ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ། ཀ༽
ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་མཛོད་ཀྱི་རྩ་བ།
གཞི་ལས་འཁོར་བའི་གྲུབ་ཚུལ་བསྟན་པའི་ལེའུ་སྟེ་དང་པོ།
ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས།
རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨུ་པ་དེ་ཤ་ཤཱསྟྲ་ཙིནྟཱ་རཏྣ་ཀོ་ཥ་ནཱ་མ། བོད་སྐད་དུ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཅེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་མཁའ་དབྱིངས་འོད་གསལ་དག་པ་ལ། །མཁྱེན་བརྩེའི་དཀྱིལ་འཁོར་གང་བས་མཛེས་བྱས་ཤིང་། །མཐའ་ཡས་སྐྱེ་དགུའི་འདོད་སྟེར་རོལ་པ་ཅན། །ཕན་བདེའི་འོད་སྟོང་འཕྲོ་ལ་ཕྱག་འཚལ་ལོ། །སྐལ་བཟང་རྣམས་ཀྱིས་དོན་དུ་གཉེར་བྱ་བ། །ཐར་པའི་མཆོག་སྟེ་དེ་ཉིད་སྒྲུབ་པའི་ཐབས། །ཀུན་གྱི་ནང་ནས་རྩེ་མོར་གྱུར་པ་ཞིག །དེང་སང་བདག་གིས་རབ་ཏུ་གསལ་བར་བྱ། །ཐོག་མའི་འོད་གསལ་བདེ་གཤེགས་སྙིང་པོ་ཉིད། །དོན་གྱི་ཀུན་གཞི་རང་བཞིན་འདུས་མ་བྱས། །ཡེ་ནས་རྣམ་དག་ཉི་
མཁའ་ལྟ་བུ་ལས། །མ་རིག་ཀུན་བརྟགས་གློ་བུར་སྒྲིབ་པའི་སྤྲིན། །གཟུང་འཛིན་འཁྲུལ་པའི་བག་ལ་ཉལ་ལངས་པས། །ཡུལ་དང་དོན་དང་ལུས་སུ་བག་ཆགས་ཏེ། །རིག་པའི་རང་བཞིན་འོད་གསལ་སྙིང་པོ་བསྒྲིབས། །ཇི་ལྟར་སྤྲིན་གྱིས་མཁའ་དབྱིངས་ཉི་བསྒྲིབས་བཞིན། །ཡོན་ཏན་མི་མངོན་འཁྲུལ་སྣང་བདེ་སྡུག་སྣང་། སྤྲིན་ལས་ཆར་བྱུང་ལོ་ཏོག་འཕེལ་བ་བཞིན། །མ་རིག་གཟུང་འཛིན་སེམས་སྤྲིན་རབ་གཡོས་པས། །དགེ་སྡིག་ལས་ཀྱི་ཆར་བབས་དེས་བསྐྱེད་པའི། །འབྲས་བུ་ཁམས་གསུམ་འཁོར་བའི་རང་བཞིན་ནོ། །འཁྲུལ་སྣང་ཇི་སྙེད་བག་ཆགས་གསུམ་ཉིད་ལས། །ཡུལ་གྱི་བག་ཆགས་སྣོད་ཀྱི་འཇིག་རྟེན་དང་། །དེ་ལ་བརྟེན་པའི་གཟུགས་སོགས་ཡུལ་ལྔའོ། །དོན་གྱི་བག་ཆགས་རྣམ་ཤེས་ཚོགས་བརྒྱད་དང་། །དེ་ལ་བརྟེན་པའི་དགེ་སྡིག་ལས་རྣམས་སོ། །ལུས་ཀྱི་བག་ཆགས་འགྲོ་དྲུག་སོ་སོའི་གཟུགས། །དེ་ལ་བརྟེན་པའི་ཡན་ལག་ཉིང་ལག་གོ །དེ་ལྟར་ཀུན་གཞིའི་སྟེང་དུ་བག་ཆགས་གསུམ། །ཐོག་
མེད་དུས་ནས་བཞག་པ་དེ་གོམས་པས། །ཚེ་རབས་ཀུན་དུ་དེ་ལྟར་སྣང་བ་ཡིན། །མི་ཤེས་པ་དག་ཐམས་ཅད་སེམས་ཡིན་ལོ། །སྣང་བ་རྣམ་གསུམ་དོན་ལ་ཤིན་ཏུ་རྨོངས། །སྐྱོན་མང་ཕན་ཚུན་འཆོལ་ཞིང་ཧ་ཅང་ཐལ། །སྐྱོང་བྱེད་དག་གི་ལུགས་ངན་དེ་སྤོངས་ཤིག །འདི་ལྟར་ཡུལ་ལས་གཟུང་བའི་རྣམ་རྟོག་དང་། །དོན་ལས་འཛིན་པའི་རྣམ་རྟོག་རྣམ་གཉིས་སྐྱེ། །དེ་ལས་ཉོན་མོངས་གཟེབ་དང་རྟེན་བྱེད་དེ། །མི་མཁས་བདེན་པར་ཞེན་པས་རྟག་ཏུ་འཁོར། །འདི་དག་ཐམས་ཅད་དོན་ལ་མེད་ན་ཡང་། །གཟུང་འཛིན་དབང་གིས་རྟེན་འབྲེལ་སྒྱུ་མར་སྣང་། །ཇི་སྲིད་གཟུང་འཛིན་དབྱིངས་སུ་མ་ནུབ་པར། །རྒྱུ་འབྲས་ལས་ཡོད་དེ་ཡིས་སྤྲུལ་པ་སྟེ། །སེམས་ཀྱིས་འདུ་བྱེད་སེམས་ཀྱིས་ལས་ཀུན་བྱེད། །སེམས་ལ་སྣང་ཞིང་སེམས་ཀྱིས་བརྟགས་པས་ན། །འཁྲུལ་པའི་སེམས་གདུལ་སླད་དུ་འབད་པར་མཛོད། །ཇི་ལྟར་དྷ་དུ་ར་ཡིས་མྱོས་པ་ལ། །སྣ་ཚོགས་སྣང་བ་མི་འདྲ་ཅི་ཤར་ཡང་། །ཐམས་ཅད་འཁྲུལ་པའི་གཟུགས་ཏེ་དོན་ལ་མེད། །དེ་བཞིན་སེམས་འཁྲུལ་པ་ཡིས་སྦྱར་བ་ཡི། །འགྲོ་དྲུག་འཁྲུལ་སྣང་མ་ལུས་ཇི་སྙེད་ཀུན། །མེད་སྣང་སྟོང་པའི་གཟུགས་བརྙན་ཤེས་པར་མཛོད། །དེ་ལྟར་འཁོར་བའི་རང་བཞིན་གཟུགས་བརྙན་བཞིན། ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །དེ་ཡིས་མྱ་ངན་འདས་པའི་རང་བཞིན་ཤེས། །སྲིད་ལས་རྣམ་གྲོལ་བདེ་གཤེགས་དབང་པོར་འགྱུར། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གཞི་ལས་འཁོར་བའི་གྲུབ་ཚུལ་བསྟན་པའི་ལེའུ་སྟེ་དང་པོའོ།། །།
འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པའི་ལེའུ་སྟེ་གཉིས།
དེ་ལྟར་ཁམས་གསུམ་འཁོར་བར་སྣང་བ་ན། །རྒྱལ་བའི་ཐུགས་རྗེས་ཞིང་ཁམས་རྣམ་བཀོད་དེ། །འགྲོ་བའི་དོན་ཀུན་སྒྲུབ་ལ་ནོར་བུ་བཞིན། །སྲིད་ནས་ཞི་བར་རབ་ཏུ་འདྲེན་པར་མཛད། །ནམ་མཁའི་མཐའ་ཀླས་སེམས་ཅན་ཞིང་རྣམས་སུ། །དུས་གསུམ་རྒྱལ་བས་དོན་ཆེན་མཛད་པ་ལས། །ཞིང་འདིའི་སྟོན་པས་ཇི་ལྟར་འདུལ་བའི་ཚུལ། །རེ་ཞིག་བསྡུས་ཏེ་རབ་ཏུ་བསྟན་པ་ནི། །སྟོན་
པ་ཡིད་བཞིན་ཀུན་ཏུ་བཟང་པོ་ཉིད། །ཐོག་མ་མེད་པའི་དུས་སུ་བྱང་ཆུབ་ནས། །ཆོས་སྐུའི་ངང་ལས་ལོངས་སྐུར་ལྷུན་གྲུབ་སྟེ། །ཐུགས་གསུང་སྐུ་ཡི་སེམས་དཔའ་གསུམ་སྤྲུལ་ནས། །འགྲོ་དྲུག་གནས་སུ་སེམས་ཅན་དོན་མཛད་ཅིང་། །དུས་རིང་ཐོག་མཐའ་མེད་པར་བཞུགས་པ་ལས། །ཁྱད་པར་མི་མཇེད་འཇིག་རྟེན་དོན་མཛད་པ། །ཆོས་སྐུའི་དབྱིངས་ནས་སྟུག་པོ་བཀོད་པའི་ཞིང་། །རང་སྣང་འོད་གསལ་རྣམ་ལྔའི་འོད་སྤྲོས་པས། །རིན་ཆེན་པདྨའི་སྙིང་པོས་བརྒྱན་པའི་ཞིང་། །ལོངས་སྤྱོད་རྫོགས་སྐུས་ཉེ་བར་བརྟེན་པ་ནི། །གཞི་དང་སྙིང་པོ་མེ་ཏོག་བརྒྱན་པ་སྟེ། །མི་མཇེད་འབུམ་ཕྲག་བཅུ་ཡི་རྡུལ་ཕྲན་དང་། །གྲངས་མཉམ་ཞིང་གིས་ཞིང་དེར་བརྒྱན་པའོ། །དེ་ན་རྣམ་པར་སྣང་མཛད་གངས་ཆེན་མཚོའི། །སྐྱིལ་ཀྲུང་གཅིག་གིས་པད་སྡོང་ཁེབས་པར་བཞུགས། །དེ་ཡི་བ་སྤུའི་བུ་ག་ཐམས་ཅད་ནས། །སྤོས་ཆུའི་རྒྱུན་འབབ་དེ་སྟེང་སངས་རྒྱས་ཞིང་། །གྲངས་མེད་བརྗོད་འདས་བཀོད་པས་དོན་མཛད་ཅིང་། །མཉམ་གཞག་སྟེང་ན་སྤོས་ཆུའི་རྒྱ་མཚོ་ལས། །པད་སྡོང་རྒྱ་ཆེན་ཟེའུ་འབྲུ་དཔག་ཡས་སྟེང་། །རེ་རེ་བཞིན་ཡང་ཞིང་ཁམས་དཔག་མེད་གནས། །ཁྱད་པར་ཟེའུ་འབྲུ་དབུས་མའི་སྟེང་ཉིད་ན། །སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མ་སྟེ། །ཕན་ཚུན་གྲངས་མེད་ཟ་འོག་བེར་ཁྱིམ་བཞིན། །དང་པོ་དཔལ་འབྱུང་འོད་ཟེར་རྣམ་སྣང་ཞིང་། །གཉིས་པ་པད་མོ་དཔལ་གྱིས་བརྒྱན་པ་སྟེ། །གསུམ་པ་རིན་ཆེན་བརྒྱན་སྣང་བཀོད་པའི་ཞིང་། །བཞི་པ་མེ་ཏོག་སིལ་མ་བཀྲམ་པ་སྟེ། །ལྔ་པ་དགེ་བ་སྣ་ཚོགས་དག་པའི་ཞིང་། །དྲུག་པ་མེ་ཏོག་ཤིན་ཏུ་རྒྱས་པའི་ཞིང་། །བདུན་པ་ཡང་དག་འབྱུང་བའི་གཟི་བརྗིད་དབྱངས། །བརྒྱད་པ་སྒྲ་དབྱངས་མི་ཟད་སྒྲོག་པའི་ཞིང་། །དགུ་པ་རྡོ་རྗེ་རྒྱལ་མཚན་བཅུ་པ་ནི། །རྣམ་པར་སྣང་ཡིན་བཅུ་གཅིག་སྣང་བའི་མདོག །བཅུ་གཉིས་པ་ནི་རྣམ་སྣང་དང་བའི་ཞིང་། །བཅུ་གསུམ་མི་མཇེད་འཇིག་རྟེན་ཁམས་འདི་ཡི། །ཤར་ན་ཁེབས་
ལྡན་ལྷོ་ན་རྟག་པ་དང་། །ནུབ་ན་རྡུལ་བྲལ་བྱང་ན་ཡོངས་དགའི་ཞིང་། །སྟེང་ན་འོད་འཕྲོ་དྲི་མེད་བཅུ་བཞི་པ། །བཅོ་ལྔ་པ་ནི་རིན་ཆེན་བརྒྱན་པའི་ཞིང་། །བཅུ་དྲུག་རྡུལ་བྲལ་བཅུ་བདུན་དག་པར་སྣང་། །བཅོ་བརྒྱད་རིན་ཆེན་འོད་འཕྲོ་བཅུ་དགུ་པ། །རབ་སྣང་སྣང་བྱེད་དེ་བཞིན་ཉི་ཤུ་པ། །འོད་བྱེད་འོད་འཕྲོ་ཉི་ཤུ་གཅིག་གཉིས་ཏེ། །སྣང་ལྡན་རབ་མཛེས་ཉི་ཤུ་གསུམ་བཞི་ཡིན། །ཉི་ཤུ་ལྔ་པ་རབ་ཏུ་དགའ་བའི་ཞིང་། །དེ་ལྟར་ལྔ་ཚན་རྣམ་ལྔའི་རང་བཞིན་ཡང་། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཏེ། །སྐུ་ཡི་སྐུ་སོགས་ཞིང་ཁམས་ཉི་ཤུ་ལྔ། །མི་མཇེད་ཐུགས་ཀྱི་ཐུགས་ཏེ་ཁྱད་པར་ཞིང་། །གསང་ཆེན་ཚེ་གཅིག་ངེས་པའི་སྙིང་པོས་བརྒྱན། །དེ་ལྟར་ལོངས་སྐུའི་གཞིར་གནས་ཞིང་རྣམས་སུ། །ལོངས་སྤྱོད་རྫོགས་པ་རྣམ་སྣང་ཆེན་པོ་ཡི། །སྤྲུལ་པས་འདུལ་བྱེད་སྟོན་པ་སོ་སོར་སྣང་། །ཁྱད་པར་སྟོང་གསུམ་མི་མཇེད་འཇིག་རྟེན་འདིར། །སངས་རྒྱས་སྟོང་གི་སྒྲོན་མ་རྣམ་པར་བཀོད། །རང་བཞིན་གཅིག་ཉིད་དེ་ལྟར་སྣང་བ་ཡིན། །ཐུན་མོང་མདོ་ལས་ཡུལ་འཁོར་སྐྱོང་གི་བུ། །སྟོང་རྣམས་སོ་སོར་སེམས་བསྐྱེད་འཚང་རྒྱར་གསུངས། །དེ་ནི་བསྐལ་བཟང་འདི་ཡི་གདུལ་བྱའི་ངོར། །སངས་རྒྱས་རྣམ་འཕྲུལ་དེ་ལྟར་བསྟན་པ་སྟེ། །དགོས་ཆེད་དམན་རྣམས་འཇུག་དང་བུ་སྟོང་པོ། །ལུང་བསྟན་པས་ནི་ལྷ་མི་ཁྲག་ཁྲིག་ཕྲག །གྲངས་མེད་བཟོད་ཐོབ་བྱང་ཆུབ་ངེས་ཕྱིར་ཡིན། །དེས་ན་ཚུལ་འདི་དོན་གྱི་དགོངས་པར་བཟུང་། །སངས་རྒྱས་ཐུགས་རྗེས་སྲིད་གསུམ་རྣམ་གྲོལ་ཕྱིར། །སྣ་ཚོགས་ཐབས་ཆེན་མང་པོས་ཕན་བདེ་མཛད། །ཞིང་དང་སྟོན་པར་སྤྲུལ་པས་འགྲོ་ཀུན་གྱི། །མཐའ་ཡས་རེ་སྐོང་བྱང་ཆུབ་ས་མཐོར་འདྲེན། །རྒྱལ་བའི་བྱིན་བརླབས་རྣམ་འཕྲུལ་དེ་འདྲའོ། །ཚུལ་འདི་ཐོས་ནས་མི་དངངས་དད་གྱུར་པ། །དེ་དག་མྱུར་དུ་འཇིག་རྟེན་མགོན་པོར་འགྱུར། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པའི་ལེའུ་སྟེ་གཉིས་པའོ།། །།
སྣོད་ཆགས་ཚུལ་བསྟན་པའི་ལེའུ་སྟེ་གསུམ།
དེ་ལྟར་རྒྱལ་བའི་ཞིང་ཁམས་སྣང་བ་ལས། ཁྱད་པར་མི་མཇེད་འཇིག་རྟེན་བསྟན་པ་ནི། །ཆགས་གནས་འཇིག་སྟོངས་བསྐལ་པ་རྣམ་བཞི་ལས། །དང་པོ་ལ་ཡང་བཅུད་རྣམས་ཡས་ཆགས་ཤིང་། །ནམ་མཁའ་ལ་བརྟེན་སྣོད་ཀྱང་དེ་བཞིན་ནོ། །ས་གཞི་ལ་བརྟེན་སྣོད་རྣམས་མས་ཆགས་ཏེ། །འདི་དག་མདོར་བསྡུས་རིམ་པས་དབྱེ་བ་ནི། །རྟེན་གཞི་རྟེན་དང་བརྟེན་པ་གསུམ་དག་ལས། །དང་པོ་འབྱུང་བ་རིམ་བརྩེགས་རང་བཞིན་ཚུལ། །སྟོངས་པའི་བར་བསྐལ་རྫོགས་པའི་རྗེས་ཉིད་དུ། །ཡིད་མཁའ་རྣམ་དག་ནམ་མཁའ་དཀར་གསལ་རྒྱ། །སྟོང་གསུམ་དང་མཉམ་སྟེང་དུ་རླུང་ཆགས་ཏེ། །སྲུབ་བྱེད་ཀུན་ཁྱབ་རྩུབ་འགྱུར་སྡུད་བྱེད་དང་། །སྨིན་བྱེད་འབྱེད་བྱེད་རྣམ་དྲུག་རིམ་པ་བཞིན། །བསྲུབས་བརྡལ་གཏོར་དང་སྡུད་ཆགས་སོ་སོར་འབྱེད། །མདོག་ལྗང་རྒྱ་གྲམ་དབྱིབས་འདྲ་མུ་ཁྱུད་བཅས། །རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་ལ། །རྒྱར་ནི་གྲངས་མེད་སྲ་མཁྲེགས་རྡོ་རྗེ་འདྲ། །གསེར་གྱི་སྙིང་པོ་ཅན་སྤྲིན་འདུས་པ་ལས། །དེ་སྟེང་ཆར་བབས་ཆུ་ཡི་དཀྱིལ་འཁོར་ནི། །ཞི་བ་གསལ་དག་ཅེས་བྱ་ཀུན་ནས་ཟླུམ། །རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་། །ཉི་ཁྲི་རྟེན་བྱེད་རླུང་གིས་མཐའ་ནས་བསྐོར། །སྲུབ་བྱེད་རླུང་གིས་ཆུ་དེ་རྣམས་བསྲུབས་པས། །དེ་སྟེང་ས་ཡི་དཀྱིལ་འཁོར་གྲུ་བཞིར་ཆགས། །རྔམས་སུ་དཔག་ཚད་སུམ་འབུམ་ཉི་ཁྲི་ལ། །རྒྱ་ཁྱོན་འབུམ་ཕྲག་བཅུ་གཉིས་སྟོང་ཕྲག་གསུམ། །བརྒྱ་ཕྲག་ཕྱེད་དང་ལྔ་དང་བཅས་པའོ། །དེ་སྟེང་རྟེན་ནི་རི་མཚོ་གླིང་རྣམས་ལས། །ཆུ་དང་ས་བསྲུབས་སྤྲིན་ལས་ཆར་བབས་པས། །ལྷུན་པོ་གསེར་རི་མུ་ཁྱུད་གླིང་རྣམས་ནི། །འབྱེད་སྡུད་རབ་འབྲིང་ཐ་མའི་རླུང་གིས་གྲུབ། །རི་རབ་རིན་ཆེན་ཕྱོགས་བཞི་རིམ་པ་བཞིན། །དངུལ་དང་བཻཌཱུར་པདྨ་རཱ་ག་གསེར། །དེ་ཡིས་ཕྱོགས་བཞིའི་ནམ་མཁའ་འང་དེ་བཞིན་ནོ། །རི་རབ་བང་རིམ་བཞི་ལས་འོག་མ་ནི། །རྡོ་རྗེ་ཅན་ཏེ་ནང་གི་རི་རབ་ནས། །ཞེང་དུ་དཔག་ཚད་སྟོང་ཕྲག་
བཅུ་དྲུག་འཕགས། །ཆུར་ནི་སུམ་འགྱུར་ཀུན་ལ་ཤེས་པར་བྱ། །གཉིས་པ་རྣམ་སྤུངས་སྟོང་ཕྲག་བརྒྱད་ཞེང་འཕགས། །གསུམ་པ་ཤེལ་འོད་འབར་བ་བཞི་སྟོང་འཕགས། །བཞི་པ་འཁོར་ལོ་རྣམ་བརྩེགས་ཉིས་སྟོང་འཕགས། །ཆུ་མཚམས་ནས་བཟུང་རི་རབ་ཕྱེད་དུའོ། །ལྷུན་པོ་ཆུ་ལས་བརྒྱད་ཁྲི་འཕགས་པ་སྟེ། །ཆུ་ཡི་ནང་དུ་རི་གླིང་ཀུན་མཚུངས་པར། །བརྒྱད་ཁྲི་ནུབ་ཅིང་གསེར་གྱི་ས་གཞིར་གནས། །གསེར་གྱི་རི་བདུན་གྲུ་བཞིར་བསྐོར་བ་ནི། །གཉའ་ཤིང་འཛིན་དང་དེ་བཞིན་གཤོལ་མདའ་འཛིན། །སེང་ལྡེང་ཅན་དང་བལྟ་ན་སྡུག་པ་དང་། །རྟ་རྣ་རྣམ་འདུད་མུ་ཁྱུད་འཛིན་རི་རྣམས། །ནང་མའི་ཕྱེད་ཕྱེད་ཕྱི་མའི་གནམ་འཕང་སླེབས། །ཞེང་དུ་ཆུ་ལས་འཕགས་པ་དེ་ཙམ་མོ། ཁོར་ཡུག་རི་ནི་ལྕགས་ལས་གྲུབ་པ་སྟེ། །མུ་ཁྱུད་འཛིན་རིའི་ཕྱེད་དུ་སླེབ་ཅེས་གྲགས། །དེ་དག་ནང་གི་མཚོ་ཡི་བྱེ་བྲག་ཀྱང་། །ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་བབས་པས། །རི་གླིང་ཀུན་གྱི་བར་རྣམས་གང་བས་མཚོ། །རོལ་མཚོ་ཡན་ལག་བརྒྱད་ལྡན་ཆུས་གང་བའི། །ཞེང་རྣམས་རི་བདུན་སོ་སོ་དང་མཉམ་ཞིང་། །ཆུར་ཡང་སུམ་འགྱུར་ཀུན་ལ་མཚུངས་པ་ཡིན། །མུ་ཁྱུད་འཛིན་ནས་ཁོར་ཡུག་བ་ཚྭ་ཅན། །ཕྱི་ཡི་རྒྱ་མཚོའི་ཞེང་དུ་སུམ་འབུམ་དང་། །སྟོང་ཕྲག་ཉི་ཤུ་རྩ་གཉིས་དཔག་ཚད་ལྡན། །གླིང་རྣམས་ས་གཞི་ཆུ་དང་ཁད་མཉམ་མཐོ། །ལུས་འཕགས་ཟླ་གམ་ངོས་གསུམ་ཉིས་སྟོང་རེ། །འབུར་ངོས་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །འཛམ་གླིང་སོག་ཁ་ངོས་གསུམ་དེ་དང་འདྲ། །ངོས་གཅིག་དཔག་ཚད་ཕྱེད་དང་བཞི་པའོ། །བ་གླང་སྤྱོད་ཟླུམ་ཁོར་ཡུག་བདུན་སྟོང་དང་། །ལྔ་བརྒྱ་ཞེང་དུ་སྟོང་ཕྲག་ཕྱེད་དང་གསུམ། །སྒྲ་མི་སྙན་གླིང་གྲུ་བཞི་ངོས་རེའི་ཆ། །དཔག་ཚད་ཉིས་སྟོང་མཐའ་སྐོར་བརྒྱད་སྟོང་ངོ་། །ལུས་དང་ལུས་འཕགས་རྔ་ཡབ་རྔ་ཡབ་གཞན། །གཡོ་ལྡན་དང་ནི་དེ་བཞིན་ལམ་མཆོག་འགྲོ། །སྒྲ་མི་སྙན་ཟླ་རྣམས་ནི་གཙོ་བོའི་ཕྱེད། །བྱེ་བྲག་སེམས་ཅན་གནས་གཞན་རྣམ་གཉིས་ལས། །
ངན་སོང་དག་གི་དམྱལ་བའི་རང་བཞིན་གནས། །ཏི་སེའི་འོག་ནས་དཔག་ཚད་ཉི་ཁྲི་ན། །མནར་མེད་དེའི་སྟེང་གཞན་བདུན་བརྩེགས་མར་གནས། །དེ་དང་འདབས་འབྱོར་གྲང་དམྱལ་བརྒྱད་པོ་ཡང་། །ཚ་དམྱལ་རྣམས་ལ་འགྲན་པ་བཞིན་དུ་གནས། །ཉི་ཚེའི་གནས་ལ་ངེས་པ་མ་མཆིས་ཤིང་། །ཉེ་འཁོར་བ་ནི་ཚ་དམྱལ་འཁོར་དུ་གནས། །ཡི་དྭགས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འོག །དཔག་ཚད་ལྔ་བརྒྱ་འདས་པ་རྩ་བའི་གནས། །ཡན་ལག་ལྷ་མིའི་འཇིག་རྟེན་དག་ནའང་ཡོད། །དུད་འགྲོ་བྱིངས་གནས་རྒྱ་མཚོ་ཆེན་པོ་སྟེ། ཁ་འཐོར་ལྷ་མིའི་ཡུལ་ན་གནས་པ་ཡིན། །མཐོ་རིས་མི་རྣམས་གླིང་བཞི་གླིང་ཕྲན་ཏེ། །རྔ་ཡབ་སྲིན་པོ་གནས་ཕྱིར་གཞན་ཡིན་ནོ། །ལྷ་གནས་གཉིས་ལས་འདོད་ལྷའི་གནས་དྲུག་སྟེ། །རྒྱལ་ཆེན་རིས་བཞི་རི་རབ་བང་རིམ་དང་། །ཉི་ཟླ་སྐར་མའི་གཞལ་མེད་ཁང་ན་གནས། །ལྷུན་པོའི་ཕྱེད་ན་ཉི་ཟླ་གཟའ་སྐར་ཏེ། །ཉི་མའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་གཅིག །འོག་གཞི་མེ་ཤེལ་མཐའ་ཆགས་གསེར་ལས་གྲུབ། །ཟླ་བའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་པ། །འོག་གཞི་ཆུ་ཤེལ་མཐའ་ཆགས་དངུལ་ལས་གྲུབ། །གཉིས་ཀའི་ནང་ན་ལྷ་ཡི་གྲོང་ཁྱེར་ཏེ། །སྐྱེད་ཚལ་རྫིང་དང་ལམ་སྲང་རིན་ཆེན་གཞི། །མེ་ཏོག་ཆར་པ་པུས་ནུབ་ངང་གིས་འབབ། །རྙིང་པ་འདོར་ཞིང་གསར་པ་གསལ་བར་འགྲེམས། །སྐར་མའི་ཚོགས་ཀྱང་ཆུ་ཤེལ་སྙིང་པོ་སྟེ། །གསེར་གྱི་ར་བས་ལེགས་བསྐོར་ལྷ་ཡི་གྲོང་། །རྒྱང་གྲགས་གཅིག་ནས་དྲུག་གི་བར་ཡིན་ནོ། ཁ་ཅིག་གསེར་ཟངས་ཆུ་ཤེལ་འཁར་བ་ལ། །རྒྱང་གྲགས་གཅིག་ནས་བཅོ་བརྒྱད་བར་ཡིན་ནོ། རི་རབ་སྟེང་ན་སུམ་ཅུ་རྩ་གསུམ་གནས། །མ་འདྲེས་འཕྲེང་འབར་གཟི་བརྗིད་མཆོག་ལ་སོགས། །ཉེ་དབང་གནས་རིས་སུམ་ཅུ་རྩ་གཉིས་དང་། །གཙོ་བོའི་གནས་ཏེ་རྩ་གསུམ་མཐོ་རིས་ཡུལ། །རི་རབ་རྩེ་མོའི་ངོས་བཞིའི་རྒྱ་ཁྱོན་ལ། །ངོས་རེར་དཔག་ཚད་བརྒྱད་ཁྲིར་གནས་པའི་སྟེང་། །གྲོང་ཚལ་ས་གཞི་ཤིང་དང་འདུན་ས་ལས། །དབུས་ན་རྣམ་པར་
རྒྱལ་བའི་ཁང་བཟངས་མཆོག །ངོས་རེར་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། །མཐའ་སྐོར་སྟོང་ཡོད་ལྷ་ཡི་གྲོང་ཁྱེར་ལས། །གྱེན་དུ་དཔག་ཚད་ཕྱེད་དང་ལྔ་འཕགས་ཤིང་། །བ་གམ་བརྒྱད་ལ་ཁང་བརྩེགས་བདུན་བདུན་གནས། །དེ་དག་རེ་རེར་གནས་ཁང་བདུན་བདུན་ནོ། །ཕྱི་རོལ་སྐྱེད་ཚལ་རིན་ཆེན་རྫིང་བུར་བཅས། །དེ་ཡི་ཕྱི་རོལ་གྲོང་ཁྱེར་བལྟ་ན་སྡུག །ངོས་རེ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། །འཕངས་སུ་ཕྱེད་དང་གསུམ་སྟེ་གསེར་ལས་བྱས། །གསེར་གྱི་ར་བས་བསྐོར་ཞིང་མཛེས་པ་སྟེ། །དགུ་བརྒྱ་དགུ་བཅུ་རྩ་དགུའི་སྒོ་ཆེན་རྣམས། །འཕངས་སུ་དཔག་ཚད་ཕྱེད་དང་གསུམ་པ་སྟེ། །ཞེང་དུ་ཕྱེད་དང་གཉིས་བཅས་སྒོ་སྲུང་ལྡན། །ལམ་སྲང་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། །ཞེང་དུ་བཅུ་གཉིས་འཇམ་ཞིང་བདེ་བ་སྟེ། །རྫིང་དང་རིན་ཆེན་ལྗོན་ཤིང་པདྨས་བརྒྱན། །གྲོང་ཁྱེར་ཕྱི་རོལ་རིན་ཆེན་ར་བ་བདུན། །བར་བར་འོབས་བདུན་ཆུ་མཚོ་ངང་པས་བརྒྱན། །རིན་ཆེན་གྲུ་ན་ལྷ་རྣམས་རྩེད་འཇོ་འཕེལ། །རི་རབ་རྩེ་མོའི་མཚམས་བཞིར་ཁང་བརྩེགས་བཞི། །དཔངས་སུ་དཔག་ཚད་ཕྱེད་དང་ལྔ་པ་ལ། །ངོས་རེར་བརྒྱ་དང་ཉི་ཤུ་རྩ་ལྔ་པ། །གནོད་སྦྱིན་ལག་ན་རྡོ་རྗེའི་ལྷ་རིགས་གནས། །ལྷ་ཡི་སྐྱེད་ཚལ་ར་བ་རྣམ་བཞི་ཡང་། །བལྟ་ན་སྡུག་ནས་དཔག་ཚད་ཉི་ཤུ་ཉིད། །ཕྱོགས་བཞིར་འདས་པའི་མཚམས་ན་གནས་པ་ལས། །ཤར་ན་ཤིང་རྟ་སྣ་ཚོགས་སྐྱེད་མོས་ཚལ། །རིན་ཆེན་རྫིང་དང་ལྗོན་ཤིང་གོས་དང་རྒྱན། །ལྷ་ཡི་བུ་མོས་དགའ་བར་བྱས་པའོ། །ལྷོ་ན་རྩུབ་འགྱུར་ཞེས་བྱའི་སྐྱེད་མོས་ཚལ། །གཡུལ་འགྱེད་ཚེ་ན་ཞེ་སྡང་འཕེལ་བ་སྟེ། །རིན་ཆེན་མཚོན་དང་གོ་ཆ་སྲ་བ་འབྱུང་། །ནུབ་ན་འདྲེས་ཚལ་རྫིང་བུ་བཟང་པོ་ནས། །སྣ་ཚོགས་ལོངས་སྤྱོད་འདྲེས་མར་འབྱུང་བའོ། །བྱང་ན་དགའ་ཚལ་ལྷ་ཡི་བུ་མོས་གང་། །བསྐལ་བཟང་འདྲེན་པ་སྟོང་གི་ཤིང་དང་བཅས། །ལོངས་སྤྱོད་དགའ་བ་ལྷག་པར་འཕེལ་བ་ཡིན། །དེ་དག་ཆུ་ཞེང་ཉིས་བརྒྱ་ལྔ་བཅུ་སྟེ། །དབྱིབས་ལེགས་གསེར་གྱི་ར་བ་དཔག་
ཚད་གཅིག །རིན་ཆེན་ལྕོག་གིས་ཀུན་ནས་མཛེས་པར་བརྒྱན། །ནང་གི་གཞི་རྣམས་གསེར་གྱི་བྱེ་མར་བརྡལ། །རིན་ཆེན་སྐྱེད་ཚལ་རྫིང་བུ་ཆུ་བྱས་གང་། །མེ་ཏོག་ཕང་ཕུང་བུང་བ་གར་བྱེད་མཛེས། །ཚལ་རྣམས་ཕྱི་རོལ་དཔག་ཚད་ཉི་ཤུ་ན། །ས་གཞི་བཟང་པོ་རྣམ་བཞི་རིམ་པ་བཞིན། །སྣ་ཚོགས་རྩུབ་འགྱུར་འདྲེས་པ་དགའ་བ་སྟེ། །རིན་ཆེན་ས་གཞིར་ལྗོན་ཤིང་ཆུ་མཚོས་བརྒྱན། །ཚད་དང་བཀོད་པ་ཚལ་དང་འདྲ་བའོ། །ཤིང་ནི་གྲོང་ཁྱེར་མཆོག་དེའི་བྱང་ཤར་ན། །ཡོངས་འདུ་ས་བརྟོལ་འཕངས་སུ་དཔག་ཚད་བརྒྱ། །རྩ་བར་ལྔ་ཟུག་ཕྱོགས་བཞིའི་ཡལ་ག་ལ། །དཔག་ཚད་ལྔ་ཕྲག་བཅུ་བཅུ་རབ་ཏུ་རྒྱས། །སྙིང་པོའི་རྩེ་མོ་གདུགས་ལྟར་ལྔ་བཅུས་བརྒྱན། །དེ་ཉིད་འོད་ཀྱིས་ཕྱོགས་རྣམས་གསལ་བར་བྱས། །དྲི་བསུང་ཞིམ་པོས་རྫི་ཕྱོགས་དཔག་ཚད་བརྒྱ། །རྫི་ཕྱོགས་མ་ཡིན་ལྔ་བཅུར་ཁྱབ་པའི་གྲོང་། །ཨར་མོ་ནིག་འདྲའི་རྡོ་ལེབ་མཛེས་པ་སྟེ། །ཆུ་ཞེང་དཔག་ཚད་ལྔ་བཅུའི་རང་བཞིན་ལ། །དབང་པོའི་ཁྲིར་བཅས་མེ་ཏོག་ཆར་འབབ་པས། །ལྷ་རྣམས་དབྱར་དུས་ཟླ་བ་བཞིར་གནས་སོ། །བལྟ་ན་སྡུག་ནས་དཔག་ཚད་ཕྱེད་དང་བཞིའི། །ལྷོ་ནུབ་ཆོས་བཟངས་ལྷ་ཡི་འདུན་ས་སྟེ། །ཆུ་ཞེང་སུམ་བརྒྱ་མཐའ་སྐོར་དགུ་བརྒྱ་ཟླུམ། །དབུས་ན་རིན་ཆེན་ཁང་བརྩེགས་འོད་འབར་བ། །ཅུང་ཟད་ཙམ་གྱིས་ས་ལ་མ་རེག་དྲུང་། །ལྷ་རྣམས་རང་གི་སྲིད་དང་བྱ་བ་ལས། །ཉམས་པ་བསྲུང་ཕྱིར་བགྲོ་བའི་གནས་ཡོད་དོ། །ནམ་མཁའ་ལ་བརྟེན་འདོད་ལྷའི་གནས་བཞི་ནི། །གཟའ་སྐར་བཞིན་དུ་མཁའ་ལ་སྣང་བ་སྟེ། །རྒྱ་ཚད་སུམ་ཅུ་རྩ་གསུམ་ནས་བཟུང་སྟེ། །གོང་ནས་གོང་དུ་ཉིས་འགྱུར་འཕགས་པ་ཡིན། །ལྷ་མིན་རི་རབ་ཆུ་མཚམས་མན་ཆད་ཀྱི། ཁོང་གསེང་ནང་ནས་རིམ་པས་སྒྲ་གཅན་དང་། །དཀར་ཕྲེང་འགུལ་ཕྲེང་ཐགས་བཟངས་རིས་རྣམས་ཏེ། །རྒྱུ་ནི་ཡི་དྭགས་ལས་ཀྱིས་འཕངས་པ་ལ། །རྫོགས་བྱེད་ལྷ་ཡི་ལས་ཀྱིས་རྫོགས་བྱས་པས། །ལྷ་དང་འགྲན་པའི་དཔལ་དང་འབྱོར་པས་མཛེས། ཁོང་གསེང་
གསེར་གྱི་ས་གཞི་བཟང་པོའི་དབུས། །དབང་པོའི་ཁང་བཟངས་མཆོག་ནི་གདམས་པ་ཅན། །གྲོང་ཁྱེར་གསེར་ལྡན་འདུན་ས་ནོར་བཟངས་དང་། །སྐྱེད་ཚལ་ཀུན་དགའ་ར་དང་རབ་དགའ་དང་། །དགའ་བ་དགའ་བའི་ཀུན་དགའ་ར་བའོ། །ས་གཞིའི་མིང་ཡང་དེ་དང་འདྲ་བ་སྟེ། །ཤིང་གི་མཆོག་ནི་ཙི་ཏྲ་པ་ཏྲིའོ། །རྡོ་ལེབ་བཟང་པོ་གླང་ཆེན་གངས་བརྩེགས་དང་། བཟོད་པར་དཀའ་དང་རྟ་མཆོག་རབ་མྱུར་རོ། །གཟུགས་ཁམས་གནས་རིས་རྣམ་པ་བཅུ་བདུན་ནི། །བསམ་གཏན་བཞིའི་བར་ཆུང་འབྲིང་ཆེ་ཐོབ་པས། །ཚངས་རིས་ནས་བཟུང་འབྲས་བུ་ཆེའི་བར་རོ། །བསམ་གཏན་བཞི་པོ་སྤེལ་མར་རབ་བསྒོམས་པས། །ཆུང་འབྲིང་ཆེན་པོ་ཆེས་ཆེ་མཆོག་ཆེ་བས། །མི་ཆེ་བ་ནས་འོག་མིན་བར་དག་ཏུ། །འཕགས་པའི་གནས་གཞན་གཙང་རིས་རྣམ་ལྔའོ། །དེ་དག་གོང་ན་སྲིད་པ་ཐ་མའི་གནས། །འོག་མིན་རྣམ་མཛེས་ས་བཅུ་ཐོབ་པའི་གནས། །དྭངས་ཤིང་གསལ་ལ་ཡོངས་སུ་རྫོགས་པ་ཡིན། །གཟུགས་མེད་པ་ལ་དངོས་སྣང་གནས་མེད་དོ། །རྒྱ་ཁྱོན་ཚད་ནི་བསམ་གཏན་བཞི་རིམ་བཞིན། །གླིང་བཞི་པ་དང་སྟོང་གཅིག་སྟོང་གཉིས་གསུམ། །འབྲས་བུ་ཆེ་བའི་བར་དུ་བསྟན་པ་སྟེ། །གནས་གཙང་རིས་ལྔ་རྒྱ་ཁྱོན་ཚད་མེད་དོ། །མཐོ་ཁྱད་བར་ཐངས་འཛམ་བུའི་གླིང་ཉིད་ནས། །རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་བར། །དཔག་ཚད་བཞི་ཁྲི་བཞི་ཁྲི་ཡོད་པ་སྟེ། །དེ་ནས་མཚེ་མར་བརྒྱད་ཁྲི་དགའ་ལྡན་དུ། །ཆིག་འབུམ་དྲུག་ཁྲི་ཡོད་པའི་ཆས་གཞལ་ཏེ། །གོང་ནས་གོང་མར་བགྲོད་པའི་བར་སྣང་ལ། །འཛམ་བུའི་གླིང་ནས་གནས་དེར་ཇི་ཙམ་ཞིག །ཡོད་པའི་བར་ཐག་གོང་མར་བརྩིས་པ་ཡིས། །འོག་མིན་བར་དུ་མཐོ་ཁྱད་ཤེས་པར་བྱ། །གླིང་བཞི་རི་རབ་འདོད་ལྷ་དྲུག་པོ་དང་། ཚངས་པའི་འཇིག་རྟེན་གཅིག་དང་བཅས་པ་ལ། །གླིང་བཞི་པ་ཡི་འཇིག་རྟེན་ཁམས་ཞེས་བྱ། །མུ་ཁྱུད་ཉི་ཟླའི་འཆར་ཚད་མཉམ་པས་བསྐོར། །དེ་ཉིད་སྟོང་མཐར་སུམ་ཅུ་རྩ་གསུམ་དང་། །མཐོ་ཁྱད་མཉམ་པའི་ལྕགས་རིས་བསྐོར་བ་ནི། །སྤྱི་ཕུད་སྟོང་གི་འཇིག་རྟེན་ཁམས་ཞེས་བྱ། །དེ་སྟོང་བར་
མའི་འཇིག་རྟེན་ཁམས་ཡིན་ཏེ། །གཞན་འཕྲུལ་དང་མཉམ་ལྕགས་རིས་ཀུན་ནས་བསྐོར། །དེ་སྟོང་སྟོང་གསུམ་འཇིག་རྟེན་ཆེན་པོའི་མཐར། །ཚངས་རིས་དང་མཉམ་ལྕགས་རིས་བསྐོར་བ་ན། །གླིང་བཞི་རི་རབ་ཚངས་པའི་འཇིག་རྟེན་བར། །ཐེར་འབུམ་གཅིག་སྟེ་བྱེ་བ་ཕྲག་བརྒྱ་རེ། །འདི་དག་འོག་གཞི་རླུང་གི་དཀྱིལ་འཁོར་ཡང་། གཅིག་ལ་བརྟེན་པས་མཉམ་དུ་ཆགས་འཇིག་གནས། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྣོད་ཆགས་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།
བཅུད་ཀྱི་སེམས་ཅན་ཆགས་པའི་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་བ།
དེ་ནས་བཅུད་ཀྱི་སེམས་ཅན་ཆགས་ཚུལ་ལ། །གཟུགས་མེད་གཟུགས་དང་འདོད་པའི་ཁམས་གསུམ་ལས། །ཐོག་མར་གཟུགས་མེད་རང་བཞིན་བསྟན་པ་ནི། །སྔར་བཞིིན་ཐོག་མའི་འོད་གསལ་ལས་འཁྲུལ་ཏེ། །མ་རིག་སས་བསྡུས་བསམ་གཏན་བཞིར་གོལ་བས། །གཟུགས་མེད་བཞི་པོ་གོང་ནས་འོག་མར་མཆེད། །ནམ་མཁར་བརྟེན་ནས་རིམ་པར་གནས་ཚུལ་ནི། །པདྨ་རྣམ་པར་བརྩེགས་པའི་ནམ་མཁའ་ལ། །ཡོད་མིན་མེད་མིན་སྐྱེ་མཆེད་ཉེ་བར་བརྟེན། །ཏིང་འཛིན་གཅིག་གིས་བསྐལ་ཆེན་བརྒྱད་ཁྲི་འདའ། །དེ་འོག་དཔག་ཚད་སྟོང་ཕྲག་སུམ་ཅུ་ན། །རྣམ་རོལ་འཁོར་ལོ་ཅན་གྱི་ནམ་མཁའ་ལ། །ཅི་ཡང་མེད་པའི་སྐྱེ་མཆེད་བརྟེན་པ་ནི། །བསྐལ་ཆེན་དྲུག་ཁྲིའི་བར་དུ་གནས་པའོ། །དེ་ནས་དཔག་ཚད་སྟོང་ཕྲག་ཉི་ཤུའི་འོག །རྣམ་རོལ་འཁོར་ལོ་འཕྲོ་བའི་ནམ་མཁའ་ལ། །རྣམ་ཤེས་མཐའ་ཡས་བསྐལ་ཆེན་བཞི་ཁྲིར་གནས། དེ་འོག་དཔག་ཚད་སྟོང་ཕྲག་གཅིག་ཉིད་ན། །སྤྲིན་ཆེན་རྣམ་པར་རོལ་པའི་ནམ་མཁའ་ལ། །ནམ་མཁའ་མཐའ་ཡས་བསྐལ་ཆེན་ཉི་ཁྲིར་གནས། །དེ་ལྟར་གཟུགས་མེད་རྣམ་པ་བཞི་པོ་ཡང་། །འདོད་གཟུགས་ཇི་བཞིན་གདོས་བཅས་འོད་མིན་པས། །རྣམ་ཤེས་མི་གཡོ་ཏིང་འཛིན་རྩེ་གཅིག་ཉིད། །ཡི་དྭགས་དག་དང་བར་དོའི་སེམས་ཅན་བཞིན། །འགྱུ་བྱེད་ཡིད་ཀྱི་ལུས་སུ་མེད་པས་ན། །རྣམ་ཤེས་ནང་གསལ་ཏིང་
འཛིན་ཞི་བདེར་གནས། །དམྱལ་ལྟར་མྱོང་རིག་སྡུག་བསྔལ་ལུས་མེད་པས། །རྩེ་གཅིག་ཞི་བདེའི་བསམ་གཏན་ཆུ་བོས་བརླན། །དེ་ཕྱིར་སྟོང་རིག་ཏིང་འཛིན་ལུས་ཞེས་བྱ། །དེ་ལྟར་རྟེན་དང་བརྟེན་པའི་ཚུལ་བསྟན་པས། །གཟུགས་མེད་པ་ལ་གནས་གཟུགས་འདོད་པ་མིན། །གནས་ནི་ཁང་ཁྱིམ་ཡུལ་ལ་སོགས་པ་སྟེ། །གཟུགས་ནི་རང་མཚན་ཕན་ཚུན་སྣང་ནུས་པ། །དེ་མེད་ཕྱིར་ན་གཟུགས་གནས་དངོས་སྣང་མེད། །བརྟེན་པར་བསྟན་པས་ཡོད་ན་མིང་བཞི་ཡི། །ཕུང་པོ་ཉིད་ཀྱང་དེ་ལྟར་འགྱུར་བ་ཉིད། །ནམ་མཁའི་གོ་རིམ་བསྟན་པས་དེར་འགྱུར་ན། །གང་དུ་ཤི་སའང་དེ་དང་ཅིས་མི་མཚུངས། །དེས་ན་ཚུལ་འདི་རྒྱུད་སྡེར་རབ་ཏུ་བཤད། །ལེགས་བཤད་དམ་པའི་ཕུལ་དུ་འདི་ཟུངས་ཤིག །དེ་ནས་གཟུགས་ཁམས་དག་གི་རང་བཞིན་ནི། །བསམ་གཏན་བཞི་དང་དགེ་བ་བཅུ་འབྲས་ཀྱིས། །འོད་ཀྱི་ལུས་ལ་སེམས་ཀྱི་རྒྱུད་བརྟེན་ནས། །ཏིང་འཛིན་དགའ་བས་ཡུན་རིང་གནས་པ་ཡིན། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་འོག་དག་ནས། །དཔག་ཚད་སྟོང་ཕྲག་ཉི་ཤུ་གཞལ་བ་ན། །རིན་ཆེན་མཆིང་བུ་རྣམ་བཀོད་ནམ་མཁའ་ལ། །གོང་མ་ལས་མཆེད་འོད་གསལ་དྭངས་པའི་གཟུགས། །ཏིང་འཛིན་སྐྱོན་མེད་འཕགས་པའི་གནས་ཐོབ་སྟེ། །གནས་གཞན་སྣང་བ་ཀུན་གྱི་རྩེར་གྱུར་པས། །འོག་མིན་ཞེས་བྱ་དེར་གནས་ལྷ་རྣམས་ཀྱང་། །ལུས་བོངས་དཔག་ཚད་ཁྲི་དང་དྲུག་སྟོང་ལ། །ཚེ་ཡི་ཚད་ཀྱང་བར་བསྐལ་དེ་སྙེད་ཐུབ། རིན་ཆེན་མཐོན་མཐིང་སྤྲས་པའི་ནམ་མཁའ་ལ། །ཤིན་ཏུ་མཐོང་སྟེ་ལུས་བོངས་དཔག་ཚད་ནི། །བརྒྱད་སྟོང་ཚེ་ཡང་བར་བསྐལ་དེ་སྙེད་དོ། །རིན་ཆེན་རྣམ་མཛེས་ཞེས་བྱའི་ནམ་མཁའ་ལ། །གོང་མ་ལས་མཆེད་གྱ་ནོམ་སྣང་བའི་ལྷ། །ལུས་བོངས་དཔག་ཚད་བཞི་སྟོང་གསལ་བ་ལས། །ཚེ་ཡང་བར་བསྐལ་དེ་སྙེད་ཐུབ་པ་ཡིན། །རིན་ཆེན་ཟེ་བ་སྨུག་གུའི་
ནམ་མཁའ་ལ། །མི་གདུང་བ་སྟེ་དཔག་ཚད་ཉིས་སྟོང་ལུས། །ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །རིན་ཆེན་ཤེལ་ཁང་བརྩེགས་པའི་ནམ་མཁའ་ལ། །མི་ཆེ་བ་སྟེ་ལུས་བོངས་དཔག་ཚད་སྟོང་། །ཚེ་ཡང་བར་བསྐལ་སྟོང་ཕྲག་གཅིག་ཡིན་ནོ། །རིན་ཆེན་རབ་མཛེས་རྣམ་བརྡལ་ནམ་མཁའ་ལ། །འབྲས་བུ་ཆེའི་ལྷ་དཔག་ཚད་ལྔ་བརྒྱའི་ལུས། །ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །རིན་ཆེན་ཀ་ལིས་སྤྲས་པའི་ནམ་མཁའ་ལ། །བསོད་ནམས་སྐྱེས་ལྷ་ལུས་བོངས་དཔག་ཚད་ནི། །ཉིས་བརྒྱ་ལྔ་བཅུ་བར་བསྐལ་དེ་སྙེད་ཚེ། །རིན་ཆེན་སྤྲིན་ཚོགས་སྟུག་པོའི་ནམ་མཁའ་ལ། །སྤྲིན་མེད་ལྷ་དེ་ལུས་བོངས་དཔག་ཚད་ནི། །བརྒྱ་དང་ཉེར་ལྔ་བར་བསྐལ་དེ་སྙེད་ཚེ། །རིན་ཆེན་འོད་འབྱིན་ཞེས་བྱའི་ནམ་མཁའ་ལ། །དགེ་རྒྱས་དཔག་ཚད་དྲུག་ཅུ་རྩ་བཞིའི་ལུས། །ཚེ་ཡི་ཚད་ཀྱང་བར་བསྐལ་དེ་སྙེད་དོ། །རིན་ཆེན་ཨིནྡྲ་ནཱི་ལའི་ནམ་མཁའ་ལ། །ཚད་མེད་དགེའི་ལྷ་ལུས་བོངས་དཔག་ཚད་ནི། །སུམ་ཅུ་རྩ་གཉིས་བར་བསྐལ་དེ་སྙེད་ཚེ། །རིན་ཆེན་པེ་ཏངྐི་ལིང་ནམ་མཁའ་ལ། །དགེ་ཆུང་དཔག་ཚད་བཅུ་དྲུག་བར་བསྐལ་ཚེ། །རིན་ཆེན་ཤྲཱི་ཀུ་ཏྲའི་ནམ་མཁའ་ལ། །འོད་གསལ་དཔག་ཚད་བརྒྱད་ལུས་ཚེ་མཚུངས་ལྡན། །རིན་ཆེན་ཀེ་ཀེ་རུས་སྤྲས་ནམ་མཁའ་ལ། །ཚད་མེད་འོད་ལྷ་དཔག་ཚད་བཞི་པའི་ལུས། །ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །རིན་ཆེན་དཔའ་བའི་འོད་ཀྱི་ནམ་མཁའ་ལ། །འོད་ཆུང་དཔག་ཚད་གཉིས་ལུས་ཚེ་མཚུངས་སོ། །རིན་ཆེན་ཀེ་རུ་ཛ་ཡི་ནམ་མཁའ་ལ། །ཚངས་ཆེན་ལུས་བོངས་དཔག་ཚད་ཕྱེད་དང་གཉིས། །ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །རིན་ཆེན་ས་མི་ཀ་ཡི་ནམ་མཁའ་ལ། །ཚངས་པ་ཀུན་འཁོར་དཔག་ཚད་གཅིག་ལུས་ཚེ། །རིན་ཆེན་པི་ཏང་ཀ་ཡི་ནམ་མཁའ་ལ། །ཚངས་རིས་དཔག་ཚད་ཕྱེད་ལུས་བར་བསྐལ་ཕྱེད། །དེ་དག་གཞལ་མེད་ཁང་བཅས་རྫུས་སྐྱེས་པས། །ཕ་དང་མ་མེད་ཀུན་རྫོགས་གོས་དང་བཅས། །ཏིང་འཛིན་ཟས་སྤྱོད་ཁམ་གྱིས་མི་འཚོ་སྟེ། །རྣམ་བཞིའི་ཡོན་ཏན་རང་བཞིན་ཉིད་ཕྱིར་རོ། །འདོད་པའི་ཁམས་ལ་ལྷ་རིགས་དྲུག་བཤད་པ། །དཔག་བསམ་རིན་ཆེན་བརྒྱན་པའི་ནམ་མཁའ་ལ། །གཞན་
འཕྲུལ་རྒྱང་གྲགས་ཕྱེད་དང་གཉིས་པའི་ལུས། །གཞུ་འདོམ་ཕྱེད་དང་བརྒྱད་བརྒྱའི་རང་བཞིན་ཏེ། །ལོ་སྟོང་དྲུག་བརྒྱ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་ཁྲི་དང་དྲུག་སྟོང་ཐུབ་པ་ཡིན། །དཔག་བསམ་མཐོང་མཛེས་ཞེས་བྱའི་ནམ་མཁའ་ལ། །འཕྲུལ་དགའ་རྒྱང་གྲགས་གཅིག་དང་བཞི་ཆའི་ལུས། །གཞུ་འདོམ་ལྔ་བརྒྱ་བརྒྱ་དང་ཉི་ཤུ་ལྔ། །མི་ལོ་བརྒྱད་བརྒྱ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་བརྒྱད་སྟོང་བར་དུ་གནས་པ་ཡིན། །དཔག་བསམ་མིག་མཛེས་བརྒྱན་པའི་ནམ་མཁའ་ལ། །དགའ་ལྡན་ཆོས་མཆོག་ལོངས་སྤྱོད་དགའ་བ་ཅན། །རྒྱང་གྲགས་གཅིག་ལུས་གཞུ་འདོམ་ལྔ་བརྒྱ་སྟེ། །མི་ལོ་བཞི་བརྒྱ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་བཞི་སྟོང་བར་སྙེད་ཐུབ་པའོ། །དཔག་བསམ་ཡིད་འགྱུར་བརྒྱན་པའི་ནམ་མཁའ་ལ། །འཐབ་བྲལ་ལུས་བོངས་རྒྱང་གྲགས་བཞི་གསུམ་སྟེ། །གཞུ་འདོམ་སུམ་བརྒྱ་བདུན་ཅུ་རྩ་ལྔའོ། །མི་ལོ་ཉིས་བརྒྱ་ཞག་གཅིག་བརྩིས་པ་ཡི། །རང་ལོ་ཉིས་སྟོང་བར་སྙེད་གནས་པའོ། །དེ་ལྟར་འདོད་ལྷའི་ལོངས་སྤྱོད་ཕུན་ཚོགས་ཏེ། །བདུད་རྩིའི་ཟས་སོགས་ཤིན་ཏུ་རྒྱ་ཆེའོ། །འདོད་པ་སྤྱོད་པའང་གཞན་འཕྲུལ་ནས་རིམ་བཞིན། །བལྟས་དགོད་ལག་བཅངས་གཉིས་གཉིས་འཁྱུད་པ་སྟེ། །རིམ་བཞིན་གཅིག་གཉིས་གསུམ་བཞིར་ལྡན་པ་ཉིད། །བཙའ་བའང་པང་ནས་གོས་མེད་གཅེར་བུ་སྟེ། །ལོ་བཅུ་ནས་བཟུང་ལོ་ལྔའི་བར་རིམ་བཞིན། །འཛམ་གླིང་བྱིས་པ་རྣམས་ཀྱི་ན་ཚོད་ཉིད། །དཔག་བསམ་ཡོངས་འདུས་བརྒྱན་པའི་ས་གཞི་ལ། །སུམ་ཅུ་རྩ་གསུམ་རྒྱང་གྲགས་བཞི་ཆ་གཉིས། །གཞུ་འདོམ་ཉིས་བརྒྱ་ལྔ་བཅུའི་རང་བཞིན་ལུས། །མི་ཡི་ལོ་བརྒྱ་རང་ལོ་སྟོང་ཕྲག་གཅིག །རི་རབ་རིན་ཆེན་སྣ་བཞིའི་བང་རིམ་ལ། །རྒྱལ་ཆེན་རིས་བཞི་རྒྱང་གྲགས་བཞི་ཆའི་ལུས། །གཞུ་འདོམ་བརྒྱ་དང་ཉི་ཤུ་རྩ་ལྔའོ། །མི་ལོ་ལྔ་བཅུ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་ལྔ་བརྒྱའི་བར་དུ་གནས་པའོ། །ལྷ་མིན་རྣམས་ལ་རིགས་ནི་རྣམ་པ་ལྔ། །ཚེ་དཔལ་ལྷ་དང་སྟོབས་
ཆེན་གནོད་སྦྱིན་དང་། །རྩུབ་འགྱུར་བདུད་དང་གསོད་བྱེད་སྲིན་པོ་དང་། །གདུག་པ་ཀླུ་ཡི་རིགས་ཏེ་འགྲོ་བའང་དེ། །ལུས་དང་ཚེ་ཡང་མ་ངེས་སྣ་ཚོགས་པའོ། །མི་རྣམས་འོད་གསལ་ལས་མཆེད་འཛམ་གླིང་དུ། །རིང་ཞིག་གནས་ལས་གཉིས་མཆེད་ལུས་འཕགས་སུ། །རྫུས་སྐྱེས་དེ་ནས་སྒྲ་མི་སྙན་མཆེད་ཅིང་། །དེ་ལས་བ་ལང་སྤྱོད་པ་ཉེ་བར་མཆེད། །འཛམ་གླིང་ལུས་ཚད་ཚེ་ལོ་དཔག་མེད་ནས། །བརྒྱད་ཁྲི་ཡན་ཆད་རང་ཁྲུ་སུམ་ཅུ་གཉིས། །ཕྱིས་ནི་ཁྲུ་བཞི་ཕྱེད་དང་བཞི་པ་ཉིད། །ལུས་འཕགས་མི་རྣམས་རང་ཁྲུ་བརྒྱད་པ་སྟེ། །ཚེ་ལོ་ཉིས་བརྒྱ་ལྔ་བཅུ་ཐུབ་པའོ། །བ་ལང་སྤྱོད་མི་ལུས་ཁྲུ་བཅུ་དྲུག་པ། །ཚེ་ལོ་ལྔ་བརྒྱ་སྒྲ་མི་སྙན་སྟོང་སྟེ། །ལུས་ཁྲུ་སུམ་ཅུ་རྩ་གཉིས་ངེས་པ་ཡིན། །ཁྱད་པར་འཛམ་གླིང་སེམས་ཅན་ཆགས་ཚུལ་ནི། །འོད་གསལ་ལྷ་ལས་བསོད་ནམས་ཆུང་ངུ་ཞིག །གླིང་འདིར་འོངས་རྗེས་ཡང་གཅིག་དེ་བཞིན་བྱུང་། །ཟླ་ཞེས་མངོན་བརྗོད་དེ་ནས་མང་ཞིག་མཆེད། །མཁའ་ལ་འགྲོ་ཞིང་འོད་བཅས་དགའ་བདེའི་ཟས། །ཚེ་ལོ་དཔག་མེད་ཉོན་མོངས་མངོན་གྱུར་མེད། །དེ་ཚེ་བསྐལ་པ་དང་པོ་ཞེས་བྱའོ། །གྲོང་མེད་ས་གཞི་ཁད་མཉམ་མཛེས་པ་སྟེ། །ཉི་ཟླ་མེད་ཅིང་སྐྱེས་པ་བུད་མེད་མེད། །ཀུན་ཀྱང་རྫུས་སྐྱེས་སེམས་ཅན་ཞེས་བྱར་གྲགས། །དེ་ནས་རིང་མོ་ཞིག་ན་མཁའ་དབྱིངས་ལས། །མི་སྣང་ཞེས་གྲགས་ཚུན་ཆད་མི་ཞེས་གྲགས། །དེ་ནས་ཚེ་དང་འོད་བྲི་བསོད་ནམས་ཆུང་། ཉོན་མོངས་མངོན་གྱུར་མེད་ཀྱང་ལངས་སུ་ཉེ། །འདི་དུས་གླིང་གཞན་མི་རྣམས་མཆེད་པ་ཡིན། །འཛམ་བུ་གླིང་ཞེས་རབ་ཏུ་གྲགས་པ་ཡང་། རྡོ་རྗེ་གདན་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའི་བྱང་ན་སྤོས་ངད་ལྡན། །དེ་གཉིས་བར་ན་མ་དྲོས་མཚོ་ཆེན་ནི། །གྲུ་བཞི་ཆུ་ཞེང་དཔག་ཚད་ལྔ་བཅུ་པ། །ཡན་ལག་བརྒྱད་ལྡན་ཆུ་ཡིས་གང་བའོ། །ཕྱོགས་བཞི་ཁ་འབབ་བཞི་ལས་འབབ་པའི་ཆུ། །གངྒཱ་སིནྡྷུ་པཀྵུ་སི་ཏ་རྣམས། །མ་དྲོས་མཚོ་ལ་ལན་བདུན་གཡས་
བསྐོར་ནས། །ཆུ་བྲན་ལྔ་བརྒྱའི་འཁོར་དང་ལྷན་ཅིག་ཏུ། །ཕྱོགས་བཞིའི་རྒྱ་མཚོར་ངང་གིས་འབབ་པ་ཡིན། །མཚོ་འགྲམ་ཛམྦཱུ་བྲྀཀྵའི་སྡོང་པོ་ལས། །ཤིང་ཏོག་མཚོར་ལྷུང་གསེར་དུ་གྱུར་པ་ནི། །ལན་གྲངས་བཅུ་དྲུག་བཞུས་པའི་གསེར་དང་མཚུངས། །ཛམ་བུའི་ཤིང་གིས་བརྒྱན་ཕྱིར་དེ་སྐད་གྲགས། དེ་ནས་མི་རྣམས་དགའ་བདེས་གཡེངས་གྱུར་པས། །ཚེ་ལོ་བྱེ་བ་དག་ན་སྒོང་སྐྱེས་ཏེ། །ཀུན་ཀྱང་འོད་ལྔའི་སྒོ་ང་ལས་སྐྱེས་ཤིང་། །འོད་ནི་འདོམ་བདུན་རླུང་གིས་མཁའ་ལ་འགྲོ། །དེ་ནས་ཚེ་ལོ་ས་ཡ་དྲུག་འབུམ་ན། །འོད་བྲི་འདོམ་གང་དྲོད་གཤེར་སྐྱེ་བ་སྟེ། །འདོད་འཇོའི་བ་དང་ཅང་ཤེས་རྟ་མཆོག་བྱུང་། །དེ་ནས་མི་རྣམས་འདོད་པས་གཡེངས་གྱུར་ནས། །ཚེ་དཔལ་འབྱོར་པའང་རིམ་གྱིས་བྲི་བར་གྱུར། །སླར་ཡང་དཔག་བསམ་ཤིང་ལས་འདོད་བྱུང་སྟེ། །འབྲས་བུ་ཟ་ཞིང་ལོ་མ་གོས་སུ་གྱོན། །ཕན་ཚུན་མཐོང་དང་རེག་ན་བདེ་བ་འབྱུང་། དེ་ནས་ཕོ་མོའི་དབང་པོ་སྲོལ་དོད་ཅིང་། །ཕན་ཚུན་བལྟས་པས་རེག་པའི་འདོད་ཆགས་བྱུང་། །ཤིང་བཅད་པ་ལས་འདོད་འབྱུང་ལྗོན་ཤིང་ནུབ། །དེ་ནས་ཚེ་དང་བསོད་ནམས་བྲི་བ་ཡིས། །སྦྲང་རྩིའི་རོ་འདྲ་ས་ཡི་བཅུད་ཟ་ཞིང་། །ཕན་ཚུན་དགོད་པས་ཚིམ་པའི་འདོད་ཆགས་བྱུང་། །འོད་ཉམས་གཏི་མུག་དབང་གིས་མུན་པ་བྱུང་། སྤྱི་མཐུན་ལས་ཀྱིས་ཉི་ཟླ་གཟའ་སྐར་བྱུང་། །ཉིན་མཚན་ལ་སོགས་དུས་ཚིགས་ཡོད་པར་གྱུར། །དེ་ནས་རིམ་བཞིན་ས་ཡི་ཞག་དང་ནི། །མྱུ་གུའི་ཚལ་དང་ཕུབ་མ་མེད་འབྲས་བྱུང་། །རགས་པའི་ཟས་དེས་བཤང་གཅིའི་ལམ་དང་ནི། །ཕོ་མོའི་དབང་པོའང་ལེགས་པར་དོད་གྱུར་པས། །འཁྱུད་ཅིང་དབང་པོ་སྦྱོར་བའི་འདོད་ཆགས་བྱུང་། །ངོ་ཚའི་དབང་གིས་འཇག་ཁྱིམ་བྱུང་བ་སྟེ། །དེ་དག་ཡན་ཆད་བསྐལ་པ་རྫོགས་ལྡན་ནོ། །དེ་ནས་ལེ་ལོས་གསོག་འཇོག་བྱས་པ་ཡིས། །འབྲས་ལ་ཕུབ་ཤུན་བརྔས་པའང་མངོན་པར་གྱུར། །སོ་སོར་བགོས་པས་ཕན་ཚུན་བརྐུ་བ་འབྱུང་། །དེ་ཚེ་རང་བཞིན་བཟང་བའི་སྐྱེས་བུ་ཞིག །ཀུན་གྱིས་བཀུར་བས་རྒྱལ་པོ་ཞེས་བྱ་སྟེ། །
མང་པོས་བཀུར་བའི་རྒྱལ་པོ་ཐོག་མར་བྱུང་། །འགའ་ཞིག་ཁྱིམ་ནས་ཕྱི་རོལ་ཕྱོགས་པ་ལ། །བྲམ་ཟེ་ཞེས་གྲགས་གཙང་སྦྲ་སྤྱོད་པ་བྱུང་། །འགའ་ཞིག་ཁྱིམ་གནས་འབྱོར་ལྡན་ཕ་མ་བཀུར། །དེ་དག་མིང་ཡང་རྗེའུ་རིགས་ཞེས་སུ་གྲགས། །འགའ་ཞིག་ཆོས་མིན་སྤྱོད་པས་དམངས་རིགས་ཞེས། །མི་རིགས་རྣམ་བཞིར་གྲགས་པ་དེ་ནས་བྱུང་། །ངན་སོང་དག་ལས་དམྱལ་བའི་སེམས་ཅན་ནི། །གང་ཞིག་བདག་པོར་འགྱུར་བའི་ལས་བསགས་པས། །གཤིན་རྗེའི་རྒྱལ་པོར་གྱུར་རྗེས་དེ་ཡི་འཁོར། །དམྱལ་བའི་སྲུང་མ་རྣམས་དང་ཁྱི་དང་བྱ། །མེ་དང་མཚོན་རྣམས་ལས་ཀྱི་དབང་གིས་བྱུང་། །དེ་བཞིན་ཡི་དྭགས་དུད་འགྲོའི་ཆགས་ཚུལ་ཡང་། །རང་རང་ལས་ཀྱིས་གནས་རིགས་དེར་སྣང་སྟེ། །ཡུལ་དོན་ལུས་ཀྱི་སྣང་བ་སྡུག་བསྔལ་སྣང་། །དེ་ལྟར་དམྱལ་གནས་སེམས་ཅན་གཅིག་སྐྱེས་པ། །དེ་སྲིད་བར་སྙེད་ཆགས་པའི་བསྐལ་པ་སྟེ། །སྣོད་ཆགས་པ་ལ་བར་བསྐལ་གཅིག་དང་ནི། །བཅུད་ལ་བཅུ་དགུ་བསྡོམས་པས་ཉི་ཤུ་ཉིད། །འཇིག་རྟེན་ཆགས་པའི་བསྐལ་པ་ལགས་པར་གསུངས། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བཅུད་ཀྱི་སེམས་ཅན་ཆགས་པའི་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།
གནས་པའི་བསྐལ་པ་བསྟན་པའི་ལེའུ་སྟེ་ལྔ་པ།
དེ་ནས་གནས་པའི་བར་བསྐལ་ཉི་ཤུ་ནི། །ཐོག་མ་བར་དང་ཐ་མ་གསུམ་ཉིད་དེ། །དང་པོ་ཚེ་ལོ་དཔག་མེད་ནས་བཟུང་ནས། །བཅུ་པའི་བར་དུ་ཉིས་བརྒྱ་བརྒྱ་བརྒྱས་འབྲི། །ཡ་ཐོག་རིང་མོ་འགྲིབ་པའི་བསྐལ་པའོ། །དེ་ནས་འཕེལ་དང་འགྲིབ་གཉིས་ཟུང་གཅིག་གིས། །ཚན་པ་བཅོ་བརྒྱད་འཕེལ་འགྲིབ་བར་ཁུག་སྟེ། །བརྒྱ་བརྒྱ་དག་ན་སྡེ་ཚན་འཕེལ་འགྲིབ་བྱེད། །དེ་ནས་སྔར་བཞིན་ཡར་སྐྱེ་མར་འགྲིབ་ནི། །མ་ཐོག་རིང་མོ་ཞེས་སུ་གྲགས་པ་ཡིན། །ཡ་ཐོག་མ་ཐོག་བར་ཁུག་བཅས་པ་ལ། །བར་བསྐལ་ཉི་ཤུ་རང་བཞིན་གནས་པར་འདོད། །འདི་དག་འཕེལ་འགྲིབ་ཅུང་ཟད་བཤད་པ་ནི། །བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་འབྱོར་པ་ཡིས། །ས་གཞི་བྱ་གག་
འཕུར་བས་སླེབ་ཙམ་གང་། །འཁོར་ལོས་སྒྱུར་བ་དག་ཀྱང་མང་བྱུང་ཞིང་། །འབྱོར་བ་རྒྱ་ཆེ་འདོད་ལྷའི་ཡུལ་དང་འགྲན། །དེ་ནས་མི་དགེའི་དབང་གིས་མར་འགྲིབ་སྟེ། །དྲུག་ཁྲི་པ་དང་ཉི་ཁྲི་བཅུ་པའི་བར། །ཚེ་དང་ལོངས་སྤྱོད་ཡུལ་གྱི་ཡོན་ཏན་འགྲིབ། །བཅུ་པའི་ཚེ་ན་རྣམ་རྟོག་ཉོན་མོངས་རགས། །མི་རྣམས་ལུས་བོངས་མཐོ་གང་ཆག་གང་ལ། །ཉིན་འཚིག་ནུབ་འཁྱགས་དབུལ་ཕོངས་འཚེ་བས་གདུངས། །འབྲུ་བཟང་ནུབ་སྟེ་དྲུག་ཅུའི་ཁ་ཟས་དང་། །ལྭ་བ་གྱོན་ཞིང་དར་ཟབ་ལ་སོགས་ནུབ། །ལན་ཚྭ་གཏན་མེད་ཞོ་ལས་མར་མི་འབྱུང་། །ཕ་མ་དགེ་སྦྱོང་བྲམ་ཟེ་ལ་སོགས་པ། །མི་བཀུར་སྨོད་ཅིང་ངན་པ་རྣམས་ལ་བསྟོད། །དེ་དག་ཟད་བྱེད་མཚོན་ནད་མུ་གེ་ལས། །དང་པོ་མཚོན་གྱི་བསྐལ་པ་འབྱུང་ཚུལ་ནི། །མི་རྣམས་ཕན་ཚུན་འཁྲུགས་ཅིང་སྡང་བ་ལས། །ས་ལས་ཅི་བླངས་མཚོན་ཆའི་རང་བཞིན་འགྱུར། །གཅིག་གིས་གཅིག་གསོད་ངན་སོང་གནས་སུ་ལྟུང་། །དེ་ནས་ནད་ཀྱིས་ཐེབས་ཤིང་འཆི་བར་འགྱུར། །མི་རྣམས་ལྷག་མ་མུ་གེས་ཚར་འབྱིན་ཏེ། །གབ་ཚེ་བ་དང་རུས་གོང་དཀར་པོ་དང་། །ཐུར་མ་བ་སྟེ་བཀྲེས་སྐོམ་འབར་བས་གདུངས། །དེ་ནས་འཕེལ་བའི་རིམ་པ་བསྟན་པ་ནི། །འགའ་ཞིག་ལུས་པ་གྲོང་ཁྱེར་འོངས་པ་ན། །གཅིག་གིས་གཅིག་མཐོང་དགའ་བའི་སེམས་སྐྱེས་ཏེ། །སྲོག་གཅོད་སྤངས་པས་བུ་དང་བུ་མོ་རྣམས། །ཉི་ཤུ་པར་གྱུར་མ་བྱིན་ལེན་སྤངས་པས། །བཞི་བཅུ་པ་སྟེ་རིམ་བཞིན་འདོད་ལོག་དང་། །ཕྲ་མ་ངག་འཁྱལ་རྩུབ་མོ་བརྣབ་སེམས་དང་། །གནོད་སེམས་ལོག་ལྟ་མི་རིགས་འདོད་པ་དང་། །ཆགས་དང་ལོག་པའི་ཆོས་རྣམས་སྤངས་པ་ཡིས། །བརྒྱ་དང་ཉིས་བརྒྱ་ལྔ་བརྒྱ་སྟོང་དང་ནི། །ཉིས་སྟོང་ལྔ་སྟོང་ཁྲི་དང་ཉི་ཁྲི་དང་། །བཞི་ཁྲི་བརྒྱད་ཁྲིའི་བར་དུ་གོང་འཕེལ་ལོ། །ཚེ་བཞིན་གཟུགས་དང་ལོངས་སྤྱོད་ཕུན་ཚོགས་འཕེལ། །བར་ཁུག་རྣམས་ལ་མི་རབས་བཅུ་གཉིས་ཏེ། །ཡ་ཐོག་མ་ཐོག་དེ་བས་རིང་བ་ཡིན། །དེ་ལྟར་གནས་དུས་ཆོས་ཀྱི་བྱེ་བྲག་ཀྱང་། །འགྲོ་བ་དྲུག་དང་སྐྱེ་བ་རྣམ་པ་བཞི། །གཞི་དྲུག་དུས་
བཅུ་དངོས་པོ་བཅུ་བདུན་དང་། །ཡོ་བྱད་བཅུ་བཞི་རྗེས་སུ་སྤྱོད་པ་བརྒྱད། །འཇིག་རྟེན་སྤྱོད་བཅུ་གཏམ་ནི་རྣམ་པ་གསུམ། །ཉེས་རྩོམ་ཉེར་གཉིས་དེ་བཞིན་སེམས་ཅན་རིགས། །དྲུག་ཅུ་རྩ་གསུམ་དུས་བརྒྱད་འཇུག་པ་བཞི། །འཚོ་བ་དྲུག་དང་ཀུན་ནས་བསྲུང་བ་དྲུག །ང་རྒྱལ་བདུན་དང་རྒྱགས་པ་རྣམ་པ་བདུན། །ཐ་སྙད་བཞི་དང་ཐ་སྙད་མང་པོའི་གཞི། །མཁས་པ་དྲུག་དང་བཀའ་ཡི་དངོས་པོ་དགུ། འཁོར་གྱི་དངོས་པོ་བརྒྱད་ལ་སོགས་པར་གྲགས། །དེ་ལྟར་གནས་ཚེ་ཁྱད་པར་གཞན་བསྟན་པ། །བཀྲེས་སྐོམ་འདོད་ཡོད་གཟུགས་དང་གཟུགས་མེད་མེད། །གླིང་གསུམ་ཁ་ཟས་རྣམ་པ་མང་ལྡན་ཞིང་། །སྒྲ་མི་སྙན་ན་སཱ་ལི་གཅིག་པུ་ཉིད། །འདོད་ལྷ་བདུད་རྩི་ཡན་ཆད་ཏིང་འཛིན་ཟས། །མི་ལ་བཤང་གཅི་ལྷ་རྣམས་ལ་ཡོད་མིན། །གླིང་གསུམ་ཆར་འབབ་ཆེ་ཆུང་སྣང་བ་སྟེ། །སྒྲ་མི་སྙན་ལྷ་རྣམས་ལ་དེ་མེད་དོ། །དེ་བཞིན་ནོར་འབྲུ་ཉོ་ཚོང་ལོ་ལེགས་ཉེས། །ཆེད་དུ་བྱས་པའི་གནས་ཀྱང་མཚུངས་པ་ཉིད། །གླིང་གསུམ་འདོད་ལྷའི་གནས་ན་ཁ་དོག་བཞི། །གཟུགས་དང་སྒྲ་མི་སྙན་ན་དཀར་པོ་ཉིད། །གླིང་གསུམ་རས་བལ་དར་ཟབ་སྣལ་མའི་གོས། །སྒྲ་མི་སྙན་ལྷ་དྲུག་ན་སྲབ་འཇམ་ཡང་། །གླིང་གསུམ་ཚ་གྲང་སྒྲ་མི་སྙན་ལྷ་མེད། །སྒྲ་མི་སྙན་རྣམས་མ་གཏོགས་འདོད་ལྷ་མི། །བག་མ་གཏོང་ལེན་གོང་མའི་ཁམས་ན་མེད། །རྗེ་འབངས་བྲན་གཡོག་ཕོ་མོ་མཚུངས་པར་བརྗོད། །འདོད་ལྷ་དྲུག་ལ་ནོར་ཡོད་འབྲུ་མེད་ཅིང་། །སྒྲ་མི་སྙན་ན་འབྲུ་ཡོད་ནོར་མེད་ལ། །གཉེན་མེད་གཟུགས་དང་འདྲ་བ་ཉིད་ཡིན་ནོ། །གླིང་གསུམ་འབྲུ་ནོར་གཉེན་དང་ལྡན་པ་ཉིད། །ཚངས་རིས་ལ་སོགས་གོང་མའི་ཁམས་ན་མེད། །རྫུས་སྐྱེས་རོ་མེད་གཞན་རྣམས་རོ་དང་བཅས། འགྲོ་བ་འང་རང་གི་རྫུ་འཕྲུལ་གྲུབ་པའམ། །གཞན་ལ་བརྟེན་ནས་གོང་མར་ཕྱིན་འགྱུར་གྱི། །གཞན་དུ་འོག་མས་གོང་མ་མཐོང་བ་མེད། །ཚངས་རིས་ལ་སོགས་འཛམ་གླིང་འོང་བའི་ཚེ། །འོག་མའི་སར་བརྟེན་སྤྲུལ་པས་འོང་བའོ། །གླིང་བཞིའི་མི་ལ་ཉིན་
མཚན་སྣང་བའི་ཆ། །འདོད་ལྷར་པདྨོ་བྱེ་དང་ཟུམ་པས་འབྱེད། །སྒྲ་མི་སྙན་པ་ཤི་ནས་རྩ་གསུམ་སྐྱེ། །གཞན་རྣམས་མ་ངེས་ལས་ཀྱིས་སྣ་ཚོགས་ཉིད། །དེ་དག་རྣམས་ཀྱང་བསྡུ་ན་གསུམ་ཉིད་དེ། །གཟུགས་དང་དུས་དང་མིང་ལས་རབ་ཏུ་དབྱེ། །གཟུགས་མཐའ་ཕྲ་རབ་རྡུལ་ཏེ་བདུན་འགྱུར་གྱིས། །ཕྲ་རབ་རྡུལ་ཕྲན་ལྕགས་ཆུ་རི་བོང་ལུག །གླང་དང་ཉི་ཟེར་སྲོ་མ་ཤིག་ནས་སོར། །སོར་མོ་ཉི་ཤུ་རྩ་བཞི་ཁྲུ་གང་སྟེ། ཁྲུ་བཞི་གཞུ་གང་དེ་ཉིད་ལྔ་བརྒྱ་ལ། །རྒྱང་གྲགས་གཅིག་སྟེ་དགོན་པའི་ཚད་དུ་བསྟན། །རྒྱང་གྲགས་བརྒྱད་ལ་དཔག་ཚད་ཅེས་བྱའོ། །དུས་མཐའི་སྐད་ཅིག་མ་སྟེ་སེ་གོལ་གྱི། །དྲུག་ཅུ་རྩ་བཞིའི་ཆ་གཅིག་བརྒྱ་ཉི་ཤུ། །དེ་ཡི་སྐད་ཅིག་དྲུག་ཅུ་ཐང་ཅིག་སྟེ། །སུམ་ཅུ་ཡུད་ཙམ་སུམ་ཅུ་ཉིན་ཞག་གཅིག །སུམ་ཅུ་ཟླ་བ་བཅུ་གཉིས་ལོ་གཅིག་གོ །མིང་མཐའ་ཡི་གེ་སིལ་བུ་འདུས་པ་ལས། །མིང་འབྱུང་བརྟགས་ན་ཡི་གེ་སིལ་བུ་ཉིད། །སྤུ་དང་ཐག་པ་གཡག་རྔ་ནེའུ་གསིང་བཞིན། །མིང་ལས་ཚིག་འབྱུང་བཀའ་དང་བསྟན་བཅོས་ཉིད། །བརྟགས་ན་ཡི་གེ་སིལ་བུ་མ་འབྱར་བའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གནས་པའི་བསྐལ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།
འཇིག་པ་དང་སྟོངས་པའི་བསྐལ་པ་བསྟན་པའི་ལེའུ་སྟེ་དྲུག་པ།
དེ་ནས་འཇིག་པའི་བསྐལ་པ་བསྟན་པ་ནི། །གནས་པ་རྫོགས་ནས་དམྱལ་བའི་ཇིག་རྟེན་དུ། །གསར་དུ་སྐྱེ་བར་མི་འགྱུར་གང་ཡིན་པ། །འཇིག་པའི་ཐོག་མ་དང་པོ་དེ་ནས་འཇོག །ལས་ཟད་རྣམས་ནི་མཐོ་རིས་སྐྱེ་འགྱུར་ཞིང་། །དམྱལ་མྱོང་ལས་མ་ཟད་རྣམས་གཞན་དག་གི། དམྱལ་གནས་རྣམས་སུ་འཕོ་བར་འགྱུར་བ་ཡིན། །དེ་བཞིན་ཡི་དྭགས་དུད་འགྲོ་རྣམས་མཚུངས་ཏེ། །ངན་སོང་གསུམ་ན་སེམས་ཅན་མེད་པར་འགྱུར། །མི་ཡི་འཇིག་རྟེན་གླིང་བཞིའི་འཇིག་ཚུལ་ཡང་། །སྒྲ་མི་སྙན་པ་རྩ་གསུམ་སྐྱེ་འགྱུར་ཞིང་། །གཞན་གསུམ་མཚུངས་པར་བསམ་གཏན་སྐྱེ་བ་ནི། །མི་ཞིག་སློབ་དཔོན་མེད་པར་
ཆོས་ཉིད་ཀྱིས། །བསམ་གཏན་གཉིས་པ་ཐོབ་ནས་བསྒྲགས་པ་ནི། །དབེན་ལས་སྐྱེས་པའི་དགའ་བདེ་ཞི་བའོ། །ཞེས་སྒྲ་གླིང་གསུམ་བསྒྲགས་ཚེ་མི་རྣམས་ཀུན། །བསམ་གཏན་གཉིས་པ་ཐོབ་ནས་ཤི་འཕོས་ཏེ། །འོད་གསལ་ལྷར་སྐྱེས་གླིང་རྣམས་སྟོངས་པར་གྱུར། །དེ་བཞིན་འདོད་ལྷས་བསམ་གཏན་གཉིས་པ་ཐོབ། །འོད་གསལ་སྐྱེས་ཚེ་འདོད་ཁམས་སྟོངས་ཞེས་བྱ། །དེ་ནས་གཟུགས་ཁམས་འཇིག་པའང་དེ་བཞིན་ཏེ། །བསམ་གཏན་གཉིས་པ་ཐོབ་པར་བསྒྲགས་པའི་སྒྲ། །ཐོས་ནས་བསྒྲུབས་པས་ཚངས་པའི་ལྷ་རྣམས་ཀུན། །འོད་གསལ་ལྷར་སྐྱེས་ཚངས་གནས་སྟོངས་པར་གྱུར། །དེ་ནས་སྣོད་ཀྱི་འཇིག་རྟེན་འཇིག་པ་ནི། །མེ་ཆུ་རླུང་གིས་བསྲེག་བཤལ་འཐོར་བ་སྟེ། །ཉི་མ་གཅིག་གིས་རྩྭ་ཤིང་ནགས་ཚལ་སྲེག །གཉིས་ཀྱིས་ལྟེང་ཀ་ཆུ་ཀླུང་མ་ལུས་སྐེམ། །གསུམ་གྱིས་ཆུ་ཀླུང་ཆེན་པོ་ཐམས་ཅད་སྐེམ། །བཞི་ཡིས་མ་དྲོས་མཚོ་ཆེན་སྐེམ་པ་སྟེ། །ལྔ་ཡིས་རྒྱ་མཚོ་དཔག་ཚད་བརྒྱད་སྐེམ་ཞིང་། །རིམ་གྱིས་ཆུ་ཐིགས་གཅིག་ཀྱང་མེད་པར་བྱེད། །དྲུག་གིས་ས་ཆེན་གངས་རི་བཅས་པ་སྲེག །བདུན་གྱིས་རི་གླིང་གསེར་གྱི་ས་གཞིའི་བར། །ཐམས་ཅད་ལྷག་མ་མེད་པར་སྲེག་པ་ཡིན། །མེ་དེས་དམྱལ་བའི་གཞིར་ཁྱབ་སྲེག་ཅིང་འབར། །གྱེན་དུ་རླུང་གིས་རབ་ཏུ་བསྐྱོད་པ་ཡིས། །ཚངས་པའི་གཞལ་མེད་ཁང་རྣམས་བསྲེགས་པ་ན། །འོད་གསལ་ལྷ་ཡིི་བུ་རྣམས་དངངས་ཤིང་སྐྲག །རྒན་པོ་དག་གིས་སྔོན་ཡང་བྱུང་ཞེས་སྒྲོག །དེ་ལྟར་མེ་ཡིས་ལན་བདུན་བསྲེགས་པའི་རྗེས། །མཁའ་ལས་ཆར་བབས་སྟོང་གསུམ་ཁྱབ་པ་ལས། །བསམ་གཏན་གཉིས་པ་མན་ཆད་ཞིག་པར་འགྱུར། །བསྲེགས་པའི་ཐལ་བ་ཆུ་དང་འདྲེས་པར་གནས། །དེ་ནས་རླུང་གིས་ཕྱོགས་བཅུར་གཏོར་བ་ཡིས། །བསམ་གཏན་གསུམ་པ་མན་ཆད་ཞིག་པར་འགྱུར། །རྡུལ་ཕྲན་ཆ་མེད་མཁའ་དབྱིངས་གཅིག་ཏུ་འཁྱིལ། །དེ་ཡང་བསམ་གཏན་གསུམ་ན་རིམ་པ་བཞིན། །རྟོག་
དཔྱོད་མེ་འདྲ་དགའ་བདེ་ཆུ་དང་འདྲ། །དབུགས་ཀྱི་འབྱུང་རྔུབ་རླུང་དང་འདྲ་བ་སྟེ། །སྐྱོན་གསུམ་མཚུངས་ལྡན་འབྱུང་བ་གསུམ་གྱིས་འཇིག །བཞི་པ་ན་མེད་གཞན་གྱིས་མི་འཇིག་ཀྱང། །རང་གི་ལས་ཀྱིས་དེ་ནས་འཆི་འཕོར་སྣང་། །ས་ཡིས་མི་འཇིག་སྣོད་ཀྱི་རང་བཞིན་ཕྱིར། །བསམ་གཏན་འཇིག་པའི་སྔོན་དུ་དེ་ཡི་ལྷ། །གོང་མར་སྐྱེ་བ་ཆོས་ཉིད་ལགས་པར་གསུངས། །དེ་ལྟར་འཇིག་པ་བར་བསྐལ་ཉི་ཤུའོ། །ཞིག་ནས་སྟོངས་ཏེ་ནམ་མཁའ་གཅིག་གི་ངང་། །བར་བསྐལ་ཉི་ཤུའི་ཡུན་དང་མཉམ་པ་ཡིན། །དེ་ནས་ཡང་གཅིག་ཆགས་པའི་མགོ་རྩོམ་མོ། །དེ་ལྟར་ཕུན་ཚོགས་སྣང་བའི་འཇིག་རྟེན་ཡང་། །མི་བརྟན་མེད་པར་འགྱུར་བའི་སྐབས་ཡོད་ན། །སྲིད་ལ་དགའ་བའི་རང་བཞིན་དེ་སྤོངས་ལ། །ཞི་བདེ་ཐར་པའི་བྱང་ཆུབ་བསྒྲུབ་པར་མཛོད། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཇིག་པ་དང་སྟོངས་པའི་བསྐལ་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།
སྣོད་བཅུད་ཀྱི་བདེ་སྡུག་བསྟན་པའི་ལེའུ་སྟེ་བདུན་པ།
དེ་ལྟར་སྣོད་བཅུད་རང་བཞིན་བསྟན་པ་ལས། །དེ་ཡི་བདེ་སྡུག་སྤེལ་མའི་སྣང་ཚུལ་ནི། །འགྲོ་དྲུག་ལས་ཀྱིས་སོ་སོར་མྱོང་བ་ཡིན། །དགེ་བས་བདེ་འགྲོ་བདེ་བ་ཐམས་ཅད་དང་། །མི་དགེས་ངན་འགྲོ་སྡུག་བསྔལ་ཐམས་ཅད་དོ། །སྤེལ་མས་བདེ་སྡུག་འདྲེས་མར་མྱོང་བ་ནི། །ལས་ཚུལ་སྣ་ཚོགས་དབང་གིས་སྣང་བ་ཡིན། །འདི་ལྟར་བསམ་གཏན་གཟུགས་མེད་ཁམས་ན་ཡང་། །དགེ་བས་བསྐྱེད་པའི་བསམ་གཏན་ཞི་བདེ་དང་། །ཚེ་རིང་བསྐལ་པར་གནས་པ་དེ་ཡོད་ཀྱང་། །ཟག་བཅས་འཁོར་བ་ཡིན་ཕྱིར་རྟག་པ་མེད། །མི་དགེའི་དབང་གིས་དེ་ནས་ཚེ་འཕོའི་ཚེ། །ཕྱི་མའི་གནས་ལ་སྐྲག་པའི་སྡུག་བསྔལ་ལྡན། །འདོད་ཁམས་ན་ཡང་བདེ་སྡུག་སྣ་ཚོགས་ཏེ། །སེམས་དམྱལ་ཡི་དྭགས་དུད་འགྲོའི་འཇིག་རྟེན་ན། །རང་རང་མི་དགེས་བསྐྱེད་པའི་སྡུག་བསྔལ་ནི། །ཚ་གྲང་བཀྲེས་སྐོམ་གསོད་གཅོད་བརྡེག་འཚོག་སོགས། །བཟོད་དཀའ་ཡུན་རིང་མྱོང་བར་འགྱུར་བ་དང་། །
རང་རང་སྔོན་དགེས་བསྐྱེད་པའི་བདེ་འབྲས་ནི། །ཡི་དྭགས་ཟས་སོགས་རྙེད་དང་ཅུང་ཟད་བདེ། །ཉིན་མཚན་འགྱུར་ཏེ་བར་འགའ་སྡུག་བསྔལ་ཆུང་། །རྒྱལ་དང་དེ་སྲས་རྫུ་འཕྲུལ་འོད་བཀྱེ་བས། །སྡུག་བསྔལ་ཞི་འགྱུར་གང་དེ་བདེ་བའི་འབྲས། །སྤེལ་མར་སྣང་བ་ལས་ལས་གྱུར་པ་ཡིན། །མི་རྣམས་ལ་ཡང་གནས་དང་ལོངས་སྤྱོད་དང་། །འཁོར་དང་གྲགས་འབྱོར་ཚེ་རིང་ནད་མེད་སོགས། །བདེ་བའི་ཆར་སྣང་རྣམ་པ་སྣ་ཚོགས་དང་། །སྡུག་བསྔལ་ཡང་ནི་སྐྱེ་རྒ་ན་འཆི་དང་། །བཤེས་བྲལ་དགྲ་དང་ཕྲད་ཅིང་མི་འདོད་དང་། །སྡུག་བསྔལ་འབྱོར་པ་རྒུད་ཅིང་ཕོངས་པས་ཉེན། །མི་བསྔགས་ཚ་གྲང་བཀྲེས་སྐོམ་ལ་སོགས་པ། །སྣ་ཚོགས་མང་ལྡན་བཟོད་དཀའ་རྣམས་དང་ལྡན། །དེ་ཀུན་རང་གི་འཁྲུལ་སྣང་ལས་ལས་གྱུར། །ལྷ་མིན་རྣམས་ལའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་འཁྲུག་དང་ཡིད་མི་བདེ། །ཕན་ཚུན་འཚེ་ཞིང་མི་བསྲུན་རྩུབ་པ་སྟེ། །མེ་ཏོག་ཕྲེང་བརྒྱུས་འབྱོར་པའི་སྐྱེད་མོས་ཚལ། །བདུད་རྩིའི་ཟས་དང་ཁང་བརྩེགས་བཞོན་པ་སོགས། །བདེ་མང་ཡུན་རིང་སྤྱད་ཀྱང་ངོམས་པ་མེད། །གཞན་འཕྲུལ་ལ་སོགས་འདོད་ལྷ་དྲུག་ན་ཡང་། །བདེ་མང་ལྷ་ཡི་འབྱོར་པས་ཉམས་དགའ་ཡང་། །རྨི་ལམ་སད་བཞིན་སྤངས་ནས་འགྲོ་དགོས་ལ། །འཆི་འཕོ་ལྟུང་བའི་སྡུག་བསྔལ་དཔག་མེད་ལྡན། ཁྱད་པར་རི་རབ་རྩེར་གནས་ལྷ་རྣམས་ཀྱི། །དགེ་བས་བསྐྱེད་པའི་འབྱོར་བདེ་རབ་མང་པོ། །གྲོང་དང་སྐྱེད་ཚལ་རྡོ་ལེབ་ཤིང་ཆེན་དང་། །དབང་པོའི་བཙུན་མོ་བུ་སྟོང་དཔའ་བ་སྟེ། །མེ་ཏོག་མགོར་བརྒྱན་ལྷ་མོ་རྣམས་ཀྱིས་གང་། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རྟ་མཆོག་དང་། །རབ་བརྟན་གླང་པོ་ས་སྲུང་བུ་མཛེས་ཀྱི། །མགོ་བོ་སུམ་ཅུ་རྩ་གསུམ་སྟེང་རོལ་ཞིང་། །རྩེ་དགའི་དུས་སྟོན་ཉིན་མཚན་ཕྱད་པར་སྤྱོད། །སྡུག་བསྔལ་ཡང་ནི་འཆི་འཕོ་ལྟུང་བ་དང་། །ལྷ་མིན་རྣམས་དང་འཐབ་རྩོད་གཡུལ་འགྱེད་དོ། །རྒྱུ་ནི་གསུམ་སྟེ་འཛམ་གླིང་ལས་
དང་ནི། །ཤིང་དང་བུ་མོ་ལྟ་ལས་གྱུར་པའོ། །དཀར་ཕྱོགས་དག་དང་དེ་བཞིན་ནག་པོ་ཡི། །ཀླུ་དང་བར་སྣང་ལྷ་རྣམས་འཁྲུག་པ་སྟེ། །སྲིད་དང་སྡེར་བཅས་རྩོད་ཅིང་འབྱེད་པར་བྱེད། །དཀར་ཕྱོགས་ཀླུ་མཆོག་བརྒྱད་དང་ནག་པོ་ཡི། །ཀླུ་རྣམས་གཡུལ་འགྱེད་བར་སྣང་ལྷས་དཔུང་གནོན། །སྒྲ་གཅན་འཁྲུགས་ཏེ་རྩོད་པ་ཕམ་གྱུར་པ། །དེ་ཚེ་རྒྱལ་ཆེན་རིས་བཞིའི་ལྷ་མཆོག་ལྷགས། །དཀར་འཕྲེང་གནས་ནས་འགུལ་འཕྲེང་འཁྲུག་པ་འགྱེད། །ཕམ་གྱུར་ཐགས་བཟངས་རིས་སྦྲན་བསྐྱོད་པ་ཡིས། །རི་རབ་འགུལ་ཚེ་དབང་པོ་ཉེ་དབང་བཅས། །རྩུབ་འགྱུར་ཚལ་སོང་གོ་ཆ་རབ་བགོས་ཏེ། །རབ་བརྟན་བཞོན་པ་ལྷ་ཡི་དཔུང་དང་བཅས། །རི་རབ་ཆུ་མཚམས་ཐུག་པར་བསུ་བ་ལས། །གཡུལ་འགྱེད་རི་རབ་འཕེན་ཞིང་ཉི་ཟླ་འཛིན། །ལྷ་རྣམས་གྱེན་དུ་མི་འགྲེང་བདུན་དུ་འཕགས། །རབ་དཀར་བསོད་ནམས་སྟོབས་ལས་གྱུར་པ་ཡིན། །ལྷ་མིན་དཔུང་རྒྱལ་རི་རབ་རྩེར་སོན་ཞིང་། །ལྷ་རྣམས་གྲོང་ཁྱེར་སྒོ་འཕར་ཞག་བདུན་གཅོད། །ལྷ་མིན་ཕམ་གྱུར་གསེར་གྱི་ས་གཞིའི་གྲོང་། །ཞག་བདུན་སྒོ་འཕར་བཅད་དེ་གནས་པ་ཡིན། །དེ་ལྟར་ལྷ་དང་ལྷ་མིན་རྩོད་པ་ལས། །སྡུག་བསྔལ་མང་ལྡན་སྡར་མ་རྣམས་བྱེར་ཞིང་། །བརྒྱལ་འགྱུར་མྱ་ངན་ཆེན་པོ་སྐྱེ་བ་ཡིན། །དེ་འདྲའི་འཁོར་བ་མེ་ཡི་འོབས་འདྲ་ལས། །བློ་ལྡན་རྣམས་ཀྱིས་ཐར་པ་བསྒྲུབ་པར་བྱ། །འཁོར་བའི་གནས་ན་ཡིད་བརྟན་འགའ་མེད་དེ། །བདེ་བར་སྣང་ཡང་འགྱུར་བའི་སྡུག་བསྔལ་ཉིད། །གཏན་དུ་འཁོར་བ་ཟོ་ཆུན་འཁྱུད་མོ་འདྲ། །དེ་ཕྱིར་དེ་ལས་ཐར་ཕྱིར་བརྩོན་འཚལ་ལོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྣོད་བཅུད་ཀྱི་བདེ་སྡུག་བསྟན་པའི་ལེའུ་སྟེ་བདུན་པའོ།། །།
དགེ་བའི་བཤེས་གཉེན་བསྟེན་པའི་ལེའུ་སྟེ་བརྒྱད་པ།
དེ་ནས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །བརྒལ་ཕྱིར་དེད་དཔོན་དཔལ་ལྡན་བླ་མ་བསྟེན། །དེ་ཡང་ཐབས་མཁས་ཐུགས་རྗེ་དཔག་མེད་ཅིང་། །མདོ་རྒྱུད་ཡིད་བཞིན་མཛོད་མངའ་འགྲོ་བ་འདྲེན། །སྐྱོན་བྲལ་ཡོན་ཏན་
རྫོགས་པའི་བླ་མ་ནི། །སྙིགས་མའི་དུས་སུ་སངས་རྒྱས་དངོས་དང་མཚུངས། །རབ་དང་སྲི་ཞི་གུས་པས་སྤྱི་བོས་བསྟེན། །རང་བཞིན་ཡོན་ཏན་རྫོགས་པའི་བླ་མ་ནི། །རིགས་བཟང་ངོ་ཚ་ཁྲེལ་ཡོད་དབང་པོ་ཚང་། །བྱམས་དང་སྙིང་རྗེ་ཤེས་རབ་རྒྱ་ཆེ་ཞིང་། །མང་ཐོས་སྒོ་གསུམ་དུལ་ཞིང་བཟོད་ཆེན་ལྡན། །གསོང་ཞིང་དེས་ལ་གྱ་གྱུ་མེད་པ་སྟེ། །ཡིད་བཞིན་རིན་ཆེད་དད་བརྒྱའི་གཙུག་གིས་བསྟེན། །སྲིད་ལས་རྣམ་གྲོལ་མཆོག་རབ་བླ་མ་ནི། །ཡུལ་དང་རྒྱང་བསྲིང་མི་ཆོས་རྒྱབ་ཏུ་བོར། །དགོས་མེད་རང་བཞིན་ནོར་རྫས་ཞེན་པ་ཆུང་། །རྒྱུ་འབྲས་ཡིད་ཆེས་དགེ་སྡིག་བླང་དོར་བྱེད། །ཚེ་འདི་བློས་ཐོངས་ཡུན་གྱི་དོན་ཆེན་སྒྲུབ། །ཐེག་ཆེན་དོན་ལྡན་འགྲོ་དོན་ཐབས་མཁས་སྤྱོད། །བརྟགས་ཤིང་ངོ་མཚར་དཔལ་ལྡན་ཆོས་ཀྱི་རྗེ། །རྟག་ཏུ་འབྲལ་མེད་སྐྱོ་ངལ་མེད་པར་བསྟེན། །ཤེས་རབ་རྒྱ་ཆེ་སྐལ་བཟང་བླ་མ་ནི། །རིག་གནས་ཀུན་མཁྱེན་ཤེས་བྱའི་དཀྱིལ་འཁོར་རྒྱས། །ཐོས་བསམ་རྒྱ་ཆེ་གྲུབ་མཐའི་ཚིག་དོན་མཁས། །ལྟ་སྤྱོད་ཕུལ་བྱུང་གང་གིས་སྨད་དུ་མེད། །ལུང་རིགས་དང་ལྡན་རང་བཟོ་གཟུ་ལུམ་མེད། །གདུལ་བྱའི་བློ་རིགས་བརྟགས་ནས་ཆོས་སྟོན་ཅིང་། །བྱང་ཆུབ་ལམ་འདྲེན་དེད་དཔོན་བློ་མིག་ཅན། །རིན་ཆེན་ཐར་གླིང་བགྲོད་དེ་གུས་པས་བསྟེན། །རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་ནི། །གོང་མ་མཉེས་བྱས་གྲུབ་ཐོབ་བརྒྱུད་པ་འཛིན། །ཐུགས་མཛོད་ལོན་པས་སྙན་བརྒྱུད་གདམས་པ་ལྡན། །ཕྱག་བཞེས་མཐོང་བས་དོན་གཉིས་སྒྲུབ་ལ་མཁས། །སྒྲུབ་ལ་བརྩོན་པས་དངོས་གྲུབ་སྤྲིན་ཚོགས་བརྙེས། །གཞན་སྣང་བསྒྱུར་ནུས་ཐར་པའི་ལམ་སྣ་འདྲེན། །མདོ་རྒྱུད་བཀའ་བབས་དམ་ཚིག་གཙང་གྱུར་པ། །དེ་འདྲའི་མཁས་གྲུབ་དཔལ་མགོན་སྤྱི་བོས་བསྟེན། །ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མ་ནི། །བྱང་ཆུབ་སེམས་འབྱོངས་རྟག་ཏུ་གཞན་དོན་སྤྱོད། །བྱིན་རླབས་ཞུགས་པས་གཞན་སྣང་བྱིན་གྱིས་རློབས། །ལྟ་སྒོམ་སྤྱོད་འབྲས་ཉམས་
མྱོང་དྲོད་རྟགས་ལྡན། །ནུས་མཐུ་རབ་ལྡན་གདོན་བགེགས་བར་ཆད་སེལ། །ཐབས་མཁས་ཐར་ལམ་འགྲོ་བ་འདྲེན་པའི་མཆོག །མཚུངས་མེད་འཇིག་རྟེན་རྒྱན་གྱུར་གུས་པས་བསྟེན། །མཐར་ཐུག་སྙིང་པོའི་དོན་སྟོན་བླ་མ་ནི། །འབྲེལ་ཚད་རྣམ་གྲོལ་ཟབ་མོའི་དོན་ལ་སྦྱོར། །ལམ་ཟབ་སྙིང་པོས་རང་གནས་ཆོས་སྐུ་སྤྲོད། །བོགས་འདོན་ཟབ་མོས་ཉམས་རྟོགས་གོང་འཕེལ་བྱེད། །མཐར་ཕྱིན་རྟོགས་པས་གནས་ལུགས་གཞི་ལ་སྐྱེལ། །ཐབས་ལམ་ཟབ་མོས་གང་ཡང་ལམ་དུ་སྒྱུར། །གདམས་པ་མང་ལྡན་ཤེས་རྒྱུད་འགྲོལ་ལ་མཁས། །ཚེ་འདིར་འཁོར་བའི་ཆུ་བོ་སྒྲོལ་ནུས་པ། །དེད་དཔོན་ཡིད་བཞིན་སྨན་པའི་རྒྱལ་པོ་ནི། །ཀུན་ལས་འཕགས་ཕྱིར་མཚུངས་མེད་གུས་པས་བསྟེན། །ཇི་སྐད་བཤད་པའི་ཡོན་ཏན་མཆོག་དག་ལས། །ཀུན་ལྡན་བླ་མ་ཨུ་དུམྦཱ་ར་ཙམ། །ཕལ་ཆེར་ལྡན་པའང་སངས་རྒྱས་དང་འདྲ་ཞིང་། །དྲུག་ཚན་ཙམ་ལྡན་དེ་ཡང་བསྟེན་རུང་སྟེ། །སྙིགས་མའི་དུས་འདིར་རབ་ཏུ་རྙེད་དཀའི་ཕྱིར། །རབ་ཏུ་གུས་པ་ཆེན་པོས་བསྟེན་པར་བྱ། །འབྲལ་མེད་རྒྱུན་དུ་བསྟེན་པར་གདམས་པ་ཡང་། །གཏན་གྱི་འདུན་གྲོས་ཐར་ལམ་ཟབ་མོ་ཉིད། །བླ་མ་ལས་གཞན་གང་གིས་སྟོན་མི་འགྱུར། །དེ་ཕྱིར་རྟག་ཏུ་བླ་མ་བསྟེན་པར་བྱ། །དགེ་སྡིག་སྤང་བླང་ཟབ་མོའི་གནད་སྟོན་ཅིང་། །སྡུག་བསྔལ་ནད་སེལ་མ་རིག་འཐིབས་པོ་སེལ། །ཤེས་རབ་མིག་འབྱེད་ཐར་ལམ་སྣང་བྱེད་པ། །བླ་མ་ལས་གཞན་མེད་ཕྱིར་རྟག་ཏུ་བསྟེན། །ཐར་ལམ་བསྒྲུབ་པའང་ཚོགས་གཉིས་རྫོགས་ལ་རག །དེ་ཡི་རྟེན་ཡང་བླ་མ་ལས་ལྷག་པ། །ལྷ་བཅས་འཇིག་རྟེན་ཀུན་ན་མེད་པའི་ཕྱིར། །ཞིང་གི་མཆོག་གྱུར་གུས་པས་རྟག་ཏུ་བསྟེན། །ངན་འགྲོའི་སྲིད་དང་བར་ཆད་འཇིགས་རྣམས་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའང་གཞན་མེད་དེ། །སངས་རྒྱས་ཉིད་ཀྱང་བླ་མ་ལ་བསྟེན་ཕྱིར། །ལོག་འགྲོའི་འཇིགས་བྲལ་ཕྱིར་ཡང་རྟག་ཏུ་བསྟེན། །ཡོན་ཏན་རྫོགས་བྱེད་པ་
ཡང་གཞན་མེད་དེ། །བླ་མ་ལ་བརྟེན་དེ་ལས་ཕུན་ཚོགས་ཕྱིར། །ཐོག་མ་བར་དང་མཐར་ཡང་རྣམ་གྲོལ་གྱི། །ཡོན་ཏན་འབྱོར་སླད་རབ་དང་གུས་པས་བསྟེན། ཁྱད་པར་སྙིགས་དུས་བརྩེ་ལྡན་བླ་མ་ལས། །གཞན་ཞིག་བདག་གི་སྟོན་པར་མི་འགྱུར་བས། །རྒྱལ་ལས་ལྷག་པའི་གུས་པ་ཆེན་པོས་བསྟེན། །དེ་ཡང་དཔལ་ལྡན་བླ་མ་དམ་པ་དག །གང་ན་བཞུགས་པའི་ཡུལ་ཕྱོགས་དེར་བགྲོད་དེ། །དད་གུས་སྲི་ཞུ་ཆེན་པོ་དང་ལྡན་པས། །ཐོག་མ་ཉིད་ནས་མཉེས་བྱས་ཡང་དག་བཙལ། །རྙེད་ནས་སྐྱོ་ངལ་མེད་པར་བསྟེན་བྱ་སྟེ། །དོན་ཆེན་བསྒྲུབ་ལ་ངང་ཆེན་གུས་པས་བསྲིང་། །དེ་ཚེ་མི་མཐུན་རྐྱེན་རྣམས་གྲངས་མང་བས། །ཡིད་འབྱུང་ཕྱིར་ཕྱོགས་བློ་མང་སྐྱེ་བ་ལ། །བདུད་དུ་ཤེས་ནས་སླར་ཡང་གུས་མཆོག་གིས། །ནོར་བུ་རྙེད་པ་མི་འདོར་སྤྱི་བོས་བསྟེན། །ཇི་ལྟར་ཆུ་རྙོག་པ་ལས་དྭངས་པ་ཡི། །གཟུགས་བརྙན་འཆར་ནུབ་རྙོག་བྲལ་ནོར་བུ་ལྟར། །སྒྲིབ་པའི་ཆུ་དྭངས་ཡོན་ཏན་གཟུགས་བརྙན་སྟོན། །རྡོ་ཁམས་གསེར་དང་ས་འོག་རིན་ཆེན་གཏེར། །པདྨའི་ནང་གནས་བདེར་གཤེགས་ཇི་ལྟ་བར། །ཁྱབ་བདག་ཁམས་གཙང་བྱང་ཆུབ་སྙིང་པོ་སྟོན། །མཚན་མོའི་མུན་ནག་སྣང་བ་ཇི་ལྟ་བུ། །ཐར་གླིང་གང་དུ་ཉེར་འགྲོ་དེད་དཔོན་བཞིན། །ཆུ་གཏེར་ཟབ་མོའི་འབྱུང་གནས་བགྲོད་པར་བྱེད། །དེ་སླད་དམ་པ་རྣམས་ལ་བསྟེན་པར་བྱ། །དཀའ་ཐུབ་དཔུང་གཉེན་དཔའ་བོ་རྒྱལ་པོ་དང་། །སློབ་དཔོན་སྨན་པ་ཕན་འདོགས་གྲོགས་ཀྱི་དཔེས། །དགེ་བའི་བཤེས་གཉེན་བསྟེན་ལ་བརྩོན་པར་བྱ། །དེས་ནི་འདི་ཕྱིར་བདེ་ལེགས་ཆོས་འགྲུབ་བོ། །རང་ལ་བདོག་པས་ཉེ་བར་མཉེས་བྱ་སྟེ། །ཆོས་ཀྱི་ཡོན་ནི་གཞལ་དུ་མེད་པའི་ཕྱིར། །ཚོགས་རྫོགས་བར་ཆད་ཞི་ཞིང་དཔལ་འབྱོར་ལྡན། །བྱང་ཆུབ་ཞི་བ་མྱུར་དུ་ཐོབ་པར་འགྱུར། །ཅུང་ཟད་ཕུལ་ལ་ཁེ་རྔམས་མི་སྒྲོག་ཅིང་། །གཞན་དུ་མི་བགྲང་འགྱོད་པར་ཡོང་མི་བྱ། །འདི་ཕྱིའི་དོན་ཆེན་འགྲུབ་པའི་ཐབས་
ཡིན་ཕྱིར། །ལེགས་དགུས་མཆོད་ཅིང་རྟག་ཏུ་བསྙེན་བཀུར་བྱ། །སྤྱོད་ལམ་མཆོག་གིས་མཉེས་པར་བྱ་བ་ཡང་། །ལུས་ཀྱིས་ཕྱག་དང་བསྐོར་བ་མཆོད་པ་འབུལ། །བར་ཆད་བསྲུང་དང་མངག་གཞུག་གཡོག་བྱ་དང་། །ལྡང་དང་གདན་འདིང་བསྐུར་སྟི་སྣ་ཚོགས་བྱ། །སྤང་བྱའི་སྤྱོད་ལམ་མི་གུས་བག་མེད་ནི། །འབྲུ་ཚུགས་བལྟ་དང་བཞིན་གཉེར་ཐལ་མོ་རྡེབ། །རྒྱབ་ཟུར་སྟོན་དང་རྐང་ལག་རྐྱོང་བ་དང་། །ཉལ་འཕྲེས་འཐབ་འཛིངས་རྩེད་འཇོ་འཇོ་སྒེག་བྱེད། །མཆིལ་སྣབས་འདོར་དང་གྲིབ་མ་འགོང་པ་དང་། །བཞུད་ཚེ་མ་གནང་མདུན་འགྲོས་ཞབས་རྗེས་བརྫི། །ལྷྭམ་སྟན་བཞོན་པ་ནོར་རྫས་སྤྱོད་པ་དང་། །སྐུ་ལ་ཚད་འཇལ་ན་བཟའ་བཞུགས་གདན་འགོང་། །མ་གུས་མི་ཤེས་ཉེས་དེ་སྤང་བར་བྱ། །ངག་ཀྱང་སྙན་པས་བསྟོད་དང་སྐྱབས་སུ་འགྲོ། །ཚིག་འཇམ་སྙན་པས་ཞེ་ས་རིམ་གྲོར་བཅས། །གསུང་བཞིན་སྒྲུབ་ཅིང་ཅི་གསུང་ལེགས་ཞེས་བརྗོད། །གཞན་ལའང་བླ་མའི་ཡོན་ཏན་བརྗོད་བྱ་ཞིང་། །དབྱངས་སྙན་དད་དང་བཅས་པས་གསོལ་བ་གདབ། །ངག་གི་མི་དགེ་སྣ་ཚོགས་སྤང་བར་བྱ། །བླ་མའི་དྲུང་དུ་རྫུན་དང་ཕྲ་མ་དང་། །ཚིག་རྩུབ་ཅ་ཅོ་ངག་འཁྱལ་བྲེ་མོའི་གཏམ། །བཀའ་གཅོག་གདོང་ཟློག་ཞེ་གཅོད་ལྐོག་ནས་གཤེ། །ཅོ་འདྲི་ལ་སོགས་ངག་གི་སྒྲིབ་པ་སྤང་། །ཡིད་ཀྱིས་བླ་མའི་ཡོན་ཏན་དྲན་བྱ་ཞིང་། །དད་གུས་ཆེན་པོས་འཕྲད་དཀའི་བློ་བསྐྱེད་ལ། །རྗེས་བཟུང་འགྲོ་བ་གཞན་ལའང་གུས་པར་བྱ། །མ་དད་ལོག་པར་ལྟ་དང་ཁོང་ཁྲོ་དང་། །རྟག་ཏུ་སྐྱོན་ལ་སེམས་དང་བརྙས་སེམས་དང་། །འགྲན་སེམས་གནོད་འཚེའི་སེམས་དང་ང་རྒྱལ་སེམས། །མཛད་སྤྱོད་འགལ་བར་འཛིན་དང་མ་དད་སེམས། །བརྣབ་སེམས་གནོད་སེམས་ལོག་ལྟའི་སེམས་རྣམས་སྤང་། །གསུང་བཞིན་རྗེས་སུ་བསྒྲུབ་པས་མཆོད་པ་ནི། །ཐོས་པ་དམ་པའི་དོན་རྣམས་བསམ་བྱ་སྟེ། །ནགས་མཐར་སོང་ནས་སྙིང་པོའི་དོན་ལ་འབད། །སྒྲུབ་པས་དུས་འདའ་གོང་མའི་གདུང་འཚོབ་བཟུང་། །
དཔལ་ལྡན་བླ་མའི་རྣམ་ཐར་བསྒྲུབ་པ་ཡང་། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་བྱས་ལ། །བདག་ཀྱང་དེང་ནས་དེ་ཡི་རྗེས་བསླབས་ཏེ། །དམ་པའི་གོ་འཕང་ཐོབ་པར་བྱེད་དོན་དུ། །ཐོས་བསམ་བསྒོམ་པའི་ཚུལ་ལ་ནན་ཏན་བྱ། །དེ་ལྟར་སྣ་ཚོགས་ཐབས་མང་ཉིད་སྒོ་ནས། །བླ་མ་བསྟེན་པའི་ཡོན་ཏན་མཐའ་ཡས་ཏེ། །ཡང་དག་ལམ་ཆུད་བླང་དོར་དམིགས་རྣམ་ཕྱེད། །ཚོགས་རྫོགས་སྒྲིབ་བྱང་བར་ཆད་རབ་ཞི་ཞིང་། །རང་ཡང་སྐྱེ་བོ་དམ་པའི་གནས་ཐོབ་ནས། །མྱུར་དུ་ཐར་པའི་གྲོང་དུ་ཕྱིན་པའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དགེ་བའི་བཤེས་གཉེན་བསྟེན་པའི་ལེའུ་སྟེ་བརྒྱད་པའོ།། །།
སྡིག་པའི་གྲོགས་པོ་སྤང་བའི་ལེའུ་སྟེ་དགུ་པ།
དེ་ལྟར་དགེ་བའི་བཤེས་གཉེན་ལེགས་བསྟེན་ནས། །སྡིག་པའི་བཤེས་གཉེན་གྲོགས་དང་བཅས་པ་སྤང་། །དེ་ཡང་ཉོན་མོངས་ཤས་ཆེ་རང་རྒྱུད་ངན། །ཚེ་འདི་དོན་གཉེར་སྲིད་ལས་ཡིད་མ་བྱུང་། །ཐོས་བསམ་རྒྱ་ཆུང་ཤེས་བྱའི་གནས་ལ་རྨོངས། །དད་བརྩོན་མི་ལྡན་དགེ་ཚོགས་རིང་དུ་བྱེད། །སྒོ་གསུམ་མ་དུལ་ཁེངས་དང་བཅོས་པའི་ཚུལ། །གཞན་ལ་གཤེ་ཞིང་དག་སྣང་མོས་གུས་མེད། །ཟས་སྐོམ་ནོར་དང་ལོག་པའི་ཆོས་ལ་སྲེད། །སྡོམ་དང་དམ་ཚིག་འཆལ་ཞིང་རང་རྒྱུད་རྩུབ། །འགྲོགས་ཚད་ཉོན་མོངས་ལོག་པའི་ལམ་ལ་འགོད། །མི་དགེ་འཕེལ་ཞིང་དགེ་ལེགས་འགྲིབ་པ་སྟེ། །སྡིག་པའི་བཤེས་གཉེན་གྲོགས་བཅས་མཚན་ཉིད་ལགས། །དེ་དང་འགྲོགས་པའི་ཉེས་པ་ཚད་མེད་དེ། །རང་རྒྱུད་ངན་ཞིང་དག་སྣང་ཆུང་བ་དང་། །ཕྱོགས་རེས་ཁེངས་ཤིང་རང་ཕྱོགས་མཆོག་ཏུ་འཛིན། །བདག་བསྟོད་གཞན་སྨོད་ཡང་དག་ཆོས་སྤོང་ཞིང་། །ཐེག་ཆེན་དགེ་བའི་བཤེས་ལ་སྐུར་པ་འདེབས། །ནོར་རྫས་སྲེད་ཅིང་ཆགས་སྡང་དུག་མདའ་འཕེན། །ཚེ་འདིའི་དབང་གྱུར་ཐར་ལམ་རྒྱབ་ཀྱིས་ཕྱོགས། །དགེ་ལེགས་འགྲིབ་ཅིང་མི་དགེ་འཕེལ་བ་ཡིན། །
གཞན་ཡང་གང་དང་འགྲོགས་པ་དེ་འགོ་སྟེ། །གཏི་མུག་ཅན་བསྟེན་ཐོས་བསམ་ཤེས་རབ་འགྲིབ། །ཞེ་སྡང་ཅན་ལས་མ་རུངས་རང་རྒྱུད་ངན། །འདོད་ཆགས་ཅན་ལས་ཡུལ་ལ་སྲེད་པ་འཕེལ། །ང་རྒྱལ་ཤས་ཆེ་ཕྱོགས་རིས་གཉིས་འཛིན་འགོ །ཕྲག་དོག་ཤས་ཆེ་འགྲན་སེམས་ཟུག་རྔུ་ཉིད། །སྤེལ་མ་དང་འགྲོགས་ཉེས་ཀུན་སྤེལ་མར་འགོ །ངེས་འབྱུང་མེད་དང་ཚེ་འདིར་མངོན་དགའ་དང་། །འདུན་གྲོས་མཁན་དང་རྩེད་འཇོ་འཇོ་སྒེག་ཅན། །ཆེ་བཙན་ནོར་ལ་སྲེད་དང་ཁེ་སྤོགས་མཁན། །ལས་བྱེད་ལ་སོགས་གང་དང་འགྲོགས་གྱུར་དེའི། །ཀུན་སྤྱོད་སྐལ་བ་ངན་པ་འགོས་པར་འགྱུར། །རྨོངས་པ་དག་དང་འགྲོགས་པའི་ཉེས་པ་ཡང་། །ཤེས་བྱའི་གནས་ལ་རྨོངས་དང་ཕྱོགས་རེས་ཁེངས། །ཐར་ལམ་མི་ཤེས་ལོག་པའི་ལམ་བགྲོད་འགྱུར། །དད་བརྩོན་མེད་དང་འགྲོགས་པས་དགེ་བ་འགྲིབ། །སྒྲུབ་ལ་གཡེལ་ཞིང་མོས་གུས་ཉམས་པར་བྱེད། །ཐེག་དམན་དང་འགྲོགས་གཅིག་པུ་ཞི་ལ་མོས། །སེམས་སྟོབས་ཆུང་ཞིང་གཞན་དོན་སྙིང་རྗེ་མེད། །ཐེག་མཆོག་དོན་དང་འགལ་བའི་ཉེས་མང་ལྡན། །ལྟ་དང་ཏིང་འཛིན་མེད་དང་བསླབ་པ་འཆལ། །ཐ་མལ་རིག་ཤེས་སྐྱོང་དང་རྙེད་པ་འཚོལ། །གནད་མེད་གཅིག་པུར་ཞེན་དང་སྟོང་ལྟ་ཅན། །ཉམས་མེད་ཐ་སྙད་མཁན་དང་འགྲོགས་པ་ན། །དེ་དག་བྱུར་འགོ་དོན་མེད་ཚིག་ཕྱིར་འབྲེང་། །ནེ་ཙོའི་འདོན་པ་འདྲ་བར་འགྱུར་བ་ཡིན། །དེ་དག་དང་འགྲོགས་ཐར་ལམ་བར་དུ་གཅོད། །དགེ་འགྲིབ་བདེ་འགྲོའི་གནས་ཀྱང་མི་འགྲུབ་ན། །ཞི་བདེའི་བྱང་ཆུབ་འགྲུབ་པ་སྨོས་ཅི་དགོས། །དེས་ན་སྡིག་པའི་གྲོགས་པོ་སྤང་བར་བྱ། །ཇི་ལྟར་ལམ་འཕྲང་བགྲོད་པའི་མགྲོན་པོ་དག །ཆོམ་རྐུན་འཇིགས་པས་བཅོམ་ལའང་འཇིགས་ལྟ་ན། །དེ་ཡིས་ཚེ་འདིའི་ནོར་དང་སྲོག་འདོར་གྱི། །གཏན་གྱི་བདེ་བ་འཕྲོག་པར་ཡོང་མི་ནུས། །མི་དགེའི་བཤེས་གཉེན་བསྟེན་པའི་འགྲོ་བ་རྣམས། །དམ་པས་བརྙས་ཤིང་དཀར་ཕྱོགས་ལྷས་འདོར་བས། །གནོད་མང་སྡུག་བསྔལ་
འབྱུང་གནས་འདིར་ཡང་ཕུང་། །ཕྱི་མར་ངན་འགྲོ་གཏན་དུ་སྲིད་མཚོར་འཁྱམ། །བདེ་བའི་ནོར་མཆོག་བྲལ་ལ་མི་འཇིགས་པའི། །སྐྱེ་བོ་དེ་ནི་བདུད་ཀྱིས་བསླུས་པ་ལགས། །འདི་ལྟར་འཇིག་རྟེན་ན་ཡང་རབ་རྟོག་དཔེ། །སྐྱེལ་མའི་ཡུལ་དེ་བཟང་ངན་རྟོག་ཅིང་འདྲི། །ཐར་པ་འདོད་ལ་བཤེས་གཉེན་དྲི་རྟོག་མེད། །བློ་གྲོས་བླུན་པོ་བདུད་སྡེས་དངོས་སུ་བཅོམ། །དམན་པའི་ནོར་དག་ཉོ་ཚོང་བྱེད་ན་ཡང་། །རང་གི་མི་ཤེས་གཞན་ལ་དྲི་བར་བྱེད། །དེང་སང་གང་བྱུང་ཆོས་ཀྱི་ལམ་དེར་འཇུག །རྣམ་དཔྱོད་མིག་མེད་ཐོས་བསམ་སྣང་བ་མདོངས། །མིག་ལྡན་གཞན་ལ་དྲི་བའི་རྟོག་པ་མེད། །ཐར་འདོད་སྐྱེ་བོ་མང་པོ་བདུད་ཀྱིས་བསླུས། །འདིར་ནི་སྡིག་པའི་གྲོགས་པོ་བརྟགས་ཏེ་སྤང་། །དེ་ཡི་ཕན་ཡོན་དམ་པ་ཚད་མེད་དེ། །ལོག་པར་མི་ལྟུང་རྟག་ཏུ་དགེ་བ་འཕེལ། །དམ་པས་བསྟོད་ཅིང་ཡོན་ཏན་ཚོགས་རབ་འགྲུབ། །དྲན་དང་ཏིང་འཛིན་ཤེས་རབ་རྒྱ་ཆེ་ཞིང་། །འདིར་ཡང་བདེ་ལ་ཕྱི་མར་ལེགས་པ་སྟེ། །མཐོ་རིས་གངྒཱའི་ཆུ་ངོགས་ལེགས་བགྲོད་ཅིང་། །ཞིང་རྣམས་རྒྱལ་སྲས་འབྱོར་པས་ཡོངས་གང་མཐོང་། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྡིག་པའི་གྲོགས་པོ་སྤང་བའི་ལེའུ་སྟེ་དགུ་པའོ།། །།
འཆད་པ་པོ་སློབ་དཔོན་གྱི་ལེའུ་སྟེ་བཅུ་པ།
དེ་ལྟར་སྡིག་པའི་གྲོགས་པོ་སྤངས་བྱས་ཤིང་། །དགེ་བའི་བཤེས་གཉེན་ཡོངས་སུ་བསྟེན་པ་ན། །དེ་ལས་དང་པོ་ཐོས་པའི་ཤེས་རབ་བསྐྱེད། །འདི་ནི་ཐར་པའི་རྩ་བ་ལགས་པར་གསུངས། །དེ་ལ་མང་ཐོས་ཡོན་ཏན་བཅུ་ལྡན་གྱི། །བླ་མ་མཆོག་དེས་སྐལ་བཟང་སློབ་མ་ལ། །དམ་པའི་ཆོས་ནི་ཡོངས་སུ་འཆད་པ་ན། །ཐོག་མར་སྣོད་ཀྱི་དབང་པོ་བརྟག་པ་གཅེས། །བྱིས་དང་རྒན་བཞིན་ཁ་ཟས་ཐ་དད་ལྟར། །དེ་ཡི་ཆོས་ཀྱང་རང་བཞིན་ཐ་དད་དོ། །དེ་ནས་རིམ་པར་ཁྲིད་པའི་ཚུལ་གྱིས་བཤད། །དེས་ནི་ཐེག་པའི་རིམ་པ་ཤེས་པ་དང་། །ཡོན་ཏན་གོང་འཕེལ་འཇིགས་དངངས་སྐྲག་པ་མེད། །ནོར་བ་མེད་ཅིང་ལྟ་སྤྱོད་ཟུང་འབྲེལ་
འགྱུར། །དེ་ལྟར་མ་བཤད་སྐྱོན་ནི་ཚད་མེད་དེ། །གོང་འོག་སྔ་ཕྱིའི་རིམ་པ་དང་བྲལ་བས། །བསྟན་པའི་སྤྱི་སྲོལ་རིམ་པ་ཉམས་པ་དང་། །བློ་ཆུང་དངངས་སྐྲག་ལོག་ལྟས་འདོར་བ་དང་། །གོ་རིམ་མ་ཤེས་ཟབ་མོར་མི་རྟོགས་དང་། །འདུས་བྱས་དགེ་བ་ཁྱད་དུ་གསོད་པ་དང་། །སྒྲོ་སྐུར་རྒྱུར་འགྱུར་རྒྱུ་འབྲས་འཆོལ་བ་དང་། །བླང་དོར་མི་ཤེས་ཤེས་བྱའི་དོན་ལ་རྨོངས། །ཐེག་ཆེན་སེམས་བསྐྱེད་སྙིང་རྗེ་སྤངས་པ་དང་། །སྟོང་ལྟ་དང་ལྡན་ངན་འགྲོོར་བསླུས་པ་དང་། །བྱར་མེད་ཟེར་ནས་ཐ་མལ་ལུས་པ་དང་། །མ་སྨིན་འགྲོ་ལ་གསང་བ་སྒྲོག་པ་སྟེ། །ཉེས་མང་ལྡན་ཕྱིར་ཐེག་པ་རིམ་གྱིས་བཤད། །བཤད་བྱའི་ཆོས་ནི་ཐེག་པའི་རྣམ་གྲངས་དང་། །བླང་དོར་ཤེས་བྱའི་གནས་རྣམས་ཐམས་ཅད་དོ། །དང་པོའི་ལས་ཅན་རྣམས་ལ་རྒྱུ་འབྲས་དང་། །ལམ་ཞུགས་རྣམས་ལ་ཐེག་པའི་རྣམ་གྲངས་དང་། །གཞན་དོན་སྤྱོད་ལ་རིག་པའི་གནས་ལྔ་སོགས། །ཟབ་ཅིང་རྒྱ་ཆེའི་རིམ་པ་རྣམས་བཤད་དོ། །དེ་ཡང་མི་མཐུན་རྐྱེན་རྣམས་སྤང་བ་ནི། །ཕྱི་ནང་འདུ་འཛི་བསྙེན་བཀུར་ཟང་ཟིང་དང་། །ཆང་དང་གཉིད་རྨུགས་དྲན་པ་ཉམས་ལ་སོགས། །ཐོས་པའི་དོན་ལ་བར་ཆད་འགྱུར་རྣམས་སྤང་། །ཕྱོགས་དེར་ཁྲི་སྟན་མཆོད་པ་སྣ་ཚོགས་དང་། །མཎྜལ་ལ་སོགས་བཀོད་པས་བརྒྱན་པར་བྱ། །དེ་ནས་སྟོན་པ་སྟན་ལ་སྐྱིལ་ཀྲུང་བཅས། །སེམས་བསྐྱེད་བསྐྱེེད་རྫོགས་ངང་ལ་བཤད་པར་བྱ། །སྤྲུལ་སྐུའི་ཆོས་ལ་ཤཱཀྱའི་རྒྱལ་པོ་དང་། །ལོངས་སྐུའི་གསང་སྔགས་རིགས་ལྔ་རྡོ་རྗེ་འཆང་། །ཆོས་སྐུ་ནམ་མཁའ་འདྲ་བའི་ཆོས་རྣམས་ལ། །ཀུན་བཟང་ཤེས་རབ་ཕ་རོལ་ཕྱིན་ཡུམ་བསམ། །ཡང་ན་རང་རང་ཆོས་དེའི་སྟོན་པར་བསམ། །ཆོས་ཀྱི་ཚིག་དོན་ནོར་འཁྲུལ་སྐྱོན་མེད་པར། །དོན་གསལ་དབྱངས་སྙན་མོས་པ་ཇི་བཞིན་བཤད། །དབྱངས་དེས་འཇིག་རྟེན་ཁམས་ཀུན་ཁྱབ་གྱུར་ཏེ། །སེམས་ཅན་ཀུན་ཐོས་མ་རིག་སངས་པར་བསམ། །དེ་ཚེ་འཆད་པའི་ཕ་རོལ་ཕྱིན་དྲུག་ནི། །ཚིག་དོན་ལེགས་བཤད་
ཆོས་ཀྱི་སྦྱིན་པ་སྟེ། །ཉོན་མོངས་མེད་བཤད་ཚུལ་ཁྲིམས་ཕ་རོལ་ཕྱིན། །སྐྱོ་ངལ་བཟོད་པ་སྤྲོ་བས་བརྩོན་འགྲུས་ཏེ། །མ་ཡེངས་བསམ་གཏན་འབྱེད་པ་ཤེས་རབ་བོ། །རྗེས་ལ་སེམས་ཅན་དོན་དུ་བསྔོ་བ་བྱ། །བཀའ་དྲིན་དྲན་པས་དམ་ཆོས་གུས་པ་བསྐྱེད། །དེ་ཡི་ཕན་ཡོན་དྲན་དང་ཏིང་འཛིན་དང་། །ཉོན་མོངས་རྙོག་བྲལ་སྤོབས་པ་ཟད་མི་ཤེས། །ཆོས་མཛོད་འཛིན་དང་བདེ་གཤེགས་ཆོས་ཐོས་དང་། །ལྷ་མིས་བསྟོད་ཅིང་གྲགས་དང་བསམ་དགུ་འགྲུབ། །ཚེ་རབས་ཀུན་ཏུ་ཆོས་དང་མི་འབྲལ་ཞིང་། །མྱུར་དུ་བདེ་གཤེགས་ཆོས་ཆར་འབེབས་པ་ཐོབ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཆད་པ་པོ་སློབ་དཔོན་གྱི་ལེའུ་སྟེ་བཅུ་པའོ།། །།
ཉན་པ་པོ་སློབ་མའི་ཆོས་ཀྱི་ལེའུ་སྟེ་བཅུ་གཅིག་པ།
དེ་ནས་ཉན་བྱེད་སློབ་མའི་ཆོས་ཚུལ་ནི། །སྐྱོན་རྣམས་སྤངས་ལ་གུས་པས་མཉན་པར་བྱ། །མ་གུས་ལ་སོགས་བདུད་ཀྱི་ལས་དྲུག་དང་། །ང་རྒྱལ་ལ་སོགས་སྒྲིབ་པའི་ལས་དྲུག་དང་། །ཚུལ་དུ་འཆོས་སོགས་ཆོས་སྤང་ལས་དྲུག་དང་། །ཟང་ཟིང་གཉེར་སོགས་གཡེང་བའི་སྐྱོན་དྲུག་དང་། །རྙེད་བཀུར་ཆགས་སོགས་ལོག་པའི་སྐྱོན་དྲུག་དང་། །གཞན་དུ་བྱེད་སོགས་གོལ་བའི་ཆོས་དྲུག་སྟེ། །ཉེས་པ་སུམ་ཅུ་རྩ་དྲུག་སྤངས་ལ་ཉན། །གང་ཚེ་ལེགས་པའི་ཚུལ་གྱིས་མཉན་བྱ་བ། །ནོར་བུའི་འདུ་ཤེས་ལ་སོགས་གཅེས་པ་དྲུག །ཉོན་མོངས་བཟོད་སོགས་དཀའ་བའི་སྤྱོད་པ་དྲུག །ཐོས་མང་གཉེར་སོགས་རྐྱེན་གྱིས་མི་འགྱུར་དྲུག །སྙིང་རྗེ་བསྐྱེད་སོགས་ཆེད་དུ་བྱ་བ་དྲུག །བྱེ་བྲག་ཤེས་སོགས་དགོས་པ་རྣམ་པ་དྲུག །ཆོས་འཚོལ་ལ་སོགས་བྱ་བ་རྣམ་དྲུག་སྟེ། །ཡོན་ཏན་སུམ་ཅུ་རྩ་དྲུག་ལྡན་པས་ཉོན། །མཉན་པའི་དུས་ནི་གཉེན་པོར་ཆེ་དུས་སུ། །དུས་སུ་འདོམས་པའི་གདམས་པ་བཙལ་བར་བྱ། །དེ་ཡང་རྣམ་གཡེང་འདུ་འཛི་རྣམས་སྤངས་ལ། །ཆོས་ཀྱི་མཆོད་པ་དངོས་དང་ཡིད་མཆོད་ནས། །ཕྱག་འཚལ་དྲང་པོར་འདུག་
སྟེ་ཐལ་མོ་སྦྱར། །མ་ཡེངས་གུས་པའི་ཚུལ་གྱིས་མཉན་པར་བྱ། །དེ་ཡང་རང་ཉིད་འཇམ་དཔལ་བསམས་པ་ཡི། །སྙིང་ནང་ཆོས་ཀྱི་འོད་ཟེར་ཕོག་པར་བསམ། །ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་དང་། །ལྡན་བྱས་རབ་དྭང་གུས་པའི་ཡིད་ཀྱིས་མཉན། །མེ་ཏོག་སྟན་སོགས་དབུལ་བ་སྦྱིན་པ་སྟེ། །སྒོ་གསུམ་རབ་བསྡམས་ཚུལ་ཁྲིམས་ཕ་རོལ་ཕྱིན། །གནོད་པ་བཟོད་པ་སྤྲོ་བ་བརྩོན་འགྲུས་ཏེ། །མ་ཡེངས་ཐོས་པ་འཛིན་པ་བསམ་གཏན་ཉིད། །ཐེ་ཚོམ་སྒྲོ་འདོགས་གཅོད་པ་ཤེས་རབ་མཆོག །རྗེས་ལ་ཆོས་དང་སྟོན་པའི་བཀའ་དྲིན་བསམ། །སྒྱུ་མའི་ངང་ལས་བྱང་ཆུབ་བསྔོ་བ་བྱ། །དེ་ཡི་ཕན་ཡོན་ཤིན་ཏུ་ཚད་མེད་དེ། །ཆོས་རྔ་བསྒྲགས་པ་ཐོས་པའི་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་པ་སྨོས་ཅི་འཚལ། །ཤེས་རབ་ཏིང་འཛིན་དྲན་པའི་གཟུངས་ཐོབ་ཅིང་། །སྤང་བླང་མཚམས་ཕྱེད་དགེ་འཕེལ་སྡིག་ཀུན་སྲབ། །ལྷ་མིས་བསྟོད་ཅིང་མ་རིག་མུན་པ་སངས། །པདྨའི་སྟེང་མཛེས་རྒྱ་ཆེན་ཆོས་ཐོས་ཤིང་། །མྱུར་དུ་ཆོས་རྒྱལ་མྱ་ངན་མེད་ཐོབ་འགྱུར། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཉན་པ་པོ་སློབ་མའི་ཆོས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།
བཤད་བྱ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པ།
དེ་ནས་གཏན་ལ་དབབ་བྱའི་ཆོས་བསྟན་པ། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཏེ། །སྤང་བླང་དབང་གིས་ཕྱི་ནང་གཉིས་སུ་བསྟན། །དང་པོ་ཕྱི་རོལ་མུ་སྟེགས་སྡེ་པ་ལ། །སྟོན་པ་དྲུག་དང་འཇིག་ཚོགས་ཉི་ཤུ་དང་། །དྲུག་ཅུ་རྩ་གཉིས་སུམ་བརྒྱ་དྲུག་ཅུ་དང་། །སྡེ་ཚན་བཅུ་གཅིག་ཏརྐ་སྡེ་ལྔའོ། །སྟོན་པ་དྲུག་ནི་འོད་སྲུངས་རྫོགས་བྱེད་དང་། །གནག་ལྷས་བུ་དང་ཡང་དག་རྒྱལ་བ་ཅན། །ལྭ་བ་ཅན་དང་ནོག་ཅན་གཉེན་གྱི་བུ། །རང་རང་ལྟ་ལ་ཆགས་ཏེ་ཀུན་ཏུ་སྨད། །གཟུགས་སོགས་ཕུང་ལྔ་བདག་སྟེ་དེར་བདག་གནས། །བདག་ལས་དེ་བྱུང་དེ་ལ་བདག་དབང་སྒྱུར། །དེ་དག་བདག་ཏུ་རྟོག་པ་ཉི་ཤུ་སྟེ། །ཡང་
དག་མིན་ཕྱིར་ཉོན་མོངས་ཉེས་ཀུན་འཛིན། །རྟག་པར་སྨྲ་སོགས་སྔོན་མཐའ་བཅོ་བརྒྱད་དང་། །འདུ་ཤེས་ཡོད་སོགས་ཕྱི་མཐའ་བཞི་བཅུ་བཞི། །ཀུན་ཀྱང་ཚུལ་མིན་ལྟ་ལ་ཞུགས་པས་ན། །ཕྱིན་ཅི་ལོག་བློ་སྲིད་པ་མཛེས་བྱེད་ཉིད། །ལོ་མ་ཅན་སོགས་བརྒྱ་དང་ཉི་ཤུ་ཉིད། །དུས་གསུམ་བསྒྲེས་པས་སུམ་བརྒྱ་དྲུག་ཅུ་ཡང་། །ཡང་དག་ལམ་བྲལ་རྟག་ཆད་ཁོར་མོར་འཁྱམས། །སྡེ་ཚན་བཅུ་གཅིག་སུམ་བརྒྱ་དྲུག་ཅུ་ནི། །སྔོན་དང་ཕྱི་མཐའ་ད་ལྟ་གསུམ་ཕྱེ་སྟེ། །མགོ་སྙོམས་བཅུ་དང་རྟག་པ་ཐེར་ཟུག་དགུ། །བསྙོན་སྨྲ་དྲུག་དང་བསམ་གཏན་དད་པ་བདུན། །སྟོན་པ་དྲུག་དང་བློན་པོ་རྣམ་པ་དྲུག །ཞར་བྱུང་བཞི་དང་ཏརྐ་སྡེ་དྲུག་དང་། །རྒྱུར་ལྟ་བཞི་དང་མཁན་པོ་རྣམ་པ་གཉིས། །གསང་བར་སྨྲ་དང་དེ་ལྟར་བཅུ་གཅིག་གོ །དེ་དག་བསྡུ་ན་རྟག་ཆད་གཉིས་ཡིན་ལ། །རགས་ཕྲའི་འགྱུར་དང་མི་ལྡན་དོན་མེད་པས། །རྟག་པ་མེད་ལྟར་ཆད་པའང་ག་ལ་ཡོད། །རང་བཞིན་མང་ལྡན་རྣམ་གྲངས་དེ་དག་ཉིད། །གྲངས་ཅན་བྱེ་བྲག་སྤྱོད་པ་གཅེར་བུ་པ། །ཕུར་བུ་པ་དང་དེ་ལྟར་ལྔ་ཉིད་དོ། །གྲངས་ཅན་བདག་དང་གཙོ་བོ་རྣམ་འགྱུར་དག །ཤེས་པས་གྲོལ་བར་སྨྲ་བ་གང་དེ་རྫུན། །རང་བཞིན་ཐ་དད་འགལ་བ་ཉེ་བར་སྡུད། །བྱེ་བྲག་པ་དག་ཤེས་བྱའི་དོན་དྲུག་གིས། །རྣམ་གྲོལ་སྒྲུབ་སྟེ་ཡང་དག་མ་ཡིན་ཉིད། །ཁྱབ་འཇུག་ལྷར་འཛིན་རིག་བྱེད་ཚད་མར་སྨྲ། །དམ་བཅའ་བཅུ་ལས་གྲོལ་བ་སྒྲུབ་པར་འདོད། །དེ་ཡང་རྣམ་གྲོལ་ཕན་པའི་དོན་མེད་པས། །ཕྱིན་ཅི་ལོག་གཞུང་གང་དེ་དོར་བར་བྱ། །རིག་བྱེད་ཚད་མར་བྱེད་ལས་ཁྱད་པར་དུ། །གསང་ཚིག་གྲོལ་བར་སྨྲ་བའི་ཕྱོགས་དེ་ནི། །མཁའ་ལྟར་ཁྱབ་བདག་ཁྱད་པར་དགུ་ལྡན་ཉིད། །ཡང་དག་མ་ཡིན་ཀུན་བརྟགས་རྒྱ་མཚོའི་རླབས། །བརྒལ་དཀའ་སྲིད་པའི་ཆུ་གཏེར་བྱེད་དེ་མཚར། །གཅེར་བུ་པ་དག་ཚངས་པའི་རྗེས་འགྲོ་ཞིང་། །རྒྱལ་བས་བསྟན་དེ་ཚད་མར་
བྱེད་པ་ཡི། །ཚིག་གི་དོན་བདུན་དུ་མ་གཅིག་པར་འདོད། །དེས་ནི་དམ་པའི་དེ་ཉིད་སྤངས་པས་ན། །སྲིད་པའི་ནགས་ཁྲོད་སྟུག་པོར་གནས་པ་ཡིན། །ཕུར་བུ་པ་དག་གཞུང་ལམ་བདུན་པོ་ལ། །ཉེ་བར་བརྟེན་ནས་ནམ་མཁའི་རྗེས་འགྲོ་བས། །རང་གཞན་བསླུ་བས་འཇིག་རྟེན་ཀུན་གནོད་བྱེད། །ཐར་པ་དམ་པའི་རྗེས་འགྲོ་རྒྱལ་བའི་གཞུང་། །གང་དག་འཛིན་པ་དེ་ཡང་རྣམ་པ་གཉིས། །ཐེག་པ་དམན་དང་བླ་ན་མེད་པའོ། །དམན་པའང་དབང་པོའི་རིམ་པས་རྣམ་པ་གཉིས། །ཉན་ཐོས་དང་ནི་རང་སངས་རྒྱས་པ་ཉིད། །ཉན་ཐོས་ལ་ནི་སྡེ་ཚན་རང་བཞིན་དང་། །གྲུབ་པའི་མཐའ་སྟེ་རྣམ་པ་གསུམ་ཉིད་དོ། །ཕལ་ཆེན་པ་དང་གནས་བརྟན་རབ་དབྱེ་བས། །སྡེ་ཚན་བཅོ་བརྒྱད་ཕྱིས་ནི་གཞན་ཡང་དབྱེ། །ཉན་ཐོས་ལམ་གང་ཚུལ་གནས་ཐོས་དང་བསམ། །དགེ་སྦྱོང་ཆོས་སོགས་ལམ་དང་ཐར་པ་དག །ཐུན་མོང་མཐུན་ཕྱིར་བདེན་པ་དགག་བྱ་ཉིད། །གྲུབ་པའི་མཐའ་དག་དབྱེ་ན་རྣམ་པ་གཉིས། །ཐུན་མོང་པ་དང་སོ་སོའི་རིམ་པའོ། །ཐུན་མོང་འདོད་པ་རྣམ་པ་བདུན་ཉིད་དེ། །དམན་པ་དགག་པས་འདིར་ནི་རབ་ཤེས་བྱ། །སོ་སོའི་རང་བཞིན་རྣམ་པ་གཉིས་ཉིད་དེ། །བྱེ་བྲག་པ་དང་མདོ་སྡེ་སྤྱོད་པའོ། །བྱེ་བྲག་སྨྲ་བས་ཤེས་བྱ་གཞི་ལྔ་སོགས། །རྣམ་བདུན་གཞུང་གི་དོན་རིག་ཡང་དག་མིན། །མདོ་སྡེ་སྤྱོད་པས་སྐྱེད་བྱེད་རྐྱེན་བཞི་སོགས། །རྣམ་བདུན་ཚུལ་དེ་ཡང་དག་ལྟ་བ་མིན། །རང་སངས་རྒྱས་རྣམས་རྟེན་འབྲེལ་ཉིད་སྒོ་ནས། །ཡང་དག་དམིགས་པར་རྟོགས་པའང་གཞན་ཉིད་དོ། །གངས་ཆེན་མཚོ་འདྲ་སངས་རྒྱས་ཐེག་པ་ཆེ། །གོ་ཆ་མཆོག་སོགས་བདུན་གྱིས་འཕགས་པས་ན། །ཐེག་པ་མཁའ་འདྲ་གཞལ་མེད་ཁང་ཆེན་ཉིད། །ཐེག་མཆོག་རང་བཞིན་ཐ་དད་མ་མཆིས་ཀྱང་། །ཤིང་རྟ་འདྲེན་བྱེད་ལྟ་བ་གསུམ་ཉིད་ལས། །སེམས་ཙམ་རང་རྒྱུད་ཐལ་འགྱུར་ཞེས་སུ་གྲགས། །སེམས་ཙམ་པ་ནི་རྣམ་ཤེས་དོན་དམ་འདོད། །སྤྱི་དང་ཁྱད་པར་ཚུལ་གཉིས་
རིམ་པ་ལས། །འདོད་དོན་ཐུན་མོང་རང་གསལ་ཡེ་ཤེས་དང་། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་ལ་སོགས་ཉིད། །དོན་སྣང་ཤེས་པར་འདོད་དང་མི་འདོད་ལས། །རྣམ་པ་བདེན་རྫུན་གཉིས་སུ་གྲགས་དེ་ནི། །ཡང་དག་མ་ཡིན་ཀུན་རྟོག་སྦྱར་བ་ཉིད། །རང་རྒྱུད་སྡེ་པས་བདེན་གཉིས་དབྱེ་བ་ཡིས། །ཆོས་རྣམས་ཡོད་མེད་སྤྲོས་པ་རབ་འགོག་ཅིང་། །སྣང་བའི་རྣམ་གཞག་ཞིབ་མོར་བྱེད་དེ་ཡང་། །གོང་འོག་རང་བཞིན་རྣལ་དོན་གཞན་དུ་འགྱུར། །རྒྱལ་བའི་དགོངས་པ་མཐར་ཐུག་སྙིང་པོའི་དོན། །ཐལ་འགྱུར་པས་ནི་སྤྲོས་པ་ཀུན་འགོག་སྟེ། །ཆོས་ཀུན་རྟེན་འབྲེལ་སྟོང་ཉིད་རང་བཞིན་མེད། །བདེན་གཉིས་སྒྱུ་མ་མཐའ་བྲལ་ཉིད་སྒོ་ནས། །ལམ་དང་འབྲས་བུའི་ཆོས་རྣམས་མཐར་ཕྱིན་བྱེད། །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཉིད། །རྒྱུ་ཡི་ཆོས་ལས་ཁྱད་པར་དུ་མས་འཕགས། །གསང་སྔགས་ཆེ་མཆོག་རྣམ་པ་བཞི་དག་ལས། །བྱ་བའི་རྒྱུད་དུ་བདེན་པ་གཉིས་ལྟ་བས། ཁྲུས་དང་གཙང་སྦྲ་ཀུན་ཏུ་སྤྱོད་པ་ཡིས། །རྗེ་ཁོལ་ལྟ་བས་དངོས་གྲུབ་ཐོབ་པར་འདོད། །སྤྱོད་པའི་རྒྱུད་དུ་གཙང་སྦྲ་དག་དང་ནི། །སྤུན་གྲོགས་ཚུལ་གྱིས་དངོས་གྲུབ་འདོད་པ་ཡིན། །རྣལ་འབྱོར་རྒྱུད་དུ་གཙང་སྦྲ་གྲོགས་ཙམ་ལ། །སེམས་ཀྱི་སྒོམ་པ་གཙོ་བོར་འདོད་པ་སྟེ། །ཕྱག་རྒྱ་བཞི་དང་མངོན་བྱང་རྣམ་པ་ལྔས། །རང་ཉིད་དམ་ཚིག་གཞན་ནས་ཡེ་ཤེས་ལྷ། །གཉིས་མེད་བསྒོམས་པས་དངོས་གྲུབ་ཐོབ་པར་འདོད། །དེ་དག་ཀུན་ཀྱང་བདེན་གཉིས་རེས་འཇོག་འཛིན། །གཞི་དང་ལམ་དང་འབྲས་བུའི་ཁྱད་པར་གྱིས། །ཕྱི་ནང་གསང་བའི་རང་བཞིན་ཤེས་པར་བྱ། །རྣལ་འབྱོར་ཆེན་པོས་ཆོས་ཀུན་མཉམ་པའི་ངང་། །དབུ་མ་ཆེན་པོ་རོ་མཉམ་དག་པ་ལས། །ཁྱད་པར་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །དཀྱིལ་འཁོར་གཅིག་ཏུ་ཤེས་པས་རྣམ་བསྒོམ་སྟེ། །གང་ཡང་ཐབས་མཆོག་རྒྱལ་པོས་གྲོགས་སུ་བསྒྱུར། །བསྐྱེད་རྫོགས་ཟུང་འཇུག་བདེན་པ་དབྱེར་མེད་ཉིད། །བསྒོམས་པས་ཚེ་འདིར་དངོས་གྲུབ་ཐོབ་པར་བཞེད། །དབྱེ་ན་ཕ་མ་གཉིས་མེད་རྒྱུད་དག་ལས། །བསྐྱེད་རིམ་ཐབས་རླུང་རྫོགས་རིམ་
གཙོར་འདོད་པ། །རྣལ་འབྱོར་ཕ་རྒྱུད་བླ་ན་མེད་པ་ཡིན། །རྫོགས་རིམ་ཤེས་རབ་ཐིག་ལེ་གཙོར་འདོད་པ། །རྣལ་འབྱོར་བླ་མེད་མ་ཡི་རྒྱུད་ཅེས་བྱ། །གཉིས་ཀ་དག་མཉམ་ཡེ་ཤེས་གཙོར་འདོད་པ། །གཉིས་མེད་རྒྱུད་སྡེ་བླ་ན་མེད་པ་སྟེ། །ནང་པའི་ཆོས་ཀུན་བསྡུ་ན་དེ་ཙམ་མོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བཤད་བྱ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་བསྟན་པའི་ལེའུ་སྟེབཅུ་གཉིས་པའོ།། །།
དལ་འབྱོར་རྙེད་པར་དཀའ་བ་བསམ་པའི་ལེའུ་སྟེ་བཅུ་གསུམ་པ།
དེ་ལྟར་ཐོས་པ་དམ་པས་བརྒྱན་རྗེས་སུ། །བསམ་པའི་ཤེས་རབ་ངེས་པར་རྒྱུད་ལ་བསྐྱེད། །དེ་ཡང་ཐོས་པའི་དོན་རྣམས་ཐམས་ཅད་དང་། ཁྱད་པར་བསམ་བྱ་རྣམ་པ་ལྔ་ཉིད་ལས། །དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ནི། །མི་ཁོམ་ལས་ལོག་མིར་གྱུར་དབང་པོ་ཚང་། །ཆོས་ལྡན་ཡུལ་སྐྱེས་བཟང་པོའི་ལས་འཕྲོ་སད། །ལས་མཐའ་མ་ལོག་བསྟན་པ་གནས་ལ་དད། །ཆོས་ལྡན་གྲོགས་མང་ཤིན་ཏུ་རྙེད་པར་དཀའ། །དང་པོ་མི་ཁོམ་ལས་བསམ་རྙེད་དཀའ་ནི། །དམྱལ་བ་ཡི་དྭགས་དུད་འགྲོ་ཚེ་རིང་ལྷ། །ཀླ་ཀློ་ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་དང་བརྒྱད་ཆོས་ཀྱི་སྣོད་མ་གྱུར། །དུག་ལྔ་འཁྲུག་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་རྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་རྣམ་པ་བརྒྱད། །ཐར་ལམ་ཆོས་ཀྱི་སྣོད་མིན་ཕྱིན་ཅི་ལོག །འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བས་མི་སྐྲག་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་མེད། །སྡོམ་དང་དམ་ཚིག་ཉམས་པ་ཞེས་བྱ་བ། །རིས་ཆད་བློ་ཡིས་མི་ཁོམ་རྣམ་པ་བརྒྱད། །ཆོས་ལས་རིང་གྱུར་ཐར་ལམ་སྒྲོན་མེ་ནུབ། །དེ་དག་རྣམས་སུ་བདག་ཅག་མ་སྐྱེས་པས། །སྤྲོ་དགའ་བསྐྱེད་དེ་དམ་པའི་ཆོས་སྒྲུབ་འཚལ། །འདི་ལྟར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་འཁོར་ལོས་སྒྱུར་རྙེད་འདྲ། །མི་ལུས་ནང་ནས་དད་ལྡན་ཆོས་ཀྱི་རིགས། །དེ་བས་དཀོན་ཕྱིར་སངས་རྒྱས་ཐོབ་དང་མཚུངས། །དེ་བས་རྟག་ཏུ་དལ་འབྱོར་བསམ་འཚལ་ལོ། །དེ་བཞིན་དབང་
པོ་མ་ཚང་མཐའ་འཁོབ་སྐྱེས། །ཆོས་ལ་ལས་མེད་ལས་ཀྱི་མཐའ་ལོག་ཅིང་། །བསྟན་ལ་མ་དད་ཆོས་མིན་སྡིག་པའི་གྲོགས། །ཤིན་ཏུ་གྲངས་མང་རབ་ཏུ་བསམ་བྱས་ནས། །དེ་དག་མ་གྱུར་ཆོས་ལྡན་ལུས་རྙེད་འདི། །ཉིན་མཚན་ཀུན་ཏུ་ངེས་པར་བསམ་པར་བྱ། །ཆོས་ལ་སྤྱོད་པའི་འབྱོར་པ་ལེགས་ཚང་པ། །དཀར་པོའི་ལས་འཕྲོ་སད་པར་བསྟན་པ་ཡང་། །མིར་གྱུར་དབུས་སྐྱེས་དབང་པོ་ཚང་ཞིང་དད། །ལས་མཐའ་མ་ལོག་ཡང་དག་ལྟ་བ་ཅན། །དེ་དག་ཐོབ་དཀའ་ལས་འཕྲོར་ལྡན་པ་ཡིན། །གཞན་འབྱོར་ཚང་བས་རྙེད་དཀའ་བརྩོན་པ་ཡང་། །སྟོན་བྱོན་ཆོས་གསུངས་བསྟན་པ་གནས་རྗེས་ཞུགས། །བརྩེ་ལྡན་བཤེས་དང་མཐུན་པའི་རྐྱེན་འབྱོར་པ། །རབ་ཏུ་དཀོན་ཕྱིར་བརྩོན་འགྲུས་བརྩམ་འཚལ་ལོ། །དལ་འབྱོར་དཔེས་མཚོན་རྙེད་པར་དཀའ་བ་ཡང་། །མཚོ་དབུས་གཡེངས་པའི་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་ཆུད་སྲིད་ཀྱི་ངན་སོང་ལས། །མིར་གྱུར་རྙེད་དཀའ་དེ་བཞིན་རྩིག་ངོས་ཀྱི། །ཞལ་ཞལ་ལོགས་ལ་སྲན་མ་ཆགས་སྲིད་ཀྱི། །མིར་གྱུར་ན་ཡང་ཡུལ་དབུས་སྐྱེ་བ་དཀོན། །ཨུ་དུམྦཱ་ར་འཇིག་རྟེན་འབྱུང་དཀའ་བ། །དེ་བས་ཆོས་ཞུགས་ཡང་དག་ལམ་འཕྲད་དཀོན། ཁབ་མིག་རས་ཡུག་ཆུད་པ་དཀའ་བས་ཀྱང་། །ལམ་རྙེད་དེ་དག་ཚུལ་བཞིན་སྒྲུབ་པ་དཀོན། །མཚོ་གླིང་དག་ནས་ནོར་བུ་རྙེད་པས་ཀྱང་། །ཡང་དག་བླ་མ་རྙེད་པར་དཀའ་བས་ན། །དེ་དག་བསམས་ལ་བརྩོན་པས་སྒྲུབ་འཚལ་ལོ། །དོན་མེད་བྱ་བ་དོར་ནས་སྒྲུབ་པ་ཡང་། །ཐར་པའི་རྒྱུར་འགྱུར་དགེ་བ་མ་གཏོགས་པ། །གང་ཡང་དོར་ནས་ཆོས་ལ་བརྩོན་དགོས་ཏེ། །འཁྲུལ་པའི་བྱ་བ་དོན་མེད་སྡུག་བསྔལ་རྒྱུ། །འཆི་དུས་མི་ཕན་སྙིང་པོ་མེད་དེའི་ཕྱིར། །དུག་སྦྲུལ་གཟེབ་བཞིན་ངེས་པར་སྤང་འཚལ་ལོ། །ཚེ་འདིའི་སོ་ཚིས་གྲོགས་དང་གྲོས་འདུན་དང་། །ལོངས་སྤྱོད་ཕྱོགས་རིས་གྲུབ་མཐའ་ངན་པ་རྣམས། །དལ་འབྱོར་ཆུད་གསོན་ཕུང་ཁྲོལ་ལགས་པས་སྤང་། །རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་པས། །དལ་འབྱོར་བསམས་ཏེ་ཐར་པའི་བྱང་ཆུབ་བསྒྲུབ། །འགྲོ་ཉལ་འདུག་
དང་ཟས་ལ་སོགས་པ་ནའང་། །ལེ་ལོ་ལ་སོགས་སྐྱོན་དྲུག་རྣམ་སྤངས་ནས། །མངོན་མཐོ་ངེས་ལེགས་དོན་ཆེན་བསྒྲུབ་པ་ན། །བཀྲེས་པས་ཟས་མཐོང་ལ་སོགས་དཔེས་འཇུག་སྟེ། །ཉིན་མཚན་ཀུན་ཏུ་དགེ་ལ་བརྩོན་པར་བྱ། །དེ་ཡི་ཕན་ཡོན་ཚེ་འདི་བློས་ཐོངས་ཤིང་། །ཕྱི་མ་དོན་གཉེར་བརྩོན་འགྲུས་མེ་བཞིན་འབར། །དལ་ཁོམ་མེད་པར་དགེ་བས་དུས་འདའ་ཞིང་། །མྱུར་དུ་སྲིད་གསུམ་རྒྱ་མཚོའི་ཕ་རོལ་འགྲོ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དལ་འབྱོར་རྙེད་པར་དཀའ་བ་བསམ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།
ཚེ་མི་རྟག་པར་བསམ་པའི་ལེའུ་སྟེ་བཅུ་བཞི་པ།
དེ་ལྟར་རྙེད་དཀའི་དལ་འབྱོར་རྙེད་གྱུར་ཀྱང་། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་ཏེ། །སྲིད་གསུམ་སྒྱུ་མའི་རང་བཞིན་བསླུ་བར་འགྱུར། །འདི་ལྟར་གླིང་བཞིའི་འབྱོར་པས་བརྒྱན་པ་ཡི། །སྣོད་ཀྱི་འཇིག་རྟེན་མི་རྟག་འཇིག་པའི་དཔེས། །དབུ་བ་རྡོས་འདྲའི་ལུས་ཀྱང་ཤེས་པར་གྱིས། །ད་ལྟའི་ས་སྟེང་འགྲོ་བ་འདི་ཀུན་ཀྱང་། །ལོ་བརྒྱའི་ནང་དུ་ངེས་པར་མེད་པར་འགྱུར། །སྐྱེས་པ་ཐམས་ཅད་རིམ་བཞིན་འཆི་བས་ཀྱང་། །བདག་གི་ཚེ་འགྲོ་འཆི་བར་འགྱུར་བ་སོམས། །ཚོང་དུས་བཞི་མདོ་མགྲོན་ཁང་གནས་རྣམས་སུ། །ཕྱོགས་ཀྱི་སྐྱེ་བོ་འདུས་ཤིང་འགྱེས་པའི་དཔེས། །འདུས་པ་འབྲལ་ཞེས་སྙིང་ནས་ངེས་པར་བསམ། །ལོངས་སྤྱོད་འབྱོར་པ་ཕུན་ཚོགས་དང་ལྡན་པའི། །གྲོང་རྣམས་སྟོངས་ཤིང་མེད་པར་གྱུར་པའི་དཔེས། །བསགས་པ་འཛད་ཅེས་ནོར་རྣམས་གང་ལ་ཡང་། །མི་རྟག་སྙིང་པོ་མེད་པས་མ་ཆགས་བྱ། །མཐོ་རིས་གྲོང་གི་འབྱོར་པས་མངོན་མཐོ་བ། །ཤི་བའི་འོག་ཏུ་ངན་འགྲོར་ལྟུང་བའི་དཔེས། །འབྱོར་ཚེ་དྲེགས་པས་སྙེམས་པ་མེད་པར་མཛོད། །ཕྱི་ནང་དུས་བཞི་ན་ཚོད་འགྱུར་བས་ཀྱང་། །མི་རྟག་འཆི་བར་ངེས་ཀྱིས་རྟག་འཛིན་སྤོངས། །གཟུགས་ནི་རྡུལ་ཕྲན་དུས་ནི་སྐད་ཅིག་མ། །བར་སྣང་གློག་འགྱུ་བཞིན་དུ་མི་རྟག་པས། །མྱུར་བ་ཉིད་དུ་དམ་པའི་ཆོས་སྒྲུབས་ཤིག །སྣ་ཚོགས་སྣོད་དང་འགྲོ་བ་གཡོ་འགྱུར་ཞིང་། །སྒྱུ་མ་ཆུ་ཤིང་བཞིན་དུ་སྙིང་པོ་མེད། །དེ་ཕྱིར་མི་རྟག་ཅེས་བྱས་འཁོར་བ་འདི། །བདག་
བྱས་བཟུང་སྟེ་བཏང་བ་འགའ་ཡང་མེད། །འབྱུང་བཞི་འདུས་ཕྱིར་སྣོད་བཅུད་འཇིག་པ་ཅན། །ལུས་ཅན་གཡོ་བའི་གྲོང་ཁྱེར་རྙིང་པར་འགྱུར། །མཐའ་བཞིས་བསྡུས་ཕྱིར་རྟག་པ་འགའ་ཡང་མེད། །ཚེ་ལ་ངེས་མེད་ནམ་འཆི་ཆ་མེད་པས། །ངེས་པར་འཆི་ཞེས་སྙིང་ནས་བསམ་པར་བྱ། །འཆི་བར་གྱུར་ཚེ་གནས་དང་ལོངས་སྤྱོད་དང་། །གཉེན་དང་དཔའ་རྩལ་དཔུང་གཉེན་ལ་སོགས་ཀྱིས། །བསྟོངས་པ་འགའ་མེད་དམ་པའི་ཆོས་སྒྲུབས་ཤིག །ཚོང་དུས་འགྲོན་དང་ཆུ་འགྲམ་ལྗོན་ཤིང་དང་། །འབྲུག་སྒྲ་སྤྲིན་དང་འགྲོ་བ་ཉི་ཟླའི་འགྲོས། །མི་རྟག་གཡོ་བས་མྱུར་དུ་འཆི་བ་སོམས། །འཆི་དུས་དཔུང་གཉེན་མཆོག་གསུམ་དགེ་ཚོགས་ཏེ། །དམ་པ་བསྟེན་ཞིང་སྙིང་པོའི་དོན་བསྒྲུབ་འཚལ། །སྤྱོད་ལམ་ཀུན་ཏུ་འཆི་བ་དྲན་པར་བྱ། །གོམས་པའི་ཚད་ནི་འདུས་བྱས་འཇིག་པར་མཐོང་། །བརྩོན་ལྡན་འཇིགས་དང་ཚེ་འདིའི་བྱ་བ་འདོར། །སྐད་ཅིག་ཙམ་ཡང་ཐ་མལ་མི་སྡོད་ཅིང་། །ངེས་འབྱུང་སྐྱོ་ཤས་བློ་སྣ་ཐུང་བ་འབྱུང་། །དེ་ཡི་ཕན་ཡོན་ཤིན་ཏུ་མཐའ་ཡས་ཏེ། །འཁོར་བའི་ཉེས་སྤོང་ཡོན་ཏན་ངང་གིས་འདུ། །རྟག་འཛིན་ལས་གྲོལ་དགྲ་གཉེན་ཆགས་སྡང་ཞིག །དགེ་ལ་རབ་བརྩོན་ཚེ་འདི་འཁྲུལ་པར་ཤེས། །ཚོགས་གཉིས་རབ་རྫོགས་གྲགས་ལྡན་ལྷས་གཟིགས་ཤིང་། །བདེ་བར་ཚེ་ཡི་དུས་བྱེད་མཐོ་རིས་འགྲོ། །མྱུར་དུ་འཆི་མེད་བདུད་རྩིའི་གོ་འཕང་ཐོབ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཚེ་མི་རྟག་པར་བསམ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།
དད་པའི་རང་བཞིན་བསམ་པའི་ལེའུ་སྟེ་བཅོ་ལྔ་པ།
དེ་ལྟར་མི་རྟག་རྟོགས་པའི་རང་བཞིན་རྗེས། །གཅིག་ཏུ་གཅེས་པ་དད་པའི་དཔུང་ཚོགས་བསྐྱེད། །འདོད་པའི་དད་པས་རྒྱུ་འབྲས་བླང་དོར་བྱེད། །མོས་པའི་དད་པས་ཡུལ་མཆོག་སེམས་རབ་གཞོལ། །གུས་པའི་དད་པས་བག་ཡོད་མཆོག་དང་ལྡན། །དང་བའི་དད་པས་ཡོན་ཏན་སེམས་རབ་དྭངས། །ཡིད་ཆེས་དད་པས་ཆོས་ལ་ཐེ་ཚོམ་ཟད། །ངེས་སེམས་དད་པས་ཐོས་བསམ་སྒོམ་པ་ཡི། །ཆོས་
མཆོག་རྣམས་ལ་ལྷག་པར་དད་པའོ། །དད་པའི་རང་བཞིན་ས་གཞི་བཟང་པོ་འདྲ། །ཆོས་ཀུན་གཞིར་གྱུར་དགེ་ཚོགས་རྣམ་འཕེལ་བྱེད། །དད་པ་གཟིངས་འདྲ་སྲིད་པའི་ཆུ་བོ་སྒྲོལ། །སྐྱེལ་མ་དང་འདྲ་བདུད་དང་ཉོན་མོངས་སྐྱོབ། །བཞོན་པ་དང་འདྲ་ཐར་པའི་གླིང་དུ་འདྲེན། །ནོར་བུའི་རྒྱལ་ལྟར་ཅི་བསམ་འགྲུབ་པ་སྟེ། །དཔའ་བོ་དང་འདྲ་སྡིག་ཏོ་ཟིལ་གྱིས་གནོན། །ཚོགས་བསགས་དམ་པ་རྣམས་ཀྱི་ནོར་མཆོག་ལགས། །སྐལ་མེད་རྣམས་ལ་དད་པ་ཅུང་ཟད་མེད། །དེ་ཡི་སྐྱོན་ནི་ཤིན་ཏུ་མཐའ་ཡས་ལྡན། །མཚོ་གཏིང་རྡོ་འདྲ་ཐར་པའི་སྐམ་དང་བྲལ། །མཉན་མེད་གྲུ་འདྲ་སྲིད་ལས་སྒྲོལ་དུས་མེད། །ལག་རྡུམ་ཕྱིན་འདྲ་དགེ་བའི་བགོ་སྐལ་མེད། །ས་བོན་འཚིག་འདྲ་བྱང་ཆུབ་མྱུ་གུ་མེད། །ལོང་བ་དང་འདྲ་ཆོས་གཟུགས་སྣང་བ་མེད། །འཁོར་དོང་ཆུད་འདྲ་གཏན་དུ་འཁོར་བར་འཁྱམས། །ཆོས་དཀར་དད་པ་སྐྱེ་བའི་ཡུལ་དྲུག་ནི། །འདོད་པའི་དད་པ་སྲིད་ལ་སྐྱོ་བས་སྐྱེ། །མོས་པའི་དད་པ་གྲོགས་ངན་སྐྱོ་བས་སྐྱེ། །གུས་པའི་དད་པ་ཚེ་འདིར་སྐྱོ་བས་སྐྱེ། །དང་བའི་དད་པ་ཡུལ་མཆོག་དག་ལས་སྐྱེ། །ཡིད་ཆེས་དད་པ་རྒྱུ་འབྲས་ཐོས་ལས་སྐྱེ། །ངེས་སེམས་དད་པ་ཐོས་བསམ་དག་ལས་སྐྱེ། །རྒྱུ་ལ་བརྟེན་ནས་གོང་དུ་སྤེལ་བ་ཡང་། །དམ་པ་བསྟེན་དང་དགེ་གྲོགས་མདོ་རྒྱུད་བལྟས། །འཆི་བ་བསམས་དང་ལས་འབྲས་ཡིད་ཆེས་བྱས། །ཐོས་བསམ་སྒོམ་པ་སྔར་བས་བརྩོན་པ་སྟེ། །དེ་ལས་དད་པ་གོང་འཕེལ་ཉིད་དུ་འགྲུབ། །འགྲིབ་པའི་རྐྱེན་ནི་བླ་མའི་སྐྱོན་ལ་རྟོག །ཐ་མལ་དང་འགྲོགས་འདོད་ཡོན་རང་གར་སྤྱོད། །ལེ་ལོ་སྙོམ་ལས་འཇིག་རྟེན་བྱ་བ་མང་། །དེ་དག་ལ་སོགས་ཆོས་མིན་ལས་རྣམས་ཏེ། །བདུད་ཀྱིས་བྱིན་བརླབས་དུས་སུ་འགྲིབ་པར་གསུངས། །རྐྱེན་ལས་སྐྱེ་བའི་དུས་སུ་བསྐྱེད་པ་ནི། །སྐྱེ་ཤིའི་འཕོ་འགྱུར་མཐོང་དང་ནད་གདོན་གཙེས། །སྡུག་བསྔལ་ཐོག་ཏུ་བབས་དང་ཆོས་ཐོས་དང་། །གོང་མའི་རྣམ་ཐར་ཐོས་དང་སྐྱེས་རབས་མཐོང་། །དེ་དག་རྐྱེན་ལས་སྐྱེས་ཚེ་འཕྲོ་མཐུད་ལ། །དད་པའི་མཆོག་རབ་རྟག་ཏུ་བསྒོམ་པར་བྱ། །ཚད་ནི་སྲིད་ལ་
སྐྱོ་ཞིང་དཀོན་མཆོག་གུས། །ཐོས་བསམ་དོན་གཉེར་བསླབ་གསུམ་གཅེས་སྤྲས་བྱེད། །དགེ་ལ་སྤྲོ་ཞིང་སྡིག་ལ་ཤིན་ཏུ་འཛེམ། །ཡོན་ཏན་གོང་མ་ཐོབ་པ་རྣམས་སུ་བཞེད། །བཙལ་བའི་ཐབས་ཀྱིས་དད་པ་མ་བསྐྱེད་ན། །དགེ་ལེགས་མི་འགྲུབ་གཏན་དུ་སྲིད་པར་འཁྱམས། །དེ་ཕྱིར་གང་དང་གང་ལ་བརྟེན་ནས་ཀྱང་། །དད་པ་བསྐྱེད་པའི་ཐབས་ལ་འབད་པར་བྱ། །དད་པའི་གོལ་ས་ཤེས་ནས་སྤང་བ་ནི། །དམ་པའི་དྲུང་དུ་དད་ལས་གཞན་དུ་མིན། །ཅུང་ཟད་རྐྱེན་གྱིས་འཕེལ་དང་འགྲིབ་པ་ཅན། །རྐྱེན་ངན་སོལ་ནས་དད་པ་ཅུང་ཟད་མེད། །བློ་མང་གང་ལའང་འཇུག་ལ་ཐང་མི་ཐུབ། །གཅིག་ཏུ་མ་ངེས་གང་བདེར་སྤྱོད་པ་ཅན། །གཏད་མེད་བབ་ཅོལ་ཕྲ་མོའི་རྐྱེན་གྱིས་ཟློག །འདི་དྲུག་སྤངས་ལ་བློ་གཏད་རྒྱུན་དུ་བྱ། །དང་པོ་རབ་བརྟགས་དད་པའི་ཡུལ་རྣམས་ལ། །ཕྱི་ནས་མི་འགྱུར་རི་རྒྱལ་ལྟ་བུ་དང་། །འཕེལ་དང་འགྲིབ་མེད་ཉི་མཁའ་རྒྱ་མཚོ་ལ། །ཐང་ལྷོད་གཉིས་མེད་གཞུ་མོའི་རྒྱུད་དང་མཚུངས། །སྐྱོ་དུབ་མེད་པ་གྲུ་ཟམ་ལྟ་བུ་ལ། །རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ཆེན་བཞིན། །མཉེན་ལྕུག་ལྡན་པ་དར་ཐག་ལྟ་བུ་ལ། །རྐྱེན་གྱིས་མི་འཕྲོགས་ནམ་མཁའ་ལྟ་བུར་བསྟེན། །དད་པའི་ཕན་ཡོན་རྣམ་གྲངས་དཔག་ཏུ་མེད། །དཀར་པོའི་ཆོས་ཀུན་གཞིར་གྱུར་སྡུག་བསྔལ་སེལ། །བྱང་ཆུབ་ལམ་འདྲེན་ཟབ་མོའི་སྣོད་དུ་གྱུར། །དམ་པས་དགོངས་ཤིང་ཡོན་ཏན་ཕུན་ཚོགས་ལྡན། །དེ་ཕྱིར་སྐྱེ་བོ་དམ་པའི་ཚུལ་དགེ་བས། །དད་བརྒྱའི་འདབ་སྟོང་རྒྱས་ལ་ནན་ཏན་མཛོད། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དད་པའི་རང་བཞིན་བསམ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།
ལས་རྒྱུ་འབྲས་བསམ་པའི་ལེའུ་སྟེ་བཅུ་དྲུག་པ།
དེ་ནས་དད་ལྡན་རྣམས་ཀྱིས་བསམ་བྱ་བ། །རྒྱུ་འབྲས་ལས་ཏེ་དགེ་སྡིག་བླང་དོར་བྱ། །དགེ་བའི་ལས་ནི་བསོད་ནམས་ཆ་མཐུན་དང་། །ཐར་པ་ཆ་མཐུན་རྣམ་པ་གཉིས་དག་ལས། །སྲིད་པའི་བདེ་འབྲས་བསྐྱེད་པའི་དགེ་བ་རྣམས། །བསོད་ནམས་ཆ་མཐུན་ལགས་པར་ཐུབ་པས་གསུངས། །རྣམ་གྲངས་མང་ཡང་
བསྡུ་ན་དགེ་བ་བཅུ། །ལུས་གསུམ་ངག་བཞི་ཡིད་ཀྱི་གསུམ་དག་སྟེ། །འདི་བཅུ་བསམ་གཏན་གཟུགས་མེད་མ་འབྲེལ་བས། །འདོད་པའི་ལྷ་མིའི་བདེ་འབྲས་བསྐྱེད་པ་ཉིད། །བསམ་གཏན་གཟུགས་མེད་དང་འབྲེལ་གོང་མ་གཉིས། །དགེ་བས་བདེ་འགྲོ་བདེ་བའི་རིགས་ཀུན་བསྐྱེད། །སྲོག་གཅོད་སྤངས་པས་ཚེ་རིང་ནད་མེད་ཅིང་། །མ་བྱིན་ལེན་སྤངས་འབྱོར་པ་ཕུན་སུམ་ཚོགས། །ལོག་པར་གཡེམ་སྤངས་ཁྱིམ་ཐབ་དགྲ་ཟླ་མེད། །རྫུན་དུ་སྨྲ་སྤངས་གཞན་གྱིས་བསྟོད་པ་དང་། །རྩུབ་མོ་རྣམས་སྤངས་སྙན་པར་སྨྲ་བས་བདེ། །ཕྲ་མ་རྣམས་སྤངས་མཐོང་ན་མི་མཐུན་མེད། །འཁྱལ་པ་སྤངས་པས་ཚིག་བཟུང་འོས་པར་འགྱུར། །བརྣབ་སེམས་སྤངས་པས་རེ་བ་འགྲུབ་པ་སྟེ། །གནོད་སེམས་སྤངས་པས་ཡིད་འོང་མཐོང་ན་ཞི། །ལོག་ལྟ་སྤངས་པས་ལྟ་བ་བཟང་བ་སྟེ། །མཐོ་རིས་བགྲོད་པའི་ཤིང་རྟ་དགེ་བ་བཅུ། །མངོན་མཐོ་བདེ་འདོད་རྣམས་ཀྱིས་དང་དུ་ལོང་། །མི་དགེའི་ལས་བཅུ་ངན་སོང་སྡུག་བསྔལ་རྒྱུ། །ཆེ་འབྲིང་ཆུང་ངུས་དམྱལ་བ་ཡི་དྭགས་དང་། །དུད་འགྲོར་ལྟུང་འགྱུར་སྣ་ཚོགས་སྡུག་བསྔལ་ལྡན། །མཐོ་རིས་ཐོབ་ཀྱང་དེ་ཡི་སྡུག་བསྔལ་འགྲུབ། །སྲོག་བཅད་པས་ནི་ཚེ་ཐུང་ནད་མང་ཞིང་། །མ་བྱིན་བླངས་པས་དབུལ་ཞིང་ཕོངས་པར་འགྱུར། །ལོག་པར་གཡེམ་པས་ཁྱིམ་ཐབ་དགྲ་ཟླར་བཅས། །རྫུན་དུ་སྨྲས་པས་སྐུར་པ་མང་འགྱུར་ཞིང་། །ཕྲ་མས་བཤེས་བྲལ་ཕན་ཚུན་མི་མཐུན་འགྱུར། །རྩུབ་མོས་མི་སྙན་འཁྱལ་པས་ངག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་མི་འགྲུབ་ཅིང་། །གནོད་སེམས་འཇིགས་བཅས་ལོག་ལྟས་ལྟ་ངན་ཉིད། །དེ་ལྟར་མི་དགེ་བཅུ་པོ་དུག་འདྲ་བས། །སེམས་ཤེས་རྣམས་ཀྱིས་རབ་ཏུ་སྤང་འཚལ་ལོ། །ཐར་པའི་ལམ་ནི་ཞི་བ་བྱང་ཆུབ་བསྒྲུབ། །སྲིད་ལས་འདའ་བྱེད་སྡུག་བསྔལ་སྤོང་བར་བྱེད། །གང་ཞིག་ཐེག་པ་གསུམ་གྱི་ལམ་ཞུགས་པའི། །འགྲོ་བ་རྣམས་ཀྱིས་ལེགས་པར་བསྒྲུབ་པ་ནི། །སོ་སོའི་སེམས་བསྐྱེད་ཚད་མེད་བཞི་བསྒོམ་ཞིང་། །ཕར་ཕྱིན་དྲུག་སྤྱོད་བྱང་ཆུབ་ཕྱོགས་ཆོས་བསྒྲུབ། །ཉིན་མཚན་བརྩོན་པས་དགེ་བར་གྱུར་རྣམས་
ཡིན། །ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཉིད། །རྩོམ་པ་ཐམས་ཅད་གཞན་དོན་འབའ་ཞིག་སྤྱོད། ལྟ་བ་མཁའ་འདྲ་སྟོང་ཉིད་བཅོ་བརྒྱད་དང་། །སྒོམ་པ་འོད་གསལ་ཕྱོགས་ཆོས་སུམ་ཅུ་བདུན། །སྤྱོད་པ་སྐྱོན་མེད་ཕ་རོལ་ཕྱིན་པ་དྲུག །འབྲས་བུ་བླ་མེད་བྱང་ཆུབ་འགྲུབ་པ་ཡིན། །འདི་ལྟར་སྣང་སྲིད་འཁོར་བའི་ཆོས་རྣམས་ཀུན། །དགེ་དང་མི་དགེའི་བག་ཆགས་ལས་བྱུང་སྟེ། །ལས་མ་ཟད་པར་འཁྲུལ་སྣང་སྟོངས་མི་སྲིད། །དེ་ཡི་ཕྱིར་ན་མི་དགེ་སྤང་བར་བྱ། །དག་པའི་རྒྱལ་སྲས་ལམ་གྱི་ཡོན་ཏན་དང་། །རྣམ་གྲོལ་རྒྱལ་བའི་འབྱོར་པ་ཕུན་ཚོགས་ཀུན། །ཚོགས་གཉིས་བསགས་པས་ཁམས་ལ་སྒྲིབ་གཉིས་བྲལ། །དགེ་ཚོགས་ལས་བྱུང་ཤེས་ནས་འབད་པར་མཛོད། །དགེ་བའང་བསོད་ནམས་ཆ་མཐུན་འཁོར་བའི་རྒྱུ། །དེ་ལས་ལོག་སྟེ་ཐར་པ་ཆ་མཐུན་བསྒྲུབ། །འཁོར་བ་སྤང་ཕྱིར་དེ་རྒྱུ་སྤང་འཚལ་ལོ། །ཕ་རོལ་ཕྱིན་ལྔ་སྣང་བཅས་བསོད་ནམས་དང་། །ཤེས་རབ་ཡེ་ཤེས་ཚོགས་གཉིས་བསྟེན་པར་མཛོད། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལས་རྒྱུ་འབྲས་བསམ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།
འཁོར་བ་སྡུག་བསྔལ་དུ་རྟོག་ཅིང་མྱང་འདས་བདེ་བར་བསམ་པའི་ལེའུ་སྟེ་བཅུ་བདུན་པ།
དེ་ནས་འཁོར་བའི་སྡུག་བསྔལ་བསམ་བྱ་སྟེ། །སྙིང་པོ་མེད་ཅིང་རྟག་མི་ཐུབ་པའི་ཕྱིར། ཁམས་གསུམ་རིགས་དྲུག་སྲིད་པའི་སྡུག་བསྔལ་ལས། །མྱུར་དུ་འདའ་བའི་ཐབས་ལ་འབད་པར་བྱ། །དམྱལ་བའི་གནས་ན་སྡུག་བསྔལ་དཔག་ཏུ་མེད། །ཡང་སོས་ཕན་ཚུན་མཚོན་གྱིས་འདེབས་པ་ལས། །ཡང་ཡང་སྐྱེ་ཤིའི་སྡུག་བསྔལ་བཟོད་གླགས་མེད། །ཐིག་ནག་ལྕགས་ཀྱི་སོག་ལེས་གཤོག་པ་སྟེ། །བསྡུས་འཇོམས་རི་དང་གཏུན་དང་ལྗོངས་སུ་འཐག །ངུ་འབོད་ལྕགས་ཁྱིམ་འབར་བར་སྲེག་བྱེད་ཅིང་། །ངུ་འབོད་ཆེན་པོ་ལྕགས་ཁྱིམ་ཉིས་རིམ་སྲེག །ཚ་བ་མདག་མེ་འབར་བའི་ས་
གཞི་ལ། །པགས་པ་བཤུས་ཏེ་ཕུར་བུས་རྒྱོང་པ་དང་། །རབ་ཏུ་ཚ་བ་ཕྱི་ནང་མེས་གདུང་ཞིང་། །ཟངས་ཞུན་ཁོལ་མས་ལུས་ཀུན་རྡུལ་དུ་སྲེག །མནར་མེད་ལྕགས་ཁང་འབར་བས་བཟོད་གླགས་མེད། །རྡུང་དང་འཚོག་དང་གཤོག་དང་ཕྱེ་མར་འཐག །འཚེད་དང་འབིགས་དང་ལྕགས་ལེབ་འབར་བས་དཀྲི། ཕྱི་རོལ་ཕྱོགས་བཞིར་ཉེ་འཁོར་བཅུ་དྲུག་སྟེ། །རོ་མྱགས་འདམ་དང་ཆུ་བོ་རབ་མེད་དང་། །སྤུ་གྲིའི་ཐང་དང་རལ་གྲི་ལོ་མའི་ཚལ། །ཤལ་མའི་སྡོང་པོས་ཀུན་ནས་འཁོར་བ་ལ། །དམྱལ་བ་པ་རྣམས་སྡུག་བསྔལ་སྣ་ཚོགས་སྤྱོད། །ཚེ་ཚད་ཡང་སོས་ལ་སོགས་དྲུག་པོ་ནི། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ་པ་ཡི། །རང་ལོ་དེ་སྙེད་བར་དུ་ཐུབ་པ་སྟེ། །རབ་ཏུ་ཚ་བས་བར་བསྐལ་ཕྱེད་ཐུབ་ཅིང་། །མནར་མེད་བར་བསྐལ་གཅིག་ཏུ་གནས་པར་གསུངས། །གངས་དང་ཁ་བའི་བུ་ཡུག་ལངས་པ་ཡིས། །རབ་ཏུ་སྦྲེབས་པའི་ལུས་ཅན་རྣམ་བརྒྱད་ནི། །ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཅན། །ཨ་ཆུ་ཟེར་དང་ཀྱི་ཧུད་སོ་འཐམས་དང་། །པདྨ་ལྟར་གས་ཨུཏྤལ་པདྨ་ཆེ། །གྲང་བས་ཉམ་ཐག་སྡུག་བསྔལ་ཕ་མཐའ་ཡས། །ཚེ་ཚད་ཁལ་བརྒྱ་ཤོང་བའི་ཏིལ་སྦྱངས་ནས། །ལོ་བརྒྱར་ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་ཚེ་ལྷག་མ་ཉི་ཤུར་འགྱུར། །ཡི་དྭགས་བཀྲེས་སྐོམ་འཚེ་བས་སྡུག་བསྔལ་བ། །ཕྱི་ཡི་སྒྲིབ་ཅན་བཟང་དགུ་མཐོང་ནའང་བསྐམས། །ནང་གི་སྒྲིབ་ཅན་གློ་སྙིང་མེར་འབར་ཞིང་། །སྤྱི་མཐུན་སྒྲིབ་ཅན་ཟས་སྐོམ་ཡིད་ལ་བཏགས། །བཅུ་གཉིས་ལོར་ཡང་ཆུ་ཡི་སྒྲ་མི་ཐོས། །གཞན་གྱིས་འཚེ་དང་བསྲུང་བར་སྣང་བའོ། །ཚེ་ཚད་མི་ཡི་ལོ་བརྒྱ་ཡི་དྭགས་ཞག །རང་ལོ་ལྔ་བརྒྱར་སྡུག་བསྔལ་མྱོང་བ་ཡིན། །དུད་འགྲོ་རྣམས་ལའང་གཅིག་གིས་གཅིག་ཟ་ཞིང་། །འཚེ་དང་བཀོལ་སྤྱོད་གསོད་གཅོད་སྡུག་བསྔལ་མང་། །ཚེ་ལ་མ་ངེས་བསྐལ་པ་ལ་སོགས་སོ། །མི་རྣམས་ལ་ཡང་བདེ་བའི་སྐབས་མེད་དེ། །སྐྱེ་རྒ་ན་འཆི་དགྲ་དང་འཚེ་བ་མང་། །བཤེས་བྲལ་འདོད་པས་ཕོངས་དང་མི་འདོད་མྱོང་། །འདོད་པ་མ་
གྲུབ་ཚ་གྲང་ངལ་དུབ་དང་། །ཕན་པའི་ལན་དུ་གནོད་དང་དྲིན་མི་གཟོ། །འཁོར་གྱིས་ལོག་སྒྲུབ་དོན་མེད་ཕྲག་དོག་དང་། །མི་བསྔགས་དོན་མེད་སྒྲོ་སྐུར་དཔག་ཏུ་མེད། །ལྷ་མིན་རྣམས་ལའང་ཁྲོ་དང་འཁྲུག་པ་དང་། །མི་འདོད་ཐོག་ཏུ་འབབ་དང་འཆི་ལ་སོགས། །སྣ་ཚོགས་སྡུག་བསྔལ་མང་ལྡན་བདེ་བ་མེད། །ལྷ་རྣམས་ལ་ཡང་འཆི་འཕོ་ལྟུང་ལ་སོགས། །སྡུག་བསྔལ་ཆུ་མཚོ་མཐའ་ཡས་དཔག་ཏུ་མེད། །དེ་ལྟར་འཁོར་བ་མེ་ཡི་འོབས་འདྲ་སྟེ། །བདེ་བའི་སྐབས་མེད་ཟོ་ཆུན་འཁྱུད་མོ་བཞིན། །གཅིག་ནས་གཅིག་བརྒྱུད་ཐོག་ཐ་མེད་པ་ལས། །བློ་བཟང་རྣམས་ཀྱིས་ཐར་ཕྱིར་སྤྲོ་བ་བསྐྱེད། །སྙིང་པོ་མེད་པ་དེ་འདྲའི་འཁོར་བ་ལས། །ཐར་པའི་མཆོག་ནི་མྱ་ངན་འདས་པ་སྟེ། །ཞི་བདེ་བསིལ་བའི་བདུད་རྩི་བླ་ན་མེད། །རྟག་བརྟན་འཕོ་འགྱུར་མེད་ཅིང་སྤྲོས་དང་བྲལ། །ཡོན་ཏན་རང་བཞིན་ལུས་རྫོགས་རྒ་ཤི་མེད། །སྒྲིབ་བྲལ་རྙོག་པ་མེད་ཅིང་ཕན་བདེའི་གནས། །འགྲོ་བའི་སྐྱབས་དང་དཔུང་གཉེན་གྱུར་པ་དེར། །བློ་བཟང་རྣམས་ཀྱིས་བགྲོད་ཕྱིར་བརྩོན་པར་བྱ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཁོར་བ་སྡུག་བསྔལ་དུ་རྟོག་ཅིང་མྱང་འདས་བདེ་བར་བསམ་པའི་ལེའུ་སྟེ་བཅུ་བདུན་པའོ།། །།
གནས་ལུགས་གཏན་ལ་དབབ་པའི་ལེའུ་སྟེ་བཅོ་བརྒྱད་པ།
དེ་ལྟར་བསམ་བྱ་ཡོངས་སུ་རྫོགས་པ་ན། །སྒོམ་བྱུང་ཤེས་རབ་རྒྱུད་ལ་བསྐྱེད་པར་བྱ། །ཐེག་གསུམ་ངེས་པར་འབྱུང་བའི་ལམ་གསུམ་ལས། །འདིར་ནི་བླ་མེད་སྙིང་པོའི་དོན་ལ་འཇུག །དེ་ལ་དང་པོ་གནས་ལུགས་ཤེས་པ་གཅེས། །ཐེག་པའི་དབང་གིས་རྣམ་པ་མང་ན་ཡང་། །ངེས་པའི་སྙིང་པོ་བདེན་པ་དབྱེར་མེད་དེ། །སངས་རྒྱས་རྣམས་ཀྱི་གསང་བའི་མཛོད་ཁང་ཡིན། །དེ་ཡི་རང་བཞིན་འོད་གསལ་ཡེ་ཤེས་ཏེ། །ཐོག་མ་མེད་ནས་རབ་ཞི་སྤྲོས་མེད་བདག །ཉི་མཁའ་བཞིན་ཏེ་ལྷུན་གྲུབ་འདུས་མ་བྱས། །རང་བཞིན་རྣམ་དག་ཆེན་པོར་ཡེ་གནས་པས། །སྣང་སྟོང་དབྱེར་མེད་གྲུབ་བསལ་འགྲོ་འོང་མེད། །ཀུན་རྫོབ་རྣམ་ཆད་རྣམ་དབྱེའི་ཡུལ་
འདས་པས། །བརྟགས་པའི་བདེན་གཉིས་འདས་ཕྱིར་སྤྲོས་ཀུན་ཞི། །བདེན་པ་དབྱེར་མེད་གྲུབ་དང་མ་གྲུབ་མེད། །དབྱིངས་ལ་སྣང་སྟོང་རང་བཞིན་གཉིས་མེད་པས། །བདེན་པ་དེ་ཡང་དབྱེར་མེད་ཅེས་སུ་བརྗོད། །ཐ་སྙད་བདེན་གཉིས་ཚུལ་གྱིས་རབ་དབྱེ་ན། །འདི་ལྟར་འཁྲུལ་སྣང་འཁོར་བའི་ཆོས་རྣམས་ཀུན། །མི་བདེན་བསླུ་ཕྱིར་ཀུན་རྫོབ་བདེན་པ་ལགས། །ཟབ་ཞི་འོད་གསལ་མྱ་ངན་འདས་པའི་ཆོས། །འགྱུར་མེད་རང་བཞིན་དོན་དམ་བདེན་པར་འདོད། །ཀུན་རྫོབ་འདི་ལྟར་སྣ་ཚོགས་སྣང་བ་འདི། །སྒྱུ་མ་ཆུ་ཟླ་སྤྲུལ་པ་གཟུགས་བརྙན་བཞིན། །རང་བཞིན་མེད་ལ་སྣང་བ་གང་ཡིན་འདི། །ཤིན་ཏུ་བརྟགས་ན་གཞི་རྩ་དངོས་མེད་པས། །མཁའ་འདྲ་སྟོང་ཞིང་མཚན་ཉིད་ཆད་པ་སྟེ། །མ་བརྟགས་ཉམས་དགའ་སྣ་ཚོགས་སྒྱུ་མ་བཞིན། །བག་ཆགས་འཁྲུལ་པའི་རྟེན་འབྲེལ་ལས་བྱུང་བ། །ཇི་ལྟར་དྷ་དུ་ར་ཡི་སྣང་བ་བཞིན། །འདི་ལྟར་རང་བཞིན་སྟོང་ལ་བདག་མེད་པ། །དེ་ཉིད་དེ་ཡི་གནས་ལུགས་ཡིན་པའི་ཕྱིར། །དོན་དམ་ཞེས་བྱ་སྣང་ཆ་ཀུན་རྫོབ་སྟེ། །སྣང་དུས་ཉིད་ནས་སྐྱེ་སོགས་གྲུབ་མེད་པས། །རང་བཞིན་དེ་ཡིན་བདེན་པ་དབྱེར་མེད་དོ། །དེ་ཡི་རང་བཞིན་གདོད་ནས་དག་པ་དང་། །འོད་གསལ་དོན་དམ་གཉིས་སུ་བྱར་མེད་པས། །འཁོར་འདས་གཉིས་མེད་བདེན་པ་དབྱེར་མེད་དོ། །འདི་ལྟར་སྣང་ཡང་འཁོར་བ་མ་གྲུབ་པས། །རང་བཞིན་མེད་དེ་དབྱིངས་ཀྱི་དོན་དམ་དང་། །ཐ་དད་སོ་སོར་དབྱེ་བའི་ཆོས་མེད་པས། །འཁོར་འདས་དབྱེར་མེད་མཉམ་པ་ཉིད་དུ་བསྟན། །འདི་ལས་གཞན་དུ་རྟོག་པ་ལོག་པའི་བློ། །གནས་ལུགས་དོན་ལ་རབ་ཏུ་རྨོངས་པ་ཡིན། །འཁྲུལ་ངོར་ཇི་ལྟར་སྣང་བཞིན་རྒྱུ་འབྲས་ཡོད། །དེ་ཕྱིར་དགེ་སྡིག་བླང་དོར་ཤེས་པ་གཅེས། །འགྱུར་མེད་དོན་དམ་བདེན་པའི་རང་བཞིན་ནི། །འོད་གསལ་བདེ་གཤེགས་སྙིང་པོ་ལྷུན་གྲུབ་སྟེ། །སྟོང་གསལ་རིག་པ་དབྱེར་མེད་ཆོས་ཉིད་དོ། །འདི་ཉིད་རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ཏེ། །ཡེ་ནས་ལྷུན་རྫོགས་བྱང་ཆུབ་སྙིང་པོ་
ཅན། །རྣམ་དག་སྤྲོས་བྲལ་ཕྱོགས་ལྷུང་ཀུན་དང་བྲལ། །ཟབ་ཞི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །འདི་ཉིད་འགྲོ་བ་ཀུན་ལ་ཡོད་པའི་དཔེ། །ས་འོག་གཏེར་དང་བུམ་ནང་མར་མེ་དང་། །པད་ནང་སྐུ་འདྲར་མཁས་པས་ཤེས་པར་བྱ། །ཇི་ལྟར་དབུལ་པོའི་ས་འོག་རིན་ཆེན་གཏེར། །རང་ལ་ཡོད་ཀྱང་མ་ཤེས་ཕོངས་པ་ལྟར། །ལྷུན་གྲུབ་སངས་རྒྱས་རང་ལ་ཡོད་གྱུར་ཀྱང་། །ལུས་ངག་སེམས་ཏེ་ཚོགས་བརྒྱད་སས་བསྒྲིབས་པས། །སྲིད་པའི་ཉེས་ཚོགས་དབུལ་བས་རྒྱུན་དུ་ཕོངས། །དེ་ལས་ལྷ་ཡི་མིག་ལྡན་མིས་མཐོང་ནས། །གཏེར་དེ་འབྱིན་པའི་ཐབས་བསྟན་དེས་ཕྱུང་བས། །རང་བཞིན་འབྱོར་པ་ཕུན་སུམ་ཚོགས་པ་ལྟར། །དམ་པ་རྣམས་ཀྱིས་གནས་ལུགས་དེ་བསྟན་པས། །ཇི་བཞིན་བསྒྲུབས་པས་སངས་རྒྱས་རང་ལས་རྙེད། །དོན་གཉིས་ཕུན་ཚོགས་ཡིད་བཞིན་ནོར་བུར་འགྱུར། །ཇི་ལྟར་བུམ་ནང་སྒྲོན་མེ་འོད་གསལ་ཡང་། །བུམ་པས་བསྒྲིབས་ཏེ་ཕྱི་རོལ་མི་མངོན་ལྟར། །སྙིང་པོའི་ཆོས་སྐུ་རང་ལ་གནས་ན་ཡང་། །སྒྲིབ་པའི་བུམ་པས་བསྒྲིབས་ཕྱིར་ཡོངས་མི་སྣང་། །དེ་ལས་བུམ་པ་བཅག་ན་སྣང་བ་ལྟར། །ས་རྣམས་སྒྲིབ་པ་གང་ཡིན་བྲལ་བ་ན། །འཇིག་རྟེན་སྒྲོན་མེ་ཀུན་ཏུ་སྣང་བར་བྱེད། །ཇི་ལྟར་པད་ནང་བདེ་གཤེགས་སྐུ་ཡོད་ཀྱང་། །པདྨས་གཏུམས་ཕྱིར་ཕྱི་རོལ་སྣང་བ་མེད། །དེ་བཞིན་གཟུང་འཛིན་འདབ་སྟོང་གིས་བསྒྲིབས་པས། །རང་གསལ་རྒྱལ་བའི་དབང་པོ་མཐོང་མི་ནུས། །ནམ་ཞིག་འདབ་མ་ཁ་ཕྱེ་གསལ་བ་ལྟར། །གཟུང་འཛིན་འཁྲུལ་སྣང་འདབ་མ་ལས་གྲོལ་ཚེ། །བྱང་ཆུབ་སྐུ་གསུམ་རང་ལ་སྣང་བར་འགྱུར། །དེ་ཕྱིར་ཆོས་དབྱིངས་དོན་དམ་འོད་གསལ་ནི། །རང་ལ་ཡོད་པའི་གནས་ལུགས་ཤེས་པར་མཛོད། །འདི་ལ་མིང་གི་རྣམ་གྲངས་མང་ཡོད་དེ། །འཁོར་འདས་འབྱུང་བས་དབྱིངས་ཞེས་རབ་བརྗོད་ཅིང་། །ཡེ་ནས་ཡོད་པས་རང་བཞིན་ལྷུན་གྲུབ་ཅེས། །དྲི་མས་བསྒྲིབས་ཕྱིར་སྙིང་པོའི་ཁམས་དང་ནི། །གནས་ལུགས་ཡིན་ཕྱིར་དོན་དམ་བདེན་
པ་དང་། །གདོད་ནས་དག་ཕྱིར་འོད་གསལ་དྲི་མེད་ཉིད། །མཐའ་གཉིས་གནས་བསལ་དབུ་མའི་རང་བཞིན་དང་། །སྤྲོས་ལས་འདས་ཕྱིར་ཤེས་རབ་ཕ་རོལ་ཕྱིན། །སྟོང་གསལ་རྣམ་དག་བདེན་པ་དབྱེར་མེད་དང་། །འཕོ་འགྱུར་མེད་པས་ཆོས་ཉིད་དེ་བཞིན་ཉིད། །ལ་སོགས་མིག་ལྡན་མཁས་པ་རྣམས་བཞེད་དོ། །ཚུལ་འདི་མི་ཤེས་སྟོང་པ་ཕྱང་ཆད་པ། །ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་སྨྲ་ཡང་། །བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པའི་ཕྱིར། །ནམ་མཁའི་ཡིད་ཅན་ཐལ་བས་བྱུགས་པ་རུང་། །གང་འདིར་སྟོན་པས་ཆོས་ཀྱི་མཛོད་གསུངས་པ། །ཀུན་གྱི་སྙིང་པོ་འོད་གསལ་རྩེ་མོའི་ལམ། །ལྷུན་གྲུབ་གཞི་ཡི་གནས་ལུགས་འདི་ཞེས་བྱ། །ཡང་ཟབ་ལྟ་བའི་མཐར་ཐུག་འདི་ཤེས་པས། །གོལ་སྒྲིབ་ལས་གྲོལ་རྟག་ཆད་ཀུན་དང་བྲལ། །བསྒྲུབ་པ་དོན་ཡོད་མྱུར་དུ་འཚང་རྒྱ་ཞིང་། །མདོ་རྒྱུད་ཀུན་ལ་ལྟ་བའི་མིག་དང་ལྡན། །དེ་ཕྱིར་གནས་ལུགས་འོད་གསལ་མཁྱེན་པར་མཛོད། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གནས་ལུགས་གཏན་ལ་དབབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།
བསམ་གཏན་གྱི་སྔོན་དུ་འགྲོ་བའི་ལེའུ་སྟེ་བཅུ་དགུ་པ།
དེ་ལྟར་གནས་ལུགས་ཤེས་ནས་བསྒོམ་པར་བྱ། །དེ་ལ་ཐོག་མར་སྔོན་དུ་འགྲོ་བ་ནི། །སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་བསྐྱེད་ནས། །གསང་སྔགས་ཕྱི་ནང་བསྐྱེད་པའི་རིམ་པ་བསྒོམ། །སྐྱབས་འགྲོའི་ཡུལ་ནི་དཀོན་མཆོག་གསུམ་ཉིད་དེ། །རྒྱུ་ཡི་ཡུལ་གྱུར་གཞན་རྒྱུད་བྱོན་ཟིན་པའི། །སངས་རྒྱས་སྐུ་གསུམ་སྤངས་རྟོགས་འཕྲིན་ལས་ལྡན། །ཆོས་ནི་འགོག་ལམ་བདེན་པ་རྣམ་པ་གཉིས། །དགེ་འདུན་སར་བཞུགས་རྒྱལ་སྲས་འཕགས་རྣམས་ཏེ། །གནས་སྐབས་དེ་གསུམ་མཚུངས་པར་སྐྱབས་སུ་འགྲོ། །མཐར་ཐུག་སངས་རྒྱས་ཆོས་སྐུ་ཉག་གཅིག་སྟེ། །དཀོན་མཆོག་མཐར་ཐུག་སྐྱབས་ཀྱི་དམ་པ་ཉིད། །ལམ་བདེན་ཀུན་རྫོབ་རྒྱལ་སྲས་སྒྲིབ་བཅས་ཕྱིར། །སངས་རྒྱས་ཉིད་ལས་མཐར་ཐུག་སྐྱབས་གང་ཞིག །འབྲས་
བུའི་སྐྱབས་འགྲོ་དཀོན་མཆོག་རྣམ་པ་གསུམ། །རང་ལ་འགྲུབ་འདོད་སླད་དུ་སྨོན་པ་ཡིན། །དེ་ཡང་རྒྱུ་ཡི་སྐྱབས་འགྲོས་རྒྱུ་བྱས་ཏེ། །རང་རྒྱུད་དཀོན་མཆོག་འབྲས་བུའི་སྐྱབས་འགྲུབ་འདོད། །སངས་རྒྱས་སྟོན་པ་ཆོས་ལ་ལམ་དང་ནི། །དགེ་འདུན་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ། །དེ་ལྟར་སྐྱབས་ཡུལ་ཤེས་ནས་སྐྱབས་འགྲོ་བ། །མདུན་གྱི་ནམ་མཁར་དཀོན་མཆོག་རབ་བསམས་ལ། །དངོས་དང་ཡིད་ཀྱི་མཆོད་སྤྲིན་རྒྱ་མཚོས་མཆོད། །བདག་དང་སེམས་ཅན་ཐམས་ཅད་ཐལ་སྦྱར་ཏེ། །གསུམ་ལ་ཕྱོགས་པས་སྐྱབས་སུ་འགྲོ་བར་བསམ། །བླ་མ་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ལན་གསུམ་བར་དུ་སྐྱབས་སུ་འགྲོ་བར་བྱ། །དེ་ཡི་ཕན་ཡོན་གནས་སྐབས་བསམ་པ་འགྲུབ། །ནང་པར་ཚུད་དང་ཆོས་ཀུན་རྟེན་དུ་འགྱུར། །གནོད་པས་མི་བརྫི་སངས་རྒྱས་ཞབས་དྲུང་སྐྱེ། །མཐར་ཐུག་དོན་གྱི་དཀོན་མཆོག་གསུམ་པོ་འགྲུབ། །དེ་ཕྱིར་ཐོག་མར་སྐྱབས་སུ་འགྲོ་བར་བྱ། །དེ་ནས་བྱང་ཆུབ་སེམས་མཆོག་བསྐྱེད་པ་ནི། །གཞན་ཀྱི་དོན་ཕྱིར་སངས་རྒྱས་འདོད་པ་སྟེ། །སྨོན་དང་འཇུག་པའི་རང་བཞིན་གཉིས་ཡིན་ནོ། །སེམས་བསྐྱེད་པས་ནི་སེམས་བྱུང་ཞར་ལ་བསྐྱེད། །སེམས་ནི་དོན་གྱི་ངོ་བོ་རང་སྟོབས་རིག །སེམས་བྱུང་དོན་གྱི་ཁྱད་པར་རང་སྟོབས་རིག །འཁོར་བའི་དུས་ན་སེམས་དང་སེམས་བྱུང་གིས། །བྱ་དང་བྱེད་པ་རྣམ་པར་གཡོ་བས་ན། །ཡེ་ཤེས་མི་སྣང་ཕྱིར་ན་སེམས་བསྐྱེད་དེ། །ཡེ་ཤེས་རབ་གསལ་དོན་ལ་ནུས་པ་འཇོག །རྒྱུན་མཐར་སེམས་འགག་དེས་བསྐྱེད་ཆོ་ག་ལས། །ཉེ་བར་ཐོབ་པའི་སེམས་བསྐྱེད་ལྡོག་ན་ཡང་། །དེ་ཡིས་ནུས་ལྡན་ཡེ་ཤེས་ལ་བགོས་པ། །སངས་རྒྱས་སར་རྒྱས་ཐུགས་རྗེས་དོན་མཛད་ལ། །སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱར་བརྗོད། །ཚོགས་དང་སྦྱོར་བར་ཁམས་དེའི་རང་བཞིན་ཉིད། །མོས་པས་དོན་སྤྱིའི་ཚུལ་དུ་འཇལ་བས་ན། །སེམས་བསྐྱེད་དེ་ཡང་མོས་པས་བྱུང་ཞེས་བརྗོད། །དང་པོའི་ས་ནས་བདུན་པའི་བར་ཉིད་དུ། ཁམས་
ཀྱི་སྒྲིབ་པ་ཕྱོགས་རེ་རྣམ་དག་པས། །ཡེ་ཤེས་རྒྱ་ཆེ་ལྷག་བསམ་དག་ཅེས་བརྗོད། །དག་པའི་སར་ནི་སྒོ་ལྔ་ཀུན་གཞིའི་ཤེས། །རྣམ་དག་སྨོན་ལམ་ཡོན་ཏན་རྒྱ་ཆེ་བས། །རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་སུ་བརྗོད། ཁམས་ལ་སྒྲིབ་བྲལ་སངས་རྒྱས་ས་དེ་ནི། །སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱར་བརྗོད། །ཇི་ལྟར་བསྐྱེད་ཚུལ་རྣམ་པ་གཉིས་ཡིན་ཏེ། །བླ་མ་མཆོག་དང་དཀོན་མཆོག་དྲུང་དུ་ལེན། །བླ་མར་ལེན་ཚེ་དེ་ཡིས་ཆོས་བཤད་དེ། །སྔོན་འགྲོ་ཡན་ལག་བདུན་པ་སྐྱབས་འགྲོར་བཅས། །དངོས་གཞི་རྒྱལ་དང་དེ་སྲས་བླ་མ་མཆོག །དགོངས་སུ་གསོལ་ཞེས་ལེགས་པར་བརྗོད་རྗེས་སུ། །ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས། །བྱང་ཆུབ་ཐུགས་བསྐྱེད་བསླབ་ལ་གནས་པ་ལྟར། །དེ་བཞིན་བདག་གིས་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་བསྐྱེད་བསླབ་ལ་གནས་པར་བགྱི། །དེ་སྐད་ཅེས་ནི་ལན་གསུམ་བརྗོད་པར་བྱ། །དེ་ཡི་ཕན་ཡོན་དམ་པ་ཚད་མེད་དེ། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་མིང་ཐོབ་ཅིང་། །ལྷར་བཅས་འཇིག་རྟེན་ཀུན་གྱི་མཆོད་སྡོང་འགྱུར། །དགེ་བ་ཐམས་ཅད་ཐར་པའི་ལམ་འགྱུར་ཞིང་། །སྡིག་པ་མཐའ་ཡས་ཉེས་ཟད་བསོད་ནམས་འཕེལ། །ཐར་ལམ་རྙེད་ཅིང་མངོན་མཐོ་ངེས་ལེགས་འགྲུབ། །དེ་ལྟར་སེམས་མཆོག་བསྐྱེད་པར་གྱུར་མ་ཐག །གསང་སྔགས་རྗེས་ཞུགས་སྐལ་བཟང་འགྲོ་མཆོག་གིས། །རང་རང་མོས་པའི་ཡི་དམ་ལྷར་བསྒོམ་མོ། །སྔོན་དུ་རིག་གཏད་རྗེས་གནང་དབང་ལ་སོགས། །རྒྱུད་སྡེ་མཆོག་ལས་གསུངས་བཞིན་སྨིན་བྱས་ལ། །གྲོལ་བྱེད་བསྐྱེད་རྫོགས་དོན་ལ་བསྒོམ་པར་བྱ། །འདི་ལྟར་ཕྱི་སྣོད་ཞིང་དང་སེམས་ཅན་ལྷ། །རང་ལུས་གཞལ་ཡས་ཁང་མཛེས་ངག་སྔགས་ཏེ། །སེམས་ནི་ལྷར་གསལ་ཐ་མལ་ཞེན་པ་འགོག །དབྱིངས་ཀྱི་རྗེས་འགྲོ་སྒྲིབ་པའི་དྲི་མ་སེལ། །དེ་རྗེས་སེམས་ཉིད་མི་དམིགས་ཆོས་ཉིད་ངང་། །སེམས་ཉིད་འོད་གསལ་རྫོགས་པའི་རིམ་པ་བསྒོམ། །འདི་ནི་ངེས་དོན་རྒྱུད་
སྡེའི་དགོངས་པ་ཡིན། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིིན་པོ་ཆེའི་མཛོད་ལས། བསམ་གཏན་གྱི་སྔོན་དུ་འགྲོ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།
འོད་གསལ་མཆོག་གི་བསྒོམ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པ།
དེ་ནས་དངོས་གཞི་ཇི་ལྟར་བསྒོམ་པ་ནི། །དང་པོ་དབེན་ཞིང་ཡིད་འོང་གནས་དག་ཏུ། །སྔོན་འགྲོའི་ཆོས་རྣམས་རིམ་པར་རྫོགས་མ་ཐག །དངོས་གཞི་འོད་གསལ་ཡེ་ཤེས་བསྒོམ་པར་བྱ། །དེ་ཡང་ཐབས་མེད་ཤེས་རབ་མི་སྐྱེ་བས། །ཐོག་མར་སྣ་ཚོགས་ཐབས་ཀྱིས་བསམ་གཏན་བཙལ། །དམིགས་པའི་རྟེན་ལས་མི་དམིགས་སྐྱེ་བ་སྟེ། །དེ་ལས་ཆོས་ཉིད་ཡེ་ཤེས་འཆར་བས་ན། །དང་པོ་ཞི་གནས་བསྐྱེད་པའི་རིམ་པ་ཡང་། །རང་རང་རྒྱུད་ལས་ཇི་སྐད་གསུངས་བཞིན་བསྒོམ། །འདིར་ནི་མདོར་བསྡུས་ཅུང་ཟད་བསྟན་པ་ནི། །ལུས་ལ་རྩ་གནས་དེ་ལ་རླུང་དང་ཁམས། །རང་བཞིན་བརྟེན་ཕྱིར་དེ་དག་གནད་བསྣུན་གཅེས། །ལུས་ཀྱི་ཆ་བསྲངས་རྡོ་རྗེ་སྐྱིལ་ཀྲུང་ལ། །ལག་པ་པུས་བཀབ་མཇིང་པ་ཅུང་ཟད་དགྱེ། །དབུགས་ནི་ཐད་སོ་མིག་ནི་འགུལ་མི་བྱ། །རླུང་རོ་ཕྱིར་གདོན་འཇམ་རླུང་ནང་དུ་བཟུང་། །རླུང་ནི་ཁ་སྦྱར་རྩ་གསུམ་འཁོར་ལོ་གསལ། ཁ་དོག་གྲངས་དང་རེག་བྱ་དབྱིབས་བསྒོམས་པས། །རྣམ་རྟོག་རང་འགག་གསལ་དངས་ཕྱེད་པར་གནས། །མི་རྟོག་ཡེ་ཤེས་ངོ་སྤྲད་ལྷག་མཐོང་བསྒོམ། །དེ་ནས་ཁམས་ལ་བསླབ་པའི་རིམ་པ་ཡང་། །ཨ་ཤད་མེ་ཡིས་རི་བོང་ཅན་བཞུ་བས། །བདེ་ཆེན་ངང་ལ་མི་རྟོག་སྦྱངས་རྗེས་སུ། །འཁོར་ལོ་བཞི་དབུས་རྩ་གསུམ་སྟེང་འོག་ལས། །ཉི་ཟླའི་འགྲོས་ཅན་དབུ་མར་མཉམ་ཞུགས་ཏེ། །དབུས་སུ་རྣམ་འདྲེས་ཨེ་ཝཾ་ཟུང་འཇུག་ནི། །ལྔ་ལྡན་ཆེས་ཕྲ་འོད་གསལ་ངང་ཉིད་ལས། །མཆོག་རབ་རྣམས་ལ་ནམ་མཁའི་གཟུགས་ཅན་ཏེ། །གཞན་ལ་མི་རྟོག་ཞི་གནས་འགྲུབ་པ་ཡིན། །མདོ་དང་བསྟན་བཅོས་དག་ལས་རླུང་དང་ནི། །ཕྱི་རོལ་དམིགས་པའི་རྟེན་ལ་སེམས་བཟུང་བས། །ཞི་གནས་བསྒྲུབ་དང་འདི་ནི་མཚུངས་པར་བསྟན། །ཐབས་དེས་འགྲུབ་པའི་
ལྷག་མཐོང་ཡེ་ཤེས་ནི། །གསལ་བདེའི་ངང་དེར་གནས་དང་མི་གནས་དང་། །ཡོད་མེད་ཡིན་མིན་མཚོན་བརྗོད་འདས་པའི་མདངས། །རང་རིག་སྤྲོས་བྲལ་དྭངས་གསལ་ལྷག་གེ་བ། །རྒྱ་ཆད་ཕྱོགས་མེད་ནམ་མཁའ་ལྟ་བུ་ལ། །དྭངས་གསལ་མི་གཡོ་ཉི་ཟླའི་དཀྱིལ་འཁོར་བཞིན། །ཀུན་རྟོག་རྙོག་བྲལ་རྒྱ་མཚོ་ལྟ་བུ་དེས། །རང་བྱུང་ཡེ་ཤེས་སེམས་ཉིད་འོད་གསལ་དུ། །དམ་པ་རྣམས་ཀྱིས་ངོ་སྤྲོད་ཆོས་ཀྱི་སྐུ། །ལྷན་ཅིག་སྐྱེས་ཏེ་རྟག་ཏུ་བསྒོམ་པར་བྱ། །མཚན་མའི་རྣམ་རྟོག་གང་དང་གང་ཤར་ཡང་། །གནས་ལུགས་ངང་དེར་ཆུ་ལ་རླབས་བཞིན་གྲོལ། །གློད་པས་རང་ཞི་ངང་དངས་མ་ཤོར་གཅེས། །མ་བྱིང་མ་རྨུགས་རྒོད་པར་མ་གྱུར་ཅིང་། །མ་ཆགས་མི་གཡོ་རྒྱུ་བ་ཀུན་དང་བྲལ། །བསམ་གཏན་དྭངས་པས་ཤེས་རབ་རྒྱུན་ཆད་མེད། །རང་བྱུང་ཡེ་ཤེས་ལྷན་ཅིག་སྐྱེས་པ་བསྒོམ། །འདི་ནི་ཡང་ཟབ་སྙིང་པོའི་གདམས་པ་ཡིན། །དེ་ལས་སྤྱན་དང་མངོན་ཤེས་སྐྱེ་འགྱུར་ཞིང་། །ཉིན་མཚན་ཏིང་འཛིན་ཕྱད་པར་གྲོལ་བ་དང་། །གཟུངས་སྤྲིན་ཡེ་ཤེས་ཉི་མ་ཁོང་ནས་འཆར། །རྩ་རླུང་ལས་རུང་ཡོན་ཏན་ཚོགས་འཕེལ་བས། །ས་རྣམས་གོང་བགྲོད་གྲུབ་པ་རྣམ་གཉིས་ཐོབ། །དེ་ཕྱིར་འདི་འདྲའི་གནད་ལ་གོམས་པར་མཛོད། །གང་ལ་གནད་མེད་སྤྲོས་བྲལ་ཚིག་ཏུ་ཤོར། །རྟོག་པའི་བཟོ་རྒྱས་མཐའ་བྲལ་གདེང་བཅས་ཏེ། །རྣམ་རྟོག་ཅི་སྐྱེས་སྐྱེ་འགག་གྲངས་འདེབས་ཀྱང་། །གནས་ལུགས་དོན་དང་རྒྱང་རིང་གནམ་ས་འབཞིན། །ཟང་ཐལ་ཆིག་རྫོགས་འབྲེལ་ཐག་ཆད་པ་ཡི། །སལ་ལེ་ཧྲིག་གེ་བར་མཚམས་ངོས་བཟུང་ནས། །དོན་མཐོང་འདོད་པས་དོན་མེད་ཕྱིན་ཅི་ལོག །སྐད་ཅིག་ཡུད་ཙམ་ངོས་བཟུང་འགྱུར་བའི་ཕྱིར། །སྔ་ཕྱི་སྒོམ་མིན་བར་དེར་སུ་ཡིས་བཅུག །དེ་འདྲའི་ལམ་ངན་མདོ་རྒྱུད་དང་འགལ་བས། །ཐར་པ་འདོད་ན་རིང་དུ་སྤང་བར་བྱ། །རབ་ཀྱིས་སོར་གཞུག་འབྲིང་གིས་ངང་ལ་བསྐྱང་། །ཐ་མས་སོ་སོར་རྩལ་སྦྱང་ཞེས་སྨྲ་བ། །མུན་པའི་བློ་ཅན་སྔོན་མེད་གླང་ཆེན་ཞིག །གཞུང་ལུགས་ཀུན་ལས་མི་རྟོག་
ཡེ་ཤེས་མཆོག །ཟབ་ཞི་སྤྲོས་བྲལ་གནས་ལུགས་བསྒོམ་པར་གསུངས། །དེ་དང་འགལ་གྱུར་ལམ་ངན་ཇི་སྙེད་པ། །དེང་སང་དར་བས་ཐར་འདོད་རྣམས་ཀྱིས་སྤང་། །མཉམ་གཞག་དངོས་གཞིའི་ངང་ལས་ལངས་མ་ཐག །སྒྱུ་མར་ཤེས་པས་གཞན་དོན་བསྔོ་བར་བྱ། །རྗེས་སྣང་སྣང་སྲིད་དཀྱིལ་འཁོར་ཤེས་བྱ་སྟེ། །སྒྱུ་མའི་དཔེ་བརྒྱད་ཚུལ་གྱིས་སྤྱད་པར་བྱ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འོད་གསལ་མཆོག་གི་བསྒོམ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།
ལམ་བགྲོད་པའི་ས་མཚམས་བསྟན་པའི་ལེའུ་སྟེ་ཉེར་གཅིག་པ།
དེ་ལྟར་བསྒོམ་པས་བགྲོད་པའི་ས་ལམ་ཡང་། །ཕྱི་ནང་སྦྱར་ཏེ་ལེགས་པར་བཤད་པ་ནི། །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་བཞི་པོ། །ཡོངས་སུ་རྫོགས་པས་སངས་རྒྱས་འགྲུབ་དེའི་ཕྱིར། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ནི། །དཀྱིལ་འཁོར་དག་གིའང་རྣམ་དག་ཆོས་སུ་གསུངས། །འཁོར་ལོ་བཞི་པོའི་རླུང་སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་བཞིན་འཆར་བ་སྟེ། །དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །སྤྲུལ་པའི་འཁོར་ལོར་རླུང་སེམས་ལས་རུང་བས། །ཚོགས་ལམ་གསུམ་པོའི་དྲོད་རྟགས་འཆར་བ་སྟེ། །སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་སྤྲུལ་པ་འགྱེད། །ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་སྟེ། །ལུས་ལྷར་བསྐྱེད་པ་ལུས་དྲན་ཉེ་བར་གཞག །བྱུང་ཚོར་རྣམ་རྟོག་ཡེ་ཤེས་བསྒྱུར་བ་ནི། །ཚོར་བ་དྲན་པ་ཉེ་བར་གཞག་པ་སྟེ། །སེམས་དང་སེམས་བྱུང་སྤྲོས་པ་ཉེར་ཞིའི་བསྒོམ། །སེམས་དྲན་ཉེར་གཞག་རྫོགས་པའི་རིམ་པ་སྟེ། །སྣང་བཏགས་ཆོས་ཀུན་སྒྱུ་མར་ཤེས་པ་ནི། །ཆོས་དྲན་ཉེར་གཞག་ལགས་པར་རྒྱུད་ལས་གསུངས། །འབྲིང་དུ་ཡང་དག་སྤོང་བཞིའི་རིམ་པ་ནི། །དེ་ལྟར་བསྒོམ་པས་དགེ་དང་མི་དགེ་ཡི། །ཞེན་པ་བཞི་པོ་ཡང་དག་སྤོང་བ་སྟེ། །མི་དགེའི་ཆོས་རྣམས་མ་སྐྱེས་མི་བསྐྱེད་ཅིང་། །
སྐྱེས་པ་གཞོམ་ཕྱིར་འབད་རྩོལ་བརྩོན་འགྲུས་བརྩམ། །དགེ་བའི་ཆོས་རྣམས་མ་སྐྱེས་བསྐྱེད་པ་སྟེ། །སྐྱེས་པ་སྤེལ་ཕྱིར་འབད་རྩོལ་བརྩོན་འགྲུས་བརྩམ། །ཆེན་པོར་རྫུ་འཕྲུལ་རྐང་བཞི་བསྒོམ་པ་ཡང་། །བསྐྱེད་རྫོགས་དོན་ལ་མ་ཡེངས་རྩེ་གཅིག་ཏུ། །དྲན་དང་འདུན་དང་དཔྱོད་དང་སེམས་རྣམས་ཀྱི། །ཏིང་འཛིན་སྐྱོན་མེད་ཞི་བ་བསྒོམ་པ་ལས། །རླུང་སེམས་ལས་རུང་རྫུ་འཕྲུལ་ལེགས་གྲུབ་ནས། །དག་པའི་ཞིང་བགྲོད་སྤྲུལ་སྐུར་ཆོས་རབ་ཉན། །ཆོས་ཀྱི་འཁོར་ལོའི་རླུང་སེམས་ལས་རུང་བས། །སྦྱོར་བའི་ལམ་གྱི་ཡོན་ཏན་འཆར་བ་ནི། །དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ཀྱི། །དབང་པོ་ལྔ་ཉིད་དྲོད་རྩེར་བསྒོམས་པ་ཡིས། །རྨི་ལམ་སྒྱུ་མའི་རང་བཞིན་འབྱོངས་པ་དང་། །བདེན་པའི་ཚིག་གྲུབ་སྦྱངས་པའི་ཡོན་ཏན་ལྡན། །ལུས་ཀྱི་ཤིག་སྲོ་འབུ་སྲིན་མེད་པ་ཡིན། །སྟོབས་ལྔའི་རང་བཞིན་བཟོད་པ་ཆོས་མཆོག་བསྒོམ། །ངན་སོང་རྣམས་ཆད་དགེ་རྩ་བརྟན་པ་དང་། །ཏིང་འཛིན་རྫུ་འཕྲུལ་སྔོན་ལས་མཆོག་ཏུ་འཕགས། །ལོངས་སྤྱོད་འཁོར་ལོའི་རླུང་སེམས་ལས་རུང་བས། །རྣམ་པར་མི་རྟོག་བདེན་མཐོང་མཐོང་ལམ་གྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དབང་སྒྱུར་ཞིང་། །ལོངས་སྐུའི་ཞིང་བགྲོད་རིགས་ལྔའི་སངས་རྒྱས་མཐོང་། །དྲན་དང་ཏིང་འཛིན་ཤེས་བརྩོན་བཏང་སྙོམས་དགའ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་བདུན་པོ་དག་ཀྱང་རྫོགས་པར་འགྱུར། །བདེ་ཆེན་འཁོར་ལོའི་རླུང་སེམས་ལས་རུང་བས། །སྒོམ་ལམ་ས་དགུའི་ཡོན་ཏན་འཆར་བ་སྟེ། །དྲི་མེད་འོད་འཕྲོ་འོད་བྱེད་ཆུང་ངུ་གསུམ། །སྦྱང་དཀའ་མངོན་གྱུར་རིང་སོང་འབྲིང་པོ་གསུམ། །མི་གཡོ་ལེགས་བློ་ཆོས་སྤྲིན་ཆེན་པོ་གསུམ། །དེ་དག་སོ་སོའི་ཡོན་ཏན་རླབས་ཆེ་བ། །སྟོང་ཕྲག་བཅུ་གཉིས་ལ་སོགས་རྒྱ་ཆེན་ཏེ། །རྩ་འདབ་ཕྲ་མོའི་མདུད་པ་རབ་གྲོལ་བས། །འཁོར་བའི་རང་བཞིན་ཉོན་མོངས་རླུང་སེམས་ནུབ། །མྱ་ངན་འདས་ཞི་ཡེ་ཤེས་རླུང་མཆོག་འཕེལ། །
དེ་ལྟར་ས་བཅུའི་བགྲོད་པ་དེ་དག་ལས། །དབུ་མར་རོ་རྐྱང་མདུད་པ་ཉི་ཤུ་གཅིག །གཉིས་གཉིས་གྲོལ་བས་ས་བཅུ་རེ་རེ་ཐོབ། །ཐ་མས་གཙུག་ཏོར་རྩེ་མོའི་ས་མཆོག་འགྲུབ། །གང་ཚེ་གོང་མའི་རྟོགས་པར་ཕྱིན་གྱུར་ཅིང་། །སངས་རྒྱས་བར་དུ་བགྲོད་པ་དེ་དག་ལ། །ཡོན་ཏན་འདི་དག་ཉི་དང་ཟེར་བཞིན་ནོ། །ཁ་ཅིག་ས་ལམ་ཡོན་ཏན་དྲང་དོན་ཟེར། །ལ་ལ་རྟོགས་པ་ཐོབ་ཀྱང་ཡོན་ཏན་མེད། །ཡོད་དང་ཆ་གཉིས་འདོད་པ་རྨོངས་པའི་བློ། །རང་གི་ལྟ་ལ་ཆགས་ཤིང་ཞེན་བྱས་ནས། །མ་ནོར་ཆོས་ལ་སྐུར་བ་འདེབས་འདི་སྤང་། །འདིར་ནི་ལམ་བསྒོམས་པ་ལས་ཡོན་ཏན་ཚོགས། །དབྱར་ཁའི་མེ་ཏོག་བཞིན་དུ་རྣམ་འཕེལ་ཞིང་། །ས་ལམ་བགྲོད་ནས་སངས་རྒྱས་འདོད་དེའི་ཕྱིར། །སྐུ་དང་ཡེ་ཤེས་ནོར་བུ་དང་འདྲ་ཡང་། །བེམ་པོའི་དཔེར་མིན་རྟོག་མེད་ལྷུན་གྲུབ་ལས། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །འདི་ནི་མདོ་རྒྱུད་དགོངས་པ་མཐུན་པར་གསུངས། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལམ་བགྲོད་པའི་ས་མཚམས་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།
བསྒོམ་པ་མཐར་ཕྱིན་པ་འབྲས་བུའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ།
དེ་ལྟར་བསྒོམས་པས་དག་པའི་འབྲས་བུ་ནི། །སྤངས་རྟོགས་མཐར་ཕྱིན་སྐུ་དང་ཡེ་ཤེས་ཏེ། །ཇི་ལྟར་ཉི་ཟླ་སྤྲིན་དང་བྲལ་བ་བཞིན། ཁམས་ཀྱི་སྒྲིབ་པ་ཀུན་དང་བྲལ་བ་ན། །བྱང་ཆུབ་ཅེས་བྱ་ལྷུན་གྲུབ་ཡོན་ཏན་སྣང་། །ལུས་དང་དོན་དང་ཡུལ་དུ་སྣང་བ་ཡི། །སྒྲིབ་པའི་བག་ཆགས་གསུམ་པོ་རབ་གྲོལ་ཏེ། །བུམ་ཆག་མར་མེ་པདྨ་ཁ་བྱེའི་སྐུ། །ལྷུན་གྲུབ་ཡོན་ཏན་རྫོགས་ཏེ་མངོན་སུམ་སྣང་། །སྒྲིབ་གསུམ་བག་ཆགས་སོ་སོར་གྲོལ་བ་ལས། །ཞིང་དང་ཡེ་ཤེས་རྒྱལ་བའི་སྐུར་སྣང་སྟེ། །ཇི་སྙེད་ཇི་བཞིན་གཟིགས་པ་རྣམ་དག་ཡིན། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པའི་སྐུ་རྣམ་མཁའ་དང་ཉི་བཞིན་དང་། །དེ་ཡི་གཟུགས་བརྙན་དངས་བའི་མཚོར་སྣང་བཞིན། །བསམ་
གྱིས་མི་ཁྱབ་བདེ་ཆེན་ཡེ་ཤེས་སྐུ། །ཀུན་གྱི་བདག་སྟེ་ཟག་མེད་མཚོན་བརྗོད་འདས། །ངོ་བོ་ཉིད་སྐུ་ཁྱབ་བདག་ཆོས་ཉིད་དེ། །བདེ་ཆེན་ཉིད་ལས་གཞན་ཞིག་ཡོད་མ་ཡིན། །མངོན་བྱང་མི་འགྱུར་རྡོ་རྗེའི་བདག་ཉིད་སྐུ། །སྤངས་རྟོགས་མཐར་ཕྱིན་འཕོ་འགྱུར་མེད་པ་ཡིན། །དེ་ལྟར་སྐུ་རྣམས་དབྱེར་མེད་དབྱིངས་གཅིག་སྟེ། །འོད་གསལ་སྙིང་པོ་སྒྲིབ་ཀུན་བྲལ་བ་ཉིད། །སྟོང་དང་སྣང་དང་འཕྲོ་དང་དབྱེར་མེད་པས། །ཐ་དད་བརྗོད་ཀྱང་བརྡ་ཙམ་བཏགས་པ་ཉིད། །དེ་ལ་བརྟེན་པའི་ཡེ་ཤེས་རྣམ་ལྔ་ཡང་། །ཆོས་དབྱིངས་མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཡེ་ཤེས་རང་བཞིན་ལྷུན་གྲུབ་སྟེ། །དང་པོ་ཆོས་སྐུ་གཉིས་པ་ལོངས་སྐུའི་བདག །གསུམ་པ་བདེ་ཆེན་ལྷག་མ་སྤྲུལ་སྐུ་སྟེ། །ངོ་བོ་དབྱེར་མེད་ལྡོག་པ་ཐ་དད་ཉིད། །མཛད་པའི་ཕྲིན་ལས་སྤྲུལ་སྐུའི་རོལ་པ་སྟེ། །གང་ལ་གང་འདུལ་དེ་ལ་དེར་སྣང་ཞིང་། །མོས་པའི་རྗེས་འགྲོ་བློ་དང་འཚམས་པར་འབྱུང་། །སྲིད་པ་ཇི་སྲིད་ཕན་བདེ་མཛད་པ་སྟེ། །ལམ་གྱི་རྟེན་དང་ལམ་དང་འབྲས་བུ་ལ། །འགོད་མཛད་འགྲོ་ཀུན་ཐར་ལམ་འདྲེན་པའོ། །འདི་དག་རྣམ་གྲོལ་འབྲས་བུའི་མཆོག་རབ་སྟེ། །འོད་གསལ་མཐར་ཐུག་མངོན་དུ་གྱུར་པ་ཡིན། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བསྒོམ་པ་མཐར་ཕྱིན་པ་འབྲས་བུའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ལྟར་མདོ་རྒྱུད་མན་ངག་སྙིང་པོའི་དོན། །སྐལ་བཟང་རྣམས་ཀྱིས་རབ་ཏུ་རྟོགས་བྱའི་ཕྱིར། །ཐོས་བསམ་བསྒོམ་པའི་རིམ་པ་མ་ནོར་བ། །འཁོར་འདས་སྤང་བླང་ཚུལ་གྱིས་ལེགས་པར་བཤད། །ཚུལ་འདི་བློ་གྲོས་ཡངས་པའི་ནམ་མཁའ་ལ། །ཐོས་བསམ་བསྒོམ་པའི་ཆུ་འཛིན་རབ་འཁྲིགས་ཏེ། །ཕན་བདེའི་གློག་ཕྲེང་འབྲུག་སྒྲ་སྒྲོགས་པ་ལས། །རིན་ཆེན་ཆོས་ཆར་འཇིག་རྟེན་རྒྱན་གྱུར་བརྩམས། །བསོད་ནམས་སྟོན་ཀའི་ཟླ་རྒྱས་དང་འདྲ་བས། །འགྲོ་ཀུན་ཆོས་དབྱིངས་དག་པའི་ནམ་མཁའ་ལ། །ཤིན་ཏུ་
མི་གཡོ་ཟག་མེད་ཐུགས་རྗེའི་ལྷ། །མགོན་པོ་གངས་ཆེན་མཚོར་གྱུར་ཐོབ་པར་ཤོག །རབ་དགེ་དྲི་མེད་གང་དེས་སྐྱེ་དགུའི་ཚོགས། །ཉོན་མོངས་རྙོག་བྲལ་ཡེ་ཤེས་ཀླུ་དབང་གནས། །ཟབ་ཡངས་བརྩེ་སྤྲིན་སྙིང་པོ་དང་ལྡན་པ། །མགོན་པོ་མི་འཁྲུགས་མཚོ་ཆེན་ཐོབ་པར་ཤོག །ཡོན་ཏན་ཚོགས་མངའ་མཆོག་དགེ་དྲི་མེད་ཀྱིས། །ཚོགས་གཉིས་ལས་གྲུབ་ཡོན་ཏན་རྫོགས་པའི་གཙོ། །སྲིད་ཞིའི་བདེ་འབྱུང་ཕན་བདེའི་ཆར་འབབ་པ། །མགོན་པོ་རིན་ཆེན་འབྱོར་པ་མཐའ་ཡས་ཤོག །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་སྟེ། །སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་སྒྲོལ་བ། །མགོན་པོ་ཚེ་མཐའ་ཡས་པ་ཐོབ་པར་ཤོག །ཡིད་བཞིན་དགེ་མཆོག་རྒྱ་ཆེར་ལྷུན་མཐོ་བས། །འགྲོ་ཀུན་འདོད་དགུའི་རེ་བ་རྫོགས་པའི་དཔལ། །ཕྲིན་ལས་མཐར་ཕྱིན་དངོས་གྲུབ་ཆར་འབེབས་པའི། །མགོན་པོ་དོན་ཀུན་གྲུབ་པ་ཐོབ་པར་ཤོག །ཡིད་བཞིན་བསྔོ་བ་རྒྱ་ཆེན་གྱུར་པ་དེས། །རང་གཞན་སྲིད་པའི་རྒྱ་མཚོ་ལས་བརྒལ་ནས། །ཚེ་རབས་ཀུན་ཏུ་གཞན་ལ་ཕན་བརྩོན་ཅིང་། །ཆོས་རྔ་བསྒྲགས་པས་འཇིག་རྟེན་གྲགས་པར་ཤོག །ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཅེས་བྱ་བ། རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་དགེ་སློང་རྡོ་རྗེ་འཛིན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་ལེགས་པར་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །
ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ།
གཞི་ལས་འཁོར་བའི་གྲུབ་ཚུལ་བསྟན་པའི་ལེའུ་སྟེ་དང་པོའི་འགྲེལ་པ།
ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ཞེས་བྱ་བ་བཞུགས།
རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨུ་པ་དེ་ཤ་ཤཱསྟྲ་ཙིནྟཱ་རཏྣ་ཀོ་ཥ་པྲྀཏྟི་པུཎྜ་རཱི་ཀ་ནཱ་མ། བོད་སྐད་དུ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གི་ཞལ་བཟང་ལྟ་བས་མི་ངོམས་གེ་སར་འཛུམ་པའི་མདངས་བཀྲ་ཞིང་། །མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསལ་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར། །ཐུགས་རྗེའི་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི། །ཐུབ་དབང་པདྨ་དཀར་པོའི་ཞབས་པད་དེ་རིང་བདག་བློའི་ཡིད་མཚོར་སྐྱོངས། །སྐུ་གསུམ་ཡོན་ཏན་ཆ་ཤས་གང་བས་མཁྱེན་བརྩེའི་རྣམ་འགྲོས་རབ་བརྟན་ཅིང་། །ཐུགས་རྗེའི་རྟ་བདུན་ཤུགས་ཀྱིས་བསྐྱོད་པས་འགྲོ་ཀུན་དགེ་ལེགས་ཉིན་མོར་བྱེད། །དམ་ཆོས་འོད་ཟེར་དྲྭ་བ་འགྱེད་པས་མ་རིག་མུན་པ་རབ་སེལ་ཞིང་། །ས་གསུམ་ཐར་ལམ་པདྨོ་འབྱེད་པས་བདག་བློའི་འདབ་སྟོང་རྒྱས་པར་མཛོད། །ཇི་སྙེད་ཇི་བཞིན་
དོན་ཀུན་གཟིགས་པས་མཁྱེན་བརྩེའི་དཀྱིལ་འཁོར་རབ་གང་ཞིང་། །འགྲོ་ཀུན་མཚན་མོའི་མུན་པ་སེལ་བས་བློ་གྲོས་ཀུནྡའི་གཉེན་དུ་གྱུར། །སྐུ་དང་ཡེ་ཤེས་སྒྲིབ་པ་མེད་པས་ཆོས་དབྱིངས་མཁའ་ལ་མཛེས་པ་གང་། །འཇམ་དཔལ་གཞོན་ནུ་པདྨར་བཅས་ཏེ་ཀུན་ནས་དགེ་བའི་གཙུག་གིས་མཆོད། །ཆོས་ཚུལ་གེ་སར་པདྨའི་མཚོ་གླིང་ལས། །ཤིན་ཏུ་མདངས་བཀྲ་ཟབ་ཅིང་རྒྱ་ཆེའི་དོན། །གཅིག་ཏུ་བསྡུས་ཏེ་ལེགས་པར་བསྟན་པ་ནི། །ཡིད་བཞིན་མཛོད་ཀྱི་འགྲེལ་པ་གསལ་བར་བྱ། །དེ་ལ་གང་གི་ཚེ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་པ་ནི་ཆོས་ཉིད་དེ། ཉི་མ་ཤར་བ་ན་པདྨོ་རྒྱས་པ་བཞིན། འདིར་ཡང་བཅོམ་ལྡན་འདས་དེ་མི་མཇེད་དུ་མཆོག་གི་སྤྲུལ་པས་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་པ་ལས། གླིང་བཞི་པ་བར་མའི་འཇིག་རྟེན་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་གི་སྙིང་པོ་ནི་ཐེག་པ་ཆེན་པོ་ཡིན་ལ། དེའི་ཚུལ་ཕྱིན་ཅི་མ་ལོག་པ་གསལ་བར་བསྟན་པ་ནི། མདོ་དང་། རྒྱུད་དང་། བསྟན་བཅོས་ཆེན་པོ་རྣམས་ཏེ། དེ་དག་གི་ཚིག་དོན་བརླིང་ཞིང་རྟོགས་པར་དཀའ་བ་རྣམས་གཅིག་ཏུ་བསྡོམས་ཏེ་ཤིན་ཏུ་གསལ་ཞིང་གོ་སླ་བར་བྱ་བའི་ཕྱིར། ཚིག་ཉུང་ངུས་ཟབ་ཅིང་རྒྱ་ཆེ་བའི་གནས་སྟོན་པར་བྱེད་པ་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་བརྩམ་པར་འདོད་ནས། དང་པོ་ཕྱག་འཚལ་བ་ནི། ཐུགས་རྗེའི་མཁའ་དབྱིངས་འོད་གསལ་དག་པ་ལ། །མཁྱེན་བརྩེའི་དཀྱིལ་འཁོར་གང་བས་མཛེས་བྱས་ཤིང་། །མཐའ་ཡས་སྐྱེ་དགུའི་འདོད་སྟེར་རོལ་པ་ཅན། །ཕན་བདེའི་འོད་སྟོང་འཕྲོ་ལ་ཕྱག་འཚལ་ལོ། །དེ་ལ་ཚིགས་སུ་བཅད་པ་འདིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བསྔགས་པ་སྟེ། གཟུགས་ཅན་གྱི་རྒྱན་དུ་ལེགས་པར་བཀོད་ནས། ཞི་བའི་ཐུགས་རྗེ་དམིགས་པ་མེད་པ་ནི་ནམ་མཁའི་དབྱིངས་ལྟར་ངོ་བོ་ཉིད་ཀྱིས་རྣམ་པར་དག་ཅིང་འོད་
གསལ་བ་ཆོས་སྐུའི་ངང་ལས། ཤེས་བྱ་ཐམས་ཅད་གཟིགས་པའི་མཁྱེན་རབ་དང་། སེམས་ཅན་ཐམས་ཅད་ལ་རབ་ཏུ་བརྩེ་བའི་བྱམས་པ་ཆེན་པོས་ཕྱོགས་ཀྱི་མཐར་ཁྱབ་པ་ནི། དཀྱིལ་འཁོར་གང་བའི་ཐ་སྙད་དུ་ལེགས་པར་བརྗོད་དེ། སྟོན་ཀའི་ཟླ་བ་རྒྱས་པ་ཉིད་བཞིན་ནོ། །ཡོན་ཏན་དེ་ལྟ་བུའི་རྟེན་ཆོས་ཀྱིས་མཛེས་པར་བྱས་པ་ནི་རྟེན་གཞི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཚན་དང་དཔེ་བྱད་བཟང་པོས་འབར་བ་གང་ཡིན་པ་དེ་ཉིད་ཀྱི་ངང་ལས་སྤྲུལ་པའི་སྐུ་གདུལ་བྱ་སོ་སོའི་མོས་པ་དང་སྐལ་པ་ཇི་ལྟ་བ་བཞིན་སྣང་བ་ནི། ཚད་མེད་མཐའ་ཡས་པའི་སྐྱེ་དགུ་རྣམས་ཀྱི་འདོད་པའི་རེ་བ་ཐམས་ཅད་སྟེར་བའི་རོལ་པར་ཤར་བ་གང་ཡིན་པའོ། །དེ་ལས་གནས་སྐབས་ཕན་པ་དང་། མཐར་ཐུག་ཞི་བདེའི་དོན་གཉིས་བསྒྲུབས་པས་སེམས་ཅན་གྱི་ཁམས་ལ་ཁྱབ་པར་འགྲོ་བ་ནི་ཕན་བདེའི་འོད་སྟོང་འཕྲོ་བ་སྟེ། སྐུ་གསུམ་མཛད་པ་དང་བཅས་པའི་རང་བཞིན་ལེགས་པར་བསྟན་པ་ཡིན་ནོ། །འདིས་ནི་བསྟན་བཅོས་འདིའི་རྡོ་རྗེའི་གནས་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་ཀུན་མདོར་བསྟན་པ་ཡིན་ཏེ། གཞི་སྐུ་གསུམ་དབྱེར་མེད་ལྷུན་གྱིས་གྲུབ་པ་དང་། ལམ་སྐུ་གསུམ་དབྱེར་མེད་ཟུང་འཇུག་ཆེན་པོ་དང་། འབྲས་བུ་སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོ་ངོས་བཟུང་བའོ། །དེ་ལྟར་བརྗོད་བྱ་དང་མཐུན་པའི་མཆོད་པར་བརྗོད་པས། བསྟན་བཅོས་ཀྱི་རང་བཞིན་རྟོགས་པ་དང་། རྩོམ་པ་མཐར་ཕྱིན་པ་དང་། བློ་གྲོས་མཆོག་ཏུ་འགྱུར་བ་དང་། བར་དུ་གཅོད་པ་ཞི་བ་དང་། རང་ཉིད་དམ་པར་རྟོགས་པ་སྟེ་དགོས་པ་ལྔ་དང་ལྡན་པ་ཉིད་དོ། །དེ་ནས་བརྩམ་པར་དམ་བཅའ་བ་ནི། སྐལ་བཟང་རྣམས་ཀྱིས་དོན་དུ་གཉེར་བྱ་བ། །ཐར་པའི་མཆོག་སྟེ་དེ་ཉིད་སྒྲུབ་པའི་ཐབས། །ཀུན་གྱི་ནང་ནས་རྩེ་མོར་གྱུར་པ་ཞིག །དེང་སང་བདག་གིས་རབ་ཏུ་གསལ་བར་བྱ། །དམ་པ་རྣམས་ནི་བསྟན་བཅོས་རྩོམ་པ་ན་ཐོག་མར་མཆོད་པར་བརྗོད་དེ། བར་ཆད་རབ་ཏུ་ཞི་བར་བྱས་མ་ཐག་ཏུ་མཐར་ཕྱིན་པར་བྱ་བའི་ཕྱིར་བརྩམ་པར་དམ་བཅའ་བ་ཡིན་ཏེ། གཞན་དུ་ནི་ཅུང་ཟད་བྱ་དཀའ་བ་དང་། ཚིག་དོན་གྱི་གནས་བརླིང་
བས་སྒྱིད་ལུག་པ་དང་། གཞན་གྱིས་འཚེ་བ་དང་། རང་གི་སྐྱོ་ངལ་མཐོང་ནས་བར་མ་དོར་འདོར་བར་སེམས་པ་ལས་ཡོངས་སུ་བསྲུང་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་འདོད་པའི་སྐྱེ་བོ་གང་ཡིན་པ་ནི་ཆོས་ཀྱི་སྐལ་པ་བཟང་པོ་སྟེ། དེ་དག་གིས་དོན་དུ་གཉེར་བྱའི་མཆོག་ཐར་པ་ཡིན་ལ། དེ་བསྒྲུབ་པའི་ཐབས་ཀྱི་རྩེ་མོ་ཐེག་པ་ཆེན་པོའི་ལམ་སྟེ། དེའི་ཚུལ་རབ་ཏུ་བཟང་པོ་ཟབ་པ་དང་རྒྱ་ཆེ་བ་ཞིག་བསྟན་པར་བྱའོ་ཞེས་དམ་བཅའ་བ་ཡིན་ནོ། །འདིས་ནི་འདིའི་དགོས་འབྲེལ་ལེགས་པར་བསྟན་པ་ཉིད་དེ། སྐྱེས་བུ་བློ་གྲོས་ཅན་དག་གང་ལ་འཇུག་པ་ན། འདི་ལ་བརྗོད་བྱ་དང་། དགོས་པ་དང་། ཉིང་དགོས་དང་། འབྲེལ་བ་ཅི་ཞིག་ཡོད་སྙམ་ནས་ལེགས་པར་རྟོག་ཅིང་། དེ་དག་མཐོང་ནས་ལེགས་པར་འཇུག་པའི་ཕྱིར་འདིར་བརྗོད་པ། ཟབ་པ་དང་། རྒྱ་ཆེ་བའི་གནས་ཀྱི་ཁྱད་པར་གང་ཞིག །འཁོར་བ་སྤང་ཞིང་ཐར་པ་བསྒྲུབ་པར་འདོད་པས་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ངོ་བོ་གང་ཡིན་པ་ནི་འདིས་བརྗོད་པར་བྱ་བའོ། །དེའི་རང་བཞིན་ལེའུ་ཉི་ཤུ་རྩ་གཉིས་ལས། ལེགས་པར་བརྟགས་ཏེ་འདི་ལ་བརྟེན་ནས་ཐར་པའི་ལམ་དུ་ཞུགས་པ་ནི་དགོས་པའོ། །ཞུགས་པ་མཐར་ཕྱིན་པའི་བྱང་ཆུབ་འགྲུབ་པ་ནི་དགོས་པའི་དགོས་པ་སྟེ་ཉིང་དགོས་སོ། །བརྗོད་བྱ་དང་རྗོད་བྱེད་ལ་བརྟེན་ནས་རྟོགས་པ་བཞིན་བསྒྲུབས་པའི་འབྲས་བུ་འགྲུབ་པ་སྟེ་དེ་དག་ཀྱང་གཅིག་ལ་བརྟེན་ནས་གཅིག་འབྱུང་བའི་ཕྱིར་འབྲེལ་བ་ཅན་དུ་འབྱུང་བ་ནི་འབྲེལ་བའོ། །དེ་དག་གིས་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་བསྟན་ཟིན་ཏོ། །ད་ནི་འཇུག་ཡུལ་བསྟན་བཅོས་ཀྱི་ལུས་བསྟན་པར་བྱ་སྟེ། འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་། མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པ་གཉིས་ནི་འདིའི་ལུས་རྣམ་པར་གཞག་པ་རྡོ་རྗེའི་གནས་སོ། །དེ་ལ་མ་རིག་པ་འཁྲུལ་པའི་འཁོར་བ་གང་ལས་འཁྲུལ་པའི་གཞི་ཉིད་དང་པོར་བཤད་པ། ཐོག་མའི་འོད་གསལ་བདེ་གཤེགས་སྙིང་པོ་ཉིད། །དོན་གྱི་ཀུན་གཞི་རང་བཞིན་འདུས་མ་བྱས། །ཡེ་ནས་
རྣམ་དག་ཉི་མཁའ་ལྟ་བུ་ལས། །མ་རིག་པའི་བག་ཆགས་གཡོས་པས་ན། སེམས་ཅན་རྣམས་འཁྲུལ་པ་ཉིད་དོ། །གཞི་དེ་ཡང་འཁོར་བ་ལ་ལྟོས་པའི་རྟེན་གཞི་ནམ་མཁའ་ལྟར་གདོད་མ་ནས་སྟོང་ཞིང་ངོ་བོ་ཉིད་ཀྱིས་བདག་མེད་པ། ཉི་ཟླ་ལྟར་འོད་གསལ་ཞིང་ལྷུན་གྱིས་གྲུབ་པ་སྟེ། ཐོག་མ་མེད་པ་ནས་གནས་པས་འཕོ་འགྱུར་མེད་པ། སྤྲོས་པའི་མཐའ་ལས་འདས་པས་ངང་གིས་འོད་གསལ་བ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་སུ་གནས་པས་བདེ་བར་གཤེགས་པའི་སྙིང་པོ། འཁོར་འདས་ཀྱི་ཆོས་རྣམས་རྟེན་པའི་གནས་ལུགས་དོན་གྱི་ཀུན་གཞི་ཞེས་བྱ་སྟེ། འདུས་མ་བྱས་ཤིང་ཡེ་ནས་རྣམ་དག་ཆེན་པོར་གནས་པའོ། །དེ་ཡང་འཁོར་བའི་ཆོས་ལས་དང་ཉོན་མོངས་པ་རྣམས་རྟེན་པ་མེད་པའི་ཚུལ་གྱིས་བརྟེན་པ་ནི། ཉི་མཁའི་ངོས་ན་སྤྲིན་ཕུང་བརྟེན་པ་ལྟར། གཞི་ལ་མ་རེག་མ་འབྱར་ལ་དེའི་ངང་ལ་གནས་པ་སྟེ། དོན་ལ་རང་བཞིན་མེད་པས་རྟེན་དང་བརྟེན་པར་མ་གྲུབ་བཞིན་དུ་བརྟེན་པར་སྣང་བ་ནི་བཏགས་པ་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་གསུངས་པ་བཞིན་ནོ། །མྱ་ངན་ལས་འདས་པའི་ཆོས་རྣམས་ཉི་མ་དང་ཟེར་ལྟར་དབྱེར་མེད་དུ་བརྟེན་ཏེ་ཡེ་ནས་འདུ་འབྲལ་མེད་པར་གནས་པའི་ཕྱིར་རོ། །འདི་དག་གི་རང་བཞིན་རྒྱས་པར་འོག་ཏུ་འཆད་པས་འདིར་མི་སྤྲོའོ། །གཞི་དེ་ལྟ་བུའི་ངང་ནས། མ་རིག་ཀུན་བརྟགས་གློ་བུར་སྒྲིབ་པའི་སྤྲིན། །གཟུང་འཛིན་འཁྲུལ་བའི་བག་ལ་ཉལ་ལངས་པས། །ཡུལ་དང་དོན་དང་ལུས་སུ་བག་ཆགས་ཏེ། །རིག་པའི་རང་བཞིན་འོད་གསལ་སྙིང་པོ་སྒྲིབ། །ཐོག་མའི་གནས་ལུགས་རང་
བཞིན་གྱིས་འོད་གསལ་བ་དེ་ཉིད་ཀྱི་ངང་ལས། ཐོག་མ་མེད་པའི་མ་རིག་པ་རང་ཆས་གསལ་ནུས་ཀྱི་རྣམ་པར་བྱུང་སྟེ། དེ་ཉིད་རྒྱུར་བྱས་པའི་གཟུང་འཛིན་བག་ལ་ཉལ་ལངས་པ་ནི་གློ་བུར་གྱི་སྒྲིབ་པ་སྟེ། ཀུན་གཞིའི་སྟེང་དུ་སེམས་ཀྱི་བག་ཆགས་གསུམ་གཞག་པ་ནི། གཟུགས་ལ་སོགས་པའི་ཡུལ་དང་། དེ་དག་འཛིན་པའི་རྣམ་ཤེས་ཀྱི་ཚོགས་དོན་དང་། རང་གི་ལུས་སུ་མེད་བཞིན་སྣང་བའི་བག་ཆགས་པས་གདོད་མའི་གཞི་དང་རིག་པའི་ཡེ་ཤེས་འོད་གསལ་སྙིང་པོ་ལ་མེ་ལོང་གི་སྟེང་དུ་རྡུལ་ཆགས་པ་ལྟར་བསྒྲིབས་ཏེ་འཁོར་བ་འདིར་འཁྱམས་པ་ནི། སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྒྱུད་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་གསུངས་པ་བཞིན་ནོ། །སྒྲིབ་པའི་དཔེ་ནི། ཇི་ལྟར་སྤྲིན་གྱིས་མཁའ་དབྱིངས་ཉི་བསྒྲིབས་བཞིན། །ཡོན་ཏན་མི་མངོན་འཁྲུལ་སྣང་བདེ་སྡུག་སྣང་། །གདོད་མ་ནས་འོད་གསལ་བའི་དབྱིངས་ནམ་མཁའ་ལྟ་བུའི་ངང་ནས་ཡེ་ཤེས་ཉི་མ་ལྟར་ལྷུན་གྲུབ་ཏུ་ཡེ་ནས་གནས་ཀྱང་གློ་བུར་གྱི་སྒྲིབ་པ་སྤྲིན་དང་འདྲ་བས་བསྒྲིབས་པའི་ཕྱིར། དབྱིངས་དང་ཡེ་ཤེས་ཆོས་སྐུ་དང་གཟུགས་སྐུ་ལ་ཡོད་པའི་ཡོན་ཏན་ཚད་མེད་པ་དག་སོ་སོ་སྐྱེ་བོའི་གནས་སྐབས་ན་སྣང་བ་མ་ཡིན་ཏེ། འཁྲུལ་སྣང་གི་བདེ་སྡུག་སྣ་ཚོགས་པའི་བག་ཆགས་ཀྱི་སྤྲིན་ཕུང་སྣང་བའི་ཕྱིར་རོ། །དེ་ལྟ་བུའི་སེམས་ཀྱི་རང་བཞིན་འོད་གསལ་ཞིང་། སྒྲིབ་པ་ཐམས་ཅད་སྦྱང་དུ་རུང་བ་གློ་བུར་བ་ཡིན་ཏེ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །སྒྲིབ་པ་རྣམས་ནི་གློ་བུར་བ། །ཞེས་འབྱུང་བ་བཞིན་ནོ། །ཇི་ལྟར་སྤྲིན་དང་འདྲ་བ་ཡིན་ཞེ་ན། སྤྲིན་ལས་ཆར་བྱུང་ལོ་ཏོག་འཕེལ་བ་བཞིན། །མ་རིག་གཟུང་འཛིན་སེམས་སྤྲིན་རབ་གཡོས་པས། །དགེ་སྡིག་ལས་ཀྱི་ཆར་བབས་དེས་བསྐྱེད་པའི། །འབྲས་བུ་ཁམས་གསུམ་འཁོར་བའི་རང་བཞིན་ནོ། །ཆར་སྤྲིན་དག་ནི་ནམ་མཁར་གཡོ་བ་དང་། ཆར་བབས་པ་དང་། ལོ་ཏོག་འཕེལ་བའི་རྒྱུར་གྱུར་བ་ལྟར། སེམས་ཉིད་རང་བཞིན་གྱིས་དག་པའི་ངང་ལས་ཀུན་ཏུ་
རྟོག་པའི་གཟུང་འཛིན་གྱི་ཞེན་པ་གཡོས་ཏེ། འཁོར་བར་འདུ་བྱེད་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་གྲངས་རབ་ཏུ་མང་པོ་བསགས་པ་ལས། ཁམས་གསུམ་རིགས་དྲུག་གི་སྣང་བ་སོ་སོ་ལ་སྤྱོད་ཅིང་། བདེ་བ་དང་སྡུག་བསྔལ་སྣ་ཚོགས་ཀྱི་ལོ་ཏོག་རྣམ་པར་འཕེལ་བས་མགལ་མེའི་འཁོར་ལོ་བཞིན་དུ་འཁོར་བ་ཉིད་དེ། དབུ་མ་རིན་པོ་ཆེའི་ཕྲེང་བ་ལས། འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འདོད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་འཁོར་བ་ན་བག་ཆགས་གསུམ་གྱི་དབྱེ་བ་རྒྱས་པར་བསྟན་པ་ནི། འཁྲུལ་སྣང་ཇི་སྙེད་བག་ཆགས་གསུམ་ཉིད་ལས། །ཡུལ་གྱི་བག་ཆགས་སྣོད་ཀྱི་འཇིག་རྟེན་དང་། །དེ་ལ་བརྟེན་པའི་གཟུགས་སོགས་ཡུལ་ལྔའོ། །ཐོག་མ་མེད་པའི་བག་ཆགས་རྣམ་པ་མི་འདྲ་བ་གསུམ་ཀུན་གཞི་ལ་བཞག་པས་སྣང་བ་མི་འདྲ་བ་གསུམ་ཐ་དད་དུ་སྣང་སྟེ། ཡུལ་གྱི་བག་ཆགས་ཀྱིས་ཕྱི་རོལ་སྣོད་བཅུད་ཀྱིས་བསྡུས་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་སྟེ། ཕྱི་ནང་གང་ནའང་མེད་ཀྱང་ཕྱི་རོལ་ན་ཡོད་པ་ལྟར་སྣང་བ། སེམས་ལ་ཤར་ནས་དེ་དག་ལ་དོན་དུ་མངོན་པར་ཞེན་པ་སྟེ་དགག་སྒྲུབ་ཏུ་འཛིན་པའི་ཡུལ་བྱེད་དོ། །ཞེན་ཡུལ་ལ་འདི་ནི་གཟུགས་སོ་ཞེས་ཕྱི་རོལ་ཏུ་རྟོག་པ་ནི་གཟུང་བའི་རྟོག་པའོ། །སྒྲ་ལ་སོགས་པའང་དེ་བཞིན་ནོ། །ནང་གི་བདག་ཉིད་སེམས་སུ་སྣང་བ་ནི། དོན་གྱི་བག་ཆགས་རྣམ་ཤེས་ཚོགས་བརྒྱད་དང་། །དེ་ལ་བརྟེན་པའི་དགེ་སྡིག་ལས་རྣམས་སོ། །བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་ནས། ཀུན་གཞིའི་རྣམ་པར་ཤེས་པ་དང་། དེ་ལས་མཆེད་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་དང་། དབང་པོའི་ཡུལ་རིག་པའི་རྗེས་སུ་ཡིད་ཤེས་དང་། ཉོན་མོངས་པ་ཅན་གྱི་ཡིད་དེ་རྣམ་པ་བརྒྱད་ནི་འཛིན་པའི་སེམས་ཞེས་བྱའོ། །དེ་དག་ལ་རྟོག་པ་ནི་འཛིན་པའི་རྣམ་པར་རྟོག་པའོ། །ཅིའི་ཕྱིར་འཛིན་པ་ཡིན་ཞེ་ན། ཀུན་གཞི་བག་ཆགས་ཀྱི་ས་པ་དེ་ནི་ངོ་བོ་མ་རིག་པ། རྣམ་པ་སྣང་ཡུལ་གང་དང་ཡང་མ་འབྲེལ་བའི་རྟོག་མེད་
ཙམ་དུ་གནས་པས་གཟུགས་མེད་པའི་བག་ཆགས་འཛིན་པ་ཡིན་ལ། དེའི་ངང་ལས་གསལ་དྭངས་རིག་པའི་ཆ་ཙམ་ཡུལ་དང་མ་འབྲེལ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། གཟུགས་ཀྱི་བག་ཆགས་འཛིན་ཅིང་དེ་ལས་མཆེད་པ་སྒོ་ལྔའི་རྣམ་ཤེས་རྟོག་མེད་ཀྱང་གཟུགས་ཀྱི་ས་པའི་ཏིང་ངེ་འཛིན་གྱི་བག་ཆགས་འཛིན་ཏོ། །ཉོན་མོངས་པ་ཅན་གྱི་ཡིད་དང་ཡིད་ཤེས་གཉིས་ཀྱིས་ནི་འདོད་པའི་བག་ཆགས་འཛིན་ཏེ། ཚོགས་བརྒྱད་པོ་དེ་དག་ཀྱང་རང་རང་གི་ཡུལ་རྟོག་པ་མེད་པ་དང་། རྟོག་བཅས་ཀྱིས་འཛིན་པ་ཡིན་པའི་ཕྱིར་འཛིན་པའི་སེམས་ཞེས་བྱའོ། །དེ་ལ་བརྟེན་པ་ནི་དེས་ཀུན་ནས་བསླངས་ཏེ་བསགས་པའི་དགེ་བ་བསོད་ནམས་ཆ་མཐུན་དང་། མི་དགེ་བ་རྣམས་ནི་སེམས་ལ་བག་ཆགས་པ་གསེར་དང་གཡའ་བཞིན་དུ་གནས་པའི་ཕྱིར་རོ། །སེམས་དང་སེམས་བྱུང་འཇུག་པ་རབ་ཏུ་ཞི་བར་བྱ་བ་ནི་དབུ་མའི་དོན་ཏོ། །དེ་ལྟ་བུའི་རྣམ་ཤེས་དག་ཉེ་བར་བརྟེན་པ། ལུས་ཀྱི་བག་ཆགས་འགྲོ་དྲུག་སོ་སོའི་གཟུགས། །དེ་ལ་བརྟེན་པའི་ཡན་ལག་ཉིང་ལག་གོ །ལྷ་དང་མི་ལ་སོགས་པ་སོ་སོའི་ལུས་སྣ་ཚོགས་སུ་སྣང་བས་བདག་གི་ལུས་ཞེས་མངོན་པར་ཞེན་ཏེ། ཐ་ན་རྨི་ལམ་དུའང་ཆུ་དང་མེ་དང་གཡང་ས་དང་དགྲ་དང་ཁྱི་ལ་སོགས་པ་མཐོང་བ་ན་རང་གི་ལུས་ལ་གནོད་པར་མཐོང་ནས་འབྲོས་པ་དང་། སྡུག་བསྔལ་མྱོང་བར་སྣང་བ་ལ་སོགས་པ་རྣམས་སོ། །དེ་ཡང་ཡན་ལག་ཉིང་ལག་དུ་མ་འདུས་པའི་ཚོགས་པ་ལ་ལུས་ཞེས་བཏགས་ཏེ། འབྲལ་ཅིང་ཤུལ་དུ་ལུས་པས་ཀྱང་ལུས་ཞེས་བྱའོ། །ལྷ་རྣམས་ལ་ཤུལ་དུ་ལུས་པ་མེད་ཀྱང་དེ་དང་འབྲལ་བའི་ཆ་ནས་ལུས་ཞེས་བརྗོད་དོ། །ལུས་དང་དོན་དང་ཡུལ་དུ་སོ་སོར་སྣང་བ་ཅི་ཡིན། ཡང་ན་ཐམས་ཅད་ཡུལ་དུ་སྣང་བས་ཆོག་མོད། ཡང་ན་དོན་དང་ལུས་རྐྱང་བར་སྣང་བས་ཆོག་མོད་སྙམ་ན་མ་ཡིན་ཏེ། སོ་སོར་སྣང་བའི་འཐད་པ་འགོད་པ། དེ་ལྟར་ཀུན་གཞིའི་སྟེང་དུ་བག་ཆགས་གསུམ། །ཐོག་མེད་དུས་ནས་བཞག་པ་དེ་གོམས་པས། །ཚེ་རབས་ཀུན་ཏུ་དེ་ལྟར་སྣང་བ་ཡིན། །ཀུན་གཞི་ལ་བག་ཆགས་
ཐ་དད་པ་གསུམ་ཡོད་པས། དེའི་དབང་གིས་སྣང་ཚུལ་ལ་ཡང་སྣང་བ་གསུམ་ཤར་བ་ནི། ས་བོན་ཐ་དད་པ་གསུམ་ལས་མྱུ་གུ་ཐ་དད་པ་ལྟ་བུ་སྟེ། དེ་ཡང་གང་དང་གང་དུ་སྐྱེས་ཀྱང་བག་ཆགས་མ་ཟད་ཀྱི་རིང་ལ་དེ་ལྟར་སྣང་བ་ནི་རྨི་ལམ་གྱི་ལུས་དང་སེམས་དང་ཡུལ་དུ་སྣང་བ་བཞིན་ཏེ། སྔོན་གྱི་བག་ཆགས་ཀྱི་ཐ་དད་པ་ནི། ཐོག་མ་མེད་པའི་བག་ཆགས་ཀྱིས་ཚེ་རབས་སྔ་མ་རྣམས་བསྐྱེད་ལ། དེའི་རྒྱུན་གོམས་པས་ཚེ་འདི་བསྐྱེད་ཅིང་། ཉིན་པར་གྱིས་རྨི་ལམ་བསྐྱེད་པ་དང་། ཚེ་འདིའི་བག་ཆགས་ཀྱི་རྒྱུན་ལས་ཕྱི་མའི་ལུས་དང་དོན་དང་ཡུལ་དུ་འཆར་བ་ཡིན་ནོ། །ཚུལ་འདི་དག་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དུ། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །ཞེས་གསུངས་ཏེ། ཀུན་གཞི་ལ་བག་ཆགས་རྣམ་པ་གསུམ་བཞག་པས། སྣང་བ་མི་འདྲ་བ་རྣམ་པ་གསུམ་སྣང་བ་ཅན་ཡིན་ཞེས་མགོན་པོ་བྱམས་པས་བསྟན་ཏོ། །ད་ནི་མང་དུ་ཐོས་པའི་མིག་དང་བྲལ་ཞིང་ཐེག་པ་མཆོག་གི་ཚུལ་ལས་རིང་བ་གཟུ་ལུམ་ཅན་དག་གི་ལོག་པར་རྟོག་པ་དགག་པ་ནི། མི་ཤེས་པ་དག་ཐམས་ཅད་སེམས་ཡིན་ལོ། །སྣང་བ་རྣམ་གསུམ་དོན་ལ་ཤིན་ཏུ་རྨོངས། །སྐྱོན་མང་ཕན་ཚུན་འཆོལ་ཞིང་ཧ་ཅང་ཐ༷ལ། །སྐྱོ༷ང་བྱེད་དག་གི་ལུགས་ངན་དེ་སྤོངས་ཤིག །ཐེག་པ་ཆེན་པོའི་ཚུལ་མི་ཤེས་པ་དག་སྣང་སྲིད་འཁོར་འདས་ཕྱི་ནང་སྣོད་བཅུད་ཐམས་ཅད་རང་གི་སེམས་ཡིན་ཞེས་མངོན་རློམ་དང་བཅས་ནས་སྨྲ་བས་སྐྱེ་བོ་མང་པོ་བསླུ་བར་སྣང་ངོ་། །དེ་ལྟར་ན་ཐེག་པ་ཆེན་པོའི་གཞུང་ལས་སྣང་བ་རྣམ་གསུམ་གསུངས་པའི་དོན་ཡང་མ་གོ་སྟེ། སེམས་སུ་བག་ཆགས་བཞག་པ་དག་སེམས་ཡིན་གྱི། ལུས་དང་ཡུལ་དུ་བཞག་པ་དག་སེམས་ག་ལ་ཡིན། དེ་ལྟ་ན་སྐྱོན་རབ་ཏུ་མང་སྟེ། ལུས་དང་སྣང་བ་མིག་གིས་བལྟར་ཡོད་ཅིང་རེག་གཟུགས་སུ་གྲུབ་པ་ལྟར་སེམས་ཀྱང་དེར་འགྱུར་བའམ། སེམས་བཞིན་དུ་ལུས་དང་ཡུལ་རྣམས་མཐོང་ཐོས་སུ་མི་རུང་བར་འགྱུར་བ་དང་། སེམས་ལ་ཁ་དོག་དང་དབྱིབས་དང་མཐོང་ཐོས་ལ་སོགས་པ་ཡོད་པར་འགྱུར་བ་དང་། གཅིག་སངས་རྒྱས་པའམ་ངན་སོང་དུ་སོང་དུས་
དེ་ལ་སྣང་བ་ཀུན་དེར་འགྱུར་བ་དང་། མང་པོ་སྣང་ཡུལ་གཅིག་པས་ཤེས་པ་གཅིག་ཏུ་འགྱུར་བ་དང་། སྣང་བ་རྣམས་ཞིག་པར་གྱུར་པ་ན་སེམས་དེར་འགྱུར་བ་དང་། ས་ཆུ་མེ་རླུང་སེམས་པ་ཅན་དུ་འགྱུར་བས་མུ་སྟེགས་རིག་བྱེད་པ་དག་གི་ཕྱོགས་ལ་བསླན་པར་རིགས་སོ། །ཕན་ཚུན་འཆོལ་ཏེ་རང་གི་ཡུལ་རིག་པ་ལྟར་ཡུལ་བེམ་པོས་ཀྱང་རང་རིག་པར་ཐལ་ཞིང་རང་གི་སེམས་ཕྱི་རོལ་ན་ཡོད་པར་འགྱུར་ཏེ་སྣང་བ་ཕྱི་རོལ་ན་འདུག་པའི་ཕྱིར་རོ། །སྣང་བ་རང་གི་ནང་ན་ཡོད་པར་འགྱུར་ཏེ་སེམས་ནང་ན་གསལ་རིག་ཏུ་ཡོད་པའི་ཕྱིར་རོ། །སྣང་ཡུལ་ཕྱི་རོལ་ན་ཡོད་པ་དང་། རང་རིག་ནང་ན་ཡོད་པ་གཉིས་ཐ་དད་དུ་སྣང་བ་མི་རིགས་ཏེ། ངོ་བོ་གཅིག་ལ་ཆ་གཉིས་མེད་པའི་ཕྱིར་རོ། །ཧ་ཅང་ཐལ་ཏེ་རང་མ་སྐྱེས་པའི་དུས་ནས་རང་གི་སེམས་ས་ཕྱོགས་འདིར་གྲུབ་པར་ཐལ། སྣང་བ་འདི་རང་མ་སྐྱེས་པའི་དུས་ནས་ཕྱོགས་འདིར་ཡོད་པའི་ཕྱིར་དང་། རང་ཤི་ནའང་ཕྱོགས་འདིའི་སྣང་བ་ས་ཕྱོགས་ལ་སོགས་པ་མེད་པར་འགྱུར་བ་ལ་སོགས་པ་དང་། རང་ཡུལ་གཞན་དུ་ཕྱིན་དུས་སྣང་བ་འདི་ཡང་དེར་འཕོ་བར་ཐལ་ཏེ་འདི་རང་གི་སེམས་ཡིན་ལ། སེམས་དེ་རང་གི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་རོ། །ཡང་ན་གཞན་དུ་ཕྱིན་དུས་རང་གི་སེམས་ཕྱོགས་འདིར་ལུས་པར་ཐལ་ཏེ་སྣང་བ་འདི་འདུག་པའི་ཕྱིར་རོ། །དེ་དག་ལ་སོགས་པ་སྐྱོན་གྱི་རྣམ་གྲངས་རབ་ཏུ་མང་བའི་ཕྱིར་སྐྱོང་བྱེད་དེ་བ་གླང་རྫི་ལྟར་བླུན་ལ་ཐོས་པ་མེད་པ་དག་གི་ལུགས་ངན་རབ་ཏུ་སྤང་བར་བྱའོ། །གང་སྣང་དེ་འདྲའི་བདག་ཉིད་དོ། །ཞེས་པ་དང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་པ་དང་། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་རབ་ཏུ་སྣང་བ་འབྱུང་། །ཞེས་པ་ལ་སོགས་པ་གསུངས་པས་སེམས་མ་ཡིན་ནམ་ཞེ་ན་སྨྲས་པ། དེ་ནི་སྣང་བ་དང་སྣང་ཡུལ་ཐ་དད་པའི་དབང་དུ་བྱས་པའི་སྣང་བ་སེམས་ཡིན་ཞེས་གོ་བར་བྱ་སྟེ། སྣང་མི་སྣང་དུ་འཛིན་པ་རང་གི་སེམས་ཡིན་པའི་ཕྱིར་རོ། །སྣང་བ་སེམས་
ཡིན་པ་སྐད་བསྟན་པས་ཕྱི་རོལ་ལོག་པ་ཞིག་བདེན་པར་འཛིན་པ་ཉན་ཐོས་ལ་སོགས་པའི་ལུགས་འགོག་པ་ལ་དགོངས་ཀྱི། རི་ལ་སོགས་པ་སེམས་སུ་བསྟན་པ་མ་ཡིན། རིའོ་སྙམ་པ་ལ་སོགས་པ་དོན་དུ་རྟོག་པའི་ཞེན་སྣང་སེམས་སུ་རྟོགས་པར་བྱའོ། །དེས་ན་སྣང་ཡུལ་རི་ལ་སོགས་པ་སེམས་མ་ཡིན་ཏེ། སེམས་ལས་ཐ་དད་པའི་རྒྱུ་འབྲས་ལས་སྐྱེ་འགག་ལ་སོགས་པར་གྲུབ་པའི་ཕྱིར་རོ། །དོན་ཡོད་པ་ལྟར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དོན་ཡོད་པས་ཕྱི་རོལ་རགས་པར་སྣང་བ་རྡུལ་ཕྲན་ལ་སོགས་པར་གཞན་དུ་འཛིན་གྱི། ཁོ་བོ་ཅག་ནི་སེམས་ལ་སྣང་བའི་བག་ཆགས་འཁྲུལ་པ་དྷ་དུ་ར་ལ་སོགས་པའི་སྣང་བ་ལྟར་ཕྱི་ནང་གང་ཡང་མ་ཡིན་གང་དུའང་མ་གྲུབ་ཀྱང་། མེད་བཞིན་སྣང་བ་གཞི་མེད་རྩ་བ་དང་བྲལ་བར་འདོད་པས་རང་བཞིན་མེད་པར་སྨྲ་བ་ཡིན་ནོ། །དེས་ན་སྣང་བ་དང་སྣང་ཡུལ་ཕྱེད་པ་ཤིན་ཏུ་གཅེས་སོ། །ད་ནི་སྣང་བ་གསུམ་ལས་གཟུང་འཛིན་དུ་བྱེད་པའི་ལས་བཤད་པ་ནི། འདི་ལྟར་ཡུལ་ལས་གཟུང་བའི་རྣམ་རྟོག་དང་། །དོན་ལས་འཛིན་པའི་རྣམ་རྟོག་རྣམ་གཉིས་སྐྱེ། །ལུས་ལས་ཉོན་མོངས་གཟེབ་དང་རྟེན་བྱེད་དེ། །མི་མཁས་བདེན་པར་ཞེན་པས་རྟག་ཏུ་འཁོར། །ཡུལ་དུ་སྣང་བ་ལ་སྣང་བར་བཟུང་བས་གཟུང་བའི་རྟོག་པ་སྐྱེ་ཞིང་། ཚོགས་བརྒྱད་ནང་ན་རྩེ་གཅིག་ཏུ་གནས་པ་དང་ཕྱིར་འཆར་བ་ན་སེམས་ཞེས་འཛིན་པའི་རྟོག་པ་སྐྱེ་ཞིང་། ལུས་ནི་གཟུང་འཛིན་དུ་སྐྱེ་བའི་རྟེན་དང་བདེ་སྡུག་གི་གནོད་པ་མངོན་པར་སྒྲུབ་པའི་གནས་བྱེད་དེ། སྣང་བ་གསུམ་ལ་བདེན་པར་ཞེན་པས་རྟག་ཏུ་སྲིད་པར་འཁྱམ་ཞིང་སྡུག་བསྔལ་བ་ཡིན་ནོ། །ཇི་སྐད་དུ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། ཆོས་རྣམས་གང་ལ་རང་བཞིན་འགའ་མེད་དེ། །སྒྱུ་མ་སྨིག་རྒྱུ་ཆུ་ཡི་ཟླ་བ་འདྲ། །མི་མཁས་བདེན་པར་ཞེན་པས་འཆིང་གྱུར་ཏེ། །རྟག་ཏུ་རྫ་མཁན་འཕང་ལོ་བཞིན་དུ་འཁོར། །ཞེས་གསུངས་པ་བཞིན་ནོ། །ད་ནི་རང་བཞིན་མེད་པའི་འཁོར་བ་གཟུགས་བརྙན་དང་འདྲ་ཡང་གཟུང་འཛིན་དབྱིངས་སུ་མ་ནུབ་པ་དེ་སྲིད་དུ་ལས་འབྲས་ལ་གཅེས་སྤྲས་སུ་གདམས་པ་ནི། འདི་
དག་ཐམས་ཅད་དོན་ལ་མེད་ན་ཡང་། །གཟུང་འཛིན་དབང་གིས་རྟེན་འབྲེལ་སྒྱུ་མར་སྣང་། །ཇི་སྲིད་གཟུང་འཛིན་དབྱིངས་སུ་མ་ནུབ་པར། །རྒྱུ་འབྲས་ལས་ཡོད་དེ་ཡི་སྤྲུལ་པ་སྟེ། །འདི་ལྟར་ཆོས་ཉིད་དོན་དམ་པའི་བདེན་པ་ལ་ལྟོས་ནས་འཁོར་བ་དང་དེ་བསྐྱེད་པའི་ལས་མེད་ཀྱང་། ཀུན་རྫོབ་ཏུ་རང་གི་རྒྱུ་དང་རྐྱེན་གྱི་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟེན་ནས་འཁོར་བ་སྒྱུ་མ་དང་འདྲ་བ་སྣང་བས། དེའི་རྒྱུ་འབྲས་སྤྱད་དགོས་ཏེ། གཟུང་བ་དང་འཛིན་པའི་ཀུན་ཏུ་རྟོག་པ་མཐའ་དག་དབྱིིངས་སུ་ནུབ་པ་ན་ལས་མེད་དེ། རྒྱུ་མ་རིག་པ་བག་ཆགས་དང་བཅས་པ་མེད་པའི་ཕྱིར་རོ། །དེ་ཉིད་མངོན་དུ་མ་བྱས་ཀྱི་བར་དུ་ལས་ཡོད་དེ། མ་རིག་པ་དང་དེས་བསྐྱེད་པའི་ཉོན་མོངས་པ་ཐམས་ཅད་མ་ཟད་པར་ཡོད་པའི་ཕྱིར་ན། འདུ་བྱེད་ཀྱི་རྒྱུ་ལས་འབྲས་བླང་དོར་དུ་བྱ་བ་གཅེས་ཏེ། འཁོར་བའི་འཁྲུལ་སྣང་སྤྲུལ་པ་དང་འདྲ་བ་ལས་དེས་བསྐྱེད་ནས་རྒྱུན་དུ་སྡུག་བསྔལ་བའི་ཕྱིར་རོ། །ལས་དེ་ཉིད་གང་གིས་གསོག་ཅིང་བསྐྱེད་ཅེ་ན། སེམས་ཀྱིས་འདུ་བྱེད་སེམས་ཀྱིས་ལས་ཀུན་བྱེད། །སེམས་ལ་སྣང་ཞིང་སེམས་ཀྱིས་བརྟགས་པས་ན། །འཁྲུལ་པའི་སེམས་འདུལ་སླད་དུ་འབད་པར་མཛོད། །ལས་ནི་རྒྱུ་ཀུན་འབྱུང་གི་རང་བཞིན་ཡིན་ལ། ལས་དང་ཉོན་མོངས་པའི་འབྲས་བུ་སྡུག་བསྔལ་ཁོ་ན་སྟེ། དེ་དག་གི་རྩ་བ་བསྐྱེད་པ་ནི། སེམས་ཀྱི་འདུ་བྱེད་ལས་གྱུར་པའི་ཕྱིར་སེམས་ཀྱིས་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་པའི་ལས་ཀུན་གསོག་ཅིང་ལས་ཀྱི་བྱེད་པ་ཐ་དད་པའི་དབང་གིས་འཁྲུལ་སྣང་སྣ་ཚོགས་སུ་སྣང་བ་དག །རྨི་ལམ་གྱི་རྣམ་པ་ལྟར་རང་གི་སེམས་ལ་སྣང་ཞིང་། སེམས་ཀྱིས་གཟུང་འཛིན་དུ་བརྟགས་པས་འཁྲུལ་པ་བརྒྱུད་མར་བྱུང་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། སེམས་འདི་ལས་འདུ་བྱེད་པའོ། །འདུ་བྱེད་པ་གང་ཡིན་པ་དེས་ནི་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་པ་རྣམས་འདུ་བྱེད་དོ། །འདུ་བྱས་པ་ལས་སེམས་ཅན་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་བ་དང་
བར་མ་རྣམས་མངོན་པར་སྣང་ངོ་ཞེས་གསུངས་སོ། །དེའི་ཕྱིར་ན་རང་གི་སེམས་འདུལ་ཞིང་སྦྱོང་བ་ལ་འབད་པར་རིགས་པ་ཉིད་དོ། །དེ་ལྟར་འཁྲུལ་སྣང་དུ་ཤར་བ་དག་གི་དཔེ་ནི། ཇི་ལྟར་དྷ་དུ་ར་ཡིས་མྱོས་པ་ལས། །སྣ་ཚོགས་སྣང་བ་མི་འདྲ་ཅི་ཤར་ཡང་། །ཐམས་ཅད་འཁྲུལ་པའི་གཟུགས་ཏེ་དོན་ལ་མེད། །འདི་ལྟར་དྷ་དུ་རའི་ཁུ་བ་འཐུངས་པ་དག་གིས་ནམ་མཁའ་དང་ས་གཞི་ཐམས་ཅད་སྐྱེས་པ་དང་བུད་མེད་ལ་སོགས་པས་གང་བར་མཐོང་ན་ཡང་། མཐོང་བའི་དུས་ཉིད་ནས་དེ་དག་མེད་དོ། །འོན་ཀྱང་སྣང་བ་ནི་རྫས་དེས་སེམས་འཁྲུལ་བའི་དབང་གིས་ཕྱི་རོལ་སྣ་ཚོགས་པར་ཤར་བ་སྟེ་འཁྲུལ་སྣང་ཁོ་ནའོ། །མེད་བཞིན་དུ་སྣང་བའི་དཔེ་ཉེ་བར་བཀོད་པ། དེ་བཞིན་སེམས་འཁྲུལ་བ་ཡིས་སྦྱར་བ་ཡིས། །འགྲོ་དྲུག་འཁྲུལ་སྣང་མ་ལུས་ཇི་སྙེད་ཀུན། །མེད་སྣང་སྟོང་པའི་གཟུགས་བརྙན་ཤེས་པར་མཛོད། །སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་ལ་རྡུལ་གྱི་ཆ་ཕྲ་མོ་བརྒྱར་གཤགས་པ་ཙམ་དུ་ཡང་ཕྱི་སྣང་བའི་ཡུལ་གཞན་དང་། ནང་འཛིན་པའི་སེམས་རང་དང་། དེ་ལས་གཞན་པའི་ཆོས་གང་དུའང་གྲུབ་པ་མེད་དེ། གློ་བུར་བའི་རང་བཞིན་མེད་བཞིན་དུ་སྣང་བ་ཡིན་པའི་ཕྱིར་རོ། །གཅིག་ཏུ་ན་ཆང་གིས་མྱོས་པ་ན་ས་ཕྱོགས་འཁོར་བར་སྣང་ཡང་འཁོར་བ་མེད་པ་བཞིན་ཏེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མི་དག་ཆང་གིས་མྱོས་པ་ན། །ས་ནི་ཀུན་ཏུ་འགུལ་སྙམ་བྱེད་མོད་ཀྱི། །ས་ནི་གཡོས་ཤིང་འགུལ་བར་གྱུར་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །ད་ནི་དོན་བསྡུ་བས་མེད་བཞིན་སྣང་བའི་འཁྲུལ་གཞི་གདོད་མའི་རང་བཞིན་ཤེས་པར་བྱ་བ་ལ་གདམས་པ་ནི། དེ་ལྟར་འཁོར་བའི་རང་བཞིན་གཟུགས་བརྙན་བཞིན། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །དེ་ཡིས་མྱ་ངན་འདས་པའི་རང་བཞིན་ཤེས། །སྲིད་ལས་རྣམ་གྲོལ་བདེ་གཤེགས་དབང་པོར་འགྱུར། །རང་བཞིན་མེད་པའི་འཁོར་བ་མེ་ལོང་ནང་གི་གཟུགས་བརྙན་དང་འདྲ་བ་འདི་ཉིད་དང་པོ་
གང་ལས་བྱུང་བའི་དབྱིངས་གདོད་མའི་འོད་གསལ་སྙིང་པོ་ལེགས་པར་བརྟག་པས་དེའི་རང་བཞིན་ཤེས་པ་ན། གཉིས་སུ་མེད་པའི་ཡེ་ཤེས་ལ་འཇུག་པས་སྲིད་པའི་འཁྲུལ་སྣང་ཆ་དང་བཅས་པ་ལས་གྲོལ་ཏེ་མངོན་པར་བྱང་ཆུབ་པར་འགྱུར་བའི་ཕྱིར་གདོད་མའི་རང་བཞིན་བརྟག་པར་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་འཇིག་རྟེན་ཁམས་འདི་མེད། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཞེས་གསུངས་སོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གཞི་ལས་འཁོར་བའི་གྲུབ་ཚུལ་བསྟན་པའི་ལེའུ་སྟེ་དང་པོའི་འགྲེལ་པའོ།། །།
འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པའི་ལེའུ་སྟེ་གཉིས་པའི་རྒྱ་ཆེར་འགྲེལ་པ།།
དེ་ལྟར་གང་ལས་བྱུང་བའི་རང་བཞིན་ལེགས་པར་རྟོགས་ནས་ཇི་ལྟར་སྣང་བའི་འཇིག་རྟེན་བཀོད་པ་ལ་འཇུག་པར་བྱ་སྟེ། ཇི་སྐད་བཤད་མ་ཐག་པ། དེ་ལྟར་ཁམས་གསུམ་འཁོར་བར་སྣང་བ་ན། །རྒྱལ་བའི་ཐུགས་རྗེས་ཞིང་ཁམས་རྣམ་བཀོད་དེ། །འགྲོ་བའི་དོན་ཀུན་སྒྲུབ་ལ་ནོར་བུ་བཞིན། །སྲིད་ནས་ཞི་བར་རབ་ཏུ་འདྲེན་པར་མཛད། །དེ་ལྟར་མ་རིག་པའི་སེམས་ཅན་རྣམས་གང་དུ་བྱུང་བ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཚད་མེད་པའི་ཐུགས་རྗེ་མངའ་བས་གཟིགས་ཏེ། ཡོངས་སུ་འདུ་བའི་ཞིང་ཁམས་རྣམ་པར་བཀོད་ཅིང་། སྐལ་པ་ཇི་ལྟ་བ་བཞིན་དུ་དོན་མཛད་པ་ནི་གཡོ་བ་དང་འབད་པའི་རྩོལ་བ་མེད་པར་ངང་གིས་འབྱུང་སྟེ། སྲིད་པ་ནས་ཞི་བར་འདྲེན་པའི་ཕྲིན་ལས་རབ་ཏུ་མཛད་དེ། གསང་བའི་སྙིང་པོ་ལས། མ་རིག་སྨིན་མཛད་འདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །ཞེས་གསུངས་པ་བཞིན་ནོ། །ཇི་ལྟར་མཛད་པ་རྒྱ་ཆེ་བའི་ཚུལ་ནི། ནམ་མཁའི་མཐའ་ཀླས་སེམས་ཅན་ཞིང་རྣམས་སུ། །དུས་གསུམ་རྒྱལ་བས་དོན་ཆེན་མཛད་པ་ལས། །དཔག་ཏུ་མེད་པའི་སེམས་ཅན་གྲོལ་བར་འགོད་པ་ནི། ཕྱོགས་བཅུ་ནམ་མཁའི་མཐས་ཁྱབ་པར་སེམས་ཅན་གྱིས་ཁྱབ་པ་དེ་སྙེད་དུ།
འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཁྱབ་ཅིང་དོན་མཛད་པའོ། །དེ་དག་ལས་ཁྱད་པར་དུ་མི་མཇེད་ཀྱི། ཞིང་འདིའི་སྟོན་པས་ཇི་ལྟར་འདུལ་བའི་ཚུལ། །རེ་ཞིག་བསྡུས་ཏེ་རབ་ཏུ་བསྟན་པ་ནི། །འདི་ལྟར་འཁོར་འདས་ཀུན་གྱི་དཔལ། སྟོན་པ་ཡིད་བཞིན་ཀུན་ཏུ་བཟང་པོ་ཉིད། །ཐོག་མ་མེད་པའི་དུས་སུ་བྱང་ཆུབ་ནས། །ཆོས་སྐུའི་ངང་ལས་ལོངས་སྐུར་ལྷུན་གྲུབ་སྟེ། །ཐུགས་གསུང་སྐུ་ཡི་སེམས་དཔའ་གསུམ་སྤྲུལ་ནས། །འགྲོ་དྲུག་གནས་སུ་སེམས་ཅན་དོན་མཛད་ཅིང་། །དུས་རིང་ཐོག་མཐའ་མེད་པར་བཞུགས་པ་ལས། །དེ་ཡང་ཐོག་མཐའ་མེད་པའི་དུས་སུ་མངོན་པར་བྱང་ཆུབ་པའི་མགོན་པོ་འདི་ནི། ཆོས་ཀྱི་སྐུའི་གནས་སྐབས་ན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱའོ། །ལོངས་སྤྱོད་རྫོགས་པ་སྐུའི་གནས་སྐབས་ན་རིགས་ལྔའི་སངས་རྒྱས་ཞེས་བྱའོ། །སྤྲུལ་པ་སྐུའི་གནས་སྐབས་ན་ཐུབ་པ་བཅོམ་ལྡན་འདས་ཞེས་བྱའོ། །གང་གི་ཚེ་ཆོས་ཀྱི་སྐུ་བརྙེས་པ་དེའི་ཚེ་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་ཏེ། དེའི་སྐུ་གསུང་ཐུགས་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ལས། ཁྱད་པར་དུ་ཐུགས་ཀྱི་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། གསུང་གི་སྤྱན་རས་གཟིགས་དང་། སྐུའི་འཇམ་དཔལ་གཞོན་ནུ་རྣམས་སྤྲུལ་ཏེ། འགྲོ་བ་དྲུག་གི་གནས་རིགས་མ་ལུས་པར་དོན་མཛད་པ་ནི། སྲིད་པ་ཇི་སྲིད་མ་སྟོངས་པ་དེ་སྲིད་དུ་སྣང་བ་ཡིན་ནོ། །དེ་ལྟར་ནམ་མཁའ་ཁྱབ་པར་སྣོད་བཅུད་ཀྱི་ཞིང་བཀོད་པའི་རང་བཞིན་ལས། དེ་དག་གི་ཁོངས་སུ་ཆུད་པའི་ཆས་གཞལ་ན་སྐྲ་རྩེའམ་ཡུངས་འབྲུའི་ཁྱོན་ཙམ་དུ་སྣང་བའི་འདུལ་ཞིང་འདི་ཉིད་ཇི་ལྟར་བཀོད་ཅིང་སྒྲོན་མ་སྣང་བར་བྱས་པའི་ཚུལ་ནི། བསམ་གྱིས་མི་ཁྱབ་པ་གྲངས་ལས་འདས་པའི་ཞིང་ཁམས་ལས། ཁྱད་པར་མི་མཇེད་འཇིག་རྟེན་དོན་མཛད་པ། །ཆོས་སྐུའི་དབྱིངས་ནས་སྟུག་པོ་བཀོད་པའི་ཞིང་། །རང་སྣང་འོད་གསལ་རྣམ་ལྔའི་འོད་སྤྲོས་པས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་
བྱོན་པ་ནི་ཆོས་སྐུའི་དབྱིངས་ནམ་མཁའ་ལྟ་བུའི་ངང་ན་དེ་དང་དབྱེར་མེད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་སྣང་བ་ལས་རང་ཤར་བ་ནི་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་ཉིད་དེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མི་གཡོ་བར་བཞུགས་པ་དེ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། ལོངས་སྐུའི་ཞིང་དང་སངས་རྒྱས་དཔག་ཏུ་མེད་པ་སྤྲུལ་ཏེ། དེ་དག་རེ་རེས་ཀྱང་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་དཔག་ཏུ་མེད་པའི་དོན་མཛད་པར་གྱུར་ཏོ། །ལོངས་སྐུ་དེ་དག་རེ་རེའི་ཐུགས་ཀ་ནས་ཀྱང་སྤྲུལ་པ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་སྤྲོས་ནས་སྤྲུལ་པ་སྐུའི་སངས་རྒྱས་དཔག་ཏུ་མེད་པ་སྤྲུལ་ཏེ། སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པར་གྱུར་ཏོ། །དེ་ལས་ཁྱད་པར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་བཀོད་དེ་དོན་མཛད་པའི་ཚུལ་ནི་སྔར་བཞིན་ཆོས་སྐུའི་དབྱིངས་རང་སྣང་སྟུག་པོ་བཀོད་པ་ནས་ཡེ་ཤེས་རང་སྣང་བའི་རིགས་ལྔ་ལས་ཁྱད་པར་དུ་རྣམ་སྣང་ལས་འོད་འཕྲོས་པས། རིན་ཆེན་པདྨའི་སྙིང་པོས་བརྒྱན་པའི་ཞིང་། །ལོངས་སྤྱོད་རྫོགས་སྐུས་ཉེ་བར་བརྟེན་པ་ནི། །གཞི་དང་སྙིང་པོ་མེ་ཏོག་བརྒྱན་པ་སྟེ། །མི་མཇེད་འབུམ་ཕྲག་བཅུ་ཡི་རྡུལ་ཕྲན་དང་། །གྲངས་མཉམ་ཞིང་གིས་ཞིང་དེར་བརྒྱན་པ་ཡིན། །དེའི་ཚེ་རང་བཞིན་རྣམ་པར་དག་པའི་ནམ་མཁའ་ལ་འོད་ཟེར་དེ་དག་ཀུན་ཏུ་འཁྱིལ་བས་འོག་གཞི་རིན་པོ་ཆེའི་པདྨའི་འདབ་མ་ཡངས་ཤིང་གནམ་འཕང་ནམ་མཁའི་དབྱིངས་ལྟར་མཐའ་ཡས་པས་ཁྱབ་པ་ཞིག་བྱུང་ངོ་། །དེ་ལ་བརྟེན་པའི་ཕྱིར་གཞི་མེ་ཏོག་གིས་བརྒྱན་པ་ཞེས་བྱ་སྟེ། རྒྱ་ཆེ་བའི་ཚད་ནི་མི་མཇེད་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཞིང་ཁམས་རྣམ་པར་བཀོད་པའི་ཚད་བཞིན་ནོ། །ཞིང་དེ་དག་རེ་རེའི་ཁོངས་ནའང་ཞིང་ཁམས་ཚད་མེད་པས་བརྒྱན་པ་ཡིན་ཏེ། དཔེར་ན། འཇམ་དཔལ་གྱི་ཞིང་གི་སྙིང་པོ་བྱང་ཆུབ་ཀྱི་ཤིང་གི་ལོ་མ་རེ་རེའི་སྟེང་དང་འོག་ན་ཞིང་ཁམས་ཚད་མེད་པ་གནས་པར་གསུངས་པ་བཞིན་ནོ། །དེ་ལྟ་བུའི་པདྨ་ཆེན་པོ། དེ་ན་
རྣམ་པར་སྣང་མཛད་གངས་ཆེན་མཚོའི། །སྐྱིལ་ཀྲུང་གཅིག་གིས་པད་སྡོང་ཁེབས་པར་བཞུགས། །དེ་ནི་སྐུ་ཆེ་བའི་བཀོད་པ་སྟེ། རབ་ཏུ་མི་གཡོ་ཞིང་རྟག་པར་ལྷུན་གྱིས་གྲུབ་པར་བཞུགས་པ། དེ་ཡི་བ་སྤུའི་བུ་ག་ཐམས་ཅད་ནས། །སྤོས་ཆུའི་རྒྱུན་འབབ་དེ་སྟེང་སངས་རྒྱས་ཞིང་། །གྲངས་མེད་བརྗོད་འདས་བཀོད་པས་དོན་མཛད་ཅིང་། །སྣང་བ་ནི་འདི་ལྟར་སྐུ་མཉམ་པར་བཞག་པའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་སྤོས་ཆུའི་རྒྱུན་གངས་ཆེན་མཚོ་འབབ་པ་ལས། དེ་ཐམས་ཅད་ནའང་སངས་རྒྱས་ཀྱི་ཞིང་ཁམས་གངས་ཆེན་མཚོ་གྲངས་མེད་བསམ་གྱིས་མི་ཁྱབ་པས་བརྒྱན་ཞིང་། སངས་རྒྱས་དང་སེམས་ཅན་ཚད་མེད་པ་དེ་སྙེད་སྣང་བས་དོན་མཛད་དོ། །དེ་ལས་ཁྱད་པར་དུ་ཕྱག་གཉིས། མཉམ་གཞག་སྟེང་ན་སྤོས་ཆུའི་རྒྱ་མཚོ་ལས། །པད་སྡོང་རྒྱ་ཆེན་ཟེའུ་འབྲུ་དཔག་ཡས་སྟེང་། །རེ་རེ་ཞིང་ཡང་ཞིང་ཁམས་དཔག་མེད་གནས། །དེ་ཡང་ཡས་མན་དུ་གྲངས་མཐུན་པར་ཉི་ཤུ་རྩ་ལྔ་རྩ་ལྔ་བརྩེགས་མ་ལ་ཕན་ཚུན་དུ་དཔག་ཏུ་མེད་པ་གནས་པའོ། །དེ་རྣམས་ཀྱི་ནང་ནས། ཁྱད་པར་ཟེའུ་འབྲུ་དབུས་མའི་སྟེང་ཉིད་ན། །སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མ་སྟེ། །ཕན་ཚུན་གྲངས་མེད་ཟ་འོག་བེར་ཁྱིམ་བཞིན། །དེ་ཡང་ཕྱག་གི་མཐིལ་ན་དྲི་ཞིམ་སྨན་གྱི་རྒྱ་མཚོ་ཆེན་པོ་གནས་པའི་ནང་ན་པདྨའི་སྡོང་པོ་ཟེའུ་འབྲུ་དཔག་ཏུ་མེད་པ་གནས་པ་ལ་བརྟེན་པའི་ཕྱིར་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་ཞེས་བྱའོ། །དེའི་ཟེའུ་འབྲུ་དབུས་མའི་སྟེང་ན་ཞིང་ཁམས་བཀོད་པ་དག་ཡས་མན་དུ་ཉི་ཤུ་རྩ་ལྔ་བརྩེགས་ཤིང་། ཕན་ཚུན་དུ་གྲངས་མེད་པར་གནས་པ། ཐམས་ཅད་ཟ་འོག་གི་བེར་ཁྱིམ་ཁ་ཕྱེ་བ་ལྟར་གཟུགས་དང་བཀོད་པ་རྣམ་པ་སྣ་ཚོགས་པ་བཀྲ་ཞིང་སངས་རྒྱས་དང་སེམས་ཅན་དཔག་ཏུ་མེད་པ་རང་སྣང་བའོ། །ཞིང་ཁམས་བརྩེགས་མ་འདི་དག་གི་འོག་གཞི། དང་པོ་དཔལ་འབྱུང་འོད་ཟེར་རྣམ་སྣང་ཞིང་། །གཉིས་པ་པདྨོ་དཔལ་གྱིས་བརྒྱན་པ་སྟེ། །གསུམ་པ་རིན་ཆེན་རྒྱན་སྣང་བཀོད་པའི་ཞིང་། །བཞི་པ་མེ་ཏོག་སིལ་མ་བཀྲམ་པ་སྟེ། །ལྔ་པ་དགེ་བ་སྣ་ཚོགས་དག་པའི་
ཞིང་། །དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་འོག་ན་དཔལ་འབྱུང་བ་འོད་ཟེར་རྣམ་པར་སྣང་བ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་བདེ་བར་གཤེགས་པ་དྲི་མེད་མར་མེ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་པད་མོ་དཔལ་གྱིས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་དྲི་མེད་ཅེས་བྱ་བ་བཞུགས་སོ། །དེའི་སྟེང་ན་རིན་པོ་ཆེའི་རྒྱན་སྣང་བའི་ཞིང་ཁམས་ན་སངས་རྒྱས་རྡོ་རྗེ་འོད་ཟེར་བཞུགས་སོ། །དེའི་སྟེང་ན་མེ་ཏོག་སིལ་མ་བཀྲམ་པའི་ཞིང་ཁམས་ན་སངས་རྒྱས་འོད་ཟེར་དགའ་བའི་སྟོབས་བཞུགས་སོ། །དེའི་སྟེང་ན་དགེ་བ་སྣ་ཚོགས་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་དབང་པོའི་དཔལ་ཞེས་བྱ་བ་བཞུགས་སོ། །དེ་ནས། དྲུག་པ་མེ་ཏོག་ཤིན་ཏུ་རྒྱས་པ་སྟེ། །བདུན་པ་ཡང་དག་འབྱུང་བའི་གཟི་བརྗིད་དབྱངས། །བརྒྱད་པ་སྒྲ་དབྱངས་མི་ཟད་སྒྲོགས་པའི་ཞིང་། །དགུ་པ་རྡོ་རྗེ་རྒྱལ་མཚན་བཅུ་པ་ནི། །རྣམ་པར་སྣང་ཡིན་བཅུ་གཅིག་སྣང་བའིམདོག །བཅུ་གཉིས་པ་ནི་རྣམ་སྣང་དང་བའི་ཞིང་། །ལྔ་པ་དེའི་སྟེང་ན་མེ་ཏོག་ཤིན་ཏུ་རྒྱས་པའི་ཞིང་ཁམས་ཡོད་དེ། དེ་ན་སངས་རྒྱས་གྲགས་པ་དབང་ཕྱུག་བཞུགས་སོ། །དེའི་སྟེང་ན་ཡང་དག་པར་འབྱུང་བའི་གཟི་བརྗིད་ཅེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ཡེ་ཤེས་རྒྱ་མཚོ་བཞུགས་སོ། །དེའི་སྟེང་ན་སྒྲ་དབྱངས་སྒྲོགས་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་གཟི་བརྗིད་ཐུབ་མེད་བཞུགས་སོ། །དེའི་སྟེང་ན་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་འཕགས་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་རྣམ་པར་སྣང་བ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ཆོས་ཉིད་ཚད་མེད་པ་བཞུགས་སོ། །དེའི་སྟེང་ན་སྣང་བའི་མདོག་ཅེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ཚངས་པའི་དབང་པོ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་རྣམ་སྣང་དང་བའི་ཞིང་ཁམས་ན་སངས་རྒྱས་འོད་ཟེར་བཀོད་པ་བཞུགས་སོ། །དེའི་སྟེང་ན། བཅུ་གསུམ་མི་མཇེད་འཇིག་རྟེན་ཁམས་འདི་ཡི། །ཤར་ན་ཁེབས་ལྡན་ལྷོ་ན་རྟག་པ་དང་། །ནུབ་ན་རྡུལ་བྲལ་བྱང་ན་ཡོངས་
དགའི་ཞིང་། །དེ་ཡང་འདིར་སྐྱེས་པའི་སེམས་ཅན་རྣམས་དུག་གསུམ་འདྲེས་མར་གྱུར་པས་མི་མཇེད་པའི་ཕྱིར་མི་མཇེད་ཅེས་བྱ་བ་སྟེ། ལས་དང་ཉོན་མོངས་པ་ལས་མི་མཇེད་པའི་ཕྱིར་མི་མཇེད་ཅེས་མདོ་སྡེ་པདྨ་དཀར་པོ་ལས་གསུངས་སོ། །དེས་ན་ཐེག་པ་ཆེན་པོ་གསང་སྔགས་ཀྱི་གདུལ་ཞིང་དུ་གྱུར་པ་ཡིན་ནོ། །འདི་དང་འདབ་འབྱོར་དུ། ཤར་ན་འཇིག་རྟེན་གྱི་ཁམས་ཁེབས་པ་དང་ལྡན་པ་ཞེས་བྱ་བ་ཡོད་དེ། ལྷོ་ན་རྟག་པ་ཞེས་བྱ་བ་དང་། ནུབ་ན་རྡུལ་བྲལ་ཞེས་བྱ་བ་དང་། བྱང་ན་ཡོངས་སུ་དགའ་བ་ཞེས་བྱ་བ་ཡོད་དོ། །མི་མཇེད་འཇིག་རྟེན་འདིའི། སྟེང་ན་འོད་འཕྲོ་དྲི་མེད་བཅུ་བཞི་པ། །བཅོ་ལྔ་པ་ནི་རིན་ཆེན་བརྒྱན་པའི་ཞིང་། །བཅུ་དྲུག་རྡུལ་བྲལ་བཅུ་བདུན་དག་པར་སྣང་། །བཅོ་བརྒྱད་རིན་ཆེན་འོད་འཕྲོ་བཅུ་དགུ་པ། །རབ་སྣང་སྣང་བྱེད་དེ་བཞིན་ཉི་ཤུ་པ། །འོད་བྱེད་འོད་འཕྲོ་ཉི་ཤུ་གཅིག་གཉིས་ཏེ། །སྣང་ལྡན་རབ་མཛེས་ཉི་ཤུ་གསུམ་བཞི་ཡིན། །ཉི་ཤུ་ལྔ་པ་རབ་ཏུ་དགའ་བའི་ཞིང་། །མི་མཇེད་འདིའི་སྟེང་ན་བཅུ་བཞི་པ་འོད་འཕྲོ་སྣང་བ་དྲི་མེད་ཅེས་བྱ་བའི་ཞིང་ན་སངས་རྒྱས་ཉི་མ་དྲི་མེད་སྤྱན་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་རིན་ཆེན་འབྱུང་གནས་རབ་ཏུ་བརྒྱན་པའི་སྙིང་པོ་ཞེས་བྱ་བའི་ཞིང་ན་སངས་རྒྱས་ཆགས་མེད་ཡེ་ཤེས་བཞུགས་སོ། །དེའི་སྟེང་ན་རྡུལ་དང་བྲལ་བའི་ཞིང་ན་སངས་རྒྱས་དཔལ་གྱི་རྒྱལ་མཚན་བཞུགས་སོ། །དེའི་སྟེང་ན་ཡོངས་སུ་དག་ཅིང་སྣང་བའི་ཞིང་ན་སངས་རྒྱས་ནམ་མཁའ་ཀུན་ཏུ་སྣང་བའི་འོད་བཞུགས་སོ། །དེའི་སྟེང་ན་རིན་ཆེན་འོད་འཕྲོའི་ཞིང་ན་སངས་རྒྱས་བསོད་ནམས་སྤྲིན་གྱི་འཕགས་པ་བཞུགས་སོ། །དེའི་སྟེང་ན་རབ་ཏུ་སྣང་བ་ཞེས་བྱ་བའི་ཞིང་ན་སངས་རྒྱས་སྣང་མཛད་མར་མེའི་རྒྱལ་པོ་བཞུགས་སོ། །དེའི་སྟེང་ན་སྣང་བྱེད་ཀྱི་ཞིང་ན་སངས་རྒྱས་འོད་ཟེར་
བཀོད་པ་བཞུགས་སོ། །དེའི་སྟེང་ན་འོད་བྱེད་ཀྱི་ཞིང་ན་སངས་རྒྱས་ཀུན་ཏུ་གཟིགས་པའི་དབང་པོ་བཞུགས་སོ། །དེའི་སྟེང་ན་འོད་འཕྲོ་བཀོད་པའི་ཞིང་ན་སངས་རྒྱས་འོད་ཟེར་རྒྱལ་པོ་བཞུགས་སོ། །དེའི་སྟེང་ན་སྣང་ལྡན་གྱི་ཞིང་ན་སངས་རྒྱས་ཀུན་ཏུ་སྣང་མཛད་བཞུགས་སོ། །དེའི་སྟེང་ན་རབ་མཛེས་ཀྱི་ཞིང་ན་སངས་རྒྱས་མེ་ཏོག་ཀུན་ཏུ་རྒྱས་པ་བཞུགས་སོ། །དེའི་སྟེང་ན་མདངས་རབ་ཏུ་དགའ་བའི་ཞིང་ན་སངས་རྒྱས་རབ་ཏུ་དགའ་བའི་དཔལ་བཞུགས་སོ། །ཞིང་དེ་དག་གི་ངེས་བྱེད་བཤད་པ་ནི་ཇི་སྐད་བསྟན་པ། དེ་ལྟར་ལྔ་ཚན་རྣམ་ལྔའི་རང་བཞིན་ཡང་། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཏེ། །སྐུ་ཡི་སྐུ་སོགས་ཞིང་ཁམས་ཉི་ཤུ་ལྔ། །མི་མཇེད་ཐུགས་ཀྱི་ཐུགས་ཏེ་ཁྱད་པར་ཞིང་། །གསང་ཆེན་ཚེ་གཅིག་ངེས་པའི་སྙིང་པོས་བརྒྱན། །ཞིང་ཁམས་བརྩེགས་པ་ཉི་ཤུ་རྩ་ལྔར་ངེས་པ་ནི་ཡེ་ཤེས་ཉི་ཤུ་རྩ་ལྔའི་དབང་གིས་ཕྱེ་བ་སྟེ་ཡས་ནས་གཞལ་བའི་དང་པོ་སྐུའི་སྐུའི་ཞིང་། གཉིས་པ་སྐུའི་གསུང་། གསུམ་པ་སྐུའི་ཐུགས། བཞི་པ་སྐུའི་ཡོན་ཏན། ལྔ་པ་སྐུའི་ཕྲིན་ལས་ཀྱི་ཞིང་ལྔ་ནི་གཙུག་ཏོར་དང་ཞལ་དང་ཉེ་བའོ། །དེ་ནས་དྲུག་པ་ལ་གསུང་གི་སྐུའི་ཞིང་། བདུན་པ་གསུང་གི་གསུང་། བརྒྱད་པ་གསུང་གི་ཐུགས། དགུ་པ་གསུང་གི་ཡོན་ཏན། བཅུ་པ་གསུང་གི་ཕྲིན་ལས་ཀྱི་ཞིང་ལྔ་ནི། མགྲིན་པ་དང་ཉེ་བའོ། །དེ་ནས་བཅུ་གཅིག་པ་ཐུགས་ཀྱི་སྐུའི་ཞིང་། བཅུ་གཉིས་པ་ཐུགས་ཀྱི་གསུང་། བཅུ་གསུམ་པ་མི་མཇེད་འདི་ཉིད་ཐུགས་ཀྱི་ཐུགས་ཀྱི་ཞིང་སྟེ། ཁྱད་པར་ཆེན་པོའི་ཞིང་ཞེས་བྱ་བས། གསང་སྔགས་རྡོ་རྗེ་ཐེག་པ་ཚེ་གཅིག་གིས་གྲོལ་བའི་ཆོས་ལ་ལོངས་སྤྱོད་པ་ཡང་དེ་ཡིན་ནོ། །དེ་ནས་བཅུ་བཞི་པ་ཐུགས་ཀྱི་ཡོན་ཏན་དང་བཅོ་ལྔ་པ་ཐུགས་ཀྱི་ཕྲིན་ལས་ཀྱི་ཞིང་ངོ་། །འདི་ལྔ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་དཔལ་གྱི་བེའུ་ལ་ཉེ་བས་ཐེག་པ་བླ་ན་མེད་པའི་ཆོས་ཀྱིས་འདུལ་བའི་ཕྱིར་ཐུགས་ཀྱི་འཇིག་རྟེན་ནོ། །དེ་ནས་བཅུ་དྲུག་པ་ཡོན་ཏན་གྱི་སྐུའི་ཞིང་། བཅུ་བདུན་པ་ཡོན་ཏན་གྱི་གསུང་
གི་ཞིང་། བཅོ་བརྒྱད་པ་ཡོན་ཏན་གྱི་ཐུགས་ཀྱི་ཞིང་། བཅུ་དགུ་པ་ཡོན་ཏན་གྱི་ཡོན་ཏན་གྱི་ཞིང་། ཉི་ཤུ་པ་ཡོན་ཏན་གྱི་ཕྲིན་ལས་ཀྱི་ཞིང་སྟེ་ལྟེ་བའི་ཐད་སོར་ཉེ་བའོ། །དེ་ནས་ཉེར་གཅིག་པ་ཕྲིན་ལས་ཀྱི་སྐུའི་ཞིང་། ཉེར་གཉིས་པ་ཕྲིན་ལས་ཀྱི་གསུང་གི་ཞིང་། ཉེར་གསུམ་པ་ཕྲིན་ལས་ཀྱི་ཐུགས་ཀྱི་ཞིང་། ཉེར་བཞི་པ་ཕྲིན་ལས་ཀྱི་ཡོན་ཏན་གྱི་ཞིང་། ཉེར་ལྔ་པ་ཕྲིན་ལས་ཀྱི་ཕྲིན་ལས་ཀྱི་ཞིང་སྟེ་ལྔ་ནི་གསང་གནས་ཀྱི་ཐད་དང་ཉེ་བའོ། །ཞིང་ཁམས་སུ་སྒྲོན་མ་རྣམ་པར་བཀོད་པའི་ཚུལ་ནི། དེ་ལྟར་ལོངས་སྐུའི་གཞིར་གནས་ཞིང་རྣམས་སུ། །ལོངས་སྤྱོད་རྫོགས་པ་རྣམ་སྣང་ཆེན་པོ་ཡིས། །སྤྲུལ་པས་འདུལ་བྱེད་སྟོན་པ་སོ་སོར་སྣང་། །དེ་ལྟ་བུ་ལོངས་སྐུའི་སྣང་བ་ལ་བརྟེན་པའི་ཞིང་ཁམས་ཚད་མེད་པ་དེ་དག་ཏུ། རྣམ་པར་སྣང་མཛད་གངས་ཆེན་མཚོ་ཆེན་པོའི་གནས་ཐམས་ཅད་ལས་འོད་ཟེར་འཕྲོས་པའི་རྩེ་མོ་ལས་གང་ལ་ཅིས་འདུལ་བའི་སྤྲུལ་པ་གྲངས་མེད་པར་སྣང་བར་འགྱུར་ཏེ། སེམས་ཅན་དེ་དག་གི་དོན་མཉམ་དུ་མཛད་པ་ཡིན་ནོ། །དེ་ལས་བཀོལ་བུར་གྱུར་པ། ཁྱད་པར་སྟོང་གསུམ་མི་མཇེད་འཇིག་རྟེན་འདིར། །སངས་རྒྱས་སྟོང་གི་སྒྲོན་མ་རྣམ་པར་བཀོད། །རང་བཞིན་གཅིག་ཉིད་དེ་ལྟར་སྣང་བ་ཡིན། །དེ་ལྟར་སྟོན་པ་གངས་ཆེན་མཚོས་མི་མཇེད་ཀྱི་ཞིང་འདིར་གང་གིས་འདུལ་བ་གཟིགས་པ་ན། སངས་རྒྱས་སྟོང་གི་རིམ་པས་མཚན་ཐ་དད་ཆོས་ཐ་དད་རྣམ་པ་ཐ་དད་པས་འདུལ་བར་མཁྱེན་ནས། སྔོན་ཐོག་བསྐལ་པ་མཛེས་པར་སྣང་བ་ལ་ཁྱེའུ་སྟོང་སྤྲུལ་ནས། གཞན་གྱི་དོན་དུ་སེམས་བསྐྱེད་པ་ནས་རིམ་གྱིས་ལམ་སྦྱོང་བའི་ཚུལ་བསྟན་ནས། མཐར་སངས་རྒྱས་ཀྱི་མཛད་པ་ཡོངས་སུ་རྫོགས་པར་བསྟན་པ་ནི། ངོ་བོ་གཅིག་ཉིད་དུས་ཐ་དད་པར་རྣམ་འཕྲུལ་སངས་རྒྱས་སྟོང་སྣང་བས་དོན་མཛད་པར་བཀོད་དེ་སྤྲུལ་པ་ནི། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་རྣམས་ནི་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །རབ་ཏུ་མང་པོ་སྟོན་མཛད་ནས། །
ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་པའི་ཚུལ་གྱིས་གང་གིས་འགྲོ་བ་འདུལ་བར་གྱུར་པ་དེའི་ཚེ། སེམས་དང་པོ་བསྐྱེད་པ་དང་། ལམ་སྦྱོང་བ་དང་། ས་ནས་སར་འཕར་བ་དང་། བྱང་ཆུབ་ཐོབ་པ་ལ་སོགས་པར་སྟོན་ཅིང་། ཐ་ན་བྱ་དང་རི་དྭགས་ལ་སོགས་པའི་བར་དུ་བྱེད་དོ། །དེའང་སངས་རྒྱས་སྟོང་དང་། དཔེ་མེད་པའི་སེམས་དཔའ་གཉིས་སྤྲུལ་པ་ལས་སྔར་ནི་བཞི་ཐལ་ཏེ། འཁོར་བ་འཇིག །གསེར་ཐུབ། འོད་སྲུངས་དང་། ཤཱཀྱ་ཐུབ་པའོ། །འོ་ན་རབས་བདུན་བྱུང་བ་མ་ཡིན་ནམ་ཞེ་ན། དེ་དག་ནི་བར་གྱི་སངས་རྒྱས་ཞེས་བྱའོ། །སྟོང་གི་གྲངས་སུ་བགྲང་བ་མ་ཡིན་ཏེ། ད་དུང་དུ་ཡང་མ་འོངས་པ་ན་དེ་ལྟ་བུ་མང་དུ་འབྱུང་བར་གསུངས་སོ། །དེ་ལ་ཚེ་ལོ་བརྒྱ་པའི་དུས་འདིར་ཤཱཀྱ་ཐུབ་པ་བྱོན་ཚུལ་ནི། ཐེག་པ་ཆུང་ངུ་རྣམས་ནི་སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་དང་བཅས་པ་གཅིག་གིས་ལམ་བསྒྲུབས་པས་སངས་རྒྱས་པར་འདོད་ལ། ཐེག་པ་ཆེན་པོ་པ་ཁ་ཅིག་དགའ་ལྡན་ནས་འཕོ་བ་ནས་བཟུང་སྟེ་རྡོ་རྗེའི་གདན་དུ་བཞུགས་ནས་བསམ་གཏན་བཞི་པ་ལ་མཉམ་པར་གཞག་ཚུན་ཆད་ས་བཅུ་པའི་སེམས་དཔའ་ལས། དེ་ནས་སངས་རྒྱས་པའོ་ཞེས་འདོད་ཅིང་། ཁ་ཅིག་དཀའ་བ་སྤྱད་པའི་ཚེ་ཐུགས་འོག་མིན་དུ་སངས་རྒྱས་ནས་དེ་ནས་སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་དང་། བདུད་འདུལ་བ་དང་། སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བར་བསྟན་པའི་བར་སངས་རྒྱས་ཀྱི་མཛད་པའོ་ཞེས་འདོད་དོ། །ཁ་ཅིག་འོག་མིན་དུ་ཐོག་མར་སངས་རྒྱས་ནས་ཞིང་འདིར་མཛད་པ་བཅུ་གཉིས་སུ་སྤྲུལ་པ་ཡིན་ནོ་ཞེས་འདོད་དེ། དེ་ཐམས་ཅད་ཀྱི་ལུགས་ཀྱི་དང་པོ་སྟོན་པ་འདི་ཚོང་དཔོན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སངས་རྒྱས་པར་འདོད་དེ། འདིར་ནི་དེ་ཐམས་ཅད་ཐོག་མ་མེད་པའི་དུས་སུ་སངས་རྒྱས་པ་དེའི་རྣམ་
འཕྲུལ་དེ་ལྟར་བསྟན་པར་འདོད་པས། དང་པོ་སེམས་བསྐྱེད་པ་ནས་སངས་རྒྱས་ཀྱི་སྤྲུལ་པར་འདོད་པ་ཡིན་ནོ། །ད་ནི་མཚན་ཉིད་ཐེག་པ་ཆེན་པོའི་འདོད་པ་བརྗོད་པས་རྡོ་རྗེ་ཐེག་པ་དང་འགལ་བར་དོགས་པ་སྤངས་པ་ལ། དང་པོ་འདོད་པ་འགོད་པ་ནི། ཐུན་མོང་མདོ་ལས་ཡུལ་འཁོར་སྐྱོང་གི་བུ། །སྟོང་རྣམས་སོ་སོས་སེམས་བསྐྱེད་འཚང་རྒྱར་གསུང་། །ཐེག་པ་ཐུན་མོང་ཞེས་བརྗོད་པ་ནི། སྐབས་འདིར་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ཀར་སྐབས་འགའ་ཞིག་འདོད་པ་མཐུན་པ་མཚན་ཉིད་ལྟར་འཇོག་པས་དེའི་ཕྱིར་དེ་སྐད་བརྗོད་དོ། །དེ་དག་གི་ལུང་། མདོ་སྡེ་པདྨ་དཀར་པོ་ལས། སྔོན་འདས་པའི་དུས་ཀྱི་བསྐལ་པ་གྲངས་མེད་པའི་ཡང་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་འདས་པའི་ཚེ་ན། བསྐལ་པ་ཆེན་པོ་མཛེས་པར་སྣང་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་པོ་ཆེ་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བའི་ཚེ། རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་རྣམ་པར་དག་པ་ཅན་ཞེས་བྱ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྐྱོང་ཞེས་བྱ་བ་གླིང་བཞི་ལ་དབང་བ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་ལྡན་པ། བཙུན་མོའི་འཁོར་བདུན་འབུམ་ཡོད་པ། བུ་དཔའ་རྩལ་དང་ལྡན་པ་སྟོང་དུ་ཚང་བ་ཡོད་པ་ཞིག་བྱུང་ངོ་། །བུ་དེ་དག་ལས་ཕྱིས་བཙུན་མོ་དམ་པ་དཔེ་མེད་མ་དང་། མ་སྨད་མ་ཞེས་བྱ་བ་གཉིས་ཀྱི་པང་དུ་ཁྱེའུ་རེ་རྫུས་ཏེ་སྐྱེས་སོ། །དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་མཐའ་ཡས་རིན་པོ་ཆེ་བཀོད་པའི་རྒྱལ་པོ་དེས་བུ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བཀོད། ལུང་བསྟན་པ་ན་ལྷ་དང་མིའི་སྐྱེ་དགུ་ལས་བྱེ་བ་ཁྲག་ཁྲིག་ཕྲག་གྲངས་མེད་པ་ཞིག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། ཁ་ཅིག་གིས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་དེ་མྱ་ངན་ལས་འདས་པའི་འོག་རོལ་ཏུ་རྒྱལ་པོ་དེས་རང་གི་བུ་རྣམས་ལ་སྨྲས་པ། ཁྱེད་རྣམས་ལས་ཐོག་མར་གང་འཚང་རྒྱ་བ་ཡིན།
དེ་ནས་དེ་དག་གིས་སྨྲས་པ། བདག་ཅག་རྣམས་ཀྱི་མིང་བྲིས་ཏེ་རིན་པོ་ཆེའི་བུམ་པར་སྩལ་བས་མཁྱེན་པར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་དེས་ཁྱེའུ་རྣམས་ཀྱི་མིང་བྲིས་ཏེ། རིན་པོ་ཆེའི་བུམ་པར་བཅུག་ནས་ཞག་བདུན་དུ་མཆོད་པ་བྱས་ཏེ་ཐོག་མར་གང་སངས་རྒྱ་བར་འགྱུར་བ་བརྟག་གོ་སྙམ་པ་ལས་བུམ་པ་ནས་མིང་བྱུང་བས། ཐོག་མར་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་བྱུང་། དེ་སངས་རྒྱས་པ་ནི་འཁོར་བ་འཇིག་གོ །དེ་ནས་རྣམ་པར་རྒྱལ་བའི་སྡེ་བྱུང་སྟེ་གསེར་ཐུབ་བོ། །དེ་ནས་དབང་པོ་ཞི་བ་བྱུང་སྟེ་འོད་སྲུངས་སོ། །དེ་ནས་དོན་ཐམས་ཅད་གྲུབ་པ་བྱུང་སྟེ་ཤཱཀྱ་ཐུབ་པའོ། །དེ་བཞིན་དུ་ཐ་ཆུང་བློ་མཐའ་ཡས་ཀྱི་བར་དུ་བྱུང་སྟེ་དེ་སངས་རྒྱས་པ་ནི་སངས་རྒྱས་མོས་པའོ། ཁྱེའུ་ཆོས་ཀྱི་སེམས་དཔའ་དང་ཆོས་ཀྱི་བློ་གྲོས་གཉིས་ནི་འཇམ་དཔལ་དང་བརྒྱ་བྱིན་གཉིས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་པོའོ། །ཞེས་འབྱུང་བས། ཁྱེའུ་དེ་དག་དེའི་འོག་ཏུ་སོ་སོའི་སེམས་བསྐྱེད་ཚུལ་བསྐལ་པ་བཟང་པོའི་མདོ་ལས་གསུངས་པ་ལྟར་སེམས་བསྐྱེད་ནས། ལམ་བསྒྲུབས་ཏེ་སྨོན་ལམ་དང་ལས་མཐུན་པས་བསྐལ་པ་བཟང་པོ་ལ་སངས་རྒྱས་པའོ། །ཞེས་འདོད་དོ། །དེ་ལྟར་སོ་སོར་བསྟན་པ་དང་། འདིར་གཅིག་གི་སྤྲུལ་པར་བསྟན་པ་གཉིས་འགལ་ལོ་སྙམ་ན་མི་འགལ་བར་བཤད་དེ། སོ་སོར་བསྟན་པ། དེ་ནི་བསྐལ་བཟང་འདི་ཡི་གདུལ་བྱའི་ངོར། །སངས་རྒྱས་རྣམ་འཕྲུལ་དེ་ལྟར་བསྟན་པ་དེ། །དགོས་ཆེད་དམན་རྣམས་འཇུག་དང་བུ་སྟོང་པོ། །ལུང་བསྟན་པས་ནི་ལྷ་མི་ཁྲག་ཁྲིག་ཕྲག །གྲངས་མེད་བཟོད་ཐོབ་བྱང་ཆུབ་ངེས་ཕྱིར་ཡིན། །དེས་ན་ཚུལ་འདི་དོན་གྱི་དགོངས་པར་གཟུང་། །ཚུལ་དེ་ནི་དགོངས་ཏེ་གསུངས་པ་ཡིན་ཏེ། དགོངས་པ་ནི། བསྐལ་པ་བཟང་པོའི་སེམས་ཅན་རྣམས། སངས་རྒྱས་ཀྱི་མཚན་དང་རྣམ་གྲངས་གཅིག་གིས་མི་འདུལ་ཞིང་སྟོང་གིས་འདུལ་བ་ལ་དེ་ལྟར་རིམ་གྱིས་སྣང་བ་དང་། སེམས་སོ་སོར་བསྐྱེད་ནས་ཚོགས་གཉིས་གསོག་པར་བསྟན་པ་ཡང་སེམས་ཅན་བློ་རབ་ཏུ་དམན་པ་ཁ་ཅིག་སངས་རྒྱས་ནས་སེམས་
