྒྷཾ་སྦྲེང་། །དབང་པོ་རྣམས་ཀྱི་མེ་ཏོག་བསྟར། །གསུར་ཆེན་སྤོས་ཀྱི་དུད་སྤྲིན་འཐུལ། །ཞུན་ཆེན་མར་མེའི་འཕྲེང་བ་བསྒྲིགས། །ཁྲག་ཞག་ཐལ་བའི་བྱུག་པ་བཤམས། །བདུད་རྩི་ལྔར་བཅས་ཛ་གད་ཕུད། །སྒྲོན་མ་ལྔ་སོགས་བཟའ་བཅའི་རིགས། །རྔ་སིལ་དུང་གླིང་རོལ་མོའི་ཚོགས། །ནག་པོ་ཆེན་པོ་ཁྱོད་པ་འབུལ། །དཔའ་ཆེན་ཐུགས་དམ་གཉན་པོ་སྐོང་། །རྣལ་འབྱོར་བར་ཆད་ཞི་གྱུར་ཅིག །ཨོཾ་མཧཱ་ཀཱ་ལ་ཡཀྵ་སརྦ་པཉྩྨ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱི་ཙྪ་ཁཱ་ཏི། བསྟོད་པ་ནི། ཧཱུཾ། སྲིན་པོའི་གཟུགས་ཀྱིས་གདུག་པ་འདུལ། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། གཏུམ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ། མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པ་ཐོད་པ་ཁྲག་བཀང་སྣོད། །ཐོད་འཕྲེང་ཅན་ལ་ཕྱག་འཚལ་བསྟོད། །ཧཱུཾ། ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིག་པའི་གད་མོས་རི་རབས་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་ཕྱག་འཚལ་བསྟོད། །ཧཱུཾ། དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་དུ། །འཇིགས་བྱེད་མ་མོའི་ཚོགས་ལ་རོལ། །སངས་རྒྱས་བསྟན་པ་སྲུང་མཛད་པའི། །རིག་འཛིན་དགྲ་ལྷ་ཆེན་པོར་བསྟོད། །ཧཱུཾ། འཇིག་རྟེན་འདིར་ནི་གང་ཞིག་གིས། །མཚན་ནས་བརྗོད་ཏེ་བསྒྲུབས་པ་ལ། །མྱུར་དུ་དངོས་གྲུབ་སྟེར་མཛད་པའི། །ནམ་མཁའི་མཛོད་པ་ཁྱོད་ལ་འདུད། །དེ་ནས་ཐུགས་ཁར་གྲི་གུག་གི་ལྟེ་བར་སྔགས་ཀྱིས་བསྐོར་བ་དེ་ལས་འོད་ཟེར་འཕྲོས་པས་གདུག་པ་ཅན་བསྟན་པ་ལ་གནོད་པར་བྱེད་པ་རྣམས་ཚར་བཅད་དྲེགས་པ་ཐམས་ཅད་ཀྱི་ནུས་མཐུ་བསྡུས་ཏེ་སྙིང་པོའི་སྔགས་ས་བོན་དང་བཅས་པ་ལ་ཐིམ། ཡང་སངས་རྒྱས་ཆོས་དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་བསྡུས་ཏེ་དེའི་སྐུ་གསུང་ཐུགས་ལ་ཐིམ་པས་མགོན་པོ་དེ་དཔའ་བ་རྔམ་པ། གཟི་བརྗིད་ཆེ་བ། ཅི་བསྒོ་བའི་ལས་ལ་ཐོགས་པ་མེད་པར་འཇུག་པ་སུས་ཀྱང་མི་ཐུབ་པ། ཅིས་ཀྱང་མི་ཤིགས་པ། ཁམས་གསུམ་ཟིལ་གྱིས་གནོན་པ། སྲིད་པ་གསུམ་དབང་དུ་སྡུད་པ་ཞིག་ཏུ་བསམས་ཏེ། གཞན་ལས་མཐུན་གྱི་དམིགས་པ་བྱ། ཨོཾ་མཧཱ་ཀཱ་ལ་གུ་ཎ་སྲྀ་ད་ཧཱུཾ་ཞེས་བཟླའོ། །དེ་ནས་ཤ་ཁྲག་བཟའ་བཏུང་དང་བཅས་པའི་སྣོད། ཨེ་ལས་གནམ་ལྕགས་ཀྱི་རང་བཞིན། ལས་ཀྱི་གཤིན་རྗེའི་ཁང་སྒྲོམ་ཟུར་གསུམ་གཏིང་རིང་ལ་ཁ་རུབ་པ། མུན་པ་མུན་ནག་ཏུ་འཐིབས་པའི་ནང་དུ། གཏོར་རྫས་རྣམས་གནོད་པར་བྱེད་པའི་དགྲ་བོ་དང་བགེགས་ལུས་རིད་པ་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ། བུ་ག་དགུ་ནས་ཁྲག་འཛག་པ། མིག་ཤི་མིག་ཏུ་ལྟ་བ་ཞིག་ཏུ་གྱུར། དཀོན་མཆོག་གསུམ་གྱི་བདེན་པ་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བདེན་པ་དང་། སྙིང་པོ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། རྣལ་འབྱོར་པ་བདག་ལ་འཚེ། སངས་རྒྱས་ཀྱི་བསྟན་པ་ལ་གནོད། སེམས་ཅན་ཐམས་ཅད་ལ་སྡང་བའི་དགྲ་བགེགས་ཐམས་ཅད་དམིགས་པའི་ཉའུ་འདི་རྣམས་ལ་ཁུག་ཅིག་ཅེས་བདེན་པ་བདར། ཨོཾ་མ་ཧཱ་ཀཱ་ལ་གླིང་བྱིན་ནི་ཙིཏྟ་རྦད། མ་ཧཱ་ཀཱ་ལ་ཙིཏྟ་ཁ་རག་ཛ། ཞེས་རྦད་པས། དམིགས་བྱ་མགོན་པོ་ནག་པོ་འཁོར་བཅས་ཀྱིས་ལྕགས་ཀྱུས་སྙིང་ལ་བཏབ། ཞགས་པས་མགྲིན་པ་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས་ཏེ་དྲིལ་བུས་མཉེད་ཅིང་འབྲུབ་ཁུང་དུ་བཅུག །རྡོ་རྗེ་སློབ་དཔོན་ལ་སྡང་ཞིང་། །རྡོ་རྗེ་སྤུན་ལ་འཁུ་བ་དང་། །རྣལ་འབྱོར་བདག་ཅག་ལ་གནོད་བྱེད། །དེ་དག་མགོན་པོ་ནག་པོས་སྒྲོལ།། ཞེས་བསྒོ་ཞིང་། ཨོཾ་མཧཱ་ཀཱ་ལ་རྣི་ཐུཾ་ལཾ་ཐུཾ་རིལ་རྦད་སུ་རྣི་ཛ་དགྲ་བོ་ཆེ་གེ་མོའི་སྙིང་ལ་ཏྲག་རཀྵ་ཐུམ་རིལ་རྦད། སྙིང་ཁ་རག་ཛ་ཞེས་བརྗོད། གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་དེའི་བསྲུང་བ་བྱིན་རླབས་ཡེ་ཤེས་ཀྱི་ལྷའི་སྐྱབས་ལས་ཀྱི་ཚེ་བསྲིང་བའི་ནུས་མཐུ་ཐམས་ཅད་བདག་ལ་བསྡུས། འཇིག་རྟེན་པའི་ལྷ་བྲོས་པས་དེ་ལྷ་ཡི་མགོན་སྐྱབས་དང་བྲལ་ནས་ནག་སྲུལ་སོང་བ་ལ་འཁོར་རྣམས་ཀྱིས་མཚོན་ཆས་བསྒྲལ་བསད་གཏུབས་བྱེད་པར་བསམ། དེ་ནས། ཡན་ལག་རྣམས་ཀྱི་ཤ་ཆོད་ལ། །ནག་པོ་ཆེན་པོའི་ཞལ་དུ་གསོལ། །ཁྲག་གི་རྒྱུན་ཡང་བཏུང་བར་མཛོད། །དེ་ཡི་ཚེ་སྲོག་དབང་དུ་བསྡུས། །སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ། །དེ་ཡི་འཁོར་དུ་གནས་པ་རྣམས། །ཏིལ་ཙམ་དུ་ནི་མཛད་དུ་གསོལ། །ཞེས་བརྗོད་པས་དམ་ཅན་རྣམས་ཞལ་གནམ་ས་ཙམ་དུ་གདངས། མཆེ་བ་གངས་རི་ཙམ་གཉེར། མིད་པ་སྟོང་གསུང་ཙམ་བརྒྱངས་ཏེ། རྔམ་རྔམ་ཧབ་ཧབ། ཆམ་ཆམ་ཆེམ་ཆེམ། ལྷག་མ་མེད་པར་གསོལ་བས་ཚིམ་པར་བསམ་ལ། ཨོཾ་ཙཎྜྻ་མཧཱ་ཀཱ་ལ་ཨི་དཾ་བྷ་ལིངྟ་ཁཱ་ཧི། ཧོ༔ དགོངས་སུ་གསོལ། དཔལ་ལྡན་ནག་པོ་ཆེན་པོ་རྣལ་འབྱོར་གྱི་དགྲ་ལྷ། དམ་ཉམས་ཀྱི་སྲོག་གཅོད། རིག་འཛིན་གྱི་སྲུང་མ། དཀར་པོའི་ཆོས་སྐྱོང་། ནག་པོའི་དགྲ་འདུལ། ལྷའི་དམག་དཔོན། ལྷ་མིན་གྱི་གཤེད་མ། བདུན་འདུལ་གྱི་དབང་ཕྱུག །ཁྲོ་བོ་ཆེན་པོ་ལས་སུ་ཁྱོད་བསྒྲུབས་དོན་དུ་ཁྱོད་གཉེར་བ་ཡིན་པས། མ་རུངས་པའི་དགྲ་བགེགས་འདི་ཚར་ཆོད་ཅིག་ཅེས་བརྗོད། བཟློག་ན་ཕས་ཀྱི་མཐུ། བགེགས་ཀྱིས་སྦྱར་བའི་ལྟས་ངན་པ། སྔོན་གྱི་ལས་ངན། འཕྲལ་གྱི་རྐྱེན། མིས་གཟོ་བ་ལས་བྱུང་བའི་གནོད་པ་ཐམས་ཅན་ཟློག་པར་གྱུར་ཅིག ཡང་ཞི་བར་འདོད་ན། གཏོད་རྫས་བདུད་རྩི་བཞིན། རྒྱས་པ་འདོད་ན། གཏོར་རྫས་ཤིང་ཐོག་སྨན་ལྷའི་བཟའ་བཅའ་བཏུང་བར་དམིགས་ནས་ཕུལ། འདོད་གསོལ་གྱི་གཤམ་བུ། ནད་དང་གནོད་པ་དང་སྡིག་སྒྲིབ་ཐམས་ཅད་ཞི་བ་དང་། ལུས་དང་ཚེ་དང་དཔའ་དང་ལོངས་སྤྱོད་དང་སྟོབས་མངའ་ཐང་ཐམས་ཅད་རྒྱས་པར་མཛད་དུ་གསོལ། དབང་ལ་སྐྱེས་པའམ་བུད་མེད་ནོར་གང་འདོད་པ་དེ་བདག་གི་མདུན་དུ་དགུག་པ་དང་བདག་ཅི་འདོད་པ་བྱེད་པའི་དབང་དུ་འགྱུར་བར་སོགས། དྲག་པོ་བསྐྲད་དམ་ནང་དབྱེའམ་རྨོངས་ལྐུག་གམ་རིམས་ཀྱིས་གདུངས་པ་སོགས་ཀྱང་འདོད་གསོལ་གྱིས་བསྒྱུར་རོ།། དེ་ནས་ཐུན་མཐར་མགོན་པོ་འཁོར་བཅས་རྟེན་ལ་བསྟིམ་པའམ་རང་ཉིད་འདུག་གི་རིང་ལ་བར་ཆད་བསྲུང་ཕྱིར་བཞུགས་པར་གསོལ་ཏེ་དགེ་བ་བསྔོ་ཤིས་པ་བརྗོད་པར་བྱའོ་གཉིས་པ་ནི། རང་གི་ཐུགས་ཀ་ནས་ཧཱུཾ་འཕྲོས་པ་དེ་ལས་ལྷར་སློང་། གསུམ་པ་ནི། རང་ཉིད་ཀྱི་སེམས་ཧཱུཾ་དུ། གཏོར་མའི་དུས་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་བཅས་སྤྱན་དྲངས་པར་བསམ། གཞན་འདྲ། དབང་པོ་རཏལ་ན་བསྙེན་དུས་སུ་གཏོར་མ་ཆང་བཞིན་དུ་བྱིན་གྱིས་བརླབས་ལ་ཕུལ། འདོད་གསོལ་གྱི་ཤམ་བུར་བདག་ལ་ཞལ་མྱུར་དུ་བསྟན་ནས་འཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་མཛད་དུ་གསོལ། དེ་ལྟར་མ་མཛད་ན་རྒྱལ་བ་རྣམས་ཀྱི་སྤྱན་སྔར་ཞལ་བཞེས་པའི་དམ་ཚིག་གཉེན་པོ་བྲལ་བ་ཡིན་པས་ནག་པོ་ཆེན་པོ་ཁྱོད་འཁོར་དང་བཅས་པ་དམྱལ་བར་ལྟུང་བར་འགྱུར་རོ་ཞེས་བསྒྲག་གོ །དེ་ལྟར་བསྙེན་ནས་སྒྲུབ་པ་ལ་འཇུག་པའི་ཚེ། དྲག་པོའི་གནས་སུ་མཎྜྻལ་ཁྲུ་གང་གྲུ་བཞི། དེའི་སྟེང་དུ་གྲུ་གསུམ་བརྩེགས་ཁྲག་དང་དུག་རོ་སོལ་གྱིས་ནག་པོར་བྱུག །མཐའ་ཟླུམ་པོར་བཏང་། དེའི་ཕྱི་རྩིབས་དྲུག་མེ་རི་རྩང་དམར་སྲིན་མོ་འགྲོས་སུ་གཟུག །དབུས་གྲུ་གསུམ་གྱི་ནང་དུ་འཁོར་ལོ་རྩིབས་དྲུག་རྩིབས་རེའི་ནང་དུ་ལིདྒ་རེ། དབུས་སུ་ཡང་གླིང་བཞི་དབུས་ཀྱི་ཕྱིར་ཟུར་དྲུག་གི་འབྲུབ་ཁུང་ལ་ཕུར་པས་བསྡམས། ལིདྒའི་མཐའ་མ་བསད་སྔགས་ཀྱིས་བསྐོར་བའོ། །མཆོད་གཏོར་གྱི་མཐའ་སྐོར། དང་པོར་འབོད་པ། ཐུན་ལ་ཕོ་ཉ་བསྐྱེད་བསྟིམ། དེ་ནས་རྦད་པ། དེ་ནས་བསད་པ་རྣམས་རྟགས་ཐོན་པར་བྱ་སྟེ། དམིགས་པ་དང་འདོན་བྱ་ནི་སྔར་བཤད་པ་དེ་ཁའོ། །མཐར་གཏོར་རྫས་དགྲ་ལ་འཕང་། འཕང་དུས། རྒྱལ་བའི་སྤྱན་སྔར་ཁས་བླངས་ཤིང་། །རིག་འཛིན་རྣམས་ལ་དམ་བཅས་པ། །ནག་བོ་ཆེན་པོ་ཁྱོད་ལ་སྦྲོན། །དམ་ཉམས་དགྲ་བོ་འཁོར་བཅས་རྣམས། །ཚར་གཅོད་ལས་ལ་ཁྱོད་བསྐུལ་ལོ། །ནག་པོ་ཆེན་པོ་ལས་ལ་བྷྱོ། །ལས་མགོན་ནག་པོ་ལས་ལ་བྷྱོ། །ལྷ་མོ་ནག་མོ་ལས་ལ་བྷྱོ། །མ་མོ་ཐམས་ཅད་ལས་ལ་བྷྱོ། །ལྷ་སྲིན་སྡེ་བརྒྱད་ལས་ལ་བྷྱོ།། ཞེས་བསྐུལ་ཏེ་འཕང་། འབྲུབ་ཁུང་སྟེང་གི་འཁོར་ལོ་དེ་དྲག་པོའི་གནས་སམ་ལམ་རྒྱ་གྲམ་གྱི་འོག་ཏུ་ལས་ཀྱི་གཤིན་རྗེ་ལ་གཏད་པ་རི་རབ་ཀྱིས་མནན་པར་བསམ་སྟེ་བྱའོ། །གལ་ཏེ་བཟློག་པའི་རྟགས་བྱུང་ན། མགོན་པོའི་གཡས་སུ་མི་ནག་རྟ་ཞོན་སྙིང་དང་མདའ་གཞུ་འཛིན་པ། གཡོན་དུ་ལྷ་མོ་ནག་མོ་དྲེལ་ཞོན་ཁྲམ་ཤིང་དང་ནད་རྐྱལ་འཛིན་པ་གཉིས་བཀོད། སྔགས་གཙོ་བོའི་ཤམ་བུར། མཧཱ་ཀཱ་ལ་ཏྲག་ཤད་མཧཱ་ཀཱ་ལ་སིདྡྷི་ཡ་མ་དུ་ཛ་དང་། མཧཱ་ཀཱ་ལི་ཏྲག་རཀྵ་རཀ་མོ་ཐུན་བྷྱོ། ཛ་ཛ་ཛ་བཏགས་ལ་བཟླ། རྦད་དུས། མཧཱ་ཀཱ་ལི་རག་མོ་ཤ་སོགས་བསྣན། བསད་ལས་ཀྱི་མཐར་བཏགས། གཏོར་མ་ཆེན་པོ་གཅིག་གཙོ་འཁོར་ཏུ་བསྐྱེད། དེ་ལ་རཀྟ་སྦྲན་པའི་ལིདྒ་གཏོར་ཆུང་བརྒྱ་རྩ། ཨོཾ་ཧེ་ཧི་ཀྲོ་དྷ་སོགས་ཀྱིས་འབུལ། མཐར་ཟོར་དུ་འཕང་། སྦྱིན་སྲེག་མ་ཐུབ་ན་ཚེར་མའི་ཤིང་ལ་ཧོཾ་སྦར། དེ་མགོན་པོ་འཁོར་བཅས་ཀྱི་བསྟབ་པའི་དུས་ལྟ་བུར་བསམ་སྟེ་དགྲ་བོ་འཁོར་བཅས་ཞལ་དུ་གསོལ་བར་བསམ་མོ། །ཐལ་བ་ཕྱེད་མནན་ཕྱེད་རླུང་ལ་གཏོར། རྗེས་སུ་གནང་བ་བྱ་བར་འདོད་པས། མཎྜྻལ་ཕུལ། བླ་མ་མགོན་པོར་གསལ་བའི་སྤྱན་སྔར། སྐྱབས་སེམས་ཕོག སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །འཕྲིན་ལས་ཐམས་ཅད་སྒྲུབ་མཛད་པ། །བདུད་འདུལ་ནག་པོ་ཆེན་པོ་ཡི། །རྗེས་གནང་བརྩེ་བས་རྩལ་དུ་གསོལ།། ཞེས་གསོལ་བ་བཏབ། སློབ་མ་མགོན་པོར་བསྐྱེད། ཡེ་ཤེས་པ་བསྟིམ་དབང་ལྷ་སྤྱན་དྲངས། དེ་རྣམས་ཀྱིས་བུམ་པ་སྤྱི་བོར་བཀོད་དེ། དཔལ་ལྡན་ནག་པོ་ཆེན་པོའི་སྐུ། །ཡེ་ཤེས་བདུད་རྩི་ཞུ་བའི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐུ་ཡི་དངོས་གྲུབ་ཐོབ་གྱུར་ཅིག སྙིང་པོའི་མཐར་ཀཱ་ཡ་སིདྡྷི་ཨོཾ།། དེ་ནས་བདུད་རྩི་མགྲིན་པར་བཀོད། གསུང་། ཝ་ཀ་སིདྡྷི་ཨཱཿསློབ་དཔོན་གྱི་ཐུགས་ཀ་ནས་སྔགས་འཕྲེང་འཐོན། །སློབ་མའི་ཞལ་དུ་ཞུགས། སྙིང་པོ་ལན་གསུམ་བཟླ། ཐུགས་ཕྱག་རྒྱ་ཆེན་པོར་སྣང་བ་འདིས་ཐུགས། ཙིཏྟ་སིདྡྷི། དེ་ནས། ནུས་མཐུ་ཐོགས་མེད་བྷ་ལིངྟ། །ཡོན་ཏན་ཐམས་ཅད་འགྲུབ་གྱུར་ཅིག །ཀརྨ་སིདྡྷི་ཕ་ལ་ཧོཿདེ་ནས། དཔལ་ལྡན་མགོན་པོ་ནག་པོ་ཁྱོད། །སྔགས་སྒྲུབ་ཕོ་ཉ་ལས་བྱེད་དུ། །མངའ་གསོལ་ཕུར་པའི་དབང་བསྐུར་བས། འཕྲིན་ལས་ཐམས་ཅད་འགྲུབ་གྱུར་ཅིག །ཅེས་བསྟན། རྒྱས་པར་འདོད་ན་གདབ་ལས་གཏོར་མ་བཞིན། བསྡུས་ན་ཉའུ་ལ་བླ་མས་དགུག་གཞུག་བྱས་ལས་སྔགས་ཀྱིས་གནས་ལྔར་བཏབ་པས་བསྒྲལ་ཅིང་རོ་ཟའོ། །རྟེན་ནི་དཔའ་བོའི་གྲི་སྙིང་དབུས་སུ་གཙོ་བོ། གཡས་སུ་ལས་མཁན། གཡོན་དུ་ཡུམ་སྔགས་བྲི། རིན་པོ་ཆེ། འབྲུ། སྙིང་པོ། །བདུད་རྩི་ལྔ་སོགས་དང་ལྷན་དུ་བཞག་གོ །རྟེན་གཏོར་བཅའ་བ། དེ་བཞིན་འཕང་ནག་མདའ་གང་ནལ་བུའི་པགས་དང་མེ་ལོང་ལ་སྔགས་བྲིས་ལ། མཆོད་གཏོར་སྤྱི་དང་འདྲའོ། །པདྨ་དཀར་པོས་རིན་ཆེན་བསྟན་པ་རྒྱལ་མཚན་གྱིས་བསྐུལ་བ་ལྟར་དུ་བྱམས་པ་ཆོས་གླིང་དུ་སྦྱར་བའོ།། །།
རྣམ་ཐོས་སྲས་ཀྱི་མཆོད་སྤྲིན་འདོད་དགུའི་ཆར་འབེབས།
རྣམ་ཐོས་སྲས་ཀྱི་མཆོད་སྤྲིན་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །འབྱོར་པའི་དབང་ཕྱུག་ཆེས་འཚོ་བར། །འདོད་ལ་རྣམ་ཐོས་སྲས་མཆོད་པ། །མ་ཚང་མེད་རྒྱུ་ཡིན་ཤེས་ནས། །ཡི་གེ་འདི་ལ་འབད་པར་བྱ།། རྣམ་ཐོས་སྲས་མཆོད་པར་འདོད་པས། བཅས་མན་ངག་གི་གཞུང་ཇི་བཞིན་བྱས་ནས། བདག་ཉིད་རྡོ་རྗེ་རྣམ་འཇོམས་མཐིང་ཀར་གསལ་བཏབ་ནས། མདུན་དུ་ལྷའི་ཡུལ་འཁོར་ཉམས་དགའ་བ། སྐྱེད་མོས་ཀྱི་ཚལ་དང་། ཁྲུས་ཀྱི་རྫིང་བུ་དང་། རིན་པོ་ཆེའི་ཤིང་ནགས། སྨན་གྱི་རི་ལྗོངས། པདྨོ་དང་མེ་ཏོག་གི་གླིང་། སྤོས་ཀྱི་མྱུ་གུས་ཁྱབ་པ། བྱ་དང་རི་དྭགས་གཅན་གཟན་ཡིད་དུ་འོང་བ་རྣམས་བག་ཕེབས་པ། ལྷའི་དཀའ་ཐུབ་པ་བསམ་གཏན་ལ་གནས་ཤིང་། ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་བུ་དང་བུ་མོ་སྣ་ཚོགས་པས་རྩེད་འཇོ་རྒྱུན་མི་འཆད་པ། དྲི་ཟའི་གླུ་དང་རྒྱུད་མངས་སྦྱར་བའི་སྒྲ་སྙན་པ་སྙན་པས་ཁེབས་པའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བཟོ་དབྱིབས་བཀོད་པའི་ཁྱད་པར་ཐམས་ཅད་ཀྱིས་བལྟ་ན་ངོམ་པ་མེད་པའི་གཞལ་མེད་ཀྱི་ཁང་བརྩེགས་མཐོ་ནམ་མཁའ་ལྡིང་གི་མཆོད་སྡོང་ལྟ་བུ། ཕྱོགས་མཚམས་སུ་ཁང་པ་བརྩེགས་པ་བརྒྱད། འཁོར་ཡུག་ཏུ་གནོད་སྦྱིན་རྣམས་ཀྱི་གྲོང་ཁྱེར། ར་བ་དང་། བསིལ་ཁང་དང་སྒོ་ཁང་ལ་རྟ་བབས་དང་། འོབས་རིམ་པ་མང་པོ་ཟམ་པ་དང་། སྟེགས་བུ་ཡིད་དུ་མཆིས་པ་དུ་མས་བསྐོར་ཞིང་། ལྷའི་ལོངས་སྤྱོད་ཆེན་པོ་སུས་ཀྱང་བསྒྲུན་དུ་མེད་པས་བརྒྱན་པའི་དབུས་སུ། བཻ་ལས་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་གསེར་གྱི་ལྷུན་པོ་ལ་ཉི་མ་འབུམ་བསྒྲིལ་བའི་འོད་ཀྱིས་འཁྱུད་པ་ལྟ་བུའི་སྐུ་རྒྱས་པའི་བྱིན་ཆགས་པ། ལྷ་རྫས་ཀྱི་གོས་དང་གོ་ཁྲབ་ཀྱིས་རྒྱ་ནག་པོའི་དཔའ་བོ་བཞིན་དུ་ལྷབ་ལྷུབ་ཏུ་བརྒྱན་པ། ཕྱག་གཡས་ལྷ་ཀླུ་མིའི་བསམ་འཕེལ་གྱི་ནོར་བུ་གསུམ་ཀའང་རྒྱལ་མཚན་གྱི་རྩེར་མཆོད་པ་དང་། གཡོན་ནོར་བུ་སྐྱུག་བཞིན་པའི་ནེའུ་ལེའི་མགྲིན་པ་བཙིར་ནས་རྒྱལ་པོ་རོལ་པའི་འགྱིང་བག་གིས་གཏེར་གྱི་བུམ་པ་བརྒྱད་ཀྱི་ཁར་འཕྲོག་བྱེད་ཉལ་བའི་ཁྲི་ལ་བཞུགས་པ། བཙུན་མོ་དཔལ་ཆེན་མོ་བུམ་པ་བཟང་པོ་བཟུང་ནས་ཞོ་འཐུང་བྱིས་པའི་ཚུལ་དུ་བཞུགས་པ། ལས་བྱེད་མདུང་དམར་ཅན་སྐུ་མདོག་དམར་པོ་གཡས་མདུང་བ་དན་དམར་པོ་ཅན་འཕྱར་ཞིང་། གཡོན་ཤེལ་གྱི་མཆོད་རྟེན་བུམ་པ་ནས་རིན་པོ་ཆེ་སྣ་ཚོགས་འབབ་པ་བསྣམས་ཤིང་། བསྭེ་རྨོག་དང་བསྭེ་ཁྲབ་གྱོན་པ། གཞན་ཡང་མངག་གཞུག་ནང་མི་སྣག་གི་གཉེན་སྐུ་སྲུང་གི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཕྱོགས་མཚམས་བརྒྱད་ཀྱི་ཁང་པར་གཏེར་གྱི་བདག་པོ་བརྒྱད་སེར་པོ། རིན་པོ་ཆེ་དང་ཨུཏྤལ་སྔོན་པོའི་ཕྲེང་བས་བརྒྱན་ཅིང་། ཕྱག་གཉིས་ཀྱིས་བུམ་པ་བཟང་པོ་འཛིན་པ། ཙན་འཁྱིལ་གྱིས་གཏེར་གྱི་བུམ་པའི་ཁར་བཞུགས་པ་ལ། འཁོར་གནོད་སྦྱིན་བྱེ་བ་ཕྲག་འབུམ་རྣམས་ཀྱིས་བསྐོར་བ། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གའི་ཆ་སྟོད་དུ་ཧཱུྂ། སྨད་དུ་བཻས་མཚན་པ་ལས་འོད་འཕྲོས། རི་རབ་ཆེན་པོའི་བྱང་ཕྱོགས། གནོད་སྦྱིན་ཆེན་པོ་རྣམས་ཀྱི་མདུན་ས། ལྕང་ལོ་ཅན་ནས་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུར་སྤྱན་དྲངས། བཛྭ་ས་མ་ཛཿ ས་སྤྱན་དྲངས་པར་བསམ་ལ་དབྱངས་སྙན་ཞིང་རོལ་མོ་སྣ་ཚོགས་པ་དང་། དྲི་ཞིམ་པོའི་སྤོས་བསྲེགས་ཏེ། འདི་སྐད་གྱེར་རོ།། བཻ། གཏེར་བདག་ཆེན་པོའི་འཇིག་རྟེན་ཁམས། །མཐོ་རིས་མི་ཡུལ་ས་འོག་གི །དགའ་དང་སྐྱིད་པའི་དཔལ་ཚོགས་པ། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །བཀའ་བློན་གཏེར་གྱི་བདག་པོ་བརྒྱད། །འབངས་འཁོར་བསམ་མི་ཁྱབ་པ་རྣམས། །བདག་གི་དད་པས་སྤྱན་འདྲེན་ནོ། །འཇིག་རྟེན་ཁམས་ཀྱི་དབུལ་འཇོམས་པ། །ཁྱེད་ཀྱི་དམ་བཅའ་མ་ལགས་སམ། །གཞན་དོན་འདི་ཡི་དུས་བབ་ཀྱི། །མ་ཐོགས་ལ་འུར་གཤེགས་སུ་གསོལ།། ཞེས་སྤྱན་དྲངས། བསྐྱེད་པ་ལ། ཛཿཧཱུྃ་བཾ་ཧོཿབསྟིམ། དེ་བཞིན་གཤེགས་པ་ལྔས་དབང་བསྐུར། བདུད་རྩིས་ལུས་གང་རིགས་ཀྱི་བདག་པོ་རིན་ཆེན་འབྱུང་གནས་ཀྱིས་དབུ་བརྒྱན་པར་གྱུར་པ་ལ་དངོས་སུ་འབྱོར་བ་རྣམས་ཕུན་སུམ་ཚོགས་པའི་དངོས་པོར་བསམ། གཞན་ཡིད་ཀྱིས་ནུས་ཚད་སྤྲུལ། འཇིག་རྟེན་གྱི་ཁམས་གང་ན་ཡོད་པ་དེ་ཐམས་ཅད་ཀྱང་འབུལ་ལོ་སྙམ་བློས་གཟུང་ནས་འདི་སྐད་གྱེར་རོ།། བཻ། མནྡ་ར་དང་ཨ་ཀར་ནག་པོའི་སྤོས། །སྣང་གསལ་ཀུན་དང་སྦྲུལ་གྱི་སྙིང་པོའི་རྫབ། །ལྷ་མིའི་བཟའ་བཏུང་སྙན་པའི་རོལ་སྒྲ་དང་། །རིན་ཆེན་སྣ་བདུན་བཀྲ་ཤིས་རྫས་ཀྱི་རིགས། །འདོད་འཇོའི་བ་ཕྱུགས་བཞོན་པ་འདོད་པ་ལྔ། །རྒྱལ་མཚན་ལྷབ་ལྷུབ་རླུང་གཡོབ་གདུགས་འཕན་དང་། །ལྡ་ལྡི་གཏེར་བུམ་དགའ་བར་བྱེད་པའི་རྒྱན། །རྔམ་པའི་དགྲ་ཆ་སྲ་བའི་གོ་ཆ་དང་། །བསྲེལ་འོས་དཀོན་སྣ་ལྷ་ཀླུ་མིས་བསྔགས་པ། དངོས་སུ་འབྱོར་བཤམས་གཞན་ནི་ཡིད་ཀྱིས་སྤྲུལ། །འདི་ན་ཡོད་མོས་བློ་ཡིས་གཟུང་ནས་ཀུན། །རྒྱལ་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ།། དེ་ནས་གཏོར་མ་ཨོཾ་ཨཱཿཧཱུཾ་ཧོཿསྦྱངས་རྟོགས་སྦར་བདུད་རྩིར་བྱས་པ། ཨོཾ་བཻ་ཤྲ་བ་ཎ་ས་པ་རི་ཝཱ་ར། ཨི་དཾ་བ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ལ་ཕུལ། །རྟག་ཏུ་མིག་ནི་ཡ་མཚན་ལྟད་མོས་བྲེལ། །རྣ་བར་གཏམ་སྙན་འབའ་ཞིག་སྣར་དྲི་ཞིམ། །ལྕེ་ལ་རོ་བརྒྱ་ལྡན་པའི་བཟའ་བཏུང་མོད། །ལུས་ལ་རེག་འཇམ་མཛེས་པའི་གོས་རྒྱན་གསར། མངའ་ཐང་འབངས་འཁོར་ནོར་ཕྱུགས་དར་ཟབ་འབྲུ། །རིན་ཆེན་བང་མཛོད་ཁྱོད་དང་མཉམ་པ་དང་། །ཡིད་ལ་ཅི་འདོད་བསམ་པའི་མོད་ཉིད་དུ། །ལྷུན་གྱིས་གྲུབ་པ་རྣམས་ཀྱི་དངོས་གྲུབ་སྩོལ།། ཞེས་དངོས་གྲུབ་བླངས་ཏེ་བསྟོད་པ་ནི། བཻ། འདོད་དགུའི་ཆར་འབེབས་བསམ་འཕེལ་ནོར་བུའི་དབང་། །རེ་བ་ཐམས་ཅད་སྟེར་བའི་དཔག་བསམ་དང་། །སྨོན་པ་འཕྲལ་ལ་འགྲུབ་པའི་བུམ་པ་བཟང་། །ངལ་བསོས་དགེ་བ་ཁྱོད་ལ་བདག་བསྟོད་དོ། །དགའ་བའི་རིན་ཆེན་ཀུན་འབྱུང་རྒྱ་མཚོ་ཆེ། །སྐྱིད་པའི་མྱུ་གུས་རྟག་འགེངས་དབང་ཆེན་ས། །བདེ་བའི་དཔལ་འགྱེད་འཕགས་པ་ནམ་མཁའི་མཛོད། །གཏེར་བདག་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །འོད་ཀྱིས་ཉི་མ་ཕམ་བྱེད་གསེར་གྱི་སྐུ། །རྡོ་རྗེའི་ཁྲབ་བགོས་བདུད་ཀྱི་དཔུང་འཇོམས་ཤིང་། །སངས་རྒྱས་བསྟན་པ་ཀུན་ཏུ་སྐྱོང་མཛད་པའི། །རྣམ་ཐོས་སྲས་པོ་ཁྱོད་ལ་བདག་བསྟོད་དོ། །ཁམས་གསུམ་དབང་སྡུད་གཏེར་བུམ་གདོང་ལྔའི་ཁྲིར། །འགྱིང་བའི་ཕྱག་གཡས་ནོར་བུའི་རྒྱལ་མཚན་དང་། །ནོར་བུ་སྐྱུག་པའི་ནེའུ་ལེ་འཛིན་པ། །རྨུགས་འཛིན་རྒྱལ་པོ་ཁྱོད་ལ་བདག་བསྟོད་དོ། །ཅི་བསྒོའི་ལས་ལ་ཐོགས་མེད་འཕྲིན་ལས་པ། །དཔའ་ཞིང་རཏལ་ཕོད་ལྷ་ཡི་གྱད་ཆེན་པོ། །གོས་སྔོན་གྱིས་མཛེས་ནོར་སྦྱིན་ཚོགས་ཆེན་པོའི། །སྡེ་དཔོན་འཁོར་བཅས་ཁྱོད་ལ་བདག་བསྟོད་དོ།། ཞེས་མན་ངག་བཞིན་བཟླ། སརྦ་གཙྪས་རྟེན་ནམ་རང་བཞིན་གྱི་གནས་སུ་གཤེགས་སོ། །འདི་ཡང་པདྨ་དཀར་པོས་སྔགས་གྲྭ་སློབ་དཔོན་ངག་དབང་ཀུན་དགའ་སྙིང་པོའི་ངོར་སྦྱར་བའོ།། མངྒལཾ།། ༈ རྣམ་ཐོས་སྲས་ཀྱི་བསྟོད་པ་བཞུགས་སོ།། བྷྲཱུཾ་ལས་རིན་ཆེན་སྣ་བདུན་ཁང་བརྩེགས་མཆོག །དཔལ་གྱི་རྔམས་ཆེན་ཁོར་ཡུག་གྲོང་ཁྱེར་འབྱོར། །སྐྱེད་ཚལ་ནགས་ཀླུང་ཉམས་དགའ་ལྕགས་རིའི་ཕྱོགས། །ཕུན་ཚོགས་མཁར་བརྒྱད་སྐྱིད་བྲོད་ཁོ་ནའི་དབུས། །བཻ་ལས་ཛམྦུའི་གསེར་མདོག་དར་བབ་སྐུ། །འོད་ཟེར་རྒྱ་མཚོའི་རྦ་རླབས་འཁྲུག་པ་ཅན། །རྣམ་རྒྱལ་བཞིན་རས་ཞལ་ནི་འཛུམ་ཆེ་བ། །ཤངས་ཀྱི་གཟེངས་རན་སྤྱན་འབྲས་ཁྲ་ལ་ཧུར། །སྨིན་འཁྱོག་འདོད་པའི་གཞུ་སྟེ་ས་གསུམ་པོའི། །ན་ཆུང་ཐམས་ཅད་ཆགས་པའི་སྤུ་ལོང་གཡོ། །མགུལ་ཟླུམ་སྟོད་རྒྱས་སྐེད་སྦོམ་ཡན་ལག་རགས། །ཐུང་མིན་ནྱཱ་གྲོ་དྷ་ལྟར་ཆུ་ཞེང་གབ། །ཅོད་པན་རོལ་པའི་པ་ཏྲ་ཕྲ་ཚོམས་ཅན། །གཙུག་རྒྱན་ཡིད་བཞིན་ནོར་བུ་ཉི་མར་འཁུ། །སྙན་ཆ་སེ་མོ་དོ་ཤལ་ལྷབ་ལྷུབ་གོས། །བརྒྱ་བྱིན་མནབས་སྙམ་སྲང་ལ་བཅལ་བ་བཞིན། །དེ་སྟེང་དམར་སེར་རྡོ་རྗེའི་ཁྲབ་བགོས་པ། །ཕས་ཀྱི་མཚོན་གཟོན་དུ་མིན་ཅི་སླད་ན། །སྲེད་མེད་བུ་ཡི་སྟོབས་ལྡན་གྱད་ཆེན་ཁྱོད། །ཕྱོགས་དུས་གར་ཡང་རྒྱལ་བའི་དཔལ་མཚན་ནོ། །ཕྱག་གཡས་རྒྱལ་མཚན་རྩེ་མོའི་ཟ་མ་ཏོག །ལྷ་ཀླུ་མི་ཡི་བསམ་འཕེལ་གསུམ་བཀོད་ནས། །རྒྱ་མཚོའི་དུས་རླབས་མི་ཡོལ་དེ་ལྟ་བུར། །དུས་དུས་རིན་ཆེན་ཆར་ཆེན་འབེབས་པ་ཉིད། །གཡོན་པ་ན་ཀུ་ལེ་ཡི་མགྲིན་བཙིར་ནས། །ནོར་བུ་སྐྱུག་བཅུག་འཕོངས་པ་ལ་བཀྱེ་བས། །ངལ་བསོས་དགེ་བ་ཞེས་བསྟོད་མགྲིན་པའི་རྔ། །ཁྱོད་མདུན་ཙམ་མིན་གར་ཡང་བརྡུང་བར་གྱུར། །གདོང་ལྔའི་ང་རྒྱལ་ཆེན་པོས་ཕ་རོལ་སྟེང་། །མཆོང་གསར་འཕྲུལ་མིག་གྱེན་བསྐྱོང་རལ་ཚོགས་ཀྱིས། །ཅུད་ཟད་འཐེན་པ་སྟོབས་ཆེན་ཤ་ར་བྷར། །ནོར་བུའི་འཆོང་འཆོང་མང་འཕྱང་གསེར་སྒ་གཏད། །རྒྱལ་པོ་ཆེན་པོ་རོལ་པས་དེར་འགྱིང་ཡང་། །རྣམ་གཟིགས་ཉམ་ངའི་ཕྱོགས་ལྷུང་སྐྱོབ་རིངས་པ། །ཐོས་པའི་སྐྱོགས་ཀྱིས་བཟེད་འོས་སངས་རྒྱས་ཀྱི། །སྲས་མཆོག་རིན་ཆེན་མང་ལ་ཕྱག་འཚལ་བསྟོད། །གསེར་མདོག་ཉི་མའི་གཟི་ལན་ཛམྦྷ་ལ། །གོ་ཆ་ཆེར་བགོས་རྫུ་འཕྲུལ་རྟ་ཡི་སྟེང་། །བདུད་ཀྱི་སྒྱུ་འདུལ་ལྟ་སྨ་སྐད་ཞན་པར། །སློང་བའི་རེ་སྐོང་མྱུར་པོ་དེ་ལ་བསྟོད། །ཕྱོགས་བཅུ་གུར་ཀུམ་མཁུར་ཚོས་གང་བ་བཟང་། །གོ་ཅན་ཅང་ཤེས་སྟེང་ནས་ངན་གཞོལ་ཀུན། །ཚར་གཅོད་དགེ་ལ་ཞུགས་རྣམས་ཅི་སྨོན་པ། །འཕྲལ་སྒྲུབ་བུམ་བཟང་ཁ་འབྱེད་དེ་ལ་བསྟོད། །རབ་དཀར་བདུད་རྩིའི་འོད་འཕྲོ་ནོར་བུ་བཟང་། །ལྷ་ཡི་གོ་མཛེས་སྤྲིན་ཤུགས་ཁར་རྩེ་ཞིང་། །སྲིད་པའི་དབང་ཆེན་ཀུན་འཁོར་ཐུབ་པའི་བསྟན། །ཀུན་གྱི་སྲིད་ཞུས་སྐྱོང་བ་དེ་ལ་བསྟོད། །གློག་དྲག་གཡོ་བའི་སྤྲིན་ནག་ཀུ་བེ་རཱ། །ཞུབ་བཅས་རྟ་ལ་དཔའ་སྐྱེན་རྡོ་རྗེའི་ལྕེ། །བརྒྱ་ཕྲག་འཕངས་ནས་བསྟན་དགྲའི་མགོ་འགེམས་པས། །རལ་གྲིའི་གཉེན་དུ་གྱུར་པ་དེ་ལ་བསྟོད། །མདོག་སེར་རྒྱལ་པོའི་མཛོད་པ་ཡང་དག་ཤེས། །ཡིད་མྱུར་རྟར་བཅིབས་མི་མཐུན་ཕྱོགས་འཇོམས་ཤིང་། ཅི་དགོས་ཐམས་ཅད་བསམས་པའི་མོད་སྦྱོར་བ། །དབུལ་གདུངས་གྲིབ་བསིལ་བླ་མེད་དེ་ལ་བསྟོད། །གསེར་གྱི་མདངས་ཅན་དམག་གི་དཔོན་ལྔས་རྩེན། །གོ་སྤྲད་བཀོད་བཤམས་འཐབ་ཞུགས་ལྷ་མིན་རྣམས། །གཡུལ་ངོར་ཕམ་བྱས་དེ་བཞིན་ཐམས་ཅད་དུ། །རྒྱལ་བའི་རྔ་ཆེན་ཉིད་བརྡུང་དེ་ལ་བསྟོད། །མུན་པ་མུན་ནག་འཐིབས་འདྲ་འབྲོག་གནས་པ། །བཙན་པའི་གོ་གྱོན་རླུང་ལྟར་འཕྱོ་བའི་རྟ། །ཕྱོར་བས་དགྲ་དཔུང་འཐོར་ནས་འདེད་བྲོད་པ། །ཤཱཀྱའི་བུ་རྫི་ཆེན་པོ་དེ་ལ་བསྟོད། །ཀུ་མུཏ་རྒྱས་འདྲ་པི་ཙི་ཀུཎྜྻ་ལི། །ཡ་ལད་ཁྲབ་ཅན་རྟ་གསར་རྒྱུག་ཐེངས་རེས། །གླིང་བཞི་མྱུལ་བས་མ་རུངས་རྣམས་འཇོམས་པ། །ཆོས་ཀྱི་མེལ་ཚེ་མཁན་པོ་དེ་ལ་བསྟོད། །རྒྱ་མཚོ་བརྒྱད་གནས་དབང་པོར་བཅས་པའི་ཀླུ། །བྲག་རྫོང་གནོད་སྦྱིན་བཞིན་མི་སྡུག་གཏུམ་པ། །ཁམས་གསུམ་སྡེ་བརྒྱད་དཀར་པོའི་ཕྱོགས་ཞེན་ཅན། །ཀུན་གྱི་སྡེ་དཔོན་ཁྱོད་ལ་བདག་བསྟོད་ཀྱི། །ཐུགས་རྗེའི་གཟིགས་པ་བུལ་མིན་ཆེས་ལྷག་པ། །ལ་འུར་བཙལ་བས་མཆོག་སྦྱིན་མཛོད་ཅིག་ཅེས། །ཡན་ལག་མཆོག་བཏུད་ཐལ་སྦྱར་གདུང་ཤུགས་ཀྱི། །མཆི་མ་བཀུ་བའི་ངག་གིས་ཞུ་གསོལ་ལོ།། མངྒ་ལཾ།། །།
