རྫོགས་ཆེན་མཁན་ཆེན་པདྨ་བཛྲའི་གསུང་འབུམ་པོད་དང་པོ།
དཔེ་སྐྲུན་གྱི་སྔོན་དུ་འགྲོ་བའི་གཏམ།
འགྲོ་བ་མིའི་རིགས་གོམ་གང་མདུན་ཕྱོགས་སུ་སྤོས་པར་འདོད་པའི་དུས་རབས་ཏེ། ཡར་ཐོན་ནམ་ཡང་ན་རྗེས་ལུས། དར་རྒྱས་སམ་ཡང་ན་ཉམས་རྒུད། ཤེས་རབ་བམ་ཡང་ན་བླུན་རྟགས། གང་ལྟར་ཤོག་སྒོར་ལས་ཡོད་ཚད་ལ་རིན་ཐང་ཆུང་བའི་གནས་དུས་འདིར་གནའ་དཔེ་ཞིག་གི་ལྡེབ་གྲངས་ཚང་མིན་ལ་རེ་དོགས་དང་དགའ་སྡུག་གི་སེམས་ཚོར་མྱོང་བཞིན་པ་རང་ཉིད་ལས་ཐམས་ཅད་ལ་ལྐོག་ཏུ་གྱུར་པ་སྨོས་ཅི་དགོས། འོན་ཀྱང་དད་པ་དང་དུང་ཞེན་འདྲེས་པའི་ཀུན་སློང་གསོན་པོའི་མེ་རྩ་ཞིག་དེ་རིང་ཙམ་མིན་པར་ཆུང་དུས་ཐོས་བསམ་ལ་འཇུག་པ་ནས་སྙིང་ཁོང་དུ་གནས་ཀྱང་ཉམས་ཞན་པའི་རེ་བའི་ངོ་བོར་ཡུན་རིང་ལུས་པ་སྟེ། མཚན་དོན་དང་ལྡན་པ་སུ་ཞིག་གིས་ནམ་ཞིག་ན་དམ་པའི་གསུང་རབ་འདི་དག་འཚོལ་སྒྲིག་དར་སྤེལ་གྱི་མཛད་རྒྱུན་བསྐྱོངས་པར་ངེས་སྙམས་པའི་ཡིད་ཆེས་དང་རེ་བས་ལོ་ཟླའི་འཁོར་ལོ་དུ་མ་ཞིག་ཤུགས་ཀྱིས་འདས། ད་ལམ་མཐུན་པའི་རྐྱེན་ཅུང་ཟད་ཚོགས་པ་དང་བསྟུན་སྤྲོ་བ་ཆེན་པོས་རང་ཉིད་ཀྱི་ཁུར་དུ་ངང་གིས་བླང་སྟེ་གྲུབ་དབང་རྫོགས་ཆེན་པའི་མཁས་གྲུབ་རྣམས་ཀྱི་གསུང་འབུམ་གཙོ་བོར་གྱུར་པའི་དཔེ་ཚོགས་འདི་བཞིན་འཚོལ་སྡུད་དང་། དཔེ་བསྡུར། དག་ཞུས་ཀྱིས་འགྲེམ་སྤེལ་བྱུང་ན་ཁ་བའི་ལྗོངས་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་མི་ཉམས་དར་སྤེལ་གྱི་བྱ་བའི་ཆ་ཤས་ཤིག་ལ་ཕྱར་བ་གྲུ་འདེགས་དང་། གང་ལ་མེ་ཏོག་ཕོག་པའི་ལྷ་སྐལ་བརྒྱུད་ལྡན་བླ་མ་རྣམས་ཀྱི་གསུང་གི་ཕྲིན་ལས་ལ་སྲི་ཞུའི་མཆོད་པ་ཅུང་ཟད་འགྱུར་བའི་ལྷག་བློ་དང་བཅས་བགྱི་བ་འདི་བརྩོན་པས་སྒྲུབ་ན། རྣམ་པར་དཀར་བའི་དགེ་རྩ་གང་མཆིས་མཁའ་མཐས་ཁྱབ་པའི་འགྲོ་བ་ཀུན་ལ་རྡུལ་བྲལ་ཡེ་ཤེས་ཀྱི་མིག་དམ་པ་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བ་དང་། འགལ་འཛོལ་གྱིས་དམ་པའི་གསུང་ལ་བསླད་པ་སྲིད་ཚེ་འཕྲལ་དང་ཡུན་དུ་སྒྲིབ་པར་མི་འགྱུར་ཞིང་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་ནོར་བཅོས་དགོངས་འཆར་ལྷུག་སྩོལ་ཡོད་པའི་རེ་སྨོན་དང་། ཐོག་མཐའི་བྱ་བར་དངོས་སུ་ཞུགས་པ་དང་བསམ་སྦྱོར་གང་ཐད་ནས་རྒྱབ་སྐྱོར་རོགས་དན་མཛད་པོ་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་བཅས།། བསྟན་འཛིན་ལུང་རྟོགས་ཉི་མས་ཙི་ནའི་ཡུལ་གྱི་གྲོང་ཁྱེར་ཨུཏྤལ་ཅན་དུ། སྤྱི་ལོ་ ༢༠༡༡ ལོའི་ཟླ་བ་ ༣ པའི་ཚེས་ ༨ ཉིན་བྲིས།
དཔེ་སྒྲིག་ལས་ཁང་། སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་།
སྤྱི་ཁྱབ་བསྡུ་སྒྲིག་གཙོ་འགན་པ། རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ།
དཔེ་སྡུར་ཞུ་དག་པ། ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཨོ་རྒྱན་རིག་འཛིན། མཁན་པོ་ཚེ་ནོར། མཁན་པོ་ཐུབ་བསྟན་ཚེ་འཕེལ། མཁན་པོ་ཐུབ་བསྟན་དབང་རྒྱལ། མངོན་པའི་འཛིན་གྲྭའི་སྐྱོར་དཔོན་བསོད་ཕུན། སྡེ་སྣོད་འཛིན་པ་བསྟན་འཛིན་ཉི་མ་དང་། འཆི་མེད་བཟོད་པ། བསྟན་འཛིན་ཚེ་རིང་། པདྨ་འགྲོ་འདུལ། བཀྲ་བ་བཅས་དང་།
དཔེ་སྒྲིག་པ། དབྱིན་ཇི་བ་པདྨ་མཐུ་སྟོབས།
རྩིས་འཕྲུལ་པ། དོན་ཡོད་རྣམ་རྒྱལ། རྒྱལ་མཚན་གྲགས་པ། བྱང་ཆུབ་ཆོས་མཚོ། གསང་སྔགས་དབང་མོ།
མདུན་ཤོག་མཛེས་རིས་པ། ཡུས་ཁུ་ཡུས།
ལས་སྒྲུབ་པ། ཕུར་བཟང་། སྐལ་བཟང་དབྱངས་ཅན།
མཁན་ཆེན་པདྨ་བཛྲ་གྱི་རྣམ་ཐར།།
གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་མཁན་རབས་བརྒྱད་པ་གསང་ཆེན་རྒྱུད་སྡེའི་མངའ་བདག་མཁན་ཆེན་པདྨ་བཛྲ་རྩལ་ནི། བོད་རབ་བྱུང་བཅུ་བཞི་པའི་དཀྱིལ་སྟོད་དུ་མདོ་ཁམས་རུ་དམ་ལྡོང་ནང་དུ་གླིང་སྨུག་པོ་ལྡོང་གི་རུས་ལས་ཆད་པར་གྲགས་པའི་རྐང་ཚ་ཞེས་པའི་རིགས་སུ་སྐྱེ་སྲིད་བཞེས། བྱིས་པའི་དུས་ནས་དངོས་མེད་ལྷ་འདྲེའི་འཕྲུལ་གཟུགས་གཟིགས་ཤིང་དམ་ལ་བཞག་པ་སོགས་གྲུབ་པའི་རྟགས་མཚན་ལྷན་སྐྱེས་སུ་མངའ། དམ་པའི་སྐྱེས་ཆེན་དུ་མས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རྣམ་སྤྲུལ་དུ་ལུང་གིས་བསྔགས། སྐུ་ན་ཆེས་གཞོན་པའི་སྐབས་ནས་གྲུབ་དབང་རྫོགས་ཆེན་དགོན་དུ་ཚོགས་ཞུགས་མཛད་ཅིང་། སྐྱེས་ཐོབ་ཀྱི་མཁྱེན་རབ་ཟླ་དང་བྲལ་བས་སྒྲུབ་འཕྲིན་ཆོ་གའི་ཕྱག་ལེན་སོགས་ལ་བསླབ་ཙམ་ཉིད་ཀྱིས་མཁྱེན་པ་སོགས་ཐམས་ཅད་ངོ་མཚར་གྱི་ས་ལ་བཀོད། རིམ་པར་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། འཇིགས་མེད་རྒྱལ་བའི་མྱུ་གུ། རྒྱལ་སྲས་གཞན་ཕན་མཐའ་ཡས། སེང་ཕྲུག་པདྨ་བཀྲ་ཤིས་སོགས་མཁས་གྲུབ་སྐྱེས་ཆེན་དུ་མ་ལས་མདོ་སྔགས་རིག་གནས་ཀྱི་འཆད་ཁྲིད། བཀའ་གཏེར་སྨིན་གྲོལ་གྱི་ཉེ་བརྒྱུད། མན་ངག་སྙན་བརྒྱུད་ཀྱི་ཞལ་ཤེས་བཅས་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་པས་མཁས་གྲུབ་ཀྱི་རྒྱལ་ས་མཐོན་པོར་གཤེགས། ཁྱད་པར་ཀུན་མཁྱེན་འཇིགས་མེད་གླིང་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་པས་དོན་བརྒྱུད་རྟོགས་པའི་དྲོད་ཚད་བརྙེས་ཏེ་འོད་གསལ་གསང་བ་སྙིང་ཐིག་གི་བཀའ་བབ། སྐུ་ཚེའི་སྟོད་དུ་གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྱབ་བདག་པ་ཆེན་པོའི་གསེར་ཁྲིར་བཞུགས་ཏེ་མདོ་སྔགས་གཞུང་ལུགས་ཀྱི་འཆད་ཁྲིད་སྤྱི་དང་། རྒྱུད་རྒྱལ་སྒྱུ་འཕྲུལ་དྲྭ་བའི་བཤད་པ་མཛད་པས་ཕུར་ཚའི་མཁན་པོ་ཨ་དཀོན་དང་། ཨོ་རྒྱན་བསྟན་འཛིན་ནོར་བུ། འཇམ་མགོན་མི་ཕམ་རྣམ་རྒྱལ། སྡོམ་བརྩོན་དཀོན་མཆོག་གྲགས་པ་སོགས་རྒྱུད་པ་ཟིན་ངེས་ཀྱི་བསྟན་འཛིན་སྐྱེས་ཆེན་དུ་མ་བྱུང་། གྲུབ་དབང་དམ་པ་གང་གི་སྐུ་ཚེའི་སྨད་དུ་རྫོགས་ཆེན་པདྨའི་ཐང་དུ་གདན་སའི་མཐིལ་མཛད་དེ་རྒྱུད་ལུང་མན་ངག་རྒྱ་མཚོའི་འཁོར་ལོའི་སྒྱུར་རྒྱལ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོར་བཞུགས་པས། ཕྱོགས་ཀྱི་སློབ་ཚོགས་ནམ་མཁའི་སྐར་ཚོགས་བཞིན་བརྡོལ་བ་དང་། སྐབས་དེའི་རིས་མེད་བསྟན་འཛིན་ཆེན་པོ་དག་གིས་གཙུག་རྒྱན་དུ་བསྙཻན་ནས་སོ་བྱང་སྔགས་ཀྱི་སྡོམ་རྒྱུན་དང་། བཀའ་གཏེར་སྨིན་གྲོལ་གྱི་དབང་ལུང་། མན་ངག་སྙིང་ཐིག་གི་གདམས་ཁྲིད་ཀུན་རྗེ་འདི་ལས་གསན་བཞེས་མཛད་པ་སྟེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་དུ། མེ་སྦྲུལ་ལོར་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་མཁན་པདྨ་བཛྲ་ལས་འདུས་མདོའི་དབང་གསན་སྐབས། དབང་དངོས་གཞིའི་སྐབས་སུ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གསལ་སྣང་བརྟན་པོར་ཤར། དེ་ནུབ་སོ་ཡེ་ཤེས་དབང་ཕྱུག་མཇལ་ནས་འདུས་མདོའི་སྨིན་གྲོལ་ཡོངས་རྫོགས་ཀྱི་ཉེ་བརྒྱུད་ཐོབ། ཅེས་དང་དེ་བཞིན་ཞེ་ཆེན་རྒྱལ་ཚབ་བཞི་པས་ཐུན་མིན་རིགས་བདག་ཏུ་བསྙེན་ཞིང་རབ་ཏུ་བྱུང་བའི་མཚན་ལ་འགྱུར་མེད་པདྨ་རྣམ་རྒྱལ་ཞེས་རྗེ་འདིས་གསོལ་བ་དང་། རྒྱལ་ཚབ་མཆོག་གི་བཀའ་འབུམ་ལས། མཁན་ཆེན་ཐམས་ཅད་མཁྱེན་པ་པདྨ་བཛྲ་ཞེས་དང་། བླ་མ་རྒྱང་འབོད་བྱིན་རླབས་མྱུར་འཇུག་ཏུ། རབ་འབྱམས་རྩ་གསུམ་རྒྱལ་བའི་ཡེ་ཤེས་ཀྱི་སྤྱི་གཟུགས། །ཐེག་གསུམ་ལུང་རྟོགས་བསྟན་པ་རིན་ཆེན་གྱི་བང་མཛོད། །མཐའ་ཡས་སྐྱེ་དགུའི་འདྲེན་པ་ཟླ་མེད་ཀྱི་བཤེས་གཉེན། །སྐྱབས་ཀུན་འདུས་ཞལ་པདྨ་བཛྲ་དེ་མཁྱེན་ནོ། །མཐའ་ཡས་ཤེས་བྱ་ཀུན་མཁྱེན་འཇམ་དཔལ་གྱི་གཞོན་ནུ། །བརྩེ་ཆེན་ཐུགས་རྗེའི་གཏེར་གཅིག་གངས་ཅན་གྱི་མགོན་པོ། །ནུས་མཐུའི་རྩལ་རྫོགས་བཛྲ་པཱ་ཎི་དང་དབྱེར་མེད། །བསྟན་འགྲོའི་དཔལ་མགོན་པདྨ་བཛྲ་དེ་མཁྱེན་ནོ། །ཕྱི་རུ་འདུལ་ཁྲིམས་རྣམ་དག་ཉན་ཐོས་ཀྱི་དགེ་སྦྱོང་། །ནང་དུ་བྱང་ཆུབ་སེམས་འབྱོང་ཐེག་ཆེན་གྱི་རྒྱལ་སྲས། །གསང་བ་རིམ་གཉིས་རྩལ་རྫོགས་སྔགས་སྤྱོད་ཀྱི་རྣལ་འབྱོར། །འཇིག་རྟེན་མིག་གཅིག་པདྨ་བཛྲ་དེ་མཁྱེན་ནོ། །ཆོས་བརྒྱད་ཞེན་པ་རང་གྲོལ་བྱ་བཏང་གི་རྒྱལ་པོ། །འདུ་འཛིའི་གཡེང་བ་རྒྱང་བསྲིང་སྒྲུབ་བརྩོན་གྱི་དབང་ཕྱུག །སྣང་སེམས་རོ་མཉམ་རྟོགས་པ་འཁྲུལ་ཞིག་གི་སྒོམ་ཆེན། །སྙིང་པོའི་བསྟན་འཛིན་པདྨ་བཛྲ་དེ་མཁྱེན་ནོ། །ཐོག་མར་བསྟན་སྒོར་འཇུག་མཛད་སོ་ཐར་གྱི་མཁན་པོ། །བར་དུ་བྱང་སྡོམ་འབོགས་པ་ཐེག་ཆེན་གྱི་སློབ་དཔོན། །ཐ་མར་སྨིན་གྲོལ་མཆོག་སྩོལ་གསང་སྔགས་ཀྱི་བླ་མ། །བཀའ་དྲིན་འཁོར་མེད་པདྨ་བཛྲ་དེ་མཁྱེན་ནོ། ཞེས་སོགས་གསོལ་འདེབས་བསྔགས་བརྗོད་རྒྱ་ཆེར་མཛད། དེ་བཞིན་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་དང་། རྡོ་གྲུབ་བསྟན་པའི་ཉི་མ། འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་ཀྱིས་དཔལ་གསང་བ་སྙིང་པོའི་རྒྱུད་བཤད་རྗེ་འདི་ལས་གསན་ཞིང་རིམ་པར་བརྒྱུད་པའི་རྒྱུན་བཟང་ད་ལྟའི་བར་དུ་མ་ཉམས་པར་བྱུང་བ་དང་། ཨ་འཛོམས་འབྲུག་ཆེན་འགྲོ་འདུལ་དཔའ་བོ་རྡོ་རྗེ་ལ་ཟབ་གསང་སྙིང་པོའི་མན་ངག་བླ་མ་ཡང་ཏིག་བསྩལ་ཅིང་ལྷ་བཙུན་ནམ་མཁའ་འཇིགས་མེད་ལྟ་བུའི་རྣལ་འབྱོར་པའི་མཛད་པ་སྐྱོང་དགོས་པའི་ལུང་བསྟན་གནང་། དེ་མཚུངས་རྫོགས་སྤྲུལ་ལྔ་པ་དང་། ཟེ་ཆེན་རབ་འབྱམས་ལྔ་པ། དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ། སྤྲུལ་བའི་གཏེར་ཆེན་ལས་རབ་གླིང་པ། བདུད་འཇོམས་རོལ་པ་རྩལ་སོགས་སྐྱེས་ཆེན་དུ་མ་ལ་བཀའ་གཏེར་གྱི་སྨིན་ཁྲིད་མཐའ་ཡས་པ་བསྩལ་བ་སོགས་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླངས། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མེད་དུ་བརྡལ་ནས་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་ཧོར་ཟླ་གཉིས་པའི་ཚེས་གསུམ་ལ་ཞིང་འདིའི་འགྲོ་དོན་རེ་ཞིག་མཐའ་རུ་ཕྱིན་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཏོ། རྗེ་འདི་ཉིད་ཀྱིས་ཕྱི་རབས་གདུལ་བྱའི་བགོ་སྐལ་དུ་མཚན་ཉིད་ཀྱི་གཞུང་འགྲེལ་དང་གསར་རྙིང་གི་རྒྱུད་བཤད་སོགས་གསུངས་རྩོམ་གླེགས་བམ་དུ་མ་ལྗགས་བརྩམས་མཛད་པར་གྲགས་ཀྱང་། ཐོག་མ་ནས་པར་དུ་མ་འཁོད་པ་དང་དུས་འགྱུར་གྱི་གོད་ཆག་སྐབས་འཐོར་བརླག་ཏུ་སོང་བས་བསྟན་པ་ཡང་དར་སྐབས་ཤྲཱི་སེང་ཆོས་གྲྭར་སྐྱར་དུ་ཤིང་པར་དུ་འཁོད་པ་གླེགས་བམ་གཅིག་ཁོ་ན་ཙམ་ལས་མི་བཞུགས་ཤིང་། ལོ་འགའི་སྔོན་གསུང་ཐོར་བུའི་རིགས་དེབ་གཟུགས་སུ་དཔེ་སྐྲུན་བྱས་པར་ཡང་བསྙེན་ཡིག་དང་སྒྲུབ་ཆོག་གི་སྐོར་མི་འདུས་པས། ད་ལམ་སྔར་ཡོད་རྣམས་ཀྱི་སྟེང་དུ་གཞི་གསུམ་ཟིན་བྲིས་དང་བཀའ་མ་པོད་དགུའི་དཀར་ཆག་བཅས་ཆོས་ཚན་འགའ་གསར་རྙེད་བྱུང་བ་སྤྲོ་བ་ཆེན་པོས་ཁ་སྣོན་དང་བཅས་ཡང་དུ་དཔེ་བསྐྲུན་བྱས་པ་དང་། སླད་ཕྱིན་དམ་པ་འདི་ཉིད་ཀྱི་གསུང་ཆོས་དཔེ་དཀོན་རིགས་གསར་རྙེད་མཐོང་ཐོས་བྱུང་ཚེ་སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་ལ་འབྲེལ་གཏུགས་གནང་བར་ཞུ་ཞུ།། རང་ཉིད་ཀྱིས་བྲིས་པའི་སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ་ལས་རྣམ་ཐར་ཚན་བཤུས་འཕྲི་སྣོན་ཅུང་ཟད་དང་བཅས། དཔེ་བསྐྲུན་གྱི་དགོས་མཁོར་བསྟན་འཛིན་ལུང་རྟོགས་ཉི་མས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ཧོར་ཟླའི་ཚེས་ཉེར་གསུམ་ཉིན་ཙི་ནའི་ཡུལ་གྱི་གྲོང་ཁྱེར་ཨུཏྤལ་ཅན་དུ་བྲིས་པ་དགེ། །།
ལེགས་བཤད་ཚོགས་གཏམ་གྱི་སྐོར་ཚོ།
མཎྜལ་གྱི་རྣམ་པར་བཤད་པ་བཻ་ཌཱུརྱའི་རྣ་རྒྱན།
༄༅།།མཎྜལ་གྱི་རྣམ་པར་བཤད་པ་བཻ་ཌཱུརྱའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭ་སྡི། མཁྱེན་པའི་ལྷ་ལམ་ཕ་མཐའ་བྲལ་དབྱིངས་ཐུགས་རྗེའི་སྤྲིན་ཚོགས་དཀྲིགས་པ་ལས། །ལུང་དང་རིགས་པའི་དབྱར་རྔ་ལྡིར་བཞིན་ཟབ་རྒྱས་ཆོས་ཀྱི་ཆར་འབེབས་པས། །ས་གསུམ་དགེ་བའི་མྱུ་གུ་མཐའ་དག་སྐུ་བཞིའི་འབྲས་བུར་སྨིན་མཛད་པའི། །ཁྱབ་བདག་བླ་མ་འཁོར་ལོའི་མགོན་དེས་དེང་འདིར་དགེ་ལེགས་ཤིས་པ་སྩོལ། །ལུགས་གཉིས་མཁྱེན་པའི་བློ་གྲོས་རྒྱ་ཆེ་ཞིང་། །མང་ཐོས་མཁས་དབང་ཚོགས་པའི་དོ་ར་འདིར། །དཔྱོད་ལྡན་སྐྱེ་བོའི་སྙན་དབང་མཛེས་བྱེད་པའི། །སྔོན་བྱུང་གཏམ་གྱི་སྦྱོར་བ་ཅུང་ཟད་གླེང་། །དེ་ལ་འདིར་དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས། ཁམས་གསུམ་འགྲོ་བ་ཡོངས་ཀྱི་འདྲེན་པ། བསྟན་འཛིན་དགེ་འདུན་བྱེ་བའི་གཙུག་རྒྱན། ལྷ་དང་བཅས་པའི་སྐྱེ་རྒུ་ཐམས་ཅད་ཀྱི་སྐྱབས་གནས། གྲུབ་དབང་ཆོས་ཀྱི་རྒྱལ་པོ་གང་གི་ཡང་སྲིད་རིན་པོ་ཆེའི་མཚན་དཔེ་གཟུགས་སྐུའི་ཉི་མ་གསར་དུ་འཆར་བའི་ཞབས་སེན་ནོར་བུའི་ཕྲེང་བ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་ལ་མངའ་གསོལ་བའི་སྐབས་འདིར། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་ཡེ་ཤེས་ཀྱི་རྣམ་རོལ། ཚུར་མཐོང་གདུལ་བྱའི་སྣང་ངོར་བསམ་བཞིན་སྲིད་པ་བཟུང་བའི་མཆོག་གི་སྤྲུལ་པའི་སྐུ་རྣམས་དང་། ལམ་བསླབ་པ་གསུམ་དང་ལུང་སྡེ་སྣོད་གསུམ་གྱིས་མངོན་པར་ཕྱུག་པའི་དགེ་འདུན་འདུས་པའི་སྡེ་རྣམས་དང་། གཙུག་ལག་གཉིས་ཀྱི་བྱ་བ་ལ་མཁྱེན་རབ་ཀྱི་སྤྱན་དཀྱུས་ཡངས་པའི་རྒྱལ་བློན་དྲ་མའི་ཚོགས་དང་། ཆོས་སྲིད་ཀྱི་འབྱོར་པས་མངོན་པར་མཐོ་བའི་མི་དཔོན་སྦྱིན་བདག་རྣམས་ཀྱིས་དབུ་བྱས་པའི་འདིར་འདུས་པ་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར། སྔོན་རབས་མཁས་པའི་སྐྱེ་བོ་རྣམས་ཀྱི་བཤད་སྲོལ་གྱི་རྗེས་སུ་འབྲང་ན། ཇི་སྐད་དུ། ཕྱག་བྱ་ཤིས་བརྗོད་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་པ་ལྟར། ཡུལ་གོང་མ་ལ་ཕྱག་བྱ་ཞིང་བསྔགས་པ་བརྗོད་པ་དང་། འོག་མ་རྣམས་ལ་ཤིས་པར་བརྗོད་པས་མདུན་བསུས་ཏེ། ལུགས་གཉིས་ཀྱི་གཏམ་གང་ཡིན་ཀྱང་བཤད་པར་བྱ་བའི་དངོས་པོ་ངེས་པར་བསྟན་པའི་སྒོ་ནས་བཤད་དགོས་པས། དེ་ལ་གཞི་སྐྱེ་བོ་མི་ཆོས་ཀྱི་དབང་དུ་བྱས་ན། མས་གཏམ་འཇིག་རྟེན་འཁོར་བའི་རྣམ་གཞག །སྟེང་ན་རྗེ་ཡི་གདུང་རབས། འོག་ན་འབངས་ཀྱི་མི་རབས། བར་དུ་སྟོང་སྡེའི་ཆགས་ཚུལ་རྣམས་དང་། རྒྱན་དམ་པ་ལྷ་ཆོས་ཀྱི་དབང་དུ་བྱས་ན། གདུལ་བྱའི་ཞིང་ཁམས་ཀྱི་ཆགས་ཚུལ། འདུལ་བྱེད་སྟོན་པའི་བྱོན་ཚུལ། བསྟན་པ་དམ་ཆོས་ཀྱི་དར་ཚུལ། བསྟན་འཛིན་དགེ་འདུན་གྱི་བཞུགས་ཚུལ་བཅས། བཤད་པའི་ཡལ་ག་རྒྱ་ཆེ། ཚིག་གི་ལོ་མ་གྲངས་མང་། དོན་གྱི་མེ་ཏོག་ངོ་མཚར་བའི་གཏམ་གྱི་སྒོ་མང་དུ་ཡོད་ཀྱང་། ད་རེས་སྐབས་སུ་བབས་པའི་གཏམ། དུས་སུ་སྨིན་པའི་ཆར། ཟེར་བ་བཞིན་དུ་ལུགས་གཉིས་ཟུང་དུ་འདྲེལ་བའི་གཏམ་ཅུང་ཟད་ཞུ་ན། ཐོག་མར་སྲིད་པ་སྣོད་བཅུད་ཀྱི་ཆགས་ཚུལ་ནི། སྤྱིར་སངས་རྒྱས་ཀྱི་ཞིང་ཁམས་དང་། སེམས་ཅན་གྱི་འཇིག་རྟེན་ནི་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་ཞིག་ཡིན་ནའང་། བདག་ཅག་གི་སྟོན་པ་འདི་ཉིད་བསྐལ་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་སྔོན་རོལ་དུ། གཞི་གདོད་མའི་དབྱིངས་སུ་རིག་པའི་ཡེ་ཤེས་སྒྲིབ་པ་མཐའ་དག་ལས་གྲོལ་ཏེ་མངོན་པར་བྱང་ཆུབ་ནས་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོར་བཞུགས་པ་ནི། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེག་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགགས་པ་མེད། །སེམས་འགགས་པ་སྟེ་སྐུ་ཡིས་མངོན་དུ་མཛད། །ཅེས་པ་ལྟར་ཡིན་ལ། དེ་ཉིད་ཀྱི་ངང་ལས་ཐུགས་རྗེ་ཡེ་ཤེས་ལྔའི་རང་མདངས་ཀྱི་བྱེ་བྲག་ལས། ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔ་གངས་ཆེན་མཚོའི་ཞིང་ཁམས་ཀྱི་རྣམ་པར་བཀོད་པ་ལས། རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ནང་ཚན། སངས་རྒྱས་སྤྲུལ་པའི་སྐུ་གཅིག་གི་གདུལ་བྱའི་ཞིང་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་པོ་འདི་ཉིད་ནི། དཔལ་རྣམ་པར་སྣང་མཛད་ཆེན་པོའི་ཐུགས་དཔལ་གྱི་བེའུའི་ཐད་ཀར་པདྨའི་ཟེ་འབྲུ་གཅིག་ལ་བརྟེན་པ་སྟེ། སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཅེས་པ་ལྟར། འཇིག་རྟེན་གྱི་ཁམས་སྟོང་པའི་ཤུལ། ཡིད་མཁའ་རྣམ་པར་དག་པ་ཞེས་བྱ་བའི་ནམ་མཁའི་ཁམས་མུ་མཐའ་མེད་པའི་དབྱིངས་སུ། ཕྱོགས་བཞི་ནས་རླུང་གཡོས་པའི་རྐྱེན་གྱིས་འོག་གཞི་རླུང་གི་དཀྱིལ་འཁོར་རྒྱ་ཁྱོན་སྟོང་གསུམ་དང་མཉམ་པར་ཆགས་པའི་སྟེང་དུ། སྤྲིན་གསེར་གྱི་སྙིང་པོ་ཅན་ལས་ཁམས་སྣ་ཚོགས་པའི་ཆར་ཆེན་པོ་བབས། ཞི་བ་གསལ་དག་གི་རྒྱ་མཚོ་ཆེན་པོ་འཁྱིལ་བ་རླུང་གིས་བསྲུབས་པ་ལས། གླིང་བཞི་པའི་འཇིག་རྟེན་སོ་སོའི་རྒྱ་ཚད་དང་མཉམ་པའི་གསེར་གྱི་ས་གཞི་མཐའ་རྡོ་སོལ་ལས་གྲུབ་པའི་ལྕགས་རིས་བསྐོར་བ། དེའི་དབུས་སུ་རི་དབང་ལྷུན་པོ་ཤར་ཤེལ། ལྷོ་བཻ་ཌཱུརྱ། ནུབ་པདྨ་ར་ག །བྱང་གསེར་ལས་གྲུབ་པས་ཕྱོགས་བཞིའི་ནམ་མཁའ་ཁ་དོག་བསྒྱུར་བ། དེའི་མཐའ་བསྐོར་དུ་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། བར་གྱི་གླིང་བདུན་རྣམས་དང་། དེ་རྣམས་ཀྱི་ཕྱི་རོལ་དུ་བ་ཚྭ་ཅན་གྱི་རྒྱ་མཚོའི་ནང་དུ། གླིང་ཆེན་བཞི་སོ་སོའི་གླིང་ཕྲན་དང་བཅས་པ་ཆགས། རི་རབ་ཀྱི་བང་རིམ་ལ་རྒྱལ་ཆེན་བཞིའི་གནས་དང་། རྩེ་མོར་སུམ་ཅུ་རྩ་གསུམ་པའི་གནས་རྣམ་པར་རྒྱལ་བའི་ཕོ་བྲང་གྲོང་ཁྱེར་ལྟ་ན་སྡུག་དང་བཅས་པ། ཕྱོགས་ཕྱོགས་སུ་སྐྱེད་མོས་ཚལ་དང་། བདུད་རྩིའི་རྫིང་བུ། དཔག་བསམ་གྱི་ལྗོན་པ། རིན་པོ་ཆེའི་ར་བ་སོགས་ལྷ་རྣམས་ཀྱི་བསོད་ནམས་ལས་གྲུབ་པའི་གནས་ངོ་མཚར་གྱི་བཀོད་པ་དུ་མས་བརྒྱན་པ། དེ་ནས་རི་རབ་ཀྱི་སྟེང་གི་ནམ་མཁའ་ནས་གྱེན་དུ་རིམ་པར་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དེ་འདོད་ཁམས་ཀྱི་ལྷ་རིགས་བཞི། དེའི་སྟེང་གི་ནམ་མཁའ་ལ་བསམ་གཏན་དང་པོའི་ལྷ་གནས། ཚངས་རིས་ནས་བཟུང་། འོག་མིན་གྱི་བར་གྱི་གཟུགས་ཁམས་གནས་རིས་བཅུ་བདུན་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས། གཟུགས་མེད་ཁམས་ཀྱི་ལྷ་གནས་རྣམས་ཡོད། དེ་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས། དེ་ནས་སྲིད་པའི་རྩེ་མོ་ནས་རིམ་པར་སྙོམ་འཇུག་དང་བསམ་གཏན་གྱི་རོ་ལ་ཆགས་པས་རྟོག་པ་ཇེ་རགས་སུ་སོང་བས་ཚངས་པའི་འཇིག་རྟེན་གྱི་བར་གྱི་སེམས་ཅན་རྣམས་དང་། དེ་ནས་ལས་སྣ་ཚོགས་པའི་རྐྱེན་གྱིས་གླིང་བཞིའི་མི་དང་ངན་སོང་གི་འགྲོ་བ་རྣམས་བྱུང་སྟེ་བཅུད་ཀྱི་སེམས་ཅན་ཡས་ནས་མར་ཆགས་ཏེ་དེ་རྣམས་གདུལ་བྱའི་ཞིང་ཁམས་ཀྱི་ཆགས་ཚུལ་ཅེས་བྱ། དེ་ནས་འདུལ་བྱེད་སྟོན་པའི་བྱོན་ཚུལ་ནི། ལྷ་དང་བཅས་པའི་སྟོན་པ་སྐལ་བཟང་རྣམ་འདྲེན་བཞི་པ་འདི་ཉིད་ངེས་པའི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཀྱང་། སླར་ཡང་ཞིང་ཁམས་འདིའི་གདུལ་བྱ་རྣམས་ཀྱི་དོན་དུ་དང་པོ་ཐུགས་བསྐྱེད་པ་དང་། བར་དུ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་པ་དང་། ཐ་མར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །ཅེས་པ་ལྟར་ཞིང་འདིར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སངས་རྒྱས་པའི་ཚུལ་བསྟན་པ་ནི། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་སྟོན་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར། དགའ་ལྡན་གྱི་གནས་ནས་གཟིགས་པ་རྣམ་པ་ལྔའི་སྒོ་ནས་གླང་ཆེན་ཐལ་དཀར་མཆེ་བ་དྲུག་པའི་རྣམ་པར་བསྒྱུར་ནས་ལྷོ་འཛམ་བུའི་གླིང་གི་ཡུལ་དབུས་གྲོང་ཁྱེར་སེར་སྐྱའི་གཞིར་བབས་ཏེ། རྒྱལ་པོ་ཟས་གཙང་མའི་བཙུན་མོ་ཡུམ་སྒྱུ་འཕྲུལ་མ་ཆེན་མོའི་ལྷུམས་སུ་ཞུགས། དྲག་པོ་ལྕགས་སྤྲེལ་ལོའི་སོ་ཀའི་དུས་སུ་ཤིང་ལུམྦི་ནིའི་ཚལ་དུ་སྐུ་འཁྲུངས། དགུང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས་ཏེ། ཡི་གེ་དང་། འཕོང་དང་། སྒྱུ་རྩལ་སོགས་ལ་སྦྱང་བའི་ཕ་རོལ་ཏུ་སོན་ནས། རིགས་དང་སྒྱུ་རྩལ་གྱིས་དྲེགས་པའི་སྐྱེ་བོ་རྣམས་ཚར་བཅད། གྲགས་འཛིན་མ་ལ་སོགས་པའི་བཙུན་མོའི་འཁོར་གྱིས་དགྱེས་པར་རོལ་བཞིན་རྒྱལ་སྲིད་ཆོས་ཀྱིས་བསྐྱངས། དེ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ན་བཟའ་ངུར་སྨིག་གི་རྒྱལ་མཚན་བཞེས་ཏེ། ཆུ་བོ་ནཻ་རཉྫ་ནར་ལོ་དྲུག་ཏུ་དཀའ་བ་སྤྱད། དེ་ནས་མ་ག་ངྷ་བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ་གཤེགས་ནས་རྩྭ་ཀུ་ཤའི་གདན་ལ་བཞུགས་ཏེ་རབ་མཐའི་བསམ་གཏན་ལ་བརྟེན་ནས་བྱམས་པའི་ཏིང་ངེ་འཛིན་གྱིས་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག་ནས་མངོན་པར་ཤེས་པ་ལྔ་མངོན་དུ་མཛད། ཐོ་རེངས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཟག་མེད་ཀྱི་ཡེ་ཤེས་མངོན་དུ་མཛད་ནས་མངོན་པར་སངས་རྒྱས། དེ་ནས་ལྷའི་དབང་པོ་ཚངས་པ་དང་བརྒྱ་བྱིན་སོགས་ཀྱིས་གསོལ་བ་བཏབ་པ་བཞིན། ཐོག་མར་ཡུལ་ཝ་ར་ཎ་སིར་འཁོར་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། བར་དུ་ཡུལ་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་བོ་ལ་སོགས་པར་ཡུམ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་སོགས་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར། ཐ་མ་ཡངས་པ་ཅན་ལ་སོགས་པའི་གནས་མ་ངེས་པ་རྣམས་སུ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་རིགས་ཅན་གསུམ་གྱི་གང་ཟག་རྣམས་བྱང་ཆུབ་གསུམ་དུ་སྨིན་པར་མཛད། གཞན་ཡང་འོག་མིན་གྱི་གནས་དང་། ཨོ་རྒྱན་གྱི་ཡུལ། བྱང་ཤམ་བྷ་ལ་སོགས་སུ་གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་མང་པོ་ཡང་གང་ཟག་སྐལ་བ་ཅན་རྣམས་ཀྱི་ངོར་སྦས་པའི་ཚུལ་གྱིས་གསུངས། མ་འོངས་པ་ན་ལྷ་མིའི་གནས་སུ་གསང་སྔགས་ཡོངས་གྲགས་སུ་འབྱུང་ཞིང་རྒྱས་པར་ལུང་བསྟན་ནས་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན། དེ་ནས་བསྟན་པ་དམ་པའི་ཆོས་ཇི་ལྟར་དར་བའི་ཚུལ་ནི། ཐེག་དམན་ཉན་ཐོས་དང་ཐུན་མོང་བའི་སྡེ་སྣོད་རྣམས་ལ་བཀའ་བསྡུ་རིམ་པ་གསུམ་ལས། དང་པོ་ནི། འདུལ་བ་ལུང་ལས། སྟོན་པ་མྱ་ངན་ལས་འདས་ཕྱི་དེའི་དབྱར། །རྒྱལ་པོའི་ཁབ་ཀྱི་གསང་བའི་བྲག་ཕུག་ཏུ། །དགྲ་བཅོམ་ལྔ་བརྒྱ་འདུས་པའི་ཚེ་ན་ནི། །མ་སྐྱེས་དགྲས་སྦྱར་སྡེ་སྣོད་གསུམ་དུ་བསྡུས། །ཞེས་པ་ལྟར། བཀའ་བསྡུ་དང་པོ་གནས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རིའི་བྱང་ཤར་ལྷ་མིན་གྱི་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ཏེ། མདོ་སྡེ་རྣམས་ཀུན་དགའ་བོ་དང་། འདུལ་བ་ཉེ་བ་འཁོར། མངོན་པ་འོད་སྲུང་ཆེན་པོས་བསྡུས། གསུང་རབ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་སྡེ་སྣོད་གསུམ་དུ་བསྡུས་ནས་མི་ཉམས་པར་བྱས། བསྡུ་བ་གཉིས་པ་ནི། ཡུལ་ཡངས་པ་ཅན་དུ་དགྲ་བཅོས་པ་གྲགས་པ་ལ་སོགས་བདུན་བརྒྱ་འདུས་ནས་ཉན་ཐོས་སྡེ་པ་བཅོ་བརྒྱད་གྱེས་པ་ཐམས་ཅད་སངས་རྒྱས་ཀྱི་བཀར་བསྒྲུབས། བསྡུ་བ་གསུམ་པ་ནི། ཁ་ཆེའི་ཡུལ་མེ་ཏོག་བརྩེགས་པའི་ཀུན་དགའ་ར་བར། བྱང་ཆུབ་སེམས་དཔའ་སུ་མི་ཏྲ་དང་། དགྲ་བཅོམ་པ་པུརིན་ཀ་སོགས་ཀྱིས་བསྡུས་ཏེ། དེ་ནི་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པ་ལྟར། རྒྱལ་ཚབ་འོད་སྲུང་ཆེན་པོ་དང་། འཕགས་པ་ཀུན་དགའ་བོ་སོགས་བསྟན་པའི་གཏད་རབས་བདུན་དུ་གྲགས་པ། སངས་རྒྱས་དང་འདྲ་བའི་ཉན་ཐོས་ཆེན་པོ་བདུན་སོགས་ནས་བརྒྱུད་དེ་རིམ་པར་དར། ཐེག་ཆེན་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་སམ་བྷའི་རི་ལ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་བཅུ་འདུས་ནས་ཕྱག་ན་རྡོ་རྗེས་མདོ་སྡེ། བྱམས་པས་འདུལ་བ། འཇམ་དཔལ་དབྱངས་ཀྱིས་མངོན་པའི་སྡེ་སྣོད་རྣམས་བསྡུས་ཏེ་ལྷ་ཀླུ་གནོད་སྦྱིན་གྱི་གནས་སོ་སོར་བཞག་པ་རྣམས། ཕྱིས་ཐེག་ཆེན་དར་བའི་མགོ་བརྩམ་པ་ནས་བྱང་ཆུབ་སེམས་དཔའ་རྣམས་དང་། རྒྱལ་བ་ཉིད་ཀྱིས་ལུང་བསྟན་ཅིང་འཛམ་བུའི་གླིང་ན་ཉི་ཟླ་ལྟར་གྲགས་པའི་སློབ་དཔོན་ཆེན་པོ་འཕགས་མཆོག་ཀླུ་སྒྲུབ་དང་། ཐོགས་མེད་སྐུ་མཆེད་སོགས་འཛམ་གླིང་མཛེས་པའི་རྒྱན་དྲུག མཆོག་གཉིས། ཆེན་པོ་བཞི། རྨད་དུ་བྱུང་བའི་སློབ་དཔོན་བཞི་ལ་སོགས་པས་བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ་གྱིས་བསྐྱངས་ནས་དར་ཞིང་རྒྱས་པར་མཛད། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པ་ཕྱི་ནང་གི་རྒྱུད་སྡེ་རྣམས་ནི་སྡུད་པ་པོ་དཔལ་གསང་བའི་བདག་པོ་ཉིད་དངོས་དང་སྤྲུལ་པའི་རྣམ་རོལ་དུ་མར་བསྟན་པས་བསྡུ་བར་མཛད་ཅིང་། བདེ་མཆོག་འགྲེལ་ཆེན་ལས། ཕྱི་དུས་རིམ་པར་ལུང་བསྟན་སྡུད་པ་པོས། །རི་བོ་མཆོག་རབ་བྱང་ཤར་ལྷ་གནས་མཆོག །ལྕང་ལོ་ཅན་གྱི་ཕོ་བྲང་ཆེན་པོར་ནི། །རྒྱུད་རྣམས་མ་ལུས་སེམས་དཔའ་ཆེན་པོའི་ཚོགས། །བྱེ་བ་ཕྲག་ནི་དགུ་བཅུ་རྩ་དྲུག་སོགས། །འདུས་ཏེ་རྗེ་བཙུན་གསང་བའི་བདག་པོ་ལ། །གསོལ་བ་བཏབ་ཚེ་འདི་སྐད་བདག་ཐོས་ཅེས། །རབ་ཏུ་གསུངས་པ་གསེར་གྱི་ཤོག་བུ་ལ། །བཻ་ཌཱུརྱ་ཡི་ཞུན་མས་ཡི་གེར་བཀོད། །ཅེས་གསུངས། དེ་ལྟ་བུའི་གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོ་རྣམས་ལས། བྱ་བ་དང་སྤྱོད་པའི་རྒྱུད་སྡེ་རྣམས་ནི་སངས་རྒྱས་བཞུགས་པའི་དུས་ནས་ཡོད་ཅིང་། ཐེག་ཆེན་དར་བའི་དུས་ནས་ལྷག་པར་རྒྱས། གསང་སྔགས་བླ་མེད་ཀྱི་རྒྱུད་རྣམས་ནི། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷུ་ཏི་དང་། བྱང་ཕྱོགས་ཤམ་བྷ་ལར་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ལ་དབང་བསྒྱུར་བའི་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་ཆོས་རྒྱལ་བདུན་དང་། རིགས་ལྡན་ཉེར་ལྔར་གྲགས་པ་རྣམས་ཀྱིས་རྒྱ་ཆེར་སྤེལ། གཞན་ཡང་གྲུབ་བརྒྱའི་སྤྱི་མེས་དཔལ་ལྡན་ས་ར་ཧ་དང་། དཔལ་མགོན་ཀླུ་སྒྲུབ་སོགས་གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། རྡོ་རྗེ་བདེ་བ་ཆེན་པོ་པདྨ་སཾ་བྷ་ཝ་སོགས་ཀྱིས་ལྷ་ཀླུ་གནོད་སྦྱིན་གྱི་གནས་སོ་སོ་དང་། ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ནས་རྒྱུད་སྡེ་མང་པོ་སྤྱན་དྲངས། ལྷག་པའི་ལྷ་དང་མཁའ་འགྲོ་གྲུབ་པ་ཅན་རྣམས་ལས་དངོས་སུ་གསན་ནས་རྒྱ་གར་འཕགས་པའི་ཡུལ་དུ་བསྟན་པ་རྒྱ་ཆེར་བསྐྱངས་པ་ལགས། དེ་ནས་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་གངས་ཅན་བོད་ཀྱི་ཡུལ་འདིར། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་མདོ་ཙམ་ཞུ་ན། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར་སྔར་མཚོ་ཡོད་པ་རིམ་གྱིས་བྲི་ནས་ནགས་དང་སྤང་ལྗོངས་སུ་གྱུར་པ་ན། མདོ་སྡེ་པདྨ་དཀར་པོ་ལས། གངས་ཅན་གྱི་རྒྱལ་ཁམས་འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་ལུང་བསྟན་པ་ལྟར་འཕགས་པའི་སྤྲུལ་པ་སྤྲེལ་སྒོམ་བྱང་ཆུབ་སེམས་དཔའ་དང་། ཇོ་མོ་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་གཉིས་འདུས་པའི་རིགས་ལས་ཆད་པའི་བོད་ཀྱི་མིའུ་གདུང་དྲུག་ཏུ་གྲགས་པའི་མི་རྣམས་རིམ་གྱིས་མཆེད་དེ་མི་ཡི་གླིང་དུ་གྱུར་ཀྱང་། སྟེང་ན་རྗེ་དང་འོག་ན་འབངས་ཀྱི་རྣམ་དབྱེ་མེད་པའི་དུས་སུ་རྒྱ་གར་ཤཱཀྱའི་རིགས་ལས་རྒྱལ་པོ་སྐྱ་བསེང་གི་བུ་རུ་པ་ཏི་དཔུང་གི་ཚོགས་དང་བཅས་པ་ཁ་བ་ཅན་དུ་འོངས་སྟེ། ཡར་ལུང་ལྷ་རི་རོག་པོའི་རྩེ་ནས་ལྷ་སྐས་ལས་བཙན་སྒོ་བཞིར་བབས་པ་ན། འདི་གནམ་ནས་འོང་བའི་བཙན་པོ་ཞིག་འདུག་པས་བདག་ཅག་རྣམས་ཀྱི་རྒྱལ་པོར་འོས་སོ་ཞེས་རྒྱལ་པོར་བཀུར། རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་བྱོན། དེའི་རྒྱུད་པ་མུ་ཁྲི་བཙན་པོ་སོགས་གནམ་གྱི་ཁྲི་བདུན། གྲི་གུམ་བཙན་པོ་དང་། སྤུ་དེ་གུང་རྒྱལ་ཏེ་སྟོད་ཀྱི་སྟེང་གཉིས། ཨི་ཤོ་ལེགས་པ་སོགས་ས་ཡི་ལེགས་དྲུག །ཟ་ནམ་ཟིན་ལྡེ་སོགས་བར་གྱི་ལྡེ་བརྒྱད། ཏོ་རེ་ལོང་བཙན་སོགས་ཚིགས་ལ་བཙན་ལྔ་སྟེ་རྒྱལ་རབས་ཉི་ཤུ་རྩ་བརྒྱད་ཀྱི་རིང་ལ་ཆབ་སྲིད་ནོར་དང་བོན་གྱིས་བསྐྱངས། ལྷ་ཐོ་རི་གཉན་བཙན་གྱི་དུས་སུ་ཤེལ་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་བཀོད་པ་དང་། སྤང་ཀོང་ཕྱག་བརྒྱ་པ་སོགས་ཉི་མའི་ཟེར་དང་འགྲོགས་ནས་ཕོ་བྲང་གི་སྟེང་དུ་བབས་ཏེ་དམ་པ་ཆོས་ཀྱི་དབུ་བརྙེས། མཚན་གཉེན་པོ་གསང་བ་བཏགས་ཏེ་རིན་པོ་ཆེའི་ཁྲི་ལ་བཞག །གུས་པའི་ལྷ་ཕྱག་འཚལ། འབྱོར་པའི་མཆོད་པ་ཕུལ། བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་སྐྱིད་སྡུག་ཅི་བྱུང་ཡང་། ངའི་གཉེན་པོ་གསང་བ་ལ་གསོལ་བ་ཐོབ་དང་འདོད་པའི་དོན་འགྲུབ་བོ་ཞེས་ཞལ་ཆེམས་བོད་འབངས་ལ་བཞག །དེ་ནས་རྒྱལ་རབས་ལྔ་ན་འདིའི་དོན་ཤེས་པ་འབྱུང་ངོ་ཞེས་ལུང་བསྟན་པ་ལྟར། རྒྱལ་རབས་ལྔ་པ་འཕགས་པ་སྤྱན་རས་གཟིགས་རྒྱལ་པོའི་ཚུལ་དུ་བསྟན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ། ཆོས་བློན་ཐོན་མི་སཾ་བྷོ་ཊ་རྒྱ་གར་དུ་བྱོན་ནས། སྒྲ་དང་ཡི་གེའི་སྡེབ་སྦྱོར། སྙན་ངག་དང་མིང་གི་མངོན་བརྗོད་སོགས་ཕུལ་དུ་ཕྱིན་པར་བསླབས་ཏེ། བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད། རྒྱ་ཆོས་བོད་སྐད་ཀྱི་སྟེང་ནས་བསྒྱུར་བའི་ལམ་ཕྱེས། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར་ཏེ་དམ་པའི་ཆོས་ཀྱི་སྲོལ་བཏོད། བོད་ཁམས་ཆོས་ལ་འཛུད་ཕྱིར་དགེ་བ་བཅུའི་ཁྲིམས་བཅས་ཏེ། ངའི་མངའ་འབངས་སུ་གཏོགས་པ་རྣམས་ཀྱིས་སྡུག་བསྔལ་གྱི་རྩ་བ་མི་དགེ་བ་བཅུ་དུག་བཞིན་སྤོངས། བདེ་སྐྱིད་ཀྱི་རྩ་བ་དགེ་བ་བཅུ་པོ་སྨན་བཞིན་བསྟེན་ཅིག ཁྲིམས་ལས་འདས་ན་བསད་པ་ལ་སྟོང་འདོན། བརྐུས་པ་ལ་འཇལ་སྤྲོད། འདོད་ལོག་ལ་རིན་ལོངས། རྫུན་ལ་མནའ་སྒོག་ཅེས་ཁྲིམས་བསྒྲགས། གཞན་ཡང་། ལྷ་དཀོན་མཆོག་གསུམ་ལ་དད་གུས་བསྐྱེད། དམ་པའི་ལྷ་ཆོས་བཙལ་ཞིང་སྒྲུབ། ཕ་མ་ལ་དྲིན་ལན་ལྡོན། ཡོན་ཏན་ཅན་རྣམས་གོང་དུ་བཀུར། རིགས་ཀྱིས་མཐོ་བ་དང་རྒན་པ་རྣམས་ལ་བཀུར་སྡི་བྱ། ཉེ་དུ་མཛའ་བཤེས་ལ་འགྲོགས་གཞུང་བསྟེན། ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས། གཏམ་དྲང་ཞིང་སེམས་ཆུང་བར་བྱ། ཡ་རབས་ཀྱི་རྗེས་བསྙེགས་ཤིང་ཕྱི་ཐག་རིང་བར་བྱ། ཞེས་པ་ལ་སོགས་པའི་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ཀྱི་གཞི་བཟུང་ནས། ལུགས་གཉིས་ཀྱི་བཀའ་གཙིགས་དམ་པར་བསྡམས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་། མཐའ་འདུལ་ཡང་འདུལ་དང་བཅས་པ་བཞེངས། ཇོ་ཤཱཀ་གཉིས་དང་། རང་བྱུང་འཕགས་པ་མཆེད་ལྔ་སྤྱན་དྲངས་ནས་བོད་ཡུལ་དཀར་པོར་བསྒྱུར་བར་མཛད་དེ་རྒྱལ་པོ་ཉིད་ཀྱི་བཀའ་ཆེམས་ལས། དེ་ལྟར་འཕགས་པའི་གང་ཟག་རྣམས་འབྱུང་ཞིང་། །འཁོར་ནི་ལེགས་གནས་སྟོན་པའི་གསུང་རབ་དང་། །སྟོན་པའི་སྐུ་གཟུགས་དངོས་སུ་བཞུགས་པ་དང་། །རི་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཅེས་དང་། རི་མཐོ་ས་གཙང་གངས་རི་གཉན་གྱིས་བསྐོར། །སྒྲ་དག་སྐད་སྙན་སཾ་ཀྲྀ་ཏ་དང་མཚུངས། །མི་སྐད་ཆོས་ལ་བསྒྱུར་དུ་བཏུབ་པའི་སྒྲ། །ཡངས་ཤིང་མཐའ་ལེགས་ཡོན་ཏན་ཀུན་ལྡན་པ། །དེ་ལྟར་ཁ་བ་ཅན་གྱི་ཡུལ་དབུས་སུ། །ཞེས་བསྔགས་པ་མཛད་པ་ལྟར། རྒྱལ་བའི་བསྟན་པ་ཆེས་ཆེར་གསལ་བར་འགྱུར་བའི་གནས་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབས། དེ་ནས་རྒྱལ་རབས་ལྔ་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཟ་ཧོར་གྱི་ཡུལ་ནས་མཁན་ཆེན་ཞི་བ་འཚོ་དང་། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ། ཁ་ཆེའི་པཎ་ཆེན་བི་མ་ལ་མི་ཏྲ་སོགས་པཎ་ཆེན་བརྒྱ་དང་རྩ་བརྒྱད་སྤྱན་དྲངས། བྲག་དམར་དཔལ་གྱི་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། རྦ་ཁྲི་གཟིགས་དང་། རྦ་གསལ་སྣང་སོགས་རབ་ཏུ་བྱུང་ནས། མཚན་དཔལ་དབྱངས་དང་། ཡེ་ཤེས་དབང་པོ། བཻ་རོ་ཙ་ན་རཀྵྀ་ཏ། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག མཁོན་ཀླུ་དབང་སྲུང་། ལ་སུམ་རྒྱལ་བ་བྱང་ཆུབ་སྟེ་སད་མི་མི་བདུན་དུ་གྲགས་པ་སོགས་རབ་བྱུང་གི་སྡེ་བཙུགས་ནས་བསྟན་པའི་གཞི་མ་དམ་ཆོས་འདུལ་བའི་སྲོལ་བཏོད། སློབ་དཔོན་སངས་རྒྱས་གསང་བ་ནས་བརྒྱུད་པའི་གསང་སྔགས་ཕྱི་ནང་གི་རྒྱུད་ཀྱི་བཤད་པ་དང་། ཁྱད་པར་ཨོ་རྒྱན་ཆེན་པོས་གསང་ཆེན་བླ་མེད་ཀྱི་རྒྱུད་རྣམས་རྩལ་དུ་བཏོན་ནས། དབང་མན་ངག་བཤད་པ་དང་བཅས་པས་སྐལ་བཟང་གི་གདུལ་བྱ་མང་པོ་རྗེས་སུ་བཟུང་ནས་སྨིན་པར་མཛད་དེ་སྔགས་ཀྱི་སྡེ་བཙུགས། དཔལ་གྱི་མཆིམས་ཕུ་དང་། ཆུ་བོ་རི། ཡེར་པ་སོགས་སུ་སྒོམ་གྲྭ་བཙུགས་ནས་ཉམས་སུ་ལེན་དུ་བཅུག་པས། མཆིམས་ཕུའི་གྲུབ་ཆེན་ཉེར་ལྔ། ཡེར་པའི་གྲུབ་ཆེན་བརྒྱད་ཅུ། ཆུ་བོ་རིའི་སྒོམ་ཆེན་བརྒྱ་རྩར་གྲགས་པ་སོགས་རྟོགས་པ་མཆོག་ལྡན་གྱི་གྲུབ་ཐོབ་ནམ་མཁའི་སྐར་ཚོགས་ཙམ་བྱོན་ཏེ་མདོ་སྔགས་བསྟན་པ་གཉིས་ལྡན་གྱིས་བོད་དང་བོད་ཆེན་པོའི་རྒྱལ་ཁམས་མཐའ་དབུས་ཐམས་ཅད་ཁྱབ་པར་གྱུར། དེ་ལས་ཀྱང་ཁྱད་པར་མཆོག་ཏུ་གྱུར་པའི་ཟབ་ཆོས། རྒྱུད་སྒྱུ་འཕྲུལ་དྲྭ་བ། མདོ་དགོངས་པ་འདུས་པ། རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོ་སོགས་སེམས་ཕྱོགས་མ་བུ་བཅོ་བརྒྱད་བཅས་མདོ་སྒྱུ་སེམས་གསུམ་དུ་གྲགས་པའི་གཞུང་མན་ངག །དབང་ཕྲིན་སྒྲུབ། ཆོ་ག་ལག་ལེན་དང་བཅས་པ་བསྟན་པའི་བབས་སོ་གཉགས་གནུབ་ཟུར་གསུམ་དུ་གྲགས་པ་ལས་རྒྱ་ཆེར་མཆེད་དེ། དེང་སང་ཙམ་གྱི་དུས་ནའང་། ཁམས་དབུས་གཙང་གསུམ་ཀུན་ཏུ་སྔ་འགྱུར་རྙིང་མ་པ་ཞེས་ཡོངས་སུ་གྲགས་ཤིང་གྲུབ་པ་འདི་ཉིད་ལགས། དེའི་རྗེས་སུ་རྒྱལ་པོ་གླང་དར་མར་གྲགས་པས་དབུས་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་ཅུང་ཟད་ཉམས་སྨད་པར་བྱས་པ་ལ་བརྟེན་ནས། འདུལ་བསྟན་གཙོ་བོར་གྱུར་པའི་བཤད་སྒྲུབ་ཀྱི་སྲོལ་ནུབ་པར་ཕྱོགས་པ་ན། བོད་ཆོས་རྒྱལ་གྱི་གདུང་རྒྱུད་ལྷ་བླ་མ་ཡེ་ཤེས་འོད་དང་། བྱང་ཆུབ་འོད་ཁུ་དབོན་གྱི་ཐུགས་བསྐྱེད་དང་སྙིང་སྟོབས་ཆེན་པོའི་ཕྲིན་ལས་ལ་བརྟེན་ནས། ཇི་སྐད་དུ། ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས། །ཕྱི་ནང་རིག་པའི་གནས་རྣམས་ཀུན་ལ་མཁས། །བསླབ་གསུམ་རྣམ་དག་གནས་བརྟན་འདུལ་བ་འཛིན། །རྩ་བའི་སྡེ་བཞི་གྱེས་པ་བཅོ་བརྒྱད་ཀྱི། །ལུགས་རྣམས་སོ་སོར་མ་འདྲེས་ཐུགས་ཆུད་ནས། །ཀུན་གྱིས་བཀུར་ཅིང་ཁྱོད་གསུང་ཚད་མར་ལེན། །བསྟན་པའི་བདག་པོ་ཉིད་དུ་མངའ་གསོལ་བ། །དེ་ནི་དཔལ་ལྡན་མར་མེ་མཛད་དཔལ་ལོ། །ཞེས་གསུངས་པ་ལྟར། བསྟན་པའི་མངའ་བདག་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་སྤྱན་དྲངས། མངའ་རིས་ནས་རིམ་པར་དབུས་སུ་ཕེབས། འཕགས་པའི་རྣམ་འཕྲུལ་འབྲོམ་སྟོན་རིན་པོ་ཆེ་རྒྱལ་བའི་འབྱུང་གནས་སོགས་ལ་རྒྱལ་བའི་བཀའ་མཐའ་དག་གི་དོན་ཉམས་ལེན་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་དྲིལ་ནས་གདམས་པས་ཇོ་བོ་བཀའ་གདམས་པ་ཞེས་གྲགས་པའི་བསྟན་པའི་སྲོལ་ཆེན་པོ་བྱུང་སྟེ། ཆོས་འབྱུང་གསལ་བའི་སྒྲོན་མེ་ལས། དགེ་བཤེས་སྟོན་པས་ཚོགས་ཀྱི་དཔོན་མཛད་དེ། །ཇོ་བོའི་གདན་ས་དཔལ་གྱི་རྭ་སྒྲེང་བཏབ། །ཡོངས་སུ་དག་པའི་སློབ་འཁོར་སྨིན་པར་མཛད། །དེ་ནས་ལོ་གྲངས་ཉི་ཤུ་ལྷག་ཙམ་ན། །སྐུ་མཆེད་གསུམ་གྱི་ཕྲིན་ལས་ཀློང་རྡོལ་ཏེ། །དབུ་རུ་བྱང་དུ་བཀའ་གདམས་ཉི་མ་ཤར། །གངས་ཅན་མ་ལུས་འོད་ཀྱིས་ཁྱབ་པར་མཛད། །ཅེས་གསུངས་པ་བཞིན། ཇོ་བོ་རྗེ་ནས་དབུ་བརྙེས། དགེ་བཤེས་སྟོན་པས་སྲོལ་བཏོད། པུ་ཏོ་པ་རིན་ཆེན་གསལ། སྤྱན་སྔ་པ་ཚུལ་ཁྲིམས་འབར། ཕུ་ཆུང་པ་གཞོན་ནུ་རྒྱལ་མཚན་ཏེ་སྐུ་མཆེད་གསུམ་དུ་གྲགས་པ་རྣམས་ཀྱིས་རྒྱ་ཆེར་སྤེལ་ཏེ་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་རིང་ལུགས་འཛིན་པས་ཕྱོགས་ཀུན་ཁྱབ་པར་གྱུར། དེའི་རྗེས་ཙམ་ནས། གྲུབ་ཆེན་ཌོམྦྷི་བའི་རྣམ་འཕྲུལ་མར་པ་ཆོས་ཀྱི་བློ་གྲོས་རྒྱ་གར་དུ་བྱོན་ནས་པཎ་ཆེན་ན་རོ་པ་སོགས་ལ་བརྟེན་ཏེ། བདེ་དགྱེས་གསང་གསུམ་སོགས་ཀྱི་གཞུང་མན་ངག་དང་བཅས་པ་གསན་ནས་བོད་དུ་ཕེབས། སློབ་མ་ཀ་ཆེན་བཞི་སོགས་རྗེས་སུ་བཟུང་། ཁྱད་པར་དུ་རྗེ་བཙུན་བཞད་པ་རྡོ་རྗེའི་ཐུགས་སྲས་ཀྱི་གཙོ་བོ་མཉམ་མེད་སྒམ་པོ་པ་ཆེན་པོ། དེའི་ཐུགས་སྲས་ཀརྨ་པ་དུས་གསུམ་མཁྱེན་པ་དང་། བདེ་གཤེགས་ཕག་མོ་གྲུབ་པ་སོགས་ལས་རིམ་པར་མཆེད་དེ་དྭགས་པོ་བཀའ་བརྒྱུད། ཀརྨ་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། འབྲི་སྟག་ཚལ་གསུམ་སོགས་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར། སྐབས་དེར་རྒྱ་གར་ལྷོ་ཕྱོགས་སིངྒ་ལའི་ཡུལ་ལ་སྐུ་འཁྲུངས་པའི་གྲུབ་ཐོབ་དམ་པ་སངས་རྒྱས་ཞེས་བྱ་བ་ཐུན་མོང་སྒྲ་ཚད་ཀྱི་བླ་མ་བཅུ་གཅིག ཕ་རྒྱུད་གཡོ་བ་རླུང་གི་བླ་མ་བཅུ་གཅིག མ་རྒྱུད་བདེ་བ་ཉམས་ཀྱི་བླ་མ་བཅུ་གཅིག ཕྱག་རྒྱ་ཆེན་པོ་བརྡའི་བླ་མ་བཅུ་གཅིག རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུ་སྟེ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་ལས་གདམས་ངག་གསན་ནས། མདོ་རྒྱུད་མཐའ་དག་གི་སྙིང་པོའི་གནད་བསྡུས་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་དུ་གྲགས་པའི་སྲོལ་ཕྱེ་བ་པོ་དེ་ཉིད་བོད་དུ་ཕེབས་ནས། ཞི་བྱེད་གཅོད་ཀྱི་གདམས་པའི་སྲོལ་བཏོད། དེ་ནས་འོད་གསལ་ལྷ་ལས་ཆད་པའི་མ་སང་མཁོན་གྱི་གདུང་རྒྱུད་ལས་བྱོན་པའི་དཔལ་ས་སྐྱ་པ་ཆེན་པོའི་རིང་ལུགས་ནི། མཁོན་སྟོན་ཀླུ་དབང་སྲུང་བ་ནས། མཁོན་ཤེས་རབ་ཚུལ་ཁྲིམས་ཀྱི་བར་གསང་སྔགས་རྙིང་མའི་བརྒྱུད་པ་བར་མ་ཆད་པ་བྱོན། དེའི་སྲས་མཁོན་དཀོན་མཆོག་རྒྱལ་པོ་བླ་ཆེན་འབྲོག་མི་ལོ་ཙཱ་བའི་སློབ་མར་སོང་གཤིས། དེས་ས་དཀར་དབུས་ཀྱི་ལོགས་སུ་དགོན་པ་བཏབ། དེ་ཕྱིན་ཆད་ནས་དཔལ་ལྡན་ས་སྐྱ་པ་ཞེས་གྲགས་ཤིང་དེ་ནས་རིམ་པར། ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན་སྟེ་སྔགས་པ་དཀར་པོ་རྣམ་གསུམ། འཇམ་པའི་དབྱངས་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཁུ་དབོན་ལ་འདུལ་འཛིན་དམར་པོ་རྣམ་གཉིས་སུ་གྲགས་ཏེ། འཇམ་དབྱངས་གོང་མ་ལྔ་སོགས་འཇམ་པའི་དབྱངས་བདུན་བརྒྱུད་དང་། དེ་ལས་ཀྱང་ས་པཎ་ཁུ་དབོན་གཉིས་ཧོར་སེ་ཆེན་གན་གྱིས་མཆོད་གནས་སུ་བཀུར་ནས་ཏི་ཤྲཱིར་མཚན་གསོལ། འཕགས་པ་རིན་པོ་ཆེ་ལ་དབང་ཡོན་དུ། ཐོག་མར་བོད་ཁྲི་སྐོར་བཅུ་གསུམ་ཕུལ་བས་དབུས་གཙང་གཉིས་ཀྱི་བདག་པོར་གྱུར། ཕྱི་ནས་དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མི་ཡི་ཆོལ་ཁ། མདོ་སྨད་རྟ་ཡི་ཆོལ་ཁ་སྟེ་བོད་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ། བོད་ཐམས་ཅད་མངའ་འོག་ཏུ་བསྡུས། ཆོས་བརྒྱུད་འཛིན་པའི་བཤེས་གཉེན་བགྲང་ལས་འདས་པར་བྱོན་ཀྱང་གཙོ་བོ་མདོ་ཕྱོགས་ཀྱི་བསྟན་འཛིན་གཡག་རོང་གཉིས། སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་གཉིས་སུ་གྲགས་པ་རྣམས་དང་། གཞན་ཡང་གོ་ཤཱཀ་གཉིས་སོགས་མཁས་ཤིང་གྲུབ་པའི་སྐྱེས་བུ་མང་དུ་བྱོན་ནས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་པས་རྒྱལ་བའི་བསྟན་པ་ཉིན་མོར་མཛད། དེ་ནས་འཇམ་པའི་དབྱངས་ཤར་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པས། ཇོ་བོ་བཀའ་གདམས་པའི་རིང་ལུགས་གཞིར་བཟུང་། དབུ་ཚད་ཕར་ཕྱིན་སོགས་མདོ་ལུགས་ཀྱི་བཤད་པ་དང་། བདེ་གསང་གཉིས་སོགས་གསང་སྔགས་བླ་མེད་ཀྱི་རྒྱུད་དང་མན་ངག་དུ་མའི་གནད་བསྡུས་ཏེ་རི་བོ་དགའ་ལྡན་པ་ཞེས་ཡོངས་སུ་གྲགས་པའི་གྲུབ་མཐའི་སྲོལ་བཏོད། ཐུགས་སྲས་ཀྱི་བསྟན་འཛིན། ཚ་ཁོ་དབོན་པོ་ངག་དབང་གྲགས་པ་སོགས་སྔ་ཚར་གྱི་སྲས་བཞི། བླ་མ་འཇམ་དཀར་པ་སོགས་ཕྱི་ཚར་དག་པའི་འཁོར་བརྒྱད། རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ་སྲས་ཀྱི་ཐུ་བོ་གཉིས། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། ཡུང་རུ་པ་རྒྱལ་མཚན་བཟང་པོ། རྗེ་བཙུན་ཤེས་རབ་སེང་གེ ཐམས་ཅད་མཁྱེན་པ་པཎ་ཆེན་དགེ་འདུན་གྲུབ་སྟེ། ཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི་སོགས་བསྟན་འཛིན་དགེ་བའི་བཤེས་གཉེན་བགྲང་ལས་འདས་པ་བྱོན་པ་རྣམས་ཀྱིས་མཁས་ཚུལ་གསུམ་གྱི་མཛད་པས་རྒྱལ་བསྟན་རིན་པོ་ཆེ་མཁའ་ཁྱབ་ཏུ་སྤེལ། རྗེ་དེ་ཉིད་ཀྱིས་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་འབྲས་སྤུངས་བཏབ། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་སེ་ར་ཐེག་ཆེན་གླིང་བཏབ། པཎ་ཆེན་དགེ་འདུན་གྲུབ་པས་གཙང་དུ་བཀྲ་ཤིས་ལྷུན་པོ་བཏབ་པ་སོགས་བོད་དང་རྒྱ་ནག་གི་ཡུལ་གྲུ་ཚུན་ཆད་ཆོས་གཞིས་གཙུག་ལག་ཁང་དང་། བཤད་སྒྲུབ་ཀྱི་སྡེས་ཁྱབ་པར་མཛད་པ་འདི་བཞིན་ལགས། དེ་ལྟར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཕགས་བོད་གཉིས་སུ་ཇི་ལྟར་དར་ཚུལ་རགས་རིམ་ཙམ་ཞུས་ནས། འདིར་སྐབས་སུ་བབས་པ་མདོ་ཁམས་རྫོགས་ཆེན་པའི་གདན་ས་འདི་ཉིད་ནི་རྒྱལ་དབང་ལྔ་པ་ཆེན་པོས། ཆོས་ཉིད་མངོན་སུམ་ཕ་མཐར་ཕྱིན་པ་དེང་། །དཀོན་ན་གོང་འཕེལ་སྣང་བ་ཡོངས་ཤར་གང་། །སྔ་འགྱུར་ནགས་ཀླུང་སྟུག་པོ་འཁྲིགས་པའི་དབུས། །སྔོན་མེད་ཡོངས་འདུའི་ལྗོན་པ་ཁྱོད་དུ་ངེས། །ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ། གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་ཞེས་ཡོངས་སུ་གྲགས་པ་དེ་ནི། མཉམ་མེད་ཐུབ་པའི་དབང་པོས་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ཚུལ་བསྟན་པ་ན། གྲངས་མེད་དང་པོར་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་མཛད་པའི་ཐ་མར་བྱོན་པ། རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་མཚན་ཐོས་པ་ཙམ་གྱིས་འགྲོ་བ་རྣམས་ངན་སོང་གི་གནས་ལས་སྒྲོལ་ནུས་པ་དེ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཀྱང། ཚད་མེད་པའི་ཐུགས་རྗེ་ཆེན་པོས་འཁོར་བ་ཇི་སྲིད་དུ་འགྲོ་བའི་ཁམས་ཡལ་བར་མི་འདོར་བ་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ཡིན་ལ། འཕགས་ཡུལ་གྲུབ་པའི་གཙོ་བོ་དཔལ་ལྡན་ས་ར་ཧ་པ། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་སློབ་དཔོན་ཀུ་ཀུ་རི་པ། འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པཎ་ཆེན་དྲི་མེད་བཤེས་གཉེན། རྒྱལ་དབང་པད་མའི་ཐུགས་སྲས་རླངས་ཆེན་དཔལ་གྱི་སེང་གེ གནམ་ལྕགས་རྡོ་རྗེའི་མདའ་འཕེན་ལང་གྲོ་དཀོན་མཆོག་འབྱུང་གནས། རྒྱལ་བསྟན་དགུང་དུ་འདེགས་པའི་དབོན་སྲས་མངའ་བདག་ཁྲི་རལ་སོགས་དག་ཆེན་སྐྱེ་བའི་ཕྲེང་བ་སྣ་ཚོགས་སུ་བསྟན་པའི་མཐར། ཐེག་པ་ཀུན་གྱི་རྩེ་རྒྱལ་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་གཞི་བཞེངས་སུ་སློང་ཕྱིར། བོད་ཆེན་པོའི་རྒྱལ་ཁམས་ཀྱི་ལྷོ་ཕྱོགས་དངུལ་རྫ་ཟལ་མོ་སྒང་གི་ཆ། རྒྱལ་བ་སྟག་ལུང་པ་ཆེན་པོའི་གདུལ་བྱའི་ཞིང་ཁམས་རི་བོ་ཆེའི་ཕྱོགས་སུ་སྐུ་འཁྲུངས། གྲུབ་དབང་ཀརྨ་ཆགས་མེད། རྫོགས་ཆེན་པ་བསོད་ནམས་དབང་པོའི་དངོས་སློབ་རིག་འཛིན་ཆོས་ཀྱི་རྒྱ་མཚོ། སྤྲུལ་པའི་གཏེར་སྟོན་བདུད་འདུལ་རྡོ་རྗེ། མངའ་བདག་ཉང་རལ་གྱི་གདུང་བརྒྱུད་མངའ་བདག་ཆོས་ཀྱི་དབང་པོ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གདུང་རྒྱུད་དཔལ་འབྱོར་རྒྱལ་པོ། རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཡོངས་འཛིན་གྱི་བླ་མ་སུམ་ཅུ་ལྷག་ཙམ་ལ་བརྟེན་ནས། མདོ་རྒྱུད་མན་ངག་སྤྱི་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ལམ་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད། མཆིམས་ཕུ། ཤེལ་བྲག ཙཱ་རི་ཏྲ། ལྷོ་བྲག་མཁར་ཆུ་སོགས་དབེན་པའི་གནས་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། གྲུབ་འབྲས་མངོན་དུ་གྱུར་ནས་སྣང་སེམས་ལ་རང་དབང་ཐོབ། ཀ་དག་ཁྲེག་ཆོད་ཀྱི་ལྟ་བ་མངོན་དུ་གྱུར། ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པའི་རྩལ་ཆེན་རྫོགས་ནས་རིག་པ་ཚད་ཕེབས་ཀྱི་ས་ལ་ཕྱིན་པའི་ཚུལ། རྗེ་དེ་ཉིད་ཀྱི་ཞལ་ནས། སྒྲུབ་གནས་དེ་བསམ་ཡས་མཆིམས་ཕུར་བྱས། །ཀ་དག་ལྷུན་གྲུབ་ཀྱི་རང་ངོ་མཐོང་། །གནས་ལུགས་དང་མཐུན་པའི་ཉམས་ལེན་ཤེས། །ཚིག་དོན་ལ་བརྙེལ་བ་མེད་དམ་སྙམ། །བོགས་འདོན་དེ་ཙཱ་རི་ཏྲ་རུ་བྱས། །རིག་པ་ཡེ་ཤེས་ཀྱི་སྐུར་མཐོང་ནས། །རྡོ་རྗེ་རྩེ་མོ་ཡི་གནད་ཤེས་པས། །སྣང་སྟོང་ལ་འགལ་བ་མེད་པར་རྟོགས། །ཞེས་རྟོགས་པའི་རྩལ་ཆེན་རྫོགས་པའི་རྡོ་རྗེའི་གླུ་ཡང་མང་དུ་བླངས། དེ་ནས་འགྲོ་དོན་དུས་ལ་བབས་པའི་ཚེ་རྒྱལ་དབང་ལྔ་པ་ཆེན་མོའི་ལུང་གིས་བསྐུལ་ནས་མདོ་ཁམས་སྨད་ཀྱི་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ནས་ཕེབས་པའི་ཚེ། གནམ་ལྷ་བབས་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག འགྲེང་མགོ་ནག་ཡོངས་ཀྱི་རྗེ་བོ། ཧོར་སེ་ཆེན་གན་གྱི་རྒྱལ་པོས་ཏོག་དར་འཕྲུ་སྤྱི་བོར་བཀོད། ལུང་དམ་ག་ལག་ཏུ་བཞག་ནས། མདོ་སྨད་ས་ཡི་བདག་པོར་དབང་བསྐུར་བ། གནམ་བསྐོས་ས་ཡི་དབང་ཕྱུག་ས་སྐྱོང་སྡེ་དགེ་རྒྱལ་པོའི་རྒྱལ་རབས་ནོར་བུའི་ཕྲེང་བ་རིམ་གྱིས་བྱོན་པའི་ནང་ཚན། ལོ་ཙཱ་བ་ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱི་རྣམ་འཕྲུལ་དུ་ལུང་གིས་ཟིན་པའི་ཁྲི་ཆེན་སངས་རྒྱས་བསྟན་པ་ཞེས་གྲགས་པ་དེ་ཉིད་ཀྱིས་མི་ཕྱེད་པའི་གུས་པ་ཆེན་པོའི་ཞབས་པད་སྤྱི་བོར་མཆོད་དེ་ས་ཕྱོགས་འདི་ཉིད་དུ་གདན་ས་འཇགས་པའི་གསོལ་བ་བཏབ་ནས་བསྟན་པའི་སྦྱིན་བདག་མཛད། དེ་བཞིན་གླིང་ས་སྐྱོང་མགོན་པོ་ལྷུན་གྲུབ་དང་། མི་དབང་ཆེན་པོའི་ཁྲིམས་ཀྱི་ཁ་ལོ་འཛིན་པའི་གཉེར་ཆེན་ལྷ་ལུ་སོགས་མི་ཆེན་སྦྱིན་བདག་དུ་མས་ཞབས་འདེགས་མཛད་ནས། མདོ་ཁམས་ཟོ་དོར་ཡོངས་ཀྱི་གཙོ་བོ་ལྷ་གཉན་རྡོ་རྗེ་གཡུང་དྲུང་རྩལ་གྱི་གཡོན་ཞོལ། ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་བདུད་རྩི་སྨན་གྱི་སྒྲུབ་པ་མཛད། ཟབ་མོའི་གཏེར་ཁ་དུ་མ་སྦས་ཤིང་ལྷ་དང་མཁའ་འགྲོ་སྤྲིན་ལྟར་འདུས་པའི་གནས་རུ་དམ་སྐྱིད་ཕྲོམ་ལུང་པ་འདིར་འོད་གསལ་རྫོགས་པ་ཆེན་པོའི་རིང་ལུགས་འཛིན་པའི་ཆོས་སྡེ། ཨོ་རྒྱན་བསམ་གཏན་ཆོས་གླིང་འདི་ཉིད་བཏབ་སྟེ་བཤད་སྒྲུབ་ཀྱི་གྲྭ་བཙུགས། དུས་དེ་ཙམ་ན་ཁམས་དབུས་གཙང་སོགས་ཕྱོགས་ཐམས་ཅད་ནས་སྐལ་བཟང་གི་སློབ་མ་མང་པོ་སྤྲིན་བཞིན་འདུས་སྟེ། དགེ་འདུན་གྱི་སྡེ་རྒྱས། རྗེ་འདི་ཉིད་ཀྱི་ཞལ་གྱི་བདུད་རྩི་འཐུང་བ་ལས་ཉམས་རྟོགས་ཀྱི་ལང་ཚོ་རྒྱས་ནས་བཤད་སྒྲུབ་ཀྱི་ཁུར་ཆེན་འདེགས་ནུས་པའི་སློབ་ཚོགས་རྒྱ་མཚོ་ལྟ་བུའི་ནང་ནས་མཆོག་ཏུ་གྱུར་པ་ནི། རྫོགས་ཆེན་སྙིང་ཐིག་གི་བཀའ་བབས་གྲུབ་ཆེན་མེ་ལོང་རྡོ་རྗེའི་རྣམ་འཕྲུལ་རྣལ་འབྱོར་གྱི་དབང་ཕྱུག་དཔོན་སློབ་ནམ་མཁའ་འོད་གསལ། བསྟན་པའི་རྩ་ལག་འདུལ་འཛིན་སད་མི་མི་བདུན་གྱི་ནང་ཚན་མཁོན་ཀླུ་དབང་སྲུང་གི་རྣམ་འཕྲུལ་ཟབ་མོ་གཏེར་གྱི་བཀའ་བབས་རིག་འཛིན་ཉི་མ་གྲགས་པ། བདེ་གཤེགས་མྱ་ངན་མེད་པ་ཚུར་མཐོང་གདུལ་བྱའི་མོས་ངོར་ངུར་སྨྲིག་འཛིན་པའི་གར་གྱིས་རོལ་པ་ལུང་རིགས་སྨྲ་བའི་དབང་པོ་ཞེ་ཆེན་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ཏེ་ཐུགས་སྲས་ཀྱི་བུ་ཆེན་གསུམ་ཡིན་ལ། དེ་དག་སོ་སོའི་སློབ་བརྒྱུད་ལས་རིམ་པར་འཕེལ་བས། འོད་གསལ་རྫོགས་པ་ཆེན་པོའི་རིང་ལུགས་འཛིན་པས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར། གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱི་ཡང་སྲིད་གཉིས་པ་བྱང་ཕྱོགས་སོག་པོའི་ཕྱོགས་སུ་འཁྲུངས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་མཐུ་སྟོབས་དབང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཁྲིར་ཕེབས་ནས། བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་པས་བསྟན་རྒྱུན་སྔར་ལས་རྒྱ་ཆེར་དར་ཞིང་རྒྱས་པར་མཛད། སྐུ་རབས་གསུམ་པ་བྱང་རྫ་ཀླུང་སྔོན་མོའི་འགྲམ་ཧོ་པའི་སྡེ་པར་སྐུ་འཁྲུངས་པ། ཨ་ཏི་བསྟན་པའི་རྒྱལ་མཚན་ཁྲིར་ཕེབས་སྔ་འགྱུར་བཀའ་གཏེར་གྱི་སྒྲུབ་ཕྲིན་མང་པོའི་རྒྱུན་གསར་དུ་འཛུགས་པ་སོགས་རྣམ་ཐར་བཟང་པོའི་ཕྲིན་ལས་ཀྱིས་རང་གཞན་གྱི་ཆོས་བརྒྱུད་ཀུན་ལ་བཀའ་དྲིན་ཆེ་བར་མཛད། སྐུ་རབས་བཞི་པ་འདན་ཆོས་འཁོར་དུ་འཁྲུངས་པ་ཁྱབ་བདག་འཁོར་ལོའི་མགོན་པོ་མཚན་བརྗོད་པར་དཀའ་བ་འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་དེ་ཉིད་ཁྲིར་ཕེབས་ནས་ཟབ་གསང་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བས་ཕྱོགས་ཐམས་ཅད་དུ་སྙིང་པོའི་བསྟན་པ་ཆེས་ཆེར་གསལ་ཞིང་། མཁས་པའི་གྲགས་པ་ཐོན་པ། སྒྲུབ་པའི་རྒྱལ་མཚན་སྒྲེང་བ། བསྟན་པ་ཕྱོགས་མཐར་སྤེལ་བའི་སློབ་མ་ཡང་མང་དུ་བྱོན། བསྟན་པའི་གཞི་མ་འདུལ་བའི་ཕྱག་བཞེས་དང་། སྙིང་པོ་རྒྱུད་ཀྱི་རྒྱལ་པོའི་བཤད་རྒྱུན་སྤེལ་བ་ལ་སོགས་པའི་མཛད་པ་ཕྲིན་ལས་རྒྱ་ཆེ། སྐུ་ཚེ་མཐར་ཕྱིན་པར་བཞུགས་ནས་གཟུགས་སྐུའི་བཀོད་པ་རེ་ཞིག་གདོད་མའི་ནང་དབྱིངས་སུ་བསྡུ་བར་མཛད་ཀྱང་། ཚད་མེད་པའི་ཐུགས་རྗེ་ཆེན་པོ་དུས་ལས་ཡོལ་བ་མི་མངའ་བའི་དབང་གིས་དེང་གི་དུས་སུ་སླར་ཡང་སྤྲུལ་པའི་ཉི་གཞོན་གསར་དུ་འཆར་བ་འདི་ཉིད། ཨོ་རྒྱན་དུས་གསུམ་མཁྱེན་པའི་བསླུ་མེད་རྡོ་རྗེའི་ལུང་གིས་ཇི་ལྟར་བསྟན་པ་བཞིན་རིས་མེད་བསྟན་པའི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་དང་། གཞན་ཡང་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་གྱིས་དུས་གསུམ་ས་ལེར་གཟིགས་པའི་བླ་མ་དམ་པ་རྣམས་ཀྱིས་བརྟག་ལུང་ཕྱོགས་གཅིག་ཏུ་མཐུན་པ་བཞིན། ཆབ་མདོ་རི་བོ་ཆེའི་ཕྱོགས་སུ་གཟུགས་སྐུའི་བཀོད་པ་བལྟམས་པ་ཉིད་འཕགས་མཆོག་ཕྱག་ན་པདྨ་རྒྱལ་བ་འཕགས་པ་ལྷའི་ཐུགས་རྗེ་དང་ཕྲིན་ལས་ཀྱི་མཐུ་ལ་བརྟེན་ནས་གདན་ས་ཆེན་པོ་འདི་ཉིད་དུ་ཕེབས་ཏེ། འཇིགས་མེད་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་སྐབས་འདིར། ཇི་སྐད་དུ། སྟོན་པ་གནས་དང་འཁོར་ཚོགས་ཚེ། །དུས་དང་སྡུད་པ་ཤུགས་ལས་ཤེས། །ཞེས་པ་ལྟར། གནས་ཕུན་སུམ་ཚོགས་པ། བོད་ཆེན་པོའི་ལྗོངས་ལས་བྱེ་བྲག་ཏུ་གྱུར་པ་འབྲི་རྫ་ཟལ་མོའི་སྒང་གི་ས་ཡི་ཐིག་ལེ། ལྷ་ཡི་དགེ་བསྙེན་ཆེན་པོ་རྡོ་རྗེ་གཡུང་དྲུང་རྩལ་གྱིས་བསྲུང་བའི་ས་ཕྱོགས། ཕུ་འགྱུར་མེད་ཀྱི་གངས་རི་བརྟན་ཆགས་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བའི་མདུན། མདའ་བཙུན་མོ་ཕྱག་རྒྱ་བསྣོལ་བ་འདྲ་བའི་པང་། བར་ནེའུ་གསེང་མར་ཁུའི་རྒྱ་མཚོ་འདྲ་བའི་ཟུར། རྒྱབ་རི་གླང་ཆེན་དྲེས་ལ་ཉལ་བ་འདྲ་བའི་མཁལ་ཁུང་། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གྷནྡྷོ་ལ། ཐུབ་བསྟན་ཡོངས་འདུའི་དགའ་ཚལ་གྱི་དབུས་སུ་ཟབ་གསང་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་གནས་མི་འཇིགས་གདོང་ལྔས་བཏེག་པའི་གསེར་གྱི་ཁྲི་ལ། སྟོན་པ་ཕུན་སུམ་ཚོགས་པ་བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་མིའི་ཟོལ་དུ་བསྟན་པ་གྲུབ་པའི་དབང་ཕྱུག་ཆེན་པོ་མདོ་ཁམས་རྫོགས་ཆེན་པ་པདྨ་རིག་འཛིན་ཞེས་མཚན་སྙན་གྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་མཐོ་བ་དེ་ཉིད་ཀྱི་དག་ཆེན་སྐྱེ་བའི་ཕྲེང་བ་ལྔ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ༧ ཞེས་བགྱི་བའི་ཞབས་ཀྱི་པདྨ་བཀྲ་ཤིས་གསེར་གྱི་འཁོར་ལོས་མཚན་པ་ཉེ་བར་བཀོད་པ་འདི་ཉིད་ཡིན་ལ། འཁོར་ཕུན་སུམ་ཚོགས་པ་རྒྱལ་བའི་ཡེ་ཤེས་ཀྱི་རོལ་གར་གང་འདུལ་སྤྲུལ་པའི་རྣམ་རོལ་དུ་བསྟན་པ་དཔོན་སློབ་སྤྲུལ་པའི་སྐུ་རིན་པོ་ཆེ་འཇིགས་མེད་ཆོས་དབྱིངས་འོད་གསལ་དང་། ཟེ་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེ་པདྨ་འགྱུར་མེད་རྒྱ་མཚོ། རྒྱ་རོང་མཆོག་སྤྲུལ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྡེ་རྗེ། མཚམས་སྤྲུལ་རིན་པོ་ཆེ་འཇིགས་མེད་བསྟན་པའི་རྒྱལ་མཚན། དགེ་སྤྲུལ་རིན་པོ་ཆེ་ཐུབ་དབང་བསྟན་པའི་ཉི་མ་སོགས་ཐུགས་རྗེ་ཡངས་སྤྲུལ་གྱི་གང་ཟག་སྐྱེས་ཆེན་དམ་པ་རྣམས་ཀྱིས་དབུ་མཛད་པའི་བསླབ་གསུམ་ངུར་སྨིག་གི་རྒྱལ་མཚན་འཛིན་པའི་དགེ་འདུན་འདུས་པའི་སྡེ་རྣམས་དང་། བསྟན་པའི་སྦྱིན་བདག་ཆེན་པོ་གནམ་བསྐོས་ས་ཡི་དབང་ཕྱུག་མི་དབང་ཆོས་རྒྱལ་རིན་པོ་ཆེའི་ཞབས་པད་གཉེར་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས། ཆབ་མདོ་སྐུ་ཞབས་རྒྱལ་བ་མཆོག་གི་ཞལ་སྔ་ནས་ཀྱི་དྲུང་འཁོར་ལྷན་རྒྱས་དང་། དད་འབྱོར་གཏོང་ཕོད་ཀྱི་ནོར་གྱིས་བརྒྱན་པའི་སྦྱིན་བདག་སོགས་ཟླ་བ་རྒྱུ་སྐར་གྱི་ཕྲེང་བས་བསྐོར་བ་བཞིན་མཛེས་པ་དང་། ཆོས་ཕུན་སུམ་ཚོགས་པ། མཉམ་མེད་ལྷ་མིའི་སྟོན་པ་རྒྱལ་བ་ཤཱཀྱ་སེངྒེའི་ཞལ་གྱི་བུམ་བཟང་ལས་གསུང་ཚངས་པའི་དབྱངས་ཀྱིས་ལེགས་པར་འདོམས་པའི་ཟབ་རྒྱས་ཆོས་ཀྱི་སྒོ་མོ་དཔག་ཏུ་མེད་པའི་སྙིང་པོའི་ཡང་ཞུན་ཟབ་གསང་རྫོགས་པ་ཆེན་པོ་སྡེ་གསུམ་ཀློང་དགུ་བམ་པོ་ཉི་ཁྲི་ཆིག་སྟོང་གཙོ་བོར་གྱུར་པའི་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་རྒྱུན་མི་ཆད་པར། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོར་བསྐོར་བཞིན་དུ་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ལ་ཡུན་རིང་དུ་བཞུགས་པའི་རྟེན་འདྲེལ་ལེགས་ཚོགས་ཀྱི་སྒོ་ཐམས་ཅད་མངོན་དུ་གྱུར་པ་རྒྱ་གར་འཕགས་པའི་ཡུལ་དུ་ཡུ་བི་ཀ་ཞེས་གྲགས་པ། སྟོད་འགྲེལ་དང་བོད་ཀྱི་སྐད་དུ་འཛིན་བྱེད་ན་ཚོད་ལྡན་ཅེས་འབོད་པ་ཤིང་མོ་ཕག་གི་ལོ། ཆུ་ཤེལ་དབང་པོའི་དཀྱིལ་འཁོར་རྒྱུ་སྐར་གྱི་ལྷ་མོ་མཆུས་ཉ་བའི་ཟླ་བའི་དཀར་ཕྱོགས། སྟོན་པ་ཐུབ་པའི་དབང་པོའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོས་རྟག་ཆད་དུ་ལྟ་བའི་མུ་སྟེགས་ཀྱི་སྡེ་ཚོགས་མཐའ་དག་ཕམ་པར་མཛད་པའི་ཚེ་རྒྱལ་པོ་ཆེན་པོ་བཞིས་མཆོད་པའི་དུས། ཨོ་རྒྱན་ཆེན་པོས་དཔལ་གྱི་བསམ་ཡས་མཆིམས་ཕུར་བོད་ཡུལ་གྱི་གཞི་བདག་ཐམས་ཅད་དབང་དུ་བསྡུས་ནས་ཟབ་མོ་གཏེར་གྱི་གཉེར་བྱང་སོ་སོར་གཏད་ཅིང་བོད་ཡུལ་གཏེར་གྱིས་བཀང་བའི་དུས་ཆེན། དུས་ཀྱི་རྒྱལ་པོ་ཚེས་བཅུའི་སྔ་ཆར་མཆོག་གི་རྡོ་རྗེ་སློབ་དཔོན་གྱིས་གཙོས་རིག་པ་འཛིན་པའི་དགེ་འདུན་རྣམས་ཀྱི་མགོན་པོ་ཚེ་མཐའ་ཡས་པའི་དཀྱིལ་འཁོར་ལ་བརྟེན་ནས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱེད་པ་ཁྱད་པར་ཅན་གྱིས། མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་གདན་གསུམ་མཚན་དཔེའི་དཀྱིལ་འཁོར་བཅོམ་ལྡན་འདས་འོད་མཚན་སྟོང་འབར་འཆི་མེད་མགོན་པོའི་གསང་བ་གསུམ་གྱི་ངོ་བོར་སྒྲུབ་ཅིང་། བྱིན་གྱིས་བརླབས་ཏེ། དེ་ལས་མི་འགྱུར་བའི་རྒྱས་གདབ་པའི་བརྟན་བཞུགས་ཀྱི་རིམ་པ་རྣམས་ལེགས་པར་ཕུལ་གྲུབ་པ་དང་རྗེས་སུ་འདྲེལ་བར་མི་དབང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་འཇིག་རྟེན་དུ་བྱོན་པ་ན། བསོད་ནམས་ཆེན་པོའི་མཐུ་ལས་གྲུབ་པའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པའི་སྟོན་པ་བདེ་བར་གཤེགས་པ་རྣམས་ཀྱི་ནང་གི་ཡོན་ཏན་ཁྱད་པར་ཅན་གྱི་རྟགས་མཚན་སྐུ་ཡི་ཆ་ཤས་སོ་སོར་སྣང་བའི་བཀྲ་ཤིས་པའི་རྟགས་བརྒྱད་དང་། བྱང་ཆུབ་སྙིང་པོར་གཤེགས་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་སྟོན་པའི་ཚེ། ལྷ་མིའི་འགྲོ་བ་ཁྱད་པར་ཅན་རྣམས་ཀྱིས་ཕུལ་བའི་དངོས་པོ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པའི་རྫས་བརྒྱད་རྣམས་ཀྱིས་མངའ་འབུལ་བའི་རིམ་པ་སྔོན་དུ་སོང་ནས། འདིར་རྫོགས་པའི་སངས་རྒྱས་རྣམས་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་པའི་མཐུས་ཞིང་ཁམས་གང་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་དག་ཅིང་ལག་མཐིལ་ལྟར་མཉམ་པར་གྱུར་པའི་བཻ་ཌཱུརྱའི་ས་གཞི་གསེར་གྱིས་མིག་མང་རིས་སུ་བྲིས་པ་ལ། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་གྲམས་སུ་བརྡལ་བའི་འབབ་སྟེགས་ལས། ལྷའི་ཆུ་ཀླུང་ཡན་ལག་བརྒྱད་པ་དག་དལ་གྱིས་འབབ་ཅིང་། སྐྱེད་མོའི་ཚལ་དང་། ལྷའི་ཤིང་གི་ནགས་ཚལ་ཀུན་ཏུ་འཁྲིགས་པས་ཉམས་དགའ་བ། ལྕོག་དང་བ་གམ་གྱིས་བརྒྱན་པའི་ཁང་བཟང་ཡང་ཐོག་རྒྱ་ཕིབས་དང་བཅས་པ་ཕྱོགས་ནས་ཕྱོགས་སུ་འདབས་འབྱོར་དུ་འདྲེལ་བ་ན། སྐྱེས་པ་དང་བུད་མེད་ལྷའི་གོས་དང་རྒྱན་གྱིས་ལྷབ་ལྷུབ་དང་འཕྱང་འཕྲུལ་དུ་གཡོ་བ་བརྒྱ་སྟོང་ཕྲག་དུ་མས་གང་ཞིང་གླུ་དང་གར་གྱིས་རྩེ་བ། གདུལ་བྱའི་གང་ཟག་རྒྱུད་སྨིན་པས། དབང་པོ་རྣོ་བ། ཀུན་ཤེས་པའི་རྣམ་པ་ཅན། གཟུགས་བཟང་ཞིང་བག་དང་ལྡན་པ། དུལ་ཞིང་ཚུལ་དང་མཐུན་པའི་སྤྱོད་ལམ་དང་ལྡན་པ་དུ་མས་འདུད་ཅིང་གུས་པ་ལྷུར་ལེན་པ། ལྷ་དང་མི་དང་ཀླུ་དང། གནོད་སྦྱིན་གྱི་དབང་པོ་དཔལ་དང་གཟི་བརྗིད་ཀྱིས་མངོན་པར་མཐོ་བ་དག་གིས་རང་རང་གི་མངའ་རིས་དང་། འབྱོར་པ་ཡུལ་འཁོར་དང་བཅས་པ་སྤྱོད་ཡུལ་ཀྱི་ཞིང་དུ་འབུལ་བར་བྱེད་པ་དེ་རྣམས་དང་ཆོས་མཚུངས་པར་འདིར་མཎྜལ་གྱི་བཀོད་པ་ལ་བརྟེན་ནས་སྣོད་བཅུད་ལྷ་མིའི་འབྱོར་པ་རྒྱ་མཚོས་ཡོངས་སུ་བཀང་ནས་མཎྜལ་གྱིས་མངའ་འབུལ་བའི་སྐབས་ལགས་ཏེ། དེའང་མཎྜལ་འབུལ་བའི་དུས་ནི། སློབ་དཔོན་ཆེན་པོས། ལྷ་དང་བླ་མ་ནམ་དྲན་དུས་ཉིད་དམ། །ཚོགས་པ་རྒྱ་མཚོའི་དབུས་དང་ཆོས་འཕེལ་ཚེ། །ཆོས་སྤྱོད་ཀུན་གྱི་སྙིང་པོ་མཎྜལ་འབུལ། །ཞེས་གསུངས་པ་ལྟར་རོ། །མཎྜལ་འབུལ་པའི་དགོས་པ་ནི། རྒྱུད་ལས། རྣམ་དག་སེམས་ལྡན་མཎྜལ་ནི། །ཕུལ་བའི་བསོད་ནམས་གཞལ་དུ་མེད། །ཅེས་དང་། སངས་རྒྱས་ཞིང་ཁམས་ཐམས་ཅད་དང་། །སྟོང་གསུམ་འཇིག་རྟེན་མ་ལུས་པ། །ལྷ་མིའི་ལོངས་སྤྱོད་ཀྱིས་བརྒྱན་ནས། །མཆོད་ན་སངས་རྒྱས་ཡེ་ཤེས་རྫོགས། །ཅེས་པ་ལྟར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྩོལ་མེད་དུ་རྫོགས་པས། གནས་སྐབས་སུ་ལྷ་མིའི་འབྱོར་པ་ཆེན་པོ་ལ་ལོངས་སྤྱོད་པ་དང་། མཐར་ཐུག་དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོའི་གོ་འཕང་མངོན་དུ་བྱས་ནས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་ལྟ་བུ་ལ་དབང་བསྒྱུར་བའི་དགོས་པ་ཡོད་དོ། །དེ་ལ་མཎྜལ་གྱི་ངོ་བོ་ནི། གཙོ་བོ་ལ་འཁོར་གྱིས་བསྐོར་བའི་དོན་ཏེ། སྐབས་འདིར་དབུས་ཀྱི་རི་དབང་ལྷུན་པོ་ལ། རི་གླིང་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའོ། །ངེས་ཚིག་ནི། མཎྜལ་ཞེས་པའི་སྒྲ་ལས་དྲངས་ན། མཎྜལ་བརྗིད་ཆགས་པ་དང་། ལ་ནི་གཞི་འཛིན་པ་སྟེ། གླིང་བཞི་རི་རབ་དང་བཅས་པ་ངོ་མཚར་གྱི་བཀོད་པས་བརྗིད་དང་ལྡན་ཅིང་འཕོ་འགྱུར་མེད་པར་བརྟན་ཆགས་པའམ། ལྷ་མིའི་འགྲོ་བ་ཀུན་གྱི་རྟེན་གཞིར་གྱུར་པའོ། །ཡང་ན་མཎྜལ་ནི་སྙིང་པོ་དང་། ལ་ནི་ལེན་པ་སྟེ། སྙིང་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེན་པར་བྱེད་པའི་ཐབས་ཡིན་པས་སྙིང་པོ་ལེན་པ་ཞེས་བྱ། དབྱེ་ན། གང་ལ་འབུལ་བའི་ཡུལ་བསོད་ནམས་ཀྱི་ཞིང་སྒྲུབ་པའི་མཎྜལ་དང་། གང་ཞིག་འབུལ་བ་མཆོད་པའི་མཎྜལ་གཉིས་སུ་ཡོད་པ་ལས། མཆོད་ཡུལ་ལྷའི་མཎྜལ་གྱི་དབང་དུ་བྱས་ན། གནས་ནང་དབྱིངས་དོན་གྱི་འོག་མིན་མཐའ་དབུས་དང་བྲལ་བའི་ཞིང་ན། སྟོན་པ་ཆོས་ཀྱི་སྐུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་བདག་ཉིད་ཅན་ལ། འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་དང་བཅས་པ། དུས་བཞི་མཉམ་པ་ཉིད་བསམ་གྱིས་མི་ཁྱབ་པ། ཆོས་ཡེ་ཤེས་འོད་གསལ་བའི་དགོངས་པ་ལ་མཉམ་པར་བཞག་པ། ཆོས་ཀྱི་སྐུའི་དཀྱིལ་འཁོར་དང་། གནས་ལྷུན་གྲུབ་སྟུག་པོ་བཀོད་པ་ཡེ་ཤེས་རང་སྣང་གི་ཞིང་ཁམས་བཀོད་པ་ཚད་མེད་པས་བརྒྱན་པ་ན། སྟོན་པ་ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གངས་ཆེན་མཚོ། འཁོར་ས་བཅུའི་སེམས་དཔའ་རྒྱ་མཚོའི་ཚོགས་ཀྱི་དབུས་ན། ཆོས་ཐེག་པ་ཆེན་པོ། དུས་རྟག་པ་རྒྱུན་གྱི་འཁོར་ལོར་བསྐོར་བ། ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་དང་། གནས་མི་མཇེད་འཇིག་རྟེན་གྱི་ཁམས་ལ་སོགས་པར། སྟོན་པ་མཆོག་གི་སྤྲུལ་པའི་སྐུ་མཉམ་མེད་ཐུབ་པའི་དབང་པོ་ལ་སོགས་པས། འཁོར་ལྷ་དང་མིའི་ཚོགས་སྐལ་བ་དང་ལྡན་པ་རྣམས་ལ། དུས་གདུལ་བྱ་དུས་སུ་བབས་པའི་ཚེ། ཆོས་ཐེག་པ་སྣ་ཚོགས་པས་འདུལ་བར་མཛད་པ། སྤྲུལ་པའི་སྐུའི་དཀྱིལ་འཁོར་རྣམས་སུ་ཡོད་ཀྱང་། འདིར་སྐབས་སུ་བབས་པ་ནི། སྐུ་གསུམ་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག མཆོག་གསུམ་གཅིག་ཏུ་འདུས་པའི་རང་བཞིན། བསོད་ནམས་དམ་པའི་ཞིང་གི་མཆོག་ཏུ་གྱུར་པ་བླ་མ་རྡོ་རྗེ་སློབ་དཔོན་ཉིད་ཡིན་ཏེ། མདོ་དགོངས་པ་འདུས་པ་ལས། དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་དུ་མཆོད་བྱས་པས། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙཎྜན་ཐིགས་པ་གཅིག་བཀུས་པའི། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཅེས་དང་། བླ་མ་རྡོ་རྗེ་སློབ་དཔོན་ལ། །གསེར་ལ་སོགས་པ་ཡོན་ཕུལ་ན། །སངས་རྒྱས་ཞིང་ཁམས་བརྗོད་མེད་པའི། །གཙོ་འཁོར་འབུམ་ཕྲག་གྲངས་མེད་ལ། །བསྙེན་བཀུར་མཆོད་པ་གྲངས་མེད་པས། །བསོད་ནམས་འདི་ཡི་ཆར་མི་ཕོད། །ཅེས་དང་། མཆོད་པ་གཞན་རྣམས་ཡོངས་སྤངས་ནས། །བླ་མ་མཆོད་ལ་ཡང་དག་བརྩོན། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཅེས་གསུངས་པའི་ཕྱིར། མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་རྒྱལ་ཀུན་འདུས་པའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་བཞུགས་པ་ཚོགས་ཞིང་གི་གཙོ་བོར་བྱས་ཏེ། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ནམ་མཁའ་གང་བར་བཞུགས་པའི་མདུན་དུ། གང་ཞིག་འབུལ་བ་མཆོད་པའི་མཎྜལ་ནི། རྒྱུ་རིན་པོ་ཆེ་ལས་གྲུབ་པ། དབྱིབས་ཟླ་བའི་དཀྱིལ་འཁོར་ལྟར་ཟླུམ་པ། རྒྱ་ཁྲུ་ཚད་ལས་མི་ཆུང་བ་དེ་ཉིད་འགྲོ་བའི་རྒྱུད་གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར། ཤེལ་དཀར་གྱི་མེ་ལོང་བཞིན་དུ་དག་ཅིང་གཙང་བར་བགྱིས་པའི་སྟེང་དུ་། ཇི་སྐད་དུ། བ་ལྕི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་རྩེ་གཅིག་པ། །རི་མོ་ལེགས་འབར་ཤེས་རབ་བོ། །ཞེས་པ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བའི་སྒོ་ནས་ཚོམ་བུ་འགོད་པ་ལ། རྒྱུད་བྱང་ཆུབ་སེམས་ཀྱིས་བརླན་པར་བྱ་བའི་ཕྱིར། གཙང་ཞིང་དྲི་ཞིམ་པ་དང་། འདུ་བའི་ནད་སེལ་ཞིང་བགེགས་བསྲུང་བ་དང་། འགྲོ་བ་དབང་དུ་འདུ་བའི་ཡོན་ཏན་ལྔ་དང་ལྡན་པའི་བ་བྱུང་རྣམ་པ་ལྔ་དྲི་བཟང་གི་ཆུ་དང་བཅས་པ་རྡོ་རྗེ་ཐལ་མོ་གཡོན་དུ་བསྐོར་ཏེ་བྱུགས་ནས། ཨོཾ་བཛྲ་བྷུ་མི་ཨཱཿ་ཧཱུྃ་ཞེས་བརྗོད། དེ་ལ་བཛྲ་བྷུ་མི་ནི་རྡོ་རྗེའི་ས་གཞི། ཐོག་མའི་ཨོཾ་དང་ཨཱཿཧཱུྃ་ནི་བྱིན་གྱིས་རློབ་པའི་སྔགས་རྡོ་རྗེ་གསུམ་གྱི་ས་བོན་ཡིན་ཏེ། དེ་ལྟར་བརྗོད་པས། ནམ་མཁའི་དབྱིངས་སུ་རླུང་དང་ཆུའི་དཀྱིལ་འཁོར་ལ་བརྟེན་པའི་གཞི་ཡོངས་སུ་དག་པའི་དབང་ཆེན་གསེར་གྱི་ས་གཞི། ཁ་དོག་ཛམྦུའི་ཆུ་བོའི་གསེར་ལྟ་བུ། དབྱིབས་གྲུ་བཞི། རྒྱ་ཁྱོན་ངོས་རེར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་། སྟོང་ཕྲག་གསུམ། བརྒྱ་ཕྲག་ཕྱེད་དང་ལྔ་ཡོད་པ་སྤོས་ཀྱི་ཆུས་ཡོངས་སུ་གང་བ་ལས་མེ་ཏོག་སྣ་ཚོགས་པས་ཁེངས་པར་བསམ། དེ་ནས་སྲིན་ལག་གིས་མཐའ་ནས་གཡོན་དུ་བསྐོར་ནས་ལྕགས་རི་འགོད་ཅིང་། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་བརྗོད་པས་བཛྲ་རེ་ཁེ་ནི་རྡོ་རྗེའི་རྭ་བ་སྟེ། ཕྱིའི་ཁོར་ཡུག་གི་ལྕགས་རི་ནག་པོས་ཀུན་ནས་བསྐོར་བ། དེ་ཡི་དབུས་སུ་ཧཱུྃ་ཞེས་ཚོམ་བུ་གཅིག་བཀོད་པས་རི་ཡི་རྒྱལ་པོ་རི་རབ་སྟེ། རི་དབང་རིན་ཆེན་རྣམ་བཞིའི་རང་བཞིན་ཅན། །ཕྱོགས་བཞིའི་ནམ་མཁའི་ཁ་དོག་བསྒྱུར་བ་ཡོད། །ཅེས་པ་ལྟར། ཤར་ཤེལ་ལས་གྲུབ་པས་དཀར་པོ། ལྷོ་ངོས་བཻ་ཌཱུརྱ་ལས་གྲུབ་པས་སྔོན་པོ། ནུབ་པདྨ་རཱ་ག་ལས་གྲུབ་པས་དམར་པོ། བྱང་གསེར་ལས་གྲུབ་པས་སེར་པོ། ཕྱོགས་བཞིའི་ནམ་མཁའ་རིན་པོ་ཆེའི་ཁ་དོག་ཏུ་བསྒྱུར་བ། དབྱིབས་གྲུ་བཞི་པ། དཔག་ཚད་བརྒྱད་ཁྲི་རྒྱ་མཚོའི་ནང་དུ་ནུབ་ཅིང་བརྒྱད་ཁྲི་སྟེང་དུ་འཕགས་པ། རི་རབ་ཀྱི་སྟེང་གི་ཕྱོགས་བཞིའི་ངོས་རེ་ལ་དཔག་ཚད་བརྒྱད་ཁྲི་བརྒྱད་ཁྲི་ཡོད་པ། དེའི་མཐའ་བསྐོར་དུ་གཉའ་ཤིང་འཛིན་ལ་སོགས་པའི་གསེར་གྱི་རི་བདུན། དེ་དག་གི་བར་ན། ཡན་ལག་བརྒྱད་དང་ལྡན་པའི་རོལ་བའི་མཚོ་བདུན་རྣམས་ཀྱིས་བསྐོར་བའི་རི་རབ་ཀྱི་བང་རིམ་བཞི་ལ་རྒྱལ་ཆེན་སྡེ་བཞིའི་ལྷ་དང་། སྟེང་ན་ལྷ་ཡི་དབང་པོ་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་། གྲོང་ཁྱེར་ལྟ་ན་སྡུག་དང་བཅས་པ། རིན་པོ་ཆེའི་ར་བ་དང་། སྐྱེད་མོས་ཚལ། ཁྲུས་ཀྱི་རྫིང་བུ། དཔག་བསམ་གྱི་ཤིང་། ནོར་བུའི་ཕུང་པོ་སོགས་ཀྱིས་མཛེས་པར་བརྒྱན་པ་དེ་ལྟ་བུ་དང་། དེ་ནས་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོའི་ནང་དུ་ཤར་ནས་གཡས་བསྐོར་གྱིས་རིམ་པ་བཞིན། ཤར་ལུས་འཕགས་པོ་དབྱིབས་ཟླ་བ་ཕྱེད་པ་ལྟ་བུ་མཉམ་པའི་ངོས་རི་རབ་ལ་བསྟན་ཅིང་འབུར་ཁོར་ཡུག་ལ་བསྟན་པ་མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་སུམ་བརྒྱ་ལྔ་བཅུ་ཡོད་པ། ཁ་དོག་དཀར་པོ་ཆུ་ཤེལ་ལྟར་འཚེར་བ། མི་རྣམས་ལུས་བོང་ཁྱད་དུ་འཕགས་པ་ཡོད་པ། ལྷོ་འཛམ་བུའི་གླིང་དབྱིབས་སོག་ཁ་ཡུ་བ་ལྷོར་བསྟན་པ་མཐའ་སྐོར་དུ་དཔག་ཚད་སྟོང་ཕྲག་དྲུག་དང་ཕྱེད་བཞི། ཁ་དོག་སྔོན་པོ་བཻ་ཌཱུརྱའི་རང་བཞིན་ཅན། དེའི་དབུས་ན་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་སངས་རྒྱས་པའི་གནས་རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་གིས་བརྒྱན་པ། མཚོ་མ་དྲོས་པའི་འགྲམ་ན་ཤིང་ཛམྦུ་པྲྀཀྵའི་སྡོང་པོ་ཡོད་པའི་འབྲས་བུ་མཚོར་ལྷུང་བ་ལས་འཛམ་བུའི་ཆུ་གསེར་དུ་འགྱུར་ཞིང་། མཚོ་དེའི་ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་འབབ་སྟེ། ཤར་ཕྱོགས་རྟ་མཆོག་གི་ཁ་ནས་ཆུ་བོ་ལོ་ཧི་ཏ་དངུལ་གྱི་བྱེ་མ་འདྲེན་ཅིང་ཤར་གྱི་རྒྱ་མཚོར་འབབ། ལྷོ་ཕྱོགས་གླང་ཆེན་གྱི་ཁ་ནས་གངྒཱ་གསེར་གྱི་བྱེ་མ་འདྲེན་ཅིང་ལྷོའི་རྒྱ་མཚོར་འབབ། ནུབ་ཕྱོགས་རྨ་བྱའི་ཁ་ནས་སིནྟུ་རིན་པོ་ཆེ་སྣ་ཚོགས་ཀྱི་བྱེ་མ་འདྲེན་ཅིང་ནུབ་ཀྱི་རྒྱ་མཚོར་འབབ། བྱང་ཕྱོགས་སེང་གེའི་ཁ་ནས་པཀྵུ་རྡོ་རྗེའི་བྱེ་མ་འདྲེན་ཅིང་བྱང་གི་རྒྱ་མཚོར་འབབ་པ་དང་། བྲག་གསེར་གྱི་བྱ་སྐྱིབས་ཅན་ལ་དགྲ་བཅོམ་ལྔ་བརྒྱ་རྟག་ཏུ་བཞུགས་པ་ལ་སོགས་བཀོད་པ་ངོ་མཚར་དུ་མས་བརྒྱན་པ། ནུབ་བ་ལང་སྤྱོད་དབྱིབས་ཟླུམ་པོ་ཟླ་བ་ཉ་བ་ལྟ་བུ། ཁོར་ཡུག་ཏུ་དཔག་ཚད་བདུན་སྟོང་ལྔ་བརྒྱ་ཡོད་པ། ཁ་དོག་དམར་པོ་པདྨ་རཱ་གའི་རང་བཞིན་ཅན། འདོད་འཇོའི་བ་དང་། སྟོབས་ཆེན་གླང་པོ་ཆེ་ལ་ལོངས་སྤྱོད་པ། བྱང་སྒྲ་མི་སྙན་དབྱིབས་གྲུ་བཞི། མཐའ་བསྐོར་དཔག་ཚད་སྟོང་ཕྲག་བརྒྱད་ཡོད་ཅིང་། ཁ་དོག་སེར་པོ་གསེར་གྱི་རང་བཞིན་ཅན། དཔག་བསམ་གྱི་ཤིང་ལ་ལོངས་སྤྱོད་པ། གླིང་ཆེན་བཞི་པོ་དེའི་རྒྱབ་རི་རབ་ལ་ཕྱོགས་ཤིང་མདུན་ལྷོར་བསྟན་ནས་ཡོད་པའི་གཡས་གཡོན་ནས་རིམ་པར་གླིང་ཕྲན་རྣམས་འགོད་དེ། ཤར་གླིང་གི་གཡས་གཡོན་དུ་ལུས་དང་ལུས་འཕགས་གཉིས། ལྷོ་གླིང་གི་གཡས་གཡོན་དུ་རྔ་ཡབ་དང་། རྔ་ཡབ་གཞན། ནུབ་གླིང་གི་གཡས་གཡོན་དུ་གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་གླིང་གི་གཡས་གཡོན་དུ་སྒྲ་མི་སྙན་དང་། སྒྲ་མི་སྙན་གྱི་ཟླ་རྣམས་ཏེ་གླིང་ཕྲན་བརྒྱད་པོ་རྣམས་ཀྱི་དབྱིབས་དང་། ཁ་དོག་རང་རང་གི་གླིང་ཆེན་རྣམས་དང་འདྲ་ལ། རྒྱ་ཚད་གླིང་ཆེན་རྣམས་ལས་ཕྱེད་ཕྱེད་ཀྱིས་ཆུང་བ་ལགས། དེ་ནས་ཤར་དུ་རིན་པོ་ཆེའི་རི་བོ། གསེར་དང་། གཡུ་དང་། བཻ་ཌཱུརྱ་དང་། ནོར་བུ་མཐོན་ཀ་ཆེན་པོ་སོགས་ཀྱི་རི་བོ་འོད་འབར་བ། ལྷོར་དཔག་བསམ་གྱི་ཤིང། རིན་པོ་ཆེ་སྣ་བདུན་ལས་གྲུབ་བའི་ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པ། རླུང་གིས་བསྐྱོད་པའི་དྲི་བསུང་ཞིམ་པོས་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་ཡིད་ལ་འདོད་དགུའི་ལོངས་སྤྱོད་རྩོལ་མེད་དུ་འབྱུང་བ། ནུབ་ཏུ་འདོད་འཇོའི་བ་གཟུགས་ལེགས་ཤིང་ཁ་དོག་མཛེས་པ་དྲི་བཟང་ཞིང་ཤིན་ཏུ་དུལ་བ། རོ་བཅུད་ཕུན་སུམ་ཚོགས་པའི་འོ་མ་ཇི་ཙམ་བཞོས་ཀྱང་ཟད་མི་ཤེས་པའི་ཡོན་ཏན་དང་ལྡན་པ། བྱང་དུ་མ་རྨོས་པའི་ལོ་ཏོག་འབྲས་སཱ་ལུའི་ཚལ་ཕུབ་མ་མེད་ཅིང་སྙིང་པོར་གྱུར་པ། སྙེ་མ་རེ་རེ་ལས་འབྲས་དྲེ་བོ་ཆེ་དྲུག་དྲུག་འབྱུང་ཞིང། ནང་བརྔས་ན་ནུབ་སྐྱེ་ལ། ནུབ་བརྔས་ན་ནང་སྐྱེ་བས་ཤུལ་མི་མངོན་པ་སྟེ། གླིང་སོ་སོ་ལ་ཡོད་པའི་ཡོན་ཏན་བཞི། དེ་ནས་ཤར་དུ་འཁོར་ལོ་རིན་པོ་ཆེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་འཇིག་རྟེན་དུ་འབྱུང་བའི་ཚེ། དེ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ལས་གྲུབ་པ། འཛམ་བུའི་ཆུ་བོའི་གསེར་ལས་བྱས་ཤིང་རྩིབས་སྟོང་དང་ལྡན་པ། ཉི་མ་སྟོང་གི་འོད་བཞིན་འབར་ཞིང་འུར་སྒྲ་དང་བཅས་ཏེ་ནམ་མཁའ་ལ་འགྲོ་བའི་ཕྱི་བཞིན་རྒྱལ་པོ་དཔུང་གི་ཚོགས་བཅས་འགྲོ་ཞིང་མཐའ་བཞི་ལས་རྣམ་པར་རྒྱལ་བར་བྱེད་པ། ལྷོར་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་ཟུར་བརྒྱད་པ། འོད་ཟེར་གྱིས་དཔག་ཚད་བརྒྱ་ཡི་བར་དུ་ཁྱབ་ཅིང་། འདོད་རྒུའི་ལོངས་སྤྱོད་ཀྱི་ཆར་འབེབས་པ། འོད་ཀྱིས་ཕོག་པའི་འགྲོ་བ་རྣམས་ཀྱི་འདུ་བའི་ནད་སེལ། ཚ་བའི་དུས་སུ་བསིལ། གྲང་བའི་དུས་སུ་དྲོ་བའི་རེག་བྱ་དང་ལྡན་པ། ཡིད་ལ་སྨོན་པ་ཐམས་ཅད་ཐོགས་མེད་དུ་འགྲུབ་པའི་ནུས་པ་ཕུན་སུམ་ཚོགས་པ་ཡོད་པ། ནུབ་ཏུ་བཙུན་མོ་རིན་པོ་ཆེ། བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང་ཡོན་ཏན་བརྒྱད་དང་ལྡན་པ། ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་པ། ལྷ་རྫས་ཀྱི་གོས་དང་ནོར་བུའི་རྒྱན་གྱིས་སིལ་ཁྲོལ་གཡོ་བ་བྲམ་ཟེའི་བུ་མོ་གཟུགས་ཀྱི་ཉི་མ་ལྟ་བུ། བྱང་དུ་བློན་པོ་རིན་པོ་ཆེ་གཟུགས་བཟང་ཞིང་སྟོབས་ཆེ་བ། སྒྱུ་རྩལ་ལ་མཁས་ཤིང་བློ་གྲོས་རྒྱ་ཆེ་བ། སྲིད་ཀྱི་མཁར་སྲུང་ཕ་རོལ་གྱི་སྡེ་འཇོམས་པ་དེད་དཔོན་བཞིན་བཟང་ལྟ་བུ། ཤར་ལྷོར་གླང་པོ་རིན་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན། སྤྱི་གཙུག་དམར་ལ་དཔང་མཐོ་བ། གསེར་གྱི་དྲ་བས་གཡོགས་པ། ཡན་ལག་བདུན་མཉམ་པར་གནས་པ། གངས་ཀྱི་རི་བོ་དལ་གྱིས་འགྲོ་བ་འདྲ་བ། ལྷོ་ནུབ་ཏུ་རྟ་མཆོག་རིན་པོ་ཆེ་སྤྲིན་གྱི་ཤུགས་ཅན། ཁ་དོག་སྔོན་པོ་རྨ་བྱའི་སྤུ་ལྟར་ཡིད་དུ་འོང་ཞིང་། རྔོག་མ་ལྕང་ལོར་འཁྱིལ་བ། མགྱོགས་པའི་འགྲོས་ཀྱིས་འཛམ་གླིང་ཡུད་ཀྱིས་བསྐོར་བ། ཅང་ཤེས་ཀྱི་རྒྱལ་པོ་བྷ་ལ་ཧ་ལྟ་བུ། ནུབ་བྱང་དུ། དམག་དཔོན་རིན་པ་ཆེ་ནོར་བུའི་གོ་ཁྲབ་ཅན་རྣོ་བའི་རལ་གྲི་འཕྱར་ཞིང་། དཔའ་བའི་གཟི་བྱིན་རྔོམ་པ། དཔུང་ཚོགས་ཀྱི་ཡན་ལག་བཞི་དང་ལྡན་པས་གཡུལ་ངོར་བཟོད་པར་དཀའ་བ་རྒྱལ་ཆེན་མིག་མི་བཟང་ལྟ་བུ། བྱང་དུ་གཏེར་ཆེན་པོའི་པུ་མ་པ། བྲམ་ཟེ་དང་དྲང་སྲོང་ཆེན་པོ་རྣམས་ཀྱི་རིགས་སྔགས་ཀྱི་མཐུས་གྲུབ་པ། ཡིད་ལ་བསམ་པའི་དངོས་པོ་ཐམས་ཅད་འཛད་མེད་དུ་འབྱུང་བས་ནོར་བུ་རིན་པོ་ཆེ་དང་བྱེད་ལས་མཚུངས་པ། ཤར་ཕྱོགས་ཀྱི་ནམ་མཁར་སྒེག་མོ་དཀར་མོ་སྦྲིན་གྱི་གསེབ་ནས་ལུས་ཕྱེད་འཐོན་པའི་གཟུགས་ཀྱི་ལང་ཚོ་ངོམས་ཤིང་ཤེལ་གྱི་མེ་ལོང་ཕྱི་ཞིང་ལྟ་བུ། ལྷོའི་ནམ་མཁའ་ལ་ཕྲེང་བ་མ་སྔོན་མོ་འཇའ་སྤྲིན་གྱི་ཁྲོད་ནས་རིན་པོ་ཆེའི་དོ་ཤལ་འཕྱངས་པ། ནུབ་ཀྱི་ནམ་མཁར་གླུ་མ་དམར་མོ་སྤྲིན་དཀར་གྱི་སྟེང་ནས་སྙན་འགྱུར་གྱི་གླུ་ལེན་ཅིང་པི་ཝཾ་སྒྲེང་བ། བྱང་ཕྱོགས་ཀྱི་ནམ་མཁར་གར་མ་ལྗང་གུ་འཇའ་འོད་ཀྱི་ལམ་ནས་བྲོ་གར་གྱི་རྣམ་འགྱུར་བརྩེ་བ། ཤར་ལྷོའི་ནམ་མཁར་མེ་ཏོག་མ་དཀར་སེར་མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབས་པ། ལྷོ་ནུབ་ཀྱི་ནམ་མཁར་བདུག་སྤོས་མ་དམར་སེར་སྤོས་ཀྱི་དུད་སྤྲིན་གཡོ་བ། ནུབ་བྱང་གི་ནམ་མཁར་མར་མེ་མ་དམར་ལྗང་སྒྲོན་མེའི་འོད་ཀྱིས་འཇིག་རྟེན་འགེང་བ། བྱང་ཤར་གྱི་ནམ་མཁར་དྲི་ཆབ་མ་དཀར་ལྗང་དྲི་བཟང་གི་ཆུ་རྒྱུན་སྦྲེང་བ་སྟེ་རྡོ་རྗེའི་ལྷ་མོ་བརྒྱད། ཤར་ཕྱོགས་ཀྱི་ནམ་མཁར་ཉི་མ་མེ་ཤེལ་ལས་གྲུབ་པ་དཔག་ཚད་ལྔ་བཅུ་ང་གཅིག་པ། འོད་ཟེར་སྟོང་དུ་འབར་བས་གླིང་བཞིའི་མུན་པ་སེལ་བ། ནུབ་ཀྱི་ནམ་མཁར་ཟླ་བ་ཆུ་ཤེལ་ལས་གྲུབ་པ་དཔག་ཚད་ལྔ་བཅུ་པ། བསིལ་བའི་རེག་བྱ་དང་ལྡན་པ། འོད་དཀར་གྱི་སྣང་བ་སྤྲོ་ཞིང་རྒྱུ་སྐར་གྱི་ཕྲེང་བས་བསྐོར་བ། ལྷོ་ཕྱོགས་ཀྱི་ནམ་མཁར་རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཁོར་ཡུག་ཏུ་ཡངས་ཤིང་རྒྱ་ཆེ་བ། ནོར་བུ་དང་དར་གྱི་ཆུན་འཕྱངས་གཡོ་ཞིང་དལ་བུས་གཡས་ཕྱོགས་སུ་འཁོར་བ། བྱང་ཕྱོགས་ཀྱི་ནམ་མཁར་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དར་སྣ་ཚོགས་པའི་ཅོད་པན་དཔྱངས་པ་ལ་ནོར་བུའི་ཏོག་གིས་སྤྲས་ཤིང་འོད་འབར་བ། དེ་དག་གི་བར་མཚམས་ཀྱི་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་དུ། ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་ཕྱུར་བུར་བཀང་ཞིང་། མཆོད་རྫས་ཀྱི་རྣམ་པ་རེ་རེ་ལས་ཀྱང་དེ་འདྲ་བ་གྲངས་མེད་བསམ་གྱིས་མི་ཁྱབ་པར་སྤྲོ་བས་ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ཐམས་ཅད་ཡོངས་སུ་གང་བ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་བ་ལས་བྱུང་བའི་བླ་ན་མེད་པའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་བ་ལས་བྱུང་ཞིང་བཀོད་པ་བླ་མ་སྤྲུལ་སྐུའི་ཞིང་དུ་དམིགས་ཏེ་འབུལ་བ་ནི་ཕྱི་ཡི་མཎྜལ་དང་། རྣམ་དག་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་དང་། རྒྱན་དང་། བཀོད་པ་ཚད་མེད་པ་ཡེ་ཤེས་ལྔ་ཡི་རང་མདངས་གསལ་ཞིང་འཚེར་བ་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་སྒེག་སོགས་འདོད་ཡོན་གྱི་ལྷ་མོས་བཀང་སྟེ་བླ་མ་ལོངས་སྐུའི་ཞིང་དུ་དམིགས་ཏེ་འབུལ་བ་ནང་གི་མཎྜལ། དབྱིངས་ཀ་དག་སྤྲོས་པ་དང་བྲལ་བའི་ནམ་མཁའ་ལ། ལྷུན་གྲུབ་འོད་གསལ་གྱི་སྣང་བ་ལྔ་ལྡན་འོད་ཀྱི་ཚོམ་བུ་རང་ཤར་དུ་བཀོད་ནས་བླ་མ་ཆོས་སྐུའི་ཞིང་དུ་དམིགས་ཏེ་འབུལ་བ་ནི་གསང་བའི་མཎྜལ། ཕྱི་ནང་གསང་བ་གསུམ་གྱི་མཆོད་པའི་སྤྲིན་གྱི་ཕུང་པོ་འཁོར་འདས་ཀྱི་སྣང་ཆར་ཤར་པ་དེ་ཐམས་ཅད། རིག་སྟོང་གཉུག་མའི་ཡེ་ཤེས་ཀྱི་རང་མདངས་ལས་གཞན་དུ་མ་གྲུབ་པར་ཤེས་ནས། དབྱིངས་རིག་འདུ་འབྲལ་མེད་པའི་ངང་དུ་མཉམ་པར་བཞག་པ་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་མཎྜལ་ཏེ། དེ་ལྟར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་མཎྜལ་གྱི་རང་བཞིན་གྱིས་རྣམ་པ་གསལ། བྱེ་བྲག་ཕྱེད་པའི་སྒོ་ནས་མཎྜལ་འབུལ་བར་ཞུ་ཞུ། བྱང་འདྲེན་པ་རྣམས་བཞེངས་ཏེ་མཎྜལ་བསྐུལ། དྲི་བཟང་གི་ཆག་ཆག་བཅས་ཚོམ་བུ་དགེ་བསྐོས་ཀྱིས་བཀོད་ནས་མཐར་མདུན་སྟེགས་སུ་ཕུལ། དེ་ལྟར་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བའི་ལྷ་དང་མིའི་ཡོ་བྱད་ཐམས་ཅད་བློས་བླངས་ཏེ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་སྔོན་དུ་འགྲོ་བས། འདིར་སྐྱབས་མགོན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཞབས་པད་མི་འགྱུར་རྡོ་རྗེའི་ཁྲི་ལ་བསྐལ་པ་རྒྱ་མཚོའི་བར་དུ་བརྟན་བར་བཞུགས་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་རྒྱུན་མི་ཆད་པར་བསྐོར་བར་ཞུ་བའི་རྟེན་འདྲེལ་གྱི་སྒོ་འཕར་དབྱེ་བའི་དངོས་འབྱོར་གྱི་མཆོད་པ་མཎྜལ་མཚོན་བྱེད་དུ་འབུལ་བ་འདི་ལྟར། འབུལ་ཡིག་འདོན། དེ་ལྟར་ཐོག་ཐ་བར་གསུམ་དུ་དགེ་བའི་གཏམ་གྱིས་སྣ་དྲངས་ཏེ། རྒྱལ་ཀུན་འདུས་པའི་སྤྱི་གཟུགས་བླ་མ་རྡོ་རྗེ་འཆང་ཆེན་པོའི་མདུན་སར་མཆོད་པའི་མཎྜལ་བཟང་ཞིང་གྱ་ནོམ་པ་ཕུལ་བ་འདི་དག་གི་བསོད་ནམས་ཀྱི་མཐུ་ཆེན་པོ་ལ་བརྟེན་ནས་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི་ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བ་ཤཱཀྱ་སེང་གེའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པ་དང་། སྐྱབས་མགོན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་གཙོས་པའི་གསར་རྙིང་རིས་མེད་ཀྱི་བསྟན་འཛིན་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་ཐུགས་ཀྱི་བཞེད་དོན་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་སྟེ་བསྐལ་པ་རྒྱ་མཚོའི་བར་དུ་ཞབས་པད་བརྟན་པ་དང་། རིག་དང་གྲོལ་བའི་ཡོན་ཏན་དང་ལྡན་པའི་དགེ་འདུན་འདུས་པའི་སྡེ་རྣམས་ཀྱང་དབྱར་གྱི་མཚོ་ལྟར་རྒྱས་ཤིང་བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ་གྱི་མཛད་པས་དུས་འདའ་བ་དང་། བསོད་ནམས་སྟོབས་ཀྱིས་མངོན་པར་མཐོ་བའི་ཆོས་དང་ལྡན་པའི་རྒྱལ་པོ་ཆོས་བཞིན་སྐྱོང་བ་རྣམས་སྡེ་བཞིའི་དཔལ་འབྱོར་རྒྱས་ཤིང་། དགེ་བཅུའི་ཁྲིམས་ཀྱི་དབུ་རྨོག་བཙན་པས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་མངའ་ཐང་དང་ཆབ་སྲིད་གོང་ནས་གོང་དུ་འཕེལ་བ་དང་། ཡངས་པའི་རྒྱལ་ཁམས་ན་འཁོད་པའི་སྐྱེ་འགྲོ་ཐམས་ཅད་ཀྱིས་ཀྱང་དཀོན་མཆོག་གསུམ་ལ་བླ་མར་བྱེད་ཅིང་། དཀར་ནག་གི་ལས་ལ་བླང་དོར་མ་ནོར་བར་བགྱིས་པས་གནས་སྐབས་སུའང་དཀར་ཕྱོགས་ཀྱི་ལྷ་རྣམས་དབུ་འཕང་མཐོ་ཞིང་གཟི་བྱིན་རྒྱས་པས་ཕྱོགས་ཐམས་ཅད་དུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། ནད་མུག་མཚོན་གྱི་སྐལ་བ་ཐམས་ཅད་ཞི་ཞིང་། བདེ་སྐྱིད་ཕུན་སུམ་ཚོགས་པས་རྫོགས་ལྡན་གྱི་སྐལ་བ་བཟང་པོ་གསར་དུ་འཆར་བ་དང་། མཐར་ཐུག་ངེས་ལེགས་དམ་པའི་ཆོས་ལ་ལོངས་སྤྱོད་པས་ལུས་ཅན་ཐམས་ཅད་དོན་གཉིས་ལྷུན་གྲུབ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་ཐོབ་སྟེ། གནས་སྐབས་དང་མཐར་ཐུག་ཐམས་ཅད་དུ་དགེ་ལེགས་དང་བཀྲ་ཤིས་སྣང་བ་ཆེན་པོས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཅིག །བསྟན་པའི་དཔལ་གྱུར་སོགས། དགེའོ། །ལྷ་རྒྱལ་ལོ། །ལྷ་དང་མིའི་དཔལ་འབྱོར་མ་ཚང་བ་མེད་པ་འདི་ཉིད་ཁྱབ་བདག་དཔལ་གདོད་མའི་མགོན་པོ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་དང་གཉིས་སུ་མེད་པའི་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་མཚུངས་བྲལ་སྤྲུལ་པའི་སྐུ་རིན་པོ་ཆེའི་དྲུང་དུ་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་བཞུགས་པར་གསོལ་བ་འདེབས་པའི་ཡོན་དུ་དབུལ་བར་བགྱིའོ། །ས་གཞི་སྤོས་སོགས། །མཎྜལ་གྱི་རྣམ་པར་བཤད་པ་བཻ་ཌཱུརྱའི་རྣ་རྒྱན་ཅེས་པ་འདི་ཡང་། ༧ སྔ་འགྱུར་བསྟན་བའི་མངའ་བདག་མདོ་ཁམས་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིག་འཛིན་ཅེས་མཚན་ཀྱི་རྔ་བོ་ཆེ་ཕྱོགས་ཀྱི་འཁོར་ལོར་ཡོངས་སུ་གྲགས་པ་གང་གི་ཡེ་ཤེས་སྒྱུ་མའི་རྣམ་རོལ་ལྔ་པ་ཁྲིར་ཕེབས་སྐབས་སུ་ཉེ་བར་མཁོ་བའི་སླད་དུ་མཁན་ཟུར་པ་པདྨ་བཛྲ་དུ་འབོད་པས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། དགེའོ།།
གྲུབ་དབང་ལྔ་པ་ཆེན་པོ་གསེར་ཁྲིར་འགོད་སྐབས་ལེགས་བཤད་ཚོགས་གཏམ་འབུལ་བའི་མགོ་བསྐུལ་མཚམས་སྦྱོར་ལྷ་ཡི་སིལ་སྙན།
༄༅།།གྲུབ་དབང་ལྔ་པ་ཆེན་པོ་གསེར་ཁྲིར་འགོད་སྐབས་ལེགས་བཤད་ཚོགས་གཏམ་འབུལ་བའི་མགོ་བསྐུལ་མཚམས་སྦྱོར་ལྷ་ཡི་སིལ་སྙན་བཞུགས་སོ།། འདིར་གང་ཞིག་གླེང་བར་བྱ་བ་ནི། བདག་ཅག་གི་སྟོན་པ་རྣམ་འདྲེན་རྒྱལ་བ་ཤཱཀྱ་སེངྒེའི་བསྟན་པ་འདི་ལ། བཤད་པ་དང་། སྒྲུབ་པ་དང་། བྱ་བ་ལས་ཀྱི་འཁོར་ལོ་ཆེན་པོ་གསུམ་གྱིས། །ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྔར་མེད་པའི་ཡུལ་ཕྱོགས་ཀུན་ཏུ་གསར་དུ་སྲོལ་བཏོད་ནས་འཛིན་པ་དང་། སྔར་དར་ཀྱང་ཕྱིས་ཅུང་ཟད་ཉམས་པར་གྱུར་པ་རྣམས། འཆད་པ་དང་། རྩོད་པ་དང་། རྩོམ་པའི་ཕྲིན་ལས་ཀྱིས་མི་ཉམས་པར་ཡུན་རིང་དུ་གནས་པའི་སྒོ་ནས་སྐྱོང་བ་དང་། དེ་ཡང་ཉུང་ངུ་དང་། ཉི་ཚེ་བ་ཙམ་མ་ཡིན་པར་ཕྱོགས་ཐམས་ཅད་དང་གནས་སྐབས་ཀུན་ཏུ། སྒོ་ཐམས་ཅད་ནས་དར་ཞིང་རྒྱས་པར་སྤེལ་བ་སྟེ། རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བྱེད་པོ། རྒྱ་གར་འཕགས་པའི་ཡུལ་དུ། འཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་། མཆོག་གཉིས། རྨད་དུ་བྱུང་བའི་སློབ་དཔོན་བཞི། གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་སོགས་མཐའ་ཡས་པ་དང་། གངས་རིའི་ར་བས་བསྐོར་བའི་ཡུལ་ལྗོངས་བོད་དང་བོད་ཆེན་པོའི་རྒྱལ་ཁམས་འདིར་ཡང་། འཕགས་མཆོག་སྤྱན་རས་གཟིགས་དབང་མི་ཡི་ཟོལ་དུ་བསྟན་པ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། འཇམ་པའི་དབྱངས་དངོས་ཁྲི་སྲོང་ལྡེ་བཙན། གསང་བའི་བདག་པོ་མངའ་བདག་རལ་པ་ཅན། གྲུབ་པའི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨ་སམ་བྷ་ཝ་དང་། མཁན་ཆེན་ཞི་བ་འཚོ་སྟེ་མཁན་སློབ་ཉི་ཟླ་ཟུང་འདྲེལ་གྱིས་གཙོས་པའི། རྒྱ་བོད་ཀྱི་པཎ་གྲུབ་བརྒྱ་དང་རྩ་བརྒྱད། གྲུབ་བརྙེས་རྗེ་འབངས་ཉེར་ལྔ། སྔགས་པའི་རྒྱལ་པོ་སོ་ཟུར་གནུབས་གསུམ་སོགས་སྔ་འགྱུར་རྙིང་མའི་བརྒྱུད་པ་རིམ་བྱོན། ཕྱི་འགྱུར་བསྟན་པའི་སྦྱིན་བདག་གི་ཐོག་མ་ལྷ་བླ་མ་ཡེ་ཤེས་འོད་དང་། བྱང་ཆུབ་འོད་སོགས་ཀྱི་རིང་ལ་བྱོན་པའི། ཟ་ཧོར་གྱི་མཁན་པོ་དཔལ་ལྡན་མར་མེ་མཛད་ཡབ་སྲས་སོགས་བཀའ་གདམས་རིན་པོ་ཆེའི་བརྒྱུད་པ། པཎ་ཆེན་ན་རོའི་དངོས་སློབ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་སྲས་ཀ་ཆེན་བཞི་དང་། ཁྱད་པར་རྗེ་བཙུན་བཞད་པ་རྡོ་རྗེ། མཉམ་མེད་སྒམ་པོ་པ་ཆེན་པོ། དེའི་ཐུགས་སྲས་གྲུབ་ཐོབ་ཁམས་པ་མི་གསུམ་སོགས་ནས་རྒྱས་པའི་སྒྲུབ་བརྒྱུད་བསྟན་པའི་བདག་པོ་བསམ་གྱིས་མི་ཁྱབ་པ་རྣམས་དང་། རྒྱ་གར་གྱི་པཎ་ཆེན་ག་ཡ་ངྷ་ར་དང་། བླ་ཆེན་འབྲོག་མི་ལོ་ཙཱ་སོགས་ནས་བརྒྱུད་པའི་འཇམ་དབྱངས་གོང་མ་རྣམ་ལྔ་སོགས་བླ་མ་ས་སྐྱ་པ་ཆེན་པོའི་རིང་ལུགས་འཛིན་པའི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ། གསར་རྙིང་མདོ་སྔགས་ཡོངས་ཀྱི་བསྟན་པའི་བདག་པོ། ཤར་ཙོང་ཁ་བ་བློ་བཟང་གྲགས་པ་ཡབ་སྲས་སོགས་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པའི་སྐྱེས་བུ་རིམ་པར་བྱོན་པ་སོགས། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ནམ་མཁའི་སྐར་ཚོགས་ཙམ་བྱོན་པ་དེ་རྣམས་ལས། འདིར་སྐབས་སུ་བབས་པ་ནི། རྒྱལ་བའི་དབང་པོ་པདྨ་སམ་བྷ་ཝའི་རིང་ལུགས་འཁྲུལ་མེད་འཛིན་པ་སྔ་འགྱུར་རྙིང་མ་པ་ཞེས་ཡོངས་སུ་གྲགས་པ་མདོ་སྔགས་བསྟན་པ་གཉིས་ལྡན་གྱི་བདག་པོ། རྒྱལ་བསྟན་ཡོངས་རྫོགས་གང་ཟག་གཅིག་གི་ལམ་གྱི་རིམ་པ་ཚང་ལ་མ་ནོར་བ་ཞིག་ཏུ་དྲིལ་ནས་འཆད་ཅིང་ཉམས་སུ་ལེན་པ་སྟེ། གྲུབ་པའི་སློབ་དཔོན་ཆེན་པོས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་གྱིས། །རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ནང་ལྟར་གསང་སྔགས་བླ་མེད་ལུགས་སུ་གྱིས། །བསྐྱེད་རྫོགས་ཟུང་དུ་འདྲེལ་བའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་གྱིས། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་གསུངས་པ་ལྟ་བུའི་ལུགས་དེ་ཉིད་འཛིན་པ་ནི། དེང་སང་གི་དུས་ན་ཡང་། རྒྱ་གར་འཕགས་པའི་ཡུལ་གྲུ་ནས་བཟུང་། རྒྱ་ནག་ཆེན་པོའི་ཡུལ་ཚུན་ཆད། སྟོད་ཀྱི་མངའ་རིས་སྐོར་གསུམ། བར་གྱི་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་བོད་ཆེན་པོའི་ཡུལ་གྲུ་མཐའ་དབུས་ཐམས་ཅད་ཀྱི། རྒྱལ་པོའི་ཁབ། གྲོང་དང་། གྲོང་ཁྱེར། དགེ་འདུན་འདུས་པའི་སྡེ། དབེན་པའི་ལྗོངས། གྲུབ་པའི་གནས་ཐམས་ཅད་དུ་མ་ཁྱབ་པ་མེད་ཀྱང་། གྲགས་ཆེ་བ་དབུས་ན་རྡོར་སྨིན་དཔལ་གསུམ། ཁམས་ན་ཀཿདཔལ་རྫོགས་གསུམ་ཞེས་གྲགས་པའི་ནང་ཚན། མདོ་ཁམས་རྫོགས་ཆེན་པ་ཞེས་ཆོས་མིང་གང་ཟག་ལ་ཐོགས་པའི་གདན་ས་འདི་ཉིད་ཀྱི་བདག་པོ། གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་ཞེས་མཚན་གྱི་སྙན་པ་རྒྱ་མཚོའི་མཐའི་བར་དུ་ཁྱབ་པ་འདི་ནི། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་བསྐལ་པ་བཟང་པོ་འདིའི་སྔོན་རོལ། བསྐལ་ཆེན་གྲངས་མེད་གསུམ་དུ་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ནས། བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་པའི་ཚུལ་བསྟན་པའི་ཚེ། བསྐལ་པ་གྲངས་མེད་དང་པོ་ལ་རྫོགས་པའི་སངས་རྒྱས་བདུན་ཁྲི་ལྔ་སྟོང་ཞིག་ལ་བསྙེན་བཀུར་མཛད་པའི་ཐ་མར་བྱོན་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྤངས་རྟོགས་ཀྱི་ཡོན་ཏན་མཉམ་ཡང་། ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་རྨད་དུ་བྱུང་བས། གང་གི་མཚན་ཙམ་ཐོས་པས་ཀྱང་ངན་སོང་གི་གནས་ལས་སྒྲོལ་བའི་ཕྲིན་ལས་རྒྱལ་བ་ཀུན་ལས་ལྷག་པར་གྱུར་པ། བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་དེར་མངོན་པར་བྱང་ཆུབ་ཟིན་ཀྱང་། ད་དུང་ཡང་ཐབས་ལ་མཁས་པའི་མཛད་པས། སྲིད་པའི་མཐའི་བར་དུ་སྤྲུལ་པའི་རྣམ་རོལ་གྲངས་མེད་པར་སྟོན་པར་མཛད་པ་ནི། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་དུ་མར་སྟོན་པར་མཛད། །ཅེས་གསུངས་པ་བཞིན། ཤཱཀྱའི་རྒྱལ་པོའི་བསྟན་པ་འདིར་ཡང་། ཟབ་གསང་རྡོ་རྗེ་ཐེག་པའི་ལམ་ནས། གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་འབད་མེད་དུ་གྲོལ་བར་མཛད་པའི་ཕྱིར། འཕགས་པའི་ཡུལ་དུ་གྲུབ་བརྒྱའི་སྤྱི་མེས་དཔལ་ལྡན་ས་ར་ཧ་པ། གསང་རྒྱུད་རྒྱ་མཚོའི་མངའ་བདག་སློབ་དཔོན་ཀུ་ཀུ་རི་པ། སྡེ་གསུམ་ཀློང་དགུའི་རྒྱུད་ཀྱི་ཤིང་རྟ་པཎ་ཆེན་དྲི་མེད་བཤེས་གཉེན། བོད་དུ་ཨོ་རྒྱན་སངས་རྒྱས་གཉིས་པའི་དངོས་སློབ་གྲུབ་ཆེན་རྗེ་འབངས་ཉེར་ལྔའི་ནང་ཚན། སྡེ་བརྒྱད་བྲན་དུ་བཀོལ་བ་རླངས་ཆེན་དཔལ་གྱི་སེངྒེ། གནམ་ལྕགས་མདའ་ལྟར་འཕེན་པའི་ལང་གྲོ་དཀོན་མཆོག་འབྱུང་གནས། སྤྲུལ་པའི་ཆོས་རྒྱལ་མངའ་བདག་ཁྲི་རལ། སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་ཀརྨ་པ་དུས་གསུམ་མཁྱེན་པ། འཇམ་པའི་དབྱངས་དངོས་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་སོགས། གང་འདུལ་གདུལ་བྱའི་སྣང་ངོར་དག་ཆེན་ཡེ་ཤེས་སྒྱུ་མའི་རོལ་གར་ཅིར་ཡང་བསྟན་ནས་སླར་ཡང་། འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་གཞི་བཞེངས་སུ་སློང་བའི་ཆེད་དུ། བསམ་བཞིན་སྲིད་པ་བཟུང་བའི་ཚུལ་བསྟན་ཏེ། ཨོ་རྒྱན་གཏེར་བདག་གླིང་པའི་གཏེར་ལུང་ལས། ལང་གྲོའི་སྤྲུལ་པ་པདྨ་དྲག་པོའི་མིང་། །རྣལ་འབྱོར་འཛིན་པ་མདོ་ཁམས་སྨད་ནས་འབྱུང་། །ཞེས་པ་དང་། རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། རླངས་དཔལ་སྤྲུལ་པ་རི་བོའི་ཕྱོགས་ནས་འབྱུང་། །པདྨའི་མིང་ཅན་བྲང་ལ་སྨེ་བས་བརྒྱན། །ཞེས་སོགས་འཁྲུལ་མེད་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ལྟར། ཁམས་ཀྱི་རི་བོ་ཆེའི་ཕྱོགས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་ཙམ་ནས། གྲུབ་དབང་ཀརྨ་ཆགས་མེད་ཀྱི་ཞབས་པད་བསྙེན་ནས། གསར་རྙིང་གི་གདམས་ཁྲིད་དུ་མ་དང་། ཁྱད་པར་ཕྱག་རྫོགས་ཀྱི་རྣལ་འབྱོར་ལ་ཐུགས་སྦྱངས། དེ་ནས་སྤྲུལ་པའི་གཏེར་སྟོན་བདུད་འདུལ་རྡོ་རྗེ། ཀོང་པོ་རྫོགས་ཆེན་པའི་ཐུགས་སྲས་རིག་འཛིན་ཆོས་ཀྱི་རྒྱ་མཚོ། གངས་ལྗོངས་བསྟན་པའི་བདག་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་གོང་ས་ལྔ་པ་ཆེན་པོ་སོགས་ཀྱི་ཞབས་ལ་གཏུགས་ནས། མདོ་རྒྱུད་མན་ངག་རྒྱ་མཚོ་གསན་བསམ་གྱི་ཕ་རོལ་དུ་སོན། དཔལ་གྱི་བསམ་ཡས་འཆིམས་ཕུ། ལྷོ་བྲག་མཁར་ཆུ། ཙཱ་རི་ཏྲ་སོགས་སྒྲུབ་པའི་གནས་ཆེན་རྣམས་སུ་རིམ་གཉིས་ཟབ་མོའི་རྣལ་འབྱོར་སྤྱི་དང་། ཁྱད་པར་རྫོགས་པ་ཆེན་པོའི་མན་ངག་སྙིང་ཐིག་གི་གནད་ལ་ཉམས་བཞེས་རྩལ་དུ་བཏོན་པས། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་མངོན་དུ་གྱུར། ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པའི་རྩལ་ཆེན་རྫོགས་ནས། སྒོམ་ལམ་རིག་པ་ཚད་ཕེབས་ཀྱི་སྣང་བ་མཐར་ཕྱིན། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རྣམས་དང་དགོངས་པ་མཉམ་པའི་ཚུལ་བསྟན་ཏེ། ཀུན་བཟང་དགོངས་པའི་རྒྱལ་ཐབས་ལ་དབང་བསྒྱུར། མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པས། གྲུབ་པའི་དབང་ཕྱུག་ཆེན་པོར་གྲགས་པའི་རྔ་བོ་ཆེ་ཕྱོགས་ཀྱི་ཁོར་ཡུག་ཀུན་ཏུ་ཆེས་ཆེར་ལྡིར་བས་སྐལ་བཟང་གི་གདུལ་བྱ་མཐའ་དག་དད་པའི་ས་ལ་བཀོད། སློབ་མའི་གཙོ་བོར་གྱུར་པ། འཁོན་ཆེན་པོ་ཀླུ་དབང་སྲུང་གི་སྤྲུལ་པའི་རྣམ་རོལ་ཟབ་མོ་གཏེར་གྱི་བཀའ་བབས་རིག་འཛིན་ཉི་མ་གྲགས་པ། གྲུབ་ཆེན་མེ་ལོང་རྡོ་རྗེའི་རྣམ་འཁྲུལ་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་ནས་ཉིན་མཚན་འོད་གསལ་གྱི་སྣང་བ་ཁོར་ཡུག་ཏུ་བརྡལ་བ་རྣལ་འབྱོར་གྱི་དབང་ཕྱུག་ནམ་མཁའ་འོད་གསལ། བདེ་གཤེགས་མྱ་ངན་མེད་པ་ཚུར་མཐོང་གདུལ་བྱའི་སྣང་ངོར་མི་ཡི་ཟོལ་དུ་བསྟན་ནས་ལུང་རིགས་བརྒལ་བརྟགས་ཀྱི་འཁོར་ལོས། ལོག་སྨྲའི་རྒོལ་བ་ཕྱེ་མར་འཇོམས་ཤིང་། ཐུབ་བསྟན་ཉིན་མོར་བྱེད་པ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་རྣམས་ཀྱི་གཙོས་བཤད་སྒྲུབ་ལས་ཀྱི་འཁོར་ལོས་རྒྱལ་བསྟན་གསལ་བར་མཛད་པའི་སློབ་ཚོགས་ནམ་མཁའི་རྒྱུ་སྐར་ལྟར་བཀྲ་བས་ཕྱོགས་ཐམས་ཅད་དུ་ཁྱབ། དེ་ནས་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་ལུང་གིས་བསྐུལ་ནས། མདོ་ཁམས་སྨད་ཀྱི་ཕྱོགས་སུ་ཟབ་གསང་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་ཕྱིར་ཆིབས་ཀྱི་ཁ་ལོ་བསྒྱུར་བ་ན། བསོད་ནམས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ། གནམ་བསྐོས་གོང་མ་ཆེན་པའི་ལུང་གིས་བསྔགས་པས། མདོ་ཁམས་ས་ཡི་བདག་པོར་དབང་བསྐུར་བ། གནམ་སའི་དབང་ཕྱུག་ཆེན་པོ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་གདུང་རབས་རིམ་པར་བྱོན་པའི་ནང་ནས། ཨོ་རྒྱན་དུས་གསུམ་མཁྱེན་པའི་བཀས་ལོ་ཙཱ་བ་ཆེན་པོ་ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱི་རྣམ་འཕྲུལ་དུ་ལུང་གིས་ཟིན་པའི་ཁྲི་ཆེན་སངས་རྒྱས་བསྟན་པ་ཞེས་གྲགས་པ་དེ་ཉིད་ཀྱིས། རྣམ་གསུམ་དད་པའི་སྲི་ཞུ་ཆེན་པོས་ཞབས་པད་སྤྱི་བོར་བཞེས་ཏེ་དབུའི་མཆོད་གནས་སུ་བཀུར། གཞན་ཡང་གླིང་དཔོན་ཆེན་མགོན་པོ་ལྷུན་གྲུབ། ས་སྐྱོང་སྡེ་དགེ་རྒྱལ་པོའི་ཁྲིམས་ཀྱི་ཁ་ལོ་འཛིན་པ་གད་ཐོག་གཉེར་ཆེན་ལྷ་ལུ་ལ་སོགས་པའི་མི་ཆེན་མང་པོ་དང་། འབྱོར་ལྡན་གྱི་ཁྱིམ་བདག་དུ་མས་བསྟན་པའི་སྦྱིན་བདག་མཛད་དེ། མདོ་སྨད་ཟོ་དོར་ཡོངས་ཀྱི་གཙོ་བོ་གནོད་སྦྱིན་རི་དབང་སྤུན་དགུའི་ཡ་གྱལ། ལྷ་གཉེན་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་གཡོན་ཞོལ། ཨོ་རྒྱན་རྡོ་རྗེ་འཆང་གི་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་ནས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས། དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་ཞིང་། མཆོག་དང་ཐུན་མོང་གི་དངོས་གྲུབ་རང་བཞིན་གྱིས་འགྲུབ་པའི་གནས་རུ་དམ་སྐྱིད་ཕྲམ་གྱི་ལུང་པ་ཞེས། ཕུ་གངས་དཀར་གྱི་ལ་ཐོད་འཛིན་པའི་རི་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ། ལྷོ་ཕྱོགས་ནགས་ཚལ་གྱི་འདབ་གུར་འཁྲིགས་པའི་ཀླུང་ནས། བདུད་རྩི་འོ་མའི་ཆུ་རྒྱུན་ལྟ་བུའི་རྒྱུན་འབབས་ཀྱི་མཆོད་ཡོན་བསྒྲེང་བ། རྒྱབ་རི་དར་དཀར་གྱི་ཡོལ་བ་དྲེས་པ་ལྟ་བུས་ཀུན་ནས་བསྐོར་ཞིང་། མདའ་སྒོམ་ཆེན་གྱི་སྐྱིལ་ཀྲུང་བཅས་པ་ལྟ་བུར་ཤར་བྱང་གི་རི་སྣ་བསྣོལ་བས་ཏིང་འཛིན་རང་ཤུགས་ཀྱིས་སྐྱེ་བ། མདུན་དུ་ནེའུ་སེང་མེ་ཏོག་གིས་བརྒྱན་པ་གསེར་གཞོང་མར་ཁུས་བཀང་བ་ལྟ་བུས་འདོད་ཡོན་གྱི་གཏེར་ཁ་རྡོལ་བ། ཕྱོགས་བཞིར་ས་ཡི་སྲུང་བཞི་ཚང་ཞིང་། མཚམས་བཞིར་ས་ཡི་དཔལ་བཞི་ལྡན་པ། གཞན་ཡང་འགྱུར་མེད་ཀྱི་གངས་རི་བརྟན་ཆགས། དངོས་གྲུབ་གྱི་གཡུ་མཚོ་གཏན་འཁྱིལ། དབང་ཐང་གི་བྲག་རི་རྩེ་རྒྱལ། བསོད་ནམས་ཀྱི་ཐང་ཆེན་མཐའ་རྒྱས་སོགས་བཀྲ་ཤིས་ཀྱི་དགེ་མཚན་དུ་མས་ཕྱོགས་ཐམས་ཅད་ནས་བརྒྱན་པ། རྒྱུད་དང་བསྟན་བཅོས་ནས་བཤད་པའི་སའི་དཔྱད་ཕུན་སུམ་ཚོགས་པའི་གནས་འདི་ཉིད་དུ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་གྲགས་པའི་ཆོས་གྲྭ་ཆེན་པོ་འདི་བཏབ། འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱི་རྣལ་འབྱོར་པ་ཤ་སྟག་ཚོགས་པའི་རིག་པ་འཛིན་པའི་སྡེ་ཆེན་པོ་སྟོང་ཕྱེད་ལྔ་བརྒྱར་ལོངས་པས་དགེ་འདུན་འདུས་པའི་སྡེ་རྒྱས། དེ་ནས་རིམ་པར་སྐུ་རབས་གཉིས་པ། བྱང་ཕྱོགས་གུར་དཀར་པོའི་བདག་པོ་སོག་པོ་ཨོ་རོད་ཀྱི་སྡེ་པར་འཁྲུངས་པ། འགྱུར་མེད་ཐེག་མཆོག་བསྟན་འཛིན་མཐུ་སྟོབས་དབང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཉིད་ཁྲིར་འཁོད་པ་ནས། ས་སྐྱོང་ཆོས་རྒྱལ་ཆེན་པོ་བསྟན་པ་ཚེ་རིང་དང་བློ་གྲོས་རྒྱ་མཚོ་བཅས་པར་མཆོད་ཡོན་དུ་འདྲེལ་བས། བཀའ་གཏེར་བཤད་སྒྲུབ་ཀྱི་རྒྱུན་དང་། བསྟན་སྲིད་ཀྱི་ཕྲིན་ལས་གོང་འཕེལ་དུ་གྱུར། དེ་ནས་སྐུ་རབས་གསུམ་པ། བྱང་ཟླ་ཀླུང་སྔོན་མོ་དལ་གྱིས་འབབས་པའི་ཀླུང་འགྲམ། ཟླ་རྒྱུད་ཧོ་པའི་སྡེ་པར་སྐུ་འཁྲུངས་པ། ངེས་དོན་བསྟན་འཛིན་བཟང་པོ་ཨ་ཏི་བསྟན་པའི་རྒྱལ་མཚན་དུ་གྲགས་པ་དེ་ཉིད་ཁྲིར་འཁོད། མི་དབང་བསོད་ནམས་བཟང་པོ་ཡབ་སྲས་དང་མཆོད་ཡོན་དུ་འདྲེལ། རྗེ་འདིའི་སྐུ་རིང་ལ་སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ་སོགས་བཤད་སྒྲུབ་ཀྱི་ཕྱག་བཞེས་གསར་སྤེལ་དང་བསྟན་པའི་བྱ་བ་རྒྱ་ཆེ། དེ་ནས་སྐུ་རབས་བཞི་པ། ཆུ་བོ་གསེར་ལྡན་དུ་གྲགས་པ། འབྲི་ཀླུང་སྔོན་མོའི་རྒྱུད་འདན་ཆོས་འཁོར་དུ་སྐུ་འཁྲུངས་པ། བདག་ཅག་རྣམས་ཀྱི་རིགས་ཀྱི་བདག་པོ། ཁྱབ་བདག་གདོད་མའི་མགོན་པོ་མི་ཡི་གཟུགས་སུ་བྱོན་པ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན། གྲུབ་པའི་དབང་ཕྱུག་མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ཞེས་མཚན་གྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་གཡོ་བ་དེ་ཉིད་ཁྲིར་ཕེབས། མི་དབང་ས་ཡི་ཚངས་པ། འཇིགས་བྲལ་ཚེ་དབང་རྡོ་རྗེ་ཡབ་སྲས་དང་མཆོད་ཡོན་ཟུང་དུ་འདྲེལ། ཆོས་སྲིད་གཉིས་ཀྱི་མཛད་པས་རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་བཀོད། རྗེ་འདི་ཉིད་ཀྱི་རིང་ལ། ཐུགས་སྲས་བརྒྱུད་འཛིན་ཡོངས་ཀྱི་གཙོ་བོ་ཁྱབ་བདག་བཀའ་འགྱུར་པ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་ཀྱི་ཐུགས་བསྐྱེད་དང་འདྲེལ་བར། བསྟན་པའི་གཞི་མ་དམ་པའི་ཆོས་འདུལ་བའི་ཕྱག་བཞེས་དང་། རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་གསང་བ་སྙིང་པོའི་བཤད་པ་སོགས་མདོ་སྔགས་བཤད་གྲུབ་ཀྱི་སྣང་བས་ཕྱོགས་ཐམས་ཅད་དུ་ཁྱབ་པར་མཛད། སྐྱབས་མཆོག་འཁོར་ལོའི་མགོན་པོ་འདི་ཉིད་ཀྱི་མ་འདྲེས་པའི་མཛད་པ། དུས་རྟག་པ་རྒྱུན་གྱི་འཁོར་ལོར། ཐུགས་འོད་གསལ་ཆོས་ཉིད་ཀྱི་ངང་དུ་ཚོགས་དྲུག་གི་སྣང་བ་ཐམས་ཅད་ཤར་གྲོལ་རྗེས་མེད་དུ་དག་པས། ཀ་དག་གདོད་མའི་དབྱིངས་ལ་རྩོལ་རྟོག་གི་གཡོ་བ་མི་མངའ་བར་བཞུགས་བཞིན་དུ། རྗེས་ཐོབ་ཡེ་ཤེས་ཀྱི་རྩལ་སྣང་དམིགས་མེད་ཀྱི་ཐུགས་རྗེ་ཆེན་པོར་ཤར་བས་མཆོག་དམན་བར་མའི་འགྲོ་བ་ཐམས་ཅད་ལ་ཉེ་འཁོན་མེད་པར་མ་འདྲིས་པའི་མཛའ་བཤེས་ཆེན་པོར་གྱུར་པའི་ངང་ནས། བསྟན་འགྲོའི་དོན་ཆེན་གྱི་ཕྲིན་ལས་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་བས་རྒྱལ་བ་རྣམས་ཀྱི་མཛད་པ་དང་དབྱེར་མེད་པ་ཞིག་སྟེ། དབུ་མ་འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་གསུང་བ་རྗེ་འདི་ཉིད་ཀྱི་དོན་གྱི་རྣམ་ཐར་དུ་སོང་བཞིན། དོན་གཉིས་ལྷུན་གྲུབ་ངང་ལ་སྐུ་ཚེ་མཐར་ཕྱིན་ནས། དགུང་གྲངས་བདུན་ཅུ་རྩ་བརྒྱད་བཞེས་པ་ལྕགས་ཕོ་རྟའི་ལོའི་སྨིན་དྲུག་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་ལ་གཟུགས་སྐུའི་བཀོད་པ་གདོད་མའི་གཞི་དབྱིངས་ནང་གསལ་ཆེན་པོར་འཁྱིལ་བར་གྱུར་པ་དེ་ལྟ་ནའང་། དམིགས་མཐའ་བྲལ་བའི་ཐུགས་རྗེ་ཆེན་པོའི་འཕེན་པས་འགྲོ་བ་འདུལ་བའི་ཕྲིན་ལས་རྒྱུན་མི་འཆད་ཅིང་འགོགས་པ་མེད་པ་ནི་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ཡིན་པས། དེང་གི་དུས་འདིར་ཡང་། རྩོད་མེད་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ། ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པའི། ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་ཞལ་ལུང་དྲི་མ་མེད་པ་ལས། ཤྟཤྤཤྤ། སོགས། ཞེས་གསུངས་པ་ལྟར། ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབས། གསར་རྙིང་རིས་མེད་ཀྱི་བསྟན་པའི་བདག་པོ། དེང་སང་ཙམ་ན་ཁམས་དབུས་གཙང་གསུམ་ཙམ་དུ་མ་ཟད་རྒྱ་གར་ཆུ་བོ་གངྒ་ཚུན་ཆད་དང་། རྒྱ་ནག་བཀྲ་ཤིས་ཁྲི་སྒོ་ཡན་ཆད་ན། མཁས་དང་གྲུབ་པའི་རྣམ་ཐར་ལ་འགྲན་ཟླར་གྱུར་པ་འགའ་ཡང་མ་མཆིས་པ་དོན་གྱིས་ཐམས་ཅད་མཁྱེན་པ། མཚན་བརྗོད་པར་དཀར་བ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱིས་ལུང་དོན་གསལ་བར་མཛད་པ་ལྟར། སྔར་གྱི་གྲུབ་ཐོབ་ཆེན་པོའི་འཁྲུངས་ཡུལ་དང་གཅིག་པར། ཁམས་ཀྱི་རི་བོ་ཆེའི་ཕྱོགས་སུ་རྣམ་པར་དཀར་བའི་བསོད་ནམས་དང་སྨོན་ལམ་གྱི་མཐུ་ལས་གྲུབ་པ། ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་སྒྲིབ་མེད་ཡེ་ཤེས་ཀྱི་གཟིགས་པའི་སྤྱན་རས་ཀྱིས་བཙལ་བའི། ཡབ་མགོན་པོ་རྒྱལ་དང་། ཡུམ་བསོད་ནམས་གཡང་མཚོ་གཉིས་ཀྱི་སྲས་སུ་འཁྲུངས་པའི། སྐྱབས་མགོན་མཆོག་གི་སྤྲུལ་པའི་སྐུ་འཁྲུལ་མེད་རྡོ་རྗེའི་ལུང་གིས་ཚད་མར་གྲུབ་པ་འདི་ཉིད། ཞྭ་སེར་བསྟན་པའི་མངའ་བདག །ལྷ་གཅིག་གངས་རིའི་མགོན་པོ་འཕགས་མཆོག་ཕྱག་ན་པདྨའི་ཐུགས་རྗེ་ཡེ་ཤེས་སྒྱུ་མའི་རྣམ་རོལ། རྒྱལ་བ་འཕགས་པ་ལྷ་ཞེས་མཚན་གྱི་ཡི་གེ་སྲིད་པ་གསུམ་ན་གསལ་ཞིང་གྲགས་པ་གང་གི་ཞལ་སྔ་ནས་ཚད་མེད་པའི་ཐུགས་རྗེ་དང་བཀའ་དྲིན་ཆེན་པོས་བསྐྱངས་པའི་བདག་རྐྱེན་ལས། ད་རེས་འདིར་མདོ་ཁམས་རྫོགས་ཆེན་པའི་གདན་ས། ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་། ཐུབ་བསྟན་ཡོངས་འདུས་དགའ་ཚལ་གྱི་ཁྱམས་ཆེན་པོ་ཐེག་པ་གསུམ་དང་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བའི་གནས། མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར། སྤྲུལ་པའི་ཉི་གཞོན་གསར་དུ་འཆར་བའི་མཚན་དཔེའི་དཀྱིལ་འཁོར་ལྷམ་མེར་འབར་ཞིང་། ཞབས་ཀྱི་ཆུ་སྐྱེས་རྣམ་པར་བཞད་པ་བཀྲ་ཤིས་གསེར་གྱི་འཁོར་ལོས་མཚན་པ་ཉེ་བར་བཀོད་པའི་དགེ་མཚན་མངོན་དུ་གྱུར་པའི་སྐབས་འདིར། སྟོན་འཁོར་ཕུན་སུམ་ཚོགས་པའི་རྟེན་འདྲེལ་དུས་སུ་བབས་པ་བཞིན། རིམ་བྱོན་སྐྱེ་བའི་ཕྲེང་བ་རྣམས་དང་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་ནམ་ཡང་འདུ་འབྲལ་མེད་པ། དཔོན་སློབ་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་འོད་གསལ། རབ་འབྱམས་སྤྲུལ་པའི་སྐུ་པདྨ་འགྱུར་མེད་རྒྱ་མཚོ། ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱི་ཡང་སྲིད་གཉིས་པ་ཀུན་བཟང་ཐེག་མཆོག་རྡོ་རྗེ། ཁྱབ་བདག་བཀའ་འགྱུར་བའི་ཡང་སྲིད་རིན་པོ་ཆེ་ཐུབ་དབང་བསྟན་པའི་ཉི་མ། འགྱུར་མེད་ཕྱོགས་ལས་རྣམ་རྒྱལ་སོགས་རྒྱལ་བའི་ཡེ་ཤེས་ཀྱི་རྣམ་རོལ་ཐུགས་རྗེ་ཡས་སྤྲུལ་གྱི་གང་ཟག་རྣམས་དང་། བསླབ་གསུམ་ཡོན་ཏན་གྱིས་མངོན་པར་མཐོ་ཞིང་བཤད་སྒྲུབ་ཕྲིན་ལས་ཀྱི་ཁུར་ཆེན་འཛིན་པའི་ཞལ་སློབ་རྣམས་དང་། བསྐྱེད་རྫོགས་སྙིང་པོའི་ཉམས་ལེན་ལ་གཅིག་ཏུ་བརྩོན་པའི་རི་སུལ་གྱི་སྒྲུབ་པོ་རྣམས་དང་། ལྔ་རིག་སྨྲ་བའི་ཁྱུ་མཆོག་ལུང་དང་རིགས་པའི་མགྲིན་རྔ་ལྡིར་བའི་མཁས་པ་རྣམས་དང་། བསྟན་པའི་སྦྱིན་བདག་ཆེན་པོ། ས་ཆེན་ཆོས་བཞིན་སྐྱོང་བའི་མི་དབང་ཆོས་རྒྱལ་མཆོག་གི་ཞབས་པད་ཁྲིམས་ཀྱི་ཁ་ལོ་སྒྱུར་བ་གཉེར་ཆེན་མདུན་འཁོར་ལྷན་རྒྱས་དང་། དཔལ་ཆབ་མདོ་བྱམས་པ་གླིང་གི་སྐུ་ཞབས་རྒྱལ་བ་མཆོག་གི་ཞལ་སྔ་ནས་ཀྱི་དྲུང་འཁོར་ལྷན་རྒྱས་དང་། དད་འབྱོར་ཕུན་སུམ་ཚོགས་པའི་སྦྱིན་བདག་གི་ཚོགས་དང་བཅས་པའི་ལྷན་གཅིག་ཏུ་ཚོགས་པའི་དུས་བཟང་པོ་འདིར། ཇི་སྐད་དུ། འཇིག་རྟེན་སྐྱེ་བོ་ནོར་གྱིས་མགུ། །དམ་པ་ལེགས་བཤད་གཏམ་གྱིས་དགྱེས། །མཁས་པ་ཚོགས་པའི་ལྷ་གྲལ་ན། །ལེགས་བཤད་འདྲ་བའི་དགའ་སྟོན་མེད། །ཅེས་གྲགས་པ་ལྟར། ལེགས་པར་བཤད་པའི་གཏམ་ཅུང་ཟད་ཅིག་གླེང་ན། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་འདྲེན་པ་ཀུན་མཁྱེན་རྒྱལ་བ་ཤཱཀྱ་སེངྒེའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ། དང་པོ་ཐོས་ནས་ཡིད་ཆེས་ཀྱི་དད་པ་སྐྱེ། བར་དུ་བསམ་ན་ངེས་ཤེས་ཀྱི་སྤྲོ་བ་འཕེལ། ཐ་མ་བསྒོམ་ན་ཡང་དག་གི་རྟོགས་པ་རྒྱུད་ལ་སྐྱེ་བའི་རྒྱུ་ཡིན་པས་ན། མགོན་པོ་བྱམས་པས། དད་དང་སྤྲོ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །ཞེས་གསུངས་པ་ལྟར། ཐོག་མཐའ་བར་གསུམ་དུ་དགེ་བའི་ཆོས་ཀྱི་རྣམ་གྲངས་ཚད་མེད་པ་ལས། འདིར་སྐབས་སུ་བབས་པ་ཞེས། གང་དང་གང་འོས་དེ་བརྗོད་པར་བྱའོ། །མཇུག་ཏུ། ལེགས་པར་གྲུབ་པ་ལགས། དེ་ལྟར་ལེགས་བཤད་གཏམ་གྱི་སྦྱོར་བ་ཅུང་ཟད། འཕགས་མཆོག་མཁས་དབང་རྒྱ་མཚོའི་སྙན་ལམ་དུ་ཕུལ་བའི་མཐུ་ལ་བརྟེན་ནས། ས་གསུམ་གྱི་སྐྱེ་རྒུ་མཐའ་དག་གི་ཕན་བདེའི་འབྱུང་གནས་རྒྱལ་བ་ཉི་མའི་གཉེན་གྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་ཞིང་རྒྱུན་མི་འཆད་པར་བསྐོར་བཞིན་དུ། ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་པ་དང་། དགེ་འདུན་འདུས་པའི་སྡེ་རྣམས་ཐུགས་མཐུན་ཅིང་ལོངས་སྤྱོད་ཀྱི་འདུ་བ་རྒྱས་ལ་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བ་དང་། ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་ཡང་། ཆར་ཆུ་དུས་སུ་འབེབས། ལོ་ཕྱུག་རྟག་ཏུ་ལེགས། བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་ལ་སྤྱོད་པས་རྫོགས་ལྡན་གྱི་བསྐལ་པ་གསར་དུ་འཆར་བ་དང་། ཆོས་ལྡན་གྱི་རྒྱལ་པོ་རྣམས་ལུགས་གཉིས་ཀྱི་ཁྲིམས་བཙན་ཞིང་། ཆབ་སྲིད་འཇམ་དར་ཆེ་བས་རྒྱལ་ཁམས་ཆོས་བཞིན་སྐྱོང་བ་དང་། དཀར་ཕྱོགས་ལ་དགའ་བའི་ལྷ་ཀླུ་གཞི་བདག་རྣམས་དབུ་འཕང་མཐོ་ཞིང་གཟི་བྱིན་དང་འབྱོར་པ་རྒྱས་པས། ཡུལ་ཕྱོགས་ཐམས་ཅད་དུ་བཀྲ་ཤིས་དང་དགེ་མཚན་གྱིས་ཁྱབ་པ་སོགས། བདེ་ལེགས་ཀྱི་སྣང་བ་ཆེན་པོ་དུས་རྟག་ཏུ་འཆར་བར་གྱུར་ཅིག །ཞེས་པའང་མཁན་མིང་པདྨ་རྡོ་རྗེས་སྨྲས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། དགེའོ།། །།
རྫོགས་ཆེན་བུམ་སྒྲུབ་ཆེན་མོའི་སྐབས་ཀྱི་ལེགས་བཤད་གཏམ་གྱི་སྦྱོར་བ་བློ་གསལ་མགུལ་རྒྱན།