ཅན་གྱི་དོན་འབྱུང་བ་སྤྲུལ་པ་རྣམས་ཏེ། བདག་ལྟ་བུས་བྱང་ཆུབ་ག་ལ་འགྲུབ་སྙམ་པའི་ཞུམ་པ་བསལ་བའི་ཕྱིར། དང་པོ་སེམས་བསྐྱེད་པ་དང་། བར་དུ་ཚོགས་བསྐལ་པ་དུ་མར་གསོག་པ་རྣམས་བསྟན་ཏོ། །ཚོགས་སོག་དུས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་བསྟན་པ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་སྤྲོ་བ་བསྐྱེད་པ་དང་འཇུངས་པ་རྣམས་གཏོང་བ་ལ་དཔའ་བ་ལ་སོགས་པའི་ཕྱིར་དེ་ལྟར་བསྟན་ཏོ། །ཡང་བུ་སྟོང་ལུང་མ་བསྟན་ན་དེ་དུས་ཀྱི་སྐྱེ་བོའི་ཚོགས་དེ་དག་གིས་བཟོད་པ་མི་ཐོབ་ལ། བསྟན་པས་ཐོབ་པའི་ཕྱིར་ཡང་ཁྱེའུ་སྟོང་རྩ་གཉིས་འབྱུང་བར་སྤྲུལ་ཏེ་ལུང་བསྟན་པ་ཡིན་ནོ། །དེའི་ཕྱིར་རང་བཞིན་གཅིག་གི་རོལ་པ་དེ་ལྟར་སྣང་བར་ཟུངས་ཤིག །དེར་མ་ཟད་ལོངས་སྐུའི་ཞིང་ལ་བརྟེན་པའི་འཇིག་རྟེན་ཐམས་ཅད་ན་སྣང་བའི་སངས་རྒྱས་དེ་དག་གཅིག་གི་རོལ་པར་བསྟན་པ་ཡིན་ནོ། །དཀོན་མཆོག་བརྩེགས་པ་ལས། ང་ཉིད་ཤར་ཕྱོགས་ཀྱི་འཇིག་རྟེན་དག་པ་ཅན་ན་དེ་བཞིན་གཤེགས་པ་གཟི་བརྗིད་བཀོད་པའི་རྒྱལ་པོ་ཞེས་བྱ་བར་གྱུར་ཏེ་ཆོས་སྟོན་ཏོ་ཞེས་པ་ནས་ཕྱོགས་བཅུ་གཞན་རྣམས་སུ་ཡང་གསུངས་ཤིང་། ང་ཉིད་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སུ་གྱུར་ཏོ། །ཞེས་པ་ལ་སོགས་པ་གསུངས་སོ། །ཚུལ་འདི་དྲང་དོན་དུ་འཆད་པ་རྣམས་ཀྱིས་ནི་ཐེག་པ་ཆེན་པོའི་དགོངས་པ་ལས་གནམ་ས་བཞིན་ནོ། །ད་ནི་མཇུག་བསྡུ་བ་བསྟན་པ་ནི། སངས་རྒྱས་ཐུགས་རྗེས་སྲིད་གསུམ་རྣམ་གྲོལ་ཕྱིར། །སྣ་ཚོགས་ཐབས་ཆེན་མང་པོས་ཕན་བདེ་མཛད། །དེ་ལྟར་ཚད་མེད་པའི་ཐུགས་རྗེས་ནམ་མཁའི་དབྱིངས་དང་མཉམ་པའི་ཁམས་གསུམ་གྱི་སེམས་ཅན་གྱི་ཚོགས་རྣམ་པར་གྲོལ་བའི་གོ་འཕང་ལ་འགོད་པའི་ཐབས་སྣ་ཚོགས་པས་གནས་སྐབས་ཕན་པ་དང་། མཐར་ཐུག་བདེ་བ་ཐོབ་པར་མཛད་པ་ནི། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཆེན་པོར་མངའ་དབང་འབྱོར་བར་བསྟན་པ་ཡིན་ནོ། །ཇི་ལྟར་ཕན་བདེ་མཛད་ཅེ་ན། ཞིང་དང་སྟོན་པར་སྤྲུལ་པས་འགྲོ་ཀུན་གྱི། །མཐའ་ཡས་རེ་སྐོང་བྱང་ཆུབ་ས་མཐོར་འདྲེན། །རྒྱལ་བའི་བྱིན་རླབས་རྣམ་འཕྲུལ་དེ་འདྲའོ། །དེ་ཡང་སེམས་ཅན་གྱི་དོན་དུ་ལོངས་སྐུའི་
གཞིར་གནས་ཀྱི་ཞིང་ཁམས་ནམ་མཁའི་མཐའ་ཁྱབ་པར་བཀོད་དེ། དེ་དག་ཏུ་སྟོན་པ་འཇིག་རྟེན་གྱི་སྒྲོན་མ་རྣམ་པར་བཀོད་ནས། དེ་ན་གནས་པའི་སེམས་ཅན་རྣམས་འཁོར་བ་ལས་མ་གྲོལ་བ་ཇི་སྲིད་དུ་དོན་མཛད་པ་ནི། འགྲོ་བའི་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་སྐོང་བས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་དང་འདྲ་ལ། མཐར་ཐུག་བྱང་ཆུབ་གསུམ་ལ་སོ་སོའི་སྐལ་པ་ཇི་ལྟ་བ་བཞིན་འགོད་པས་དེད་དཔོན་རིན་པོ་ཆེ་ལྟ་བུ་སྟེ། དེ་བཞིན་གཤེགས་པའི་རྣམ་འཕྲུལ་ཚད་མེད་པ་ནི་རྨད་དུ་བྱུང་བའི་ཚུལ་དེ་ལྟ་བུ་མངའ་བ་ཡིན་ནོ། །དེ་བས་ན་འདིར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་རབ་ཏུ་དང་བར་བྱའོ། །ད་ནི་དེ་ལྟར་ཁོང་དུ་ཆུད་པའི་ཕན་ཡོན་བསྒྲགས་པ་ནི། ཚུལ་འདི་ཐོས་ནས་མི་དངངས་དད་གྱུར་པ། །དེ་དག་མྱུར་དུ་འཇིག་རྟེན་མགོན་པོར་འགྱུར། །ཐེག་པ་བླ་ན་མེད་པ་དག་ལ་གྲགས་པའི་ཞིང་དང་སྟོན་པའི་རབ་ཏུ་དབྱེ་བ་རྣམ་པར་འཕྲུལ་པ་དང་བཅས་པའི་ཚུལ་རྒྱ་མཚོ་བློ་དང་ལྡན་པ་གང་གིས་ཐོས་ནས་མི་དངངས་ཤིང་དད་པ་དེ་དག་ནི་མྱུར་དུ་བྱང་ཆུབ་ཀྱི་སྙིང་པོ་མཛེས་པར་བྱེད་པ་སྟེ། ཤིན་ཏུ་རྒྱས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། གང་གིས་ཐེག་པ་ཆེན་པོའི་ཚུལ་རྒྱ་མཚོ་མི་ཟད་པ་སྣ་ཚོགས་ལ་འཇུག་པའི་སྒོ་རབ་ཏུ་ཐོས་ནས། མི་དངངས་ཤིང་དད་པར་གྱུར་པ་དེ་དག་ནི་མྱུར་དུ་བྱང་ཆུབ་སྙིང་པོ་མཛེས་པར་བྱེད་པའོ། །ཞེས་རྒྱ་ཆེར་གསུངས་པ་བཞིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པའི་ལེའུ་སྟེ་གཉིས་པའི་འགྲེལ་པའོ།། །།
སྣོད་ཆགས་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའི་རྒྱ་ཆེར་འགྲེལ་པ།།
དེ་ལྟར་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ལ་བརྟེན་པའི་ཞིང་ཁམས་ནམ་མཁའི་དབྱིངས་ལྟར་ཁྱབ་པ་དང་། དེའི་ཁོངས་སུ་ཆུད་པའི་དུམ་བུའི་འཇིག་རྟེན་མི་མཇེད་ཀྱི་འབྲེལ་རྣམ་པར་གཞག་པ་མདོར་བསྟན་ནས། ད་ནི་དེའི་རང་བཞིན་རྒྱས་པར་བཤད་པའི་ཕྱིར། སྡོམ་རྣམ་པར་གཞག་པ་ཐོག་མར་བཀོད་པ་ནི། དེ་ལྟར་རྒྱལ་བའི་ཞིང་ཁམས་སྣང་བ་ལས། ཁྱད་པར་མི་མཇེད་འཇིག་རྟེན་བསྟན་པ་ནི། །ཆགས་གནས་འཇིག་སྟོངས་བསྐལ་
པ་རྣམ་བཞི་ལས། །བཤད་མ་ཐག་པའི་ཚུལ་དེ་ལྟར་ཞིང་ཁམས་བཀོད་པའི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ལས་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་བསྟན་པ་ལ་སྣོད་དང་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་དང་། གནས་པ་དང་། འཇིག་པ་དང་། སྟོངས་པའི་བསྐལ་པ་བཞིས་ལེགས་པར་རྟོགས་པ་ཡིན་ནོ། །དེ་ལ་དང་པོ་ཆགས་པའི་བསྐལ་པ་གཏན་ལ་དབབ་པ་ལ། དང་པོ་ལ་ཡང་བཅུད་རྣམས་ཡས་ཆགས་ཤིང་། །ནམ་མཁའ་ལ་བརྟེན་སྣོད་ཀྱང་དེ་བཞིན་ནོ། །ས་གཞི་ལ་བརྟེན་སྣོད་རྣམས་མས་ཆགས་ཏེ། །གང་གི་ཚེ་འཇིག་རྟེན་སྟོངས་པའི་བར་བསྐལ་ཉི་ཤུ་རྫོགས་ནས། ཆགས་པའི་མགོ་འཛིན་པ་ན། ནམ་མཁའ་ལ་བརྟེན་པའི་གཞལ་མེད་ཁང་རྣམས་ནི་གོང་མ་ནས་ཆགས་ལ། བཅུད་ཀྱི་སེམས་ཅན་རྣམས་ཀྱང་གོང་ནས་འོག་ཏུ་མཆེད་པ་ཡིན་ནོ། །ས་གཞི་ལ་བརྟེན་པ་རྣམས་ནི་འོག་མ་ནས་ཆགས་ཏེ། རེ་ཞིག་ཐོག་མར་ས་གཞི་ལ་བརྟེན་པ་རྣམས་ཀྱི་རིམ་པ་བཤད་པ་ནི། འདི་དག་མདོར་བསྡུས་རིམ་པས་དབྱེ་བ་ནི། །རྟེན་གཞི་རྟེན་དང་བརྟེན་པ་གསུམ་དག་ལས། །ལེགས་པར་བརྩམས་ཏེ་བསྟན་པ་ལ། ཐུན་མོང་བ་མདོ་དང་མཐུན་པ་དག་ནི་འཇིག་རྟེན་གདགས་པ་དང་། ཐུན་མོང་མ་ཡིན་པ་གོང་དུ་འཕགས་པ་དག་ནི་ཕལ་པོ་ཆེ་དང་། རྒྱུད་ཀྱི་གནས་ཇི་ལྟ་བ་བཞིན་དུ་མདོར་བསྡུས་ཏེ་བསྟན་པར་བྱ་བ་ལས། དང་པོ་ཆགས་པ་བསྟན་པ་ལ། རྟེན་གཞི་འབྱུང་བ་རྣམས་དང་། རྟེན་རི་ལ་སོགས་པ་དང་། བརྟེན་པ་སེམས་ཅན་པ་རྣམས་ལས། དང་པོ་འབྱུང་བ་རིམ་བརྩེགས་རང་བཞིན་ཚུལ། །སྟོངས་པའི་བར་བསྐལ་རྫོགས་པའི་རྗེས་ཉིད་དུ། །ཡིད་མཁའ་རྣམ་དག་ནམ་མཁའ་དཀར་གསལ་རྒྱ། །སྟོང་གསུམ་དང་མཉམ་སྟེང་དུ་རླུང་ཆགས་ཏེ། །ཇི་སྐད་དུ། འཕགས་པ་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་གསུངས་པ་ལྟར་རིམ་པས་བཤད་པ་ནི། སྟོང་པའི་རྗེས་ལ་དང་པོ་ནམ་མཁའ་ནི། རྒྱུ་སེམས་ཅན་སྤྱི་མཐུན་གྱི་ལས་ཏེ། འདིའི་དུས་ན་ཡིད་རྣམ་པར་དྭངས་
པ་ཞེས་བྱ་བའི་ནམ་མཁའ་དཀར་བའི་འོད་དང་ལྡན་པ། ཚད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་གི་སྣོད་རྟེན་པར་བྱེད་པ་ཆགས་སོ། །དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཏེ། རྒྱུ་ལ་རིང་བའི་རྒྱུ་ནི་འདིར་སྐྱེ་བའི་སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་སོ། །ཉེ་བའི་རྒྱུ་ནི་རླུང་སྟེ། ཇི་ལྟ་བུ་ཞེ་ན། སྲུབ་བྱེད་ཀུན་ཁྱབ་རྩུབ་འགྱུར་སྡུད་བྱེད་དང་། །སྨིན་བྱེད་འབྱེད་བྱེད་རྣམ་དྲུག་རིམ་པ་བཞིན། །བསྲུབས་བརྡལ་གཏོར་དང་སྡུད་ཆགས་སོ་སོར་འབྱེད། །རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་སྔོ་ལ་འཕྱུར་བ་ལངས་པ་ལས། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་གིས་ཕྱོགས་ཀུན་ཏུ་བརྡལ་བས་ནམ་མཁའ་ལ་ན་བུན་ལྟར་འཁྲིགས། རྩུབ་འགྱུར་གྱི་རླུང་ཡཾ་ཞེས་པའི་རང་སྒྲ་དང་བཅས་པས་ནམ་མཁའ་ལ་སྤྲིན་བཞིན་གཏོར། རྣམ་པར་སྡུད་བྱེད་ཀྱི་རླུང་གིས་དེ་དག་བསྡུས་པས་རྒྱ་ཆེ་ཞིང་དཔངས་འཐུག་པར་བྱས། སྨིན་བྱེད་མེའི་རླུང་དམར་གསལ་ལས་མེ་མཆེད་ནས་བསྲེགས་པས་རླུང་གི་དཀྱིལ་འཁོར་འཇམ་ཞིང་ཁོད་སྙོམས་པར་ཆགས། འབྱེད་བྱེད་རླུང་གི་རླུང་ཞེས་བྱ་བས་ཁ་དོག་སྣ་ཚོགས་པ་འུར་གྱིས་ལངས་པ་ལས་དེ་དག་སོ་སོར་གཏོར། དེ་ནས་སྲུབ་བྱེད་ཀྱི་རླུང་གིས་བསྲུབས་པས་ལེགས་པར་ཆགས་སོ། །རླུང་དེའི་ཁ་དོག་དང་ཚད་ཇི་ལྟ་བུ་ཞེ་ན། མདོག་ལྗང་རྒྱ་གྲམ་དབྱིབས་འདྲ་མུ་ཁྱུད་བཅས། །རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་ལ། །རྒྱར་ནི་གྲངས་མེད་སྲ་མཁྲེགས་རྡོ་རྗེ་འདྲ། །རླུང་དེའི་ཁ་དོག་ནི་ནོར་བུ་ཨིནྡྲ་ནཱི་ལའི་རྣམ་པ་ལྟ་བུའོ། །དབྱིབས་ནི་རྡོ་རྗེ་རྒྱ་གྲམ་ལ་མུ་ཁྱུད་ཟླུམ་པོས་བསྐོར་བ་ལྟ་བུའོ། །ཚད་ནི་རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་དང་རྒྱར་གྲངས་མེད་པ་ཡོད་དོ། །བྱེད་ལས་སྲ་ཞིང་མཁྲེགས་པ་དེས་ཆུ་ལ་སོགས་པ་བརྟེན་པའི་ལས་བྱེད་དོ། །དེ་ནས་ཆུའི་དཀྱིལ་འཁོར་ནི་སྟེང་གི་ནམ་མཁའ་ལ། གསེར་གྱི་སྙིང་པོ་ཅན་སྤྲིན་འདུས་པ་ལས། །དེ་སྟེང་ཆར་བབས་ཆུ་ཡི་དཀྱིལ་འཁོར་ནི། །ཞི་བ་གསལ་དག་ཅེས་བྱ་ཀུན་ནས་ཟླུམ། །རླུང་གི་དཀྱིལ་འཁོར་ཆགས་པའི་རྗེས་ལ། ཆུའི་རྒྱུ་ནི། ནམ་མཁར་སྤྲིན་གསེར་གྱི་སྙིང་པོ་
ཅན་འདུས་པ་ལས། ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་དུ་བབས་པའི་དབང་གིས་བྱུང་བའོ། །དེ་ཡང་ཞི་བ་གསལ་དག་གི་ཆུ་ཞེས་བྱ་བ་དབྱིབས་ཟླུམ་པོ་ཟླ་བ་རྒྱས་པ་ལྟ་བུ་ཆགས་སོ། །ཚད་ནི། རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་། །ཉི་ཁྲིི་རྟེན་བྱེད་རླུང་གིས་མཐའ་ནས་བསྐོར། །ཆུ་དེའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་ཉི་ཁྲིའོ། །དེ་གཞན་དུ་མི་འབོ་བ་ནི། མཐའ་སྐོར་རྣམས་ནས་རྟེན་པར་བྱེད་པའི་རླུང་གིས་འཁོར་བར་གནས་པའི་ཕྱིར་རོ། །དེ་ནས་སའི་དཀྱིལ་འཁོར་ནི། སྲུབ་བྱེད་རླུང་གིས་ཆུ་དེ་རྣམས་བསྲུབས་པས། །དེ་སྟེང་ས་ཡི་དཀྱིལ་འཁོར་གྲུ་བཞིར་ཆགས། །རྒྱུ་ནི་ཆུའི་འོག་རླུང་གི་དཀྱིལ་འཁོར་ལས་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་གཟིར་བའི་སྒྲ་དང་བཅས་པ་ཞིག་བྱུང་ནས། རྒྱུ་དེ་དག་ཀུན་ནས་བསྡུས་ཤིང་བསྲུབས་པ་ལས། གསེར་གྱི་ས་གཞི་མཚོ་ལ་དར་ཆགས་པ་ལྟར་གྲུབ་སྟེ། གྲུ་བཞི་ཁ་དོག་སེར་པོར་གྱུར་ཏོ། །ཚད་ནི། རྔམས་སུ་དཔག་ཚད་སུམ་འབུམ་ཉི་ཁྲི་ལ། །རྒྱ་ཁྱོན་འབུམ་ཕྲག་བཅུ་གཉིས་སྟོང་ཕྲག་གསུམ། །བརྒྱ་ཕྲག་ཕྱེད་དང་ལྔ་དང་བཅས་པའོ། །ཆུ་ཡི་ཟབས་སུ། དཔག་ཚད་འབུམ་ཕྲག་བརྒྱད་ཡོད་པའི་མཚོར་གྱུར་ལ་ལྷག་མ་ནི་ས་ཡི་ཚད་དེ་རྔམས་སུ། དཔག་ཚད་སུམ་འབུམ་ཉི་ཁྲི་ལ། ཆུ་དང་ས་གཉིས་ཀའི་རྒྱར་ནི་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་། སྟོང་ཕྲག་གསུམ་བརྒྱ་ཕྲག་ཕྱེད་དང་ལྔའོ། །མཐའ་བསྐོར་ནི་སུམ་འགྱུར་རོ། །དེ་དག་གིས་རྟེན་པའི་གཞི་རྣམས་གཏན་ལ་ཕབ་ཟིན་ཏོ། །ད་ནི་དེ་དག་ལ་བརྟེན་པ་བཤད་པར་བྱ་སྟེ། སའི་དཀྱིལ་འཁོར་ཆེན་པོ། དེ་སྟེང་རྟེན་ནི་རི་མཚོ་གླིང་རྣམས་ལས། །ཆུ་དང་ས་བསྲུབས་སྤྲིན་ལས་ཆར་བབས་པས། །ལྷུན་པོ་གསེར་རི་མུ་ཁྱུད་གླིང་རྣམས་ནི། །འབྱེད་སྡུད་རབ་འབྲིང་ཐ་མའི་རླུང་གིས་གྲུབ། །དེ་ལ་རི་དང་མཚོ་དང་། གླིང་རྣམས་ལ། རིའི་རྒྱུ་ནི་གསེར་གྱི་ས་གཞིའི་སྟེང་དུ་སྨིན་པར་བྱེད་པའི་རླུང་གིས་ཆུ་དང་སའི་དཀྱིལ་འཁོར་བསྲུབས་ཤིང་། ནམ་མཁའ་ལས་ཁམས་སྣ་ཚོགས་པ་ཅན་གྱི་སྤྲིན་ལས་ཆུའི་རྒྱུན་ཡུན་རིང་དུ་བབས་པ་ལས་གྲུབ་བོ། །དེ་ཡང་ཁམས་རབ་འབྱེད་སྡུད་ཀྱི་རླུང་ལས་
རི་རབ་ལྷུན་པོ་བྱེ་བ་ཕྲག་བརྒྱ། འབྲིང་འབྱེད་སྡུད་ཀྱི་རླུང་ལས་གསེར་གྱི་རི་བདུན་བྱེ་བ་ཕྲག་བརྒྱ། ཁམས་ཐ་མ་འབྱེད་སྡུད་ཀྱི་རླུང་ལས་ཕྱི་རོལ་ཁོར་ཡུག་ལྕགས་རི་དང་། གླིང་བཞི་གླིང་ཕྲན་དང་བཅས་པ་བྱེ་བ་ཕྲག་བརྒྱ་གྲུབ་པར་གྱུར་ཏོ། །དེ་ལ་དབུས་ཀྱི་རིའི་རྒྱལ་པོ། རི་རབ་རིན་ཆེན་ཕྱོགས་བཞི་རིམ་པ་བཞིན། །དངུལ་དང་བཻཌཱུར་པདྨ་རཱ་ག་གསེར། །དེ་ཡི་ཕྱོགས་བཞིའི་ནམ་མཁའ་འང་དེ་བཞིན་ནོ། །དབུས་ཀྱི་རི་རྒྱལ་ལྷུན་པོ་ནི་རིན་པོ་ཆེ་སྣ་བཞི་ལས་གྲུབ་སྟེ། ཤར་ཕྱོགས་དངུལ་ལས་གྲུབ་པས་དཀར་པོ། ཁ་ཅིག་ཤེལ་ལས་གྲུབ་པར་འདོད་པ་ཡང་ཡོད། ལྷོ་བཻཌཱུཪྱ་ལས་གྲུབ་པས་སྔོན་པོ། ནུབ་པདྨ་རཱ་ག་སྟེ་ཆུ་ཤེལ་དམར་པོ་ལས་གྲུབ་པས་དམར་པོའོ། །བྱང་གསེར་ལས་གྲུབ་པས་སེར་པོའོ། །ཕྱོགས་བཞིའི་ནམ་མཁའི་མདོག་ཀྱང་དེ་དག་ཏུ་སོ་སོར་སྣང་ངོ་། །ལྷུན་པོ་མཛེས་པར་བྱེད་པའི། རི་རབ་བང་རིམ་བཞི་ལས་འོག་མ་ནི། །རྡོ་རྗེ་ཅན་ཏེ་ནང་གི་རི་རབ་ནས། །ཞེང་དུ་དཔག་ཚད་སྟོང་ཕྲག་བཅུ་དྲུག་འཕགས། །ཆུར་ནི་སུམ་འགྱུར་ཀུན་ལ་ཤེས་པར་བྱ། །རི་རྒྱལ་ལྷུན་པོ་དེ་ལ་ཆུའི་སྟེང་ན་བང་རིམ་བཞི་ལས། འོག་ཏུ་རླུང་གི་བང་རིམ་གཡུའི་རྡོ་རྗེ་ཅན་ཞེས་བྱ་བ་རི་རབ་ལས་ཕྱིར་དཔག་ཚད་སྟོང་ཕྲག་བཅུ་དྲུག་འཕགས་པའོ། །ཟུར་ནས་ཟུར་གྱི་རིང་ཚད་ལ་ཞེང་ནས་སུམ་འགྱུར་ཏེ། བང་རིམ་ལྷག་མའི་ཆུར་ཇི་ཙམ་ཡོད་པ་ཞེང་དུ་སུམ་འགྱུར་དུ་ཤེས་པར་བྱའོ། །བང་རིམ། གཉིས་པ་རྣམ་སྤུངས་སྟོང་ཕྲག་བརྒྱད་ཞེང་འཕགས། །གསུམ་པ་ཤེལ་འོད་འབར་བ་བཞི་སྟོང་འཕགས། །བཞི་པ་འཁོར་ལོ་རྣམ་བརྩེགས་ཉིས་སྟོང་འཕགས། །གཉིས་པ་ཆུ་ལས་གྲུབ་པའི་བང་རིམ་རྣམ་པར་སྤུངས་པ་ཞེས་བྱ་བ་སྟེ་སྟོང་ཕྲག་བརྒྱད་ཕྱིར་འཕགས་སོ། །གསུམ་པ་ཤེལ་འོད་འབར་བ་སྟོང་ཕྲག་བཞི་ཕྱིར་འཕགས་པའོ། །བཞི་པ་འཁོར་ལོ་རྣམ་པར་བརྩེགས་པ་ཞེས་བྱ་བ་སྟེ་སྟོང་ཕྲག་གཉིས་ཕྱིར་འཕགས་པའོ། །སྲིད་དུ་ཇི་ཙམ་ཞེ་ན། ཆུ་མཚམས་ནས་བཟུང་རི་རབ་
ཕྱེད་དུའོ། །བང་རིམ་བཞི་པོ་དེ་དག་གི་ཆུ་མཚམས་ནས་གཅིག་གི་སྟེང་ནས་གཅིག་སྟེང་དུ་འཕགས་པའི་བར་གྱི་ཐག་ནི་སྟོང་ཕྲག་བཅུ་བཅུ་སྟེ་བཞི་ཁྲི་ཡོད་པས་རི་རབ་ཀྱི་ཕྱེད་དུ་ཕྱིན་པའོ། །རི་རབ། ལྷུན་པོ་ཆུ་ལས་བརྒྱད་ཁྲི་འཕགས་པ་སྟེ། །ཆུ་ཡི་ནང་དུ་རི་གླིང་ཀུན་མཚུངས་པར། །བརྒྱད་ཁྲི་ནུབ་ཅིང་གསེར་གྱི་ས་གཞིར་གནས། །རི་དགུ་དང་གླིང་བཅུ་གཉིས་པོ་ཐམས་ཅད་ཀྱང་གསེར་གྱི་ས་གཞིའི་སྟེང་ནས་སྐྱེས་པས་ཆུའི་ནང་དུ་དཔག་ཚད་བརྒྱད་ཁྲི་ནུབ་པར་ཀུན་གཅིག་ཅིང་། ལྷུན་པོ་ཆུ་ལས་སྟེང་དུ་བརྒྱད་ཁྲི་འཕགས་པས་དཔག་ཚད་འབུམ་དྲུག་ཁྲིའོ། །དེའང་ཤིན་ཏུ་མཛེས་ཤིང་ལྷུན་ཆགས་པས་རི་དབང་ལྷུན་པོ་ཞེས་བྱའོ། །དེའི་ཕྱི་རོལ་ན། གསེར་གྱི་རི་བདུན་གྲུ་བཞིར་བསྐོར་བ་ནི། །གཉའ་ཤིང་འཛིན་དང་དེ་བཞིན་གཤོལ་མདའ་འཛིན། །སེང་ལྡེང་ཅན་དང་བལྟ་ན་སྡུག་པ་དང་། །རྟ་རྣ་རྣམ་འདུད་མུ་ཁྱུད་འཛིན་རི་རྣམས། །ནང་མའི་ཕྱེད་ཕྱེད་ཕྱི་མས་གནམ་འཕང་སླེབ། །ཞེང་དུ་ཆུ་ལས་འཕགས་པའང་དེ་ཙམ་མོ། །ལྷུན་པོ་དབུས་ན་གནས་པ་ལ་གསེར་གྱི་རི་བདུན་གྱིས་གྲུ་བཞིར་བསྐོར་བ་ལས། རི་ནང་མ་གཉའ་ཤིང་འཛིན་ནི་ཤིང་རྟའི་གཉའ་ཤིང་ལྟར་རྩེ་མོ་དྲང་བའོ། །དེ་ནས་ཕྱི་རོལ་ཏུ་རིམ་པ་བཞིན། གཤོལ་མདའ་འཛིན་ནི་གཤོལ་མདའ་ལྟར་རྩེ་མོ་དྲང་བའོ། །སེང་ལྡེང་ཅན་ནི་རྩེ་མོ་ན་སེང་ལྡེང་གི་ནགས་ཡོད་པའོ། །བལྟ་ན་སྡུག་ནི་རྩེ་མོ་མཛེས་པའོ། །རྟ་རྣ་ནི་སྟེང་ན་བྲག་རྟའི་རྣ་བ་ལྟ་བུ་ལོགས་སུ་ཆད་པ་ཞིག་ཡོད་པའོ། །རྣམ་འདུད་ནི་རྩེ་མོ་ནང་དུ་ཅུང་ཟད་འདུད་པའོ། །མུ་ཁྱུད་འཛིན་ནི་དེ་ཐམས་ཅད་ཀྱི་མཐའ་སྐོར་དུ་འཁོར་ལོའི་མུ་ཁྱུད་བཞིན་བསྐོར་བས་དེ་སྐད་ཅེས་བྱའོ། །རི་ཐམས་ཅད་ཀྱང་ནང་མ་རྣམས་ཇི་ཙམ་འཕགས་པའི་ཕྱེད་ཕྱེད་ཀྱིས་ཕྱི་མ་རྣམས་དམའ་བ་སྟེ། གསེར་རི་དང་པོ་ལ་དཔག་ཚད་བཞི་ཁྲི། གཉིས་པ་ལ་ཉི་ཁྲི། གསུམ་པ་ལ་ཁྲི། བཞི་པ་ལ་ལྔ་སྟོང་། ལྔ་པ་ལ་ཉིས་སྟོང་ལྔ་བརྒྱ། དྲུག་པ་ལ་སྟོང་དང་ཕྱེད་དང་སུམ་བརྒྱ། བདུན་པ་ལ་དྲུག་བརྒྱ་ཉི་ཤུ་རྩ་ལྔའོ། །ཞེང་དུ་སོ་སོ་ཆུ་ལས་
གྱེན་དུ་འཕགས་པའི་དཔངས་ཇི་སྙེད་ཡོད་པ་དེ་སྙེད་དོ། །ཐམས་ཅད་ཀྱི་ཕྱི་རོལ། འཁོར་ཡུག་རི་ནི་ལྕགས་ལས་གྲུབ་པ་སྟེ། །མུ་ཁྱུད་འཛིན་རིའི་ཕྱེད་དུ་སླེབ་ཅེས་གྲགས། །ཕྱིའི་ལྕགས་རིའི་མུ་ཁྱུད་ནི་ལྕགས་ལས་གྲུབ་པ་སྟེ། མུ་ཁྱུད་འཛིན་གྱི་ཕྱེད་དུ་སླེབ་པས་ཆུ་ནས་སུམ་བརྒྱ་དང་ཕྱེད་དང་བཅུ་གསུམ་འཕགས་ཤིང་། ཞེང་དུ་དེ་སྙེད་དོ། །ད་ནི་མཚོ་བསྟན་པར་བྱ་བ་ནི། དེ་དག་ནང་གི་མཚོ་ཡི་བྱེ་བྲག་ཀྱང་། །ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་བབས་པས། །རི་གླིང་ཀུན་གྱི་བར་རྣམས་གང་བས་མཚོ། །རྒྱུ་ནི་རི་གླིང་ཀུན་གྱི་སྟེང་གི་ནམ་མཁའ་ལས་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་དུ་བབས་པས་རོལ་མཚོ་རྣམས་ཀྱང་གང་བར་བྱེད་ཅིང་། ས་ཆེན་པོའི་སྟེང་དུ་ཡང་ཆུས་ཀུན་ཏུ་ཁྱབ་པས་རྒྱ་མཚོ་གཅིག་ཏུ་གྱུར་པར་བྱེད་དོ། །ནང་གི་རོལ་མཚོ་ཡན་ལག་བརྒྱད་ལྡན་ཆུས་གང་བའི། །ཞེང་རྣམས་རི་བདུན་སོ་སོ་དང་མཉམ་ཞིང་། །ཆུར་ཡང་སུམ་འགྱུར་ཀུན་ལ་མཚུངས་པ་ཡིན། །རོལ་མཚོ་བདུན་ནི་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་སྟེ། འདུལ་བ་ལུང་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་མ་མེད་པ་དང་། །འཐུངས་ན་ལྟོ་བར་བྱམས་པ་དང་། །མགྲིན་པ་ལ་ཡང་མི་གནོད་དང་། །ཡན་ལག་བརྒྱད་ལྡན་ཆུར་འདོད་དོ། །ཞེས་པ་ལྟར་རོ། །མུ་ཁྱུད་འཛིན་ནས་ཕྱིའི་ཁོར་ཡུག་གི་བར་གྱི་རྒྱ་མཚོ་ནི་བ་ཚྭའི་ཆུའོ། །ཅིའི་ཕྱིར་རོལ་མཚོ་ཞེ་ན། ཀླུ་ཆེན་པོ་བརྒྱད་བསྐལ་པར་གནས་ཤིང་རྩེ་བ་དང་རོལ་པའི་གནས་ཡིན་པས་དེ་སྐད་ཅེས་བྱའོ། །ཀླུ་བརྒྱད་ནི། དགའ་བོ་དང་། ཉེར་དགའ་དང་། རྟའི་གཞི་དང་། བཏང་བཟུང་དང་། གཟི་ཅན་དང་། ཡུལ་འཁོར་སྲུང་དང་། ནག་པོ་ཆེན་པོ་དང་། ཨེ་ལའི་འདབ་བོ། །དེ་དག་ཀྱང་ལྷ་མ་ཡིན་དང་གཡུལ་འགྱེད་པ་ན། བརྒྱ་བྱིན་གྱི་དམག་གི་དཔུང་བྱེད་པ་སྐྱེ་བ་རྣམ་པ་བཞི་ཀ་ལས་སྐྱེ་བའོ། །མཚོ་དེ་དག་གི་ཚད་ནི། མཚོ་ནང་མ་རི་རབ་དང་གཉའ་ཤིང་འཛིན་གྱི་ཐངས་ཁ་ཞེང་ལ་དཔག་ཚད་སྟོང་ཕྲག་བརྒྱད་ཅུའོ། །ཤར་ནུབ་ལྟ་བུའི་རྒྱའི་
ཚད་ནི་ཕྱོགས་བཞི་རེ་རེའང་དེའི་སུམ་འགྱུར་རོ། །རོལ་མཚོ་དེའི་ནང་སྐོར་ནི་རི་རབ་ངོས་ལ་ཁོར་ཡུག་ཏུ་སུམ་འབུམ་ཉི་ཁྲི་ཕྱིས་སྐོར་གཉའ་ཤིང་འཛིན་གྱི་ངོས་ལ་དཔག་ཚད་དགུ་འབུམ་དྲུག་ཁྲིའོ། །གཉའ་ཤིང་འཛིན་གྱི་ཕྱི་རོལ་མཚོ་གཉིས་པ་ལ་དཔག་ཚད་བཞི་ཁྲི་ཞེང་དུ་ཡོད་པས་རི་དེའི་སྲིད་དང་མཉམ་མོ། །ལྷག་མ་རྣམས་ཀྱང་ནང་གི་རིའི་སྲིད་དང་དེའི་ཕྱིའི་མཚོ་མཉམ་པ་ལས། གཤོལ་མདའ་འཛིན་གྱི་ཕྱི་རོལ་ལ་ཞེང་དུ་ཉི་ཁྲི་སེང་ལྡེང་ཅན་གྱི་ཕྱི་རོལ་ལ་ཁྲི། བལྟ་ན་སྡུག་གི་ཕྱི་རོལ་ལ་ལྔ་སྟོང་། རྟ་རྣའི་ཕྱི་རོལ་ན་ཉིས་སྟོང་ལྔ་བརྒྱ། ཐ་མ་རྣམ་འདུད་ཕྱིའི་རོལ་མཚོ་ལ་སྟོང་དང་ཕྱེད་དང་སུམ་བརྒྱ་ཞེང་དུ་ཡོད་པ་དེ་ཙམ་སུམ་འགྱུར་རིང་ནས་རིང་ཚད་དུ་ཡོད་དོ། །དང་པོའི་ཞེང་ནི་རི་རབ་ཀྱི་ཕྱོགས་གཅིག་གི་ཁ་ཞེང་དང་མཉམ་ལ། ལྷག་མ་དྲུག་རི་དྲུག་གི་སྲིད་དང་མཉམ་པར་འདོད་དོ། །མུ་ཁྱུད་འཛིན་ནས་ཁོར་ཡུག་བ་ཚྭ་ཅན། །ཕྱི་ཡི་རྒྱ་མཚོའི་ཞེང་དུ་སུམ་འབུམ་དང་། །སྟོང་ཕྲག་ཉི་ཤུ་རྩ་གཉིས་དཔག་ཚད་ལྡན། །མུ་ཁྱུད་འཛིན་ནས་མུ་ཁྱུད་འཛིན་ཆེན་པོའི་བར་ལ་རྒྱ་མཚོའི་ཁ་ཞེང་དུ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཡོད་དོ། །དེ་ནས། གླིང་རྣམས་ས་གཞི་ཆུ་དང་ཁད་མཉམ་མཐོ། །རྒྱུ་ནི་རྒྱ་མཚོའི་སྟེང་གཏིང་གི་རི་རབ་ཀྱི་ཕྱོགས་བཞིར་རྒྱ་མཚོ་ཆེན་པོར་ནང་དུ་བལྟས་པ་དང་། ཕྱིར་བལྟས་པའི་རླུང་གླིང་སོ་སོའི་དབྱིབས་དང་འདྲ་བ་ལངས་ནས། ཆུ་དེ་དག་ལས་བག་ལ་ཞ་བ་ཡོད་པ་བསྡུས་ནས་ཐུར་དུ་ཟུག་ཅིང་གྱེན་དུ་ཆུ་དང་ཁད་མཉམ་དུ་གནས་པ་ལས་ཅུང་ཟད་མཐོ་ཙམ་དུ་གནས་པར་བྱས་སོ། །དུས་ནི་སྔར་བསྟན་པ་བཞིན་ཁམས་འབྱེད་སྡུད་ཐ་མའི་ཚེ་གྲུབ་བོ། །དེ་ཡང་རང་གི་དངོས་པོ་ལས་བྱུང་བའི་གླིང་བཞི་གླིང་ཕྲན་དང་བཅས་པས་གནས་པའོ། །དེ་ལ་ཤར་གྱི། ལུས་འཕགས་ཟླ་གམ་ངོས་གསུམ་ཉིས་སྟོང་རེ། །འབུར་ངོས་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །འཛམ་བུ་གླིང་གི་མི་རྣམས་ལས་ལུས་ཆེར་འཕགས་པས་ལུས་འཕགས་སོ། །དེའི་གླིང་ཆེན་ནི་དབྱིབས་ཟླ་བ་ཕྱེད་པ་ལྟ་བུ་ཁད་མཉམ་ནི་རི་རབ་ལ་བསྟན་ཅིང་། འབུར་ཁོར་ཡུག་ལ་བསྟན་པའི་ངོས་
གསུམ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་པ། འབུར་གྱི་ངོས་ཆུང་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །རི་རབ་ཀྱི་ལྷོའི། འཛམ་གླིང་སོག་ཀ་ངོས་གསུམ་དེ་དང་འདྲ། །ངོས་གཅིག་དཔག་ཚད་ཕྱེད་དང་བཞི་བའོ། །རྡོ་རྗེ་གདན་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་གངས་རི་དང་། སྤོས་ངད་ལྡན་གྱི་བར་ན་མཚོ་མ་དྲོས་པ་དེའི་འགྲམ་ན་ཤིང་འཛམ་བུ་པྲིཀྵ་ཡོད་པས་འཛམ་བུའི་གླིང་ངོ་། །དབྱིབས་སོག་ཀ་དེ་ཤིང་རྟའི་རྣམ་པ་ལྟར་གནས་པའོ། །ངོས་རིང་བ་གསུམ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་ལྷོ་ཕྱོགས་ཁོར་ཡུག་ངོས་ཀྱི་ཐུང་བ་ལ་དཔག་ཚད་ཕྱེད་དང་བཞི་པ་དབུས་སུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་བཞུགས་གནས་རྡོ་རྗེའི་གདན་དང་བཅས་པའོ། །དེ་ཡང་སྙིང་པོ་བྱང་ཆུབ་ཀྱི་ཤིང་གིས་བརྒྱན་པ་སྟེ། ཉན་ཐོས་པ་ལྟར་ན་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་བསླངས་པའི་དབུས་མ་ལ་ཤིང་ཡོད་པ་ལ། རྭ་བཞི་ལ་མཆོད་རྟེན་རེ་རེ་ཡོད་པའི་བར་ན་རྒྱང་གྲགས་ཕྱེད་པར་འདོད་ཅིང་། ཐེག་པ་ཆེན་པོ་ལྟར་ན་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཤིང་སྐྱེས་པ། རྭ་བཞི་ལ་རྡོ་རྗེ་ཕུར་པའི་མཆོད་རྟེན་རེ་ཡོད་པ། བར་གྱི་ཐངས་སུ་རྒྱང་གྲགས་རེ་རེ་ཡོད་པར་འདོད་དོ། །དེ་ནི་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་བླ་ན་མེད་པར་སངས་རྒྱ་བའི་གནས་ཏེ། མེ་བདུན་ཆུ་གཅིག་ལ་སོགས་པས་ཀྱང་གནོད་པ་མེད་པར་གནས་པར་འདོད་དོ། །ཤིང་གཅིག་པུ་དེ་ཉིད་དུས་སྔ་ཕྱིར་མིང་འགྱུར་བས་ཤིང་སྟོང་གི་རྣམ་གྲངས་ཡོད་པ་ལྟར་བྱུང་སྟེ། སྔོན་འོད་སྲུངས་སངས་རྒྱས་པ་ན་ནྱ་གྲོ་ཏའི་ལྗོན་པ། ད་ལྟ་ཤཱཀྱ་ཐུབ་པ་སངས་རྒྱས་པ་ན་མྱ་ངན་མེད་པ། མ་འོངས་པ་ན་བྱམས་པ་སངས་རྒྱ་བའི་ཚེ་ཀླུ་ཤིང་མེ་ཏོག་ལ་སོགས་པའོ། །ནུབ་ཀྱི། བ་གླང་སྤྱོད་ཟླུམ་ཁོར་ཡུག་བདུན་སྟོང་དང་། །ལྔ་བརྒྱ་ཞེང་དུ་སྟོང་ཕྲག་ཕྱེད་དང་གསུམ། །ལོངས་སྤྱོད་འདོད་འཇོའི་བ་དང་། སྟོབས་ཆེན་གྱི་གླང་པོ་ཆེ་ལ་ཤས་ཆེར་སྤྱོད་པས་བ་གླང་སྤྱོད་དོ། །དབྱིབས་ཟླུམ་པོ་ཁོར་ཡུག་ཏུ་དཔག་ཚད་བདུན་སྟོང་ལྔ་བརྒྱ། ཁ་ཞེང་ལ་སྟོང་ཕྲག་ཕྱེད་དང་གསུམ། བྱང་གི་སྒྲ་མི་སྙན་གླིང་གྲུ་བཞི་ངོས་རེའི་ཆ། །དཔག་ཚད་ཉིས་སྟོང་
མཐའ་སྐོར་བརྒྱད་སྟོང་ངོ་། །ཤ་ཟའི་སྐད་དུ་སྨྲ་བའམ། འཆི་བའི་ཞག་བདུན་གྱི་གོང་ནས་ཁྱོད་འཆི་ཞེས་བྱ་བའི་སྒྲ་དཔག་བསམ་གྱི་ཤིང་ལས་འབྱུང་བས་སྒྲ་མི་སྙན་ཞེས་བྱའོ། །དབྱིབས་གྲུ་བཞིའི་ངོས་རེ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་སྟེ་མཐའ་སྐོར་དུ་བརྒྱད་སྟོང་ཡོད་པའོ། །གླིང་བཞི་པོ་དག་གི་གླིང་ཕྲན། ལུས་དང་ལུས་འཕགས་རྔ་ཡབ་རྔ་ཡབ་གཞན། །གཡོ་ལྡན་དང་ནི་དེ་བཞིན་ལམ་མཆོག་འགྲོ། སྒྲ་མི་སྙན་ཟླ་རྣམས་ནི་གཙོ་བོའི་ཕྱེད། །ཤར་གྱི་གླིང་ཆེན་གྱི་གཡས་གཡོན་ན། ལུས་དང་ལུས་འཕགས་ཆུང་ངུ་གཉིས། ལྷོའི་གླིང་ཆེན་གྱི་གཡས་གཡོན་ན། རྔ་ཡབ་དང་། རྔ་ཡབ་གཞན་གཉིས། ནུབ་ཀྱི་གླིང་ཆེན་གྱི་གཡས་གཡོན་ན། གཡོ་ལྡན་དང་། ལམ་མཆོག་འགྲོ་གཉིས། བྱང་གི་གླིང་ཆེན་གྱི་གཡས་གཡོན་ན། སྒྲ་མི་སྙན་དང་། སྒྲ་མི་སྙན་གྱི་ཟླ་གཉིས་སོ། །གླིང་རྣམས་ཀྱི་མདུན་རྣམས་རི་རབ་ལ་བསྟན་པའོ། །ཚད་ནི་གླིང་ཆེན་པོ་བཞི་པོ་དེའི་ཕྱེད་ཕྱེད་རང་རང་གི་གླིང་གཡོག་ལ་ཡོད་དོ། །དེ་དག་གིས་སྤྱིའི་རང་བཞིན་བསྟན་ཏོ། །ད་ནི། བྱེ་བྲག་སེམས་ཅན་གནས་གཞན་རྣམས་གཉིས་ལས། །ངན་སོང་དག་གི་དམྱལ་བའི་རང་བཞིན་གནས། །ཏི་སེའི་འོག་ནས་དཔག་ཚད་ཉི་ཁྲི་ན། །མནར་མེད་དེ་སྟེང་གཞན་བདུན་བརྩེགས་མར་གནས། །སེམས་ཅན་གྱི་གནས་བྱེ་བྲག་ཏུ་བཤད་པ་ལ། ངན་སོང་གི་གནས་དང་། མཐོ་རིས་ཀྱི་གནས་གཉིས་ལས། ངན་སོང་གི་དང་པོ་དམྱལ་བ་ནི། འཛམ་བུ་གླིང་གི་ས་འོག་གངས་རི་ཏི་སེའི་ཐད་ནས་ཐུར་དུ་དཔག་ཚད་ཉི་ཁྲི་ན་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་གནས་ཡོད་དེ། ལྕགས་ཀྱི་ཁང་པ་དཔངས་དང་རྒྱར་དཔག་ཚད་ཉི་ཁྲི་ཡོད་པ་སྟེ། འཛམ་བུའི་གླིང་ནས་དེའི་ས་གཞི་ལ་ཐུག་པར་བཞི་ཁྲི་ཡོད་དོ། །དེའི་སྟེང་ཉི་ཁྲིའི་ཆ་ལ་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་རྣམས་གོང་དུ་བརྩེགས་མར་ཡོད་དོ། །དེ་དག་གི་བར་ན་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་བཅད་པའོ། །ཚ་དམྱལ་གྱི་གནས། དེ་དང་འདབ་འབྱོར་གྲང་དམྱལ་བརྒྱད་པོ་ཡང་། །ཚ་དམྱལ་
རྣམས་ལ་འགྲན་པ་བཞིན་དུ་གནས། །ཡང་སོས་ནས་བྱང་དུ་དཔག་ཚད་ཉི་ཤུ་ན་ཆུ་བུར་ཅན་གྱི་གནས་ཡོད་པ་ལྟར་དེའི་འོག་ནས་འོག་གི་ཆུ་བུར་རྡོལ་པ་ཅན་དང་། ཨ་ཆུ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་སྟེ། རིམ་པ་ལྟར། ཚ་བའི་དམྱལ་བ་འོག་མ་ནས་བྱང་དུ་དཔག་ཚད་ཉི་ཤུ་ཉི་ཤུ་ན་ཡོད་དོ། །དེ་ཡང་སྡིག་པ་རླབས་ཆེན་སྤྱད་པ་རྣམས་ནི་མནར་མེད་ནས་པདྨ་ཆེན་པོ་ལྟར་གས་པར་སྐྱེའོ། །དེ་ནས་རབ་ཏུ་ཚ་བ་ནས་པདྨ་ལྟར་གས་པར་སྐྱེ་བ་སྟེ། ཕན་ཚུན་སྤེལ་ནས་གོང་ནས་གོང་དུ་ལས་ཅུང་ཟད་སྲབ་པ་ན་སྐྱེའོ། །དེ་ནས། ཉི་ཚེའི་གནས་ལ་ངེས་པ་མ་མཆིས་ཤིང་། །ཉེ་འཁོར་བ་ནི་ཚ་དམྱལ་འཁོར་དུ་གནས། །ཉི་ཚེ་བ་ནི་ཕྱོགས་གཅིག་ཏུ་ངེས་པའི་གནས་མེད་དེ། མིའི་གནས་ཀྱིའང་ཆུ་བོ་དང་། རི་དང་། ཡ་ངའི་ས་ཕྱོགས་དང་། རྒྱ་མཚོའི་འགྲམ་ལ་སོགས་པ་ན་མང་པོའི་གནས་དང་། རེ་རེའི་གནས་ཡོད་དོ། །ཉེ་འཁོར་བ་ནི་ཡང་སོས་ལ་སོགས་པ་རེ་རེ་ལའང་ཕྱོགས་བཞི་ན་ལྷག་པའི་གནོད་པ་བཞི་བཞི་སྟེ་བཅུ་དྲུག་བཅུ་དྲུག་ཡོད་པས་འཁོར་བའོ། །འདི་དག་གི་ཚེ་ཚད་དང་སྡུག་བསྔལ་ལ་སོགས་པ་འོག་ཏུ་འཆད་པས་འདིར་མི་སྤྲོའོ། །དེ་ནས་ངན་སོང་གཉིས་པ། ཡི་དྭགས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འོག །དཔག་ཚད་ལྔ་བརྒྱ་འདས་པ་རྩ་བའི་གནས། །ཡན་ལག་ལྷ་མིའི་འཇིག་རྟེན་དག་ནའང་ཡོད། །རྩ་བའི་གནས་ནི་འཛམ་བུའི་གླིང་འདི་ཉིད་ལས་རྒྱལ་པོའི་ཁབ་ཀྱི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་ཅིང་། ཡན་ལག་ནི་ལྷ་དང་མིའི་གནས་ནའང་ཡོད་དོ། །ངན་སོང་གསུམ་པ། དུད་འགྲོ་བྱིངས་གནས་རྒྱ་མཚོ་ཆེན་པོ་སྟེ། ཁ་འཐོར་ལྷ་མིའི་ཡུལ་ན་གནས་པ་ཡིན། །བྱིངས་ཀྱི་གནས་རྒྱ་མཚོ་ཆེན་པོ་ཡིན་ཅིང་ཁ་འཐོར་བ་ནི་མིའི་ཡུལ་དང་འདོད་ལྷའི་གནས་ནའང་ཡོད་ཅིང་། བསྡུས་པས་སའི་ནང་དང་། ཐང་དང་། རི་དང་། ཤིང་དང་། ཆུ་དང་། ནམ་མཁའ་དང་། མེའི་ནང་ན་ཡང་ཡོད་པར་བཤད་དོ། །མཐོ་རིས་ཀྱི་
གནས་ལ་དང་པོ། མཐོ་རིས་མི་རྣམས་གླིང་བཞི་གླིང་ཕྲན་ཏེ། །རྔ་ཡབ་སྲིན་པོ་གནས་ཕྱིར་གཞན་ཡིན་ནོ། །མི་རྣམས་ཀྱི་གནས་ནི་གླིང་བཞི་གླིང་ཕྲན་བདུན། རྔ་ཡབ་ཀྱི་གླིང་ཕྲན་སྲིན་པོ་གནས་པས་ཡི་དྭགས་ཀྱི་འགྲོ་བར་སྡུད། གསང་སྙིང་ལས། ཡི་དྭགས་སྲིན་པོ་ཆེན་པོ་ཞེས་གསུངས་པའི་ཕྱིར་རོ། །མཐོ་རིས་ཀྱི། ལྷ་གནས་གཉིས་ལས་འདོད་ལྷའི་གནས་དྲུག་སྟེ། །རྒྱལ་ཆེན་རིགས་བཞི་རི་རབ་བང་རིམ་དང་། །ཉི་ཟླ་སྐར་མའི་གཞལ་མེད་ཁང་ན་གནས། །འདོད་པ་དང་། གཟུགས་ཀྱི་ལྷའི་གནས་གཉིས་ལས། འདོད་ལྷ་དྲུག་གི་དང་པོ་རྒྱལ་ཆེན་བཞིའི་ལྷ་ནི། བང་རིམ་བཞི་དང་། ཉི་ཟླ་གཟའ་སྐར་གྱི་སྟེང་ན་གནས། དེ་ཡང་བང་རིམ་དང་པོ་ན་ལག་ན་ཡོལ་གོ་ཐོགས་པ་ཞེས་བྱ་བ་གནས། གཉིས་པ་ན་མེ་ཏོག་གི་ཕྲེང་བ་ཐོགས་པ་ཞེས་བྱ་བའི་ལྷའི་རིགས་གནས། གསུམ་པ་ན་སྦྲང་ཆང་གིས་རྟག་ཏུ་མྱོས་པ་ཞེས་བྱ་བའི་ལྷ་གནས། བཞི་པ་ན་རྒྱལ་པོ་ཆེན་པོ་བཞིའི་གནས་དང་། དེ་དག་གི་འཁོར། ཤར་ན་དྲི་ཟ། ལྷོ་ན་གྲུལ་བུམ། ནུབ་ན་ཀླུ། བྱང་ན་གནོད་སྦྱིན་གྱི་རིགས་རྣམས་གནས་སོ། །ཕོ་བྲང་གི་རིགས་བཞི་ལས། ཤར་ཕྱོགས་ན་རྒྱལ་པོ་ཡུལ་འཁོར་སྲུང་གི་ཕོ་བྲང་ཡུལ་འཁོར་སྲུང་ཞེས་བྱ་བ་དང་། ལྷོ་ན་འཕགས་སྐྱེས་པོའི་ཕོ་བྲང་འཕགས་སྐྱེས་ཞེས་བྱ་བ་དང་། ནུབ་ན་སྤྱན་མི་བཟང་གི་ཕོ་བྲང་སྣ་ཚོགས་གཟུགས་ཞེས་བྱ་བ་དང་། བྱང་ན་རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་ཞེས་བྱ་བ་ཡོད་དོ། །ཚད་ནི་ཀུན་ཀྱང་ངོས་རེ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། ནང་གི་ས་གཞི་ཚོན་སྣ་བརྒྱས་བཀྲ་བར་བྱས་པ། ཤིང་བལ་གྱི་འདབ་མ་ལྟར་རྐང་པ་བཞག་ན་ནེམ་ཞིང་བཏེག་ན་སྤར་བ་སྙམ་པ། གསེར་གྱི་བྱེ་མ་བརྡལ་བ་ལ་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ། ལྷའི་མེ་ཏོག་མནྡཱ་ར་བས་པུས་ནུབ་ཙམ་དུ་ཁེབས་ཤིང་། རིན་པོ་ཆེ་སྣ་བཞིས་བརྩིགས་པའི་རྫིང་ན་ཆུ་སྦྲང་རྩི་ལྟ་བུས་གང་བ། རྫིང་གི་འགྲམ་ན་མེ་ཏོག་དང་གོས་རྣམ་བཞི་འབྱུང་བའི་དཔག་བསམ་གྱི་ཤིང་དང་། ཆུ་དང་། ཐང་
ལས་སྐྱེས་པའི་མེ་ཏོག་དང་། དེ་ལ་གནས་པའི་བྱ་དང་། བུང་བ་སྙན་སྙན་ལྟར་སྒྲོག་པས་མཛེས་པར་བྱས་པ་ལ་སོགས་པ་ལོངས་སྤྱོད་དཔག་ཏུ་མེད་པས་ཉེ་བར་བརྒྱན་པའོ། །གཞན་ཡང་གཉའ་ཤིང་འཛིན་རིའི་སྟེང་གི་ཕྱོགས་བཞི་ན་རྒྱལ་ཆེན་བཞིའི་ཕོ་བྲང་ཡོད་ཅིང་། གསེར་གྱི་རི་བདུན་ལ་ཡང་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷའི་གྲོང་ཁྱེར་མཛེས་པས་བརྒྱན་ཞིང་། ཁོར་ཡུག་གི་རིའི་རྩེ་མོ་དང་། རིའི་ལྷ་དང་། ཤིང་གི་ལྷ་དང་། ནགས་ཀྱི་ལྷ་ཡན་ཆད་རྒྱལ་ཆེན་རིགས་བཞིའི་ལྷར་གཏོགས་པས། དེ་དག་གི་གནས་རིས་ཤིན་ཏུ་མང་ངོ་། །དེ་ལས་ཁྱད་པར་དུ་ཉི་ཟླ་གཟའ་སྐར་གྱི་ལྷའི་གནས་བཤད་པ་ནི། ལྷུན་པོའི་ཕྱེད་ན་ཉི་ཟླ་གཟའ་སྐར་ཏེ། །ཉི་མའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་གཅིག །འོག་གཞི་མེ་ཤེལ་མཐའ་ཆགས་གསེར་ལས་གྲུབ། །ཟླ་བའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་པ། །འོག་གཞི་ཆུ་ཤེལ་མཐའ་ཆགས་དངུལ་ལས་གྲུབ། །རི་དབང་ལྷུན་པོའི་ཕྱེད་མཚམས། གཉའ་ཤིང་འཛིན་གྱི་རྩེ་དང་མཉམ་པའི་ཐད་སོ་ནས་ཉི་ཟླ་གཟའ་སྐར་རྣམས་འཆར་ཏེ། ཉི་མའི་དཀྱིལ་འཁོར་ལ་དཔག་ཚད་ལྔ་བཅུ་རྩ་གཅིག་ཁ་ཞེང་དང་། ཁོར་ཡུག་ལ་སུམ་འགྱུར་རོ། །འོག་གཞི་མེ་ཤེལ་ལས་གྲུབ་པས་ཤིན་ཏུ་ཚ་ཞིང་འོད་ཟེར་ཆེ་བའོ། །ཟླ་བ་ནི་ཁ་ཞེང་དཔག་ཚད་ལྔ་བཅུ། ཁོར་ཡུག་ཏུ་ཟླུམ་པོ་ཐམས་ཅད་ཀྱི་ཆོས་ཉིད་སུམ་འགྱུར་རོ། །འོག་གཞི་ཆུ་ཤེལ་ལས་གྲུབ་པས་བསིལ་ཞིང་འོད་ཟེར་ཧ་ཅང་ཡང་མི་གསལ་བའོ། །ཉི་མའི་སྟེང་གི་ཁོར་ཡུག་ཏུ་གསེར་གྱི་ར་བ་དང་ཟླ་བ་ལ་དངུལ་གྱི་ར་བས་ལེགས་པར་བསྐོར་བའོ། །དེ་གཉིས་ཀའི་རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་གཅིག་གི་བཅོ་བརྒྱད་ཆ་གཅིག་སྟེང་དུ་གནས་སོ། །ཉི་ཟླ། གཉིས་ཀའི་ནང་ན་ལྷ་ཡི་གྲོང་ཁྱེར་ཏེ། །སྐྱེད་ཚལ་རྫིང་དང་ལམ་སྲང་རིན་ཆེན་གཞི། །མེ་ཏོག་ཆར་བ་པུས་ནུབ་ངང་གིས་འབབ། །རྙིང་པ་འདོར་ཞིང་གསར་པ་གསལ་བར་འགྲེམས། །དེ་གཉིས་ཀའི་སྟེང་གི་གསེར་དང་དངུལ་གྱི་ར་བ་ནི་དཔག་ཚད་ཕྱེད་པས་ཀུན་ནས་ཟླུམ་པར་བསྐོར་
བ། ར་བ་དེ་དག་ལ་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་ལྕོག་ཡོད་པ་ནང་གི་ས་གཞི་ནི་ཚོན་སྣ་བརྒྱས་བཀྲ་བར་བྱས་པ། ཤིང་བལ་ལྟར་འཇམ་ཞིང་རྐང་པ་བཏེག་ན་འཕར་བ་དང་། མནན་ན་ནེམ་གྱིས་བྱེད་པ། མེ་ཏོག་མནྡཱ་ར་བས་པུས་ནུབ་ཙམ་དུ་ཁེབས་ཏེ། རྙིང་པ་རླུང་གིས་འཐོར་ལ་གསར་བ་འགྲེམས་པ། ནང་གི་ལམ་སྲང་ནི་ཆུར་དཔག་ཚད་ལྔ་པ། ཞེང་དུ་ཕྱེད་དང་གཉིས་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་པ། གསེར་གྱི་བྱེ་མ་བརྡལ་ཞིང་ཙནྡན་གྱི་ཆུས་བཏབ་པའོ། །ལམ་དེའི་འགྲམ་གཉིས་ན་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་རྫིང་བུ་ཆུ་མངར་བསིལ་སྦྲང་རྩི་ལྟ་བུས་གང་བས་བརྒྱན་པ། རྫིང་གི་འགྲམ་ན་མེ་ཏོག་ལ་སོགས་པ་འབྱུང་བའི་དཔག་བསམ་གྱི་ཤིང་ཡོད་པའོ། །ལྷའི་བུ་ཉི་མ་དང་ཟླ་བའི་གྲོང་ཁྱེར་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ལྷ་དང་ལྷ་མོ་མང་པོས་གང་ཞིང་དགའ་བར་བྱས་པའོ། །སྐར་མའི་ཚོགས་ཀྱང་ཆུ་ཤེལ་སྙིང་པོ་སྟེ། །གསེར་གྱི་ར་བས་ལེགས་བསྐོར་ལྷ་ཡི་གྲོང་། །རྒྱང་གྲགས་གཅིག་ནས་དྲུག་གི་བར་ཡིན་ནོ། །སྐར་མ་ཡང་ཆུ་ཤེལ་ལས་གྲུབ་པ་སྟེང་གི་ཁ་ཆགས་གསེར་གྱི་ར་བས་བསྐོར་ཞིང་ས་གཞི་དང་ལམ་སྲང་བཟང་པོ་ལྷའི་གྲོང་ཁྱེར་གྱིས་བརྒྱན་པ་སྟེ། སྐར་མ་ཆེ་བ་རྣམས་ཀྱི་ཞེང་དུ་རྒྱང་གྲགས་དྲུག་ཆུང་བ་རྣམས་ལ་གཅིག་སྟེ་བར་མ་རྣམས་ནི་དེའི་བར་གྱི་ཚད་གང་ཡིན་པའོ། །འདིར་དཔྱོད་པ་ཞུགས་པ་དང་ལྡན་པ། ཁ་ཅིག་གསེར་ཟངས་ཆུ་ཤེལ་འཁར་བ་ལ། །རྒྱང་གྲགས་གཅིག་ནས་བཅོ་བརྒྱད་བར་ཡིན་ནོ། །པཎྜི་ཏ་ཛི་ན་མི་ཏྲ་ལ་སོགས་པས་བཞེད་ཀྱིས། སྐར་མ་དེ་དག་གི་རྒྱུ་གསེར་ཟངས་འཁར་བ་གསུམ་ཀ་ཅི་རིགས་པ་ཡིན་ལ། ཚད་ཀྱང་ཆེ་བ་རྒྱང་གྲགས་བཅོ་བརྒྱད་ནས་ཆུང་བ་གཅིག་ཡིན་ཞེས་འདོད་དོ། །འདོད་ལྷའི་གནས་གཉིས་པ་ནི། རི་རབ་སྟེང་ན་སུམ་ཅུ་རྩ་གསུམ་གནས། །མ་འདྲེས་ཕྲེང་འབར་གཟི་བརྗིད་མཆོག་ལ་སོགས། །ཉེ་དབང་གནས་རིགས་སུམ་ཅུ་རྩ་གཉིས་དང་། །གཙོ་བོའི་གནས་ཏེ་རྩ་གསུམ་མཐོ་རིས་ཡུལ། །དབུས་ཀྱི་རི་དབང་ལྷུན་པོའི་སྟེང་ན་དབང་པོ་
དང་ཉེ་དབང་གི་གནས་མ་འདྲེས་པ་དང་། ནོར་བུ་སྙིང་པོ་དང་། ཡོངས་འདུས་གནས་པ་དང་། རྣམ་མཛེས་གནས་པ་དང་། དགའ་བའི་ཚལ་གནས་པ་དང་། ཕྲེང་བ་འབར་བ་དང་། གཟི་བརྗིད་མཆོག་དང་། མཐོང་བར་སྤྱོད་པ་དང་། འཁོར་ན་གནས་པ་དང་། རིགས་མཐུན་པ་དང་། ནོར་བུ་འཆང་བ་དང་། མདོག་བཟང་ཆེ་བ་དང་། ས་ལ་ཤིང་ཟུག་དང་། ནོར་བུ་སྣང་བ་དང་། ཆོས་བཟང་འདུན་ས་ལ་སོགས་པ་ལྷ་གནས་སུམ་ཅུ་རྩ་གསུམ་ན་གཙོ་བོ་ཉེ་དབང་སུམ་ཅུ་རྩ་གཉིས། ལྷའི་དབང་པོ་བརྒྱ་བྱིན་དང་སུམ་ཅུ་རྩ་གསུམ་ཡོད་པས་སུམ་ཅུ་རྩ་གསུམ་ཞེས་བྱའོ། །རི་རབ་རྩེ་མོ་ངོས་བཞིའི་རྒྱ་ཁྱོན་ལ། །ངོས་རེ་དཔག་ཚད་བརྒྱད་ཁྲིར་གནས་པའི་སྟེང་། །གྲོང་ཚལ་ས་གཞི་ཤིང་དང་འདུན་ས་ལས། །རི་དབང་དེའི་རྩེ་མོའི་ཚད་ནི་ངོས་རེ་རེ་ལ་དཔག་ཚད་བརྒྱད་ཁྲི་བརྒྱད་ཁྲི་ཡོད། དེའི་སྟེང་ན་གྲོང་དང་སྐྱེད་མོས་ཚལ་དང་ས་གཞི་དང་། ཤིང་ཆེན་པོ་དང་འདུན་ས་བཟང་པོ་སྟེ་ལྔ་གནས་པ་ལས། གྲོང་ལ། ལྷའི་དབང་པོའི་ཁང་བཟང་དང་། སྤྱིའི་གྲོང་བལྟ་ན་སྡུག་དང་། མཚམས་ཀྱི་གནས་སོ། །དབང་པོའི་གནས་ནི། དབུས་ན་རྣམ་པར་རྒྱལ་བའི་ཁང་བཟང་མཆོག །ངོས་རེ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། །མཐའ་སྐོར་སྟོང་ཡོད་ལྷ་ཡི་གྲོང་ཁྱེར་ལས། །གྱེན་དུ་དཔག་ཚད་ཕྱེད་དང་ལྔ་འཕགས་ཤིང་། །བ་གམ་བརྒྱད་ལ་ཁང་བརྩེགས་བདུན་བདུན་གནས། །དེ་དག་རེ་རེ་གནས་ཁང་བདུན་བདུན་ནོ། །ཕྱི་རོལ་སྐྱེད་ཚལ་རིན་ཆེན་རྫིང་བུར་བཅས། །རི་རབ་ཀྱི་སྟེང་ལྷའི་གྲོང་ཁྱེར་བལྟ་ན་སྡུག་གི་དབུས་ན་རྣམ་པར་རྒྱལ་བའི་ཁང་བཟང་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། མཐར་སྐོར་དུ་དཔག་ཚད་སྟོང་ཡོད་པ་ལས་བལྟ་ན་སྡུག་ལས་གྱེན་དུ་དཔག་ཚད་ཕྱེད་དང་ལྔ་འཕགས་པ་ནང་གི་རྨང་རྟེན་དང་ཐེམ་སྐས་དང་ཀ་བ་རྣམས་རིན་པོ་ཆེ་སྣ་བཞི་ལས་བྱས་པ། ཀ་སྟན་དང་ཀ་ཞུ་དང་། བྲེ་དང་ཕྱམ་གདུང་རྣམས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རིན་པོ་ཆེའི་དྲ་བ་དང་ཆུན་འཕྱང་དང་མཛེས་བྱེད་དུ་མས་སྤྲས་པའོ། །ཁང་བཟང་དེ་ལ་བ་གམ་བརྒྱད་ཡོད་དེ། རེ་རེ་ལའང་ཁང་པ་
བརྩེགས་པ་བདུན་བདུན་ན་གནས་ཁང་བདུན་བདུན་གྱིས་བརྒྱན་ཞིང་། ཕྱི་རོལ་གྱི་སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཀྱི་ནང་ན་རྫིང་བུ་བཞི་ཡོད་དེ། ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་པ། རྩིག་པ་དང་ཐེམ་སྐས་དང་ལན་ཀན་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ན་ཆུ་བྱ་དང་། པདྨ་ཆེན་པོས་བརྒྱན་པ་ཡོད་དོ། །རྫིང་འགྲམ་ན་འདོད་དགུ་འབྱུང་བའི་དཔག་བསམ་གྱི་ཤིང་དང་བཅས་པའོ། །སྤྱིའི་གྲོང་ནི། དེའི་ཕྱི་རིམ་གྲོང་ཁྱེར་བལྟ་ན་སྡུག །ངོས་རེ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། །དཔངས་སུ་ཕྱེད་དང་གསུམ་སྟེ་གསེར་ལས་བྱས། །གསེར་གྱི་ར་བས་བསྐོར་ཞིང་མཛེས་པ་སྟེ། །དགུ་བརྒྱ་དགུ་བཅུ་རྩ་དགུའི་སྒོ་ཆེན་རྣམས། །དཔངས་སུ་དཔག་ཚད་ཕྱེད་དང་གསུམ་པ་སྟེ། །ཞེང་དུ་ཕྱེད་དང་གཉིས་བཅས་སྒོ་སྲུང་ལྡན། །སྤྱིའི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་རྣམ་པར་རྒྱལ་བའི་ཁང་བཟང་གི་ཕྱོགས་བཞིའི་ཕྱི་རོལ་ན་འཁོར་བར་ཡོད་དོ། །ངོས་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། ཀུན་ཏུ་བསྐོར་བས་དཔག་ཚད་ཁྲི་པ། དཔངས་སུ་ཕྱེད་དང་གསུམ་པ། རྩིག་པ་གསེར་ལས་བྱས་ཤིང་གསེར་གྱི་ར་བས་བསྐོར་བ། ནང་གི་ས་གཞི་ནི་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ། ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་ཤིང་། ཤིང་བལ་གྱི་འདབ་མ་ལྟར་འཇམ་པ། གྲོང་ཁྱེར་དེའི་སྒོ་ཆེན་ནི་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཡོད་དེ། ཐམས་ཅད་ཀྱང་འཕངས་སུ་དཔག་ཚད་ཕྱེད་དང་གསུམ་དང་། ཞེང་དུ་དཔག་ཚད་ཕྱེད་དང་གཉིས་པ། ནོར་བུ་སྣ་ཚོགས་ཀྱི་སྒོ་རྒྱན་སྐར་མའི་གཟུགས་སུ་བྱས་པ་བཞི་བཞི་དང་། ཟླ་བ་ཚེས་པ་ལྟ་བུ་དང་། བ་གླང་གི་རྨིག་པ་ལྟ་བུ་དང་། མེ་ལོང་ལྟ་བུས་བརྒྱན་ཞིང་། སྒོ་རེ་རེར་ཡང་ལྷའི་སྲུང་མ་གོ་ཆ་དང་མཚོན་ཆས་སྤྲས་པ་ལྔ་བརྒྱ་ལྔ་བརྒྱ་འཁོད་པའོ། །གྲོང་ཁྱེར་དེའི། ལམ་སྲང་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། །ཞེང་དུ་བཅུ་གཉིས་འཇམ་ཞིང་བདེ་བ་སྟེ། །རྫིང་དང་རིན་ཆེན་ཤིང་དང་པདྨས་བརྒྱན། །ལམ་སྲང་གི་རིང་ཚད་སྲིད་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། ཞེང་དུ་བཅུ་གཉིས་པ་
དབྱིབས་ལེགས་ཤིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ། དེའི་གཡས་གཡོན་ན་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རྫིང་བུ་སྦྲང་རྩིའི་ཆུ་བསིལ་བས་གང་བ། ཨུཏྤལ་དང་། པདྨ་ཆེན་པོ་ལ་སོགས་པ་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ། ཆུ་བྱ་རྩེ་བ། རྫིང་འགྲམ་ན་རིན་པོ་ཆེ་དཔག་བསམ་གྱི་ཤིང་ལྗོན་པ་ལས་མེ་ཏོག་དང་གོས་ལ་སོགས་པ་འབྱུང་ཞིང་། ལྷའི་བྱ་སྐད་སྙན་པར་སྒྲོག་པས་བརྟེན་པའོ། །གྲོང་ཁྱེར་ཕྱི་རོལ་རིན་ཆེན་ར་བ་བདུན། །བར་བར་འོབས་བདུན་ཆུ་མཚོ་ངང་བས་བརྒྱན། རིན་ཆེན་གྲུ་ན་ལྷ་རྣམས་རྩེད་འཇོ་འཕེལ། །གྲོང་ཁྱེར་གྱི་ཕྱི་རོལ་ན་ར་བ་རིམ་པ་བདུན་གྱིས་བསྐོར་བའི་བར་བར་ན་འོབས་རིམ་པ་བདུན་བདུན་གྱིས་བསྐོར་བ་རྣམས་ཀྱི་ཟབས་དང་ཁ་ཞེང་ལ་དཔག་ཚད་རེ་རེ་ཡོད་པར་རིན་པོ་ཆེའི་གྲུ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཞུགས་ཏེ་རྩེ་བ་ཡོད་དོ། །མཚམས་ཀྱི་གནས་ནི། རི་རབ་རྩེ་མོའི་མཚམས་བཞིར་ཁང་བརྩེགས་བཞི། །དཔངས་སུ་དཔག་ཚད་ཕྱེད་དང་ལྔ་པ་ལ། །ངོས་རེར་བརྒྱ་དང་ཉི་ཤུ་རྩ་ལྔ་པ། །གནོད་སྦྱིན་ལག་ན་རྡོ་རྗེའི་ལྷ་རིགས་གནས། །རི་རབ་རྩེ་མོའི་མཚམས་བཞི་ན་ཁང་པ་བརྩེགས་པ་བཞི་ཡོད་དོ། །འཕངས་སུ་དཔག་ཚད་ཕྱེད་དང་ལྔ་པ། ངོས་རེ་ལ་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ་པ། ཁོར་ཡུག་ཏུ་ལྔ་བརྒྱ་ཡོད་པ་ན་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བའི་ལྷ་རིགས་གནས་སོ། ཁང་བརྩེགས་བཞི་པོའི་བར་ཐངས་རི་རབ་རྩེ་མོའི་ཁ་ཆགས་ལ་ཕྱོགས་ཀྱི་རིན་པོ་ཆེའི་ར་བ་དཔག་ཚད་གསུམ་པས་བསྐོར་ཏེ་གནས་སོ། །དེ་ནས། ལྷ་ཡི་སྐྱེད་ཚལ་ར་བ་རྣམ་བཞི་ཡང་། །བལྟ་ན་སྡུག་ནས་དཔག་ཚད་ཉི་ཤུ་ཉིད། །ཕྱོགས་བཞིར་འདས་པའི་མཚམས་ན་གནས་པ་ལས། །གྲོང་ཁྱེར་བལྟ་ན་སྡུག་ནས་ཕྱོགས་བཞིར་དཔག་ཚད་ཉི་ཤུ་རེ་དཔགས་པའི་ས་ན། ལྷ་རྣམས་ཀྱི་རྩེད་མོའི་ས་སྐྱེད་མོས་ཚལ་བཞི་ལས། དང་པོ། ཤར་ན་ཤིང་རྟ་སྣ་ཚོགས་སྐྱེད་མོས་ཚལ། །རིན་ཆེན་རྫིང་དང་ལྗོན་ཤིང་གོས་དང་རྒྱན། །ལྷ་ཡི་བུ་མོས་དགའ་བར་བྱས་པའོ། །དེ་ན་རིན་པོ་ཆེའི་ཤིང་སྣ་ཚོགས་ཀྱིས་བརྒྱན་
ཅིང་། ཚལ་བཞི་པོ་ནའང་རོ་བྲོ་བའི་རྫིང་བུ་བཞི་ཡོད་དེ། ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་པ། གསེར་དང་། དངུལ་དང་། བཻཌཱུཪྱ་དང་། ཤེལ་ལས་བྱས་པའི་ཕ་གུས་བརྩིགས་ཤིང་ཐེམ་སྐས་ཡོད་པ། ལན་ཀན་རིན་པོ་ཆེ་སྣ་ཚོགས་ཀྱིས་བྱས་པར་སྦྲང་རྩི་ལྟ་བུའི་ཆུས་གང་ཞིང་ཤིང་ལྗོན་པ། ལྷའི་གོས་དང་། མེ་ཏོག་དང་། འབྲས་བུས་བརྒྱན་པ་མང་པོས་བརྒྱན་ཅིང་། ཁྱད་པར་ཚལ་འདིར་ཤིང་རྟ་བཟང་པོ་ལྷའི་བུ་མོ་མཛེས་མས་དགའ་བར་བྱས་ཤིང་འདྲེན་པའོ། །ལྷོ་ན་རྩུབ་འགྱུར་ཞེས་བྱའི་སྐྱེད་མོས་ཚལ། །གཡུལ་འགྱེད་ཚེ་ན་ཞེ་སྡང་འཕེལ་བ་སྟེ། །རིན་ཆེན་མཚོན་དང་གོ་ཆ་སྲ་བ་འབྱུང་། །རྩུབ་འགྱུར་གྱི་ཚལ་ན་རྫིང་བུ་ཤིང་དང་མེ་ཏོག་ལ་སོགས་པ་རྩུབ་པར་གྱུར་པ་ཡོད་པས། ལྷ་རྣམས་ཀྱིས་སྤྱོད་པ་ན་ལྷ་མ་ཡིན་ལ་གཡུལ་འགྱེད་པར་མོས་པའོ། །ཤིང་ལས་རིན་པོ་ཆེའི་གོ་ཆ་ཤིན་ཏུ་སྲ་བ་དང་། འཁོར་ལོ་དང་། མདའ་བོ་ཆེ་ལ་སོགས་པའི་མཚོན་ཆ་འབྱུང་བ་ཡིན་ནོ། །ནུབ་ན་འདྲེས་ཚལ་རྫིང་བུ་བཟང་པོ་ནས། །སྣ་ཚོགས་ལོངས་སྤྱོད་འདྲེས་མར་འབྱུང་བའོ། །འདྲེས་པའི་ཚལ་དེ་ན་རྫིང་བུ་འདྲེས་པ་ཞེས་བྱ་བ་འདོད་དགུར་འདྲེས་པར་འབྱུང་བ་དང་། རིན་པོ་ཆེའི་ཤིང་དང་། མེ་ཏོག་དང་། ལྷའི་བུ་མོ་ལ་སོགས་པ་འདྲེས་པར་གྱུར་པས་ལོངས་སྤྱོད་འཚོལ་བར་ཡོད་པའོ། །བྱང་ན་དགའ་ཚལ་ལྷ་ཡི་བུ་མོས་གང་། །བསྐལ་བཟང་འདྲེན་པ་སྟོང་གི་ཤིང་དང་བཅས། །ལོངས་སྤྱོད་དགའ་བ་ལྷག་པར་འཕེལ་བ་ཡིན། །དགའ་བའི་ཚལ་ན་རྫིང་བུ་བཟང་པོ་དགའ་བ་ཞེས་པ་དང་། ཤིང་དང་། མེ་ཏོག་དང་། ལྷའི་བུ་མོའི་དགའ་བས་བརྒྱན་པ་སྟེ། དེར་སྤྱད་པས་ལྷག་པར་དགའ་བ་འཕེལ་བའོ། །ཚལ་དེ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་གཟིམས་ཁྲི་རིན་པོ་ཆེའི་ཤིང་ལྗོན་པའི་ནང་ན་ཡོད་པའི་འོད་ཟེར་བརྒྱ་བྱིན་གྱིས་བཟོད་པས་བལྟ་བར་ནུས་པའི་ལོགས་ལ་ལྷ་རྣམས་ཀྱི་ཚེ་རབས་དང་། ལེགས་ཉེས་དང་། གཡུལ་དུ་འཇུག་པའི་ཚེ་གནོད་པས་རྫི་བར་ནུས་པ་དང་མི་ནུས་པའི་མཚན་མ་མེ་ལོང་དུ་ཤར་བའི་གཟུགས་བརྙན་ལྟར་གསལ་བ་ཡོད་དོ། །སྐྱེད་མོས་
ཚལ་གྱི་གཞི། དེ་དག་ཆུ་ཞེང་ཉིས་བརྒྱ་ལྔ་བཅུ་སྟེ། །དབྱིབས་ལེགས་གསེར་གྱི་ར་བ་དཔག་ཚད་གཅིག །རིན་ཆེན་ལྕོག་གིས་ཀུན་ནས་མཛེས་པར་བརྒྱན། །ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་དེ་སྙེད་གཅིག་དང་། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་པ། གསེར་གྱི་ར་བ་དཔག་ཚད་གཅིག་པས་ཡོངས་སུ་བསྐོར་ཞིང་ར་བ་ལ་རིན་པོ་ཆེ་སྣ་བཞིའི་ལྕོག །་གིས་མཛེས་པའོ། །དེ་དག་གི་ནང་གི་གཞི་རྣམས་གསེར་གྱི་བྱེ་མར་བརྡལ། །རིན་ཆེན་སྐྱེད་ཚལ་རྫིང་བུ་ཆུ་བྱས་གང་། །མེ་ཏོག་ཕང་ཕུང་བུང་བ་གར་བྱེད་མཛེས། །ནང་གི་ས་གཞི་ལ་གསེར་གྱི་བྱེ་མ་བརྡལ་བ། ཚོན་སྣ་བརྒྱ་རྩ་གཅིག་གིས་སྤེལ་བ། ཤིན་ཏུ་འཇམ་ཞིང་རེག་ན་བདེ་བ། བཏེག་ན་འཕར་བ་སྙམ་པ། མནན་ན་ནེམ་བྱེད་པ། མེ་ཏོག་མནྡཱ་ར་བས་པུས་ནུབ་ཙམ་དུ་ཁེབས་པ་ལ་བུང་བ་སྙན་པར་སྒྲོག་པ་དག་གར་བྱེད་ཅིང་། མཚོ་དང་རྫིང་བུ་བཟང་པོས་བརྒྱན་པར་བྱས་པའོ། །དེ་དག་ཏུ་འགྲོ་བའི་ལམ་ཡང་ཆུར་དཔག་ཚད་ཉི་ཤུ་ཞེང་དུ་ཕྱེད་དང་གཉིས་པ། གསེར་གྱི་བྱེ་མ་བརྡལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པའི་འགྲམ་ན་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུས་བརྒྱན་པ་ཚར་དུ་སྦྲེངས་པ་ཡོད་དོ། །དེ་ལྟ་བུས་མཛེས་པར་བརྒྱན་པའི་སྐྱེད་མོས། ཚལ་རྣམས་ཕྱི་རོལ་དཔག་ཚད་ཉི་ཤུ་ན། །ས་གཞི་བཟང་པོ་རྣམ་བཞི་རིམ་པ་བཞིན། །སྣ་ཚོགས་རྩུབ་འགྱུར་འདྲེས་པ་དགའ་བ་སྟེ། །རིན་ཆེན་ས་གཞི་ལྗོན་ཤིང་ཆུ་མཚོས་བརྒྱན། །ཚད་དང་བཀོད་པ་ཚལ་དང་འདྲ་བའོ། །ཕྱོགས་བཞིའི་ཚལ་བཞི་བོ་ལས་ཕྱི་རོལ་ཏུ་གཞལ་བའི་དཔག་ཚད་ཉི་ཤུ་ན་ཚལ་སོ་སོའི་མིང་དང་བཀོད་པ་མཐུན་པའི་ས་གཞི་བཟང་པོ་བཞི་ཡོད་དེ། ས་གཞི་སྣ་ཚོགས་ཞེས་བྱ་བ་དང་། འདྲེས་པ་ཞེས་བྱ་བ་དང་། རྩུབ་འགྱུར་ཞེས་བྱ་བ་དང་། དགའ་བ་ཞེས་བྱ་བ་དག་གོ །ལམ་སྲང་དང་། ཚད་དང་བཀོད་པ་ནི་ཚལ་རྣམས་དང་འདྲ་བ་ལས། བར་བར་ན་འཆག་པ་དང་འདུག་པའི་ཤང་ཤོང་མཉམ་
ལ་ཡིད་དུ་འོང་བ་ཐངས་ཀ་བདེ་བར་གནས་པ་ཡོད་དོ། །ཚལ་དང་ས་གཞི་དག་ཏུ་འགྲོ་བའི་ལམ་གྱི་བར་ན་རྟ་དང་གླང་པོ་དང་། ཤིང་རྟ་ལ་སོགས་པའི་ཞོན་པ་དུལ་བ་སྣ་ཚོགས་དང་ལྡན་པ་ཡིན་ནོ། །ལྷ་རྣམས་ཉེ་བར་སྤྱོད་པའི་དཔག་བསམ་གྱི། །ཤིང་ནི་གྲོང་ཁྱེར་མཆོག་དེའི་བྱང་ཤར་ན། །ཡོངས་འདུ་ས་བརྟོལ་འཕང་དུ་དཔག་ཚད་བརྒྱ། །རྩ་བར་ལྔ་ཟུག་ཕྱོགས་བཞིའི་ཡལ་ག་ལ། །དཔག་ཚད་ལྔ་ཕྲག་བཅུ་བཅུ་རབ་ཏུ་རྒྱས། །སྙིང་པོ་རྩེ་མོ་གདུགས་ལྟར་ལྔ་བཅུས་བརྒྱན། །བལྟ་ན་སྡུག་གི་བྱང་ཤར་ན། ལྷ་རྣམས་འདུ་བའི་གཞིར་གྱུར་ཅིང་རི་རབ་ཀྱི་ས་གཞི་བརྟོལ་ནས་བྱུང་བའི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ། རྩ་བ་དཔག་ཚད་ལྔ་ཐུར་དུ་ཟུག་ཅིང་། གྱེན་དུ་དཔག་ཚད་བརྒྱ་འཕགས་པའི་ཡལ་ག་བཞི་ཕྱོགས་བཞིར་གྱེས་པ་ལས། དཔག་ཚད་ལྔ་བཅུ་ལྔ་བཅུས་མཛེས་ཤིང་། རྩེ་མོ་ཀུན་ནས་ཟླུམ་པ་གདུགས་ལྟར་འདུག་པའང་དཔག་ཚད་ལྔ་བཅུ་སྟེ། རིན་པོ་ཆེའི་དྲ་བ་དང་། ལྷའི་གོས་ཀྱིས་དཔྱངས་པའི་ཤིང་བཟང་པོ་དེ་ལ། དེ་སྙེད་འོད་ཀྱིས་ཕྱོགས་རྣམས་གསལ་བར་ཁྱབ། །དྲི་བསུང་ཞིམ་པོས་རྫི་ཕྱོགས་དཔག་ཚད་བརྒྱ། །རྫི་ཕྱོགས་མ་ཡིན་ལྔ་བཅུར་ཁྱབ་པའི་དྲུང་། །ཨར་མོ་ནིག་འདྲའི་རྡོ་ལེབ་མཛེས་པ་སྟེ། །ལྷའི་ཤིང་དེའི་འོད་ཀྱིས་དཔག་ཚད་ལྔ་བཅུ་ཁོ་ར་ཁོར་ཡུག་ཏུ་ཁྱབ་ཅིང་མེ་ཏོག་དང་། འབྲས་བུ་དང་། ལོ་མ་དང་། སྡོང་པོའི་དྲི་ངད་ཀྱི་རྫི་ཕྱོགས་སུ་རླུང་གི་སེར་བུས་ཁྱེར་བ་ལས་དཔག་ཚད་བརྒྱར་ཁྱབ་ཅིང་རང་བཞིན་དུ་དཔག་ཚད་ལྔ་བཅུ་པ་སྟེ། ལྷ་རྣམས་འདོད་པའི་ཡོན་ཏན་ཡིད་ལ་བསམས་པ་དང་མཉམ་དུ་འབྱུང་བའི་ཤིང་གི་དྲུང་ན་རིན་པོ་ཆེ་ཨར་མོ་ནིག་ལྟར་དཀར་བའི་རྡོ་ལེབ་ཡོད་དོ། །དེའི་ཚད་དང་བཀོད་པའི་ཡོན་ཏན་ནི། ཆུ་ཞེང་དཔག་ཚད་ལྔ་བཅུའི་རང་བཞིན་ལ། །དབང་པོའི་ཁྲིར་བཅས་མེ་ཏོག་ཆར་འབབ་པར། །ལྷ་རྣམས་དབྱར་དུས་ཟླ་བ་བཞིར་གནས་སོ། །རྡོ་ལེབ་དེའི་ཆུ་དང་ཞེང་དུ་དཔག་ཚད་ལྔ་བཅུ་ལྔ་བཅུས་ཁྱབ་པའི་གྲུ་བཞི་པ་མཐའ་སྐོར་དུ་ཉིས་བརྒྱ་དང་འཕངས་སུ་དཔག་ཚད་ཕྱེད་དང་དྲུག་དང་བཅོ་བརྒྱད་ཀྱི་ཆ་
གཅིག་གིས་ལྷག་པ། དབྱིབས་ལེགས་ཤིང་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་པའི་གཞི་འཇམ་ཞིང་། བཏེག་ན་འཕར་ཞེས་བྱེད་ལ། མནན་ན་ནེམ་པ། མེ་ཏོག་མནྡཱ་ར་བས་པུས་ནུབ་ཙམ་དུ་ཁེབས་པའི་དབུས་ན། དབང་པོའི་ཁྲི་ལ་ལྷ་གཞན་རྣམས་ཀྱི་ཁྲིས་བསྐོར་བ། ལྷ་ཉུང་ངུར་འདུས་པས་ཀྱང་དེའི་སྟེང་ཡངས་པར་མི་མངོན་ལ། མང་པོས་ཀྱང་དོག་པར་མི་མངོན་པ་ཡོད་དོ། །དེར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བ་བཞིར་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའོ། །རྡོ་ལེབ་དེའི་འགྲམ་ན་ཤིང་ལྗོན་པ་མེ་ཏོག་དང་། གོས་དང་ནོར་བུ་དང་། ཁ་ཟས་ལ་སོགས་པ་འབྱུང་བ་བསྒྲེངས་ཤིང་ཤིང་རྟ་སྣ་ཚོགས་དང་། རྒྱན་སྣ་ཚོགས་དང་། རོལ་མོ་སྣ་ཚོགས་དང་། བདུད་རྩི་དང་། སྦྲང་ཆང་དང་། དྲི་སྣ་ཚོགས་ཀྱིས་བསྒོས་པའི་བཟའ་བཏུང་སྣ་ཚོགས་པས་བརྒྱན་ཞིང་། དེ་དག་འབྲིམ་པའི་ལྷའི་བུ་དང་། བུ་མོ་རབ་ཏུ་མང་པོ་དང་། ཡང་ཐོག་དང་ཁང་པ་བརྩེགས་པ་དང་། ལྟད་མོའི་ས་དང་། བསིལ་ཁང་དང་། རྩེད་འཇོ་དང་། གླུ་གར་བྱེད་པའི་ལྷ་མོ་རབ་ཏུ་མང་པོ་དང་། རོལ་མོ་དང་སིལ་སྙན་སྒྲོགས་པའི་ལྷ་མང་པོས་གང་བར་བྱས་པ་ཡོད་དོ། །འདུན་ས་ནི། བལྟ་ན་སྡུག་ནས་དཔག་ཚད་ཕྱེད་དང་བཞིའི། །ལྷོ་ནུབ་ཆོས་བཟང་ལྷ་ཡི་འདུན་ས་སྟེ། །ཆུ་ཞེང་སུམ་བརྒྱ་མཐའ་སྐོར་དགུ་བརྒྱ་ཟླུམ། །གྲོང་ཁྱེར་དེའི་ལྷོ་ནུབ་ནས་དཔག་ཚད་ཕྱེད་དང་བཞི་དཔགས་པ་ན། ཆོས་བཟང་ལྷའི་འདུན་ས་ཡོད་དེ་ཆུ་དང་ཞེང་དུ་དཔག་ཚད་སུམ་བརྒྱ་པ། མཐའ་སྐོར་དུ་དཔག་ཚད་དགུ་བརྒྱ་པ། ཀུན་ནས་ཟླུམ་པོར་གྱུར་པའི། དབུས་ན་རིན་ཆེན་ཁང་བརྩེགས་འོད་འབར་བ། །ཅུང་ཟད་ཙམ་གྱིས་ས་ལ་མ་རེག་དྲུང་། །ལྷ་རྣམས་རང་གི་སྲིད་དང་བྱ་བ་ལས། །ཉམས་པ་བསྲུང་ཕྱིར་འགྲོ་བའི་གནས་ཡོད་དོ། །དེ་ལ་ཅིའི་ཕྱིར་འདུན་ས་ཞེས་བྱ། དགོས་པ་ནི་གང་ཞེ་ན། ལྷ་རྣམས་འདུས་ནས་ཡང་དག་པའི་བྱ་བའི་དོན་རྣམས་གྲུབ་པར་བྱ་བ་ལ་འདུན་ཅིང་བསྟོད་པ་ཉིད་དང་། རང་གི་དཔལ་ལས་
ཉམས་པ་བསྲུང་བའི་ཕྱིར་ན་དེ་སྐད་ཅེས་བྱའོ། །དེ་ཡང་ས་ཕྱོགས་ཀུན་ནས་ཟླུམ་ཞིང་མཛེས་པའི་དབུས་ན་བཻཌཱུཪྱ་ལས་བྱས་པའི་ཀ་བ་ཟུར་བརྒྱད་པ་སྐྲ་རྩེ་ཙམ་གྱིས་ཁང་པ་བརྩེགས་པའི་རྟེན་ལ་མ་རེག་པར་བཏེག་པའི་ཁང་བུ་དོན་ཐམས་ཅད་གྲུབ་པར་བྱེད་པ་ཞེས་བྱ་བ་ཡོད་དེ། དེའི་དྲུང་ན་ལྷའི་དབང་དེའི་ཁྲི་དང་ཁྲི་གཞན་དག་ཀྱང་རབ་ཏུ་མང་པོ་དག་བཤམས་པ་ལ་ལྷ་རྣམས་འདུག་ནས་བྱ་བ་དང་བྱ་བ་མ་ཡིན་པ་བགྲོ་བའི་གནས་དག་ཡོད་དོ། །དེ་དག་གིས་ས་གཞི་ལ་བརྟེན་པའི་གནས་དག་བཤད་ཟིན་ཏོ། །ད་ནི་ནམ་མཁའ་ལ་བརྟེན་པའི་འདོད་པའི་གནས་རིགས་བསྟན་པ་ན། སུམ་ཅུ་རྩ་གསུམ་གྱི་སྟེང་གི་ནམ་མཁའ་ལ་བརྟེན་འདོད་ལྷའི་གནས་བཞི་ནི། །གཟའ་སྐར་བཞིན་དུ་མཁའ་ལ་སྣང་བ་སྟེ། །རྒྱ་ཚད་སུམ་ཅུ་རྩ་གསུམ་ནས་བཟུང་ནས། །གོང་ནས་གོང་དུ་ཉིས་འགྱུར་སྤགས་པ་ཡིན། །སྔོན་གྱི་དགེ་བ་ཟག་བཅས་བསོད་ནམས་ཀྱི་ཆ་དང་མཐུན་པའི་རྒྱུ་ལས་བྱུང་བའི་འདོད་པའི་ལྷ་གནས་ས་གཞི་དང་མ་འབྲེལ་བ་བཞི་ནི། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་ཏེ། དུས་ནི་སུམ་ཅུ་རྩ་གསུམ་པའི་སྔར་ཆགས་ལ། གཞལ་ཡས་ཁང་ནི་ནམ་མཁའི་དབྱིངས་ན་གཟའ་སྐར་བཀྲམ་པ་བཞིན་དུ་གནས་སོ། །དེ་དག་གི་རྒྱ་ཁྱོན་ཡང་། སུམ་ཅུ་རྩ་གསུམ་ལས་ཉིས་འགྱུར་གྱིས་འཐབ་བྲལ་ཆེ་བ་ལྟར་གོང་མ་གསུམ་ལའང་མཚུངས་པར་བརྗོད་དོ། །ཞར་ལ་ལྷ་མ་ཡིན་གྱི་གནས་རིས་བསྟན་པ་ནི། ལྷ་མིན་རི་རབ་ཆུ་མཚམས་མན་ཆད་ཀྱི། ཁོང་གསེང་ནང་ནས་རིམ་པས་སྒྲ་གཅན་དང་། །སྐར་ཕྲེང་མགུལ་ཕྲེང་ཐགས་བཟང་རིས་རྣམས་ཏེ། །འདི་ལྟར་ལུས་དང་རྫུ་འཕྲུལ་དང་ལོངས་སྤྱོད་དང་འདོད་པའི་རང་བཞིན་ལྷ་དང་འདྲ་ཡང་རིགས་དང་སྐལ་པ་ལྷ་དང་མི་འདྲ་བའི་ཕྱིར་ལྷ་མ་ཡིན་ཞེས་བྱ་བ་སྟེ། དེ་དག་གི་རྩ་བའི་གནས་རི་རབ་ཀྱི་ཆུ་མཚམས་མར་བཅད་ནས་གསེར་གྱི་ས་གཞི་ལ་ཐུག་པའི་བར་གྱི་ཁོང་གསེང་ན་ཡོད་པའི་གནས་ཀྱང་གོང་མ་ལས་འོག་མ་བཟང་བར་སྣང་ངོ་། །ཆུ་མཚམས་
ཀྱི་ཁོང་གསེང་ན་སྒྲ་གཅན་དང་། དེ་ནས་དེའི་འོག་ན་སྐར་ཕྲེང་། སྐར་ཕྲེང་གི་གྲོང་དེའི་འོག་ན་མགུལ་ཕྲེང་ཅན་དང་། གསེར་གྱི་ས་གཞི་ལ་ཐགས་བཟང་རིས་རྣམས་ཡོད་པའོ། །དེ་དག་ཏུ་སྐྱེ་བ་འགྲུབ་པའི། རྒྱུ་ནི་ཡི་དྭགས་ལས་ཀྱིས་འཕངས་པ་ལ། །རྫོགས་བྱེད་ལྷ་ཡི་ལས་ཀྱིས་རྫོགས་བྱས་པས། །ལྷ་དང་འགྲན་པའི་དཔལ་དང་འབྱོར་པས་མཛེས། །སྔོན་གྱི་ལས་སྤེལ་མར་འདྲེས་པ་ལས། འགྲོ་བ་གང་དུ་འཕེན་ཞིང་སྐྱེ་བ་འགྲུབ་པའི་ལས་དང་། སྐྱེས་པའི་རྟེན་དེར་བདེ་བ་དང་། སྡུག་བསྔལ་བ་ལ་སོགས་པ་རྫོགས་པར་བྱེད་པའི་ལས་ཐ་དད་དུ་མ་བསགས་པ་སྟེ། འདིར་ཡང་རྒྱུ་འཕེན་བྱེད་ཡི་དྭགས་ཀྱི་ལས་ཀྱིས་འཕངས་ཀྱང་རྫོགས་བྱེད་བསོད་ནམས་ཆ་མཐུན་ལྷའི་དགེ་བས་རྫོགས་པར་བྱས་པས། ལྷ་དང་འགྲན་པར་བཟོད་པའི་འབྱོར་བ་ཡོད་པའོ། །སྤྱིར་གྱི་ལས་ལ་རྣམ་པར་དཀར་བ་དང་། རྣམ་པར་གནག་པ་དང་། འདྲེས་མ་གསུམ་ལ་འགྲོ་བ་སྤྱོད་པས་ན། འཕེན་བྱེད་དགེ་བས་འཕངས། རྫོགས་བྱེད་དགེ་བའི་འབྲས་བུ་བདེ་བ་མྱོང་བ་དང་། འཕེན་བྱེད་དགེ་བས་འཕངས་ཏེ་བདེ་འགྲོ་གྲུབ་ཀྱང་། རྫོགས་བྱེད་མི་དགེ་བས་བྱས་པའི་འབྲས་བུ་སྡུག་བསྔལ་སྣ་ཚོགས་ལ་རྒྱུན་དུ་སྤྱོད་པ་དང་། འཕེན་བྱེད་དགེ་བས་འཕངས། རྫོགས་བྱེད་འདྲེས་མའི་འབྲས་བུ་བདེ་སྡུག་འདྲེས་མ་ལ་སྤྱོད་པའི་རིགས་ཏེ་ལྷ་མིའི་མཐོ་རིས་ན་རབ་ཏུ་མང་བ་བཞིན་ནོ། །ཡང་འཕེན་བྱེད་མི་དགེ་བས་འཕངས། རྫོགས་བྱེད་ཀྱང་མི་དགེ་བའི་འབྲས་བུ་སྡུག་བསྔལ་མྱོང་བ་དང་། འཕེན་བྱེད་མི་དགེ་བས་འཕངས། རྫོགས་བྱེད་འདྲེས་མའི་ལས་འབྲས་བདེ་སྡུག་འདྲེས་མ་ལ་སྤྱོད་པ་དང་། འཕེན་བྱེད་མི་དགེ་བས་འཕངས་ཀྱང་རྫོགས་བྱེད་དགེ་འབྲས་ཀྱི་བདེ་བར་རྫོགས་པ་ལྷའི་བྱ་ལ་སོགས་པ་ལྟ་བུ་སྟེ། ངན་སོང་ན་ཤིན་ཏུ་མང་ངོ་། །འདྲེས་མ་ནི་དགེ་མི་དགེ་གཉིས་ཀ་རྒྱུ་བྱེད་པའི་གྲོགས། འབྲས་བུ་མྱོང་བའི་གྲོགས་སུ་མཚུངས་པར་ལྡན་པ་ཡིན་ནོ། །མདོར་དྲིལ་ན་དགེ་བའི་ལས་ཀྱིས་བདེ་འགྲོ་དང་། བདེ་བའི་རིགས་ཐམས་ཅད་ཀྱི་ཆ་རྣམས་བསྐྱེད་
ལ། མི་དགེ་བ་ལས་ངན་འགྲོ་དང་སྡུག་བསྔལ་གྱི་རིགས་ཐམས་ཅད་བསྐྱེད་པར་བཤད་པ་ཡིན་ནོ། །དེ་ལྟར་ལས་དང་འབྲས་བུའི་འཕེན་པ་འདྲེས་མར་གྱུར་པས་བྱུང་བའི་གནས་རིགས་དེ་དག་གི་བསྐལ་པ་བཟང་བ་ནི་འོག་ནས་གོང་དུ་འགྱུར་བ་ལས། རི་རབ་ཀྱི། ཁོང་གསེང་གསེར་གྱི་ས་གཞི་བཟང་པོའི་དབུས། །དབང་པོའི་ཁང་བཟང་མཆོག་ནི་གདམས་པ་ཅན། །གྲོང་ཁྱེར་གསེར་ལྡན་འདུན་ས་ནོར་བཟང་དང་། །སྐྱེད་ཚལ་ཀུན་དགའ་ར་དང་རབ་དགའ་དང་། །དགའ་བ་དགའ་བའི་ཀུན་དགའ་ར་བའོ། །གསེར་གྱི་ས་གཞིའི་སྟེང་ན་ལྷ་རྣམས་ཀྱི་འབྱོར་བ་ལྟ་བུའི་གནས་དང་བཀོད་པ། ལྷ་མ་ཡིན་གྱི་མཆོག་རྣམས་ལ་ཡོད་དེ། འཇིག་རྟེན་གདགས་པའི་མདོ་ལས། ལྷ་མ་ཡིན་རྣམས་ཀྱང་དེ་དང་འདྲ་བ་ཡིན་ནོ། །ཞེས་པ་ལྟར། དེ་ཡང་རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུ་གཏམས་པ་ཅན་དང་བལྟ་ན་སྡུག་ལྟ་བུའི་གྲོང་ཁྱེར་གསེར་ལྡན་དང་། དེ་བཞིན་དུ་འདུན་ས་ནོར་བཟང་དང་། སྐྱེད་མོས་ཚལ་ཀུན་དགའ་ར་བ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། དགའ་བའི་ཀུན་དགའ་ར་བའོ། །ས་གཞིའི་མིང་ཡང་དེ་དང་འདྲ་བ་སྟེ། །ཤིང་གི་མཆོག་ནི་ཙི་ཏྲ་པ་ཏྲིའོ། །རྡོ་ལེབ་བཟང་པོ་གླང་ཆེན་གངས་བརྩེགས་དང་། །བཟོད་པར་དཀའ་དང་རྟ་མཆོག་རབ་མྱུར་རོ། །ཚལ་བཞི་པོ་དེ་དག་གི་ཕྱི་རོལ་ན་ས་གཞི་བཟང་པོའི་མིང་ཡང་ཚལ་དེ་དག་དང་མཚུངས་ཏེ། ས་གཞི་བཟང་པོ་ཀུན་དགའ་ར་བ་ལ་སོགས་པའོ། །ཤིང་ཆེན་པོ་ནི་ཙི་ཏྲ་པ་ཏྲིའོ། །རྡོ་ལེབ་ནི་ལྷ་མ་ཡིན་གྱི་རྡོ་ལེབ་རབ་ཏུ་བཟང་པོའོ། །སྐྱེད་མོས་ཚལ་དུ་སྤྱོད་པའི་གླང་པོ་ཆེ་ས་སྲུང་གི་བུ་ལྟ་བུ་ནི། གླང་པོ་ཆེ་ཏི་སེ་གངས་བརྩེགས་དང་། གཡུལ་ངོར་སྤྱོད་པ་རབ་བརྟན་ལྟ་བུ་ནི། གཡུལ་གྱི་གླང་པོ་བཟོད་པར་དཀའ་བའོ། །རྟའི་མཆོག་ནི་སྤྲིན་གྱི་ཤུགས་ཅན་ལྟ་བུ། རྟའི་རྒྱལ་པོ་རབ་མྱུར་ཞེས་བྱ་བ་ཡོད་དོ། །དེ་དག་གི་གོང་ན་སྐར་ཕྲེང་གི་གནས་དང་། སྒྲ་གཅན་གྱི་གནས་དག་ནི་རྒྱལ་ཆེན་བཞིའི་ལྷ་རྣམས་དང་འགྲན་པའི་དཔལ་དང་སྐལ་བ་བཟང་པོར་འབྱོར་
པ་ཡིན་ནོ། །བདུད་ཀྱི་རྒྱལ་པོ་འཁོར་དང་བཅས་པའི་གནས་ནི། གཞན་འཕྲུལ་དབང་བྱེད་ཀྱི་ནང་དུ་གཏོགས་པའི་གནས་གཞན་ཁྱད་པར་ཅན་ཡིན་ནོ། །ལྷ་མ་ཡིན་གྱི་ཁོངས་སུ་གཏོགས་པ་འགའ་ནི། འཛམ་བུའི་གླིང་དང་། གླིང་གཞན་དང་། རྒྱ་མཚོ་དང་། མུ་ཁྱུད་དང་། རི་རབ་ལ་སོགས་པ་ངེས་པ་མེད་པ་ན་ཡོད་དེ་བདུད་རིགས་ཀྱི་མི་མ་ཡིན་རྣམས་སོ། །དེ་དག་གིས་འདོད་པའི་གནས་རིས་བསྟན་ཟིན་ཏོ། །དེ་ནས་གཟུགས་ཀྱི་ཁམས་བསམ་གཏན་བཞིའི་གནས་སོ་སོར་བཤད་པ་ནི། འདོད་ཁམས་ལས་གྱེན་དུ་འཕགས་པའི། གཟུགས་ཁམས་གནས་རིས་རྣམ་པ་བཅུ་བདུན་ནི། །བསམ་གཏན་བཞིའི་བར་ཆུང་འབྲིང་ཆེ་ཐོབ་པས། །ཚངས་རིས་འབྲས་བུ་ཆེ་བའི་བར་དུའོ། །སྔོན་བསམ་གཏན་ཟག་བཅས་བསོད་ནམས་སྐྱེས་རིམ་པར་བསྒོམ་པ་ལས་གཟུགས་ཁམས་གནས་རིས་བཅུ་བདུན་དུ་སྐྱེ་བའི་རིམ་པ་ནི། བསམ་གཏན་དང་པོ་ཆུང་ངུ་དང་། འབྲིང་དང་ཆེན་པོར་བསྒོམས་པ་རྫོགས་པ་ལས། ཚངས་རིས་དང་། ཚངས་པ་མདུན་ན་འདོན་དང་། ཚངས་ཆེན་རྣམས་དང་། བསམ་གཏན་གཉིས་པ་ཆུང་ངུ་དང་། འབྲིང་དང་ཆེན་པོ་གྲུབ་པ་ལས། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་རྣམས་དང་། བསམ་གཏན་གསུམ་པ་ཆུང་ངུ་དང་། འབྲིང་དང་ཆེན་པོར་རྫོགས་པས། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་རྣམས་དང་། བསམ་གཏན་བཞི་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོར་ཐོབ་པས་སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་སྟེ། སོ་སོ་སྐྱེ་བོའི་གནས་གཞན་གསུམ་གྱི་བར་དུའོ། །དེའི་གོང་མ་འཕགས་པའི་གནས་གཞན་གྲུབ་པའི་ཚུལ་ནི། བསམ་གཏན་བཞི་པོ་སྤེལ་མར་རབ་བསྒོམས་པས། །ཆུང་འབྲིང་ཆེན་པོ་ཆེས་ཆེ་མཆོག་ཆེ་བས། །མི་ཆེ་བ་ནས་འོག་མིན་བར་དག་ཏུ། །འཕགས་པའི་གནས་གཞན་གཙང་རིས་རྣམ་ལྔའོ། །བསམ་གཏན་དང་པོ་དང་
བཞི་པ་སྤེལ་བ་ཆུང་ངུ་། དང་པོ་དང་གཉིས་པ་བསྡོམས་པ་ལས། བཞི་པ་སྤེལ་བ་འབྲིང་། དང་པོ་གཉིས་པ་གསུམ་པ་གསུམ་དང་། བཞི་པ་སྤེལ་བ་ཆེན་པོ། བསམ་གཏན་བཞི་པོ་ནང་ཚན་རེ་རེ་ཞིང་བཞི་པ་དང་སྤེལ་བ་ཆེས་ཆེ་བ། དེ་དག་ཐོད་རྒལ་དུ་བསྒོམས་པ་མཆོག་ཏུ་ཆེན་པོའོ། །ཐོད་རྒལ་ནི་བསམ་གཏན་བཞི་པོའི་ལ་ལ་དོར་བ་ནས་འཕྱོངས་པའི་བར་དུ་བཞི་པ་བསྒོམས་པས་ཏེ། མས་ཡར་རིམ་དང་། རིམ་མིན་དུ་གཅིག་ནས་གསུམ་གྱི་བར་ནས། ཡས་མར་བོར་བའི་བར་དུ་བཞི་པ་བསྒོམས་པའོ། །དེ་ལྟར་བསྒོམས་པས་མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་རྣམས་སོ། །དེ་དག་བཅུ་བདུན་པོ་ཐམས་ཅད་འདས་པའི་ཡང་རོལ་ན་འོག་མིན་ཆེན་པོ་བསྟན་པ་ནི། གནས་རིགས། དེ་དག་གོང་ན་སྲིད་པ་ཐ་མའི་གནས། །འོག་མིན་རྣམ་མཛེས་ས་བཅུ་ཐོབ་པའི་གནས། །དྭངས་ཤིང་གསལ་ལ་ཡོངས་སུ་རྫོགས་པ་ཡིན། །གཟུགས་མེད་པ་ལ་དངོས་སྣང་གནས་མེད་དོ། །གཙང་མ་ལྔ་ལས་འདས་པ་ན་དབང་ཕྱུག་ཆེན་པོའི་གནས་ཡོད་དོ། །ས་བཅུ་ཡོངས་སུ་རྫོགས་པར་བསྒོམས་པ་རྣམས་དེར་སྐྱེ་བ་གང་ཡིན་པ་སྟེ། ཉན་རང་འཕགས་པས་གཙང་རིས་ལྔ་བགྲོད་པ་ལས་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཁྱད་པར་འཕགས་པ་གནས་ཀྱིས་ཀྱང་ཕྱེའོ། །གཟུགས་མེད་པའི་རིས་བཞི་ལ་དངོས་སྣང་གི་གཟུགས་སུ་གྲུབ་པ་མེད་པས། དེའི་གནས་སུ་གྲུབ་པའང་རགས་པ་དང་ཕྲ་བ་གང་ཡང་མེད་དོ། །གཟུགས་ཁམས་ཀྱི་ལྷ་གནས་དེ་དག་ལ། རྒྱ་ཁྱོན་ཚད་ནི་བསམ་གཏན་བཞི་རིམ་བཞིན། །གླིང་བཞི་པ་དང་སྟོང་གཅིག་སྟོང་གཉིས་གསུམ། འབྲས་བུ་ཆེ་ཡི་བར་དུ་བསྟན་པ་སྟེ། །གནས་གཙང་རིས་ལྔ་རྒྱ་ཁྱོན་ཚད་མེད་དོ། །བསམ་གཏན་དང་པོའི་ལྷ་གནས་ཀྱི་རྒྱ་ཁྱོན་མཚུངས་པར། གླིང་བཞི་པའི་འཇིག་རྟེན་གཅིག་གི་ཚད་དང་མཉམ་ལ། གཉིས་པའི་ལྷ་གནས་གསུམ་ནི་རེ་རེ་བཞིན་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་རེ་དང་མཚུངས་
ཤིང་། གསུམ་པ་རྣམས་སྟོང་གཉིས་པ་བར་མ་རེ་དང་མཉམ་ལ། བཞི་པའི་སོ་སོ་སྐྱེ་བོའི་གནས་གཞན་གསུམ་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་དང་མཚུངས་སོ། །གཙང་རིས་ལྷ་ལྔའི་གནས་ལ་རྒྱར་ཚད་མེད་པ་ནམ་མཁའ་ལ་གཟའ་སྐར་བཀྲམ་པ་དང་འཇའ་ཚོན་ཤར་བ་ལྟར་གནས་པར་འདོད་དོ། །གནས་རིས་དེ་དག་གི་མཐོ་ཁྱད་བར་ཐངས་འཛམ་བུའི་གླིང་ཉིད་ནས། །རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་བར། །དཔག་ཚད་བཞི་ཁྲི་བཞི་ཁྲི་ཡོད་པ་སྟེ། །འོག་མ་འཛམ་བུའི་གླིང་ནས་རི་རྒྱལ་གཉའ་ཤིང་འཛིན་གྱི་རྩེ་ན། རྒྱལ་ཆེན་བཞིའི་རྩ་བའི་ཕོ་བྲང་ཡོད་པའི་བར་གྱི་ནམ་མཁའི་མཐོངས་ལ་གྱེན་དུ་དཔག་ཚད་བཞི་ཁྲིའོ། །དེ་ནས་རི་རབ་ཀྱི་རྩེ་སུམ་ཅུ་རྩ་གསུམ་པའི་གནས་ཀྱི་བར་ཀྱང་དེ་དང་འདྲའོ། །ས་ལ་བརྟེན་པའི་ལྷ་ཡི་གནས་གཞན། དེ་ནས་མཚེ་མར་བརྒྱད་ཁྲི་དགའ་ལྡན་དུ། །ཆིག་འབུམ་དྲུག་ཁྲི་ཡོད་པའི་ཆ་གཞལ་ཏེ། །གོང་ནས་གོང་མར་བགྲོད་པའི་བར་སྣང་ལ། །འཛམ་བུའི་གླིང་ནས་གནས་དེར་ཇི་ཙམ་ཞིག །ཡོད་པའི་བར་ཐག་གོང་མར་བརྩིས་པ་ཡིས། །འོག་མིན་བར་དུ་མཐོ་ཁྱད་ཤེས་པར་བྱ། །སུམ་ཅུ་རྩ་གསུམ་ནས་འཐབ་བྲལ་གྱི་བར་དུ་དཔག་ཚད་བརྒྱད་ཁྲི་སྟེ། འཛམ་བུའི་གླིང་ནས་དེ་སྲིད་དུ་བར་ཐག་དཔག་ཚད་ཆིག་འབུམ་དྲུག་ཁྲི་ཡོད་པ་ལྟར། འཐབ་བྲལ་ནས་དགའ་ལྡན་དུ་ཡང་དེ་སྙེད་དོ། །གོང་མ་རྣམས་ཀྱང་འཛམ་བུའི་གླིང་ནས་རང་རང་གི་འོག་གི་བར་ལ། འོག་མའི་ལྷ་གནས་ནས་འཛམ་བུའི་གླིང་གི་བར་དུ་ཇི་ཙམ་ཡོད་པ་དེ་ཙམ་རེ་ཡོད་པས། འོག་མིན་གྱི་བར་ལ་ཆེས་ཆེར་མཐོ་བ་ཡིན་ནོ། །དེ་ལྟར་གནས་པའི་གནས་རིས་དེ་དག་ཀྱང་སྟོང་གསུམ་དུ་སྡུད་པའི་ཚུལ་ནི་འདི་དག་སྟེ། གླིང་བཞི་རི་རབ་འདོད་ལྷ་དྲུག་པོ་དང་། །ཚངས་པའི་འཇིག་རྟེན་གཅིག་དང་བཅས་པ་ལ། །གླིང་བཞི་
པ་ཡི་འཇིག་རྟེན་ཁམས་ཞེས་བྱ། །མུ་ཁྱུད་ཉི་ཟླའི་འཆར་ཚད་མཉམ་པས་བསྐོར། །གླིང་བཞི་རི་རབ་འདོད་ལྷའི་གནས་དྲུག་ཚངས་པའི་འཇིག་རྟེན་དང་བཅས་པ་གཅིག་གི་མཐར། ཁོར་ཡུག་གི་མུ་ཁྱུད་དཔག་ཚད་བཞི་ཁྲི་འཕགས་པས་བསྐོར་བ་ཉི་ཟླས་བརྒྱན་པ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །གླིང་བཞི་པའི་འཇིག་རྟེན་ཁམས། དེ་ཉིད་སྟོང་མཐར་སུམ་ཅུ་རྩ་གསུམ་དང་། །མཐོ་ཁྱད་མཉམ་པའི་ལྕགས་རིས་བསྐོར་བ་ནི། །སྤྱི་ཕུད་སྟོང་གི་འཇིག་རྟེན་ཁམས་ཞེས་བྱ། །དེ་ནི་གླིང་བཞི་རི་རབ་དང་བཅས་པ་སྟོང་སྟོང་དུ་གནས་པས་དེ་སྐད་བྱའོ། །དེ་ཉིད་གཅིག་ནས་གཉིས་སུ་བགྲངས་པས་སྟོང་ལ་བར་མའི་འཇིག་རྟེན་དུ་གཞག་པ་ནི། དེ་སྟོང་བར་མའི་འཇིག་རྟེན་ཁམས་ཡིན་ཏེ། །གཞན་འཕྲུལ་དང་མཉམ་ལྕགས་རིས་ཀུན་ནས་བསྐོར། །དེ་ན་རི་རབ་དང་། ཉི་ཟླ་ལ་སོགས་པ་ས་ཡ་ཕྲག་རེ་ཡོད་པའོ། །བར་མའི་འཇིག་རྟེན་གྱི་ཁམས། དེ་སྟོང་སྟོང་གསུམ་འཇིག་རྟེན་ཆེན་པོའི་མཐར། །ཚངས་རིས་དང་མཉམ་ལྕགས་རིས་བསྐོར་བ་ན། །གླིང་བཞི་རི་རབ་ཚངས་པའི་འཇིག་རྟེན་བར། །ཐེར་འབུམ་གཅིག་སྟེ་བྱེ་བ་ཕྲག་བརྒྱ་རེ། །བར་མའི་འཇིག་རྟེན་སྟོང་བསྡོམས་པ་གཅིག་གི་མཐར་ལྕགས་རིའི་མུ་ཁྱུད་ཆེན་པོ་ཚངས་རིས་དང་པོའི་ལྷ་གནས་ཀྱི་ཚད་དང་མཉམ་པའི་མཐོ་ཁྱད་ཀྱིས་བསྐོར་བ་ན། རི་དང་གླིང་དང་། ཉི་མ་ལ་སོགས་པ་ཐེར་འབུམ་སྟེ་བྱེ་བ་ཕྲག་བརྒྱར་གནས་སོ། །དེ་ལྟར་ནམ་མཁའ་ནས་བཟུང་སྟེ་སྣོད་ཆགས་པའང་བར་གྱི་བསྐལ་པ་གཅིག་སྟེ། འཇིག་རྟེན་གྱི་ཁམས། འདི་དག་འོག་གཞི་རླུང་གི་དཀྱིལ་འཁོར་ཡང་། །གཅིག་ལ་བརྟེན་པས་མཉམ་དུ་ཆགས་འཇིག་གནས། །སྟོང་གསུམ་གྱི་འཇིག་རྟེན་འདི་ཐམས་ཅད་སྟེང་ཐ་དད་པར་སྣང་ཡང་། འོག་གཞི་རླུང་གི་དཀྱིལ་འཁོར་གཅིག་གི་རང་བཞིན་ལ་རྩ་བ་བརྟེན་པར་གཅིག་པས། ཆགས་པ་ན། ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། མཚམས་སུ་སྟེང་
ནས་ཆར་བབས་པ་ལ་སོགས་པའི་རྐྱེན་གྱིས་རྡུལ་ཕྲན་འདུས་པ་ལས་ཆགས་ཏེ། གནས་པའང་དུས་གཅིག་དང་། འཇིག་པའང་དུས་གཅིག་པ་ཡིན་ཏེ། འོག་གཞི་གཅིག་གི་རང་བཞིན་བརྟན་པ་དང་གཡོ་བ་རྫས་གཅིག་ལ་དུས་གཅིག་ཏུ་བརྟེན་པར་མཚུངས་པའི་ཕྱིར་རོ། །དེ་དག་གིས་སྣོད་ཆགས་པའི་རབ་ཏུ་དབྱེ་བ་བཤད་ཟིན་ཏོ། །ལེའུའི་མཚན་སྨོས་པ་ནི། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྣོད་ཆགས་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའི་རྒྱ་ཆེར་འགྲེལ་པའོ།། །།
བཅུད་ཀྱི་སེམས་ཅན་ཆགས་པའི་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་སྣོད་ཆགས་ཚུལ་བསྟན་པའི་རྗེས་ཐོགས། དེ་ནས་བཅུད་ཀྱི་སེམས་ཅན་ཆགས་ཚུལ་ལ། །གཟུགས་མེད་གཟུགས་དང་འདོད་པའི་ཁམས་གསུམ་ལས། །འདི་ལྟར་སྣོད་ཀྱང་འགྲོ་བའི་བག་ཆགས་ལས་དེར་སྣང་བའི་ཕྱིར། སྣང་བ་པོ་བཅུད་དུ་གྱུར་པའང་འབྱུང་བར་ངེས་པ་འདི་ནི་ཆོས་ཉིད་དོ། །དེ་ཡང་གཟུགས་མེད་པ་དང་། གཟུགས་དང་འདོད་པའི་སེམས་ཅན་གྱི་ཁམས་ཀྱི་རིས་ནི་གསུམ་དུ་འདུས་པ་ཉིད་དེ། ཉེ་བར་སྤྱོད་པ་པོའི་རང་བཞིན་གསུམ་དུ་འདུས་པ་ཉིད་ཀྱི་ཕྱིར་རོ། །འོ་ན་འདོད་པའང་གཟུགས་སུ་ཡོད་ན་ཅིའི་ཕྱིར་བསམ་གཏན་པའི་ལྷ་ཁོ་ན་ལ་གཟུགས་ཀྱི་སྒྲས་ཉེ་བར་བརྗོད་ཅེ་ན། འདི་ལྟར་གཟུགས་སུ་མཚུངས་ཀྱང་། དགེ་བ་ཟག་བཅས་སྐྱེས་ཀྱི་འབྲས་བུ་ཐོབ་པའི་གཟུགས་ཀྱི་མཆོག་ནི། བསམ་གཏན་གྱི་གཟུགས་འོད་གསལ་དངས་པ་མཆོག་ཡིན་ལ། འདོད་པ་ན་དེའི་ཆ་མཚུངས་པ་ཉིད་ལས། རྣམ་སྨིན་སྐྱེས་དང་དེའི་ཡོན་ཏན་གྱི་ཆ་མི་མཚུངས་པའི་ཕྱིར་ན། དམན་པ་ལ་མེད་པར་དགག་པའི་སྒྲས་འདོད་པ་ལ་གཟུགས་ཀྱི་སྒྲ་ཉེ་བར་མ་སྦྱར་བ་ཉིད་དོ། །ལུང་ཁ་ཅིག་ཏུ་སེམས་ཅན་གཉིས་ཏེ། གཟུགས་དང་གཟུགས་མེད་པའོ་ཞེས་འདོད་པའི་ལུགས་ལ་འདོད་གཟུགས་གཉིས་རིས་གཅིག་ཏུ་སྡུད་པས་གཟུགས་ཀྱི་སྒྲའང་སྦྱར་བ་ཉིད་དོ། །ཡང་གཅིག་ཏུ་ནི་འདོད་པ་ནི་གཟུགས་ཅན་གྱི་སྟེང་དུ་རགས་པའི་
འདོད་ཡོན་ལ་སྲེད་པའི་འདུན་པ་ལྷག་པ་དང་བཅས་པའི་ཕྱིར། གཙོ་ཆེ་བའི་རང་བཞིན་གྱི་སྒྲས་ཀྱང་ཉེ་བར་བཏགས་པར་འདོད་དོ། ཁ་ཅིག་སྒྲ་འདོད་རྒྱལ་བ་ཡིན་པས་བཤད་དུ་མེད་ཅེས་ཟེར་བའང་རིགས་པ་མ་ཡིན་ཏེ། ཁམས་དང་རིས་ལ་སོགས་པའི་དོན་ཐ་དད་པ་རེ་རེ་བཤད་པའི་ཕྱིར་རོ། །དེ་ལྟར་སེམས་ཅན་གྱི་རིས་སམ་ཁམས་ཀྱི་སྡེ་ཚན་གསུམ་དུ་གནས་པའི། ཐོག་མར་གཟུགས་མེད་རང་བཞིན་བསྟན་པ་ནི། །སྔར་བཞིན་ཐོག་མའི་འོད་གསལ་ལས་འཁྲུལ་ཏེ། །མ་རིག་སས་བསྡུས་བསམ་གཏན་བཞིར་གོལ་བས། །གཟུགས་མེད་བཞི་པོ་གོང་ནས་འོག་མར་མཆེད། །གཟུགས་མེད་པའི་ཐོག་མའི་རྒྱུ་ནི་འོད་གསལ་སྙིང་པོ་ལས། མཚུངས་པར་ལྷན་ཅིག་སྐྱེས་པའི་མ་རིག་པས་རྒྱུ་བྱས། རིག་པ་རྟོག་མེད་བསམ་གཏན་རིགས་བཞིའི་རྒྱར་འཐུམས་པས་རྐྱེན་ཉེ་བར་བླངས་ཏེ་བྱུང་བའི་ཚུལ་ནི། ལེའུ་དང་པོར་ལུང་དང་བཅས་པ་བཤད་ཟིན་ལ། སྲིད་པ་གསུམ་དུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་དུས་ན་འདོད་པ་དང་གཟུགས་ཀྱི་ཁམས་ནས་གཟུགས་མེད་པར་སྐྱེ་བའི་རྒྱུ་ནི། སོ་སོ་རང་རང་གི་རིག་པ་མདའ་ལྟ་བུ། ཉེ་བར་ལེན་པའི་ལས་ཞི་གནས་གོལ་ས་ཅན་ལྟོང་ལྟ་བུ། མཐོ་རིས་སུ་འཕེན་བྱེད་བསོད་ནམས་ཆ་མཐུན་གྱི་ལས་གཞུའི་རྒྱུད་དང་མཐེབ་མཛུབ་ལྟ་བུས་འཕངས་པ་ལས། གཟུགས་མེད་པའི་ཁམས་ཀྱི་ས་འབེན་དང་འདྲ་བ་ལ་ཕྱིན་ཏེ་དེར་གནས་པ་ནི། འཁྲུལ་བ་བསགས་པས་བསམ་གཏན་བཞིར་གོལ་བར་གྲུབ་པ་ལས་བྱུང་བའོ། །དེ་ཡང་བསམ་གཏན་བཞི་པ་སྣང་ཡུལ་མ་བཀག་པའི་གསལ་བ་ཙམ་སྟེ། ཞེན་ཡུལ་མི་གསལ་བློས་རྟོག་དཔྱོད་མེད་པ་དང་། ཡོད་པ་གཉིས་ཆར་མ་ཡིན་པའི་རོ་མྱོང་ལ་ཞེན་ནས་བསྒོམས་པས། སྲིད་པའི་རྩེ་མོ་སྟེ་ཡོད་མིན་མེད་མིན་དུ་སྐྱེས་སོ། །གསུམ་པ་རྟོག་དཔྱོད་ཞི་བའི་དགའ་བདེས་བརླན་པ་ཅི་ཡང་མི་དམིགས་པའི་ངང་དུ་ཡུལ་དང་བྲལ་བར་བསྒོམས་པས་ཅི་ཡང་མེད་པའོ། །གཉིས་པ་དཔྱོད་པ་ཙམ་དང་བཅས་པའི་བསམ་གཏན་གསལ་བར་བྱུང་ཚོར་བཀག་པའི་རྣམ་ཤེས་ཙམ་དུ་
བསྒོམས་པས་རྣམ་ཤེས་མཐའ་ཡས་སུ་གོལ། དང་པོ་རྟོག་བཅས་རགས་པའི་འདུ་ཤེས་ནུབ་པ་ཡུལ་མི་གསལ་བ་ནམ་མཁའ་ལྟར་དངོས་པོ་མེད་པ་བསྒོམས་པས་ནམ་མཁའ་མཐའ་ཡས་སུ་གོལ་ལ། དེ་ལྟར་གོལ་བའི་བསམ་གཏན་བཞི་པོ་ཡང་། །དང་པོ་རྩ་བའི་འོད་གསལ་སྙིང་པོ་ལས། །འཁྲུལ་དུས་གོང་ནས་འོག་ཏུ་མཆེད་ལ། ཕན་ཚུན་འཁོར་དུས་སྔར་གྱི་རྟེན་ལ་བསམ་གཏན་པའི་སེམས་བཞི་གང་གྲུབ་པ་དེར་སྐྱེས་ནས་ཁ་ཅིག་གོང་མ་ཐོབ་པ་ལས་འོག་ནས་འོག་ཏུ་རིམ་གྱིས་ལྟུང་བའང་ཡོད་ལ། ཁ་ཅིག་གང་ཐོབ་པ་དེ་ནས་སྲིད་པ་གཞན་དུའང་འཕོ་བས་མ་ངེས་སོ། །འོན་ཀྱང་ཕལ་ཆེར་གཟུགས་མེད་འདི་དག་བཞི་པོ་ཐོབ་ནས་འོག་མ་འོག་མར་རིམ་པས་ལྟུང་བ་ཤས་ཆེ་སྟེ་འཆི་ཀར་སྔར་གྱི་སྲིད་རྩེའི་ཏིང་ངེ་འཛིན་ཞིག་ནས། ཅི་ཡང་མེད་པའི་འདུ་ཤེས་ཙམ་དུ་ཤར་བས་ཅུང་ཟད་སྔར་ལས་རགས་པར་སོང་ལ། དེ་ཉིད་ཚོར་བ་བདེ་བས་དེའི་ངང་ལ་ཆགས་པས་དེར་ལྟུང་ལ། དེ་བཞིན་དུ་རྣམ་ཤེས་ཀྱི་འཆི་ཀར་ནམ་མཁའ་མཐའ་ཡས་ཀྱི་སེམས་ཤར་ནས་དེར་རོ་མྱོང་མཚུངས་ལྡན་གྱིས་སྐྱེ་བ་ཡིན་ཏེ། སྔར་ནས་ཏིང་ངེ་འཛིན་གྱི་ངང་ནས་རྒྱུན་རིང་བར་གོམས་པས། དེར་ཡང་དེའི་སེམས་འགྲུབ་པར་ཤིན་ཏུ་སླ་བའི་ཕྱིར་རོ། །ས་དེ་བའི་སེམས་གྲུབ་སྟོབས་ཀྱིས་སྐྱེ་བ་འཛིན་པར་ནུས་ཏེ། འདོད་གཟུགས་གང་རུང་ནས་གཟུགས་མེད་ཀྱི་སེམས་གྲུབ་པ་དེར་སྐྱེ་བ་བཞིན་ནོ། །འོ་ན་སེམས་ཅན་གྱི་རིགས་ཇི་ལྟ་བུ་དེ་དག་ཏུ་རིམ་པས་འགྲུབ། ཇི་ལྟ་བུ་རིམ་པས་མ་རྫོགས་པར་གཞན་དུ་འཕོ་ཞེ་ན། ཚེའི་མཐའ་སྟོན་པའི་མདོ་ལས་བཤད་པ་ལྟ་བུ་སྟེ། སྔོན་དགེ་བའི་རྩ་བ་བསོད་ནམས་ཆ་མཐུན་སྟོབས་ལྡན་དང་ཚན་ཆེར་བསགས་ནས། ཡུན་རིང་པོར་བདེ་དཔལ་མྱོང་བའི་འཕེན་བྱེད་ཀྱི་ལས་ཡོད་པ་རྣམས་ནི་ས་དེ་པའི་སེམས་ཐོབ་པའི་སྟོབས་ཀྱིས་སྐྱེ་བ་ལེན་ཏེ། དེ་ཡང་ཁ་ཅིག་སྔོན་ལ་གཟུགས་མེད་དང་པོ་ཐོབ། འཆི་ཁར་གཉིས་པའི་སེམས་སྐྱེས་པ་སྲིད་པས་དེར་སྐྱེ་ཞིང་། དེ་ནས་
གོང་མར་སྐྱེ་བ་ཡང་ཡོད་ལ། ཁ་ཅིག་སྲིད་རྩེ་ལས་འཆི་ཁར་འོག་མའི་སེམས་ཐོབ་ནས་དེར་ཡང་འཆི་ཁར་འོག་མ་འོག་མའི་སེམས་སྐྱེས་ནས་དེར་སྐྱེ་བ་ཡང་ཡོད་དོ། །སྐྱེ་ཚུལ་མ་ངེས་ཏེ་ནམ་མཁའ་ནས་ཡར་བགྲོད་དུས་འཆི་ཁར་རྣམ་ཤེས་དང་། ཅི་ཡང་མེད་པ་དང་སྲིད་རྩེ་གང་རུང་གི་སེམས་སྐྱེས་པས་ཤི་མ་ཐག་ས་དེར་འཕོ་བ་ཡིན་ལ། གཅིག་གི་མཇུག་ཏུ་འཆི་ཁར་དེ་དང་ཉེ་བའི་སེམས་སྐྱེ་བ་ཡང་ཡོད་དོ། །སྲིད་རྩེ་ནས་མར་བགྲོད་དུས་འོག་མ་གསུམ་གང་རུང་གི་སེམས་སྐྱེས་པ་དེར་ལྟུང་བ་ཐོད་རྒལ་ལམ་རིམ་པས་སྐྱེ་བ་ཡིན་ཏེ་ལས་བཟང་ངན་གྱིས་འཕེན་པ་ཆེ་ཆུང་གི་ཁྱད་དོ། །ས་གཞན་དུ་འཕོ་བ་ན་སྔོན་གྱི་འཕེན་བྱེད་དགེ་བ་བཅུས་ལན་ཅིག་འཕེན་པར་ནུས་པའི་ལས་ཅན་དེ་དག་ས་དེ་པའི་ཏིང་ངེ་འཛིན་ཐོབ་ནས་ལས་དེ་མ་ཟད་རིང་དེར་གནས་ལ། ལས་རྫོགས་ནས་འདོད་པ་དང་གཟུགས་ལ་སོགས་པར་འཕོ་ཞིང་ལྟུང་བ་ཡིན་ནོ། །དེས་ན་ས་དེ་པའི་རང་སའི་སེམས་ནི་ཏིང་ངེ་འཛིན་དེས་བྱེད་ལ། དེར་འཕེན་བྱེད་དང་རྫོགས་བྱེད་བསོད་ནམས་ཆ་མཐུན་གྱི་དགེ་བཅུས་བྱེད་པ་ཡིན་པར་རིག་པར་བྱའོ། །གཟུགས་མེད་བཞིའི་རྟེན་གང་ན་ཡོད་ཅེ་ན། གཟུགས་ལས་གོང་དུ་སྤགས་པའི་ནམ་མཁའ་ལ་གནས་པར། བཀོད་པ་ཆེན་པོ་འཇིག་རྟེན་བཀོད་པའི་ལེའུ་ལས་བྱུང་བ་བཞིན་སོ་སོར་བཤད་པ། ནམ་མཁར་བརྟེན་ནས་རིམ་པར་གནས་ཚུལ་ནི། །པདྨ་རྣམ་པར་བརྩེགས་པའི་ནམ་མཁའ་ལ། །ཡོད་མིན་མེད་མིན་སྐྱེ་མཆེད་ཉེ་བར་བརྟེན། །ཏིང་འཛིན་གཅིག་གིས་བསྐལ་ཆེན་བརྒྱད་ཁྲིར་འདའ། །མཁའ་དབྱིངས་ངང་ན་ཞིང་འདི་བཀོད་པའི་རྩེ་མོའི་ཆ། པདྨ་རྣམ་པར་བརྩེགས་པ་ཞེས་བྱ་བའི་ནམ་མཁའ་ལ། ཡོད་མིན་མེད་མིན་གྱི་ལྷ་རྣམས་བརྟེན་ནས་གནས་པ་ཐམས་ཅད་ནང་གི་ཏིང་ངེ་འཛིན་སྲིད་རྩེའི་ངང་ལས་བསྐལ་ཆེན་བརྒྱད་ཁྲིའི་བར་དུ་གནས་སོ། །ཐོག་མའི་ནམ་མཁའ། དེ་འོག་དཔག་ཚད་སྟོང་ཕྲག་སུམ་ཅུ་ན། །རྣམ་རོལ་འཁོར་ལོ་ཅན་གྱི་ནམ་མཁའ་ལ། །ཅི་ཡང་མེད་པའི་སྐྱེ་མཆེད་བརྟེན་པ་ནི། བསྐལ་ཆེན་དྲུག་ཁྲིའི་བར་དུ་གནས་
པའོ། །དང་པོའི་རིས་དེ་ཉིད་ལས་འོག་ཏུ་དཔག་ཚད་སྟོང་ཕྲག་སུམ་ཅུ་ན། ཡིད་རྣམ་པར་རོལ་པའི་འཁོར་ལོ་ཅན་ཞེས་བྱ་བའི་ནམ་མཁའ་ལ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་བསྐལ་ཆེན་དྲུག་ཁྲིར་ཏིང་ངེ་འཛིན་གྱི་དགའ་བདེ་ལ་རྩེ་གཅིག་ཏུ་གནས་སོ། །གནས་པ་རྣམ་པར་དག་པའི་ས། དེ་ནས་དཔག་ཚད་སྟོང་ཕྲག་ཉི་ཤུའི་འོག །རྣམ་རོལ་འཁོར་ལོ་འཕྲོ་བའི་ནམ་མཁའ་ལ། །རྣམ་ཤེས་མཐའ་ཡས་བསྐལ་ཆེན་བཞི་ཁྲིར་གནས། །ཅི་ཡང་མེད་པ་ལས་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་འདས་པ་ན། ཡིད་རྣམ་པར་རོལ་པའི་འཁོར་ལོ་འཕྲོ་བ་ཞེས་བྱ་བའི་ནམ་མཁའ་ལ། རྣམ་ཤེས་མཐའ་ཡས་པའི་ལྷ་རྣམས་བསྐལ་ཆེན་བཞི་ཁྲིར་གནས་སོ། །དེ་འོག་དཔག་ཚད་སྟོང་ཕྲག་གཅིག་ཉིད་ན། །སྤྲིན་ཆེན་རྣམ་པར་རོལ་པའི་ནམ་མཁའ་ལ། །ནམ་མཁའ་མཐའ་ཡས་བསྐལ་ཆེན་ཉི་ཁྲིར་གནས། །རྣམ་ཤེས་ཀྱི་འོག་དཔག་ཚད་སྟོང་ཕྲག་གཅིག་ན་སྤྲིན་ཆེན་པོ་རྣམ་པར་རོལ་པ་ཞེས་བྱ་བའི་ནམ་མཁའ་ལ། ནམ་མཁའ་མཐའ་ཡས་ཀྱི་ལྷ་རྣམས་བསྐལ་ཆེན་ཉི་ཁྲིར་གནས་སོ། །འདི་དག་ནང་གི་བདག་ཉིད་ཏིང་ངེ་འཛིན་གྱི་དགའ་བདེ་ལ་སྤྱོད་པའོ། །དེ་ཡང་ཁམས་གཞན་གྱི་གཟུགས་ལྟར་མེད་པའི་ཆ་ནས་དེ་སྐད་བརྗོད་ཀྱང་། ཏིང་ངེ་འཛིན་གྱི་ལུས་ཙམ་གྱི་རང་བཞིན་དུ་ཡོད་པར་བསྟན་ཏེ། བཤད་མ་ཐག་པའི་ཚུལ། དེ་ལྟར་གཟུགས་མེད་རྣམ་པ་བཞི་པོ་ཡང་། །འདོད་གཟུགས་ཇི་བཞིན་གདོས་བཅས་འོད་མིན་པས། །རྣམ་ཤེས་མི་གཡོ་ཏིང་འཛིན་རྩེ་གཅིག་ཉིད། །གཟུགས་མེད་ཀྱི་ལྷ་དེ་དག་ཀྱང་འདོད་ཁམས་འགའ་ཞིག་ལྟར་འབྱུང་བ་གདོས་བཅས་ཤ་ཁྲག་གི་ལུས་སུ་མེད་ཅིང་། གཟུགས་ཁམས་པ་ལྟར་སྣང་བ་འོད་ཀྱི་ལུས་སུ་ཡང་མེད་པས། རིག་པ་ཏིང་ངེ་འཛིན་གྱི་ལུས་ལ་རྩེ་གཅིག་ཏུ་བརྟེན་པའོ། །དེ་ལས་གཞན་ཡང་། ཡི་དྭགས་དག་དང་བར་དོའི་སེམས་ཅན་བཞིན། །འགྱུ་བྱེད་ཡིད་ཀྱི་ལུས་སུ་མེད་པས་ན། །རྣམ་ཤེས་ནང་གསལ་ཏིང་འཛིན་ཞི་བདེར་གནས། །
ཡི་དྭགས་ཕལ་མོ་ཆེ་དང་། བར་དོའི་སེམས་ཅན་ལྟར་གཟུགས་རང་མཚན་པ་མེད་ཀྱང་རྨི་ལམ་ནང་ལྟར་ཡོད་སྙམ་པ་ལ་སེམས་བརྟེན་ནས་ཡིད་ཀྱི་བག་ཆགས་སྒྱུ་མའི་ལུས་སུའང་མེད་དེ། རྣམ་རྟོག་འགྱུ་བ་མངོན་གྱུར་ནུབ་པས་ནང་གསལ་དྭངས་ལ་མི་གཡོ་བའི་ཏིང་ངེ་འཛིན་དུ་གནས་སོ། །དེ་བཞིན་དུ། དམྱལ་ལྟར་མྱོང་རིག་སྡུག་བསྔལ་ལུས་མེད་པས། །རྩེ་གཅིག་ཞི་བདེའི་བསམ་གཏན་ཆུ་བོས་བརླན། །དེ་ཕྱིར་སྟོང་རིག་ཏིང་འཛིན་ལུས་ཞེས་བྱ། །དམྱལ་བ་ལྟར་མྱོང་རིག་སྡུག་བསྔལ་གྱི་ལུས་སུ་མེད་པས་གཟུགས་མེད་ཅེས་བཏགས་སོ། །དེ་ཡང་གདོས་བཅས་དང་འོད་ཀྱི་རྣམ་པའི་ལུས་སུ་མེད་པས་ཤེས་པ་ཙམ་དུ་གནས་ལ། འགྱུ་བྱེད་ཡིད་ཀྱི་ལུས་སུ་མེད་པས་ཤེས་པ་དེ་ཡང་ཕྱིར་མི་འཕྲོ་བའི་ཆ་ནས། རྩེ་གཅིག་ནང་དུ་གནས་ཤིང་རང་གསལ་ལ། མྱོང་རིག་སྡུག་བསྔལ་གྱི་ལུས་མེད་པས། ཏིང་ངེ་འཛིན་ཕྱམ་གཅིག་ལ་བདེ་བར་གནས་པ། རིག་པ་ཏིང་ངེ་འཛིན་གྱི་ངང་ལ་བརྟེན་ནས་ཤེས་པ་ཙམ་གྱི་ཆར་གནས་པས། སྟོང་པ་ལྟར་སྣང་གི་ལུས་ཞེས་བྱ་སྟེ། གནས་སྐབས་ཀྱི་སྡུག་བསྔལ་སྤངས་ནས་བདེ་བར་གནས་པ་ཡིན་ནོ། །འདིར་དེ་ལྟར་གསུངས་པའི་དོན་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་ཚུལ་དགག་པ་ནི། ཐོས་པ་ཆུང་བའི་སྐྱེ་བོ་ཁ་ཅིག་དག་འདི་སྙམ་དུ་གཟུགས་མེད་པའི་ལྷ་དག་ནམ་མཁའ་ལ་བརྟེན་པར་མི་རིགས་ཏེ། བརྟེན་ཆོས་གཟུགས་མེད་པའི་ཕྱིར། རྟེན་གཞི་ནམ་མཁའི་དབྱེ་བ་མི་འཐད་ལ། གཟུགས་མེད་པ་ལ་གནས་མེད་དེ། ཞེས་པས་གནས་མེད་པར་བཤད་པ་ཉིད་དང་། གཟུགས་མེད་གང་དུ་ཤི་བ་ན། །དེར་ནི་མིང་བཞིའི་ཕུང་པོ་གནས། །ཞེས་པས་གང་དུ་ཤི་ས་དེར་ནི་གནས་པ་ཁོ་ན་སྟེ། གཟུགས་ཀྱི་ཡ་རོལ་ཏུ་མི་རིགས་སོ་ཞེས་རྟོག་པའི་ལན་ནི། དེ་ལྟར་རྟེན་དང་བརྟེན་པའི་ཚུལ་བསྟན་པས། །གཟུགས་མེད་པ་ལ་གནས་གཟུགས་འདོད་པ་མིན། །གནས་ནི་ཁང་ཁྱིམ་ཡུལ་ལ་སོགས་པ་སྟེ། །གཟུགས་ནི་རང་མཚན་ཕན་ཚུན་སྣང་ནུས་པ། །དེ་མེད་ཕྱིར་ན་གཟུགས་
གནས་དངོས་སྣང་མེད། །འདི་ལྟར་ནམ་མཁའ་ལ་བརྟེན་པར་བཤད་པ་ཡིན་གྱིས་གནས་ཁས་བླངས་པའང་མ་ཡིན་ལ། ཏིང་འཛིན་རྩེ་གཅིག་གི་ངང་དུ་རིག་པ་བརྟེན་པར་བཤད་པ་ཙམ་གྱི་ཆ་ནས་སྟོང་པ་ལྟར་སྣང་གི་ལས་ཞེས་བརྗོད་ཀྱི། ཁ་དོག་དངོས་པོ་ལྟར་ཡོད་པ་སྒོ་ལྔའི་སྤྱོད་ཡུལ་བ་འདོད་པའང་མ་ཡིན་ནོ། །དེ་ཡང་གནས་ནི་ཕྱི་རོལ་གྱི་སྣང་བ་རི་དང་། ཐང་དང་། ཁང་ཁྱིམ་ལ་སོགས་པ་རེ་ཞིག་ཉེ་བར་སྤྱོད་པའི་འདུག་གནས་སུ་དོན་བྱེད་ནུས་པ་ལ་གྲགས་ལ། གཟུགས་ནི་ཡན་ལག་དང་། ཡན་ལག་གི་ཆ་ཤས་ཅན་འདུས་པར་སྣང་བ་ཙམ་ལ་ཐུན་མོང་དུ་གྲགས་ནས་འདོད་པའི་ཕྱིར་ཏེ། འདིར་དེ་དག་ཁས་བླངས་པ་མེད་པས་གཟུགས་མེད་ཀྱི་ལྷ་ལ་གཟུགས་དང་། གནས་རང་མཚན་པ་འདོད་པ་མ་ཡིན་ནོ། །གལ་ཏེ་བརྟེན་པའི་ཆ་ལས་དེ་སྐད་བརྗོད་པས་འགྱུར་ན་ཐར་པ་མཚུངས་པའི་རིགས་པས་ཀྱང་གནོད་དེ། སྒྲུབ་བྱེད་མགོ་སྙོམས་ཀྱི་རིགས་པ་དགོད་པ་ནི། བརྟེན་པར་བསྟན་པས་ཡོད་ན་མིང་བཞི་ཡི། །ཕུང་པོ་ཉིད་ཀྱང་དེ་ལྟར་འགྱུར་བ་ཡིན། །ནམ་མཁའི་གོ་རིམ་བསྟན་པས་དེར་འགྱུར་ན། །གང་དུ་ཤི་སའང་དེ་དང་ཅིས་མི་མཚུངས། ཁྱེད་ཅག་གི་ལུགས་ལའང་གཟུགས་ཡོད་པ་ཁས་བླངས་པར་འགྱུར་ཏེ། མིང་བཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པར་འདོད་པའི་ཕྱིར་རོ། །གནས་ཀྱང་ཁས་བླངས་པར་འགྱུར་ཏེ། གང་དུ་ཤི་བའི་ས་ན་གཟུགས་མེད་པའི་ལྷ་དེ་དག་ཡོད་པར་འདོད་པའི་ཕྱིར་རོ། །དེས་ན་རྟེན་དང་ཏིང་ངེ་འཛིན་གྱི་ཆར་གནས་པས། གཟུགས་དང་གནས་རང་མཚན་དུ་འདོད་པའང་ག་ལ་ཡིན། གང་དུ་ཤི་བ་ན་མིང་བཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་ཞེས་བསྟན་གྱི། ས་ཆ་དེར་རྟག་པར་གནས་སོ་ཞེས་མ་བཤད་པས་ཀྱང་དེ་ན་ཡོད་པ་མ་ཡིན་ནོ། །དེས་ན་ཁམས་གང་དུ་ཤི་བ་ན་གཟུགས་ཀྱི་ཆ་རགས་པ་དང་དྭངས་པ་ལ་སོགས་པ་མེད་ཀྱང་ཚོར་བ་འདུ་ཤེས། འདུ་བྱེད། རྣམ་ཤེས་ཀྱི་ཆ་ཏིང་ངེ་འཛིན་དེར་འདུས་པའི་རྟེན་ལ་སོ་སོ་རང་རང་གི་
རིག་པའི་རྒྱུད་བརྟེན་ནས། ཏིང་ངེ་འཛིན་གོང་དུ་བགྲོད་པའི་སྟོབས་དེས་ནམ་མཁའི་རིམ་པ་དེར་ངང་གིས་ཡ་རོལ་ཏུ་གནས་པ་ཡིན་ཏེ། ཁམས་གསུམ་ལས་གོང་མ་ཡིན་པའི་ཕྱིར་རོ། །རྒྱུ་མཚན། དེས་ན་ཚུལ་འདི་རྒྱུད་སྡེར་རབ་ཏུ་བཤད། །ལེགས་བཤད་དམ་པའི་ཕུལ་དུ་འདི་ཟུངས་ཤིག །ཅེས་ལེགས་པར་གདམས་ཏེ། བཀོད་པ་ཆེན་པོ་ཡིད་བཞིན་མཆོག་གི་རྒྱུད་དང་། སློབ་དཔོན་ཆེན་པོ་བི་མ་ལས་མཛད་པའི་མུ་ཏིག་ཕྲེང་བའི་རྒྱུད་འགྲེལ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བསྟན་པའི་སྲོག་ཤིང་ལས་གསལ་བར་གསུངས་པ་ཡིན་ནོ། །ད་ནི་གཟུགས་ཀྱི་ཁམས་རྒྱ་ཆེར་བཤད་པ་ནི། གཟུགས་མེད་པའི་རྣམ་དབྱེ་བསྟན་པ། དེ་ནས་གཟུགས་ཁམས་དག་གི་རང་བཞིན་ནི། །བསམ་གཏན་བཞི་དང་དགེ་བ་བཅུ་འབྲས་ཀྱིས། །འོད་ཀྱི་ལུས་ལ་སེམས་ཀྱི་རྒྱུད་བརྟེན་ནས། །ཏིང་འཛིན་དགའ་བས་ཡུན་རིང་གནས་པ་ཡིན། །སྔོན་བསམ་གཏན་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དགེ་བ་བཅུ་མ་ཉམས་པར་སྤྱད་པ་ལས། གནས་རིས་གང་དང་གང་དུ་དྭངས་པ་འོད་ཀྱི་ལུས་གཞལ་ཡས་ཁང་དང་བཅས་པ་གྲུབ་པ་དེ་ནི་གཟུགས་ཀྱི་ཁམས་ཞེས་བྱའོ། །དེ་ཡང་བཀྲེས་པ་དང་། སྐོམ་པ་དང་། ཚ་བ་དང་། གྲང་བ་དང་། ནད་དང་། འཚེ་བ་དང་། རྒས་པ་དང་། རྒུད་པ་དང་། དབང་ཕྱུག་དང་མི་ལྡན་པའི་སྡུག་བསྔལ་གྱི་ཚོགས་མེད་པར་ཏིང་ངེ་འཛིན་གྱི་དགའ་བས་ཉིན་མཚན་གྱི་རིས་སུ་མ་ཆད་པར་དུས་འདའ་བ་ཡོད་དོ། །འདི་ལ་བྱེ་བྲག་མི་འདྲ་བ་ཐ་དད་ཀྱང་སྔོན་གྱི་རྒྱུ་དང་། ད་ལྟའི་གནས་པ་ཏིང་ངེ་འཛིན་གྱི་གནས་ཚུལ་བཞི་ལ་ལྟོས་ནས། བསམ་གཏན་རིགས་བཞིའི་ལྷ་རིགས་བཞིར་ཕྱེ་ལ། དེ་བཞི་ཡང་ཏིང་ངེ་འཛིན་གྱི་ངོ་བོ་གཅིག་ཀྱང་གོམས་པའི་དབང་གསུམ་གྱི་དབྱེ་བས་གནས་རིགས་གསུམ་གསུམ་ལ་སོགས་པར་ཕྱེ་བ་ཡིན་ནོ། །དེའི་ཡང་བསམ་གཏན་བཞི་པ་ལ། འཕགས་པ་དང་། སོ་སོ་སྐྱེ་བོའི་གནས་གཞན་གཉིས་ལས། དང་
པོ་ནི་རིགས་ལྔ་ཡོད་པའི་རྩེ་མོའམ་མཆོག་ཏུ་གྱུར་པ་བསྟན་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་འོག་དག་ནས། །དཔག་ཚད་སྟོང་ཕྲག་ཉི་ཤུ་གཞལ་བ་ན། །རིན་ཆེན་མཆིང་བུ་རྣམ་བཀོད་ནམ་མཁའ་ལ། །གོང་མ་ལས་མཆེད་འོད་གསལ་དྭངས་པའི་གཟུགས། །གཟུགས་མེད་དང་པོ་ནས་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་གཞལ་བ་ན། རིན་པོ་ཆེ་མཆིང་བུ་རྣམ་པར་བཀོད་པ་ཞེས་བྱ་བའི་ནམ་མཁའ་ལ། ནམ་མཁའ་མཐའ་ཡས་པའི་སེམས་ཅན་མར་ཐིགས་པའི་ཚུལ་དུ་ལྷུང་བ་མཆེད་པ་ལས། སྣང་བ་འོད་ཀྱི་ལུས་ཕྱི་ནང་མེད་པར་ཟང་ཐལ་བ་ཕན་ཚུན་དང་། ཡས་མན་དུ་རྫུ་འཕྲུལ་གྱིས་འགྲོ་བའི་གཟུགས་ཅན་གྱི་འགྲོ་བ་དེ་དག །ཏིང་འཛིན་སྐྱོན་མེད་འཕགས་པའི་གནས་ཐོབ་སྟེ། །གནས་གཞན་སྣང་བ་ཀུན་གྱི་རྩེར་གྱུར་པས། །འོག་མིན་ཞེས་བྱའི་གནས་དེ་ལྷ་རྣམས་ཀྱང་། །ལུས་བོངས་དཔག་ཚད་ཁྲི་དང་དྲུག་སྟོང་ལ། །ཚེ་ཡི་ཚད་ཀྱང་བར་བསྐལ་དེ་སྙེད་ཐུབ། །འཕགས་པའི་གནས་དེར་སྐྱེས་པའི་ལྷ་དེ་དག་གི་གནས་ནི་འོད་ཀྱི་རང་བཞིན་དངས་པའི་གཞལ་ཡས་ཁང་ལ་སོགས་པ་འཇའ་ཚོན་ལྟར་སྣང་ཞིང་། གཟུགས་སུ་སྣང་བས་བསྡུས་པའི་གནས་འདིའི་རྩེ་མོ་ཡིན་ལ། དེའི་གོང་ན་གཟུགས་སྣང་གི་གནས་རིས་མེད་པས་འོག་མིན་ཞེས་བྱའོ། །ལྷ་དེ་དག་གི་ལུས་བོངས་ནི་དཔག་ཚད་ཁྲི་དྲུག་སྟོང་ཡོད་ལ། ཚེ་ཚད་ཀྱང་བར་བསྐལ་ཁྲི་དྲུག་སྟོང་ཐུབ་བོ། །གནས་དེའི་འོག་ན། རིན་ཆེན་མཐོན་མཐིང་སྤྲས་པའི་ནམ་མཁའ་ལ། །ཤིན་ཏུ་མཐོང་སྟེ་ལུས་བོངས་དཔག་ཚད་ནི། །བརྒྱད་སྟོང་ཚེ་ཡང་བར་བསྐལ་དེ་སྙེད་དོ། །རིན་པོ་ཆེ་མཐོན་མཐིང་གིས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། འོག་མིན་ལས་མཆེད་པའི་ལྷ་དག་བརྟེན་པ་ནི་ཤིན་ཏུ་མཐོང་ཞེས་བྱའོ། །དེ་ཡང་ལྟ་བ་རྣམ་པར་དག་པ་མཐོང་བས་ཤིན་ཏུ་མཐོང་ཞེས་བྱའོ། །ལུས་བོངས་དཔག་ཚད་བརྒྱད་སྟོང་། ཚེ་བར་གྱི་བསྐལ་པ་བརྒྱད་སྟོང་ཐུབ་བོ། །དེའི་འོག་ན། རིན་ཆེན་རྣམ་མཛེས་ཞེས་བྱའི་ནམ་མཁའ་ལ། །གོང་མ་ལས་མཆེད་གྱ་ནོམ་སྣང་བའི་ལྷ། །ལུས་བོངས་དཔག་ཚད་བཞི་སྟོང་གསལ་བ་ལས། །ཚེ་ཡང་བར་བསྐལ་དེ་སྙེད་ཐུབ་པ་ཡིན། །རིན་
ཆེན་རྣམ་མཛེས་ཞེས་བྱའི་ནམ་མཁའ་ལ། གྱ་ནོམ་སྣང་བ་ཞེས་བྱ་བའི་ལྷ་ཡོད་དེ། ལུས་སེམས་ཉེ་བར་ཞི་བའི་བདེ་བ་གྱ་ནོམ་པ་ཡོད་པས་གྱ་ནོམ་སྣང་ཞེས་བྱའོ། །ལུས་དཔག་ཚད་བཞི་སྟོང་པ། ཚེ་ཡང་བར་བསྐལ་བཞི་སྟོང་ཐུབ་པའོ། །དེའི་འོག་ན། རིན་ཆེན་ཟེ་བ་སྨུག་གུའི་ནམ་མཁའ་ལ། །མི་གདུང་བ་སྟེ་དཔག་ཚད་ཉིས་སྟོང་ལུས། །ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །རིན་པོ་ཆེ་ཟེ་བ་སྨུག་གུ་ཞེས་བྱ་བའི་ནམ་མཁའ་ལ། མི་གདུང་བའི་ལྷ་ཆགས་པ་ནི། ལུས་སེམས་ལ་འདོད་པས་གདུང་བ་ཉེ་བར་ཞི་བས་དེ་སྐད་དུ་གྲགས་ལ། ལུས་བོངས་དཔག་ཚད་ཉིས་སྟོང་པ། ཚེ་ཡང་བར་བསྐལ་ཉིས་སྟོང་ཐུབ་པའོ། །དེའི་འོག་ན། རིན་ཆེན་ཤེལ་ཁང་བརྩེགས་པའི་ནམ་མཁའ་ལ། །མི་ཆེ་བ་སྟེ་ལུས་བོངས་དཔག་ཚད་སྟོང་། །ཚེ་ཡང་བར་བསྐལ་སྟོང་ཕྲག་གཅིག་ཡིན་ནོ། །རིན་པོ་ཆེ་ཤེལ་གྱི་ཁང་བུ་བརྩེགས་པའི་ནམ་མཁའ་ལ། སྔར་བས་ལུས་བོངས་ཆུང་ཞིང་འདོད་ཡོན་ལ་གདུང་བ་ཤས་ཆུང་བས་མི་ཆེ་བའི་ལྷ་སྟེ་ལུས་བོངས་དཔག་ཚད་སྟོང་དང་། ཚེ་བར་གྱི་བསྐལ་པ་སྟོང་ཐུབ་པའོ། །དེ་ནས་སོ་སོ་སྐྱེ་བོའི་གནས་གཞན་གསུམ་གྱི་དང་པོ་ནི། དེའི་འོག་ན། རིན་ཆེན་རབ་མཛེས་རྣམ་གདལ་ནམ་མཁའ་ལ། །འབྲས་བུ་ཆེ་ལྷ་དཔག་ཚད་ལྔ་བརྒྱའི་ལུས། །ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །རིན་པོ་ཆེ་རབ་མཛེས་རྣམ་པར་གདལ་བའི་ནམ་མཁའ་ལ་འབྲས་བུ་ཆེ་བའོ། །སོ་སོ་སྐྱེ་བོའི་བསོད་ནམས་ཆ་མཐུན་གྱི་དགེ་བའི་འབྲས་བུ་རྣམས་ཀྱི་མཆོག་གམ་རྩེ་མོར་གྱུར་པས་འབྲས་བུ་ཆེ་བའོ། །ལུས་དཔག་ཚད་ལྔ་བརྒྱ་པ། ཚེ་བར་བསྐལ་ལྔ་བརྒྱ་ཐུབ་བོ། །དེའི་འོག་ན། རིན་ཆེན་ཀ་ལི་སྤྲས་པའི་ནམ་མཁའ་ལ། །བསོད་ནམས་སྐྱེས་ལྷ་ལུས་བོངས་དཔག་ཚད་ནི། །ཉིས་བརྒྱ་ལྔ་བཅུ་བར་བསྐལ་དེ་སྙེད་དོ། །རིན་པོ་ཆེ་ཀ་ལི་མདོག་མཛེས་ཀྱིས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ་བསོད་ནམས་སྐྱེས་ཏེ། དེ་ཡང་ཚད་མེད་པ་བཞི་བསྒོམས་
པའི་བསོད་ནམས་ལས་གཙོ་བོར་སྐྱེས་པའི་ཕྱིར་བསོད་ནམས་སྐྱེས་སོ། །ལུས་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཚེ་ཡང་བར་བསྐལ་ཉིས་བརྒྱ་ལྔ་བཅུའོ། །དེའི་འོག་ན། རིན་ཆེན་སྤྲིན་ཚོགས་སྟུག་པོའི་ནམ་མཁའ་ལ། །སྤྲིན་མེད་ལྷ་དེ་ལུས་བོངས་དཔག་ཚད་ནི། །བརྒྱ་དང་ཉེར་ལྔ་བར་བསྐལ་དེ་སྙེད་ཚེ། །རིན་པོ་ཆེ་སྤྲིན་རྣམ་པར་སྟུག་པོ་ཞེས་བྱ་བའི་ནམ་མཁའ་ལ། སྤྲིན་མེད་པའི་ཉི་མའི་སྣང་བ་དང་འདྲ་བས་ན་སྤྲིན་མེད་དེ། ལུས་དཔག་ཚད་བརྒྱ་དང་ཉི་ཤུ་རྩ་ལྔ། ཚེ་ཡང་བར་བསྐལ་བརྒྱ་དང་ཉི་ཤུ་རྩ་ལྔའོ། །དེའང་འོད་ཀྱི་སྤྲིན་སྟུག་པོའང་ཡིན་ལ། ཐ་མལ་གྱི་སྤྲིན་མེད་པ་ཡང་ཡིན་ནོ། །དེའི་འོག་ན་བསམ་གཏན་གསུམ་པའི་ལྷ་གནས་གསུམ་བརྩེགས་མར་གནས་པའི་གོང་མ་ནི། རིན་ཆེན་འོད་འབྱིན་ཞེས་བྱའི་ནམ་མཁའ་ལ། །དགེ་རྒྱས་དཔག་ཚད་དྲུག་ཅུ་རྩ་བཞིའི་ལུས། །ཚེ་ཡི་ཚད་ཀྱང་བར་བསྐལ་དེ་སྙེད་དོ། །རིན་པོ་ཆེ་འོད་རྣམ་པར་འབྱིན་པ་ཞེས་བྱ་བའི་ནམ་མཁའ་ལ། དགེ་བ་རྒྱ་ཆེར་རྒྱས་པའི་འབྲས་བུས་བསྐྱེད་པའི་ཕྱིར་དགེ་རྒྱས་ཞེས་བྱ་སྟེ། ལུས་དཔག་ཚད་དྲུག་ཅུ་རྩ་བཞི། ཚེ་བར་བསྐལ་དྲུག་ཅུ་རྩ་བཞིའོ། །རིན་ཆེན་ཨིནྡྲ་ནཱི་ལའི་ནམ་མཁའ་ལ། །ཚད་མེད་དགེ་ལྷ་ལུས་བོངས་དཔག་ཚད་ནི། །སུམ་ཅུ་རྩ་གཉིས་བར་བསྐལ་དེ་སྙེད་ཚེ། །རིན་པོ་ཆེ་ཨིནྡྲ་ནཱི་ལས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། དགེ་རྩ་འབྲིང་དུ་སྤྱད་པ་ཚད་མེད་པའི་འབྲས་བུ་ལས་བྱུང་བས་ཚད་མེད་དགེ་ཞེས་བྱ་བ། ལུས་དཔག་ཚད་སུམ་ཅུ་རྩ་གཉིས་པ། ཚེ་ཡང་བར་བསྐལ་སུམ་ཅུ་རྩ་གཉིས་ཐུབ་བོ། །རིན་ཆེན་པེ་ཏང་ཀི་ལིང་ནམ་མཁའ་ལ། །དགེ་ཆུང་དཔག་ཚད་བཅུ་དྲུག་བར་བསྐལ་ཚེ། །རིན་པོ་ཆེ་པེ་ཏང་ཀི་ལིང་གིས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། གོང་མ་བས་དགེ་བ་ཆུང་ངུ་སྤྱད་པའི་འབྲས་བུ་གྲུབ་པས་དགེ་ཆུང་སྟེ། ལུས་དཔག་ཚད་བཅུ་དྲུག །ཚེ་བར་བསྐལ་བཅུ་དྲུག་ཐུབ་བོ། །རིན་ཆེན་
ཤྲཱི་ཀུ་ཏྲའི་ནམ་མཁའ་ལ། །འོད་གསལ་དཔག་ཚད་བརྒྱད་ལུས་ཚེ་མཚུངས་ལྡན། །རིན་ཆེན་ཤྲཱི་ཀུ་ཏྲ་ཞེས་བྱ་བའི་ནམ་མཁའ་ལ། ཁ་དོག་དང་འོད་ཟེར་ཤིན་ཏུ་གསལ་བས། འོད་གསལ་བ་ཞེས་བྱ་བའི་ལྷ་ལུས་དཔག་ཚད་བརྒྱད། ཚེ་བར་བསྐལ་བརྒྱད་དང་བཅས་པའོ། །རིན་ཆེན་ཀེ་ཀེ་རུས་སྤྲས་ནམ་མཁའ་ལ། །ཚད་མེད་འོད་ལྷ་དཔག་ཚད་བཞི་པའི་ལུས། །ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །རིན་ཆེན་ཀེ་ཀེ་རུས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། ལུས་ལ་འོད་ཚད་མེད་པ་ཡོད་པའི་ཕྱིར་ཚད་མེད་འོད་དེ། ལུས་དཔག་ཚད་བཞི་པ། ཚེ་ཡང་བར་བསྐལ་བཞིའོ། །རིན་ཆེན་དཔའ་བའི་འོད་ཀྱི་ནམ་མཁའ་ལ། །འོད་ཆུང་དཔག་ཚད་གཉིས་ལུས་ཚེ་མཚུངས་སོ། །རིན་པོ་ཆེ་དཔའ་བའི་འོད་ཀྱི་ནམ་མཁའ་ལ། གོང་མ་བས་འོད་ཟེར་འཕྲོ་བ་ཆུང་བས་འོད་ཆུང་སྟེ། ལུས་དཔག་ཚད་གཉིས་པ། ཚེ་ཡང་བར་གྱི་བསྐལ་པ་གཉིས་སོ། །དེ་གསུམ་ནི་བསམ་གཏན་གཉིས་པའོ། །བསམ་གཏན་དང་པོའི་ལྷ་གནས་གསུམ་བཤད་པ་ནི་རིམ་པ་ལྟར། རིན་ཆེན་ཀེ་རུ་ཛ་ཡི་ནམ་མཁའ་ལ། །ཚངས་ཆེན་ལུས་བོངས་དཔག་ཚད་ཕྱེད་དང་གཉིས། །ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །རིན་པོ་ཆེ་ཀེ་རུ་ཛ་ཡི་ནམ་མཁའ་ལ། འདོད་པའི་སྐྱོན་དག་པས་ཚངས་ལ་འོག་མ་བས་ལུས་ཆེ་བ་ཚངས་ཆེན་ཏེ་ལུས་དཔག་ཚད་ཕྱེད་དང་གཉིས་པ། ཚེ་ཡང་བར་བསྐལ་ཕྱེད་དང་གཉིས་སོ། །འདིའི་རྒྱལ་པོ་ནི་རང་གི་གནས་ལས་མ་གཡོས་པར། འོག་མའི་ལྷ་གནས་ཀུན་ཏུ་སྤྲུལ་པ་སྟོན་པ་ཡོད་དོ། །རིན་ཆེན་ས་མི་ཀ་ཡི་ནམ་མཁའ་ལ། །ཚངས་པ་ཀུན་འཁོར་དཔག་ཚད་གཅིག་ལུས་ཚེ། །རིན་པོ་ཆེ་ས་མི་ཀ་ཡི་ནམ་མཁའ་ལ། ཚངས་པ་ཆེན་པོའི་མདུན་ན་འདོན་བྱེད་པས་ཚངས་པ་མདུན་ན་འདོན། འཁོར་ཡིན་པས་ཚངས་པ་ཀུན་འཁོར། ཚངས་པ་ཆེན་པོའི་བྱ་བ་འབའ་ཞིག་སྒྲུབ་པའི་གྲོགས་སུ་ཕན་པས་ཚངས་ལྷ་ཉེ་ཕན་ཞེས་བྱ་བའི་ལྷ། ལུས་དཔག་ཚད་གཅིག་
པ། ཚེ་བར་བསྐལ་གཅིག་ཐུབ་པའོ། །རིན་ཆེན་པི་ཏང་ཀ་ཡི་ནམ་མཁའ་ལ། །ཚངས་རིས་དཔག་ཚད་ཕྱེད་ལུས་བར་བསྐལ་ཕྱེད། །རིན་པོ་ཆེ་པི་ཏང་ཀ་ཞེས་བྱ་བའི་ནམ་མཁའ་ལ། སྡིག་པ་སྤངས་ཏེ་ཚད་མེད་བཞི་ལ་གནས་པས་ཚངས་པ་ཞེས་བྱ་བའི་ལྷ། ལུས་དཔག་ཚད་ཕྱེད་དེ་གཞུ་འདོམ་ཉིས་སྟོང་། ཚེ་བར་གྱི་བསྐལ་པ་ཕྱེད་དོ། །དེ་ཡང་འདི་དག་གི་ནམ་མཁའ་རྣམས་རིན་པོ་ཆེ་དེ་དག་གི་འོད་ཀྱི་མདོག་དང་མཚུངས་པས་རིན་པོ་ཆེ་དེ་དག་གི་ནམ་མཁར་བཏགས་ཏེ། རིན་པོ་ཆེ་སྤྲིན་རྣམ་སྟུག་ཅེས་བྱ་བ་མཐིང་གར་སྣང་བའི་རྣམ་པ་ལྟ་བུ་ཞིག་གོ །སྤྲིན་མེད་ཀྱི་ནམ་མཁའ་ཡང་དེ་དག་འདྲ་བས་རིན་པོ་ཆེ་སྤྲིན་རྣམ་པར་སྟུག་གི་ནམ་མཁའ་ཞེས་བརྗོད་པ་བཞིན་ནོ། །དེས་ན་ནམ་མཁའི་སྣང་བ་དཀར་པོ། སེར་པོ། དམར་པོ། ལྗང་གུ་ལ་སོགས་པར་སྣང་བ་ཡིན་ནོ། །ལྷ་གནས་རྣམས་ཀྱང་ཐོག་མ་གཟུགས་མེད་ནས་བཟུང་སྟེ། གཟུགས་དང་འདོད་པའི་བར་དུ་གོང་ནས་འོག་ཏུ་མཆེད་ཚུལ་ནི། སྔོན་བསྐལ་པ་དང་པོ་ཆགས་དུས་གནས་འོག་མ་རྣམས་སྟོང་པར་ཡོད་པ་ལས། གོང་མའི་གནས་ལས་བསོད་ནམས་ཟད་དུ་ཉེ་བས་འོག་མ་དེར་སྐྱེ་བའི་ལས་བསགས་པ་རྣམས་ཐིགས་པ་ལྟར་ཡས་བབས་ནས་མཆེད་པས་ཕལ་ཆེར་མཆེད་ཚུལ་ཙམ་གྱིས་དེར་བཏགས་ཀྱི། ཐམས་ཅད་དེ་ལྟར་མཆེད་པ་མ་ཡིན་གྱི། འཇིག་རྟེན་གཞན་ནས་ཀྱང་འགྲོ་བ་འགའ་ཞིག་འདིར་སྐྱེས་པ་སྲིད་པའི་ཕྱིར་ཏེ། འདི་ནས་ཀྱང་འཇིག་རྟེན་གཞན་དུ་སྐྱེ་བ་བཞིན་ནོ། །འདིའི་ཡང་ཉེ་ཤོས་དེ་ལས་ཀྱང་མཆེད་ལ། དེའི་གོང་ནས་ཀྱང་མཆེད་པར་གྱུར་ཏེ། འོད་གསལ་གྱི་ལྷ་ལས་ཚངས་པའི་གནས་ནས་འོག་ཏུ་སྐྱེས་པ་ན། ཚངས་པ་ཆེན་པོས་ལྷ་གནས་གོང་མ་མ་མཐོང་བར་ཁོ་རང་གི་བསམ་པས་དེར་ལྷ་མི་བྱུང་བར་འཛིན་པ་ཉིད་བཞིན་ནོ། །གཟུགས་ཀྱི་ཁམས་པའི་ལྷ། དེ་དག་གཞལ་མེད་ཁང་བཅས་རྫུས་སྐྱེ་བས། །ཕ་དང་མ་མེད་ཀུན་རྫོགས་གོས་དང་བཅས། །
ཏིང་འཛིན་ཟས་སྤྱོད་ཁམས་ཀྱིས་མི་འཚོ་སྟེ། །རྣམ་བཞིའི་ཡོན་ཏན་རང་བཞིན་ཉིད་ཕྱིར་རོ། །ལྷ་དེ་དག་སྐྱེ་བ་ཡང་གཞལ་མེད་ཁང་དང་བཅས་པ་ནམ་མཁའ་ལ་འཇའ་ཚོན་འཆར་བ་ལྟར་སྐད་ཅིག་ལ་རྫུས་ཏེ་སྐྱེ་བ་དང་། ཏིང་ངེ་འཛིན་གྱི་བདེ་བ་ལ་སྤྱོད་པས་ཁམས་ཀྱི་ཟས་དོན་མེད་པ་དང་། འདོད་ཁམས་ལྟ་བུའི་སྡུག་བསྔལ་མེད་པ་དང་། རྣམ་རྟོག་རགས་པ་མངོན་གྱུར་ཁྲོ་བ་དང་། འཁྲུག་པ་ལ་སོགས་པ་མེད་དེ་ཞི་གནས་ཀྱིས་བརླན་པའི་ཕྱིར་རོ། །དེ་ཡང་སྔོན་བྱམས་པ་ལ་སོགས་ཚད་མེད་པ་རྣམ་པ་བཞིའི་རང་བཞིན་བསྒོམས་པའི་འབྲས་བུ་མངོན་དུ་བྱས་པའི་ཕྱིར་རོ། །འོན་ཀྱང་ཉོན་མོངས་པ་དང་ལྡན་ཞིང་སྒྲིབ་པ་དང་བཅས་པས་འཆི་འཕོ་བ་དང་གནས་པ་ལ་རང་དབང་མེད་པའི་ཕྱིར་གནས་ངན་ལེན་གྱི་སྡུག་བསྔལ་ཡོད་པའོ། ཁམས་གོང་མའི་ཏིང་ངེ་འཛིན་གྱི་ཚོར་བ་བདེ་བ་ལ་ཆགས་པ་དེ་དག་ལ་སྲིད་པའི་འདོད་ཆགས་ཞེས་བྱ་བ་ཡིན་ནོ། །གཟུགས་ཀྱི་སེམས་ཅན་ཆགས་ཚུལ་བཤད་ཟིན་ཏོ། །ད་ནི་འདོད་པའི་བཅུད་རྣམས་ཆགས་པའི་ཚུལ་ལ། མཐོ་རིས་དང་ངན་སོང་གཉིས་ལས། མཐོ་རིས་ཀྱི་ལྷ་དང་མི་རྣམ་པ་གཉིས་ཀྱི། དང་པོ་ལྷ་ནི། འདོད་པའི་ཁམས་ལ་ལྷ་རིགས་དྲུག་བཤད་པ། །དཔག་བསམ་རིན་ཆེན་བརྒྱན་པའི་ནམ་མཁའ་ལ། །གཞན་འཕྲུལ་རྒྱང་གྲགས་ཕྱེད་དང་གཉིས་པའི་ལུས། །གཞུ་འདོམ་ཕྱེད་དང་བརྒྱད་བརྒྱའི་རང་བཞིན་ཏེ། །ལོ་སྟོང་དྲུག་བརྒྱ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་ཁྲི་དང་དྲུག་སྟོང་ཐུབ་པ་ཡིན། །འདོད་པའི་ལྷ་ལས་ནམ་མཁའ་ལ་བརྟེན་པའི་གནས་རིས་བཞིའི་གོང་མ་དེ་ནི་ཚངས་རིས་ལས་འོག་ཏུ་གཞལ་བ་ན་ཡོད་དེ། དཔག་བསམ་གྱི་ཤིང་རིན་པོ་ཆེས་རབ་ཏུ་བརྒྱན་པ་ཞེས་བྱ་བའི་ནམ་མཁའ་ལ། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་བྱེད་པས་སམ། སྤྲུལ་པའི་རྫས་རང་གིས་སྤྲུལ་ཡང་གཞན་དུ་སྣང་བའི་འབྱོར་པར་གྱུར་པས་གཞན་འཕྲུལ་དབང་བྱེད་ཅེས་བྱའོ། །ལུས་རྒྱང་གྲགས་ཕྱེད་དང་གཉིས་པ་སྟེ། གཞུ་འདོམ་
ཕྱེད་དང་བརྒྱད་བརྒྱའོ། །ཚེ་ཚད་མིའི་ལོ་སྟོང་དྲུག་བརྒྱ་ལ་འདིའི་ཉིན་ཞག་གཅིག་ཏུ་བརྩིས་པའི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་གི་ཚད་ཀྱི་རང་ལོ་ཁྲི་དྲུག་སྟོང་ཐུབ་པའོ། །ནམ་མཁའ་ལ་དཔག་བསམ་གྱི་སྒྲས་བརྗོད་པ་ནི། འདོད་དགུ་འབྱུང་བའི་དཔག་བསམ་གྱི་ཤིང་དེ་ལྟ་བུས་གནས་དེ་ན་བརྒྱན་པའི་ཆ་ལ་བཏགས་པའོ། ཁ་ཅིག་ཤིང་དེ་ལྟ་བུ་ལས་འདོད་དགུའི་སྤྲུལ་པ་འགྱེད་པ་ཡོད་པ་ལས། གནས་དེ་ཡང་དེ་དང་འདྲ་བར་སྤྲུལ་པའི་འབྱོར་བས་བརྒྱན་པའི་ཆ་ནས་བཏགས་ཀྱི་ཤིང་མེད་དོ། །ཤིང་གི་སྒྲ་ནི་འདོད་དགུ་འབྱུང་བར་མཚོན་པའོ་ཞེས་ཟེར་རོ། །དེའི་འོག་ན། དཔག་བསམ་མཐོང་མཛེས་ཞེས་བྱའི་ནམ་མཁའ་ལ། །འཕྲུལ་དགའ་རྒྱང་གྲགས་གཅིག་དང་བཞི་ཆའི་ལུས། །གཞུ་འདོམ་ལྔ་བརྒྱ་བརྒྱ་དང་ཉི་ཤུ་ལྔ། །མི་ལོ་བརྒྱད་བརྒྱ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་བརྒྱད་སྟོང་བར་དུ་གནས་པ་ཡིན། །དཔག་བསམ་གྱི་ཤིང་མཐོང་མཛེས་ཞེས་བྱ་བས་བརྒྱན་པའི་ནམ་མཁའ་ལ་རང་གིས་སྤྲུལ་པ་ལ་དབང་བྱེད་པའི་ལོངས་སྤྱོད་ཡོད་པས། འཕྲུལ་དགའ་ཞེས་བྱ་བ་ལུས་རྒྱང་གྲགས་གཅིག་དང་བཞི་ཆ་སྟེ་གཞུ་འདོམ་ལྔ་བརྒྱ་དང་བརྒྱ་ཉི་ཤུ་རྩ་ལྔའོ། །ཚེ་མི་ལོ་བརྒྱད་བརྒྱ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་བརྒྱད་སྟོང་ཐུབ་པའོ། །དེའི་འོག་ན། དཔག་བསམ་མིག་མཛེས་བརྒྱན་པའི་ནམ་མཁའ་ལ། །དགའ་ལྡན་ཆོས་མཆོག་ལོངས་སྤྱོད་དགའ་བ་ཅན། །རྒྱང་གྲགས་གཅིག་ལུས་གཞུ་འདོམ་ལྔ་བརྒྱ་སྟེ། །མི་ལོ་བཞི་བརྒྱ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་བཞི་སྟོང་བར་སྙེད་ཐུབ་པའོ། །དཔག་བསམ་གྱི་ཤིང་མིག་མཛེས་ཞེས་བྱ་བས་བརྒྱན་པའི་ནམ་མཁའ་ལ། ཐེག་པ་ཆེན་པོའི་ཆོས་དང་ལོངས་སྤྱོད་གཉིས་ཀའི་དགའ་བ་དང་ལྡན་པས་དགའ་ལྡན་ཞེས་བྱ་བ་སྟེ་བསྐལ་པ་བཟང་པོའི་སངས་རྒྱས་ཀྱི་རྒྱལ་ཚབ་རེ་རྟག་པར་བཞུགས་པའི་གནས་གང་ཡིན་པའོ། །ལུས་རྒྱང་གྲགས་གཅིག་སྟེ། གཞུ་འདོམ་ལྔ་བརྒྱ། ཚེ་མི་ལོ་
བཞི་བརྒྱ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་བཞི་སྟོང་ཐུབ་བོ། །དེའི་འོག་ན། དཔག་བསམ་ཡིད་འགྱུར་བརྒྱན་པའི་ནམ་མཁའ་ལ། །མཐའ་བྲལ་ལུས་བོངས་རྒྱང་གྲགས་བཞི་གསུམ་སྟེ། །གཞུ་འདོམ་སུམ་བརྒྱ་བདུན་ཅུ་རྩ་ལྔའོ། །མི་ལོ་ཉིས་བརྒྱ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་ཉིས་སྟོང་བར་སྙེད་གནས་པའོ། །དཔག་བསམ་གྱི་ཤིང་ཡིད་འགྱུར་བ་ཞེས་བྱ་བས་བརྒྱན་པའི་ནམ་མཁའ་ལ་ལྷ་མ་ཡིན་གྱི་འཐབ་རྩོད་དང་བྲལ་བས་འཐབ་བྲལ། ལྷ་ཁྱེའུ་ཕོ་མོ་གཉིས་པང་ནས་དུས་གཅིག་ལ་སྐྱེ་བས་མཚེ་མ་ཞེས་བྱ་སྟེ། ལུས་རྒྱང་གྲགས་གཅིག་ལ་ཆ་བཞིར་བྱས་པའི་ཆ་གསུམ་ཡོད་པ་དེ། གཞུ་འདོམ་སུམ་བརྒྱ་བདུན་ཅུ་རྩ་ལྔའོ། །ཚེ་མི་ལོ་ཉིས་བརྒྱ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཉིས་སྟོང་ཐུབ་པའོ། །གནས་རིས་ཐུན་མོང་ན་ཉེ་བར་སྤྱོད་པའི་ཁྱད་པར་ནི་བཤད་མ་ཐག་པའི་ཚུལ། དེ་ལྟར་འདོད་ལྷའི་ལོངས་སྤྱོད་ཕུན་ཚོགས་ཏེ། །བདུད་རྩིའི་ཟས་སོགས་ཤིན་ཏུ་རྒྱ་ཆེའོ། །འདོད་པའི་རིས་ཀྱི་ལྷ་གནས་འདི་ན་བདུད་རྩིའི་ཟས་དང་བཏུང་བ་དང་། ལྷའི་གོས་དང་། དཔག་བསམ་གྱི་ཤིང་ལས་གང་འདོད་པ་འབྱུང་བ་དང་། སིལ་སྙན་དང་། གླུ་གར་དང་། རྩེད་འཇོ་ལ་སོགས་པ་འདོད་པའི་ལོངས་སྤྱོད་ཚད་མེད་པ་ཡོད་དེ། ཡིད་དུ་འོང་བའི་གཟུགས་དང་སྒྲ་དང་། དྲི་དང་། རོ་དང་། རེག་ལ་སོགས་པའོ། །ལོངས་སྤྱོད་པའི་གཙོ་བོ་ནི། ཡུལ་ཉེ་བར་སྤྱོད་པ་རྣམས་ཀྱི་ནང་ནས་ཡོན་ཏན་མཆོག་ཏུ་བདེ་བ་ཁམས་ཀྱི་ཟས་དང་། འཁྲིག་པའིི་བདེ་བ་ཡིན་ལ། སྤྱོད་པའི་ཚུལ་ནི། འདོད་པ་སྤྱོད་པའང་གཞན་འཕྲུལ་ནས་རིམ་བཞིན། །བལྟས་དགོད་ལག་བཅངས་གཉིས་གཉིས་འཁྱུད་པ་སྟེ། །རིམ་བཞིན་གཅིག་གཉིས་གསུམ་བཞི་ལྡན་པ་ཉིད། །གཞན་འཕྲུལ་དབང་བྱེད་ན་ལྷ་དང་ལྷ་མོ་དག་འདོད་པས་ཡིད་གདུངས་ཕན་ཚུན་བལྟས་པ་ཙམ་གྱིས་གདུང་བ་དང་བྲལ་བར་འགྱུར་རོ། །འཕྲུལ་དགའ་དགོད་པ་ཙམ་གྱིས་སོ། །དགའ་ལྡན་ན་ཕན་ཚུན་གཅིག་ལ་
གཅིག་འཇུས་པའམ་ལག་པ་རེག་པས་སོ། །མཚེ་མ་ན་གཉིས་གཉིས་འཁྱུད་པས་སོ། །དེ་ཡང་བལྟ་བ་ལ་དེ་ཉིད་གཅིག་པུའི་འདོད་ཆགས་ལས་མེད་དོ། །དགོད་པ་ལ་མཐོང་དགོས་པས་བལྟས་པ་དང་། དགོད་པའི་འདོད་ཆགས་གཉིས་སོ། །ལག་བཅང་ལ་མཐོང་ནས་དགོད་ཅིང་རེག་པའི་ཕྱིར། བལྟས་པ། དགོད་པ། ལག་བཅངས་ཀྱི་འདོད་ཆགས་སུམ་ལྡན་ནོ། །གཉིས་གཉིས་འཁྱུད་པ་ལ་མཐོང་ནས་དགའ་བས་རེག་ཅིང་སྦྱོར་བས་བཞི་ཀ་ལྡན་པའོ། །སུམ་ཅུ་རྩ་གསུམ་མན་ཆད་ན་བཞི་ཀ་ཡོད་པ་ཉིད་དོ། །ལྷའི་བུ་དང་བུ་མོ་དེ་དག་བཙའ་བའང་པང་ནས་གོས་མེད་གཅེར་བུ་སྟེ། །ལོ་བཅུ་ནས་བཟུང་ལོ་ལྔའི་བར་རིམ་བཞིན། །འཛམ་གླིང་བྱིས་པ་རྣམས་ཀྱི་ན་ཚོད་ཉིད། །སེམས་ཅན་གྱི་སྐྱེ་བ། མངལ་དང་དྲོད་གཤེར་དང་། བརྫུས་པ་དང་། སྒོ་ང་ལས་སྐྱེས་པའི་རིམ་པ་དང་བཞི་ལས། འདི་དག་རྫུས་ནས་སྐྱེ་བ་སྟེ། འཛམ་བུ་གླིང་པ་ཚེ་ལོ་བརྒྱ་པའི་དུས་ཀྱི། གཞན་འཕྲུལ་དབང་བྱེད་ལ་བྱིས་པ་ལོ་བཅུ་ལོན་པའི་ན་ཚོད། འཕྲུལ་དགའ་པ་ལོ་དགུ་པ། དགའ་ལྡན་པ་བརྒྱད་པ། འཐབ་བྲལ་པ་བདུན་པ། སུམ་ཅུ་རྩ་གསུམ་པ་དྲུག་པ། རྒྱལ་ཆེན་བཞི་ལོ་ལྔ་པའི་ན་ཚོད་ཙམ་ལ་གོས་མེད་པའི་གཅེར་བུ་འོད་དང་བཅས་པ། དབང་པོ་ཚང་ཞིང་ཤེས་རབ་དང་ལྡན་པར་བཙས་ནས་སྔར་གྱི་ཚེ་རབས་རྗེས་སུ་དྲན་པ་ཡིན་ནོ། །ས་ལ་བརྟེན་པའི་གནས་ཀྱང་རྣམ་པ་གཉིས་ལས། དང་པོ་ནི། དཔག་བསམ་ཡོངས་འདུས་བརྒྱན་པའི་ས་གཞི་ལ། །སུམ་ཅུ་རྩ་གསུམ་རྒྱང་གྲགས་བཞི་ཆ་གཉིས། །གཞུ་འདོམ་ཉིས་བརྒྱ་ལྔ་བཅུའི་རང་བཞིན་ནོ། །མི་ཡི་ལོ་བརྒྱ་རང་ལོ་སྟོང་ཕྲག་གཅིག །དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་གྱིས་བརྒྱན་པའི་ས་གཞི་ལ། ཕྲེང་འབར་ལ་སོགས་པ་གནས་སུམ་ཅུ་རྩ་གསུམ་གྱི་དབང་པོར་གྱུར་པའི་ཆ་ནས་སུམ་ཅུ་རྩ་གསུམ་ཞེས་བྱའོ། །ལུས་ཚད་རྒྱང་གྲགས་བཞི་ཆ་གཉིས་ཏེ་གཞུ་འདོམ་ཉིས་བརྒྱ་ལྔ་བཅུའོ། །
མིའི་ལོ་བརྒྱ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ཐུབ་པའོ། །འདོད་པ་ནི་མི་ལྟར་གཉིས་པོ་འཁྲིག་པས་སྤྱད་དོ། ཁུ་ཁྲག་མི་འབབ་ཀྱང་རླུང་བཏང་བས་གདུང་བ་དང་བྲལ་བར་འགྱུར་རོ། །འབྱོར་པ་ནི་ཁང་བཟང་མཆོག་དང་། གྲོང་ཁྱེར་དང་། ལམ་སྲང་དང་། སྐྱེད་མོས་ཚལ་དང་། ས་གཞི་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། འདུན་ས་དང་། བཟའ་བཏུང་སྣ་ཚོགས་པ་བསམ་པ་ཙམ་གྱིས་ལག་ཏུ་འོང་བ་དང་། དཔག་བསམ་ལས་གོས་སྣ་ཚོགས་བསམ་པ་ཙམ་གྱིས་འབྱུང་བ་དང་། རྒྱན་སྣ་ཚོགས་དང་། རོལ་མོ་སྣ་ཚོགས་དང་། བདུད་རྩི་སྣ་ཚོགས་བསམ་མ་ཐག་འབྱུང་བ་དང་། ཡང་ཐོག་དང་། ཁང་པ་བརྩེགས་པ་དང་། རོལ་མོ་ཐོགས་པའི་ཚོགས་དང་། བཞོན་པའི་ཁྱད་པར་རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། ཁྱོགས་ལས་རྩེ་ས་རྣམས་སུ་འགྲོ་བར་བྱེད་དེ། ཕྱིན་ནས་འདོད་པའི་ཡོན་ཏན་ལྔ་ལ་ཅི་དགར་སྤྱོད་དོ། །ས་ལ་སྤྱོད་པའི་གནས་གཉིས་པ་ནི། རི་རབ་རིན་ཆེན་སྣ་བཞིའི་བང་རིམ་ལ། །རྒྱལ་ཆེན་རིགས་བཞི་རྒྱང་གྲགས་བཞི་ཆའི་ལུས། །གཞུ་འདོམ་བརྒྱ་དང་ཉི་ཤུ་རྩ་ལྔའོ། །མི་ལོ་ལྔ་བཅུ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་ལྔ་བརྒྱའི་བར་དུ་གནས་པའོ། །རི་རབ་ཀྱི་བང་རིམ་རྣམས་ལ་སུམ་ཅུ་རྩ་གསུམ་ནས་མཆེད་པའི་ལྷ་རྣམས་ཆགས་པས་ཕྱོགས་བཞིའི་བདག་པོར་གྱུར་པ་སྟེ། སྡེ་བཞིའི་ཁོངས་སུ་གཏོགས་པའི་ཆ་ནས་རྒྱལ་ཆེན་རིགས་བཞི་པའི་ལྷ་ཞེས་བྱའོ། །ཚེ་ཚད་མི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་བོོ། །ལུས་རྒྱང་གྲགས་ཀྱི་བཞི་ཆ་སྟེ་གཞུ་འདོམ་བརྒྱ་ཉི་ཤུ་རྩ་ལྔའོ། །འཁྲིག་པས་སྤྱོད་ཚུལ་སུམ་ཅུ་རྩ་གསུམ་པ་དང་འདྲ་ལ། བདུད་རྩི་དང་། ཤིང་དང་། གོས་ལ་སོགས་པ་དཔག་ཏུ་མེད་དེ། ལྷ་ཁ་ཅིག་ཉི་ཟླ་གཟའ་སྐར་གྱི་སྟེང་ན་ལྷའི་གྲོང་ཁྱེར་ལ་སྤྱོད་པས་གླིང་བཞི་སྐོར་བའོ། །དེའི་འོག་ཏུ་རི་རབ་ཀྱི་ཁོང་གསེང་ལ་གནས་པའི། ལྷ་མིན་རྣམས་ལའང་རིགས་ནི་རྣམ་པ་ལྔ། །
ཚེ་དཔལ་ལྷ་དང་སྟོབས་ཆེན་གནོད་སྦྱིན་དང་། །རྩུབ་འགྱུར་བདུད་དང་གསོད་བྱེད་སྲིན་པོ་དང་། །གདུག་པ་ཀླུ་ཡི་རིགས་ཏེ་འགྲོ་བའང་དེ། །ལུས་དང་ཚེ་ཡང་མ་ངེས་སྣ་ཚོགས་པའོ། །གནས་ནི་རི་རབ་ཀྱི་ཁོང་གསེང་ན་སྔར་ལྷའི་རིགས་མ་རུངས་པ་འགའ་ལས་ཆད་པ་སྟེ། ཚེ་དཔལ་ལྷའི་རིགས་དཔལ་དང་སྐལ་བ་བཟང་ལ་ངང་ཚུལ་དགེ་བས་ཆོས་ལ་མངོན་པར་དད་པ་དང་། སྟོབས་ཆེན་གནོད་སྦྱིན་གྱི་རིགས་ནོར་དང་འབྱོར་པ་ཆེ་ལ་མཐུ་དཔལ་དང་རྫུ་འཕྲུལ་ཆེ་བ་དང་། རྩུབ་འགྱུར་བདུད་ཀྱི་རིགས་ནག་པོའི་ཕྱོགས་ལ་དགའ་བ་དང་། གསོད་བྱེད་སྲིན་པོའི་རིགས་སེམས་ཅན་ལ་འཚེ་ཞིང་མཁའ་ལ་རྒྱུ་བ་ཡི་དྭགས་ཀྱི་ཕྱོགས་དང་མཐུན་པ་དང་། གདུག་པ་ཀླུའི་རིགས་ཕྱེད་མར་གྱུར་པའི་ལུས་དང་། ལོངས་སྤྱོད་དང་། བདེ་སྡུག་ཡོད་ཅིང་བླུན་པར་གནས་པའོ། །འགྲོ་བ་ཡང་དེ་དག་གི་ཁོངས་སུ་གཏོགས་པར་བསྡུའོ། །བསྟན་བཅོས་ཁ་ཅིག་ནས་ལྷ་དང་དུད་འགྲོ་གཉིས་སུ་སྡུད་པར་ཡང་འདོད་དོ། །གསེར་གྱི་ས་གཞིར་གནས་པ་དག་ནི་སུམ་ཅུ་རྩ་གསུམ་དང་། ཚེ་དཔལ་འབྱོར་པ་མཉམ་ལ། གཞན་རྣམས་རྒྱལ་ཆེན་བཞི་དང་འདྲ་ཞིང་། ཁ་འཐོར་བ་མིའི་ཡུལ་དང་། རྒྱ་མཚོ་དང་། ནགས་ཚལ་དང་། གླིང་ལ་སོགས་པར་གནས་པའི་ལྷ་མ་ཡིན་རྣམས་ནི་ཚེ་དང་འབྱོར་པ་སྣ་ཚོགས་སུ་ཡོད་པར་བཤད་དོ། །དེའི་འོག་ཏུ་གླིང་དང་གླིང་ཕྲན་གྱི་འགྲོ་བའི་གཙོ་བོ་མི་ཡིན་པས་དེའི་རིམ་པ་བཤད་པ་ནི། སྔོན་བསྐལ་པ་དང་པོའི། མི་རྣམས་འོད་གསལ་ལས་མཆེད་འཛམ་གླིང་དུ། །རིང་ཞིག་གནས་ལས་གཉིས་མཆེད་ལུས་འཕགས་སུ། །རྫུས་སྐྱེས་དེ་ནས་སྒྲ་མི་སྙན་མཆེད་ཅིང་། །དེ་ལས་བ་གླང་སྤྱོད་པ་ཉེ་བར་མཆེད། །ཐུན་མོང་དུ་གྲགས་པའི་མདོ་སྡེ་དག་ལས། འོད་གསལ་གྱི་ལྷའི་རིས་ལས་སེམས་ཅན་བསོད་ནམས་དམན་པ་དག་འོངས་པ་དེར་ཆགས་པ་ལས། མི་རྣམས་མཆེད་པར་འདོད་ལ། རྒྱུད་འགའ་ཞིག་ལས་དགའ་ལྡན་ནས་ལྷའི་བུ་གཉིས་པདྨ་
ལས་རྫུས་ཏེ་སྐྱེས་པ། ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང་ཟླ་བ་དྲི་མ་མེད་པ་ཞེས་བྱའོ། །དེ་གཉིས་འཛམ་བུའི་གླིང་དུ་འོངས་པ་ལས་མཆེད་པར་བཤད་དོ། །འདི་གཉིས་འགལ་བ་མེད་དེ། འོད་གསལ་གྱི་ལྷའི་འགྲོ་བ་ཆགས་དུས་འཇིག་རྟེན་གྱི་ཁམས་འདིའི་ཡུལ་རྣམས་ལ་མིང་གཞན་དུ་གྲགས་ཏེ། ཡུལ་དགའ་ལྡན་བརྩེགས་པ་ཞེས། དེ་དག་ལ་ཚངས་རིས་དེར་གྲགས་པ་ཡིན་ནོ། །དེ་ཡང་མི་མེད་པས་ལྷ་དང་མི་ཞེས་སོ་སོར་ཕྱེ་བ་མེད་དོ། །འཛམ་བུའི་གླིང་དུ་མི་རྣམས་མང་དུ་འཕེལ་ནས་རིང་ཞིག་སོང་ནས་འོད་ཀྱང་ཡལ། བསོད་ནམས་ཀྱང་བགས་ཀྱིས་བྲི་བ་ན། ཤར་ལུས་འཕགས་ཀྱི་གླིང་དུ་གོང་མའི་ལྷ་ལས་གཅིག་འོངས་པའི་འོག་ཏུ་མི་ཕལ་རྫུས་སྐྱེས་ཀྱི་ཚུལ་གྱིས་མཆེད་དོ། །དེ་ནས་བྱང་གི་སྒྲ་མི་སྙན་པའི་མི་ཡང་སུམ་ཅུ་རྩ་གསུམ་པའི་ལྷ་ལས་མཆེད་ནས་ཆགས་སོ། །དེ་ནས་ནུབ་ཀྱི་བ་གླང་སྤྱོད་དུ་ལྷ་ལས་མཆེད་ནས་མང་དུ་འཕེལ་ཏེ། སོ་སོའི་གླིང་ཕྲན་གྱི་མི་ཡང་མཆེད་དོ། །གླིང་བཞི་པོ་དེ་དག་གི་མིའི་ལུས་བོངས་ཀྱང་། འཛམ་གླིང་ལུས་ཚད་ཚེ་ལོ་དཔག་མེད་ནས། །བརྒྱད་ཁྲི་ཡན་ཆད་རང་ཁྲུ་སུམ་ཅུ་གཉིས། །ཕྱིས་ནི་ཁྲུ་བཞི་ཕྱེད་དང་བཞི་བ་ཉིད། །འགྲོ་བ་རྣམས་ཀྱིས་བསགས་པའི་དབང་གིས་འཛམ་བུ་གླིང་པའི་སྐྱེ་དགུ་རྣམས་ཚེ་ལོ་དང་པོ་དཔག་ཏུ་མེད་པ་ཐུབ་པ་ནས་བཟུང་སྟེ་བརྒྱད་ཁྲིའི་བར་དུ་སྐྱེས་པ་དང་བུད་མེད་ནར་སོན་པ་དག་གི་ལུས་ལ་རང་ཁྲུ་སུམ་ཅུ་རྩ་གཉིས་ཡོད་དོ། །དེ་ནས་ཉི་ཤུ་པ་དང་། བཅུ་དྲུག་པ་དང་། བརྒྱད་པ་ནས། ཚེ་ལོ་བརྒྱ་པའི་ཚེ་ཁྲུ་བཞི་བར་བྲི་སྟེ། དེང་སང་ལྔ་བཅུ་རྩ་བཞི་པའི་དུས་ན་ཕྱེད་དང་བཞི་པ་ནས། མཐར་བཅུ་པའི་བར་དུ་ཐུང་བར་བྲི་བའོ། །ཚེ་ལོ་ཡང་དང་པོ་དཔག་མེད་ནས། མཐར་བཅུ་པའི་བར་དུ་ཇེ་ཐུང་དུ་བྲི་བའོ། །ཤར་ཀྱི། ལུས་འཕགས་མི་རྣམས་རང་ཁྲུ་བརྒྱད་པ་སྟེ། །ཚེ་ཚད་ཉིས་བརྒྱ་ལྔ་བཅུ་ཐུབ་པའོ། །ཅིའི་ཕྱིར་ལུས་འཕགས་ཞེ་ན། འཛམ་བུ་གླིང་པ་ལས་ལུས་ཆེ་བའི་ཕྱིར་རོ། །ནུབ་ཀྱི། བ་གླང་སྤྱོད་མི་ལུས་ཁྲུ་བཅུ་དྲུག་པ། །
ཚེ་ལོ་ལྔ་བརྒྱ་སྒྲ་མི་སྙན་སྟོང་སྟེ། །ལུས་ཁྲུ་སུམ་ཅུ་རྩ་གཉིས་ངེས་པ་ཡིན། །འདོད་འཇོའི་བ་ལ་སྤྱོད་པས་བ་གླང་སྤྱོད་ཅེས་བྱ་བའི་གླིང་ན། མི་རྣམས་རང་ཁྲུ་བཅུ་དྲུག་པ་ཚེ་ལོ་ལྔ་བརྒྱ་ཐུབ་པ་ཡོད་དོ། །བྱང་གི་སྒྲ་མི་སྙན་ན་རང་ཁྲུ་སུམ་ཅུ་རྩ་གཉིས་པ་དང་། ཚེ་ལོ་སྟོང་ངེས་པར་ཐུབ་པས་བར་མ་དོར་དུས་མ་ཡིན་པར་འཆི་བ་ནི་མེད་དོ། །འཆི་བའི་ཚེ་ཆེ་གེ་མོ་ཞེས་བྱ་བ། ད་སྟེ་ཞག་བདུན་ན་ཚེའི་དུས་བྱེད་དོ་ཞེས་བྱ་བའི་སྒྲ་ནམ་མཁའ་ལ་གྲགས་པས་སྒྲ་མི་སྙན་ཞེས་པའམ། བྷི་ཤ་ཚེ་ཏའི་སྐད་དུ་སྨྲ་བས་སྒྲ་སྐད་མི་སྙན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ནས་ཤིང་བསྐམས་ཏེ་ཞག་བདུན་ན་འགྱེལ་ནས། མི་དེ་ཡང་སུམ་ཅུ་རྩ་གསུམ་དུ་སྐྱེ་བར་ངེས་པ་ཡིན་ནོ། །དེ་ལྟར་གླིང་གི་བྱེ་བྲག་རྣམ་པ་བཞི་ལས། བདག་ཅག་གི་གླིང་འདིའི་དབྱིབས་སོག་ཀ། མིའི་བྱད་དབྱིབས་ལ་སོགས་པའང་ཕལ་ཆེར་དེ་དང་མཚུངས་ཤིང་ནམ་མཁའ་སྔོ་བར་སྣང་ངོ་། །ཤར་གྱི་གླིང་ནི་ཟླ་བ་བཀས་པ་ལྟར་ཁམ་པ། མིའི་དབྱིབས་ཀྱང་དེ་དང་མཚུངས་ཤིང་ནམ་མཁའ་དཀར་པོར་སྣང་ངོ་། །བྱང་གླིང་གྲུ་བཞི་པ་མིའི་དབྱིབས་ཀྱང་དེ་དང་མཚུངས་ཤིང་ནམ་མཁའ་ཡང་སེར་པོར་སྣང་ངོ་། །ནུབ་ཀྱི་གླིང་ཟླུམ་པོ་ཉི་མའི་དཀྱིལ་འཁོར་དང་འདྲ་ཞིང་མིའི་དབྱིབས་ཀྱང་ཟླུམ་ལ་ནམ་མཁའ་དམར་པོར་སྣང་ངོ་། །དེ་ལྟར་གླིང་བཞི་ལས། ཁྱད་པར་འཛམ་གླིང་སེམས་ཅན་ཆགས་ཚུལ་ནི། །འོད་གསལ་ལྷ་ལས་བསོད་ནམས་ཆུང་ངུ་ཞིག །གླིང་འདིར་འོངས་རྗེས་ཡང་ཅིག་དེ་བཞིན་བྱུང་། །ཟླ་ཞེས་མངོན་བརྗོད་དེ་ནས་མང་ཞིག་མཆེད། །འཛམ་བུའི་གླིང་འདིར་སྔོན་བསྐལ་པ་དང་པོའི་ཚེ་ས་གཞི་གཅིག་ཏུ་གྱུར་པ་ལས། འགྲོ་བ་མེད་པའི་དུས་ན་འོད་གསལ་གྱི་ལྷ་བསོད་ནམས་ཆུང་ངུ་ཞིག་ཐིགས་པ་ལྟར་ཡས་བབས་པའི་འོག་ཏུ་རིང་མོ་ཞིག་ནི། ཡང་ལྷ་ཞིག་བྱུང་བ་ལ་སྔ་མ་དེ་རབ་ཏུ་དགའ་བས་ཟླ་ཞེས་རབ་ཏུ་བོས་པའོ། །དེ་ནས་དེ་ཁོ་ན་ལྟར་མང་ཞིག་མཆེད་དོ། །དེ་དག་ཀྱང་རྩོལ་བ་མེད་པར་བསམས་པ་ཙམ་གྱིས། མཁའ་ལ་འགྲོ་ཞིང་འོད་
བཅས་དགའ་བདེའི་ཟས། །ཚེ་ལོ་དཔག་མེད་ཉོན་མོངས་མངོན་གྱུར་མེད། །དེ་ཚེ་བསྐལ་པ་དང་པོ་ཞེས་བྱའོ། །གཟུགས་ཁམས་ཀྱི་ལྷ་ལྟར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་དབང་པོ་དང་ཡན་ལག་ཚང་བ། མཛེས་ཤིང་ཁ་དོག་གསལ་ལ་འོད་དང་བཅས་པ། ནམ་མཁའ་ལ་འགྲོ་ཞིང་ནམ་མཁའ་ལ་འདུག་པ། བསམ་པ་ཙམ་གྱིས་གང་དུ་འདོད་པར་ཕྱིན་པ། ཟས་སུ་དགའ་བདེ་ལ་སྤྱོད་ཅིང་ཉོན་མོངས་པ་མངོན་དུ་རྒྱུ་བ་མེད་པ། ཚེ་ལོ་དཔག་མེད་ཐུབ་ཅིང་བདེ་བ་འབའ་ཞིག་ལ་སྤྱོད་པ་སྟེ། བསྐལ་པ་དང་པོ་ཞེས་བྱའོ། །དེའི་ཚེ་འཛམ་བུའི་གླིང་ན། གྲོང་མེད་ས་གཞི་ཁོད་སྙོམས་མཛེས་པ་སྟེ། །ཉི་ཟླ་མེད་ཅིང་སྐྱེས་པ་བུད་མེད་མེད། །ཀུན་ཀྱང་རྫུས་སྐྱེས་སེམས་ཅན་ཞེས་བྱར་གྲགས། །ཁྱིམ་དང་། གནས་དང་། གྲོང་དང་། མཁར་མེད་པས་ས་གཞི་ཁོད་མཉམ་དུ་གྱུར་པ། ཉི་ཟླ་གཟའ་སྐར་གྱི་རིམ་པས་ཕྱེ་བའི་དུས་ཚིགས་ལོ་དང་། ཟླ་བ་དང་། ཉིན་མཚན་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ཞེས་རིས་སུ་ཕྱེ་བ་མེད་ལ། དབང་པོའི་སྒོ་མ་དོད་པས་སྐྱེས་པ་དང་བུད་མེད་ཅེས་རིགས་སོ་སོ་བ་མེད་པའི་ཕྱིར། འགྲོ་བ་དེ་དག་ལ་ཕན་ཚུན་སེམས་ཅན་སེམས་ཅན་ཞེས་བྱ་བའི་མིང་སྤྱིར་གནས་པ་བྱུང་ངོ་། །དེའི་ཚེ་ལྷ་དང་ཡོན་ཏན་ཕལ་དུ་མཚུངས་པར་ཡོད་པས། ལྷ་དང་མི་ཞེས་ཕྱེ་བའི་མིང་ཡང་མེད་དོ། །དེ་ནས་མི་ཞེས་བྱ་བར་ཐོགས་པའི་དུས་ནི། དེ་ནས་རིང་མོ་ཞིག་ཏུ་མཁའ་དབྱིངས་ལས། །མི་སྣང་ཞེས་གྲགས་ཚུན་ཆད་མི་ཞེས་གྲགས། །བསྐལ་པ་དང་པོའི་དུས་དེ་ཡུན་རིང་མོ་ཞིག་ཏུ་གྱུར་པའི་འོག་ཏུ། འགྲོ་བ་དེ་དག་ཐམས་ཅད་ཀྱིས་ཐོས་པར་ནམ་མཁའི་དབྱིངས་ནས་མི་སྣང་ངོ་ཞེས་བྱ་བའི་སྒྲ་ཆེན་པོ་ལན་བདུན་དུ་གྲགས་པས། འགྲོ་བ་དེ་དག་གིས་བདག་ཅག་མིའོ་ཞེས་གྲགས་པ་ཡིན་ནོ། །དེ་ལྟར་སྒྲ་དེ་གྲགས་པའི་དུས། དེ་ནས་ཚེ་དང་འོད་བྲི་བསོད་ནམས་ཆུང་། །ཉོན་མོངས་མངོན་གྱུར་མེད་ཀྱང་ལངས་སུ་ཉེ། །འདི་དུས་གླིང་བཞིར་མི་རྣམས་མཆེད་པ་ཡིན། །དེའི་ཚེ་སྔར་བས་
བསྐལ་པ་བཟང་པོ་ཉམས་པའི་དུས་མགོ་བཟུང་བས་བསོད་ནམས་བྲི། འོད་ཀྱང་ཆུང་ཞིང་ཉོན་མོངས་པ་མངོན་གྱུར་མེད་ཀྱང་བག་ལ་ཉལ་ལངས་པས་མངོན་གྱུར་ཀྱང་འབྱུང་དུ་ཉེའོ། །འོན་ཀྱང་ལུས་ཟང་ཐལ་ལ་དབང་པོ་དང་ཡན་ལག་མཛེས་པར་ལྡན། ཕོ་མོའི་དབང་པོའི་སྒོ་མ་དོད་པའོ། །འདིའི་དུས་དང་མཉམ་དུ་གླིང་གཞན་གྱི་མི་ཡང་མཆེད་དོ། །གླིང་འདིའི་ངེས་ཚིག་ནི། འཛམ་བུའི་གླིང་ཞེས་རབ་ཏུ་གྲགས་པ་ཡང་། །རྡོ་རྗེ་གདན་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའི་བྱང་ན་སྤོས་ངད་ལྡན། །དེ་གཉིས་བར་ན་མ་དྲོས་མཚོ་ཆེན་ནི། །གྲུ་བཞི་ཆུ་ཞེང་དཔག་ཚད་ལྔ་བཅུ་པ། །ཡན་ལག་བརྒྱད་ལྡན་ཆུ་ཡིས་གང་བའོ། །འཛམ་བུ་ཏྲི་ཤ་ཞེས་བྱ་བའི་ཤིང་གིས་ཉེ་བར་བརྒྱན་པས་འཛམ་བུ་ཡིན་ལ། གླིང་ཞེས་པ་ནི། མཐའ་ཁོ་ར་ཁོར་ཡུག་རྒྱ་མཚོ་ཆེན་པོའི་ཆུ་བོ་བདལ་བས་ཁྱབ་པའི་དབུས་སམ་བར་ན་སའི་ཕྱོགས་ཅུང་ཟད་ཆུ་ལ་ཞིབ་མ་བཀྲམ་པ་ལྟ་བུར་གནས་པས་དེ་སྐད་ཅེས་བཏགས་ཏེ། མཚོ་དང་ཆུ་སྲོལ་ཁ་ཅིག་གི་དབུས་དང་མཚམས་ན་ཆུས་ཆོད་པའི་སའི་སྒལ་པ་ལ་གླིང་དུ་བཏགས་པ་བཞིན་ནོ། །འཛམ་བུ་པྲིཀྵ་དེ་ཉིད་གང་ན་ཡོད་ན་གླིང་འདིའི་དབུས་ན་མ་ག་ངྷཱ་རྡོ་རྗེ་གདན་ཡོད་ལ། དེའི་བྱང་ན་རི་ནག་པོ་གསུམ་དང་། ཡང་གསུམ་དང་། ཡང་གསུམ་གཞལ་བ་ན་གངས་རིའི་རྒྱལ་པོ་ཏི་སེའོ། །དེའི་བྱང་ན་རི་བོ་སྤོས་ཀྱི་ངད་ལྡང་བ་ཡོད་དོ། །གངས་རིའི་བྱང་། སྤོས་ངད་ལྡན་གྱི་ལྷོ་གཉིས་ཀྱི་བར་ན་མཚོ་ཆེན་པོ་མ་དྲོས་པ་ཡོད་དེ། ཀུན་ནས་གྲུ་བཞི་པ་ཆུ་དང་། ཞེང་དུ་དཔག་ཚད་ལྔ་བཅུའི་ནང་ཆུ་བསིལ་བས་གང་བར་གནས་པས་མ་དྲོས་པ་ཞེས་བྱའོ། །དེའི་ནང་ན་ཀླུའི་རྒྱལ་པོ་མ་དྲོས་པ་གནས་པ། མཚོ་དེ་ཡང་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའོ། །ཡན་ལག་བརྒྱད་ནི། འདུལ་བ་ལུང་ལས། གཙང་དང་འཇམ་དང་དག་པ་དང་། །དྭངས་དང་བསིལ་དང་རྙོག་པ་མེད། །འཐུངས་ན་ལྟོ་ལ་
མི་གནོད་དང་། །མགྲིན་པ་ལ་ཡང་བྱམས་པ་སྟེ། །འདི་དག་ཡན་ལག་བརྒྱད་ལྡན་ཆུ། །ཞེས་པ་ལྟར། འཇུག་ངོགས་དང་རྒྱུན་ལ་དྲི་ང་བ་ལ་སོགས་པ་མི་གཙང་བ་མེད་པས་ཡིད་དུ་འཐད་པའི་ཕྱིར་གཙང་བ་དང་། བསིལ་དྲོད་སྙོམས་ཤིང་སྤྱད་པ་དག་གིས་ཁམས་བཟང་བར་བྱེད་པས་འཇམ་པ་དང་། སྲོག་ཆགས་ཕྲ་མོ་དང་རགས་པ་ཆུ་བཙོག་པར་བྱེད་པ་མེད་པས་དག་པ་དང་། ཁ་གཏིང་མེད་པར་རབ་ཏུ་གསལ་བས་དྭངས་པ་དང་། ཚ་བའི་རེག་པ་དང་གདུང་བ་སེལ་བས་བསིལ་བ་དང་། དྲི་མས་རྙོག་པ་ལྟ་བུ་མེད་པས་རྙོག་པ་མེད་པ་དང་། འཐུངས་པའི་ཚེ་ཞིམ་ལ་མགྲིན་པར་འབད་རྩོལ་མེད་པར་ཁོང་དུ་འཇུག་པས་བདེ་བ་དང་། ཁོང་བར་སོང་ན་ཕོ་བ་སྦོས་པ་ལ་སོགས་པ། ཆུ་སྔ་མ་དང་འཐབས་པའི་ནད་མི་སྐྱེད་པར་རྟག་ཏུ་བདེ་བ་སྐྱེད་པས་ལྟོ་བ་ལ་མི་གནོད་པ། བརྒྱད་ནི་མིའི་ཆུ་ཡན་ལག་བརྒྱད་ལྡན་ནོ། །ལྷའི་ཆུ་ཡན་ལག་བརྒྱད་ལྡན་ནི། དེ་ཉིད་ལས། དྭངས་དང་བསིལ་དང་ཡང་དང་ཞིམ། །འཇམ་དང་དྲོ་དང་གསལ་དང་བདེ། །འདི་དག་དྲི་མེད་ལྷ་ཡི་ཆུ། །ཡིད་འོང་ཡན་ལག་བརྒྱད་དུ་འདོད། །ཅེས་པས་ཁ་གཏིང་མེད་པར་གསལ་ལ་རྙོག་པ་མེད་པས་དྭངས་པ་དང་། ཚ་བའི་གདུང་བ་སེལ་བས་བསིལ་བ་དང་། མིའི་ཆུ་ལས་བརྒྱད་འགྱུར་གྱིས་ལྗིད་ཡང་བ་དང་། རོ་མངར་བ་སྦྲང་རྩི་ལྟར་བྲོ་བས་ཞིམ་པ་དང་། རེག་ན་འཇམ་པ་དང་། གྲང་བའི་ཚེ་དྲོ་བའི་རྣམ་པར་འགྱུར་བ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའི་ཁ་དོག་གསལ་བ་ཚོན་གྱིས་བསྒྱུར་བ་ལྟར་སོ་སོ་ན་གསལ་བ་དང་། ཁོང་དུ་སོང་བ་ན་བདེ་བ་མཆོག་ཏུ་འཕགས་པ་སྐྱེད་པའོ། །གནས་དེར་རྫུ་འཕྲུལ་དང་མི་ལྡན་པ་རྣམས་ཀྱིས་བགྲོད་པར་དཀའ་བ་ཡོད་དོ། །མཚོ་དེ་པདྨའི་སྡོང་པོ་ཡལ་ག་གཤོལ་མདའ་ཙམ་དང་། འདབ་མ་བ་ལང་གི་ཀོ་བ་ཙམ་དུ་རྒྱས་པ་ཁ་བྱེ་བས་ཁེབས་པ་ལ། ཆུ་བྱ་སྣ་ཚོགས་པ་རྩེ་ཞིང་སྐད་རབ་ཏུ་སྙན་པ་སྒྲོག་པའོ། །གངས་རི་དེའི་འདབ་ན། གསེར་གྱི་བྲག་བྱ་སྐྱིབས་
ཅན་ལ་དགྲ་བཅོམ་པ་ལྔ་བརྒྱའི་ཕུག་པ་ཡོད་པ། རྫིང་གཡོག་ལྔ་བརྒྱའི་འཁོར་གྱིས་བསྐོར་བ་སྟེ། དེར་ལྷའི་དབང་པོའི་གླང་པོ་ཆེ་རབ་ཏུ་བརྟན་པ། གླང་གཡོག་ལྔ་བརྒྱ་དང་བཅས་པ་ལྷའི་གཟུགས་སུ་འདུག་ནས་ལོངས་སྤྱོད་པ་དག་ཡོད་དོ། །མཚོ་ཆེན་པོ་མ་དྲོས་པའི། ཕྱོགས་བཞིའི་ཁ་འབབ་བཞི་ལས་འབབ་པའི་ཆུ། །གངྒཱ་སིནྡྷུ་པཀྵུ་སི་ཏ་རྣམས། །མ་དྲོས་མཚོ་ལ་ལན་བདུན་གཡས་བསྐོར་ནས། །ཆུ་བྲན་ལྔ་བརྒྱའི་འཁོར་དང་ལྷན་ཅིག་ཏུ། །ཕྱོགས་བཞིའི་རྒྱ་མཚོར་ངང་གིས་འབབ་པ་ཡིན། །མཚོ་འགྲམ་ན་བྲག་གི་གཟུགས་ཐ་དད་པ་ཡོད་པའི་ཁ་ནས་འབབ་པ་ལས། ཤར་ཕྱོགས་གླང་པོ་ཆེའི་ཁ་ནས་གངྒཱ་འབབ་པ་ནི་མ་དྲོས་པ་ལན་བདུན་བསྐོར་ནས། ཆུ་བྲན་ལྔ་བརྒྱ་དང་བཅས་ཏེ་ཤར་གྱི་རྒྱ་མཚོར་འབབ་བོ། །ལྷོ་ཕྱོགས་ཁྱུ་མཆོག་གི་ཁ་ནས་སིནྡྷུ་ཡང་དེ་བཞིན་དུ་ལྷོའི་རྒྱ་མཚོར་འབབ་བོ། །ནུབ་ཕྱོགས་རྟ་མཆོག་གི་ཁ་ནས་པཀྵུ་སྔར་བཞིན་ནུབ་ཀྱི་རྒྱ་མཚོར་འབབ་བོ། །བྱང་ཕྱོགས་སེང་གེའི་ཁ་ནས་སི་ཏ་སྔར་བཞིན་བྱང་གི་རྒྱ་མཚོར་འབབ་བོ། །གཞུང་ཁ་ཅིག་ལས། ཤར་ཕྱོགས་རྟ་མཆོག་གི་ཁ་ནས་ཆུ་བོ་ཆེན་པོ་ལོ་ཧི་ཏ་དངུལ་གྱི་བྱེ་མ་འདྲེན་ཞིང་མཚོ་མ་དྲོས་པ་ལ་ལན་བདུན་བསྐོར་ནས་ཤར་གྱི་རྒྱ་མཚོར་འབབ་བོ། །ལྷོ་ཕྱོགས་གླང་པོའི་ཁ་ནས་གངྒཱ་གསེར་གྱི་བྱེ་མ་འདྲེན་ཞིང་སྔ་མ་ལྟར་འབབ་བོ། །ནུབ་ཕྱོགས་རྨ་བྱའི་ཁ་ནས་སིནྡྷུ་རིན་པོ་ཆེ་སྣ་ཚོགས་ཀྱི་བྱེ་མ་འདྲེན་ཞིང་སྔར་བཞིན་འབབ་བོ། །བྱང་ཕྱོགས་སེང་གེའི་ཁ་ནས་པཀྵུ་རྡོ་རྗེའི་བྱེ་མ་འདྲེན་ཞིང་སྔ་མ་ལྟར་འབབ་བོ་ཞེས་འདོད་པའང་ཡོད་དོ། །འདི་གཉིས་ཀ་ལུང་ནས་བཤད་པས་གང་ལྟར་ཡང་འགལ་བ་མེད་དོ། །བསྐོར་ཕྱོགས་སུ་འབབ་པའི་དོན་མཚོ་མ་དྲོས་པ་ནས་ཕྱོགས་བཞིར་རྒྱང་རིང་ཞིག་བབ་པ་དེ་ནས་མཚོ་དེའི་གཡས་སུ་ཕྱོགས་པར་འཁྱོག་རེ་བྱུང་བ་དེ་ལྟ་བུ་ཤར་གྱི་ཕྱོགས་ལ་སོགས་པ་སོ་སོའི་རྒྱ་མཚོར་མ་སླེབས་ཀྱི་བར་ལ། ལན་བདུན་བདུན་བྱུང་བ་ལ་སྙན་ངག་ཏུ་བརྗོད་ཅིང་། ཆུ་
བྲན་ལྔ་བརྒྱས་བསྐོར་བ་ཡང་ལུང་པ་ཐ་དད་པ་ཆེ་བ་ལྔ་བརྒྱའི་ཆུ་རེ་དེར་བབས་ནས་འདྲེས་ནས་འགྲོ་བ་ལ་འདོད་དེ། ཆུ་བྲན་བབས་པས་ཆེར་སོང་བར་ཡང་མི་མངོན་པ་ཡིན་ནོ། །རྒྱ་མཚོའི་དབྱིངས་དེ་གཅིག་ཡིན་ཡང་འཛམ་བུའི་གླིང་ལ་ཕྱོགས་ཐ་དད་པ་བཞི་ཡོད་པས་དེ་དང་དེའི་ཆུ་འབབ་པ་ལ་ལྟོས་ནས། ཤར་དང་། ལྷོ་དང་། ནུབ་དང་། བྱང་གི་རྒྱ་མཚོ་ཞེས་བཏགས་པ་ཡིན་ནོ། །མ་དྲོས་པའི། མཚོ་འགྲམ་འཛམ་བུ་པྲིཀྵའི་སྡོང་པོ་ལས། །ཤིང་ཐོག་མཚོར་ལྷུང་གསེར་དུ་གྱུར་པ་ནི། །ལན་གྲངས་བཅུ་དྲུག་བཞུས་པའི་གསེར་དང་མཚུངས། །འཛམ་བུའི་ཤིང་གིས་བརྒྱན་ཕྱིར་དེ་སྐད་གྲགས། །མཚོ་དེའི་འགྲམ་གཡས་རོལ་ན་ཤིང་འཛམ་བུ་ཏྲི་ཤའི་སྡོང་པོ་གནམ་འཕངས་དང་རྒྱར་ཡངས་པ་ལ། འབྲས་བུ་རོ་མངར་དང་ལྡན་པ་སྨིན་པ་མཚོ་དེར་ལྷུང་བ་ན་ཆུའི་རྐྱེན་དང་ཤིང་ཐོག་འཛོམས་པ་ལས་འཛམ་བུ་ཆུ་བོའི་གསེར་དུ་འགྱུར་ཏེ། གསེར་གཞན་ལན་བཅུ་དྲུག་ཏུ་བཞུ་བཏུལ་བྱས་པའི་ཞུན་མར་གྱུར་པ་ལྟ་བུའི་བརྗིད་དང་། ཁ་དོག་དང་འོད་ཡོད་པ་ལྟ་བུའོ། །མཚོ་དེའི་བྱང་ཕྱོགས་ན་ཤིང་ཤལ་མ་ལི་རྩེ་མོ་ཤིན་ཏུ་མཐོ་བ་ལ་ནམ་མཁའ་ལྡིང་རྣམ་པ་བཞིའི་ཚང་ཡོད་དོ། །དེ་ལྟར་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པ་འཛམ་བུའི་གླིང་འདི་ཉིད་དུ། བསྐལ་པ་དང་པོའི་ཚེ་ལོ་དཔག་ཏུ་མེད་པ་ནས། མི་ཞེས་བྱ་བར་གྲགས་པའི་བར་དུ་དགའ་བདེ་ལ་སྤྱོད་སྤྱོད་པ་ལས་དུས་རིང་ཞིག་སོང་སྟེ། ཚེ་དང་བསོད་ནམས་ཀྱང་བགས་ཀྱིས་རིམ་པས་བྲི་སྟེ། སྔར་གྱི་ཡོན་ཏན་ལྟ་བུ་མེད་པ། དེ་ནས་མི་རྣམས་དགའ་བདེས་གཡེང་གྱུར་པ། །ཚེ་ལོ་བྱེ་བ་དག་ན་སྒོང་སྐྱེས་ཏེ། །ཀུན་ཀྱང་འོད་ལྔའི་སྒོ་ང་ལས་སྐྱེས་ཤིང་། །འོད་ནི་འདོམ་བདུན་རླུང་གིས་མཁའ་ལ་འགྲོ། །སྔོན་གྱི་བསོད་ནམས་ཀྱི་འབྲས་བུ་དགའ་བདེས་གཡེངས་པའི་དབང་གིས་གསར་དུ་སོགས་པ་ནི་མེད་པས་བགས་ཀྱིས་ཟད་དེ། ཚེ་ལོ་བྱེ་བ་རེ་ཐུབ་པ་ན་མི་རྣམས་འབྱུང་བ་བཞིའི་རྡུལ་ཕྲན་དངས་བ་འོད་ཀྱི་རང་བཞིན་
དུ་འདུས་པའི་སྒོ་ང་ལས་སྐྱེས་པ་ཤ་སྟག་གོ །དེ་ཡང་ས་ལ་སོགས་པ་འབྱུང་བ་རེ་རེ་ཤས་ཆེ་གཞན་རྣམས་ཆུང་བས་གྲུབ་པ་དེ་དག་ལུས་བོངས་དང་ཁ་དོག་ཅི་རིགས་སུ་བྱུང་ལ། ཆ་མཉམ་པ་ལས་མཛེས་ཤིང་བལྟ་ན་སྡུག་པའོ། །འོད་ནི་འདོམ་བདུན་ཚུན་ཆད་གསལ་ཞིང་། གང་དུ་བསམས་པར་ལས་ཀྱི་རླུང་གིས་ནམ་མཁའ་ལ་འགྲོ་བ་དང་། ཟས་སུ་འབྱུང་བའི་དྭངས་མ་དག་ཟ། གོས་མེད་པས་གཅེར་བུ་ཚ་གྲང་གི་སྡུག་བསྔལ་མེད་པ། གོས་མེད་པའི་སྟོབས་ཀྱིས་ལུས་ལ་དྲེག་པ་ཆགས་པ་འཁྲུ་བའི་ཁྲུས་ཀྱི་རྫིང་བུ། དལ་ཞིང་འཇམ་ལ་རེག་ན་བདེ་བར་ཁྲུས་དང་གཙང་སྦྲ་སྤྱོད་ཅིང་། རང་བཞིན་གྱིས་དགེ་བ་བཅུ་ལ་གནས་པའོ། །དེ་ཡང་སྔོན་གྱི་ལས་ཀྱིས་ཚེ་ཡང་བགས་ཀྱིས་བྲི། ལུས་ཀྱི་འོད་ཀྱང་ཆུང་དུ་སོང་བ་ན། དེ་ནས་ཚེ་ལོ་ས་ཡ་དྲུག་འབུམ་ན། །འོད་བྲི་མདའ་གང་དྲོད་གཤེར་སྐྱེ་བ་སྟེ། །འདོད་འཇོའི་བ་དང་ཅང་ཤེས་རྟ་མཆོག་བྱུང་། །འདིའི་དུས་ན་འབྱུང་བ་ཚ་བས་དྲོད་བྱས། གྲང་བས་གཤེར་བྱས་པས་དྲོད་གཤེར་ལས་སྐྱེ་བའོ། །འདི་ནས་ཚེ་ལོ་འབུམ་ལ་ཐུག་པར་འདོད་འཇོའི་བ་ལས་ནམ་འདོད་པ་ན་བདུད་རྩི་ལྟ་བུའི་ཞོ་འབྱུང་བས་ལུས་གསོ་བའི་རྐྱེན་བྱེད་པ་དང་། འགྲོ་བར་འདོད་པ་ན་ཅང་ཤེས་ཀྱི་རྟ་རང་ཉིད་གང་འདོད་དུ་ཕྱིན་པར་བྱེད་པ་ལ་སོགས་པའི་འདོད་ཡོན་རེ་མི་རེ་སྐྱེས་པ་དང་མཉམ་དུ་འབྱུང་ངོ་། །དེ་ཡང་ལ་ལ་ས་དང་། ཆུའི་མཚམས་དང་། ཤིང་གི་ལྗོན་པ་ལས་སྐྱེ་བ་ཡིན་ནོ། །དེ་ནས་མི་རྣམས་འདོད་པས་གཡེང་གྱུར་ནས། །ཚེ་དཔལ་འབྱོར་པའང་རིམ་གྱིས་བྲི་བར་འགྱུར། །སླར་ཡང་དཔག་བསམ་ཤིང་ལས་འདོད་འབྱུང་སྟེ། །འབྲས་བུ་ཟ་ཞིང་ཤིང་ལོ་གོས་སུ་གྱོན། །ཕན་ཚུན་མཐོང་དང་རེག་ན་བདེ་བ་འབྱུང་། །ཚེ་ལོ་དགུ་ཁྲི་ཐུབ་པ་ན་སྔར་བས་འབྱོར་པ་དང་བསོད་ནམས་བྲི་བས། མི་རེ་སྐྱེ་བ་དང་ཤིང་རེ་སྐྱེའོ། །ཤིང་དེའི་འབྲས་བུ་དྲི་དང་རོ་ཕུན་སུམ་ཚོགས་པ་ཟས་སུ་ཟ་ཞིང་། ལོ་མ་གོས་སུ་གྱོན་པའོ། །ཕོ་མོའི་མཚན་མ་ནི་མ་དོད་ལ། ཕན་ཚུན་མཐོང་ན་དགའ་བས་བལྟ་བའི་
འདོད་ཆགས་ཙམ་གཏི་མུག་བག་ལ་ཉལ་ལངས་པ་ལས་བྱུང་ངོ་། །འདོད་ཆགས་བག་ལ་ཉལ་དངོས་སུ་ལངས་སུ་ཉེ་བའི་དུས་སོ། །དེ་ནས་ཕོ་མོའི་དབང་པོ་སྲོལ་དོད་ཅིང་། །ཕན་ཚུན་བལྟས་ཤིང་རེག་པའི་འདོད་ཆགས་བྱུང་། །ཤིང་བཅད་པ་ལས་འདོད་འབྱུང་ལྗོན་ཤིང་ནུབ། །རིང་ཞིག་ན་སྔར་ལས་ལོ་བརྒྱ་ལྔ་བཅུ་ཞིག་འདས་ཏེ། ཕན་ཚུན་མཐོང་བས་དགའ་བ་སྐྱེས་ཏེ། རྩེ་སར་འདུ་བ་དང་གནས་པ་བྱུང་ངོ་། །དེ་ནས་ལོ་བརྒྱ་ལྔ་བཅུ་ན་སྔོན་བས་བདེ་བ་སྐྱེས་ཏེ། སེམས་པ་དང་། རྟོག་པ་དང་། བགྲང་བ་ལ་སོགས་པའི་རྣམ་རྟོག་བྱུང་ངོ་། །འདི་དག་གི་དུས་ན་ང་རྒྱལ་དང་། ཕྲག་དོག་བག་ལ་ཉལ་ལངས་ཤིང་། ཞེ་སྡང་བག་ལ་ཉལ་གྱི་མཐུས། ཤིང་དེ་དག་བཅད་པས་ནུབ་པར་གྱུར་སྟེ། ཕོ་མོའི་དབང་པོའི་སྲོལ་དོད་པ་སྟེ་འབུར་འབུར་པོ་དང་། ཤོང་བུ་ཙམ་ཞིག་ལས་དངོས་སུ་ནི་མེད་དོ། །དེ་ནས་ཚེ་དང་བསོད་ནམས་བྲི་བ་ཡིས། །སྦྲང་རྩིའི་རོ་འདྲ་ས་ཡི་བཅུད་ཟ་ཞིང་། །ཕན་ཚུན་བགད་པས་ཚིམ་པའི་འདོད་ཆགས་བྱུང་། །དེའི་འོག་ཏུ་ལོ་ལྔ་བརྒྱ་འདས་པ་ལས་ཚེ་དང་བསོད་ནམས་ཀྱང་བགས་ཀྱིས་བྲི་སྟེ། སྔོན་བསྐལ་པའི་ས་ཆགས་པའི་རྗེས་སུ་ཆུའི་རྒྱུན་བབས་པས་རོལ་མཚོ་དང་གླིང་ཐམས་ཅད་གང་ནས། དེ་དག་སྟེང་དུ་འོ་མའི་སྤྲིས་བཞིན་ཆགས་པ་ནི་སའི་བཅུད་ཅེས་ཏེ། མར་གསར་གྱི་ཁ་དོག་ལྟ་བུ་ལ་སྦྲང་རྩིའི་རོ་བཅུད་འདྲ་བ་ཡོད་པ་དེ་ལ་མཛུབ་མོས་བླངས་ཏེ་མྱངས་པས་སྲེད་པར་གྱུར་ནས་ཟས་སུ་ཟ་ཞིང་། ཤིང་ལས་རས་བལ་འཇམ་པོ་བྱུང་བ་དག་གོས་སུ་གྱོན་ཏོ། །དེའི་ཚེ་གཅིག་ལ་གཅིག་བགད་པས་ཚིམ་པའི་འདོད་ཆགས་ཀྱང་བྱུང་སྟེ་འགྲོ་བ་ཡང་མང་དུ་མཆེད་དོ། །དེ་ནས་ཁ་ཟས་རགས་པའི་རྒྱུས། འོད་ཉམས་གཏི་མུག་དབང་གིས་མུན་པ་བྱུང་། །སྤྱི་མཐུན་ལས་ཀྱིས་ཉི་ཟླ་གཟའ་སྐར་བྱུང་། །ཉིན་མཚན་ལ་སོགས་དུས་ཚིགས་ཡོད་པར་གྱུར། །ཁམས་ཀྱི་ཟས་དེས་ལུས་མཁྲང་བ་དང་ལྕི་བར་གྱུར་ཏེ། ཉོན་མོངས་པ་སྐྱེས་པའི་དབང་གིས་འོད་ཉམས་ཏེ་
འཇིག་རྟེན་འདིར་མུན་པ་བྱུང་ངོ་། །གཏི་མུག་བག་ལ་ཉལ་དངོས་སུ་ལངས་པའི་དུས་སོ། །འདི་ལྟར་འཇིག་རྟེན་དུ་མུན་པ་བྱུང་བ་དང་། ཉི་ཟླ་འཆར་བ་ཆོས་ཉིད་ཡིན་པས་འགྲོ་བ་ཀུན་སྤྱི་མཐུན་པའི་བསོད་ནམས་ལས་ནམ་མཁའ་ལ་ཉི་མའི་དཀྱིལ་འཁོར་ཤར་བས། འདི་ནི་ལྷའི་འོད་ཡིན་ནོ་སྙམ་དུ་སེམས་ནས་མིང་ཉིན་པར་ཞེས་ཟེར་ཏེ་ཉི་མར་བཏགས་སོ། །དེ་ནུབ་པ་དང་མཚན་མོ་ཞེས་མིང་བཏགས་སོ། །དེ་ནས་ཟླ་བ་ཤར་བས་འདི་ཡང་དེའི་ཟླ་བོར་འདུག་ཟེར་ནས་ཟླ་བར་བཏགས་སོ། །ཟླ་བ་ཤར་བ་ན་བསིལ་དྲགས་པས་གྲང་བར་གྱུར་ཏེ། ཧ་ཅང་བསིལ་དྲགས་སོ་ཞེས་མཐུན་པར་སྨྲས་པས་འགྲིབ་པར་གྱུར་ཏོ། །ཡང་སྣང་བར་ཤོག་ཅེས་སྨྲས་པས་སྐྱེ་བར་གྱུར་ཏེ། སྟོད་སྨད་ཀྱི་ཚེས་ལ་སྐྱེ་འབྲིར་གྱུར་ཏོ། །སློབ་དཔོན་ཁ་ཅིག་ནི་ཁ་ཆགས་ཀྱི་གྲིབ་མའི་སྐྱེ་འབྲིས་དེ་ལྟར་འདོད་ལ། ཁ་ཅིག་ངོས་ཀྱི་བླ་འོག་འགྱུར་བས་དེ་ལྟར་འདོད་པ་གཉིས་མི་འགལ་ཏེ། རྒྱུ་དང་པོའི་འགྲོ་བ་རྣམས་ཀྱིས་དེ་སྐད་མཐུན་པར་བསྒྲགས་པའི་སྨོན་ལམ་དང་། རྐྱེན་ཁ་ཆགས་ཀྱི་གྲིབ་མ་ལ་སོགས་པ་མཚུངས་པའི་ཕྱིར་རོ། །དེ་ཡང་ཉི་མ་དང་ཉེ་བས་རང་གི་ཁ་ཆགས་ཀྱི་གྲིབ་མས་འགྲིབ་པ་གང་ཡིན་པའི་ངོས་ཀྱི་ཟླ་བ་འཕེལ་བར་སྣང་སྟེ། མཛོད་ལས། ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང་། །ཞེས་པའོ། །ཡང་ན་ངོས་གཅིག་ཆུ་ཤེལ། གཅིག་བཻཌཱུཪྱ་ཡིན་པས་འཕེལ་དུས་ཆུ་ཤེལ་ཐུར་ལ་ཇེ་གསལ་དུ་གྱུར་སྟོབས་ཀྱིས། བཻཌཱུཪྱ་ཇེ་འབྲིར་གྱུར་ཏེ། བཅོ་ལྔ་ན་རྫོགས་པར་བླ་འོག་ལོག་ལ། བཅུ་དྲུག་ནས་འགྲིབ་དུས་བཻཌཱུཪྱ་ཐུར་ལ་ཇེ་ཆེར་གྱུར་པ་སྟོང་ལ་བཻཌཱུཪྱ་རིལ་འོག་ཏུ་སྣང་སྟེ། ནམ་མཁའ་དང་མདོག་འདྲེས་པས་མི་སྣང་བ་ཡིན་ནོ། །དེ་ལྟར་གཉིས་ཀ་ལུང་ལས་བཤད་དོ། །ཉི་ཟླ་ཤར་དུས་གཟའ་དང་སྐར་མ་ཡང་དེའི་འཁོར་དུ་ཤར་ཏེ། སྐད་ཅིག་དང་། སྔ་དྲོ་དང་། ཕྱི་དྲོ་དང་། ཉིན་མོ་དང་། མཚན་མོ་དང་། ཞག་དང་། ཟླ་བ་དང་། ལོ་ལ་སོགས་པའི་དུས་
རྣམས་བྱུང་བའོ། །དེ་ནས་རིམ་བཞིན་ས་ཡི་ཞག་དང་ནི། །མྱུ་གུའི་ཚལ་དང་ཕུབ་མ་མེད་འབྲས་བྱུང་། །དེ་ན་ཟས་མང་དུ་ཟ་བ་དག་ཁ་དོག་ངན་ལ། ཉུང་ངུ་ཟ་བ་དག་བཟང་བས་ཁ་དོག་སྣ་ཚོགས་པ་ཡོད་པར་གྱུར་ཏེ། ངན་པ་ལ་འཕྱས་ཤིང་སྨད། བཟང་པོ་ལ་བསྟོད་ཅིང་ང་རྒྱལ་བས་ཕྲག་དོག་པར་གྱུར་ཏོ། །ང་རྒྱལ་དང་། ཕྲག་དོག་མངོན་གྱུར་སྐྱེས་པས་སྔར་གྱི་སའི་བཅུད་ནུབ་པར་གྱུར་ནས། སེམས་ཅན་དེ་དག་འདུས་ཏེ་ཀྱེ་མ་ཀྱི་ཧུད་སའི་བཅུད་ཟེར་ཞིང་མྱ་ངན་བྱེད་དོ། །དེའི་འོག་ཏུ་སའི་ཞག་ཁ་དོག་དོང་ཀའི་མེ་ཏོག་ལྟར་དམར་བ་ལ་རོ་སྦྲང་རྩི་མ་བཀོལ་བ་ལྟ་བུ་བྱུང་བ་ལ་ཡུན་རིང་དུ་སྤྱོད་དོ། །དེ་ཡང་མངོན་པའི་ང་རྒྱལ་སྐྱེས་པས་ནུབ་པ་ན་ཡང་སྔར་བཞིན་མྱ་ངན་བྱེད་དོ། །དེའི་འོག་ཏུ་མྱུ་གུའི་ཚལ་ཁ་ཏོག་ཀ་ཏཾ་པུ་ཀའི་མེ་ཏོག་ལྟར་སེར་བ་ལ་ཡུན་རིང་དུ་ཟ་ཞིང་འདུག །དེ་ནི་ནང་བརྔས་ན་ནང་སྐྱེ། ནུབ་བརྔས་ན་ནུབ་སྐྱེ་བས་བརྔས་པ་མི་མངོན་པ་ཡོད་པ་ལས། སྔར་བཞིན་ནུབ་ནས་མྱ་ངན་བྱེད་དོ། །དེའི་འོག་ཏུ་མ་རྨོས་མ་བཏབ་པར་རང་སྐྱེས་པའི་འབྲས་སཱ་ལུ་ཕུབ་མ་མེད་ཅིང་གཙང་བ་ནང་བརྔས་ན་ནུབ་སྐྱེ་ལ། ནུབ་བརྔས་ན་ནང་སྐྱེ་བ་ལ་ཡུན་རིང་དུ་སྤྱོད་དོ། །དེ་ལྟར། རགས་པའི་ཟས་དེས་བཤང་གཅིའི་ལམ་དང་ནི། །ཕོ་མོའི་དབང་པོའང་ལེགས་པར་དོད་གྱུར་པས། །འཁྱུད་དང་དབང་པོ་སྦྱར་བའི་འདོད་ཆགས་བྱུང་། །ངོ་ཚའི་དབང་གིས་འཇག་ཁྱིམ་བྱུང་བ་སྟེ། །དེ་དག་ཡན་ཆད་བསྐལ་པ་རྫོགས་ལྡན་ནོ། །ཟས་རགས་པ་དེས་ལུས་སྟོབས་དང་ལྡན་ཞིང་བཤང་གཅིའི་ལམ་དང་། ཕོ་མོའི་དབང་པོའི་སྒོ་དངོས་སུ་གསལ་བར་དོད་དོ། །དེ་དག་སྦ་བའི་དོན་དུ་རས་བལ་ཐགས་སུ་བྱས་པའི་སྨད་དཀྲིས་དང་གོས་སུ་བྱེད་དོ། །དེའི་ཚེ་གཅིག་ལ་གཅིག་ཆགས་པས་འཁྱུད་པའི་འདོད་ཆགས་བྱུང་སྟེ། དབང་པོའི་སྒོ་གཉིས་སྦྱར་ནས་འཁྲིག་པར་སྤྱད་པས་སེམས་ཅན་དང་ལྡན་པར་གྱུར་ཏེ་མངལ་ནས་སྐྱེ་བར་གྱུར་ཏོ། །དེ་ལྟར་འཁྲིག་པ་སྤྱོད་པ་ན། གཞན་དག་གིས་མི་རིགས་པའི་སེམས་སྐྱེས་ཏེ་ས་རྡོས་འཕངས་པ་
དང་། ངན་དུ་སྨྲ་བས་ངོ་ཚ་བའི་སེམས་སྐྱེས་ཏེ། ཤིང་དང་རྡོ་ལ་སོགས་པས་ལོགས་སྐྱོར་ཏེ་ཁང་བུ་བྱས་པས་ངོ་ཚ་བའི་ཁྱིམ་ཞེས་མིང་དུ་གྲགས་སོ། །དེའི་ཚེ་ནམ་མཁའ་ལས་བདུད་རྩིའི་ཆར་བབས་པས་གཤེར་བ་སྐྱོབ་པའི་ཕྱིར་སྟེང་ནས་འཇག་མས་བཀབ་པས་ཁྱིམ་ལ་སྔ་བ་འཇག་ཁྱིམ་སྤྱིལ་པོ་བྱུང་ངོ་། །དེ་ནས་འབྲས་སཱ་ལུའི་ཞིང་ནས་ཇི་ཙམ་དགོས་པ་ན་བརྔ་བ་ལས། ལེ་ལོ་ཅན་གཅིག་གིས་སང་གི་སྐལ་བ་ཡང་དོ་ནུབ་ལེན་པའི་གསོག་འཇོག་བྱས་པས་དེ་ལ་ཐམས་ཅད་ཀྱིས་འགྲན་ནས་དེ་ལྟར་བྱས་སོ། །དེ་ཡན་ཆད་ནི་སྔོན་བསྐལ་པ་དང་པོ་སྟེ། དགེ་བ་བཅུ་ལ་ངང་གིས་རྫོགས་པར་སྤྱད་པས་རྫོགས་ལྡན་གྱི་དུས་སོ། །དེ་ནས་རིང་ཞིག་ལོན་པ་དང་མི་དག་གིས། དེ་ནས་ལེ་ལོས་གསོག་འཇོག་བྱས་པ་ཡིས། །འབྲས་ལ་ཕུབ་ཤུན་བརྔས་པའང་མངོན་པར་གྱུར། །སོ་སོར་བགོས་པས་ཕན་ཚུན་བརྐུ་བ་བྱུང་། །གསོག་འཇོག་གི་ཉེས་པས་འབྲས་སཱ་ལུ་དེ་དག་ལ་ཕུབ་མ་བྱུང་ཞིང་། བརྔས་སོ་ཅོག་ཀྱང་མངོན་པར་གྱུར་ནས་སཱ་ལུ་རྣམས་ཕུང་པོར་བྱས་ཏེ། དེ་དག་གིས་འདུས་ནས་སྨྲས་པ། ཀྱེ་མ་བདག་ཅག་གིས་ཐོག་མར་བྱུང་བའི་སའི་དྭངས་མ་དང་། འདོད་འཇོའི་བ་དང་། དཔག་བསམ་གྱི་ཤིང་དང་། སའི་ཞག་དང་། མྱུ་གུའི་ཚལ་དང་། མ་རྨོས་པའི་ལོ་ཏོག་རྣམས་ཀྱང་གསོག་འཇོག་དང་། རིས་སུ་བྱས་པའི་དབང་གིས་ནུབ་པས་འདི་ནི་ཕུང་པོར་གཞག་གོ་ཞེས་སྨྲེ་སྔགས་འདོན་ཏོ། །ཕུང་པོའི་དོན་ནི་མ་བགོས་པར་སྤྱི་ནོར་དུ་བྱའོ་ཞེས་འདོད་དོ། །དེའི་ཚེ་མི་རང་བཞིན་ངན་པ་ཅིག་གིས་འབྲས་ཀྱི་ཞིང་ལ་འདི་ང་དབང་ངོ་ཞེས་རིས་སུ་བཅད་པས། དེ་ལ་ཕྲག་དོག་གིས་འགྲན་ནས་ཀུན་གྱིས་བགོས་ཏེ་མུ་བྲེས་པས་ང་རྒྱལ། ང་འཕམ་ཞེས་ང་རྒྱལ་དང་ཕྲག་དོག་བྱུང་ངོ་། །དེ་ནས་བསོད་ནམས་ཆུང་བའི་ཞིང་ལ་འབྲས་ངན་པ་ལས་མ་སྐྱེས། ཆེ་བ་ལ་བཟང་དུ་སྐྱེས་པ་ན་ངན་པའི་ཞིང་གིས་མ་སོས་པས་བཟང་པོ་ལ་རྐུ་བ་དང་སློང་བ་བྱུང་ངོ་། །དེ་ནས་འཛམ་བུའི་གླིང་འདིར་མི་རིགས་
བཞིར་གྱུར་པ་ཡང་། དེ་ཚེ་རང་བཞིན་བཟང་པོའི་སྐྱེས་བུ་ཞིག །ཀུན་གྱིས་བཀུར་བས་རྒྱལ་པོ་ཞེས་བྱ་སྟེ། །མང་པོས་བཀུར་བའི་རྒྱལ་པོ་ཐོག་མར་བྱུང་། །དེ་ནས་འབྲས་ཀྱི་ཞིང་བཟང་ངན་ཀུན་ལ་རྐུ་བ་མི་རིགས་པས་ཆད་པ་བཅད་པ་དང་། སཱ་ལུ་ཕྱིར་འདྲེན་པ་དང་། ནང་དུ་འགུགས་པ་ལ་སོགས་པ་ངན་པར་སྐྱེས་པ་དག་གིས་བྱ་ལ། བཟང་དུ་སྐྱེས་པ་དག་དལ་བར་འཁོད་པར་རིགས་པས་བདག་ཅག་རྣམས་འདུས་ལ། གཅིག་དཔོན་དུ་བསྐོ་བར་བྱའོ་ཞེས་བགྲོས་ཏེ། དེ་དག་གི་ནང་ནས་མི་རིགས་དང་ངང་ཚུལ་བཟང་ལ་གཟུགས་མཆོག་ཏུ་གྱུར་པ་ཞིག་རྒྱལ་པོར་བསྐོས་པས་མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱ་བ་བྱུང་ངོ་། །དེ་ལྟ་བུའི་རིགས་དང་གཞན་དག་འདུས་ནས་བཀུར་བའི་མཆོག་ལ་རྒྱལ་པོ་ཞེས་བྱ་བའི་རིགས་བྱུང་ངོ་། །ལུང་ཁ་ཅིག་ལས། འབྲས་ཀྱི་ཞིང་ཟད་དུ་ཉེ་བ་ལས། སོ་སོར་བགོས་པ་ན་མི་རང་བཞིན་བཟང་བ་ཅིག་གིས་བགོས་མཁན་བྱས་པས། ཁོ་རང་གི་སྐལ་བ་ཆད་པ་ལ་ཐམས་ཅད་མགུ་ནས་ཁྱེད་བདག་ཅག་རྣམས་ཀྱི་རྒྱལ་པོར་འོས་སོ་ཞེས། འབྲས་ཀྱི་སྙེ་མ་སོ་སོ་ནས་བསྡུས་ཏེ་བསྐོས་པར་བཤད་དོ། །མི་ཕལ་པ་དེ་དག་གི་ནང་ནས། འགའ་ཞིག་ཁྱིམ་ནས་ཕྱི་རོལ་ཕྱོགས་པ་ལ། །བྲམ་ཟེ་ཞེས་གྲགས་གཙང་སྦྲ་སྤྱོད་པ་བྱུང་། །འགའ་ཞིག་ཁྱིམ་ན་འབྱོར་ལྡན་ཕ་མ་བཀུར། །དེ་དག་མིང་ཡང་རྗེའུ་རིགས་ཞེས་སུ་གྲགས། །མི་འགའ་ཞིག་ཁྱིམ་ནས་ཡིད་ཕྱིར་ཕྱོགས་པས་གཙང་སྦྲ་ལྷུར་ལེན་པ་དེ་ལ་བྲམ་ཟེ་ཞེས་བྱ་བའི་མིང་དུ་གྲགས་ཏེ། དེའི་རྒྱུད་དུ་གཏོགས་པ་རྣམས་ལ་བྲམ་ཟེའི་རིགས་ཞེས་བྱའོ། ཁྱིམ་ན་གནས་ཏེ་ཡོ་བྱད་འབྱོར་པས་ཕ་དང་མ་མཆོད་པ་ལ་གཙོ་བོར་བྱེད་པ་དེ་དག་རྗེའུ་ཞེས་བྱ། དེའི་རྒྱུད་དུ་གཏོགས་པ་རྣམས་ལ་རྗེའུ་རིགས་ཞེས་བྱའོ། །འགྲོ་བ་དེ་དག་གི་ནང་ནས། འགའ་ཞིག་ཆོས་མིན་སྤྱོད་ལ་དམངས་རིགས་ཞེས། །མི་རིགས་རྣམ་བཞིར་གྲགས་པ་དེ་ནས་བྱུང་། །གང་དག་ཕ་ལ་ཕར་མི་འཛིན། མ་ལ་མར་མི་འཛིན། རིགས་ཀྱི་རྒན་རབས་ལ་རྒན་རབས་སུ་མི་འཛིན་
པས་དེ་དག་ལ་མི་བཀུར་ཞིང་། རྐུ་བ་དང་ལོག་པར་གཡེམ་པ་ལ་སོགས་པ་ཆོས་མི་དགེ་བ་ལ་གཙོ་བོར་རྡོལ་ཆོས་སུ་ངན་པར་སྤྱོད་པ་དེ་དག་ལ་དམངས་སམ་གདོལ་བའི་རིགས་ཞེས་ངན་པར་བྱས་སོ། །རིགས་འདྲེས་པས་བསླད་པ་དང་། རིགས་སྐྱོན་ཆགས་པས་བསླད་པ་དང་། གློ་བུར་དུ་ཀུན་སྤྱོད་དེ་ལྟར་བྱས་པས་བསླད་པ་བྱུང་ན་རྒྱལ་རིགས་བྲམ་ཟེ། རྗེའུ་རིགས་གང་ཡིན་ལས་ཉམས་ནས་དམངས་རིགས་སུ་འབེབས་པས་ཆད་ཀྱང་དེའི་ཚེ་བྱས་པ་ལས། དེང་སང་གི་བར་དུ་རྒྱ་གར་ན་རིགས་བསྲུང་བ་ལ་ནན་ཏན་དུ་བྱེད་པ་དེ་ཡིན་ནོ། །མུ་སྟེགས་ཚངས་པའི་རྗེས་སུ་འབྲངས་པ་དག་ཚངས་པའི་ཞལ་ལས་མི་རིགས་བཞི་བྱུང་བར་འདོད་དོ། །རྒྱལ་པོ་མང་པོས་བཀུར་བའི་ཚེ་ན་མི་རྣམས་ཀྱི་མིང་ཡང་སེམས་ཅན་ཞེས་བྱ་བར་རིགས་གཅིག་གོ །དེ་ནས་རིགས་བཞིར་བྱུང་ནས་མིང་དང་རིགས་སོ་སོར་བྱས་ཏེ། བདེ་བ་དང་སྡུག་བསྔལ་མྱོང་བར་ངེས་པའི་འགྲོ་བ་འོག་མ་དང་གོང་མར་འཕེན་པའི་ལས་ཀུན་ཏུ་རྩོམ་པར་གྱུར་ཏོ། །དེ་དག་གིས་མཐོ་རིས་ཀྱི་ཆགས་ཚུལ་བཤད་ཟིན་ཏོ། །ད་ནི། ངན་སོང་དག་ལས་དམྱལ་བའི་སེམས་ཅན་ནི། །གང་ཞིག་བདག་པོར་གྱུར་པའི་ལས་བསགས་པ། །གཤིན་རྗེའི་རྒྱལ་པོར་གྱུར་རྗེས་དེ་ཡི་འཁོར། །དམྱལ་བའི་སྲུང་མ་རྣམས་དང་ཁྱི་དང་བྱ། །མེ་དང་མཚོན་རྣམས་ལས་ཀྱི་དབང་གིས་བྱུང་། །སྔོན་མཐོ་རིས་ཀྱི་རྟེན་ལ་ཞེ་སྡང་གི་ལས་གཙོ་བོར་བསགས་པ། དེའི་ནང་ནས་དམྱལ་བ་པ་རྣམས་ཀྱི་བདག་པོར་འགྱུར་བའི་ལས་བསགས་པ་ཞིག་ཐོག་མར་དམྱལ་བའི་གནས་སུ་གཤིན་རྗེའི་རྒྱལ་པོར་སྐྱེས་པར་གྱུར་ཏོ། །དེའི་འོག་ཏུ་སེམས་ཅན་དམྱལ་བའི་སྲུང་མ་རྣམས་ནི་སྤྲུལ་པའི་ཚུལ་དུ་རྫུས་ཏེ་བྱུང་ཞིང་ཁྱི་དང་། བྱ་དང་། ཟངས་དང་། ཁྲོ་ཆུ་དང་། མེ་དང། མཚོན་ལ་སོགས་པ་ཡང་བྱུང་བར་གྱུར་ཏོ། །དེ་བཞིན་དུ་སེམས་ཅན་དམྱལ་བ་རྣམས་ཀྱང་བྱུང་བར་གྱུར་ཏེ། མནར་མེད་པ་དང་། རབ་ཏུ་ཚ་བ་དང་། ཚ་བ་དང་།
ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་དང་། ཚ་བའི་དམྱལ་བ་རྣམས་ཀྱི་བྱང་གི་འདབ་འབྱོར་དུ། པདྨ་ཆེན་པོ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། ཨུཏྤལ་ལྟར་གས་པ་དང་། སོ་ཐམ་ཐམ་པ་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་དང་། ཆུ་བུར་རྡོལ་བ་ཅན་དང་། ཆུ་བུར་ཅན་ཏེ་གྲང་བའི་དམྱལ་བ་དག་ཀྱང་གྲུབ་པར་གྱུར་ཏོ། །ཐེག་པ་ཆེན་པོ་དག་སྡིག་སེམས་གོམས་པ་ལས་དེ་ལྟར་སྣང་བར་འདོད་པ་ན། མི་ཤེས་པ་ཁ་ཅིག་གནས་དེ་འདྲ་མེད་དོ་ཞེས་སྨྲ་བ་རབ་ཏུ་བླུན་ཏེ་མེད་པ་དེ་གང་ལ་ཟེར། དོན་ལ་མེད་ཅེས་པའང་དོན་དམ་པར་མེད་པ་ལ་འདོད་ན། ད་ལྟར་གྱི་སྣང་བ་འདིའང་མེད་པར་མཚུངས་ལ། ཐ་སྙད་རྨི་ལམ་ལྟར་དེ་དག་ཀྱང་རང་གི་རྒྱུ་དང་རྐྱེན་གྱིས་ཇི་ལྟར་གསུངས་པ་ལྟར་ཡོད་དོ། །དེ་ཡང་བྱེད་པ་པོ་རང་གིས་ལས་ལས་གཞན་དུ་མེད་པ་ཡིན་ཡང་། མེད་པར་འགྱུར་བ་དེ་ནི་རིགས་པ་མ་ཡིན་ནོ། །དེ་བཞིན་ཡི་དྭགས་དུད་འགྲོའི་ཆགས་ཚུལ་ཡང་། །རང་གི་ལས་ཀྱིས་གནས་རིགས་དེར་སྣང་སྟེ། །ཡུལ་དོན་ལུས་ཀྱི་སྣང་བ་སྡུག་བསྔལ་སྣང་། །སྔོན་འདོད་ཆགས་ཀྱི་སྒོ་ནས་ཡི་དྭགས་མྱོང་བར་འགྱུར་བའི་ལས་བསགས་པ་དེ་དག་ལའང་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། སྤྱི་མཐུན་ལས་ཀྱི་སྒྲིབ་པ་ཅན་དང་། སྒོས་ཁུར་གྱི་སྒྲིབ་པ་ཅན་དུ་སྣང་བས་སྡུག་བསྔལ་བ་ཡིན་ནོ། །སྔོན་གཏི་མུག་གི་སྒོ་ནས་དུད་འགྲོ་མྱོང་བར་གྱུར་པའི་ལས་ཅན་རྣམས་ལ་གཅིག་ལ་གཅིག་ཟ་བ་དང་། བཀོལ་སྤྱད་དང་། འཚེ་བ་དུ་མའི་རྣམ་པས་རྒྱ་མཚོ་དང་། གླིང་བར་དང་། ལྷ་དང་མིའི་ཡུལ་ན་སྣང་བ་ཡིན་ནོ། །དེ་ཡང་འདི་དག་གི་གནས་རིས་དོན་ལ་མེད་ན་ཐེག་པ་ཆེན་པོའི་ལུང་ཆེན་རྣམས་ལས། སྔོན་བཅོམ་ལྡན་འདས་ཀྱི་ཞབས་མཐིལ་གཉིས་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་སྣང་བས་སེམས་ཅན་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོའི་གནས་སུ་སྣང་བར་མཛད་པས་སོ་སོའི་སྡུག་
བསྔལ་ཞི་བར་གསུངས་པ་དག་ཇི་ལྟར་དྲང་། དེས་ན་བློ་རབ་ཏུ་རྩིང་ལ་ཐོས་པ་རྒྱ་ཆུང་བ་དག་གི་གཟུ་ལུམ་ལ་བརྟེན་པར་མི་བྱའོ། །འདི་དག་གི་ཚུལ་རྒྱས་པར་ཤིང་རྟ་ཆེན་པོར་བསྟན་པ་ལྟར་བལྟ་ཞིང་། འོག་ཏུ་ཡང་གཏན་ལ་འབེབས་པས་འདིར་མ་བཤད་དོ། །སྣོད་བཅུད་ཆགས་པའི་ཐོག་མཐའ་གང་ཡིན་ཞེ་ན། དང་པོ་འོག་གཞི་ནམ་མཁའ་རྣམ་པར་གདངས་པ་ཡིན་ལ། ཐ་མ་ནི་བཤད་མ་ཐག་པའི་ཚུལ། དེ་ལྟར་དམྱལ་གནས་སེམས་ཅན་གཅིག་སྐྱེས་པ། །དེ་སྲིད་བར་སྙེད་ཆགས་པའི་བསྐལ་པ་སྟེ། །སྣོད་ཆགས་པ་ལ་བར་བསྐལ་གཅིག་དང་ནི། །བཅུད་ལ་བཅུ་དགུ་བསྡོམས་པས་ཉི་ཤུ་ཉིད། །འཇིག་རྟེན་ཆགས་པའི་བསྐལ་པ་ལགས་པར་གསུངས། །མནར་མེད་པའི་གནས་སུ་སེམས་ཅན་གཅིག་ཐོག་མར་དམྱལ་བའི་སྡུག་བསྔལ་མྱོང་བའི་བར་དུ་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་པའི་བསྐལ་པ་ཞེས་འདོད་དོ། །འོ་ན་དམྱལ་བའི་གནས་ཐམས་ཅད་ཆགས་དགོས་པ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དེ་ལྟར་ན་ད་ལྟའང་ཆགས་པའི་བསྐལ་པར་ཐལ་བའི་ཕྱིར་ཏེ་གནས་ཐམས་ཅད་གང་བར་མ་ཆགས་པའི་ཕྱིར་རོ། །དེ་ཡང་སྟོང་གསུམ་གྱི་འཇིག་རྟེན་ཆགས་པ་ལ། དང་པོ་རླུང་གི་དཀྱིལ་འཁོར་ནས་བཟུང་སྟེ་མནར་མེད་དུ་གཅིག་སྐྱེས་པའི་བར་གྱི་ཡུན་ལ་སྣོད་ཆགས་པ་ལ་བར་གྱི་བསྐལ་པ་གཅིག་ཡིན་ལ། བཅུད་ཆགས་པ་ལ་བཅུ་དགུ་སྟེ། བསྡོམས་པས་བར་བསྐལ་ཉི་ཤུའོ། །དེ་དག་གིས་ཆགས་ཚུལ་རྣམས་ལེགས་པར་གཏན་ལ་ཕབ་ཟིན་ཏོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བཅུད་ཀྱི་སེམས་ཅན་ཆགས་པའི་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་པའི་རྒྱ་ཆེར་འགྲེལ་པའོ།། །།
གནས་པའི་བསྐལ་པ་བསྟན་པའི་ལེའུ་སྟེ་ལྔ་པའི་འགྲེལ་པ།
དེ་ལྟར་སྣོད་དང་བཅུད་རྣམས་ཆགས་པའི་རིམ་པ་ལེགས་པར་བསྟན་པའི་རྗེས་ཐོགས་ཀྱི་རིམ་པ། དེ་ནས་གནས་པའི་བར་བསྐལ་ཉི་ཤུ་ནི། །ཐོག་མ་བར་དང་ཐ་མ་
གསུམ་ཉིད་དེ། །འགྲིབ་པ་གཅིག་དང་འཕེལ་འགྲིབ་བཅོ་བརྒྱད་དང་། །འཕེལ་བ་གཅིག་སྟེ་རྣམ་པ་ཉི་ཤུ་ཉིད། །རིམ་པ་གསུམ་དུ་བསྡུས་ཏེ་བསྟན་པ་ལས། །དང་པོ་ཚེ་ལོ་དཔག་མེད་ནས་བཟུང་ནས། །བཅུ་པའི་བར་དུ་ཉིས་བརྒྱ་བརྒྱ་བརྒྱས་འབྲི། །ཡ་ཐོག་རིང་མོ་འགྲིབ་པའི་བསྐལ་པའོ། །དང་པོ་འགྲིབ་པའི་བསྐལ་པ་ནི། མི་རྣམས་ཚེ་ལོ་དཔག་ཏུ་མེད་པ་ནས་བཟུང་སྟེ་བརྒྱད་ཁྲིའི་བར་དུ་ལོ་ཉིས་བརྒྱ་སོང་བ་ན་ལོ་རེ་འབྲིའོ། །དེ་ཡང་དཔག་མེད་ཡར་ཐལ་ནས། ལྷག་གམ་དཔྱད་མཆན། ཚེ་ལོ་བརྒྱད་ཁྲི་ནས་བཅུའི་བར་བརྒྱ་བརྒྱས་ལོ་རེ་འབྲི་བ་ཡིན་ནོ། །གཉིས་པ་བར་དུ་འཕེལ་འགྲིབ་སྤེལ་མ་བཅོ་བརྒྱད་ནི། དེ་ནས་འཕེལ་དང་འགྲིབ་གཉིས་ཟུང་གཅིག་གིས། །ཚན་པ་བཅོ་བརྒྱད་འཕེལ་འགྲིབ་བར་ཁུག་སྟེ། །བརྒྱད་བརྒྱ་དག་ན་སྡེ་ཚན་འཕེལ་འགྲིབ་བྱེད། །ཚེ་ལོ་བཅུ་པ་ནས་ཡར་སྐྱེ་བར་གྱུར་པ། བརྒྱད་ཁྲིར་ཐུག་པ་ལས་ཡང་བཅུའི་བར་འགྲིབ་པར་ནི་སྡེ་ཚན་གྱིས་མྱུར་བར་བྱེད་པས་འདི་གཉིས་གཅིག་ཏུ་བསྡོམས་པ་ལན་བཅོ་བརྒྱད་དུ་འབྱུང་བའོ། །གསུམ་པ་ཕྱིས་འཕེལ་བ་གཅིག་ནི་བར་ཁུག་རྫོགས་པའི་རྗེས། དེ་ནས་སྔར་བཞིན་ཡར་སྐྱེ་མར་འགྲིབ་ནི། །མ་ཐོག་རིང་མོ་ཞེས་སུ་གྲགས་པ་ཡིན། །བར་ཁུག་རྫོགས་དུས་ཚེ་ལོ་བཅུ་པ་ནས་བར་ཁུག་ལྟར་སྡེ་ཚན་གྱིས་ཚེ་ལོ་དཔག་མེད་དུ་འཕེལ་བའི་གཅིག་འགྲིབ་དུས་སངས་རྒྱས་མོས་པ་འབྱུང་ལ། དེ་ནས་བརྒྱད་ཁྲི་པའི་བར་ཉིས་བརྒྱས་ལོ་རེ་འབྲི་ཞིང་། བརྒྱད་ཁྲི་ནས་བཅུ་པའི་བར་དུ་བརྒྱ་བརྒྱས་ལོ་རེ་འབྲི་བ་ཡིན་ནོ། །ཁ་ཅིག་མ་ཐོག་ཀྱང་བརྒྱད་ཁྲི་ལས་ཡར་འཕེལ་བར་མི་འདོད་པ་འདི་ནི་མི་རིགས་ཏེ། མ་ཐོག་ལ་མོས་པ་འབྱུང་བར་གསུངས་ལ། དེའི་དུས་ན་སྔར་གྱི་འདས་པའི་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དགུ་པོའི་བསྟན་པ་དང་། སྐུ་ཚེ་དང་འདུས་པ་མཚུངས་པར་རྫོགས་དགོས་པའི་ཕྱིར་རོ། །དེ་ལྟར་ན་མ་ཐོག་གིས་མི་རྫོགས་ཏེ། ཡ་ཐོག་དང་བར་ཁུག་རིལ་པོར་སངས་རྒྱས་དེ་དག་འབྱུང་བ་དང་། དུས་མི་མཉམ་ཟེར་བའང་བློ་རྩིང་སྟེ་
དེ་གཉིས་དང་མ་ཐོག་དུས་མཚུངས་པ་མ་ཡིན་ཡང་སངས་རྒྱས་བྱོན་པའི་སྐུ་ཚེ་དང་བསྟན་པ་མ་ཐོག་ལ་རྫོགས་པ་ཡིན་ཏེ། སངས་རྒྱས་འདས་ནས་བསྟན་པ་ནུབ་པའི་བར་སྐབས་ལོ་གྲངས་ཤིན་ཏུ་མང་བའི་ཕྱིར་རོ། །དེ་ལྟར་བཤད་པའི། ཡ་ཐོག་མ་ཐོག་བར་ཁུག་བཅས་པ་ལ། །བར་བསྐལ་ཉི་ཤུ་རང་བཞིན་གནས་པར་འདོད། །ཡ་ཐོག་ལ་གཅིག །བར་ཁུག་ལ་བཅོ་བརྒྱད། མ་ཐོག་ལ་གཅིག་སྟེ་རྣམ་གྲངས་ཉི་ཤུ་ནི། རང་བཞིན་གནས་པ་ཞེས་བྱ་བའི་བསྐལ་པར་འགྱུར་རོ། །འདི་དག་གི་ཡ་ཐོག་འབྲི་བ་ནས་བརྒྱད་ཁྲི་དང་བཅུ་པའི་བར་གྱི་ཡུན་དང་བར་ཁུག་གཅིག་དུས་མཚུངས་ལ། མར་འགྲིབ་ཀྱི་བརྒྱད་ཁྲི་པ་ཡང་དེ་དང་འདྲ་ལ་སྐྱེ་བ་ཡང་མཚུངས་ཏེ། རང་བཞིན་དུ་སྤྱིར་བསྡོམས་པས་བར་བསྐལ་ཉི་ཤུའི་བར་གཅིག་ཡོད་ཅེས་གཞག་གི་ཡ་ཐོག་མ་ཐོག་དུས་མཉམ་པ་སྟེ་བསྡོམས་པ་དང་། བར་ཁུག་གཉིས་རིང་ཐུང་མཉམ་པར་ལུང་ལས་འབྱུང་ངོ་། །ཇི་སྐད་བཤད་པའི་ཚུལ། འདི་དག་འཕེལ་འགྲིབ་ཅུང་ཟད་བཤད་པ་ནི། །བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་འབྱོར་པ་ཡིས། །ས་གཞི་བྱ་གག་འཕུར་བས་སླེབ་ཙམ་གང་། །དང་པོ་འགྲིབ་པའི་ཚུལ་རྒྱས་པར་བཤད་པ་ནི། མི་རྣམས་ཚེ་ལོ་བརྒྱད་ཁྲི་པའི་དུས་ན་འཛམ་བུའི་གླིང་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་མང་པོས་གང་བ། རྒྱལ་པོའི་ཕོ་བྲང་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་རྣམས་ཀྱི་བར་ན་བྱ་གག་འཕུར་བས་སླེབ་པ་ཙམ་ན་འདབ་འབྱོར་དུ་ཡོད་པའོ། །དེའི་དུས་ན་བུ་མོ་བཙས་པ་རྣམས་ནི་ལོ་ལྔ་བརྒྱ་ན་ཁྱིམ་ཐབ་ལ་གཏོང་ལ། མི་རྣམས་ཀྱི་ནད་ནི་འདོད་པས་གཟིར་བ་དང་། ཟས་མི་ཟ་བ་ཙམ་ལ་བྱེད་དོ། །འབྲུ་ནི་སྙེ་མ་ཤིན་ཏུ་ཆེ་བ་སྟེ། སྙེ་མ་རེ་རེ་ལས་ཀྱང་བྲེ་བོ་ཆེ་བཞི་བཞི་འབྱུང་ངོ་། །འདིའི་དུས་ན། འཁོར་ལོས་སྒྱུར་བ་དག་ཀྱང་མང་འབྱུང་ཞིང་། །འབྱོར་བ་རྒྱ་ཆེ་འདོད་ལྷའི་ཡུལ་དང་འགྲན། །མི་རྣམས་ཀྱི་ཚེ་
ལོ་དཔག་ཏུ་མེད་པ་ནས་བརྒྱད་ཁྲིའི་བར་དུ་སྤྱི་བོ་སྐྱེས་དང་། གསོ་སྦྱོང་འཕགས་དང་། དགེ་བ་དང་། རབ་མཛེས་ལ་སོགས་པ་རབས་བདུན་བྱུང་ངོ་། །འཁོར་ལོས་སྒྱུར་བ་དེ་ཡང་རྣམ་པ་བཞི་སྟེ། གླིང་གཅིག་ལ་དབང་ན་ལྕགས་ཀྱི་འཁོར་ལོའོ། །གཉིས་ལ་ཟངས་དང་། གསུམ་ལ་དངུལ་དང་། བཞི་ལ་དབང་ན་གསེར་ལས་བྱས་པའོ། །དེ་ཡང་རྒྱལ་པོ་གང་དུ་འགྲོ་བའི་མདུན་ནས་འཁོར་ལོ་འགྲོ་ཞིང་། རིན་པོ་ཆེ་སྣ་བདུན་དང་ལྷན་ཅིག་སྤྱོད་དོ། །འཁོར་ལོ་ནི་རི་རབ་ཀྱི་བང་རིམ་ལ་ཡོད་པ། རྒྱལ་པོ་དེའི་ཕོ་བྲང་གི་སྟེང་དུ་རང་འབྱུང་བར་བཤད་དོ། །གཞུང་ཁ་ཅིག་ལས་ལྷའི་དབང་པོ་བརྒྱ་བྱིན་གྱི་འཁོར་ལོ་ཕལ་པ་དེར་འབྱུང་བར་ཡང་གསུངས་སོ། །རིན་པོ་ཆེ་སྣ་བདུན་ནི། འཁོར་ལོ་དང་། ནོར་བུ་དང་། བཙུན་མོ་དང་། བློན་པོ་དང་། གླང་པོ་དང་། རྟ་མཆོག་དང་། དམག་དཔོན་རིན་པོ་ཆེའོ། །ཉེ་བའི་རིན་པོ་ཆེ་བདུན་ནི། མལ་ཆ་དང་། ཁྲི་དང་། སྟན་དང་། གྲི་དང་། ལྷྭམ་དང་། པགས་པ་དང་། གོས་ཉེ་བའི་རིན་པོ་ཆེའོ། །འཁོར་ལོས་སྒྱུར་བ་ནི་དཔག་མེད་ནས་བརྒྱད་ཁྲི་ཡན་ཆད་ལ་འབྱུང་གིས། དེ་མན་ཆད་དུ་མི་འབྱུང་སྟེ། རྒྱལ་པོ་དེའི་ཚེ་ཚད་དང་དཔལ་འབྱོར་མི་རྫོགས་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མར་འགྲིབ་ལ་འབྱུང་ལ། ཁྱད་པར་དུ་བརྒྱད་ཁྲི་མན་ཆད་ལ་འབྱུང་སྟེ། ཡན་ཆད་དུ་སྐྱོ་བ་ཤས་ཆུང་བས་ཆོས་བསྟན་ཡང་དོན་དུ་འགྱུར་བ་དཀོན་ཅིང་བདེན་པ་མངོན་པར་རྟོགས་པ་ཤས་ཆུང་བའི་ཕྱིར་རོ། །བརྒྱ་པ་མན་ཆད་དུ་མི་འབྱུང་སྟེ། སྙིགས་མ་ལྔ་བདོ་བས་སངས་རྒྱས་བྱོན་ཡང་སྒྲོ་སྐུར་གྱི་གཞིར་འགྱུར་བས་སྣོད་དུ་མི་རུང་བའི་ཕྱིར་རོ། །སྙིགས་མ་ལྔ་ནི། དུས་དང་། ཚེ་དང་། ལྟ་བ་དང་། སེམས་ཅན་དང་། ཉོན་མོངས་པའོ། །དེ་ཡང་ཚེའི་སྙིགས་མ་དང་། དུས་ཀྱི་སྙིགས་མས་སྲོག་དང་ཡོ་བྱད་རྒུད་པར་བྱེད་དོ། །ཉོན་མོངས་པ་དང་། ལྟ་བའི་སྙིགས་མས་དགེ་བའི་ཕྱོགས་རྒུད་པར་བྱེད་དོ། །སེམས་ཅན་གྱི་སྙིགས་མས་གཟུགས་རྒུད་པར་བྱེད་
དོ། །ནད་མེད་པ་དང་། སྟོབས་དང་། བློ་དང་། བརྩོན་འགྲུས་དང་། བསམ་གཏན་ཉམས་པར་བྱེད་པའོ། །དེ་ལ་ཁ་ཅིག་ན་རེ་སངས་རྒྱས་ཚེ་ལོ་བརྒྱད་ཁྲི་ནས་བརྒྱ་པའི་བར་ཁོ་ན་ལ་འབྱུང་ཞེས་པའང་ཐོས་པའི་མིག་རྒྱང་ཐུང་བའི་རྣམ་འགྱུར་ཏེ། ཚེ་ལོ་དཔག་མེད་ཀྱི་དུས་ན་སངས་རྒྱས་རྣམ་པར་གཟིགས་བྱུང་བའི་ཕྱིར་དང་། འཇིག་རྟེན་གཞན་དག་ན་མགོན་པོ་ཚེ་མཐའ་ཡས་པ་ཚེ་ལོ་དཔག་མེད་ཀྱི་དུས་ན་བྱོན་པ་ལ་སོགས་པས་གནོད་དོ། །དེས་ན་བསྐལ་པ་བཟང་པོ་འདིའི་སངས་རྒྱས་སྟོང་གི་དང་པོ་འཁོར་བ་འཇིག་བརྒྱད་ཁྲིའི་དུས་སུ་བྱོན་པ་ནས། བཞི་ཁྲི་ན་གསེར་ཐུབ་དང་། ཉི་ཁྲི་ན་འོད་སྲུངས། བརྒྱ་པའི་དུས་འདིར་ཤཱཀྱ་ཐུབ་པ་བྱོན་པ་ནས། མཐར་མོས་པའི་བར་དུ་བརྩིས་པ་ཡིན་ནོ། །རྣམ་པར་གཟིགས་དང་། མར་མེ་མཛད་དང་། རིན་ཆེན་གཙུག་ཏོར་ཅན་དང་གསུམ་ནི་དེའི་གོང་དུ་བྱོན་པས་བར་གྱི་སངས་རྒྱས་ཞེས་བྱ་སྟེ། དེ་ལྟ་བུ་ཕྱིས་ཀྱང་འབྱོན་པར་གསུངས་པས་མ་ངེས་པ་ཡིན་ནོ། །འོན་ཀྱང་དཔག་མེད་ལས་རིང་ཞིག་ན་མར་འགྲིབ་ཏུ་ཉེ་བའམ། གཅིག་འགྲིབ་ཀྱང་ད་དུང་དཔག་མེད་ཀྱི་མིང་ཡོད་པ་མན་ཆད་ལ་འབྱུང་ངོ་། །རང་སངས་རྒྱས་རྣམས་ནི་ཡར་སྐྱེ་དང་མར་འགྲིབ་གཉིས་ཀ་ལ་འབྱུང་སྟེ། སངས་རྒྱས་མ་བྱོན་པ་དང་། བྱོན་ཡང་བསྟན་པ་ནུབ་ནས་ཉན་ཐོས་རྣམས་ཟད་པ་ན་འབྱུང་སྟེ། རྩ་བ་ཤེས་རབ་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་པའོ། །དེའི་དུས་སུ་བྱུང་ན་གཞན་དོན་ལ་བསྐུལ་གྱིས་དོགས་པས་འཇིགས་པ་ཡིན་ནོ། །དེ་ཡང་ཚེ་ལོ་མར་འགྲིབ་ཏུ་ཉེ་བའི་དུས། དེ་ནས་མི་དགེའི་དབང་གིས་མར་འགྲིབ་སྟེ། །དྲུག་ཁྲི་པ་དང་ཉི་ཁྲི་བཅུ་པའི་བར། །ཚེ་དང་ལོངས་སྤྱོད་ཡུལ་གྱི་ཡོན་ཏན་འགྲིབ། །འགྲིབ་པའི་རྒྱུ་ནི་འཆད་པར་འགྱུར་བ་ལྟར། །འཁོར་བའི་ཆོས་ལུགས་དུ་མ་འཇིག་རྟེན་དུ་འབྱུང་བས་མི་དགེ་བའི་ལས་རྣམས་འཕེལ་ཏེ། བརྒྱད་
ཁྲི་པ་ནས་བདུན་ཁྲི་པ་དང་། དྲུག་ཁྲི་པ་དང་། ཉི་ཁྲི་པ་དང་། སྟོང་པ་དང་། བརྒྱ་པ་དང་། བཅུ་པའི་བར་དུ་ཚེ་འགྲིབ་པ་ལྟར་ལོངས་སྤྱོད་དང་། ཁ་དོག་དང་། འོད་དང་། སྟོབས་ལ་སོགས་པའི་ཡོན་ཏན་རྣམས་འགྲིབ་པ་ཡིན་ནོ། །འགྲིབ་པ་རྣམས་ཀྱི་མཐར་ཐུག་པ་ཚེ་ལོ། །བཅུ་པའི་ཚེ་ན་རྣམ་རྟོག་ཉོན་མོངས་རགས། །མི་རྣམས་ལུས་བོངས་མཐོ་གང་ཆག་གང་ལ། །ཉིན་ཚིག་ནུབ་འཁྱགས་དབུལ་ཕོངས་འཚེ་བས་གདུངས། །མི་རྣམས་ཚེ་རིང་ན་ལོ་བཅུ་ཐུབ་པའི་དུས་ན། བུ་བཙས་པ་ལ་ལོ་བཅུ་ཐུབ་པར་སྨོན་ལམ་འདེབས་ཤིང་། བུ་མོ་བཙས་པ་ལོ་ལྔ་ན་ཁྱིམ་ཐབ་ལ་གཏོང་ལ། ལུས་བོངས་ནི་ཚེ་ལོ་བརྒྱ་པའི་མི་རྣམས་ཀྱི་མཐོ་གང་ཆག་གང་པའོ། །གཞུང་ཁ་ཅིག་ལས། རིང་བ་མཐོ་གང་། ཐུང་བ་ཆག་གང་དུ་གསུངས་པའང་ཡོད་དོ། ཁ་ཟས་ཀྱི་མཆོག་ནི་ཀོ་ཏྲ་པའོ། །གོས་ཀྱི་མཆོག་ནི་སྐྲའི་ལྭ་བའོ། །རྒྱན་གྱི་མཆོག་ནི་མཚོན་ཆའོ། །དེའི་དུས་སུ་སྦྲང་མ་ཡོད་ཀྱང་སྦྲང་རྩི་མི་འབྱུང་། འོ་མ་དང་ཞོ་ཡོད་ཀྱང་མར་མི་འབྱུང་། ཡུངས་དཀར་དང་ཏིལ་ཡོད་ཀྱང་མར་ནག་མི་འབྱུང་། བུར་ཤིང་དང་ཀར་ཤིང་ཡོད་ཀྱང་བུ་རམ་དང་ཀ་ར་མི་འབྱུང་། ལན་ཚྭ་གཏན་ནས་མི་འབྱུང་། རོ་དྲུག་གིའང་ཁ་བ་གཅིག་པུ་ལས། མངར་བ་དང་། སྐྱུར་བ་དང་། བསྐ་བ་དང་། ཚ་བ་དང་། ལན་ཚྭ་བ་ལྔ་མེད་དོ། ཁ་ཅིག་རྩུབ་པ་ལས་གཞན་རྣམས་ནུབ་ཅེས་ཟེར་རོ། །དེའི་དུས་ན་མི་རྣམས་ཀྱི་ནང་ན་ཕ་མ་དང་། རྒན་རབས་དང་། བྲམ་ཟེ་ལ་སོགས་པ་རིགས་མཆོག་ཏུ་གྱུར་པ་མི་བཀུར་ཞིང་། སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ལ་སྤྱོད་པ་དེ་དག་ལ་བསྟོད་ཅིང་བཀུར་བར་བྱེད་ལ། དགེ་བ་བྱེད་པ་སྲིད་ན་སྨོད་ཅིང་ཐིང་ལྷོད་དུ་བྱེད་དོ། །དེ་དག་གི་ཚུལ་རྣམས་འདིར་བརྗོད་པ་ནི། འབྲུ་བཟང་ནུབ་སྟེ་དྲུག་ཅུའི་ཁ་ཟས་དང་། །ལྭ་བ་གྱོན་ཅིང་དར་ཟབ་ལ་སོགས་ནུབ། །ལན་ཚྭ་གཏན་མེད་ཞོ་ལས་མར་མི་འབྱུང་། །ཕ་མ་དགེ་སྦྱོང་བྲམ་ཟེ་ལ་སོགས་པ། །མི་བཀུར་སྨོད་ཅིང་ངན་པ་རྣམས་ལ་བསྟོད། །
འབྲས་དང་། ནས་དང་། གྲོ་དང་། མོན་སྲན་ལ་སོགས་པའི་འབྲུ་བཟང་པོ་རྣམས་ནི་ནུབ། ཞག་དྲུག་ཅུ་ན་སྨིན་པའི་འབྲུ་བྲ་བོ་གཅིག་པུ་སྐྱེ་བས་དེའི་ཁ་ཟས་ལ་ལོངས་སྤྱོད་དོ། །གོས་སུ་ལྭ་བ་གྱོན་ཞིང་དར་དང་། གོས་དང་། རས་ལ་སོགས་པའི་སྲབ་འཇམ་བཟང་དགུ་རྣམས་མེད་དོ། །སྐྱེ་བོ་ངན་པ་བསྟོད་ཅིང་བཟང་པོ་རྣམས་སྨོད་པས་དེ་དག་ལ་མི་བརྟེན་པ་ཡིན་ནོ། །དེ་ནས་དུས་ངན་པ་དེ་རིང་ཞིག་གནས་པ་ལས། དེའི་འོག་ཏུ། དེ་དག་ཟད་བྱེད་མཚོན་ནད་མུ་གེ་ལས། །དང་པོ་མཚོན་གྱི་བསྐལ་པ་འབྱུང་ཚུལ་ནི། །མི་རྣམས་ཕན་ཚུན་འཁྲུག་ཅིང་སྡང་བ་ལས། །ས་ལས་ཅི་བླངས་མཚོན་ཆའི་རང་བཞིན་འགྱུར། །གཅིག་གིས་གཅིག་གསོད་ངན་སོང་གནས་སུ་ལྷུང་། །རྐྱེན་གསུམ་གྱིས་ཟད་པར་བྱེད་པ་ནི། མཚོན་དང་། ནད་དང་། མུ་གེའོ། །དེ་ལ་ཐོག་མར་མཚོན་གྱི་བསྐལ་པ་ནི། མི་རྣམས་ཆོས་མ་ཡིན་པར་སྤྱོད་པས་གནོད་སེམས་སྐྱེས་ནས། ཕན་ཚུན་གཅིག་ལ་གཅིག་གསོད་པ་དང་བརྡེག་འཚོག་ཏུ་སེམས་ཏེ། རྔོན་པ་པས་དགོན་པར་རི་དྭགས་མཐོང་བ་བཞིན་ནོ། །དེ་ནས་དེ་དག་གིས་ཤིང་དང་རྡོ་དང་བོང་བ་དང་། དབྱུག་པ་ལ་སོགས་པ་གང་བླངས་ཀྱང་མཚོན་ཆར་གྱུར་ཏེ། གཅིག་གིས་གཅིག་གསོད་པར་འགྱུར་རོ། །གང་དག་ཤི་བ་དེ་དག་དམྱལ་བར་ལྟུང་བར་འགྱུར་བས། འདིའི་དུས་ན་དམྱལ་བ་ན་སེམས་ཅན་ཤིན་ཏུ་མང་ངོ་། །ནད་ཀྱི་བསྐལ་པ་ནི། དེ་ནས་ནད་ཀྱིས་ཐེབས་ཤིང་འཆི་བར་འགྱུར། །མི་རྣམས་ཀྱིས་མི་དགེ་བ་སྤྱད་པས་ལྷ་མ་སྲིན་འཁྲུགས་ནས་ནད་ཀྱི་རྣམ་པ་དུ་མ་གཏོང་སྟེ། གསོར་མི་རུང་བའི་ནད་ཀྱིས་མང་པོ་འཆི་བར་འགྱུར་རོ། །དེ་ནས་མུ་གེའི་བསྐལ་པ་ནི། མཚོན་དང་ནད་ཀྱིས་ཤི་བའི། མི་རྣམས་ལྷག་མ་མུ་གེས་ཚར་འབྱིན་ཏེ། །གབ་ཚེ་བ་དང་རུས་གོང་དཀར་པོ་དང་། །ཐུར་མ་བ་སྟེ་བཀྲེས་སྐོམ་འབར་བས་གདུངས། །མི་དེ་དག་གིས་མི་དགེ་བ་སྤྱད་པས་ཀླུ་
རྣམས་འཁྲུགས་ནས་ཆར་དུས་སུ་མི་འབབ་པས་ལོ་ཉེས་པར་འགྱུར་རོ། །དེའི་རྐྱེན་གྱིས་མུ་གེ་གསུམ་འབྱུང་བ་ནི། གབ་ཚེ་བ་དང་། རུས་གོང་དཀར་པོ་བ་དང་། ཐུར་མས་འཚོལ་བ་ཞེས་བྱའོ། །དེ་ལ་གབ་ཚེ་བ་ནི། དེའི་དུས་ན་ནས་སམ། འབྲས་སམ། སྲན་མ་ལ་སོགས་པ་སྔོན་གྱི་དུས་ན་སྐྱེས་པའི་ལྷག་ཅུང་ཟད་རྙེད་པ། མཐོང་ན་ཡ་མཚན་དུ་བྱེད་ཅིང་། བྲ་བོ་ལ་སོགས་པའི་འབྲུ་ངན་པ་དག་མཐོང་ན་ཡང་ཟ་མ་ཏོག་གི་ནང་དུ་བཅུག་ནས་སྲུང་བར་བྱེད་དོ། །བཀྲེས་པས་ཉམས་སྟོབས་མེད་དེ་ས་ལ་འགྱེལ་ནས་ལྡང་མི་ནུས་ལ། གཞན་དག་གིས་ཀྱང་སློང་བྱེད་མེད་པས་དེ་ཉིད་དུ་འཆི་བ་གང་ཡིན་པའོ། །རུས་གོང་དཀར་པོ་པ་ནི། སྔོན་མི་ཤི་བ་རྣམས་ཀྱི་རུས་གོང་དཀར་པོ་བསྡུས་ནས། འདི་ནི་ཁམས་ཀྱི་ཟས་ཟ་བ་རྣམས་ཀྱི་རུས་པ་ཡིན་ནོ་སྙམ་དུ་བསམས་ནས་ཆུ་མང་པོའི་ནང་དུ་བསྐོལ་ནས་འཐུང་བའོ། །ཐུར་མ་བ་ནི་འབྲུའི་ཟེ་ཁ་རྙེད་པ་བསྡུས་ཏེ་ཆུ་མང་པོའི་ནང་དུ་བསྐོལ་ནས་འཐུང་ཞིང་། འབྲུ་དེ་ཐུར་མས་རྙབ་པར་བྱེད་པའོ། །དེའང་ཚེ་ལོ་བཅུ་གཅིག་པའི་དུས་ཀྱི་འབྲུའི་ཟེ་ཁ་ལྷག་ལུས་པ་དག་གབ་ཚེར་བཅུག་ནས་སེར་སྣ་བྱེད་དུས་མང་པོ་ཤི་བའི་ཚེ་གབ་ཚེ་པ། དེ་ནས་ཟེ་ཁ་ཆུར་ལོངས་སྤྱོད་པས་ཐུར་མ་པ། དེ་དག་གིས་ཀྱང་རུས་གོང་སྤྱོད་པས་རུས་གོང་དཀར་པོ་པ་ཞེས་བྱ་བ་གསུམ་རིམ་པས་འབྱུང་བ་ཡིན་ནོ། །དེ་ཡང་མཚོན་གྱི་བསྐལ་པ་ཞག་བདུན། ནད་ཀྱི་བསྐལ་པ་ཟླ་བདུན་དང་ཞག་བདུན། མུ་གེ་ནི་ལོ་བདུན་དང་ཟླ་བ་བདུན། ཞག་བདུན་གྱི་བར་དུ་འབྱུང་བས་མི་རྣམས་ཟད་པར་བྱེད་དོ། །རྣལ་འབྱོར་སྤྱོད་པའི་ས་ལས་ཚེ་ལོ་སུམ་ཅུ་པ་ལ་མུ་གེཉི་ཤུ་པ་ལ་ནད། བཅུ་པ་ལ་མཚོན་འབྱུང་བར་བཤད་དོ། །དེའི་ཚེ་ཤར་ནུབ་ཀྱི་གླིང་གཉིས་སུ་དེ་དང་ཤས་འདྲ་བ་ཙམ་འབྱུང་སྟེ། གནོད་སེམས་ལྷག་པར་འགྱུར་བ་ཙམ་དང་། ཁ་དོག་ངན་ཅིང་ཉམ་ཆུང་བ་ཙམ་དང་། བཀྲེས་པ་དང་སྐོམ་པའི་གདུང་བ་འཕེལ་བ་ཙམ་ལས། དངོས་པོ་དེ་ལྟ་བུ་མེད་དེ་འཛམ་བུ་གླིང་པ་དང་སེམས་པ་ལ་ཁྱད་ཞུགས་
པའོ། །བྱང་གི་གླིང་ན་གཏན་ནས་མི་འབྱུང་ངོ་། །ཚེ་ལོ་བཅུ་པ་ལས་གོང་དུ་ཇི་ལྟར་འཕེལ་བའི་ཚུལ་རྒྱས་པར་བཤད་པ་ནི། བསྐལ་པ་གསུམ་པོ་དེས་ཕལ་ཆེར་ཟད་པར་འགྱུར་བའི་དུས། དེ་ནས་འཕེལ་བའི་རིམ་པ་བསྟན་པ་ནི། །འགའ་ཞིག་ལུས་པ་གྲོང་ཡུལ་འོངས་པ་ན། །གཅིག་གིས་གཅིག་མཐོང་དགའ་བའི་སེམས་སྐྱེས་ཏེ། །འདི་ལྟར་དགེ་བ་ཅན་འགའ་ཞིག་ལུས་པ་ནི་ཆུའི་གླིང་ངམ་རིའི་ལྗོངས་སམ། བྲག་གི་བར་ལ་སོགས་པར་ཞུགས་ནས་ཞག་བདུན་གྱི་བར་དུ་ཆུས་འཚོ་ཞིང་འདུག་པ་ལས། ཕྱིར་གྲོང་དུ་འོངས་པ་ན་གཅིག་གིས་གཅིག་མཐོང་བ་ལས། ཕན་ཚུན་ཡ་མཚན་དང་དགའ་བ་དང་བརྩེ་བའི་སེམས་སྔོན་མེད་པ་སྐྱེས་ཏེ། ཨེ་མ་མི་གསོན་པོ་དག་མཐོང་ཞེས་སྨྲ་སྟེ། དེ་དག་འདུས་ནས་སླར་སྔོན་གྱི་ཉེས་པ་དག་གླེང་ཞིང་། དེ་དག་གི་རྒྱུ་མི་དགེ་བས་བྱས་པར་རིག་ནས་རང་རང་གི་རྒྱུད་སྡོམ་པ་ལ་འཇུག་པར་བྱེད་དོ། །དེ་ཡང་བྱམས་པའི་སྤྲུལ་པ་གཟུགས་དང་སྐྱེ་མཆེད་དང་ལང་ཚོས་བརྒྱན་ཞིང་། དེ་དག་ལས་ཅུང་ཟད་ཁྱད་པར་འཕགས་པ་ཞིག་སྤྲུལ་པ་དེ་ལ་གཞན་དག་གིས་དྲིས་པ། བདག་ཅག་ཚེ་ལོ་བཅུ་པའི་མིར་མཚུངས་པ་ལ་ཁྱོད་ནི་མཆོག་ཏུ་འཕགས་པ་རྒྱུ་ཅི་ལས་གྱུར། དེས་སྨྲས་པ། བདག་གིས་ནི་སྲོག་གཅོད་པ་སྤངས་པ་ལས་བྱུང་ངོ་། །དེ་དག་གིས་སྨྲས་པ། བདག་ཅག་ཀྱང་སྲོག་གཅོད་པ་སྤང་ངོ་ཞེས་དམ་བཅས་པ་ལས། སྔོན་བས་ནད་མེད་ཅིང་ཟོ་མདོག་བདེ་བ་དང་། སྟོབས་དང་ལྡན་པར་གྱུར་ཏོ། །དེའི་རྒྱུས་མི་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཤུ་པར་གྱུར་ཏོ། །ཡང་སྤྲུལ་པ་བྱུང་བ་ལ་སྔ་མ་ལྟར་དྲིས་པས། མ་བྱིན་པ་ལེན་པ་སྤངས་པའི་ཕན་ཡོན་གྱི་ཉི་ཤུ་པ་དེ་རྣམས་ཀྱི་བུ་དང་བུ་མོ་བཙས་པ་རྣམས་ཀྱིས་ཚེ་ལོ་བཞི་བཅུ་ཐུབ་པར་གྱུར་ཏོ། །སྲོག་གཅོད་སྤངས་པས་བུ་དང་བུ་མོ་རྣམས། །ཉི་ཤུ་པར་གྱུར་མ་བྱིན་ལེན་སྤངས་པས། །བཞི་བཅུ་པ་དེ་རིམ་བཞིན་འདོད་ལོག་དང་། །ཕྲ་མ་ངག་འཁྱལ་རྩུབ་མོ་བརྣབ་
སེམས་དང་། །གནོད་སེམས་ལོག་ལྟ་མི་རིགས་འདོད་པ་དང་། །ཆགས་དང་ལོག་པའི་ཆོས་རྣམས་སྤངས་པ་ཡིས། །འདི་ལྟར་སྤྲུལ་པ་རེ་རེས་རྐྱེན་བྱས་ཏེ། །འདོད་པས་ལོག་པར་གཡེམ་པ་དང་། ཕྲ་མ་དང་། ངག་འཁྱལ་པ་དང་། ཚིག་རྩུབ་མོ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་། མི་རིགས་པའི་འདོད་པ་དང་། ཆོས་མ་ཡིན་པའི་ཆགས་པ་དང་། ལོག་པའི་ཆོས་ཏེ་གསུམ་བསྡོམས་པ་གཅིག་ཏུ་བརྩིས་པའི་ཕྱིན་ཅི་ལོག་པའི་ལྷག་མ་དགུ་སྤངས་ཤིང་། ཕ་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རིགས་ཀྱི་གཙོ་བོ་རྣམས་ལ་དེ་དག་ཏུ་མི་འཛིན་པའི་ཆོས་སྤངས་ཏེ། རིམ་གྲོ་ཆེར་བྱས་པས་མི་རྣམས་ཀྱི་ཚེ་ལོ། བརྒྱ་དང་ཉིས་བརྒྱ་ལྔ་བརྒྱ་སྟོང་དང་ནི། །ཉིས་སྟོང་ལྔ་སྟོང་ཁྲི་དང་ཉི་ཁྲི་དང་། །བཞི་ཁྲི་བརྒྱད་ཁྲིའི་བར་དུ་གོང་འཕེལ་ལོ། །ལོག་པར་གཡེམ་པ་སྤངས་པ་ནས་བཟུང་སྟེ། བརྒྱ་དང་། ཉིས་བརྒྱ་དང་། ལྔ་བརྒྱ་དང་། སྟོང་དང་། ཉིས་སྟོང་དང་། ཁྲི་དང་། ཉི་ཁྲི་དང་། བཞི་ཁྲི་དང་། བརྒྱད་ཁྲིའི་བར་དུ་གོང་ནས་གོང་དུ་འཕེལ་ལོ། །དེ་ཡང་བཅུ་པའི་ཡར་འཕེལ་ནས་བརྒྱད་ཁྲིའི་བར་དུ་སྡེ་ཚན་འཕེལ་བ་ནས་བར་གྱི་ཁུག་པ་ཞེས་བྱའོ། །ཆོས་དགེ་བའི་མཐུས། ཚེ་བཞིན་གཟུགས་དང་ལོངས་སྤྱོད་ཕུན་ཚོགས་འཕེལ། །བར་ཁུག་རྣམས་ལ་མི་རབས་བཅུ་གཉིས་ཏེ། །ཡ་ཐོག་མ་ཐོག་དེ་བས་རིང་བ་ཡིན། །ཚེ་གོང་དུ་འཕེལ་བ་ལྟར་གཟུགས་ཀྱང་ཉིས་འགྱུར་གྱིས་རིང་དུ་སོང་ལ། ནོར་དང་། འབྲུ་དང་། གོས་དང་། བཞོན་པ་ལ་སོགས་པའི་ལོངས་སྤྱོད་ཀྱང་ཉིས་འགྱུར་གྱིས་འཕེལ་ཏེ། དཔལ་དང་སྐལ་བ་བཟང་པོར་གྱུར་ཏོ། །དེ་ལྟར་མི་རབས་བཅུ་གཉིས་ཀྱི་འཕེལ་བ་དང་། འགྲིབ་པ་ནི་བར་གྱི་འཕེལ་འགྲིབ་ཀྱི་དབང་དུ་བྱས་ཀྱི། ཡ་ཐོག་འགྲིབ་པ་དང་། མ་ཐོག་འཕེལ་འགྲིབ་ནི་དེ་བས་ཡུན་རིང་བར་ཐོགས་པ་ཡིན་ཏེ་སྔར་བཤད་ཟིན་ཏོ། །ཕྱིས་ཀྱི་བསྐལ་པ་འཕེལ་བ་དང་འགྲིབ་པ་རེ་རེ་དང་། བར་ཁུག་གི་འཕེལ་འགྲིབ་བསྡོམས་པ་ལ་བར་གྱི་
བསྐལ་པ་རེ་རེར་མཚུངས་པ་ཇི་ལྟར་ཡིན་ན། བར་ཁུག་གི་འཕེལ་འགྲིབ་གཉིས་བསྡོམས་པའི་དུས་ཇི་ཙམ་ཡིན་པ་དང་། ཡ་ཐོག་བསྐལ་པ་དང་པོའི་འགྲིབ་པ་གཅིག་པུ་དང་། མ་ཐོག་སྐྱེ་བའི་དུས་གཅིག་པུ་རྣམས་མཉམ་པས་བསྐལ་པ་རེ་རེ་མཚུངས་པར་འགྱུར་རོ། །བར་ཁུག་གི་ཚེ་མྱུར་དུ་འཕེལ་བའི་ཕྱིར་ན་འོས་པ་ཉིད་དོ། །དེ་ལྟར་བསྐལ་པ་ཆགས་ནས་གནས་པའི་རིང་ལ། འཇིག་རྟེན་དུ་གྲགས་པའི་ཆོས་ཀྱི་ལུགས་ཚད་མེད་པ་བྱུང་ཡང་། མདོར་བསྡུ་བའི་སྡོམ་རྣམ་པར་གཞག་པས་ཐ་སྙད་ཤེས་པར་བསྟན་ན། ཇི་སྐད་བཤད་མ་ཐག་པའི་ཚུལ། དེ་ལྟར་གནས་དུས་ཆོས་ཀྱི་བྱེ་བྲག་ཀྱང་། །འགྲོ་བ་དྲུག་དང་སྐྱེ་བ་རྣམ་པ་བཞི། །གཞི་དྲུག་དུས་བཅུ་དངོས་པོ་བཅུ་བདུན་དང་། །ཡོ་བྱད་བཅུ་བཞི་རྗེས་སུ་སྤྱོད་པ་བརྒྱད། །དེ་ལ་ལྷ་དང་། ལྷ་མ་ཡིན་དང་། མི་དང་། དུད་འགྲོ་དང་། ཡི་དྭགས་དང། དམྱལ་བ་སྟེ་འགྲོ་བ་དྲུག་གོ །སྒོ་ང་ལས་སྐྱེ་བ་དང་། མངལ་དང་། དྲོད་གཤེར་དང་། རྫུས་ནས་སྐྱེ་བ་སྟེ་སྐྱེ་བ་རྣམ་པ་བཞིའོ། །གང་དག་ཁྱུང་དང་། ངང་པ་དང། ཁྲུང་ཁྲུང་ལ་སོགས་པ་སྒོ་ངའི་སྦུབས་བརྟོལ་ནས་སྐྱེ་བ་ནི་སྒོང་སྐྱེས་ཏེ། བདུད་དང་གནོད་སྦྱིན་དང་། ཆུ་བདག་ལ་སོགས་པ་དྲེགས་པ་ཅན་འགའ་ཞིག་བཞིན་ནོ། །དྲོད་གཤེར་ལས་སྐྱེ་བ་ནི་ས་དང་། ཤིང་དང་། རྡོ་ལ་སོགས་པའི་ནང་ནས་སྐྱེ་བ་སྟེ། གྲོག་སྦུར་དང་། ཕྱེ་མ་ལེབ་དང་། ཤིང་སྲིན་ལ་སོགས་པ་བཞིན་ནོ། །རྫུས་ཏེ་སྐྱེ་བ་ནི། པདྨ་ལ་སོགས་པ་ནས་སྐྱེ་བའམ། ཕྱོགས་གང་དུ་འཇའ་ཚོན་ལྟར་སྐྱེ་མཆེད་དྲུག་ཚང་བའམ། མ་ཚང་བ་རྣམས་ཏེ། ཞིང་དག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དམྱལ་བ་རྣམས་དང་། ལྷ་རྣམས་དང་། དུད་འགྲོ་འགའ་ཞིག་དང་། ཡི་དྭགས་ཕལ་དང་། མི་འགའ་ཞིག་བཞིན་ནོ། །དུད་འགྲོ་དང་མི་ལ་སྐྱེ་བ་བཞི་ཀ་སྲིད་ཅིང་། ལྷ་དང་དམྱལ་བ་རྣམས་རྫུས་སྐྱེས་ཡིན་ལ། ཡི་དྭགས་ལ་མངལ་སྐྱེས་ཀྱང་སྲིད་
དེ། ཡི་དྭགས་མངལ་ནས་སྐྱེ་བའང་ཡོད་ཅེས་འདོད་པའི་ཕྱིར་རོ། །ཡོངས་སུ་གཟུང་བའི་གཞི་ནི་དྲུག་སྟེ། གནས་པའི་གཞི་དང་། བརྟེན་པའི་གཞི་དང་། ཟས་ཀྱི་གཞི་དང་། བདེ་བའི་གཞི་དང་། སྣང་བའི་གཞི་དང་། ལུས་གནས་པའི་གཞིའོ། །ཁ་ཅིག་དང་པོ་དང་། ཐ་མ་གཉིས་བསྡོམས་པས་གཅིག་དང་། གཞན་བཞི་དང་། གཏམ་གྱི་གཞི་དང་། དྲུག་ཅེས་འདོད་པའང་ཡོད་དོ། །དེ་ལ་གནས་པའི་གཞི་ནི་འོག་གཞི་རླུང་དང་། ས་དང་། ཆུའི་དཀྱིལ་འཁོར་རོ། །བརྟེན་པའི་གཞི་ནི་གནོད་པ་དང་འཚེ་བ་ལས་སྐྱོབ་པ་ཁང་པ་དང་ཡང་ཐོག་ལ་སོགས་པའོ། །དེ་ཡང་མི་རྣམས་ཀྱི་ལྟར་ཆེད་དུ་བྱས་པ་དང་། དམྱལ་བ་དང་ལྷ་ཁ་ཅིག་ལྟར་བསོད་ནམས་ཙམ་དང་། བསོད་ནམས་མ་ཡིན་པའི་ལས་ལས་གྲུབ་པ་ལས་ཆེད་དུ་བྱས་པ་མ་ཡིན་པ་དང་། གཞན་འཕྲུལ་དབང་བྱེད་ལ་སོགས་པ་སྤྲུལ་པའི་ཁང་བཟང་དུ་སྣང་བ་རྣམས་སོ། །ཟས་ཀྱི་གཞི་ནི་ཁམས་ཀྱི་ཟས་ཀྱི་གཞིའམ་རྒྱུ་ལོ་ལེགས་པའོ། །གཏམ་གྱི་གཞི་གླེང་བའི་ཡུལ་གང་ཡིན་པའོ། །བདེ་བའི་གཞི་གོས་དང་། ཟས་དང་། གོ་ཆ་དང་། མལ་ཆ་དང་། ཁྲི་ལ་སོགས་པའོ། །དེའང་གནོད་པ་ལས་སྐྱོབ་པས་བདེ་བའི་གཞིར་བྱས་སོ། །སྣང་བའི་གཞི་ནི་གཟུགས་ལ་སོགས་པ་སྣང་བའི་རྒྱུ་ཉི་ཟླ་དང་སྒྲོན་མེ་ལ་སོགས་པའོ། །ལུས་གནས་པའི་གཞི་ཟས་རྣམ་པ་བཞི་སྟེ། ཁམས་ཀྱི་ཟས་དང་། རེག་པའི་ཟས་དང་། ཡིད་ལ་སེམས་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་ཏེ་ལུས་གནས་པར་བྱེད་པའོ། །དུས་རྣམ་པ་བཅུ་ནི། བསྐལ་པ་དང་། ལོ་དང་། ཟླ་བ་དང་། ཟླ་བ་ཕྱེད་པ་དང་། ཉིན་མོ་དང་། མཚན་མོ་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་པ་དང་། དུས་ཚིགས་སོ། །བསྐལ་པ་ལ། བར་བསྐལ་དང་། ཆེན་པོ་གཉིས་སོ། །ལོ་ནི་ཟླ་བ་བཅུ་གཉིས་བསྡོམས་པའོ། །ཟླ་བ་ནི་ཚེས་སུམ་ཅུའོ། །ཕྱེད་པ་ནི་བཅོ་ལྔ་གཉིས་ཏེ་ཡར་ངོ་དང་མར་ངོ་གཉིས་སོ། །ཉིན་མོ་ནི་འཛམ་བུའི་གླིང་ལ་ཉི་མ་
ཤར་བ་ལ་གྲགས་སོ། །མཚན་མོ་ནི་ཉི་མ་ནུབ་ནས་མ་ཤར་བའི་བར་རོ། །སྐད་ཅིག་ལ་གསུམ་སྟེ། དུས་ཀྱི་མཐའི་སྐད་ཅིག་དང་། དེའི་སྐད་ཅིག་དང་། བྱ་བ་རྫོགས་པའི་སྐད་ཅིག་གོ །དུས་མཐའི་སྐད་ཅིག་ནི། ཤེས་བྱའི་ཡུལ་གཅིག་ལ་ཤེས་པ་ལམ་གྱིས་སྐྱེས་པའི་སྐད་ཅིག་ལྟ་བུའོ། །དེའི་སྐད་ཅིག་ནི་དེ་ལྟ་བུ་བརྒྱ་ཉི་ཤུ་བསྡོམས་པ་སྟེ། མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། དེའི་སྐད་ཅིག་ཅེས་སོ། །བྱ་རྫོགས་ཀྱི་སྐད་ཅིག་ནི། བྱ་བ་གཅིག་མགོ་བརྩམས་ནས་གྲུབ་ཚུན་ཆད་ཀྱི་བར་རོ། །འདི་ནི་ཡུན་མ་ངེས་ཏེ། ཐུང་མཐའ་སེ་གོལ་གཏོགས་པའི་བྱ་བ་ཡིན་ན་དེའི་བར་རོ། །རིང་མཐའ་སེམས་བསྐྱེད་ནས་སངས་རྒྱས་མ་ཐོབ་ཀྱི་བར་རོ། །ཐང་ཅིག་ནི་དེའི་སྐད་ཅིག་མ་དྲུག་ཅུའོ། །ཡུད་ཙམ་ནི་ཐང་ཅིག་སུམ་ཅུའོ། །དུས་ཚིགས་ནི་དགུན་དང་། སྟོན་དང་། དབྱར་དང་། དཔྱིད་དོ། །ཡོངས་སུ་གཟུང་བའི་དངོས་པོ་བཅུ་བདུན་ནི། བདག་དང་། ཕ་མ་དང་། བུ་ཚ་དང་། ཆུང་མ་དང་། བྲན་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དང་། ཞིང་དང་། ཁྱིམ་དང་། ཟོང་དགྲམ་པའི་དངོས་པོ་དང་། བསོད་ནམས་བྱ་བའི་དངོས་པོ་དང་། ལས་ཀྱི་མཐའ་ལ་སྦྱོར་བའི་དངོས་པོ་དང་། ནོར་བསོགས་པའི་དངོས་པོའོ། །ལོངས་སྤྱོད་ཀྱི་ཡོ་བྱད་བཅུ་བཞི་ནི། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། རྒྱན་དང་། གླུ་བྲོ་དང་། བཞད་གད་དང་། རོལ་མོའི་སྒྲ་དང་། སྤོས་དང་། མེ་ཏོག་ཕྲེང་རྒྱུད་དང་། བྱུག་པ་དང་། སྣོད་སྤྱད་དང་། སྣང་བ་དང་། ཕོ་མོ་དགའ་མགུར་སྤྱོད་པའོ། །རྒྱུན་གྱི་རྗེས་སུ་སྤྱོད་པ་བརྒྱད་ནི། སྤྱོད་ལམ་གཞན་ལ་ཡོངས་སུ་བརྟག་པ་དང་། གོས་ཀྱིས་དཀྲི་བ་དང་། ཁ་ཟས་བཟའ་བཏུང་དང་། ལུས་ཀྱི་བསྙེན་བཀུར་བྱ་བ་དང་། གཉིད་ལོག་པ་དང་། འཁྲིག་པ་སྤྱོད་པ་དང་། དེ་དང་ལྡན་པའི་རྩོལ་བ་དང་། དེ་དང་ལྡན་པའི་གཏམ་རྣམས་སོ། །གཞན་ཡང་།
འཇིག་རྟེན་སྤྱོད་བཅུ་གཏམ་གྱི་རྣམ་པ་གསུམ། །ཉེས་རྩོམ་ཉེར་གཉིས་དེ་བཞིན་སེམས་ཅན་རིགས། །དྲུག་ཅུ་རྩ་གསུམ་དུས་བརྒྱད་འཇུག་པ་བཞི། །འཇིག་རྟེན་གྱི་སྤྱོད་པ་བཅུ་ནི། སྨྲ་བ་དང་། གཏམ་བྱེད་པ་དང་། སོ་སོར་དགའ་མགུར་བྱེད་པ་དང་། བག་མ་གཏོང་བ་དང་། བག་མ་ལེན་པ་དང་། འབོད་པ་དང་། གཡར་འདྲེན་པ་དང་། ལྷག་པར་ཟ་བ་དང་། འདུས་ཤིང་ཟ་བ་དང་། རྩོད་པ་བྱུང་བ་ལ་གཅིག་གི་གྲོགས་གཅིག་གིས་བྱེད་པའོ། །གཏམ་རྣམ་པ་གསུམ་ནི། ཡང་དག་པའི་ཆོས་དང་ལྡན་པ་དང་། ཆོས་དང་ལྡན་པ་མ་ཡིན་པ་དང་། དེ་ལས་གཞན་པའོ། །དང་པོ་ནི་འཕགས་པ་ཡོ་བྱད་བསྙུངས་པ་ཅན་དང་ལྡན་པའི་གཏམ་དང་། སེམས་ཀྱི་སྒྲིབ་པ་སེལ་བའི་གཏམ་བྱེད་པ་གང་ཡིན་པ་སྟེ་འཁོར་བ་ནས་ངེས་པར་འབྱིན་པའི་གཏམ་རྣམས་སོ། །གཉིས་པ་ནི་གང་ཉོན་མོངས་པ་ཅན་གྱི་སེམས་ཀྱི་ཁ་ཟས་དང་འདོད་པ་དང་། ཉོ་ཚོང་ལ་སོགས་པ་ཟག་པ་འཕེལ་བའི་གཏམ་བྱེད་པའོ། །གསུམ་པ་ནི་ལུང་དུ་མ་བསྟན་པའི་བསམས་པས་ཀུན་ནས་བླངས་པའི་ངག་གི་ལས་མེ་དང་ཆུ་ལ་སོགས་པ་བརྗོད་པའི་གཏམ་བཞིན་ནོ། །ཉེས་རྩོམ་ཉི་ཤུ་རྩ་གཉིས་ནི། གཞལ་བླུགས་ལ་སྒྱུ་བྱེད་པ་དང་། སྲང་ལ་སྒྱུ་བྱེད་པ་དང་། གཞལ་བ་ལ་སྒྱུ་བྱེད་པ་དང་། ལོག་པའི་ལས་ལ་སྦྱོར་བ་དང་། འཐབ་པ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་དང་། གཤེ་བ་དང་། ཁྲོ་བ་དང་། དམ་བཅའ་བ་དང་། བསྡིགས་པ་དང་། བརྡེག་པ་དང་། གསོད་པ་དང་། འཆིང་བ་དང་། གོ་རར་འཇུག་པ་དང་། གཅོད་པ་དང་། སྤྱུགས་པ་དང་། གཡོ་བྱེད་པ་དང་། འདྲིད་པ་དང་། དྲག་ཤུལ་དང་། རྫུན་དུ་སྨྲ་བ་རྣམས་སོ། །སེམས་ཅན་གྱི་རིགས་དྲུག་ཅུ་རྩ་གསུམ་ནི། དམྱལ་བ་དང་། ཡིི་དྭགས་དང་། དུད་འགྲོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། བར་གྱི་སྲིད་པ་རྣམས་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་
རིགས་དང་། བྲམ་ཟེ་དང་། སྐྱེས་པ་དང། བུད་མེད་དང་། མ་ནིང་དང་། ངན་པ་དང་། འབྲིང་པོ་དང་། བཟང་བ་དང་། ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་དྲག་པོ་ཅན་རྣམས་དང་། དཀའ་ཐུབ་དྲག་པོ་ཅན་མ་ཡིན་པ་རྣམས་དང་། སྡོམ་པ་ཅན་རྣམས་དང་། སྡོམ་པ་ཅན་མ་ཡིན་སྡོམ་པ་མེད་པ་ཡང་མ་ཡིན་པ་རྣམས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་མ་ཡིན་པ་དང་། ལོག་པ་ཉིད་དུ་ངེས་པའི་ཕུང་པོ་པ་རྣམས་དང་། ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་པ་རྣམས་དང་། གཉིས་ཀར་མ་ངེས་པའི་ཕུང་པོ་པ་རྣམས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང། དགེ་བསྙེན་མ་དང་། ཁ་ཏོན་པ་དང་། ཞལ་ཏ་བྱེད་པ་དང་། གནས་བརྟན་པ་དང་། བར་མ་དང་། གསར་བུ་དང་། མཁན་པོ་དང་། སློབ་དཔོན་དང་། ལྷན་ཅིག་གནས་པ་དང་། ཉེ་གནས་དང་། གློ་བུར་དུ་ལྷགས་པ་དང་། དགེ་འདུན་གྱི་ལས་བྱེད་པ་དང་། རྙེད་པ་འདོད་པ་དང་། བཀུར་སྟི་འདོད་པ་དང་། ཡོ་བྱད་བསྙུངས་པ་དང་། མང་དུ་ཐོས་པ་དང་། མཁས་ཤིང་བསོད་ནམས་དང་ལྡན་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་དང་། འདུལ་བ་འཛིན་པ་དང་། མདོ་སྡེ་འཛིན་པ་དང་། མ་མོ་འཛིན་པ་དང་། སོ་སོ་སྐྱེ་བོ་དང་། བདེན་པ་མཐོང་བ་དང་། སློབ་པ་དང་། མི་སློབ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཁོར་ལོས་སྒྱུར་བ་རྣམས་སོ། །དུས་རྣམ་པ་བརྒྱད་ནི། མངལ་ན་གནས་པའི་དུས་དང་། བཙས་པའི་དུས་དང་། བྱིས་པའི་དུས་དང་། གཞོན་ནུའི་དུས་དང་། ལང་ཚོའི་དུས་དང་། དར་ལ་བབ་པའི་དུས་དང་། རྒས་པའི་དུས་དང་། འཁོགས་པའི་དུས་སོ། །མངལ་དུ་འཇུག་པ་བཞི་ནི། ཤེས་བཞིན་དུ་འཇུག་ལ་མ་ཤེས་པར་གནས་ཤིང་འབྱུང་བ་འཁོར་ལོས་སྒྱུར་བ།
ཤེས་བཞིན་དུ་འཇུག་ཅིང་གནས་ལ་མི་ཤེས་པར་འབྱུང་བ་ཉན་ཐོས་དང་རང་སངས་རྒྱས། ཤེས་བཞིན་དུ་འཇུག་ཅིང་གནས་ཏེ་འབྱུང་བ་བྱང་ཆུབ་སེམས་དཔའོ། །མི་ཤེས་པར་འཇུག་ཅིང་གནས་ཏེ་འབྱུང་བ་དེ་དག་ལས་གཞན་པའི་འགྲོ་བ་རྣམས་སོ། ཁ་ཅིག་དག་མི་ཤེས་པར་འཇུག་གནས་འབྱུང་བ་ཐ་མལ་པ། ཤེས་བཞིན་འཇུག་མ་ཤེས་པར་གནས་འབྱུང་བ་ཉན་ཐོས། ཤེས་བཞིན་དུ་འཇུག་གནས་མི་ཤེས་འབྱུང་བ་རང་སངས་རྒྱས། ཤེས་བཞིན་དུ་འཇུག་གནས་འབྱུང་བ་བྱང་ཆུབ་སེམས་དཔའོ་ཞེས་ཀྱང་འདོད་དོ། །འོན་ཀྱང་འཁོར་ལོས་སྒྱུར་བ་ལ་བྱང་ཆུབ་སེམས་དཔས་མ་ཁྱབ་པས། དེ་ལྟར་འཐད་པར་ཡང་མི་སེམས་སོ། །གཞན་ཡང་། འཚོ་བ་དྲུག་དང་ཀུན་ནས་སྲུང་བ་དྲུག །ང་རྒྱལ་བདུན་དང་རྒྱགས་པ་རྣམ་པ་བདུན། །ཐ་སྙད་བཞི་དང་ཐ་སྙད་མང་པོའི་གཞི། །འཚོ་བ་རྣམ་པ་དྲུག་ནི། ཞིང་གི་ལས་དང་། ཚོང་གི་ལས་དང་། ཕྱུགས་བཙའ་བ་དང་། ཞོ་ཤས་འཚོ་བ་དང་། ཡིི་གེ་དང་ཤོད་དགོད་པ་དང་། རྩིས་ཀྱི་ལས་དང་། དེ་དག་ལས་གཞན་པ་བཟོའི་གནས་རྣམས་སོ། །ཀུན་ནས་སྲུང་བ་དྲུག་ལ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་། ནོར་གྱི་ཚོགས་དང་། མཛའ་བཤེས་ཀྱི་ཚོགས་དང་བཅས་ཏེ་རང་གི་སྡེ་སྲུང་བའོ། །སྡུག་བསྔལ་རྣམ་པ་བདུན་ནི། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་དང་། མི་འདོད་པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བ་དང་། འདོད་པས་ཕོངས་པའོ། །ང་རྒྱལ་བདུན་ལ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །རྒྱགས་པ་བདུན་ལ། ནད་མེད་པས་རྒྱགས་པ་དང་། ལང་ཚོས་རྒྱགས་པ་དང་། གསོན་པས་རྒྱགས་པ་དང་། རིགས་ཀྱིས་རྒྱགས་པ་དང་། གཟུགས་ཀྱིས་རྒྱགས་པ་དང་། དབང་ཕྱུག་གིས་རྒྱགས་པ་དང་། ཐོས་པས་རྒྱགས་པའོ། །ཐ་སྙད་བཞི་སྟེ། ཐོས་པ་དང་། བྱེ་བྲག་
ཕྱེད་པ་དང་། མཐོང་བ་དང་། རྣམ་པར་ཤེས་པའི་ཐ་སྙད་ལས། ཐོས་པའི་ཐ་སྙད་ནི་གང་གཞན་ལས་ཐོས་ནས་དེ་ལ་བརྟེན་ཏེ་གཞན་ལ་ཐ་སྙད་དུ་བརྗོད་པའོ། །བྱེ་བྲག་ཕྱེད་པའི་ཐ་སྙད་ནི་གང་དེས་མ་མཐོང་མ་ཐོས་པར་བདག་གིས་བསམས་ཤིང་ཉེ་བར་བརྟགས་ནས་དེ་ལ་བརྟེན་ཏེ་གཞན་ལ་ཐ་སྙད་དུ་བརྗོད་པའོ། །མཐོང་བའི་ཐ་སྙད་ནི། གང་དེས་མིག་ལ་སོགས་པས་མངོན་སུམ་དུ་བྱས་ནས་དེ་ལ་བརྟེན་ཏེ་གཞན་ལ་ཐ་སྙད་དུ་བརྗོད་པའོ། །རྣམ་པར་ཤེས་པའི་ཐ་སྙད་ནི་གང་དེས་སོ་སོ་རང་གིས་རིག་པ་དང་། རྟོགས་པ་དང་། རེག་པ་དང་། མངོན་སུམ་དུ་བྱས་ནས་དེ་ལ་བརྟེན་ཏེ་གཞན་ལ་ཐ་སྙད་དུ་བརྗོད་པ་གང་ཡིན་པའོ། །ཐ་སྙད་ཀྱི་གཞི་མང་པོ་རྣམས་ནི། ངེས་པའི་ཚིག་གི་གཞི་རྣམས་དང་། སྤྲོས་པའི་གཞི་རྣམས་དང་། དོན་བསྡུས་པའི་གཞི་རྣམས་ཞེས་ཀྱང་བྱ་སྟེ། རྣམ་པ་མང་ཡང་ཆོས་ཁམས་དབྱེ་བ་བཅུ་ལྟ་བུ་སོགས་ཡིན་ལ། དེ་ནི་གང་ཞེ་ན། རྗེས་སུ་འབྲེལ་བའི་སྐྱེ་བོའི་དོན་དང་། དམིགས་པ་མྱོང་བའི་དོན་དང་། དམིགས་པའི་མཚན་མར་འཛིན་པའི་དོན་དང་། དམིགས་པ་མངོན་པར་འདུ་བྱེད་པའི་དོན་དང་། ཆོས་དེ་དག་ཉིད་དུས་ཐ་དད་པའི་དོན་དང་། རྣམ་པ་སྒྲིབ་པ་མེད་པའི་དོན་དང་། མི་རྟག་པ་དང་བྲལ་བའི་དོན་དང་། མི་རྟག་པ་དང་མ་བྲལ་བའི་དོན་དང་། རྟག་པ་ཕྱིན་ཅི་མ་ལོག་པའི་དོན་དང་། བདེ་བ་དང་སྡུག་བསྔལ་དང་བྲལ་བའི་དོན་དང་། ཚོར་བ་དང་བྲལ་བ་མ་ཡིན་པའི་དོན་དང་། ཚོར་བ་དང་བྲལ་བའི་དོན་ཏོ། །ཐ་སྙད་ཀྱི་གཞི་རྣམས་ཀྱི་དོན་ནི་ཐ་སྙད་འདོགས་པའི་ཡུལ་དང་། དོན་དུ་གཞལ་བྱ་གང་ཡིན་པ་དེ་ཡིན་ལ། ཐ་སྙད་ནི་འཇལ་བྱེད་དུ་རྣམ་པར་གཞག་པ་ཡིན་ཏེ། གཟུགས་འཛིན་མིག་ཤེས་མངོན་སུམ་ལ་ཨུཏྤལ་སྣང་དུས། ཕྱི་རོལ་གྱི་དོན་རང་མཚན་ཨུཏྤ་ལའི་གཟུགས་དང་དྲི་དང་ཆེ་ཆུང་ལ་སོགས་པ་ཡུལ་དུ་སྣང་བའི་དོན་ནི་ཐ་སྙད་ཀྱི་གཞི་ཡིན་ལ། ཨུཏྤ་ལར་ངེས་པའི་མིག་ཤེས་མངོན་སུམ་ཚད་མ་ནི་ཐ་སྙད་ཅེས་བྱ་བ་ཡིན་པ་བཞིན་ནོ། །གཞན་ཡང་། མཁས་པ་དྲུག་དང་བཀའ་ཡི་དངོས་པོ་དགུ། །འཁོར་གྱི་དངོས་པོ་བརྒྱད་ལ་སོགས་པར་གྲགས། །མཁས་པར་བྱ་བའི་དོན་རྣམ་པ་དྲུག་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་དང་། དབང་པོ་ལ་མཁས་པར་བྱའོ། །ཕུང་པོ་ནི་ལྔ་སྟེ། གཟུགས་དང་། ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའོ། །ཁམས་ནི་དྲུག་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་སོ། །སྐྱེ་མཆེད་ནི་བཅུ་གཉིས་ཏེ། མིག་གི་སྐྱེ་མཆེད་ནས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་སྐྱེ་མཆེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་བཅུ་གཉིས་ཏེ། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའོ། །གནས་དང་གནས་མ་ཡིན་པ་ནི་འཁོར་བ་དང་དེའི་ལམ་ཀུན་འབྱུང་འབྲས་བུ་སྡུག་བསྔལ་གྱི་བདེན་པས་བསྡུས་པ་རྣམས་སྤང་བྱ་ཁོ་ན་སྟེ་གནས་མ་ཡིན་ལ། མྱ་ངན་ལས་འདས་པ་འགོག་བདེན་ནི་ཞི་བ་སྟེ། དེའི་རྒྱུ་ལམ་བདེན་ཆ་དང་བཅས་པ་རྣམས་གཉེན་པོ་བླང་བྱ་ཁོ་ན་བས་གནས་ཞེས་བྱའོ། །དབང་པོ་ལ་འཕགས་པ་དང་། སོ་སོ་སྐྱེ་བོ་གཉིས་ལས། དེ་ལ་གཟུགས་ཅན་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་སྟེ་རྣམ་པ་ལྔ། གཟུགས་ཅན་མ་ཡིན་པ་ནི་ཡིད་ལས་ཕྱེ་བར་འདོད་དོ། །དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་སོ། །རྣམ་པར་གྲོལ་བ་འཕགས་པའི་དབང་པོ་ལའང་ལྷག་བཅས་ཀྱི་རྟེན་ལ་དབང་པོ་གཟུགས་ཅན་ལྔ་དང་། གཟུགས་ཅན་མ་ཡིན་པ་ལྔ། རྣམ་པར་གྲོལ་བའི་དབང་པོ་དང་བཅུ་གཅིག་གོ །ལྷག་མེད་ལ་གཟུགས་ཅན་རྣམས་མེད་ལ། གཟུགས་ཅན་མ་ཡིན་པ་རྣམས་ཐོབ་ལ་མ་ཉམས་པར་གནས་སོ། །ཚུལ་གཞན་དུ་དབང་པོའི་རྣམ་གཞག་ཉི་ཤུ་རྩ་གཉིས་ལས། ལྡན་ཚུལ་བརྩི་བ་ནི་ཉན་ཐོས་པའི་སྡེ་པས་རྣམ་པར་གཞག་པ་ཡིན་ལ། སྤྲོས་པ་ལ་དགའ་ན་དེའི་གཞུང་དུ་བརྟག་གོ །སངས་རྒྱས་ཀྱི་བཀའི་དངོས་པོ་དགུ་ལ། སེམས་ཅན་གྱི་དངོས་པོ་ནི་གཟུགས་ལ་སོགས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །
ལོངས་སྤྱོད་ཀྱི་དངོས་པོ་ནི་སྐྱེ་མཆེད་བཅུ་གཉིས་སོ། །སྐྱེ་བའི་དངོས་པོ་ནི་རྟེན་འབྲེལ་ལུགས་མཐུན་ཡན་ལག་བཅུ་གཉིས་སོ། །གནས་པའི་དངོས་པོ་ནི་ཟས་བཞི་པོ་རྣམས་སོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ནི། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་སྟེ་བདེན་པ་བཞིའོ། །སྣ་ཚོགས་ཀྱི་དངོས་པོ་ནི། ཁམས་ཚད་མེད་པ་རྣམས་སོ། །སྟོན་པ་པོའི་དངོས་པོ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་སོ། །བསྟན་པར་བྱ་བའི་དངོས་པོ་ནི། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཆོས་སུམ་ཅུ་རྩ་བདུན་ནོ། །གང་ཞེ་ན་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་ནི། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །ཡང་དག་པར་སྤོང་བ་བཞི་ནི། མི་དགེ་བ་མ་སྐྱེས་པ་མི་སྐྱེད་པའི་ཕྱིར་དང་། སྐྱེས་པ་སྤོང་བའི་ཕྱིར་དང་། དགེ་བ་མ་སྐྱེས་པ་སྐྱེད་པའི་ཕྱིར་དང་། སྐྱེས་པ་གོང་དུ་འཕེལ་བའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་པ་རྣམ་པ་བཞིའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པ་དང་། སེམས་པ་དང་། དཔྱོད་པ་དང་། ཏིང་ངེ་འཛིན་ཡང་དག་རྫུ་འཕྲུལ་གྱི་རྐང་པའོ། །དབང་པོ་ལྔ་ནི། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོའོ། །སྟོབས་ལྔ་ནི་དད་པ་ལ་སོགས་པའི་རྣམ་པ་ལྔའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། དགའ་བ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཕགས་པའི་ཡན་ལག་བརྒྱད་ནི། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་