རྣམ་ཐོས་སྲས་ཀྱི་རིན་ཆེན་ཁང་འབུལ།
རྣམ་ཐོས་སྲས་ཀྱི་རིན་ཆེན་ཁང་འབུལ་བཞུགས་སོ།། བཻ། ཛམྦུའི་གསེར་དང་རིན་ཆེན་བཻ་ཌཱུརྻ། །ཨིནྡྲ་ནཱི་ལ་མཐོན་ཀ་མཐོན་ཀ་ཆེ། །མརྒ་མན་ཤེལ་པདྨ་རཱ་ག་དང་། །རྡོ་ཡི་སྙིང་པོ་ལས་གྲུབ་ཁང་བརྩེགས་ནི། །དབྱིབས་མཛེས་བརྒྱ་བྱིན་ཕོ་བྲང་རྣམ་རྒྱལ་བཞིན། །འོད་ཀྱི་གཟི་འབར་ཉིན་མོར་བྱེད་པ་བཞིན། །ཞལ་བས་དྭངས་པས་སྟོན་ཀའི་གནམ་སྔོན་བཞིན། །བཟོ་ཁྱད་འཐོན་པ་མཁའ་ལྡིང་མཆོད་སྡོང་བཞིན། །ལྷ་རྫས་ཡོ་བྱད་ཀྱིས་བཀང་རྒྱ་མཚོ་དང་། །གནོད་སྦྱིན་གྲོང་གི་བལྟ་ན་སྡུག་པ་དང་། །སྒོ་ལྕོག་ལྕང་ལོ་ཅན་དང་འཁོར་ས་དང་། །སྐྱེད་ཚལ་ནགས་ཀླུང་བདེ་བ་ཅན་གཉིས་པ། །གང་ཞིག་མཐོང་བའི་མོད་ལ་མྱོས་པ་དང་། །རྔམ་ཆེ་གཞལ་བར་ཚད་ཀྱིས་འཕོངས་པ་དང་། །རྒྱ་ཁྱོན་ཆེན་པོས་ནམ་མཁའི་ཁྱོན་བསྒྲིབ་པ། །ཆོས་ཀྱི་རྒྱལ་པོ་རྟག་ཏུ་རྩེན་སར་འབུལ།། རྟ་འབུལ་ནི། བཻ། རྟ་མཆོག་སྤྲིན་གྱི་ཤུགས་ལྡན་ཅང་ཤེས་པ། །ཤ་རྒྱས་ལུས་གྲིམས་གང་བལྟས་ཡིད་འཕྲོག་པ། །རྐང་ལག་འཁྱུག་མྱུར་གློག་འགྱུའི་དཔལ་འཛིན་པ། །འགྲོས་ཀྱིས་ཉི་མའི་བཞོན་པ་བུལ་པོར་བཟོ། །དྲུག་བཀྲག་འདྲེས་པའི་གཡུ་ཡི་སྤུ་ཁ་ཡིས། །དར་བབ་རྨ་བྱའི་མགྲིན་མདངས་མོག་བྱེད་ལ། །རྔོག་མ་སྟུག་པོ་ལན་བུར་བྱས་པ་ནི། །ཛམྦུའི་སྙེ་མ་གཤིབས་པའི་འཛུམ་ཡང་གནོན། །རྔ་མ་གར་མཁན་མ་ཡི་སྐྲ་ཚོགས་ལྟར། །ཕུད་དུ་བཅིངས་དང་ཐུར་དུ་གྲོལ་བ་ཉིད། །གདོང་པར་གསེར་གྱི་དྲྭ་བ་སྲབ་སྐྱོགས་ཅན། །སྤྱི་བོར་དཔའ་བོའི་དར་དཔྱངས་ལྷབ་ལྷུབ་དབུས། །པད་དམར་ཏོག་བཀོད་དེ་བཞིན་སྣ་གདོང་དཔྱིད། །མུ་ཏིག་དཀར་དམར་སྔོ་བའི་དོམ་དོམ་དང་། །ཟབ་སྐུ་གླས་པའི་སྲད་བུ་ནོར་བུ་ནི། །ཕྱོགས་ཕྱོགས་ཕྲག་བྲང་བརླའི་ཟུར་འཆང་བ། །སྤུ་ལན་ལོང་ཁེབས་སྟོང་ཁུན་དིང་ཕོན་དང་། །ཤེལ་སྒ་ནོར་བུའི་ཕྲ་ཚོམ་འཇའ་ཚོན་རིས། །གསེར་ཆས་པ་ཏྲའི་ཐོག་མར་འབྲུག་གཟུགས་སོགས། །རྣམ་འགྱུར་བཟོ་རྩེད་སྟོང་ཕྲག་ལྟད་མོ་ཅན། །སྐབས་བབ་རིན་ཆེན་ཐི་གུའི་དྲ་བ་ལ། །ཛྷྱཻ་ཀྵིཾ་དྲིལ་བུའི་གཡེར་ཁ་སིང་ཁྲོལ་སྒྲོག །ཡོབ་བཅས་ཨིནྡྲ་ནཱི་ལའི་རྟ་ཆམས་ནི། །ཟླ་གདན་གནམ་གྱི་ཕྱོགས་འགའ་དྲས་པ་བཞིན། །དེ་ལྟར་རྣམ་པར་མཛེས་བྱེད་རྒྱན་ཀུན་གྱིས། །ལྷ་དབང་རྩེད་འཇོར་ཆས་པའི་བཞོན་པ་བཞིན། །ལེགས་པར་བརྒྱན་པ་སྡེ་དཔོན་ཆེན་པོ་ཁྱོད། །དབུལ་འཕོགས་འཇོམས་སུ་ཕེབས་པའི་ཆིབས་སུ་འབུལ།། བ་འབུལ་ནི། བཻ། དམར་སེར་ལི་ཁྲིའི་ཐིག་ལེ་ཆེན་པོ་འདི། །གནམ་གྱི་མེ་ལོང་ཉི་མར་མཚོན་འོས་ཤིང་། །ཡིད་ལ་འདོད་པ་ཐམས་ཅད་འཇོ་བས་ན། །བཅོ་ལྔའི་ཟླ་རྒྱས་ཉིད་དུ་ཀུན་གྱིས་བཟུང་། །ཨིནྡྲ་ནཱི་ལའི་རྨིག་པ་ཡིད་ཙམ་དུ། །འབུར་བའི་རྭར་བཅས་གང་གི་ནུ་མའི་འབུར། །སོར་མོའི་འདུ་བྱེད་རྒྱལ་མཚན་རྩེར་འཁོད་པའི། །གནས་སྐབས་ལས་གཞན་བསམ་འཕེལ་ནོར་བུའི་དབང་། །མ་རྨོས་མ་བཏབ་སཱ་ལུའི་ཁ་ཟས་ཅན། །དཔག་བསམ་ཤིང་གི་ནགས་སུ་འགྲོ་བ་ཡང་། །ལྟད་མོའི་དམ་པ་མཐོ་རིས་དོ་རར་ནི། །ཆས་བཅུག་མེ་ན་ཀ་ཡི་གར་བཞིན་ནོ། །ཅུང་ཟད་བསྐུལ་བའི་རྔ་མའི་འགྱིང་ལོག་ནི། །བདེ་སོགས་བདག་པོར་གཡོབ་པའི་རྔ་ཡབ་སྙམ། །ཡིད་འབབ་ཧ་རི་ཙན་དན་དྲི་བཞོན་ཀུན། །བོས་པ་བཞིན་དུ་དེ་ཡི་མདུན་ན་རྒྱུ། །གདངས་དྲིས་པདྨའི་སྡོང་པོར་འདི་འཁྲུལ་ནས། །རྐང་དྲུག་དར་མ་ཐམས་ཅད་འདིར་འཕུར་པ། །སྦྲང་རྩིའི་ཆང་གིས་མྱོས་པའི་སྐྱུར་འགོང་སྟེ། །དེ་ལྟར་མ་ནོར་འདོད་འཇོའི་བ་འདི་འབུལ། །མངྒ་ལཾ།། །།
གཞི་བདག་ལས་ཀྱི་གཤིན་རྗེའི་ཕྲིན་ལས་དགྲ་སྲོག་གཅོད་པའི་སྤུ་གྲི།
གཞི་བདག་ལས་ཀྱི་གཤིན་རྗེའི་ཕྲིན་ལས་དགྲ་སྲོག་གཅོད་པའི་སྤུ་གྲི་ཞེས་བྱ་བ་བཞུགས་སོ། །གཡོ་ཅན་བདུད་སྡེའི་སྟོབས་ལྕགས་རང་མཐུ་བཞིན། །སྡོད་པའི་དབང་བྲལ་སྒྲུབ་པོའི་བསམ་པའི་ཕྱིར། །ཁྲིད་ནུས་མཱུ་ལ་ས་དེ་ཙ་རི་ཏྲའི། །གཤིན་རྗེའི་རྒྱལ་པོར་བསྔགས་ཕྱིར་དེ་ལ་འདུད། །རྩོད་པའི་དུས་མཐའ་ལས་མཐའ་ཕལ་གྱི་བྱིན། །རེངས་པའི་ཛ་གད་མཚུངས་གྱུར་དེ་ཙ་ན། །ཕོ་ཉ་ཆེ་འདིའི་ངན་སྔགས་རེག་གཅོད་ཀྱི། །སྤུ་གྲི་གཟུང་ཞེས་གཤིན་རྗེའི་གཤེད་པོ་གསུང་། །འདིར་ཁྲོ་བོའི་རྒྱལ་པོ་ཡ་མན་ཏ་ཀའི་ཐུགས་ལས་སྤྲུལ་ཞིང་། མ་ཏྲཾ་རུ་ཏྲ་བསྒྲལ་བའི་ཁྲག་ལས་འཁྲུངས་པ། །ས་འོག་རིམ་པ་དགུའི་འོག་ཡི་དྭགས་རྣམས་ཀྱི་ཁབ་ན་ཆོས་ཀྱི་རྒྱལ་པོ་མཛད་པ། ཁྱད་པར་བདུད་དགའ་རབ་དབང་ཕྱུག་ཆུང་མ་པདྨའི་ཕྲེང་བ་ཅན་བློན་པོ་བཞི་དང་བཅས་པ། ལྔ་བརྒྱ་ཐ་མ་ཉེ་བ༑ སངས་རྒྱས་ཀྱི་བསྟན་པ་ལ་ཆེས་བར་དུ་གཅོད་པ་དག་སྒྲོལ་བའི་གིང་ཆེན་པོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་། ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱིས་ནུས་པ་བྱིན་པ། ལྷོ་ཕྱོགས་ཀྱི་དུར་ཁྲོད་འཇིགས་བྱེད་ཙ་རི་ཏྲ་ཅིག་ཅར་དཔལ་གྱི་ནགས་ཚལ། གཤིན་ཡུལ་དམེ་ནག་སྐྱི་གཡའ་བ་གནས་དང་། ཟངས་མཁར་གྲུ་གསུམ་ཕོ་བྲང་དུ་གཏད་ནས་ཕྱོགས་སྐྱོང་ཆེན་པོར་མངའ་གསོལ་བ། འདོད་པ་ལ་ཆགས་པའི་མགོན་པོ་དམར་པོ༑ །རྩུབ་འགྱུར་གྱི་ཚལ་དང་། རི་མ་ལ་གནམ་ལྕགས་རྒྱུན་དུ་འབབ་པ་ལ་སོགས་པར་ལས་ཀྱི་ཕོ་ཉ་ཅི་ཅར་ཡང་རྫུ་བ་དེ་སྒྲུབ་པར་འདོད་པས། དཀྱིལ་འཁོར་དང་རྟེན་རྫས་ལ་སོགས་པ་ཚོགས་པར་བྱས་ནས། བདག་ཉིད་ཡི་དམ་གྱི་ལྷར་བལྟས་ཏེ། མཆོད་རྫས་ཐམས་ཅད་སྭ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ། ཨོཾ་ལས་ཐོད་པའི་སྣོད་དམ་མཁའི་ཁྱོན་ཙམ་པའི་ནང་དུ། ཨཱ་ལས་དགྱེས་པའི་དམ་ཚིག་གི་རྫས་མ་ཚང་བ་མེད་པ་རྒྱ་མཚོ་ལྟར་འཁྱིལ་བ། ཧཱུྃ་ལས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རོལ་པ་ཆེན་པོ་ཟད་མི་ཤེས་པའི་བདག་ཉིད་དུ་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨྨུཿསྭ་བྷཱ་ཝ་ཤུདྡྷཱཱཧཾ། སྣང་སྲིད་ཐམས་ཅད་མེ་རི་སྨུག་ནག་ཏུ་འབར་ཞིང་། རླུང་ནག་པོ་སྤུ་གྲི་ཅན་འཚུབ་ཅིང་འཁྱིལ་བའི་ཁྲོད། ཐོད་པ་འབར་བའི་ལྕགས་རིའི་དབུང་། ཁྲག་གི་རྒྱ་མཚོ་མཐའ་དང་དབུས་མེད་པ་རྦ་རླབས་སུ་འཁྲུག་པའི་ཀློང་། མེ་རླུང་གི་མཚམས་ནས་སྲིད་པའི་རྩེའི་བར་དམར་ལྷག་གེ་པའི་ཟངས་ཀྱི་མཁར་གྲུ་གསུམ་སྒོ་གཅིག་པ། ཉིན་དུད་པར་འཐུལ་ཞིང་མཚན་མེ་འབར་བ། ནང་རོ་མྱགས་ཀྱི་ལྗང་བའི་གཞིར་རལ་གྲི་ལོ་མས་གཏམས་པ། གཟུགས་སྒྲ་དྲི་རོ་རེག་བྱ་མི་སྡུག་པ་ཐམས་ཅད་ཀྱིས་སྐྱི་གཡའ་བའི་དབུས་གནམ་ལྕགས་མཐིང་ནག་གི་འཁོར་ལོ་རྩིབས་བཞི་པ་ཐོད་པའི་མུ་ཁྱུད་ཅན་གྱི་ལྟེ་བར་ཧཱུྃ། ཨོཾ་ཤྲཱི་མནྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཊཱི་ཛཿཛཿ ཞེས་བསྒྲགས་པ་ལས། དཔལ་ཙ་རི་ཏྲའི་གཤིན་རྗེའི་རྒྱལ་པོ་ཤིན་ཏུ་ཞུད་པའི་སྐུ། བསྐལ་པའི་མེའི་བོངས་དང་མདངས་སུ་སྣང་བ། སྲིད་པ་གསུམ་པོ་ལྟོ་ན་ཆུག་པ། གནམ་ས་ཙམ་གྱི་ཞལ་གདངས་ནས། གངས་རི་ཙམ་གྱི་མཆེ་བ་གཙིགས་ཏེ་བསྐལ་པ་བཤོལ་བའི་ཆུ་འབེབས་པ། ཁྲོས་པའི་སྤྱན་གསུམ་ལས་སྲེག་པའི་མེ་འབར་བ། ཁྲོ་གཉེར་བསྡུས་པའི་ཤངས་ལས་འཐོར་བའི་རླུང་གཡོ་བ། ཨག་ཚོམ་སྨ་ར་སྨིན་མ་ཤའི་རལ་པ་རྟ་གདོང་གི་མེས་ཁེངས་པ་ལྟ་བུ་ནས་གཤིན་རྗེ་ཕོ་འབུམ་མོ་འབུམ་ཕོ་ཉར་འགྱེད་པ། བ་སྤུ་མཚོན་ཆ་ངར་མ་ཐམས་ཅད་དུ་སྣང་ཞིང་། ཁོང་ནས་དུག་གི་སྤྲིན་མུན་པ་མུན་ནག་ཏུ་གཏིབས་པའི་བར་བར་ནས་འོད་ཀྱི་སྐར་མདའ་རྒྱུག་པའི་རྩེར་ཁྲོ་བོ་ཁྲོ་མོ་ཅི་ཡང་འཆམས་སྟབས་སུ་རོལ་བ། ཐོད་པ་ལྔ་དང་སྦྲུལ་ནག་པོ་སྟོང་གིས་བརྒྱན་ཅིང་། མགོ་བོའི་འཕྲེང་བ་དང་སྙིང་དོ་ཤལ་དུ་འཕྱང་བ། ལས་ཀྱི་མེ་ལོང་ཐུགས་ཁར་སྣང་ཞིང་། མེའི་སློག་པ་ལ་རིན་པོ་ཆེའི་སྐ་རགས་བཅིངས་ཤིང་སྲིད་པའི་ཁྲམ་ཤིང་ཆེན་པོ་སྐེད་དུ་གཟེར་བ། ཤོའི་རྡེ་སྣོད་གློར་བཏགས་ནས་རླུང་ནག་འཁྲུག་པའི་བེར་ལྷབ་ལྷུབ་ཏུ་གྱོན་ཏེ། ཕྱག་གཡས་དམག་གི་རྫོང་ཆེན་པོའི་བེ་ཅོན་འཕྱར་ཞིང་། གཡོན་མ་རུངས་པ་ཐམས་ཅད་འཆིང་པའི་མ་ཏྲམ་རུ་ཏྲའི་རྒྱུ་མའི་ཞགས་པ་ཐུགས་ཀར་འཛིན་པ། ཁམས་གསུམ་དབང་དུ་སྡུད་ཅིང་འཇིག་རྟེན་གསུམ་ཟིལ་གྱིས་གནོན་ཏེ་མཱ་ར་ཡའི་གད་རྒྱང་ཆེན་པོས་བདུད་ཀྱི་རྒྱལ་པོ་ཆུང་མ་དང་བཅས་པ་ཁ་བུབ་པར་བྱས་པའི་སྟེང་དུ་བཞུགས་པའི་སྟ་ཟུར་གཡོན་དུ། བདུད་མོ་ཙཱ་མུཎྜྻི་དམར་ནག་མི་སྡུག་པའི་བཞིན་གྱི་རླངས་པས་ནད་རིགས་བཞི་བརྒྱ་རྩ་བཞི་འགྱེད་ཅིང་། འཇིག་རྟེན་ཕུང་བར་བྱེད་པའི་དམོད་པ་འདོར་བ། བ་སྤུའི་ཁུང་ནས་གདོན་བགེགས་དང་ལྟས་ངན་པ་དང་ཡེ་འབྲོག་ཐམས་ཅད་འཕྲོ་བ། འདོད་ཆགས་ཀྱིས་གདུངས་ཏེ་ཡབ་དང་འཁྲིལ་བ་དོན་དུ་གཉེར་བ། ཏྲི་ཤུ་ལ་དང་ཐོད་ཁྲག་འཛིན་པ། གཙོ་བོ་སྤྱན་ཤངས༑ ལྗགས། ཐུགས་ཀ་ལས་ཕྱོགས་བཞིར་བདུད་ཀྱི་ཡང་བློན་བཞི་ཁ་བུབ་པའི་སྟེང་དུ་ཛ་དང་མ་རེ་འཕྲོས་པ། ཤར་དུ་འགུགས་བྱེད་སྲིན་པོའི་གིང་པྲ་མ་ར་ཛ་སྨུག་ནག སྟག་ཤུ་དང་སྟག་རལ་ཅན། རལ་གྲི་ཁ་མངས་འཕྱར་ཞིང་དགྲ་སྙིང་ཟ་བ། བཛྭ་ཟོམ་ཤ་མ་མེའི་ཞགས་པ་འཛིན་པ་དང་རྩེ་བ། ལྷོར་འཆིང་བྱེད་གཤིན་རྗེའི་གིང་ཡ་མ་རཱ་ཛ་མཐིང་ནག་ཐོད་སྦྲུལ་གྱི་རྒྱན་དང་གཡང་གཞི་ཅན་མེ་རླུང་གི་འཁོར་ལོ་བཟུང་སྟེ། བཛྭ་གཡང་གཞི་མ་རླུང་གི་ཞགས་པ་འཛིན་པ་དང་རྩེ་བ། ནུབ་ཏུ་གསོད་བྱེད་བདུད་ཀྱི་གིང་ད་ཤ་གྲྀ་བ་ཤ་ཤུ་དོམ་སླག་ཅན། ཁྲམ་ཤིང་དང་རྩིས་ཤོ་བསྣམས་ཏེ་བཛྭ་ད་ཤ་མ་ཆུའི་ཞགས་པ་འཛིན་པ་དང་རྩེ་བ། བྱང་དུ་ཟ་བྱེད་གནོད་སྦྱིན་གྱི་གིང་ཡཀྵ་ཀཱ་ལ་ལྗང་ན་འབྲུག་ཤུ་དང་གཟའ་སླག་ཅན། བེ་ཅོན་དང་སྤུ་གྲི་གཟུང་སྟེ་བཛྭ་ཕོར་ཐོགས་མ་སའི་ཞགས་པ་འཛིན་པ་དང་རྩེ་བ། ཕྱི་རོལ་དུ་བཀའ་ཉན་གྱི་གིང་ཕོ་མོ་བྱེ་བ་དུང་ཕྱུར་ཐམས་ཅད་ཀྱང་མི་སྡུག་པའི་གཟུགས་ཅིར་ཡང་བཛུ་ཞིང་མཚོན་ཆ་ཅི་ཡང་ཁྱེར་བ། བརྡ་མི་འཕྲོད་པ་གཤུགས་གླུ་འཐེན་ཞིང་སྲིད་པ་གསུམ་གྱི་སྲོག་ལ་རྒྱུག་པ། བླ་ལ་དགའ་བ་ཟས་སུ་མི་ཤ་དང་སྐོམ་དུ་མི་ཁྲག་དྲོན་མོ་འཐུང་པ། ལས་སུ་སྲོག་གཅོད་པ། དུས་མ་ཡིན་པའི་དུས་དང་། བསྐལ་པ་མིན་པའི་བསྐལ་པ་གཏོང་བ། གཏི་མུག་གི་རྨོངས་ཤིང་འདོད་ཆགས་ཀྱིས་གདུངས་པ། ཞེ་སྡང་གི་ཚིག་ཅིང་ང་རྒྱལ་གྱིས་བརྒྱལ་བ། ཕྲག་དོག་གིས་འཁྲུག་པ། འཇིག་རྟེན་གྱི་ལས་དང་རྒྱུ་རྐྱེན་དྲག་པོ་ལས་གྲུབ་པ་རྣམས་ཀྱི་གནས་བཞིར་ཛཿ ཐུགས་ཀར་ཧཱུྃ། ས་འོག་རིམ་པ་དགུའི་གཤིན་རྗེའི་ཁབ་དང་། རྩུབ་འགྱུར་གྱི་ཚལ། མཱ་ལ་ཡ༑ ཁྱད་པར་ལྷོ་ཕྱོགས་ཀྱི་དུར་ཁྲོད་འཇིགས་བྱེད་ཆེན་པོ་ཙ་རི་ཏྲ་ཅིག་ཅར་དཔལ་གྱི་ནགས་ལྗོངས། གཤིན་ཡུལ་དམེ་ནག་ནས་གཞི་བདག་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ཨ་ཀརྵ་ཡ་ཛཿཧཱུྃ༑ འཇམ་དཔལ་ཡ་མན་ཏ་ཀ་ཡི། །ཐུགས་ཀར་དཔལ་གྱི་བེའུ་ནང་། །སྲས་མཆོག་ཡ་མ་རཱ་ཙ་ཡིན། །ཁྲོ་བོ་རོལ་པས་ཚོགས་རྗེར་མཆོད། །ལུས་ཅན་ཀུན་གྱི་ལྟག་པ་ན། །ཉོན་མོངས་ལས་ལས་གྲུབ་པའི་གཤེད། །འཆི་བདག་ལས་ཀྱི་གཤིན་རྗེ་ཤར། །ཁམས་གསུམ་སེམས་ཅན་མ་ལུས་ཟ། །སྔོན་གྱི་རུ་ཏྲའི་འདོད་ཆགས་ཁྲག །ལེགས་ལྡན་ཉི་མའི་བུ་རུ་བཙས༑ །གཤིན་རྗེའི་ཁབ་ཀྱི་རྒྱལ་པོར་སྣང་། །གཟི་བརྗིད་ཆེན་པོའི་རྫུ་འཕྲུལ་འཆང་། །རྒྱལ་བས་བདུད་དགྲར་འོས་གཟིགས་ནས། །སྒྲོལ་གིང་ཆེན་པོར་དབར་བསྐུར་ཏེ། །གསང་སྔགས་དཀྱིལ་འཁོར་ཀུན་གྱི་ལྷོའི། །འཇིགས་བྱེད་དུར་ཁྲོད་ཙ་རིར་བཞག །རྩུབ་འགྱུར་ཚལ་དང་མཱ་ལ་ཡར། །མ་རུ་རྩེར་ཡང་བཛུ་བའི་འཁོར། །གཤན་པ་མ་ར་ཁྲག་སྐྱུག་སྡེ། །འཇིག་རྟེན་ཁམས་རྣམས་ཕུང་བར་བྱེད། །དེ་འདྲའི་ཆོ་འཕྲུལ་མི་ཟད་པས། །སངས་རྒྱས་བསྟན་པའི་གཉེར་མཛད་པའི། །ཅིག་ཅར་དམར་པོ་ཁྱོད་འབོད་ཀྱིས། །གཞི་བདག་འཁོར་བཅས་ད་ཚུར་བྱོན། །གཤིན་རིགས་གདུགས་པ་ཅན་གྱི་དྲུང་། །གཤིན་གྱི་རོ་ལོ་དམར་པོ་ཐད། །གཤིན་རྗེའི་བླ་མཚོ་ཁོལ་བའི་འགྲམ། །གཤིན་ལམ་རོ་ཁུང་འཇིགས་པའི་ཁྲོད། །ཐོད་པ་ཁྲག་མཚོས་བསྐོར་བའི་དབུས། །གྲུ་གསུམ་འབར་བའི་ཟངས་ཁར་ནང་། །རོ་མྱགས་སྤུ་གྲིས་གཏམས་པའི་གཞི། །མཐིང་ནག་འཁོར་ལོའི་དབུས་ནས་གཤེགས། །ཧཱུྃ༑ རྟེན་རྫས་ཚོགས་པ་དམ་ཚིག་གི །དཀྱིལ་འཁོར་ཆེན་པོའི་གནས་མཆོག་འདིར། །ཕྱོགས་སྐྱོང་ཆེན་པོ་འཁོར་བཅས་རྣམས། །བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཧཱུྃ། ཁྲག་འཐུང་རོལ་པའི་ནུས་པའི་དཔྱིད། །དཔའ་བོ་བདུད་དགྲ་བདུད་འདུལ་བའི། །གཤིན་རྗེའི་རྒྱལ་པོའི་འཁོར་བཅས་ལ། །དད་པས་བསྟོད་དེ་ཕྱག་འཚལ་ལོ། །བེ་ཅོན་ཅན་གྱི་ཕྱག་རྒྱ་བསྟན་ནས། ཧཱུྃ། ཁྱེའུ་སྔོན་པོ་དཔོན་སློབ་ཀྱིས། །རྡོ་རྗེ་བེ་ཅོན་བྱིན་པའི་དུས། །ཇི་ལྟར་ཁས་བླངས་དམ་བཅས་པ། །དེ་ལྟར་བསྐུལ་གྱིས་ས་མ་ཡ། །མཉམ་མེད་འབྲུག་པ་ཡབ་སྲས་ཀྱིས། །མ་མོའི་ཚོགས་དབུས་གཟིར་བའི་དུས། །ཇི་ལྟར་ཁས་བླངསྎ དེ་ལྟརྎ ད་ལྟ་སྔགས་འཆང་འཁོར་བཅས་ཀྱིས། །སྒྲུབ་ཅིང་མཆོད་པ་བྱེད་པའི་དུས། །ཇི་ལྟརྎ དེ་ལྟརྎ ཡ་མཱ་ར་ཙ་ས་མ་ཡ་ཧཱུྃ་ཕཊ྄། ཨོཾ་མཉྫྱུ་ཤྲཱི་ཡ་མན་ཏ་ཀ་མ་རུ་ཙེ་ཏེ་པ་ཏ་ཡེ་ཧཱུྃ། ལྷ་ཚོགས་དེ་དག་དྲེགས་པ་ཐམས་ཅད་རང་དབང་མེད་པར་བྲན་དུ་ཁོལ་བའི་བྱིན་དང་ལྡན་པ་བསམ་ལ། མཆོད་པ་ནི། ཧཱུྃ། རྔམ་པའི་མེ་ཏོག་ཆུ་རིགས་ཁྲུག །བདུག་པ་སྤོས་ཀྱི་ན་བུན་འཐུལ། །མི་བཟད་སྒྲོན་མེའི་གློག་ཁེམ་ལ། །བསད་པའི་དྲི་ཆུ་ཆར་དུ་བསྙིལ། །སྲེད་གདུང་ཞལ་ཟས་མྱུར་གུར་བསྐྱེད། །ཞུད་པའི་སྒྲ་ནི་འབྲུག་ཏུ་ལྡིར། །དེ་ལྟས་ཁྱོད་མཆོད་སྤྲིན་གྱི་འཕྲེང་། །མཐའ་ཀླས་ནམ་མཁའ་འགེངས་པར་རྩོམ། །གཟུགས་ཀྱི་མཚར་སྡུག་མིག་ལ་ངོམ༑ །སྒྲ་དབྱངས་སྙན་པོ་རྣ་བ་བླུགས། །བསུང་ཞིམ་ངད་པ་སྣ་ལ་འཐུལ། །མ་མཆུ་ལྕེ་ལ་བདུད་རྩིར་བཤམས། །རེག་འཇམ་ལུས་ལ་འཁྱུད་བྱར་གཉེར། །དེ་འདྲའི་འདོད་ཡོན་བུ་མོའི་སྡེ༑ །ཁྱོད་ཐུགས་འཕྲོག་པའི་གར་སྟབས་སྦྱོར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །སྦྱངས་རྟོགས་སྦར་བའི་བདུད་རྩིའི་སྨན། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །ཛ་གད་ཕུད་སྦྱར་གསེར་སྐྱེམས་འཐོར། །མཚོན་ཆ་ངར་མའི་རྣོ་འོད་ཀྱིས། །དགྲ་བགེགས་སྙིང་རྣམས་ཞུ་བ་བཞིན། །བསྒྲལ་བ་སྟོང་གི་ཁྲག་དམར་རྦ། །ཝུ་འཕྲེང་ཅན་གྱི་ཨརྒྷཾ་སྦྲེང་། །རི་དབང་ལྟ་བུར་ལྷུན་ཆགས་ཤིང་། །ཆུ་གཏེར་བཞིན་དུ་དཀྱིལ་ཆེ་ལ། །ཉི་ཟླ་འདྲ་བ་འོད་གསལ་བས། །འདོད་དགུར་སྣང་བྱེད་བ་ལིཾ་བཤམས། །རྣམ་ཀུན་མཆོག་གི་ཡུལ་གྱི་མཁར༑ །འགྱུར་མེད་སྙིང་རྗེའི་རྡོ་རྗེ་བསྲུབས། །ཁམས་གསུམ་འདོད་ཆགས་ཆེན་པོར་བསྒྱུར། །མཉམ་ཉིད་མཆོད་པའི་དཔྱིད་དུ་ཕུལ། །ཨོཾ་ཡ་མན་ཏ་ཀ་ཛ་ཁའི། ཡ་མ་རཱ་ཙ་ཧཱུྃ་ཁའི༑ གུ་ཡ་ཛྙྱཱ་ན་ཡུམ་ཁའི། ཡ་མ་ཡ་ཙ་ཁའི། མ་གཤིན་ཚོགས་ཀྱི་ཞལ་དུ་ཁའི། ལན་གསུམ་གྱིས་ཕུལ། ཧཱུྃ། འཇིག་རྟེན་ལྷོ་ཡི་ཕྱོགས་སྐྱོང་བ། །བདག་ཉིད་ཆེན་པོ་ཉི་མའི་བུ༑ །འདོད་པ་ཆགས་པའི་མགོན་པོ་སྟེ། །གཤིན་བུའི་རྗེ་བོ་ཆོས་ཀྱི་རྒྱལ། །སྐུ་ནི་ཤིན་ཏུ་ཁྲེད་པའི་བོངས། །དུས་ཀྱི་མེ་འདྲ་མདངས་ཀྱང་མཚུངས། །སྲིད་པ་གསུམ་ནི་ལྟོ་ན་ཆུག །རལ་པ་གཟིངས་པའི་གསེབ་རྣམས་ནས། །གཤིན་རྗེ་ཕོ་འབུམ་མོ་འབུམ་འགྱེད། །གདངས་པའི་སྤྱན་ཤངས་ཞལ་རྣམས་ལས། །དུས་མཐའི་མེ་རླུང་ཆུ་སྤྲོས་ནས། །དུས་མཐའི་མེ་རླུང་ཆུ་སྤྲོས་ནས། །འཇིག་རྟེན་ཁམས་རྣམས་འཇིག་པར་མཛད། །མཆེ་བཞིས་སྐྱེ་འགྲོའི་སྲོག་དབུགས་ཟ། །བ་སྤུ་མཚོན་ཆ་དུག་སྤྲིན་ལས། །དགྲ་ལ་དུས་མིན་སྐལ་ངན་འགྱེད། །བར་ན་འོད་ཀྱི་སྐར་མདའ་ལྟུང་། །ཁྲག་འཐུང་རོལ་པ་བདུད་དགྲར་སྟོན། །བསམ་གྱིས་མི་ཁྱབ་སྤྲུལ་པའི་དམག །རྡོ་རྗེ་བེ་ཅོན་ནང་དུ་རོལ། །འཕྱར་བས་བདུད་སྡེ་སྤ་བཀོང་ཞིང་། །བརྒྱབ་པས་ཐལ་བའི་རྡུལ་དུ་རློག །ང་ཆེ་ང་འཇིགས་སྙམ་པ་ཡི། །སྲིད་པའི་བདག་པོ་མ་ལུས་པ། །མ་ཚོར་འཆིང་བས་ཞགས་པས་འཛིན། །སྔར་སྤྱོད་མ་འདྲེས་ཀུན་སྣང་བའི། །ལས་ཀྱི་མེ་ལོང་ཐུགས་ཀའི་རྒྱན། །ཕས་ཀྱི་རིག་སྔགས་སྲེག་པའི་མེ། །བེར་གྱོན་རིན་ཆེན་སྐ་རགས་བཅིངས། །སྲིད་པ་བཀོས་ལ་འདེབས་པ་ཡི། །ཁྲམ་ཤིང་ཆེན་པོ་སྐེད་དུ་གཟེར། །ཤོ་ཡི་སྡེ་སྣོད་གློ་ལ་བཅངས། །དགྲ་བགེགས་དམག་ཚོགས་ཀུན་གཏོར་བའི། །རླུང་ནག་འཁྲུག་པའི་སློག་པ་གསོལ། །རྒྱལ་བ་རིགས་ལྔའི་བདག་ཉིད་ཀྱི། །ཐོད་པ་ལྔས་ནི་ཅོད་པན་མཛད། །དགྲ་མགོ་སྙིང་གི་དོ་ཤལ་ཅན། །གདུག་པ་ཅན་གྱི་ལྟོས་འགྲོ་དང་། །གར་གོས་རྒྱན་གྱི་འཕྲེང་བར་བསྲེལ། །ལྗགས་འདྲིལ་མཱ་ར་ཡ་བསྒྲགས་པས། །ཁམས་གསུམ་སྲིད་པ་བརྡེག་ཅིང་འགུལ། །བདུད་རྒྱལ་ས་འཛིན་འཁོར་བཅས་བྲེད། །ལྷག་པར་སྔངས་ཏེ་བུབ་པའི་ཁར། །གཡས་བསྐུམ་གཡོན་བརྐྱང་རོལ་པས་བཞུགས། །ནད་དང་དམོད་པ་ཅི་ཡང་གིས། །སྲིད་པ་ཕུང་བྱེད་མ་མོའི་གཙོ། །བདུད་ཀྱི་བུ་མོ་མགོ་འཕྱང་མ། །དམར་མོ་ཙཱ་མུཎྜྻི་དང་རོལ། །ཁྱོད་ཀྱི་ཤར་ནས་འགུགས་བྱེད་གིང་། །པྲ་མ་ར་ཙ་སྲིན་པོའི་རྒྱལ། །ཡ་བྱིན་མ་དང་ལྷན་ཅིག་རྩེ། །སྲིན་པོའི་དམག་གིས་དགྲ་བོ་འཇོམས། །ཁྱོད་ཀྱི་ལྷོ་ནས་འཆིང་བྱེད་གིང་། །ཡ་མ་རཱ་ཙ་གཤིན་རྗེའི་རྒྱལ། །དེ་བྱིན་མ་དང་ལྷན་ཅིག་རྩེ། །གཤིན་རྗེའི་དམག་གིསྎ ཁྱོད་ཀྱི་ནུབ་ནས་གསོད་བྱེད་གིང་། །ད་ཤ་གྲྀ་བ་བདུད་ཀྱི་རྒྱལ། །སེ་བྱིན་མ་དང་ལྷན་ཅིག་རྩེ། །བདུད་ཀྱི་དམག་གིསྎ ཁྱོད་ཀྱི་བྱང་ནས་ཟ་བྱེད་གིང་། །ཡཀྵ་ཀཱ་ལ་གནོད་སྦྱིན་རྒྱལ། །ཕག་བྱིན་མ་དང་ལྷན་ཅིག་རྩེ། །གནོད་སྦྱིན་དམག་གིསྎ བཀའ་ཉན་ལས་བྱེད་ཕོ་མོའི་གིང་། །བྱེ་བ་དུང་ཕྱུར་ཞུད་པའི་གཟུགས། །ཆ་བྱད་མཚོན་ཆ་སྲིད་དགུ་ཡིས། །བདུད་དང་དགྲ་བགེགས་འཇོམས་པ་མཛད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་སྲུངས་ཁྱོད་ལ་བདག་ཅག་གིས། །བསྟོད་པའི་དམ་པ་བསྟོད་ལགས་ཀྱིས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ཧཱུྃ། དེ་རིང་སྔགས་འཆང་བདག་གིས་ནི། །བྱད་མ་རང་ལ་རང་གྲུབ་པའི། །འཆི་བདག་གཤིན་རྗེ་ཁྱོད་བསྐུལ་གྱིས། །བཞེངས་ཤིག་དེ་ཡི་ལྟག་པ་ནས། །དམར་ནག་འབར་བའི་འཕྲེང་བར་འཁྲུག །གཏུམ་པོ་མ་རུང་མ་ཧེའི་མགོ །མི་བཟད་རྣོ་བའི་མཆེ་གཙིགས་ཞལ། །ལུས་ཅན་ཀུན་གྱི་སྲོག་དབུགས་ཟ། །ལྗགས་དྲིལ་གད་རྒྱངས་འབྲུག་ཏུ་ལྡིར༑ །སྤྱན་གསུམ་དམར་པོའི་གློག་འཁྱུག་པས། །སྨ་ར་སྨིན་མ་སྐམ་སྐམ་འབར། །ཁམ་ནག་རལ་པའི་སྤྲིན་གཏིབས་ནས། །གཤིན་རྗེ་འབུམ་ནི་ཆར་དུ་འབེབས། །འབར་བའི་རྭ་ཅོའི་གནམ་ལྕགས་ལྕེས། །སྲིད་པ་གསུམ་གྱི་ལྟོ་བ་འབིགས། །དཔའ་ཞིང་རཏལ་ཕོད་སྒེག་པའི་སྐུ། །བ་སྤུ་ཁུང་ནས་དུག་རླངས་ཁོལ། །ཕོ་ཉ་ཞུད་ཅན་འཁྱུག་ཏུ་འགྱེད། །རྣོ་བའི་རལ་གྲི་མཁའ་ལ་འཕྱར། །དགྲ་བགེགས་ཀུན་གྱི་སྐེ་ཐག་གཅོད། །ཁྲག་ཞགས་ཀླད་མཚོ་ཐོད་པར་འཐུང་། །གཅིར་བུ་རྒྱན་མེད་རྟགས་བསྒྲེང་བ། །དོ་ནུབ་སྡང་བའི་དགྲ་ལ་རྦད། །སྲོག་ཟོ་དབུགས་འགོམས་བླ་ཁྱེར་ནས། །དྲེགས་པ་ཀུན་གྱི་མིག་ལ་ངོམ། །ལུས་ངག་ཡིད་གསུམ་ཐལ་བར་རློག །དོ་ནུབ་གནོད་པའི་བགེགས་ལ་བྷྱོ། །བྱད་མའི་སྤྱི་བོར་འཐོམས་པའི་གཤེགས༑ །ང་རྒྱལ་གཤིན་རྗེ་དུད་འགྲོའི་རྒྱལ། །མཐིང་ནག་དུ་ར་ཕག་པའི་མགོ །གཏུན་ཤིང་ཁྲམ་བཾ་འཛིན་ཅིང་རྔམ། །གཅེར་བུ་རྒྱན་མེདྎ དོ་ནུབ་སྡང་བའིྎ སྲོག་ཟོ་དབུགསྎ དྲེགས་པ་ཀུནྎ ལུས་ངག་ཡིདྎ དོ་ནུབ་གནོདྎ བྱད་མའི་མགྲིན་པར་གསོད་པའི་གཤེད། །དམར་ནག་ཨ་བ་གླང་གི་མགོ །ཐོ་བ་མེ་དཔུང་འཛིན་ཞིང་ཧབ། །གཅེར་བུྎ དོ་ནུབྎ སྲོགྎ དྲེགསྎ ལུསྎ དོ་ནུབ་གནོདྎ བྱད་མའི་སྙིང་གར་སྲོག་གི་གཤེད། །ལྗང་ནག་གདུག་པ་སྦྲུལ་གྱི་མགོ །བེ་ཅོན་ཞགས་པ་འཛིན་ཞིང་དུངས། །གཅེརྎ དོྎ སྲོགྎ དྲེགསྎ ལུསྎ དོ་ནུབ་གནོད་པའིྎ བྱད་མའི་ལྟེ་བ་གཅོད་པའི་གཤེད། །སེར་ནག་རྨེ་ཙེ་ཁྲ་ཡི་མགོ །བསེ་མདུང་ཞགས་པ་བཟུང་ནས་གཟིར། །གཅིར་བུ་རྒྱན་མེད་རྟགས་བསྒྲེང་བ། །དོ་ནུབ་སྡང་བའི་དགྲ་ལ་རྦད། །སྲོག་ཟོ་དབུགས་འགོམས་བླ་ཁྱེར་ནས། །དྲེགས་པ་ཀུན་གྱི་མི་ལ་ངོམ། །ལུས་ངག་ཡིད་གསུམ་ཐལ་བར་རློག །དོ་ནུབ་གནོད་པའི་བགེགས་ལ་བྷྱོ། །ཧཱུྃ། ཤིན་ཏུ་མྱུར་བའི་ལས་མཛད་ཚེ། །ལོ་བརྒྱད་ཁྱེའུ་ཁྲག་གི་མདོག །ཐུང་ལ་གེལ་ཞིང་འཇིགས་པའི་སྐུ། །ཤ་རལ་དམར་པོས་གཉའ་བ་བཀབ། །གསེབ་ནས་དུག་སྦྲུལ་སྡོམ་སྡིག་འགྱེད། །མཛེ་རིགས་བཅོ་བརྒྱད་ཆར་དུ་འབེབས། །ཁྲོ་གཉེར་བསྡུས་ཤིང་ཨམ་གཙིགས་བསྡམས། །སྤྱན་དམར་སྡང་བའི་ཡུལ་དུ་གཟིར། །གནམ་རུ་བདུང་ཞིང་ལྕགས་མདའ་འཕེན། །མེ་དང་རླུང་གི་སླག་པ་གྱོན། །ཆུ་གླང་དམར་པོ་སྨྱོན་པ་ཆིབས། །འདྲེ་སྲིན་གཤན་པ་ཞུབ་ཅན་ནི། །སྣ་ཚོགས་མཚོན་ཆ་ཐོད་པས་བསྐོར། །སྲིད་པ་གསུམ་གྱི་སྲོག་ལ་རྒྱུག །མི་ཤ་དམར་པོ་རྗེན་པ་ཟ། །མི་ཁྲག་དྲོན་མོ་སྐོམ་དུ་འཐུང་། །ས་གཞི་གོམ་པ་གཅིག་གིས་ནོན། །སྟོང་གསུམ་སྐད་ཅིག་ཡུད་ཀྱིས་འཁོར། །ཞུད་པའི་གཟུགས་བརྙན་ཀུན་ཏུ་བརྫུ། །སུས་ཀྱང་མི་ཐུབ་དྲག་ཤུལ་ཅན། །དོ་ནུབ་རྣལ་འབྱོར་ངས་བསྐུལ་གྱིས། །དམ་ཚིག་ཉམས་པའི་དགྲ་ལ་རྒྱུག །ཞག་དང་ཟ་མར་གཞོག་མི་རིགས། །མྱར་དུ་སྒྲོལ་ཅིག་ས་མ་ཡ། །དེ་ནས་མན་ངག་བཞིན་དུ་བསྙེན་སྒྲུབ་བྱས་ལ། དངོས་གྲུབ་བླང་བ་ནི། གཙོ་བོ་ཡབ་ཡུམ་དགྱེས་པར་བསྙེན་ལགས་པས། །ཁམས་གསུམ་དབང་སྡུད་སྲིད་གསུམ་བྲན་དུ་ཁོལ། །ཞི་རྒྱས་དབང་དྲག་བསམ་གྱིས་མི་ཁྱབ་པའི། །འཕྲིན་ལས་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། །སྐུ་ཡི་སྤྲུལ་པ་པྲ་མ་རཱ་ཙ་དེ། །སྐྱེ་འགྲོ་ཡོངས་ཀྱི་སྲིད་ལ་མངའ་མཛད་པས། །སྣང་སྲིད་ལོ་ཀའི་དཔལ་རྣམས་ཀུན་བསྡུས་ལ། །སློབ་བརྒྱུད་ཕྱོགས་བཅུར་རྒྱས་པའི་དངོས་གྲུབ་སྩོལ། །ཡོན་ཏན་སྤྲུལ་པ་ཡ་མ་རཱ་ཙ་དེ། །སྐྱེ་འགྲོ་ཀུན་གྱི་ཚེ་དཔལ་བདག་པོ་ཡིན། །སྲིད་པ་གསུམ་གྱི་ཚེ་རྣམས་ཀུན་བསྡུས། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །གསུང་གི་སྤྲུལ་པ་ད་ཤ་གྲྀ་བ་དེ༑ །སྐྱེ་འགྲོ་རྣམས་ཀྱི་སྲོག་ལ་དབང་བསྒྱུར་བས། གནོད་བྱེད་དགྲ་བགེགས་མ་ལུས་ཚར་བཅད་དེ། །དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཐུགས་ཀྱི་སྤྲུལ་པ་ཡཀྵ་ཀཱ་ལ་དེ། །འཇིག་རྟེན་ཁམས་ཀྱི་གཏེར་བདག་ཆེན་པོ་ལགས། །ཟས་ནོར་ལོངས་སྤྱོད་མ་ལུས་དབང་བསྡུས་ནས། །ཕུན་ཚོགས་འབྱོར་པ་རྒྱས་པའི་དངོས་གྲུབ་སྩོལ། །འཕྲིན་ལས་སྤྲུལ་པ་སྲིང་མོ་ཆེན་མོ་བཞི། །འཇིག་རྟེན་ཀུན་ལ་ཐོགས་མེད་དབང་མཛད་དེ། །མངོན་ཤེས་རྐང་མགྱོགས་རིག་འཛིན་བཅུད་ལེན་སོགས། །ཐུན་མོང་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །དེ་ནས་ཚོགས་བསངས་སྦྱངས། གོང་བཞིན་བྱིན་གྱིས་བརླབས་ཏེ། དང་པོ་མཆོད། བར་པ་བཤགས། ཐ་མ་གདབ་པ་དེ་ལྟར་དུ་བྱ་སྟེ། ཧཱུྃ། ལྷ་དང་མི་ཡི་འཇིག་རྟེན་ན། །རོ་བཅུད་དྲི་མདངས་རྨད་བྱུང་བའི། །བཟའ་དང་བཏུང་བ་བལྡག་གཞིབ་ཀྱིས། །ཚོགས་མཆོད་བསམ་གྱིས་མི་ཁྱབ་པ། །གཞི་བདག་ལས་ཀྱི་གཤིན་རྗེར་འབུལ། །བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱའི། །བཙུན་མོ་ཙཱ་མུཎྜྻི་ལ་འབུལ། །བཞེས་ཤིགྎ བློན་པོ་གིང་ཆེན་བཞི་ལ་འབུལ། །བཞེས་ཤིགྎ སྲིང་མོ་བལ་མོ་བཞི་ལ་འབུལ། །བཞེས་ཤིགྎ བཀའ་ཉན་གིང་ཚོགས་ཡོངས་ལ་འབུལ༑ །བཞེས་ཤིགྎ བར་མ་བཤགས་པ་འབུལ་བ་ནི། །བདག་ཅག་མི་ཤེས་གཏི་མུག་པའི། །དབང་གི་ཆོས་ཀྱི་རྒྱལ་པོ་ཁྱོད། །འཁོར་བཅས་ཐུགས་ལ་མི་འཕྲོད་པ། །ཅི་བགྱིས་དེ་ལ་གནོང་ཞིང་འགྱོད། །འོན་ཀྱང་ཤད་ཀྱིས་སྦྱངས་པས་འདག །དེ་ཕྱིར་ཁྱོད་མདུན་མཐོལ་ཞིང་བཤགས། །ཕྱིན་ཆད་མི་བགྱིད་སྡོམ་པར་འཚལ། །ཁྲོ་དང་འཁང་བ་ད་མ་མཛད། །ཐ་མ་བདག་ལས་ནི། ཧོཿགནམ་ལྕགས་གྲུབ་པའི་འབྲུབ་ཁུང་འཇིགས་ཤིང་སྐྱི་གཡའ་བའི་ནང་དུ། ལྷྭནྲྀ་ཏྲི་ལས་གནོད་བྱེད་འབྱུང་པོ་ཉམ་ཆུང་ཞིང་ལུས་འདར་བ། །མྱ་ངན་གྱི་ཕྱག་རྒྱ་ཅན་ངག་ཏུ་སིད་ཀྱི་སྒྲ་སྒྲོག་པ། མིག་ནས་མཆི་མ་འཛག་ཅིང་བུ་ག་དགུ་ནས་རྣག་ཁྲག་འཛག་པ། །ལུས་ལ་རྨ་དང་ཕོལ་མིག་གིས་གང་བ། བཤང་གཅི་འཆོར་བ་མགོན་སྐྱབས་དང་བྲལ་བར་གྱུར། །ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱསྎ ཆོས་ཀྱིྎ དགེ་འདུནྎ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་གཞི་བདག་ཆེན་པོ་ལས་ཀྱི་གཤིན་རྗེ་ཡབ་ཡུམ་བློན་པོ་བཀའ་ཉན་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། །སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ། མཆེད་ལྕམ་དྲལ་གྱི་སྡང་དགྲ། སེམས་ཅན་ཡོངས་ལ་འཚེ་བ། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་སྦྱིན་པའི་བདག་པོ་རྣམས་ལེགས་ན་མི་དགའ་བ། ཉེས་ན་དགའ་བ། མཐོ་ན་མི་དགའ་བ། དམའ་ན་དགའ་བ། མགོ་ཐོག་གི་གཡམ་པ། རྐང་འོག་གི་རྡེའུ་བྱེད་པ། ཁོག་ཏུ་འབུ་ལྟར་གཡེང་བ། ཁ་འོ་མ་ལས་འཇམ་པ། སྙིང་ཚེར་མ་ལས་རྩུབ་པ། ཕོད་འཛུགས་པ། དོ་བསྡོ་བ། ཡིད་གནག་པ། རུ་འཕྱར་བར་བྱེད་པའི་དགྲ་བོ༑ །བྱད་མ་གནོད་བྱེད། བགེགས་གདོན་གང་ཡིན་པ་དེ་ཐམས་ཅད་སྟེང་འོག་ཕྱོགས་མཚམས་སྲིད་པ་གསུམ་ག་ན་གནས་ཀྱང་རང་དབང་མེད་པར་སྐད་ཅིག་ཡུད་ཅིག་ཐང་ཅིག་ལ་འདིར་ཁུག་ཅིག སརྦ་ཤ་ཏྲུཾ་བིགྣཱན་ཨཱ་ཀརྵ་ཡ་ཛཿབཛྭ་ཨངྐུ་ཤ་ཛཿབཛྭ་པཱ་ཤ་ཧཱུྃ། བཛྭ་ཀྵྨྱོ་ཊ་བཾ། བཛྭ་ཨཱ་བེ་ཤ་ཡ་ཨ། ཧཱུྃ། ཤར་ནས་འགུགས་བྱེད་གིང་ཆེན་པོ། །སྲིན་པོ་འབུམ་སྡེ་ཕོ་ཉར་ཁྱེ༑ །སྡིག་ཅན་བསྟན་པའི་དགྲ་བོ་འདི། །རྟེན་ལ་ཁུག་ཅིག་ཤ་ཏྲཱུཾ་ཛཿ ལྷོ་ནས་འཆིང་བྱེད་གིང་ཆེན་པོ། །གཤིན་རྗེ་འབུམ་སྡེྎ མི་བཟད་རྡོ་རྗེའི་ཞགས་པ་ཡིས། །ཆིངས་ཤིག་སྡོམས་ཤིག་བནྡྷ་ཡ། །ནུབ་ནས་གསོད་བྱེད་གིང་ཆེན་པོ། །བདུད་པོྎ མི་བཟད་མཚོན་ཆའི་ཆར་ཕོབ་ལ། །མྱུར་དུ་སོད་ཅིག་མཱ་རཱ་ཡ། །བྱང་ནས་ཟ་བྱེད་གིང་ཆེན་པོ། །གནོད་སྦྱིནྎ བསྒྲལ་ནས་ལས་གཤིན་འཁོར་བཅས་ཀྱི། །ཞལ་དུ་སྟོབ་ཅིག་ཁ་རཾ་ཁཱའི། །དམ་ཉམས་དགྲ་བགེགས་འདི་ཞེས་པའི། །གཏི་མུག་ཤ་དང་འདོད་ཆགས་ཁྲག །ཞེ་སྡང་རུས་དང་ང་རྒྱལ་ཞག །ཕྲག་དོག་ནང་རོལ་མཆོད་པར་འབུལ། །ཧཱུྃ། རྭ་བརྡར་རྨིག་པ་ས་ལ་རྡེབ། །རྔ་མ་སློང་ཞིང་ཁ་རླངས་མེ། །ངར་སྐད་ས་གཞིས་བཟོད་དཀའ་བའི། །གླང་དམར་གཡག་གིས་ཐུགས་དམ་བསྐང་། །མཆུ་སྡེར་ཞུད་པའི་མ་རུངས་བྱ། །ཤ་ལ་གཞུངས་ཤིང་ལྡིང་རྣམས་དང་། །སྲོག་གཅོད་མཚོན་ཆ་ཁར་བསྲེལ་པའི། །གཅན་གཟན་གཏུམ་དགུསྎ ཁྲག་སྣའི་ཨརྒྷཾ་གསུར་གྱི་དུད། །གསེར་སྐྱེམས་གཏོར་མ་ཤ་ཁྲག་རུས། །མར་སྦྲང་འོ་མ་ལ་སོགས་པའི། །དགྱེས་པའི་མཆོད་པསྎ གང་གིས་མི་ཚུགས་སྲ་བའི་གོ །ཅིས་ཀྱང་མི་ཐུབ་རྣོ་བའི་མཚོན། །རྩུབ་འགྱུར་ཚལ་དུ་བཤམས་པ་ལྟའི། །སྤྱན་གཟིགས་རྒྱ་མཚོསྎ ས་འོག་ཡིད་དགའི་ནོར་བུས་གཏམས། །ས་གཞིར་རྒྱལ་སྲིད་སྣ་བདུན་བསྟར༑ །ས་བླར་བཀྲ་ཤིས་རྫས་འཁྲིགས་པའི། །འདོད་ཡོན་ཀུན་གྱིསྎ བདུད་བཅོམ་ཆུ་སྲིན་རྒྱལ་མཚན་བསྒྲེང་། །འཕྱར་དར་བ་དན་རིན་ཆེན་གདུགས། །དྲ་བ་དྲ་ཕྱེད་མདའ་དར་དང་༑ །ལྷབ་ལྷུབ་ལྡ་ལྡིསྎ ཐོད་ཚལ་རས་ལ་བྲིས་པ་དང་། །དུར་ཁྲོད་ས་ལ་བྱས་པའི་སྐུ །རབས་ཆད་ཐོད་པར་རང་བྱུང་བའི། །བླ་རྡོའི་ཚོགས་ཀྱིསྎ ཤིར་ཤིང་ཐོག་ཤིང་བེ་དང་སིང་༑ །སྐྱེར་པའི་བེ་ཅོན་ཕུར་བུ་དང་། །རུ་མཚོན་རལ་གྲི་མདའ་གཞུ་སོགས། །རྟེན་རྫས་ཡོངས་ཀྱིསྎ ལྷ་བསྐྱེད་སྔགས་བཟླས་ཏིང་འཛིན་གསལ། །དང་པོར་མ་བཀྲེས་བར་མ་སུན༑ །ཐ་མར་མ་སྐྱེངས་མ་ཁེངས་པའི། །དམ་ཚིག་གཉན་པོས་ཐུགས་དམ་བསྐངས། །ཡ་མ་རཱ་ཙ་ས་པ་ཝཱ་རེ་གཙྪ་ཅེས་པས་རྟེན་རྣམས་རང་གནས་སུ་གཤེགས་སུ་གསོལ། །དྲག་པོའི་ལས་ལ་བསྐུལ་བ་ནི། །ཧཱུྃ། སྐྱེ་འགྲོ་སྒྲོལ་བའི་གིང་ཆེན་པོ། །འཆི་བདག་ལས་ཀྱི་གཤིན་རྗེ་ཁྱོད། །དྲག་པོའི་ལས་ལ་བསྐྱོད་པའི་ཚེ། །ཟས་སྐོམ་མི་ཤ་མི་ཁྲག་སྟེ། །སྐུ་ནི་སྲིད་པའི་ཟོམ་དང་མཉམ། །འཇིག་རྟེན་གསུམ་ནི་ལྟེ་བར་འཛུད། །མཐོང་ཚད་ཁྲག་ཏུ་སྐྱུགས་ནས་འཆི། །ཁམས་གསུམ་ཟ་བྱེད་མཐུ་བོ་ཆེ། །གསུང་ནི་དྲག་སྔགས་དམོད་པ་སྟེ། །ཐོས་ཚད་སྔངས་ཤིང་སྐྲག་པས་བརྒྱལ། །གཞན་གྱི་ལས་རྣམས་འཇོམས་པ་དང་། །གནོད་བྱེད་ཐམས་ཅད་བརླག་པར་བྱེད། །ཐུགས་ནི་འཁོར་འདས་ཀུན་གྱི་གཞི། །ཆོས་ཉིད་སྐྱེ་བ་མེད་པའི་རྩལ༑ །མ་རུངས་བདུད་འདུལ་ལས་ལ་རྔམ། །བཅོལ་བའི་ཕྲིན་ལས་ཐམས་ཅད་བསྒྲུབ། །ཕྱག་ན་འཇིགས་པའི་མཚོན་ཆ་ཀུན། །དགྲ་དང་བགེགས་ཀྱི་སྟེང་དུ་འཕང་། །བརྒྱབ་ཚད་ཕོག་ཅིང་ཕོག་ཚད་འཆི། །མིང་ཙམ་མིན་པའི་ལྷག་མི་འཇོག །འཇིག་རྟེན་གོམ་པ་གསུམ་གྱིས་གནོན། །ཞབས་བརྡབས་གནམ་ས་ས་འོག་ལྡེག །སྲོག་ཆགས་གདུག་པ་ཅན་ལའང་ཆིབས༑ །སྣང་སྲིད་ཐམས་ཅད་དབང་དུ་སྡུད། །དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན། །འཇིགས་བྱེད་གཤིན་རྗེ་གཤེད་པོའི་འཕྲུལ། །སྤྲུལ་པ་མ་ཧེའི་གདོང་བརྙན་ཅན། །ཉིང་འཕྲུལ་སྒྲོལ་གིང་ཆེན་པོར་སྟོན། །ཕོ་བརྒྱུད་ཐམས་ཅད་ཁྱོད་ཀྱི་འཁོར། །མི་བཟད་དམག་དཔུང་དགྲ་ལ་ཁྱེ། །ཡུལ་འཁོར་ནོར་རྫས་བརླག་པར་གྱིས། །མི་བརྒྱུད་ཆོད་ལ་སྲོག་དབུགས་གསོལ། །ཁྱོད་དང་སྦྱོར་བ་བྱེད་པའི་ཡུམ། །འཇིག་རྟེན་ཁམས་ཀྱི་མཐུ་བོ་ཆེ། །མ་མོའི་དབུས་ན་དབང་བསྒྱུར་མ། །ཕུང་བྱེད་ཆེན་མོ་ཙཱ་མུཎྜྻི། །སྔགས་བདག་ཨེ་ཀ་ཛ་ཊཱིའི་འཕྲུལ། །སྤྲུལ་པ་དམར་མོ་ཙཎྜྻི་ཀ །ཉིང་འཕྲུལ་སྲིད་པའི་རྒྱལ་མོར་སྟོན། །མོ་བརྒྱུད་ཐམས་ཅདྎ མི་བཟད་དམགྎ ཡུལ་འཁོར་ནོརྎ མི་བརྒྱུད་ཆོདྎ ཁྱོད་ཀྱི་ཤར་ཕྱོགས་བློན་པོ་ནི། །པྲ་མ་ར་ཙ་མཐུ་བོ་ཆེ། །ཐམས་ཅད་འགུགས་པའི་གིང་ཆེན་པོ། །ལངྐའི་བདག་པོ་འཆར་ཀའི་འཕྲུལ། །སྤྲུལ་པ་གཟའ་བདུད་རཱ་ཧུ་ལ། །ཉིང་འཕྲུལ་མོན་བུ་ཀེ་ཏར་སྟོན། །སྲིན་པོ་ཐམསྎ མི་བཟདྎ ཡུལ་འཁོར་ནོརྎ མི་བརྒྱུདྎ ཁྱོད་ཀྱི་ལྷོ་ཕྱོགས་བློན་པོ་ནི། །ཡ་མ་རཱ་ཙ་དྲེགས་པ་ཅན། །ཐམས་ཅད་འཆིང་བྱེད་གིང་ཆེན་པོ། །ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་འཕྲུལ། །སྤྲུལ་པ་གཤིན་རྗེ་མ་རུ་ཙེ། །ཉིང་འཕྲུལ་གནོད་སྦྱིན་བེག་རྩེར་སྟོན། །གཤིན་རྗེ་ཐམས་ཅདྎ མི་བཟདྎ ཡུལ་འཁོརྎ མི་བརྒྱུདྎ ཁྱོད་ཀྱི་ནུབ་ཕྱོགས་བློན་པོ་ནི། །ད་ཤ་གྲྀ་བ་དྲག་ཤུལ་ཅན། །ཐམས་ཅད་གསོད་བྱེད་གིང་ཆེན་པོ། །རྟ་ནག་དྲེགས་པ་ཆེན་པོའི་འཕྲུལ། །སྤྲུལ་པ་ཏྲག་ཤད་ནག་པོ་སྟེ། །ཉིང་འཕྲུལ་རྒྱལ་པོ་སྐུ་ལྔར་སྟོན། །བདུད་པོ་ཐམས་ཅདྎ མི་བཟདྎ ཡུལ་འཁོརྎ མི་བརྒྱུདྎ ཁྱོད་ཀྱི་བྱང་ཕྱོགས་བློན་པོ་ནི། །ཡཀྵ་ཀཱ་ལོ་སྟོབས་པོ་ཆེ། །ཐམས་ཅད་ཟ་བྱེད་གིང་ཆེན་པོ། །རྒྱལ་ཆེན་ངལ་བསོས་པོ་ཡི་འཕྲུལ། །སྤྲུལ་པ་རྡོ་རྗེ་བདུད་འདུལ་ཏེ། །ཉིང་འཕྲུལ་ཡང་ལེ་བེར་དུ་སྟོན། །གནོད་སྦྱིན་ཐམས་ཅདྎ མི་བཟདྎ ཡུལ་འཁོརྎ མི་བརྒྱུདྎ བློན་པོ་བཞི་ནི་རོལ་པའི་ཡུམ། །རྡོ་རྗེ་ཕུར་མོ་དབང་མོ་དང་། །རྩལ་མོ་སྟོབས་མོ་མཆེད་བཞི་སྟེ། །ནད་གདོན་བགེགས་དང་ལྟས་ངན་དང་། །གློ་བུར་ཡེ་འབྲོག་བདག་མོ་སྟེ༑ །རེ་ཏི་ཆེན་མོ་མཆེད་བཞིའི་འཕྲུལ། །སྤྲུལ་པ་སྲིང་མོ་བཞི་པོ་སྟེ། །ཉིང་འཕྲུལ་གདོང་མོ་བཞི་རུ་སྟོན། །ཕྲ་མེན་མ་མོ་ཐམས་ཅད་འཁོར། །མི་བཟདྎ ཡུལ་འཁོརྎ མི་བརྒྱུདྎ གཞན་ཡང་འཇིག་རྟེན་ཁྱབ་པའི་གིང་། །གློག་ཁེམ་ཙམ་གྱི་ཡུན་ཚད་ལ། །སྟོང་གསུམ་ཆེན་པོའི་འཇིག་རྟེན་མྱུལ། །སྲིད་གསུམ་སྲོག་གི་གཤན་པ་སྟེ། །གཏུམ་པོ་མཚོན་ཆའི་འཕྲུལ་འཁོར་མཁན། །སྡིག་དང་ཉོན་མོངས་དྲག་པོའི་འཕྲུལ། །སྤྲུལ་པ་དྲེགས་པ་བཅོ་བརྒྱད་པོ། །ཉིང་འཕྲུལ་ལས་བྱེད་སྡེ་བརྒྱད་སྟོན། །མཐོང་ན་སྐྱི་བུང་ཐམས་ཅད་འཁོར། །མི་བཟད་དམག་དཔུང་དགྲ་ལ་ཁྱེ། །ཡུལ་འཁོར་ནོར་རྫས་རླག་པར་གྱིས། །མི་བརྒྱུད་ཆོད་ལ་སྲོག་དབུགས་གསོལ། །དཔུང་བསྐྱེད་པ་ནི། ཧཱུྃ། ལེགས་ལྡན་འདོད་ཆགས་མགོན་པོ་ཡི། །རྡོ་རྗེའི་བེ་ཅོན་ཁོང་སེང་ནས། །སྤྲུལ་པའི་དམག་ཚོགས་བརྡོལ་བ་ནི། །འཇིག་རྟེན་ཁམས་ཀྱི་རྡུལ་སྙེད་དེ། །སྟོང་ནས་དབྱིངས་ཀྱི་ཁྲོ་བོའི་རྒྱལ། །འཇིགས་བྱེད་ཁྲག་འཐུང་རོལ་པའི་ཚོགས། །ཁྲོས་པའི་གར་འཆམས་ཅི་ཡང་གིས། །དགྲ་བོ་བསྒྲལ་བའི་ཕུང་ཁམས་སྐྱེ། །ཚོགས་ཀྱི་འཁོར་ལོར་རོལ་ནས་སུ། །རྣམ་ཤེས་ཡེ་ཤེས་བླ་མར་བསྒྱུར༑ །བར་ནས་ལས་མཛད་སྡེ་བརྒྱད་དམག །མཐོང་ན་དྲིད་དགུ་ཅིར་ཡང་བརྫུ། །མི་ཤིག་རྡོ་རྗེའི་གོ་གྱོན་ཏེ། །མཐུ་སྟོབས་མཚོན་ཆ་ཐོགས་ནས་སུ། །བདུད་སྡེ་གཡུལ་ངོར་རླག་པར་བྱེད། །འོག་ནས་དམྱལ་སྲུང་གཤན་པའི་དམག །ཉོན་མོངས་དུག་གི་ངར་མ་རྣམས། །དགྲ་སྲོག་གཅོད་པའི་གཤེད་དུ་ཆས། ས་འོག་ས་གཞི་ས་སྟེང་གར། །དགྲ་བགེགས་བླ་འཁྱམས་རྗེས་བསྙེགས་ཏེ། །བསད་ནས་ཤ་དམར་རྗེན་པར་ཟ། །ཁྲག་རྒྱུན་དམར་པོ་ཧུབ་ཀྱིས་འཐུང་། །གཙང་རིས་མགོན་པོ་བདུན་ཅུ་ལྔའི། །དཔུང་ཚོགས་ཆེན་པོས་ནམ་མཁའ་བཀང་༑ །དྲེགས་པའི་བདག་པོ་བཅོ་བརྒྱད་ནི། །སྡེར་བཅས་ཞུབ་གྱོན་ས་ལ་ཚོགས། །ཀུན་ཀྱང་དུས་གསུམ་སངས་རྒྱས་ཀྱི། །བྱིན་རླབས་ནུས་པའི་བྱིན་དང་ལྡན། །དེ་ཕྱིར་སུས་ཀྱང་མི་ཐུབ་སྟེ། །དགའ་རབ་དབང་ཕྱུག་བཙུན་མོ་དང་། །བློན་པོ་བཞིར་བཅས་དྲེགས་པའི་མཐུ། །མ་ལུས་ཁྱེད་ཀྱིས་བརླག་པར་བྱེད། །དོ་ནུབ་བདུད་ཀྱི་གཤེད་དུ་བསྐུལ། །དོ་ནུབ་སྡང་བའི་དགྲ་ལ་རྦད། །དགྲ་བོའི་ཁང་པར་དམག་སྒར་འཆོས། །དོ་ནུབ་གནོད་པའི་བགེགས་ལ་བྷྱོ། །མ་རུངས་སེམས་ཅན་འདུལ་བར་མཛོད། །དེ་ནས་གསེར་སྐྱེམས་གཏོར་ཞིང་། །ཧཱུྃ༑ བདག་གིས་མ་ཉེས་མ་ལན་ནོ། །དུས་གསུམ་སངས་རྒྱས་གཟུ་དང་དཔང་། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་། །དམ་ཅན་སྲུང་མ་གཟུ་དང་དཔང་། །ལྷ་སྲིན་སྡེ་བརྒྱད་གཟུ་དཔང་མཛོད༑ །ད་ནི་བདག་གི་དགྲ་འདི་ལ། །ལས་གཤིན་ཁྲོས་པའི་ཟོར་འཕར་གིས། །སྟེང་གི་ལྷ་ལ་མི་འཕེན་ནོ། །མཐོ་བ་རྣམས་ཀྱང་ཞབས་སྐུམས་ཤིག །འོག་གི་ཀླུ་ལ་མི་འཕེན་ནོ། །དམའ་བ་རྣམས་ཀྱང་དབུ་ཆུམ་ཞིག །བར་གྱི་གཉན་ལ་མི་འཕེན་ནོ། །ལྷ་སྲིན་སྡེ་བརྒྱད་སྐུ་གཟུར་ཞིག །ཀོ་ལོང་གདུག་པ་མ་འཆང་ཞིག །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག །ཟོར་འཕངས་པ་ནི་རིམ་པ་བཞིན་དང་པོར་དུག་ཟོར་ཐོགས་ནས། སྲིན་པོའི་དམག་ཚོགས་གདུག་པ་ཅན། །ཆོ་འཕྲུལ་དུག་ཆུ་ཁོལ་མར་སྟོན། །དོ་ནུབ་སྡང་བའི་དགྲ་ལ་རྒྱོབ། །དོ་ནུབ་གནོད་པའི་བགེགས་ལ་རྒྱོབ། །ཤ་རི་བྷྱོ། གཤེན་རྗེའི་དམག་ཚོགསྎ ཆོ་འཕྲུལ་ཡུངས་ཐུན་འབར་བར་སྟོན། །དོ་ནུབྎ དོ་ནུབྎ མ་རི་བྷྱོ། མ་མོའི་དམགྎ ཆོ་འཕྲུལ་ནད་འགྱེད་ཁྲག་ཏུ་སྟོན། །དོ་ནུབྎ དོ་ནུབྎ ཁྲག་མ་མ་བྷྱོ། གནོད་སྦྱིན་དམགྎ ཆོ་འཕྲུལ་གྲི་མཚོན་འབར་བར་སྟོན༑ །དོ་ནུབྎ དོ་ནུབྎ ཙིར་སྙིང་བྷྱོ། བདུད་ཀྱི་དམགྎ ཆོ་འཕྲུལ་སྙིང་ཟོར་འབར་བར་སྟོན། །དོ་ནུབྎ དོ་ནུབྎ སྙིང་བྷྱོ། མ་ཀྵི་ཐོད་ཁྲག་ཛཿ །བལ་མོའི་དམགྎ ཆོ་འཕྲུལ་རྡོ་ཡི་ཆར་དུ་སྟོནྎ དོ་ནུབྎ དོ་ནུབྎ ཁྲག་ཏི་སྙིང་ལ་ཡ། འགོང་པོའི་དམགྎ ཆོ་འཕྲུལ་འཕང་ཟོར་ཤག་སྟོང་སྟོན། །དོ་ནུབྎ དོ་ནུབྎ ནྲི་ཏྲི་ཆོད༑ ཀླུ་གཉནྎ ཆོ་འཕྲུལ་དུག་རྡོག་སྣ་ཚོགས་སྟོན། །དོ་ནུབྎ དོ་ནུབྎ ནཱ་ག་ཆོད། ཡུལ་ལྷའིྎ ཆོ་འཕྲུལ་མི་ཁའི་སྦྱོར་བ་དགུ། །དོ་ནུབྎ དོ་ནུབྎ མུ་ལོ་ཆོད༑ གཟའ་སྐརྎ ཆོ་འཕྲུལ་དུད་དང་བལ་ཕུར་སྟོན། །དོ་ནུབྎ དོ་ནུབྎ ཤ་ལོ་ཆོད། གདོང་མོའིྎ ཆོ་འཕྲུལ་ཁྲག་བཅས་སྤང་སྐམ་སྟོན། །དོ་ནུབྎ དོ་ནུབྎ ཤ་ལ་ཀྱིང་ཀྱིང་བྷྱོ་བྷྱོ། དམ་ཅནྎ ཆོ་འཕྲུལ་ཕུར་བུ་རྩང་ཟོར་སྟོན། །དོ་ནུབྎ དོ་ནུབྎ ས་མ་ཡ་ལྷ་ཡིྎ ཆོ་འཕྲུལ་ཉུང་ཟོར་མཚེ་ཟོར་སྟོན། །དོ་ནུབྎ དོ་ནུབྎ ཨ་ཏི་པྲ་མ་ནི་མཱ་ར་ཡ་ཟློག ཕོ་ཉའིྎ ཆོ་འཕྲུལ་ཁྲག་ཀོང་ཟུར་གསུམ་སྟོན། །དོ་ནུབྎ དོ་ནུབྎ པ་ར་བི་དན་ཙིནྡྷ་ཙིནྡྷ་བྷྱོ། །གིང་བཞིའིྎ ཆོ་འཕྲུལ་གནམ་ལྕགས་མདའ་རུ་སྟོན། །དོ་ནུབྎ དོ་ནུབྎ ཏི་ཕུར་ཤག་བྷྱོ། ཏི་པུར་ཙནྡྲ་ཙཀྲ་བྷྱོ། ཏི་པུར་མེ་ཤུམ་ཙུར་ནི་བྷྱོ། ཏི་པུར་མཱ་ར་ཡ་ནི་བྷྱོ། དེ་ནས་ལས་ཀྱི་གཤིན་རྗེའི་ཞལ་གཏོར་ལག་ཏུ་ཐོགས་ཏེ། ཧཱུྃ། ཟློག་སྒྱུར་མཛོད་ཅིག་སྟོབས་པོ་ཆེ། །ཁྲམ་ཁ་སྒྱུར་ཅིག་མཐུ་བོ་ཆེ། །ཟོར་ཁ་ཟློག་ཅིག་དྲག་ཤུལ་ཅན། །བདུད་ཁ་སྒྱུར་ཅིག་བཟི་བརྗིད་ཅན། །དོ་ནུབ་སྲིད་པའི་ཁྲམ་ཁ་སྒྱུར། །དོ་ནུབ་ལྷ་འདྲེའི་དམག་སྣ་སྒྱུར། །གཤིན་རྗེའི་ཆད་པ་བདུད་ཀྱི་ཁྲམ། །མ་མོའི་དལ་ཁ་བཙན་གྱི་རྡོ། །སྲིན་པོའི་ཟ་རེས་གནོད་སྦྱིན་ཚུབ། །ཀླུ་ཡི་བྱད་བཅུག་བཟའི་ཀི་ཀང་། །འགོང་པོའི་ཕུང་སྲི་རྦད་འདྲེའི་གནོད། །བན་བོན་མུ་སྟེགས་བྱེད་ལ་སོགས། །སྔགས་མཁན་ནག་པོ་ཐམས་ཅད་ཀྱིས། །བརྩམས་པའི་ལས་ཀྱི་སྦྱོར་བ་དང་། །དྲག་སྔགས་དམོད་པའི་ནུས་མཐུ་སོགས། །མི་མཐུན་རྐྱེན་རྣམས་དགྲ་ལ་ཟློག །ལྟས་ངན་ཡེ་འབྲོག་གདོན་བགེགས་ཀྱི། །ཆོ་འཕྲུལ་ཐམས་ཅད་དགྲ་ལ་སྒྱུར། །མ་མ་ཏྲཀྴ་མུ་ཏྲ་སྙིང་ཁ་རག་ཐུན་བྷྱོ། ཟློག་ཟློག་ནི་ཤ་ཀུ་རུ་ཐུན་བྷྱོ་ཟློག ཅེས་འཕང་ངོ་། །དེ་ལྟར། གཞི་བདག་ལས་ཀྱི་གཤིན་རྗེའི་འཕྲིན་ལས་དགྲ་སྲོག་གཅོད་པའི་སྤུ་གྲི་ཞེས་བྱ་བ། རྒྱལ་བྱེད་ཚལ་དུ་པདྨ་དཀར་པོས་སྦྱར་བའོ།། །།མངྒ་ལཾ།། །