༄༅།།རྫོགས་ཆེན་བུམ་སྒྲུབ་ཆེན་མོའི་སྐབས་ཀྱི་ལེགས་བཤད་གཏམ་གྱི་སྦྱོར་བ་བློ་གསལ་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།། དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས། ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ། གསང་ཆེན་སྔ་འགྱུར་བསྟན་པའི་སྲོག་ཤིང་། ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན། མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེས་གཙོར་མཛད། རྣམ་གསུམ་ངུར་སྨིག་གི་རྒྱལ་མཚན་འཛིན་ཞིང་། ལམ་བསླབ་པ་གསུམ་དང་ལུང་སྡེ་སྣོད་གསུམ་གྱིས་ཐུགས་རྒྱུད་གང་བའི་འཕགས་ཚོགས་འདུས་པ་རྒྱ་མཚོའི་སྙན་སྒྲོན་དུ་ཞུ་རྒྱུར། སྤྱིར་ཡུལ་གོང་མ་ལ་བསྔགས་པ། འོག་མ་ལ་ཤིས་བརྗོད། བར་མ་ལ་ལུགས་གཉིས་གཏམ་གྱིས་མདུན་བསུས་ནས། ཡས་གཏམ་དམ་པ་ཆོས་ཀྱི་ལོ་རྒྱུས། མས་གཏམ་འཇིག་རྟེན་འཁོར་བའི་ལོ་རྒྱུས། བཤད་པའི་ཡལ་ག་རྒྱ་ཆེ་བ། ཚིག་གི་ལོ་མ་གྲངས་མང་བ། དོན་གྱི་མེ་ཏོག་མདངས་མཚར་བའི་གཏམ་གྱི་སྦྱོར་བ་དུ་མ་ཞིག་གླེང་དུ་ཡོད་ཀྱང་། ད་རེས་ཀྱི་གནས་སྐབས་འདིར། སྐབས་སུ་བབ་པའི་གཏམ། དུས་སུ་བབས་པའི་ཆར། ཆོ་འཕྲུལ་ཟླ་བའི་ལོ་དར་གྱི་དུས་མཆོད་བུམ་སྒྲུབ་ཆེན་མོ་དང་འདྲེལ་བའི་གཏམ། ཇི་སྐད་དུ། སློབ་དཔོན་དཔའ་བོས། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་དུ་མཁས་པ་མགུ་བྱེད་ཡིན། །ཅེས་པ་ལྟར། གདུལ་བྱའི་ཞིང་ཁམས་ཀྱི་ཆགས་ཚུལ། འདུལ་བྱེད་སྟོན་པའི་བྱོན་ཚུལ། བསྟན་པ་དམ་ཆོས་ཀྱི་དར་ཚུལ། བསྟན་འཛིན་དགེ་འདུན་རྣམས་ཕེབས་ཚུལ། ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་ལོ་རྒྱུས་བཅས་ཉུང་བསྡུས་རེ་རང་བློས་ཤེས་ཚོད་ཙམ་ཞིག་ཞུ་བ་ལ། སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་འདི་བརྟེན། །ཞེས་པ་ལྟར། བཅུ་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཆགས་པའི་ཐོག་མར། ཡིད་མཁའ་རྣམ་པར་དག་པ་ཞེས་བྱ་བའི་ནམ་མཁའ་དཀར་གསལ་རྒྱ་ཁྱོན་མུ་མཐའ་མེད་པའི་དབྱིངས་སུ། ཤར་རླུང་ནུབ་ཏུ་གཡོས་པ་དང་། ལྷོ་རླུང་བྱང་དུ་གཡོས་པའི་རྐྱེན་གྱིས་རླུང་རུ་ནག་པོ་རྡོ་རྗེ་རྒྱ་གྲམ་ཞེས་པའི་རླུང་གི་དཀྱིལ་འཁོར་ལྗང་སྐྱ་རྒྱ་གྲམ་གྱི་དབྱིབས་ཅན་ལྟེ་བ་མུ་ཁྱུད་དང་བཅས་པ་སྲ་ཞིང་འཐས་པ་རྒྱ་ཁྱོན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཚད་དང་མཉམ་པར་ཆགས། དེའི་སྟེང་གི་ནམ་མཁའ་ལ་སྤྲིན་གསེར་གྱི་ཁ་དོག་ཅན་འདུས་པ་ལས་ཁམས་སྣ་ཚོགས་པ་ཞེས་བྱ་བའི་ཆར་གྱི་རྒྱུན་ཆེན་པོ་ཤིང་རྟའི་སྲོག་ཤིང་ཙམ་བར་མཚམས་མེད་པར་བབས་པ་ལས་ཞི་བ་གསལ་དག་གི་རྒྱ་མཚོ་ཞེས་བྱ་བའི་ཆུའི་དཀྱིལ་འཁོར་ཆགས། དེ་ནས་རླུང་གི་བྱེད་ལས་ཀྱིས་རྒྱ་མཚོ་ཆེན་པོ་དཀྲུག་པས་འོ་མ་ལས་མར་གྱི་ཚུལ་དུ་རིན་པོ་ཆེ་སྣ་ཚོགས་པའི་ཁམས་ཀྱི་དྭངས་མ་རྣམས་བཅུད་དུ་སྨིན་ནས་འོག་གཞི་གསེར་ལས་གྲུབ་པའི་དབང་ཆེན་གསེར་གྱི་ས་གཞི་རྒྱ་ཁྱོན་མཐའི་ལྕགས་རི་དང་མཉམ་པར་ཆགས། དེ་ཡི་དབུས་སུ་རི་དབང་ལྷུན་པོ་འཕངས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ། ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པས་ཕྱོགས་བཞིའི་ནམ་མཁའ་རིན་པོ་ཆེའི་རང་འོད་དུ་བསྒྱུར་ནུས་པར་གྲུབ། དེའི་མཐའ་བསྐོར་དུ་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། རིན་པོ་ཆེའི་གླིང་བདུན་རྣམས་དང་། དེའི་ཕྱི་རོལ་ལན་ཚྭས་ཁྱབ་པའི་རྒྱ་མཚོ་ལ། གླིང་ཆེན་བཞི། གླིང་ཕྲན་བརྒྱད་དང་བཅས་པས་བསྐོར་བའི་འཁོར་དུ་རྡོ་སོལ་གྱི་རི་ལ་རྟ་གདོང་རྒོད་མ་ཁའི་མེ་འབར་བའི་ལྕགས་རིས་བསྐོར་བ། ལྷུན་པོའི་ཕྱོགས་ཀྱི་བང་རིམ་རྣམས་ལ་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་ཀྱི་ཕོ་བྲང་དང་། རྩེ་མོ་ན་སུམ་ཅུ་རྩ་གསུམ་པའི་ལྷའི་གྲོང་ཁྱེར་ལྟ་ན་སྡུག་པ་རྣམ་པར་རྒྱལ་བའི་ཁང་བཟང་དང་བཅས་པ་ལེགས་པར་གྲུབ། གླིང་བཞིའི་སྟེང་གི་བར་སྣང་ལ་ཉི་ཟླ་གཟའ་སྐར་གྱི་ཕོ་བྲང་མེ་ཤེལ་དང་། ཆུ་ཤེལ་དང་། ཟངས་ལྕགས་མཁར་བ་སོགས་ལས་གྲུབ་པ་སྤྱི་མཐུན་གྱི་ལས་ལས་བྱུང་བ། རི་རབ་ཀྱི་སྟེང་ནས་གྱེན་དུ་དཔག་པའི་ནམ་མཁའ་ལ། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དེ་འདོད་ལྷ་བཞི་དང་། ཚངས་རིས་དང་། ཚངས་པ་མདུན་ན་འདོན། ཚངས་ཆེན་སོགས་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་གནས་རྣམས་རྒྱ་ཐེབ་བརྩེགས་པ་བཞིན་དྭངས་མ་འོད་ཀྱི་རང་བཞིན་ཅན་དུ་གྲུབ། དེ་དག་གི་སྟེང་གི་ནམ་མཁའ་ན་གཟུགས་མེད་སྐྱེ་མཆེད་མུ་བཞིའི་གནས་རེས་ཐོགས་དང་བྲལ་བ་ནམ་མཁའི་ཆ་ཙམ་དུ་གནས། དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས་པའི་རྗེས་ལ། ནང་བཅུད་ཀྱི་སེམས་ཅན་ཡས་ནས་མར་གྲུབ་སྟེ་ཀུན་གཞི་ལུང་མ་བསྟན་གྱི་དབྱིངས་ནས་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཇེ་རགས་སུ་གྱུར་པ་ལས། སྲིད་པའི་རྩེ་མོ་ནས་ཚངས་གནས་རྣམས་ཀྱི་བར་དུ་རིམ་པར་མཆེད། དེ་ནས་གླིང་བཞིའི་མི་དང་། ངན་སོང་གསུམ་གྱི་འགྲོ་བ་སོགས་རང་རང་གི་ལས་ཀྱི་སྣང་བ་དང་མཐུན་པར་གྲུབ། དེ་ལ་བསྐལ་པ་དང་པོ་རྫོགས་ལྡན་ནས་བརྩམ་སྟེ། སུམ་ལྡན། གཉིས་ལྡན། རྩོད་ལྡན་བཞིའི་རིངས་ལ། རྒྱལ་པོ་སྔ་མ་མང་བཀུར་རྒྱལ་པོ་ནས་བཟུང་། གླིང་བཞི་ནས་གཅིག་གི་བར་ལ་དབང་བྱེད་པའི་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིམ་ཅན་དུ་བྱོན་པའི་རྒྱལ་རིགས་ལས་རྒྱལ་པོ་བུ་རམ་ཤིང་པའི་གདུང་བརྒྱུད་རྒྱལ་པོ་ཟས་གཙང་མ་ཡན་ཆད་དང་། དེ་ནས་ཀྱང་ཆོས་སྐྱོང་བའི་རྒྱལ་ཕྲན་སིལ་བུ་སྣ་ཚོགས་དང་། བོད་གངས་ཅན་གྱི་ལྗོངས་སུ་འོད་གསལ་ལྷ་ཡི་གདུང་རྒྱུད་རྒྱ་གར་ཤཱཀྱ་དང་ལི་ཙ་བིའི་རིགས་ལས་བྱོན་པའི་རྒྱལ་པོ་གཉའ་ཁྲི་བཙད་པོ་ནས་བཟུང། གནམ་ལ་ཁྲི་བདུན། བར་གྱི་སྟེང་གཉིས། ས་ལ་ལེགས་དྲུག་དང་ལྡེ་བརྒྱད་སོགས་ཀྱི་གཙོ་བྱས་ཕྱོགས་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་རྣམས་ཀྱི་མངའ་འོག་ཏུ་འཁོད་པའི་སྐྱེ་དགུ་དད་པའི་མིག་དང་ལྡན་པ་མཐའ་དག་ནི་གདུལ་བྱའི་གཙོ་བོ་ཡིན་ལ། དེ་ཡན་ཆད་ཀྱིས་གདུལ་བྱའི་ཞིང་ཁམས་ཀྱི་ཆགས་ཚུལ་མདོ་ཙམ་ཞུས་ནས། ད་འདུལ་བྱེད་སྟོན་པའི་བྱོན་ཚུལ་ནི། སྔོན་འཇིག་རྟེན་ཆགས་པའི་གནས་སྐབས་ན་རྒྱ་མཚོའི་ནང་དུ་གསེར་གྱི་པདྨ་སྟོང་དང་རྩ་གཉིས་ཤར་བའི་རྟེན་འདྲེལ་ལ་འོད་གསལ་གྱི་ལྷ་རྣམས་ཀྱིས་བསྐལ་པ་བཟང་པོ་ཞེས་བཏགས་པའི་བསྐལ་པ་འདི་ལ་མདོ་སྡེ་བསྐལ་པ་བཟང་པོ་ལས་གསུངས་པ་ལྟར། རྣམ་འདྲེན་རྫོགས་པའི་སངས་རྒྱས་སྟོང་འབྱོན་པ་ལས། ད་རེས་ཀྱི་སྐབས་སུ་བྱོན་པ་བདག་ཅག་གི་སྟོན་པ་བསྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འདི་ཉིད་ངེས་པའི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ཀྱང་། སླར་ཡང་འཇིག་རྟེན་གྱི་ཁམས་འདིའི་གདུལ་བྱའི་དོན་ལས་བརྩམས་ཏེ་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་པ་ནས་བཟུང་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མཛད། སྲིད་པ་ཐ་མའི་གནས་སྐབས་སུ་དགའ་ལྡན་གྱི་གནས་ན་ལྷའི་བུ་དམ་པ་ཏོག་དཀར་པོའི་སྐྱེ་བ་བཞེས། དེ་ནས་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སྙིགས་མ་ལྔ་བདོ་བའི་སེམས་ཅན་རྒྱལ་བ་གཞན་གྱིས་འདུལ་བར་མ་ནུས་པའི་གདུལ་བྱ་དམུ་རྒོད་རྣམས་གདུལ་བའི་དུས་ལ་བབས་པར་མཁྱེན་ནས་གཟིགས་པ་རྣམ་པ་ལྔས་གཟིགས་ནས། གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་སྤྲུལ་ཏེ་ལྷ་ལས་བབས། ཡུམ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཞུགས་པ་དང་། ལུམ་བི་ནིའི་ཚལ་དུ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་པས་སྐུ་བལྟམས་པ་དང་། སྐྱེ་བོ་དྲེགས་པ་ཅན་རྣམས་ཁེངས་པ་བཅོམ་པའི་ཕྱིར་གཞོན་ནུའི་རོལ་རྩེད་དང་སྒྱུ་རྩལ་སྦྱངས་ནས། ལྷས་སྦྱིན་སོགས་སྐྱེ་བོ་ལོག་ལྟ་ཅན་གྱི་སྐུར་འདེབས་སྤང་ཕྱིར་བཙུན་མོའི་འཁོར་གྱིས་དགྱེས་པར་རོལ་བ། གདུལ་བྱ་རྣམས་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ལས་སྒྲོལ་བའི་ཕྱིར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ངུར་སྨིག་ཐར་བའི་རྒྱལ་མཚན་བཞེས་པ། རྫོགས་པའི་བྱང་ཆུབ་དཀའ་སྤྱད་དང་བརྩོན་འགྲུས་ཆེན་པོས་སྒྲུབ་དགོས་ཞེས་སྟོན་པའི་ཆེད་དུ་ལོ་དྲུག་ཏུ་དཀའ་བ་སྤྱད་པ། སྐྱེས་བུ་ཆེན་པོའི་ཉམས་རྩལ་བསྟན་པའི་ཕྱིར་བདུད་དཔུང་དང་བཅས་པ་བཅོམ་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་དུ་མར་བསགས་པའི་འབྲས་བུ་མི་བསླུ་ཞིང་འཇིག་རྟེན་ན་དཀོན་མཆོག་གསུམ་གྱི་སྣང་བ་རྣམ་པར་བཀོད་པའི་ཕྱིར་མ་ག་ངྷ་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་པར་མཛད་པ་སོགས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ཡིན་ཏེ། དེ་ཡང་ཡུལ་ཝ་ར་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཅན་གྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། གནས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ་འཁོར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། གནས་ཡངས་པ་ཅན་དང་ལང་ཀའི་ཡུལ་རྩ་མཆོག་དྲུང་སོགས་ནས་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་དང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ཡང་འོག་མིན་དང་། དགའ་ལྡན་དང་། རི་རབ་ལྷུན་པོའི་རྩེ་རྣམས་སུ་བྱང་ཆུབ་སེམས་དཔའ་དང་། ལྷ་རྣམས་ཀྱི་ཆེད་དུ་གསུངས་ཤིང་། མི་ཡུལ་དུའང་། ཨོ་རྒྱན་དང་། ཤམ་བྷ་ལ་དང་། རྒྱ་མཚོའི་འགྲམ་སོགས་སུ་ལས་དང་སྐལ་བར་ལྡན་པའི་གང་ཟག་འགའ་ཞིག་ལ་གསུངས་ཀྱང་ཁྱབ་བརྡལ་དུ་མི་སྒྲོགས་པའི་བཀའ་རྒྱས་གདབ། དེ་ནས་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་དང་། གྱད་ཡུལ་རྩ་ཅན་གྱི་ཤིང་དྲུང་དུ་མཚན་དཔེའི་གཟུགས་སྐུ་ཞི་བའི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་སྟེ། དེ་ལྟར་སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ་མདོ་ཙམ་ཞུས་ནས། ད་བསྟན་པ་དམ་པའི་ཆོས་ཀྱི་དར་ཚུལ་ནི། སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ། ཐེག་དམན་ཉན་ཐོས་ཀྱི་སྡེ་སྣོད་ནི། བསྟན་པའི་གཏད་རབས་བདུན་ཞེས་གྲགས་པ། འོད་སྲུང་ཆེན་པོ་དང་། ཀུན་དགའ་བོ་སོགས་སངས་རྒྱས་དང་འདྲ་བའི་ཉན་ཐོས་ཆེན་པོ་བདུན་ལས་རིམ་པར་བརྒྱུད་ཅིང་། བཀའ་བསྡུ་རིམ་པ་གསུམ་དུ་མཛད་དེ་དགོངས་འགྲེལ་བསྟན་བཅོས་སོགས་ཀྱི་སྒོ་ནས་དར་རྒྱས་སུ་མཛད། ཐེག་ཆེན་ཕ་རོལ་ཕྱིན་པའི་སྡེ་སྣོད་རྣམས་ནི། རྒྱལ་སྲས་འཇམ་དཔལ་དབྱངས་དང་། བྱམས་མགོན་སོགས་ཀྱིས་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་དང་། ཐོགས་མེད། ཞི་བའི་ལྷ་སོགས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་རྨད་དུ་བྱུང་བའི་སློབ་དཔོན་བཞི་རྣམས་ཀྱིས་དར་ཞིང་རྒྱས་པར་མཛད། གསང་སྔགས་རྡོ་རྗེའི་ཐེག་པ་རྣམས་ནི། ཇི་སྐད་དུ། རྒྱུ་ལ་མོས་པར་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་པ་བཞིན། རྒྱལ་བ་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ལོན་པ་ན། ལྷ་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། ཀླུ་རྒྱལ་འཇོག་པོ། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བི་དྲི་མེད་གྲགས་པ་སྟེ་དམ་པའི་རིགས་ཅན་དྲ་མ་ལྔས་ནང་དུ་ཡང་དག་འཇོག་པ་ལས་བཞེངས་ཏེ། རི་བོ་མ་ལ་ཡའི་རྩེར་རྫུ་འཕྲུལ་གྱི་བཀོད་པས་འདུས་ཏེ་མགྲིན་གཅིག་ཏུ། ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མའི་འོད་ནུབ་ནས། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉེར་གསུམ་བཏོན་པས་གསང་བའི་བདག་པོ་དངོས་སུ་ཕེབས་ཏེ། སྔར་ལྷ་གནས་གསུམ་དུ་གསུངས་པའི་རྒྱུད་སྡེ་མཐའ་དག་དམ་པའི་རིགས་ཅན་དྲ་མ་ལྔ་ལ་ཚང་བར་གསུངས། དེའི་དུས་སུ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་བཻ་ཌཱུརྱའི་ཤོག་བུ་ལ་གསེར་ཞུན་མའི་ཡི་གེར་བྲིས་ཏེ་དགོངས་པའི་རྩལ་བདུན་གྱིས་རྒྱས་གདབས་ཏེ་ནམ་མཁའ་མཛོད་དུ་བྱིན་གྱིས་བརླབས། དེའི་མཐུ་ལས། ས་ཧོར་རའི་རྒྱལ་པོ་ཛ་ལ་རྨིས་ལྟས་ངོ་མཚར་ཅན་བདུན་བྱུང་ནས། སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་རྨིས་ལྟས་དང་མཐུན་པར་བསྐྱེད་པ་མ་ཧཱ་ཡོ་གའི་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་རྣམས་སྒྲ་དང་འོད་དུ་བཅས་ཏེ་ཕོ་བྲང་གི་སྟེང་དུ་བབས། དེ་དང་དུས་མཉམ་པར་རྫོགས་པ་ཨ་ནུ་ཡོ་གའི་རྒྱུད་རྣམས་སིངྒ་ལའི་ཡུལ་གྱི་ནགས་ཚལ་དུ་བབས། རྫོགས་ཆེན་ཨ་ཏི་ཡོ་གའི་རྒྱུད་རྣམས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས་སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེས་སྟོན་པ་རྡོ་རྗེ་སེམས་དཔའ་ལས་དངོས་སུ་གསན། བྱ་བའི་རྒྱུད་རྣམས་ཝ་ར་ཎ་སིར་བབས། རྣལ་འབྱོར་རྒྱུད་རྣམས་མེ་རི་འབར་བའི་རྩེ་མོར་བབས། དེ་ནས་གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་མཐའ་དག་མི་ཡུལ་དུ་ཡོངས་སུ་གྲགས་པར་གྱུར་ཏེ། རྒྱུད་སྡེ་རང་རང་གི་བདག་པོར་གྱུར་བའི་སློབ་དཔོན་སོ་སོས་དགོངས་འགྲེལ་སྒྲུབ་ཐབས་ལས་ཚོགས་དང་བཅས་བ་མཛད་དེ། གསང་ཆེན་སྔགས་ཀྱི་བསྟན་པ་མཁའ་ལ་ཉི་མ་ཤར་བ་ལྟ་བུར་གྱུར། ཁྱད་པར་གསང་ཆེན་ནང་གི་ཏནྟྲ་རྣམས་ལྷའི་ཡུལ་དུ་འཕགས་པ་འཇམ་དཔལ་གྱིས་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེ་ནས་རིམ་པར་བརྒྱུད་དེ་ལྷ་ཡི་དབང་པོ་བརྒྱ་བྱིན་འཁོར་ཚོམ་བུ་འབུམ་དང་བཅས་པ་ཚོགས་ཀྱི་སྒྲུབ་པས་རྡོ་རྗེ་འཆང་གི་སར་གཤེགས། ཀླུ་ཡི་ཡུལ་དུ་རྗེ་བཙུན་སྤྱན་རས་གཟིགས་ཀྱིས་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། དེ་ནས་རིམ་པར་བརྒྱུད་དེ་ཀླུ་རྒྱལ་འཇོག་པོ་འཁོར་ཚོམ་བུ་འབུམ་དང་བཅས་པ་རིག་པ་འཛིན་པའི་སར་གཤེགས། གནོད་སྦྱིན་གྱི་ཡུལ་དུ་གསང་བདག་ཕྱག་ན་རྡོ་རྗེས་ཀུན་ཏུ་བཟང་པོ་ལ་བཤད། དེ་ནས་རིམ་པར་བརྒྱུད་དེ་གནོད་སྦྱིན་སྐར་མདའ་གདོང་འཁོར་ཚོམ་བུ་འབུམ་དང་བཅས་པ་རིག་འཛིན་གྱི་སར་གཤེགས། མི་ཡི་ཡུལ་དུ་ལི་ཙ་བི་དྲི་མེད་གྲགས་པས་ཆོས་རྒྱལ་ལུང་བསྟན་རྡོ་རྗེ་ལ་བཤད། དེ་ནས་སྲས་མོ་གོ་མ་དེ་བཱིའི་བར་དུ་བརྒྱུད་དེ་ཐམས་ཅད་ཀྱང་རང་རང་གི་འཁོར་ཚོམ་བུ་འབུམ་དང་བཅས་པ་ཚོགས་ཀྱིས་བསྒྲུབ་པའི་སྒོ་ནས་རིག་པ་འཛིན་པའི་སར་གཤེགས་པ་ཡིན་ཏེ། དེ་ཡང་རྒྱ་གར་འཕགས་པའི་ཡུལ་དུ་མདོ་སྔགས་ཀྱི་བསྟན་པ་དར་ཚུལ་མདོ་ཙམ་ཞིག་ཞུས་པ་ལགས། །དེ་ནས་གངས་ཅན་བོད་ཀྱི་རྒྱལ་ཁབ་ཆེན་པོ་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་ནི། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་བོའི་སྤྲུལ་པ་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ། མ་རྩིག་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཡུམ་བུ་བླ་མཁར་གྱི་རྩེ་མོར་མདོ་སྡེ་ཟ་མ་ཏོག་དང་། སྤང་སྐོང་ཕྱག་རྒྱ། སཱ་ཚའི་སྐོར་ཕོར་བཅས་བབས་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས། དེའི་རྒྱལ་རབས་ལྔ་ནས་མགོན་པོ་སྤྱན་རས་གཟིགས་བོད་ཀྱི་རྒྱལ་པོའི་ཚུལ་བཟུང་བ་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་དམ་པའི་ཆོས་ཀྱི་སྲོལ་གཏོད། དེ་ནས་འཇམ་པའི་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་བསྟན་པ་དར་རྒྱས་སུ་མཛད་པ་ཡིན་ཏེ། དེ་ཡང་རྒྱ་གར་འཕགས་པའི་ཡུལ་ནས་ཨོ་རྒྱན་སངས་རྒྱས་གཉིས་པ་དང་། མཁན་ཆེན་ཞི་བ་འཚོ་གཉིས་ཀྱིས་གཙོ་མཛད་པཎྜི་ཏ་བརྒྱ་དང་རྩ་བརྒྱད་བོད་ཡུལ་མུན་པའི་གླིང་དུ་སྤྱན་དྲངས། ལོ་ཙཱ་ཆེན་པོ་སྐ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་བརྒྱ་དང་རྩ་བརྒྱད་ཀྱིས་སྒྲ་བསྒྱུར་ནས་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་ཏེ། བོད་ཁམས་དཀར་པོར་བཏང་བ་ཡིན་ཞིང་། དེའི་ནང་ནས་ཀྱང་བོད་གངས་ཅན་གྱི་ལྗོངས་འདིར་བཀའ་དྲིན་ལྷག་པར་ཆེ་བ་ནི་ཨོ་རྒྱན་སངས་རྒྱས་གཉིས་པ་ཡིན་ཏེ། དུས་གསུམ་མཁྱེན་པའི་སློབ་དཔོན་ཆེན་པོ་འདི་ཉིད་སྤྱིར་འཛམ་བུའི་གླིང་གི་འགྲོ་བ་མཐའ་དག་དང་། དགོས་གདོང་དམར་བོད་ཀྱི་སེམས་ཅན་རྣམས་འདུལ་བའི་ཕྱིར་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་བརྒྱད་ལོན་པ་ན་རྒྱལ་བ་འོད་མཚན་སྟོང་འབར་གྱི་གསང་གསུམ་ཡེ་ཤེས་སྒྱུ་མའི་རོལ་གར་ཨོ་རྒྱན་ངྷ་ན་ཀོ་ཤའི་མཚོ་གླིང་དུ་བསྒྱུར་བ་ལས། མེ་ཏོག་པདྨའི་སྙིང་པོ་ལ་རྫུས་ཏེ་འཁྲུངས་པའི་ཚུལ་བསྟན། ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷུ་ཏིའི་སྲས་ཀྱི་སྐལ་བ་མཛད། ཐབས་ལ་མཁས་པས་རྒྱལ་སྲིད་སྤངས་ཏེ་དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས། པཎ་གྲུབ་རིག་འཛིན་དུ་མས་རྗེས་སུ་བཟུང་ནས་སྨིན་གྲོལ་གྱི་གདམས་པ་ཐུགས་ཉམས་སུ་བཞེས་པའི་ཚུལ་མཛད། ཕྱོགས་ལས་རྣམ་པར་རྒྱལ་བའི་རྫུ་འཕྲུལ་གྱི་སྤྱོད་པས་ཨོ་རྒྱན། ཟ་ཧོར། མ་ག་ངྷ། གསེར་གླིང་། ཟངས་གླིང་། སིང་ག་ལའི་གླིང་སོགས་ཡུལ་གྲུ་བསམ་གྱིས་མི་ཁྱབ་པར་འགྲོ་བའི་དོན་རྒྱ་ཆེན་པོ་མཛད། མདོར་ན་མི་ལོ་སུམ་སྟོང་དྲུག་བརྒྱའི་བར་ལ་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པའི་བྱ་བ་མཛད་པའི་མཐར་གངས་ཅན་བོད་ཀྱི་ཡུལ་འདིར་ཕེབས་ཏེ། ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཤིང་རབ་ཏུ་གནས་པ་མཛད། སྒྲུབ་གནས་རི་བྲག་ཐམས་ཅད་བྱིན་གྱིས་བརླབས། ཆོས་དང་ནོར་གྱི་གཏེར་ཁ་བསམ་གྱིས་མི་ཁྱབ་པས་བོད་ཡུལ་མཐའ་དབུས་མེད་པ་ཕྱུར་བུར་བཀང་། བཀའ་བབས་སྙིང་གི་བུ་དགུ་དང་། ལས་ཅན་རྗེ་འབངས་ཉེར་ལྔ་སོགས་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་བཀོད། མཁན་ཆེན་ཞི་བ་འཚོ་ལས་འདུལ་འཛིན་སད་མི་མི་བདུན་རབ་ཏུ་བྱུང་ནས། དམ་པའི་ཆོས་འདུལ་བའི་གཞི་བཏིང་སྟེ། མདོ་སྔགས་ཟུང་འཇུག་གི་བསྟན་པ་དར་བར་མཛད། དེ་ནས་བསྟན་འཛིན་དགེ་འདུན་གྱི་ཕེབས་ཚུལ་ནི། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ནས་བཟུང་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་དང་པོ་གཉགས་ལ་བབས། །གཉགས་ཆེན་ཛྙཱ་ན་ཀུ་མ་ལ་སློབ་མ་དཔལ་གྱི་མིང་ཅན་བརྒྱད་སོགས་གྲུབ་པ་ཐོབ་པ་མང་དུ་བྱོན། བསྟན་པའི་བབས་སོ་གཉིས་པ་གནུབ་ལ་བབས། གནུབ་ཆེན་སངས་རྒྱས་ཡེ་ཤེས་ལ་སློབ་མ་ཐུགས་ཟིན་གྱི་སྲས་བཞི། སྲས་ཀྱི་དམ་པ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་དང་ལྔ། གཞན་ཡང་བརྒྱུད་འཛིན་གྱི་སྐྱེས་བུ་དུ་མ་བྱོན། བསྟན་པའི་བབས་སོ་གསུམ་པ་ཟུར་ལ་བབས། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ་སློབ་མ་རྩེ་མོ་བཞི། རྩེ་ལྐོག་བརྒྱད། སྒོམ་ཆེན་བརྒྱ་དང་རྩ་བརྒྱད་བྱུང་། ཟུར་ཆུང་ཤེས་རབ་གྲགས་པ་ལ་སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམས་བཅུ་དྲུག །གྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས་སུ་གྲགས་པ་རྣམས་བྱུང་། ཟུར་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ལ་སློབ་མ་ནག་པོ་བཞི། སྟོན་པ་བཞི། མེས་བཞི་དང་བཅུ་གཉིས་ཀྱིས་གཙོ་བྱས་གདུགས་ཐོག་པའི་བཤེས་གཉེན་སྟོང་ཕྲག་གཅིག་བྱོན་ཏེ། དེ་གསུམ་ལ་ཟུར་པ་མེས་དབོན་རྣམ་གསུམ་ཞེས་གྲགས། གཞན་ཡང་གསར་རྙིང་ཀུན་གྱི་ཁྲོད་ན་ཟླ་མེད་པའི་མཁས་གྲུབ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོ་དང་ཀུན་མཁྱེན་དྲི་མེད་འོད་ཟེར་ཏེ་མཁས་མཆོག་རོང་ཀློང་རྣམ་གཉིས། མངའ་རིས་པཎྜི་ཏ་པདྨ་དབང་རྒྱལ། གཏེར་སྟོན་གྱི་རྒྱལ་པོ་ཉང་ཆོས་རྒོད་གསུམ་སོགས་དང་། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་ངྷརྨ་ཤྲཱི། རིག་འཛིན་པདྨ་ཕྲིན་ལས། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་སྔ་འགྱུར་གྱི་བསྟན་འཛིན་འགྲན་ཟླ་དང་བྲལ་ཞིང་མཚན་ཉི་ཟླ་ལྟར་གྲགས་པ་རྣམས་ཀྱི་སློབ་བརྒྱུད་དང་། ཆོས་བརྒྱུད་ཀྱིས་དེང་སང་གི་སྐབས་སུ་དབུས་གཙང་ཁམས་གསུམ་དུ་ཁྱབ་ནས་ཡོད་པ་འདི་ལྟར་ཡིན་ཏེ། དེ་ཡན་གྱིས་བསྟན་འཛིན་དགེ་འདུན་གྱི་ཕེབས་ཚུལ་མདོ་ཙམ་ཞུས་གྲུབ། །ད་བྱེ་བྲག་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཆེན་པོ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན། སྨོན་ལམ་བཀྲ་ཤིས་ཟབ་མོས་མཐའ་བརྒྱན་པ་དང་བཅས་པ་རྣམས་ལས། དང་པོ་ནི། སྟོན་པ་གནས་དང་འཁོར་ཚོགས་ཚེ། །དུས་དང་སྡུད་པ་ཤུགས་ལས་ཤེས། །ཞེས་པ་ལྟར། གླེང་གཞི་ཕུན་སུམ་ཚོགས་པ་ལྔའི་ཁོག་ཕུབ་ནས་ཞུ་བ་ལ། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། རྫོགས་ཆེན་རིན་པོ་ཆེ་ཉིད་སྔོན་བསྐལ་པ་གྲངས་མེད་དང་པོའི་ཐ་མ་ལ་བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་ཞེས་གྲགས་པ་སེམས་ཅན་འཆི་ཁ་མ་རྣམས་ཀྱི་རྣ་བར་མཚན་ལན་གཅིག་ཐོས་པས་ཀྱང་། ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཅིང་ཐར་པའི་ས་བོན་ཐེབས་ནུས་པ་སྟོབས་བཅུ་མི་འཇིགས་བཞི་སོགས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་དུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཀྱང་། སླར་ཡང་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་སྲིད་པའི་རྒྱ་མཚོ་ལས་བསྒྲལ་བའི་ཆེད་དུ་དག་ཆེན་ཡེ་ཤེས་ཀྱི་རོལ་པ་ཆུ་ཟླའི་རོལ་གར་གྱི་རྣམ་པ་བཞིན་ཤར་བ། རྒྱུད་སྡེ་རྒྱ་མཚོའི་མཛོད་ལ་མངའ་དབང་བསྒྱུར་བའི་གྲུབ་ཐོབ་ཀུ་ཀུ་ར་ཛ། སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་དེ་ཉིད་མངོན་དུ་གྱུར་པའི་རྣལ་འབྱོར་གྱི་དབང་ཕྱུག་ས་ར་ཧ། འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་པའི་པཎ་ཆེན་དྲི་མེད་ཆོས་ཀྱི་བཤེས་གཉེན། སྡེ་བརྒྱད་བྲན་དུ་འཁོལ་བའི་རླངས་ཆེན་དཔལ་གྱི་སེང་གེ ། ཐོག་ཆེན་མདའ་ལྟར་འཕེན་པའི་ལང་གྲོ་དཀོན་མཆོག་འབྱུང་གནས། ཐུབ་བསྟན་ཉིན་མོར་བྱེད་པའི་མངའ་བདག་ཁྲི་རལ་པ། གཏི་མུག་ལམ་དུ་སློང་ནས་ཉིན་མཚན་འོད་གསལ་གྱིས་འདའ་བ་གྲུབ་ཆེན་ཕག་ཚང་པ། རྗེ་བཙུན་བཞད་པ་རྡོ་རྗེའི་སྲས་ཀྱི་ཐུ་པོ་ངན་རྫོང་སྟོན་པ་བོ་ངྷི་རཱ་ཛ། མ་འོངས་པ་ན་སྐལ་བཟང་རྣམ་འདྲེན་དྲུག་པར་འཚང་རྒྱ་བ་རྒྱལ་བ་སེངྒེའི་ང་རོར་འགྱུར་བ་ཀརྨ་པ་དུས་གསུམ་མཁྱེན་པ། རྟོགས་པས་རང་རྒྱུད་གྲོལ་པའི་གྲུབ་ཐོབ་གླིང་རྗེ་རས་པ། བླ་མའི་མོས་གུས་ལམ་དུ་སློང་ནས་སྣང་སྲིད་ཆོས་སྐུར་གྲོལ་བའི་རྗེ་བཙུན་སྟག་ལུང་ཐང་པ། བརྟུལ་ཞུགས་སྤྱོད་པས་མྱོས་པ་སྣང་བ་ཟིལ་གྱིས་གནོན་པའི་གྲུབ་ཐོབ་ཨོ་རྒྱན་པ། བཤད་སྒྲུབ་གསེར་གྱི་འཁོར་ལོས་ཐུབ་བསྟན་གླེང་བཞིའི་ཁྱོན་ལ་དབང་བསྒྱུར་བའི་ཀུན་མཁྱེན་བློ་བཟང་གྲགས་པ་སོགས་དག་པའི་རོལ་གར་འབྱམས་ཀླས་པའི་མཐར། སྤྱིར་སྔ་འགྱུར་རྡོ་རྗེ་ཐེག་པ་དང་། ཡང་དགོས་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པའི་བདག་པོར་གྱུར་པ། མདོ་ཁམས་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པདྨ་རིག་འཛིན་ཞེས་མཚན་སྙན་གྱི་བ་དན་སྲིད་པ་གསུམ་གྱི་ཁྱོན་དུ་གྲགས་པ་དེ་ཉིད་བྱོན་ཏེ། དེ་ཡང་སྐྱེས་བུ་དམ་པ་འདི་ཉིད་སྐུ་ཆུང་ངུའི་དུས་ན་རིག་གནས་དང་བཟོ་རིགས་ལ་མཁས་པའི་རྩེ་མོར་སོན། སྐུའི་ལང་ཚོ་དར་ལ་བབས་པ་ན་སྐྱོ་ཤས་ངེས་འབྱུང་དྲག་པོས་ཐུགས་རྒྱུད་བསྐུལ་ཏེ། བྱ་བཏང་རྣལ་འབྱོར་ཆེན་པོའི་བརྟུལ་ཞུགས་བཟུང་སྟེ། ཕྱོགས་མེད་ཀྱི་རི་ཁྲོད་རྣམས་སུ་ཕེབས་ནས་རིག་འཛིན་ཆོས་ཀྱི་རྒྱ་མཚོ་དང་། མཁས་གྲུབ་ཀརྨ་ཆགས་མེད་སོགས་བླ་མར་བསྟེན་ཏེ་སྨིན་གྲོལ་གྱི་བདུད་རྩི་བཞེས། དེ་ནས་གྲུབ་ཐོབ་ཆེན་པོ་ཉིད་ཀྱི་རྡོ་རྗེའི་གསུང་ལས། ངས་སྒྲུབ་གནས་དེ་བསམ་ཡས་མཆིམས་ཕུར་བྱས། །སྤྱོད་པ་དེ་རྩ་རི་རོང་དུ་བསྐྱངས། །རྟེན་འདྲེལ་དེ་ལྷོ་བྲག་མཁར་ཆུར་བྱུང་། །འགྲོ་དོན་དེ་ཡུལ་འབྲོག་ཀུན་ལ་བྱས། །གསུངས་པ་ལྟར། དཔལ་གྱི་བསམ་ཡས་མཆིམས་ཕུར་ངེས་དོན་སྙིང་པོའི་སྒྲུབ་པ་མཐར་ཕྱུང་། མ་དང་མཁའ་འགྲོ་འདུ་བའི་གནས་ཆེན་རྩ་རི་ཡེ་ཤེས་ཀྱི་འཁོར་ལོར་སྤྲོས་མེད་ཉེ་རྒྱུའི་སྤྱོད་པ་བསྐྱངས་པ་ལ་བརྟེན་ནས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས། ལྷོ་བྲག་མཁར་ཆུར་བཞུགས་ཚེ་ལྷ་ལྕམ་མནྡ་ར་བས་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་ལ་ཕེབས་པའི་རྟེན་འདྲེལ་བསྒྲིགས་ཀྱང་། བདག་ཅག་གདུལ་བྱའི་དོན་དུ་ལྷག་པར་བརྩེ་བའི་ཐུགས་རྗེ་ཆེན་པོས་དང་དུ་མ་བཞེས། ཁྱད་པར་འོད་གསལ་གསང་བ་སྙིང་ཐིག་གི་དགོངས་པ་མངོན་དུ་གྱུར་ནས་རིག་པ་ཚད་ཕེབས་ཀྱི་སྣང་བ་རྫོགས་ཏེ་ཆོས་ཉིད་ཟད་པའི་སྣང་བ་ལ་འཁྱོལ་དུ་ཉེ་བའི་ལམ་རྟགས་ཀྱི་ཡོན་ཏན་མཐའ་དག་མངོན་དུ་གྱུར་པ་ཡིན་ཏེ། རྒྱལ་དབང་ལྔ་པ་རིན་པོ་ཆེ་ནས་ཕུལ་བའི་ཆབ་ཤོག་ཀུན་བཟང་ཞལ་ངོམ་ལས། །ལོངས་སྐུའི་ཞིང་མང་ཉུལ་བ་ཐོད་རྒལ་གྱི། །དཀར་སེར་ཁྲ་མེན་སྒྲོན་མ་དྲུག་གི་གནད། །ནན་ཏན་བགྱིད་ཁྱོད་རང་རིག་ཀུན་ཏུ་བཟང་། །རང་ཞལ་མཇལ་བའི་བར་དུ་དར་ཡོལ་ཙམ། །ཞེས་ཀུན་ཏུ་བཟང་པོ་དང་དགོངས་པ་དར་ཡོལ་ཙམ་ལས་ཁྱད་མེད་པར་གསུངས་པ་དང་། གཞན་ཡང་། ཚད་ཕེབས་རྫོགས་ནས་ཆོས་ཉིད་ཟད་ས་རུ། །འཁྱོལ་ལ་ཧ་ཅང་མི་རིང་ཕ་རོལ་ན། །སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་རང་གི་སེམས། །ཁྱབ་བདག་རྡོ་རྗེ་འཆང་དུ་བཏགས་པ་ཡོད། །ཅེས་པ་སོགས་བསྔགས་བརྗོད་མེ་ཏོག་གི་ཕྲེང་བ་ཆར་དུ་བསྙིལ་བའི་གྲུབ་དབང་རིན་པོ་ཆེ་དེ་ཉིད་ལ། རྒྱུད་འཛིན་གྱི་སློབ་མ་གསང་ཆེན་ཟབ་མོའི་གཏེར་གྱི་འཁོར་ལོས་བསྒྱུར་བ་གཏེར་ཆེན་ཉི་མ་གྲགས་པ། སྨྲ་བའི་སེངྒེ་ཚད་མའི་སྐྱེས་བུ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན། རྫོགས་པ་ཆེན་པོ་གཞི་ལམ་གྱི་རྟོགས་པ་མངོན་དུ་གྱུར་པའི་གྲུབ་ཆེན་ནམ་མཁའ་འོད་གསལ་གསུམ་གྱི་གཙོས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དུ་མ་བྱོན། གྲུབ་ཆེན་རིན་པོ་ཆེ་དེ་ཉིད་ཀྱི་སྐྱེས་རབས་ནོར་བུའི་ཕྲེང་བ་གཉིས་པ། འགྱུར་མེད་ཐེག་མཆོག་བསྟན་འཛིན་ནི་བྱང་ཕྱོགས་མཚོ་སྔོན་པོར་སོག་པོ་ཨོ་གུར་དཀར་པོའི་སྡེ་པར་སྐུ་འཁྲུངས་གདན་ས་ཆེན་པོར་ཕེབས་ནས་འཁོར་ལོ་གསུམ་གྱི་མཛད་པས་རྒྱལ་བའི་བསྟན་པ་ལ་བྱ་བ་རླབས་པོ་ཆེ་མཛད། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་གི་རྒྱུན་སྤེལ་བ་སོགས་མཛད་པ་རྒྱ་ཆེ། སྐྱེས་རབས་ནོར་བུའི་ཕྲེང་བ་གསུམ་པ། ཨ་ཏི་བསྟན་པའི་རྒྱལ་མཚན་ནམ་ངེས་དོན་བསྟན་འཛིན་བཟང་པོ་ནི། ཟླ་ཀླུང་སྔོན་མོའི་རྒྱུད་དུ་སྐུ་བལྟམས་ཁྲིར་ཕེབས་ནས་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ། མཁྱེན་བརྩེ་ནུས་གསུམ་སོགས་དམ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་བརྒྱན་ཅིང་། ཁྱད་པར་སྔ་འགྱུར་བསྟན་པའི་སྙིང་པོ་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་སྲོལ་བཏོད་ནས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ཇི་ལྟ་བ་བཞིན་ཆོག་གྲ་བཅུ་གསུམ་གསར་དུ་འཛུགས་པར་མཛད་པས། མདོ་ཁམས་སྨད་ཕྱོགས་ཀྱི་བསྟན་པའི་མིག་རྒྱན་དུ་གྱུར་པར་མཛད། རྗེ་དེ་ཉིད་ཀྱི་ཡང་སྲིད་འཁྲུངས་རབས་ནོར་བུའི་ཕྲེང་བ་བཞི་པ་ཞབས་པད་གསེར་གྱི་འཁོར་ལོའི་མཚན་པ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་འཁོད་དེ་གསང་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ་བཞུགས་ཤིང་ད་རེས་ཀྱི་སྐབས་སུ་སྟོན་པ་ཕུན་སུམ་ཚོགས་པའི་ངོ་བོར་གྱུར་པ་མཆོག་གི་རྡོ་རྗེ་སློབ་དཔོན་མཚན་བརྗོད་པར་དཀའ་ཡང་། དོན་གྱི་སླད་དུ་མཚན་ནས་སྨོས་ན་གྲུབ་པའི་དབང་ཕྱུག་མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ཞེས་མཚན་སྙན་གྱི་གླིང་བུས་འཛམ་གླིང་གི་སུམ་ཆ་གཉིས་ཁྱབ་པར་བྱོན་པ་འདི་ཉིད་ནི། རྒྱུད་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། ལྟ་སྤྱོད་ཏིང་ངེ་འཛིན་གསུམ་གྱི་མཛོད་དང་ལྡན་ཞིང་། དབང་བཞིའི་ཆུ་བོ་རྫོགས་པ། གདམས་ངག་གི་གཉེར་ཁ་དང་ལྡན་ཞིང་། གཞི་ལམ་འབྲས་བུའི་དོན་ལ་མཁས་པ། ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་ལ་བྱང་ཞིང་མན་ངག་གི་དྲོད་ཚད་བརྙེས་པ་སྟེ། རང་བཞིན་ཀྱི་ཡོན་ཏན་དང་ལྡན་ཞིང་ཁྱད་པར་དུ་ཡང་ལྟ་བའི་ཕུ་ཐག་ཆོད་པས་ཆོས་ཉིད་ཟད་སར་འཁྱོལ། བསྒོམ་པ་ཀློང་དུ་གྱུར་པས་འོད་གསལ་ལ་གཡོ་འགུལ་མེད་པ། སྤྱོད་པ་ཚད་དུ་ཕྱིན་པས་ཚོགས་དྲུག་རང་སར་གྲོལ་བ། རྟོགས་པས་བདག་རྒྱུད་གྲོལ་བས་ཆོས་བརྒྱད་ཀྱི་འདོར་ལེན་དང་བྲལ་བ། ཐུགས་རྗེས་གཞན་རྒྱུད་གྲོལ་བས་འདྲེལ་ཚད་དོན་དང་ལྡན་པ་གང་གི་གསེར་ཞལ་རིན་པོ་ཆེ་མངོན་དུ་གྱུར་པ་འདི་ནི་སྟོན་པ་ཕུན་སུམ་ཚོགས་པ་དང་། གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། འོག་མིན་རྣམ་སྣང་ཆེན་པོའི་ཞིང་ཁམས། བཅུ་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་ལས་བྱེ་བྲག་ཤིང་འཛམ་བུ་པྲིཀྵས་མཛེས་པར་བྱས་པའི་གླིང་ཆེན་པོ་དེ་ལས་ཀྱང་། བྱང་ཕྱོགས་གངས་རིའི་ལྗོངས་བྷོ་ཊ་ཧོར་གྱི་རྒྱལ་ཁབ་ཆེན་པོ་ལས་སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ནང་ཚན་འབྲི་ཟླ་ཟལ་མོའི་སྒང་གི་ཆར་གཏོགས་པ་སྲིད་པའི་ལྷ་རབས་ཡོངས་ཀྱི་གཙོ་བོ་རི་དབང་རྒྱལ་པོ་སྤུན་དགུའི་ཡ་གྱལ། ལྷ་གཉེན་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་གཡོན་ཞོལ། ཨོ་རྒྱན་ཆེན་པོས་བདུད་རྩི་སྨན་གྱི་སྒྲུབ་གནས། ཡར་ལུང་ཤེལ་གྱི་བྲག་ཕུག་རྫོང་པདྨ་བརྩེགས་པའི་གནས་ཀྱི་ཆ་ལག་ཏུ་གྱུར་པ་རུ་དམ་དཔལ་གྱི་དབེན་གནས་ཞེས་གྲགས་པའི་གནས་མཆོག་ཆེན་པོ་འདི་ཉིད་རྒྱུད་སྡེ་རྣམས་ནས་བཤད་པའི་སྒྲུབ་པའི་གནས་ཀྱི་མཚན་ཉིད་ཕུན་སུམ་ཚོགས་པ་སྟེ་ཤར་ཕྱེས། ལྷོ་སྤུངས། ནུབ་འདན། བྱང་ཡོལ་བ་དྲེས་པ་འདྲ་བ་གནམ་ས་བར་གསུམ་གྱི་ས་དཔྱད་ཕུན་སུམ་ཚོགས་པས་བཀྲ་ཤིས་ཤིང་བྱིན་ཆགས་པ། ཤར་གྱི་སྟག་སྐྱ་བོ། ལྷོ་ཡི་གཡུ་འབྲུག་སྔོན་མོ། ནུབ་ཀྱི་བྱ་དམར་མོ། བྱང་གི་རུས་སྦལ་རྒྱ་བོ་བཅས་པའི་བསྲུང་བཞི་ཚང་བ། ཉི་ཟླའི་འོད་ཟེར་འཆར་སྔ་ཞིང་སྡུད་ཕྱི་བ། མདུན་དུ་ནེའུ་སེང་དང་མེ་ཏོག་གི་གླིང་ཆགས་པ། གངས་རི་འགྱུར་མེད་གཡུ་མཚོ་གཏན་འཁྱིལ་སོགས་གསང་སྔགས་བསྒྲུབ་པའི་གནས་རྒྱལ་བའི་ལུང་དང་མཐུན་པ། རིག་འཛིན་གྲུབ་ཐོབ་དུ་མས་བྱིན་གྱིས་རླབས་ཤིང་མཁའ་འགྲོ་དང་དམ་ཅན་སྤྲིན་ལྟར་འདུ་བའི་གནས། ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་ཆེན་པོ་ཐུབ་བསྟན་ཡོངས་འདུས་དགའ་ཚལ་དུ་གྲགས་པ་འདི་ཉིད་ནི་གནས་ཕུན་སུམ་ཚོགས་པ་དང་། གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། གསང་ཆེན་བླ་ན་མེད་པའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་གཙང་བ་བསྐྱེད་རྫོགས་ཡན་ལག་དང་བཅས་པ་ལ་མཁས་ཤིང་བརྡ་དང་བརྡ་ལེན་ལ་བྱང་བའི་རྡོ་རྗེའི་མཆེད་ལྕམ་སྤྱི་དང་། ཁྱད་པར་རྡོ་རྗེ་སློབ་དཔོན་དང་དགོངས་པ་ཆ་འདྲ་ཞིང་འཆད་ཕྲིན་ལ་མཁས་པའི་རྡོ་རྗེ་རྒྱལ་ཐེབ། སྦྱོར་བའི་སྒྱུ་རྩལ་ཤེས་ཤིང་རྩེ་གདུང་ཆེ་བའི་ལས་བཞིའི་གཟུང་མ། ཕྱི་ནང་གི་བགེགས་ཚོགས་སྐྲོད་པའི་རྡོ་རྗེ་ཀིངྈ་རཱ། དྲོད་འཛིན་པའི་རྡོ་རྗེ་བྱ་རོག །མཐོང་བ་ཟློག་ནུས་པའི་རྡོ་རྗེ་སྤྱན་པ། སྐད་སྙན་ཞིང་ཕྲིན་ལས་ཀྱི་གོ་རིམ་ལ་མཁས་པའི་རྡོ་རྗེ་བྱང་འདྲེན། བཟའ་བཏུང་གཡོ་བསྐོལ་ལ་མཁས་པའི་རྡོ་རྗེ་བྱན་པོ། ཕྱི་ནང་བརྡ་སྦྱོར་ལ་མཁས་པའི་རྡུལ་ཕྱགས་སྐྱེས་བུ་ལ་སོགས་པ་འདུ་བར་འོས་པའི་འཁོར་འདུས་པ་རྒྱ་མཚོ་ནི་འཁོར་ཕུན་སུམ་ཚོགས་པ། བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་ལྟར། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་རྣམ་པ་བཞིའམ་བཅོ་ལྔས་ཁྱད་པར་དུ་འཕགས་པ་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ཡིན་ཞིང་། དེ་ལ་ཡང་སྔ་འགྱུར་རྙིང་མ་དང་། ཕྱི་འགྱུར་གསར་མ་གཉིས་ལས། འདིར་བསྒྱུར་གཞི་གནས་ཀྱི་ཆེ་བ། བསྒྱུར་བྱ་ཆོས་ཀྱི་ཆེ་བ། སྒྱུར་བྱེད་ལོ་ཙའི་ཆེ་བ། བླ་མཆོད་པཎྜི་ཏའི་ཆེ་བ། སྤྱན་འདྲེན་ཡོན་བདག་གི་ཆེ་བ། ཞུ་རྟེན་མཎྜལ་གྱི་ཆེ་བ་བཅས། ཆེ་བ་དྲུག་གིས་ཁྱད་པར་དུ་གྱུར་པ་སྔ་འགྱུར་རྙིང་མའི་ཆོས་དེ་ལ་ཡང་། ཞལ་ནས་གསུང་བའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་རླབས་པའི་དག་སྣང་མ་སྟེ་བརྒྱུད་པའི་བཀའ་སྲོལ་ཆེན་པོ་གསུམ་དུ་ཡོད་པ་ལས་འདི་ནི་རྗེས་སུ་གནང་བའི་གཏེར་མ་ཡིན་ཏེ། ཐང་ཡིག་ལས། ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང་། །ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་བྱ་འབྱུང་། །ཞེས་གསུངས་པ་ལྟར་སློབ་དཔོན་ཆེན་པོའི་ཞལ་སློབ་ལྷག་མེད་འོད་ལུས་གྲུབ་པའི་གྲུབ་ཐོབ་བརྒྱ་དང་རྩ་བརྒྱད་ཀྱི་ནང་ནས་ཉང་བན་ཏིང་འཛིན་བཟང་པོའི་སྐྱེ་མཐའ། རིག་འཛིན་འཇའ་ཚོན་སྙིང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར། ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་མཚན་གྱི་རྣམ་གྲངས་དུ་མར་གྲགས་པ་དེ་ཉིད་ཀྱིས་ཉང་ཝ་རཱ་ཎ་ངོས་ཧམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་སྤྱན་དྲངས་པའི་ཡང་ཟབ་དཀོན་མཆོག་སྤྱི་འདུས་སུ་གྲགས་པ་འོད་གསལ་རྫོགས་པ་ཆེན་པོའི་ཆོས་སྡེ་ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་དང་། མཚན་མེད་ཡེ་ཤེས་ཆེན་པོའི་རྫོགས་རིམ་གཙོ་བོར་སྟོན་པ། བྱིན་རླབས་ཀྱི་རྩ་བ་བླ་མ་ཐམས་ཅད་རྒྱལ་དབང་པདྨ་འོད་འབར་གྱི་ངོ་བོར་སྒྲུབ་པ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཞི་ཁྲོ་ཐམས་ཅད་དྲག་པོ་དམར་ནག་མེ་འཕྲེང་གི་ངོ་བོར་སྒྲུབ་པ། ཕྲིན་ལས་ཀྱི་རྩ་བ་མ་མོ་མཁའ་འགྲོ་ཐམས་ཅད་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མའི་ངོ་བོར་སྒྲུབ་པ་སྟེ། རྩ་བ་གསུམ་གྱི་དྲིལ་སྒྲུབ་ཁྱད་པར་ཅན། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །ས་ལ་དཀྱིལ་འཁོར་གྲུ་བཞིའི་བཀྲག་མ་ཡལ། བར་དུ་སྨན་གཏོར་རཀྟའི་མཚོ་མ་སྐམ། བསྙེན་སྒྲུབ་ཕྱག་བཞེས་ཀྱི་བརྒྱུད་པ་ཟམ་མ་ཆད་པ། འདི་ཉིད་ནི་ཆོས་ཕུན་སུམ་ཚོགས་པ། གཞན་ཡང་སྐུ་གསུང་ཐུགས་ཀྱི་སྒྲུབ་པའི་རྟེན་རབ་གནས་ཅན་དང་། ཕྱི་ནང་གསང་བའི་མཆོད་རྫས་སོགས་སྒྲུབ་རྫས་གསང་བའི་ཡོ་བྱད། ཤ་ལྔ་བདུད་རྩི་ལྔ་སོགས་མཆོད་རྫས་གསང་བའི་ཡོ་བྱད། ནད་སེལ་གྱི་སྨན། དགྲ་བཟློག་གི་མཚོན། བགེགས་བཟློག་ཉུལ་ལེ་སྐྲོད་པ་ཕོ་ཉ་ཀུན་ཐུབ་རྒྱལ་མོ་སོགས་རྐྱེན་བཟློག་རྫས་ཀྱི་ཡོ་བྱད། བཟའ་བཏུང་གོས་རྒྱན་སོགས་ཉེར་མཁོའི་ཡོ་བྱད། རྒྱུད་ལུང་མན་ངག་ཞལ་ཤེས་སོགས་ཉམས་ལེན་ལ་ཐེ་ཚོམ་གཅོད་པའི་ཡོ་བྱད་དེ། སྒྲུབ་པའི་ཡོ་བྱད་ཕུན་སུམ་ཚོགས་པ་ཞེས་གྲགས། ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། རྒྱུད་ལས། དུས་ནི་དབྱར་དགུན་སྟོན་དཔྱིད་ཀྱི། །ར་བ་དག་ལ་རབ་ཏུ་ཤིས། །བརྒྱད་ནས་ཉ་ཡི་བར་ལ་གཏད། །བཀྲ་ཤིས་གཟའ་སྐར་ཤིས་པ་བླངས། །ཞེས་པ་ལྟར། ཕུན་ཚོགས་དཔྱིད་ཀྱི་རྒྱལ་མོའི་ཟླ་བ་དང་པོ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་ངོ་མཚར་ཆོ་འཕྲུལ་ཆེན་པོའི་དུས་སྟོན་རྣམ་དཀར་གྱི་དགེ་བ་གང་བྱས་འབུམ་དུ་འགྱུར་བའི་དཀར་ཕྱོགས་དགའ་བ་དང་པོའི་ཚེས་ནས་རྩོམ་པ་དུས་ཕུན་སུམ་ཚོགས་པ་སྟེ། སྒྲུབ་གཞི་ཕུན་སུམ་ཚོགས་པ་ལྔ་མདོ་ཙམ་ཞུས་ནས། བསྙེན་སྒྲུབ་ཡན་ལག་བཞིའི་གཞུང་སྲོང་བ་འདི་སྤྱི་དང་བྱེ་དྲག་གི་ཁྱད་པར་མང་ཡང་འདིར་སྒྲུབ་པ་ཆེན་པོའི་སྐབས་དང་སྦྱར་ན། ཐོག་མར་ས་བརྟགས་པ་དང་། བསླང་བ་ལ་སོགས་པའི་ཆོ་ག་དང་། ཕྱི་མཚམས་རྒྱལ་ཆེན་སྡེ་བཞིའི་ཐོ་འཛུགས་པ་དང་། ནང་མཚམས་འབར་བ་ལྟ་བས་མཚམས་བཅད་པ། བར་མཚམས་དམ་སྲི་མནན་པ་དང་སྒོ་བྱང་ཕྱི་ནང་གདགས་པ་སོགས་བསྙེན་པ། དཀྱིལ་འཁོར་ཆེན་པོ་ཐིག་དང་ཚོན་གྱིས་བྲིས་ནས་རྒྱན་དགོད་ཅིང་བྱིན་འབེབས་པ། མཆོད་རྫས་བྱིན་གྱིས་རློབ་པ་སོགས་ཉེ་བསྙེན། དུས་བཞིའམ་དྲུག་ཏུ་གཞུང་བསྲང་ནས་གསལ་བ་གསུམ་དང་ལྡན་པའི་འཛབ་བཟླས་ལ་གཙོ་བོར་བརྟེན་ནས་ཚོགས་ཀྱི་མཆོད་པ་དང་། ཉུལ་ལེ་བསྐྲད་པ་སོགས་ཞག་དྲུག་ཏུ་བྱེད་པ་སྒྲུབ་པ། ནུབ་ཐ་མ་ལ་དངོས་གྲུབ་བླངས་ཤིང་གཞན་དོན་དུ་དབང་བསྐུར་བ་སོགས་སྒྲུབ་པ་ཆེན་པོ་དང་འདྲེལ་བ་སྟེ། བསྙེན་བསྒྲུབ་ཡན་ལག་བཞི་ཚུལ་བཞིན་དུ་བསྒྲུབས་པས་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞི་འགྲུབ་སྟེ། དཔལ་གསང་བ་སྙིང་པོ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་པ་ལྟར། དབང་པོའི་བྱེ་བྲག་གིས་རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་བའི་རིག་འཛིན་གང་རུང་འགྲུབ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་མཚམས་སྦྱར་ནས། མཐར་ཐུག་ལྷུན་གྱིས་གྲུབ་པའི་རིག་འཛིན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བྱེད་པར་འགྱུར་བ་ཡིན་པས་ན། མཆོག་དམན་ཐམས་ཅད་ནས་ཚོམ་བུ་ཚོགས་སྒྲུབ་ཆེན་པོ་འདིའི་དབུ་ཚུགས་ནས་མ་གྲོལ་གྱི་བར་དུ་ལེ་ལོ་དང་རྣམ་གཡེང་སྤང་སྟེ་རྣམ་པ་གསལ་ལ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་གསུམ་གྱི་ངང་ནས། སྒོ་གསུམ་དཀྱིལ་འཁོར་གསུམ་དུ་ཤེས་པས་རབ་ཀྱིས་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བར་མི་ཆད་པར་མཛད་པ་དང་། ཕལ་པ་རྣམས་ནས་ཀྱང་། དོན་མེད་ཀྱི་ངག་འཆལ་དང་། ཀུ་ཅོ་ཧ་བགད། རྩེད་མོ། འཁོན་འཛིང་རྣམས་སྤངས་ནས། མགོ་ཞྭ་འགྲིག །རྒྱབ་གོས་འགྲིག །རྐང་ལྷམ་འགྲིག །བྱོན་ལུགས་བཞུགས་སྟངས། རྩེ་ཞྭ། རྡོར་དྲིལ། གདངས་དབྱངས། འདོན་རྟ་སོགས་གང་གི་ཐད་ནས་ཀྱང་། ཞེ་མེད་ཆོག་བསམ། སྐྱིད་མེད་སྡུག་ཟད་དུ་མ་སོང་བར། འདིར་བཞུགས་དབུ་མཆོད་རྒན་རིམ་རྣམས་ཀྱི་མཛད་སྤྱོད་ལ་ཁ་མིག་ཡར་ལྟོས་ཀྱི་ལུགས་ཀས། བྱ་མིག་གྱེན་ལྟས། སྒྲོག་རུས་འཕྲེད་བཅིང་གིས། སྤྱིར་རྒྱལ་བའི་བསྟན་པ། དགོས་གསང་སྔགས་རྙིང་མ། ཡང་དགོས་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་བསྟན་པའི་མིག་རྒྱན་དུ་འགྱུར་བའི་མཛད་པ་མི་དམན་པའི་སྒོ་ནས། དད་ལྡན་དྭངས་པ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས། སྐལ་བཟང་ཐར་ལམ་སྟོན་པའི་དེད་དཔོན། ཞེས་གྲགས་པའི་གཏམ་ཚིག་དང་དོན་མཐུན་པ་ཞིག་གནང་བའི་བཀའ་དྲིན་མི་ཆུང་བར་ཞུ། དེ་ལྟར་ལེགས་བཤད་གཏམ་གྱི་སྦྱོར་བ་ཅུང་ཟད་འཕགས་མཆོག་མཁས་དབང་རྒྱ་མཚོའི་སྙན་ལམ་དུ་ཕུལ་བའི་མཐུ་ལ་བརྟེན་ནས། ཀུན་མཁྱེན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་ཅིང་། མཛད་ཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། འདུས་སྡེ་རིན་པོ་ཆེ་དབྱར་གྱི་མཚོ་ལྟར་འཕེལ་ཞིང་ཐོས་བསམ་སྒོམ་པའི་བྱ་བས་དུས་འདའ་བ་དང་། དེའི་མཐུས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་། ཆར་ཆུ་དུས་སུ་འབེབས། ལོ་ཕྱུག་རྟག་ཏུ་ལེགས། མི་ནད་དང་ཕྱུག་ནད་ཐམས་ཅད་རྒྱུན་ཆད་དེ། རྫོགས་ལྡན་གྱི་འབྱོར་པ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པའི་རྟེན་འདྲེལ་དང་། སྨོན་ལམ་བཟང་པོས་མཐའ་བརྒྱན་པ་དེ་ཙམ་དུ་ཞུ་ལགས། རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་བསྟན་པ་འདི། །ཇི་ལྟར་མཁའ་ལ་ཉི་ཤར་བཞིན། །རྒྱལ་ཁམས་ཡོངས་ལ་དར་རྒྱས་ཤོག། །། དགེ་བསྐོས་རྣམས་ཀྱིས་ཇི་ལྟར་བསྐུལ་བ་ལྟར། མཁན་མིང་པདྨ་བཛྲ་པས་བྲིས་པ་དགེའོ། །མངྒལཾ།། །།
ས་ཟླའི་བུམ་སྒྲུབ་ཆེན་མོའི་ཞལ་བཀོད་སྟོང་ཐུན་དངོས་གྲུབ་མཆོག་གི་སྒོ་འབྱེད།
༄༅།།ས་ཟླའི་བུམ་སྒྲུབ་ཆེན་མོའི་ཞལ་བཀོད་སྟོང་ཐུན་དངོས་གྲུབ་མཆོག་གི་སྒོ་འབྱེད་བཞུགས་སོ།། དེ་ལ་འདིར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་དང་དབང་པོ་བསམ་པའི་བྱེ་བྲག་དང་རྗེས་སུ་མཐུན་པའི་རྒྱུ་དང་འབྲས་བུའི་ཐེག་པའི་ཆོས་ཚུལ་ཇི་སྙེད་ཅིག་གསུངས་པ་ལས། འདིར་སྐབས་སུ་བབས་པ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་འབྲས་བུའི་ཐེག་པའམ་རྡོ་རྗེའི་ཐེག་པ་སྟེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། མདོ་སྔགས་ཀྱི་ཐེག་པ་གཉིས་ཀ་མཐར་ཐུག་གི་འབྲས་བུ་དོན་གཉིས་ལྷུན་གྲུབ་ཀྱི་སངས་རྒྱས་སྒྲུབ་པར་དོན་གཅིག་པ་ཡིན་ན་ཡང་། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་དུས་ཉིད་ནས་བསལ་བཞག་འགྲོ་འོང་མེད་པར་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གནས་ལུགས་དོན་དམ་པའི་བདེན་པའི་ངོ་བོར་གནས་ཤིང་། དེ་ལས་ཤར་བའི་རྩལ་སྣང་བརྟན་གཡོའི་དངོས་པོ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་ལྷུན་གྱིས་གྲུབ་པ་ལྷག་པའི་བདེན་པ་དབྱེར་མེད་ཆེན་པོར་གཏན་ལ་འབེབས་པས་རྟོགས་དོན་ལྟ་བ་ལ་མ་རྨོངས་པའི་ཁྱད་པར་དང་། འབྲས་བུ་སྒྲུབ་པའི་ཐབས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་རྒྱ་མཚོ་རྣམས་ཀྱང་ཕྱི་ལུས་ངག་གི་རྩོལ་བ་ཁོ་ནས་བསྐལ་པ་དུ་མར་སྒྲུབ་པ་ལ་མ་ལྟོས་པར། ནང་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་སྤྲོས་བཅས་དང་སྤྲོས་མེད་ཀྱི་སྒོ་དུ་མའང་རེ་རེས་སྐད་ཅིག་རེ་ལ་ཡང་བསྐལ་པ་དུ་མའི་ཚོགས་འདུམ་པར་བྱེད་པས་ཟབ་པ་དང་རྒྱ་ཆེ་བའི་ཐབས་མྱུར་ལ་མང་བའི་ཁྱད་པར་དང་། འཇུག་སྒོ་ཡངས་ཤིང་དཀའ་ཐུབ་ཀྱིས་མི་གདུང་བར་འདོད་པའི་ཡོན་ཏན་ལྔ་ལ་ཅི་བདེར་སྤྱོད་པས་འགྲུབ་པས་དཀའ་བ་མེད་པའི་ཁྱད་པར་དང་། ཆེད་དུ་བྱ་བའི་གདུལ་བྱ་དད་བརྩོན་ཤེས་རབ་གསུམ་གྱིས་ཁྱད་པར་དུ་བྱས་པའི་གང་ཟག་དབང་རྣོན་ཚེ་གཅིག་གིས་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྒྲུབ་པའི་ལམ་ཡིན་པས་སྐལ་ལྡན་གདུལ་བྱའི་ཁྱད་པར་བཞི་དང་ལྡན་པའི་གསང་བ་སྔགས་ཀྱི་ཐེག་པ་ཡིན། དེ་ལྟ་བུའི་ཁྱད་པར་ཅན་གྱི་ལམ་འདི་ལ་འཇུག་པར་བྱེད་པ་ལ། སྔོན་འགྲོ་དང་། དངོས་གཞི། རྗེས་ཀྱི་རིམ་པ་གསུམ་ལས། ཐོག་མར་སྔོན་དུ་འགྲོ་བའི་ཆོས་ནི། གངས་རིའི་ཁྲོད་ཀྱི་བསྟན་པའི་ཤིང་རྟ་པ་ཆེན་པོ་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་པས། དང་པོ་སྔོན་དུ་འགྲོ་བའི་ཆོས་བསྟན་པ། །མི་རྟག་སྐྱོ་ཤས་སྤྱི་ཡི་སྔོན་འགྲོ་སྟེ། །ཚེ་འདིའི་ཞེན་པ་གཏིང་ནས་ལྡོག་པར་བྱེད། །སྙིང་རྗེ་བྱང་སེམས་བྱེ་བྲག་སྔོན་འགྲོ་སྟེ། །ཐེག་ཆེན་ལམ་དུ་ཆོས་རྣམས་འགྲོ་བར་བྱེད། །དེ་ཕྱིར་ཐོག་མར་སྔོན་འགྲོ་རྣམ་གཉིས་སྦྱོངས། །ཞེས་གསུངས་པ་ལྟར། ལམ་སྒྲུབ་པའི་རྟེན་ཁྱད་པར་ཅན་དལ་འབྱོར་ཕུན་སུམ་ཚོགས་པ་ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུ་རྙེད་པར་དཀའ་ཞིང་། རྙེད་ནའང་ཡུན་དུ་གནས་པའི་མཐུ་མེད་པར་མྱུར་དུ་འཇིག་ཅིང་མི་རྟག་པའི་ཚུལ་ལ་བསམ་ནས། འཇིག་རྟེན་ཚེ་འདིའི་བྱ་བ་ལ་མ་ཆགས་པར་དམ་པའི་ཆོས་ལ་གཙོ་བོར་བྱ། ཤི་བའི་ཚེ་ན་དགེ་སྡིག་གི་ལས་གང་བྱས་པ་ཆུད་མི་ཟ་བར་དཀར་ནག་གི་འབྲས་བུ་སོ་སོར་སྨིན་པས་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད། མི་དགེ་བ་དང་དགེ་བ་ཟག་བཅས་ཀྱི་འབྲས་བུ་ངན་སོང་གསུམ་དང་། མཐོ་རིས་རྣམ་པ་གསུམ་སྟེ་འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པ་ལ་བསམ་ནས་སྙིང་ནས་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ཏེ། ངེས་འབྱུང་གི་བསམ་པ་བརྟན་པོས་ཕྱི་མའི་བདེ་འབྲས་ལ་མི་ཆགས་པར་དཀོན་མཆོག་གསུམ་ལ་སྐྱབས་གནས་སུ་བཟུང་ནས་ཐར་བ་སྒྲུབ་པའི་ཐབས་ལ་འབད་དགོས། དེ་ཐུན་མོང་སྤྱི་ཡི་སྔོན་འགྲོ་ལགས། དེ་ནས་བྱེ་བྲག་ཐེག་ཆེན་ལམ་གྱི་སྔོན་འགྲོ་ནི། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཚེ་རབས་ཐོག་མེད་ཀྱི་ཕ་མར་མ་གྱུར་པ་མེད་ལ། ཕ་མ་ཡིན་པ་ངོ་ཤེས་པའི་སེམས་ཅན་འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་། བདེ་བའི་རྒྱུ་ཐར་པ་དམ་པའི་ཆོས་སྒྲུབ་མི་ཤེས་པར། སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བའི་ལས་ལ་ནན་གྱིས་འཇུག་པའི་ལས་ངན་འཁྲུལ་བའི་སེམས་ཅན་འདི་ཐམས་ཅད་སྡུག་བསྔལ་འཁོར་བའི་རྒྱུ་འབྲས་ཐམས་ཅད་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེའི་བསམ་པ་ཤུགས་དྲག་པོས་ཡིད་དྲངས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་ཉིད་དུ་ཐོབ་པར་བྱ། དེའི་ཆེད་དུ་སྤྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་དང་། ཁྱད་པར་དུ་གསང་ཆེན་རྡོ་རྗེའི་ཐེག་པའི་སྨིན་གྲོལ་གྱི་ལམ་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་ནི། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད། །ཅེས་པ་ལྟར། ཐེག་ཆེན་ལམ་གྱི་རྩ་བ་ཡིན། དེ་ནས་རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོ་ཐུན་མོང་མ་ཡིན་པ་ནི། ཀུན་མཁྱེན་ཆེན་པོས། དེ་རྗེས་ཁྱད་པར་མཆོག་གི་སྔོན་འགྲོ་ནི། །དབང་རྫོགས་ཐོབ་ནས་བསྐྱེད་པའི་རིམ་གཉིས་ཏེ། །རང་ལུས་ལྷ་དང་སྣོད་བཅུད་ལྷར་གསལ་བས། །ཐ་མལ་འཛིན་པའི་ཞེན་པ་ཟློག་པར་བྱེད། །ལམ་ཟབ་བླ་མའི་རྣལ་འབྱོར་བསྒོམ་པ་ཡིས། །བྱིན་རླབས་ཚད་མེད་ཐུགས་རྗེ་ཤུགས་ལས་འཆར། །བར་ཆད་ཀུན་སེལ་དངོས་གྲུབ་རྣམ་གཉིས་ཐོབ། །དེ་ཕྱིར་དེ་རྗེས་སྔོན་འགྲོ་རྣམ་གཉིས་བསྒོམ། །ཅེས་གསུངས་པ་བཞིན། དབང་ལེགས་པར་ཐོབ་ནས་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ་སྟེ་བསྐྱེད་རྫོགས་བསྒོམ་པ་ལ་དང་པོར་ཞུགས་པ་ནི། རྡོ་རྗེའི་ཐེག་པའི་ལུགས་ཀྱི་ཚོགས་ལམ་ཆུང་ངུར་ཚུད་ནས་ཐར་པའི་ལམ་སྣེ་ཟིན་པ་ཡིན་པར་འདོད་པས་ལམ་གྱི་གཞི་དབང་ཡིན་ལ། ཐོག་མར་དབང་ཐོབ་པ་གལ་ཆེ། དབང་དེ་ཡང་། སྦྱང་བྱ་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་བཞི་སྦྱངས་ཤིང་། སྦྱོང་བྱེད་བསྐྱེད་རྫོགས་ཡན་ལག་བཞི་སྒོམ་པ་ལ་དབང་། སྦྱངས་འབྲས་གནས་སྐབས་རིག་འཛིན་བཞི་དང་མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པའི་རྟེན་འདྲེལ་སྒྲིག་བྱེད་དུ། བུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཚིག་དབང་བཞི་འཁོར་དང་བཅས་པ་ལེགས་པར་ཐོབ་པ་ཞིག་དགོས། དབང་མ་ཐོབ་པར་སྔགས་ཀྱི་ལམ་ལ་ཞུགས་ན་འབྲས་བུ་མེད་ཅིང་ངན་འགྲོར་ལྟུང་བས་ཉེས་པ་ཆེ་སྟེ། གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་དང་། སྒྱུ་མ་བདེ་མཆོག་ལས། དཀྱིལ་འཁོར་འདི་ནི་མ་མཐོང་བར། །རྣལ་འབྱོར་པ་ནི་དངོས་གྲུབ་འདོད། །མཁའ་ལ་ཁུ་ཚུར་རྡེག་པ་དང་། །རྨོངས་པ་ཕུབ་མ་རྡུང་དང་མཚུངས། །ཞེས་གསུངས། དབང་ཐོབ་པའི་ཕན་ཡོན་ནི། །གསང་བ་མཛོད་ལས། །དབང་སྐུར་ཡང་དག་སྦྱིན་ལྡན་ནི། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་འབད་པར་ཡང་དངོས་གྲུབ་ཐོབ། །ཅེས་གསུངས། དེ་ཡང་དབང་ཐོབ་པ་ཙམ་གྱིས་མི་ཆོག་དམ་ཚིག་རྣམ་པར་དག་པ་མིག་གི་འབྲས་བུ་བཞིན་དུ་སྲུང་དགོས་ཏེ། སྡོམ་འབྱུང་གི་རྒྱུད་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབས་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཅེས་དང་། མཉམ་སྦྱོར་ལས་ཀྱང་། དཀྱིལ་འཁོར་དག་ཏུ་མ་ཞུགས་དང་། །དམ་ཚིག་རྣམས་ནི་སྤང་བ་དང་། གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབ་ཀྱང་ཅི་ཡང་མི་འགྲུབ་པོ། །ཞེས་གསུངས་པས། གསར་རྙིང་སྤྱི་ལ་གྲགས་པའི་རྩ་བའི་ལྟུང་བ་བཅུ་བཞི་དང་། ཡན་ལག་སྦོམ་པོའི་ལྟུང་བ་བརྒྱད་སོགས་ཀྱིས་མ་གོས་པ་དང་། ཁྱད་པར་སྔ་འགྱུར་རང་ལུགས་སུ་གྲགས་པ། རྒྱུ་དང་འབྲས་བུའི་ཐེག་ཆེན་གཉིས་ཀའི་སྤྱི་དོན་དུ་གྱུར་པའི་རིགས་ལྔའི་དམ་ཚིག་ལ་སྤྱིའི་དམ་ཚིག་ཏུ་བཞག་པ་དང་། ཁྱད་པར་དུ་གྱུར་པའི་རིགས་ལྔའི་དམ་ཚིག་ལ་དྲང་དོན་བསྐྱེད་རིམ་དང་སྦྱར་ནས་བཤད་པ། ངེས་དོན་རྫོགས་རིམ་དང་སྦྱར་ནས་བཤད་པ། མཐར་ཐུག་རྫོགས་ཆེན་དང་སྦྱར་ནས་བཤད་པའི་ཚུལ་གསུམ་དང་། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་ཉི་ཤུ་རྩ་བདུན་དུ་ཕྱེ་བ་དང་། ཡན་ལག་ལྟ་སྒོམ་སྤྱོད་པའི་དམ་ཚིག་ལ་ཉི་ཤུ་རྩ་ལྔར་ཕྱེ་བ་རྣམས་དང་། སྒྲུབ་པ་ཁྱད་པར་གྱི་དམ་ཚིག་ཉི་ཤུ་དང་བཅས་པ་ལ་ཁྱད་པར་གྱི་དམ་ཚིག་ཅེས་བཞེད་པ་དང་། སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི། རང་བཞིན་ལྟ་བའི་དམ་ཚིག་བཞི། གྲལ་མདོ་ངེས་པའི་དམ་ཚིག་གསུམ། ཡེ་བསྲུང་ཆེན་པོའི་དམ་ཚིག་བཞི་སྟེ་བཅོ་ལྔ་ལ་ལྷག་པའི་དམ་ཚིག་ཞེས་གསུངས་པ་རྣམས། ལེགས་པར་ཤེས་ནས་ལག་ལེན་དུ་ཐེབས་པར་བྱ་དགོས། དེ་ལྟར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་གང་ཟག་དེས། མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་ལ། བུམ་དབང་གི་ལམ་བསྐྱེད་གཞི་ཏིང་འཛིན་གསུམ་གྱི་ཁོག་ཕུབ། བསྐྱེད་ཆོས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ། མར་སྐྱེ་འཆི་བར་དོ་གསུམ་དང་། སྐྱེ་གནས་བཞིའི་བག་ཆགས་སྦྱངས་ཤིང་དག་པར་བྱེད་པ་དང་། ཡར་སངས་རྒྱས་སྐུ་གསུམ་གྱི་འབྲས་བུ་དང་། ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་སྤྲུལ་ནས་བླ་ན་མེད་པའི་རྒྱུད་སྡེ་རྣམས་དང་། དེ་ལས་འཕྲོས་པ་ལམ་སྟེགས་ཀྱི་ཐེག་པ་དང་བཅས་པ་ཇི་ལྟར་གསུང་པའི་ཚུལ་ལམ་དུ་བྱེད་པའི་སྒོ་ནས་འབྲས་བུ་རང་རྒྱུད་ལ་རྫོགས་པར་བྱེད་པ་དང་། ལམ་གོང་མ་རྫོགས་རིམ་གྱི་གཙོ་བོ། སྒྱུ་ལུས། འོད་གསལ། ཟུང་འཇུག་གསུམ་གྱི་སྨིན་བྱེད་དུ་འགྲོ་བའི་དག་རྫོགས་སྨིན་གསུམ་ཚང་བའི་བསྐྱེད་རིམ་ལ་བློ་སྦྱོང་བ་དང་། གསང་དབང་གི་ལམ་རླུང་དང་ཤེར་དབང་གི་ལམ་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་བདག་བྱིན་གྱིས་རློབས་པ་དང་། དཀྱིལ་འཁོར་འཁོར་ལོའི་ལམ་ལ་ངེས་པ་ཇི་ལྟར་རིགས་པ་རྙེད་པར་བྱས་ཏེ། དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བྱ་བའི་ཕྱིར། ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་སྒོ་ནས་སྤྲོས་བཅས་ཀྱི་སྤྱོད་པ་སྐྱོང་བ་ནི། ལམ་ངེས་རྫོགས་སུ་སྨིན་པར་སློབ་པ་སྒྲུབ་ཆེན་མཚན་ཉིད་པ་ཡིན་ལ། དེང་སང་གི་སྐབས་སུ་དེ་དང་རྣམ་པ་མཚུངས་པ་ཙམ་གྱི་སྒྲུབ་པ་ཆེན་པོའི་འདྲ་འབག་མོས་སློབ་ཀྱི་ཚུལ་དུ་བྱེད་པ་འདི་ནི། ཕྲིན་སྒྲུབ་ཕྱག་བཞེས་ཀྱི་ཆུ་བོའི་མཐོང་བ་བརྒྱུད་པའི་ཕྱག་ལེན་གྱི་རྒྱུན་མི་ཉམས་པའི་ཆེད་དུ་ཡིན་ཅིང་། ངེས་རྫོགས་དང་མོས་སློབ་གང་ཡིན་ཀྱང་ཐུན་ཐམས་ཅད་ཀྱི་འགོར་ལམ་ཟབ་བླ་མའི་རྣལ་འབྱོར་གནད་ལ་སྨིན་པར་བསྒོམ་དགོས་ཏེ། ཡེ་ཤེས་མངོན་པར་འབྱུང་བའི་རྒྱུད་ལས། ས་དང་ལམ་གྱི་རིམ་པ་རྣམས། །བླ་མར་མོས་གུས་ལོ་ཟླས་བགྲོད། །བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཅེས་དང་། ཡེ་ཤེས་དམ་པ་ལས། སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་རྟག་ཏུ་བསྒོམ། །ཅེས་པ་ལྟར། ཐོག་མར་བླ་སྒྲུབ་ཐམས་ཅད་ཀྱི་རྩ་བ་ཚིག་བདུན་གསོལ་འདེབས་དང་། བརྒྱུད་པའི་གཤར་འདེབས་འདོན་པ་ནི། བླ་མའི་རྣལ་འབྱོར་གྱི་དོན་པོ་ཡིན་པས། མདུན་གྱི་ནམ་མཁར་རང་རང་གི་རྩ་བའི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ། བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་གི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་མོས་པའི་དྲུང་དུ། མོས་གུས་དྲག་པོས་གསོལ་བ་འདེབས་ཤིང་། མཐར་དབང་བཞི་ཡིད་ལེན་དང་ཐུགས་ཡིད་བསྲེས་ནས་མཉམ་པར་བཞག་པ་སྔོན་དུ་བཏང་ནས་གདོད་ཆོ་ག་དངོས་ལ་འཇུག་དགོས་པ་ལགས། དེ་ལྟར་ཡང་ཀུན་མཁྱེན་ཆོས་རྗེས། དེ་ལྟར་སྔོན་དུ་འགྲོ་བའི་ཆོས་བཞི་ཡིས། །མ་ནོར་ལམ་དུ་སེམས་ཉིད་ཚུད་པ་དང་། །ཐར་ལམ་མཆོག་ཟིན་གནས་ལུགས་མྱུར་དུ་སྐྱེ། །དངོས་གཞི་འབྱོངས་སླ་བར་ཆད་མེད་པ་དང་། དངོས་གྲུབ་ཉེ་སོགས་ཡོན་ཏན་ཚད་མེད་ལྡན། །དེ་ཕྱིར་སྔོན་འགྲོ་སྦྱོང་བ་ཤིན་ཏུ་གཅེས། །ཞེས་གསུངས་པ་ལྟར། ངེས་འབྱུང་གི་བློ། བྱང་ཆུབ་ཀྱི་སེམས། བསྐྱེད་རྫོགས་ལ་བློ་སྦྱོང་བ། བླ་མའི་རྣལ་འབྱོར་རྣམས་ནི་སྒྲུབ་པ་ཆེན་པོའི་སྔོན་འགྲོ་མེད་དུ་མི་རུང་བ་ཡིན་ནོ། །དེ་ནས་དངོས་གཞི་སྒྲུབ་པ་ཆེན་པོ་ལ་ཇི་ལྟར་འཇུག་པའི་ཚུལ་ནི། གྲུབ་པའི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བའི་ཞལ་ནས། སྒྲུབ་པའི་དུས་ཀྱི་བསྙེན་སྒྲུབ་ནི། །བཞི་དང་གཞུང་གིས་རྫོགས་པར་འགྱུར། །ཕུན་སུམ་ཚོགས་པ་ལྔ་གཞི་ལ། །བསྙེན་སྒྲུབ་བཞི་ཡིས་གཞུང་བསྲང་བའོ། །ཞེས་གསུངས་པ་ལྟར། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་དང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ་གཉིས་ལས། དང་པོ་ནི། དེ་ལ་སྔ་མ་གནས་དང་དུས། །ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། །སྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡིས། །ཞེས་པ་ལྟར། སྒྲུབ་པའི་གནས་ཕུན་སུམ་ཚོགས་པ་དང་། དུས་ཕུན་སུམ་ཚོགས་པ་དང་། ཡོ་བྱད་ཕུན་སུམ་ཚོགས་པ་དང་། སྒྲུབ་པ་པོ་ཕུན་སུམ་ཚོགས་པ་དང་། སྒྲུབ་ཐབས་ཕུན་སུམ་ཚོགས་པ་དང་ལྔ་ལས། དང་པོ་སྒྲུབ་པའི་གནས་ནི། སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །གནམ་ས་བར་སྣང་ཤིས་པ་དང་། །ལོ་རྒྱུས་གཉིས་དང་ལྡན་པ་ཡི། །ཡིད་འོང་ས་བཙལ་རྒྱས་པར་བྱ། །ཞེས་པ་ལྟར། གཟུགས་མེད་འདྲེའི་སྡེ་དང་། གཟུགས་ཅན་དགྲའི་དཔུང་ཆེན་པོས་མི་ཚུགས་ཤིང་། གནམ་འཁོར་ལོ་རྩིབས་བརྒྱད་དང་འདྲ་བ་ཡབ་ཀྱི་རང་བཞིན། ས་པདྨ་འདབ་བརྒྱད་དང་འདྲ་བ་ཡུམ་གྱི་རང་བཞིན། བར་སྣང་ཡ་ཡོ་མེད་པར་ཤར་ནུབ་ཕྱེད་པས་འོད་ཁའི་ཆུ་ལྟར་གནས་ཤིང་དྭངས་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་བཀྲ་རྟགས་ཤིས་པ། སྤྱིར་སའི་དཔྱད་བཟང་བས་གཙུག་ལག་གི་གཞུང་དང་མཐུན་པ། བྱེ་བྲག་རྒྱུད་སྡེ་ནས་བཤད་པའི་མཚན་ཉིད་ཚང་བ་སྟེ། རྒྱུད་གསང་བ་འདུས་པ་ལས། དགོན་པ་ཆེན་པོའི་ས་ཕྱོགས་དང་། །རབ་ཏུ་རྣམ་པར་དབེན་པ་དང་། །ཞབས་ཀྱིས་བཅགས་པའི་ས་ཕྱོགས་དང་། ཆུ་བོའི་འགྲམ་མམ་རི་ཡི་སུལ། །ནགས་འདབས་ཆུ་ངོགས་མཚོ་གླིང་དུ། །ཏིང་འཛིན་བསྒོམ་ན་དངོས་གྲུབ་ཐོབ། །ཅེས་པ་ལྟར། འདིར་སྔོན་བྱུང་དུ་བཅོམ་ལྡན་འདས་དཔལ་ཆེན་པོས་འཛམ་བུའི་གླིང་གི་ཡུལ་ཉི་ཤུ་རྩ་བཞི། གནས་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་རྣམས་སུ་གསང་སྔགས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བྱིན་གྱིས་བརླབས་པའི་ནང་ཚན། སྤྱིར་བོད་ཆེན་པོའི་ལྗོངས་མདོ་ཁམས་སྨད་འདིར་གངས་རྭ་ཉི་ཤུ་རྩ་ལྔ་ཡོད་པར་གསུངས་པའི་ཡ་གྱལ་ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་རྭ་བའི་ལྟེ་བ་གསང་སྔགས་སྒྲུབ་པའི་སྣོད་དུ་རུང་བའི་སྦས་ཡུལ་བཅོ་བརྒྱད་ཀྱིས་བསྐོར་བ། ཕྱིས་བྱུང་དུ་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སམ་བྷཱ་ཝས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་ཅིང་། ཟབ་མོའི་གཏེར་ཁ་དུ་མ་སྦས་ནས་བྱིན་གྱིས་བརླབས་པའི་གནས་ཏེ་ལོ་རྒྱུས་གཉིས་དང་ལྡན་པ་ཞེས་གསུངས་པའི་མཚན་ཉིད་ལེགས་པར་ཚང་བ་ཨོ་རྒྱན་བྷུ་མ་ཐ་ལའི་གནྡྷོ་ལ་དང་མཚུངས་པའི་གཙུག་ལག་ཁང་འདི་ཉིད་དུ། དུས་ཕུན་སུམ་ཚོགས་པ་ནི། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམས། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པ། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་གསུངས་པ་དང་མཐུན་པར་ད་རེས་འབྲས་བུ་མང་པོ་ཞེས་པ་ས་ཕོ་སྟག་གི་ལོའི་ཧོར་ཟླ་དང་པོ། མཉམ་མེད་ཐུབ་པ་ཆེན་པོས་ལོག་པར་སྨྲ་བའི་མུ་སྟེགས་ཀྱི་སྟོན་པ་སྡེ་དྲུག་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོས་ཚར་བཅད་པའི་དུས་ཆེན་ཆོ་འཕྲུལ་ཟླ་བར་གྲགས་པ། རྣམ་པར་དཀར་བའི་དགེ་བ་གང་བྱས་འབུམ་འགྱུར་དུ་འཕེལ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ནས་དབུ་བརྩམས་སྟེ། ཡར་ངོའི་ཚེས་བཅུར་རྒྱལ་དབང་མཚོ་སྐྱེས་རྡོ་རྗེས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པས་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས་ནས་གསང་སྔགས་ཀྱི་ཆོས་འཁོར་ཐོག་མར་བསྐོར་བའི་དུས་སྟོན་དང་འདྲེལ་བར་དངོས་གྲུབ་བླངས་པའི་རྗེས་སུ་རྡོ་རྗེའི་གླུ་གར་དང་ཚོགས་ཀྱི་འཁོར་ལོས་མཐའ་རྒྱས་སུ་བྱ་བ་ཡིན། སྒྲུབ་པའི་ཡོ་བྱད་ཕུན་སུམ་ཚོགས་པ་ནི། གོས་རྒྱན་བཟའ་བཏུང་གསང་བ་སོགས། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་བཟློག །ཅེས་གསུངས་པ་ལྟར། སྒྲུབ་བྱ་ཞི་ཁྲོའི་ཁྱད་པར་ལས། བགོ་བ་གོས་དང་གདག་པ་བརྒྱན་གྱི་ཡོ་བྱད། ཞི་བའི་རྒྱན་ཆས་བཅུ་གསུམ་དང་། ཁྲོ་བོའི་ཆས་བརྒྱད་རྣམས་དང་། བཟའ་བ་ཟས་དང་བཏུང་བ་སྐོམ་གྱི་ཡོ་བྱད། ཤ་ལྔ་བདུད་རྩི་ལྔ་དང་། བཱ་ལ་དང་། མ་དཱ་ན་སོགས་བཟའ་བཅའ་བཏུང་བའི་རིགས་དང་། བྲོ་གར་འདུ་འཕྲོའི་ཡོ་བྱད། ལག་པས་གར་དང་ཕྱག་རྒྱ། རྐང་པས་བྲོ་དང་སྟངས་སྟབས་སོགས་གར་འཆམ་དང་། གླུ་ཚིག་སྒྲ་ཡི་ཡོ་བྱད། གླུ་ཡི་འདྲེན་སྟངས་དྲུག །ཤ་ཏ་པ་ག་རྟ་པ། ཅང་ཀ་དེ་དང་པད་ཀ་དེའུ། །ཟེང་ངེ་བ་དང་དུང་ངེ་བ། །ཞེས་པ་ལྟར་དྲུག་དང་། དབྱངས་ཀྱི་ང་རོ། འབྲུག་ལྟར་ཟབ་པའི་སྒྲ་སྒྲོགས་དང་། །རྡོ་རྗེ་སྲིན་པོའི་ངུར་སྒྲ་དང་། །འཁུར་བ་དབུགས་ཀྱི་རླུང་འབྱིན་དང་། །འཁུན་ཅིང་གདུང་བའི་སྒྲ་འབྱིན་དང་། །ཚངས་པ་དབྱངས་ཀྱི་འདྲེན་ཚུལ་དང་། །རྡོ་རྗེ་ཁྲོ་བོའི་བཞད་སྒྲས་སོ། །ཞེས་པ་ལྟར་དྲུག་སྟེ། གླུ་དབྱངས་ཀྱི་འགྱུར་བ་བཅུ་གཉིས་ལ་བརྟེན་ནས། ཡེ་ཤེས་ཀྱི་ལྷ་ལ་སྙན་གསན་དབབས་པ། མ་མོ་དང་མཁའ་འགྲོ་གྲོགས་ལ་བསྐུལ་བ། ཆོས་སྲུང་དམ་ཅན་ལས་ལ་རྦད་པ་སོགས་ཚིགས་སུ་བརྗོད་པ་སྣ་ཚོགས་པ་སྟེ། དབྱངས་རོལ་གྱི་བྱ་བ་ལ་མཁས་པ། ཨ་ལི་ཤེས་རབ་དང་ཀ་ལི་ཐབས་ཏེ་གསང་བའི་ཡོ་བྱད་གཉིས་དང་བཅས་ཏེ། ཡོ་བྱད་ལྔ་དང་ལྡན་པར་བྱ་བ་དང་། གཞན་ཡང་དངོས་གྲུབ་རྟེན་གྱི་ཡོ་བྱད། མཆོད་པ་རྫས་ཀྱི་ཡོ་བྱད། འཚོ་བ་ཟས་ཀྱི་ཡོ་བྱད། དགྲ་བཟློག་མཚོན་གྱི་ཡོ་བྱད། ནད་བཟློག་སྨན་གྱི་ཡོ་བྱད། བགེགས་བཟློག་རྫས་ཀྱི་ཡོ་བྱད་རྣམས་སོ། །བཞི་པ་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་ལ། སྟོན་པ་དང་། འཁོར་གཉིས་ལས། སྟོན་པ་ནི། རང་བཞིན་བརྒྱད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཏེ། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆར་བ། །ཞེས་པ་ལྟར། ལྟ་སྒོམ་སྤྱོད་པའི་མཛོད་གསུམ་དང་ལྡན་པ། དབང་བཞིའི་ཆུ་བོ་རྫོགས་ཤིང་བསྐུར་ཐབས་ངོ་སྤྲོད་དང་བཅས་པ་ལ་མཁས་པ། དོན་གཉིས་སྒྲུབ་པ་ལ་དོན་གཉེར་ཆེ་བས་སྒྲུབ་པ་ཡལ་བར་མི་འདོར་བ། གཞི་ལམ་འབྲས་བུའི་རྒྱུད་དོན་ལ་མཁས་པ། བསྐྱེད་རྫོགས་ཟབ་མོའི་སྙན་བརྒྱུད་ཀྱི་མན་ངག་ཡོད་པ། ཇི་བཞིན་ཉམས་སུ་བླངས་པས་ཕྱི་ནང་གསང་བའི་དྲོད་རྟགས་ཐོན་པ་ཞིག་དགོས་པར་འདུག །འཁོར་ནི། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །འགྲུབ་འགྱུར་མི་ལྡན་དོན་མེད་བརླག །ཅེས་པ་ལྟར་ཡོན་ཏན་དྲུག་དང་ལྡན་པ་སྟེ། སྟོན་པ་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་མཆོད་པའི་ཆོ་ག་ལ་དུས་དྲུག་ཏུ་བརྩོན་ནུས་པ། ལྟ་བའི་སྒྲོ་འདོགས་ཆོད་པས་རྟོགས་པ་གསལ་བ། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་ཉམས་པའི་སེལ་མ་ཞུགས་པ། གསང་སྔགས་ཀྱི་བཟླས་པ་རྒྱུན་མི་བཅད་པ། སྐུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དང་མི་འབྲལ་ཞིང་ལག་གི་ཕྱག་རྒྱ་འཆིང་འགྲོལ་ལ་མཁས་བ་སྟེ། དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་སྟེ། །ལྷག་པའི་ཡོ་བྱད་ལྔ་རྫོགས་བྱ། །ཞེས་པ་ལྟར་ལྷག་པའི་ཡོ་བྱད་ལྔའམ། སྒྲུབ་པའི་ཡོ་བྱད་ལྔ་དང་ལྡན་པའོ། །ལྔ་པ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ནི། སྒྲུབ་ཐབས་ཡན་ལག་བཞི་སྦྱར་བ། །གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལྡན་པས། །དང་པོར་དམ་མནོས་བཞིན་དུ་བྱ། །དམ་བཅའ་ལྡན་པས་འདུས་ཏེ་སྒྲུབ། །ཅེས་པ་ལྟར། ཚོམ་བུ་གཅིག་པ་དང་། གསུམ་པ་དང་། ལྔ་པ་གང་རུང་གི་ལྷ་ཚོགས་ཀྱི་སྒོ་ནས་སྒྲུབ་པ་སྟེ། སྐལ་ལྡན་མིའི་ཚོགས་གྲངས་ངེས་ཅན་དང་མ་ངེས་པ་གང་རུང་གིས། དགྱེས་ལྡན་ལྷའི་ཚོགས་རྩ་བ་གསུམ་གྱི་དཀྱིལ་འཁོར་གང་རུང་དུ། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་སྔར་བཤད་པ་རྣམས་དང་ལྡན་པས། ཚོགས་ཆེན་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་བྱེད་པའོ། །དེ་ལས་འདིར། རྩ་བ་གསུམ་གྱི་སྒྲུབ་ཐབས་བཀའ་གཏེར་དག་སྣང་གི་བཀའ་སྲོལ་ཆེན་པོ་གསུམ་ལས་བྱོན་པའི་ཆོས་སྡེ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པའི་ནང་ནས། སྐབས་སུ་བབས་པ་ནི། ཨོ་རྒྱན་རིན་པོ་ཆེའི་ཞལ་སློབ་ལྷག་མེད་འོད་ལུས་གྲུབ་པའི་སྒོམ་ཆེན་བརྒྱ་རྩའི་ནང་ཚན་ཉང་བན་ཏིང་འཛིན་བཟང་པོའི་སྐྱེ་མཐའ་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་ལས་འཕྲོ་གླིང་པའམ། རིག་འཛིན་འཇའ་ཚོན་སྙིང་པོས་ཉང་ལུང་ཝ་ར་ན་ངོས་ཧམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་སྤྱན་དྲངས་པའི་ཡང་ཟབ་དཀོན་མཆོག་སྤྱི་འདུས་སུ་གྲགས་པའི་རྩ་བ་གསུམ་གྱི་དཀྱིལ་འཁོར་དུ་ཚོགས་ཀྱི་སྒྲུབ་པ་བྱེད་པ་སྟེ། དེ་ཡང་བླ་མ་ནི་དཀོན་མཆོག་གསུམ་འདུས་ཀྱི་ངོ་བོ་ཡིན་པར། རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་དང་། རྩ་བ་གསུམ་དང་སྐུ་གསུམ་ཡང་ངོ་བོ་དབྱེར་མེད་པ་སྟེ། སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ངོ་བོ་བླ་མ་ཆོས་སྐུ་ལཿ
རང་བཞིན་ཡི་དམ་ལོངས་སྤྱོད་རྫོགསཿཐུགས་རྗེ་སྤྲུལ་སྐུ་མཁའ་འགྲོ་མཿ ཞེས་དང་། ཁྱད་པར་དུ་གུ་རུ་རིན་པོ་ཆེ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པར། རྡོ་རྗེའི་གསུང་ལས། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབཿ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༵ཿ ང་ནི་བདེ་གཤེགས་འདུས་པ་ཡིནཿ
ཞེས་གསུངས་སོ། །དེ་ཡན་ཆད་ཀྱིས་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བའི་ཚུལ་ཅུང་ཟད་བཤད་ནས། ད་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་ཚུལ་མདོ་ཙམ་ཞུ་ན། རྒྱུད་གསང་བ་འདུས་པ་ལས། ཞག་བདུན་དང་ནི་ཟླ་ཕྱེད་དང་། །ཟླ་གཅིག་ཟླ་བ་ཕྱེད་དང་གཉིས། །རྡོ་རྗེའི་དམ་ཚིག་བསྒྲུབ་ན་ནི། །དངོས་གྲུབ་ཆེན་པོ་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར། སྒྲུབ་པ་དངོས་གཞི་ཞག་བདུན་བྱེད་པའི་དབང་དུ་བྱས་ན། ནུབ་དང་པོ་ས་ཡི་ཆོ་ག་སྔོན་དུ་འགྲོ་བས། ཕྱི་མཚམས་བཅད་པ་རྒྱལ་ཆེན་སྡེ་བཞི་ལ་བསྲུང་བའི་གཉེར་གཏད། ནང་མཚམས་གཅོད་པ་འཇུག་སྲིད་ཀྱི་དམ་སྲི་མནན་ནས་སྒོ་བྱང་ཕྱི་ནང་གདགས། གསང་མཚམས་མ་ཏྲམ་བསྒྲལ་མནན་དང་། ཁྲོ་བཅུ་རོལ་པས་མཚམས་བཅད། །དེ་ནས་དཀྱིལ་འཁོར་ཐིག་ཚོན་གྱི་བྲི་བ་དང་། རྒྱན་དང་ཡོ་བྱད་བཀོད་ནས། རྡོ་རྗེའི་གྲལ་ལ་འཁོད་དེ་བྱིན་དབབ། ཆོ་གའི་གཞུང་བསྲང་ནས་བསྙེན་པ་དངོས་ལ་འཇུག་པ་ནི་བསྙེན་པ། དེ་ནས་ཞག་གཉིས་ཀྱི་རིང་ལ་སྣོད་བཅུད་རྒྱུད་གསུམ་དག་ཕྱིར་འོད་ཟེར་དཀར་པོ་སྤྲོ་བས་སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་སྦྱང་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱེད་པ་ཉེ་བསྙེན། དེ་ནས་ཞག་གསུམ་ལ་འོད་ཟེར་དམར་པོའི་འཕྲོ་འདུས་རྒྱལ་བ་མཆོད་ནས་དངོས་གྲུབ་བསྡུ་བ། དྲེགས་པ་དབང་དུ་བསྡུས་ནས་ལས་ལ་བཀོལ་བ། སེམས་ཅན་གྱི་སྒྲིབ་པ་སྦྱངས་ནས་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད་དེ་དངོས་གྲུབ་སྒྲུབ་པ་ནི་སྒྲུབ་པ། ནུབ་ཐ་མར་འོད་ཟེར་མཐིང་ཁ་བསྡུ་བའི་སྦྱོར་བས་ཐོ་རེང་གི་དུས་སུ་རང་དོན་དུ་དངོས་གྲུབ་ལེན་པ་དང་། དེ་རྗེས་གཞན་དོན་དུ་དབང་བསྐུར་བ་རྣམས་ནི་སྒྲུབ་པ་ཆེན་པོ་སྟེ་མོས་སློབ་ཙམ་གྱི་དབང་དུ་བྱས་པ་ཡིན་ལ། མདོར་ན་སྒྲུབ་པའི་དབུ་ཚུགས་ནས་མཇུག་གི་བར་དུ་སྒོ་གསུམ་ཐ་མལ་གྱི་དབང་དུ་མི་བཏང་བར། སྣང་བ་ཐམས་ཅད་སྐུ། སྒྲ་གྲགས་ཐམས་ཅད་གསུང་། དྲན་རྟོག་ཐམས་ཅད་ཐུགས་ཏེ། སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་སྣང་བ་དང་མི་འབྲལ་བའི་ངང་ནས་གུ་རུ་སིངྔྷིའི་འཛབ་དབྱངས་ཉིན་མཚན་ཐུན་བཞིར་རྒྱུན་མི་ཆད་པར་མཛད་དགོས་པ་ལགས་ཏེ། གཏེར་ཆེན་རཏྣ་གླིང་པའི་ཐུགས་སྒྲུབ་ཀྱི་ཞལ་གདམས་ལས། ཀྱེ་ཧོ་འདིར་ཚོགས། མི་ལུས་རྙེད། ཅེས་གསུངས་པའི་དོན། རང་ཅག་དཀྱིལ་འཁོར་གཅིག་ཏུ་ཚོགས་པའི་སྐལ་ལྡན་འདུས་པ་ལྕམ་དྲལ་འདི་ཐམས་ཅད་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཚོགས་གཉིས་སྔོན་དུ་སོང་ཞིང་། ཐོས་བསམ་སྒོམ་གསུམ་ལ་བློ་སྦྱང་། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་ལ་བརྟེན་ནས། ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་དང་འཕྲད་དེ། ཚེ་གཅིག་སངས་རྒྱས་སྒྲུབ་པའི་རང་དབང་ཡོད་པའི་སྐབས་འདིར། ལེ་ལོ་དང་བག་མེད་ཀྱི་དབང་དུ་མ་སོང་བར་སྒྲུབ་པ་ལ་སྙིང་རུས་བསྐྱེད་དགོས་ཏེ། ཀུན་མཁྱེན་ཆོས་རྗེས། འཁོར་བའི་འཁྲུལ་སྣང་འཇིགས་པའི་ལམ་འཕྲང་འདྲ། །འདི་ལས་ཐར་ཐབས་དགོས་སོ་སེམས་ལ་ཟུང་། །ད་རེས་འཁྲུལ་ན་གཏན་དུ་འཁྲུལ་བར་འཁྱམས། །དེ་བས་བརྩོན་པ་སྐྱེད་ཅིག་སྙིང་ལ་ཞོག །ཉོན་མོངས་རྒྱ་མཚོ་བདག་འཛིན་བརྒལ་དཀའི་ཚོ། །དལ་འབྱོར་གྲུ་བོས་ད་རེས་བརྒལ་བར་བྱ། །ཐར་ལམ་བྱང་ཆུབ་བརྒྱ་ལམ་རེས་འགའ་ཞིག །བསོད་ནམས་དབང་གིས་སྣང་བའི་གནས་སྐབས་འདིར། །སྙིང་ནས་བརྩོན་པས་ཕན་བདེ་སྒྲུབ་པར་བྱ། །ཅེས་དང་། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། འདི་ལྟ་བུའི་བཀའ་ཟབ་མོ་འདི་ནི་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་སྦྱང་སྦྱངས་པའི་ལས་འཕྲོ་དང་། སྐལ་བར་ལྡན་པ་འགའ་དང་འགའི་སྤྱོད་ཡུལ་ཡིན་གྱི། གང་རུང་རུང་ཀུན་གྱི་ཐུན་མོང་ནི་མ་ཡིན་ནོ། །ཞེས་གསུངས། གསང་སྔགས་བླ་མེད། སྲོག་དང་བརྡོ་དགོས་སྐལ་ལྡན་རྣམས། །ཅེས་གསུངས་པའི་དོན་ཡང་། གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་གྱི་ཞལ་ཕྱེས། ཚོམ་བུ་གཅིག་ཏུ་ཚོགས་ནས་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་ལམ་ཁྱེར་དང་། དུག་གསུམ་མ་སྤང་སྐུ་གསུང་ཐུགས་སུ་གྲོལ་བར་བྱེད་པའི་ཐབས་སྣང་སྲིད་དག་པ་རབ་འབྱམས་ལྷ་ཡི་དཀྱིལ་འཁོར་དུ་སྦྱངས་པའི་སྐབས་འདིར། མི་ཚེ་བསྐལ་པ་མང་པོའི་སྦྱངས་བསྒྲོད་ལ་ལྟོས་དགོས་པ་ལྟ་ཞོག །ཚེ་གཅིག་སྦྱང་རྩོལ་ཙམ་ཡང་མི་དགོས་པར། ཞག་བདུན་དང་། ཟླ་བ་གཅིག་ལ་སོགས་པ། དབང་པོའི་རིམ་པས་མཆོག་ཐུན་གྱི་དངོས་གྲུབ་ལ་སྦྱོར་བར་བཤད་པའི་སྒྲུབ་པ་ཟབ་ཁྱད་ཅན་འདི་འདྲ་བ་ལ་ཞུགས་པའི་ཚེ། བརྩོན་འགྲུས་དྲག་པོས་སྲོག་དང་བརྡོས་ནས་ཉིན་མི་དལ། མཚན་མི་གཉིད་པར་ལྷ་སྔགས་ཆོས་སྐུའི་རྣལ་འབྱོར་ལ་འབད་དགོས་སོ་ཞེས་གདམས་ཏེ་ཀུན་མཁྱེན་བླ་མས། སྙིང་ནས་སྙིང་པོའི་དོན་ལ་མ་འབད་ན། །དལ་ཁོམ་རེས་འགའི་ཆོས་ཀྱིས་ཕན་མི་ཐོགས། །དེ་བས་མི་རྟག་སྐྱོ་ཤས་ཆེར་བསྐྱེད་དེ། །སྐད་ཅིག་མ་ཡེངས་སྒྲུབ་ལ་བརྩོན་འགྲུས་བསྐྱེད། །ཅེས་གསུངས། བར་ཆད་བདུད་ནི། ཤེས་རབ་བསྐྱེད། །ཅེས་པའི་དོན་ནི། ལམ་ཟབ་མོ་སྒྲུབ་པ་ལ་བར་ཆད་བྱེད་པའི་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ཕྱག་བརྣན་དང་བཅས་པ་ནི། ཕ་མ་དང་དགྲ་གཉེན་སྣ་ཚོགས་པའི་ཚུལ་གྱིས་འོངས་ཤིང་ཐར་བའི་ལམ་ལས་ལྡོག་པར་བྱེད་པ་དང་། དངོས་གྲུབ་ཟབ་པ་ན་བར་ཆད་ཀྱི་རྐྱེན་ཡང་ཟབ་སྟེ། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཞེས་གསུངས་པ་ལྟར་ཡིན་པས། ལེ་ལོའི་གཉེན་པོར་བརྩོན་འགྲུས་ཀྱི་དཔུང་བསྐྱེད། དུག་གསུམ་གྱི་དབང་དུ་མི་གཏོང་བར་སྡོམ་གསུམ་མིག་འབྲས་བཞིན་དུ་བསྲུང་། གཏི་མུག་གཉིད་ནི་ཆོས་པའི་དགྲ་ཡིན། མྱོས་བྱེད་ཀྱི་ཆང་ནི་ཆོས་པའི་དུག་ཡིན། དོན་མེད་ཀྱི་ངག་འཆལ་དང་། མཛེས་ཆོས་ཀྱི་འཇོ་སྒེག །གྲོགས་མཆེད་ཀྱི་ནང་དུ་ཁོང་ཁྲོ། རང་མཐོང་གི་ང་རྒྱལ་དང་ཆེ་འགྱིང་སོགས་སྒོ་གསུམ་གྱི་ཉེས་པ་ཐམས་ཅད་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་ཀྱི་ལས་ཡིན་པས། དྲན་ཤེས་བཞིན་བག་ཡོད་གསུམ་ཀྱི་གཉེན་པོ་བསྟེན་ནས་འགོ་བའི་ནད་བཞིན་དུ་སྤོངས་ཤིག །ལམ་སྒྲུབ་པའི་མཐུན་རྐྱེན། བླ་མ་དང་ཡི་དམ་གྱི་ལྷ་ལ་དང་བ་དང་མོས་གུས། བསྐྱེད་རྫོགས་ཟབ་མོ་ལ་བརྩོན་འགྲུས། འཁོར་བའི་ཆོས་ལ་ངེས་འབྱུང་དང་སྐྱོ་ཤས། ལྷ་སྔགས་ཀྱི་བཟླས་སྒོམ་ལ་ཐུན་དྲུག་དང་ཐུན་བཞིར་མི་ཆགས་པའི་བློ་སྟོབས་བསྐྱེད་པར་མཛོད་ཅིག་ཅེས་གསུངས། འདི་འདྲའི་དབང་། བྲོ་བོར་སྐལ་ལྡན་རྣམས། ཅེས་པའི་དོན་ནི། འདི་འདྲ་བའི་རྡོ་རྗེའི་ཐེག་པའི་དབང་དང་སྒྲུབ་པ་ནི་འཇིག་རྟེན་གསུམ་ན་དཀོན་པས་ཡང་ཡང་རྙེད་པར་དཀའ། ད་རེས་བརྩོན་འགྲུས་བསྐྱེད་པ་གལ་ཆེའོ། །སྙིང་ནས་བརྩེ་བའི་བསླབ་བྱ་འདི་རྣམས་ནི་ཐར་ལམ་གྱི་དེད་དཔོན། བྱང་ཆུབ་ཀྱི་ས་མཁན། རྡོ་རྗེ་རྒྱལ་པོའི་བཀའ་ཡིན་པས་གུས་པས་ཉོན་ལ་དང་དུ་ལོངས་ཤིག །གལ་ཏེ་བཀའ་ལས་འདས་ན་ཚེ་འདིར་དངོས་གྲུབ་མི་ཐོབ་ཅིང་། ཕྱི་མར་ངན་སོང་གི་གནས་སུ་རང་གིས་རང་བརླག་པ་ཡིན་པས། བླང་དོར་གྱི་གནས་ལས་མི་འདའ་བར་རང་རང་གི་སྙིང་ལ་དམ་བཅའ་གྱིས་ལ་བྲོ་བོར་ཅིག །དེ་ལྟར་བྱས་ན་ཚེ་འདིར་བསམ་པ་འགྲུབ་ཅིང་། ཕྱི་མ་དག་པའི་ཞིང་ཁམས་ཁྱད་པར་ཅན་རྣམས་སུ་ཚོམ་བུ་གཅིག་ཏུ་སངས་རྒྱས་པ་ལ་ཐེ་ཚོམ་མེད་པ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བཀའ་ཡིན་པར་འདུག་པས་ཀུན་གྱིས་ཐུགས་ལ་འཇོག་པར་ཞུ། རྒྱལ་བ་ཀུན་གྱི་གསང་ཆེན་མཛོད་སོགས་ནས། དར་རྒྱས་ཤོག །བྱང་འདྲེན་པས། ཨོཾ་ཨཱཿཧཱུྃ། སྐྱབས་གནས་མ་ལུས་སོགས་མཐར། སྣང་གྲགས་རིག་གསུམ་སོགས་ཀྱིས་གྲོལ་ལོ། །ཚོགས་གཏམ་ཅི་དགོས་སྐབས་དང་བསྟུན། འགའ་ཡང་ཟེར་རྒྱུ་ལས་རྒྱུ་མ་མང་ན་དགའ། སྐྱབས་མགོན་གོང་མ་དེ་འདྲ་བའི་མཁས་གྲུབ་གཉིས་ལྡན་འཛམ་བུའི་གླིང་ན་དཀོན། དེས་ཀྱང་ཆོས་དང་ལུགས་ཀྱི་བྱ་བ་ཐུགས་བསམ་བཞིན་མ་བྱུང་ན། ད་ཅི་བྱེད། རང་དོན་དམ་པའི་ལྷ་ཆོས་རེ་ཨི་འགྲུབ་དང་། གང་བྱུང་དེས་ཆོག །གུ་ཡང་བློ་བདེ་རེ་ཨི་ཐོན་ལྟོས་དང་བཟང་སྙམ། ལོ་རེར་རེ་རེ་བྲིས་པ་མེད་པ་བྱས་ན་བན་རྒན་གྱིས་བྲི་ཚོད་མི་འདུག །འདི་གས་ཆོག་པར་མཛོད་སྐུ་ཚེ་རིང། །ཞེས་པ་འདི་སྐྱབས་རྗེ་རྒྱལ་བའི་སྲས་པོ་མཆོག་གི་ཡང་སྲིད་སྤྲུལ་པའི་སྐུས་བུམ་སྒྲུབ་ཆེན་མོའི་ཐོག་མའི་ཁྲི་འཛིན་སྐབས་གསུང་རྒྱུའི་ཞལ་བཀོད་ཉུང་བསྡུས་ཤིག་བྲི་དགོས་ཞེས་དབོན་སྙན་གྲགས་ནས་དར་བཅས་ནན་བསྐུལ་ངོར་མཁན་མིང་པདྨ་བཛྲ་པས་བྲིས་པའོ།། དགེའོ།།
རྫོགས་ཆེན་སྒྲུབ་མཆོད་ཆེན་མོའི་ཞལ་བཀོད་ཀྱི་ཡི་གེ་དངོས་གྲུབ་རྣམ་པ་གཉིས་ཀྱི་གཏེར།
༄༅།།རྫོགས་ཆེན་སྒྲུབ་མཆོད་ཆེན་མོའི་ཞལ་བཀོད་ཀྱི་ཡི་གེ་དངོས་གྲུབ་རྣམ་པ་གཉིས་ཀྱི་གཏེར་ཞེས་བྱ་བ་བཞུགས་སོ།། འོ་འདིར་འདུས་པའི་རིག་པ་འཛིན་པའི་དགེ་འདུན་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དང་རིམ་པ་གཉིས་ཀྱི་རྣལ་འབྱོར་གྱིས་ཐུགས་རྒྱུད་ལེགས་པར་གང་ཞིག་ལུང་རྟོགས་ཡོན་ཏན་གྱིས་བརྒྱན་པའི་ཚོགས་པ་རྒྱ་མཚོ་ལྟ་བུའི་སྙན་ལམ་དུ། དམ་པའི་སྐྱེས་བུ་སྔ་མ་རྣམས་ཀྱིས་ཞལ་བཀོད་རེ་གནང་བའི་ལུགས་སྲོལ་ཡོད་པས། ས་བཅད་མི་ཉམས་ཙམ་དུ་ཉུང་བསྡུས་ཞིག་ཞུ་བའི་དབང་དུ་བྱས་ན། ཇི་སྐད་དུ། ཡིད་ཆེས་ངེས་པ་སྦྱིན་པའི་ཕྱིར། །ཐོག་མར་བརྒྱུད་པའི་ལོ་རྒྱུས་བཤད། །ཉམས་ལེན་སྲང་དུ་འཛུད་པའི་ཕྱིར། །སྟོང་ཐུན་སྙིང་པོར་དྲིལ་ཏེ་བཤད། །བསྙེན་སྒྲུབ་མཐའ་རུ་ཕྱིན་པའི་ཕྱིར། །རྒྱུན་གྱི་བསླབ་སྤྱོད་བསྡུས་ཏེ་བཤད། །ཅེས་གསུངས་པ་ལྟར། ཐོག་མར་བརྒྱུད་པ་གང་ལས་བྱུང་བའི་ལོ་རྒྱུས་སྨོས་པའི་དགོས་པ་ནི། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །དེ་ཕྱིར་ལོ་རྒྱུས་བཀྲོལ་ཏེ་བཤད། །ཅེས་གསུངས་པ་བཞིན། བརྒྱུད་པའི་བབ་ཚུལ་མང་ཡང་། འདིར་རྒྱུད་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་རིག་རྣ་བར་བརྒྱུད་པ་སྟེ། །གང་ལ་ཐུག་གི་བར་དུའོ། །ཞེས་པ་བཞིན་བརྒྱུད་པའི་བབ་སྲོལ་ཆེན་པོ་གསུམ་ལས། དང་པོ་རྒྱལ་བ་དགོངས་པས་བརྒྱུད་པ་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་འདི་ཉིད། ངེས་པའི་དོན་དུ་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་གོང་རོལ་ནས་རང་བྱུང་གི་ཡེ་ཤེས་གཟུང་འཛིན་གྱི་སྦུབས་ལས་གྲོལ་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས། གནས་རྣམ་དག་འོག་མིན་སྟུག་པོ་བཀོད་པར་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞིར་བཞུགས་པ་ལ་དཔལ་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་མཚན་གསོལ། ཕྱོགས་བཅུ་དང་དུས་བཞིར་བྱོན་པའི་རྒྱལ་བ་ཐམས་ཅད་དགོངས་པ་གཅིག་དང་ཐ་དད་མེད་པར་གནས་པ་ལ་འཁོར་ཡེ་ཤེས་རྒྱ་མཚོ་ཞེས་བྱ། ཆོས་ཟབ་ཞི་སྤྲོས་པ་དང་བྲལ་བའི་དགོངས་པ་ལས་མི་གཡོ་བར་བཞུགས་པ་ལ་ཆོས་ཀྱི་སྐུའི་གླེང་གཞིར་གྲགས། དེ་ཉིད་ཀྱི་ངང་ལས་འཁོར་སར་གནས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱི་སྣང་ངོར། གནས་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ། འོག་མིན་ཁང་བུ་བརྩེགས་པ་དང་། མངོན་པར་དགའ་བ་ལ་སོགས་པའི་རིགས་ལྔའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར། སྟོན་པ་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་ལ་སོགས་རིགས་ལྔ་གངས་ཆེན་མཚོའི་རྣམ་པར་རོལ་བས། ཆོས་དགོངས་པ་བརྡ་སྒོ་ནས་སྟོན་པར་མཛད་པ་ལ་ལོངས་སྤྱོད་རྫོགས་སྐུའི་གླེང་གཞི་ཞེས་གྲགས། དེ་ཉིད་ཀྱི་ངང་ལ་ནམ་མཁའི་ཟླ་གཟུགས་ཆུ་མཚོར་སྣང་བ་བཞིན། ཐུན་མོང་འཇིག་རྟེན་པའི་སྣང་ངོར་སྤྲུལ་པའི་གཟུགས་བརྙན་ཇི་ལྟར་སྣང་ཚུལ་ནི། རིགས་ལྔ་གངས་ཆེན་མཚོའི་སྐུའི་བ་སྤུའི་ཁོང་བུ་རེ་རེ་ནའང་། སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་སྣང་བ་ལས། བྱེ་བྲག་ཏུ་ཕྱག་མཉམ་བཞག་གི་མཐིལ་དུ་སྤོས་ཆུའི་རྒྱ་མཚོ་འཁྱིལ་བ་ལས་འཁྲུངས་པའི་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཀྱི་ནང་ཚན་ཟེའུ་འབྲུ་དབུས་མའི་སྟེང་དུ་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་བཅུ་གསུམ་པ་མི་མཇེད་ཐུགས་ཀྱི་ཞིང་ཁམས་འདི་ཉིད་ཀྱི་དབང་དུ་བྱས་ན། ཞིང་ཁམས་སྔ་མ་ཞིག་ཆགས་ནས་ཞིག་པའི་རྗེས་སུ། ནམ་མཁའ་སྟོང་པའི་དབྱིངས་སུ་རླུང་གི་དཀྱིལ་འཁོར་ལྗང་ནག་རྒྱ་གྲམ་གྱི་དབྱིབས་ཅན་སྟོང་གསུམ་གྱི་རྒྱ་ཚད་དང་མཉམ་པའི་སྟེང་དུ། ཞི་བ་གསལ་དག་གི་རྒྱ་མཚོ་འཁྱིལ་པའི་ཁར། དབང་ཆེན་གསེར་གྱི་ས་གཞི་ཞོའི་སྤྲིས་མ་ལྟར་ཆགས་པའི་གཞི་ལ། གླིང་བཞི་རི་རབ་ལྷ་གནས་དང་བཅས་པ་བྱེ་བ་ཕྲག་བརྒྱ་སོ་སོར་ལྕགས་རི་མུ་ཁྱུད་དང་བཅས་པས་བསྐོར་ནས་ཡོད་པ་འདི་ལ་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ཐུབ་པ་ཆེན་པོ་གཅིག་གི་གདུལ་ཞིང་དུ་སྣང་། དེར་འདུལ་བྱེད་སྤྲུལ་པའི་སྐུའི་སྣང་ཚུལ་ཡང་། ཇི་སྐད་དུ། གཙང་མའི་གནས་དག་སྤང་བ་ཡི། །འོག་མིན་ཅེས་བྱ་ཉམས་དགའ་བ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་སངས་རྒྱས། །ཞེས་པ་ལྟར། བདག་ཅག་གི་སྟོན་པ་འདི་ཉིད་འོག་མིན་སྟུག་པོ་བཀོད་པར་དཔལ་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པའི་རྗེས་སུ་ལྷོ་འཛམ་བུ་གླིང་གི་ལྟེ་བ་ཡུལ་དབུས་རྡོ་རྗེ་གདན་སྙིང་པོ་བྱང་ཆུབ་ཀྱི་ཤིང་གིས་བརྒྱན་པའི་དྲུང་དུ་སླར་ཡང་འཚང་རྒྱ་བའི་ཚུལ་བསྟན་ནས། ཐོག་མཐའ་བར་དུ་དགེ་བའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། ཁྱད་པར་དུ་གྱུར་པ་གསང་སྔགས་རྡོ་རྗེའི་ཐེག་པ་རྣམས་ནི་རྒྱལ་བ་ཉིད་དང་དགོངས་པ་ཐ་མི་དད་པའི་ཐུགས་ཀྱི་སེམས་དཔའ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། གསུང་གི་སེམས་དཔའ་སྤྱན་རས་གཟིགས། སྐུའི་སེམས་དཔའ་འཕགས་པ་འཇམ་དཔལ་དབྱངས་ལ་སོགས་པ་རྣམས་ལ་འོག་མིན་གྱི་ཞིང་། དགའ་ལྡན་གྱི་གནས། རི་རབ་ཀྱི་རྩེ་མོ། བརྒྱ་བྱིན་གྱི་ཕོ་བྲང་ཏེ། ལྷ་གནས་གསུམ་དང་། གནས་ཡུལ་དུར་ཁྲོད་སོགས་མཁའ་འགྲོ་དང་གྲུབ་པ་ཅན་གྱི་གནས་རྣམས་སུ་གསུངས་ཤིང་གསང་བར་བཀའ་རྒྱས་བཏབ། ཕྱིས་གདུལ་བྱ་དུས་ལ་བབ་པ་ན་མི་ཡུལ་དུ་གྲགས་ཤིང་རྒྱས་པར་འགྱུར་བར་ལུང་བསྟན་ཏེ། སྤྱི་མདོ་དགོངས་པ་འདུས་པ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །ཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཏེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །སྔོན་དུ་ལྟས་སྣང་སྣང་འགྱུར་ཏེ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལངྈའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་གསུངས་པ་བཞིན། སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཅན་གྱིས་རྒྱལ་སྲས་རིགས་གསུམ་སེམས་དཔའ་སོགས་ལ་བརྒྱུད་པ་ནི་རྒྱལ་བ་དགོངས་པའི་བརྒྱུད་པ། དེ་ནས། འཕགས་པ་འཇམ་དཔལ་གྱིས་ཚངས་པ་དང་བརྒྱ་བྱིན་སོགས་ལྷའི་འཁོར་ལ་གསང་སྔགས་རྡོ་རྗེའི་ཐེག་པ་བསྟན་པས། ཚོམ་བུ་འབུམ་དང་བཅས་པ་རིག་འཛིན་གྱི་ས་ལ་གཤེགས་ཏེ་བསྟན་པ་ལྷ་ཡུལ་དུ་གྲགས། འཕགས་པ་སྤྱན་རས་གཟུགས་ཀྱིས་ཀླུ་རྒྱལ་འཇོག་པོ་སོགས་ཀླུའི་འཁོར་ལ་གསུངས་པས། ཚོམ་བུ་འབུམ་དང་བཅས་པ་རིག་འཛིན་གྱི་ས་ལ་གཤེགས་ཏེ་བསྟན་པ་ཀླུ་ཡུལ་དུ་དར། དཔལ་གསང་བའི་བདག་པོས་རི་རབ་ཀྱི་བྱང་ཕྱོགས་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་འཁོར་ལ་བསྟན་པས། ཚོམ་བུ་འབུམ་དང་བཅས་པ་རིག་འཛིན་གྱི་ས་ལ་གཤེགས་པས་བསྟན་པ་གནོད་སྦྱིན་གྱི་ཡུལ་དུ་རྒྱས། དེ་རྣམས་ལ་རིག་འཛིན་མི་མ་ཡིན་གྱི་བརྒྱུད་པ་ཟེར། དེ་ནས་མི་ཡུལ་དུ་ཇི་ལྟར་བྱུང་ཚུལ་ནི། ཐུབ་པའི་དབང་པོ་སྐུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཙམ་ན། དམ་པའི་རིགས་ཅན་དྲྭ་མ་ལྔ་རི་བོ་མ་ལ་ཡའི་རྩེར་འདུས་ནས་གདུང་ཚིག་གིས་གསོལ་བ་བཏབ་པར། བདེ་བར་གཤེགས་པ་རྣམས་ཀྱིས་གསང་བའི་བདག་པོ་ལ་བསྐུལ་བས། གསང་བའི་བདག་པོ་དངོས་སུ་བྱོན་ནས་དྲྭ་མ་ལྔ་སོགས་རིག་པ་འཛིན་པའི་ཚོགས་ལ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར། དེའི་བྱིན་རླབས་ཀྱིས་ས་ཧོར་གྱི་རྒྱལ་པོ་ཛཿལ་ངོ་མཚར་བའི་རྨིས་ལྟས་དང་བཅས་ཏེ་གླེགས་བམ་གྱི་ཆར་བབས། ཕྱག་ན་རྡོ་རྗེས་དབང་བསྐུར་ནས་དོན་གྱི་བརྒྱུད་པ་གཏད། རྡོ་རྗེ་སེམས་དཔའི་ཞལ་མཐོང་། ཚིག་གི་བརྒྱུད་པ་ལི་ཙ་བི་དྲི་མེད་གྲགས་པ་ལས་གསན་ནས། ཀུ་ཀུ་རཱ་ཛ་དང་། ཨུ་པ་རཱ་ཛ་སོགས་ནས་བརྒྱུད་དེ། སྲས་མོ་གོ་མ་དེ་ཝིའི་བར་དུ་ཚོམ་བུ་འབུམ་དང་བཅས་པ་རིག་འཛིན་གྱི་སར་གཤེགས་ཏེ་བསྟན་པ་མི་ཡུལ་དུ་བབས། དེ་རྣམས་ནི་རིག་འཛིན་མི་ཡི་བརྒྱུད་པ་སྟེ། དེ་ཡན་ཆད་ལ་རིག་འཛིན་བརྡའ་བརྒྱུད་དམ། སེམས་དཔའ་རིག་བརྒྱུད་དུ་གྲགས། དེ་ནས་སྲས་མོ་གོ་མ་དཱེ་ཝིའི་སློབ་མ་སློབ་དཔོན་སངས་རྒྱས་གསང་བ་དང་། པཎ་ཆེན་བི་མཱ་ལ། ཨོ་རྒྱན་རྡོ་རྗེ་འཆང་སོགས་ནས་བརྒྱུད་དེ་འཕགས་བོད་གཉིས་ཀར་དར་ཞིང་རྒྱས་པར་གྱུར་པ་ལ་གང་ཟག་སྙན་བརྒྱུད་ཅེས་བྱ། དེ་ལ་བསྟན་པ་སྔ་དར་གྱི་དུས་སུ། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་བཅས་ཐུབ་པའི་བསྟན་པ་ཕྱོགས་ལྷུང་གི་རིས་སུ་མི་གཅོད་པར་ཕྱོགས་ཐམས་ཅད་ནས་བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ་གྱིས་བཟུང་ནས་ཉམས་ལེན་སྙིང་པོར་མཛད་པ་ཡིན། ཁྱད་པར་དུ་ཡང་བསྟན་པའི་སྙིང་པོ་ཚེ་གཅིག་གིས་འཚང་རྒྱ་བའི་ཉེ་ལམ། མདོ་དགོངས་པ་འདུས་པ། རྒྱུད་སྒྱུ་འཕྲུལ་ཞི་ཁྲོ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་སྟེ། དེ་རྣམས་རྒྱུད་རྩ་བཤད། འགྲེལ་ཊིཀ་སྟོང་ཐུན། མན་ངག་ལག་ལེན་དང་བཅས་པ་ལ་མདོ་སྒྱུ་སེམས་གསུམ་ཞེས་ཡོངས་སུ་གྲགས་ཤིང་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་གཞུང་ཤིང་དངོས་ཡིན་ལ། དེ་གསུམ་ཀའི་དབང་། བཤད་པ། མན་ངག །ཕྱག་བཞེས་དང་བཅས་པ་གང་ཟག་གཅིག་ལ་བབས་ནས་བཤད་སྒྲུབ་ཕྲིན་ལས་གསུམ་གྱིས་བསྐྱང་པ་ལ་བསྟན་པའི་བབས་སོ་རྣམ་གསུམ་དུ་གྲགས་པ། དང་པོ་གཉགས་ཆེན་ཡེ་ཤེས་གཞོན་ནུ་སློབ་བརྒྱུད་དང་བཅས་པ། དེ་ནས་གནུབས་ཆེན་སངས་རྒྱས་ཡེ་ཤེས་བརྒྱུད་པ་དང་བཅས་པ། དེ་ནས་ཟུར་ཆེན་མེས་དབོན་རྣམ་གསུམ་སྲས་སློབ་བརྒྱུད་པ་དང་བཅས་པ་རྣམས་བརྒྱུད་པ་གངས་ལ་ཐུག་པའི་ཆུ་མགོ་ལྟ་བུ་ལགས་ཤིང་། ཕྱིས་དུས་བསྟན་པ་ཉམས་དམའ་བའི་སྐབས་སུ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པ་སྐུ་མཆེད་ཡབ་སྲས་བརྒྱུད་པ་དང་བཅས་པའི་བཀའ་དྲིན་ལས་སླར་ཡང་བསྟན་པ་གཞི་གཞེངས་སུ་སློང་བར་མཛད་པའི་རིང་ལུགས་རྣམ་པར་དག་པ་འདི་ཉིད། དེང་སང་མདོ་ཁམས་སྨད་ཀྱི་ཕྱོགས་འདིར་ཅུང་ཟད་རེ་དར་བ་ནི། གྲུབ་དབང་རིན་པོ་ཆེའི་སྐུ་རབས་གསུམ་པ་ཨ་ཏི་བསྟན་པའི་རྒྱལ་མཚན་ངེས་དོན་བསྟན་འཛིན་དཔལ་བཟང་པོ་དེ་ཉིད་ཀྱི་ཐུགས་བསྐྱེད་རླབས་པོ་ཆེའི་བཀའ་དྲིན་ལས་བྱུང་བ་ད་ལྟའི་བར་དུ་བཤད་སྒྲུབ་ཀྱི་རྒྱུན་མ་ཉམས་པར་ཡོད་པ་འདི་བཞིན་ལགས། །དེ་ཡན་ཆད་ཀྱིས་བརྒྱུད་པའི་ལོ་རྒྱུས་མདོར་བསྡུས་ཙམ་སོང་ནས། དངོས་གཞི་བསྙེན་སྒྲུབ་ཀྱི་སྟོང་ཐུན་ཉུང་ཙམ་ཞིག་ཞུ་ན། སྤྱིར་ལམ་ངེས་རྫོགས་དང་། མོས་སློབ་ཀྱི་དབང་དུ་བྱས་པའི་བསྙེན་སྒྲུབ་ཡན་ལག་བཞིའི་རྣམ་བཞག་སོ་སོར་ཡོད་ཀྱང་། ད་རེས་ཀྱི་སྐབས་སུ་ཚོམ་བུ་ཚོགས་སྒྲུབ་ཀྱི་ས་བཅད་ལྟ་བུའི་མོས་སློབ་ཀྱི་སྒྲུབ་མཆོད་ཞག་བདུན་མ་འདི་ལྟ་བུའི་དབང་དུ་བྱས་ན། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་སྟེ། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བའི་སྐབས་འདིར། དབང་ཐོབ་ཅིང་དམ་ཚིག་རྣམ་པར་དག་པའི་གང་ཟག་རྣམས་ཀྱིས་གཞི་བསྙེན་སྔོན་དུ་སོང་བའི་དབང་དུ་བཏང་ནས་སྒྲུབ་པ་ཆེན་པོའི་དངོས་གཞི་ལ་འཇུག་པའི་སྐབས་འདིར། ཇི་སྐད་དུ། སྟོན་འཁོར་གནས་དང་སྒྲུབ་པའི་ཐབས། །སྒྲུབ་པའི་ཡོ་བྱད་སྒྲུབ་པའི་དུས། །ཐམས་ཅད་ཕུན་སུམ་ཚོགས་ལྡན་ན། །དངོས་གྲུབ་མཆོག་ལ་སྦྱོར་བར་ངེས། །ཞེས་བཤད་པ་བཞིན། སྒྲུབ་དུས་ཀྱི་ཕུན་སུམ་ཚོགས་པ་ལྔའམ་དྲུག་སྟེ། དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་དངོས་སྣང་མི་ཡི་ཟོལ་དུ་བསྟན་པ་གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་དག་ཆེན་ཡེ་ཤེས་ཀྱི་ཟློས་གར་ལྔ་པ་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཐེག་མཆོག་བསྟན་འཛིན་འཇིགས་མེད་གྲུབ་པའི་སྡེ་ཞེས་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་དང་། རྡོ་རྗེ་རྒྱལ་ཐེབས་སློབ་དཔོན་དང་དགོངས་པ་མཉམ་པ་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་དབྱིངས་འོད་གསལ་དང་། ཁྱད་པར་ད་རེས་ཀྱི་སྐབས་སུ་གདུང་རྒྱུད་ལྷ་ལས་བབས་ཅིང་། ཆོས་རྒྱུད་གྲུབ་བ་ཐོབ་པའི་གང་ཟག །བསོད་ནམས་སྟོབས་ཀྱི་དཔུང་པ་བཙན་པོས་མདོ་ཁམས་ས་ཡི་ཐིག་ལེར་དབང་བསྒྱུར་བའི་ས་སྐྱོང་མི་ཡི་དབང་པོ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་གསེར་གྱི་ཕྲེང་པ་རིམ་པར་བྱོན་པ་ལས། བདེ་ཆེན་བསོད་ནམས་བཟང་པོ་ཡབ་སྲས་ནས་རིམ་པར་བརྩིས་པའི་ཁྲི་རབས་བཅུ་པ་ཁྲི་ཆེན་བླ་མ་སངས་རྒྱས་བསྟན་པའི་དུས་སུ་གྲུབ་དབང་པདྨ་རིག་འཛིན་ཡབ་སྲས་དང་མཆོད་ཡོན་ཟུང་དུ་འདྲེལ་བ་ནས་བཟུང་སྟེ། ད་ལྟ་ཁྲི་རབས་བཅོ་བརྒྱད་པ་ལྷ་སྲས་མི་ཡི་དབང་པོ་སྐུ་མཆེད་གདན་འཛོམས་པའི་བར་དུ། བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་ཤིང་། ལུགས་གཉིས་ཉི་ཟླའི་དཀྱིལ་འཁོར་ལ། མི་མཐུན་སྤྲིན་གྱིས་མ་སྒྲིབ་པའི་དགེ་མཚན་མངོན་དུ་གྱུར་ཏེ། འདུས་པ་ཆེན་པོའི་དཀྱིལ་འཁོར་དུ་གསེར་ཞལ་ལྷན་རྒྱས་སུ་བཞུགས་པའི་སྐལ་བ་བཟང་པོ་འདི་བཞིན་དང་། གཞན་ཡང་ཀརྨ་གདང་ཆེན་སོགས་འཁོར་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ། དཔལ་ཆེན་པོ་ཧེ་རུ་ཀས་བདེ་ཆེན་རོལ་པ་ཚོགས་ཀྱི་འཁོར་ལོའི་གནས་སུ་བྱིན་གྱིས་བརླབས་པའི་མདོ་ཁམས་གངས་ར་ཉེར་ལྔའི་ནང་ཚན། ཡོན་ཏན་གནས་ཀྱི་གཙོ་བོ། རུ་དམ་གངས་ཀྱི་ར་བ། རྒྱུད་སྡེ་ནས་བཤད་པའི་གནས་ཀྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་ཆེན་པོར། སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ལུང་ཆེན་ཨ་ནུ་ཡོ་གའི་རྩ་བའི་རྒྱུད་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་རྩ་བའི་དཀྱིལ་འཁོར་ཚོགས་ཆེན་འདུས་པ་དང་། དེའི་ཡན་ལག་གི་དཀྱིལ་འཁོར་བསྟན་པ་རྒྱས་བྱེད་གནས་བརྟན་མཆོད་པའི་ཆོ་ག་དང་། ཕྱི་སྒོ་འཇིག་རྟེན་པ་མཆོད་པའི་ཐབས་གཏོར་མ་ཆ་གསུམ་གྱི་ཆོ་ག་དང་གཉིས། རྒྱུད་མ་ཧཱ་ཡོ་ག་ལ་ཏནྟྲ་སྡེ་བཅོ་བརྒྱད་ལས། སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་དཔལ་ལྡན་གསང་བའི་སྙིང་པོའི་རྩ་བའི་དཀྱིལ་འཁོར་ཞི་བ་ལྷུན་གྱིས་གྲུབ་པ་དང་། ཁྲོ་བོ་མངོན་པར་རོལ་པའི་སྒྲུབ་དཀྱིལ་གཉིས། བྱེ་བྲག་སྒོས་རྒྱུད་ཀྱི་ནང་ཚན་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་རྩ་བ་འཁོར་ལོས་སྒྱུར་བ་དྲུག་གི་སྒྲུབ་དཀྱིལ། རོལ་པ་ལག་ལེན་དུ་སྟོན་པའི་རྒྱུད་སྡེ་ལྔའི་ནང་ཚན་འཇམ་དཔལ་གཤིན་རྗེ་རོལ་པའི་རྒྱུད་ལས། འཇམ་དཔལ་མ་རུ་རྩེ་དམར་པོའི་རྒྱུད་ལ་བརྟེན་པ། གཤིན་རྗེ་གཤེད་དམར་པོ་དང་། འཇམ་དཔལ་གཤིན་རྗེ་གསང་བ་དེ་ཁོ་ན་ཉིད་ཁ་ཐུན་ནག་པོའི་རྒྱུད་ལ་བརྟེན་པ། ཁ་ཐུན་ནག་པོའི་སྒྲུབ་དཀྱིལ་གཉིས། ཧེ་རུ་ཀ་རོལ་པའི་རྒྱུད་ལས། ཐུགས་ཀྱི་རྒྱུད་གལ་པོ་ལེའུ་དགུ་པ་སོགས་ལ་བརྟེན་པ། དཔལ་ཡང་དག་ཟླ་གམ་དགུ་པའི་སྒྲུབ་དཀྱིལ། ཕྲིན་ལས་ཕུར་པ་རོལ་པའི་རྒྱུད་ལས། རྡོ་རྗེ་ཁྲོས་པ་ཕུར་པ་རྩ་བའི་རྒྱུད་དང་། ཕུར་པ་ཕྲིན་ལས་ཀརྨ་ལས་ཀྱི་རྒྱུད་སོགས་ལ་བརྟེན་པ། ཕུར་པ་རོང་ཟོམ་ལུགས་དང་། རོག་ལུགས་ཀྱི་སྒྲུབ་དཀྱིལ་གཉིས། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔའི་ནང་ཚན། གླང་ཆེན་རབ་འབོག་ལས་བཀོལ་པ། ཀལྤ་དུམ་བུའི་རྒྱུད། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལ་བརྟེན་པ། མཚམས་མེད་ལྔ་སྦྱོང་ཞི་ཁྲོ་ན་རག་དོང་སྤྲུག་གི་སྒྲུབ་དཀྱིལ། བཀྲ་ཤིས་ཚེ་ཡི་སྒྲུབ་པ་བདུད་རྩི་འཁྱིལ་པ་འཆི་མེད་ཚེ་ཡི་རྒྱུད་ལ་བརྟེན་པ་སློབ་དཔོན་སངས་རྒྱས་གསང་བའི་ལུགས་ཀྱི་སྒྲུབ་དཀྱིལ། རྒྱུད་ལུང་གཉིས་ཀའི་ཐུན་མོང་གི་བཀའ་སྲུང་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་དཀྱིལ། དཔལ་མགོན་པོ་གསང་བ་སྙིང་གི་འཁོར་ལོ་དངོས་གྲུབ་འབྱུང་བའི་རྒྱུད་དང་། དུར་ཁྲོད་མངོན་པར་རོལ་པ་མཚོན་ཆའི་འཁོར་ལོའི་རྒྱུད་གཉིས་ལ་གཙོ་བོར་བརྟེན་པ་སྟེ། རྒྱུད་ལུང་གི་དཀྱིལ་འཁོར་བཅུ་བཞི། བྱིན་རླབས་ཀྱི་རྩ་བ་བླ་མའི་སྒྲུབ་པ་ལ་ཞི་བ་བླ་མའི་བཀའ་བབས་གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་གངས་རིའི་ཁྲོད་ཀྱི་ཚེས་བཅུའི་མཆོད་པ་ཀུན་གྱི་ཕྱི་མོར་གྱུར་པ། བླ་མ་གསང་བ་འདུས་པའི་སྒྲུབ་དཀྱིལ། དྲག་པོ་འོ་བྲན་དཔལ་གྱི་དབང་ཕྱུག་ལས་བརྒྱུད་པ་འོ་བྲན་བྲག་དམར་དུ་གྲགས་པ། གུར་དྲག་བཀའ་མའི་སྒྲུབ་དཀྱིལ་དང་བཅས་པ་དེ་རྣམས་ནི། སྨིན་གྲོལ་གྱི་བརྒྱུད་པ་མ་ཆད། བྱིན་རླབས་ཀྱི་ཚན་ཁ་མ་ཉམས། དངོས་གྲུབ་ཀྱི་ཆུ་བོ་མ་སྐམ། ཕྱག་བཞེས་ཀྱི་ལག་ལེན་མ་འཕྱུག་པར་བྱོན་པའི་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་དང་། སྒྲུབ་པའི་ཡོ་བྱད་ཕུན་སུམ་ཚོགས་པ། སྤྱིར་སྒྲུབ་རྫས་མཆོད་པའི་ཡོ་བྱད། འཚོ་བ་ཟས་ཀྱི་ཡོ་བྱད། དགྲ་བཟློག་མཚོན་གྱི་ཡོ་བྱད། ནད་བཟློག་སྨན་གྱི་ཡོ་བྱད་རྣམས་དང་། དེ་ལས་ཁྱད་པར་དུ་གྱུར་པ་ཤ་ལྔ་བདུད་རྩི་ལྔ་སོགས། བཟའ་དང་བཏུང་བའི་ཡོ་བྱད། དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་རྒྱན་བརྒྱད་སོགས། རྒྱན་དང་བགོ་བའི་ཡོ་བྱད། བཟླ་བའི་སྔགས། བརྗོད་པའི་ཚིག །གླུ་དབྱངས་ཀྱི་སྒྲ། རོལ་མོའི་འགྱུར་བ་དང་སྡེབ་པའི་གླུ་ཚིག་སྒྲ་ཡི་ཡོ་བྱད། རྐང་པའི་བྲོ་དང་འཇུག་སྟངས། ལག་པའི་གར་དང་སྟངས་སྟབས། ཏིང་འཛིན་ཕོ་ཉའི་འཕྲོ་འདུ་བཅས་བྲོ་གར་འདུ་འཕྲོའི་ཡོ་བྱད། མཆོག་ཐུན་དངོས་གྲུབ་ཀུན་གྱི་ཉེ་རྒྱུ། ཨ་ལི་ཀ་ལིའི་ཡོ་བྱད་རྣམས་ལེགས་པར་ཚང་ཞིང་ཚོགས་ན་དངོས་གྲུབ་མྱུར་དུ་འགྲུབ་པ་སྟེ། གསང་བའི་སྙིང་པོའི་རྒྱུད་ལས། བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཨ་ལི་ཀ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར་ལགས་ཤིང་། དུས་ཕུན་སུམ་ཚོགས་པ། མཉམ་མེད་ཤཱཀྱའི་རྒྱལ་པོས་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་དུ་དུས་ཀྱི་འཁོར་ལོ་གསུང་བའི་དུས་ཆེན་ནག་པ་ཟླ་བའི་ཚེས་བཅུ་དགུ་ནས་བརྩམས་ཏེ། ནུབ་དང་པོར་ས་ཡི་ཆོ་ག་དང་འདྲེལ་བར་སྒྲུབ་ཆེན་གྱི་ཡན་ལག །རྒྱལ་ཆེན་ཐོ་འཛུགས། དམ་སྲི་མནན་པ། ཕྱི་ནང་གི་སྒོ་བྱང་གདགས་པ། ཁྲོ་བོ་རོལ་པའི་རྩ་འཆམ་རྡོ་རྗེའི་བྲོ་གར་ཆེན་པོས་ས་གཞི་བཟུང་ཞིང་བསྲུང་བ་བཅས་ལེགས་པར་གྲུབ། ནུབ་གཉིས་པ་ནས་ཡན་ལག་རབ་གནས་དང་། ཐིག་ཚོན་གྱི་ལས་རིམ། དེ་རིང་གི་སྐབས་སུ་དཀྱིལ་འཁོར་བཀོད་པ། མ་ཊཾ་བསྒྲལ་མནན། དཀྱིལ་འཁོར་རབ་གནས། བྱིན་དབབ་ཏེ་གཟི་བྱིན་བསྐྱེད་པ། སང་བསྙེན་པ་མགོ་འཛིན་གྱི་ཚུལ་དུ་བྱ་བ་རྣམས་ནི་བསྙེན་པའི་ཡན་ལག །འདི་ནས་བཟུང་སྟེ་དངོས་གཞིའི་དུས་ཐམས་ཅད་དུ། ཆོ་ག་རང་རང་གི་གཞུང་ནས་འབྱུང་བ་ལྟར། ཏིང་འཛིན་གསུམ་དང་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བའི་བསྐྱེད་རིམ་ལ་བརྟེན་ནས་བདག་མདུན་བུམ་གསུམ་ཐ་མི་དད་པར་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་བསྒོམ་ནས། བསྙེན་པའི་སྐབས་སུ་དམ་ཡེ་ཐ་དད་དུ་ཛབ་ཁང་ཕྱེ་ནས་གསལ་བ་གསུམ་ལྡན་གྱི་བཟླས་པ་ལ་འབད་དགོས་པ་ནི་ཐམས་ཅད་འདྲ་ལ། ཁྱད་པར་ནུབ་དང་པོའི་བསྙེན་པའི་སྐབས་ནས་བཟུང་སྒྲུབ་པའི་ཕྱེད་ཡན་ཆད་དུ་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་ཁོ་ན་སྤྲོ་བས་སྣོད་ཀྱི་འབྱུང་བ་ལྔ་དབྱིངས་ཀྱི་ཡུམ་ལྔར་དག་པར་བྱེད་པ་དང་། བཅུད་ཀྱི་ཕུང་པོ་ལྔ་སྐུ་ལྔར་དག་པ། རྒྱུད་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པར་བྱེད་པའི་དགོངས་པ་སྲོག་ཏུ་བཟུང་ནས་བཟླས་པས་སྐུའི་དངོས་གྲུབ་སྒྲུབ་པར་བྱེད་པ་ཉེ་བསྙེན་གྱི་ཡན་ལག་དང་། སྒྲུབ་པའི་ཕྱེད་ཕྱི་མ་ནས་འོད་ཟེར་དམར་པོ་ཕར་སྤྲོ་བས་དངོས་གྲུབ་དབང་དུ་བྱེད་པ་དང་། ཡེ་ཤེས་ཀྱི་ལྷའི་ཐུགས་ཀའི་འོད་ཟེར་དམར་པོ་ཚུར་འདུས་པས་དངོས་གྲུབ་བསྡུ་བ་སྟེ། འཕྲོ་འདུ་བསྣོལ་མས་སྒྲུབ་པས་གསུང་གི་དངོས་གྲུབ་སྒྲུབ་པར་བྱེད་པ་སྒྲུབ་པའི་ཡན་ལག་དང་། ནུབ་ཐ་མའི་ཚེ་འོད་ཟེར་མཐིང་ག་ཁོ་ན་ཚུར་བསྡུ་བས་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྱེད་པ་སྒྲུབ་ཆེན་གྱི་ཡན་ལག་སྟེ། དེ་ལྟ་བུས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་དུ་བསྒྲུབ་ནས་སྦྱིན་བསྲེག་གི་ཆོ་གའི་སྒོ་ནས་སྒྲུབ་དཀྱིལ་གྱི་ལྷ་མཉེས་པར་བྱེད་པ་དང་། འབྲས་བུ་རིག་པ་འཛིན་པའི་གོ་འཕང་ལ་སྦྱོར་བའི་རྟེན་འདྲེལ་སྒྲིག་བྱེད་དུ། བདག་དོན་དུ་དངོས་གྲུབ་ལེན་པའི་ཆོ་ག་དང་། གཞན་དོན་དུ་སྒྲུབ་དབང་བསྐུར་ཞིང་། མར་མེ་སྨོན་ལམ་གྱིས་མཐའ་བརྒྱན་པ་ཡན་ཆད་སྒྲུབ་པའི་དངོས་གཞི་དང་། དེ་ནས་ཕྱི་ནང་གི་མཚམས་དཀྲོལ་ཞིང་ཐོ་བྱང་བསྡུ་བ། རྡུལ་ཚོན་ཆུ་བོར་གཤེགས་ཤིང་། བཀྲ་ཤིས་པའི་མེ་ཏོག་གི་ཆར་འབེབས་ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱིས་ཁྱབ་པར་བྱེད་པ་རྣམས་ནི་མཇུག་གི་ཆོ་ག་སྟེ། སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་ག་རྣམ་པར་དག་པ་ཕྱག་ལེན་དུ་བསྟར་བ་ནི། དངོས་གཞིའི་སྟོང་ཐུན་མདོ་ཙམ་ཞུས་པ་ལགས། དོན་གསུམ་པ་རྒྱུན་གྱི་བསླབ་སྤྱོད་ནི། འདིར་ཚོགས་པ་ཐམས་ཅད་སྡོམ་པ་གསུམ་གྱིས་རྒྱུད་བསྡམས་པའི་སུམ་ལྡན་གྱི་རྡོ་རྗེ་འཛིན་པ་ཤ་སྟག་ཚོགས་པའི་དབང་དུ་བྱས་ན། ཕྱི་སོ་ཐར་གྱི་བཅའ་ཁྲིམས་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། ཆོས་གོས་རྣམ་གསུམ་ལེགས་པར་བཞེས་ལ་ཆབ་ལེན། གུང་ཚིགས་སོགས་མདོ་དང་མཐུན་པའི་སྤྱོད་པ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཐུགས་རྒྱུད་ལེགས་པར་གང་བས་ཞི་དུལ་དྲན་ཤེས་བག་ཡོད་ཀྱི་སྤྱོད་པ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྤྱིའི་མཛད་སྤྱོད་ལས་མི་འདའ་བ་དང་། ཁྱད་པར་དུ་གསང་སྔགས་རྡོ་རྗེའི་ཐེག་པའི་ལམ་གྱི་རྩ་བ། ལམ་གྱི་ཡོན་ཏན་ཐམས་ཅད་ཀྱི་སྲོག་འཛིན་པ་དམ་ཚིག་རྣམ་པར་དག་པ་ལ་རག་ལས་པར་གསུངས་པས། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་མིག་གི་འབྲས་བུ་བཞིན་བསྲུངས་ནས་རྡོ་རྗེ་སློབ་དཔོན་གྱི་བཀའ་ལས་མི་འདའ་ཞིང་། མོས་གུས་ཀྱི་གདུང་ཤུགས་ཆེ་བ། རྡོ་རྗེའི་མཆེད་གྲོགས་ལ་དག་སྣང་སྦྱངས་ཤིང་བརྩེ་གདུང་གི་འདྲེལ་ཐག་མ་ཆད་པ། སྒོ་གསུམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བས་ལྷ་སྔགས་ཏིང་འཛིན་གསུམ་ལ་རྒྱུན་དུ་གནས་པ་རྣམས་དང་། ཁྱད་པར་དུ་སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི་ཞེས་གྲགས་པ། ལེ་ལོ་སྤངས་ཏེ་ཐུན་བཞིའི་རྣལ་འབྱོར་ལ་བརྩོན་པ། དྲན་ཤེས་ཉམས་ཤིང་སྲུང་སྡོམ་ཤོར་བའི་རྒྱུ་ཆང་ལ་དུག་ལྟར་འཛེམ་ནས་སྤོང་བ། ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་གཉིད་རྨུག་གི་དབང་དུ་མི་བཏང་བ། གསང་བའི་བརྡ་སྲུང་ཞེས་པ་གསང་བ་བཅུའི་དམ་ཚིག་ལས་མི་འདའ་བ་སྟེ་འདི་རྣམས་ལྷག་པར་ཡང་གལ་ཆེ་ཤོས་ལགས་པས་ཐུགས་ལ་བཞག་ནས་བླང་དོར་མཛད་པའི་བཀའ་དྲིན་མི་ཆུང་བར་ཞུ་ཞེས་གསོལ་བ་འདེབས་པ་ལགས། །དེས་ཞལ་བཀོད་ཀྱི་ས་བཅད་མི་སྟོང་ཙམ་ཞུས་གྲུབ་ཅིང་། གཞན་གསུང་དགོས་གང་ཡོད་གསུང་ནས་མཇུག་བསྡུས་ཏེ་བཞག་གོ། །ཞེས་པའང་དཔོན་སློབ་མཆོག་སྤྲུལ་རིན་པོ་ཆེའི་དགོངས་བཞེད་བཞིན་མཁན་མིང་པདྨ་བཛྲ་པས་བྲིས་ཏེ་ཕུལ་བའོ།། དགེའོ།།
བཀའ་བརྒྱད་སྨན་སྒྲུབ་སྐབས་གྲལ་བཀོད་མངའ་གསོལ་གྱི་སྟོང་ཐུན་ཉེར་བསྡུས།
༄༅།།བཀའ་བརྒྱད་སྨན་སྒྲུབ་སྐབས་གྲལ་བཀོད་མངའ་གསོལ་གྱི་སྟོང་ཐུན་ཉེར་བསྡུས་བཞུགས།། སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་འགོད་པའི་སྐབས་རྒྱལ་ཚབ་བམ་རྒྱལ་ཐེབས་ཀྱི་གཙོ་བོ་གྲལ་བཤམས་སུ་བཞེངས་ཞྭ་ཆོས་བཅས་ཏེ། དེ་ཡང་བཀྲ་ཤིས་ཤིང་དགེ་མཚན་རབ་ཏུ་རྒྱས་པའི་དུས་ཀྱི་ཆར་སྒྲུབ་སྡེ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་དང་འདྲེལ་བའི་བདུད་རྩི་སྨན་གྱི་སྒྲུབ་པ་དངོས་གྲུབ་རྣམ་གཉིས་ཀྱི་གཏེར་དུ་གྱུར་པ་ཉིད་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་ལག་ལེན་ཏུ་བསྟར་བའི་སྐབས་སུ་བབ་པ་སྟེ། ལམ་རིམ་ལས། དེ་ཡང་ཐོག་མར་གནས་དང་དུས། །ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། །སྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡི། །གཞི་དང་སྦྱོར་བའི་གཞུང་རྫོགས་བྱ། །ཞེས་པས་ད་ལན་གང་དུ་སྒྲུབ་པའི་གནས་ཕུན་སུམ་ཚོགས་པ་ནི། སྤྱིར་སྐལ་བཟང་སངས་རྒྱས་སྟོང་གིས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞིང་ཁམས་ཁྱད་འཕགས་འཛམ་བུ་གླིང་གི་ནང་ཚན་ཡུལ་ཆེན་ཉེར་བཞིའི་ཡ་གྱལ། བོད་ཡུལ་ཁ་བ་ཅན་གྱི་ལྗོངས། འཕགས་མཆོག་ཐུགས་རྗེ་ཆེན་པོའི་གདུལ་ཞིང་། བྱེ་བྲག་མདོ་ཁམས་ས་ཡི་ཐིག་ལེ། འབྲི་རྫ་ཟལ་མོ་སྒང་གི་ཉེ་ཞོལ། ཡོན་ཏན་དུ་མ་དང་ལྡན་པའི་ཡུལ་གྱི་དབུས། གྲུབ་པའི་སློབ་དཔོན་ཆེན་པོ་ཐང་སྟོང་རྒྱལ་པོ་སོགས་གྲུབ་བརྙེས་ཀྱི་རིག་འཛིན་ས་ཐོབ་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡེ་ཤེས་ཀྱི་སྐུ་དང་། བསམ་བཞིན་སྲིད་པ་ཉེ་བར་བཟུང་བའི་གནས། གསར་རྙིང་ཡོངས་རྫོགས་ཀྱི་བསྟན་པའི་མངའ་བདག །དཔལ་ས་སྐྱ་པ་ཆེན་པོ་ཡབ་སྲས་ཀྱི་བརྒྱུད་འཛིན། ལྷུན་གྲུབ་སྟེང་གི་ཆོས་སྡེ་དང་སྦྲེལ་བའི་རྒྱལ་ཁབ་ཆེན་པོ། ཆོས་ནོར་འདོད་ཐར་གྱི་སྡེ་བཞི་དང་དགེ་བཅུའི་འབྱོར་པ་རྒྱས་པའི་ཕོ་བྲང་བསམ་འགྲུབ་མཐོང་གྲོལ་ཆེན་མོའི་ཕུར་ཁང་བདུད་དཔུང་ཟིལ་གནོན་ཀྱི་ཚོམས་ཆེན། གཙུག་ལག་གི་གཞུང་ནས་བཤད་པའི་སའི་དཔལ་ཁ་དང་། ལས་བཞི་སྒྲུབ་པའི་མཐུན་རྐྱེན་མ་ཚང་བ་མེད་པ། བྱིན་རླབས་ཀྱི་ཟིལ་དང་ལྡན་ལ་ཡོན་ཏན་མཐའ་དག་ཚང་བ། གང་གི་ཚེ་སྒྲུབ་པའི་དུས་ཕུན་སུམ་ཚོགས་པ་ཐོག་མཐའ་དབྱེར་མེད་དུས་བཞི་མཉམ་པ་ཆེན་པོའི་ངང་ལས། ཀུན་རྫོབ་གདུལ་བྱའི་སྣང་ངོར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་བླ་མེད་དུས་ཀྱི་འཁོར་ལོ་ལ་སོགས་རྩ་བའི་རྒྱུད་རྒྱལ་ཆེན་པོ་རྣམས་གསུངས་ཤིང་སངས་རྒྱས་གཉིས་པ་པདྨ་ཀཱ་ར་གདུལ་བྱ་གཞན་སྣང་དུ་སློབ་དཔོན་པྲ་ཆེན་ཧསྡིའི་སྤྱན་སྔར་ཡོ་གའི་གདམས་པ་གསན་ཅིང་གུ་རུ་བློ་ལྡན་མཆོག་སྲེད་དུ་གྲགས་པའི་དུས། རྒྱུ་སྐར་ནག་པའི་ལྷ་མོ་ཉ་བའི་དཀར་ཕྱོགས་ཀྱི་གཟའ་སྐར་སྦྱོར་བྱེད་ཤིས་པ་རྒྱལ་བ་དང་པོའི་དུས་འདིར། གང་ལ་བརྟེན་ནས་བསྒྲུབ་པའི་རྫས་དང་ཡོ་བྱད་ཕུན་སུམ་ཚོགས་པ། སྒྲུབ་པ་རྟེན། མཆོད་པ་རྫས། འཚོ་བ་ཟས། ནད་བཟློག་སྨན། རྐྱེན་བཟློག་ཐབས་ཀྱི་ཁྱད་པར་སྤྱི་དང་། ཁྱད་པར་དུ་ཡང་། བདུད་རྩིའི་རྒྱུད་ལས། གཙོ་བོའི་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམ་རྫས་རྩི་བཅུད་སྨན་དུ་སྦྱར། །ཞེས་གསུངས་པའི་གཙོ་བོ་མཆོག་གི་དམ་རྫས་རང་བྱུང་བདུད་རྩི་ལྔ་སོགས་ལ་རིགས་མཐུན་གྱི་རྩི་བཅུད་སྨན་དུ་གྱུར་ཚད་སྦྱར་བས་རྩ་བ་བརྒྱད་དང་ཡན་ལག་སྟོང་དུ་གྲུབ་པ། ཚོལ་བ་དང་བསྲེལ་བ་ལ་མཁས་པས་ལེགས་པར་སྦྱར་ནས་སྦྱངས་པ་དང་། བཏགས་བཙག་སྦོལ་ཞིང་གཞལ་ལ་རྒྱས་བཏབ་སྟེ་དཀྱིལ་འཁོར་གྱི་དབུས་སུ་བྱིན་རླབས་ཀྱི་གཟི་བྱིན་ཐིབས་སེ། དྲི་བཟང་གི་ངད་པ་ཐུལ་ལེ། སྨན་སྲུང་རིག་འཛིན་གྱི་འདུ་འཕྲོ་ཚུབས་སེ་མངའ་གསོལ་བ་ནི། སྣང་སྲིད་བདུད་རྩིར་བསྒྱུར་བའི་རྟེན་འདྲེལ་གྱི་རྫས་ཐུན་མོང་མ་ཡིན་པ་ལགས། དེ་ལྟར་གང་གིས་སྒྲུབ་པ་པོ་ནི། རྟོགས་པས་རང་རྒྱུད་གྲོལ་ནས་གཙང་རྨེའི་བླང་དོར་ཟད་ཅིང་སྦྱངས་རྟོགས་སྤར་བའི་ནུས་པ་ཐོབ་པ་ཤ་སྟག་དགོས་པར་བསྟན་པ་ལྟར་ཚོགས་ན་ཤ་ལྔ་སོགས་དངོས་བསྟན་སྦྱར་དུ་རུང་བར་གསུངས་ལ། དེ་ལས་གཞན་དུ་གོང་མ་ཁྱད་པར་ཅན་གྱིས་སྒྲུབ་པའི་རྫས་ལ་གཙོ་བོར་བརྟེན་དགོས་ཞེས་གསུངས་པ་ལྟར་ལས། ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་པ་ཁྱད་པར་འཕགས་པའི་ཕབ་རྒྱུན་འཁྲུལ་མེད་ལ་གཞི་བྱས། སྒྲུབ་པ་པོ་ཡང་། རྒྱལ་བསྟན་རིན་པོ་ཆེའི་སྒྲོན་མེ་ཡུན་རིང་དུ་འབར་བ་དང་། གཞན་སྣང་དགེ་ལ་བསྒྱུར་བ་སོགས་རྣམ་དཀར་གྱི་ཕྲིན་ལས་སྤེལ་བའི་རིང་ལུགས་སྡེ་སྣོད་གསུམ་གྱི་ཆ་འཛིན་པ། སྦས་དོན་དང་མཐར་ཐུག་གི་རྟོགས་གོམས་བརྟན་པ་རྣམས་ཀྱིས་གྲལ་གྱི་གཞུང་བསྲང་བའི་དབུས་སུ། སྟོན་པ་ཕུན་སུམ་ཚོགས་པ། བསྐྱེད་རྫོགས་དམ་པའི་མཛོད་ནང་རྒྱུད་ཡོ་ག་གསུམ་ལ་མཁས་པའི་དོན་དང་ལྡན་པ། ཕན་ནུས་ཟབ་མོའི་དབང་སོགས་དབང་བཞིའི་ཆུ་བོ་རྫོགས་པ། གསང་བའི་གཉེར་ཁ་ལྡན་ཅིང་རྒྱུད་དོན་དངོས་པོ་བཅུ་ལ་མཁས་པ། སྒྲུབ་པའི་ལས་རིམ་ལ་མ་རྨོངས་ཤིང་། མན་ངག་ཉམས་མྱོང་དང་ལྡན་པ་སྟེ་ཡོན་ཏན་བརྒྱད་ལྡན་གྱི་སྟོན་པ་རྡོ་རྗེ་རྒྱལ་པོ་དང་། འཁོར་རྡོ་རྗེའི་གཟུངས་མ། རྒྱལ་ཚབ་རིགས་བཞི་རྒྱལ་ཐེབས་ནས་ཕྱག་ཚང་རྡུལ་ཕྱགས་ཀྱི་བར་སོ་སོའི་ལས་བསྐོས་ལ་མཁས་ཤིང་། སྣོད་ཀྱི་སྐྱོན་གསུམ་དང་བྲལ་ལ་ཡོན་ཏན་ལྔ་དང་ལྡན་པ་སྟེ། སྒྱུ་འཕྲུལ་ལས། སྟོན་པ་མཆོག་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་གསུངས་པ་ལྟར་ཐམས་ཅད་ཀྱང་བསགས་པ་སྔོན་ཏུ་སོང་བའི་སྐལ་བ་ཅན་ང་རྒྱལ་དང་ཕྲག་དོག་ཆུང་བ། དད་པ་དང་བརྩོན་འགྲུས་ཆེ་བ། དབང་དང་དམ་ཚིག་ལྡན་ཞིང་ཐོས་བསམ་གྱིས་རྒྱུད་དག །དེ་ཁོ་ན་ཉིད་ལ་བློ་སྦྱོང་བ་ཤ་སྟག་ལགས། དེ་ནས་ཇི་ལྟར་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ནི། གསང་སྔགས་གསར་མ་ལས་ཆེ་བ་དྲུག་གིས་འཕགས་པ་སྔ་འགྱུར་རྙིང་མ་ལ་བཀའ་གཏེར་གཉིས་ལས་ཟབ་མོ་གཏེར་གྱི་ཕྱོགས། དེ་ཡང་རྗེ་བཙུན་འཇམ་པའི་རྡོ་རྗེ་དང་མགོན་པོ་སྤྱན་རས་གཟིགས་དབྱེར་མེད་རྒྱུད་གཅིག་ཏུ་ཤར་བ་ལྷ་བཙད་པོ་ཁྲི་སྲོང་ལྡེ་བཙན་སླར་ཡང་བསྟན་པ་སྤེལ་བའི་སླད་དུ་བྱོན་པ་མངའ་བདག་ཉང་ཉི་མ་འོད་ཟེར་ཞེས་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ། བསྟན་པའི་བྱ་བ་དང་། གཏེར་འབྱུང་གི་ལོ་རྒྱུས། རྫུ་འཕྲུལ་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་དེས་ལྷོ་བྲག་གི་རྣམ་སྣང་སྐུ་རྒྱབ་ནས་བདེ་གཤེགས་འདུས་པ་རྒྱལ་པོའི་བླ་དཔེ་ངོ་མཚར་བའི་ཆོ་འཕྲུལ་དང་བཅས་ཏེ་སྤྱན་དྲངས། ཡེ་ཤེས་མཁའ་འགྲོས་དུར་ཁྲོད་བསིལ་བ་ཚལ་དུ་མངོན་སུམ་པར་ཁྲིད་ནས། དེར་སློབ་དཔོན་ཆེན་པོ་དང་མཇལ། ཀེང་རུས་ཀྱི་ཁྲི་ལ་བཞག །སྒྲུབ་ཆེན་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་དབང་ཐམས་ཅད་རྫོགས་པར་གནང་། ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པར་གྱུར། བདེ་གཤེགས་འདུས་པའི་སྨན་སྒྲུབ་མཛད་པས་སྨན་གྱི་ལྷ་མོས་ཨ་རུ་ར་རློན་པ་དངོས་སུ་ཕུལ། ཆོས་སྐྱོང་བྲན་དུ་ཁོལ། ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པའི་གཏེར་སྟོན་མཆོག་དེ་ཉིད་ཀྱི་གཏེར་ཆོས་ཐམས་ཅད་ཀྱི་གཙོ་བོ། ཐེག་པ་ཀུན་གྱི་ཡང་རྩེ། མདོ་རྒྱུད་ཐམས་ཅད་ཀྱི་སྙིང་ཁུ། མན་ངག་ཐམས་ཅད་ཀྱི་ཟབ་གནད། སྒྲུབ་སྡེ་བཀའ་བརྒྱད་བདེ་གཤེགས་འདུས་པ། ཡེ་ཤེས་ལྷའི་སྒྲུབ་སྡེ་དང་། འཇིག་རྟེན་པའི་སྒྲུབ་སྡེ་བཅས་ཚད་མར་གྱུར་པའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་ཉིད་སྔོན་གྱི་དུས་སུ་མཆིམས་ཕུ་དཔལ་གྱི་དྲེ་གུར་སྐལ་བ་མཆོག་དང་ལྡན་པའི་བཀའ་བབས་སྙིང་གི་བུ་དགུ་སོགས་ལ་རྩལ་ཏེ་བསྒྲུབས་པས། ནམ་མཁའ་ལ་བྱ་བཞིན་འགྲོ་བ། ཆུ་ལ་ཉ་ལྟར་རྒྱུག་པ། རི་བྲག་ལ་ཐོགས་པ་མེད་པ། ལུས་ལྷའི་དཀྱིལ་འཁོར་དུ་སྐྱེ་བོ་མང་པོ་ལ་སྟོན་ནུས་པ། ལུས་རྟེན་དེ་ཉིད་ཀྱིས་ཟུང་འཇུག་གི་གོ་འཕང་བརྙེས་པ་ཤ་སྟག་བྱུང་ཞིང་། དེ་ལ་བརྟེན་པའི་བཤད་སྒྲུབ་གཉིས་གའི་སྲོལ་དེང་སང་གི་བར་དུ་བྱུང་བ་འདི་དང་། སྒྲུབ་ཕྲིན་ཕྱག་བཞེས་ཀྱི་རིམ་པ་བཀའ་མ་མདོ་སྒྱུ་སེམས་གསུམ་དང་། གཏེར་ཕྱོགས་སྒྲུབ་སྡེ་བཀའ་བརྒྱད་གཙོ་བོར་གྱུར་པ་རྣམས་མི་ནུབ་པའི་རྒྱལ་མཚན་ཆེན་པོ་གསར་དུ་སློང་བའི་བྱེད་པོ་ནི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་སློབ་ཚོགས་བརྒྱུད་པ་དང་བཅས་པའི་བཀའ་དྲིན་ལས་བྱུང་བ་ཡིན་ལ། དེ་ཡང་རྣམ་པར་དག་པའི་ཕྱག་བཞེས་དགེ་འདུན་གྱི་སྤྱི་བསྒྲིགས་དང་མ་བྲལ་བའི་ངོས་ནས། གདངས་དབྱངས་རོལ་མོ་སོགས་ཀྱང་རྣམ་དཔྱོད་དང་མཛེས་ཆོས་ཁོ་ན་མིན་ལ་དགོས་པ་ཁྱད་པར་ཅན་དང་ལྡན་ཏེ། ཨོ་རྒྱན་ཆེན་པོས། གསང་སྔགས་རོལ་མོས་བསྐུལ་ན་བྱིན་རླབས་ཆེ། །ཞེས་སོགས་དང་། དེ་ཕྱིར་དབྱངས་ཀྱི་བསྒྲུབས་པས་དངོས་གྲུབ་སྟེར། །ཞེས་གསུངས་པ་ལྟར། ཨོ་རྒྱན་སྨིན་གྲོལ་གླིང་པའི་བཀའ་སྲོལ། རིག་འཛིན་གྲུབ་བརྙེས་བརྒྱུད་པའི་ཕྱག་བཞེས་མ་འཁྱུག་པའི་ངང་ནས། ཏིང་འཛིན་གསལ་ཞིང་ཆོ་ག་རྣམ་པར་དག་པས་ས་བསླང་ཞིང་དབང་དུ་བྱ་བ་དང་། སྐྱོང་པ་སྲུང་བ་དང་། །ཕྱི་ནང་གསང་བའི་རྒྱུད་སྦྱངས་མཚམས་བཅད། མ་ཊམ་བསྒྲལ་མནན་རྡོ་རྗེའི་ཞིང་ཁམས་སུ་བཀོད་པ་སོགས་སྤྱི་དང་། ཁྱད་པར་སྨན་གྱི་སྦྱོར་བ་སོགས་ལྷག་པར་གནས་པའི་སྟ་གོན་རྣམས་གྲུབ་པ་དང་། དཀྱིལ་འཁོར་བཞེངས་ཏེ་རྫས་དགོད་པའི་རིམ་པ་སོང་ནས། ད་ཕྲིན་ལས་ལ་འཇུག་རུང་གི་བྱ་བ་སྒྲུབ་པ་པོ་མཆེད་ལྕམ་རྣམས་རང་གནས་སུ་འགོད་པ་ལ། །ཐོག་མར་སྟོན་པ་རྡོ་རྗེ་སོགས་སྤྱི་འགྲོས་ལྟར་སྦྱར་ཆོག་པ་ཡིན་ནོ། །དགེའོ།། དེ་ནས་ཆས་ཀྱི་མངའ་གསོལ་བ་དང་མ་མོ་མཁའ་འགྲོས་རང་གི་སྡེ་ཚན་དུ་ཤེས་པའི་ཕྱིར་དཔལ་གྱི་རྟགས་གསུམ་གདབ་པ་ནི། འདིར་འདུས་པའི་སྒྲུབ་པ་པོ་རྣམས་དོན་གྱི་དག་པ་སྦྱར་བས་ལྷ་དང་གཉིས་སུ་མེད་པར་རྟོགས་པ་དང་། རྟགས་ཀྱི་ཕྱག་རྒྱ་བཅིང་བའི་མཁའ་འགྲོ་དམ་ཅན་ཕོ་མོ་རྣམས་ཀྱིས་སྒྲུབ་པ་པོར་ཤེས་པ་དང་། བར་ཆད་བདུད་ཀྱིས་མི་ཚུགས་ཤིང་ཐབས་ཀྱི་ཐེག་པས་རིགས་སུ་ངེས་པའི་འབྲས་བུ་མྱུར་དུ་འགྲུབ་པ་སོགས་དགོས་པ་དུ་མ་དང་ལྡན་པའི་ཧེ་རུ་ཀ་རོལ་པ་ཆེན་པོའི་ཆས་སུ་འཇུག་པའི་སྐབས་སུ་བབས་པ་སྟེ། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། མ་འོངས་དུས་ན་སྐྱེས་བུ་དག༔ དུས་གསུམ་སངས་རྒྱས་ཀུན་ངོ་བོ༔ སྐུ་གསུམ་ཕྲིན་ལས་ཆེ་བའི་མཆོག༔ ཀུན་ཏུ་བཟང་པོ་ཀུན་གྱི་བདག༔ ཧེ་རུ་ཀ་ཡི་ཚུལ་འཆང་བ༔ བརྟུལ་ཞུགས་བཟང་པོ་དེ་ལ་ནི༔ མ་རིག་ལོག་པར་ལྟ་བའི་ཚོགས༔ བདུད་བཞིའི་ཕྱོགས་སུ་གཏོགས་རྣམས་ཀྱིས༔ འཚེ་ཞིང་བར་དུ་གཅོད་པའམ༔ གདུག་ཅིང་འདའ་བར་ནུས་མ་ཡིན༔ ཞེས་གསུངས། དེ་ཡང་རྟགས་ཕྱག་རྒྱའི་དབང་དུ་བྱས་ན། སྔོན་དཔལ་ཆེན་པོས་ཡི་དྭགས་ཀྱི་གཙོ་བོ་དུར་ཁྲོད་བདག་པོ་བཏུལ་ཞིང་དེའི་ཆས་རྣམས་དཔའ་བའི་རྟགས་སུ་བཞེས་པ་ལས་བྱུང་བ་རུ་ཏྲ་སྡེ་གསུམ་བསྒྲལ་བ་ཐོད་པ་ཚར་གསུམ་གྱི་ཕྲེང་བ། རུ་ཏྲའི་ཆུང་མ་ལ་མ་ཆགས་ཐབས་ཀྱི་རོལ་པས་དབང་དུ་བསྡུས་པ་རཀྟའི་ཐིག་ལེ། ཚངས་པ་ཆེན་པོ་བསྒྲལ་བ་ཞིང་ཆེན་གྱི་གཡང་གཞི། བརྒྱ་བྱིན་དང་དེའི་ཞོན་པ་གླང་པོ་ཆེ་བཏུལ་བ་གླང་ཆེན་གྱི་ཀོ་རློན། གཟའ་ཆེན་ཉི་མའི་བུ་མོ་སྟག་གདོང་སྤྱན་གཅིག་མ་བཏུལ་བ་སྟག་གི་ཤམ་ཐབས། ཀླུ་རྒྱལ་གདུག་པ་ཅན་བཏུལ་བ་སྦྲུལ་ནག་གི་ཆུན་པོ། སྲིན་མོ་ཉེར་བཞི་ལ་སོགས་པ་བརྟུལ་བ་ཐལ་ཆེན་གྱི་ཚོམ་བུ། དབང་མོ་ཉེར་བརྒྱད་དབང་དུ་བསྡུས་པའི་ཞག་གི་ཟོ་རིས་ལ་སོགས་པ་བྱུང་བ་ཡིན་ཞིང་། བརྡའི་དག་སྦྱོར་གྱི་དོན་ནི། ཡེ་ཤེས་ལྔ་པོ་དོན་དམ་སྤྲོས་བྲལ་གྱི་དབྱིངས་སུ་གཅིག་པས་ཐོད་སྐམ་ལྔས་དབུ་བརྒྱན་རྒྱུ་མའི་ཁོང་གསེང་གིས་སྦྲེལ་བ། ཐུགས་རྗེ་ཅིར་ཡང་འགྱུར་བ་བཞི་ཡིས་འགྲོ་དོན་མཛད་པའི་གླང་ཀོ། ཕྱིན་ཅི་ལོག་བཞི་དང་བྲལ་བའི་སྦྲུལ་ཆུན། ཕྲིན་ལས་རྣམ་པ་བཞི་དང་ཚད་མེད་བཞི་ལྷུན་ལ་རྫོགས་པའི་གཡང་གཞི། ཁམས་གསུམ་རྟོག་པ་འཇོམས་པའི་སྟག་ཤམ། མ་རིག་རྣམ་རྟོག་གི་བུད་ཤིང་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦྱངས་པའི་མེ་དཔུང་། དུག་ལྔ་དབང་དུ་སྡུད་པ་ཁྲག་ཆེན་གྱི་ཐིག་ལེ། རྒྱུ་དྲུག་འཁོར་བའི་བཅུད་ཚོགས་གཉིས་ཀྱི་གསོས་སུ་བླང་བ་ཞག་ཆེན་གྱི་ཟོ་རིས། སྐྱེ་ཤི་རྩད་ནས་གཅོད་པ་ཐལ་ཆེན་གྱི་ཚོམ་བུ། དུས་གསུམ་སྐུ་གསུམ་དུ་རྫོགས་པ་ཐོད་ཕྲེང་ཚར་གསུམ། སྟོང་པ་ཉིད་ལ་བདུད་བཞིས་བསྐྱོད་དུ་མེད་པའི་རྡོ་རྗེའི་གོ་ཁྲབ་བཅས་དཔལ་གྱི་ཆས་བཅུ་སྟེ་རང་རང་གི་རིགས་དང་མཐུན་པར་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་འཁོར་ལོའི་གསལ་སྣང་དང་སྙེམས་པས་དཔལ་གྱི་ཆས་རྣམས་མངའ་གསོལ་དུ་བཞེས་ཤིང་དོན་གྱི་དག་དྲན་དང་ལྡན་ན། དུག་ལྔ་རྩད་ནས་གཅོད། སྟོབས་བཅུ་དང་མི་འཇིགས་པ་ལྡན། མ་མོ་མཁའ་འགྲོ་རྣམས་ལ་དབང་བསྒྱུར། གདུག་པ་ཅན་ཟིལ་གྱིས་མནན། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་མངའ་མཛད་པ་ཞི་ཁྲོ་འདུས་པའི་ལྷའི་ཚོམ་བུའི་དགོངས་པ་ལས་གཡེལ་བ་མེད་པའི་ངང་འདིའི་རྗེས་བཟློས་གནང་བར་ཞུ། ཧཱུྃ དོན་དམ་སྤྲོས་མེད་རྒྱུ་མའི་ཁོང་གསེང་ཅན། །ཡེ་ཤེས་ལྔ་ལྡན་ཐོད་པའི་དབུ་རྒྱན་གསོལ། །ཐེག་མཆོག་དོན་སྟོན་གླང་ཆེན་ཀོ་རློན་གསོལ། །འཁོར་བ་མི་སྤང་མི་ལྤགས་གཡང་གཞི་གསོལ། །ཞེ་སྡང་ཉིད་འཇོམས་སྦྲུལ་ནག་ཆུན་པོ་གསོལ། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟག་ཤམ་གསོལ། །འཁོར་བའི་བཅུད་ལེན་ཞག་གི་ཟོ་རིས་གསོལ། །ཆགས་པ་དབང་བསྡུད་རཀྟའི་ཐིག་ལེ་གསོལ། །སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ་གསོལ། །སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་ཚར་གསུམ་གསོལ། །ཅིས་ཀྱང་མི་ཤིགས་རྡོ་རྗེའི་གོ་ཁྲབ་གསོལ། །མ་རིག་ནགས་བསྲེག་ཡེ་ཤེས་མེ་དཔུང་གསོལ། །ཞིང་བཅུ་ཡོངས་སྒྲོལ་དཔལ་གྱི་ཆས་བཅུ་འདི། །དབང་ཕྱུག་ཆེན་པོའི་སྐུ་ལ་རྒྱན་དུ་བཞེས། །ཞེས་རྒྱལ་ཚབ་པས་རིམ་བཞིན་གསོལ་བར་བྱའོ།། དགེའོ།།