དང་། ཏིང་ངེ་འཛིན་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །འཁོར་གྱི་དངོས་པོ་བརྒྱད་ལ། རྒྱལ་རིགས་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། དགེ་སྦྱོང་དང་། རྒྱལ་ཆེན་བཞིའི་རིགས་དང་། སུམ་ཅུ་རྩ་གསུམ་པ་དང་། བདུད་དང་། ཚངས་པའི་འཁོར་རོ། །སོགས་པར་གྲགས་ཞེས་པའི་དོན་ནི་འདི་ཙམ་དུའང་མ་ཟད་དེ། རྒྱལ་པོ་རྣམས་ཀྱི་བསྟན་བཅོས་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། དེད་དཔོན་རྣམས་ཀྱི་རྒྱ་མཚོ་དང་། ནོར་བུ་བརྟགས་པ་ལ་སོགས་པའི་བསྟན་བཅོས་ནས་ཕྱི་རོལ་པ་དང་། ནང་པ་དང་ཐུན་མོང་དུ་གྲགས་པའི་ཆོས་ལུགས་ཐམས་ཅད་བསྐལ་པ་གནས་པའི་དུས་འདིར་བྱུང་བ་ཡིན་ནོ་ཞེས་པའི་དོན་ཏོ། །སྔར་བཤད་པའི་ཚུལ་གྱིས་བསྐལ་པ་འདིར་བྱུང་བའི་རྣམ་གྲངས་དང་། ཚུལ་གཞན་ཆགས་པ་ལ་སོགས་པའི་རང་བཞིན་དག་ཀྱང་རྒྱ་ཆེར་དབྱེ་བ་གནས་པའི་བསྐལ་པ་འདི་ཉིད་ལ་ཁམས་གོང་འོག་གི་ཆོས་ལྡན་པ་དང་མི་ལྡན་པ་བསྟན་པ་ནི། དེ་ལྟར་གནས་ཚེ་ཁྱད་པར་གཞན་བསྟན་པ། །བཀྲེས་སྐོམ་འདོད་ཡོན་གཟུགས་དང་གཟུགས་མེད་མེད། །གླིང་གསུམ་ཁ་ཟས་རྣམ་པ་མང་ལྡན་ཞིང་། །སྒྲ་མི་སྙན་ན་སཱ་ལུ་གཅིག་པུ་ཉིད། །གནས་པའི་བསྐལ་པ་ལ་ཁམས་གསུམ་པོ་འདིར་ཆོས་གང་དང་ནི་ལྡན། གང་ཞིག་ནི་མེད་སྙམ་པ་ལས། འདིར་ཆེ་ལོང་ཞིག་སྨོས་པ་ནི། བཀྲེས་པ་དང་སྐོམ་པ་ནི་འདོད་པའི་ཁམས་ན་ཡོད་ཀྱི། གོང་མ་གཉིས་ན་མེད་དོ། །གླིང་གསུམ་ན་ཁ་ཟས་ཀྱི་རྣམ་གྲངས་དུ་མ་ཡོད་ལ། བྱང་ན་མ་བཏབ་པའི་འབྲུ་འབའ་ཞིག་གོ །འབྲུ་དེ་ནི་ཤིང་ལས་རང་བྱུང་བ་དང་། ས་ལས་བྱུང་བའི་སཱ་ལུ་ཞེས་བྱ་བའི་རིགས་གཉིས་ཡོད་དོ། །གཞན་ཡང་། འདོད་ལྷ་བདུད་རྩི་ཡན་ཆད་ཏིང་འཛིན་ཟས། །མི་ལ་བཤང་གཅི་ལྷ་རྣམས་ལ་ཡོད་མིན། །གླིང་གསུམ་ཆར་འབབ་ཆེ་ཆུང་སྣང་བ་སྟེ། །སྒྲ་མི་སྙན་ལྷ་རྣམས་ལ་དེ་མེད་དོ། །འདོད་ལྷ་དྲུག་ནི་བདུད་རྩི་ཁ་དོག་བཞི་ལ་སྤྱོད་དོ། །དེ་ཡན་ཆད་ལ་ཁམས་ཀྱི་ཟས་མེད་དོ། །བཤང་གཅི་ནི་གླིང་བཞིའི་མི་ལ་ཡོད་ཀྱི་ལྷ་རྒྱལ་ཆེན་རིགས་བཞི་ཡན་ཆད་ལ་མེད་དོ། །གླིང་གསུམ་ན་ཆར་ཆེ་ཆུང་དང་འབབ་མཁས་མི་མཁས་ཡོད་ལ། བྱང་
གླིང་དང་ལྷ་རྣམས་ལ་མེད་དོ། །གླིང་གསུམ་ན་ལོ་ལེགས་ཉེས་དང་འཇིགས་པ་དང་མི་བདེ་བ་ཡོད་ལ། སྒྲ་མི་སྙན་དང་འདོད་གཟུགས་ན་ལོ་ཐོག་ལེགས་ཉེས་མེད་ལ་བདེ་བ་ཤས་ཆེ། འཇིགས་པ་དང་སྡུག་བསྔལ་སྐབས་འགའ་སྲིད་པ་ཙམ་ལས་མེད་དོ། །རྣམ་གྲངས་ཀྱི་ཁྱད་པར་བསྟན་པ། དེ་བཞིན་ནོར་འབྲུ་ཉོ་ཚོང་ལོ་ལེགས་ཉེས། །ཆེད་དུ་བྱས་པའི་གནས་ཀྱང་མཚུངས་པ་ཉིད། །གླིང་གསུམ་ན་འབྲུ་དང་ནོར་ལ་ཉོ་ཚོང་ཡོད་ལ། བྱང་དང་ལྷའི་གནས་ན་མེད་དོ། །འཛམ་བུའི་གླིང་འདིར་ཡང་སྔོན་བསྐལ་པ་དང་པོ་ན་ལོ་ལེགས་ཉེས་སུ་ཕྱེ་བ་མེད་ལ། སོ་སོར་བགོས་པ་ནས་བྱུང་བའོ། །གླིང་གསུམ་ན་ཆེད་དུ་བྱས་པའི་གནས་ཁང་ཡོད་ལ། བྱང་དང་ལྷ་རྣམས་ལ་བསོད་ནམས་ཀྱི་སྟོབས་ཀྱིས་ཆེད་དུ་མ་བྱས་པའི་གནས་ཡོད་དོ། །གླིང་གསུམ་འདོད་ལྷའི་གནས་ན་ཁ་དོག་བཞི། །གཟུགས་དང་སྒྲ་མི་སྙན་ན་དཀར་པོ་ཉིད། །གླིང་གསུམ་རས་བལ་དར་ཟབ་སྣལ་མའི་གོས། །སྒྲ་མི་སྙན་ལྷ་དྲུག་ན་སྲབ་འཇམ་ཡང་། །གླིང་གསུམ་ན་ལུས་ཀྱི་ཁ་དོག་ཐམས་ཅད་པ་ཡོད་ལ། བྱང་ན་དཀར་པོ་གཅིག་པུ་ཡོད་དོ། །འདོད་ལྷ་དྲུག་ན་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ཐམས་ཅད་ཡོད་དོ། །ཚངས་རིས་ནས་འོག་མིན་གྱི་བར་དུ་ལུས་དཀར་པོའོ། །སྐྱེ་མཆེད་མུ་བཞི་ལ་ཁ་དོག་མེད་དོ། །གླིང་གསུམ་ན་གོས་དར་དང་རས་དང་སྣལ་མ་ཡོད་ལ་ལྗིད་ཀྱང་ཆེ་བ་ཡིན་ནོ། །བྱང་དང་འདོད་ལྷ་ལ་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་སྲབ་ལ་ཡང་ཤིང་འཇམ་པ་ཡོད་དོ། །བྱང་གི་གོས་ལ་སྲང་གཅིག །རྒྱལ་ཆེན་བཞིའི་གོས་ལ་སྲང་ཕྱེད། སུམ་ཅུ་རྩ་གསུམ་པའི་གོས་ལ་སྲང་བཞི་ཆ། འཐབ་བྲལ་ལ་བརྒྱད་ཆ། དགའ་ལྡན་ལ་བཅུ་དྲུག་ཆ། འཕྲུལ་དགའ་ལ་སུམ་ཅུ་རྩ་གཉིས་ཆ། གཞན་འཕྲུལ་དབང་བྱེད་ལ་དྲུག་ཅུ་རྩ་བཞི་ཆའོ། །ཚངས་རིས་ཡན་ཆད་ལ་གཞལ་དུ་མེད་པའི་གོས་ཡོད་དོ། །ཚངས་རིས་ཡན་ཆད་གོས་གྱོན་ནས་སྐྱེ་ཞིང་། གོས་ལའང་ཁ་དོག་བཞི་ཀ་ཡོད་དོ། །གླིང་གསུམ་
ཚ་གྲང་སྒྲ་མི་སྙན་ལྷ་མེད། །སྒྲ་མི་སྙན་པ་མ་གཏོགས་འདོད་ལྷ་མི། །བག་མ་གཏོང་ལེན་གོང་མའི་ཁམས་ན་མེད། །རྗེ་འབངས་བྲན་གཡོག་ཕོ་མོ་མཚུངས་པར་བརྗོད། །གླིང་གསུམ་ན་ཚ་གྲང་ཡོད་ལ། བྱང་དང་ལྷ་ལ་མེད་དོ། །གླིང་གསུམ་དང་འདོད་ལྷ་དྲུག་ན་བག་མ་གཏོང་ལེན་ཡོད་ལ། བྱང་དང་ཚངས་རིས་ཡན་ཆད་ལ་མེད་དོ། །གླིང་གསུམ་དང་འདོད་ལྷ་དྲུག་ཚངས་རིས་དང་བཅས་པ་ན་རྗེ་འབངས་ཡོད་ལ། བྱང་དང་དེ་ཡན་ཆད་ལ་མེད་དོ། །གླིང་གསུམ་དང་འདོད་ལྷ་ན་བྲན་གཡོག་ཡོད་ལ། བྱང་དང་གོང་མ་གཉིས་ན་མེད་དོ། ཁམས་གོང་མ་གཉིས་ན་ཕ་མ་དང་ཕོ་མོ་མེད་ལ། འོག་མ་ལ་ཡོད་དོ། །འདོད་ལྷ་དྲུག་ན་ནོར་ཡོད་འབྲུ་མེད་ཅིིང་། །སྒྲ་མི་སྙན་ན་འབྲུ་ཡོད་ནོར་མེད་ལ། །གཉེན་མེད་གཟུགས་དང་འདྲ་བ་ཉིད་ཡིན་ནོ། །གླིང་གསུམ་འབྲུ་ནོར་གཉེན་དང་ལྡན་པ་ཉིད། །ཚངས་རིས་ལ་སོགས་གོང་མའི་ཁམས་ན་མེད། །གླིང་གསུམ་ན་ནོར་དང་འབྲུ་ཡོད་ལ། སྒྲ་མི་སྙན་ན་འབྲུ་ཡོད་ནོར་མེད་དོ། །འདོད་ལྷ་དྲུག་ལ་ནོར་ཡོད་ཀྱང་འབྲུ་མེད་ཅིང་། ཚངས་རིས་ཡན་ཆད་ལ་འབྲུ་ནོར་གཉིས་ཀ་མེད་དོ། །གླིང་གསུམ་ན་ནོར་དང་འབྲུ་དང་གཉེན་ལ་སོགས་པ་ལ་མངོན་ཞེན་ཡོད་ལ། སྒྲ་མི་སྙན་པ་ལ་མངོན་ཞེན་མེད་དོ། །འདོད་ལྷ་དྲུག་ལ་ནོར་གཉེན་ལ་ཞེན་པ་ཡོད་ལ། ཚངས་རིས་ཡན་ཆད་ལ་མེད་དོ། །རྫུས་སྐྱེས་རོ་མེད་གཞན་རྣམས་རོ་དང་བཅས། །བགྲོད་པའང་རང་གི་རྫུ་འཕྲུལ་གྲུབ་པའམ། །གཞན་ལ་བརྟེན་ནས་གོང་མར་ཕྱིན་འགྱུར་གྱི། །གཞན་དུ་འོག་མས་གོང་མ་མཐོང་བ་མེད། །རྫུས་ཏེ་སྐྱེས་པ་རྣམས་ལ་རོ་མེད་ལ། སྐྱེ་བ་གཞན་གསུམ་ནི་འཆི་བའི་ཚེ་རོ་དང་བཅས་པ་ཉིད་དོ། །མི་དང་དུད་འགྲོ་དང་ཡི་དྭགས་རྣམས་ནི་རྫུས་སྐྱེས་མ་གཏོགས་པ་རོ་དང་བཅས་པ་ཡིན་ལ། ལྷ་དང་དམྱལ་བ་རྣམས་ནི་རྣམ་པར་ཤེས་པ་ནུབ་པ་དང་དུས་མཉམ་དུ་མི་སྣང་བར་འགྱུར་བས་རོ་མེད་དོ། །ལྷ་ལ་གནད་འཆད་པའི་སྡུག་བསྔལ་མེད་ལ། འཆི་འཕོ་ལྟུང་
བའི་སྡུག་བསྔལ་ཡོད་དོ། །མི་ལ་འཆི་འཕོ་བ་དང་གནད་འཆད་པ་དང་། སྲིད་པ་ཕྱི་མ་ལ་འཇིགས་པས་ཕུང་པོ་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་ཡོད་ལ། དམྱལ་བ་ན་འཆི་བའི་སྡུག་བསྔལ་མེད་དེ། འཆི་བ་ལ་བདེ་བར་འཛིན་པའི་ཕྱིར་རོ། །གོང་དུ་བགྲོད་པའང་རང་གི་རྫུ་འཕྲུལ་ཐོབ་པའམ། ཁམས་གོང་མའི་ལྷས་ཁྲིད་ནས་ལྷ་གནས་གོང་མར་ཕྱིན་པ་དང་མཐོང་བར་ནུས་ཀྱི་གཞན་དུ་ལས་དེ་མ་བསགས་པས་མེད་དོ། །གོང་མས་འོག་མར་འོང་བ་ན། ཇི་ལྟར་འོང་ཞེ་ན། ཚངས་རིས་ལ་སོགས་འཛམ་གླིང་འོང་བའི་ཚེ། །འོག་མའི་སར་བརྟེན་སྤྲུལ་པས་འོང་བའོ། །འདི་ལྟར་ས་མཚུངས་པའི་སེམས་ཀྱིས་སྤྲུལ་པས་འཛམ་བུའི་གླིང་ལ་སོགས་པ་འོག་མའི་གནས་སུ། གོང་མ་ཚངས་རིས་ལྟ་བུ་སྤྲུལ་པས་འོང་སྟེ། སེམས་ཅན་གྱི་སེམས་ཀྱི་སྣང་ཚུལ་ཐ་དད་པས་འོག་མའི་ས་པ་རྣམས་ལ་དེའི་སྣང་ཚུལ་འཁྲུལ་པའི་རླུང་སེམས་ཀྱི་འདུ་བ་ལས་གྱུར་པའི་ཕྱིར་རོ། །གོང་མའི་ས་པའང་འོག་མས་མི་མཐོང་བས་མི་མཚུངས་པའི་རླུང་སེམས་ཀྱི་འདུ་བས་སྣང་ཚུལ་ཐ་དད་པའི་ཕྱིར་ཏེ། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཞེས་བསྟན་པ་ཡིན་ནོ། །ཁྱད་པར་དུ་ཚངས་རིས་ལ་སོགས་པ་གཟུགས་ཀྱི་ལྷ་རྣམས་འཛམ་བུའི་གླིང་དུ་འོང་དུས། ལུས་དེ་གནས་ལས་མ་གཡོས་པར། སྤྲུལ་པ་སྔོན་གྱི་ཐོབ་པའི་སེམས་ཀྱི་ས་མཚུངས་ཡོད་པའི་རྣམ་པ་ལ་བརྟེན་ནས་འོང་ངོ་། །གཞན་འཕྲུལ་མན་ཆད་འདོད་པའི་ས་མཚུངས་པས་ལུས་དངོས་ཀྱིས་འོང་བའོ། །གླིང་བཞིའི་མི་ལ་ཉིན་མཚན་སྣང་བའི་ཆ། །འདོད་ལྷར་པདྨོ་ཕྱེ་དང་ཟུམ་པས་ཤེས། །སྒྲ་མི་སྙན་པ་ཤི་ནས་རྩ་གསུམ་སྐྱེ། །གཞན་རྣམས་མ་ངེས་ལས་ཀྱིས་སྣ་ཚོགས་ཉིད། །གླིང་བཞི་ན་ཉིན་མཚན་དུ་སྣང་བ་ཡོད་དེ། བྱང་དུ་ནམ་ཕྱེད་དུས། ཤར་དུ་ཉི་མ་ནུབ་པ་དང་། ལྷོར་ཉི་མ་ཕྱེད་པ་དང་། ནུབ་ཏུ་ཉི་མ་འཆར་བ་རྣམས་གླིང་བཞིར་འཁོར་བ་ཡིན་ཏེ། མཛོད་ལས། ནམ་ཕྱེད་
ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་འབྱུང་བ་ཡིན་ནོ། །ལུས་འཕགས་ན་དཔྱིད་ཡོད་ན། འཛམ་བུའི་གླིང་ན་དབྱར། བ་ལང་སྤྱོད་ན་སྟོན། སྒྲ་མི་སྙན་ན་དགུན་ཡོད་དོ། །འཛམ་བུའི་གླིང་ན་དབྱར་གྱི་ཉི་མ་བྱང་བགྲོད་ལྡོག་མཚམས་སུ་ཉི་མ་རིང་དུས། བྱང་དུ་དགུན་གྱི་ཉི་མ་ལྷོར་བགྲོད་ཐུང་དུས་ནམ་རིང་བ་དང་། ལུས་འཕགས་སུ་དཔྱིད་ཀྱི་མཉམ་དུས་དང་། ནུབ་ཏུ་སྟོན་གྱི་མཉམ་དུས་འབྱུང་བའི་རིམ་པས། གླིང་བཞིར་དུས་བཞི་དང་། ཉི་མ་རིང་ཐུང་ལྷོ་བགྲོད་བྱང་བགྲོད་འཁོར་བ་ཡིན་ནོ། །དེ་ཡང་ཉི་མ་ནི་ཟླ་བ་དྲུག་དྲུག་ན་ལྷོ་བྱང་དུ་བགྲོད་པར་བྱེད་ལ། ཟླ་བ་ནི་སྟོད་སྨད་ལ་བྱེད་པ་ཡིན་ནོ། །ཉི་ཟླ་འཁོར་བ་ལྟར་གཟའ་སྐར་ཐམས་ཅད་ཀྱང་གླིང་བཞིར་འཁོར་ལ། དེང་སང་རྩི་བ་ནི་ཉི་ཟླ་གཉིས། གཟའ་བདུན་ནམ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས་ཀྱི་ཚེས་དང་ཟླ་བ་དང་། ཉི་མའི་ཁྱིམ་གྱི་ཆ་གང་དུ་ཕྱིན་པ་ན་དགེ་བ་དང་མི་དགེ་བའི་འཕྲོད་དང་འབྲས་བུ་བརྩི་བ་ཙམ་ལས་རྒྱུ་སྐར་ཕལ་པ་རྣམས་ལ་དེ་དག་མེད་པས་མ་བརྩིས་པ་ཡིན་ནོ། །གཉའ་ཤིང་འཛིན་ཡན་ཆད་ན་ཉི་ཟླ་མེད་པས། འདོད་ལྷ་གོང་མ་རྣམས་ལ་ཉིན་མཚན་ཅིས་བཞག་ན། དེ་ན་མེ་ཏོག་རྣམས་ཁ་བྱེ་བ་དང་། ཟུམ་པ་དང་། བྱ་རྣམས་སྐད་འབྱིན་པ་དང་། མི་འབྱིན་པ་དང་། གཉིད་བྲོ་བ་དང་། སངས་པས་འབྱེད་ལ། སྣང་བའི་བྱ་བ་ནི། རང་རང་གི་ལུས་ལ་འོད་ཡོད་པས་བྱེད་དོ། །སྒྲ་མི་སྙན་པའི་མི་རྣམས་ཀྱིས་སུམ་ཅུ་རྩ་གསུམ་དུ་སྐྱེ་བར་ངེས་པའི་ལས་བསགས་པས་ཤི་མ་ཐག་ཏུ་སུམ་ཅུ་རྩ་གསུམ་དུ་སྐྱེ་ལ། ལྷ་མི་ལ་སོགས་གཞན་རྣམས་ལས་སྣ་ཚོགས་པས་གང་དུ་སྐྱེ་ཕྱོགས་རེར་མ་ངེས་པ་ཡིན་ནོ། །སྔར་སྨོས་པའི་ཆོས་ཀྱི་རིམ་པ་དང་། བཤད་མ་ཐག་པའི་ཁྱད་པར་གྱི་ཆོས། དེ་དག་རྣམས་ཀྱང་བསྡུ་ན་གསུམ་ཉིད་དེ། །གཟུགས་དང་དུས་དང་མིང་ལས་རབ་ཏུ་དབྱེ། །འདི་ལྟར་གཟུགས་ཀྱི་མཐའ་རྡུལ་ཕྲ་རབ། དུས་ཀྱི་མཐའ་སྐད་ཅིག་མ། མིང་གི་མཐའ་ཡི་གེ་
གསུམ་དུ་འཇིག་རྟེན་གྱི་ཆོས་ལུགས་དེ་དག་བསྡུས་ཏེ་བསྟན་ཏོ། །དེ་ལ་ཕྱོགས་དང་པོ། གཟུགས་མཐའ་ཕྲ་རབ་རྡུལ་དེ་བདུན་འགྱུར་གྱིས། །ཕྲ་རབ་རྡུལ་ཕྲན་ལྕགས་ཆུ་རི་བོང་ལུག །གླང་དང་ཉི་ཟེར་སྲོ་མ་ཤིག་ནས་སོར། །རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག །དེ་བདུན་ལ་ལྕགས་རྡུལ་གཅིག །དེ་བདུན་ལ་ཆུ་རྡུལ་གཅིག །དེ་བདུན་ལ་རི་བོང་གི་རྡུལ་གཅིག །དེ་བདུན་ལ་ལུག་རྡུལ་གཅིག །དེ་བདུན་ལ་གླང་རྡུལ་གཅིག །དེ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག །དེ་བདུན་ལ་སྲོ་མ་གཅིགདེ་བདུན་ལ་ཤིག་གཅིག །དེ་བདུན་ལ་ནས་གཅིག །དེ་བདུན་ལ་སོར་མོ་དབུས་མའི་ཚིགས་གཅིག་གོ །སོར་མོ་ཉི་ཤུ་རྩ་བཞི་ཁྲུ་གང་སྟེ། །ཁྲུ་བཞི་གཞུ་གང་དེ་ཉིད་ལྔ་བརྒྱ་ལ། །རྒྱང་གྲགས་གཅིག་སྟེ་དགོན་པའི་ཚད་དུ་བསྟན། །རྒྱང་གྲགས་བརྒྱད་ལ་དཔག་ཚད་ཅེས་བྱའོ། །སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ་། །ཁྲུ་བཞི་ལ་གཞུ་གང་སྟེ་འདོམ་གང་ངོ་། །གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་སྟེ། གྲོང་ལས་དེ་སྲིད་འཕགས་པ་ལ་དགོན་པ་ཞེས་བྱའོ། །དེ་ལས་ཉེ་བ་རྒྱང་གྲགས་ཕྱེད་ལ་བས་མཐའ་ཞེས་བྱའོ། །རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་སྟེ་གཞུ་འདོམ་བཞི་སྟོང་ངོ་། །དེས་ནི་རི་ཡི་རྒྱལ་པོ་ལ་སོགས་པ་གནས་དང་ལུས་ཚད་ཐམས་ཅད་གཞལ་ལོ། །ཕྱོགས་གཉིས་པ། དུས་མཐའ་སྐད་ཅིག་མ་སྟེ་སེ་གོལ་གྱི། །དྲུག་ཅུ་རྩ་བཞིའི་ཆ་གཅིག་བརྒྱ་ཉི་ཤུ། །དེ་ཡི་སྐད་ཅིག་དྲུག་ཅུ་ཐང་ཅིག་ལ། །སུམ་ཅུ་ཡུད་ཙམ་སུམ་ཅུ་ཉིན་ཞག་གཅིག །སུམ་ཅུ་ཟླ་བ་བཅུ་གཉིས་ལོ་གཅིག་གོ །དུས་ཀྱི་མཐའི་སྐད་ཅིག་མ་ནི། སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ལ་སྐད་ཅིག་མ་དྲུག་ཅུ་རྩ་བཞི་འདའ་བས་དེའི་ཆ་གཅིག་གོ །ཁ་ཅིག་དྲུག་ཅུར་ཡང་འདོད་དོ། །སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག །དེའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་ཅིག །ཞག་གཅིག་ལ་ཐང་ཅིག་དགུ་བརྒྱ་ཡོད་
པས་ཞག་གི་དགུ་བརྒྱའི་ཆའོ། །ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་མོ། །ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་གོ །དེ་ཡང་བྱང་བགྲོད་ཀྱི་ཚེ་ཉིན་མོ་རིང་ཞིང་། ལྷོ་བགྲོད་ཀྱི་ཚེ་མཚན་མོ་རིང་ལ། བགྲོད་པ་མཉམ་དུས་ཉིན་མཚན་ཆ་མཉམ་པའོ། །དེ་ཡང་དབྱར་ཉི་མའི་དཀྱིལ་འཁོར་འཕུལ་བྱེད་ཀྱི་རླུང་ཤས་ཆུང་ལ། འཐེན་བྱེད་སྟོབས་ཆེ་བས་རི་རབ་ངོས་ལ་ཉེར་སོང་བས་འཛམ་བུའི་གླིང་གི་བྱང་དུ་སོང་སྟེ། རི་རབ་ཀྱིས་སྐྱོབ་པས་བུལ་བ་ཡིན་ལ། དགུན་གླིང་ལས་ལྷོར་སོང་བས་འཕུལ་བྱེད་ཀྱི་སྟོབས་ཆེ་བས་ལྷོར་ཐལ་ནས་མུ་ཁྱུད་ཀྱི་ནང་རོལ་ལ་ཉེ། དེའི་བྱེད་པས་ཉི་ཟེར་རླུང་གིས་རེག་པ་དང་། རྒྱང་རིང་བའི་བྱེད་པ་བསྡོམས་པས་གྲང་ལ་དབྱར་རི་རབ་ནས་འོད་འཁྱིམ་པ་ལྟར་ཡོད་པས་ཚ་བའོ། །དེ་ཡང་དགུན་ཉི་མ་ལྡོག་མཚམས་སུ་ཉིན་མོ་ལ་ཡུད་ཙམ་བཅུ་གཉིས་ཡོད་ལ། མཚན་མོ་ལ་ཡུད་ཙམ་བཅོ་བརྒྱད་ཡོད་དོ། །དབྱར་ཉི་མ་ལྡོག་མཚམས་སུ་དེ་གཉིས་གོ་ལོག་སྟེ། ཉིན་མོ་ལ་བཅོ་བརྒྱད། མཚན་མོོ་ལ་བཅུ་གཉིས་སོ། །ཉིན་མཚན་མཉམ་དུས་གཉིས་ཀ་ལ་ཡུད་ཙམ་བཅོ་ལྔའོ། །ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་གོ །དེ་ཡང་སྐྱེ་དུས་ཞག་བཅོ་ལྔ་ཡར་ཚེས་ཀྱི་ཟླ་བ་ཕྱེད་ཡིན་ལ། འབྲི་དུས་བཅོ་ལྔ་མར་ཚེས་ཕྱེད་པའོ། །ཡང་ཉིན་མོའི་ཆ་སུམ་ཅུ་པོ་གཉིས་རེ་མཆན། ཉིན་མཚན་དུ་ཆུན་གཅིག་བསྡོམས་པ་བསོད་ནམས་ཀྱི་ཟླ་ཕྱེད་དེ་དཀར་པོའི་ཕྱོགས་ཡིན་ལ། མཚན་མོ་སུམ་ཅུ་བསྡོམས་པས་བཅོ་ལྔ་ནི་བསོད་ནམས་མ་ཡིན་པའི་ཚེས་མར་ངོ་སྟེ་ནག་པོའི་ཕྱོགས་སོ་ཞེས་ཀྱང་གྲགས་སོ། །དེ་ལྟར་ན་ཉིན་པར་ཐམས་ཅད་ནི་ཡར་ངོ་ལ། མཚན་མོ་ཐམས་ཅད་ལ་མར་ངོ་ཞེས་བྱ་སྟེ། ཟླ་བའི་འཕེལ་འགྲིབ་ཀྱིས་ཕྱེ་བའི་ཚེས་ཡར་ངོ་མར་ངོ་དང་། ཉི་མའི་འཆར་ནུབ་ཀྱིས་ཕྱེ་བའི་ཡར་ངོ་མར་ངོ་གཉིས་སུ་བཤད་པས། གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་ནི། མར་ངོ་དག་ལ་མཆོད་སྦྱིན་བརྩམ། །གསང་སྟེ་སྤྱད་ན་དངོས་གྲུབ་ཐོབ། །ཅེས་བདུད་རྩི་ཐལ་སྦྱོར་
གྱི་རྒྱུད་ལས་འབྱུང་བ་བཞིན་ནོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། དཔྱིད་ཟླ་ར་བ་འབྲིང་པོ་ཐ་ཆུང་གསུམ། དབྱར་ཟླ་ར་བ་འབྲིང་པོ་ཐ་ཆུང་གསུམ། སྟོན་ཟླ་ར་བ་འབྲིང་པོ་ཐ་ཆུང་གསུམ། དགུན་ཟླ་ར་བ་འབྲིང་པོ་ཐ་ཆུང་གསུམ་བསྡོམས་པས་བཅུ་གཉིས་སོ། །འདི་དག་གླིང་བཞི་གླིང་ཕྲན་བརྒྱད་དེ་བཅུ་གཉིས་སུ་རིམ་པས་འཁོར་བ་ནི་ཕྱི་ནང་སྐྱེ་མཆེད་བཅུ་གཉིས་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་ཕྱེད་པ་སྟེ། ཁྱིམ་བཅུ་གཉིས་ཞེས་བྱ་བའི་རིམ་པར་ཡང་འགྱུར་རོ། །དེ་ཡང་དཔྱིད་ཟླ་འབྲིང་པོ་ནས་རིམ་པ་ལྟར། ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ། །ཟླ་བ་དཔྱིད་ཟླ་འབྲིང་ནས་བརྩམ། །ཞེས་སོ། །དེའང་དབྱར་འབྲིང་པོ་ཀརྐ་ཊའི་ཁྱིམ་དང་། དགུན་འབྲིང་པོ་ཆུ་སྲིན་གྱི་ཁྱིམ་ནས་ཉི་མ་ཤས་ཆེར་ཟློག་གོ །དེའང་ལོ་གཅིིག་ལ་ཞག་དྲུག་བཤོལ་དོར་ཏེ། སྟོན་ཟླ་ཐ་ཆུང་གི་མར་ངོ་ནས་བཟུང་སྟེ། ཟླ་བ་དྲུག་ཏུ་ཕྱེད་ལུས་པའི་མཚམས་སུ་ཞག་མི་ཐུབ་པ་སྟེ། གནམ་སྟོང་གི་དུས་སུ་ཚེས་གཅིག་ཏུ་འགྱུར་རོ། །དེའི་ཕྱིར་ན་ཟླ་བ་ནམ་མཁའ་ལ་རྒྱུ་བ་ན་མགྱོགས་བུལ་གཉིས་དེ། ཟླ་བ་གཅིག་བུལ་བའི་ཚེ་ན་ཞག་སུམ་ཅུ་ལ་ཟླ་བ་གཅིག་ལ། མགྱོགས་པའི་ཚེ་ཞག་ཉི་ཤུ་རྩ་དགུ་ལ་ཟླ་བ་གཅིག་ཏུ་འགྱུར་བས། ལོ་གཅིག་ལ་ཞག་མི་ཐུབ་པ་ཟླ་བ་དྲུག་དང་། ཐུབ་པ་ཟླ་བ་དྲུག་དེའང་ཞག་ཆད་དུས་སྐྱེ་དགུ་རྣམས་ཀྱི་ནང་གི་རགས་རླུང་ལས་བྱེད་པ་ཆད་པ་ལས་བྱུང་སྟེ། དབུགས་འབྱུང་རྔུབ་ཁུག་པ་རེ་ལ་ཟུང་ཅིག་ཏུ་བྱས་པའི་རྒྱུ་བ་དྲུག་གིས་འཕེལ་བ་དང་། འགྲིབ་པའི་ཁྱད་པར་ལས། ཚེས་ཀྱི་ལྷག་པ་དང་། ཆད་པའི་རིམ་པའང་འབྱུང་བས་ན། འདིར་ཟླ་བ་དེ་དག་གི་ལྷག་མ་བཤོལ་དུ་དོར་བ་འབྱུང་བ་ཡིན་ནོ། །རང་བཞིན་དུ་མི་ན་སོ་དར་ལ་བབ་པ་དག་ལ་ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ལ། དེ་ལས་ཆད་
པ་ན་ཞག་ཆད། དེ་ལས་ཟླ་བའི་བཤོལ་འབྱུང་ངོ་། །ཡང་སློབ་དཔོན་ཁ་ཅིག །ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུ། ཚེས་ཞག་སུམ་བརྒྱ་དང་བདུན་ཅུ་དོན་གཅིག་འབྱུང་བ་ལ། ཉིན་ཞག་གི་བརྩིས་བཏང་ནས་ཚེས་ཞག་བཅུ་གཅིག་པོ་བཤོལ་དུ་ལུས་ཏེ་ལོ་རེ་བཞིན་བསགས་པས་ལོ་གསུམ་གསུམ་ན་ཟླ་བ་རེའི་བཤོལ་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་ཚུལ་གྱིས་ལོའི་གྲངས་ཤེས་པས་སྐྱེ་དགུ་རྣམས་ཀྱི་ཚེ་དང་དུས་ལ་སོགས་པ་གཞལ་བ་ཡིན་ནོ། །ཕྱོགས་གསུམ་པ། མིང་མཐའ་ཡི་གེ་སིལ་བུ་འདུས་པ་ལས། །མིང་འབྱུང་བརྟགས་ན་ཡི་གེ་སིལ་བུ་ཉིད། །སྤུ་དང་ཐག་པ་གཡག་རྔ་ནེའུ་གསིང་བཞིན། །མིང་གི་མཐའ་ནི་ཡི་གེ་སིལ་བུ་རེ་རེ་པ་ཡིན་ལ། ཡི་གེ་འདུས་ནས་མིང་དུ་འགྱུར་ཏེ་པདྨ་ཞེས་པ་ལྟ་བུའོ། །དེ་ཡང་པད་དང་མ་གཉིས་སོ་སོ་ན་ཡོད་དུས་མེ་ཏོག་གི་མིང་མི་འབྱུང་ཡང་། འདུས་པ་ལས་འབྱུང་བའོ། །དེ་ལ་ཡི་གེ་ནི་སྒྲ་དང་སྒྲའི་དོན་སྤྱི་ཚོགས་པའི་པདྨ་ཞེས་ལམ་བརྗོད་པ་དེ་ཡིན་ལ། བྲིས་པ་དེ་ནི་ཡི་གེ་ཕྱི་མོ་ཞེས་བྱའོ། །དེ་ཡང་ཡི་གེ་གཅིག་ལ་ཕྱི་མོ་གཅིག་ཡོད་པ་ཡོད་དེ་ཕ་ཞེས་པ་དང་། ཡི་གེ་གཅིག་ལ་ཕྱི་མོ་གཉིས་ཡོད་པ་ཡོད་དེ། མི་ཞེས་པ་ན་མ་དང་གུ་གུ་ཨི་རྣམ་པ་གཉིས་སོ། །ཡི་གེ་གཅིག་ལ་ཕྱི་མོ་གསུམ་ཡོད་པ་ནི། དཔལ་ཞེས་ད་དང་། པ་དང་། ལའོ། །ཡི་གེ་གཅིག་ལ་ཕྱི་མོ་བཞི་ཡོད་པ་ནི། བྱིང་ཞེས་པ་ན། བ་དང་། ཡ་སྟ་དང་། གུ་གུ་དང་། ང་རྣམས་སོ། །ཡི་གེ་གཅིག་ལ་ཕྱི་མོ་ལྔ་ཡོད་དེ། རྫོགས་ཞེས་པ་ན། ར་དང་། ཛ་དང་། ན་རོ་དང་། ག་དང་། སའོ། །དེང་སང་བོད་ལ་ལྔའི་བར་དུ་ཅི་རིགས་པ་ཡོད་བསྐྱོད་ལྟ་བུ་དྲུག་པའང་ཡོད་དོ། །དེ་ལ་གསལ་བྱེད་སུམ་ཅུ་རྩ་བཞི་ལ་དབྱངས་ཀྱི་རྒྱན་བྱིན་པས་མིང་ལ་སོགས་པ་མངོན་པར་འབྱུང་བའི་ཡི་གེ་འགྲུབ་པ་སྟེ། ཐོག་མའི་སྡེ་ཚན་གྱི་ཀ་ལ་སྲོག་གི་ཡི་གེ་ཨ་ནི། ཀ་བརྗོད་པ་ན་རང་བཞིན་གྱིས་ཞར་ལ་ཀ་ཨ་ཞེས་འབྱུང་ངོ་། །གུ་གུ་
བྱིན་ན་ཨིར་འགྱུར་ཏེ་ཀི་ཨི་ཞེས་པའོ། །ན་རོ་ཨོ། འགྲེང་བུ་ཨེ། ཞབས་ཀྱུ་ཨུར་ཞར་ལ་འབྱུང་བའོ། །དེ་ཉིད་གི་གུ་སོགས་མཆན། བོད་ཀྱི་ཡི་གེ་ལའང་ཡོད་དོ། །གསལ་བྱེད་རྣམས་ཡི་གེ་ཉི་ཤུ་རྩ་བཞིར་བསྡུས། ལྷག་མ་ཕྱེད་དང་དྲུག་ནི། ཅ་ཆ་ཇ་ཞ་ཟ་འ་རྣམས་ལས་འ་ཕྱེད་དུ་བཞག་སྟེ། རྒྱ་གར་གྱི་ཡི་གེ་ལའང་རིང་ཆར་བཏགས་པ་ལས། དཀྱུས་ན་མེད་ལ། བོད་དུའང་ཕལ་དུ་འཕུལ་རྟེན་དང་རིང་ཆར་འགྱུར་བ་ཤས་ཆེ་བས་སོ། །དེ་དག་ལ་དབྱངས་རྣམས་ཀྱི་ཨ་ཨཱ་ཡི་གེའི་སྲོག་ཡིན་པས་ཁོང་ན་འདུས། ཨི་གུ་གུ། ཨེ་འགྲེང་བུ། ཨུ་ཨཱུ་ཞབས་ཀྱུ། ཨོ་ན་རོ། ར་ར་སྟ། ཡ་ཡ་སྟའོ། །དེ་ལྟར་ན་ཡི་གེ་དང་། ཡི་གེའི་ཕྱི་མོ་རྣམས་ནི་སིལ་བུ་སྟེ། སྤུ་ཉག་མའམ། རྔ་མའི་ཉག་མའམ། རྩྭ་ཉག་མ་ལྟ་བུ་ལ། འདུས་པས་མིང་ལ་སོགས་པ་གྲུབ་པ་ནི། ཐག་པ་དང་། རྔ་མའི་ཆུན་པོ་དང་། ནེའུ་གསིང་དུ་གྲུབ་པ་ལྟ་བུའོ། །དེ་ལྟར་ཡི་གེ་འདུས་པ་ལས་མིང་འབྱུང་བ་ལྟར། མིང་ལས་ཚིག་འབྱུང་བཀའ་དང་བསྟན་བཅོས་ཉིད། །བརྟགས་ན་ཡི་གེ་སིལ་བུ་མ་འབྱར་བའོ། །མིང་འདུས་པ་ལས་ཚིག་ཅེས་བྱ་སྟེ། འཁོར་འདས་ཞེས་པ་ལ་སོགས་པ་དོན་ཐ་དད་པ་འབྲེལ་ཆགས་སུ་སྟོན་པའོ། །དེ་ལ་ཡི་གེ་དང་མིང་གིས་དོན་རེ་ཉེ་བར་མཚོན་པ་ལ། དེ་འདུས་པ་གཉིས་ནས་གསུམ་ལ་སོགས་པས་དོན་ཐ་དད་འབྲེལ་ཆགས་སུ་སྟོན་ཅིང་། ཚིག་མང་དུ་འདུས་ན་ཚིག་གི་ཚོགས་ཞེས་བྱ་བར་འགྱུར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་སྟེ་ཞེས་པ་ལ་སོགས་པར་མཆེད་པའི་རིམ་པ་ལས། བཀའ་དང་བསྟན་བཅོས་ཀྱི་ལེའུ་དང་བམ་པོ་དང་སྡེ་ཚན་འགྲུབ་ལ། སྡེ་ཚན་འདུས་པ་ལས་ལུས་ཡོངས་སུ་རྫོགས་པར་འགྲུབ་པའོ། །དེ་ལྟར་གྲུབ་དུས་ཉིད་ན་མང་པོའམ་ཉུང་ངུ་ཇི་ལྟར་འདུས་པའི་རང་བཞིན་ཡི་གེ་སིལ་བུ་མ་འདྲེས་པར་གནས་ཏེ། ཐག་པ་རང་སའི་དུས་ན་སྤུ་ཉག་མ་རེ་རེར་གནས་པ་དང་། རྔ་མའི་ཆུན་པོ་ཉིད་དུ་
སྣང་བ་ནས་ཉག་མ་རེ་རེ་བ་དང་། ནེའུ་གསིང་དུ་སྣང་བ་ནའང་རྩྭ་ཉག་མ་རེ་རེར་སྣང་བ་བཞིན་ནོ། །དེས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་ཚིག་ཡི་གེའི་ཚོགས་ཀྱིས་བརྗོད་ཅིང་བཏགས་པའི་དུས་ནས། མིང་དོན་འབྲེལ་བ་མེད་ལ་ཡི་གེ་སིལ་བུ་སྟེ། ཡི་གེ་ཡང་བརྟགས་ན་ཆ་ཤས་དང་ངོས་གཟུང་མེད་པ་ནམ་མཁའི་རང་བཞིན་དུ་ཡེ་ནས་གནས་པའི་ཕྱིར། སྐྱེ་བ་དང་། གནས་པ་དང་། འགག་པར་སྣང་བ་ནས། དེ་དག་གང་དུ་མེད་ལ་གང་དུ་འཆར་བ་མ་འགགས་པར་སྣང་བས། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་སྤྲུལ་པ་དང་། སྒྱུ་མ་དང་། མིག་ཡོར་དང་། དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་ཚུལ་དུ་ཤེས་པར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གནས་པའི་བསྐལ་པ་བསྟན་པའི་ལེའུ་སྟེ་ལྔ་པའི་འགྲེལ་པའོ།། །།
འཇིག་པ་དང་སྟོངས་པ་བསྟན་པའི་ལེའུ་སྟེ་དྲུག་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་གནས་པའི་བསྐལ་པ་ཡོངས་སུ་རྫོགས་པའི་མཐར་ཐུག་པ། དེ་ནས་འཇིག་པའི་བསྐལ་པ་བསྟན་པ་ནི། །གནས་པ་རྫོགས་ནས་དམྱལ་བའི་འཇིག་རྟེན་དུ། །གསར་དུ་སྐྱེ་བར་མི་འགྱུར་གང་ཡིན་པ། །འཇིག་པའི་ཐོག་མ་དང་པོ་དེ་ནས་འཇོག །འཇིག་པའི་བསྐལ་པ་ནི་གནས་པའི་རྒྱུན་གཞན་དུ་འཕོ་ཞིང་ཞིག་རལ་དུ་བྱེད་པ་སྟེ། བསྡུ་ན་སེམས་ཅན་བཅུད་དུ་སྣང་བ་རྣམས་འཇིག་པ་དང་། རྟེན་སྣོད་དུ་སྣང་བ་རྣམས་འཇིག་པ་གཉིས་སོ། །སེམས་ཅན་འཇིག་པ་ལ་བར་གྱི་བསྐལ་པ་བཅུ་དགུ་འདའ་ལ། སྣོད་འཇིག་པ་ལ་བར་གྱི་བསྐལ་པ་གཅིག་འདའོ། །བསྡོམས་པས་བར་བསྐལ་ཉི་ཤུ་ནི་འཇིག་པའི་བསྐལ་པ་ཞེས་བྱ་བར་འགྱུར་རོ། །སེམས་ཅན་འཇིག་པ་ལ། སྒོ་དང་། གོ་རིམ་གཉིས་སུ་གནས་པ་ལས། དང་པོ་སེམས་ཅན་འཇིག་པའི་སྒོ་ནི་སྔར་སྨོས་པ་ལྟར། ཡར་སྐྱེ་བ་ཉི་ཤུ། མར་འགྲིབ་པ་ཉི་ཤུ་སྟེ། བཞི་བཅུས་རྫོགས་པས། བར་བསྐལ་ཉི་ཤུའི་མཇུག་རྫོགས་ནས་ཐམས་ཅད་ཀྱི་ཐ་མར་ཡར་སྐྱེ་བ་ན་སེམས་ཅན་དམྱལ་བ་དག་ནས་འཆི་འཕོ་ཞིང་གསར་དུ་སྐྱེ་བར་མི་འགྱུར་བའི་ཚེ་ན་འཇིག་པའི་བསྐལ་པའི་མགོ་རྩོམ་པ་ཡིན་ནོ། །ཐ་མ་ཚེ་ལོ་བཅུ་པའི་ཚེ། མཚོན་ལ་སོགས་པས་ཤི་བ་དག་དམྱལ་བར་སྐྱེ་བར་གསུངས་ན། འཇིག་དུས་དམྱལ་བར་མི་འགྲོ་བ་ལས་རྒྱུ་འབྲས་འགྱུར་ཏེ་གནས་འགྱུར་ཐོབ་པའམ་ཅི་
ཞེ་ན། མ་ཡིན་ཏེ་དམྱལ་བར་འགྲོ་བའི་ལས་ཅན་དེ་དག་ཞིང་གཞན་གྱི་དམྱལ་བར་འགྲོ་ཡི། འདིའི་དམྱལ་བར་གསར་དུ་མི་ལྷུང་བས། དང་པོ་དམྱལ་བའི་གནས་སུ་གསར་དུ་མི་སྐྱེ་བ་ནས་མགོ་རྩོམ་པར་འཐད་པ་ཉིད་དོ། །ཇི་ལྟར་འཇིག་པའི་གོ་རིམ་ནི་དེའི་ཚེ། ལས་ཟད་རྣམས་ནི་མཐོ་རིས་སྐྱེ་འགྱུར་ཞིང་། །དམྱལ་མྱོང་ལས་མ་ཟད་རྣམས་གཞན་དག་གི། དམྱལ་བ་རྣམས་སུ་འཕོ་བར་འགྱུར་བ་ཡིན། །དེ་བཞིན་ཡི་དྭགས་དུད་འགྲོ་རྣམས་མཚུངས་ཏེ། །ན་སོང་གསུམ་ན་སེམས་ཅན་མེད་པར་འགྱུར། །རྒྱུ་སྐྱེ་བའི་ས་པ་རྣམས་ཀྱི་ལས་ཅན་དག་གི་དམྱལ་བ་ལ་སོགས་པ་དེ་ལྟ་ན། འབྲས་བུ་མྱོང་དུས་ཀྱི་དམྱལ་བ་པ་རྣམས་དམྱལ་བ་འཇིག་དུས་ཇི་ལྟར་བྱ། ཚེ་ནི་མ་རྫོགས་པའི་རིགས་ཅན་དག །བསད་ཀྱང་དུས་སམ་ལས་མ་ཟད་ཀྱི་བར་དུ་འཆི་བར་མི་འགྱུར་བའི་ཕྱིར་རོ་སྙམ་ན་འདི་ལྟར་ཡིན་ཏེ། འཇིག་པའི་དང་པོ་དམྱལ་བ་ནས་རྩོམ་ལ། དེ་ན་སེམས་ཅན་འགའ་ཙམ་ཡང་མེད་པ་ན། དམྱལ་བའི་འཇིག་རྟེན་ཞིག་པ་ཞེས་བྱའོ། །དེ་ཡང་བྱ་རོག་འཕུར་བ་དང་ཏ་ལ་འགྱེལ་བ་དུས་མཉམ་པ་ལྟར། དམྱལ་བའི་ལས་ཟད་པ་རྣམས་ནི། དམྱལ་བ་ཞིག་ནས་གནས་གོང་མ་གང་གི་ལས་མྱོང་བར་ངེས་པ་དེར་སྐྱེ་སྟེ། ཁ་ཅིག་ཡི་དྭགས་སུ་སྐྱེ་ལ། ཁ་ཅིག་དུད་འགྲོ་དང་། མི་དང་ལྷ་ལ་སོགས་པར་སྐྱེའོ། །དམྱལ་བ་དེར་སྐྱེས་ནས་ཚེ་མ་རྫོགས་པ་རྣམས་ནི། དམྱལ་བ་འདི་འཇིག་དུས་བར་དེར་སྡུག་བསྔལ་མྱོང་ལ། ཞིག་ནས་གཞན་གྱི་གནས་གང་ན་དམྱལ་བ་ཡོད་པ་དེར་སྐྱེ་བ་ཡིན་ཏེ། འཕགས་པ་རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པ་ལས། ཆོས་ཀྱིས་ཕོངས་པར་གྱུར་པའི་ལས་བསགས་པ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འདོང་བར་འགྱུར་རོ། །དེར་ཡང་མེས་སྡུད་པའི་བསྐལ་པ་འབྱུང་བ་དེའི་ཚེ། འཇིག་རྟེན་གྱི་ཁམས་གཞན་གྱི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འདོང་བར་འགྱུར་རོ། །དེར་ཡང་མེས་སྡུད་པའི་ཞེས་སོགས་
གསུངས་སོ། །སེམས་ཅན་དམྱལ་བ་ཆེན་པོ་ནས་ཞེས་པ་ནི། ཡང་སོས་ནས་རབ་ཏུ་ཚ་བའི་བར། ཚ་བ་དང་གྲང་བའི་དམྱལ་བ་རྣམས་སུ་སྐྱེ་བར་བསྟན་ལ། དམྱལ་བ་ཆེན་པོ་རྣམས་ནི་པདྨ་ཆེན་པོ་ནས་མནར་མེད་དུ་སྐྱེས་ནས་སྡུག་བསྔལ་ལོ་ཞེས་པའོ། །དམྱལ་བ་ཞིག་མ་ཐག་ཡི་དྭགས་ཀྱི་འཇིག་རྟེན་འཇིག་པའི་མགོ་རྩོམ་ལ། སེམས་ཅན་འཕོ་ཚུལ་དོན་གཅིག་གོ །དེ་ཞིག་མ་ཐག་ཏུ་དུད་འགྲོ་འཇིག་གོ །དེ་ནས་མི་ལ་སོགས་པ་རིམ་པས་འཇིག་པ་ཡིན་ནོ། །དེ་ལ་ཡི་དྭགས་ཀྱི་རྩ་བའི་གནས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱིི་འོག་དཔག་ཚད་ལྔ་བརྒྱ་ན་ཡོད་ལ། ཕྲན་འགའ་ཞིག་ལྷ་མིའི་གནས་ནའང་མཁའ་ལ་རྒྱུ་བར་ཡོད་དོ། །དུད་འགྲོ་ནི་བྱིངས་ཀྱི་གནས་རྒྱ་མཚོ་ཆེན་པོ་ན་ཆང་དར་མའི་སྦང་མ་ཙམ་ཡོད་ལ། ཁ་འཐོར་བ་ལྷ་མིའི་གནས་ནའང་ཡོད་དོ། །དམྱལ་བའི་གནས་གངས་ཏི་སེའི་འོག་ནས་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པའི་གནས་ཡོད་ལ། དེའི་སྟེང་ན་ཡར་གཞན་རྣམས་བརྩེགས་མར་ཡོད་ལ། གྲང་དམྱལ་བྱང་ན་འདབས་འབྱོར་དུ་ཡོད་ཅིང་། ཉེ་འཁོར་བས་ཚ་དམྱལ་རྣམས་བསྐོར་བའི་ཚུལ་དུ་ཡོད་ལ། ཉི་ཚེ་བ་ལ་ངེས་པ་མེད་དེ། ནམ་མཁའ་དང་། རི་དང་རྒྱ་མཚོའི་འགྲམ་ལ་སོགས་པར་ཡང་གནས་སོ། །དེ་ལ་དང་པོར་འཇིག་པའི་ཐ་སྙད་བཏགས་པ་ནི་རྩ་བའི་གནས་ལ་བརྩི་བ་ཡིན་ནོ། །དེ་ཡང་བྱིངས་ཀྱི་གནས་ན་ཡོད་པ་སྔར་འཇིག་ལ། ཁ་འཐོར་བ་མཐོ་རིས་འཇིག་པ་དང་མཉམ་དུ་ཕྱིས་འཇིག་གོ །དེ་ནས་མཐོ་རིས་ལའང་ཐོག་མར། མི་ཡི་འཇིག་རྟེན་གླིང་བཞིའི་འཇིག་ཚུལ་ཡང་། །སྒྲ་མི་སྙན་པ་རྩ་གསུམ་སྐྱེ་འགྱུར་ཞིང་། །གཞན་གསུམ་མཚུངས་པར་བསམ་གཏན་སྐྱེ་བ་ནི། །མི་ཞིག་སློབ་དཔོན་མེད་པར་ཆོས་ཉིད་ཀྱིས། །བསམ་གཏན་གཉིས་པ་ཐོབ་ནས་བསྒྲགས་པ་ནི། །དབེན་ལས་སྐྱེས་པའི་དགའ་བདེ་ཞི་བའོ། །ཞེས་སྒྲ་གླིང་གསུམ་བསྒྲགས་ཚེ་མི་རྣམས་ཀུན། །བསམ་གཏན་གཉིས་པ་ཐོབ་ནས་ཤི་འཕོས་ཏེ། །འོད་གསལ་ལྷར་སྐྱེས་གླིང་རྣམས་སྟོངས་པར་
འགྱུར། །མི་ཡི་འཇིག་རྟེན་གླིང་བཞི་འཇིག་པའི་ཚུལ་ནི། དེའི་ཚེ་འཛམ་བུའི་གླིང་གི་མི་གཅིག་གིས་རང་གི་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པའི་བར་དུ་རྫོགས་པར་བྱས་ཏེ་གནས་པ་ལས། དེ་ནས་ལངས་ཏེ་འདི་སྐད་དུ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་ཞི་བ་ནི་འདི་ཡིན་ནོ། །ཞེས་སྨྲས་པའི་སྒྲ་དེས་སྐད་ཅིག་ཡུད་ཙམ་ལ་འཛམ་བུའི་གླིང་དུ་ཚེགས་མེད་པར་ཁྱབ་བོ། །སྒྲ་དེ་ཐོས་མ་ཐག་ཏུ་གཞན་དག་གིས་ཀྱང་དེའི་རྗེས་སུ་བསླབས་པས་བསམ་གཏན་གཉིས་པའི་བར་དུ་རྫོགས་པར་བྱས་ཏེ་གནས་སོ། །དེ་ནས་སེམས་ཅན་དེ་དག་ཐོག་མའང་འོད་གསལ་གྱིས་མཚུངས་པའི་སེམས་ལས་ཆད་པའི་ཐ་མའང་ཏིང་ངེ་འཛིན་དེ་ཐོབ་ནས་འོད་གསལ་གྱི་ལྷའི་རིགས་སུ་སྐྱེ་བར་འགྱུར་ཏེ། གང་གི་ཚེ་འཛམ་བུའི་གླིང་ན་སེམས་ཅན་གཅིག་ཙམ་མ་ལུས་པ་དེའི་ཚེ། ཤར་གྱི་ལུས་འཕགས་གླིང་གི་མི་རྣམས་ཀྱང་འཛམ་བུའི་གླིང་པ་ལྟར་འགྱུར་རོ། །དེ་ནས་ནུབ་ཀྱི་བ་གླང་སྤྱོད་ཀྱང་འགྱུར་རོ། །དེ་ནས་བྱང་གི་སྒྲ་མི་སྙན་པ་རྣམས་ནི་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་ཡིན་ཏེ། འདོད་པ་རྣམས་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །གླིང་གསུམ་ནི་འདོད་པ་ལ་རང་བཞིན་གྱིས་སྐྱོ་བས་གོང་མར་སྐྱེས་སོ། །གླིང་ཕྲན་རྣམས་ནི་གཙོ་བོའི་གླིང་དང་འདྲ་སྟེ། གླིང་དང་གླིང་ཕྲན་རྣམས་སུ་མི་འགའ་ཡང་མ་ལུས་པ་དེའི་ཚེ་མིའི་འཇིག་རྟེན་ཞིག་པ་ཞེས་བྱའོ། །དེའི་འོག་ཏུ་འདོད་པའི་ལྷ་རྣམས་ཀྱང་འཇིག་པར་འགྱུར་ཏེ། མིས་བསམ་གཏན་ཐོབ་ནས་གོང་དུ་འོད་གསལ་གྱི་རིགས་སུ་སྐྱེས་པའི་ཚུལ། དེ་བཞིན་འདོད་ལྷས་བསམ་གཏན་གཉིས་པ་ཐོབ། །འོད་གསལ་སྐྱེས་ཚེ་འདོད་ཁམས་སྟོངས་ཞེས་བྱ། །འདོད་ལྷ་རིགས་དྲུག་འཇིག་པའི་ཚུལ་ཡང་རྒྱལ་ཆེན་རིས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དུ་ལྷ་གཅིག་གིས་བསམ་གཏན་ཐོབ་པའི་ཚུལ་བསྒྲགས་པ་ཐོས་པ་ལས་རྐྱེན་བྱས་ཏེ་བསྒོམས་པ་ལས། སྔ་མ་ལྟར་བསམ་གཏན་གཉིས་པ་ཐོབ་ནས་འོད་གསལ་གྱི་ལྷར་སྐྱེས་ཏེ། འདོད་ལྷ་ན་སེམས་ཅན་མེད་པ་དེའི་ཚེ་འདོད་ཁམས་ཞིག་པ་ཞེས་བྱའོ། །འདོད་ཁམས་ཞིག་
པའི་རྗེས་དྲང་པོ། དེ་ནས་གཟུགས་ཁམས་འཇིག་པའང་དེ་བཞིན་ཏེ། །བསམ་གཏན་གཉིས་པ་ཐོབ་པར་བསྒྲགས་པའི་སྒྲ། །ཐོས་ནས་བསྒྲུབས་པས་ཚངས་པའི་ལྷ་རྣམས་ཀུན། །འོད་གསལ་ལྷར་སྐྱེས་ཚངས་གནས་སྟོངས་པར་འགྱུར། །དེ་ནས་གཟུགས་ཀྱི་ཁམས་འཇིག་པའི་ཚུལ་ཡང་། ཚངས་པའི་འཇིག་རྟེན་དེར་སེམས་ཅན་གང་ཡང་རུང་བས་རང་གི་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ནས། རྗེས་ལ་སྔར་ལྟར་ཚིག་ཏུ་བརྗོད་པས། ཀུན་གྱིས་དེ་ལྟར་བསླབས་ཏེ་ཤི་འཕོས་ནས་འོད་གསལ་གྱི་ལྷར་སྐྱེས་ཏེ། ཚངས་པའི་འཇིག་རྟེན་དུ་སེམས་ཅན་འགའ་ཡང་མེད་པ་དེའི་ཚེ་ཞིག་པའོ། །དེ་ལྟར་འགྲོ་བ་རྣམས་འཇིག་རྟེན་ན་གཅིག་ཀྱང་མེད་པར་གྱུར་པ་དེའི་ཚེ་ཆར་ཡང་མེད། དེ་མེད་པས་ས་ཆེན་པོ་འདི་ལ་སྐྱེས་པའི་རྩྭ་དང་ཤིང་དང་སྨན་ལ་སོགས་པ་ཐམས་ཅད་སྐམ་པར་འགྱུར་རོ། །བརྟེན་པ་སེམས་ཅན་ཞིག་པའི་འོག་ཏུ་རྟེན་གཞི་སྣོད་ཀྱང་རང་བཞིན་གྱིས་འཇིག་པའི་ཚུལ་ནི། བཅུད་ཞིག་པ། དེ་ནས་སྣོད་ཀྱི་འཇིག་རྟེན་འཇིག་པ་ནི། །མེ་ཆུ་རླུང་གིས་བསྲེེགས་བཤལ་འཐོར་བ་སྟེ། །ཐོག་མར་མེས་བསྲེགས་དེ་ནས་ཆུས་སྦྱངས། དེ་ནས་རླུང་གིས་ཀུན་ཏུ་གཏོར་བས་ཅི་ཡང་མེད་པར་ནམ་མཁའ་གཅིག་ཏུ་བྱེད་པའི་རིམ་པ་ལས། ཕྱོགས་དང་པོ་མེས་བསྲེགས་པའི་ཚུལ་ནི། ཉི་མ་གཅིག་གིས་རྩྭ་ཤིང་ནགས་ཚལ་བསྲེགས། །གཉིས་ཀྱིས་ལྟེང་ཀ་ཆུ་ཀླུང་མ་ལུས་སྐེམ། །གསུམ་གྱིས་ཆུ་ཀླུང་ཆེན་པོ་ཐམས་ཅད་སྐེམ། །བཞི་ཡིས་མ་དྲོས་མཚོ་ཆེན་སྐེམ་པ་སྟེ། །ལྔ་ཡིས་རྒྱ་མཚོ་དཔག་ཚད་བརྒྱར་སྐེམ་ཞིང་། །རིམ་གྱིས་ཆུ་ཐིགས་གཅིག་ཀྱང་མེད་པར་བྱེད། །དྲུག་གིས་ས་ཆེན་གངས་རིར་བཅས་པ་བསྲེགས། །བདུན་གྱིས་རི་གླིང་གསེར་གྱི་ས་གཞིའི་བར། །ཐམས་ཅད་ལྷག་མ་མེད་པར་བསྲེགས་པ་ཡིན། །ཉི་མ་བདུན་དུ་ངེས་པ་ནི་བསྲེག་པར་བྱ་བའི་དངོས་པོ་བདུན་ཡོད་པས་སོ། །དེ་ཡང་སེམས་ཅན་རྣམས་འཇིག་པར་འགྱུར་བའི་ལས་ཀྱི་དབང་གིས་སྣོད་སྟོངས་པ་འདིར་ཉི་མ་གཅིག་པུ་འདི་ཉིད་ལན་མང་
དུ་ཤར་བས་ས་ཆེན་པོ་འདི་ལ་སྐྱེས་པའི་རྩྭ་དང་ཤིང་ལ་སོགས་པ་སྐེམ་པར་བྱེད་དོ། །དེ་ནས་ཡུན་རིང་མོ་ཞིག་འདས་ནས་ཉི་མ་གཉིས་འཇིག་རྟེན་དུ་བྱུང་བས། ལྟེང་ཀ་དང་ཆུ་རྒྱུན་ཕྲན་བུ་འབབ་པ་མ་ལུས་པ་སྐེམ་མོ། །དེ་ནས་རིང་ཞིག་ན་ཉི་མ་གསུམ་བྱུང་བས་ཆུ་ཀླུང་ཆེ་ཆུང་ཐམས་ཅད་སྐེམ་མོ། །དེ་བཞིན་དུ་བཞི་པས་མཚོ་ཆེན་པོ་མ་དྲོས་པ་སྐེམ་མོ། །ལྔ་པས་རྒྱ་མཚོ་ཆེན་པོ་ཟབས་སུ་དཔག་ཚད་བརྒྱར་སྐེམ་པ་ནས། ཉིས་བརྒྱ་དང་། བདུན་བརྒྱ་དང་། སྟོང་དང་། ཁྲི་དང་། བརྒྱད་ཁྲིའི་བར་དུ་སྐེམ་ཞིང་། མཐར་ཆུ་དཔག་ཚད་གཅིག་དང་། རྒྱང་གྲགས་ཕྱེད་དང་། བ་གླང་གི་རྨིག་རྗེས་ཙམ་ལུས་པར་སྐེམ་པ་ནས་ཐིགས་པ་གཅིག་ཀྱང་མེད་པར་སྐེམ་མོ། །ཉི་མ་དྲུག་བྱུང་བས་ས་ཆེན་པོ་གངས་རི་དང་འབུར་བྱེད་ལ་སོགས་པའི་རི་བྲན་རྣམས་བསྲེགས་སོ། །ཉི་མ་བདུན་བྱུང་བས་རི་རབ་རི་བདུན་གྱིས་བསྐོར་བ་ལྕགས་རི་འཁོར་ཡུག་གསེར་གྱི་ས་གཞི་དང་བཅས་པ་བསྲེགས་ཏེ། མེ་དེ་དག་རབ་ཏུ་འབར་བས་མེ་ལྕེ་གཅིག་ཏུ་གྱུར་ཏེ། འཁྱིལ་ནས་འབར་བའི་ཀློང་གིས་རབ་ཏུ་མཆེད་པ་ལས། མར་གསེར་གྱི་ས་གཞི་དམྱལ་བའི་གནས་དང་བཅས་པ་བསྲེགས། ཡར་ལ་རླུང་གིས་གྱེན་དུ་སྦར་བས་འཁྱིལ་པའི་རྩེ་མོས་ཚངས་པའི་གཞལ་ཡས་ཁང་སྟོང་པ་རྣམས་བསྲེགས་ཏེ་འབར་རབ་ཏུ་འབར་ཀུན་ཏུ་རབ་ཏུ་འབར་བས་སྟོང་གསུམ་ཐམས་ཅད་བསྲེགས་ཤིང་འབར་བའི་མེ་ཀློང་གྱེན་དུ་འཁྱིལ་བས། འོད་གསལ་གྱི་ལྷ་གཞོན་ནུ་རྣམས་སྐྲག་པ་ལ། ལྷ་རྒན་པོ་རྣམས་ཀྱིས་ལོ་རྒྱུས་འཆད་དེ། ཀྱེ་གྲོགས་པོ་དག་མ་འཇིགས་ཤིག །མེ་ལྕེ་འདི་དག་ནི་སྔོན་ཡང་ཚངས་པའི་འཇིག་རྟེན་གྱི་བར་བྱུང་ནས་སྟོངས་ཏེ་ཞི་བ་ཡིན་ནོ། །དེ་ནས་མི་སྣང་བ་ཡིན་པས་གནས་འདིར་གནོད་པ་མེད་དོ་ཞེས་དབུགས་འབྱིན་པ་ཡོད་དོ། །དེ་དག་གི་རིམ་པ་རྣམས་བསྡུས་པའི་ཚུལ་གྱིས་བསྟན་པ་ནི། འབར་བའི། མེ་དེས་དམྱལ་བའི་གཞིར་ཁྱབ་སྲེག་ཅིང་འབར། །གྱེན་དུ་རླུང་གིས་རབ་ཏུ་བསྐྱོད་པ་ཡིས། །ཚངས་པའི་གཞལ་མེད་ཁང་རྣམས་བསྲེགས་པ་ན། །འོད་གསལ་ལྷ་ཡི་བུ་རྣམས་
སྔངས་ཤིང་སྐྲག །རྒན་པོ་དག་གིས་སྔོན་ཡང་བྱུང་ཞེས་སྒྲོག །ཅེས་ལེགས་པར་བསྟན་པ་ཡིན་ནོ། །དེ་ནས་ཆུས་འཇིག་པའི་ཚུལ་ནི་བཤད་མ་ཐག་པའི་ཚུལ། དེ་ལྟར་མེ་ཡིས་ལན་བདུན་བསྲེགས་པའི་རྗེས། །མཁའ་ལས་ཆར་བབས་སྟོང་གསུམ་ཁྱབ་པ་ལས། །བསམ་གཏན་གཉིས་པ་མན་ཆད་ཞིག་པར་འགྱུར། །བསྲེགས་པའི་ཐལ་བ་ཆུ་དང་འདྲེས་པར་གནས། །དེ་ལྟར་མེས་བསྲེགས་པའི་རྗེས་ལ། སྟེང་གི་ནམ་མཁའ་ལས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་དང་། གཤོལ་མདའ་ཙམ་བབས་པས་སྟོང་གསུམ་ཐམས་ཅད་ཁྱབ་ཅིང་། འབབས་པ་དེས་བསམ་གཏན་གཉིས་པ་མན་ཆད་ལན་ཚྭ་ཆུར་ཞུ་བ་ལྟར་ཞུ་ནས་ཚིག་པའི་ཐལ་བ་རྣམས་དང་ལྷན་ཅིག་ཏུ་གནས་སོ། །སེམས་ཅན་ནི་དེའི་སྔོན་རོལ་ཏུ་དགེ་རྒྱས་སུ་སྐྱེས་པའོ། །ཆུས་སྦྱངས་པ། དེ་ནས་རླུང་གིས་ཕྱོགས་བཅུར་གཏོར་བ་ཡིས། །བསམ་གཏན་གསུམ་པ་མན་ཆད་ཞིག་པར་འགྱུར། །རྡུལ་ཕྲན་ཆ་མེད་མཁའ་དབྱིངས་གཅིག་ཏུ་འཁྱིལ། །སྔར་གྱི་ཆུས་སྦྱངས་པའི་སྐྱོ་མ་དེ་དག་རླུང་གིས་ཕྱོགས་བཅུར་འཐོར་ཞིང་། བསམ་གཏན་གསུམ་པ་མན་ཆད་ཞིག་སྟེ། རྡུལ་ཕྲན་ཆ་ཤས་མེད་པར་སོང་བ་དག་ནམ་མཁའ་གཅིག་གི་ངང་ན་མི་མངོན་པར་འཁྱིལ་ནས་ཅི་ཡང་བལྟར་མེད་པའི་རང་བཞིན་སྟོང་པ་གཅིག་ཏུ་གནས་སོ། །དེ་ལྟར་འཇིག་པ་དག་ཀྱང་མེས་ལན་བདུན་བརྒྱུད་མར་འཇིག་ལ། དེའི་འོག་ཏུ་ཆུས་ལན་གཅིག་འཇིག་པར་འགྱུར་ཞིང་། མཇུག་ཏུ་རླུང་གིས་ལན་གཅིག་འཐོར་བ་ཡིན་ཏེ། མཛོད་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །མཇུག་ཏུ་རླུང་གིས་འཐོར་བ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །བསམ་གཏན་དང་པོ་མན་ཆད་མེས་ལན་བདུན་དུ་འཇིག་པའི་བར་དུ། བསམ་གཏན་གཉིས་པ་མི་འཇིག་ལ། གཉིས་པ་ཆུས་འཇིག་དུས་གསུམ་པ་མི་འཇིག །གསུམ་པ་རླུང་གིས་འཇིག་དུས་བཞི་པ་མི་འཇིག་གོ །དེ་ནི་བསམ་གཏན་གྱི་སྟོབས་ཆེ་ཆུང་ལས་གྱུར་པ་ཡིན་ནོ། །དེ་ཡང་མེས་འཇིག་པའི་རྩེ་མོ་ནི་གཉིས་པ་སྟེ། དེ་མན་ཆད་བསྲེག་གི་ཡན་ཆད་ལ་གནོད་པ་མེད་དོ། །ཆུས་འཇིག་པའི་རྩེ་མོ་གསུམ་པ་སྟེ་དེ་མན་ཆད་འཁྲུ་བར་བྱེད་དོ། །རླུང་གིས་འཇིག་
པའི་རྩེ་མོ་བཞི་པ་སྟེ། དེ་མན་ཆད་འཐོར་བར་བྱེད་དོ། །རྩེ་མོ་གང་ཡིན་པ་དེ་ལ་དེའི་མཐར་སོན་པའི་མེ་ཆུ་རླུང་གིས་གནོད་པ་མེད་དོ། །རང་བཞིན་དུ་འཇིག་པའི་ལུགས་ཀྱིས། མཐོ་ཤོས་ལ་རྩེ་མོར་བྱས་ན། མེའི་རྩེ་མོ་དང་པོ། ཆུའི་རྩེ་མོ་གཉིས་པ། རླུང་གི་རྩེ་མོ་གསུམ་པ་ཡིན་ཡང་། དེའི་མཐར་སོན་ཡང་གནོད་པས་མི་བརྫི་བས་བརྟན་པ་སྲ་བ་རབ་རྩེ་མོ་ཞེས་བྱ་ཡིན་པར་འདོད་དོ། །འཇིག་དང་མི་འཇིག་པའི་སྒྲུབ་བྱེད་དམ་འཐད་པ་དགོད་པ་ནི། དེ་ཡང་བསམ་གཏན་གསུམ་ན་རིམ་པ་བཞིན། །རྟོག་དཔྱོད་མེ་འདྲ་དགའ་བདེ་ཆུ་དང་འདྲ། །དབུགས་ཀྱི་འབྱུང་རྔུབ་རླུང་དང་འདྲ་བ་སྟེ། །སྐྱོན་གསུམ་མཚུངས་ལྡན་འབྱུང་བ་གསུམ་གྱིས་འཇིག །བསམ་གཏན་དང་པོ་མན་ཆད་ན་རྟོག་པ་དང་དཔྱོད་པ་སྟེ། སེམས་དང་སེམས་བྱུང་གི་ཚོར་བ་མེ་དང་འདྲ་བ་ཡོད་པས། དེ་དང་མཚུངས་ལྡན་གྱི་འབྱུང་བ་མེས་འཇིག་ལ། གཉིས་པ་ན་བསམ་གཏན་གྱི་དགའ་བདེ་བདུད་རྩིའི་ཆུ་རྒྱུན་ལྟ་བུ་ཡོད་པས་ཆུས་འཇིག་པ་དང་། གསུམ་པ་ན་དབུགས་འབྱུང་རྔུབ་གཡོ་འགུལ་རླུང་ལྟ་བུ་ཡོད་པས་རླུང་གིས་འཇིག་པ་ཡིན་ནོ། །དེ་ཡང་འདོད་པའི་རགས་རླུང་ལྟར་མེད་དེ། ལུས་རགས་པ་རྩ་འདབ་ཅན་མེད་པའི་ཕྱིར་རོ། །དེས་ན་བསམ་གཏན་རང་བཞིན་གྱིས་དྭངས་པའང་དེ་ཉིད་དོ། །འོན་ཀྱང་རྣམ་སྨིན་སྐྱེས་འབྱུང་བའི་རྡུལ་ཕྲན་དངས་པ་ལས་ཐོབ་པའི་ཆ་ཡོད་པས་དེ་དང་མཚུངས་པའི་དབུགས་རྒྱུ་བ་ཡིན་ནོ། །འདིའི་ཆོས་མཚུངས་པར་རྣལ་འབྱོར་པ་དག་ལ་འབྱུང་བའི་དགྲས་གནོད་པ་དང་། མི་གནོད་པ་ཡང་བསམ་གཏན་འདི་དག་གྲུབ་པ་དང་མ་གྲུབ་པ་ལས་གྱུར་པ་ཡིན་ནོ། །དེ་ལྟར་ཡིན་པ་ལ་དེང་སང་སེམས་སེམས་བྱུང་གི་རྟོག་པ་མ་འགགས་པར་རང་སོ་ན་ཡོད་ཅིང་། ཚོར་བ་དགའ་མི་དགའ་དང་། རླུང་རྒྱུ་བ་མ་དག་པར་སངས་རྒྱས་ཀྱི་དགོངས་པའི་ངང་ལ་གནས་པར་འདོད་པ་ནི། འཇིག་རྟེན་གྱི་བསམ་གཏན་ཡང་མ་གྲུབ་ན། འཇིག་རྟེན་ལས་འདས་པ་གྲུབ་རེ་སྐན་ནོ། །དེས་ན་ལུས་ཀྱི་གནད་ལས་རླུང་རྒྱུ་བ་རང་བཞིན་གྱིས་འཆིང་ལ། དེས་བསམ་གཏན་སྐྱེ་བ་ན་དགའ་བ་ཐོབ་ཅིང་། བྱུང་ཚོར་གྱི་འདུ་ཤེས་ནུབ་པས་སེམས་སེམས་
བྱུང་གི་འཇུག་པ་ཞི་དགོས་པའི་གནད་འདི་ལ་ཐུག་པ་ཡིན་ནོ། །དེ་ལྟར་བསམ་གཏན་ལས་སུ་རུང་བས་དེའི་སྐྱོན་རྣམས་ཞི་བ་ན། སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་སྐྱེ་བ་ནི་འཐད་པའོ། །གོང་མ་མི་འཇིག་པའི་སྒྲུབ་བྱེད་དགོད་པ་ནི། བཞི་པ་ན་མེད་གཞན་གྱིས་མི་འཇིག་ཀྱང་། །རང་གི་ལས་ཀྱིས་དེ་ནས་འཆི་འཕོ་སྣང་། །བསམ་གཏན་བཞི་པ་མེ་ཆུ་རླུང་གི་གནོད་པས་ཅིའི་ཕྱིར་མི་གནོད་ཅེ་ན། དེ་ལ་རྟོག་དཔྱོད་ཀྱི་འཇུག་པ་སེམས་དང་སེམས་བྱུང་རགས་པ། བསམ་གཏན་ལ་རོ་མྱོང་གི་ཆགས་པ། གཡོ་བྱེད་རླུང་གི་རང་བཞིན་གསུམ་གྱི་སྐྱོན་གྱིས་ཏིང་ངེ་འཛིན་མི་གཡོ་བས། སྐྱོན་གསུམ་དང་མཚུངས་ལྡན་གྱི་འབྱུང་བས་མི་གནོད་དེ། ལྷ་སྦྱིན་གྱི་དགྲ་མེད་པ་དེ་ལ་དེའི་ལག་གི་མཚོན་གྱིས་མི་གནོད་པ་བཞིན། འོ་ན་འབྱུང་བ་ལྔ་ལས་གསུམ་གྱིས་འཇིག་ལ་གཉིས་ཀྱིས་མི་འཇིག་པ་ཅི་ཡིན་ཞེ་ན། ནམ་མཁའ་ནི་རགས་པ་གནོད་བྱ་དང་གནོད་བྱེད་ཀྱི་རང་བཞིན་དུ་མེད་པས། འཇིག་བྱེད་དུ་ཡེ་ནས་མེད་ལ། འཇིག་པ་གོ་འབྱེད་པ་དབྱིངས་ཀྱི་ཡུལ་གྱི་ཆར་གནས་པ་ཡིན་ནོ། །སས་མི་འཇིག་པ་ནི། གཞིག་བྱའི་ཡུལ་དུ་སྐྱེས་ཀྱི་འཇིག་བྱེད་དུ་མ་སྐྱེས་པ་ཡིན་ཏེ། ས་ཡིས་མི་འཇིག་སྣོད་ཀྱི་རང་བཞིན་ཕྱིར། །ཞེས་བྱ་བ་ཡིན་ནོ། །དེ་ཡང་། བསམ་གཏན་འཇིག་པའི་སྔོན་དུ་དེ་ཡི་ལྷ། །གོང་མར་སྐྱེ་བ་ཆོས་ཉིད་ལགས་པར་གསུངས། །དེ་ལྟར་འཇིག་པ་བར་བསྐལ་ཉི་ཤུའོ། །བསམ་གཏན་དེ་དག་འཇིག་པའི་སྔོན་དུ་དེ་ན་ཡོད་པའི་ལྷ་དེ་དག་གིས། གོང་མའི་སེམས་རང་བྱུང་དུ་ཐོབ་ནས་དགེ་རྒྱས་ལ་སོགས་པར་སྐྱེ་བ་ཆོས་ཉིད་དེ། ལུང་ལས། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་བསམ་གཏན་གྱི་གནས་དག་འཇིག་པའི་སྔོན་རོལ་ཏུ་ལྷ་དེ་དག་དགེ་རྒྱས་དང་འབྲས་བུ་ཆེ་བའི་བར་དུ་འཕོ་བ་ལྟར། དགེ་བ་བཅུ་ལེགས་པར་སྤྱོད་པ་དག་གི་ལུས་བོར་ཏེ་རྣམ་པར་ཤེས་པ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཡིན་ནོ་ཞེས་གསུངས་སོ། །བསམ་གཏན་བཞི་པ་ལ་བསྐལ་པ་འཇིག་པར་མཐུན་སྣང་དུ་གྲུབ་པའི་གནོད་པ་མེད་ཀྱང་། རང་རང་གི་ལས་ཀྱིས་འཕོ་བས་རེ་རེ་པ་འཇིག་པར་ངེས་པའི་ཕྱིར་རྟག་པ་མ་ཡིན་ནོ། །མདོར་
ན་འཇིག་པའི་མགོ་བརྩམས་ནས། ཞིག་པར་གྱུར་པའི་བར་དུ་བར་བསྐལ་ཉི་ཤུ་ཡོད་པ་ཡིན་ནོ། །དོན་བཞི་པ་སྟོངས་པའི་བསྐལ་པ་གཏན་ལ་དབབ་པ་ནི། དེ་ལྟར། ཞིག་ནས་སྟོངས་ཏེ་ནམ་མཁའ་གཅིག་གི་ངང་། །བར་བསྐལ་ཉི་ཤུའི་ཡུན་དང་མཉམ་པའོ། །དེ་ནས་ཡང་ཅིག་ཆགས་པའི་མགོ་རྩོམ་མོ། །དེ་ལྟར་ཞིག་ནས་བར་གྱི་བསྐལ་པ་ཉི་ཤུའི་ཡུན་ལ་སྟོངས་ནས་གནས་སོ། །སྟོངས་པའི་དུས་ན་ཐམས་ཅད་ནམ་མཁའ་གཅིག་གི་རང་བཞིན་དུ་གནས་པ་ནི་འདུས་བྱས་འདུས་མ་བྱས་ཀྱི་དབྱིངས་སུ་གནས་པ་སྟེ། གཟུགས་སྐུ་ཆོས་སྐུའི་དབྱིངས་སུ་ཞི་བའི་མཚོན་བྱེད་དུ་བྱུང་བའོ། །སླར་ཡང་དེ་ཡི་འོག་ཏུ་རྡུལ་ཕྲན་འདུས་པ་ལས་འཇིག་རྟེན་གྱི་ཁམས་ཤིག་རྩོམ་པའི་མགོ་འཛིན་པར་འགྱུར་རོ། །མི་མཇེད་འདི་སྟོངས་པའི་འོག་ཏུ་མུན་པའི་བསྐལ་པ་དྲུག་ཅུར་ཆགས་འཇིག་སྟོངས་པ་དྲུག་ཅུ་འབྱུང་ལ། དེའི་འོག་ཏུ་བསྐལ་པ་སྐར་མ་ལྟ་བུ་ལ་སངས་རྒྱས་གྲངས་མེད་པ་འཇིག་རྟེན་དུ་འབྱུང་བ་ལ་སོགས་པ་ནས། ས་ཚིགས་འདིའི་ནམ་མཁའ་ལ་སྔོན་ཡང་འཇིག་རྟེན་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། མ་འོངས་པ་ཕྱི་མའི་མཐར་ཡང་ཆགས་འཇིག་གི་བསྐལ་པ་དང་། འཇིག་རྟེན་གྲངས་མེད་དཔག་ཏུ་མེད་པ་འབྱུང་བ་ཡིན་ནོ། །འཇིག་རྟེན་འདི་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུ་གཞན་ཡང་རྣམ་པ་མཚུངས་སོ། །དེ་ལྟར་ན་ཆགས་པ་དང་། གནས་པ་དང་། འཇིག་པ་དང་། སྟོངས་པ་བཞིའི་བར་རྣམས་དུས་མཉམ་པས་བར་གྱི་བསྐལ་པ་ཉི་ཤུ་ཉི་ཤུ་མཚུངས་པར་ཡོད་པ་རྣམས་བསྡོམས་ཏེ། བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་ཅེས་བྱ་བར་གྲགས་སོ། །ཚུལ་དེས་སྔོན་དང་ཕྱི་མའི་མཐའི་བསྐལ་པ་འཇལ་བ་དང་སངས་རྒྱས་འབྱུང་བའི་ཚོགས་བསྐལ་པ་གྲངས་མེད་དུ་བསགས་པ་ལ་སོགས་པ་འཇལ་བར་ཤེས་པར་བྱའོ། །ད་ནི་མཇུག་བསྡུ་བས་སྲིད་པ་འདི་ལས་མྱུར་དུ་ཐར་དགོས་པར་གདམས་པ་ནི། བཤད་མ་ཐག་པའི་ཚུལ། དེ་ལྟར་ཕུན་ཚོགས་སྣང་བའི་འཇིག་རྟེན་ཀྱང་། །མི་བརྟན་མེད་པར་འགྱུར་བའི་སྐབས་ཡོད་ན། །སྲིད་ལ་དགའ་བའི་རང་བཞིན་དེ་སྤངས་ཏེ། །ཞི་བདེ་ཐར་པའི་བྱང་ཆུབ་
བསྒྲུབ་པར་མཛོད། །བསྐལ་པ་དང་པོ་ལེགས་པར་ཆགས་ནས་གནས་པའི་སྐབས་ན་འཇིག་རྟེན་འདི་དག་རྣམས་རྣམ་པར་བཀྲ་ཞིང་སྐྱེ་བོ་མང་པོས་གང་བ་ཡིན་ཡང་མཐར་འཇིག་ཅིང་སྟོངས་པར་འགྱུར་བའི་ཚུལ་ལ་ལྟོས། ད་ལྟའི་སྣང་བ་དང་བདེ་བ་ཅུང་ཟད་ལ་ཆགས་པ་དག་རིགས་པ་མ་ཡིན་ཏེ། སྣོད་དང་བཅུད་དུ་གྱུར་པ་རྣམས་མི་རྟག་ཅིང་འགྱུར་བའི་དཔེས་རང་གི་ཚེ་མི་རྟག་ཅིང་ཡུལ་ལ་མངོན་པར་སྐྱོ་བས། སྲིད་པར་དགའ་བ་རིང་དུ་སྤངས་ཏེ་ཐར་པ་དམ་པའི་ཆོས་ལ་བརྩོན་པར་བྱའོ་ཞེས་གདམས་པ་ཡིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཇིག་པ་དང་སྟོངས་པ་བསྟན་པའི་ལེའུ་སྟེ་དྲུག་པའི་རྒྱ་ཆེར་འགྲེལ་པའོ།། །།
སྣོད་བཅུད་ཀྱི་བདེ་སྡུག་བསྟན་པའི་ལེའུ་སྟེ་བདུན་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་བསྐལ་པའི་རང་བཞིན་རྒྱ་ཆེར་བསྟན་པ་ལས། བསྐལ་པས་བསྡུས་པའི་སྣོད་གཅིག་ཏུ་ཆུད་པ་ལའང་བཅུད་ཀྱི་སེམས་ཅན་རྣམས་ཀྱི་ལས་ཀྱི་སྣང་ཚུལ་སྣ་ཚོགས་པ་ཉིད་ལས། དེའི་བདེ་སྡུག་མྱོང་ཚུལ་བྱེ་བྲག་ཏུ་ཞིབ་མོར་བཤད་པ་ནི། བཤད་མ་ཐག་པའི་ཚུལ། དེ་ལྟར་སྣོད་བཅུད་རང་བཞིན་བསྟན་པ་ལས། །དེ་ཡིས་བདེ་སྡུག་སྤེལ་མའི་སྣང་ཚུལ་ནི། །འགྲོ་དྲུག་ལས་ཀྱིས་སོ་སོར་མྱོང་བ་ཡིན། །འདི་ལྟར་སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་སེམས་ཅན་ནི་རྣམ་པ་སྣ་ཚོགས་ཉིད་དེ། ཞིང་འདི་གཅིག་པུ་ནའང་ལྷ་རྣམས་བདེ་བ་ཤས་ཆེ་ལ་སྡུག་བསྔལ་བག་ལ་ཉལ། མི་རྣམས་འདྲེས་མའི་བདེ་བ་ཅུང་ཟད་ཆེ་ལ་སྡུག་བསྔལ་ཡང་མངོན་གྱུར་སྣ་ཚོགས། ངན་སོང་ན་སྡུག་བསྔལ་ཤས་ཆེ་ལ་བདེ་བ་བག་ལ་ཉལ་ཏེ། མངོན་གྱུར་སྲིད་པ་ཙམ་མོ། །དེ་ཡང་མངོན་གྱུར་དང་བག་ལ་ཉལ་གྱི་བདེ་སྡུག་ཐམས་ཅད་སྤེལ་མའམ་འདྲེས་མར་ཡོད་པ་ནི། རྒྱུ་ལས་དགེ་བ་དང་མི་དགེ་བ་དང་། འདྲེས་མ་གསུམ་བསགས་པ་ལས་བྱུང་བས། འབྲས་བུའང་འདྲེས་མར་མྱོང་བ་དེ་ཡིན་ནོ། །གང་དག་མི་དགེ་བ་འབའ་ཞིག་ལས་དགེ་བ་མེད་པ་དེ་ལ་འབྲས་བུ་སྡུག་བསྔལ་འབའ་ཞིག་སྟེ་མནར་མེད་བཞིན་ནོ། །རྒྱུ་དགེ་བ་འབའ་ཞིག་ལས་མི་དགེ་བ་མེད་པ་དེ་ལ། འབྲས་བུ་བདེ་བ་འབའ་ཞིག་སྟེ་སངས་རྒྱས་རྣམས་བཞིན་ནོ། །རྒྱུ་བསོད་ནམས་ཆ་མཐུན་དགེ་བ་
ལས་བདེ་བ་ཉིད་དེ་མཐོ་རིས་བཞིན། རྒྱུ་སྤེལ་མ་ལས་བདེ་སྡུག་སྤེལ་མར་ཚེ་གཅིག་ལའང་སྐྱིད་སྡུག་རིམ་པར་འགྱུར་བ་དང་། ཐ་ན་ཉིན་གཅིག་གམ་དར་ཅིག་ལའང་བདེ་སྡུག་འགྱུར་བ་མྱོང་བ་ནི། སྔོན་འདྲེས་མའི་ལས་ལས་གྱུར་ཏེ་མི་དང་དུད་འགྲོ་ཁ་ཅིག་བཞིན་ནོ། །དེའི་རང་བཞིན་རྒྱས་པར་བཤད་པ་ནི། དགེ་བས་བདེ་འགྲོ་བདེ་བ་ཐམས་ཅད་དང་། །མི་དགེས་ངན་འགྲོ་སྡུག་བསྔལ་ཐམས་ཅད་དོ། །སྤེལ་མས་བདེ་སྡུག་འདྲེས་མར་མྱོང་བ་ནི། །ལས་ཚུལ་སྣ་ཚོགས་དབང་གིས་སྣང་བ་ཡིན། །འདི་ལྟར་དགེ་བ་བྱས་ན་སྤྱིར་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མིར་སྐྱེ་ལ། ཁྱད་པར་དུ་འགྲོ་བ་གང་དུ་སྐྱེས་ཀྱང་གཟུགས་དང་ལང་ཚོས་བརྒྱན་པ་དང་། ཁ་ཟས་མོད་པ་དང་། དབང་ཆེ་བ་དང་། ཚེ་རིང་བ་དང་། གནོད་པ་ཉུང་བ་ལ་སོགས་པར་འགྱུར་ལ། མི་དགེ་བས་ངན་འགྲོ་དང་། ཁྱད་པར་དུ་གར་སྐྱེས་ཀྱང་འཚེ་བ་དང་། ཕོངས་པ་དང་། རིགས་ངན་པ་དང་། མི་མཛེས་པ་དང་། ནད་མང་བ་དང་། འགྲོ་བ་སྡང་བ་དང་། འཇིགས་པ་དང་། མྱ་ངན་དང་ཡིད་མི་བདེ་བས་གདུངས་པ་ནས་ཐ་ན་ཚེར་མ་ཟུག་པའི་སྡུག་བསྔལ་གྱི་བར་དུ་མྱོང་བ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་བ་ལས་ངན་སོང་དང་། །དེ་བཞིན་སྡུག་བསྔལ་ཐམས་ཅད་དོ། །ཞེས་སོ། །དེས་ན་འགྲོ་བ་རྣམས་ཀྱི་ལས་མ་ངེས་པས་སྣང་ཚུལ་མ་ངེས་སྣ་ཚོགས་ཀྱང་། བསྡུ་ན་འགྲོ་བ་དྲུག་ཅེས་སྣང་ཚུལ་མི་འདྲ་བ་དྲུག་གིས་ཕྱེ་ནས་བཞག་གོ །དེ་ལས་ཐོག་མར་ལྷའི་སྣང་ཚུལ་ཡང་གཉིས་ལས། ཁམས་གོང་མ་གཉིས་ན། འདི་ལྟར་བསམ་གཏན་གཟུགས་མེད་ཁམས་ན་ཡང་། །དགེ་བས་བསྐྱེད་པའི་བསམ་གཏན་ཞི་བདེ་དང་། །ཚེ་རིང་བསྐལ་པར་གནས་པ་དེ་ཡོད་ཀྱང་། །ཟག་བཅས་འཁོར་བ་ཡིན་ཕྱིར་རྟག་པ་མེད། །མི་དགེའི་དབང་གིས་དེ་ནས་ཚེ་འཕོ་ཚེ། །ཕྱི་མའི་གནས་ལ་སྐྲག་པའི་སྡུག་བསྔལ་ཡོད། །བསམ་གཏན་བཞི་དང་གཟུགས་མེད་བཞིའི་རིས་སུ་གཏོགས་པའི་ལྷར་སྐྱེས་ཏེ། ཚེ་བསྐལ་པར་ཐུབ་པས་བསམ་གཏན་གྱི་བདེ་བ་ལ་སྤྱོད་ཀྱང་། དེ་ལྟར་མྱོང་བའི་རྒྱུ་དགེ་བ་ཉིད་ཀྱི་འཕེན་པ་ཟད་ནས་ཟག་བཅས་མི་
དགེ་བའི་རྒྱུས་ཚེ་འཕོ་བའི་དུས་ན། རྟེན་དེ་ལ་དགེ་བ་གསར་དུ་མ་བྱས། སྔར་དགེ་བའི་འབྲས་བུ་ཟད། ལས་ཀྱི་འཕེན་པ་རྒྱང་རིང་བས་མི་དགེ་བའི་ས་བོན་བག་ལ་ཉལ་ཐོབ་པའི་ཐག་པ་མ་ཆད་པས། སྲིད་པ་ཕྱི་མར་ལྟུང་བ་མངོན་ཤེས་ཀྱིས་མཐོང་ནས། ཉེ་བར་ལེན་པའི་སྡུག་བསྔལ་ཞེས་བྱ་བ་ཡོད་པ་ཡིན་ནོ། །དེ་སྐད་དུའང་སློབ་དཔོན་ཀླུའི་དབང་པོའི་ཞལ་སྔ་ནས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །འོད་དང་ཁ་དོག་གཟི་བརྗིད་མཐའ་ཡས་ཀྱང་། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་གསུངས་སོ། །འདོད་པའི་ལྷ་དང་། མི་དང་། ངན་སོང་གི་རིགས་ལ་སྤྱིར་སྣང་བ་ནི། འདོད་ཁམས་ན་ཡང་བདེ་སྡུག་སྣ་ཚོགས་ཏེ། །སེམས་དམྱལ་ཡི་དྭགས་དུད་འགྲོའི་འཇིག་རྟེན་ན། །རང་རང་མི་དགེས་བསྐྱེད་པའི་སྡུག་བསྔལ་ནི། །ཚ་གྲང་བཀྲེས་སྐོམ་གསོད་གཅོད་བརྡེག་འཚོག་སོགས། །བཟོད་དཀའ་ཡུན་རིང་མྱོང་བར་འགྱུར་བ་དེ། །འདི་ལྟར་འདོད་པའི་ཁམས་ན་རང་རང་གི་ལས་ཐ་དད་པ་ལས། རེ་ཞིག་མི་དགེ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གང་འཚམས་པར་སྤྱད་པ་དག་ལ། དེ་དང་འཚམས་པའི་སྡུག་བསྔལ། ཚ་བ་དང་། གྲང་བ་དང་། བཀྲེས་པ་དང་། སྐོམ་པ་དང་། གསོད་པ་དང་། ཡན་ལག་གཅོད་པ་དང་། མཚོན་དང་དབྱུག་པ་ལ་སོགས་པས་བརྡེག་པ་དང་། འཚོག་པ་དང་། འཚེ་བ་དང་། ཡིད་མི་བདེ་བ་ལ་སོགས་པ་སྡུག་བསྔལ་གྱི་རིགས་རྣམ་པ་སྣ་ཚོགས་པར་སྣང་བ་ཡིན་ལ། ཡང་། རང་རང་སྔོན་དགེས་བསྐྱེད་པའི་བདེ་འབྲས་ནི། །ཡི་དྭགས་ཟས་སོགས་རྙེད་དང་ཅུང་ཟད་བདེ། །ཉིན་མཚན་འགྱུར་ཏེ་བར་འགའ་སྡུག་བསྔལ་ཆུང་། །རྒྱལ་དང་དེ་སྲས་རྫུ་འཕྲུལ་འོད་བཀྱེ་བས། །སྡུག་བསྔལ་ཞི་གྱུར་གང་དེ་དགེ་བའི་འབྲས། །ལྷ་དང་ལྷ་མ་ཡིན་དང་། མི་དང་ངན་སོང་གི་གནས་སྐབས་གང་ཡང་རུང་སྟེ། རང་རང་གི་སྔོན་དགེ་བ་བྱས་པའི་འབྲས་བུ་ནི་ཕྱི་བཞིན་དུ་འབྲང་བའི་སླད་ཀྱིས། གང་དུ་སྐྱེས་པ་དེར་ཡང་གཟུགས་མཛེས་པའམ། ཡིད་བདེ་བའམ། ཟས་སྐོམ་རྙེད་པའམ། རྙེད་པ་དང་གྲགས་པས་བརྒྱན་པའམ། སྟོབས་ཆེ་བའམ། ཐ་ན་ལམ་དུ་ངལ་སོས་པ་ལས་ཅུང་ཟད་བདེ་བ་ལྟ་བུ་ཡང་རྐྱེན་ངལ་སྟེགས་ཡིན་
ཡང་། རྒྱུ་དགེ་བ་ཁོ་ན་ཡིན་པས། བདེ་བའི་ཆ་རྐྱེན་ཅི་ལས་སྐྱེས་ཀྱང་། རྒྱུ་དགེ་བའི་འབྲས་བུ་ཡིན་པར་བལྟའོ། །ཉི་ཚེ་བ་དང་། ཀླུར་གྱུར་པ་ནའང་། ཉིན་མཚན་ནམ་སྔ་དྲོ་ཕྱི་དྲོ་འགྱུར་བའི་བདེ་བའི་ཆ་ནི་དགེ་བའི་འབྲས་བུ་ཡིན་ལ། དམྱལ་བ་ལ་སོགས་པའམ་ནད་ཀྱིས་ཉེན་པ་ན་བར་སྐབས་འགའ་ཞིག་ཏུ་ཅུང་ཟད་བདེ་བ་དེ་ཡང་དགེ་བའི་འབྲས་བུ་ཡིན་པར་རིག་པར་བྱའོ། །སེམས་ཅན་དམྱལ་བ་ལ་སོགས་པར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འོད་ཟེར་བཀྱེ་བས་བདེ་བར་བྱས་པ་དེ་ཡང་། རྐྱེན་སངས་རྒྱས་ཀྱི་འོད་ཡིན་ཡང་རྒྱུ་རང་གིས་འོད་ཟེར་ཕོག་པའི་བདེ་བ་བསྐྱེད་པའི་ལས་བསགས་པའི་འབྲས་བུ་ཁོ་ན་ཡིན་ནོ། །འདི་ལྟར་བདེ་བ་དང་སྡུག་བསྔལ་གཉིས་ལུས་སེམས་གཅིག་ལ་དུས་མཚུངས་པར་ལྷན་ཅིག་འབྱུང་བ་ཡོད་ན། དེ་ཡང་། སྤེལ་མར་སྣང་བ་ལས་ལས་གྱུར་པ་ཡིན། །མི་རྣམས་ལ་ཡང་གནས་དང་ལོངས་སྤྱོད་དང་། །འཁོར་དང་གྲགས་འབྱོར་ཚེ་རིང་ནད་མེད་སོགས། །བདེ་བའི་ཆར་སྣང་རྣམ་པ་སྣ་ཚོགས་དང་། །སྡུག་བསྔལ་ཡང་ནི་སྐྱེ་རྒ་ན་འཆི་དང་། །བཤེས་བྲལ་དགྲ་དང་ཕྲད་ཅིང་མི་འདོད་དང་། །སྡུག་བྲལ་འབྱོར་པ་རྒུད་ཅིང་ཕོངས་པས་ཉེན། །མི་བསྔགས་ཚ་གྲང་བཀྲེས་སྐོམ་ལ་སོགས་པ། །སྣ་ཚོགས་མང་ལྡན་བཟོད་དཀའ་རྣམས་དང་ལྡན། །དེ་ཀུན་རང་གི་འཁྲུལ་སྣང་ལས་ལས་གྱུར། །འདི་ལྟར་འདྲེས་མའི་ལས་ཀྱིས་བདེ་སྡུག་འདྲེས་མར་མྱོང་བ་ནི། མི་རྣམས་ཀྱི་རིགས་སུ་སྐྱེས་པ་ནའང་། གཅིག་གི་རྒྱུད་ལ་འདི་དག་སྤེལ་མར་བྱུང་བའམ། ཐ་དད་པའི་རྒྱུད་ལ་འབྱུང་བ་ཡང་རུང་སྟེ། གནས་བཟང་བ་དང་། ལོངས་སྤྱོད་ཆེ་བ་དང་། སྟན་བཟང་བ་དང་། འཁོར་མང་བ་དང་། གྲགས་པ་དང་ལྡན་པ་དང་། གང་འདོད་པ་འགྲུབ་པ་དང་། ཚེ་རིང་བ་དང་། ནད་ཉུང་བ་དང་། ཉིན་གཅིག་གམ་སྐད་ཅིག་ཡུད་ཙམ་དུ་བདེ་བའི་ཆ་ཅན་མགྲོན་དུ་ཕྱིན་པར་བཀོད་པ་དང་འབྱོར་པ་ཐོབ་པའམ། མེ་ཏོག་ལ་སོགས་པའི་མིག་གི་དགའ་སྟོན་མཐོང་བ་ལ་སོགས་པས་ཡིད་བདེ་བ་ཇི་སྙེད་པ་དང་། ཡང་སྡུག་བསྔལ་གྱི་ཆར་གྱུར་པ། སྐྱེ་བ་དང་།
རྒས་པ་དང་། ན་བ་དང་། འཆི་བ་དང་། གཉེན་བཤེས་དང་བྲལ་གྱིས་དོགས་པ་དང་། དགྲ་དང་འཕྲད་པ་དང་། མི་འདོད་པ་ཐོག་ཏུ་འབབ་པ་དང་། མཛའ་བཤེས་དང་བྲལ་གྱིས་དོགས་པ་དང་། འབྱོར་པ་སྲབ་པ་དང་། གྲགས་པ་ལ་སོགས་པ་སྔོན་ལས་ཉམས་པ་དང་། བྲེལ་ཕོངས་སུ་གྱུར་པ་དང་། གཏམ་ངན་དང་། ཚ་གྲང་དང་། བཀྲེས་སྐོམ་དང་། ངལ་དུབ་དང་། བྱིང་རྨུགས་དང་། ཡིད་མི་བདེ་བ་ལ་སོགས་པའི་ཡིད་དང་མི་མཐུན་པའི་ཆར་སྣང་བ་སྟེ། འདི་དག་ཀྱང་ལས་ཐ་དད་པའི་དབང་གིས་སྣང་བ་ཡིན་ནོ། །དེ་སྐད་དུའང་དྲན་པ་ཉེ་བར་གཞག་པ་ལས། ལས་ནི་སྣ་ཚོགས་སུ་བྱེད་པས་རི་མོ་མཁན་དང་འདྲ་བའོ་ཞེས་གསུངས་སོ། །རི་རབ་ཀྱི་ཁོང་གསེང་ལ་སོགས་པར་གནས་པའི། ལྷ་མིན་རྣམས་ལའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་འཁྲུག་དང་ཡིད་མི་བདེ། །ཕན་ཚུན་འཚེ་ཞིང་མི་བསྲུན་རྩུབ་པ་སྟེ། །མེ་ཏོག་ཕྲེང་བརྒྱུས་འབྱོར་བའི་སྐྱེད་ཚལ་དང་། །བདུད་རྩིའི་ཟས་དང་ཁང་བརྩེགས་བཞོན་པ་སོགས། །བདེ་མང་ཡུན་རིང་སྤྱད་ཀྱང་ངོམས་པ་མེད། །ལྷ་མ་ཡིན་ནི་སྔོན་ཕྲག་དོག་གི་ལས་ཤས་ཆེ་བས་འཕངས་པས། རང་བཞིན་གྱིས་གཞན་འབྱོར་པ་ལ་རང་ཉིད་སྡུག་བསྔལ་བས་ཀྱང་མི་བཟོད་པའི་སྡུག་བསྔལ་དང་ཁོང་ཁྲོ་བ་ཡོད་དེ། དེའི་རྒྱུས་འཁྲུག་པ་དང་། ཡིད་མི་བདེ་བ་དང་། ཕན་ཚུན་ཡང་གཅིག་གིས་གཅིག་བདེ་བ་མི་བཟོད་པས་ཁྲོ་ཞིང་འཚེ་བས། རྟག་ཏུ་སེམས་ཉེ་བར་མ་ཞི་བའི་སྡུག་བསྔལ་དཔག་ཏུ་མེད་པ་ཡང་ཡོད་ལ། རྫོགས་བྱེད་དགེ་བས་བསྐྱེད་པས་མེ་ཏོག་གི་ཚལ་ནོར་བུའི་དྲྭ་བས་དཔྱངས་པ་དང་། བདུད་རྩིའི་ཟས་དང་། ཁང་པ་བརྩེགས་མ་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་ལ་སོགས་པའི་བཞོན་པ་དང་། ལྷའི་དཔག་བསམ་གྱི་ཤིང་ལྟ་བུའི་ལྗོན་པ་ལས་བྱུང་བའི་གོས་དང་། ནོར་བུ་དང་། ལོངས་སྤྱོད་ཟད་མི་ཤེས་པའི་བདེ་བ་ཚད་མེད་པའང་ཡོད་དེ། འདོད་པའི་བདེ་བས་རྒྱ་ཆེར་འབྱོར་པའོ། །གཞན་འཕྲུལ་ལ་སོགས་འདོད་ལྷ་དྲུག་ན་ཡང་། །བདེ་མང་ལྷ་ཡི་འབྱོར་པས་ཉམས་དགའ་ཡང་། །རྨི་ལམ་སད་བཞིན་སྤངས་ནས་
འགྲོ་དགོས་ལ། །འཆི་འཕོ་ལྟུང་བའི་སྡུག་བསྔལ་དཔག་མེད་ལྡན། །སྔར་བཤད་པ་ལྟར་འདོད་པའི་ལྷའི་དགའ་བ་སྣ་ཚོགས་ཀྱང་དེའི་ལས་ཟད་པ་ན་སྤངས་ནས་གཅིག་པུ་སྐྱབས་མེད་པར་འགྲོ་བའི་སྡུག་བསྔལ་དང་ཡང་ལྡན་པ་ཉིད་དོ། །གནས་རིས་དེ་དག་ལས། ཁྱད་པར་རི་རབ་རྩེ་གནས་ལྷ་རྣམས་ཀྱི། །དགེ་བས་བསྐྱེད་པའི་འབྱོར་བདེ་རབ་མང་པོ། །གྲོང་དང་སྐྱེད་ཚལ་རྡོ་ལེབ་ཤིང་ཆེན་དང་། །དབང་པོའི་བཙུན་མོ་བུ་སྟོང་དཔའ་བ་སྟེ། །མེ་ཏོག་མགོ་རྒྱན་ལྷ་མོ་རྣམས་ཀྱིས་གང་། །རི་རབ་རྩེ་མོའི་གནས་ནི་མཐོ་རིས་ཀྱི་གྲོང་ཁྱེར་ཞེས་བྱ་བར་མངོན་བརྗོད་དུ་གྲགས་ཏེ། དེ་ན་ལྷ་རྣམས་ཀྱིས་ལས་མཐུན་པར་བསགས་པའི་སྣང་བ་ལ། གྲོང་དང་། ཚལ་དང་། རྡོ་ལེབ་དང་། ཤིང་ཆེན་པོ་དང་། བརྒྱ་བྱིན་གྱི་བཙུན་མོ་དམ་པ་བཙུན་མོའི་འཁོར་དུ་མས་བསྐོར་བ་དང་། དབང་པོའི་བུ་སྟོང་དང་། ལྷའི་བུ་མོ་མེ་ཏོག་གི་མགོ་རྒྱན་དང་། རིན་པོ་ཆེའི་རྣ་ཆ་གདུབ་ཀོར་གྱིས་སྤྲས་པ་རྣམས་ཀྱི་ཁང་པ་བརྩེགས་པའི་འཕྱོང་ཀའི་སྟེང་དུ། ལམ་སྲང་དང་། ཚལ་དང་། བཞི་མདོ་གང་བར་གླུ་གར་བྱེད་ཅིང་སིལ་སྙན་འཁྲོལ་བས་མཛེས་པར་བྱས་པ་དང་། ཅང་ཤེས་སྤྲིན་གྱི་ཤུགས་ཅན་རྟ་མཆོག་དང་། །རབ་བརྟན་གླང་པོ་ས་སྲུང་བུ་མཛེས་ཀྱི། །མགོ་བོ་སུམ་ཅུ་རྩ་གསུམ་སྟེང་རོལ་ཅིང་། །རྩེ་དགའི་དུས་སྟོན་ཉིན་མཚན་ཕྱེད་པར་སྤྱོད། །རྟའི་མཆོག་མཐོན་མཐིང་དུ་འདུག་པ་སྤྲིན་གྱི་བཞོན་པ་བསྐྱོད་པ་དང་འདྲ་བའི་ཕྱིར་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་ཡོད་དེ། དེ་ཞོན་ནས་དབང་པོ་ཉིད་གླིང་བཞིའི་མི་རྣམས་ཀྱི་དགེ་བ་དང་མི་དགེ་བའི་མཚན་མ་བརྟག་པ་དང་། མེ་ཏོག་གི་ཚལ་ལ་སོགས་པ་རྩེ་སར་འཇུག་པའི་གླང་པོ་ཆེ་ས་སྲུང་གི་བུའི་མགོ་སུམ་ཅུ་རྩ་གསུམ་གྱི་སྟེང་དུ་ཉེ་དབང་སུམ་ཅུ་རྩ་གཉིས་འདུག་སྟེ། གདུགས་དང་རྒྱལ་མཚན་བསྒྲེང་ཞིང་། དབུས་མ་གཡུའི་མགོ་བོའི་སྟེང་ན་བརྒྱ་བྱིན་བཞུགས་ནས། སུམ་ཅུ་རྩ་གསུམ་གྱི་ཚལ་དང་། ལམ་སྲང་དང་། ས་གཞི་བཟང་པོ་དང་། འདུན་ས་རྣམས་སུ་འགྲོ་ཞིང་། དགེ་བའི་བྱ་བ་ཡང་སྒྲུབ་ལ། རྩེ་དགའི་དུས་སྟོན་གྱིས་ཉིན་
མཚན་བར་མཚམས་མེད་པར་འདའ་བ་ཡིན་ནོ། །དེ་ལྟར་བདེ་བ་ཚད་མེད་པ་ལྟར། སྡུག་བསྔལ་ཡང་ནི་འཆི་འཕོ་ལྟུང་བ་དང་། །ལྷ་མིན་རྣམས་དང་འཐབ་རྩོད་གཡུལ་འགྱེད་དོ། །ལྷ་གང་དག་འཆི་འཕོ་བ་དང་། ངན་སོང་ལ་སོགས་པ་གནས་རིས་འོག་མར་ལྟུང་བའི་སྡུག་བསྔལ་ཚད་མེད་ཅིང་། ཁྱད་པར་དུ་ལྷ་མ་ཡིན་དང་འཐབ་པའི་སྡུག་བསྔལ་ཡོད་དོ། །ལྷ་མ་ཡིན་དང་གཡུལ་འགྱེད་པའི་རྒྱུ་ཅི་ལས་གྱུར་ཞེ་ན། འཐབ་པའི། རྒྱུ་ནི་གསུམ་སྟེ་འཛམ་གླིང་ལས་དང་ནི། །ཤིང་དང་བུ་མོ་ལྟ་ལས་གྱུར་པའོ། །འཛམ་བུ་གླིང་པ་རྣམས་ཀྱི་བསོད་ནམས་དང་། བསོད་ནམས་མ་ཡིན་པའི་ལས་སྟོབས་ཆེན་པོ་བསགས་པ་དང་། ལྷའི་ཤིང་ཆེན་པོའི་མེ་ཏོག་དང་འབྲས་བུ་རྒྱས་པ་མཐོང་ནས། ཁྲོ་བས་འདི་སྐད་དུ། ཤིང་འདིའི་དཔལ་ཕུན་སུམ་ཚོགས་པ་ལྷ་ལ་བྱིན་ནས། རྩ་བས་བདག་ཅག་གི་གནས་སུ་ཅི་བྱ་ཞེས་སྟ་རེས་གཅོད་པར་བྱེད་པ་ན་ཤིང་ཆད་ཀྱིས་དོགས་པ་དང་། ལྷ་རྣམས་ལྷ་མ་ཡིན་གྱི་བུ་མོ་ལ་བལྟ་བ་ན་ཕྲག་དོག་པས་རྩོད་པ་འབྱུང་བ་ཡིན་ནོ། །ཇི་ལྟར་གཡུལ་འགྱེད་ཅེ་ན། སྡེ་ཚན་མཚུངས་པར་འཁྲུག་པས། གཡུལ་འགྱེད་པ་ནི་འདི་ལྟར། དཀར་ཕྱོགས་དག་དང་དེ་བཞིན་ནག་པོ་ཡི། །ཀླུ་དང་བར་སྣང་ལྷ་རྣམས་འཁྲུག་པ་སྟེ། །སྲིད་དང་སྡེར་བཅས་རྩོད་ཅིང་འགྱེད་པར་བྱེད། །དཀར་ཕྱོགས་ཀླུ་མཆོག་བརྒྱད་དང་ནག་པོ་ཡི། །ཀླུ་རྣམས་གཡུལ་འགྱེད་བར་སྣང་ལྷས་དཔུང་གནོན། །གང་གི་ཚེ་རྩོད་པར་འགྱུར་བའི་རྒྱུ་ཚོགས་པ་དེའི་ཚེ། ཐོག་མར་ཀླུ་དང་བར་སྣང་གི་ལྷ་རྣམས་འཁྲུག་པ་ལས། སྲིད་དང་སྡེ་སོ་སོར་བཅད་ནས་འཐབ་པ་ནི། དཀར་པོའི་ཕྱོགས་ཀྱི་ཀླུ་དགའ་བོ་དང་ཉེར་དགའ་ལ་སོགས་པ་བརྒྱད་དང་། ནག་པོའི་ཕྱོགས་ཀྱི་ཧུ་ལུ་དང་། ཧུ་ལུ་ཀ་ཆེན་པོ་ལ་སོགས་པ་བརྒྱད་འཐབ་ཅིང་རྩོད་དོ། །གང་རུང་ཞིག་ཕམ་པ་དེའི་ཚེ་བར་སྣང་གི་ལྷ་དཀར་པོ་དང་། ནག་པོ་ཕྱོགས་ལ་དགའ་བ་གཉིས་སྦྲོན་ནོ། །སྦྲན་ནས་འཐབ་པས་ནག་པོའི་
ཕྱོགས་ཀྱི་ཀླུ་ཕམ་ན་ཆུ་མཚམས་ཀྱི་སྒྲ་གཅན་སྦྲན་ནས་འཐབ་པ་དེའི་ཚེ། ལྷ་མ་ཡིན་གྱི་དབང་པོ། སྒྲ་གཅན་འཁྲུག་སྟེ་རྩོད་པ་ཕམ་གྱུར་པ། །དེ་ཚེ་རྒྱལ་ཆེན་རིས་བཞིའི་ལྷ་མཆོག་ལྷགས། །དཀར་ཕྲེང་གནས་ནས་འགུལ་ཕྲེང་འཁྲུག་པ་འགྱེད། །གང་དུ་སྒྲ་གཅན་རྒྱལ་བ་དེའི་ཚེ་དཀར་ཕྱོགས་ཀྱི་ཀླུ་དང་བར་སྣང་གི་ལྷས་རྒྱལ་ཆེན་རིས་བཞིའི་དཔུང་རྣམས་སྦྲན་པ་ལས། ཡུལ་འཁོར་སྐྱོང་དྲི་ཟའི་དཔུང་གིས་བསྐོར་བ་རིན་པོ་ཆེའི་གོ་ཆ་སྲ་བ་གྱོན་པ་དང་། འཕགས་སྐྱེས་པོ་གྲུལ་བུམ་གྱི་དཔུང་དང་། མིག་མི་བཟང་ཀླུའི་དཔུང་དང་། རྣམ་ཐོས་ཀྱི་བུ་གནོད་སྦྱིན་གྱི་དཔུང་དང་བཅས་ཏེ་འཐབ་པ་ལས། ལྷ་མ་ཡིན་རྣམས་ཕམ་པ་དེའི་ཚེ། དཀར་ཕྲེང་གི་གནས་ནས་འགུལ་ཕྲེང་ཅན་ལྷ་མ་ཡིན་གྱི་དཔུང་དང་ལྷན་ཅིག་འཐབ་པ་ལས། ལྷ་མ་ཡིན་གྱི་དཔུང་རྣམས། ཕམ་གྱུར་ཐགས་བཟང་རིས་སྦྲན་བསྐྱོད་པ་ཡིས། །རི་རབ་འགུལ་ཚེ་དབང་པོ་ཉེ་དབང་བཅས། །རྩུབ་འགྱུར་ཚལ་སོང་གོ་ཆ་རབ་བགོས་ཏེ། །རབ་བརྟན་བཞོན་པ་ལྷ་ཡི་དཔུང་དང་བཅས། །རི་རབ་ཆུ་མཚམས་ཐུག་པར་བསུ་བ་ལས། །གཡུལ་འགྱེད་རི་རབ་འཕེན་ཅིང་ཉི་ཟླ་འཛིན། །ལྷ་རྣམས་གྱེན་དུ་མི་འགྲེང་བདུན་དུ་འཕགས། །རབ་དཀར་བསོད་ནམས་སྟོབས་ལས་གྱུར་པ་ཡིན། །ལྷ་མ་ཡིན་གྱི་དཔུང་རྣམས་ཕམ་པ་ལས། ཐགས་བཟང་རིས་ཁྲོས་ཏེ་རྐང་པ་གསེར་གྱི་ས་གཞི་ལ་བསྣུན་པས་ས་ཆེན་པོ་གཡོ་ཞིང་རི་རབ་ཀྱང་འགུལ་ཏེ། དེའི་ཚེ་ལྷའི་དབང་པོས་བསམས་པ། ས་གཡོ་ཞིང་རི་རབ་འགུལ་བའི་རྒྱུ་ཅི། བྱང་ཆུབ་སེམས་དཔའ་ས་ནས་སར་འཕར་བའམ། སངས་རྒྱས་ཀྱི་སྤྲུལ་པ་ཆེན་པོས་འཇིག་རྟེན་དུ་ཆོ་འཕྲུལ་མཛད་པའམ། བསོད་ནམས་དང་བསོད་ནམས་མ་ཡིན་པ་རླབས་པོ་ཆེའི་ལས་མཐུན་པའམ། ལྷ་མ་ཡིན་གྱི་དབང་པོ་གཡུལ་འགྱེད་སྙམ་དུ་ལྷའི་མངོན་པར་ཤེས་པས་བརྟགས་པ་ན། གཡུལ་འགྱེད་པར་ཤེས་ནས། འདུན་ས་ཆོས་བཟང་དུ་འདུས་ཏེ། ལྷ་གང་དག་འཆི་བའི་ལས་ཅན་དག་མ་འདེངས་
ཤིག །གཞན་དག་གཡུལ་འགྱེད་པར་བྱོས་ཤིག་ཅེས་བགྲོས་ནས། བྱང་ཕྱོགས་དགའ་བའི་ཚལ་ན་ཤིང་ལྗོན་པའི་ནང་ན་གཟིམས་ཁྲི་ཡོད་པ་ག་ལ་བར་བལྟས་པ་ལས། མཚན་མ་རྣམས་མེ་ལོང་དུ་གཟུགས་འཆར་བ་ལྟར་ཤར་བས་མཚན་མ་སྟོན་པར་བྱེད་དོ། །དེ་ནས་ལྷའི་ཚོགས་དག་རྩུབ་འགྱུར་གྱི་ཚལ་དུ་སོང་སྟེ་རྫིང་བུར་ཞུགས་པ་ཙམ་གྱིས་ཞེ་སྡང་སྐྱེས་ཏེ་འཐབ་པ་ལ་སྤྲོ་བར་གྱུར་པ་དེའི་ཚེ། དེའི་ཤར་ཕྱོགས་ན་གོ་ཆའི་ཚལ་ཡོད་པར་ཕྱིན་མ་ཐག་ཏུ་ཤིང་ལྗོན་པ་དག་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་གོ་ཆ་ཤིན་ཏུ་སྲ་བ་རྡོ་རྗེས་ཀྱང་ཕིགས་པར་དཀའ་བ་རབ་དུ་ཡང་བ་དག་བྱུང་བ་བགོས་ཏེ་གཡུལ་གྱི་གླང་པོ་ཆེ་རབ་ཏུ་བརྟན་པའི་སྟེང་དུ་འདུག་པ་ལས། མགོ་བོ་སུམ་ཅུ་རྩ་གསུམ་གྱི་སྟེང་དུ་དབང་པོ་ཉེ་དབང་དང་བཅས་པ་གནས་སོ། །མགོ་བོ་རེ་རེར་ཡང་བདུན་བདུན་དུ་སྤྲུལ་པ་རེ་རེའི་སྟེང་ན་ལྷའི་དཔུང་ཡོད་ལ། མགོ་དེ་དག་ལ་མཆེ་བ་བདུན་བདུན། མཆེ་བ་རེ་རེ་ན་སྐྱེད་མོས་ཚལ་དང་རྫིང་བུ་བདུན་བདུན། དེ་ན་ལྷའི་བུ་མོ་ཤིན་ཏུ་མཛེས་པ་གླུ་གར་བྱེད་པ་བདུན་བདུན། དེ་རེ་རེ་ལ་གཡོག་མོ་བདུན་བདུན། དེ་རེ་རེ་ལ་སིལ་སྙན་བདུན་བདུན་སྤྲུལ་ནས་རི་རབ་ཀྱི་ཆུ་མཚམས་ལ་ཐུག་པར་བསུ་བ་ལས། ལྷ་མ་ཡིན་སྟོབས་ཅན་འདོད་ཆགས་ཤས་ཆེ་བས་དབང་པོའི་མདུན་དུ། རྡོ་རྗེ་དང་འཁོར་ལོ་འཕེན་པ་དག་གིས་སེམས་རབ་ཏུ་མྱོས་པར་བྱེད་ཅིང་། ལྷའི་རྡོ་རྗེ་དང་འཁོར་ལོས་འཇོམས་པར་འགྱུར་རོ། །དེའི་ཚེ་ལྷ་རྣམས་ནི། བསོད་ནམས་ཀྱི་མཐུས་མི་འགྲེང་བདུན་ཙམ་དུ་ལྷ་མ་ཡིན་ལས་འཕགས་པར་ཉི་ཟླའི་ངོས་ནས། རྡོ་རྗེ་དང་། འཁོར་ལོ་དང་། མདའ་དང་། གཏུན་ཤིང་དང་། རི་རབ་ལ་སོགས་པ་འཕེན་ཞིང་ལྷ་མ་ཡིན་པ་རྣམས་འཇོམས་པར་བྱེད་དོ། །ལྷ་མ་ཡིན་རྣམས་ཀྱང་གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་འོངས་ཏེ། རྡོ་རྗེ་དང་། མདའ་བོ་ཆེ་དང་། ཤག་ཏི་དང་། རི་རབ་དང་། འཁོར་ལོ་ལ་སོགས་པ་འཕེན་ཅིང་ལྷ་རྣམས་
འཇོམས་པར་བྱེད་དོ། །ལྷ་རྣམས་ཀྱི་མགོ་ཆད་པ་མ་གཏོགས་པ་འཕྲལ་དུ་སོས་ནས་རྨ་མེད་ལ། ལྷ་མ་ཡིན་གྱི་མགོ་དང་རྐང་ལག་ཆད་ན་འཆི་བར་འགྱུར་རོ། །དེའི་ཚེ་ས་རྣམས་གཡོ་ཞིང་རི་རབ་འཕངས་པ་རྡུལ་དུ་སོང་བས་འཛམ་བུའི་གླིང་ལ་སོགས་པར་རྡུལ་གྱིས་ནམ་མཁའ་འཁྲིགས་པ་དང་། གོ་ཆའི་འོད་ཟེར་གསལ་བ་དང་། སྒྲ་ཆེན་པོ་སྒྲོགས་པ་དང་། སྒྲ་གཅན་དུད་འགྲོ་ཡིན་པས་དེའི་མིག་ལ་ཉི་ཟླའི་འོད་ཟེར་མི་བཟོད་པས་དེ་བསྒྲིབས་པས་ཉི་ཟླ་གཟས་ཟིན་པ་ཞེས་བྱའོ། །མདོ་ལས། ལག་པས་བསྒྲིབས་པར་འདོད་ལ། རྒྱུད་ཁ་ཅིག་ལས་ཁ་རླངས་དང་མཇུག་མའི་རླངས་གང་རུང་གིས་བསྒྲིབས་པར་འདོད་ཅིང་། ཁ་ཅིག་ལས་ཁར་ཟོས་པ་ཨོལ་བ་ལས་དོན་པའོ་ཞེས་ཀྱང་ཟེར་རོ། །ས་གཡོ་བ་དང་། སྒྲ་དང་། འོད་དང་། ཉི་ཟླ་འཛིན་པ་ཡང་། བྱང་ཆུབ་སེམས་དཔའ་སར་འཕར་བ་དང་། དགེ་བ་དང་མི་དགེ་བ་རླབས་པོ་ཆེ་དང་། གཡུལ་འགྱེད་པ་དང་། སངས་རྒྱས་ཀྱི་སྤྲུལ་པའི་ཆོ་འཕྲུལ་དང་། ལྷ་གནས་རྒྱ་ཆེར་བསྐྱོད་པ་ལས་འབྱུང་བར་བཤད་ལ། ས་གཡོ་བ་ལ་དེའི་སྟེང་དུ་ཉ་བོ་ཆེས་འདྲེ་ལྡོག་པ་ལས་འདོད་པའོ། །དེ་ཡང་ལྷ་རྣམས་རྒྱལ་ན་དེ་དག་དགེ་མཚན་དུ་འགྱུར་ཏེ། ཆར་འབབ་པ་དང་། ལོ་ལེགས་པ་དང་། ནད་དང་འཁྲུག་པ་མེད་པ་ལ་སོགས་པའོ། །ལྷ་མ་ཡིན་རྒྱལ་ན་དེ་ལས་ཟློག་པ་རྣམས་འབྱུང་ངོ་། །དེའི་ཚེ། ལྷ་མིན་དཔུང་རྒྱལ་རི་རབ་རྩེར་སོན་ཞིང་། །ལྷ་རྣམས་གྲོང་ཁྱེར་སྒོ་འཕར་ཞག་བདུན་གཅོད། །ལྷ་མིན་ཕམ་གྱུར་གསེར་གྱི་ས་གཞིའི་གྲོང་། །ཞག་བདུན་སྒོ་འཕར་བཅད་དེ་གནས་པ་ཡིན། །ལྷ་རྣམས་ཕམ་པ་དེའི་ཚེ་ཕྱིར་ལོག་སྟེ་བྲོས་པའི་སླད་བཞིན་ལྷ་མ་ཡིན་གྱི་དཔུང་གིས་བདས་ཏེ་རི་རབ་ཀྱི་རྩེར་སོང་བ་ལས། ལྷ་རྣམས་ཀྱིས་གྲོང་ཁྱེར་བལྟ་ན་སྡུག་གི་སྒོ་འཕར་བཅད་སྐར་ཁུང་གི་གསེང་ཡང་བཀབ་ནས་ཞག་བདུན་དུ་གནས་པ་ལས། ནམ་མཁའ་ལས་ལྷའི་རྔ་སྒྲ་ཞེས་བྱ་བ་བྱུང་བ་ནི། ཀྱེ་ལྷ་རྣམས་རྒྱལ་བར་གྱུར་ཅིག །ལྷ་མ་ཡིན་རྣམས་ཕམ་པར་གྱུར་ཅིག་ཅེས་པ་ཐོས་མ་ཐག་ཏུ། ལྷ་མ་ཡིན་གྱི་དཔུང་རྣམས་བྱེར་ཏེ་རང་ལོག་ནས། ལྷ་རྣམས་བདེ་
བར་རྒྱུ་བ་ཡིན་ལ། ལྷ་མ་ཡིན་རྣམས་ཕམ་པ་ན་དེའི་ཚེ་རི་རབ་ཀྱི་ཁོང་གསེང་གི་གསེར་གྱི་ས་གཞི་ལ་ཐུག་པར་བྲོས་པའི་སླད་བཞིན་དུ་ལྷའི་དཔུང་གིས་བདས་ཏེ། ལྷ་མ་ཡིན་རྣམས་གྲོང་ཁྱེར་གསེར་ལྡན་གྱི་སྒོ་བསྡམས་སྐར་ཁུང་བཅད་དེ་ཞག་བདུན་གནས་པ་ལས། ཡང་ལྷ་མ་ཡིན་པ་རྣམས་རྒྱལ་བར་གྱུར་ཅིག །ལྷ་རྣམས་ཕམ་པར་གྱུར་ཅིག་ཅེས་པའི་སྒྲ་ཐོས་ནས། ལྷ་རྣམས་རང་གི་གནས་སུ་ལོག་པ་དང་། ལྷ་མ་ཡིན་པ་རྣམས་དགའ་བར་སྤྱོད་པ་ཡིན་ནོ། །ཚུལ། དེ་ལྟར་ལྷ་དང་ལྷ་མིན་རྩོད་པ་ལས། །སྡུག་བསྔལ་མང་ལྡན་སྡར་མ་རྣམས་བྱེར་ཞིང་། །བརྒྱལ་གྱུར་མྱ་ངན་ཆེན་པོ་སྐྱེ་བ་ཡིན། །གཡུལ་ཆེན་པོ་འགྱེད་པ་ན་སྒྲ་ཆེན་པོ་ནམ་མཁའི་དཀྱིལ་རལ་བ་ལྟར་ནི་གྲགས། མཚོན་ཆའི་ཆར་ནི་བབས། འོད་དང་སྤྱུགས་པའི་འཐོར་རླུང་ཆེན་པོ་བྱུང་བ་ན། སྡར་མ་རྣམས་ཁ་ཅིག་ནི་བརྒྱལ་ནས་འགྱེལ་བར་གྱུར། ཁ་ཅིག་སྙིང་གས་པ་སྙམ་བྱེད། འཇིགས་པ་དང་། མྱ་ངན་ཆེན་པོ་སྐྱེ་བ་ཡིན་ནོ། །སྐྱེས་རབས་ལས། རྔ་བརྡུང་སྒྲ་ནི་གྲགས་པ་ཡིས། །ནམ་མཁའི་ངོས་ནི་རལ་བ་བཞིན། །ཞེས་པ་ལ་སོགས་པ་འབྱུང་བ་བཞིན་ནོ། །དེའི་ཚེ་ལྷ་དང་ལྷ་མ་ཡིན་མང་པོ་མགོ་དང་ཡན་ལག་ཆད་དེ་འགྱེལ་ཞིང་ཤི་བ་ལས། ཁ་ཅིག་བློ་འཁུམས་ཏེ་གསོན་དུ་རེ་བ་མེད་དོ། །དེ་ལྟ་བུ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་ནི་འདོད་པའི་ཁམས་ན་ཡོད་པས་སྡུག་བསྔལ་ལྷག་པར་ཆེ་བ་ཡིན་ནོ། །མདོར་ན་ལྷ་ལོངས་སྤྱོད་ཀྱི་དགའ་བདེ་ལ་བདེན་པར་བཟུང་བས། དེ་ཉིད་ཀྱིས་གཡེང་ནས་ཚེ་ཟད་དེ་ཐར་ལམ་གྱི་ཡོན་ཏན་དང་བྲལ་ནས་ལྟུང་བའི་སྡུག་བསྔལ་ལ་སྤྱོད་ཅིང་འཁོར་བའི་འདམ་དུ་བྱིང་བའི་ཉེས་པ། ལྷ་མ་ཡིན་ཕྲག་དོག་འཐབ་རྩོད་ལ་རང་རྒྱུད་པར་བཟུང་བ་དེ་ཉིད་ཀྱིས་གཡེངས་ཏེ་ཚེ་ཟད་པས་ཐར་པའི་ལམ་སྟོར་ནས་དམྱལ་བའི་སྡུག་བསྔལ་མྱོང་ཞིང་འཁོར་བའི་འདམ་དུ་བྱིང་བའི་ཉེས་པ། མི་རྣམས་འཇིག་རྟེན་ཆོས་བརྒྱད་ལ་རང་རྒྱུད་པར་བཟུང་བ་དེ་ཉིད་ཀྱིས་གཡེངས་ཏེ། ཚེ་ཟད་ནས་འཁོར་བའི་འདམ་དུ་བྱིང་བའི་ཉེས་པ། ཡི་དྭགས་རྣམས་བཀྲེས་སྐོམས་ཀྱི་གདུང་བ་ལ་རང་རྒྱུད་དུ་བཟུང་བས་
གཡེངས་ནས་ཆོས་ལ་མོས་པ་ཅུང་ཟད་ཀྱང་མེད་པར་ཚེ་འདས་ཏེ་སྡུག་བསྔལ་ཞིང་འཁོར་བའི་འདམ་དུ་བྱིང་བའི་ཉེས་པ། དུད་འགྲོ་རྣམས་གླེན་ལྐུགས་གཏི་མུག་ལ་རང་རྒྱུད་པར་བཟུང་ནས་གཡེངས་པས་ཚེ་འདས་ཏེ་འཁོར་བ་སྡུག་བསྔལ་གྱི་འདམ་དུ་བྱིང་བའི་ཉེས་པ། དམྱལ་བ་པ་རྣམས་ཚ་གྲང་བཙོ་སྲེག་ལ་རང་མཚན་དུ་ཞེན་པས་གདུང་བ་དེས་གཡེངས་ནས་ཐར་པའི་ལམ་གྱི་རྟེན་དུ་མ་གྱུར་པར་འཁོར་བ་སྡུག་བསྔལ་གྱི་འདམ་དུ་བྱིང་བའི་ཉེས་པ་སྟེ། འགྲོ་བ་དྲུག་ལ་རང་སྣང་བདེ་སྡུག་ལ་བློ་རང་མཚན་དུ་ཞེན་ནས་ཐར་པའི་ཐབས་མི་ཤེས། སྒྲ་ཡང་མི་ཐོས། ཐོས་ཀྱང་མི་བསྒྲུབ་པས་གཏན་དུ་སྡུག་བསྔལ་གྱི་འདམ་དུ་བྱིང་བས་བདེ་བ་ཅུང་ཟད་ཀྱང་མེད་དོ། །གསང་བ་ཡིད་བཞིན་མཆོག་གི་རྒྱུད་ལས། འཁྲུལ་སྣང་འཁོར་བར་ཞེན་པ་རྣམས། །ཡང་དག་ངེས་པའི་དོན་བྲལ་ནས། །དུས་གསུམ་རྟག་ཏུ་འཁོར་བར་འཁྱམས། །སྣང་ཚུལ་སྡུག་བསྔལ་འཁོར་ལོས་མནར། །ཞེས་སོ། །དེ་དག་གི་དོན་བསྡུ་བ་ནི། སྣང་ཚུལ། དེ་འདྲའི་འཁོར་བ་མེ་ཡི་འོབས་འདྲ་ལས། །བློ་ལྡན་རྣམས་ཀྱིས་ཐར་པ་བསྒྲུབ་པར་བྱ། །ཞེས་སྨོས་ཏེ། རྟག་ཏུ་བདེ་བའི་གོ་སྐབས་མེད་པས་མེ་འོབས་དང་ཆོས་མཚུངས་པའི་འཁོར་བ་ལས་ངེས་པར་ཐར་པ་སྒྲུབ་པར་གདམས་པ་འདུལ་བ་ལུང་ལས། མེ་ཡི་འོབས་ན་བསིལ་བ་མེད། །འཁོར་བ་པ་ལ་བདེ་བ་མེད། །ཅེས་སོ། །འདི་ལྟར། འཁོར་བའི་གནས་ན་ཡིད་བརྟན་འགའ་མེད་དེ། །བདེ་བར་སྣང་ཡང་འགྱུར་བའི་སྡུག་བསྔལ་ཉིད། །གཏན་དུ་འཁོར་བ་ཟོ་ཆུའི་འཁྱུད་མོ་འདྲ། །དེ་ཕྱིར་དེ་ལས་ཐར་ཕྱིར་བརྩོན་འཚལ་ལོ། །ལས་ཀྱིས་སྲིད་པ་གསུམ་ན་གནས་པའི་འགྲོ་བ་དག །གཅིག་ནས་གཅིག་ཏུ་སྐྱེ་ཞིང་སྡུག་བསྔལ་ལ་སྤྱོད་པའི་ཕྱིར་འཁོར་བ་ཞེས་བྱ་ལ། དེའི་གནས་སུ་གྱུར་པ་ནི། རྒྱུ་ལས་སྣ་ཚོགས་པ་ཀུན་འབྱུང་གི་བདེན་པ་དང་། དེའི་འབྲས་བུ་བདེ་སྡུག་སྣ་ཚོགས་པ་སྡུག་བསྔལ་གྱི་བདེན་པས་ཉོན་མོངས་པར་བྱེད་པས། ཕྱི་སྣོད་ནང་བཅུད་ཀྱི་འཁྲུལ་སྣང་ཆ་དང་
བཅས་པ་སྟེ། འདི་ལ་བདེ་སྙམ་དུ་བློ་སྤྲོ་བའི་གནས་ཅུང་ཟད་ཀྱང་མེད་དོ། །འདི་ལྟར་ལྷ་རྣམས་ཀྱི་བསམ་གཏན་གཟུགས་མེད་ཀྱི་ཞི་བདེ་དེ་ཡང་དར་ཅིག་བདེ་བར་སྣང་ཡང་ལས་ཟད་ནས་འཕོ་ཞིང་། འགྲོ་བ་གཞན་དུ་འཇུག་པས་འགྱུར་བའི་སྡུག་བསྔལ་ཉིད་ཡིན་ལ། འདོད་ལྷའི་དཔལ་དང་བདེ་འབྱོར་དང་། མིའི་བདེ་བ་ལྟར་སྣང་བ་དེ་ཡང་སྲེད་བཅས་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ས་པས་བསྡུས་པའི་ཕྱིར། ཡིད་བརྟན་མི་རུང་བས་ཐར་དགོས་ཏེ། འགྲོ་བ་རིགས་དྲུག་པོ་འདི་དག །ལས་གཅིག་ནས་གཅིག་ཏུ་བསོགས་པས་གནས་རིགས་གཅིག་ནས་གཅིག་ཏུ་སྐྱེ་ཞིང་འཁོར་བ་ཟོ་ཆུའི་འཁྱུད་མོ་འདྲ་བ་སྟེ། དྲན་པ་ཉེར་གཞག་ལས། ལས་ཀྱི་དབང་གིས་ཀུན་ཏུ་འཇུག་ཅིང་འཁོར་བ་ནི་ཟོ་ཆུའི་འཁྱུད་མོ་ལྟ་བུའོ་ཞེས་སོ། །དེས་ན་སྲིད་པའི་དགོན་པ་ལས་བརྒལ་བར་བྱ། སྡུག་བསྔལ་གྱི་རི་བོ་བསྙིལ་བར་བྱ། ཐར་པའི་རྒྱལ་མཚན་བསྒྲེང་བར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྣོད་བཅུད་ཀྱི་བདེ་སྡུག་བསྟན་པའི་ལེའུ་སྟེ་བདུན་པའི་རྒྱ་ཆེར་འགྲེལ་པའོ།། །།
དགེ་བའི་བཤེས་གཉེན་བསྟེན་པའི་ལེའུ་སྟེ་བརྒྱད་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་འཁོར་བའི་རང་བཞིན་སྤང་བྱར་གདམས་པའི་རྗེས་ལ། བསྟན་བཅོས་འདིའི་རྡོ་རྗེའི་གནས་གཉིས་པ་མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པ་སྟེ། སྤང་བྱ་འཁོར་བའི་མཚན་ཉིད་ཤེས་ནས། ངེས་པར་ལེགས་པའི་ཐར་པ་འདོད་པ་ནི་སྐྱེ་བོ་དམ་པ་རྣམས་ཀྱི་འཇུག་ངོགས་བཟང་པོ་སྟེ། ངེས་པར་དོན་དུ་གཉེར་བར་བྱ་བ་ཁོ་ནའོ། །དེ་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་གཞིར་བྱས་ཏེ། ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཁམས་ཀྱི་དྲི་མ་སྦྱོང་བ་དང་། དྲི་མ་ཐམས་ཅད་དང་བྲལ་བའི་འབྲས་བུ་དེ་བཞིན་གཤེགས་པའི་ས་ངོས་བཟུང་བ་རྣམ་པ་གཉིས་ཏེ། བྲལ་བའི་གཞི་དང་། བྲལ་བྱེད་གཉེན་པོའི་རིམ་པ་དང་། བྲལ་བ་མཐར་ཕྱིན་པའི་འབྲས་བུར་འདུས་པའི་ཕྱིར། ལེའུ་དང་པོར་སྦྱང་བའི་གཞི་དང་། གཉིས་པར་དེའི་འཕྲོས་བསྟན་ལ། གསུམ་པ་ནས་བདུན་པའི་བར་དུ་སྦྱང་བྱའི་དྲི་མ་དང་། བརྒྱད་པ་ནས་ཉི་
ཤུ་རྩ་གཅིག་པའི་བར་དུ་སྦྱོང་བྱེད་ཐབས་ཀྱི་རིམ་པ་དང་། རྩ་གཉིས་པར་སྦྱངས་པ་མཐར་ཕྱིན་པའི་འབྲས་བུ་རྣམ་པར་གཞག་པ་ཡིན་ནོ། །འདི་ནི་སྐབས་འདིར་འབྲེལ་བ་རྣམ་པར་གཞག་པ་སྟེ། ལེའུ་ཀུན་གྱི་ཁོང་ནས་འབྱུང་བ་སྟོད་སྨད་ཀུན་ཏུ་ལྟ་བ་དང་། འཆད་པ་ལ་སོགས་པ་ལ་ཕན་པའི་རྐྱེན་ཅན་ཏེ། བར་གྱི་གསལ་བྱེད་ཅེས་བྱ་བར་འགྱུར་རོ། །སྐབས་འདིར་སྟོན་པའི་འཐད་པ་ཡང་། འབྲེལ་པ་ནི་དེ་དག་གི་ཁོང་ནས་འབྱུང་བ་ཡིན་ལ། དེ་ཡང་དབུས་ན་ཉེ་བར་གནས་པ་དེ་དང་། ཐོག་མཐའི་ཚིག་དོན་དེ་དག་འབྲེལ་བས་མཚམས་སྦྱོར་བར་བྱེད་དགོས་་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་དང་པོ་ཁམས་ཀྱི་དྲི་མ་སྦྱོང་བ་ལ་ཤེས་རབ་རྣམ་པ་གསུམ་ལས། དང་པོ་ཐོས་པ་ལས་བྱུང་བའི་ཤེས་རབ་སྟོན་ཏེ། མ་ཐོས་པར་བསམ་པ་དང་། བསྒོམ་པར་མི་ནུས་པའི་ཕྱིར་རོ། །དེ་ཡང་རྣམ་པ་གསུམ་གྱིས་ཤེས་པར་བྱ་སྟེ། གང་ལས་ཐོས་པར་བྱ་བའི་ཡུལ་ངོས་བཟུང་བ་དང་། ཇི་ལྟར་ཐོས་པར་བྱ་བའི་ཚུལ་བསྟན་པ་དང་། ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་པའོ། །དང་པོ་ཐོས་པར་བྱ་བའི་ཡུལ་ལ། མཐུན་ཕྱོགས་དགེ་བའི་བཤེས་གཉེན་ལ་བསྟེན་པར་གདམས་པ་དང་། མི་མཐུན་ཕྱོགས་སྡིག་པའི་གྲོགས་སྤང་བར་གདམས་པ་གཉིས་ལས། དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་ནི། སྣོད་བཅུད་ཀྱི་སྣང་ཚུལ་བསྟན་པ། དེ་ནས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །བརྒལ་ཕྱིར་དེད་དཔོན་དཔལ་ལྡན་བླ་མ་བསྟེན། །འཁོར་བ་ནི་རྒྱ་ཆེ་བས་ཐོག་མཐའི་ཕ་མཐའ་མི་མངོན། གཏིང་ཟབ་པས་འོག་ནས་འོག་ཏུ་ཟབ་ལ་ཐུག་པ་མེད། ཤུགས་དྲག་པས་ལས་ཀྱི་འབབ་སྲོལ་གར་ཡང་འཇུག །བཟོད་པར་དཀའ་བས་དབའ་བརྒལ་གྱི་ཀློང་འཁོར་འཁྲུག་པ་སྟེ། ཡར་སྲིད་པའི་རྩེ་མོ་ལ་མཚོའི་སྟེང་བྱས་པ། མར་མནར་མེད་ཀྱི་ས་གཞི་ལ་མཚོའི་གཏིང་ཟུག་པ། བར་ལྷ་མི་ངན་སོང་ལ་མཚོའི་དབྱིངས་འཁྱིལ་བ། གང་གིས་ཀྱང་
ཐར་པར་དཀའ་ཞིང་། སྡུག་བསྔལ་གྱི་རིགས་མི་འདྲ་བ་རྣམ་པ་མང་པོའི་ཆུ་སྲིན་གདུག་པས་རྩེན་པ་འདི་ལས། བླ་ན་མེད་པའི་ཆོས་ཀྱི་གྲུ་དེད་དཔོན་བླ་མའི་ཁ་ལོ་པས་བརྒྱན་པར་ཞུགས་ཏེ། ད་རེས་ཀྱི་མི་ལུས་རིན་པོ་ཆེ་ཐོབ་པའི་རྟེན་འདི་ལ་བརྒལ་བར་བྱ་དགོས་སོ། །གལ་ཏེ་མ་འབད་ན། ཕྱི་ནས་འཁོར་བ་ངན་སོང་གི་ཀློང་དུ་ཆུད་ནས་གཏན་དུ་ཐར་པའི་དུས་མེད་དོ། །དེ་ལྟར་ཐར་པའི་བློ་བསྐྱེད་ནས། ཆུ་བོའི་ཕ་རོལ་ཏུ་བརྒལ་བར་འདོད་པ་དག་ཀྱང་ཐོག་མར་གྲུ་པ་ལ་གསོལ་བ་འདེབས་པ་ལྟར། ཆོས་ཀྱི་གྲུར་ཞུགས་ཏེ་སྲིད་པའི་མཚོ་ལས་བརྒལ་བ་རྣམས་ཀྱང་། ཐོག་མར་བླ་མའི་གྲུ་འཛིན་ཁ་ལོ་པ་ལ་བརྟེན་དགོས་པས། དེ་མཉེས་པའི་རིམ་པ་ལ་འབད་པར་བྱའོ། །བླ་མ་དེ་ཡང་མཚན་ཉིད་དང་ལྡན་པ་ལ་བསྟེན་དགོས་ཏེ། ཆུའི་ཕ་རོལ་བགྲོད་པ་ཙམ་ལའང་། གྲུ་བཟང་པོ་དང་མཉན་པ་མཁས་ཤིང་སྟོབས་དང་ལྡན་པ་ལ་བསྟེན་ན། འཁོར་བའི་ཆུ་བོ་གཏིང་མཐའ་མེད་པ་ལས་སྒྲོལ་བ་ལས་ཆོས་ཟབ་ཅིང་བླ་མ་མཁས་གྲུབ་ཀྱི་ཡོན་ཏན་མངའ་བ་ལ་བསྟེན་པ་ནི་ཐར་གླིང་འདོད་པ་རྣམས་ཀྱི་མཆོག་ཏུ་གཅེས་པའི་མན་ངག་དམ་པའོ། །དེ་ལ་ཡང་དག་པའི་བླ་མའི་མཚན་ཉིད་ནི་རྣམ་པ་མང་ཡང་། འདིར་བདུན་དུ་བསྡུས་ཏེ་བསྟན་པའི་དང་པོ། ཡིད་བཞིན་མཆོག་གི་བླ་མའི་མཚན་ཉིད་བསྟན་པ་ནི། དེ་ཡང་ཐབས་མཁས་ཐུགས་རྗེ་དཔག་མེད་ཅིང་། །མདོ་རྒྱུད་ཡིད་བཞིན་མཛོད་མངའ་འགྲོ་བ་འདྲེན། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ནི། །སྙིགས་མའི་དུས་སུ་སངས་རྒྱས་དངོས་དང་མཚུངས། །རབ་དང་སྲི་ཞུ་གུས་པས་སྤྱི་བོས་བསྟེན། །དེ་ཡང་ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པའི་ཐབས་ལ་མཁས་ཤིང་། གཞན་ལ་ཐུགས་རྗེ་སྐྱོ་ངལ་མེད་པར་ཕན་པ་དཔག་ཏུ་མེད་པ་མཛད་ལ། བདེ་བར་གཤེགས་པའི་གསུང་རབ་མདོ་སྡེ་དང་། རྒྱུད་སྡེའི་དོན་ལ་མང་དུ་ཐོས་པའི་མིག་དྲི་མ་མེད་པས་ཆོས་ཀྱི་མཛོད་ཁང་རྒྱ་ཆེ་ཞིང་། འགྲོ་བ་རྣམས་ཀྱི་ཁ་ལོ་གྱེན་དུ་བསྒྱུར་བའི་ཕྲིན་ལས་ཚད་མེད་པས་ཐར་པའི་ལམ་སྣ་འདྲེན་པ། སྐུ་གསུང་ཐུགས་ལ་མི་དགེ་བའི་དྲི་མ་མེད་པས་སྐྱོན་ཐམས་ཅད་དང་བྲལ་ཞིང་། རང་གཞན་གྱི་འདོད་པ་ཐམས་ཅད་སྐོང་བ་སྟེ།
ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་ལྟ་བུའི་བླ་མ་དེ་ནི། དེང་སང་སྙིགས་མའི་དུས་འདིར་སངས་རྒྱས་དངོས་དང་མཚུངས་པས། རབ་ཏུ་དད་པས་སྤྱི་བོར་བསྟེན་པར་གདམས་ཏེ། འཕགས་པ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ནི། མཁས་པ་གསལ་བ་སྙིང་རྗེས་ཡོངས་སུ་བརླན་པར་བྱས་པ་དག་ལ་བསྟེན་པར་བྱའོ་ཞེས་སོ། །མཚན་ཉིད་གཉིས་པ། རང་བཞིན་ཡོན་ཏན་རྫོགས་པའི་བླ་མ་ནི། །རིགས་བཟང་ངོ་ཚ་ཁྲེལ་ཡོད་དབང་པོ་ཚང་། །བྱམས་དང་སྙིང་རྗེ་ཤེས་རབ་རྒྱ་ཆེ་ཞིང་། །མང་ཐོས་སྒོ་གསུམ་དུལ་ཞིང་བཟོད་ཆེན་ལྡན། །གསོང་ཞིང་དེས་ལ་གྱ་གྱུ་མེད་པ་སྟེ། །ཡིད་བཞིན་རིན་ཆེན་དད་བརྒྱའི་གཙུག་གིས་བསྟེན། །རིགས་ཀྱི་ཡོན་ཏན་རྒྱལ་རིགས་ལ་སོགས་པར་སྐྱེས་པས་ངོ་ཚ་དང་ཁྲེལ་འཛེམ་ཆེ་བ། སྐྱེ་བ་སྔ་མ་ཚོགས་བསགས་པས་དབང་པོ་ཚང་ཞིང་དག་ལ། ཐེག་ཆེན་གྱི་རིགས་སུ་སྐྱེས་པས་བྱམས་པ་དང་སྙིང་རྗེ་ཆེ་བ། ཐེག་པ་མཆོག་གི་རང་བཞིན་ལ་མཁས་པས་བློ་ཡངས་པ། སྔོན་སྦྱངས་ཀྱི་ལས་འཕྲོ་སད་པས་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བ། གཟུང་འཛིན་དང་ཉོན་མོངས་པ་ཆུང་བས་དུལ་ཞིང་བཟོད་པ་དང་ལྡན་པ། ཆོས་ཀྱི་རྣམ་གྲངས་ཚོལ་བས་ཐོས་པའི་སྒོ་མང་བ། སྒོ་གསུམ་ངང་གིས་དུལ་བས་དྲང་ལ་གྱ་གྱུ་མེད་པ། དམན་པའི་སྤྱོད་ལམ་བོར་ནས་ཡང་དག་པའི་གནས་ལ་དད་པ་སྟེ། དགོངས་འདུས་ལས། རིགས་བཟང་སེམས་དལ་ཁོང་དུལ་དང་། །གཟི་ལྡན་བརྗིད་ཆེ་ཡུལ་མི་འཇུག །ཤེས་བྱའི་ཡོན་ཏན་ཟད་མི་ཤེས། །ཚད་མེད་ཡངས་པའི་བློ་གྲོས་དང་། །རྐྱེན་ཐུབ་བཟོད་ལྡན་ཀུན་ཏུ་དྲང་། །གསོང་ཞིང་སྤྱོད་ལམ་གྱ་གྱུ་མེད། །འདུ་འཛི་དམན་པའི་ལམ་རྣམས་སྤངས། །འཕྱོ་དང་གཡེངས་བྲལ་དབེན་པ་བསྟེན། །འདི་དང་གང་ལྡན་དམ་པའི་འོས། །ཞེས་སོ། །མཚན་ཉིད་གསུམ་པ། སྲིད་ལས་རྣམ་གྲོལ་མཆོག་རབ་བླ་མ་ནི། །ཡུལ་དང་རྒྱང་བསྲིངས་མི་ཆོས་རྒྱབ་ཏུ་བོར། །
དགོས་མེད་རང་བཞིན་ནོར་རྫས་ཞེན་པ་ཆུང་། །རྒྱུ་འབྲས་ཡིད་ཆེས་དགེ་སྡིག་བླང་དོར་བྱེད། །ཚེ་འདི་བློས་ཐོངས་ཡུན་གྱི་དོན་ཆེན་འགྲུབ། །ཐེག་ཆེན་དོན་ལྡན་འགྲོ་དོན་ཐབས་མཁས་སྤྱོད། །བརྟགས་ཤིང་ངོ་མཚར་དཔལ་ལྡན་ཆོས་ཀྱི་རྗེ། །རྟག་ཏུ་འབྲལ་མེད་སྐྱོ་ངལ་མེད་པར་བསྟེན། །ཕ་ཡུལ་ལ་འབྲེལ་བ་ཆོད་པས་སྐྱེས་པའི་ཡུལ་ལས་ཐག་བསྲིངས་པ། འཁོར་བ་ལ་སྡུག་བསྔལ་དུ་ཤེས་པས་མི་ཆོས་རྒྱབ་ཏུ་བོར་བ། དགོས་མེད་རྒྱུད་ལ་སྐྱེས་པས། ཟས་ནོར་ལ་ཆགས་ཞེན་ཆུང་བ། རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་པས་དགེ་སྡིག་ལ་བླང་དོར་བྱེད་པ། ཚེ་འདི་སྦུན་པར་བསྒྱུར་ནས་ཡུན་གྱི་དོན་ཆེན་སྒྲུབ་པ། ཐེག་ཆེན་དོན་དང་ལྡན་པས་འགྲོ་དོན་ཐབས་ལ་མཁས་པ་སྟེ། དགོངས་འདུས་ལས། དཔའ་བོ་མཐུ་ལྡན་རང་ཡུལ་སྤངས། །བདེན་སྨྲ་ཇི་སྐད་གསུང་བཞིན་བྱེད། །རི་དྭགས་རྒྱལ་པོ་སེང་གེ་ལྟར། །བརྟགས་ཤིང་ཡོན་ཏན་བླར་ཆེ་བ། །སྡུག་བསྔལ་རྣམས་ལས་ཐབས་ཀྱིས་སྐྱོབ། །ཅེས་སོ། །མཚན་ཉིད་བཞི་པ། ཤེས་རབ་རྒྱ་ཆེ་སྐལ་བཟང་བླ་མ་ནི། །རིག་གནས་ཀུན་ལ་ཤེས་བྱའི་དཀྱིལ་འཁོར་རྒྱས། །ཐོས་བསམ་རྒྱ་ཆེ་གྲུབ་མཐའི་ཚིག་དོན་མཁས། །ལྟ་སྤྱོད་ཕུལ་བྱུང་གང་གིས་སྨད་དུ་མེད། །ལུང་རིགས་དང་ལྡན་རང་བཟོ་གཟུ་ལུམ་མེད། །གདུལ་བྱའི་བློ་རིགས་བརྟགས་ནས་ཆོས་སྟོན་ཅིང་། །བྱང་ཆུབ་ལམ་འདྲེན་དེད་དཔོན་བློ་མིག་ཅན། །རིན་ཆེན་ཐར་གླིང་བགྲོད་དེ་གུས་པས་བསྟེན། །སྤྱིར་རིག་པའི་གནས་ལ་ཤེས་རབ་འབྱོངས་པས་ཤེས་བྱ་ལ་ཐོགས་པ་མེད་པ། བྱེ་བྲག་ཆོས་སྒོའི་ཐོས་བསམ་མང་བས་ཐེག་པ་ཐམས་ཅད་ཀྱི་ཚིག་དོན་རྟོགས་པ། ཁྱད་པར་ལྟ་སྤྱོད་ཕུལ་དུ་བྱུང་བས་ལོག་དམན་གྱི་གྲུབ་མཐའ་ལས་གྲོལ་བ། ལུང་རིགས་ཀྱི་རྐྱ་བར་ནས་འདོན་པས་ཆོས་ལ་རས་ཆོད་དང་གཟུ་ལུམ་མེད་པ། གདུལ་བྱའི་བློ་རིགས་བརྟགས་ནས་བསྟན་པའི་ལམ་སྲོལ་དུ་འཇུག་པ། ཆོས་དང་ཆོས་མིན་ཕྱེད་པས་བདུད་དང་གོལ་ས་གཅོད་པ་ལ་མཁས་པ་སྟེ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། དགེ་
བའི་བཤེས་གཉེན་ཞེས་བྱ་བ་ནི། མི་དགེ་སྤོང་ཞིང་དགེ་བ་ལ་སྦྱོར་བ། ཆོས་ཇི་ལྟ་བ་བཞིན་དུ་མ་ནོར་བར་སྟོན་ཅིང་བསྟན་པ་ལྟར་སྤྱོད་པ། རང་ཉིད་འཕགས་པའི་ནོར་བདུན་དང་ལྡན་ཞིང་བྱང་ཆུབ་ཚོལ་ལ་གཞན་ཡང་དེ་ལ་སྦྱོར་བའོ་ཞེས་སོ། །མཚན་ཉིད་ལྔ་པ། རིམ་རྒྱུད་བྱིན་རླབས་ལྡན་པའི་བླ་མ་ནི། །གོང་མ་མཉེས་བྱས་གྲུབ་ཐོབ་བརྒྱུད་པ་འཛིན། །ཐུགས་མཛོད་ལོན་པས་སྙན་བརྒྱུད་གདམས་པར་ལྡན། །ཕྱག་བཞེས་མཐོང་བས་དོན་གཉིས་སྒྲུབ་ལ་མཁས། །སྒྲུབ་ལ་བརྩོན་པས་དངོས་གྲུབ་སྤྲིན་ཚོགས་བརྙེས། །གཞན་སྣང་བསྒྱུར་ནས་ཐར་པའི་ལམ་སྣ་འདྲེན། །མདོ་རྒྱུད་བཀའ་བབས་དམ་ཚིག་གཙང་གྱུར་པ། །དེ་འདྲའི་མཁས་གྲུབ་དཔལ་མགོན་སྤྱི་བོས་བསྟེན། །བླ་མ་དགེ་བའི་བཤེས་གཉེན་མཉེས་པར་བྱས་པས་གྲུབ་ཐོབ་ཀྱི་བརྒྱུད་པ་འཛིན་པ། བླ་མའི་ཐུགས་མཛོད་བྲུས་པས་སྙན་བརྒྱུད་ཀྱི་གདམས་པ་མངའ་བ། གོང་མའི་ཕྱག་བཞེས་མཐོང་བས་དོན་གཉིས་སྒྲུབ་པ་ལ་མཁས་པ། རྟག་ཏུ་སྒྲུབ་པ་ལ་བརྩོན་པས་དངོས་གྲུབ་ཀྱི་དོན་སྣང་ཐོབ་པ། གོང་མའི་བྱིན་རླབས་ཞུགས་པས་གཞན་སྣང་བསྒྱུར་བར་ནུས་པ། སྣ་ཚོགས་ཐབས་ལ་མཁས་པས་འགྲོ་བ་ཐར་པར་འདྲེན་པ། རང་རྒྱུད་ཆོས་དང་འདྲེས་པས་དཀོན་མཆོག་གསུམ་ཀ་ཚང་བ། རྒྱལ་བས་བྱིན་གྱིས་བརླབས་པས་མདོ་རྒྱུད་ཀྱི་བཀའ་བབས་པ། གསང་སྔགས་ཀྱི་སྐལ་བ་ཆེ་བས་བཀའ་བབས་ཀྱི་དམ་ཚིག་གཙང་བ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ལུང་གི་དགོངས་པ་ངེས་པར་རྟོགས། །ཟང་ཟིང་རྙེད་པ་དོན་མི་གཉེར། །དཀའ་བ་སྤྱོད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཞིང་ལམ་ལས་གྲོལ། །རིགས་ལ་མཁས་ཤིང་དྲོད་ཚད་ཤེས། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །རྒྱུད་ལྡན་བཀའ་བབས་སྒྲུབ་ལ་མཁས། །མཛོད་ལྡན་ཆུ་བོ་ཡོངས་སུ་རྫོགས། །རང་རྒྱུད་གྲོལ་ཞིང་གཞན་དོན་བརྩོན། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་སོ། །
མཚན་ཉིད་དྲུག་པ། ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མ་ནི། །བྱང་ཆུབ་སེམས་འབྱོངས་རྟག་ཏུ་གཞན་ཕན་སྤྱོད། །བྱིན་རླབས་ཞུགས་པས་གཞན་སྣང་བྱིན་གྱིས་རློབས། །ལྟ་སྒོམ་སྤྱོད་འབྲས་ཉམས་མྱོང་དྲོད་རྟགས་ལྡན། །ནུས་མཐུ་རབ་ལྡན་གདོན་བགེགས་བར་ཆད་སེལ། །ཐབས་མཁས་ཐར་ལམ་འགྲོ་བ་འདྲེན་པའི་མཆོག །མཚུངས་མེད་འཇིག་རྟེན་རྒྱན་གྱུར་གུས་པས་བསྟེན། །ཐེག་ཆེན་གྱི་བསླབ་པ་འབྱོངས་པས་ཅི་སྤྱོད་གཞན་དོན་དུ་འགྱུར་བ། བླ་མའི་བྱིན་རླབས་ཞུགས་པས་གཞན་སྣང་བྱིན་གྱིས་རློབ་པར་ནུས་པ། གནས་ལུགས་ཀྱི་དོན་ལ་སྦྱངས་པས། ལྟ་སྒོམ་སྤྱོད་འབྲས་ལ་ཉམས་མྱོང་གི་དྲོད་རྟགས་ཐོབ་པ། རིག་པ་གནད་དུ་ཚུད་པས་ནུས་མཐུས་གདོན་བགེགས་ཀྱི་བར་ཆད་སེལ་བ། རྫུ་འཕྲུལ་ཐབས་ལ་མཁས་པས་ལོག་ལྟ་དབང་དུ་འདུས་པ། གཞན་དོན་ཐབས་ལ་མཁས་པས་འགྲོ་བའི་ལམ་སྣ་འདྲེན་པ་སྟེ། ངེས་བརྗོད་བླ་མ་ལས། བྱང་ཆུབ་སེམས་བརྟན་ཐབས་ལ་མཁས། །དེ་ཉིད་དོན་ལ་དྲོད་ཚད་ལྡན། །མཐུ་ལྡན་བགེགས་ཀྱིས་བརྫི་བ་མེད། །བྱིན་རླབས་བླ་མ་མཉེས་བྱས་པས། །རྡོ་རྗེ་སློབ་དཔོན་ཉིད་ཡིན་ནོ། །ཞེས་སོ། །མཚན་ཉིད་བདུན་པ། མཐར་ཐུག་སྙིང་པོའི་དོན་སྟོན་བླ་མ་ནི། །འབྲེལ་ཚད་རྣམ་གྲོལ་ཟབ་མོའི་ལམ་ལ་སྦྱོར། །ལམ་ཟབ་སྙིང་པོའི་རང་གནས་ཆོས་སྐུ་སྤྲོད། །བོགས་འདོན་ཟབ་མོའི་ཉམས་རྟོགས་གོང་འཕེལ་བྱེད། །མཐར་ཕྱིན་རྟོགས་པས་གནས་ལུགས་གཞི་ལ་སྐྱེལ། །ཐབས་ལམ་ཟབ་མོས་གང་ཡང་ལམ་དུ་སྒྱུར། །གདམས་པ་མང་ལྡན་ཤེས་རྒྱུད་འགྲོལ་ལ་མཁས། །ཚེ་འདིས་འཁོར་བའི་ཆུ་བོ་སྒྲོལ་ནུས་པ། །དེད་དཔོན་ཡིད་བཞིན་སྨན་པའི་རྒྱལ་པོ་ནི། །ཀུན་ལས་འཕགས་ཕྱིར་མཚུངས་མེད་གུས་པས་བསྟེན། །ཐུགས་རྗེ་ཚད་མེད་པས་འབྲེལ་ཚད་དོན་དང་ལྡན་པ། ཐེག་པའི་རིམ་པ་ལ་མཁས་པས་ཐར་ལམ་གང་མོས་ལ་འགོད་པ། མས་འཛེག་ལམ་རིམ་ལ་མཁས་པས་བློ་དམན་དགེ་སྦྱོར་ལ་འཛུད་པ། ཐར་
ལམ་གྱི་དམར་ཁྲིད་ཟབ་མོས་རང་གནས་ཀྱི་ཆོས་སྐུ་རང་ངོ་ཅེར་མཐོང་དུ་སྤྲོད་པ། རྩལ་སྦྱོངས་ཀྱི་བོགས་འདོན་ཟབ་མོས་ཡོན་ཏན་གོང་འཕེལ་དུ་བསྐྱེད་པ། མཐར་ཕྱིན་རྟོགས་པ་མངའ་བས་གདུལ་བྱར་ཡིན་ལུགས་ཀྱི་རྟོགས་པ་བསྐྱེད་པ། ཐབས་ལམ་ཟབ་མོ་མངའ་བས་གང་ཡང་ལམ་དུ་སྒྱུར་བ། སྣ་ཚོགས་གདམས་པ་མང་བས་ཤེས་རྒྱུད་འགྲོལ་བར་མཁས་པ། མཐོང་ཐོས་མྱོང་བ་ཆེ་བས་བདུད་དང་གོལ་ས་གཅོད་པར་མཁས་པ། ཡང་རྩེའི་དགོངས་པ་མངའ་བས་ཤེས་རྒྱུད་མཐའ་དག་འགྲོལ་བར་བྱེད་པ་སྟེ། གསང་བ་ཡིད་བཞིན་མཆོག་གི་རྒྱུད་ལས། མཁས་ཤིང་གཞན་བདེ་བྱེད་ལ་བརྩོན། །མཐར་ཕྱིན་དོན་ལ་བློ་གྲོས་འབྱོར། །ལམ་གྱུར་ཤེས་རྒྱུད་འགྲོལ་ལ་མཁས། །བདུད་དང་གོལ་ས་གཅོད་ལ་མཁས། །བླ་མེད་སྙིང་པོ་བླ་མའི་འཆོས། །ཞེས་སོ། །དེ་ལྟར་ཇི་སྐད་བསྟན་པའི་ཡོན་ཏན་ཀུན་དང་ལྡན་ན་སངས་རྒྱས་ཉིད་ཡིན་པར་ངེས་ཤེས་བསྐྱེད་ལ་བསྟེན་ནོ། །དེ་ཡང་སྙིགས་མའི་དུས་སུ་དེ་ཐམས་ཅད་འཛོམས་པར་དཀའ་བས། ཡོན་ཏན་དྲུག་མན་ཆད་ལྡན་པ་ནི། བླ་མར་ངེས་པས་གཟུང་ལ་བསྟེན་པར་བྱའོ། །དེ་ལྟ་བུའི་བླ་མ་དམ་པ་མཆོག་ཏུ་དད་པས་བསྟེན་པར། དགོངས་འདུས་ལས། བླ་མེད་སྙིང་པོར་སྨིན་པའི་རྐྱེན། །ལམ་སྟོར་ས་མཁན་བཤེས་གཉེན་མགོན། །མུན་སེལ་སྒྲོན་མེ་རིན་པོ་ཆེ། །མཐོང་མིག་དབང་པོ་ཡིད་རྣམས་ཤེས། །ཆུ་བོ་རབ་མེད་སྒྲོལ་བའི་གྲུ། འཇིགས་པའི་རྫོང་ཆེན་བརྟན་པའི་མཁར། །འཁོར་བའི་གཅོང་འབྱིན་སྨན་པའི་མཆོག །མཚོ་གླིང་རིན་ཆེན་སྦྱིན་བྱེད་པའི། །དེད་དཔོན་བླ་མ་དམ་པ་སྟེ། །སྔོན་དུ་ངེས་པར་ཤེས་པར་བྱ། །ཞེས་གསུངས་སོ། །དེ་དག་གི་དོན་ཡང་། ཇི་སྐད་བཤད་པའི་ཡོན་ཏན་མཆོག་དག་ལས། །ཀུན་ལྡན་བླ་མ་ཨུ་དུམ་ཝཱ་ར་ཙམ། །ཕལ་ཆེར་ལྡན་པའང་སངས་རྒྱས་དང་འདྲ་ཞིང་། །དྲུག་ཚན་ཙམ་ལྡན་དེ་ལའང་བསྟེན་རུང་སྟེ། །སྙིགས་མའི་དུས་འདིར་རབ་ཏུ་རྙེད་དཀའི་ཕྱིར། །རབ་ཏུ་གུས་པ་ཆེན་