བཀའ་བརྒྱད་བདེ་འདུས་སྨན་གྱི་སྒྲུབ་ཆེན་སྐབས་གྲལ་འགོད་སྟོང་ཐུན།
༄༅།།བཀའ་བརྒྱད་བདེ་འདུས་སྨན་གྱི་སྒྲུབ་ཆེན་སྐབས་གྲལ་འགོད་སྟོང་ཐུན་བཞུགས་སོ།། གཞུང་ལས་འབྱུང་བའི་ཚིག་གི་སྒོམ་དོན་གསལ་འདེབས་བཞིན་པས་ཆོ་གའི་བྱ་བ་ལ་འཇུག་པར་ཞུ། སྒྲུབ་པ་པོ་རྣམས་གནས་སུ་འགོད་པའི་སྐབས། དེ་ཡང་ཐེག་པ་ཀུན་གྱི་ཡང་རྩེ། མདོ་རྒྱུད་ཐམས་ཅད་ཀྱི་སྙིང་ཁུ། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་གནང་བ་ལ། མཛད་པ་ཆོ་འཕྲུལ་ལྷའི་ལུང་ལས། ལྷ་ཞེས་བྱ་བ་བྱང་ཆུབ་སེམས། །དེ་ནི་རྒྱུད་དུ་རབ་ཏུ་བརྗོད། །ཐ་སྙད་ཙམ་དུ་ཕྱེ་བ་ན། །གཞི་ལམ་འབྲས་བུ་གསུམ་དུ་བརྗོད། །ཅེས་སྦྱོང་གཞི་འགྲོ་བ་ཐམས་ཅད་རང་བཞིན་གྱིས་ལྷའི་དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་བདག་ཉིད་དུ་གནས་ཀྱང་། སྦྱང་བྱ་གཉིས་འཛིན་ཆགས་སྡང་གི་རྣམ་པ་བྲལ་བྱའི་ཚུལ་དུ་སྒྲུབ་པ་ཉིད། སྦྱོང་བྱེད་ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་རྣམ་པར་ལམ་དུ་བྱས་པས། སྦྱང་འབྲས་གདོད་ནས་བཞུགས་པའི་ཟུང་འཇུག་གི་ཕྱག་རྒྱ་མངོན་དུ་བྱེད་པའི་ཐབས་ཁྱད་པར་ཅན་དང་དགོས་པ་རྗེས་སུ་འདྲེལ་བའི་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་ལ། ས་བརྟགས་བསླང་སྦྱོང་ཞིང་ཕྱི་ནང་གསང་བའི་མཚམས་གཅོད། དཀྱིལ་འཁོར་བྲི་ཞིང་རྒྱན་བཀོད་པ་སོགས་སྔོན་དུ་སོང་ནས་སྒྲུབ་པ་པོ་རྣམས་གནས་སུ་འགོད་པའི་སྐབས་སུ་བབ་པ་སྟེ། དེ་ཡང་གནས་ཕུན་སུམ་ཚོགས་པ་གྲུབ་པའི་དཔའ་བོ་རྣམས་ཀྱིས་ཧེ་རུ་ཀའི་གནས་སུ་བྱིན་གྱིས་བརླབས། གཙུག་ལག་གི་གཞུང་ནས་བཤད་པའི་སའི་དཔལ་ཁ་དང་། ལས་བཞི་སྒྲུབ་པའི་མཐུན་རྐྱེན་འཛོམས་པའི་བཀྲ་ཤིས་དག་པའི་གནས། ལྷུན་གྲུབ་ཡིད་འོང་གི་གནས། འཕྲལ་རྐྱེན་སྒྲུབ་པའི་གནས་རྣམས་ཀྱི་མཚན་ཉིད་ཀུན་ལྡན་ཏེ་ཕྱིའི་གནས་དང་། ཕྱི་ནང་སྣོད་བཅུད་རང་ལུས་དང་བཅས་པ་གདོད་ནས་གདན་གསུམ་ཚང་བའི་ལྷའི་འཁོར་ལོར་རྣམ་པར་དག་པ་ཡིན་པ་ལ་ཡིན་པར་ཤེས་པ་ནང་གི་གནས་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དེ་ཁོ་ན་ཉིད་དུ་ལྷུན་གྱིས་གྲུབ་པས་གང་ན་གནས་ཀྱང་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་ཀློང་དུ་གནས་པར་རྟོགས་པ་གསང་བའི་གནས་ཀྱི་མཚན་ཉིད་མཐའ་དག་ཚང་། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་སློབ་དཔོན་ལྟ་བ་གཉིས་སུ་མེད་པའི་གདེང་དང་ལྡན། སྒོམ་པ་བསྐྱེད་རྫོགས་ལས་སུ་རུང་། སྤྱོད་པ་ས་མ་ཡ་འབུམ་སྡེ་རྣམ་པར་དག །དབང་དང་མན་ངག་གི་བཀའ་བབས། ཐེག་པ་རིམ་དགུའི་དོན་ཐུགས་སུ་ཆུད། ངང་རྒྱུད་རིང་ཞིང་ཕན་སེམས་ཆེ་བ། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་མགོན་དང་དཔུང་གཉེན་དུ་གྱུར་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་གང་གང་ཞེས་བྱ་བ་དང་། འཁོར་ཕུན་སུམ་ཚོགས་པ་བདེ་ཆེན་རྒྱུད་ལ་བསྐྱེད་པའི་འཁོར་གཟུངས་མ་ལུས་ངག་ཡིད་གསུམ་གྱི་མཚན་ཉིད་དང་ལྡན་པ། རིགས་ལྔའི་དངོས་གྲུབ་སྒྲུབ་པའི་འཁོར་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་ཀྱི་གཙོ་བོ་བཞི་ཡུམ་དང་བཅས་པ། དོན་གཉིས་ཕྲིན་ལས་སྒྲུབ་པའི་འཁོར་རྒྱལ་ཐེབས་ཀྱི་སྟོན་པ་བཞི། །བར་ཆད་དགྲ་བགེགས་བསྒྲལ་བའི་འཁོར་རྡོ་རྗེ་སྤྱན་པ་དང་། རྡོ་རྗེ་མཚམས་པ་གིང་དང་བཅས་པ། ཞལ་ཟས་སྦྱོར་བའི་འཁོར་རྡོ་རྗེ་དྲོད་འཛིན་བྱན་ཕོ་མོ་དང་བཅས་པ། དད་འདུས་ཐུགས་རྗེས་བཟུང་བའི་འཁོར་མཆེད་དང་ལྕམ་དྲལ། ཕྱི་ནང་བརྡ་སྦྱོར་བྱེད་པའི་འཁོར་རྡུལ་ཕྱགས་སྐྱེས་བུ་སྟེ་ཐམས་ཅད་ཀྱང་བསགས་པ་སྔོན་དུ་སོང་བའི་སྐལ་བ་ཅན། ང་རྒྱལ་དང་ཕྲག་དོག་ཆུང་བ། དད་པ་དང་བརྩོན་འགྲུས་ཆེ་བ། ལྷག་པར་རྒྱལ་ཐེབས་རྣམས་ཀྱང་དབང་དང་དམ་ཚིག་ལྡན་ཞིང་ཐོས་བསམ་གྱིས་རྒྱུད་དག་པ་དེ་ཁོ་ན་ཉིད་ལ་བློ་སྦྱོང་བ་ཤ་སྟག་ལགས་པ་དང་། དུས་ཕུན་སུམ་ཚོགས་པ་ཐོག་མཐའ་དབྱེར་མེད་དུས་བཞི་མཉམ་པ་ཆེན་པོའི་ངང་ལས་གདུལ་བྱའི་སྣང་ངོར། བདག་ཅག་གི་སྟོན་པ་མཉམ་མེད་དོན་ཐམས་ཅད་གྲུབ་པས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་བླ་མེད་དུས་ཀྱི་འཁོར་ལོའི་རྒྱུད་ཆེན་པོ་གསུངས་ནས་བྱིན་གྱིས་རླབས་པའི་དུས་ནག་པས་ཉ་པའི་དཀར་ཕྱོགས་གཟའ་སྐར་སྦྱོར་བྱེད་དགེ་ཞིང་ཤིས་པ། ཡོ་བྱད་ཕུན་སུམ་ཚོགས་པ་འཚོ་བ་ཟས། ནད་བཟློག་སྨན། དགྲ་བཟློག་མཚོན་སོགས་ཕྱི་ཡི་ཡོ་བྱད། རྟེན་རྫས། སྒྲུབ་རྫས། རྒྱན་རྫས། མཆོད་རྫས། ནང་གི་རྫས་ཏེ་ནང་གི་ཡོ་བྱད། ཏ་ན་གྷ་ན་ཤེས་རབ་སྙིང་རྗེ་སྟེ་གསང་བའི་ཡོ་བྱད་དུ་བཤད་པ་སྤྱི་དང་ཁྱད་པར་ཕོ་བྲང་ཁང་ཁྱིམ་དགུའི་རྟེན་ཐུན་མོང་མ་ཡིན་པ། བུམ་པ་མར་མེ་ཐོད་པ་དང་། །ཕྱག་རྒྱ་ཕུར་བུ་ཙིཏྟ་དང་། །མཆོད་གཏོར་ལིང་ག་ཉེར་གཅིག་དག །སྒྲུབ་རྫས་རྟེན་གྱི་མཐར་ཐུག་ཡིན། །ཞེས་ཕྲིན་ལས་ཀྱི་ལུང་ལས་གསུངས་པ། ཆེ་མཆོག་གི་བུམ་གཅིག །ཡང་དག་གི་མེ་གཅིག་ལ་སོགས་པ་རྟེན་སྒྲུབ་མཆོད་པའི་རྫས་གཙང་ལ་མ་ཚང་བ་མེད་པར་འདུ་བྱས། དཀྱིལ་འཁོར་གྱི་རི་མོ་བཀྲ་ངེས་སེ། སྣང་གསལ་གྱི་མར་མེ་འོད་ལྷག་གེ། བདུག་སྤོས་ཀྱི་དྲི་ངད་ཐུ་ལེ། རྡོ་རྗེ་མཆེད་ལྕམ་སྤྲོ་དགའ་དང་བྱིན་རླབས་ཐིབས་སེ་འདུ་བའི་སྐབས་འདིར། །སྟོན་པ་རྡོ་རྗེ་སློབ་དཔོན་ཉིད་བསྐྱེད་རྫོགས་ཀྱི་དགོངས་པ་མཛད་ཅིང་ཟབ་མོའི་དོན་སྟོན་ཏེ་རྣལ་འབྱོར་ཡོངས་ཀྱི་མགོན་དུ་འདུས་པ་རྒྱ་མཚོའི་དབུས་སུ་རྡོ་རྗེའི་ཁྲི་ཆེན་པོ་ལ་བཞུགས་པར་གསོལ། རིགས་བཞིའི་བསྐྱེད་རྫོགས་དང་འཛབ་བསྙེན་བགྲང་བའི་རྒྱལ་ཚབ་ཆེན་པོ་བཞི་ཕྱོགས་བཞི། ཡབ་ཀྱི་དགོངས་པ་དང་བསྟུན་ཞིང་སྦྱོར་བའི་སྒྱུ་རྩལ་ཤེས་པའི་གཟུང་མ་ཀུན་ཏུ་བཟང་མོ་རྣམས་ཡབ་ཀྱི་གཡོན་ཟུར། ཆོས་འཆད་པ་རྡོ་རྗེ་རྒྱལ་ཐེབས། དབང་བསྐུར་བའི་བྱ་བ་བྱེད་པ་དབང་གི་རྒྱལ་ཐེབས། ཕྲིན་ལས་ཀྱི་གཞུང་བསྲང་བ་ལས་ཀྱི་རྒྱལ་ཐེབས་རྣམས་ཀྱང་ཕྱོགས་བཞིའམ་གྲལ་རིམ། ཕྱི་ནང་བར་ཆད་སྲུང་བའི་བརྟུལ་ཞུགས་ཅན་རྡོ་རྗེ་མཚམས་པ་ནུབ་བྱང་། སྒྲོལ་བའི་ལས་དང་བརྡ་ལ་མཁས་པ་རྡོ་རྗེའི་ཀིང་ཀ་ར་རྣམས་ལྷོ་ནུབ། གཡོ་སྒྱུ་མེད་པར་མི་མ་ཡིན་མཐོང་ཞིང་ཉུལ་ལེའི་བར་ཆད་བཟློག་ནུས་པའི་མིག་རྣོན་རྡོ་རྗེ་སྤྱན་པ་དང་། དུས་སྦྱོར་དབྱུ་གུ་སོགས་ལ་མཁས་ཤིང་ཕྲིན་ལས་ཀྱི་སྐབས་ཕྱེད་པ་རྡོ་རྗེ་དྲོད་འཛིན་པ་གཉིས་བྱང་ཤར། བག་ལྡན་གཙང་སྦྲ་ཆེ་ཞིང་རྣམ་སྨིན་ལ་འཛེམ་པའི་རྡོ་རྗེ་བྱན་ཕོ་བྱན་མོ་དང་། ང་རྒྱལ་མེད་ཅིང་བཀའ་བཞིན་སྲི་ཞུ་ལ་བརྩོན་པའི་རྡོ་རྗེ་རྡུལ་ཕྱགས་པ་རྣམས་ཤར་ལྷོ། མཆེད་ལྕམ་རིན་ཆེན་ལྟ་བུའི་གང་ཟག་རྣམས་གྲལ་གྱི་བར་དུ་བཞུགས་ཏེ་ཐམས་ཅད་ཀྱང་ཆོས་སྤྱོད་ལ་བརྩོན་འགྲུས་ཆུང་བ་ལུས་ཀྱི་སྐྱོན་དང་། སྨྲ་བ་མང་ཤིང་བཟླས་པ་ལ་མི་བརྩོན་པ་ངག་གི་སྐྱོན་དང་། ཞེ་སྡང་ཆེ་ཞིང་བྱམས་པ་ཆུང་བ་ཡིད་ཀྱི་སྐྱོན་དང་། བརྗེད་ངས་ཆེ་ཞིང་བག་ཟོན་ཆུང་བ་དམ་ཚིག་གི་སྐྱོན་དང་། ཆང་ལ་དགའ་ཞིང་གཉིད་ཆེ་བ་ཏིང་ངེ་འཛིན་གྱི་སྐྱོན་དང་། གཡེང་བ་ལ་དགའ་ཞིང་སྒོམ་སྒྲུབ་ལ་སྐྱོ་བ་དད་པའི་སྐྱོན་ཏེ་སྐྱོན་དྲུག་པོ་རྣམ་པ་ཐམས་ཅད་དུ་སྤང་ཞིང་། རྟོགས་པ་ཆེ་བས་ཆོས་ཉིད་དང་མི་ཕྱེད་པ། དད་གུས་ཆེ་བས་བླ་མ་དང་མི་ཕྱེད་པ། དམ་ཚིག་ཆེ་བས་ཡི་དམ་དང་མི་ཕྱེད་པ། བརྩེ་གདུང་ཆེ་བས་མཆེད་ལྕམ་དང་མི་ཕྱེད་པ། བརྟུལ་ཞུགས་ཆེ་བས་དམ་རྫས་དང་མི་ཕྱེད་པ། སྦྱོར་སྒྲོལ་ལ་བརྩོན་པས་གཟུང་མ་དང་མི་ཕྱེད་པ། སྙིང་རྗེ་ཆེ་བས་སེམས་ཅན་དང་མི་ཕྱེད་པ། ཏིང་ངེ་འཛིན་གསལ་བས་དངོས་གྲུབ་དང་མི་ཕྱེད་པ། སྐྱོན་དང་བྲལ་བས་འབྲས་བུ་སངས་རྒྱས་དང་མི་ཕྱེད་པ་སྟེ་ཡོན་ཏན་དགུ་པོ་ལ་རྣམ་པ་ཀུན་ཏུ་བརྩོན་ཞིང་གཞན་ཡང་རྩ་རྒྱུད་ལས། སྙིགས་མའི་དུས་ཀྱི་སྟོན་པ་དངཿ ད་ལྟ་སངས་རྒྱས་འདི་དག་ལཿ ཐ་དད་དུ་ནི་ཅུང་མི་བརྟགཿ
རྡོ་རྗེ་གསང་བའི་གྲོགས་དག་ཀྱངཿ དེ་དང་རྗེས་སུ་མཐུན་བར་བལྟཿ སྒོ་གསུམ་གུས་པས་བརྩོན་བྱ་ཞིངཿ དམ་པའི་ཆོས་ལས་འདའ་མི་བྱཿ ཞེས་གསུངས་པའི་དོན་ལ་བསླབ་པ་སོགས་གང་བསྒོ་བའི་ལས་རྣམས་བདེ་བླག་ཏུ་བསྒྲུབ་པར་བགྱིའོ་སྙམ་པའི་ཐུགས་འདུན་དང་། རང་རང་གི་གཉེར་དུ་འོས་པའི་ལྟ་དགོངས་ཕྲིན་ལས་གཡེལ་བ་མེད་པར་བཀའ་གསང་གཉེན་པོའི་གཞུང་དང་མཐུན་པར་ཁུར་དུ་བཞེས་པའི་དགོངས་པ་གསལ་འདེབས་བཞིན་པར། དད་མོས་བརྩེ་གདུང་དང་མི་འབྲལ་བའི་ངང་ནས་འདིའི་རྗེས་བཟློས་གནང་བར་ཞུ། །རྡོ་རྗེ་རྒྱལ་པོར། ཧཱུྃ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ནི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས། །དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས། །བསྟན་པའི་སྒྲོན་མེ་མངའ་གསོལ་དགྱེས་པར་བཞུགས། །རྒྱལ་ཚབ་ལ། ཧཱུྃ བླ་མའི་གདུང་འཚོབ་སྐུ་གསུང་ཐུགས་ཀྱི་སྲས། །དམ་ཆོས་ཆར་འབེབས་ཚེ་དང་དངོས་གྲུབ་སྤེལ། །དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ། །རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས་པར་བཞུགས། །ཡུམ་ལ། གཉིས་མེད་བདེ་བསྐྱེད་མཚན་ཉིད་རབ་ཏུ་བཟང་། །ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས། །རྡོ་རྗེ་ལས་པར། ཕྲིན་ལས་གཞུང་བསྲང་བསྐྱེད་རྫོགས་མཐར་ཕྱིན་མཛད། །རྡོ་རྗེ་ཀརྨ་མངའ་གསོལ་དགྱེས་པར་བཞུགས། གིང་ལ། བར་ཆད་བགེགས་སྒྲོལ་གཟུགས་ཕུང་ལྷ་ལ་སྟོབས། །རྡོ་རྗེ་གིང་མཆོག་མངའ་གསོལ་དགྱེས་པར་བཞུགས། མཚམས་པར། ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་བསྲུང་། །རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས། སྤྱན་པར། དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན། །རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས། །དུས་མཚམས་པར། ཕྲིན་ལས་སྐབས་སྦྱོར་དུས་འཛིན་ནམ་ཚོད་མཁས། །རྡོ་རྗེ་དུས་མཚམས་མངའ་གསོལ་དགྱེས་པར་བཞུགས། ཕྱག་ཚང་པར། ཕུད་གཙང་བསྐོས་མཁས་ཕྱི་ནང་བྱ་བྱེད་མཁས། །རྡོ་རྗེ་ཕྱག་ཚང་མངའ་གསོལ་དགྱེས་པར་བཞུགས། བྱན་པོར། གསལ་དག་ཛབ་མཁས་དད་ལྡན་བརྩོན་པར་བཞུགས། །གསེར་ཕྲེང་མཆེད་རྣམས་མངའ་གསོལ་དགྱེས་པར་བཞུགས། རྡུལ་ཕྱགས་པར། ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུ་ལེ་སྐྲོད། །རྡུལ་ཕྱགས་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས། །ཞེས་མཐར་ཆགས་སུ་བརྗོད་པར་བྱའོ།། དགེ་ཞིང་བཀྲ་ཤིས།།
སྙིང་ཐིག་དཔལ་འདུས་སྨན་སྒྲུབ་སྐབས་ཀྱི་རྟགས་གདབ་དང་མར་མེ་སྨོན་ལམ་གྱི་སྟོང་ཐུན་བཅས།
༄༅།།སྙིང་ཐིག་དཔལ་འདུས་སྨན་སྒྲུབ་སྐབས་ཀྱི་རྟགས་གདབ་དང་མར་མེ་སྨོན་ལམ་གྱི་སྟོང་ཐུན་བཅས་བཞུགས་སོ།། དེ་ཡང་། དུས་གསུམ་ཐོག་མཐའ་དང་བྲལ་བའི་འོག་མིན་ཁྱབ་བརྡལ་ཆེན་པོའི་ཞིང་ན། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཆོས་ཉིད་མཉམ་པ་ཆེན་པོའི་ངང་ལས་མ་གཡོས་བཞིན་དུ་དྲག་པོ་ལ་སོགས་པའི་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་སྣང་ངོར་དཔལ་ཁྲག་འཐུང་ཆེན་པོའི་སྐུར་བཞེངས་ནས་འབར་བའི་དཀྱིལ་འཁོར་མངོན་པར་འདུ་མཛད་དེ། མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་ཕྱི་ནང་གསང་བའི་རུ་ཏྲའི་སྡེ་དང་དཔུང་དུ་བཅས་པ་བསྒྲལ་བའི་ཚེ་རྒྱལ་བྱེད་དཔའ་རྟགས་ཀྱི་མཚན་མ་དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་ཞིང་དཔལ་གྱི་ཆས་བཅུས་མངོན་པར་བརྗིད་པ་དེ་བཞིན་དུ། དེང་འདིར་རིག་འཛིན་སྒྲུབ་པ་པོ་རྣམས་ཀྱང་དུག་གསུམ་རུ་ཏྲའི་སྡེ་ལས་རྣམ་པར་རྒྱལ་ཞིང་། དཔལ་ཧེ་རུ་ཀའི་གདུང་འཚོབ་པ་དང་། ཡེ་ཤེས་དང་འཇིག་རྟེན་གྱི་མ་མོ་མཁའ་འགྲོ་རྣམས་ཀྱིས་ཚོགས་ཀྱི་རྗེ་བོར་མཐོང་ཞིང་དམ་ཅན་བསྲུང་མ་རྣམས་ལས་ལ་འཁོལ་བར་བྱ་བའི་ཕྱིར། དཔལ་གྱི་ཆས་བཅུས་མངའ་གསོལ་བའི་ཚིགས་སུ་བཅད་པ་འདི་རྣམས་རྗེས་ཟློས་གནང་བར་ཞུ། ཡང་འཛབ་ཀྱི་ནང་གསེས་ཐུགས་དམ་གནད་བསྐུལ་ཀྱི་སྔགས་ཀྱི་སྒོ་ནི། ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱྀཋཿ སྐུ་གསུང་ཐུགས་རྡོ་རྗེའི་བདུད་རྩི་བསྡུས་བསྡིམ་བརྟན་པར་མཛོད། ཨ་ར་ལི་ཕཻཾཿ ཀུན་ཏུ་རོལ་ཁོས། སྔགས་དོན་ལ། ཀུན་ཏུ་རོལ་བའི་མཛད་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདུད་རྩི་བསྡུས་ནས་དམ་ཚིག་གི་བདུད་རྩི་ལ་བསྡིམ་ནས་བརྟན་པར་མཛོད། དེ་ལྟར་མ་མཛད་ན་སྔོན་གྱི་ཐུགས་དམ་དང་འགལ་བས་ཁྱེད་རྣམས་ཀྱི་དབུ་ཁོས་ཤིག་ཅེས་པའོ། དེ་ལ་འདིར་སྒྲུབ་པ་ཆེན་པོའི་རྗེས་ཀྱི་བྱ་བ་ལ། སྒྲུབ་པའི་མཆེད་ལྕམ་དང་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ཚོམ་བུ་གཅིག་ཏུ་མངོན་པར་འཚང་རྒྱ་བའི་ཕྱིར་མར་མེ་སྨོན་ལམ་གྱི་སྐབས་འདིར། སྟོང་ཐུན་ཉུང་ངུ་རེ་བཤད་པ་རིག་འཛིན་བརྒྱུད་པའི་ཕྱག་སྲོལ་དུ་གདའ་བས། སྙིང་པོར་དྲིལ་ཏེ་ཞུ་ན། སྤྱིར་མཆོག་ཐུན་གྱི་དངོས་གྲུབ་གང་སྒྲུབ་ཀྱང་བསྒྲུབ་པའི་གཞི། སྒྲུབ་བྱེད་ཀྱི་ཐབས། བསྒྲུབས་པའི་འབྲས་བུ་དང་གསུམ་གྱི་སྒོ་ནས་ཤེས་པར་བྱ་དགོས་པ་ལས་འདིར་བསྒྲུབ་པའི་གཞི་ནི། རིག་པ་བྱང་ཆུབ་ཀྱི་སེམས་རྩལ་གདངས་རོལ་པ་དང་བཅས་པ་ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གདོད་ནས་དག་པའི་བདུད་རྩི་ཆེན་པོའི་རང་བཞིན་དུ་གནས་པ་ཉིད་ཡིན་ཏེ། རང་གཞུང་ལས། སྲིད་གསུམ་གདོད་ནས་བདུད་རྩི་ལྔ༔ མ་བཅོས་རང་བཞིན་ལྷུན་གྲུབ་ངང་༔ དེ་ཉིད་རྒྱལ་བའི་སྐུ་གསུང་ཐུགས༔ འབད་རྩོལ་མེད་པར་ཡེ་སངས་རྒྱས༔ ཅེས་པ་ལྟར་ལགས་ཀྱང་། གློ་བུར་གྱི་སྒྲིབ་པ་དང་། གཙང་རྨེའི་རྟོག་པས་བཅིངས་པའི་དྲི་མ་བསལ་ཐབས་བཅས་སྒྲུབ་བྱེད་ཆོ་གའི་རིམ་པ་ནི། གཞུང་ལས། རྡོ་རྗེ་འཆང་གི་ཐབས་ཚུལ་ནི༔ སྒྱུ་མ་མཁན་གྱིས་བདེ་བླག་བཞིན༔ འདུལ་བའི་ཕྲིན་ལས་ཚད་མེད་པས༔ གཉིས་སུ་འཛིན་པའི་རྣམ་རྟོག་བདུད༔ ཡེ་ཤེས་རྩི་ཡིས་འཇོམ་པའི་ཐབས༔ རྨད་དུ་བྱུང་བ་འདི་བསྟན་ཏོ༔ ཞེས་གསུངས་པ་ལྟར། མཐོང་བ་བརྒྱུད་པའི་ཕྱག་བཞེས་བཞིན་སྒྲུབ་པ་ལ། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲངས། འབྲས་བུ་རིག་འཛིན་གྲུབ་པའི་ཚད་དང་ཕན་ཡོན་བཅས་བསྟན་པ་ལས། དང་པོ་ནི། སྒྲུབ་པའི་གནས་དུས་གྲོགས་དང་རྫས། ཞེས་པ་ལྟར། སྟོན་པ་ཕུན་སུམ་ཚོགས་པ་ནི། རྒྱུད་ཀྱི་རྒྱལ་པོ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། མན་ངག་དྲོད་དང་བརྒྱད་འཆང་བ། །ཞེས་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་དང་། སྟོན་པ་མཆོག་བརྩོན་རྟོག་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། ཞེས་ཡོན་ཏན་ལྔ་ལྡན་གྱི་འཁོར་ཕུན་སུམ་ཚོགས་པ་དང་། སྒྲུབ་པའི་གནས་ནི། ཇི་སྐད་དུ། གནམ་ས་བར་གྱི་དཔྱད་ལེགས་ཤིང་། །ལྗོན་ཤིང་ཆུ་ཀླུང་མེ་ཏོག་བཀྲ། །བཀྲ་ཤིས་བྱ་ཚོགས་སྐད་སྙན་སྒྲོག །གྲུབ་པས་བྱིན་གྱིས་བརླབས་པའི་གནས། ཞེས་གསུངས་པ་ལྟར། སྔོན་ཚེ་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བའི་ཚེ། འཛམ་བུའི་གླིང་གི་ཡུལ་ཉི་ཤུ་རྩ་བཞི་དང་། དུར་ཁྲོད་ཆེན་པོ་བརྒྱད་ཧེ་རུ་ཀའི་གནས་སུ་བྱིན་གྱིས་བརླབས་པ་དང་། ཁྱད་པར་དུ་དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པ་གྲུབ་པའི་རིག་འཛིན་ཆེན་པོ་རང་བྱུང་པདྨ་རྒྱལ་པོས་གངས་ཅན་བོད་ཀྱི་ས་གཞི་ཐམས་ཅད་སྒྲུབ་པའི་གནས་སུ་མཛད་ནས་བྱིན་གྱིས་བརླབས་པའི་ནང་ཚན་མདོ་ཁམས་སྨད་ཀྱི་གངས་རྭ་ཉི་ཤུ་རྩ་ལྔར་གྲགས་པའི་ཡ་གྱལ། ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་ར་བའི་གནས་ཀྱི་ལྟེ་བ། ཕུ་གངས་དཀར་རྡོ་རྗེ་སློབ་དཔོན་གདན་ལ་བཞུགས་པ་ལྟ་བུ། མདའ་རི་གཉིས་ཕན་ཚུན་བསྣོལ་བ་རྡོ་རྗེའི་དཀྱིལ་ཀྲུང་བཅས་པ་ལྟ་བུ། བར་ན་བྱིན་རླབས་དངོས་གྲུབ་ཀྱི་ཆུ་རྒྱུན་འོ་མའི་མཆོད་ཡོན་སྦྲེང་བ་ལྟ་བུ་སོགས་དགེ་ཞིང་ཤིས་པའི་རྟགས་མཚན་དུ་མས་བརྒྱན་པ། སྔོན་ཨོ་རྒྱན་ཆེན་པོ་དག་པའི་འཁོར་ལྔ་དང་བཅས་པས་ནེ་སེང་མེ་ཏོག་བཀྲ་བའི་དབུས་སུ་དར་དཀར་གྱི་གུར་ཕུབ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་དེ་ས་གཞི་བྱིན་གྱིས་བརླབས་པའི་ཕྱིར་དང་། བདུད་རྩི་ཆ་བརྒྱད་དུ་བསྒོས་ཏེ་ཕྱོགས་མཚམས་རྣམས་སུ་གཏེར་དུ་སྦས་པ་སོགས་ཆོས་དང་དམ་རྫས་ཀྱི་གཏེར་ཁ་དུ་མས་གཏམས་པའི་གནས། ཞིང་སྐྱོང་ལྷའི་དགེ་བསྙེན་ཆེན་པོ་རྡོ་རྗེ་གཡུང་དྲུང་རྩལ་ལ་གཉེར་དུ་གཏད་པའི་ས་ཕྱོགས་འདིར། དུས་ཕུན་སུམ་ཚོགས་པ་ནི། ཆུ་ཤེལ་དབང་པོའི་དཀྱིལ་འཁོར་རྒྱུ་སྐར་གྱི་ལྷ་མོ་ཆུ་སྟོད་ཀྱིས་ཉ་བའི་དུས་ཚེས་དགེ་བར། སྒྲུབ་པའི་ཡོ་བྱད་རྒྱན་དང་བགོ་བ། བཟའ་བ་དང་བཏུང་བ། སྔགས་དང་གླུ་ཚིག བྲོ་གར་འདུ་འཕྲོ། ཨ་ལི་ཀ་ལི་སྟེ་ལྔ་ཚང་བའི་སྒོ་ནས། སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ནི། མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་ཡེ་ཤེས་སྒྱུ་མའི་ཟློས་གར་གྲུབ་པའི་རིག་འཛིན་ཆེན་པོ་ཀུན་མཁྱེན་འཇིགས་མེད་གླིང་པའམ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བ་ཆེ་མཆོག་བདུད་རྩི་འཁྱིལ་པའི་དཀྱིལ་འཁོར་ལ་བརྟེན་ནས་བདུད་རྩི་སྨན་གྱི་སྒྲུབ་པ་སྟེ། རང་གཞུང་ལས། འཇམ་དཔལ་རྣོན་པོའི་ཐུགས་བསྐྱེད་དང་༔ བདག་ཉིད་ཆེན་པོ་པདྨ་ཡི༔ ཀློང་བྱང་ཌཱཀྐིའི་བརྡ་རིས་ཀྱིས༔ རྒྱུད་དོན་ཇི་བཞིན་གཏན་ལ་ཕབས༔ ཞེས་པ་ལྟར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས། དངོས་གཞི་བསྙེན་སྒྲུབ་རྣམ་བཞིའི་གཞུང་བསྲང་བ་ལའང་ཉིན་དང་པོར་སའི་ཆོ་ག་དང་། ཕྱི་ནང་གསང་བའི་མཚམས་བཅད་པ། ལྷ་བུམ་སློབ་མ་སྟ་གོན་དང་། ཆུ་ཚོན་གྱིས་དཀྱིལ་འཁོར་བཀྲམ་ནས་དལ་གྱི་རྫས་འགོད་པ་སྔོན་དུ་བཏང་བ་བསྙེན་པ་དང་། སྒྲུབ་པ་ཆེན་པོའི་ཁོག་ནང་དབྱུང་༔ ཞེས་གསུངས་པ་བཞིན་དུ་བདག་མདུན་སྒྲུབ་པའི་རྫས་རྣམས་དབྱེར་མེད་དུ་བསྐྱེད་རིམ་གྱི་ལས་གཞུང་བསྲངས། འཛབ་ཁང་དབྱེ་ནས་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་མཐར་ཆགས་སུ་བཏང་སྟེ་རྩ་བའི་སྒྲུབ་པ་ཞག་གསུམ། དེ་ནས་གསང་ཆེན་རིགས་བསྡུས་བདུད་རྩི་འཁྱིལ་བའི་དཀྱིལ་འཁོར་ལ་བརྟེན་ནས་ཁྲོལ་བུའི་སྒྲུབ་པ་ཞག་གསུམ། སྨན་བཏག་བཙག་སྦོལ་གསུམ། བདུད་རྩི་དཀྱིལ་འཁོར་དུ་འགོད་པ་སྔོན་དུ་འགྲོ་བས། དཀྱིལ་འཁོར་དྲུག་དང་སྦྱོར་བ་བརྒྱད་ལྡན་དུ་ཞལ་བསྒྱུར་ཏེ་ཕྱེ་སྒྲུབ་ཀྱི་དབུ་འཛུག་པ་ཞག་གཅིག་སྔོན་དུ་བཏང་བས་ཞག་གསུམ་དུ་སྒྲུབ་པ། ཉིན་ཐ་མར་བདུད་རྩི་འབེབས་བསྐྱིལ་དངོས་གྲུབ་བླང་བ། ཁ་སྐོང་གི་སྦྱིན་སྲེག་དང་བཅས་པས་སྒྲུབ་ཆེན་མཐར་དབྱུང་བ་བཅས་སྤྱིར་སྒྲུབ་ཞག་བཅུ་གཅིག་གི་ཁོངས་སུ་བདུད་རྩི་སྨན་གྱི་སྒྲུབ་པ་ཕྱག་བཞེས་འབྲིང་པོ་ལྟར་ལ། དེ་ལྟར་བསྒྲུབས་པའི་འབྲས་བུ་ནི། རང་སྐལ་དང་འཚམས་པར་ཞི་སོགས་ལས་བཞི་དང་། འདོད་གཟུགས་ཀྱི་ལྷ་དང་སྐལ་བ་མཉམ། ཕྲ་ཡང་གི་ཡོན་ཏན་བརྒྱད་དེ་ཐུན་མོང་གི་གྲུབ་པ་བརྒྱད་དང་། མཆོག་གི་དངོས་གྲུབ་འཕགས་ལམ་གྱིས་བསྡུས་པའི་རིག་འཛིན་བཞི། མཐར་ཐུག་མཆོག་གི་བདུད་རྩི་བདེ་བ་ཆེན་པོའི་སྐུ་ཁ་སྦྱོར་ཡན་ལག་བདུན་གྱི་བདག་ཉིད་ཅན་དུ་འགྲུབ་ཅིང་། ཞར་བྱུང་དུ་ཐོབ་པའི་ཕན་ཡོན་ཡང་གཞུང་ལས། ཚེ་རིང་ནད་མེད་བདེ་བ་དང་༔ ལང་ཚོ་ཁ་དོག་སྟོབས་གཟི་བརྗིད༔ འཕེལ་ཞིང་དབང་པོ་རྣམ་རིག་གསལ༔ མཁའ་ལ་འགྲོ་ཞིང་སྦྱོར་ངན་གྱི༔ ནུས་པས་མི་ཚུགས་ཏིང་འཛིན་གསལ༔ ཁྱད་པར་ཡོན་ཏན་བསམ་མི་ཁྱབ༔ ལུས་ལ་གནས་པའི་བདུད་རྩི་ལྔ༔ དྭངས་མར་གྱུར་ནས་འཆི་མེད་འགྲུབ༔ འདུ་བའི་ནད་སེལ་བདུད་བཞི་འཇོམས༔ བཅུད་ལེན་ཀུན་གྱི་རྒྱལ་པོ་ཡིན༔ སྤངས་རྟོགས་ཡོན་ཏན་ངང་གིས་འཕེལ༔ འདི་སྒྲུབ་རྒྱལ་བས་སྲས་སུ་དགོངས༔ རྟོག་ལ་ཡེ་ཤེས་སྨན་སྦྱར་བས༔ དུག་ལྔ་ཡེ་ཤེས་ལྔ་རུ་རྫོགས༔ གང་དུ་སྒྲུབ་པའི་གནས་ཕྱོགས་དེ༔ ཉི་ཤུ་རྩ་བཞིའི་ཡུལ་དང་མཉམ༔ དཔའ་བོ་མཁའ་འགྲོ་ཤུགས་ལ་འདུ༔ བཀྲ་ཤིས་བྱིན་ཆགས་ཏིང་འཛིན་འཕེལ༔ ས་དགྲ་ཞི་ཞིང་ཆར་ཆུ་འབེབས༔ ལྷ་ཀླུ་དགའ་བས་སྣོད་བཅུད་རྒྱས༔ རྩི་ཤིང་ལོ་ཐོག་ཕུན་སུམ་ཚོགས༔ དེ་ཕྱིར་རྣལ་འབྱོར་ཆེ་རྣམས་ཀྱིས༔ སེམས་བསྐྱེད་ཏིང་འཛིན་དམ་རྫས་ཀྱི༔ ཆོ་གར་ལྡན་པས་འདི་སྒྲུབས་ཤིག༔ དེ་ཡིས་བསོད་ནམས་བརྗོད་མི་ལང༔ རྡོ་རྗེ་དམ་ཚིག་གནས་ལའང་༔ རང་བཞིན་སྤྱོད་པའི་ཡོན་ཏན་ལས༔ བསྒྲུབས་པའི་ཡོན་ཏན་དེ་ལྟའོ༔ ཞེས་གསུངས་པ་ལྟར་ཡོན་ཏན་བསམ་གྱིས་མི་ཁྱབ་པར་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ནས་སྒྲུབ་པའི་མཐའ་རྒྱས་སུ་མར་མེ་ལ་བརྟེན་པའི་སྨོན་ལམ་དང་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བ། འཁོར་གསུམ་ཡོངས་དག་གི་བསྔོ་བས་རྒྱས་གདབ་པ། ཐོ་འགྲོལ་དང་གནས་བསྲུང་བཅས་མཐར་ཆགས་སུ་བྱ་བ་ལས། འདིར་མར་མེ་ལ་བརྟེན་པའི་སྨོན་ལམ་གདབ་པའི་ཚུལ་ལའང་མཚོན་བྱ་དོན་གྱི་མར་མེ་ནི། སྣང་སྲིད་ཐམས་ཅད་བདེན་གཉིས་དབྱེར་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གནས་པ་གང་ཞིག །བསྒོམས་བྱུང་གཙོ་བོར་གྱུར་པའི་ཤེས་རབ་གསུམ་གྱིས་གཏན་ལ་ཕབ་པའི་ལྟ་བ་རྣམ་པར་དག་པ་དང་། དེ་དང་རྗེས་སུ་མཐུན་པའི་རྣལ་འབྱོར་ལྔའི་རིམ་གཉིས་ཀྱི་ཏིང་འཛིན་བྱིང་རྒོད་ཀྱིས་གཡོ་བ་དང་བྲལ་བའི་ཤེས་འཇུག་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཡིན་ལ། དེ་མཚོན་བྱེད་དབྱིངས་སྤྲོས་བྲལ་གྱི་ཀོང་བུར་ལྷན་སྐྱེས་བདེ་བ་ཆེན་པོའི་མར་ཁུ་བསྐྱིལ་བ་ལ་རང་བྱུང་ཡེ་ཤེས་ཀྱི་སྒྲོན་མེ་སྦར་བས་འོད་གསལ་ཆེན་པོའི་སྣང་བ་མཐའ་དབུས་མེད་པར་བརྡལ་བས་སྒྲིབ་གཉིས་ཀྱི་མུན་ཁམས་མ་ལུས་ལྷག་མེད་དུ་བསལ་ཏེ་སྲིད་པ་དུག་གསུམ་གྱི་གཡང་སར་ཉམ་མི་ང་ཞིང་། རྒྱུ་འབྲས་ས་ལམ་གྱི་ཡོན་ཏན་ཐམས་ཅད་རྩོལ་མེད་དུ་རྫོགས་ནས། མཐར་ཐུག་གདོད་མའི་ནང་དབྱིངས་ཆེན་པོར་མངོན་པར་བྱང་ཆུབ་སྟེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ནས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པས་ནམ་མཁའ་དང་མཉམ་པའི་ལུས་ཅན་མཐའ་དག་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པའི་སྨོན་འདུན་རྩེ་གཅིག་པས་འདི་བཞིན་རྗེས་སུ་ཟློས་ཏེ་གསུང་བར་ཞུ། །རིག་པ་བྱང་ཆུབ་སེམས་སོགས་སོ། །ཞེས་པ་འདི་ནི་པདྨའི་ཐང་དུ་སྨན་སྒྲུབ་འཚོགས་དུས་མཁན་རིན་པོ་ཆེ་པདྨ་བཛྲ་གྱིས་གུང་སེང་ཐུན་མཚམས་ཞིག་ཏུ་ཤར་མར་སྤེལ་བ་བཞིན་བྲིས་པའོ།། །།
གཞི་གསུམ་ཆོ་གའི་ཟིན་བྲིས་དམ་པའི་ཞལ་ལུང་།
༄༅།།གཞི་གསུམ་ཆོ་གའི་ཟིན་བྲིས་དམ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། ་བདེ་ལེགས་སུ་གྱུར་ཅིག །བསོད་ནམས་བྱེ་བ་ལས་གྲུབ་མཚན་དཔེའི་སྐུ། །ཞབས་སེན་ཚངས་དབང་གཙུག་ན་མངོན་མཛེས་ཤིང་། །མཁྱེན་པའི་དཀྱིལ་འཁོར་སྲིད་ཞིའི་ཁོང་ཁྱབ་པའི། །སྟོན་པ་མཚུངས་མེད་དེ་ལ་ཕྱག་འཚལ་ལོ། །སྐྱོབས་པ་དེ་ཡི་ཞལ་ནས་གསུངས་བའི་བཀའ། །ཐར་བའི་གྲོང་དུ་འཇུག་པའི་ཐེམ་སྐས་མཆོག །མཁས་པའི་སྐྱེ་བོ་རྣམས་ཀྱི་བགྲོད་པའི་ཤུལ། །བསྟན་པའི་གཞི་མ་དམ་ཆོས་འདུལ་བ་ཡིན། །གང་དེ་བཤད་སྒྲུབ་ལས་ཀྱི་འཁོར་ལོ་ཡིས། །འཛིན་མཛད་གཏད་རབས་བདུན་དང་མཛེས་རྒྱན་དྲུག །ཡོན་ཤཱཀ་གཉིས་དང་ཞི་བ་འཚོ་ལ་སོགས། །འཕགས་ཡུལ་པཎ་གྲུབ་ཕྲེང་བ་ཚར་དུ་དངར། །བྱང་ཕྱོགས་གངས་རིའི་ལྗོངས་འདིར་ཐུབ་པའི་བསྟན། །གསལ་བྱེད་འདུལ་འཛིན་དབང་པོ་སད་མི་བདུན། །སློབ་ཚོགས་བརྒྱུད་པར་བཅས་པའི་བཀའ་དྲིན་ལ། །བསམ་ཀྱིན་དད་ནས་ལག་པ་སྙིང་ཁར་ཟུམ། །ཁྱད་པར་དེང་སང་སྙིགས་མའི་དུས་འདི་རུ། །ཆོས་བརྒྱད་ཟོལ་དང་བླུན་པོའི་རྩིང་སྤྱོད་ཀྱིས། །ཕྱོགས་རྣམས་གང་ནའང་ཐུབ་བསྟན་རིན་ཆེན་ཉིད། །མོག་པོར་གྱུར་པའི་གནས་སྐབས་འདི་གཟིགས་ནས། །སྔོན་རབས་དུ་མར་གོམས་པའི་ཐུགས་བསྐྱེད་དང་། །སྨོན་ལམ་དམ་བཅའ་དྲག་པོས་རྒྱུད་བསྐུལ་ཏེ། །སྐད་གཉིས་སྨྲ་བའི་གཙུག་རྒྱན་བཻ་རོ་ཉིད། །རྣམ་དག་བསྟན་པའི་ཉི་མ་གསལ་བྱའི་ཕྱིར། །སླར་ཡང་ངུར་སྨྲིག་འཆང་བའི་རྣམ་རོལ་དུ། །ཕེབས་པ་རྒྱལ་བའི་སྲས་པོ་གཞན་ཕན་པའི། །ཕྲིན་ལས་འོད་ཀྱི་རླབས་ཕྲེང་གཡོ་བ་དེའི། །བསྟན་པའི་པད་ཚལ་ཕྱོགས་བརྒྱར་རྒྱས་གྱུར་ཅིག །འདི་ན་རང་དང་སྐལ་མཉམ་གང་ཟག་འགར། །ཕན་པར་འགྱུར་སྙམ་ལྷག་བསམ་དག་པའི་བློས། །གཞི་གསུམ་ཆོ་གའི་ཕྱག་བཞེས་ཟིན་བྲིས་སུ། །མཁས་དབང་རྣམས་ཀྱི་གསུངས་སྒྲོས་ཇི་བཞིན་འབྲི། །ཞེས་ཕྱག་བྱ་བ་དང་མཆོད་པར་བརྗོད་པ་དངོས་པོ་ངེས་པར་བསྟན་པ་རྣམས་ཀྱིས་མདུན་བསུས་ནས། འདིར་བརྗོད་པར་བྱ་བ་ལ་གསུམ་སྟེ། གསོ་སྦྱོང་། དབྱར་གནས། དགག་དབྱེའོ། །དང་པོ་གསོ་སྦྱོང་གི་ཆོ་ག་ལ་སྦྱོར་དངོས་གཉིས་ལས། སྦྱོར་བ་ནི། ཐོག་མར་དུས་ངེས་པའི་ཕྱིར། སྨྱུག་མའི་ཐུར་མ་བཅོ་ལྔ་སྲད་བུ་ལ་བརྒྱུས་པ་སྨིན་གླིང་ཕྱག་བཞེས་ལ་དེའི་སྣེ་གཉིས་སུ་འཕེན་གཉིས་ཀྱིས་སྤྲས། །འཕེན་འགོ་གཡས་རྒན་གྲལ་ཕྱོགས་སུ་ཉི་མ་དང་གཞོན་པའི་ངོས་གཡོན་ཕྱོགས་སུ་ཟླ་བའི་གཟུགས་བརྙན་ཅན་གནང་འདུག ཡར་ངོ་ལ་རྒན་གྲལ་ཕྱོགས་སུ་དེད། མར་ངོ་ལ་གཞོན་གྲལ་ཕྱོགས་སུ་དེད། གཙུག་ལག་ཁང་གི་གདོང་གྲལ་གྱི་མཇུག་གི་ཀ་བའི་བར་དུ་ཐད་ཀར་བརྐྱངས་པ་ཉིན་རེ་བཞིན་དགེ་བསྐོས་ཀྱིས་བརྟགས་ཤིང་སྤོས་ནས་དུས་ཤེས་པར་བྱའོ། དེ་ནས་བཅོ་ལྔ་པའམ་བཅུ་བཞི་པ་གང་ཡིན་ཀྱང་། དེའི་དུས་ལ་བབས་པའི་སྔ་དྲོའི་ཚེ་དགེ་འདུན་གྱི་ཞལ་ཏ་པ་དང་། ཁང་སྐྱོང་སོགས་ཀྱིས་གཙུག་ལག་ཁང་བྱི་དོར་བྱེད་ཅིང་དྲི་གཙང་ཁང་གི་སྟོན་པའི་སྐུ་མདུན་ལྟ་བུར་དགེ་འདུན་རྣམས་ཚོགས་ཆོག་པར་ཡོད་ན་དེས་མཐུས་ཀྱང་། དེ་ལྟར་མིན་ཚེ་མདོ་འདོན་པ་པོའི་ཁྲིའི་གཡས་ཟུར་དུ་སྟོན་པའི་སྐུ་གཟུགས་ཁྲི་ལ་སྤྱན་དྲངས་ཤིང་། གཞན་ཡང་གནས་བརྟན་བཅུ་དྲུག་དང་མཛད་བཅུ་སོགས་ཀྱི་ཞལ་ཐང་བཀྲམ། དགོན་གནས་འདིར་དབྱར་གནས་ཚེ་མ་གཏོགས་དཀྱུས་ཀྱི་གསོ་སྦྱོང་གཙུག་ལག་ཁང་གི་ཇོ་བོའི་མདུན་དུ་མཆོད་བཤམས་ཡོད་ཕྱིར་དེས་འཐུས་པས་རྟེན་གསར་བཤམས་མི་མཛད། ཇོ་བོའི་གཡོན་ལོགས་སུ་མདོ་འདོན་པ་པོའི་སེང་ཁྲི་བཤམས། དེ་དག་གི་མདུན་དུ་མཆོད་སྟེགས་བང་རིམ་གསུམ་པའི་གོང་མར་ཞལ་ཟས་ཀྱི་གྲངས་བཅོ་ལྔ་ལས་མི་ཉུང་བ་དང་། འོག་མ་གཉིས་སུ་ཆུ་དང་ནས་སྤེལ་བ་བདུན་ཆ་གཉིས་དང་། མར་མེ་བཅོ་ལྔ་ཕྲེང་ཚར་དུ་བཤམས། མཆོད་གཞིའི་སྟེགས་ཆུང་དམའ་བ་ལ་གཉུག་མར་གནས་པའི་ལྷ་དང་། འཕྲོག་མ་སོགས་ཀྱི་གཏོར་མ་མཐེབ་རིལ་ཅན་ཆངས་བུ་བཞིས་བསྐོར་བ་བཀོད། མདོ་འདོན་པ་པོའི་མདུན་ངོས་ནས་དེ་ལ་ཞལ་ཕྱོགས་པའི་ཐད་གྲལ་གྱིས་དགེ་འདུན་གྱི་གྲལ་གདན་གོ་རིམ་བཞིན་དུ་བཤམས། གཙུག་ལག་ཁང་གི་ནང་གཡས་ཀྱི་ཕྱོགས་སུ་ཕྱིར་བཅོས་དུས་བཞུགས་སའི་གྲལ་གདན་ཐུར་གྲལ་ཞལ་སྤྲོད་དུ་རིང་པོར་བཤམས། དེ་ནས་དགེ་འདུན་པ་རྣམས་སོ་སོར་གུང་ཚིགས་སོགས་གནང་ཚར་ནས། དགེ་སློང་གློ་བུར་དུ་ལྷག་པ་ཡོད་ན་དེ་རྣམས་བསྒུག་ནས་ཉི་མ་ཕྱི་དྲོ་ལ་བབས་པ་ན། དགེ་ཚུལ་སློང་གང་རུང་ངམ། དགེ་བསྙེན་གསོ་སྦྱོང་ལ་གནས་པས་ཀྱང་རུང་སྟེ། གཎྜིའི་གནས་སུ་སོང་སྟེ། དཀོན་མཆོག་གི་ཡོན་ཏན་ཡིད་ལ་བྱས་ཏེ་ཕྱག་གསུམ་འཚལ་ལ་{དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གདོད་ནས་མ་སྐྱེ་པ་དགེ་བ། །ཤིན་ཏུ་བརྟན་པ་ཆོསཀྱི་སྐུ། །སྐྱེད་པ་མ་ཡིན་འཇིག་བྱེད་མིན། །ཞེས་འདོན་རྗེས་}གཎྜི་བླངས་ཏེ། ལག་གཡོན་པས་སྐེད་པ་ནས་བཏེགས་པའི་སྣེ་ཕྲག་གཡོན་ལ་བཀལ་ཏེ། ཤད་ཙ་ཞེས་གྲགས་པ་ལག་གཡས་ཀྱིས་བརྡུངས་དབྱུག་གིས་ཤད་གསུམ་སྔོན་དུ་འགྲོ་བས། ལས་ཀྱི་གཎྜི་དགོན་འདིར་འདུས་པ་མང་པས་དུང་བརྡ་སྔོན་དུ་འགྲོ་བས་དུང་སྦྲེལ་མ་གསུམ་འབུད་པའི་དུང་གཉིས་པའི་སྐབས་གཎྜི་བརྡུང་བ་དང་དགེ་འདུན་འདུས་པར་བྱ། ནང་དུ་ཕྱིར་བཅོས་བསྐུལ་བ་དང་དུང་གསུམ་པ་འབུད། རྒྱུད་གཅིག་དང་ཏོག་གསུམ་བརྡུང་བས་དགེ་འདུན་བསྡུ་བར་བྱའོ། །རྒྱུད་གཅིག་ཅེས་པ་ནི་བར་ཐག་ལ་ཉེ་རིང་མེད་ཀྱང་གཅིག་ནས་བཅོ་བརྒྱད་ཀྱི་བར་ལ་རིམ་གྱིས་སྒྲ་ཇེ་ཆེར་བརྡུང་བ་དང་། བཅུ་དགུ་ནས་སོ་དྲུག་བར་ཇེ་ཆུང་དུ་བརྡུང་བ་སྟེ། དེ་འདྲ་བ་གཅིག་ལ་རྒྱུད་གཅིག་ཟེར་བ་ཡིན། ཏོག་གསུམ་ནི་དེའི་རྗེས་སུ་ཅུང་ཟད་དལ་བས་སྒྲ་དྲག་ལ་ཆེ་བ་གསུམ་བརྡུང་བ་ཡིན་ནོ། །གལ་ཏེ་གཎྜི་གོ་བར་མི་ནུས་ན་དེའི་སྔོན་དུ། དུང་སྦྲེལ་མ་ལན་གསུམ་དུ་འབུད་པར་བྱའོ། །གང་ལྟར་ཀྱང་གཎྜི་མ་རྫོགས་གོང་ནས་ཚོགས་གྲུབ་དགོས་པས། དགེ་འདུན་རྣམས་ཀྱིས་མཐང་ཤམ་དང་། རྔུལ་གཟན་སྔར་ནས་བཞེས་ཡོད་ཐོག བླ་གོས་ཕྲག་གཡོན་ལ་གོང་བ་མདུན་དུ་བསྟན་ནས་བཀལ། གདེང་བའི་སྟེང་དུ་སྣམ་སྦྱར་དྲིལ་ཆས་ཀྱིས་སྤྲས་པ་བཞག་སྟེ་ལག་གཡོན་པའི་སྟེང་དུ་བཟུང་ནས་སྤྱོད་ལམ་ཞི་དུལ་དང་ལྡན་པས་འདུ་བར་བྱའོ། གཙུག་ལག་ཁང་གི་སྒོར་ཕེབས་པ་དང་། བླ་གོས་བཞེས་མཆིལ་ལྷམ་ཕུད། གཎྜི་པ་ལ། གཎྜི་ཅིའི་ཕྱིར་བརྡུངས་ཞེས་དྲིས་པའི་ལན་དུ། དེས་ཀྱང་གསོ་སྦྱོང་གི་ཕྱིར་རོ་ཞེས་ལན་གདབ། དེ་ནས་ཡར་ཕེབས་པ་དང་། སྒོ་གཡས་གཡོན་དུ། དགེ་ཚུལ་ཆབ་རིལ་པ་གཉིས་ཀྱིས་ཆབ་འབུལ་བ་བཞེས་ནས་བཟེད་ཞལ་དུ་དོར་ཏེ་ནང་དུ་ཕེབས། གཙུག་ལག་ཁང་གི་ལྷོ་ངོས་གྲལ་གདན་ལ། མཁན་པོས་ཐོག་དྲངས། བསླབ་པ་རྒན་པ་རྣམས་ཀྱིས། གདིང་བ་ཚལ་བུ་སྟེང་དུ་ཕོག་པ་བཞི་ལྟེབ་དུ་བྱས་པའི་གྲལ་ཁ་གཡོན་དུ་བསྟན་ནས་བཏིང་པའི་ཁར་པུས་བཙུག་དང་སོར་བསྣོལ་མཛད་ནས་གཡས་གྲལ་དུ་བཞུགས། དེ་འཕྲོས་གཞོན་པ་རྣམས་གཡོན་གྲལ་དུ་གདིང་བ་རིང་རྐྱང་དུ་གཏིང་པའི་ཁར་འགྲེང་ནས། ཕྱག་གསུམ་འཚལ་ཏེ་གཟན་ག་ཁྱེར་མཛད་ནས། རྐང་ལག་འདུད་རྒྱ་བཅས། གྲལ་འགོར་འཁོད་པ་དེས་བསྐུལ་ནས། བསྟན་པ་རིན་པོ་ཆེ་གསལ་བྱེད་དམ་པར་གྱུར་བ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། མཁན་པོས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཞེས་ལན་གདབ་མཐར་ཐམས་ཅད་ཙོག་པུར་བཞུགས་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བ། བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་པའི་དབང་གིས། ཕམ་ལྷག་གི་སྦོམ་པོ་ལྕི་ཡང་གཉིས་དང་། ལྟུང་བྱེད་འབའ་ཞིག་པ་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱི་སྡེ་ཚན་རྣམས་ལས་ཁ་ན་མ་ཐོ་བ་གང་དང་གང་བྱུང་བ་དེ་དང་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ་དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ཕྱིར་བཅོས་ལན་གསུམ་བརྗོད། མཁན་པོས། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ། ཞེས་དྲིས། གཞོན་གྲལ་བ་ཀུན་ནས་མཐོང་ལགས་ཞུ། མཁན་པོས། ཕྱིན་ཆད་ལེགས་པར་སྡོམ་ལགས་སམ། ཞེས་དྲི། གཞོན་གྲལ་བ་ཀུན་ནས་སྡོམ་ལགས་ཞུ། མཁན་པོས་ཐབས་ཡིན་ནོ་གསུངས། གཞོན་གྲལ་བ་ཀུན་ནས་ལེགས་སོ་ཞུ། དེ་མ་ཐག་བཞེངས་ཏེ་ཕྱག་གསུམ་དང་། གཟན་ག་ཁྱེར་གྱིས་རྐང་ལག་འདུད་རྒྱ་བཅས། བསྟན་པ་རིན་པོ་ཆེ་གསལ་སོགས་ནས་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་བཀའ་དྲིན་ཆེ་ལགས། མཁན་པོའི་ཞལ་སྔ་ནས། ཆོས་བཞིན་འདུལ་བ་བཞིན་གནང་བ་ལ་རྗེས་སུ་ཡི་རང་ངོ་། །ཞེས་གསུངས། གཞོན་གྲལ་བ་རྣམས་ནས་སླར་ཡང་ཕྱག་དང་བཅས་སྤྱོད་ལམ་སྔར་ལྟ་བུའི། བསྟན་པ་རིན་པོ་ཆེ་སོགས་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། མཁན་པོ་ནས་ཆོས་བཞིན་སོགས་ཀྱི་ལན་གདབ། གཞོན་གྲལ་བ་རྣམས་ཙོག་པུར་འདུད་པ་བཅས་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་སློང་སོགས་ནས་ཉོན་མོངས་པ་མང་བའི་དབང་གིས། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། སྤང་ལྟུང་སུམ་བཅུ་ལས་གང་ཡང་རུང་བ་བྱུང་བ་དེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་བྱིན་གྱིས་བརླབས་སོ། །དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱིས་གསོ་སྦྱོང་མཛད་ལ། སླད་ཀྱིས་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིའོ། ལན་གསུམ་བཟླས། ཐབས་ལེགས་བྱ། སླར་ཡང་ཕྱག་དང་བཅས་སྤྱོད་ལམ་སྔར་བཞིན་གྱིས། བསྟན་པ་སོགས་ནས་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། མཁན་པོས་ཆོས་བཞིན་སོགས་གནང་བ་ལ་རྗེས་སུ་ཡི་རངས། ཀྱིས་ལན་གདབ། དེ་ལྟར་གྲུབ་རྗེས་གཞོན་གྲལ་བ་རྣམས་གདིང་བ་བཞི་ལྟེབ་ཀྱི་ཁར་པུས་བཙུགས་དང་སོར་བསྣོལ་གྱིས་བཞུགས། དེ་ནས་མཁན་པོ་སོགས་རྒན་པ་རྣམས་བཞེངས་ནས་གཟན་ཤད་གསུམ་དང་གཟན་ག་ཁྱེར་གྱིས། བསྟན་པ་རིན་པོ་ཆེ་སོགས་གོང་ལྟར་བྱ་ཞིང་། གཞོན་གྲལ་གྱི་ཐོག་མར་འཁོད་པ་དེས་ལན་ཞུ་ཞིང་། ལན་གྱི་ཚེ་ཕྱག་གཡས་པ་ཐལ་བཀན་གྱིས་ཞེ་སའི་ཚུལ་དང་། ཆོས་བཞིན་འདུལ་བ་བཞིན་གནང་བ་བཀའ་དྲིན་ཆེ་ལགས། ཞེས་པ་ལྟ་བུ་ལས་གཞན་གོང་དང་འདྲ། འདིའི་རིང་ལ་དགེ་ཚུལ་རྣམས་མཐོང་ཐོས་ཀྱི་ཉེ་འཁོར་ལས་བཀར་ཏེ་ཕྱི་རོལ་དུ་བཞུགས་པ་ལས། ཕྱིར་བཅོས་ཟིན་ནས་སྒོ་ཕྱེས་ཏེ་བརྡ་དང་བསྟུན་ནང་དུ་ཕེབས་པ་ན་མཁན་པོ་ནས་རྒན་རིམ་མཐར་ཆགས་སུ་ཕེབས་ཏེ། སྔར་བཤམས་པའི་གདན་ལ་གོ་རིམ་མ་འཆོལ་པར་གདིང་བ་རིང་རྐྱང་དུ་བཏིང་བའི་ཁར་ཕྱག་གསུམ་བྱས་ནས་གཟན་ཟླུམ་ཁྱེར་གྱིས་པུས་བཙུགས་དང་སོར་བསྣོལ་གྱིས་འཁོད། དེ་ནས་བྱང་འདྲེན་པས་བསྐུལ་ཏེ། ཐམས་ཅད་ཀྱིས་ཕྱག་ཐལ་མོ་སྦྱར་བཞིན། ཚིགས་བཅད་གཅིག་པ་དང་ཁྱད་པར་འཕགས་བསྟོད། ཚིགས་བཅད་བཞི་པ་དང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་སྟེ། གསོ་སྦྱོང་སྔ་ཕྱི་རེས་མོས་སུ་གསུངས། དེ་ནས་སོ་ཐར་བརྒྱུད་འདེབས་གསུངས་ནས། རྟག་ཏུ་བཟོད་པའི་གོ་ཆ་བགོ་བར་ཤོག ཅེས་པའི་དུས་ཙམ་ནས་དགེ་བསྐོས་ཀྱིས་སྣམ་སྦྱར་བཞེས། རང་གྲལ་དེ་ཉིད་ནས་ཕྱག་གསུམ་འཚལ་ཏེ་བརྒྱུད་འདེབས་རྫོགས་པ་དང་གཟན་ག་ཁྱེར་ལག་མདུད་རྒྱ་བཅས། བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་དགེ་སློང་དགེ་བའི་བཤེས་གཉེན་མཁན་པོ་དགེ་སློང་རིག་འཛིན་བཟང་པོ་དཔལ་གྱི་ཞལ་སྔ་ནས་གཙོ་མཛད་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་ཟླ་བ་ཡར་གྱི་ངོའི་གྲལ་ཚེས་དང་པོ་ཞེས། ཚེས་གཅིག་ནས་བཅོ་ལྔའི་བར་ཡར་གྱི་དང་། བཅུ་དྲུག་ནས་སྟོང་གི་བར་མར་གྱི་གྲལ་ཚེས་སོགས་གོ་རིམ་མ་འཁྱུག་བར་ཚེས་གྲངས་ཀྱི་མིང་ནས་སྨྲོས་དགོས་པས། ཡར་གྱི་ཚེ་གྲལ་ཚེས་བཅོ་ལྔ་པའམ། མར་གྱི་ངོའི་བཅུ་བཞི་པའམ་བཅོ་ལྔ་པ་མངོན་དུ་གྱུར་བ་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་། གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་རེ་ཀླག་ཏུ་གསོལ། མདོ་བསྐུལ་གཞུང་བཞིན་ཞུ། དེ་ནས་ཐམས་ཅད་བཞེངས་ཏེ་སྣམ་སྦྱར་བཞེས་གཟན་ཟླུམ་ཁྱེར་མཛད་ནས་ཐལ་མོ་སྦྱར་བཞིན། མཁན་པོས་བསྐུལ་ཏེ། བཅོམ་ལྡན་འདས་སོགས་དལ་བུས་གཏོང་། དེ་ནས་མཁན་པོས་མགོ་བསྐུལ་བཅས། གང་ཚེ་རྐང་གཉིས་སོགས་རང་གདངས་ཀྱིས། རྐང་བ་བཞི་པའི་དེའི་ཚེ་ཞེས་པའི་སྐབས་སུ་ཐལ་མོ་སྤྱི་བོར་སྦྱར། མཁས་པ་ཞེས་པའི་སྐབས་སུ་ཐལ་སྦྱར་མགྲིན་པ། ཁྱེད་ལ་ཞེས་པའི་སྐབས་སུ་སྙིང་ཁར་ཐལ་མོ་སྦྱར། ཕྱག་འཚལ་ལོ་ཞེས་པའི་དུས་གནས་ལྔ་ས་ལ་གཏུགས་པའི་ཕྱག་བྱ་བ་སྟེ་སྔ་ཕྱི་མེད་པར་འགྲིག་པར་བྱ་བ་ནི་འོག་མ་གདངས་ཅན་ཐམས་ཅད་ལ་འདྲེའོ། །ཚིགས་བཅད་གསུམ་རྫོགས་པ་དང་། སླར་ཡང་བསྐུལ་ཏེ། མགོན་པོ་ཐུགས་རྗེ་སོགས། རྐང་པ་བཞི་པ་ལ་སྔ་མ་ལས་བྲེལ་ཙམ་གྱིས་ཐལ་སྦྱར་གནས་གསུམ་དུ་བྱ། ཤོ་ལོ་ཀ་གསུམ་རྫོགས་པ་དང་། ཇི་སྙེད་སུ་དག་སོགས་ལྷུག་འདོན་དལ་ཞིང་འགྲིགས་པ་ལ། གཟན་གྱི་སྣེ་ཁུག་འཛིན་གྱིས། རྐང་བ་དང་པོ་ལ་སྤྱི་བོ། གཉིས་པ་ལ་མགྲིན་པ། གསུམ་པར་སྙིང་ཁར་ཐལ་མོ་སྦྱར། རྐང་པ་བཞི་པ་ལ་མ་ལྔ་ས་ལ་ཕབས་པས་ཕྱག་བྱ་བ་སྟེ་ཡན་ལག་བདུན་ཀ་ལ་འདྲེས་སོ། །དེ་ཡན་ནི་ཕྱག་འཚལ་བའི་རྒྱུད་དོ། །དེ་ནས་ཐམས་ཅད་བཞེངས་བཞིན་སྟོད་གཡོག་ཟླུམ་ཁྱེར་དང་སོར་བསྣོལ་གྱིས་མཁན་པོས་བསྐུལ་ཏེ། འདི་སྐད་བདག་གིས་སོགས། ཤེར་སྙིང་དང་། དེ་ནས་མཁན་པོས་སེ་གོལ་བཅས་དགེ་བར་གསུངས་ཤིག ཞེས་བརྗོད། སྡེབས་འདོན་གྱིས་སྐར་མ་རབ་རིབ་སོགས། ཆོས་རྣམས་ཐམས་ཅད་སོགས། སྡིག་པ་ཅི་ཡང་སོགས། དེ་རྣམས་ཐམས་ཅད་མདོ་འདོན་པའི་རྒྱུད་དོ། སླར་ཡང་བསྐུལ་ཏེ། བསོད་ནམས་འདི་ཡིས་སོགས། འགྲོ་བའི་སྡུག་བསྔལ་སོགས། ཀླུ་རྒྱལ་དགའ་པོ་སོགས་བརྗོད། དེ་ནི་བསྔོ་བའི་རྒྱུད་དོ། ཐོབ་པར་ཤོག ཅེས་བརྗོད་པ་དང་མཉམ་དུ་ཐམས་ཅད་ཙོག་པུར་བཞུགས། ཕྱག་གཡོན་ཆོས་འཆད་ཀྱི་ཕྱག་རྒྱ་སྐྱབས་སྦྱིན་གྱི་ཚུལ་དང་། གཡས་པུས་སྟེང་དུ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་དེ། རང་རང་གི་སོགས། གཉུག་མར་གནས་པའི་སོགས་ཀྱིས་གཏོར་མ་བསྔོ། ཨ་ཀ་རོ་སོགས་ལན་གསུམ་དང་། མཇུག་ཏུ་ཁཱ་ཧི་ཞེས་པ་རྣམས་ལ་ལག་གཡས་མདུན་དུ་བསྐོར་ནས་ཕྱིར་བཀན་ཏེ་སེ་གོལ་བརྡེབ་པར་བྱའོ། དེ་ནས་སོར་བསྣོལ་གྱིས་འཇིག་རྟེན་བདེ་ཞིང་སོགས་གསུངས་པ་དང་། དགེ་བསྐོས་ནས་སྔར་ལྟར་ཕྱག་དང་བཅས་ཏེ་བསྟན་པ་རིན་པོ་ཆེའི་རྩ་ལག་སོགས་ནས་གསན་དུ་གསོལ། དེང་དུས་བཟང་པོ་ལ་བདག་ཅག་འདིར་འདུས་ཤིང་ཚོགས་པ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་སྟོན་པའི་བཀའི་ཆོས་ཉན་པ་སྦྱིན་དུ་གསོལ། ཅེས་ཆོས་འཆད་པར་བསྐུལ། དེ་ནས་མདོ་འདོན་པ་པོ་སེང་གེའི་ཁྲི་ལ་འཛེག་ཏེ་གདིང་བ་གཉིས་ལྟབ་ཀྱི་ཚལ་བུའི་ཁ་མདུན་དུ་ཕྱོགས་པའི་ཁར་བཞུགས། དགེ་འདུན་རྣམས་ཀྱང་བཞེངས་ནས་རང་མལ་དུ་གདིང་བ་བཞི་ལྟབ་ཀྱི་ཁར་པུས་བཙུགས་དང་སོར་བསྣོལ་གྱིས་བཞུགས། བལྟབ་ཚུལ་ཕྱིར་བཅོས་སྐབས་སུ་བཤད་པ་བཞིན་བྱ། དེ་ནས་མཁན་པོས། དེ་ཡང་སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་ནས་སོགས་སྟོང་ཐུན་གྱིས་མཚམས་སྦྱར་ནས། ཚུལ་ཁྲིམས་ཡང་དག་གི་མདོ་གསུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ཞེས་པ་སྡེབས་འདོན་གྱིས། ཐལ་མོ་སྦྱར་ཏེ་བྱིངས་ནས་འདུད་པར་བྱ་ཞིང་། བཞུགས་བཞིན་ཐལ་མོ་སྤྱི་བོར་སྦྱར་ཏེ་མདུན་དུ་གུས་པར་བྱ། དེ་ལས་གཞན་དུ་ཐལ་མོ་བསྣོལ་ཏེ་འཁོད། མཇུག་གི་ཆོས་བཤད་པ་ལས་སོགས་ཚིགས་བཅད་གཅིག་པོ་སྡེབས་འདོན་བྱ། སྐབས་འདིར་མང་ཇ་གཏོང་ཇ་ཞུས་བྱེད། ཇ་མཆོད་འཇིག་རྟེན་མཆོད་འོས་དང་དུས་གསུམ་སངས་རྒྱས་རེས་མོས་མཛད་གསོལ། ཞལ་བཟེད་པའི་ཚེ་ཡང་མཐར་ཆགས་སུ་བཟེད། མཁན་པོ་ནས་ཞལ་བཀོད་དང་ཆོས་བཤད་སོགས་བྱེད་དགོས་པ་ཡོད་ན་སྐབས་འདིར་མཛད། གོང་དུ་ཚུལ་ཁྲིམས་རྣམ་དག་གི་མདོ་ལས་འཕྲོས་པའི་ཚུལ་དུ་ཡང་མཛད་པས་ཅི་བདེར་བྱ་མཛད། དེ་ནས་དགེ་ཚུལ་རྣམས་ཀྱིས་ཕྱིར་བཅོས་དང་གསོ་སྦྱོང་བྱ་སྟེ། བརྗོད་ཚུལ་སོགས་དགེ་སློང་ཕྱིར་བཅོས་ཀྱི་སྐབས་ལྟར་ལ། མཁན་པོའི་མདུན་དང་། རྒན་རིམ་ནས། གྲལ་གྱི་རྒྱབ་ཏུ་དགེ་སློང་རེ་རེའི་དྲུང་དུ་དགེ་ཚུལ་གསུམ་ལས་མི་མང་བར་བྱས་ནས་ཞུ་བར་བྱའོ། །ཕྱག་གསུམ་འཚལ་ནས་འདུད་ཚུལ་བཅས། ཡུལ་གྱིས་ཀྱང་གདིང་བ་བཅས་ཞལ་ཕྱིར་ཕྱོགས་ནས་བཞུགས
བསྟན་པ་རིན་པོ་ཆེ་གསལ་བྱེད་སོགས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཡུལ་དེས་ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། གུས་འདུད་ཀྱིས་འཕོང་སར་མ་རེག་པར་མཁན་པོའམ་གནས་བརྟན་ནམ་བཙུན་པ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་ཚུལ་མིང་འདི་ཞེས་བགྱི་བ། བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས། ཉེས་བྱས་གང་དང་གང་བྱུང་བ་དེ་དང་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ་དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ་འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་མཐོང་ལགས་སམ། ཞེས་དྲིས། འཆགས་པ་པོས། མཐོང་ལགས། ལེན་པ་པོས། ཕྱིན་ཆད་ལེགས་པར་སྡོམ་ལགས་སམ། འཆགས་པ་པོས། སྡོམ་ལགས། ཞེས་དང་། ཐབས་ཡིན་ནོ། །བྱེད་པ་པོས། ལེགས་སོ་ཞུ། སླར་ཕྱག་གསུམ་དང་འདུད་པས། བསྟན་པ་སོགས། ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པ་བཀའ་དྲིན་ཆེ་ལགས། ཡང་ཕྱག་དང་། བསྟན་པ་རིན་པོ་ཆེའི་གསལ་བྱེད་སོགས། ཆེན་པོ་གསོ་སྦྱང་གི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཆོས་བཞིན་སོགས་བཏུད་དེ། མཁན་པོ། གནས་བརྟན་བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། བདག་ཤཱཀྱའི་དགེ་ཚུལ་མིང་འདི་ཞེས་བགྱི་བས་ཡང་། གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། བདག་ཤཱཀྱའི་དགེ་ཚུལ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན། བདག་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་པར་མཁན་པོའམ་གནས་བརྟན་བཙུན་པས་བཟུང་དུ་གསོལ། ལན་གསུམ་དང་། ཐབས་ཡིན་ནོ། །ལེགས་སོ་ཞུ། ཡང་ཕྱག་དང་། བསྟན་པ་རིན་པོ་ཆེའི་སོགས། ཆེན་པོ་གསོ་སྦྱོང་གི་ཆོ་ག་ལ་ཐུགས་གཏད་པར་བཀའ་དྲིན་ཆེ་ལགས། ཅེས་དང། ཆོས་བཞིན་འདུལ་བ་བཞིན་མཛད་པ་ལ་རྗེས་སུ་ཡི་རང་ངོ་། །དེ་ཟིན་པ་དང་དགེ་ཚུལ་རྣམས་ཕྱི་རོལ་དུ་བཀར་ཏེ། ཅ་ཅོ་དང་ག་ཞ་སོགས་མེད་པར་ལྷོད་ཆགས་པར་འཁོད། མཇལ་མི་སོགས་གཞན་ཐམས་ཅད་ཀྱང་བསྐྲད་ནས་སྒོ་གླེགས་ཀྱང་བསྡམས་པར་བྱའོ། །དེ་ནས་མཁན་པོས། ཐོག་མར་ཡུལ་དུས་ཀྱི་སྟོབས་ཀྱིས་སོགས་ལྟུང་ཐུན་བྱིན་རླབས་དང་། གནས་ལ་བློ་མཐུན་རྣམས་བྱའོ། །དེ་ཡན་ཆད་ནི་སྦྱོར་བའོ། །དངོས་གཞི་ནི། སོ་སོར་ཐར་བའི་མདོ་འདོན་ནས། ཡོངས་དག་དྲི་བ་ཉིད་ཡིན་ཏེ། དེ་ཡང་མཁན་པོས། སོ་སོར་ཐར་བ་ལ་སོགས་ཀྱིས་འདུ་ཤེས་གསུམ་གསལ་བཏབ་སྟེ་ཉན་པར་གདམས། རབ་ཏུ་ཞི་བའི་ཚུལ་གྱིས། རྒྱ་གར་སྐད་དུ་༔སོགས་བརྗོད། ཀུན་གྱིས་སྤྱི་བོར་ཐལ་མོ་སྦྱར་ཏེ་མདུན་དུ་གུས་བར་བྱ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཞེས་པ་ཐམས་ཅད་ཀྱིས་སྡེབས་འདོན་བྱེད། དེ་ནས་མཁན་པོས། མཆོད་བརྗོད་རྣམས་ཀྱི་དུས་ཐལ་མོ་སྦྱར་ཞིང་། འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། ཞེས་པ་ནས་ཐལ་མོ་བསྣོལ་ཏེ། མདོའི་ཆེ་བ་བརྗོད། དུས་བརྗོད་པ། བག་ཡོད་པར་གདམས་པ་རྣམས་དང་། འདུན་དག་དྲི་བ་ཡན་ཆད་བྱའོ། །དགེ་སློང་ནད་པ་དང་མཚམས་པ་སོགས་ཆོས་ལྡན་གྱི་བྱ་བས་གཡེངས་སྟེ་འདུ་བར་མ་ནུས་ན་འདུན་དག་ལེན་དགོས་པ་ཡོད་ན་དགེ་བསྐོས་སོགས་དགེ་སློང་གང་ཡང་རུང་བས། སྔར་དུང་འབུད་དུས་ནས་འདུན་དག་བླངས་སྟེ་སྐབས་འདིར་རང་གྲལ་ནས་ཕྱག་དང་བཅས་གཞུང་བཞིན་དུ་འབུལ་བར་བྱའོ། །དེ་ནས་མཁན་པོས། ཤཱཀྱ་སེངྒེ་དེ་ལ་ནི་སོགས་ནས་གླེང་གཞི་ཙམ་དང་། ཕམ་པ་དང་། ལྷག་མ་དང་། མ་ངེས་པའི་ཆོས་གཉིས་རྣམས་འཚམས་པར་བཏོན་ནས། ལྷག་མ་ཐོས་པ་བསྒྲགས་པ་དང་། རིལ་གྱིས་འདོན་པ་བཅས་རྒྱས་བསྡུས་ལྔ་བོ་ཇི་ལྟར་འོས་པར་འདོན་པར་བྱའོ། །དེ་ནི་དངོས་གཞིའོ། །འདོན་ལུགས་དང་པོ་བཞིའི་མཇུག་ཏུ། སོ་སོར་ཐར་བ་བཏོན་པ་ཡིས། །བསོད་ནམས་གྲུབ་པ་གང་ཡིན་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །བརྩམས་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང་། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་བ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱང་བྱས། །གང་གི་ཕྱིར་ནི་མདོ་བཏོན་དང་། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པའི། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་ཚིགས་བཅད་ལྔ་པོ་ཐམས་ཅད་ཀྱིས་སྡེབས་འདོན་བྱའོ། །ཕྱི་མ་རིལ་འདོན་གྱི་སྐབས་སུ། འདུས་མ་བྱས་པ་ཐོབ་པར་གྱིས། ཞེས་པའི་རྗེས་སུ་མགོ་བསྐུལ་དང་བཅས། བརྩམས་པར་བྱ་ཞིང་དབྱུང་བར་བྱ། ཞེས་དེ་མན་ཆད་ཐམས་ཅད་ཀྱིས་སྡེབས་འདོན་བྱ། དེ་ནས་རྗེས་ཀྱི་བྱ་བ་ནི། དགེ་བསྐོས་ནས་དགེ་ཚུལ་ལ་བརྡ་བྱ་ཤིང་། དགེ་ཚུལ་རྣམས་ཀྱང་ནང་དུ་འཁོད་དེ། མཁན་པོས་ཐལ་སྦྱར་དང་བཅས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་སོགས་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་དགོངས་སུ་གསོལ། འོག་ཏུ་དབྱར་གནས་བསྔོ་སྨོན་ནམ་གསུངས། དགོངས་གསོལ་འདི་ཉིད་ཁོ་ནའོ། །ཞེས་པ་དང་དགེ་འདུན་སྤྱི་ནས་དགོངས་སུ་གསོལ། ཞེས་པ་དེ་མཐུན་འགྱུར་དང་བཅས་བརྗོད་དོ། །འཇམ་དཔལ་དཔའ་པོའི་སོགས། རིན་ཆེན་དགེ་ཚོགས་སོགས། སངས་རྒྱས་བསྟན་པ་སོགས། རྒྱལ་བ་ཀུན་གྱི་རྗེས་སུ་སོགས། གང་དུ་སྐྱེས་པའི་སོགས། ཕན་བདེའི་འབྱུང་གནས་སོགས། གཞན་ཡང་འདུས་སྡེའི་བརྟན་བཞུགས་སོགས་ཅི་རིགས་བརྗོད་པར་བྱའོ། །དེ་ནས་བྱང་འདྲེན་པས་བསྐུལ་ཏེ། ཨཱོཾ་ཨཱ༔ཧཱུྃ་སྐྱབས་གནས་མ་ལུས་སོགས་ཞབས་བརྟན་སྤྱི་དང་བྱེ་བྲག་མཁན་པོའི་ཞབས་བརྟན་ཡོད་ན་དང་། གཞན་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་དང་ཤིས་བརྗོད་རྣམས་རྒྱས་བསྡུས་སྐབས་དང་འཚམས་པར་བྱའོ། །དེ་ནས་ཐམས་ཅད་ཀྱིས་བླ་གོས་གསོལ་བཞིན་པར་སྣམ་སྦྱར་གདིང་བ་ལག་ཏུ་ཐོགས་ཏེ་སེར་ཕྲེང་སྤོས་བསུ་འདུས་པ་ཆེན་པོའི་སྐབས་སུ་རྒྱ་གླིང་དང་བཅས་པའོ། །བཅས་ཀྱི་གཙུག་ལག་ཁང་ལ་གཡས་སུ་བསྐོར་ཞིང་གྲོལ་བར་བྱའོ། །དེ་ནི་གསོ་སྦྱོང་ཇི་ལྟར་བྱ་བའི་རིམ་པའོ། །དོན་གཉིས་པ་དབྱར་གནས་ཀྱི་ཚུལ་ལ་ཡང་སྦྱོར་དངོས་རྗེས་གསུམ་ལས་དང་པོ་ནི་དབྱར་སྔ་མ་ཡིན་ན་ཟླ་བ་དྲུག་པ་དང་། ཕྱི་མ་ཡིན་ན་བདུན་པའི་ཚེས་བཅུ་གསུམ་གྱི་ཉིན་ནས་དགེ་བསྐོས་དང་ཞལ་ཏ་པ་དཔོན་གཡོག་ནས་དོ་དམ་མཛད་ནས་གཙུག་ལག་ཁང་ལ་བྱི་དོར་བྱེད་པ་དང་། ཡོལ་བ་བྲེ་བ། རྒྱན་གདགས་པ། ཁྲི་བསྟན་བཤམས་པ། མཆོད་སྟེགས་བཅའ་བ་སོགས་དང་། ཚུལ་ཤིང་ཁྲུ་གང་བ་ཡ་ཡོ་མེད་ཅིང་དྲི་བཟང་གི་ཆུས་ཁ་བསྒྱུར་བ། དགེ་འདུན་གྱི་གྲངས་ལས་ལྷག་ཙམ་དང་། སྟོན་པའི་སྙན་ཤལ་དང་ན་བཟའ། ཁྱད་པར་སྟོན་པའི་སྐུ་སྐལ་གྱི་ཚུལ་ཤིང་ལ་བཟང་གོས་སྣ་ཚོགས་ཀྱི་ཅོད་པཎ་བཏགས་པ་བཅས་སྟ་གོན་བྱའོ། །ཚེས་བཅུ་བཞིའི་ཉིན་རྒྱ་རྔའི་བརྡས་བསྐུལ་ཏེ་དབྱར་གནས་པར་སྤྲོ་བའི་དགེ་ཚུལ་སློང་ཐམས་ཅད་བླ་གོས་དང་གདིང་བ་རྩེ་ཞྭ་བཅས་བཅས་ཐོགས་ནས་ཚེས་བཅོ་ལྔ་དང་བཅུ་དྲུག་གི་ཉིན་གྱི་བྱ་བ་རྣམས་འདི་དང་འདི་ལྟར་བྱེད་ཅེས་ཕན་ཚུན་བགྲོས་ཏེ། དབྱར་བདག་པ་གཉིས་ཀྱི་གཙོས་ཐམས་ཅད་ནས་ངེས་པར་བྱ། བསླབ་གྲལ་གྱི་གོ་རིམ་ཀྱང་ལོ་ཟླ་ཞག་དང་གྲིབ་ཚོད་ཀྱི་ངེས་པས་མ་འཆོལ་བར་བྱ། དེ་ནས་དགེ་ཚུལ་གྱི་གཞོན་མཐའ་ནས་བརྩམས་ཏེ། ཆབ་རིལ་པ་གཉིས། དུང་པ་གཉིས། མཁར་རྔ་བ། དགེ་གཡོག་ཞིག་གིས་བྱ། གཎྜི་བ། ཆབ་གཏོར་གྱི་ཕྱག་ལེན་པ། མཁན་པོའི་གསོལ་དཔོན་པ་སོགས་སོ་སོར་བརྡ་སྦྱར། དགེ་ཚུལ་རྣམས་ནས་རང་རང་གི་མཁན་སློབ་དགེ་རྒན་སོ་སོར་ཚུལ་ཤིང་ལེན་གྲོགས་བཅོལ། དེ་ནས་མཁན་པོས། དབྱར་གནས་གྱི་ཚེ་ངག་བཅད་དང་སྤྱོད་ལམ་སློབ་སྦྱོང་སོགས་འདི་ལྟར་དགོས་ཚུལ་གྱི་ཞལ་བཀོད་ཞིབ་རྒྱས་ཆད་ལུས་མེད་པར་བྱ། དེ་ནས་སྐབས་འདིར་སྤོས་རྒྱ་གླིང་སེར་ཕྲེང་གིས་རུང་ཁང་དུ་ཕེབས་ནས་རུང་ཁང་བྱིན་རླབས་བྱ། {དེ་ཡང་མཁན་པོས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པ་སོགས་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་བར་བཞེད་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་དགེ་འདུན་གྱི་གནས་ཐམས་ཅད་ལེགས་པ། ནང་མཚམས་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་བར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་ལེགས་པ་སོགས། འདི་དགེ་འདུན་གྱི་རུང་བའི་ཁང་བར་བཞེད་དེ། དེའི་སླད་དུ་དགེ་འདུན་གྱི་གནས་ཐམས་ཅད་སོགས། འདི་དགེ་འདུན་གྱི་རུང་བའི་ཁང་བར་བགྱིད་ན་ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་སོགས། འདི་དགེ་འདུན་གྱི་རུང་བའི་ཁང་བར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག གང་ཟག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ན། དགེ་འདུན་གྱི་གནས་ཐམས་ཅད་ལེགས་པ། སོགས། འདི་དགེ་འདུན་གྱི་རུང་བའི་ཁང་བར་བགྱིས་ལགསཏེ། འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ། །ཀླུ་རྒྱལ་དགའ་བོ་སོགས། འཇིག་རྟེན་བདེ་ཞིང་སོགས།}ཞྭ་ཕྲག་བཀལ། དེ་ནས་སེར་ཕྲེང་སྤོས་བསུ་རྒྱ་གླིང་བཅས་སྟོན་པའི་སྐུ་རྟེན་དང་། མཛད་བཅུ་གནས་བརྟན་སྐྱེས་རབས་སོགས་ཞལ་ཐང་གློ་སྒོ་ནས་ནང་དུ་ཕེབས་ནས་བསྐོར་བ་བྱ། གང་འོས། འདུལ་བའི་གླེགས་བམ་གཙང་ཁང་ནས་སྤྱན་དྲངས་ཏེ་ནང་བསྐོར་གྱི་དུས་འགྲིག་པར་བྱ། བཅུ་གསུམ་སོགས་གསུང་རྟེན། ཐུགས་རྟེན་རྣམ་རྒྱལ་མཆོད་རྟེན་སོགས་སྤྱན་དྲངས་ནས། མཆོད་སྟེགས་ཀྱི་སྟེང་གི་དབུས་སུ་སྟོན་པའི་སྐུ་གཟུགས་ལ་བཟང་གོས་སེར་པོའི་ན་བཟའ་གསར་བ་ཕུལ་ཏེ་བཞུགས་སུ་གསོལ། དེའི་གཡས་ཕྱོགས་སུ་གླེགས་བམ་རྣམས་དང་། གཡོན་ཕྱོགས་སུ་མཆོད་རྟེན་བཅས་བཤམས། ཕྱོགས་གང་བདེར་ཞལ་ཐང་རྣམས་ཀྱང་བཀྲམ་སྟེ་བཀོད་པ་ཡིད་དུ་འོང་བར་བྱའོ། །དེའི་མདུན་དུ་མཆོད་སྟེགས་བང་རིམ་ལྔ་བ་སོགས་དཀྱུས་སུ་རིང་པ་སྟེང་ཁེབ་དང་བཅས་པ་བྱའོ། །དེ་རྣམས་ཟིན་པ་དང་ཞལ་ཏ་པ་དཔོན་གཡོག་ནས་དབྱར་གྱི་གསོལ་ཕོག་འབུལ་བར་བྱ་ཞིང་རང་གནས་སུ་ཕེབས། ཀུན་ལ་ཇ་བག་རེ་ཕུལ། དེའི་འོག་ཏུ་ཞལ་ཏ་པ། མ་ཆེན་ཆུ་ལེན་སོགས་ནས་ཀྱང་རུང་ཁང་ཐབ་འཛིན་ནོ། །མཆོད་དཔོན་གྲོགས་དགེ་ཚུལ་རྣམས་དང་བཅས་པས་མཆོད་པ་བཅའ་བར་བྱ་སྟེ། དེ་ལ་ཞལ་ཟས་མཐོ་གང་ལས་མི་ཆུང་བ་བརྒྱ་ལ་རྩེ་ཁྲོམ་ཅན་བཅོ་ལྔ་དང་། གཉུག་མར་གནས་པའི་ལྷའི་གཏོར་མ་རྒྱུན་བཞག་རྩེ་ཁྲོམ་ཅན་ཆེ་ཞིང་བརྗིད་ལ་མཛེས་པ་བཅས་ཏེ། མཆོད་སྟེགས་ཀྱི་བང་རིམ་གོང་མ་ལརྒྱུན་བཞག་གི་གཏོར་མ་དགོས་རིགས་ཐམས་ཅད་བཅའ། ཞལ་ཟས་རྩེ་ཁྲོམ་ཅན་རྣམས་དང་། དེའི་འོག་ཏུ་གཞན་རྣམས་ཕྲེང་ཚར་དུ་བཤམས། དེའི་འོག་ཏུ་ནས་ཀྱི་ཕྲེང་བ་གཉིས་ལ་སྤོས་དང་མེ་ཏོག་སོགས་གཟུགས་པར་བྱའོ། །དེའི་འོག་ཡོན་ཆབ་དང་། དབྱར་གནས་པའི་རིང་ལ་ཉིན་མཚན་རྒྱུན་གྱི་ཚེ་འབར་སོགས་མར་མེ་ཅི་འབྱོར་དང་། སང་གི་གསོ་སྦྱོང་གི་ངོས་སྐལ་དུ་གྱུར་བའི་ཞལ་ཟས་མར་མེ་ཉིན་རེ་བཞིན་བསྔོ་རྒྱུའི་འཕྲོག་གཏོར། གསོ་སྦྱོང་ནམ་ཡོད་ཀྱང་དེའི་མཆོད་པ་རྣམས་གཙང་ཁང་སྟོན་པའི་མདུན་བཤམས་འཕྲོག་གཏོར་ཉིན་རེ་བཞིན་ཡང་དེར་བཤམས། ཆབ་གཏོར་གྱི་གཏོར་རིལ། ཛམ་གཏོར། འབྱུང་བཞིའི་གླུད། ཅོག་དང་། ཟན་བྲུལ་སོགས་གང་དགོས་ཐམས་ཅད་ཚོགས་པར་བྱའོ། །བང་རིམ་འོག་མའི་དབུས་སུ་མཉྫི་ལ་གཉུག་མའི་ལྷའི་རྒྱུན་གཏོར་བཞག་པར་བྱའོ། །ཚུལ་ཤིང་རྣམས་ཀྱང་གཟེབ་ཀྱི་སྲོག་མར་རས་དཀར་བཏིང་བའི་ཁར་བཞག་ཅིང་དེའི་སྟེང་དུ་སྟོན་པའི་ཚུལ་ཤིང་འཕེན་དང་བཅས་བཀོད་དེ་མཆོད་སྟེགས་ཀྱི་ཟུར་གང་བདེ་ཞིག་ཏུ་བཞག དེ་ནི་ཚེས་བཅུ་བཞི་ལ་ཇི་ལྟར་བྱ་བའོ། །དེ་ནས་ཚེས་བཅོ་ལྔའི་ཞོག་པ་རི་རྩེར་ཉི་མ་ཤར་བ་དང་། དུང་བ་གཉིས་ཀྱིས་བླ་གོས་དང་རྩེ་ཞྭ་བཅས་སྒོ་ཁང་སྟེང་དབུས་ཀྱི་ཐད་སྤན་བད་ཁ་ནས་འགྲེངས་སྟེ་དུང་བརྡ་སྔོན་དུ་འགྲོ་བའི། དུང་སྦྲེལ་མ་ལན་གསུམ་འབུད་པར་བྱའོ། །གཎྜི་པས་ཀྱང་ལས་ཀྱི་གཎྜི་བརྡུང་བ་སོགས་ནས། གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་པ་ཡན་ཆད་སྔར་གསོ་སྦྱོང་གི་སྐབས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ལས་ཁྱད་པར་ཅུང་ཟད་ནི་ བསྟོད་པ་ཚིགས་བཅད་གཅིག་པ་དང་ཁྱད་པར་འཕགས་བསྟོད། ཕྱིར་བཅོས་གྲུབ་ནས་གཙང་ཁང་གི་སྒོ་གཡས་ནས་རིམ་བཞིན་ནང་དུ་ཕེབས་པ་དང་། གསོལ་ཇའི་སྐབས་ཇ་མཆོད་ལ་གདངས་མཛད་པ་དང་། དགེ་ཚུལ་རྣམས་ཕྱི་རོལ་དུ་བཀར་ནས་ཡོལ་བས་སྒྲིབ། ལས་བྱེད་པས་ལྟུང་མཐུན་བྱིན་རླབས་ཐོག་མར་ཡུལ་དུས་སོགས། འདི་ནི་གསོལ་བའོ། གནས་ལ་བློ་མཐུན་གྲུབ་རྗེས། མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་ལ་བློ་བསྟུན་པར་བྱ་བའོ། {མཚམས་བུ་ཆུང་གཅད་པ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་ན་དགེ་སློང་གནས་པ་དང་། གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ། ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་པས་བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུས་བྲེས་པ་ལེགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལེགས། བྱང་ཕྱོགས་སུ་ནི་སྲོལ་བཏོད་པ་བརྟན་པོ་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདི་ན་དགེ་སློང་གནས་པ་དང་། གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ། ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་བུས་བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུས་བྲེས་པ་ལེགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལེགས། བྱང་ཕྱོགས་སུ་ནི་སྲོལ་བཏོད་པ་བརྟན་པོ་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱི་མཚན་མ་འདི་རྣམས་ཀྱི་ནང་དུ། འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་མཛད་ན། ཚེ་དང་ལྡན་པ་གང་དག་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་་བར་བློ་མཐུན་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ། །མཁན་པོས་སོ་སོར་ཐར་བ་ལ་སྟོན་པའི་འདུ་ཤེས་སོགས་དུས་བརྗོད་ནས་རྒྱུན་གྱི་གསོ་སྦྱོང་ལྟར་འདོན་ནོ།}གཞན་དཀྱུས་ལྟར་ལ་འཇུག་ཏུ་དབྱར་མི་གནས་པའི་ཚོགས་པ་རྣམས་ཀྱི་ངོས་སྐལ་གྱི་བསྔོ་སྨོན་ཤིས་བརྗོད་ཉུང་ཙམ་གཏོང་ནས་སྤོས་བསུ་བཅས་གཙང་ཁང་སྒོ་གཡོན་ནས་རིམ་གྱིས་དབྱར་གནས་པ་རྣམས་རང་གྲལ་དུ་ཕེབས་ཏེ་ཆོས་གོས་དང་རྣམ་སྦྱར་གདིང་བ་རྣམས་གྲལ་དུ་འདི་སྐབས་དབྱར་མི་གནས་མཁན་རྣམས་རང་གནས་སུ་དབྱེ་བར་བྱ། བཞག་སྟེ་གུང་བསང་མཛད། དེ་མ་ཐག་མཁར་རྔས་བསྐུལ་ཏེ་དབྱར་གནས་པའི་དགེ་འདུན་རྣམས་སླར་འཚོགས་ནས་སྣམ་སྦྱར་བཞེས་ཏེ་གྲལ་དུ་འཁོད། ཐུག་པ་དྲངས། ཆབ་བྲིམ། དགེ་ཚུལ་རྣམས་སྒོ་ཁང་དུ་བཀར། དེ་ནས་ མཁན་པོས་གནས་མལ་བསྟོབ་པ་བསྐོ་བའི་ཕྱིར་དབྱར་བདག་པ་གཉིས་ལ་དགེ་སློང་ངག་དབང་བཟོད་པ་དང་བློ་གསལ་རྒྱ་མཚོ་ཞེས་བགྱི་བ་ཁྱོད་དག་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོའམ་ཞེས་དྲི། དེ་གཉིས་ཀྱིས་ཀྱང་རང་གྲལ་ནས་སྟན་ལས་ཕྱེད་འཕགས་པས་སྤྲོ་ལགས་ཞུ། དེ་ནས་མཁན་པོས་བསྐོ་བའི་ལས་མཛད། ཁོང་དག་སྤྲོ་བར་གདའ་པས་གནས་མལ་སྟོབ་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱིས་ལས་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས། ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ཏེ། དགེ་སློང་གནས་མལ་སྟོབ་པ་མིང་འདི་ཞེས་བགྱི་པས་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་བོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་སོགས་ནས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པ་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད་པ་དང་། དེ་མ་ཐག་དབྱར་བདག་པ་རྒན་པས་གདིང་བའི་སྟེང་གྲལ་བཤམས་ནས་ཕྱག་གསུམ་འཚལ་ནས་གཟན་ག་ཁྱེར་ལག་འདུད་རྒྱ་བཅས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་པ་ཀྱི་གཙུག་ལག་ཁང་མིང་འདི་ཞེས་བྱ་བ་འདི་ན་ཁྲིམས་སུ་བྱ་བ། དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་བར་བྱེད་པ་འདི་དང་། ཆོས་སྤྱོད་བཅུའི་བྱ་བ་ལ་བརྩོན་པས་བསླབ་པར་བྱ་བ་འདི་དང་། དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་མི་བསྐྱེད་པར་བྱ་བ་འདི་དང་། ལྟུང་བ་གླེང་དྲན་མི་བྱ་བ་འདི་དང་། ཆད་པས་གཅོད་པའི་ལས་མི་བྱ་བ་འདི་དང་། གནས་རལ་བ་དང་། གྲུམས་པ་བཅོས་པར་བྱ་བ་འདི་དང་། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་མི་བྱ་བ་འདི་དང་། དགེ་འདུན་གྱི་སྤྱི་གདན་ལ་ཞབས་རྗེན་པར་མི་འཇོག་པ་འདི་དང་། ཞལ་བཤལ་པའི་ཆུ་དགེ་འདུན་གྱི་གཙུག་ལག་ཁང་དུ་མི་འདོར་བར་བྱ་བ་ལ་སོགས་པ་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས། གནས་འདིར་གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་བཞེས་ཤིག ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལ་ཅུང་ཟད་ཤེས་པ་དེས་དེ་ལ་སྨྲོས་ཤིག ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་བ་དེ་ལ། དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོངས་སོ། ཞེས་གདིང་ཁར་གཟན་ཤད་བཅས་དགེ་ཚུལ་རྣམས་ལ་ཞུ་ཞིང་། གདིང་བ་བཅས་རང་གྲལ་དུ་འཁོད། མཁན་པོས་ཚུལ་ཤིང་བྲིམ་ཕྱིར་གསོལ་བ་འབའ་ཞིག་པའི་ལས་བྱ་བ་ནི། ཚུལ་ཤིང་བཞེས་པ་དང་དབྱར་གནས་པར་ཞལ་གྱིས་བཞེས་པའི་སླད་དུ་དགེ་འདུན་རྣམས་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་སོགས། དེང་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའམ་ཐ་ཆུང་གི་ཚེས་བཅོ་ལྔ་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབས་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ཚུལ་ཤིང་བཞེས་ཏེ། སང་ནང་པར་དབྱར་གནས་པར་ཁས་བླང་ངོ་། །འདི་ནི་གསལ་བའོ། །ཞེས་བརྗོད། དེ་ནས་དབྱར་བདག་པ་རྒན་གཞོན་གཉིས་ཀ་བཞེངས་ནས་སྟོན་པའི་ཚུལ་ཤིང་ཡོད་པའི་སྲོག་མ་རྒན་པས་བསྣམས། གཅིག་ཤོས་གཞོན་པས་བསྣམས་ནས་གྲལ་གཤམས་དུ་འགྲེང་བཞིན་དབྱར་བདག་རྒན་པས་སྟོན་པའི་ཚུལ་ཤིང་གི་སྣེ་ཅོད་པཎ་ལག་གཡས་སུ་ཕོག་པར་བྱས་ནས་གུང་སྲིན་གྱིས་སྣེ་གཉིས་ནས་བཟུང་སྟེ་འདི་ནི་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་བཞེས་པར་མཛད་དོ། །བརྗོད་ནས་སྤྱི་བོར་རེག་སྟེ་སྟོན་པའི་སྐུ་གཟུགས་ཀྱི་སྤྱན་སྔར་འབུལ། དེ་ནས་དབྱར་བདག་རྒན་པས་མཁན་པོ་ནས་བཟུང་གཡས་གྲལ་གནས་བརྟན་རྣམས་དང་། གཞོན་པས་གཡོན་གྲལ་རྣམས་ལ་བྲིམ་མོ། ལེན་པ་པོ་རྣམས་ཀྱིས་ཅུང་མི་སྨྲ་བར་སྟན་ལས་ཕྱེད་འཕགས་ཏེ་བླངས་ནས། གུང་སྲིན་གྱི་སྣེ་གཉིས་ནས་བཟུང་། རང་རང་གི་པང་དུ་དལ་བུས་བཞག དགེ་སློང་རྣམས་རྫོགས་པ་དང་། སླར་ཡང་སྔར་བཞིན་དགེ་ཚུལ་གྱི་ཚུལ་ཤིང་བྲིམ་པ་རང་རང་གི་སྔར་ལེན་གྲོགས་བཅོལ་བ་རྣམས་ཀྱིས་སྤྱོད་ལམ་སྔ་མ་ལྟ་བུས་འདི་ནི་ཤཱཀྱའི་དགེ་ཚུལ་ཆོས་ཀྱི་གྲགས་པའི་འོ། །ཞེས་པ་ལྟ་བུའི་མིང་སྨྲོས་ཏེ་བླངས་ནས་དལ་བུའི་པང་དུ་བཞག དེ་ནས་གཉུག་མར་གནས་པའི་ཚུལ་ཤིང་མཁན་པོས་ལེན་ལ་འདི་ནི་གཙུག་ལག་ཁང་འདི་ན་གཉུག་མར་གནས་པའི་ལྷའི་འོ་ཞེས་གཏོར་མའི་དྲུང་དུ་བཞག དེ་ནས་དབྱར་བདག་པ་གཉིས་ཀྱིས་སོ་སོར་ལེགས་པར་བསྡུས་ཏེ་བསོག་སྣོད་དུ་རེ་རེ་བཞིན་དུ་རྩིས་ནས་དབྱར་བདག་རྒན་པས་འདིང་བ་བརྐྱང་སྟེང་ཕྱག་གསུམ་གཟན་ག་ཁྱེར་ལག་འདུད་རྒྱ་ཞབས་བསྣོལ་བཅས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་འདི་ཞེས་བྱ་བ་འདིར་དགེ་སློང་འདི་སྙེད་ཀྱིས་ཚུལ་ཤིང་བཞེས་སོ། །གྲངས་བརྗོད། དེ་ནས་དགེ་ཚུལ་རྣམས་ཀྱིས་ཚུལ་ཤིང་བསྡུས་ནས་སྔར་ལྟར་བགྲངས་ཏེ་གདིང་བའི་སྟེང་ནས་དབྱར་བདག་རྒན་པས་ཕྱག་གསུམ་བཅས་ཞུ། དགེ་འདུན་བཙུན་པ་སོགས་དགེ་ཚུལ་འདི་སྙེད་ཀྱིས་ཚུལ་ཤིང་བཞེས་སོ། །དེ་ནས་གནས་མལ་སྟོབ་པ་ནི། དབྱར་བདག་པ་གཉིས་ཀྱིས་གཙུག་ལག་ཁང་གི་ལྡེ་མིག་བཟུང་བ་དེ་དང་། རང་རང་གི་གནས་ཁང་སྒོ་ལྕགས་ཀྱི་ལྡེ་མིག་ལྷན་དུ་གཉིས་ཀས་ལག་འདུད་རྒྱས་བཟུང་ནས། དབྱར་གནས་རྒན་པས་མཁན་པོ་ལ། མཁན་པོ་གཙུག་ལག་ཁང་འདི་ནི་གོས་ཀྱི་རྙེད་པ་སོགས་ཡོ་བྱད་དང་ལྡན་པ་ལགས་ཀྱིས་བཞེས་ཤིག བརྗོད་པས་འབོག རང་བས་བསླབ་པ་རྒན་པ་རྣམས་ལ་གནས་བརྟན་ཞེས་བརྗོད། རང་བས་གཞོན་པ་རྣམས་ལ་བཙུན་པ་ཞེས་བརྗོད། དགེ་ཚུལ་རྣམས་ལ་ཚེ་དང་ལྡན་པ་ཞེས་བརྗོད། དེ་ནས་མལ་ཆ་འབོག་པ་ནི། སྔར་ལྟར་དབྱར་བདག་པ་གཉིས་གྲལ་གཡས་གཡོན་དུ་ཕྱིན་ནས། རང་རང་གི་གདིང་བ་གྲལ་གདན་བཅས་སྣེ་ཡུལ་རྟེན་གཉིས་ཀས་ལྷན་གཅིག་ཏུ་འདུད་བརྒྱས་བཟུང་ནས་གདན་ཆ་འདི་ལ་དབྱར་ཚུལ་དང་མཐུན་པར་ལོངས་སྤྱོད་ཅིག བརྗོད་པས་འབོག་ཟིན་པ་དང་། དབྱར་བདག་པས་གྲལ་གཤམས་དུ་གདིང་བའི་སྟེང་ནས་ཕྱག་གསུམ་བཅས་གདིང་བའི་ཁྲིམས་བརྗོད། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ། གདིང་བ་རུང་བ་མ་ཡིན་པས་ལོངས་སྤྱད་པར་མི་བྱ། གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ། །སྒོ་ཁང་དུ་སོང་ལ། གདིང་བ་ལྟེབ་བཏིང་གི་ཁར་ཚུལ་ཕྱག་བཅས་དགེ་ཚུལ་ལ་གདིང་ཁྲིམས་བརྗོད། ནང་དུ་འོང་ནས་གདིང་བ་བརྐྱང་བཏིང་ཕྱག་བཅས་སང་དབྱར་ཁས་བླང་བ་བརྗོད། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་སང་གི་གདུགས་ལ། སྦྱིན་བདག་སྐྱེ་བོའི་ཚོགས་ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་དང་བཅས་པ་དུ་མ་དང་། ཞལ་ཏ་བ་འདི་ཞེས་བྱ་བ་དང་། སྤྱོད་ཡུལ་གྱི་གྲོང་འདི་ཞེས་བྱ་བ་དང་། བྲོ་གཡོག་པ་འདི་ཞེས་བྱ་བའམ་སོ་སོར་སྨོས་པ་འདི་རྣམས་ལ་བརྟེན་ཏེ་དབྱར་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ། །ཡང་སྒོ་ཁང་དུ་དགེ་ཚུལ་རྣམས་ལ་གཟན་ཤད་ཅེས་བརྗོད། དེ་ནས་དགེ་ཚུལ་རྣམས་ཀྱང་བརྡའ་བྱས་ཏེ་ནང་དུ་ཕེབས་ཏེ་རང་གྲལ་ལ་བཞུགས། ཇ་གཏོང་། ཆབ་འབུལ། དེ་ནས་མཁན་པོས་ཕྱོགས་བཅུ་ན་སོགས་བསྔོ་སྨོན་ཤིས་བརྗོད་རྣམས་རྒྱས་བསྡུས་འོས་འཚམས་གནང་ནས། བྱང་འདྲེན་པས། སྐར་མ་རབ་རིབ་སོགས་བསྐུལ་ཏེ་ཚོགས་གྲོལ། དེ་རྣམས་གུང་ཚིག་གི་སྔ་རོལ་དུ་གྲུབ་པར་བྱ་བ་ནི་བཅོ་ལྔའི་ཉིན་ཏེ་དབྱར་གྱི་སྦྱོར་བའོ། །དེ་ནས་དབྱར་ཁས་བླངས་པ་དངོས་གཞིའི་ཆོ་ག་ནི། ཚེས་བཅུ་དྲུག་གི་ཞོགས་པར། དུང་དང་གཎྜིས་བསྐུལ་ཏེ་ཚུལ་སྔ་མ་བཞིན་འཚོགས་ནས་གཙང་ཁང་དུ་སྟོན་པའི་སྤྱན་སྔར་ཐད་གྲལ་དུ་འཁོད་ནས་ཚིགས་བཅད་བཞི་བ་དང་ལྷ་ལས་ཕུལ་བྱུང་གིས་བསྟོད། དེའི་མཇུག་ཏུ་མདོ་བསྐུལ་རྒྱུན་ལྟར་ལ། དེང་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དུས་ལགས་ཏེ། ཞེས་ཚིག་ཕྲད་བསྒྱུར་ནས་བྱས་རྗེས་རྒྱུད་ཆག་གསུམ་དང་གཏོར་མ་བསྔོ་བ་བཅས་བྱ། དེ་རྫོགས་པ་དང་སྤོས་བསུ་བཅས་གཙུག་ལག་ཁང་དུ་ཕེབས་ནས་རང་གྲལ་ལ་འཁོད། ཇ་གཏོང་། ཇ་མཆོད་གདངས་བཅས་དང་། ཇ་ཞུས་བྱེད། ཆབ་ལེན། དེ་ཟིན་པ་དང་། མཁན་པོའི་དྲུང་དུ་དབྱར་བདག་པ་གཉིས་ཀས་དབྱར་ཁས་བླངས་ཏེ། དེ་ཡང་གཏིང་བ་བརྐྱང་ཏེ་བཏིང་བའི་ཁར་ཕྱག་གསུམ་འཚལ་ནས། གཟན་ག་ཁྱེར་འགྲེང་འདུད་བཅས། བསྟན་པ་རིན་པོ་ཆེ་གསལ་བྱེད་དམ་པ་སོགས་ནས་དབྱར་ཁས་ལེན་གྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་པ་དང་། མཁན་པོས་ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཞེས་ལན་སྦྱིན། དེ་ནས་ཙོག་པུར་བཞུགས་ནས། བཙུན་པ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་སློང་ངམ་དགེ་ཚུལ་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། གནས་རལ་བ་དང་གྲུམས་པ་བཅོས་པའི་སླད་དུ་སྦྱིན་བདག་སྐྱེ་བོའི་ཚོགས་དུ་མ་དང་། ཞལ་ཏ་པ་མིང་འདི་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་འདི་ཞེས་བགྱི་བ་དང་། བྲོ་གཡོག་པ་འདི་ཞེས་བགྱི་བ་རྣམས་ལ་བརྟེན་ཏེ་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་པའི་བར་ལན་གསུམ་བརྗོད། ཐབས་ལེགས་བྱ། སླར་ཡང་ཕྱག་སོགས་གོང་བཞིན་དང་། བསྟན་པ་རིན་པོ་ཆེ་སོགས་དབྱར་ཁས་ལེན་གྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཞེས་ཞུས། ཆོས་བཞིན་སོགས་ནས་བཀའ་དྲིན་ཆེ་ལགས་ཞེས་ལན་སྦྱིན། དེ་ནས་མཁན་པོ་ཁྲི་ལས་བཞེངས་ནས་རྒན་གྲལ་མགོར་ཕེབས་ཏེ་རྒན་པ་གཉིས་དང་བཅས་གསུམ་ཀས་དབྱར་བདག་རྒན་པའི་དྲུང་དུ་ཚུལ་སྔ་མ་བཞིན་ཞལ་གྱིས་བཞེས་པ་གནང་། མཁན་པོས་གཟན་ཤད་དང་གཞན་རྣམས་ཀྱིས་བསླབ་ཐོབ་བཞིན་བྱ། དེ་ནས་དབྱར་བདག་རྒན་པོའི་དྲུང་དུ་ཚུལ་དེ་ལྟ་བུས་གཡས་གྲལ་མཐར་ཆགས་སུ་དང་། གཞོན་པའི་དྲུང་དུ་གཞོན་གྲལ་མཐར་ཆགས་སུ་ཁས་བླངས་ནས། དགེ་སློང་རྣམས་རྫོགས་པ་དང་། དགེ་ཚུལ་རྣམས་ཀྱིས་ཀྱང་ཁས་བླངས་བར་བྱ་སྟེ། གྲལ་མགོ་ནས་བརྩམས་རྒན་པ་རྣམས་ལ་དབྱར་བདག་རྒན་པ་དང་། གྲལ་དཀྱིལ་ཙམ་ནས་གཞོན་པ་རྣམས་གཅིག་ཤོས་ཀྱི་དྲུང་ནས་སོ། །བཀའ་དྲིན་ཆེ་དང་། རྗེས་སུ་ཡི་རངས་སོགས་ཚིག་ཕྲད་རྣམས་བསླབ་པའི་གོ་རིམ་བཞིན་བརྗོད། དེ་ནས་ཆབ་གཏོར་གཏོང་ནས། གུང་བསེང་མཛད་ཀུན་དགའ་ར་བར་ཕེབས། དེ་ནས་སླར་ཡང་མཁར་རྔ་དང་གཎྜིའི་སྒྲས་བསྐུལ་ཏེ་གཙུག་ལག་ཁང་དུ་ཕེབས། དེ་ཉིན་རེ་བཞིན་ཇི་ལྟར་བྱ་བ་འོག་ཏུ་འབྱུང་བ་བཞིན་ཤེས་བར་བྱའོ། །དེས་དབྱར་ཁས་ལེན་པ་དངོས་གཞི་གཙོ་བོར་སྟོན་པའི་སྐབས་དེ་སོང་། དེ་ནས་ཚེས་བཅུ་བདུན་ནས་བཟུང་དབྱར་གནས་པའི་རིང་ལ་ཉིན་རེ་བཞིན་ཇི་ལྟར་བྱ་བའི་རིམ་པ་ནི། ཞོགས་པ་ཉི་མ་འཆར་ལ་ཉེ་བ་ནས་དུང་པ་གཉིས་སྔར་འོངས་ཏེ་སྒོ་ཁང་སྟེང་སྤན་བད་ཁ་ནས་བླ་གོས། རྩེ་ཞྭ་བཅས་གཟན་ཟླུམ་ཁྱེར་གྱིས་འགྲེངས་ཏེ། དུང་བརྡ་ལ་དུང་སྐད་དཀྱུས་མ་དང་། གཞན་གསུམ་བསྒྲིག་དུང་སྐད་ཀྱིས་འབུད། དབྱར་བདག་པ་གཉིས་ཀྱང་སྔར་འོངས་ནས་མདོ་བསྐུལ་སོགས་ཉིན་རེ་བཞིན་རེས་མོས་བྱེད་པ་གང་གི་རེས་ལ་བབས་པ་དེ་མཁན་པོའི་གཟིམས་ཤག་ཏུ་ཞབས་ཕྱིར་བྱོན། གཅིག་ཤོས་ཀྱི་དྲུང་ནས་ཆབ་རིལ་པ་གཉིས་རེས་མོས་དེས་རུང་ཆུ་བྱིན་རླབས་བྱ་སྟེ། དེའི་ཚུལ་ནི། དབྱར་བདག་པས་བླ་གོས་བཞེས་གདིང་བ་བཞི་བལྟབ་ཀྱི་ཁར་ཙོག་པུར་བཞུགས། ཆབ་རིལ་པས་བླ་གོས་བཞེས། གདིང་བ་རྐྱང་བཏིང་བྱས་པའི་ཁར་ཕྱག་གསུམ་དང་། གཟན་ག་ཁྱེར། རྐང་ལག་མདུད་པ་བཅས། བསྟན་པ་རིན་པོ་ཆེ་སོགས་རུང་ཆུ་བྱིན་བླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། དབྱར་བདག་པས་ཆོས་བཞིན་སོགས་བརྗོད། དེ་ནས་གཉིས་ཀ་ཙོག་པུར་རུང་ཆུའི་སྣོད་ཡུལ་རྟེན་གཉིས་ཆར་གྱི་ལག་གཡོན་པའི་མཐིལ་དུ་བཞག གཡས་པའི་སྟེང་ནས་བཀབ་སྟེ་བྱེད་པ་པོས། བཙུན་པ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་ཚུལ་མིང་འདི་བགྱི་བས་སྨན་འདི་དག་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་བགྱི་བ་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་བོ། ཞེས་ལན་གསུམ་བཟླས། ཐབས་ལེགས་བྱ། བྱེད་པོས་ཕྱག་དང་སྤྱོད་ལམ་སྔ་མ་ལྟ་བུས། བསྟན་པ་རིན་པོ་ཆེ་སོགས་ནས་རུང་ཆུ་བྱིན་རླབས་ཀྱི་གོ་ཆ་ལ་ཐུགས་གཏད་པར་བཀའ་དྲིན་ཆེ་ལགས། ཞེས་གསོལ་ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ལ་རྗེས་སུ་ཡི་རང་ངོ་ཞེས་བརྗོད་དོ། དུང་གཉིས་པ་གླིང་དུ་ཉི་མ་ཤར་མ་ཐག འབུད་པའི་དུས། གཎྜི་པས་གདིང་བ་བཞི་བལྟབ་ཀྱི་སྟེང་ནས་ཕྱག་གསུམ་དཀོན་མཆོག་ལ་འཚལ་ཏེ། གཎྜིའི་སྣེ་གཅིག་ཤོས་ཕྲག་གཡོན་བཀལ། སྣེ་གཅིག་ཤོས་ལག་གཡོན་པས་བཏེགས་ཏེ། གཡས་ཀྱིས་དབྱི་གུས་ཤད་ཚ་ལན་གསུམ་སྔོན་དུ་འགྲོ་བས། རྒྱུན་ཏུ་དགེ་འདུན་བསྡུ་བའི་ཕྱིར་རྒྱུད་གསུམ་དང་ཏོག་གསུམ་བརྡུང་། གསོ་སྦྱོང་ནམ་ཡོད་ལ་ལས་ཀྱི་གཎྜི དགེ་འདུན་རྣམས་མཆིལ་ལྷམ་ཕུད་བླ་གོས་བཞེས། དབྱར་བདག་པས་བླ་གོས་བཅས། སྤོས་བམ་ལ་མེ་སྦར་བ་དར་ཐག་བཅས་དང་། མཁན་པོས་བླ་གོས་བཞེས་གཟན་ཟླུམ་ཁྱེར་གྱིས་ཕེབས་ནས། གཎྜི་ཅིའི་ཕྱིར་བརྡུང་། དྲིས་པའི་ལན་དུ། དགེ་འདུན་བསྡུ་བའི་ཕྱིར་རོ། ཞེས་ལན་གདབ། ཆབ་རིལ་བ་གཉིས་བླ་གོས་བཅས་སྒོ་ཟུར་གཡས་གཡོན་དུ་འགྲེང་བཞིན་གུས་པ་དང་བཅས་ཆབ་ཕུལ་བ་བཞེས་ཏེ་བཟེད་ཞལ་དུ་དོར། དེ་ནས་ནང་དུ་བསླབ་གྲལ་ལྟར་རིམ་གྱིས་ཕེབས་ནས་དྲི་གཙང་ཁང་གི་སྒོ་གཡས་བརྒྱུད་དེ་སྟོན་པའི་མདུན་དུ་ཐད་གྲལ་གྱིས་གདིང་བ་རྐྱང་བཏིང་གི་ཁར་གྲལ་ཕྱག་གསུམ་དང་ཙོག་པུས་གདན་ལ་འཁོད་པར་བྱའོ། །དེར་བྱང་འདྲེན་པས་བསྐུལ་ཏེ། ཉིན་རེ་བཞིན། ཚིགས་བཅད་གཅིག་པ་དང་ཁྱད་པར་འཕགས་བསྟོད། ཚིགས་བཅད་བཞི་པ་དང་ལྷ་ལས་ཕུལ་བྱུང་གཉིས་རེས་མོས་སུ་བྱའོ། །དེའི་མཇུག་ཏུ་དབྱར་བདག་པ་གཉིས་གང་རེས་སུ་བབས་པ་དེས་མདོ་བསྐུལ་བྱ་བ་ནས་གཏོར་མ་བསྔོ་བ་བཅས་གསོ་སྦྱང་གི་དུས་ལྟར་བྱ། དེ་ནས་སྤོས་བསུ་བཅས་སྒོ་གཡོན་བརྒྱུད་ཚོགས་ཁང་དུ་རྒྱུན་གྲལ་ལ་ཕེབས། མཁན་པོ་ཁྲིའི་སྟེང་དུ་བཞུགས་གདིང་གཉིས་ལྟབ་དང་། གཞན་རང་གྲལ་དུ་གདིང་བ་བཞི་ལྟབ་བྱས་པའི་ཁར་གཟན་ཟླུམ་ཁྱེར་གྱིས་བཞུགས། མང་ཇ་དང་པོ་དང་། ཇ་མཆོད་འཇིག་རྟེན་མཆོད་འོས་དང་། ཧྲཱིཿ དུས་གསུམ་སངས་རྒྱས་གཉིས་རེས་མོས་གདངས་བཅས་བྱ། གསོལ་ཇ་སོགས་བཟེད་པའི་ཚེ་ཡང་ཕྱག་གཉིས་ཀས་ལེགས་པར་བཟེད་འདྲེན་མཁན་ཡང་དགེ་གཡོག་རྣམས་ཀྱིས་ཚོགས་ཁང་ནང་དུ་གསོལ་ཇ་བཞག་པ་ལ་རུང་ཆུ་འདེབས། དགེ་ཚུལ་ལས་ཁུར་བསྐོས་པའི་ལྷག་གང་ཡོད་ཀྱིས་གསོལ་ཇ་འདྲེན། དེ་ཡང་གུས་ཤིང་ཞིབ་པས་རྩིང་སྤྱོད་དུ་མ་སོང་བར་ལེགས་པར་འདྲེན་པ་སྟེ། ཇ་ཐུག་ཀུན་ལ་འགྲེ། ཇ་མཆོད་ཀྱིས་འགོ་བླངས་པ་དང་། མཁན་པོ་ནས་རྒན་རིམ་བཞིན་གསོལ་ཞལ་མཐར་ཆགས་སུ་ལེན་པ་ལས་གང་བྱུང་མི་བྱ་བར་ཕྱག་གཉིས་ཀས་བསྣམས། བཟེད་དུས་མཐར་ཆགས་སུ་བཟེད་པ་ཀུན་ལ་འགྲེ། དགེ་བསྐོས་ཀྱིས་གྲལ་ཤམ་གདིང་བའི་ཁར་ཕྱག་གསུམ། གཟན་ག་ཁྱེར་ལག་མདུད་རྒྱ་བྱས་པའི་བར་རྩེ་ཞྭ་བསྣམ་པ་བཅས་ཇ་ཞུས་བྱ། གནང་བ་སྦྱིན། སྤྱིར་བཏང་དབྱར་གནས་ཀྱི་སྐབས་སུ་དགེ་སློང་ཐམས་ཅད་ཀྱི་རྒྱུན་ཆགས་གསུམ་པ་དང་། གུང་ཚིགས་ཆོས་འཆད་ཉན་བཅས་ལ་སྣམ་སྦྱར་བཞེས་དགོས། གཙུག་ལག་ཁང་གི་ནང་དུ་ཕེབས་ནས་བཟུང་། ཕྱིར་མ་ཕེབས་ཀྱི་བར་དུ་ངག་མི་གཏང་ཞིང་སྨྲ་བཅད་བྱ་བ་གལ་ཆེ། ཇ་བཞེས་ཟིན་པ་དང་། ཆབ་རིལ་པ་གཉིས་ཀྱིས་ཆབ་བྲིམ་ཞིང་བསྡུ། དེ་ནས་དགེ་ཚུལ་ཆབ་གཏོར་གྱི་ཕྱག་ལེན་པས་བཤམས་པ་སོགས་བྱ། བྱང་འདྲེན་པས་བསྐུལ་ཏེ་ཆབ་གཏོར་གཞུང་བཞིན། ཛམ་གཏོར། བརྒྱ་རྩ། འབྱུང་གཏོར། བར་དོ་ཆ་བཞི། ཆུ་སྦྱིན་བཅས་ཡིག་ཆའི་ནང་དུ་འཁོད་པ་ལྟར་ལས་རང་བཟོའི་ཚིགས་བཅད་སྣ་ཚོགས་བར་དུ་བཙུད་པ་དང་། ཉག་ཉོག་མང་པོ་མེད་པར་དལ་ལྷོད་ཆགས་པར་བྱ། མཇུག་ཏུ་རྟག་ཏུ་གདབ་པའི་སྨོན་ལམ་རྣམ་དྲུག་གསུངས། གསོལ་ཞོ་འདྲེན་རྒྱུ་བྱུང་ན་འདིར་འདྲེན། དེའི་ཚུལ་ནི་འོག་ཏུ་ཐུག་པའི་སྐབས་བཞིན་དང་། དེ་ནས་སྐར་མ་རབ་རིབ་སོགས་བརྗོད་ནས་གུང་བསེང་བྱ་སྟེ་མཁན་པོ་ནས་རྒན་རིམ་བཞིན་སེར་ཕྲེང་གིས་ལྷ་ཁང་ནས་སྟོན་པའི་སྐུ་ལ་གཡས་བསྐོར་གྱིས་ ཚོགས་གྲོལ་ཐེངས་ཐམས་ཅད་ལ་འདྲ། ཕྱིར་ཕེབས་ནས། ཕྱི་ནས་ཀྱང་གཡས་བསྐོར་གྱི་རྣམ་པས་ཀུན་དགའ་ར་བར་ཕེབས་ཏེ་བཞུགས། འདི་སྐབས་རྣམས་སུ་བསླབ་སྦྱངས་དང་དོགས་གཅོད་བྱེད་པ། ཞི་ལྷག་གི་ཏིང་ངེ་འཛིན་བསླབ་པ་སོགས། ཀློག་སྤོངས་ཀྱི་བྱ་བས་དུས་འདའ་བ་ལས། དོན་མེད་ཀྱི་ལོང་གཏམ་ཀུ་རེ་བཞད་གད་སོགས་མདོར་ན་གཞན་མ་དད་པའི་རྒྱུར་འགྱུར་བའི་སྤྱོད་ལམ་ངན་པ་རྣམས་སྤངས་ཏེ། ཀུན་སྤྱོད་བཟང་པོ་བསྟན་པའི་མིག་རྐྱེན་དུ་འགྲོ་བ་ལ་བསླབ་པར་བྱའོ། །རང་གར་གཤགས་རྣམས་སུ་འགྲོ་བར་མི་བྱ་ཞིང་། ཅི་ནས་འགྲོ་དགོས་པའི་རྐྱེན་དེ་ལྟ་བུ་དག་བྱུང་ནའང་། མཁན་སློབ་དབྱར་བདག་པ་སོགས་ལ་གནང་བ་མ་ཞུས་པར་འགྲོ་བར་མི་བྱའོ། །དེ་ནས་ཚོགས་ཐེངས་གཉིས་པ་ལ་མཁར་རྔ་དང་གཎྜིའི་སྒྲས་བསྐུལ་ཏེ། སྔར་གྱི་བསྐོར་བའི་འཕྲོ་སྐྱོང་ནས་སེར་ཕྲེང་གིས་ཕེབས་ནས་སྒོ་ཁང་དུ་ཆབ་བཞེས་ནས་སོ་སོར་གྲལ་གྱི་གཤམ་ནས་ཡར་ཕེབས་ནས་རང་གྲལ་ལ་འཁོད་པ་དང་། བྱང་འདྲེན་པས་བསྐུལ་ནས། སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། གང་གིས་དང་པོར་བྱང་ཆུབ་སོགས། ཀླུ་སྒྲུབ་དང་། དཔའ་བོས་མཛད་པའི་མཛད་བཅུ་ཆེ་ཆུང་གཉིས་རེས་མོས་སུ་རྒྱ་གཞུང་སོར་གནས་ལྟར་དང་། དེ་ནས་སྡོམ་བརྒྱུད་གསོལ་འདེབས་གནས་བརྟན་ཕྱག་མཆོད་རྣམས་གསུངས། དེའི་རིང་ལ་དགེ་བསྐོས་ཀྱིས་སྣམ་སྦྱར་བཅས་གྲལ་གཤམ་ནས་ཕྱག་གསུམ་དང་། མཁན་པོ་ལ་མདུན་སྤོས་ཕུལ། ཕྱག་དབང་ཞུ། དེ་ནས་གྲལ་གཤམ་དུ་ཆབ་རིལ་པས་སྤོས་བམ་སྦར་ཏེ་ཕུལ་བས་སྤོས་བསྐོར་བྱ་ཞིང་དགེ་སློང་རྣམས་ལ་གསུམ་བསྐོར། སྟོན་པའི་སྐུ་དང་མཁན་པོ་ལ་ལྔ་བསྐོར། དགེ་ཚུལ་རྣམས་ལ་ཉིས་བསྐོར་ཁོ་ན་བྱའོ། །དེ་འཕྲོས་རིམ་བཞིན་ཉིན་དང་པོ་ལྟ་བུར་སྡོམ་གསུམ་གླིང་བཞིའི་ལེའུ་གསུངས། མཚམས་འདིར་གསོལ་ཐང་འདྲེན་ཅིང་རྒན་རིམ་བཞིན་མཐར་ཆགས་སུ་སྟོབ་པ་པོས་ཀྱང་ལག་གཉིས་ཀས་སྟོབ། ལེན་པ་པོས་ཀྱང་ཕྱག་གཉིས་ཀས་བླངས་པ་ཏེ་བྱིན་ལེན་ཚུལ་བཞིན་དུ་བྱའོ། །བཞེས་པའི་ཚེ་ཡང་ཅག་ཅག་དང་། ཧུ་ཧུ་དང་། ཕུ་ཕུ་དང་། ལྕེ་ཕྱིར་ཕྱུངས་ཏེ་ཟ་བ་སོགས་འདུལ་བ་དང་འགལ་བའི་ཀུན་སྤྱོད་སྤངས་ནས་བཞེས་དགོས། གསོལ་ཟིན་པ་དང་ཆབ་བཀྱེ་བསྡུ་བྱ། དབྱར་བདག་པས་གྲལ་གཤམ་ནས་ཕྱག་དང་བཅས་སྐྱབས་འཇུག་སོགས་ཞུ། དེ་ནས་སོ་ཐར་གྱི་ལེའུ་དང་བྱམས་སྨོན་གསུངས། སྐར་མ་རབ་རིབ་སོགས་བརྗོད་པས་ཚོགས་གྲོལ་ལུགས་སྔ་མ་ལྟར་བྱ། ཉིན་གཉིས་པ་ལ་གནས་བཅུ་ཡན་གོང་ལྟར་ལ་དེ་འཕྲོར། སྡོམ་གསུམ་བྱང་སེམས་ཀྱི་ལེའུ་གསུངས། གསོལ་ཐང་བཞེས་ཆབ་བཀྱེ་བསྡུའི་འཕྲོར་ལེའུ་ཕྱི་མ་གཉིས་དང་བྱམས་སྨོན་གསུངས། ཉིན་རེ་བཞིན་ཚོགས་ཐེངས་གཉིས་པའི་བྱམས་སྨོན། གསུམ་པའི་བཟང་སྤྱོད། བཞི་བའི་ལྟུང་བཤགས་བཅས་ལ་ཞལ་ནས་གསུངས་པའི་སྨོན་ལམ་རྣམ་གསུམ་སྟེ་ཆད་མེད་དགོས་དཔྱད། སྐར་མ་རབ་རིབ་སོགས་བརྗོད་ནས་ཚོགས་གྲོལ། སྔར་བཞིན་ཀུན་དགའ་ར་བར་ཕེབས་ནས། སློབ་མ་རྣམས་ཀྱི་རྒྱུག་འབུལ་དང་དོགས་གཅོད་སོགས་བྱ། དེ་ནས་ཉིན་གོང་ལ་བབས་པ་དང་། ཚོགས་ཐེངས་གསུམ་པ་རྒྱ་རྔ་དང་གཎྜིས་བསྐུལ་ཏེ་སྔ་མ་བཞིན་ཕེབས་ནས་སྒོ་ཁང་དུ་ཆབ་བཞེས་གྲལ་དུ་འཁོད་པ་དང་། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། སོགས་དཀོན་མཆོག་རྗེས་དྲན་གསུངས་ཤིང་ལྷུང་བཟེད་བསྣམས་ནས། ཞལ་ཕུད་བཅའ། གུང་ཚིག་གནང་། ཆབ་བཞེས་ལྷག་མ་བསྔོ། ཡོན་སྦྱངས་བསྔོ་བ་ཤེར་སྙིང་བདུད་བཟློག་བཅས་བྱ། དེ་ནས་གང་བློ་མ་གསུམ་དང་། བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་མཎྜལ་བཅས་འབུལ་བར་བྱའོ། །དེ་ནས་མཁན་པོས་ཞྭ་བཞེས་ཏེ། བདུད་ཚར་གཅོད་པའི་སྔགས། བློ་གྲོས་རྒྱ་མཚོས་ཞུས་པའི་མདོར་གསུངས་པ་བཞིན་དང་། མཆོད་བརྗོད་སོགས་ཆོས་འཆད་པའི་ཡན་ལག་རྣམས་སྔོན་དུ་འགྲོ་བས། ཉིན་དང་པོ་ལ་ཀུན་སློང་དང་ཀུན་སྤྱོད་ཀྱི་རྣམ་དབྱེ་རྒྱ་ཆེར་བཀྲལ་བ་སོགས་ནས། ཉིན་རེ་བཞིན་སྡོམ་གསུམ་ཆོས་ཐུན་རེ་འཆད་པ་ཡིན་ནོ། དེ་ཡང་བཤད་གཞིའི་ལེའུ་དང་སོ་ཐར་གཉིས་བློས་གང་ལྕོགས་ཀྱིས་ཤིན་ཏུ་རྒྱས་པ་ཞག་སུམ་ཅུ་རྩ་ལྔ་ཙམ་གྱིས་རྫོགས་པར་བྱ། བྱང་སེམས་ལ་ཞག་ལྔ་ཙམ། སྔགས་ལ་ཉིན་གཉིས་ཙམ། མཇུག་བསྡུ་བའི་ལེའུ་སོགས་ཉིན་གཅིག་ཙམ་སྟེ། དབྱར་གྲོལ་བའི་ཉེར་བདུན་གྱི་ཉིན་མཇུག་རྫོགས་པར་བྱའོ། །ཆོས་ཐུན་རྫོགས་པ་དང། མཁན་པོས་དགོངས་གསོལ་མཐུན་འགྱུར་བཅས་སྔོན་དུ་འགྲོ་བས་འདས་པའི་སངས་རྒྱས་སོགས་བཟང་སྤྱོད་རྫོགས་པ་དང་། མཁན་པོའི་ཞབས་བརྟན་སོགས་ཕུལ་ནས། ཐམས་ཅད་ཀྱིས་བླ་གོས་བཞེས་བཞིན་ལ་རྩེ་ཞྭ་ཕྲག་ལ་བཀལ། གདིང་བ་ཕྱག་ཏུ་བསྣམས་ནས། ཚོགས་གྲོལ་ལུགས་སྔ་མ་ལྟ་བུའི་ཀུན་དགའ་ར་བར་ཕེབས། གསོ་སྦྱོང་ནམ་ཡོད་ལ་ཞྭ་གྱོན། གུང་གསེང་གནང་ནས། མཆོད་དཔོན་གྱིས་ཆ་གསུམ་བཤམས་གྲལ་དུ་འཁོད་ནས་ཆ་གསུམ་གསུངས། དབུ་གཞུང་འཇུག་གསུམ་ལ་རྟ་སོགས་རྒྱས་པ་དང་། གཞན་ཤར་ཙམ། ཆོས་ཐུན་གྱི་ནང་ནས་མ་གོ་བ་རྣམས་ལ་དོགས་གཅོད་ཞུ། དཔེ་སྐྱོར་དགོས་པ་ཡོད་ན་སྐྱོར། བློ་གྲོས་ཤིན་ཏུ་ཞན་པ་རྣམས་ཀྱིས་ཀྱང་། དབྱར་གནས་གྲོལ་ཚེ་བསླབ་པའི་རྐང་གྲངས་བློ་ལ་ཐོན་པ་ཞིག་ཅི་ནས་ཀྱང་དགོས་སོ། དེ་ནས་ཚོགས་ཐེངས་བཞི་པ་ལ། རྒྱ་རྔ་དང་གཎྜིས་བསྐུལ་ཏེ། བླ་གོས་བཞེས། ཞྭ་ཕྲག་འཕེན་གདེང་བ་ཕྱག་བསྣམས་བཅས་སྔར་བཞིན་ཕེབས། ཆབ་བཞེས་གྲལ་དུ་འཁོད། དབྱར་བདག་པས་རྟེན་བཞག་སོགས་བསྔོ་ཡིག་ཞུ། བྱང་འདྲེན་པས་བསྐུལ་ཏེ་ལྟུང་བཤགས་ཚར་གསུམ་བསྔོ་བ་དང་། སྤྱོད་འཇུག་བསྔོ་ལེའུ། མདོ་སྨོན་སྔགས་སྨོན་གསུམ་པོ་དེ་གཉིས་རེས་མོས་སུ་བྱའོ། །ཇ་འདྲེན། ཆབ་བཀྱེ་བསྡུ་བྱ། མཆོད་དཔོན་གྱིས་ནས་འགྱེད། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་སོགས་ནས། ཡེ་རྡར་གསུངས་དུས་ཀུན་གྱིས་ཞྭ་བཞེས་ཏེ། བཀྲ་ཤིས་རྒྱས་པར་བརྗོད། ཨོ་རྒྱན་མཁན་པོ་སོགས་འདུས་སྡེའི་བརྟན་བཞུགས་དང་། ས་ལ་འོག་མིན། སྔ་འགྱུར་བསྟན་པ་སོགས། ཧྲཱི༔ སྔོན་ཚེ་དེ་བཞིན་གཤེགས་སོགས་དང་། སྐར་མ་རབ་རིབ་བརྗོད་པས་ཚོགས་གྲོལ་ཚེ་ཐམས་ཅད་ཀྱིས་བླ་གོས་བཞེས་བཞིན་སྣམ་སྦྱར་ཐོགས་ཏེ། དབྱར་བདག་པས་སྤོས་སྣ་བཅས་མཁན་པོའི་མདུན་བསུས་ཏེ་གཙུག་ལག་ཁང་ལ་གཡས་བསྐོར་བྱས་ནས་ཕེབས། ཆབ་རིལ་པས་རུང་ཆུ་བཀྱེ་ཞིང་། དགེ་སློང་སོ་སོའི་ཆབ་རིལ་དུ་བླངས་ཏེ། གུང་ཐུན་ཇ་ལ་འདེབས། དེ་ཕན་བཞག་ཏུ་མི་རུང་ཞིང་། ཆུ་སྣོད་ཇ་ཁུ་སོགས་ལ་འདེབས་པར་མི་བྱ། འདི་ནི་རུང་ཁང་ནས་ཇ་བླངས་ཏེ་རང་གཤགས་སུ་གསོལ་བའི་དབང་དུ་བྱས་ཀྱི་རང་ཁྱིམ་དུ་གཡོས་སོགས་མི་རུང་ངོ་། མདོར་ན་རུང་ཆུ་ནི་བྱིན་གྱིས་བརླབས་ནས་སྣོད་ཟུར་པ་ཞིག་ཏུ་བཞག་ཏེ། ཇ་ཐུག་ནམ་གཏོང་ཚེ་ཆབ་རིལ་པས་དེ་ལ་འདེབས་པར་བྱ་བ་ཡིན་ནོ། དབྱར་བདག་པས་སྤོས་དང་བཅས་མཁན་པོ་གཟིམས་ཤག་ཏུ་ཞབས་ཞུ་བྱའོ། །དེ་ཡན་ཆད་ནི་རྒྱུན་ཏུ་ཇི་ལྟར་བྱ་བའོ།། ༈ དམིགས་གསལ་མཚམས་ཀྱི་ཕྱི་རོལ་དུ་མཆི་དགོས་པ་བྱུང་ན་དགུང་བདུན་ཚུན་བྱིན་གྱིས་བརླབས་པ་དང་། དགེ་འདུན་གྱི་ཆེད་ཡིན་ན་ཞག་བཞི་བཅུའི་གནང་བ་སྦྱིན་པ་ལས་བྱ་བ་སོགས་ནི་གཞུང་དུ་ཤེས་པར་བྱའོ། །སང་གྲོང་ཆོག་ལྟ་བུར་བྱོན་དགོས་པའི་ཚེ་ཉིན་སྔ་མར་ཀུན་དགའ་ར་བར་བཞུགས་སྐབས་ཞལ་ཏ་པ་དགེ་ཚུལ་བཅས་སོ་སོར་བརྡ་སྦྱར། དེ་ནས་ནང་དུ་འཚོགས་སྐབས་དབྱར་བདག་པས་རྒན་པའི་མཐའ་ལོགས་སུ་འགྲེང་བཞིན་ཕྱག་དང་བཅས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། སང་གི་གདུགས་ལ་སྦྱིན་བདག་ཆེ་གེ་ཞེས་བགྱི་བས། དགེ་སློང་བཅུ་གསུམ་དང་དགེ་ཚུལ་ལྔ་བཅས་གདུགས་ཚོད་ལ་སྤྱན་འདྲེན་པར་འཚལ་བས་གང་ཕེབས་པར་བཞེད་པ་དེ་དག་གིས་ཚུལ་ཤིང་བཞེས་ཤིག ལན་ཚུལ་སྔར་དང་འདྲ། སླར་བསྡུས་ནས་རྩི་ཚུལ་སྔར་དང་འདྲ། ཅེས་ཚུལ་ཤིང་བྲིམ་ཤིང་སྔར་གྱི་བརྡ་སྦྱར་བ་རྣམས་ཀྱིས་ལེན། སང་སྔ་བར་ཚུལ་ཤིང་བླངས་བས་དགེ་ཚུལ་སློང་རྣམས་ཀྱིས་མཁན་པོ་དང་དབྱར་བདག་པ་སོགས་གང་ཡང་རུང་བའི་དྲུང་ནས་བྱིན་གྱིས་རླབས་ཏེ་འགྲོ་བར་བྱའོ། །དེ་ཡང་གནས་བརྟན་བགྲེས་པ་དེས་མཁར་བསིལ་ཐོགས་ཏེ་མདུན་བསུས་ནས་ཞྭ་བཅསསླབ་གྲལ་བཞིན་སེར་ཕྲེང་གིས་ཕེབས་པར་བྱའོ། སྦྱིན་བདག་གི་གནས་དང་ཉེ་བར་གྱུར་བའི་ཚེ། དགེ་ཚུལ་ཞལ་ཏ་པ་དག་སྔོན་ལ་ཕྱིན་ཏེ། བསང་གཏོང་ཞིང་དུང་ཡང་འབུད་པར་བྱའོ། །དགེ་འདུན་རྣམས་སྒོར་ཕེབས་པ་དང་མཆིལ་ལྷམ་ཕུད། ཆབ་བཞེས། བགོས་པའི་སྟན་ལ་གོ་རིམ་བཞིན་གདིང་བ་བཏིང་། བླ་གོས་བཞེས་ཏེ་བཞུགས་པར་བྱའོ། །ངག་བཅད་དང་ཆབ་བཀྱེ་བསྡུ་སོགས་རྒྱུན་གྱི་བྱ་བ་རྣམས་མ་ཉམས་པར་བྱའོ། །སྟབས་གང་བདེར་སྣམ་སྦྱར་དང་བཅས་རྒྱུད་ཆགས་གསུམ་པ་གཏོར་མ་བསྔོ་བ་བཅས་འདོན་པར་བྱའོ། །མདོ་བསྐུལ་གནས་བརྟན་གཉིས་པ་དེས་བྱའོ། །རྙེད་པ་སོགས་མི་བགོ་བར་དགེ་འདུན་གྱི་ཞལ་ཏ་པ་ལ་སྤྲོད་པར་བྱའོ། །སླར་ཕེབས་པ་ན་ཡང་སེར་ཕྲེང་དང་སྤྱོད་ལམ་སྔར་བཞིན་འོངས་བར་བྱའོ། །དེ་ནི་གྲོང་ཁྱེར་དུ་ཕེབས་ནས་མདོ་དང་གཟུངས་སྒྲོགས་ཀྱི་དུས་ཇི་ལྟར་བྱ་བའོ། །དེ་ཡན་ཆད་དབྱར་དངོས་གཞིའི་སྐབས་སོ། །རྗེས་ནི་དགག་དབྱེ་ཇི་ལྟར་བྱ་བའི་ཚུལ་ཏེ་འོག་ཏུ་ཤེས་སོ། །དོན་གསུམ་པ་དགག་དབྱེ་ཇི་ལྟར་བྱ་བའི་ཚུལ་ལའང་། སྦྱོར་བ་དང་། དངོས་གཞི། མཇུག་གོ དང་པོ་ནི་དགག་དབྱེའི་སྔ་རོལ་དུ་ཞག་བདུན་ཙམ་ནས་སྤྱོད་ཡུལ་གྱི་གྲོང་དུ་གོ་བར་བྱ་བ་དང་། འཁོན་ཡོད་ན་ཡང་ཕན་ཚུན་བཟོད་པར་གསོལ་ཞིང་སྦྱངས་པར་བྱའོ། །ཉེར་བརྒྱད་ཉིན་དབྱར་བདག་པས་ཁུར་བླངས་ཏེ་གཙུག་ལག་ཁང་བརྒྱན་པ་དང་། མཆོད་པ་གསར་བ་རྒྱ་ཆེར་བཤམས། རྩ་ཟོར་བ་ཞེས་པ་ཀུ་ཤའི་ཆུན་པོ་རྒྱ་གྲམ་དུ་བཅིངས་པ་དགེ་འདུན་གྱི་གྲངས་ལས་བརྒལ་བར་སྟ་གོན་བྱ། དབྱར་རྙེད་ཀྱི་ནང་ནས་དར་རམ་རས་སམ་གང་རུང་ཞིག་རྫས་ཀྱི་དགག་དབྱེའི་རྟེན་དུ་བླངས། དེ་རྣམས་མཆོད་གཞིའི་འགྲམ་དུ་བཞག གསུངས་ཆོག་གཞན་དཀྱུས་ལྟར་ལས་སྡོམ་གསུམ་ཁྲིད་ཀྱི་ཚབ་དུ་མདོ་བསྐུལ་སྔོན་དུ་འགྲོ་བས་ཡན་ལག་བདུན་པ་མཎྜལ་བཅས་ཕུལ་ནས། {དབྱར་བདག་པས་གྲལ་ཤམ་ཆོས་སྣམ་གདིང་བ་ཕྱག་བཅས་འགྲེང་འདུད་ཀྱིས་བསྟན་པ་རིན་པོ་ཆེ་སོགས་ནས་སྦྱིན་དུ་གསོལ། ཅེས་སྐུལ་ལ། དེ་ནས་མཁན་པོས། དེ་ཡང་སྟོན་པ་ཐམས་ཅད་མཁྱེན་པས་མཐོང་པ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིའོ། །ཞེས་གསུངས་པས། སང་ནང་བར་སྟོན་ཟླ་ར་བ་ཁྲུམས་ཟླའི་མར་ངོའི་དགག་དབྱེ་བཅུ་བཞི་པ་འབྱུང་སྟེ། དེ་ལའང་སྦྱོར་བ་དང་། དངོས་གཞི་གཉིས་ལས། འདིར་སྦྱོར་བའི་ཡན་ལག་ཏུ་དགེ་སློང་སྡེ་སྣོད་འཛིན་པ་རྣམས་ཀྱིས་མཚན་ཐོག་ཐག་ཏུ་ཆོས་རྣམ་པར་གཏན་ལ་དབབ་པར་བྱའོ། ཞེས་གསུངས་པའི་དོད་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལ་མཛད་པ་ཕྱག་ལེན་དུ་གདའ་བས་གསན་པར་ཞུ། ཞེས་པས་མཚམས་སྦྱོར། ཡང་ན། ཞེས་གསུངས་པའི་དོད་དགེ་སློང་ལ་རབ་ཏུ་གཅེས་པའི་མདོའི་འོད་སྲུང་གིས་ཞུས་པའི་མདོ་ཉིད་འཆད་པས་གསན་པར་ཞུ། གང་ཞིག་གསེར་མཆོག་སོགས་ཀྱིས་མཚམས་སྦྱར་ཏེ།} མཁན་པོས་ཚུལ་ཁྲིམས་རྣམ་དག་གི་མདོ་བཤད་པའམ། དགེ་སྦྱོང་ལ་རབ་ཏུ་གཅེས་པའི་མདོ་ལྟ་བུའམ། ཁྱིམ་པ་སོགས་ཀྱང་ཉན་པར་བསྐུལ། ཡང་ན་མཛངས་བླུན་དང་དྲན་པ་ཉེར་བཞག་སོགས་ཆོས་བཤད་ཇི་ལྟར་འོས་པ་རྒྱས་བསྡུས་སྐབས་དང་བསྟུན་ནས་བཤད། ཕྱི་དྲོ་ཀུན་དགའ་ར་བར་ཕེབས་སྐབས་སང་གི་དགག་དབྱེ་འདི་ལྟར་བྱེད་ཅེས་ངག་བསྒྲིག་བྱེད། དེ་ནི་སྦྱོར་བའོ། །དངོས་གཞི་ནི་ཉེར་དགུའི་ནང་མོ་སྔ་བར་དུང་བུས་ལས་ཀྱི་གཎྜིས་བསྐུལ་ཏེ། སྔར་ལྟར་ཚོགས་ནས་ལྷ་ཁང་དུ་རང་གྲལ་དང་མཁན་པོ་གཡས་གྲལ་མགོར་ཕེབས་ནས་ཐམས་ཅད་ཀྱིས་ཕན་ཚུན་ཕྱག་ཟེངས་པོར་འཚལ་ཏེ་གཟན་ག་ཁྱེར་རྐང་ལག་འདུད་རྒྱ་བཅས་དབྱར་དགེ་འདུན་གྱི་ནང་དུ་ཚུལ་བཞིན་མ་གྱུར་པས་ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ་ལོ། ཞེས་བཟོད་གསོལ་བྱ། དེ་ནས་དགེ་ཚུལ་རྣམས་སྒོ་ཁང་དུ་བཀར་སྒོ་སྡམས། དགེ་སློང་རྣམས་ཀྱིས་ཕྱིར་བཅོས་དང་བྱིན་རླབས་གསོ་སྦྱོང་སྐབས་བཞིན་ལས། བྱིན་རླབས་ཀྱི་སྐབས་དགག་དབྱེ་མཛད་ལ་ཞེས་བསྒྱུར་བ་ཙམ་ཁྱད་པར་རོ། དེ་ནས་དགེ་ཚུལ་རྣམས་དང་བཅས་ཐམས་ཅད་གཙང་ཁང་དུ་རྒྱུན་ལྟར་ཚོགས་ནས་རྒྱུན་ཆགས་གསུམ་པ་གཏོར་མ་བསྔོ་བའི་བར་མཛད་ནས། ཚོགས་ཁང་དུ་རང་གྲལ་ལ་ཕེབས། མདོ་བསྐུལ་བྱ། དེའི་ཚིག་ཕྲད་དེང་དགེ་འདུན་གྱི་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དགག་དབྱེ་བཅུ་བཞི་པ་ལགས་ཏེ་སོགས་བསྒྱུར་ཏེ་ཞུ། {མཁན་པོས་མདོའི་མཚམས་སྦྱོར་དུ། དེ་ཡང་སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་ནས། སོགས་ནས། ཚེས་བཅོ་ལྔ་ལའོ་གསུངས་པ་ལྟར་ལགས་ཀྱང་། འདིར་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དགག་དབྱེ་བཅུ་བཞི་པའི་སྐབས་སུ་བབས་པས་དགག་དབྱེ་ཉིད་བྱ་བ་ལས། གསོ་སྦྱོང་བྱ་མི་དགོས་ཏེ་ས་གའི་ལྷས། སྡིག་པ་དམན་གྱི་གསོ་སྦྱོང་ནི། དགག་དབྱེ་བྱས་ནས་ཡང་མི་བྱ། གསོ་སྦྱོང་དག་པར་བྱ་ཕྱིར་ཏེ། དགག་དབྱེ་ཡང་ནི་དེ་ཉིད་ཡིན། ཞེས་གསུངས་པ་ལྟར། འདིར་དགག་དབྱེའི་ཆོ་ག་ཕྱག་ལེན་དུ་བགྱི་བ་ལ། སོགས་དེ་མིན་གཞུང་ལྟར་བྱས་ཏེ།}ཚུལ་ཁྲིམས་རྣམ་དག་གི་མདོ་གསུངས། ཇ་གཏོང་། ཇ་མཆོད་གདངས་དང་ཇ་ཞུས་སོགས་རྒྱུན་ལྟར་རོ། དེ་ནས་དགེ་ཚུལ་རྣམས་ཀྱིས་ཕྱིར་བཅོས་རྐྱང་པ་བྱས་ཏེ་སྒོ་ཁང་དུ་བཞུགས། དགག་དབྱེ་དང་འདུན་པ་ལེན་དགོས་པ་ཡོད་ན་སྔར་བླངས་ནས་སྐབས་འདིར་གཞུང་བཞིན་འབུལ། དེ་ནས་མཁན་པོས་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ལྟུང་ཐུན་བྱིན་རླབས་ལ་གསོལ་བའི་ལས་བགྱི་བས། དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་སོགས་ལྟུང་ཐུན་བྱིན་རླབས་བྱ།{གནས་ལ་བློ་མཐུན་མི་དགོས}དེ་ནས་དབྱར་བདག་པ་གཉིས་དགག་དབྱེ་བྱེད་པ་པོར་བསྐོ་བའི་ཕྱིར་སྤྲོ་བ་དྲི་བ་དང་། གསོལ་བ་དང་གཉིས་ཀྱིས་བསྐོ་བ་དངོས་རྣམས་གཞུང་བཞིན་ནོ། །དེ་ནས་དགག་དབྱེ་བྱ་བའི་ཕྱིར་གསོལ་བའི་ལས་ཀྱང་གཞུང་བཞིན་ནོ། དེ་ནས་དབྱར་བདག་རྒན་པས་མཁན་པོ་ནས་བཟུང་གཡས་གྲལ་དང་། གཞོན་པས་གཡོན་གྲལ། དགེ་ཚུལ་རྣམས་དང་བཅས་པ་ལ་རྩ་རྣམས་ཁྱབ་པར་བྲིམ། དེ་ནས་མཁན་པོ་གཡས་གྲལ་གྱི་མགོར་ཕེབས་ཞབས་འབྲིང་གཉིས་དང་དཔོན་སློབ་གསུམ་གྱིས་དབྱར་བདག་རྒན་པའི་དྲུང་ནས་དགག་དབྱེ་གཞུང་བཞིན་མཛད། དེ་ནས་བརྩམས་ཏེ་རྒན་པའི་དྲུང་དུ་གཡས་གྲལ་མཐར་ཆགས་དང་། ཡུལ་རྟེན་གཉིས་ཀས་རྩྭ་རྒྱ་གྲམ་གྱི་ལྟིང་བ་ཞབས་ཀྱིས་རྫིས་རྩེ་ཐལ་མོའི་བར་དུ་འཛིན། གཞོན་པའི་དྲུང་དུ་གཡོན་གྲལ་མཐར་ཆགས་སུ་གསུམ་རེ་ལས་མི་མང་བས་དགག་དབྱེ་བྱའོ། དགེ་འདུན་རྣམས་རྫོགས་པ་དང་དབྱར་བདག་པ་གཉིས་ཀྱིས་མཁན་པོའི་དྲུང་དུ་དགག་དབྱེ་བྱའོ། །དེ་ནས་མཁན་པོ་ཁྲིར་ཕེབས་པར་བྱའོ། དེ་ཡང་མགོར་བསྟན་པ་རིན་པོ་ཆེ་གསལ་བྱེད་དམ་པར་སོགས་ནས་དགག་དབྱེའི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་དང་ཆོས་བཞིན་སོགས་ནས་ཞུ་ཞེས་པའི་བར་དང་། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅུ་བཞི་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཡང་དགག་དབྱེ་བཅུ་བཞི་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམ་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ལན་གསུམ་དང་། ཐབས་ལེགས་བྱའོ། །མཇུག་ཏུ་བསྟན་པ་རིན་པོ་ཆེ་སོགས་བཀའ་དྲིན་ཆེ་ཞེས་དང་། ཆོས་བཞིན་སོགས་ནས་བཀའ་དྲིན་ཆེ་ལགས་ཞེས་པའི་བར་རྣམས་སྦྱར་བར་བྱའོ། །དེ་ལྟར་དགེ་སློང་རྣམས་རྫོགས་པ་དང་། དབྱར་བདག་པ་གཉིས་ནས་སོ་སོར་རྩ་རྣམས་བསྡུས་ཏེ་གྲངས་བཟུང་ནས་དབྱར་བདག་རྒན་པས་ཕྱག་དང་འགྲེང་འདུད་བཅས་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་ཞེས་བྱ་བ་འདིར་དགེ་སློང་འདི་སྙེད་ཀྱིས་དགག་དབྱེ་མཛད་དོ། ཞེས་གོ་བར་བྱའོ། དགེ་འདུན་ཐམས་ཅད་ནས་ལྷན་ཅིག་ཏུ་ལེགས་པར་དགག་དབྱེ་མཛད་དོ། ཤིན་ཏུ་དགག་དབྱེ་མཛད་དོ། ཞེས་བརྗོད་པར་བྱའོ། །དེ་ནས་དབྱར་བདག་རྒན་པས་སྔར་བླངས་པའི་དར་རམ་རས་གང་ཡིན་པ་དེ་ལག་གཡས་པས་ཕྱར་གཡོན་གྱེན་བསྟན་གྱི་འདུད་པ་བཅས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་རུང་ངམ་ཞེས་དང་། ཐམས་ཅད་ཀྱིས་ལེགས་པར་རུང་ངོ་། །ཤིན་ཏུ་རུང་ངོ་། །ཞེས་པའི་བར་གཞུང་བཞིན་ནོ། །དེ་ནས་དབྱར་བདག་པ་གཉིས དགེ་ཚུལ་རྣམས་ནང་དུ་རང་གྲལ་ལ་འཁོད། དེ་ནས་དབྱར་བདག་པ་གཉིས་དགེ་ཚུལ་རྣམས་ཀྱི་དྲུང་དུ་བཞུགས་པ་ལ་དགེ་ཚུལ་རྣམས་ཀྱིས་དགག་དབྱེ་རྣམ་གཉིས་གོ་བར་བྱ་བ་ལན་བརྗོད་པ་རྣམས་སྔར་ཇི་ལྟ་བ་བཞིན་ནོ། །ཁྱད་པར་ཅུང་ཟད་ཡོད་པ་ནི་དགེ་ཚུལ་ལ་ཞུ་བའི་སྐབས། ལན་དགེ་སློང་རྣམས་ནས་ཀྱང་གསུངས་པ་དང་། དབྱར་བདག་པས་གཟན་ཤད་བྱེད་པ་ཡང་ཁྱད་པར་རོ།{དེ་ནས་མཚམས་བུ་ཆུང་བཀྲོལ་བ་ནི། ཕྱོགས་བཞིའི་མཚན་མ་རྣམས་བསྡུས་ལ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་བུ་ཆུང་བཅད་དེ་དཀྱིལ་འཁོར་བར་བློ་མཐུན་པར་བགྱི་བ་ལས། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་མཚམས་བུ་ཆུང་གཞིག་སྟེ་དཀྱིལ་འཁོར་བ་བཀྲོལ་བར་མཛད་དེ། འདི་ནི་གསོལ་བའོ། ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་བུ་ཆུང་བཅད་དེ། དཀྱིལ་འཁོར་བར་བློ་མཐུན་པར་བགྱིས་པ་དེའི་སླད་དུ་དགེ་འདུན་གྱིས་མཚམས་བུ་ཆུང་གཞིག་སྟེ་དཀྱིལ་འཁོར་བ་བཀྲོལ་བར་མཛད་ན། ཚེ་དང་ལྡན་པ་གང་དག་མཚམས་བུ་ཆུང་གཞིག་སྟེ་དཀྱིལ་འཁོར་བ་བཀྲོལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག འདི་ནི་ལས་བརྗོད་པ་དང་པོ་སྟེ། དང་པོ་ཐལ། གཉིས་པ་ལ་ཐུགས་གཏད་པར་ཞུ་སོགས། གཉིས་པ་ཐལ། གསུམ་པ་ལ་ཐུགས་གཏད་པར་ཞུ་སོགས། གསུམ་པ་ཐལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླ། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚམས་བུ་ཆུང་གཞིག་ནས་དཀྱིལ་འཁོར་བར་བཀྲོལ་བ་ལགས་ཏེ། འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ།}།དེ་ནས་མཁན་པོས་ཕྱོགས་བཅུ་ན་སོགས་ཐལ་སྦྱར་བཅས་དགོངས་གསོལ་ལ་དམངས་ཀྱིས་མཐུན་འགྱུར་བཅས་དང་། བསོད་ནམས་འདི་ཡིས་སོགས། རིན་ཆེན་དགེ་ཚོགས་སོགས། འཇམ་དཔལ་དཔའ་བོས་སོགས། གང་དུ་སྐྱེས་པའི་སོགས། ཕན་བདེ་འབྱུང་བའི་སོགས་བརྗོད་པའི་བསྔོ་སྨོན་བྱ། དེ་འཕྲལ་ཆབ་གཏོར་བཏང་། དམག་བཟློག་སྨོན་ལམ་དང་སྨན་མཚན་བརྗོད་དེ། སྐར་མ་རབ་རིབ་སོགས་བརྗོད་ནས་ཚོགས་གྲོལ། དབྱར་མི་གནས་པའི་དགེ་སློང་གཞན་ཡོད་ནའང་། འདི་ཉིན་དགག་དབྱེ་མཛད་ན་གསོ་སྦྱོང་གི་གོ་ཆོད་པས་ཕེབས་དགོས་སོ། དེ་ནི་དངོས་གཞིའོ། མཇུག་ནི་དེ་མ་ཐག་མཁར་རྔ་དང་གཎྜིས་བསྐུལ་ཏེ་སླར་ཚོགས་ནས། ཆབ་བཞེས་གྲལ་དུ་འཁོད་པ་དང་། ཇ་འདྲེན་སྔོན་ཐུག་པའི་གནས་སུ་བཏུང་ན་བདེ། ཆབ་བཀྱེ་བསྡུ་བྱ། ཐུབ་བསྟོད་སོ་ཐར་བརྒྱུད་འདེབས་གནས་བཅུ་སྡོམ་གསུམ་གྱི་ལེ་ཚན་རྣམས་དང་བྱམས་སྨོན་རྒྱུན་ལྟར་བྱ། བརྟན་བཞུགས་ལེ་ཚན་རྣམས་གསུངས་ནས་སྐར་མ་རབ་རིབ་སོགས་བརྗོད་ནས་ཚོགས་གྲོལ། ཆ་གསུམ་གཏོང་། སླར་ཡང་མཁར་རྔ་དང་གཎྜིས་བསྐུལ་ཏེ། ཚོགས་ཆབ་བཞེས། ཞལ་ཏ་པས་རྙེད་པ་རྣམས་གྲལ་མཐར་བཞག་ཡི་གེ་ཀློག མཁན་པོས་དབུས་འདུས་པ་རྣམས་ལ་རྩིས་སྤྲོད་ཞུ། དེ་ནས་དབྱར་བདག་པ་དང་། ཞལ་ཏ་པ་དགེ་ཚུལ་བཅས་ཀྱིས་ཕྱག་བདེ་མཛད་ནས་སོ་སོར་བགོས་ཏེ། སྟོན་པའི་སྐུ་སྐལ་བཞག དགེ་སློང་ཐམས་ཅད་ལ་མཉམ་པར་ཕུལ། དགེ་ཚུལ་རྣམས་ལ་དེའི་སུམ་ཆ་གཉིས་རེ། བྲོ་གཡོག་པ་དགེ་བསྙེན་ཡོད་ན་སུམ་ཆ་གཅིག་བཅས་བསླབ་ཐོབ་བཞིན་འབུལ་བར་བྱའོ། །དེ་ནས་དགེ་འདུན་རྣམས་ཀྱིས་རང་སྐལ་གཟིམས་གཤགས་སུ་བསྐྱལ། དབྱར་བདག་པའི་ཚུལ་ཤིང་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་སྟོན་པའི་ཚུལ་ཤིང་རྩེའི་ཅོད་པཎ་རྒྱབ་ཏུ་མཁན་པོས་མཛད་པའི་ལོ་རྟ་དགེ་འདུན་གྱི་ཞལ་གྲངས་བཅས་ཤིས་བརྗོད་དང་ཚིགས་བརྒྱན་གྱིས་སྤུད་པ་བྲིས་ནས་གཙུག་ལག་ཁང་གི་སྒོ་སྟེང་དུ་གདགས་པར་བྱའོ། དེ་ནས་སྔར་བཞིན་བརྡས་བསྐུལ་ཏེ་ཚོགས་ནས་ཆབ་བཞེས། རང་གྲལ་དུ་འཁོད་པ་དང་། གུང་ཚིགས་རྒྱུན་བཞིན་གནང་། བསྔོ་ཡིག་ཞུ་བ། ལྟུང་བཤགས་བསྔོ་བ་སྨོན་ལམ་རེས་སུ་བབས་པ་བཅས་རྒྱུན་ལྟར་དང་། དེ་ནས་ཐམས་ཅད་བཞེངས་ཏེ་འགྲེངས་བཞིན་འཁོད་པ་ལ། བཀྲ་ཤིས་ཞལ་བསྐོར་བཅས་རྒྱས་པ་མཛད། བཞུགས་ཏེ་བསྟན་པ་རྒྱས་བྱེད་དང་སྨོན་ལམ་དཀྱུས་ལྟར་དུ་བྱའོ། སྐབས་འདིར། ཇ་འདྲེན། ཆབ་བཀྱེ་བསྡུ་བྱ། དེ་ནས་བླ་གོས་གསོལ་བཞིན་སྣམ་སྦྱར་དང་གདིང་བ་ཕྱག་ཏུ་བསྣམས་གཟན་ག་ཁྱེར་མཛད་དེ། མཁན་པོའི་མདུན་བསུས་དགེ་བསྐོས་པས་སྤོས་སྣ་དང་རྒྱ་གླིང་བཅས་གཙུག་ལག་ཁང་ལ་གཡས་བསྐོར་མཛད་ཅིང་གྲོལ་བ་ནི་རྒྱུན་ལྟར་བྱའོ། །དེའི་ཕྱི་དྲོ་ནས་དབྱར་བདག་པ་དང་། ཞལ་ཏ་པ། དགེ་ཚུལ་སོགས་ཀྱིས་ལྗོངས་རྒྱུ་གང་དུ་མཛད་པའི་གླིང་ཁར། གུར་དང་སྦྲ་གུར་ཕུབ། གསོལ་ཐབ་འཛིན། སྐབས་འདིར་སེར་ཕྲེང་གིས་རྟེན་གསུམ་རྣམས་རང་གནས་སུ་གདན་དྲངས། མཆོད་པ་གསོ་སྦྱོང་སྐབས་ལྟར་བཤམས། བསང་ཁྲི་བརྩིགས། བསང་ཤིང་བཅས་སྟ་གོན་བྱ། དམིགས་བསལ་རྐྱེན་དབང་གིས་དགག་དབྱེ་དགོས་ན་ཡང་གཞུང་བཞིན་དུ་བྱའོ། དེ་རྣམས་ནི་དགག་དབྱེ་ཇི་ལྟར་བྱ་བའི་ཚུལ་ལོ། ༈ དེ་ནས་ལྗོངས་རྒྱུར་ཕེབས་ཚུལ་ནི་དེའི་ཕྱི་ཉིན་ཞོགས་པར། དུང་གིས་དགེ་འདུན་བསྡུ་བར་བྱའོ། །དུང་གསུམ་པ་རྫོགས་པ་དང་དགེ་འདུན་རྣམས་གཙུག་ལག་ཁང་གི་སྒོར་འཛོམས་པར་མཛད་ནས། དགེ་སློང་ཐམས་ཅད་ཀྱི་བླ་གོས་སྣམ་སྦྱར་དང་བཅས་པ་བཞེས། ཞྭ་མནབ། མཁན་པོས་ཕྱག་ཏུ་མཁར་བསིལ་བསྣམས། ཐམས་ཅད་གཟན་ཟླུམ་ཁྱེར་བཅས་བསླབ་གྲལ་ལེགས་པར་བསྒྲིགས་ནས། ཆབ་རིལ་དང་བཟེད་ཞལ་ཐོགས། དགེ་ཚུལ་ཆབ་རིལ་བ་དང་། གཎྜི་པས་གཎྜི་ཐོགས་པ་དང་། དེ་རྗེས་དགེ་བསྐོས་ཀྱི་སྤོས་སྣ་བཅས། སེར་ཕྲེང་གིས་ཕེབས་པར་བྱའོ། །དེ་ཡང་ངག་བཅད། ན་བཟའ་ལེགས་པར་བགོ་བ། རིང་བལྟ་མགོ་བསྟུམ་སོགས་སྤངས་ནས། ཁྱིམ་འགྲོས་སྤྱོད་པ་གཞན་དྭངས་བ་འདྲེན་པར་བྱའོ། །གླིང་ཁར་ཉེ་བ་དང་། དགེ་ཚུལ་གཎྜི་པ་ཆབ་རིལ་པ་བཅས་ཞྭ་ཕྲག་བཀལ་ཏེ་སྔོན་དུ་སོང་ནས་གཎྜི་བརྡུང་བ་ཆབ་འདྲེན་པ་རྣམས་བྱའོ། །གཎྜི་ནི་རྒྱུད་གསུམ་པ་དང་ཏོག་གསུམ་པའོ། །འདིའི་སྐབས་གཙུག་ལག་ཁང་གི་ཡང་སྟེང་ནས་ཀྱང་བསང་གཏོང་བ་དང་། དུང་དམར་རྒྱ་གླིང་འབུད་པར་བྱའོ། །གླིང་ཁ་ནས་ཀྱང་། དུང་དཀར་དང་རྒྱ་གླིང་གི་སྒྲ་ཡིས་བསུ་ཞིང་། བསང་གཏོང་བར་བྱ། གླིང་ཁར་ཕེབས་པ་དང་། སྒོར་མཆིལ་ལྷམ་ཕུད། ཆབ་བཞེས་རང་གྲལ་དུ་འཁོད་པ་དང་། གསོལ་ཇ་ཞུ། ཇ་མཆོད་དང་ཇ་ཞུས་དཀྱུས་ལྟར་བྱ། ཇ་བཞེས་ཟིན་པ་དང་། ཆབ་བླངས་ནས་གུང་གསེང་བྱེད། དགའ་སྤྲོའི་ཚུལ་གྱིས་ལུང་རིགས་དང་མཐུན་པའི་བགྲོ་གླེང་རྩོད་རིག་གི་ལམ་ནས་གཏོང་། གཞན་བག་མེད་ཀྱི་རྩེ་མོ་ངག་འཁྱལ་སོགས་ཆོས་དང་མི་མཐུན་པའི་རིགས་གཏན་ནས་མི་མཛད། སླར་ཡང་་མཁར་རྔ་དང་གཎྜིས་བསྐུལ་ཏེ་ཚོགས། བསྟོད་པ་ཚིག་བཅད་གཅིག་པ་དང་། བཞི་པ་རེས་མོས། རྒྱུན་ཆགས་གསུམ་པ་གཏོར་མ་བསྔོ་བ་བཅས་བྱ། རང་གྲལ་དུ་བཞུགས་ནས་ཆབ་གཏོར་བཏང་། ཇ་འདྲེན། ཆབ་བླངས་ཏེ། སྐར་མ་རབ་རིབ་སོགས་བརྗོད་པས་གུང་གསིང་མཛད། སླར་ཡང་བརྡས་བསྐུལ་ནས་ཚོགས་ཏེ་ཐུབ་བསྟོད། སྡོམ་རྒྱུད་གསོལ་འདེབས། གནས་བསྟོད་བྱམས་སྨོན་རྣམས་གསུངས་ཤིང་དགེ་བསྐོས་ནས་སྤོས་སྐོར་ཡང་དཀྱུར་ལྟར་མཛད། གསོལ་ཐུག་ཞུ། ཆབ་བླངས་གུང་བསང་མཛད། སླར་ཡང་བརྡས་བསྐུལ་ནས་སྔར་ལྟར་འཚོགས། གུང་ཚིག་གནང་། ཀུན་གྱིས་ཞལ་ཕུད་བཅའ་བ་སོགས་ཚུལ་བཞིན་གནང་། བདུད་བཟློག་ཟིན་པ་དང་གུང་བསང་མཛད། ཆ་གསུམ་གཏོང་། སླར་ཡང་བརྡ་བཅས་ཚོགས་ནས། བསྔོ་བ་དང་བཟང་སྤྱོད་སོགས་བཀྲ་ཤིས་བཅས་རྒྱུན་ལྟར་མཛད། ཇ་བཏུང་། སྤྱོད་ལམ་སོགས་སྔར་ལྟ་བུས་དགོན་སྡེ་གཙུག་ལག་ཁང་དང་བཅས་པ་བསྐོར་ནས་རང་གནས་སུ་ཕེབས་པར་བྱའོ། །དེ་སྐབས་ཡང་བསང་དང་། དུང་དཀར་དམར། རྒྱ་གླིང་རྣམས་ཀྱིས་ཡར་མར་ནས་འབུད་རེས་བསུ་སྐྱེལ་མཛད་ནས་སེར་ཕྲེང་མ་གྲོལ་བར་འབུད་པར་བྱའོ། །དེ་ལྟར་ཉིན་གསུམ་མཛད་པའི་ཉིན་རྗེས་མར་བདེ་གཤེགས་ཀུན་འདུས་ཁྲུས་ཆོག་མཛད་དེ་བསྔོ་ཡིག་རྣམས་བསྲེགས་པར་བྱའོ། །འདི་ནི་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་གྱི་ནང་དུ་མི་གསལ་པའི་ཕྱག་བཞེས་ཕྲ་ཞིབ་རྣམས་གཞུང་དང་ཡང་བསྟུན་ཅིང་། དེང་སང་ཕྱག་ལེན་རྣམས་དང་མཐུན་པར་བགྱིས་ནས་བྲིས་པ་ཡིན་ནོ། འདིར་སྨྲས་པ། རྐང་གཉིས་གཙོ་པོའི་ཞལ་གྱི་ཆུ་སྐྱེས་ལས། །ཟབ་བརྒྱའི་ཆོས་ཚུལ་རྐང་པ་དྲུག་པའི་ཟས། །བགྲང་ཡས་སྐྱེ་བོའི་ཐར་པའི་བཅུད་ལེན་དུ། །བབས་པའི་སྨན་མཆོག་ཞི་བསིལ་བདུད་རྩི་དངོས། །བརྒྱད་ཁྲི་བཞི་སྟོང་ལ་སོགས་ཇི་སྙེད་པ། །བརྗོད་བྱ་རྗོད་བྱེད་ལ་བལྟོས་བསླབ་གསུམ་དང་། །སྡེ་སྣོད་གསུམ་དུ་ཡང་དག་འདུ་བ་ལས། །དང་པོ་གཉིས་ནི་བཞི་དང་རྩ་བ་དང་། །གྲུབ་ཕྱིར་ཀུན་མཁྱེན་ལྷ་མིའི་བླ་མ་དེས། །ང་འདས་འོག་ཏུ་འདི་ནི་ཁྱེད་རྣམས་ཀྱི། །སྟོན་པ་ཉིད་དུ་གནས་པར་འགྱུར་རོ་ཞེས། །འཕགས་ཚོགས་འདུས་པའི་དབུས་སུ་རྒྱ་ཆེར་བསྟོད། །དེ་ཕྱིར་སྟོན་དང་བསྟན་པ་གཉིས་ཀ་རུ། །གྱུར་བའི་ཆོས་འདུལ་ཡིད་བཞིན་དབང་གི་རྒྱལ། །བཤད་དང་སྒྲུབ་པའི་རྒྱལ་མཚན་མཐོན་པོའི་རྩེར། །བཀོད་འདི་ཐུབ་དབང་བསྟན་པའི་རྒྱལ་མཚན་སྟེ། །ཤཱཀྱའི་སྲས་དང་དཀར་ཕྱོགས་ལྷ་རྣམས་ལ། །ཀུན་དགའི་བ་དན་ཉིད་དུ་གནས་གྱུར་ནས། །བདུད་དང་མུ་སྟེགས་ནག་པོའི་ཕྱོགས་བཅས་ལ། །མྱ་ངན་སྦྱིན་བྱེད་དབང་བོའི་མཚོན་ཆར་འགྱུར། །བདག་འདྲ་ཐོས་ཆུང་ལྷོད་པོའི་ཚུལ་ཅན་གྱིས། །འདི་འདྲའི་ཕྱོགས་ལས་སྨྲ་བར་རིགས་མིན་ཀྱང་། །དམན་ལ་མཆོག་ཏུ་བརྩེ་བའི་དོན་འབྲས་ཉིད། །མི་གཏོང་ཙམ་ཞིག་གཏམ་འདིའི་བྱེད་སྙམ་སྦྱར། །ཚུལ་འདིར་འབད་པའི་དགེ་ཚོགས་འཛམ་བུའི་འབྲས། །ཀུན་མཁྱེན་དགོངས་པའི་མ་དྲོས་མཚོར་ལྷུང་བ། །ཆུད་མི་འཛའ་བར་དོན་གཉིས་ལྷུན་གྲུབ་པའི། །རྒྱལ་བའི་གསེར་ཁམས་ཉིད་དུ་འགྲུབ་པར་ཤོག །ཁྱད་པར་ལུས་ཅན་ཀུན་གྱི་ཕན་བདེའི་སྒོ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་དྲི་མེད་ཉིད། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་ཡི། །བཀྲ་ཤིས་དཔལ་གྱིས་འཛམ་གླིང་ཁྱབ་གྱུར་ཅིག །ཅེས་པའང་ལི་ཐང་ཕྱོགས་སུ་ཉེ་བའི་ཆར་མཁས་བཙུན་བཟང་པོའི་དཔལ་གྱིས་འཚོ་བ་རྒྱལ་སྲས་ཐུབ་བསྟན་སྣང་མཛད་བཟང་པོས། རང་གི་གདན་སར་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་འཛུག་པའི་བཞེད་དོན་ལ་དམིགས་ནས། ཤཱཀྱའི་སྲས་པོའི་གཟུགས་བརྙན་ཙམ་འཛིན་པའི་སྙོམ་ལས་པ་པདྨ་བཛྲ་དུ་འབོད་པས། རྗེ་བླ་མའི་གདན་ས་དཔལ་གྱི་སེངྒེའི་རིའི་གྲྭ་ཤག་ཏུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག དགེའོ། །སླར་ཡང་གདན་ས་ཆེན་པོ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཞི་གསུམ་ཕྱག་བཞེས་རྣམས་བར་སྐབས་སུ་ས་གཡོ་སོགས་ཀྱི་རྐྱེན་ལས་ཅུང་ཟད་འདྲ་མིན་དུ་གྱུར་པ་རྣམས་ཡོངས་རྫོགས་བསྟན་པའི་མངའ་བདག་རྒྱལ་བའི་སྲས་པོ་ཉིད་ལ་བཀའ་འདྲི་ནན་དུ་ཞུས་ཤིང་ཕྱག་བཞེས་ཀྱི་རྒྱུན་མི་ཉམས་པར་བྱ་བའི་ཕྱིར། མཁན་རིན་པོ་ཆེའི་ཅོང་གར་དགོན་གྱི་རྒྱལ་སྲས་ཀྱིས་ཞུས་ངོར་གསུངས་པའི་ཟིན་བྲིས་སོར་བཞག་ལ་རྗེ་བླ་མའི་བཀའ་བཀོད་གནང་བ་རྣམས་མཆན་དང་དཀྱུས་སུ་བཅུག་པ་ཅི་རིགས་སུ་བྱས་པ་འདི་ཉིད་རྡོར་འཛིན་མཁན་པོའི་མིང་ཐོགས་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་དཔལ་བཟང་པོས་རྗེ་བླ་མའི་གདན་ས་ཐུབ་བསྟན་ཉིན་བྱེད་བཤད་སྒྲུབ་དར་རྒྱས་གླིང་གི་རང་ཤག་འཆི་མེད་དགའ་ཚལ་དུ་བྲིས་པ་དེ་ཕྱིན་ཆད་བཅོས་བསྒྱུར་མེད་པར་འདི་ཁོ་ན་ལྟར་མཛད་པ་གལ་ཆེ་ལགས། བཀྲ་ཤིས་པར་ཤོག །གཞི་གསུམ་ཟིན་བྲིས་མཁན་ཆེན་པདྨ་བཛྲ་ནས་མཛད་པ་ལ་རྫོགས་ཆེན་གླིང་སྤྲུལ་རིན་པོ་ཆེ་ནས་ཕྱག་མཆན་བཏབས་པ་གཞིར་བཞག་ཐོག སྐྱབས་མགོན་རྫོགས་ཆེན་བདུན་པ་རིན་པོ་ཆེའི་ཐུགས་བཞེད་ལྟར་དམིགས་བསལ་དགོས་གལ་ཆེ་རིགས་འགའ་ཞིག་མཁན་རབས་སོ་བཞི་པའི་མིང་འཛིན་དགེ་ལེགས་སྙན་གྲགས་རྒྱ་མཚོར་འབོད་པས་གསར་བསྣན་བྱས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དཀྱུས་ཀྱི་ཡིག་ཆེན་རྣམས་ནི་མཁན་ཆེན་པདྨ་བཛྲའི་ཟིན་བྲིས་དང་ཡིག་ཆུང་རྣམས་གླིང་སྤྲུལ་གྱི་ཕྱག་མཆན། གོར་རྟགས་ཀྱི་ནང་དུ་འཁོད་པ་དག་མཁན་ཆེན་ཨོ་རྒྱན་རིག་འཛིན་གྱིས་གསར་བསྣན་མཛད་པ་ལགས་སོ།།
དཔལ་སེང་གེ་རིའི་ཐུབ་བསྟན་ཉིན་བྱེད་གླིང་གི་རྒྱུན་ཇའི་བཅའ་ཡིག