པོས་བསྟེན་པར་བྱ། །དེ་ལྟར་བཤད་པའི་ཡོན་ཏན་ཀུན་ཚང་བ་ནི་མེ་ཏོག་གི་རྒྱལ་པོ་ཨུ་དུམ་ཝཱ་ར་ལྟར་རྙེད་པར་དཀའ་ལ། ཡོན་ཏན་ཕལ་ཆེར་ལྡན་པའང་སངས་རྒྱས་དང་མཚུངས་པ་ཙམ་སྟེ། དྲུག་ཚན་རེ་ཚང་བའང་དམ་པར་བཟུང་ནས་བསྟེན་པར་བྱའོ། །དེ་དག་གི་ནང་ནས་ལམ་ལ་མཁས་པ་དག་གཙོ་བོར་བསྟེན་ཏེ། ཡོན་ཏན་རིན་པོ་ཆེ་ཡོངས་སུ་སྡུད་པའི་མདོ་ལས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་སོ། །དེ་ལྟ་བུའི་བླ་མ་དམ་པ་འབྲལ་མེད་དུ་བསྟེན་པར་གདམས་པའི་གཏན་ཚིགས་ལ་དྲུག་ལས། དང་པོ་གཏན་བདེ་བྱང་ཆུབ་བསྒྲུབ་པའི་འདུན་གྲོས་དྲི་བའི་ཡུལ་བླ་མ་ལས་གཞན་མེད་པས་ཀྱང་བླ་མ་བསྟེན་དགོས་པར་གདམས་པ་ནི། འབྲལ་མེད་རྒྱུན་དུ་བསྟེན་པར་གདམས་པ་ཡང་། །གཏན་གྱི་འདུན་གྲོས་ཐར་ལམ་ཟབ་མོ་ཉིད། །བླ་མ་ལས་གཞན་གང་གིས་སྟོན་མི་འགྱུར། །དེ་ཕྱིར་རྟག་ཏུ་བླ་མ་བསྟེན་པར་བྱ། །འདི་ལྟར་འཇིག་རྟེན་ན་འདུན་གྲོས་མཁས་པར་གྲགས་པའི་རྒྱལ་པོ་དང་། བློན་པོ་དང་། གཙོ་བོ་དང་། ཕ་དང་མ་ལ་སོགས་པས་ཀྱང་སྟོན་པར་མི་ནུས་པའི་འདུན་གྲོས། ཚེ་འདིར་བདེ་ལ་ཐར་པའི་ལམ་སྣ་ཟིན་པ། ཕྱི་མར་སྐྱིད་ལ་བྱང་ཆུབ་ཀྱི་ལམ་ལ་འཛེག་པ། གཏན་དུ་ལེགས་པ་རང་གཞན་གྱི་དོན་གཉིས་གྲུབ་པའི་འདུན་མ་བཟང་པོ་ནི་བླ་མ་དམ་པས་སྟོན་པར་ནུས་པའི་ཕྱིར་བསྟེན་པར་བྱ་དགོས་ཏེ། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་རྣམས་ནི་ངན་སོང་ལས་སྐྱོབ་པའོ། །བདེ་འགྲོ་སྦྱིན་པའོ། །བྱང་ཆུབ་ཀྱི་ལམ་ལ་སྦྱོར་བའོ། །ཆོས་མཉམ་པ་ཉིད་རྟོགས་པར་བྱེད་པ་དང་། ལམ་བདེ་བ་དང་མི་བདེ་བ་སྟོན་པར་བྱེད་པ་དང་། བདག་གི་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པའི་ཞེས་པ་དང་། དགོངས་འདུས་ལས། གང་འདིར་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བའི་ལམ་སྟོན་པ། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །
གཞན་གྱིས་སྐྱོབ་པར་ནུས་མ་ཡིན། །ཞེས་སོ། །གཉིས་པ་བྱ་བ་དང་བྱ་བ་མ་ཡིན་པ་བླང་དོར་གྱི་དམིགས་སྟོན་པའང་བླ་མ་ལས་གཞན་མེད་པས་བསྟེན་པར་འོས་པ་ནི། དགེ་སྡིག་སྤང་བླང་ཟབ་མོའི་གནད་སྟོན་ཅིང་། །སྡུག་བསྔལ་ནད་སེལ་མ་རིག་ཐིབས་པོ་སེལ། །ཤེས་རབ་མིག་འབྱེད་ཐར་ལམ་སྣང་བར་བྱེད། །བླ་མ་ལས་གཞན་མེད་ཕྱིར་རྟག་ཏུ་བསྟེན། །ཕ་མ་ལ་སོགས་པས་ཀྱང་སྟོན་པར་མི་ནུས་པའི་བླང་དོར་གྱི་དམིགས། དགེ་བ་སྒྲུབ་པ། མི་དགེ་བ་འདོར་བ། སྡུག་བསྔལ་སེལ་བ། མ་རིག་པ་སེལ་བ། རིག་པ་བསྐྱེད་པ། ཤེས་རབ་སྣང་བ། མིག་འབྱེད་པ་ལ་སོགས་པ་བླ་མས་ནུས་པས་ཀྱང་བསྟེན་པར་རིགས་ཏེ། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ནི་བྱ་བ་དང་མི་བྱ་བ་ཐམས་ཅད་སྟོན་པ། འཇིག་རྟེན་གྱི་གནས་འདོར་བ། སྡིག་ཏོ་དང་བག་མེད་པའི་གནས་ཐམས་ཅད་ལས་ཟློག་པ། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་འཁོར་བའི་གྲོང་ཁྱེར་ནས་འདོན་པ། བདུད་ཀྱི་ཞགས་པ་གཅོད་པ། མ་རིག་པའི་མུན་པ་སེལ་བ། ལྟ་བའི་འཆིང་བ་གཅོད་པ། སྡུག་བསྔལ་གྱི་ཟུག་རྔུ་འབྱིན་པ། མི་ཤེས་པའི་ཐིབས་པོ་སེལ་བ། སྲིད་པའི་ཆུ་བོ་ལས་སྒྲོལ་བ། འདོད་པའི་འདམ་ནས་འབྱིན་པ། བྱང་ཆུབ་སེམས་དཔའི་ལམ་སྟོན་པ། ཡི་དམ་ལ་འཇོག་པ། ནན་ཏན་ལ་འགོད་པ། རྣམ་པར་གྲོལ་བའི་ལམ་སྟོན་པ། སྙིང་རྗེ་ཆེན་པོ་བསྐྱེད་པ། ཤེས་རབ་ཀྱི་མིག་སྦྱོང་བ། བྱང་ཆུབ་ཀྱི་སེམས་སྤེལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ། ཕ་རོལ་ཏུ་ཕྱིན་པའི་གདམས་པ་སྟོན་པ། ས་བཅུའི་གནས་ལ་འགོད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་པའོ་ཞེས་པ་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཡོན་ཏན་རིན་ཆེན་གཏེར་ཆེན་པོ། །ཐམས་ཅད་མ་ལུས་སྟོན་བྱེད་ཅིང་། །ཉོན་མོངས་མ་ལུས་རྩད་གཅོད་པ། །བླ་མེད་འབྲས་བུ་ཐོབ་པར་བྱེད། །ཡུལ་ལ་དབང་བའི་རྒྱལ་པོ་པས
། །ཤིན་ཏུ་ལྷག་པའི་བཀུར་སྟི་བྱ། །དྲིན་ཆགས་ལུས་བསྐྱེད་ཕ་མ་ལས། །ཤིན་ཏུ་གདུང་ཤིང་བརྩེ་བར་བྱ། །ཞེས་སོ། །གསུམ་པ་བྱང་ཆུབ་བསྒྲུབ་པའི་རྟེན་ཚོགས་གཉིས་ལ་རག་ལས་ཤིང་། བསོད་ནམས་བྱ་བའི་ཡུལ་བླ་མ་ལས་ལྷག་པ་མེད་པས་ཀྱང་བསྟེན་པར་འོས་ཏེ་འདི་ལྟར། ཐར་ལམ་བསྒྲུབ་པའང་ཚོགས་གཉིས་རྫོགས་ལ་རག །དེ་ཡི་རྟེན་ཡང་བླ་མ་ལས་ལྷག་པ། །ལྷར་བཅས་འཇིག་རྟེན་ཀུན་ན་མེད་པའི་ཕྱིར། །ཞིང་གི་མཆོག་གྱུར་གུས་པས་རྟག་ཏུ་བསྟེན། །ཕན་ཚུན་ལྟོས་བྱུང་འབྲེལ་བ་སྒྲུབ་པའི་རིགས་པས་འདི་ལྟར། བླ་ན་མེད་པའི་ཐར་པ་ཚོགས་གཉིིས་ཀྱི་རྗེས་སུ་འགྲོ་ལྡོག་ངེས་ལ། དེའི་རྟེན་བླ་མ་ལས་མཆོག་ཏུ་འཕགས་པ་གཞན་ན་མེད་ཅིང་། མཉམ་པ་ཡང་མེད་པས་བསོད་ནམས་ཀྱི་ཞིང་དུ་བསྟེན་པར་བྱ་སྟེ། དགོངས་འདུས་ལས། དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་དུ་མཆོད་བྱས་པས། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙན་དན་ཐིགས་པ་གཅིག་བྱུགས་པའི། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཞེས་པ་དང་། ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་ལས། ཡེ་ཤེས་ཀུན་སེམས་ཞེས་བྱ་བའི། །རྒྱལ་བ་ཀུན་གྱི་སློབ་དཔོན་མཆོག །དངོས་གྲུབ་སྣ་ཚོགས་སྟེར་བས་ན། །བློ་དང་ལྡན་པས་རྟག་མཆོད་བྱ། །གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་མཆོད་བསོད་ནམས་ལས། །སློབ་དཔོན་བ་སྤུའི་ཁུང་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་པ་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །ཞེས་པ་དང་། རྡོ་རྗེ་མེ་ལྕེའི་རྒྱུད་ལས། བླ་མ་ཉིད་དང་བླ་མའི་འཁོར། །ཉེ་འཁོར་གཡོག་དང་བཅས་པ་ལ། །
གསེར་ལ་སོགས་པའི་ཡོན་ཕུལ་ན། །སངས་རྒྱས་ཞིང་ཁམས་བརྗོད་མེད་པའི། །གཙོ་འཁོར་འབུམ་ཕྲག་གྲངས་མེད་ལ། །བསྙེན་བཀུར་མཆོད་པ་གྲངས་མེད་པས། །བསོད་ནམས་འདི་ཡི་ཆར་མི་ཕོད། །ཅེས་པ་དང་། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི། དགེ་བའི་བཤེས་གཉེན་ལ་རག་ལས་སོ། །སྨོན་ལམ་གྱི་སྒོ་ཐམས་ཅད་ཀྱང་དེ་ལས་འབྱུང་ངོ་། །དགེ་བའི་རྩ་བ་ཐམས་ཅད་ཀྱང་དེས་བསྐྱེད་དོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱང་དེས་སྒྲུབ་པའོ། །ཆོས་ཀྱི་སྒོ་ཐམས་ཅད་ཀྱང་དེས་སྣང་བར་བྱེད་དོ། །ལམ་རྣམ་པར་དག་པ་ཐམས་ཅད་ཀྱང་དེ་ལས་འབྱུང་བའོ། །ལྷག་པའི་བསམ་པ་རྣམ་པར་དག་པ་ཐམས་ཅད་ཀྱི་རྩ་བར་གྱུར་པའོ། །སེམས་བསྐྱེད་བསྟན་པ་ཐམས་ཅད་ཀྱང་དེ་ལས་བསྐྱེད་དོ། །གཟུངས་དང་སྤོབས་པའི་སྣང་བ་ཐམས་ཅད་ཀྱང་དེས་སྟོན་པར་བྱེད་པའོ། །རྣམ་པར་དག་པའི་སྒོའི་མཛོད་ཐམས་ཅད་ནི་དེས་ཡོངས་སུ་གཟུང་བའོ། །ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ནི་དེས་བསྐྱེད་པའོ། །སྨོན་ལམ་ཁྱད་པར་ཅན་ཐམས་ཅད་ནི་དེའི་ལག་ན་འདུག་པའོ་ཞེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། སྙིང་པོ་མེད་པའི་ལུས་ལ་སྙིང་པོ་བླང་བར་བྱ་བའི་ཕྱིར་བླ་མ་མཉེས་པར་བྱ་སྟེ། ཐ་ན་ཅི་ཡང་མེད་ཀྱང་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །དེས་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་ཀྱང་རྣམ་པར་འཕེལ་ལོ། །བླ་མས་བསྒོ་བ་བཞིན་བསྒྲུབས་ན་མཐོན་པོར་བྱེད་པའི་ཆོས་བཞི་ཡང་ཐོབ་བོ། །སྤངས་པ་བཞི་ཡང་ཐོབ་བོ། །གཞན་གྱིས་མི་ཚུགས་པའི་ཆོས་བཞི་ཡང་ཐོབ་བོ། །བལྟར་མི་སྣང་བའི་ཆོས་བཞི་ཡང་ཐོབ་བོ། །ཚད་མེད་པའི་ཆོས་ལྔ་དག་ཀྱང་ཐོབ་པར་འགྱུར་རོ། །གཞན་ཡང་གངས་ཀྱི་རི་ལ་བརྟེན་པའི་རྩི་སྨན་ལྟར་
དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པར་འཕེལ་ལོ། །མཚོ་ཆེན་པོ་ཆུའི་སྣོད་དུ་གྱུར་པ་ལྟར་ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་རོ། །རྒྱ་མཚོ་ཆེན་པོ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་རོ། །མེའི་དྲོད་ཀྱིས་གསེར་ཡོངས་སུ་སྦྱངས་པ་ལྟར་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བར་འགྱུར་རོ། །རྒྱ་མཚོ་ལས་རི་རབ་མངོན་པར་འཕགས་པ་ལྟར། འཇིག་རྟེན་ཐམས་ཅད་ལས་འཕགས་པར་འགྱུར་རོ། །པདྨ་ལ་ཆུ་མི་ཆགས་པ་ལྟར་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པར་འགྱུར་རོ། །ཉི་ཟླའི་དཀྱིལ་འཁོར་གླིང་བཞིར་ཡོངས་སུ་སྣང་བ་ལྟར་ཆོས་ཀྱི་དབྱིངས་སུ་སྣང་བར་བྱེད་དོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟར་ཡོན་ཏན་མཆོག་དང་ལྡན་པའི་བླ་མ་དྲན་པས་ཅུང་ཟད་རྣལ་འབྱོར་དུ་བསྒོམས་པ་ལས་ཀྱང་བསོད་ནམས་དཔག་ཏུ་མེད་པ་ཐོབ་སྟེ། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་ཁར་ལན་སྟོང་བསྟིམས་བྱས་པས། །བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །དེས་ན་རྟག་ཏུ་དྲན་པ་ཡིས། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་སོ། །བླ་མའི་ཕྱོགས་སུ་ལུས་ཀྱིས་ཕྱག་དང་བསྐོར་བ་ལ་སོགས་པ། ངག་གིས་མཆོད་པ་དང་བསྟོད་པ་ལ་སོགས་པ། ཡིད་ཀྱིས་མོས་པ་དང་གུས་པ་ལ་སོགས་པ་དང་། གཞན་ཡང་བླ་མས་ཡུལ་གཞན་དུ་ཕོ་ཉར་མངགས་པ་ལེགས་པར་སྒྲུབ་པ་དང་། ཞབས་འབྲིང་དང་སྲི་ཞུ་བྱེད་པ་དང་། གནས་ཀྱི་བྱ་བ་དང་། ཐ་ན་བཟོ་དང་། འདེགས་འཇོག་ལ་སོགས་པའི་བྱ་བ་བསྒོ་བ་ལས་གསུངས་བཞིན་བསྒྲུབས་པ་ཐམས་ཅད་ཀྱང་། ཚེ་འདིར་འདོད་པ་ཐམས་ཅད་འགྲུབ་ཅིང་། ཕྱི་མ་བདེ་བ་ཅན་དང་མངོན་པར་
དགའ་བ་ལ་སོགས་པ་དག་པའི་ཞིང་ཁམས་སྤྲུལ་པའི་སྐུས་བརྒྱན་པར་སྐྱེ་བ་འདི་ནི་གནས་སྐབས་ཀྱི་ཕན་ཡོན་ལ། མཐར་ཐུག་རྫོགས་པའི་སངས་རྒྱས་འགྲུབ་སྟེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །བླ་མས་བསྒོ་བ་བཞིན་བསྒྲུབས་ན། །འདོད་པ་ཐམས་ཅད་འགྲུབ་པ་དང་། །བསོད་ནམས་དཔག་ཏུ་མེད་པ་ཐོབ། །རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདི་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་ཕྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་སོ། །བཞི་པ་སྐྱབས་དང་སྐྱོབ་པ་བླ་ན་མེད་པས་ཀྱང་བསྟེན་པར་འོས་ཏེ། ངན་འགྲོའི་སྲིད་དང་བར་ཆད་འཇིགས་རྣམས་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའང་གཞན་མེད་དེ། །སངས་རྒྱས་ཉིད་ཀྱང་བླ་མ་ལ་བསྟེན་ཕྱིར། །ལོག་འགྲོའི་འཇིགས་བྲལ་ཕྱིར་ཡང་རྟག་ཏུ་བསྟེན། །ཡུན་རིང་པོ་འཁོར་བ་ན་རྒྱུ་བ་ན། བླང་དོར་གྱི་མིག་མདོངས་པས་རྒྱུ་འབྲས་ཀྱི་གནས་ལ་རྨོངས་པ་དེའི་ཕྱིར། བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་པ་ཉིད་དེ། སྤྱོད་འཇུག་ལས། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །ཅེས་པའི་ཚུལ་གྱིས་རང་དབང་མེད་པར་ལས་ཀྱི་རླུང་ཤུགས་ཟློག་དཀའ་བས་བསྐྱོད་དེ། ངན་འགྲོ་གསུམ་དང་། སྲིད་པའི་རྒུད་པ་ཐམས་ཅད་ཀྱིས་གདུངས་ཤིང་། མཐོ་རིས་ཐོབ་ཀྱང་བར་དུ་གཅོད་པས་མི་འདོད་པ་དུ་མ་ཉེ་བར་འབྱུང་བའི་འཇིགས་པས་ཉེན་པ་ཉིད་དེ། གཏན་དུ་ཕོངས་ཤིང་སྡུག་བསྔལ་ལ་སྤྱོད་པ་ལས། སྐྱེ་བོ་གཞན་དག་སུས་ཀྱང་སྐྱོབ་པར་
ནུས་པ་མེད་པའི་འཇིགས་པ་དྲག་ལ་ཡུན་རིང་བ་དེ་ལས། བླ་མ་དགེ་བའི་བཤེས་གཉེན་གྱིས་སྐྱོབ་པའི་ཕྱིར་ཡང་བསྟེན་པར་འོས་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། འཁོར་བའི་འཇིགས་ལས་ངེས་སྐྱོབ་ཅིང་། །མྱ་ངན་འདས་པར་འདྲེན་པ་མཆོག །བླ་མ་ཉིད་ལས་གཞན་ཡོད་མིན། །ཞེས་སོ། །འོ་ན་ཐབས་མཁས་ལ་ཐུགས་རྗེ་མངའ་བའི་སངས་རྒྱས་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ཡང་བླ་མ་མེད་པར་མི་འབྱུང་བས། དང་པོར་བླ་མ་ལ་བསྟེན་པས་དེའི་ཕྱིར་ཀུན་གྱི་སྐྱབས་མགོན་བླ་མ་ཉིད་དེ། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་པས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་འབྱུང་། །ཞེས་སོ། །དེས་ན་བླ་མ་དགེ་བའི་བཤེས་གཉེན་ནི་འཇིགས་པ་ལས་སྐྱོབ་ཅིང་། ལེགས་པ་ཐམས་ཅད་སྟོན་པར་བྱེད་པས་བསྟེན་པར་བྱ་སྟེ། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ནི་འཁོར་བ་ན་རྒྱུ་བའི་འཇིགས་པ་ཐམས་ཅད་ལས་སྐྱོབ་ཅིང་། ལེགས་པ་ཐམས་ཅད་སྟོན་པའི་ཕྱིར་རྟག་ཏུ་ཐོད་བཞིན་དུ་སྤྱི་བོས་བརྟེན་པ་ལ་བསྙེལ་བ་མེད་པར་བྱའོ་ཞེས་སོ། །གཞན་ཡང་གནས་སྐབས་དང་མཐར་ཐུག་གི་འཇིགས་པ་སྐྱོབ་ཅིང་ལེགས་པར་སྒྲུབ་པ་ཐམས་ཅད་སྒྲུབ་པའི་མཆོག་ཏུ་སོང་བ་ཉིད་ནི་དེ་ལས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ངན་སོང་དུ་མི་ལྷུང་། ཐེག་པ་ཆེན་པོ་ལས་ཕྱིར་མི་ལྡོག་གོ །ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་། ལས་དང་ཉོན་མོངས་པ་རྣམས་ཀྱིས་ཐུབ་པར་དཀའ། བྱིས་པའི་ས་ལས་ཡང་དག་པར་འདའ། བསླབ་པ་དང་འགལ་བར་མི་བྱེད། དེས་བསྲུངས་པས་སྡིག་པའི་གྲོགས་པོས་དཀྲིར་མེད། དེས་བསྐྱངས་པས་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལས་མི་ཉམས། འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པས་ཡང་དག་པར་
འཕགས་སོ། །དེ་ལ་བསྙེན་བཀུར་བྱེད་པ་ནི་སྤྱོད་པ་ཐམས་ཅད་ལ་མ་འཁྲུལ་བར་སྤྱོད། དེས་སྒྲུབ་པ་ནི་རྩོམ་པ་ཐམས་ཅད་ལས་མི་ཟློག །དེ་ཉེ་བར་བསྟན་པ་ནི་བདུད་ཀྱི་ལས་ཀྱིས་མི་བརྫིའོ་ཞེས་སོ། །གཞན་ཡང་བླ་མའི་གསུང་བཞིན་ལེགས་པར་བསྒྲུབ་པ་ན། སྲུང་མ་དམ་ཅན་རྒྱ་མཚོས་ཀྱང་བར་ཆད་དང་གནོད་པ་ཐམས་ཅད་ལས་སྐྱོབ་སྟེ། དགོངས་པ་འདུས་པ་ལས། བཀའ་ཟུར་མ་བཅག་ཆོས་བསྲུངས་ན། །ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས། །བུ་བཞིན་རྟག་ཏུ་སྲུང་བར་བྱེད། །ཅེས་སོ། །ལྔ་པ་ཡོན་ཏན་གྱི་འབྱོར་པ་རྒྱས་པར་བྱེད་པ་ཡང་གཞན་མེད་པས་བསྟེན་པར་འོས་པ་ནི། ཡོན་ཏན་རྫོགས་བྱེད་པ་ཡང་གཞན་མེད་དེ། །བླ་མ་ལ་བསྟེན་དེ་ལས་ཕུན་ཚོགས་ཕྱིར། །ཐོག་མ་བར་དང་མཐར་ཡང་རྣམ་གྲོལ་གྱི། །ཡོན་ཏན་འབྱོར་སླད་རབ་དང་གུས་པས་བསྟེན། །ཅི་ཡང་མི་ཤེས་པའི་རྨོངས་པས་ཀྱང་དགེ་བའི་བཤེས་གཉེན་ལ་བསྟེན་ན། ཡོན་ཏན་གྱི་ཆོས་ཁྱད་པར་ཅན་རྒྱུད་ལ་འབྱོར་བར་བྱེད་པ་ཉིད་དེ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དེའི་ཕྱིར། ལས་དང་པོ་པ་ཐར་པའི་ལམ་སྣ་ཚོལ་བས་གྲོལ་བ་འདོད་ཅིང་འདུན་པས་དོན་དུ་གཉེར་བ་རྣམས་དང་། བར་དུ་ལམ་ལ་ཞུགས་ཏེ་སློབ་པ་དག་བདུད་ཀྱི་ས་ལས་འདའ་བ་དང་། ཡོན་ཏན་གོང་མ་ཐོབ་པར་འདོད་པ་རྣམས་དང་། མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པ་རྣམ་པར་གྲོལ་བའི་འབྲས་བུ་ལ་ཕྱོགས་པ་རྣམས་ཀྱིས་བླ་མ་དགེ་བའི་བཤེས་གཉེན་བསྟེན་པར་བྱ་སྟེ། དཔལ་འབྱུང་བའི་རྣམ་པར་ཐར་པ་ལས། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལས་བྱུང་ངོ་ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བླ་མ་ལ་བསྟེན་ཏེ་ཡོན་ཏན་གྱི་ཆོས་
ཐམས་ཅད་རྫོགས་པར་བྱའོ་ཞེས་པ་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། བླ་མ་ལ་བསྙེན་བཀུར་བྱེད་པས་ནི་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་ཡོན་ཏན་དང་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱང་འདི་ལས་འབྱུང་བར་བལྟའོ་ཞེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། མདོར་ན་དགེ་བའི་བཤེས་གཉེན་དེས་གདམས་པ་ལ་ཞུགས་ན་ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་བཅུ་ཡོངས་སུ་འཛིན་ཏོ་ཞེས་སོ། །དེ་ལྟ་བུའི་བླ་མ་དམ་པ་གུས་པར་བསྟེན་པ་ཉིད། དགོངས་པ་འདུས་པ་ལས་ཀྱང་། དེས་ན་ལང་ཀའི་བདག་པོ་འདིར། །བློ་ལྡན་དགའ་དང་གུས་པ་ཡིས། །དམ་པར་གྱུར་ཏོ་ཅོག་རྣམས་ལ། །འདུན་པར་ལན་གསུམ་གུས་བྱ་སྟེ། །ཞབས་ལ་སྤྱི་བོས་གཏུག་པར་བྱའོ་ཞེས་སོ། །དྲུག་པ་སྟོན་པ་ཆེས་འཕགས་པ་གཞན་མེད་པས་ཀྱང་བསྟེན་པར་འོས་པ་ནི། ཁྱད་པར་སྙིགས་དུས་བརྩེ་ལྡན་བླ་མ་ལས། །གཞན་ཞིག་བདག་གི་སྟོན་པར་མི་འགྱུར་བས། །རྒྱལ་ལས་ལྷག་པའི་གུས་པ་ཆེན་པོས་བསྟེན། །སྔོན་སངས་རྒྱས་བཞུགས་དུས་ལས་དག་པ་ལ་སངས་རྒྱས་དངོས་སུ་སྟོན་པར་བྱོན་པས་དོན་མཛད་མོད། དེང་སང་ཤིན་ཏུའང་དུས་སྙིགས་ཏེ། ཚེ་དང་འབྱོར་པ་དང་། ཆོས་དང་། འདྲེན་པ་སྙིགས་པ་འདིར། བླ་མ་ཡང་དག་པ་དགེ་བའི་བཤེས་གཉེན་ལས། དངོས་སུ་ཆོས་སྟོན་པ་དང་ཕན་འདོགས་པ་གཞན་མེད་པའི་ཕྱིར་ཡང་སངས་རྒྱས་སམ། དེ་བས་ལྷག་པའི་གུས་པ་ཆེན་པོས་བསྟེན་པར་བྱའོ། །དེ་ཡང་ཁམས་རང་བཞིན་གྱིས་དག་པ་དང་། དོན་མཛད་པ་དང་། འཕྲིན་ལས་རླབས་ཆེ་བའི་ཆ་འགའ་ཞིག་གི་ངོས་ནས་བླ་མ་དང་སངས་རྒྱས་མཉམ་པར་ཡང་བརྟགས་ལ། བདག་ཅག་གི་ངོར་དྲིན་ཆེ་བས་ལྷག་པར་ཡང་བརྗོད་དེ། གསང་འདུས་རིན་
པོ་ཆེའི་རྒྱུད་ལས། ཁམས་རྣམས་དང་ནི་ཕྲིན་ལས་དང་། །རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར། །སངས་རྒྱས་ཀུན་དང་བླ་མ་མཉམ། །འགྲོ་བ་གང་ལ་ལམ་སྟོན་ཕྱིར། །སངས་རྒྱས་ཉིད་ལས་མཆོག་ཏུ་འཕགས། །ཞེས་པ་དང་། བླ་མ་སངས་རྒྱས་ཀུན་དང་མཉམ། བླ་མ་སངས་རྒྱས་ཀུན་ལས་ལྷག །ཡོན་ཏན་མཆོག་གི་གཏེར་གྱུར་པ། །དཔལ་ལྡན་བླ་མ་སྤྱི་བོས་འདུད། །ཅེས་སོ། །གཞན་ཡང་སྔོན་དུས་སངས་རྒྱས་ཀྱིས་འདུལ་བའི་ཚེ་སངས་རྒྱས་དངོས་སུ་སྣང་བས་དོན་མཛད་ལ། དེ་ནས་དགྲ་བཅོམ་པ་དང་། པཎྜི་ཏར་སྣང་བས་དོན་མཛད་དུས། དེ་དག་ཏུ་སྤྲུལ་ནས་བཀའ་བསྡུ་བ་དང་། བསྟན་བཅོས་མཛད་པ་ཡིན་ཞིང་། དེང་སང་ནི་བསྟན་པ་འཛིན་ཞིང་ཐར་པའི་ལམ་སྟོན་པ་ལ་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་དོན་མཛད་པ་ཡིན་ནོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དང་རྔ་བོ་ཆེ་ཆེན་པོའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་དུ་འགྱུར། །ཞེས་སོ། །མདོར་བསྡུ་ན་ཡོན་ཏན་ཐམས་ཅད་བླ་མ་ལས་འབྱུང་ཞིང་། ལམ་པོ་ཆེ་བཟང་པོར་སྲོལ་བཏོད་པས་ཀྱང་བླ་མ་ལ་བསྟེན་ཏེ། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ནི་སངས་རྒྱས་ཀྱི་རིགས་སུ་སྐྱེས་པས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་ཐུ་བོ་ལྟ་བུའོ། །ཡོན་ཏན་གྱི་རིགས་བསྐྱེད་པས་མ་ལྟ་བུའོ། །ཕན་པ་རྒྱ་ཆེན་པོ་བསྒྲུབས་པས་ཕ་ལྟ་བུའོ། །སྡིག་པ་ལས་བསྲུངས་པས་མ་མ་ལྟ་བུའོ། །བསླབ་པ་རྣམས་སློབ་པས་སློབ་དཔོན་ལྟ་བུའོ། །ཕ་རོལ་ཏུ་ཕྱིན་པའི་ལམ་ལ་འཛུད་པས་ས་མཁན་ལྟ་བུའོ། །ཉོན་མོངས་པའི་ནད་གསོ་བས་སྨན་པ་ལྟ་བུའོ། །འཇིགས་པ་ལས་བསྲུངས་པས་དཔའ་
བོ་ལྟ་བུའོ། །འཁོར་བའི་ཆུ་བོ་ལས་སྒྲོལ་བས་མཉན་པ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ་ཞེས་སོ། །བདག་ཅག་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱང་བླ་མ་མེད་པར་མ་བྱོན་པས། བླ་མ་ཁོ་ན་རྟག་ཏུ་བསྟེན་པར་རིགས་ཏེ། དགོངས་འདུས་ལས། སློབ་དཔོན་དག་ལ་མ་བསྟེན་པར། །སངས་རྒྱས་ནམ་ཡང་མི་འབྱུང་སྟེ། །འབྱུང་བར་ཡང་དག་ངས་མ་མཐོང་། །བྱུང་ན་དམ་པའི་ལུང་དང་འགལ། །ཞེས་པ་དང་། འཁོར་ལོ་བདེ་བའི་རྒྱུད་ལས། དེ་ཕྱིར་ཆོས་ཀུན་རྩ་བར་ནི། །བླ་མ་རྡོ་རྗེ་འཛིན་པར་བཤད། །བླ་མ་དག་ལས་མ་བྱུང་བའི། །དངོས་གྲུབ་རྙེད་པར་འགྱུར་མི་སྲིད། །བླ་མ་ཉིད་ལས་མ་བྱུང་བའི། །སངས་རྒྱས་ཞེས་བྱ་འབྱུང་མི་སྲིད། །སྲིད་པའི་ཁ་ལོ་གྱེན་དུ་ནི། །བླ་མ་མཚན་ཉིད་ལྡན་པས་སྒྱུར། །ཞེས་སོ། །དེས་ན་རྒྱུ་མཚན་དེ་དག་དང་གཞན་ཡང་དཔག་ཏུ་མེད་པ་སྙེད་དེ། རྒྱས་པར་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་ཡོད་པ་དེའི་ཕྱིར། ལས་དང་པོ་པ་ནས་སངས་རྒྱས་མ་ཐོབ་ཀྱི་བར་རྟག་ཏུ་སྐྱོ་ངལ་མེད་པར་གུས་པས་བླ་མ་བསྟེན་པ་ལ་བསླབ་སྟེ། འཕགས་པ་སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང་བསྔགས་པ་བརྗོད་པ་ནི། རྒྱས་པར་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་དང་ལྡན་པ་དེའི་ཕྱིར་རྟག་ཏུ་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ་ཞེས་གསུངས་སོ། །དེ་ལྟར་བསྟེན་པར་རིགས་པའི་རྒྱུ་མཚན་མཐོང་ནས། བསྟེན་པ་ལ་འཇུག་ལ། བསྟེན་པ་དེའི་དོན་དུ་ཡོངས་སུ་འཚོལ་བར་གདམས་པ་ནི། དེ་ཡང་དཔལ་ལྡན་བླ་མ་དམ་པ་དག །གང་ན་བཞུགས་པའི་ཡུལ་ཕྱོགས་དེར་བགྲོད་དེ། །དད་གུས་སྲི་ཞུ་ཆེན་པོ་དང་ལྡན་པས། །ཐོག་མ་ཉིད་ནས་མཉེས་བྱ་ཡང་དག་བཙལ། །སྔར་སྨོས་པའི་ཡོན་ཏན་མངའ་བའི་བླ་མ་དམ་པ་དེ་དག་གང་ན་བཞུགས་པའི་
ཡུལ་དེར་ཕྱིན་ལ། ལུས་ངག་ཡིད་གསུམ་གྱི་དད་པ་དང་། གུས་པ་དང་། སྲི་ཞུའི་སྒོ་ནས། མཇལ་མ་ཐག་ཉིད་ནས་ཐུགས་མཉེས་པར་བྱ་ཡི། འདི་ཇི་ལྟ་བུ་ཞེས་བརྟག་པ་དང་། རྒོལ་བ་ལ་སོགས་པ་དང་། མ་གུས་པ་དང་། བག་མེད་པའི་ཆ་ཤས་ཅུང་ཟད་ཀྱང་མི་བྱ་སྟེ། དམ་པ་རྣམས་ནི་དྲང་པོ་ཉིད་པས་གང་ཕ་རོལ་གྱི་ཀུན་ཏུ་སྤྱོད་པ་དེ་མཐོང་མ་ཐག་ཏུ་དེ་ལྟར་མ་ཡིན་ནོ་སྙམ་དུ་དགོངས་པས་ཐུགས་སུན་པར་འགྱུར་ཏེ། ཐོག་མའི་རྟེན་འབྲེལ་འཆུག་པ་ཉིད་དོ། །ཕལ་པ་ཞིག་ན་དེའི་འོག་ཏུ་ལྡོག་པར་འགྱུར་བས་ཀྱང་དང་པོར་ཤིན་ཏུ་གུས་པས་མཉེས་པར་བྱ་བ་ལ་སློབ་བོ། །སྡོང་པོ་བཀོད་པ་ལས། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་འཚོལ་བ་ལ་ཡོངས་སུ་མི་སྐྱོ་བར་བྱའོ། །རྙེད་ནས་ཀྱང་དེའི་རྗེས་སུ་སྒྲུབ་པ་ལ་བསྙེལ་བ་མེད་པའི་སྲི་ཞུ་བྱའོ། ཁུར་ཐམས་ཅད་ཀྱིས་མི་སྐྱོ་བས་ས་ལྟ་བུའི་འདུ་ཤེས་བསྐྱེད་པར་བྱའོ། །ཅི་བསྒོ་བ་ཉན་པར་བྲན་ལྟ་བུའི་འདུ་ཤེས་རབ་ཏུ་བསྐྱེད་པར་བྱའོ་ཞེས་སོ། །དེ་ཡང་བྱང་ཆུབ་ཀྱི་སྤྱོད་པ་འཚོལ་བ་ན། དགེ་བའི་བཤེས་གཉེན་འཚོལ་བ་ནི། དེའི་ཐབས་ཡིན་པས་གང་ན་བཞུགས་པ་རྒྱ་ཆེར་གཞན་ལ་ཡང་དྲི་བ་དང་། རང་གིས་ཀྱང་ཕྱོགས་ཐ་དད་པར་སོང་ལ་བརྟགས་ཏེ། དཀའ་བ་ཅི་བྱུང་ཡང་མི་ལྡོག་པས་བཙལ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་རྒྱ་མཚོ་སྡུད་ཅིང་། སྡིག་ཏོ་མི་དགེ་བའི་ཕྱོགས་ལས་སྐྱོབ་སྟེ། ཟླ་བ་སྒྲོན་མའི་མདོ་ལས། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པས་སྙིང་རྗེ་ཆེན་པོ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བརྩོན་འགྲུས་བརྩམས་ཤིང་ལུས་དང་སྲོག་ལ་ཡང་མི་ལྟ་བར། ཆོས་དམ་པ་སྟོན་པའི་དགེ་བའི་བཤེས་གཉེན་རྒྱུན་དུ་བཙལ་ལ། གཡོ་དང་སྒྱུ་མེད་པས་བསྙེན་བཀུར་བྱའོ། །དེ་ལྟར་འཚོལ་བ་དང་སྲི་ཞུ་བྱེད་པས་ཡོངས་སུ་སྐྱོ་བ་མེད་པ་ན། བདེ་བར་མངོན་པར་
འཚང་རྒྱ་བའི་ཆོས་ཐོབ་བོ་ཞེས་པ་དང་། སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས་ཀྱང་། དགེ་བའི་བཤེས་གཉེན་འཚོལ་བའི་ཆེད་དུ་ལུས་དང་སྲོག་ལའང་ཕངས་པར་མི་བྱའོ། །དངོས་པོ་སྣ་ཚོགས་མི་གཟུང་། ནོར་ལ་ཆགས་པར་མི་བྱའོ། །རྙེད་པ་དང་བཀུར་སྟི་འདོད་པར་མི་བྱའོ། །དེ་ཐམས་ཅད་ཡོངས་སུ་བཏང་སྟེ་བཙལ་བར་བྱའོ། །གཞན་ཡང་ལུས་དང་སྲོག་ལ་མི་ལྟ་བ་དང་། སྲིད་པའི་ལོངས་སྤྱོད་མི་འཚོལ་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་དང་། ཐམས་ཅད་མཁྱེན་པའི་སྨོན་ལམ་བརྟན་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་ལ་ལྟ་བ་དང་། སྲིད་པ་ཐམས་ཅད་ལས་འཕགས་པར་འདོད་པ་དང་། གནས་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་བརྟེན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་སྒྲུབ་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྦྱོང་བ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་སྒྲིབ་པ་མེད་པ་ཤིན་ཏུ་སྦྱངས་པས། བླ་མ་བསྙེན་བཀུར་ཞིང་ཡོངས་སུ་འཚོལ་བར་བྱེད་དོ་ཞེས་པ་དང་། སྡོང་པོ་བཀོད་པ་ལས་ཀྱང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་། བྱ་བ་མ་ཡིན་པ་རྣམས་ཁོང་དུ་ཆུད་པར་མི་བྱེད། བག་མེད་པའི་གནས་ལས་ཟློག །འཁོར་བའི་གྲོང་ཁྱེར་ནས་འདོན། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས། ལས་དང་ཉོན་མོངས་པས་ཐུབ་པར་དཀའོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱེད་པ་རྒྱུན་མ་ཆད་པས་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ་ཞེས་པ་དང་། ཆོས་བཞི་པའི་མདོ་ལས་ཀྱང་། དགེ་སློང་དག་བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་ངོ་ཞེས་པ་དང་། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་
ལས་ཀྱང་། མཁན་པོ་དང་སློབ་དཔོན་ལ་གུས་པས་གང་ཡོངས་སུ་མི་གཏོང་བའི་རིན་པོ་ཆེ་དང་། གང་ལུས་ཀྱི་རིམ་གྲོར་མི་བྱ་བ་དང་། གང་རྐང་པས་མི་གཏོང་བ་དང་། གང་ངག་གི་ལས་ལ་མི་སྤྲོ་བ་དེ་མེད་དོ་ཞེས་པ་དང་། ཟ་མ་ཏོག་བཀོད་པ་ལས། བཅོམ་ལྡན་འདས་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ཚེ་ན། གསུང་རྡོ་རྗེ་འབྲུ་དྲུག་སྟོན་པའི་དགེ་བའི་བཤེས་གཉེན་བཙལ་བའི་ཆེད་དུ་རྐང་པ་དཔྱི་ལ་ཐུག་པར་ཟད་པའི་བར་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཕྱིན་པར་གསུངས་པ་དང་། བརྒྱད་སྟོང་པ་ལས། འཕགས་པ་རྟག་ཏུ་ངུའི་རྣམ་པར་ཐར་པ་དང་། སྡོང་པོ་བཀོད་པ་ལས། ནོར་བཟང་གི་རྣམ་པར་ཐར་པ་དང་། མཛངས་བླུན་ལས། ཆོས་ཀྱི་ཕྱིར་རྒྱལ་པོས་རང་གི་ལུས་ལ་མར་མེའི་སྡོང་བུ་སྟོང་བཙུགས་ནས་ཕུལ་བ་ལ་སོགས་པ་དཀའ་བ་དུ་མ་སྤྱད་ནས། དགེ་བའི་བཤེས་གཉེན་བཙལ་བ་དྲན་པར་བྱ་སྟེ། བདག་གིས་ཅིའི་ཕྱིར་མི་བཙལ་སྙམ་དུ་བསམས་ལ་བླ་མ་ཡང་དག་པ་བཙལ་བར་བྱའོ། །དེ་ཡང་ཆོས་ནས་ཇི་སྐད་བཤད་པའི་མཚན་ཉིད་ཚང་ན། འཇིག་རྟེན་གྱི་རིགས་དང་། ལོངས་སྤྱོད་དང་མི་གཞི་ལ་སོགས་པའི་སྐྱོན་ཕྱོགས་རེའམ་དུ་མ་ཡོད་ཀྱང་བསྟེན་ལ། ཁྱད་པར་དགེ་བའི་བཤེས་གཉེན་ནི། གཡོ་དང་སྒྱུ་མེད་ཅིང་ཡིད་ལ་བསམ་པ་དང་། ངག་ཏུ་བརྗོད་པ་དུས་མཐུན་པ་གཞི་ཆེ་བས་ཅུང་ཟད་འགྲོགས་དཀའ་བར་མངོན་པའི་ཕྱིར་ན། དཀའ་བ་བཟོད་པས་བསྟེན་དགོས་ཏེ། དགོངས་འདུས་ལས། འཇིག་རྟེན་པ་ཡི་སྐྱོན་ལྡན་ཡང་། །ས་མཁན་ལམ་ལ་མཁས་ངེས་ན། །ཇི་ལྟར་བཟོད་པ་བྱ་དཀའ་ཡང་། །ཐམས་ཅད་ཐམས་ཅད་བཟོད་པར་བྱ། །ཞེས་སོ། །ཡང་དག་པའི་དགེ་བའི་བཤེས་གཉེན་དམ་པ། རྙེད་ནས་སྐྱོ་ངལ་མེད་པར་བསྟེན་བྱ་སྟེ། །དོན་ཆེན་བསྒྲུབ་ལ་ངང་ཆེན་གུས་པས་བསྲིང་། །འདི་ལྟར་ཡང་
དག་པའི་བླ་མ་རྣམས་ནི། སྣོད་ཀྱི་རིམ་པ་རྟོག་པ་ན། བརྟག་པ་དང་། དཔྱད་པ་སྔོན་དུ་གཏོང་བ་ཡིན་ལ། དེ་ཡང་སེར་སྣ་ཅན་རྣམས་ལ་ནི་ཡོ་བྱད་འདོད་པ་ཆེ་བར་སྟོན་ཅིང་། གཏོང་ཕོད་ཆུང་བ་དག་གི་ཡང་ཚོགས་གཉིས་རྫོགས་པའི་ཡན་ལག་ཏུ་ཡོ་བྱད་འདོད་པར་བྱེད་དོ། །དེ་བཞིན་བཟོད་པ་ཆུང་བ་དག་ལ་ནི། ཚིག་ཟུར་མི་སྙན་པ་བརྗོད་ལ། ཡོ་བྱད་སྙུང་པ་དང་བློ་སྣ་ཐུང་བར་རློམ་པ་དག་ལ་ནི་བྱ་བྱེད་མང་ཞིང་ཡུན་རིང་པོའི་དོན་སྒྲུབ་པ་ལྟར་ཡང་སྟོན་ལ། མདོར་ན་སྐུ་གསུང་ཐུགས་ཀྱི་རང་བཞིན་ལ་འཁྲུལ་པ་དང་ཅ་ཅོ་མེད་ཀྱང་། དེའི་ངོར་འགལ་བ་སྣ་ཚོགས་པ་བསྟུད་པར་སྟོན་པས། སྐུ་དང་གསུང་མ་བརྟགས་ལ་འབྲེལ་བ་མེད་ཅིང་། ཐུགས་འཁྲུགས་པ་ལྟར་སྣང་བས། ཕ་རོལ་གྱི་དད་པ་བརྟན་པ་དང་མི་བརྟན་པའི་ངང་ཚུལ་རྟོགས་པར་བྱེད་དོ། །དེ་ཡང་བླ་མ་དམ་པ་ཟབ་མོའི་བློ་ཅན་རྣམས་ནི་ནམ་ཡང་གཞན་གྱིས་གཏིང་དཔོག་པར་མི་འགྱུར་ཏེ། ཀུན་ཏུ་སྤྱོད་པ་སྣ་ཚོགས་མཛད་ཀྱང་འགྲོ་བ་འདུལ་བ་ཙམ་ལས། དགོངས་པ་ཆོས་ཉིད་ཟབ་མོ་སྟོང་པ་ཉིད་དང་བྱང་ཆུབ་ཀྱི་སེམས་ལས་མི་འདའ་བའི་ཕྱིར་རོ། །དེས་ན་བླ་མའི་མཛད་པ་གང་ལའང་དགོངས་པ་རླབས་ཆེ་བའི་རོལ་པར་ཤེས་པས། དག་སྣང་སྐྱེད་པ་ཡིན་གྱི། མ་དད་པ་ཅུང་ཟད་ཀྱང་བསམ་དུ་མི་རུང་སྟེ་ལམ་གྱི་རྟེན་འབྲེལ་འཆུག་པའི་ཕྱིར་རོ། །མཛད་པ་ཞི་བ་དང་། དྲག་པོ་གང་མཛད་ཀྱང་། གཞན་ལ་ཕན་པ་སྒྲུབ་པ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་རང་བཞིན་ཡིན་ཏེ། རང་དོན་གྲུབ་ཟིན་ནས་གཞན་དོན་འབྱུང་བའི་སྐབས་ཡིན་པའི་ཕྱིར་རོ། །དེས་ན་དོན་ཆེན་པོ་ཐར་པ་བསྒྲུབ་པ་ལ་ལམ་མཁན་བླ་མ་ལས་གཞན་མེད་པས། དེའི་བྱ་དཀའ་བ་ཅི་དང་ཅི་ཡང་བཟོད་པར་བྱས་ལ་ངང་བསྲིངས་ཏེ་སྒྲུབ་པ་ནི་འཇིག་རྟེན་གྱི་བྱ་བ་ལའང་དཀའ་བ་བཟོད་པས་བསྒྲུབ་དགོས་པ་བཞིན་ནོ། །ཐར་པའི་ལམ་འཚོལ་ཞིང་བླ་མ་བསྟེན་པ། དེའི་ཚེ་མི་མཐུན་རྐྱེན་རྣམས་གྲངས་མང་བས། །
ཡིད་འབྱུང་ཕྱིར་ཕྱོགས་བློ་མང་སྐྱེ་བ་ལ། །བདུད་དུ་ཤེས་ནས་སླར་ཡང་གུས་མཆོག་གིས། །ནོར་བུ་རྙེད་པ་མི་འདོར་སྤྱི་བོས་བསྟེན། །གང་དུ་བླ་མ་དམ་པ་རྙེད་པ་དེའི་ཚེ་བདུད་སྡིག་ཅན་བརྩོན་པས་བར་དུ་གཅོད་པར་བྱེད་དེ། ཅི་ནས་ཀྱང་དཔོན་སློབ་དག་གི་བར་དུ་དབྱེན་བཅའ་ཞིང་། བཟའ་བཏུང་དང་གནས་མལ་དང་། མཐུན་པའི་རྐྱེན་དཀའ་བར་བྱེད་ཅིང་ལམ་བགྲོད་པ་ན་བར་དུ་གཅོད་པ་མང་བ་དང་། འཕྲལ་དུ་འཚེ་དོགས་མང་བས་ཡིད་འབྱུང་བ་དང་། བླ་མ་དང་ཆོས་ལ་ལོག་པར་ལྟ་བས་ཕྱིར་ཕྱོགས་པའི་བློ་གྲངས་མང་པོ་དག་འཆར་དུ་འཇུག་པ་ན། བདག་གི་ཐར་པ་ལ་བར་དུ་གཅོད་པའི་བདུད་དུ་ཤེས་ནས་སྤོང་ཞིང་། སླར་ཡང་བླ་མ་ལ་གུས་པ་ཆེན་པོས་བསྟེན་པར་བྱ་སྟེ། ཡུམ་བར་མ་ལས། ནོར་བུ་རིན་པོ་ཆེ་ནི་དགྲ་མང་བའི་ཕྱིར་བརྩོན་པ་དང་སྤྲོ་བ་ཆེན་པོས་གཅེས་སྤྲས་སུ་བྱ་བ་དེ་བཞིན་དུ། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་རིན་པོ་ཆེ་ཡོངས་སུ་འཚོལ་བ་ན། བདུད་སྡིག་ཏོ་ཅན་བར་ཆད་བྱ་བ་ལ་བརྩོན་པར་འགྱུར་ཏེ། ཅི་ནས་ཀྱང་དེ་ཐོས་པར་མི་འགྱུར་བ་དེ་ལྟར་བརྩོན་ཞིང་། གང་དུ་དགེ་བའི་བཤེས་གཉེན་དང་འབྲལ་བར་འགྱུར་བ་དེ་ལྟར་གནོད་པ་སྣ་ཚོགས་སུ་སྒྲུབ་པས་ཡིད་ཕྱིར་ཕྱོགས་པར་བྱེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ། བདུད་སྡིག་ཏོ་ཅན་དག་གིས་དགེ་བའི་ཕྱོགས་ལ་བར་དུ་གཅོད་པ་སྟེ། ཅི་ནས་ཀྱང་དེའི་དབང་དུ་མི་འགྱུར་བ་དེ་ལྟར་བྱ་བ་ལ་གོར་མ་ཆག་གོ་སྙམ་ནས། གོ་ཆ་ཆེན་པོ་ཡོངས་སུ་བགོ་བར་བྱའོ་ཞེས་སོ། །དེ་ཡང་ཐར་པའི་དེད་དཔོན་བླ་མའི་བཀའ་དྲིན་ལ་བསམས་ཏེ་མཉེས་པར་བསྒྲུབ་པ་ནི། ཇི་ལྟར་ཆུ་རྙོགས་པ་ལས་དྭངས་པ་ཡིས། །གཟུགས་བརྙན་འཆར་ནུབ་རྙོག་བྲལ་ནོར་བུ་ལྟར། །སྒྲིབ་པའི་ཆུ་དྭངས་ཡོན་ཏན་གཟུགས་བརྙན་སྟོན། །རྡོ་ཁམས་གསེར་དང་ས་འོག་རིན་ཆེན་གཏེར། །པདྨའི་ནང་གནས་བདེ་གཤེགས་ཇི་
ལྟ་བར། །ཁྱབ་བདག་ཁམས་གཙང་བྱང་ཆུབ་སྙིང་པོ་སྟོན། །མཚན་མོའི་མུན་ནག་སྣང་བ་ཇི་ལྟ་བུ། །ཐར་གླིང་གང་དུ་ཉེར་འགྲོ་དེད་དཔོན་བཞིན། །ཆུ་གཏེར་ཟབ་མོའི་འབྱུང་གནས་བགྲོད་པར་བྱེད། །དེ་སླད་དམ་པ་རྣམས་ལ་བསྟེན་པར་བྱ། །ཚུལ་ཇི་ལྟར་བསྟེན་ཞེ་ན། སྡོང་པོ་བཀོད་པའི་མདོ་ལས། ཁུར་ཐམས་ཅད་ཁུར་བས་མི་སྐྱོ་བ་ས་ལྟ་བུའི་སེམས་དང་། དབྱེན་གྱིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་དང་། སྡུག་བསྔལ་གྱིས་མི་བསྐྱོད་པ་འཁོར་ཡུག་ལྟ་བུའི་སེམས་དང་། ཅི་བསྒོ་བའི་ལས་ཐམས་ཅད་བྱེད་པ་བྲན་ལྟ་བུའི་སེམས་དང་། ཆེ་བའི་ང་རྒྱལ་རྣམ་པར་སྤངས་པ་ཕྱགས་དར་པ་ལྟ་བུའི་སེམས་དང་། ཁུར་ལྕི་བ་ཁུར་བས་ཐེག་པ་གླང་པོ་ཆེ་ལྟ་བུའི་སེམས་དང་། བདག་པོ་ལ་མི་ཁྲོ་བ་ཁྱི་ལྟ་བུའི་སེམས་དང་། འགྲོ་འོང་གིས་མི་སྐྱོ་བ་གྲུ་ལྟ་བུའི་སེམས་དང་། ཉོན་མོངས་པས་མི་སྐྱོ་བ་མ་ལྟ་བུའི་སེམས་དང་། མི་བསྲུན་པ་སྤངས་པ་རྟ་ཅང་ཤེས་ལྟ་བུའི་སེམས་དང་། རྐྱེན་གྱིས་མི་བསྒུལ་བ་རི་བོ་ལྟ་བུའི་སེམས་དང་། ཆེ་གྲགས་མེད་པས་གདོལ་པའི་བུ་ལྟ་བུའི་སེམས་དང་། དྲེགས་པ་མེད་པས་ཁྱུ་མཆོག་རྭ་བཅད་པ་ལྟ་བུ་དང་། དེའི་ངོར་གདུང་བས་བལྟ་བས་བུ་གཅེས་པ་ལྟ་བུ་དང་། དག་མཐར་ཕྱིན་པས་ཟམ་པ་ལྟ་བུ་དང་། རློམ་སེམས་མེད་པས་འཕྱན་བུ་ཕྱེས་ན་འཁྱམས་པ་ལྟ་བུ་དང་། ཆོས་ཀྱི་རྒྱལ་པོའི་བཀའ་ལས་མི་འདའ་བས་རྒྱལ་བུ་གཞོན་ནུ་ལྟ་བུའི་སེམས་ཀྱིས་བསྙེན་བཀུར་བྱའོ། །ཞེས་པའི་ཚུལ་གྱིས་བཀའ་ལས་མི་འདའ་བར་སྲི་ཞུ་བྱའོ། །གཞན་ཡང་ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས་ཀྱང་། དགེ་བའི་བཤེས་གཉེན་ནི་རྙེད་པར་དཀའ་བས་མཁན་པོ་དང་སློབ་དཔོན་ལ་བཀུར་སྟི་སྤྲོ་བར་བྱའོ། །སུ་ལས་ཆོས་ཐོས་པ་དང་། གླེགས་བམ་བྲི་བར་ཞུས་པ་དེ་ལ་ངེས་པར་སྟོན་པའི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་གྱི་འདུ་ཤེས་བསྐྱེད་དེ། ཆོས་
དེ་དང་། རྫོགས་པའི་བྱང་ཆུབ་སྨིན་པར་བྱ་བའི་ཕྱིར། དེ་ལ་ལྷག་པར་དགའ་བ་དང་གུས་པ་བསྐྱེད་དོ་ཞེས་པ་དང་། ཆོས་བཅུ་པའི་མདོ་ལས་ཀྱང་། ཆོས་འཛིན་པ་ལ་གུས་པ་དང་བཅས་ནས་ཞུས་པས་སྣང་བའི་འདུ་ཤེས་བསྐྱེད་དོ། །དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ། །དགེ་བའི་བཤེས་གཉེན་གྱི་འདུ་ཤེས་བསྐྱེད་དོ། །སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་འདུ་ཤེས་བསྐྱེད་དོ། །བདག་འཁོར་བར་འཁྱམས་པ་འཚོལ་བར་བྱེད་པའི་འདུ་ཤེས་བསྐྱེད་དོ། །གཏི་མུག་གི་གཉིད་ལས་སད་པར་བྱེད་པའི་འདུ་ཤེས་བསྐྱེད་དོ། །བདག་འཁོར་བའི་འདམ་དུ་བྱིང་བ་ལས་འབྱིན་པར་བྱེད་པའི་འདུ་ཤེས་བསྐྱེད་དོ། །ལམ་ངན་པར་ཞུགས་པ་ལས་བཟང་པོར་སྟོན་པར་བྱེད་པའི་འདུ་ཤེས་བསྐྱེད་དོ། །སྲིད་པའི་བཙོན་རར་བཅིངས་པ་ལས་གྲོལ་བར་བྱེད་པའི་འདུ་ཤེས་བསྐྱེད་དོ། །ཡུན་རིང་པོར་ནད་ཀྱིས་གདུངས་པ་ལས་སྨན་པའི་འདུ་ཤེས་བསྐྱེད་དོ། །ཉོན་མོངས་པའི་མེ་འབར་བ་ལས་ཞི་བར་བྱེད་པའི་ཆར་སྤྲིན་གྱི་འདུ་ཤེས་བསྐྱེད་དོ་ཞེས་པ་དང་། འཕགས་པ་རྟག་ཏུ་ངུས་སྒྲ་ཐོས་པ་ལས་ཀྱང་། གང་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་དེ་ལ་སངས་རྒྱས་ཀྱི་འདུ་ཤེས་ཀྱིས་བྱས་པ་བཟོ་བར་བྱ་སྟེ། བདག་གིས་འདི་ལས་ཆོས་ཐོས་པས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སངས་རྒྱས་ལ་བསྙེན་པས་དེའི་ཞིང་དུ་སྐྱེ་བར་འགྱུར་རོ། །མི་ཁོམ་པའི་གནས་རྣམས་ཡོངས་སུ་སྤོང་བར་འགྱུར། དལ་བ་ཕུན་སུམ་ཚོགས་པ་ཡོངས་སུ་ཐོབ་པར་འགྱུར་རོ་ཞེས་ཆོས་སྨྲ་བ་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ་ཞེས་པའི་ཚུལ་གྱིས་བསྟེན་ནོ། །གཞན་ཡང་དཔེ་དུ་མ་ལ་བསམས་ནས་ཀྱང་བསྟེན་པར་གདམས་ཏེ། དཀའ་ཐུབ་དཔུང་གཉེན་དཔའ་བོ་རྒྱལ་པོ་དང་། །སློབ་དཔོན་སྨན་པ་ཕན་འདོགས་གྲོགས་ཀྱི་དཔེས། །
དགེ་བའི་བཤེས་གཉེན་བསྟེན་ལ་བརྩོན་པར་བྱ། །དེས་ནི་འདི་ཕྱིར་བདེ་ལེགས་ཆོས་འགྲུབ་བོ། །དུས་རྟག་ཏུ་གཡེལ་བ་མེད་པར་གཅེས་སྤྲས་དང་མོས་གུས་ཀྱིས་བསྟེན་པའི་གདམས་ངག་ནི། ཕྱི་རོལ་པས་དོན་མེད་པའི་དཀའ་ཐུབ་མེ་ལྔ་བསྟེན་པ་ལ་སོགས་པ་ལའང་འབད་པ་དྲག་པོ་བྱེད་ན། བདག་གིས་དོན་ཡོད་པ་བདེ་བ་ནས་བདེ་བར་འཁྲིད་པར་བྱེད་པའི་བླ་མ་ལ་མོས་གུས་དང་། བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། འཇིག་རྟེན་པ་རྣམས་དཔུང་གཉེན་གྱི་དོན་དུ་རྗེ་དཔོན་ལ་སོགས་པ་བཀུར་ཞིང་མཆོད་ན། བདག་གིས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྐྱོབ་པའི་བླ་མ་ལ་ཅིའི་ཕྱིར་མི་མཆོད་སྙམ་པ་དང་། དར་ཅིག་གི་འཇིགས་པས་སྐྲག་པ་རྣམས་དཔའ་བོ་བསྟེན་ན། བདག་གིས་གཏན་གྱི་འཁོར་བ་དང་ངན་སོང་ལས་ཐར་པར་བྱེད་པའི་བླ་མ་ཅིའི་ཕྱིར་མི་བསྟེན་སྙམ་པ་དང་། རྒྱལ་པོ་ལའང་རིན་པོ་ཆེ་དང་། རོལ་མོ་དང་གདུགས་ལ་སོགས་པས་མཆོད་ན། བདག་གིས་ཡུན་གྱི་དོན་སྲིད་ཆེན་པོ་སྟེར་བའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། བཟོ་ལ་སོགས་པ་འཇིག་རྟེན་གྱི་རིག་པ་སློབ་པའི་སློབ་དཔོན་ལའང་བསྙེན་བཀུར་བྱེད་ན། སེམས་ཅན་ལ་སངས་རྒྱས་སྒྲུབ་པ་སྟོན་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། འདུ་བ་སྙོམས་པའི་སྨན་པའང་མཆོད་ན། དུག་ལྔའི་གཅོང་ནད་འདོན་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། ཉིན་རེའི་འཇིགས་པ་སྐྱོབ་པའི་སྐྱེལ་མ་ལའང་གཅེས་སྤྲས་ཀྱིས་མཆོད་ན། བདུད་བཞིའི་དགྲ་ལས་སྐྱོབ་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། ཟས་གོས་དང་ནོར་ལ་སོགས་པའི་ཆས་ཅུང་ཟད་ཕན་འདོགས་པ་དེ་དག་གི་ཕྱིར་སྲོག་ཀྱང་གཏོང་བར་ནུས་ན། དགོས་འདོད་ཀྱི་ནོར་བུ་སྟེར་བའི་བླ་མ་ལ་མོས་གུས་དང་
བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། དར་ཅིག་འགྲོགས་པའི་གྲོགས་ལའང་དགའ་བས་མཆོད་ན། གཏན་གྱི་གྲོགས་མཆོག་དམ་པའི་ཆོས་ཟབ་མོ་རང་ངོ་སྤྲོད་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། ཚེ་འདིར་བརྩེ་བའི་འདུན་གྲོས་བསླབ་པ་ལའང་གཅེས་སྤྲས་བྱེད་ན། གཏན་གྱི་སྐྱིད་འདུན་འཆོས་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་ལ་སོགས་པས་བླ་མ་བསྟེན་པ་ལ་དགའ་བ་དང་། དཔེ་དང་། རྣམ་གྲངས་མང་པོ་བལྟས་ལ་མོས་གུས་དང་བསྙེན་བཀུར་བྱའོ། །དེས་ནི་རྒྱུ་འབྲས་ཀྱི་ཆེ་བའི་ཡོན་ཏན་གཞན་གྱིས་བསྟོད་ཅིང་བཀུར་བ་དང་། ཚེ་རིང་ནད་མེད་འབྱོར་བས་མཐོ་བ་དང་། གང་འདོད་པ་འགྲུབ་ཅིང་། བདེ་བར་ཚེའི་དུས་བྱེད། བར་དོའི་འཇིགས་པ་ལས་སྐྱོབ། ཕྱི་མ་ལ་སངས་རྒྱས་དངོས་སུ་བཞུགས་པའི་ཞིང་ཁམས་དག་པར་པདྨོའི་སྟེང་དུ་བརྫུས་ཏེ་སྐྱེས་ནས་བྱང་ཆུབ་འགྲུབ་པ་ལ་སོགས་པའི་ཡོན་ཏན་ཐོབ་བོ། །དེ་ལྟར་བསམས་ཏེ་ལུས་ངག་ཡིད་གསུམ་གྱིས་མཉེས་པར་བྱ་བ་ཇི་ལྟ་བ་བཞིན་དུ། རང་ལ་བདོག་པས་ཉེ་བར་མཉེས་བྱ་སྟེ། །ཆོས་ཀྱི་ཡོན་ནི་གཞལ་དུ་མེད་པའི་ཕྱིར། །ཚོགས་རྫོགས་བར་ཆད་ཞི་ཞིང་དཔལ་འབྱོར་ལྡན། །བྱང་ཆུབ་ཞི་བ་མྱུར་དུ་ཐོབ་པར་འགྱུར། །རང་ལ་ཡོད་པའི་ཡོ་བྱད་བསྲི་ཕོངས་མེད་པས་མཆོད་ཅིང་། ཐུགས་མཉེས་པར་བྱ་བ་ཙམ་དུ་མ་ཟད། རང་གིས་གཞན་གྱི་མདུན་དུའང་ཡོན་ཏན་བརྗོད་ལ་འབུལ་དུ་གཞུག་གོ །དེ་ཡང་བླ་མ་དེ་གང་ལ་མཉེས་པའི་ཡོ་བྱད་དེ་བཞེད་མ་ཐག་བསྲི་ཕོངས་མེད་པར་འབུལ་ལ། གཉིས་འདམ་ཡོད་ན་བཟང་ཤོས་དེ་བླ་མ་ལ་འབུལ་ལོ། །བླ་མ་དམ་པ་དེ་ལ་སྐུ་དྲིན་དང་ཆོས་ཀྱི་ཡོན་དུ་ཡོ་བྱད་ཕུལ་བས་ཡོན་ཏན་གྱི་ཚོགས་མང་དུ་ཐོབ་བོ། །ཆོས་ཀྱི་ཚིག་འབྲུ་རེའི་ཡོན་བསྐལ་པ་རེའི་བསྙེན་བཀུར་བྱས་པས་མི་རྫོགས་ན་
བླ་མ་ཉིད་ཀྱི་དྲིན་ལྟ་ཅི་སྨོས་ཏེ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་གིས་ལུང་ནོད་པ་དང་། ཁ་ཏོན་བྱ་བ་དོན་དུ་གཉེར་བས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་ལ་སོགས་པ་དང་ལྡན་པའི་ཚིགས་སུ་བཅད་པ་གཅིག་ལུང་མནོས་སམ་བླངས་པའི་སློབ་དཔོན་དེ་ལ་ཡི་གེའི་གྲངས་ཇི་སྙེད་ཡོད་པའི་བསྐལ་པར་རྙེད་པ་དང་། བཀུར་སྟི་དང་། མཆོད་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཀྱང་། ད་དུང་སློབ་དཔོན་གྱི་གུས་པ་ཡང་མ་རྫོགས་ན་ཆོས་ཀྱི་གུས་པ་ལྟ་ཅི་སྨོས་ཞེས་སོ། །ཕན་ཡོན་ཚད་མེད་པ་ཡང་། གསང་བ་བསམ་གྱིས་མི་ཁྱབ་པ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་ཤིན་ཏུ་གུས་པས་བླ་མ་ལ་བསྙེན་བཀུར་བྱའོ། །དེ་ལྟར་བྱས་ན་དགེ་བའི་ཆོས་ལས་བསམ་པ་དགེ་བ་དང་། དེ་བས་སྦྱོར་བ་དགེ་བར་འགྱུར་རོ་ཞེས་པ་དང་། སའི་སྙིང་པོའི་མདོ་ལས། བླ་མ་ལ་བསྙེན་བཀུར་བྱེད་པ་ནི་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །དེས་ཡོངས་སུ་ཟིན་པས་གཏེར་བཅུ་ཡོངས་སུ་རྙེད་པར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དྲང་པོར་སྦྱོང་བ་དང་། དེ་དེ་དག་ལ་ངེས་པར་སེམས་པ་དང་། གཟུངས་ཀྱི་སྣང་བ་དང་། སོ་སོ་ཡང་དག་པར་རིག་པ་བཞི་སྟོན་པ་དང་། བརྗོད་དུ་མེད་པ་ལ་མཁས་པར་རྟོགས་པ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་མཐོང་བ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་བསྒྲུབ་པ་ལ་མཁས་པ་དང་། སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་བ་དང་། སྒྱུ་མར་གྱུར་པའི་བསྐལ་པ་བསམ་གྱིས་མི་ཁྱབ་པར་གཞན་དོན་བསྒྲུབ་པ་ལ་མཁས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དགའ་བ་དང་པོའི་གཏེར་རོ་ཞེས་པ་ལ་སོགས་པ་དང་། ལས་རྒྱུ་འབྲས་བསྟན་པའི་མདོ་ལས། གང་གིས་ཐེག་པ་ཆེན་པོའི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་འཁོར་མང་པོ་ལ་ཡང་དག་པར་བསྒྲགས་ནས།
སེམས་ཅན་གྱི་མིག་འབྱེད་པའི་ཆོས་སྨྲ་བ་གང་དག་ལ་སྦྱིན་པ་ཡོངས་སུ་བཏང་ན་རྣམ་པར་སྨིན་པའི་འབྲས་བུ་ཚད་མེད་པ་སྙེད་ཐོབ་པར་འགྱུར་རོ་ཞེས་སོ། །མདོར་བསྡུ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། རྐྱེན་ངན་པའི་བར་ཆོད་ཐམས་ཅད་ཞི་བ་དང་། དཔལ་དང་འབྱོར་པ་ཆེ་བ་དང་། མྱུར་དུ་སངས་རྒྱས་ཐོབ་པ་ནི། མཐོང་བ་དང་། མ་མཐོང་བའི་ཆོས་ཀྱི་ཡོན་ཏན་ཏེ། བདག་གིས་ཀྱང་ཚེ་ཟད་པ་ལས། བླ་མ་དམ་པ་ཀུ་མཱ་རཱ་ཛ་ལ་འཁོར་གསུམ་དག་པས་མཆོད་པའི་ཕན་ཡོན་གྱིས་ཕྱིར་ཡང་ཚེ་འཕེལ་ཏེ། ལོངས་སྤྱོད་ཀྱི་འདུ་བ་དང་ལྡན་པར་གྱུར་ཏོ། །དེས་ན་ཚེ་འདི་ཉིད་དུ་ཡིད་ཆེས་པའི་ཕན་ཡོན་དེ་འདྲ་ན། ཚེ་རབས་གཞན་དུ་ལྟ་ཅི་སྨོས། རང་བཞིན་དུའང་སྔོན་བསྐལ་པ་བཟང་ལྡན་གྱི་དུས་ན་རྣམ་རྟོག་ཤས་ཆུང་བས། དགེ་སྡིག་དལ་གྱིས་ཚེ་གཞན་དུ་འབྲས་བུ་སྨིན་པ་གཞི་ཆེ་ལ། དེང་སང་དུས་སྙིགས་མར་རྟོག་པ་རགས་པས་ཚེ་འདི་གར་ལས་ཀྱི་མཐོང་ཆོས་དངོས་སུ་སྨིན་ལ། ཡུལ་མཆོག་ལ་བྱས་པ་ལོ་ཟླ་བས་མ་ཆོད་པར་དངོས་སུ་སྨིན་པར་མདོ་སྡེ་དག་ལས་གསུངས་པ་བཞིན་རང་གཞན་ལ་དངོས་སུ་མཐོང་བས་ཡིད་ཆེས་སོ། །ཡུལ་མཆོག་བླ་མ་དང་། མཁན་པོ་དང་། སློབ་དཔོན་དང་། ནད་པ་དང་། ཆོས་སྨྲ་བ་དང་། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་འཕགས་པ་དང་། ཕ་མ་སྟེ། དེ་རྣམས་ལ་བྱས་པའི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་གཉིས་ཀ་སྟོབས་ཆེའོ། །མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་ཀྱང་འདོན་ཏེ། དེས་ན་ཡོན་ཏན་ཚད་མེད་པ་ཉིད་རྒྱུད་སྡེར་ཞིབ་ཏུ་གསུངས་པ་ཡང་། མེ་ལྕེ་ཕྲེང་བའི་རྒྱུད་ལས། གལ་ཏེ་རྣལ་འབྱོར་བློ་ལྡན་གྱིས། །རང་ཟས་གོས་ལ་གྱོང་བསྐུར་ནས། །བླ་མ་
རྡོ་རྗེ་མཆོད་པ་ནི། །ཞིང་གི་འཁོར་ཡུག་རྒྱལ་ཁམས་ན། །དགེ་སློང་དཔག་ཏུ་མེད་པ་ལ། །སྟོན་མོ་ལན་སྟོང་བྱས་པ་བས། །ཟས་སམ་ཡང་ན་གོས་ཀྱང་རུང་། །བླ་མ་ལན་ཅིག་མཆོད་པ་བས། །བསོད་ནམས་བརྒྱ་ཕྲག་བརྗོད་མི་རྫོགས། །ཞེས་པ་དང་། རྡོ་རྗེ་རོ་ལངས་ཀྱི་རྒྱུད་ལས། གང་གིས་བླ་མ་རྡོ་རྗེ་འཆང་། །བཟའ་བཏུང་ཕུད་ཀྱིས་རྟག་ཏུ་མཆོད། །འདིར་ཡང་བཟའ་བཏུང་འཕེལ་བ་དང་། །འཁོར་ལོ་སྒྱུར་རྒྱལ་ཐོབ་པར་འགྱུར། །ཞེས་པ་དང་། རྡོ་རྗེ་བེ་ཅོན་གྱི་རྒྱུད་ལས། བློ་དང་ལྡན་པ་སུ་ཞིག་གིས། །བླ་མའི་མདུན་དུ་ཚོགས་གཏོར་ལ། །གཏན་དུ་ཆོ་ག་རྫོགས་བྱས་ན། །ལོངས་སྤྱོད་ལྡན་དང་ཚོགས་རྫོགས་དང་། །རང་གཞན་བར་ཆད་ཀུན་སེལ་ཞིང་། །འཕོས་ནས་གསང་བདག་འཁོར་དུ་སྐྱེ། །ཞེས་པ་དང་། དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་ནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་རབ་གཤིན་པོ་ལ། །ས་བོན་བཏབ་ན་རྒྱས་འཕེལ་བཞིན། །ཞེས་པ་དང་། གསང་འདུས་ལས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོད་པ་བས། བླ་མའི་བ་སྤུའི་ཁུང་བུ་ཅིག་མཆོད་པ་བསོད་ནམས་ཆེའོ་ཞེས་པ་དང་། དཔལ་འབྱུང་བའི་མདོ་ལས། དགེ་བའི་བཤེས་གཉེན་མགུ་བར་བྱས་ན་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་བོ་ཞེས་པ་དང་། བཀོད་པ་ཆེན་པོ་ལས། རྟ་དང་གླང་པོ་ནོར་གྱི་དབྱིག །རྒྱལ་སྲིད་བུ་དང་ཆུང་མ་དང་། །གསེར་དངུལ་ཟངས་ལྕགས་རིན་པོ་ཆེ། །བཟའ་བཅའ་དགའ་སྟོན་ན་བཟའ་དང་། །སྙིང་པོ་སྨན་འབྲུ་མེ་ཏོག་དང་། །ཆོས་དང་ཟང་ཟིང་ལོངས་སྤྱོད་རྣམས། །བླ་མ་མཉེས་ཕྱིར་ཡོན་དུ་འབུལ། །དེས་ནི་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོགས་མེད་འགྲུབ། །གལ་ཏེ་དེ་ལྟར་མ་འབྱོར་ན། །ཡིད་ལས་བྱུང་བའི་མཆོད་པའི་ཚོགས། །རང་གི་ལོ་གྲངས་ཙམ་ཕུལ་ན། །འདིས་ཀྱང་བསོད་ནམས་
སྔར་དང་མཚུངས། །ཞེས་པ་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། དེ་ལྟར་དངོས་གྲུབ་ལས་ཀྱི་མཐའ། །བླ་མ་བསྟེན་པ་ཉིད་ལས་བྱུང་། །གཞན་གྱི་དངོས་གྲུབ་གྲོལ་མི་འགྱུར། །དེས་ན་དངོས་གྲུབ་ཀུན་གྱི་དངོས། །གལ་ཏེ་ཙན་དན་ག་བུར་རམ། །དྲི་ཡིས་བླ་མ་མཉེས་བྱས་ན། །བསྐལ་པ་བརྒྱ་ཕྲག་དུ་མར་ནི། །སངས་རྒྱས་ཞིང་ཁམས་འབུམ་ཕྲག་ལ། །མཆོད་ལས་བསོད་ནམས་ཁྱད་པར་འཕགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །གཟུགས་སྐུ་སྟོང་ཕྲག་གཞལ་མེད་ལ། །རིན་ཆེན་ལྔ་ཡིས་སྤྲས་པ་བས། །བླ་མའི་སྐྲའམ་བ་སྤུ་ཞིག །རིན་ཆེན་ལྔ་ཡིས་བརྒྱན་པ་ན། །འདི་ནི་བསོད་ནམས་ཕ་མཐའ་ཡས། །ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བཅུག་པ་བས། །བླ་མའི་ཞལ་དུ་འབྲས་ཆན་འབྲུ། །རྡོག་མ་བདུན་དྲངས་བསོད་ནམས་ལ། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་སོ། །དེ་ལྟར་བླ་མ་མཆོད་པའི་ཕན་ཡོན་བསམས་ལ། ལུས་ལོངས་སྤྱོད་ཐམས་ཅད་ཀྱིས་མཆོད་ཅིང་བསྙེན་བཀུར་བྱའོ། །བླ་མའི་ཕྱོགས་སུ་རྫས། ཅུང་ཟད་ཕུལ་ལ་ཁེ་རྔམས་མི་སྒྲོག་ཅིང་། །གཞན་དུ་མི་བགྲང་འགྱོད་པར་ཡང་མི་བྱ། །འདི་ཕྱིའི་དོན་ཆེན་བསྒྲུབ་པའི་ཐབས་ཡིན་ཕྱིར། །ལེགས་དགུས་མཆོད་ཅིང་རྟག་ཏུ་བསྙེན་བཀུར་བྱ། །ལྷ་དང་བཅས་པའི་འཇིག་རྟེན་ན་ཡོན་ཏན་གྱི་གནས་དམ་པ་བླ་མ་ལས་ལྷག་པ་མེད་ཅིང་། དྲིན་ཆེ་བ་ཡང་གཞན་མེད་ན། དེ་ལ་ཐ་མལ་ཟང་ཟིང་གི་ནོར་རྫས་ཅུང་ཟད་ཙམ་དུ་ཕུལ་བ་ལ་ཁེ་རྔམས་དང་གྲངས་མི་བགྲང་སྟེ། དྲིན་མི་འཁོར་ཞིང་ཆོས་ཀྱི་ཡོན་ཏན་གཞལ་དུ་མེད་པའི་ཕྱིར་རོ། །སྐྱེ་བོ་ཐ་ཤལ་དག་བླ་མའི་མདུན་དུ་དངོས་སུ་དྲིན་འདྲེན་ཅིང་། ལྐོག་ཏུ་ངས་འདི་ཕུལ་ཞེས་ཡང་ཡང་གཞན་གྱི་རྩར་སྒྲོག་པར་བྱེད་ལ། དུས་གཞན་
དུ་ཕུལ་བ་ལ་འགྱོད་པ་འབྱུང་བས། དེ་ལྟར་མི་བྱ་བར་གདམས་ཏེ། དགེ་བ་ཡང་བགྲངས་ན་འཛད། འགྱོད་པ་སྐྱེས་ན་འཛད་ཅེས་མདོ་ལས་གསུངས་པ་ཡིན་ནོ། །གཞན་ཡང་བླ་མ་དམ་པ་དེ་འཁོར་བའི་རྒུད་པ་སེལ་ཞིང་། སངས་རྒྱས་ཀྱི་འབྱོར་པ་ཐོབ་པར་བྱེད་པ་བླ་ན་མེད་པའི་ཆོས་རིན་པོ་ཆེ་སྟོན་ཅིང་། སེམས་ཉིད་སངས་རྒྱས་སུ་ངོ་སྤྲོད་པའི་དྲིན་མི་འདྲེན་པར། ཁོའི་ཟང་ཟིང་ཅུང་ཟད་ཀྱི་དྲིན་དྲངས་པར་མི་འོས་ལ། གཅིག་ཏུ་ན་རང་གི་དགེ་བ་སྤེལ་བའི་ཕྱིར་ཕུལ་ན་ལེན་མཁན་དྲིན་ཆེའི། ནན་གྱིས་ཕུལ་ཅིག་ཅེས་མ་བྱས་པས་ཀྱང་དྲིན་དྲང་དུ་ཅི་ཡོད། དེས་ན་བཀའ་དྲིན་བསམས་ལ། ཚེ་འདི་དང་ཕྱི་མའི་བདེ་ལེགས་སྒྲུབ་ཅིང་ལམ་རྒྱགས་བསགས་པའི་ཕྱིར། རང་ལ་ཅི་ཡོད་ཀྱི་ལེགས་དགུ་ཐམས་ཅད་ཀྱིས་བླ་མ་མཆོད་ཅིང་། བསྙེན་བཀུར་བར་བྱ་བ་ལ་སྐྱོ་བ་མེད་པས་བརྩོན་པར་བྱ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་དྲིན་དུ་གཟོ་བས་བསྙེན་བཀུར་བ་ལ་འབད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ཆོས་ཐམས་ཅད་ནི། དེའི་ལག་ན་འདུག་པའི་ཕྱིར་རོ་ཞེས་པ་དང་། ཡེ་ཤེས་དྲི་མེད་ལས། མཛོད་ལྡན་བླ་མའི་ཕྱོགས་དག་ཏུ། །བཀུར་སྟི་རིམ་གྲོ་སུས་བྱས་པ། །ཡོངས་སུ་སྒྲོག་དང་བགྲང་མི་བྱ། །གལ་ཏེ་དེ་ལྟར་སུ་བྱེད་པ། །འབྲས་བུ་མེད་ཅིང་བརླག་པར་གྱུར། །ཞེས་སོ། །དེ་ལྟར་ཕྱི་ཡོ་བྱད་ཀྱིས་མཉེས་པར་བྱས་པ་དེའི་འོག་ཏུ། ནང་སྒོ་གསུམ་གུས་པའི། སྤྱོད་ལམ་མཆོག་གིས་མཉེས་པར་བྱ་བ་ཡང་། །ལུས་ཀྱིས་ཕྱག་དང་བསྐོར་བ་མཆོད་པ་འབུལ། །བར་ཆད་བསྲུང་དང་མངགས་གཞུག་གཡོག་བྱ་དང་། །ལྡང་དང་སྟན་འདིང་བཀུར་སྟི་སྣ་ཚོགས་བྱ། །འདི་ལྟར་བླ་མ་མཆོད་ཅིང་ཞབས་འབྲིང་བྱ་བ་ཡང་། ཐ་མ་ཟང་ཟིང་འབུལ་བ། འབྲིང་ལུས་ངག་བཀོལ་བ། རབ་སྒྲུབ་པས་མཉེས་པ་དང་གསུམ་ཡིན་ཏེ། ཟང་ཟིང་གིས་ནི་འཇིག་རྟེན་པའི་དགའ་བ་ཙམ་
སྒྲུབ་པ་དང་། བཏང་བར་བྱ་སླ་བའི་ཕྱིར་རོ། །དེ་བས་ལུས་ངག་མཆོག་སྟེ་འདི་ལྟར་འཇིག་རྟེན་ན་གཅེས་པ་སྲོག་ཡིན་པར་གྲགས་ལ། ལུས་སྲོག་ཕངས་པ་མེད་པར་གཏོང་ནུས་པ་ནི་ཤིན་ཏུ་བྱ་དཀའ་བའི་ཕྱིར་རོ། །དེ་བས་སྒྲུབ་པ་སྙིང་པོར་བྱེད་པ་མཆོག་སྟེ། བླ་མ་བསྟེན་པའི་དགོས་པ་ཡང་དེ་ཡིན་ཏེ། གོང་མ་རྣམས་ཀྱི་མཛད་པ་ཡང་དེ་ཡིན་ལ། ལམ་གྱི་དགོས་པའང་དེར་ཐུག་པའི་ཕྱིར་དང་། སྣ་གཅིག་ཏུ་ལུས་སྲོག་གཏོང་ནུས་པས་ཀྱང་སྒྲུབ་ནུས་པ་དཀོན་པར་རབ་ཏུ་གཞག་གོ །དེ་ལ་སྐབས་འདིར་སྒོ་གསུམ་གྱིས་མཉེས་པར་བྱ་བའི་དང་པོ། ལུས་ཀྱི་སྒོ་ནས་བསྟེན་བྱ་དང་། སྤང་བྱ་སྤོང་བ་གཉིས་ལས། བསྟེན་བྱ་མཉེས་པར་བྱ་བ་ནི། དད་གུས་ལྟེམ་རྐྱང་མེད་པས། ཐར་པ་ལ་དམིགས་ཏེ་བསྙེན་བཀུར་དང་། སྲི་ཞུ་བྱ་བ་ལས། བླ་མའི་ཕྱོགས་སུ་རང་གི་ལུས་བཀོལ་བས། ཕྱག་འཚལ་བ་དང་། བསྐོར་བ་བྱ་བ་དང་། སྤོས་དང་མེ་ཏོག་མར་མེ་ལ་སོགས་པ་ཕྱི་དང་། ཕུད་དང་ཤ་འབའ་ལ་གསང་སྦྱར་ལ་སོགས་པ་ནང་དང་། རྟོགས་པ་ཏིང་ངེ་འཛིན་ཤེས་རབ་ལ་སོགས་པ་གསང་བའི་མཆོད་པ་བཞུགས་དུས་སམ། སྐུ་འདས་པའི་རྗེས་ལའང་། ཚེས་གྲངས་གང་ལ་ཐུགས་འཕོས་པ་དེའི་ཉིན་མཚན་ལ་མཆོད་པ་དང་། སྐྱེ་བོ་ལ་སྦྱིན་པ་བྱ་བ་ལ་སོགས་གུས་པར་བཀའ་དྲིན་དྲན་པས་བྱ་བ་དང་། བླ་མ་ལ་མེ་ཆུ་གཡང་དང་གཅན་གཟན་ནམ་དགྲའི་བར་ཆད་བསྲུང་བ་དང་། བླ་མའི་བྱ་བ་ལ་ཡུལ་ཐ་དད་པར་བང་ཆེན་གྱི་མངག་གཞུག་བྱ་བ་དང་། འཕྲལ་ཉེ་བར་མཁོ་བའི་གཡོག་གང་དགོས་སུ་བྱ་བ་དང་། བཞུགས་སར་སྟན་འདིང་བ་དང་། གཤེགས་སར་ཞབས་འབྲིང་བྱ་བ་དང་། ལམ་ཕྱགས་པ་དང་། རང་གི་གོས་སམ་དར་ལམ་ལ་སོགས་པ་བྱ་བ་དང་།
སྤོས་ཀྱིས་བསུ་ཞིང་བསྐྱལ་བ་དང་། དྲིས་ཆག་ཆག་བྱ་བ་དང་། གཟིམས་ཁང་ལ་སོགས་པའི་ཉེ་འཁོར་དུ་ཕྱགས་དར་བྱ་བ་དང་། མཎྜལ་འབུལ་བ་དང་། རྟ་དང་འདོ་ལི་ལ་སོགས་པའི་བཞོན་པ་འབུལ་བས་བསུ་ཞིང་བསྐྱལ་བ་དང་། བླ་མ་ལ་མཐོང་ཕྱག་འཚལ་ཞིང་བྱིན་རླབས་ཞུ་བ་དང་། ལྡང་བ་དང་ཐལ་མོ་སྦྱར་བ་ལ་སོགས་པ་བྱའོ། །བླ་མ་ལ་ཇི་ལྟར་བྱ་བ་དང་མཐུན་པར་ཡུམ་ཡོད་ན་དེ་ཡང་བཀུར་བ་དང་། ཉེ་འཁོར་ན་ཞབས་འབྲིང་བྱེད་པ་དང་། ཐུགས་ཀྱིས་གཅེས་པར་བཟུང་བ་དག་ལ་ཡང་དེ་ལྟར་བྱ་དགོས་ཏེ། བླ་མའི་སྡུག་པའང་བླ་མ་བཞིན། །ཞེས་བསྟན་པའི་ཕྱིར་རོ། །རང་བཞིན་དུ་བླ་མ་མཉེས་པར་བྱས་ཀྱང་། ཉེ་འཁོར་བ་སུན་ཕྱུང་ན་དེས་དབྱེན་བཅོས་ཏེ། ཕུགས་སུ་བླ་མ་མི་མཉེས་པ་འབྱུང་སྲིད་པས་ཀྱང་དྲིན་དུ་གཟོ་ལ་སེམས་གཟུང་ངོ་། །གཅིག་ཏུ་ན་བླ་མའི་ཞབས་ཏོག་སློབ་མ་ཀུན་གྱིས་བྱ་དགོས་པ་ལས། དེས་ཁུར་དུ་བླངས་པ་དེས་བདག་ཅག་གཞན་གྱིས་བྱ་མ་དགོས་པར་གྱུར་པས་ཀྱང་དྲིན་དུ་གཟོ་ལ་སེམས་བཟུང་ངོ་། །ཡང་གཅིག་ཏུ་ན་རྒྱལ་པོའི་ཉེ་འཁོར་བ་ནི་ཀུན་གྱིས་འཁུར་དགོས་པ་ལྟར། བླ་མའི་ཉེ་གནས་ལ་སོགས་པའང་སེམས་མི་དཀྲུགས་པར་བཀུར་བ་ལ་འབད་པར་བྱའོ། །གཞན་ཡང་རང་གི་བྱ་བ་གང་བྱེད་པའི་སྔོན་དུ་བླ་མ་ལ་ཞུས་ཏེ་བྱའོ། །དེས་ནི་ལེགས་པ་སྟོན་ཅིང་ཉེས་པ་ཐམས་ཅད་འགོག་པ་ཡིན་ནོ། །ཁྱད་པར་དུ་ཆོས་བཤད་པ་དང་། དབང་བསྐུར་བ་བྱེད་པ་ནའང་ཞུས་ལ་རྗེས་སུ་གནང་ན་བྱའོ། །མི་གནང་བ་སྲིད་དམ་ཞེ་ན་སྲིད་དེ། གཞན་དོན་བྱ་མ་རན་པ་བདུད་ལས་ཡིན་པས་འགོག་པའི་ཕྱིར་རོ། །རང་ཉིད་ཉལ་བའི་སྔས་ཀྱང་བླ་མ་བཞུགས་པའི་ཕྱོགས་སུ་སྟོན་པ་དང་། བཟའ་བཏུང་ཅི་ཟ་བ་ན་བླ་མ་དྲན་པས་ཕུད་འབུལ་བ་དང་།
བྱ་བ་གང་བྱེད་ཀྱང་བླ་མས་གསུང་འབྱོན་པ་ཡིན་ནམ་སྙམ་ནས། ཤེས་བཞིན་གྱིས་དོན་བསྒྲུབ་པ་ལ་འབད་པར་བྱའོ། །མདོར་ན་དུས་རྟག་ཏུ་བླ་མ་ལ་གདུང་བའི་སྲི་ཞུས་གནས་པར་བྱའོ། །འདི་དག་གི་དོན་ལུང་དང་སྦྱར་ཏེ་བཤད་ན། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལས། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བའི་དྲུང་དུ་སོང་ལ། སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་ཀྱིས་བསྙེན་བཀུར་བྱ་བ་ཐམས་ཅད་བྱ་ཞིང་རྗེས་སུ་འབྲང་ངོ་། །ཐ་ན་ཆོས་ཉན་པ་ཙམ་གྱི་ཕྱིར་ཡང་ཇི་སྲིད་འཚོའི་བར་དུ་འབྲང་དགོས་ན། ལུང་ནོད་པ་དང་། འབྲི་བ་དང་། བསྒོམ་པའི་ཕྱིར་ལྟ་ཅི་སྨོས་ཏེ། དུས་ཐམས་ཅད་དུ་རང་ཉམས་བཏང་སྟེ། དགེ་བའི་བཤེས་གཉེན་དེའི་བློ་བཞིན་དུ་འཇུག་པར་བྱའོ་ཞེས་པ་དང་། སྡོང་པོ་བཀོད་པ་ལས། ཡང་ཚོང་དཔོན་གྱི་བུ་ནོར་བཟང་བྱང་ཆུབ་ཆེན་པོར་མོས་ཤིང་བརྩོན་འགྲུས་བརྩམས་པས། དགེ་བའི་བཤེས་གཉེན་འཕགས་པ་འཇམ་དཔལ་གྱི་ཕྱི་བཞིན་དུ་འབྲངས་ནས་བསྟོད་པ་བྱས་པ་ན། འཇམ་དཔལ་གྱིས་བཀའ་སྩལ་པ། བླ་མ་དང་འགྲོགས་ཤིང་རིམ་གྲོ་བྱེད་པ་ནི་བྱང་ཆུབ་ཆེན་པོ་འགྲུབ་པའི་གཞི་ཡིན་གྱིས། དེ་བསྟེན་ཅིང་འགྲོགས་པས་མི་སྐྱོ་བར་བྱའོ་ཞེས་པ་དང་། དམ་ཚིག་མཆོག་གི་རྒྱུད་ལས། ལུས་དང་ངག་དང་ཡིད་སྟོབས་ཀྱིས། །ཅི་ནུས་པ་ཡིས་བླ་མ་ལ། །བསྙེན་བཀུར་སྲི་ཞུ་སུས་བྱས་པ། །འདི་ལ་མཐུ་དང་ནུས་པའི་ཚོགས། །བྱིན་རླབས་ཐོགས་པ་མེད་པ་འབྱུང་། །ཞེས་གསུངས་པས། སྤྱོད་ལམ་གཟབ་ལ་གུས་པས་མཉེས་པར་བྱ་བའི་ཐབས་ལ་འབད་དོ། །དོར་བྱའི་སྤྱོད་ལམ་འགལ་བ་སྤངས་ཏེ་མཉེས་པར་བྱ་བ་ནི། ཚུལ་དང་མི་མཐུན་པས། སྤང་བྱའི་སྤྱོད་ལམ་མ་གུས་བག་མེད་ནི། །འབྲུ་ཚུགས་བལྟ་དང་བཞིན་གཉེར་ཐལ་མོ་རྡེབ། །རྒྱབ་
ཟུར་སྟོན་དང་རྐང་ལག་རྐྱོང་བ་དང་། །ཉལ་འཕྲེས་འཐབ་འཛིངས་རྩེད་འཇོ་འཇོ་སྒེག་བྱེད། །བླ་མ་བཀུར་བ་མི་ཤེས་པས། སྐྱེས་བུ་དམ་པ་དང་འགྲོགས་པ་ན་ཚོད་ཡོད་དང་བག་མེད་ཀྱི་སྤྱོད་པ་སེམས་ཉེ་བར་མ་ཞི་བས་བསྐྱེད་པ་སྣ་ཚོགས་སྤྱོད་པ་ལ། ཆོས་ཉན་པའམ་དུས་གཞན་དུའང་རུང་སྟེ། སྡང་བའམ། ཅོ་འདྲི་བའམ། གཟུགས་བརྙན་རྟོག་པས་མིག་བགྲད་ནས་བལྟ་བ་སྟེ། ལན་ཆགས་མ་འཁོར་བ་ལྟར་མིག་བགྲད་ནས་འབུར་ཚུགས་སྡུད་མི་ཤེས་པར་བླ་མ་ལ་བལྟ་བ་དང་། དྲུང་དུ་ཐལ་རྡེབ་དང་སེ་གོལ་གྱི་སྒྲ་རྡེབ་པ་དང་། རྒྱབ་སྟོན་པ་དང་། ཟུར་གྱིས་འདུག་པ་དང་། རྐང་ལག་རྐྱོང་ནས་འདུག་པ་དང་། ཉལ་བ་དང་། གློས་ཕབ་སྟེ་གཞོགས་འཕྲེས་ནས་གཤོལ་གུག་ལྟར་སྡོད་པ་དང་། གཅིག་ལ་གཅིག་འཐབ་པ་དང་། ཀུ་རེ་དང་རྩེད་མོ་ཙམ་དུའང་། འཛིངས་ཤིང་སྟེང་ནས་བརྟེག་སྟངས་སམ། ཐལ་མོ་ལ་སོགས་པས་རྡེག་པ་དང་། རྩེད་དགོད་མ་ཞི་བས་ག་ཞ་བྱེད་པ་དང་། གོས་ལ་སོགས་པའི་འཇོལ་སྒེག་བྱེད་པ་དང་། གཞན་ཡང་། མཆིལ་སྣབས་འདོར་དང་གྲིབ་མ་འགོང་བ་དང་། །བཞུད་ཚེ་མ་གནང་མདུན་འགྲོས་ཞབས་རྗེས་བརྫི། །ལྷྭམ་སྟན་བཞོན་པ་ནོར་རྫས་སྤྱོད་པ་དང་། །སྐུ་ལ་ཚད་གཞལ་ན་བཟའ་བཞུགས་གདན་འགོང་། །མ་གུས་མི་ཤེས་ཉེས་དེ་སྤང་བར་བྱ། །བླ་མ་བཞུགས་པའི་གཙང་ཁང་དང་། དྲུང་དངོས་སུ་མཆིལ་མ་དང་། སྣབས་ལུད་དང་། ངན་སྐྱུགས་དང་། འཆག་པ་ཆེ་ཆུང་བྱ་བ་རྣམས་སྤང་ཞིང་། འཆག་ཁང་ལྟ་བུ་གཅིག་ལ་སྤྱོད་ལམ་གཅིག་ཏུ་མི་བྱ་བ་དང་། སྐུའི་གྲིབ་མ་ལ་འགོང་བ་བསྲུང་བ་དང་། བཞུད་དུས་མ་གནང་བར་མདུན་ནས་འགྲོ་བ་དང་། གཡས་ཟུར་ནས་འགྲོ་བ་དང་། སླད་བཞིན་དུ་ཞབས་རྗེས་བརྫི་བས་འགྲོ་བར་མི་བྱའོ། །གཡས་ཟུར་ནི་
གྲལ་མགོ་ཡིན་པས་དེ་ནས་འགྲོ་བ་བཀག་ལ། མདུན་ནས་ནི་འགྲོ་བའི་ཐོག་མ་ཡིན་པ་ཉིད་ཀྱིས་བཀག་གོ །རྒྱབ་ནི་ཞབས་རྗེས་བརྫིས་པའི་ཉེས་པར་འགྱུར་བས་བཀག་སྟེ། གཡོན་ནས་འགྲོ་རུང་ངོ་། །གནང་ན་གང་ལའང་ཉེས་པ་མེད་པས། འགྲོ་དུས་གནང་བ་ཞུ་བར་བྱའོ། །བླ་མའི་མཆིལ་ལྷྭམ་དང་། ན་བཟའ་དང་། བཞུགས་སྟན་དང་། རྫས་གཞན་ནོར་རྫས་དང་བཞོན་པ་དང་། གཟིམས་ཆུང་དང་། གསོལ་སྡེར་དང་། གསོལ་ཞལ་དང་། ཕྱག་དཔེ་ལ་སོགས་པ་རྣམས་ཀྱང་མ་གནང་བར་མི་སྤྱད་པ་དང་། བླ་མའི་སྐུ་ལ་དབྱུག་པ་རིང་ཐུང་གིས་གཞལ་བའམ། མཐོས་གཞལ་བ་དང་། ཀ་བ་ལྟ་བུ་ལ་འདི་དང་མཉམ་ཞེས་གཞལ་བ་དང་། རང་གི་དཔུང་པ་མཉམ་སྟེ་བསྡུར་ནས་གཞལ་བ་ལ་སོགས་པས་དཔག་པར་མི་བྱ་སྟེ། བླ་མ་སངས་རྒྱས་སུ་བལྟ་ན། སངས་རྒྱས་ཀྱི་སྐུ་ལ་སྤྱི་གཙུག་བལྟར་མི་མངོན་པས། དེའི་ཚད་བཟུང་བའི་ཆའི་ཉེས་པ་ཡོད་པ་དཀོན་མཆོག་བརྩེགས་པ་ལས་འབྱུང་བ་བཞིན་ནོ། །ན་བཟའ་དང་བཞུགས་སྟན་ལ་འགོང་བ་དང་། དྲུང་དུ་སྐྱིལ་ཀྲུང་དང་སྒེག་ཆོས་ཀྱིས་འདུག་པ་དང་། ཆེ་ཚུལ་གྱིས་གྱོང་རེངས་སུ་འདུག་པ་དང་། ཟས་ལ་སོགས་པ་སྤྱོད་དུས་ཕུད་ཀྱིས་མི་མཆོད་པ་ལ་སོགས་ཉེས་པ་སྣ་ཚོགས་ལ་ཉེས་པར་མ་ཤེས་པས་མཉམ་འགྲོགས་སུ་འགྱུར་རམ། ཤེས་ཀྱང་དྲེགས་པས་མ་གུས་པར་བྱེད་པ་ནི། སླར་ལ་འབུམ་འགྱུར་གྱིས་ལྕི་བས་སྤང་བར་བྱའོ། །དེའང་དང་པོ་བརྟགས་ནས་བླ་མར་གཟུང་ངོ་། །དེ་ནས་བཟུང་ཕན་ཆོད་ངན་ཡང་བླ་མ་དམ་པ་བཞིན་བཀུར་དགོས་ཏེ། དགོངས་འདུས་ལས། བླ་མ་མཆོག་ཏུ་བཀུར་བྱ་སྟེ། །དམ་པར་གྱུར་པ་མ་ཡིན་ཡང་། །དམ་པ་མཆོག་བཞིན་ཕུ་དུད་བྱ། །གལ་ཏེ་བརྙས་ཤིང་ཁྱད་བསད་ན། །ཐུར་དུ་བལྟས་ནས་དམྱལ་བར་འཚོད། །ཅེས་སོ། །
དེ་ཡང་ཡོན་ཏན་ལ་བསམས་ཏེ་བཀུར་བས་གང་ལའང་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་རོ། །ཕལ་པ་བླ་མར་བཟུང་ཡང་གུས་པར་བྱ་ན། དམ་པ་རྣམས་ལ་གྲོགས་སུན་མ་ཁྱེར་བར་གསར་འགྲོགས་ལྟ་བུས་རྟག་ཏུ་གུས་པ་དང་བསྙེན་བཀུར་བྱའོ། །འདིར་ཡང་སྤྱོད་ལམ་མ་གུས་པའི་རང་བཞིན་ལས་སྒྲིབ་པར་འགྱུར་བ་ལུང་གིས་རྟོགས་པར་བྱ་སྟེ། རྣལ་འབྱོར་མ་དམ་པའི་རྒྱུད་ལས། དབུ་སྔས་ལ་སོགས་འགོམ་པ་ན། །ཤལ་མ་རི་ལ་འཛེག་པར་འགྱུར། །བླ་མའི་སྐུ་ལ་མཐོས་གཞལ་ན། །མི་དེ་མདུང་ཐུང་སུམ་བརྒྱས་འབིགས། །ཞེས་པ་དང་། མཁའ་འགྲོ་མ་གསང་བའི་རྒྱུད་ལས། བླ་མའི་མཇུག་ནས་མི་འོང་ཞིང་། །ཞབས་ཀྱི་རྗེས་ལ་མནན་མི་བྱ། །བླ་མའི་མདུན་ལ་འགྲོ་མི་བྱ། །གཞན་གྱིས་ཁྲེལ་ལྟས་རྒྱབ་ཕྱོགས་པས། །སྒྲོ་སྐུར་སྡིག་པའི་ལས་སུ་འགྲོ། །བླ་མའི་གཡས་ཕྱོགས་བཞུད་མི་བྱ། །ཕལ་པ་འགྲོ་ལ་དགའ་བ་ཡིས། །བླ་མ་བཏེགས་ཕྱོགས་གཡོན་ནས་འགྲོ། །ཞེས་པ་དང་། གཙུག་ཏོར་འཁོར་ལོས་སྒྱུར་བ་ལས། བདེན་པའི་དོན་སྟོན་བླ་མ་ཡི། །དབུ་ཡི་གྲིབ་མ་སོགས་འགོམ་པས། །ཡང་དག་སྤངས་ནས་དམྱལ་བར་ལྟུང་། །ཞེས་གསུངས་པ་རྣམས་བསམས་ལ། བག་མ་གསར་བ་འོང་མ་ཐག་འདྲ་བའི་བག་ཟོན་གྱིས། སྤྱོད་ལམ་མ་དག་པ་རྣམས་སྤངས་ལ་གུས་པར་བྱའོ། །ལུས་ཇི་ལྟ་བར། ངག་ལའང་བླང་དོར་གཉིས་ལས། ཉམས་སུ་བླང་བྱ་གུས་པའི་སྒོ་ནས་སྲི་ཞུ་དང་བཅས་པར་གདམས་པ་ནི། ངག་ཀྱང་སྙན་པས་བསྟོད་དང་སྐྱབས་སུ་འགྲོ། །ཚིག་འཇམ་སྙན་པས་ཞེ་ས་རིམ་གྲོར་བཅས། །གསུང་བཞིན་སྒྲུབ་ཅིང་ཅི་གསུངས་ལེགས་ཞེས་བརྗོད། །གཞན་ལའང་བླ་མའི་ཡོན་ཏན་བརྗོད་བྱ་ཞིང་། །དབྱངས་སྙན་དད་དང་བཅས་པས་གསོལ་བ་གདབ། །ཡིད་རབ་ཏུ་གུས་པས་ཀུན་ནས་བླངས་པའི་
ངག་གིས། བླ་མ་ལ་བསྟོད་པ་དང་། སྐྱབས་སུ་འགྲོ་བ་དང་། བླ་མ་དང་འབྲེལ་བ་ཐམས་ཅད་ལ་ཞེ་སས་ཟིན་པར་བྱས་ལ། དངོས་སམ་ལྐོག་ནའང་བླ་མ་དམ་པའི་གསུང་གི་གཅེས་པ་ལ་སོགས་བརྗོད་ཅིང་། གསུང་སྒྲོས་དོན་དང་ལྡན་པ་བཟུང་ནས་མ་བརྗེད་པར་སྒྲོགས་པ་ནི་གསུང་གི་རིམ་གྲོའོ། །གལ་ཏེ་གསུང་སྒྲོས་ཅུང་ཟད་ཉམས་པ་སྲིད་ན། བདག་གིས་འདིའི་དགོངས་པ་ཇི་བཞིན་པ་མ་ལོན་ཏེ། སྒྲ་ཇི་ལྟ་བ་འདི་ནི་འགལ་བ་ལྟར་སྣང་བ་རང་གི་བློའི་སྐྱོན་ཡིན་ནོ་སྙམ་དུ་བསམ་ལ། བླ་མའི་ཆོས་ཀྱི་སྒྲོས་སམ། འཇིག་རྟེན་གྱི་སྒྲོས་ནོར་བ་ལྟ་བུའང་རང་གིས་མ་རྟོགས་པ་ཉིད་དུ་སེམས་པར་བྱའོ། །གཞན་འདྲི་ནའང་དགོངས་པ་ཅན་དེ་ནི་བདག་གིས་ཁོང་དུ་མ་ཆུད་ཅེས་ལན་གདབ་བོ། །བླ་མའི་དེ་མ་ཡིན་ཅེས་བརྗོད་པ་དང་བསམ་པ་སྐད་ཅིག་ཀྱང་མི་བྱ་སྟེ། སངས་རྒྱས་ཀྱི་གསུང་ལ་སྐུར་པ་བཏབ་པ་བས་ཀྱང་སྡིག་ཆེའོ། །དེས་ན་བླ་མས་ཅི་གསུངས་པ་དེ་སྒྲུབ་ལ། བྱ་བ་གང་ཞིག་ཉེས་པར་མངོན་ནའང་། དང་པོ་གསུང་སྣ་ཁྲིད་ལ། མགོ་བརྩམས་པའི་འོག་ཏུ་ཁེ་ཉེན་དང་ལེགས་ཉེས་བརྗོད་པས་ཐུགས་དགོངས་རྟོགས་པར་ངེས་སོ། །ཅི་གསུང་བ་དག་ལ་ལེགས་སོ་སྙམ་དུ་ཡོན་ཏན་ནས་བསམ་ཞིང་རྗེས་སུ་ཡི་རང་བས་མངོན་པར་བསྟོད་དོ། །རྒྱུས་མེད་པའམ་ཡོད་ཀྱང་རྒྱུས་ཆུང་བ་དག་དང་། ཡུལ་གཞན་དུ་སོང་དུས་རང་གི་བླ་མའི་ཡོན་ཏན་ངེས་པ་རྣམས་བརྗོད་ཅིང་། ཐུན་བཞིའམ་རྟག་ཏུ་བླ་མ་དྲན་པས་གསོལ་བ་འདེབས་པའང་སྐད་སྙན་ཤོས་ཀྱིས་བྱའོ། །གཞན་ཡང་ངག་གིས་བསྟོད་པ་དང་ཚིག་སྙན་པ་དང་། འཇམ་པ་དང་། གདོང་མི་བཟློག་པ་དང་། གསོང་པོར་སྨྲ་བ་དང་། གཞན་ངག་ཏུའང་ཡོན་ཏན་བརྗོད་པ་དང་། ཅི་གསུངས་པ་གུས་པས་སྒྲུབ་པའི་ལན་སྙན་པོ་འབུལ་བ་དང་། ཁ་གླལ་བ་
དང་། སྦྲིད་པ་བྱུང་བའི་ཚེ་ཁ་དགབ་པ་དང་། གང་ཅི་བྱེད་ཀྱང་གསུང་གིས་གནང་བ་ཞུ་བ་དང་། དགེ་བ་ལ་སྦྱོར་བའི་ཐོག་མར་བླ་མ་དྲན་པས་བསྟོད་པ་དང་། གསོལ་བ་གདབ་པར་བྱའོ། །ཇི་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། རིམ་གྲོར་བྱས་ཏེ་སྟན་ལ་བསྡད་དོ། །བསྔགས་པ་བརྗོད་དོ། །ལེགས་སོ་འབུལ་ལོ་ཞེས་པ་དང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས་ཀྱང་། གུས་པ་དང་། ཞེ་ས་དང་། བཀའ་བཞིན་བྱེད་པ་དང་། གསུང་མི་གཅོག་པ་དང་། མཛད་པ་མི་བརྟག་པ་དང་། ངོ་མི་རྟགས་པ་དང་ཉེས་པར་བལྟ་བ་མེད་པར་ཕྱི་བཞིན་དུ་འབྲང་བར་བྱའོ་ཞེས་སོ། །ངག་གི་ཉེས་པ་སྤང་བར་གདམས་པ་ནི། ངག་གི་མི་དགེ་སྣ་ཚོགས་སྤང་བར་བྱ། །བླ་མའི་དྲུང་དུ་རྫུན་དང་ཕྲ་མ་དང་། །ཚིག་རྩུབ་ཅ་ཅོ་ངག་འཁྱལ་བྲེ་མོའི་གཏམ། །བཀའ་གཅོག་གདོང་ཟློག་ཞེ་གཅོད་ལྐོག་ནས་གཤེ། ཅོ་འདྲི་ལ་སོགས་ངག་གི་སྒྲིབ་པ་སྤང་། །དེ་ཡང་སྤྱིར་ངག་གི་མི་དགེ་བ་ཡུལ་དང་གང་ཟག་ཐམས་ཅད་ཀྱི་སར་མི་བྱ་ལ། བྱེ་བྲག་ཏུ་བླ་མའི་དྲུང་དུ་བརྫུན་དུ་སྨྲ་བ་དང་། དབྱེན་བཅུག་ཕྲ་མ་དང་། ཚིག་རྩུབ་མོ་དང་། ཅ་ཅོའི་སྒྲ་དང་། བྲེ་མོའི་གཏམ་དང་། བཀའ་གཅོག་པའི་ཚིག་དང་། གདོང་ཟློག་པའི་ཚིག་དང་། ཞེ་གཅོད་པའི་ཚིག་དང་། ལྐོག་ནས་ངན་དུ་སྨྲ་བའི་ཚིག་དང་། ཅོ་འདྲི་བའི་ཅི་ཟེར་ལྟ་བའི་ཚིག་དང་། སྤྱན་ལན་འདོན་པ་དང་། ཁྱོད་ལས་ང་བཟང་སྨྲ་བ་རྣམས་སྤང་བར་བྱའོ། །དེ་ཡང་དུས་གཞན་དུ་བརྒྱ་སྟོང་བརྗོད་པ་ལས། བླ་མའི་དྲུང་དུ་ལན་གཅིག་བརྗོད་པ་སྡིག་སྒྲིབ་ཆེ་བའི་ཕྱིར་རོ། །འཕགས་པ་ཡོན་ཏན་བཀོད་པའི་མདོ་ལས། བདུད་ཀྱིི་ལས་བཞི་སྟེ། བླ་མ་ལ་མི་གུས་པ་དང་། ཆོས་ཡིད་ལ་མི་བྱེད་པ་དང་། ཁེངས་པའི་ཚིག་སྨྲ་བ་དང་། ཚེ་འདི་ལ་སེམས་པའོ་ཞེས་པ་དང་། མཁའ་འགྲོ་གསང་བའི་རྒྱུད་ལས། བླ་མ་སངས་རྒྱས་རང་བཞིན་ལ། །ལྐོག་ནས་འཆལ་གཏམ་ཆེར་སྨྲ་བ། །
བསྡུས་འཇོམས་སུ་འཇོམས་མགུལ་བ་འགག །ཅེས་པ་དང་། རྒྱབ་ཀྱི་བླུན་རྨོངས་ཞེས་སྨྲ་བ། །བྱང་ཆུབ་ལམ་དང་འཕྲད་མི་སྲིད། །ཅེས་པ་དང་། རྒྱན་དམ་པ་ལས། ངག་ཚིག་བརླང་པོས་ཞེ་འགེངས་པ། །བསྐལ་པ་སྟོང་ཕྲག་དམྱལ་བར་ལྟུང་། །རྡོ་རྗེ་སློབ་དཔོན་དམ་པ་ཡི། །ཟབ་མོའི་ཚིག་ལ་སྒྲོ་སྐུར་བ། །མནར་མེད་གནས་སུ་ལྟུང་བར་འགྱུར། །ཞེས་པ་དང་། གསང་བ་ཀུན་སྙོམས་ཀྱི་རྒྱུད་ལས། བླ་མ་མཆོག་ལས་རང་ཉིད་ནི། །ཆེས་མཆོག་རློམ་སེམས་སྨྲ་བ་ནི། །བསྐལ་པ་སྟོང་ཕྲག་དུ་མ་རུ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་པ་དང་། གསང་བ་རོལ་པ་ལས། ལྐོག་འཕྱས་སྨྲ་བར་གང་བྱེད་པ། །རྡོ་རྗེ་དམྱལ་བ་ཉིད་དུ་འཚེད། །ཀུ་རེ་ཙམ་དུའང་སྨོད་མི་བྱ། །ངག་གི་ཉེས་བྱས་ཡང་དག་བསྡམ། །ཞེས་སོ། །སེམས་ཀྱི་སྒོ་ནས་ཀྱང་གུས་པས་བསྒྲུབ་པ་དང་། ཕྱིན་ཅི་ལོག་ཏུ་སེམས་པ་དོར་བ་གཉིས་ལས། དང་པོ་ནི། ཡིད་ཀྱིས་བླ་མའི་ཡོན་ཏན་དྲན་བྱ་ཞིང་། །དད་གུས་ཆེན་པོས་འཕྲད་དཀའི་བློ་སྐྱེད་ལ། །རྗེས་གཟུང་འགྲོ་བ་གཞན་ལའང་གུས་པར་བྱ། །མཆོག་ཏུ་དད་པའི་ཡིད་ཀྱིས་བླ་མའི་ཡོན་ཏན་དྲན་པར་བྱས་ལ། འཕྲད་པར་དཀའ་བའི་བློས་དད་གུས་བསྐྱེད་ལ་བསྟེན་པར་བྱའོ། །དེའང་དཀོན་མཆོག་བཞི་པར་བལྟ་བས་སངས་རྒྱས་དང་མཉམ་པའམ། ལྷག་པར་མོས་པས། མཚན་ཐོས་པ་དང་། ཞལ་མཐོང་བ་དང་། སྨོན་ལམ་གྱིས་མཇལ་བ་དང་། བཙལ་བས་རྙེད་པ་དང་། གསུང་ཐོས་པ་དང་། སྤྱི་བོར་ཕྱག་གིས་རེག་པ་ཙམ་ལའང་དགའ་བ་ཆེན་པོ་བསྐྱེད་དེ། བདག་ལྟ་བུས་དགེ་བའི་བཤེས་གཉེན་དམ་པ་འདི་ལྟ་བུ་ལ་དངོས་སུ་འཕྲད་དུ་ཡོད་པ་རེ་དགའ་སྙམ་དུ་རྙེད་པར་དཀའ་བ་བློས་བསམས་ལ། ཐབས་སྣ་ཚོགས་པས་མཉེས་པ་བསྒྲུབ་ཅིང་། དམ་པ་དེ་ཉིད་འཇིག་རྟེན་དུ་འབྱུང་དཀའ་ལ། བདག་དང་འཕྲད་
པའང་རྙེད་དཀའ་ཞིང་། ནམ་འབྲལ་མི་ཤེས་པའི་བློས་བསྟེན་ཞིང་། བླ་མ་དེས་རྗེས་སུ་བཟུང་བའི་འགྲོ་བ་ཐམས་ཅད་ལའང་གུས་པས་སྲི་ཞུ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བ་ལ་སོགས་པའི་མོས་གུས་དང་དག་སྣང་བྱའོ། །དེས་ནི་འདི་དང་ཕྱི་མའི་ལེགས་པ་ཐམས་ཅད་འགྲུབ་པ་ཡིན་ནོ། །འཕགས་པ་དཀོན་མཆོག་སྤྲིན་ལས། ས་ཕྱོགས་གང་ན་ཆོས་སྨྲ་བ་གནས་པ་དེ་ལ་མཆོད་རྟེན་གྱི་འདུ་ཤེས་དང་། ཆོས་སྨྲ་བ་ལ་བླ་མ་དང་། དགེ་བའི་བཤེས་གཉེན་དང་། སྟོན་པའི་འདུ་ཤེས་བསྐྱེད་དེ་མཐོང་ན་དགའ་བ་དང་། རངས་པ་བསྐྱེད་དོ་ཞེས་པ་དང་། སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་མཁན་པོ་དང་། སློབ་དཔོན་ལ་བཀའ་བློ་བདེ་བས་བླ་མར་བྱེད་པའི་སྲི་ཞུ་དང་། གུས་པ་དང་། ཕངས་པ་དང་། གཅེས་པར་འཛིན་པའི་སེམས་བསྐྱེད་པར་བྱའོ་ཞེས་པ་དང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས། དེས་བླ་མ་ལ་ཁྲེལ་ཡོད་པ་དང་། བྱས་པ་གཟོ་བར་བྱས་ན། དེ་ཡང་དགེ་བའི་ཆོས་ཡུན་རིང་དུ་གནས་ཤིང་རྨོངས་པ་མེད་པར་འགྱུར་རོ་ཞེས་པ་དང་། སྡོང་པོ་བཀོད་པའི་དགེ་བསྙེན་མ་མི་གཡོ་བའི་རྣམ་པར་ཐར་པ་ལས་ཀྱང་། དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལས་དོན་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་པ་དང་། དགོངས་འདུས་ལས། དོན་དང་ལྡན་པའི་བླ་མ་ལ། །དུས་གསུམ་ཕྱོགས་བཅུའི་རྒྱལ་བ་དང་། །རྒྱལ་སྲས་ལྷ་དང་མི་དག་དང་། །དེ་བཞིན་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ལོག་ལྟ་ཅན་དག་གི། རིག་པ་འཛིན་པ་ཀུན་འདུས་ནས། །མེ་ཏོག་གཏོར་ཞིང་བསྟོད་པས་འདུད། །དཔེར་ན་མ་ཡིས་བུ་བསྐྱེད་ལྟར། །རྒྱལ་བ་སྲས་དང་རིག་འཛིན་རྣམས། །དམ་པ་ལས་བྱུང་ཤེས་པར་གྱིས། །ཞེས་སོ། །དོར་བྱ་ནི་ཡིད་ཀྱི་སྒོ་ནས། མ་དད་ལོག་པར་ལྟ་དང་ཁོང་ཁྲོ་དང་། །རྟག་ཏུ་སྐྱོན་ལ་སེམས་དང་བརྙས་སེམས་དང་། །འགྲན་སེམས་གནོད་འཚེའི་
སེམས་དང་ང་རྒྱལ་སེམས། །མཛད་སྤྱོད་འགལ་བར་འཛིན་དང་མ་དད་སེམས། །བརྣབ་སེམས་གནོད་སེམས་ལོག་ལྟའི་སེམས་རྣམས་སྤང་། །ཡང་དག་པ་དགེ་བའི་བཤེས་གཉེན་ལ་ཡིད་ཀྱིས་མ་དད་པ་དང་། ཁོང་ཁྲོ་བ་དང་། སྐྱོན་ཇི་ལྟ་བུ་འདུག་སྙམ་དུ་བརྟག་པ་དང་། རིགས་དང་གཟུགས་དང་ལོངས་སྤྱོད་དམན་པ་ལ་བརྙས་པ་དང་། འགྲན་པར་སེམས་པ་དང་། དེ་དང་དེའི་ཉེ་འཁོར་ན་གནས་པ་ལ་གནོད་སེམས་དང་། འཚེ་བ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་གྱིས་སུན་འབྱིན་པར་སེམས་པ་དང་། བླ་མའི་ནོར་རྫས་ལ་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བས་ངན་དུ་སེམས་པ་དང་། མཛད་སྤྱོད་གང་ལའང་འགལ་བར་འཛིན་པས་སྐྱོན་དང་ལོག་པར་ལྟ་བར་མི་བྱ་སྟེ། བླ་མ་ནི་སེམས་ཅན་གང་ལ་གང་འདུལ་གྱི་ངོར་སྐུ་གསུང་ཐུགས་ཀྱི་སྤྱོད་པས་དེ་ལ་ཕན་པ་མཛད་པས་གང་དུའང་འབྱུང་སྟེ། རེ་ཞིག་བསྡུ་ན་ལས་བཞིའི་དབང་གིས་རིམ་པ་བཞིར་མཐོང་བ་ཡིན་ནོ། །དེ་ལ་གང་དག་ངང་རྒྱུད་ཞི་བས་འདུལ་བ་དེ་ལ་དེ་ལས་ཀྱང་ཞི་བའི་སྐུ་གསུང་ཐུགས་ཀྱི་རྣམ་པར་སྣང་བས་ལེགས་པར་འདོམས་པ་དང་། སྙན་པར་སྨྲ་བ་ལ་སོགས་པར་སྟོན་ཅིང་། སྦྱིན་པས་བསྡུ་བ་རྣམས་ལ་ནི། ཡོ་བྱད་རྣམས་ལ་མ་ཆགས་པར་འགྱེད་ཅིང་སྦྱིན་པའི་རབ་སྟོན་ལ། དབང་དུ་བྱ་བས་འདུལ་ན་འགྲོ་བ་རྣམས་བསྡུས་ཏེ་ཆོས་ལ་སྦྱོར་བ་དང་། དྲག་པོས་འདུལ་བ་ལ་བརྡེག་པ་དང་། འཚོག་པ་དང་། ཚམ་རྔམ་དང་། ཚིག་འབྲུ་དྲག་པོ་འགལ་བ་དུ་མར་སྟོན་ཏོ། །རང་བཞིན་དུའང་བླ་མ་ནི། རྡོ་རྗེའི་རིགས་ཐམས་ཅད་ཞི་བ་ཡིན་པས། སྐུ་གསུང་ཐུགས་ཞི་བར་སྣང་ལ། རིན་ཆེན་རིགས་རྣམས་སྒེག་པས་གོས་དང་རྒྱན་དང་ལོངས་སྤྱོད་ཀྱིས་འབྱོར་ཞིང་། པདྨའི་རིགས་ལ་འགྲོ་བ་འདུལ་ཞིང་ཡུམ་དང་བཅས་པ་དང་། ལས་ཀྱི་རིགས་དེ་དག་སྐུ་གསུང་ཐུགས་དྲག་ཤུལ་
ཆེ་བས་གཏུམ་རྔམས་ཆེ་ཞིང་གདུག་པར་སྣང་བས་འགྲོ་བ་འདུལ་བའི་ཕྱིར་གཅིག་ཏུ་མ་ངེས་པས། དག་སྣང་དང་མོས་གུས་ཆེན་པོས་སྲི་ཞུ་བྱའོ། །དམ་པ་རྣམས་ནི་རྟག་ཏུ་གཞན་ལ་ཕན་བདེ་བྱེད་པ་ནི་རང་བཞིན་ཡིན་པས་གང་དང་གང་གིས་ཀྱང་སྐྱོབ་ལ། སྐུའི་ཆ་ལུགས་ནི་གཅིག་ཏུ་མ་ངེས་ཤིང་། གསུང་ཡང་འཇམ་པོ་དང་རྩུབ་མོ་ལ་སོགས་པ་གཅིག་ཏུ་མ་ངེས་པས། སྐྱོན་ལྟར་སྣང་ཡང་། སྐྱོན་དུ་སེམས་པར་མི་རུང་སྟེ། ཐུགས་དགོངས་གང་ཡིན་མི་ཤེས་པས་སོ། །དེས་ན་བླ་མ་འདི་ནི་ནོར་རྫས་ལ་སྲེད་པ་ཆེ་སྙམ་པ་དང་། འདོད་པ་ཆེ་སྙམ་པ་དང་། བརྣབ་སེམས་ཆེ་སྙམ་པ་དང་། ཁོང་ཁྲོ་དང་གདུག་པ་ཆེ་སྙམ་པ་དང་། ཉོན་མོངས་པ་རགས་སྙམ་པ་དང་། སེར་སྣ་ཆེ་སྙམ་པ་དང་། ང་རྒྱལ་ཆེ་སྙམ་པ་དང་། ཡུམ་དང་བཅས་སྙམ་པ་དང་། རིགས་གཟུགས་ངན་སྙམ་པ་དང་། ཅི་ཡང་མི་ཤེས་སྙམ་པ་ལ་སོགས་པ་མི་སེམས་ཏེ། རང་ལ་མངོན་ཤེས་མེད་པས་ཐུགས་དགོངས་མི་རྟོགས་པའི་ཕྱིར་རོ། ཁྱད་པར་དུ་ལམ་གྱི་ཡོན་ཏན་གང་ཡང་མི་འདུག་སྙམ་པ་དང་། སངས་རྒྱས་ཀྱི་ཡོན་ཏན་དང་མི་ལྡན་སྙམ་དུ་མི་བསམ་སྟེ། སྐུ་གསུང་ཐུགས་ཀྱི་གསང་བ་ཤིན་ཏུ་སྦས་པ་ནི་མི་མངོན་པའི་ཕྱིར་དང་། རང་གི་སྒྲིབ་པས་བལྟ་བར་མི་མངོན་པའི་ཕྱིར་དང་། ཡོན་ཏན་ཐམས་ཅད་དངོས་སུ་སྣང་བ་ནི་ལས་དག་པ་དགོས་ལ། གཅིག་ཏུ་ན་དེ་ལྟ་བུའི་དངོས་སུ་ཡོན་ཏན་སྣང་བ་དག་རང་གི་སྤྱོད་ཡུལ་མི་མཚུངས་པས་སྟོན་དུ་མེད་པ་ལ་སོགས་པར་འགྱུར་བ་ཡིན་ནོ། །ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས། གལ་ཏེ་དེས་ཆོས་སྨྲ་བ་དེ་ལ་མནར་སེམས་པའམ། ཐ་བའམ། སྡང་བའི་སེམས་ཀྱིས་གནས་སམ། སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་མི་བསྐྱེད་ན། དེ་དག་གི་ཡོན་ཏན་ཐོབ་པ་ནི་གནས་མེད་དོ། །མ་ཐོབ་པའི་ཆོས་
ཐོབ་པའམ། ཐོབ་པ་ཆུད་མི་ཟ་བ་ནི་གནས་མེད་དོ། །མ་གུས་པས་ཆོས་ནུབ་པར་འགྱུར་རོ་ཞེས་པ་དང་། སྙོམས་འཇུག་གསང་བའི་རྒྱུད་ལས། བླ་མ་དག་ལ་འགྲན་སེམས་དང་། །ཡི་དམ་རྒྱལ་བའི་ལྷ་སྤངས་པས། །བོང་འཐེང་ཞོན་ནས་མཚོ་བསྐོར་ལྟར། །རྒྱལ་བའི་སངས་རྒྱས་འགྲུབ་མི་སྲིད། །བླ་མའི་དཀོར་ལ་བརྣབ་སེམས་པ། །བསྐལ་པ་གཉིས་སུ་ཡི་དྭགས་གནས། །ཞེས་པ་དང་། དཔུང་རྣམ་པར་བཟློག་པའི་རྒྱུད་ལས། བླ་མ་དང་ནི་དེ་ཡི་འཁོར། །ཁྲོ་བས་ཞེ་འགྲས་སུན་འབྱིན་པ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །མནར་མེད་གནས་སུ་འཚེད་པའོ། །ཞེས་པ་དང་། བྱང་ཆུབ་བདེ་བའི་དཔུང་བསྐྱེད་ནས། །རྡོ་རྗེ་བླ་མ་སྨད་མི་རུང་། །འདོད་ཆགས་ཞེ་སྡང་ལ་སོགས་པ། །ལྔ་པོ་ལྡན་ཞེས་བསམ་མི་བྱ། །དེ་བསམས་མནར་མེད་ས་གཞིར་བསྲེག །ཅེས་པ་དང་། གཞུང་རྒྱ་མཚོ་ལས། རྡོ་རྗེ་ཡིད་བཞིན་རྒྱལ་པོ་ལ། །ཟས་སྐོམ་ནོར་ལ་སྲེད་སྙམ་པས། །རབ་མཐའ་བཅུ་ཡི་དམྱལ་བར་འཚེད། །གསང་མཆོག་སྨྲ་བྱེད་རྒྱལ་པོ་ལ། །ཤེས་པ་ཅན་གྱི་ཡིད་སྒོ་ནས། །ང་རྒྱལ་ཆེ་བའི་ཡིད་མི་བསམ། །དེ་སྐྱོན་ཁ་འཐབ་གནས་སུ་ལྟུང་། །ཞེས་པ་དང་། དུ་མ་འདུས་པའི་རྒྱུད་ལས། བདག་གི་དྲིན་ལ་གནས་བསམ་པས། །མནར་མེད་པར་ཡང་རབ་ཏུ་སྐྱེ། །སློབ་དཔོན་སྐྱོན་ལ་གང་སེམས་པ། །དགེ་བསགས་དོན་མེད་ལྷ་སྤངས་པས། །ལྷ་ཀླུ་གདུག་པ་ལ་སོགས་ཀྱིས། །མྱུར་དུ་སྲོག་གཅོད་དམྱལ་བར་ལྟུང་། །ཞེས་པ་དང་། སྙིང་པོ་རྣམ་པར་ལེན་པའི་རྒྱུད་ལས། མཆོག་ཏུ་སྔགས་ལ་ཞུགས་པ་ལ། །གནོད་པར་བྱེད་པའི་སེམས་འཆང་ན། །གྲང་བའི་དམྱལ་བར་ངེས་པར་ལྟུང་། །ཞེས་གསུངས་སོ། །དེས་ན་དུས་ནམ་ཡང་བླ་མའི་སྐྱོན་ལ་མི་བསམ་ཞིང་། གལ་ཏེ་འགས་དབྱེན་བཅོས་ཏེ་བླ་མས་སྡང་བར་མངོན་ན་ཡང་། མ་ཉེས་པའི་བཤགས་པ་བྱ་ཞིང་། སྡིག་པ་ཟད་པའི་རྒྱུར་བསམས་
ཏེ་གུས་པས་ཡོན་ཏན་ལ་བསམས་ཏེ་བསྟེན་པར་བྱའོ། །དེ་ནས་བསྒྲུབ་པའི་མཆོད་པས་མཉེས་པར་བྱེད་པ་ཡང་། གསུང་བཞིན་རྗེས་སུ་བསྒྲུབ་པས་མཆོད་པ་ནི། །ཐོས་པ་དམ་པའི་དོན་རྣམས་བསམ་བྱ་སྟེ། །ནགས་མཐར་སོང་ལ་སྙིང་པོའི་དོན་ལ་འབད། །སྒྲུབ་པས་དུས་འདའ་གོང་མའི་གདུང་འཚོབ་བཟུང་། །བླ་མ་དམ་པས་སྒྲུབས་ཤིག་ཅེས་བསྒོ་བའི་གསུང་བཞིན་རྗེས་སུ་བསྒྲུབ་པ་ནི། མཆོད་པ་རྣམས་ཀྱི་ནང་ནས་མཆོག་ཡིན་ལ། སངས་རྒྱས་ནས་རིམ་པར་བྱོན་པའི་བླ་མ་རྣམས་ཀྱིས་ཆོས་བསྟན་ཅིང་འཇིག་རྟེན་དུ་བྱོན་པའི་དགོས་པའང་དེ་ཡིན་པས། ཇི་སྐད་ཐོས་པ་རྣམས་ལེགས་པར་བླང་དོར་གྱི་དམིགས་ལེགས་པར་བྱེད་པས་བསྒྲུབ་པར་བྱའོ། །ཐོས་པ་དེ་ཡང་རྐྱེན་བླ་མ་དམ་པ་ལ་རག་ལས་པས། དམ་པ་མང་དུ་བསྟེན་ནས་ཐོས་པ་ཕྱོགས་མེད་དུ་བཙལ་ནས་བསྒྲུབ་ལ། དེ་ཡང་བསམ་པ་ཕྱིན་ཅི་མ་ལོག་པར་བྱས་ནས་བསྒྲུབ་ཅིང་། ཤེས་ལོ་ཙམ་དུ་མི་བཞག་པར་དོན་ཉམས་སུ་བླངས་ལ་བསྒྲུབ་བོ། །ཉམས་སུ་ལེན་པ་ཡང་གཟུགས་བརྙན་དུ་མ་སོང་བར་ཆོས་དང་རང་རྒྱུད་བསྲེས་ལ་བསྒྲུབ་ཅིང་། དེ་ཡང་ཐབས་ཤེས་རབ་ཟུང་དུ་འཇུག་པས་ཡིད་སྨོན་ལ་མ་ལུས་པར་བརྩོན་པས་བསྒྲུབ་བོ། །དེ་ལྟར་བསྒྲུབས་པས་བླ་མ་དང་སངས་རྒྱས་སྲས་བཅས་ཐམས་ཅད་མཉེས་པའི་མཆོད་པར་འགྱུར་ཏེ། སྐྱེས་བུ་དམ་པའི་སྤྱོད་པ་ཡིན་པའི་ཕྱིར་རོ། །མངོན་རྟོགས་རྒྱན་ལས། སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །ཞེས་པ་དང་། ཡུམ་བར་མ་ལས། གང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གདམས་པ་དེ་བསྒྲུབ་པར་བརྩོན་པ་ལ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ། །བཀུར་རོ། །ཞེས་སོ། །ཕན་ཡོན་གཞན་ཡང་ཚད་མེད་དེ། རེ་ཞིག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བདག་གི་བཀའ་བློ་བདེ་ཞིང་སློབ་དཔོན་གྱིས་བསྟན་པ་དང་མཐུན་པར་འཛིན་པས། འཕགས་པའི་ནོར་བདུན་ཁོང་
དུ་ཆུད་པར་བྱས་ཏེ། དེ་ལ་བླ་མས་ཆོས་རྒྱ་ཆེར་སྟོན་ཅིང་། གསལ་བར་བྱེད་པས་དབུལ་བ་རྣམ་པར་ཆད་པ་ན་བླ་ན་མེད་པའི་བྱང་ཆུབ་ཁོང་དུ་ཆུད་པར་འགྱུར་རོ། །ཡང་དེས་འཁོར་ལོས་སྒྱུར་བ་མཐའ་བཞིར་རྣམ་པར་རྒྱལ་བའི་རིན་པོ་ཆེ་སྣ་བདུན་དང་། བུ་སྟོང་དང་། གླིང་བཞི་དང་ལྡན་པས་སློབ་དཔོན་སྐར་མཁན་དང་། ཡུལ་གྱི་མི་ལ་སོགས་པར་གུས་པ་དང་། འདོད་པའི་ཡོན་ཏན་ལ་མི་ཆགས་པར་དད་པས་རབ་ཏུ་བྱུང་སྟེ། མྱུར་དུ་མངོན་པར་ཤེས་པ་ལྔ་ཐོབ་ནས། མི་དང་མི་མ་ཡིན་པ་རྣམས་གུས་པར་བྱེད་པ་དང་། གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ་བློ་དང་ཤེས་རབ་དང་སྤོབས་པ་མཆོག་གིས་གྲགས་ཤིང་། འགྲོ་བ་ཐམས་ཅད་གུས་པ་དང་། སངས་རྒྱས་ནས་ཀྱང་འགྲོ་བ་ཐམས་ཅད་ལ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་རྣམ་པར་གྲོལ་བའི་བདེ་བ་སྟེར་ཞིང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པར་འགྱུར་རོ་ཞེས་པ་དང་། དགོངས་འདུས་ལས། སྔོན་གྱི་དམ་པ་བདེ་གཤེགས་རྣམས། །དེད་དཔོན་དམ་པ་མཉེས་བྱས་ནས། །ཀུན་སྤངས་དགོན་པའི་མཐར་གཤེགས་ཏེ། །སྒྲུབ་པས་ཡང་དག་ཐར་པ་མཉེས། །དེ་བས་དེ་ལྟར་རྗེས་སློབ་ན། །རྒྱལ་བའི་རྣམ་གྲོལ་གདུང་འཚོབ་བོ། །དེ་བས་དམ་པ་དྲིན་ཆེན་ལ། །སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་ཁེངས་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་སྐད་དང་། ཁ་གསག་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་འབུལ། །ཞེས་སོ། །དེ་ལྟར་ན་བསྒྲུབ་པའི་མཆོད་པས་ཐོས་པ་དང་བསམ་པའི་དགོས་པ་འགྲུབ་ཅིང་། སྒོམ་པའི་དོན་རྫོགས་པར་བྱེད་པས་བླ་མ་གྲུབ་ཐོབ་གོང་མ་རྣམས་ཀྱིས་རྗེས་སུ་སྙེགས་ཤིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གདུང་འཚོབ་པས་ན། འཁོར་བའི་གནས་སྤངས་ཏེ་གཅིག་པུ་ཞི་བའི་ནགས་སུ་སྒྲུབ་པ་སྙིང་པོར་བྱེད་པ་ལ་འབད་པར་བྱའོ། །དེའི་ཕན་ཡོན་ནི་བྱང་ཆུབ་སེམས་
དཔའི་སྡེ་སྣོད་ཀྱི་མདོ་ལས། བླ་མས་གདམས་པ་ཉམས་སུ་ལེན་པ་ལ་ཞུགས་པ་དེའི་ལྷག་པའི་བསམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྗོད་དུ་མེད་པ་བཅུ་ཡོངས་སུ་སྤྱོད། དབང་པོ་དེ་སྙེད་ཅིག་འཕེལ། བྱིན་རླབས་དེ་སྙེད་ཅིག་འབྱུང་། སྒྲིབ་པ་དེ་སྙེད་ཅིག་འདག །བདུད་སྡེ་དེ་སྙེད་ཅིག་ལས་འདའ། ཆོས་ཀྱི་སྒོ་དེ་སྙེད་ཅིག་ལ་འཇུག །ཚོགས་དེ་སྙེད་ཅིག་རྫོགས། སྤྱོད་པ་དེ་སྙེད་ཅིག་རྣམ་པར་དག །སྨོན་ལམ་དེ་སྙེད་ཅིག་འགྲུབ། ཡོན་ཏན་དེ་སྙེད་ཅིག་ཐོབ། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ནི། བླ་མ་ལ་རག་ལས་ཤིང་བླ་མ་ལས་བྱུང་བའོ་ཞེས་སོ། །མཛད་སྤྱོད་དམ་པའི་རྗེས་སུ་བསྒྲུབས་པས་མཉེས་པར་བྱ་བ་ཡང་། འགྲོ་བའི་མགོན་པོ། དཔལ་ལྡན་བླ་མའི་རྣམ་ཐར་སྒྲུབ་པ་ཡང་། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམས་བྱས་ལ། །བདག་ཀྱང་དེང་ནས་དེ་འདྲའི་རྗེས་བསླབས་ཏེ། །དམ་པའི་གོ་འཕང་ཐོབ་པར་བྱེད་དོན་དུ། །ཐོས་བསམ་སྒོམ་པའི་ཚུལ་ལ་ནན་ཏན་བྱ། །འདི་ལྟར་བླ་མ་དམ་པ་དེ་ནི་སྡེ་སྣོད་དག་ལས་སངས་རྒྱས་ཀྱི་སྤྲུལ་པར་བཤད་ལ། རྒྱུད་སྡེ་དག་ལས་ཀྱང་སངས་རྒྱས་ཀྱི་སྤྲུལ་པ་ཆེན་པོར་གསུངས་པའི་ཕྱིར། དེའི་རྣམ་པར་ཐར་པ་བཞིན་བསྒྲུབས་པས་སངས་རྒྱས་ཀྱི་རྣམ་པར་ཐར་པ་ལ་བསླབ་པར་འགྱུར་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་ཡོན་ཏན་སངས་རྒྱས་དང་མཉམ་པར་བལྟས་ལ། བདག་གིས་ཀྱང་དེ་ཁོ་ན་འདྲ་བ་ཞིག་བྱའོ་སྙམ་དུ་སེམས་པས་བླ་མའི་མཛད་སྤྱོད་ལ་སློབ་ཅིང་། ཐོས་པ་དང་། བསམ་པ་དང་། སྒོམ་པས་དུས་འདའ་བར་བྱས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པ་ཉིད་དེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཀོན་མཆོག་བསམ་པའི་ཡུལ། །བླ་མ་མི་སྤང་བླ་མ་བཀུར། །མོས་དང་བསམ་པའི་བྱེ་བྲག་གིས། །བླ་མ་འགྲུབ་འགྱུར་ཐེ་ཚོམ་མེད། །བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་ལྟའོ། །དེ་ལས་བྱུང་བའི་དངོས་གྲུབ་ནི། །རྣལ་འབྱོར་པ་ཡིས་བཟའ་བར་བྱ། །དེ་ཡིས་དཔལ་ལྡན་རྫོགས་སངས་རྒྱས། །
དངོས་གྲུབ་ཀུན་གྱི་ལས་ཀྱི་མཐའ། །བླ་མ་མཉེས་པ་ཉིད་ལས་འབྱུང་། །ཞེས་སོ། །དེ་བཞིན་དུ། ཐེ་ཚོམ་ཐམས་ཅད་སེལ་བ་དང་། རྟོགས་པ་རྒྱུད་ལ་འཆར་བ་དང་། རྟོག་པའི་དྲ་བ་གཅོད་པ་དང་། སྡུག་བསྔལ་གྱི་ཆུ་ཀླུང་སྐེམ་པ་དང་། འཁོར་བའི་འདམ་ལས་འབྱིན་པ་དང་། སྲིད་པའི་མཚོ་ལས་བསྒྲལ་བ་དང་། མ་རིག་པའི་མུན་པ་སེལ་བ་དང་། ཡོན་ཏན་གྱི་གཏེར་ཁུང་རྡོལ་བ་དང་། དངོས་གྲུབ་ཀྱི་བཅུད་ཐོབ་པ་དང་། བླང་དོར་གྱི་དམིགས་ངེས་པ་དང་། ཡེ་ཤེས་ཀྱི་སྣང་བ་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་སྦྱོང་བ་དང་། དག་པའི་ཞིང་དུ་བགྲོད་པ་དང་། མངོན་ཤེས་དང་རྫུ་འཕྲུལ་སྒྲུབ་པ་དང་། སྐྱེ་བ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་དང་འཕྲད་པ་དང་། སངས་རྒྱས་ཀྱི་སྣང་བ་མཐོང་བར་འདོད་པས་བླ་མ་ལ་གུས་པའི་སྒོ་ནས་སྲི་ཞུས་མཉེས་པར་བྱས་ན་འགྲུབ་པའི་ལུང་བསམ་གྱིས་མི་ཁྱབ་པར་གསུངས་སོ། །ཇི་སྐད་བཤད་པའི་ཚུལ་གྱིས་བླ་མ་བསྟེན་པའི་ཕན་ཡོན་མཐའ་ཡས་ཏེ། དེ་ལྟར་སྣ་ཚོགས་ཐབས་མང་ཉིད་སྒོ་ནས། །བླ་མ་བསྟེན་པའི་ཡོན་ཏན་མཐའ་ཡས་ཏེ། །ཡང་དག་ལམ་ཆུད་བླང་དོར་དམིགས་རྣམ་ཕྱེད། །ཚོགས་རྫོགས་སྒྲིབ་བྱང་བར་ཆད་རབ་ཞི་ཞིང་། །རང་ཡང་སྐྱེ་བོ་དམ་པའི་གནས་ཐོབ་ནས། །མྱུར་དུ་ཐར་པའི་གྲོང་དུ་ཕྱིན་པའོ། །ཐར་པ་བགྲོད་པར་འདོད་པ་རྣམས་ཀྱིས་བླ་མ་དགེ་བའི་བཤེས་གཉེན་བསྟེན་དགོས་ཏེ། དེ་ལ་བསྟེན་པས་ཡང་དག་པའི་ལམ་དུ་ཆུད་པ་དང་། བླང་དོར་གྱི་དམིགས་ཕྱེད་པ་དང་། ཚོགས་རྫོགས་ཤིང་སྒྲིབ་པ་བྱང་བར་འགྱུར་བ་དང་། བགེགས་དང་བར་དུ་གཅོད་པ་ཞི་བ་དང་། མ་འོངས་པ་ན་རང་ཡང་སྐྱེས་བུ་དམ་པ་རྒྱལ་སྲས་འཕགས་པའི་ས་ཐོབ་ནས། མྱུར་དུ་བྱང་ཆུབ་འགྲུབ་སྟེ། ལང་ཀའི་མདོ་ལས། དགེ་བའི་བཤེས་གཉེན་ལ་བསྟེན་པས་ནི་སྲེད་པ་དང་མི་ཤེས་པའི་རྒྱུ་ལས་བྱུང་བའི་ཆུ་བོ་ཐམས་ཅད་སྐེམ་པར་འགྱུར་རོ། །ཡེ་ཤེས་ཀྱི་ཉི་མ་མཐོང་བར་འགྱུར་རོ་ཞེས་པ་དང་། མེ་ལྕེ་འཁོར་ལོའི་རྒྱུད་ལས། འདི་ལས་ཡོན་ཏན་གྱུར་པ་ནི། །སྟོང་གསུམ་འཇིག་རྟེན་གཞལ་མེད་པའི། །རྡུལ་ཕྲན་གྲངས་དང་མཉམ་ནུས་མིན། །དེ་ཕྱིར་བླ་མ་ཉིད་སྨོས་སོ། །ཞེས་པ་དང་། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། རྫོགས་པ་ཆེན་པོ་ཨ་ཏི་ལས།
བྱུང་བའི་བླ་མ་དྲིན་ལྡན་ཉིད། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་སོ། །ཞར་ལ་བླ་མ་མ་བསྟེན་པའི་སྐྱོན་བསྟན་པ་ནི། ཐར་པའི་ལམ་སྣ་མི་ཟིན་པ་དང་། ཡོན་ཏན་གྱི་ཚོགས་དང་མི་འཕྲད་པ་དང་། ལེགས་པའི་ཆོས་ལས་ཉམས་པ་དང་། སྡུག་བསྔལ་གྱི་དྲ་བར་ཚུད་པ་དང་། འཁོར་བའི་འདམ་དུ་བྱིང་བ་ལ་སོགས་པ་དཔག་ཏུ་མེད་དེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས། བླ་མ་ལ་མ་བསྟེན་ཞིང་མ་གུས་པ་རྣམས་ཀྱིས་ནི་ཡོན་ཏན་གྱི་ཆོས་ཐོབ་པའང་ཉམས་པར་འགྱུར་ན། མ་ཐོབ་པ་ཐོབ་པར་འགྱུར་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཆོས་འཛིན་པ་ནི། ཆོས་ལས་ཐ་མི་དད་པས་ན། དེས་དགེ་བའི་བཤེས་གཉེན་དང་ཆོས་སྤོང་བའི་སྡིག་པའི་ལས་ཤིན་ཏུ་ལྕི་བ་བསགས་པའི་ཕྱིར། ངན་སོང་གསུམ་དུ་ཡུན་རིང་མོར་ལན་མང་དུ་འཁོར་བས་སྡུག་བསྔལ་བར་འགྱུར་ཞིང་། གལ་ཏེ་དེ་དག་ལས་ཐར་ནས་བརྒྱ་ལམ་མིར་སྐྱེས་ནའང་། དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས་པའི་ཞིང་དུ། དམུས་ལོང་དང་། འོན་པ་དང་། ལྐུགས་པ་དང་། དབང་པོ་མ་ཚང་བར་སྐྱེ་བར་འགྱུར་རོ་ཞེས་པ་དང་། དགོངས་འདུས་ལས། སློབ་མར་གྱུར་ནས་ངན་སེམས་ཀྱིས། །དམ་པ་དེ་ལ་བརྙས་བྱེད་གང་། །སངས་རྒྱས་ཀུན་ལ་བརྙས་པས་ན། །དེ་དག་སྤྱི་ཚུགས་དམྱལ་བར་འགྲོ། །བཀའ་བཅག་ལུང་བོར་ཐུགས་འགལ་ན། །རྡོ་རྗེ་དམྱལ་བར་དེ་འགྲོ་སྟེ། །མི་བཟད་སྡུག་བསྔལ་མྱོང་བར་འགྱུར། །ཚེ་འདིར་རྒྱལ་པོའི་ཆད་པ་སོགས། །ཉེས་པ་ཐམས་ཅད་དེ་ལ་འབྱུང་། །ཞེས་སོ། །དེས་ན་སྐྱོན་ཡོན་ལ་བླང་དོར་ཤེས་པའི་སྒོ་ནས་བླ་མ་དམ་པ་བསྟེན་ཅིང་། མཉེས་པ་སྒྲུབ་པ་ལ་འབད་པར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དགེ་བའི་བཤེས་གཉེན་བསྟེན་པའི་ལེའུ་སྟེ་བརྒྱད་པའི་རྒྱ་ཆེར་འགྲེལ་པའོ།། །།
སྡིག་པའི་གྲོགས་པོ་སྤང་བའི་ལེའུ་སྟེ་དགུ་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་དགེ་བའི་བཤེས་གཉེན་བསྟེན་པའི་སྐྱེས་བུ་རྣམས་ཀྱིས་དེའི་མི་མཐུན་ཕྱོགས་སྡིག་པའི་གྲོགས་པོ་སྤང་བ་ལ་ནན་ཏན་གྱིས་བསླབ་པར་གདམས་པ་ནི། དེ་ལྟར་དགེ་བའི་བཤེས་གཉེན་ལེགས་བསྟེན་ནས། །སྡིག་པའི་བཤེས་གཉེན་གྲོགས་དང་བཅས་པ་སྤངས། །སྣང་བ་དང་མུན་པ་ལྟར་ཕན་ཚུན་སྤངས་ཏེ་འགལ་བའི་མཚན་ཉིད་ཀྱིས། དགེ་བའི་བཤེས་གཉེན་དང་སྡིག་པའི་བཤེས་གཉེན་གྲོགས་དང་བཅས་པ་ཡང་ལྷན་ཅིག་མི་གནས་པའི་ཚུལ་དུ་རིག་ནས། དགེ་བ་འདོད་པས་སྡིག་པའི་ཕྱོགས་ལ་མི་བརྟེན་པར་གདམས་པ་ཉིད་དེ། སྤང་བྱ་མི་མཐུན་པའི་ཕྱོགས་སྤངས་ནས་ཐར་པ་ལ་གཞོལ་དགོས་པའི་ཕྱིར་རོ། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་དགེ་བའི་རྩ་བ་མངོན་པར་འདོད་པས་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའི། སྡིག་པའི་གྲོགས་པོ་དག་ལ་ནམ་ཡང་བསྟེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དགེ་བའི་ཕྱོགས་ལ་བར་དུ་གཅོད་པའི་ཕྱིར་རོ་ཞེས་སོ། །དེ་ཡང་སྡིག་པ་མི་དགེ་བའི་ཕྱོགས་འཕེལ་བའི་བཤེས་དང་གཉེན་བྱེད་པས་སྡིག་པའི་བཤེས་གཉེན་ཏེ། གང་དག་ཆོས་ལྟར་བཅོས་པའི་མཁན་པོ་དང་། སློབ་དཔོན་དང་བླ་མའི་གཟུགས་སུ་སྣང་བ་རྣམས་དང་། སྡིག་པའི་གྲོགས་བྱེད་ཅིང་དགེ་བ་ལ་བར་དུ་གཅོད་པའི་ཕྱིར། བདག་ལ་ཤ་ཚ་ཞིང་སྙིང་ཉེ་བ་ལྟར་བཅོས་པའི་གྲོགས་སུ་སྣང་བ་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པ་རྣམས་ཀྱི་མཚན་ཉིད་དང་། རང་བཞིན་ཇི་ལྟ་བུ་ཞེ་ན། དེ་མི་ཤེས་པ་རྣམས་ལ་བསྟན་པའི་ཕྱིར་འདིར་བཤད་པ་ནི། དེ་ཡང་ཉོན་མོངས་ཤས་ཆེ་རང་རྒྱུད་ངན། །ཚེ་འདི་དོན་གཉེར་སྲིད་ལས་ཡིད་མ་དབྱུང་། །ཐོས་བསམ་རྒྱ་ཆུང་ཤེས་བྱའི་གནས་ལ་རྨོངས། །དད་བརྩོན་མི་ལྡན་དགེ་ཚོགས་རིང་དུ་བྱེད། །སློབ་དཔོན་ནམ་གྲོགས་གང་ཡང་རུང་བ་དག་ལ་ཡོད་པ་སྡིག་པའི་རང་བཞིན་འཆད་པ་ཉིད་ནི་འདི་ཡིན་ཏེ། རྩ་བའི་
ཉོན་མོངས་པ་དྲུག་ཤས་ཆེ་བས་རང་རྒྱུད་ངན་པ་དང་། འཁོར་བ་ལ་ཡིད་མ་བྱུང་བས་ཚེ་འདིའི་ཆེ་ཐབས་སྒྲུབ་པ། ཐོས་བསམ་གྱི་ནོར་གྱིས་ཕོངས་པས་ཤེས་བྱའི་དོན་ལ་རྨོངས་པ། ཐར་ལམ་ལ་དད་བརྩོན་མེད་པས་རང་རྒྱུད་དགེ་སྦྱོར་དང་མི་འགྲོགས་པའོ། །གཞན་ཡང་ཡོད་དེ་འདི་ལྟར། སྒོ་གསུམ་མ་དུལ་ཁེངས་དང་བཅོས་མའི་ཚུལ། །གཞན་ལ་གཤེ་ཞིང་དག་སྣང་མོས་གུས་མེད། །ཟས་སྐོམ་ནོར་དང་ལོག་པའི་ཆོས་ལ་སྲེད། །རང་རྒྱུད་ཆོས་དང་འཛོལ་བས་སྒོ་གསུམ་ཉེ་བར་མ་ཞི་བ། ང་རྒྱལ་གྱི་རི་བོ་མཐོ་བས་ཁེངས་པའི་འགྱིང་ཁྱིམ་ཆེ་བ། གཞན་སྣང་ཐབས་ཀྱིས་བསླུ་བས་ཚུལ་འཆོས་ཀྱི་ཟོག་ལ་མཁས་པ། ཕྲག་དོག་གི་རླུང་དམར་འཚུབ་པས་གཞན་ལ་གཤེ་སྐུར་འདེབས་པ། ཕྱོགས་འཛིན་དང་ཆགས་སྡང་ཆེ་བས་གང་ལའང་དག་སྣང་མེད་པ། ཡོན་ཏན་དང་ཉམས་མྱོང་མེད་པས་དད་པ་དང་མོས་གུས་མེད་པ། ཏིང་ངེ་འཛིན་གྱི་བརླན་གྱིས་མ་གོས་པས་ཟས་སྐོམ་ལ་སྲེད་པ་ཆེ་བ། གཏིང་ནས་ཆོག་ཤེས་མེད་པས་ནོར་རྫས་ལ་ཆགས་ཞེན་ཆེ་བ། ཐར་ལམ་དང་ལས་འབྲེལ་མེད་པས་ལོག་པའི་ཆོས་ལ་མོས་པ། ཡང་དག་གི་བླ་མ་མེད་པས་བརྒྱུད་པའི་བྱིན་རླབས་མ་ཞུགས་པའོ། །གཞན་ཡང་། སྡོམ་དང་དམ་ཚིག་འཆལ་ཞིང་རང་རྒྱུད་འཚུབ། །འགྲོགས་ཚད་ཉོན་མོངས་ལོག་པའི་ལམ་ལ་འགོད། །མི་དགེ་འཕེལ་ཞིང་དགེ་ལེགས་འགྲིབ་པ་སྟེ། །སྡིག་པའི་བཤེས་གཉེན་གྲོགས་བཅས་མཚན་ཉིད་ལགས། །ངོ་ཚ་དང་གཉེན་པོ་ཆུང་བས་སྡོམ་པ་དང་དམ་ཚིག་འཆལ་བ། ཞི་དུལ་དང་བཟོད་པ་མ་བསྒོམས་པས་མཐོང་ནས་རང་རྒྱུད་འཚུབ་པ། ཀུན་སྤྱོད་དང་སྐལ་བ་ངན་པས་འགྲོགས་ཚད་ལ་ཉོན་མོངས་འགོ་བ། ཐོས་བསམ་དང་བསགས་པ་ཆུང་བས་རང་གཞན་ལོག་པའི་ལམ་ལ་འགོད་པ། བདུད་དང་བགེགས་ཆེན་ཞུགས་པས་རང་གཞན་ལ་བཀྲ་མི་ཤིས་པ། གོམས་པ་ཉོན་མོངས་ལ་ཆེ་བས་མི་དགེ་སྡིག་སྤྱོད་འཕེལ་བ།
ལེགས་པའི་ཆོས་དང་རིང་བས་བཀྲ་ཤིས་དགེ་ལེགས་མེད་པ། ཐེག་དམན་གྱི་བློ་དང་མ་བྲལ་བས་ཐེག་ཆེན་གྱི་གཞུང་ལམ་སྤོང་བ། ཉམས་རྟོགས་ཀྱི་རྩལ་གསུམ་མ་རྫོགས་པས་ལམ་རྟགས་ཀྱི་ཡོན་ཏན་དང་བྲལ་བ་སྟེ། གང་དང་འགྲོགས་པ་དགེ་བ་ལས་ཉམས་ཤིང་སྡིག་པ་འཕེལ་བ་ནི་རང་བཞིན་ཡིན་ནོ། །ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། སྡིག་པའི་གྲོགས་པོ་དེ་ནི་མི་དགེ་བའི་ཕྱོགས་འཕེལ་བར་བྱེད་པ། དགེ་བ་ལས་རིང་དུ་བྱེད་པ། ལེགས་པ་ལས་ཉམས་པར་བྱེད་པ། ཐར་པའི་ལམ་པོ་ཆེ་ལས་ཟློག་པར་བྱེད་པ། འཁོར་བའི་གྲོང་ཁྱེར་ཉེ་བར་སྟོན་པར་བྱེད་པ། ཐམས་ཅད་དུ་ཉེས་པ་ཀུན་སྡུད་པའི་རང་བཞིན་ཅན་ནོ་ཞེས་སོ། །སྡིག་པའི་གྲོགས་པོ། དེ་དང་འགྲོགས་པའི་ཉེས་པ་ཚད་མེད་དེ། །རང་རྒྱུད་ངན་ཅིང་དག་སྣང་ཆུང་བ་དང་། །ཕྱོགས་རིས་ཁེངས་ཤིང་རང་ཕྱོགས་མཆོག་ཏུ་འཛིན། །བདག་བསྟོད་གཞན་སྨོད་ཡང་དག་ཆོས་སྤོང་ཞིང་། །ཐེག་ཆེན་དགེ་བའི་བཤེས་ལ་སྐུར་པ་འདེབས། །འདི་ལྟར་མི་གཙང་བའི་འདམ་དང་ཉེ་བ་རྣམས་དྲི་ངན་པས་ཁྱབ་ཅིང་དེའི་ཉེས་པ་འགོ་བ་ལྟར། ངན་པ་དག་ལ་བསྟེན་པའང་དེའི་ཉེས་པས་གོས་པར་འགྱུར་བ་ནི་ཆོས་ཉིད་ཡིན་ལ། མི་དགེ་བའི་བཤེས་གཉེན་ལ་བསྟེན་པའང་དེ་ལ་ཅི་ཡོད་པའི་སྐྱོན་ཆེར་འགོ་བས་ཉེས་པ་ཚད་མེད་ལ། རེ་ཞིག་བསྡུ་ན། སློབ་དཔོན་ནམ། བླ་མའམ། གྲོགས་ལ་སོགས་པ་གང་ཡང་རུང་བའི་རང་བཞིན་ལ། དག་སྣང་ཆུང་བ་དང་། རང་རྒྱུད་ངན་པ་དང་། ཕྱོགས་རིས་ཁེངས་པ་དང་། རང་གི་ལྟ་བ་དང་ཆོས་ལ་མཆོག་ཏུ་འཛིན་པ་དང་། གཞན་ལ་སྨོད་པ་དང་། བདག་ལ་བསྟོད་པ་དང་། ཆོས་རིགས་གཞན་ལ་ཟུར་གྱིས་སྨོད་ཅིང་སྤོང་བ་དང་། བླ་མ་དགེ་བའི་བཤེས་གཉེན་གཞན་དོན་གྱི་ཁུར་བསྣམས་པ་དག་ལ་སྨོད་པའི་རིགས་ཅན་དེ་དག་དང་འགྲོགས་པ་ན། རང་ཡང་དེའི་ཕྱོགས་དང་བཤེས་འདྲིས་བསྟེན་པས་དེའི་ཉེས་པ་ཞོར་ལ་འགོ་བ་ཡིན་ཏེ། དང་པོར་འདི་དག་བློ་གཟུ་བོར་མི་གནས་ཤིང་སྐྱོན་ཆགས་
པའོ་སྙམ་ཡང་། ཅི་ཞིག་ཙམ་ན་དེ་དག་གིས་མང་དུ་བརྗོད་པ་དེས་ཡིད་འགྱུར་ནས། དེའི་ཕྱོགས་ལ་ཡིད་གཏོད་ཅིང་དག་སྣང་ཆུང་བ་ལ་སོགས་པའི་སྐྱོན་ཆགས་པར་འགྱུར་བ་ལ་ཐེ་ཚོམ་མི་ཟ་བའི་ཕྱིར། དང་པོ་ནས་སྡིག་པ་འཕེལ་བའི་སློབ་དཔོན་དང་། གྲོགས་ལ་བརྟེན་འདྲིས་མི་བྱ་བ་ཡིན་ནོ། །ཡུམ་བར་མ་ལས། རབ་འབྱོར་དེ་ལ་སྡིག་པའི་གྲོགས་པོའི་སུག་བར་ལྷུང་བ་དེ་དག་གིས་དགེ་བའི་ཕྱོགས་ཐམས་ཅད་ཀྱང་ཉམས་པར་འགྱུར་རོ་ཞེས་པ་ལ་སོགས་པ་གསུངས་སོ། །སྐྱོན་གཞན་ཡང་། ནོར་རྫས་སྲེད་ཅིང་ཆགས་སྡང་དུག་མདའ་འཕེན། །ཚེ་འདིའི་དབང་གྱུར་ཐར་ལམ་རྒྱབ་ཀྱིས་ཕྱོགས། །དགེ་ལེགས་འགྲིབ་ཅིང་མི་དགེ་འཕེལ་བ་ཡིན། །འདོད་ཡོན་ལ་ཆགས་པས་ནོར་རྫས་ལ་སྲེད་པ་ཆེ་བ། དུག་ལྔ་རགས་པས་ཆགས་སྡང་དང་གདུག་རྩུབ་ཆེ་བ། འཁོར་བ་ལ་ཆགས་པས་ཚེ་འདིའི་བྱ་བ་ལ་བརྩོན་པ། བདུད་དང་ཉོན་མོངས་ཀྱི་དབང་དུ་སོང་བས་ཐར་ལམ་ལ་རྒྱབ་ཀྱིས་ཕྱོགས་པ། གཟུང་འཛིན་དང་ཉོན་མོངས་ཆེ་བས་དགེ་བ་འགྲིབ་ཅིང་མི་དགེ་བ་འཕེལ་བའི་རིགས་ཅན་རྣམས་ལ་བསྟེན་ན། དེ་བས་ཀྱང་ཆེས་ངན་པར་འགྱུར་ཏེ། འདུལ་བ་ལུང་ལས། མི་ཡི་མདུན་ན་ཉ་རུལ་ལ། །ཀུ་ཤ་ཉིད་ཀྱིས་དམ་དཀྲིས་པ། །དེ་ནི་རིང་པོར་མི་ཐོགས་པར། །ཀུ་ཤ་ཉིད་ཀྱང་དེ་འདྲར་འགྱུར། །དེ་བཞིན་སྡིག་པའི་གྲོགས་བསྟེན་པས། །ཀུན་ཏུ་དེ་འདྲར་འགྱུར་བ་ཉིད། །ཅེས་གསུངས་པ་བཞིན་ནོ། །རྣམས་གྲང་། གཞན་ཡང་གང་དང་འགྲོགས་པ་དེ་འགོ་སྟེ། །གཏི་མུག་ཅན་བསྟེན་ཐོས་བསམ་ཤེས་རབ་འགྲིབ། །ཞེ་སྡང་ཅན་ལས་མ་རུངས་རང་རྒྱུད་ངན། །འདོད་ཆགས་ཅན་ལས་ཡུལ་ལ་སྲེད་པ་འཕེལ། །ང་རྒྱལ་ཤས་ཆེ་ཕྱོགས་རིས་གཉིས་འཛིན་འགོ །ཕྲག་དོག་ཤས་ཆེ་འགྲན་སེམས་ཟུག་རྔུ་ཉིད། །སྤེལ་མ་དང་འགྲོགས་ཉེས་ཀུན་སྤེལ་མར་འགོ །གང་ལ་ཡོད་པའི་སྤྱོད་པ་དེ་ནི་འཕྲལ་དུ་འགོ་བར་སླ་བ་ནི་ཆོས་ཉིད་ལ། གྲོགས་སམ་བླ་མའི་རིགས་གཏི་མུག་
ཤས་ཆེ་བ་དང་འགྲོགས་ན་ཐོས་བསམ་གྱི་ཤེས་རབ་འགྲིབ་པའི་ཉེས་པ་འགོ །ཞེ་སྡང་ཤས་ཆེ་བ་དང་འགྲོགས་ན་གཏུམ་ཐུང་གདུག་རྩུབ་ཀྱི་ཉེས་པ་འགོ །འདོད་ཆགས་ཤས་ཆེ་བ་དང་འགྲོགས་ན་ཡུལ་ལ་འདོད་སྲེད་ཀྱི་ཉེས་པ་འགོ །བཟའ་འཚོལ་མུ་ཏོ་པ་དང་འགྲོགས་ན་བཟའ་བཏུང་རྙེད་ཚོལ་གྱི་ཉེས་པ་འགོ །ནོར་སྲེད་འཇུར་འགེགས་དང་འགྲོགས་ན་སེར་སྣ་སྡུག་འཁུམས་ཀྱི་ཉེས་པ་འགོ །གཡེང་གསེབ་རླུང་ཁྱེར་དང་འགྲོགས་ན་མོ་སྲེད་སྒེག་ཆོས་ཀྱི་ཉེས་པ་འགོ །ང་རྒྱལ་ཤས་ཆེ་བ་དང་འགྲོགས་ན་ཕྱོགས་རིས་གཉིས་འཛིན་གྱི་ཉེས་པ་འགོ །ཕྲག་དོག་ཤས་ཆེ་བ་དང་འགྲོགས་ན་འགྲན་སེམས་ཁོང་ཁྲོའི་ཉེས་པ་འགོ །སེར་སྣ་ཤས་ཆེ་བ་དང་འགྲོགས་ན་བསོག་བྲུན་འཛིན་ཆགས་ཀྱི་ཉེས་པ་འགོ །ཉོན་མོངས་པ་དྲུག་ཀ་ཤས་ཆེ་བ་དང་འགྲོགས་ན་ཉེས་པ་ཐམས་ཅད་འགོ་བས་སྡིག་པའི་རྩ་ལག་ཅེས་གྲགས་སོ། །དུག་ལྔ་སེར་སྣ་དང་དྲུག་ནི། རྩ་བའི་ཉོན་མོངས་པ་དྲུག་ཅེས་བྱའོ། །དྲན་པ་ཉེ་བར་གཞག་པ་ལས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་སྡིག་པའི་གྲོགས་པོ་ཡིན་པས། དེ་ནི་དཔེར་ན་དུག་གི་སྡོང་པོ་ལྟ་བུར་ཉེས་པ་ཆེའོ་ཞེས་སོ། །གཞན་ཡང་འཁོར་བ་ལས་ཡིད་མ་བྱུང་བ་རྣམས་དང་འགྲོགས་པའི་ཉེས་པ་ཡང་འདི་ལྟར། ངེས་འབྱུང་མེད་དང་ཚེ་འདིར་མངོན་དགའ་དང་། །འདུན་གྲོས་མཁན་དང་རྩེ་འཇོ་འཇོ་སྒེག་ཅན། །ཆེ་བཙན་ནོར་ལ་སྲེད་དང་ཁེ་སྤོགས་མཁན། །ལས་བྱེད་ལ་སོགས་གང་དང་འགྲོགས་གྱུར་དེའི། །ཀུན་སྤྱོད་སྐལ་བ་ངན་པ་འགོས་པར་འགྱུར། །མི་ཆོས་ཁྱིམ་ཐབ་པ་དང་འགྲོགས་ན་སོ་ནམ་དང་བསོག་འཇོག་འགོ་བའི་ཉེས་པ་ཡོད་དོ། །བློན་པོ་གཙོ་ཆེན་རྣམས་དང་འགྲོགས་ན་འདུན་གྲོས་བསམ་ངན་འགོ་བའི་ཉེས་པ་ཡོད། ན་གཞོན་རྩེ་དགའ་པ་དང་འགྲོགས་ན་གླུ་བྲོ་དམན་སྤྱོད་འགོ་བའི་ཉེས་པ་ཡོད། ཁེ་སྤོགས་ནོར་འཚོལ་བ་རྣམས་དང་འགྲོགས་ན་ཟས་ནོར་རྙེད་འཚོལ་
འགོ་བའི་ཉེས་པ་ཡོད། རྒྱལ་པོ་ཆེ་བཙན་པ་དང་འགྲོགས་ན་ང་རྒྱལ་ཆེ་དྲག་འགོ་བའི་ཉེས་པ་ཡོད། རྐུ་འཕྲོག་འཐབ་རྩོད་པ་དང་འགྲོགས་ན་ཞེ་སྡང་བརྡུང་བསད་འགོ་བའི་ཉེས་པ་ཡོད་པས་སྤང་དགོས་ཏེ། སའི་སྙིང་པོའི་མདོ་ལས། མཁས་པ་རྣམས་ཀྱིས་སྨོན་ལམ་བཏབ་པ། རྒྱལ་པོ་དང་། བློན་པོ་དང་། གཙོ་བོ་དང་། མདུན་ན་འདོན་དང་། ཤར་བ་དང་། དེད་དཔོན་དང་། མཁན་པོ་དང་། དགེ་སྦྱོང་གཙོ་བོ་དང་། ཁབ་སོ་བ་དང་། དེ་དག་ལ་སོགས་པ་བསྟེན་པ་ལས་ལས་ངན་ཤིན་ཏུ་མི་ཟད་པ་འཕེན་པ་ཐམས་ཅད་ཐོབ་པར་མ་གྱུར་ཅིག་ཅེས་པ་དང་། ཀླུའི་དབང་པོས་ཀྱང་། མཐོ་རིས་མི་ཡི་ལུས་སུ་སྐྱེས་ནས་ཀྱང་། །སྡིག་སྤྱོད་རྒྱལ་པོར་མ་སྐྱེ་བློན་པོ་དང་། །དམག་དཔོན་ཞལ་ལྕེ་གཅོད་པར་བདག་མ་སྐྱེ། །དགེ་སློང་རྣམས་ལ་དབང་བྱེད་བདག་པོ་དང་། །གནས་བརྟན་ལས་བྱེད་པ་དང་ནང་ཁྲིམས་པ། །དགེ་བསྐོས་གཙང་སྦྱོར་བ་དང་དམ་བཞག་པ། །གང་ཟག་ལས་བྱེད་རྣམས་སུ་བདག་མ་སྐྱེ། །ཞེས་གསུངས་སོ། །དེ་ལྟར་སྡིག་པའི་ཕྱོགས་ལ་བསྟེན་པའི་ཉེས་པ་ཚད་མེད་པ་ལས་ཕྱོགས་དང་པོ། རྨོངས་པ་དག་དང་འགྲོགས་པའི་ཉེས་པ་ཡང་། །ཤེས་བྱའི་གནས་ལ་རྨོངས་དང་ཕྱོགས་རེས་ཁེངས། །ཐར་ལམ་མི་ཤེས་ལོག་པའི་ལམ་བགྲོད་འགྱུར། །དེ་ལ་གང་དང་འགྲོགས་པ་ཉེས་པ་ཆེ་ན། རྨོངས་པ་དག་དང་འགྲོགས་པ་ཉེས་པ་ཆེ་སྟེ། སྤྱིར་འཁོར་བར་འཁྱམས་པའང་རྨོངས་པ་མི་ཤེས་པའི་མ་རིག་པ་ལས་བྱུང་ལ། ལས་དང་ཉོན་མོངས་པའང་མ་རིག་པ་ལས་མཆེད་ཅིང་བྱུང་བའི་ཕྱིར་དང་། བྱེ་བྲག་ཏུ་ཐར་ལམ་བྱང་ཆུབ་སྒྲུབ་པ་ལ་སློབ་དཔོན་ནམ། བླ་མ་མི་ཤེས་པ་ཁོ་ན་བསྟེན་པ་སྒོ་གྱོང་ཆེ་སྟེ། ལམ་མ་ཡིན་པ་ལ་སྦྱར་ནས་གྲོལ་བ་ཐོབ་ཏུ་རེ་བའི་ཕྱིར་རོ། །ལམ་མ་ཡིན་པའང་ཆོས་ལྟར་བཅོས་པ་དེ། ཐོས་བསམ་ཚིག་གི་དུག་གིས་སངས་རྒྱས་མི་ཐོབ་ཅེས་བཀའ་ལུང་ལ་སྐུར་པ་འདེབས། བྱས་ཆོས་འཁོར་བ་སྒྲུབ་པས་བྱར་མེད་ནམ་མཁའ་ལྟ་བུ་སྒོམས་ཤིག་ཅེས་ལམ་ཚོགས་གཉིས་
ལ་སྐུར་པ་འདེབས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ན་སྟོབས་དང་། མི་འཇིགས་པ་དང་། སྐུ་དང་། ཡེ་ཤེས་དང་། ཞིང་གི་རྒྱན་བཀོད་པ་དྲང་དོན་ཡིན་གྱིས། དོན་ལ་ཅི་ཡང་མེད་ཅེས་འབྲས་བུ་ལ་སྐུར་པ་འདེབས། གནས་ལུགས་བདེ་བར་གཤེགས་པའི་སྙིང་པོ་ཡོན་ཏན་ལྷུན་གྲུབ་འོད་གསལ་དུ་གསུངས་པ་ལ། དྲང་དོན་བྱིས་པའི་ཆོས་སུ་འདོད་པས། ད་ལྟའི་འཁྲུལ་རྟོག་རང་ག་མ་སོ་མ་ཉམས་པ་འདི་གནས་ལུགས་སུ་འདོད་པས་གཞི་ལ་སྐུར་པ་འདེབས། ས་དང་། ལམ་དང་། ཏིང་ངེ་འཛིན་གྱི་ཚོགས་དྲང་བ་ཙམ་སྟེ། དོན་ལ་མེད་ཅེས་རྣམ་པར་གྲོལ་བའི་ཡོན་ཏན་ལ་སྐུར་པ་འདེབས་པ་སྟེ། དེང་སང་གི་དུས་ན་མདོ་རྒྱུད་མན་ངག་ལུང་རིགས་གང་དང་ཡང་མི་མཐུན་པའི་བླ་མའི་གཟུགས་བརྙན་དུ་བྱེད་པས། གཞན་གྱི་འདྲེན་པར་ཁས་འཆེ་བ་བྱོན་པ་རྣམས་ནི། ཐོས་བསམ་རྒྱ་ཆེན་པོ་ལ་བློ་མ་སྦྱངས་པའི་རྨོངས་པ། བསྟན་པའི་བདུད་ཚིག་རྔམས་པོ་ཆེར་སྨྲ་བ་མང་སྟེ། དད་ལྡན་ཐར་པ་བགྲོད་པའི་གེགས་སུ་བདུད་རིགས་ཀྱི་མི་མ་ཡིན་གྱིས་ཆེད་དུ་བཀོད་ནས་འཁོར་དང་བསོད་ནམས་དང་ལྡན་པར་བྱིན་གྱིས་བརླབས་པ་ཉིད། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། དམ་པའི་ཆོས་ལྟར་བཅོས་པ་མང་དུ་འབྱུང་སྟེ། ཁ་ཅིག་ནི་འགྲོ་བ་འདི་དག་སྟོང་པའོ་ཞེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་ཉེ་བར་མི་བསྟེན། ཁ་ཅིག་ནི་རང་བཞིན་གྱིས་རྒྱུ་མེད་དོ་ཞེས་ལས་དང་ལས་ཀྱི་འབྲས་བུ་ལ་སྐུར་པ་འདེབས། ཁ་ཅིག་ནི་ངོ་བོ་ཉིད་ཀྱི་བདག་མེད་ཅེས་གང་ཡང་སྤང་བ་དང་བླང་བར་མི་བྱེད། ཁ་ཅིག་ནི་ཀུན་ནས་ཉོན་མོངས་པ་དེ་ཉིད་རྣམ་པར་བྱང་བའོ་ཞེས་ཉོན་མོངས་པ་རང་དགར་སྤྱོད། ཁ་ཅིག་ནི་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་རྣམ་པར་གྲོལ་བའི་ཡོན་ཏན་མེད་པར་འཛིན་ཏོ། །མི་གཏི་མུག་ཅན་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའོ། །དམ་པའི་ཆོས་ལྟར་
བཅོས་པའོ་ཞེས་གསུངས་སོ། །དེ་ལྟ་བུའི་བླ་མའི་དྲུང་དུ་ཕྱིན་པ་ལས། དང་པོ་ཤེས་ཀྱང་བརྗེད་པར་འགྱུར་ན། ཕྱིས་ཡོན་ཏན་གསར་དུ་སྐྱེ་བ་ལྟ་ཅི་སྨོས་ཏེ་གནས་མེད་དོ། །ཤེས་བྱའི་གནས་ལ་རྨོངས་པ་དེ་དག་དང་འགྲོགས་པའི་ཉེས་པ་ནི། སྒྲ་རིག་པའི་གནས་ལ་རྨོངས་པ་དང་འགྲོགས་པས། སྒྲ་དོན་གྱི་འགྲེལ་པ་མི་ཤེས་པའི་ཉེས་པ་འགོ །གསོ་བ་རིག་པའི་གནས་ལ་རྨོངས་པ་དང་འགྲོགས་པས་འདུ་བའི་ནད་སེལ་བ་མི་ཤེས་པའི་ཉེས་པ་འགོ །གཏན་ཚིགས་རིགས་པའི་གནས་ལ་རྨོངས་པ་དང་འགྲོགས་པས་བླང་དོར་རིགས་པ་དང་མི་རིགས་པའི་རིམ་པ་མི་ཤེས་པའི་ཉེས་པ་འགོ །བཟོ་རིག་པའི་གནས་ལ་རྨོངས་པ་དང་འགྲོགས་པས་གནས་སྐབས་ཉེ་བར་མཁོ་བའི་དོན་མི་ཐོབ་པའི་ཉེས་པ་འགོ །ནང་རིག་པའི་གནས་ལ་རྨོངས་པ་དང་འགྲོགས་པས་མངོན་པར་མཐོ་བ་གནས་སྐབས་མཐོ་རིས་ཀྱི་བདེ་བ་དང་། མཐར་ཐུག་ལེགས་པ་ཐར་པ་བྱང་ཆུབ་ཀྱི་ལམ་བཟང་སྒྲུབ་མི་ཤེས་པའི་ཉེས་པ་འགོ །ཕྱོགས་རེའི་གཞུང་ལུགས་ལ་ཞེན་པ་དང་འགྲོགས་ན་གྲུབ་མཐའ་ཕྱོགས་འཛིན་གྱི་ཉེས་པ་འགོ་བས་མཐའ་དག་བློར་མི་ཤོང་། ཐོས་བསམ་ཕྱོགས་མེད་དུ་མ་སྦྱངས་པ་དང་འགྲོགས་ན་ཐར་ལམ་བྱང་ཆུབ་མི་རྙེད་པས། གཏན་གྱི་འདུན་མ་འཆུག་པའི་ཉེས་པ་ཡོད་པའི་ཕྱིར། ཐར་པ་འདོད་ན་བླ་མ་མཁས་པ་མདོ་རྒྱུད་ཀྱི་དགོངས་པ་ཁྲོལ་བ་ལ་བསྟེན་པར་བྱའོ། །སའི་སྙིང་པོའི་མདོ་ལས། སྡིག་པའི་གྲོགས་པོ་ལ་བསྟེན་ན། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་དང་། རྣམ་པར་འཁྲུལ་པ་དང་། རྣམ་པར་རྨོངས་པར་འགྱུར་རོ་ཞེས་པ་དང་། སངས་རྒྱས་ཀྱི་མཛོད་ཀྱི་མདོ་ལས། རང་གི་ལས་ཀྱང་མི་ཤེས་པར་གཞན་ལ་ཆོས་སྟོན་པ་ནི་སེམས་ཅན་དམྱལ་བར་ལྟུང་ངོ་། །དགྲས་ཕྲོགས་པ་ནི་ལུས་གཅིག་པུ་གཏོར་བ་ཙམ་དུ་ཟད་ཀྱིས། འདི་ལྟ་བུའི་གཏི་མུག་ཅན་གྱིས་ཆོས་བཤད་པ་མི་གཙང་བས་ནི་བསྐལ་པ་སྟོང་ཕྲག་ཁྲི་འབུམ་གྱི་བར་དུ་སེམས་ཅན་དམྱལ་བ་ཆེན་པོ་
རྣམས་ཀྱི་རྐུན་པོས་མྱ་ངན་བྱས་སོ། །མི་གང་ཞིག་གིས་སྟོང་གསུམ་གྱི་སེམས་ཅན་རྣམས་ཀྱི་སྲོག་འཕྲོག་པའི་སྡིག་པ་བས། ཆོས་འཆད་པ་མི་གཙང་བ་སྡིག་པ་ཆེའོ་ཞེས་པ་དང་། ཁྱུང་ཆེན་ལས། སློབ་དཔོན་ཚད་མར་མ་གྱུར་སྤྲེའུ་འདྲའི་ལུང་། །བསྟེན་པས་ལམ་ནོར་རྟོགས་པས་ཟིན་ཏ་རེ། །ཞེས་སོ། །དེ་བས་ན་ཐར་ལམ་བྱང་ཆུབ་ཀྱི་གེགས་སུ་བླ་མའམ། སློབ་དཔོན་ངན་པ་ཆེ་བས་བརྟགས་ལ་སྤང་ངོ་། །ཕྱོགས་གཉིས་པ། དད་བརྩོན་མེད་དང་འགྲོགས་པས་དགེ་བ་འགྲིབ། །སྒྲུབ་ལ་གཡེལ་ཞིང་མོས་གུས་ཉམས་པར་བྱེད། །ཐར་པའི་ལམ་ལ་དད་བརྩོན་མེད་པ་དང་འགྲོགས་པའི་ཉེས་པ་ནི། བླ་མ་དང་ཆོས་ལ་མི་དད་པ་དང་འགྲོགས་ན་བྱིན་རླབས་ཀྱི་ན་བུན་ཡལ་བས་ཐར་པའི་ལམ་དང་བྲལ་བའི་ཉེས་པ་ཡོད། སོས་དལ་ལེ་ལོ་ཅན་དང་འགྲོགས་ན་དགེ་བ་འགྲིབ་ཅིང་མི་དགེ་བ་འཕེལ་བའི་ཉེས་པ་ཡོད། དཀོན་མཆོག་ལ་དད་བརྩོན་གྱིས་མཆོད་པ་མི་བྱེད་པ་དང་འགྲོགས་ན་བསྟན་པའི་སྤྱི་སྲོལ་ཉམས་པའི་ཉེས་པ་ཡོད། ཆོས་ལ་དད་བརྩོན་གྱིས་སྒྲུབ་པ་མི་བྱེད་པ་དང་འགྲོགས་ན་ཚོགས་གཉིས་ཀྱི་འཕེལ་སྒོ་ཆད་པའི་ཉེས་པ་ཡོད། དགེ་འདུན་ལ་དད་བརྩོན་གྱིས་མི་བསྟེན་པ་དང་འགྲོགས་ན་ཐ་མལ་གྱི་ཉེས་པས་ནོན་པའི་ཉེས་པ་ཡོད། ཡི་དམ་ལ་དད་བརྩོན་གྱིས་སྒྲུབ་པ་མི་བྱེད་པ་དང་འགྲོགས་ན་དངོས་གྲུབ་ཡིད་སྨོན་ལ་རེ་བའི་ཉེས་པ་ཡོད། མཁའ་འགྲོ་ལ་དད་བརྩོན་གྱིས་མཆོད་སྒྲུབ་མི་བྱེད་པ་དང་འགྲོགས་ན་འཕྲིན་ལས་ཀྱི་ཕོ་ཉ་མི་འགྲུབ་པའི་ཉེས་པ་འགོ་བས་སྤང་བར་གདམས་ཏེ། དྲན་པ་ཉེ་བར་གཞག་པའི་མདོ་ལས། དགེ་བའི་ཆོས་ཐམས་ཅད་ཀྱི་བར་དུ་གཅོད་པའི་གཙོ་བོ་ནི་སྡིག་པའི་གྲོགས་པོ་ཡིན་ལ། དེ་དང་ལྷན་ཅིག་འགྲོགས་པའམ། གཏམ་སྨྲ་བའམ་གྲིབ་མས་ཕོག་པ་ཙམ་ཡང་སྤང་བར་བྱའོ་ཞེས་སོ། །ཕྱོགས་གསུམ་པ། ཐེག་དམན་དང་འགྲོགས་གཅིག་པུ་ཞི་ལ་མོས། །སེམས་སྟོབས་ཆུང་ཞིང་གཞན་དོན་
སྙིང་རྗེ་མེད། །ཐེག་མཆོག་དོན་དང་འགལ་བའི་ཉེས་མང་ལྡན། །ཉན་རང་གི་རིགས་ཅན་རང་གཅིག་པུ་འཁོར་བ་ལས་ཐར་པར་འདོད་ནས། ཅི་སྤྱོད་ཀྱང་རང་དོན་འབའ་ཞིག་ཏུ་སྒྲུབ་པའི་རིམ་པ་དང་འགྲོགས་ན། ཐེག་ཆེན་གྱི་སྙིང་རྗེ་མེད་པས་ལམ་དམན་པར་ལྟུང་བའི་ཉེས་པ་འགོ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དགེ་བའི་བཤེས་གཉེན་ལྟར་བཅོས་པའི་སྡིག་པའི་གྲོགས་པོ་ནི། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཆོས་སྟོན་ཅིང་། བསོད་ནམས་ཀྱི་ཚོགས་ལས་འདུན་པ་ཟློག་པ་དང་། རབ་ཏུ་དབེན་པར་སྟོན་ཅིང་བྱ་བ་ཉུང་བ་ལ་སྦྱོར་བ་དང་། ཐེག་པ་ཆེན་པོའི་དོན་དང་ལྡན་པའི་བཀའ་མཆིད་མི་བསྟན་པ་ལ་བརྟེན་ཅིང་བསྙེན་བཀུར་བྱེད་པ་དང་། བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཡོངས་སུ་སྨིན་པ་ལས་འདུན་པ་ཟློག་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་ལས་འདུན་པ་ཟློག་པའོ་ཞེས་སོ། །འདི་ཉིད་དེང་སང་གི་བླ་མ་རྟོགས་ལྡན་ཆེན་པོ་དག་ཕྱག་བཞེས་སུ་མཛད་དེ། ཅི་ཡང་མི་ཤེས་པ་དག་དེ་བས་ཀྱང་བློ་རྨོངས་སུ་འཇུག་ཅིང་ཚོགས་གཉིས་འགོག་ལ། ཡང་དག་པའི་ཆོས་ལ་སྐུར་བ་འདེབས་པའི་ཕྱིར་རོ། །སྒྲིབ་པ་འདི་ནི་བསྟན་པ་དམ་པའི་ཆོས་སྤོང་བ་ཡིན་པས་ཤིན་ཏུ་ལྕི་བའི་ཕྱིར་སྤང་བར་བྱ་བ་ལ་གདམས་སོ། །གང་ཚེ་གླང་ཆེན་བསྒྱིངས་པ་ཅན་དག་རང་ཉིད་རྨོངས་པའི་མཚོར་ཞུགས་ནས། །གཞན་ཡང་ལམ་དེར་འཇུག་ལ་མངོན་བརྩོན་གཏི་མུག་རོལ་པའི་ཤུགས་ཆེན་སྟོབས། །མེ་ཏོག་མདའ་ཅན་དཔུང་རྣམས་འདེགས་ལ་ཐེ་ཚོམ་གྱུར་ཞེས་གང་སླད་བརྩོན། །འདི་ནི་སྔོན་མེད་ཐར་པའི་གེགས་གྱུར་གངས་ཅན་འོངས་པར་འགྱུར་ཞེས་གྲགས། །ཚུལ་འདི་ནི་ཐུབ་པ་བཅོམ་ལྡན་འདས་ཀྱིས་ཀྱང་གསལ་པོར་གསུངས་ཏེ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་དགོན་པ་པར་གྱུར་ནས་བས་མཐར་གནས་ཏེ་མངོན་པར་དགའ་ཞིང་འདོད་པ་ཆུང་ལ་ཆོག་ཤེས་པ། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་ལ། དོན་དང་
བྱ་བ་ཉུང་བར་གནས་ཀྱང་མང་དུ་ཐོས་པ་མི་འཚོལ། སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད། ཆོས་ཉན་པ་ལ་མི་བརྩོན། ཆོས་ཀྱི་གཏམ་རྒྱུན་གཅོད། ཡོངས་སུ་འདྲི་བར་མི་བྱེད། དོན་རྣམ་པར་ངེས་པའི་གཏམ་རྒྱུན་གཅོད། དགེ་བ་ཅི་ཡིན་ཞེས་འཚོལ་བ་ལ་མི་བརྩོན་པར། བདག་གཅིག་པུ་དགོན་པ་ན་གནས་པས་ཉོན་མོངས་པ་ཆུང་ཞིང་། ཀུན་ནས་ལྡང་བ་ནོན་པ་ཙམ་གྱིས་དགའ་བ་ཐོབ་ཅིང་བག་ལ་ཉལ་སྤང་བའི་སླད་དུ་ལམ་སྒོམ་པར་མི་བྱེད། བདག་དང་གཞན་གྱི་དོན་ལ་མི་བརྩོན་པ་འདི་ནི། དགོན་པ་ལ་གནས་པའི་བདུད་ཀྱི་ལྕགས་ཀྱུ་སྟེ། དགེ་བའི་བཤེས་གཉེན་ལྟར་བཅོས་པའི་སྡིག་པའི་གྲོགས་པོའོ་ཞེས་སོ། །ཕྱོགས་བཞི་པ། ལྟ་དང་ཏིང་འཛིན་མེད་དང་བསླབ་པ་འཆལ། །ཐ་མལ་རིག་ཤེས་སྐྱོང་དང་རྙེད་པ་འཚོལ། །གནད་མེད་གཅིག་པུར་ཞེན་དང་སྟོང་ལྟ་ཅན། །ཉམས་མེད་ཐ་སྙད་མཁན་དང་འགྲོགས་ན་ཡང་། །དེ་དག་བྱུར་འགོ་དོན་མེད་ཚིག་ཕྱིར་འབྲང་། །ནེ་ཙོའི་འདོན་པ་འདྲ་བར་གྱུར་པ་ཡིན། །ལྟ་སྒོམ་གྱི་དགོངས་པ་མེད་པ་དང་འགྲོགས་ན་ཆོས་ཉིད་དོན་ལས་རིང་བའི་ཉེས་པ་འགོ །དམ་ཚིག་དང་སྡོམ་པ་འཆལ་བ་དང་འགྲོགས་ན་ཉམས་གྲིབ་ཀྱིས་སྲུང་སྡོམ་འཆོར་བའི་ཉེས་པ་འགོ །བཤེས་གཉེན་རྙེད་འཚོལ་བ་དང་འགྲོགས་ན་ལྟོ་གོས་ཀྱི་ཁོལ་པོར་འཆོར་བའི་ཉེས་པ་འགོ །གནད་མེད་དབེན་པར་དགའ་བ་དང་འགྲོགས་ན་སངས་རྒྱས་ཀྱི་ཆོས་ལས་ཉམས་པའི་ཉེས་པ་འགོ །སྟོང་པ་ཁ་འབྱམས་སུ་སྨྲ་བ་དང་འགྲོགས་ན་རྒྱུ་འབྲས་ཁྱད་དུ་གསོད་པའི་ཉེས་པ་འགོ །ཉམས་མེད་ཐ་སྙད་མཁན་དང་འགྲོགས་ན་དོན་མེད་ཚིག་ལ་དགའ་བའི་ཉེས་པ་འགོ །རྟོག་གེ་ཐ་སྙད་པ་དང་འགྲོགས་ན་ཉམས་ལེན་དྲེད་པོར་འཆོར་བའི་ཉེས་པ་འགོ །སེམས་བསྐྱེད་བསླབ་བྱ་མེད་པའི་མི་དང་འགྲོགས་ན་བསྡུ་དངོས་གཞན་དོན་མེད་པའི་ཉེས་པ་འགོ །རྒྱུ་འབྲས་དག་གྲོལ་དུ་འཛིན་པ་དང་འགྲོགས་ན་གསང་སྔགས་ཁྱད་དུ་གསོད་པའི་ཉེས་པ་འགོ །བློ་ཆུང་མཚན་བཅས་
ལ་ཞེན་པ་དང་འགྲོགས་ན་ཟབ་མོའི་ཆོས་ཉིད་ལས་རིང་བའི་ཉེས་པ་འགོ་སྟེ། དོན་དང་མ་འབྲེལ་བའི་ཆོས་དང་གང་ཟག་གིས་རང་རྒྱུད་བསླུས་པ་མང་ལ། ཚིག་མ་གོ་བའི་དོན་མུན་པའི་རྫས་ལ་གཞལ། དོན་མ་གོ་བའི་ཚིག་ནེ་ཙོོའི་འདོན་པར་འགྲོ་བས། གང་ཡང་རྒྱུད་ལ་འབྱོར་བའི་བླ་མ་མཆེད་གྲོགས་བཟང་པོ་དང་འགྲོགས་པ་གཅེས་ལ། དེའི་མི་མཐུན་ཕྱོགས་སྡིག་གྲོགས་སྤོང་བ་ཁོ་ན་གལ་ཆེ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དགེ་བའི་བཤེས་གཉེན་བསྟེན་པས་མི་དགེ་བའི་བཤེས་གཉེན་སྤང་བ་ལ་ནན་ཏན་བྱའོ་ཞེས་སོ། །གང་ཞེ་ན་ཡུམ་བར་མ་ལས། ཐམས་ཅད་དམིགས་པའི་ཚུལ་དུ་ཆོས་སྟོན་པ་ནི་སྡིག་པའི་གྲོགས་པོའོ་ཞེས་པ་དང་། སོར་ཕྲེང་གི་མདོ་ལས། རྩོད་པའི་དུས་ཀྱི་སེམས་ཅན་ལྟ་བ་དམན་པ་དགེ་སྦྱོང་ལྟར་བཅོས་ནས་ཐེག་པ་ཆེན་པོ་ལ་སྐུར་པ་འདེབས་པ་དེ་ནི་ཚུལ་དུ་འཆོས་པ། སློང་མོ་བ་སྡིག་ཏོ་མི་དགེ་བའི་སེམས་ཅན། བདུད་ཀྱིས་བྱིན་གྱིས་བརླབས་པ། མུ་སྟེགས་ཀྱིས་དཀྲུགས་པ། ལོག་པའི་ཕྱོགས་འཛིན་པ་ཞེས་བྱའོ་ཞེས་པ་དང་། འཕགས་པ་བདེ་བྱེད་ཀྱིས་ཞུས་པ་ལས། རིགས་ཀྱི་བུ་གང་སུ་དག་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་སྣང་ལ་རང་བཞིན་མེད་པར་ཤེས་པར་མི་འདོད་པར། དམིགས་པ་ཅན་གྱི་དགེ་བའི་རྩ་བ་འབའ་ཞིག་ལ་བརྩོན་པ་ནི་དགེ་སྦྱོང་མ་ཡིན། གཡོ་ཅན་ཞེས་བྱའོ་ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། དགེ་སློང་གང་ལ་གཉིས་སུ་འཛིན་པའི་སེམས་ཡོད་པ་དེ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའོ། །ཐེག་པ་ཆེན་པོ་ལ་མི་མོས་པ་དེ་ནི་བདུད་ཀྱིས་བསླུས་པ་ཞེས་བྱའོ་ཞེས་སོ། །སྤང་དགོས་པར་གདམས་པའང་འདི་ལྟར། དེ་དག་དང་འགྲོགས་ཐར་ལམ་བར་དུ་གཅོད། །དགེ་འགྲིབ་བདེ་འགྲོའི་གནས་ཀྱང་མི་འགྲུབ་ན། །ཞི་བདེའི་བྱང་ཆུབ་འགྲུབ་པ་སྨོས་ཅི་དགོས། །དེས་ན་སྡིག་པའི་གྲོགས་པོ་སྤང་བར་བྱ། །སྡིག་པའི་གྲོགས་སམ་
བླ་མ་ངན་པ་བསྟེན་པས་དགེ་བ་འགྲིབ་ཅིང་མི་དགེ་བ་འཕེལ་ཏེ། གནས་སྐབས་ལྷ་མིའི་བདེ་འབྲས་ཀྱང་མི་འགྲུབ་ཀྱི་སྟེང་དུ་ཐར་ལམ་ལ་བར་དུ་གཅོད་པས། མཐར་ཐུག་ཞི་བདེའི་བྱང་ཆུབ་འགྲུབ་པ་ལྟ་ཅི་སྨོས་ཏེ་གནས་མེད་དོ། །ཆེད་དུ་བརྗོད་པའི་ཚོམས་ལས། དད་པ་མེད་ཅིང་འཇུངས་པ་དང་། །རྫུན་དུ་སྨྲ་དང་ཕྲ་མ་ཅན། །མཁས་པས་བཤེས་པར་མི་བྱ་ཞིང་། །སྡིག་ཅན་མི་དང་འགྲོགས་མི་བྱ། །བསྟེན་བྱ་མ་ཡིན་བསྟེན་པའི་མི། །དེ་ཡི་སྐྱོན་གྱིས་སྐྱོན་ཅན་འགྱུར། །དོང་པར་དུག་བསྐུས་མདའ་བཅུག་པས། །དུག་མ་བསྐུས་པའང་གོས་པ་བཞིན། །ཞེས་སོ། །གནོད་པ་ལ་བལྟས་ཏེ་སྤང་དགོས་པའི་འཐད་པ་འགོད་པ་ནི་དཔེ། ཇི་ལྟར་ལམ་འཕྲང་བགྲོད་པའི་མགྲོན་པོ་དག །ཆོམ་རྐུན་འཇིགས་པས་བཅོམ་ལའང་འཇིགས་ལྟ་ན། །དེ་ཡིས་ཚེ་འདིའི་ནོར་དང་སྲོག་འདོར་གྱི། །གཏན་གྱིི་བདེ་བ་འཕྲོག་པར་ཡོང་མི་ནུས། །འདི་དག་ནི་གསལ་བའི་དཔེར་བཀོད་ནས། དེ་བས་ཆེས་འཇིགས་པའི་དགྲ་ལ་མ་བརྟེན་པར་བག་ཟོན་སྐྱེད་ཅིག་ཅེས་གདམས་པ་ནི། མི་དགེའི་བཤེས་གཉེན་བསྟེན་པའི་འགྲོ་བ་རྣམས། །དམ་པས་བརྙས་ཤིང་དཀར་ཕྱོགས་ལྷས་འདོར་བས། །གནོད་མང་སྡུག་བསྔལ་འབྱུང་གནས་འདིར་ཡང་ཕུང་། །ཕྱི་མར་ངན་འགྲོ་གཏན་དུ་སྲིད་མཚོར་འཁྱམ། །བདེ་བའི་ནོར་མཆོག་བྲལ་ལ་མི་འཇིགས་པའི། །སྐྱེ་བོ་དེ་ནི་བདུད་ཀྱིས་བསླུས་པ་ལགས། །མི་དགེའི་བཤེས་ལ་བསྟེན་ན་སྐྱེ་བོ་དམ་པས་སྨད། བསྲུང་བའི་ལྷས་འདོར། གནོད་འཚེ་དང་སྡུག་བསྔལ་མང་། མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་པས་མཐོང་བའི་ཆོས་ལ་ཉེས་པ་མང་བར་མ་ཟད། སྐྱེ་བ་ཕྱི་མ་ལ་ངན་སོང་གསུམ་དུ་འགྲོ་ཞིང་། དུས་རྟག་ཏུ་འཁོར་བར་འཁྱམས་པས་ན་ཐ་མལ་གྱི་དགྲ་ལས་ཐར་པའི་བློ་བསྐྱེད་པའི་ཚོད་བརྩིས་ནས་སྡིག་པའི་གྲོགས་
ལས་རིང་དུ་འབྲོས་པར་གདམས་ཏེ་ལེགས་པ་ལས་ཉམས་པར་འགྱུར་དུ་འོང་བའི་ཕྱིར་རོ། །དེ་སྐད་བསྟན་ཡང་འཇིགས་པར་མི་བྱེད་ཀྱི་སྟེང་དུ་སླར་བསྟེན་ན་བདུད་ཀྱིས་བསླུས་པར་རིག་པར་བྱའོ། །གཞན་ཡང་རི་དྭགས་རྔོན་པ་ལ་སྐྲག་པ་དང་། བྱེའུ་ཁྲ་ལ་སྐྲག་པ་དང་། བྱི་ཆུང་བྱི་ལ་ལ་སྐྲག་པ་དང་། གསོད་པའི་གཤེད་མ་ལ་སྐྲག་པ་དང་། གླང་པོ་ཆེ་སྨྱོན་པ་ལ་སྐྲག་པ་ལྟར་སྤང་དགོས་ཏེ། འཕགས་པ་མྱ་ངན་ལས་འདས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོ་ལ་འཇིགས་པ་ལྟར། གླང་པོ་ཆེ་སྨྱོས་པ་ལ་མི་འཇིགས་ཏེ། གླང་པོས་ནི་ཚེ་འདིའི་ལུས་ཙམ་འཇིག་པ་ལས་མི་བྱེད་ལ། སྡིག་པའི་གྲོགས་པོས་ནི་གཏན་གྱི་དགེ་བའི་ལུས་དང་སྲོག་འཇིག་པར་བྱེད་དོ་ཞེས་སོ། །བརྟག་པ་དང་དཔྱད་པ་ཆེར་བྱས་པ་ཉིད་ཀྱིས་སྤང་བར་འོས་པའི་དཔེ་སྒྲུབ་པ་ནི། འདི་ལྟར་འཇིག་རྟེན་ན་ཡང་རབ་རྟོག་དཔེ། །སྐྱེལ་མའི་ཡུལ་དེ་བཟང་ངན་རྟོག་ཅིང་འདྲི། །ཐར་པ་འདོད་ལ་བཤེས་གཉེན་དྲི་རྟོག་མེད། །བློ་གྲོས་བླུན་པོ་དངོས་སུ་བདུད་སྡེས་བཅོམ། །འདི་ལྟར་འཇིགས་བཅས་ཀྱི་ལམ་འཕྲང་བགྲོད་པ་ན། སྐྱེལ་མ་འཚོལ་ལ་དེ་ཡང་ཐུབ་མི་ཐུབ་རང་གིས་ཀྱང་རྟོག་གཞན་ལའང་འདྲི་བ་འཇིག་རྟེན་ན་ཡོད་པ་ནི་ཉིན་གཅིག་ཙམ་གྱི་དོན་སྒྲུབ་པ་ལའང་མཐོང་ན། གཏན་གྱི་བདེ་བ་ཐར་པ་བགྲོད་པ་ལ་བླ་མའི་སྐྱེལ་མ་དགོས་ལ། དེ་མཚན་ཉིད་དང་ལྡན་མི་ལྡན་མི་རྟོག་པར་གང་བབས་སུ་འཇུག །མཁས་པ་གཞན་ལ་མི་འདྲི་བར་འབར་རྒྱུགས་སུ་བླུན་པོ་འཁོར་བསོད་ཅན་ལ་བསྟེན་པ་འདི་ནི་ཕུང་ཁམས་ཤིན་ཏུ་ཆེ་བ་ཡིན་ཏེ། དེང་སང་ཤིན་ཏུ་མང་བར་སྣང་ངོ་། །དེ་ཡང་ཐར་པ་ལས་བསླུ་བའི་བདུད་ཀྱིས་དངོས་སུ་བཅོམ་པ་ཞེས་བྱའོ། །བཤེས་གཉེན་ངན་པ་ལ་བསྟེན་པ་ཙམ་དུའང་མ་ཟད་ཀྱིས།
ཆོས་ནོར་བ་དང་། འདྲེས་པ་དང་། བཅོས་མ་ལ་ཞུགས་པས་ཐར་པ་འདོད་པ་ངོ་མཚར་དུ་བརྩིས་པ་ནི་འདི་ལྟར། དམན་པའི་ནོར་དག་ཉོ་ཚོང་བྱེད་ན་ཡང་། །རང་གིས་མི་ཤེས་གཞན་ལ་འདྲི་བར་བྱེད། །དེང་སང་གང་བྱུང་ཆོས་ཀྱི་ལམ་དེར་འཇུག །རྣམ་དཔྱོད་མིག་མེད་ཐོས་བསམ་སྣང་བ་མདོངས། །མིག་ལྡན་གཞན་ལ་འདྲི་ཞིང་རྟོག་པ་མེད། །ཐར་འདོད་སྐྱེ་བོ་མང་པོ་བདུད་ཀྱིས་བསླུས། །དར་ཟབ་དང་། གོས་དང་། རྟ་དང་། རིན་པོ་ཆེ་ལ་སོགས་པ་དམན་པའི་ནོར་དག་ཉོ་ནའང་རང་གིས་ཤེས་ན་བཟང་ངན་རྟོག་གོ །མི་ཤེས་ན་ཤེས་པ་གཞན་ལ་དྲིས་ནས་ལེན་པར་བྱེད་ན། དེང་སང་ནི་ཐར་པ་བྱང་ཆུབ་སྒྲུབ་པས་ན་ནོར་གྱི་མཆོག་དམ་པའི་ཆོས་ཡིན་པ་ལ། དེ་རང་གི་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་རྟོག་པར་ཡང་མི་བྱེད་པར། ཆོས་དྲི་མ་ཅན་གང་དར་བ་དེ་ཉིད་ལུང་མེད་པར་རློམ་ནས་གཞན་ལ་འཆད་ལ། མཁས་པ་ཐོས་བསམ་སྒོམ་པའི་སྤྱན་རྒྱས་པ་གཞན་ལ་གང་ཡིན་མི་འདྲི་བ་ཙམ་དུ་མ་ཟད། ཕྲག་དོག་གིས་ངན་དུ་སྒྲོགས་ཤིང་ཐ་སྙད་པའོ་ཞེས་བརྙས་པར་བྱེད་པ་འདི་ནི་ཐར་པ་བསླུ་བའི་བདུད་རིགས་དར་བ་ལས་བྱུང་བར་ཤེས་སོ། །འཕགས་པ་ཟླ་བ་དྲི་མ་མེད་པའི་མདོ་ལས། མ་འོངས་པའི་དུས་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་ཆོས་ལྟར་བཅོས་པ་དུ་མ་འབྱུང་སྟེ། དེའི་ཚེ་རང་གིས་བསླད་པའི་ཆོས་དག་འདྲེས་མར་བྱས་ཏེ་འདི་ནི་དམ་པའོ་ཞེས་སྟོན་ཅིང་། ཆོས་སྨྲ་བ་གཞན་ལ་འདུད་པར་མི་བྱེད། ཡོངས་སུ་འདྲི་བར་མི་བྱེད། ཀུན་ནས་མནར་སེམས་པས་སྨོད་པར་བྱེད་དོ། །མི་གཏི་མུག་ཅན་དེ་དག་ནི་དེའི་རྒྱུས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་སོ། །ད་ནི་མཇུག་བསྡུ་བ་སྡིག་པའི་གྲོགས་པོ་སྤང་བར་གདམས་པ་ནི།
འདིར་ནི་སྡིག་པའི་གྲོགས་པོ་བརྟགས་ཏེ་སྤང་། །དེ་ཡི་ཕན་ཡོན་དམ་པའང་ཚད་མེད་དེ། །ལོག་པར་མི་ལྟུང་རྟག་ཏུ་དགེ་བ་འཕེལ། །དམ་པས་བསྟོད་ཅིང་ཡོན་ཏན་ཚོགས་རབ་འགྲུབ། །ཐར་པ་དོན་དུ་གཉེར་བས་རབ་ཏུ་བརྟགས་པའི་སྒོ་ནས་སྡིག་པའི་གྲོགས་པོ་སྤངས་པའི་ཡོན་ཏན་ཚད་མེད་དེ། འཕགས་པ་དཀོན་མཆོག་སྤྲིན་ལས། སྡིག་པའི་གྲོགས་པོ་སྤང་བ་ནི་ངན་འགྲོ་ངན་སོང་ལོག་པར་ལྟུང་བ་རྣམས་སུ་མི་འགྱུར་རོ། །དེའི་དགེ་བའི་ཚོགས་ཀྱང་ཡང་དག་པར་འཕེལ་ལོ། །སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །ཡོན་ཏན་གྱི་ཚོགས་ཟད་མི་ཤེས་པ་རྣམས་རྙེད་པར་འགྱུར་རོ་ཞེས་སོ། །ཕན་ཡོན་གཞན་ཡང་། དྲན་དང་ཏིང་འཛིན་ཤེས་རབ་རྒྱ་ཆེ་ཞིང་། །འདིར་ཡང་བདེ་ལ་ཕྱི་མར་ལེགས་པ་སྟེ། །མཐོ་རིས་གངྒཱའི་ཆུ་ངོགས་ལེགས་བགྲོད་ཅིང་། །ཞིང་རྣམས་རྒྱལ་སྲས་འབྱོར་པས་ཡོངས་གང་མཐོང་། །སྡིག་པའི་གྲོགས་པོ་སྤང་བའི་སྐྱེ་བོ་དག་གིས་དགེ་བ་འཕེལ་བའི་མཐུས། ཆོས་སེམས་པའི་དྲན་པ་དང་། རྩེ་གཅིག་པའི་ཏིང་ངེ་འཛིན་དང་། རྣམ་པར་གྲོལ་པའི་ཤེས་རབ་གྲུབ་པས་ཐར་པའི་ལམ་པོ་ཆེ་སྲོལ་བཏོད་ཅིང་། འདིར་ཡང་ཚེ་རིང་བ་དང་། ལོངས་སྤྱོད་དང་ལྡན་པ་དང་། ནད་མེད་པ་དང་། མདངས་དང་ལྡན་པ་དང་། མཐོང་ན་མཐུན་པ་དང་། ལྷ་དང་མིའི་ནང་ན་ཀུན་གྱིས་འདུན་ཅིང་། སྙན་པར་བསྟོད་པ་དང་། བསམས་པ་ཙམ་གྱིས་འདོད་པའི་དོན་ཀུན་འགྲུབ་པ་དང་། རང་དང་གཞན་ལ་ཕན་བདེ་བྱེད་པས་མཛེས་ཤིང་བདེ་ལ། ཕྱི་མར་ལེགས་པའི་ཆོས་མངོན་པར་མཐོ་བ་རྣམས་ཀྱི་མཆོག །ལྷ་དང་མི་ལས་འཕགས་པའི་འབྱོར་པས་བརྒྱན་པའི་ལུས་འགྲུབ་བོ། །དེ་ཡང་འགྲོ་བ་ཕལ་པའི་མཐོ་རིས་ལས་འཕགས་པ་ནི་བདེ་བ་ཅན་ལ་སོགས་པ་དག་པའི་ཞིང་ཡིན་ལ། དེའི་མིང་ནི་སྙན་ངག་གིས་མངོན་
བརྗོད་དུ་མཐོ་རིས་གངྒཱའི་ཆུ་ངོགས་ཞེས་གྲགས་པ་དེར་བགྲོད་ནས་སྐྱེ་བ་འཛིན་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་རྣམས་མཐོང་ཞིང་། པདྨོ་དང་། དཔག་བསམ་གྱི་ཤིང་དང་། ཁྲུས་ཀྱི་རྫིང་བུ་དང་། རིན་པོ་ཆེའི་ས་གཞི་དང་། ནོར་བུ་སྣ་ཚོགས་ཀྱི་ཁང་བུ་ལ་སྤྱོད་པ་ནི་འབྱོར་བས་གང་བ་ཞེས་བྱ་ལ། ངེས་པར་ལེགས་པ་ས་དང་ལམ་དང་གཟུངས་དང་། ཏིང་ངེ་འཛིན་གྱིས་རྣམ་པར་འཕྲུལ་ཞིང་བྱང་ཆུབ་ཐོབ་པ་ཡིན་ནོ། །དེའི་ཕྱིར་ཐར་པ་འདོད་པ་དག་གིས་སྡིག་པའི་བཤེས་གཉེན་གྲོགས་དང་བཅས་པ་རབ་ཏུ་སྤང་བ་ལ་ནན་ཏན་བྱ་ཞིང་། ཐ་ན་སྐད་ཅིག་ཙམ་ལམ་མཐུན་པར་ཡང་མི་འགྲོགས། མི་སྨྲ་མི་བསྟེན་ཏེ་དྲན་པ་ཉེར་གཞག་ལས། སྡིག་པའི་གྲོགས་པོ་དང་ཡུད་ཙམ་ཡང་མི་འདྲེ། ཚིག་ཙམ་ཡང་མི་སྨྲ། ལམ་དུ་ཡང་མི་འགྲོགས་སོ་ཞེས་པ་དང་། རྟག་ཏུ་ངུའི་རྣམ་པར་ཐར་པ་ལས་ཀྱང་། ཁྱོད་ཀྱིས་སྡིག་པའི་གྲོགས་པོ་དག་སྤང་བར་བྱའོ་ཞེས་པ་དང་། སའི་སྙིང་པོའི་མདོ་ལས། སྡིག་པའི་གྲོགས་པོ་ནི་བྲག་བྱ་སྐྱིབས་མེ་རབ་ཏུ་འབར་བ་ལྟར་སྤང་ངོ་ཞེས་སོ། །དེས་མཚོན་པས་རང་གི་བླ་མ་ལ་མི་གུས་པར་ངན་དུ་སྒྲོགས་པ་དག་ཀྱང་། སྡིག་པའི་བཤེས་གཉེན་དང་གྲོགས་སུ་རིག་ནས་ཐ་ན་ལམ་མཐུན་དུའང་མི་འགྲོགས་མི་བསྟེན་ཏེ། འདུལ་བ་ལས། དེ་དང་ཞེ་འགྲས་པ་ལ་སྦྱར་བར་མི་བྱའོ་ཞེས་གསུངས་པ་བཞིན་ནོ། །ཅིས་ཀྱང་གནས་གཅིག་པ་ལ་སོགས་པར་སྡོད་དགོས་པའི་ཚེ་ཡིད་མི་རྟོན་པ་དང་། བག་ཕེབས་པར་མི་སྨྲ་བ་དང་། གུས་པར་མི་བྱ་བ་དང་། མི་སྨྲ་བའི་ཡི་དམ་ལ་གནས་པར་བྱ་བ་དང་། དེས་བརྗོད་པའི་ཚིག་ལ་རྗེས་སུ་ཡི་རང་མི་བྱ་སྟེ་བྱས་ན་དམ་ཚིག་ཉམས་ཤིང་། སྡིག་པའི་གྲོགས་བཤེས་ཀྱིས་ཟིན་པའི་ཕྱིར། སྤོང་བ་ནའང་ཞེ་སྡང་བས་མ་ཡིན་གྱི། འདི་ནི་སྡིག་པའི་བཤེས་དང་
གྲོགས་སུ་གྱུར་པ་སྟེ་སྙིང་རེ་རྗེ། འདིས་བདག་དང་གཞན་ཟིན་པར་མ་གྱུར་ཅིག །ནམ་ཞིག་བདག་ལ་ནུས་པ་ཡོད་པ་དེ་སྲིད་དུ་འདི་ཡང་ལམ་ངན་པ་ལས་བདག་ཁོ་ནས་འདྲེན་ཅིང་། ལམ་བཟང་པོ་ལ་འགོད་པར་ཤོག་སྙམ་དུ་སེམས་པས། བསྟེན་ཅིང་འདྲིས་པ་སྤོང་བའི་བློས་རབ་ཏུ་སྤང་དགོས་ཏེ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བར་བྱ་སྟེ། དེ་ཡང་ཚུལ་ཁྲིམས་ཉམས་པ་དང་། ཆོ་ག་ཉམས་པ་དང་། འདུ་འཛི་ལ་དགའ་བ་དང་། ལེ་ལོ་ཅན་དང་། འཁོར་བ་ལ་དགའ་བ་དང་། བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པ་དང་། ཁྱིམ་པ་དང་བསྟེན་པ་རྣམས་སྤང་བར་བྱའོ། །དེ་ཡོངས་སུ་སྤོང་བའི་ཚེ་དེ་ལ་སྡང་བའམ། ཁོང་ཁྲོ་བའམ། བརྙས་པའི་སེམས་བསྐྱེད་པར་མི་བྱའོ། །གཞན་དུ་ན་བསྟེན་པ་ཡོངས་སུ་སྤང་བའི་སེམས་ཉེ་བར་གཞག་པར་བྱའོ་ཞེས་སོ། །དེ་ལྟར་སྡིག་གྲོགས་དང་། སྡིག་པ་ལ་སྦྱོར་བའི་བླ་མ་དང་། སློབ་དཔོན་དང་། མཁན་པོ་དག་སྤངས་བར་བྱས་ན། ཐར་པ་དགེ་བའི་ཆོས་ཐམས་ཅད་ངང་གིས་འགྲུབ་པའི་ཕྱིར། དོར་བྱའི་ཕྱོགས་ལ་རང་གི་བློ་བསྟེན་ཅིང་སྦྱར་བར་མི་བྱའོ། །འདི་དག་གི་ངེས་པ་མདོ་དང་རྒྱུད་སྡེ་དུ་མར་གསུང་པའི་ཕྱིར་ཐར་པ་འདོད་པས་ཇི་སྐད་བཤད་པ་ལྟར་སྡིག་པའི་བཤེས་གྲོགས་སྤང་ཞིང་། དགེ་བའི་བཤེས་གཉེན་དམ་པ་ལ་གུས་པས་བསྟེན་པར་བྱ་སྟེ། མདོ་སྡེ་རྟོགས་པ་བརྗོད་པ་ལས། དགེ་བའི་བཤེས་གཉེན་བསྟེན་པས་ལེགས་པ་འཕེལ་ལ། སྡིག་པའི་གྲོགས་པོ་བསྟེན་པས་ཉེས་པ་འཕེལ་ཏེ། འདི་ལྟ་སྟེ་དཔེར་ན། རླུང་ལ་དྲི་མེད་ཀྱང་ཙནྡན་གྱི་ཚལ་ལས་འོངས་པ་ནི་དྲི་ཞིམ་ལ། མི་གཙང་བའི་ཕྱོགས་ལས་འོངས་པ་དྲི་ང་བ་བཞིན་ནོ་ཞེས་སོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྡིག་པའི་གྲོགས་པོ་སྤང་བའི་ལེའུ་སྟེ་དགུ་པའི་རྒྱ་ཆེར་འགྲེལ་པའོ།། །།
འཆད་པ་པོ་སློབ་དཔོན་གྱི་ལེའུ་སྟེ་བཅུ་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་ཐོས་པ་དམ་པའི་ཡུལ་བསྟན་པའི་རྗེས་ལ། ཇི་ལྟར་ཐོས་པར་བྱ་བའི་ཚུལ་ངེས་པར་བྱ་བ་ལས། དང་པོ་མདོར་བསྟན་པ་ནི། དེ་ལྟར་སྡིག་པའི་གྲོགས་པོ་སྤངས་བྱས་ཤིང་། །དགེ་བའི་བཤེས་གཉེན་ཡོངས་སུ་བསྟེན་པ་ན། །དེ་ལས་དང་པོ་ཐོས་པའི་ཤེས་རབ་བསྐྱེད། །འདི་ནི་ཐར་པའི་རྩ་བ་ལགས་པར་གསུངས། །ཐར་པ་འཚོལ་བའི་གང་ཟག་ནི་སྐྱེས་བུ་ཆེན་པོ་ཞེས་བྱ་ལ། དེས་དང་པོར་སྡིག་པའི་གྲོགས་དང་བཤེས་གཉེན་སྤངས་ནས། དགེ་བའི་གཤེས་གཉེན་དམ་པ་ལ་བསྟེན་པ་ན། དོན་དུ་གཉེར་བྱའི་གཙོ་བོ་ནི་གང་ཡིན་ཞེས་དྲིས་པ་ལས། ཐར་པ་དམ་པའོ་ཞེས་བསྟན་པ་ན། དེ་ཇི་ལྟར་བསྒྲུབ་པ་དང་། རང་བཞིན་དྲིས་པ་ལས། གཞི་ཚུལ་ཁྲིམས་ལ་བྱས་ཏེ། དང་པོའི་སྒོ་ཐོས་བསམ་བྱ་བར་གདམས་ནས། ཕྱིས་དེའི་དོན་བསྒོམ་པར་བཤད་པས། དང་པོ་ཐོས་པ་དམ་པ་ལ་འཇུག་པ་ཐར་པའི་རྩ་བར་གསུངས་སོ། །གཞི་སྡོམ་པ་དང་ཚུལ་ཁྲིམས་སུ་བྱ་སྟེ། ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་གཞི་རྟེན་ལགས་པར་ཐུབ་པས་གསུངས། །ཞེས་གསུངས་པ་དང་། དེ་ནས་ཐོས་བསམ་བསྒོམ་པར་བྱ་བ་ཡང་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་བཞིན་ནོ། །ཇི་ལྟར་ཐོས་པའི་དོན་རྒྱ་ཆེར་བཤད་པ་ལས། དང་པོ་གདམས་བྱ་བླ་མའི་རིམ་པས་སྣོད་བརྟག་པར་བསྟན་པ་ནི། དེ་ལ་མང་ཐོས་ཡོན་ཏན་བཅུ་ལྡན་གྱི། །བླ་མ་མཆོག་དེས་སྐལ་བཟང་སློབ་མ་ལ། །དམ་པའི་ཆོས་ནི་ཡོངས་སུ་འཆད་པ་ན། །ཐོག་མར་སྣོད་ཀྱིི་དབང་པོ་བརྟག་པ་གཅེས། །དེ་ལ་བླ་མ་གང་ཞིག་གདུལ་བྱའི་བློ་རིགས་མི་ཤེས་པ། ཤེས་བྱའི་དོན་ལ་རྨོངས་པ། ངག་ཚིག་གི་སྡེབ་མི་མཁས་པ། ཟང་ཟིང་གི་རྙེད་པ་ལ་ལྟ་བ། ཆོས་ལ་དཔེ་མཁྱུད་བྱེད་པ། འཇིག་རྟེན་གྱི་གྲགས་པ་འདོད་པ། ཆོས་ལ་སྦྱོར་བ་ཞན་པ། གཞན་
དོན་གྱི་ལས་ལ་སྐྱོ་བ། ང་རྒྱལ་དང་ཕྲག་དོག་ཆེ་བ། ཆོས་ལ་སེར་སྣ་བྱེད་པ། ཆོས་དང་རང་རྒྱུད་འཛོལ་བ་རྣམས་དོར་ལ། ཡོན་ཏན་ཕུན་སུམ་ཚོགས་པ་བཅུ་དང་ལྡན་པ་ལས་ཐོས་པ་གཟུང་བར་བྱ་བ་ནི། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཡོན་ཏན་བཅུ་དང་ལྡན་ན་ཆོས་སྨྲ་བ་དེ་མང་དུ་ཐོས་ཤིང་ཐོས་པ་བསགས་པ་ཐོས་པ་འཛིན་པ་ཡིན་ཏེ། དེས་མཐོ་དམན་དུ་མི་སེམས་པ་དང་། ཆོས་དང་དོན་ལ་ཐེ་ཚོམ་མེད་པར་ངེས་པའི་ཚིག་དང་ལྡན་པ་དང་སྤོབས་པ་ཕུན་སུམ་ཚོགས་པ་ཡོད་ཀྱང་ཐོས་པ་འཚོལ་བ་ལ་བརྩོན་པ་མི་ཉམས་པ་དང་། དུས་དང་ཚོད་དང་སྨན་དང་ངག་དང་དོན་ཤེས་ཀྱང་བཤེས་གཉེན་རྒན་པ་ལ་བསྟེན་པ་མི་འདོར་བ་དང་། བསྟན་བཅོས་དང་འདུལ་བ་དང་མདོ་སྡེ་དང་མངོན་པ་དང་དེ་ཁོ་ན་ཉིད་ཤེས་ཀྱང་གཞན་ལ་དྲི་བའི་སྦྱོར་བ་མི་གཏོང་བ་དང་། མགུ་སླ་བ་དང་གསོ་སླ་བ་དང་ཆོ་ག་དང་སྤྱོད་པ་མཛེས་པ་ཕུན་སུམ་ཚོགས་པ་ཡིན་ལ་བླ་མ་ལ་རིམ་གྲོ་བྱེད་པའི་སྤྱོད་པ་ཡང་མི་གཏོང་བ་དང་། དུལ་བ་དང་ཞི་བ་དང་བྱང་བ་དང་མི་འཇིགས་པ་ཡང་ཡིན་ལ་ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པའི་སྦྱོར་བ་ཡང་མི་གཏོང་བ་དང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་དོན་ལ་མཁས་ཀྱང་འཇིག་རྟེན་གྱི་བསམ་པ་དང་མཐུན་པར་འཇུག་པ་དང་། རང་བཞིན་དྲང་ཞིང་མཉེན་ལ་འགྲོགས་ན་བདེ་བས་སེམས་ཅན་གྱི་བསམ་པ་དང་མཐུན་པར་འཇུག་ཀྱང་ཚུལ་ཁྲིམས་འཆལ་བའི་གཏུམ་ཐུང་དང་མི་འགྲོགས་པ་དང་། སྦྱིན་པ་དང་དུལ་བ་དང་། གཉེན་པོ་མི་འགྱུར་བ་དང་ཆོ་ག་དང་གནས་པ་ལ་དགའ་ཡང་ཐམས་ཅད་དུ་ཡིད་མི་གནས་ཤིང་སྤྱོད་ཡུལ་ལ་ཡང་རྣམ་པར་མི་རྟོག་པ་དང་། བག་ལ་ཉལ་དང་ཀུན་ནས་དཀྲིས་པ་དང་ཟུག་རྔུ་འབྱིན་ཡང་སེམས་ཅན་གཞན་གྱི་ཉོན་མོངས་པ་སྤོང་བའི་བརྩོན་པ་མི་གཏོང་བའོ་ཞེས་སོ། །དེ་ལྟ་བུའི་བླ་མས། ཉན་པ་པོ་ཆོས་དང་སྟོན་པ་ལ་གུས་ཤིང་ཐར་པ་གཉེར་ལ། ཤེས་རབ་དང་ལྡན་ཞིང་གཟུ་བོར་གནས་པས་དོན་དུ་གཉེར་བའི་སྣོད་དུ་གྱུར་པ་ལ་ཟབ་པ་དང་རྒྱ་ཆེ་བའི་གནས་ཐར་པ་དམ་པའི་ཆོས་དག་འཆད་པ་ན། ཐོག་མར་སྣོད་བརྟག་པ་གལ་ཆེ་བ་ནི། བྱིས་དང་རྒན་བཞིན་ཁ་ཟས་ཐ་དད་ལས། །དེ་ཡི་ཆོས་ཀྱང་རང་བཞིན་ཐ་དད་དོ། །དེ་ལ་འཇིག་རྟེན་ན་ཐོག་མར་བྱིས་པ་བཙས་མ་ཐག་ལ་ཁ་ཟས་
དྲོན་མོ་རབ་ཏུ་འཇམ་པོ་དག་སྟེར་གྱི། རྩུབ་ཅིང་རེངས་པ་དག་བྱིན་ན་དུག་ཏུ་འགྱུར་ལ། ནར་སོན་པ་ན་ཟས་སྣ་ཚོགས་ཆུན་པ་ལྟར། ལས་དང་པོ་པ་ལ་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན། དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ་ལ་སོགས་པ་བསྟན་ལ་འཁོར་བ་ལ་བློ་ལོག་པ་དང་། གདོད་ཆོས་ཐམས་ཅད་རང་བཞིན་མེད་པ་ལ་སོགས་པ་བཤད་པར་བྱ་བ་ཡིན་ནོ། །དེ་ཡང་བློ་ཐ་མ་ལ་ཉན་རང་གི་ཆོས་དང་། འབྲིང་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། ཆེན་པོ་ལ་གསང་སྔགས་རྡོ་རྗེ་ཐེག་པ་བཤད་པའམ། ཐ་མའི་གསུམ་ལ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། འབྲིང་པོ་གསུམ་ལ་བྱ་བ་སྤྱོད་པ་རྣལ་འབྱོར་གསུམ་དང་། རབ་གསུམ་ལ་བསྐྱེད་པ་རྫོགས་པ་རྫོགས་པ་ཆེན་པོ་གསུམ་བཤད་དེ། ཨ་ཏི་བཀོད་པ་ཆེན་པོའི་རྒྱུད་ལས། དམན་པ་གསུམ་ལ་བསྟན་པ་ནི། །འདུལ་བ་མདོ་སྡེ་མངོན་པ་སྟེ། །འབྲིང་པོ་གསུམ་ལ་ངེས་བསྟན་པ། །ཀྲཱི་ཡ་ཡོ་ག་ཨུ་པའོ། །ཆེན་པོ་རིམ་ལྡན་གསུམ་དག་ལ། །བསྐྱེད་དང་རྫོགས་པ་ཆེན་པོ་བསྟན། །ཞེས་སོ། །ཞི་བ་ལྷས་ཀྱང་། དམན་ལ་མཆོག་གི་ཆོས་མི་བསྟན། །རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་འབྱུང་བ་བཞིན་ནོ། །ཇི་ལྟར་བརྟགས་ན། རབ་མངོན་པར་ཤེས་པས་གདུལ་བྱའི་ཁམས་དང་། དབང་པོ་བག་ལ་ཉལ་བརྟགས་ནས་དེ་དང་འཚམས་པར་སྟོན་ལ། དེ་མེད་ན་འབྲིང་འགྲོགས་ནས་བརྟག་པ་དང་། དེ་མ་འབྱོར་ན་ཐ་མ་དྲིས་ལ་བརྟག་པ་གཅེས་སོ། །དེ་མ་ཡིན་ན་ཆོས་གཅིག་གིས་བློ་རིགས་ཐ་དད་སྨིན་པར་མི་ནུས་པས་ལ་ལ་ལ་ཕན་པ་ལ་ལའི་དུག་ཏུ་འགྱུར་ཏེ། བེའུ་ལ་ཕན་པའི་འོ་མ་སྦྲུལ་གྱི་དུག་ཏུ་འགྱུར་བ་བཞིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱིས་ཀྱང་ཆོས་ཀྱི་སྒོ་དང་རྣམ་གྲངས་བློ་དང་བསྟུན་ནས་དཔག་ཏུ་མེད་པ་གསུངས་ཏེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་
པར་གསུངས། །ཞེས་པ་བཞིན་ནོ། །སྣ་གཅིག་གིས་ཆོག་ན་སངས་རྒྱས་ཀྱིས་འདི་ཙམ་གསུངས་པ་དོན་མེད་པ་ལས་དེ་ལྟར་མ་ཡིན་པའི་ཕྱིར་རོ། །དེང་སང་ནི་ད་ལྟར་གྱི་རིག་པ་ངོས་ཟིན་པས་ཆོག །མང་པོ་བསྟན་པ་ལ་དོན་མེད་ཅེས་ཟེར་བ་མང་སྟེ། དེས་ཆོག་ན་སངས་རྒྱས་ཀྱིས་གཞན་བསྟན་མི་དགོས་ལ། གཅིག་ཏུ་ན་ད་ལྟར་གྱི་རིག་པ་དེ་ཡང་ཐོས་པ་དང་བླ་མའི་རྣལ་འབྱོར་ཙམ་ལ་བསྟེན་དགོས་པས། རང་ཚིག་བསལ་བ་ལ་ཞུགས་པ་ཡིན་ནོ། །དེས་ན་བློ་ལ་དང་པོ་དང་། བར་པ་དང་། ཐ་མའི་རིམ་པས་གཉེན་པོར་གང་ཆེ་ཟབ་པའི་ཕྱིར། དེས་བསྟན་པར་གདམས་པ་ཡིན་ནོ། །མདོར་ན་བློ་རིགས་ཐ་དད་པ་ལྟར་ཆོས་ཀྱང་ཐ་དད་པས་གང་ལ་ཇི་ལྟར་འཚམས་པའི་ཆོས་བསྟན་པར་རིགས་སོ་ཞེས་གདམས་པ་ནི། དེ་ནས་རིམ་པར་ཁྲིད་པའི་ཚུལ་གྱིས་བཤད། །དེས་ནི་ཐེག་པའི་རིམ་པ་ཤེས་པ་དང་། །ཡོན་ཏན་གོང་འཕེལ་འཇིགས་སྔངས་སྐྲག་པ་མེད། །ནོར་བ་མེད་ཅིང་ལྟ་སྤྱོད་ཟུང་འབྲེལ་འགྱུར། །ཐར་པ་འདོད་པའི་སྐྱེ་བོ་གང་དག་འོངས་པ་ན་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པ་དེས་རབ་མངོན་ཤེས་ཀྱིས་བལྟས་ཏེ། དེའི་དབང་པོ་དང་སྦྱར་ནས། བྱང་ཆུབ་གསུམ་གང་རུང་གི་ལམ་ལ་སྦྱར། དེ་ཡང་སྔོན་ནས་ལམ་སྦྱངས་པའི་ལས་འཕྲོ་ཅན་ཡིན་ན་ཆོས་ཀྱང་འཕྲོ་གང་ཡོད་དེ་ནས་ཐོད་རྒལ་དུ་ཁྲིད་ལ་གོང་མར་འགོད་པ་ཡིན་ཞིང་། མངོན་ཤེས་མེད་པ་ཡིན་ན་རིགས་པས་བརྟགས་ལ། ཐེག་པ་གསུམ་གང་རུང་ལ་གཞུག །ཁྱད་པར་དུ་ཐེག་པ་ཆེན་པོའི་རིགས་ཅན་ལ་འཁྲིད་ལུགས། བྱ་ཁྱུང་ལྟར་ཡས་འབེབས་པ་བྱ་རྩོལ་མེད་པའི་ལམ། སྤྲེའུ་ལྟར་མས་འཛེག་པ་མཚན་བཅས་རིམ་པའི་ལམ། བློ་ཆོད་གསེབ་ལམ་ནས་འཁྲིད་པ་དང་གསུམ་དུ་གྲགས་ཀྱང་། ལས་འཕྲོ་ཅན་ལ་དེས་གྲོལ་ཡང་། ལས་འཕྲོ་དམན་པའམ། མ་ངེས་པ་ལ་སླར་ནད་དུ་ཆེ་བས། འདིར་ཕྱིན་ཅི་མ་ལོག་པ་ནི་གང་ཟག་གང་ཡང་འོག་མ་ནས་
གོང་མར་རིམ་པས་ཁྲིད་ནས་ཐབས་ཤེས་ཟུང་འཇུག་ཚོགས་གཉིས་ཤིང་རྟའི་སྙིང་པོ་སྟོང་ཉིད་སྙིང་རྗེར་འབྲེལ་བ་ནས་འཇུག་པ་ཡིན་ནོ། །ལམ་འདི་ནི་ཐེག་པའི་རིམ་པ་ནས་འཇུག་པས་ཆེས་ཟབ་པར། དབུ་མ་རིན་པོ་ཆེའི་ཕྲེང་བ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་པ་དང་། ཡེ་ཤེས་རོལ་པ་ལས། སྟོང་པ་དང་ནི་སྙིང་རྗེའི་བདག །དཔལ་ལྡན་འབྱོར་པ་དམ་པའི་ལམ། །རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ། །ཅེས་སོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཁམས་ཀྱི་སྐུ་གསུམ་ལ་སྒྲིབ་པའི་དྲི་མ་བསལ་ནས། ཆོས་སྐུ་དང་གཟུགས་སྐུ་མངོན་དུ་བྱེད་ལ། ཐབས་སྙིང་རྗེ་ཆེན་པོས་ཉན་རང་གི་ཞི་བ་ལས་བཟློག་ནས་སེམས་ཅན་གྱི་དོན་བྱེད་ཅིང་། ཤེས་རབ་སྟོང་པ་ཉིད་དུ་བསྒོམས་པས་སྲིད་པའི་ཆ་ལས་གྲོལ་བ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་འབྱུང་བ་བཞིན་ནོ། །དེ་ལྟར་ལམ་དེ་ཉིད་ནི་ཡོན་ཏན་གོང་དུ་འཕེལ་བ་དང་། ཆོས་གོང་མ་རང་བཞིན་གྱིས་མ་སྐྱེས་པ་ལ་སོགས་པའི་དོན་ལ་བློ་མི་སྐྲག་པ་དང་། ནོར་བ་དང་གོལ་ས་མེད་པ་དང་། ལྟ་སྒོམ་སྤྱོད་པ་ཟུང་འཇུག་ཐོབ་པའི་དགོས་པ་ཡོད་པ་ཉིད་དོ། །དེའི་ཕྱིར་རིམ་གྱིས་ཁྲིད་པ་ཡང་རིན་ཆེན་མཛོད་ཀྱི་མདོ་ལས། དཔེར་ན་བྱིས་པ་བཙས་མ་ཐག །ནུ་ཞོ་ལ་སོགས་རིམ་བསླབས་ནས། །ཕྱིས་ནས་སྲ་བ་འབྲས་ཆན་སོགས། །མང་པོ་ཟོས་ཀྱང་སྟོབས་འཕེལ་འགྱུར། །དེ་བཞིན་ང་ཡི་སྲས་རྣམས་ཀྱང་། །འདུལ་བ་མདོ་སྡེ་མངོན་པ་གསུམ། །རིམ་པའི་རྗེས་ལ་མན་ངག་འདི། །བསྟན་པས་བླ་མེད་བྱང་ཆུབ་འགྲུབ། །ཅེས་པ་དང་། མྱ་ངན་ལས་འདས་པ་ལས། ནམ་མཁའ་ལ་རྒྱུ་བའི་ཟླ་བ་ནི། ཚེས་གཅིག་ནས་བཅོ་ལྔའི་བར་དུ་རིམ་གྱིས་སྐྱེའོ། །
དེ་བཞིན་དུ་དགེ་བའི་བཤེས་གཉེན་ལ་བསྟེན་པའི་སློབ་མ་དག་གི་ལམ་དང་ཡོན་ཏན་གྱི་ཆོས་དགེ་བ་རྣམས་རིམ་གྱིས་སྐྱེའོ་ཞེས་པ་དང་། སའི་སྙིང་པོའི་མདོ་ལས། ཐེག་པ་གསུམ་ལས་ཐེག་པ་མཆོག་འདོད་པ། །ཐེག་པ་གསུམ་ཆོས་རྟོགས་ལ་མཁས་པ་དེ། །དགའ་ཞིང་སྤྲོ་བས་གཞན་ལ་རྒྱས་སྟོན་ལ། །ངེས་པར་སངས་རྒྱས་འགྱུར་ལ་ཐེ་ཚོམ་སྤོངས། །དེང་འདིར་འཁོར་རྣམས་ཀུན་ལ་བཀའ་སྩལ་པ། །གང་ཞིག་མྱུར་དུ་བྱང་ཆུབ་མཆོག་འདོད་ན། །དགེ་བཅུའི་ལས་ཀྱི་ལམ་ལ་ནན་ཏན་བྱོས། །ང་ཡིས་ཆོས་ལ་མི་སྨད་ཤིན་ཏུ་བསྲུང་། །ཞེས་པ་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོ་དང་ལྡན་པས། །ཐར་ལམ་ཀུན་ལ་མཁས་པར་བྱ། །ཤེས་རབ་མཆོག་དང་ལྡན་པས་ནི། །སེམས་ཅན་སྣོད་རིམ་དང་སྦྱར་ནས། །ཐེག་པ་མཐོ་དམན་དོན་ཉིད་ནི། །སོ་སོར་འཚམས་པར་བསྟན་དགོས་སོ། །ཞེས་པ་དང་། དགོངས་འདུས་ལས། མཐུན་འཇུག་ཐབས་ཀྱི་སྤྱོད་པ་བསམ་ཡས་པ། །འགྲོ་ལ་ཕན་པའི་དོན་དུ་དེ་སྙེད་སྤྱོད། །ཅེས་པ་དང་། སྙིང་པོའི་དོན་ལེན་པའི་རྒྱུད་ལས། སྔོན་འགྲོ་རང་རྒྱུད་སྦྱང་བའི་ཐབས། །རྟེན་འདི་རྙེད་དཀར་བསམ་པ་དང་། །མི་རྟག་འཁོར་བའི་ཉེས་པ་དང་། །སྡིག་སྦྱོང་སྐྱབས་འགྲོ་སྡོམ་པ་སོགས། །རྫོགས་ནས་ཉན་ཐོས་ལ་སོགས་པ། །གྲུབ་མཐའི་རིམ་པས་ལེགས་ཞུགས་ནས། །སྙིང་རྗེ་ཤེས་རབ་ལྡན་གྱུར་པས། །ཡང་དག་ངེས་དོན་འདིར་འཇུག་བྱ། །དེས་ནི་དོན་ཆེན་འགྲུབ་པར་འགྱུར། །ཞེས་པ་དང་། བརྟག་གཉིས་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་བཞིན་དུ་ཡང་བྱེ་བྲག་སྨྲ། །མདོ་སྡེ་པ་ལ་སོགས་བསྟན་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་ཉིད། །ཅེས་སོ། །རིམ་པས་འཇུག་པའི་གོ་རིམ་མ་ཤེས་པའི་སྐྱོན་ནི། དེ་ལྟར་མ་བཤད་སྐྱོན་ནི་ཚད་མེད་དེ། །གོང་འོག་སྔ་ཕྱིའི་རིམ་པ་དང་
བྲལ་བས། །བསྟན་པའི་སྤྱི་སྲོལ་རིམ་པ་ཉམས་པ་དང་། །བློ་ཆུང་སྔངས་སྐྲག་ལོག་ལྟས་འདོར་བ་དང་། །གོ་རིམ་མ་ཤེས་ཟབ་མོར་མི་རྟོགས་དང་། །འདུས་བྱས་དགེ་བ་ཁྱད་དུ་གསོད་པ་དང་། །སྒྲོ་སྐུར་རྒྱུར་གྱུར་རྒྱུ་འབྲས་འཆོལ་བ་དང་། །བླང་དོར་མི་ཤེས་ཤེས་བྱའི་དོན་ལ་རྨོངས། །ཐེག་ཆེན་སེམས་བསྐྱེད་སྙིང་རྗེ་སྤངས་པ་དང་། །གང་ཡང་འདི་ལྟར་ལས་དང་པོ་པ་ལམ་དུ་འཇུག་པ་ན། མི་ཤེས་པའི་བློ་ཅན་དག་གིས་དང་པོར་འོག་མ་ནས་རིམ་གྱིས་མ་བསླབས་པར། ཐོག་མ་ནས་ངེས་དོན་ཅིག་ཆར་བསྟན་པས་ཉེས་དམིགས་ཤིན་ཏུ་ཆེ་ཞིང་སྐྱོན་མང་པོ་འབྱུང་སྟེ། དང་པོ་ཁོ་ནར་སངས་རྒྱས་ཀྱི་བསྟན་པའི་སྤྱི་སྲོལ་ལས་ཉམས་པའི་ཉེས་པ་ཡོད། བློ་ཆུང་སྔངས་སྐྲག་སྐྱེས་ནས་བླ་མ་དང་ཆོས་སྤོང་བའི་ཉེས་པ་ཡོད། ངེས་དོན་མི་གོ་བའི་ཉེས་པ་ཡོད། གོ་ཡང་ཟབ་མོར་མི་རྟོག་པའི་ཉེས་པ་ཡོད། མཚན་བཅས་ཚོགས་གཉིས་ཀྱི་དགེ་བ་ཁྱད་དུ་གསོད་པའི་ཉེས་པ་ཡོད། བློ་དམན་གྱིས་སྒྲོ་སྐུར་འདེབས་པའི་ཉེས་པ་ཡོད། ཤེས་བྱའི་གནས་ལ་རྨོངས་པའི་ཉེས་པ་ཡོད། དགེ་སྡིག་བླང་དོར་འཛོལ་བའི་ཉེས་པ་ཡོད། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤངས་པའི་ཉེས་པ་ཡོད། གཞན་ཡང་། སྟོང་ལྟས་དད་ལྡན་ངན་འགྲོར་བསླུས་པ་དང་། །བྱར་མེད་ཟེར་ནས་ཐ་མལ་ལུས་པ་དང་། །མ་སྨིན་འགྲོ་ལ་གསང་བ་སྒྲོགས་པ་སྟེ། །ཉེས་མང་ལྡན་ཕྱིར་ཐེག་པ་རིམ་གྱིས་བཤད། །སྟོང་པའི་མཐའ་ལ་ཞེན་པས་རྒྱུ་འབྲས་ལ་སྐུར་བ་བཏབ་ནས་འབྲས་བུ་ངན་སོང་དུ་སོང་བའི་ཉེས་པ་ཡོད་དེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ཏེ། གསོར་མི་རུང་བའི་ཕྱིར་རོ་ཞེས་སོ། །ཐམས་ཅད་གདོད་ནས་ནམ་མཁའ་རང་བཞིན་ཡིན་པས་གང་ཡང་བྱར་མེད། བྱས་པས་ཕུང་བ་ཡིན་ཟེར་ཞིང་སྒོ་གསུམ་སོས་དལ་ལ་ཞེན་ནས་
སྐྱེ་བོ་ཐ་མལ་དུ་ལུས་པའི་ཉེས་པ་ཡོད་དེ། དེ་ཉིད་ལས་མ་འོངས་པ་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་ལུག་ལྟར་བླུན་པ་དག །བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུའོ་ཞེས་གསུངས་ན། ཆོས་གང་ཡང་རྩོལ་བར་མ་བྱེད་ཅིག་ཅེས་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་མེད་པར་བྱེད་པ་དག་འབྱུང་སྟེ། དེ་དག་ལ་ནི་མཐོ་རིས་ཀྱི་བདེ་བའང་ཐོབ་པར་མི་འགྱུར་ན། བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས་ཞེས་སོ། །མ་སྨིན་པ་ལ་གསང་བ་བསྒྲགས་པས་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པར་འགྱུར་ཏེ། ཡུམ་བར་མ་ལས། རབ་འབྱོར་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ་ཞེས་ལས་དང་པོ་པ་ཐེག་པ་ལ་གསར་དུ་ཞུགས་པ་དག་གི་མདུན་དུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔངས་ཤིང་སྐྲག་ལ་ལོག་པར་ལྟ་བས་འདོར་དུ་འོང་བའི་ཕྱིར་རོ་ཞེས་པ་དང་། རྩ་ལྟུང་བཅུ་བཞི་པ་ལས། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཞེས་སོ། །དེ་ཕྱིར་ཐེག་པ་ལ་རིམ་པས་མ་ཞུགས་ན་ཉེས་པ་མང་བས་རིམ་པ་ཁོ་ནས་འཇུག་དགོས་ཏེ། སའི་སྙིང་པོའི་མདོ་ལས། བྱིས་པ་དབང་པོ་གཞོན་ཅིང་ལེ་ལོ་ཅན། །ཐེག་པ་གཉིས་ལ་ནན་ཏན་མི་བྱེད་པ། །ཐེག་པ་ཆེན་པོའི་འཁོར་ལོ་ལྡན་མི་འགྱུར། །དེ་ནི་རྒྱ་ཆེན་ཐེག་ཆེན་སྣོད་མ་ཡིན། །བྱིས་པ་གཅིག་པུ་རྣམ་པར་གྲོལ་འཚོལ་བ། །བློ་དང་སྤྱོད་པ་ཞན་ཅིང་བྱམས་སེམས་མེད། །ཆད་པར་ལྟ་ལ་ཆགས་པ་ངན་སོང་གཞོལ། །ཡང་དག་ཆོས་སྤོང་ཆོས་མ་ཡིན་པ་སྟོན། །ཐེག་པ་གཉིས་ལ་སྐུར་འདེབས་སྡོམ་པ་སྤོང་། །བསྙེན་པར་རྫོགས་ཤིང་ཐེག་ཆེན་ཁས་ལེན་པ། །ང་ཡིས་ཆོས་འཇིག་སེམས་ཅན་ཀུན་ལ་བསླུ། །དེ་ཡི་དབང་གིས་མི་ལུས་ཐོབ་པར་དཀའ། །ཞེས་པ་དང་། ཡང་དེ་ཉིད་ལས། ཐེག་པ་གཉིས་ལ་ནན་ཏན་མ་བྱས་པ། དབང་པོ་མ་སྨིན་པ། བརྩོན་འགྲུས་ཆུང་བ་དག་ལ་ཐེག་པ་ཆེན་པོ་ཤིན་ཏུ་ཟབ་མོ་བསྟན་ན་འཆད་པར་བྱེད་པ་དང་། ཉན་པར་བྱེད་པ་གཉིས་
ཀས་སྡིག་པའི་འབྲས་བུ་ཤིན་ཏུ་ལྕི་བ་ཐོབ་སྟེ། བདེ་བར་གཤེགས་པ་ཐམས་ཅད་ལ་འཁུ་བའོ། །དེས་ནི་བདག་ཤེས་པར་ཁས་ལེན་ཡང་། ཆད་པར་ལྟ་བ། རྒྱུ་འབྲས་མེད་པར་འཛིན་པ། དགེ་སྡིག་ལ་སྐུར་པ་འདེབས་པ། ཐེག་པ་ཆེན་པོ་ལ་བརྫུན་ཟེར་བ། དམ་པའི་ཆོས་མ་རུང་པར་བྱེད་པ། ཆོས་ཆོས་མ་ཡིན་པ་དང་ཆོས་མ་ཡིན་པ་ཆོས་སུ་སྟོན་པས་ན། ལོག་པར་ལྟ་བ་ཆེན་པོ་སྟེ། མིར་གནས་ཀྱང་སྲིན་པོ་ཡིན་ཏེ། བསྐལ་པ་གྲངས་མེད་པའི་བར་དུ་མི་ལུས་ཐོབ་པར་དཀའོ། །རྫ་སོ་མ་བཏང་བར་འོ་མ་བླུགས་ན། སྣོད་ཀྱི་སྐྱོན་གྱིས་སྣོད་བཅུད་གཉིས་ཀ་མ་རུངས་པར་བྱེད་པ་ལྟར། དཔོན་སློབ་གཉིས་ཀ་ཡང་ང་རྒྱལ་གྱིས་མ་རུངས་པར་བྱེད་དོ། །མངོན་པའི་ང་རྒྱལ་གྱིས་བག་མེད་པར་སྟོང་པའི་ལྟ་བ་ལ་ཆགས་པའི་གླེན་པ། མི་དགེ་བ་བཅུ་མི་སྤང་བས་ཐེག་པ་ཆེན་པོ་ལ་ནན་ཏན་བྱེད་ཀྱང་ཆོས་ཉིད་ཀྱི་མངོན་པར་རྟོགས་པ་སྐྱེ་བ་མི་སྲིད་དེ། གྲུ་བུ་ག་ཅན་རྒྱ་མཚོར་འཇུག་པ་དང་། གྲམ་ཁྲོད་དུ་ས་བོན་བཏབ་པ་དང་། འཁར་བའི་སྣོད་དུ་ཟས་དུག་ཅུང་ཟད་བཏབ་པས་ཀྱང་སྤྱད་དུ་མི་རུང་བའམ། ལུས་རུལ་བ་ལ་དྲི་ཞིམ་པོ་བྱུགས་པ་ལྟར་། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཆེན་པོར་ལྟུང་བས་ཐར་པའི་སྐབས་མེད་དོ། །དེ་བས་ན་ཆོས་ལ་སྣོད་ཇི་ལྟ་བར་རིམ་གྱིས་འཇུག་པར་བྱའོ་ཞེས་སོ། །མདོར་ན་གང་ཟག་ཐར་པ་སྒྲུབ་པ་དག་རིམ་པས་ཆོས་དུ་མ་ལ་བསླབ་དགོས་ཏེ། དུས་གཅིག་ལ་ལམ་མི་བགྲོད་ཅིང་ཆོས་གཅིག་ཁོ་ནས་ཐར་པ་མི་འགྲུབ་པས། ཐབས་སྣ་ཚོགས་ལ་རིམ་གྱིས་བསླབ་པར་གདམས་པ་ཡིན་ནོ། །དེའི་རྗེས་ཐོགས་སུ། བཤད་བྱའི་ཆོས་ནི་ཐེག་པའི་རྣམ་གྲངས་དང་། །བླང་དོར་ཤེས་བྱའི་གནས་རྣམས་ཐམས་ཅད་དེ། །དང་པོའི་ལས་ཅན་རྣམས་ལ་རྒྱུ་འབྲས་དང་། །ལམ་ཞུགས་རྣམས་ལ་ཐེག་པའི་རྣམ་གྲངས་དང་། །གཞན་དོན་སྤྱོད་ལ་རིག་པའི་གནས་ལྔ་སོགས། །ཟབ་ཅིང་
རྒྱ་ཆེའི་རིམ་པ་རྣམས་བཤད་དོ། །དེ་ལ་བྱང་ཆུབ་འདོད་པས་བླང་དོར་གྱི་གནས་ཐམས་ཅད་ལ་མཁས་པར་བྱ་ལ། དེའི་རང་བཞིན་ཤེས་པ་ནི། གཏན་ལ་དབབ་བྱའི་ཆོས་ངེས་པ་ལས་འབྱུང་ངོ་། །དེ་ཡང་ཐེག་པའི་རྣམ་གྲངས་ཀྱི་གཞལ་བྱ་ངེས་པ་དག་སྟེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ལ་ཤེས་བྱ་དང་། སྤང་བྱ་དང་། བླང་བྱར་ཤེས་པས་འཇུག་གོ །ཆོས་ཞེས་པ་རང་བཞིན་དུ་ཡུལ་བཅུ་ལ་འཇུག་པ་ཉིད་དེ། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་པ་ལས། སྐབས་འདིར་འཁོར་བའི་ཆོས་ཉོན་མོངས་པ་རྣམས་སྤང་བྱར་ཤེས་པ་ལ་འཇུག །མྱ་ངན་ལས་འདས་པའི་ཆོས་རྣམ་པར་བྱང་བ་རྣམས་བླང་བྱར་ཤེས་པ་ལ་འཇུག་པར་བདེན་པ་བཞིའི་སྤྱོད་ཡུལ་ངེས་པའི་ཚུལ་ཏེ། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་ཕྱིར་སྨན་ཉིད་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་ཐོབ་པར་བྱ་ཞིང་བསྟེན་པར་བྱ། །ཞེས་སོ། །དེའི་ཐབས་ཀྱི་ཡན་ལག་ཏུ་གཏན་ལ་དབབ་ཚུལ་ངེས་པ་ཡང་། སྣ་ཚོགས་སུ་སྣང་བའི་ཆོས་རྣམས་རྒྱ་ཆེ་ལ། རང་བཞིན་གྱིས་སྟོང་པའི་ངོ་བོ་ཟབ་པར་གནས་པ་ཉིད་བདེན་པ་གཉིས་ཀྱིས་གཏན་ལ་ཕབ་ནས། ཚིག་དང་ཡི་གེ་གཞུང་གི་ཚོགས་བཤད་བྱ་ཐོས་བསམ་གྱི་རང་བཞིན་རྒྱ་ཆེ་བ་རྣམས་དང་། བླ་མ་དམ་པ་ལས་བརྒྱུད་པའི་མན་ངག་ཚིག་དང་ཡི་གེ་ལས་འདས་པ་གནད་ངེས་པས་ཆོས་ཉིད་ཀྱི་དོན་ཅིག་ཅར་དུ་རྒྱུད་ལ་འཆར་བ་ཟབ་པ་རྣམས་སྟོན་པ་ནི། སྐབས་འདིར་གཏན་ལ་དབབ་བྱའི་ཆོས་ཏེ། སྐྱེས་བུ་ཤེས་རབ་དང་སེམས་བསྐྱེད་ཆེ་བས་གཞན་ལ་ཕན་པར་ཞུགས་པ་རྣམས་ལ་ཟབ་པ་དང་། རྒྱ་ཆེ་བའི་གནས་ཐམས་
ཅད་བསྟན་པ་ཉིད། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །གཞན་དག་ཚར་བཅད་རྗེས་སུ་གཟུང་བར་བྱ་ཕྱིར་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་སློབ་བྱེད། །ཅེས་སོ། །ལས་དང་པོ་པ་རྣམས་ལ་ཐར་པའི་ཕན་ཡོན་འཁོར་བའི་ཉེས་དམིགས། ཚེ་མི་རྟག་པ་དང་། རྒྱུ་འབྲས་ཀྱི་ཡིད་ཆེས་བཤད་དེ། དཀོན་མཆོག་བརྩེགས་པ་ལས། ཐར་པ་གྲོལ་བར་ཞུགས་པ་རྣམས་ལ་ནི། །བློ་དང་རྗེས་སུ་འཚམས་པའི་ཆོས་བསྟན་ཏོ། །ཞེས་པ་ལྟར་རོ། །ངེས་འབྱུང་བསྒྲུབ་པ་སྙིང་པོར་བྱེད་པ་རྣམས་ལ། ཚིག་ཏུ་ཉུང་ལ་དོན་དུ་དྲིལ་བས་མྱུར་དུ་ཐར་པ་བགྲོད་པའི་གནད་ཟབ་མོ་རྣམས་བཤད་དེ། ཚེ་ཡུན་ཐུང་བ་དང་། ཚིག་ཐ་སྙད་མང་བ་དང་། གང་ལའང་སྙིང་པོ་མེད་པའི་ཕྱིར་རོ། །དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པ་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་གྱིས། །ཞེས་པ་དང་། འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་གདའ་བས། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཞེས་གསུངས་པ་བཞིན་ནོ། །ཟབ་པ་དང་རྒྱ་ཆེ་བའི་གནས་གང་འཆད་ནའང་འགལ་རྐྱེན་བར་དུ་གཅོད་པ་རྣམས་སྤངས་ལ་བཤད་པར་གདམས་པ་ནི། དེ་ཡང་མི་མཐུན་རྐྱེན་རྣམས་སྤང་པ་ནི། །ཕྱི་ནང་འདུ་འཛི་བསྙེན་བཀུར་ཟང་ཟིང་དང་། །ཆང་དང་གཉིད་རྨུགས་དྲན་པ་ཉམས་ལ་སོགས། །ཐོས་པའི་དོན་ལ་བར་ཆད་གྱུར་རྣམས་སྤང་། །ཆོས་འཆད་པ་དང་ཉན་པ་ལ་ཞུགས་པ་ན། སློབ་དཔོན་དང་སློབ་མར་གྱུར་པ་ཀུན་གྱིས་ཡིད་གཡེངས་པའི་རྒྱུ་འདུ་འཛི་རྣམ་གཡེང་གི་ཟང་ཟིང་དང་། བསྙེན་
བཀུར་མགྲོན་དུ་བོས་པས་དུས་འགྱངས་པ་དང་། དྲན་པ་མི་གསལ་བའི་རྒྱུ་གཉིད་རྨུགས་ལ་སོགས་པ་སྤང་བར་བྱའོ། །ཆོས་འཆད་ཅིང་ཉན་པའི། ཕྱོགས་དེར་ཁྲི་སྟན་མཆོད་པ་སྣ་ཚོགས་དང་། །མཎྜལ་ལ་སོགས་བཀོད་པས་བརྒྱན་པར་བྱ། །ཆོས་ཀྱི་ཁྲི་ལ་དར་ཟབ་ལ་སོགས་པའི་སྟན་འདིང་པ་དང་། གདུགས་དང་རྒྱལ་མཚན་དང་། བླ་བྲེས་དང་ཡོལ་བ་ལ་སོགས་པ་བཀྲམ་པ་དང་། ཕྱི་ནང་གི་མཆོད་པ་བཤམ་པ་དང་། རེ་ཁཱ་བྲི་བའམ། གསེར་དངུལ་ལ་སོགས་པའི་མཎྜལ་བཀོད་པ་དང་། གཏོར་མ་བཤམ་པ་དང་། ཆོས་སྨྲ་བ་ཁྲི་ལ་འོང་བ་ན། རོལ་མོ་དང་ཡན་ལག་བདུན་པ་དང་། རྒྱུན་ཆགས་གསུམ་པ་དབྱངས་དང་བཅས་པས་དབུལ་བར་བྱའོ། །ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། དམ་ཆོས་ཆར་པ་རབ་ཏུ་འབེབས་པ་དེར། །སེང་གེའི་ཁྲི་སྟན་གདུགས་དང་རྒྱལ་མཚན་བསྒྲེང་། །མུ་ཏིག་རིན་ཆེན་སིལ་སྙན་རོལ་མོའི་སྒྲ། །མཆོད་པ་རྣམ་པ་མང་པོས་བརྒྱན་པར་བྱ། །སྟན་རྒྱུ་སྣ་ཚོགས་ཆོས་ཀྱི་སྟན་དུ་འབུལ། །ཡིད་དུ་འོང་བས་མཁན་པོ་སློབ་དཔོན་བསྟེན། །གཞན་ལ་བསྟི་སྟང་བྱེད་པས་སྐྱོ་བ་མེད། །དེ་ལུས་སུམ་ཅུ་རྩ་གཉིས་མཚན་དང་ལྡན། །ཞེས་སོ། །གཞན་ལ་བསྟི་སྟང་བྱེད་པ་ནི་ཕྱོགས་དེར་འདུས་པའི་སྐྱེ་བོ་ཐམས་ཅད་ལ་གུས་པར་བྱེད་པ་སྟེ། དག་སྣང་དང་མོས་གུས་བྱེད་ཀྱི། གཤེ་བ་དང་། ངན་དུ་སྨྲ་བ་དང་། བྲེ་མོའི་གཏམ་མི་བྱ་ཞིང་། སྤོས་དང་མར་མེའི་ཕྲེང་བས་བརྒྱན་པར་བྱའོ། །བཀོད་པ་བཤམས་པ། དེ་ནས་སྟོན་པ་སྟན་ལ་སྐྱིལ་ཀྲུང་བཅས། །སེམས་བསྐྱེད་བསྐྱེད་རྫོགས་ངང་ལས་བཤད་པར་བྱ། །ཆོས་ཀྱི་ཁྲི་ལ་ཆོས་སྨྲ་བ་འདུག་སྟེ་སྐྱིལ་མོ་ཀྲུང་བཅས་ནས་སྨོན་པ་དང་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་མིག་རྙེད་པར་བྱ། ཡེ་ཤེས་ཀྱི་སྒྲོན་མེ་སྦར་བར་བྱ།
སངས་རྒྱས་ཀྱི་ཆོས་ཡུན་རིང་དུ་གནས་པར་བྱ་སྙམ་དུ་དྲན་པས་རང་ཉིད་བསྐྱེད་རྫོགས་ཀྱི་དོན་གསལ་བཏབ་ལ་བཤད་དོ། །གང་ཞེ་ན། སྤྲུལ་སྐུའི་ཆོས་ལ་ཤཱཀྱའི་རྒྱལ་པོ་དང་། །ལོངས་སྐུའི་གསང་སྔགས་རིགས་ལྔ་རྡོ་རྗེ་འཆང་། །ཆོས་སྐུ་ནམ་མཁའ་འདྲ་བའི་ཆོས་རྣམས་ལ། །ཀུན་བཟང་ཤེས་རབ་ཕ་རོལ་ཕྱིན་ཡུམ་བསམ། །ཡང་ན་རང་རང་ཆོས་དེའི་སྟོན་པར་བསམ། །སྤྲུལ་པའི་སྐུའི་ཆོས་འདུལ་བ་མདོ་སྡེ་མངོན་པ་གསུམ་འཆད་པ་ལ་ཤཱཀྱ་ཐུབ་པར་བསམ་པ་དང་། ལོངས་སྐུའི་ཆོས་གསང་སྔགས་ཕྱི་ནང་ལ་རིགས་ལྔའི་དཀྱིལ་འཁོར་གྱི་གཙོ་བོར་བསམ་པ་དང་། ཆོས་སྐུའི་ཆོས་རང་བཞིན་རྫོགས་པ་ཆེན་པོ་ལ་ཀུན་ཏུ་བཟང་པོ་དང་། ཀུན་ཏུ་བཟང་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་བསམས་ལ་བཤད་དོ། །གཅིག་ཏུ་ན་དོན་དམ་པའི་ཆོས་མ་སྐྱེས་པ་དང་མི་འབྱུང་བ་ལ་སོགས་པ་འཆད་པ་ན་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སེར་མོ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་དུ་བསམ་པའོ། །ཡང་མདོ་རྒྱུད་གང་འཆད་ཀྱང་དེའི་སྟོན་པ་དེར་བསམས་ལ་འཆད་པར་བྱའོ། །ཚུལ་འདི་དག་དམ་པའི་ཆོས་པདྨ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །མཛེས་པའི་ཁྲི་སྟན་ལེགས་པར་བཤམས་ནས་ནི། །གོས་བཟང་ཡིད་འོང་གཙང་མ་རྣམས་བགོས་ཏེ། །བཅོས་མའི་རས་སོགས་རྣམ་པ་མང་བཏིང་ནས། །རྐང་རྟེན་བཅས་པའི་ཁྲི་ལ་འདུག་ནས་ནི། །རྩེ་གཅིག་ཉན་པའི་འཁོར་གྱི་ཚོགས་ནང་དུ། །ཟང་ཟིང་རྙེད་དང་གྲགས་ལ་མི་སེམས་པར། །བྱམས་པའི་སེམས་ཀྱིས་ལེ་ལོ་མེད་པར་སྟོན། །ཞེས་གསུངས་པ་བཞིན་ནོ། །ཇི་ལྟར་བསྟན་ཞེ་ན། ཆོས་ཀྱི་ཚིག་དོན་ནོར་འཁྲུལ་སྐྱོན་མེད་པར། །དོན་གསལ་དབྱངས་སྙན་མོས་པ་ཇི་བཞིན་བཤད། །དབྱངས་དེས་འཇིག་རྟེན་ཁམས་ཀུན་ཁྱབ་གྱུར་ཏེ། །སེམས་ཅན་ཀུན་ཐོས་མ་རིག་སངས་པར་བསམ། །ཆོས་ཀྱི་སྒྲ་
དབྱངས་ཡན་ལག་དྲུག་ཅུ་པར་གྱུར་པ་དེ་འཇིག་རྟེན་ཐམས་ཅད་དུ་གྲགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོས་པས་མ་རིག་པའི་མུན་པ་སངས་ཏེ། ཐམས་ཅད་ཀྱིས་ཆོས་ཀྱི་སྒོའི་གཟུངས་དང་སྤོབས་པ་དང་ཏིང་ངེ་འཛིན་ཐོབ་པར་བསམ་ཞིང་ཆོས་ཀྱི་ཚིག་འབྲུ་གསལ་དག་སྙན་པས་སྤྲོས་པ་དང་བསྡུས་པ་ལ་སོགས་པའི་སྒོ་ནས་གདུལ་བྱར་གོ་སླ་བའི་རིམ་པས་རྒྱ་ཆེར་བཤད་ལ་ཐེ་ཚོམ་བཅད་དོ། །འཆད་པའི་སྐྱོན་ཡང་སྐབས་འཆོལ་བ་དང་། བརྡ་མ་འཕྲོད་པ་དང་། ཚིག་དོན་ནོར་བ་དང་། ཉོན་མོངས་པས་ཀུན་ནས་བསླངས་པའི་སེམས་དང་ངག་སྤྲོ་བ་དང་། ཚིག་མི་གསལ་བ་དང་། ལྷག་ཆད་དུ་གྱུར་པ་དང་། དམ་བཅས་པ་སྔ་མ་ཕྱི་མས་སུན་འབྱིན་པ་ལྟ་བུ་དང་། ཆོས་ཀྱི་གསེབ་ཏུ་ཟུར་གྱིས་རང་གི་འཁོར་དང་གཞན་ལ་འཕྱ་བ་དང་། ཡུལ་གྱི་བརྡའ་སྐད་ངན་པ་འདྲེས་པ་དང་། གདུལ་བྱའི་བློ་དང་མི་འཚམས་པ་སྟེ། སྐྱོན་དུ་གྱུར་པ་རྣམས་སྤངས་ལ། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པས་བཤད་དེ། བརྡའ་གསལ་བས་འཁོར་གྱི་ཁམས་སུ་ཁྱབ་པ་དང་། རྣ་བར་སྙན་པས་ཀུན་གྱིས་ཉན་པར་སྤྲོ་བ་དང་། ཚིག་དོན་ངེས་པས་ཐེ་ཚོམ་གཅོད་པ་དང་། དཔེ་དོན་མཁས་པས་ཉན་པ་པོའི་ཡིད་དུ་འབབ་ཅིང་རྟོགས་པར་སླ་བ་དང་། བློ་དང་འཚམས་པས་དོན་དུ་འགྱུར་བ་དང་། སྐབས་སུ་གཏམ་རྒྱུད་ངོ་མཚར་ཅན་བསྟན་པས་ཉན་པ་ལ་མི་སྐྱོ་བ་དང་། ལུང་རིགས་ཀྱི་སྒྲོམ་ནས་བཏོན་པས་ནོར་འཁྲུལ་མེད་པ་དང་། ཕྱོགས་སྔ་དང་སྐྱོན་རྣམས་སློངས་པར་བརྗོད་པས་ཉེས་པ་ལས་བཟློག་པར་མཁས་པ་དང་། ཐེག་པ་ཐམས་ཅད་དང་མཐུན་པར་བཤད་པས་ཀུན་ལ་འཐད་པ་དང་། གོ་བདེ་ཞིང་ཡུལ་སྐད་ངན་པ་དང་མ་འདྲེས་པས་ཚིག་གཟུང་བར་འོས་པ་དང་། སྤྲོས་ཤིང་སྡུད་པ་ལ་མཁས་པས་བཤད་པ་རང་དབང་དུ་གྱུར་པ་དང་། སོས་དལ་ཞིང་ཁོང་ཡངས་པས་ཐོགས་རྡུགས་དང་ངལ་དུབ་
མེད་པའི་ཚུལ་ནི་ཡོན་ཏན་འབྱོར་ལྡན་གྱི་བཤད་པ་ཞེས་བྱའོ། །དེ་ལྟ་བུའི་ཆོས་སྨྲ་བ་ནི་སྟོན་པ་ཉིད་ཀྱིས་དངོས་སུ་བྱིན་གྱིས་བརླབས་པ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་སོ། །སློབ་དཔོན་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་རྫོགས་པའི་ཚུལ་བསྟན་པ་ནི། དེ་ཚེ་འཆད་པའི་ཕ་རོལ་ཕྱིན་དྲུག་ནི། །ཚིག་དོན་ལེགས་བཤད་ཆོས་ཀྱི་སྦྱིན་པ་སྟེ། །ཉོན་མོངས་མེད་བཤད་ཚུལ་ཁྲིམས་ཕ་རོལ་ཕྱིན། །སྐྱོ་ངལ་བཟོད་པ་སྤྲོ་བས་བརྩོན་འགྲུས་ཏེ། །མ་ཡེངས་བསམ་གཏན་འབྱེད་པ་ཤེས་རབ་བོ། །ཆོས་ཀྱི་ཚིག་དོན་ལེགས་པར་བཤད་པ་ནི་སྦྱིན་པའོ། །ཉོན་མོངས་པ་དང་མ་འདྲེས་པར་འཆད་པས་ཚུལ་ཁྲིམས། འཆད་པ་ན་སྐྱོ་ངལ་དང་བཀྲེས་སྐོམ་ཚ་གྲང་ལ་སོགས་པ་བཟོད་པས་ན་བཟོད་པའོ། །འཆད་པ་ལ་མི་སྐྱོ་ཞིང་སྤྲོ་བས་བརྩོན་འགྲུས། སེམས་གཞན་དུ་མ་ཡེངས་པར་འཆད་པ་ལ་རྩེ་གཅིག་པས་བསམ་གཏན་ནོ། །གང་བཤད་པར་བྱ་བའི་གནས་སོ་སོར་འབྱེད་པ་དང་རང་བཞིན་མེད་པར་རྟོགས་པས་ཤེས་རབ་བོ། །དེ་ཡང་འཆད་དུས་ན་རྨི་ལམ་སྒྱུ་མར་ཤེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པ་ཡིན་པར་རིག་པར་བྱའོ། །ཆོས་ཐོན་པའི། རྗེས་ལ་སེམས་ཅན་དོན་དུ་བསྔོ་བར་བྱ། །བཀའ་དྲིན་དྲན་པས་དམ་ཆོས་གུས་པ་བསྐྱེད། །སྒྱུ་མ་ལྟ་བུའི་ངང་ནས་བདག་དང་། ཉན་པ་པོ་དང་། ཆོས་རྣམས་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱས་ལ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །འགྲོ་བའི་ནང་ནས་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་ཡོངས་སུ་སྒྲོལ་བར་ཤོག །ཅེས་པའམ། རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །
རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་རྫོགས་པའི་མཐར་ཕྱིན་ནས། །ཆོས་རྔ་སྒྲོགས་པས་འཇིག་རྟེན་མཛེས་པར་ཤོག །ཅེས་བརྗོད་ལ། དམ་པའི་ཆོས་ལ་སྤྱད་དུ་ཡོད་པ་འདི་བླ་མ་དགེ་བའི་བཤེས་གཉེན་ལས་བྱུང་བས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་བཀའ་དྲིན་ཆེ་སྙམ་པ་དང་། ཆོས་ནི་སངས་རྒྱས་ཀྱི་གསུང་ཡིན་པས་སངས་རྒྱས་བཀའ་དྲིན་ཆེ་སྙམ་པ་དང་། གྲོགས་དམ་པ་རྣམས་དང་ལྷན་ཅིག་ཐོས་པས་དགེ་བ་ལ་འདུན་པའི་གྲོགས་རྣམས་བཀའ་དྲིན་ཆེ་སྙམ་པ་དང་། ཆོས་ལ་བར་ཆད་མེད་པ་འདི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་དྲིན་ཡིན་པས་སྲུང་མ་དམ་ཅན་རྒྱ་མཚོ་རྣམས་བཀའ་དྲིན་ཆེ་སྙམ་པ་དང་། ཆོས་ལ་སྤྱོད་པའི་ལུས་གསོ་སྐྱེད་བྱེད་པའི་ཕ་མ་བཀའ་དྲིན་ཆེ་སྙམ་པ་དང་། ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་དམ་པའི་བཀའ་དྲིན་ཡིན་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དམ་པ་བཀའ་དྲིན་ཆེ་བས་ཡུན་རིང་དུ་གནས་པར་གྱུར་ཅིག་སྙམ་དུ་བསམ་པར་བྱའོ། །ཆོས་ལེགས་པར་བཤད་པ། དེ་ཡི་ཕན་ཡོན་དྲན་དང་ཏིང་འཛིན་དང་། །ཉོན་མོངས་རྟོག་བྲལ་སྤོབས་པ་ཟད་མི་ཤེས། །ཆོས་མཛོད་འཛིན་དང་བདེ་གཤེགས་ཆོས་ཐོས་དང་། །ལྷ་མིས་བསྟོད་ཅིང་གྲགས་དང་བསམ་པ་འགྲུབ། །ཚེ་རབས་ཀུན་ཏུ་ཆོས་དང་མི་འབྲལ་ཞིང་། །མྱུར་དུ་བདེ་གཤེགས་ཆོས་ཆར་འབེབས་པ་ཐོབ། །སེམས་རབ་ཏུ་དྭངས་པས་ཐར་པ་ལ་དམིགས་ཏེ་རྙེད་པ་དང་བཀུར་སྟི་དང་གྲགས་པ་འདོད་པའི་རེ་ལྟོས་མེད་པར་ཆོས་སྟོན་པ་ལས། དྲན་པ་དང་། ཏིང་ངེ་འཛིན་དང་། སྤོབས་པ་དང་། ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང་། ཆོས་ཀྱི་མཛོད་འཛིན་པ་དང་། སངས་རྒྱས་ལས་ཆོས་ཐོས་པ་དང་། ལྷ་དང་མིའི་ཚོགས་ཀྱིས་བསྟོད་ཅིང་འདུན་པ་དང་། ལེགས་དགུའི་བསམ་པ་ཐམས་ཅད་འགྲུབ་པ་དང་། ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་དང་མི་འབྲལ་བ་དང་། མྱུར་དུ་སངས་རྒྱས་ཐོབ་ནས་ཆོས་ཀྱི་ཆར་
གྱིས་གདུལ་བྱ་སྨིན་པར་བྱེད་པ་དང་། རང་དང་གཞན་གྱི་དོན་ཐམས་ཅད་འགྲུབ་པར་འགྱུར་བ་ཉིད་འཐོབ་པར་འགྱུར་རོ། །ཕན་ཡོན་གྱི་སྒོ་གཞན་ཡང་དཔག་ཏུ་མེད་པ་སྙེད་ཐོབ་སྟེ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ལ། རྙེད་པ་དང་བཀུར་སྟི་ལ་རེ་ལྟོས་ཀྱི་འདོད་པ་མེད་པར་སྙིང་རྗེས་ཕན་པར་འདོད་པས་ཆོས་སྟོན་ན། ཤེས་རབ་རྣོ་བར་འགྱུར་རོ། །སྤོབས་པ་མི་ཟད་པར་འགྱུར། འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་། ཚངས་པའི་རྫུ་འཕྲུལ་ཆེན་པོ་ཐོབ་པར་འགྱུར། བླ་ན་མེད་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་པ་དང་། ནམ་མཁའ་མཛོད་ཀྱི་མདོ་ལས། སྐྱེ་བོ་མང་པོ་དགའ་བ་དང་། ཆོས་སྲུང་བ་རྣམས་ཀྱིས་བསྲུང་བ་དང་། ལྷ་རྣམས་ཀྱིས་བསྟོད་པ་དང་། མི་མ་ཡིན་གྱི་གནོད་པས་མི་བརྫི་བ་དང་། དམ་པའི་ཆོས་བསྲུང་བ་དང་། ཕྱོགས་བཅུར་སྙན་པས་གྲགས་པ་དང་། བདེ་བར་གཤེགས་པ་རྣམས་ཀྱིས་བསྔགས་པ་དང་། ཆོས་གོས་ལ་སོགས་པ་རྙེད་པ་དང་། ལས་བྱས་ནས་བསོད་སྙོམས་ཟ་བ་དང་། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་ལྡན་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཆུང་བ་དང་། རང་དང་གཞན་གྱི་ཉོན་མོངས་པ་ཚར་གཅོད་པ་དང་། སངས་རྒྱས་ཀྱི་ཆོས་འཛིན་པ་དང་། ངན་སོང་གི་འཇིགས་པ་མེད་པ་དང་། དཀའ་བ་མེད་པར་ལྷ་དང་མིར་སྐྱེ་བ་དང་། སྐྱེ་བ་ཐམས་ཅད་དྲན་པ་དང་། ཞིང་དག་པར་སྐྱེ་བ་དང་། དབང་པོ་ཚང་བར་སྐྱེ་བ་དང་། སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་དང་འགྲོགས་པ་དང་། མི་འབྲལ་བ་དང་། སྤོབས་པ་མི་ཟད་པའི་རྒྱུ་འཛིན་པ་དང་། གཟི་བརྗིད་ཅན་གྱི་གཟུངས་ཐོབ་པ་དང་། སྐྱེ་བོ་མཁས་པས་གཡོག་བྱེད་པ་དང་། ཤེས་རབ་ཆེན་པོའི་རྒྱུན་འཛིན་པ་དང་། མྱུར་དུ་ཆོས་ཀྱི་སྣང་བ་ཐོབ་པ་དང་། ཚུལ་
བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་མི་འབྱུང་བ་དང་། ཟང་ཟིང་གི་སྦྱིན་པ་ཐམས་ཅད་ཟིལ་གྱིས་གནོན་པ་དང་། མཚན་སུམ་ཅུ་རྩ་གཉིས་ཐོབ་པ་དང་། ཆོས་ཀྱི་གཏེར་མི་ཟད་པ་ཡོངས་སུ་འཛིན་པའོ་ཞེས་པ་དང་། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། ཆོས་སྨྲ་བ་དེས་ཕན་ཡོན་ཉི་ཤུ་འཛིན་པར་འགྱུར་རོ། །གང་ཞེ་ན། དྲན་པ་དང་བློ་གྲོས་དང་བརྟན་པ་དང་ཤེས་རབ་དང་ལྡན་པ་དང་། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པ་དང་། བདུད་ཀྱིས་གླགས་མི་རྙེད་པ་དང་། སངས་རྒྱས་ཀྱི་དགོངས་པ་དང་། མི་མ་ཡིན་པས་བསྲུང་བ་དང་། ལྷས་གཟི་བརྗིད་བསྐྱེད་པ་དང་། དགྲས་གླགས་མི་རྙེད་པ་དང་། མཛའ་བཤེས་མི་ཕྱེད་པ་དང་། མི་འཇིགས་པ་ཐོབ་པ་དང་། ཡིད་བདེ་བ་མང་བ་དང་། མཁས་པས་བསྔགས་པ་དང་། ཚིག་བཙུན་པ་དང་། སྤོབས་པ་སྐྱེ་བ་དང་། ཚེགས་ཆུང་ངུས་སེམས་ཅན་མང་པོའི་དོན་བྱེད་པ་དང་། སྒོ་གསུམ་གྱི་མི་དགེ་བ་སྡོམ་པ་དང་། སེམས་ཅན་མང་པོ་གུས་པ་དང་། སེམས་དྲང་པོར་འགྱུར་བ་དང་། དགའ་བཞིན་དུ་འཆི་འཕོ་བ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་འཛིན་པ་དང་། དཀའ་བའི་སྤྱོད་པ་རྫོགས་པར་འགྱུར་བ་དང་། ཕྱིར་མི་ལྡོག་པའི་ས་ནོན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་མཐུན་པར་གནས་པར་འགྱུར་རོ་ཞེས་པ་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཕན་ཡོན་བཅུ་ཐོབ་པར་འགྱུར་བ་འདི་ལྟ་སྟེ། བྱ་བ་མ་ཡིན་པ་ཐམས་ཅད་སྤོང་བ་དང་། ལེགས་པའི་བྱ་བ་ཐམས་ཅད་ལ་འཇུག་པ་དང་། སྐྱེས་བུ་དམ་པའི་ཆོས་ལ་གནས་པ་དང་། ཞིང་སྦྱོང་བ་དང་། བྱང་ཆུབ་ཀྱི་སྙིང་པོ་ཐོབ་པ་དང་། དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ཉོན་མོངས་པ་ཚར་གཅོད་པ་དང་། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་བསྒོ་སྐལ་སྦྱིན་པ་དང་། བྱམས་པ་དང་སྙིང་རྗེ་རྫོགས་པ་དང་། ཚེ་འདིར་བདེ་
བར་གནས་པའོ་ཞེས་པ་དང་། ཀུན་འདུས་རིག་པའི་མདོ་ལས། གསང་སྔགས་ཀྱི་ལྷའི་མཚན་རྣ་བར་ཐོས་པར་བསྒྲགས་པ་ཙམ་གྱིས་བསྐལ་པ་དགུ་བཅུ་རྩ་གསུམ་དུ་བསགས་པའི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་དོ། །གཟུངས་སྔགས་ཀྱི་སྒོ་ལན་རེ་བསྒྲགས་པས་ཀྱང་དེ་སྙེད་ཀྱི་ཕན་ཡོན་དཔག་ཏུ་མེད་པ་ཚད་མེད་པ་ཇི་སྙེད་འཛིན་པས་ན་ཆོས་སྟོན་པ་ལ་འབད་པར་བྱའོ་ཞེས་སོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཆད་པ་པོ་སློབ་དཔོན་གྱི་ལེའུ་སྟེ་བཅུ་པའི་རྒྱ་ཆེར་འགྲེལ་པའོ།། །།
ཉན་པ་པོ་སློབ་མའི་ཆོས་ཀྱི་ལེའུ་སྟེ་བཅུ་གཅིིག་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་གང་ལས་ཐོས་པར་བྱ་བའི་ཡུལ་བསྟན་པའི་རྗེས་ཐོགས་སུ། གང་གིས་ཐོས་པ་འཛིན་པའི་ཡུལ་ཅན་ཉིད་བཤད་པ་ནི། དེ་ནས་ཉན་བྱེད་སློབ་མའི་ཆོས་ཚུལ་ནི། །སྐྱོན་རྣམས་སྤངས་ལ་གུས་པས་མཉན་པར་བྱ། །ཆོས་ཉན་པ་དེའི་ཚེ་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །ཉེས་པ་སུམ་ཅུ་རྩ་དྲུག་གི་ཚོགས་དང་བྲལ་བའི་ཚུལ་གྱིས་མཉན་པར་བྱའོ། །སྐྱོན་གསུམ་ནི་སྣོད་ཁ་སྦུབ་པ་དང་། ཞབས་རྡོལ་བ་དང་། དུག་ཅན་ལྟ་བུའི་ཚུལ་ཏེ། དེ་ཡང་སྣོད་ཁ་སྦུབ་པའི་ནང་དུ་བདུད་རྩིའི་ཆར་བབས་པའི་ཐིགས་པ་གཅིག་ཀྱང་མི་འོང་བ་ལྟར། ཆོས་ལ་རྣ་བ་མི་གཏོད་པའམ། གཏོད་ཀྱང་གཉིད་རྨུགས་དང་རྩེ་འཇོ་དང་གཞན་དུ་ཡིད་འཕྲོ་བར་བྱེད་པའོ། །ཞབས་རྡོལ་བའི་སྣོད་ས་ལ་ཡོད་རིང་ཆར་བབས་པའི་ཆུ་ཡོད་པ་ཀུན་བཏེག་ན་ཟག་པ་ལྟར། ཆོས་ཐོས་པ་ཐེངས་རེ་དེ་ན་ཡོད་རིང་ཟིན་ཡང་། ཡང་དང་ཡང་དུ་དྲན་པ་ལ་འདྲིས་པར་མ་བྱས་པས་བརྗེད་པར་གྱུར་པ་དང་། དུག་ཅན་དུ་ཆར་ཆུས་གང་བ་མ་བོ་བར་གནས་ཀྱང་གང་གིས་སྤྱད་པ་མི་བདེ་བ་ལྟར། ཉོན་མོངས་པའི་དབང་དུ་སོང་ནས་སླར་ཞིང་ཐོས་པས་རྒྱགས་པར་འགྱུར་བ་ཡིན་ཏེ། དེ་གསུམ་སྤང་བར་གདམས་པ་ཡང་། ཡུམ་བར་མ་ལས། ལེགས་པར་
རབ་ཏུ་ཉོན་ལ་ཡོད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ་ཞེས་གསུངས་ཏེ། ཉོན་མོངས་པ་མེད་པར་ལེགས་པར་ཉོན། ཁ་མ་སྦུབ་པར་རབ་ཏུ་ཉོན། ཞབས་མ་རྡོལ་བར་ཡིད་ལ་ཟུང་ཞེས་གདམས་པ་ཡིན་ནོ། །དྲི་མ་དྲུག་ནི་རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉམས་པ་དྲི་མ་ཡིན། །ཞེས་པ་ལྟར་རོ། །ཉེས་པ་སུམ་ཅུ་རྩ་དྲུག་ནི། མ་གུས་ལ་སོགས་བདུད་ཀྱི་ལས་དྲུག་དང་། །ང་རྒྱལ་ལ་སོགས་སྒྲིབ་པའི་ལས་དྲུག་དང་། །ཚུལ་དུ་འཆོས་སོགས་ཆོས་སྤོང་ལས་དྲུག་དང་། །ཟང་ཟིང་གཉེར་སོགས་གཡེང་བའི་སྐྱོན་དྲུག་དང་། །རྙེད་བཀུར་ཆགས་སོགས་ལོག་པའི་སྐྱོན་དྲུག་དང་། །གཞན་དུ་བྱེད་སོགས་གོལ་བའི་ཆོས་དྲུག་སྟེ། །ཉེས་པ་སུམ་ཅུ་རྩ་དྲུག་སྤངས་ལ་མཉན། །དེ་ལ་བདུད་ཀྱི་ལས་དྲུག་ནི། ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས། ལེ་ལོ་དང་། སྙོམ་ལས་དང་། ཆོས་དང་ཆོས་སྨྲ་བ་ལ་མ་དད་པ་དང་། དགེ་བའི་བཤེས་གཉེན་ལ་སྲི་ཞུས་མི་འདུད་པ་དང་། བསྟན་པ་བཞིན་ཡིད་ལ་མི་བྱེད་པ་དང་། འཇིག་རྟེན་འདི་ལ་སེམས་པས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཁྱད་དུ་གསོད་པའོ་ཞེས་སོ། །སྒྲིབ་པའི་ལས་དྲུག་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རང་གི་རྒྱུད་ལ་བདུད་ཞུགས་པས་ང་རྒྱལ་ཆེ་བ་དང་། ལས་ཀྱི་སྒྲིབ་པས་ཆོས་སྤོང་བ་དང་། རྒྱང་འཕེན་གྱི་གསང་ཚིག་འཆོལ་བས་ཉེ་བར་བསྟན་པ་ཉན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཉན་པ་དང་། དགེ་བའི་བཤེས་གཉེན་ལ་ལོག་པར་ལྟ་བ་དང་། ཆོས་ལ་ལོག་པར་ལྟ་བའོ་ཞེས་སོ། །ཆོས་སྤོང་བའི་རྒྱུ་དྲུག་ནི། དེ་ཉིད་ལས། སྡིག་པ་འདོད་པས་ལུས་སེམས་ཚུལ་འཆོས་པ་དང་། ང་རྒྱལ་གྱིས་ཆོས་སྨྲ་བ་ལ་མི་གུས་པ་དང་། ཐེ་ཚོམ་གྱིས་ཆོས་ལ་མི་གུས་པ་དང་།
ཚུལ་འཆོས་ཀྱིས་ལོག་པར་འཚོ་བ་དང་། ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་མི་གུས་པ་དང་། ལུས་སེམས་རྩུབ་པས་རྟག་ཏུ་མི་མཐུན་པར་རྩོད་པའོ་ཞེས་སོ། །ཆོས་ལས་གཡེང་བའི་སྐྱོན་དྲུག་ནི། དེ་ཉིད་ལས། འཇིག་རྟེན་གྱི་བྱ་བྱེད་མང་བ་དང་། ཟང་ཟིང་གི་རྙེད་པ་མང་བ་དང་། ངག་ཚིག་བྲེ་མོའི་གཏམ་གྱི་སྦྱོར་བ་མང་བ་དང་། སྡིག་པའི་གྲོགས་ཀྱི་མཛའ་བཤེས་མང་བ་དང་། ལོག་པར་རྟོག་པའི་བློ་མང་བ་དང་། ལས་ངན་པའི་དབང་གིས་ནད་གདོན་མང་བའོ་ཞེས་སོ། །ལོག་པར་འཁྱོག་པའི་སྐྱོན་དྲུག་ནི། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། བཀའ་དྲིན་གྱིས་བྱས་པ་མི་གཟོ་ཞིང་གཡོ་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ལ་ཆགས་པས་ཆོས་སྒྲུབ་པ་དང་། ཕ་རོལ་གྱི་རྙེད་པ་ལ་ཕྲག་དོག་དང་སེར་སྣ་བྱེད་པ་དང་། ཆོས་སྨྲ་བའི་ཡོན་ཏན་ལ་མི་སེམས་པར་འཁྲུལ་པ་འཚོལ་བ་དང་། སྡིག་པའི་སློབ་དཔོན་ལ་དད་ཅིང་བསྟེན་པ་དང་། རྟོག་གེ་འཚོལ་གྱི་བསོད་ནམས་ཀྱི་ཡོན་ཏན་མི་འཚོལ་བའོ་ཞེས་སོ། །ཐེག་པ་ཆེན་པོ་ལས་གོལ་བའི་ཆོས་དྲུག་ནི། འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་འཚོལ་བར་མུ་སྟེགས་ཀྱི་རྫུ་འཕྲུལ་འཚོལ་བ་དང་། འཇིག་རྟེན་པའི་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་འཚོལ་བ་དང་། ཚིག་གི་ཐོས་པ་འཚོལ་ཞིང་དེས་རྣམ་པར་གྲོལ་བ་མི་འཚོལ་བ་དང་། ཉན་རང་གི་སྡེ་སྣོད་ཚོལ་གྱི་བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་འཚོལ་བ་དང་། ཐབས་ལ་མཁས་པ་མངོན་དུ་མི་བྱེད་པར་ཉོན་མོངས་པ་ཟད་པ་འཚོལ་བ་དང་། རིག་པའི་གནས་ལ་མཁས་པ་འདོད་ཀྱི་དགེ་བའི་བཤེས་གཉེན་མི་འཚོལ་བའོ་ཞེས་སོ། །དེ་ལྟ་བུའི་སྐྱོན་རྣམས་སྤངས་ལ་མཉན་ནོ། །ཡོན་ཏན་ཇི་ལྟ་བུ་དང་ལྡན་པས་མཉན་ཞེ་ན། ཆོས་ཉན་པ་ལ་ཞུགས་པ། གང་ཚེ་ལེགས་པའི་ཚུལ་གྱིས་མཉན་བྱ་བ། །ནོར་བུའི་འདུ་ཤེས་ལ་སོགས་གཅེས་པ་དྲུག །ཉོན་མོངས་བཟོད་སོགས་དཀའ་
བའི་སྤྱོད་པ་དྲུག །ཐོས་མང་གཉེར་སོགས་རྐྱེན་གྱིས་མི་འགྱུར་དྲུག །སྙིང་རྗེ་བསྐྱེད་སོགས་ཆེད་དུ་བྱ་བ་དྲུག །བྱེ་བྲག་ཤེས་སོགས་དགོས་པ་རྣམ་པ་དྲུག །ཆོས་འཚོལ་ལ་སོགས་འཚོལ་བ་རྣམ་དྲུག་སྟེ། །ཡོན་ཏན་སུམ་ཅུ་རྩ་དྲུག་ལྡན་པས་ཉན། །དང་པོ་གཅེས་པའི་འདུན་པ་དྲུག་བསྟན་པ་ནི། ལག་བཟང་གིས་ཞུས་པའི་མདོ་ལས། ཆོས་སྨྲ་བའི་བླ་མ་ལ་རིན་པོ་ཆེའི་གཏེར་དུ་འདུ་ཤེས་པ་དང་། ཆོས་ལ་ཡིད་བཞིན་གྱི་ནོར་བུར་འདུ་ཤེས་པ་དང་། ཆོས་ཉན་པ་ལ་རབ་ཏུ་དཀོན་པའི་འདུ་ཤེས་པ་དང་། ཆོས་འཛིན་ཅིང་བསམ་པ་ལ་གཅེས་པའི་དོན་ཡོད་པར་འདུ་ཤེས་པ་དང་། ཆོས་ལ་སོ་སོར་རྟོག་པ་ལ་ཚེ་རབས་བརྒྱར་མི་རྙེད་པར་འདུ་ཤེས་པ་དང་། ཆོས་འཚོལ་བ་སྤང་བ་རྣམས་ལ་བདུད་རྩི་བོར་ནས་དུག་ལ་སྤྱོད་པར་འདུ་ཤེས་པ་དང་། ཉན་ཅིང་སེམས་པ་རྣམས་ལ་དོན་དང་བཅས་པར་འགྱུར་བའི་འདུན་པ་བསྟེན་པར་བྱའོ་ཞེས་སོ། །དཀའ་བའི་སྤྱོད་པ་དྲུག་བཟོད་པར་བསྟན་པ་ནི། དེ་ལས། དགེ་བའི་བཤེས་གཉེན་དང་ཆོས་ཀྱི་ཕྱོགས་སུ་ཚ་བ་དང་གྲང་བའི་ཉོན་མོངས་པ་བཟོད་པ་དང་། བཀྲེས་པ་དང་སྐོམ་པས་ཉོན་མོངས་པ་བཟོད་པ་དང་། ངན་སྨྲས་དང་རྒྱ་གད་ཀྱིས་ཉོན་མོངས་པ་བཟོད་པ་དང་། ངལ་དུབ་འགྲོ་ལས་ཀྱིས་ཉོན་མོངས་པ་བཟོད་པ་དང་། ཡོ་བྱད་གཏོང་བ་དང་འཚོལ་བས་ཉོན་མོངས་པ་བཟོད་པ་དང་། གཅེས་པར་འཛིན་པའི་སྲོག་ལའང་བསྡོས་ཏེ་བཟོད་པར་བྱ་བ་གཅེས་སོ། །ཞེས་སོ། །རྐྱེན་གྱིས་མི་འགྱུར་བ་དྲུག་གི་གོ་ཆ་ནི། དེ་ཉིད་ལས་ཆོས་སྟོན་པ་དང་ཆོས་ཀྱི་ནན་ཏན་ལྷུར་བྱེད་པ་ལ་མདུང་ཐུང་གིས་ཀྱང་མི་བཟློག་པར་འབད་དོ། །ཐོས་པ་མང་དུ་བསོགས་པ་དང་། ཐོས་པ་མང་དུ་འཛིན་པ་དང་། ཆོས་ཀྱི་དོན་ཤེས་པ་དང་། དེ་ཉིད་སྤྱོད་པ་དང་ལྡན་པ་དང་། གཞན་ཡང་དེ་ལྟ་བུ་ལ་
བརྟེན་པ་དང་། དེ་ལྟ་བུ་ལ་བསྙེན་བཀུར་བྱེད་པའོ་ཞེས་སོ། །ཆེད་དུ་བྱ་བའི་ཁྱད་པར་དྲུག་ནི། དེ་ལས། དགེ་བའི་རྩ་བ་ཐམས་ཅད་ཤེས་པར་བྱ་བ་དང་། ཤེས་ནས་དེ་དག་ཚུལ་བཞིན་དུ་བསྒྲུབ་པ་དང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་དང་། དཀོན་མཆོག་གསུམ་གྱི་གདུང་མི་བཅད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྟེ། ཆེད་དུ་བྱ་བ་དེ་ལྟ་བུ་དང་ལྡན་པར་བྱའོ་ཞེས་སོ། །དགོས་པ་དྲུག་བསྒྲུབ་པ་ནི། འོད་སྲུངས་ཀྱིས་ཞུས་པ་ལས། ཐོས་ནས་ཆོས་ཀྱི་བྱེ་བྲག་ཤེས་པར་བྱ་བའི་དགོས་པ་དང་། ཤེས་ནས་བྱ་བ་མ་ཡིན་པ་མི་བྱེད་པའི་དགོས་པ་དང་། གཞན་ལའང་དེ་ལྟར་བསྟན་པའི་དགོས་པ་དང་། དེ་ལྟར་བསྟན་པས་རང་དང་གཞན་གྱིས་རྣམ་པར་གྲོལ་བ་ཐོབ་པའི་དགོས་པ་དང་། རང་དང་གཞན་གྱིས་ཤེས་རབ་སྦྱོང་བའི་དགོས་པ་དང་། ཕྱོགས་བཞི་ནས་ལྷགས་པ་རྣམས་ཀྱི་ཐེ་ཚོམ་གཅོད་པའི་དགོས་པ་སྟེ། དེ་ལྟར་དྲུག་གིས་ཉན་པ་ལ་བརྩོན་པར་བྱའོ་ཞེས་སོ། །འཚོལ་བ་དྲུག་ནི། ཤིན་ཏུ་རྒྱས་པ་ཆེན་པོ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། གཡོ་དང་སྒྱུ་མེད་པར་བསམ་པ་ཐག་པ་ནས་ཆོས་འཚོལ་བ་དང་། རང་གི་ཆེད་མ་ཡིན་པར་ཀུན་ལ་ཕན་པའི་ཆེད་དུ་འཚོལ་བ་དང་། རྙེད་པ་དང་བཀུར་སྟི་མི་འདོད་པར་འགྲོ་བའི་ཉོན་མོངས་པ་སྤོང་བར་འདོད་པས་འཚོལ་བ་དང་། གཟུ་ལུམ་མ་ཡིན་པར་ཤེས་རབ་ཀྱི་འཇུག་པས་འཚོལ་བ་དང་། ཡིད་གཉིས་མེད་པར་ཀུན་གྱི་ཐེ་ཚོམ་གཅོད་པའི་ཕྱིར་འཚོལ་བ་དང་། རློམ་སེམས་དང་འདོད་པ་མེད་པར་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་འཚོལ་བ་སྟེ། ཡོངས་སུ་འཚོལ་བ་དེ་ལྟ་བུས་བཙལ་བར་བྱའོ་ཞེས་སོ། །སྣོད་དེ་ལྟ་བུས་དུས་ནམ་གྱི་ཚེ་མཉན་ཞེ་ན། ཆོས། མཉན་པའི་དུས་ནི་གཉེན་པོར་ཆེ་དུས་སུ། །དུས་སུ་འདོམས་པའི་
གདམས་པ་བཙལ་བར་བྱ། །དེ་ཡང་རང་གི་ཉོན་མོངས་པའི་གཉེན་པོར་འགྲོ་བའི་ཚེ་ཆོས་དེ་མཉན་པ་ནི་ཟབ་པ་རྒྱུད་ལ་སྦྱོར་བའི་དུས་ཡིན་ལ། དོན་གཉེར་བའི་འདུན་པ་དང་། ན་སོ་གཞོན་པ་ལ་སོགས་པ་ན་ཐོས་པ་རྒྱ་མཚོ་འདྲ་བ་རྒྱ་ཆེ་བའི་གནས་མཉན་པའི་དུས་སོ། །རང་བཞིན་དུ་བསྟན་པ་ལ་ཞུགས་པའི་ཐོག་མར་ཉན་དགོས་ཏེ། འཁོར་འདས་ཀྱི་སྐྱོན་ཡོན་ཤེས་པས་བླང་དོར་ལ་འཇུག་པའི་ཕྱིར་རོ། །རང་གི་རྒྱུད་སྦྱོང་བའི་ཚེ་ཉན་དགོས་ཏེ། གང་ལའང་རྨོངས་པ་བཟློག་པའི་ཕྱིར་རོ། །རྒྱུན་དུ་ཉམས་སུ་ལེན་པ་ནའང་ཉན་དགོས་ཏེ་དགེ་སྦྱོར་འཐས་པ་ལ་སོགས་པ་བོགས་འབྱིན་པའི་ཕྱིར་རོ། །ཤེས་རྒྱུད་མཐའ་དག་གྲོལ་བ་ལའང་ཉན་དགོས་ཏེ་ཐེ་ཚོམ་གྱི་སྤྲོས་པ་གཅོད་པའི་ཕྱིར་རོ། །དེས་ན་ད་ལྟ་ལམ་ལ་དང་པོར་ཞུགས་པ་ནས་མཐར་ཕྱིན་གྱི་བར་དུ་རང་བས་ལྷག་པ་ལ་ཆོས་ཀྱི་སྒོ་ཉན་པ་གལ་ཆེ་སྟེ། གོང་མ་རྣམས་ཀྱི་ཐུགས་ཉམས་སུ་བཞེས་པ་རྣམས་ལ་བློ་ཁ་ཕྱོགས་པ་དང་། རང་གི་ཉམས་རྟོགས་གོང་དུ་བྱར་ཡོད་པའི་ཕྱིར་རོ། །དང་པོ་འདིས་ཆོག་ཅེས་གང་རུང་གཅིག་ལ་ཞེན་ནས་དབེན་པར་བསྒྲུབས་ཀྱང་མཐའ་མི་འཁྱོལ་བས། ལམ་གོལ་བ་དང་ལོག་པ་མི་ཚོར་རོ། །མིས་བལྟས་ན་ཆོས་བྱས་པར་སྣང་ཡང་། རང་ལ་སྐྱེད་ཅི་ཡང་མེད་པའི་ཕྱིར་རོ། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་ན། ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཚོལ་བ་ལ་བསླབ་པར་བྱའོ་ཞེས་སོ། །ཚུལ་ཇི་ལྟར་མཉན་ཞེ་ན། དེ་ཡང་རྣམ་གཡེང་འདུ་འཛི་རྣམས་སྤངས་ལ། །ཆོས་ཀྱི་མཆོད་པ་དངོས་དང་ཡིད་མཆོད་ནས། །ཕྱག་འཚལ་དྲང་པོར་འདུག་སྟེ་ཐལ་མོ་སྦྱར། །མ་ཡེངས་གུས་པའི་ཚུལ་གྱིས་མཉན་པར་བྱ། །ཆོས་ཉན་པ་ན་རྣམ་པར་གཡེང་བ་རྣམས་དང་། འདུ་འཛིར་གྱུར་པ་ཀུན་སྤངས་ལ་ཉན་
ནོ། །དེ་ཡང་འཇིག་རྟེན་གྱི་ཚོང་ལ་སོགས་པ་ནི་སྒོ་གསུམ་རྣམ་པར་གཡེང་བ་ཡིན་ལ། འཁོར་དང་ཡོ་བྱད་ནང་དུ་འདུ་བ་དང་། དེའི་དབང་དུ་སོང་བས་སྒོ་གསུམ་བྲེལ་བས་འཛི་བ་དང་འཛིངས་པ་ཞེས་བྱའོ། །ཆོས་ལ་བར་དུ་གཅོད་པའི་རྐྱེན་མེད་པའི་ཕྱོགས་སུ་འཆད་པ་པོ་ཁྲི་བཤམས་ཏེ། དར་ཟབ་ལ་སོགས་པའི་གདན་ལ་བཞུགས་སུ་གསོལ་བ་ལ། སྤོས་དང་མེ་ཏོག་དང་མར་མེ་ལ་སོགས་པ་དངོས་སུ་མཆོད་པ་དང་། ནམ་མཁའི་དབྱིངས་སུ་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བའི་མཆོད་པའི་སྤྲིན་ཕུང་འཁྲིགས་པར་བསམ་ལ་འབུལ་ཞིང་། རང་གི་སྒེག་ཆོས་གདུགས་དང་། འཁར་བ་དང་། མཚོན་ཆ་དང་། མགོ་གཡོགས་དང་། མཆིལ་ལྷྭམ་གྱོན་པ་རྣམས་སྤངས་ལ། རྒྱབ་དང་ཟུར་གྱིས་ལྟ་བ་མ་ཡིན་པར་སྐྱིལ་ཀྲུང་ཕྱེད་པའམ་ཙོག་པུར་འདུག་ལ། མིག་ཕབ་ཐལ་མོ་སྦྱར་ཏེ་འཁོད་པར་བྱའོ། །ཆོས་ལས་སེམས་གཞན་དུ་མ་ཡེངས་པར་ཉན་ཞིང་། ཆོས་དང་བླ་མ་ལ་གུས་ཤིང་དགའ་སྤྲོ་དང་བཅས་པས་ཉན་པ་ནི། འཕགས་པ་ཡོན་ཏན་རིན་པོ་ཆེ་སྡུད་པའི་མདོ་ལས། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་གཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །འགྲོ་དོན་མངོན་ཞུགས་དེས་པའི་ཤེས་རབ་ཕ་རོལ་ཕྱིན། །གང་ལ་དཔའ་རྣམས་སྤྱོད་པ་དེ་ནི་མཉན་པར་གྱིས། །ཞེས་གསུངས་པའི་ཚུལ་གྱིས་སོ། །དེ་ལས་གཞན་དུ་འཆད་པ་པོ་འདིས་ཆོས་མི་ཤེས་ཀྱི། རིགས་ངན་པ་དང་། ལོངས་སྤྱོད་ཆུང་བ་དང་། ཉོན་མོངས་པ་རགས་པ་དང་། ཁྲོ་བ་དང་། གཏུམ་པ་དང་། ངག་མི་སྙན་པ་དང་། ཆས་གོས་ངན་པ་དང་། དབུལ་ཞིང་ཕོངས་པ་དང་། འཁོར་ངན་པ་ལ་སོགས་པར་སེམས་པ་སྐད་ཅིག་ཀྱང་བསྐྱེད་པར་མི་བྱའོ། །དེ་ལྟར་སེམས་པ་བྱུང་ན་
བཤགས་བསྡོམ་བྱ་ཞིང་། བཀའ་དྲིན་ལ་བསམས་ལ་སངས་རྒྱས་ཀྱི་འདུ་ཤེས་ལན་བརྒྱར་བསྐྱེད་དོ། །ཆོས་ཉན་པའི་ཏིང་ངེ་འཛིན་འདི་ཡིན་ཏེ། དེ་ཡང་རང་ཉིད་འཇམ་དཔལ་བསམས་པ་ཡི། །སྙིང་ནང་ཆོས་ཀྱི་འོད་ཟེར་ཕོག་པར་བསམ། །ཆོས་ཉན་པ་པོ་རྣམས་སྐྱེས་པ་ཡིན་ན། འཇམ་དཔལ་རྣོན་པོ་དམར་སེར་ཨུཏྤ་ལའི་སྟེང་ན་རལ་གྲི་དང་པོ་ཏི་འཛིན་པར་བསམ་ཞིང་། བུད་མེད་ཡིན་ན་ལྷ་མོ་སྒྲོལ་མ་ལྗང་གུ་ཨུཏྤལ་འཛིན་པར་བསམས་ལ། འཆད་པ་པོའི་ཞལ་ནས་ཆོས་ཀྱི་འོད་ཟེར་བྱུང་ནས། རང་རང་གི་སྙིང་ནང་དུ་ཕོག་པས། མ་རིག་པའི་མུན་པ་སངས་ཤིང་བློའི་པདྨོ་རྒྱས་པར་བསམ་པ་ནི་གདམས་ངག་ཡིན་ནོ། །དེ་ལྟར་ཉན་པ་ནི་ཆོས་ཀྱི་རོ་མྱོང་བས་སངས་རྒྱས་སྒྲུབ་པ་ཡིན་ཏེ། ཡུམ་བར་མ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་སྐྱེས་བུ་དམ་པ་ལ་ཆོས་ཉན་པ་དང་བསྙེན་བཀུར་དུ་བྱའོ། །དེ་ཐོས་ནས་རྗེས་སུ་སྒྲུབ་པས་མངོན་པར་རྫོགས་པར་སངས་རྒྱ་བའི་བར་དུ་བྱའོ་ཞེས་སོ། །དེའི་ཚེ། ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་དང་། །ལྡན་བྱས་རབ་དང་གུས་པའི་ཡིད་ཀྱིས་ཉན། །ཆོས་ཉན་པས་རྩེ་གཅིག་པ་དེའི་ཚེ་ཆོས་དང་བླ་མ་ལ་རབ་ཏུ་དང་བ་དང་གུས་པ་ཆེན་པོ་བསྐྱེད་དེ། ཡོན་ཏན་བརྒྱད་ཅུ་རྩ་བཞི་དང་ལྡན་པས་ཉན་ནོ། །དེ་ལ་རབ་ཏུ་དང་བ་ནི་སེམས་ཉོན་མོངས་པའི་རྙོག་པ་མེད་པར་དགའ་སྤྲོ་དང་བཅས་པས་རྩེ་གཅིག་ཏུ་དང་བ་ཡིན་ལ། གུས་པ་ནི་ངག་ཅ་ཅོ་མེད་པ་དང་། ལུས་དྲང་པོར་འདུག་སྟེ་ཐལ་མོ་སྦྱར། བཞིན་འཛུམ་པ་དང་བཅས་པའོ། །ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་ནི། །མདོའི་གནས་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། འདུན་པའི་རྣམ་པ་དང་། བསམ་པའི་རྣམ་པ་དང་། དེ་བཞིན་དུ་ལྷག་པའི་བསམ་པ་དང་། སྤྱོད་པ་དང་། དགེ་བའི་བཤེས་
གཉེན་གྱི་རྣམ་པ་དང་། ང་རྒྱལ་མེད་པའི་རྣམ་པ་དང་། བག་ཡོད་པའི་རྣམ་པ་དང་། རི་མོར་བྱེད་པའི་རྣམ་པ་དང་། མཐུན་པའི་རྣམ་པ་དང་། བཀའ་བློ་བདེ་བའི་རྣམ་པ་དང་། བསྙེན་བཀུར་བའི་རྣམ་པ་དང་། རིམ་གྲོ་བསྐྱེད་པའི་རྣམ་པ་དང་། ཕུ་དུད་བྱ་བའི་རྣམ་པ་དང་། རྣ་བ་གཏད་དེ་ཉན་པ་དང་། ཡིད་ལ་བྱེད་པ་དང་། མི་གཡེང་བ་དང་། གནས་པ་དང་། ཡིད་བཞིན་གྱི་ནོར་བུ་དང་། སྨན་དུ་འདུ་ཤེས་པའི་རྣམ་པ་དང་། ཉོན་མོངས་པའི་གཅོང་ནད་འབྱིན་པའི་རྣམ་པ་དང་། དྲན་པའི་སྣོད་ཀྱི་རྣམ་པ་དང་། རྟོགས་པ་ཤེས་པའི་རྣམ་པ་དང་། བློ་གྲོས་འདོད་པའི་རྣམ་པ་དང་། བློ་ལ་འཇུག་པའི་རྣམ་པ་དང་། ཆོས་ཉན་པས་མི་ངོམས་པའི་རྣམ་པ་དང་། གཏོང་བ་སྤེལ་བའི་རྣམ་པ་དང་། དུལ་ཞིང་ཅང་ཤེས་པའི་རྣམ་པ་དང་། མང་དུ་ཐོས་པ་བསྟེན་པའི་རྣམ་པ་དང་། གུས་པས་དགའ་བའི་རྣམ་པ་དང་། ལུས་བདེ་བའི་རྣམ་པ་དང་། ངག་ཞི་བའི་རྣམ་པ་དང་། སེམས་རབ་ཏུ་དགའ་བའི་རྣམ་པ་དང་། མི་སྐྱོ་བར་ཉན་པའི་རྣམ་པ་དང་། ཚིག་ཉན་པའི་རྣམ་པ་དང་། དོན་སེམས་པའི་རྣམ་པ་དང་། ལེགས་པར་སྤྱད་པ་ཉན་པའི་རྣམ་པ་དང་། ནན་ཏན་གྱིས་ཉན་པའི་རྣམ་པ་དང་། གཞན་གྱིས་བསྟན་པ་ཉན་པའི་རྣམ་པ་དང་། བསྡུ་བའི་དངོས་པོ་ཉན་པའི་རྣམ་པ་དང་། ཆོས་མ་ཐོས་པ་ཉན་པའི་རྣམ་པ་དང་། མངོན་པར་ཤེས་པ་ཉན་པའི་རྣམ་པ་དང་། ཐེག་པ་གཞན་མི་འདོད་པའི་རྣམ་པ་དང་། ཕ་རོལ་ཏུ་ཕྱིན་པ་ཉན་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ་དང་། ཐབས་ལ་མཁས་པ་ཉན་པའི་རྣམ་པ་དང་། ཚངས་པའི་གནས་ཉན་པའི་རྣམ་པ་དང་། དྲན་པ་དང་ཤེས་བཞིན་ཉན་པའི་རྣམ་པ་དང་། སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ་དང་། མི་སྐྱེ་བ་ལ་མཁས་པའི་རྣམ་པ་དང་། མི་སྡུག་པའི་རྣམ་པ་དང་། བྱམས་པའི་རྣམ་པ་དང་། རྟེན་འབྲེལ་གྱི་