༄༅།།དཔལ་སེང་གེ་རིའི་ཐུབ་བསྟན་ཉིན་བྱེད་གླིང་གི་རྒྱུན་ཇའི་བཅའ་ཡིག་བཞུགས།། ཨོཾ་སྭ་སྟི། ལྷར་བཅས་འགྲོ་བའི་སྟོན་པ་མཆོག །ཤཱཀྱ་སེང་གེར་ཕྱག་འཚལ་ཏེ་། །རྣམ་དག་བསྟན་པའི་རིང་ལུགས་དང་། །མཐུན་པའི་གཏམ་གྱི་སྦྱོར་བ་གླེང་། །དེ་ལ་འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་དྲི་མ་མེད་པ་འཛིན་པའི་གདན་ས་ཆེན་པོ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་བཤད་གྲྭ་བ། དཔལ་སེང་གེ་རིའི་ཆོས་གྲྭ་ཆེན་པོ་ཐུབ་བསྟན་ཉིན་བྱེད་གླིང་འདིར་བཞུགས་པའི་གཞི་བྱེས་གྲྭ་ཚང་སྤྱི་ནས་ཐུགས་ངེས་གནང་རྒྱུར། སྤྱིར་གླིང་འདི་བཤད་སྒྲུབ་ཁོ་ནའི་ཆེད་དུ་བསྐྲུན་པ་ཡིན་པས། འདིར་བཞུགས་ཐམས་ཅད་ཡང་ན་ཀློག་པ་ཐོས་བསམ་དང་། ཡང་ན་སྤོང་བ་བསམ་གཏན་གྱི་བྱ་བ་ཁོ་ནས་དུས་འདའ་དགོས་པས། དེ་ལུགས་ཀྱིས་རྒྱུན་ཇར་མི་སྡོད་མཁན་དམིགས་བསལ་ཡོད་ཚེ། བླ་བྲང་དང་། འདི་གའི་མཁན་ཆོས་བཅས་ལ་དགོངས་བ་ཞུས་ནས། གནང་བ་ཡོད་ཐོག་ཐུན་བཞི་ཆག་མེད་ཀྱི་མཚམས་ཁོ་ནར་སྡོད་དགོས་རྒྱུ་དང་། དེ་མིན་ཐམས་ཅད་རྒྱུན་ཇ་ལ་ཞུགས་ནས་བསླབ་སྦྱོང་ཁོ་ན་འཛད་དགོས་པ་ལས། རང་བབ་གུ་ཡངས་བྱས་ནས་དྲག་ཞན་སུ་ཡང་སྡོད་མི་ཆོག་ཅིང་། གལ་སྲིད་དེ་འདྲ་བྱུང་ཚེ་ཡས་མས་ནས་ཞིབ་བརྟགས་ཀྱིས། དགོན་ཆེན་གྱིས་ལས་སྣེ་གང་འོས་སུ་འདེད་པ་ལས་བཞག་མི་འོས་པ་དང་། རྒྱུན་ཇ་ལ་གསར་དུ་ཞུགས་ཚེ། ཡས་མན་ལ་སྙན་སྒྲོན་ཞུས་ཐོག དགེ་འདུན་ལ་མང་ཇ་དང་། མཁན་ཆོས་ལ་མཇལ་དར་ཕུལ་ནས་ཞུགས་དགོས་ཤིང་། རྒྱུན་ཇ་ལ་བསྡད་ནས་ཐ་ན་ཡང་ལོ་གཅིག་མ་སོང་བར་དགོངས་ཞུས་བྱེད་མི་ཆོག་ཅིང་། སྡོད་པའི་རིང་ལ་ཡང་ཚོགས་ཀྱི་འདོན་ཆ་རྣམས་དང་། སུམ་རྟགས། མདོ་སྔགས་སྨོན་ལམ། སྡོམ་གསུམ། ཡིད་བཞིན་མཛོད་བཅས་འཛིན་གྲྭ་བཞིའི་རྩ་བ་བློ་ཐོག་ནས་ཚོགས་རྒྱུག་འབུལ་དགོས་རྒྱུ་དང་། དེ་ནས་འདུལ་མངོན་ཤེར་ཕྱིན་དབུ་མ་སོགས་དང་། གསང་སྙིང་གི་རྒྱུད་བཤད་ལ་འཇུག་པ་རྣམས་ནས་ཐོག་མར་རྩ་བ་བློ་ཐོག་ནས་རྒྱུགས་སྤྲོད་ནས་སློབ་དགོས། རྒྱུན་ཚོགས་ལ་ཡང་འདོན་པའི་དབུ་མ་ཚུག་གོང་ཚུན་དང་། མང་འཚོགས་ལ་དུང་གསུམ་པ་མ་རྫོགས་གོང་ཚུན་ལ་ཐམས་ཅད་འཚོགས་ཐུབ་པ་དགོས་ཤིང་། དེ་ལས་འཕྱི་བྱུང་ན་ཕྱག་བརྒྱ་སོགས་ཀྱི་ཆད་པ་སྐབས་དང་སྦྱོར། ཚོགས་ལ་ཡང་བསླབ་གྲལ་གྱི་གོ་རིམ་ལྟར་ལས་རང་དབང་གིས་སྡོད་མི་ཆོག ཚོགས་ལ་ངག་བཅད་མི་བྱེད་པ་བྱུང་ཚེ་ཕྱག་བརྒྱ་སོགས་ཀྱི་ཆད་པ་སྦྱོར། དུས་རྒྱུན་གླིང་ནང་དུ་གཟན་ཤམས་མི་བྱེད་པར་འགྲོ་བ་དང་། ཀུ་ཅོ་འུར་ཟིང་ཕན་ཚུན་འབོད་ཤར་བྱེད་པ་དང་ཕྱི་ནང་གི་འགྲུལ་འགྲིམས་སུ་ཡང་གླིང་ནས་རྟ་ཞོན་ནས་འགྲོ་བ་དང་། གླིང་ནང་དུ་རྟ་ཁལ་མང་པོ་ཞག་ཏུ་བཞག་པ་དང། མང་ཇ་གྲྭ་གཤག་ཏུ་ལེན་པ་དང་། ཚོགས་གྲལ་ནས་དགོངས་ཞུས་མི་བྱེད་པར་འགྲོ་བ་རྣམས་གཏན་ནས་བྱེད་མི་ཆོག དེ་འདྲ་བྱུང་ཚེ་ཕྱག་དང་མཆོད་མེ་སོགས་ཀྱི་ཆད་པ་སྦྱོར། ཁྱད་པར་མཁན་ཆོས་སོགས་ལ་བརྩི་མེད་ཀྱི་ཁ་ལན་ལག་ལན་བྱེད་པ་དང་། གླིང་ནང་ནས་འཛིང་རྩོད་རྒྱག་རེས་བྱེད་པ་བཅས་དྲག་ཞན་སུ་ཐད་ནས་བྱུང་ཡང་། མང་ཇ་དང་། བརྒྱ་མཆོད་མ་ཕུལ་གྱི་བར་དུ། དར་ཆེན་ལ་བཅིང་པའི་ཆད་པ་ལ་སྦྱོར། དགེ་བསྐོས་དཔོན་གཡོགས་ནས་གཟིགས་ཏེ་ནང་དུས་རྒྱལ་སྒོ་མ་ཕྱེས་གོང་དང་། ནུབ་དུས་རྒྱལ་སྒོ་རྒྱབ་ནས་གླིང་རྒྱབ་ཏུ་འགྲིམས་འགྲུལ་བྱེད་མི་ཆོག་པ་དང་། དགེ་བསྐོས་གཉེར་པ་བཅས་ནས་འགན་འཁུར་གྱིས་བླ་བྲང་། སྤར་ཁང་། གཙུག་ལག་ཁང་བཅས་ལ་ཝ་ཁ་ཐིག་ཚག་སློད་མེད་ཀྱི་ཞིག་འཐོར་མི་འགྲོ་ངེས་ཅན་དང་། གྲྭ་གཤག་རྣམས་ཀྱང་༧ཆོས་རྗེ་རིན་པོ་ཆེའི་ཞལ་བཀོད་ལྟར། རང་རང་འདུག་རིང་ལ་སྡོད་ཅིང་འགྲོ་དུས། མཁན་ཆོས་ལ་རྩིས་སྤྲོད་པ་ལས་ཕན་ཚུན་ཉོ་བཙོང་བྱེད་མི་ཆོག་པ་དང་། གྲྭ་གཤག་ཡན་པ་བྱུང་ཚེ་མཁན་ཆོས་ནས་བརྟགས་ཏེ་ཐོབ་རིམས་སུ་བཞག་པ་ལས། དབང་ཆེ་ངན་བཙན་གྱིས་འཐེན་འཁྱེར་བྱེད་མི་ཆོག་པ་དང་། གྲྭ་གཤག་སོ་སོར་སྡོད་མི་གཞི་བྱེས་ཀྱི་གྲྭ་བ་སུ་ཡིན་ཀྱང་། ཉར་ཚག་ཚུལ་བཞིན་བྱེད་པ་མ་གཏོགས་ཞེ་མེད་ཆོག་བསམ་གྱིས་འཐོར་ཞིག་ཏུ་གཏོང་མི་ཆོག་ཅིང་། ཞིག་རལ་བྱུང་ན་དེ་ཉིད་ནས་གསོ་དགོས་པ་དང་། གཞན་ཡང་རྒྱུན་དུ་གླིང་ནང་གི་བཅའ་བཀོད་རྣམས་ཚུལ་བཞིན་བྱེད་མིན། །དགེ་བསྐོས་ཀྱི་ཞབས་ཕྱི་དགེ་ཚུལ་དང་ཆབ་རིལ་པ་སོགས་གྱིས་བྱས་ཏེ་གླིང་ཉིན་རེ་བཞིན་ཉུལ་དགོས་ཤིང་། དེ་ཡང་གོང་བཞུགས་མཁན་ཆོས་དང་བསླབ་པ་རྒན་གྲས་རྣམས་ནས་ཀྱང་བསྟན་པའི་སྤྱི་ཆོས་སུ་དགོངས་ནས་བཅའ་བཀོད་ཚུལ་བཞིན་བྱེད་པ་མ་གཏོགས། ཁོག་ཡངས་བཟང་བརྫུས། མི་ངོ་འཚོ་ཐབས་ཀྱིས་བསྟན་ཆུས་མ་ཤོར་བ་མཛད་དགོས། གླིང་འདིར་གཏོགས་པའི་བླ་སྒྲུབ་གྲྭ་ཚང་མཆོག་དམན་ཐམས་ཅད་ནས་ཀྱང་། མཁན་ཆོས་དང་བསླབ་པ་རྒན་རིམ་རྣམས་ཀྱི་ཞལ་བཀོད་ཇི་ལྟར་གནང་བ་ལྟར། མགོ་འོག་ལུས་ཆུད། དཔོན་ཞབས་གཡོགས་འདུས་ཀྱང་ལུགས་ཀའི། །ཞེ་སེམས་བསམ་པ་གཅིག་བསྒྲིལ་གྱིས་ཚུལ་བཞིན་སྒྲུབ་དགོས་པ་མ་གཏོགས། མི་མཐུན་པའི་ལོག་སྦྱོར་བསྟན་པའི་ཞབས་འདྲེན་དུ་འགྲོ་བ་སུ་ཐད་ནས་ཤོར་ཚེ་༧སྐྱབས་རྗེ་ཞི་བར་གཤེགས་པོ་དེ་ཉིད་དང་། ངེད་སྤྲུལ་སྐུ་གཉིས་བཅས་གཞན་ཕན་མཐའ་ཡས། རྫོགས་ཆེན་བཞི་བ་དང་དཔོན་སློབ་བཞི་བ་ཀྱི་ཆོས་དང་དམ་ཚིག་ལ་འགལ་བ་འགྲོ་ངེས་ཡིན་པར་མ་ཟད། །བསྟན་སྐྱོངས་སྲུང་མའི་ཚོགས་ལ་ཡང་། དམ་ཚིག་ཅན་ལ་སྡོང་གྲོགས་བྱེད་ཅིང་ཕྲིན་ལས་བསྒྲུབ་པ་དང་། དམ་ཉམས་རྣམས་ལ་བཀའ་ཆད་འབེབས་པའི་ཕྲིན་བཅོལ་སྔར་ནས་བྱས་ཤིང་ད་ལྟ་ཡང་བྱེད་བཞིན་པས། དེ་ལུགས་ཀྱིས་བླང་དོར་ཚུལ་བཞིན་བྱེད་པ་གལ་ཆེ། བསླབ་གྲྭ་པ་རྣམས་ནས་ཀྱང་། ཐོག་མར་སུམ་རྟགས། དེ་ནས་སྡོམ་གསུམ། མདོ་སྔགས་སྨོན་ལམ། ཡིད་བཞིན་མཛོད། མངོན་པ་། འདུལ་བ་མདོ་རྩ་བ་། དབུ་མ་ཤེར་ཕྱིན། བྱམས་ཆོས། རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་གསང་བའི་སྙིང་པོ་སོགས་ཀྱི་བར་སྔ་མ་སྔ་མ་སྔོན་དུ་མ་སོང་བར་ཕྱི་མ་ཕྱི་མ་ལ་མཐོ་སྙེགས་ཀྱིས་མི་སློབ་པར་གོ་རིམ་བཞིན་འཇུག་དགོས་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་སོགས་ལ་བརྩོན་འགྲུས་ཀྱིས་བསླབ་སྦྱོང་དང་། དགོངས་ཚོགས་གྲོལ་བ་དང་རང་བཤག་སྟེང་ནས་འཛིན་གྲྭ་སོ་སོའི་དཔེ་ཆ་སྐྱོར་བ་སོགས་བསླབ་དོན་ལྟར་བྱ། འདི་ནས་་གཞུང་ཚན་རྫོགས་པ་རྣམས་ཀྱིས་གཞུང་དེ་དང་དེའི་བཤད་པ། དགོན་ཆེན་གྱི་མདོ་སྔགས་སྨོན་ལམ་དང་། དབྱར་གནས་སྒྲུབ་མཆོད་སོགས་ཀྱི་སྐབས་ཚོགས་བཤད་ཀྱི་རྒྱུགས་འབུལ་བྱེད་དགོས་ཤིང་། དེ་ལྟར་སློབ་གཉེར་རྫོགས་པ་དང་། གསང་བ་བླ་ན་མེད་པ་སེམས་ཀློང་མན་ངག་སྡེ་སོ་སོ་དང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་དང་། ཐེག་མཆོག་རིན་པོ་ཆེའི་མཛོད་སོགས་ཀྱི་ཉམས་ཁྲིད་ལེགས་པར་ནོས་ཏེ། དབེན་པའི་རི་ཁྲོད་རྣམས་སུ་སོང་ནས་ཟབ་དོན་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་སྒོ་ནས་གྲུབ་འབྲས་མངོན་སུམ་དུ་མཛད་དེ། རྒྱལ་དབང་པདྨ་སམ་བྷ་ཝ་དང་། མཁན་ཆེན་ཞི་བ་འཚོ། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གསུམ་ཀྱི་རྗེས་སུ་འབྲངས་པའི་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགགས་དྲི་མ་མེད་པའི་གྲུབ་མཐའ་སློང་ནུས་པ་ཞིག་དགོས་པ་ལགས་སོ། །དགེ་ལེགས་ངོ་མཚར་བྱེ་བ་འབྱུང་བའི་གཞི། །ཐུབ་བསྟན་ཡོངས་རྫོགས་པདྨོ་དགྱེས་པའི་གཉེན། །སྨྲ་བའི་ཉིན་བྱེད་གྲུབ་དབང་རྫོགས་ཆེན་པའི། ཐུགས་བསྐྱེད་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག །ཅེས་པ་འདིའང་༧རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་བཀའ་བཀོད་ལྟར་མཁན་པདྨ་བཛྲ་ནས་བྲི་གནང་མཛད་པའོ།། །།
དཔལ་སྤྲུལ་རིན་པོ་ཆེར་ཕུལ་བའི་ཞུ་ཡིག
༄༅།།དཔལ་སྤྲུལ་རིན་པོ་ཆེར་ཕུལ་བའི་ཞུ་ཡིག། དཀའ་དྲིན་མཚུངས་མེད་སྤྲུལ་སྐུ་རིན་པོ་ཆེའི་ཞབས་དྲུང་དུ། གུས་གསོལ། དེང་གི་ཆར་ཉིད་རིན་པོ་ཆེ་སྐུ་ཁམས་དྭངས་ཤིང་ཐུགས་དམ་འཕེལ་བར་བཞུགས་པ་ནས་རྗེས་བརྩེའི་གསུང་བྲིས་རྟེན་བཅས་ཉམས་མེད་གནང་འབྱོར་སྙིང་ནས་དད་སྤྲོ་འཕེལ་ལགས། །འདིར་ཡང་རང་ངོས་ནས་འདུ་བ་སྙོམས་བཞིན་སྤྲུལ་སྐུ་གཉིས་ལ་རྙིང་རྒྱུད་ཀྱི་བཀླག་ལུང་འབུལ་གྱིན་ཡོད་སྐབས་ལགས། །མཚམས་ཞུས། ན་ནིང་འདིར་སླེབས་ནས་སྐྱབས་རྗེ་གྲུབ་པའི་དབང་པོ་དེ་ཉིད་ཀྱིས་ཐུགས་བརྩེ་སྔར་ནས་ཡུན་རིང་འདྲིས་པ་ལྟ་བུའི་ནང་ཉམས་ཀྱི་བཀའ་མཆིད་ལྷུག་པར་སྩལ་བ་སོགས་ཀྱིས་རྗེས་སུ་བཟུང་བཞིན་སྙིང་ཐིག་གསར་རྙིང་གི་དབང་ལུང་ཇི་རིགས་དང་སྔོན་འགྲོའི་ཁྲིད་བཅས་ཞིབ་རྒྱས་ཐོབ། དེ་སྐབས་ནས་རྒྱུན་དུ་ནི་ལོ་ཤས་བཞུགས་རྒྱུ་ལྟ་བུའི་གསུང་ཕྲོས་གནང་བཞིན་པ་ལ། སྐབས་སྐབས་སུ་ནི་སྟག་ལོ་འདིར་ཁོང་ལ་སྐུ་གེགས་ཤིན་ཏུ་ཆེ་བས་ཅི་འགྱུར་མི་ཤེས་གསུང་བའི་གསུང་ཡང་ལན་གྲངས་མང་ཙམ་གསུངས། ཕྲན་ལ་ནི་ཁྱོད་ཟླ་བ་དགུ་པ་ལས་མི་འགྱང་བར་ཤོག་གསུང་བཞིན་ད་རེས་སླེབས་ཚོད་བཟང་། སྟག་ལོ་འདིར་ང་མ་ཤི་ན་ལོ་གསུམ་སྡོད་དགོས། ཤི་སོང་ན་འགྲོ་སྡོད་ཅི་དགོས་ཁྱོད་རང་དབང་ཆེ་གསུང་། ཟླ་བ་བཅུ་གཅིག་པའི་ཚེས་བཅུར་ལྷ་སྒང་ཇོ་བོའི་དྲུང་དུ་རིགས་འདུས་ཀྱི་ཚོགས་འཁོར་རྒྱས་པ་ཞིག་གནང་། དེ་ཉིན་ཐུགས་དགྱེས་ཉམས་ཆེ་བཞིན་ངང་རང་རེ་དཔོན་སློབ་ལས་སྨོན་གྱིས་འདྲེལ་ལེགས། ཉམས་ཆགས་ཀྱི་སྐྱོན་མེད་ཅིང་། ཕྱི་མ་རྔ་ཡབ་དཔལ་གྱི་རི་བོར་འདི་བཞིན་ཚོགས་པའི་རྟེན་འདྲེལ་བསླུ་བ་མེད་པའི་སྨོན་ལམ་ཁོ་བོས་འདེབས་གསུང་སྨོན་ལམ་གྱི་མཐའ་རྒྱས་མར་མེ་སྨོན་ལམ་བཅས་སྤྲོས་སྤྲོས་མཛད་སོང་། དེ་རྗེས་ཕྲན་ནི་ལྷ་སྒང་དུ་མཎྜལ་བསྐང་བ་འདྲ་བསགས་ནས་བསྡད་བཏང་། སྐྱབས་རྗེ་དཔོན་སློབ་སྐྱེར་ནང་དགོན་དང་། སྐུ་ནང་སོགས་ལ་ཕེབས་སོང་བས། སྐུ་ནང་ཕེབས་སྐབས་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་བཅུ་བདུན་གྱི་སྐོར་ཞིག་ནས་གསོལ་བཅས་ཞིག་གིས་རྐྱེན་བྱས་བསྙུན་ཚུལ་བསྟན་ནས་ཉེར་གསུམ་ཙམ་ལ་ལྷ་སྒང་དུ་ཕེབས་བྱུང་། དེ་ནས་ཡར་དྭངས་ལྟ་བུར་ཡོད་འཕྲོར་ལྕགས་ལ་ཚང་ནས་ནན་བསྐུལ་གྱིས་མདོ་ལ་ཕེབས་སོང་བས། དེ་རྗེས་ཟླ་བ་གཉིས་པའི་ཉི་ཤུའི་ཐོ་རང་ཙམ་ལ་གཞན་དོན་དུ་དགོངས་སོང་བ་ཡིན་འདུག །དེ་རྗེས་ཕྲན་ནི་ཕོ་བྲང་ལྔ་རྩེར་གནས་སྐོར་ཞིག་ལ་སོང་ནས་ད་ལྟ་ནི་ལྷ་སྒང་དུ་རྙིང་རྒྱུད་ཀྱི་ལུང་འདོན་གྱིན་ཡོད་ལགས། །ལྔ་ལྡན་པདྨ་འོད་ཀྱི་ཕོ་བྲང་ནས། །སྙིགས་མའི་འགྲོ་ངོར་མངལ་གྱི་པདྨོ་ལས། །སླར་ཡང་མི་ཡི་ཟོལ་གྱིས་ཕེབས་པ་གང་། །ཨོ་རྒྱན་གཉིས་པ་གྲུབ་པའི་དབང་པོ་དེའི། །ཞལ་མཐོང་གསུང་གི་བདུད་རྩིར་ལོངས་སྤྱོད་པའི། །སྐལ་བཟང་མངོན་སུམ་ཐོབ་པས་སྲིད་པ་འདིར། །སྐྱེས་པའི་དལ་རྟེན་ལན་གཅིག་དོན་ཡོད་པར། །གྱུར་སྙམ་སྐབས་རེར་ཡིད་ལ་སྤྲོ་བ་འཕེལ། །འོན་ཀྱང་སྤྲིན་བར་ཉི་འོད་མཐོང་བ་བཞིན། །རིང་དུ་བསྟེན་པའི་ལས་སྐལ་མ་ལྡན་པས། །སྔོན་ཆད་བདག་གིས་ནོང་པ་ཅི་བགྱིས་ཅེས། །ཉིང་འཁྲུལ་ལམ་དུའང་རང་ལ་སྨོད་བཞིན་མཆིས། །དེ་ལྟ་ནའང་ཚིག་ལ་མི་ལྟོས་པར། །བརྡ་དང་བྱིན་རླབས་ཁོ་ནས་རྗེས་འཛིན་པའི། །འཕགས་ཆེན་རྣམས་ཀྱི་རྣམ་ཐར་སྤྱོད་ཡུལ་ལ། །ངེས་པའི་ཤེས་པ་ད་གཟོད་ཅུང་ཟད་རྙེད། །ཡུལ་མེད་རང་གསལ་རྗེན་པའི་མཉམ་བཞག་དང་། །ངོ་ཤེས་ངང་ལ་སྐྱོང་བའི་རྗེས་ཐོབ་བཅས། །མྱོང་ཚོར་མཚན་མ་ཕྲ་མོ་དང་འགྲོགས་པས། །ད་དུང་གཉུག་མའི་གཤིས་ལ་སྒྲིབ་མཐོང་ནས། །ད་ནི་འཕྲོ་གནས་གཉིས་མེད་གང་ལྟར་ཡང་། །འཛིན་པས་མ་བཅིང་གཉེན་པོས་མ་བཅུན་པའི། །རང་བབས་ཤེས་པ་གཉིས་སྣང་ལས་འདས་པ། །སོ་མའི་ངང་དེར་རང་འགྲོས་སྐྱོང་བ་ལགས། །རང་ཞལ་མཁའ་འགྲོའི་སྟོང་སྲོག་ཐོབ་པ་དེས། །ཁབ་ལེན་རྡོ་ལ་ལྕགས་ཕྱེ་འདུ་བ་བཞིན། །རིགས་ཅན་དྲྭ་བའི་སྤྲིན་གྱི་པདྨོའི་རྫིང་། །དབང་མེད་འབྱེད་དང་སྡུད་བཞིན་གཏིབ་སྲུང་ཡང་། །མིང་གི་རྟོག་པ་སྤང་བར་མ་ནུས་པས། །ཆོས་བརྒྱད་རེ་དོགས་དྲྭ་བ་མ་ཆོད་དེ། །མཚོ་གླིང་གྲུ་གཟིང་རྡོ་ལ་ཐོགས་བཞིན་མཆིས། །འདི་ལ་རྣོ་གཅོད་འཕྲུལ་གྱི་ཐབས་ཤིག་ཞུ། །གྱི་ལིང་སྒྲོག་བཀྲོལ་ལྟ་བུའི་བཀའི་མཆིད་ཅིག །སྙིང་གི་བདུད་རྩིར་ཐོབ་པར་གྱུར་ན་ཀོ །གླང་ཆེན་རྩལ་གྱིས་རབ་ལ་གཅོད་པ་བཞིན། །ཡབ་མེས་རྣམས་ཀྱི་ཤུལ་དེར་ཅིས་མི་སྙོགས། །ཨ་ལ་མཚར་གཏམ་ཕུལ་བར་ཐུགས་དགོངས་མི་ཁྲེལ་བ་དང་། སླད་མའི་ཆར་ཡང་ཐུགས་བརྩེས་ནམ་ཡང་མི་འདོར་བའི་བཀའ་དྲིན་བྱང་ཆུབ་སྙིང་པོའི་བར་དུ་ཞུ། འདེགས་ལྷ་གོས། གསོལ་འབྲས་ཕྲན་བུ་རྟགས་ལྡན་བཅས་པད་རྡོར་གྱིས་ཟླ་བ་དྲུག་པའི་ཚེས་གསུམ་ལ་ལྷ་སྒང་པདྨ་དྲྭ་བ་ནས་གུས་པས་ཕུལ།།
གཡག་ཟེའི་བླ་མ་དཔལ་སྦྱིན་ལ་ཕུལ་བ།
༄༅།།གཡག་ཟེའི་བླ་མ་དཔལ་སྦྱིན་ལ་ཕུལ་བ།། རྣམ་དག་དམ་ཚིག་གཙང་མའི་དབྱིག་འཛིན་གཞིར། ངེས་འབྱུང་བྱང་ཆུབ་སེམས་ཀྱི་ལྗོན་བཟང་རྩེར། །གསང་ཆེན་ལམ་གྱི་འབྲས་བཟང་ལེགས་སྨིན་པའི། །རྡེ་རྗེའི་མཆེད་པོ་གང་དེའི་ཞབས་པད་དུ། །འདི་ན་སྙོམ་ལས་ངང་དུ་ཆོས་ཚུལ་དུ། །བཅོས་པའི་ཟོལ་དུ་མི་ཚེ་བྲོན་བྱེད་པའི། །གྱི་ན་པ་དེས་སྙིང་ནས་སྤྲོ་བའི་མཆིད། །དཔྱིད་ཀྱི་དཔལ་མོའི་གླུ་བཞིན་ལེན་ལ་སྤྲོ། །གང་ན་ཕྱི་རོལ་འདུ་འཛིའི་གཡེང་བ་དང་། །ནང་དུ་དོན་ཆུང་གསམ་གྱི་སྦྱོར་བ་ཀུན། །སྤངས་ནས་སེམས་ཀྱི་དབེན་པ་ལ་སྦྱོར་བའི། །རྣམ་ཐར་བཟང་པོ་སྙིང་གི་བདུད་རྩིར་གྱུར། །གཡོ་སྒྱུ་ཟོལ་ཟོག་བྲལ་བའི་དྲང་པོའི་མཆིད། །འདི་ན་ཡིད་ཀྱི་གསོས་སུ་འབྱོར་བའི་ཚེ། །སྤྲོ་དགའི་མངོན་རྟོགས་རབ་དགའི་དཔལ་བཞིན་དུ། །ཆེས་ཆེར་འཕེལ་བས་དངོས་མཇལ་ལྟ་བུར་སྤྲོ། །གྲུབ་བརྒྱའི་དབང་ཕྱུག་འཁོར་ལོའི་མགོན་པོ་རྣམས། །འབྲལ་མེད་སྤྱི་བོའི་རྒྱན་དུ་བསྒོམ་བཞིན་དུ། །བློ་བྲལ་རིག་པ་རང་བབས་ཆོས་སྐུའི་ངང་། །རྩལ་སྣང་ལྷ་སྔགས་ཡེ་ཤེས་རོལ་མོ་རུ། །འགོག་མེད་སྒྱུ་མ་ལྟ་བུའི་ངང་དུ་སྦྱོངས། །རེ་དོགས་འཇུར་བུས་མ་བཅིང་སོས་དལ་དུ། །སློད་ནས་རྩོལ་མེད་དྲན་པས་རྒྱང་འཚོ་ཙམ། །བྱས་པས་དག་དང་མ་དག་བཟང་ངན་གྱི། །ཀུན་རྟོག་མཐའ་དག་ཆུ་ཡི་རི་མོ་དང་། །ནམ་མཁའི་འཇའ་བཞིན་རང་བྱུང་རང་ཡལ་དུ། །འཁོར་འདས་གཉིས་སྣང་འཁྲུལ་ཞེན་དབྱིངས་སུ་དག །གཞི་མེད་རྩ་བྲལ་ནམ་མཁའི་རང་བཞིན་དུ། །སེམས་ཉིད་ངང་དུ་འབད་རྩོལ་ཞིག་པ་ན། །བདེན་གཉིས་དབྱེར་མེད་བློ་བྲལ་ཆོས་སྐུའི་ཞལ། །རིང་པོར་མི་ཐོགས་མཇལ་བར་གདོན་མི་ཟ། །བསྐྱེད་རྫོགས་ལམ་གྱི་འབྲས་བུ་དེ་ལགས་ཏེ། །དེ་ཚེ་སྤྱོད་པ་ཤུགས་འབྱུང་བཅོས་མེད་དུ། །ཐོ་ཅོས་མ་བསླད་ཚུལ་འཆོས་ཀྱིས་མ་བཅིང་། །འཛིན་མེད་ངང་དུ་ཞེན་མེད་ཁྲོལ་ལེར་སྐྱོངས། །འཁྲུལ་བ་ཞིག་པའི་རྣལ་འབྱོར་དབང་ཕྱུག་ལགས། །འཕྲོས་དོན་ལ། སྒྱུ་འཕྲུལ་གྱི་མཆོད་པ་སོགས་སྔགས་བླ་མེད་སྐབས་ཀྱི་ལྷ་མཉེས་པའི་ཐབས་ཀྱི་ཚོགས་དང་སྦྱིན་བསྲེག་སོགས་ཕྱི་བསྐྱེད་རིམ་དང་འདྲེལ་བའི་ལས་ཚོགས་ཐམས་ཅད། ནང་རྫོགས་རིམ་བདེ་བ་ཆེན་པོའི་ལམ་གྱི་སྨིན་བྱེད་ཀྱི་རྒྱུ་ཡིན་པས་དེ་ལྟར་ངེས་ཤིང་། དེ་འབྲས་ལ་རྟོག་ཚོགས་ཆོས་དབྱིངས་སུ་སྒྲོལ་ཞིང་རིག་པ་དབྱིངས་སུ་སྦྱོར་བའི་རྫོགས་ཆེན་གྱི་རྟོགས་པ་སྐྱེ་དགོས་པ་ལགས་སོ། །ངེས་མེད་དབེན་པའི་རི་ལ་སྦས་ཚུལ་གྱི་སྤྱོད་པས། །རིམ་གཉིས་ལམ་གྱི་གནད་གསང་ཚུལ་བཞིན་དུ་རྟོགས་ནས། །ཟབ་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་ཚོ་སྐྱིད་དེ། །ཚེ་འདིར་ཟུང་འཇུག་གདོད་མའི་རྒྱལ་ས་ལ་ཆས་འགྲོ། །ཉིན་སྣང་བསྐྱེད་རིམ་ལམ་གྱིས་ལྷ་སྔགས་ལ་གཞོལ་ཞིང་། །མཚན་དུ་རྫོགས་རིམ་ཟབ་མོས་འོད་གསལ་ལ་སྦྱོར་བ། །དུས་ཀུན་དག་མཉམ་ཆེན་པོའི་ཡོ་ལངས་ལ་སྤྱོད་བཞིན། །ཡུན་རིང་ཞབས་པད་བརྟན་པའི་རྟེན་འདྲེལ་ཞིག་ཞུའོ། །འདེགས་མཚོན་ལྷ་གོས་དང་། དངུལ་སྲང་གང་། ཞོ་གང་བཅས་དབེན་རི་པདྨའི་ཐང་ནས་ཕྲན་པདྨ་བཛྲ་པས་ཕུལ་བའི་ཞུ་ཡིག། །།
བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད།
༄༅།།མཎཱིནྡྲསྱཱརཛྙཱཀོཥནཱམསུདྷཥཱནབཾཡནཀྲམཀརྨྨབིདྷིསཀལདིགེཀསྱཱསཾགྲཧསྱཁྱཀྵརབིཧརཏིསྨ། །༄༅།།བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བ་བཞུགས་སོ། །པྲསརཀྵེཏྲཱཎཱབྱཱུཧསརནིཧྱཱམོདཧེལཛིནཤཙཀྲྀཔལཱརཡཡསྱམུཀྟཾ། རབ་འབྱམས་ཞིང་གི་བཀོད་པ་རྒྱ་མཚོར་རྟག་ཏུ་དགྱེས་རོལ་རྒྱལ་དང་དེ་སྲས་འཕགས་པའི་ཚོགས། ནིཁིལཾསརྦཛྙཱརཾབལཀརུཎྱཤྲཱིགུཎིཀསམཱསཔརེམོཀྵཱཎཱིཀརོ། མཐའ་དག་ཀུན་གྱི་མཁྱེན་བརྩེ་ནུས་པའི་དཔལ་ཡོན་གཅིག་བསྡུས་གཞ༷ན་ངོར་ཕ༷ན་བདེའི་བྱེད་པོ་རུ། ཀཔིལོདྷཱརོནྲྀཏྱཻསྦིལཌིཔྲཱཧྨཱསུབུདྡྷགུཎཾནཛགྷཎྱསྲཱནཱཤུཀླ། ངུར་སྨྲིག་འཛིན་པའི་གར་གྱིས་རྣམ་རོལ་ལུང་རྟོགས་ཡོན་ཏན་ཕ་མཐ༷འ་ཡ༷ས་པའི་གྲགས་དཀར་གྱི། སྱསཧསྲཾདྷཱནུཤྴོབྷནཧིཙཀྲཾནཱཐཏཱནམྲྀཏཱནྟརཡོསྶཱམཱིཙུཌཱརྷོ། འོད་ཟེར་སྟོང་འབར་འཁོར་ལོའི་མགོན་དེ་བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་སྤྱི་བོས་མཆོད། གདོད་ནས་འོད་གསལ་སྤྲོས་པ་ཀུན་བྲལ་ཆོས་དབྱིངས་དྲི་མེད་ཤིན་ཏུ་རྣམ་དག་སྒྲིབ་པ་གཉིས་སྤངས་ཆོས་ཀྱི་སྐུ། །སྲིད་དང་ཞི་བ་མཉམ་པར་བརྡལ་བའི་ཡེ་ཤེས་ཆེན་པོས་ཡོངས་ཡེ་སྣོད་བཅུད་དག་པའི་འཁོར་ལོར་ལོངས་སྤྱོད་རྫོགས། །མཁྱེན་བརྩེའི་རོལ་གར་ཞི་དང་ཁྲོ་ཆགས་གདུལ་བྱའི་རྗེས་འགྲོ་སྲིད་མཐས་གཏུགས་པར་མཛད་པ་མི་ཉམས་སྤྲུལ་པའི་སྤྲིན། །སྐུ་གསུམ་བདག་ཉིད་མཁྱེན་པ་བཞི་ལྡན་ཕྱོགས་བཅུའི་ཞིང་གི་མགོན་པོ་རྣམས་ལ་རབ་ཏུ་དྭངས་པས་བདག་ཕྱག་འཚལ། ། འཕགས་པ་གསུམ་གྱི་སོ་སོ་རང་གི་ཡེ་ཤེས་དག་པའི་སྤྱོད་ཡུལ་ཉིད་གྱུར་ཆགས་བྲལ་འགོགས་པའི་དབྱིངས་དེ་དང་། །ལམ་བདེན་གྱིས་བསྡུས་བྱང་ཆུབ་ཕྱོགས་དང་སྟོབས་སོགས་འབྲས་ཆོས་རྟོགས་པའི་ངོ་བོར་གྱུར་པ་མཐའ་དག་བཅས། །ཀུན་གྱི་ལམ་རྐྱེན་དམིགས་པར་གྱུར་པའི་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་ལུང་གི་བདག་ཉིད་དམ་པའི་ཆོས། །ཀུན་འབྱུང་སྲིད་པའི་ཚ་གདུང་གཞིལ་མཛད་ཞི་བསིལ་བདུད་རྩིའི་དཔལ་གྱི་འབྱུང་གནས་མ་ལ་ཡ་ཚལ་གུས་པས་བསྙེན། །ཡན་ལག་བརྒྱད་ལྡན་འཕགས་པའི་ལམ་གྱི་རོལ་མཚོའི་དབུས་སུ་བསླབ་གསུམ་གཤོག་ཡངས་དཀར་པོའི་འཇོ་སྒེག་གིས། །བརྒྱ་ཕྲག་ལུང་དང་རིགས་པའི་རྣམ་འགྱུར་ཅིར་ཡང་ངོམས་པའི་དར་དིར་མགྲིན་པའི་རྫ་རྔ་ཆེར་སྒྲོགས་ཤིང་། །རྒྱལ་བསྟན་པདྨའི་མཚོ་ཆེན་མཛེས་བྱེད་བཤད་དང་སྒྲུབ་པའི་ཟློས་གར་སྟོང་དུ་བསྒྱུར་མཁས་ཐུབ་པའི་སྲས། །ཐེག་གསུམ་དགེ་འདུན་ངང་མོའི་ཁྱུ་ཚོགས་སློབ་དང་མི་སློབ་བཅས་ཀུན་ལན་བརྒྱར་བསྟོད་ཅིང་དད་ཕྱག་བརྩེགས། །འཕགས་ཡུལ་ཆོས་ཀྱི་གསང་མཛོད་བརྟོལ་ནས་ཀྱང་། །བསིལ་ལྡན་གངས་རིས་བསྐོར་བའི་ལྗོངས་འདི་རུ། །བསྟན་པ་རིན་ཆེན་འདྲེན་པའི་ཤིང་རྟ་བ། །རྒྱ་བོད་ལོ་པཎ་མཁས་པའི་ཚོགས་རྣམས་རྒྱལ། །བསྐལ་མང་གོང་ནས་གོམས་པའི་བསོད་ནམས་སྟོབས། །སྨོན་ལམ་ཤུགས་ཀྱིས་འཕངས་པའི་སེམས་དཔའ་རྣམས། །བོད་ཡུལ་རྒྱལ་པོའི་ཟོལ་གྱིས་ཆོས་སྐྱོངས་པ། །མེས་དབོན་གསུམ་སོགས་བཀའ་དྲིན་སྙིང་ནས་དྲན། །སྙིགས་མའི་སྤྱོད་ཚུལ་ཆུ་འཛིན་འཁྲིགས་པའི་ལྟོར། །རྣམ་དག་བསྟན་པའི་ཉི་མ་ནུབ་ཉེའི་ཚེ། །ཐུགས་བསྐྱེད་སྟོབས་ཀྱིས་སླར་ཡང་གསལ་མཛད་པའི། །འདུལ་འཛིན་དབང་པོ་རྨ་གཡོ་གཙང་གསུམ་རྒྱལ། །གཞན་ཡང་མདོ་སྔགས་ཐེག་པ་རྒྱ་མཚོ་ཡི། །བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་མཁས་པའི། །གྲགས་སྙན་ཕྱོགས་སུ་འབར་བའི་སྐྱེས་བུ་མཆོག །གང་ཡིན་ཀུན་ལ་མགོ་བོས་ཕྱག་འཚལ་ནས། །འདི་རུ་སྔ་འགྱུར་ཐེག་པ་རིམ་པ་དགུའི། །ཆོས་ཚུལ་རྒྱ་མཚོའི་བཅུད་ཕྱུང་བཀའ་མ་ཡི། །ཕྲིན་ཆོག་མཐའ་དག་བསྡུས་པའི་བཞུགས་བྱང་གི། །དཀར་ཆག་ཡིད་བཞིན་བང་མཛོད་གསལ་བར་བྱ། །དེ་ལྟར་ཚིགས་སུ་བཅད་པ་ཉུང་ངུས་མདུན་བསུས་ནས། །འདིར་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་སྤར་གྱི་བཞུགས་བྱང་དཀར་ཆག་ཏུ་བཀོད་པ་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བགྱི་བ་འདི་ལ་དོན་རྣམ་པ་གསུམ་སྟེ། བསྟན་པ་རིན་པོ་ཆེ་སྤྱིའི་བབས་ཚུལ་ལོ་རྒྱུས་སུ་བརྗོད་པ་དང་། ཇི་ལྟར་སྤར་དུ་སྒྲུབ་ཚུལ་བཞུགས་བྱང་དཀར་ཆག་དངོས་འགོད་པ་དང་། དེ་ལྟར་བསྒྲུབ་པའི་དགོས་ཆེད་ཕན་ཡོན་བསྟན་པ་བསྔོ་སྨོན་ཤིས་བརྗོད་དང་བཅས་པའོ། །དང་པོ་ལའང་སྟོན་པ་མཆོག་གི་སྤྲུལ་པའི་སྐུས་བྱང་ཆུབ་བརྙེས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཀའ་ཡི་བསྡུ་བ་མཛད་ཚུལ། དེ་ནས་རྒྱུ་དང་འབྲས་བུའི་ཐེག་པ་སོ་སོར་འཕགས་པའི་ཡུལ་དུ་ཇི་ལྟར་བསྐྱངས་ཚུལ། ཕྱིས་གངས་ཅན་གྱི་ལྗོངས་འདིར་མདོ་སྔགས་ཀྱི་བསྟན་པ་དར་ཚུལ་སྐབས་བབས་ཀྱི་བརྒྱུད་པའི་ལོ་རྒྱུས་དང་བཅས་པ་སྟེ་གསུམ་ལས། དང་པོ་ལའང་གཉིས་ཏེ། ཐེག་པ་ཐུན་མོང་གི་འདོད་པ་བརྗོད་པ་དང་། ཐུན་མོང་མ་ཡིན་པ་ཐེག་མཆོག་རྡོ་རྗེ་རྩེ་མོའི་ལུགས་བཞག་པའོ། །དང་པོ་ལའང་། ཐེག་པ་ཆེ་ཆུང་གི་ཕྱོགས་གཉིས་ལས། ཉན་ཐོས་སྤྱིའི་ལུགས་ལྟར་ན། བདག་ཅག་གི་སྟོན་པ་འདིས་བསྐལ་པ་གྲངས་མེད་གསུམ་གྱི་སྔོན་རོལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བརྩམས་ཏེ་བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ་བཞུགས་པའི་བར་ལ། སོ་སོའི་སྐྱེ་བོ་དབང་རྣོན་ཚོགས་ཀྱི་ལམ་པ་ཞིག་ཡིན་པ་ལས། དེ་ནས་གདན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་པར་མཛད་ནས་མངོན་པར་སངས་རྒྱས་པར་འདོད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་པ་ལྟར་རོ། །ཐེག་པ་ཆེན་པོ་པའང་འགའ་ཞིག་གིས་ནི། ཐོག་མར་སེམས་བསྐྱེད་ནས་གྲངས་མེད་དང་པོར་ཚོགས་སྦྱོར་གྱི་ལམ་གཉིས་དང་། གཉིས་པར་མ་དག་ས་བདུན། གསུམ་པར་དག་པ་ས་གསུམ་རྣམས་རྫོགས་པར་མཛད་ནས་འོག་མིན་རྣམ་མཛེས་ཆེན་པོར་མངོན་པར་སངས་རྒྱས་ནས། སླར་ཡང་འདོད་པའི་ཁམས་འདིར་འཚང་རྒྱ་བའི་ཚུལ་བསྟན་པར་བཞེད་དེ། རྒྱན་སྟུག་པོ་བཀོད་པ་ལས། ཡང་དག་སངས་རྒྱས་འོག་མིན་དུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་དང་། ཆོས་དང་ལོངས་སྤྱོད་མངོན་པར་སངས་རྒྱས་པའི་མདོ་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བ། །གཙང་མའི་གནས་ཀྱི་སྟེང་བཞུགས་ཏེ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་སོ། །ཡང་ཐེག་ཆེན་པ་ཁ་ཅིག་གིས་བཞེད་པ་ལྟར་ན། སྟོན་པ་འདི་ཉིད་བསྐལ་པ་བསམ་གྱིས་མི་ཁྱབ་པའི་གོང་ནས་མངོན་པར་རྫོགས་པར་སངས་རྒྱས་ནས། སླར་མི་མཇེད་འཇིག་རྟེན་གྱི་ཁམས་གླིང་བཞི་བྱེ་བ་ཕྲག་བརྒྱ་འདི་ཉིད་ཀྱིས་མཚོན་པའི་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་བསམ་གྱིས་མི་ཁྱབ་པར། སེམས་ཅན་གྱི་ཁམས་རྒྱ་མཚོ་སྨིན་པར་བགྱི་བའི་ཕྱིར། ལ་ལར་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་། ལ་ལར་ལམ་སྦྱངས་པ་དང་། ལ་ལར་ས་ནས་སར་འཕར་བ་དང་། ལ་ལར་མངོན་པར་བྱང་ཆུབ་པ་དང་། ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་སངས་རྒྱས་ཀྱི་རྣམ་པར་རོལ་པ་ཚད་མེད་པའི་བཀོད་པ་རྒྱ་མཚོ་སྔོན་དང་ཕྱི་མའི་མཐའ་མི་མངོན་པར་སྟོན་པར་བཞེད་དེ། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཡང་ནི་འདྲེན་པ་ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །ཞེས་དང་། མདོ་སྡེ་པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་སོ། །དེ་རྣམས་ཀྱང་གདུལ་བྱའི་བློ་སྟོབས་ཆེ་ཆུང་གི་དབང་ལས་འདོད་ཚུལ་ཐ་དད་དུ་བྱུང་བར་སྣང་ཡང་། དོན་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་མཐའ་གཅིག་ཏུ་ཚད་གཟུང་བར་སླ་བ་མ་ཡིན་ཏེ། ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་དུས་ཀུན་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དཔལ་གསང་བའི་སྙིང་པོ་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྐུ་ཟད་མེད་ཡིད་བཞིན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་པ་ལྟར། གང་གི་ཚེ་སྟོན་པ་སྐུ་གསུམ་གྱི་མངའ་བདག་འདི་ཉིད། སྲིད་ཞི་གང་དུའང་དབྱེར་མི་ཕྱེད་པའི་སྔ་རོལ་དུ། ཡེ་ཐོག་དང་པོའི་གཞི་ལ་རིག་པའི་ཡེ་ཤེས་གཟུང་འཛིན་གྱི་སྦུབ་རྒྱ་ལས་གྲོལ་ཏེ་ཁྱད་ཆོས་དྲུག་གི་ཚུལ་གྱིས་མངོན་པར་བྱང་ཆུབ་ནས། ནང་དབྱིངས་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཆེན་པོར་དབྱིངས་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་འོད་གསལ་བའི་ངང་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་པ་ལ། དཔལ་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་གྲགས་ཏེ། རྟོག་བསྡུས་ལས། རབ་ཏུ་དག་པ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་སེམས་ཉིད་ངེས་པའོ། །ཞེས་སོ། །དེ་ལྟ་བུའི་དགོངས་པ་ཆོས་ཉིད་ཀྱི་ངང་ན། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཅིག་དང་ཐ་དད་བྲལ་བའི་རང་བཞིན་དུ་དབྱེར་མི་ཕྱེད་ཅིང་ཡུལ་ཡུལ་ཅན་གྱི་དངོས་པོར་མ་གྲུབ་པས། ཕན་ཚུན་གཟིགས་བྱ་གཟིགས་བྱེད་ལས་འདས་པའི་རང་བྱུང་གི་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་སྣང་བ་སྟེ། གསང་སྙིང་ལས། གཅིག་དང་ཐ་དད་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །དེ་ལྟར་གཉིས་སུ་མེད་པའི་སྟོན་པ་ཀུན་ཏུ་བཟང་པོ་དེ་ཉིད་ཀྱིས་འཁོར་ཡེ་ཤེས་རྒྱ་མཚོ་ལ། དུས་བསམ་གྱིས་མི་ཁྱབ་པར། ཆོས་འོད་གསལ་འདུས་མ་བྱས་པའི་དགོངས་པ་རང་སྣང་བར་མཛད་དོ། །དེ་ལྟར་ཡང་། དེ་ལས། ཡི་གེ་མེད་དང་རིག་པའི་གསུང་། །ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་། །ཐུགས་རྗེ་གསུང་གི་བྱིན་རླབས་ཀྱིས། །འགྲོ་དོན་སྣ་ཚོགས་སོ་སོར་གསལ། །ཞེས་སོ། །དེའི་ངང་ལས་ནང་གསལ་ཐིམ་ལ་མ་རྨུག་ཕྲ་བའི་ཡེ་ཤེས་མཆེད་པའི་ཆ་ལས། ལྷུན་གྲུབ་སྟུག་པོ་བཀོད་པའི་ཞིང་ཁམས་ལོངས་སྤྱོད་ཆེན་པོའི་རྒྱན་དང་བཀོད་པ་ཚད་མེད་པར་རང་སྣང་བ་ནི། སྔ་མ་ལས། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བར་མཉེས་པ་དང་། །རྒྱ་ཆེན་གསུང་ལ་དོན་བྱུང་བའང་། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་སོ། །དེར་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་རིགས་བདག་དྲུག་པའི་ཕྱག་རྒྱར་བཞེངས་ནས། ཉིད་ལས་མི་གཞན་པའི་འཁོར། བཀའ་སྡོད་སྐྱེས་བུ། རྒྱལ་ཚབ་རིགས་ལྔ། རྒྱལ་སྲས་སེམས་དཔའ། འཇོམ་བྱེད་ཁྲོ་བོ་དང་བཅས་པ་སྣང་བར་མཛད་པ་ཡང་། རྒྱལ་བའི་ཡེ་ཤེས་ཀྱི་རང་སྣང་ཁོ་ན་སྟེ། དེ་ཉིད་ལས། ཟག་པ་མེད་པའི་བསོད་ནམས་ཀྱི། །ཡེ་ཤེས་སྒྱུ་མ་རང་སྣང་བ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་སོ། །དེ་ལྟ་བུའི་གནས་དང་སྟོན་འཁོར་ཐམས་ཅད་སྐྱེ་འཇིག་མཚན་མའི་ཡུལ་ལས་རིང་དུ་སོང་བའི་དུས་བཞི་མཉམ་པ་ཉིད་ཀྱི་འཁོར་ལོར་རྫོགས་པ་ན། ཆོས་ཟབ་གསང་རྡོ་རྗེའི་ཐེག་པ་ནང་པ་བསྐྱེད་རྫོགས་གསུམ་གྱི་འཁོར་ལོ་སྒྲ་ཚིག་རང་མཚན་ལས་འདས་པའི་གསུང་གིས་རྒྱུན་མི་འཆད་པར་བགྲོ་བར་མཛད་དེ། དེ་ལསཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྒྲ་དང་མིང་ཚིག་ཀུན་ལས་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །ཞེས་དང་། ཐེག་པ་མཐོ་དམན་བསམ་ཡས་ཀྱང་། །དེ་བཞིན་ཉིད་ལས་མ་གསུང་སྟེ། །གདུལ་བྱའི་ཐབས་སུ་སོ་སོར་ཐོས། །ཞེས་སོ། །སྟོན་པ་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཆེན་པོ་འདི་ཉིད་ནི། དེ་བཞིན་གཤེགས་པ་རྣམས་འབའ་ཞིག་གི་སྤྱོད་ཡུལ་ལས། ས་བཅུ་པའི་སེམས་དཔའ་རྣམས་ལའང་སྣང་བ་མ་ཡིན་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་སོ། །དེ་ལྟར་སངས་རྒྱས་རང་སྣང་གིས་བསྡུས་པའི་ས་ན་གཉིས་སྣང་གི་རྟོག་པ་ཤིན་ཏུ་ཕྲ་བའང་དབྱིངས་སུ་ནུབ་པས་བྱེད་རྩོལ་གྱི་སྤྲོས་པ་མི་མངའ་ཡང་། སྔོན་གྱི་ཐུགས་རྗེ་ཆེན་པོའི་དབང་གིས། གདུལ་བྱའི་ཁམས་ལ་གཟུགས་སྐུའི་རྣམ་རོལ་སྣ་ཚོགས་སུ་སྣང་བ་སྟེ། གསང་སྙིང་ལས། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ཡང་དག་ཐར་བའི་གཟུགས་སྐུ་དང་། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཞེས་གསུངས་པ་ལྟར། རང་སྣང་ལོངས་སྤྱོད་རྫོགས་པའི་ངང་ལས་མཁའ་ཟླ་ཆུ་མཚོར་ཤར་བ་ལྟར། གདུལ་བྱ་ས་བཅུའི་སེམས་དཔའ་རྣམས་ཀྱི་ངོར། གནས་འོག་མིན་ཁང་བུ་བརྩེགས་པ་ལ་སོགས་པར། སྟོན་པ་རྣམ་པར་སྣང་མཛད་སོགས་རིགས་ལྔའི་སངས་རྒྱས་མཚན་དང་དཔེ་བྱད་རྒྱ་མཚོས་བརྒྱན་པའི་སྐུར་སྣང་བས། ཆོས་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་གཙོ་བོར་གྱུར་པའི་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་དགོངས་པ་བརྡའི་གསུང་གིས། དུས་རྟག་པ་རྒྱུན་གྱི་འཁོར་ལོར་སྟོན་པར་མཛད་པ་སྟེ། དེ་ལས། འོག་མིན་སྔ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །འདི་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་མཇལ་བར་སྟོན། །ཞེས་སོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་མ་དག་པ་རྣམས་སུ། གདུལ་བྱའི་བསོད་ནམས་དང་། རྒྱལ་བའི་ཐུགས་རྗེའི་རྐྱེན་ཉེ་བར་འཛོམས་པ་ལས། གང་ཟག་སོ་སོའི་ཁམས་དབང་དང་འཚམས་པར་ཞི་དང་ཁྲོ་བོའི་སྤྲུལ་པའི་རོལ་གར་ཆགས་ཅན་དང་། ཆགས་བྲལ་གྱི་ཚུལ་བསམ་གྱིས་མི་ཁྱབ་པར་སྣང་བ་ཡང་། དེ་ལས། དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོ་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ལས་འཕྲོའི་དབང་གིས་སོ་སོར་སྣང་། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །ཞེས་པས་སྟེང་འོག་དང་སྣྲེལ་གཞིའི་འཇིག་རྟེན་འགྲོ་བ་དྲུག་གི་གནས་རིས་སོ་སོར་རིག་པའི་སྐྱེས་བུ་ཐུབ་པ་དྲུག་གྲངས་མེད་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་སྟེ། སྒྱུ་འཕྲུལ་བླ་མ་ལས། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། །ལྷ་མ་ཡིན་ལ་ཐག་བཟང་རིས། །མི་ལ་བདུད་འདུལ་ཤཱཀྱའི་མགོན། །ཡི་དྭགས་རྣམས་ལ་ཁ་འབར་སྟེ། །དམྱལ་བར་ལས་ཀྱི་གཤིན་རྗེ་མགོན། །ཞེས་དང་། རྩ་རྒྱུད་ལས། དེ་ཚེ་འགྲོ་དྲུག་ཐམས་ཅད་ལ། །སྡིག་སྤོང་གཟུགས་སུ་སྣང་བར་བསྟན། །ཞེས་སོ། །དེ་ལྟར་སྤྲུལ་པའི་རོལ་པ་ཚད་མེད་པར་བཀོད་པ་ལས། གཙོ་བོར་མཆོག་གི་སྤྲུལ་པའི་སྐུའི་འགྲོ་བ་འདུལ་བའི་ཕྲིན་ལས་ཇི་ལྟར་མཛད་པའི་ཚུལ་ཡང་། དེ་ལས། སྣྲེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་གདུལ་བ་རྣམ་བཞིས་འགྲོ་བའི་དོན་མཛད་དེ་ཞེས་པ་ལྟར་བཞི་ལས། སྐུ་བསོད་ནམས་ཆེན་པོའི་འདུལ་བ་ནི། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་སྟེ། དེ་ཡང་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་སྡེ་འཇོམས་དང་རྫོགས་པར་ནི། བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་སྟོན་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སོ། །གསུང་རིག་པས་འདུལ་བ་ནི། འཁོར་རྣམ་པ་བཞི་ལ། ཐེག་པ་ལྔ་ལས་བརྩམས་པའི་ཆོས་ཀྱི་ཚུལ་དཔག་ཏུ་མེད་པ་སྣང་བར་མཛད་པ་རྣམས་ཡིན་ཏེ། གསང་སྙིང་ལས། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བྱང་ཆུབ་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས། མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་པར་འགྱུར་རོ། །ཞེས་པ་ལྟར་རོ། །ཐུགས་མངོན་སུམ་པས་འདུལ་བ་ནི། མངོན་ཤེས་དྲུག་གི་སྒོ་ནས་གདུལ་བྱའི་རྒྱུད་སྨིན་པར་མཛད་པ་སྟེ། དེ་ལས། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་ཏུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་ཏུ་གསན་པ་དང་། རྫུ་འཕྲུལ་གྱི་ཚོགས་ཀུན་ཏུ་དོན་སྤྱོད་པ་དང་། ཟག་པ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཞེས་སོ། །རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་ནི། དེ་ལས། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་། བསམ་གྱིས་མི་ཁྱབ་པ་གྲངས་མེད་ཕྱོགས་བཅུར་སྣང་བར་འགྱུར་རོ་ཞེས་པ་ལྟར་རོ། །མདོར་ན་རྒྱལ་བའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ལས་གང་འདུལ་གཟུགས་སྐུའི་རོལ་བ་ནི་གདུལ་བྱའི་འགྲོ་བ་མཐའ་དག་གི་ཁམས་དང་དབང་པོ་བསམ་པའི་བྱེ་བྲག་ཇི་ལྟར་མོས་པ་བཞིན་དུ་མཐའ་ཡས་པར་འཆར་བ་ཞིག་གོ། །དེ་ལྟ་བུའི་སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཅན་དེའི་བསྟན་པ་དམ་པའི་ཆོས་ཀྱི་ཚུལ་འགོད་པ་ལ། སྤྱིར་ཆོས་ཞེས་བྱ་བ་ནི། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་པ་ལྟར། དོན་བཅུ་ལ་འཇུག་པ་ལས། འདིར་དམ་པའི་ཆོས་ཏེ། དམ་པའི་སྒྲས་མཆོག་དང་། ཕུལ་དང་། ཁྱད་པར་དུ་འཕགས་པའི་དོན་གྱིས། སྡུག་ཀུན་ཕྱོགས་ཀྱི་གཉེན་པོར་གྱུར་པ་རྣམ་བྱང་གིས་བསྡུས་པའི་ཆོས་ལ་འཇུག་སྟེ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་པ་ལྟར་རོ། །དེ་ལ་དབྱེ་ན། བརྗོད་བྱ་དོན་གྱི་ངོ་བོར་གྱུར་པ་རྟོགས་པའི་ཆོས་དང་། རྗོད་བྱེད་ཚིག་གི་རིགས་སུ་གནས་པ་ལུང་གི་ཆོས་གཉིས་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་སོ། །དེ་ལ་རྟོགས་པའི་ཆོས་ནི་འགོག་པ་དང་ལམ་གྱི་བདེན་པ་དག་གིས་བསྡུས་པ་སྟེ། རྒྱུད་བླ་མ་ལས། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་སོ། །ལུང་གི་ཆོས་ནི། ལམ་བདེན་གྱི་དམིགས་པར་གྱུར་པ་གསུང་རབ་མིང་ཚིག་གི་རྣམ་པར་གནས་པ་གང་ཞིག་ངོ་བོའི་སྒོ་ནས་དབྱེ་ན། ལེགས་པར་གསུང་བའི་བཀའ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་གཉིས་ཏེ། ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་པ། །ཞེས་པ་ལྟར་ལས། དང་པོ་ནི། མགོན་པོ་བྱམས་པས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་པ་བཞིན། བརྗོད་བྱ་དོན་ལྡན་གྱི་ཆོས་ལྷག་པའི་བསླབ་པ་གསུམ་དང་ཉེ་བར་འབྲེལ་ཞིང་བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་པ་མཐོང་སྒོམ་ལམ་གྱིས་སྤང་བྱ་ཐམས་ཅད་སྤོང་བར་བྱེད་པ་དང་། འབྲས་བུ་ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་སྟོན་པར་བྱེད་པ་གང་ཞིག། བདག་རྐྱེན་རྫོགས་པའི་སངས་རྒྱས་ཀྱི་རྣམ་རིག་ལས་བྱུང་བའོ། །གཉིས་པ་ནི། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་གསུང་བཞིན་སྤྱི་བོས་བླང་། །ཞེས་པས། རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་ཟབ་མོའི་བློ་དང་ལྡན་པ་དག་གིས། རྒྱལ་བའི་བསྟན་པ་ཁོ་ནའི་དབང་དུ་བྱས་ནས་ཐར་བའི་ལམ་མཚོན་པའི་ངག་འཆོས་སྐྱོབས་ཀྱི་ཡོན་ཏན་གཉིས་དང་ལྡན་པར་བཀོད་པ་ལ་བསྟན་བཅོས་ཞེས་བརྗོད་དེ། རྣམ་བཤད་རིག་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །འཁོར་བའི་འཇིག་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པ་ལྟར་རོ། །དེ་ལྟར་ལུང་དང་རྟོགས་པའི་རྣམ་འབྱེད་སྤྱིར་བཀོད་ནས། བྱེ་བྲག་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་དངོས་ལ། རྒྱུ་མཚན་ཉིད་ཀྱི་ཐེག་པ་རྣམས་ནི་རྒྱལ་བ་ཐབས་ལ་མཁས་པའི་བདག་ཉིད་ཅན་དེས་གདུལ་བྱའི་གང་ཟག་གི་བློ་ནུས་ཀྱི་རིམ་པ་དང་མཐུན་པར། འོ་མའི་སྨན་གྱི་དཔེ་དང་། ནོར་བུ་སྦྱོང་བའི་དཔེ་སོགས་ཀྱིས་བསྟན་པ་ལྟར། དང་པོར་འཁོར་བ་ལས་ངེས་པར་འབྱུང་བའི་གཏམ་དང་། བར་དུ་རྣམ་ཐར་སྒོ་གསུམ་གྱི་གཏམ་དང་། ཐ་མར་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་གྱིས། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བར་མཛད་པ་ཡང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་ཞུས་པའི་མདོ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་རིག་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་ཡིད་འབྱུང་བར་འགྱུར་བའི་གཏམ་གྱིས་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཡིད་འབྱུང་བར་བྱེད། འཕགས་པའི་ཆོས་འདུལ་བ་ལ་འཇུག་པར་བྱེད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་ཁོང་དུ་ཆུད་པར་བྱེད་དོ། །དེ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་དོ། །ཞེས་གསུངས་པ་ལྟར་ལས་དང་པོ་བདེན་བཞིའི་ཆོས་འཁོར་ནི། སྟོན་པ་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་གྱི་མཐར་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུགས་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་ཆོས་མི་གསུང་བར་ཐུགས་ལས་ཆུང་ངུ་ལ་གཞོལ་བའི་ཚེ། སྔོན་གྱི་སྨོན་ལམ་ཆེན་པོའི་རྒྱུད་བསྐུལ་ནས་ལྷའི་དབང་པོ་ཚངས་པ་དང་། བརྒྱ་བྱིན་གཉིས་ཀྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ལ་བརྟེན་ནས། ཡུལ་ཝཱ་ར་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། འཁོར་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ། བདེན་པ་བཞི་ལན་གསུམ་དུ་བཟླས་པའི་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་སྟེ་འདུལ་བ་ལུང་ལ་སོགས་པ་རྣམས་སོ། །བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ནི། གནས་བྱ་རྒོད་སྤུང་བའི་རི་བོ་ལ་སོགས་པར། འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་ལ། ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་ལས་བརྩམས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབས་ནས་བསྟན་པ་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་སོགས་ཡུམ་སྲས་བཅུ་བདུན་གྱི་སྡེར་གཏོགས་པ་ཐམས་ཅད་དོ། །ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་ནི། གནས་ཡངས་པ་ཅན་དང་། བྱང་ཆུབ་སྙིང་པོ། མ་ལ་ཡ་སོགས་གནས་མ་ངེས་པ་རྣམས་སུ། འཁོར་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་དང་། དཔལ་ཕྲེང་སེང་གེའི་ང་རོ་སོགས་སངས་རྒྱས་ཀྱི་དགོངས་པའི་ཚུལ་ལ་མཁས་པ་ཤ་སྟག་ལ། དྲང་བ་དང་ངེས་པའི་དོན་དག་སོ་སོར་རྣམ་པར་ཕྱེ་སྟེ་ལེགས་པར་གཏན་ལ་ཕབས་ནས་བཤད་པ། ལང་ཀར་གཤེགས་པ་དང་། རྒྱན་སྟུག་པོ་བཀོད་པ། མདོ་དགོངས་པ་ངེས་འགྲེལ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་རྣམས་དང་། གཞན་ཡང་ཕལ་པོ་ཆེ་དང་། དཀོན་མཆོག་བརྩེགས་པ་སོགས་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཇི་སྙེད་པ་རྣམས་སོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ཡང་། སྤང་བྱ་དང་གཉེན་པོའི་སྒོ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་ངེས་ཏེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་དང་། ཀུན་བྱེད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུང་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོ་གསུང་བ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཆ་མཉམས་འདུལ་བའི་གཉེན་པོར་གསུང་བ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་སོ། །བདག་རྐྱེན་སྟོན་པས་གསུངས་ཚུལ་གྱི་སྒོ་ནས་གསུམ་དུ་བཞག་སྟེ། ཞལ་ནས་གསུངས་པའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ། བརྗོད་བྱ་བསླབ་པ་གསུམ་དུ་སྟོན་པའི་སྒོ་ནས་ཀྱང་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བ། ལྷག་པའི་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པ་རྣམས་སོ། །རྗོད་བྱེད་གསུང་རབ་ཀྱི་སྒོ་ནས་རྣམ་གྲངས་བཅུ་གཉིས་སུ་འགྱུར་ཏེ། ཇི་སྐད་དུ། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོག་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབ་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་པ་ལྟར་རོ། །གདུལ་བྱའི་གང་ཟག་གི་དབང་ལས། ཐེག་པའི་རིམ་པ་གཉིས་སུ་ཡང་བཞག་སྟེ། ཐོག་མེད་ཞབས་ཀྱིས། གསུམ་པོ་དེ་ཉིད། ཐེག་པ་དམན་པ་དང་། ཐེག་པ་མཆོག་གི་བྱེ་བྲག་གིས་གཉིས་སུ་འགྱུར་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །ཞེས་པ་ལྟར་ལས། ཐེག་དམན་ལ་ཉན་རང་གཉིས་སུ་དབྱེ་བས་ཐེག་པ་གསུམ་དང་། ཐེག་ཆེན་ལའང་། རྒྱུ་འབྲས་ཀྱི་ཐེག་པ་སོ་སོར་ཕྱེ་བས་བཞི་དང་། ལམ་སྟེགས་ལྷ་མིའི་ཐེག་པ་དང་བཅས་པས་ལྔར་བཞག་པ་སོགས་ནས་གནས་སྐབས་ལམ་གྱི་དབྱེ་བས་གྲངས་མེད་པའི་བར་དུ་གསུངས་ཀྱང་། མཐར་ཐུག་གི་དོན་ལ་ཐེག་པ་ཐ་དད་ཀྱི་རྣམ་པ་ཡང་བཞག་པ་འགའ་ཡང་མེད་དེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་རབ་ཏུ་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཞེས་སོ། །གྲུབ་མཐའི་སྒོ་ནས་བཞག་ན། འཁོར་ལོ་དང་པོའི་རྗེས་སུ་འབྲང་བ་ཐེག་དམན་བྱེ་མདོ་གཉིས་དང་། འཁོར་ལོ་བར་ཐ་གཉིས་ཀྱི་རྗེས་སུ་འབྲང་བ་ཐེག་ཆེན་དབུ་སེམས་གཉིས་ཏེ་བཞིའོ། །དེ་དག་ལའང་ནང་གསེས་ཀྱི་དབྱེ་བ་དང་འདོད་ཚུལ་ཀྱི་བྱེ་བྲག་རྒྱ་ཆེར་ཡོད་ཀྱང་འདིར་ཡི་གེས་འཇིག་པས་དེ་ཙམ་མོ། །དེ་དག་ལས་ཁྱད་པར་དུ་འཕགས་པ་འབྲས་བུ་གསང་ཆེན་རྡོ་རྗེའི་ཐེག་པའི་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་ཚུལ་ནི། གནས་རང་སྣང་ཤིན་ཏུ་རྣམ་པར་དག་པ་འོག་མིན་ཆེན་པོའི་ཞིང་ཁམས་སུ། སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོའམ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས། ཉིད་ལས་མི་གཞན་པའི་བདེ་བར་གཤེགས་པའི་ཚོགས་ཚད་མེད་པ་ལ། ཆོས་ཉིད་བརྗོད་བྲལ་ཆེན་པོའི་དགོངས་པ་སྒྲ་ཚིག་རང་མཚན་ལས་འདས་པའི་གསུང་གིས་སྣང་བར་མཛད་པའི་བྱིན་རླབས་ལས། འོག་མིན་རྣམ་མཛེས་ཆེན་པོ་དང་། རི་རབ་ཀྱི་རྩེ་མོ། འཛམ་བུའི་གླིང་རྣམས་སུ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་རྣམ་པ་ཐ་དད་པས་གདུལ་བྱ་ས་ལ་གནས་པ། རིག་པ་ཁྱད་པར་ཅན་གྱི་འཁོར་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པ་རྣམས་ལ། གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་བརྡའ་དང་ཚིག་གི་སྒོ་ནས་དུས་ཅི་རིགས་པར་གསུངས་ཏེ། འཇམ་དཔལ་སྒྱུ་དྲྭའི་བཤད་རྒྱུད་ལས། གླེང་གཞི་རྣམ་པ་གསུམ་ཡིན་ཏེ། །འོག་མིན་གནས་དང་རི་རབ་རྩེ། །འཛམ་བུའི་གླིང་འདིར་གྲགས་པ་ཡིན། །བྱང་ཆུབ་སེམས་དཔའ་ལྷ་རྣམས་དང་། །མི་རྣམས་ཀྱི་ནི་དོན་དུ་གསུངས། །སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །སྤྲུལ་སྐུ་འཁོར་ལོས་བསྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །དུས་ནི་གདུལ་བྱ་འདུལ་བའི་ཚེ། །འཁོར་རྣམས་འདུས་པའི་དུས་དེར་གསུངས། །ཞེས་པ་ལྟར་དང་། གཞན་ཡང་རྒྱ་མཚོའི་འགྲམས་དང་། ཨཽ་ཌི་ཡཱ་ན། ས་ཧོ་རའི་ཡུལ། དཔལ་ལྡན་ཤམྦྷལ་སོགས་སུ། སྟོན་པ་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པར་བཞེངས་པའམ་མ་བཞེངས་པ་ཅི་རིགས་པས་སྔགས་ཀྱི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་གསུངས་སོ། །ཐེག་པའི་རིམ་པ་གཞན་ཇི་སྙེད་པ་རྣམས་ཀྱང་དུས་དེའི་ཚེ་གསང་ཆེན་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་འདི་ཉིད་ལས་འཕྲོས་ཏེ་གསུངས་པའང་། གསང་སྙིང་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་པ་ཇི་ལྟར་གསུངས་པ་རྣམས། སོ་སོར་བཀའ་ཡི་བསྡུ་བ་མཛད་པའི་ཚུལ་ལ། ཐེག་དམན་ཉན་རང་དང་ཐུན་མོང་པའི་སྡེ་སྣོད་རྣམས་ཏེ། སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ། ལྷ་རྣམས་ཀྱིས་འཕྱ་བ་བསལ་བའི་ཕྱིར། རྒྱལ་པོའི་ཁབ་ཀྱི་ཉ་གྲོ་དྷའི་ཕུག་པར། དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས། ཀུན་དགའ་བོས་མདོ་སྡེ། ཉེ་བ་འཁོར་གྱིས་འདུལ་བ། འོད་སྲུང་ཆེན་པོས་མངོན་པ་སྟེ། སྡེ་སྣོད་གསུམ་ཀ་ལེགས་པར་བསྡུས་ཏེ་བཀའ་བསྡུ་དང་པོའོ། སླད་ནས་ཀྱང་། མི་རུང་བའི་གཞི་བཅུ་དང་། རྩོད་པའི་གཞི་ལྔ་རྣམས་བྱུང་བ་ལ་བརྟེན་ནས། དེ་དག་བསལ་བའི་ཕྱིར་བཀའ་བསྡུ་གཉིས་པ་དང་། གསུམ་པ་དག་ཀྱང་རིམ་བཞིན་མཛད་དོ། །ཐེག་ཆེན་ཕ་རོལ་དུ་ཕྱིན་པའི་སྡེ་སྣོད་རྣམས་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་སམ་བྷའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། ཕྱག་ན་རྡོ་རྗེས་མདོ་སྡེ། བྱམས་པས་འདུལ་བ། འཇམ་དཔལ་གྱིས་མངོན་པ་རྣམས་བསྡུས་ཞེས་གྲགས་སོ། །ཐུན་མོང་མ་ཡིན་པ་གསང་བ་སྔགས་ཀྱི་རྒྱུད་སྡེ་རྣམས་ནི། ལྕང་ལོ་ཅན་དུ་བྱང་ཆུབ་སེམས་དཔའི་ཚོགས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་དབུས་སུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་བསྡུ་བ་མཛད་དོ། །ཨིནྡྲ་བྷཱུ་ཏིའི་བདེ་མཆོག་གི་འགྲེལ་བ་ལས། ཕྱི་དུས་རིམ་པར་ལུང་བསྟན་སྡུད་པ་པོས། །རི་བོ་མཆོག་རབ་བྱང་ཤར་ལྷ་གནས་མཆོག། ལྕང་ལོ་ཅན་གྱི་ཕོ་བྲང་ཆེན་པོར་ནི། །རྒྱུད་རྣམས་མ་ལུས་སེམས་དཔའ་ཆེན་པོའི་ཚོགས། །བྱེ་བ་ཕྲག་ནི་དགུ་བཅུ་རྩ་དྲུག་སོགས། །འདུས་ཏེ་རྗེ་བཙུན་གསང་བའི་བདག་པོ་ལ། །གསོལ་བ་བཏབ་ཚེ་འདི་སྐད་བདག་ཐོས་ཞེས། །རབ་ཏུ་གསུངས་པ་གསེར་གྱི་གླེགས་བུ་ལ། །བཻ་ཌཱུརྱ་ཡི་ཞུན་མས་ཡི་གེར་བཀོད། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། མ་འོངས་བའི་དུས་སུ་གསང་བའི་རྒྱུད་སྐལ་བ་དང་ལྡན་པའི་སེམས་ཅན་ལ་སུས་འཆད་པར་བྱེད། བཀའ་སྩལ་པ། ཕྱག་ན་རྡོ་རྗེ་མགོན་པོས་བཤད་པར་བྱེད་དོ། །ཞེས་པ་ལྟར་རོ། །དེ་ལྟར་ན་དུས་འཁོར་ཟླ་བ་བཟང་པོ་དང་བརྟག་གཉིས་རྡོ་རྗེ་སྙིང་པོ། རྡོ་རྗེ་མཁའ་འགྲོ་ཕག་མོ་སོགས་ཀྱིས་བསྡུས་པ་མ་ཡིན་ནམ་ཞེ་ན། དེ་དག་རྣམས་ཀྱང་སྟོན་པ་ཉིད་ཀྱི་ཐུགས་རྡོ་རྗེ་སྡུད་པོ་དང་འཁོར་གྱི་ཚུལ་དུ་སྣང་བ་ལས། རྒྱུད་ཐ་དད་པ་མ་ཡིན་པའི་ཕྱིར་སྐྱོན་མེད་དེ། གསང་བ་གྲུབ་པའི་རྒྱུད་ལས། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། །ཞེས་དང་། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། འཆད་པ་པོ་དེ་སྡུད་པའང་དེ། །ཞེས་སོ། །དེས་ན་རྡོ་རྗེ་ཆོས་དང་། ཕྱག་ན་རྡོ་རྗེ་དང་། །རྡོ་རྗེ་སྙིང་པོ་སོགས་མཚན་གྱི་རྣམ་གྲངས་ཐ་དད་པ་དང་། རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོ། ཤཱཀྱ་ཐུབ་པ་སོགས་སྟོན་པ་དང་། དགའ་རབ་རྡོ་རྗེ་དང་། ཟླ་བ་བཟང་པོ། ཀུན་དགའ་བོ་སོགས། འཁོར་གྱི་སྐུའི་སྣང་ཚུལ་ཐ་དད་པ་རྣམས་ཀྱང་དོན་ལ་དགོངས་པ་དབྱེར་མི་ཕྱེད་པར་ཤེས་པར་བྱ་སྟེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ལྟ་བ་ཀུན་ནི་སྲུང་དོན་དུ། །སྣ་ཚོགས་པ་ཡི་གཟུགས་སུ་སྤྱོད། །ལ་ལར་རྡོ་རྗེ་འཛིན་པ་དང་། །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀ་ཡི་གཟུགས། །ལ་ལར་དེ་བཞིན་གཤེགས་པ་དང་། །ལ་ལར་བྱང་ཆུབ་སེམས་དཔའི་གཟུགས། །ལ་ལར་ཉན་པ་ལྟ་བུར་བཞུགས། །ལ་ལར་འཆད་དོ་དགྱེས་པདྨ། །ལ་ལར་ཀློག་པའི་ཚུལ་དུ་བཞུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་པ་དང་ནི་ལ་ལར་འཛིན། །མང་དུ་བརྗོད་ལྟ་ཅི་ཞིག་དགོས། །དེ་སྟོན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་གསུངས་སོ། །དེ་ལྟར་སྟོན་པ་སྐུ་གསུམ་གྱི་རྣམ་བཞག་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་བཀའ་ཡི་བསྡུ་བ་མཛད་པ་དང་བཅས་པ་མདོར་བསྡུས་ཙམ་བརྗོད་གྲུབ་ནས། དོན་གཉིས་པ་རྒྱ་གར་འཕགས་པའི་ཡུལ་དུ་རྒྱུ་འབྲས་ཀྱི་ཐེག་པ་བཤད་སྒྲུབ་ཀྱི་སྒོ་ནས་རིམ་པ་བཞིན་ཇི་ལྟར་བསྐྱངས་པའི་ཚུལ་ལ། ཐོག་མར་ཉན་ཐོས་ཀྱི་ཐེག་པ་གཙོ་བོར་གྱུར་པའི་སྡེ་སྣོད་རྣམས་ནི། སྟོན་པ་མྱ་ངན་ལས་འདས་པའི་ཚེ། ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། དེས་ཀྱང་སྔར་བཤད་པ་ལྟར་བཀའ་ཡི་བསྡུ་བ་སོགས་མཛད་ནས་བསྟན་པ་དར་བར་བྱས་ཏེ། ཀུན་དགའ་བོ་ལ་གཏད་ནས་རི་བོ་བྱ་རྐང་ཅན་དུ་སྐུ་གདུང་མི་འཇིགས་པར་བྱིན་གྱིས་རླབས་ཏེ་མྱ་ངན་ལས་འདས་སོ། །ཀུན་དགའ་བོས་རྒྱལ་པོའི་ཁབ་ཏུ་གཞོན་ནུ་གསེར་མདོག་གི་སྐྱབས་མཛད་ནས་དགྲ་བཅོམ་པ་ལ་བཀོད་པ་དང་། ལྷོ་ཕྱོགས་ཀྱི་བྲམ་ཟེ་བ་ར་དྷྭ་ཛ་གནོད་ཅན་དང་རུས་གཅིག་པ་ཆོ་འཕྲུལ་གྱིས་ཚར་བཅད་པ་སོགས་ལྷ་དང་མིའི་དོན་རྒྱ་ཆེན་པོ་མཛད་ནས། ཤ་ནའི་གོས་ཅན་བསྙེན་པར་རྫོགས་ཏེ་བསྟན་པ་གཏད། དེ་ནས་ཆུ་བོ་གང་གཱའི་དབུས་སུ་དྲང་སྲོང་ཉི་མའི་གུང་བ་རབ་ཏུ་ཕྱུངས་ནས་བསྙེན་པར་རྫོགས་ཤིང་། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྐྱོངས་པ་དང་། ཁྱད་པར་ཁཆེའི་ཡུལ་དུ་བསྟན་པ་སྤེལ་བར་གདམས་ནས་མྱ་ངན་ལས་འདས་སོ། །ཤ་ནའི་གོས་ཅན་གྱིས་རྒྱལ་པོ་གཞུ་བཟང་གི་འཁོར་ཉིས་སྟོང་རབ་ཏུ་ཕྱུངས་ནས་འབྲས་བུ་ལ་བཀོད་པ་སོགས་དགྲ་བཅོམ་པ་ཁྲི་དང་བདེན་པ་མཐོང་བའང་འབུམ་ཙམ་དུ་བྱུང་བར་གྲགས་ཤིང་། དེ་ནས་མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན་པ་སྤོས་འཚོང་གི་བུ་ཉེར་སྦས་རབ་ཏུ་བྱུང་ནས་བསྟན་པ་གཏད་དེ་ཡུལ་ཙམ་པར་མྱ་ངན་ལས་འདས་སོ། །འཕགས་པ་ཉེར་སྦས་ཀྱིས། ལུས་འཕགས་དང་། གནྡྷ་རའི་རི་དང་། གར་མཁན་དཔའ་བོའི་གཙུག་ལག་ཁང་རྣམས་སུ་རིམ་པར་བྱོན་ནས་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པ་ཡང་བགྲང་གིས་མི་ལང་བ་བྱུང་ངོ་། །གཞན་ཡང་། བདུད་སྡིག་ཏོ་ཅན་རྫུ་འཕྲུལ་གྱིས་བཏུལ་བ་སོགས་རྒྱལ་བའི་བསྟན་པ་ལ་རྨད་དུ་བྱུང་བའི་མཛད་པ་དུ་མ་བསྒྲུབས་ནས། གྲོང་ཁྱེར་མ་ཐུ་རར་བྲམ་ཟེ་དྷཱི་ཏི་ཀ་རབ་ཏུ་ཕྱུང་ནས་ཞག་བདུན་ན་དགྲ་བཅོམ་པར་གྱུར་པ་དེ་ལ་བསྟན་པ་གཏད་ནས་མྱ་ངན་ལས་འདས་སོ། །འདིའི་དུས་སུ་ཉན་ཐོས་བྱེ་བྲག་སྨྲ་བ་དག་གི་གཞུང་ཕྱི་མོར་གྱུར་བ་བྱེ་བྲག་བཤད་མཛོད་ཆེན་མོའང་དགྲ་བཅོམ་པ་རྣམས་ཀྱིས་སྤྱི་མཐུན་དུ་མཛད་པར་གྲགས་སོ། །དྷཱི་ཏི་ཀས་ཐོ་གར་གྱི་རྒྱལ་པོ་ནམ་མཁའ་ལ་མཆོད་པ་དང་། ཤར་ཕྱོགས་ཀཱ་མ་རཱུ་པའི་བྲམ་ཟེ་སིངྷ་ཞེས་པ་འཁོར་སྟོང་ཕྲག་མང་པོ་དང་བཅས་པ་ཉི་མ་ལ་མཆོད་པ་དང་། མལླ་ཝར་བྲམ་ཟེ་དྲེགས་བྱེད་ཅེས་པ་ར་སྐྱེས་ཀྱི་མཆོད་སྦྱིན་བྱེད་པ་རྣམས་རྫུ་འཕྲུལ་གྱིས་དད་པར་བྱས་ནས་སྐྱེ་བོ་མང་པོ་དགྲ་བཅོམ་པ་ལ་བཀོད་པ་དང་། བདེན་པ་མཐོང་བར་མཛད། དེ་ནས་ཤར་ཕྱོགས་ཨངྒའི་ཡུལ་གྱི་ཚོང་དཔོན་ནག་པོ་ཞེས་པ་རྒྱ་མཚོའི་གླིང་དུ་སྲིན་མོའི་འཇིག་པ་ལས་བསྐྱབས་ནས་མཐར་རབ་ཏུ་ཕྱུངས་ནས་དགྲ་བཅོམ་པར་གྱུར་པ་ལ་བསྟན་པ་གཏད་དེ་གྲོང་ཁྱེར་འཕགས་རྒྱལ་དུ་མྱ་ངན་ལས་འདས་སོ། །འདིའི་རིང་ལ་དགྲ་བཅོམ་པ་གྲགས་པ་དང་། ཐམས་ཅད་འདོད་སོགས་ཀྱིས་བཀའ་བསྡུ་བར་བ་མཛད་པའི་སྐབས་ཡིན་ནོ། །འཕགས་པ་ནག་པོས། ཁ་ཆེའི་ཡུལ་དུ་བསྟན་པ་ལ་སྐྱོན་བྱུང་བ་བསལ་བ་དང་། སིངྒྷ་ལའི་ཡུལ་དུ་བྱོན་ནས། རྒྱལ་པོ་སིངྷ་ཀོ་ཥ་འཁོར་བཅས་འབྲས་བུ་ལ་བཀོད་ནས་ཡུལ་ཕྱོགས་དེར་གཙུག་ལག་ཁང་དང་དགེ་འདུན་གྱིས་ཁྱབ་པར་མཛད་དོ། །ནུབ་ཕྱོགས་བྷ་མུ་གཙང་སྐྱ་བསེང་གི་རིགས་མཐོང་བའི་བུ་ལེགས་མཐོང་ཞེས་པ་དགྲ་བཅོམ་པ་སུ་ཀཱ་ཡཱ་ནའི་སློབ་མར་གྱུར་པ་དེ་ལ་བསྟན་པ་གཏད་ནས་བྱང་ཕྱོགས་ཀུ་ཤའི་ཚལ་དུ་མྱ་ངན་ལས་འདས་སོ། །ལེགས་མཐོང་ཆེན་པོས་ནི། ནུབ་ཕྱོགས་སིནྡྷུའི་ཡུལ་དུ་གནོད་སྦྱིན་མོ་སེངྒྷ་ལཱི་ཙཱི་སོགས་བསྟན་པ་ལ་མ་དད་པའི་ཀླུ་དང་གནོད་སྦྱིན་ལྔ་བརྒྱ་ཙམ་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་དོ། །སྐབས་འདི་ཙམ་ན་རྒྱ་ནག་གི་ཡུལ་དུའང་བསྟན་པའི་མགོ་ཚུགས་པར་གྲགས་ཏེ། དེ་ཡན་ཆད་ལ་བསྟན་པའི་གཏད་རབ་བདུན་ཞེས་བཤད་དོ། །འདིའི་ཚེ་རྒྱལ་པོ་དྷརྨ་ཨ་ཤྭ་ཀ་རྒྱལ་སྲིད་བྱེད་པ་ལས་དེའི་བུ་ཀུ་ན་ལའི་མིག། དེའི་བུ་མྱ་ངན་བྲལ། དེའི་བུ་དཔའ་བོའི་སྡེ། དེ་ནས་བཟུང་སྟེ། ཀ་ནིཥྐའི་བར་གྱི་རྒྱལ་རབས་བཞི་ལ་དགེ་སློང་ལྷ་ཆེན་སོགས་ཀྱིས་རྩོད་པ་སྤེལ་བའི་རྒྱུས་དགེ་འདུན་རྣམས་ཆེ་ཐང་དུ་འཁྲུགས་ནས། ཉན་ཐོས་རྩ་བའི་སྡེ་བཞི་ནས་རིམ་པར་བཅོ་བརྒྱད་ཀྱི་བར་དུ་གྱེས་སོ། །དེའི་ཚེ་དགྲ་བཅོམ་པ་རྩིབས་ལོག་དང་། བ་སུ་མི་ཏྲ་སོགས་ཀྱིས་གྱེས་པ་བཅོ་བརྒྱད་སངས་རྒྱས་ཀྱི་བཀང་བསྒྲུབས་ཏེ་བཀའ་བསྡུ་གསུམ་པའི་དུས་སོ། །ཐེག་ཆེན་ཕ་རོལ་དུ་ཕྱིན་པའི་སྡེ་སྣོད་རྣམས་ནི་ལྷ་ཀླུ་གནོད་སྦྱིན་སོགས་ཀྱི་ཡུལ་དུ་རྒྱ་ཆེར་འཕེལ་ཞིང་མི་ཡུལ་གཞན་དུ་ཁོལ་བུར་སྤྱོད་པ་ལས་ཡུལ་དབུས་སུ་ཆེར་མ་དར་ཀྱང་། དུས་འདི་ཙམ་ན་ཡུལ་ཨེ་ཊི་བི་ཤར་རྒྱལ་པོ་བླ་སྲུང་ཞེས་པའི་ཁྱིམ་དུ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་དགེ་སློང་ཞིག་གིས་བརྒྱད་སྟོང་པའི་གླེགས་བམ་ཞིག་བཞག་སྟེ་སོང་བ་ནས་བཟུང་། ཐེག་ཆེན་དར་བའི་དབུ་བརྩམ་པ་ཡིན་ཞིང་། རིམ་བཞིན་བྱང་ཆུབ་སེམས་དཔའ་བྱམས་པ་དང་། འཇམ་དཔལ་སོགས་ལས་དངོས་སུ་ཆོས་གསན་པའི་པཎྜི་ཏ་མང་དུ་བྱོན་ནས། དཀོན་མཆོག་བརྩེགས་པ་དང་ལང་ཀར་གཤེགས་པ་སོགས་ཐེག་ཆེན་གྱི་སྡེ་སྣོད་ཕལ་ཆེ་བ་མི་ཡུལ་དུ་དར་བ་མཛད་དོ། །དེ་ནས་རིང་པོར་མ་ལོན་པར་སངས་རྒྱས་ཉིད་ཀྱིས་བཀའི་དགོངས་འགྲེལ་མཛད་པ་པོར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་རྣམ་གཉིས་བྱོན་ནས་ཐེག་པ་ཆེན་པོ་དར་རྒྱས་སུ་མཛད་ཚུལ་ནི། ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པར་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་པ་ལྟར། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། རྒྱས་པ་འབུམ་ཀླུ་ཡུལ་ནས་སྤྱན་འདྲེན་པ་དང་། བཀའ་དང་པོའི་དགོངས་འགྲེལ་དུ་གཏམ་ཚོགས། བར་བའི་དགོངས་འགྲེལ་དུ་རིགས་ཚོགས། ཐ་མའི་དགོངས་འགྲེལ་དུ་བསྟོད་ཚོགས་སོགས་མཛད་ནས་ཟབ་མོ་དབུ་མའི་ལམ་གྱི་སྲོལ་ཕྱེ་བར་མཛད་དོ། །སློབ་དཔོན་ཐོགས་མེད་ནི། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོའང་རབ་ཏུ་འབྱེད། །ཞེས་པ་ལྟར། ཐོགས་མེད་སྐུ་མཆེད་བྱོན་ཏེ། ཐོགས་མེད་ཞབས་ཀྱིས་རྗེ་བཙུན་མ་ཕམ་པ་ལས་བྱམས་ཆོས་ལྔ་དངོས་སུ་གསན་ཞིང་། ས་སྡེ་ལྔ་དང་། སྡོམ་གཉིས་བཅས་མཛད། གཅུང་དབྱིག་གཉེན་གྱིས་རབ་ཏུ་བྱེད་པ་བརྒྱད་སོགས་བརྩམས་པ་རྣམས་ལ་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུར་གྲགས་ཏེ། རྣལ་འབྱོར་སྤྱོད་པ་སེམས་ཙམ་པའི་གཞུང་འབྱེད་པར་མཛད་དོ། །གཞན་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་ནས་ཟབ་མོ་དབུ་མའི་སྲོལ་འཛིན། ཨརྱ་དཱེ་ཝ། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་སོགས་དང་། ཐོགས་མེད་ཡབ་སྲས་ཀྱི་རྗེས་སུ་འབྲང་ནས། རྣལ་འབྱོར་སྤྱོད་པའི་སྲོལ་འཛིན་པ། ཕྱོགས་ཀྱི་གླང་པོ་ཆོས་ཀྱི་གྲགས་པ། ཙནྡྲ་གོ་མི་སོགས། མཁས་ཤིང་གྲུབ་པའི་ཁྱུ་མཆོག་ཆེན་པོ་རྩོད་པ་དང་བྲལ་བ་རྣམས་ཀྱིས་བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ་གྱིས་རྒྱལ་བའི་བསྟན་པ་ལ་མཛད་པ་ཇི་ལྟར་བགྱིས་པ་རྣམས་རྒྱ་ཆེར་གཞན་ལས་ཤེས་པར་བྱའོ། །གསང་ཆེན་བླ་ན་མེད་པའི་རྒྱུད་སྡེ་གཙོ་བོར་གྱུར་པའི་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་རྣམས་ནི། སྟོན་པས་འོག་མིན་དུ་གསུངས་ནས་ཉིད་ལས་མི་གཞན་པའི་རྒྱལ་སྲས་རིགས་གསུམ་སེམས་དཔའ་དང་། རིགས་ལྔ་འཁོར་གྱི་མཁའ་འགྲོ། ཕྱི་རབས་ཀྱི་གང་ཟག་ཆོས་ཀྱི་སྤྱན་ལྡན་རྣམས་དང་བཅས་པ་ལ་བསྟན་པ་མི་ནུབ་པའི་བཙས་སུ་རྒྱུད་གཏད་པར་མཛད་པ་ཡིན་ཏེ། གླང་ཆེན་རབ་འབོག་གི་རྟོག་པ་དུམ་བུའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རིགས་གསུམ་མགོན། །དེ་ལ་གཏད་པས་ཁམས་གསུམ་སྒྲོན་མེ་ཡིན། །རིགས་ལྔ་འཁོར་གྱི་མཁའ་འགྲོ་སྡེ་བཞི་རྣམས། །དེ་ལ་གཏད་པས་གསང་སྔགས་སྲུང་མ་ཡིན། །སྔོན་སྦྱངས་གང་ཟག་ཆོས་ཀྱི་སྤྱན་ལྡན་རྣམས། །དེ་ལ་གཏད་པས་བསྟན་པ་དར་བ་ཡིན། །ཞེས་པ་ལྟར་རོ། །དེ་ལས་རྒྱལ་སྲས་རིགས་གསུམ་སེམས་དཔས་ཐོག་མར་ལྷ་ཀླུ་གནོད་སྦྱིན་གྱི་གནས་སོ་སོར་གསང་སྔགས་ཀྱི་བསྟན་པ་ཇི་ལྟར་སྤེལ་ཚུལ་ནི། མཁྱེན་རབ་ཀྱི་དབང་ཕྱུག་འཇམ་དཔལ་གཞོན་ནུ་མཛེས་པའི་སྐུ་དང་ལྡན་པ་དེ་ཉིད་ཀྱིས། ལྷ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་ལྷ་གྲགས་ལྡན་མཆོག་སྐྱོངས་ལ་བཤད། དེ་ནས་རིམ་པར། ཚངས་པ་རིན་ཆེན་འོད་འབར། ཚངས་པ་སྐྱེ་དགུའི་བདག་པོ། ཚངས་པ་ཀུན་སྒྲོལ། ཚངས་པ་གཙུག་ཕུད་འཛིན། ལྷའི་དབང་པོ་བརྒྱ་བྱིན་རྣམས་ལ་བརྒྱུད་ནས། ཚོམ་བུ་འབུམ་དང་བཅས་པས་མཆོག་གི་དངོས་གྲུབ་བརྙེས་ཏེ། ལྷ་ཡུལ་དུ་བསྟན་པ་དར་བར་གྱུར་ཏོ། །བྱམས་བརྩེའི་མངའ་བདག་སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་དེས། ཀླུ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། དེ་ནས་རིམ་པར། ཀླུ་མོ་ཁ་འདུལ་མ། འདུལ་ཚང་མ། ཀླུ་ཡིད་འོང་དགའ་བ། ཀླུ་རྒྱལ་འཇོག་པོ་རྣམས་ལ་བཤད་དེ་ཚོམ་བུ་འབུམ་དང་བཅས་པར་རིག་པ་འཛིན་པའི་སར་བཀོད་ནས་ཀླུའི་ཡུལ་དུ་བསྟན་པ་དར་བར་མཛད་དོ། །མཐུ་སྟོབས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་འཇིག་ཚུལ་བསྡིགས་པའི་སྐུ་དང་ལྡན་པ་དེས། གནོད་སྦྱིན་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད། དེ་ནས་རིམ་པར། གནོད་སྦྱིན་ལག་ན་རྡོ་རྗེ་དང་། སྐར་མདའ་གདོང་སོགས་ལས་བརྒྱུད་ནས་ཚོམ་བུ་འབུམ་དང་བཅས་པ་རྡོ་རྗེ་འཆང་གི་སར་གཤེགས་ཏེ། གནོད་སྦྱིན་གྱི་ཡུལ་དུ་བསྟན་པ་རྒྱས་པར་མཛད་དོ། །དེ་ནས་བསྟན་པ་དེ་ཉིད་མིའི་ཡུལ་དུ་ཡོངས་སུ་གྲགས་པར་ཇི་ལྟར་བྱུང་ཚུལ་ནི། མདོ་དགོངས་པ་ལུང་སྟོན་ལས། རྒྱུ་ལ་མོས་པར་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་མ་འོངས་པའི་དུས་ན་འབྲས་བུ་རྡོ་རྗེའི་ཐེག་པ་འབྱུང་བ་སྤྱིར་ལུང་བསྟན་ཅིང་། བྱེ་བྲག་དུ་དུས་ཅི་ཙམ་ན་གང་ཟག་གང་ལ་གནས་གང་དུ་ཚུལ་ཇི་ལྟར་སྣང་བ་ཡང་། སྤྱི་མདོ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་རིག་ཅན་སྐལ་ལྡན་དེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་སྣང་སྣང་གྱུར་ཏེ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལང་ཀའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་པ་ལྟར། སྟོན་པ་མཆོག་གི་སྤྲུལ་པའི་སྐུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། ལྷ་གྲགས་ལྡན་མཆོག་སྐྱོངས། ཀླུ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བཱི་དྲི་མེད་གྲགས་པ་སྟེ། དམ་པའི་རིགས་ཅན་དྲ་མ་ལྔ་པོ་རང་རང་གི་གནས་སུ་ནང་དུ་ཡང་དག་འཇོག་པ་ལ་ཞུགས་པ་ལས་ལངས་པ་དང་འཇིག་རྟེན་མུན་པ་ལྟ་བུར་གྱུར་པ་མཐོང་ནས་སྟོན་པ་མྱ་ངན་ལས་འདས་པར་ཤེས་ཏེ། གང་དུ་འདུ་བའི་གནས་ནི་ཇི་སྐད་དུ། རྩེ་ན་རྩལ་གྱི་རྒྱལ་པོ་གནས། །ངོས་ལ་བྲག་དཀར་ཁྱི་ཚུགས་པ། །སེང་གེ་གནམ་དུ་འཕྱོར་འདྲས་བརྒྱན། །རྩི་སྨན་རྩ་བརྒྱད་རྩ་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡོངས་མི་ཚུགས། །སྤྱི་བོར་ཀ་ལནྟ་ཀ་ནི། །མི་གཉིས་གཅིག་པུར་གནས་པ་ཡི། །མཛོད་ལྡན་དེ་ཡི་ཚང་བཅས་པ། །སྐལ་ལྡན་རྣམས་ཀྱིས་བགྲོད་པར་སླ། །སྐལ་མེད་རྣམས་ཀྱིས་ཡོངས་མི་ཐར། །ཞེས་པའི་མཚན་ཉིད་རྣམས་དང་ལྡན་པའི་ལངྐའི་ཡུལ་གྱི་རི་བོ་དྲག་ཤུལ་ཅན་ནམ་གནམ་ལྕགས་ཡོད་པའི་རྩེ་མོར་རང་རང་གི་རྫུ་འཕྲུལ་གྱི་བྱ་བས་གཤེགས་ཏེ། ཀྱེ་མའོ་ཀྱེ་ཧུད་འཇིག་རྟེན་ཀློང་། །སྟོན་པའི་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉེར་གསུམ་བཏོན་པས། གསང་བའི་བདག་པོ་དངོས་སུ་བྱོན་ནས། དམ་པའི་རིག་ཅན་དྲ་མ་ལྔ་སོགས་རིག་འཛིན་འདུས་པ་ཕལ་མོ་ཆེ་ལ། སྔར་འོག་མིན་སོགས་སུ་བསྟན་པའི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སླར་ཡང་བཟླས་ཏེ་གསུངས་སོ། །དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་རིན་པོ་ཆེ་གསེར་གྱི་གླེགས་བུ་ལ་བཻ་ཌཱུརྱའི་ཞུན་མས་ཡི་གེར་བྲིས་ནས་དགོངས་པ་ཏིང་ངེ་འཛིན་གྱི་རྩལ་གྱིས། མི་ཟད་པའི་གཏེར་ནམ་མཁའི་མཛོད་དུ་རྒྱ་བདུན་གྱིས་བཏབས་སོ། །དེའི་ཚེ་དེའི་བྱིན་རླབས་ཀྱིས་ས་ཧོ་རའི་རྒྱལ་པོ་ཛ་ལ་རྨི་ལྟས་ངོ་མཚར་བ་བདུན་བྱུང་བ་ནི། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱེད་པ་དང་། །ཀུན་གྱིས་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་པ་ལྟར་རོ། །རྨི་ལྟས་དང་མཐུན་པར་རྒྱལ་པོའི་ཁང་སྟེང་དུ་བཛྲ་པཱ་ཎིའི་སྐུ་ཁྲུ་གང་བ་ཞིག་དང་། སརྦ་བུདྡྷ་ས་མ་ཡོ་ག་སོགས་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་གླེགས་བམ་མང་པོ་བབས་པར་གྱུར་ཏོ། །དེ་ནས་གླེགས་བམ་རྣམས་ལ་རྒྱལ་པོས་བརྟགས་པས་དོན་མ་ཤེས་ནས། འཇིག་རྟེན་ན་འདིའི་བརྡའ་མཇལ་བ་སུ་ཡོད་ཅེས་བསྒྲགས་པ་ན། ཟ་ཧོར་གྱི་རྒྱལ་པོ་ཨུ་པ་རཱ་ཛ་ཞེས་བྱ་བ་མཁྱེན་རབ་ཆེ་བར་གསན་ནས་དེ་ལ་བསྟན་པས་ཀྱང་དོན་དང་བརྡའ་མ་མཇལ། དེ་ནས་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་བསྟན་པས། དེའི་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ཏེ་བསྒྲུབ་པས་རྡོ་རྗེ་སེམས་པའི་ཞལ་བསྟན་ནས་རྒྱུད་ཀྱི་དོན་རྣམས་རྒྱལ་པོ་ཉིད་ལ་གསང་བའི་བདག་པོས་སྟོན་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར། གླེགས་བམ་རྣམས་སླར་ཕུལ། དེ་ནས་རྒྱལ་པོ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་དང་བཛྲ་པཱ་ཎིའི་སྐུ་ལ་བརྟེན་ནས་སྒྲུབ་པ་མཛད་ཅིང་གསོལ་བ་བཏབས་པས། རྡོ་རྗེ་སེམས་དཔའི་ཞལ་གཟིགས་ནས། ཁྱོད་ཀྱི་སྟོན་པ་ནི་གསང་བའི་བདག་པོ་ཡིན་གྱིས། དེས་སྟོན་པར་འགྱུར་རོ་ཞེས་གསུངས་པ་ཐོས་ནས་དགའ་བ་ཆེར་སྐྱེས་ཏེ་སྒྲུབ་པ་ལ་བརྩོན་པས། རེ་ཞིག་ན་གསང་བའི་བདག་པོ་མངོན་སུམ་དུ་བྱོན་ནས། ཐེག་པ་ཐམས་ཅད་རྫོགས་པའི་དབང་བསྐུར་ཞིང་རྒྱུད་ཀྱི་དོན་རྣམས་བསྟན་ནས། ཚིག་གི་བསྟན་པ་ལི་ཙ་བི་དྲི་མེད་གྲགས་པ་ལ་ཞུས་ཤིག་ཅེས་ལུང་བསྟན་པ་ལྟར་གསན་ཞིང་། གསང་བདག་གི་བཀའ་ལྟར་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་དུ་སོ་སོར་ཕྱེས་ནས། སློབ་དཔོན་ཀུ་ཀུ་རཱ་ཛ་ལ་བཤད། དེས་ཨིནྡྲ་བོ་དྷི་ལ་བཤད། དེས་སེངྷ་རཱ་ཛ་ལ། དེས་ཨུ་པ་རཱ་ཛ་ལ། དེས་སྲས་མོ་གོ་མ་དཱེ་ཝི་ལ་བཤད་ཅིང་སོ་སོའི་ཚོམ་བུ་དང་བཅས་པ་རྡོ་རྗེ་འཆང་གི་སར་གཤེགས་སོ། །དེ་ལྟར་ཡང་། སངས་རྒྱས་གསང་བའི་ལམ་རིམ་ལས། གསང་བའི་བདག་པོ་མངོན་གཤེགས་ནས། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མི་ལས་སྐལ་ལྡན་འདུས་པ་ལ། །དབང་པོས་ཇི་ལྟར་ལུང་བསྟན་དུས། །རྒྱལ་བུ་རིག་ཅན་ལྟས་ཤར་བ། །འབྲེལ་པས་སྣང་བ་མངོན་རྟོགས་པས། །ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །དེ་ཉིད་སྒོ་ནས་དེ་ཉིད་བསྒྲུབས། །བསྟན་པའི་དངོས་གྲུབ་དེ་ནས་ཐོབ། །དོན་དམ་བཅུད་ཀྱིས་དེ་ནས་རྒྱས། །འདོད་པའི་བསམ་པ་དེ་ནས་འགྲུབ། །སྨོན་པའི་ལྷ་དང་དེ་རུ་མཇལ། །དེ་ནས་རྡོ་རྗེ་གདན་སྟེང་གི །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །ཕོ་བྲང་རིན་ཆེན་དམ་པ་དེར། །བཀྲ་ཤིས་པ་ཡི་ཁང་པ་རུ། །ཀུ་ཀུ་རཱ་ཛ་ཨིནྡྲ་བོ་དྷི་དང་། །སིངྷ་ཨུ་པ་རཱ་ཛ་དང་། །སྲས་མོ་གོ་མ་དཱེ་ལ་སོགས། །སྒྱུ་འཕྲུལ་དྲ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་བསྒྲུབས་ཏེ། །རྡོ་རྗེ་འཆང་སར་མངོན་དུ་གཤེགས། །ཞེས་སོ། །དེ་དང་ཚུལ་མཐུན་པར། མཉམ་སྦྱོར་འགྲེལ་ཆེན་ལས་ཀྱང་། སྤྲུལ་པའི་སྐུ་འདས་ཕྱི་མའི་དུས་ཀྱི་ཚེ། །རྒྱལ་བའི་བཀའ་གསང་འཛམ་གླིང་གནས་སུ་ཤར། །རྒྱལ་པོའི་ཁབ་ཏུ་སྤྱན་རབས་མཆོད་བྱས་ཏེ། །དགའ་ཞིང་གུས་བསྟོད་ལེགས་བལྟས་བརྡའ་མ་མཇལ། །ཐུགས་རྗེའི་འབྲེལ་ཤུགས་གསང་སྔགས་འཛིན་པར་གྲགས། །དམ་པར་བཟུང་ནས་གླེགས་བམ་གཟིགས་པར་ཞུས། །སྒྱུ་འཕྲུལ་ཐིག་ལེ་སྟོང་པའི་དཀྱིལ་འཁོར་གཞུང་། །གྲུབ་ཐོབ་ལྷག་པའི་ལྷ་ཡིས་ལུང་བསྟན་མཛད། །རྡོ་རྗེ་ཐེག་པའི་གཞུང་ལུགས་སྣ་ཚོགས་མཐའ། །དམ་པ་རྣམས་ཀྱིས་གདམས་པ་ཇི་བཞིན་པ། །མི་འགལ་ལེགས་པར་བསྡུས་ཤིང་རབ་དཀྲོལ་ཏེ། །འགྲེལ་དང་བསྡུས་དོན་སྒྲུབ་ཐབས་མང་དུ་བསྟན། །ཞེས་པ་ལྟར་རོ། །དེ་ནས་སྲས་མོ་གོ་མ་དཱེ་ཝིས་ཀུ་ཀུ་རཱ་ཛ་ཕྱི་མ་ལ་བཤད། དེས་སྒེག་པའི་རྡོ་རྗེ། ཡེ་ཤེས་ཞབས། སངས་རྒྱས་གསང་བ་གསུམ་སོགས་ལ་བཤད་པ་ནས་རྒྱ་ཆེར་འཕེལ་ལོ། འདི་དང་དུས་མཉམ་དུ་ཨ་ནུ་ཡོ་གའི་རྒྱུད་རྣམས་སིངྒ་ལའི་ནགས་ཚལ་དུ་བབས་པ་དང་། ཀྲི་ཡའི་རྒྱུད་རྣམས་ཝཱ་ར་ཎ་སི། ཡོ་ག་རྣམས་མེ་རི་འབར་བའི་རྩེ་མོར་བབས་པར་བཤད། གསང་ཆེན་ཨ་ཏི་ཡོ་གའི་རྒྱུད་སྡེ་རྣམས་ནི། ལྷའི་བུ་ཀུན་དགའ་སྙིང་པོ་ཞེས་བྱ་བ་དེ་ཉིད། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ། རྒྱལ་པོ་ཨུ་པ་རཱ་ཛའི་སྲས་མོ་སུ་དྷརྨ་ཞེས་བྱ་བའི་སྲས་སུ་འཁྲུངས་པ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས། འོག་མིན་དུ་རྡོ་རྗེ་སེམས་དཔའ་ལས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་རྣམས་མངོན་སུམ་དུ་གསན་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་ལ་བསྟན་པ་ནས་བཟུང་རིམ་པར་དར་རོ། །འདི་དག་ནི་གཙོ་བོར་སྔ་འགྱུར་གྱི་ཕྱོགས་སུ་གྲགས་ཆེ་བ་ཙམ་ཞིག་བརྗོད་པ་ཡིན་གྱིས། གཞན་དུ་ན་ཨོ་རྒྱན་གྱི་ཡུལ་དང་ཤམ་བྷ་ལ་སོགས་ནས་གྲུབ་པ་བརྙེས་པའི་སྐྱེས་བུ། ས་ར་ཧ་དང་། ཀུ་ཀུ་རི་པ། མཚོ་སྐྱེས་ཞབས་སོགས་ཀྱིས་བླངས་ནས་དར་བ་སོགས་གསང་སྔགས་ཀྱི་བྱུང་ཚུལ་ནི་མཐའ་ཡས་པར་ཡོད་པས་མཐའ་གཅིག་ཏུ་འཆད་པར་མི་ནུས་སོ། །གསུམ་པ་བོད་གངས་ཅན་གྱི་ལྗོངས་འདིར་མདོ་སྔགས་ཀྱི་བསྟན་པ་དར་ཚུལ་ནི། བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་རབས་ཉེར་དྲུག་འདས་པ། ལྷ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་བོད་དུ་ཆོས་དར་བའི་སྔ་ལྟས་སུ་དཔང་སྐོང་ཕྱག་རྒྱ་པ་དང་མདོ་སྡེ་ཟ་མ་ཏོག་སོགས་ཕོ་བྲང་ཡུལ་བུ་བླ་མཁར་གྱི་སྟེང་དུ་བབས་པ་ནས་དམ་པ་ཆོས་ཀྱི་དབུ་བརྙེས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། ར་ས་འཕྲུལ་སྣང་སོགས་མཐའ་འདུལ་གྱི་གཙུག་ལག་ཁང་མང་དུ་བཞེངས། རྟེན་གྱི་གཙོ་བོ་ཇོ་ཤཱཀ་རྣམ་གཉིས་སྤྱན་དྲངས། ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་བརྫངས་ནས། ཡིག་རིགས་དང་སྒྲ་སྦྱོར་ལ་ཕུལ་དུ་ཕྱིན་པར་བསླབས་ཏེ། བོད་ཡིག་གི་སྲོལ་བཏོད་ཅིང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་སོགས་བརྡའ་སྦྱོར་གྱི་བསྟན་བཅོས་ཀྱང་མཛད། མདོ་སྡེ་དཀོན་མཆོག་སྤྲིན་དང་། ཟ་མ་ཏོག་སོགས་ཐེག་པ་ཆེན་པོའི་སྡེ་སྣོད་མང་དུ་བསྒྱུར་ནས་དམ་པའི་ཆོས་ཀྱི་སྲོལ་བཏོད། ཁྱད་པར་དུ་འཕགས་པ་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཆོས་སྐྱོངས་པའི་རྒྱལ་པོ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ། ཟ་ཧོར་གྱི་མཁན་པོ་ཞི་བ་འཚོ་དང་། ཨོ་རྒྱན་གྱི་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་སམ་བྷ་ཝ་སྤྱན་དྲངས། སློབ་དཔོན་ཆེན་པོས་བོད་ཀྱི་ལྷ་འདྲེ་མཐུ་བོ་ཆེ་རྣམས་དམ་འོག་ཏུ་བཅུག་ནས་ས་གཞི་བྱིན་གྱིས་རླབས། ཟན་ཡངས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ནས་རབ་ཏུ་གནས་པར་མཛད། མཁན་ཆེན་ཞི་བ་འཚོས། རྦ་ཁྲི་གཟིགས། རྦ་གསལ་སྣང་། པ་གོར་བཻ་རོ་ཙཱ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན། མཁོན་ཀླུའི་དབང་པོ། ལ་སུམ་རྒྱལ་བ་བྱང་ཆུབ་བདུན་ཐོག་མར་རབ་ཏུ་ཕྱུངས་ནས་བསྙེན་པར་རྫོགས་ཏེ། མཚན་དཔལ་དབྱངས་དང་ཡེ་ཤེས་དབང་པོ་སོགས་སུ་བཏགས་པ་ལ་འདུལ་འཛིན་སད་མི་བདུན་ཞེས་གྲགས་ཏེ་བསྟན་པའི་གཞི་བཙུགས། དེ་ནས་གཞན་ཡང་རྒྱ་གར་འཕགས་པའི་ཡུལ་ནས། སློབ་དཔོན་ཆེན་པོ་ཤཱནྟིཾ་གརྦྷ། སྔགས་འཆང་དྷརྨཱ་ཀིརྟི། ཟླ་བ་གྲགས་པ། ཞི་བའི་ལྷ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། སརྦ་ཛྙཱ་དེ་བ། ཀ་མ་ལ་ཤཱི་ལ། བི་མ་མི་ཏྲ་སོགས་པཎ་ཆེན་བརྒྱ་དང་རྩ་བརྒྱད་སྤྱན་དྲངས། ལོ་ཙཱ་བ་སྐ་ལྕོག་ཞང་གསུམ། གནུབས་ནམ་མཁའི་སྙིང་པོ། གཉགས་ཛྙཱ་ན་ཀུ་མ་ར་སོགས་ཀྱིས་སྒྲ་བསྒྱུར་ནས་རྒྱུ་དང་འབྲས་བུའི་ཐེག་པ་མཐའ་དག་གི་བཀའ་དང་བསྟན་བཅོས་ཐམས་ཅད་བོད་དུ་དར་བར་མཛད་དོ། །དུས་དེ་ཙམ་ན་དཔལ་གྱི་བསམ་ཡས་སོགས་ཆོས་འཁོར་གསུམ་དུ་ཀློག་པ་ཐོས་བསམ་གྱི་འཁོར་ལོ་གཙོ་བོར་བཟུང་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག་བཅས་ལུང་གི་བསྟན་པ་མཐའ་དག་བཤད་ཉན་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་མཛད་ཅིང་། འཆིམས་ཕུ་སོགས་སྒྲུབ་གནས་གསུམ་དུ་སྤོང་བ་བསམ་གཏན་གྱི་འཁོར་ལོ་གཙོ་བོར་བཟུང་ནས་རྟོགས་པའི་བསྟན་པ་སྒྲུབ་པའི་སྒོ་ནས་འཛིན་པར་མཛད་པས། གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཉིན་མོར་བྱེད་པའི་དཔལ་ལྟར་འབར་ཞིང་། མཁས་ཤིང་གྲུབ་པ་བརྙེས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་ཀྱང་ས་ཆེན་པོའི་ཁྱོན་ཀུན་ཏུ་ཁྱབ་པར་གྱུར་ཏོ། །དེ་ནས་ལྷ་སྲས་མུ་ཏིག་བཙན་པོ་དང་། མངའ་བདག་རལ་པ་ཅན་གཉིས་ཀྱི་རིང་ལ་ཡང་། ཡབ་མེས་ཀྱི་སྲོལ་བཟུང་ནས་སྔར་གྱི་འགྱུར་འཕྲོ་རྣམས་བསྒྱུར་བ་དང་། འགྱུར་ཟིན་པ་རྣམས་ཞུས་དག་བགྱིས་ནས་བཀས་བཅད་ཀྱིས་གཏན་ལ་ཕབས་པ་སོགས་རྒྱལ་བའི་བསྟན་པ་ལ་རྨ་མེད་པའི་མཛད་པ་བླ་ལྷག་ཏུ་བགྱིས་སོ། །དེ་ལྟར་རྒྱལ་པོ་ཐོ་རི་གཉན་ཤལ་ནས་བཟུང་། མངའ་བདག་རལ་པ་ཅན་གྱི་བར་ལ་སྐྱིད་པའི་གདུང་རབ་བཅུ་གསུམ་ཞེས་ཟེར་ཞིང་། དེ་དག་གི་རིང་ལ། པཎྜི་ཏ་ལྷ་རིག་པའི་སེང་གེ་དང་། ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་ནས་པཎ་ཆེན་སྨྲྀ་ཏི་དང་། ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་བར་དུ་བྱོན་པ་རྣམས་ཀྱིས་བསྒྱུར་ཅིང་བཤད་པ་རྣམས་ལ་སྔ་འགྱུར་རྙིང་མ་ཞེས་གྲགས་སོ། །ལུགས་དེ་ལ། ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་མ་ཞེས་བརྒྱུད་པའི་སྲོལ་ཀ་ཆེན་པོ་གསུམ་དུ་ཡོད་པ་ལས། དང་པོའི་ཕྱོགས་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པའི་ནང་ནས་གཙོ་བོར་གྱུར་པ་ནི་མདོ་སྒྱུ་སེམས་གསུམ་ཡིན་ཞིང་། དེ་དག་གི་བརྒྱུད་པའི་བབས་ལུགས་ཀྱང་། སྒྱུ་འཕྲུལ་སོགས་མ་ཧཱ་ཡོ་གའི་སྐོར་རྣམས་ནི། སློབ་དཔོན་པདྨ། བི་མ་ལ། སངས་རྒྱས་གསང་བ་སོགས་ནས། གཉགས་ཛྙཱ་ན་ཀུ་མ་དང་། སོག་པོ་དཔལ་གྱི་ཡེ་ཤེས་སོགས་ལས་བརྒྱུད་ནས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བབབས་སོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སེམས་ཕྱོགས་ཀྱི་སྐོར་རྣམས་ཀྱང་སློབ་དཔོན་ཤྲི་སེངྷ་ལས། ལོ་ཙཱ་བ་བཻ་རོ་ཙ་ནས་གསན་ཏེ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། རྒྱལ་མོ་གཡུ་སྒྲ་སྙིང་པོ། སྤང་མི་ཕམ་མགོན་པོ་གསུམ་ལ་བཤད། བཻ་རོ་དང་གཡུ་སྒྲ་གཉིས་ཀ་ལ་གཉགས་ཀྱིས་གསན་ནས། རིམ་པར་གནུབས་ལ་བབས་སོ། །མདོ་དགོངས་པ་འདུས་པ་སོགས་ཨ་ནུ་ཡོ་གའི་སྐོར་རྣམས་ནི། བལ་པོའི་སློབ་དཔོན་བ་སུ་དྷ་ར་དང་། བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་སོགས་ལས་གནུབས་ཆེན་ཉིད་ཀྱིས་གསན་ནོ། །དེ་ལྟར་ན་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་བཀའ་ཡི་ཆུ་བོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བབས་སོ། །དེ་ལ་སོ་ཡེ་ཤེས་དབང་ཕྱུག་སོགས་ཐུགས་ཀྱི་སྲས་བཞི། སྲས་ཀྱི་དམ་པ་ཁུ་ལུང་བ་ཡོན་ཏན་རྒྱ་མཚོ་དང་ལྔ་སོགས་ཡོད་པ་ལས། ཡོན་ཏན་རྒྱ་མཚོ་དང་སོ་ཡེ་ཤེས་དབང་ཕྱུག་གཉིས་ལས་རིམ་པར་བརྒྱུད་དེ་ཟུར་ལ་བབས་སོ། །ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ་སློབ་མ། རྩེ་མོ་བཞི་རྩེ་ལྐོག་དང་ལྔ་། སྒོམ་ཆེན་བརྒྱ་དང་རྩ་བརྒྱད་ལ་སོགས་པར་བྱུང་ཞིང་དེའི་ནང་ནས་ལྟ་དགོངས་ཀྱི་རྩེ་མོ་ཟུར་ཆུང་ཤེས་རབ་གྲགས་པ་ལ། སློབ་མ་ཀ་བ་བཞི། གདུང་བརྒྱད་སོགས་མང་དུ་བྱོན། ཁྱད་པར་སྐུའི་སྲས་གསང་བདག་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ལ་སློབ་མ། སྟོན་པ་བཞི། ནག་པོ་བཞི། མེས་བཞི་སྟེ་བཅུ་གཉིས་སོགས་ཤིན་ཏུ་མང་བར་བྱུང་ངོ་། །དེ་ལྟར་ཟུར་པ་མེས་དབོན་གསུམ་གྱི་བཀའ་དྲིན་ལས་ཁམས་དབུས་ཀུན་ཏུ་སྔ་འགྱུར་མདོ་སྒྱུ་སེམས་གསུམ་སོགས་ཀྱི་སྲོལ་ཀ་ཤིན་ཏུ་རྒྱས་པར་གྱུར་ཏོ། །གཞན་ཡང་བར་སྐབས་རྣམས་སུ་གསར་རྙིང་མཁས་གྲུབ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ཟླ་མེད་པའི་མཁས་པ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོ་དང་། ཀུན་མཁྱེན་བསམ་ཡས་པ། མངའ་རིས་པཎ་ཆེན། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་དྷརྨ་ཤྲི་སོགས་རིམ་པར་བྱོན་པ་རྣམས་ཀྱིས་ཀྱང་རྨད་དུ་བྱུང་བའི་སྙིང་སྟོབས་ཆེན་པོས། འཆད་རྩོད་རྩོམ་པའི་ཁུར་བདག་གིར་བཞེས་ནས། རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་ནང་རྒྱུད་སྡེ་གསུམ་སོགས་ཀྱི་བརྒྱུད་པའི་སྲོག་མཐུད་པར་མཛད་པས། དེང་སང་གི་སྐབས་འདིར་ཆོས་འདི་དག་ལ་ཅུང་ཟད་ཙམ་སྤྱོད་དུ་ཡོད་པ་ནི་དམ་པ་འདི་རྣམས་ཀྱི་བཀའ་དྲིན་ཁོ་ན་ལས་ཡིན་པར་ཤེས་པར་བྱའོ། །དེ་དག་གིས་བསྟན་པའི་བབས་ཚུལ་མདོ་ཙམ་སོང་ནས། སྐབས་འདིར་ཐེག་དགུའི་ལམ་རིམ་ལྟར་གྱི་སོ་བྱང་སྔགས་གསུམ་སོ་སོའི་བླ་མ་བརྒྱུད་པའི་རྣམ་ཐར་གོ་རིམ་ལྟར་ཆུ་བབས་སུ་འགོད་པར་འོས་ཀྱང་དེ་ལྟར་བཀོད་ཚེ་ཡི་གེའི་སྤོམ་ཤིན་ཏུ་མང་བར་འགྱུར་གྱིས་དོགས་ནས་རྒྱས་སྤྲོས་དོར་ཏེ་ས་བཅད་ཙམ་ཞིག་ཏུ་རགས་པ་བསྡུ་བའི་དབང་དུ་བྱས་ན་གསུམ་ལས། ཐོག་མར་བསྟན་པའི་གཞི་མ་འདུལ་བ་སོ་ཐར་གྱི་སྡོམ་རྒྱུན་ལ། དེང་སང་ཡོད་པ་ཁ་ཆེ་ལུགས་དང་། སྨད་འདུལ་གྱི་རྒྱུན་གཉིས་ལས། འདིར་ཕྱི་མ་སྔ་འགྱུར་ལུགས་ཀྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། འཕགས་མཆོག་ཀླུ་སྒྲུབ། སློབ་དཔོན་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་ཆེན་ཞི་བ་འཚོ། རྦ་རཏྣ། གཙང་རབ་གསལ། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་ནས་རིམ་པར་བརྒྱུད་དེ། བདག་ཅག་གི་མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་བར་དུ་བྱོན་པའོ། །གཉིས་པ་ཐེག་ཆེན་སེམས་བསྐྱེད་ཀྱི་བརྒྱུད་པ་ལ་ལུགས་གསུམ་ལས། ཟབ་མོ་ལྟ་བའི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། རྒྱལ་སྲས་འཇམ་དཔལ། མགོན་པོ་ཀླུ་སྒྲུབ། ཟླ་བ་གྲགས་པ་སོགས་དང་། རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས་ནས། རྒྱལ་ཚབ་བྱམས་པ། འཕགས་པ་ཐོགས་མེད། མཁས་མཆོག་དབྱིག་གཉེན་སོགས་དང་། ཟབ་དང་རྒྱ་ཆེའི་བརྒྱུད་པ་ནི། འཇམ་དཔལ་ནས་ཞི་བའི་ལྷ། ཨེ་ལ་དྷ་རི་སོགས་ཏེ། དེ་ལྟར་བརྒྱུད་ཚུལ་གསུམ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ་ལ་བབས་ཤིང་། དེ་ནས་རིམ་པར། རྗེ་བླ་མ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་གྱི་བར་དུའོ། །གསུམ་པ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་ལམ་གྱི་བརྒྱུད་པ་ལའང་། རྒྱུད་སྡེ་བཞིའམ་དྲུག་ལས་བྱ་བའི་རྒྱུད་དུ་བཞག་པ་ལ། ཁྲི་སྲོང་ལྡེའུ་བཙན་ནས་བཟུང་བོད་ཀྱི་རྒྱལ་པོ་རྣམས་ཀྱི་ཐུགས་དམ་དུ་བསྔགས་པ། བདེར་གཤེགས་སྨན་ལྷ་བརྒྱད་ཀྱི་ཆོ་གའི་བརྒྱུད་པ་ནི། མཉམ་མེད་ཐུབ་པ་ཆེན་པོ་ནས། འཇམ་དཔལ། ཞི་བ་འཚོ། ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་སད་ན་ལེགས་སོགས་དང་། འོད་ཟེར་དྲི་མེད་དང་། འཕགས་པ་གཙུག་ཏོར་དྲི་མ་མེད་པ་ལྷ་ལྔའི་ཆོ་ག་གཉིས་ཀྱང་། ཆོས་རྒྱལ་ཡན་གོང་ལྟར་ལ་དེ་ནས་མུ་ནེ་བཙད་པོ། ས་དན་ལེགས། ལྷ་སྲས་གཙང་མ་སོགས་ནས་རིམ་པར་རྗེ་བླ་མའི་བར་དུའོ། །སྤྱོད་རྒྱུད་ཕྱག་ན་རྡོ་རྗེ་དབང་བསྐུར་དང་། རྣལ་འབྱོར་གྱི་རྒྱུད་དེ་ཉིད་སྣང་བ་དག་གི་བརྒྱུད་པ་ནི་འདུས་མདོའི་སྐབས་སུ་གསལ་བ་ལྟར་རོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ལའང་གསུམ་ལས། དང་པོ་མ་ཧཱ་ཡོ་གའི་སྐོར་ལ། སྐུའི་རྒྱུད་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་མཆོག་ནི། དཔལ་ཀུན་ཏུ་བཟང་པོ་ནས། རིགས་ལྔའི་སངས་རྒྱས། གསང་བའི་བདག་པོ། ལི་ཙཱ་བི་དྲི་མེད་གྲགས་པ། ཨིནྟྲ་བྷུ་ཏི། ཨུ་པ་རཱ་ཛ། ཀུ་ཀུ་རཱ་ཛ། མུ་དི་ཏ་སོགས་ནས་རྗེ་བླ་མའི་བར་དུའོ། །གཤིན་རྗེ་རོལ་བའི་རྒྱུད་ལས། འཇམ་དཔལ་མ་རུ་ཙེ་དམར་པོ་དང་ཁ་ཐུན་ནག་པོ་སོགས་ཀྱིས་སྐོར་ནི། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ནས། དཔལ་གཤིན་རྗེ་གཤེད། གསང་བདག་ཕྱག་རྡོར། འཇམ་དཔལ་བཤེས་གཉེན། དེ་ནས་བཀའ་བབས་གསུམ་གྱི་བརྒྱུད་པ་སོ་སོར་འདྲེན་ཚུལ་མི་འདྲ་ཙམ་ཡོད་པ་གང་ལྟར་ཀྱང་གནུབས་ཆེན་ཡབ་སྲས་ལས་རིམ་པར་བརྒྱུད་དེ་རྗེ་བླ་མ་ལའོ། །དཔལ་ཧེ་རུ་ཀ་རོལ་བའི་རྒྱུད་ལས། ཡང་དག་ཟླ་གམ་དགུ་བའི་སྐོར་ནི། སྟོན་པ་ཀུན་ཏུ་བཟང་པོ་ནས། རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རོ་ལངས་བདེ་བ། སངས་རྒྱས་གསང་བ། བལ་པོ་ཧཱུྃ་མཛད། པདྨ་སམ་བྷ་ཝ། ནམ་མཁའི་སྙིང་པོ་སོགས་ལས་རིམ་པར་བརྒྱུད་དེ་རྗེ་བླ་མ་ལའོ། །ཕུར་པ་རོལ་བའི་རྒྱུད་ལས། ཇོ་མོ་ལུགས། རྒྱལ་པོ་ལུགས། ལྕམ་ལུགས། སྣ་ནམ་ལུགས་སོགས་མང་དུ་ཡོད་པའི་བརྒྱུད་པ་ཅི་རིགས་འདྲེས་པའི་གནད་བསྡུས། ཕུར་པ་རོག་ལུགས་སུ་གྲགས་པ། ཀུན་ཏུ་བཟང་པོ་ནས་ཀརྨ་ཧེ་རུ་ཀ། དྷ་ན་སམ་ཀྲྀ་ཏ། པདྨ་སམ་བྷ་ཝ། མཁར་ཆེན་མཚོ་རྒྱལ། དཔལ་གྱི་དབང་ཕྱུག་སོགས་ལས་བརྒྱུད་པ་དང་། རོང་ཟོམ་ལུགས་ཀྱི་ཕུར་པ་ཀུན་བཟང་ནས། རྡོ་རྗེ་གཞོན་ནུ། བྲམ་ཟེ་མིའི་ཐོད་པ། མཁའ་འགྲོ་ལས་ཀྱི་དབང་མོ། སློབ་དཔོན་བྲ་བྷ་ཧསྟི། ཨུ་པ་དཱ་ན། ཨོ་རྒྱན་ཆེན་པོ། སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་ལས་བརྒྱུད་པ་སྟེ་གཉིས་ཀའང་རིམ་གྱིས་རྗེ་བླ་མ་དམ་པ་ལའོ། །སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་སྐོར་རྣམས་ནི། ཀུན་ཏུ་བཟང་པོ། རྒྱལ་ཚབ་རིགས་ལྔ། རིགས་གསུམ་མགོན་པོ། དམ་པའི་རིགས་ཅན་དྲ་མ་ལྔ། རྒྱལ་པོ་ཛཿཀུ་ཀུ་རཱ་ཛ། ཨིནྟྲ་བྷུ་ཏི། སིངྷ་རཱ་ཛ་སོགས་ནས་རྗེ་བླ་མ་ལའོ། །དེ་དང་འདྲ་བ་ལས། སྒྱུ་འཕྲུལ་གྱི་ཆ་ལག་ཏུ་གཏོགས་པ་སློབ་དཔོན་སངས་རྒྱས་གསང་བའི་ལུགས་ཀྱི་ཚེ་སྒྲུབ་སྐོར་ནི། ཀུན་བཟང་། རྡོར་སེམས། ཕྱག་རྡོར། ཀུ་ཀུ་རཱ་ཛ། ཨིནྟྲ་བྷུ་ཏི་ཆེན་པོ། སིངྷ་རཱ་ཛ། ཨུ་པ་རཱ་ཛ། རྡོ་རྗེ་བཞད་པ། སངས་རྒྱས་གསང་བ། བི་མ་ལ་སོགས་ནས་རྗེ་བླ་མ་ལའོ། །རྣལ་འབྱོར་སྤྱི་ཁྲུས་ན་རག་དོང་སྤྲུག་གི་སྐོར་ནི། ཀུན་ཏུ་བཟང་པོ། ཕྱག་རྡོར། ཀུ་ཀུ་རཱ་ཛ། ཨིནྟྲ་བྷུ་ཏི། ཤཱཀྱ་པུ་ཏྲི་སོགས་ནས་རིམ་པར་རྗེ་བླ་མ་ལའོ། །དྲག་དམར་བཀའ་མ་འོ་བྲན་ལུགས་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། འོ་བྲན་དཔལ་གྱི་འབྱུང་གནས། དཔལ་གྱི་དབང་ཕྱུག། ཆོས་ཀྱི་འབྱུང་གནས། གྲགས་པ་རྒྱ་མཚོ། དབང་གི་རྒྱལ་པོ། རྟ་མཆོག་རྒྱལ་པོ། རི་རབ་བརྟན་པ་སྟེ་འོ་བྲན་བདུན་བརྒྱུད། དེ་ནས། ཉི་མ་རྒྱལ་མཚན་སོགས་ནས་རིམ་པར་རྗེ་བླ་མ་དམ་པའི་བར་དུའོ། །དེ་དག་གི་བསྟན་སྲུང་དྲེགས་པའི་སྐོར་ལ། མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྐོར་ནི། ཀུན་བཟང་། རིགས་ལྔ། ཕྱག་རྡོར། རྒྱལ་པོ་ཛཿཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། དྷརྨ་བོ་དྷི། བལ་པོ་ནོར་འཛིན། གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་ནས་རྗེ་བླ་མའི་བར་དུའོ། །མགོན་པོ་སྟག་ཞོན་དང་བིང་བཀའ་གཏེར་ཟུང་འཇུག་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཤནྟིཾ་གརྦྷ། རོམ་བུ་གུ་ཧྱ། ཁྲག་འཐུང་ནག་པོ། སྒེག་པའི་རྡོ་རྗེ། བ་སུ་དྷཱ་ར། གནུབས་ཆེན་སོགས་ནས་རྗེ་བླ་མའི་བར་དུའོ། །ལྷ་མོ་རེ་ཏི་རང་བྱུང་རྒྱལ་མོ་ནི། གསང་བའི་བདག་པོ། ཨོ་རྒྱན་ཡབ་ཡུམ། དེ་ནས་ངམ་འབྲེ་ས་ལེ། ལང་ལབ་བྱང་རྡོར། སྐྱི་ནག་གྱང་འགྱེལ་སོགས་ནས་བརྒྱུད་པ་བཀའ་མ་དང་། ཨོ་རྒྱན་ཆེན་པོ་ནས། གཏེར་སྟོན་པུ་རངས་པ་ཞང་བཙུན། ཁྱུང་པ་སྟག་ཤམ་པ་སོགས་ནས་བརྒྱུད་པ་གཏེར་མ་སྟེ་ལུགས་གཉིས་ཀ་གང་ལྟར་ཡང་གཏེར་ཆེན་ནས་རིམ་བཞིན་རྗེ་བླ་མའི་བར་དུའོ། །རྣམ་སྲས་གསང་སྒྲུབ་དྲག་པོ་རྟ་སྔོན་ཅན་ནི། གཤིན་རྗེ་གཤེད། རྒྱལ་པོ་ཀུན་སྐྱོང་། བལ་པོ་ནོར་འཛིན། གནུབས་ཆེན་སོགས་ནས་རྗེ་བླ་མ་དམ་པའི་བར་དུའོ། །གཉིས་པ་ཨ་ནུ་ཡོ་ག་ལས་འདུས་པ་མདོའི་སྐོར་ནི། རྒྱལ་པོ་ཛཿཡན་ཆད་སྒྱུ་འཕྲུལ་གྱི་བབས་དང་འདྲ་བ་ལས། དེ་ནས་ཨུ་པ་རཱ་ཛ། ཨིནྟྲ་བྷུ་ཏི། ན་ག་པུ་ཏྲ། ག་ཡ་པ་ཏྲི། ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ་སོགས་ནས་རིམ་པར་རྗེ་བླ་མ་ལའོ། །བསྐྱེད་རྫོགས་གསུམ་གྱི་མན་ངག་ཏུ་གྲགས་པ་རྒྱ་བོད་མཁས་པ་མི་བཞིའི་དགོངས་བཅུད་བཀའ་བརྒྱད་བཀའ་མ་རྫོངས་འཕྲང་དུ་གྲགས་པའི་སྐོར་ནི། སྟོན་པ་ཀུན་ཏུ་བཟང་པོ་ནས། རྡོར་སེམས། དགའ་རབ། ཤྲཱི་སིངྷ། མཁས་པ་མི་བཞི། ཞང་ཡེ་ཤེས་སྡེ། གནུབས་ཆེན་ཡབ་སྲས་སོགས་ནས་རིམ་པར་བརྒྱུད་དེ་རྗེ་བླ་མ་ལའོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སེམས་ཕྱོགས་ཀྱི་སྐོར་ལས། སེམས་སྡེ་མ་བུ་བཅོ་བརྒྱད་སོགས་ཀྱི་དབང་དང་གདམ་ཁྲིད་རྣམས་ནི། ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། ཡེ་ཤེས་གཞོན་ནུ། དཔལ་གྱི་ཡེ་ཤེས། གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་ནས་རིམ་པར་བརྒྱུད་དེ་རྗེ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རིག་པའི་རྡོ་རྗེ་བཻ་རོ་ཙ་ན་རྩལ་ལའོ། །དེ་ལྟར་ན། བདག་ཅག་གི་རིགས་ཀྱི་བདག་པོ་རྗེ་ཐམས་ཅད་མཁྱེན་པ་འདི་ཉིད་ལ། སྔ་འགྱུར་ཐེག་རིམ་དགུའི་བརྒྱུད་པ་ཐམས་ཅད་གཅིག་ཏུ་འདུས་པས་བསྟན་པ་ཡོངས་རྫོགས་ཀྱི་བབས་སོ་བཞི་བར་གྱུར་པ་ཡིན་ནོ། །བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་རྣམས་ཀྱི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ལས། བསྟན་པ་རིན་པོ་ཆེ་སྤྱིའི་བབས་ཚུལ་ལོ་རྒྱུས་སུ་བརྗོད་པའི་སྐབས་ཏེ་དང་པོའོ། །གཉིས་པ་ཇི་ལྟར་སྤར་དུ་སྒྲུབ་ཚུལ་བཞུགས་བྱང་དཀར་ཆག་དངོས་འགོད་པ་ལ། གང་གིས་སྤར་དུ་སྒྲུབ་པར་མཛད་པ་པོའི་གང་ཟག ཇི་ལྟར་སྒྲུབ་པའི་ཚུལ། དེ་ལྟར་བསྒྲུབས་པའི་ཞལ་བྱང་དང་གསུམ་ལས། དང་པོ་ནི། སྤྱིར་ཐུན་མོང་རིག་གནས་དང་བཅས་པའི་རང་བཞིན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཞིང་ཐེག་པ་མཐའ་དག་གི་དོན་ལ་དབང་འབྱོར་བ། ཁྱད་པར་དུ་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་རྣམ་བཞི་ཡོངས་སུ་རྫོགས་ཤིང་། སྙིགས་མའི་དུས་འདིར་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ལ་སངས་རྒྱས་དངོས་ཀྱི་མཛད་པ་དང་ཐ་མི་དད་པའི་རྗེ་བདག་ཉིད་ཆེན་པོ་འདིའི། ཕྱི་ནང་གསང་བའི་རྣམ་པར་ཐར་པ་མཐའ་དག་བརྗོད་པ་ལ་ནི་འཕགས་ཆེན་རྣམས་ཀྱང་ངལ་བའི་གནས་སུ་གྱུར་ན། བདག་ཅག་བྱིས་པའི་སྐྱེ་བོ་བློ་གྲོས་སྦྲང་བུའི་གཤོག་པ་དང་མཚུངས་པ་དག་གིས་ཇི་ཞིག་བརྗོད་པར་ནུས་ཏེ། ཕྱོགས་ཙམ་ཡང་མཚོན་པར་རྔོ་ཐོགས་པ་མ་ཡིན་མོད། དེ་ལྟ་ནའང་དེང་གི་དུས་སུ་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་གི་རྩ་ལག་ཆེན་པོར་གྱུར་ཅིང་། ཤིན་ཏུ་དཀར་བའི་ལེགས་བྱས་འདི་ཉིད་ཀྱང་སྒྲུབ་པའི་བདག་པོའི་རྐྱེན་གཅིག་པུར་གྱུར་པའི་ཕྱིར་གཏམ་གྱི་སྦྱོར་བ་སྐབས་སུ་བབས་པས། ཇི་ལྟར་རྒྱ་མཚོ་ཆེན་པོ་ལས་སྐྲའི་རྩེ་མོས་བླངས་པ་ལྟར་སྐྱེས་བུ་ཆེན་པོའི་མཛད་པ་ལས་བརྩམ་སྟེ་ཆ་ཤས་ཙམ་ཞིག་འགོད་པ་ལ། དེ་ཡང་འདི་སྐད་ཅེས་ཐོས་ཏེ། རྣམ་འདྲེན་མཆོག་གི་སྤྲུལ་པའི་སྐུ། འདི་ཉིད་ངེས་པའི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཆེན་པོར་མངོན་པར་སངས་རྒྱས་ནས། སླར་ཡང་གདུལ་བྱའི་ཞིང་ཁམས་འཇིག་རྟེན་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་ཚད་མེད་པ་བཀོད་པ་དང་། གཞན་ཡང་བརྒྱ་བྱིན་དང་། འཁོར་ལོས་བསྒྱུར་བ་སོགས་སྤྲུལ་པའི་རྣམ་རོལ་སྒྱུ་མ་ལྟར་རིས་སུ་མ་ཆད་པར་སྣང་བ་ལས། བྱེ་བྲག་ཏུ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཐབས་ལ་མཁས་པའི་ཡེ་ཤེས་ཀྱི་རོལ་བ་ཚད་མེད་པས་སྟོན་འཁོར་ཐ་དད་པ་ལྟར་བསྟན་ཀྱང་དོན་ལ་དགོངས་པ་དབྱེར་མི་ཕྱེད་པའི། རྒྱལ་སྲས་རིགས་གསུམ་སེམས་དཔའ་དང་། མཉམ་མེད་ཐུབ་པའི་དབང་པོའི་ཉེ་གནས་མང་དུ་ཐོས་པའི་མཆོག་ཏུ་གྱུར་པ་འཕགས་པ་ཀུན་དགའ་བོ། གསང་ཆེན་རྒྱུད་སྡེ་ཀུན་གྱི་བདག་པོར་དབང་བསྐུར་བ་ཆོས་རྒྱལ་ལུང་བསྟན་རྡོ་རྗེ། དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་བཀའ་བབས་སློབ་དཔོན་ཀུ་ཀུ་རཱ་ཛ། སེམས་ཕྱོགས་མན་ངག་གི་བདག་པོ་འཇམ་དཔལ་བཤེས་གཉེན། མདོ་ལུང་རྒྱུད་འགྲེལ་གྱི་ཤིང་རྟ་བདེ་བ་གསལ་མཛད་སོགས་དང་། གཞན་ཡང་གངས་ཅན་གྱི་མིག་གཅིག་ལོ་ཙཱ་བ་ཆེན་པོ་ཐོན་ནི་སམ་བྷོ་ཊ། པཎ་ཆེན་བཻ་རོ་ཙ་ན། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། རོང་ཟོམ་ཆོས་ཀྱི་བཟང་པོ། རས་ཆུང་རྡོ་རྗེ་གྲགས་པ། གླང་ལུང་པ་རྒྱལ་བ་དོན་འགྲུབ། འཇམ་དབྱངས་ཀུན་དགའ་རྒྱལ་མཚན། ཆོས་རྒྱལ་རྡོ་རྗེ་གླིང་བ། ཨོ་རྒྱན་ཀུན་སྐྱོང་གླིང་བ། གྲུབ་ཐོབ་མེ་ལོང་རྡོ་རྗེ། གཏེར་ཆེན་ཤེས་རབ་འོད་ཟེར། རིག་འཛིན་འགྱུར་མེད་རྡོ་རྗེ་སོགས་དུས་རིམ་དང་ཅིག་ཆར་སྣ་ཚོགས་སུ་གཅིག་ལས་དུ་མར་འཆར་བ་ཆུ་ཟླའི་རོལ་བ་ལྟ་བུའི་དག་ཆེན་སྐྱེ་བའི་ཕྲེང་བ་དུ་མར་འབྱམས་ཀླས་པའི་མཐར། དེང་གི་དུས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་དམའ་བར་གྱུར་པའི་སྐབས་འདིར། སྔོན་རབ་དུ་མའི་ཐུགས་བསྐྱེད་དང་སྨོན་ལམ་སྟོབས་སུ་གྱུར་པས། སླར་ཡང་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་དྲི་མ་མེད་པའི་གྲུབ་མཐའ་གཞི་བཞེངས་སུ་སློང་བའི་ཤིང་རྟ་ཆེན་པོར་བྱོན་པ་འདི་ཉིད་དོ། །དེ་ལྟར་ཡང་རིག་འཛིན་འགྱུར་མེད་རྡོ་རྗེའི་གཏེར་ལུང་གབ་རྒྱ་ཅན་ལས། བཻ་རོ་ཁྱོད་ནི་སྐྱེ་མཐའི་བྱང་སེམས་ཏེཿཁྱོད་ཀྱི་འདི་གོང་སྐྱེ་བ་འདས་པ་ནིཿསྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོནཿསེམས་ཅན་སངས་རྒྱས་མཉམ་ཉིད་ཁྱབ་བརྡལ་ཡངཿཁམས་གསུམ་འགྲོ་བའི་འདྲེན་པར་རྡོ་རྗེ་ཆོསཿཤཱཀ་ཐུབ་ཉེ་གནས་ཨཱ་ན་ནྟ་ཞེས་དངཿརྒྱལ་པོ་ཛ་དང་ཤིནྟཾ་གརྦྷ་དངཿབོད་དུ་སམ་བྷོ་ཊ་སོགས་དག་པ་ཡིཿསྐྱེ་བ་དེ་ཙམ་སྣང་གི་མ་དག་པའིཿསྐྱེ་ཚུལ་བརྗོད་དུ་ལོང་བའི་གནས་མ་ཡིནཿདེ་ལྟར་དག་པའི་སྐྱེ་བ་དེ་དག་གིསཿའགྲོ་ལ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་པའངཿབཻ་རོ་ཁྱོད་དུ་སྐྱེ་བ་བླངས་པ་ཡིནཿཁྱོད་ཀྱང་ཤྲཱི་སེངྷ་ཡེ་ཤེས་མདོཿཔདྨ་◌྄བདག་སོགས་གཙུག་གི་བླ་མར་བསྟེནཿགདམས་པའི་གནད་རྣམས་ཕུ་ཐག་བཅད་བྱས་ནསཿཆོས་སྐུའི་རང་ཞལ་མངོན་སུམ་རྟོགས་གྱུར་པསཿལས་འཕྲོ་མ་དག་སྐྱེ་བ་ལེན་མི་སྲིདཿའོན་ཀྱང་སེམས་བསྐྱེད་སྨོན་ལམ་བཟང་པོ་ཡིསཿམཚམས་སྦྱོར་མཐའ་ཡས་འགྲོ་བའི་དཔལ་ཉིད་དུཿདབང་ཕྱུག་འབར་དང་ར་ཤག་རྡོ་རྗེ་གླིངཿཀུན་སྐྱོང་གླིང་དང་མདོ་སྔགས་གླིང་པ་སོགསཿཔདྨ་བདག་གི་ཟབ་གཏེར་བདག་པོ་དངཿགཞན་ཡང་ཐེག་པ་ཆེ་ཆུང་སྣ་ཚོགས་ལཿདེ་དང་མཐུན་པའི་ངོ་མཚར་སྐྱེ་བའི་གྲངསཿབཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐརཿཞེས་རིམ་པར་ལུང་བསྟན་པ་ལས་ཁྱད་པར་ཆོས་རྒྱལ་གཏེར་བདག་གླིང་པའི་དུས་སུ། བཀའ་གཏེར་སྤྱི་དང་། ཁྱད་པར་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་སྐོར་རྣམས་ལ། རྒྱ་ཆེན་པོ་སྡུད་པ་དང་། ཟབ་མོ་རྣམ་པར་འབྱེད་པ་དང་། འཁྲུགས་པ་གོ་རིམས་སུ་སྡེབས་པ་དང་། སྒྲུབ་པ་ཕྱག་བཞེས་སུ་འདེབས་པ་སོགས་འཛིན་སྐྱོངས་སྤེལ་བའི་ཕྲིན་ལས་རྒྱ་ཆེན་པོ་མཛད་བཞིན་པའི་ངང་ནས། སྐུ་མྱ་ངན་ལས་འདས་ཀར་ཤར་ཕྱོགས་སུ་འགྲོ་དགོས་པར་ཡོད་གསུངས་བཞེངས་ནས་གོམ་པ་བདུན་བོར་བར་མཛད་པའང་། དེ་དུས་ཀྱི་མཛད་པའི་འཕྲོ་རྣམས་ད་ལྟའི་དུས་སུ་ཁམས་ཀྱི་ཕྱོགས་འདིར་རྗེ་འདི་ཉིད་ཀྱིས་སྐྱོངས་པ་ལ་དགོངས་པར་གདོན་མི་ཟ་ཞིང་། དེར་མ་ཟད་ལྐོག་གྱུར་གྱི་ཆོས་རྣམས་ལ་སྒྲིབ་མེད་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་རིག་འཛིན་བྱང་ཆུབ་རྡོ་རྗེ་དང་། གཞོན་ནུ་དྲི་མེད་ཟླ་ཤར་སོགས་ཀྱིས་ཀྱང་གཏེར་བདག་གླིང་པའི་སྤྲུལ་པ་འཁྲུལ་མེད་དུ་ལུང་བསྟན། གཞན་ཡང་དམ་པ་འདི་ཉིད། རྩོད་བྲལ་གྱི་གཏེར་སྟོན་པདྨ་འགྲོ་འདུལ་རྩལ་གྱི་གདན་ས་རྒྱབ་སྟོད་བྲག་དཀར་དུ་ཕེབས་པའི་ཚེ། དེའི་ཐོ་རང་ཁར་རྗེ་དེ་ཉིད་ཀྱི་གཟིགས་སྣང་ལ། ཞིང་སྐྱེས་ཀྱི་ཌཱཀྐི་མ་གསལ་འདེབས་ཀྱི་ཚུལ་དུ་སྨྲས་ནས་དེར་འཕྲོ་འཇོག་པ་ཞིག་གསན་པས། གཏེར་ཆེན་གྱི་སྤྲུལ་བར་ཐུགས་ཐག་ཆོད་དེ་སྨིན་གྲོལ་གྱི་གདམས་པའང་མང་དུ་གསན། དེ་དང་མཚུངས་པར་རྫོགས་ཆེན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེའི་གནས་ཡུལ་གྱི་ལུང་བྱང་ལས་ཀྱང་། གནས་འདིའི་ཉེ་ཕྱོགས་སྤྱིལ་ཆུང་བཀོད་མཛེས་ནང་། །བཻ་རོའི་རྣམ་འཕྲུལ་དྲང་སྲོང་བརྟུལ་ཞུགས་ལ། །ཞུགས་དེས་འབྲེལ་ཚད་བདེ་ཆེན་ཞིང་དུ་འདྲེན། །ཞེས་དང་། བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས་ཀྱང་། དམ་པ་འདི་ཉིད་གང་དུ་ཕེབས་པའི་ཆོས་བརྒྱུད་དང་བཅས་པའང་གསལ་བར་གསུངས་ཏེ། དེ་ལ་ཐོག་མར་སློབ་དཔོན་པདྨ་སམ་བྷ་ཝ་དང་ཀུན་མཁྱེན་དྲི་མེད་འོད་ཟེར་སོགས་ཀྱི་ཡེ་ཤེས་ཀྱི་སྐུ་རྗེས་སུ་བཟུང་བས་དོན་བརྒྱུད་ཀྱི་བཀའ་བབས་ཤིང་ཀློང་ཆེན་དགོངས་པའི་གསང་མཛོད་རྡོལ་བ་གར་གྱི་དབང་ཕྱུག་རིག་འཛིན་འཇིགས་མེད་གླིང་པའམ། རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་བླ་མ་དགོངས་པ་འདུས་པའི་ཆོས་ཀྱི་བདག་པོར་ལུང་བསྟན་པ་ནི། ཇི་སྐད་དུ་ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ། ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེནཿའབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུངཿཞེས་དང་། རྗེ་དེ་ཉིད་ཀྱི་ཐུགས་སྲས་དམ་པ་མདོ་ཁམས་ཀྱི་ཕྱོགས་སུ་བསྟན་པའི་རྒྱལ་མཚན་འཛིན་པ་གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་ཡང་། དེ་ལས། ཤར་ཕྱོགས་འོད་ཟེར་མིང་ཅན་གདུང་ཤུགས་ཅནཿཕྲིན་ལས་རྨད་བྱུང་བློ་སྟོབས་ཤེས་རབ་ལྡནཿཐུགས་ཀྱི་གསང་མཛོད་རྡོལ་བའི་གདམས་པ་འཛིནཿབསྟན་པ་སྤེལ་གྲོགས་བྱེད་པའི་སྐལ་ལྡན་འབྱུངཿཞེས་ཀློང་ཆེན་བརྡའ་བསྒྱུར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་ཀྱི་བདག་པོ་དང་བསྟན་པ་སྤེལ་བའི་བྱེད་པོར་བསྔགས་པའི་སྐྱེས་བུ་དམ་པ་དེ་ཉིད་ལ་ཆོས་བརྒྱུད་འཛིན་པའི་སློབ་བུ་ཇི་ལྟར་འབྱུང་བའང་། རྩ་བའི་འཁོར་སློབ་གདུང་ཤུགས་ལྡན་པ་ནིཿབུདྡྷ་མཆེད་དྲུག་རྡོ་རྗེའི་གདུང་བཞི་སྟེཿཤར་གྱི་ཕྱོགས་ནས་དུང་དཀར་འཁྱིལ་འདྲ་འབྱུངཿསྙན་གྲགས་སྒྲོགས་དང་བསྟན་པ་སྤེལ་བར་བྱེདཿལྷོ་ཡི་ཕྱོགས་ནས་སློབ་མ་འབྱུང་འགྱུར་ཏེཿའབྲས་ཀྱི་ཕུང་པོ་སྤུང་པ་ལྟ་བུ་ཡིསཿའདོད་ཡོན་ཟས་ནོར་ལོངས་སྤྱོད་སྤེལ་བར་བྱེདཿནུབ་ནས་པདྨ་དམར་སེར་འཁྲིགས་འདྲ་བའིཿསྒྲིབ་མེད་སྒྲུབ་ཚུག་འཛིན་པའི་སློབ་མ་འབྱུངཿབྱང་གི་ཕྱོགས་ནས་ལྕགས་ཕུར་ལྟ་བུ་ཡིཿམཐུ་རྩལ་ལྡན་པའི་སློབ་མ་འགའ་ཞིག་ནིཿབསྟན་པ་འཕེལ་བྱེད་ཕྲིན་ལས་སྒྲུབ་པ་འབྱུངཿཞེས་སོགས་མང་དུ་གསུངས་པ་ལས། ཁྱད་པར་དུ་གྱུར་པ་རྡོ་རྗེའི་གདུང་ཆེན་བཞིའི་ནང་ཚན། ནུབ་ཕྱོགས་ནས་འབྱུང་བར་ལུང་བསྟན་པ་ནི་རྗེ་འདི་ཉིད་ཡིན་ཏེ། གང་གི་ཚེ་གསང་ཆེན་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་གསང་མཚན་དུ། རིག་པའི་རྡོ་རྗེ་བཻ་རོ་ཙ་ན་རྩལ་ཞེས་འབོད་པས། མཚན་ཟུར་དང་། མཚུངས་དཔེ། འཁྲུངས་ཡུལ་སོགས་གང་གི་སྒོ་ནས་ཀྱང་འཁྲུལ་པའི་གནས་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཚད་མར་གྱུར་པའི་ལུང་གིས་གྲུབ་ཅིང་། གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་སྤྱན་ཅན་དཔྱད་གསུམ་རྣམ་པར་དག་པའི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཀྱང་། བསྔགས་བརྗོད་ཀྱི་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་འགྲེམ་ཞིང་། དད་གསུམ་གྱི་རྣམ་འགྱུར་ཅིར་ཡང་ངོམས་པས་གུས་འདུད་ལྷུར་ལེན་པའི་སྐྱེས་བུ་དམ་པ་འདི་ཉིད་ནི། མདོ་ཁམས་ས་ཡི་ཐིག་ལེ་རྨ་ཟླ་ཟལ་མོའི་སྒང་གི་སྟོད་ཀྱི་ཆར། ཡབ་མྱེས་ཀྱི་ཕྱོགས་ནས་བདུན་བརྒྱུད་ཚུན་ལ་དག་པའི་རིགས་རུས་དང་ཆོ་འབྲང་སོགས་ཕུན་སུམ་ཚོགས་པའི་རྒྱུད་དུ་སྐུ་བལྟམས། གཞོན་ནུ་ཉིད་ནས་སྐྱེས་ཐོབ་ཀྱི་མཁྱེན་རབ་ཁྱད་པར་ཅན་མངའ་བས། ཡི་གེ་འབྲི་ཀློག་དང་འབྲུ་ནོན་གྱི་དོན་སོགས་ཚེགས་ཆུང་ངུས་མཁྱེན་ཞིང་། ཁྱད་པར་རྗེ་ཉིད་དང་གདུང་རུས་གཅིག་པའི་མཁས་པ་ཆེན་པོ་བླ་མ་སྨོན་ལམ་དར་རྒྱས་པའི་དྲུང་ནས། བོད་ཀྱི་བརྡའ་དག་ཐམས་ཅད་ཀྱི་ཕྱི་མོར་གྱུར་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་རྩ་འགྲེལ། གཞན་ཡང་སྙན་ངག་མེ་ལོང་དང་དཀར་རྩིས་སོགས་ཐུན་མོང་གི་རིག་གནས་དང་། མདོ་སྔགས་སྤྱིའི་གཞུང་ལུགས་ལེགས་པར་སྟོན་པ་ཡོན་ཏན་མཛོད་རྩ་འགྲེལ་སོགས་མང་དུ་གསན། སྐབས་འདི་ཙམ་ན་རིག་འཛིན་འཇིགས་མེད་གླིང་པའི་དངོས་སློབ། སྨོན་འཇུག་བྱང་ཆུབ་སེམས་ཀྱི་རྩལ་འབྱོངས་ཤིང་འོད་གསལ་རྫོགས་པ་ཆེན་པོའི་དགོངས་པ་མངོན་དུ་གྱུར་པ། དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བ་དང་རྟེན་འབྲེལ་གྱི་སྒོ་འགྲིགས་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་སྤྱི་དང་། ཁྱད་པར་སྐྱེས་བུ་ཆེན་པོའི་བློ་སྦྱོང་གི་སྐོར་རྣམས་ཞལ་ཁྲིད་དུ་གསན་པའི་རྐྱེན་གྱིས། བསྐལ་བ་དུ་མར་བྱང་ཆུབ་ཀྱི་སེམས་ལ་གོམས་པའི་རིགས་སད་དེ། འཁོར་བ་ལས་ངེས་པར་འབྱུང་བའི་བློ་དང་། སེམས་ཅན་ལ་བརྩེ་བའི་ཤུགས་དྲག་པོ་གཉིས་ཕན་ཚུན་འགྲན་པ་ལྟ་བུས་རྒྱུད་དབང་མེད་དུ་འཁྲུལ་ཏེ། འཇིག་རྟེན་སྲིད་པའི་ཕུན་ཚོགས་རྣམས་ལ་ཐུགས་ཞེན་གཏིང་ནས་ལོག་ཅིང་འདིར་སྣང་མཐུན་འཇུག་གི་བྱ་བ་ཐམས་ཅད་རྒྱབ་ཏུ་དོར་ཏེ། ཚེ་འདིར་སྒྲུབ་པའི་རྒྱལ་མཚན་ཞིག་བཙུགས་ནས་རང་གཞན་གྱི་དོན་གཉིས་ལྷན་གཅིག་ཏུ་འགྲུབ་པ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་གོང་མ་རྣམས་ཀྱི་རྗེས་སུ་སྙོགས་པ་ཞིག་ཅི་ནས་ཀྱང་བྱེད་དགོས་དགོངས་པའི་ཐུགས་བཞེད་ནར་མར་ཡོད་ཐོག་གླིང་གྲུབ་ཆེན་བསོད་ནམས་སྦྱིན་པའི་དྲུང་ནས་བསྟན་པ་ལ་འཇུག་པའི་སྒོ་ཡོངས་རྫོགས་དགེ་བསྙེན་གྱི་ཁྲིམས་གསན་ཞིང་། སྨིན་གྲོལ་གྱི་གདམས་པ་མང་དུ་ནོས། དེ་ནས་བླ་མ་དམ་པ་གཞོན་ནུ་འཇིགས་མེད་སྐལ་པ་བཟང་པོ་ཕྱོགས་དེར་ཕེབས་པ་དང་ཞལ་མཇལ། ཁོང་ནས་རྗེ་གཏེར་བདག་གླིང་པའི་རྣམ་སྤྲུལ་བཀའ་འགྱུར་པ་ཆེན་པོ་མཁས་གྲུབ་བཀྲ་ཤིས་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང་ནས་ཁྲི་འདོན་དང་མངའ་གསོལ་སོགས་མཛད། སྐབས་འདིར་མཁས་གྲུབ་འཇིགས་མེད་ངོ་མཚར་ལས་རྙིང་མ་རྒྱུད་འབུམ་དང་། དགེ་མང་རབ་འབྱམས་པ་དགེ་ལེགས་ཡར་འཕེལ་ལས་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་གསན། དེར་གྲུབ་དབང་ཆོས་ཀྱི་རྒྱལ་པོ་རིག་འཛིན་བྱང་ཆུབ་རྡོ་རྗེའི་མཚན་གྱི་སྙན་པ་གསན་པས་ཐུགས་ཕྲོགས་ཏེ་དགེ་བའི་བཤེས་གཉེན་བསྟེན་པ་ལ་གཅིག་ཏུ་རིངས་བས། གཉེན་ཚན་དང་ཡུལ་མི་རྣམས་ཀྱིས་བཤོལ་འདེབས་བསླབ་སྟོན་སོགས་གང་ལ་ཡང་མ་གསན་པར། ཆོས་ཕྱིར་དཀའ་བ་སྤྱད་པའི་སྙིང་སྟོབས་ཞུམས་པ་མེད་པས་ཤར་ཕྱོགས་ངོས་སུ་བྱོན་པ་ན། རིམ་གྱིས་བྲག་ཆེན་ཡར་ལུང་པདྨ་བཀོད་ཀྱི་སྒྲུབ་སྡེ་རྩ་གསུམ་མཁའ་འགྲོ་འདུ་བའི་གླིང་ཆེན་པོར་ཕེབས་ནས། དེར་གྲུབ་པའི་དབང་ཕྱུག་ཆེན་པོའི་ཞབས་ལ་གཏུགས་ཤིང་རིགས་ཀྱི་བདག་པོར་བཀུར། རྗེ་དེས་ཀྱང་ཐུགས་ཤིན་ཏུ་བརྩེ་བས་རྗེས་སུ་བཟུང་ནས་སྨིན་གྲོལ་གྱི་གདམས་པ་མཐའ་དག་ལྷག་ལུས་མེད་པར་བུམ་པ་གང་བྱོས་ཚུལ་དུ་གནང་ཞིང་། བདག་ལ་གཞན་ཕན་བྱང་ཆུབ་སེམས་ཀྱི་བརྒྱུད་པ་ཞིག་ཡོད་པ་འདི་ཁྱོད་ཀྱིས་འཛིན་པར་རེའོ། །ཞེས་གསུངས་ནས་དོན་གྱིས་རྒྱལ་བའི་གདུང་འཚོབ་ཏུ་མངའ་གསོལ་ཞིང་མཚན་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་བཏགས། གཞན་ཡང་ཞལ་གདམས་དང་བསླབ་བྱ་མང་དུ་གནང་། ཁྱད་པར་དུ། བསྐྱེད་རྫོགས་དང་སྒོམ་བཟླས་གང་བྱསཿཕ་རོལ་དུ་ཕྱིན་པ་དྲུག་དངཿའབྲལ་མེད་དུ་ཉམས་སུ་ལོངས་དངཿཁྱོད་རང་ལ་གཞན་ཕན་མཐའ་ཡསཿཞེས་བྱ་ཡི་མིང་དོན་མཚུངས་བཞིནཿཕན་བདེ་ཡི་རྩ་ལག་ཉིད་འགྱུརཿཞེས་འབྱུང་འགྱུར་གྱི་ལུང་བསྟན་དང་བཅས་གསལ་བར་གསུངས་སོ། །དེ་ནས་གཞོན་ནུ་འཇིགས་མེད་སྐལ་པ་བཟང་པོ་ལས། དཔལ་གསང་བའི་སྙིང་པོའི་བཤད་པ་དང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་གདམས་ཁྲིད་ཀྱི་སྐོར་སོགས་མང་དུ་གསན། གཞན་ཡང་ཐུགས་སྲས་ཀྱི་བུ་ཆེན་རྣམས་ལས། གཏུམ་མོ་རྩ་རླུང་གི་སྐོར་འགའ་ཞིག་དང་། ན་རོ་ཆོས་དྲུག། གཅོད་ཡུལ་སོགས་ཟབ་རྒྱས་ཀྱི་གདམས་ངག་མཐའ་ཡས་པར་གསན་ནས་བྱ་བཏང་རྣལ་འབྱོར་ཆེན་པོའི་སྤྱོད་པ་བསྐྱངས་ཏེ་ཁམས་ཀྱི་རྩ་རི་ཏྲའམ་རིགས་ལྔའི་རྫོངས་སུ་གྲགས་པའི་མགུར་ཆུ་ཉི་ཟླ་ཕུག་དང་། ག་གོང་སེང་གེ་ཡང་དགོན། ཀ་ཏི་ཤེལ་གྱི་ཕུག་པ། རི་བོ་དན་ཏིག་དང་ཡང་ཏིག་ཏུ་གྲགས་པ་རྣམས་སུ་བཅུད་ལེན་དང་གཏུམ་མོའི་རྣལ་འབྱོར་གྲོགས་སུ་བརྟེན་ནས་ཟབ་གསང་བླ་ན་མེད་པའི་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ཉམས་བཞེས་སྤྱི་དང་། འོད་གསལ་རྫོགས་པ་ཆེན་པོའི་གནད་ལ་རྩེ་གཅིག་ཏུ་གཞོལ་བས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་དྲོད་རྟགས་བརྙེས་ཤིང་། ཁྱད་པར་གཉུག་མའི་དེ་ཉིད་མངོན་དུ་གྱུར་པས་སྐབས་འདི་དག་ཏུ་ཉམས་དབྱངས་རྡོ་རྗེའི་མགུར་མ་ཐོལ་བྱུང་དུ་བཞེས་པའང་མང་དུ་སྣང་། གཞན་ཡང་སོག་པོའི་ཡུལ་གྲུ་མཚོ་སྔོན་གྱི་ཕྱོགས་ཚུན་ཆད་དང་། རྒྱ་ནག་གླང་ཆེན་འགྱིང་རི་ཡན་ཆད་ཀྱི་གནས་རི་དང་སྒྲུབ་གནས་ཐམས་ཅད་དུ་ཕེབས་ཤིང་སྒྲུབ་པ་ཁོ་ན་མཛད་ཅིང་བཞུགས་པའི་བར་སྐབས་རྣམས་སུ་ལས་དང་སྐལ་བར་ལྡན་པའི་བུ་སློབ་འགའ་ལ་སྨིན་གྲོལ་གྱི་གདམས་པ་ཕོག་ཅིང་། དད་འདུས་ཀྱི་ཚོགས་པ་སྤྱི་ལའང་ལས་འབྲས་ཀྱི་ཆོས་མང་དུ་གསུངས་པས་གདུལ་བྱ་རྣམས་ལ་ཕན་འདོགས་པར་མཛད་ཁྱད་པར་རྒྱལ་མོ་རོང་གི་ཕྱོགས་ཚ་ཁ་དང་མདོ་ཆེན་སོགས་སུ་རྗེ་འདི་ཉིད་ཀྱིས་ཕྱག་འདེབས་མཛད་པའི་སྒྲུབ་སྡེ་དང་དགོན་སྡེ་འགའ་ཞིག་ཡོད་པ་ལ་ད་ལྟའི་དུས་སུ་བཤད་སྒྲུབ་ཀྱི་སྲོལ་ཀྱང་ལེགས་པར་དར། དེ་ནས་གྲུབ་དབང་ཆེན་པོའི་འབྱུང་འགྱུར་གྱི་ལུང་བྱང་ལས། དེ་ཕྱིར་ན་རུ་དམ་དབེན་པར། །འདུ་འཛི་ཡི་སྤྲོས་པ་བཅས་བཞིན། །བསྐྱེད་རྫོགས་ལ་བརྩོན་པ་བསྐྱེད་ན། །གཟུགས་ཅན་དང་གཟུགས་མེད་འགྲོ་བ། །ཕལ་མོ་ཆེ་གདུལ་བྱར་འགྱུར་ཞིང་། །རང་གཞན་གྱི་དོན་གཉིས་ལྷན་གཅིག །འགྲུབ་ངེས་པ་པདྨའི་བཀར་མཚུངས། །ཞེས་སོགས་གསུངས་པ་ལ་བརྟེན་ནས། རུ་དམ་གྱི་དབེན་གནས་རྣམས་སུ་སྒྲུབ་པ་རྩེ་གཅིག་མཛད་པར་བཞེད་དེ་ཕེབས་པ་ལས། གདན་ས་ཆེན་པོ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་རྫོགས་པ་ཆེན་པོ་ཆོས་ཉིད་མངོན་སུམ་གྱི་དོན་ལ་དབང་འབྱོར་པ་གྲུབ་པའི་དབང་ཕྱུག་མི་འགྱུར་ནམ་མཁའི་རྡོ་རྗེ་དང་མཇལ། དེར་འདུས་པ་མདོ་དབང་ཆེན་མོ་དང་། ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཁྲིད་དང་བཅས་པ་ཞིབ་རྒྱས་སུ་གསན་ནས། གཤིན་རྗེ་ཕུག་དང་ཚེ་རིང་ཕུག་སོགས་སུ་སྒྲུབ་པ་མཛད་དེ་བཞུགས་པའི་བར་སྐབས་རྣམས་ལ། མཆོག་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་རྗེ་འདི་ཉིད་ལ་དགོན་འདིར་བཤད་སྒྲུབ་ཀྱི་སྲོལ་ཀ་རེ་བཏོད་རྒྱུ་བྱུང་ན་ལེགས་ཚུལ་གྱི་གསུང་ནན་ཡང་ཡང་ཕེབས་པར་བརྟེན། གཞི་བྱེས་ཀྱི་བླ་སྤྲུལ་དང་གྲྭ་ཚང་བཅས་ཁྱོན་བརྒྱ་སྐོར་ཙམ་ལ། མདོ་སྔགས་སྨོན་ལམ། ཡོན་ཏན་མཛོད། སྡོམ་གསུམ་རྣམ་ངེས། དཔལ་ལྡན་གསང་བ་སྙིང་པོ་སོགས་གདུལ་བྱའི་བློ་དང་མཚམས་པར་ལུང་རིག་གི་ལམ་ནས་ངེས་པ་འདྲོང་བའི་བཤད་པ་གཏིང་ཚུགས་པར་མཛད། སྐབས་འདིར་དགོན་འདི་གའི་རི་ཁྲོད་དུ་བཞུགས་པའི་བླ་མ་དམ་པ། མཁས་བཙུན་བཟང་པོའི་དཔལ་གྱིས་མངོན་པར་མཐོ་ཞིང་། མང་དུ་ཐོས་པའི་བློ་གྲོས་རྒྱ་མཚོ་དང་མཚུངས་ཀྱང་། དབེན་པའི་རི་ལ་གཅིག་ཏུ་དགྱེས་ཤིང་སྦས་པའི་ཚུལ་དུ་བཞུགས་པའི་རྡོ་རྗེ་འཛིན་པ་ཆེན་པོ་པདྨ་མངྒ་ལ་ཤྲཱི་བྷ་དྲའི་ཞལ་སྔ་ནས། བསྟན་པའི་གཞི་མ་འདུལ་བ་སོ་ཐར་གྱི་རབ་བྱུང་གཞི་ཆོག་ལ་བརྟེན་ནས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པར་བསྒྲུབ། སླར་ཡང་དབུ་མ་ལུགས་ཀྱི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ཆོ་ག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་བཞེས། གཞན་ཡང་སྒྱུ་འཕྲུལ་ཞི་ཁྲོ། ཡང་དག །གཤིན་རྗེ་གཤེད་དམར་ནག །ཕུར་པ་རོང་ཟོམ་པའི་ལུགས། དཀའ་འགྲེལ་འབུམ་ནག་ཏུ་གྲགས་པ་རྣམས་དང་། སྔ་ཕྱི་ཅི་རིགས་སུ། འདུས་པ་མདོ་དང་། སེམས་ཀློང་མན་ངག་གི་སྡེ་གསུམ། བཀའ་བརྒྱད་བདེ་གཤེགས་འདུས་པ། བླ་མ་དགོངས་འདུས། འདོད་འཇོ་བུམ་བཟང་སོགས་སྔ་འགྱུར་བཀའ་གཏེར་གྱི་གཞུང་རྒྱ་མཚོ་ལྟ་བུ་ལས་དེང་སང་གི་དུས་སུ་ཡོད་པའི་རྒྱུན་ཕལ་ཆེ་བ་ཞིག་གསན། དེ་ནས་དབུས་ཕྱོགས་སུ་ཡང་དེང་སྔོན་ལན་གཉིས་ཙམ་རིམ་པར་ཕེབས་ཤིང་། དེར་རྒྱུད་སྟོད་མཁན་པོ་དགེ་འདུན་དར་རྒྱས་ལས། བྱམས་ཆོས་སྡེ་ལྔ་དང་། དབུ་མ་རིག་པའི་ཚོགས་དྲུག་སོགས་འཕགས་ཡུལ་མཁས་པའི་གཞུང་ལུགས་ཀྱི་རྒྱུན་ཡོད་དོ་ཅོག་ཐམས་ཅད་དང་། ཨོ་རྒྱན་སྨིན་གྲོལ་གླིང་གི་རྡོར་འཛིན་མཁན་པོ་འགྱུར་མེད་མི་ཕམ་དཔལ་བཟང་པོ་ལས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཡོངས་རྫོགས། ལྷ་ལུང་པད་རི་སྤྲུལ་སྐུ་ལས། གཤིན་རྗེ་གདོང་དྲུག་དང་། མི་ཏྲ་བརྒྱ་རྩ་སོགས་ཀྱི་སྐོར། སྨིན་གླིང་ཁྲི་ཆེན་ལས་གཏེར་ཆེན་བཀའ་འབུམ་ཡོངས་རྫོགས། ན་ལེནྟྲའི་གཟིམས་འོག་སྤྲུལ་པའི་སྐུ་ལས། བ་རི་བརྒྱ་རྩ་དང་། སྒྲུབ་ཐབས་རྒྱ་མཚོ། ཡོངས་འཛིན་དམ་བྱམས་པ་འཕྲིན་ལས་ཡོན་ཏན་ལས། ཀྱཻ་རྡོར་རྒྱུད་དབང་དང་། ལམ་འབྲས་ཀྱི་སྐོར་སོགས་གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དུ་མ་ལས་གསན་བསམ་མཐའ་ཡས་པར་མཛད། གཞན་ཡང་བསམ་ཡས་མཆིམས་ཕུ། སྒྲགས་ཀྱི་ཡངས་རྫོང་། གངས་ཏི་སེ། དཔལ་གྱི་རྩྭ་རི་ཏྲ་སོགས་སུ་སྒྲུབ་པ་མཛད་པ་དང་། གནས་སྐོར་པ་རྣམས་ལ་རྩམ་ཚུལ་གཏོང་བ་སོགས་སྦྱིན་གཏོང་རྒྱ་ཆེར་མཛད། ཆོས་འཁོར་གསུམ་དང་ཇོ་ཤཱཀ་རྣམ་གཉིས་སོགས་ལ་མཆོད་འབུལ། ཨོ་རྒྱན་སྨིན་གྲོལ་གླིང་གི་འདུས་སྡེའི་རྒྱུན་ཉམས་གསོས་སོགས་འཁོར་ལོ་གསུམ་གྱི་མཛད་པ་རྨད་དུ་བྱུང་བ་བསྒྲུབས། སླར་ཁམས་ཕྱོགས་སུ་བྱོན་ཏེ། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གྱིས་མཚོན། མདོ་སྔགས་བཀའ་གཏེར་གྱི་རྒྱུན་ཉག་ཕྲ་བ་རྣམས་ལ་འཆད་སྤེལ་རྒྱ་ཆེན་པོ་མཛད། ཁྱད་པར་དུ་རྒྱལ་བསྟན་རིན་པོ་ཆེ་སྤྱིའི་གཞི་མ་ཡིན་པ་དང་། གདུལ་བྱའི་གང་ཟག་རྣམས་ཀྱི་མིག་རྐྱེན་དུ་དགོངས་ནས། གཞི་གསུམ་གྱི་ཆོ་ག་སོགས་འདུལ་བའི་ཕྱག་བཞེས་རྣམ་པར་དག་པའི་སྲོལ་བཏོད་ནས་བསྟན་པའི་མེ་རོ་སློང་བར་མཛད་ཅིང་། དེང་གི་གནས་སྐབས་འདིར་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་བཞུགས་བཞིན་པ་འདི་ཉིད་དོ། །དེ་ལྟར་རྗེ་འདི་ཉིད་ཀྱི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཆ་ཤས་ཙམ་ཞིག་བཀོད་པ་ཡིན་གྱིས། གཞན་དུ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེས་ཕན་བདེའི་འབྱུང་གནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལ་བཤད་སྒྲུབ་ལས་གསུམ་གྱིས་མཛད་པ་ཇི་ལྟར་བགྱིས་པ་མཐའ་དག་ནི་བློས་འཆུན་པར་ཡང་དཀའ་བས་ཕྱོགས་གཅིག་ཏུ་བྲི་བར་མ་ནུས་སོ། །མདོར་ན་བདག་ཅག་གི རྣམ་འདྲེན་དམ་པ་འདི་ནི་རྒྱལ་བའི་ཡེ་ཤེས་ཀྱི་རོལ་བ་བསམ་བཞིན་དུ། སྲིད་པར་སྐྱེ་བའི་མྱུ་གུ་བཟུང་བས་མདོ་སྔགས་ཀྱི་གཞུང་ནས་བཤད་པའི་བླ་མ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་རྣམས་དང་ཡང་དག་པར་ལྡན་པ་སྟེ། འདུལ་བ་སོ་ཐར་གྱི་ལུགས་ལྟར་ན། སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་ཀྱིས་བརྩོན་པ། །དུས་སུ་འདོམ་པ་དེ་དག་བླ་མར་བསྔགས། །ཞེས་པ་ལྟར། བརྟན་མཁས་བཙུན་པ་ཕན་འདོགས་ཀྱི་ཡོན་ཏན་བཞི་དང་ལྡན་པ་དང་། བྱང་སེམས་ལྟར་ན། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤང་ལ་བསྟེན། །ཞེས་ཡོན་ཏན་བཅུ་དང་ལྡན་པར་བཤད་པ་དང་། གསང་སྔགས་ལྟར་ན། སྒྱུ་འཕྲུལ་ལས་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཞེས་རང་བཞིན་བརྒྱད་ལྡན་དུ་བཤད་པ་སྟེ། དེ་རྣམས་ཀྱང་གཟུ་བོའི་བློ་དང་ལྡན་པ་དག་གིས་རེ་རེ་ནས་ཕྱེ་ཞིང་ཞིབ་མོར་བརྟགས་ནའང་། འདི་དང་མི་ལྡན་ནོ་ཞེས་རྒོལ་བ་འཇུག་པའི་གནས་ཅུང་ཟད་ཙམ་ཡང་རྙེད་པར་སླ་བ་མ་ཡིན་ཞིང་། གཞན་ཡང་ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་དུ། ཤེས་རབ་རྒྱ་ཆེ་སྐལ་བཟང་བླ་མ་ནི། །རིག་གནས་ཀུན་ལ་ཤེས་བྱའི་དཀྱིལ་འཁོར་རྒྱས། །ཐོས་བསམ་རྒྱ་ཆེ་གྲུབ་མཐའི་ཚིག་དོན་མཁས། །ལྟ་སྤྱོད་ཕུལ་བྱུང་གང་གིས་སྨད་དུ་མེད། །ལུང་རིག་དང་ལྡན་རང་བཟོ་གཟུ་ལུམ་མེད། །གདུལ་བྱའི་བློ་རིགས་བརྟགས་ནས་ཆོས་སྟོན་ཅིང་། །བྱང་ཆུབ་ལམ་འདྲེན་དེད་དཔོན་བློ་མིག་ཅན། །རིན་ཆེན་ཐར་གླིང་བགྲོད་དེ་གུས་པས་བསྟེན། །ཞེས་དང་། རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་ནི། །གོང་མ་མཉེས་བྱས་གྲུབ་ཐོབ་བརྒྱུད་པ་འཛིན། །ཐུགས་མཛོད་ལོན་པས་སྙན་བརྒྱུད་གདམས་པ་ལྡན། །ཕྱག་བཞེས་མཐོང་བས་དོན་གཉིས་སྒྲུབ་ལ་མཁས། །སྒྲུབ་ལ་བརྩོན་པས་དངོས་གྲུབ་སྤྲིན་ཚོགས་བརྙེས། །གཞན་སྣང་བསྒྱུར་ནས་ཐར་པའི་ལམ་སྣ་འདྲེན། །མདོ་རྒྱུད་བཀའ་བབས་དམ་ཚིག་གཙང་གྱུར་པ། །དེ་འདྲའི་མཁས་གྲུབ་དཔལ་མགོན་སྤྱི་བོས་བསྟེན། །ཞེས་གསུངས་པའི། མཚན་ཉིད་ཐམས་ཅད་དང་ལྡན་པས་ན། རྗེ་འདི་ཉིད་ཀྱི་ཕྱི་ནང་གསང་བའི་ཡོན་ཏན་རྣམས་ནི། རྒྱལ་བས་གསུངས་པའི་མདོ་རྒྱུད་དང་། ཚད་ལྡན་གྱི་བསྟན་བཅོས་དག་ལ་ཞུ་དག་བགྱིད་ནུས་པ་འབའ་ཞིག་ཡིན་ནོ། །གཉིས་པ་ནི། དེ་ལྟར་སྙིགས་མའི་དུས་འདིར་འགྲན་ཟླ་དང་བྲལ་བའི་སྐྱེས་བུ་དམ་པ་དེ་ཉིད། སྔར་གྲུབ་དབང་བླ་མའི་གདན་སར་བཞུགས་ཡོད་པའི་སྐབས་ཤིག་ཏུ། མནལ་ལམ་ན་གཞན་ཞིག་གིས་འདི་སློབ་དཔོན་པདྨའི་གསུང་དངོས་ཡིན་ཟེར་ནས་པུ་སྟི་ཞིག་གཏད་བྱུང་བས། ཕྱི་ཉིན་མཆེད་གྲོགས་ཀུན་ལ། དེང་སང་སློབ་དཔོན་ཆེན་པོའི་གསུང་དངོས་བཀའ་མར་གྱུར་པའི་ཡིག་ཆ་ཁུང་ལྡན་འདྲ་འདིར་ཡོད་མིན་སོགས་གླེང་མོལ་མཛད་པས། ཁོང་རྣམས་ནས་མན་ངག་ལྟ་བའི་ཕྲེང་བ་རྩ་འགྲེལ་བཅས་སྔར་ཡོད་ཀྱང་། དེའི་དཔེ་སྟོར་ནས་ཡུན་རིང་སོང་ཡང་རྩད་མ་ཆོད། གཞན་དེ་འདྲ་ཅང་མེད་ཟེར་བ་ལ། རྗེའི་ཞལ་ནས། ཁོ་བོ་ལ་རྨིས་ལྟས་འདི་འདྲ་ཞིག་བྱུང་བས་ད་ལན་དཔེ་མཛོད་དུ་བཙལ་ན་རྙེད་པ་སྲིད་དམ་གསུངས་ནས། ཐམས་ཅད་ཀྱིས་བཙལ་ཀྱང་ཕྱག་དཔེའི་ཁྲོད་ནས་རྙེད་རྒྱུ་མ་བྱུང་ཞིང་། སྔར་ཆོས་ཁྲིའི་འོག་གི་ས་རྡུལ་རྣམས་ལ་གད་བརྒྱབ་པའི་ཁྲོད་ནས་ལྟ་ཕྲེང་གི་དཔེ་ཆ་ཐོན་བྱུང་བ་གཟིགས་པས་ཚིག་དོན་ཕུན་སུམ་ཚོགས་པར་འདུག་པ་ལ་ངེས་ཤེས་ཐུན་མོང་མ་ཡིན་པ་འཁྲུངས་པའི་རྐྱེན་གྱིས། རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར། ཨོཾ་སྭ་སྟི། ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་བར་བརྟེན། ལྷ་གཉེན་ཆེན་པོ་རྡོ་རྗེ་གཡུང་དྲུང་གི་རི་ཞོལ་འོག་མིན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གནྡྷོ་ལའི་ཉེ་གམ། དཔལ་སེང་གེ་རིའི་གདན་ས་འདིར། སྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་དབང་པོ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་ནས་ད་ལྟའི་བར་གྱི་འདས་ལོའི་ཚུལ་ལ་བཞེད་པ་མང་དུ་སྣང་ཡང་། རང་ལུགས་ལོ་ཆེན་དྷརྨ་ཤྲིའི་རྩིས་གཞུང་ཉིན་བྱེད་སྣང་བ་ལྟར་ན། བགྲང་བྱའི་འཁོར་ལོ་ཉིས་སྟོང་དང་བདུན་བརྒྱ་དྲུག་ཅུ་རྩ་དྲུག་འདས་ཤིང་། རྗེ་ཉིད་ཀྱིས་དགུང་ལོ་བཞི་བཅུ་རྩ་གཅིག་བཞེས་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོའི་ཧོར་ཟླ་གསུམ་པ་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་དཔལ་ལྡན་ལྷ་མོ་ནག་པས་ཉ་བའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོ། གཟའ་ལྷག་པ། སྐར་མ་སྣུབས་འཕྲོད་སྦྱོར་རྒྱལ་མཚན་སོགས་ཕུན་སུམ་ཚོགས་པའི་དུས་ཚེས་དགེ་བ་ལ་བྱ་བ་ལས་ཀྱི་འཁོར་ལོ་ཆེན་པོ་འདིར་དབུ་འཛུག་པར་མཛད་པ་ཡིན་ནོ། །དེ་ལ་ཐོག་མར་ཞུས་དག་དང་སྣག་ཤོག་གི་ལས་འཛིན་སྤར་ཤིང་སྤྲོད་ལེན་སོགས་གནང་ཁུར་གྱི་དོ་དམ་པ། ཉིད་ཀྱི་ཞལ་སློབ་སྡོམ་བརྩོན་དམ་པ་མང་དུ་ཐོས་པའི་ནོར་གྱིས་ཕྱུག་ཅིང་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན་པའི་མཁས་པ་ཆེན་པོ་དགེ་སློང་རྡོ་རྗེ་འཛིན་པ་པདྨ་དགེ་འདུན་གྲགས་པའམ་མཚན་གཞན་འོད་གསལ་སྙིང་པོ་ཞེས་བགྱི་བ་དང་། སྤར་གཞི་འདྲི་མཁན་ཡིག་ཆོས་བཞི་བཅུ་སོགས་ལ་མཁས་པའི་སྨྱུག་འཛིན་གྱི་དབང་པོ་དགེ་སློང་མདོ་སྔགས་བསྟན་འཛིན་སོགས་དང་། གཞན་ཡང་སྔ་ཕྱི་ཅི་རིགས་པར་ཞུས་དག་བཅས་ཀྱི་གྲོགས་དན་པ་ནི་ཐུན་མོང་མ་ཡིན་པའི་གཞུང་ལུགས་རྣམས་ལ་མཁྱེན་རབ་ཀྱི་སྤྱན་དཀྱུས་ཡངས་པའི་བླ་མ་དམ་པ་འཇམ་དབྱངས་དང་། མཁས་གྲུབ་སངས་རྒྱས་བསྟན་འཛིན། རིགས་དབོན་དམ་པ་ཐུབ་བསྟན་འོད་ཟེར། སྙིང་དབོན་བྱང་ཆུབ་རྡོ་རྗེ་སངས་རྒྱས་རྒྱ་མཚོ། གཞན་ཕན་འོད་ཟེར་རྣམས་ཀྱིས་ཀྱང་བགྱིས་ཏེ། རབ་བྱུང་གཞི་ཆོག་སོགས་སོ་ཐར་གྱི་སྐོར་རྣམས་རང་གཞུང་གི་བཀའ་དང་བསྟུན་ཅིང་། ཚིགས་དོན་ཅུང་ཟད་མི་གསལ་བ་ཡོད་རིགས། འདུལ་བ་མདོ་རྩ་དང་། གཞི་འགྲེལ་ཆེན་པོ་སོགས་ལ་གཏུགས་ཤིང་གཏན་ལ་ཕབས། སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་སོགས་དང་། འོག་ནས་འབྱུང་བའི་རྒྱུད་སྡེ་དྲུག་གི་ཆོ་གའི་རིམ་པ་ཇི་སྙེད་པ་རྣམས་ཀྱང་། མ་ཕྱི་སྨིན་གླིང་གི་སྤར་ཡོད་པ་རྣམས་དེ་དང་། ཁམ་དབུས་ཀྱི་ཡིག་རྙིང་ཁུང་ཐུག་རྣམས་ལ་གཞི་བྱམས། རང་རང་གི་རྒྱ་གཞུང་དང་འགྲེལ་བ་སོགས་སྒོ་བསྟུན་ནས་ལེགས་པར་ཞུས་ཤིང་། དོགས་གནས་ཆེ་བ་རྣམས་རྗེ་ཉིད་ཀྱི་སྤྱན་སྔར་ཕབས་ཏེ། སྔོན་རྗེས་ཀྱི་འཇུག་པ་རྣམ་དབྱེ་ཚིག་ཕྲད་བཅས་སུམ་རྟགས་སོགས་ཀྱིས་གཞུང་དང་མཐུན་པར་བགྱིས། མི་བཅོས་སུ་མི་རུང་བའི་ཚིག་དོན་གྱི་ཆ་ལ་སྐྱོན་ཞུགས་པ་རྣམས་ལེགས་པར་བཅོས། བརྡའ་ཁྱད་དང་། སྡེབ་སྦྱོར་གྱི་ཚུལ་ཅུང་ཟད་མི་འདྲ་ཡང་དོན་ལ་སྐྱོན་མེད་པ་རྣམས་རང་སོར་བཞག། སྔགས་ཚིག་ཕལ་སྐད་རིགས་མི་འདྲ་བ་དང་། བཅོས་མི་ནུས་པ་རྣམས་དཔེ་མཐུན་མང་བ་དབང་བཙན་དུ་བྱས། གཞན་སྔགས་བཏུ་དང་ལེགས་སྦྱར་གྱི་གཞུང་རྣམས་ལ་བརྟེན་ནས་དག་པར་བསྒྲུབ། མཆན་བུ་དཀྱུས་ཤོར་སོགས་མ་དག་པ་ངོས་གསལ་རྣམས་དོར་ཏེ་ཤིན་ཏུ་དག་པར་གཏན་ལ་ཕབས་ཅིང་རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པ་དག་གིས་ཡིད་རྟོན་པར་འོས་པའི་གནས་སུ་བགྱིས་པ་ཡིན་ནོ། །དེ་ལྟར་མ་ཕྱི་རྣམས་ཞུས་དག་ཟིན་པ་དང་། སྤར་གཞི་བྲིས་ནས་ཡིག་མཁན་སོ་སོས་ཞུས་དག་ལན་རེ་དང་། ཞུས་དག་མཁན་པོ་རྣམས་ཀྱིས་ལན་གཉིས་རེར་ཞུས། སྤར་དུ་བསྒྲུབ་ཟིན་ནས་ཀྱང་ལན་གྲངས་དུ་མར་ཞིབ་ཏིག་བགྱིས་ཏེ་དག་པར་བསྒྲུབས་པ་ཡིན་ལ། སྤར་བརྐོས་མཁན་པོའང་། ཀླུ་རྒྱལ། ཀླུ་ཕྱུགས། མགོན་ལོ། བུ་རྡོག། ཨ་རྣམ། ཚེ་རིང་རྒྱལ། དམ་ཆོས། ཚུལ་ཁྲིམས། མགོན་བསམ། བཀྲ་ཤིས། ཚེ་རྒྱལ། ཨ་འདོས། བུ་ཤིག་བཅས་བཅུ་གསུམ་ཙམ་གྱིས་ཤིང་སྦྲུལ་བར་ལ་སྔ་ཕྱི་ཅི་རིགས་སུ་བསྐོས་ཤིང་། དེ་དག་གི་ཚེ་ནར་མར་སྦུར་བའི་བཟའ་བཏུང་དང་། ཐོག་ཐ་བར་གྱི་ཆོས་སྟོན་སོགས་སྦྱོར་བ་སྤྱི་གཉེར་གྱི་ལས་འཛིན་རྗེ་ཉིད་ཀྱི་ཉེ་གནས་དགེ་སློང་རྡོ་རྗེ་འཛིན་པ་པདྨ་དར་རྒྱས་ཀྱིས་བགྱིས་ཤིང་། སྤར་ཤིང་དང་ཤོག་རིན་ཡོན་འབུལ་བཅས་ལ་ཞིབ་ཚགས་མི་བགྲང་པར་རགས་པ་ཞིག་བསྡོམས་པས། བཟང་ཇ་སྤོབ་རྩེ་སྟོང་ཕྲག་གཅིག་ལྷག་ཙམ་ཞིག་སོང་བས་མཚོན། ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཆེན་པོའི་ཕྱག་གིས་གཏོང་བའི་སྒོ་འཕར་ཡངས་པོར་ཕྱེས་པས། ལས་ཚན་རྣམས་ཀྱང་སོ་སོའི་བསམ་པ་ཡོངས་སུ་རྫོགས་ཤིང་དགའ་སྤྲོའི་དཔལ་ལ་སྤྱོད་པར་གྱུར་ཏོ། །གསུམ་པ་ཞལ་བྱང་དངོས་ལ། ཇི་ལྟར་འགོད་པའི་གོ་རིམ་ཕལ་ཆེར་ཡས་བབས་ཀྱི་ལུགས་སུ་བཀོད་པ་མང་ཡང་། འདིར་ནི། དཔལ་གསང་བའི་སྙིང་པོ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་ས་དང་ལམ་གྱི་རྣམ་པར་བཞག་པ་ཐམས་ཅད་མཐར་ཐུག་གསང་བའི་སྙིང་པོ་རང་བཞིན་རྫོགས་པ་ཆེན་པོར་འཇུག་པའི་ལམ་སྟེགས་སུ་གསུངས་ཤིང་། དེར་ཇི་ལྟར་དཀྲི་བའི་ཚུལ་ཡང་ཕུར་པ་ཞེ་སྡང་ཁྲོས་པའི་རྒྱུད་ལས། སོ་སོར་ཐར་པ་དང་པོར་སྦྱིན། །དེ་ལ་ཉན་ཐོས་ཆོས་རྣམས་བསྟན། །དེ་ནས་བྱང་ཆུབ་སྡོམ་ཆེན་སྦྱིན། །དེ་ལ་དབུ་མའི་ཆོས་རྣམས་བཤད། །མཐར་ནི་འབྲས་བུ་ཐེག་ཆེན་གྱི། །དབང་སྦྱིན་འབྲས་བུའི་རྒྱུད་འདི་བཤད། །ཅེས་དང་། ཀྱཻ་རྡོ་རྗེ་བརྟགས་པ་ཕྱི་མའི་ལེའུ་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པའང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེའི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །སློབ་མས་གུས་པས་བླང་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར། གདུལ་བྱའི་གང་ཟག་རྣམས། ལམ་དུ་ཇི་ལྟར་འཇུག་པའི་རིམ་པ་དང་མཚུངས་པར་བཀོད་པ་ཡིན་ཏེ། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་བསྟན། །ཞེས་པ་བཞིན་ནོ། །དེ་ལ་འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་རྡོ་རྗེ་ཐེག་པའི་ཕྱོགས་གཉིས་ལས། དང་པོ་ལའང་བསྟན་པའི་གཞི་མ་འདུལ་བ་སོ་ཐར་གྱི་རྣམས་ནི་རིམ་བཞིན། གླེགས་བམ་དང་པོ་ཀ་པ་ལ། སོ་སོར་ཐར་པའི་སྡོམ་རྒྱུན་གསོལ་འདེབས་ངག་དབང་བློ་བཟང་རྒྱ་མཚོས་མཛད་པ་ལ་ལོ་ཆེན་དང་རྗེ་བླ་མས་ཁ་སྐོང་བགྱིས་པ། ཁྱིམ་པ་རྗེས་འཛིན་གྱི་ཆོ་ག་ཐར་ལམ་རབ་གསལ་འགྱུར་མེད་རྡོ་རྗེས་མཛད་པ། བསྙེན་གནས་ལེན་པའི་ཆོ་ག་མདོ་དོན་གསལ་བ་རྗེ་བླ་མས་མཛད་པ། རབ་བྱུང་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས་དྷརྨ་ཤྲཱིས་སྦྱར་བ་དུས་བརྗོད་ཀྱི་རེའུ་མིག་དང་བཅས་པ། བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་དྷརྨ་ཤྲཱིས་སྦྱར་བ་དུས་ངེས་པའི་གསོ་སྦྱོང་གི་འདས་ལུས་བརྗོད་ཚུལ་གྱི་རེའུ་མིག་དང་བཅས་པ། དགེ་སློང་ཕའི་སོ་སོར་ཐར་པའི་མདོ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་སློབ་དཔོན་ཛི་ན་མི་ཏྲ་དང་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་རྣམས་སོ། །རྣམ་མཁྱེན་ལམ་གྱི་དངོས་གཞི་ཐེག་ཆེན་སེམས་བསྐྱེད་ཀྱི་ཕྲིན་ཆོག་སྐོར་ལ། སྨོན་འཇུག་སེམས་བསྐྱེད་ཀྱི་བརྒྱུད་པའི་གསོལ་འདེབས་འགྱུར་མེད་རྡོ་རྗེ་སྦྱར་བ་ལ་རྗེ་བླ་མས་ཁ་སྐོང་མཛད་པ། ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་འགྱུར་མེད་རྡོ་རྗེས་མཛད་པ། དེའི་བསླབ་བྱ་སྟོན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཞི་བ་ལྷས་མཛད་པ་པཎྜི་ཏ་སརྦ་ཛྙཱ་དེ་བ་དང་། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་རྣམས་སོ། །གཉིས་པ་ཐབས་ཀྱིས་ཆེ་བ་འབྲས་བུ་རྡོ་རྗེ་ཐེག་པའི་སྐོར་ལའང་། སྤྱིར་རྒྱུད་སྡེ་བཞི་ལ་ནང་གསེས་ཀྱིས་དབྱེ་བས་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པས་འདི་ཙམ་ཞེས་ཕྱོགས་གཅིག་ཏུ་ཚད་བཟུང་བར་མི་ནུས་ཀྱང་དགོས་པའི་དབང་གིས་རྒྱུད་སྡེ་སོ་སོའི་གཞུང་ཚད་བཤད་པ་ལྟར་ན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་གཉིས་ཞེས་བྱ་བ་སྟེ་རྒྱས་པར་བྱས་ན་གྲངས་མེད་དོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ །སྤྱོད་པའི་རྒྱུད་སྟོང་ཕྲག་དྲུག་གོ །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །ཞེས་གསུངས་ཤིང་། དེ་ཡང་རགས་པ་ཙམ་ལས་ཞིབ་པར་ན། བྱ་བའི་རྒྱུད་ཀྱི་དེ་བཞིན་གཤེགས་པའི་རིགས་གཅིག་བུ་ལའང་། དཔུང་བཟང་ལས། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་སྡེའི་ཚད། །འབུམ་ཕྲག་ལྔ་དང་བྱེ་བ་ཕྲག་གསུམ་དག །ཞེས་དང་། དེ་བཞིན་དུ་རྣལ་འབྱོར་བླ་མེད་ཁོ་ནའི་རྒྱུད་ཀྱང་། སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་སོགས་དཔག་ཏུ་མེད་པར་གསུངས་པ་དེ་རྣམས་ཀྱང་མདོར་བསྡུ་ན། གསང་སྔགས་ཕྱི་ནང་གི་རིམ་པ་གཉིས་སུ་འདུ་བ་ལས། ཕྱི་རྒྱུད་ལ་ཡང་བྱ་སྤྱོད་རྣལ་འབྱོར་གྱི་སྡེ་གསུམ་དུ་དབྱེ་ཞིང་། བྱ་རྒྱུད་ལ་ནང་གསེས་རིགས་ཀྱི་སྒོ་ནས་དབྱེ་བས་སྒོ་དྲུག་ཏུ་འགྱུར། དེ་རེ་རེ་ལའང་། རིགས་ཀྱི་གཙོ་བོ་དང་། རིགས་ཀྱི་བདག་པོ་སོགས་ཀྱིས་དབྱེ་བས་མང་ཞིག་མཆིས་པ་ལས། འདིར་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོའི་ཕྱོགས་སུ་གཏོགས་པའི་རྒྱུད་སྡེའི་དགོངས་པ་འཁྲུལ་མེད་དུ་ཕྱུངས་བའི་ཕྲིན་ཆོག་སྐོར་ལ། བདེ་གཤེགས་སྨན་རྒྱལ་བདུན་གྱི་མཆོད་པའི་ཆོ་ག་ཞི་བ་འཚོའི་ལུགས། ངག་དབང་བློ་བཟང་རྒྱ་མཚོས་ཆོག་ཁྲིགས་སུ་བཏབས་པ། ཡིད་བཞིན་དབང་རྒྱལ་ཞེས་བྱ་བ། ༈གླེགས་བམ་གཉིས་པ་ཁ་པ་ལ། འོད་ཟེར་དྲི་མ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པ་དང་། འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ལྷན་ཐབས་དབང་ཆོག་དང་བཅས་པ་མུན་སེལ་ཉིན་བྱེད་སྣང་བ་དང་། འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ཁ་སྐོང་དབང་ཆོག་བདུད་རྩིའི་ཆུ་རྒྱུན་ཞ་ལུ་བ་བསོད་མཆོག་གིས་མཛད་པ། གཙུག་ཏོར་དྲི་མ་མེད་པ་ལྷ་ལྔའི་ཆོ་ག་རིན་ཆེན་བསམ་འཕེལ་ཞེས་བྱ་ཞ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པ་དང་། དྲི་མེད་རྣམ་གཉིས་ཀྱི་གཟུངས་ལ་བརྟེན་ཏེ་མཆོད་རྟེན་བཞེངས་པའི་ཉེ་བར་མཁོ་བའི་ཆོ་ག་བཀླག་པས་གྲུབ་པ་ལོ་ཆེན་དྷརྨ་ཤྲཱིས་མཛད་པ་རྣམས་སོ། །སྐབས་འདིར་སྤྱོད་པའི་རྒྱུད་ལས་རྣམ་སྣང་མངོན་བྱང་དང་། རྣལ་འབྱོར་གྱི་རྒྱུད་ལས་ངན་སོང་སྦྱོང་རྒྱུད་སོགས་ཀྱི་ཕྲིན་ཆོག་འགོད་པར་འོས་ཀྱང་སྔོན་ཆད་རང་ལུགས་ཀྱི་ཆོག་ཁྲིགས་མ་བྱུང་བས། སླར་བསྒྲིགས་ཟིན་པ་དང་འདིར་འཛུད་དགོས་ཤིང་། རང་གཞུང་འདུས་མདོའི་ཡན་ལག་གི་ཆོ་ག་དག་ནི་འོག་ཏུ་དེ་ཉིད་ཀྱི་སྐབས་སུ་གསལ་བ་ལྟར་རོ། །གཉིས་པ་གསང་ཆེན་བླ་ན་མེད་པ་ནང་གི་རྒྱུད་ལ་ཡང་། ཐབས་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་རྒྱུད་མ་ཧཱ་ཡོ་ག ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་སྟོན་པ་ལུང་ཨ་ནུ་ཡོ་ག བརྗོད་བྲལ་གཉིས་སུ་མེད་པའི་ཡེ་ཤེས་གཙོ་བོར་སྟོན་པ་མན་ངག་ཨ་ཏི་ཡོ་ག་སྟེ་གསུམ་ལས། དང་པོ་མ་ཧཱ་ཡོ་གའི་སྐོར་ལའང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་བའི་རྒྱུད་སྡེ་ལྔ། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་ཁ་སྐོང་གི་རྒྱུད་སྡེ་གཉིས། ཐམས་ཅད་ལ་ཁྱབ་པའི་སྤྱི་རྒྱུད་ཆེན་པོ་གཅིག་དང་བཅོ་བརྒྱད་ཡོད་པ་ལས། དང་པོ་རྩ་བའི་རྒྱུད་སྡེ་ལྔའི་ནང་ཚན་སྐུའི་རྒྱུད་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་ཕྲིན་ཆོག་གི་སྐོར་ལ། མཉམ་སྦྱོར་གྱི་བརྒྱུད་འདེབས་རྗེ་བླ་མས་མཛད་པ། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་རིགས་བསྡུས་པའི་སྒྲུབ་ཐབས་བདེ་ཆེན་འདོད་འཇོ། དེའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་། དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་བཅས་གཏེར་ཆེན་འགྱུར་མེད་རྡོ་རྗེས་ཁྲིགས་སུ་བསྡེབས་པ་རྣམས་སོ། །གཉིས་པ་གསུང་གི་རྒྱུད་ཟླ་གསང་ཐིག་ལེ། གསུམ་པ་ཐུགས་ཀྱི་རྒྱུད་གསང་བ་འདུས་པ། བཞི་བ་ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ལྔ་པ་ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་རྣམས་ལ་སྔར་ཆོག་ཁྲིགས་མ་བྱུང་བས་སླར་འདིར་འཛུད་དགོས་སོ། །གཉིས་པ་རོལ་པའི་རྒྱུད་སྡེ་ལྔ་ལས། སྐུ་གཤིན་རྗེ་རོལ་པའི་ཕྲིན་ཆོག་གི་སྐོར་ལའང་གཉིས་ལས། དང་པོ་ཁ་ཐུན་ནག་པོའི་སྐོར་ལ། གཤིན་རྗེ་ཁ་ཐུན་གྱི་བརྒྱུད་འདེབས་རྗེ་བླ་མས་མཛད་པ། འཇམ་དཔལ་གཤིན་རྗེ་ཁ་ཐུན་ནག་པོའི་སྒྲུབ་ཐབས་བཀླག་པས་དོན་འགྲུབ། དེའི་དཀྱིལ་ཆོག་བཅས་རྒྱལ་སྲས་རིན་ཆེན་རྣམ་པར་རྒྱལ་བའི་ཆོག་ཁྲིགས་ཁ་ཐུན་གྱི་དབང་ཆུ་བཀའ་མ་སློབ་དཔོན་པདྨས་མཛད་པ། ཡང་ཁ་ཐུན་རྡོ་རྗེའི་དབང་ཆུ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་ལ་ཀུན་མཁྱེན་རི་ཁྲོད་པ་ངག་དབང་གྲགས་པས་ཆོག་ཁྲིགས་བགྱིས་པ་རྣམས་སོ། །གཉིས་པ་གནུབས་ལུགས་གཤིན་རྗེ་རུ་མཚོན་དམར་པོའི་སྐོར་ལ། གཤེད་དམར་བརྒྱུད་འདེབས་རྗེ་བླ་མས་མཛད་པ། གཤིན་རྗེ་གཤེད་དམར་པོའི་ལས་བྱང་བདུད་དཔུང་མཐར་བྱེད་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཆོག་ཁྲིགས་དེའི་དཀྱིལ་ཆོག་དངོས་གྲུབ་ལེན་པ་བཅས་རྒྱལ་སྲས་རིན་ཆེན་རྣམ་པར་རྒྱལ་བའི་ཆོག་ཁྲིགས། འཇམ་དཔལ་གཤིན་རྗེ་གཤེད་དམར་པོའི་ཕྲིན་ལས་རྡོ་རྗེ་རྩེ་བརྒྱ་བ་ལོག་རྟོག་བདུད་དཔུང་ཕམ་བྱེད་དབང་ཆོག་དང་བཅས་པ་མཁན་ཆེན་ཨོ་ཌཱི་ཡཱ་ནའི་ཆོག་ཁྲིགས་རྣམས་སོ། །གཉིས་པ་གསུང་རྟ་མཆོག་རོལ་པའི་ཕྲིན་ཆོག་སྐོར་རྣམས་སླད་ནས་འདིར་འཛུད་དགོས་སོ། །གླེགས་བམ་གསུམ་པ་ག་པ་ལ། གསུམ་པ་ཐུགས་ཧེ་རུ་ཀ་རོལ་བའི་ཕྲིན་ཆོག་སྐོར་ལ། ཡང་དག་གི་བརྒྱུད་འདེབས་རྗེ་བླ་མས་མཛད་པ། དཔལ་ཡང་དག་ཧེ་རུ་ཀའི་སྒྲུབ་ཐབས་བདེ་ཆེན་ཐིག་ལེ། དེའི་དཀྱིལ་ཆོག་བདུད་རྩིའི་ཉིང་ཁུ། དཔལ་ཆེན་ཡང་དག་ལྷ་དགུའི་དབང་ཆོག་བདེ་ཆེན་འཇུག་ངོགས་བཅས་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཆོག་ཁྲིགས་རྣམས་སོ། །བཞི་པ་ཡོན་ཏན་བདུད་རྩི་རོལ་བའི་ཕྲིན་ཆོག་སྐོར་རྣམས་སླད་ནས་འདིར་འཛུད་དགོས། ལྔ་པ་ཕྲིན་ལས་ཕུར་པ་རོལ་པའི་ཕྲིན་ཆོག་སྐོར་ལ་གཉིས་ལས། དང་པོ་རོག་ལུགས་སུ་གྲགས་པའི་སྐོར་ལ། རོག་ལུགས་ཕུར་པའི་བརྒྱུད་འདེབས་དྷརྨ་ཤྲཱིས་མཛད་པ་ལ་རྗེ་བླ་མས་ཁ་སྐོང་བགྱིས་པ། རྡོ་རྗེ་ཕུར་པ་རོག་ལུགས་ཀྱི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས། སྟོད་ལས་ཀྱི་སྒྲུབ་ཁོག་བདེ་ཆེན་བདུད་རྩིའི་བཅུད་ལེན། དབང་ཆོག་བདེ་ཆེན་མཆོག་སྟེར། སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར་བཅས་ལོ་ཆེན་དྷརྨ་ཤྲཱིའི་ཆོག་ཁྲིགས་རྣམས་སོ། །གཉིས་པ་རོང་ཟོམ་ལུགས་ཀྱི་སྐོར་ལ། རོང་ཟོམ་ཕུར་པའི་བརྒྱུད་འདེབས་རྗེ་བླ་མས་མཛད་པ། རྡོ་རྗེ་ཕུར་པ་རོང་ལུགས་ཀྱི་ལས་བྱང་དངོས་གྲུབ་རྒྱ་མཚོའི་སྙིང་པོ། དེའི་དཀྱིལ་འཁོར་གྱི་ཆོ་ག་བཅས་རིན་ཆེན་རྣམ་རྒྱལ་གྱི་ཆོག་ཁྲིགས། དབང་གི་ཆོ་ག་ཇོ་བོ་ལང་ལབ་ཀྱིས་བསྒྲིགས་པ་རྣམས་སོ། །གསུམ་པ་སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་དང་། བཞི་པ་མ་ཚང་ཁ་སྐོང་གི་རྒྱུད་སྡེ་གཉིས་བཅས་ཀྱི་ཕྲིན་ཆོག་སྐོར་རྣམས་སླད་ནས་འདིར་འཛུད་དགོས་སོ། །གླེགས་བམ་བཞི་པ་ང་པ་ལ། ལྔ་པ་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་ཕྲིན་ཆོག་སྐོར་ལ། ཞི་ཁྲོ་ཐུན་མོང་གི་བརྒྱུད་འདེབས་འགྱུར་མེད་རྡོ་རྗེས་མཛད་པ་ལ་རྗེ་བླ་མས་ཁ་སྐོང་མཛད་པ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས། དེའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་ཕྲེང་བ། དབང་གི་ཆོ་ག་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན་བཅས་གཏེར་ཆེན་འགྱུར་མེད་རྡོ་རྗེས་ཆོག་ཁྲིགས་རྣམས་སོ། །སྒྱུ་འཕྲུལ་དྲྭ་བ་ཁྲོ་བོ་ཧེ་རུ་ཀའི་དཀྱིལ་འཁོར་བསྡུས་པའི་སྒྲུབ་ཐབས་བདེ་ཆེན་ཆར་འབེབས། དེའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེའི་ཕྲེང་བ་བཅས་གཏེར་ཆེན་གྱི་ཁྲིགས་མ། སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དབང་གི་ཆོ་ག་ཁྲག་འཐུང་རྡོ་རྗེའི་གད་རྒྱངས་ཞེས་པ་པདྨ་དགྱེས་པ་འགྱུར་མེད་རྒྱ་མཚོས་ཆོག་ཁྲིགས་བགྱིས་པ། ཞི་ཁྲོ་ཐུན་མོང་གི་དབང་གི་རྒྱུག་བྱང་རྣམས་སོ། །གཞན་ཡང་དེའི་ཆ་ལག་ཏུ་གཏོགས་པ། སློབ་དཔོན་སངས་རྒྱས་གསང་བའི་ལུགས་ཀྱི་སྒྲུབ་སྐོར་ལ། ཚེ་སྒྲུབ་ཀྱི་བརྒྱུད་འདེབས་རྗེ་བླ་མས་མཛད་པ། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར། དེའི་དབང་གི་ཆོ་ག་བཅས་གཏེར་ཆེན་གྱིས་ཁྲིགས་མ་རྣམས་སོ། །གླེགས་བམ་ལྔ་བ་ཅ་པ་ལ། རྣལ་འབྱོར་སྤྱི་ཁྲུས་མཚམས་མེད་ལྔ་སྦྱོང་གི་ཕྲིན་ཆོག་སྐོར་ལ། དོང་སྤྲུག་གི་བརྒྱུད་འདེབས་གཏེར་ཆེན་གྱིས་མཛད་པ་ལ་རྗེ་བླ་མས་ཁ་སྐོང་བགྱིས་པ། ན་རག་དོང་སྤྲུག་ཞི་ཁྲོ་ཁྲོམ་དཀྲུག་གི་ལས་བྱང་འཁོར་བ་ཀུན་གྲོལ། ཡང་ཞི་བ་པདྨ་བརྒྱ་ལྡན་གྱི་ལས་བྱང་བདེ་ཆེན་ལམ་བཟང་བཅས་གཏེར་ཆེན་གྱིས་ཁྲིགས་མ། ཕྱག་གི་བཀོལ་བྱང་། ན་རཀ་དོང་སྤྲུག་དབང་གི་མཚམས་སྦྱོར་བདེ་ཆེན་ལམ་བཟང་མི་འགྱུར་དཔལ་སྒྲོན་གྱིས་མཛད་པ་རྣམས་སོ། །དེ་དག་ཀུན་གྱི་རྗེས་འབྲེལ་དུ་འགྲོ་བའི་ཕྲིན་ལས་སྣ་ཚོགས་ཀྱི་སྐོར་ལ། མ་ཧཱ་ཡོ་གའི་དབང་གི་རྒྱུག་བྱང་རྗེ་བླ་མས་མཛད་པ། གཤིན་པོ་རྗེས་འཛིན་གྱི་ཆོ་ག་ཐར་པའི་མྱུར་ལམ་གཏེར་ཆེན་གྱིས་མཛད་པ། གཏོར་མ་ཆ་གསུམ་གྱི་ཆོ་ག་གཏེར་ཆེན་གྱིས་མཛད་པ། རྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་ངག་འདོན་ཀླག་ཆོག་མར་བྱས་པ་འདོད་སྟེར་དབང་གི་རྒྱལ་པོ་དྷརྨ་ཤྲཱིས་སྦྱར་བ། རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་འདོད་འཇོ་གཏེར་ཆེན་འགྱུར་མེད་རྡོ་རྗེས་མཛད་པ་རྣམས་སོ། །རྒྱུད་ཀྱི་བཀའ་སྲུང་གི་སྐོར་ལ། ལེགས་ལྡན་ཚོགས་ཀྱི་བདག་པོའི་གོང་གནོན་དུ། དགོས་པའི་དབང་གིས་འདིར་བཞག་པ་དྲག་དམར་འོ་བྲན་ལུགས་ཀྱི་སྐོར་ལ། དེའི་བརྒྱུད་འདེབས་རྗེ་བླ་མས་མཛད་པ། སྒྲུབ་ཐབས་དབང་ཆོག་དང་བཅས་པ་འདོད་འཇོ་ལས་ཕྱུང་པ་གཏེར་ཆེན་གྱིས་ཆོག་ཁྲིགས་རྣམས་སོ། །དཔལ་ལེགས་ལྡན་ནག་པོའི་བརྒྱུད་འདེབས་རྗེ་བླ་མས་མཛད་པ། ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་ལས་བཞིའི་རྣམ་རོལ་གཏེར་ཆེན་འགྱུར་མེད་རྡོ་རྗེས་མཛད་པ། ཡང་ལེགས་ལྡན་གྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འདོད་བུམ་ལས་བྱུང་བ་གཏེར་ཆེན་གྱིས་ཁྲིགས་མ་རྣམས་སོ། །རྒྱུད་མགོན་ཏྲག་ཤད་ཀྱི་ཕྲིན་ཆོག་འདིར་འཛུད་དགོས། བཀའ་གཏེར་ཟུང་འཇུག་གི་མགོན་པོ་བིང་དང་སྟག་ཞོན་བཅས་སོ་སོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ། རེ་ཏི་རང་བྱུང་རྒྱལ་མོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ། རྣམ་སྲས་དྲག་པོ་རྟ་སྔོན་ཅན་གྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་དེ་རྣམས་འདོད་འཇོ་བུམ་བཟང་ལས་ཕྱུང་བ་གཏེར་ཆེན་རིན་པོ་ཆེའི་ཆོག་ཁྲིགས་སྐོར་རོ། །གཉིས་པ་ལུང་ཨ་ནུ་ཡོ་གའི་ཕྱོགས་ལ། རྩ་རྒྱུད་ཀུན་འདུས་རིག་པ་དང་། བཤད་རྒྱུད་སྤྱི་མདོ་དགོངས་འདུས་སོགས་ཀྱི་གཞུང་དོན་དང་། བདེ་བ་གསལ་མཛད་ཀྱི་ལས་ཐོ་སོགས་མན་ངག་གི་རྒྱུན་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས། མདོ་རྩ་བའི་དཀྱིལ་འཁོར་དང་། ཡན་ལག་ཐེག་བརྒྱད་ཀྱི་དཀྱིལ་འཁོར་སོ་སོར་ཕྱེ་ནས་དབང་བསྐུར་བའི་ཐབས་འདུས་པ་མདོ་དབང་ཆེན་མོར་གྲགས་པའི་སྐོར་ནི། གླེགས་བམ་དྲུག་པ་ཆ་པ་ལ། འདུས་པ་མདོའི་དབང་གི་སྤྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ་དྷརྨ་ཤྲཱིས་མཛད་པ། འདུས་མདོའི་བརྒྱུད་འདེབས་གཏེར་ཆེན་གྱིས་མཛད་པ་ལ་རྗེ་བླ་མས་ཁ་སྐོང་བགྱིས་པ། ཚོགས་ཆེན་འདུས་པའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་གཏེར་ཆེན་གྱིས་མཛད་པ། འདུས་པ་མདོའི་སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ་དྷརྨ་ཤྲཱིས་མཛད་པ་རྣམས་སོ། །གླེགས་བམ་བདུན་པ་ཇ་པ་ལ། ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དྲི་མེད་འོད་ཀྱི་ཕྲེང་བ་གཏེར་ཆེན་གྱིས་མཛད་པ། ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ། འདུས་མདོའི་ཆོ་གའི་ཟུར་འདེབས་དཔག་བསམ་སྙེ་མ་བཅས་དྷརྨ་ཤྲཱིས་མཛད་པ་རྣམས་སོ། །གླེགས་བམ་བརྒྱད་པ་ཉ་པ་ལ། འདུས་པ་མདོའི་དབང་གི་ཆོ་ག་རྡོ་རྗེའི་ཐེམ་སྐས་དྷརྨ་ཤྲཱིས་མཛད་པ་བཞུགས་སོ། །གསུམ་པ་མན་ངག་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་སེམས་ཕྱོགས་ཀྱི་སྐོར་ལ། སེམས་ཀློང་མན་ངག་གི་སྡེ་གསུམ་སོ་སོའི་ནང་གསེས་ཀྱིས་དབྱེ་བས་ཀློང་དགུ་བམ་པོ་ཉི་ཁྲི་ཆིག་སྟོང་དང་། རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་སོགས་དཔག་ཏུ་མེད་པ་ཞིག་བཞུགས་པ་ལས། དང་པོ་སེམས་ཕྱོགས་སུ་གཏོགས་པའི་མན་ངག་སྒྲུབ་ཕྲིན་གྱི་རིམ་པ་རྒྱ་བོད་མཁས་པ་མི་བཞིའི་དགོངས་ཉམས་གཅིག་ཏུ་དྲིལ་པ་བཀའ་བརྒྱད་བཀའ་མ་རྫོང་འཕྲང་དུ་གྲགས་པའི་སྐོར་ནི། གླེགས་བམ་དགུ་པ་ཏ་པ་ལ། རྫོང་འཕྲང་གི་རྒྱུད་འདེབས་རྗེ་བླ་མས་མཛད་པ། འཕྲིན་ལས་ཀྱི་ཆོག་ཁྲིགས་ཧེ་རུ་ཀའི་དགོངས་རྒྱན་ཅེས་བྱ་བ་ཀཿཐོག་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་བསྒྲིག་མ། དཀྱིལ་འཁོར་གྱི་ཆོ་ག། དབང་བསྐུར་རྡོ་རྗེའི་ཕྲེང་བ་ལེའུ་བཅུ་གསུམ་པ་ཨུ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་སྦྱར་བ་རྣམས་སོ། །སེམས་སྡེ་དངོས་ལ་རྫོགས་པ་ཆེན་པོའི་སེམས་སྡེའི་བརྒྱུད་འདེབས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་མཛད་པ་ལ་རྗེ་བླ་མས་ཁ་སྐོང་བགྱིས་པ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དང་། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། རྩལ་ཆེན་སྤྲུག་པ། རིག་པའི་ཁུ་བྱུག་སོགས་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲོད་པའི་ཐབས་རིག་པ་རྩལ་གྱི་དབང་བཅོ་བརྒྱད་བསྐུར་བའི་ཆོག་ཁྲིགས་བླ་མའི་ཞལ་གདམས་ཞེས་བྱ་བ་རྒྱུག་བྱང་སྨོན་ལམ་དང་བཅས་པ་གཡུང་སྟོན་རྡོ་རྗེ་དཔལ་བཟང་པོས་མཛད་པ་རྣམས་སོ། །ཀློང་སྡེ་རྡོ་རྗེ་ཟམ་པའི་བྱིན་རླབས་ཀྱི་ཆོ་ག་རྒྱས་པ་ཁྲིགས་སུ་བྱས་པ་ཀཿཐོག་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པ། མན་ངག་སྡེ་རྒྱུད་བཅུ་བདུན་སོགས་ཀྱི་ཕྲིན་ཆོག་རྣམས་ཀྱང་སླད་ནས་འགོད་དགོས་པ་ཡིན་ནོ། །དེ་ལྟར་ན་སྤྱིར་ཐེག་རིམ་དགུ་དང་། བྱེ་བྲག་ནང་རྒྱུད་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་ཕྱོགས་སུ་གཏོགས་པའི་ཕྲིན་ཆོག་མཐའ་དག་གི་རྒྱུན་དེང་སང་ལྗོངས་འདིར་ཡོད་དོ་ཅོག་ཕལ་ཆེ་བ་ཞིག་འདིར་བཞུགས་པ་ཡིན་ནོ། །བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་རྣམས་ཀྱི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ལས་ཇི་ལྟར་སྤར་དུ་སྒྲུབ་ཚུལ་བཞུགས་བྱང་དཀར་ཆག་དངོས་འགོད་པའི་སྐབས་ཏེ་གཉིས་པའོ། །དོན་གསུམ་པ་དེ་ལྟར་བསྒྲུབ་པའི་དགོས་ཆེད་ཕན་ཡོན་བསྔོ་སྨོན་ཤིས་བརྗོད་དང་བཅས་པ་ལ་བཞི་ལས། དང་པོ་དགོས་ཆེད་ནི། དེང་སང་གི་དུས་འདིར་སྤྱིར་རྒྱལ་བའི་བསྟན་པ་ལ་བཤད་སྒྲུབ་ཀྱིས་བྱ་བ་མཛད་པའི་གང་ཟག་ཕྱོགས་ཐམས་ཅད་ན་དཀོན་ཞིང་། ཁྱད་པར་དུ་རྒྱལ་བ་གོང་མ་དུ་མའི་མཚན་སྙན་གྱི་ཅོད་པཎ་གཙུག་ཏུ་དཔྱངས་ནས་བསྟན་འཛིན་གྱི་སྐྱེས་བུར་རློམ་པའི་ཆེན་པོའི་གོ་ས་འཛིན་པ་དག་ཀྱང་། འདིར་སྣང་སྲིད་པའི་ཆེ་ཐབས་ཁོ་ན་ལྷུར་བཞེས་ནས། གསེར་དངུལ་གྱིས་བང་མཛོད་འགེངས་པ་དང་། རྟ་ནོར་གྱིས་རི་ལུང་གང་བ། ཆེ་བཙན་གྱི་གྲགས་པ་སྒྲུབ་པ་སོགས་མི་དཔོན་ཆེན་པོའི་བྱ་བས་ཐུགས་གཡེངས་ཏེ། རང་ལུགས་ཀྱི་བསྟན་པ་དངོས་ལ་འཁོར་ལོ་གསུམ་གྱིས་མཛད་པས་འཛིན་སྐྱོངས་སྤེལ་བའི་ཕྲིན་ལས་སྒྲུབ་དགོས་རྒྱུ་རྣམས་གལ་ཆུང་གཡས་ཆུང་དུ་ལུས་པ་ལ་བརྟེན་ནས། ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་སྤྱིའི་རྣམ་བཞག་ཡང་གཟུགས་བརྙན་ཙམ་དུ་འགྱུར་བ་ལ་ཉེ་ཞིང་། ཡང་དགོས་སྔ་འགྱུར་བཀའ་མའི་སྨིན་གྲོལ་གྱི་རྒྱུན་རྣམས་ནི་ཕལ་ཆེར་འཇའ་ལུས་གྲུབ་ཟིན་ཅིང་། ཅུང་ཟད་རེ་ཡོད་པ་རྣམས་ཀྱང་སྣུམས་ཟད་ཀྱི་མར་མེ་ལྟར་གྱུར་པའི་སྐབས་འདིར། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ཐུགས་དགོངས་ལ། འདི་ལྟར་མཐའ་དང་དབུས་མེད་པའི་སྲིད་པའི་རྒྱ་མཚོ་ཆེན་པོར་ལས་ཉོན་རྣམ་སྨིན་གྱི་སྡུག་བསྔལ་དྲག་པོའི་དབའ་ལ་འཕྱན་པའི་མཐའ་ཡས་པའི་སྐྱེ་དགུ་རྣམས་ལ་གནས་སྐབས་ཀྱི་ཕན་པ་དང་མཐར་ཐུག་གི་བདེ་བ་འབྱུང་བའི་གཞིར་གྱུར་པ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ན་ཡིན། དེ་ཉིད་ཡུན་རིང་དུ་གནས་པའང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་རག་ལས་ཤིང་། བསྟན་འཛིན་གྱི་སྐྱེས་བུ་ཞེས་པའང་ཐུབ་པའི་བསྟན་པ་ལ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་མཛད་པའི་སྒོ་ནས་བཞག་དགོས་པར་སྣང་ན་ཡང་། དེང་སང་ནི། དབང་ལུང་དང་དཔེ་རྒྱུན་དཀོན་རིགས་ཙམ་ཡང་བཙལ་དགོས་པའི་ཐུགས་དགོངས་མངའ་བ་ནམ་ལང་གི་སྐར་མ་ལྟར་དཀོན་ཞིང་། སྨིན་གྲོལ་གྱི་གདམ་པ་ཟབ་མོ་རྣམས་ཀྱང་ཁྲོན་པས་སྐོམ་པ་དེད་པའི་དཔེས། མས་བུ་ཆུང་ལ་ནུ་ཞོ་བསྙོད་པ་ལྟར་བྱས་ཀྱང་། ད་དུང་ལོག་རྟོག་དང་ཡུལ་ལུགས་ངན་པའི་གཤིས་ལ་གོམས་པས་ཕ་ཕོར་གཙང་ཞེན་གྱི་བློས་ཕྱིན་ཅི་ལོག་གི་གྲུབ་མཐའ་ཆགས་སྡང་གི་གཏམ་གྱིས་འཛིན་པ་ཁོ་ན་ལས་མི་འདུག་པས། ཇི་ལྟར་བགྱིས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཅུང་ཟད་རེ་གནས་པའི་རྒྱུར་འགྱུར་སྙམ་དུ་དགོངས་པ་ལས། འདི་ལྟར་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡེབས་ནས་གླེགས་བམ་མི་ཟད་པའི་ཡི་གེའི་ཕྱི་མོ་སྤར་གྱི་འདུ་བྱེད་དུ་བསྒྲུབས་ཏེ་བཞག་ན། ཚེགས་མེད་པར་གླེགས་བམ་གྱི་རྒྱུན་མང་པོར་འཕེལ་བ་དང་། ཚུལ་འདི་ལ་མོས་པ་རྣམས་ཀྱིས་སྨིན་གྲོལ་གྱི་རྒྱུན་རྙེད་སླ་བ་དང་། དེ་ལ་བརྟེན་ནས་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་སོགས་འབྱུང་ཞིང་། ཚུལ་དེས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བཀའ་མའི་སྐོར་རྣམས་ཀྱང་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་ཞིག་ཏུ་གནས་པའི་རྒྱུ་དང་རྐྱེན་དུ་འགྱུར་བར་ཐུགས་སུ་ཆུད་ནས། དགོས་པའི་གཙོ་བོ་ནི་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་མི་ཉམས་ཤིང་འཕེལ་བའི་ཆེད་ཁོ་ན་ཡིན་པ་དང་། དེའི་མཐུས་ལུས་ཅན་སྤྱི་དང་བྱེ་བྲག་བོད་ཆེན་པོའི་ལྗོངས་འདིར་འཁོད་པའི་སྐྱེ་དགུ་མཐའ་དག་གནས་སྐབས་ལྷ་དང་མིའི་དཔལ་ལ་ལོངས་སྤྱོད་ནས། མཐར་ཐུག་རྣམ་གྲོལ་ཞི་བ་མཆོག་གི་གོ་འཕང་མངོན་དུ་བྱེད་པ་དང་། གཞན་ཡང་། རིག་འཛིན་གོང་མ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང་། ཁམས་དབུས་ཀྱི་སྐྱེས་ཆེན་དུ་མས་བསྐུལ་བ་དོན་ཡོད་པ་དང་། རྒྱལ་བའི་སྲས་ཀྱི་མཛད་པ་རླབ་པོ་ཆེ་སྒྲུབ་པ་དང་། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་པ་དང་། རྗེས་འཇུག་སློབ་མའི་ཚོགས་ལ་སྨིན་གྲོལ་གྱི་ཕ་ཕོག་འབོག་པ་དང་། འབྱོར་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་གོང་ནས་གོང་དུ་སྤེལ་བ་སོགས་དགོས་པ་བསམ་གྱིས་མི་ཁྱབ་པ་ལ་ཐུགས་གཞོལ་ནས་སྔོན་རབས་དུ་མའི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་བབས་པའི་མངོན་རྟོགས་གསལ་བོར་རོལ་པ་ཡིན་ཏེ། བཟང་པོ་སྤྱོད་པ་ལས། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །ཞེས་དང་། སྔ་འགྱུར་པུནྜ་རཱི་ཀའི་རྒྱུད་ལས། སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །ཞེས་པ་ལྟར་རོ། །གཉིས་པ་ཕན་ཡོན་ནི། སྤྱིར་བདེ་བར་གཤེགས་པའི་གསུང་རབ་རྣམས་གླེགས་བམ་ལ་བྲིས་ཏེ་རིམ་གྲོ་བགྱིས་པ་ལ་ཡང་ཕན་ཡོན་ཚད་མེད་དེ། སྡུད་པ་ཚིགས་སུ་བཅད་པ་ལས། ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གངྒཱ་ཡི། །བྱེ་མ་སྙེད་ཀྱི་བྱེ་བ་ཕྲག་སྟོང་ཞིག་བཀངས་ཏེ། །ཡོངས་སུ་བརྟགས་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང་། །བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་པ། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་སོ། །དེ་བས་ཀྱང་གླེགས་བམ་བགྱིས་ཏེ་གཞན་ལ་བྱིན་པའི་བསོད་ནམས་ཁྱད་པར་དུ་འཕགས་ཏེ། དེ་ལས། ལ་ལས་གངྒཱ་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་མཆིས་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་སོ། །དེ་ལྟར་ཐེག་ཆེན་ཐུན་མོང་གི་མདོ་སྡེ་རྣམས་ལས་ཀྱང་ཕན་ཡོན་མང་དུ་གསུང་ན། དེ་ལས་ཀྱང་གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་བྲིས་ཤིང་བཅང་བའི་ཕན་ཡོན་ནི་ཚད་མེད་དེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིགས་རྣམས་ཀྱི་དབང་ཐོབ་སྟེ། །རྒྱུད་འདི་བཅང་བ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་བར་འབྱུང་། །རྒྱུད་འདི་སུ་ཡི་བཀླག་པའི་མི། །ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡིས་བྲིས་པའི་མི། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་པ་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་བཅང་བ་ཙམ་གྱིས་ཀྱང་། །ལུང་དང་མན་ངག་འཛིན་པར་འགྱུར། །ཞེས་སོ། །ཁྱད་པར་བསྟན་པ་འཇིག་པའི་ཚེ་དམ་པའི་ཆོས་བཟུང་བའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པའི་ཚུལ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་རྗེ་པ། །ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་ཏེ། །དེ་དག་མཐའ་ནི་བདེ་གཤེགས་མི་གསུང་ངོ་། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། གང་དག་ཕྱིན་ཆད་མདོ་སྡེ་འདི་འཛིན་པ། །དེ་དག་རྟག་ཏུ་ང་དང་མཐུན་པའི་སྲས། །སངས་རྒྱས་བྱེ་བས་དེ་དག་བསྔགས་བརྗོད་ཀྱང་། །དེ་དག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར། །ཞེས་དང་། གང་གིས་སངས་རྒྱས་སྟོང་རྣམས་དང་། །བརྒྱ་དང་བྱེ་བ་བགྲང་དག་ལ། །བསྐལ་པ་གངྒཱའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བཀུར་བ་པས། །འཇིག་རྟེན་མགོན་གྱིས་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཆོག་ཏུ་གཟུགས་མཛེས་ལྟ་ན་སྡུག་པ་དང་། །སྐྱེས་བུ་བུད་མེད་ལྷ་རྣམས་དགའ་བ་དང་། །བདེ་ཞིང་མཁས་ལ་བསྔགས་ཤིང་ཤེས་རབ་ལྡན། །སྟོན་པ་སྟོབས་བཅུ་མངའ་བ་ལྷ་ཡི་ལྷས། །གང་གི་མདུན་དུ་མདོ་འདི་རབ་བཤད་པ། །མི་དེའི་ལག་ཏུ་མདོ་སྡེ་འདི་འདྲ་འདི། །ཕྱི་མའི་དུས་ཀྱི་ཚེ་ན་ཐོབ་པར་འགྱུར། །ཞེས་དང་། གཞན་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་ཀྱང་། དེ་ལ་ཤཱ་རིའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས། འདི་ལྟ་བུའི་མི་བཟད་པ་དང་མི་བསྔགས་པ་དང་། དམ་པའི་ཆོས་རབ་ཏུ་འཇིག་པ་མཐོང་ནས་བརྩོན་འགྲུས་ཆེན་པོའི་ཤུགས་རབ་ཏུ་བསྐྱེད་དེ། འདི་ལྟ་སྟེ། འདི་ལྟ་བུའི་མདོ་སྡེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་མཉན་པར་བྱ། བཟུང་བར་བྱ། ཡི་གེར་བྲིས་ནས་བཅང་བར་བྱ། གཞན་ལ་ཡང་གོ་བར་བྱ། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེས་ཀྱང་འདུ་ཤེས་བཞི་བསྐྱེད་པར་བྱ་སྟེ། བཞི་གང་ཞེ་ན། བདག་གི་ཕའི་ནོར་གྱི་ཕུང་པོ་འདི་རབ་ཏུ་འཇིག་པར་འགྱུར་ཏེ། གང་གིས་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ནས་བཟུང་སྟེ། དཀའ་བ་སྤྱད་པ་ཡིན་ན། དེའི་ཕྱིར་རབ་ཏུ་འཇིག་པར་མི་འགྱུར་བར་བཟུང་བར་བྱ། ཀུན་ཆུབ་པར་བྱ། བཟུང་བར་བྱ་སྟེ། ཆུད་ཟ་བར་མི་བྱའོ། །བརྩོན་འགྲུས་བརྩམ་མོ། །འདི་ལྟ་སྟེ། དཔེར་ན་ཤཱ་རིའི་བུ་སྐྱེས་བུ་ཞིག་ལ་བུ་གཅིག་ཅིག་ཡོད་དེ། བྱམས་སྡུག་ཡིད་དུ་འོང་ཞིང་མི་མཐུན་པ་མེད་པར་སྣང་བ་དེ་གཡང་ས་ཆེན་པོར་ལྷུང་བར་གྱུར་པ་དང་། དེས་དེ་ལག་གིས་བཟུང་སྟེ། སེམས་ཅན་དམྱལ་བའི་གཡང་ས་འདིར་ལྷུང་བར་མ་གྱུར་ཅིག་ཅེས་འཛིན་རབ་ཏུ་འཛིན་པ་དེ་བཞིན་དུ། ཤཱ་རིའི་བུ་གང་སྐྱེས་བུ་དམ་པ་དེ་དག་ང་ལ་དད་ཅིང་ཆོས་དཀོན་མཆོག་བླ་ན་མེད་པ་འདི་ཡང་ཡོངས་སུ་མི་གཏོང་ཞིང་། མྱ་ངན་ལས་འདས་པ་ལ་ཡང་རེ་བར་འགྱུར་བ་དེ་དག་དེའི་དུས་ན་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བས་ངས་དེ་དག་ལ་བྱང་ཆུབ་མཆོག་འདི་གཏད་པར་བྱའོ། །འདི་ལྟ་སྟེ་དཔེར་ན། ཤཱ་རིའི་བུ་གཡུལ་ཆེན་པོའི་ནང་ན་གང་སྐྱེ་བོ་མང་པོ་བསྲུང་བའི་ཕྱིར་དམག་གི་མདུན་ན་འདུག་པར་འགྱུར་བའི་སེམས་ཅན་དེ་དག་ནི་ཉུང་བར་འགྱུར་རོ། །ཡང་ཤཱ་རིའི་བུ་གང་དཔའ་བ་འོས་སུ་གྱུར་པར་བྱས་པ་གཡུལ་ལས་རྣམ་པར་རྒྱལ་བ་དེ་དག་དེ་ན་གཡུལ་མི་བཟད་པ་ཆེན་པོའི་དུས་ན་སྐྱེ་བོ་མང་པོའི་ཕྱིར་དམག་གི་མདུན་ན་འདུག་པ་དེ་བཞིན་དུ། ཤཱ་རིའི་བུ་དེའི་ཚེ་དམ་པའི་ཆོས་འཇིག་པར་རབ་ཏུ་ཉེ་བར་གནས་པ་ན། གང་ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདས་པ་འདོད་པ། དཔའ་བ་བརྩོན་འགྲུས་བརྟན་པར་གོ་ཆ་སྲ་བ་བགོས་པ་དེ་དག་བརྩོན་འགྲུས་ཆེན་པོའི་སྟོབས་བསྐྱེད་དེ་བདུད་ཀྱི་དམག་ལས་རྒྱལ་ཞིང་འདི་ལྟ་བུའི་ཆོས་དཀོན་མཆོག་འདི་ལས་སྙིང་པོ་ཅུང་ཟད་ཙམ་ལེན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡོངས་སུ་སྤོང་བ་ལ་ཡངརྗེས་སུ་ཡི་རང་བར་མི་བྱེད་ཅིང་རྩོད་པར་བྱེད་ལ་འདི་ནི་སངས་རྒྱས་ཀྱིས་བཤད་པའོ་ཞེས་སྐྱེ་བོ་མང་པོ་ལ་སྒྲོགས་ཤིང་ཤེས་པར་བྱེད་པ་དེ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བཤད་པ་ལ་རྗེས་སུ་ཡི་རང་བ་སྟེ། ཤཱ་རིའི་བུ་དེ་ལྟ་བུའི་གང་ཟག་རྣམས་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཆུང་ངོ་ཞེས་ང་མི་འཆད་དེ། ནམ་མཁའ་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྐྱེས་བུ་དམ་པ་དེ་ལྟ་བུ་ཤིན་ཏུ་དཀོན་ཏེ་སྐྱེས་བུ་མཆོག་ཅེས་བརྗོད་དོ། །སྐྱེས་བུ་རབ་ཅེས་བརྗོད་དེ། སྐྱེས་བུ་དཔའ་བོ་ཞེས་བརྗོད་དོ། །སྐྱེས་བུ་ཆེན་པོ་ཞེས་བརྗོད་དོ། །དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་ཕྱོགས་སོ། །དེ་དག་སྡེར་མི་སྨྲ་◌྄མི་འཁྲུག་གོ །དེ་དག་ནན་ཏན་སྙིང་པོར་བྱེད་པ་སྟེ། ཤཱ་རིའི་བུ་འཆི་བའི་མཐའི་བར་དུ་ནན་ཏན་སྙིང་པོར་བྱའོ། །འཆི་བའི་མཐའི་བར་དུ་དམ་པའི་ཆོས་ཡོངས་སུ་བཟུང་བར་བྱའོ། །འཆི་བའི་མཐའི་བར་དུ་སྟོང་པ་ཉིད་ལ་མོས་པར་བྱའོ། །ཤཱ་རིའི་བུ་ཆོས་དེ་བཞི་དང་ལྡན་ན་དེའི་ཚེ་དེའི་དུས་ན། དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པའི་དུས། དམ་པའི་ཆོས་ནུབ་པར་འགྱུར་བའི་དུས། ཚུལ་ཁྲིམས་འཆལ་བའི་ཕྱོགས་མང་བའི་དུས། འཇིག་རྟེན་རྒྱངས་ཕན་པའི་གསང་ཚིག་ཀུན་ཏུ་ཚོལ་བ་མང་བའི་དུས། བསྐལ་པ་སྙིགས་མའི་དུས། སེམས་ཅན་སྙིགས་མའི་དུས། ཚེ་སྙིགས་མའི་དུས། ཉོན་མོངས་པ་སྙིགས་མའི་དུས། ལྟ་བ་སྙིགས་མའི་དུས། དུས་གསུམ་ལ་གནས་པར་བྱ། འཐབས་མོ་ཉེ་བར་ཞི་བ་ལ་གནས་པར་བྱ། སངས་རྒྱས་ཀྱི་བྱང་ཆུབ་དང་འབྲལ་བར་མི་འགྱུར་བར་བྱ་སྟེ། ཤཱ་རིའི་བུ་དུས་འདི་གསུམ་ལ་རབ་ཏུ་གནས་པར་བྱའོ། །ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་བཟོ་ཡིན། །རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟེན་ཞིང་། །ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་བ་ཡིན། །ཞེས་དང་། དེ་དག་རྣམས་ཀྱི་ཡོན་ཏན་ཕན་ཡོན་རྣམས། །བསྐལ་པ་རྒྱུན་མི་ཆད་པར་བརྗོད་བྱས་ཀྱང་། །དམ་ཆོས་འཛིན་པའི་ཕན་ཡོན་འདི་དག་ནི། །བརྗོད་པས་མཐའ་མར་ཕྱིན་པར་མི་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །གསུམ་པ་དེ་ལྟ་བུའི་ཕན་ཡོན་གྱི་ལེགས་བྱས་རྒྱ་ཆེན་པོ་འདི་ཉིད་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་གང་དུ་ཇི་ལྟར་བསྔོ་བའི་ཚུལ་ལ། བསྔོ་བའི་རྣམ་བཞག། བསྔོ་དགོས་པའི་རྒྱུ་མཚན། བསྔོ་བའི་ཚུལ་དང་གསུམ་ལས། དང་པོ་ལའང་། བསྔོ་བའི་ངོ་བོ། ངེས་ཚིག དབྱེ་བ་དང་གསུམ་ལས། ངོ་བོ་ནི། འཇིག་རྟེན་ལས་འདས་པའི་དགེ་རྩ་མཐའ་དག་གཞན་དོན་དུ་རྫོགས་བྱང་གི་རྒྱུར་བློས་སྟོབས་ཀྱིས་ཡོངས་སུ་བསྒྱུར་བའོ། །ངེས་ཚིག་ནི་པ་རི་ཎ་ཏ་ཞེས་པའི་སྒྲ་ལས་ཡོངས་སུ་བསྒྱུར་བའམ་སྤེལ་བ་སྟེ། དམན་པ་མཆོག་ཏུ་བསྒྱུར་བ་དང་། ཉུང་ངུ་མང་པོར་སྤེལ་བའི་དོན་ཅན་ནོ། །དབྱེ་བ་ལ་གཉིས་ཏེ། འཁོར་གསུམ་ལ་བདེན་ཞེན་གྱི་བློ་དང་བཅས་པས་ལྷ་མི་དང་ཉན་རང་གི་སར་བསྔོ་བ་མ་དག་པ་དང་། འཁོར་གསུམ་ལ་བདེན་ཞེན་བྲལ་བའི་བློས་མི་གནས་པའི་མྱ་ངན་ལས་འདས་པར་བསྔོ་བ་ནི་དག་པའོ། །གཉིས་པ་བསྔོ་དགོས་པའི་རྒྱུ་མཚན་ལ་གཉིས་ལས། དང་པོ་མ་བསྔོས་པའི་ཉེས་དམིགས་ནི། འདུས་བྱས་ཀྱི་དགེ་བ་ཇི་ལྟ་བུ་ཞིག་ཡིན་ཀྱང་ཐབས་ཤེས་ཟུང་དུ་འབྲེལ་བའི་བསྔོ་བ་ཁྱད་པར་ཅན་ཞིག་གིས་རྒྱས་མ་ཐེབས་ན། མི་མཐུན་ཕྱོགས་ཀྱིས་བཅོམ་སླ་ཞིང་བར་མ་དོར་ཆུད་འཛའ་བར་འགྱུར་ཏེ། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡིན། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེས་དང་། མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ཟད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་མ་བསྔོས་པ་དང་། ཐབས་མི་མཁས་པ་དང་། དམའ་བར་སྐྱེ་བར་འདོད་པ་དང་། སྡིག་པའི་གྲོགས་པོ་ལ་བསྟེན་པ་སྟེ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཡོངས་སུ་ཟད་པར་འགྱུར་རོ། །ཞེས་སོ། །དེར་མ་ཟད་བསྔོ་བས་མ་ཟིན་པ་ནི་ཐེག་པ་ཆེན་པོའི་ཁྱུར་ཡང་མི་ཚུད་དེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་པ་ལྟར་རོ། །གཉིས་པ་བསྔོ་བའི་ཕན་ཡོན་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་མཆིལ་མའི་ཐལ་བ་ཞིག་བྱེ་མའི་སྟེང་དུ་བོར་ན་མྱུར་དུ་སྐམ་པར་འགྱུར་རོ། །དེ་ཉིད་རྒྱ་མཚོ་ཆེན་པོར་བོར་ན་ནི་ཇི་སྲིད་རྒྱ་མཚོ་ཆེན་པོ་དེ་ཉིད་ཟད་ཅིང་སྐམ་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་མཆིལ་མའི་ཐལ་བ་དེ་ཡང་མི་སྐམ་མོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ། དགེ་བའི་རྩ་བ་སྒྲུབ་པ་དེ་ཡང་། འགྱོད་པ་དང་། འཕངས་པ་དང་། དམན་པ་དང་། ལོག་པར་བསྔོས་ན་ནི་འཛད་ལ། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོ་ཆེན་པོར་བསྔོས་ན་ནི་མི་འཛད་ཅིང་གོང་ནས་གོང་དུ་འཕེལ་ལོ། །ཞེས་དང་སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་སོ། །སྡུད་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་མཁས་པ་ཐབས་མཁས་གང་ཞིག་གིས། །དེ་དག་བསོད་ནམས་བྱ་བའི་དངོས་ལ་ཡི་རང་ནས། །སེམས་ཅན་དོན་དུ་བྱང་ཆུབ་མཆོག་རབ་ཡོངས་བསྔོ་ན། །ཡོངས་སུ་བསྔོ་བས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་བསྔོ་བའི་ཚུལ་ལ། གང་བསྔོ་རྒྱུའི་དགེ་བ་དང་། གང་དུ་བསྔོ་བའི་གནས་དང་། གང་གི་ཆེད་དུ་བསྔོ་བ་དང་། ཚུལ་ཇི་ལྟར་བསྔོ་བ་སྟེ་བཞི་ལས། དང་པོ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྟོང་པ་ཉིད་ལ་འདིར་མོས་ནས། །བྱང་ཆུབ་སེམས་ཀྱང་མི་གཏོང་དང་། །དམ་པའི་ཆོས་ནི་འཛིན་བགྱིད་པ། །འདི་ནི་བསོད་ནམས་སྡུད་པ་ལགས། །ཞེས་པ་ལྟར་རྣམ་པར་དཀར་བའི་ལེགས་བྱས་ཀྱི་ཆུ་ཀླུང་མང་པོ་ཕྱོགས་གཅིག་སྡུད་པའི་བསོད་ནམས་ཀྱི་རྒྱ་མཚོ་ཆེན་པོ་ཆོས་སྦྱིན་མི་ཟད་པའི་ཕྱི་མོ་སྤར་དུ་བསྐྲུན་པ་ལས་བྱུང་བའི་གྲགས་དཀར་གྱི་རླབ་ཕྲེང་སྲིད་རྩེར་འཕྱུར་བ་འདི་ཉིད་ཀྱིས་མཚོན་ཏེ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་རང་རྒྱལ་སོ་སོའི་སྐྱེ་བོ་ཚོགས་དང་བཅས་པ་རྣམས་ཀྱི་དགེ་བའི་རྩ་བ་ཇི་སྙེད་མཆིས་པ་དང་། རང་གཞན་མཐའ་དག་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་རྣམས་གཅིག་ཏུ་བསྡོམས་ནས་བསྔོ་བར་བྱ་བ་ཡིན་ནོ། །སྡུད་པ་ལས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་བསྐྱེད་པ་ནས། །རྣམ་པར་འདྲེན་པ་རྣམས་ཀྱི་དམ་ཆོས་ཟད་ཀྱི་དུས། །དེ་བར་རྒྱལ་བ་དེ་དག་བསོད་ནམས་གང་ཡིན་པ། །ཕ་རོལ་ཕྱིན་དང་ལྡན་དང་སངས་རྒྱས་ཆོས་གང་དང་། །གང་ཡང་སངས་རྒྱས་སྲས་རྣམས་དང་ནི་ཉན་ཐོས་དང་། །སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག་མེད་པ། །བསྡུས་ནས་བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རང་ཞིང་། །འགྲོ་བའི་དོན་རྒྱུར་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། །ཞེས་དང་། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་ལེའུ་ལས། འགྲོ་ཀུན་དགེ་རྩ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་རྣམས། །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེག་གྱུར་ཅིག། ཅེས་དང་། སྤྱོད་འཇུག་ལས། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་སྐྱེས་པ་རྣམས། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །ཕངས་པ་མེད་པར་བཏང་བར་བྱ། །ཞེས་པ་བཞིན་ནོ། །གཉིས་པ་ནི། སྤང་རྟོགས་ཕུན་སུམ་ཚོགས་པའི་བདག་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོའི་གོ་འཕང་ཁོ་ན་སྟེ། ཡོངས་སུ་བསྔོ་བའི་མདོ་ལས། དགེ་བའི་རྩ་བ་དག་ཀྱང་སངས་རྒྱས་ཉིད་ཀྱི་སར་བསྔོའོ། །ཞེས་དང་། ཉི་ཁྲི་ལས། དགེ་བའི་རྩ་བ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་བར་མི་གཞུག་གོ། །ཞེས་པ་ལྟར་རོ། །གསུམ་པ་ནི། ཐོག་མ་མེད་པའི་དུས་ནས་དགྲ་གཉེན་བར་མའི་རང་བཞིན་དུ་མར་ཕན་ཚུན་དུ་འབྲེལ་བའི་མཐའ་ཡས་པའི་ལུས་ཅན་ཐམས་ཅད་ཀྱི་ཆེད་དུ་སྟེ། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་རྒྱུར་བསྔོའོ། །ཞེས་སོ། །དེ་ལྟར་བསྔོས་པས་སེམས་ཅན་གྱི་ཁམས་བཞིན་ཕན་ཡོན་ཀྱང་ཚད་མེད་དེ། རིན་ཆེན་ཕྲེང་བར། སེམས་ཅན་ཁམས་ནི་ཆད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་སོ། །བསོད་ནམས་ཀྱི་དངོས་པོ་སེམས་ཅན་གྱི་དོན་དུ་བསྔོ་བ་འདི་ནི་གཞན་ལ་མེད་པའི་སངས་རྒྱས་ཀྱི་བསྟན་པ་ཁོ་ནའི་ཁྱད་ཆོས་ཡིན་ཏེ། ཁྱད་པར་འཕགས་བསྟོད་ལས། བསོད་ནམས་བྱ་བའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་སོ། །བཞི་བ་ནི། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །དེ་ལྟར་འདི་ལྟར་ཡོངས་སུ་བསྔོ་བ་བསླབ་བྱ་སྟེ། །ཇི་ལྟར་རྒྱལ་བ་དེ་དག་དགེ་བ་དེ་མཁྱེན་པའི། །རྣམ་པ་གང་ཡིན་འབྱུང་གང་མཚན་ཉིད་གང་ཡིན་ལ། །རྗེས་སུ་ཡི་རང་དེ་ལྟ་དེ་ལྟར་ཡོངས་སུ་བསྔོ་། །དེ་ལྟར་བསོད་ནམས་བྱང་ཆུབ་ཡོངས་སུ་བསྔོ་བྱེད་ན། །དུག་མེད་སངས་རྒྱས་མི་སྤོང་རྒྱལ་བས་གསུང་བ་སྨྲ། །ཞེས་པ་བཞིན་དམིགས་པའི་དུག་དང་བྲལ་བའི་འཁོར་གསུམ་ཡོངས་དག་གི་བསྔོ་བ་རྒྱལ་བ་དགྱེས་པའི་ལམ་བཟང་ལ་སློབ་པ་གལ་ཆེ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་ནི། དེ་ལས། གལ་ཏེ་འདི་ལྟར་ཆོས་འདི་འགགས་ཤིང་ཟད་པ་དང་། །གང་དུ་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང་། །ཆོས་ཀྱིས་ཆོས་ལ་ནམ་ཡང་མི་བསྔོ་ཤེས་གྱུར་ན། །དེ་ལྟར་རབ་ཏུ་ཤེས་པས་ཡོངས་སུ་བསྔོས་པ་ཡིན། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། གང་ལ་བདག་ཏུ་འཛིན་པ་མེད་པ་དང་། སེམས་ཅན་དུ་འཛིན་པ་མེད་པ་དང་། ཆོས་སུ་འཛིན་པ་མེད་པའོ། །ཞེས་སོགས་གསུངས་པ་བཞིན་རྣམ་པར་མི་རྟོག་པའི་ཤེས་རབ་ཟབ་མོས་བདེན་གཉིས་རེས་འཇོགས་སུ་མ་སོང་བར་ཆོས་ཐམས་ཅད་རང་བཞིན་གྱིས་ནམ་མཁའི་དཀྱིལ་ལྟར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་མངོན་སུམ་དུ་མཐོང་བའི་ངང་ནས་ལྷུན་གྱིས་གྲུབ་པའི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་ཁམས་ལ་བལྟ་བའི་བསྔོ་བ་མཚན་ཉིད་པ་ནི། ས་དང་པོ་ནས་བརྩམས་ཏེ་འཕགས་པ་རྣམས་ཁོ་ན་ལ་ཡོད་ཀྱིས། མོས་སྤྱོད་ཀྱི་ལམ་པས་དེ་ཉིད་སྒྲ་ཇི་བཞིན་པར་ལམ་དུ་སློང་དཀའ་བ་ཡང་། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་དང་། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་སྟོན་པ་བཞུགས། །ཞེས་པ་ལྟར་འདུན་པ་བསྒྱུར་བ་ཁོ་ན་གཙོ་ཆེ་བས། འདི་ལྟར་བསྔོ་བའི་དཔང་པོར། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དབྱངས་སོགས། རྒྱལ་བའི་དཀྱིལ་འཁོར་ཚད་མེད་པས་ཆོས་ཀྱི་དབྱིངས་ཀྱིས་མཐས་གཏུགས་པའི་ཞིང་ཁམས་རྒྱ་མཚོ་རྒྱས་པར་བཀང་སྟེ་བཞུགས་པར་མོས་པ་དེ་དག་གི་དྲུང་དུ་བདག་ཉིད་མངོན་པར་སྣང་བར་བྱས་ཏེ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འབྲེལ་བའི་བློས། ཇི་ལྟར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ་སྙམས་པའི་འདུན་པ་དྲག་པོ་རྩེ་གཅིག་ཏུ་བྱ་སྟེ། བཟང་པོ་སྤྱོད་པ་ལས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བའི་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་པའི་ཚུལ་གྱིས་བསྔོ་བ་ནི་འཕགས་པའི་ལམ་དང་རྗེས་སུ་མཐུན་པའི་བསྔོ་ཚུལ་རྨད་དུ་བྱུང་བའོ། །བཞི་པ་བསྔོ་སྨོན་དང་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ་ཅུང་ཟད་ཅིག་སྙན་ངག་གི་ལམ་ནས་སྤེལ་བ་ནི་འདི་ལྟ་སྟེ། སྭ་སྟི་མངྒ་ལ་ཤྲཱི་ཛཱ་ལ་བྷ་ཝནྟུཿབསམ་གྱིས་མི་ཁྱབ་ནམ་མཁའི་ཁོར་ཡུག་ཏིལ་གྱི་གང་བུ་བཞིན་བལྟམས་པའི། །སྟོབས་བཅུའི་དབང་ཕྱུག་མཚན་དཔེའི་གཟི་འབར་ཐུབ་མཆོག་ཟླ་བའི་ཕྲེང་བ་ལས། །ཀུན་ནས་མཛེས་བསྐོར་སྙིང་སྟོབས་རྨད་བྱུང་རྒྱལ་སྲས་རྒྱུ་སྐར་འཁྲིགས་འདྲ་བས། །ས་བླའི་ཁྱོན་ཀུན་དོགས་པོར་བགྱིས་ཏེ་མོས་ལྡན་བསོད་ནམས་ཞིང་དུ་དགོངས། །རིང་མོ་ཞིག་ནས་འགྲོ་ཁམས་ཡོངས་ལ་བུ་གཅིག་ལྟར་བརྩེ་ཐུགས་རྗེའི་ཤུགས། །གོམས་པའི་དམ་བཅའི་གཞན་དབང་གྱུར་ཕྱིར་ཞི་བ་མཆོག་གི་མཐར་སོན་ཀྱང་། །གདུལ་བྱའི་འགྲོ་ལ་བྱམས་པས་འཁྱུད་པ་སྲིད་པའི་མཐར་ཡང་མི་གཏོང་ཞིང་། །བསྐུལ་མི་དགོས་པར་དགེ་བའི་བཤེས་གཉེན་གང་གིས་མཛད་པ་དེ་རྣམས་ཀྱི། །ཞབས་ཀྱི་པདྨོར་གུས་པས་བཏུད་དེ་སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །སྨོན་ལམ་སྟོབས་ཀྱིས་རྣམ་པར་འཕྲུལ་ལས་ངོ་མཚར་མཆོད་པའི་སྤྲིན་ཕུང་ནི། །ཤིན་ཏུ་རྒྱ་ཆེ་བློ་གྲོས་རྨད་བྱུང་ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ། །མངོན་པར་འགྲན་པའི་བཀོད་པ་རྒྱ་མཚོས་མཐའ་ལས་རྒྱལ་བའི་ཞིང་བཀང་སྟེ། །ཤེས་རབ་དང་ནི་སྙིང་རྗེའི་སྟོབས་ཀྱིས་སྲིད་དང་ཞི་བའི་མཐའ་བཀག་ནས། །བདེ་བས་ཕོངས་པའི་ལུས་ཅན་མཐའ་དག་བྱང་ཆུབ་སྙིང་པོའི་གསེར་གླིང་དུ། །བསྒྲོད་པའི་གྲུ་ཆེན་རྣམ་དག་སྨོན་པའི་ཆོ་ག་བཟང་པོ་འདུ་བྱེད་ན། །མཐུན་འགྱུར་རླུང་གི་བ་དན་འཕྱར་ལ་བདེན་ཚིག་གྲུབ་རྣམས་དེང་འདིར་བཞེངས། །བདེ་གཤེགས་མཆོད་དང་སྦྱིན་སོགས་ལས་བྱུང་བསོད་ནམས་རྣམ་གྲངས་གཞན་མང་པོས། །ཆ་ཤས་ཙམ་ཡང་མཚོན་པར་ནུས་མིན་རྒྱལ་བ་རྣམས་ཀྱི་ཆོས་འཛིན་པའི། །གཞི་དང་རྩ་བ་གསུང་རབས་ཡི་གེའི་གླེགས་བམ་ཆར་ཆེན་འཛད་མེད་དུ། །སྤེལ་བའི་ལེགས་བྱས་ནམ་མཁའི་བླ་རེར་ཕྱོགས་ཀུན་ཁྱབ་པར་བྲིས་པ་འདིས། །ཉེ་བར་མཚོན་ཏེ་རྒྱལ་དང་རྒྱལ་སྲས་ཉན་རང་འཕགས་ཚོགས་སོ་སྐྱེས་བཅས། །ཐ་དད་ཀུན་ནས་སོ་སོར་བསྐྲུན་པའི་རྣམ་དཀར་ཆུ་ཀླུང་འབུམ་ཕྲག་གཅིག །རྗེས་སུ་ཡི་རང་ཐབས་མཁས་སྤྱོད་པའི་ཡུར་བར་དྲངས་ཏེ་ལེགས་སྨོན་གྱི། །འབབ་སྟེགས་མཆོག་ལས་རྣམ་པ་ཀུན་མཁྱེན་རྒྱ་མཚོ་ཆེ་དེར་གཅིག་ཏུ་གཞོལ། །དེ་ཡི་མཐུ་ལས་ཕན་བདེའི་འབྱུང་གནས་བསླབ་གསུམ་ནོར་བུའི་ཏོག་མཛེས་ཤིང་། །ཟབ་རྒྱས་ཆོས་ཚུལ་དར་གྱི་ཤམ་བུས་ཀུན་ནས་འཁོར་བའི་བསིལ་གྲིབ་ཏུ། །ལས་ཉོན་སྡུག་བསྔལ་ཚ་བས་གདུང་བའི་འགྲོ་བ་མཐའ་དག་དབུགས་འབྱིན་པའི། །ཐུབ་དབང་བསྟན་པའི་གདུགས་དཀར་གཅིག་གིས་ས་གསུམ་རྟག་ཏུ་སྐྱོངས་གྱུར་ཅིག །སྣ་ཚོགས་ལས་ཀྱི་སྒྱུ་མས་སྤྲུལ་པའི་འགྲོ་བའི་གནས་རིས་ཐ་དད་དུ། །འཁྲུལ་སྣང་ཚ་གྲང་མེ་ལྕེའི་དབལ་དང་བཀྲེས་སྐོམ་ཆུ་བོའི་དབའ་ལ་གཡེང་། །གླེན་ལྐུག་རྨོངས་པའི་མུན་པར་འཁྱམས་པའི་ཉམ་ཐག་འགྲོ་བ་འདི་ཀུན་ཀྱང་། །སྙི་ལས་གྲོལ་བའི་མཁའ་ལྡིང་ཇི་བཞིན་བདེ་འགྲོའི་གནས་སུ་བསྐྱོད་གྱུར་ཅིག །དེ་བཞིན་འཐབ་རྩོད་ལས་ཀྱིས་མནར་བའི་སྦྱིན་སྐྱེས་བུ་ཡི་ཚོགས་རྣམས་ནི། །བཟོད་དང་ཆོག་ཤེས་བྱམས་པའི་སེམས་ཐོབ་ཁོམས་ལྡན་མིན་པའི་ལུས་སྤོང་ཞིང་། །རྟག་ཏུ་བག་མེད་འདོད་པས་མྱོས་ཤིང་འཆི་འཕོས་གཟིར་བའི་ལྷ་དག་ཀྱང་། །དྲན་དང་བག་ལྡན་ཆོས་ལ་སྤྱོད་བཞིན་སྣང་ནས་སྣང་བར་བསྒྲོད་གྱུར་ཅིག །ཐར་པའི་ལམ་སྟེགས་མངོན་པར་མཐོ་བ་ལྷ་མིའི་འཇིག་རྟེན་ཐམས་ཅད་དུ། །གཙུག་ལག་གཉིས་ཀྱི་ཁྲིམས་ལུགས་ཇི་བཞིན་ཉེས་པའི་ར་རི་དང་བྲལ་བར། །ལེགས་པར་བསྐྱངས་པས་སྡེ་བཞིའི་དཔལ་སོགས་རྫོགས་ལྡན་དུས་ཀྱི་འབྱོར་པ་རྣམས། །ཟླ་བ་མཐོང་བའི་ཆུ་གཏེར་ལྟ་བུར་ཆེས་ཆེར་གོང་དུ་འཕེལ་གྱུར་ཅིག །དཀར་ཕྱོགས་ལྷ་དང་ཀླུ་རྣམས་དགྱེས་པས་བཙའ་སད་སེར་བའི་མིང་མེད་ཅིང་། །དུས་དང་དུས་སུ་དབྱར་སྐྱེས་ཕྲེང་བས་ཕྱོགས་ཀྱི་གོ་སྐབས་ཕྲོག་པ་ལས། །ཟིམ་བུར་བབས་པའི་སྤྲིན་གྱི་མྱུ་གུས་འཛིན་མའི་གཞི་ཀུན་བརླན་བྱས་པས། །རྩ་བ་སྡོང་བུ་ལོ་མ་འབྲས་བཅས་འདོད་དགུའི་སྙེ་མ་བདོ་གྱུར་ཅིག །གཅིག་ཏུ་གནག་དང་འདྲེན་མའི་ལས་ཀྱི་ཤིང་སྡོང་རུལ་བ་ལས་སྐྱེས་མེ། །འཕྲལ་རྐྱེན་རླུང་གིས་ཤུགས་ཀྱིས་བསྐྱོད་པས་ཕན་བདེའི་ལྕུག་ཕྲན་བསྲེགས་པའི་ལྕེ། །ནད་དང་འཁྲུག་རྩོད་དུས་ཀྱི་རྒུད་པ་ཡོན་པོར་གཡོ་བ་མ་ལུས་པ། །བསོད་ནམས་བདུད་རྩིའི་ཆར་ཆེན་འདི་ཡིས་མིང་གི་ལྷག་མར་ཞི་གྱུར་ཅིག །འདོད་སྡེ་མནར་སེམས་ལས་ཀྱིས་འཕང་བའི་གཤིན་རྗེའི་སྡེར་གཏོགས་གདོན་གྱི་ཚོགས། །ཐལ་མདོག་ལང་ཚོ་ཁྲག་གིས་གཤེར་བཞིན་མི་སྙན་བཤུགས་གླུའི་སྒྲ་དང་བཅས། །འགྲོ་བའི་ཚེ་སྲོག་ཡིད་ལ་བརྣག་པས་མཚོན་མོར་རྒྱུ་བ་དེ་རྣམས་ཀྱང་། །བྱམས་པའི་སེམས་ཀྱིས་ཉེ་བར་གནས་ཤིང་སྡིག་པའི་ལས་ལས་ལྡོག་གྱུར་ཅིག །གང་ཞིག་ལེགས་ཉེས་འབྱེད་པའི་མིག་ནི་ལོག་ལྟའི་མུན་པས་ཁེབས་གྱུར་ཅིང་། །དམ་པ་མིན་པའི་གྲོགས་ཀྱི་རྗེས་ཕྱོགས་སྐྱེ་དགུའི་བདེ་སྐྱིད་འཇོམས་པ་དང་། །དམ་པར་སྡང་ཞིང་བསྟན་ལ་དགྲར་བལྟ་དཀོན་མཆོག་དབུ་འཕང་སྨོད་བྱེད་པའི། །རྒྱལ་རིགས་གདོལ་བའི་བསམ་སྦྱོར་མཐའ་དག་འདོད་པའི་དོན་ལས་ཉམས་གྱུར་ཅིག །སྔོན་སྨོན་ལོག་པའི་བདུད་རིགས་ཁ་ཅིག་སྙིགས་མའི་དུས་འདིར་རྒྱལ་བསྟན་ཉིད། །དཀྲུག་པའི་ཆེད་དུ་དགེ་སྦྱོང་ཟོལ་གྱིས་ལྟ་སྤྱོད་ཕྱིན་ཅི་ལོག་སྟོན་ཅིང་། །ཐུབ་པའི་རིང་ལུགས་མོག་པོར་བགྱིད་པའི་ལྟོ་འགྲོ་གདུག་པའི་སེམས་ལྡན་རྣམས། །རྒྱ་མཚོའི་རླབ་ཀྱིས་མི་རོ་ཇི་བཞིན་འཇིག་རྟེན་གཞན་དུ་འཕེན་གྱུར་ཅིག །སྡེ་བཞིའི་དཔལ་འབྱོར་དགེ་བཅུའི་ཁྲིམས་ཀྱིས་དྲང་པོའི་ལམ་དུ་སྲོང་མཁས་པའི། །སྔོན་བྱོན་ཆོས་རྒྱལ་རྣམས་ཀྱི་ལུགས་བཞིན་ཆོས་སྲིད་གཉིས་ཀྱིས་མངའ་རིས་ཀུན། །མ་མས་བུ་བཞིན་བརྩེ་བས་སྐྱོངས་པའི་གནམ་བསྐོས་ས་ཡི་དབང་ཕྱུག་གི །གྲགས་པའི་རྒྱལ་མཚན་ནམ་ཡང་ནུབ་མེད་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཁ་བའི་ལྗོངས་འདིར་ཐུབ་བསྟན་ལུང་རྟོགས་པདྨོ་ཀུན་ནས་རྒྱས་པའི་ཚལ། །སྙིགས་མའི་སྤྱོད་ཚུལ་ག་བུར་རྡུལ་གྱིས་རྙིང་བར་བྱས་གང་བཤད་སྒྲུབ་ཀྱིས། །ཉིན་མོར་བྱེད་པའི་སྣང་བ་སྟོང་གིས་སླར་ཡང་གསལ་མཛད་རྒྱལ་བའི་སྲས། །གཞན་ཕན་ཕ་མཐའ་ཡས་པའི་བྱེད་པོར་ཞབས་པད་བསྐལ་བརྒྱར་བརྟན་གྱུར་ཅིག །ཐེག་པའི་ཡང་རྩེ་ཤིན་ཏུ་རྣལ་འབྱོར་སྡེ་གསུམ་ཀློང་དགུའི་ཤིང་རྟ་ཆེ། །རྫོགས་ཆེན་པ་ཞེས་མཚན་གྱི་གྲགས་པས་འཁོར་ཡུག་རི་བོའི་ཁོངས་ཁྱབ་པ། །ཡབ་སྲས་བརྒྱུད་པར་བཅས་པ་ཀུན་གྱི་བཞེད་དོན་ཕྲིན་ལས་ལྷུན་གྲུབ་ཅིང་། །བསྟན་འཛིན་འདུས་པའི་སྡེ་ཚོགས་རྣམས་ཀྱང་དབྱར་གྱི་མཚོ་ལྟར་རྒྱས་གྱུར་ཅིག །ཁྱད་པར་ཚུལ་གནས་ཐོས་དང་བསམ་ལྡན་སྒོམ་པའི་དོན་ལ་རབ་སྦྱོར་ཞིང་། །ཀློག་སྤོང་ལས་ཀྱི་འཁོར་ལོ་གསུམ་གྱིས་རྒྱལ་བསྟན་བླ་ནས་བླར་འདེགས་པའི། །ཤཱཀྱའི་སྲས་པོ་ངུར་སྨྲིག་འཆང་བའི་ལི་ཁྲིས་ཆུ་གཏེར་འཕྱུར་བ་ལྟའི། །ཚོགས་ཀྱི་མཆོག་རབ་བསོད་ནམས་ཞིང་གིས་འཛམ་གླིང་ཐ་གྲུ་ཁྱབ་གྱུར་ཅིག །སྙིང་སྟོབས་བརྩོན་པའི་གོ་ཆ་ཆེར་གོས་གཏོང་པའི་སྒོ་འཕར་བརྒྱ་ཕྱེས་ནས། །ཕྱི་དུས་བསྟན་པའི་བཙས་སུ་བསྒྲུབ་པའི་ཆོས་ཚུལ་ནོར་བུའི་ཟ་མ་ཏོག། ཆོས་སྦྱིན་མི་ཟད་འདོད་དགུར་འཇོ་འདི་ཆོས་འདོད་སྐྱེ་བོའི་ཚོགས་རྣམས་ལ། །ཆོས་ཕོངས་ལས་ཀྱི་དུཿཁ་བསལ་ཕྱིར་ཆོས་ཀྱི་སྐུ་བཞིན་རྟག་གྱུར་ཅིག །ལེགས་བྱས་མཚུངས་མེད་རིན་ཆེན་མཆོག་འདི་བརྩོན་པ་ཆེན་པོས་བསྒྲུབ་པའི་ཚེ། །ལེགས་པའི་བསམ་པས་དངོས་སམ་བརྒྱུད་ནས་ཞབས་ཏོག་སྲི་ཞུའི་མཐུན་སྦྱོར་དང་། །ལེགས་སོའི་གཏམ་གྱིས་རྗེས་སུ་ཡི་རང་བགྱིས་པ་ཙམ་གྱི་སྐྱེ་བོ་ཡང་། །ལེགས་ལྡན་ལྷ་དང་མི་ཡི་དཔལ་ལ་ཚེ་རབས་ཀུན་ཏུ་སྤྱོད་གྱུར་ཅིག །དཀར་དཀར་ལྷག་བསམ་གངས་རི་ལས་འོངས་སྙན་སྙན་གྲགས་པའི་སྤྲིང་ཡིག་དང་། །མང་མང་བསོད་ནམས་གངྒཱའི་ཀླུང་འདི་ཟབ་ཟབ་རྣམ་ཀུན་མཁྱེན་པའི་མཚོར། །ལྷུང་ལྷུང་བབས་ལ་ཕྱོགས་བཅུའི་རྒྱལ་ཀུན་ལྷག་ལྷག་དགྱེས་པའི་རྣམ་འགྱུར་གྱིས། །ཡང་ཡང་ཤིས་པར་བརྗོད་དང་ཆབ་གཅིག་ཟིམ་ཟིམ་མེ་ཏོག་ཆར་དུ་བསྙིལ། །བདག་ཀྱང་དེང་ནས་ཚེ་རབས་ཀུན་ཏུ་བདེ་བ་ཅན་སོགས་ཞིང་མང་པོར། །རྒྱལ་བའི་མདུན་སར་པདྨོའི་སྟན་ལ་མཚན་དཔེས་བརྒྱན་པའི་ལུས་ཐོབ་ཅིང་། །འཇམ་པའི་དབྱངས་དང་སྤྱན་རས་གཟིགས་མཚུངས་སེམས་དཔའི་ཚོགས་དང་ལྷན་ཅིག་ཏུ། །སྨོན་ལམ་ཐབས་དང་རྫུ་འཕྲུལ་སྟོབས་ཀྱིས་ཆོས་ཀྱི་ཀུན་དགར་སྤྱོད་གྱུར་ཅིག །རང་དོན་ཁོ་ནར་གཅིག་ཏུ་གཞོལ་མིན་ཐབས་མཁས་སྤྱོད་པ་རྒྱ་མཚོ་ཡིས། །ལ་ལར་དགེ་སྦྱོང་བྲམ་ཟེ་ལྷ་དང་དྲང་སྲོང་དེ་བཞིན་རྒྱལ་རིགས་དང་། །གཞན་དུ་ཁྱེའུ་བུ་མོའི་ཚུལ་འཆང་ཚོང་དཔོན་སྨད་འཚོང་གདོལ་བ་སོགས། །སྣ་ཚོགས་གཟུགས་ཀྱིས་གཞན་ཕན་སྒྲུབ་ལ་ནམ་ཡང་བསྙེལ་བར་མ་གྱུར་ཅིག །མདོར་ན་གངས་ཀྱི་རི་ལ་སྐྱེས་པའི་རྩི་སྨན་ཇི་བཞིན་བདག་ཉིད་ཀྱི། །ལུས་དང་ལོངས་སྤྱོད་དགེ་ཚོགས་བཅས་ཀུན་མཐའ་ཡས་འགྲོ་བའི་ཉེར་འཚོ་རུ། །དཔག་བསམ་ཤིང་དང་ཡིད་བཞིན་ནོར་ལྟར་འབད་པ་མེད་པར་ལྷུན་གྲུབ་ནས། །རྣམ་པར་མི་རྟོག་རློམ་སེམས་མེད་ཅིང་རྒྱལ་བའི་མཛད་པ་བསྒྲུབ་པར་ཤོག །ཆོས་ཉིད་རྒྱུ་མཐུན་བསམ་མི་ཁྱབ་དང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད། །ལྷག་བསམ་སྟོབས་དང་མཆོག་གསུམ་བདེན་པའི་བྱིན་རླབ་རྨད་དུ་བྱུང་བའི་མཐུས། །དེང་འདིར་ལེགས་པར་སྨོན་པའི་གནས་ཀུན་གེགས་མེད་ཡིད་བཞིན་འགྲུབ་འགྱུར་པའི། །དགེ་མཚན་བཀྲ་ཤིས་གཡང་དུ་འཁྱིལ་བས་ས་ཆེན་རྟག་ཏུ་ཁྱབ་པར་ཤོག །བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་རྣམས་ཀྱི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ལས། དེ་ལྟར་སྤར་དུ་བསྒྲུབས་པའི་དགོས་ཆེད་དང་ཕན་ཡོན་བསྟན་པ་བསྔོ་སྨོན་ཤིས་བརྗོད་དང་བཅས་པའི་སྐབས་ཏེ་གསུམ་པའི་བདག་ཉིད་ཅན་གྱིས་ལེགས་པར་རྫོགས་སོ། །ཞེས་པ་འདི་ནི་སྐྱབས་རྗེ་ཐམས་ཅད་མཁྱེན་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ༧རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་མཆོག་གི་ཞལ་སྔ་ནས་ཀྱིས་རྨད་དུ་བྱུང་བའི་ཐུགས་བསྐྱེད་རྒྱ་ཆེན་པོས་ཆོས་སྦྱིན་མི་ཟད་པའི་ཕྱི་མོ་སྤར་དུ་བསྐྲུན་སྐབས། རྗེ་དེ་ཉིད་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་སློབ་འབངས་ཡོངས་ཀྱི་ཐ་ཤལ་དུ་གྱུར་པ། ཤཱཀྱའི་སྲས་པོའི་གཟུགས་བརྙན་ཙམ་འཛིན་པའི་རྨོངས་རྟུལ་སྙོམ་ལས་པ་པདྨ་དམ་ཆོས་འོད་ཟེར་དུ་འབོད་པས། སྣ་ཚོགས་དབྱིག་ཅེས་འབོད་པ་ཤིང་མོ་སྦྲུལ་གྱི་ལོའི་གྲོ་བཞིན་གྱི་ཟླ་བའི་དམར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཆོས་གྲྭ་ཆེན་པོར་གྲུབ་པར་བགྱིས་པ་འདིས་ཀྱང་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། དགེའོ།། མངྒ་ལཾ།།
གཞུང་འགྲེལ་བརྒལ་ལན་གྱི་སྐོར་ཚོ།
ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྤྱི་དོན་བྱམས་མགོན་དགོངས་པའི་གསལ་བྱེད་བླ་མ་བརྒྱུད་པའི་ཞལ་ལུང་།
༄༅།།ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྤྱི་དོན་བྱམས་མགོན་དགོངས་པའི་གསལ་བྱེད་བླ་མ་བརྒྱུད་པའི་ཞལ་ལུང་བཞུགས་སོ།། ཨོཾ་སྭ་སྟི། ཚོགས་གཉིས་གསེར་སྦྱངས་ལས་གྲུབ་མཚན་དཔེའི་སྐུ། །མཁྱེན་བརྩེའི་འོད་ཟེར་སྟོང་གི་དྲྭ་བ་ཅན། །སྲིད་པ་གསུམ་ན་མཚུངས་མེད་ཤཱཀྱའི་རྒྱལ། །སྐལ་བཟང་རྣམ་འདྲེན་བཞི་པས་དགེ་ལེགས་སྩོལ། །འོད་མཚན་སྟོང་འབར་རྒྱལ་བའི་གསང་གསུམ་འཕྲུལ། །སུནྡྷིའི་པད་མཚོར་འཆི་མེད་རྡོ་རྗེའི་སྐུར། །ཡོངས་བཞེངས་རྒྱལ་དབང་པདྨ་སམ་བྷ་བའི། །ཞབས་སེན་ནོར་བུའི་ཕྲེང་བ་གཙུག་ཏུ་མཆོད། །བཀྲ་ཤིས་སྲིད་པ་གསུམ་ན་སྙན་པའི་དབྱངས། །ཚངས་སོགས་ཆེ་རྒུའི་རྣ་བའི་རྒྱན་གྱུར་པ། །མཉམ་མེད་ཐུབ་པ་ཆེན་པོའི་གསུང་གི་ཕུལ། །ཞི་བསིལ་བདུད་རྩིའི་དཔལ་དེས་རིང་དུ་སྐྱོངས། །ཟབ་རྒྱས་ཆོས་ཚུལ་རྒྱ་མཚོའི་སྙིང་པོའི་བཅུད། །རྒྱལ་སྲས་སེམས་དཔའ་ཆེ་རྣམས་འཇུག་པའི་ངོགས། །དུས་གསུམ་རྒྱལ་བ་ཀུན་གྱིས་གཤེགས་པའི་ཤུལ། །ཤེས་རབ་ཕ་རོལ་ཕྱིན་པའི་ལམ་ཆེན་པོ། །རྒྱལ་བའི་རྒྱལ་ཚབ་རྒྱལ་སྲས་མི་ཕམ་པས། །ལེགས་བཤད་ངོ་མཚར་རྒྱ་ཆེན་སྤྱོད་པའི་སྲོལ། །ཤིང་རྟ་ཆེན་པོའི་གཞུང་ལུགས་རྒྱ་མཚོ་ལས། །སྙིང་པོར་དྲིལ་བའི་གཏམ་གྱི་དགའ་སྟོན་སྤྲོ། །ཞེས་ཚིགས་སུ་བཅད་པ་ཉུང་ངུས་མདུན་བསུས་ནས་འདིར་འཕགས་བཞིའི་བསྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་འབེབས་པའི་མན་ངག་མགོན་པོ་བྱམས་པས་མཛད་པའི་བསྡུས་དོན་ནི། སྟོན་པ་ཕུན་སུམ་ཚོགས་པ་བདག་ཅག་གི་སྟོན་པ་སྐལ་བཟང་རྣམ་འདྲེན་བཞི་པས། གནས་ཕུན་སུམ་ཚོགས་པ་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་སྤུང་པའི་རི་བོར། འཁོར་ཕུན་སུམ་ཚོགས་པ་ཤེས་རབ་ནམ་མཁའ་དང་མཉམ་པ། སྙིང་རྗེ་ཆུ་ཀླུང་དང་མཚུངས་པའི་ཐེག་པ་ཆེན་པོའི་རིགས་ཅན་ཤ་སྟག་ལ། དུས་ཕུན་སུམ་ཚོགས་པ་གདུལ་བྱའི་འཁོར་ཉེ་བར་འདུས་ཤིང་དུས་ལ་བབ་པ་ན། ཆོས་ཕུན་སུམ་ཚོགས་པ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ། རྒྱས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། འབྲིང་པོ་སྟོང་ཕྲག་ཉི་ཤུ་ལྔ་པ། བསྡུས་པ་སྟོང་ཕྲག་བརྒྱད་པ་སོགས་ཀྱིས་བརྗོད་བྱའི་དོན་ཟབ་པ་དང་རྒྱ་ཆེ་བའི་ཕྱོགས་གཉིས་ལས། དངོས་བསྟན་སྟོང་ཉིད་ཀྱི་དོན་རྣམས་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིག་ཚོགས་སུ་གཏན་ལ་ཕབ་པ་ཟབ་མོ་ལྟ་བའི་སྲོལ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་རྒྱལ་ཚབ་མི་ཕམ་པས་བསྟན་བཅོས་མངོན་རྟོགས་རྒྱན་གྱིས་གསལ་བར་མཛད་པ་རྒྱ་ཆེན་སྤྱོད་པའི་སྲོལ་གཉིས་ལས་འདིར་ཕྱི་མ་སྟེ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཤེགས་པའི་ཤུལ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒྲོད་པ་གཅིག་པའི་ལམ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འདི་ཉིད་ཀྱི་སྤྱི་དོན་མདོ་ཙམ་འཆད་པའི་དབང་དུ་བྱས་ན། རྗོད་བྱེད་དོན་ལྡན་གྱི་མཚན་དང་། བརྗོད་བྱ་དེ་ལྡན་གྱི་གཞུང་། གང་གིས་བསྒྱུར་བའི་འགྱུར་བྱང་དང་གསུམ་ལས། དང་པོ་ལ་དངོས་དང་། འགྱུར་ཕྱག་གཉིས་ལས། དང་པོ་ནི། རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་སོགས་ནས། ཤཱསཏྲ་ཞེས་པ་སྟེ། འདུལ་བའི་ཚིག་ལེའུར་བྱས་པ་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ །ཝ་ར་ཎཱ་སི་ཡངས་པ་ཅན། །རྒྱལ་པོའི་ཁབ་ནི་དྲུག་པོ་སྟེ། །འདི་དྲུག་གྲོང་ཁྱེར་ཆེན་པོར་ཤེས། །ཞེས་པ་ལྟར། གྲོང་ཁྱེར་ཆེན་པོ་དྲུག་ཡོད་པའི་ཕྱོགས་ལ་རྒྱ་གར་འཕགས་བའི་ཡུལ་ཞེས་བྱ་སྟེ། ཡུལ་དེ་རྣམས་ཀྱི་སྐད་དུ་བསྟན་བཅོས་འདིའི་མཚན་ལ་དེ་སྐད་ཅེས་ཟེར། དེ་བོད་སྐད་དུ་བསྒྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སོགས། རྒྱན་ཅེས་བྱ་བ་སྟེ། དེ་ལྟར་སྐད་གཉིས་ཤན་སྦྱར་གྱི་སྒོ་ནས་མཚན་སྨྲོས་ན། ཆོས་ལ་ཡིད་ཆེས་སྐྱེ། སྐད་ལ་བག་ཆགས་འཇོག །རྒྱུད་ལ་བྱིན་རླབས་འབྱུང་བའི་དགོས་པ་ཡོད་དོ། །འགྱུར་ཕྱག་ནི། སངས་རྒྱས་དང་སོགས། འཚལ་ལོ། །ཞེས་པ་སྟེ། དེ་ནི་མངའ་བདག་ཁྲི་རལ་པ་ཅན་གྱི་དུས་དུ་བཀས་བཅད་པའི་སྡེ་སྣོད་ངོས་འཛིན་གྱི་ཕྱག་ཅེས་བྱ་སྟེ། ལོ་ཙཱ་བ་རྣམས་ཀྱིས་འགྱུར་ལ་བར་ཆད་མེད་ཅིང་མཐར་ཕྱིན་པའི་དོན་དུ་སྦྱར་བ་ཡིན། གཉིས་པ་གཞུང་གི་དོན་ལ། བཤད་པ་ལ་འཇུག་པའི་ཡན་ལག བཤད་བྱ་གཞུང་གི་རང་བཞིན། བཤད་པ་མཐར་ཕྱིན་པའི་ཚུལ་དང་གསུམ་ལས། དང་པོ་ལ་ཡང་། གདུལ་བྱ་དང་བ་བསྐྱེད་པའི་ཡན་ལག་མཆོད་པར་བརྗོད་པ་དང་། མཁས་པ་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འདྲེལ་བསྟན་པ་གཉིས་ལས། དང་པོ་ནི། བསྟན་བཅོས་མཛད་པའི་ཐོག་མར། རང་དོན་དུ་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་དང་མཐུན་པར་བསྟན་པ་དང་། གཞན་དོན་གདུལ་བྱ་དང་བ་བསྐྱེད་ནས་ཐོས་བསམ་སྒོམ་པའི་ཤེས་རབ་རིམ་གྱིས་བསྐྱེད་ནས་མཐར་བྱང་ཆུབ་ཐོབ་པའི་དོན་དུ། རྗེ་བཙུན་བྱམས་པས་བསྟན་བཅོས་ཀྱི་བརྗོད་བྱ་མཁྱེན་པ་གསུམ་དུ་བསྡུས་ནས། དེ་ལ་ཕྱག་མཛད་པ་ནི། ཉན་ཐོས་ཞི་བ་འཚོ་ལ་སོགས་ཡུམ་དེ་ལ་ཕྱག་འཚལ། ཞེས་པ་སྟེ། ཉན་རང་ཐེག་དམན་གྱི་གང་ཟག་རང་དོན་ཞི་བདེ་གཉེར་བ་རྣམས། ཉོན་མོངས་དང་སྡུག་བསྔལ་ཉེ་བར་ཞི་བ་མྱ་ངན་ལས་འདས་པའི་དབྱིངས་སུ་འཁྲིད་པར་མཛད་པའི་གཞི་ཤེས་དང་། འགྲོ་ལ་ཕན་པར་མཛད་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇིག་རྟེན་པ་ཐམས་ཅད་ཀྱི་གནས་སྐབས་མངོན་མཐོ་དང་། མཐར་ཐུག་གི་དོན་ངེས་ལེགས་བྱང་ཆུབ་གསུམ་གྱི་གོ་འཕང་སྐལ་བ་དང་འཚམས་པར་སྒྲུབ་པར་མཛད་པའི་ལམ་ཤེས་དང་། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བརྗོད་བྱ་རྟོགས་པའི་ཆོས་ཀྱི་རྣམ་པ་ཀུན་དང་ལྡན་པའི། བརྗོད་བྱེད་ལུང་གི་ཆོས་དྲང་ངེས་སྣ་ཚོགས་པ་འདི་རྣམས་གསུང་པར་མཛད་པའི་རྣམ་མཁྱེན་ཏེ། ཉན་རང་བྱང་ཆུབ་སེམས་དཔའ་རྫོགས་པའི་སངས་རྒྱས་དང་བཅས་པའི་འཕགས་པ་བཞིའི་ཡུམ་དུ་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས། གཉིས་པ་དགོས་འདྲེལ་བསྟན་པའི་སྒོ་ནས་ཤུགས་ཀྱིས་བརྩམ་པར་དམ་བཅའ་བ་ནི། སྟོན་པས་འདི་ལས་སོགས། རྩོམ་པའི་དགོས་པ་ཡིན། །ཞེས་གསུངས་ཏེ། མཆོད་པར་བརྗོད་པའི་འོག་ཏུ། ཤེས་རབ་དམན་པའི་གང་ཟག་རྣམས་ཀྱིས། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འདི་ལ། བརྗོད་བྱ་དང་། དགོས་པ་དང་། ཉིང་དགོས་དང་འདྲེལ་བ་མེད་དོ་སྙམ་པའི་དོགས་པ་བཅད་ནས། དེ་བཞི་ཡོད་པའི་ངེས་ཤེས་སམ། ཡོད་ལས་ཆེ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་ནས་བསྟན་བཅོས་ལ་འཇུག་པའི་ཕྱིར་ཐོག་མར་བརྗོད་བྱ་བསྟན་ཏེ། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བཤད་པ་གང་ཡིན་པའི། ཡུལ་མཁྱེན་པ་གསུམ། རྒྱུ་སྦྱོར་བ་བཞི། འབྲས་བུ་ཆོས་ཀྱི་སྐུ་སྟེ་སྐབས་བརྒྱད་ཀྱིས་བསྟན་པའི་ལམ་འབྲས་བུ་དང་བཅས་པའོ། །གཉིས་པ་ཉིང་དགོས་མཐར་ཐུག་ནི། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལས་གཞན་གྱིས་མྱོང་བ་སྟེ་ཐོབ་པར་ནུས་པ་མ་ཡིན་པ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཉིད་ཡིན་ལ། དེ་ནི་བྱང་སེམས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་དང་ཆོས་སྒྲུབ་པའི་སྤྱོད་པ་ཕར་ཕྱིན་བཅུའི་བདག་ཉིད་ཅན་གྱི་ཤེར་ཕྱིན་གྱི་མདོ་ཡི་དོན་དྲན་པ་ལ་བཞག་ནས་འཐོབ་དགོས་པར་བསྟན། གསུམ་པ་དགོས་པ་ནི། མདོའི་དོན་རྣམས་ཚེགས་མེད་པར་བདེ་བླག་ཏུ་རྟོགས་པར་བྱེད་པ་ནི་བསྟན་བཅོས་འདི་ཉིད་བརྩམ་པའི་དགོས་པ་ཡིན་པར་བཤད། བཞི་པ་འདྲེལ་པ་ནི་ཤུགས་ལ་བསྟན་ཏེ། བསྟན་བཅོས་འདི་ལ་བརྟེན་ནས། མདོའི་དོན་རྟོགས་ཏེ། ཚུལ་བཞིན་བསྒྲུབ་པས་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བས་སོ། །གསུམ་པ་བཤད་བྱ་གཞུང་གི་རང་བཞིན་ལ་གདུལ་བྱའི་གང་ཟག་རྒྱས་པ་ལ་མོས་པ་རྣམས་ལ་མངོན་རྟོགས་བརྒྱད་དུ་ཕྱེ་ནས་བཤད་པ། འབྲིང་པོ་ལ་མོས་པ་རྣམས་ལ་དྲུག་ཏུ་བཤད་པ། བསྡུས་པ་ལ་མོས་པ་རྣམས་ལ་གསུམ་དུ་བསྡུས་ནས་བཤད་པ་གསུམ་ལས། འདིར་དང་པོ་ལ། ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པ་གཉིས་ལས། འདིར་ལུས་རྣམ་པར་བཞག་པ་ཙམ་ཞིག་བཤད་པ་ལ། སྐབས་བརྒྱད་དུ་ཕྱེ་བའི་སྒོ་ནས་མདོར་བསྟན་པ་དང་། དོན་བདུན་ཅུར་ཕྱེ་བའི་སྒོ་ནས་རྒྱས་པར་བཤད་པ་གཉིས་ཀྱི་སྒོ་ནས་བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་སྟེ་བསྟན་ན། ཕྱིས་རྒྱས་བཤད་ཀྱི་དུས་སུ། དོན་ཚན་རྣམས་མི་འཁྲུགས་པར། འཆད་པ་པོས་འཆད་བདེ་ཞིང་། ཉན་པ་པོས་གོ་སླ་བའི་དགོས་པ་ཡོད་པའི་ཕྱིར་དེ་ལྟར་བཤད་དོ། །དེ་ལ་དང་པོ་སྐབས་བརྒྱད་དུ་ཕྱེ་བ་དེ་ཡང་ཚིགས་སུ་བཅད་པ་བཅོ་ལྔས་སྟོན་པ་ལས་ཐོག་མར། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་མདོའི་དོན་དངོས་པོ་བརྒྱད་དུ་ཕྱེ་ནས་བཤད་ན། རྗོད་བྱེད་གཞུང་ཤེར་ཕྱིན་ཀྱི་དོན། བརྗོད་བྱ་ལམ་དང་འབྲས་བུའི་ཤེར་ཕྱིན་མ་ལུས་པ་མཐའ་དག་ཡང་དག་པར་ཕྱིན་ཅི་མ་ལོག་པར་བཤད་པར་འགྱུར་བས་དེ་ལྟར་བཤད་དགོས་སོ་ཞེས་གསུངས། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་གཞི་ནི། ཐེག་ཆེན་འཕགས་ལམ་གསུམ་གྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་སྒོམ་བྱུང་གི་ཤེས་རབ། མཚན་ཉིད་ནི། ཆོས་ཉིད་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་གང་ཞིག་མི་གནས་པའི་མྱང་འདས་སུ་ཕྱིན་པའམ་ཕྱིན་བྱེད་དེ། སྡུད་པ་ལས། ཆོས་རྣམས་རང་བཞིན་མེད་པ་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས། དེ་ལྟར་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་དང་ལམ་ལ་དེ་སྒྲས་བསྟན། །ཞེས་པ་ལྟར། སངས་རྒྱས་དང་། བྱང་སེམས་འཕགས་པའི་མཉམ་བཞག་གིས་བསྡུས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་གཙོ་བོ་དང་། རྗེས་ཐོབ་ཀྱི་ཆ་རྣམས་ཤེར་ཕྱིན་ཕལ་པ་སྟེ་མཚན་ཉིད་པ་ཡིན་ལ། མོས་སྤྱོད་ཀྱི་ལམ་དང་གཞུང་ཤེར་ཕྱིན་རྣམས་བཏགས་པ་བ་ཡིན། ས་མཚམས་ནི། ཐེག་ཆེན་མཐོང་ལམ་ནས། སངས་རྒྱས་ཀྱི་སའི་བར་དུ་ཡོད་པ་ཡིན་ནོ། །ངེས་ཚིག་ནི། མདོ་སྡེ་རྒྱན་ལས། དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་པ་ལྟར་སྟོང་ཉིད་ལ་དམིགས་པའི་ཤེས་པ་ནི་ཤེས་པའི་རབ་སྟེ། སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པར་བྱེད་པས་སོ། །དེ་ལ། མངོན་རྟོགས་བརྒྱད། དངོས་པོ་བརྒྱད། སྐབས་བརྒྱད་ཅེས་པ་རྣམས་ཀྱི་ཁྱད་པར་ནི། དོན་བསྡུས་སྒྲོན་མེར། མངོན་རྟོགས་ཤེས་རྒྱུད་རིམ་པ་སྟེ། །དངོས་པོ་བརྒྱད་ནི་བརྗོད་བྱ་ལ། །སྐབས་ནི་བརྗོད་བྱེད་ཤཱནྟི་གསུང་། །ཞེས་པ་ལྟར། མངོན་རྟོགས་ནི་གང་ཟག་གི་ཤེས་རྒྱུད་ལ་སྐྱེ་ཚུལ་དང་། དངོས་པོ་ནི་བརྗོད་བྱ་དོན་གྱི་དབང་དུ་བྱས་པ་དང་། སྐབས་ནི་རྗོད་བྱེད་ཚིག་གི་དབང་དུ་བྱས་པ་ཡིན་པར་གསུངས། འོ་ན་དངོས་པོ་བརྒྱད་པོ་གང་ཡིན་ཞེ་ན། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་པ་ལྟར་བརྒྱད་དུ་ཡོད་པ་རྣམས་ཀྱི་མཚན་ཉིད་རིམ་པ་བཞིན་འདི་ལྟར་ཡིན་ཏེ། ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་ཤེས་བྱའི་རྣམ་པ་ཐམས་ཅད་དུས་སྐད་ཅིག་མ་གཅིག་ལ་རྟོག་མེད་མངོན་སུམ་དུ་མཁྱེན་པ་དེ་དང་པོ་རྣམ་མཁྱེན་གྱི་མཚན་ཉིད། དབྱེ་ན་ཇི་ལྟ་ཇི་སྙེད་ཀྱི་རྣམ་མཁྱེན་གཉིས་ཡོད། ཐེག་པ་གསུམ་གྱི་ལམ་མཐའ་དག་རང་བཞིན་མེད་པའི་ཚུལ་དུ་རྟོགས་ཤིང་། རྫོགས་སྨིན་སྦྱང་གསུམ་གྱི་སྒོ་ནས་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་སློབ་ལམ་པའི་མཁྱེན་པ་དེ་གཉིས་པ་ལམ་ཤེས་ཀྱི་མཚན་ཉིད། དབྱེ་ན་ཐེག་གསུམ་གྱི་ལམ་ཤེས་པའི་ལམ་ཤེས་གསུམ་ཡོད། གཞི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པར་རྟོགས་པའི་ཉི་ཚེ་བའི་མཁྱེན་པ་དེ་གསུམ་པ་གཞི་ཤེས་ཀྱི་མཚན་ཉིད། དབྱེ་ན་ཉན་ཐོས་དང་རང་རྒྱལ་གྱི་གཞི་ཤེས་གཉིས་ཡོད། མཁྱེན་གསུམ་གྱི་རྟོགས་པ་ལ་རང་དབང་ཐོབ་པར་བྱ་བའི་ཕྱིར། གཞི་ལམ་རྣམ་གསུམ་སྐྱེ་མེད་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་བསྡུས་ཏེ་སྒོམ་པའི་སེམས་དཔའི་རྣལ་འབྱོར་དེ་བཞི་པ་རྣམ་ཀུན་མངོན་རྫོགས་རྟོགས་པའི་མཚན་ཉིད། དབྱེ་ན་མི་གནས་པའི་སྦྱོར་བ་དང་། མི་སྦྱོར་བའི་སྦྱོར་བ། ཟབ་པའི་སྦྱོར་བ་སོགས་སྦྱོར་བ་ཉི་ཤུ་ཡོད། རྣམ་རྫོགས་སྦྱོར་བ་ལ་བརྟེན་ནས་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པ་ལ་རང་དབང་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ་ལྔ་པ་རྩེ་མོར་ཕྱིན་པའི་སྦྱོར་བའི་མཚན་ཉིད། དབྱེ་ན་སྦྱོར་ལམ་དྲོད་རྩེ་སོགས་བདུན་ཡོད། མཁྱེན་པ་གསུམ་གྱི་ཤེས་པའི་རྣམ་པ་ཐམས་ཅད་གཅིག་ཆར་དུ་སྐྱེ་བའི་རྟོགས་པ་བརྟན་པོར་བྱ་བའི་ཕྱིར་མཁྱེན་གསུམ་གྱི་རྣམ་པ་རྣམས་རིམ་གྱིས་སྒོམ་པའི་སེམས་དཔའི་རྣལ་འབྱོར་དེ་དྲུག་པ་མཐར་གྱིས་པའི་སྦྱོར་བའི་མཚན་ཉིད། དབྱེ་ན་སྦྱིན་པའི་ཕར་ཕྱིན་གྱི་མཐར་གྱིས་པ་སོགས་བཅུ་གསུམ་ཡོད། མཁྱེན་གསུམ་རིམ་གྱིས་སྒོམ་པ་མཐར་ཐུག་པའི་སེམས་དཔའི་རྣལ་འབྱོར་དེ་བདུན་པ་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བའི་མཚན་ཉིད། དབྱེ་ན་རྣམ་པར་སྨིན་པ་མིན་པའི་ཆོས་ཐམས་ཅད་སྐད་ཅིག་ལ་རྟོགས་པ་སོགས་བཞི་ཡོད། སྦྱོར་བ་བསྒོམ་པའི་འབྲས་བུ་མཐར་ཐུག་པ་ཟག་མེད་ཀྱི་ཡན་ལག་དུ་མ་དང་ལྡན་པ་དེ། བརྒྱད་པ་ཆོས་ཀྱི་སྐུའི་མཚན་ཉིད་ཡིན་ཏེ། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་བསམ་ཡས་ཀུན་རྟེན་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབས་པ་རྣམས་ཀྱི་ཆོས་སྐུ་ཡིན། །ཞེས་སོ། །དབྱེ་ན་ངོ་བོ་ཉིད་ཀྱི་སྐུ་སོགས་བཞི་ཡོད་དོ། །དེ་ལྟར་ན། ཤེར་ཕྱིན་གྱི་མདོའི་བརྗོད་བྱའི་དངོས་པོའམ། མངོན་པར་རྟོགས་པ་ནི་བརྒྱད་པོ་འདི་ལས་མང་མི་དགོས་ཤིང་ཉུང་ན་མི་འདུ་བས་གྲངས་ངེས་པ་ཡིན་ནོ། །འོ་ན་གྲངས་བརྒྱད་དུ་ངེས་པའི་རྒྱུ་མཚན་ཅི་ཞེ་ན། གང་ཟག་གཅིག་འཚང་རྒྱ་བ་ལ། ཤེས་པར་བྱ་བའི་ཡུལ་མཁྱེན་པ་གསུམ་དང་། ཉམས་སུ་ལེན་པའི་ལམ་སྦྱོར་བ་བཞི་དང་། འབྲས་བུའི་མཐར་ཐུག་ཆོས་ཀྱི་སྐུ་དང་གསུམ་དུ་གྲངས་ངེས་པ་ཡིན་ཏེ། དོན་བསྡུས་སྒྲོན་མེ་ལས། ཤེས་བྱའི་ཡུལ་དུ་མཁྱེན་པ་གསུམ། །སྒོམ་པའི་དུས་སུ་སྦྱོར་བ་བཞི། །འབྲས་བུའི་མཐར་ཐུག་ཆོས་ཀྱི་སྐུ། །ཞེས་གསུང་། འོ་ན་ཤེས་བྱ་མཁྱེན་པ་གསུམ་དུ་གྲངས་ངེས་པ་ཅི་ཡིན་ཞེ་ན། དཔེར་ན་ཡིད་བཞིན་གྱི་ནོར་བུའི་ཡོན་ཏན་ཐོས་ན་དེ་ཐོབ་པའི་ཐབས་ལ་བརྩོན་པ་ལྟར། དང་པོར་བྱང་ཆུབ་དོན་གཉེར་གྱི་གང་ཟག་འབྲས་བུ་ལ་བྲོད་པ་བསྐྱེད་པའི་དོན་དུ། རང་གཞན་གྱི་དོན་གཉིས་དང་ལྡན་པའི་རྣམ་མཁྱེན་བསྟན། དེ་ཐོས་ནས་དེའི་ཐབས་ལ་འཇུག་པས། དེ་འཐོབ་པའི་ཐབས་སམ་ལམ་ཚང་ལ་མ་ནོར་བ་ལམ་ཤེས་བསྟན། དེའི་མི་མཐུན་ཕྱོགས་ཀྱི་གོལ་ས་ཤེས་ནས་སྤོང་དགོས་པས། དེའི་ཆེད་དུ་གཞི་ཤེས་བསྟན། དེ་ལྟར་ན་ཐོབ་བྱའི་འབྲས་བུ། ཐོབ་བྱེད་ཀྱི་ལམ། དེའི་གོལ་ས་མི་མཐུན་ཕྱོགས་བཅས་ལེགས་པར་ཤེས་ན་ལམ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་གནས་སྐབས་ཀྱི་ཤེས་བྱ་ཐམས་ཅད་དེ་ཙམ་དུ་འདུས་པ་ཡིན་ཏེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། ཐོས་བསམ་དུས་སུ་འབྲས་བུ་དང་། །རྒྱུ་དང་མི་མཐུན་ཕྱོགས་དག་ཏུ། །གཏན་ལ་ཕབ་པ་རྫོགས་པ་ཡིན། །ཅེས་གསུང་། འོ་ན་ཉམས་ལེན་སྦྱོར་བ་བཞིར་གྲངས་ངེས་པ་ཅི་ཡིན་ཞེ་ན། མཁྱེན་པ་གསུམ་གཏན་ལ་ཕབས་ནས་ཤེས་པ་ཙམ་གྱིས་མི་ཆོག །འབྲས་བུ་མངོན་དུ་བྱེད་པ་ལ་སྒོམ་ནས་ཉམས་སུ་ལེན་དགོས། དེ་ཡང་མཉམ་བཞག་ཏུ་ཟབ་མོའི་ཉམས་ལེན་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་རྣམ་རྫོགས་སྦྱོར་བ་དང་། དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་རབ་ཀྱི་ངོ་བོར་སྐྱེས་པ་རྩེ་མོའི་སྦྱོར་བ་དང་། རྗེས་ཐོབ་ཏུ་རྒྱ་ཆེ་བའི་ཉམས་ལེན་རྣམ་ཀུན་མཆོག་ལྡན་གྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པར་བྱེད་པ་མཐར་གྱིས་པའི་སྦྱོར་བ་དང་། དེ་ལ་བརྟན་པ་ཐོབ་ནས་རྒྱུའམ་ལམ་གྱི་མཐར་ཐུག་པ་སྐད་ཅིག་མའི་སྦྱོར་བ་སྟེ། དེ་བཞིར་གྲངས་ངེས་པ་ནི། དོན་བསྡུས་སྒྲོན་མེ་ལས། སྒོམ་པའི་དུས་སུ་སྦྱོར་བ་དང་། །གནས་སྐབས་འབྲས་བུ་བརྟན་བྱེད་པ། །རྒྱུ་ཡི་མཐར་ཐུག་དག་གིས་རྫོགས། །ཞེས་གསུངས་པ་ལྟར་དང་། འབྲས་བུའི་སྒོ་ནས་ཀྱང་གྲངས་ངེས་ཏེ། རྣམ་ཀུན་དང་རྩེ་མོ་གཉིས་ཀྱིས་རང་དོན་དུ་སྤངས་པ་ཕུན་སུམ་ཚོགས་པ་མངོན་དུ་བྱས་ཏེ་འབད་མེད་ལྷུན་གྲུབ་ཀྱི་ཆོས་སྐུ་ཐོབ་ཅིང་། མཐར་སྐད་གཉིས་ཀྱིས་གཞན་དོན་གྱི་རྟེན་རྟོགས་པ་ཕུན་སུམ་ཚོགས་པ་མངོན་དུ་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་སྟེ་གཟུགས་སྐུ་མཛད་པ་དང་བཅས་པ་ཞར་ལ་འཐོབ་པར་འགྱུར་བ་ཡིན་ནོ། །འབྲས་བུ་ནི་ཆོས་ཀྱི་སྐུ་གཅིག་ཏུ་གྲངས་ངེས་པ་ཡིན་ཏེ། གཞི་ཐོས་བསམ་གྱིས་གཏན་ལ་ཕབ་ནས་ལམ་སྦྱོར་བཞི་ཉམས་སུ་བླངས་པའི་མཐར་ཐུག་གི་འབྲས་བུ་དེ་ཁོ་ནར་ངེས་པས་སོ། །གཉིས་པ་དོན་བདུན་ཅུའི་སྒོ་ནས་རྒྱས་པར་བཤད་པ་ལ། ཡུལ་མཁྱེན་གསུམ་གྱི། ལམ་སྦྱོར་བཞིའི། འབྲས་བུ་ཆོས་སྐུའི་ལུས་རྒྱས་པར་བཤད་པ་གསུམ་ལས། དང་པོ་ལ་ཡང་། རྣམ་མཁྱེན། ལམ་ཤེས། གཞི་ཤེས་ཀྱི་ལུས་རྒྱས་པར་བཤད་པ་གསུམ་ལས། དང་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོན་པའི་ཆོས་བཅུ་ཡོད་དེ། གང་ཞེ་ན། གཞུང་རྩ་བ་ལས། སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་གསུངས་པ་ལྟར་རོ། །དེས་ཇི་ལྟར་མཚོན་ཚུལ་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་གསུམ་ཏེ། བཅུ་པོ་འདི་ནི་རྣམ་མཁྱེན་ཐོབ་པའི་རྒྱུ་ཡིན་པས་རྒྱུས་མཚོན་ནས་འབྲས་བུ་བསྟན་པ་ཡིན་ཏེ། ཇོ་བོ་རྗེས། རྒྱུ་བཅུ་རྫོགས་པའི་འབྲས་བུ་རྣམ་མཁྱེན་ཉིད། །ཅེས་གསུངས་པ་ལྟ་བུ་དང་། ཡང་ཆེད་དུ་བྱ་བ་གསུམ་གྱིས་འབྲས་བུ་དང་། ལྷག་མས་རྒྱུ་བསྟན། དེ་ཙམ་དུ་མ་ཟད། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་ཤེས་བྱའི་ཆོས་ཐམས་ཅད་བསྟན་པས། རྒྱུ་འབྲས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ནི། རྣམ་མཁྱེན་ཡིན་ནོ་ཞེས་ཡུལ་གྱིས་ཡུལ་ཅན་མཚོན་ནས་བསྟན་པར་བཞེད་པ་དང་། ཡང་གྲོལ་བ་དོན་གཉེར་གྱི་གང་ཟག་རྣམས་ཀྱི་འདོད་པའི་གཙོ་བོ། ཤེས་བྱ་གཙོ་བོའི་དོན་བཅུ་ཙམ་བཤད་པས་རྣམ་མཁྱེན་རྫོགས་པར་མཚོན་ནུས་པ་ཡིན་ཏེ། རྣམ་འགྲེལ་ལས། འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་ཉེར་མཁོ་འགའ་ཡང་མེད། །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་ཚེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །རིང་པོ་མཐོང་ངམ་མིན་ཀྱང་རུང་། །འདོད་པའི་དེ་ཉིད་མཐོང་བ་ཡིན། །ཞེས་གསུང་། དེ་ལྟ་བུའི་རྣམ་མཁྱེན་མཚོན་པའི་ཆོས་རྣམས་རྒྱས་པར་བཤད་པ་ལ། ལམ་གྱི་རང་བཞིན་སེམས་བསྐྱེད་བཤད་པ། དེ་ཉིད་དག་བྱེད་གདམས་ངག་བཤད་པ། གདམས་པའི་འབྲས་བུ་ངེས་འབྱེད་ཡན་ལག །གདམས་པའི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཚུལ་དང་བཞི་ལས། དང་པོས་སེམས་བསྐྱེད་ཀྱི་ངོ་བོ་ནི། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར། སེམས་བསྐྱེད་སྐྱེ་བའི་ཐབས་ཀྱི་རྟེན་ནི། སྤྱིར་མི་ཡིན་པ་དང་། བྱེ་བྲག་སོ་ཐར་གྱི་སྡོམ་ལྡན་སོགས་དགོས་པས་ཁྱབ་པ་མེད་དེ། ལྷ་ཀླུ་གནོད་སྦྱིན་སོགས་ཐམས་ཅད་ལ་སྐྱེ་བར་ལམ་ཤེས་ཀྱི་མདོ་དང་། མདོ་གཞན་ལས་ཀྱང་གསུང་བའི་ཕྱིར། སེམས་ཀྱི་རྟེན་ནི། རྒྱལ་བ་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་སེམས་ཀྱི་སྤྱོད་པ་ལ་སློབ་པར་འདོད་པ་གསུམ་ཡིན་ཏེ། དཀོན་མཆོག་སྒྲོན་མེའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་དང་། མདོ་སྡེ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་པ་ལྟར་རོ། །སེམས་བསྐྱེད་ཀྱི་མཚན་གཞི་ཐོགས་མེད་སྐུ་མཆེད་སེམས་བྱུང་སེམས་པ་དང་འདུན་པ་ལ་བཞེད་པ་ནི་བཏགས་པ་བ་ཡིན་ལ། འཕགས་པ་གྲོལ་སྡེ་དང་། སློབ་དཔོན་སེངྒེ་བཟང་པོ། དཀར་ཆོས་ཀུན་གྱི་རྟེན་གཞི་ཡིད་ཀྱི་རྣམ་ཤེས་མཚན་གཞིར་བཞེད་པ་མཚན་ཉིད་པ་ཡིན་ནོ། །མཚན་ཉིད་ནི་རྩ་བས་དངོས་བསྟན་ལྟར། ཆེད་དུ་བྱ་བ་གཞན་སེམས་ཅན་ཐམས་ཅད་འཁོར་བ་རྒྱུ་འབྲས་ལས་བསྒྲལ་ནས་བྱང་ཆུབ་གསུམ་གྱི་གོ་འཕང་ལ་སྐལ་བ་བཞིན་འགོད་པའི་དོན་དུ། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་བྱང་ཆུབ་འདོད་པའི་གཙོ་སེམས་ཡིད་ཀྱི་རྣམ་ཤེས་མཚུངས་ལྡན་དང་བཅས་པའི་སེམས་ཁྱད་པར་ཅན་ཡིན་ནོ། །དེ་ལ་དབྱེ་ན། ངོ་བོས་སྒོ་ནས་སྨོན་འཇུག་གཉིས་ཏེ། རྒྱལ་སྲས་ཞི་བ་ལྷས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པས་རྫོགས་བྱང་དོན་གཉེར་གྱི་བསམ་པ་གང་ཞིག། ལུས་ངག་གི་བྱ་བས་ཟིན་མ་ཟིན་དང་། ཆོ་གའི་སྒོ་ནས་སྡོམ་པ་བཟུང་བ་དང་། མ་བཟུང་བའི་བྱེ་བྲག་ལས་འདི་གཉིས་ཀྱི་ཁྱད་པར་ཕྱེ་སྟེ། སྨོན་པ་སེམས་བསྐྱེད་ཚོགས་ལམ་ཆུང་ངུ་དང་། འཇུག་པ་སེམས་བསྐྱེད་ཚོགས་ལམ་འབྲིང་པོ་ནས་བཞག་དགོས་སོ། །སྐྱེ་ཚུལ་གྱི་སྒོ་ནས་དབྱེ་ན་རགས་པ་བརྡའ་ལས་ཐོབ་པ་ཆོ་གས་བསྐྱེད་པ་ཀུན་རྫོབ་སེམས་བསྐྱེད་དང་། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་སྒོམ་སྟོབས་ལས་སྐྱེ་བ་དོན་དམ་པའི་སེམས་བསྐྱེད་པ་གཉིས་ཡོད་དེ། སྔ་མ་ནི། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་སྟོབས་ལྔ་ལས་སྐྱེ་བ་ལས། སྔ་མ་མི་བརྟན་པ་དང་། ཕྱི་མ་བཞི་བརྟན་པའི་སེམས་བསྐྱེད་དེ་གཉིས་ཀ་ཡང་། གཞན་དགེ་བའི་བཤེས་གཉེན་གྱིས་ངག་གི་རིག་བྱེད་ཀྱིས་བསྟན་པའི་སེམས་བསྐྱེད་ཡིན་ནོ། །ཕྱི་མ་ནི། དེ་ཉིད་ལས། སངས་རྒྱས་རྣམས་ནི་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་པ་ལྟར། ཡོངས་འཛིན་དམ་པ་རྫོགས་པའི་སངས་རྒྱས་ལས་ལུང་མནོས་པ་དང་། རྗེས་སྒྲུབ་དམ་པ་ཚོགས་གཉིས་གྲངས་མེད་གཅིག་ཏུ་བསགས་པ་དང་། རྟོགས་པ་དམ་པ་ཆོས་ཐམས་ཅད་ལ་བདག་མེད་པར་མངོན་སུམ་དུ་རྟོགས་པ་སྟེ། དེ་གསུམ་གྱིས་ཁྱད་པར་དུ་བྱས་པའི་སེམས་དོན་དམ་པའི་ངོ་བོར་སྐྱེས་པ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གོམས་པར་གྱུར་པ་ལས་ཐོབ་པ་གང་ཡིན་པ་དེ་ནི་དོན་དམ་སེམས་བསྐྱེད་དོ། །ས་མཚམས་ཀྱི་སྒོ་ནས་དབྱེ་ན། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་པ་ལྟར། ཚོགས་ལམ་ནས་མོས་པ་ལས་བྱུང་བ་དང་། ས་དང་པོ་ནས་ལྷག་བསམ་དག་པ་དང་། ས་བརྒྱད་པ་ནས་རྣམ་པར་སྨིན་པ་དང་། སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་བཞག་སྟེ་རྣམ་པ་བཞིའོ། །བཞེད་ཚུལ་གྱི་སྒོ་ནས་དབྱེ་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་བཀོད་ནས་རང་ཉིད་གྲོལ་བར་འདོད་པ་ཕྱུགས་རྫི་ལྟ་བུ་དང་། བདག་གཞན་མཉམ་དུ་སངས་རྒྱས་པར་འདོད་པ་མཉན་པ་ལྟ་བུ་དང་། རང་སངས་རྒྱས་ནས་གཞན་སྒྲོལ་བར་འདོད་པ་རྒྱལ་བ་ལྟ་བུ་དང་གསུམ་དུ་བཞེད་དོ། །སེམས་བསྐྱེད་ཀྱི་ཕན་ཡོན་ནི། མཐར་ཐུག་གི་འབྲས་བུ་རྒྱལ་བའི་གོ་འཕང་འཐོབ་ཅིང་། གནས་སྐབས་ཀྱི་འབྲས་བུ་མིང་རྒྱལ་བའི་སྲས་སུ་འཕོ་ཞིང་། དོན་ལྷ་མི་ཀུན་གྱིས་ཕྱག་བྱ་བའི་འོས་སུ་འགྱུར་བའི་ཚུལ། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡིས་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། །བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །མདོར་ན་སེམས་བསྐྱེད་པའི་བསོད་ནམས་ཀྱི་ཚད་ནི་ནམ་མཁའ་དང་མཉམ་པར་བསམ་གྱིས་མི་ཁྱབ་པ་སྟེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་ཡང་། །དེ་ནི་དེ་བས་བསོད་ནམས་ཆེ། །ཞེས་གསུངས་སོ། །དེ་ལྟར་སེམས་བསྐྱེད་པ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་མཁྱེན་སངས་རྒྱས་སྒྲུབ་པའི་སྤྱོད་པ་རླབས་པོ་ཆེ་ལ་འཇུག་པའི་སྒོ་དང་པོ་ཡིན་པས་མཚན་ཉིད་ལས་འཕྲོས་པའི་དོན་གྱི་དབྱེ་བ་ཅུང་ཟད་བཤད་ནས། ད་ནི་གཞུང་གིས་བསྟན་པའི་ས་མཚམས་ཀྱིས་དབྱེ་བ་ཉི་ཤུ་རྩ་གཉིས་ནི། གཞུང་རྩ་བར། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་པའི་དོན། དཔེ་ས་ནས་སྤྲིན་ལྟ་བུའི་བར་གྱི་ཉི་ཤུ་རྩ་གཉིས་ཀྱིས་མཚོན་པའི། དོན་སེམས་བསྐྱེད་རང་གི་ངོ་བོ། འདུན་པ་སེམས་བསྐྱེད་ནས། ཆོས་སྐུ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཀྱི་བར་གྱི་དབྱེ་བ་ཉི་ཤུ་རྩ་གཉིས་པོ། ཆོས་མཐུན་ཉི་ཤུ་རྩ་གཉིས་ཀྱིས་དཔེ་དོན་མཚུངས་པར་སྦྱར་བའི་སྒོ་ནས་ཤེས་པར་བྱ་བ་སྟེ། དེ་ཡང་ཇི་ལྟར་ན། དང་པོ་བླ་མེད་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཆོས་ཅན་དཔེ་ས་ལྟ་བུ་ཡིན་ཏེ། སངས་རྒྱས་དང་དེའི་རྒྱུ་ཚོགས་ཀྱི་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་བོའི་བྱེད་བའི་ཕྱིར། གཉིས་པ་སེམས་བསྐྱེད་དེ་ཉིད་ཀྱི་རྒྱུན་གནས་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་གསེར་ལྟ་བུ་ཡིན་ཏེ། ཕར་ཕྱིན་དྲུག་གིས་བསྡུས་པ་ཕན་བདེའི་བསམ་པ་བཟང་པོ་བྱང་ཆུབ་ཀྱི་བར་དུ་མི་འགྱུར་བའི་ཕྱིར། གསུམ་པ་ལྷག་པའི་བསམ་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཆོས་ཅན་དཔེ་ཟླ་བ་ཚེས་པ་ལྟ་བུ་ཡིན་ཏེ། བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་སོགས་དགེ་བའི་ཆོས་ཐམས་ཅད་གོང་ནས་གོང་དུ་འཕེལ་བའི་ཕྱིར། བཞི་པ་སྐྱེ་མེད་གསུམ་མཁྱེན་པའི་སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་མེ་ལྟ་བུ་ཡིན་ཏེ། མཁྱེན་གསུམ་ཡུལ་ཤེས་པའི་གེགས་བྱེད་པའི་སྒྲིབ་པའི་བུད་ཤིང་སྲེག་པའི་ཕྱིར། ལྔ་པ་སྦྱིན་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་གཏེར་ཆེན་པོ་ལྟ་བུ་ཡིན་ཏེ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ཀྱང་མི་ཟད་པའི་ཕྱིར། དྲུག་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་རིན་པོ་ཆེའི་འབྱུང་གནས་ལྟ་བུ་ཡིན་ཏེ། སྟོབས་སོགས་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འབྱུང་བའི་གཞིར་གྱུར་པའི་ཕྱིར། བདུན་པ་བཟོད་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་རྒྱ་མཚོ་ཆེན་པོ་ལྟ་བུ་ཡིན་ཏེ། མེ་མཚོན་སོགས་མི་འདོད་པའི་དངོས་པོས་ཡིད་མི་འཁྲུགས་པའི་ཕྱིར། བརྒྱད་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་རྡོ་རྗེ་ལྟ་བུ་ཡིན་ཏེ། བླ་མེད་བྱང་ཆུབ་ལ་ཡིད་ཆེས་བརྟན་པར་གྱུར་པ་བདུད་ཀྱིས་མི་ཕྱེད་པའི་ཕྱིར། དགུ་པ་བསམ་གཏན་གྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་རིའི་རྒྱལ་པོ་ལྟ་བུ་ཡིན་ཏེ། མཚན་མར་དམིགས་པའི་རྣམ་པར་གཡེང་བས་ཏིང་ངེ་འཛིན་ལས་མི་བསྐྱོད་པའི་ཕྱིར། བཅུ་པ་བདག་མེད་གཉིས་རྟོགས་པའི་ཤེར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་སྨན་ཆེན་པོ་ལྟ་བུ་ཡིན་ཏེ། ཆགས་སོགས་ཉོན་མོངས་པ་དང་། གཟུང་བར་རྟོག་པ་སོགས་ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་ཉེ་བར་ཞི་བར་བྱེད་པའི་ཕྱིར། བཅུ་གཅིག་པ་ཐབས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་དགེ་བའི་བཤེས་གཉེན་ལྟ་བུ་ཡིན་ཏེ། སྙིང་རྗེ་དང་ཐབས་ལ་མཁས་པས་འབྱོར་རྒུད་གང་གི་ཚེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར། བཅུ་གཉིས་པ་སྨོན་ལམ་གྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་ཏེ། གནས་ཀྱི་དབང་དུ་བྱས་པའི་སྨོན་ལམ་ཐམས་ཅད་བསམ་པ་བཞིན་དུ་འགྲུབ་པའི་ཕྱིར། བཅུ་གསུམ་པ་སྟོབས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་ཉི་མ་ལྟ་བུ་ཡིན་ཏེ། གདུལ་བྱའི་རྒྱུད་ཀྱི་དགེ་བའི་ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར། བཅུ་བཞི་པ་ཡེ་ཤེས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་དྲི་ཟའི་གླུ་ལྟ་བུ་ཡིན་ཏེ། ཆོས་ཀྱི་སྒྲ་དབྱངས་སྙན་པ་གདུལ་བྱའི་ཡིད་འདུན་པར་བྱེད་པ་སྟོན་པའི་ཕྱིར། བཅོ་ལྔ་པ་མངོན་པར་ཤེས་པ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་རྒྱལ་པོ་ཆེན་པོ་ལྟ་བུ་ཡིན་ཏེ། མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པའི་ཕྱིར། བཅུ་དྲུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་མཛོད་ཁང་ལྟ་བུ་ཡིན་ཏེ། ཚོགས་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར། བཅུ་བདུན་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་ལམ་པོ་ཆེ་ལྟ་བུ་ཡིན་ཏེ། འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར། བཅོ་བརྒྱད་པ་གཞན་དོན་ལ་བརྩེ་བའི་སྙིང་རྗེ་དང་། ཆོས་རང་བཞིན་མེད་རྟོགས་ཀྱི་ལྷག་མཐོང་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་བཞོན་པ་བཟང་པོ་ལྟ་བུ་ཡིན་ཏེ། སྲིད་ཞིའི་མཐར་མི་ལྟུང་བར་མི་གནས་པའི་མྱང་འདས་སུ་བདེ་བླག་ཏུ་འགྲོ་བའི་ཕྱིར། བཅུ་དགུ་པ་ཚིག་དོན་མི་བརྗེད་པར་འཛིན་པའི་གཟུངས་དང་། གཞན་ལ་ཐོགས་མེད་དུ་འཆད་པའི་སྤོབས་པ་གཉིས་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་བཀོད་མའི་ཆུ་བོ་ལྟ་བུ་ཡིན་ཏེ། ཐོས་པ་མཐའ་དག་འཛིན་ཅིང་མི་ཟད་པར་སྟོན་པའི་ཕྱིར། ཉི་ཤུ་པ་ཆོས་ཀྱི་སྡོམ་བཞི་སྟོན་པའི་ཆོས་ཀྱི་དགའ་སྟོན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་ཀུན་དགའི་སྒྲ་བརྙན་ལྟ་བུ་ཡིན་ཏེ། ཐར་འདོད་ཀྱི་གདུལ་བྱ་ལ་ཆོས་ཀྱི་སྒྲ་དབྱངས་སྙན་པར་སྒྲོགས་པའི་ཕྱིར། ཉེར་གཅིག་པ། བགྲོད་པ་གཅིག་པའི་ལམ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་ཆུ་བོའི་རྒྱུན་ལྟ་བུ་ཡིན་ཏེ། ཤེས་དང་ཤེས་བྱ་མཉམ་པ་ཉིད་དུ་རྟོགས་པས་སྙིང་རྗེ་དང་ཤེས་རབ་ཀྱིས་རང་གི་ངང་གིས་འཇུག་ཅིང་རྒྱུན་མ་འཆད་པར་གཞན་དོན་གྱི་བྱ་བ་རིས་སུ་མ་ཆད་པར་འཇུག་པའི་ཕྱིར། ཉེར་གཉིས་པ་ཆོས་ཀྱི་སྐུ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་སྤྲིན་ལྟ་བུ་ཡིན་ཏེ། དགའ་ལྡན་ན་བཞུགས་པ་སོགས་མཛད་པ་བཅུ་གཉིས་ཀུན་ཏུ་སྟོན་པས་སེམས་ཅན་གྱི་ཕན་བདེའི་ལོ་ཏོག་སྨིན་པར་བྱེད་པའི་ཕྱིར། དེ་ལྟར་བཤད་པའི་སེམས་བསྐྱེད་ཀྱི་དབྱེ་བ་ཉི་ཤུ་རྩ་གཉིས་པོ་འདིས་ནི་རྒྱུ་འབྲས་གཉིས་ཀས་བསྡུས་པའི་སེམས་བསྐྱེད་མཐའ་དག་བསྟན་པ་ཡིན་ལ། ས་མཚམས་ཀྱང་། དང་པོ་གསུམ་ཚོགས་ལམ། དེ་ནས་གཅིག་སྦྱོར་ལམ། དེ་ནས་སྦྱིན་པ་ནས་ཡེ་ཤེས་ཀྱི་བར་བཅུ་དང་ལྡན་པའི་སེམས་བསྐྱེད་རྣམས་མཐོང་སྒོམ་གྱིས་བསྡུས་པའི་ས་བཅུ། དེ་ནས་མངོན་ཤེས་སོགས་དང་ལྡན་པ་ལྔ་ནི་ས་བཅུ་པའི་ཁྱད་པར་གྱི་ལམ་དང་། དེ་ནས་ཆོས་ཀྱི་དགའ་སྟོན་དང་ལྡན་པ་སོགས་ཐ་མ་གསུམ་ནི་སངས་རྒྱས་ཀྱི་སའི་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་ཏེ་དེ་རྣམས་ན་ཡོད། དེས་རྣམ་མཁྱེན་མཚོན་པའི་ཆོས་དང་པོ་སེམས་བསྐྱེད་བསྟན་པ་དེ་སོང་། །གཉིས་པ་སེམས་བསྐྱེད་དག་བྱེད་གདམས་ངག་སྟེ། དེའི་མཚན་ཉིད་ནི། བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པའི་གང་ཟག་གིས་དོན་དུ་གཉེར་བྱའི་ལམ་དང་འབྲས་བུའི་ཆོས་རྣམས་ཐོབ་པར་བྱེད་པའི་ཐབས་མ་ནོར་བར་སྟོན་པའི་རྗོད་བྱེད། དེ་ལ་དབྱེ་ན་ཐེག་ཆེན་གྱི་ལམ་ཕྱོགས་རེ་ཙམ་སྟོན་པ་གདམས་ངག་ཕལ་པ་དང་། ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ཚང་ལ་མ་ནོར་བར་སྟོན་པའི་བཀའ་དང་བསྟན་བཅོས་ཐམས་ཅད་གདམས་ངག་ཁྱད་པར་ཅན་ཡིན། དེ་ཡང་གདམས་ངག་ནོད་པ་པོའི་གང་ཟག་སེམས་དང་པོ་བསྐྱེད་མ་ཐག་པ་དང་། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའི་མོས་སྤྱོད་ལ་གནས་པ། ནོད་ཡུལ། ཐེག་ཆེན་གདམས་ངག་སྟོན་ནུས་ཀྱི་བཤེས་གཉེན་ཐམས་ཅད་དང་། ཁྱད་པར་སངས་རྒྱས་རྣམས་ཡིན་ཏེ། མདོ་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་གསུང་། དབྱེ་ན་རྣམ་པ་བཅུ་ཡོད་དེ། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །སྒོམ་ཞེས་བྱ་ལ་གདམས་ངག་ན། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་པ་ལྟར་བཅུ་ལས། དང་པོ་སྒྲུབ་བྱ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ། སྒྲུབ་ཚུལ་དོན་དམ་པར་འཁོར་གསུམ་དང་བྲལ་བས་བདེན་ཞེན་མེད་པར། ཐ་སྙད་དུ་སྒྱུ་མ་ལྟ་བུར་དམིགས་ཏེ་བདེན་པ་གཉིས་མི་འགལ་བའི་ཚུལ་གྱིས་བསླབ་པར་བྱའོ་ཞེས་སྒྲུབ་པ་རང་གི་ངོ་བོ་ལ་གདམས་སོ། །གཉིས་པ་ཡུལ་བདེན་པ་བཞི་ལ་གདམས་པ་ནི། བྱང་སེམས་ཀྱི་འཇུག་ལྡོག་གི་བྱ་བའི་ཡུལ་བདེན་པ་བཞི་སྟེ། སྡུག་བསྔལ་ལ་ཤེས་བྱར་ཞེན་པ་དང་། ཀུན་འབྱུང་ལ་སྤང་བྱར་ཞེན་པ་དང་། འགོག་པ་ལ་ཐོབ་བྱར་ཞེན་པ་དང་། ལམ་བདེན་ལ་རྒྱུད་ལ་བསྟེན་བྱར་ཞེན་པ་སྟེ། ཞེན་པ་བཞི་པོ་དང་བྲལ་བའི་ཚུལ་གྱིས་བླང་དོར་བྱ་བ་ལ་གདམས་པའོ། །གསུམ་པ་རྟེན་དཀོན་མཆོག་གསུམ་ལ་གདམས་པ་ནི། ལམ་གྱི་ཆོས་མ་སྐྱེས་པ་རྣམས་སྐྱེ་བ་དང་། སྐྱེས་པ་མི་ཉམས་པར་གོང་དུ་འཕེལ་བ་སྐྱབས་སུ་འགྲོ་བ་ལ་རག་ལས་པས་སྐྱབས་སུ་འགྲོ་དགོས་ལ། སྐྱབས་སུ་འགྲོ་བའི་ཡུལ་ཐེག་པ་ཆེན་པོའི་དཀོན་མཆོག་གསུམ་ཡོན་ཏན་བརྒྱད་བརྒྱད་དང་ལྡན་པ་རྣམས་ལ། སྐྱབས་སུ་འགྲོ་བའི་ཚུལ་སངས་རྒྱས་ལ་སྟོན་པ་དང་། ཆོས་ལ་ལམ། དགེ་འདུན་ལ་གྲོགས་སུ་བདེན་པར་ཞེན་པ་མེད་པ་སྒྱུ་མ་ལྟ་བུའི་ཚུལ་གྱིས་བསླབ་པར་བྱ་བར་གདམས་པ་ཡིན་ནོ། །བཞི་པ་སྒྲུབ་པའི་མི་མཐུན་ཕྱོགས་སྙོམས་ལས་ཀྱི་ལེ་ལོ་སྤོང་བྱེད། སྒོ་གསུམ་གྱི་བདེ་བ་ལ་མངོན་པར་ཞེན་པ་མེད་པའི་བརྩོན་འགྲུས་ལ་བསླབ་པར་གདམས་པ་དང་། ལྔ་པ་སྒྱིད་ལུག་པའི་ལེ་ལོའི་གཉེན་པོ་མི་ངལ་བའི་བརྩོན་འགྲུས་ལ་གདམས་པ་དང་། དྲུག་པ་བདག་ཉིད་བརྙས་པའི་ལེ་ལོའི་གཉེན་པོར་ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ་གདམས་པ་དང་། བདུན་པ་སྒྲུབ་པའི་ཡོན་ཏན་མཐར་ཐུག་སངས་རྒྱས་ཐོབ་པ་དང་། གནས་སྐབས་རང་གཞན་གྱི་དོན་སྒྲུབ་པའི་ཐབས་ལ་མཁས་པའི་ཕྱིར། སྟོང་གསུམ་གྱི་གཟུགས་ཐམས་ཅད་མཐོང་བ་ཤའི་སྤྱན་དང་། ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལྷའི་སྤྱན་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཤེས་པ་ཤེས་རབ་ཀྱི་སྤྱན་དང་། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་པོ་རྣོ་རྟུལ་དང་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚིག་དོན་རྣམས་ཐོགས་མེད་དུ་ཤེས་པ་ཆོས་ཀྱི་སྤྱན་དང་། ཇི་ལྟ་ཇི་སྙེད་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་སུམ་དུ་ཤེས་པ་སངས་རྒྱས་ཀྱི་སྤྱན་སྟེ། སྤྱན་ལྔ་ཐོབ་པའི་རྒྱུ་ཕྱིན་དྲུག་གིས་བསྡུས་པའི་ཆོས་རྣམས་ལ་ཀུན་རྫོབ་ཏུ་སྒྱུ་མ་ལྟར་བལྟས་ནས་སློབ་ཅིང་དོན་དམ་པར་སྤྲོས་བྲལ་དེ་བཞིན་ཉིད་རྟོགས་པས་བསླབ་པར་བྱ་བར་གདམས་པ་དང་། བརྒྱད་པ། སེམས་ཅན་རྣམས་ཆོས་མཉམ་པ་ཉིད་ལ་འགོད་པ་དང་། འཕགས་པ་རྣམས་ཀྱི་བྱམས་པ་དང་། ཡིད་འོང་གི་ཡུལ་རྣམས་དང་ཕྲད་པ་དང་། ལྷ་རྣམས་ཀྱིས་ཕྱག་བྱ་བ་དང་། བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་སོགས་ཀྱི་ཆེད་དུ། ས་གཡོ་བ་དང་འོད་འགྱེད་པ་སོགས་རྫུ་འཕྲུལ་གྱི་མངོན་ཤེས། འཇིག་རྟེན་གྱི་སྒྲ་ཆེ་ཆུང་ཐམས་ཅད་ཐོས་པ་ལྷའི་རྣ་བའི་མངོན་ཤེས། སེམས་ཅན་གྱི་སེམས་ཀྱི་རྒྱུ་བ་ཐམས་ཅད་ཤེས་པ་གཞན་སེམས་ཤེས་པའི་མངོན་ཤེས། རང་གཞན་རྣམས་ཀྱི་སྔོན་གྱི་ཚེ་རབས་དཔག་ཏུ་མེད་པ་རྗེས་སུ་དྲན་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས། ཕྱོགས་བཅུའི་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་རྣམས་ཀྱི་གཟུགས་ཀྱི་རྣམ་པ་ཐམས་ཅད་མཐོང་བ་ལྷའི་མིག་གི་མངོན་ཤེས། སྒྲིབ་གཉིས་སྤོང་བའི་གཉེན་པོར་གྱུར་པའི་མི་སྐྱེ་བའི་ཡེ་ཤེས་མངོན་དུ་བྱེད་པ་ཟག་པ་ཟད་པའི་མངོན་ཤེས་སྟེ་མངོན་པར་ཤེས་པ་དྲུག་པོ་དེ་ཐ་སྙད་དུ་རྒྱུད་ལ་བསྐྱེད་ཅིང་དོན་དམ་པར་སྤྲོས་པ་ཉེ་བར་ཞི་བའི་ཚུལ་གྱིས་བསླབ་པར་གདམས་པ་དང་། དགུ་པ་མཐོང་སྤང་ཀུན་བརྟག་གི་གཉེན་པོར་སྡུག་བསྔལ་ཆོས་བཟོད། ཆོས་ཤེས་སོགས་མཐོང་ལམ་སྐད་ཅིག་མ་བཅུ་དྲུག །སྒྱུ་མ་མཁན་རང་གིས་སྤྲུལ་པའི་སྒྱུ་མ་ལ་མངོན་ཞེན་མེད་པ་བཞིན་རང་རྒྱུད་བསྐྱེད་པར་བྱ་བར་གདམས་པ་དང་། བཅུ་པ་སྒོམ་སྤང་ལྷན་སྐྱེས་སྤོང་བའི་གཉེན་པོར། ཐེག་ཆེན་སྒོམ་ལམ་ལ་སྤང་གཉེན་གཉིས་སུ་མེད་པར་ཤེས་པའི་ཚུལ་གྱིས་སྒོམ་པར་བྱ་བར་གདམས་པ་སྟེ་གདམས་ངག་བཅུ་པོ་འདི་ཙམ་ཁོ་ནས་གང་ཟག་གཅིག་འཚང་རྒྱ་བའི་བཞེད་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་པས་གྲངས་ངེས་པ་ཡིན་ནོ། །རྣམ་མཁྱེན་མཚོན་པའི་ཆོས་གཉིས་པ་ཐལ། གསུམ་པ་གདམས་པའི་འབྲས་བུས་ངེས་འབྱེད་ཡན་ལག་ནི། གདམས་པའི་དོན་ཉམས་སུ་བླངས་པ་ལས། ངེས་འབྱེད་ཀྱི་ཡན་ལག་སྦྱོར་ལམ་རྒྱུད་ལ་སྐྱེ་བ་ཡིན་ཏེ། དེའི་མཚན་ཉིད་ནི། ཐེག་ཆེན་ཐར་པ་ཆ་མཐུན་གྱི་རྗེས་སུ་སྐྱེས་པའི་མངོན་རྟོགས་གང་ཞིག་མོས་སྤྱོད་ཀྱི་སས་བསྡུས་པ་སྟེ། དབྱེ་ན། དམིགས་རྣམ་རྒྱུ་གསུམ། ཡོངས་འཛིན་བཤེས་གཉེན། བསྟན་བཅོས་རྟོག་པ་དང་། ལྔས་ཉན་རང་གི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པའི་དྲོད་རྩེ་བཟོད་མཆོག་བཞིའོ། །སྦྱོར་ལམ་སྐྱེ་བའི་རྟེན་ནི། གླིང་གསུམ་གྱི་མི་དང་། འདོད་པའི་ལྷ། བསམ་གཏན་ས་དྲུག་གང་རུང་ཐོབ་པའོ། །ངོ་བོ་སྒོམ་བྱུང་འཇིག་རྟེན་པའི་ཡེ་ཤེས་གང་ཞིག་བདག་མེད་ཀྱི་དོན་སྤྱི་འཇལ་བའི་བློ་སྒྲ་དོན་སྣང་བའི་རྟོག་པ་ཡིན་ལ། སོ་སོའི་ངོ་བོ་ནི། གཟུགས་སོགས་དོན་གྱི་དངོས་པོ་རྣམས་ཡིད་ཀྱིས་བརྗོད་པ་ཙམ་ལས་མ་གཏོགས་པར་རང་བཞིན་གྱིས་གྲུབ་པ་མེད་པར་རྟོགས་པ་ནི། དྲོད་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཏེ་ཆོས་ལ་ངེས་རྟོག་གི་བཟོད་པ་དང་པོ་ཡིན། རྟོགས་པའི་དོན་ལ་ཞེན་མེད་ཀྱིས་བརྩོན་འགྲུས་བརྟན་པོར་བ་རྩམ་པས་ཆོས་ཀྱི་སྣང་བ་དེ་ཉིད་གོང་ནས་གོང་དུ་འཕེལ་བ་ནི་རྩེ་མོ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ནོ། །བརྩོན་པའི་འབྲས་བུ་ཡུལ་དུ་སྣང་བ་འདི་ནི་ནང་གི་སེམས་ཁོ་ནར་ཟད་དོ་ཞེས་སེམས་ཙམ་ལ་གནས་པ་ནི། གཟུང་བའི་རྣམ་པར་གཡེང་བ་སྤོང་བའི་ཕྱིར་བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་འཛིན་ནོ། །དེ་ལྟར་གཟུང་བའི་གཡེང་བ་སྤངས་པའི་དེ་མ་ཐག་ཏུ་འཛིན་པ་ཡང་རང་བཞིན་མེད་པར་ཤེས་པའི་མཇུག་ཏུ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རེག་པར་འགྱུར་བ་ནི་ཆོས་མཆོག་དེ་མ་ཐག་པའི་ཏིང་འཛིན་ཅེས་བྱ། དེ་ལྟར་སྦྱོར་ལམ་བཞི་པོ་རེ་རེ་བཞིན་ཆུང་འབྲིང་ཆེན་པོར་ཕྱེ་བས་ནང་གསེས་བཅུ་གཉིས་སུ་འགྱུར་བ་ཡིན་ནོ། །དེས་རྣམ་མཁྱེན་མཚོན་པའི་ཆོས་གསུམ་པ་ཐལ། བཞི་པ་གདམས་པའི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལ། སྒྲུབ་པའི་རྟེན་རིགས། སྒྲུབ་པའི་དམིགས་པ། སྒྲུབ་པའི་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་དང་བཞི་ལས། དང་པོ་ནི། ཆོས་ཀྱི་དབྱིངས་གང་ཞིག་སྦྱངས་ན་བླ་མེད་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དེ་ཐེག་པ་ཆེན་པོའི་རིགས་ཀྱི་མཚན་ཉིད། དེ་ལ་སྤྱིར་ཉན་ཐོས་སྡེ་པ་རྣམས་སེམས་བྱུང་འདོད་ཆགས་མེད་པ་ལ་འཕགས་པའི་རིགས་སུ་འདོད་པ་དང་། སེམས་ཙམ་པ་སྐྱེ་མཆེད་དྲུག་གི་ཁྱད་པར་རམ་ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ཆོས་བསྐྱེད་པའི་ནུས་པ་ལ་རིགས་སུ་བྱས་ནས་འདུས་བྱས་ལ་འདོད་པ། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་གཤིས་ལ་རང་གི་ངོ་བོས་དུས་ཐམས་ཅད་དུ་གྲུབ་པ་བསལ་བཞག་མེད་པའི་ཆོས་ཉིད་འདུས་མ་བྱས་ལ་འདོད་པ་གཉིས། དབུ་མ་པ་སེམས་ཀྱི་རང་བཞིན་གཤིས་ལ་ཅིར་ཡང་མ་གྲུབ་པའི་ཆོས་ཀྱི་དབྱིངས་འདུས་མ་བྱས་ལ་རིགས་སུ་འདོད་པ་རྣམས་སུ་ཡོད་པ་ལས། འདིར་ཕྱི་མ་ཡིན། དེ་ལ་དབྱེ་ན། རྟོགས་པ་ཡི་ནི་ཆོས་དྲུག་དང་། །གཉེན་པོ་དང་ནི་སྤོང་བ་དང་། །དེ་དག་ཡོངས་སུ་གཏུགས་པ་དང་། །ཤེས་རབ་སྙིང་བརྩེར་བཅས་པ་དང་། །སློབ་མ་ཐུན་མོང་མིན་ཉིད་དང་། །གཞན་གྱི་དོན་གྱི་གོ་རིམ་དང་། །ཡེ་ཤེས་རྩོལ་བ་མི་མངའ་བར་། །འཇུག་པའི་རྟེན་ལ་རིགས་ཤེས་བྱ། །ཞེས་པ་ལྟར། བདག་མེད་པ་རྟོགས་པའི་ཚེ། ངེས་འབྱེད་བཞི། མཐོང་སྒོམ་གཉིས་དང་དྲུག །གཉེན་པོ་བར་ཆད་མེད་པའི་ལམ། སྤོང་བ་རྣམ་གྲོལ་གྱི་ལམ། སྤང་གཉེན་གྱི་རྣམ་པར་རྟོག་པ་སྤོང་བ་ཤེས་སྒྲིབ་སྤང་བའི་སྒྲུབ་པ། ཤེས་རབ་དང་སྙིང་རྗེ་ཆེན་པོའི་ཐབས་ཀྱི་སྒྲུབ་པ། སློབ་མ་ཉན་རང་དང་ཐུན་མོང་མིན་པའི་ལམ་གྱི་སྒྲུབ་པ། སྐལ་བ་དང་མཚམས་པར་གཞན་གྱི་དོན་གོ་རིམ་བཞིན་དུ་སྒྲུབ་པ། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པ་སྟེ་བརྟེན་ཆོས་སྒྲུབ་པ་བཅུ་གསུམ་གྱི་བྱེ་བྲག་གིས། རྟེན་རིགས་ཀྱི་དབྱེ་བ་བཅུ་གསུམ་དུ་བཞག་པ་ཡིན་ནོ། །དེས་རྣམ་མཁྱེན་མཚོན་པའི་ཆོས་བཞི་པ་ཐལ། གཉིས་པ་བསྒྲུབ་པའི་དམིགས་པ་ནི། དམིགས་པ་གང་ཞིག་སྒྲུབ་པ་པོ་བྱང་ཆུབ་སེམས་དཔའི་ཤེས་བྱར་གྱུར་པ་ནི་དམིགས་པའི་མཚན་ཉིད། དེ་ལ་དབྱེ་ན། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི་རྟོགས་པ་དང་། །གང་དག་འཇིག་རྟེན་འདས་འདོད་དང་། །ཟག་བཅས་ཟག་པ་མེད་ཆོས་དང་། །གང་དག་འདུས་བྱས་འདུས་མ་བྱས་། །སློབ་མ་ཐུན་མོང་ཆོས་རྣམས་དང་། །གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་པ་ལྟར། བྱང་སེམས་ཀྱིས་དང་པོར་བདག་གིས་བླང་བྱ་དང་དོར་བྱ་དང་བཏང་སྙོམས་སུ་བྱ་བ་གང་ཡིན་སྙམ་པའི་བློ་སྐྱེས། དེའི་དབང་དུ་བྱས་ཏེ། དགེ་བ་དང་། མི་དགེ་བ་དང་། ལུང་མ་བསྟན་གསུམ་དམིགས་པར་བཞག་གོ། །དེ་ནས་བླང་བྱའི་དགེ་བ་དེ་ལ། དང་པོ་དང་། ཕྱི་ནས་བླང་བར་བྱ་བ་གང་ཡིན་ཅེས་སེམས་པ་ལ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་གཉིས་དམིགས་པར་བཞག །འཇིག་རྟེན་ལས་འདས་པ་འཕགས་པའི་ལམ་གྱིས་སྤང་བྱ་དང་། ངོ་བོ་གང་ཡིན་སེམས་པ་ན། དེ་ནི་ཟག་བཅས་དང་ཟག་པ་མེད་པའོ་ཞེས་དེ་གཉིས་དམིགས་པར་བཞག །ཟག་མེད་ལམ་གྱི་དམིགས་པ་གང་ཡིན་ཅེས་སེམས་པ་ན། འདུས་བྱས་ཀུན་རྫོབ་དང་འདུས་མ་བྱས་དོན་དམ་གཉིས་ཡིན་ནོ་ཞེས་དེ་གཉིས་དམིགས་པར་བཞག །འཕགས་པའི་གང་ཟག་རྣམས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས། འདུས་མ་བྱས་ལ་དམིགས་པའི་འབྲས་བུ་གང་ཡིན་ཅེས་སེམས་པ་ན། སློབ་མ་ཉན་ཐོས་སོགས་དང་ཐུན་མོང་བའི་ཆོས་དང་། ཐུབ་པའི་ཐུན་མོང་མ་ཡིན་པའི་ཆོས་གཉིས་ཡིན་ནོ་ཞེས་དེ་གཉིས་དམིགས་པར་བཞག །དེ་ལྟར་ན་དང་པོ་དགེ་བ་ནས། ཐ་མ་སྟོབས་སོགས་ཐུན་མོང་མིན་པའི་ཆོས་ཀྱི་བར་ལ་རིམ་གྱིས་དམིགས་ནས་སྒྲུབ་པ་ལ་འཇུག་དགོས་པས། སྒྲུབ་པའི་དམིགས་པ་ནི་བཅུ་གཅིག་པོ་དེ་དག་ཡིན་ནོ། །འདི་ལ་ས་མཚམས་རྣམ་པར་བཞག་པ་མེད་དེ། ཤེས་བྱ་ཀུན་ལ་ཁྱབ་པས་སོ། །དེས་རྣམ་མཁྱེན་མཚོན་པའི་ཆོས་ལྔ་པ་ཐལ། གསུམ་པ་སྒྲུབ་པའི་ཆེད་དུ་བྱ་བ་ནི། གང་ཞིག་ཐོབ་པར་བྱ་བའི་ཆེད་དུ་བྱང་སེམས་རྣམས་སྒྲུབ་པ་ལ་འཇུག་པར་འགྱུར་བའི་མཐར་ཐུག་གི་འབྲས་བུ་དེ་ཆེད་དུ་བྱ་བའི་མཚན་ཉིད། དེ་ལ་དབྱེ་ན། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་འབྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་པ་ལྟར། སེམས་ཅན་ཀུན་གྱི་མཆོག་སངས་རྒྱས་ནི་མཆོག་ཉིད་ཆེན་པོ་དང་། སྒྲིབ་གཉིས་མ་ལུས་པ་སྤངས་པའི་སྤོང་བ་ཆེན་པོ་དང་། ཇི་ལྟ་ཇི་སྙེད་ཐམས་ཅད་གཟིགས་པའི་རྟོགས་པ་ཆེན་པོ་སྟེ། ཆེན་པོ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་ནི་རང་བྱུང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆེད་དུ་བྱ་བ་ཡིན་པར་ཤེས་པར་བྱ་ཞེས་པ་སྟེ། ས་མཚམས་ནི་སངས་རྒྱས་ཀྱི་ས་ཁོ་ནའོ། །དེས་རྣམ་མཁྱེན་མཚོན་པའི་ཆོས་དྲུག་པ་ཐལ། བཞི་པ་སྒྲུབ་པ་རང་གི་ངོ་བོ་ལ། ཐེག་ཆེན་ལ་འཇུག་ཕྱིར་གོ་བགོས་པ་གོ་ཆའི་སྒྲུབ་པ་དང་། ཞུགས་པ་འཇུག་པའི་སྒྲུབ་པ་དང་། ཞུགས་པ་མཐར་ཕྱིན་བྱེད་ཚོགས་ཀྱི་སྒྲུབ་པ་དང་། མཐར་ཕྱིན་པ་ངེས་འབྱུང་གི་སྒྲུབ་པ་བཞི་ལས། དང་པོ་གོ་ཆའི་སྒྲུབ་པ་ནི། ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་དོན་གཉིས་སྒྲུབ་པའི་བྱ་བ་གང་ཞིག་ཕར་ཕྱིན་དྲུག་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པ་དེ་གོ་ཆའི་སྒྲུབ་པའི་མཚན་ཉིད། དེ་ཡི་མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པའི་ཕྱིར་གོ་ཆ་ཞེས་བྱ་ལ་ཚོགས་ལམ་ནས་ཡོད་ཅིང་། དབྱེ་ན། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་ཏེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་པ་ལྟར། རང་ཉིད་དེ་ལ་གནས་ཤིང་གཞན་དེ་ལ་འགོད་པ་དང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བྱང་ཆུབ་ཏུ་བསྔོ་བ་ནི་སོ་སོའི་སྦྱིན་པ། རང་དོན་ཡིད་ལ་བྱེད་པའི་ཉན་རང་གི་བསམ་པ་དང་མ་འདྲེས་པ་སོ་སོའི་ཚུལ་ཁྲིམས། རང་གི་མི་མཐུན་ཕྱོགས་དང་གཞན་གྱིས་ལོག་སྒྲུབ་ཀྱིས་སེམས་མི་འཁྲུགས་པ་སོ་སོའི་བཟོད་པ། གཞན་དོན་དུ་ཕྱིན་དྲུག་སྒྲུབ་པ་ལ་ཆེས་ཆེར་སྤྲོ་བ་སོ་སོའི་བརྩོན་འགྲུས། གཞན་དོན་དང་རྣམ་མཁྱེན་ལ་སེམས་རྩེ་གཅིག་པས་བསྒྲུབ་པ་སོ་སོའི་བསམ་གཏན། ཀུན་རྫོབ་ལ་བརྟེན་ནས་བྱང་ཆུབ་ཏུ་བསྔོ་བ་དང་། དོན་དམ་ལ་བརྟེན་ནས་འཁོར་གསུམ་དུ་མི་དམིགས་པས་རློམ་སེམས་མེད་པ་སོ་སོའི་ཤེས་རབ་སྟེ། ཕན་ཚུན་རེ་རེའི་ནང་དུ་དྲུག་དྲུག་བསྡུས་ནས་ཉམས་སུ་ལེན་པ་སྟེ། བསྡུ་ན་གོ་ཆའི་སྒྲུབ་པ་དྲུག་དང་། རྒྱས་པར་སོ་དྲུག་གོ །དེས་རྣམ་མཁྱེན་མཚོན་པའི་ཆོས་བདུན་པ་ཐལ། གཉིས་པ་འཇུག་པའི་སྒྲུབ་པ་ལ། ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་བླ་མེད་བྱང་ཆུབ་ཀྱི་ཆེད་དུ་དོན་གཉིས་སྒྲུབ་པ་གང་ཞིག་སྒོམ་བྱུང་གཙོ་བོར་གྱུར་པའི་སྒོ་ནས་ཐེག་ཆེན་ལ་འཇུག་པའི་བྱ་བ་དེ་འཇུག་སྒྲུབ་གྱི་མཚན་ཉིད། འཇུག་སྒྲུབ་ཙམ་ཚོགས་ལམ་དང་ཁྱད་པར་ཅན་སྦྱོར་ལམ་ཆོས་མཆོག་འབྲིང་ནས་ཡོད་ཅིང་། དབྱེ་ན་འཇུག་ཡུལ་ཐེག་ཆེན་དགུ་ཡོད་པས་དེ་ལ་འཇུག་པའི་སྒྲུབ་པ་དགུ་ཡོད་དེ། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ལམ་དང་བྱམས་ལ་སོགས་པ་དང་། །དམིགས་པ་མེད་དང་ལྡན་པ་དང་། །འཁོར་གསུམ་རྣམ་པར་སྦྱིན་སོགས་དང་། །ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་པ་ལྟར། དང་པོ་ནི། སེམས་ཡུལ་ལ་གཡེང་བ་ལས་ལྡོག་ནས་དམིགས་པ་ལ་བརྟན་པར་བྱ་བའི་དོན་དུ། བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་ལ་འཇུག་པ་དང་། གཉིས་པ་ནི། སེམས་བརྟན་པ་དེ་ཚོགས་གཉིས་ལ་སློབ་པས་དེའི་འོག་ཏུ་སྦྱིན་སོགས་ཕྱིན་དྲུག་ལ་འཇུག་པ་དང་། གསུམ་པ་ནི། ཚོགས་བསགས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་ལྷག་པར་མོས་པ་སྐྱེ་བའི་ཕྱིར། དེ་རྟོགས་པ་མཐོང་བ་དང་སྒོམ་པའི་ལམ་ལ་འཇུག་པ་དང་། བཞི་པ་ནི། འཕགས་ལམ་ཐོབ་པ་ནི་གཞན་དོན་བྱེད་པར་སྤྲོ་བའི་ཕྱིར་ཚད་མེད་བཞི་ལ་འཇུག་པ་དང་། ལྔ་པ་ནི། གཞན་དོན་ལ་འཇུག་པ་ན་དེའི་འཆིང་བ་ནི་མངོན་ཞེན་ཡིན་པས། ཆོས་ཐམས་ཅད་དམིགས་པ་མེད་པ་དང་ལྡན་པ་ལ་འཇུག་པ་དང་། དྲུག་པ་ནི། ངོ་བོ་ཉིད་མེད་པར་རྟོགས་པའི་རྣལ་འབྱོར་པ་དེ་སྒྲུབ་པ་ལ་འཇུག་པ་ན། ལས་དང་བྱ་བ་དང་བྱེད་པོ་གསུམ་ལ་བདེན་ཞེན་མེད་པ་སྒྱུ་མའི་སྐྱེས་བུ་བཞིན་དུ་དངོས་པོ་ཐམས་ཅད་ལ་འཁོར་གསུམ་ཡོངས་སུ་དག་པའི་སྒོ་ནས་འཇུག་པ་དང་། བདུན་པ་ནི། དེ་ལྟར་བདེན་པ་གཉིས་དང་མི་འགལ་བར་སྤྱོད་པ་རྣམས། རང་གིས་བསྒྲུབ་བྱ་མཐར་ཐུག་གི་དོན་ལ་འཇུག་པའི་ཕྱིར་ཆེན་པོ་གསུམ་ཆེད་དུ་བྱ་བ་ལ་འཇུག་པ་དང་། བརྒྱད་པ་ནི། ཆེད་དུ་བྱ་བ་ལ་འབད་པ་རྣམས་དེའི་རྒྱུའི་གཙོ་བོ་གཞན་སེམས་ཤེས་པ་སོགས་ཀྱི་ཕྱིར་བརྩོན་པས་མངོན་པར་ཤེས་པ་དྲུག་ལ་འཇུག་པ་དང་། དགུ་པ་ནི། མངོན་ཤེས་ཐོབ་པ་རྣམས་ད་ནི་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པར་བྱའོ་སྙམ་དུ་མངོན་པར་འཚང་རྒྱ་བ་ལ་སྤྲོ་བ་ཆེན་པོ་སྐྱེ་བས་རྣམ་མཁྱེན་ལ་འཇུག་པ་སྟེ་འཇུག་པའི་སྒྲུབ་པ་དགུའོ། །དེས་རྣམ་མཁྱེན་མཚོན་པའི་ཆོས་བརྒྱད་པ་ཐལ། གསུམ་པ་ཚོགས་ཀྱི་སྒྲུབ་པ་བཤད་པ་ནི། ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་བླ་མེད་བྱང་ཆུབ་ཀྱི་ཆེད་དུ་དོན་གཉིས་སྒྲུབ་པའི་བྱ་བ་གང་ཞིག་བྱང་ཆུབ་ཆེན་པོར་དངོས་སུ་འབྱིན་པ་དེ་ཚོགས་སྒྲུབ་ཀྱི་མཚན་ཉིད། སྤྱིར་ཚོགས་ཙམ་ཞིག་ཚོགས་ལམ་ནས་ཡོད་ཀྱང་། འདི་གཙོ་བོ་སྟོང་ཉིད་རྟོགས་པ་དང་། འབྲས་བུ་བྱང་ཆུབ་ཀྱི་དངོས་རྒྱུ་ཞིག་ལ་འདོད་པས། སྦྱོར་ལམ་ཆོས་མཆོག་ཆེན་པོ་ན་ཚོགས་སྒྲུབ་དང་པོ་བཅོ་ལྔ་དང་། ས་དང་གཉེན་པོའི་ཚོགས་གཉིས་མཐོང་སྒོམ་གྱིས་བསྡུས་པའི་ས་བཅུ་ན་ཡོད། དེ་ལ་དབྱེ་ན། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང་། །ཟུང་དུ་འདྲེལ་བའི་ལམ་གང་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡེ་ཤེས་དང་ནི་བསོད་ནམས་དང་། །ལམ་དང་གཟུང་དང་ས་བཅུ་དང་། །གཉེན་པོ་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་པ་ལྟར་བཅུ་བདུན་ཡོད་དེ། གྲངས་མེད་པའི་སེམས་ཅན་རྣམས་བྱང་ཆུབ་གསུམ་ལ་འགོད་པར་འདོད་པའི་བསམ་པ་སྙིང་རྗེའི་ཚོགས་དང་། དེར་འགོད་པའི་ཐབས་སྦྱོར་བ་ཕྱིན་དྲུག་གི་ཚོགས་དྲུག་དང་། སེམས་ཅན་གྱི་དོན་ལ་རྩེ་གཅིག་པའི་ཞི་གནས་དང་། ཞི་གནས་ཀྱི་ཡུལ་མི་དམིགས་པར་རྟོགས་པའི་ལྷག་མཐོང་དང་། སྲིད་ཞིའི་མཐར་མི་ལྟུང་བ་དེ་གཉིས་ཟུང་དུ་འདྲེལ་བའི་ལམ་སྟེ་མཉམ་བཞག་གིས་བསྡུས་པའི་ཚོགས་གསུམ་དང་། མཉམ་པར་མ་བཞག་པས་བསྡུས་པ། རྣམ་མཁྱེན་ཡིད་བྱེད་ཀྱིས་ཕྱིན་དྲུག་ལ་སྤྱོད་ཅིང་སེམས་ཅན་གྱི་དོན་བྱེད་པའི་ཐབས་ལ་མཁས་པ་དང་། ལྟ་བས་བསྡུས་པ་སྟོང་པ་ཉིད་ཉི་ཤུ་རྟོགས་པའི་ཡེ་ཤེས་དང་། སྤྱོད་པས་བསྡུས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ཏིང་ངེ་འཛིན་གྱི་རྣམ་གྲངས་བརྒྱ་རྩ་གཅིག་ནི། དེ་རྣམས་ལ་བརྟེན་ནས་སེམས་ཅན་གྱི་དོན་དང་། བསོད་ནམས་མང་པོ་སྐྱེ་བའི་རྒྱུ་ཡིན་པས་བསོད་ནམས་དང་། འབྲས་བུ་སྒྲུབ་པས་བསྡུས་པ། བྱང་ཕྱོགས་སོ་བདུན་གྱི་ངོ་བོར་གྱུར་པ། མཐོང་སྒོམ་གཙོ་བོར་གྱུར་པའི་ལམ་དང་། དམིགས་པ་འཛིན་པས་བསྡུས་པ་དྲན་ཤེས་ཀྱིས་ཆོས་ཀྱི་ཚིག་དོན་འཛིན་པ་དང་། གསང་སྔགས་དང་བཟོད་པའི་རྒྱུར་གྱུར་པའི་གཟུངས་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་གང་ཞིག་ཤས་ཆེ་བ་དང་། ཀུན་རྫོབ་པའི་ཡོན་ཏན་གྱི་རྟེན་བྱེད་པ་ས་དང་། མཐོང་སྒོམ་ལམ་གྱི་སྤང་བྱ་གཟུང་འཛིན་གྱི་རྟོག་པ་བརྒྱད་སྤོང་བའི་གཉེན་པོའི་ཚོགས་ཏེ་ཚོགས་ཀྱི་སྒྲུབ་པ་བཅུ་བདུན་ནོ། །དེས་རྣམ་མཁྱེན་མཚོན་པའི་ཆོས་དགུ་པ་ཐལ། བཞི་པ་ངེས་འབྱུང་སྒྲུབ་པ་ནི། ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་བླ་མེད་བྱང་ཆུབ་ཆེད་དུ་དོན་གཉིས་སྒྲུབ་པའི་བྱ་བ་གང་ཞིག་འབྱུང་ས་མཐར་ཐུག་ཏུ་གདོན་མི་ཟ་བར་འབྱིན་བྱེད་ས་བཅུ་པའི་ཁྱད་པར་ལམ་གྱིས་བསྡུས་པ་དེ། ངེས་འབྱུང་སྒྲུབ་པའི་མཚན་ཉིད། དེ་ལ་དབྱེ་ན། ཡུལ་འབྱུང་ས་བརྒྱད་ཡོད་པས། དེ་ལ་ལྟོས་ནས་ངེས་འབྱུང་གི་སྒྲུབ་པ་བརྒྱད་ཡོད་དེ། ཆེད་དུ་བྱ་དང་མཉམ་ཉིད་དང་། །སེམས་ཅན་དོན་དང་་འབད་མེད་དང་། །མཐའ་ལས་འདས་པར་ངེས་འབྱུང་དང་། །ཐོབ་བའི་མཚན་ཉིད་ངེས་འབྱུང་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་སྒྲུབ་པ་ཡིན་ཤེས་བྱ། །ཞེས་པ་ལྟར། ཆེད་དུ་བྱ་བ་ཆེན་པོ་གསུམ་གྱི་བདག་ཉིད་ཅན་དུ་ངེས་པར་འབྱུང་བ་དང་། ཤེས་རབ་ཀྱིས་ཆོས་ཐམས་ཅད་ནམ་མཁའ་ལྟར་མཉམ་པ་ཉིད་དུ་རྟོགས་པར་ངེས་པར་འབྱུང་བ་དང་། སྙིང་རྗེས་གྲངས་དང་ཚད་མ་མཆིས་པའི་སེམས་ཅན་གྱི་དོན་བྱ་བར་ངེས་པར་འབྱུང་བ་དང་། ཤེས་རབ་དང་སྙིང་རྗེ་ཟུང་དུ་འདྲེལ་བས་གཞན་དོན་ལ་འབད་པ་མེད་པར་ལྷུན་གྱིས་གྲུབ་པར་ངེས་པར་འབྱུང་བ་དང་། སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་སུ་ངེས་པར་འབྱུང་བ་དང་། ཐོབ་བྱ་ཐེག་པ་གསུམ་གྱི་སྤང་རྟོགས་ཀྱི་རིགས་ཐམས་ཅད་ཐོབ་པའི་མཚན་ཉིད་ཅན་དུ་ངེས་འབྱུང་བ་དང་། ཤེས་བྱའི་ཆོས་ཀྱི་རྣམ་པ་ཐམས་ཅད་སྐད་ཅིག་མ་གཅིག་ལ་རྣམ་པར་མི་རྟོག་པར་མཁྱེན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་སྟེ་བདུན་ནི་སའི་མཐར་ཐུག་པ་སངས་རྒྱས་ཀྱི་ས་དང་། རྣམ་མཁྱེན་ལ་དངོས་སུ་སྦྱོར་བའི་ཁྱད་པར་གྱི་ལམ་བར་ཆད་མེད་རྩེར་ངེས་པར་འབྱུང་བ་ནི་ལམ་གྱི་མཐར་ཐུག་ཏུ་ངེས་པར་འབྱུང་བ་སྟེ། འབྱུང་ས་མཐར་ཐུག་བརྒྱད་པོ་དེ་ཡུལ་དུ་བྱས་པའི་ཡུལ་ཅན་ཐབས་ཤེས་ཁྱད་པར་ཅན་གྱི་བྱ་བ་རྣམས་ནི་ངེས་པར་འབྱིན་བྱེད་ཀྱི་སྒྲུབ་པ་ཡིན་པས་ངེས་འབྱུང་གི་སྒྲུབ་པ་བརྒྱད་དུ་ཤེས་པར་བྱའོ། །འབྱུང་ས་སྔ་མ་བདུན་མི་སློབ་ལམ་དང་། ཕྱི་མ་སློབ་ལམ་ན་ཡོད་དོ། །དེས་རྣམ་མཁྱེན་མཚོན་པའི་ཆོས་བཅུ་པ་ཐལ། །དེ་ཡན་ཆད་ཀྱིས་ཆོས་བཅུས་མཚོན་པའི་རྣམ་མཁྱེན་ནི། ཐོག་མར་ཐོས་བསམ་གྱིས་གཏན་ལ་དབབ་པའི་གནས་སྐབས་ན། ཤེས་བྱའི་ཡུལ་གྱི་གཙོ་བོ་དང་། བར་དུ་ཉམས་ལེན་སྦྱོར་བཞིའི་གནས་སྐབས་ན་སྒོམ་བྱའི་རྣམ་པའི་གཙོ་བོ་དང་། ཐ་མ་ལམ་མཐར་ཕྱིན་པའི་གནས་སྐབས་ཐོབ་བྱ་འབྲས་བུའི་གཙོ་བོ་ཡིན་པས་ཅུང་ཟད་རྒྱས་པར་བཤད་པ་ཡིན་ལ། གཞན་ལམ་ཤེས་སོགས་ཀྱི་སྐབས་ལྷག་མ་རྣམས་མདོ་ཙམ་དུ་བརྗོད་དེ། གཉིས་པ་ལམ་ཤེས་མཚོན་པའི་ཆོས་ལ་བཅུ་གཅིག་ཡོད་དེ། མོག་མོག་པོར་བྱེད་སོགས། དེ་ལྟར་བཤད་ཅེས་པ་ལྟར་ལས། དང་པོ་ལམ་ཤེས་ཀྱི་ཡན་ལག་གི་རྟེན་ནི། སེམས་བསྐྱེད་དང་ལྡན་ཅིང་ང་རྒྱལ་སྤང་བ་དང་། གཉིས་པ་ཡན་ལག་ཅན་གྱི་ལམ་ལ་གསུམ་ལས། གང་ཟག་གི་བདག་མེད་ཙམ་རྟོགས་པའི་ཉི་ཚེ་བའི་མཁྱེན་པ་དེ་སློབ་མ་ཉན་ཐོས་གྱི་ལམ་གྱི་མཚན་ཉིད། དབྱེ་ན་སྦྱོར་མཐོང་གི་ལམ་གཉིས་ཀྱིས་མཚོན་པའོ། །བདག་མེད་ཕྱེད་དང་གཉིས་རྟོགས་པའི་ཉི་ཚེ་བའི་མཁྱེན་པ་དེ་བསེ་རུ་རང་རྒྱལ་ལམ་གྱི་མཚན་ཉིད། དབྱེ་བ་ཉན་ཐོས་ཀྱི་སྐབས་དང་འདྲ། བྱང་སེམས་ཀྱི་ལམ་ལ་གཉིས་ལས། ཟག་མེད་སྒོམ་ལམ་མ་སྐྱེས་གོང་གི་བདག་མེད་གཉིས་རྟོགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེ། ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད། དབྱེ་བ་སྐད་ཅིག་མ་བཅུ་དྲུག་ཡོད། སྒོམ་ལམ་ལ་གཉིས་ལས། སྒོམ་ལམ་གྱི་འབྲས་བུར་གྱུར་པའི་ཕན་ཡོན་དེ་སྒོམ་ལམ་བྱེད་པའི་མཚན་ཉིད། དབྱེ་ན་དྲུག་ཡོད། བྱེད་པ་ཅན་གྱི་སྒོམ་ལམ་ལ་ཟག་བཅས་ཟག་མེད་ཀྱི་སྒོམ་ལམ་གཉིས་ལས། དང་པོ་ཟག་བཅས་སྒོམ་ལམ་ལ་གསུམ་དུ་ཡོད་པའི་ཐོག་མ་ནི། ཟག་བཅས་སྒོམ་ལམ་གང་ཞིག །ཤེར་ཕྱིན་ལ་ཡོན་ཏན་ཅན་དུ་ངེས་པར་འཛིན་པ་མོས་པ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་མོས་པ་ཉེར་བདུན་ཡོད། མོས་པ་སྒོམ་པའི་བྱང་སེམས་ལ། སངས་རྒྱས་དང་བྱང་སེམས་གོང་མ་རྣམས་དགྱེས་ནས་བསྔགས་པ་བརྗོད་པ་མོས་པ་སྒོམ་ལམ་གྱི་ཕན་ཡོན་གྱི་མཚན་ཉིད། དབྱེ་བ་ཉེར་བདུན་ཡོད། ཟག་བཅས་སྒོམ་ལམ་གང་ཞིག་གཞན་དོན་དུ་དགེ་བ་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་པ་དེ་བསྔོ་བ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་བཅུ་གཉིས་ཡོད། ཟག་བཅས་སྒོམ་ལམ་གང་ཞིག་རང་གཞན་གྱི་དགེ་བ་ལ་མངོན་པར་དགའ་བ་དེ་ཡི་རང་སྒོམ་ལམ་གྱི་མཚན་ཉིད། དབྱེ་བ་གཉིས་སོ། །གཉིས་པ་ཟག་མེད་སྒོམ་ལམ་ལ་གཉིས་ལས། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག་རྟོགས་པ་མཐར་ཐུག་གི་རྒྱུར་གྱུར་པ་དེ་སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་ངོ་བོ་ཉིད་ལ་སོགས་པའི་ལྔ་ཡོད། ཐེག་ཆེན་ཟག་མེད་སྒོམ་ལམ་གང་ཞིག་སྤངས་པ་མཐར་ཐུག་གི་རྒྱུར་གྱུར་པ་དེ་རྣམ་དག་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་སྒོམ་སྤང་དགུའི་གཉེན་པོ་དགུ་ཡོད། དེས་རྟེན་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པའི་ལམ་ཤེས་མཚོན་པའི་ཆོས་བཅུ་གཅིག་པ་ཐལ། གསུམ་པ་གཞི་ཤེས་མཚོན་པའི་ཆོས་ལ་དགུ་ཡོད་དེ། ཤེས་པས་སྲིད་ལ་སོགས་ནས། དེ་ལྟར་ཀུན་ཤེས་ཉིད་དུ་འདོད། །ཅེས་པ་ལྟར་ལས། དང་པོ་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་སྲིད་པའི་རྒུད་པ་བཟློག་པའི་མཁྱེན་པ་དེ། ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། སེམས་བསྐྱེད་ཁྱད་པར་ཅན་གྱིས་ཞི་བའི་རྒུད་པ་བཟློག་པའི་མཁྱེན་པ་དེ། སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། ཤེས་བྱ་ལམ་འབྲས་གསུམ་ལ་མཚན་མར་བཟུང་ནས་མཚན་འཛིན་གྱི་གཉེན་པོ་བྱེད་མི་ནུས་པ་དེ། འབྲས་བུའི་ཤེར་ཕྱིན་བསྐྱེད་པའི་ཐབས་མ་ཡིན་པས་དེ་ལས་རིང་བའི་གཞི་ཤེས་ཀྱི་མཚན་ཉིད། ཐབས་ཤེས་ཁྱད་པར་ཅན་དང་ལྡན་པའི་མཁྱེན་པ་དེ་འབྲས་བུའི་ཤེར་ཕྱིན་བསྐྱེད་པའི་ཐབས་ལ་མཁས་པས་དེ་ལས་རིང་བ་མིན་པའི་གཞི་ཤེས་ཀྱི་མཚན་ཉིད། གཞིའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་འཛིན་པས་བཅིང་པས་བྱང་སེམས་གྱིས་སྤང་བྱར་གནས་པ་དེ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། གཞི་རང་བཞིན་མེད་པར་རྟོགས་པས། མཚན་འཛིན་གྱི་གཉེན་པོ་བྱེད་ནུས་པའི་མཁྱེན་པ་དེ། གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། གཞི་གཟུགས་སོགས་ལ་ཞེན་པ་བཀག་ནས་བསྒོམ་པས་ཉན་རང་གི་སྦྱོར་བ་ཤུགས་ལ་འཕེན་བྱེད་དེ། གཞི་ཤེས་ཀྱི་སྦྱོར་བའི་མཚན་ཉིད། དེ་ལ་དབྱེ་ན་སྦྱོར་བ་བཅུ་ཡོད། གཞི་ཤེས་ཀྱི་སྦྱོར་བ་བསྒོམ་པའི་རྣམ་པ་གང་ཞིག་ཡུལ་དང་ཡུལ་ཅན་དུ་རློམ་པ་འགོག་བྱེད་དེ། སྦྱོར་བའི་མཉམ་ཉིད་ཀྱི་མཚན་ཉིད། དབྱེ་ན་སྦྱོར་བ་བཅུ་ལ་རློམ་མེད་བཞི་བཞི་སྟེ་བཞི་བཅུ་ཡོད། སྒྲོ་འདོགས་སུམ་ཅུ་རྩ་གཉིས་དང་བྲལ་བའི་བདེན་པ་གསར་མཐོང་གང་ཞིག །ཐེག་དམན་གྱི་མཐོང་ལམ་ཤུགས་ལ་འཕེན་བྱེད་དེ། མཐོང་ལམ་གྱི་མཚན་ཉིད་དེ། དེས་གཞི་ཤེས་མཚོན་པའི་ཆོས་དགུ་པོ་དེ་ཐལ། དེ་ལྟར་ན་ཡུལ་མཁྱེན་པ་གསུམ་གྱིས་བསྡུས་པའི་དོན་སུམ་ཅུ་དེ་སོང་ནས། །གཉིས་པ་སྦྱོར་བཞིའི་ལུས་རྒྱས་པར་བཤད་པ་ལ། རྣམ་རྫོགས་སྦྱོར་བ། རྩེ་མོ། མཐར་གྱིས་པ། སྐད་ཅིག་མའི་ལུས་རྒྱས་པར་བཤད་པ་བཞི་ལས། དང་པོ་རྣམ་ཀུན་མངོན་རྫོགས་ཀྱི་ཆོས་ལ་བཅུ་གཅིག་ཡོད་པ་དེ་ལས། རྣམ་པར་སྦྱོར་བ་སོགས་ནས། ཐབས་མཁས་བཅས་པ་ཡིན་ཅེས་པ་ལྟར། དང་པོ་རྣམ་པ་ནི། ཡུལ་ལམ་མཁྱེན་པའི་ཁྱད་པར་གང་ཞིག་སྦྱོར་བའི་བསྒོམ་བྱར་གྱུར་པ་སྟེ། དབྱེ་ན་རྣམ་པ་བརྒྱ་དང་དོན་གསུམ་མོ། །གཉིས་པ་སྦྱོར་བ་ནི། རྟོགས་པ་ལ་རང་དབང་དུ་བྱ་བའི་ཕྱིར་མཁྱེན་གསུམ་བསྡུས་ཏེ་སྒོམ་པའི་རྣལ་འབྱོར་ཏེ། དབྱེ་ན་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་སོགས་ཉི་ཤུའོ། །གསུམ་པ་ཡོན་ཏན་ནི། སྦྱོར་བ་བསྒོམ་པས་གནས་སྐབས་དང་མཐར་ཐུག་གི་ཐོབ་བྱ་སྟེ། དབྱེ་ན་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་བཅུ་བཞི་ཡོད་དོ། །བཞི་པ་སྐྱོན་ནི། རྣལ་འབྱོར་སྐྱེས་པ་དང་ཁྱད་པར་དུ་འགྲོ་བ་ལ་བར་དུ་གཅོད་པའི་བདུད་ལས་ཏེ། དབྱེ་ན་ཞེ་དྲུག་གོ། །ལྔ་པ་མཚན་ཉིད་ནི། སྦྱོར་བའི་ངོ་བོའམ་ནུས་པ་མཚོན་བྱེད་ཀྱི་མཁྱེན་པ་སྟེ། དབྱེ་ན་གོ་གཅིག་ཡོད་དོ། །དྲུག་པ་ཐར་པ་ཆ་མཐུན་ནི། བླ་མེད་བྱང་ཆུབ་ཏུ་བགྲོད་པའི་ལམ་གང་ཞིག་རྣམ་བྱང་དབང་པོའི་ངོ་བོར་མ་གྱུར་པའི་གནས་སྐབས་ཀྱི་ལམ་མོ། །བདུན་པ་ངེས་འབྱེད་ཆ་མཐུན་ནི། སེམས་ཅན་ལ་དམིགས་པའི་རྣམ་པ་ཁྱད་པར་བ་དང་ལྡན་ཞིང་སྒོམ་བྱུང་གཙོ་བོར་གྱུར་པའི་མོས་སྤྱོད་ཀྱི་ཡེ་ཤེས་སོ། །བརྒྱད་པ་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ནི། སྲིད་ཞི་གང་དུ་ཡང་མི་ལྟུང་བར་ངེས་པའི་རྟགས་དང་ལྡན་པའི་སེམས་དཔའ་སྟེ། དབྱེ་ན་སྦྱོར་མཐོང་སྒོམ་གསུམ་ལ་གནས་པ་གསུམ་མོ། །དགུ་པ་སྲིད་དང་ཞི་བ་མཉམ་ཉིད་ཀྱི་སྦྱོར་བ་ནི། འཁོར་འདས་གཉིས་རང་བཞིན་མེད་པར་རྟོགས་ནས་སྒོམ་པའི་སྦྱོར་བའོ། །བཅུ་པ་ཞིང་དག་པ་བླ་ན་མེད་པའི་སྦྱོར་བ་ནི། རང་གང་དུ་སངས་རྒྱས་པའི་ཞིང་གི་སྣོད་བཅུད་གཉིས་ཀྱི་ཉེས་པ་དང་བྲལ་བར་བྱེད་པའི་སྦྱོར་བ་སྟེ། དབྱེ་ན་སྣོད་བཅུད་ཀྱི་ཞིང་དག་པའི་སྦྱོར་བ་གཉིས་སོ། །བཅུ་གཅིག་པ་ཐབས་ལ་མཁས་པའི་སྦྱོར་བ་ནི། ཐབས་མཁས་པའི་ཡུལ་བཅུ་མངོན་དུ་བྱེད་པ་ལ་དུས་དང་དུས་མིན་ཤེས་པའི་སྦྱོར་བ་སྟེ། བཅུ་གཅིག་པོ་འདི་ནི། མཁྱེན་གསུམ་གྱི་རྣམ་པ་ཀུན་མངོན་དུ་ཕྱོགས་ཏེ་རྫོགས་པར་རྟོགས་པ་ཡིན་ནོ། །དེས་རྣམ་རྫོགས་སྦྱོར་བའི་ཆོས་བཅུ་གཅིག་ཐལ། གཉིས་པ་རྩེ་མོའི་ཆོས་ལ་བརྒྱད་ཡོད་དེ། དེ་ཡི་རྟགས་དང་་རྣམ་འཕེལ་དང་། །བརྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་བཞི་དང་ནི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོ་མངོན་རྟོགས་མཐར་གྱིས་པ། །ཞེས་པ་ལྟར། སྐྱེ་མེད་ཀྱི་རྟོག་པ་རང་དབང་དུ་གྱུར་པའི་རྩེ་མོ་དེའི་རྟགས་ནི། བསྡུས་སྒོམ་རབ་ཏུ་གྱུར་པ་མཚོན་བྱེད་གང་ཞིག་དྲོད་ཀྱིས་བསྡུས་པ་སྟེ། དབྱེ་ན་རྟགས་བཅུ་གཉིས་སོ། །གཉིས་པ་རྣམ་འཕེལ་ནི། བསྡུས་སྒོམ་རབ་ཏུ་གྱུར་པ་གོང་དུ་འཕེལ་བའི་ཆ་གང་ཞིག་སྦྱོར་ལམ་རྩེ་མོས་བསྡུས་པ་སྟེ། དབྱེ་ན་རྣམ་འཕེལ་བཅུ་དྲུག་གོ། །གསུམ་པ་ངེས་པར་བརྟན་པ་ནི། མཁྱེན་གསུམ་གྱི་རྟོགས་པ་ཅི་རིགས་པ་དང་། སེམས་ཅན་གྱི་དོན་མི་གཏོང་བ་ལ་བརྟན་པ་ཐོབ་པའི་རྩེ་མོ་གང་ཞིག་སྦྱོར་ལམ་བཟོད་པས་བསྡུས་པ་སྟེ། དབྱེ་ན་བརྟན་པ་གཉིས་སོ། །བཞི་བ་སེམས་ཀུན་ཏུ་གནས་པ་ནི། སེམས་དང་པོ་བསྐྱེད་པ་སོགས་བྱང་སེམས་བཞིའི་སེམས་བསྐྱེད་པ་ལ་ཡི་རང་བའི་དོན་ལ་སེམས་རྩེ་གཅིག་ཏུ་གནས་པའི་རྩེ་མོ་གང་ཞིག་ཆོས་མཆོག་གིས་བསྡུས་པའོ། །ལྔ་པ་མཐོང་ཞེས་བྱ་བའི་ལམ་གྱི་རྩེ་མོ་ནི། བསྡུས་སྒོམ་རབ་ཏུ་གྱུར་པ་གང་མཐོང་སྤང་རྟོག་པའི་ཐུན་མོང་མ་ཡིན་པའི་གཉེན་པོ་བྱེད་པའོ། །དྲུག་པ་སྒོམ་པ་ཞེས་བྱ་པའི་ལམ་གྱི་རྩེ་མོ་ནི། བསྡུས་སྒོམ་རབ་ཏུ་གྱུར་པ་གང་ཞིག །སྒོམ་སྤང་རྟོག་པའི་ཐུན་མོང་མ་ཡིན་པའི་གཉེན་པོ་བྱེད་པའོ། །མཐོང་སྒོམ་གྱི་ལམ་གཉིས་པོ་སོ་སོར། འཇུག་པ་གཟུང་རྟོག་དང་ལྡོག་པ་གཟུང་རྟོག་གཉིས། རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོག་པ་གཉིས་ཏེ་བཞི་རེ་བཞི་རེ་ཡོད་པའི་གཉེན་པོ། སྦྱོར་བ་དང་འཇུག་པའི་ལམ་གཉིས་གཉིས་ཏེ་རྣམ་པ་བཞི་ཡོད་དོ། །བདུན་པ་བར་ཆད་མེད་པའི་ཏིང་ངེ་འཛིན་ནི། བསྡུས་སྒོམ་རབ་ཏུ་གྱུར་པ་གང་ཞིག་རྣམ་མཁྱེན་གྱི་དངོས་རྒྱུར་གྱུར་པའོ། །བརྒྱད་པ་བསལ་བྱ་ལོག་སྒྲུབ་ནི། བདེན་གཉིས་འགལ་བར་འཛིན་པའི་མི་ཤེས་པ་སྟེ། དབྱེ་ན་བཅུ་དྲུག་གོ །དེ་ལྟར་རྩེ་མོའི་མངོན་རྟོགས་བརྒྱད་ལས། དང་པོ་བདུན་རྩེ་མོའི་ངོ་བོ་དང་། བརྒྱད་པ་ནི་རྩེ་མོས་སྤང་བྱ་ཡིན་ཏེ། དེས་རྩེ་མོའི་ཆོས་བརྒྱད་ཐལ། གསུམ་པ་མཐར་གྱིས་པའི་ཆོས་ལ་བཅུ་གསུམ་ཡོད་དེ། མཐར་གྱིས་པ། རྣམ་གསུམ་རྣམ་བཅུ། ཞེས་པ་ལྟར། མཁྱེན་གསུམ་གྱི་རྟོགས་པ་ལ་བརྟན་པ་ཐོབ་པར་བྱ་བའི་ཕྱིར་རྣམ་པ་རྣམས་རིམ་གྱིས་སྒོམ་པའི་སེམས་དཔའི་རྣལ་འབྱོར་གང་ཞིག་སྦྱིན་པ་རིམ་ལྡན་དུ་སྒོམ་པ་ནས་ཤེས་རབ་ཀྱི་བར་རིམ་ལྡན་དུ་སྒོམ་པ་སྦྱིན་པའི་མཐར་གྱིས་པ་སོགས་དྲུག་དང་། དེ་བཞིན་གཤེགས་པའི་ཡོན་ཏན་དོན་དམ་པར་མི་དམིགས་ཤིང་། ཀུན་རྫོབ་ཏུ་ཇི་ལྟ་བ་བཞིན་རིམ་ལྡན་དུ་དྲན་པ་སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་པ་དང་། དེ་བཞིན་དུ་དགེ་མི་དགེ་ལུང་མ་བསྟན་གྱི་ཆོས་དང་། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་དང་། སྡོམ་སྡུད་དོན་བྱེད་གསུམ་གྱིས་བསྡུས་པའི་ཚུལ་ཁྲིམས་དང་། ཆོས་དང་ཟང་ཟིང་གི་སྦྱིན་པ་དང་། ལྷར་སྐྱེས་པའི་འཕགས་པ་རྣམས་དོན་དམ་པར་མི་དམིགས་ཤིང་། ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པར་རིམ་ལྡན་དུ་རྗེས་སུ་དྲན་པ། ཆོས་དང་དགེ་འདུན་དང་། ཚུལ་ཁྲིམས་དང་། སྦྱིན་པ་དང་། ལྷ་རྗེས་སུ་དྲན་པའི་མཐར་གྱིས་པ་རྣམས་ཏེ་དྲུག་དང་། དངོས་མེད་ངོ་བོ་ཉིད་དུ་ཤེས་པའི་མཐར་གྱིས་པ་ནི། ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་ནས་རིམ་གྱིས་སྒོམ་པ་སྟེ། དེ་ལྟར་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་རྣམ་པ་གསུམ་དང་། ལྷག་མ་རྣམ་པ་བཅུ་སྟེ་བཅུ་གསུམ་ནི་མཐར་གྱིས་པའོ། །དེ་རྣམས་ཀྱང་རེ་རེ་ཞིང་ཕྲལ་ནས་བསྒོམ་པ་མ་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པ་རྣམས་རིམ་གྱིས་བསྒོམ་པ་ན། རེ་རེ་ལ་ཡང་བཅུ་གསུམ་པོ་ཐམས་ཅད་ཚང་བའི་ཚུལ་གྱིས་བསྒོམ་དགོས་པ་ཡིན་ནོ། །དེས་མཐར་གྱིས་པའི་ཆོས་བཅུ་གསུམ་ཐལ། བཞི་པ་སྐད་ཅིག་མའི་སྦྱོར་བ་ལ་བཞི་ཡོད་དེ། སྐད་ཅིག་མ། །གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་པ་ལྟར། བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་གིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐད་ཅིག་མའི་སྦྱོར་བ་དེ་ལ་མཚན་ཉིད་དམ་ལྡོག་པས་ཕྱེ་ན། རྣམ་པར་སྨིན་པ་མ་ཡིན་པའི་ཆོས་ཐམས་ཅད་དང་། རྣམ་པར་སྨིན་པའི་ཆོས་ཐམས་ཅད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པར་དང་། ཆོས་ཐམས་ཅད་གཉིས་སུ་མེད་པར་སྐད་ཅིག་མ་གཅིག་ལ་རྟོགས་པ་བཞིའོ། །དེས་སྐད་ཅིག་མའི་སྦྱོར་བའི་ཆོས་བཞི་ཐལ་ཏེ། སྦྱོར་བཞིས་བསྡུས་པའི་དོན་སོ་དྲུག་སོང་། གསུམ་པ་འབྲས་བུ་ཆོས་སྐུའི་ལུས་རྒྱས་པར་བཤད་པ་ལ། དབྱེ་གཞི་ནི་སངས་རྒྱས་ཀྱི་སྐུ་ཡིན་ལ། དབྱེ་བའི་ངོ་བོ་ནི་རྣམ་པ་བཞི་ཡོད་དེ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུང་སྟེ། དེ་ལ་བཞི་ལས། དང་པོ། ངོ་བོ་ཉིད་ཀྱི་སྐུ་ནི། དབྱིངས་རང་བཞིན་གྱིས་དག་པ་གང་ཞིག གློ་བུར་གྱི་དྲི་མ་མ་ལུས་པ་དག་པའི་དག་པ་གཉིས་ལྡན་གྱིས་ཁྱད་པར་དུ་བྱས་པའི་སྐུའོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། གདུལ་བྱའི་ནང་ནས་བྱང་སེམས་འཕགས་པ་ཁོ་ན་ལ་སྣང་བའི་སྐུ་གང་ཞིག་སྤྲུལ་སྐུའི་འཆར་གཞིར་གྱུར་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའོ། །གསུམ་པ་དེ་གཉིས་གཞན་པ་སྤྲུལ་པའི་སྐུ་ནི། ལོངས་སྐུའི་བདག་རྐྱེན་ལས་བྱུང་བའི་སངས་རྒྱས་ཀྱི་སྐུ་གང་ཞིག གདུལ་བྱའི་འགྲོ་བ་དག་པ་དང་། མ་དག་པ་དུ་མ་ལ་སྣང་ཞིང་དེ་དག་གི་དོན་བྱེད་པའོ། །བཞི་བ་ཡེ་ཤེས་ཆོས་སྐུ་ནི་སངས་རྒྱས་ཀྱི་སའི་གནས་ཡོངས་སུ་གྱུར་པའི་མཐར་ཐུག་པའི་ཡེ་ཤེས་གང་ཞིག་ཟག་མེད་ཀྱི་ཆོས་སྡེ་ཚན་ཉི་ཤུ་རྩ་གཅིག་གི་རྟེན་དུ་གྱུར་པའོ། །ཞར་བྱུང་ཆོས་སྐུའི་མཛད་པ་ནི། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་འགོད་པ་དང་། །ཞེས་པ་ནས། མྱ་ངན་འདས་ལ་འགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་པའི་བར་གྱིས་བསྟན་པའི་ཕྲིན་ལས་ཉི་ཤུ་རྩ་བདུན་དུ་གསུང་བ་རྣམས་ཀྱང་། ལམ་གྱི་རྟེན་དང་། ལམ་དང་། ལམ་གྱི་འབྲས་བུ་ལ་འགོད་པ་གསུམ་དུ་འདུ་བ་ཡིན་ནོ། །དེས་འབྲས་བུ་ཆོས་ཀྱི་སྐུའི་མངོན་རྟོགས་བཞི་ཐལ། །དེ་ལྟར་ན་མཛད་པ་ནི། ཆོས་སྐུའི་ཕྲིན་ལས་ཡིན་པས་ཟུར་དུ་མི་བགྲང་ལ། སེམས་བསྐྱེད་ནས་བཟུང་། ཡེ་ཤེས་ཆོས་སྐུའི་བར་གྱིས། སྐབས་བརྒྱད་དོན་བདུན་བཅུའི་སྒོ་ནས་རྒྱས་པར་བཤད་པ་དེ་སོང་ནས། གཉིས་པ་མངོན་རྟོགས་འབྲིང་པོ་ལ་མོས་པ་རྣམས་ལ་དྲུག་ཏུ་བཤད་པ་ནི། མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་རབ་དེ་ཡི་གོ་རིམ་དང་། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཅེས་པ་ལྟར། མཁྱེན་གསུམ་ནི་བསྒོམ་བྱའམ་རང་རྒྱུད་ལ་བསྐྱེད་པར་བྱ་བའི་ཡུལ་གྱི་མཚན་ཉིད་དང་། རྣམ་ཀུན་ནི་དེ་སྒོམ་པའི་སྦྱོར་བ་དང་། རྩེ་མོ་ནི་སྦྱོར་བ་རབ་ཏུ་གྱུར་པའི་གནས་སྐབས་དང་། མཐར་གྱིས་པ་ནི་དེ་གོ་རིམ་བཞིན་དུ་མཉམ་པར་སྐྱོང་བའི་གནས་སྐབས་དང་། སྐད་ཅིག་མ་ནི་མཁྱེན་གསུམ་གྱི་རྟོགས་པ་རིམ་གྱིས་བསྒོམ་པ་དེ་མཐར་ཐུག་པའི་གནས་སྐབས་དང་། ཆོས་ཀྱི་སྐུ་ནི་སྦྱོར་བཞི་བསྒོམ་པའི་རྣམ་པར་སྨིན་པ་མཐར་ཐུག་པ་འབྲས་བུའི་གནས་སྐབས་ཏེ། མངོན་རྟོགས་དྲུག་ཏུ་བསྟན་པ་ནི་གཙོ་བོ་གོ་རིམ་ངེས་པའི་དབང་དུ་བྱས་ནས་བཞག་པའོ། །བསྡུས་པ་ལ་མོས་པ་ལ་གསུམ་དུ་བཤད་པ་ནི། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཞེས་པ་སྟེ། མཁྱེན་པ་གསུམ་ནི་ཡུལ་དང་། སྦྱོར་བ་བཞི་ནི་རྒྱུ་དང་། ཆོས་ཀྱི་སྐུ་ཕྲིན་ལས་དང་བཅས་པ་ནི་འབྲས་བུར་བཤད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐམས་ཅད་མངོན་རྟོགས་གསུམ་དུ་བསྡུས་ནས་བཤད་པ་ནི་གཙོ་བོར་གྲངས་ངེས་པ་དང་། ཟློས་སྤོང་གི་དབང་དུ་བྱས་ནས་བཞག་པའོ། །དེ་ལྟར་ན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་འབྲས་བུ་དང་བཅས་པ་ཚང་ལ་མ་ནོར་བར་སྟོན་པའི་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མན་ངག་གི་སྒོ་ནས་སྟོན་པའི་སྤྱི་དོན་བླ་མ་བརྒྱུད་པའི་ཞལ་ལུང་བཞིན་ལེགས་པར་བཤད་ཟིན་ཏོ། །ཟབ་ཡངས་ཆོས་ཚུལ་རྒྱ་མཚོའི་སྙིང་པོའི་བཅུད། །ཤེས་རབ་ཕ་རོལ་ཕྱིན་ཚུལ་ཡིད་བཞིན་དབང་། །ལེགས་བཤད་རྒྱལ་མཚན་མཐོན་པོའི་རྩེར་མཆོད་པས། །ཕན་བདེའི་ཆར་གྱིས་ཕྱོགས་ཀུན་ཁྱབ་གྱུར་ཅིག །གངས་ཅན་ལྗོངས་འདིར་རྒྱལ་བསྟན་པདྨོའི་ཚལ། །རྒྱས་མཛད་མཁན་སློབ་ཟུང་དང་ཆོས་རྒྱལ་རྗེའི། །རིང་ལུགས་དྲི་མེད་སྲིད་མཐའི་བར་དུ་ཡང་། །ནུབ་མེད་བཤད་སྒྲུབ་འོད་སྟོང་འབར་བར་ཤོག །སྲས་བཅས་རྒྱལ་བ་དགྱེས་པའི་ལམ་བཟང་འདི། །གདེངས་ཅན་དབང་པོའི་གཙུག་གི་རྒྱན་བཞིན་དུ། །མཁས་ཚུལ་གསུམ་གྱིས་ལེགས་པར་བཟུང་བ་ཡིས། །ཐུབ་བསྟན་ཕྱོགས་བརྒྱར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་གྲུབ་དབང་རྫོགས་ཆེན་པའི་སྐུ་ཕྲེང་ལྔ་པ་གསེར་ཁྲིར་ཐོག་མར་མངའ་གསོལ་བའི་སྐབས་སུ་ལེགས་བཤད་ཀྱི་དགའ་སྟོན་དུ་པདྨ་བཛྲ་པས་བྲིས་པ་དགེ་བར་གྱུར་ཅིག། དགེའོ།།
སེམས་བསྐྱེད་ཀྱི་ཟིན་བྲིས་རྒྱལ་སྲས་ལམ་གྱི་གསལ་བྱེད།
༄༅།།སེམས་བསྐྱེད་ཀྱི་ཟིན་བྲིས་རྒྱལ་སྲས་ལམ་གྱི་གསལ་བྱེད་ཅེས་བྱ་བ་བཞུགས་སོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྲིད་ཞིའི་ཕན་བདེ་མཐའ་དག་བསྐྱེད་པའི་གཞི། །རྒྱལ་སྲས་རྣམས་ཀྱི་བགྲོད་པ་གཅིག་པུའི་ལམ། །ཐེག་པ་ཀུན་གྱི་མཐར་ཐུག་འབྲས་བུའི་མཆོག །བྱང་ཆུབ་མཆོག་གི་སེམས་དེར་ཕྱག་འཚལ་ལོ། །མཚོ་ལྟར་གཏིང་ཟབ་སྤྲོས་བྲལ་ལྟ་བུའི་ཀློང་། །མཁའ་ལྟར་རྒྱ་ཆེ་ཀུན་བཟང་སྤྱོད་པའི་སྒོ། །ས་བཅུའི་དབང་ཕྱུག་རྣམས་ཀྱི་སྤྱོད་ཡུལ་ལ། །ཉམ་ཆུང་བྱིས་པའི་བློ་ཡིས་ཇི་ལྟར་གཞལ། །དེ་ལྟ་ནའང་བྱང་ཆུབ་སེམས་ཀྱི་ཆུས། །ཐུགས་རྒྱུད་ཡོངས་སུ་གང་བའི་བཤེས་གཉེན་གྱིས། །བརྩེ་བའི་གསུང་གིས་བསྐུལ་བའང་ལྡོག་དཀའ་བས། །དང་པོའི་ལས་ཅན་བདག་གིས་འདི་སྐད་དོ། །དེ་ལ་འདིར་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་འཇུག་པའི་སྒོ་དང་པོ། ཐམས་ཅད་མཁྱེན་པའི་ལམ་གྱི་རྩ་བ་ཐེག་པ་ཆེན་པོའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་ལས། སྔོན་འགྲོ་གདམས་ངག་ཁྱད་པར་ཅན་གྱིས་བློ་བཅོས་པའི་སྐབས་སུ་སྲིད་དང་ཞི་བའི་མཐའ་གཉིས་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་སྤྲོ་བ་བསྐྱེད་པ་ནི། ཆོ་ག་རྒྱས་པའི་ཚེ་བྱང་ཆུབ་སེམས་ཀྱི་རང་བཞིན་གཏན་ལ་དབབ་པའི་ཚུལ་རྒྱས་བསྡུས་ཇི་ལྟར་རིགས་པར་སློབ་དཔོན་གྱི་ངག་གིས་བརྡ་བཀྲོལ་ནས་སློབ་མའི་རྒྱུད་ལ་གོ་བརྡ་འཕྲོད་ངེས་སུ་བྱེད་པར་གསུངས་པ་ལས། སྐལ་བ་དང་ལྡན་པའི་གཞི་རིགས་ཀྱི་རང་བཞིན། བསླབ་པ་ལ་སྦྱོར་བའི་གཞི་སེམས་བསྐྱེད་ཀྱི་རྣམ་བཞག མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་གཞི་བྱང་ཆུབ་སེམས་དཔའི་བསླབ་པ་དང་གསུམ་གྱི་སྒོ་ནས་ངེས་པར་བྱའོ། །དེ་ལ་དང་པོ་རིགས་ཞེས་བྱ་བ་ནི་སྤྱིར་ཁམས་དང་ས་བོན་དང་རྒྱུ་རྣམས་ལ་འཇུག་པ་ལས། འདིར་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུའམ་ས་བོན་ཏེ། དེ་ལ་གྲུབ་མཐའི་དབང་གིས་ཉན་ཐོས་རྣམས་ཀྱིས་ནི་བསོད་སྙོམས་དང་། ཆོས་གོས་དང་། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་ཤིང་སྤོང་བ་ལ་མངོན་པར་དགའ་བའི་གང་ཟག་རྣམས་ལ་འཕགས་པའི་རིགས་ཅན་ཟེར་ཏེ། དེའི་རྒྱུད་ཀྱི་སེམས་བྱུང་ཆོག་ཤེས་པ་སྟེ་འདོད་ཆགས་མེད་པའི་དགེ་བའི་རྩ་བ་ལ་འཕགས་པའི་རིགས་སུ་འདོད། སེམས་ཙམ་པ་ལའང་ཆོས་ཅན་འདུས་བྱས་ལ་རིགས་སུ་འདོད་པ་དང་། ཆོས་ཉིད་འདུས་མ་བྱས་པའི་རིགས་སུ་འདོད་པ་གཉིས་ཡོད་དེ། དང་པོ་ནི་བྱང་ཆུབ་སེམས་དཔའི་ས་ལས། དེ་ལ་རིགས་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ། རང་བཞིན་དུ་གནས་པ་དང་། ཡང་དག་པར་བསྒྲུབ་པའོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་བསྒྲུབ་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ་ཞེས་པ་ལྟར། ཐོག་མ་མེད་པའི་དུས་ནས་གཅིག་ནས་གཅིག་ཏུ་ཟབ་པའི་སེམས་ཅན་གྱི་ཤེས་པའི་རྒྱུད་ཀྱི་སྟེང་ན་ཡོད་པའི་ཟག་མེད་ཀྱི་ཡེ་ཤེས་བསྐྱེད་པའི་ནུས་པ་སྐྱེ་མཆེད་དྲུག་པོ་དང་གཅིག་དང་ཐ་དད་པ་གང་དུ་བརྗོད་དུ་མེད་པ་ཆོས་ཉིད་ཀྱིས་ཐོབ་པ་ཞེས་བྱ་བ་ཐོས་བསམ་སོགས་ཀྱིས་གསར་དུ་བསྐྱེད་པ་མ་ཡིན་པ་དེ་ལྟ་བུ་ཞིག་ལ་རང་བཞིན་གནས་རིགས་སུ་འདོད། གཉིས་པ་ནི། རྒྱུད་བླ་མ་ལས། གཏེར་དང་འབྲས་བུ་ཤིང་བཞིན་ཏུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླང་བ་མཆོག་ཉིད་དོ། །ཞེས་གསུངས་པའི་རང་བཞིན་གནས་རིགས་དེ་ཉིད་ལས། དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ་། །ཞེས་བསལ་བཞག་དང་བྲལ་བའི་ཆོས་ཉིད་འདུས་མ་བྱས་ལ་གསལ་བར་བཤད་པ་གང་ཡིན་པའོ། །དབུ་མ་པ་སྤྱིའི་ལུགས་ལ། སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་སྟེ། ཉོན་མོངས་པའི་སྦུབས་ན་གནས་པ་ཉིད་ལ་བདེ་གཤེགས་སྙིང་པོ་ཞེས་གྲགས་པ་ལ་དེ་ཉིད་རང་བཞིན་གནས་རིགས་སུ་འདོད་པ་ཡིན་ཏེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་བུམ་ནང་མར་མེ་ནི། །ཕྱི་རོལ་ཀུན་ཏུ་མི་སྣང་ལྟར། །དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང་། །འཁོར་བར་འོད་ནི་གསལ་མ་ཡིན། །ཞེས་དང་། ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། ཞེས་གསུངས་པ་ལྟར་རོ། །རྒྱས་འགྱུར་གྱི་རིགས་ནི་ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ཀྱི་རྣམ་པར་དཀར་བའི་རྐྱེན་གང་ཡང་རུང་བས་རང་བཞིན་གནས་པའི་རིགས་ལ་གསོས་དང་པོར་བཏབ་པ་ཉིད་ཡིན་ཏེ། རྒྱ་མཚོའི་སྤྲིན་ལས། སེམས་བསྐྱེད་པ་ནི་གཞན་ཡིན་པར་རིག་པར་བྱ་སྟེ། རིགས་དེ་ཉིད་གནས་སྐབས་ཀྱི་ཁྱད་པར་གཞན་དུ་གྱུར་པ་ལ་མིང་གཞན་གྱིས་བསྟན་པ་ནི་ཡང་དག་པར་བསྒྲུབས་པ་ཞེས་བྱ་བས་སོ། །ཞེས་དང་། སེམས་བསྐྱེད་ཀྱི་སྐབས་སུ་ཡང་། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །ཞེས་པའི་དོན་ཡིན་ནོ། །དེས་ན་འདིར་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། ཕར་པ་དགེ་བའི་རྟེན་ནི་རིགས་ཡིན་ལ། །དེ་ཡང་སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མེད་ཁམས་ཏེ་རང་བཞིན་གནས་པའི་རིགས། །དེ་ཡི་སྣང་ཆ་སྐུ་གཉིས་དཔེ་རྣམས་དགུ། །སྙིང་རྗེའི་རང་བཞིན་ཡེ་ནས་གནས་པ་ནི། །རྒྱས་འགྱུར་རིགས་ཞེས་བདེ་བར་གཤེགས་པས་གསུངས། །རྩ་བ་རིག་པའི་ཡེ་ཤེས་འོད་གསལ་ལ། །ངོ་བོ་དུག་གསུམ་མེད་པའི་དགེ་བ་ཡིན། །ཞེས་པའི་འགྲེལ་པར། དེའང་རང་བཞིན་གྱིས་དག་ཅིང་ངོ་བོ་ཉིད་དྲི་མ་མེད་པའི་སེམས་ཉིད་སངས་རྒྱས་ཀྱི་ཡེ་ཤེས་དམ་པ་ཡེ་ནས་གནས་པའི་སེམས་ཀྱི་རང་བཞིན་འོད་གསལ་བའི་སྣང་ཆ་ལས་སངས་རྒྱས་ཀྱི་གཟུགས་སྐུའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པ་དཔེ་དགུས་བསྟན་ཅིང་སྟོང་ཆ་ལ་ཆོས་སྐུའི་ཡོན་ཏན་ནམ་མཁའ་ལྟ་བུའི་དཔེ་མདོ་དང་རྒྱུད་ཐམས་ཅད་ནས་བཤད་ལ་དེ་གཉིས་དབྱེར་མི་ཕྱེད་པ་ནི་ཐོག་མ་མེད་པའི་ཆོས་ཁམས་དགེ་བ་སྟེ། འགྱུར་བ་མེད་པའི་གནས་པའི་རིགས་དང་། དྲི་མ་སྦྱངས་ནས་ཡོན་ཏན་རྒྱས་པར་མངོན་པས་རྒྱས་འགྱུར་གྱི་རིགས་ཞེས་བཏགས་ཀྱང་། རྩ་བ་རིག་པའི་འོད་གསལ་བ་ཉིད་དོ། །ཞེས་གསུངས་པ་ལྟར། སྒྲ་ཇི་བཞིན་དུ་འདོད་དེ། རིགས་གཉིས་སུ་བཤད་པའང་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་ལས་དོན་ལ་ནི་རང་གི་སེམས་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གཤིས་ཅིར་ཡང་མ་གྲུབ་པ་ལ་གདངས་འགག་མེད་དུ་འཆར་བའི་གཉུག་མའི་ཤེས་པ་དྭངས་གསལ་རྗེན་པ་འདི་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ས་བོན་ནམ་བདེ་བར་གཤེགས་པའི་སྙིང་པོ་ཡིན་ཏེ། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་ལས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ནས་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། གསང་བའི་སྙིང་པོ་ལས། ཕྱོགས་བཅུ་དུས་བཞི་ཀུན་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཞིག །ཞེས་དང་། རྡོ་རྗེ་གུར་ལས། ཆོས་ཀྱི་དབྱིངས་ནི་མཆོག་ཏུ་ཞི། །འདི་ནི་རིན་ཆེན་སེམས་སུ་བརྗོད། །འདོད་དོན་འབྲས་བུ་རབ་སྟེར་བ། །སེམས་ཀྱི་དེ་ཉིད་རང་བཞིན་དག །ཅེས་དང་། དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ལྟ་བུའི་བདེ་གཤེགས་སྙིང་པོ་དེ་ནི་འགྲོ་བ་ཐམས་ཅད་ལ་ཁྱབ་གདལ་དུ་ཡོད་དེ། ཟླ་བ་སྒྲོན་མེའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་གསུངས་པ་ལྟ་བུའོ། །དེ་ལྟར་བྱང་ཆུབ་ཆེན་པོའི་རིགས་སམ་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་རང་ལ་ཡོད་པའི་ཚུལ་འདི་དག་ཐོག་མར་ངེས་དགོས། དེ་མ་ངེས་ན་སངས་རྒྱས་སྒྲུབ་པར་འདོད་པའི་བློ་མི་སྐྱེ་སྟེ། དཔེར་ན་ས་འོག་ན་གསེར་ཡོད་པར་མ་ངེས་ན་གསེར་རྐོ་འདོད་ཀྱི་བསམ་པ་མི་སྐྱེ་བ་ལྟ་བུའོ། །དེས་ན་རིགས་དེ་དག་ཡོད་པར་རྟགས་ཀྱི་སྒོ་ནས་ཀྱང་ཤེས་པར་བྱ་སྟེ། རྒྱུད་བླ་མ་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་གསུངས་པ་ལྟར། སྲིད་པའི་སྡུག་བསྔལ་ལ་སྐྱོ་བའི་སེམས་ཅན་དེས། ཐར་བའི་བདེ་བ་ལ་སྨོན་པའི་སེམས་སྐྱེ་བ་དེ་ཡང་ཡེ་ནས་རང་གི་རྒྱུད་སྡུག་བསྔལ་དང་འབྲལ་རུང་དང་མྱང་འདས་འཐོབ་རུང་དུ་ཡོད་པའི་རྟགས་ཡང་དག་པ་ཡིན་པར་བཤད་དོ། །དེ་ལྟར་བདེ་གཤེགས་སྙིང་པོ་དེ་ཉིད་རང་ལ་ཡོད་ཀྱང་མི་མངོན་པ་ཅི་ཞེ་ན་ཐོག་མ་མེད་པའི་དུས་ནས་གོམས་པའི་ལས་ཉོན་བག་ཆགས་ཀྱིས་སྒྲིབ་པའི་ཕྱིར་ཡིན་ཏེ། རྒྱུད་བླ་མ་ལས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་བསྒྲིབ་ཕྱིར་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་པ་ལྟར་དང་། བརྟགས་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་སོ། །དེ་ལྟར་གཤིས་ཀྱི་གནས་ལུགས་ཤེས་པ་ཙམ་གྱིས་མི་ཕན་པས་སྒྲིབ་པ་སྤོང་བའི་ཚུལ་ལ་འབད་དགོས་ཤིང་། དེའི་ཐབས་ཀྱི་མཆོག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁོ་ན་ཡིན་ཏེ། སེམས་མ་བསྐྱེད་པར་སངས་རྒྱས་པའི་ཐབས་གཞན་མེད་པ་ཡང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ཡང་ནི་མི་འཐོབ་ཅིང་། །འཁོར་བར་བདག་གཞན་དོན་བསྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་དང་། སྤྱོད་འཇུག་ལས། འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་འགྲུབ་པའང་འདི་ཉིད་དོ། །འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དེ། །དེ་བས་བདག་གིས་རྟག་ཏུ་འདི་ཉིད་བྱ། །ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་ཡང་དགེ་རྩ་གོམས་པ་ལས་སམ། ཐེག་ཆེན་གྱི་སྡེ་སྣོད་ཐོས་པ་ལས་སམ། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལས་ཀྱང་རུང་སྟེ་རིགས་སད་པའི་རྟགས་དང་ལྡན་པའི་གང་ཟག་ཞིག་ལ་སྐྱེ་བས། དེ་ལ་རྒྱས་འགྱུར་གྱི་རིགས་སད་པའི་རྟགས་ནི། མདོ་སྡེའི་རྒྱན་ལས། །སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་དང་། རང་བཞིན་གནས་རིགས་སད་པའི་རྟགས་ནི། དབུ་མ་འཇུག་པ་ལས། སོ་སོའི་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ནས། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་སངས་རྒྱས་པའི་བློ་ཡི་ས་བོན་ཡོད། །ཅེས་པ་ལྟར་རོ། །དེ་ལྟ་བུའི་རིགས་སད་པའི་རྟགས་དང་ལྡན་པ་དག་གིས། གཞུང་ནས་བཤད་པ་ལྟར་གྱི་ཆོ་ག་ཡན་ལག་ཚང་བ་ཞིག་གི་སྒོ་ནས་བྱང་ཆུབ་མཆོག་གི་སེམས་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ་བསྐྱེད་ནས་བསླབ་པ་ལ་ཚུལ་བཞིན་དུ་སློབ་པར་བྱས་ན་རིང་པོར་མི་ཐོགས་པར་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ནས་མཐའ་ཡས་པའི་ལུས་ཅན་ཐམས་ཅད་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་བྱེད་པར་འགྱུར་ཏེ། ཀུན་མཁྱེན་ཆོས་རྗེས། མ་ལུས་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །གློ་བུར་དྲི་མས་གཡོགས་པའི་སྦུབ་ནང་ན། །འོད་གསལ་ཆོས་ཁམས་མར་མེ་ཡེ་ནས་གནས། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཆོས། །རང་ལ་ཡོད་དེ་དེ་ཉིད་ལྷུན་གྱིས་གྲུབ། །སྟོང་དང་སྙིང་རྗེའི་སྙིང་པོ་ལྷུར་ལེན་པས། །ཁམས་དེ་བྱང་ཆུབ་ཞེས་བྱའི་མིང་ཐོབ་ནས། །མ་ལུས་སྐྱེ་དགུའི་ཚོགས་ལ་ཕན་བདེ་བྱེད། །ཅེས་སོ། །དོན་གཉིས་པ་བསླབ་པ་ལ་སྦྱོར་བའི་གཞི་སེམས་བསྐྱེད་དངོས་ཀྱི་རྣམ་པར་བཞག་པ་ལ། སེམས་བསྐྱེད་སྐྱེ་བའི་རྟེན། བརྟེན་པ་བྱང་ཆུབ་སེམས་ཀྱི་རང་བཞིན། བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་པ་དང་གསུམ་ལས། དང་པོ་རྟེན་ལ་ལུས་ཀྱི་རྟེན་ནི་སེམས་ཙམ་གྱི་ལུགས་ལྟར་ན་སོ་ཐར་རིགས་བདུན་གང་རུང་གི་རྟེན་ལ་སྐྱེ་བས་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཡིན་པ་དགོས་ཀྱང་དབུ་མའི་ལུགས་འདི་ལ་དེ་ལྟར་དགོས་པའི་ངེས་པ་མེད་དེ། མདོ་སྡེ་རྣམས་ལས་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་དྲི་ཟ་དང་། ནམ་མཁའ་ལྡིང་ལ་སོགས་པ་འགྲོ་བ་དུ་མས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བསྟན་པས་ལུས་ཀྱི་རྟེན་ལ་མི་ལྟོས་པར། བསམ་པའི་རྟེན་གཙོ་ཆེ། དེ་ལ་རྣམ་གྲངས་མང་ཡང་། སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་སེམས་ཀྱི་ཕན་ཡོན་ཐོས་པ་དང་གསུམ་ལ་འདུ་བ་ཡིན་ཏེ། དཀོན་མཆོག་སྒྲོན་མེའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །བློ་དང་ལྡན་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་དང་། མདོ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་པ་ལྟར། དེ་ལས་ཀྱང་སྙིང་རྗེ་ནི་བྱང་ཆུབ་ཐོབ་པའི་རྒྱུའི་གཙོ་བོ་མེད་ན་མི་རུང་ཞིང་ཡོད་ན་དེ་ཁོ་ནས་ཀྱང་ཆོག་པ་ཡིན་ཏེ། དབུ་མ་འཇུག་པ་ལས། །ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་དང་། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། གསང་བའི་བདག་པོ་ཐམས་ཅན་མཁྱེན་པའི་ཡེ་ཤེས་དེ་ནི་བྱང་ཆུབ་ཀྱི་རྒྱུ་ལས་བྱུང་བ་སྙིང་རྗེ་ཆེན་པོའི་རྩ་བ་ཅན་ཐབས་ཀྱིས་མཐར་ཕྱིན་པའོ། །ཞེས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྤྱན་རས་གཟིགས་ཀྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི་ཆོས་གཅིག་ལ་བསླབ་པར་བྱའོ། །དེ་གང་ཞེ་ན། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འཁོར་ལོ་རིན་ཆེན་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིས་པ་ལགས་སོ། །ཞེས་གསུངས་པ་ལྟར་སྙིང་རྗེ་ཆེན་པོ་དང་ལྡན་པའི་བསམ་པ་གཙོ་ཆེའོ། །གཉིས་པ་བརྟེན་པ་སེམས་བསྐྱེད་ཀྱི་རང་བཞིན་ལ། སེམས་བསྐྱེད་ཀྱི་མཚན་ཉིད་དང་། རབ་ཏུ་དབྱེ་བ་གཉིས་སོ། །དང་པོ་ལ་མཚན་གཞི་དང་མཚན་ཉིད་གཉིས་ལས། མཚན་གཞི་ནི། སེམས་དང་སེམས་བྱུང་ལ་བཞེད་པ་མི་མཐུན་པ་མང་ཡང་། འདིར་ནི་གཙོ་སེམས་ཉིད་བཟུང་ཞིང་། དེ་ཡང་སྒོ་ལྔའི་རྣམ་ཤེས་ཁ་ཕྱིར་བལྟས་རྟོག་མེད་ཀྱི་རྣམ་པ་ཡིན་ལ། ཉོན་ཡིད་ནི་ནང་དུ་ཀུན་གཞི་ལ་དམིགས་ནས་ངར་འཛིན་གྱི་རྣམ་པ་ཅན་ཡིན་པས་དེ་དག་ནི་མཚན་གཞིར་མི་རུང་། དེས་ན་འདིར་ནི་དཀར་ཆོས་ཐམས་ཅད་ཀྱི་རྟེན་དུ་རུང་བ་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་མཚན་གཞིར་འདོད་པ་ཡིན་ཏེ། དེ་ལྟར་ཡང་ཉི་ཁྲི་སྣང་བ་ལས། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་རིག་པའོ། །རྣམ་པར་ཤེས་པ་གང་ཡིན་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཀུན་མཁྱེན་ཆེན་པོ་ཙོང་ཁ་པ་སོགས་མཁས་གྲུབ་ཐམས་ཅད་ཀྱིས་བཞེད་པ་ཡིན་ནོ། །མཚན་ཉིད་ནི། གཞན་སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་ལས་བསྒྲལ་ཏེ་ཐམས་ཅད་མཁྱེན་པའི་བདེ་བ་བླ་ན་མེད་པ་ལ་འཇོག་པའི་དོན་གྱི་ཆེད་དུ་བྱང་ཆུབ་ཐོབ་པར་འདོད་པའོ། །དེ་ལྟར་ཡང་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །གཉིས་པ་དབྱེ་བ་ལ། ངོ་བོའི་སྒོ་ནས་དབྱེ་བ། སྐྱེ་ཚུལ་གྱི་སྒོ་ནས་དབྱེ་བ། གྲོགས་ཀྱི་སྒོ་ནས་དབྱེ་བ། ས་མཚམས་ཀྱི་སྒོ་ནས་དབྱེ་བ། བཞེད་ཚུལ་གྱི་སྒོ་ནས་དབྱེ་བ་དང་ལྔ་ལས། དང་པོ་ལ་ངོ་བོ་གཅིག་ཏུ་བསྟན་པ་དང་། ལྡོག་པ་གཉིས་སུ་དབྱེ་བའོ། །དེ་ལ་ངོ་བོ་གཅིག་ཏུ་བསྟན་པ་ནི་ཐབས་སྙིང་རྗེ་ཆེན་པོའི་དང་མ་བྲལ་བའི་སྒོ་ནས་ཆོས་ཐམས་ཅད་ལ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཁྱད་པར་ཅན་དེ་ལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་ཞེས་བྱ་སྟེ། བསླབ་བཏུས་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྐྱེད་པས་བསོད་ནམས་དག་པར་འགྱུར། །ཞེས་དང་། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེའི་ཞི་ལ་མི་གནས་པ། །ཞེས་སོ། །རྒྱུད་བླ་མ་ལས་ཀྱང་། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བསལ་ནས། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་རྩེ་བྱང་ཆུབ་ཐབས་བརྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། །ཞེས་བཤད་དོ། །སྟོང་པ་ཉིད་དང་སྙིང་རྗེ་གཉིས་པོ་ཡ་བྲལ་བར་གྱུར་ན་ནི་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་ཏེ། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྟུང་། །ཞེས་དང་། འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་ལས། སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་ཡང་བདུད་ཀྱི་ལས་སོ། །ཤེས་རབ་ཀྱིས་རྣམ་པར་མི་དཔྱོད་ཅིང་སྙིང་རྗེ་ཆེན་པོ་ལ་དམིགས་པར་འཛིན་པ་ཡང་བདུད་ཀྱི་ལས་སོ། །ཞེས་དང་། ས་ར་ཧས་ཀྱང་། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཀྱིས་ཀྱང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །གལ་ཏེ་སྙིང་རྗེ་འབའ་ཞིག་སྒོམ་ན་ཡང་། །འཁོར་བ་འདི་ནས་ཐར་པ་ཡོད་དམ་ཅི། །ཞེས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་ལ་བྱང་ཆུབ་ཀྱི་སེམས་སུ་གསུངས་སོ། །གཉིས་པ་དེ་ལ་ལྡོག་པས་དབྱེ་ན་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་སོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་པ་ལྟར། སྙིང་རྗེ་ཆེན་པོ་ཡིད་ཀྱིས་ལུས་ཅན་ཐམས་ཅད་སྲིད་པའི་མཚོ་ལས་བསྒྲལ་བའི་ཕྱིར་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བསམ་པ་རྐྱང་པ་ཞིག་དང་པོར་སྐྱེ་བ་ནི་སྨོན་པའི་སེམས་ཡིན་ཏེ། འགྲོ་འདོད་ལྟ་བུའོ། དེ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ནས་སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སློབ་པར་འདོད་པས་སྤྱོད་པ་ཕྱོགས་གཅིག་ལ་ཞུགས་པ་ནས་བཟུང་སྟེ་འཇུག་པའི་སེམས་ཡིན་ཏེ། འགྲོ་བ་དངོས་ལྟ་བུའོ། །དེ་ལྟར་ཀཱ་མ་ཤི་ལའི་སྒོམ་རིམ་དང་པོ་ལས། བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ་ཞུགས་པའི་སེམས་དང་སྨོན་པའི་སེམས་སོ། །དེ་ཉིད་འགྲོ་བ་དེ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་སྨོན་པའི་སེམས་དང་། གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་ཞུགས་པའི་སེམས་སོ། །ཞེས་གསུངས་པ་བཞིན། དང་པོ་ཚོགས་ལམ་ཆུང་ངུ་དང་། གཉིས་པ་ཚོགས་ལམ་འབྲིང་པོ་ནས་བཞག་པ་ཡིན་ནོ། །གཉིས་པ་སྐྱེ་ཚུལ་གྱི་སྒོ་ནས་རགས་པ་བརྡ་ལས་སྐྱེས་པ་ཀུན་རྫོབ་སེམས་བསྐྱེད་དང་ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་དོན་དམ་པའི་སེམས་བསྐྱེད་གཉིས་ཡོད་དེ། སྒོམ་རིམ་བར་མ་ལས། བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་། དོན་དམ་པའོ། །དེ་ལ་ཀུན་རྫོབ་ནི། སྙིང་རྗེས་སེམས་ཅན་མཐའ་དག་གདོན་པར་དམ་བཅས་ནས་འགྲོ་བ་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་སེམས་དང་པོ་བསྐྱེད་པའོ། །དེ་ཡང་ཚུལ་ཁྲིམས་གྱི་ལེའུ་ལས་བསྟན་པའི་ཆོ་ག་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་མཁས་པ་ཕ་རོལ་པོ་ལས་བསྐྱེད་པར་བྱའོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་འབད་པར་བྱའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་འཇིག་རྟེན་ལས་འདས་པ་སྤྲོས་པ་མཐའ་དག་དང་བྲལ་བ་ཤིན་ཏུ་གསལ་བ་དོན་དམ་པའི་སྤྱོད་ཡུལ་དྲི་མ་མེད་པ་མི་གཡོ་བ་རླུང་མེད་པའི་མར་མེའི་རྒྱུན་བཞིན་དུ་མི་གཡོ་བའོ། །དེ་གྲུབ་པ་ནི་རྟག་ཏུ་གུས་པར་ཡུན་རིང་དུ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་ལ་གོམས་པར་བྱས་པ་ལས་འབྱུང་ཞེས་གསུངས་སོ། །དེ་ལ་དང་པོ་སྨོན་འཇུག་གིས་བསྡུས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་རྒྱུ་ལྔ་ལས་སྐྱེ་སྟེ། དེ་ཡང་གྲོགས་བྱང་ཆུབ་སེམས་དཔའི་བཤེས་གཉེན་དང་འགྲོགས་ནས་དེས་བྱང་ཆུབ་སེམས་ཀྱི་ཕན་ཡོན་བརྗོད་པ་སོགས་ཀྱི་རྟེན་ལས་སྐྱེ་བ་ཡོད་ཀྱང་གྲོགས་ལ་རགས་ལས་ཤིང་དགེ་བའི་བཤེས་གཉེན་དང་བྲལ་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་སླ་བའི་ཕྱིར་མི་བརྟན་པའི་སེམས་ཞེས་བྱའོ། །རྒྱུ་རིགས་སད་པ་དང་དགེ་རྩ་རྒྱས་པར་འགྱུར་བ་སྟེ་སྙིང་རྗེ་ཆེན་པོ་སྐྱེས་པ་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ཐོས་པ་དང་། དགེ་བ་གོམས་པ་སྟེ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ་པ་ལས་སྐྱེ་བ་བཞི་ནི་ལྡོག་པར་དཀའ་བས་བརྟན་པའི་སེམས་ཅེས་བྱའོ། །དེ་ལྟར་ཡང་། མདོ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་སོ། །འཕགས་རྒྱུད་ཀྱིས་བསྡུས་པ་ཞི་ལྷག་ཟུང་འདྲེལ་གྱི་ངོ་བོར་གྱུར་པའི་དོན་དམ་སེམས་བསྐྱེད་ནི། ཡོངས་འཛིན་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱས་ནས་དེ་ལས་གདམས་ངག་ནོད་པ་དང་། རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དུས་ཡུན་རིང་པོར་བསགས་པ་དང་། འབྲས་བུ་ཆོས་ཐམས་ཅད་རྣམ་པར་མི་རྟོགས་པའི་ཡེ་ཤེས་དང་པོར་སྐྱེ་བ་སྟེ། དེ་གསུམ་ལ་བརྟེན་ནས་སྦྱོར་ལམ་ཆོས་མཆོག་ཆེན་པོའི་རྟེན་ལས་དང་པོ་ཐོབ་པ་དང་མཚུངས་ལྡན་དུ་སྐྱེ་བ་ཡིན་ཏེ། དེ་ཉིད་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོགས་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་སོ། །གསུམ་པ་གྲོགས་ཀྱི་དབྱེ་བ་ལའང་། གསུམ་དུ་དབྱེ་བ་དང་། དྲུག་ཏུ་དབྱེ་བ་དང་། ཉེར་གཉིས་སུ་དབྱེ་བའོ། །དང་པོ་ནི། ལྷག་པའི་བསླབ་པ་གསུམ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་གསུམ་དུ་བཞག་སྟེ། ཡུམ་བར་མ་ལས། གང་ཁ་ན་མ་ཐོ་བ་སྡོམ་པའི་སེམས་དང་། དགེ་བའི་ཆོས་སྡུད་པའི་སེམས་དང་། སེམས་ཅན་སྨིན་པར་བྱེད་པའི་སེམས་བསྐྱེད་པ་འདི་གསུམ་ལ་ནན་ཏན་དུ་བྱའོ། །ཞེས་སོ། །གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལྟོས་ནས་བཞག་སྟེ། ཉི་ཁྲི་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སེམས་ཡངས་པ་ཚད་མེད་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་དུ་མ་གྱུར་པ་སྟེ། ཞེས་བཤད་པ་ལྟར་རོ། །གསུམ་པ་ནི། དཔེ་ཉེར་གཉིས་དང་ཆོས་མཐུན་པའི་གྲོགས་འདུན་པ་སོགས་ཉི་ཤུ་རྩ་གཉིས་དང་མཚུངས་པ་ལྡན་པའི་སེམས་བསྐྱེད་རྣམས་ཏེ། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་ལྟར་ཡིན་ལ། དེ་རྣམས་ཀྱི་དཔེ་གྲོགས་སྦྱོར་བའི་ཆོས་མཐུན་ཇི་ལྟར་བརྩི་བའང་འདི་ལྟར་སྟེ། བྱང་ཆུབ་ལ་འདུན་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ནི་ས་ལྟ་བུ་ཡིན་ཏེ། སངས་རྒྱས་དང་དེའི་རྒྱུ་ཚོགས་གཉིས་ཀྱི་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིར་གྱུར་པས་སོ། །དེའི་རྒྱུན་གནས་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་ནི་གསེར་ལྟ་བུ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་གཞན་ལ་ཕན་བདེ་སྒྲུབ་པའི་བསམ་པ་བཟང་པོ་བྱང་ཆུབ་ཀྱི་བར་འགྱུར་བ་མི་མངའ་བས་སོ། །བསམ་པ་དེ་ཉིད་ཆེས་ཆེར་འཕེལ་བའི་ལྷག་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་ནི་ཟླ་བ་ཚེས་པ་ལྟ་བུ་སྟེ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་སོགས་དགེ་བའི་ཆོས་མཐའ་དག་གོང་ནས་གོང་དུ་འཕེལ་བས་སོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དངོས་སུ་སྦྱོར་བའི་ཞི་ལྷག་གི་སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་ནི་མེ་ལྟ་བུ་ཡིན་ཏེ། སྒྲིབ་པའི་བུད་ཤིང་བསྲེགས་པ་ལ་མྱུར་བས་སོ། །སྦྱིན་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་གཏེར་ཆེན་པོ་ལྟ་བུ་སྟེ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱས་ཀྱང་མི་ཟད་པས་སོ། །ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་ཡིན་ཏེ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཀྱི་རིན་པོ་ཆེ་རྣམས་འབྱུང་བས་སོ། །བཟོད་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རྒྱ་མཚོ་ཆེན་པོ་སྟེ། མེ་མཚོན་སོགས་མི་འདོད་པའི་དངོས་པོ་ཐམས་ཅད་ཐོག་ཏུ་བབས་ཀྱང་ཡིད་མི་འཁྲུགས་པས་སོ། །བརྩོན་འགྲུས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རྡོ་རྗེ་ལྟ་བུ་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་ཡིད་ཆེས་བརྟན་པར་འགྱུར་པས་བདུད་བཞི་རྣམས་ཀྱིས་སྐབས་མི་ཕྱེད་པས་སོ། །བསམ་གཏན་གྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རི་ཡི་རྒྱལ་པོ་ལྟ་བུ་ཡིན་ཏེ། མཚན་མའི་རྣམ་པར་གཡེང་བས་ཏིང་ངེ་འཛིན་ལས་ཡིད་བསྐྱོད་མི་ནུས་པས་སོ། །བདག་མེད་གཉིས་རྟོགས་ཤེས་རབ་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་སྨན་ཆེན་པོ་ལྟ་བུ་ཡིན་ཏེ། ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་དང་། གཟུང་བར་རྟོག་པ་སོགས་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བར་བྱེད་པས་སོ། །ཐབས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་དགེ་བའི་བཤེས་གཉེན་ལྟ་བུ་སྟེ། སྙིང་རྗེ་དང་ཐབས་ལ་མཁས་པས་འབྱོར་རྒུད་གང་གི་དུས་སུའང་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བས་སོ། །སྨོན་ལམ་གྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། ཡིད་ལ་ཇི་ལྟར་སྨོན་པའི་འབྲས་བུ་མངོན་དུ་གྲུབ་པས་སོ། །སྟོབས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་ཉི་མ་ལྟ་བུ་ཡིན་ཏེ། གདུལ་བྱའི་རྒྱུད་ཀྱི་དགེ་བའི་ལོ་ཏོག་སྨིན་པར་བྱེད་པའི་མཐུ་དང་ལྡན་པས་སོ། །ཡེ་ཤེས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་དྲི་ཟའི་གླུ་དབྱངས་ལྟ་བུ་སྟེ། གདུལ་བྱའི་ཁམས་དབང་དང་མཐུན་པར་ཡིད་འདུན་པར་བྱེད་པའི་ཆོས་སྟོན་པས་སོ། །མངོན་ཤེས་དྲུག་དང་ལྡན་བའི་སེམས་བསྐྱེད་ནི་རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། གཞན་དོན་སྒྲུབ་པ་ལ་མཐུ་ཆེན་པོ་དང་ལྡན་པས་སོ། །ཚོགས་གཉིས་དང་ལྡན་པའི་སེམས་བསྐྱེད་ནི་བང་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་གནས་སུ་གྱུར་པས་སོ། །བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པའི་སེམས་བསྐྱེད་ནི་ལམ་པོ་ཆེ་ལྟ་བུ་ཡིན་ཏེ། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པར་འགྱུར་བས་སོ། །ཐབས་ཤེས་གཉིས་དང་ལྡན་པའི་སེམས་བསྐྱེད་ནི་བཞོན་པ་བཟང་པོ་ལྟ་བུ་ཡིན་ཏེ། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་ལྟུང་བར་མི་གནས་པའི་མྱང་འདས་ཀྱི་སར་བདེ་བླག་ཏུ་བགྲོད་པས་སོ། །རང་གི་ཐོས་པ་མི་བརྗེད་པར་འཛིན་པའི་གཟུངས་དང་གཞན་ལ་ཐོགས་མེད་དུ་འཆད་པའི་སྤོབས་པ་གཉིས་དང་ལྡན་པའི་སེམས་བསྐྱེད་ནི། བཀོད་མའི་ཆུ་ལྟ་བུ་སྟེ། བྲི་བ་དང་ཟད་པ་མེད་པས་སོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བའོ། །ཞེས་སྟོན་པའི་ཆོས་ཀྱི་དགའ་སྟོན་དང་ལྡན་པའི་སེམས་བསྐྱེད་ནི་སྒྲ་སྙན་ལྟ་བུ་ཡིན་ཏེ་སྙན་པར་བསྒྲགས་པས་སོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པའི་སེམས་བསྐྱེད་ནི། ཆུ་བོའི་རྒྱུན་ལྟ་བུ་སྟེ། གཞན་གྱི་དོན་དུ་འབད་རྩོལ་མེད་པར་ཤེས་རབ་དང་སྙིང་རྗེས་ངང་གིས་འཇུག་པས་སོ། །ཆོས་ཀྱི་སྐུ་དང་ལྡན་པའི་སེམས་བསྐྱེད་ནི་སྤྲིན་ལྟ་བུ་ཡིན་ཏེ། དགའ་ལྡན་གྱི་གནས་ན་བཞུགས་སྟེ། མཛད་པ་བཅུ་གཉིས་ཀུན་ཏུ་སྟོན་པའི་སྤྲིན་ཆེན་པོ་ལས་ཆོས་ཀྱི་ཆར་ཆེན་པོས་གདུལ་བྱའི་ལོ་ཏོག་སྨིན་པར་བྱེད་པས་སོ། །ཞེས་བཤད་པར་བྱའོ། །བཞི་པ་ས་མཚམས་ཀྱི་སྒོ་ནས་དབྱེ་བ་ལ་ཡང་། བཞིར་དབྱེ་བ་དང་། ལྔར་དབྱེ་བ་དང་། ཉེར་གཉིས་སུ་དབྱེ་བའི་ས་མཚམས་བསྟན་པའོ། །དང་པོ་ནི། རྒྱན་ལས། མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་པ་ལྟར། ཚོགས་སྦྱོར་ཀྱི་ལམ་ན་མོས་པས་སྤྱོད་པའི་སེམས་བསྐྱེད། ས་དང་པོ་ནས་བདུན་པའི་བར་དུ་ལྷག་བསམ་དག་པའི་སེམས་བསྐྱེད། །དག་པ་ས་གསུམ་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་ས་ན་སྒྲིབ་པ་སྤང་བའི་སེམས་བསྐྱེད་དང་བཞིར་བཤད་པའོ། །གཉིས་པ་ནི་ཉི་ཁྲི་ལས། ལས་དང་པོ་པའི་སེམས་བསྐྱེད་དང་། ཡོངས་སུ་སྦྱང་བ་བྱས་པའི་སེམས་བསྐྱེད་དང་། ཆོས་མཐོང་བའི་སེམས་བསྐྱེད་དང་། རྣམ་པར་གྲོལ་བའི་སེམས་བསྐྱེད་དང་། བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་པ་སྟེ། རབ་འབྱོར་འདི་ལ་མ་ཞུགས་པ་ཞུགས་པར་བྱའོ། །ཞུགས་པ་ཡོངས་སུ་སྦྱང་བར་བྱའོ། །ལྷའི་མིག་བསྐྱེད་པར་བྱའོ། །འཕགས་པའི་ལམ་བདེན་བསྒོམ་པར་བྱའོ། །སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་ཐོབ་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔའི་དབྱེ་བས་ལྔར་ཤེས་པར་བྱའོ། །གསུམ་པ་གོང་དུ་བཤད་པའི་སེམས་བསྐྱེད་ཉེར་གཉིས་པོ་ས་མཚམས་གང་དང་གང་ལ་བཞག་ཅེ་ན། རྒྱན་འགྲེལ་དོན་གསལ་ལས། དེ་ལ་དང་པོ་གསུམ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་ཀྱིས་ལས་དང་པོ་པའི་སས་བསྡུས་སོ། །དེའི་འོག་ཏུ་གཅིག་ནི་ས་དང་པོ་ལ་འཇུག་པའི་ལམ་གྱིས་བསྡུས་སོ། །དེའི་འོག་ཏུ་བཅུ་ནི། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུས་བསྡུས་ཏེ། མཐོང་བ་དང་། སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། །དེའི་འོག་ཏུ་ལྔ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་སོ། །དེའི་འོག་ཏུ་སེམས་བསྐྱེད་པ་གསུམ་ནི་སྦྱོར་བ་དང་དངོས་དང་མཇུག་གི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་སོ། །དེ་ལྟར་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི། ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ། །ཞེས་པའི་དོན། དང་པོ་གསུམ་ནི། ཚོགས་ལམ་ཆེ་འབྲིང་ཆུང་གསུམ་དང་། དེ་ནས་གཅིག་སྦྱོར་ལམ། དེ་ནས་ས་བཅུ་པོ་སོ་སོར་སྦྱར། དེ་ནས་ལྔ་དག་པ་ས་གསུམ་དང་། དེ་ནས་གསུམ་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་སྦྱོར་དངོས་མཇུག་གསུམ་ལ་ཀུན་མཁྱེན་ཆེན་པོས་གསུངས་སོ། །ལྔ་པ་བཞེད་ཚུལ་གྱི་སྒོ་ནས་དབྱེ་བ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད་ནས་རང་ཉིད་འཚང་རྒྱ་བར་འདོད་པ་ཕྱུགས་རྫི་ལྟ་བུ་དཔེ་མེད་པའི་སེམས་བསྐྱེད་དང་། བདག་གཞན་ཐམས་ཅད་དུས་མཉམ་དུ་སངས་རྒྱས་པར་འདོད་པ་ལ་མཉེན་པ་ལྟ་བུ་ཡེ་ཤེས་དམ་པའི་སེམས་བསྐྱེད་དང་། རང་ཉིད་སངས་རྒྱས་ནས་གཞན་དགྲོལ་བར་འདོད་པ་རྒྱལ་པོ་ལྟ་བུ་འདོད་ཆེན་གྱི་སེམས་བསྐྱེད་དང་གསུམ་དུ་ཡོད་ཅིང་། དེ་རྣམས་ཀྱང་བློ་སྟོབས་ཆེ་ཆུང་གིས་གྲངས་མེད་གསུམ་དང་། བདུན་དང་། སུམ་ཅུ་རྩ་བདུན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བར་འདོད་པ་ཡིན་ནོ། །གསུམ་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་ཀྱང་། མདོར་བསྡུ་ན། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། །བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམ་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང་། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། བཟང་པོ་སྤྱོད་པ་ལས། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་ཅིག་ཙམ་ཡང་དད་པ་བསྐྱེད་པ་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་གསུངས་པ་ལྟར་བསོད་ནམས་མཐའ་ཡས་སོ། །གསུམ་པ་མྱུར་དུ་སངས་རྒྱས་ཐོབ་པའི་གཞི་བྱང་ཆུབ་སེམས་དཔའི་བསླབ་པ་བསྟན་པ་ནི། རྒྱས་པར་གཞུང་ལས་ཤེས་པར་བྱའོ། །མདོར་ན་ཐེག་ཆེན་བྱང་ཆུབ་སེམས་ཀྱི་སྒོར་ཞུགས་ནས་བཟུང་། དགེ་བའི་རྩ་བ་ཆེ་ཕྲ་གང་བསྒྲུབས་ཀྱང་རུང་སྟེ། སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་ལ་བསྔོ་བ་གསུམ་གྱིས་ཟིན་པར་བྱ། དེ་ཡང་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཐག་པ་ནས་གཞན་དོན་ཁོ་ནར་བསམ་པ་མ་གཏོགས་རང་འདོད་ཀྱི་བསམ་པ་སྤུའི་རྩེ་མོ་ཙམ་ཞིག་ཀྱང་མ་འདྲེས་པར་བྱ་དགོས་ཏེ། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་རྒྱུར་བསྔོའོ། །ཞེས་པ་ལྟར་རོ། །གལ་ཏེ་རང་འདོད་ཀྱི་བསམ་པ་སྐད་ཅིག་མ་ཞིག་སྐྱེས་ན་ཡང་དེ་ནི་བྱང་ཆུབ་སེམས་དཔའ་ལ་ཤིན་ཏུ་ལྕི་བའི་ལྟུང་བ་ཡིན་ཏེ། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བ་མང་པོར་དགེ་བའི་ལས་ལམ་བཅུ། །སྤྱད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་སོ། །དེས་ན་དུས་དང་རྣམ་པ་ཐམས་ཅད་དུ་རང་གི་སེམས་རྒྱུད་ལ་བརྟག་པ་འདི་ཁོ་ན་གལ་ཆེ་སྟེ། སྤྱོད་འཇུག་ལས། དེ་ལྟའི་བདག་གིས་སེམས་འདི་ནི། །ལེགས་བཟུང་ལེགས་པར་བསྲུང་བར་བྱ། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པར། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་དང་། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་འདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའི་བསླབ་པའི་གནང་བཀག་ཐམས་ཅད་ཀྱི་ས་མཚམས་རང་འདོད་ཀྱི་ཞེན་འཁྲིས་ཡོད་མེད་ཁོ་ན་ལ་རག་ལས་པས་རྩ་བ་སེམས་ལ་ཐུག །སེམས་མི་ཉམས་པར་བསྲུང་བའི་ཐབས་ཀྱང་དྲན་པ་དང་ཤེས་བཞིན་གཉིས་སྲོག་གི་ཕྱིར་ཡང་མི་ཉམས་པ་ཞིག་བྱེད་དགོས་པ་ལགས་ཏེ། རྒྱལ་བའི་སྲས་པོ་ཞི་བ་ལྷས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབས་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་གསུངས་པ་འདི་ལ་སངས་རྒྱས་ཐོབ་པར་འདོད་པ་ཐམས་ཅད་ཀྱིས་ཁོག་པའི་ནང་གི་སྙིང་བཞིན་དུ་གཅེས་སྤྲས་སུ་མཛད་དགོས་པར་གདའ་ལགས། །རྒྱལ་བའི་བཀའ་གསང་ཤིན་ཏུ་རྒྱ་ཆེ་ཡང་། །ངེས་བའི་སྙིང་པོ་བྱང་ཆུབ་མཆོག་གི་སེམས། །གཅིག་པུ་ལགས་ཀྱི་འདི་ལ་ཆིག་དྲིལ་དུ། །ཉམས་ལེན་མཛད་ན་སངས་རྒྱས་ལག་རྩེར་ཡོད། །བདག་ནི་ཐོས་ཉུང་བློ་དམན་སྦྱངས་པ་ཕྲ། །དེ་ཕྱིར་ཕྱོགས་འདིར་ཉེས་པ་གང་བཤད་པའི། །སྡིག་དེ་ཐོག་མེད་ནས་བསགས་ལས་རྣམས་དང་། །ལྷན་ཅིག་ཆོས་ཀྱི་སྤྱན་ལྡན་རྣམས་ལ་བཤགས། །གལ་ཏེ་དམ་པའི་གསུང་གིས་བསྐྱེད་པའི་ཆ། །ལེགས་པའི་ཤས་ཙམ་འདི་ལ་ཡོད་སྲིད་ན། །དེ་མཐུས་མཐའ་ཡས་མ་རྒན་དྲིན་ཆེན་རྣམས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ཕྱིར་བསྔོ། །ཞིང་མང་དག་ན་རྒྱལ་སྲས་བྱེ་བའི་དབུས། །ལྷམ་མེར་མཛེས་པའི་རྒྱལ་བའི་སྐུ་མཆོག་དག །མཐོང་ནས་ཆོས་མིག་རྡུལ་དང་བྲལ་གྱུར་ཏེ། །ཀུན་བཟང་སྤྱོད་པ་རྒྱ་མཚོར་བརྩོན་པར་ཤོག །ཅེས་པ་འདི་ནི་དགེ་བའི་བཤེས་གཉེན་དམ་པ་གང་གི་གསུང་མི་ལྡོག་ཙམ་དུ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཐོབ་པའི་བཙུན་གཟུགས་པདྨ་བཛྲ་དུ་འབོད་པས་བྲིས་ཏེ་ཕུལ་བས་བདག་ཀྱང་ཐེག་པ་ཆེན་པོའི་ལམ་ལ་ཚུལ་བཞིན་དུ་སློབ་པའི་སྐལ་བ་དང་ལྡན་པའི་རྒྱུར་གྱུར་ཅིག། དགེའོ།། མངྒལཾ།།
དབུ་མའི་གཏན་ཚིགས་ལྔའི་བསྡུས་འགྲེལ་དཱི་པཾ་ཀ་རའི་ཞལ་ལུང་།
༄༅།།དབུ་མའི་གཏན་ཚིགས་ལྔའི་བསྡུས་འགྲེལ་དཱི་པཾ་ཀ་རའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། དཔལ་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་སྤྲོས་པ་ཀུན་བྲལ་བ། །རྟོག་པའི་ཡུལ་མིན་མཚན་མའི་ཆོས་ལས་འདས། །དོན་དམ་ཉིད་དེ་འཕགས་པའི་ཡེ་ཤེས་ཀྱིས། །གཉིས་མེད་ཚུལ་དུ་ཇི་བཞིན་གཟིགས་པ་ལགས། །ཡེ་ཤེས་མཆོག་དེ་བསྐྱེད་ཕྱིར་རྣལ་འབྱོར་པས། །ཐོག་མར་ཚོགས་ཀྱི་ལམ་ལ་གོམས་བྱས་ནས། །ཕྱི་ནས་ངེས་འབྱེད་དྲོད་སོགས་བཞིར་རིམ་བཞིན། །ཞི་གནས་བསྒྲུབ་བྱ་ལྷག་མཐོང་བསྐྱེད་པར་བྱ། །དེ་ལ་ཐོག་མར་ཞི་གནས་བརྟན་བསྒྲུབ་དེ་ཡིས་ཆོག་པར་མི་འཛིན་ཅིང་། །ཁམས་གསུམ་ཀུན་གྱི་སྐྱེ་བའི་འབྱུང་གནས་ཉོན་མོངས་རྩ་བ་དབྱུང་བ་དང་། །ཐབས་ཤེས་ཟུང་འདྲེལ་ཚོགས་གཉིས་མཆོག་རྫོགས་སྲིད་པའི་ཕ་རོལ་འགྲོ་འདོད་པས། །ཆོས་རྣམས་ཀུན་ལ་རྣམ་པར་མི་རྟོག་ལྷག་མཐོང་ཡེ་ཤེས་ཉིད་བསྐྱེད་བྱ། །དེ་རྒྱུ་ཐོས་བསམ་བསྒོམ་པ་ལས་བྱུང་ཤེས་རབ་ཏེ། །དེ་ལས་རེ་ཞིག་སྒོམ་པའི་ཤེས་རབ་ཅེས་བྱ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་ཆོས་རྣམས་ལས། །སོ་སོར་བརྟགས་ཏེ་དེ་ཡི་རང་བཞིན་སྟོང་རྟོགས་པའོ། །བརྟགས་ཚུལ་དེ་ཡང་གང་ཞེ་ན། །ལུང་དང་རིག་པ་མན་ངག་གོ། །ལུང་དང་འདྲེལ་བའི་མན་ངག་ལས། །བྱུང་བའི་རིག་པ་མདོར་བསྡུ་ན། །གཏན་ཚིགས་ཆེན་པོ་བཞིའམ་ནི། །ལྔ་ཞེས་ཀླུ་སྒྲུབ་ཡབ་སྲས་ཀྱི། །རྗེས་འབྲང་དབུ་མ་རྣམས་བཞེད་ལ། །དེ་ཚུལ་འདིར་ནི་ཉུང་གསལ་བྲི། །དེ་ལ་འདིར་སྐྱེས་བུ་མཁས་པ་དག །ལམ་དབུ་མ་ཚོགས་གཉིས་ལ་བརྟེན་ནས། འབྲས་བུ་དབུ་མ་སྐུ་གཉིས་མངོན་དུ་བྱ་བར་འདོད་པས། གཞི་དབུ་མ་བདེན་གཉིས་གཏན་ལ་དབབ་པར་བྱའོ། །དེ་ཡང་དོན་དམ་པར་སྤྲོས་པ་ཐམས་ཅད་བྲལ་ཞིང་ཁས་ལེན་མེད་པར་དབུ་མ་པ་ཐམས་ཅད་མཚུངས་ཀྱང་། ཀུན་རྫོབ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཐ་སྙད་དུ་གྲུབ་པར་ཁས་ལེན་མི་ལེན་གཉིས་སུ་ཡོད། མི་ལེན་པ་ནི་དོན་དམ་སྟོང་པ་ཉིད་ཁོ་ན་ཡུལ་དུ་བྱས་ནས་བཤད་པ་དང་། ཕྱི་རོལ་པ་དང་རང་སྡེ་དངོས་སྨྲ་བའི་གྲུབ་མཐའ་པ་རྣམས་དང་རྩོད་པའི་ཚེ་ན་དགོངས་པ་དང་དགོས་པའི་དབང་ལས་ཡིན་ལ། མགོན་པོ་ཀླུ་སྒྲུབ་ཀྱིས། གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང་། རྩོད་བཟློག་ལས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱི་འགའ་ཞིག་དམིགས་ན་ནི། །སྒྲུབ་པའམ་དགག་པར་བྱ་བ་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་དང་། ཟླ་གྲགས་ཀྱིས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླང་། །ཞེས་གསུངས་པ་ལྟར་ཀུན་རྫོབ་ཐ་སྙད་ཙམ་དུ་གྲུབ་པའང་ཞལ་བཞེས་མི་མཛད་དོ། །འདིར་ལམ་ཤེས་རབ་ཀྱི་གྲོལ་བའི་གནས་སྐབས་ལམ་རྗེས་ཐོབ་པ་ཐ་སྙད་དུ་ཡུལ་དུ་བྱེད་དུས་སྣང་ཚུལ་ཙམ་དུ་མི་འགོག་པར་ཆོས་ཐམས་ཅད་རྟེན་འབྱུང་སྒྱུ་མ་ཙམ་དུ་ཀུན་རྫོབ་བདེན་པའང་ཁས་བླང་བར་བྱ་བ་ཉིད་ཡིན་ཏེ། ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་ན། །ཐམས་ཅད་མཁྱེན་པའང་ཐོབ་མི་འགྱུར། །ཞེས་གསུངས་པ་ལྟར་དོན་དམ་སྟོང་པ་ཉིད་གཏན་ལ་འབེབས་པའི་ཐོག་མར་སྟོང་གཞི་ཆོས་ཅན་ངེས་དགོས་པའི་ཕྱིར་ཡང་ཁས་བླངས་ཏེ། འགྲེལ་པ་ཚིག་གསལ་ལས། ཆུ་འདོད་པས་སྣོད་ལྟར་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ནི་གདོན་མི་ཟ་བར་ཁས་བླང་བར་བྱའོ། །ཞེས་དང་། འཇུག་འགྲེལ་ལས། ཕྱོགས་འདི་ནི་མཁས་པ་དག་གིས་སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པའོ་སྙམ་དུ་བསམས་ཏེ་གདོན་མི་ཟ་བར་ཁས་བླང་བར་བྱའོ། །ཞེས་དང་། ཟླ་གྲགས་ཀྱིས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམས་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་དུ་ཞུགས། །ཞེས་གསུངས་པ་ལྟར། སྟོང་ཉིད་ལ་འཇུག་པའི་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ཇི་ལྟར་སྣང་བ་བཞིན་ཁས་བླང་བར་བྱའོ། །དེ་ནས་དོན་དམ་བདེན་པ་ལ་འཇུག་པར་བྱ་སྟེ། འདི་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་དུ་གཏན་ཚིག་ཆེན་པོ་དག་གིས་གཏན་ལ་ཕབ་ཅིང་ཆོས་ཐམས་ཅད་སྟོང་པ་ཉིད་དོ་སྙམ་དུ་བསྒོམ་པར་བྱའོ། །དེ་བརྟན་པར་གྱུར་ནས་སྟོང་འཛིན་གཉེན་པོའི་བློ་དེ་ཡང་རང་བཞིན་མེད་པར་གོམས་པར་བྱའོ། །དེ་ལྟར་སྒོམ་པའི་དགོས་པ་ཡང་། སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །ཕྱི་ནས་དེ་ཡང་སྤང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཡུལ་གཟུང་འཛིན་གྱི་ཤིང་བུ་མཐའ་དག་ཡུལ་ཅན་སོ་སོར་རྟོགས་པའི་ཤེས་རབ་ཀྱི་མེས་བསྲེག་ནས་ཤེས་རབ་ཉིད་རྟེན་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཀློང་དུ་ཞི་བར་གྱུར་པ་དེའི་ཚེ་འབྲས་བུ་ཆོས་ཀྱི་སྐུའི་རྒྱུ་སྣང་མེད་ཡེ་ཤེས་ཀྱི་ཚོགས་རླབས་བོ་ཆེ་ཡང་རྫོགས་པ་ཡིན་ཏེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགགས་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཞེས་སོ། དེའི་དུས་སུ་དམིགས་པ་དང་ཡིད་ལ་བྱེད་པ་ཕྲ་མོ་ཙམ་ཡང་ཡོད་པ་མ་ཡིན་ཏེ། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་ཡིན་ཏེ། སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །འདུ་ཤེས་རྣམ་པར་བཤིགས་ཏེ་སྤང་བ་ཕ་རོལ་འགྲོ། །ཞེས་པ་ལྟར་རོ། །དེས་ན་སྟོང་པ་ཉིད་མངོན་དུ་བྱས་ནས་བསྒོམ་པར་བྱ་བ་ཡང་ཆོས་ཐམས་ཅད་ལ་སོ་སོར་བརྟགས་པ་སྔོན་དུ་འགྲོ་བས་ཡིན་གྱིས། བརྟགས་མིན་གྱི་འགོགས་པའི་འདུ་བྱེད་བཏང་སྙོམས་དང་ཤེས་པ་ལུང་མ་བསྟན་གྱི་ངང་ལ་བཞག་པ་ཙམ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོགས། །སོ་སོར་དེ་བརྟགས་དེ་ལྟར་བསྒོམ་ན་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་གསུངས་པ་ལྟར་ཡིན་པས་ཐོག་མར་སོ་སོར་བརྟགས་པའི་ཤེས་རབ་འདི་ལྟར་བསྐྱེད་པར་བྱ་སྟེ། ཆོས་འདི་དག་མདོར་ན་གཟུགས་དང་གཟུགས་ཅན་མ་ཡིན་པའོ། །དེ་དག་ཀྱང་རང་བཞིན་གྱིས་མ་གྲུབ་པ་སྟེ་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ཅིས་ཤེས། གཏན་ཚིག་ཆེན་པོ་བཞིའམ་ལྔ་དག་གིས་སོ། །དེ་དག་གང་ཞེ་ན། ཡོད་མེད་སྐྱེ་འགོག་གི་གཏན་ཚིག་དང་། རྡོ་རྗེ་གཟེག་མའི་དང་། གཅིག་དང་དུ་བྲལ་གྱི་དང་། རྟེན་འདྲེལ་ཆེན་པོའི་གཏན་ཚིག་ཞེས་བྱ་བའི་བཞི་པོ་འདི་དག་གམ། ཡང་ན་དོན་བྱེད་འགོག་པའི་གཏན་ཚིག་དང་ལྔའོ། །དེ་དག་གིས་ཚུལ་ཇི་ལྟར་ཞེ་ན། གོ་སླ་ཞིང་ཁུངས་བཙུན་པའི་ཕྱིར། སློབ་དཔོན་མཁས་པ་ཆེན་པོ་དི་པཾཀ་ར་ཤྲཱི་ཉྫཱ་ནའི་གཞུང་འདི་བཞག་པར་བྱའོ། །ཇི་ལྟར་ན། ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པའང་ནམ་མཁའི་མེ་ཏོག་བཞིན། །ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར། །གཉིས་ཀ་དག་ཀྱང་འབྱུང་བ་མིན། །ཞེས་པས་ཡོད་མེད་སྐྱེ་འགོགས་ཀྱི་གཏན་ཚིག་བསྟན་ཏེ། འདི་ན་ཆོས་གང་དག་ཡོད་པ་ནི་སྐྱེ་བར་མི་འགྱུར་ཏེ། སྐྱེས་ཟིན་པའི་ཕྱིར། མེད་པའི་ཆོས་ཀྱང་སྐྱེ་བར་མི་འགྱུར་ཏེ། དེ་དག་རང་བཞིན་ཉིད་ཀྱིས་མ་གྲུབ་ཅིང་སྐྱེ་བའི་རྒྱུ་མེད་པའི་ཕྱིར་རོ། །གཉིས་ཀ་ཞེས་པའི་ཕུང་པོ་གསུམ་པ་ནི་འདི་ན་འགའ་ཡང་མེད་དོ། །དེའི་དོན་ཞི་བ་ལྷས་ཀྱང་། དངོས་པོ་ཡོད་པར་གྱུར་པ་ལ། །རྒྱུ་རྣམས་ཀྱིས་ནི་ཅི་ཞིག་བྱ། །འོན་ཏེ་དེ་ནི་མེད་ན་ཡང་། །རྒྱུ་རྣམས་ཀྱིས་ནི་ཅི་ཞིག་དགོས། །ཞེས་གསུངས་སོ། །ཚུལ་འདི་ཀུན་མཁྱེན་གྱིས་མཛོད་འགྲེལ་པདྨ་དཀར་པོ་ན་གསལ་བར་གསུང་སྟེ། སྣ་ཚོགས་སུ་སྣང་བ་འདི་ཆོས་ཅན། ངོ་བོ་མེད་པར་ཐལ། ངོ་བོ་ཡོད་མེད་ཀྱི་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །དེའང་བུམ་པ་ཉིད་བུམ་པར་ཡོད་དུས་སྐྱེ་ན་བུམ་པ་གྲུབ་ཟིན་པའི་ཕྱིར་སྐྱེ་བ་མི་འཐད་ལ། མེད་དུས་སྐྱེ་ན་མེད་པ་ལས་ཡོད་པར་འབྱུང་མི་སྲིད་པས་དེ་རྫས་འགལ་བའི་ཕྱིར་རོ། །ཞེས་སོ། །ཡང་སློབ་དཔོན་གྱིས། དངོས་པོ་རང་ལས་མི་སྐྱེ་ཞིང་། གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མིན་དེ་ཡི་ཕྱིར། །ངོ་བོ་ཉིད་ནི་རང་བཞིན་མེད། །ཅེས་བྱ་བ་འདིས་རྡོ་རྗེ་གཟེགས་མ་བསྟན་ཏེ། འདི་ལྟར་བདག དབང་ཕྱུག སྐྱེས་བུ་དང་། གཙོ་བོ་དང་། ལས་དང་། རང་བཞིན་དང་། ཡོན་ཏན་དང་། ཚངས་པ་དང་། ཁྱབ་འཇུག་དང་། ལྷ་ཆེན་པོ་ལ་སོགས་པ་ཕྱི་དང་ནང་གི་བྱེད་པའི་སྐྱེས་བུ་དང་། གཞན་ཡང་རང་གི་སྡེ་པ་དག་ཀྱང་རྒྱུ་དྲུག་དང་རྐྱེན་བཞིས་དངོས་པོར་སྐྱེ་བར་ཁས་ལེན་པ་དེ་དག་ནི་ལོག་པར་རྟོག་པ་ཡིན་ཏེ། དེ་དག་དགག་པའི་ཕྱིར། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང་། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དབུ་མ་རྩ་བ་ཤེས་རབ་ལས་གསུངས་སོ། །དེའི་དོན་ཟླ་བ་གྲགས་པས་མཐའ་བཞིའི་སྐྱེ་བ་འགོག་པའི་རིགས་པ་དམ་བཅའ་བཞི་མཛད་དེ། འཇུག་པ་ལས། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །གཉིས་ཀ་ལས་ཀྱང་མ་ཡིན་རྒྱུ་མེད་པ་ནི་ག་ལ་ཡོད། །ཞེས་པ་ལྟར་ལས། དང་པོ་རྒྱུ་རང་ལས་འབྲས་བུ་རང་སྐྱེ་བར་མི་རུང་སྟེ་རང་ཉིད་སྔར་གྲུབ་པས་གསར་དུ་སྐྱེ་བའི་ཡོན་ཏན་གསར་ཐོབ་མེད་པ་དང་། རྒྱུ་འབྲས་གཉིས་སུ་དུས་དང་ངོ་བོ་རྫས་རྣམས་གཅིག་པས་རྒྱུ་སྐྱེད་བྱེད་དང་འབྲས་བུ་བསྐྱེད་བྱར་མི་རུང་བ་དང་། ནམ་ཡང་རང་ལས་སྐྱེ་བ་རང་ཡིན་པའི་ཕྱིར་ས་བོན་སྲིད་མཐར་ཐུག་པར་སྐྱེ་བ་ལས་འབྲས་བུ་མྱུ་གུ་སོགས་མི་སྐྱེ་བར་ཐལ་ཏེ། འཇུག་པ་ལས། དེ་ནི་དེ་ལས་བྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་ཉིད། །སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། །མྱུ་གུ་ལ་སོགས་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང་། །ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར། །ཞེས་སོ། །འདི་ཉིད་མཛོད་འགྲེལ་ལས་ཀྱང་། རང་ལས་སྐྱེ་བ་མ་གྲུབ་སྟེ། །བསྐྱེད་བྱ་སྐྱེད་བྱེད་རྫས་འགལ་བའི་ཕྱིར་རོ། །ཞེས་སོ། །གཉིས་པ་ལ་རྒྱུ་གཞན་ལས་འབྲས་བུ་གཞན་སྐྱེ་བར་མི་རུང་སྟེ། རྒྱུ་སྣང་བའི་བདག་ཉིད་ཅན་མེ་ལྕེ་ལས་ཀྱང་འབྲས་བུ་སྒྲིབ་པའི་མཚན་ཉིད་ཅན་མུན་པ་སྟུག་པོ་སྐྱེ་བ་དང་། རྒྱུ་ཡིན་མིན་ཐམས་ཅད་ལས་ཀྱང་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་བར་ཐལ་ཏེ། འཇུག་པ་ལས། གཞན་ལས་གལ་སྟེ་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང་། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་པར་བྱེད་པ་མ་ཡིན་མ་ལུས་ལ་ཡང་གཞན་ཉིད་མཚུངས། །ཞེས་གསུངས་པ་དང་། མཛོད་འགྲེལ་ལས་ཀྱང་། གཞན་ལས་གཞན་ཉིད་སྐྱེ་ན་མེ་ལྕེ་ལས་ཀྱང་མུན་པ་སྐྱེ་བར་ཐལ་ཏེ་གཞན་ཡིན་པའི་ཕྱིར་རོ། །ཞེས་སོ། གསུམ་པ་བདག་གཞན་གཉིས་ཀའི་ཆ་ལས་སྐྱེ་བར་མི་རུང་བ་ནི་གོང་གི་རིགས་པ་གཉིས་ཀྱིས་རིམ་བཞིན་བསྟན་པས་ཆོག་པ་ཡིན་ཏེ། འཇུག་པ་ལས། གཉིས་ལས་སྐྱེ་བའང་རིག་པའི་ངོ་བོ་མ་ཡིན་གང་གི་ཕྱིར། །བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་བབ་པ་ཡིན་ཕྱིར་རོ། །ཞེས་གསུང་། མཛོད་འགྲེལ་པདྨ་དཀར་པོར་ཡང་། རྒྱུ་ཡོད་མེད་ལས་སྐྱེ་བ་རྫས་འགལ་བས་མ་གྲུབ་པའི་ཤུགས་ཀྱིས་གཉིས་ལས་སྐྱེ་བ་ཁེག་གོ། །ཞེས་སོ། །བཞི་པ་རྒྱུ་མེད་པ་ལས་སྐྱེ་བ་མི་རུང་སྟེ། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བ་དང་། ས་བོན་མ་བཏབ་བར་སྐྱེ་བ་དང་། བཏབ་ཀྱང་མི་སྐྱེ་བ་དང་། ལོ་ཏོག་གི་ཆེད་དུ་ཞིང་ལས་ཀྱི་བྱ་བ་ཐམས་ཅད་དོན་མེད་པར་ཐལ་ཏེ། འཇུག་པ་ལས། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བ་ལྟ་ཞིག་འགྱུར་ན་ནི། །དེ་ཚེ་མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡི་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པ་ཡང་མི་འགྱུར། །གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་གྱུར་ན་ནམ་མཁའ་ཡི། །ཨུད་པ་ལ་ནི་དྲི་མདོག་ཇི་བཞིན་བཟུང་དུ་མེད་ཉིད་ན། །ཞེས་གསུངས་སོ། །ཀུན་མཁྱེན་གྱིས་ཀྱང་། རྒྱུ་མེད་ལས་སྐྱེ་བ་ཧ་ཅང་ཐལ་ཏེ་ནམ་མཁའ་ལས་ཨུཏྤ་ལ་སྐྱེ་བར་ཐལ་བའི་ཕྱིར་རོ། །ཞེས་སོ། །ཡང་སློབ་དཔོན་གྱིས། ཡང་ན་ཆོས་རྣམས་ཐམས་ཅད་དག །གཅིག་དང་དུ་མར་རྣམ་དཔྱད་ན། །ངོ་བོ་ཉིད་ཀྱིས་མི་དམིགས་པས། །རང་བཞིན་མེད་པ་ཉིད་དུ་ངེས། །ཞེས་བྱ་བ་འདིས་ནི་གཅིག་དང་དུ་མ་བྲལ་བའི་གཏན་ཚིག་བསྟན་ཏེ། ཡང་ན་ཞེས་བྱ་བ་འདིའི་དོན་ནི་བསྟན་པའོ། །གཅིག་དང་དུ་མས་རྣམ་དཔྱད་ན། །ཞེས་པའི་དོན་ནི། སློབ་དཔོན་ཞི་བ་འཚོས་བཤད་དེ། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་དོན་དུ་རང་བཞིན་མེད། །གཅིག་དང་དུ་མ་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་གསུངས་སོ། །དེའི་དོན་ནི། རང་འགྲེལ་རང་བཞིན་ཡོད་པར་གྱུར་ན་ནི་གཅིག་པའམ་གཅིག་ཤོས་ལས་མི་འདའ་འོ། །དེ་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་གཞན་སེལ་བར་བྱེད་དོ། །རང་གི་སྡེ་པ་དང་ཕྱི་རོལ་པ་དག་གིས་སྨྲས་པའི་ཕུང་པོ་དང་། གཙོ་བོ་ལ་སོགས་པ་དེ་དག་ཡང་དག་པར་ན་མེད་དེ། རང་བཞིན་གསལ་བར་ཤེས་སོ། །ཞེས་གསུངས། དེ་ལ་ཐོག་མར་དངོས་པོ་འདི་དག་གཅིག་པ་ཉིད་དུ་མེད་པར་ཤེས་ན་དུ་མར་མེད་པ་ཚེགས་མི་དགོས་པར་རྟོགས་པར་འགྱུར་ཏེ། དུ་མ་གཅིག་བསགས་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་དབུ་མ་རྒྱན་ལས། དངོས་པོ་གང་ཞིག་རྣམ་དཔྱད་ན། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡོད་མིན་པ། །དེ་ལ་དུ་མ་དག་ཀྱང་མེད། །ཅེས་པའི་འགྲེལ་པར། གང་ལ་གཅིག་པའི་རང་བཞིན་མི་འཐད་པ་དེ་དུ་མའི་བདག་ཉིད་དུ་ཁས་བླང་བར་རིགས་པ་མ་ཡིན་པ་ཉིད་དེ། འདི་ལྟར་དུ་མ་ནི་གཅིག་བསགས་པའི་མཚན་ཉིད་དོ། །ཞེས་སོ། དེ་ལྟར་རགས་པའི་རྩོམ་བྱེད་རྡུལ་ཕྲ་རབ་རང་བཞིན་མེད་པར་བསྟན་པ་ནི། དེ་ཉིད་ལས། བསྒྲིབ་དང་མ་བསྒྲིབ་དངོས་སོགས་ཕྱིར། །རགས་པ་རྣམས་ཀྱང་གཅིག་པུ་མིན། །འབྱར་བའམ་ནི་བསྐོར་བ་དང་། །བར་མེད་རྣམ་པར་གནས་ཀྱང་རུང་། །དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་བལྟ་བར་ཡང་། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་དེ་ལྟ་བུ། །ས་ཆུ་ལ་སོགས་རྒྱས་འགྱུར་རམ། །རྡུལ་ཕྲན་གཞན་ལ་བལྟ་བའི་ངོས། །གལ་ཏེ་གཞན་དུ་འདོད་ན་ནི། །རབ་ཏུ་ཕྲ་རྡུལ་ཇི་ལྟར་བུར། །གཅིག་པུ་ཆ་ཤས་མེད་པར་འགྱུར། །རྡུལ་ཕྲན་རང་བཞིན་མེད་གྲུབ་པ། །དེ་ཕྱིར་མིག་དང་རྫས་ལ་སོགས། །བདག་དང་གཞན་སྨྲས་མང་པོ་དག །རང་བཞིན་མེད་པར་མངོན་པ་ཡིན། །ཞེས་པས་སོ། །རྣམ་ཤེས་དོན་དམ་དུ་འདོད་པའི་ལུགས་ཀྱིས་ཤེས་པ་དེ་ཡང་གཅིག་པུའི་ངོ་བོར་མེད་དོ། །དེ་ཉིད་ལས། བེམ་མིན་རང་བཞིན་གང་ཡིན་པ། །དེ་འདིའི་བདག་ཉིད་ཤེས་པ་ཡིན། །གཅིག་པུ་ཆ་མེད་རང་བཞིན་ལ། །གསུམ་གྱི་རང་བཞིན་མི་འཐད་ཕྱིར། །དེ་ཡི་རང་གི་རིག་པ་ནི། །བྱ་དང་བྱེད་པའི་དངོས་པོར་མིན། །ཅེས་སོ། །དེ་ཡང་ཤེས་པའི་སྐད་ཅིག་མ་དེ་ལ་འཕྲད་པ་བརྟགས་པས། སྐད་ཅིག་མ་རང་བཞིན་མེད་པར་ཤེས་སོ། །ཡང་ན་ཡུལ་གྱི་རྣམ་པ་བཞིན་ཤེས་པའང་དུ་མར་འགྱུར་ཏེ། རྣམ་པ་རྣམས་དང་མ་བྲལ་བས། །རྣམ་ཤེས་གཅིག་པུ་མི་འགྱུར་རོ། །ཞེས་སོ། །དེ་ལྟར་ན་གཅིག་པུ་མ་གྲུབ་བོ། །དེ་ལྟར་གཅིག་དང་དུ་མ་བྲལ་བ་དེའི་ཚེ་དེ་ལས་གཞན་པའི་ཕུང་གསུམ་པ་ནི་འགའ་ཡང་མེད་དོ། །དེ་ཉིད་ལས། གཅིག་དང་དུ་མ་མ་གཏོགས་པར། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་གསུངས། ཚུལ་འདི་ཡང་མཛོད་འགྲེལ་ལས། དོན་དུ་སྣང་བ་ཆོས་ཅན། དངོས་དང་དངོས་མེད་གང་དུ་ཡང་མ་གྲུབ་པར་ཐལ། གཅིག་དང་དུ་མ་བྲལ་བའི་ཕྱིར་ཆུ་ཟླ་བཞིན། ཞེས་སོ། །གཞན་ཡང་སློབ་དཔོན་གྱིས། སྟོང་ཉིད་བདུན་ཅུའི་རིགས་པ་དང་། དབུ་མ་རྩ་བ་སོགས་ལས་ཀྱང་། དངོས་པོ་རྣམས་ཀྱི་རང་བཞིན་ནི། །སྟོང་པ་ཉིད་དུ་འགྲུབ་པར་བཤད། །ཞེས་བྱ་བ་འདིས་ནི་རྟེན་ཅིང་འདྲེལ་བར་འབྱུང་བའི་གཏན་ཚིག་བསྟན་ཏེ། འདིའི་དོན་ཡང་གཞུང་དེ་དག་ཉིད་དུ་བལྟ་བར་བྱའོ། །ཞེས་གསུངས་སོ། །དེ་ལྟར་ཡང་། རྩ་བ་ཤེས་རབ་ལས། རྟེན་ཅིང་འདྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པས། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རྟེན་ཅིང་འདྲེལ་བར་འབྱུང་བ་འབའ་ཞིག་ལས་གཞན་དུ་མེད་ལ་རྟེན་ཅིང་འདྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་རྒྱུ་དང་རྐྱེན་ལས་སྐྱེ་བ་གཞན་ལ་རགས་ལས། རང་བཞིན་གྱིས་མ་གྲུབ་པ་སྣང་དུས་ཉིད་ནས་སྟོང་པར་གནས་པ་སྟེ་སྒྱུ་མའི་རྟ་གླང་དང་མེ་ལོང་གི་གཟུགས་བརྙན་བཞིན་ནོ། །དེ་ཉིད་ལས། གཟུགས་སྒྲ་དྲི་རོ་རེག་པ་དང་། །ཡིད་དང་ཆོས་དག་འབའ་ཞིག་སྟེ། །རྟེན་ཅིང་འདྲེལ་བར་འབྱུང་བའི་ཕྱིར། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །སྒྱུ་མའི་སྐྱེས་བུ་ལྟ་བུ་དང་། །གཟུགས་བརྙན་འདྲ་བ་དེ་དག་ལས། །སྡུག་པ་དང་ནི་མི་སྡུག་པ། །འབྱུང་བར་ཡང་ནི་ག་ལ་འགྱུར། །ཞེས་སོ། །རྒྱུ་སྔ་མ་ལ་རྟེན་ཅིང་རྐྱེན་རྣམས་དང་འདྲེལ་བར་འབྲས་བུ་འབྱུང་བ་དེ་ནི་རྟེན་ཅིང་འདྲེལ་བར་འབྱུང་བ་ཡིན་ཅིང་། དེ་ལ་ཕྱིའི་རྟེན་འདྲེལ་དང་། ནང་གི་རྟེན་འདྲེལ་གཉིས་སུ་དབྱེ་བ་སོགས་རྒྱས་པར་ནི་ས་ལུ་ལྗང་པའི་མདོ་ལས་ཤེས་པར་བྱ་བ་ཡིན་ལ། འདིར་ནི་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ཇི་ལྟར་འཇིམ་པའི་གོང་བུ་ལས་རྫ་མ་བྱུང་བ་དེ་བཞིན་དུ་ཐག་པས་སྣམ་བུ་དང་། རྩིད་རྐྱང་ལས་རེ་ལྡེ་དང་། ས་བོན་ལས་མྱུ་གུ་དང་། སྲུབ་པ་ལ་སོགས་པ་མིའི་ནན་ཏན་དང་ཞོ་ལས་མར་འབྱུང་འདི་ནི། བློ་གྲོས་ཆེན་པོ་ཕྱིའི་རྟེན་ཅིང་འདྲེལ་བར་འབྱུང་བ་སྔ་མ་ལས་ཕྱི་མ་འབྱུང་བའོ། །ནང་གི་རྟེན་ཅིང་འདྲེལ་བར་འབྱུང་བ་ནི་འདི་ལྟ་སྟེ། མ་རིག་པ་དང་སྲེད་པ་ལས་ཆོས་འདི་དག་ལ་སོགས་ནི་ནང་གི་རྟེན་ཅིང་འདྲེལ་བར་འབྱུང་བ་ཞེས་བྱ་བའི་མིང་འཐོབ་བོ། །ཞེས་སོ། །དེ་ལྟ་བུའི་རྟེན་འདྲེལ་གྱི་ཚུལ་ལེགས་པར་ཤེས་ན་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་དང་། ཐ་སྙད་ཙམ་དུ་བརྟེན་ནས་གདགས་པ་ཡང་མི་འགལ་བའི་ཕྱིར་ལམ་དབུ་མ་ཆེན་པོ་རྟོགས་པ་ཡིན་ཏེ། རྩ་ཤེས་ལས། རྟེན་ཅིང་འདྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ལ་བརྟེན་ནས་གདག་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་སོ། །དེས་གཏན་ཚིག་བཞིའི་མདོ་ཙམ་སྨྲོས་ནས། ལྔ་པ་དོན་བྱེད་འགོག་པའི་གཏན་ཚིག་ནི། ཀུན་མཁྱེན་གྱིས། ཤེས་བྱ་རྣམས་ཆོས་ཅན། དངོས་པོ་མ་གྲུབ་པར་ཐལ། དོན་བྱེད་པ་མ་གྲུབ་པའི་ཕྱིར་རོ། །སྐད་ཅིག་གིས་དོན་མི་བྱེད་དེ། དོན་བྱེད་པར་བཟོ་དུས་འགགས་ནས་མེད་དོ། །རིམ་གྱིས་མི་བྱེད་དེ། སྐད་ཅིག་རྒྱུན་ཁེགས་པས་ཞེས་གསུངས་སོ། །སློབ་དཔོན་གཞན་དག །རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག །གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག །ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ། རྟེན་འདྲེལ་ཆེན་པོའི་གཏན་ཚིག་དང་ལྔ་ཞེས་ཀྱང་བཞེད་དོ། །ཀུན་མཁྱེན་གྱིས་སྔ་མ་དག་གི་སྟེང་དུ་རྟག་འཇིག་མེད་པ་དང་། འགྱུར་མི་འགྱུར་དང་། ཆོས་བཞི་འགོག་པའི་གཏན་ཚིག་གསུམ་དང་བརྒྱད་དུ་བཞེད་དེ། འདི་དག་ནི་མདོར་ན་རིགས་པའི་སྒོ་ཙམ་སྨོས་པ་ཡིན་གྱི་གཏན་ཚིག་བཞིའམ་ལྔ་ལ་སོགས་པ་ངེས་པ་མེད་དེ། གཏན་ཚིག་འདི་དག་གིས་ཚད་མས་གཏན་ལ་དབབ་ཅིང་མཐར་ཐུག་གི་དོན་ལ་མི་བསླུ་བའི་རིགས་པའི་ཚིག་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ལྟར་ན་སྔོན་གྱི་མཁས་པ་དག་གི་གཞུང་རེ་རེ་ལས་ཀྱང་། རིགས་པའི་སྒོ་འཕར་གྲངས་མེད་པ་དག་འབྱུང་བས་སོ། །འདིར་སྨྲས་པ། ཐུབ་ཆེན་གསུང་གི་མ་དྲོས་རྒྱ་མཚོ་ལས། །འོང་བའི་ལེགས་བཤད་ཆུ་ཀླུང་ཆེན་པོ་བཞིན། །རྒྱ་བོད་མཁས་པའི་གཞུང་ལུགས་ཆེས་མང་མོད། །ཉུང་ངུའི་གཏམ་གྱི་ཟིལ་ཐིགས་འདིས་ཅི་བྱ། །འོན་ཀྱང་རང་མཉམ་དང་པོའི་ལས་ཅན་འགའ། །རྒྱ་ཆེའི་གཞུང་ལ་འཇུག་པར་མི་བཟོད་ཕྱིར། །བློ་གྲོས་གསར་བུའི་སྒོ་འཕར་དབྱེ་བ་ལ། །ཕན་སྙམ་གཏམ་གྱི་སྦྱོར་བ་འདི་བྱས་སོ། །འདི་ལ་བདག་བློ་རྨོངས་པའི་སྐྱོན་ཆགས་པ། །ངེས་པར་མཆིས་མོད་མཁས་རྣམས་བཟོད་པར་འོས། །ལྷག་བསམ་དག་པའི་ལེགས་སྤྱད་གང་མཆིས་པ། །རང་གཞན་ཤེས་རབ་སྐྱེ་བའི་རྒྱུར་གྱུར་ཅིག། །། ཅེས་པ་འདི་ནི་རྨོངས་པ་པདྨ་བཛྲ་པས་སོ།། བཀྲ་ཤིས།། དགེའོ།།
སྔ་འགྱུར་རྒྱུད་འབུམ་གྱིས་མཚོན་པའི་མདོ་རྒྱུད་སྤྱིའི་འཆད་ཐབས་ཨུད་པ་ལའི་ཕྲེང་བ།
༄༅།།སྔ་འགྱུར་རྒྱུད་འབུམ་གྱིས་མཚོན་པའི་མདོ་རྒྱུད་སྤྱིའི་འཆད་ཐབས་ཨུད་པ་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། བླ་མ་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་དང་བརྩེ་བའི་ཡེ་ཤེས་ཀྱིས། །ཤེས་བྱའི་ཆོས་ཁམས་མཐའ་དག་ཅིག་ཆར་དུ། །མཉམ་ཤིང་མ་འདྲེས་ཡོངས་སུ་རྫོགས་པ་རུ། །ཀུན་གཟིགས་ཁྱབ་བདག་བླ་མས་དགེ་ལེགས་སྩོལ། །རྣམ་དག་ཐུབ་པའི་གཞུང་ལུགས་རྒྱ་མཚོ་ལ། །སྦྱངས་པའི་སྤྱན་རས་ཡངས་པོར་གྱུར་པ་རྣམས། །འདི་འདྲའི་གཏམ་གྱི་སྦྱོར་བས་ཅི་ཞིག་མགུ། །འོན་ཏང་བློ་གསར་འཆད་ཉན་སྤྲོ་བ་དག །སྦྱོར་བ་གཏམ་གྱིས་ཆོས་སྒོ་འབྱེད་པ་ལ། །ཐོག་མར་དགེ་བ་འཆད་བྱའི་ཆོས་ངོས་བཟུང་། །གླེང་གཞི་སྟོན་པས་ཇི་ལྟར་གསུངས་པའི་ཚུལ། །བརྒྱུད་པའི་བབ་ལུགས་འཆད་པའི་གོ་རིམ་དང་། །འཆད་པའི་སློབ་དཔོན་ཉན་པའི་སློབ་མའི་ཚུལ། །འཆད་ཉན་བགྱིད་པའི་བསམ་པ་ཀུན་སློང་དང་། །སྦྱོར་བ་ཀུན་སྤྱོད་དམ་པ་གསུམ་ལྡན་གྱིས། །ཕན་ཡོན་དང་བཅས་གོ་རིམ་ཇི་བཞིན་བཤད། །དེ་ལ་འདིར་སྔ་འགྱུར་རྒྱུད་འབུམ་ལྟ་བུས་མཚོན་པའི་ཆོས་འཆད་པ་ལ་ཞུགས་པའི་ཚེ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་བླ་ན་མེད་པ་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་མངོན་དུ་བྱ། དེའི་ཆེད་དུ་ཟབ་གསང་བླ་ན་མེད་པ་རྡོ་རྗེའི་ཐེག་པའི་རྒྱུད་སྡེ་ཟབ་མོའི་རིམ་པ་རྣམས་གསན་ནས་དེ་དག་གི་བརྗོད་བྱའི་དོན་རྣམས་ཚུལ་བཞིན་ཐུགས་ཉམས་སུ་བཞེས་པར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་བཅས་པས་ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་རྣམས་གསལ་གདབ་སྟེ། དྲན་པ་ཉེ་བར་བཞག་ནས་སྤང་བླང་མ་ནོར་བའི་སྒོ་ནས་གསན་པར་ཞུ། འདིར་གང་ཞིག་གསན་པར་བྱ་བ་སྐབས་སུ་བབ་པའི་ཆོས་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཀུན་མཁྱེན་ཤཱཀྱ་སེང་གེའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ལས་གསང་སྔགས་རྙིང་མའི་རྒྱུད་འབུམ་ཞེས་ཡོངས་སུ་གྲགས་པ་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་རྒྱུད་སྡེ་རྣམས་འཆད་པའི་སྐབས་ཡིན། དེ་ལ་སྤྱིར་བདག་ཅག་གི་སྟོན་པ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་དང་དབང་པོ་བསམ་པའི་བྱེ་བྲག་དང་མཐུན་པའི་ཆོས་ཀྱི་སྒོ་དང་ཐེག་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་དེ་ཐམས་ཅད་སྤང་གཉེན་གྱི་སྒོ་ནས་བཞག་ན་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྟེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་ལྟར་ལ། དེ་ཐམས་ཅད་རྗོད་བྱེད་ཚིག་གི་སྒོ་ནས་ལུང་སྡེ་སྣོད་གསུམ་དང་། བརྗོད་བྱ་དོན་གྱི་སྒོ་ནས་མངོན་རྟོགས་བསླབ་པ་གསུམ་སྟེ་ངོ་བོ་ལུང་རྟོགས་གཉིས་ཀྱི་ཆོས་སུ་གནས་པ་ཡིན་ཏེ། མཛོད་ལས། ཐུབ་པའི་བསྟན་པ་རྣམ་གཉིས་ནི། །ལུང་དང་རྟོགས་པའི་བདག་ཉིད་ཅན། །ཞེས་གསུངས། འོ་ན་གསང་སྔགས་རྡོ་རྗེའི་ཐེག་པ་ཡང་དེ་དག་ཏུ་འདུའམ་ཞེ་ན་འདུ་མོད་ཀྱི་འོན་ཀྱང་བསྡུ་བའི་ཚུལ་ལ། རྒྱ་གར་གྱི་སློབ་དཔོན་རྣམས་ཀྱང་འཆད་ལུགས་མི་འདྲ་བར་སྣང་སྟེ། ཁ་ཅིག་ནི། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཅེས་པ་དང་། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །ཞེས་པ་ལ་སོགས་པའི་རྗེས་སུ་འབྲང་ནས་མདོ་སྡེར་འཆད། སློབ་དཔོན་བི་མ་ལ་སོགས་ཁ་ཅིག་ནི། སྡེ་སྣོད་རིན་པོ་ཆེ་གསུམ་ལས་མངོན་པ་སྟེ་ཞེས་ལྟ་བ་དང་ཤེས་རབ་གཙོ་བོར་སྟོན་པའི་སྒོ་ནས་མངོན་པར་འཆད། སློབ་དཔོན་ཁ་ཅིག་ནི་སྡེ་སྣོད་གསུམ་གའི་མན་ངག་ཏུ་གྱུར་པ་གང་ཞིག་འབྲས་བུ་ལམ་དུ་བྱེད་ཅིང་ཐབས་མཁས་ཀྱི་ཁྱད་པར་སྤང་གཉེན་ཐ་དད་དུ་མི་བལྟ་ཞིང་ལམ་གྱི་ལུས་མི་འདྲ་བར་སྟོན་པའི་ཕྱིར་ཐུན་མིན་རིག་པ་འཛིན་པའི་སྡེ་སྣོད་ཅེས་སྡེ་སྣོད་ཟུར་པ་ཞིག་ཏུ་མཛད་དེ་སྡེ་སྣོད་བཞི་པར་བཞག་གོ། །དེ་དག་གང་ལྟར་ཡང་དོན་གྱི་ངོ་བོ་བསླབ་པ་གསུམ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ཏུ་འཆད་དགོས་པས་ན་ལམ་གྱི་ངོ་བོ་མཐུན་ཅིང་ཐབས་ཀྱིས་ཁྱད་པར་འཕགས་པ་ཁོ་ནའོ། །དེ་ལས་སྐབས་འདིར་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་བཞིའི་སྒོ་ནས་འཕགས་པ་འབྲས་བུ་རྡོ་རྗེའི་ཐེག་པ་ཉིད་སྟོན་པའི་སྐབས་ཡིན། དེ་ལ་ལྟ་སྤྱོད་གཙོ་བོར་སྟོན་པའི་བྱེ་བྲག་གིས་བྱ་བའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་གཉིས་ལས། བྱ་བའི་རྒྱུད་ལའང་བྱ་བའི་རྒྱུད་དངོས་དང་། དེའི་ཆ་མཐུན་སྤྱོད་པའི་རྒྱུད་དེ་གཉིས་ཡོད། རྣལ་འབྱོར་གྱི་རྒྱུད་ལའང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་ཏེ་རྒྱུད་སྡེ་བཞིར་དབྱེ་བ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལའང་ནང་གསེས་ཐབས་ཀྱི་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། གཉིས་ཀའི་རྒྱུད་གསུམ་དུ་དབྱེ་བས་རྒྱུད་སྡེ་དྲུག་ཏུ་འགྱུར་བ་ཡིན་ལ། དེ་ལ་ཁ་ཅིག་བླ་མེད་ཀྱི་རྒྱུད་ལ་ཐབས་ཤེས་ཀྱི་རྒྱུད་གང་རུང་གིས་ཁྱབ་པས་གཉིས་མེད་ཀྱི་རྒྱུད་ཅེས་ཟུར་དུ་མི་བཞེད་པར་སྣང་བ་ནི། དོན་ལ་ལམ་གྱི་ངོ་བོ་ཐབས་ཤེས་གཉིས་ལས་མི་འདའ་བ་བདེན་མོད་ཀྱང་། གདུལ་བྱའི་ཁྱད་པར་ལས་ཚིག་གིས་ཟིན་ཚོད་དང་ལམ་གྱི་དངོས་གཞི་ལ་ཐབས་ཤེས་ཀྱི་ཕྱོགས་རེ་རེ་དང་། དེ་དག་ཆ་མཉམ་པའམ་ལམ་དེ་དག་ལས་སྐྱེས་པའི་ཡེ་ཤེས་གཙོ་བོར་སྟོན་མི་སྟོན་གྱི་བྱེ་བྲག་མངོན་སུམ་གྲུབ་པས་རྒྱུད་སྡེ་དྲུག་ཏུ་བཞག་པ་ལ་སྐྱོན་མེད་དོ། །དེ་ལྟར་རྒྱུད་སྡེ་བཞིའམ་དྲུག་ཏུ་བཞག་པ་དེ་དག་ལས། ད་རེས་ཀྱི་སྐབས་སུ་བབ་པ་ནི་གསང་ཆེན་བླ་ན་མེད་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་འཆད་པའི་སྐབས་ཡིན། དེ་ལ་བོད་འདིར་འགྱུར་སྔ་ཕྱིའི་དབང་གིས་བཞག་པའི་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པ་ལས། འདིར་སྔ་འགྱུར་རྙིང་མའི་རིང་ལུགས་ལྟར་ན་སྔགས་བླ་མེད་ཀྱི་ལམ་ཐམས་ཅད་མདོ་སྒྱུ་སེམས་གསུམ་མམ། རྒྱུད་ལུང་མན་ངག་གསུམ་དུ་གྲགས་པ་ནང་རྒྱུད་ཡོ་ག་སྡེ་གསུམ་དུ་ཡོངས་སུ་རྫོགས་པར་འདུ་བ་ཡིན་ལ། དེ་ལས་གསར་རྙིང་ཐུན་མོང་དུ་བཞེད་པའི་བླ་མེད་ཀྱི་རྒྱུད་སྡེ་རྣམས་ནི་ཕལ་ཆེར་མ་ཧཱ་ཡོ་གའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །སྔ་འགྱུར་གྱི་ཐུན་མོང་མ་ཡིན་པའི་རྒྱུད་སྡེ་རྣམས་ཕྱོགས་གཅིག་ཏུ་བཞུགས་པ་ལ་སྔ་འགྱུར་རྙིང་མའི་རྒྱུད་འབུམ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་དོ། །གཞན་ཁ་ཅིག་ཕྱི་ནང་གི་རྒྱུད་སྡེ་ལྔའམ་དྲུག་ཏུ་བཞག་པ་རྣམས་ནི་རྒྱུད་སྡེའི་རིམ་པའི་དབྱེ་བ་ལས་ཐེག་པའི་རིམ་པ་མིན་ནོ་ཞེས་རྩོད་པ་ནི་ཚིག་ལ་རྩོད་པ་ཙམ་སྟེ། དོན་ལ་ནི་འབྲས་བུ་རྡོ་རྗེའི་ཐེག་པ་ཞེས་གསང་སྔགས་མཐའ་དག་ཐེག་པ་གཅིག་ཏུ་བཞག་པ་ནི་གསར་རྙིང་ཐུན་མོང་གི་རྒྱུད་སྡེ་རྣམས་དང་། རྒྱ་བོད་ཀྱི་མཁས་པ་ཆེན་པོ་ཐམས་ཅད་ལ་གྲགས་ཤིང་གྲུབ་པ་ཡིན་ནོ། །དེ་ལྟར་ན་སྤྱིས་བྱེ་བྲག་ལ་ཁྱབ་པ་ནི་རིགས་པར་སྨྲ་བ་རྣམས་བཞེད་པས། སྔར་རྒྱུད་རྣམས་སྤྱིར་ཐེག་པ་ཡིན་པ་གང་ཞིག །དེ་ལ་བྱེ་བྲག་རྒྱུད་སྡེའི་རིམ་པ་ཁས་བླངས་པའི་ཕྱིར་ཐེག་པའི་རིམ་པ་ཤུགས་ཀྱིས་གྲུབ་བོ། །འོན་ཀྱང་དེ་ལ་ཐེག་པ་མཆོག་དམན་དུ་འདོད་པ་མི་འཐད་དོ་ཞེ་ན། དེ་ནི་ཁྱེད་རང་རྣམས་འདོད་པའི་རྒྱུད་རྡོ་རྗེ་གུར་ལས་ཀྱང་། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །དབང་པོ་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་རྒྱུད་སྡེ་བཞི་པོ་རང་རང་གི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་མཆོག་དམན་གྱི་རིམ་པ་བཞི་ལ་དགོངས་ནས་གསུང་བར་བཤད་པའི་ཕྱིར་རྒྱུད་སྡེ་གོང་འོག་ཏུ་གྲུབ་ཕྱིན་ཐེག་པས་མཆོག་དམན་དུའང་གྲུབ་པ་ཉིད་དོ། །བླ་མེད་ཀྱི་སྡེ་ཚན་ནང་རྒྱུད་སྡེ་གསུམ་པོའང་རིག་པ་དེ་ཉིད་ཀྱིས་ཐེག་པའི་རིམ་པ་ཡིན་པ་དང་། ཕ་རྒྱུད་ལས་མ་རྒྱུད་ཉིད་ལ་ཟབ་པའི་ཁྱད་པར་ཡོད་པ་རྒྱུད་ནས་བཤད་པ་བཞིན་འདིར་དོན་གྱི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྫོགས་པ་ཆེན་པོར་ཉེ་བ་དང་། ཤིན་ཏུ་ཉེ་བ་དང་། མངོན་དུ་བྱེད་པའི་སྒོ་ནས་དམན་མཆོག་གི་རིམ་པའང་གྲུབ་བོ། །རྒྱུ་མཚན་དེའི་ཕྱིར་རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་མདོ་རྒྱུད་ཉི་ཚེ་བ་ཞིག་ལས། ཐེག་པ་རིམ་དགུའི་ཚིག་ཟིན་དངོས་སུ་མ་བྱུང་བ་ཙམ་ལ་བརྟེན་ནས་ནན་གྱིས་འགོག་པ་ནི་ཚིག་ཙམ་ལ་རྩོད་པ་ཁོ་ནའོ། །དེ་ལྟར་ཐེག་པ་རིམ་པ་དགུའི་རྩེ་མོར་གྱུར་པའི་ནང་རྒྱུད་ཡོ་ག་སྡེ་གསུམ་པོ་འདི་ཉིད་གང་གིས་གསུངས་པའི་སྟོན་པ་ནི་བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱ་སེངྒེ་ཉིད་ཡིན་ལ། དེ་ལ་སྐུ་གསུམ་གྱི་སྣང་ཚུལ་མི་འདྲ་བ་གསུམ་ལས་གླེང་གཞིའི་རིམ་པ་ཡང་གསུམ་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ལས། གླེང་གཞི་རྣམ་པ་གསུམ་ཡིན་ཏེ། །འོག་མིན་གནས་དང་རི་རབ་རྩེ། །འཛམ་བུའི་གླིང་འདིར་གྲགས་པ་ཡིན། །བྱང་ཆུབ་སེམས་དཔའི་ལྷ་རྣམས་དང་། །མི་རྣམས་ཀྱི་ནི་དོན་དུ་གསུང་། །སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །ལོངས་སྐུ་འཁོར་ལོས་སྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །དུས་ནི་གདུལ་བྱ་འདུལ་བའི་ཚེ། །འཁོར་རྣམས་འདུས་པའི་དུས་དེར་གསུང་། །ཞེས་གསུངས་པ་དང་མཐུན་པར་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཆེན་པོའི་རང་སྣང་ཤིན་ཏུ་རྣམ་པར་དག་པའི་འོག་མིན་ཆེན་པོ་ན་དབྱིངས་ངོ་བོ་ཉིད་ཀྱི་སྐུ་དང་ཡེ་ཤེས་ཆོས་ཀྱི་སྐུ་གཉིས་དབྱེར་མེད་པ་ཟུང་དུ་འཇུག་པའི་བདག་ཉིད་ཡེ་ཤེས་ཀྱི་བྱེ་བྲག་ཚད་མེད་པ་དང་ལྷན་ཅིག་ཟབ་ཞི་སྤྲོས་དང་བྲལ་བའི་འོད་གསལ་གྱི་དགོངས་པ་ལས་མི་གཡོ་བར་བཞུགས་པ་ནི་དཔལ་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོས་འཁོར་ཉིད་ལས་མི་གཞན་པའི་རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཆོས་འོད་གསལ་བརྗོད་དུ་མེད་པའི་དགོངས་པ་ཉིད་དུས་གཞི་རྫོགས་འཕོ་འགྱུར་མེད་པའི་དབྱིངས་སུ་སྒྲ་ཚིག་རང་མཚན་ལས་འདས་པའི་གསུང་གིས་སྣང་བར་མཛད་དོ་ཞེས་བཤད་དེ། འདི་ནི་གཞན་ངོར་ཆོས་སྟོན་པའི་ཐོག་མར་སྟོན་པ་རང་ཉིད་ཏིང་ངེ་འཛིན་གྱི་བྱེ་བྲག་དུ་མ་ལ་སྙོམས་པར་ཞུགས་སོ་ཞེས་མདོ་རྒྱུད་རྣམས་ཀྱི་གླེང་གཞིའི་སྐབས་ནས་འབྱུང་བ་དང་མཐུན་པ་སྟེ། སྟོན་པའི་རྣམ་མཁྱེན་གྱིས་ཇི་ལྟར་ཐུགས་སུ་ཆུད་པའི་ངོས་ནས་བཞག་པ་གླེང་གཞིའི་དང་པོར་གྲུབ་བོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་དང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རྐྱེན་ལས་གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་པར་སྣང་བར་མཛད་ནས་ཆོས་ཀྱི་འཁོར་ལོ་མཐའ་དག་བསྐོར་བར་མཛད་པ་ལས། ཐོག་མར་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་སྟུག་པོའི་འོག་མིན་དང་། གཙང་གནས་ཀྱི་འོག་མིན་དང་། རི་རབ་ཀྱི་རྩེ་ལ་སོགས་པར་སྟོན་པ་ཉིད་ལོངས་སྤྱོད་རྫོགས་པ་རྣམ་པར་སྣང་མཛད་ཆེན་པོ་དང་རྡོ་རྗེ་འཆང་ཆེན་པོའི་རྣམ་པས་རྒྱུ་དང་འབྲས་བུའི་ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྟག་པ་རྒྱུན་གྱི་འཁོར་ལོར་སྟོན་པར་མཛད་པ་གླེང་གཞི་གཉིས་པ་དང་། དེའི་བདག་པོའི་རྐྱེན་དང་གདུལ་བྱའི་སྣོད་དག་པའི་དབང་ལས་མཁའ་ཟླ་ཆུ་མཚོར་སྣང་བ་བཞིན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྟོན་པ་ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་དང་སྐུའི་རྣམ་འགྱུར་མི་འདྲ་བ་དུ་མར་སྣང་བས། འཁོར་རྣམ་པ་བཞི་དང་དབང་རྣོན་སྔགས་ཀྱི་གདུལ་བྱར་གྱུར་པ་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་ཚད་མེད་པ་དང་། བྱེ་བྲག་ཏུ་རྡོ་རྗེའི་ཐེག་པ་ཉིད་ཡང་ནས་ཡང་དུ་རྒྱ་ཆེར་བསྒྲགས་པར་མཛད་པ་ནི་གླེང་གཞི་གསུམ་པའོ། །དེ་ལྟར་གླེང་གཞི་རྣམ་པ་གསུམ་གྱི་སྒོ་ནས་གསུངས་པའི་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་དེ་རྣམས་སྤྱིར་གསང་བའི་བདག་པོ་ལག་ན་རྡོ་རྗེ་དང་བྱེ་བྲག་རང་རང་གི་སྡུད་པ་པོ་རྣམས་ཀྱིས་བསྡུས་ཏེ་ཇི་ལྟར་བརྒྱུད་པའི་ཚུལ་ནི། མདོ་དགོངས་པ་འདུས་པ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་རིག་རྣ་བར་བརྒྱུད་པ་སྟེ། །གང་ལ་ཐུག་གི་བར་དུའོ། །ཞེས་པ་ལྟར། རྒྱལ་མཆོག་ཀུན་ཏུ་བཟང་པོའམ་རྡོ་རྗེ་འཆང་ཆེན་པོས་རྒྱལ་ཚབ་རིགས་ལྔ་སོགས་ཉིད་ལས་མི་གཞན་པའི་འཁོར་ལ་དགོངས་པས་བརྒྱུད་དེ་བཤད། རྒྱལ་ཚབ་སྐྱེས་བུ་རྣམས་ཀྱི་རང་རིགས་ཀྱི་སེམས་དཔའ་སེམས་མ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་ལ་རིག་པས་བརྒྱུད་ནས་བཤད། རྒྱལ་སྲས་རིགས་གསུམ་གྱི་སེམས་དཔའ་དང་ཁྱད་པར་གསང་བའི་བདག་པོ་སོགས་ཀྱིས་རང་རང་གི་གདུལ་བྱ་རྣམས་ལ་རྣ་བར་བརྒྱུད་པའི་ཚུལ་གྱིས་བཤད། དེ་ནས་རིམ་པར་ཆོས་རྒྱལ་ལུང་བསྟན་རྡོ་རྗེའམ་སྐལ་ལྡན་རྒྱལ་པོ་ཛཿདང་། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་སོགས་ནས་རིམ་པར་བརྒྱུད་ནས་བདག་ཅག་གི་བླ་མ་དམ་པའི་བར་དུ་སྨིན་བྱེད་དབང་གི་ལག་ལེན་མ་ཉམས། བཤད་བརྒྱུད་ཚིག་གི་ཕྲེང་བ་མ་ཆད། སྙན་བརྒྱུད་གདམས་པའི་ཆུ་བོ་མ་ནུབ་པར་བྱོན་པ་ཡིན་ནོ། །བརྒྱུད་པ་དེ་ལྟ་བུ་ལས་བྱུང་བའི་གདམས་ངག་ཇི་ལྟར་འཆད་པའི་གོ་རིམ་ཡང་སྔོན་གྱི་ཤིང་རྟ་ཆེན་པོ་དག་གི་ཕྱག་བཞེས་ལྟར་གདུལ་བྱ་རྣམས་བསྟན་པ་ལ་རིམ་གྱིས་གཞུག་པའི་ཚུལ་གྱིས། ཐོག་མར་ཐུན་མོང་རྒྱུ་འབྲས་ཀྱི་ཆོས་ཀྱིས་བློ་ཁ་དབྱེ་ཞིང་ངེས་འབྱུང་རྣམ་དག་གིས་དྲངས་པའི་སྐྱབས་སུ་འགྲོ་བ་གསུམ། བསླབ་པའི་གཞི་ལྔ་སོགས་སོ་སོ་ཐར་པའི་ཁྲིམས་ཀྱིས་རྒྱུད་བསྡམས། དེ་ནས་ཚད་མེད་བཞིས་བློ་སྦྱངས་ཏེ་སྙིང་རྗེས་དྲངས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། གཟོད་རྒྱུད་སྡེ་ནས་བཤད་པ་ལྟར་གྱིས་དཀྱིལ་འཁོར་ཆེན་པོར་བཅུག་སྟེ་སྨིན་བྱེད་ཀྱི་རྒྱུ་དབང་ལེགས་པར་བསྐུར། དེ་ལྟར་སྡོམ་པ་གསུམ་ལ་གནས་ཤིང་རྒྱུད་དག་པའི་གང་ཟག་དེ་ལ་བློ་ནུས་དང་མཐུན་པར་རྒྱུད་ཀྱི་བཤད་པ་འབོགས་ཤིང་སྔགས་ལམ་གྱི་གོ་བ་ཆགས་པར་བྱ། དེ་ནས་སྙན་བརྒྱུད་གདམས་ངག་གི་དམར་ཁྲིད་ལག་ལེན་དུ་ཐེབས་པར་གདམས་ནས་ཉམས་ལེན་གྱིས་སེམས་ཐོག་ཏུ་ལོངས་པར་བྱ། དེ་དག་གི་རྒྱབ་རྟེན་དུ་རྒྱུད་སྡེ་སོ་སོའི་བཀླག་ལུང་ཕོག་སྟེ་ཆོས་གཞུག་རྫོགས་པར་བྱ་བ་ཡིན་ནོ། །སྐབས་འདིར་ཁྲིད་དང་ལུང་དང་བཤད་པ་གསུམ་གྱི་ཁྱད་པར་དཔྱད་ན། སྤྱིར་བཏང་ཙམ་ན་དེ་གསུམ་ག་དོན་གཅིག་དགོས་ཏེ། ཐུབ་པའི་བསྟན་པ་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཅེས་པ་ལྟར་ལུང་གི་བསྟན་པ་བཤད་པས་འཛིན་པ་ཡིན་པ་དང་། སྔོན་སྟོན་པས་ཀྱང་བསམ་གཟུགས་ཀྱི་ཏིང་ངེ་འཛིན་བསྒོམ་པའི་གདམ་ངག་གསན་པ་ལ་དེ་དང་དེའི་ལུང་བླངས་ཏེ་ཞེས་བཤད་པ་དང་། སྡེ་སྣོད་གསུམ་གྱི་ལུང་ཕོག་ཅེས་པ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཞེས་སོགས་ལུང་གིས་ཀྱང་བྱེ་བྲག་མ་ཕྱེ་བར་བཤད་པ་དང་། རིགས་པས་ཀྱང་ལུང་ནི་ལུང་ནོད་པའི་དོན་ཏེ། རྣམ་པར་དཀྲོལ་ཞིང་གསལ་བར་ཕྱེ་ནས་དོན་ཁོང་དུ་ཆུད་པར་བྱེད་པ་ཡིན་ལ། ཁྲིད་དང་བཤད་པ་ཡང་དེ་ཡིན་པས་སོ། །འོ་ན་ལུང་ཙམ་གྱིས་ཀྱང་དོན་ངེས་པར་བྱེད་ནུས་སམ་ཞེ་ན། དེ་ནི་མ་ངེས་ཏེ་འཆད་པའི་ཚུལ་དང་དབང་པོའི་བྱེ་བྲག་གིས་བཤད་ཁྲིད་ཁ་ཅིག་ལུང་བྱས་པ་དང་འདྲ་བར་དོན་མ་ངེས་པའང་ཡོད། ལུང་ཁ་ཅིག་དེ་དག་དང་མི་འདྲ་བར་དོན་སྤྱི་ངེས་པ་ཙམ་དུ་འགྲོ་བའང་ཡོད་པ་ཡིན་ནོ། །དེས་ན་བཤད་པ་དང་ལུང་གཉིས་གཅིག་རྒྱུན་གཅིག་གིས་འཛིན་པར་ནུས་སམ་སྙམ་མོ། །ཁྲིད་ཀྱང་གཞུང་ལུགས་ཆེན་མོ་རྣམས་གདམས་ངག་ཏུ་ཤར་བ་དགོས་སོ་ཞེས་མཁས་པའི་གསུང་ལས་བྱུང་བ་ལྟར་ན་བཤད་པ་དང་དོན་གཅིག་ཏུ་འགྲོ་མོད་ཀྱང་། སྔགས་ལ་ཚོགས་དང་སློབ་མ་ལ་བཤད་པའི་ཚུལ་ཐ་དད་དུ་ཡོད་པས་དེ་གཉིས་ལ་ཁྱད་པར་ཡོད་ཅིང་གཅིག་གིས་གཅིག་དོད་མི་ཐུབ་པའི་སྐབས་ཀྱང་ཡོད་སྲིད་དམ་སྙམ་མོ། །དེ་ལྟ་བུའི་དབང་ཁྲིད་ལུང་སོགས་གང་ཡིན་ཀྱང་འཆད་པ་པོ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། མདོ་སྡེའི་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཅེས་ཐེག་པ་ཆེན་པོ་སྤྱིར་སྟོན་པའི་སློབ་དཔོན་དང་། བྱེ་བྲག་ཏུ་སྔགས་ཀྱི་སློབ་དཔོན་ནི། རྒྱུད་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །ཞེས་རང་བཞིན་བརྒྱད་ལྡན་དུ་བཤད་པ་རྣམས་དང་ལྡན་པ་ཞིག་དགོས་སོ། །ཉན་པ་པོ་སློབ་མའི་མཚན་ཉིད་ཀྱང་དད་པ་བརྩོན་འགྲུས་ཤེས་རབ་སྙིང་རྗེ་སོགས་གཞུང་ནས་བཤད་པའི་ཡོན་ཏན་རྣམས་དང་ལྡན་པ་གལ་ཆེ། དེ་ནས་སློབ་མས་ཇི་ལྟར་ཉན་པའི་ཚུལ་ལ་ཐུན་མོང་གི་ཀུན་སློང་མི་དགེ་བ་དང་འདྲེས་མའི་བསམ་པ་རྣམས་དང་། སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་བཅས་སྤངས་ཤིང་། འདུ་ཤེས་བཞི་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བའི་བསམ་སྦྱོར་རྣམ་པར་དག་པའི་ངང་ནས་ཉན། ཐུན་མོང་མ་ཡིན་པ་སྟོན་འཁོར་གནས་དུས་རྣམས་ལ་ཐ་མལ་གྱི་སྣང་ཞེན་སྤངས་ནས་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་གསལ་གདབ་སྟེ་གསན་པ་དང་། མདོར་ན་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་ལ་བསྔོ་བ་སྟེ་དམ་པ་གསུམ་གྱིས་ཟིན་པའི་སྒོ་ནས་འཆད་ཉན་གྱི་བྱ་བ་ཐམས་ཅད་ཐོག་མ་བར་དང་ཐ་མར་དགེ་བའི་ཚུལ་གྱིས་མཐར་ཕྱིན་པར་བྱའོ། །དེ་ལྟར་འཆད་ཉན་ཚུལ་བཞིན་བགྱིས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། ཐོས་པས་ལས་ངན་གྱི་སྒྲིབ་པ་མཛད། བསམ་པས་ཤེས་རབ་ཀྱི་གཏེར་ཆེན་རྡོལ། བསྒོམས་པས་ཐར་ལམ་གྱི་བཙན་ས་ཟིན། སྐྱེ་བ་ཀུན་ཏུ་དམ་པའི་ཆོས་ཀྱི་སྣང་བ་དང་མི་འབྲལ། གནས་སྐབས་སུ་ཡང་དཀར་ཕྱོགས་ཀྱི་ལྷས་བསྲུང་། ནད་གདོན་དང་བར་ཆད་ཞི། བསམ་དགུ་ཡིད་བཞིན་དུ་འགྲུབ། མཐར་ཐུག་ཆོས་ཀྱི་རྒྱལ་པོའི་གོ་འཕང་མངོན་དུ་བྱས་ནས་ཆོས་ཀྱི་རྔ་ཆེན་འཇིག་རྟེན་ཀུན་ཏུ་བསྒྲག་པར་འགྱུར་ཏེ། ཀུན་མཁྱེན་བླ་མས། ཆོས་རྔ་སྒྲོག་པའི་སྒྲ་ཐོས་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་རྣམས་སྨྲོས་ཅི་དགོས། །ཞེས་སོགས་གསུངས་པའི་ཚུལ་ལ་བསམ་ནས་སྤྲོ་དགའ་མཆོག་ཏུ་བསྐྱེད་དེ་ཉན་པར་ཞུ། །ཞེས་སོགས་མཚམས་སྦྱར་བར་བྱའོ། །རབ་དཀར་ལྷག་བསམ་གངས་ཀྱི་རི་བོ་ལས། །བབས་པའི་ལེགས་བཤད་ཕན་བདེའི་རླབས་ཕྲེང་ཅན། །ལྷུང་ལྷུང་དཔྱོད་ལྡན་རྣ་བའི་དགའ་སྟོན་དུ། །སྙན་སྙན་སྒྲོག་འདིས་ཡིད་དབང་སིམ་གྱུར་ཅིག །གང་ཟིན་ཚིག་འདིས་མཁས་རྣམས་ཅི་མགུ་ཡང་། །དམ་པའི་སྐྱེས་བུའི་ཐུགས་ཀྱི་བཞེད་དོན་བཞིན། །བྲིས་པས་དམ་པའི་ཐུགས་དགོངས་ཡོངས་རྫོགས་ཤིང་། །སྐྱེ་བར་ཆོས་ཀྱི་དགའ་བས་དགའ་བར་ཤོག། ཅེས་པ་འདི་ཡང་སྤྲང་བཙུན་པདྨ་བཛྲ་པས་སྨྲས་པ་དགེའོ།། བཀྲ་ཤིས།།
གསང་སྔགས་བླ་ན་མེད་པའི་ཏནྟྲའི་དོན་གྱི་རྣམ་དབྱེ་གསལ་བྱེད།
༄༅།།གསང་སྔགས་བླ་ན་མེད་པའི་ཏནྟྲའི་དོན་གྱི་རྣམ་དབྱེ་གསལ་བྱེད་བཞུགས་སོ།། ཨོ་རྒྱན་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །གསང་སྔགས་བླ་ན་མེད་པའི་ཏནྟྲའི་དོན་གྱི་གོ་བ་འདི་ལྟར་ཤེས་པར་བྱ་སྟེ། སྤྱིར་རྒྱུའི་ཐེག་པ་ལས་འབྲས་བུའི་ཐེག་པ་ནི་ཐབས་མང་བ་དང་མྱུར་བ་དང་ཤེས་རབ་ཟབ་པ་དག་གིས་ཕྱེ་ལ། ཁྱད་པར་སྔགས་ཕྱི་པ་ལས་ནང་པ་ནི་ལྟ་བ་དང་ཏིང་ངེ་འཛིན་དང་སྤྱོད་པས་ཕྱེ་བར་ཤེས་དགོས། སྔགས་ནང་པ་ལ་ཡང་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་དུ་དབྱེ་བའང་། གཙོ་བོར་རྫོགས་རིམ་གྱི་ཁྱད་པར་ལས་འཇོག་ལ། དེ་ཡང་ཐབས་རང་ལུས་ལ་བརྟེན་པ་དང་། ཤེས་རབ་གཞན་ལུས་ལ་བརྟེན་པ་དང་། ཐབས་ཤེས་གཉིས་མེད་ཀྱི་འབྲས་བུ་ལྷན་སྐྱེས་གཙོ་བོར་སྟོན་པའི་སྒོ་ནས་འཇོག །གཙོ་བོར་སྟོན་ལུགས་ཀྱང་། སྟོན་པས་རྒྱུད་དེ་དང་དེར་དངོས་བསྟན་རྒྱ་ཆེ་ཆུང་དང་། རྗེས་འཇུག་ལམ་པས་མོས་པ་དང་དབང་པོའི་ཁྱད་པར་གྱིས་ཉམས་ལེན་གྱི་གཞུང་ཤིང་གང་ལ་བྱེད་པ་དག་གི་སྒོ་ནས་འབྱེད་པ་ལས། དོན་ལ་གང་ཟག་གཅིག་གི་ཉམས་ལེན་དུ་གསུམ་ཁ་རྒྱུ་འབྲས་ཀྱི་ཚུལ་དུ་ཚང་དགོས་པ་ལས་གང་རུང་གཅིག་ཡ་བྲལ་བས་འགྲུབ་པ་མ་ཡིན་ནོ། །བསྐྱེད་རིམ་རྒྱས་བསྡུས་གྱི་སྒོ་ནས་ཕྱེ་བ་ནི་རགས་པ་ཙམ་ལས་ཞིབ་པར་ནི་མིན་ཏེ། ཕ་རྒྱུད་དུ་གྲགས་པ་གསང་འདུས་དང་གཤེད་སྐོར། མ་རྒྱུད་དུ་གྲགས་པ་བདེ་མཆོག ཀྱཻ་རྡོ་རྗེ། སངས་རྒྱས་མཉམ་སྦྱོར། ཡང་དག་སོགས་དང་། གཉིས་མེད་རྒྱུད་དུ་གྲགས་པ་དུས་འཁོར་དང་། འཇམ་དཔལ་སྒྱུ་དྲྭ། རྡོར་སེམས་སྒྱུ་དྲྭ་སོགས་ལ་བསྐྱེད་རིམ་ཤས་ཆེ་ཆུང་གི་ཁྱད་པར་མི་འབྱུང་བ་མངོན་སུམ་པས་གསལ་ལོ། །དེ་ལས་སྔ་འགྱུར་པའི་ཆོས་སྐད་ཐུན་མོང་མ་ཡིན་པ་བསྐྱེད་པ་མ་ཧཱ། རྫོགས་པ་ཨ་ནུ། རྫོགས་ཆེན་ཨ་ཏི་ཞེས་གསུམ་དུ་ཕྱེ་བ་ཡང་། ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་སོ་སོར་ཐད་དྲང་དུ་སྦྱར་བའང་འོལ་སྤྱི་ཙམ་ཏེ། མ་ཧཱའི་ཏནྟྲ་བཅོ་བརྒྱད་ལ་ཡང་ནང་གསེས་ཀྱི་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་དུ་དབྱེར་ཡོད་པ་དང་། དེ་མཚུངས་ཨ་ནུ་དང་ཨ་ཏི་གཉིས་ལ་ཡང་ནང་གསེས་ཀྱི་རྣམ་འབྱེད་ཕྲ་མོ་ཡོད་པ་ཡིན་ནོ། །དེས་ན་འདིར་ནི་བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུ། རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུ། རྫོགས་ཆེན་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་ཇི་སྐད་གསུངས་པ་བཞིན་དུ། ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་པོ་རེ་རེ་བཞིན་ཡང་བསྐྱེད་རྫོགས་རྫོགས་ཆེན་གསུམ་རེ་ཡོད་པར་ཤེས་དགོས་སོ། །སྔགས་ནང་པར་གཏོགས་པའི་ལམ་ཚང་ལ་མ་ནོར་བ་ཞིག་ཡིན་ཕྱིན། སྦྱང་གཞི་སྦྱོང་བྱེད་ཚང་བའི་བསྐྱེད་རིམ་ཞིག་དང་། གསལ་བདེ་མི་རྟོག་པའི་ཐབས་ལ་བརྟེན་པའི་རྒྱུའི་རྫོགས་རིམ་ཞིག་དང་། ཐབས་བྱུང་འབྲས་བུའི་རྫོགས་རིམ་མམ་རྫོགས་པ་ཆེན་པོ་སྟེ་ལམ་གྱི་སྐྱེལ་སོ་མཐར་ཐུག་ཞིག་དང་གསུམ་མེད་དུ་མི་རུང་བའི་ཕྱིར་རོ། །འོ་ན་ཡོ་ག་སྡེ་གསུམ་ལ་རྒྱུད་སྡེ་དང་ཐེག་པའི་རྣམ་བཞག་སོ་སོ་བ་མི་རུང་ངམ་ཞེ་ན། རྡོ་རྗེ་འཆང་གིས་དངོས་བསྟན་གྱི་ལམ་རིམ་རྒྱ་ཆེ་ཆུང་དང་། གང་ཟག་གིས་གནས་སྐབས་དེ་དང་དེའི་ལམ་བགྲོད་བྱེད་ཡིན་པས་ཀླན་ཀ་མེད་དོ། །ལམ་གཅིག་ལ་ཡོ་ག་གསུམ་ཀ་རྫོགས་དགོས་ན་རྫོགས་ཆེན་གྱི་རྒྱུད་ལས་མ་ཧཱ་དང་ཨ་ནུ་གོལ་སར་བསྟན་པ་དེ་གང་སྙམ་ན་སྐབས་དེ་དང་དེའི་ལྟ་བསྒོམ་ལ་མཆོག་འཛིན་ཆེ་ན་མཐར་ཐུག་གི་ལམ་ལ་ཁ་འགྱང་བ་དང་། བྱ་རྩོལ་དང་བྲལ་བའི་ལམ་ལ་སླེབས་ཟིན་པ་ལ་བྱ་རྩོལ་གྱི་ལམ་དོན་མེད་པར་སྟོན་པའི་ཆེད་ཡིན་ཏེ། དེ་འདྲ་བ་དེ་ལམ་གྱི་ཐོག་མ་ངེས་འབྱུང་དང་། གྲུབ་མཐའི་ཐོག་མ་བྱེ་སྨྲ་བ་ནས་བརྩམས་ཏེ། མཐར་ཐུག་ཐེག་མཆོག་རྒྱལ་པོ་འདི་ལ་ཐུག་གི་བར་དུ་ལམ་དང་གྲུབ་མཐའི་བྱེ་བྲག་ཐམས་ཅད་ལ་ཐད་ཀ་ཐད་ཀའི་ཁྱད་འབྱེད་རེ་ཡོད་པ་ནི་ཤེས་ཀྱང་སླ་བ་ཡིན་ནོ། །དེ་ལྟར་སྤྱིར་ཤེས་པར་བྱས་ནས་ལམ་དངོས་ལ་འཇུག་པ་ནི། གདུལ་བྱའི་གང་ཟག་རང་རང་གི་ཁམས་དབང་མོས་པའི་བྱེ་བྲག་ལས་ཕ་མ་གཉིས་མེད་ཀྱི་རྒྱུད་སྡེ་གསུམ་པོ་གང་རུང་ཞིག་ལ་ཞུགས་ཏེ་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་ལམ་གནད་ཚང་ལ་མ་འཁྲུལ་བར་ཉམས་སུ་ལེན་ཤེས་དགོས་སོ། །དེ་ཡང་དེ་གསུམ་ཉམས་སུ་ལེན་ཚུལ་ལ་མཐའ་གཅིག་ཏུ་འདྲ་བ་མ་ཡིན་ཏེ། གང་ཟག་ལ་དབང་པོ་རྣོ་རྟུལ་གྱི་ཁྱད་པར་དང་། རྣོན་པོ་ལ་ཡང་རྒྱུ་དང་སྦྱངས་པའི་རྣོན་པོ། རྟུལ་པོ་ལ་ཡང་རང་བཞིན་དང་ལས་ཀྱིས་སྒྲིབ་པའི་རྟུལ་པོ་སོགས་གདུལ་བྱའི་ཁམས་དབང་ནི་རྒྱལ་བའི་ཡེ་ཤེས་ཀྱི་ཡུལ་ལྟར་རྒྱ་ཆེ་ལ། དེའི་ཕྱིར་སློབ་མའི་རྒྱུད་ལ་རྟོགས་པ་སྐྱེ་ངེས་ཀྱི་གདམས་ངག་འདེབས་པ་ལ་འཕགས་ལམ་དང་མངོན་ཤེས་ཐོབ་པའི་སློབ་དཔོན་དགོས་པར་གཞུང་མན་ངག་ཐམས་ཅད་ནས་ནན་ཆེར་གསུང་བ་ཡང་གནད་འདི་ཀས་ཡིན་ནོ། །དེ་ལྟར་གདུལ་བྱའི་ཁྱད་པར་གྱི་ལམ་བགྲོད་ཚུལ་ཀྱང་མཐའ་ཡས་པ་ཞིག་ཡོད་དེ། མཐར་གྱིས་འཇུག་པ་དང་ཐོད་རྒལ་པ་གཉིས། མཐར་གྱིས་པ་ལ་མྱུར་བུལ་གྱི་སྒོ་ནས་རིམ་གྱིས་པ་དང་། གཅིག་ཆར་པ་གཉིས། ཐོད་རྒལ་པ་ལ་བློ་སྟོབས་ཆེ་ཆུང་གིས་ཐོད་རྒལ་ཆུང་འབྲིང་ཆེན་པོའི་རྣམ་བཞག་དང་། སློབ་ཚུལ་གྱི་སྒོ་ནས་མོས་སློབ་དང་སྨིན་སློབ་གཉིས། ས་མཚམས་གྱི་སྒོ་ནས་ཟག་བཅས་དང་ཟག་མེད་གཉིས་སོགས་ལམ་གྱི་དབྱེ་བ་ནི་མང་ཞིག་ཡོད་ལ། དེ་ཐམས་ཅད་ལམ་གྱི་ངོ་བོའི་སྒོ་ནས་ཐབས་ཀྱི་ལམ་དང་། ཤེས་རབ་ཀྱི་ལམ་གཉིས་སུ་འདུས་པ་ཡིན་ནོ། །དེ་གཉིས་ཀྱི་སོ་སྐྱེའི་ལམ་དུ་གཙོ་བོར་འདོན་ལུགས་ཀྱི་སྒོ་ནས་བཞག་པ་མ་གཏོགས་གང་རུང་ཡ་བྲལ་བའི་ལམ་གྱིས་ནི་མཆོག་འགྲུབ་པ་མེད་དོ། །ཐབས་གྲོལ་ལམ་གྱི་ཐབས་ཅེས་པ་ནི། སྤྱིར་ཐབས་ཀྱི་ཕྱོགས་སུ་གཏོགས་པའི་ཆ་མང་ཡང་དངོས་ནི་དབང་གསུམ་པའི་ལམ་ཡིན་ནོ། །ཤེས་རབ་ཅེས་པ་ལ་ཕྱོགས་མང་ཡང་དངོས་ནི་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ཡིན་ནོ། །དེས་ན་ཐབས་ལམ་ལ་ཤེས་རབ་ཀྱིས་མ་ཟིན་ན་འདོད་ཆགས་ཆོས་སུ་སྨྲ་བ་དབང་ཕྱུག་གི་ལམ་དང་ཁྱད་མེད་པ་དང་། ཤེས་རབ་ཐབས་ལམ་གྱིས་མ་ཟིན་ན་རྒྱུའི་ཐེག་ཆེན་དང་མཚུངས་པ་ལས་གསང་ཆེན་ཐབས་ཀྱིས་ཆེ་བའི་ལམ་དུ་མི་འགྲུབ་བོ། །ཞེས་རྒྱུད་ལས་བཤད་པ་ལྟར་རོ། །ཐབས་ལམ་ལ་དབང་བཞི་ཆར་འཇོག་དགོས་པ་མིན་ནམ། ཅིའི་ཕྱིར་གསུམ་པ་ཁོ་ན་སྨྲོས་ཅེ་ན་བདེན་མོད་དེ། འདིར་གཙོ་བོ་ངོས་བཟུང་བ་ཡིན་གྱི་དེའི་རྒྱུར་བུམ་གསང་དང་འབྲས་བུར་བཞི་པ་འོང་བས་དེར་བསྡུས་པའོ། །དེ་བཞིན་དུ་གྲོལ་ལམ་གྱི་གཙོ་བོ་ཡང་། དངོས་སྒོམ་བྱུང་གི་ཤེས་རབ་མངོན་སུམ་རང་གསལ་བློའི་ཡུལ་དང་བྲལ་བ་ཡིན་ཀྱང་དེའི་རྒྱུར་ཐོས་བསམ་གྱི་ཤེས་རབ་དང་གྲོགས་ཏིང་ངེ་འཛིན་དག་བསྡུས་པ་ཡིན་ནོ། །དེ་ལྟར་ན་ཐབས་ལམ་ནི་ལམ་གྱི་རྒྱུའམ་རྐྱེན་དང་གྲོལ་ལམ་ནི་འབྲས་བུར་འོང་བ་ཡིན་ནོ། །ཐབས་ལམ་དང་གྲོལ་ལམ་གཉིས་འཕགས་ལམ་འཐོབ་པ་ལ་གང་མྱུར་ཞེ་ན་རྣམ་པར་ཕྱེ་ནས་ལན་གདབས་པར་བྱ་བ་སྟེ། གྲོལ་ལམ་གཅིག་ཆར་ལ་ནི་ཐབས་ལམ་གཅིག་ཆར་བ་ལས་ཀྱང་མྱུར་ལ། གྲོལ་ལམ་རིམ་གྱིས་པ་ནི་ཐབས་ལམ་རིམ་གྱིས་པ་ལས་ཀྱང་བུལ་བ་ཡིན་ཏེ། ཀཽསྟུ་བྷ་དང་། མཀྵྀ་ཀའི་དཔེ་བཞིན་ནོ། །ད་མདོ་ཧྲིལ་གྱིས་དྲིལ་ན་སྔགས་བླ་མེད་ཀྱི་ལམ་ཐམས་ཅད་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་འདུ། གསུམ་ཀ་དབང་བཞི་ཡོངས་རྫོགས་གཅིག་གི་ལམ་དུ་འདུ། དེ་ཡང་ཐབས་གྲོལ་གྱི་ལམ་གཉིས་སུ་འདུ། འཕགས་ལམ་ལ་ལམ་གྱི་རྣམ་བཞག་ཐ་དད་པ་མེད། དབང་གསུམ་པའི་ལམ་མ་བརྟེན་པར་སྔགས་བླ་མེད་ཀྱི་མཐོང་ལམ་དང་མཐར་ཐུག་གི་འབྲས་བུ་ལ་སྦྱོར་མི་སྲིད། དབང་གསུམ་པའི་ལམ་ཡིན་ན་ཤེས་རབ་མར་བརྟེན་དགོས་པས་ཁྱབ་ཀྱང་། ཤེས་རབ་མ་ཡིན་ན་ལས་ཀྱི་ཕྱག་རྒྱ་ཡིན་དགོས་པས་མ་ཁྱབ། རྒྱུ་མཚན་དེའི་ཕྱིར་ན་གྲོལ་ལམ་པ་དང་། བྱེ་བྲག་རྫོགས་ཆེན་པ་རིག་པ་རང་སྣང་གི་བློ་ཅན་རྣམས་ལ་དབང་བཞིའི་ལམ་ཡོངས་རྫོགས་ཡོད་ཀྱང་དེས་ཐབས་ལམ་པ་ཡིན་པར་མི་འགྱུར། སྤྱིར་སྔགས་ལམ་ལ་ཐབས་ཀྱི་ཐེག་པ་ཅེས་པའི་ཐབས་དང་། བྱེ་བྲག་ཐབས་གྲོལ་ལམ་གྱི་ཐབས་གཉིས་ལ་སྤྱིར་བཏང་དང་དམིགས་བསལ་ལམ་ཐུན་མོང་དང་ཐུན་མིན་གྱི་ཁྱད་པར་ཡོད་པ་ཤེས་དགོས། དེས་ན་རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་གསང་བའི་སྙིང་པོ་ལྟ་བུ་ནི་སྤྱི་རྒྱུད་ཡིན་པས་ན་ཕ་མ་གཉིས་མེད་ཀྱི་རྒྱུད་གང་ལྟར་བཤད་ཀྱང་ཆོག་པ་དང་། བསྐྱེད་རྫོགས་རྫོགས་ཆེན་གསུམ་གང་ལྟར་བཀྲལ་ཀྱང་འགལ་བ་མེད་ལ་དེ་ལྟར་ཡིན་པ་ཡང་ངེས་པའི་དོན་དང་སྒྲ་ཇི་བཞིན་པ་ཡིན་ནོ། །ཐབས་ལམ་དང་གྲོལ་ལམ་གྱི་ཁྱད་པར་ཡང་རྩ་རྒྱུད་ནི་གང་གི་ཕྱོགས་སུ་ཡང་མ་ལྷུང་ཞིང་བཤད་རྒྱུད་སྡེ་བཞི་སོ་སོའི་དགོངས་པས་ཐབས་གྲོལ་སོ་སོར་འཆད་ནུས་པ་ཉིད་དོ། །སྤྱིར་རྒྱུད་དོན་ལ་གཞི་ལམ་འབྲས་བུའི་རྒྱུད་གསུམ་ལས། གཞི་རྒྱུད་ནི་ཤེས་བྱ། ལམ་རྒྱུད་ནི་ཉམས་སུ་ལེན་བྱ། འབྲས་རྒྱུད་ནི་ཐོབ་བྱ་ཡིན་ལ། དེའི་ནང་ནས་ཀྱང་གཞི་ཤེས་བྱེད་དང་འབྲས་བུ་ཐོབ་བྱེད། ཉམས་ལེན་གྱི་ངོ་བོ་དངོས་ནི་ལམ་རྒྱུད་ཡིན་པས་དེའི་རང་བཞིན་ཤེས་པ་གལ་ཆེ། དེ་ཡང་ལྟ་སྤྱོད་དཀྱིལ་འཁོར་སོགས་རྒྱུད་ཀྱི་དངོས་པོ་བཅུ་འཁོར་དང་བཅས་པ་ཡིན་ཀྱང་དེའི་ནང་ནས་ཀྱང་གཙོ་ཆེ་ཤོས་ལྟ་བ་དང་ཏིང་འཛིན་གཉིས་ཡིན། ལྟ་བ་ནི་ལྷག་པའི་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་དེ་ཡིན་ཀྱང་། དེ་འཕགས་པའི་ཡེ་ཤེས་མངོན་སུམ་པའི་ཡུལ་ཡིན་ཕྱིར་སོ་སྐྱེས་བློའི་ཇི་བཞིན་པར་གཏན་ལ་འབེབས་མི་ནུས། དེས་ན་འཁོར་བ་དང་མྱང་འདས་སུ་བཏགས་པའི་ཞེན་སྣང་འདི་ཉིད་ལམ་ཐུན་མིན་གྱི་གཏན་ཚིག་རྣམས་ཀྱིས་གཞལ་བས་རྗེས་དཔག་གི་ཚད་མས་གཞི་རྒྱུད་ཀྱི་དོན་སྤྱི་ཙམ་ངེས་པ་དེ་ལྟ་བར་བཞག་ནས་ཏིང་ངེ་འཛིན་སྒོམ་དགོས། ཏིང་ངེ་འཛིན་དེ་ནི་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་བསྐྱེད་པའི་རིམ་པ་དེ་ཡང་། རྣལ་འབྱོར་ལྔའི་ཆིང་གིས་བཅིང་བ་དང་། བསྙེན་བསྒྲུབ་ཡན་ལག་བཞིའི་ཆིང་གིས་བཅིང་བ་གང་ལྟར་ཡང་འདྲའོ། །བསྐྱེད་རིམ་གྱི་ཆོ་ག་ནི་རྩ་རྒྱུད་ལས་ཡི་གེ་འཁོར་ལོའི་སྤྲིན་ལས་སྒྱུ་འཕྲུལ་དྲྭ་བའི་ཏིང་ངེ་འཛིན་དུ་སྒྲུབ་པ་ཙམ་ལས་མི་གསལ་ཡང་། བཤད་རྒྱུད་དང་སྒྲུབ་ཐབས་སོགས་ཀྱི་དགོངས་པས། བདག་སྲས་གཞན་སྲས་ཀྱི་ཆོ་ག་དང་། མངོན་བྱང་ལྔ་བསྐྱེད། རྡོ་རྗེའི་ཆོ་ག་གསུམ་བསྐྱེད་སོགས་གང་ལྟར་བྱས་ཀྱང་འགལ་བ་མེད་པའོ། །རྫོགས་རིམ་ན་གྲོལ་ལམ་བསྐྱེད་རིམ་ལྟར་རྣལ་འབྱོར་ལྔའི་ཆིང་གིས་བཅིང་བ་དང་། ཐབས་ལམ་སྟེང་འོག་གི་སྒོ་ཐུན་མོང་བ་ལྟར་དགའ་བཞིའི་ཆིངས་སུ་བཅིང་བ་དང་། ཐུན་མོང་མ་ཡིན་པ་འཁོར་ལོ་བཞིར་མན་ངག་བཞིའི་རྫོགས་རིམ་སྒོམ་ཚུལ་བཱི་མ་ལའི་གསང་ཐིག་ནས་འབྱུང་བ་ལྟར་བསྒོམ་པའི་རིམ་པ་རྣམས་སོ། །གྲོལ་ལམ་རྣལ་འབྱོར་ལྔའི་ཆིང་གིས་བཅིང་བ་ཟུར་པའི་བཤད་སྲོལ་ལས་བྱུང་བ་ནི་ལམ་གྱི་ངོ་བོ་རིམ་ལྔ་དང་ཕྱོགས་མཚུངས་ལ། རོང་ཟོམ་ཆེན་པོའི་དཀོན་མཆོག་འགྲེལ་དུ་གསུངས་པ་ནི་རྫོགས་ཆེན་ཁྲེག་ཆོད་ཀྱི་གདམས་པ་དང་ཕྱོགས་མཚུངས་པའོ། །བསྐྱེད་རིམ་ནས་རྫོགས་རིམ་ལ་འཇུག་ཚུལ་ནི། གྲོལ་ལམ་གཅིག་ཆར་བ་བསྐྱེད་རྫོགས་ཆིག་ཆོད་དུ་སོང་ནས་ལམ་དངོས་འཕགས་ལམ་ཟུང་འཇུག་གི་ངོ་བོར་གྱུར་པའོ། །གྲོལ་ལམ་རིམ་གྱིས་པ་དང་། ཐབས་ལམ་པ་རྣམས་ནི་བསྐྱེད་རྫོགས་རིམ་ཅན་དུ་སྦྱང་དགོས་ལ། དེ་ཡང་བསྐྱེད་རིམ་ཕྱག་རྒྱ་སྤྲོས་བཅས་རྫོགས་ནས་རྫོགས་རིམ་གསང་དབང་གི་ལམ་ནས་རིམ་བཞིན་འཇུག་པ་དང་། ཕྱག་རྒྱ་གཅིག་སྤྲོས་ཀྱི་རྟེན་ལ་གསང་དབང་གི་ལམ་སྦྱང་ནས་སྒྱུ་ལུས་དང་འོད་གསལ་མངོན་དུ་བྱས་ཏེ་ཚོགས་སྒྲུབ་ཤེར་དབང་ལམ་གྱི་ཉེ་རྒྱུས་རླུང་སེམས་ལས་གྲུབ་པའི་སྒྱུ་ལུས་ཀྱི་ལྷ་སྐུ་དོན་གྱི་འོད་གསལ་དུ་བསྡུས་ནས་ཟུང་འཇུག་གི་ལྷ་སྐུར་ལྡང་བ་དང་། ཉིན་མོ་སྟོང་ཆེན་རྣལ་འབྱོར་བསྒོམ་ནས་མཚན་མོ་གཉིད་ཀྱི་འོད་གསལ་དང་སྦྲེལ་ཏེ་དུ་བ་སོགས་ཀྱི་མཚན་མ་མཐོང་བ་ནས་དཔེའི་འོད་གསལ་བསྐྱེད་པ་རྫོགས་རིམ་གྱི་སྟོང་ཆེན། སྙིང་རྗེ་སྒྱུ་མའི་འཕེན་པས་ཉིན་མོ་ཕྱག་རྒྱ་གཅིག་སྤྲོས་གྱི་རྣལ་འབྱོར་བསྒོམ་པ་དང་འདྲེལ་བར་དཔེའི་འོད་གསལ་ལས་སྙིང་རྗེ་སྒྱུ་མའི་འཕེན་པས་སྒྱུ་ལུས་ཀྱི་ལྷ་སྐུ་ཕྱག་རྒྱ་གཅིག་སྤྲོས་སུ་ལྡང་བ་དེ་དང་། དེའི་རྣལ་འབྱོར་ཚུལ་དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་གི་ལམ་གྱིས་སྦྱོར་ལམ་ཆོས་མཆོག་གི་བར་བགྲོད་ནས་རྟེན་དེ་ལ་ཚོགས་སྒྲུབ་གྱི་ཉེ་རྒྱུས་འཕགས་ལམ་ལ་སྦྱོར་བར་བཤད་པ་སོགས་བཤད་སྲོལ་དུ་མ་ཡོད། གང་ལྟར་རུང་ཕྱག་རྒྱ་གཅིག་སྤྲོས་ཀྱིས་བསྡུས་པའི་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་ངེས་པ་ཅི་རིགས་རྙེད་པའི་ཚེ་དེ་དག་དང་སྦྲེལ་ནས་གསང་དབང་གི་ལམ་རླུང་གི་རྣལ་འབྱོར་དང་ཤེར་དབང་གི་ལམ་གདམས་ངག་སྟེང་སྒོ་དང་འོག་སྒོ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་རྩལ་སྦྱང་བ་སོགས་བྱས་པས་སྟོང་བཞི་དང་། དགའ་བཞི་ཐབས་ཀྱི་ཁྱད་པར་ཙམ་ལས་ལམ་གྱི་མངོན་རྟོགས་སྦྱོར་ལམ་བཞི་དང་དོན་གཅིག་པ་སྐྱེ། དེ་ནས་ལས་རྒྱ་དངོས་ལ་བརྟེན་ནས་མཐོང་ལམ་ལ་སྦྱོར་བ་ལ་སྤྲོས་བཅས་སྤྲོས་མེད་ཀྱི་སྤྱོད་པ་དུས་ཚོད་དང་འདྲེལ་བར་བསྐྱངས་པས་ཆོག་གམ་སྙམ། ཤེར་དབང་གི་ལམ་རྟེན་ཁྱིམ་པ་དང་རབ་བྱུང་གང་ཡིན་ཀྱང་ཐབས་ཀྱིས་མ་ཟིན་ན་འཆིང་བ་མཉམ་ལ། ཟིན་ན་ཐབས་ཀྱི་ལམ་དུ་མཉམ་པས་གཞུང་ཇི་ལྟར་བ་བཞིན་བསྙེགས་ན་འགལ་བ་མེད་དམ་སྙམ། བཅས་རང་གི་ཁ་ན་མ་ཐོ་བ་འབྲས་བུ་དང་བཅས་པ་ཐོབ་མིན་གྱི་ཁྱད་པར་འདུ་ཤེས་གསུམ་སྒྲ་ཇི་བཞིན་པ་ལམ་དུ་སློང་མིན་དང་ཆགས་རྟོག་གི་ངོ་བོ་བདེ་སྟོང་དུ་གྲོལ་མིན་གྱིས་ཕྱེ་བ་དོན་གནས་དང་། འཕགས་ལམ་དངོས་དང་དེ་དང་བར་ཆད་མེད་པའི་ལམ་ལ་སྦྱར་ནས་བཟོད་ཐོབ་ངན་སོང་ལྟུང་མིན་སོགས་དང་བཤད་སྦྱར་མཛད་པ་ནི་གསང་སྔགས་ཐབས་ཀྱི་ཆེ་བ་དང་མ་སྦྱར་ཞིང་རྒྱུ་འབྲས་དང་ས་ལམ་གྱི་རྣམ་བཞག་སྤྱིར་བཏང་བ་དང་བསྟུན་པས་ཇོ་བོའི་བྱང་ཆུབ་ལམ་སྒྲོན་དང་ཧ་ལམ་དགོངས་པ་མཐུན་ནམ་སྙམ། སྤྱིར་ས་ལམ་འབྲས་བུའི་རྣམ་བཞག་ཐམས་ཅད་ཤེས་དགོས་ཀྱང་། ཁྱད་པར་ལས་དང་པོ་པས་ཚོགས་སྦྱོར་དང་། མཐོང་ལམ་ལ་སྦྱོར་ཚུལ་ཚུན་ཆད་འདི་ཞིབ་པར་ཤེས་པ་གལ་ཆེ། སྤྱིར་གྱིས་སྔགས་ལམ་དང་ཁྱད་པར་རྫོགས་ཆེན་ལམ་གྱི་མྱུར་ཁྱད་དང་ཐབས་ཀྱི་ཆེ་བ་ཐམས་ཅད་མཐོང་ལམ་ཚུན་ཆད་དུ་འདོན་ཤེས་དགོས་ཀྱི། དེ་ཕན་ཆད་ནི་ཐེག་ཆེན་ཡིན་ཕྱིན་ཁྱད་པར་ཅུང་ཟད་ཙམ་ཡང་ཡོད་ཅེས་མི་སྨྲའོ།། རྒྱལ་བའི་དགོངས་གསང་རྒྱལ་སྲས་མཆོག་གི་ཡུལ། །རྒྱལ་བའི་ལམ་བཟང་རྡོ་རྗེའི་ཐེག་པ་ལ། །ཉམ་ཆུང་བློ་ཡིས་དཔྱད་བཟོད་ལྟ་ཅི་ཞིག །དོགས་པ་གཅོད་འདོད་བྲིས་ལ་ཉེས་པ་མེད། །ཅེས་པའང་པདྨ་བཛྲ་དུ་འབོད་པས་བྲིས་པ་དགེའོ།། བཀྲ་ཤིས།།
འཁོར་ལོ་གསུམ་དང་རིག་འཛིན་སྔགས་ཀྱི་སྡེ་སྣོད་བཅས་པའི་དོན་བསྡུས།
༄༅།།འཁོར་ལོ་གསུམ་དང་རིག་འཛིན་སྔགས་ཀྱི་སྡེ་སྣོད་བཅས་པའི་དོན་བསྡུས་བཞུགས་སོ།། སངས་རྒྱས་ལ་ཕྱག་འཚལ་ལོ། །འོ་ལགས། བདག་ཅག་གི་སྟོན་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ནི། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ། གཉིས་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་གསུམ་ཡིན་ཏེ། དེ་ལ་དང་པོ་བདེན་པ་བཞི་ནི། གང་ཟག་ལས་དང་པོ་བ་འཁོར་བ་སྤངས་ནས། ཐར་པ་ཐོབ་པར་འདོད་པ་རྣམས་ཀྱི་དོན་དུ་གསུང་བ་སྟེ། འཁོར་བའི་མཚན་ཉིད་དང་། དེའི་རྒྱུ་དང་། ཐར་བའི་མཚན་ཉིད་དང་། དེ་འཐོབ་པའི་ཐབས་དང་བཞིའི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་འདི་ནི་སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་གྱི་བདེན་པ་ནི་ཤེས་པར་བྱའོ། །འདི་ནི་ཀུན་འབྱུང་གི་བདེན་པའོ། །ཀུན་འབྱུང་གི་བདེན་པ་ནི་སྤང་བར་བྱའོ། །འདི་ནི་འགོག་པའི་བདེན་པའོ། །འགོག་པའི་བདེན་པ་ནི་འཐོབ་པར་བྱའོ། །འདི་ནི་ལམ་གྱི་བདེན་པའོ། །ལམ་གྱི་བདེན་པ་ནི་རྒྱུད་ལ་བསྟེན་པར་བྱའོ། །གསུངས་པས། སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བ་ནི། འཁོར་བའི་སྣོད་བཅུད་གཉིས་ཡིན། དེ་ལ་དབྱེ་ན་ཁམས་གསུམ་དང་། འགྲོ་བ་རིགས་དྲུག་ཡོད་དེ། དེ་ཐམས་ཅད་ཕུང་པོ་ལྔར་མ་འདུས་པ་མེད་དོ། །དེ་ཇི་ལྟར་ཤེས་པར་བྱ་ན། འཁོར་བ་སྡུག་བསྔལ་གྱི་མཚན་ཉིད་ནི་བཞི་པོ་འདི་ཡིན་ཏེ། སྡུག་བསྔལ་བ་དང་། མི་རྟག་པ་དང་། སྟོང་པ་དང་། བདག་མེད་པའོ། །དེ་ལ་སྡུག་བསྔལ་བ་ནི། འཁོར་བ་སྤྱིའི་སྡུག་བསྔལ་ལ་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ཡིན། བྱེ་བྲག་འགྲོ་བ་རིགས་དྲུག་སོ་སོའི་སྡུག་བསྔལ་རྣམས་སོ། །མི་རྟག་པ་ནི། རགས་པ་འགྲོ་བའི་སྐྱེ་འཆི། སྣོད་ཀྱི་ཆགས་འཇིག །དུས་ཀྱི་འགྱུར་ལྡོག་ལ་སོགས་པ་དང་། ཕྲ་བ་འདུས་བྱས་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་འགྱུར་ཞིང་མི་སྡོད་པ་ཡིན་ནོ། །སྟོང་པ་ནི། ཕུང་པོ་ལྔ་པོ་འདིའི་ཕྱི་ནང་བར་གསུམ་གང་དུ་བཙལ་ཀྱང་ངའམ་བདག་ཅེས་པ་དེ་མེད་པས་སྟོང་པ་ཞེས་བྱ་སྟེ། དཔེར་ན་ཁང་པའི་ནང་ན་མི་མེད་པས་སྟོང་པ་ལྟ་བུའོ། །བདག་མེད་པ་ནི། ཕུང་པོ་ལྔ་ལ་བདག་གི་མཚན་ཉིད། རྟག་པ་གཅིག་པུ། རང་དབང་ཅན་གསུམ་མེད་པས་བདག་མེད་པ་ཞེས་བྱ་སྟེ། དཔེར་ན་ཁང་པ་ལ་མིའི་མཚན་ཉིད་མེད་པས། ཁང་པ་མི་མ་ཡིན་པ་བཞིན་ནོ། །དེ་ལྟར་སྡུག་བདེན་གྱི་མཚན་ཉིད་ཤེས་པའི་དགོས་པ་ནི། །འཁོར་བ་ལ་སྐྱོ་ནས་དེ་ལས་ཐར་འདོད་ཀྱི་བློ་སྐྱེ་བ་དང་། བདག་མེད་པ་ལ་བདག་ཏུ་འཛིན་པའི་བློ་འདི་འཁྲུལ་བ་ཡིན་པར་ཤེས་པའི་དགོས་པ་ཡོད་དོ། །སྡུག་བསྔལ་གྱི་བདེན་པ་ཤེས་ནས་དེ་མི་འདོད་པའི་ཚེ་ན། དེའི་རྒྱུ་ཀུན་འབྱུང་གི་བདེན་པ་ཡིན་པར་ཤེས་ནས་དེ་སྤང་དགོས་པ་ནི། དཔེར་ན། ལུས་ཀྱི་ཚ་ན་སྡུག་བསྔལ་དུ་ཤེས་ནས་དེ་མི་འདོད་པའི་ཚེ། དེའི་རྒྱུ་ནད་གདོན་སྤངས་དགོས་པ་ལྟ་བུའོ། །དེ་ལ་ཀུན་འབྱུང་གི་བདེན་པ་ནི། ལས་དང་། ཉོན་མོངས་པ་གཉིས་སོ། །ལས་ནི་མི་དགེ་བ་བཅུ་དང་། ཐབས་ཀྱིས་མ་ཟིན་པའི་དགེ་བ་ཟག་བཅས་རྣམས་དང་། ལྷག་མཐོང་གིས་མ་ཟིན་པའི་ཞི་གནས་རྐྱང་པ་རྣམས་སོ། །ཉོན་མོངས་པ་ནི་ལས་དེ་རྣམས་ཀུན་ནས་སློང་བའི་རྒྱུ་སྟེ། རྩ་བ་དུག་གསུམ་དང་། དེ་ལས་བྱུང་བའི་རྩ་ཉོན་ཉེ་ཉོན་སོགས་ཉོན་མོངས་པ་ཐམས་ཅད་དོ། །ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བའམ་ས་བོན་ལྟ་བུ་ནི་བདག་འཛིན་ཏེ། དེ་ལ་གང་ཟག་གི་བདག་ཏུ་འཛིན་པ་ཅེས་བྱ། ལྷན་སྐྱེས་ཀྱི་བདག་འཛིན་ཅེས་བྱ། རྟེན་འདྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ཡང་དེ་ཡིན་ནོ། །དེས་ན་བདག་ཏུ་འཛིན་པ་དང་། དེ་ལས་བྱུང་བའི་ལས་ཉོན་དང་བཅས་པ་ཐམས་ཅད་ལ་ཀུན་འབྱུང་ཞེས་བྱ་སྟེ། སྡུག་བསྔལ་མཐའ་དག་གི་རྒྱུ་ཡིན་པར་ཤེས་དགོས། ཀུན་འབྱུང་གི་མཚན་ཉིད་ནི་བཞི་སྟེ། རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་ཞེས་བྱའོ། །དེ་རྣམས་རིམ་པ་བཞིན། དཔེར་ན། ས་བོན་གྱིས་འབྲས་བུ་བསྐྱེད་པ་བཞིན། ལས་ཉོན་གྱིས་འཁོར་བའི་སྡུག་བསྔལ་མཐའ་དག་བསྐྱེད་པས་ན་རྒྱུ་ཡིན་ནོ། །དཔེར་ན་ཞིང་ས་ལས་ལོ་ཏོག་འབྱུང་བ་བཞིན་ལས་ཉོན་ལས་སྡུག་བསྔལ་འབྱུང་བས་ཀུན་འབྱུང་བ་ཡིན་ནོ། །རྨ་ལ་ཁུ་ཚུར་བརྒྱབ་པ་བཞིན་ལས་ཉོན་དྲག་པོས་སྡུག་བསྔལ་ཆེན་པོ་འཕྲལ་ལ་བསྐྱེད་པས་ན་རབ་ཏུ་སྐྱེ་བ་ཡིན་ནོ། །ཆུ་ལུད་སོགས་ཀྱི་རྐྱེན་ལས་སྟོན་ཐོག་འགྲུབ་པ་ལྟར་ལས་ཉོན་གྱི་རྐྱེན་ལས་སྡུག་བསྔལ་འགྲུབ་པས་རྐྱེན་ཞེས་བྱའོ། །དེ་ལྟར་ཤེས་པའི་དགོས་པ་ནི། ནད་ཀྱི་རྒྱུ་དུག་དང་རིམ་སོགས་ཡིན་པར་ཤེས་ན་དེ་ལ་འཛེམས་ཤིང་སྤོང་འདོད་སྐྱེ་བ་བཞིན་ནོ། །ལས་ཉོན་བདག་འཛིན་དང་བཅས་པ་ལ་སྤོང་འདོད་ཀྱི་བློ་སྐྱེ་བ་ཡིན་ནོ། །ཀུན་འབྱུང་སྤངས་པས་འཁོར་བའི་སྡུག་བསྔལ་ལས་ཐར་ནས་འགོགས་པའི་བདེན་པ་མྱ་ངན་ལས་འདས་པ་མངོན་དུ་བྱས་ནས་ཐོབ་པར་འགྱུར་བས་ན། འགོག་བདེན་མངོན་དུ་བྱ་འདོད་ཀྱི་བསམ་པ་སྐྱེ་དགོས། དེ་ལ་འགོག་བདེན་ནི། ཀུན་འབྱུང་གི་ས་བོན་སྤངས་པས་ཕུང་པོ་ལྔ་དང་བྲལ་བའི་ཟག་མེད་ཀྱི་དབྱིངས་འདུས་མ་བྱས་པ་ཡིན་ཏེ། དེའི་མཚན་ཉིད་ནི། ཞི་བ། འགོག་པ། གྱ་ནོམ་པ། ངེས་པར་འབྱུང་བ་དང་བཞིའོ། །དེ་ལ་སྔར་ཡོད་ཀྱི་ལས་ཉོན་སྡུག་བསྔལ་ཟག་བཅས་འདུས་བྱས་ཀྱི་ཆོས་ཐམས་ཅད་ཉེ་བར་ཞི་བས་ཞི་བའོ། །གཉེན་པོས་ས་བོན་སྤངས་པས་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་བས་འགོག་པ་ཞེས་བྱའོ། །ཞི་བའི་དབྱིངས་ཏེ་རྟག་ཏུ་མི་ཉམས་ཤིང་ཟག་མེད་ཀྱི་ཆོས་དང་ལྡན་པས་གྱ་ནོམ་པ་ཞེས་བྱའོ། །གྱ་ནོམ་པ་ནི་སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པ་བཟང་པོ་ཞིག་ལ་ཟེར། འགོག་པ་མངོན་དུ་ལན་གཅིག་བྱས་ནས་ཕྱིས་འཁོར་བར་ལྡོག་མི་སྲིད་པས་ངེས་པར་འབྱུང་བ་ཞེས་བྱའོ། །འགོག་པ། ཐར་པ། རྣམ་པར་གྲོལ་བ། མྱ་ངན་ལས་འདས་པ་རྣམས་དོན་ལ་གཅིག་གོ །དེ་ཤེས་པའི་དགོས་པ་ནི། དེའི་ཕན་ཡོན་ནམ་ཡོན་ཏན་མཐོང་ནས་ཐར་པ་དོན་དུ་གཉེར་བའི་བློ་སྐྱེའོ། །དེ་ལྟར་འཁོར་བ་སྡུག་བདེན་གྱི་ཉེས་དམིགས་དང་། ཐར་པ་འགོག་བདེན་གྱི་ཕན་ཡོན་ཤེས་ནས། འཁོར་འདས་ལ་བླང་དོར་བྱེད་པར་འདོད་པའི་གང་ཟག་གི་ཉམས་སུ་བླང་བར་བྱ་བ་ནི་ལམ་བདེན་ཡིན་ནོ། །དེ་ལ་ལམ་བདེན་ནི་གང་ཟག་གི་བདག་མེད་རྣམ་པར་མི་རྟོག་པའི་ཡེ་ཤེས་འཁོར་དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་སོགས་དང་བཅས་པ་ཡིན་ནོ། །དེའི་མཚན་ཉིད་ནི། ལམ་རིགས་པ། སྒྲུབ་པ། ངེས་པར་འབྱིན་པ་བཞིའོ། །དེ་ལ་སོ་སོའི་སྐྱེ་བོའི་ས་ནས་ཐར་པ་བྱང་ཆུབ་བར་བགྲོད་པའི་ལམ་ཡིན་པས་ན་ལམ་ཞེས་བྱ། དེ་ནི་ཀུན་འབྱུང་ལས་ཉོན་གྱི་གཉེན་པོར་འོས་ཤིང་རིགས་པས་ན་རིགས་པ་ཞེས་བྱའོ། །དེས་ནི་རང་གི་སེམས་ཕྱིན་ཅི་མ་ལོག་པར་ཡང་དག་པའི་ལམ་དུ་སྒྲུབ་པས་ན་སྒྲུབ་པ་ཞེས་བྱ། ལམ་དེ་ཉམས་སུ་བླང་ན་འཁོར་བའི་འདམ་ལས་གདོན་མི་ཟ་བར་ངེས་པར་དབྱུང་བའམ་འབྱིན་པས་ན་ངེས་པར་འབྱིན་པ་ཞེས་བྱའོ། །དེ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པ་དྲག་པོས་ལམ་ཕྱིན་ཅི་མ་ལོག་པ་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་ཞིག་བཙལ་ནས་ཚུལ་བཞིན་བསྟེན་ཏེ། དེ་ལ་གདམ་ངག་ཞུས་ནས། ཚུལ་ཁྲིམས་རྣམ་པར་དག་པ་མིག་གི་འབྲས་བུ་བཞིན་སྲུང་ཞིང་། དབེན་པའི་གནས་སུ་མཚན་བཅས་མཚན་མེད་ཀྱི་ཞི་གནས་ལ་སེམས་རྩེ་གཅིག་ཏུ་གནས་པའི་གནས་ཆ་བརྟན་པོར་སྒྲུབ། དེ་ནས་བླ་མའི་མན་ངག་བཞིན་ལྷག་མཐོང་བཙལ་ནས་བདག་མེད་སྟོང་པ་ཉིད་ཀྱི་དོན་ལ་བློ་སྦྱངས། ཞི་ལྷག་ཟུང་འདྲེལ་གྱི་ངང་ནས་སེམས་ཉིད་ཀྱི་གནས་ལུགས་གཏན་ལ་ཕབས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་བསྐྱེད། ཉམས་ཞེན་དང་ཡིད་དཔྱོད་ཀྱིས་མ་སླད་པའི་མཉམ་བཞག་གི་ངང་དུ། བདག་འཛིན་རྩ་བ་ཆོད། ལྟ་སྒོམ་གྱི་འཛིན་སྟངས་ཡལ། ཕྲ་རགས་ཀྱི་རྟོག་པ་དག །རང་མལ་གྱི་ཤེས་པ་ཡུལ་མེད་རང་གསལ་དུ་རྗེན་སང་ངེ་མ་སོང་གི་བར་དུ། བརྩོན་འགྲུས་དྲག་པོས་ཉམས་ལེན་ལ་འབད་དགོས། དེ་ནས་བཟུང་སྟེ་རྩོལ་མེད་རང་བབས་ཀྱི་ངང་ལ། ཡེངས་མེད་གཉུགས་མའི་དྲན་པས་རྒྱུན་སྐྱངས་ནས། རིག་སྟོང་སྐྱེ་མེད་ཀྱི་རང་མདངས། འགག་མེད་ཏིང་འཛིན་གྱི་རོལ་པར་རྩལ་སྦྱང་ཏེ། བྱམས་དང་སྙིང་རྗེ། དད་པ་དང་དག་སྣང་། བསྐྱེད་རྫོགས་དང་བཟླས་བརྗོད། ཚོགས་བསགས་དང་སྒྲིབ་སྦྱོང་། ཕྱིན་དྲུག་དང་བསྡུ་བཞི། བསྔོ་བ་དང་སྨོན་ལམ་སོགས་དོན་གཉིས་སྒྲུབ་པའི་སྤྱོད་པ་ཐམས་ཅད། སྒྱུ་མ་མཁན་སྒྱུ་མའི་རྩེད་འཇོ་ལ་རོལ་བའམ། ནམ་མཁའ་ལ་འབྱུང་བཞིའི་ཆོ་འཕྲུལ་སྟོན་པ་བཞིན། གཤིས་སྐྱེ་མེད་ལས་མདངས་འགག་མེད་སྣ་ཚོགས་སུ་ཤར་ཡང་། རོལ་བ་འཛིན་མེད་དུ་གྲོལ་བས། བདེན་གཉིས་ཟུང་འཇུག་གི་སྤྱོད་པ་དབྱེར་མེད་ཀྱི་ཉམས་ལེན། ཚོགས་གཉིས་ཟུང་འཇུག་གི་སྤྱོད་པ། ཐབས་ལ་མཁས་པའི་སྒོ་ཐམས་ཅད་ལ། ཆགས་མེད་ཞེན་མེད་ཀྱི་ངང་ནས། ཇི་ལྟར་པདྨོ་ཆུ་མི་ཆགས་པ་དང་། །ཉི་ཟླ་ནམ་མཁའ་ཐོགས་པ་མེད་ལྟར་སྤྱད། །ཅེས་པ་ལྟར་ཆགས་ཐོགས་མེད་པར་སྤྱད་པར་བྱའོ། །དེ་ཡང་སྔོན་འགྲོའི་ཁྲིད་ལྟ་བུ་ལ་མཚོན་ན། ཚེ་མི་རྟག་པ་དང་འཁོར་བའི་སྡུག་བསྔལ་བཤད་པ་ནི་སྡུག་བསྔལ་བདེན་པ་ཤེས་བྱར་བསྟན་པའི་ཁྲིད། ལས་རྒྱུ་འབྲས་བཤད་པ་ནི་ཀུན་འབྱུང་བདེན་པ་སྤང་བར་བསྟན་པའི་ཁྲིད། ཐར་པའི་ཕན་ཡོན་བསྟན་པ་ནི། འགོག་བདེན་ཐོབ་བྱར་བསྟན་པའི་ཁྲིད། དལ་འབྱོར་གྱི་རྟེན་ལ་བསམ་ནས་དགེ་བའི་བཤེས་གཉེན་བསྟེན་པ་ནི་ལམ་བདེན་ལ་འཇུག་པའི་རྒྱུ་རྐྱེན་གྱི་རྟེན་འདྲེལ་བསྒྲིག་པའི་ཁྲིད། སྐྱབས་སུ་འགྲོ་བ་ནས་བཟུང་བླ་མའི་རྣལ་འབྱོར་གྱི་མཐར་ཐུག་པའི་བར་ནས་ཕྱི་ནང་གསང་བའི་ཐེག་པ་གསུམ་ལ་རིམ་གྱིས་བཀྲི་བ་སྟེ་ལམ་བདེན་རྒྱུད་ལ་བསྟེན་པའི་ཁྲིད་ཡིན་ནོ། །དེས་ན་བདེན་པ་བཞི་འདི་ནི་འཁོར་འདས་གཉིས་ཀྱི་རང་བཞིན་ཤེས་ནས་བླང་དོར་བྱེད་ལུགས་བསྟན་པ་ཡིན་པས་ན། ལམ་ཐམས་ཅད་ཀྱི་ཁོག་འཕུབ། ཐེག་པ་ཐམས་ཅད་ཀྱི་སྤྱི་ཆིངས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་ལམ་པོ་ཆེ་ཡིན་པས་མདོ་རྒྱུད་མན་ངག་གི་ཆོས་གང་ཉམས་སུ་ལེན་པ་ཡང་འདི་ཤེས་དགོས་པའི་གནད་གལ་པོ་ཆེ་ཡིན་ལགས། དེ་ནས་བཀའ་བར་པའི་སྐབས་སུ་ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གསུམ་དུ་གཏན་ལ་ཕབས་ནས། མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་ཡང་། གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ལ་དགོངས་ནས། ཀུན་འབྱུང་བདེན་པའི་སྐབས་སུ་སྲིད་པའི་རྩ་བར་གྱུར་པའི་བདག་འཛིན་ནམ་བདག་ལྟ་ལ། གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གཉིས་སུ་ཕྱེ་ནས་ཆོས་ལ་བདག་ཏུ་འཛིན་པ་དེ་སྲིད་པའི་རྩ་བར་བསྟན་ཅིང་། དེ་སྤོང་བའི་གཉེན་པོ་ལམ་བདེན་གྱི་སྐབས་སུ་ཆོས་ཀྱི་བདག་མེད་རྫོགས་པར་བསྟན་པའི་ཆེད་དུ། ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཤིན་ཏུ་རྒྱས་པ་གཏན་ལ་ཕབས་ནས་གསུངས་སོ། །དེ་ཉམས་སུ་བླང་ནས་ཤེས་སྒྲིབ་མཐའ་དག་སྤངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་མཛད་ནས་ནམ་མཁའ་ཇི་སྲིད་བར་སེམས་ཅན་གྱི་དོན་མཛད་པ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་བསྒོམས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་ཡས་པ་ལ་སློབ་དགོས་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་བསྒྲུབ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཚད་མེད་པ་བཞི་དང་བསྡུ་བའི་དངོས་པོ་བཞི་སོགས་ཐབས་སྤྱོད་པའི་ཕྱོགས་ཤིན་ཏུ་རྒྱ་ཆེ་བ་བསྟན་ནས་ཐབས་ཤེས་ཡ་མ་བྲལ་བར་ཉམས་སུ་ལེན་པར་གསུངས་པ་ཡིན། །བཀའ་ཐ་མའི་སྐབས་སུ་ཡང་། ཆོས་ཐམས་ཅད་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དུ་ལེགས་པར་ཕྱེ་ནས། ཡོངས་གྲུབ་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་འདུས་མ་བྱས་རང་བྱུང་གི་ཡེ་ཤེས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་མཐའ་བྲལ་དབུ་མ་ཆེན་པོའི་རང་བཞིན་དུ་གཏན་ལ་ཕབས་ནས་བསྟན་པའི་དོན་ཡང་། །དངོས་པོ་བདེན་གྲུབ་ཏུ་ལྟ་བ་དང་། དངོས་མེད་སྟོང་པར་བལྟ་བའི་དམིགས་པ་དང་། བློའི་མཐའ་ཤིན་ཏུ་ཕྲ་བ་ཡང་། མཚན་མའི་རྟོག་པ་དང་ཡིད་བྱེད་ཕྲ་མོར་བསྟན་ནས། དེ་ལྟ་བུའི་ལྟ་གཞི་མཐའ་དག་སྤངས་པའི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སངས་རྒྱས་ཀྱི་དགོངས་པའི་སྤྱོད་ཡུལ་ལ་འཇུག་པར་བསྟན་པ་ཡིན་ཏེ། དེ་ཡང་ཀུན་འབྱུང་གི་གནས་ངན་ཕྲ་མོ་སྤངས་པའི་ཕྱིར། ལམ་བདེན་ཟབ་པའི་མཐར་ཐུག་པ་ཉིད་བསྟན་པ་ཡིན་ནོ། །དེས་ན་བཀའ་འཁོར་གསུམ་ག་ཡང་སྤྱིར་བདེན་བཞིའི་ལམ་ལས་མི་འདའ་ཞིང་། དེ་ལས་ཁྱད་པར་དུ་ཕྱེ་བ་ཙམ་དུ་ཟད་དོ། །དེ་ནས་གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་ལུགས་ལ་ཡང་འཁོར་བའི་རྒྱུ་འབྲས་ལས་ལྡོག་སྟེ། མྱ་ངན་ལས་འདས་པའི་རྒྱུ་འབྲས་ལ་ཞུགས་ནས་རྣམ་མཁྱེན་མངོན་དུ་བྱེད་པ་ཡིན་པས། སྤྱིར་བདེན་བཞི་ལས་མི་འདའ་ཡང་། ཉམས་སུ་ལེན་ལུགས་ལ་ཁྱད་པར་འདི་ཡོད་དེ། སྡུག་བདེན་འཁོར་བའི་སྣོད་བཅུད་འདི་རྣམས་ལ། གནས་ལུགས་དང་སྣང་ལུགས་གཉིས་སུ་ཕྱེ་ནས། གནས་ལུགས་ཀྱི་ངོས་ནས་འཇལ་ན། སྣ་ཚོགས་སུ་སྣང་བ་འདི་རྣམས་ལ་གཞི་རང་བཞིན་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སྣང་སྟོང་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་བཞུགས་པས་གཞི་ལྷུན་གྲུབ་ཀྱི་སངས་རྒྱས་ཞེས་བྱ་སྟེ། དཔེ་འདམ་རྫབ་ཀྱི་ནང་གི་ནོར་བུ་བཞིན་དུ་རང་ངོ་རྣམ་དག་ཏུ་ཡོད་ཅིང་། སྡུག་བདེན་གྱི་རང་བཞིན་འགོག་བདེན་དུ་གནས་པས་འཁོར་འདས་དབྱེར་མེད་ཅེས་བྱའོ། །དེ་ཉིད་གཞི་རྒྱུད་དམ་སྦྱོང་གཞི་ཡིན་ནོ། །དེ་ལྟར་རྟོགས་པ་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བའམ་གྲུབ་མཐའ་ཟེར་བ་ཡིན་ནོ། །སྣང་ལུགས་ཀྱི་ངོས་ནས་འཇལ་ན། སོ་སོའི་སྐྱེ་བོས་ཐ་མལ་རང་རྒྱུད་དུ་ཞེན་པའི་སྣང་བ་ལ་ཇི་ལྟར་སྣང་བའི་ཕྱི་ནང་གི་དངོས་པོ་འདི་རྣམས་ལ་མ་རྟོགས་འཁྲུལ་བའི་སྣང་བ་ཟེར་ཏེ་སྦྱང་བྱ་ཡིན་ནོ། །དེ་ཉིད་སྡུག་བསྔལ་བདེན་པ་ལ་བཞག་གོ །ལས་ཉོན་ཀུན་འབྱུང་གི་བདེན་པ་ལ་ཡང་། རང་བཞིན་ཤེས་པས་ལམ་དུ་འགྲོ་ཚུལ་དང་། རང་ཁར་ཤོར་བས་ཀུན་འབྱུང་དུ་འགྲོ་ཚུལ་གཉིས་ལས། ལམ་དུ་འགྲོ་ཚུལ་ནི། ཉོན་མོངས་གང་སྐྱེས་ཀྱང་དགག་སྒྲུབ་མེད་པར་ཁོ་རང་གི་ཐོག་ཏུ་ལྷོད་ནས་བཞག་པས་རྩལ་གཞི་ཐོག་ཏུ་གྲོལ་བ་ཆབ་རོམ་ཆུར་ཞུ་བའམ། རླབས་རྒྱ་མཚོར་ཐིམ་པ་བཞིན་ཉོན་མོངས་ཁོ་རང་གི་ངོ་བོ་སྤྲོས་བྲལ་གཉུག་མའི་ཡེ་ཤེས་སུ་རྗེན་ལྷང་ངེ་འཆར། དེ་ཙ་ན་གཉེན་པོ་གཞན་མ་དགོས་པར་ཉོན་མོངས་ཉིད་ཡེ་ཤེས་སུ་ཤར་བས་ཀུན་འབྱུང་ལམ་བདེན་དུ་སོང་བ་ལ་ཉོན་མོངས་ལམ་དུ་བྱེད་པ་ཞེས་བྱའོ། །ལུས་ངག་གི་ལས་རྣམས་ཀྱང་ངོ་བོ་ལུང་མ་བསྟན་ཡིན་ཅིང་། དེ་དགེ་སྡིག་ཏུ་སྒྱུར་བའི་བྱེད་པོ་སེམས་ཡིན་པས། སེམས་ཉིད་གཟུང་འཛིན་ཨ་འཐས་སུ་མ་ཞེན་པར་གང་ཤར་གྱི་ངོ་བོ་མ་བཅོས་ཆོས་ཉིད་སྟོང་པའི་རང་འགྲོས་ཀྱི་ངང་དུ་གྲོལ་བ་ཤེས་རབ་དང་། སྦྱོར་བ་སེམས་བསྐྱེད་ཁྱད་པར་ཅན་དངོས་གཞི་ལྷ་སྔགས་ཏིང་འཛིན་གྱི་བྱེད་པས་ཐ་མལ་གྱི་སྣང་ཞེན་དག་སྣང་དུ་འཆར་བ། རྗེས་སུ་ཚོགས་གཉིས་རྫོགས་པའི་ཉེ་ལམ་དུ་སོང་བ་ནི་ཐབས་ཏེ། ཐབས་ཤེས་ཁྱད་པར་ཅན་དེ་ལྟ་བུས་ཟིན་ན་ལས་ཀྱང་ལམ་བདེན་དུ་འགྲོ་བའོ། །ཀུན་འབྱུང་དུ་འགྲོ་ཚུལ་ནི། ཐབས་ཤེས་ཁྱད་པར་བ་དང་བྲལ་ནས་བསམ་སྦྱོར་གཉིས་ཀ་ཐ་མལ་རང་རྒྱུད་དུ་ཤོར་ན་ལས་བསགས་ནས་འཁོར་བ་མཐའ་མེད་དུ་འཕེན་པས་ཀུན་འབྱུང་གི་བདེན་པར་འགྲོ་བ་ཡིན་ནོ། །དེས་ན་རྡོ་རྗེ་ཐེག་པའི་གནད་ཇི་ལྟ་བ་བཞིན་ཤེས་ནས་རྟོགས་གོམས་ཀྱི་གདེང་དང་ལྡན་ན། སྡུག་བདེན་གྱི་རང་བཞིན་འགོག་པ་དོན་དུ་ཤེས་ནས། ཀུན་འབྱུང་ལམ་བདེན་དུ་འཁྱེར་ནུས་པས་འཁོར་བའི་རྒྱུ་འབྲས་མྱང་འདས་ཀྱི་རྒྱུ་འབྲས་སུ་འགྱུར་ཏེ། སྤང་བྱ་གཉེན་པོར་སློང་ནས་འཁོར་འདས་དབྱེར་མེད་ཀྱི་རྟོགས་པ་མངོན་དུ་འགྱུར་རོ། །དེ་ལྟར་ཤེས་ན། སོར་བྱང་སྔགས་གསུམ་པོ་ལམ་བདེན་གྱི་སྐབས་སྤང་བསྒྱུར་ལམ་དུ་བྱེད་པའི་རྣམ་པ་མི་འདྲ་བ་ཙམ་ལས། དོན་ལ་ལས་ཉོན་རང་མཚན་པ་སྤངས་ནས། སྡུག་བདེན་འཁོར་བའི་སྣང་ཞེན་དག་སྟེ། འགོག་བདེན་མཐར་ཐུག་མངོན་དུ་བྱེད་པ་ལ་གནད་གཅིག་པ་ཡིན་ནོ། །དེའི་ཕྱིར་སྔགས་ལམ་ཡང་བདེན་བཞིའི་ལམ་ལས་མི་འདའ་བའི་རྒྱུ་མཚན་དེ་དག་གི་ཕྱིར་བདེན་བཞིའི་དོན་སྟོན་པའི་གཟུངས་སྔགས་རྟེན་འདྲེལ་སྙིང་པོ་འདི་ཉིད་མདོ་རྒྱུད་མན་ངག་ཐམས་ཅད་ན་མཆོག་ཏུ་བསྔགས་ཤིང་ཡོངས་སུ་གྲགས་པ་ཉིད་དོ། །འཁོར་ལོ་དང་པོས་དངོས་བསྟན་བདེན་པ་བཞི། །རྟེན་འདྲེལ་སྙིང་པོ་ཚིག་བཅད་གཅིག་གི་དོན། །མདོ་རྒྱུད་མན་ངག་ཀུན་གྱི་ལམ་རིམ་དུ། །འགྲོ་བའི་ལེགས་བཤད་གསར་པ་འདི་འདྲ་བ། །འཇམ་པའི་དབྱངས་ཀྱི་མཁྱེན་པའི་ཆུ་གཏེར་ལས། །དབྱངས་ཅན་ལྷ་མོའི་སྒྱུ་རྩལ་གྱིས་ཕྱུང་ནས། །སྐལ་བཟང་ཡིད་ལ་རབ་དགའ་བསྐྱེད་པའི་ཕྱིར། །རྒྱུད་མང་སྒྲ་ལས་བདག་ལ་བསྙད་པ་བཞིན། །བློ་གྲོས་ཤར་གྱི་རི་བོའི་བ་གམ་ནས། །གདམ་ངག་ཉི་གཞོན་འོད་སྟོང་སྤྲོས་པ་འདིས། །དད་དང་ཤེས་རབ་འདབ་སྟོང་འཛུམ་པ་ལས། །ཉམས་རྟོགས་དྲི་བསུང་ཕྱོགས་བརྒྱར་གཡོ་བར་ཤོག། །། ཅེས་པའང་པདྨ་བཛྲ་པས་བྲིས་པ་དགེ། །།
རྙིང་ལུགས་བཀའ་མའི་བྱིན་འབེབས་ཀྱི་འགྲེལ་པ་ལེགས་བཤད་སྤྲིན་གྱི་རོལ་མོ།
༄༅།།རྙིང་ལུགས་བཀའ་མའི་བྱིན་འབེབས་ཀྱི་འགྲེལ་པ་ལེགས་བཤད་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ།། སྣང་སྲིད་གདོད་ནས་དག་པའི་དཀྱིལ་འཁོར་དུ། །ཡོངས་གྲུབ་ལྷུན་མཉམ་རྡོ་རྗེ་བཀོད་པའི་རྒྱན། །མི་ཟད་རྟག་པ་རྒྱུན་གྱི་འཁོར་ལོ་རུ། །ཡེ་བཞུགས་འཕོ་འགྱུར་བྲལ་བའི་དབྱིངས་ལ་འདུད། །སྲིད་ཞི་དབྱེར་མེད་མཉམ་པ་ཆེན་པོ་རུ། །དབང་བསྒྱུར་ཏིང་འཛིན་སྔགས་རྒྱའི་བྱེད་པ་ཡིས། །རིག་པ་ཆོས་སྐུའི་ཀློང་ནས་ཡེ་ཤེས་བྱིན། །རྩོལ་མེད་རང་བབས་རྡོ་རྗེ་ཐེག་པའི་ལམ། །རྒྱུད་ཀྱི་དགོངས་པ་གྲུབ་པའི་མན་ངག་གིས། །ཇི་ལྟར་བཀྲལ་བ་བླ་མའི་ཞལ་ལུང་བཞིན། །མདོར་བསྡུས་ངག་གི་ལེགས་པར་བཤད་པ་འདི། །དམ་པ་དགྱེས་པའི་མཆོད་པར་མོས་ཏེ་སྤྲོ། །དེ་ལ་འདིར་སྔ་འགྱུར་བཀའ་མའི་སྒྲུབ་ཕྲིན་གྱི་ཡིག་རྙིང་རྣམས་ལས་བྱུང་བའི་བྱིན་འབེབས་བབས་དྲུག་འདས་བཞིར་གྲགས་པ་འདི་ཉིད་ཀྱི་དགོངས་པ་འཆད་པ་ལ། སྤྱི་དོན་དང་། ཡན་ལག་གི་དོན་གཉིས་ལས། དང་པོ་ལའང་། བྱིན་རླབས་དབང་དང་དངོས་གྲུབ་རྣམས་གང་གིས་འབེབས་པའི་བྱེད་པ་པོ་དང་། གང་ལ་དབབ་པའི་ཡུལ། གང་ཞིག་དབབ་བྱའི་བྱིན། ནམ་ཞིག་དབབ་པའི་དུས། ཕེབས་པའི་རྟགས་ཚད། ཇི་ལྟར་འབེབས་པའི་ཚུལ་དང་དྲུག་ལས། དང་པོ་ནི། བྱེད་པ་པོ་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་དང་རང་བཞིན་དབྱེར་མི་ཕྱེད་པའི་རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་བརྒྱུད་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་སོ། །གཉིས་པ་ནི། བདག་གནས་ཡོ་བྱད་གསུམ་སྟེ། རྒྱུད་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །འགྲུབ་འགྱུར་མི་ལྡན་དོན་མེད་བརླག །ཅེས་གསུངས་པ་ལྟར་སྟོན་འཁོར་མཚན་ཉིད་ཚང་བའི་སྒྲུབ་པ་པོ་དང་། བཀྲ་ཤིས་བྱིན་ཆགས་པའི་གནས་སུ་ཚོགས་ཁང་རིམ་པ་གསུམ་པ་སོགས་ཀྱི་གནས་དང་། དཀྱིལ་འཁོར་སྒྲུབ་རྫས་སོགས་ཀྱི་ཡོ་བྱད་རྣམས་སོ། །གསུམ་པ་ནི། བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱིན་རླབས་དང་། ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་དགྱེས་དགུར་འཆར་བའི་ལོངས་སྤྱོད་དང་བཅས་པའི་གཟི་བྱིན་དང་བཅུད་རྣམས་སོ། །བཞི་བ་ནི། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་བཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་པ་ལྟར། སྟོང་ཆེན། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ་ཕྲ་རགས་གཉིས། ཕྱག་རྒྱ་སྤྲོས་བཅས་ཀྱི་ཆོ་ག་ལྔ་ལ་གསལ་བརྟན་གྱི་ཚད་རྫོགས་པས་ཏིང་འཛིན་ལས་སུ་རུང་བར་གྱུར་པའི་རྣལ་འབྱོར་པས། བཟའ་བཏུང་། གོས་རྒྱན། བྲོ་གར། གླུ་ཚིག །སྦྱོར་སྒྲོལ་གྱི་ཡོ་བྱད་ལྔ་ཚང་ཞིང་རྫོགས་པའི་སྒོ་ནས། ལྷ་སྔགས་འཕྲོ་འདུ་སྔགས་ཀྱི་ཡན་ལག་ལྔ་དང་ལྡན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པར་སྒྲུབ་པ་ལ་འཇུག་ཅིང་ཞུགས་ནས་ཀྱང་། རིམ་གཉིས་ཀྱི་ཉམས་ལེན་ལ་རབ་ཏུ་བརྩོན་ན་དབང་པོའི་ཁྱད་པར་གྱིས་ཟླ་དྲུག་སོགས་ཀྱིས་དངོས་གྲུབ་ཐོབ་པའི་དུས་བསྟན་པ་ལྟར། བྱིན་དབབ་པའི་དུས་ཀྱང་དེ་ཡིན་ཏེ། དབང་ཐོབ་ཅིང་དམ་ཚིག་ལ་སེལ་མ་ཞུགས་པའི་སྒྲུབ་པ་པོ་མཆེད་ལྕམ་རྣམས་ཀྱིས། སྒྲུབ་པའི་དལ་དང་། རྫས་རྣམས་གཞུང་བཞིན་བཤམས་ཏེ། རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་གསལ་བརྟན་ཐོབ་པས། སྒྲུབ་པ་ཆེན་པོའི་ཆོ་ག་ཡན་ལག་མ་ཉམས་པ་ལ་ཚུལ་བཞིན་དུ་ཞུགས་པ་ན་རྒྱལ་བ་སྲས་དང་བཅས་པས་སྲས་དང་སྤུན་དུ་དགོངས་ཤིང་། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་གྲོགས་དང་རྗེ་དཔོན་དུ་མཐོང་ནས་བྱིན་གྱིས་རློབས་ཤིང་དངོས་གྲུབ་སྟེར་བའི་དུས་ཡིན་ནོ། །དབང་དུས་སུ་བྱིན་དབབ་པ་ཡང་དེས་མཚོན་ཏེ། རྡོ་རྗེ་སློབ་དཔོན་ལྟ་དགོངས་དང་ལྡན་པས། སློབ་མ་སྣོད་དུ་རུང་ཞིང་དམ་ཚིག་གཙང་བ་ལ། དབང་གི་ཆོ་ག་ཡན་ལག་མ་ཉམས་པར་གཞུང་བཞིན་དུ་སྒྲུབ་པའི་ཚེ་ན་བྱིན་གྱིས་རློབ་པའི་དུས་ཡིན་ནོ། །འདི་ནི་གལ་ཆེ་སྟེ་ཚིག་དོན་གྱི་སྐབས་སུ་ཡང་དུས་ལ་བབས་སོ་ཞེས་ལན་དྲུག་ཏུ་གསོལ་བའི་དུས་ནི་འདི་ཁོ་ན་སྟེ། གཞན་དུ་ཡེ་ཤེས་པ་འབེབས་པའི་རྒྱུ་ཚོགས་གང་དང་ཡང་མི་ལྡན་བཞིན་དུ་དུས་ལ་བབས་སོ་ཞེས་ཡང་དང་ཡང་དུ་བསྐུལ་ཀྱང་ལྷ་དང་མཁའ་འགྲོའི་ཐུགས་ཀྱིས་ཁྲེལ་བའི་རྒྱུ་ལས་ཅི་ཡང་མེད་དོ། །ལྔ་བ་ནི། སྐུའི་བྱིན་ཕེབས་རྟགས་སུ་ལུས་འཕར་གཡོ་དང་ཞི་ཁྲོའི་ཉམས་གར་གྱི་འགྱུར་བ་འཆར་ཞིང་འབྱུང་བཞིའི་རྫུ་འཕྲུལ་སྟོན་ནུས་པ་དང་། གསུང་ཕེབས་རྟགས་སུ་སྔགས་དང་སཾ་སྐྲྀ་ཏའི་སྐད་སོགས་བཅོས་མིན་བྱུང་རྒྱལ་དུ་འབྱུང་བ་དང་། ཐུགས་ཕེབས་རྟགས་སུ་བདེ་གསལ་མི་རྟོག་པའི་ཉམས་འབར་བ་དང་། ཏིང་ངེ་འཛིན་དང་མངོན་ཤེས་ཀྱི་ཁྱད་པར་དུ་མ་འཆར་བ། གཞན་ཡང་སྒྲུབ་རྫས་འཕེལ་བ། སྨན་རག་ཁོལ་ཞིང་གནས་ཁང་གཟི་བྱིན་དང་ལྡན་པ་སོགས་འབྱུང་ངོ་། །དྲུག་པ་ནི། རྣལ་འབྱོར་ཕོ་མོ་རྣམས་ཞི་ཁྲོའི་གར་ཆས་དང་ལྡན་པས་དཀྱིལ་འཁོར་གྱི་མཐའ་ནས་བསྐོར་ཏེ། གཡབ་དང་ཧསྟ་སོགས་ཀྱིས་གཡོབ་ཅིང་ཁྱད་པར་གྱི་སྤོས་ལ་སོགས་བརྟུལ། འབུད་རྡུང་དཀྲོལ་བའི་རོལ་མོའི་བྱེ་བྲག་རྣམས་སྦིར། བཤུགས་པའི་གླུ་དང་གར་གྱི་བརྡས་བསྐུལ་ཏེ། མཉམ་པ་ཆེན་པོའི་དགོངས་སྤྱོད་ལ་གནས་པས་བྱིན་དབབ་པར་བྱའོ། །གཉིས་པ་ཡན་ལག་གི་དོན་ལ། རྡོ་རྗེའི་གླུས་བསྐུལ་ཏེ། སྙན་གསན་དབབ་པ་དང་། བྱིན་དབབ་པ་དངོས་གཉིས་སོ། །དང་པོ་ནི། ཨོཾ་ཧཱུྃ། ཞེས་ཞི་ཁྲོའི་གླུའི་མགོ་འདྲེན་པ་སྟེ། ཡིག་འབྲུ་སོ་སོས་སྐུ་ལྔ་ཡེ་ཤེས་ལྔ་སོགས་འབྲས་ཆོས་ཉེར་ལྔ་མཚོན་པས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞི་ཆེན་པོའི་དགོངས་པ་རང་གསལ་གདབ་པའོ། །ཨ་ལ་ལ་ཧོ་ཞེས་དེ་ལ་ངོམ་ཞིང་ངོ་མཚར་བ་སྟེ་ཞི་ཁྲོ་སོ་སོའི་ཆེ་བའི་ཡོན་ཏན་ལ་ངོམ་པའམ། དབྱིངས་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ལས་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྩོལ་མེད་རང་བྱུང་བདེ་བ་ཆེན་པོར་ཤར་བ་ལ་ངོ་མཚར་ཞིང་ངེས་པ་སྐྱེས་པའོ། །བྷ་ག་ཝཱན་ནི། བཅོམ་ལྡན་འདས་ཞེས་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་ལ་བོད་པ་སྟེ། བདུད་བཞི་བཅོམ་པ་སྤང་བའི་ཡོན་ཏན་དང་། དབང་ཕྱུག་སོགས་དང་ལྡན་པ་རྟོགས་པའི་ཡོན་ཏན། སྲིད་ཞིའི་མཐའ་ལས་འདས་པ་ཆེ་བའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་སོ། །ས་མ་ཡ་ཧོ། ཞེས་པ་དམ་ཚིག་ལ་དགྱེས་པར་མཛོད་ཅེས་ཐུགས་དམ་གནད་ནས་བསྐུལ་བ་སྟེ། གདུལ་བྱ་འདུལ་བའི་ཕྲིན་ལས་དུས་ལས་མ་ཡོལ་བར་མཛད་པའི་སྔོན་གྱི་དམ་བཅའ་ལ་ཉེ་བར་དགོངས་ཤིག་ཅེས་མཁྱེན་པར་གསོལ་བའོ། །ས་མ་ཡ་སྟྭཾ། ཞེས་པ་ཁྱོད་ཀྱི་དུས་ལ་བབས་ཞེས་དུས་གསོལ་བའོ། །དེ་ལྟར་བསྐུལ་བའི་སྒྲ་བྱུང་མ་ཐག་ཏུ། ཆོས་ཀྱི་དབྱིངས་རྩོལ་རྟོག་མི་མངའ་བའི་ངང་ལས་ཐུགས་རྗེ་ཆེན་པོའི་དབང་གིས་ཡེ་ཤེས་ཀྱི་འཁོར་ལོ་གང་འདུལ་ཞི་ཁྲོའི་རོལ་གར་ནམ་མཁའ་ཁྱབ་པར་འཆར་ཞིང་སད་པར་འགྱུར་བ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་པའི་ཆོས་ཉིད་དོ། །གཉིས་པ་བྱིན་དབབ་པ་དང་། བསྡུ་བ་གཉིས་ལས། དང་པོ་ལ། དུས་གསོལ་བའི་སྒོ་ནས་ཐུགས་རྗེ་བསྐུལ་བ་དང་། ཉེ་བའི་ཚིག་དང་སྦྱར་ཏེ་འདོད་དོན་ཞུ་བ། དོན་བསྡུས་ཏེ་གསོལ་བ་གདབ་པ་དང་གསུམ་ལས། དང་པོ་ལའང་། ཐུགས་རྗེ་སྤྱིར་བསྐུལ་བ་དང་། འདོད་དོན་ཁྱད་པར་ཅན་ལ་བྱེ་བྲག་ཏུ་བསྐུལ་བ་གཉིས་ལས། དང་པོ་ནི། འཕགས་མཆོག་སོགས་རྐང་པ་གཉིས་ཏེ། དེ་ཡང་སྤྱིར་སོ་སོའི་སྐྱེ་བོའི་འཆིང་བ་ལས་གྲོལ་བའི་འདས་ལམ་མངོན་གྱུར་གྱི་འཕགས་པ་ལ་ཉན་རང་ཐེག་ཆེན་གྱི་འཕགས་པ་གསུམ། ཐེག་ཆེན་འཕགས་པ་ལའང་སློབ་ལམ་སར་གནས་ཀྱི་བྱང་སེམས་འཕགས་པ་དང་། སྤང་རྟོགས་མཐར་ཕྱིན་གྱི་སངས་རྒྱས་འཕགས་པ་གཉིས་ཏེ། བཞི་ལས། འདིར་འཕགས་པ་མཆོག་གི་སྒྲས་སངས་རྒྱས་འཕགས་པ་ཡིན་ཞིང་། དེ་ཡང་སྐུ་ལྔ་ཡེ་ཤེས་དྲུག་གི་རང་བཞིན་ཁ་སྦྱོར་གྱི་ཡན་ལག་བདུན་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ངམ་ཧེ་རུ་ཀ་སྟེ་དཀྱིལ་འཁོར་གྱི་དབང་ཕྱུག་ལ་བྱའོ། །གཙོ་བོ་བསྐུལ་བས་འཁོར་རྣམས་ཞར་ལ་བསྐུལ་བར་འགྱུར་ཏེ་འཁོར་ལོས་སྒྱུར་རྒྱལ་གང་དུ་ཕེབས་པ་དེར། དཔུང་ཚོགས་བཞི་ཤུགས་ཀྱིས་ལྷགས་པ་བཞིན་ནོ། །ཐུགས་རྗེ་ལ་དབྱེ་ན། རིམ་གསུམ་ལས། རྟག་རྒྱུན་རང་བཞིན་ཤུགས་གསོལ་དང་། །ཡུལ་དང་ཕྲད་ནས་འབྱུང་བར་སྣང་། །ཞེས་པ་ལྟར། རྟག་པ་རྒྱུན་གྱི་ཐུགས་རྗེ་དུས་ལས་མི་ཡོལ་བ་ཆུ་བོའི་རྒྱུན་ལྟ་བུ། རང་བཞིན་ཤུགས་ཀྱི་ཐུགས་རྗེ་རྩོལ་རྟོག་མེད་པར་ངང་གིས་འབྱུང་བ་ཉི་མའི་འོད་ཟེར་ལྟ་བུ། བསྐུལ་ཞིང་གསོལ་བ་གདབ་པའི་ཐུགས་རྗེ་སྙིང་རྗེ་ཅན་ལ་དབུལ་པོས་ནོར་སློང་བ་ལྟ་བུ། གདུལ་བྱའི་ཡུལ་དང་ཕྲད་པའི་ཐུགས་རྗེ་མཛངས་པས་སྤྱོད་ལོག་བྱེད་པ་མཐོང་བའམ། དཔལ་ཆེན་པོས་རུ་ཏྲ་ལ་ཐུགས་རྗེ་སྐྱེས་པ་ལྟ་བུ་སྟེ་བཞི་ལས་འདིར་བཞི་ག་སྟེ། གང་བསྐུལ་བར་བྱ་བ་སངས་རྒྱས་རྣམས་ཀྱི་རང་བཞིན་ཤུགས་ཀྱི་ཐུགས་རྗེ་སེམས་ཅན་གྱི་ཁམས་ལ་རྟག་པར་རྒྱུན་གྱིས་འཇུག་པ་ལ། གང་གིས་བསྐུལ་བ་པོ་གདུལ་བྱ་དུས་ལ་བབས་པ། རྨ་སྨིན་པ་མཚོན་གྱིས་བརྟོལ་རན་པ་ལྟ་བུའི་གང་ཟག་གིས་སྙིང་ནས་གདུང་ཤུགས་དྲག་པོས་བསྐུལ་ཞིང་གསོལ་བ་གདབ་པ་ན་ཐུགས་རྗེ་ཆེན་པོ་མི་སྐྱེ་བའི་དབང་མེད་དེ་རྒྱུ་རྐྱེན་ཚོགས་པའི་འབྲས་བུ་བཞིན་ནོ། །དེ་ཡང་གདུལ་བྱ་དུས་ལ་མ་བབ་ན་འདུལ་བྱེད་ཀྱི་ཐུགས་རྗེ་མི་འཇུག་པས་དུས་ལ་བབས་པ་གཙོ་ཆེ་སྟེ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་ལས་ཡོལ་བར་འགྱུར་ཀྱང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །ཅེས་པ་ལྟར་རོ། །དེ་ལ་དུས་ནི་གོང་དུ་སྨོས་པ་ལྟར་སྒྲུབ་པ་པོ་དབང་གིས་སྨིན་པ། དམ་ཚིག་དག་པ། བསྐྱེད་རྫོགས་བརྟན་པ། སྒྲུབ་རྫས་ཚང་བ། ཡོ་བྱད་འབྱོར་བ། སྒྲུབ་པའི་ཆོ་ག་ཡན་ལག་མ་ཉམས་པས་ལེ་ལོ་གཉིད་ཆང་སོགས་ཀྱི་དབང་དུ་མི་གཏོང་བར་བརྩོན་པས་སྒྲུབ་ལ་འཇུག་པ་རྣམས་ནང་འཛོམས་པ་ན་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་འབྱུང་བའི་དུས་ཡིན་པས། དུས་ལ་བབས་སོ་ཞེས་བརྗོད་པའང་སྐབས་སུ་བབ་པར་འགྱུར་བ་ཉིད་དོ། །དུས་གསོལ་བ་འོག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེའི་འོག་ཏུ་འཕགས་པ་མཆོག་གི་ཐུགས་རྗེ་བསྐུལ་ནས་ཅི་བྱ་ཞེ་ན། ཁྱད་པར་བསྟན་པའི་དུས་ལ་བབས། སྨོས་ཏེ། ཁྱད་པར་ཅན་གྱི་འདུལ་བྱའི་ཡུལ་གསང་བ་ཟབ་མོའི་ལམ་གྱི་སྣོད་དུ་རུང་བ་རྣམས་ཀྱིས། ཁྱད་པར་ཅན་གྱི་གདུལ་བྱེད་ཟབ་མོ་བསྙེན་སྒྲུབ་ཡན་ལག་བཞིའི་གཞུང་བསྲང་བས་ཁྱད་པར་ཅན་གྱི་མཐུ་བྱིན་དབང་དང་དངོས་གྲུབ་ཐམས་ཅད་དུས་ཕྱི་མར་མི་སྡོད་པར་ད་ལྟ་ཉིད་དུ་བསྟན་པའི་དུས་ལ་བབས་སོ་ཞེས་གསོལ་བའོ། །གཉིས་པ་ལས། ཁྱད་པར་བསྟན་པ་དེའང་གང་ཞེ་ན། ནུས་པ་མཐུ་ཡི་ཁྱད་པར། བྱིན་གྱིས་རླབས་ཀྱི་ཁྱད་པར། སྨིན་པ་དབང་གི་ཁྱད་པར། འབྲས་བུ་དངོས་གྲུབ་ཀྱི་ཁྱད་པར་དང་བཞི་སྟེ་གོ་རིམ་བཞིན། དང་པོ་ལམ་གྱི་འགལ་རྐྱེན་བསལ་བ་དང་། གཉིས་པ་ལམ་རྒྱུད་ལ་སྐྱེ་བའི་སྣོད་རུང་དུ་བྱེད་པ་དང་། གསུམ་པ་ལམ་ལ་རང་དབང་དུ་བྱ་བ་དང་། བཞི་བ་ལམ་དེས་གྲུབ་པའི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྟན་པ་སྟེ། དེ་དག་ནི་རྒྱུ་འབྲས་དོན་གྱི་གོ་རིམ་ཡིན་ནོ། །དེ་ལ་དང་པོ་ནི། མཐུ་རྩལ་དབྱུང་བའི་དུས་ལ་བབས། །ཞེས་པ་སྟེ། རྒྱལ་བ་ཐུགས་རྗེའི་བདག་ཉིད་ཅན་ཁྱེད་རྣམས་ལ་མངའ་བའི་སྤྱན་དང་མངོན་ཤེས་རྫུ་འཕྲུལ་དང་སྟོབས་ལ་སོགས་པའི་མཐུ་དང་ནུས་པའི་རྩལ་ཆེན་པོ་དབྱུང་བ་སྟེ་ཕྱུང་བའི་དུས་ལ་བབས་སོ། །ཞེས་པའོ། །གཉིས་པ་ནི། བྱིན་གྱིས་རློབས་པའི་དུས་ལ་བབས། ཞེས་པ་སྟེ། གསེར་འགྱུར་གྱི་རྩིས་ལྕགས་ཁམས་གསེར་དུ་བྱེད་པ་ལྟར་རྡོ་རྗེ་གསུམ་གྱི་བྱིན་ཆེན་པོས་བདག་ཅག་གི་སྒོ་གསུམ་རྒྱལ་བའི་གསང་བ་གསུམ་དུ་རློབ་པའི་དུས་ལ་བབས་སོ། །ཞེས་པའོ། །གསུམ་པ་ནི། དབང་མཆོག་བསྐུར་བའི་དུས་ལ་བབས། །ཞེས་པ་སྟེ། གཞི་དུས་ཀྱི་རྩ་རླུང་ཐིག་ལེ་གཉུག་མ་ཡེ་ཤེས་ཀྱི་ཁམས་དང་བཅས་པའི་དཀྱིལ་འཁོར་བཞི་པོ་ལམ་བསྐྱེད་རྫོགས་ཡན་ལག་བཞིའི་རིམ་པས་སྦྱངས་ཏེ། འབྲས་བུ་རྡོ་རྗེ་བཞིའི་རྒྱལ་ཐབས་ལ་དབང་བསྐུར་བའི་དུས་ལ་བབས་སོ། །ཞེས་པའོ། །བཞི་པ་ནི། དངོས་གྲུབ་སྩོལ་བའི་དུས་ལ་བབས། །ཞེས་པ་སྟེ། སྨིན་གྲོལ་ཟབ་མོའི་ལམ་ལ་བསླབ་པའི་འབྲས་བུ་གྲུབ་པ་བརྒྱད་སོགས་ཐུན་མོང་དང་། རིག་འཛིན་བཞི་དང་ཁ་སྦྱོར་བདུན་སོགས་གནས་སྐབས་དང་མཐར་ཐུག་མཆོག་གི་དངོས་གྲུབ་ཐམས་ཅད་དུས་འདི་ཉིད་དུ་སྩོལ་བའི་དུས་ལ་བབས་སོ། །ཞེས་པའོ། །གཉིས་པ་ཉེ་ཚིག་དང་སྦྱར་ཏེ་འདོད་དོན་ཞུ་བ་ལའང་། དུས་གསོལ་བའི་གོ་རིམ་དང་མཚུངས་པར་བཞི་སྟེ། འགལ་རྐྱེན་བསལ་བ། བྱིན་གྱིས་རླབས་པ། དབང་བསྐུར་བ། དངོས་གྲུབ་སྩོལ་བར་ཞུ་བ་དང་བཞི་ལས། དང་པོ། མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །ཞེས་སྨོས་ཏེ། མཐུ་སྟོབས་ཆེན་པོའི་རྩལ་གྱིས་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་དམ་སྲི་ཕྱི་ནང་གསང་བའི་རུ་ཏྲའི་སྡེ་དཔུང་སྤྱི་དང་བྱེ་བྲག་དབང་བཞིའི་ལམ་གྱི་སྦྱང་བྱར་གྱུར་པའི་སྒྲིབ་བཞིའི་ས་བོན་བཅོམ་སྟེ་གསང་བའི་བདུད་བཞི་ཐུལ་བར་མཛོད་ཅིག་བཅོམ་ལྡན་འདས་ཞེས་ཉེ་བའི་ཚིག་གིས་བོས་ཏེ་ཐུགས་དམ་གནད་ནས་བསྐུལ་བ་ནི་འོག་མ་གསུམ་ལ་ཡང་ཤེས་པར་བྱའོ། །གཉིས་པ་ནི། བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །ཞེས་པ་སྟེ། འབྲས་ཆོས་ཉི་ཤུ་རྩ་ལྔས་བསྡུས་པའི་མི་ཟད་རྒྱན་གྱི་འཁོར་ལོའི་བྱིན་རླབས་ཀྱི་དབྱིག་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་རླབས་ཀྱི་ཆར་ཆེན་པོ་ཕོབས་ཤིག་བཅོམ་ལྡན་འདས་ཞེས་པའོ། །གསུམ་པ། དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །ཞེས་པ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་དབང་ཕྱུག་ཆེན་པོའི་བདག་ཉིད་དུ་གྱུར་པ་ཁྱོད་ཀྱིས། གཞི་ལམ་འབྲས་བུའི་དབང་བསྐུར་བ་ཆེན་པོས་བདག་ལ་དབང་བསྐུར་ཅིག་བཅོམ་ལྡན་འདས། བཞི་བ་ནི། དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །ཞེས་པ་སྟེ། མཁའ་སྤྱོད་ལ་སོགས་ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་། མཐར་ཕྱིན་འབྲས་བུ་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ལྷུན་རྫོགས་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་པ་སྟེ། དེ་ལྟ་བུའི་དངོས་གྲུབ་ཀྱི་མཆོག་དམ་པ་སྩོལ་བར་མཛོད་ཅིག་བཅོམ་ལྡན་འདས། ཞེས་པའོ། །ལམ་དང་འབྲས་བུས་བསྡུས་པའི་དངོས་གྲུབ་རྨད་དུ་བྱུང་བ་རྣམས་ཀྱང་གློ་བུར་གྱི་དྲི་མ་བྲལ་སྟོབས་ཀྱིས་རང་གནས་ཀྱི་ཡོན་ཏན་མངོན་ཏུ་གྱུར་པ་ལས་གཞན་བྱུང་དང་། གསར་ཐོབ་མ་ཡིན་ཏེ། རྒྱུད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ན་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་དང་། རྨད་བྱུང་རྒྱལ་པོ་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཞིང་ཁམས་དང་། །ཡེ་ཤེས་ཡོན་ཏན་ཕྲིན་ལས་ཇི་སྙེད་པ། །ཡེ་ཤེས་དེ་ཉིད་དེ་ལྟར་སྣང་བ་ཡིན། །གཞན་ནས་མ་ཡིན་དེ་ལྟར་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལྟར་རོ། །གསུམ་པ་དོན་བསྡུས་ཏེ་གསོལ་བ་གདབ་པ་ནི། བདག་ཅག་ལས་འབྲས་མཆིས་པར་མཛོད། །ཅེས་པ་སྟེ་བདག་ཅག་སྒྲུབ་པ་མཆོག་ལ་ཞུགས་པའི་མཆེད་དང་ལྕམ་དྲལ་རྣམས་ཀྱིས། སྒྲུབ་པའི་དལ་བཀྲམ། མཆོད་པའི་ཡོ་བྱད་སྦྱར། རིམ་གཉིས་ཀྱི་ཏིང་འཛིན་སྒོམ། བསྙེན་སྒྲུབ་གཉིས་ཀྱི་ལས་གཞུང་བསྲང་སྟེ་ཚུལ་བཞིན་ཏུ་སྒྲུབ་པའི་ལས་སམ་བྱ་བ་འདི་ལ་གནས་སྐབས་དང་། མཐར་ཐུག་གི་འབྲས་བུ་མཆིས་པ་སྟེ་དོན་ཡོད་པར་མཛོད་ཅིག་ཅེས་པའོ། །གཉིས་པ་བྱིན་བསྡུ་བ་ནི། ཧཱུྃཧཱུྃཧཱུྃ། ཞེས་བརྗོད་པ་ནི་སྡུད་པར་བྱེད་པའི་གསང་སྔགས་ཏེ། ནམ་མཁའ་གང་བའི་ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་བདག་གནས་ཡོ་བྱད་དང་བཅས་པར་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་འབབ་པ་བཞིན་དུ་བབས་ཤིང་ཐིམ་པར་གྱུར་པས་གསལ་ཞིང་བརྟན་ལ་གཟི་བྱིན་དང་ལྡན་པར་མོས་པར་བྱའོ། །དེ་ལྟར་བཀའ་མའི་བྱིན་འབེབས་ཀྱི་གཞུང་འདི་ཉིད་ཚིག་བརླིང་ཞིང་དོན་རྟོགས་པར་དཀའ་བ་དེ་ལྟར་ནའང་། བཀའ་དྲིན་འཁོར་མཐའ་དང་བྲལ་བའི་འདྲེན་པ་མཆོག་གི་གསུང་གསང་སྤྱི་བོར་ཕེབས་པ་ལྡོག་ཏུ་མ་ནུས་པར་སྙོམ་ལས་པ་པདྨ་བཛྲ་དུ་འབོད་པས་གཡར་ཁྲལ་དུ་བྲིས་པ་དགེ་བར་གྱུར་ཅིག །དམ་པའི་ཞལ་ལུང་ཇི་བཞིན་མ་རྟོགས་པར། །རང་བཟོས་ནོངས་པའི་དྲི་མ་གང་མཆིས་པ། །ཆོས་ཀྱི་སྤྱན་ལྡན་རྣམས་ལ་སྙིང་ནས་འཆགས། །ཆོས་སྤོང་ལས་ཀྱི་སྒྲིབ་པར་མ་གྱུར་ཅིག །ལྷག་བསམ་ཆབ་ལས་བྱུང་བའི་ལེགས་བཤད་ཆའི། །དགེ་ཚོགས་པདྨ་དཀར་པོའི་ཕོན་པོ་འདི། །དམ་པའི་ལྷ་བྲལ་དགྱེས་པའི་དོ་ཤལ་དུ། །བླངས་ནས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། ཅེས་ཀྱང་སྨྲས་སོ།།
སྒོམ་དོན་མདོར་བསྡུས།
༄༅།།སྒོམ་དོན་མདོར་བསྡུས་བཞུགས་སོ།། ཡུལ་རྐྱེན་དང་འཕྲད་ནས་ཆགས་སྡང་སྐྱེས་ཐོག་ན་རྩོལ་བ་ཡོད་མེད་ཀྱི་རྟགས་ཡོད་པས་དེ་ལ་ཚད་བཙུགས་པ་ཡིན། དེ་ཡང་རིག་རྩལ་འགགས་ནས་རྟོག་མེད་དུ་གནས་པ་ལ་ཆོད་ཟེར་བ་མིན། རྐྱེན་ཐོག་ཏུ་ཤར་ཐོག་ནས་མྱོང་ཚོར་རང་རིག་ཏུ་ཤར་ནས་རྩོལ་བ་ཇེ་ཆུང་དུ་འགྲོ་ཞིང་། མཐར་རྐྱེན་སྣང་བློ་འདས་སུ་ཤར་བ་ལ་ཆོད་ཟེར་བ་ཡིན། དེ་བས་ན་ཉོན་མོངས་པ་ཆེད་དུ་བསྐྱེད་ནས་བསམ་གཟུགས་སུ་ཤར་བས་རྩལ་རྫོགས། ལས་དང་པོའི་དུས་མ་བསགས་པའི་རང་ཐོག་ཏུ་ཀློད་པས། རིག་པའི་རྩལ་དུ་མྱོང་ཚོར་མ་འགགས་པར་ཤར་བ་དེ་རང་མ་གྲུབ་པར་རང་ངོ་ཤེས་པས་འཆིང་བྱེད་ཀྱི་རྟོག་པ་དེ་གྲོལ་བྱེད་ཀྱི་རྐྱེན་དུ་ཤར་བ་སྟེ། བརྟགས་གཉིས་ལས། ཆགས་པ་གང་གིས་འཆིང་གྱུར་པ། །དེ་ཉིད་ཀྱིས་ནི་རྣམ་པར་གྲོལ། །བཟློག་པའི་བསྒོམ་པ་འདི་དག་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་སོ། གཉུག་མའི་སེམས་ཉིད་སྤྲོས་པ་དང་བྲལ་བའི་རྩལ་ལས་རིག་པའི་རྣམ་པ་ཆགས་སོགས་སུ་ཤར་བ། ཤར་དུས་ཉིད་ནས་ངོ་བོ་སྤྲོས་བྲལ་དུ་གནས་པ་རང་ངོ་མ་ཤེས་ནས་མཚན་མར་བཟུང་སྟེ་ཞེན་པ་ས་རང་རྒྱུད་འཆིང་ལ། མཁས་པས་རང་ངོ་ཤེས་པས་ཆགས་སོགས་མ་སྤང་རང་སར་གྲོལ་ཏེ། དགོངས་འདུས་ལས། ཐབས་ཆེན་གང་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། དེས་ན་ཆགས་སོགས་གང་ཤས་ཆེ་བ་དེ་ཆེད་དུ་བསྐྱེད་ནས་རང་ཐོག་ཏུ་ཀློད་ཅིང་། དེ་རང་གི་ངོ་བོའི་ངང་ལ་རྒྱང་འཚོ་བྱས་པས། རྟོག་པ་དེ་རང་གི་སྟེང་དུ་གཉུག་མའི་རང་ཞལ་མཐོང་སྟེ་མཚན་མ་རང་སར་གྲོལ་བར་འགྱུར་རོ། །གཉུག་མའི་ཤེས་པ་མཐའ་བྲལ་དེ་ཉིད་ཀྱི་རྩལ་ཉོན་མོངས་སྣ་ཚོགས་སུ་ཤར་བ་རང་ངོ་ཤེས་ན་རྟོག་པས་འཆིང་མི་ནུས་པས། དྲན་པའི་ཐག་པས་མི་བསྡམ་པར་གཉུག་མའི་ངང་དུ་རྒྱ་ཡན་ཏུ་བཞག་གོ། །སྒྲུབ་པ་ལག་ལེན་དུ་འདེབས་པ་ལ་གནད་ལྔ་འཛོམ་པས་ལམ་གྱི་འགགས་བསྡུ་དགོས། གང་ཞེ་ན། མོས་གུས་བསྒོམ་གྱི་མགོ་བོ། ཞེན་ལོག་བསྒོམ་གྱི་རྐང་པ། ལྟ་བ་བསྒོམ་གྱི་མིག །དྲན་པ་བསྒོམ་གྱི་སྲོག །སྙིང་རྗེ་བསྒོམ་གྱི་སྙིང་། འདི་ལྔ་འཛོམ་དགོས། རྩེ་གཅིག་གི་ངོ་བོ་ཞི་གནས། སྤྲོས་བྲལ་གྱི་ངོ་བོ་ལྷག་མཐོང་། རོ་གཅིག་གི་ངོ་བོ་དབྱེར་མེད། བསྒོམ་མེད་ཀྱི་ངོ་བོ་བློ་འདས། དོན་ལ་གནས་ཐོག་ངོ་ཤེས་པ་རྩེ་གཅིག །འགྱུ་ཐོག་ངོ་ཤེས་པ་སྤྲོས་བྲལ། སྣང་ཐོག་ངོ་ཤེས་པ་རོ་གཅིག །གཞི་ཐོག་ན་ངོ་ཤེས་པ་བསྒོམ་མེད་ཡིན་གསུངས་སོ།། །།པདྨ་བཛྲ་པས་བྲིས་པ་དགེའོ།། །།
རྡོར་སེམས་བསྒོམ་བཟླས་ཀྱི་འབྲེལ་བ་ལམ་ཟབ་རྡོ་རྗེའི་གསང་ལམ།
༄༅།།རྡོར་སེམས་བསྒོམ་བཟླས་ཀྱི་འབྲེལ་བ་ལམ་ཟབ་རྡོ་རྗེའི་གསང་ལམ་ཞེས་བྱ་བ་བཞུགས་སོ།། དུས་གསུམ་ཀུན་ཏུ་མི་འགྱུར་རིག་པའི་གཤིས། །བསམ་བརྗོད་དཔེ་བྲལ་ནམ་མཁའི་རང་བཞིན་ཅན། །ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའ་ལ། །རང་བབ་གཉུག་མའི་ངང་ནས་ཕྱག་བགྱིའོ། །དེ་ལ་འདིར་སྐྱབས་མགོན་མཆོག་གི་དག་སྣང་གི་ཆོས་སྡེར་གཏོགས་པའི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དངོས་གཞིའི་ལམ་དང་འབྲེལ་བ་ཞིག་སྣང་བ་འདིའི་དོན་ཉུང་གསལ་གོ་བདེར་བཤད་པ་ལ། སྔོན་འགྲོ་རང་རྒྱུད་དག་བྱེད་བླ་མ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། དངོས་གཞི་ཁྱད་པར་ཅན་གྱི་ལམ། རྗེས་ཀྱི་བསྔོ་བ་དང་རྒྱུན་གྱི་རྣལ་འབྱོར་ཇི་ལྟར་བྱ་བ་བཅས་གསུམ་ལས། དང་པོ་ནི་ཨེ་མ་ཧོ་ཞེས་ངོམ་ཞིང་ངོ་མཚར་བའི་ཚིག་གིས་འགོ་དྲངས་ཏེ་གང་ལ་ངོ་མཚར་ན། དངོས་གཞིའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་གེགས་སུ་གྱུར་པའི་ཉམས་ཆགས་ཉེས་ལྷུང་ཐམས་ཅད་འཕྲལ་དུ་དག་པར་བྱེད་པའི་ཐབས་ཁྱད་པར་ཅན་འདི་ལྟ་བུ་ཡོད་དོ་ཞེས་སྒོམ་བྱའི་དོན་ལ་ངོ་མཚར་བའོ། །དེ་ཇི་ལྟ་བུ་ཞེ་ན། རང་ལུས་ཐ་མལ་པ་ཡི་སོགས་ཀྱིས་བསྟན་པའི་དོན་འདི་ལྟར། རང་ལུས་ཐ་མལ་པ་སྟེ་ད་ལྟའི་སྣང་ཚུལ་འདི་ལྟར་གནས་པའི་སྤྱི་བོའི་གཙུག་གི་སྟེང་རེག་ཐོགས་མེད་པར་མཐོ་གང་ཙམ་གྱི་ནམ་མཁར་རང་བྱུང་གི་པདྨའི་གདན་ཡངས་ཤིང་རྒྱ་ཆེ་བའི་གེ་སར་སྟེང་དུ་ཐབས་ཤེས་མཚོན་པའི་ཉི་མ་འོག་དང་ཟླ་བ་སྟེང་དུ་བྱས་པའི་གདན་གྱི་ལྟེ་བ་ལ་ཧཱུྃ་ཡིག་དཀར་པོ་གྱེན་དུ་འགྲེང་བ་བསམ། དེ་ལས་འོད་ཟེར་མཐའ་ཡས་པར་སྤྲོས་པས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པའི་ཐུགས་དམ་བསྐུལ་ཞིང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ཏེ་དོན་གཉིས་བྱས་འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ། དེ་འོད་དུ་ཞུ་ནས་ཡོངས་སུ་གྱུར་བ་ལས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་སྟོན་ཀའི་ཟླ་བ་ཉ་གང་བ་ལྟར་མཛེས་པའི་མདང་དང་ལྡན་པ་། དྲི་མ་མེད་པས་གསལ་བ། འོད་ཟེར་འབར་བས་འཚེར་བ། མཚན་དང་དཔེ་བྱེད་ཀྱིས་བརྒྱན་པས་ལྷུན་སྡུག་པ། ཐམས་ཅད་ཟིལ་གྱིས་གནོན་པས་གཟི་བྱིན་དང་ལྡན་པ་སྟེ་ཞི་གནས་ཀྱི་ཉམས་བཞི། ཕྱག་ཞབས་ཀྱི་སོར་མོ་རྣམས་གྱོང་ཁེངས་མེད་པས་མཉེན་པ་། ཡན་ལག་རྣམས་ཁྱོན་ཡངས་ཤིང་ཟླུམ་རྒྱས་བྱིན་གྱིས་ཕྲ་བས་ལྕུགས་པ་། སྐུའི་སྟོད་སྨད་ཀྱི་ཕྲ་སྦོམ་སྐབས་ཕྱེད་ཅིང་སྐུ་ཤ་ལྷོད་པོར་མ་གྱུར་པས་འཁྲིལ་བག་ཆགས་པ། ཚིག་མདུན་རྣམས་ཕྲ་ཞིང་སྐུ་དྲང་ལ་འགུལ་སྐྱོད་བདེ་བས་ལྡེམ་པ་། སྐུ་ཤ་རྒྱས་ཤིང་ལྤགས་པ་སྲབ་ལ་རེག་བྱ་འཇམ་པས་གཞོན་ཚུལ་ཅན་ལྷག་མཐོང་གི་ཉམས་ལྔ་སྟེ་ཞི་བའི་ཉམས་དགུ་དང་ལྡན་པ་། དར་དཀར་པོའི་སྟོད་གཡོགས་། ཚིག་གུའི་སྨད་དཀྲིས། མཐིང་གའི་ཟི་ལྡིར། སྣ་ཚོགས་པའི་ཅོད་པཎ། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། རྣ་ཆ། མགུལ་རྒྱན། སེ་མོ་དོ། དོ་ཤལ། ཕྱག་གདུབ། སྐ་རག་སྟེ་རིན་པོ་ཆེའི་རྒྱན་བརྒྱད། དེ་གཉིས་བསྡོམ་པས་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད་ཚུལ་གྱིས་འཛིན་ཅིང་། གཡོན་པས་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ་། ཐ་མལ་གདོས་བཅས་ཤ་ཁྲག་གི་ཕུང་པོ་མ་ཡིན་པ་དྭངས་མ་འོད་ཀྱི་རང་བཞིན་སྣང་སྟོང་ནམ་མཁའི་འཇའ་ཚོན་ལྟ་བུ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཆེ་ཆུང་གི་ཚད་མ་ངེས་པ་སྣ་ཚོགས་སུ་སྤྲུལ་བ་སྟེ་རང་གི་བློ་རྩལ་སྦྱོང་ཕྱིར་ཆེ་བ་རི་རབ་ཙམ་ནས་ཆུང་བ་ཡུངས་དཀར་གྱི་འབྲུ་ཚད་ཙམ་སྐྱེས་མཆེད་རྫོགས་ལ་རྣམ་པ་གསལ་བར་བསྒོམ། དེ་ནི་སྐུ་ཕྱག་རྒྱའི་རྣལ་འབྱོར་རོ། །དེ་ནས་གསུང་བཟླས་པའི་རྣལ་འབྱོར་ནི། དེའི་ཐུགས་ཀར་པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་སྲོག་ཧཱུྃ་ཡིག་གསལ་འཚེར་སྤུ་རྩེས་བྲིས་པ་ལྟ་བུའི་མཐའ་སྐོར་དུ་ཡི་གེ་བརྒྱ་པའི་སྔགས་འཕྲེང་གིས་བསྐོར་བ་ཤེལ་དཀར་གྱི་ཕྲེང་བ་བསྒྲིག་པ་འདྲ་བའི་རྣམ་པ་དེ་ལས་འོད་ཟེར་དཀར་སེར་དམར་ལྗང་མཐིང་ཁ་སྟེ་ཁ་དོག་སྣ་ལྔ་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་སྤྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བདུད་རྩིའི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་འདུས་ཏེ་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ལ་ཐིམ་པར་བསམ་ནས། དེ་ལ་གསོལ་འདེབས་ཀྱི་ཚུལ་དུ་ཡི་གེ་བརྒྱ་བ་ཚིག་གིས་བར་མ་ཆོད་པ་ཅི་ནུས་བཟླའོ། །དེ་ནས་གཉེན་པོ་སྟོབས་བཞི་ཚང་པའི་སྒོ་ནས་བདུད་རྩི་འབེབས་སྦྱོང་བྱ་བ་ནི། བླ་མ་རྡོ་རྗེ་སེམས་དཔའི་སྐུ་ལས་བདུད་རྩི་འོ་མ་ལྟ་བུའི་རྒྱུན་བབས་ཏེ་རང་གི་ཚང་བུག་ནས་ཞུགས། བདག་གིས་ཚེ་རབས་ཐོག་མེད་དུས་ནས་ད་ལྟའི་བར་དུ་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཅི་བསགས་པ་ཐམས་ཅད་བཀྲུས་ཞིང་བཤལ་བར་བྱས་ཏེ་འོག་སྒོ་ནས་ཐོན་རྣག་ཁྲག་དུད་ཁུ་དང་། སྦལ་སྦྲུལ་སྡོམ་སྡིག་གི་རྣམ་པ་འདྲ་བའི་སྲོག་ཆགས་གྱི་དབྱིབས་སོགས་མང་དུ་བྱུང་བ་ས་གས་པའི་འོག་ཏུ་སོང་། དེནས་འཆི་བདག་དང་ལན་ཆགས་བུ་ལོན་གྱི་བདག་པོ་རྣམས་འཐོན་པའི་ཁར་སོང་ནས་ཅིབ་བཅིབ་བཏུང་བས་དུས་མིན་གྱི་འཆི་བ་བཟློག་གདོན་བགེགས་རྣམས་ཚིམ་པའི་བཟའ་བཏུང་གི་མཆོག་ཏུ་གྱུར་པར་བསམ་དེ་ནི་སྡིག་སྒྲིབ་དག་བྱེད་ཀྱི་སྦྱོར་བའོ། །དེ་ནས་སྤྱི་བོའི་ལྷ་དེ་འོད་དུ་ཞུ་ནས་རྡོ་ཚན་གྱི་སྟེང་དུ་ཁ་བ་བབས་པ་བཞིན་རང་ལ་ཐིམ་ནས་དབྱེར་མེད་དུ་འདྲེས་པར་བསམ་སྟེ་ཐུགས་ཡིད་བསྲེས་ལ་ཅི་གནས་ཀྱི་ངང་དུ་བཞག་གོ། དེ་ཡོན་ཆད་སྔོན་འགྲོའི་ཁྲིད་དོ། །གཉིས་པ་དངོས་གཞི་ཁྱད་པར་ཅན་གྱི་ལམ་ལ་བརྡའ་དོན་རྟགས་གསུམ་ལས། དང་པོ་མཚོན་བྱེད་བརྡའི་རྡོ་རྗེ་སེམས་དཔའ་ནི། རང་གི་སྙིང་ཁར་བླ་མ་དང་རང་རིག་དབྱེར་མེད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་ཚོན་གང་བ་ཙམ་རྒྱན་དང་ཆ་ལུགས་རྫོགས་པ་ཡེ་ཤེས་ལྔའི་རང་མདངས་ཀྱི་འོད་ཟེར་ལམ་ལམ་འཕྲོ་བ་ཞིག་ལ་སེམས་རྩེ་གཅིག་ཏུ་གཏད་ནས་བཞག་པ་འདི་ནི་རང་རིག་འགྱུར་བ་མེད་པའི་དོན་ཡེ་ཤེས་ལྔར་མཚོན་པའི་བརྡའ་ཡིན་ནོ། །གཉིས་པ་མཚོན་བྱ་དོན་གྱི་རྡོ་རྗེ་སེམས་དཔའ་གནད་ལ་བརྟེན་ནས་ངོ་སྤྲོད་པ་ནི། ལུས་གནད་སེངྒེ་གླང་ཆེན་དྲང་སྲོང་གི་ཚུལ་ཏེ་བཞུགས་སྟངས་གསུམ་དང་ལྡན་པས། ཡུལ་གྱི་གནད་ནམ་མཁའ་སྤྲིན་བྲལ་གྱི་དུས་སུ་ཉི་མ་ཤར་བའི་ཚེ་ཉི་མའི་འོག་དང་གཡས་གཡོན་གྱི་ཁྲུ་གང་ཙམ་གྱིས་མཁའ་ལ། རླུང་གནད་རང་བབས་དལ་བར་བཞག སྒོའི་གནད་ཙཀྵུ་སྟེ་མིག་ཟིམ་བུས་གྱེན་དུ་ལྟ་བ། ཐད་ཀར་ཟུར་དུ་ལྟ་བ། ཕབས་ཏེ་ཐུར་དུ་བལྟ་བ་སྟེ་སྐུ་གསུམ་གྱི་གཟིགས་སྟངས་དང་བསྟུན་ནས་ཤར་དུ་བལྟ་ཞིང་། རིག་པའི་གནད་དུ་ཕྱིའམ་ནམ་མཁའ་དག་པའི་ངང་དང་། ནང་གི་སེམས་ཉིད་དག་པའི་ཡེ་ཤེས་དང་། བར་གྱི་རྩ་ལམ་དག་པ་དང་གསུམ་གཅིག་ཏུ་བསྲེས་ཏེ་དབྱིངས་རིག་དབྱེར་མེད་ཡིད་དཔྱོད་དང་འབྲལ་བའི་ཤེས་པ་ཟང་ཐལ་རྗེན་ལ་ཕུད་ནས་དེའི་ངང་དུ་དུས་གསུམ་གྱི་རྟོག་པ་ཕྲལ་ནས་འཇོག་པ་ཡིན་ཏེ། ནམ་མཁའ་ཆེ་ལས། སྔར་རྗེས་མི་དཔྱད་འདས་པའི་འདུ་ཤེས་འདོར། །ཕྱི་སྔོན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །བར་དུ་འཛིན་མེད་ནམ་མཁའི་ངང་ལ་བཞག །ཅེས་གསུངས་པ་ལྟར་རོ། །དེ་ལྟར་བཞག་པའི་ཚེ་རིག་པའི་ངོ་བོ་གཤིས་གང་དུ་ཡང་མ་གྲུབ་པ་མདངས་བདེ་ཆེན་དུ་མ་འགག་པ། རྩལ་སྣ་ཚོགས་སུ་སྣང་བ། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པའི་ཤེས་པ་གསལ་རིག་རྗེན་ནེ་བ་དེ་ཡེ་ཤེས་ལྔའི་རང་བཞིན་དོན་གྱི་རྡོ་རྗེ་སེམས་དཔའ་འམ་ཀུན་ཏུ་བཟང་པོ་ཞེས་བྱ་བ་དེ་ཁོ་ན་ཉིད་ཡིན་ནོ། །དེ་ལྟར་ཡང་བླ་མའི་མན་ངག་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །ཀུན་ཏུ་བཟང་པོས་བསྟན་པར་དཀའ། །མིང་ཙམ་འདི་ཞེས་བརྗོད་པའི་འདི། རྡོ་རྗེ་སེམས་དཔས་མཚོན་དུ་མེད། །རིག་པ་སེམས་ཀྱི་ངོ་བོ་ཉིད། །སྤྲོས་མེད་རྣམ་དག་ཡེ་ཤེས་ཡིན། །ཀུན་གཞི་ཡེ་ནས་མ་བཅོས་པ། །བདེ་ཆེན་རང་ཤར་ཀློང་དུ་ཞོག །ཅེས་སོ། །རྗེས་ཤེས་སུ་རྟོག་པ་གང་ཤར་ཐམས་ཅད་ཤར་གྲོལ་རིས་མེད་དུ་དག་པ་ནི་ཉམས་སྐྱོང་བའི་ཚུལ་ཡིན་ནོ། །གསུམ་པ་རྟགས་ཀྱི་རྡོ་རྗེ་སེམས་དཔའ་ནི། དེ་ལྟར་བསྐྱངས་པས་ནང་དུ་རིག་སྟོང་ཐིག་ལེ་ཆེན་པོར་སྐུ་དང་ཞིང་ཁམས་ཐམས་ཅད་ཡེ་རྫོགས་སུ་བཞུགས་པའི་རང་གདངས་སྒོ་རྒྱང་ཞག་ཆུའི་སྒྲོན་མ་ནས་བརྒྱུད་དེ་དབང་པོའི་མངོན་སུམ་ལ་འཆར་སྒོ་སྣ་ཚོགས་སུ་སྣང་ངོ་། །དེ་ཡང་ཇི་ལྟར་ན་ལམ་སྣང་བ་བཞིའི་རིམ་པ་ལྟར་འཆར་ཏེ། དང་པོ་དབྱིངས་ཀྱི་རང་གདངས་མཐིང་ཁ་ཆེན་པོའི་གཞི་ལ། འོད་ལྔའི་ཐིག་ལེ་དང་ཐིག་ཕྲན་རྩིབ་ཤར་དང་གྱེན་འགྲེང་སོགས་ཀྱི་སྣང་བ་དང་། རིག་པའི་རང་གདང་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁར་བརྐྱང་པ་ལྟ་བུ་ལ་ཉ་མིག་ལྟ་བུའི་དབྱིབ་ཀྱི་ཐིག་ལེ་ཕྲ་མོས་བརྒྱན་པ་འགྲོ་འོང་གི་རྣམ་པ་ཅན་དུ་འཆར་བ་དང་། གཞན་ཡང་འོད་ལྔའི་སྣང་བ་པདྨ་སྟོང་ལྡན་དང་མཆོད་རྟེན་ཟ་ར་ཚག་སྟེ་དྲྭ་བ་དང་དྲྭ་ཕྱེད་ལྟ་བུ་དང་ཐིག་ལེ་གསུམ་འབྲེལ་དུ་སྣང་བ་ཚུན་ཆད་ཆོས་ཉིད་མངོན་གསུམ། དེ་ནས་ཐིག་ལེ་ལྔ་ཚོམ་འོད་ལྔའི་ར་བ་ཅན་གྱི་ནང་དུ། དབྱངས་གསལ་གྱི་ཡིག་འབྲུ། རིགས་ལྔའི་རྡོ་རྗེ་དང་རིན་པོ་ཆེ་སོགས་དང་། རིགས་ལྔ་གང་རུང་གི་སྐུ་རྐྱང་སྣང་བ་ཚུན་ཆད་ཉམས་གོང་འཕེལ་དང་། དེ་ནས་རིགས་ལྔ་ཡབ་ཡུམ་ཟུང་འབྲེལ་ལ་རིགས་ཆུང་གི་སེམས་དཔའ་དང་བཅས་པ་། ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་གནས་ཡུལ་སྒོ་མ་དབང་ཕྱུག་མའི་ཚོགས་དང་བཅས་ཏེ་ཞི་ཁྲོའི་སྐུ་སོགས་ཀྱི་སྣང་བ་ཆུང་དང་ཆེ་བའི་ཚད་རྣམ་འགྱུར་ཆ་ལུགས་མ་ངེས་སྣ་ཚོགས་སུ་སྣང་བས་དབང་པོའི་སྣང་ཡུལ་ཐམས་ཅད་དུ་ཁྱབ་པར་ཤར་ནས་ཁྲེག་གེར་གནས་པ་ཚུན་ཚད་རིག་པ་ཚད་ཕེབས་དང་། དེ་ལྟར་སྣང་བ་ལ་དངོས་པོར་འཛིན་པའི་ཞེན་པ་མེད་པས་ནང་དུ་ཡིད་དཔྱོད་ཟད་། ཕྱི་རུ་སྣང་བ་ཟད་། བར་དུ་རྡོས་བཅས་ཟད་དེ་རིག་པ་གདོད་མའི་གཞི་ལ་གྲོལ་དུ་ཉེ་བ་ན་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱའོ། །དེ་ལྟར་ནང་རིག་པའི་་ངོ་བོ་ཀ་དག་ཟང་ཐལ་དུ་སྐྱོང་བ་ཁྲེགས་ཆོད་དང་། རིག་གདངས་འོད་གསལ་ལྷུན་གྲུབ་ཀྱི་སྣང་བ་ལ་བལྟ་བ་ཐོད་རྒལ་གྱི་ཉམས་ལེན་ཏེ་ཟུང་འཇུག་གི་ལམ་མཐར་ཕྱིན་ནས་རིག་པ་ཀ་དག་གིས་ས་ལ་གཏན་སྲིད་ཟིན་ལྷུན་གྲུབ་འཁོར་འདས་ཀྱི་སྣང་བ་གཞི་ལ་དག་སྟེ་ནང་དབྱིངས་གཞོན་ནུ་བུམ་སྐུའི་ཀློང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ནམ་མཁའ་དང་འཁོར་བ་ཇི་སྲིད་བར་དུ་རྩོལ་རྟོག་མེད་པའི་ཕྲིན་ལས་རྒྱུན་མི་ཆད་པར་འཇུག་པར་ཤོག་ཅེས་པ་ནི་མཐར་ཐུག་གི་འབྲས་བུ་བླ་ན་མེད་པའོ། །དེ་ཡན་ཆད་དངོས་གཞིའོ། །གསུམ་པ་རྗེས་ཀྱི་ཁྲིད་ལ་གཉིས་ལས་དང་པོ་བསྔོ་བ་ནི། དེ་ལྟར་ཡང་ཟབ་རྨད་དུ་བྱུང་བའི་ལམ་བསྒོམས་པའི་དགེ་བ་དེས་གཞན་དོན་དུ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དཔལ་ཀུན་ཏུ་བཟང་པོའི་ས་ལ་འདྲེན་པ་དང་། རང་དོན་དུ་བདག་དང་རྡོ་རྗེ་སེམས་དཔའ་གཞི་འབྲས་དབྱེར་མེད་དུ་མ་རོ་གཅིག་གི་ངོ་བོར་སངས་རྒྱས་པར་ཤོག་ཅེས་པའོ། །གཉིས་པ་རྒྱུན་གྱི་རྣལ་འབྱོར་ནི། ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ཐམས་ཅད་དུ་རྩོལ་རྟོག་རང་ངོ་ཤེས་པའི་དྲན་རིག་དང་མ་བྲལ་བས་འཁྲུལ་སྣང་གང་ཤར་ཐམས་ཅད་རང་ཤར་རང་གྲོལ་དུ་བཏང་ནས་བློ་འདས་ཀྱི་རིག་པ་རྗེན་པ་དེ་ཡི་ངང་དུ་ཉིན་མཚན་ཁྱད་མེད་མཉམ་རྗེས་རོ་གཅིག་ཏུ་འདྲེས་པའི་སྒོམ་མེད་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་ཤོག་ཅིག་ཅེས་པའོ། །གཞན་ཡང་དགེ་བ་འདི་ཡིས་སོགས་ནི་གོ་སླའོ། །མཛད་བྱང་ཨོ་རྒྱན་ཆེ་མཆོག་དག་སྣང་སོགས་གདམས་པ་སྟེ་དོན་གོ་སླའོ། །སྨྲས་པ། དེ་ལྟར་རྒྱུད་ལུང་མན་ངག་གི །གནས་བསྡུས་འོད་གསལ་སྙིང་པོའི་ལམ། །འཆོལ་བར་སྨྲ་བ་མི་འོས་ཀྱང་། །གཅོལ་ཆུང་ངག་གི་ལམ་ནས་ཐལ། །ཉེས་པ་ཅི་མཆིས་བླ་མ་དང་། །ལྷ་དང་མཁའ་འགྲོའི་ཚོགས་ལ་བཤགས། །དགེ་བས་འཁོར་བ་དོང་སྤྲུག་ནས། །གདོད་མའི་གཞི་ལ་གྲོལ་བར་ཤོག །བུདྡྷ་རསྨིས་བསྐུལ་བའི་ངོར། །མདོ་མེད་པདྨ་བཛྲ་པས། །བླ་མའི་གདམས་ངག་ཟབ་མོའི་དོན། །ལྷུག་པར་བཀྲོལ་ནས་སྨྲས་པའོ།། དགེའོ།།
སྔ་འགྱུར་རྙིང་མའི་གཞུང་ལ་བརྒལ་བའི་ལན་ལུང་དང་རིགས་པའི་སྐྱ་རེངས་དང་པོ།
༄༅།།སྔ་འགྱུར་རྙིང་མའི་གཞུང་ལ་བརྒལ་བའི་ལན་ལུང་དང་རིགས་པའི་སྐྱ་རེངས་དང་པོ་ཞེས་བྱ་བ་བཞུགས་སོ།། རྒྱལ་བ་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །དྲི་བྲལ་མཁྱེན་པས་ཤེས་བྱ་ཀུན་གཟིགས་ནས། །ལེགས་འདོམས་གསུང་གིས་ལུས་ཅན་ཐར་ལམ་དུ། །དཀྲི་བའི་མཛད་བཟང་སྲིད་པའི་མཐར་འཕྲོ་བའི། །སྟོན་པ་མཚུངས་མེད་དེ་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་གསུང་གི་དབང་ཕྱུག་ཧེ་རུ་ཀ །གྲུབ་བརྒྱའི་གཙོ་བོ་འཛམ་གླིང་མཛེས་པའི་རྒྱན། །གངས་ལྗོངས་བསྟན་པའི་ཤིང་རྟ་གཅིག་པུ་པ། །ཨོ་རྒྱན་སངས་རྒྱས་གཉིས་པས་དགེ་ལེགས་སྩོལ། །སྲིད་པའི་འཁྲི་ཤིང་གཅོད་ལ་ཆེས་དཔའ་བའི། །མཁྱེན་རབ་རལ་གྲིའི་གཉེན་གཅིག་ལྷག་པའི་ལྷ། །འཇམ་པའི་དབྱངས་དེས་བདག་དང་ཁྱོད་ཀྱི་ཡང་། །ཐེ་ཚོམ་དྲྭ་བ་མཐའ་དག་གཅོད་པར་མཛོད། །བསིལ་ལྡན་གངས་རིའི་ལྗོངས་འདི་རུ།། བཙད་པོ་ལྷ་རི་སྙན་ཤལ་ནས། །མངའ་བདག་ཁྲི་རལ་ཡན་ཆད་ཀྱི། །ཆོས་རྒྱལ་རྣམས་ཀྱི་སྐུ་རིང་ལ། །པཎ་ཆེན་ལྷ་རིག་སེང་གེ་ནས། །སྨྲི་ཏི་ཛྙཱ་ནའི་བར་དག་དང་། །ལོ་ཙཱ་ཐུ་མི་སམྦྷོ་ནས། །ཆོས་ཀྱི་བཟང་པོའི་བར་དག་ཏུ།། བྱོན་པའི་ལོ་པཎ་དེ་རྣམས་ཀྱིས། །བསྒྱུར་བའི་མདོ་རྒྱུད་དགོངས་འགྲེལ་བཅས།། ཇི་སྙེད་བཞུགས་པ་ཐམས་ཅད་ལ། །སྔ་འགྱུར་རྙིང་མ་ཞེས་སུ་གྲགས། །དུས་དེའི་ཆོས་རྒྱལ་ལོ་པཎ་ཚོགས། །ཕལ་ཆེར་ས་བཅུའི་དབང་ཕྱུག་ཏུ། །ཚད་མའི་སྐྱེས་བུས་ལུང་བསྟན་པར། །ཚད་མས་གྲུབ་པ་མ་ཡིན་ནམ། །དེས་ན་ལུང་དོན་རིགས་པ་ཡིས། །རྣམ་པར་དཔྱོད་པའི་བློ་ལྡན་ཞིང་། །གཟུ་བོར་གནས་པའི་གང་ཟག་རྣམས། །ལུགས་དེར་ཐེ་ཚོམ་ཟ་མི་སྲིད། །འོན་ཀྱང་བློ་མཐུ་ཞན་པ་དང་། མི་དགེའི་བཤེས་ཀྱིས་ཟིན་པ་དང་། །ཕྱོགས་ལྷུང་གདོན་གྱིས་གཙེས་པ་རྣམས། །ཐེ་ཚོམ་ལོག་ལྟས་བཅིང་བར་སྣང་། །དེ་ལྟ་ན་ཡང་ཁྱེད་ཅག་གིས། །ལྟར་སྣང་སྒྲོ་སྐུར་ཙམ་མིན་པར། །ཡང་དག་ལུང་དང་རིགས་པ་ཡིས། །རྙིང་གཞུང་ལོག་པར་སྒྲུབ་མི་ནུས། །ཅིའི་ཕྱིར་ཞེ་ན་གཞུང་དེ་ཀུན། །གལ་ཏེ་ལོག་པ་ཉིད་ཡིན་ན། །འདུལ་བ་ཤེར་ཕྱིན་དཀོན་བརྩེགས་དང་། །ཕལ་ཆེན་ལ་སོགས་མདོ་ཕྱོགས་དང་། །རྣམ་འཇོམས་དོན་ཞགས་མཚན་བརྗོད་དང་། །རྣམ་སྣང་མངོན་བྱང་རྒྱུད་ལ་སོགས། །སྔགས་ཕྱོགས་དེ་དག་དགོངས་འགྲེལ་བཅས། །བཀའ་དང་བསྟན་བཅོས་ཕལ་ཆེ་བ། །རྙིང་མའི་ལོ་པཎ་གྱིས་བསྒྱུར་ཕྱིར། །ཁྱོད་ལ་ལོག་པའི་ཆོས་སུ་འགྱུར། །དེ་ལྟ་ན་ནི་གངས་ལྗོངས་འདིར། །ཡང་དག་ཆོས་ཀྱི་སྐལ་བ་ཕྲ། །གལ་ཏེ་མདོ་དང་ཕྱི་རྒྱུད་སོགས། །དེ་རྣམས་ལོག་པ་མ་ཡིན་ཀྱང་། །རྙིང་མའི་བླ་མེད་རྒྱུད་སྡེ་རྣམས། །ལོག་པ་ཡིན་ཅེས་སྨྲ་ན་ནི། །མཉམ་སྦྱོར་ཟླ་གསང་ཐིག་ལེ་དང་།། གསང་འདུས་ཕུར་པ་རྩ་དུམ་སོགས། །ཚད་མའི་རྒྱུད་སྡེ་དེ་རྣམས་ཀྱང་།། རྣམ་དག་མིན་པར་ཐལ་བར་འགྱུར། །དེ་ཀུན་སྔ་འགྱུར་ཡིན་པའི་ཕྱིར།། འདོད་ན་གསང་སྔགས་གསར་མ་ཡང་། །ཡང་དག་མིན་པར་ཐལ་འགྱུར་ཏེ།། གསར་མ་ལ་ཡང་དེ་ཡོད་ཕྱིར། །གལ་ཏེ་སྔ་འགྱུར་རྙིང་མ་ཡི། །མདོ་ཕྱོགས་ཀུན་དང་གསང་སྔགས་ཀྱི། །ཕྱི་ནང་རྒྱུད་སྡེ་ཕལ་ཆེ་བ། །ཡང་དག་ཉིད་དུ་ཁས་ལེན་ཅིང་། །སྒྱུ་འཕྲུལ་དྲྭ་བ་འདུས་མདོ་དང་། །སེམས་ཀློང་མན་ངག་སྡེ་སོགས་ཀྱི། །རྒྱུད་སྡེ་ཁ་ཅིག་ཆོས་ལོག་ཏུ། །འདོད་ཅེས་ཁྱེད་ཅག་སྨྲ་ན་ནི། །སྒྱུར་བྱེད་ལོ་པཎ་གཅིག་ཉིད་ཀྱིས། །བསྒྱུར་བའི་མདོ་རྒྱུད་ལ་ལ་ཞིག །དག་ཅིང་ལ་ལ་མ་དག་པའི། །གཏམ་འདི་སྡང་ཞུགས་ཙམ་ཞིག་ལས། །རིགས་པས་འཐད་པ་མ་གྲུབ་ཀྱང་། །ཅི་སྟེ་གལ་གྱིས་འཆུ་བྱེད་ན། །འདི་ལ་མཁས་པས་དཔྱད་འོས་པའི། །རྣམ་དག་གཏན་ཚིག་ཅི་ཞིག་ཡོད། །འདི་ལྟར་སྡེབ་སྦྱོར་ཉམས་པ་དང་། །ལེགས་སྦྱར་སྐད་དང་མི་མཐུན་ཅིང་། །གྲོང་གི་སྐད་དང་འདྲེས་སོགས་ཀྱིས། །རྣམ་དག་མིན་པར་འདོད་ཅེ་ན། །ཕྱོགས་སྔའི་རྒྱུད་སྡེ་ཕལ་ཆེར་ལ། །རྟགས་འདི་མ་གྲུབ་ཁ་ཅིག་ལ། །གྲུབ་ཀྱང་དེ་ཡིས་ཆོས་མིན་པར། །ཐལ་བའི་ཁྱབ་པ་སྒྲུབ་མི་ནུས། །དེ་ཡི་རྒྱུ་མཚན་དུས་འཁོར་དང་།། ཕྱག་ཆེན་ཐིག་ལེའི་རྒྱུད་སོགས་ནས། །གསལ་བར་བཤད་པ་མ་མཐོང་ངམ།། དུས་ཕྱིས་རྒྱ་བལ་ཡུལ་གྲུ་འགར། །ཡོངས་སུ་གྲགས་པ་མེད་པ་དང་།། གསར་མའི་ལོ་ཙཱ་བ་རྣམས་ཀྱིས། །མཐོང་ཐོས་མེད་པའི་ཕྱིར་ཞེ་ན། །དེ་ལ་ཁྱབ་པ་མ་གྲུབ་སྟེ། །སངས་རྒྱས་འདས་ནས་ལོ་གྲངས་ནི། །བརྒྱ་ལྷག་ཙམ་དུ་ཐེག་ཆེན་གཞུང་། །ཡོངས་སུ་གྲགས་པར་མ་གྱུར་དང་། །དེང་སང་ཙམ་ནའང་འཕགས་ཡུལ་དུ་། །སྡེ་སྣོད་གསུམ་སོགས་རྒྱལ་བའི་བཀའ། །ཡོད་པའི་ངེས་པ་མ་མཆིས་ཀྱང་། །མེད་པ་ཙམ་གྱིས་མ་དག་པར། །སྒྲུབ་པ་མཁས་པའི་གཞུང་ལུགས་མིན། །ལོ་ཙཱ་འགའ་ཡིས་མ་མཐོང་བ། །གཏན་ཚིགས་ཉིད་དུ་མི་ཆེ་སྟེ། །བྷཾ་ག་ལ་ཡི་རྒྱལ་པོའི་སྲས། །ཡོངས་སུ་རྫོགས་པའི་པཎྜི་ཏ། །གྲུབ་པའི་ས་མཐོར་གཤེགས་གྱུར་པ། །ལྷ་གཅིག་དཱི་པཾ་ཀ་ར་སྟེ། དེས་ཀྱང་སྔོན་ཆད་མ་གཟིགས་པའི། །རྒྱུད་སྡེ་དུ་མ་བསམ་ཡས་ཀྱི། །རྒྱ་དཔེའི་ཁྲོད་ནས་གཟིགས་སོ་ཞེས། །ཇོ་བོའི་རྣམ་ཐར་ཉིད་དུ་གསལ།། མ་མཐོང་མེད་པ་མ་ཡིན་ཅེས། །གསུངས་པ་དེང་འདིར་དྲན་པར་བྱོས། །སྔ་འགྱུར་གཞུང་འདི་ཕྱིས་བྱོན་པའི། །མཁས་པ་མང་པོས་རྩོད་བཅས་སུ།། མཛད་ཕྱིར་རྣམ་དག་མིན་ཅེ་ན། །དེར་ཡང་ཁྱབ་པ་མ་གྲུབ་སྟེ། །སངས་རྒྱས་པ་ལ་མུ་སྟེགས་རྩོད། །ཐེག་ཆེན་གཞུང་ལ་ཉན་ཐོས་རྩོད། །བྱེ་མདོ་སེམས་ཙམ་དབུ་མ་སོགས། །གྲུབ་མཐའ་ཕན་ཚུན་མ་རྩོད་མེད། །གསར་མ་པའང་ནང་ཚན་གྱིས། །ཕན་ཚུན་ཐམས་ཅད་རྩོད་བཅས་ཕྱིར། །ཀུན་ཀྱང་ལོག་པ་ཡིན་ནམ་ཅི། །དཔལ་ལྡན་དུས་ཀྱི་འཁོར་ལོ་དང་། །ལམ་འབྲས་ཞི་བྱེད་གཅོད་ཡུལ་སོགས། །རྒྱུད་དང་མན་ངག་སྙན་རྒྱུད་ཆོས། །ཕལ་ཆེར་རྩོད་བཅས་ཁོ་ནའི་ཕྱིར། །དེ་ཀུན་དོར་བྱར་གྱུར་པས་ན། །ཧ་ཅང་ཉིད་དུ་མ་ཐལ་ལམ།། ཁྱོད་ཀྱིས་འགྱུར་བྱང་མ་འཁོད་དང་། །རྒྱ་འགྲེལ་ཟུར་ཙམ་མེད་དོ་ལོའི།། གཏན་ཚིག་ལྟར་སྣང་ཙམ་བཀོད་ཀྱང་། །དེ་ནི་མ་ངེས་རྟགས་ཡིན་པས།། ཚུལ་དེས་འགོག་པར་ག་ལ་ནུས། །འགྱུར་བྱང་འགྲེལ་པ་ཡོད་མེད་ཀྱིས།། ཆོས་དང་ཆོས་མིན་དབྱེ་བ་ནི། །བློ་གྲོས་ཕུར་ཁུང་ཐུག་པའི་གཏམ། །དེ་ལྟར་ནའང་རྙིང་རྒྱུད་ཕལ། །འགྱུར་བྱང་ཡོད་པ་ཤ་སྟག་སྟེ། །སེམས་སྡེ་སྔ་འགྱུར་བཻ་རོ་དང་། །ཕྱི་འགྱུར་བཱི་མ་ལ་ཡིས་བསྒྱུར། །ཀློང་སྡེའི་སྐོར་རྣམས་ཤྲཱི་སེང་དང་། །བཻ་རོ་གཡུ་སྒྲ་སོགས་ཀྱིས་བསྒྱུར། །མན་ངག་སྡེ་ཡི་རྒྱུད་བཅུ་བདུན།། བཱི་མ་སྐ་ཅོག་ཉང་སོགས་ཀྱིས། །བསྒྱུར་ཞིང་གཞན་ཡང་མདོ་སྒྱུ་སོགས།། འགྱུར་བྱང་རང་རང་གཤམ་ན་གསལ། །ཁ་ཅིག་འགྱུར་བྱང་མ་འཁོད་པས།། མ་དག་ཉིད་དུ་འདོད་མི་ནུས། །དཀོན་མཆོག་རྗེས་དྲན་མདོ་དང་ནི། །སཱ་ལུ་ལྗང་པའི་མདོ་ལ་སོགས། །འགྱུར་བྱང་མེད་པ་འགའ་ཡོད་ཀྱང་། །དེ་དག་རྣམ་དག་མིན་པར་ནི། །དཔྱོད་ལྡན་སུས་ཀྱང་སྨྲ་མི་སྤོབས། །དེ་ཕྱིར་བག་ཡོད་མཛད་ན་ལེགས། །འགྲེལ་པ་མེད་པའང་རྟགས་མ་གྲུབ། །རྒྱུད་རྒྱལ་གསང་བ་སྙིང་པོ་ལ། །རྒྱ་འགྲེལ་རིམ་གཉིས་སྤར་ཁབ་དང་། །ལམ་རིམ་ཉི་འོད་སེངྒེ་ཡི། །རྒྱ་ཆེར་འགྲེལ་སོགས་དུ་མ་དང་། །དགའ་རབ་བཱི་མ་ལ་གཉིས་ཀྱི། །མཚན་བརྗོད་རྫོགས་པ་ཆེན་པོ་རུ། །བཀྲལ་བའི་འགྲེལ་པ་རྣམ་གཉིས་དང་། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི། །འགྲེལ་པ་རྡོ་ལ་གསེར་ཞུན་དང་། །སློབ་དཔོན་པདྨ་སཾ་བྷཱ་བའི། །མན་ངག་ལྟ་བའི་ཕྲེང་བ་སོགས། །བཀའ་གཏེར་འགྲེལ་པ་མཐའ་ཡས་པ། །དེང་སང་དུས་ནའང་བཞུགས་པ་མང་། །གཞན་ཡང་བཅུ་བདུན་རྒྱུད་སོགས་ལ། །གནའ་དུས་འགྲེལ་པ་འགའ་མཆིས་ཀྱང་། །དེང་སང་དཔེ་རྒྱུན་དཀོན་པ་ཙམ། །མཚན་རྣམས་རྙིང་མའི་གཞུང་ན་ཡོད། །འགྲེལ་པ་མེད་པས་མ་དག་པར། །འཇོག་ན་དཀོན་བརྩེགས་ཕལ་ཆེན་སོགས། །མདོ་རྒྱུད་མང་ཞིག་ཅིར་འགྱུར་ཨཾ། །དེ་རྣམས་བྱིས་པའི་དགག་ཚུལ་དངོས། །ཡིན་མིན་དཔྱོད་ལྡན་རྣམས་ཀྱིས་ལྟོས། །འགྱུར་ཚུལ་བྲིས་ཀྱང་དེ་དག་ལ། །བསྒྱུར་བའི་དཔང་པོ་མེད་ཅེ་ན། །ལུང་ཟིན་སྤྲུལ་པའི་ཆོས་རྒྱལ་གྱི། །བཞུགས་གནས་ཆོས་འཁོར་རྣམ་པ་གསུམ། །ལུགས་གཉིས་ཁྲིམས་ཀྱི་བཀའ་བཙན་ཞིང་། །མཁས་པའི་སྐྱེ་བོས་གང་བའི་ཡུལ། །བསྒྱུར་གཞི་གནས་ཀྱི་དཔང་པོ་ཡིན། །མདོ་དང་རྒྱུད་སྡེ་དུ་མ་ནས། །རྒྱལ་བའི་ལུང་གིས་བསྔགས་མཛད་ཅིང་། །མི་རབས་དུ་མར་བཞུགས་པ་དང་། །དངོས་སྣང་སྒྱུ་མར་སྟོན་ནུས་པའི། །པད་འབྱུང་ཞི་འཚོ་བཱི་མ་སོགས། །འཕགས་ཡུལ་པཎ་ཆེན་བརྒྱ་རྩ་དང་། །སྐད་རིགས་སུམ་བརྒྱ་དྲུག་ཅུ་ལ། །མཁས་ཤིང་གནས་ཡུལ་བསྒྲོད་ནུས་པའི། །གྲུབ་བརྙེས་ལོ་ཙཱ་བརྒྱ་རྩ་སོགས། །སྒྱུར་བྱེད་གང་ཟག་དཔང་པོ་ཡིན། །དེ་རྣམས་དཔང་དུ་མི་ཆེ་ན། །རྒྱལ་རིགས་རྒྱལ་ས་མ་ཟིན་པར། །མཐའ་ལ་འཁྱར་བའི་སྦྱིན་བདག་དང་། །མཐའ་འཁོབ་ཡམ་བུའི་གྲོང་ཁྱེར་སོགས། །བླུན་པོས་བསྟེན་པའི་ཡུལ་རྣམས་དང་། །གསེར་འདོད་ཨ་ཙར་རྐང་འཁྱམས་དང་། །གྲགས་འདོད་འཕྲལ་སྐད་ཤེས་ཙམ་གྱིས། །ལོ་ཙཱའི་མིང་བཏགས་ཕལ་ཆེར་ཞིག །དཔང་པོ་ཉིད་དུ་ཇི་ལྟར་འོས། །འཛུབ་མོ་བྲང་ལ་ཚུགས་ལ་སོམས། །དཔལ་འཛིན་དམྱལ་བར་སོང་བ་ཡང་། །ཚད་མའི་སྒྲུབ་བྱེད་མིན་ནོ་སྐད། །རྫོགས་སངས་རྒྱས་ལ་སྡང་བ་ཡིས། །ལྷས་བྱིན་དམྱལ་བར་སོང་བ་དང་། །ཐེག་ཆེན་ཆོས་ལ་སྐུར་བཏབ་པས། །ཉན་ཐོས་ལྔ་བརྒྱ་གནས་ངན་དུ། །ལྷུང་བར་མདོ་ལས་བཤད་པ་རྣམས། །སངས་རྒྱས་དང་ནི་ཐེག་ཆེན་གཞུང་། །གཉེན་པོའི་ཡུལ་དུ་གྲུབ་པ་ཡི། །ཆེ་བ་བསྟན་ཕྱིར་མ་ཡིན་ནམ། །དེ་བཞིན་འདིར་ཡང་དཔལ་འཛིན་གྱིས། །སྔ་འགྱུར་གཞུང་ལ་སྐུར་བཏབ་ནས། །རྡོ་རྗེའི་དམྱལ་བར་གཤེགས་པ་དེས། །གཞུང་འདི་རྫོགས་པའི་སངས་རྒྱས་དང་། །མཚུངས་པ་ཉིད་དུ་ཡང་དག་གྲུབ། །དེ་ཕྱིར་སྒྲུབ་བྱེད་ཚད་མ་ཡིན། །དཔལ་འཛིན་ཉིད་ཀྱིས་སྦྱར་བ་ཡི། །གཞུང་དེ་ད་དུང་འདུག་གོ་ལོ། །གཞུང་དེའི་བརྗོད་བྱ་ལུང་རིགས་ཀྱིས། །ཚར་གཅོད་ཟིན་པ་དེ་གས་ཆོག །གཞུང་ཉིད་མེད་འགྲོ་ག་ལ་དགོས། །གཞན་དུ་མུ་སྟེགས་པས་སྦྱར་བའི། །དབང་ཕྱུག་ནག་པོའི་རྒྱུད་དང་ནི། །དབྱུ་གུ་གསུམ་པའི་གཞུང་ལ་སོགས། །ད་དུང་ཡོད་ཅིང་དེ་དག་ལ།། ཚད་མར་བྱེད་པའི་མུ་སྟེགས་པ། །རབ་ཏུ་མང་བའང་ཡོད་པའི་ཕྱིར། །ཕྱོགས་གླང་ཆོས་ཀྱི་གྲགས་པ་སོགས། །རིགས་པའི་དབང་ཕྱུག་དེ་རྣམས་ཀྱིས།། ཚར་མ་ཆོད་ཅེས་སྨའམ་ཅི། །དེས་ན་དེ་འདྲའི་གཞུང་ལུགས་དག །ཡོད་ཀྱང་ལོག་པར་རྟོག་པའི་སྲོག །རིག་པའི་མཚོན་གྱིས་བཅད་ཟིན་པས། །གཞུང་ལུགས་ཤི་བའི་རོ་ཡིན་ནོ། །མདོར་ན་དེ་དང་དེ་འདྲ་བའི། །རྙིང་གཞུང་འགོག་པའི་རིམ་པ་རྣམས། །འགལ་དང་མ་ཁྱབ་ཁྱབ་ཆེས་པའི། །སྐྱོན་གྱི་ཕུང་པོར་གྱུར་པ་མང་། །ངེས་པར་ཆོས་དང་ཆོས་མིན་གྱི། །རྣམ་དབྱེ་ལེགས་པར་ཕྱེ་འདོད་ན། །རྒྱལ་བ་ཉིད་ཀྱིས་རྗེས་གནང་ཞིང་། །རྒྱ་བོད་མཁས་པས་བཞེད་པ་ཡི། །བརྟགས་པ་གསུམ་དང་རྟོན་པ་བཞི། །བཀའ་རྟགས་ཕྱག་རྒྱ་རྣམ་བཞི་དང་། །དངོས་སམ་བརྒྱུད་ནས་དུག་གསུམ་གྱི། །གཉེན་པོར་འགྱུར་དང་མི་འགྱུར་སོགས། །ཚུལ་གསུམ་ལྡན་པའི་ཚད་མ་ཡི། །རིགས་པས་ཞིབ་ཏུ་བརྟག་དགོས་སོ། །དེ་ལྟར་ལེགས་པར་བརྟགས་པ་ན། །རྙིང་མའི་གཞུང་ལུགས་འཁྲུལ་མེད་རྣམས། །བསྲེག་བཅད་བརྡར་བའི་གསེར་ཞུན་བཞིན། །ལྷག་པར་མཛེས་ཀྱིས་གཞན་དུ་མིན། །དེ་ཡི་ཐད་ནས་ཕྱིས་འགྱུར་པའི། །གཞུང་ལུགས་ཕལ་ཆེར་སྣག་ཚའི་ཡུག །བཞག་པ་ཇི་བཞིན་གཟོད་མཐོང་འགྱུར། །འདིར་ནི་གསར་དུ་སྒྲུབ་མི་དགོས། །སྔོན་བྱོན་མཁས་པའི་མཁས་པ་མཆོག །རོང་ཟོམ་ཆོས་ཀྱི་བཟང་པོ་དང་། །རོག་སྟོན་ཤེས་རབ་འོད་ཟེར་དང་། །མཁས་པ་ཐང་སྟོན་ལོ་ཙཱ་བ། །ཀུན་མཁྱེན་བསམ་ཡས་པ་སོགས་ཀྱིས། །སྔ་འགྱུར་བཀར་སྒྲུབ་མཛད་པ་ཡོད། །གཞན་ཡང་རོང་ཟོམ་ཆེན་པོ་ཡིས། །མཛད་པའི་བསྟན་བཅོས་དུ་མ་དང་། །ཀུན་མཁྱེན་དྲི་མེད་འོད་ཟེར་གྱི།། མཛོད་ཆེན་བདུན་སོགས་རྩ་འགྲེལ་དང་། །ཁམས་དབུས་གཙང་གསུམ་ལ་སོགས་པར། །རྙིང་མའི་རྒྱུད་འབུམ་མང་བཞེངས་པའི། །དཀར་ཆག་དེབ་ཐེར་སོ་སོ་དང་། །རྒྱལ་དབང་ལྔ་པ་ཆེན་པོ་ཡི། །གསུང་འབུམ་ཕལ་ཆེར་རྣམས་སུ་ཡང་། །ལུང་དང་རིགས་པ་གཏིང་ཟབ་པས། །དཔྱིས་ཕྱིན་ཉིད་དུ་སྒྲུབ་པ་ཡོད། །སྔོན་དུས་སྔ་འགྱུར་གཞུང་ཉིད་ལ། །ལོག་པར་རྟོག་ནས་རྒོལ་བ་སོགས། །འབྲི་གུང་དགེ་སློང་དཔལ་འཛིན་དང་། །མ་རྟོགས་ཐེ་ཚོམ་ཀྱིས་དྲི་བ། །ཀརྨ་མི་བསྐྱོད་རྡོ་རྗེ་དང་། །དགོངས་གཞི་དང་ནི་དགོས་པ་ལ།། ལྟོས་ནས་གསར་རྙིང་ཐུན་མོང་དུ། །ཡེ་ཤེས་འོད་དང་ཞི་བ་འོད། །ཁུ་དབོན་གཉིས་ཀྱི་འབྱམས་ཡིག་དང་། །འཁོན་འཛིན་སྙིང་ནད་འབའ་ཞིག་གིས། །བྲིས་པ་འགོས་ལོའི་འབྱམས་ཡིག་དང་། །གཞན་ཡང་ས་པཎ་བུ་སྟོན་དང་། །པཎ་ཆེན་ཤཱཀ་མཆོག་ལ་སོགས་པས། །བརྟག་དཔྱད་གཞིར་མཛད་དགག་སྒྲུབ་བཅས། །མང་ཞིག་མཛད་པ་དེ་དག་གི །ལན་དང་དགོངས་པའི་གསལ་བྱེད་སོགས། །རིམ་པར་སྤྲོས་པ་རྒྱ་ར་བ། །ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ཡི། །རྩོད་བཟློག་རྡོ་རྗེ་ཕ་ལམ་ཡོད། །སོག་བཟློག་བློ་གྲོས་རྒྱ་མཚོ་ཡིས། །དཔལ་འཛིན་ཉིད་ཀྱི་སྒེར་ལན་དུ། །རྩོད་བཟློག་ངེས་དོན་འབྲུག་སྒྲ་དང་། །མི་བསྐྱོད་རྡོ་རྗེའི་ཆབ་ཤོག་ལན། །དྲིས་ལན་ལུང་རིགས་འབྲུག་སྒྲ་ཡོད། །འབྱམས་ཡིག་གསུམ་གྱི་ལན་དང་ནི། །ས་པཎ་བུ་སྟོན་ཤཱཀ་མཆོག་གི །དགག་སྒྲུབ་དབྱེ་གསལ་བྱས་པའང་ཡོད། །ཤཱཀ་མཆོག་ལེགས་བཤད་གསེར་ཐུར་ལ། །བྱ་བ་ཆོས་རྗེ་སྐལ་བཟང་པས། །བརྒལ་ལན་ལུང་རིགས་སྒོ་འབྱེད་སྤྲིངས། །དེའི་ལན་པཎ་ཆེན་རང་ཉིད་ཀྱིས། །ངེས་དོན་རབ་གསལ་ཅེས་བྱ་བར། །རྙིང་མ་དགག་པ་མིན་ཚུལ་གྱི། །དག་ཞུས་ཞིབ་ཏུ་ཕུལ་བའང་ཡོད། །སྨིན་གླིང་རབ་འབྱམས་ཆོས་གྲགས་ཀྱིས། །སྔ་ཕྱིའི་རྩོད་པ་ཐམས་ཅད་ཀྱི། །ལན་གྱི་ཕྲེང་བ་རྒྱས་པ་ཡོད། །རིག་འཛིན་འཇིགས་མེད་གླིང་པ་ཡིས།། རྒྱ་ར་བ་ཡི་རྩོད་བཟློག་ལ། །རྣོ་བརྟགས་རྒྱས་པར་སྤྲོས་པ་དང་། །གྲུབ་མཐའ་རབ་ཏུ་དབྱེ་བའི་གཏམ། །རྟོག་གེའི་གཉེན་པོ་ཞེས་བྱ་དང་། །ཏནྟྲའི་ཕྱོགས་འཛིན་བཟློག་པའི་གཏམ། །དོན་གྱི་མདོ་འགག་ཅེས་བྱ་དང་། །ཤིན་ཏུ་རྣལ་འབྱོར་གྲུབ་མཐའ་བཞིར། །སྟོན་པ་རྡོ་རྗེ་ཟེག་མ་དང་། །རྫོགས་ཆེན་ལྟ་བ་ཧ་ཤང་གི། །མཚུངས་ཟླར་འཁྲུལ་བའི་ཤན་འབྱེད་དུ། །མཛད་པ་ཀུན་མཁྱེན་ཞལ་ལུང་སོགས། །ཚད་ལྡན་བསྟན་བཅོས་དུ་མ་ཡོད། །མཁས་པའི་དབང་པོ་ཀཿཐོག་པ། །འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས། །སྡོམ་གསུམ་རབ་དབྱེའི་གསལ་བྱེད་དུ། །འདུ་མ་བྱས་པའི་གན་མཛོད་དང་། །བྲག་དཀར་དགེ་བཤེས་རྩོད་ལན་དུ། །སྤེལ་བ་ལུང་གི་རྔ་ཆེན་སོགས། །རྩོད་བཟློག་བསྟན་བཅོས་མང་ཞིག་ཡོད། །བརྒལ་ལན་རྩོད་བཟློག་དེ་རྣམས་སུ། །བརྟག་པ་གསུམ་སོགས་ཚད་ལྡན་གྱི། །ལུང་རིགས་དུ་མས་རྣམ་དག་ཏུ། །བསྒྲུབས་ཟིན་པས་ན་དེར་ལྟོས་ཤིག །དེ་ལྟར་ལུང་དང་རིགས་པ་ཡིས། །རྙིང་མའི་གཞུང་ལུགས་མཐའ་དག་ཀུན། །བཀའ་དང་བསྟན་བཅོས་རྣམ་དག་ཏུ། །ལེགས་པར་གྲུབ་པར་གྱུར་པ་ན། །དེ་རྗེས་ཆུ་བརྒྱ་ཟོམ་འོག་དང་། །ལམ་བརྒྱ་འགག་འཕྲང་གཅིག་གི་དཔེས། །གཞུང་བརྒྱ་རིགས་པ་གཅིག་ཉིད་ཀྱིས། །གསལ་བར་གྲུབ་པ་མ་ཡིན་ནམ། །དེས་ན་རིགས་དྲུག་གནས་འདྲེན་དང་། །རིགས་བརྒྱའི་ཙཀ་གདུབ་རབ་བྱུང་གི །རྣམ་པའི་ལྷ་ཡིས་མཚོན་ཐོགས་སོགས། །ལམ་གྱི་གནད་དུ་མི་ཆེ་ཡང་། །གཞན་དོན་ཕྲིན་ལས་ཕྲན་ཚེག་དང་། །ཕྱག་བཞེས་མཚོན་བྱེད་དྲང་དོན་བརྡ། །ཅུང་ཟད་མི་འདྲའི་ཁྱད་པར་དག །རྙིང་མའི་གཞུང་ལས་བཤད་པ་ཡིན། །དེ་ཡང་རྒྱལ་བའི་བཀའ་ཡིན་པར། །རིགས་པ་སྔ་མས་བསྒྲུབས་ཟིན་ཏོ། །རྙིང་མའི་གཞུང་ལ་གྲགས་ནའང་། །གསར་མའི་རྒྱུད་དུ་མ་བཤད་པས། །དེ་དག་འཐད་པ་མིན་ཅེ་ན། །རྟགས་ཁྱབ་གཉིས་ཀ་མ་གྲུབ་སྟེ། །ངན་སོང་སྦྱོང་བའི་རྒྱུད་སོགས་ནས། །གནས་ནས་དྲང་བ་བཤད་ཕྱིར་དང་། །རས་བྲིས་སྐུ་གཟུགས་བཤད་ཕྱིར་དང་། །མི་འཁྲུགས་ཆག་བྲལ་སྤྲུལ་སྐུ་ཡིས། །མཚོན་ཆ་རྡོ་རྗེ་ཐོགས་ཕྱིར་རོ། །གཞུང་ལུགས་གཅིག་ལ་གྲགས་པ་དེ། །གཅིག་དང་མཐུན་པའི་ངེས་པ་མེད། །ཉན་ཐོས་པ་ཡི་བདེན་པ་བཞི། །མུ་སྟེགས་པ་ཡི་ལུགས་ལ་མེད། །ཐེག་ཆེན་པ་ཡི་ཁྱད་ཆོས་རྣམས། །ཉན་ཐོས་པ་ལ་མ་གྲགས་ཤིང་།། རྡོ་རྗེ་ཐེག་པའི་རིམ་པ་གཉིས། །ཕར་ཕྱིན་གཞུང་དུ་བཤད་པ་མེད། །ཐབས་ཤེས་རྒྱུད་ཀྱི་སྦྱོར་སྒྲོལ་སོགས། །ཕྱི་རྒྱུད་རྣམས་སུ་མ་བཤད་ཀྱང་། །དེས་དེ་ལོག་པར་ག་ལ་གྲུབ། །དེ་དང་འདི་དག་མཚུངས་པས་སོ། །ཙཀ་གདུབ་དཀྱིལ་འཁོར་དོད་ཡིན་པར། །སེམས་པའང་ཁྱོད་རང་འཁྲུལ་བར་ཟད། །ཆོས་རྗེ་ས་སྐྱ་པཎྜི་ཏས། །རབ་དབྱེ་ཐེག་དགུར་དཔྱད་སྐབས་ཀྱི། །ཚིག་དེ་དེང་སང་ས་སྐྱ་པ། །མཁས་བླུན་ཀུན་གྱིས་ཅལ་སྒྲོགས་སུ།། བྱེད་མོད་དེ་ཡི་གོ་བའི་གནད། །ཤེས་པ་ཁྱེད་ཀྱི་ཁྲོད་ན་དཀོན། །དེའི་དོན་རྫོགས་པ་ཆེན་པོ་ལ། །རྟོགས་བྱའི་དོན་དང་རྟོགས་བྱེད་ཐབས། །རྣམ་པ་གཉིས་སུ་དབྱེ་བ་ལ། །རྟོགས་བྱ་དོན་གྱི་རྫོགས་ཆེན་ནི། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། །དམིགས་མེད་བརྗོད་པ་དང་བྲལ་བ། །དེ་ཡི་ངོ་བོའི་རང་ལྡོག་ནས། །མིང་ཚིག་ཡི་གེ་དང་བྲལ་ཕྱིར། །རྗོད་བྱེད་ཚིག་གི་ཐེག་པ་རུ།། བཞག་པ་མཁས་པ་མིན་ཅེས་གསུངས། །དེ་རྟོགས་པ་ཡི་ཐབས་ལ་ནི། །ཐེག་པའི་རིམ་པ་ཡོད་པ་ཡིན། །ཅེས་པས་རྟོག་བྱེད་ཐབས་ཀྱི་ནི། །ཐེག་རིམ་དགུ་པོ་ཤུགས་ཀྱིས་བསྟན། །འོན་ཀྱང་གསང་སྔགས་གསར་མ་ལ། །རྣལ་འབྱོར་ཆེན་པོའི་ལྟག་ན་ནི། །དེ་བས་མཐོ་བའི་རྒྱུད་སྡེ་མེད། །སྒོམ་པའི་དམིགས་པ་ཉིད་ཀྱང་ནི། །རྣལ་འབྱོར་ཆེན་པོའི་ལྟག་ན་མེད། །ཅེས་པས་ཐེག་རིམ་གོང་མ་གཉིས། །གསར་མ་པ་ལ་མེད་པ་ཡི། །རྣམ་བཅད་དངོས་སུ་བསྟན་པ་ཡིས། །དེ་གཉིས་རྙིང་མའི་ཁྱད་ཆོས་སུ། །ཡོད་པའི་ཡོངས་གཅོད་ཤུགས་ལས་བསྟན། །རྙིང་མའི་ལུགས་ལ་ཐེག་པ་དགུ། །ཡོད་པའི་ཞལ་བཞེས་གཞུང་འདི་དང་། །ཐུབ་དགོངས་སོགས་སུ་ཡང་ཡང་མཛད། །དེ་ལྟར་རྣམ་དབྱེ་ལེགས་ཕྱེས་ནས། །སྨྲས་ན་དམ་པའི་དགོངས་པ་གསལ། །གཞན་དུ་ཨ་ཏི་ཡོ་ག་ཉིད། །ཡེ་ཤེས་ཡིན་པར་བཞེད་པ་ལ། །ཐེག་པ་ཡིན་པར་སྤྱིར་བཀག་ཅེས། །ཁྱེད་ཅག་དེ་ལྟར་སྨྲ་ན་ནི། །རྒྱན་དང་ཐེག་བསྡུས་ལ་སོགས་པའི།། གཞུང་ལུགས་ཀུན་དང་འགལ་བའི་ཕྱིར། །ཙནྡན་སོལ་བར་བྱས་པ་བཞིན། །མཁས་པའི་ལེགས་བཤད་བློ་སྐྱོན་གྱིས། །དྲི་མ་ཅན་དུ་མ་བྱས་སམ། །འདི་དང་འདི་འདྲའི་རྒལ་ལན་ནི། །རྒྱུད་ལུང་མན་ངག་གསུམ་སྦྱར་ཞིང་། །རིགས་པས་འཐད་པར་བསྒྲུབ་པ་ཡིས། །ཡིད་ཆེས་ངེས་ཤེས་འདྲེན་ནུས་པའི། །ཤེས་བྱེད་དམ་པའི་ཞལ་གྱི་ལུང་། །མཆིས་མོད་དེ་དག་ཤེས་འདོད་ན། །རྒྱུད་སྡེའི་ཟབ་གནད་འཆད་དགོས་པས། །རྒྱུད་ནས་བཤད་པའི་འཆད་ཉན་གྱི། །ཚུལ་རྣམས་ཇི་བཞིན་བསྒྲུབ་དགོས་ཀྱི། །ཅོ་འདྲི་རྩེད་མོའི་རྩོད་ལེན་དུ། །ཟབ་དོན་གསང་བ་སུ་ཞིག་སྒྲོགས། །སྤྱིར་ནི་སྔ་འགྱུར་འཁྲུལ་མེད་རྣམས། །གསར་མའི་དུས་སུ་བྱོན་པ་ཡི། །ལྷ་ཅིག་ཇོ་བོ་ཆེན་པོ་དང་། །ཁ་ཆེ་ཤཱཀྱ་ཤྲཱི་དང་། །དམ་པ་སངས་རྒྱས་ལ་སོགས་པའི། །རྒྱ་གར་གྲུབ་ཐོབ་མང་པོ་དང་། །འགོས་ལོ་གཞོན་ནུ་དཔལ་བ་དང་། །ཐར་ལོ་ཉི་མ་རྒྱལ་མཚན་དང་། །འབྲི་གུང་རིན་ཆེན་དཔལ་བཟང་པོ། །རིག་རལ་ཇོ་ནང་ཀུན་མཁྱེན་པ། །གྲུབ་ཐོབ་ཨོ་རྒྱན་པ་དང་ནི། །ཀུན་མཁྱེན་ཙོང་ཁ་པ་སོགས་ཀྱི། །མཆོག་གཟིགས་དུ་མས་རྣམ་དག་ཏུ། །ཞལ་བཞེས་བསྔགས་བརྗོད་མཛད་པ་མང་། །སོ་སྐྱེ་ཤེས་རབ་འཆལ་བ་འགས། །སྨོད་པར་བྱེད་པ་སྙིང་རྗེའི་གནས། །དེ་ཙམ་དུ་ཡང་མ་ཟད་དེ། །གྲུབ་པ་ཐོབ་པའི་ལག་རྗེས་སུ། །སྔོན་བྱོན་རྗེ་འབངས་ཉེར་ལྔ་དང་། །བར་དུ་སོ་ཟུར་གནུབས་དང་གཉགས། །སློབ་རྒྱུད་ནམ་མཁའི་སྐར་ཚོགས་ཙམ། །ཕྱིས་བྱོན་ཉང་རལ་ཆོས་དབང་དང་། །གླིང་པ་བརྒྱད་སོགས་གཏེར་སྟོན་དང་། །ཀཿདཔལ་རྫོགས་ཆེན་གྲུབ་ཐོབ་རྣམས། །ཕུང་པོ་འོད་སྐུར་ཡལ་བ་དང་། །ཟུང་འཇུག་མཁའ་སྤྱོད་གྲུབ་པ་དང་། །གདུང་དང་རིང་བསྲེལ་བཞག་ནས་ཀྱང་། །སྒྲ་འོད་མེ་ཏོག་ཆར་དང་བཅས། །རང་བཞིན་སྤྲུལ་པའི་ཞིང་རྣམས་སུ། །ཕེབས་པའི་གང་ཟག་བགྲང་ལས་འདས། །གྲོལ་རྟགས་དེ་འདྲ་མངོན་སུམ་དུ། །འབྱུང་བའི་རྒྱུ་མཚན་ཉམས་ལེན་ཆོས། །སྔ་འགྱུར་ཡོ་ག་སྡེ་གསུམ་པོ། །རྒྱལ་བ་རྡོ་རྗེ་འཆང་ཆེན་གྱི། །ཉེ་ལམ་ཟབ་མོ་ཡིན་ཕྱིར་དང་། །དེ་ལ་དམ་ཉམས་བཀའ་རྐུན་གྱིས། །རང་བཟོས་བསླད་པ་མ་ཞུགས་དང་། །རྡོ་རྗེ་འཆང་ནས་ད་ལྟའི་བར། །བྱིན་རླབས་བརྒྱུད་པ་མ་ཆད་པའི། །རྟགས་སུ་མངོན་སུམ་ཚད་མའོ། །དེ་ཕྱིར་ཚད་མ་དུ་མ་ཡིས། །ཚད་མར་གྲུབ་པའི་ལམ་དེ་ལ། །ཚད་མ་ཉིད་དུ་བཟུང་བྱས་ན། །གང་ཟག་ཉིད་ཀྱང་ཚད་མར་འགྲོ། །ལན་ནི་འདི་དང་འདི་འདྲ་བའི། །རྩོད་ཡིག་དྲི་ཚིག་སྤེལ་བའི་རྒྱུ། །ཀུན་སློང་འདྲ་མིན་མང་ཡོད་ཀྱང་། །བརྟགས་ན་རྣམ་པ་གསུམ་དུ་ངེས། །བློ་ཆུང་གྲགས་པ་དོན་གཉེར་དང་། །སྙིང་ནས་ཆོས་ལ་སྡང་བ་དང་། །རྣམ་དག་ཆོས་ལ་སྒྲོ་སྐུར་གྱི།། ཐེ་ཚོམ་གཅོད་པར་འདོད་པའོ། །གལ་ཏེ་གྲགས་པ་དོན་གཉེར་ན། །གྲགས་སྐམ་སྙིང་པོ་མ་མཆིས་ཀྱང་། །དམ་པའི་རྣམ་ཐར་གཞན་དག་གིས། །སྒྲུབ་དང་འཕྲལ་ཕུག་ཀུན་ཏུ་དགེ། །ཆོས་དང་ཆོས་མིན་འབྱེད་དོ་ལོའི། །ཆོས་སྤངས་ལས་ཀྱི་སྒྲིབ་པ་འདིས། །གྲགས་པ་སྒྲུབ་པ་ཡ་ངའི་གནས། །ཁེ་ལས་ཉེན་ཆེ་སྤངས་ན་ལེགས། །ཞེ་ནས་ཆོས་ལ་སྡང་ཡིན་ན། །ཆོས་ལ་སྡང་པའི་གང་ཟག་ལ། །ཐར་ལམ་མེད་པར་ཐུབ་པས་གསུངས། །དེས་ན་ཡང་དག་ལུང་རིགས་ཀྱི། །ཐུགས་རྗེའི་དཔྱངས་ཐག་ལ་བརྟེན་ནས། །ཐར་པའི་ལམ་དུ་ཞུགས་ན་ལེགས། །ཅིས་ཀྱང་མི་ལྡོག་སྨོད་ན་ནི། །སྨྱོན་པའི་རྗེས་སུ་ལོང་བ་བཞིན། །ལྷ་སྦྱིན་དང་ནི་དཔལ་འཛིན་གྱི། །རྗེས་ལ་ཚམ་ཚོམ་མེད་པ་རུ། །མཆོང་བ་སྔོན་གྱི་ལས་ཡིན་པས། །རྒྱལ་བའི་ཕྱག་གིས་མི་ཁོག་ན།། བདག་དང་བདག་འདྲས་ཅི་ཞིག་བྱ། །ཁྱོད་ལ་སྡིག་པར་མ་གྱུར་ཅེས། །ལྷག་པའི་བསམ་པས་སྨོན་ལམ་འདེབས། །ཐེ་ཚོམ་གཅོད་པར་འདོད་ན་ནི། །གོང་དུ་བཤད་པའི་རྩོད་ལན་གྱི། །ཡིག་ཆ་དེ་དག་རྣམས་དང་ནི། །རྙིང་མའི་གཞུང་ལུགས་མཐའ་དག་ལ། །ཤེས་རབ་གསུམ་གྱི་མིག་སྒྲུབ་དང་། །སོམ་ཉིའི་གནས་ཀུན་ལྡོག་པ་ཡོད། །གལ་ཏེ་དེ་ལྟར་བརྟག་པ་ན། །རྒྱལ་བའི་བཀའ་ལུང་དང་འགལ་ཞིང། །གཏན་ཚིག་རྒྱ་ཡིས་མ་ཐེབས་པས། །འགྲེལ་པ་བསྟན་བཅོས་ཇི་སྙེད་དུ། །དགག་བཞག་སྤང་གསུམ་མ་ནུས་ཤིང་། །རྩོད་ལན་རྣམས་སུ་ལུང་རིགས་ཀྱིས། །ལེགས་པར་སྒྲུབ་པར་མ་གྱུར་པས། །ཡང་དག་ལམ་དུ་ཐེ་ཚོམ་པའི། །གནས་ཤིག་ཁྱོད་ལ་མངོན་གྱུར་ན། །དེ་ཚེ་འགལ་འདུའི་རང་བཞིན་གྱི། །གྲོང་ཚིག་ཁ་ཤག་ཙམ་མིན་པར། །སྤྱིར་བཏང་དམིགས་གསལ་རྫས་ལྡོག་དང་། །སེལ་དང་སྒྲུབ་པ་སྐབས་ཕྱེད་པའི། །བརྒལ་བརྟགས་མཁས་པས་དཔྱད་འོས་པར། །སྒྲུབ་པར་གྱིས་དང་དེའི་དུས་སུ། །དཔལ་ལྡན་ཆོས་ཀྱི་གྲགས་པ་ཡི། །གཞུང་དང་མཐུན་པའི་ལུང་རིགས་ཀྱི། །སྒོ་འཕར་འབྱེད་པར་སྐབས་ཕྱེའོ། །དེ་ལས་གཞན་དུ་སྔ་འགྱུར་གྱི། །གཞུང་ལུགས་རྣམ་དག་མ་མཐོང་བཞིན། །བློ་གྲོས་རྩིང་པོས་དཔྱད་པའི་གཏམ། །ཧོལ་རྒྱུག་བྱེད་པ་དཔྱད་འོས་མིན། །འབེན་མ་མཐོང་པའི་མདའ་འཕེན་དང་། །དཀྱུས་ས་མ་བསྟན་རྟ་རྒྱུག་དང་། །ཕྱོགས་སྔ་མ་ངེས་རྩོད་པ་གསུམ། །དཔྱོད་ལྡན་རྣམས་ཀྱིས་ཁྲེལ་བའི་གནས། །ཀྱེ་མ་དེང་སང་སྙིགས་མའི་གནས་སྐབས་འདིར། །རྟོག་གེ་ཟོལ་མས་ཐུབ་བསྟན་དཀྲུགས་པས་སྐྱོ། །འབྱུང་བྱ་མུན་པའི་སྨག་ལ་དགོད་མོད་ཀྱི། །ཉིན་མོ་ཧུཾ་སྒྲ་སྒྲོག་ན་ལྟས་ངན་ཡིན། །དཔང་གྱུར་མཁས་པའི་སྐྱེ་བོ་ཟད་པ་ན། །བླུན་པོས་བབ་ཅོལ་སྒྲོག་པ་ཆོས་ཉིད་ཀྱང་། །བསྟན་འཛིན་ཉི་ཟླའི་དཀྱིལ་འཁོར་བཀྲག་འབར་ཞིང་། །བཤད་སྒྲུབ་འོད་ཀྱིས་ཕྱོགས་ཀུན་ཁྱབ་དུས་འདིར། །འགལ་འདུའི་རང་བཞིན་གནག་རྫིའི་གཏམ་ཟང་མ། །འཛེམ་མེད་གཅེར་རྒྱུག་བྱེད་པ་ཨེ་མ་མཚར། །དེང་འདིར་ལོག་རྟོག་མུན་པ་སུན་འབྱིན་པའི། །བརྒལ་ལན་སྐྱ་རེངས་དང་པོ་སྤྲོས་ཟིན་གྱིས། །མ་བརྟགས་མུ་ཅོར་སྨྲ་རྣམས་བག་ཡོད་མཛོད། །ཕྱིས་ནས་ལུང་རིགས་ཉིན་བྱེད་འཆར་ཏ་རེ། །དེ་སྐད་ཡོངས་རྫོགས་བསྟན་པའི་མངའ་བདག་ཆེ། །མདོ་ཁམས་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི། །བཀའ་འབངས་ཡོངས་ཀྱི་ཐ་ཤལ་སྙོམ་ལས་པ། །སྐྱེས་ཐོབ་སྦྱངས་པའི་བློ་གྲོས་ན་ཕྲ་ཡང་། །རང་གཞན་གྲུབ་མཐའ་རྒྱ་མཚོའི་མཐར་སོན་པའི། །སྨྲ་བའི་ཉི་མ་རྒྱལ་སྲས་ཆོས་རྗེ་དང་། །གཙུག་ལག་སྒོ་བརྒྱ་འབྱེད་ལ་ཟླ་བྲལ་བའི། །གཞོན་ནུ་འཇིགས་མེད་ཆོས་ཀྱི་དབང་པོ་སོགས། །ཡོངས་འཛིན་མཁས་དབང་དུ་མའི་ཞབས་ཀྱི་རྡུལ། །སྤྱི་བར་སོན་པའི་མཐུ་ལས་ལེགས་བཤད་གཏམ། །ཅུང་ཟད་སྨྲ་ལ་དབང་བའི་ཀློག་པ་བ། །པདྨ་བཛྲ་ཞེས་བྱར་འབོད་པ་དེས། །དོན་གཉེར་ཅན་འགས་ནན་གྱིས་བསྐུལ་བའི་ངོར། །རུ་དམ་དཔལ་གྱི་གཙུག་ལག་ཁང་ཆེན་པོའི། །ཉེ་གམ་བསམ་གཏན་སྒོམ་པའི་ཁང་བུ་ནས། །ཐུན་མཚམས་གསུམ་དུ་ཤར་མར་བྲིས་ནས་སྤྲིངས། །དེ་ལས་བྱུང་བའི་དགེ་ཚོགས་གངས་རིའི་ཏོག །སྟོན་ཟླའི་འོད་ཀྱིས་འཁྱུད་ལྟར་དཀར་བ་དེས། །རང་གཞན་ཐེ་ཚོམ་མུན་པ་ཀུན་བསལ་ནས། །ཆོས་རབ་རྣམ་འབྱེད་བློ་གྲོས་འཕེལ་གྱུར་ཅིག །ཅེས་པའང་བགྲོ་གླེང་པ་བསོད་ནམས་བསྟན་པས་བྲིས་པའི་ཡི་གེའི་ལན་དུ་ས་སྤྲེལ་ཟླ་༡༢པའི་ཚེས༡༣ལའོ།། །།
དྲིས་ལན་སྟོང་ཐུན་གྱི་སྐོར་ཚོ།
དོགས་གནས་ཀྱི་དྲིས་ལན་དོན་རབ་གསལ་བྱེད།
༄༅།།དོགས་གནས་ཀྱི་དྲིས་ལན་དོན་རབ་གསལ་བྱེད་བཞུགས།། དོགས་གནས་ཀྱི་བཀའ་འདྲི་འགའ་རེ་ཕེབས་པར། སྔགས་དང་རྫོགས་ཆེན་གང་ལ་ཞུགས་ཀྱང་། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་མ་བསྒོམ་པར་ཐབས་མེད་པའི་ཚུལ་ནི། མདོ་རྒྱུད་རྒྱ་མཚོ་ལྟ་བུ་ནས་བཤད་པ་སྨོས་ཀྱིས་མི་ལང་། བླ་མའི་མན་ངག་ཀྱང་། མཁའ་འགྲོ་སྙིང་ཐིག་གི་མཚོ་རྒྱལ་ཞུས་ལན་གསེར་ཕྲེང་ལས་གསུང་ཚུལ་སྐྱབས་རྗེའི་གསུང་སྒྲོས་དགོངས་བཞིན་དང་། པཎ་ཆེན་བི་མས། མི་རྟག་སྙིང་རྗེ་བྱང་སེམས་སྦྱང་། ཀུན་མཁྱེན་གྱིས། སྙིང་རྗེ་བྱང་སེམས་བྱེ་བྲག་སྔོན་འགྲོ་སྟེ། །ཐེག་ཆེན་ལམ་དུ་ཆོས་རྣམས་འགྲོ་བར་བྱེད། །ཅེས་པའི་འགྲེལ་པར། ཐེག་པ་ཆེན་པོའི་ལམ་ཇི་ལྟར་སྒོམ་ཡང་དེའི་སྔོན་དུ། སེམས་ཅན་ལ་སྙིང་རྗེ་དང་། དེའི་ཆེད་དུ་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་གཅེས་ཏེ་སྙིང་རྗེ་ཕྱོགས་མེད་དུ་བསྒོམ་པས་ཐེག་དམན་དུ་མི་ལྟུང་བ་དང་། སེམས་བསྐྱེད་པས་སངས་རྒྱས་མྱུར་དུ་འཐོབ་པའི་དགོས་པ་ཡོད་དོ། །དེ་ལ་ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་གཉིས་ནི་ཐེག་པ་ཆེན་པོའི་ཁྱད་ཆོས་ཏེ། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྟུང་། །ཅེས་དང་། དབུ་མ་རིན་ཆེན་ཕྲེང་བར། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་དང་། དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་པ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་སོགས་གསུངས། ཨ་རོའི་ཐེག་ཆེན་རྣལ་འབྱོར་ལས། །ཐེག་པའི་རང་བཞིན་ཤེས་རབ་སྙིང་རྗེ་ཁོ་ན་སྟེ། །བདག་དང་སངས་རྒྱས་དབྱེར་མེད་རྟོགས་པ་ཤེས་རབ་ཡིན། །སེམས་ཅན་ཀུན་ལ་བུ་བཞིན་བྱམས་པ་སྙིང་རྗེ་ཡིན། །དེ་གཉིས་ཆེ་ཆུང་དབང་གིས་ཐེག་པའི་ཁྱད་པར་བསྟན། །གང་ཞིག་དེ་གཉིས་མི་ལྡན་ཐེག་ཆེན་ཁས་འཆེ་བ། །ལོང་སྤྲང་ང་ཉིད་རྒྱལ་པོ་ཡིན་ཅེས་ཟེར་བཞིན་རྫུན། །ཅེས་གསུངས་པ་ལྟར་ལགས་པས། སྙིང་རྗེ་བྱང་སེམས་བསྒོམ་པ་ཅི་ནས་གལ་ཆེ། སྙིང་རྗེ་མེད་བཞིན་འོད་ཕུང་དུ་ཡལ་ཡང་དགྲ་བཅོམ་ལྷག་མེད་ཐོབ་དང་མཚུངས་པ་དེ་ལྟར་ལགས། འོན་ཀྱང་རྫོགས་ཆེན་གྱི་གཞིའི་བཞུགས་ཚུལ་ལ་སྙིང་རྗེ་རང་ཆས་སུ་ཡོད་ཚུལ་ཡང་། རྒྱུད་བླ་ལས། བདེ་གཤེགས་སྙིང་པོའི་ངོ་བོའི་སྐབས། །ཆོས་སྐུ་དེ་བཞིན་ཉིད་དང་རིགས། །རིན་ཆེན་ནམ་མཁའ་ཆུ་དག་བཞིན། །ཅེས་པའི་སྐབས། སྙིང་བརྩེའི་རླན་དང་མ་བྲལ་བས་ཆུ་ལྟ་བུ་གསུང་པ་རྣམས་དེ་ལྟར་ཡིན་ཀྱང་། དེ་ནི་རྒྱས་འགྱུར་གྱི་རིགས་ཀྱི་ས་བོན་གཞི་ལ་ཡོད་པ་སྟོན་པ་ཡིན་པའི་ཚུལ། ཀུན་མཁྱེན་གྱིས། སྙིང་རྗེའི་རང་བཞིན་ཡེ་ནས་གནས་པ་ནི། །རྒྱས་འགྱུར་རིགས་ཞེས་བདེ་བར་གཤེགས་པས་གསུངས། །ཞེས་པ་ལྟར་ཡིན་ལ། རིགས་ཡོད་ཀྱང་དེ་སད་པར་བྱེད་པའི་རྐྱེན་སྙིང་རྗེ་ཡིན་པ་དང་། རིགས་ཡོད་པའི་རྟགས་སུ་ལམ་ལ་འཇུག་པའི་སྔ་རོལ་ནས་སྙིང་རྗེ་སྐྱེ་བའི་ཚུལ། མདོ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །སོགས་ཀྱིས་བསྟན། དེས་ན་གཞི་ལ་སྙིང་རྗེ་འབྱུང་རུང་ཡོད་པ་ཙམ་གྱིས་མི་ཕན། ལམ་གྱི་ཐོག་མ་ནས་སྙིང་རྗེ་དང་སེམས་བསྐྱེད་མི་སྦྱོང་བའི་ཐབས་མེད་དེ། རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་དུ་ངེས་པའི་ཕྱིར། དེས་ན་བདེ་གཤེགས་སྙིང་པོ་འབྲལ་རྒྱུ་དང་། ལམ་གྱི་ཤེས་རབ་དང་སྙིང་རྗེ་སོགས་བསལ་རྒྱུའམ་འབྲལ་བྱེད་ཀྱི་རྒྱུར་བཤད་པའང་ཡོད་ལ། གསལ་རྒྱུ་བརྒྱུད་རྒྱུ་གང་ཡིན་ཀྱང་ཐོག་མ་ནས་ཐ་མའི་བར་དུ་བསྒོམ་དགོས་སོ། །སངས་རྒྱས་ཀྱི་སའི་ཐུགས་རྗེ་དང་ཕྲིན་ལས་འདུས་མ་བྱས་ཡིན་ན། ལམ་གྱི་སྙིང་རྗེ་སོགས་འདུས་བྱས་ཀྱི་རྒྱུ་ལས་འབྱུང་ལུགས་མ་འཚལ་གསུང་པའང་། སྤྱིར་འདུས་བྱས་འདུས་མ་བྱས་ཀྱི་འཇོག་ཚུལ་བཞི་ཡོད་དེ། རྒྱུ་རྐྱེན་གྱིས་བྱས་མ་བྱས་དང་། ལས་ཉོན་གྱིས་བསྐྱེད་མ་བསྐྱེད་དང་། ཡིད་ལུས་ཀྱི་སྐྱེ་བ་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་ཡོད་མེད་དང་། སེམས་ཅན་གྱི་བློ་ལ་སྐྱེ་འགག་ལྟར་སྣང་མི་སྣང་གི་སྒོ་ནས་བཞག་པ་བཞི་ལས་སངས་རྒྱས་ཀྱི་སའི་སྙིང་རྗེ་ཆེན་པོ་དང་། ཡོན་ཏན་ཕྲིན་ལས་སོགས་རྒྱུ་རྐྱེན་གྱིས་བསྐྱེད་པའི་འདུས་བྱས་དང་། ལས་ཉོན་དང་། ཡིད་ལུས་སྐྱེ་འཆི་གཉིས་ཀྱི་སྒོ་ནས་འདུས་མ་བྱས་སུ་བཞག །སྐྱེ་འགག་ལྟར་སྣང་མི་སྣང་གི་སྒོ་ནས་ཆོས་སྐུ་འདུས་མ་བྱས་པ་དང་། གཟུགས་སྐུ་ཕྲིན་ལས་དང་བཅས་པ་འདུས་བྱས་སུ་བཞག །དབྱིངས་ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་སྐུ་ལ་གཉིས་སུ་ཕྱེ་བའི་ཞི་བ་ཆོས་ཀྱི་སྐུ་གཉིས་ནི་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་ཀྱང་འདུས་མ་བྱས་སུ་བཞག །བྲལ་རྒྱུ་དང་བྲལ་འབྲས། བསལ་རྒྱུ་དང་། བསལ་བྱེད་ཀྱི་རྐྱེན་སོགས་ནི་རྒྱུ་འབྲས་བཏགས་པ་བ་ཙམ་ལས་དོན་ལ་རྒྱུ་འབྲས་མཚན་ཉིད་པ་མ་ཡིན་ནོ། །དེས་ན་སངས་རྒྱས་ཀྱི་སས་བསྡུས་པའི་འབྲས་ཆོས་ཡིན་ཚད་འདུས་མ་བྱས་ཡིན་པའི་ཁྱབ་པ་མ་གྲུབ་བོ། དེ་ལྟར་ན་བསལ་བྱེད་དང་། འབྲལ་བྱེད་ཀྱི་རྒྱུ་སྙིང་རྗེ་དང་ཤེས་རབ་སོགས་འདུས་བྱས་ལ་བརྟེན་ནས། སངས་རྒྱས་ཀྱི་སའི་བྲལ་འབྲས་སམ་བསལ་འབྲས་འདུས་མ་བྱས་ཀྱི་ཆ་རྣམས། མངོན་དུ་འགྱུར་བ་ནི་མི་འགལ་བར་མ་ཟད། མེད་ན་མི་འབྱུང་བའི་འདྲེལ་བ་གྲུབ་སྟེ། དངུལ་ཆུའི་བསྡུས་པའི་གསེར་གྱི་ཁ་དོག །མེས་མ་སྦྱངས་ན་སྣང་དུ་མི་རུང་བ་དང་། ཤིང་སོགས་ཀྱི་པགས་པ་དང་སྲི་མ་བཅད་པར་སྙིང་པོ་མི་སྣང་བ་བཞིན་ནོ། །མདོར་ན་བདེ་གཤེགས་སྙིང་པོ་ལ་ཆོས་ཅན་རང་བཞིན་དུ་གནས་པའི་རིགས་འདུས་བྱས་དང་། ཆོས་ཉིད་རང་བཞིན་གྱིས་གནས་པའི་རིགས་འདུས་མ་བྱས་གཉིས་ཡོད་པ་གཞི་དབུ་མ་བདེན་གཉིས་ཟུང་འཇུག་ཡིན་ལ། དེ་ཉིད་སྔགས་བླ་མེད་སྤྱིར། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལུས་ཅན་ཀུན་གྱི་སྙིང་ལ་ཡོད་པར་བཤད་པ་དང་། རྫོགས་ཆེན་གྱི་གཞུང་ལས། དབྱིངས་ཀ་དག་སྤྲོས་པ་དང་བྲལ་བའི་ངང་དུ་ལྷུན་གྲུབ་ནང་གསལ་གྱི་ཡེ་ཤེས་ཆེས་ཕྲ་བ། ཤེལ་འོད་ནང་ཐིམ་ལྟར་བཞུགས་པ། གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་བཞེད་པ་རྣམས། འདུས་བྱས་འདུས་མ་བྱས་སམ། སྟོང་ཉིད་དང་རྟེན་འདྲེལ་ལམ། ཆོས་ཅན་དང་ཆོས་ཉིད་དམ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་དབྱེར་མི་ཕྱེད་པའི་མཚན་ཉིད་ཅན་དུ་དགོངས་པ་མཐུན་པ་ཅན་ཡིན་ནམ་སྙམ་དུ་སེམས་ལགས། གཞི་ལ་དེ་ལྟར་ཡོད་པ་དང་རྣམ་པ་མཐུན་པའི་ལམ་བསྒོམ་པས། འབྲས་བུ་ཡང་། མོས་སྤྱོད་དུ་རྗེས་མཐུན་ཙམ་དང་། འཕགས་ལམ་གསུམ་དུ་རྩལ་རིམ་གྱིས་རྫོགས་ནས། གཞི་ལ་ཡོད་པའི་ཡོན་ཏན་ཐམས་ཅད་དབྱར་ཀའི་ཆུ་བོ་བཞིན་རྩོལ་མེད་ཀློང་རྡོལ་དུ་འབྱུང་བ་ལགས་སོ།། དགེའོ།།
ངེས་དོན་རིག་པ་འཛིན་པའི་སྡེ་སྣོད་ལས་གཙོ་བོར་བརྩམས་པའི་གཏམ།
༄༅།།ངེས་དོན་རིག་པ་འཛིན་པའི་སྡེ་སྣོད་ལས་གཙོ་བོར་བརྩམས་པའི་གཏམ།། མན་ངག་སྙིང་པོའི་ཡང་བཅུད་ཅེས་བྱ་བ་བཞུགས་སོ། །ལྷ་དང་བླ་མ་དབྱེར་མེད་རྡོ་རྗེ་འཆང་། །སྙིང་དབུས་མི་ཤིགས་དྭངས་མའི་ཐིག་ལེ་རུ། །ལྷན་ཅིག་སྐྱེས་པའི་ངོ་བོར་རྟག་བཞུགས་ནས། །གསང་ཆེན་སྙིང་པོའི་དེ་ཉིད་བསྟན་དུ་གསོལ། །རིག་པའི་རང་བཞིན་བློ་བྲལ་བདེ་བ་ཆེ། །གཉུག་མའི་གཤིས་དང་རོ་གཅིག་གྱུར་པ་ལས། །ཤེས་སྒྲིབ་འཕོ་བའི་ཞེན་རྟོག་ཀུན་བཅོམ་སྟེ། །འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར། །བསམ་གྱིས་མི་ཁྱབ་ཡེ་ཤེས་ཆེན་པོ་ཡི། །རྩལ་གདངས་ཤིན་ཏུ་ཕྲ་བའི་དྲི་བཞོན་གྱིས། །བསྐྱོད་པས་ཟུང་འཇུག་ཡེ་ཤེས་ཆེན་པོའི་སྐུ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པར་བཞེངས། །ལྷན་སྐྱེས་སྟོང་པའི་རང་གཟུགས་ལྷ་མོ་དང་། །ཁ་སྦྱོར་ཟག་མེད་བདེ་བ་ཆེན་པོ་ནི། །མཁའ་མཉམ་རྒྱུན་མི་འཆད་པར་དཀྱིལ་འཁོར་དང་། །རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེན་པོར་བཞུགས། །དེ་ནི་སྔགས་རྒྱུད་དཀྱིལ་འཁོར་རྒྱ་མཚོ་ཡི། །བསྒྲུབ་བྱའི་འབྲས་བུ་མཐར་ཐུག་གྱུར་པ་སྟེ། །དུས་འཁོར་ཀྱཻ་རྡོར་རྡོ་རྗེ་སེམས་དཔའ་དང་། །ཧེ་རུ་ཀ་དཔལ་ཀུན་ཏུ་བཟང་པོར་གྲགས། །དེ་ལྟར་སྒྲུབ་བྱའི་དམིགས་པ་རྙེད་པ་ན། །དེ་འདྲ་དེ་དང་རྣམ་པ་མཐུན་པ་ཡི། །ཉེར་ལེན་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན། །ཚོགས་པའི་སྒྲུབ་བྱེད་ལམ་གྱི་ངེས་པ་གཅེས། །དེ་ཡང་ཐེག་ཆེན་སྔགས་དང་མཚན་ཉིད་གྱི། །སོ་སོའི་གཞུང་ལས་མིང་ཙམ་མི་འདྲ་ཡང་། །དོན་ལ་གཞི་ལམ་འབྲས་བུའི་རྣམ་བཞག་ཀུན། །ཟུང་འཇུག་ངོ་བོར་ཤེས་ཐོབ་འདྲེལ་བར་གཅིག །རྒྱུ་ཡི་སྡེ་སྣོད་གསུམ་གྱིས་བསྟན་པའི་དོན། །བསླབ་གསུམ་མི་ཚེ་གཅིག་ལ་མཐར་ཕྱིན་པའི། །ཉེ་ལམ་བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ། །གཞུང་དང་མན་ངག་ཡིན་པར་ཤེས་པ་གནད། །ཉེས་ལྟུང་ཀུན་གྱི་རྩ་བ་ཐ་ལམ་གྱི། །སྣང་ཞེན་སྣོད་བཅུད་དཀྱིལ་འཁོར་འཁོར་ལོ་རུ། །རྟོགས་ཤིང་གོམས་པའི་གསལ་སྣང་ང་རྒྱལ་གཉིས། །བརྟན་པས་སྡོམ་པ་སྔགས་ཀྱི་ཚུལ་ཁྲིམས་ཡིན། །རླུང་སེམས་དབུ་མར་བཅིང་བའི་བྱེད་པ་ལས། །མཚན་མའི་རྣམ་པར་རྟོག་པ་ཀུན་སྤངས་ཏེ། །བདེ་གསལ་མི་རྟོག་ཏིང་འཛིན་མཆོག་བརྙེས་པ། །གནས་བྱུང་སེམས་ཀྱི་བསླབ་པ་ཁྱད་པར་ཅན། །དེ་ཡི་སྟོབས་ལས་གཉིས་སྣང་ཟད་པ་ཡི། །སོ་སོ་རང་རིག་མཚན་མེད་ཡེ་ཤེས་ཀྱིས། །སྟོང་ཉིད་མངོན་སུམ་མཐོང་བའི་འོད་གསལ་ནི། །ལྷག་མཐོང་ཤེས་རབ་ཕ་རོལ་ཕྱིན་ཅེས་བྱ། །ཡན་ལག་བརྒྱད་ལྡན་འཕགས་ལམ་བསླབ་གསུམ་དུ། །འདུས་པའི་ངོ་བོ་དག་པའི་སྒྱུ་ལུས་དང་། །བདེ་སྟོང་གཉིས་མེད་དོན་གྱི་འོད་གསལ་ཆེ། །ཟུང་འཇུག་ཟབ་གསལ་གཉིས་མེད་རྣལ་འབྱོར་སྟེ། །ཚུལ་འདིས་རིག་འཛིན་གསུམ་མམ་བཞིའི་གོ་འཕང་། །བགྲོད་ནས་མཐར་ཐུག་དག་པ་གཉིས་ལྡན་གྱི། །ཟུང་འཇུག་ཆེན་པོའི་གོ་འཕང་མངོན་བྱེད་པ། །རྡོ་རྗེ་ཐེག་པའི་ལམ་གྱི་མདོ་ཆིང་ཡིན། །ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ལམ། །རིག་པའི་ངོ་བོ་ཀ་དག་ཟང་ཐལ་དུ། །སྐྱོང་བར་མཚུངས་ཀྱང་དབྱིངས་སྣང་ལྷུན་གྲུབ་ཀྱི། །གདངས་ལས་རྒྱན་དུ་ཤར་བའི་དབྱིངས་རིག་གཉིས། །རྩལ་དུ་བཏོན་ཏེ་སྣང་མུན་ཁྲ་ཁྲིད་ཀྱིས། །ཉམས་སུ་ལེན་དང་མི་ལེན་ཁྱད་པར་ལས། །ཁྲེགས་ཆོད་ཐོད་རྒལ་ཅེས་གྲགས་མི་སློབ་པའི། །ཟུང་འཇུག་མངོན་དུ་བྱེད་པའི་ཉེ་ལམ་སྟེ། །རྒྱུ་དང་འབྲས་བུའི་ཐེག་ཆེན་མཐའ་དག་གི །ལམ་གནད་ཀུན་ཚང་མཐར་ཐུག་འབྲས་བུའང་གཅིག །འོན་ཀྱང་མཚན་བཅས་སྤྲོས་པའི་འབད་རྩོལ་དང་། །བྲལ་ཞིང་གནད་ལ་བརྟེན་པས་ཁྱད་པར་འཕགས། །ཐུན་མོང་ཐེག་པར་སྟོང་དང་རྟེན་འབྱུང་གཉིས། །གཞིར་བཞག་ཆོས་དང་གཟུགས་ཀྱི་སྐུ་གཉིས་ནི། །བསོད་ནམས་དང་ནི་ཡེ་ཤེས་ཟུང་འདྲེལ་བའི། །ཚོགས་གཉིས་ལམ་གྱི་རྒྱུ་ལས་སྒྲུབ་པར་འདོད། །སྔགས་ལམ་གཞན་དུ་དེ་ལས་ཁྱད་པར་དུ། །འབྲས་བུའི་རྣམ་པ་ལམ་དུ་བྱེད་ནའང་། །སྒྱུ་མའི་སྐུ་དང་བདེ་བའི་ཡེ་ཤེས་ཀྱི། གྲུབ་གཞི་ཤིན་ཏུ་ཕྲ་བའི་རླུང་སེམས། འདི་མཆན། རྒྱུ་ལས་འབྲས་བུའི་ཟུང་འཇུག་སྒྲུབ་པར་མཚུངས། །འདི་ནི་རྒྱུ་འབྲས་བྲལ་བའི་ཐེག་པ་སྟེ། །ཆོས་ཀུན་རིག་པའི་རྩལ་དང་རོལ་པ་རུ། །སྣང་ཕྱིར་ཡེ་ནས་མངོན་སངས་རྒྱས་པ་སྟེ། །ད་གཟོད་སྒྲུབ་པར་བྱ་བའི་ཆོས་ལས་འདས། །རིག་པའི་ངོ་བོ་སྤྲོས་པ་ཀུན་བྲལ་བ། །ཀ་དག་ཆེན་པོ་འོད་གསལ་ཆོས་ཀྱི་སྐུ། །རིག་པའི་རང་བཞིན་ལྷུན་གྲུབ་མཚན་དཔེའི་བདག །ཆ་ཕྲ་གཏིང་གསལ་གཞོན་ནུ་བུམ་པའི་སྐུར། །ཡེ་ནས་ཟུང་འཇུག་ཆེན་པོར་བཞུགས་པ་ནི། །ངེས་དོན་འཁོར་ལོ་ཐ་མའི་ཟབ་མོའི་གནས། །མངོན་དུ་ཕྱུང་སྟེ་གསང་བ་བླ་མེད་ཀྱི། །རྒྱུད་སྡེ་དག་ལས་ཤིན་ཏུ་གསལ་བར་བཤད། །དེ་ཉིད་ཉམས་སུ་ལེན་ཚུལ་རྫོགས་ཆེན་གྱི། །སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་ཡིས། །རྒྱས་སྤྲོའི་སྒོ་ནས་ཐུན་མོང་ལམ་གྱི་གནད། །སྡུད་པའི་བཤད་ཚུལ་མང་མོད་མདོར་བསྡུ་ན། །འདིར་ནི་མན་ངག་གཟིགས་པའི་བླ་མ་ཡིས། །བྱིན་རླབས་མོས་གུས་ཁོ་ནས་འདྲེན་ནུས་པའི། །དད་བརྩོན་ཤེས་རབ་ལྡན་པའི་སློབ་མ་ལ། །རིག་པ་རྩལ་གྱི་དབང་གིས་ངོ་སྤྲོད་དེ། །མི་གཡོ་གསུམ་ལྡན་ཅོག་བཞག་བཞིའི་ངང་ནས། །ཡུལ་མེད་རིག་པ་ཟང་ཀ་རྗེན་པ་རུ། །བསྐྱངས་པས་རླུང་སེམས་རགས་པ་ཀུན་ཐིམ་ནས། །ཤིན་ཏུ་ཕྲ་བའི་རླུང་སེམས་སྙིང་དབུས་ན། །གནས་པའི་འོད་རྩ་ཡེ་ཤེས་ངྷུ་ཏི་རུ། །ཞུགས་ཚེ་ཐུན་མོང་དང་ནི་ཐུན་མིན་གྱི། །སྣང་སྟོང་ཤེས་ཉམས་བསམ་མི་ཁྱབ་དང་བཅས། །དབུ་ཕྱག་རྫོགས་ཆེན་གསུམ་གྱི་གྲུབ་པའི་མཐའ། །གཅིག་ཏུ་ཟླུམ་པའི་ཐིག་ལེ་ཆེན་པོ་ནི། །རྒྱལ་བ་ཀུན་གྱི་གསང་བའི་སྙིང་པོ་སྟེ། །ཟབ་ཞི་སྤྲོས་དང་བྲལ་བའི་འོད་གསལ་འཆར། །དེ་ཚེ་གཉིས་སྣང་རྟོག་པ་ཀུན་ནུབ་ཅིང་། །ཡིད་དཔྱོད་གྲུབ་མཐའི་ཚིག་གི་རྫུན་ཕུགས་རྡིབ། །སྒྲ་རྟོག་རྗེས་སུ་དཔག་པའི་ཐ་སྙད་སྟོང་། །སྣ་ཚོགས་ཉམས་ལ་ཞེན་པའི་ཤུན་པ་བྲལ། །རིག་སྟོང་རྗེན་པ་ཆོས་སྐུ་ཟང་མ་སྟེ། །སོ་མ་གཉུག་མ་མ་བཅོས་ལྷུག་པའི་ངང་། །ཕྱལ་བ་བར་མེད་ཉིན་མཚན་ཕྱད་པ་རུ། །ཡེངས་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་སྐྱོངས། །དེ་ཚེ་རྩལ་ལས་ཤར་བའི་རོལ་པ་རུ། །སྣ་ཚོགས་རྟོག་པའི་ཆོ་རོལ་ཅི་ཤར་ཡང་། །མི་དགག་མི་དཔྱོད་རྗེས་སུ་མི་འབྲངས་པར། །རིག་པའི་ངང་སྐྱོང་སྣང་བ་ཐད་ཀར་ཆོད། །བདེ་གསལ་མི་རྟོག་ངང་ལ་ཡུན་བསྲིངས་ཚེ། །ཉམས་ལ་ཞེན་པའི་དམིགས་གཏད་སྐྱེ་སྲིད་པས། །གནས་པའི་འཕྲོ་ཡི་སྒོམ་བློ་ཤིག་གིས་བཤིག །ངོས་བཟུང་བྲལ་བའི་ཟང་ཐལ་རྗེན་པ་ལྟོས། །རྗེས་ཐོབ་ཆོས་ཀུན་རིག་པའི་རོལ་རྩལ་དུ། །ཤེས་པར་གང་སྣང་ཐུག་ཕྲད་ལམ་དུ་ཁྱེར། །རིག་པའི་རང་ངོར་རེ་དོགས་ཞིག་ན་ཡང་། །གཞན་ལ་ཕན་ཕྱིར་སྤྱོད་པ་མདོ་ལྟར་སྤྱད། །དེ་ལྟར་བརྩོན་པ་ཆེན་པོས་ཉམས་བླངས་ན། །འདིའམ་འཆི་ཁ་དང་ནི་བར་དོ་རུ། །ཁྱད་ཆོས་དྲུག་དང་ལྡན་པའི་མཐར་ལམ་གྱིས། །ལྷུན་གྲུབ་རིན་ཆེན་སྦུབས་སུ་མངོན་འཚང་རྒྱ། །ཇི་ལྟར་གནམ་སྟོང་ཟླ་བ་དབྱིངས་འཁྱིལ་བཞིན། །ཐིམ་ལ་མ་རྨུག་ཕྲ་བའི་ཡེ་ཤེས་ནི། །ཤིན་ཏུ་མཐར་ཐུག་འབྲས་བུའི་ཟུང་འཇུག་སྟེ། །དཀྱིལ་འཁོར་རྒྱ་མཚོའི་འཆར་གཞི་བླ་མེད་པའོ། །དེ་ལྟར་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི། །གཞི་ལམ་འབྲས་བུ་ཐུན་མོང་མིན་པའི་གནད། །རིག་ན་ངེས་དོན་ཐེག་པ་འདི་གཅིག་པུར། །དཀྲི་བའི་དོན་དུ་ཐེག་ཆེན་བསྡུ་བར་ཤེས། །ཚུལ་འདི་ངེས་དོན་མན་ངག་སྙིང་པོའི་བཅུད། །རྣམ་གསུམ་ཤེས་རབ་ལྕེ་ཡིས་མྱོང་བའི་རོ། །ཇི་བཞིན་བཤད་པའི་དགེ་ཚོགས་གངྒཱའི་རྒྱུན། །ཀུན་བཟང་དགོངས་པའི་རྒྱ་མཚོར་གཅིག་ཏུ་གཞོལ། །དེ་སྐད་གྲུབ་དབང་རྒྱལ་སྲས་ཆོས་ཀྱི་རྗེ། །གཞན་ཕན་མཐའ་ཡས་དེ་ཡི་ཞབས་ཀྱི་རྡུལ། །གཙུག་ཏུ་ཐོབ་པའི་བྱ་བྲལ་བྷུ་སུ་ཀུ། །པདྨ་བཛྲ་མིང་གིས་བྲིས་པ་དགེ། །།
སྒྱུ་འཕྲུལ་གྱི་མཚན་ཉིད་གསུམ་གྱི་ཟིན་ཐོ།
༄༅།།སྒྱུ་འཕྲུལ་གྱི་མཚན་ཉིད་གསུམ་གྱི་ཟིན་ཐོ་བཞུགས་སོ།། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས་མཚན་ཉིད་གསུམ་བཤད་པའི་རིམ་པ་ནི། སེམས་དང་ཡེ་ཤེས་རང་སྣང་བདེན་པ་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དོན་ཐམས་ཅད་མཚན་ཉིད་གསུམ་དུ་དྲིལ་ནས་འཆད་ན། ཤེས་འཇུག་མཚན་ཉིད་སྦྱོར་བས་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ཞེས་གསུངས་པ་ལྟར། །རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་དང་གསུམ་ལས། དང་པོ་ལྟ་བ་རྟོགས་དགོས་པའི་རྒྱུ་མཚན་དང་། ལྟ་དོན་དངོས་གཉིས་ལས། དང་པོ་ནི། གང་གིས་དམིགས་མེད་མི་ཤེས་པ། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་དམིགས་མེད་ཤེས་པར་གྱིས། །ཞེས་པ་ལྟར། ཡོད་མེད་རྟག་ཆད་འཁོར་འདས་སོགས་གཉིས་སྣང་བདེན་ཞེན་གྱིས་བཅིང་སྟེ། དམིགས་མེད་བསམ་བརྗོད་ལས་འདས་པའི་ཚུལ་མི་ཤེས་པ། དེ་ཡི་རྟོགས་བྱ་མཐར་ཐུག་གི་དོན་ནི་ཤེས་སོ། །ཆོས་དབྱིངས་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ལྟ་བ་ཤེས་རབ་ཀྱི་མིག་གིས་མ་མཐོང་བར། སྒོམ་པ་ཏིང་ངེ་འཛིན་གྱི་ལམ་དུ་འཇུག་པ་ནི་གོལ་ས་ཆེན་པོ་སྟེ། ལམ་རིམ་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་བྱེད་པ། །རྨོངས་པ་མུན་པའི་བློ་ཅན་ཏེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་པ་ལྟར་རོ། །རྒྱུ་མཚན་དེའི་ཕྱིར་ན། དངོས་པོ་བདེན་པར་འཛིན་པ་དང་། དངོས་མེད་སྟོང་པར་འཛིན་པའི་བློ་ཐམས་ཅད་འཇིག་པ་སྟེ་གཞིག་ཅིང་བློ་དང་བྲལ་བའི་དམིགས་མེད་ཤེས་པར་གྱིས་ཤིག །ཅེས་ལྟ་བ་བལྟ་དགོས་པར་གདམས་པའོ། །གཉིས་པ་ནི། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་པ་སྟེ། དང་པོ་བསྐྱེད་པའི་གཞི་དང་། བར་དུ་གནས་པའི་རྩ་བའམ་རྟེན་མེད་པའི་སེམས་ཉིད་སྟོང་པ་འདི་ལ་ཕོ་མོ་མ་ནིང་དང་མཚན་མེད་གང་དུ་གདགས་པའི་གཞི་མ་གྲུབ་པ་དེ་བཞིན་དུ་བྲམ་ཟེ་དང་རྒྱལ་རིགས་ལྟ་བུའི་རིགས་དང་། ཕ་མེས་བུ་ཚ་སོགས་ཀྱི་རྒྱུད་པ་མེད་ཅིང་མིན་པ་དང་། སྔོ་སེར་དཀར་དམར་སོགས་ཀྱི་ཁ་དོག་དང་། གྲུ་བཞི་ཟླུམ་པོ་སོགས་དབྱིབས་མིན་པ་དང་། ཆོས་ཐམས་ཅད་ཀྱི་གནས་སམ་རྟེན་གྱི་ངོ་བོར་ཡང་མ་གྲུབ། མདོར་ན་འདི་ཞེས་ངོས་བཟུང་གང་དུ་ཡང་མ་གྲུབ་ཅིང་། གང་ཡང་མིན་པས། དངོས་པོར་དམིགས་པ་ཐམས་ཅད་ཀྱིས་སྟོང་། དངོས་མེད་མ་གྲུབ་སྟེ་སེམས་ཉིད་དེ་བཞིན་ཉིད་ནི་འཁོར་འདས་ཀྱི་དབྱིངས་སམ་འབྱུང་ཁུངས་ཏེ་རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ལ། དེ་ཉིད་ཐབས་ཀྱི་ཕྱག་རྒྱ་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱུ་ཡིན་པས་ན། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ཉིད་ཇི་ལྟ་བ་བཞིན་ཤེས་པ་ནི་རྒྱུ་ཤེས་པའི་མཚན་ཉིད་ལྟ་བའོ། །གཉིས་པ་ལ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་སྒོམ་དགོས་པའི་རྒྱུ་མཚན་དང་། སྒོམ་བྱ་ཏིང་ངེ་འཛིན་དངོས་གཉིས་ལས། དང་པོ་ནི། དངོས་རྣམ་ཉིད་ན་དངོས་མེད་པ། །རྟོག་པའི་དབང་བསྒྱུར་ཏིང་འཛིན་ཡིན། །ཅེས་པ་ལྟར། རྟོག་པ་རང་དབང་ཐོབ་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་སྒོམ་དགོས་པར་བསྟན་པའོ། །གཉིས་པ་ལ་སྟོང་པ་ཆེན་པོའི་རྣལ་འབྱོར། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་དང་ལྔ་ལས། དང་པོ་ནི། གང་གི་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བརྟུལ་ནས་སུ། །ཞེས་པ་ལྟར། གླང་ཆེན་སྨྱོན་པ་ཁྲོམ་འདུལ་དང་། །རྒྱན་འདུལ་གཉིས་ཀྱིས་འདུལ་བ་ལྟར། །སེམས་ཀྱི་བཞག་ཐབས་ཤེས་པ་མཐོང་བའི་རྗེས་སུ་འཇོག་པ་དང་། རིག་པ་སྤྱི་བླུགས་སུ་འཇོག་པ་གཉིས་གང་རུང་གི་སྒོ་ནས་དབྱིངས་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག་པའོ། །གཉིས་པ་ནི། གཞི་རྩ་མེད་པའི་སེམས་ཉིད་དེ། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་པ་ལྟར། སྟོང་ཆེན་དེ་བཞིན་ཉིད་ཀྱི་ངང་ནས་རྟོག་པ་གང་ཤར་ཐམས་ཅད་བདེན་མེད་སྒྱུ་མ་ལྟར་རྩལ་སྦྱོངས་པ་སྟེ། འཁོར་བའི་ཆོས་ལ་ལོག་རྟོག་སྒྱུ་མ། རྟེན་འདྲེལ་སྒྱུ་མ། རིག་པ་སྒྱུ་མ། འདས་པའི་ཆོས་ཐམས་ཅད་ཕྱག་རྒྱ་སྒྱུ་མ། ཐབས་སྒྱུ་མ། ཡེ་ཤེས་སྒྱུ་མ་སྟེ། སྒྱུ་མ་དྲུག་གི་རང་བཞིན་དུ་ཤེས་པས་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྒོམ་པའོ། །དེ་ལྟར་རྩ་བ་མེད་པའི་སེམས་ཉིད་ནམ་མཁའ་ལྟ་བུའི་ངང་ནས་རང་རྩལ་འགག་མེད་སྒྱུ་མ་ལྟ་བུར་ཤར་བ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱིས་རྩ་བ་སྟེ་སྙིང་རྗེ་སྒྱུ་མའི་སྦྱོར་བའོ། །གསུམ་པ་ཕྱག་རྒྱ་གཅིག་པ་ནི། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་པ་ལྟར། སྣང་སྟོང་བདེན་པ་དབྱེར་མེད་ཀྱི་ངོ་བོ་སེམས་ཉིད་ཨ་དཀར་པོའི་རྣམ་པར་སྒོམ་པ་ཕྲ་བ་ཡིག་འབྲུ་དང་། དེ་ཉིད་ཕྱག་རྒྱ་གཅིག་པའི་སྐུར་སྒོམ་པར་དག་པ་ལྷ་སྐུ་ལ་བསླབ་པ་གཉིས་སུ་ཕྱེ་བ་སྟེ་རྩ་བའི་ཐབས་ཞེས་པའོ། །བཞི་པ་ཕྱག་རྒྱ་སྤྲོས་བཅས་ནི། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱིས། །དཀྱིལ་འཁོར་བསམ་ཡས། །ཞེས་གསུངས་པ་ལྟར། ཐབས་བྱུང་འབྱུང་བ་ལྔ་གཞལ་ཡས་ཁང་གདན་དང་བཅས་པ་དང་། ཐབས་བསམ་ཡས་ཅེས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དེ། དེ་གཉིས་ཀའང་རིག་པ་ཉིད་ལས་དོན་ཐ་དད་མིན་ཀྱང་ནང་གི་ལྷ་དང་ཕྱི་རོལ་གཞལ་ཡས་ཁང་ཐ་དད་པ་ལྟ་བུ་སྣང་བའི་དཀྱིལ་འཁོར་སེམས་སུ་སྒོམ་པའོ། །ལྔ་པ་ཚོགས་སྒྲུབ་ནི། ཡེ་ཤེས་རོལ། ཅེས་པའི་དོན་ཏེ། བཟའ་བཏུང་གོས་རྒྱན་གླུ་གར་སྦྱོར་སྒྲོལ་གྱི་ཡོ་བྱད་གང་ལ་ཡང་ཡུལ་དང་ཡུལ་ཅན་ཐམས་ཅད་ལྷ་དང་ཆོས་ཉིད་ཡེ་ཤེས་སུ་རྟོགས་པ་གཉིས་སུ་མེད་པར་རོལ་པའོ། །གསུམ་པ་འབྲས་བུ་ལ། གནས་སྐབས་དང་མཐར་ཐུག་གཉིས་ལས། དང་པོ་ནི། འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་པས། མཉམ་བཞག་ཆོས་ཉིད་ཀྱི་དགོངས་པ་མངོན་དུ་གྱུར་པས། རྗེས་ཐོབ་ཏུ་གང་ལ་ཡང་འཇིགས་པ་མེད་ཅིང་སྣང་སྤྱོད་ཐམས་ཅད་དག་པ་འབའ་ཞིག་ཏུ་ཤར་བས་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་ནས་ཡེ་ཤེས་སྒྱུ་མའི་ཕྱག་རྒྱ་རང་ཤར་བར་གྱུར་པ་བསྟན་ཏོ། །གཉིས་པ་མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་དངོས་ནི། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཕྱོགས་བཅུ་དུས་བཞིར་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པ་ལྟར། སྣང་ཆ་སྒྱུ་འཕྲུལ་གྱི་ལྷ་བཞི་བཅུ་རྩ་གཉིས་སོ། །དྲྭ་བ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་རྫོགས་ཏེ། ལྷུན་གྲུབ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་ན་ཕྱོགས་བཅུ་དུས་བཞིར་རྫོགས་པའི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་གཅིག་ཆར་དུ་འགྲུབ་པར་འགྱུར་ཏེ། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀྱི་ཀློང་ན་ཐ་དད་མེད་པའི་ཕྱིར་རོ། །དེ་ལྟར་རྒྱུད་དོན་བདེན་པ་དབྱེར་མེད་དུ་གནས་པ་ལྟ་བས་གཏན་ལ་ཕབ་ནས། སྒོམ་པ་ཏིང་ངེ་འཛིན་གྱི་ཉམས་སུ་ལེན་ཞིང་སྤྱོད་པ་ཚོགས་ཀྱི་སྒྲུབ་པས་བོག་དབྱུང་བས་འབྲས་བུ་རང་གནས་ཀྱི་དཀྱིལ་འཁོར་མངོན་དུ་གྱུར་པ་ལ་རྒྱུད་དོན་ཐམས་ཅད་འདུས་པ་ཡིན་ནོ། །ཞེས་པའང་མཁན་ཆེན་རྡོ་རྗེ་འཛིན་པ་པདྨ་བཛྲ་གྱིས་མཛད་པའོ། །དགེའོ། །དགེའོ།། །། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་དོན་ཐམས་ཅད་མཚན་ཉིད་གསུམ་དུ་དྲིལ་ཏེ་འཆད་ན། ཇི་སྐད་དུ། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུགས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ཞེས་པ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་འཛིན། མངོན་གྱུར་འབྲས་བུའི་མཚན་ཉིད་དང་གསུམ་ལས། དང་པོ་ལའང་ལྟ་བ་རྟོགས་དགོས་པའི་རྒྱུ་མཚན་དང་། ལྟ་བ་དངོས་གཉིས་ལས། དང་པོ་ནི། གང་གི་དམིགས་མེད་མི་ཤེས་པ། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིགས་པས་དམིགས་མེད་ཤེས་པར་གྱིས། །ཞེས་སོ། །གཉིས་པ་ནི། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱིས་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་པའོ། གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལའང་སྒོམ་དགོས་པའི་རྒྱུ་མཚན་དང་། སྒོམ་བྱང་ཏིང་ངེ་འཛིན་དངོས་གཉིས་ལས། དང་པོ་ནི། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་དབང་བསྒྱུར་ཏིང་འཛིན་ཡིན། །ཅེས་པའོ། །གཉིས་པ་ལའང་སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་དང་ལྔ་ལས། དང་པོ་ནི། གང་གི་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་པའོ། །གཉིས་པ་ནི། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་སོ། གསུམ་པ་ནི། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་སོ། བཞི་བ་ནི། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱིས། །དཀྱིལ་འཁོར་བསམ་ཡས། །ཞེས་སོ། །ལྔ་བ་ནི། ཡེ་ཤེས་རོལ། ཞེས་དང་། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་ནི། འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་སོ། །གསུམ་པ་མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་ནི། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཕྱོགས་བཅུ་དུས་བཞིར་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པའོ། །དེ་ལྟར་མཚོན་དཔེ་དང་སྦྱར་ན་མདུང་ལྟར་སྐེད་པ་ནས་བཟུང་སྟེ་འཆད་པ་ཞེས་བྱའོ། །ཅེས་པའང་པད་རྡོར་པས་བྲིས་པའོ། །བཀའ་སྡེ་ཟུར་པའི་བཤད་སྲོལ་ལ་ཆེན་པོ་ལྔ་སྟེ། རང་བཞིན་དངོས་པོའི་གནས་ཚུལ། མ་རྟོགས་འཁྲུལ་བའི་སྣང་ཚུལ། ཐམས་ཅད་མཁྱེན་པའི་གཟིགས་ཚུལ། བརྩེ་བའི་ཐུགས་རྗེས་སྐྱོང་ཚུལ། འགྲོ་དོན་ཇི་ལྟར་མཛད་ཚུལ་དང་ལྔ་ལས། དང་པོ་ནི། གཞི་བདེན་གཉིས་དབྱེར་མེད་སྣང་སྟོང་ཟུང་འཇུག་རྟོགས་ན་མྱང་འདས་དང་། མ་རྟོགས་ན་འཁོར་བ་དང་གཉིས་ཀའི་གཞིར་གྱུར་པའོ། །གཉིས་པ་ནི། དོན་ལ་གཞི་འབྲས་དབྱེར་མེད་སྐུ་དང་ཡེ་ཤེས་ཀྱི་ཆོས་ཇི་སྙེད་པ་རང་ཆས་ཀྱི་ཚུལ་དུ་ཡོད་ཀྱང་མ་རྟོགས་པ་རྒྱལ་ཕྲུག་སྤྲང་ལ་འཁྱམས་པ་བཞིན་སྣང་ཚུལ་ལོག་པར་ཞུགས་པའོ། །གསུམ་པ་ནི། འདྲེལ་བ་གསུམ་སྟེ་ཡུལ་དང་ཡུལ་རྐྱེན་གྱིས་འདྲེལ་བ་གཉིས་སྣང་དག་པས་གཅིག་ཆར་དུ་སྣང་བའོ། །ཆོས་དང་ཆོས་ཉིད་ཀྱིས་འདྲེལ་བ་ཆུ་ལ་ཆུ་བཞག་པ་ལྟར་གཉིས་མེད། ལས་དང་སྨོན་ལམ་ཐུགས་རྗེས་འདྲེལ་བ་སེམས་ཅན་རང་གི་ལས་སྨོན་དང་ཐུགས་རྗེ་རྒྱུན་ཆད་མེད་པ་དང་གསུམ་མོ། །བཞི་བ་ནི་ཐུགས་རྗེ་བཞི་སྟེ། རྟགས་པ་རྒྱུན་གྱི་ཐུགས་རྗེ་ནམ་མཁའ་ལྟ་བུ། རང་བཞིན་ཤུགས་ཀྱི་ཐུགས་རྗེ་འབད་རྩོལ་མི་དགོས་པ་ཆུ་བོའི་རྒྱུན་ལྟ་བུ། གདུལ་བྱའི་ཡུལ་དང་འཕྲད་པའི་ཐུགས་རྗེ་སྦྱིན་འདོད་པ་དང་ལོང་སྤྲང་འཕྲད་པ་ལྟ་བུ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་རྔ་ལ་དབྱུག་གུས་བསྣུན་པ་ལྟ་བུ། ལྔ་པ་ནི། གདུལ་བྱ་འདོད་པ་ལ་ཞེན་ཅིང་ཐར་ལམ་མ་བཙལ་བ་རྣམས། འདུལ་བྱེད་འཁོར་ལོ་རྒྱུན་གྱི་ཐེག་པས་འདུལ་ཐབས་རང་བཞིན་ཤུགས་ཀྱིས་འདུལ་བའོ། །གདུལ་བྱ་ཐར་འདོད་ངེས་འབྱུང་གི་བློ་ཅན་རྣམས་ལ། འདུལ་བྱེད་དོན་དམ་ངེས་པའི་ཐེག་པས། འདུལ་ཐབས་གཉེན་པོ་སྣ་ཚོགས་པའོ། །གདུལ་བྱ་ལས་ངན་འདུལ་དཀའ་བ་རྣམས་ལ། འདུལ་བྱེད་ཆོ་འཕྲུལ་མངོན་བྱུང་གི་ཐེག་པས། འདུལ་ཐབས་ལས་ངན་ལས་རྒྱུན་གཅོད་པའོ། །དེ་ལྟར་གདུལ་བྱའི་ཡུལ་གསུམ་འདུལ་བྱེད་ཐེག་པ་གསུམ་གྱིས་མཐར་ཐུག་དོན་དམ་ངེས་པའི་ཐེག་པ་ལ་དྲངས་ནས་འབྲས་བུ་རྣམ་མཁྱེན་གྱི་གོ་སར་དབུགས་དབྱུང་བའོ།། པདྨ་བཛྲ་པས་བྲིས་པའོ།། བཀྲ་ཤིས།། དགེ་ལེགས་འཕེལ།།
དམ་ཚིག་བསྡུས་དོན་གྱི་ལེའུའི་ཟིན་བྲིས་གསལ་བྱེད་མེ་ལོང་།
༄༅།།དམ་ཚིག་བསྡུས་དོན་གྱི་ལེའུའི་ཟིན་བྲིས་གསལ་བྱེད་མེ་ལོང་ཞེས་བྱ་བ་བཞུགས་སོ།། བླ་མ་ལ་ཕྱག་འཚལ་ལོ། །མཚོན་བྱེད་ཚིག་གི་མེ་ལོང་གིས། །གསང་བ་སྔགས་ཀྱི་ངོ་བོ་ཉིད། །སེམས་ཀྱི་དམ་པ་འོད་གསལ་བ། །སྟོན་མཛད་རྡོ་རྗེའི་ལམ་མཁན་རྒྱལ། །སྨིན་གྲོལ་ལམ་གྱི་སྲོག་གྱུར་ཅིང་། །གཞི་འཛིན་སྲུང་བྱའི་དམ་ཚིག་རྣམས། །ཤེས་ཤིང་ཉམས་ཆགས་སྦྱོང་བའི་ཕྱིར། །དམ་པས་བསྡུས་དོན་ལེའུ་དཀྲོལ། དེ་ལ་འདིར་རྡོ་རྗེ་ཐེག་པའི་ལམ་འཆད་ཉན་སྒྲུབ་པར་བྱ་བ་གང་གི་དུས་སུའང་དམ་ཚིག་རྣམ་པར་དག་པས་གཞི་བཟུང་སྟེ་རྣལ་འབྱོར་པ་རྣམས་ཀྱི་རྒྱུད་དག་པ་གལ་ཆེ། དེའི་ཡན་ལག་ཏུ་དམ་ཚིག་གི་རྣམ་གྲངས་ཤེས་ནས་དྲན་ཤེས་ཀྱིས་བསྐྱངས་ཏེ་ཉིན་མཚན་གྱི་དྲུག་ཆ་ལ་ལྟུང་བའི་བསྔོ་བ་གྲང་བྱེད་ཅིང་གསོ་སྦྱོང་གི་ཐབས་ལ་འབད་དགོས་པས་སྤྱིར་དམ་ཚིག་གི་རྣམ་པར་བཞག་པ་རྒྱ་ཆེ་བ་དང་ཕྱི་ནང་གསང་བའི་ཉམས་པ་སྐོང་བའི་ཐབས་མཐའ་ཡས་པ་ཡོད་པ་རྣམས་ཤེས་པར་བྱ་དགོས་མོད། འདིར་ལས་དང་པོ་པ་བློ་གྲོས་གསར་བུར་གྱུར་པ་རྣམས་ལ་ཕན་པའི་རྒྱུན་བཤགས་སུ་འཇུག་པ་བདེ་བས་བཤགས་རྒྱུད་ལེའུ་བཅུ་དྲུག་པ་ཉི་ཚེ་ཞིག་གི་དོན་བཤད་པར་བྱའོ། །དེ་ལ་ཁུངས་ཤེས་པར་བྱ་བའི་ཕྱིར་སྔོན་བྱུང་གི་ལོ་རྒྱུས་བརྗོད་པ། གནས་སྐབས་ཀྱི་གླེང་གཞི་འགོད་པ། ལེའུ་དངོས་ཀྱི་དོན་བཤད་པ་དང་གསུམ་ལས། དང་པོ་ནི། བཅོམ་ལྡན་འདས་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་འཆང་ཆེན་པོ་རྒྱལ་ཚབ་ཀྱི་སྐྱེས་བུ་རིགས་ལྔ་དང་བཅས་པས་འོག་མིན་དང་རང་བཞིན་སྤྲུལ་པའི་ཞིང་སོ་སོར་གསུངས་པའི་གསང་བ་བླ་ན་མེད་པའི་རྒྱུད་སྡེ་ཆེན་པོ་རྣམས་མི་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ་ལ། བདག་ཅག་གི་སྟོན་པ་མཆོག་གི་སྤྲུལ་པའི་སྐུ་མཉམ་མེད་ཐུབ་པའི་དབང་པོ་ཉིད་སྐྱེ་དགུའི་ཚེ་ལོ་བརྒྱ་པ་ལ་བྱོན། ཡུན་ཧ་ཅང་མི་རིང་བར་བཞུགས་ཏེ་ཡོངས་སུ་མྱ་ངན་ལས་འདས་པར་དགོངས་ནས་ཡུལ་ཡངས་པ་ཅན་ཞེས་བྱ་བར་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་པར་དབྱར་ཟླ་བ་གསུམ་འདས་ནས་སློབ་མ་རྣམས་ལ་གདམས་ངག་གསུམ་བཞག་པའི་སླད་དུ་འཁོར་འདུས་པ་རྣམས་ཀྱི་ནང་ནས་རྫུ་འཕྲུལ་ཆེར་སྤྱོད་ལ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཆོས་འདི་པར་གཏོགས་པའི་ངའི་སློབ་མ་ཇི་སྙེད་ཡོད་པ་རྣམས་བསྡུས་ཤིག་དང་། ངེས་པར་བཞག་པར་བྱ་བ་དག་ཡོད་དོ། །ཞེས་གསུངས་པ་དང་། རྫུ་འཕྲུལ་ཅན་དེས་ཐམས་ཅད་ཀྱིས་གོ་བར། རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་སུ་དག །འདི་པར་ངེས་ཤིང་ཕྱོགས་པ་ཀུན་ཉོན་ཅིག །དེང་འདིར་རྒྱལ་བས་བདུད་རྩི་གསུམ་འཇོག་གིས། །དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་ཤིག །ཅེས་བསྒྲགས་པས་དམ་པའི་རིགས་ཅན་ལྔ་མ་གཏོགས་པ་ཐམས་ཅད་འདུས་པར་གྱུར་ཏོ། །དེ་ལ་སྟོན་པས་ང་ཡོངས་སུ་མྱ་ངན་ལས་འདས་པས་སུ་དག་ཐེ་ཚོམ་མ་ཆོད་པ་རྣམས་དྲི་བ་གྱིས་ཤིག་ཅེས་བཀའ་བསྩལ་པ་དང་། འཁོར་གྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུ་ཛ་ར་ཞེས་བྱ་བ་དེ་རང་གི་སྟན་ལས་ལངས་ཏེ་སེངྒེའི་ལྟ་སྟངས་ཀྱིས་སྟོན་པའི་ཞལ་དུ་བལྟས་ནས། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་དང་མཐུན་འཇུག་ཏུ། །འདའ་བས་ཡོངས་སུ་འདུལ་བ་དགོངས། །ས་དང་རྣམ་ཐར་ལ་སྤྱད་པས། །བྱང་ཆུབ་ཐོབ་པར་འགྱུར་བ་ཡི། །འདྲེན་པའི་ཐེག་པ་རྣམ་གསུམ་ལས། །གང་དག་རིམ་པར་བཀོད་ལགས་པར། །མཉམ་པས་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་ཆེན་དཔག་གིས་མི་ལང་བ། །ངེས་པའི་ཐེག་ཆེན་ཡོངས་མ་གསུངས། །ཅེས་པ་ལ་སོགས་པ་ཞུས་པའི་ལན་དུ་སྟོན་པའི་ཞལ་ནས། དེ་ཁོ་ན་ཉིད་ངེས་པའི་ཐེག་པ་ཆེན་པོ་གནས་སྐབས་བཅུ་གཉིས་སུ་འབྱུང་སྟེ། རྨོངས་པ་གདུང་བ་སེལ་བ་ན་ཡང་འབྱུང་། འཇིག་རྟེན་གྱི་སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་འབྱུང་། གང་གིས་ངེས་པ་རྙེད་པ་ན་ཡང་འབྱུང་། སྙིང་པོ་བྱང་ཆུབ་ཏུ་ངེས་པར་ཡང་འབྱུང་། དགོངས་པ་ངེས་པར་འགྲེལ་པ་ན་ཡང་འབྱུང་། གདུལ་བྱ་སྐབས་ལ་བབས་པ་ན་ཡང་འབྱུང་། བྱིན་གྱིས་རླབས་ལས་སྣང་བ་ན་ཡང་འབྱུང་། བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་འབྱུང་། གང་གིས་ཆེད་དུ་མཛད་པ་ན་ཡང་འབྱུང་། ལུང་ཆེན་ངེས་པས་བསྟན་པ་ན་ཡང་འབྱུང་། ལས་རྒྱུན་ཡོངས་སུ་གཅོད་པ་ན་ཡང་འབྱུང་། དགོངས་པ་རྣམ་པར་བགྲོ་བ་ན་ཡང་འབྱུང་། ཞེས་གསང་སྔགས་འབྱུང་བའི་དུས་བཅུ་གཉིས་གསུངས་པའི་ནང་ནས་དང་པོ་རྨོངས་པ་གདུང་བ་སེལ་པ་ན་ཡང་འབྱུང་། ཞེས་ལུང་བསྟན་པ་ལྟར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན་དམ་པའི་རིགས་ཅན་སེམས་དཔའ་ཆེན་པོ་ལྔ་ནང་དུ་ཡང་དག་འཇོག་ལས་ལངས་པ་དང་། འཇིག་རྟེན་གྱི་སྟོན་པ་ནུབ་པར་གྱུར་པ་མཐོང་ནས་ཡིད་གདུང་སྟེ་རང་རང་གི་མངོན་པར་ཤེས་པས་ལང་ཀའི་ཡུལ་གྱི་གྲོང་རྡལ་གྱི་མཚོ་གླིང་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་འདུས་ཏེ། ཨེ་མ་འོ་ཀྱི་ཧུད་ཨེ་མའོ་ཀློང་། །སྟོན་པ་སྒྲོན་མའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཅེས་པ་ལ་སོགས་པའི་གདུང་བ་བརྟོན་པའི་ཚིག་དེ་རྣམས་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་གསན་ནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ་འདུས་ཏེ་གསང་བའི་བདག་པོ་ལ། གསང་པ་པོ་ཡི་བདག་པོ་ཁྱོད། །སྔོན་གྱི་གོ་ཆ་ཡལ་ལམ་ཅི། །འཇིག་རྟེན་སྡུག་བསྔལ་མི་ཤེས་སམ། །སྙིང་རྗེའི་ས་ལ་བབས་ནས་ཀྱང་། །འཇིག་རྟེན་གདུང་བ་བསལ་བར་རིགས། །ཅེས་བསྐུལ་བ་དང་། གསང་བའི་བདག་པོ་གདན་ལས་བཞེངས་ནས། རྒྱལ་བས་འབྱུང་བར་ལུང་བསྟན་པའི། །བསོད་ནམས་ཆེན་པོའི་སྐལ་ཅན་རྣམས། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །ད་ལྟ་དུས་ལ་འདིར་བབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །ཇི་ལྟར་བཤད་ཅིང་ལུང་བསྟན་བཞིན། །སྐལ་ལྡན་ཅན་ལ་བགྲོ་བར་བྱའོ། །ཞེས་གསུང་ནས་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་བཅས་ཏེ་རི་བོ་མ་ལ་ཡའི་རྩེར་དམ་པའི་རིགས་ཅན་ལྔ་དང་། རིག་འཛིན་འདུས་པ་ཕལ་མོ་ཆེའི་དབུས་སུ་བྱོན་ནས་སྔར་འོག་མིན་དུ་སྟོན་པ་རིགས་དྲུག་པའི་རྣམ་པས་གསུངས་པའི་གསང་བ་བླ་ན་མེད་པའི་རྒྱུད་སྡེ་མཐའ་དག་སླར་ཡང་བཤད་པར་མཛད་དོ། །གཉིས་པ་ནི། དུས་འདིའི་ཚེ་ན་ཡོ་ག་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྱི་ཁྲུས་ཆེན་པོ་ཞེས་གསུང་བའི་མན་ངག་ངན་སོང་དོང་སྤྲུགས་ཀྱི་རྒྱུད་ཇི་ལྟར་བྱུང་བའི་གླེང་གཞི་ནི། གནས་ཕུན་སུམ་ཚོགས་པ་རི་བོ་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོ། སེང་གེའི་ཟ་འགྲམ་ལྟ་བུར་གྱུར་པའི་གནས། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རིན་པོ་ཆེའི་ཁང་པ་རང་བྱུང་དུ་གྲུབ་པ་ན་ཞེས་པ་སྟེ། སྤྱི་མདོ་ལས། མི་ཡི་གནས་ཀྱི་འཇིག་རྟེན་ཁམས། །གླིང་བཞི་པ་ལས་འཛམ་གླིང་གི། །དྲག་ཤུལ་ཅན་ཞེས་བྱ་བའི་རི། །གནོད་སྦྱིན་འདུ་བའི་ས་ཡིན་ཏེ། །ཆོས་འཛིན་རིགས་ཀྱི་གྲུབ་གནས་སུ། །ཞེས་གསུངས་པ་ལྟར་རོ། །སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་གསུང་གི་ཚོགས་མ་ལུས་པར་སྡུད་ཅིང་། བྱང་ཆུབ་སེམས་དཔའ་དང་འགྲོ་བ་རྣམས་ཀྱི་བླ་མ་ཆེན་པོར་གྱུར་པ་སྟེ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའོ། །འཁོར་ཕུན་སུམ་ཚོགས་པ་ནི་ཐེག་པ་ཆེན་པོའི་རིགས་ཅན། ལང་ཀའི་བདག་པོ་བློ་གྲོས་ཐབས་ལྡན། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་བློ་གྲོས་རྒྱ་མཚོ། ཚངས་པ་གཙུག་ཕུད་འཛིན་བློ་གྲོས་མཐའ་ཡས། གནོད་སྦྱིན་སྐར་མདའ་གདོང་བློ་གྲོས་དད་སེལ། དྲི་མ་མེད་པར་གྲགས་པ་བློ་གྲོས་རབ་ཞི་ལ་སོགས་ཏེ་རིག་པ་འཛིན་པའི་ཚོགས་མཐའ་ཡས་པ་རྣམས་སོ། །དེ་ལྟར་ཡང་། དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལངྈའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་པ་ལྟར་རོ། །ཆོས་ཕུན་སུམ་ཚོགས་པ་ནི། བྱ་སྤྱོད་རྣལ་འབྱོར་བླ་མེད་པའི། །རྒྱུད་ལ་གནས་པའི་རྣལ་འབྱོར་པའི། །གཞི་འཛིན་སྲུང་བ་སྲོག་འདྲ་ཡི། །ཉམས་ཆགས་བསྐང་བཤགས་ཆོ་ག་རྣམས། །ཅེས་པ་ལྟར་ཡོ་ག་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྱི་ཁྲུས་ཆེན་མོ་ལུང་དང་མཐུན་པའི་མཚན་དམ་ཚིག་ཐམས་ཅད་ཀྱི་ཉམས་ཆགས་བསྐང་བའི་ལུང་། རྒྱུད་དང་མཐུན་པའི་མཚན་བཤགས་པ་ཐམས་ཅད་ཀྱི་རྒྱུད་མན་ངག་དང་མཐུན་པའི་མཚན་དྲི་མ་མེད་པའི་རྒྱལ་པོ་སྟེ། མཚན་གསུམ་དང་ལྡན་པའི་བཤགས་པ་རྣམས་ཀྱི་རྒྱུད་ཆེན་པོ་ལེའུ་བཅུ་དྲུག་པའི་བདག་ཉིད་ཅན་འདི་ཉིད་དོ། །དུས་ཕུན་སུམ་ཚོགས་པ་ནི། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ཞེས་པ་ལྟར་སྟོན་པ་གཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་སོང་བ་མ་ལ་ཡའི་རྩེ་མོར་སྟོན་འཁོར་ཚོགས་པའི་དུས་སུའོ། །གསུམ་པ་ནི། དེའི་ཚེ་འཁོར་གྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུ་ཛ་རས་སྟན་ལས་ལངས་ཏེ་ཕྱག་རྣལ་འབྱོར་གྱི་ལུགས་སུ་བྱས་ནས། ཀྱཻ་ཧོ། དཔལ་ལྡན་གསང་བའི་བདག །ཅེས་པ་ལ་སོགས་པ་ཞུས་ཏེ་གླེང་བསླང་བའི་ལན་དུ་གསང་བའི་བདག་པོས། ཀྱཻ་ཧོ་དམ་པའི་རིགས་ཅན་རྣམས། །དམ་ཚིག་ས་གཞི་ལྟ་བུ་ལ། །ཐམས་ཅད་འབྲས་བུ་ལོ་ཏོག་སྨིན། །གཞི་སྲུང་སོ་ནམ་ཐབས་འབད་པ། །ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ཞེས་གསུངས་ནས་བཤད་པར་དམ་བཅས་ཏེ། སྔོན་འོག་མིན་ལ་སོགས་པའི་གནས་རྣམས་སུ་རྒྱུད་དག་པའི་སེམས་དཔའ་དང་མ་དག་པའི་རུ་ཏྲ་ལ་སོགས་པའི་ངོར་བདེ་གཤེགས་ཞི་ཁྲོ་དང་། རིག་འཛིན་ཕོ་མོ་རྣམས་ཀྱིས་གསུངས་པའི་བཤགས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། ཐེག་པ་ལམ་ཞུགས་ཀྱི་བཤགས་པ་དང་། ན་རག་དོང་སྤྲུགས་ཀྱི་བཤགས་པ་དང་། བརྗོད་མེད་དང་། དམ་ཚིག་ཉེར་བརྒྱད། རྡོ་རྗེ་དཔལ་ཆེན། ཡེ་ཤེས་མཁའ་འགྲོ། ཞི་བ་སངས་རྒྱས། ཁྲོ་བོ་ཁྲག་འཐུང་། རུ་ཏྲའི་སྨྲེ་བཤགས། རྒྱུད་ལུང་མན་ངག་གི་བཤགས་པ། ལྟ་བའི་ཀློང་བཤགས། ཐབས་ལམ་དབང་གི་བཤགས་པ། འབྲས་བུའི་དོན་རྟོགས་སྐུ་གསུང་ཐུགས་སུ་བྱུང་བའི་བཤགས་པའི་བར་གྱིས་རྒྱུད་ཀྱི་གཞུང་དོན་ལེའུ་བཅུ་གསུམ་གསུངས་པ་དང་། དེའི་སྔོན་དུ་གླེང་གཞི་གླེང་བསླང་གི་ལེའུ་གཉིས་ཏེ་ལེའུ་བཅོ་ལྔ་པ་ཡན་ཆད་རྫོགས་པའི་རྗེས་སུ། རྒྱུད་རྫོགས་པའི་བྱ་བ་སྟོན་པ་ལེའུ་ཐ་མ་བཅུ་དྲུག་པ་འདི་ཉིད་གསུངས་ཏེ། དེ་ལ་ཡང་སྟོན་པས་འཁོར་ལ་རྒྱུད་གཏད་པ་དང་། འཁོར་རྣམས་ཀྱིས་རྗེས་སུ་ཡི་རང་བའི་བཤགས་པ་ཕུལ་བ་གཉིས་ལས། འདིར་ཕྱི་མ་འཆད་པ་ལ་འཁོར་གྱི་གཙོ་བོ་རྣམས་མཉེས་ནས་སྐུ་གསུང་ཐུགས་ལ་བཤགས་པ་གསུངས་པ་དང་། འཁོར་ཕལ་པ་རྣམས་ཀྱིས་སྤྱི་བཤགས་ཕུལ་བ་གཉིས་ལས། དང་པོ་ལ། བཤགས་ཡུལ་མངོན་དུ་བྱ་བ་དང་། བཤགས་པ་དངོས་གཉིས་ལས། དང་པོ་ནི། འདས་པ་དང་མ་འོངས་པ་དང་ད་ལྟའི་དུས་གསུམ་དུ་གཤེགས་ཤིང་འབྱོན་པར་འགྱུར་བའི་སྟོན་པ་ལམ་བདེ་བ་ནས་འབྲས་བུ་བདེ་བར་གཤེགས་ཤིང་བདུད་བཞིའི་གཡུལ་ལས་རྒྱལ་བའི་སངས་རྒྱས་བཅོམ་ལྔན་འདས་འཁོར་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པའི་ཚོགས་དང་བཅས་པ་རྣམས་དང་། རྡོ་རྗེའི་ཐེག་པའི་སྒོར་ཞུགས་པའི་དམ་ཚིག་ཅན་མི་དང་མི་མ་ཡིན་པའི་རིགས་པ་འཛིན་པ་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བདག་ལ་དགོངས་ཤིང་དམ་ཚིག་ཉམས་ཆགས་ཐམས་ཅད་བཤགས་པའི་དཔང་པོ་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ཚོགས་ཞིང་རྣམས་མདུན་གྱི་ནམ་མཁར་མངོན་སུམ་དུ་བཞུགས་པར་བསམ་པའོ། །གཉིས་པ་ལ། སྤྱི་དང་ཡན་ལག་གི་དོན་གཉིས་ལས་དང་པོ་ལ། རྟེན་གཞི་བྱང་ཆུབ་ཀྱི་སེམས། བསྒྲུབ་བྱ་མཐར་ཐུག་གི་འབྲས་བུ། བསྲུང་བྱའི་དམ་ཚིག་གི་རྣམ་བཞག །ཉམས་པའི་ཉེས་དམིགས་དང་བཞི་ལས། དང་པོ་ནི། གསང་སྔགས་དམ་ཚིག་རྩ་བ་དབང་ལ་ཐུག །དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་སྟེ། །ཞེས་པ་ལྟར་དམ་ཚིག་དབང་ལ་བརྟེན་ནས་འཐོབ་དགོས་ཤིང་དབང་གི་སྒོར་འཇུག་པའི་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཅི་ནས་ཀྱང་གལ་ཆེ་ཞིང་མེད་དུ་མི་རུང་བ་སྟེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ཞུགས་པ་དང་། གང་གི་ཚེ་དེ་དག་གིས་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱ་ཡི། གང་དག་གིས་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་བ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་ཡང་བལྟར་མི་གཞུག་གོ ། དེ་དག་ལ་ཕྱག་རྒྱ་དང་གསང་སྔགས་བསྟན་པར་མི་བྱའོ། །ཞེས་གསུངས་པ་ལྟར་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་པར་བྱ་བ་བླ་ན་མེད་པའི་བྱང་ཆུབ། དུས་ཀྱི་ཁྱད་པར་ཚེ་ལུས་གཅིག་ལ་མངོན་དུ་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་དབང་དང་དམ་ཚིག་ཀུན་གྱི་གཞི་རྟེན་དུ་གྱུར་པའོ། །གཉིས་པ་ནི། རྡོ་རྗེ་ཐེག་པའི་ལམ་ལ་བསྙེན་ཅིང་སྒྲུབ་པའི་རིག་པ་འཛིན་པ་རྣམས་ཀྱི་མཐར་ཐུག་གི་བསྒྲུབ་བྱ་ནི་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྟེ། དེ་ཡང་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཏེ་དེ་ཉིད་བསྒྲུབ་པའི་ཕྱིར་རོ། །གསུམ་པ་ནི། དཀྱིལ་འཁོར་དུ་འཇུག་པའི་ཚེ་རང་གི་མེ་ཏོག་གང་ལ་ཕོག་ཅིང་སློབ་དཔོན་གྱིས་གཏད་པའི་ཡི་དམ་གྱི་ལྷ་མི་སྤོང་བ་དང་། གསང་བའི་དོན་སྟོན་པའི་རྡོ་རྗེ་སློབ་དཔོན་མི་སྨོད་པ་དང་། གསང་བ་བཅུ་ལ་སོགས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་གྲངས་སུ་བཅད་ནས་བླ་མས་གནང་ཞིང་རང་གིས་ཚུལ་བཞིན་དུ་མནོས་ཏེ་བླངས་པ་དེ་ལས་འདས་པར་བྱ་བ་མ་ཡིན་ནོ། །བཞི་པ་ནི། ཇི་ལྟར་དམ་བཅས་པའི་བཀའ་ལས་འདའ་བར་མི་བགྱི་སྟེ་ཉམས་པར་མི་བྱའོ། །གལ་ཏེ་ཉམས་པར་གྱུར་ན་རྒྱུ་དམ་ཚིག་ཉམས་པའི་ལས་དང་འབྲས་བུ་རྣམ་པར་སྨིན་པའི་སྐལ་བས་འདིར་ཡང་ཚེ་ཐུང་ཞིང་ནད་མང་བ་སོགས་དང་ཕྱི་མ་སེམས་ཅན་དམྱལ་བ་ཆེན་པོའི་གནས་རྣམས་སུ་བརྒྱུད་ཅིང་སྐྱེ་བར་འགྱུར་རོ། །གཉིས་པ་ཡན་ལག་གི་དོན་ལ་རྩ་བ་དང་ཡན་ལག་གི་ཉམས་ཆགས་བཤགས་པ་གཉིས། དང་པོ་ལ་ཡང་གསུམ་ལས། སྐུའི་ཉམས་ཆགས་བཤགས་པ་ནི། ཀུན་སློང་འདོད་ཡོན་རྙེད་བཀུར་སོགས་ལ་ཆགས་པའི་འདོད་ཆགས་དང་། བླ་མ་དང་མཆེད་ལ་ཁོང་ཁྲོ་བའི་ཞེ་སྡང་། བཀྲི་དྲང་དགོངས་ལྡེམ་གྱི་དོན་སོགས་ལ་རྨོངས་པའི་གཏི་མུག །རིགས་གཟུགས་དབང་ཐང་སོགས་ཀྱིས་སྙེམས་པའི་ང་རྒྱལ། གཞན་གྱི་ཕུན་ཚོགས་མི་བཟོད་པའི་ཕྲག་དོག་ལ་སོགས་པ་གཉེན་པོས་མ་ནོན་པའི་ཉོན་མོངས་དྲག་པོའི་དབང་དུ་ཤོར་ནས་ནོངས་པ་སྟེ་ཉམས་པ་བགྱིས་ནས། རྡོ་རྗེ་ལྟར་གཉིས་སུ་མི་ཕྱེད་པའི་རིག་པ་བྱང་ཆུབ་ཀྱི་སེམས་ལྷ་དང་དཀྱིལ་འཁོར་གྱི་རྣམ་པ་ཐམས་ཅད་པར་འཆར་བའི་བརྗོད་བྱ་རྗོད་བྱེད་ཀྱི་རྒྱུད་དོན་མཐའ་དག་རང་ལ་སྟོན་ཅིང་སློབ་པའི་རྗེ་དཔོན་ཡང་དག་པའི་ལམ་སྟོན་པའི་སྒྲོན་མེ་ལྟ་བུར་གྱུར་པ་དབང་བསྐུར་རྒྱུད་བཤད་མན་ངག་སྟོན་པའི་བླ་མ་རྣམས་ལ་སྙིང་ཐག་པ་ནས་མ་དད་ཅིང་ལོག་པར་ལྟ་བས་རེ་ལྟོས་ཀྱི་སེམས་ཐག་བཅད་དེ་དངོས་སུ་བརྙས་བཅོས་དང་ལྐོག་ཏུ་སྨད་པ་སོགས་བྱེད་ཅིང་དམ་ཚིག་ཉམས་པ་དང་། དུས་སྔ་ཕྱི་ལ་མ་ལྟོས་པར་བླ་མ་གཅིག་དང་དཀྱིལ་འཁོར་གཅིག་པས་མཚོན་རྡོ་རྗེ་ཐེག་པའི་བསྲུང་བྱའི་དམ་ཚིག་གཅིག་གིས་བསྡུས་པའི་རྡོ་རྗེའི་སྤུན་དུ་གྱུར་པའི་མཆེད་ལྕམ་རྣམས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་སྡོང་བུ་དང་མེ་མར་གྱི་འོད་བཞིན་གཅིག་ལ་གཅིག་ལྟོས་ཀྱི་སྒོ་ནས་འགྲོག་ཅིང་ལམ་སྒྲུབ་དགོས་པ་དེ་ལ་ཀུན་སློང་ངན་པའི་དབང་གིས་རྒྱུ་རྫས་ལ་བརྣབ་སེམས་དང་ལུས་སྲོག་ལ་གནོད་སེམས་མཛད་སྤྱོད་ལ་ལོག་པར་ལྟ་བའི་དབང་གིས་ངན་སྨྲས་སྐུར་འདེབས་ཟུར་ཟ་ཁྱད་གསོད་བརྡེག་བཙོག་ལ་སོགས་རང་གིས་བགྱིས་པ་དང་གཞན་ལ་བགྱིད་དུ་སྩལ་ཀྱང་རུང་སྟེ་སྙིང་ཐག་པ་ནས་ལྟོས་མེད་ཀྱི་འདུ་ཤེས་སྐྱེས་ནས་བརྩེ་གདུང་གྱི་འདྲེལ་ཐག་གཅོད་པ་སྟེ། འདི་གཉིས་པོས་རྡོ་རྗེ་སྐུ་ཡི་དམ་ཚིག་ལས་ཉམས་ཤིང་རྩ་བའི་ལྟུང་བར་འགྱུར་ཏེ། ཚེ་འདིར་ཡང་ལུས་ལ་མཛེ་ཤུ་ལ་སོགས་པའི་ནད་དང་སྡུག་བསྔལ་འབྱུང་ཞིང་ཕྱི་མར་རྡོ་རྗེའི་དམྱལ་བ་ཆེན་པོའི་ཡང་གཏིང་དུ་ཐར་བའི་དུས་མེད་པར་ལུས་གཤགས་གཏུབ་དང་བསྲེགས་བཅད་ཀྱི་ཚོར་བ་དྲག་པོ་མྱོང་བ་དང་། གལ་ཏེ་མིར་སྐྱེས་ཀྱང་དབང་པོ་དང་ཡན་ལག་མ་ཚང་བར་འགྱུར་ཞིང་རིགས་དམན་པ་དང་། ལུས་ལ་ནད་དང་མཚོན་གྱིས་འདེབས་པ་སོགས་ཀྱིས་གདུངས་ཤིང་། སྐུའི་བྱིན་རླབས་དང་དངོས་གྲུབ་མི་འཐོབ་པར་སྐུ་རྡོ་རྗེ་འགྲུབ་པའི་རིགས་དང་སྐལ་བ་ཆད་པར་འགྱུར་རོ། །དེ་ལྟ་བུའི་ཉེས་དམིགས་དྲན་པས་འཇིགས་སེམས་དང་འགྱོད་པ་དྲག་པོས་མི་གསང་མི་སྦེད་པར་ངག་ཏུ་བསྒྲགས་པས་མཐོལ་ཞིང་ཕྱིན་ཆད་མི་བགྱིད་པའི་སྡོམ་སེམས་བརྟན་པོས་ཉེས་པ་དང་རང་རྒྱུད་སོ་སོར་ཕྲལ་ཏེ་བཤགས་པར་བགྱི་བའོ། །གཉིས་པ་གསུང་གི་ཉམས་ཆགས་བཤགས་པ་ནི། རང་གིས་དབང་ཐོབ་ཅིང་ཡི་དམ་དུ་བཅས་པའི་ལྷག་པའི་ལྷ་གང་ཡིན་པ་དེའི་སྐུ་ཕྱག་རྒྱའི་མངོན་རྟོགས་ཉིན་རེ་བཞིན་གསལ་བར་མ་བསྒོམ་པ་དང་། སྙིང་པོ་སྔགས་ཀྱི་བསྙེན་པ་གྲངས་ཚང་ཞིང་རྒྱུན་མི་འཆད་པར་མ་བཟླས་པས་གྲངས་དུས་ལས་ཆད་པ་དང་། དེ་ཡང་བརྩོན་འགྲུས་རབ་ཀྱིས་ཉིན་མཚན་གྱི་ཐུན་དྲུག །འབྲིང་གིས་ཟླ་བ་གཅིག་གི་ནང་ཡར་ངོ་མར་ངོའི་ཉ་སྟོང་གཉིས་བརྒྱད་གཉིས་ཚེས་བཅུ་གཉིས་དང་དུས་དྲུག །ཐ་མས་ཁ་ཅིག་གི་ནང་དུ་དུས་དྲུག་དེ་རྣམས་སུ་ཚོགས་དང་སྦྱིན་སྲེག་སོགས་ལས་ཀྱི་མཆོད་པ་བྱ་བ་དང་། ཁྱད་པར་དུ་བསྙེན་སྒྲུབ་གཉིས་ཀྱི་ལས་གཞུང་བསྲངས་ཏེ། ཕྱི་ཡོ་བྱད་ཚོགས་ཀྱིས་བསྐང་བ། ནང་ཕུང་པོ་རྟེན་གྱིས་བསྐང་བ། གསང་བ་བྱང་ཆུབ་སེམས་ཀྱིས་བསྐང་བའི་ཆོ་ག་རྣམས་མ་བགྱིས་ཏེ་སྟོན་པའི་བཀའ་ལྟར་མ་ལྕོགས་པ་དང་། གསང་སྔགས་ཀྱི་གཞུང་ནས་གསུངས་པ་བཞིན་རྔོ་མ་ཐོགས་ཏེ་ལག་ཏུ་མ་ལོན་པ་སོགས་གསུང་གི་དམ་ཚིག་ཉམས་པར་གྱུར་པས། ཚེ་འདིར་ཡང་ངག་ལ་ནུས་པ་མི་འབྱུང་ཞིང་ཕྱི་མར་དིག་ལྐུགས་སུ་འགྱུར་བ་དང་། གསུང་གི་བྱིན་རླབས་དང་དངོས་གྲུབ་མི་འཐོབ་པར་གསུང་རྡོ་རྗེ་འགྲུབ་པའི་རིགས་དང་སྐལ་བ་ཆད་པར་འགྱུར་རོ། །དེ་ལྟར་ཤེས་ནས་གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས་པར་བགྱིའོ། །གསུམ་པ་ཐུགས་ཀྱི་ཉམས་ཆགས་བཤགས་པ་ནི། བླ་མ་རྡོ་རྗེ་སློབ་དཔོན་རྙེད་བཀུར་སོགས་ལ་མི་གཟིགས་པའི་ཐུགས་བྱམས་པ་ཆེན་པོ་དང་ལྡན་པས་བཀའ་དྲིན་གྱིས་རྗེས་སུ་བཟུང་སྟེ། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་ཞལ་ནས་སྙན་ཁུང་དུ་བརྒྱུད་དེ་སེམས་ཀྱི་དཀྱིལ་དུ་བཞག་པའི་ཐུགས་ཀྱི་སྙིང་ཁུར་གྱུར་པའི་གསང་བའི་མན་ངག་ཟབ་མོ་རྣམས་རང་ལ་བྱིན་ནས་དམ་ཚིག་གཅིག་ཏུ་འདྲེས་པར་གྱུར་པ་ན། སླར་ཡང་གསང་བར་བྱ་བའི་མཚམས་ལས་འདས་ནས། ལྟ་བ་ཟབ་མོ། སྤྱོད་པ་བརླང་པོ། ཡི་དམ་ལྷ་ཡི་མཚན་དང་སྔགས། གྲུབ་པའི་རྟགས་མཚན་རྣམས་ཏེ་གསང་བཞི། སྒྲུབ་པའི་གནས་དུས་གྲོགས་དང་རྫས་ཏེ། བར་གསང་བཞི། གསང་འོས་གཉེར་གཏད་གཉིས་ཏེ་གསང་བ་བཅུ་སོགས་གསང་བར་བྱ་བའི་དོན་རྣམས་སྣོད་མ་ཡིན་པ་རྣམས་ལ་འཆོལ་བར་སྨྲ་བ་ལ་སོགས་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཉམས་པས། ཚེ་འདི་དང་ཕྱི་མར་སེམས་སྨྱོ་འབོག་ཏུ་འགྱུར་ཞིང་། ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མི་འཐོབ་པར། ཐུགས་རྡོ་རྗེའི་རིགས་དང་སྐལ་བ་ཆད་པར་འགྱུར་རོ། །དེ་ལྟ་བུའི་ཉམས་ཆགས་རྣམས་ལ་སྙིང་ནས་འགྱོད་པས་མཐོལ་ཞིང་བསྡམས་པས་བཤགས་པར་བྱའོ། །གཉིས་པ་ཡན་ལག་གི་ཉམས་ཆགས་བཤགས་པ་ནི། འཁོར་བ་དང་མྱང་འདས། བདག་དང་ལྷ། གཙང་བ་དང་རྨེ་བ། སྤང་བྱ་དང་གཉེན་པོའི་ཆོས་རྣམས་དག་མཉམ་ཆོས་ཉིད་གཅིག་གི་རང་བཞིན་དུ་མ་རྟོགས་པའི་དབང་གིས་ཡན་ལག་གི་དམ་ཚིག་རྟོགས་བྱ་ལྟ་བའི་དམ་ཚིག་ལྔ། བསྒོམ་བྱ་སྒྲུབ་པའི་དམ་ཚིག་ལྔ། སྤྱད་བྱ་སྤྱོད་པའི་དམ་ཚིག་བཅོ་ལྔ་སྟེ་ཉི་ཤུ་རྩ་ལྔ་པོ་རྣམ་པར་ཉམས་ཤིང་འདས་པ་ཐམས་ཅད་མཐོལ་ཞིང་བཤགས་པར་བྱ་བའོ། །མདོར་ན་ལུས་ཀྱི་སྒོ་ནས་བསྲུང་བར་བྱ་བ་སྲོག་གཅོད་མ་བྱིན་ལེན་དང་ལོག་པར་གཡེམས་པ་སོགས་སྤང་བྱ་ལས་འདས་པ། བླ་མ་མཆེད་ལྕམ་ལ་གུས་པས་བཀུར་སྡི་རིམ་གྲོ་མ་བགྱིས་པ་སོགས་སྒྲུབ་བྱ་ལས་འདས་པས་སྐུ་ཡི་དམ་ཚིག་ལས་ཉམས་པ་དང་། ངག་གི་སྒོ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་འཆལ་སོགས་སྤང་བྱ་ལས་འདས་པ། བླ་མ་མཆེད་ལྕམ་ལ་བསྔགས་པ་བརྗོད་པ་ཁ་ཏོན་བཟླས་བརྗོད་སོགས་ངག་གི་སྒྲུབ་བྱ་ལས་འདས་པས་གསུང་གི་དམ་ཚིག་ཉམས་པ་དང་། ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་ལྟ་སོགས་སྤང་བྱ་ལས་འདས་པ། བླ་མ་དང་མཆེད་ལྕམ་ལ་དག་སྣང་དང་མོས་གུས་སེམས་ཅན་ལ་བྱམས་དང་སྙིང་རྗེ་སོགས་སྒྲུབ་བྱ་ལས་འདས་པའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་སྟེ་ཕྱོགས་མཐུན་གྱི་ཉེས་ལྟུང་ཐམས་ཅད་མཐོལ་ཞིང་བཤགས་པར་བགྱིའོ། །ཞེས་གསུངས་ཏེ་རྩ་བ་ཡན་ལག་གི་དམ་ཚིག་རྣམས་ཉེ་བར་བསྡུས་ནས་དེ་དག་དང་འགལ་བའི་ཉམས་ཆགས་བཤགས་པའི་སྒོ་ནས་རྒྱུད་གསུང་བ་ལ་རྗེས་སུ་ཡི་རངས་པར་མཛད་པའོ། །དེ་ནས་འཁོར་ཕལ་པ་རྣམས་ཀྱིས་ཀྱང་སྤྱི་བཤགས་འདི་ལྟར་གསུངས་ཏེ། བྱིན་རླབས་ཀྱི་རྩ་བ་བླ་མ་སྟེ་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་རྗེ་དཔོན་རྒྱལ་པོ་ལྟར་བཀུར་པའི་གནས་སུ་གྱུར་ཅིང་བརྒྱུད་པ་ལ་དམ་ཚིག་གི་སེལ་མ་ཞུགས་པས་རིགས་ཀྱིས་བཙུན་པ་བླ་མ་རྡོ་རྗེ་སློབ་དཔོན་རྣམས་ཀྱི་སྤྱན་ལམ་དུ། ཆོས་ཀྱི་སྐུ་དྲིན་ཞུ་ཞིང་གསོ་བའི་རྟེན་མཎྜལ་དང་མེ་ཏོག་ཚོགས་དང་ཟང་ཟིང་གི་མཉེས་པའི་ཡོ་བྱད་ཀྱི་འབྱོར་བའི་རྒྱུ་ཚོགས་ཆུང་ཞིང་ངན་པར་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །དངོས་གྲུབ་ཀྱི་རྩ་བ་ཡི་དམ་སྟེ། མོས་པའི་ལྷ་དང་བབས་པའི་ལྷ་དང་ལྷག་པའི་ལྷ་ཞེས་གྲགས་པའི་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། ལྷ་ལ་རང་རྒྱུད་དུ་བལྟས་པའི་དབང་གིས་མཆོག་དམན་དང་ཁྱད་པར་དུ་བཟུང་ནས་མངོན་པར་རྟོགས་པའི་རིམ་པ་འགའ་ཞིག་སྤོང་ཞིང་འགའ་ཞིག་ལེན་པར་བགྱིས་ཏེ་དམ་བཅའ་མི་བརྟན་པའི་ཉམས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་དང་ཆོས་སྐྱོང་སྟེ། སྤྱིར་རྡོ་རྗེ་མཁའ་འགྲོ་བླ་མ། ཡེ་ཤེས་མཁའ་འགྲོ་ལོངས་སྐུ། ལས་ཀྱི་མཁའ་འགྲོ་སྤྲུལ་སྐུ། དམ་ཚིག་མཁའ་འགྲོ་རིག་འཛིན་ཕོ་མོ། ཤ་ཟ་མཁའ་འགྲོ་གནས་ཡུལ་དུར་ཁྲོད་ཀྱི་ཞིང་སྐྱོང་སྲུང་མ་རྣམས་ལ་མཁའ་འགྲོ་སྡེ་ལྔར་གྲགས་པ་ལྟར་ན་བླ་མ་སྔོན་དུ་སོང་བས་ལྷག་མ་མཁའ་འགྲོ་སྡེ་བཞི་པོ་རྣམས་སོ། །ཡང་ན་རིགས་ལྔ་ཡེ་ཤེས་ཀྱི་མཁའ་འགྲོའི་འཁོར་དུ་གཏོགས་པའི་འཇིག་འདས་ཇི་ལྟར་རིགས་པའི་ཚུལ་ཅན། དམ་ཚིག་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། ཤ་ཟ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ་སྟེ་སྡེ་བཞི་པོ་རྣམས་ཀྱི་སྤྱན་ལམ་དུ། དཀྱིལ་འཁོར་གཉེན་པོའི་སྒོར་སྤྱི་དང་བྱེ་བྲག་གི་དམ་ཚིག་ཁས་བླངས་ཤིང་དམ་བཅས་པ་ལས་ཉམས་ཤིང་ཚུལ་བཞིན་མ་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །ཕོ་མོ་མ་ནིང་གི་རྒྱུད་གསུམ་དུ་གཏོགས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། བར་ཆད་སེལ་ཞིང་བསྟན་པ་སྲུང་བའི་ཆེད་དུ། ཕྱི་ནང་གི་གཏོར་མ་ནར་མར་མི་གཏོང་བར་ལོ་དང་ཟླ་བ་ལ་འགྱངས་པར་གྱུར་པ་མཐོལ་ཞིང་བཤགས་སོ། །སྔར་དང་ད་ལྟ་ཕྱི་མའི་དུས་གསུམ་དུ་ལུས་སེམས་བསྐྱེད་ཅིང་འཇིག་རྟེན་སྟོན་པའི་ཕ་མ་དྲིན་ཅན་རྣམས་ཀྱི་སྤྱན་ལམ་དུ། ཚུར་ལ་དྲིན་གྱིས་བསྐྱངས་པའི་ལན་དུ་ཕར་ལ་དྲིན་ལན་ཆོས་ཀྱིས་མ་ལོན་ཏེ་དྲིན་མ་འཁོར་བའི་ཉེས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཆོས་རྡོ་རྗེའི་ཐེག་པའི་སྒོར་ཞུགས་པའི་མཆེད་སྤྱི་དང་བླ་མ་དང་དཀྱིལ་འཁོར་གཅིག་པའི་ལྕམ་དྲལ་ཉེ་བ་རྣམས་ཀྱི་སྤྱན་ལམ་དུ། དམ་ཚིག་གི་བརྩེ་གདུང་ཆུང་བས་ཕན་གྲོགས་དང་སྲི་ཞུ་ཆུང་བ་མཐོལ་ལོ་བཤགས་སོ། །ལྷ་དང་དམྱལ་བ་ལ་སོགས་འགྲོ་བ་དྲུག་གི་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། སྙིང་རྗེ་དང་ཕན་སེམས་ཆུང་བས་ཆོས་དང་ཟང་ཟིང་གིས་ཕན་མ་ཐོགས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །མདོར་ན་ངེས་འབྱུང་གི་བསམ་པས་ལྷག་པའི་ཚུལ་ཁྲིམས་བླངས་ཏེ་རང་རྒྱུད་སྡིག་པ་མི་དགེ་བའི་ཆོས་ལས་སོ་སོར་ཐར་བར་བྱེད་པའི་རིགས་བརྒྱད་པོ་རྣམས་ཀྱི་སྡོམ་པ་དང་འགལ་བའི་ཉེས་ལྟུང་རྣམས་དང་། ཆོས་ཐེག་པ་ཆེན་པོའི་སྒོར་ཞུགས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞིར་གྱུར་པ་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དང་འགལ་བའི་ལྟུང་བ་རྣམས་དང་། རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་རིག་པ་འཛིན་པ་རྣམས་ཀྱི་བསྲུང་བར་བྱ་བ་སྔགས་ཀྱི་དམ་ཚིག་སོགས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་ལྟུང་དུ་གྱུར་པ་ཅི་མཆིས་ཐམས་ཅད་མཐོལ་ཞིང་བཤགས་སོ། །ཇི་ལྟར་ན་ཉེས་དམིགས་དྲན་པས་གནོང་འགྱོད་དྲག་པོས་རང་རྒྱུད་ཀྱི་ཉེས་པ་སུན་ཕྱུང་སྟེ་མི་འཆབ་པར་དག་ལ་བརྗོད་དོ། །གཞན་གྱིས་ཕྱིར་བཅོས་པར་བསྐུལ་བ་སོགས་ལ་གཡོ་སྒྱུའི་སྒོ་ནས་ཉེས་པ་མི་སྦེད་པར་ཉེས་པ་ཅན་ཏུ་ཁས་ལེན་ཏེ། སླན་ཆད་དེ་ད་ཕྱིན་ཆད་སྲོག་ལ་བབས་ཀྱང་བྱ་བ་ངན་པའི་སྡིག་རྒྱུན་གཅོད་ཅིང་སྤོང་བའི་སེམས་ཀྱིས་སྡོམ་པར་བགྱིད་དོ། །གཞན་ཡང་སྐྱེ་བ་ཐོག་མ་མེད་ནས་ད་ལྟའི་བར་དུ་དུས་གསུམ་སྟེ་སྔར་འདས་པའི་དུས་སུ་ལུས་ངག་གིས་བྱས་ཤིང་སེམས་ཀྱིས་བསགས་པར་གྱུར་པ་དང་། ད་ལྟའི་དུས་སུ་བྱེད་ཅིང་གསོག་བཞིན་པ་དང་། མ་འོངས་པའི་དུས་ན་བྱེད་འགྱུར་གྱི་ལས་སེམས་ཀྱིས་བསགས་ཤིང་ཡོད་པའི་སྡིག་པ་དང་སྒྲིབ་པའི་ཚོགས་ཐམས་ཅད་དེ་བཞིན་དུ་མཐོལ་ཞིང་བཤགས་ན། བདག་གི་རྒྱུད་ཚངས་པར་བཤགས་ཡུལ་དམ་པ་ཁྱེད་རྣམས་ཀྱིས་བཟུང་བར་མཛད་དུ་གསོལ། དེ་ལྟར་བཟུང་ནས་དངོས་གྲུབ་ཀྱི་སྣོད་དུ་དགོངས་སྟེ་འགྱུར་མེད་རྟག་པའི་སྐུ། འགགས་མེད་རྡོ་རྗེའི་གསུང་། འཁྲུལ་མེད་བདེ་ཆེན་གྱི་ཐུགས་ལ་སོགས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་། མཁའ་སྤྱོད་རལ་གྲི་རིལ་བུ་སོགས། ཐུན་མོང་གི་དངོས་གྲུབ་རྣམས་དུས་ཕྱི་མར་སྡོད་མི་འཚལ་བར་ད་ལྟ་ཉིད་དུ་བསྩལ་བར་མཛད་དུ་གསོལ། །ཞེས་གསུངས་ནས་འཁོར་རྣམས་རྗེས་སུ་ཡི་རངས་པར་གྱུར་ཏོ། །དེ་ལྟར་ན་མདོ་དགོངས་པ་འདུས་པ་ནས་བཤད་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་བརྒྱད་དང་། རྒྱུད་སྒྱུ་འཕྲུལ་དྲྭ་བ་ནས་བཤད་པའི་རྩ་བ་ལྔ་དང་ཡན་ལག་བཅུ། སེམས་ཕྱོགས་རྫོགས་པ་ཆེན་པོའི་ལུགས་ཀྱི་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་ལ་ཉེར་བདུན་དུ་དབྱེ་བ་དང་ཡན་ལག་ཉེར་ལྔར་བཤད་པ་རྣམས་ཀྱི་དོན་ཡང་དག་པར་བསྡུས་ཏེ་བཤད་པའི་སྐུ་གསུང་ཐུགས་ལ་བཤགས་པའི་ལེའུའི་འབྲུ་མནན་ཏེ་ཚིག་གི་དོན་བཤད་ཟིན་ཏོ། །། །སྨྲས་པ། ཆོས་རྣམས་ཀུན་གྱི་རང་བཞིན་གཉུགས་མའི་སེམས། །གདོད་ནས་རྣམ་དག་རྒྱལ་བའི་དཀྱིལ་འཁོར་དུ། །ཡེ་ནས་ལྷུན་གྲུབ་ཆེན་པོར་བཞུགས་པ་ཉིད། །ལམ་དུ་བྱེད་པའི་རྡོ་རྗེའི་ཐེག་པ་སྟེ། །དབང་དོན་ལྟ་བའི་ཡེ་ཤེས་རིམ་གཉིས་ཀྱི། །བསྒོམ་པས་བསྐྱངས་ཤིང་ཉེ་རྒྱུས་འཚམས་སྦྱར་ནས། །གྲུབ་གཉིས་འབྲས་བུའི་རང་བཞིན་མངོན་བྱེད་པའི། །གཞི་འཛིན་སྲོག་རྩ་དམ་ཚིག་ཡིན་པར་གསུངས། །དེ་ཕྱིར་ཉམས་མེད་མིག་གི་འབྲས་བཞིན་བསྲུང་། །ཉམས་ན་ཕྱིར་བཅོས་རིན་ཆེན་བུམ་པ་བཟང་། །ཞོམ་པ་འཆོས་ལྟར་གཉེན་པོའི་ཐབས་ཆེ་བས། །གསོ་བར་སླ་ཕྱིར་སྟོབས་བཞིས་བཤགས་པར་མཛོད། །འདིར་འབད་དགེ་བས་བདག་ཅག་མཆེད་དང་ལྕམ། །གསང་བའི་ཐེག་པར་ཞུགས་སོ་ཅོག་རྣམས་ཀྱི། །ཉམས་ཆགས་ཉེས་ལྟུང་དྲི་མ་ཀུན་དག་ནས། །ཟུང་འཇུག་རྡོ་རྗེའི་ས་མཆོག་འགྲུབ་པར་ཤོག །ཅེས་སྐུ་གསུང་ཐུགས་ཀྱི་རྒྱུན་བཤགས་སུ་འཁྱེར་བདེ་བའི་ཚིག་དོན་གྱི་ཟིན་བྲིས་ཉུང་ངུར་དྲིལ་བ་འདི་ནི་དགེ་ཚུལ་འཇིགས་མེད་ཆོས་དར་གྱིས་ལྷ་རྫས་དང་ཡི་གེ་བརྒྱ་པ་འབུམ་ཐེར་སྒྲུབ་པའི་དབྱར་དམ་བཅས་ནན་ཏན་གྱིས་བསྐུལ་བའི་ངོ་མི་ལྡོག་ཙམ་དུ། རྡོ་རྗེའི་ཐེག་པ་ལ་མོས་པས་སློབ་པ་པདྨ་བཛྲ་པས་དཔལ་གྱི་སེངྒེ་རིའི་ཆོས་གྲྭར་བྲིས་པས་རང་གཞན་རྣམས་ཀྱི་དམ་ཚིག་རྣམ་པར་དག་པའི་རྒྱུར་གྱུར་ཅིག། དགེའོ།། དགེའོ།། དགེའོ།།
དྲིས་ལན་མེ་ཏོག་གི་ཆུན་པོ།
༄༅།།དྲིས་ལན་མེ་ཏོག་གི་ཆུན་པོ་བཞུགས།། ན་མ་ཤྲི་ཛྙཱ་ན་ས་ཏྭ་ཡེ། གང་གི་མཁྱེན་དང་བརྩེ་བའི་དཀྱིལ་འཁོར་ནི། །ཤེས་བྱའི་ཁམས་དང་སེམས་ཅན་ཁམས་ཇི་བཞིན། །མུ་མེད་ཆོས་ཀྱི་དབྱིངས་དང་མཉམ་གྱུར་པ། །འཇམ་མགོན་བླ་མས་དགེ་བའི་སྤོབས་པ་སྩོལ། །གང་གི་མཁྱེན་རབ་དག་པའི་མེ་ལོང་དུ། །ཤེས་བྱ་རྟོགས་དཀའི་གཟུགས་བརྙན་མ་ལུས་པ། །གཅིག་ཆར་ཉིད་དུ་མངོན་སུམ་མཛད་པའི་མགོན། །རྒྱལ་སྲས་ཐམས་ཅད་མཁྱེན་དེ་སྙིང་ནས་དྲན། །འདི་ལ་རྨོངས་རྟུལ་གཡེང་བའི་གཞན་དབང་དུ། །གྱུར་པའི་གྲོང་ཉུལ་ཕལ་པའི་སྐྱེ་བོ་ལ། །ལེགས་བཤད་གཏམ་གྱི་སྐྱེས་བཟང་ག་ལ་ཞིག །འོན་ཏང་ཁྱོད་གསུང་མི་ལྡོག་ཆོས་མཐུན་གྱི། །འབེལ་གཏམ་ཡིད་ཀྱི་ཆུ་མཚོར་གང་ཤར་བའི། །ཚིག་ཕྲེང་མེ་ཏོག་ཆུན་པོ་དཀྱུས་གཅིག་ཏུ། །རྣམ་དཔྱོད་སོར་མོས་བསྡམས་ཏེ་འབུལ་ལགས་ན། །བློ་གྲོས་མགུལ་པ་མཛེས་པའི་རྒྱན་དུ་ལོངས། །དེ་ལ་སྤྱིར་བདག་ཅག་གི་སྟོན་པ་ནི་ཤེས་བྱ་མཐའ་ཡས་པ་མཁྱེན་ཅིང་གཉིས་སུ་མེད་པར་གསུང་བའི་བདག་ཉིད་ཅན་པས། གདུལ་བྱའི་གང་ཟག་གི་བློ་དང་མཐུན་པར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་བསྟན་པ་དག་ཀྱང་། མ་གི་ཉན་ཐོས་ཀྱི་ཐེག་པ་ནས་བཟུང་སྟེ་ཐེག་མཆོག་འོད་གསལ་རྡོ་རྗེ་རྩེ་མོའི་བར་གྱི་རྒྱུ་དང་འབྲས་བུའི་ལྟ་གྲུབ་ཀྱི་རྣམ་བཞག་ཇི་སྙེད་ཅིག་གྲགས་པ་དེ་ཐམས་ཅད་མཐར་ཐུག་རྒྱལ་བ་ཉིད་ཀྱི་དགོངས་པའི་གསང་མཛོད་རྣམ་གྲངས་མ་ཡིན་པའི་བདེན་གཉིས་དབྱེར་མི་ཕྱེད་པའི་དོན། རྟོག་གེའི་ཡུལ་ལས་འདས་ཤིང་རྩོད་པ་ཐམས་ཅད་དང་བྲལ་བ། ཟབ་ཞི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ལ་རིམ་གྱིས་དྲངས་ནས་དངོས་སུ་སྦྱོར་བར་མཛད་པ་ཁོ་ན་ཉིད་དུ་གནས་པས། ཐོག་མཐའ་བར་གསུམ་དུ་འགལ་བའི་ཆ་ཕྲ་མོ་ཙམ་ཡང་ཡོད་མི་སྲིད་ཅིང་། འོག་མ་འོག་མས་སྤྲོས་པ་མ་ཆོད་པའི་ཞེན་པ་རྣམས་གོང་མ་གོང་མས་རྣམ་པར་བཅད་དེ་ལྟ་གྲུབ་ཀྱི་ཁྱད་པར་འདོན་ལ་སྤྲོས་པ་ཆོད་པའི་ཕྱོགས་ལས་བོག་དབྱུང་དུ་མེད་པའི་ཚུལ་ངེས་པར་དྲངས་ནས། ལྟ་གྲུབ་གོང་འོག་ཐམས་ཅད་ཡ་ཆར་མི་བཟུང་བར་གང་ཟག་གཅིག་གི་རྒྱུད་ལ་ལམ་གྱི་མངོན་པར་རྟོགས་པ་སྐྱེ་བའི་རིམ་པ་ལྟ་བུར་གོ་ན། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང་། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྟོགས་པའི་གནད་ཆེན་པོ་ཞིག་ངེས་པར་ཡོད་དོ། །དེ་ཡང་བྱེ་མདོ་གཉིས་ཀྱི་ཕྱི་དོན་བདེན་གྲུབ་དོན་དམ་དུ་འདོད་པ་དེ་ཉིད་རྣམ་རིག་པས་སེམས་ཙམ་དུ་གཏན་ལ་ཕབ་ཅིང་། དེ་ཡང་དབུ་མ་པས་སྤྲོས་བྲལ་ཆོས་ཉིད་ཀྱི་གཤིས་སུ་གཏན་ལ་འབེབ་པ་དོན་དམ་པའི་བདེན་པ་དང་། རགས་པའི་ཕུང་ཁམས་དང་གཞན་དབང་རྟེན་འདྲེལ་གྱི་རོལ་པར་རིམ་བཞིན་རྣམ་པར་བཞག་པ་ཀུན་རྫོབ་བདེན་པའི་འདོད་ཚུལ་རྣམས་ལ་ངེས་པ་རྙེད་ནས་བདེན་གཉིས་ཀྱི་འཇོག་མཚམས་སྤྱིར་ངེས་པར་བྱས་སྟེ་ཁྱད་གཞི་དབུ་མའི་སྟོང་ཉིད་དང་། རྟེན་འབྱུང་གི་འཇོག་ཚུལ་གྱི་སྟེང་ནས་ཁྱད་ཆོས་འཁོར་འདས་དབྱེར་མེད་ཀྱི་ལྟ་བའམ། སྔ་འགྱུར་པའི་རང་སྐད་དུ་ལྷག་པའི་བདེན་པ་དབྱེར་མེད་བློས་སྤྱོད་ཡུལ་དང་བྲལ་བ་ཞེས་གྲགས་པའི་ཚུལ་གྱིས་རྒྱུ་འབྲས་ཀྱི་ལྟ་བའི་བྱེ་བྲག་འབྱེད་ཅིང་དེ་ལས་ཀྱང་། ཐེག་མཆོག་རྡོ་རྗེ་རྩེ་མོར་སྣང་སྟོང་ཟུང་དུ་འཇུག་པའི་འོད་གསལ་གྱི་ཐིག་ལེ་ཆེན་པོར། མངོན་སུམ་རང་ཐོག་ཏུ་གཏན་ལ་འབེབས་པའི་ཚུལ་རྣམས་མི་འགལ་བར་གནད་གཅིག་ཏུ་འབབ་ཤིང་། གཟུ་བོའི་བློ་ཡིས་ཞིབ་ཏུ་དཔྱད་ན་འོ་མ་ལས་མར་དང་། དེ་ལས་ཞུན་མར་ཉིང་ཁུར་བཏོན་པ་བཞིན་དུ་རྒྱལ་བའི་དགོངས་གསང་མཐར་ཐུག་པའི་བདེན་གཉིས་འཇོག་མཚམས་དཔྱིས་ཕྱིན་པ་ཞིག་ལུགས་འདི་ལ་ཡོད་པ་ཡིན་ནོ། །གཞན་ཡང་སྔགས་ཀྱི་ལྟ་བ་ཡུལ་སྟོང་ཉིད་སྤྲོས་བྲལ་དུ་མཚུངས་པ་ལས། ཡུལ་ཅན་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོས་ཁྱད་པར་བྱས་པ་ཡིན་ནོ་ཞེས་པ་དང་། དེ་ཡང་ཤེས་དང་ཤེས་བྱ་རོ་གཅིག་པ་གཉུག་སེམས་ལྷན་ཅིག་སྐྱེས་པའི་ངོ་བོར་གྲོལ་བའི་ཁྱད་པར་སོགས་ཀྱི་ཆོས་སྐད་བྱེ་བྲག་པ་རྣམས་ཀྱང་དོན་འདི་དང་འགལ་མེད་དུ་འཆད་ཤེས་ཤིང་འདིར་འབབ་པར་འགྱུར་བ་ཁོ་ནའོ། །འདི་ལྟར་བདེན་གཉིས་ཀྱི་གོ་བ་སྤྱིར་བཏང་ནས། དམིགས་གསལ་ཀུན་རྫོབ་ཀྱི་བདེན་པ་ལྷར་ལྟ་བའི་ལྷ་དེ་ཡང་གཞི་ལམ་འབྲས་བུའི་སྐབས་ཀྱི་གཞི་དུས་ཀྱི་ལྷ་ཡིན་པ་དང་། དེ་ཡང་རྒྱུ་རྒྱུད་ཀྱི་སྟེང་ནས་འཇོག་ཤེས་པ་དགོས་ཤིང་། གཞན་ཡང་ལྷ་ཡིན་ན་བཞིན་ལག་གི་རྣམ་པ་ཅན་ཡིན་པས་མ་ཁྱབ་པའི་ཕྱིར། སྒོམ་པའི་སྐབས་ཀྱི་ལྷ་ཞལ་ཕྱག་ཅན་སོགས་དང་འཁྲུལ་བར་མི་བྱ་སྟེ། སྔ་འགྱུར་ལུགས་ལ་རང་བཞིན་ཏིང་འཛིན་གཟུགས་བརྙན་སོགས་དཀྱིལ་འཁོར་བདུན་གྱི་དབྱེ་བ་བཤད་པ་དང་། གཞན་ཡང་སྟོང་པའི་ལྷ་དང་། ཡི་གེའི་ལྷ་སོགས་བཤད་པའི་གཞི་དང་དགོངས་པ་རྣམས་ཀྱང་ཤེས་པར་བྱ་དགོས་པ་ཉིད་དོ། །དེ་ལྟར་ན་མཐར་ཐུག་བདེན་པ་དབྱེར་མེད་སྐུ་དང་ཡེ་ཤེས་ཟུང་འཇུག་གི་ཉེར་ལེན། རྒྱུའི་རྡོ་རྗེ་འཛིན་པ་རང་བཞིན་ལྷུན་གྲུབ་ཀྱིས་སངས་རྒྱས་དེ་ཉིད། ཡེ་ནས་རང་ཆས་སུ་བཞུགས་པ་ནི། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་སྒྲིབ། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་དང་། གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཞིག །ཅེས་སོགས་གསར་རྙིང་གཉིས་ཀའི་རྒྱུད་སྡེ་མཐའ་ཡས་པ་ཞིག་ནས་བཤད་དོ། །དེ་ལྟ་བུའི་སངས་རྒྱས་དེ་ཡང་ཟུང་འཇུག་གི་ཆོས་ཀྱི་སྐུ་ལ་གོ་དགོས་ཀྱི། སྟོང་རྐྱང་ལ་སངས་རྒྱས་ཀྱི་སྒྲས་བཏགས་པ་དང་། དེ་དྲང་དོན་དུ་བཀྲལ་བ་དང་། ཆོས་སྐུ་སྟོང་པ་ཕྱོགས་གཅིག་ལ་འདོད་པ་སོགས་ནི་དབྱིངས་མ་གོ་བའི་རྣམ་འགྱུར་ཁོ་ནར་ཟད་དོ། །བླ་ན་མེད་པའི་རྒྱུད་སྡེ་ནས་བསྟན་པའི་གཞི་དུས་ཀྱི་ཟུང་འཇུག་བདེན་གཉིས་དང་ཡེ་ཤེས་སུ་ལྟ་ཚུལ་དེ་ལ་ཐོག་མ་ཉིད་ནས་འཇུག་མི་ནུས་པའི་གང་ཟག་སྔགས་ཀྱིས་གདུལ་བྱར་གྱུར་པ་རྣམས་ལ་རྒྱུད་སྡེའི་རིམ་པ་བཞིན་ལྷར་ལྟ་ཚུལ་གཞན་བྱུང་བ་ཡིན་ཏེ། འདི་ལྟར་བྱ་བའི་རྒྱུད་དུ་དག་པ་ཆོས་ཉིད་ཀྱི་ལྷ་དང་། རྣལ་འབྱོར་རྒྱུད་དུ་བྱིན་གྱིས་རླབས་པའི་ལྷ་དང་། བླ་མེད་ཀྱི་རྒྱུད་དུ་ལྷུན་གྱིས་གྲུབ་པའི་ལྷ་ཞེས་འབྱུང་བ་ཡིན་ནོ། །སྤྱོད་པའི་རྒྱུད་དུ་ལྷར་ལྟ་ཚུལ་གཞན་མེད་དེ། ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཅེས་པས་སོ། །དེས་ན་ཀྲྀ་ཡ་པས་དོན་དམ་ཡོད་མེད། སྣང་སྟོང་གི་མཐའ་བཞི་དང་བྲལ་བའི་ཆོས་ཉིད་ཙམ་དུ་ལྟ་ཞིང་ཀུན་རྫོབ་ཡེ་ཤེས་བཞིའི་ཡོན་ཏན་ལས་རིགས་གསུམ་གྱི་ལྷར་སྣང་བར་འདོད་དེ། རྒྱུད་ལས། རང་སེམས་མཐའ་བཞི་ཡོངས་བྲལ་བར། །རིག་ཕྱིར་ཡེ་ཤེས་གཞན་ལས་མིན། །རྐྱེན་བསླང་སྣང་བའི་ཡེ་ཤེས་ཀྱིས། །སྣང་བའི་དངོས་པོ་མཐོ་འཇམ་རྩུབ། །དྲུག་ཕྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བ་རྣམ་པར་དག་ཅེས་བྱ། །ཞེས་འབྱུང་བ་བཞིན། དཔལ་བརྩེགས་ཀྱི་ལྟ་རིམ་དུ་ཡང་དེ་ལྟར་བཤད་དོ། །ཡོ་ག་པས་དོན་དམ་མཚན་མ་མེད་པའི་དབྱིངས་མངོན་སུམ་རྟོགས་པའི་བྱིན་རླབས་ལས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་ལྟ་བ་ཡིན་ཏེ། ལྟ་རིམ་ལས། ཡོ་ག་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྷར་སྣང་བ། །ཞེས་པས་གསལ་ལོ། །བླ་མེད་ཀྱི་རྒྱུད་ལ་ནང་གསེས་ཡོ་ག་གསུམ་དུ་ཕྱེ་བའི་མ་ཧཱ་ཡོ་ག་པས། དོན་དམ་དེ་བཞིན་ཉིད་རྟོགས་པའི་ཆོ་འཕྲུལ་ལྷར་འདོད་པ་དང་། ཨ་ནུ་པས་བདེ་བ་ཆེན་པོའི་རིག་རྩལ་ལྷར་འདོད་པ་དག་ཀྱང་ལྟ་རིམ་གྱི་དངོས་བསྟན་བཞིན་ནོ། །དེ་དག་གི་སྐབས་སུ་སྐྱེ་བོ་འཁྲུལ་བ་མེད་ཅེས་པ་དང་། སྐྱེ་བོ་ལྷར་མཐོང་འཁྲུལ་ཞེས་པ་དང་། འཁོར་བ་མེད་ཅེས་པ་དང་། སྐྱེ་བོས་བཏགས་པ་འཁྲུལ་ཅེས་པ་རྣམས་དོན་ལ་ད་ལྟའི་སོ་སྐྱེ་སྤྱི་མཐུན་གྱི་སྣང་ངོར་གྲུབ་པའི་ཐ་མལ་གྱི་སྣང་ཞེན་འདི་ཉིད་ཆུ་ལ་རྣག་ཁྲག་ཏུ་མཐོང་བ་དང་། དུང་ལ་སེར་པོར་སྣང་བ་བཞིན་འཁྲུལ་ཤེས་ཀྱི་ངོར་སྣང་བ་ལས་གཤིས་ལ་མ་གྲུབ་ཅེས་པའི་དོན་ཡིན་ནོ། །དེས་ན་གཞི་ལམ་འབྲས་བུ་གང་གི་དུས་སུ་ཡང་བདེན་གཉིས་ཟུང་འཇུག་དབྱེར་མེད་ཀྱི་ངོ་བོར་གནས་པ་ཤེས་དགོས་ལ། ཀུན་རྫོབ་འཁྲུལ་བའི་སྣང་བ་རྣམས། གློ་བུར་བ་གཤིས་ལ་མ་གྲུབ་པར་མདོ་རྒྱུད་མན་ངག་ཐམས་ཅད་གོང་མཐུན་ཚེ། གཤིས་ལུགས་ལ་གནས་པའི་བདེན་གཉིས་ཀྱི་ཡ་གྱལ་དུ་གྱུར་པའི་ཀུན་རྫོབ་དེ་མ་འཁྲུལ་བའི་ཤེས་པ་ཟག་མེད་ལ་སྣང་བའི་སྐུ་དང་ཡེ་ཤེས་ལས་གཞན་དུ་མི་རྙེད་དོ། །གཤིས་དང་གཉུག་མ་སོགས་མ་བཅོས་པའི་དོན་ལ་འཇུག་པས་རང་བཞིན་གྱི་གནས་ཚུལ་ལ་བརྗོད་ཀྱི། གཤིས་ལུགས་ཡིན་ན་སྟོང་པ་ཕྱོགས་གཅིག་པ་ཡིན་སྙམ་པ་དང་། དག་པ་གཉིས་ལྡན་མཐར་ཐུག་པ་ན་ཀུན་རྫོབ་རྣམ་པར་བཅད་པའི་དོན་དམ་ཕྱོགས་ཆད་དུ་འདོད་པ་སོགས་ལ་སྐྱོན་ཆེ་བར་མངོན་ནོ། །ཨ་ནུ་མན་གྱི་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་འཇོག་ཚུལ་འདི་རྣམས། ཨ་ཏི་པས་ཡས་ནས་གཞལ་ན་ད་དུང་རྣམ་གྲངས་པའི་བདེན་གཉིས་ལས་མ་འདས་པར་མཐོང་སྟེ། ཇི་སྐད་དུ། ཨ་ཏི་ཡོ་ག་བདེན་གཉིས་བྲལ། །ཐམས་ཅད་རང་བྱུང་རང་སྣང་བའི། །ཡེ་ཤེས་མཐའ་གསུམ་བྲལ་བ་ལ། །བཏགས་པ་གཉིས་པོ་གདོད་ནས་མེད། །དེ་ཕྱིར་གསེར་ལ་གསེར་མཐོང་བཞིན། །ཇི་བཞིན་མ་ནོར་བདེན་མཐོང་ཡིན། །ཞེས་གསུངས་ཤིང་རྣམ་གྲངས་མ་ཡིན་པའི་བདེན་གཉིས་དབྱེར་མེད་སྟོན་པར་མཛད་དོ། །དེ་ལ་མཐའ་གསུམ་བྲལ། ཞེས་པ་ནི། བདེན་པ་གཉིས་སུ་རྣམ་པར་ཕྱེ་བའང་བློས་བཏགས་པ་ཙམ་ལས་དོན་ལ་མེད་ན་དེ་གཉིས་ཟུང་དུ་འཇུག་པ་ནི། དེ་ལས་ཀྱང་མེད་པས་ཀུན་རྫོབ་དང་། དོན་དམ་དང་། དབྱེར་མེད་ཅེས་པའི་བློ་མཐའ་གསུམ་ལས་གྲོལ་བའི་རང་བྱུང་གི་ཡེ་ཤེས་བདེན་མཐོང་རྣམ་པར་མི་རྟོག་པའི་ཆོས་ཉིད་བློ་ལས་འདས་པའི་རང་བཞིན་དུ་བསྟན་པར་མཛད་དོ། །ཚུལ་དེ་དག་དཔྱིས་ཕྱིན་པར་མཁྱེན་པར་འདོད་ན་རོང་ཟོམ་པ་ཆེན་པོ་ཆོས་ཀྱི་བཟང་པོས་མཛད་པའི་སྣང་བ་ལྷར་སྒྲུབ་པ་དང་། མན་ངག་ལྟ་བའི་ཕྲེང་བའི་འགྲེལ་བ་སོགས་ལ་གཟིགས་ན་བདེ་བླག་ཏུ་རྟོགས་ནུས་པ་ཡོད་པས་དབྱིངས་བཞུགས་འཚལ། སྨྲས་པ། ས་སྐྱོང་ཤེས་རབ་འོད་བཟང་འཛིན་མའི་ལྟོར། །རང་བྱུང་པདྨའི་ཕྲིན་ལས་འབབ་སྟེགས་ལས། །བབས་པའི་ཞི་བསིལ་ཆོས་ཀྱི་གང་ཆེན་མཚོ། །གངས་ལྗོངས་མཁས་གྲུབ་གདེང་ཅན་གནས་སུ་འཁྱིལ། །དེ་ལས་དྲངས་པའི་ཕྱོགས་ཀྱི་ཡུར་བ་ནི། །གནས་དང་གང་ཟག་གདམས་པའི་མིང་ཆགས་པའི། །ལམ་ལས་ཐོན་པ་སོ་སོའི་ལུགས་མང་པོར། །འཛིན་པའི་རྫིང་དང་ཁྲོན་པ་མང་ཞིག་བྱུང་། །དེ་ཕྱིར་ཆོས་དང་གང་ཟག་དང་པོའི་གདུང་། །མ་འཆོལ་ཁུངས་དང་རིགས་ཀྱིས་བཙུན་པར་གྲགས། །གཞན་དུ་གསར་བྱུང་གློ་བུར་རྡོལ་བ་དག །བསྟན་བཅོས་དང་ནི་འཇིག་རྟེན་ལས་ཀྱང་བརྟགས། །དེ་སྐད་རྙིང་སྔགས་རྒན་པོའི་རིགས་སྐྱེས་པའི། །གཏོ་ཡས་མགོ་བོ་སྐོར་བའི་སྨྱོན་ཐབས་མཁན། །བཏགས་མིང་པདྨ་བཛྲ་འབོད་དེས་ཕུལ། །ལུང་རིགས་གྲྭ་ས་སྐྱོང་རྣམས་དགྱེས་གྱུར་ཅིག །གཅིག་ཏུ་རྨོངས་དང་གཉིས་སུ་ཟ་ཟིས་དྲེལ། །གསུམ་དུ་མ་བརྟག་སྐྱོན་གྱིས་གཏམ་འདི་ལ། །ནོངས་པ་གང་མཆིས་མཁས་པའི་ཚོགས་ལ་བཤགས། །དགེ་བས་རྒྱལ་བའི་དགོངས་གསང་རྟོགས་གྱུར་ཅིག། །། སརྦ་མངྒ་ལཾ།། དགེའོ།།
དྲིས་ལན།
༄༅།།དྲིས་ལན།། ལགས། དྲི་བ་འདི་རྣམས་ལ། མདོས་མཁན་བདག་གིས་ཀྱང་ལན་ཐེབས་དཀའ་ཡང་། སྤོབས་པ་བསྐྱེད་ནས་ཞུ་ན། བདག་བསྐྱེད་གཞུང་གི་དགོངས་པ་ནི། །དཔལ་ཆེན་འདུས་པའི་དགོས་སྒྲུབ་གཞུང། །སྐབས་སུ་གང་བབ་རིག་པས་འཕྲུལ། །ཅེས་པའི་དོན། བདག་བསྐྱེད་དཔལ་ཆེན་དགོས་སྒྲུབ་ལས། གཙོ་བོ་བྱད་བཟློག་གི་ཆེད་ཡིན་ན། གཤིན་རྗེ་འཆི་བདག་ཟིལ་གནོན་དང་། ནད་ཡམ་བཟློག་ཚེ་རྟ་མགྲིན་ཁམས་གསུམ་རོལ་པ་དང་། དམག་བཟློག་གི་ཚེ་ཕུར་པ་བདུད་དཔུང་ཟིལ་གནོན་རྣམས་གཉེན་པོ་སྟོབས་ཀྱི་ལྷ་ཡིན་པས་སྐབས་སུ་གང་བབ་དེ་དགོས་པའི་དོན་ལགས། གཡུལ་མདོས་ཡིག་ཆུང་ལས། དཔལ་ཆེན་ཕྱག་རྒྱ་རྒྱས་པའམ་སོགས་ཀྱི་དོན། སྤྱིར་བཏང་ཙམ་དུ་དཔལ་ཆེན་ལས་བྱང་གཞུང་བསྲང་ན་ཆོག་རྒྱུ་ལས་རྒྱས་སྤྲོས་ལ་དགའ་ཚེ་འདས་པ་སྡེ་ལྔ་ཕྱག་རྒྱ་རྒྱས་པ་ལྟར་བྱ་བའམ། ཡང་ན་ལས་བྱང་རྩ་བའི་དངོས་བསྟན་ལྟར་མངོན་རྟོགས་བསྡུས་པས་ཆོག་རྒྱུ་རེད་ལགས། དཔལ་སེང་གཉིས་ཀ་དགོས་ཟེར་བ་དང་། སེང་གདོང་བདག་མདུན་གྱི་ཆོ་ག་ཟེར་བ་དེ་ནི། དེ་དུས་ཕྲན་གྱིས་སྡེ་དགེར་བཅའ་དགོས་བྱུང་སྐབས། ཕྲན་ནས་སེང་གདོང་མའི་བསྙེན་པ་འགྲོ་མ་མྱོང་བས། དང་པོ་དཔལ་སེང་གཉིས་ཀའི་བདག་བསྐྱེད་བསྙེན་པའི་དོན་དུ་བྱེད་དགོས་བྱུང་བ། ཕྱིས་བྱད་བཟློག་དམིགས་བསལ་ལ། གཤིན་རྗེའི་བསྙེན་པ་མེད་པས། བདག་མདུན་གཉིས་ཀ་སེང་གདོང་བྱེད་དགོས་བྱུང་ལ། དེའི་དགོས་པ་དང་དགོངས་གཞི་མ་ཤེས་པ་རེད་ལགས། བསྲུང་བ་བདག་བསྐྱེད་སེང་གདོང་ཡིན་ཚེ་དེ་གའི་བསྙེན་མཇུག་དང་། བཟློག་པ་བདུད་བཟློག་བསྙེན་མཇུག་གམ། ཟློག་པའི་མགོར་སྦྱར་རྒྱུ་ཡིན། བདག་བསྐྱེད་གཞན་ཡིན་ཚེ། མདུན་བསྐྱེད་བསྙེན་མཇུག་དང་། བཟློག་མགོར་སྦྱར་བ་ལས་འོས་མེད། སྤྲོས་དང་སྤྱི་འགྲོས་ཀྱི་གླུད་ཟ་ལམ་གུད་ནས་བླང་ན་ལེགས། ཚད་ལྡན་བྱས་ན་ཟ་ལམ་སྲིན་མོ་ལྕགས་ཐག་མགོ་དགུ་རེད་ལགས། སྟབས་བདེར་སྤྱི་འགྲོས་འཐུས། དངོས་གྲུབ་དུས་སེང་གདོང་གཏོར་མ་སྐུ་ཙཀ་ཅན་དང་། མདོས་ཀྱི་རྟེན་མདའ་དར་མ་མོའི་སྐུ་དང་མེ་ལོང་ཅན་ལེན་པ་ཡིན། གཞན་ཟེར་ཚད་རྫུན་རེད་ལགས། འདོན་ཆ་ལས་བྱང་གང་ཡིན་གྱི་དངོས་གྲུབ་ལེན་ཆོག་ལོས་ཡིན། གསེར་གཡུ་བརྡལ་བའི་ཕྱེ་མ་བཏབ་པའི་ཇ་ཕུད། ཆང་ཕུད་ལ། གསེར་སྐྱེམས་གཡུ་སྐྱེམས་ཟེར། རིན་ཆེན་ངར་གྱི་མི་བོ་ཆེ། ངར་ཟན་གྱི་གླུད། ངར་བྱ་ངར་ཕྱེ་ལས་བཟོས་པའི་བྱ་ཡིན་ནོ། །དམུ་བྱ་ཕུག་རོན་རེད། དེ་མིན་ཚད་འཛོམ་ལེ་ཨི་རེད་ཧ་ཧ།། །།
དྲིས་ལན་གསལ་བྱེད་མེ་ལོང་།
༄༅།།དྲིས་ལན་གསལ་བྱེད་མེ་ལོང་ཞེས་བྱ་བ།། ལགས། ཉིད་ནས་སྒོ་གསུམ་སྐུ་གསུམ་གྱི་སྒྲུབ་གཞིར་བཤད་པ་ལ། ངག་རླུང་རྟོག་འདྲེལ་བའི་གློ་བུར་པ་ལོངས་སྐུ་ངེས་པ་ལྔ་ལྡན་མཚན་དཔེའི་བདག་ཉིད་སྒྲུབ་གཞིར་འཇོག་པའི་རིགས་འདྲའི་མཚུངས་ཆོས་སྦྱོར་རྒྱུ་མེད་དམ་གསུངས་པ་ལ། དེ་ནི་བླ་མེད་རྒྱུད་ཀྱི་དགོངས་པ་མཐར་ཐུག་པ་སྟེ། སྒོ་གསུམ་རགས་ཕྲ་ཤིན་ཏུ་ཕྲ་བའི་སྒོ་གསུམ་དུ་ཕྱེ་བའི་ཤིན་ཏུ་ཕྲ་བའི་སྒོ་གསུམ་དང་མི་ཤིགས་པའི་ཐིག་ལེ་དོན་གཅིག །དེ་ནི་ཁམས་དྲུག་གི་དྭངས་མ་དབྱེར་མེད་ཅིང་འབྲལ་མི་ཤེས་པ་འོད་གསལ་གཉུག་མའི་སེམས་དང་རོ་གཅིག་པ་སྟེ། ཤིན་ཕྲའི་རླུང་དེ་ལ་རླུང་ཡེ་ཤེས་ལྔའི་ཆ་འཛིན་པ་འོད་ལྔའི་གཏིང་མདངས་ཅན་དུ་ཡོད་པ། ཕྲ་རགས་ཀྱི་རླུང་ཐམས་ཅད་གང་ལས་མཆེད་ཅིང་གང་དུ་སྡུད་པའི་གཞི་སྟེ། དེ་ཉིད་རྩོལ་བཅས་རླུང་གི་རྣལ་འབྱོར་དང་རྩོལ་མེད་རྫོགས་ཆེན་གྱི་རྣལ་འབྱོར་གང་རུང་གི་གནད་དུ་བསྣུན་པས། སྒྲིབ་བྲལ་དུ་གྱུར་པ་ནི་ལམ་དུས་སྒྱུ་ལུས་དང་སྟོང་གཟུགས་ཀྱི་ལྷ་སྐུར་འཆར་ཞིང་འབྲས་དུས་ཀྱི་རང་སྣང་ལོངས་སྐུ་ཆེན་པོ་དང་། གཞན་སྣང་ཕྱེད་སྤྲུལ་ལོངས་སྐུར་འཆར་བ་ལགས། མཚུངས་ཆོས་ཀྱང་རླུང་སེམས་ཀྱི་ཆ་ལས་ཕྲ་བ་ཡིད་ལུས། རྨི་ལམ་བག་ཆགས་ཀྱི་ལུས། ཁམས་གོང་མའི་དྭངས་མ་འོད་ལུས་སོགས་བཞིན་ལག་གི་རྣམ་པ་ཅན་དུ་ཡོད་པ་རྣམས་སོ། །ཤིན་ཏུ་ཕྲ་བའི་སྒོ་གསུམ་ནི་སྦྱང་གཞི་ཡིན་ལ་རགས་པ་ནི་སྦྱང་བྱ་ལགས་སོ། །ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ཞེས་པའི་འཇོག་བྱེད་དང་ངོས་འཛིན་ནི། སྤྱིར་ཟག་པ་དང་དེ་ཡོད་མེད་ཀྱི་ཁྱད་པར་ལ་ཐེག་པ་གོང་འོག་གི་འཆད་ཚུལ་མང་ཡང་འདིར་སྐབས་དོན་གྱི་སྙིང་པོ་ལ་ཟག་པ་ནི། སྤྱིར་ཉོན་ཤེས་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་གཙང་རྨེ་བླངས་དོར་དགག་སྒྲུབ་ཏུ་འཛིན་པའི་རྟོག་པ་རྣམས་ཡིན་ནོ། །དེ་མེད་པའི་ཡེ་ཤེས་ནི་འཕགས་རྒྱུད་ཀྱི་མཁྱེན་པ་དང་། དེའི་གཉེན་པོར་འགྱུར་བའི་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་ཤེས་རྒྱུད་སོ་སྐྱེས་ཀྱི་སས་བསྡུས་པ་རྣམས་ཀྱང་ཡིན་ནོ། །ཟག་མེད་ཀྱི་ཡེ་ཤེས་དེའི་གཟིགས་ངོར་ལྕགས་ཀྱུ་ལྔ་དང་། སྒྲོན་མེ་ལྔས་མཚོན། སྣང་སྲིད་འདི་ཐམས་ཅད་རང་བྱུང་གདོད་ནས་དག་པའི་བདུད་རྩིའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པའི་ཚུལ། གྲུབ་པ་བཞི་དང་ཡིན་པ་གསུམ་ལ་སོགས། ཞེས་པ་དང་། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་ཡན་ལག་སྟོང་སྦྱར་བ། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །ཞེས་པ་ལ་སོགས་པས་གསལ་ལ། དེ་ལམ་པའི་གང་ཟག་རྒྱུད་ཚོད་མཐོན་པོར་སོང་བ་དག་གིས་ཡིན་ལུགས་ཤེས་ནས་ལོངས་སྤྱོད་པ་ཙམ་ལ་བྱིན་གྱིས་རློབ་པ་ཞེས་བྱ་སྟེ། རྒྱུད་དང་སྒྲུབ་ཐབས་སོགས་ལས། གང་ཡང་སྒྲུབ་པོ་རྣལ་འབྱོར་མས། །སོགས་ནས། མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །ཞེས་པ་ལྟར་ཡིན་མོད། ལས་དང་པོ་པ་རྣམས་ཀྱིས་ནི་སྦྱང་རྟོགས་སྦར་བས་བྱིན་གྱིས་རློབ་སྟེ། དེའི་ཚེ་ནའང་ལྟ་བས་རྫས་རྣམས་ཀྱི་རང་བཞིན་འཕགས་ཆེན་རྣམས་ཀྱིས་གཟིགས་དོན་ཇི་ལྟར་གནས་པ་བཞིན་གདོད་ནས་དག་པར་རྟོགས་ཤིང་ཏིང་ངེ་འཛིན་གྱིས་གློ་བུར་གྱི་རྟོག་པ་བསལ་ཕྱིར། སྦྱོང་བྱེད་ཀྱིས་སྦྱངས་ནས་རྟོགས་བྱེད་ཀྱིས་བདུད་རྩིར་རློབ་པའི་སྐབས་སུ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་འདྲེན་པའང་ངོ་བོ་སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་རང་སྣང་བའི་བདུད་རྩི་རོ་ནུས་བྱེད་ལས་ཕུན་སུམ་ཚོགས་པ་དཀར་དམར་སྔོ་བའི་མདོག་ཅན། དངོས་སམ་ཡིག་འབྲུ་དང་འོད་ཀྱི་རྣམ་པར་སྤྱན་དྲངས་ཀྱང་རུང་སྟེ་དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་བྱས་པས་གཙང་རྨེ་སོགས་ཀྱི་རྟོག་པ་དང་བྲལ་ནས་ཡེ་ཤེས་འདྲེན་ནུས་ན་བྱིན་གྱིས་རློབས་ཐུབ་པའི་ཚད་ཡིན་ནོ། །བདུད་རྩི་ལོངས་སྤྱོད་བྱ་བེམས་པོ་ཡིན་ལ། ཡེ་ཤེས་ནི་ལོངས་སྤྱོད་བྱེད་ཤེས་པ་ཡིན་པས་དེ་གཉིས་རྫས་འགལ་ལོ་སྙམ་དུ་མི་ལྟ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་ཀྱི་རང་སྣང་དུ་སྟོན་པ་སྒྱུ་འཕྲུལ་དྲྭ་བའི་ལུགས་ཡིན་པ་དང་། རྒྱུད་ལས། ཆོས་ཉིད་ལ་ཡང་ཆོས་ཉིད་ཐིམ། །ཡེ་ཤེས་ལ་ཡང་ཡེ་ཤེས་རོལ། །ཞེས་དང་། སྒྲུབ་ཐབས་ཀྱི་འདོད་ཡོན་རོ་མཉམ་གྱི་མཆོད་པ་དང་། རོལ་མོ་ཡེ་ཤེས་ཀྱི་མཆོད་པའི་སྐབས་གསལ་བ་བཞིན་ནོ། །ཀུན་བཟང་མཆོད་པའི་སྐབས་དོན་ལ། སྤྱིར་སྒྲ་དོན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་བ་ལས་བྱུང་བ་ལྟ་བུའི་མཆོད་པ་ལ་ཟེར་བ་ཡོད་ཀྱང་། འདིར་ཆགས་སྡང་། སྦྱོར་སྒྲོལ་སོགས་ཀུན་འབྱུང་དང་སྡུག་བསྔལ་གྱིས་བསྡུས་སོ་ཅོག་འགའ་ཞིག་ཏུ་འཆར་བའི་ཚུལ་བློའི་ཡུལ་བྱས་ནས་འབུལ་བ་ལ་ཀུན་བཟང་བླ་མེད་ཀྱི་མཆོད་པར་གྲགས་ཏེ། དེ་དག་གི་ལུང་བཀའ་གཏེར་ཀུན་ན་ཤིན་ཏུ་མང་བ་ཐུགས་མངའ་བཞིན་ལགས། །མ་མགོན་མངའ་གསོལ་ལས། འདས་པའི་རྣམ་པར་རྟོག་པ་སོགས་ཀྱི་དོན་ལ། སྤྱིར་འདི་སྐབས་ཀྱི་གང་ལ་འབུལ་ཡུལ་མ་མོ་དོན་དབང་བཙན་དུ་བྱས་ན། མ་ནི་སྙིང་པོ་བྱང་ཆུབ་སེམས། །མོ་ནི་རང་བྱུང་ཡེ་ཤེས་ཕྱིར། །ཞེས་པ་ལྟར་སེམས་ཉིད་ཀ་དག་གི་ཀློང་ད་ལྟའི་ཤེས་པ་སྐད་ཅིག་མའི་ངང་དུ། འབུལ་བྱའི་འདས་པའི་རྟོག་པ་ལ་རྗེས་མཐུད་དང་། མ་འོངས་པའི་རྟོག་པ་ལ་སྔོན་བསུ་མི་བྱེད་པར་རྒྱ་གྲོལ་དུ་བཏང་བ་ནི། མཆོད་བྱ་མཆོད་བྱེད་དག་པ་གདོད་མའི་གཤིས། །གནས་ལུགས་རང་ངོ་ཤེས་པ་མཆོད་པའི་མཆོག །ཞེས་པ་ལྟར་མཆོད་པའི་ཕྱག་རྒྱ་ཆེན་པོ་ཡིན་པ་དང་། དེ་ལྟར་དག་ཚེ་སྲིད་གསུམ་ཀ་ནས་དག་པའི་ཕྲིན་ལས་ཀྱང་ཡིན་པས་ཕྲིན་བཅོལ་བྱས་ཀྱང་ལོས་ཆོག །གཞན་ཀུན་རྫོབ་དབང་བཙན་དུ་བྱས་ནའང་། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་འདི་ཐམས་ཅད་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མ་བསྡུས་པ་གཅིག་ཀྱང་མེད་པས་དེ་ཐམས་ཅད་རྣམ་རྟོག་ཙམ་དུ་འདུ་ལ། དེ་སྔར་འདས་ཐམས་ཅད་གཏང་རག་དང་། ཕྱིས་འབྱུང་ཞུ་དོན་གྱི་རྟེན་དུ་མཆོད་བསྐང་གི་རྫས་སུ་མོས་ཏེ་ཕུལ་ཀྱང་འགལ་བ་ཅི་ཡོད། དུས་གསུམ་གྱི་སྡིག་པ་ལ་བཤགས་པ་དང་། དགེ་བ་ལ་བསྔོ་བ་དང་། ཡི་རང་སོགས་བྱེད་པ་དང་ཁྱད་ཅི་ཡོད་དེ། དགེ་སྡིག་ཀྱང་རྣམ་རྟོག་ཡིན་པས་སོ། །འདས་པ་དང་མ་འོངས་དངོས་མེད་ཡིན་ཅེས་པའང་དོན་བྱེད་ཀྱི་དངོས་པོར་མེད་པ་ཉན་ཐོས་པའི་འདོད་གཞུང་ལ་གཙོ་བོར་གྲགས་པ་ཙམ་ལས། གཞན་ཤེས་བྱ་ལ་དངོས་པོས་ཁྱབ་ཅིང་། དུས་གསུམ་གྱི་དངོས་པོ་ལ་ཤེས་བྱས་ཁྱབ་སྟེ། ཐམས་ཅད་མཁྱེན་པའི་མཁྱེན་ཡུལ་དུ་ཡོད་པར་མ་ཟད། རིག་ཤེས་ཚད་མས་རྗེས་སུ་དཔོག་ནུས་པའི་ཡུལ་ཡང་ཡིན་ནོ། །ཨ་ཅང་རྩེ་ཞུས་ལགས། དངོས་གནས་ཤེས་དཀའ་རུང་འོལ་ཚོད་ཀྱིས་གཞལ་བ་དེ་ཙམ་མོ། །པདྨ་བཛྲ་པས་སོ།། དགེའོ།།
ཡུམ་ཀ་སོགས་ལ་སྦྱར་ཆོག་པའི་མེ་མཆོད་ཇི་ལྟར་བྱ་ཚུལ།
༄༅།།ཡུམ་ཀ་སོགས་ལ་སྦྱར་ཆོག་པའི་མེ་མཆོད་ཇི་ལྟར་བྱ་ཚུལ་བཞུགས།། བསྙེན་པའི་ཁ་བསྐོངས་སོགས་ཀྱི་དུས་ཡུམ་ཀའི་མེ་མཆོད་ཀྱིས་ཆོ་གའམ་གཞན་རྣམས་ལ་ཁ་བསྒྱུར་བའི་རིམ་པ་ནི། བསྙེན་མཚམས་གྲོལ་བའི་ཕྱི་ཉིན་ལྟ་བུ་གང་བདེ་ཞིག་ལ་སྦྱིན་བསྲེག་གི་ཆས་རྣམས་ཆོ་ག་རང་གཞུང་ལེགས་པར་འདུ་བྱས་ལ། ཐོག་མར་བསྙེན་པ་གང་བྱེད་ཀྱི་ཆོ་ག་གཞུང་བསྲང་། ལས་བུམ་བསྒྲུབ། བསྙེན་རྐྱང་ཡིན་ཚེ་ཚོགས་བཅས་ཆོ་ག་བསྡུ་རིམ་བྱས་ནས་འོད་གསལ་ངང་དུ་མཉམ་པར་བཞག རྗེས་ཐོབ་ཀྱི་ལྷ་གང་ཡིན་པ་དེ་ཉིད་དཀྱིལ་འཁོར་གྱི་ཤར་སྒོ་ནས་སྦྱིན་བསྲེག་གི་ལས་ལ་འཇུག་པར་མོས་ལ། ཐོག་མར་ཚིག་བདུན་གསོལ་འདེབས། ཀུན་བཟང་རྡོར་སེམས། འོག་མིན་ཆོས་ཀྱི། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་སོགས་ནས་བཛྲ་ས་མ་ཡ་ཛཿ རྡོ་རྗེ་སློབ་དཔོན་ལན་གསུམ། སེམས་ཅན་བདེ་དང་སོགས། ཚོགས་ཞིང་རྣམས་རང་ལ་བསྡུ། ཨོཾ་མ་ཧཱ་བཛྲ་ཧཱུཾ། རྡོ་རྗེ་གསོར། ཨོཾ་བཛྲ་གྷེ་ཧོ། དྲིལ་བུ་དཀྲོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། འཁྱུད་རྒྱ་བྱ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། ལས་བུམ་ཆུ་མཆོད་རྫས་དང་བསྲེགས་རྫས་རྣམས་ལ་གཏོར། ཨོཾ་སྭ་བྷ་ཝ་སོགས། སྟོང་བའི་ངང་ལས་མཆོད་རྫས་དང་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོའི་ཐིག་ལེའི་རྒྱན་པ་ལས་བྱུང་བའི་བདུད་རྩིའི་དངོས་པོ་ལས་ཐམས་ཅད་ལ་ཐོགས་པ་མེད་པར་བསྐུལ་ཅིང་ལྷ་ཚོགས་རྣམས་དགྱེས་པ་སྐོངས་པའི་ནུས་ལྡན་དུ་གྱུར་པར་བསམ་ལ་རྫས་རྣམས་ལ་ནང་མཆོད་འཐོར་བཞིན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿབདུན་བརྗོད། ཨོཾ་བཛྲ་ཛྭ་ལ་རཾ་རྡོ་རྗེ་མེའི་རྒྱས་དཔལ་འབར་གཡས་སྐོར་དུ་ཐོག་ལ་མེ་སྦར། ཧཱུྃ་ཧཱུྃ་ཞེས་པས་རླུང་གཡབ། ཨོཾ་ཨགྞེ་ཡེ་སྭ་ཧཱ། བླུག་གཟར་གྱི་མར་ཁུའི་མེ་གསོ། ཨོཾ་བཛྲ་ཨ་མྲྀ་ཏས་ལས་བུམ་ཆུའི་འཐོར་བསང་བྱ། ཨཿཆོས་རྣམས་རང་བཞིན་སྐྱེ་བ་མེདཿ སོགས་འབར་བའི་ཀློངཿ འདིའི་མཚམས་ཆོ་ག་གང་བྱེད་ཀྱི་གཞལ་ཡས་ཁང་བསྐྱེད་ནས་བཟུང་བསྟོད་པའི་འཇུག་པར་རྒྱས་བསྡུས་ཇི་རིགས་པ་བཏང་སྟེ། དེ་ནས་དགང་གཟར་ཐོག་ལ། ཧཱུྃ་དགང་བླུག་དཀྱིལ་འཁོར་མ་ལུས་སོགས་ཐོབ་པར་གྱུར༔ ཞེས་ཆོ་ག་གང་ཡིན་གྱི་རྩ་སྔགས་ཀྱིས་བྱོན་སྐྱེམས་མར་ཁུ་བདུན་ཕྲག་གཅིག་བླུགས་མཐར་ཁ་སྦྱར་ནས་གཡས་སྐོར་བཅས་ལན་གསུམ་འབུལ། འདོད་གསོལ་ནི། རྣལ་འབྱོར་པ་བདག་གིས་སོགས། ཀུ་རུ་ཡེ་སྭཱ་ཧཱཿ ཞེས་དང་། དེ་ནས་ཡམ་ཤིང་འདོད་གསོལ་བཅས། མར་ཁུ་འདོད་གསོལ་བཅས། རྫས་རྣམས་ཕྱོགས་གཅིག་ཏུ་སྦམ་པ་རྫས་དཔུང་གིས་དབང་དུ་བྱས་ནས་བརྒྱ་ཚོ་གཅིག་འདོད་གསོལ་བཅས། སླར་ཡང་ཡམ་ཤིང་ནས་གཟུང་མང་ཉུང་གོང་ལྟར་ལ་འདི་རྣམས་ཆོ་ག་རང་གཞུང་གི་རྩ་སྔགས་ཁོ་ནས་འབུལ། བསྙེན་པའི་ཁ་བསྐོང་ལྟ་བུ་ཡིན་ན་རྫས་ཉུང་། བསྙེན་པ་མང་ན་ལེགས་པ་ཡིན་ཞིང་རྫས་མང་། བསྙེན་པ་ཉུང་ན་མི་རུང་ངོ་། །ཞེས་སོ། །རྫས་རྫོགས་མཐར་ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། ཞེས་གོས་ཟུང་འབུལ། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱཿ ཞེས་སོ་རྩི་འབུལ། སྤྲོ་ན་འདི་སྐབས་ཚོགས་མཆོད། ལྷག་མ་ཡན་བྱ་དངོས་གྲུབ་བླངས་མཐར། གཤེགས་སྐྱེམས་མར་ཁུ་བདུན་ཚོ་གསུམ་རྩ་སྔགས་གིས་ཕུལ། དེ་ནས་རང་གཞུང་གི་མཆོད་པ། སྨན་རག་གཏོར་གསུམ་བཅས་འབུལ་མཐར། རང་གཞུང་གི་བསྟོད་པས་བསྟོད། མ་རྙེད་ཡོངས་སུ་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱི་སོགས་དང་བཛྲ་མུ་ཡེ་ཤེས་པ་གཤེགས། དམ་ཚིག་དམ་པ་རང་ལ་བསྟིམ། རང་གཞུང་གི་བསྔོ་སྨོན་ཤིས་པར་བརྗོད་པ་བཅས་བྱས་པས་དོན་འགྲུབ་བོ། །སྒྲུབ་པ་དང་འབྲེལ་ཚེ་མཚམས་མ་གྲོལ་བའི་གོང་ཐུན་ནམ་སྲོད་ཐུན་གང་རུང་ཞིག་གི་མཆོད་བསྟོད་འགོར་ཚོམ་བུ་བཀོད། ཕྱི་ཉིན་ཐོར་ཐུན་ལ་ཆོ་ག་རྒྱས་པ་བཏང་ནས་ལྷག་མའི་མགོའམ། རྟ་བྲོའི་མཇུག་གང་ཡིན་ཞིག་ལ་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ཆད་དེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་སྦྱིན་བསྲེག་གི་ལས་མཛད་པར་མོས་ལ། ཚོམ་བུ་སྤྱན་འདྲེན་དང་། གཤེགས་གསོལ་དུས་ཡེ་ཤེས་བསྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པ་མ་གཏོགས་གཞན་གོང་ལྟར་རོ། །དེ་ནས་དངོས་གྲུབ་བླང་ནས་ཆོ་གའི་བསྡུ་རིམ་དང་། ཐོ་མགྲོན་གཤེགས་གསོལ་སོགས་རྗེས་ཀྱི་བྱ་བ་ལ་འཇུག་གོ །ཡང་བསྙེན་རྐྱང་དུས། བདག་བསྐྱེད་བསྡུ་རིམ་མ་བྱས་པའི་ལྷག་མའི་མགོའམ་རྟ་བྲོའི་མཇུག་གང་བདེར་སྦྱིན་བསྲེག་བྱས་ནའང་ཆོག་མོད། གཞན་ནི་འདས་མ་འདས་དང་། རྫས་འཕྲལ་མ་འཕྲལ་ལས་བཞི་གང་དགོས་དང་། སྔགས་ཀྱང་རྩ་བསྙེན་དང་རྫས་སྔགས་སྦྲེལ་བ། འདོད་གསོལ་དང་དམིགས་པ་ཡང་སྐབས་མཐུན་ལས་ཆོ་ག་རང་རང་གི་ཕྱག་ལེན་ལྟར་བྱ་དགོས་ཤིང་། སྔ་མ་བསྙེན་པའི་ཁ་སྐོང་ལུགས་འདི་ནི་རང་གི་བླ་མ་ཐུགས་རྗེ་ཅན་གྱི་ཕྱག་བཞེས་མཐོང་རྒྱུད་ལྟར་རང་ཡིད་ཆེས་པ་ལགས། པདྨ་བཛྲ་པས་བྲིས་པའོ།། སརྦ་མངྒ་ལཾ།།
ཡིད་དྲུག་གི་ངོས་འཛིན་ཟིན་ཐོ།
༄༅།།ཡིད་དྲུག་གི་ངོས་འཛིན་ཟིན་ཐོ།། དང་པོ་མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་ཡིན་ཏེ། འདི་ལྟ་སྟེ། རྩ་བ་མ་རིག་པ་དངོས་ཡིན་ལ། ཡིད་ཀྱི་འགྱུ་བ་དང་བཅས་པའོ། །དེ་ནི་མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་དོ། །གཉིས་པ་ཡིད་ཀྱི་རྣམ་པར་ཤེས་པ་ནི། ཡུལ་ལ་ང་ཡིན་སྙམ་པའི་ཤེས་པས་ང་དང་བདག་ཏུ་བཟུང་བས་ཉོན་མོངས་པའི་དབང་དུ་སོང་བའི་ཕྱིར་ན་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །གསུམ་པ་གཏན་ལ་འབེབས་པའི་ཡིད་ནི། ཡུལ་ངའི་ཡིན་ནོ་སྙམས་པའི་ཤེས་པས་བཟུང་བས་དེ་ལ་ཆགས་པ་སྐྱེས་ནས་གཏན་ལ་འབེབས་པ་ཞེས་བྱའོ། །བཞི་བ་ཀུན་ཏུ་ཚོལ་བའི་ཡིད་ནི། ཡུལ་གྱི་དབང་དུ་སོང་ནས་ཉོན་མོངས་པ་ཕྲ་བ་ཐམས་ཅད་ཟླ་ལ་སྡུད་དོ་དེའི་ཕྱིར་ཀུན་ཏུ་འཚོལ་བའི་ཡིད་ཅེས་པའོ། །ལྔ་བ་རྣམ་པར་རགས་པའི་ཡིད་ནི། ཉོན་མོངས་པ་རགས་པས་སྲོག་གཅོད་པ་དང་། དམ་ཚིག་ཉམས་པའི་ལས་མང་བོ་བྱེད་པའོ། །དྲུག་པ་ངེས་པར་འཇོག་པའི་ཡིད་ནི། དེ་རྣམས་ཀྱི་སྣང་བ་ལ་ང་ཡིན་སྙམ་པ་དང་། གཞན་གྱི་ཡིན་སྙམ་པ་དེ་ནི་ངེས་པར་འཇོག་པའི་ཡིད་དོ། །དེ་ནི་འཛིན་པ་རྟོགས་པའི་མ་རིག་པ་ཞེས་བྱའོ། །བཅོས་པ་ལམ་གྱི་མ་རིག་པ་ནི། ཡིད་དྲུག་འདུས་ནས་ཡེ་ཤེས་ཀྱི་ལམ་བསྒྲིབས་པ་སྟེ། དེ་ཡང་ཡིད་ཀྱི་ཡེ་ཤེས་མི་མཐོང་གསལ་དུ་མི་སྟེར་ཡེ་ཤེས་ལ་རྟོག་མེད་ཡིད་འགྱུ་བྱེད་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ལམ་སྒྲིབས་པ་ཡིན་ནོ། །དེ་ནི་བཅོས་མ་ལམ་གྱི་མ་རིག་པ་ཞེས་བྱའོ། །མི་ཤེས་རྨོངས་པའི་མ་རིག་པ་ནི། །རང་གི་སྣང་བ་འོད་དུ་ཡོད་པ་མ་ཤེས་པས་ཡང་ནས་ཡང་དུ་འཁོར་བར་འཁོར་རོ། །དེ་ནི་མི་ཤེས་རྨོངས་པའི་མ་རིག་པ་ཞེས་བྱའོ། །དེ་བཞིན་དུ་མ་རིག་པ་དྲུག་ཏུ་བྱུང་ནས་ཡེ་ཤེས་ཀྱི་སྣང་བ་མི་ཤེས་པའོ། །དེ་ཡང་འདི་ལྟ་སྟེ། ཡང་དག་པ་ཀ་དག་གི་སྣང་བ་ལ་མ་རིག་པ་མེད། སེམས་མེད། ཡིད་ཀྱང་མེད། ལྷུན་གྲུབ་ཀྱི་རྩལ་ལས་མ་རིག་པ་བྱུང་། མ་རིག་པའི་རོལ་པ་ལས་སེམས་བྱུང་། སེམས་ཀྱི་རྒྱན་ལས་ཡིད་བྱུང་། ཡིད་ཀྱི་ཡུལ་ལས་དྲུག་བྱུང་། དུག་ལྔ་ལས་ཉོན་མོངས་པ་བཅུ་དྲུག་བྱུང་། བཅུ་དྲུག་ལས་ཉི་ཤུ་བྱུང་། དེ་ལས་ལྔ་བཅུ་རྩ་གཅིག་བྱུང་། དེ་ལས་སྟོང་ཕྲག་བརྒྱད་ཅུ་བྱུང་། ཞེས་སོགས་རྙིང་མའི་རྒྱུད་འབུམ་ལས་གསུངས་སོ། །ལུས་འདི་ནི་སྔོན་གྱི་ལས་ཀྱི་གཟུགས་བརྙན་སྣང་བ་སྟེ། གཟུགས་བརྙན་ལྟ་བུའོ། །རྐྱེན་ནི་སྣ་ཚོགས་ལས་བྱུང་བ་སྟེ་བདག་པོ་མེད་པའོ། །བྱེད་པ་མེད་པ། ས། བདག་མེད་པ། ཆུ། སྲོག་མེད་པ། མེ། གང་ཟག་མེད་པ། རླུང་། རང་བཞིན་མེད་པ། ནམ་མཁའོ།། །།
རྩ་རླུང་ཐིག་ལེའི་རྣམ་བཞག་མདོར་བསྡུས།
༄༅།།རྩ་རླུང་ཐིག་ལེའི་རྣམ་བཞག་མདོར་བསྡུས་བཞུགས།། དང་པོའི་ཕྱོགས་ལ་ཞེས། དེ་ལ་ཕྱོགས་དང་པོ་སྣང་བཅས་དམིགས་པ་དང་བཅས་པའི་རྫོགས་རིམ་གྱི་མཚན་ཉིད་ནི་རྩ་རླུང་ཐིག་ལེ་གསུམ་ལ་གནད་དུ་བསྣུན་པ་ཁོ་ན་སོགས། དེ་ཡང་རྣམ་པར་འགྱུར་བའི་ལྷའི་བདག་ཉིད་དུ་གཡོ་བ་མེད་པར་གནས་པས་ན་གནས་པ་རྩ། དེའི་ནང་ནས་གནད་དུ་བསྣུན་པའི་གཙོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་སྟེར་ཞིང་ལུས་ཅན་རྣམས་ཀྱི་སྲོག་ཏུ་གྱུར་པ་ནི་ཨ་ཝ་ངྷཱུ་ཏིའོ། །དེ་ལྟ་བུའི་རྩ་རྣམས་དང་རྟེན་དང་བརྟེན་བའི་ཚུལ་དུ་འདྲེལ་བའི་རླུང་གི་རང་བཞིན་ནི་གཡོ་བ་དང་འཕྲོ་བ་དང་བསྐྱོད་པའི་བྱེད་ལས་ཅན་རྣམ་པར་ཤེས་པའི་བཞོན་པར་གྱུར་པ་ལ། ཁམས་གསུམ་ཐམས་ཅད་རླུང་གི་འདུ་བྱེད་པའི་ཕྱིར་གཡོ་བའི་རླུང་ཞེས་བརྗོད་པར་བྱའོ། །དེ་ལྟར་གཉིས་ཆར་གྱི་བརྟེན་པ་ལྟ་བུར་གྱུར་པ་ནི་བཀོད་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉིད་དེ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་དང་། འཁྲུལ་བ་མ་རིག་པའི་ཐིག་ལེ། ཁམས་ལྔ་རྫས་ཀྱི་ཐིག་ལེ་དང་གསུམ་ལས། དང་པོ་ནི། དོན་དམ་བྱང་སེམས་སྐྱེ་འགགས་གནས་གསུམ་དང་བྲལ་བའོ། །གཉིས་པ་ནི་མ་རིག་པ། འདུ་བྱེད། རྣམ་པར་ཤེས་པས་ཀུན་ནས་བརྟགས་ཤིང་མིང་གཞི་ལས་བསྒྱུར་བ་རྟོགས་པ་སྔགས་ཀྱི་ཐིག་ལེ་དང་དེ་ལས་གཞན་དབང་ཡིད་ཀྱི་ནུས་པ་ཅན་ལ་རླུང་གི་ཐིག་ལེ་ཞེས་བྱའོ། །གསུམ་པ་ནི་ཡུལ་སྣང་གཟུགས་ཀྱི་ཕུང་པོ་སྟེ། དེ་ལ་ཕྱི་ནང་གཉིས་ལས་ཕྱི་ནི་རྣལ་འབྱོར་རྒྱུད་ཀྱི་དགོངས་པ་ཡིན་ཏེ་བཤད་མ་ཐག་པས་ཁྱབ་ལ། ནང་གི་དང་པོ་སྐྱེ་སྲིད་ལ་སྦྱོང་བའི་ཚེ་བར་དོའི་རྣམ་ཤེས་འཛིན་པའི་རྐྱེན་དུ་གྱུར་པའི་ཕ་མའི་དྭངས་མ་ཁམས་དཀར་དམར་གཉིས་ཏེ་དེའང་གཡོ་བའི་རླུང་གིས་གང་དུ་བཀོད་པའི་གནས་སུ་འགྲོ་འོང་བྱེད་པའི་གཞན་དབང་ཅན་ཡིན་པས་ན་བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ་གསུམ་ཀ་ཕན་ཚུན་འདྲེལ་བ་ཅན་ཡིན་ནོ། །ཐབས་ལམ་ཟབ་མོའི་གནད་ཀྱིས་གྲོལ་བ་ལ་རྡོ་རྗེའི་ལུས་ཀྱི་གནས་ལུགས་ཤེས་དགོས། ཀུན་གཞི་སྲོག་རླུང་དང་བཅས་རྟེན་གནས་པ་དང་། ཆོས་ཉིད་དོན་དམ་པའི་དབུ་མའོ། །དེའི་ནང་དུ་ཆོས་ཉིད་ཀྱི་དབུ་མ་བསྒོམ་ནས་དེ་ལ་གནད་དུ་བསྣུན་པའོ། །སྲོག་རླུང་སྦྱོང་བའི་དོན་ཡིན་ནོ། །སོགས། དེ་ལྟར་རྩ་རླུང་ཐིག་ལེ་གསུམ་གྱི་གནས་ཚུལ་མངོན་དུ་རིག་ནས་དེ་ལ་རྩོལ་བའི་སྦྱོར་བས་གནད་དུ་བསྣུན་པ་ལམ་བསླབ་ན་རྩ་མདུད་གྲོལ་བའི་ཡོན་ཏན་གྱི་ཁྱད་པར་མི་འགྲུབ་པས་གནད་བཤད་ནས་བསྒོམ་ཚུལ། མདོར་ན་གནས་པ་རྩ་ནི་སོགས་སོ།། །།
ཕྱི་ནང་གསང་བའི་མཆོད་པའི་དམིགས་གནད་ཟིན་ཐོ།
༄༅།།ཕྱི་ནང་གསང་བའི་མཆོད་པའི་དམིགས་གནད་ཟིན་ཐོ།། རྒྱལ་བ་རྣམས་ཀྱི་སྣོད་བཅུད་དག་མཉམ་ཆེན་པོར་དགོངས་པ་ཇི་བཞིན་དུ་འབུལ་བ་ཀུན་ཏུ་བཟང་པོའི་མཆོད་པ། ཞབས་བསིལ་དང་པོས་ཞབས་བཀྲུ གཉིས་པས་ཕྱག གསུམ་པས་ཞལ་བཀྲུའོ། །བདུག་སྤོས་སྔོན་འགྲོའི་བཞི་བསྣོལ། བདུད་རྩི་རྩ་བརྒྱད་སྟོང་སྦྱར་ལ་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བསྲེས་ནས་ཐེབ་སྲིན་ཉི་ཟླའི་གའུ་ཁ་སྦྱོར་གྱིས་མཆོད་པས་ལྷ་ཚོགས་དགྱེས་པར་བསམ། གཏོར་མའི་རྡུལ་ཕྲ་རབ་རེ་རེ་བཞིན་གཟུགས་རྡོ་རྗེ་མ་སོགས་སྤྲོ་བ་སྟེ་སྔགས་བདུན་གྱིས་འབུལ། བདུད་རྩི་གསང་བརྣན་ནི། སངས་རྒྱས་རྣམས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་ཕྱིར་དང་། བྱང་སེམས་ཉན་རང་འགོགས་པ་ལས་སློང་ཕྱིར་དང་། དེ་དག་གི་མཐུ་ལས་སེམས་ཅན་རྣམས་ཀྱིས་རང་རིག་མངོན་དུ་འགྱུར་ཕྱིར་ཡང་ཡང་འབུལ་བའོ། །ལྷག་པ་ཏིང་ངེ་འཛིན་ནི། བློས་དཔག་མེད་སྤྲུལ་བ་དང་། ཁྲོ་བོ་ལ་རཀྟ་ཚར་གསུམ་སུམ་ཆ་དང་པོ་དཀྱིལ་འཁོར་གྱི་ལྷ་ལ་ཕུལ་བས་གསོལ། གཉིས་པ་ཞིང་བཅུ་སྒྲོལ་ཕྱིར་ཕུལ། གསུམ་པ་ཁམས་གསུམ་སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་ཕྱིར་ཕུལ་བས་ལྷག་མེད་དུ་གསོལ་བ་བསམ་པ་འཁོར་བ་དབྱིངས་སུ་བསྒྲལ་བའོ། །སྒྲོལ་མཆོད། རྟོགས་པས་བདག་དང་ཐུགས་རྗེས་གཞན་སྒྲོལ་བའོ། །སྦྱོར་མཆོད་རྟོགས་ཚོགས་ཅི་ཤར་ཡང་ཡུལ་ཆོས་ཉིད་དུ་སྦྱོར། འདོད་ཡོན་གྱི་མཆོད་པ་བཟའ་བཏུང། རོལ་མོ་ཡེ་ཤེས་ཀྱི་མཆོད་པ། མཆོད་བྱ་མཆོད་ཡུལ་དམིགས་མེད་ལྟ་བས་ཟིན་པའོ། །གླུ་ཡེ་ཤེས། གླུ་དྲུག་གིས་བསྟོད་པའོ། །སྒྱུ་འཕྲུལ་རྩ་རྒྱུད་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ཉིད་རབ་བསྙོམ་ལ། །ཞེས་ཕྱི་རྒྱུད་ཐུན་མོང་ཉེར་ལྔ། དེ་སྟེང་བླ་མེད་བདུད་རྩི་ལྔ་དང་། ཤ་ལྔ་བསྣན་པས་སོ་ལྔའོ། །ཞེས་པའང་པདྨ་བཛྲ་པས་མི་བརྗེད་ཐོར་བྲིས་པའོ༎ ༎
ཚེ་སྒྲུབ་དམིགས་གནད་དོགས་སློང་དགོངས་པའི་གསལ་བྱེད།
༄༅།།ཚེ་སྒྲུབ་དམིགས་གནད་དོགས་སློང་དགོངས་པའི་གསལ་བྱེད་བཞུགས་སོ།། ཕྱོགས་རེ་ཙམ་མིན་ཐུབ་བསྟན་འཛིན་མའི་ཁྱོན། །བཤད་སྒྲུབ་རྒྱལ་ཐབས་གཅིག་གིས་སྐྱོང་མཛད་པའི། །གྲགས་པ་དོན་ལྡན་ངག་གི་དབང་པོ་དངོས། །ཀུན་གཟིགས་ཆོས་ཀྱི་རྒྱལ་པོ་དེས་སྐྱོངས་ཤིག །གང་ལ་འཆི་མེད་སྒྲུབ་པའི་ཐབས་ཀྱི་གནད། །རྒྱལ་བའི་དགོངས་པ་ཇི་བཞིན་མ་རྟོགས་པའི། །བླུན་སྒོམ་བཟང་བརྫུའི་སྦུབ་རྒྱ་དཀྲོལ་པའི་ཕྱིར། །དགོས་དབང་དོགས་སློང་སྐྱ་རེངས་སྔ་ནས་སྤྲོས། །དགོས་དོན་དོགས་པ་སེལ་བའི་ཉིན་བྱེད་ཞིག །ལུང་རིགས་ལྷ་ལམ་བགྲོད་ལ་གཟོད་བརྩོན་ཡང་། །གནད་དོན་བ་ཀུ་ལ་ཡི་འདབ་མའི་རྒྱ། །རྣམ་དཔྱོད་མཛེས་མའི་འགྲམ་ཆང་ཁོ་ནས་དབྱེ། དེ་ལ་འདིར་རྒྱལ་སྲས་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། ཚེ་སྒྲུབ་ཀྱི་དམིགས་གནད་ལ་དོགས་སློང་འགའ་ཞིག་གནང་འདུག་པའི་དགོངས་གཞི་ནི། དེང་སང་གི་སྐབས་འདིར་སྐྱེ་བོ་ཕལ་ཆེར་ཤེས་རབ་དང་བརྩོན་འགྲུས་ཞན་པའི་དབང་གིས་རྡོ་རྗེའི་ཐེག་པའི་ལམ་གྱི་གཞུང་ཇི་ལྟ་བ་བཞིན་སྙེགས་པར་མ་ནུས་ནས་གསང་སྔགས་ཀྱི་ཆོ་ག་ཙམ་ལག་ཏུ་བླངས་པའི་མངོན་རློམ་གྱིས་རིག་པ་འཛིན་པ་ཆེན་པོར་ང་རྒྱལ་བ་དག་གིས་ལས་རབ་འབྱམས་ལ་སྦྱར་བ་ཕལ་ཆེ་བ་ཞིག །སྦྱོར་བ་ཀུན་སློང་། དངོས་གཞི་ཏིང་འཛིན། རྗེས་ལས་སྦྱོར་གྱིས་ཕན་གནོད་ཇི་ལྟར་འགྲུབ་པའི་གནད་རྣམས་རྨོངས་པར་གྱུར་པས་རི་མོའི་མར་མེ་བཞིན་དུ་ཆོ་གའི་གཟུགས་བརྙན་འབའ་ཞིག་ཏུ་སོང་ཞིང་དགོས་དོན་གྱི་གཙོ་བོ་སྟོར་བས་རྒྱལ་བའི་ཕྲིན་ལས་གནས་མ་ཡིན་པར་ཆུད་གཟོན་པར་བགྱིད་པ་དང་། ཁྱད་པར་ཚེ་སྒྲུབ་ལྟ་བུ་ལ་མཚོན་ན། སྤྱིར་དེང་སང་གི་གང་ཟག་ཕལ་ཆེར་རྣམ་གཡེང་དང་ཆོས་བརྒྱད་ཀྱིས་དུས་འདའ་བ་ལས་སྙིང་པོའི་སྒྲུབ་པ་ལ་གཞོལ་བ་ཆེས་དཀོན་ཞིང་བརྒྱ་ལམ་ན་ལོ་ཟླ་རེ་ཙམ་ལ་སྒྲུབ་པའི་ཟོལ་དུ་ཞུགས་ཚེའང་མཆོག་དངོས་སྒྲུབ་པའི་ལམ་གྱི་གཙོ་བོ་རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་རྩལ་སྦྱོང་བ་བཞག་ནས། ཚེ་འདིའི་བསམ་སྦྱོར་སྙིང་ཁོངས་སུ་བཅང་བའི་མངོན་རྟགས་སུ། ཚེ་སྒྲུབ་དང་། ནོར་སྒྲུབ། འདྲེ་འདུལ་ལ་དམིགས་པའི་དྲག་བསྙེན། དཀོར་ནོར་བསགས་སྲུང་གི་ཆེད་དུ་སྲུང་མའི་གསོལ་མཆོད་སོགས་ལ་བརྩོན་པས་དུས་འདའ་བ་མཐོང་ཆོས་སུ་གྱུར་པའི་སྐབས་འདིར། ལམ་གྱི་ཟིན་བྱང་ཁྱད་པར་ཅན་དང་བྲལ་ཞིང་རང་གི་ཞེ་འདོད་དང་། ཆོ་གའི་སྒྲས་ཟིན་ཙམ་གྱི་དམིགས་རིམ་ལ་ཆེ་ཐང་དུ་འབད་པ་འདི་དག་མིང་ཚེ་སྒྲུབ་སོགས་སུ་བཏགས་ཀྱང་དོན་རྒྱལ་བའི་དགོངས་པ་བཞིན་དུ་མ་གྱུར་པས། དངོས་ལ་བརྣབ་སེམས་དང་གནོད་སེམས་སོགས་ཀྱི་བག་ཆགས་བརྟན་པར་བྱེད་པ་ལས་མ་འདས་མོད། དེ་ལྟར་གྱུར་ཚེ་དོན་གཉིས་སྒྲུབ་པའི་འབྲས་བུ་ཧ་ཅང་ཅི་ཆ། འཕྲལ་དོན་ཙམ་ཡང་མི་འགྲུབ་པར་མ་ཟད། བརྣབ་སེམས་ཀྱི་འབྲས་བུ་ཡིད་ལ་རེ་བ་མི་འགྲུབ་ཅིང་སྤུན་དང་འབྲས་བུ་གོ་ལྡོག་ཏུ་འབྱུང་བ་ལྟ་བུས་མཚོན་སྒྲུབ་འབྲས་ཕྱིན་ཅི་ལོག་ཏུ་འབྱུང་བར་འགྱུར་བས། ཚུལ་དེ་དག་ལ་དགོངས་ནས་ཐུགས་བརྩེ་བས་ཀུན་ནས་བསླངས་ཏེ་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་འདི་མཛད་དོ། །དོགས་པ་ཇི་ལྟར་སློང་ཚུལ་མདོར་བསྡུས་ནས་སྨྲོས་ན། སྤྱིར་ཚེ་སྒྲུབ་ཀྱི་དམིགས་ཟུར་མི་འདྲ་བ་བཞི་ཙམ་བཀོད་ནས། དང་པོ་ལྟར་ན་སྒྲུབ་པོ་རང་ཉིད་ཚེ་རིང་བར་འདོད་པའི་གང་ཟག་གིས། དམིགས་པ་འཁོར་འདས་ཀྱི་ཚེ་བསོད་བདག་གིར་བགྱི་བ་མངོན་རློམ་དང་བཅས་པར་ཡང་ཡང་སྒོམ་པའི་ཐད་སོའི་བློ་རྣམ་དེ་བརྣབ་སེམས་སུ་འགྱུར་མིན་གྱི་དོགས་པ། བརྣབ་སེམས་ལ་མི་དགེ་བས་ཁྱབ་མིན་གྱི་དོགས་པ། རང་གཞན་གྱི་ཚེ་ལ་ཕན་གནོད་གཉིས་ཀ་ཡོད་མེད་ཀྱི་དོགས་པ། ཡོད་ཚེ་ཐེག་ཆེན་གྱི་སྤྱི་གཞུང་དང་འགལ་བའི་དོགས་པ། རང་གི་ཚེ་ལ་ཕན་ཀྱང་གཞན་གྱི་ཚེ་ལ་གནོད་པ་མེད་ན། དེ་གཉིས་དམིགས་པ་གཅིག་ལ་ཕན་གནོད་ཀྱི་འགྲོ་ལྡོག་མཚུངས་མིན་གྱི་དོགས་པ་སྟེ་དོགས་པ་ལྔ་སློང་བར་མཛད་དོ། །གཉིས་པ་ལྟར་ན་དོན་གཉིས་བྱས་པའི་བསོད་ནམས་ཀྱི་རྒྱུས་ཚེ་བསྲིང་བར་འདོད་ཚེ་མདོ་ལུགས་ལས་འཕགས་པའི་སྔགས་ཀྱི་ཟབ་མྱུར་གྱི་ཁྱད་པར་ཐོན་མིན་གྱི་དོགས་པ། ལྷའི་རྣལ་འབྱོར་ཡོད་པ་ཙམ་གྱིས་དེའི་ཁྱད་པར་ཐོན་མིན་གྱི་དོགས་པ་དང་གཉིས་སློང་བར་མཛད་དོ། །ཕྱི་མ་གཉིས་ལྟར་ན་འོལ་སྤྱི་ཙམ་དུ་སྒྲོལ་བའི་ཚེ་ལུང་དང་མཐུན་ཀྱང་ཞིབ་པར་འདྲ་མིན་གྱི་དོགས་པ་ཤུགས་ཀྱིས་སློང་བར་མཛད་པ་ཡིན་ནོ། །དེ་ལྟར་དོགས་པ་བསླང་བའི་དགོས་པ་ནི། ཆོ་གའི་ལག་ལེན་ཕྲ་མོ་རེ་ཙམ་གྱི་འདོར་ལེན་ལས། དགོས་གལ་ཤིན་ཏུ་ཆེ་བའི་ཏིང་ངེ་འཛིན་གྱི་གནད་འདི་དག་ལ་སྤོམ་ཡོར་དང་ཇི་མི་སྙམ་དུ་བཞག་པའི་རིགས་ཅན་གྱི་གང་ཟག་རྣམས་ལ་དོན་འགྱུར་དང་དོན་མིན་འགྱུར་གྱི་ཐེ་ཚོམ་ཇི་རིགས་བསྐྱེད་ནས། ད་གཟོད་རང་རང་གི་རྣམ་དཔྱོད་ཀྱིས་དཔྱད་པ་དང་། མཁས་པའི་གང་ཟག་གཞན་ལ་འདྲི་ཞིང་བརྟགས་པའི་སྒོ་ནས། ཐེ་ཚོམ་ཐམས་ཅད་བཅད་ཅིང་དོགས་པ་མཐའ་དག་བསལ་ཏེ་རྒྱལ་བའི་དགོངས་པ་ཇི་བཞིན་ཏུ་ཕྲིན་ལས་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལ་སྦྱོར་བ་ཡིན་ནོ། །དོགས་པ་དེ་དག་ཇི་ལྟར་སེལ་བའི་ཚུལ་རྗེ་ཉིད་ཀྱི་དགོངས་བཞེད་ལ་ཇི་ལྟར་གནས་པ་ཟུར་གྱིས་འཕང་བའི་དོན་ལ་གསུམ་སྟེ། དོགས་སློང་སྔ་མའི་སྐབས་སུ། སེམས་བསྐྱེད་ཁྱད་པར་ཅན་དེ་ཅི་ལྟ་བུ་ཞིག་ཡོད་པ་ཡང་སྨྲ་དགོས་སོ་ཞེས་པ་དང་། གཉིས་པའི་སྐབས་སུ་འདིར་ཡང་སྔགས་རྒྱུད་ལས་བཤད་པའི་ལྷའི་རྣལ་འབྱོར་ཁྱད་པར་ཅན་ཞིག་འཆད་རྒྱུ་ཡོད་དགོས་སོ་ཞེས་པ་དང་། ཕྱི་མ་གཉིས་ཀྱི་སྐབས་སུ་དེ་ཐམས་ཅད་ཀྱང་གསར་རྙིང་གི་ཚེ་སྒྲུབ་ཚད་ལྡན་རྣམས་སུ་ཇི་རིགས་པར་བཤད་འདུག་པའི་ཕྱིར་འགལ་མེད་དུ་འཆད་ཤེས་པའི་གནད་ཞིག་ནི་ཡོད་དགོས་པར་སྣང་ངོ་ཞེས་གསུངས་པ་རྣམས་ཀྱི་ཚུལ་ལས་དཔག་ན། སྦྱོར་བ་སེམས་བསྐྱེད་ཀྱི་གནད་ལ་མཁས་པས་རང་འདོད་ཡིད་བྱེད་དང་བྲལ་ཞིང་བརྣབ་སེམས་རང་མཚན་པར་མི་འགྱུར་བ་དང་། དངོས་གཞི་ཏིང་འཛིན་གྱི་གནད་ལ་མཁས་པས་མདོ་ལས་ཁྱད་པར་དུ་འཕགས་ཅིང་དངོས་གྲུབ་བདེ་མྱུར་དུ་འགྲུབ་པ་དང་། རྗེས་སུ་ལས་སྦྱོར་གྱི་གནད་ལ་མཁས་པས་གཞན་ལ་མི་གནོད་པར་རང་ལ་ཕན་པ་འགྲུབ་པའི་ཚུལ་གསུམ་གྱི་སྒོ་ནས་ཤེས་དགོས་པར་བསྟན་ཏེ། དེ་ལ་དང་པོ་སྦྱོར་བ་སེམས་བསྐྱེད་ཀྱི་གནད་ལ་དོན་སེམས་དང་སྟོངས་སེམས་གཉིས་དོན་སེམས་ནི་གཞན་སེམས་ཅན་གྱི་དོན་ཁོ་ནའི་དབང་དུ་བྱས་ཏེ་འཆི་མེད་ཀྱི་རིག་འཛིན་སྒྲུབ་སྟེ་རྣམ་བཞིའི་ཕྲིན་ལས་ཀྱི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་འདོད་པ་ཡིན་ལ། དེ་ཉིད་གཞིར་བཞག་ནས་གནས་སྐབས་སུ་ལས་འགྲུབ་པ་ལ་ཕན་པའི་སྟོངས་སེམས་ནི་འདིར་འཁོར་འདས་ཀྱི་ཚེ་བཅུད་བསྡུས་ནས་བདག་གིར་བགྱི་བའི་སེམས་པ་དེ་ཉིད་ཡིན་ཏེ། རྒྱུད་ལས། དྭངས་བས་དགའ་བས་ཆགས་པས་དང་། །ཁྲོས་པས་ཀ་ལི་རབ་ཏུ་བརྩམས། །ཞེས་བཤད་པ་བཞིན་ནོ། །དེ་ལྟར་དོན་སྟོངས་ཀྱི་སེམས་གཉིས་ཡ་བྲལ་དུ་མ་སོང་བའི་སྟེང་དུ་རང་བཞིན་ཤེས་པའི་ལྟ་བས་ཟིན་ན་རྡོ་རྗེ་འཆང་གི་གསང་ལམ་སྟེ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །ཅེས་དང་། ཆགས་པ་ཉིད་ཀྱིས་ཆགས་བྲལ་བྱེད། །ཅེས་དང་། ཨེ་མ་ཧོ། ངོ་མཚར་ངན་འགྲོ་ཐར་བའི་ཐབས། །ཅེས་སོགས་མཐའ་ཡས་པར་བཤད་པ་རྣམས་ཀྱིས་མཚོན་ནོ། །རྒྱུ་མཚན་དེའི་ཕྱིར་ན་སྤྱིར་བརྣབ་སེམས་ལ་མི་དགེའི་ལས་ཀྱིས་ཁྱབ་ཀྱང་འདིར་ཐབས་ལ་མཁས་པས་སྟོངས་སེམས་སུ་སོང་བ་ཡིན་ནོ། །གཉིས་པ་དངོས་གཞི་ཏིང་འཛིན་གྱི་གནད་ལ། འདིར་ལྷ་སྔགས་ཏིང་འཛིན་རྫས་དང་བཅས་ཐབས་ཁྱད་པར་ཅན་ལ་བརྟེན་ནས་འབྲས་བུ་མཐོང་བའི་ཆོས་ལ་བདེ་མྱུར་དུ་སྒྲུབ་པས་མདོ་ལས་འཕགས་ཤིང་། འཕགས་ཆོས་ཀྱི་གཙོ་བོའང་ལྟ་བ་དང་ཏིང་འཛིན་གཉིས་ཁོ་ན་སྟེ། རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་དང་། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་དང་། སྒྲུབ་ཐབས་ཀུན་བཟང་ལས། ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་ཞེས་བྱ་གང་ཡང་མེད། །དེ་དག་རྣམ་པ་འགལ་བར་གྱུར་པའི་སེམས། །འདིས་ནི་མངོན་སུམ་ཉིད་དུ་བྱེད་པར་འགྱུར། །ཅེས་པ་ལ་སོགས་གསུངས་པ་རྣམས་ཏེ་ཞིབ་སྤྲོས་དགོས་པའི་གནས་མང་ཡང་དོན་ལ་དག་སྦྱོར་ཤེས་པ་དང་མོས་པ་ཙམ་མིན་པར་འདུ་ཤེས་གནས་འགྱུར་ནས་ཐ་མལ་གྱི་ང་རྒྱལ་ལྷ་རུ་འཕོས་པ་ཞིག་དགོས་པ་ཡིན་ནོ། །གསུམ་པ་རྗེས་ལས་སྦྱོར་གྱི་གནད་གཞན་གྱི་ཚེ་ལ་མི་གནོད་པར་རང་ལ་ཕན་པ་འགྲུབ་པའི་ཚུལ་ལ། དམིགས་ཟུར་བཞི་པ་རང་གི་ཚེ་ཉམས་འཕྲོག་ཡར་བ་རྣམས་བསྡུད་པ་ནི་དགག་བྱ་ཆུང་ཞིང་། དམིགས་ཟུར་གསུམ་པ་སྒྲོལ་བའི་ཚེ་ལུང་དང་ཧང་སྤྱིར་མཚུངས་ཀྱང་ཞིབ་ཏུ་བརྟགས་ན་སྒྲོལ་བའི་ཚེ་ལུང་གིས་ནི་བཟས་པོའི་ཚེ་ལ་གནོད་ཀྱང་། ཚེ་སྒྲུབ་ཀྱི་དམིགས་པས་གཞན་གྱི་ཚེ་ལ་ཅུང་ཟད་ཀྱང་མི་གནོད་པས་མི་མཚུངས་སོ། །དེའི་རྒྱུ་མཚན་ཚེ་སྒྲུབ་དུས་གཞན་འཁོར་འདས་ཡོངས་ཀྱི་ཚེ་བཅུད་སྡུད་པ་དམིགས་པའི་ཡུལ་དེའི་ཚེ་བསྟུང་བའི་འདུ་ཤེས་དང་དམིགས་པ་གཏད་ས་མེད་པས་སོ། །གཞན་གྱི་ཚེ་ལ་དམིགས་པས་རང་གི་ཚེ་ལ་ཕན་ཚེ་དེ་ལ་མི་གནོད་པ་འགལ་ཞེ་ན། མི་འགལ་ཏེ། མར་མེ་དང་། མེ་ཤེལ་དང་། སྐྱུར་དང་། ཟླ་བ་རྣམས་ཀྱི་ཡུལ་རྐྱེན་ལས། སྒྲོན་མ་དང་། མེ། འགྲམ་ཆུ་ཁམས་རྣམས་འཕེལ་ཞིང་ལྡང་ཡང་ཡུལ་དེ་ལ་བྲི་གོད་མེད་པ་བཞིན་ཏེ་རྟེན་འདྲེལ་གྱི་ནུས་པ་དང་ཆོས་ཉིད་ཀྱི་རིགས་པས་སོ། །དམིགས་པའི་རྣམ་འབྱེད་ཕྲ་མོ་འདི་ནི་གལ་ཆེ་བ་ཞིག་སྟེ་མཁས་པ་དག་གིས་ཀྱང་དམིགས་པར་འདྲ་ཡང་ཕན་གནོད་མི་མཚུངས་པའི་དཔེར་བདེ་སྡུག་གཏོང་ལེན་དང་སངས་རྒྱས་ལ་ལོག་ལྟ་བྱས་པས་འབྲས་བུ་མྱོང་ཚུལ་འཁོར་འདས་སེམས་ཀྱི་ཆོ་འཕྲུལ་དུ་བཤད་པའི་ཕྱིར་ཞེས་སོགས་སྣང་ལ་མ་ངེས་པའི་རྟགས་ལྟར་སྣང་བ་འབའ་ཞིག་འཕེན་ཚུལ་ལ་བརྟགས་ན་ཐུགས་དམིགས་ཇི་འདྲ་གནང་གི་ཡོད་མ་འཚལ་ཏོ། །དེ་ལྟར་དམིགས་གནད་མཐའ་དག་འགལ་མེད་ཡོན་ཏན་དང་བཅས་པར་ཕྱོགས་གཅིག་ཏུ་སྒྲུབ་པ་འདི་ནི་རྒྱལ་སྲས་ཐམས་ཅད་མཁྱེན་པའི་དགོངས་པའི་གསལ་བྱེད་དུ་ཡང་འགྱུར་བར་སེམས་ཏེ། རྗེ་ཉིད་ཀྱིས་སྔར་དྲངས་པ་ལྟར་ལུགས་ཐམས་ཅད་གསར་རྙིང་གི་ཚེ་སྒྲུབ་ཚད་ལྡན་རྣམས་སུ་ཇི་རིགས་པར་བཤད་འདུག་པའི་ཕྱིར་འགལ་མེད་དུ་འཆད་ཤེས་པའི་གནད་ཅིག་ནི་ཡོད་དགོས་པར་སྣང་ངོ་། །ཞེས་དང་། འདིར་དཔྱད་པ་བྱས་པའང་གཞན་དགག་པའི་ཆེད་དུ་བྱས་པ་ནི་མ་ཡིན་ཏེ། དོགས་སློང་ལྟ་བུར་བརྗོད་པ་ཡིན་པའི་ཞེས་གནང་འདུག་པས་སོ། །དེ་ཡན་ཆད་ཀྱིས་གར་དབང་ཚེ་སྒྲུབ་ལས་འཕྲོས་པའི་དོགས་སློང་གནང་བའི་དགོངས་དོན་དཔྱིས་ཕྱིན་པར་རྟོགས་དཀའ་རུང་རང་བློས་གང་དཔོག་མདོ་ཙམ་ཞིག་བཤད་གྲུབ་བོ། །གཞན་དོགས་སེལ་འོད་ཀྱི་ཐུར་མར། བརྣབ་སེམས་ལ་སོགས་ལས་མིན་ཀྱང་། །ཡིད་ཀྱི་ཉེས་སྤྱད་རྣམ་གསུམ་མོ། །ཞེས་མངོན་པར་དྲངས་ནས། ཡིད་ལས་གསུམ་ཀུན་འགྲོའི་སེམས་པ་ཡིན་པ་དང་། དེ་ལས་མིན་པར་བཤད་པ་དང་། གཞན་ཡང་འཁོར་སྒྱུར་ལ་བརྣབ་སེམས་མེད་པར་བཤད་པ་དང་། མདོ་ལམ་དུ་ཉན་ཐོས་ཀྱི་སྤྱོད་པ་ཡོད་ཀྱང་སྐྱོན་དུ་མི་འགྱུར་ཞེས་ཉན་ཐོས་ཀྱི་ལམ་མདོ་ལས་དགར་བ་དང་། དོན་དམ་དེ་ཁོ་ན་ཉིད་དང་མ་འགལ་ན་ཀུན་རྫོབ་ཐབས་ཀྱི་སྤྱོད་པ་ཅིར་ཡང་རུང་ཞེས་སོགས་ཀྱི་སྐབས་འདིར་མངོན་པ་ལས། སེམས་པ་ཡིད་ཀྱི་ལས་ཡིན་ནོ། །ཅེས་དང་། དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་པ་ལ་སོགས་པའི་སྐབས་ཀྱི་རྩ་འགྲེལ་དང་སྦྱར་ནས་རིམ་བཞིན་དཔྱད་ན་ལུང་རིགས་ཀྱི་ཉག་ཕྲན་འགྲོ་བའི་ལམ་ཤིན་ཏུ་ཡངས་པར་མངོན་ཀྱང་རྩོད་པ་ལྷུར་ལེན་གྱི་བསྟན་བཅོས་ལ་དགོས་པ་ཆུང་ཞིང་ཉེས་དམིགས་མང་བར་མཐོང་ནས་མ་སྤྲོས་པ་ལགས་སོ།།གར་དབང་ཚེ་སྒྲུབ་སྐབས་ཀྱི་དོགས་པའི་གནས། །གལ་ཆུང་ཆོ་གའི་འདོན་ལུགས་ཕྲན་ཚེག་རེའི། །གཏམ་གྱིས་དམ་པའི་ཐུགས་དགོངས་མ་རངས་ནས། །དེ་ལས་འཕྲོས་ཏེ་དོགས་སློང་གཏམ་འདི་བྱུང་། །འདི་ཡི་དགོངས་དོན་གསལ་བར་སྨྲོས་ཤིག་ཅེས། །གསུང་ལེན་འདོར་དུ་ཕངས་པའི་དམ་པ་འགས། །དངོས་དང་བརྒྱུད་ནས་ནན་ཆེར་བཀའ་སྩལ་ཕྱིར། །བློ་ནུས་དམན་ཀྱང་གང་ཤེས་འཛེམ་མེད་བྲིས། །དེ་ལ་དགོངས་གཞི་དོགས་པ་སློང་བའི་ཚུལ། །དགོས་པ་དང་བཅས་གསུམ་གྱིས་གཞུང་བཀོད་དོ། །སྦྱོར་བ་དངོས་གཞི་ལས་སྦྱོར་འགྲུབ་པའི་ཚུལ། །གསུམ་གྱིས་དོགས་བསལ་དགོངས་པ་ཇི་བཞིན་སྒྲུབ། །འཕྲོས་དོན་ཉམས་མཚར་ལུང་རིགས་ཟློས་གར་ཞིག །རྩེན་པར་འོས་ཀྱང་གྲོང་ཉུལ་མུ་ཏོའི་གླུ། །མཁས་དང་ཆེན་པོའི་ལྷ་མང་མདུན་ས་རུ། །མཛེས་པ་མིན་སྙམ་སྤྲོ་བའི་བློ་གྲོས་བསྐྱུངས། །དེ་སྐད་མཁས་གྲུབ་གདོང་ལྔའི་དབང་པོའི་བརྒྱུད། །རིམ་བྱོན་ད་ལྟའི་དུས་ནའང་མང་པོ་ཡིས། །ཉེར་སྲུང་སྔ་འགྱུར་རི་བོའི་མཐར་ཉལ་བའི། །མཁོས་ཆུང་རི་བོང་རྒན་པོས་བྲིས་ཏེ་ཕུལ། །ལུང་རིགས་མཚོ་དང་ལྗོན་ཤིང་བསྐྱོད་པའི་སྒྲས། །ངེས་པ་མ་འཚལ་ཅལ་བྱུང་དྲིལ་བསྒྲགས་པའི། །གཏམ་འདིར་ཉེས་པའི་ནོངས་པ་གང་མཆིས་པ། །བློ་གྲོས་ལྡན་པའི་ཚོགས་ཀྱིས་བཟོད་པར་མཛོད།། དགེའོ།།
དམ་ཆོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་ལས་འཕྲོས་པའི་གཏམ་པད་དཀར་ཕྲེང་བ།
༄༅།།དམ་ཆོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་ལས་འཕྲོས་པའི་གཏམ་པད་དཀར་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། ན་མ་པྲཛྙཱ་པ་ར་མི་ཏ་ཡེ། །ཆོས་ཀུན་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས། །བདག་རྟོག་དབྱིངས་སུ་བཅད་པའི་ཉེར་ཞི་བ། །ཐབས་མཆོག་སྙིང་རྗེ་བསོད་ནམས་ཚོགས་ཆེན་གྱི། །རྣམ་པ་ཀུན་ལྡན་རྒྱལ་བའི་ཡུམ་དེར་འདུད། །ཐུབ་དབང་རྡོ་རྗེ་འཆང་ཆེན་ནས་བཟུང་སྟེ། །མདོ་རྒྱུད་གདམས་པའི་སྙིང་པོ་མ་ནོར་པ། །རིམ་བརྒྱུད་གང་ལ་བབས་དེ་མཁར་ཆེན་བཟའ། །ལབ་ཀྱི་སྒྲོལ་མར་གྲགས་དེས་ཤིས་པ་སྩོལ། །དོན་བརྒྱུད་དགོངས་པའི་གསང་མཛོད་ཀློང་ནས་བརྡོལ། །བཤད་བརྒྱུད་ལུང་རིགས་སྨྲ་བའི་སྤོབས་པ་མཐོ། །གངས་ཅན་མཛེས་པའི་རྒྱན་གྱུར་རྒྱལ་བའི་སྲས། །མཚུངས་བྲལ་འཁོར་ལོའི་མགོན་དེ་སྙིང་དབུས་རོལ། །འདི་ན་ཐོས་ཉུང་སྦྱངས་པ་དམན་གྱུར་པའི། །རྨོངས་པའི་བློ་གྲོས་སྦྲང་བུའི་གཤོག་རླབས་ལྟས། །ཆོས་ཚུལ་ནམ་མཁའི་དབྱིངས་ལ་འཇལ་འདོད་པ། །མཁས་པའི་སྐྱེ་བོ་བཞད་གད་སློང་བའི་རྒྱུ། །དེ་ལྟར་མོད་ཀྱང་ཆོས་མཐུན་གྲོགས་ཀྱི་བཀས། །བསྐུལ་བའི་ཕྱིར་དང་རང་བློ་ཐོས་པ་ལ། །གོམས་ཕྱིར་ཟབ་མོ་གཅོད་ཀྱི་གདམས་པ་ལས། །བརྩམ་སྟེ་ཇི་ལྟར་བྱུང་བ་མདོ་ཙམ་གླེང་། དེ་ལ་སྤྱིར་གདུལ་བྱའི་བློ་རིམ་དང་མཐུན་པར་རྒྱལ་བས་ཆོས་ཚུལ་ཀྱང་དེ་ལྟར་བསྟན་པས་ཐེག་པའི་རྣམ་གྲངས་གྲུབ་མཐའི་རིམ་པ་བསམ་གྱིས་མི་ཁྱབ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་པ་ལྟར་ཡིན་ལ། དེ་རྣམས་སྤང་བྱ་དང་གཉེན་པོའི་སྒོ་ནས་ཆོས་ཀྱི་ཕུང་པོར་བཞག་པའང་། ཆོས་མངོན་པའི་མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་བཤད། ཆོས་ཀྱི་ཕུང་པོའི་གྲངས་ངེས་ནི། ཀུན་བྱེད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་ལ་སོགས་པ་ལྟར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་དེ་དག་ཀྱང་། རྗོད་བྱེད་ཚིག་གི་སྒོ་ནས་སྡེ་སྣོད་གསུམ་དང་། བརྗོད་བྱ་དོན་གྱི་སྒོ་ནས་བསླབ་པ་གསུམ་དུ་འདུ་བ་ཡིན་ཅིང་། དེའི་ནང་ནས་ཀྱང་ལམ་གྱི་གཙོ་བོ་ནི་ཤེས་རབ་ཀྱི་བསླབ་པ་ཁོ་ན་ཡིན་ཏེ། ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་དང་། མདོ་སྡུད་པ་ལས། ས་བོན་བཏབ་ནས་ས་ལ་གནས་ཏེ་འབྱུང་འགྱུར་བ། །ཚོགས་པ་རྙེད་ནས་རྣམ་མང་གཟུགས་དག་རྣམ་པར་སྐྱེ། །ཕ་རོལ་ཕྱིན་ལ་བྱང་ཆུབ་ཡོན་ཏན་ཇི་སྙེད་པ། །དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལས་སྐྱེ། །ཞེས་གསུངས་པ་ལྟར། སྲིད་པར་འཁྱམ་པའི་རྒྱུའི་གཙོ་བོ་བདག་འཛིན་ཡིན་ཅིང་། དེ་གཅོད་པ་ལ་ཤེས་རབ་ཁོ་ན་མཆོག་ཡིན། ཤེས་རབ་རྣམ་པར་དག་པ་སྐྱེ་བའི་རྟེན་དུ་བསམ་གཏན་དགོས་ཏེ། ཕན་ཚུན་མེད་ན་མི་འབྱུང་གི་རྒྱུ་ཡིན་པ་གང་ཞིག །མགོན་པོ་ཀླུ་སྒྲུབ་ཀྱིས། ཤེས་རབ་མེད་པར་ཡང་ནི་བསམ་གཏན་མེད། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་མཆིས་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཞེས་པ་ལྟར་ལ། དེ་གཉིས་ཀའི་གཞི་རྟེན་དུ་ཚུལ་ཁྲིམས་རྣམ་པར་དག་པ་ནི་ཤིན་ཏུའང་གལ་ཆེ་སྟེ། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་པས་བསླབ་པ་གསུམ་རྟེན་དང་བརྟེན་པར་བཅས་པ་གང་ཟག་གཅིག་གི་ལམ་གྱི་ཆ་རྐྱེན་དུ་དྲིལ་ནས་ཉམས་སུ་ལེན་ཤེས་དགོས་པས། དེ་ལ་འཇུག་པའི་གོ་རིམ་ཡང་། དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར། ཐོག་མ་ཉིད་དུ། བསླབ་ཚིགས་གསུམ་གང་རུང་གི་སོ་སོར་ཐར་པས་རྒྱུད་བསྡམས་པ་ཞིག་དགོས་ཤིང་། དེའི་ནང་ནས་ཀྱང་བྱང་སེམས་ཀྱི་རྟེན་དུ་རབ་བྱུང་མཆོག་ཡིན་པ་བཞིན་སྔགས་ཀྱི་རྟེན་དགེ་སློང་མཆོག་ཏུ་གསུངས་ཏེ། དུས་འཁོར་ལས། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཅེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་བཤད་པ་ལྟར། རབ་དགེ་ཚུལ་སློང་གི་སྡོམ་པ་དང་། མཐའ་ནའང་དགེ་བསྙེན་གྱི་སྡོམ་པས་བརྒྱུད་ལེགས་པར་བསྡམས་ཤིང་། དེ་ནས་བསམ་གཏན་དང་ཤེས་རབ་འགྲུབ་པའི་རྒྱུ་ཐོས་པ་ཡིན་པས། ཐོག་མར་བླ་མ་མཁས་པ་དག་ལ་བསྟེན་ནས་ཐོས་པ་བཙལ་བར་བྱ་དགོས་ཏེ། སྡུད་པ་ལས། ལྷག་པར་བསམ་པས་སངས་རྒྱས་བྱང་ཆུབ་མཆོག་ཞུགས་པ། །སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་པ་ལྟར་བླ་མ་ལས་ཐོས་པ་བཙལ་ཞིང་། ཐོས་པ་ཙམ་གྱིས་ཆོག་པར་མི་སེམས་པར། བསམ་པ་དང་སྒོམ་པས་ཉམས་སུ་བླང་དགོས་ཏེ། ཀུན་མཁྱེན་བླ་མས། ཇི་སྲིད་བདག་འཛིན་དབྱིངས་སུ་མ་ནུབ་པར། །དེ་སྲིད་སྣ་ཚོགས་ཐབས་ཀྱིས་བསྒོམ་པར་བྱ། །ཞེས་གསུངས། །བསྒོམ་བྱའི་ངོ་བོ་ནི་ཞི་ལྷག་གཉིས་ཏེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ཏེ། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་པ་ལྟར། ཐོག་མར་དབེན་པའི་གནས་སུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་དམིགས་ནས་ཞི་གནས་ལ་བསླབ་པ་ནི་བསམ་གཏན་གྱི་ངོ་བོ་ཡིན་ཏེ། དེ་ལས། དེ་ལ་སོགས་པའི་རྣམ་པ་ཡིས། །དབེན་པའི་ཡོན་ཏན་བསམ་བྱས་ནས། །རྣམ་རྟོག་ཉེ་བར་ཞི་བ་དང་། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ། །ཞེས་པ་ལྟར། བདག་གཞན་མཉམ་པ་དང་། བརྗེ་བ་བྱང་ཆུབ་ཀྱི་སེམས་དག་རྩ་བའི་དམིགས་པར་བྱས་ནས། ཉེས་པ་ལྔ་སྤང་། འདུ་བྱེད་བརྒྱད་བསྟེན་པའི་སྒོ་ནས། སེམས་གནས་པའི་ཐབས་དགུས་སེམས་ལས་སུ་རུང་བར་བྱས་ནས། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་ལྷག་མཐོང་ལ་བསླབ་པ་ནི་ཤེས་རབ་ཀྱི་ངོ་བོ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། བྱང་ཆུབ་སེམས་དཔའི་ཞི་གནས་ནི་ཡང་དག་པའི་བསམ་པ་སྟེ་ཞི་བའི་འདུ་ཤེས་ལ་ཡང་མ་གནས་པའོ། །ལྷག་མཐོང་གི་ལྟ་བ། མཐོང་བ་སྟེ་ལྟ་བ་ཉིད་ཀྱང་མི་མཐོང་བའོ། །གང་གིས་དེ་ལྟར་མཐོང་བ་དེ་ཉིད་ཡང་དག་པ་མཐོང་བའོ། །ཞེས་འདྲེལ་བ་ཤིང་རྟ་ཆེན་མོར་དྲངས་པ་བཞིན་ནོ། །དེ་ལྟར་ན་བསྒོམ་བྱའི་ཆོས་ཐམས་ཅད་ཀྱང་ཞི་ལྷག་གཉིས་ཀྱིས་བསྡུས་པའི་བྱང་ཆུབ་ཀྱི་སེམས་སྒོམ་པའི་རིམ་པ་འདིར་མ་འདུས་པ་མེད་ཅིང་། དེ་སྒོམ་པའི་ཚུལ་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། རིག་པ་འཛིན་པའི་སྡེ་སྣོད་དག་ལས་རྒྱ་ཆེར་བསྟན་མོད། དེ་ལྟར་ན་ཟབ་མོ་གཅོད་ཀྱི་གདམས་པ་ཞེས་པ་འདི་ཡང་བྱང་ཆུབ་ཀྱི་སེམས་སྒོམ་པའི་རིམ་པ་ཉིད་ཡིན་ཅིང་། དེ་ཡང་མདོ་སྔགས་གཉིས་ཀྱི་ཟླས་ཕྱེ་བའི་གང་ཡིན་ཅེ་ན། གཞུང་སྡེ་སྣོད་གསུམ་ལས་མངོན་པའི་སྡེ་སྣོད། འབུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཀྱིས་དངོས་བསྟན་གྱི་སྟོང་ཉིད་ཟབ་མོའི་དོན་གང་ཞིག་བླ་མས་བརྡ་ཐབས་ཟབ་མོས་མངོན་སུམ་དུ་ངོ་སྤྲོད་དུ་ཡོད་ཅིང་། བསྐྱེད་རྫོགས་ཟབ་མོའི་ཐབས་ཀྱིས་ཁྱད་པར་ཅན་དུ་བྱས་པའི་ཕྱིར་མན་ངག་རྡོ་རྗེའི་ཐེག་པ་ཉིད་ཡིན་ལ། དེ་ལ་ཡང་སྔགས་ཕྱི་ནང་གཉིས་ལས་འདི་ནང་རྒྱུད། དེ་ལའང་ནང་རྒྱུད་བསྐྱེད་རྫོགས་གཉིས་ཀྱིས་ཕྱེ་བའི་རྫོགས་པ། རྫོགས་པ་ལའང་། མཚན་བཅས་མཚན་མེད་དམ་རྫོགས་པ་ཆེ་ཆུང་གི་ཟླས་ཕྱེ་བས་འདི་ནི་གསང་བ་བླ་ན་མེད་པ་དམ་ཆོས་རྫོགས་པ་ཆེན་པོའི་ཕྱོགས་སུ་གཏོགས་པ་ཡིན་པས། སྤྱིར་མདོ་སྔགས་གཉིས་ཀ་དང་སྒོ་བསྟུན་ནས་བཤད་པས་ཆོག་སྟེ། ཤེར་ཕྱིན་ལྟར་བཀྲལ་ན། མ་གཅིག་གི་ཞལ་ནས། ཅི་ཡང་ཡིད་ལ་མ་བྱས་ན། །བར་ཆད་མི་འབྱུང་ས་ལམ་རྫོགས། །ཅེས་གསུངས་པའི་དོན། སྡུད་པ་ལས་ཀྱང་། གལ་ཏེ་མི་ཤེས་བཞིན་དུ་གཟུགས་སུ་འདུ་ཤེས་ཤིང་། །ཚོར་བ་སེམས་པ་རྣམ་ཤེས་ཕུང་པོར་དཔྱོད་བྱེད་ན། །ཕུང་འདི་སྟོང་ཞེས་རྟོགས་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཅེས་དང་། གང་ཞིག་གཟུགས་ལ་མི་གནས་ཚོར་ལ་མི་གནས་ཤིང་། །རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས་པ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཅེས་དང་། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །ཅེས་དང་། ཏིང་འཛིན་དམ་པའི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ན། །མིང་དུ་མི་ཐོག་ཉམས་མྱོང་འབྱུང་། །དེ་ནི་ཏིང་ངེ་འཛིན་ཅེས་བྱ། །ཅེས་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་ལྟར་ཡུམ་དོན་ལ་མཉམ་པར་བཞག་པའི་ཚེ་བདུད་བཞི་པོ་རྣམས་ལྷོང་བ་དང་། ཚར་བའི་ཚད་རྣམས་རིམ་གྱིས་འབྱུང་བའང་། སྡུད་པ་ལས། དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམ་ཐག་སྡུག་བསྔལ་ཡིད་མི་བདེ་ཉམ་ཆུང་། །ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ནུར་འགྱུར་ཞེས། །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་སྲེག་ཅིང་སྐར་མདའ་གཏོང་། །གང་ཚེ་མཁས་པ་དེ་དག་བསམ་པ་རབ་ལྡན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་ལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་སོ། །ལུས་སྦྱིན་པའང་དེ་ཉིད་ལས། མགོ་དང་རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད། །བདོག་པ་ཐམས་ཅད་གཏོང་ཞིང་རྟག་ཏུ་ཞེན་པ་མེད། །ཆོས་རྣམས་རང་བཞིན་བདག་མེད་ཡ་མ་བླར་ཤེས་ནས། །བདག་གི་ཤ་ཡང་གཏོང་ལ་ཞུམ་པའི་སེམས་མེད་ན། །དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་དགོས། །ཞེས་སོགས་རྒྱས་པར་གསུངས་སོ། །སྔགས་ཀྱི་སྐབས་སུའང་གཉན་སར་ཕྱིན་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བ་འདི་ཉིད་མཐོང་ལམ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་སྦྱོར་བའི་ཉེ་རྒྱུའི་སྤྱོད་པ། མགོན་པོ་ཀུན་ཏུ་སྤྱོད་པའམ་སྤྲོས་མེད་ཀྱི་སྤྱོད་པ་ཞེས་གྲགས་ཏེ། མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ་ལས། རེས་འགའ་དུར་ཁྲོད་ཞུགས་ནས་སྒྲོན་པ་དག་ལ་སྤྱོད། །ཉམ་ང་མེད་པའི་སེམས་ཀྱིས་ཡི་དྭགས་གནས་སུ་ཉལ། །གདོལ་བ་རྣམས་དང་འགྲོགས་ཏེ་རོ་ཡི་འཁོར་ལོ་དྲངས། །འདི་བྱ་འདི་བྱེད་མེད་པའི་སྤྱོད་པ་ཚད་དུ་གཟུང་མི་བྱ། །ཞེས་དང་། བྱ་མིན་མི་བྱ་མིན་པའི་སྤྱོད་པ་རང་ཤུགས་ཀྱིས། །གླང་ཆེན་མཚོ་རུ་འཇུག་འདྲ་རྟག་ཏུ་སྨྱོན་སེམས་ཀྱིས། །སྨད་པའི་ཆོས་རྣམས་སྤྱོད་ན་གྲོལ་ཅེས་མདའ་བསྣུན་སྨྲ། །ཞེས་གསུངས། རྫོགས་ཆེན་གྱི་གཞུང་དུ་ཡང་། སྤྱོད་པའི་དུས་གྲངས་ངེས་པ་བདུན་བཤད་པ་ལས། ཁྱི་ཕག་ལྟ་བུའི་སྤྱོད་པ། སྨྱོན་པ་ལྟ་བུའི་སྤྱོད་པ། རྣལ་འབྱོར་དབང་ཕྱུག་གི་སྤྱོད་པ་རྣམས་ཀྱང་འདི་ཉིད་དོ། །དེ་ལྟར་ན་ཚུལ་འདི་བཞིན་ཉམས་སུ་ལེན་པ་ནི་མདོ་སྔགས་ཀུན་གྱི་དགོངས་པ་མཐར་ཐུག་གཅིག་ཏུ་འབབ་པའི་ཚུལ་ཏེ། ཀུན་མཁྱེན་ཆེན་པོས། བླ་མའི་བྱིན་རླབས་རང་བྱུང་ཡེ་ཤེས་ནི། །ཚིག་དང་བསམ་བརྗོད་འདས་ཚེ་མཐོང་བ་སྟེ། །དེ་ལྟ་བུ་ཉིད་དུས་སུ་སུས་མཐོང་བ། །དུས་གསུམ་དུས་མེད་ཕྱི་ནང་དབྱེ་བསལ་མེད། །ཤེས་རབ་ཕ་རོལ་ཕྱིན་ཡིན་དབུ་མ་སྟེ། །སྤྲོས་དང་སྡུག་བསྔལ་ཞི་བྱེད་ཕྱག་རྒྱ་ཆེ། །སྙིང་པོའི་ཆོས་ཉིད་རྫོགས་པ་ཆེན་པོ་སྟེ། །གདོད་མའི་ཟད་ས་གཤིས་ཀྱི་གནས་ལུགས་ཡིན། །ཅེས་པ་ལྟར་རོ། །འདིར་མདོ་སྔགས་གཉིས་ཀ་ལྟར་བཤད་པ་འགལ་བ་མ་ཡིན་ནམ་ཞེ་ན། གཞུང་དང་མན་ངག་གི་སྒོ་ནས་དགོངས་པ་གཅིག་ཏུ་སྒྲུབ་པ་མི་འགལ་བར་མ་ཟད་མཁས་པའི་གཞུང་དང་འདྲེལ་བའི་ཁྱད་ཆོས་ཀྱང་ཡིན་ཏེ། ཀུན་མཁྱེན་བླ་མས། དེང་སང་ཕལ་གྱི་བློ་མིག་མ་དག་པས། །སྔགས་དང་ཕ་རོལ་ཕྱིན་གཞུང་སོ་སོའི་ལམ། །འགལ་བར་འཛིན་པས་གཅིག་ཏུ་སྡུད་མི་ཤེས། །དེ་ཕྱིར་དེ་དག་ཕྱོགས་རེའི་མིག་ཅན་ཡིན། །འདི་ནི་རྒྱུ་འབྲས་ཐེག་པའི་ཟབ་དོན་མཆོག །གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་པའི་ཐབས། །ཅེས་གསུངས་པ་ལྟ་བུའོ། །འོ་ན་དེ་ལྟ་བུའི་གཅོད་ཡུལ་གྱི་གདམས་པ་འདི་ཉིད་གསང་སྔགས་གསར་རྙིང་གང་དུ་གཏོགས་ཅེ་ན། སྔགས་རྙིང་མའི་ཕྱོགས་སུ་གཏོགས་ཏེ། གཞུང་ཕར་ཕྱིན་གྱི་དབང་དུ་བྱས་ན་སྤྱིར་སྡེ་སྣོད་གསུམ་ག་སྔ་འགྱུར་དང་། བྱེ་བྲག་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སོགས་ཡུམ་སྲས་བཅུ་བདུན་གྱི་སྐོར་རྣམས་ལོ་ཆེན་བཻ་རོས་བསྒྱུར་བ་མང་ཞིང་། མན་ངག་གི་དབང་དུ་ན་ནང་རྒྱུད་སྡེ་གསུམ་དང་། ཁྱད་པར་རྫོགས་ཆེན་གྱི་སྐོར་རྣམས་སྔ་འགྱུར་པ་ཁོ་ནའི་ཁྱད་ཆོས་སོ། །དེ་སས་ཀྱང་ཟབ་མོ་གཅོད་ཀྱི་གདམས་པ་ཞེས་ཡོངས་སུ་གྲགས་པ་ནི། མ་གཅིག་ཡེ་ཤེས་མཁའ་འགྲོ་མ་ལབ་ཀྱི་སྒྲོལ་མ་ཞེས་མཚན་ཉི་ཟླ་ལྟར་གསལ་བ་དེ་ཉིད་ཀྱིས་རྒྱ་ཆེར་སྤེལ་བ་ཡིན་ལ། དེ་ཡང་མ་གཅིག་སྤྲུལ་པའི་སྐུ་དེ་ཉིད་ནི། ངེས་པའི་དོན་དུ་རྒྱལ་བ་སྲས་དང་བཅས་པ་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའམ། དཀྱིལ་འཁོར་རྒྱ་མཚོའི་འབྱུང་གནས་ཆོས་ཉིད་ཀུན་ཏུ་བཟང་མོ་ཞེས་ནང་དབྱིངས་གཞོན་ནུ་བུམ་སྐུའི་ནང་ཁམས་སུ་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་དང་ལྷན་ཅིག་ཏུ་བཞུགས་པ་གང་ཞིག །ཕྱི་གསལ་ལོངས་སྤྱོད་རྫོགས་པ་རིགས་ལྔའི་ཞིང་ན། འབྱུང་ལྔ་དག་པ་དབྱིངས་ཀྱི་ཡུམ་ལྔའི་ཕྱག་རྒྱར་ཤར་བ་ལས། རང་བཞིན་སྤྲུལ་པའི་ཞིང་དང་། གནས་ཡུལ་དུར་ཁྲོད་སོ་སོར་སྤྲུལ་པའི་རྣམ་རོལ་བསམ་གྱིས་མི་ཁྱབ་པ་ཞིག །གཅིག་དང་དུ་མ་རིམ་དང་རིམ་མིན་སྣ་ཚོགས་སུ་བསྟན་པར་མཛད་པ་ལས། འདིར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའམ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ཞེས་གྲགས་པ་དེ་ཉིད། གངས་ཅན་གྱི་ལྗོངས་འདིར་གསང་བ་བླ་ན་མེད་པའི་བསྟན་པ་སྤེལ་ཞིང་གསང་སྔགས་བཀའ་ཡི་བསྡུ་བ་མཛད་ཕྱིར་བསམ་བཞིན་དུ་སྲིད་པ་བཟུང་བ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཞེས་གྲགས་པ་དེ་ཉིད་ཀྱི་སྤྲུལ་པའི་ཟློས་གར་ཡིན་ཏེ། དེ་ཡང་གང་དུ་འཁྲུངས་པའི་ཡུལ་ནི། གཡོ་རུའི་སྨད་ཀྱི་ཨེ་ཞེས་བྱ་བའི་ཡུལ་གྲུ་ལབ་ཅེས་བྱ་བའི་ལུང་པ། སྐྱིད་གྲོང་མེ་རེ་བྱ་བར་སྐུ་འཁྲུངས་ཤིང་དགུང་ལོ་ལྔ་ནས་འབྲི་ཀློག་མཚམས་སྦྱོར་སོགས་ལེགས་པར་མཁྱེན་ཅིང་། དགུང་ལོ་བརྒྱད་པ་ལ་བརྒྱད་སྟོང་པའི་བཤད་པ་མཛད་པས། མཁས་པའི་གོ་སར་འགྱིང་བ་རྣམས་ཀྱང་སྤ་བཀོང་བར་མཛད། གཞན་ཡང་འཁྲུངས་པའི་ཚེ་ངོ་མཚར་བའི་ལྟས་བྱུང་བ་སོགས་ལོ་རྒྱུས་མང་ཡང་འདིར་ཡི་གེ་མང་གིས་དོགས་ནས་མ་བྲིས། མདོར་ན་མ་གཅིག་གི་སྐྱེ་བ་བརྒྱུད་པའི་ལོ་རྒྱུས། སྐུ་ཆེ་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་ཀྱང་དོན་བསྡུ་ན་མ་གཅིག་ཉིད་ཀྱི་ཞལ་ནས། ང་ཉིད་ཕྱི་ལྟར་ལྷ་མོ་སྒྱུ་འཕྲུལ་ཏེ། །ནང་ཉིད་ལྟར་ན་རྗེ་བཙུན་སྒྲོལ་མ་ཡིན། །གསང་བ་ལྟར་ན་རྡོ་རྗེ་ཕག་མོ་སྟེ། །དབྱིངས་ཉིད་ལྟར་ན་རྒྱལ་བའི་ཡུམ་ཆེན་ཡིན། །ཐུབ་བསྟན་ཐོག་མར་གངྒཱའི་ལྷ་མོ་སྟེ། །བར་དུ་མཁའ་འགྲོ་བདེ་བའི་དངོས་གྲུབ་ཡིན། །ཕྱིས་འབྱུང་བོད་དུ་ཡེ་ཤེས་མཚོ་རྒྱལ་མ། །ད་ལྟར་ང་ཉིད་ཡིན་ནོ་བཤད་མི་ལང་། །འཛམ་གླིང་བྱེ་བ་ཕྲག་བརྒྱའི་བྱང་ཕྱོགས་སུ། །ང་ཉིད་བྱེ་བ་ཕྲག་བརྒྱ་བྱུང་ནས་ཀྱང་། །མ་རུངས་གདུག་པ་འདུལ་བའི་དུས་སུ་བབ། །ཅེས་དང་། དེར་མ་ཟད་རྫོགས་པའི་སངས་རྒྱས་ཉིད་ཀྱིས་ཀྱང་། འཁྲུལ་མེད་ཀྱི་སྤྲུལ་སྐུར་རྩོད་མེད་ཀྱི་ལུང་གིས་བསྔགས་པ་ཡིན་ཏེ། མདོ་སྡེ་དྭངས་སྙིགས་འབྱེད་པའི་ལེའུ་བརྒྱད་ཅུ་རྩ་གཉིས་པ་ལས། སྙིགས་མ་རྩོད་པ་རྒྱས་པའི་དུས། །བྱང་ཕྱོགས་ཁ་བ་ཅན་ལྗོངས་སུ། །རྒྱལ་བའི་ཡུམ་གྱི་སྤྲུལ་པ་ནི། །སྒྲོལ་མའི་མཚན་ཅན་འབྱུང་བར་འགྱུར། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ང་ཡི་བསྟན་པའི་སྙིགས་མ་ལ། །ཁ་བ་ཅན་ཞེས་བྱང་ཕྱོགས་ལྗོངས། །ཤེས་རབ་ཡུམ་གྱི་སྤྲུལ་པ་ནི། །ལབ་ཀྱི་སྒྲོལ་མ་བྱ་བ་འབྱུང་། །སྐྱེ་མེད་སྙིང་པོའི་དོན་རྟོགས་ཤིང་། །གྲོང་དང་གྲོང་ཁྱེར་རི་སུལ་དང་། །དུར་ཁྲོད་བས་མཐའ་ཁྱབ་པར་ཉལ། །དེ་ཡི་དམ་ཆོས་རྒྱས་པར་འགྱུར། །ཞེས་སོ། དེ་ཡང་ཆོས་རྒྱུད་ཀྱི་དབང་དུ་བྱས་ན། སྤྱིར་མ་གཅིག་གིས་ཞི་བྱེད་དབུ་ཕྱག་སོགས་གསན་པའི་བླ་མ་མང་ཡང་། བླ་མའི་གཙོ་བོ་ནི། གཏེར་ཆེན་གྲྭ་པ་མངོན་ཤེས་དང་། སྐྱོ་སྟོན་བསོད་ནམས་གྲགས་པ། སྔ་སྒོམ་ཆེན་མོ་སོགས་སྔགས་རྙིང་མའི་བླ་མ་རྣམས་དང་། ཕ་གཅིག་དམ་པ་སངས་རྒྱས་སོགས་ཡིན་ལ། དེའི་ནང་ནས་ཀྱང་གཙུག་གི་རྒྱན་གཅིག་ཏུ་གྱུར་པ་ནི་སྐྱོ་སྟོན་བླ་མ་བསོད་ནམས་གྲགས་པ་ཡིན་ཏེ་དེ་ཉིད་ཀྱིས་མཁའ་འགྲོ་མའི་དབང་བསྐུར་མཛད་པའི་ཚེ། མ་གཅིག་གི་སྐུ་ཞི་བའི་གར་སྟབས་ཉེར་བཞི། གསུངས་སཾ་སྐྲྀ་ཏའི་བརྡ་སྐད། ཐུགས་རྡོ་རྗེ་ལྟ་བུའི་ཏིང་འཛིན་སོགས་བརྙེས་ནས། དབང་བཞིའི་ཡེ་ཤེས་དེ་ཉིད་དུ་ངོ་འཕྲོད་དེ་མཐོང་ལམ་གྱི་ཡོན་ཏན་མངོན་དུ་གྱུར་པ་སོགས་ཀྱི་ལོ་རྒྱུས་ཆེས་མང་ངོ་། །སྐྱོ་སྟོན་བསོད་ནམས་བླ་མ་དེ་ནི་སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པའི་བཤེས་གཉེན་ཡིན་ཏེ། ཇི་ལྟར་ན། སྔ་འགྱུར་བསྟན་པའི་བབས་སོ་རྣམ་གསུམ་ཞེས་པ། རྒྱལ་བའི་དབང་པོ་པདྨ་སཾ་བྷ་ཝས། བོད་ཡུལ་རྒྱལ་བསྟན་གྱི་ཁྲི་གདུགས་བརྡལ་ནས། རྔ་ཡབ་སྲིན་པོའི་གླིང་དུ་གཤེགས་ཁར་བསྟན་པ་དང་པོ་གཉགས་ལ་གཏད་དེ། གཉགས་ཆེན་ཡེ་ཤེས་གཞོན་ནུ་ལ་སློབ་མ་དཔལ་གྱི་མིང་ཅན་བརྒྱད་བཅས་མཁས་གྲུབ་དུ་མ་བྱུང་། དེ་ནས་བསྟན་པ་གནུབས་ལ་བབས་ཏེ། གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་སློབ་མ་ཐུགས་སྲས་བུ་ཆེན་བཞི། སྲས་ཀྱི་དམ་པ་གཅིག་བཅས་མང་དུ་བྱོན། དེ་ནས་བསྟན་པ་ཟུར་ལ་བབས་ཏེ། གསང་བདག་ཟུར་པོ་ཆེའི་སློབ་མ་རྩེ་མོ་བཞིའི་ནང་ཚན། སྐྱོ་ཤཱཀྱ་ཡེ་ཤེས་ཀྱི་རིགས་དབོན་དུ་འཁྲུངས་པས་སྐྱོ་སྟོན་བསོད་ནམས་བླ་མ་ཞེས་གྲགས། སྐྱོ་སྟོན་ཁུ་དབོན་ཞེས་པ་ཡང་ཁོང་རྣམ་གཉིས་ལ་ཟེར་བ་འདུག དེས་ན་མ་གཅིག་སྤྲུལ་པའི་སྐུ་འདི་ཡང་སྤྱིར་སྔགས་རྙིང་མའི་ཆོས་བརྒྱུད་དུ་བྱོན་པ་ཡིན་པ་དང་། ཕྱིས་དམ་པའི་དྲུང་ནས་དམ་ཆོས་སྡུག་བསྔལ་ཞི་བྱེད་སོགས་གསན་ནས། དབུ་ཕྱག་ཞི་རྫོགས་ཀུན་གྱི་ཟབ་གནད་ཐུགས་ལ་འཁྲུངས་ཤིང་། ཟབ་མོ་གཅོད་ཀྱི་གདམས་པའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་པོར་བྱོན་པ་ཡིན་ནོ། །མ་གཅིག་འདི་ལ་སློབ་མ་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན་ཏེ། སྲས་ཐོད་སྨྱོན་བསམ་འགྲུབ་སོགས་རང་དང་མཉམ་པའི་ཐུགས་སྲས་བཅུ་དྲུག །ལ་མདོས་རྡོ་རྗེ་སྒྲོན་མ་སོགས་སྲས་མོ་རྒྱན་བཞི། གྲྭ་བ་ཧར་ཐོན་སོགས་མཁས་པ་མི་བརྒྱད། གཞན་ཡང་སློབ་མ་ཚོགས་ལམ་ཐོབ་པ་ནི་ཤིན་ཏུ་མང་ཞིང་། སྦྱོར་ལམ་ཐོབ་པ་སྟོང་དང་ཉིས་བརྒྱ་དྲུག་ཅུ་རྩ་གསུམ། དང་པོའི་ས་ཐོབ་བརྒྱ་དང་ཞེ་དྲུག་སོགས་གྲུབ་ཐོབ་ཕོ་མོ་བསམ་གྱིས་མི་ཁྱབ་པ་བྱོན་པ་ཡིན་ཅིང་། དེའི་ནང་ནས་ཀྱང་མདོ་ལུགས་ཀྱི་བརྒྱུད་འཛིན་ཐོད་སྨྱོན་བསམ་འགྲུབ། སྔགས་ལུགས་ཀྱི་བརྒྱུད་འཛིན་རྒྱལ་བ་དོན་འགྲུབ། མདོ་སྔགས་ཟུང་འཇུག་གི་བརྒྱུད་འཛིན་ཆོས་ཀྱི་སེངྒེ་སོགས་ཡིན་ལ། དེ་ལས་བརྒྱུད་པའི་རྣམ་གྲངས་ཡང་། ཕ་བརྒྱུད་ཐབས་ཀྱི་བརྒྱུད་པ། མ་བརྒྱུད་ཤེས་རབ་ཀྱི་བརྒྱུད་པ། སྲས་བརྒྱུད་ཉམས་ཀྱི་བརྒྱུད་པ་ཞེས་གྲགས་པ་དང་། གཞན་ཡང་རིང་བརྒྱུད་དང་ཉེ་བརྒྱུད་སོགས་བརྒྱུད་པ་འདྲེན་ལུགས་མང་ཡང་། འདིར་ནི་བརྒྱུད་པ་ཐམས་ཅད་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་བབས་པ་དང་། གཞན་ཡང་ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་བཅུད་གཏེར་ཁ་གོང་འོག་དུ་མ་ནས་བྱོན་པའི་གཅོད་ཡུལ་གྱི་བརྒྱུད་པ་རྣམས་དང་བཅས་ཏེ། བདག་ཅག་གི་འདྲེན་པ་མཚུངས་མེད་ཆོས་ཀྱི་རྒྱལ་པོ། མཚན་བརྗོད་པར་དཀའ་ཡང་། དོན་གྱི་སླད་དུ་མཚན་ནས་སྨོས་ན། རིག་པའི་རྡོ་རྗེ་བཻ་རོ་ཙ་ན་རྩལ་ཞེས་གྲགས་པ་གང་ལ་བབས་ཤིང་། རྗེ་དེ་ཡི་ཞལ་སྔ་ནས་བདག་ཅག་སློབ་མའི་ཚོགས་ལ་ཐུགས་བརྩེ་བས་གདམས་ཤིང་རྗེས་སུ་གཏད་པ་ལགས་སོ། །ཨེ་མ། སྔོན་རབས་དུ་མར་གོམས་པའི་ལེགས་སྨོན་གྱིས་བསྡུས་ཏེ། །ཐར་བའི་ལམ་གྱི་དེད་དཔོན་གཅིག་ཉིད་ལ་བསྟེན་ནས། །ཐེག་མཆོག་གྲུ་གཟིང་གཅིག་ལ་ལྷན་ཅིག་ཏུ་ཞུགས་པའི། །ཆོས་དོན་རིན་ཆེན་གཉེར་བའི་དོན་མཐུན་གྱི་གྲོགས་ཚོ། །སྲིད་འབྱོར་སྒྱུ་མའི་བསླུ་བྲིད་མཆིལ་སྣབས་བཞིན་དོར་ལ། །ནགས་ཚལ་དྲྭ་བས་གཡོགས་པའི་རི་སུལ་དུ་ཕེབས་ནས། །གཅིག་པུར་སྒྲུབ་པའི་སྲོག་མཁར་བརྟན་པོ་ཞིག་ཚུགས་དང་། །དོན་གཉིས་སྒྲུབ་པའི་ནོར་མཆོག་ཕྱག་མཐིལ་དུ་གདའ་འོ། །ཚད་མེད་རྣམ་བཞིའི་བློ་ཡི་ཆུ་གཏེར་ལས་འཐོན་པའི། །བདག་པས་གཞན་གཅེས་འབྱོངས་པའི་ཆུ་འཛིན་གྱི་ཕྲེང་བ། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་གྲུ་ཆར་དུ་སྨིན་ནས། །སྲིད་ཁམས་གདུལ་བྱའི་ཞིང་སར་འབེབས་པ་ཞིག་མཛོད་དང་། །ཞི་མཐའ་སྤངས་པའི་གཟུགས་སྐུ་དཔག་བསམ་གྱི་སྙེ་མ། །བསྡུ་བཞིའི་འབྲས་བུས་དུད་པའི་ཕྲིན་ལས་ཀྱི་མེ་ཏོག །སློབ་ཚོགས་རྐང་དྲུག་དགྱེས་པའི་རྣམ་གྲོལ་གྱི་ཡོན་ཏན། །ཕུན་ཚོགས་སྦྲང་རྩིའི་རྒྱལ་མཚན་མི་རིང་བར་འཁྲུངས་འོང་། །རྣམ་འབྱེད་ཤེས་རབ་རྡོ་རྗེའི་ཆོས་ཁམས་ལས་གྲུབ་པའི། །བདག་མེད་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་རལ་གྲིས། །སྲིད་རྩ་བདག་འཛིན་དྲུང་ནས་གཅོད་པ་ཞིག་མཛོད་དང་། །སྲིད་ལ་མི་གནས་ཞི་བའི་ཕ་རོལ་ཏུ་འགྲོའོ། །སྲིད་པའི་མཐའ་ལས་རྣམ་གྲོལ་སྤྲོས་བྲལ་གྱི་ཆོས་སྐུ། །མི་རྟོག་ཞི་བའི་ཡེ་ཤེས་རྣམ་མཁྱེན་གྱི་འཆར་གཞི། །བསམ་གྱིས་མི་ཁྱབ་སངས་རྒྱས་ཆོས་ཁམས་ཀྱི་གཏེར་མཛོད། །ཡིད་བཞིན་ནོར་འདྲའི་མྱང་འདས་མངོན་གྱུར་དུ་མཛོད་ཅིག །འགྲོ་བའི་དེད་དཔོན་ཞི་བའི་གསེར་གླིང་དུ་གཤེགས་ཟིན། །སྨོན་འཇུག་སེམས་ཀྱི་གྲུ་གཟིང་ལེགས་ལམ་དུ་སྒྱུར་བ། །ཡོངས་འཛིན་བཤེས་གཉེན་མཁས་པའི་མཉན་པ་ལ་རག་པས། །མ་ནོར་ལམ་སྟོན་བླ་མ་མིག་འབྲས་བཞིན་བསྟེན་མཛོད། །གཏན་འདུན་བྱང་ཆུབ་སྒྲུབ་པའི་བཤུལ་ལམ་དུ་ཞུགས་ཚེ། །འགལ་རྐྱེན་ཡུལ་གྱི་འཚེ་བ་ཉི་རྡུལ་ལས་མང་བས། །སྤང་དང་གཉེན་པོའི་ལམ་གྱིས་གདུལ་བས་ནི་མི་ལང་། །རྐྱེན་ངན་ལམ་སློང་གདམས་པའི་སྙིང་པོ་རུ་དྲིལ་ཅིག །འགལ་རྐྱེན་གྲོགས་སུ་ཤར་བའི་རྣལ་འབྱོར་གྱི་རྒྱལ་པོར། །སྣ་ཚོགས་ཡུལ་གྱི་བར་ཆད་དངོས་གྲུབ་ཏུ་འགུགས་ཤིང་། །ལྟས་ངན་གཡང་དུ་འཁྱིལ་བའི་རྟགས་མཚན་ཞིག་ཤར་ཚེ། །བདུད་བཞིའི་གཡང་ས་མ་བརྒལ་ཆིག་ཆོད་དུ་འགྲོའོ། །སྤོ་མཐོན་འཇིགས་ལྟའི་བྲག་རི་རྩེ་རྒྱལ་ལ་བརྟེན་པའི། །ཆོས་བརྒྱད་བ་དན་གཡོ་བའི་བདུད་བཞི་ཡི་དཔུང་ཚོགས། །གཅིག་ཆར་བདག་མེད་རྟོགས་པའི་གནམ་ལྕགས་ཀྱི་ཐོག་མདས། །རྨེག་མེད་རློག་པའི་ཕཊཿསྒྲ་ཆེམས་ཆེམས་སུ་སྒྲོགས་ཤིག །འཁོར་བའི་གཡུལ་ལས་རྒྱལ་བའི་རིག་རྩལ་གྱི་དཔའ་བོ། །ལྷན་སྐྱེས་སྟོང་ཉིད་བདེ་བའི་དཔལ་མོ་དང་འགྲོགས་ཤིང་། །བདེ་ཆེན་དགའ་བཞིའི་ཞབས་བྲོ་འུར་འུར་དུ་བརྡུང་སྟེ། །ཉམས་རྟོགས་རིག་པའི་རྒྱངས་གླུ་ལྷང་ལྷང་དུ་ལོངས་ཤིག །དེ་སྐད་ཟབ་མོའི་གདམས་པའི་བཅུད། །སྙན་པའི་དབྱངས་སུ་བླངས་པ་འདིས། །མཆེད་ལྕམ་དགྱེས་པའི་དགའ་སྟོན་དུ། །ཆོས་མེད་སྤྲང་པོ་སྨྱོན་པས་བླངས། །དུང་ལྟར་དཀར་བའི་དགེ་བ་དེས། །མཁའ་མཉམ་འགྲོ་བའི་ཚོགས་རྣམས་ཀུན། །མཁའ་ལྟར་དག་པའི་གཞི་དབྱིངས་སུ། །འབད་པ་མེད་པར་གྲོལ་གྱུར་ཅིག །ཅེས་སྤྲང་བན་པདྨ་བཛྲ་པས་སོ།། དགེའོ།། ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། བློ་གྲོས་པད་མོ་རབ་ཏུ་རྒྱས་བྱེད་ཅིང༌། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག། རྒྱལ་དབང་ཀློང་ཆེན་པས། མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་པའི། བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག འཇམ་མགོན་མི་ཕམ་པས། དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག སྐྱབས་རྗེ་པདྨ་སྐལ་བཟང་གིས།