རྣམ་པ་དང་། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་གྱི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པ་ཉིད་ཀྱི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། མངོན་པར་འདུ་མི་བྱེད་པའི་རྣམ་པ་དང་། དགེ་བ་འདུ་བྱེད་པའི་རྣམ་པ་དང་། བདེན་པས་བྱིན་གྱིས་བརླབས་པའི་རྣམ་པ་དང་། ཆུད་མི་གཟོན་པའི་རྣམ་པ་དང་། རང་དབང་གི་རྣམ་པ་དང་། བདག་གི་སེམས་བསྲུང་བའི་རྣམ་པ་དང་། རང་གི་ཕྱོགས་བསྲུང་བའི་རྣམ་པ་དང་། ཕ་རོལ་གྱི་ཕྱོགས་བདུད་དང་མུ་སྟེགས་དང་། ཉོན་མོངས་པ་ཚར་གཅོད་པའི་རྣམ་པ་དང་། ནོར་བདུན་ལ་བསྟེན་པའི་རྣམ་པ་དང་། དབུལ་བ་ཚར་གཅོད་པའི་རྣམ་པ་དང་། མཁས་པས་བསྔགས་པའི་རྣམ་པ་དང་། མཁས་པས་མངོན་པར་དགའ་བའི་རྣམ་པ་དང་། འཕགས་པ་ཀུན་ཤེས་པའི་རྣམ་པ་དང་། འཕགས་པ་མ་ཡིན་པ་མོས་པར་བྱེད་པའི་རྣམ་པ་དང་། བདེན་པ་མཐོང་བའི་རྣམ་པ་དང་། ཕུང་པོའི་ཉེས་པ་སྤོང་བའི་རྣམ་པ་དང་། འདུས་བྱས་ཀྱི་ཉེས་པ་འཇལ་བའི་རྣམ་པ་དང་། དོན་ལ་རྟོན་པའི་རྣམ་པ་དང་། ཆོས་ལ་རྟོན་པའི་རྣམ་པ་དང་། ཡེ་ཤེས་ལ་རྟོན་པའི་རྣམ་པ་དང་། ངེས་དོན་གྱི་མདོ་སྡེ་ལ་རྟོན་པའི་རྣམ་པ་དང་། སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ་དང་། རང་གཞན་ལ་ཕན་པའི་རྣམ་པ་དང་། ལེགས་པར་བྱས་པའི་ལས་ཀྱི་རྣམ་པ་ལ་མི་འགྱོད་པའི་རྣམ་པ་དང་། བྱེ་བྲག་ཏུ་འགྲོ་བའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་རྣམ་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞིའོ་ཞེས་གསུངས་སོ། །མདོ་ལ་ལ་དག་ན་བརྒྱད་ཅུར་བཤད་པ་ཡོད་ཀྱང་། སྐད་གསར་བཅད་དུ་བརྒྱད་ཅུ་རྩ་བཞིར་གསུངས་པའི་རྗེས་སུ་འབྲངས་པ་ཡིན་ནོ། །དེ་ལྟར་ཆོས་ཉན་པ་ན་སློབ་མའི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་འབྱུང་ངོ་ཞེས་བསྟན་པ་ནི། མེ་
ཏོག་སྟན་སོགས་འབུལ་བ་སྦྱིན་པ་སྟེ། །སྒོ་གསུམ་རབ་བསྡམས་ཚུལ་ཁྲིམས་ཕ་རོལ་ཕྱིན། །གནོད་པ་བཟོད་པ་སྤྲོ་བ་བརྩོན་འགྲུས་ཏེ། །མ་ཡེངས་ཐོས་པ་འཛིན་པ་བསམ་གཏན་ཉིད། །ཐེ་ཚོམ་སྒྲོ་འདོགས་གཅོད་པ་ཤེས་རབ་མཆོག །ཆོས་ཉན་པའི་ཚེ་བླ་མའི་ཆོས་ཀྱི་ཁྲི་སྟན་བཤམས་པ་དང་། མེ་ཏོག་ལ་སོགས་པའི་མཆོད་པས་བརྒྱན་པ་ནི་སྦྱིན་པའོ། །རང་གི་ལུས་ངག་ཡིད་གསུམ་བསྡམས་ཤིང་ཕྱོགས་དེར་སེམས་ཅན་ཕྲ་མོ་དང་། ཤིག་ལ་སོགས་པ་ལ་འཚེ་བ་སྤོང་བ་ནི་ཚུལ་ཁྲིམས་སོ། །ཚ་གྲང་ལ་སོགས་པ་བཟོད་པ་ནི་བཟོད་པའོ། །བླ་མ་ལ་གསོལ་བ་འདེབས་ཤིང་ཉན་པ་ལ་སྤྲོ་བ་ནི་བརྩོན་འགྲུས་སོ། །སེམས་མ་ཡེངས་པར་རྩེ་གཅིག་ཏུ་ཉན་པ་ནི་བསམ་གཏན་ནོ། །ཐོས་པའི་དོན་ལ་ཐེ་ཚོམ་དང་སྒྲོ་འདོགས་གཅོད་ཅིང་བརྒལ་བརྟག་གི་སྐྱོན་བརྗོད་པ་ལ་སོགས་པས་ངེས་པར་བྱེད་པ་ནི་ཤེས་རབ་བོ། །དེ་ཐམས་ཅད་རང་བཞིན་མེད་ཅིང་། ཉན་པ་པོ་དང་ཆོས་དང་བླ་མ་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་འདི་དག་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་བསྡོམས་པ་དང་། །སེམས་ཅན་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་ཉན། །རྟོག་སེལ་ཕྱིར་ནི་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་སོ། །སྒྲོལ་མ་ནི་ཉན་པ་པོ་བདག་ཉིད་བསྒོམ་པའི་ཕྱིར་དེ་སྐད་བརྗོད་པའོ། །ཆོས་ཐོན་པའི། རྗེས་ལ་ཆོས་དང་སྟོན་པའི་བཀའ་དྲིན་བསམ། །སྒྱུ་མའི་ངང་ལས་བྱང་ཆུབ་བསྔོ་བ་བྱ། །ཆོས་ཐོན་དུས་བླ་མ་དང་ཆོས་ཀྱི་ཡོན་ཏན་བསམ་པ་དང་། བཀའ་དྲིན་དྲན་པར་བྱའོ། །དེའང་མ་རིག་པའི་མིག་འབྱེད་ཅིང་། ཐར་པའི་ལམ་དུ་འཁྲིད་ནས་ཡོན་ཏན་
ཐམས་ཅད་རྒྱུད་ལ་སྐྱེད་པར་བྱེད་པའི་བླ་མ་འདིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐོས་པར་དཀའ་བ་འདི་ལྟ་བུ་བསྟན་པ་བཀའ་དྲིན་རེ་ཆེ་སྙམ་པ་བསམས་ནས། དེ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་ངང་ལས། ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་རྒྱས་གྱུར་ཅིག །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་གྱུར་ཅིག །ཅེས་བསྔོ་བ་བྱའོ། །ཐོས་པ་དྲི་མ་མེད་པའི་གཟི་བརྗིད་ལ་གནས་པ། དེ་ཡི་ཕན་ཡོན་ཤིན་ཏུ་ཚད་མེད་དེ། །ཆོས་རྔ་བསྒྲགས་པ་ཐོས་པའི་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་པ་སྨོས་ཅི་འཚལ། །འདི་ཡང་མདོ་ཇི་ལྟ་བ་བཞིན་ཏེ། གཎྜཱིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜཱི་བརྡུངས་པའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་གྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་གསུངས་པ་ཡིན་ནོ། །གཞན་ཡང་ཕན་ཡོན་ཚད་མེད་པ་སྙེད་ཡོད་དེ། ཤེས་རབ་ཏིང་འཛིན་དྲན་པའི་གཟུངས་ཐོབ་ཅིང་། །སྤང་བླང་མཚམས་ཕྱེད་དགེ་འཕེལ་སྡིག་ཀུན་སྲབ། །ལྷ་མིས་བསྟོད་ཅིང་མ་རིག་མུན་པ་སངས། །པདྨའི་སྟེང་མཛེས་རྒྱ་ཆེན་ཆོས་ཐོས་ཤིང་། །མྱུར་དུ་ཆོས་རྒྱལ་མྱ་ངན་མེད་ཐོབ་འགྱུར། །ཤེས་རབ་དང་ཏིང་ངེ་འཛིན་དང་། ཆོས་ཀྱི་རྒྱུན་ལ་སོགས་པའི་གཟུངས་དང་། སྤང་བླང་ཤེས་པའི་མིག་དང་། དགེ་བ་འཕེལ་ཞིང་མི་དགེ་བ་སྲབ་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟོད་ཅིང་འདུན་པ་དང་མ་རིག་པའི་མུན་ནག་སངས་པ་དང་། ཤི་འཕོས་ནས་དག་པའི་ཞིང་གི་པདྨོ་ལ་བརྫུས་ཏེ་སྐྱེ་བ་དང་། སངས་རྒྱས་མཆོག་གི་སྤྲུལ་པ་ལས་ཆོས་ཐོས་པ་དང་། མྱུར་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བ་ལ་སོགས་པ་ཕན་ཡོན་གྱི་སྒོ་ཚད་མེད་པ་སྙེད་ཡོད་དེ། རྒྱས་པར་ནི་
མདོའི་གནས་ཇི་ལྟ་བ་བཞིན་རྟོགས་པར་བྱའོ། །ཇི་སྐད་དུ་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་ཞི་བར་འགྱུར་རོ། །ཉོན་མོངས་པ་རབ་ཏུ་ཞི་བ་ལ་ནི་བདུད་ཀྱིས་གླགས་མི་རྙེད་དོ་ཞེས་པ་དང་། སྒྱུ་མ་མཁན་རབ་ཏུ་བཟང་པོས་ཞུས་པའི་མདོ་ལས། རང་དང་གཞན་གྱི་ཤེས་རབ་སྦྱོང་བ་དང་། ཕྱོགས་བཅུ་ནས་ལྷགས་པའི་གདུལ་བྱ་རྣམས་ཀྱི་ཐེ་ཚོམ་གཅོད་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་པ་ཟད་མི་ཤེས་པར་བརྗོད་པར་མཛད་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བའོ་ཞེས་པ་དང་། ཆེད་དུ་བརྗོད་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་བྱེད། །ཐོས་པས་གནོད་པ་བསྟེན་མི་བྱེད། །ཐོས་པས་སྡིག་ལས་ཟློག་པར་བྱེད། །ཐོས་པས་མྱ་ངན་འདས་པ་ཐོབ། །ཇི་ལྟར་ཁྱིམ་གྱིས་ལེགས་གཡོགས་པས། །མུན་པས་ཁེབས་པའི་ནང་ཞུགས་ན། །གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། །མིག་ལྡན་ཤིན་ཏུ་མཐོང་མི་འགྱུར། །དེ་བཞིན་འདི་ན་རིགས་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང་། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །ཞེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས། མོས་པའི་སེམས་ཅན་དེ་དག་ནི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་ལགས་སོ། །བྱང་ཆུབ་ལ་ཉེ་བར་འགྱུར་བ་དང་། དེ་དག་ནི་སངས་རྒྱས་ཉིད་དུ་བལྟ་བར་བྱའོ་ཞེས་པ་དང་། ལྷ་ཡི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། བདག་ཏུ་ལྟ་བ་ཐམས་ཅད་ཀྱིས་སངས་རྒྱས་གངྒཱའི་ཀླུང་བྱེ་མ་སྙེད་འཁོར་དང་བཅས་པ་ལ་ཇི་སྲིད་
འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་བས། ཆོས་ཟབ་མོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྒོའི་རྣམ་གྲངས་འཇིག་རྟེན་ཐམས་ཅད་དང་། མི་མཐུན་པ་ཐོས་ནས་དད་པར་བྱེད་ན་ཕན་ཡོན་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། འདིས་ནི་ཆོས་ཟབ་མོ་སྤངས་པས་དམྱལ་བར་ལྟུང་བ་དེ་ཡང་ཆེས་མྱུར་དུ་ལྡང་ཞིང་ཐར་པར་འགྱུར་ལ། ཐོས་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བ་དང་འདྲའོ་ཞེས་པ་དང་། ཕལ་པོ་ཆེའི་དྲང་སྲོང་བླ་མའི་རབས་ལས། བྱང་ཆུབ་སེམས་དཔའ་ཆོས་འདོད་པ། བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ལ། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་རྣམས་ཀྱང་ཞལ་ཉེ་བར་སྟོན་ཅིང་ཆོས་ཐོས་པར་མཛད་དོ། །བྱང་ཆུབ་སེམས་དཔའ་ཆོས་འདོད་པ་དྲི་མ་མེད་པའི་གཟི་བརྗིད་ཅན་རྣམས་ནི་ཆོས་ཀྱི་གཏེར་རིའི་སུལ་དང་། ཤིང་གི་ནང་དུ་བཅུག་པའི་ཆོས་ཀྱི་སྒོ་གླེགས་བམ་དུ་གྱུར་པ་མཐའ་ཡས་པ་དག་ཀྱང་ལག་མཐིལ་དུ་གནས་པར་འགྱུར་རོ། །དེ་བཞིན་དུ་དེ་དག་ལ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་སྤོབས་པ་ཉེ་བར་བསྒྲུབ་པ་དང་། ཚེ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷ་རྣམས་ཀྱིས་སྟོབས་ཉེ་བར་བསྒྲུབ་པ་དང་། རྒྱུ་དེས་འདོད་ན་ལོ་སྟོང་དུ་ཡང་གནས་པ་དང་། བསྐལ་པའམ་ཇི་སྙེད་འདོད་པ་སྲིད་དུ་གནས་པ་དང་། བདེ་བར་གཤེགས་པ་རྣམས་ཀྱིས་དགའ་བ་སྤེལ་བ་དང་། ནད་སེལ་བ་དང་། དྲན་པ་ཡང་ཉེ་བར་བསྒྲུབ་པ་དང་། རྟོགས་པ་དང་། བློ་གྲོས་དང་། སྤོབས་པ་ཡང་ཉེ་བར་བསྒྲུབ་པ་དང་། ལྟ་བ་ལོག་པ་ཡང་སེལ་བ་དང་། ཡང་དག་པའི་ལྟ་བ་ཉེ་བར་བསྒྲུབ་པ་དང་། ཕ་རོལ་གྱི་གནོད་པས་འཇིགས་པ་ཐམས་ཅད་མི་འབྱུང་ངོ་། །དེས་ན་བྱང་ཆུབ་སེམས་དཔའ་དེས་ཐོས་པའི་ཚོགས་ལ་མངོན་པར་བརྩོན་པར་བྱའོ་ཞེས་པ་དང་། འཕགས་
པ་ཏིང་ངེ་འཛིན་རྒྱལ་པོ་ལས། མདོ་སྡེ་དམ་པ་འདི་ཐོས་ན། །མ་འོངས་པ་ཡི་བསྐལ་པ་ནི། །གྲངས་མེད་བདུན་ཅུ་རྩ་གསུམ་དུ། །ངན་འགྲོ་རྣམས་སུ་ཡོང་མི་འགྲོ། །བསྟན་པ་ཟད་དུ་ཉེ་བའི་ཚེ། །གང་གིས་མདོ་སྡེ་འདི་བཟུང་ན། །མྱུར་དུ་སྤོབས་པ་ཐོབ་པར་འགྱུར། །ཚིགས་བཅད་གཅིག་ཙམ་བཟུང་བས་ཀྱང་། །བསོད་ནམས་ཕུང་པོ་བསམ་ཡས་ན། །ཉན་པར་འདོད་པས་མདོ་སྡེ་ཡང་། །ཐམས་ཅད་གཟུང་བ་ཅི་ཞིག་སྨོས། །སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ། །ཅེས་པ་དང་། མྱ་ངན་ལས་འདས་པ་ལས། ཆོས་ཉན་པ་ལས་དད་པ་སྐྱེའོ། །དད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མོས་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བའི་བར་དུ་ཐོབ་པས། དག་དགེ་བའི་ཆོས་ཐམས་ཅད་ཐོབ་པ་ནི་ཐོས་པའི་རྒྱུ་ལས་བྱུང་བའོ། །ཉོན་མོངས་པས་མྱོས་ཏེ་སྡིག་པ་མང་དུ་བྱེད་པར་འདོད་པ་ཡང་ཐོས་པའི་ལྕགས་ཀྱུས་མོད་ལ་འདུལ་བར་འགྱུར་རོ། །ཚོང་པ་རིན་པོ་ཆེའི་གླིང་གི་ལམ་མི་ཤེས་པ་དག་ཀྱང་གཞན་གྱིས་ལམ་བསྟན་ཏེ་སོང་ན་རིན་པོ་ཆེ་མང་དུ་ལེན་ཏོ། །དེ་བཞིན་དུ་དགེ་བའི་བཤེས་གཉེན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔས་ཐོས་པ་དམ་པའི་ལམ་བསྟན་པ་དེར་ཞུགས་ཏེ་སོང་ན། སངས་རྒྱས་ཀྱི་རིན་པོ་ཆེ་ལེན་པའི་དོན་འགྲུབ་བོ་ཞེས་པ་དང་། ཟ་མ་ཏོག་བཀོད་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཐེག་པ་ཆེན་པོའི་མདོ་སྡེ་ཟ་མ་ཏོག་བཀོད་པ་འདིའི་ཚིགས་སུ་བཅད་པ་གཅིག་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་བགྲང་བ་དང་ཚད་གཟུང་བར་མི་ནུས་སོ། །དཔེར་ན་ས་ཆེན་པོ་འདི་རྡུལ་ཕྲ་རབ་ཏུ་བསིལ་བའི་ཚད་གཟུང་བར་
ནུས་སྲིད་ཀྱི། ཐེག་པ་ཆེན་པོའི་མདོ་སྡེ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་ཐོས་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ། །དཔེར་ན་རྒྱ་མཚོ་ཆེན་པོ་འདི་ཆུ་ཐིགས་པ་རེ་རེ་ནས་བགྲང་བར་ནུས་སྲིད་ཀྱི། མདོ་སྡེ་ཟ་མ་ཏོག་བཀོད་པ་འདིའི་ཚིགས་སུ་བཅད་པ་གཅིག་བཟུང་བའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱལ་པོ་ཟ་མ་ཏོག་བཀོད་པ་འདིས་ནི་སྡིག་པ་ཐམས་ཅད་སྲེག་པར་བྱེད་དོ། །གང་འདི་ཐོས་པའི་སེམས་ཅན་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ཏེ། རིགས་ཀྱི་བུ་དེ་དག་ནི་སོ་སོ་སྐྱེ་བོ་མ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་དང་འདྲ་བར་བལྟའོ། །དེ་དག་འཆི་བའི་ཚེ་དེ་བཞིན་གཤེགས་པ་བཅུ་གཉིས་བྱོན་ནས་རིགས་ཀྱི་བུ་མ་འཇིགས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་ཐེག་པ་ཆེན་པོ་འདི་ཐོས་པས་སོ། །དེ་ཐོས་པས་ཁྱོད་སླར་འཁོར་བར་མི་འཁོར་ཞིང་། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་མཐོང་བར་མི་འགྱུར་རོ། །དགའ་ཞིང་འདོད་པའི་དོན་དང་འཕྲད་ལ། མི་དགའ་ཞིང་མི་འདོད་པ་དང་འཕྲད་པར་མི་འགྱུར་རོ། །རིགས་ཀྱི་བུ་ཁྱོད་བདེ་བ་ཅན་གྱི་འཇིག་རྟེན་ཞེས་བྱ་བའི་ཁམས་སུ་འགྲོ་ཞིང་བདེ་བར་གཤེགས་པ་སྣང་བ་མཐའ་ཡས་ལ་དམ་པའི་ཆོས་ཉན་པར་འགྱུར་རོ། །དབུགས་འབྱིན་པ་མཛད་ཅིང་དེ་ལྟར་སེམས་ཅན་དེ་དག་འཆི་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པའི་ཡུམ་དུ་གྲགས་ཏེ། དེ་ཡང་ཐལ་མོ་སྦྱར་ནས་ཡི་གེ་དྲུག་པའི་རིགས་སྔགས་ཀྱི་རྒྱལ་མོ་འདི་ལ་ཕྱག་འཚལ་བར་བྱེད་དོ། །གང་ལ་ལ་ཞིག་གིས་ཡི་གེ་དྲུག་པ་འདི་ལན་ཅིག་བཟུང་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་ན་བཟའ་དང་། བཤོས་དང་། བཏུང་བ་ལ་སོགས་པའི་ཡོ་བྱད་ཐམས་ཅད་ཀྱིས་
བསྙེན་བཀུར་བྱས་པར་འགྱུར་རོ། །མདོ་སྡེ་ཟ་མ་ཏོག་བཀོད་པ་འདིའི་མིང་ཐོས་པ་ཙམ་གྱིས་སེམས་ཅན་དེ་དག་གི་སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ། །གང་དག་ཞེ་སྡང་གིས་སྡིག་སྤྱོད་པའི་ལས་བྱས་པ་དང་། ཕ་རོལ་གྱི་བུད་མེད་ལ་ཆགས་ནས་ལོག་པར་སྤྱད་པ་དང་། དགེ་འདུན་གྱི་དཀོར་ལ་མ་བྱིན་པར་བླངས་པ་དང་། ཕ་དང་མ་དང་དགྲ་བཅོམ་པ་བསད་པ་དང་། མཆོད་རྟེན་དང་གཙུག་ལག་ཁང་བཤིག་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མཚམས་མེད་པའི་ལས་ཀྱི་སྡིག་པ་ཆེན་པོ་ཐམས་ཅད་ཀྱང་། ཟ་མ་ཏོག་བཀོད་པའི་ཡི་གེ་དྲུག་པ་འདིས་དག་པར་བྱེད་དོ། །མདོ་སྡེ་འདི་ནི་མེ་ཆེན་པོ་དང་འདྲ་སྟེ། སྡིག་པ་ཐམས་ཅད་སྲེག་པར་བྱེད་དོ། །ཆུ་ཆེན་པོ་དང་འདྲ་སྟེ་སྡིག་པ་ཐམས་ཅད་འཁྲུ་བར་བྱེད་དོ། །རླུང་ཆེན་པོ་དང་འདྲ་སྟེ་སྡིག་པ་ཐམས་ཅད་གཏོར་བར་བྱེད་དོ། །མདོ་སྡེ་ཟ་མ་ཏོག་བཀོད་པ་འདི་ཐོས་པའི་སེམས་ཅན་དེ་དག་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་པདྨ་ལ་བརྫུས་ཏེ་སྐྱེས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལ་ཆོས་ཉན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་མནར་མེད་པའི་གནས་སུ་བྱོན་ཏེ། རིག་སྔགས་ཀྱི་རྒྱལ་མོ་ཡི་གེ་དྲུག་པའི་སྒྲ་བརྗོད་པས། དེ་ཐོས་པའི་སེམས་ཅན་དམྱལ་བ་འབུམ་ཕྲག་གཅིག་སྡུག་བསྔལ་ལས་གྲོལ་ཏེ། སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །ཡི་དྭགས་ཀྱི་གནས་སུ་བྱོན་ནས་རིག་སྔགས་ཀྱི་རྒྱལ་མོ་ཡི་གེ་དྲུག་པའི་སྒྲ་བསྒྲགས་པས། ཡི་དྭགས་གངྒཱའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པ་ཚེ་འཕོས་ནས་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ཏེ། བྱང་ཆུབ་སེམས་དཔའ་འདོད་པ་རབ་ཏུ་སྦྱིན་པ་ཞེས་
བྱ་བ་འབའ་ཞིག་ཏུ་གྱུར་ནས་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་རོ། །ཡང་གྲོང་ཁྱེར་འཁོར་མོ་འཇིག་ཏུ་བྱོན་ནས་བཤང་གཅིའི་འདམ་རྫབ་ཆེན་པོའི་ཁྲོད་ན་སྲིན་བུའི་རིགས་བརྒྱ་སྟོང་ཕྲག་དུ་མ་གནས་པའི་དྲུང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བུང་བའི་གཟུགས་སུ་སྤྲུལ་ནས་ཟ་མ་ཏོག་བཀོད་པའི་མདོ་ལས་ཡི་གེ་དྲུག་པའི་སྒྲ་ཕྱུང་སྟེ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་ཕྱུང་ངོ་། །སེམས་ཅན་དེ་དག་གིས་སྒྲ་དེ་ཐོས་པ་དང་དཀོན་མཆོག་གསུམ་རྗེས་སུ་དྲན་ནས། དེ་རྣམས་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། ཁ་ནས་ཙནྡན་གྱི་དྲི་ངད་ཅེས་བྱ་བའི་བྱང་ཆུབ་སེམས་དཔར་གྱུར་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་པར་གྱུར་ཏོ་ཞེས་སོ། །དེ་ལྟར་ཐོས་པ་ལ་ཕན་ཡོན་ཚད་མེད་པས། སངས་རྒྱས་འདོད་ན་ཐོག་མར་ཐོས་པ་བཙལ་ཏེ་ཕྱིས་བསྒོམ་པ་ལ་སྦྱར་བས་གང་ཡང་དགེ་བར་འགྱུར་བ་ཡིན་ཏེ། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པ། །དེ་ནི་གང་ཡང་ཡོད་མ་ཡིན། །དེ་ལྟར་བསླབས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་པ་དང་། དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་གསུངས་པ་བཞིན་དྲན་པར་བྱས་ལ། ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་འཚོལ་བར་བྱའོ། །ཐ་ན་དབང་པོ་རྟུལ་བ་དག་གིས་ལམ་ཟབ་མོ་ལ་འཇུག་ནའང་། དེའི་ཡན་ལག་ཚང་བ་ཞིག་ཐོས་དགོས་པས་ན་ཐམས་ཅད་ཐོས་ཞེས་བྱ་བའི་སྒྲ་འཇུག་སྟེ། སྨན་གང་གི་སྡེ་ཚན་གཏོང་བའི་སྨན་རྣམས་ཚང་བ་ལ་སྨན་ཀུན་ཚོགས་ཞེས་བཤད་པ་བཞིན་ནོ། །དེས་ན་ལམ་གང་ལའང་ཐོས་པ་གཅེས་པས་དེ་བསྒྲུབ་པར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཉན་པ་པོ་སློབ་མའི་ཆོས་ཀྱི་ལེའུ་སྟེ་བཅུ་གཅིིག་པའི་རྒྱ་ཆེར་འགྲེལ་པའོ།། །།
བཤད་བྱ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་སྤྲོས་པའི་ལེའུ་སྟེ་བཅུ་གཉིས་པའི་འགྲེལ་པ།
དེ་ལྟར་ཐོས་པ་ཇི་ལྟར་བྱ་བའི་ཚུལ་བསྟན་པའི་རྗེས་ཐོགས་ཉིད་དུ། ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་པ་ནི། ཇི་སྐད་བཤད་མ་ཐག་པའི་རིམ་པ། དེ་ནས་གཏན་ལ་དབབ་བྱའི་ཆོས་བསྟན་པ། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཏེ། །སྤང་བླང་དབང་གིས་ཕྱི་ནང་གཉིས་སུ་བསྟན། །དེ་ཡང་དྷརྨའི་སྒྲ་ལས་ཆོས་ཞེས་བྱ་སྟེ། གང་ཞིག་བློས་ཤེས་པར་བྱ་བའི་གཞི་དང་། ཤེས་ནས་འདོར་ལེན་དུ་འཇུག་པ་དང་། ཞུགས་ནས་འདོད་པའི་དོན་ཉེ་བར་ཐོབ་པ་དང་གསུམ་ལ་འཇུག་པ་ལས། སྐབས་འདིར་གང་ཞིག་ཤེས་ནས་སྤང་བར་བྱ་བ་འཇིག་རྟེན་པའི་ཆོས་འཁོར་བ་རྒྱུ་འབྲས་དང་། གང་ཞིག་ཤེས་ནས་ཉམས་སུ་བླང་བར་བསྟན་པ་འཇིག་རྟེན་ལས་འདས་པའི་ཆོས་མྱ་ངན་ལས་འདས་པ་རྒྱུ་འབྲས་གཉིས་སུ་བསྡུས་ཏེ་བསྟན་པ་ཡིན་ནོ། །དེ་ལ་འཁྲུལ་སྣང་འཛིན་པའི་ཆོས་ལ་གསུམ་ལས། ངོ་བོ་ནི་བདེན་པར་ཞེན་པས་ཀུན་ནས་རྨོངས་པའི་རང་བཞིན་ནོ། །ངེས་ཚིག་ནི་སྣོད་འཇིག་པ་ལ་བཅུད་འཁྲུལ་པ་བརྟེན་ནས་སོ་སོའི་ཡིད་ཀྱིས་མངོན་འདོད་བསྒྲུབ་པས་ན་འཇིག་རྟེན་གྱི་ཆོས་ཞེས་བྱའོ། །དབྱེ་ན་ཐ་མལ་པ་བྱིས་པའི་འཇིག་རྟེན་ལམ་དང་གྲུབ་པའི་མཐའ་གང་ལའང་མ་ཞུགས་པའི་ལྷ་དང་མི་དང་ལྷ་མ་ཡིན་དང་། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་རྣམས་དང་། ལྟ་བ་ལོག་པ་ལ་ཞུགས་པའི་ཕྱི་རོལ་པ་རྣམས་སོ། །དེ་དག་ཀྱང་སྒྱུ་འཕྲུལ་བརྒྱད་ཅུ་པ་ལས། འཇིག་པ་དྲུག་དང་རྟེན་པ་དྲུག །འཇིག་རྟེན་ཡུལ་དྲུག་ཤེས་པ་ལ། །འཇིག་རྟེན་ཞེས་ནི་དེ་ལ་བྱ། །ཞེས་པ་དང་། སྒྲོན་གསལ་ལས། འཇིག་རྟེན་པ་དང་འཇིག་རྟེན་འདས། །གང་ལ་འཇིག་རྟེན་འདས་པ་མཆོག །ཅེས་པ་ལྟར་རོ། །དེ་ཡང་། སྒྱུ་འཕྲུལ་གསང་སྙིང་དུ། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་པས། མུ་སྟེགས་ཀྱི་གྲུབ་མཐའ་ནས་གསང་
སྔགས་ནང་པ་བླ་མེད་ཀྱི་བར་དུ་གསུངས་པ་བཞིན་འདིར་ཡང་གཏན་ལ་འབེབས་པར་བྱེད་དོ། །དེ་ལ་དབྱེ་བསྡུ་མང་ཡང་། དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལས། དེ་ཡང་རྣམ་པ་གཉིས་འགྱུར་ཏེ། །ཕྱི་རོལ་པ་དང་ནང་པ་གཉིས། །ཞེས་པ་ལ་བརྟེན་ནས་ཕྱི་རོལ་མུ་སྟེགས་ཀྱི་གྲུབ་པའི་མཐའ་རྣམ་པར་དབྱེ་བ་དང་། ནང་པ་སངས་རྒྱས་པའི་གཞུང་རྒྱ་ཆེར་བཤད་པ་གཉིས་ལས། དང་པོ་ཕྱི་རོལ་མུ་སྟེགས་སྡེ་པ་ལ། །སྟོན་པ་དྲུག་དང་འཇིག་ཚོགས་ཉི་ཤུ་དང་། །དྲུག་ཅུ་རྩ་གཉིས་སུམ་བརྒྱ་དྲུག་ཅུ་དང་། །སྡེ་ཚན་བཅུ་གཅིག་ཏརྐ་སྡེ་ལྔའོ། །དེའང་ནང་པ་སངས་རྒྱས་པའི་ལམ་ལས་ཕྱི་རོལ་ཏུ་གྱུར་པ་སྔོན་གྱི་སློབ་དཔོན་གྲོལ་བར་སྨྲ་བ་ལམ་འཆོལ་བ་ལ་ཞུགས་པ་དག་གི་སྡེེ་ཚན་དང་དབྱེ་བ་ཤིན་ཏུ་མང་ན་ཡང་། སྟོན་པ་དྲུག་དང་འཇིག་ཚོགས་ལ་ལྟ་བ་དང་། ལྟ་བ་ལོག་པ་དྲུག་ཅུ་རྩ་གཉིས་དང་། སུམ་བརྒྱ་དྲུག་ཅུ་དང་། སྡེ་ཚན་ངེས་པ་བཅུ་གཅིག་དང་། ཐམས་ཅད་བསྡུ་བས་ཏརྐ་སྡེ་ལྔ་སྟེ་དོན་དྲུག་ཏུ་བཤད་པར་བྱ་བ་ལས། དང་པོ། སྟོན་པ་དྲུག་ནི་འོད་སྲུངས་རྫོགས་བྱེད་དང་། །གནག་ལྷས་བུ་དང་ཡང་དག་རྒྱལ་བ་ཅན། །ལྭ་བ་ཅན་དང་ནོག་ཅན་གཉེན་གྱི་བུ། །རང་རང་ལྟ་ལ་ཆགས་ཏེ་ཀུན་ཏུ་སྨད། །དེ་ལ་དང་པོ་འགྲོ་སྐྱོང་གི་བུ་འོད་སྲུངས་རྫོགས་བྱེད་ནི། འཇིག་རྟེན་སྔ་ཕྱི་དང་ལས་རྒྱུ་འབྲས་དང་། དགྲ་བཅོམ་པ་དང་། རྫུས་ཏེ་སྐྱེ་བ་མེད་པར་འདོད་པ་ནི་འོག་ཏུ་འགོག་གོ །ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་ཆུ་ལྷ་ན་རེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་གྲོལ་བ་གཉིས་ཀ་ལ་རྒྱུ་དང་རྐྱེན་མེད་དེ་ངོ་བོ་ཉིད་ཀྱིས་འབྱུང་བའོ་ཞེས་པའང་འོག་ཏུ་སྤྱོད་པ་པ་འགོག་པ་དང་གཅིག་པས་འདིར་མི་སྤྲོའོ། །སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ནི་དགེ་བ་དང་སྡིག་པ་གཉིས་ཀ་མེད་ཅེས་པ་ཡང་ཕུར་བུ་པར་འགོག་གོ །མི་ཕམ་སྐྲའི་ལྭ་བ་ཅན་ནི་ཐམས་ཅད་དུས་ཀྱིས་བྱེད་པར་འདོད་དེ། གཞུང་རྒྱ་མཚོ་ལས། དུས་ཀྱིས་འབྱུང་བ་རྣམ་སྨིན་བྱེད། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ཀྱིས་སྐྱེ་དགུ་སྡུད་པར་བྱེད། །དུས་ལས་འདའ་བ་དཀའ་བ་ཡིན། །ཞེས་པའི་ཚུལ་གྱིས་དུས་
ཀྱི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་གང་བྱུང་བ་དེ་ཡང་དུས་ལ་བབས་པ་ལས་བྱུང་ཞིང་། མི་དང་ལྷ་དང་དུད་འགྲོ་ལ་སོགས་པའི་རྒྱུད་དུ་དུས་ཀྱི་དབང་གིས་མཚམས་སྦྱར་ནས་རྒྱུད་གཅིག་པོ་དེ་འཕོ་འགྱུར་བཟང་ངན་མེད་པ་ལས་དེའི་སྣང་བ་ལ་བདེ་སྡུག་ཤར་ཏེ་སྲིད་པ་ཉིང་མཚམས་སྦྱར་བ་ལས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་སོང་བ་ན་བྱིས་པའམ་མཁས་པའང་རུང་སྟེ། ཐམས་ཅད་དུས་ཀྱིས་ཐར་པ་གྲོལ་བ་ཉིད་དུ་བྱེད་དོ་ཞེས་པའང་རིགས་པ་མ་ཡིན་ཏེ། སྐད་ཅིག་སྔ་ཕྱི་ད་ལྟར་གསུམ་འཕྲད་པ་བརྟག་པའི་རིགས་པས་དུས་མ་གྲུབ་ལ། གྲུབ་ཏུ་ཆུག་ནའང་ལམ་མ་བསྒོམས་ན་ཀུན་ནས་དཀྲིས་པ་མི་འགྲིབ་པས་དུས་ངེས་པ་ཉིད་མི་རུང་བའི་ཕྱིར་རོ། །འོ་ན་ཁྱོད་ཀྱང་ཆོ་འཕྲུལ་ལ་སོགས་པར་འགྱུར་ཆེ་བའི་དུས་ངེས་པ་འདོད་པས་མཚུངས་སོ་ཞེ་ན། དུས་དེ་ཉིད་སངས་རྒྱས་ཀྱིས་སྔོན་ཆོ་འཕྲུལ་བསྟན་པ་ན་བདུད་དང་མུ་སྟེགས་ཕམ་པར་བྱིན་གྱིས་བརླབས་པ་དང་། རྗེས་སུ་འཇུག་པ་པོས་སངས་རྒྱས་ལ་དམིགས་པ་ཡིན་པས། དུས་ཁོ་ན་མ་ཡིན་པའི་ཕྱིར་དང་། དགེ་བ་བྱས་པ་ལ་འགྱུར་བརྩི་བས་མི་མཚུངས་པ་ཡིན་ནོ། །ཀ་ཏའི་བུ་ནོག་ཅན་ནི་འཇིག་རྟེན་ཕ་རོལ་ཡོད་དམ་ཞེས་འདྲི་ན་ཡོད་ཅེས་ལན་འདེབས་པ་ནས་མེད་དམ་གཉིས་ཀའམ། གཉིས་ཀ་མ་ཡིན་ནམ་ཞེས་པ་བཞི་དང་། བདག་དང་འཇིག་རྟེན་རྟག་གམ། མི་རྟག་གམ། གཉིས་ཀའམ། གཉིས་ཀ་མ་ཡིན་ཞེས་པ་བཞི་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆོད་བདག་ཡོད་དམ། མེད་དམ། གཉིས་ཀའམ་གཉིས་ཀ་མ་ཡིན་ནམ་ཞེས་པ་བཞི་དང་། ལུས་དང་སྲོག་གཅིག་གམ། ཐ་དད་དམ། གཉིས་ཀའམ། གཉིས་ཀ་མ་ཡིན་ཞེས་འདྲི་ན། དྲིས་པ་ལྟར་ལན་འདེབས་པར་འདོད་པའང་མི་རུང་སྟེ། རེ་ཞིག་རྟག་པར་ཁས་ལེན་ན། རགས་པ་རྡུལ་ཕྲན་ཆ་མེད་པས་བརྟག་པའི་གཞི་མ་གྲུབ་ལ། ཐ་སྙད་དུ་སྐད་ཅིག་ལ་སོགས་པའི་དུས་འགྱུར་བས་ཁེགས་ལ། ཕྲ་བ་དངོས་པོ་རང་བཞིན་མ་གྲུབ་པས་རྟག་པར་མི་རུང་བ་དང་། ཆད་པའང་བརྟགས་ན་གཞི་མེད་པས་ཆད་རྒྱུ་མེད་ལ། ཐ་སྙད་དུ་
དབང་པོ་སོ་སོའི་ཡུལ་ལ་སྣང་བས་ཁེགས་པ་ཡིན་ནོ། །དེའང་གཞི་མ་གྲུབ་པ་ལ་ཁྱད་པར་གྱི་ཆོས་མི་སྲིད་དེ་རི་བོང་གི་རྭའི་རྣོ་རྟུལ་བཞིན་ནོ། །གཞན་ཡང་ཀ་བ་ལྟ་བུ་ཞིག་ལ་རྟག་གམ་ཞེས་དྲིས་ན་རྟག །མི་རྟག་གམ་ཞེས་དྲིས་ན་མི་རྟག་པ་ལ་སོགས་པས་ལན་འདེབས་པ་དེ་ནི་གཞི་དེ་ལ་སྲིད་པ་མ་ཡིན་ཏེ། སྣང་བ་ཡིན་དུས་མུན་པ་མ་ཡིན་པ་བཞིན་ནོ། །གཅེར་བུ་པ་གཉེན་གྱི་བུ་ནི་ཐམས་ཅད་ལས་སུ་འདོད་དེ། སྔོན་གྱི་དཀའ་ཐུབ་ཀྱི་ལས་ཀྱིས་བདེ་བ་འབྱུང་ལ། སྔོན་གྱི་ལས་ངན་པས་འདིར་སྡུག་བསྔལ་འབྱུང་སྟེ། ལས་གསར་པ་ལ་ད་ལྟའི་ནུས་པ་གཏན་ནས་མེད་པས། སྔོན་གྱི་ལས་གང་ཡིན་ད་ལྟ་མངོན་དུ་གྱུར་པས་བདེ་སྡུག་སྤྱོད་པའི་ཕྱིར། དཀའ་ཐུབ་ལ་སོགས་པས་སྦྱོང་བ་ལ་བརྩོན་པར་བྱའོ། །ད་ལྟ་བ་ལ་ནུས་པ་ཡོད་ན་ལྐུགས་པས་དཀའ་ཐུབ་ལ་སོགས་པ་སྤྱད་ན་དངོས་སུ་སྨྲ་ཤེས་པར་ཐལ་བ་ལས་མི་སྲིད་པས་གསལ་ལོ། །དེས་ན་སྔོན་གྱི་ལས་ཀྱིས་བསྐྱེད་པའི་ཟག་པ་རྣམས་རིམ་གྱིས་ཟད་ནས་མཐར་གཅིག་ཀྱང་ལུས་པ་མེད་པ་ལོ་ཐོག་སྨིན་པ་ལྟར་བྱའོ་ཞེས་ཟེར་རོ། །དེ་དགག་པ་ལ་གསུམ་སྟེ། ལས་རང་མཚན་པ་སྤྱིར་དགག་པ། ལས་ཁོ་ན་རྒྱུ་ཡིན་པ་དགག་པ། སྔོན་གྱི་ལས་དགག་པའོ། །དང་པོ་ལའང་། ལས་ཀྱི་ངོ་བོ་དགག་པ། བྱེད་པ་དགག་པ། རྣམ་སྨིན་དགག་པ་གསུམ་ལས། དང་པོ་ནི། ལས་ཉིད་རྫས་སུ་མ་གྲུབ་སྟེ། གསོད་པ་ལ་སོགས་པའི་ལས་དེ་ཉིད་རང་གི་ལུས་སེམས་ལས་དེ་ཉིད་དང་། གཞན་དུ་མེད་པས་སོ། །གཉིས་པ་ལ་གཉིས་ལས། བྱེད་པ་པོ་རྣམ་གྲངས་གསུམ་དུ་བརྟགས་ནས་དགག་པ་ནི། གསོད་པའི་ལས་དེ་གསོད་མཁན་ཡིན་པས་གསོད་དམ། མིན་པས་གསོད། ཡིན་པས་གསོད་ན་གསོད་མཁན་དང་ལས་གཉིས་བྱ་བྱེད་འགལ་བས་ཆ་གཉིས་སུ་འགྱུར་ལ། མ་ཡིན་པས་གསོད་པར་མི་རུང་སྟེ། གསོད་མཁན་མ་ཡིན་ན་གསོད་པར་འགལ་ལོ། །གསོད་པ་པོ་ཡིན་མིན་གཉིས་ཀ་དང་གཉིས་མིན་གྱིས་གསོད་པའང་མེད་དེ།
དངོས་འགལ་གཉིས་རྫས་གཅིག་ལ་མི་འདུ་བའི་ཕྱིར་རོ། །ཡང་གསོད་པའི་དུས་དེ་ལ་གསུམ་དུ་ཕྱེ་བས་སྐད་ཅིག་ཆ་ཤས་མེད་པ་ལ་གསོད་པ་མི་འགྲུབ་ལ། བསད་ཟིན་པ་གསོད་པར་མི་རུང་སྟེ་བྱ་བྱེད་འགལ་བའི་ཕྱིར་རོ། །མ་ཟིན་པ་གསོད་པའང་མི་རིགས་ཏེ། ད་ལྟ་བའི་གསོད་མཁན་ཡོད་དུས་གསད་བྱ་མ་འོངས་པ་མ་སྐྱེས་ནས་མེད་པའི་ཕྱིར་རོ། །ད་ལྟ་བ་ལ་གསད་བྱ་དང་གསོད་བྱེད་དུ་མི་རུང་སྟེ། སྐད་ཅིག་མ་ལ་ཆ་ཤས་མེད་པའི་ཕྱིར་རོ། །གསོད་བཞིན་པ་གསོད་པའང་མི་རུང་སྟེ། བྱ་བྱེད་ཆ་གཉིས་འགལ་བའི་ཕྱིར་རོ། །བསད་མ་བསད་གཉིས་ལས་གཞན་པའི་གསོད་བཞིན་པ་མེད་དེ། དངོས་འགལ་ཡིན་པའི་ཕྱིར་རོ། །ལས་ཕྲ་བ་ནི་དངོས་པོར་མེད་པས་གསོད་པ་མེད་པར་འགྱུར་བའི་ཕྱིར། གསོད་པའི་ལས་མ་གྲུབ་པ་ཉིད་དོ། །རྣམ་སྨིན་དགག་པ་ནི། ལུག་ལྟ་བུ་བསད་པའི་རྣམ་སྨིན་དམྱལ་བ་མྱོང་བ་དེ་ཡང་། བྱེད་པ་པོ་རྟག་པ་ལ་མི་འབྱུང་སྟེ། རྟག་ན་ལས་བྱེད་དུས་ལས་གཞན་དུ་འགྱུར་མི་སྲིད་པས་དམྱལ་བ་མྱོང་མི་སྲིད་པའི་ཕྱིར། མི་རྟག་པས་མི་མྱོང་སྟེ་དམྱལ་བར་སྐྱེས་དུས་ལུག་གསོད་པ་པོ་འགགས་པས་སྔར་གྱི་མི་དེ་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་མཐུད་པའི་རྒྱུན་ལས་བྱུང་བའང་མ་ཡིན་ཏེ། སྐད་ཅིག་མ་ལ་ཆ་ཤས་མེད་པས་རྒྱུན་མ་གྲུབ་པའི་ཕྱིར། རྒྱུན་གྱིས་བཞག་པའི་ལས་མི་འགྲུབ་བོ། །ཇི་སྐད་དུ། ཀླུའི་དབང་པོའི་ཞལ་སྔ་ནས། གལ་ཏེ་ལས་ལ་རང་བཞིན་ཡོད། །རྟག་པར་འགྱུར་བར་ཐེ་ཚོམ་མེད། །ལས་ནི་བྱས་པ་མ་ཡིན་འགྱུར། །རྟག་ལ་བྱས་པ་མེད་ཕྱིར་རོ། །ཞེས་པ་དང་། ཆོས་འདི་དག་ནི་ཆོས་ཉིད་ཀྱིས། །འོང་བ་མེད་ཅིང་འགྲོ་མེད་ན། །ལས་དང་ལས་ཀྱི་རྣམ་པར་སྨིན། །ཅི་ལྟ་བུར་ནི་འཐད་པར་འགྱུར། །དམ་པའི་དོན་དུ་འོང་མེད་དེ། །གང་དུའང་འགྲོ་བ་ཡོད་མ་ཡིན། །ཀུན་རྫོབ་ཏུ་ནི་ལམ་འཇུག་ཅིང་། །རྣམ་པར་སྨིན་པ་ཉེ་བར་སྟོན། །ཞེས་པ་དང་། ཡུམ་བར་མ་ལས། དོན་དམ་པར་ནི་ལས་ཀྱང་མེད། ལས་ཀྱི་རྣམ་
པར་སྨིན་པ་ཡང་མེད་དོ་ཞེས་སོ། །ལས་ཁོ་ན་རྒྱུ་ཡིན་པ་དགག་པ་ནི། བདེ་སྡུག་ཐམས་ཅད་སྔོན་གྱི་ལས་ཁོ་ན་ཡིན་ན། རྔོན་པས་སྤྲེའུ་བསད་དུས་རྔོན་པ་ལ་སྡིག་པ་མི་འབྱུང་བར་ཐལ་ཏེ། སྤྲེའུ་ཁོ་རང་གི་སྔོན་གྱི་ལས་ཡིན་པའི་ཕྱིར་རོ། །སྦྱིན་པ་ལས་ཀྱང་གཏོང་བ་པོ་ལ་བསོད་ནམས་མི་འབྱུང་བར་ཐལ་ཏེ། སློང་བ་པོའི་ལས་ཡིན་པའི་ཕྱིར་རོ། །སྐྱེས་རབས་ལས། སྔོན་གྱི་ལས་ཀྱིས་ཀུན་བྱས་ཞེས། །འོན་ཀྱང་དེ་ལྟར་སེམས་ན་ནི། །ཅི་ཡི་ཕྱིར་ན་སྤྲེའུ་བསད་པ། །ང་ཡིས་བྱས་པར་ཡོངས་སུ་བརྟག །ཅེས་སོ། །ཚུལ་འདིས་ནི་རང་གི་སྡེ་པ་དག་ཀྱང་ལས་ཁོ་ནར་འདོད་པ་ཁེགས་པ་ཡིན་ནོ། །སྔོན་གྱི་ལས་དགག་པ་ལ། སྔོན་དུས་མ་གྲུབ་པ། ནུས་པ་མཚུངས་པ། ལས་འབྲས་མི་སྲིད་པར་ཐལ་བ་དང་གསུམ་ལས། དང་པོ་ནི། གསར་པ་མ་ཡིན་པའི་དུས་མི་སྲིད་པས། སྔོན་གྱི་ལས་ཞེས་རྙིང་པ་མ་གྲུབ་སྟེ། ཐོག་མའི་ཚེ་ནའང་དེ་དུས་ཀྱི་ལས་གསར་པ་ཡིན་པའི་ཕྱིར་དང་། ཐོག་མ་མེད་ན་དེ་བས་ཀྱང་རྙིང་བར་མི་འགྲུབ་སྟེ། ཐོག་མ་སྟེ་སྔོན་རོལ་པ་མེད་པའི་ཕྱིར་སྔོན་ཐོག་མ་མེད་པ་ནས་བསགས་པའི་ལས་ཞེས་པ་ག་ལ་རུང་། ལྟོས་ནས་འཇོག་པའང་མི་སྲིད་དེ། ལྟོས་ས་ད་ལྟ་བ་ཆ་ཤས་མེད་ན་དེས་བཞག་པའི་ལྟོས་ཆོས་སྔོན་མ་གྲུབ་པས་དེའི་ལས་མ་གྲུབ་པར་འགྱུར་བའི་ཕྱིར་རོ། །ནུས་པ་མཚུངས་པ་ནི། སྔོན་བསགས་པའི་སྡིག་པའི་རྣམ་སྨིན་ད་ལྟ་འོང་ལ། ད་ལྟ་བསགས་པ་ལས་ཕྱིས་འོང་བས་ན་ད་ལྟ་མི་འོང་ཞེས་པ་གཉིས་ཀའང་རྒྱུ་ལས་བྱས་པར་མཚུངས་པས། འབྲས་བུ་སྔ་ཕྱིར་སྨིན་པའང་མི་འཐད་པའི་ཕྱིར་རོ། །ལས་འབྲས་མི་སྲིད་པར་ཐལ་བ་ནི། སྔོན་གྱི་ལས་ཉིད་ཀྱང་བསག་ཏུ་མི་རུང་བར་ཐལ་ཏེ། སྔོན་ཡང་གཞན་ལ་ཕན་གནོད་བྱས་སོ་ཅོག་སྔོན་གྱི་ལས་ཡིན་པས་ཐུག་པ་མེད་པའི་ཕྱིར་མི་འགྲུབ་པ་ཉིད་དང་། བྱེད་པ་པོས་གསར་དུ་ནི་མ་བྱས་པས་རྣམ་སྨིན་མི་འབྱུང་བར་ཐལ་བའི་ཕྱིར་རོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས། ཐ་དད་རྒྱུ་མེད་དགེ་མེད་དང་། །དུས་དང་བཅུ་བཞི་
ལས་སྨྲ་བའི། །རྫོགས་བྱེད་ལ་སོགས་སྟོན་པ་དྲུག །ཐུབ་པ་ཆེན་པོས་ཚར་བཅད་དོ། །ཞེས་གསུངས་པ་བཞིན་ནོ། །འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ནི། གཟུགས་སོགས་ཕུང་ལྔ་བདག་སྟེ་དེར་བདག་དང་། །བདག་ལས་དེ་བྱུང་དེ་ལ་བདག་དབང་བསྒྱུར། །དེ་དག་བདག་ཏུ་རྟོག་པ་ཉི་ཤུ་སྟེ། །ཡང་དག་མིན་ཕྱིར་ཉོན་མོངས་ཉེས་ཀུན་འཛིན། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ལྔ་རེ་རེ་བཞིན་དུ་བདག་ཡིན་པ། དེ་དག་གི་ནང་ན་བདག་གནས་པ། བདག་ལ་བརྟེན་ནས་དེ་དག་བྱུང་བ། གཟུགས་ལ་སོགས་པ་དེ་དག་ལ་བདག་གིས་དབང་བསྒྱུར་བར་ལྟ་བ་སྟེ་ཉི་ཤུ་ལ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཞེས་བྱའོ། །དེ་དགག་པ་ནི་གཟུགས་ལྟ་བུ་ནས་ཕྱོགས་གཅིག་ལ་སྦྱར་ལ། གཟུགས་ཆོས་ཅན་བདག་མ་ཡིན་པར་ཐལ་ཏེ་མི་རྟག་པ་དུ་མ་གཞན་དབང་ཅན་ཡིན་པའི་ཕྱིར་རོ། །གཟུགས་ཀྱི་ནང་ན་བདག་གནས་པར་མི་རུང་སྟེ། བདག་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །བདག་ལ་བརྟེན་ནས་གཟུགས་འབྱུང་བར་ཡང་མི་རུང་སྟེ་དེ་ཙམ་ལས་འབྱུང་བ་མ་ཡིན་པའི་ཕྱིར་རོ། །གཟུགས་ལ་བདག་གིས་དབང་བསྒྱུར་བ་ཡང་མི་རུང་སྟེ། མདོག་དང་དབྱིབས་མཛེས་མི་མཛེས་ལ་སོགས་པ་བདག་ལ་དབང་མེད་པའི་ཕྱིར་རོ། །ཡུམ་བར་མ་ལས་ཀྱང་། གཟུགས་བདག་མ་ཡིན། བདག་གཟུགས་ལ་མི་གནས། བདག་གཟུགས་དང་ལྡན་པ་ཡང་མ་ཡིན། བདག་ལ་གཟུགས་བརྟེན་པ་ཡང་མ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ་ཞེས་པ་དང་། ཟླ་བ་གྲགས་པས་ཀྱང་། གཟུགས་བདག་མ་ཡིན་གཟུགས་ལ་བདག་མི་གནས། །གཟུགས་ལྡན་མ་ཡིན་བདག་ལ་གཟུགས་བརྟེན་མིན། །ཚོར་དང་འདུ་ཤེས་འདུ་བྱེད་རྣམ་ཤེས་རྣམས། །ཚུལ་བཞིར་ལྟ་བ་ཉི་ཤུ་རིགས་མ་ཡིན། །ཞེས་བཤད་པ་བཞིན་ནོ། །ལྟ་བ་དྲུག་ཅུ་རྩ་གཉིས་ནི། རྟག་པར་སྨྲ་
སོགས་སྔོན་མཐའ་བཅོ་བརྒྱད་དང་། །འདུ་ཤེས་ཡོད་སོགས་ཕྱི་མཐའ་བཞི་བཅུ་བཞི། །ཀུན་ཀྱང་ཚུལ་མིན་ལྟ་ལ་ཞུགས་པས་ན། །ཕྱིན་ཅི་ལོག་བློ་སྲིད་པ་མཛེས་བྱེད་ཉིད། །ལྟ་བ་དྲུག་ཅུ་རྩ་གཉིས་ལ་བརྟེན་པ་དག་ནི་གཏན་དུ་འཁོར་བར་རྒྱུ་བས་ཐར་པ་ཐོབ་པའི་དོན་མེད་པ་ཉིད་དོ། །གང་ཞེ་ན་སྔོན་གྱི་མཐའ་ལ་བརྟེན་པ་བཅོ་བརྒྱད། ཕྱི་མའི་མཐའ་ལ་བརྟེན་པ་བཞི་བཅུ་རྩ་བཞི་ལས། དང་པོ་ནི་སྡེ་ཚན་ལྔར་ཤེས་པར་བྱ་སྟེ། ཐམས་ཅད་རྟག་པར་སྨྲ་བའི་སྡེ་ཚན་བཞི། ཁ་ཅིག་ཆད་པར་སྨྲ་བ་བཞི། མཐའ་ཡོད་མེད་དུ་སྨྲ་བ་བཞི། ལྷ་མི་སྤོང་བར་སྨྲ་བ་བཞི། རྒྱུ་མེད་པར་སྨྲ་བ་གཉིས་ལས། དང་པོ་བཞི་ནི། བསྐལ་པ་དང་པོའི་དུས་ན་འགའ་ཞིག་ཁྱིམ་ནས་རབ་ཏུ་བྱུང་སྟེ་བསམ་གཏན་སྒོམ་པ་གྲུབ་པ་དག་གི་མངོན་ཤེས་ཀྱིས་བར་གྱི་བསྐལ་པ་སུམ་ཅུ་ཚུན་ཆད་དྲན་པ་ལ་དཔགས་ཏེ། དེ་ཡན་ཆད་མན་ཆད་མ་མཐོང་བས་སྔོན་དང་ཕྱི་མའི་མཐའ་ཐུག་མེད་དུ་ཡོད་སྙམ་ནས་བདག་དང་འཇིག་རྟེན་ཐམས་ཅད་རྟག་ཅེས་སྨྲའོ། །དེ་བཞིན་དུ་བར་གྱི་བསྐལ་པ་དྲུག་ཅུ་དང་དགུ་བཅུ་དྲན་པ་དང་། ཁྱིམ་ནས་ཁྱིམ་དུ་སྐྱེ་བ་བརྒྱུད་པ་དག་མཐོང་བ་ལ་དཔགས་ཏེ་ཐམས་ཅད་རྟག་པར་སྨྲའོ། །དེ་ལྟར་བཞིའམ་ཡང་ན་རབ་ཏུ་བྱུང་བ་ཁ་ཅིག་གི་མངོན་ཤེས་ཀྱིས་རང་ཉིད་ཚངས་པའི་གནས་ནས་འཕོས་ཀྱང་། ཚངས་པའི་དབང་པོ་ད་དུང་གནས་པར་མཐོང་བ་ལ་དཔགས་ནས་ཚངས་པ་ཆེན་པོ་རྟག་ལ། ལྷ་གཞན་དང་འཇིག་རྟེན་མི་རྟག་པར་སྨྲ་བ་དང་། ཁ་ཅིག་རང་སུམ་ཅུ་རྩ་གསུམ་པའི་ལྷ་གཞན་ལ་ཁྲོས་ནས་ཤི་བ་ལས། ལྷ་གཞན་དེ་ཀུན་ད་རུང་འདུག་པ་ལ་དཔགས་ནས་འདོད་ཁམས་ཀྱི་ལྷ་ཡིད་སུན་འབྱིན་པ་དག་མི་རྟག་ལ་གཞན་རྟག་པར་སྨྲ་བ་དང་། ཁ་ཅིག་སུམ་ཅུ་རྩ་གསུམ་པའི་ལྟད་མོ་ལ་ཡེངས་ནས་ཟས་ཟ་བ་བརྗེད་ནས་ཤི་བ་མཐོང་བ་ལ་དཔགས་ནས། འདོད་པའི་ལྷ་རྩེ་དགས་བསླུ་བ་རྣམས་མི་རྟག་ལ་གཞན་རྟག་པར་སྨྲ་བ་དང་། ཁ་ཅིག་གིས་གཟུགས་མེད་ཀྱི་འབྱུང་བ་བཞི་འགག །
སེམས་དང་སེམས་བྱུང་མ་འགགས་པར་འབྱུང་བ་མཐོང་བ་ལ་དཔགས་ནས། འབྱུང་བ་བཞི་མི་རྟག་ལ་སེམས་སེམས་བྱུང་རྟག་པར་སྨྲ་བའོ། །དེ་བཞི་ཀས་ལྷ་རྟག་པ་དེ་དག་ཐར་པར་མཐོང་ནས་རྟག་པའི་ལྷ་ཐོབ་པར་འདུན་པ་ཡིན་ནོ། །མཐའ་ཡོད་མེད་དུ་སྨྲ་བ་བཞི་ནི། ཁ་ཅིག་གི་མངོན་ཤེས་ཀྱིས་དམྱལ་བ་ནས་བསམ་གཏན་བཞི་པའི་བར་ལས་གཞན་མ་མཐོང་བས་དེ་ཕན་ཆད་མེད་སྙམ་ནས་བདག་དང་འཇིག་རྟེན་ལ་མཐའ་ཡོད་པར་སྨྲའོ། ཁ་ཅིག་གིས་ཐམས་ཅད་མ་མཐོང་ཡང་མཐའི་མཚམས་མཐོང་བས་དེ་ཕན་ཆད་ནའང་ཡོད་པར་དཔགས་ནས་བདག་དང་འཇིག་རྟེན་ལ་མཐའ་མེད་པར་སྨྲའོ། ཁ་ཅིག་གིས་མིའི་འཇིག་རྟེན་གྱི་མཐའ་མཐོང་ཡང་། ཚངས་པའི་འཇིག་རྟེན་གྱི་མཐའ་མ་མཐོང་བས། མཐའ་ཡོད་མེད་གཉིས་ཀའི་མུར་སྨྲའོ། ཁ་ཅིག་གིས་ཚངས་པའི་འཇིག་རྟེན་མཐོང་ཡང་ཚད་ཡོད་མེད་ཀྱིས་གཞལ་དུ་མི་རུང་བར་མཐོང་བ་ལ་དཔགས་ནས། བདག་དང་འཇིག་རྟེན་ལ་མཐའ་ཡོད་མེད་གཉིས་ཀ་མ་ཡིན་པའི་མུར་སྨྲའོ། །ལྷ་མི་སྤོང་བར་སྨྲ་བ་བཞི་ནི། སྔོན་ཕྱི་རོལ་པའི་གནས་ཤིག་ཏུ་གཞན་དག་འུ་ཅག་ལ་རྩོད་པས་རྒོལ་ན་ལྷ་མི་སྤོང་བ་ཡིན་ཞེས་བརྗོད་ཅིག་ཅེས་དམ་བཅས་པ་ལས། བློ་རིགས་བཞིའི་དབང་གིས་བཞིར་དབྱེ་བ་སྟེ། ཤེས་རབ་ཆུང་བ་ཞིག་ལ་ཁྱོད་ཀྱི་ལྟ་བ་ཅི་ཡིན་དྲིས་པ་ལས། གཞན་མ་ཤེས་ཏེ་ལྷ་མི་སྤོང་བའོ་ཞེས་སྨྲའོ། །གྲུབ་པའི་མཐའ་ལ་བློ་མ་སྦྱངས་པ་ལ་དྲིས་པ་ལས་ཀྱང་གཞན་མ་ཤེས་པར་ལྷ་མི་སྤོང་བ་སྨྲའོ། །སྦྱངས་ཀྱང་ངེས་པ་མེད་པ་དག་ཀྱང་ལྷ་མི་སྤོང་བ་སྨྲའོ། །རྟོགས་པར་མངོན་པའི་ང་རྒྱལ་ཅན་ལ་དྲིས་པ་ནའང་སུས་ཀྱང་ལན་མི་ཐེབས་སྙམ་ནས་ལྷ་མི་སྤོང་བའོ་ཞེས་སྨྲ་བ་ཡིན་ནོ། །རྒྱུ་མེད་པར་ལྟ་བ་གཉིས་ནི། བསམ་གཏན་དང་རིགས་པ་ལ་བརྟེན་པ་གཉིས་ལས། དང་པོ་ནི་སྔོན་དུས་འདུ་ཤེས་མེད་པའི་སེམས་ཅན་ལས་ཤི་འཕོས་པ་ཁ་ཅིག་གིས་ཀུན་གཞི་ཆ་ཕྲ་བས་མ་མཐོང་ཞིང་། རང་གི་ཚོགས་དྲུག་
མེད་པ་ལས་བྱུང་བར་མཐོང་ནས་འཇིག་རྟེན་ཐམས་ཅད་རྒྱུ་མེད་ལས་བྱུང་བར་སྨྲའོ། །དེའང་སྣོད་རྡུལ་ཕྲན་ཆ་མེད་ལས་བྱུང་བའི་རྡུལ་ཕྲན་མ་མཐོང་བས་རྒྱུ་མེད་ལ། བཅུད་སེམས་སྔ་ན་མེད་པས་རྒྱུ་མེད་དོ་སྙམ་ནས་དེ་སྐད་སྨྲའོ། །རིགས་པ་ལ་བརྟེན་པ་ནི། ནམ་མཁའ་ལ་སྤྲིན་གློ་བུར་དུ་བྱུང་བ་དང་། རླུང་གློ་བུར་ལྡང་བ་ཙམ་ལ་དཔགས་ནས་རྒྱུ་མེད་དུ་སྨྲའོ། །ཕྱི་མའི་མཐའ་ལ་རྟོག་པ་བཞི་བཅུ་རྩ་བཞི་ལ་སྡེ་ཚན་ལྔ་སྟེ། འདུ་ཤེས་ཡོད་པར་སྨྲ་བ་བཅུ་དྲུག །མེད་པར་སྨྲ་བ་བརྒྱད། ཡོད་མེད་གཉིས་ཀ་མ་ཡིན་པར་སྨྲ་བ་བརྒྱད། ཆད་པར་སྨྲ་བ་བདུན། འདི་ལ་མྱ་ངན་ལས་འདས་པར་སྨྲ་བ་དང་ལྔའོ། །དང་པོ་བདག་གཟུགས་ཅན་གྱི་འདུ་ཤེས་ཅན་དང་། གཟུགས་ཅན་མ་ཡིན་པའི་འདུ་ཤེས་ཅན་དང་། གཉིས་ཀའི་འདུ་ཤེས་ཅན་དང་། གཉིས་ཀ་མ་ཡིན་པའི་འདུ་ཤེས་ཅན་ཏེ་བཞི་དང་། བདག་མཐའ་དང་ལྡན་པ་དང་། མི་ལྡན་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་འདུ་ཤེས་ཅན་བཞི་དང་། བདག་བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་སྟེ་བཞི་དང་། བདག་གཅིག་པུ་དང་། ཐ་དད་དང་། ཆུང་ངུ་དང་། རྒྱ་ཆེན་པོ་ཞེས་པ་བཞི་སྟེ་བཅུ་དྲུག་གོ །དེ་དག་ཀྱང་གཟུགས་དང་། མཐའ་དང་། བདེ་སྡུག་དང་། གཅིག་ཐ་དད་པའི་འདུ་ཤེས་ཅན་བཞིར་བསྡུའོ། །ཐ་མ་བཞིའི་གཅིག་པུ་ནི་ཐམས་ཅད་ལ་ཁྱབ་པ་དང་། ཐ་དད་ནི་མི་རེར་བདག་རེ་བ་དང་། ཆུང་ངུ་འདོད་ཁམས་པ་དང་། ཆེན་པོ་གཟུགས་ཁམས་ལ་འདོད་པའོ། །འདུ་ཤེས་མེད་པར་སྨྲ་བ་བརྒྱད་ནི། བདག་གཟུགས་ཅན་འདུ་ཤེས་མེད་པ་སྐྲ་སེན་ལྟ་བུ། གཟུགས་ཅན་མ་ཡིན་ལ་འདུ་ཤེས་མེད་པ་ནམ་མཁའ་ལྟ་བུ་དང་། གཉིས་ཀ་འདུ་ཤེས་མེད་པ་དང་། གཉིས་ཀ་མ་ཡིན་པ་འདུ་ཤེས་མེད་པའི་མུ་བཞི་དང་། བདག་མཐའ་དང་ལྡན་ལ་འདུ་ཤེས་
མེད་པ་ལ་སོགས་པ་མུ་བཞིའོ། །འདུ་ཤེས་ཡོད་པ་དང་མེད་པ་གཉིས་ཀ་མ་ཡིན་པར་སྨྲ་བ་བརྒྱད་ནི། བདག་གཟུགས་ཅན་འདུ་ཤེས་པ་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པ་དང་། དེ་བཞིན་དུ་མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་མུ་བཞི་དང་། མཐའ་ཡོད་མེད་མུ་བཞི་ལ་འདུ་ཤེས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པ་བཞི་སྟེ་བརྒྱད་དོ། །ཆད་པར་སྨྲ་བ་བདུན་ནི། འདོད་པའི་མི་དང་། ལྷ་དང་། གཟུགས་ཀྱི་ལྷ་དང་། ནམ་མཁའ་མཐའ་ཡས་པ་དང་། རྣམ་ཤེས་དང་། ཅི་ཡང་མེད་དང་། སྲིད་རྩེའི་ལྷ་རྣམས་མ་ཤིའི་བར་དུ་སྡུག་བསྔལ་དུ་ཡོད་ལ། ཤི་ནས་ཆད་པས་བདེ་བར་འདོད་དེ་ཚེ་སྔ་ཕྱིའི་ལས་འབྲས་མེད་པར་འདོད་པའོ། །འདི་ལ་མྱ་ངན་ལས་འདའ་བར་སྨྲ་བ་ནི། འདོད་ཁམས་ཀྱི་ལྷ་མིས་ཚེ་འདིར་འདོད་ཡོན་ལ་ཆེར་སྤྱད་ན་ཚེ་འདིར་མྱ་ངན་ལས་འདའ་བ་དང་། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པས་རང་རང་གི་ཏིང་ངེ་འཛིན་ལ་ཆེར་བསྒོམས་པས་ཚེ་དེ་ཉིད་ལ་མྱ་ངན་ལས་འདའ་བར་སྨྲའོ། །དེ་ཡང་ཚེ་སྔ་ཕྱི་མེད་པར་འདོད་པའོ། །དེ་དག་དགག་པ་ལ། རྟག་པར་སྨྲ་བ་ནི། རྟག་དངོས་འགོག་པས་ཁེགས་ལ། མདོ་ལས་ཀྱང་། ཆོས་ཐམས་ཅད་རྟག་པར་སྨྲས་པས་མེའི་འཁོར་ལོ་ཅན་གྱི་དམྱལ་བར་སྐྱེ་བ་དང་། འཕོས་ནས་ཀྱང་ཚེ་རབས་སུམ་བརྒྱར་ཡི་དྭགས་མི་རོ་བཟའ་བར་སྐྱེ་བ་ནས། མིར་སྐྱེས་ནའང་བྲན་བྱེད་པར་སྐྱེ་བར་གསུངས་སོ། ཁ་ཅིག་རྟག་པར་སྨྲ་བའི་སྡེ་ཚན་ཡང་། རྟག་དངོས་བཀག་པས་ཁེགས་ལ། མདོ་ལས། ཁ་ཅིག་རྟག་པར་སྨྲས་པས་ནགས་མེས་མུན་པ་ལྟར་འཁྲིགས་པའི་དམྱལ་བར་སྐྱེ་བ་དང་། འཕོས་ནས་ཀྱང་ཡི་དྭགས་སྐྱུགས་པ་ཟ་བར་ལན་བརྒྱར་སྐྱེས་ནས། དུད་འགྲོ་ལྷག་མ་ཟ་བར་སྐྱེ་བར་གསུངས་སོ། །མཐའ་མེད་དུ་སྨྲ་བ་ནི་གསང་བ་པར་འགོག་པས་འདིར་མི་སྤྲོའོ། །མཐའ་ཡོད་མེད་གཉིས་ཀར་སྨྲ་བ་དགག་པ་ལ་གསུམ་ལས། རིལ་པོ་མ་གྲུབ་པ་ནི་གོས་ཀྱི་མཐའ་ལ་གོས་གཅིག་གིས་ཁྱབ་པ་ལྟར། མཐའ་དང་དབུས་ཙམ་ནི་རིལ་པོ་གཅིག་གིས་ཁྱབ་པ་ལས། སྤྱིར་བཀག་པ་ནི་རིལ་པོ་གཅིག་མ་གྲུབ་པའི་ཕྱིར་རོ། །མཐའི་
རྡུལ་མ་གྲུབ་པ་ནི་མཐའ་ཉིད་གང་ལའང་མི་སྲིད་དེ་དངོས་པོ་ཐམས་ཅད་ལ་ཆས་ཁྱབ་ཅིང་ཆ་བཅས་ཐམས་ཅད་ལ་ཕྱི་ན་གཞན་ཡོད་པས་ཁྱབ་པའི་ཕྱིར་རོ། །མཐའ་མེད་པ་མི་ཁེགས་པ་ནི་འཇིག་རྟེན་མཐའ་ཡོད་ཉིད་ཤིན་ཏུ་མི་འཐད་དེ། ནམ་མཁས་ཁྱབ་བོ་ཅོག་འཇིག་རྟེན་གྱིས་ཁྱབ་པ་ལ། འགོག་བྱེད་མེད་པའི་ཕྱིར་རོ། །ལྷ་མི་སྤོང་བ་ཡང་། རགས་པ་རྡུལ་ཕྲན་ཆ་ཤས་མེད་པ་དང་། ཕྲ་བ་སྐད་ཅིག་ཆ་མེད་པས་ལྷ་མི་སྲིད་པའི་ཕྱིར་ཁེགས་པ་ཡིན་ནོ། །རྒྱུ་མེད་ནི་དངོས་པོ་ད་ལྟར་བའི་མྱུ་གུ་ལ་ཚོགས་པ་ཚང་བྱེད་དྲོད་བརླན་ལ་སོགས་པ་མངོན་སུམ་པས་བེམ་པོ་དང་། ཤེས་པ་ད་ལྟ་བའི་སྔོན་དུ་ཤེས་པ་སོང་བར་ཚད་མས་གྲུབ་པས་ཁེགས་པ་ཉིད་དོ། །ཕྱི་མའི་མཐའ་ལའང་སྤྱིར་འདུ་ཤེས་པ་རྟག་པར་མི་རུང་སྟེ། ཡུལ་རེ་འགའ་བ་འཛིན་པའི་ཕྱིར་རོ། །གཟུགས་ཅན་མེད་དེ་ཆ་མེད་ཕྲ་བ་མ་གྲུབ་པའི་ཕྱིར་རོ། །རྟག་ཏུ་བདེ་བའང་མེད་དེ་རེས་འགའ་བ་ཉིད་ཀྱི་ཕྱིར་རོ། །རྟག་ཏུ་སྡུག་བསྔལ་བ་ཡང་དེ་བཞིན་ནོ། །གཅིག་པུ་མེད་དེ་ཁྱབ་རྫས་ཐ་དད་པའི་ཕྱིར་རོ། །ཐ་དད་མེད་དེ་དུས་འགལ་བ་དང་སྔ་ཕྱིར་མི་རུང་བའི་ཕྱིར་རོ། །ཆེ་ཆུང་མི་རུང་སྟེ་ཆ་ཤས་མེད་པའི་ཕྱིར་རོ། །གཟུགས་ཅན་མ་ཡིན་པའི་འདུ་ཤེས་མེད་པ་མི་སྲིད་དེ། སྣང་བ་དང་རིག་པ་གཉིས་ལ་ལོངས་སྤྱོད་པ་མི་སྲིད་པའི་ཕྱིར་རོ། །གཉིས་ཀ་མ་ཡིན་གྱི་ཕུང་གསུམ་ནི་དངོས་འགལ་གཉིས་ཀ་མི་འདུ་ན་གཞི་མི་སྲིད་པས་ཁེགས་སོ། །ཆད་པ་ལྟ་བ་གཉིས་དགག་པ་ནི། གནས་པ་མེད་པ་དང་། རྒྱུན་མེད་པ་དང་། བཏགས་ཡོད་མི་ཁེགས་པ་གསུམ་ལས། དང་པོ་ནི་དངོས་པོ་གནས་པ་ཞིག་ཡོད་ན་ནི་ཆད་པ་རུང་བ་ལས། རྟག་ཏུ་དངོས་པོ་སྐད་ཅིག་གིས་སྐྱེ་འགག་གི་རང་བཞིན་ཡིན་པས་ཆད་པ་མི་རུང་སྟེ། ཡུངས་འབྲུ་བརྒྱ་བསྒྲིགས་པ་ནི་སྐུད་པ་འཆད་པ་མ་ཡིན་པ་བཞིན་ནོ། །རྒྱུན་ལ་ཆད་པ་མེད་དེ་སྐད་ཅིག་དུ་མ་དང་དབྱེར་མེད་པའི་ཕྱིར་སྤྱི་བཞིན་ནོ། །བཏགས་ཡོད་ཀྱི་ཆད་པ་མི་སྲིད་དེ། འགལ་བ་འདུ་བའི་ཕྱིར་རོ། །
འདིར་མྱ་ངན་ལས་འདའ་བ་དགག་པ་ལ། འཁོར་བ་ན་བདེ་བ་མེད་པ། འཕྲལ་བདེ་ཙམ་གཉེར་བྱ་མ་ཡིན་པ། གཏན་གྱི་མྱང་འདས་མི་ཁེགས་པ་དང་གསུམ་ལས། དང་པོ་ནི་འཁོར་བ་ན་བདེ་བ་མི་སྲིད་དེ། སྡུག་བསྔལ་འགྱུར་དང་འདུ་བྱེད་གསུམ་ལས་མ་འདས་པའི་ཕྱིར་རོ། །གཉིས་པ་ནི་ཅུང་ཟད་ཡིད་དགའ་བ་ཙམ་རྟག་མི་ཐུབ་ཅིང་སླར་སྡུག་བསྔལ་གྱི་རྒྱུ་ཅན་དེ་རྒྱལ་པོའི་བཙུན་མོ་ལ་ལོག་པར་ཞུགས་པ་བཞིན་ནོ། །གསུམ་པ་ནི་ཐམས་ཅད་མཁྱེན་པ་མི་ཁེགས་ཏེ། འགོག་བྱེད་ཀྱི་ཚད་མ་མེད་ཀྱི་སྟེང་དུ་སྒྲུབ་བྱེད་ཡོད་པའི་ཕྱིར་རོ། །དེ་དང་མཚུངས་པར་རང་གི་སྡེ་པས་ཀྱང་བདེ་བ་ཕྲལ་བྱུང་བས་ལམ་བྱས་ནས་གྲོལ་བར་འདོད་པ་དང་། སེམས་ཀྱི་ངོ་བོ་བདེ་བ་ཁོ་ནར་འདོད་པས་གྲོལ་བ་འགྲུབ་པ་ཁེགས་པ་ཉིད་དོ། །ལྟ་བ་སུམ་བརྒྱ་དྲུག་ཅུ་ནི། ལོ་མ་ཅན་སོགས་བརྒྱ་དང་ཉི་ཤུ་ཉིད། །དུས་གསུམ་བསྒྲེས་པས་སུམ་བརྒྱ་དྲུག་ཅུ་ཡང་། །ཡང་དག་ལམ་བྲལ་རྟག་ཆད་ཁོར་མོར་འཁྱམས། །ལོ་མ་ཅན་ལ་སོགས་པའི་སྟོན་པ་བརྒྱ་ཉི་ཤུ་ཉིད། སྔར་ཡང་བྱུང་། ད་ལྟར་ཡང་ཡོད། ཕྱིས་ཀྱང་འབྱུང་བའི་ཆའི་གྲངས་བརྒྱ་ཉི་ཤུ་པ་གསུམ་གཅིག་ཏུ་བསྡོམས་པས་སུམ་བརྒྱ་དྲུག་ཅུ་སྟེ། དེ་དག་གི་ལམ་གྱིས་ཐར་པ་ནམ་ཡང་མི་ཐོབ་པ་ཉིད་དེ་རྟག་ཆད་ཀྱི་ཆུ་བོར་བྱིང་བའི་ཕྱིར་རོ། །སྟོན་པ་དེ་དག་གི་མིང་གང་ཞེ་ན། རྒྱལ་དཔོག་པ་དང་། འཛིན་པ་མེད་པ་དང་། འཚོ་བ་པ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། ཁྱབ་འཇུག་དང་། ཁྱབ་འཇུག་སེམས་པ་དང་། དབྱུ་གུ་གསུམ་པ་དང་། ཀོ་ལྤགས་ཅན་དང་། མཉམ་པར་སྤྱོད་པ་ཞེས་བྱ་བ་བཅུ་དང་། ལྷ་མཆོག་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་བ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མེ་ཡོ་ཨ་ཏ་རི་དང་། རིགས་དང་རྗེས་སུ་མཐུན་པ་དང་། བཅིངས་ནས་འདུག་པ་དང་། འཁོར་ལོ་སྐྱོང་བ་ཞེས་བྱ་བ་སྟེ་ཉི་ཤུ་དང་། རི་ལ་གནས་པ་དང་། རྒྱལ་
པོའི་བསོད་སྙོམས་ཅན་དང་། གླང་པོའི་རྒྱལ་མཚན་ཅན་དང་། ཀློག་ཅན་དང་། ནང་ཅན་དང་། རྟ་འདུལ་དང་། ཀ་ལནྡ་ཀ་ན་དང་། སྣོད་གཙང་མ་ཅན་དང་། སློང་མོས་རྒྱུ་བ་དང་། ཡན་ལག་རལ་ཀའི་ནང་དུ་གཏུམས་པ་སྟེ་སུམ་ཅུ་དང་། སྒྲོན་མེའི་ལག་པ་ཅན་དང་། གསེར་ཅན་དང་། གྲུབ་པར་སྨྲ་བ་དང་། དབང་པོ་ཆེན་པོ་དང་། ཞ་ཉེ་ཅན་དང་། ནམ་མཁའ་འབྱུང་བ་དང་། ཤིང་རྟ་མང་པོ་ཅན་དང་། དོན་ཐམས་ཅད་པ་དང་། བསམ་གཏན་ལ་དགའ་བ་དང་། ཆོས་ཅན་པ་དེ་བཞི་བཅུ་དང་། ཟས་གྲངས་མང་པོ་ཅན་དང་། ཕྲག་པའི་གོས་ཅན་དང་། ཕྲུ་བ་གཅིག་པ་དང་། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། དུང་སྒྲ་ཅན་དང་། ལྷ་རྟེན་སྦྱིན་མའི་བུ་དང་། ལུས་ལ་གནོད་པ་བྱེད་པ་དང་། ཀུན་ཏུ་གནོད་པ་བྱེད་པ་དང་། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང་། ཀ་ཀནྡ་པ་དང་། གཅོད་པ་དང་། ལྷའི་གྲོང་པ་དང་། གོས་མེད་པ་དང་། ས་ཁུང་ན་གནས་པ་དང་། ཟླ་བ་ཕྱེད་པ་པ་དང་། ཆོས་སེམས་པ་པ་དང་། མ་ལ་གུས་པ་པ་དང་། ཕ་ལ་གུས་པ་པ་དང་། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང་། ཉི་མ་ཤར་བ་པ་དང་། ལག་པར་ཟ་བ་པ་དང་། སྙིང་གིས་འཚོ་བ་པ་དང་། འདའ་བ་པ་དང་། འདས་པར་མ་གྱུར་པ་དང་། ཕུང་པོ་གསུམ་པ་དང་། གཉིས་དང་གསུམ་གྱིས་འཚོ་བ་པ་དང་། འཇུག་པ་པ་དང་། གྲངས་ཅན་གྱི་རྣལ་འབྱོར་ཅན་དང་། འུག་པ་པ་སྟེ་བདུན་ཅུ་དང་། ནགས་ན་གནས་པ་དང་། བྷེའི་ཁ་ན་པ་དང་། བྷ་ལ་ཁེ་ལྱི་པ་དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་པོ་དང་། ཕྱུགས་བདག་པ་དང་། གོའུ་ཏ་མ་པ་དང་། ཞིབ་མ་ཅན་དང་། ཤིན་ཏུ་ཁྲུས་མ་དང་། མཚེའུའི་འགྲམ་ན་གནས་མ་པ་སྟེ་བརྒྱད་ཅུ་དང་། འཚོ་བ་པ་དང་། འཁོར་བ་ལས་གྲོལ་བ་པ་དང་། འཐོར་བྱེད་པ་དང་། ཐོག་མ་པ་དང་། བྷ་ར་དྷྭ་ཛ་པ་དང་། བྷ་ར་ཤའི་གྲངས་ཅན་དང་། བ་ཏན་ཛ་ལ་པ་དང་། ལྷ་མཆོད་པ་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང་། འུག་པའི་གཤོག་པ་ཅན་དང་། ལན་གསུམ་དུ་ཆུར་
འཇུག་པ་དང་། འགལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་པ་དང་། ཁྱིམ་གྱི་ར་བ་ན་གནས་པ་དང་། འཕགས་མཆོག་པ་དང་། གཉེན་གྱི་བུ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་བ་སྟེ་བརྒྱ་ཐམ་པ་དང་། ཀཱ་ཏྱཱའི་བུ་དང་། ལྷག་སྤྱོད་ཀྱི་བུ་དང་། བ་ལང་གི་བརྟུལ་ཞུགས་ཅན་དང་། རི་དྭགས་ཀྱི་བརྟུལ་ཞུགས་ཅན་དང་། རྟའི་བརྟུལ་ཞུགས་ཅན་དང་། ཁྱིའི་བརྟུལ་ཞུགས་ཅན་དང་། གསོལ་བ་མི་འདེབས་པའི་བརྟུལ་ཞུགས་ཅན་དང་། ཞི་བ་པོའི་བརྟུལ་ཞུགས་ཅན་དང་། མེའི་བརྟུལ་ཞུགས་ཅན་དང་། གཞོན་ནུའི་བརྟུལ་ཞུགས་ཅན་ཏེ་ཡང་བཅུ་དང་། མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་སྨྲ་བ་དང་། ཆུ་ལ་སྐྱེས་པའི་ཕྲེང་བ་ཅན་དང་། སོའི་གཏུན་བརྡུང་ཅན་དང་། སོ་འཐག་པ་དང་། ཡང་དག་པར་ཁྲུས་བྱེད་པ་དང་། ཆུས་དག་པར་ལྟ་བ་དང་། སྐྱེ་གནས་དག་པར་ལྟ་བ་དང་། ལས་ཀྱིས་དག་པ་པ་དང་། ཆུ་ལ་བྱི་འཛུལ་བྱེད་པ་དང་། འབྱུང་བ་ལྔ་ལ་སེམས་ཡོད་པར་སྨྲ་བ་སྟེ་ཉི་ཤུའོ། །དེ་དགག་པ་ནི་རྟག་ཆད་དགག་པར་ཁེགས་པ་ཡིན་ནོ། །དེ་ནས་སྟོན་པ་དང་གཞུང་ལོག་པའི་སྡེ་ཚན་སུམ་བརྒྱ་དྲུག་ཅུ་རྣམ་གྲངས་བཅུ་གཅིག་གིས་བསྟན་པ་ནི། སྡེ་ཚན་བཅུ་གཅིག་སུམ་བརྒྱ་དྲུག་ཅུ་ནི། །སྔོན་དང་ཕྱི་མཐའ་ད་ལྟ་གསུམ་ཕྱེ་སྟེ། །མགོ་སྙོམས་བཅུ་དང་རྟག་པ་ཐེར་ཟུག་དགུ། །བསྙོན་སྨྲ་དྲུག་དང་བསམ་གཏན་དད་པ་བདུན། །སྟོན་པ་དྲུག་དང་བློན་པོ་རྣམ་པ་དྲུག །ཞར་བྱུང་བཞི་དང་ཏརྐ་སྡེ་དྲུག་དང་། །རྒྱུར་ལྟ་བཞི་དང་མཁན་པོ་གཉིས་དང་ནི། །གསང་བར་སྨྲ་དང་དེ་ལྟར་བཅུ་གཅིག་གོ །དེ་ཡང་མགོ་སྙོམས་བཅུ་ལ་སོགས་པ་ད་ལྟར་གྱི་མཐའ་ལ་རྟོག་པ་སུམ་བརྒྱ། སྔོན་གྱི་མཐའ་ལ་རྟོག་པ་བཅོ་བརྒྱད། ཕྱི་མའི་མཐའ་ལ་རྟོག་པ་བཞི་བཅུ་རྩ་བཞི་སྟེ་སུམ་བརྒྱ་དྲུག་ཅུ་རྩ་གཉིས་ལས། དང་པོ་ད་ལྟར་གྱི་མཐའི་མགོ་སྙོམས་པ་བཅུ་ནི། ཉན་ཐོས་ལ་མགོ་སྙོམས་པ་མུ་སྟེགས་ཐ་སྙད་པ། རང་རྒྱལ་ལ་མགོ་སྙོམས་པ་
ཟ་བ་པ། སེམས་ཙམ་ལ་སྙོམས་པ་ཕྲ་བ་པ། དབུ་མ་ལ་སྙོམས་པ་ཕྲ་བ་པ་ཆེན་པོ། བྱ་བ་དང་སྙོམས་པ་རིགས་བྱེད་པ། སྤྱོད་པ་དང་སྙོམས་པ་རིགས་སྤྱོད་པ། རྣལ་འབྱོར་དང་སྙོམས་པ་རིགས་སྦྱོར་བ། ཕ་རྒྱུད་དང་སྙོམས་པ་བརྟུལ་ཞུགས་ཆེར་སྤྱོད་པ་དང་། མ་རྒྱུད་དང་སྙོམས་པ་རྒྱལ་དཔོག་པ། གཉིས་མེད་དང་སྙོམས་པ་རྒྱལ་ཐོབ་པའོ། །འདི་དག་འབྱུང་བ་ལྔ་དང་། ཆེན་པོ་ལྔ་ཡི་ཁམས་ལས་ཕྱེ་བས་བརྒྱར་འདོད་པ་ཡིན་ནོ། །རྟག་པ་ཐེར་ཟུག་དགུ་ལ། སྤྱི་རྟག་པར་འདོད་པ་དང་། བྱེ་བྲག་ཕྱྭ་དང་དབང་ཕྱུག་བྱེད་པ་པོ་རྟག་པར་འདོད་པ་དང་། རིག་བྱེད་ཀྱི་ཚིག་རྟག་པར་འདོད་པ་དང་། བརྗོད་དུ་མེད་པའི་བདག་རྟག་པར་འདོད་པ་དང་། རིག་བྱ་རྟག་པར་འདོད་པ་དང་། ཡོན་ཏན་རྟག་པར་འདོད་པ་དང་། གཙོ་བདག་རྟག་པར་འདོད་པ་དང་། ཚིག་གི་དོན་དགུ་རྟག་པར་འདོད་པ་དང་། རིག་པའི་གནས་རྟག་པར་འདོད་པའོ། །འདི་དག་གིས་ནི་རྟག་པའི་རང་བཞིན་བདག་དང་། གཙོ་བོ་དང་། རྣམ་འགྱུར་གསུམ་ལ་རིག་བྱ། རིག་བྱེད། རིག་ཡུལ། སྤྱོད་ཚུལ། ལས། སྤྱི། འབྲེལ་བ། འབད་འདུའི་ཤུགས་དང་བཅུ་གཅིག་རེ་རེ་གཞལ་བས་བརྒྱ་རྩ་གཅིག་ཏུ་གནས་པ་ཡིན་ནོ། །བསྙོན་པར་སྨྲ་བ་དྲུག་ནི། རྒྱལ་དཔོག་པས་སྐྱེས་བུ་ཐམས་ཅད་མཁྱེན་པར་སྒྲུབ་པ་ལ་མི་སྨྲ་བ་གཏན་ཚིགས་སུ་བྱེད་པ་དང་། རིག་པ་ཅན་པས་བདག་ཐམས་ཅད་ལ་ཡོད་པའི་སྒྲུབ་བྱེད་དུ་བདག་གི་ཡོན་ཏན་བདེ་སྡུག་ཀུན་ལ་དམིགས་པ་འགོད་པ་དང་། སྤྱོད་པ་པས་སྒྲ་རྟག་པར་སྒྲུབ་པ་ལ་མ་བྱས་པ་འགོད་པ་དང་། ནམ་མཁའི་གོས་ཅན་པས་ཤིང་སེམས་པ་ཅན་དུ་སྒྲུབ་པ་ལ་མཚན་མོ་ལོ་མ་འཁུམས་པ་དང་། པགས་པ་བཤུས་ན་སྐམ་པ་སྒྲུབ་བྱེད་དུ་འགོད་པ་དང་། གྲངས་ཅན་པས་བེམ་པོ་སྲོག་ཅན་དུ་སྒྲུབ་པ་ལ་ཤུན་ལྤགས་བཤུས་ན་འཆི་བ་གཏན་ཚིགས་སུ་འགོད་པ་དང་། བྱེ་བྲག་པས་གསོན་པོའི་ལུས་བདག་དང་བཅས་པར་སྒྲུབ་པ་ལ་སྲོག་དང་བཅས་པ་འགོད་པར་བྱེད་དོ། །འདི་
དག་མཐུན་ཕྱོགས་རྟོགས་ངོར་མཐོང་བའི་དམ་བཅའ་གཏན་ཚིགས་དཔེ་གསུམ་སྒྲུབ་པས་བཅོ་བརྒྱད་དུ་བཞག་པ་ཡིན་ནོ། །སྒོམ་པ་བསམ་གཏན་ལ་དད་པ་བདུན་ནི། ཕུར་བུ་པས་ཀུན་རྫོབ་ཀྱང་མེད་པར་སྒོམ་པ་དང་། གྲངས་ཅན་པས་རྣམ་འགྱུར་ཆད་པའི་སྟོང་པ་སྒོམ་པ་དང་། ཉི་མ་པས་སྣང་བ་སྤངས་པའི་སྟོང་པ་སྒོམ་པ་དང་། ཛཱ་ཡ་དྷི་ར་པས་ཚོགས་དྲུག་ཡུལ་དང་བཅས་པ་སྐྱོན་དུ་བལྟས་ཏེ་མི་རྟོག་པ་རྩེ་གཅིག་ཏུ་སྒོམ་པ་དང་། བྱེ་བྲག་པས་དྲན་པ་སྐྱོན་དུ་བལྟས་ནས་དྲན་མེད་གཅིག་ཏུ་སྒོམ་པ་དང་། ཞི་བ་པས་ཐམས་ཅད་སེམས་སུ་བརྟགས་ནས་སེམས་ཉིད་མ་ཡེངས་པར་སྒོམ་པ་དང་། རིག་བྱེད་པས་བདེ་སྡུག་དང་རྟོག་མི་རྟོག་གང་ཡང་སྤངས་ནས་ནམ་མཁའ་ལྟར་སྒོམ་པའོ། །དེ་དག་གིས་ཏིང་ངེ་འཛིན་ལ་དམིགས་པའི་ངོ་བོ། རྣམ་གྲངས། ཉམས། རང་གི་འབྲས་བུ་དང་བཞི་བཞིར་ཕྱེ་བས་ཉི་ཤུ་རྩ་བརྒྱད་དུ་འདོད་པ་ཡིན་ནོ། །ཆད་པར་སྨྲ་བའི་སྟོན་པ་དྲུག་ནི། འོད་སྲུངས་ཀྱི་བུ་རྫོགས་བྱེད་ལ་སོགས་པ་སྔར་སྨྲོས་པ་དག་གོ །འདི་དག་གི་ཚེ་སྔ་ཕྱི་ལས་རྒྱུ་འབྲས། ཐར་པ་དང་གྲོལ་བ། མ་མཐོང་བའི་འགྲོ་བ་མེད་པའི་བདག་ཉིད། རིག་པའི་སྒོ་གཅིག །དཔེ་གསུམ། ཚུལ་བཞིས་རྟོགས་པར་བྱེད་པས་སུམ་ཅུ་རྩ་གཉིས་སུ་འདོད་དོ། །སྒོ་གཅིག་ནི་རང་གི་དབང་པོའི་སྤྱོད་ཡུལ་དུ་མ་མཐོང་བའི་ཕྱིར་ཞེས་བྱའོ། །དཔེ་གསུམ་ནི། རྒྱུ་མེད་པའི་དཔེ་སྤང་ལས་ཤ་མོང་རྡོལ་བ། འབྲས་བུ་མེད་པའི་དཔེ་ཐལ་བ་རླུང་གིས་གཏོར་བ། ངོ་བོ་ཉིད་ཀྱིས་བྱུང་བའི་དཔེ། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟིང་རིང་རྣོ་བ་དང་། །རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །ཞེས་པ་ལྟར་རོ། །ཚུལ་བཞི་ནི་སྔ་ཕྱི་མེད་ཀྱང་ད་ལྟ་བའི་འཇིག་རྟེན་བདེ་སྡུག་ལ་སོགས་ཡོད་པའི་ཚུལ། བདག་དང་གཙོ་བོ་སྔ་ཕྱིར་འཕོ་བ་མེད་ཀྱང་གློ་བུར་བའི་ལུས་གྲུབ་དུས་རང་ཆས་སུ་ཡོད་པའི་ཚུལ། ས་སོགས་
འབྱུང་བ་ལྔ་ལ་རིག་པ་བསྐྱེད་ནུས་གློ་བུར་བའི་རྒྱུ་ཡོད་པ་འདུས་པ་ལས་འགྲོ་བ་གྲུབ་པའི་ཚུལ། ལམ་སྦྱང་དཀའ་ཐུབ་ཀྱིས་གྲོལ་བ་མེད་ཀྱང་རང་བཞིན་གྱིས་གྲོལ་བར་སྐྱེས་པས་རྒྱུ་འབྲས་མེད་པའི་གནས་ལུགས་ཤེས་ན་ཚེ་འདིར་ངལ་དུབ་ལ་མི་བརྟེན་པའི་དགོས་པ་ཡོད་པས་རྒྱང་འཕེན་གྱི་གཞུང་ལུགས་དོན་མེད་པར་མི་འགྱུར་ལ། རང་བཞིན་དུ་ཤི་བ་ན་ཐམས་ཅད་གྲོལ་བ་གཅིག་པའི་དབྱིངས་སུ་གནས་པའི་ཚུལ་ལོ། །ར་མར་རྣ་ལས། དཔེ་རྣམས་གསུམ་དང་ཚུལ་བཞི་ཡིས། །ཐམས་ཅད་སྒོ་གཅིག་ངེས་པར་སྒྲུབ། །གང་ཡང་རྒྱུ་མེད་ངོ་བོའི་ཕྱིར། །བཅིངས་གྲོལ་ཐར་པ་ག་ལ་སྲིད། །ཅེས་བཤད་པ་ཡིན་ནོ། །བློན་པོ་དྲུག་ནི། བློན་པོ་འཇིགས་མེད་ཐོབ་དང་། ཉི་ཟླ་གྲགས་དང་། སྙིང་པོ་ཐོབ་དང་། བདེན་པ་ཐོབ་དང་། ཤེས་པར་སྨྲ་དང་། བཀྲ་ཤིས་ཐོབ་བོ། །འདི་དག་འཇིག་རྟེན་ན་གང་སྤྱོད་ཅིང་ཡོད་པ་དག་བདེན་གྱི། སངས་རྒྱས་པ་དང་། མུ་སྟེགས་པའི་ལྟར་མ་ཡིན་ནོ་ཞེས་སྨྲ་བས། གཟའ་དང་། སྐར་མ་དང་། དུས་ཚིགས་དང་། ལྷ་དང་། བརྟག་པའི་གནས་དང་། སྲིད་སྲུང་བ་སྟེ། རིག་པའི་མཛོད་དྲུག་འཇལ་ཞིང་། ད་ལྟའི་ལེགས་ཉེས་རྟོག་པ་འབའ་ཞིག་ལ་གཙོར་འཛིན་ཏོ། །དེའི་གྲུབ་པའི་གནས་དྲུག་པོ་དེ་ཉིད་གསུམ་དུ་བྱེད་དེ། སྐར་མཁན་གྱིས་གཟའ་སྐར་དང་ཚེས་ཀྱི་བཟང་ངན་སྟོན་པ་དང་། རྒྱལ་པོས་ལྷའི་ཆོས་ལུགས་འཁོར་ལོས་སྒྱུར་བ་ལ་སོགས་པའི་རབས་ལས་ཁྲིམས་ཤེས་པས་འབངས་སྐྱོང་བ་དང་། ཚོང་དཔོན་གྱིས་བརྟག་པའི་བྱེ་བྲག་རྟ་དང་གླང་པོ་ཆེ་དང་། རྒྱ་མཚོ་ལ་སོགས་པར་འཇུག་པ་དང་། མདུན་ན་འདོན་གྱིས་སྲིད་ཀྱི་སྡེ་རྒྱལ་བ་དང་། ཕམ་པ་ལ་སོགས་པའི་གནས་འབྱེད་པ་དང་སྐྱེ་བོ་ཕལ་པས་དུས་ཀྱི་སོ་ཚིས་བྱ་བ་ལ་འཇུག་སྟེ། རྒྱལ་པོ་དང་། ཡོན་ཏན་ཤེས་པ་དང་། འབངས་གསུམ་དུ་སྡུད་པས་ན། བློན་པོ། ཚོང་དཔོན། ཕལ་པ་གསུམ་གཅིག་ཏུ་བྱའོ། །དེ་དག་གི་རིག་གནས་ཐུན་མོངས་པ་དྲུག་དང་།
དྲུག་པོ་ཉིད་རྒྱལ་པོ། བློན་པོ། རིག་ཤེས། ཚོང་དཔོན། འབངས་ལྔས་ཤེས་པར་བྱ་བས་སུམ་ཅུ་རྩ་དྲུག་ཏུ་བཞག་གོ །ཞར་བྱུང་གི་མུ་སྟེགས་པ་བཞི་ནི། མོས་པ་དང་། ཆགས་པ་དང་། ཡེངས་པ་དང་། གཡེང་བའི་འདུ་ཤེས་ཅན་བཞིའོ། །འདི་དག་ནི་ཚེ་འདིའི་བདེ་བ་སྤྱད་པས་གྲོལ་བར་སྨྲ་བས་འདོད་ཡོན་ལ་མོས་པ་དང་། ཆགས་པ་དང་། དེ་ལ་སེམས་ཡེངས་པ་དང་། དེས་སེམས་གཡེང་བ་བཞིར་བཞག་གོ །ཏརྐ་སྡེ་དྲུག་ནི། སེར་བུ་བོང་འདེད་ཀྱི་སྡེ། རྩིག་ལྤགས་ཤ་ཟན་གྱི་སྡེ། ཝ་མགོ་རེ་ཐོང་གི་སྡེ། འཇིག་རྟེན་རྒྱང་འཕན་གྱི་སྡེ། རྒྱུ་འབྲས་གཏན་མེད་ཀྱི་སྡེ། ཕྱལ་པ་དོན་མེད་ཀྱི་སྡེའོ། །འདི་དག་རྒྱུ་མེད་ལས་ཕྱེ་བའི་ནང་ཚན་སྡེ་དྲུག་གོ །རྒྱུར་ལྟ་བ་བཞི་ནི། རང་བཞིན་རྒྱུར་ལྟ་བ། བྱེད་པོ་རྒྱུར་ལྟ་བ། དབང་ཕྱུག་རྒྱུར་ལྟ་བ། དུས་རྒྱུར་ལྟ་བའོ། །འདི་དག་རྟག་པར་ལྟ་བ་ལས། ཕྱེ་བས་བཞིར་བྱས་སོ། །མཁན་པོ་གཉིས་ནི། རྟག་པའི་སློབ་དཔོན་ཤང་ཀ་དུང་འཛིན་དང་། ཆད་པའི་སློབ་དཔོན་བྷྲི་བ་ཧ་ཏིའོ། །འདི་གཉིས་རྩ་བའི་རྟག་ཆད་གཉིས་སོ། །རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ནི་སྤྱོད་པ་པའོ། །དེ་ལྟར་ན་མགོ་སྙོམས་པའི་གྲུབ་མཐའ་བརྒྱ། རྟག་པ་པའི་བརྒྱ་རྩ་གཅིག །བསྙོན་པར་སྨྲ་བའི་བཅོ་བརྒྱད། བསམ་གཏན་པའི་ཉི་ཤུ་རྩ་བརྒྱད། བློན་པོ་དྲུག་གི་སུམ་ཅུ་རྩ་དྲུག །ཞར་བྱུང་གི་བཞི། ཏརྐ་སྡེ་དྲུག །རྒྱུར་ལྟ་བ་བཞི། མཁན་པོ་གཉིས། གསང་བ་པ་དང་། བསྡོམས་པས་སུམ་བརྒྱ་ཡོད་པ་ནི། ད་ལྟར་གྱི་མཐའ་ལ་བརྟེན་པའོ། །སྔོན་གྱི་མཐའ་ལ་བརྟེན་པ་བཅོ་བརྒྱད་ནི། བདག་དང་འཇིག་རྟེན་ལ་རྟག་ཆད་དུ་རྟོག་པ་བཞི། རྟག་པར་རྟོག་པ་བཞི། མཐའ་ལ་རྟོག་པ་བཞི། ལྷ་མི་སྤང་བར་སྨྲ་བ་བཞི། རྒྱུ་མེད་པར་སྨྲ་བ་གཉིས་སོ། །ཕྱི་མའི་མཐའ་ལ་རྟོག་པ་བཞི་བཅུ་རྩ་བཞི་ནི། འདུ་ཤེས་ཅན་གྱི་རྟོག་པ་བཅུ་དྲུག །འདུ་ཤེས་མེད་པར་རྟོག་པ་བརྒྱད། འདུ་ཤེས་ཡོད་མེད་དུ་རྟོག་པ་བརྒྱད།
ཆད་པའི་ཁོངས་སུ་གཏོགས་པ་བདུན། མྱ་ངན་ལས་འདས་པར་སྨྲ་བ་ལྔའོ། །དེ་དགག་པ་ནི། དེ་དག་བསྡུ་ན་རྟག་ཆད་གཉིས་ཡིན་ལ། །རགས་ཕྲའི་འགྱུར་དང་མི་ལྡན་དོན་མེད་པས། །རྟག་པ་མེད་ལྟར་ཆད་པའང་ག་ལ་ཡོད། །ལྟ་བ་སུམ་བརྒྱ་དྲུག་ཅུ་ཡང་། འཇིག་ཚོགས་ལ་ལྟ་བར་འདུས་ཏེ། སྡུད་པ་ལས། འཇིག་ཚོགས་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་ལྟར། །ཞེས་པ་སྔར་ཡང་བཀག་ཟིན་ལ། འོན་ཀྱང་ཐམས་ཅད་རྟག་ཆད་གཉིས་སུ་འདུས་པའི་ཕྱིར། དེ་དགག་པ་ནི། རྟག་པ་མེད་དེ་ཡུལ་དང་ཤེས་པ་ཐམས་ཅད་འགྱུར་ཞིང་རགས་ཕྲ་གང་དུའང་དཔྱད་ན་མི་བཟོད་པས་རྟག་པའི་གཞིར་མི་རུང་བ་དང་། ཆད་པ་མེད་དེ་ཡོད་པར་སྣང་བ་དག་ནི་རང་རང་གི་རྒྱུ་རྐྱེན་ལ་ལྟོས་ལ། མེད་པ་ནམ་མཁའ་ལ་སོགས་པ་ནི་ཆད་པའི་རྒྱུར་མ་གྲུབ་པས་ཆད་པར་མ་གྲུབ་པ་ཉིད་དོ། །འོན་ཀྱང་བདག་རྟག་གོ་ཞེ་ན། ཕུང་པོ་དང་གཅིག་གམ་ཐ་དད་གཅིག་ན་ཕུང་པོ་སྐྱེ་འཇིག་བྱེད་པ་ལྟར་བདག་ཀྱང་སྐྱེ་འཇིག་བྱེད་པར་འགྱུར་ལ། ཐ་དད་ན་ཕུང་པོ་ལྔ་ལས་གཞན་པའི་བདག་མི་དམིགས་པའི་ཕྱིར་ཏེ། རགས་པ་རྡུལ་ཕྲན་ཆ་མེད་དང་། སྐད་ཅིག་ཆ་མེད་ཕྲ་བའི་རང་བཞིན་མ་གྲུབ་པ་ཉིད་ཀྱིས་བདག་མ་གྲུབ་པར་འགྱུར་རོ། །དབུ་མ་རྩ་བ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །འོན་ཏེ་ཕུང་པོ་ལས་གཞན་ན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་པ་བཞིན་ནོ། །བདག་མི་རྟག་ཀྱང་བདག་གི་རྒྱུན་རྟག་པས་བདག་རྟག་པ་ཡིན་ནོ་ཞེ་ནའང་མི་རུང་སྟེ། བདེན་གཉིས་ལས། རྒྱུན་དང་སྐད་ཅིག་ཅེས་བྱ་བ། །ཕྲེང་བ་དམག་ལ་སོགས་བཞིན་བརྫུན། །ཞེས་པའི་རིགས་པས། རྒྱུན་ནི་སྐད་ཅིག་གི་ཕྲེང་བ་ཡིན་ན། སྐད་ཅིག་སྔ་ཕྱི་ད་ལྟ་གསུམ་ཕྲད་པ་མ་གྲུབ་པ་ཉིད་དང་། ཆ་ཤས་མེད་པས་ཀྱང་སྐད་ཅིག་དང་རྒྱུན་དུ་མི་རུང་བའི་ཕྱིར་ཁེགས་པ་ཡིན་ནོ། །ཡང་བདག་གིས་སེམས་ཅན་ལ་ཁྱབ་པའི་དོན་བྱེད་ནུས་པས་བདག་ཡོད་པའང་མི་འཐད་དེ། དོན་བྱེད་ན་ཅིག་ཅར་རམ་རིམ་གྱིས་བྱེད།
ཅིག་ཅར་བྱེད་ན་བུ་ཆུང་གི་སྐད་ཅིག་ལ་རྒན་པོར་འགྱུར་བ་ལ་སོགས་པའི་སྐྱོན་དམིགས་ལ། རིམ་གྱིས་བྱེད་པ་ལ་སྔ་མ་འགག་པ་དང་། ཕྱི་མ་མ་སྐྱེས་པ་ཚོགས་པ་མེད་པས་ཀྱང་དོན་བྱེད་པའི་ནུས་པ་མེད་དེ། བྱ་བྱེད་རྫས་འགལ་བས་ཀྱང་རུང་བ་མ་ཡིན་ནོ། །ཆད་པར་ལྟ་ན། ཐམས་ཅད་རྒྱུ་མེད་པ་ལ་སོགས་པའི་དམ་བཅའ་བ་ཉིད་སྔར་བཞིན་ཁེགས་པ་ཡིན་ནོ། །ད་ནི་དེ་ཐམས་ཅད་ཀྱི་གྲུབ་པའི་མཐའ་དང་གཞུང་བསྡུ་བས་ཏརྐ་སྡེ་ལྔར་བསྟན་པ་ནི། རང་བཞིན་མང་ལྡན་རྣམ་གྲངས་དེ་དག་ཉིད། །གྲངས་ཅན་བྱེ་བྲག་སྤྱོད་པ་གཅེར་བུ་པ། །ཕུར་བུ་པ་དང་དེ་ལྟར་ལྔ་ཉིད་དོ། །ཕྱི་རོལ་པ་ལ་རྣམ་གྲངས་ཀྱི་དབྱེ་བས་གསལ་བ་མཐའ་ཡས་པ་དེ་དག་ཀྱང་གཞུང་བསྡུ་ན། སྔོན་གྱི་སློབ་དཔོན་དག་གིས་རྣམ་པ་ལྔར་མཛད་དེ། གྲངས་ཅན་པ་དང་། བྱེ་བྲག་པ་དང་། སྤྱོད་པ་པ་དང་། གཅེར་བུ་པ་དང་། ཕུར་བུ་པའོ། །དེ་ཡང་དང་པོ་བཞི་ནི་རྟག་པར་སྨྲ་བའི་གཞུང་འཛིན་ལ། ཕྱི་མ་ནི་ཆད་པའི་སྡེ་པ་ཉིད་དུ་རྣམ་པར་གཞག་གོ །དེ་ལ་དང་པོ། གྲངས་ཅན་བདག་དང་གཙོ་བོ་རྣམ་འགྱུར་དག །ཤེས་པས་གྲོལ་བར་སྨྲ་བ་གང་དེ་རྫུན། །རང་བཞིན་ཐ་དད་འགལ་བ་ཉེ་བར་སྡུད། །སྔོན་གྱི་ཤེས་ལྡན་དག་གི་གཞུང་ཕྱི་མོ་གྲངས་ཅན་པས་བདག །གཙོ་བོ། དེའི་རྣམ་འགྱུར་གསུམ་ཤེས་ནས་བསྒོམས་པས་གྲོལ་བར་སྨྲ་བ་དེ་ཡང་རྫུན་པའི་ཕྱིར། ཐར་པ་དང་རང་བཞིན་ཐ་དད་པས་འགལ་བར་ཞུགས་པ་སྡུད་པ་དག་ལ་ནམ་ཡང་གྲོལ་བ་མེད་དོ་ཞེས་སངས་རྒྱས་པས་སྨྲས་པ་ཡིན་ནོ། །འདིར་དེའི་རྣམ་པར་དབྱེ་བ་རྒྱས་པར་བཤད་ན། འདོད་པ་དགོད་པ་དང་། འགལ་བ་བརྗོད་པ་ཉིད་ལས། དང་པོ་ནི། སྟོན་པ་དྲང་སྲོང་སེར་སྐྱ་ཞེས་བྱ་བ་དཀའ་ཐུབ་ཀྱི་ལམ་གྱིས་ཐུན་མོང་གི་ཡོན་ཏན་ཐོབ་པ་ཞིག་རྒྱལ་པོ་ཡུལ་འཁོར་སྐྱོང་གི་དུས་སུ་བྱུང་བ་གངས་རི་ན་ཡོད་པའོ། །དེའི་གཞུང་ནི། དབང་ཕྱུག་ནག་པོ་དང་། རྒྱུད་དྲུག་ཅུ་པ་དང་། མཚན་ཉིད་ལྔ་བཅུ་པ་ལ་སོགས་པ་ཡིན་ལ། འདི་
ལའང་དབང་ཕྱུག་ལྷར་འདོད་པ་དང་མི་འདོད་པ་གཉིས་སུ་ཡོད་དོ། །གྲུབ་པའི་མཐའ་ནི། ཤེས་བྱའི་གནས་ལུགས་ཉི་ཤུ་རྩ་ལྔར་འདོད་དོ། །དེ་གཏན་ལ་དབབ་པ་ལ་གསུམ་སྟེ། སོ་སོའི་ངོ་བོ། རྣམ་པར་དབྱེ་བ། ཤེས་པས་ཇི་ལྟར་གྲོལ་བའི་ཚུལ་ལོ། །དང་པོ་ནི། དེ་ཙམ་ཉི་ཤུ་རྩ་ལྔ་སྟེ། གཙོ་བོ་དང་། ཆེན་པོ་དང་། ང་རྒྱལ་དང་། དབང་པོ་བཅུ་གཅིག་དང་། ཡུལ་དེ་ཙམ་ལྔ་དང་། འབྱུང་བ་ལྔ་དང་། སྐྱེས་བུའོ། །དབང་པོ་བཅུ་གཅིག་ནི། རྣ་བ་དང་། མིག་དང་། སྣ་དང་། ལྕེ་དང་། ལུས་ཏེ་བློའི་དབང་པོ་ལྔ་དང་། ཁ་དང་། ལག་པ་དང་། རྐང་པ་དང་། བཤང་ལམ་དང་། ཆུ་སོ་སྟེ་ལུས་ཀྱི་དབང་པོ་ལྔ་དང་། དེ་ཐམས་ཅད་དང་ཐུན་མོང་པ་ཡིད་དོ། །ཡུལ་ལྔ་ནི། གཟུགས། སྒྲ། དྲི། རོ། རེག་བྱའོ། །འབྱུང་བ་ལྔ་ནི། ས། ཆུ། མེ། རླུང་། ནམ་མཁའོ། །དེ་ལ་གཙོ་བོ་ནི་རྡུལ་མུན་པ་སྙིང་སྟོབས་ཏེ། སྡུག་བསྔལ། གཏི་མུག་སྟེ་བར་མ། བདེ་བ་གསུམ་འདུས་ཤིང་ཆ་མཉམ་པའི་རང་བཞིན་ཡིན་ལ། དེ་གསུམ་ཆ་མི་མཉམ་ན་འགྲོ་བ་རིགས་དྲུག་ཏུ་སྐྱེའོ། །དེ་ཡང་སྡུག་བསྔལ་ཤས་ཆེ་ན་དམྱལ་བ་ཡི་དྭགས། གཏི་མུག་སྟེ་བར་མ་ཤས་ཆེ་ན་དུད་འགྲོ། བདེ་བ་ཤས་ཆེ་བའི་འགྲོ་བ་རྣམས་མཐོ་རིས་ལྷ་མིར་སྐྱེའོ་ཞེས་པ་ནི། དབང་ཕྱུག་ནག་པོའི་གཞུང་ལས། རྡུལ་དང་མུན་པ་སྙིང་སྟོབས་ཞེས། །བྱ་བའི་ཡོན་ཏན་མཉམ་གནས་ན། །གཙོ་བོ་ཞེས་བྱར་རབ་བརྗོད་དེ། །མི་མཉམ་འགྲོ་བ་ཡིན་པར་བརྗོད། །ཅེས་བསྟན་ཏོ། །གཙོ་བོ་དེ་ཡང་མཚན་ཉིད་ལྔ་ལྡན་ཏེ། བེམ་པོ་ཡིན་པ། རྟག་པ་ཡིན་པ། གཅིག་པུ་ཡིན་པ། འགྲོ་བའི་བྱེད་པ་པོ་ཡིན་པ། མི་སྣང་བ་ཡིན་པས་ལྐོག་ཏུ་གྱུར་པའོ། །དེ་ཡང་བེམ་པོའི་དོན་ནི། ཤེས་པ་མེད་པ་དེ་གཟུགས་ཅན་དུ་ཡོད་པར་ཡང་མི་འདོད་པས་སུས་ཀྱང་མི་མཐོང་བར་བསྟན་ཏོ། །རྟག་པ་ནི་ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་གནས་པའོ། །གཅིག་པུ་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་གཙོ་བོ་གཅིག་ཁོ་ན་ལས་མེད་པའོ། །འགྲོ་
བའི་བྱེད་པ་པོ་ནི་སྣོད་བཅུད་ཐམས་ཅད་གཙོ་བོ་ལས་བྱུང་བའོ། །མི་སྣང་བ་ནི། སེར་སྐྱ་ལ་སོགས་བསམ་གཏན་གྱི་མིག་ཐོབ་པ་ལས་གཞན་གྱིས་མི་མཐོང་བའོ། །བསམ་གཏན་གྱི་མིག་གིས་ནི་རྟག་པ་གཅིག་པུར་གནས་པ་དེ་མཐོང་ཡང་། སེར་སྐྱ་ལ་སོགས་པ་དེ་དག་གིའང་ཆུ་བུར་གྱི་མིག་གིས་བལྟར་མེད་པས་ཐམས་ཅད་ཀྱིས་མི་མཐོང་བ་ཞེས་བྱའོ། །དེ་ཡང་བསམ་གཏན་གྱི་མིག་གིས་མཐོང་ལ་ཆུ་བུར་གྱིས་མི་མཐོང་བས་ཆ་གཉིས་པའོ། །གཙོ་བོ་དེ་ཉིད་དངོས་པོའི་ཆོས་སུ་ཡོད་དེ་མེད་པ་གཞན་ལས་རྣམ་པར་གྲོལ་བའི་ཕྱིར་དང་། ཐམས་ཅད་ན་ཁྱབ་པར་ཡོད་དེ། བདེ་སྡུག་བཏང་སྙོམས་ཀྱིས་ཁྱབ་པའི་ཕྱིར་ཞེས་སྒྲུབ་པ་ཉིད། དབང་ཕྱུག་ནག་པོ་ལས། མི་དགའ་ཡོངས་སུ་གདུང་བ་དང་། །མྱ་ངན་དང་ནི་འཁྲུག་པ་དག །ལན་འགར་ཡང་ནི་སྣང་འགྱུར་བ། །འདི་དག་རྡུལ་གྱི་རྟགས་སུ་འདོད། །རྨོངས་དང་དེ་བཞིན་གཏི་མུག་དང་། །བག་མེད་གཉིད་དང་གཡེང་བ་དག །ལན་འགར་ཡང་ནི་སྣང་འགྱུར་བ། །འདི་དག་མུན་པའི་ཡོན་ཏན་ནོ། །རངས་དང་མགུ་དང་ཀུན་དགའ་དང་། །བདེ་དང་ཞི་བའི་སེམས་ཉིད་དག །ལན་འགར་ཡང་ནི་སྣང་གྱུར་པ། །འདི་དག་སྙིང་སྟོབས་ཡོན་ཏན་ཡིན། །ཞེས་བཤད་དོ། །དེ་གསུམ་ཆ་མི་མཉམ་པ་ལས་རྣམ་འགྱུར་ཏེ། དེའང་ཆེན་པོ་ཞེས་པ་བློའི་རྣམ་གྲངས་ཏེ། བེམ་པོ་དང་། རྣམ་བཅས་དང་། སྐྱེས་བུའི་ཡུལ་ལ་ལོངས་སྤྱོད་པའི་ཆོས་དང་གསུམ་ལྡན་ནོ། །བེམ་པོ་ནི་སེམས་མེད་ལ་གཟུགས་ཅན་མ་ཡིན་པའོ། །རྣམ་པ་དང་བཅས་པ་ནི། གཟུགས་བརྙན་འཆར་བ་སྟེ། བློ་ཤེལ་གྱི་ཁང་པ་ལྟ་བུ་དེ་ལ། ཕྱི་ནས་གཟུགས་སྒྲ་དྲི་རོ་རེག་དང་། ནང་ནས་བདག་གི་གཟུགས་བརྙན་ཤར་ཏེ། གཟུགས་བརྙན་གཉིས་གཅིག་ཏུ་འདྲེས་པ་ལ་བདག་ཡུལ་ལ་སྤྱོད་ཅེས་བརྗོད་ཀྱི། བདག་གམ་སེམས་དངོས་དེས་གཟུགས་སོགས་མཐོང་ཐོས་རང་མཚན་པར་སྤྱོད་པ་ནི་མི་འདོད་དོ། །དེའི་ཕྱིར་བློ་ལ་ཤར་བ་སྐྱེས་བུས་ངེས་པར་བྱེད་
དོ་ཞེས་པ་ཡིན་ཏེ། སྣང་བ་ཐམས་ཅད་ནི་བློ་ལ་སེམས་དང་ཡུལ་གྱི་གཟུགས་བརྙན་འདྲེས་པ་འབའ་ཞིག་ཡིན་གྱི། རིག་པར་སྣང་བའང་སེམས་མ་ཡིན་ལ། བུམ་པ་སོགས་སུ་སྣང་བའང་ཡུལ་མ་ཡིན་ནོ། །ཡུལ་ཤེས་གཉིས་ནི་ལྐོག་ན་ཡོད་པ་སྟེ་སྔ་མ་ལས། ཡིད་ལ་སྙིང་སྟོབས་སྐྱེས་པ་ཅན། །སྐྱེས་བུའི་གཟུགས་བརྙན་འབྱུང་བའམ། །དེ་བཞིན་ཡོངས་སུ་གྱུར་ནས་ནི། །བློ་འཇུག་པ་ཡི་རྗེས་སུ་བྱེད། །ཅེས་སོ། །དེ་ལས་ནི་སྡུག་བསྔལ་ལས་གྱུར་པ་དང་། རྣམ་པར་འགྱུར་བ་ཅན་དང་། མུན་པ་ཅན་གྱི་ང་རྒྱལ་ཞེས་པ་གསུམ་འབྱུང་ཡང་ང་རྒྱལ་གཅིག་ཏུ་བརྩིའོ། །སྡུག་བསྔལ་ལས་གྱུར་པའི་ང་རྒྱལ་ལས་དབང་པོ་བཅུ་གཅིག་འབྱུང་ངོ་། །རྣམ་འགྱུར་གྱི་ང་རྒྱལ་ལས་དེ་ཙམ་ལྔའོ། །དེ་ཙམ་ལྔ་ལས་འབྱུང་བ་ལྔ་སྟེ། སྒྲ་ལས་ནམ་མཁའ། གཟུགས་ལས་མེ། དྲི་ལས་ས། རོ་ལས་ཆུ། རེག་ལས་རླུང་འབྱུང་ངོ་། །མུན་པ་ཅན་གྱི་ང་རྒྱལ་གྱིས་དེ་གཉིས་ལ་སྐྱེད་པའི་གྲོགས་བྱེད་ཀྱི་འབྲས་བུ་ལོགས་པ་མི་སྐྱེད་དོ། །དབང་ཕྱུག་ནག་པོ་ལས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་མཚན་ཉིད་རྣམ་པ་བཅུ་དྲུག་འབྱུང་། །དེ་ལྟར་བཅུ་དྲུག་འབྱུང་བ་དེ་ལས་ཀྱང་། །དེ་ཙམ་ལྔ་ལས་འབྱུང་བ་རྣམ་ལྔ་འབྱུང་། །ཞེས་སོ། །དེ་ཡང་སྐྱེ་བའི་དངོས་པོ་རྣམས། མེད་པ་གསར་དུ་སྐྱེ་བ་ནི་མ་ཡིན་གྱི་ཡེ་ནས་གཙོ་བོའི་རང་བཞིན་དུ་ཡོད་པས་རྒྱུ་ལ་འབྲས་བུ་གནས་ཞེས་བྱ་སྟེ། འབྲས་བུ་རྣམས་རྒྱུའི་རང་བཞིན་འབའ་ཞིག་གི་རྗེས་སུ་བྱེད་པའི་ཕྱིར་དང་། ནུས་པ་འབའ་ཞིག་གི་རྗེས་སུ་བྱེད་པའི་ཕྱིར་དང་། རྒྱུ་ལས་འབྲས་བུ་སྐྱེས་པའི་ཕྱིར་རོ། །དེ་ཡང་འབྲས་བུ་ནི་རྒྱུའི་རང་བཞིན་གྱི་རྗེས་སུ་བྱེད་དེ། སྣམ་བུ་སྣལ་མའི་རང་བཞིན་དང་གསེར་བུམ་གསེར་གྱི་རང་བཞིན་ཡིན་པ་བཞིན་ནོ། །ནུས་པའི་རྗེས་སུ་བྱེད་པ་ཡང་ཏིག་ཏའི་ཁ་བ་དང་། བུ་རམ་གྱི་མངར་བ་དང་། ལྕགས་ཀྱི་བུམ་པ་ལས་གྲིབ་མ་འབྱུང་ལ། ཤེལ་བུམ་ལས་མི་འབྱུང་བ་བཞིན་ནོ། །རྒྱུ་
ལས་སྐྱེས་པ་ཉིད་ཀྱི་ཕྱིར་ན་ནི་ཡོད་པ་ཡིན་གྱི། མེད་པ་ནི་གསར་དུ་སྐྱེར་མི་རུང་སྟེ། ཟླ་བ་ཉིད་ཟླུམ་པོར་ཡོད་པ་ལས་ཚེས་ཀྱི་འཕེལ་བ་བཞིན་ཡིན་གྱི། བྱེ་མ་ལས་མར་མི་འབྱུང་བ་བཞིན་ནོ། །འཇིམ་པ་ལས་བུམ་པར་སྐྱེས་པ་ཡང་རྫ་མཁན་མི་དགོས་པའི་ཉེས་པ་མེད་དེ། འཇིམ་པའི་དུས་ན་བུམ་པ་སྔར་ཡོད་གསལ་བར་བྱེད་དེ། མུན་ཁུང་གི་བུམ་པ་མར་མེའི་རྐྱེན་གྱིས་གསལ་བ་བཞིན་ནོ། །འཇིམ་པ་ལ་བུམ་པ་ཡོད་པ་མཐོང་བར་ཐལ་བའི་ཉེས་པ་མེད་དེ། དངོས་པོ་རྣམས་ཡོད་ཀྱང་རྒྱུ་གཉིས་ཀྱིས་དམིགས་པར་མི་འགྱུར་བའི་ཕྱིར་ཏེ། རྒྱུད་དྲུག་ཅུ་པ་ལས། ཧ་ཅང་རིང་ཕྱིར་ཉེ་ཕྱིར་དང་། །དབང་པོ་ཉམས་ཕྱིར་ཡིད་མེད་ཕྱིར། །ཆ་ཕྲའི་ཕྱིར་དང་བསྒྲིབས་པའི་ཕྱིར། །ཟིལ་གནོན་ཕྱིར་དང་འདྲེས་ཕྱིར་རོ། །ཞེས་པས། རྒྱུ་གཉིས་གཉིས་ཀྱི་རྐྱེན་ཡོད་པས་ཡོད་ཀྱང་གསལ་བར་མི་མཐོང་བ་ནི། སྤྱིར་རིང་བས་མི་མཐོང་བ་ཉི་ཟླའི་འགྲོས་བཞིན་ནོ། །ཉེ་བས་མི་མཐོང་བ་མིག་གིས་ལྐོགས་པ་བཞིན་ནོ། །དབང་པོ་ཉམས་པས་མི་མཐོང་བ་ལོང་བས་གཟུགས་བཞིན་ནོ། །ཡིད་མེད་པས་མི་མཐོང་བ་གཉིད་དུ་སོང་དུས་ཀྱི་ཉེ་འཁོར་གྱི་སྣང་བ་བཞིན་ནོ། །ཕྲ་བས་མི་མཐོང་བ་བག་ཕྱེའི་རྡུལ་ཕྲན་བཞིན་ནོ། །བསྒྲིབས་པས་མི་མཐོང་བ་ལུས་ཀྱི་ནང་ཁྲོལ་བཞིན་ནོ། །ཟིལ་གྱིས་མནན་པས་མི་མཐོང་བ་ཉིན་པར་གྱི་སྐར་མ་བཞིན་ནོ། །འདྲེས་པས་མི་མཐོང་བ་ཁྲག་དང་འོ་མ་འདྲེས་དུས་ཀྱི་འོ་མའི་རྡུལ་བཞིན་ནོ། །དེ་དག་ལས་འདིར་འཇིམ་པའི་དུས་ཀྱི་བུམ་པའང་རྒྱུའི་ནུས་པས་འབྲས་བུ་ཟིལ་གྱིས་མནན་པས་མ་མཐོང་བ་ཡིན་ལ། དངོས་པོ་འཇིག་པའང་གསལ་བ་བསྐལ་པའམ་གཙོ་བོ་ལ་ཐིམ་པས་མི་གསལ་བ་ཡིན་ཏེ། ཕྱུགས་ཁྱིམ་དུ་བཙུད་པ་ལྟ་བུ་ཡིན་གྱི། ཡོད་པ་གཏན་མེད་དུ་འགྱུར་བའི་འཇིག་པ་མ་ཡིན་ནོ། །མདོར་ན་དངོས་པོ་རྣམས་ནི་སྔར་མེད་གསར་དུ་སྐྱེ་བ་དང་། ཡོད་པ་གཏན་ནས་འཇིག་པ་མེད་ཀྱི། འོན་ཀྱང་རང་བཞིན་རྟག་ལ་གནས་སྐབས་རྣམ་
པར་འགྱུར་བ་ཡིན་ཏེ། གཙོ་བོ་ལས་བྱུང་ཞིང་གཙོ་བོར་ནུབ་པ་ནི། ལུག་གི་གནས་སྐབས་དང་། བལ་དང་། སྣམ་བུ་དང་། སྣམ་རས་དང་། བྱེ་མ་དང་། རྡུལ་ཕྲན་དུ་གྱུར་ནས་མི་གསལ་དུས་གཙོ་བོ་ཉིད་དུ་རོ་གཅིག་པས་བལྟར་མི་མངོན་པ་ཡིན་ནོ། །དང་པོ་ཡང་གཙོ་བོའི་རང་བཞིན་ཡིན་པས་རྡུལ་ཉག་ཆེས་ཕྲ་བ་ཉིད། གནས་སྐབས་རྣམ་འགྱུར་གྱིས་གསལ་བར་སྣང་ཡང་། མཐར་དང་པོའི་རང་བཞིན་ལས་གཞན་དུ་འགྱུར་བ་མེད་པ་བཞིན་ནོ། །དེ་ཡང་དབང་པོ་དང་ཡུལ་དང་འབྱུང་བ་སྟེ་ཉི་ཤུ་རྩ་བཞི་ལ་ལོངས་སྤྱོད་པ་ནི་བདག་གམ་སྐྱེས་བུ་ཞེས་བྱ་སྟེ། ཤེས་པ་ཡིན་པ། རྟག་པ་ཡིན་པ། གཅིག་པུ་ཡིན་པ། བྱེད་པ་པོ་མ་ཡིན་པ། ཟ་བ་པོ་ཡིན་པ་སྟེ། ཆོས་ལྔ་ལྡན་པར། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །དེ་དབྱེ་དེ་དབྱེ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཞེས་པ་བཞིན་ནོ། །དེ་ལ་ཤེས་པ་ཡིན་ཏེ་ཡུལ་རིག་པའི་ཕྱིར་རོ། །རྟག་པ་ཡིན་ཏེ། དུས་གསུམ་དུ་མི་འགྱུར་བའི་ཕྱིར། དེ་ཡང་རང་བཞིན་མི་འགྱུར་ལ་གནས་སྐབས་རྐྱེན་གྱིས་བདེ་བ་ལ་སོགས་པར་འགྱུར་བར་འདོད་དོ། །གཅིག་པུ་ཡིན་ཏེ། སེམས་ཅན་རེ་རེ་ལ་ཤེས་རིག་གཅིག་ལས་མེད་པའི་ཕྱིར་རོ། །དེ་རེ་རེས་ཀྱང་ཐམས་ཅད་ལ་ཁྱབ་པས་ན་འགྲོ་འོང་མེད་པའོ། །བྱེད་པ་པོ་མ་ཡིན་ཏེ་གང་དུའང་མི་བྱེད་པའི་ཕྱིར་ཏེ་སྣང་སྲིད་ཀུན་གཙོ་བོས་བྱེད་པའི་ཕྱིར་རོ། །ཟ་བ་པོ་ཡིན་ཏེ་གཙོ་བོས་སྤྲུལ་པའི་རྣམ་འགྱུར་ལ་ལོངས་སྤྱོད་པའི་ཕྱིར་རོ། །གོ་བདེར་ངོ་སྤྲད་ན་གཟུགས་ལྟ་བུ་མཐོང་དུས་གསལ་ལ་མ་འགགས་པའི་ཤེས་པ་ཡེར་རེ་སང་ངེ་བ་ཡུལ་ཐོག་ན་མི་རྟོག་པར་རང་གནས་སུ་ནང་དུ་ཤར་བ་དེ་ལ་བདག་ཅེས་ཟེར་བས། དེ་ལ་གོམས་པ་དག་གྲོལ་བར་འདོད་པ་ཡིན་ནོ། །དེ་ཡང་མིག་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་ཆོས་ཅན། གཞན་གྱི་དོན་བྱེད་པ་ཡིན་ཏེ། འདུས་བྱས་ཤིང་བསག་པའི་ཕྱིར། དཔེར་
ན་མལ་ཆ་དང་སྟན་བཞིན་ནོ། །ཤེས་བྱ་ལ་དེ་ཙམ་ཉི་ཤུ་རྩ་ལྔ་ལས་མེད་ལ། ཉི་ཤུ་རྩ་བཞི་པོ་རྩོད་གཞིར་གྱུར་པ་ན་གཞན་སྐྱེས་བུ་ལས་འོས་མེད་པའོ་ཞེས་འདོད་དོ། །གཉིས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། བེམ་པོ་དང་རིག་པའི་སྒོ་ནས་རྣམ་པར་གཞག་པ་དང་། རྒྱུ་དང་འབྲས་བུའི་སྒོ་ནས་རྣམ་པར་གཞག་པ་དང་། ཀུན་རྫོབ་དང་དོན་དམ་གྱི་སྒོ་ནས་རྣམ་པར་གཞག་པའོ། །དང་པོ་ནི་བེམ་པོ་ཉི་ཤུ་རྩ་བཞི་ཡིན་ལ་བདག་གཅིག་པུ་རིག་པ་ཡིན་ནོ། །གཉིས་པ་ནི་རང་བཞིན་དང་རྣམ་འགྱུར་དུ་བརྗོད་པས་གཞག་ལ་མུ་བཞི་ལས། གཙོ་བོ་ནི་རང་བཞིན་ཁོ་ནའི་མུ་སྟེ་སུས་ཀྱང་མ་བསྐྱེད་པའི་ཕྱིར་རོ། །ང་རྒྱལ་དང་བློ་དང་ཡུལ་ལྔ་སྟེ་བདུན་ནི་རྒྱུ་འབྲས་གཉིས་ཀའི་མུ་སྟེ། གཙོ་བོ་ལས་སྐྱེས་ཤིང་། བློ་ལས་ང་རྒྱལ་དང་། ང་རྒྱལ་ལས་དེ་ཙམ་སོགས་སྐྱེ་ལ། དེ་ཙམ་ལས་འབྱུང་བ་ལྔ་བསྐྱེད་པའི་ཕྱིར་རོ། །དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་སྟེ། བཅུ་དྲུག་ནི་རྣམ་འགྱུར་ཁོ་ན་སྟེ་གཙོ་བོ་ལས་སྐྱེས་ཤིང་། ཕར་ལ་སུ་ཡང་མི་བསྐྱེད་པས་སོ། །བདག་ནི་རྒྱུ་འབྲས་གཉིས་ཀ་མ་ཡིན་ཏེ་སུས་ཀྱང་མ་བསྐྱེད་ཅིང་ཕར་ལའང་མི་བསྐྱེད་པའི་ཕྱིར་རོ། །ཚུལ་འདི་དེང་སང་རང་གི་ཁོངས་སུ་གཏོགས་པར་རློམ་པའི་ཆེན་པོ་ཁ་ཅིག་འདོད་དེ། སེམས་ཉིད་ད་ལྟ་བ་གསལ་ལ་མི་རྟོག་པ་འདི་ལ་རྒྱུ་འབྲས་གང་ཡང་མེད་ཅིང་། འདིས་ཀྱང་རྒྱུ་འབྲས་གང་ཡང་མི་བསྐྱེད་པས་དེའི་ངང་དུ་གོམས་པར་བྱའོ་ཞེས་ངོ་སྤྲོད་པར་སྣང་ངོ་། །དེ་ཉིད་གྲངས་ཅན་དང་འདོད་པ་གཅིག་པས་དེའི་ཕྱོགས་ལ་བརླན་ནོ། །སྔ་མ་ལས། གཙོ་བོ་རང་བཞིན་ཉིད་འགྱུར་མིན། །ཆེན་པོ་སོགས་བདུན་རང་བཞིན་དང་། །འགྱུར་བ་བཅུ་དྲུག་འགྱུར་བ་ཉིད། །སྐྱེས་བུ་རང་བཞིན་རྣམ་འགྱུར་མིན། །ཞེས་སོ། །བདེན་པ་གཉིས་ཀྱི་རྣམ་པར་གཞག་པ་ནི། གཙོ་བོ་བེམ་པོ་དང་། བདག་ཤེས་རིག་སྐྱེས་བུ་གཉིས་དོན་དམ་ཡིན་ལ། གཞན་ཉི་ཤུ་རྩ་གསུམ་ཀུན་རྫོབ་སྟེ། དེ་ཉིད་ལས། ཡོན་ཏན་གསུམ་གྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྱུར་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་
བཞིན་དུ་ཤིན་ཏུ་གསོག །ཅེས་སོ། །རང་གི་སྡེ་པས་སྣང་བ་སྒྱུ་མར་ཁས་བླངས་པ་དེ་དང་མི་འདྲ་སྟེ། སྣང་ཚུལ་མི་བདེན་ཡང་། གཙོ་བོར་བདེན་པར་ཁས་ལེན་མི་ལེན་གྱི་ཁྱད་ཡོད་དོ། །གསུམ་པ་དེ་དག་གི་དོན་ཤེས་པས་གྲོལ་བ་ནི་དེ་ཙམ་ཉི་ཤུ་རྩ་ལྔའི་རང་བཞིན་ལེགས་པར་ཤེས་ནས་བསྒོམས་ན་ཆ་ལུགས་གང་ལྟར་ཡང་འདྲ་སྟེ། དབང་ཕྱུག་པ་ལྟར་རལ་པའི་ཁུར་བུའམ། ཀུན་ཏུ་རྒྱུ་ལྟར་སྐྲ་སྤྱི་བོར་བཅིངས་སམ། གཅེར་བུ་པ་ལྟར་སྐྲ་སྤྱི་བོར་འདུག་ཀྱང་གྲོལ་བ་ཉིད། དབང་ཕྱུག་ནག་པོ་ལས། དེ་ཙམ་ཉི་ཤུ་ལྔ་ཤེས་ན། །རལ་པའམ་སྤྱི་བོ་ཅོད་པན་ནམ། །ཆ་ལུགས་གང་གིས་གནས་ཀྱང་རུང་། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ཡང་རྣལ་འབྱོར་པ་བསམ་གཏན་གྱི་སེམས་ཐོབ་པས་འདོད་ཡོན་ཐམས་ཅད་ལ་ཡིད་བྱུང་སྟེ། ཀྱེ་མ་ཡུན་རིང་པོར་དོན་མེད་པའི་སྣང་བས་བསླུས་སྙམ་ནས། རྣམ་འགྱུར་འདི་རྣམས་ཅི་ལས་བྱུང་བ་བརྟགས་པས། གཙོ་བོས་སྤྲུལ་པར་ཤེས་ནས། གཙོ་བོ་ལ་བལྟས་པས་ངོ་ཚ་བའི་ཚུལ་དུ་བྲོས་ཏེ་སོང་བ་དང་། མའི་ཕྱིར་ཕྲུ་གུ་འབྲངས་པ་བཞིན། རྣམ་འགྱུར་རྣམས་ཀྱང་གཙོ་བོའི་ཕྱིར་འབྲངས་པས་ཤེལ་རས་དང་བྲལ་བ་ལྟར་བདག་གཅིག་པུ་ཡུལ་ལ་མི་བསྐྱོད་པར་རྟོག་མེད་རྩེ་གཅིག་ལ་གནས་པ་ནི་ཐར་པ་ཞེས་བྱའོ་ཞེས་འདོད་དོ། །དེ་དགག་པ་ལ་གསུམ་སྟེ། སྒྲུབ་བྱེད་མེད། གནོད་བྱེད་ཡོད། ཤེས་པས་མི་གྲོལ་བའོ། །དང་པོ་ལ་གཙོ་བོ་མི་འགྲུབ་པ། རྒྱུ་འབྲས་མི་འགྲུབ་པ། བདག་མི་འགྲུབ་པ་གསུམ་ལས། དང་པོ་ནི་དེ་ཡང་མེད་པ་གཞན་ལས་གྲོལ་ཡང་དངོས་པོའི་ཁྱབ་པ་མ་གྲུབ་སྟེ། རང་ཉིད་མེད་པ་ལས་མ་གྲོལ་བའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། །བདེ་སྡུག་གཏི་མུག་ཙམ་ལས་གཙོ་བོའི་ཁྱབ་པ་མ་གྲུབ་ཅིང་། གཙོ་བོའི་གཟུགས་བརྙན་གྱི་བདེ་སྡུག་དམིགས་པའི་ཕྱོགས་ཆོས་མ་གྲུབ་པའོ། །གཉིས་པ་ནི་རང་བཞིན་དང་ནུས་པ་རྗེས་སུ་བྱེད་པ་ཙམ་ལས་གཅིག་ཏུ་འགྱུར་བས་མ་ཁྱབ་སྟེ། གཙོ་བོ་དང་
བདག་ཀྱང་ཤེས་བྱར་མཚུངས་པ་དང་། ཝ་དང་སེང་གེ་ཡང་སྲོག་ཆགས་སུ་མཚུངས་པས་སོ། །དེ་དག་གཙོ་བོར་གཅིག་ཅེས་བརྗོད་པར་མི་ནུས་ཏེ་མངོན་སུམ་གྱིས་གསལ་ལ། བསྐྱེད་པས་ཡོད་པར་སྒྲུབ་པ་ནི་འགལ་བའི་རྟགས་ཡིན་ཏེ། ཡོད་པ་སྐད་ཅིག་གཉིས་པར་འགགས་པས་སྐྱེར་མི་རུང་བའི་ཕྱིར་རོ། །གསུམ་པ་ནི་དངོས་པོ་གཞན་ཙམ་ཞིག་གྲུབ་པས་ནི་བདག་མི་འགྲུབ་སྟེ། བུམ་པ་ལས་སྣམ་བུ་བསྒྲུབ་པ་བཞིན་ནོ། །འདུས་པ་མ་ཡིན་པའི་གཞན་ཅེས་པས་བསྒྲུབས་ན་ནི་འགལ་ཏེ། འདུས་པ་ཙམ་ལས་རྟག་པའི་དོན་མི་བྱེད་པས་ཁྱབ་པའི་ཕྱིར་རོ། །གནོད་བྱེད་ཡོད་པ་ལ་དྲུག་སྟེེ། སྣ་ཚོགས་པའི་གཙོ་བོ་དང་། རྒྱུ་ལ་འབྲས་གནས་དང་། བདག་ཡུལ་ལ་ལོངས་སྤྱོད་པ་དང་། བདེ་སྡུག་ལྐོག་གྱུར་དང་། སེམས་ལྐོག་གྱུར་དང་། འཇིག་པའི་བསྐལ་པ་དགག་པའོ། །དང་པོ་ལ་གསུམ་སྟེ། འབད་པ་དོན་མེད། གསུམ་གཅིག་ཏུ་མི་རུང་། འཁྲུལ་མ་འཁྲུལ་དུ་མི་འཐད་པའོ། །དང་པོ་ནི་ཟས་ཟོས་པ་ལ་སོགས་པའི་རྐྱེན་དང་། ལམ་སྒོམ་པ་དོན་མེད་པར་ཐལ་ཏེ། བཀྲེས་པ་ལ་སོགས་པ་དང་འཁོར་བའི་སྡུག་བསྔལ་རྟག་པའི་ཕྱིར་རོ། །རྡུལ་ཕྲན་དུ་གྱུར་པ་རགས་པས་ཟིལ་གྱིས་མནན་པ་ལྟར། བདེ་བ་རགས་པས་སྡུག་བསྔལ་ཟིལ་གྱིས་མནན་པས་ཉེས་པ་མེད་དོ་ཞེ་ན། སྡུག་བསྔལ་དེ་སྡུག་བསྔལ་མ་ཡིན་པར་ཐལ་ཏེ་ཉམས་སུ་མ་མྱོང་བའི་ཕྱིར་རོ། །ཕྲ་རགས་དེ་དག་ཀྱང་གཅིག་མ་ཡིན་པར་ཐལ་ཏེ་ཆོས་འགལ་བའི་ཕྱིར་རོ། །རྣམ་ངེས་ལས། སྡུག་བསྔལ་དེ་ཉིད་དུ་ཡོད་ན། །ཅི་སྟེ་རབ་དགའ་ལ་མི་གནོད། །རགས་པ་དོར་ནས་ཕྲར་གྱུར་པ། །ཕྲ་རགས་དེ་དག་མི་རྟག་ཉིད། །སྟོབས་དང་ལྡན་པས་ཟིལ་མནན་ཕྱིར། །གལ་ཏེ་དེ་མྱོང་མ་ཡིན་ན། །གང་ཞིག་ཉམས་མྱོང་བདག་ཉིད་མིན། །དེ་ནི་ཚོར་བ་ཇི་ལྟར་ཡིན། །ཞེས་པ་ལྟར་རོ། །གཉིས་པ་ནི་བདེ་སྡུག་བར་མའི་སེམས་གསུམ་གཅིག་ཏུ་ཚོགས་པ་
མི་རུང་སྟེ། སེམས་པ་དང་གདུང་བ་གཉིས་ཆོས་འགལ་བའི་ཕྱིར་རོ། །གསུམ་པ་ནི་ཤེས་བྱ་འདི་རྣམས་སྣ་ཚོགས་སུ་སྣང་ཡང་གཙོ་བོའི་རང་བཞིན་གཅིག་ཉིད་ཡིན་ན། གཅིག་ལ་དུ་མར་སྣང་བའི་བློ་དེ་འཁྲུལ་ལམ་མ་འཁྲུལ། མ་འཁྲུལ་ན་དུ་མར་དངོས་སུ་བདེན་པར་འགྱུར་ཏེ་དུ་མར་སྣང་ཞིང་མ་འཁྲུལ་པའི་གཟུང་ཡུལ་ཡིན་པའི་ཕྱིར་རོ། །འདོད་ན་གཅིག་གི་དངོས་པོ་ཉམས་སོ། །འཁྲུལ་ན་དེའི་ཡུལ་དངོས་མེད་ཡིན་པས་དངོས་པོ་ཙམ་མེད་པས་ན་གཅིག་གི་དངོས་པོར་ཤིན་ཏུ་ཡང་མི་རུང་ངོ་། །རང་གི་སྡེ་པར་འདོད་པ་ཁ་ཅིག་སྣ་ཚོགས་སུ་སྣང་བ་འདི་དུ་མར་སྣང་ཡང་སེམས་སུ་བདེན་ཏེ་རོ་གཅིག་ཅེས་པ་དེ་དང་འདྲ་བར་ཁེགས་པ་ཉིད་དོ། །རྒྱུ་ལ་འབྲས་གནས་དགག་པ་ལ་གཉིས་ཏེ། དོན་མི་འཐད་པ། དཔེ་མ་གྲུབ་པའོ། །དང་པོ་ལ་བདུན་ཏེ། མཐོང་བར་ཐལ་བ། རྐྱེན་གྱིས་ཐ་དད་དུ་མི་འགྱུར་བར་ཐལ་བ། འགལ་འདུས་སུ་ཐལ་བ། འབྲས་བུའི་བྱ་བ་བྱེད་པར་ཐལ་བ། རྒྱུའི་གྲངས་སྙེད་ཀྱི་འབྲས་བུར་ཐལ་བ། ཐམས་ཅད་ཐམས་ཅད་ཀྱི་དངོས་པོར་ཐལ་བ། གསལ་མི་གསལ་བརྟགས་པ་མཚུངས་པའོ། །དང་པོ་ནི། ཉུངས་ཞི་ལ་ཉུངས་རྡོག་ཡོད་པའི་ཕྱིར་མཐོང་བར་ཐལ་ལོ། ཁྱབ་པ་མེད་དེ་མི་གསལ་བས་སོ་ཞེ་ན། ད་ལྟ་ཡོད་པ་དང་ཕྱིས་ཀྱི་མཐོང་བ་གཅིག་མ་ཡིན་པར་ཐལ་ཏེ་གསལ་མི་གསལ་དུ་ཡོད་པ་གཉིས་ཀ་འགལ་བའི་ཕྱིར་རོ། །མི་གསལ་བའི་རྒྱུ་བརྒྱད་ལས་ཀྱང་། རིང་བ་དང་ཉེ་བར་མི་རུང་སྟེ་རྒྱུ་དང་གོ་གཅིག་པས་སོ། །དབང་པོ་ཉམས་པ་དང་། བསྒྲིབ་པ་དང་། ཟིལ་གྱིས་གནོན་པར་མི་རུང་སྟེ་རྒྱུ་མཐོང་བས་སོ། །ཡིད་མེད་པར་མི་རུང་སྟེ། འབྲས་བུ་ཡོད་མེད་ལ་བློ་གཏད་པས་སོ། །ཕྲ་བས་མི་རུང་སྟེ་རྒྱུ་བས་རགས་པས་སོ། །འདྲེས་པར་མི་རུང་སྟེ། ཆུང་ངུའི་གོར་ཆེན་པོ་མི་ཤོང་ལ་ཆ་གཅིག་འདྲེས་པ་ཙམ་གྱིས་ནི་གཞན་མི་སྒྲིབ་པའི་ཕྱིར་རོ། །དེ་ལ་གལ་ཏེ་སྤྱིར་མི་མཐོང་བ་ཙམ་གྱིས་ཁེགས་པ་ཡིན་
ནམ་མ་ཡིན། ཁེགས་ན་ལྷ་དང་དམྱལ་བ་སོགས་ཁེགས་པས་རྒྱང་འཕེན་པ་འགྲུབ་པར་འགྱུར་ལ། མི་ཁེགས་ན་གྲངས་ཅན་པའི་རྒྱུ་ལ་འབྲས་བུ་མི་ཁེགས་སོ་ཞེ་ན། ཡུལ་ལ་སྣང་རུང་ཡིན་མིན་གཉིས་ལས། སྣང་རུང་རྣམས་མི་དམིགས་པས་ཁེགས་ལ། མི་རུང་བ་མི་ཁེགས་པས་སྐྱོན་གཉིས་ཀ་མེད་དོ། །དེ་ཡང་ཡུལ་དུས་སྣང་བ་གསུམ་གྱིས་བསྐལ་པ་ནི་སྣང་དུ་མི་རུང་སྟེ། སྒྲ་མི་སྙན་གྱི་བུམ་པ་དང་། ཁམས་སྣ་ཚོགས་ཅན་གྱི་སྤྲིན་དང་། ཤ་ཟ་དག་བཞིན་ནོ། །དེ་གསུམ་གྱིས་མ་བསྐལ་པ་ནི་སྣང་བ་སྟེ་ཉི་ཟླ་བཞིན་ནོ། །དེས་ན་བུམ་པ་ལ་སོགས་པ་ཡོད་ན་སྣང་དགོས་ལ་དམྱལ་བ་ལ་སོགས་པ་ཡུལ་ལམ་རྣམ་པས་བསྐལ་པས་མི་མཚུངས་ཏེ། མ་དམིགས་པར་མཚུངས་ཀྱང་། མདུན་འདིར་ཙནྡན་ཁེགས་ལ་མ་ལ་ཡར་མི་ཁེགས་པ་བཞིན་ནོ། །རྐྱེན་གྱིས་ཐ་དད་དུ་མི་འགྱུར་བར་ཐལ་བ་ནི། འཇིམ་པ་ལ་བུམ་པ་ཁོ་ནར་ཡོད་ན་ཁམ་ཕོར་བྱས་ཀྱང་བུམ་པ་ཁོ་ན་འབྱུང་བར་ཐལ་བ་ལ་སོགས་པར་ཐལ་ལོ། །འགལ་འདུས་སུ་ཐལ་བ་ནི། ལྕགས་གཅིག་ལ་ཚ་གྲང་དང་། མདའ་གཅིག་ལ་འགྲོ་སྡོད་དང་། ཐལ་མོའི་འདུ་འབྲལ་ལ་སོགས་པ་ཅིག་ཅར་ཚང་བ་དང་། བག་ཟན་ལ་གཟུགས་བརྙན་བྱེད་པའི་ཚེ་སེང་གེ་དང་རུས་སྦལ་ལ་སོགས་པ་བྱར་རུང་ངོ་ཅོག་ཡོད་པ་རྒྱུ་དེ་ལ་གཟུགས་དེ་དག་དངོས་སུ་ཚང་བར་ཐལ་ལོ། །འདོད་ན་མི་འདུག་པས་དངོས་སུ་བསལ་ལ། རིགས་མི་མཐུན་གོ་ས་གཅིག་ཏུ་རྒྱུ་གཅིག་ལ་ཚང་དུ་མི་རུང་བས་ཀྱང་བསལ་ལོ། །འོ་ན་སྐྲའི་ཁྱོན་ཙམ་ལ་འགྲོ་བ་དུ་མ་གནས་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་དག་ནི་དངོས་པོ་ལ་མེད་པའི་འཁྲུལ་སྣང་ཡིན་པས་མི་མཚུངས་ཏེ། ཀླུ་སྒྲུབ་ཞབས་ཀྱིས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །ཞེས་པ་བཞིན་ནོ། །འབྲས་བུའི་བྱ་བ་བྱེད་པར་ཐལ་བ་ནི། བུད་ཤིང་ཁུར་དུས་ལུས་
ཚིག་པའམ། ཟན་ཟ་བའི་ཚེ་མི་གཙང་བ་ཟ་བའམ། རས་བལ་གྱི་ཚེ་གོས་སུ་གྲུབ་པར་ཐལ་ཏེ། སྤྱོད་འཇུག་ལས། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །རས་ཀྱི་རིན་གྱིས་རས་བལ་གྱི། །ས་བོན་ཉོས་ལ་བགོ་བར་གྱིས། །ཞེས་པ་བཞིན་ནོ། །རྒྱུའི་གྲངས་སྙེད་ཀྱི་འབྲས་བུར་ཐལ་བ་ནི། སྣལ་མ་རེ་རེ་དང་། ཐགས་ཆ་རེ་རེ་དང་། ཐག་པའི་སོར་མོ་རེ་རེ་ལ་སྣམ་བུ་རེ་རེ་ཡོད་པར་འགྱུར་ཏེ་མེད་པ་ལས་མི་འབྱུང་བས་སོ། །གལ་ཏེ་རྒྱུ་ལ་ཡོད་ཀྱི་རྐྱེན་ལ་མེད་དོ་ཞེ་ནའང་། མེད་པ་ལས་འབྱུང་དུ་རུང་བ་མི་རུང་མཚུངས་པ་ཉིད་དོ། །ཐམས་ཅད་ཐམས་ཅད་ཀྱི་དངོས་པོར་ཐལ་བ་ནི། དངོས་པོ་ཐམས་ཅད་ཀྱིས་ཀྱང་རེས་འགའ་ཕན་འདོགས་ཏེ་ལམ་གྱིས་རྟེན་པ་དང་། ཆུས་ཚད་པ་སེལ་བ་དང་། སྒྲོན་མས་མུན་པ་སེལ་བ་བཞིན་ནོ། །དེའི་ཕྱིར་རྩྭ་ཉག་མ་གཅིག་གི་རྩེ་ན་གླང་པོ་ཆེ་བརྒྱ་ལ་སོགས་པ་ཡོད་པར་འགྱུར་ཏེ། རྣམ་འགྲེལ་ལས། རྩྭ་མཆོག་སྟེང་ན་གླང་ཆེན་བརྒྱ། །སྔོན་ཆད་མ་མཐོང་ཡོད་དོ་ཞེས། །དེ་ལྟར་གྲངས་ཅན་ཕྱུགས་ལས་གཞན། །ངོ་ཚ་བཅས་པ་སུ་ཞིག་བརྗོད། །ཅེས་པ་བཞིན་ནོ། །གསལ་མི་གསལ་བརྟག་པ་མཚུངས་པ་ནི། བུམ་པའི་དབྱིབས་སྔར་མེད་པའང་སྐྱེར་མི་རུང་ན། བུམ་པའི་གསལ་བ་སྔར་མེད་པའང་སྐྱེ་བར་ཅི་སྟེ་རུང་། དེ་ནི་ངོ་བོ་ལས་གསལ་བར་འགྱུར་བ་མ་ཡིན་གྱི། ངོ་བོ་མེད་ན་འགྱུར་བའི་རྟེན་ཡང་མེད་པས་སོ་ཞེ་ན། གསལ་མི་གསལ་ཡང་ཆོས་འགལ་བས་གཅིག་ཏུ་མི་རུང་ལ། མི་གསལ་བ་གསལ་བར་འགྱུར་དུ་རུང་ན། འཇིམ་པ་བུམ་པར་གསལ་བར་འགྱུར་བའང་མི་རུང་བ་མེད་དེ། གསལ་བ་མེད་པར་སྐྱེ་བ་ནི་ཁྱོད་མི་འདོད་ཀྱང་གནས་པ་ཉིད་དོ། །དཔེ་མ་གྲུབ་པ་ནི། ཁྱེའུ་ལ་སོགས་པ་དེ་དག་ཀྱང་ཡོད་པ་སྐྱེ་བ་མ་ཡིན་ཏེ། ཡང་དག་པར་སྐྱེ་བ་ཙམ་ཡང་མེད་ཅིང་། ཐ་སྙད་དུ་དངོས་པོ་སྐད་ཅིག་གི་ཕྲེང་བ་ཡིན་པས་ན། མ་ལ་གནས་པའི་སྐད་ཅིག་ནི་སྐྱེ་བའི་
སྐད་ཅིག་ཏུ་མི་རུང་ལ། གནས་པ་དང་སྐྱེ་བའི་སྐད་ཅིག་ཆ་ཤས་མེད་པ་གཉིས་ཕྲད་པ་མ་གྲུབ་པས་སོ། །བདག་ཡུལ་ལ་ལོངས་སྤྱོད་པ་དགག་པ་ནི། སྒྲ་ལ་ལོངས་སྤྱོད་པའི་བདག་དེ་རྟག་ཏུ་ལོངས་སྤྱོད་པར་ཐལ་ཏེ། ལོངས་སྤྱོད་པར་རྟག་པའི་ཕྱིར་དེ་བརྟག་ན་གཙོ་བོའི་རང་བཞིན་དུ་རྟག་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ལ་ལོངས་མི་སྤྱོད་པའི་བདག་ཀྱང་རྟག་ཏུ་ལོངས་མི་སྤྱོད་པར་ཐལ་ཏེ་ལོངས་མི་སྤྱོད་པར་རྟག་པའི་ཕྱིར་རོ། །ཞི་བ་ལྷས། གལ་ཏེ་སྒྲ་ཡི་ཤེས་རྟག་ན། །ཐམས་ཅད་ཚེ་ན་སྒྲ་འཛིན་འགྱུར། །ཤེས་བྱ་མེད་ན་ཅི་རིག་ནས། །གང་གིས་ཤེས་པ་ཞེས་བརྗོད་བྱེད། །གལ་ཏེ་ཤེས་མེད་ཤེས་ཡིན་ན། །ཤིང་ཡང་ཤེས་པར་ཐལ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ནི་སྒྲ་ཡོད་པའི་ཚེ་སྤྱོད་ལ་མེད་པའི་ཚེ་མི་སྤྱོད་ཅེ་ན། བདག་དེ་ནི་མི་རྟག་པར་ཐལ་ཏེ། སྒྲ་ལ་སྤྱོད་མི་སྤྱོད་རེས་འགའ་བའི་རྗེས་སུ་བྱེད་པའི་ཕྱིར་རོ། །འཇིག་པའི་བསྐལ་པ་དགག་པ་ནི། བུམ་པ་ཆག་པའི་ཚེ། བུམ་པའི་ངོ་བོ་དང་གསལ་བ་དང་བསྐལ་པ་དང་གསུམ་གཅིག་གམ་ཐ་དད། ཐ་དད་ན་ནི་གསལ་བ་ཉིད་མ་བསྐལ་པར་ཐལ་ཏེ། བསྐལ་པའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །གཅིག་ན་ནི་བུམ་པའི་ངོ་བོ་ཡང་འགགས་པར་ཐལ་ཏེ། འགགས་པར་གསལ་བ་དང་གཅིག་པའི་ཕྱིར་གསལ་བ་ཉིད་བཞིན་ནོ། །གསལ་བ་འགགས་ཀྱང་ངོ་བོ་མི་འགག་ན་གསལ་བ་དང་ངོ་བོ་ཐ་དད་དུ་འགྱུར་ཏེ། ཆོས་འགལ་བའི་ཕྱིར་ཚ་རེག་དང་གྲང་རེག་བཞིན་ནོ། །ཤེས་པས་མི་གྲོལ་བ་ནི། དེ་ཙམ་ཉི་ཤུ་རྩ་ལྔ་པོ་ཉིད་ཤེས་ཀྱང་གྲོལ་བའི་ཐབས་མ་ཡིན་ཏེ། ཤེས་བྱའི་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་སྣང་བ་བཞིན་ནོ། །དེ་ཙམ་ཉི་ཤུ་རྩ་ལྔ་ཤེས་པའི་གང་ཟག་དེ་ཡང་དེ་ཙམ་གྱིས་མི་གྲོལ་ཏེ་ཤེས་བྱའི་དེ་ཁོ་ན་ཉིད་ཤེས་པ་མ་ཡིན་པའི་ཕྱིར་སྣང་བ་ཤེས་པ་བཞིན་ནོ། །ཚུལ་འདིས་རང་སེམས་སངས་རྒྱས་སུ་འདོད་པའང་ཁེགས་པ་ཡིན་ནོ། །འདིར་ནི་སྣང་ཚུལ་འཁྲུལ་པ་ཅི་སྣང་ཡང་། དོན་ལ་
དག་མ་དག་མེད་པས་དག་མཉམ་སྤྲོས་པ་དང་བྲལ་བར་གཏན་ལ་ཕབ་པ་ཡིན་ནོ། །ད་ནི་བྱེ་བྲག་པའི་གྲུབ་མཐའ་བརྗོད་པ་ནི། བྱེ་བྲག་པ་དག་ཤེས་བྱའི་དོན་དྲུག་གིས། །རྣམ་གྲོལ་སྒྲུབ་སྟེ་ཡང་དག་མ་ཡིན་ཉིད། །མུ་སྟེགས་བྱེ་བྲག་པས་ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་ཏུ་གཏན་ལ་ཕབ་ནས་གྲོལ་བར་འདོད་པ་ཡང་། ཡང་དག་པའི་དོན་མ་ཡིན་ཏེ་ཕྱིན་ཅི་ལོག་གི་ཕྱོགས་ལ་ཞུགས་པའི་ཕྱིར་རོ། །འདིར་དེའི་གཞུང་གི་གྲུབ་མཐའ་དགོད་པ་དང་། དགག་པ་གཉིས་ཀྱིས་ཤེས་པར་བྱ་བ་ལས། དང་པོ་ནི། འབྲས་ཀྱི་ཟེ་ཀ་རེ་ཟ་ཞིང་དབང་ཕྱུག་བསྒྲུབས་པས་གྲུབ་པ་ཐོབ་པར་སྨྲ་བའི་མུ་སྟེགས་པ་དག་ནི། གཟེགས་ཟན་སྟོན་པར་འཛིན་ཅིང་། དབང་ཕྱུག་ལྷར་བྱེད་ལ། དེས་བསྟན་པའི་གཞུང་ཞི་བའི་རྒྱུད་ལ་སོགས་པའི་རྗེས་སུ་འབྲངས་པ་ལ་དབྱེ་ན། དབང་ཕྱུག་པ། འུག་པ་པ། འུག་ཕྲུག་པ། བྱེ་བྲག་པ། རིག་པ་ཅན་པ་ཞེས་བྱའོ། །དེ་ཡང་དབང་ཕྱུག་ལྷར་འཛིན་པས་དབང་ཕྱུག་པའོ། །འུག་པ་ལྷར་འཛིན་པས་འུག་ཕྲུག་གམ་འུག་པ་པ་ཞེས་བྱའོ། །གཟེགས་ཟན་གྱིས་དབང་ཕྱུག་བསྒྲུབས་པའི་རྡོའི་ཕོ་མཚན་གྱི་སྟེང་དུ་འུག་པ་བབས་པ་ལ། དབང་ཕྱུག་ཏུ་བཟུང་ནས་རྫས་ཡོད་དམ་དྲིས་པས། མགོ་ཕྱོགས་བྱས་པ་ལ་སོགས་པ་དྲུག་གི་མཐར་འཕུར་བས་དེ་སྐད་གྲགས་སོ། །བྱེ་བྲག་ཁས་ལེན་པས་བྱེ་བྲག་པའོ། །རིག་པ་ཁས་ལེན་པས་རིག་པ་ཅན་ནོ། །འདིར་དེའི་གཞུང་གིས། བྱེད་པ་པོ་དབང་ཕྱུག་ཡིན་པ། དེ་མཆོད་པས་བདེ་འགྲོ་ཐོབ་པ། ཤེས་བྱ་ཚིག་གི་དོན་དྲུག་ཏུ་ངེས་པ། དེ་ཤེས་པས་ཐར་པ་དང་བཞི་ལས། དང་པོ་ལའང་དབང་ཕྱུག་གི་མཚན་ཉིད། ཡོན་ཏན། སྒྲུབ་བྱེད་གསུམ་ལས། མཚན་ཉིད་ནི་ལྔ་ལྡན་ཏེ། རྟག་པ་ཡིན་པ། གཅིག་པུ་ཡིན་པ། ལས་རྣམས་བློ་སྔོན་དུ་གཏོང་བའི་གཡོ་བས་བྱེད་པ། ལྷའི་འགྲོ་བས་བསྡུས་པ། གཙང་ཞིང་མཆོད་པར་འོས་པའོ། །རྟག་པ་ནི། ཐོག་མ་ནས་ཐ་མའི་བར་དུ་ཡོད་པས་སྐྱེ་འཆི་མེད་པའོ། །
གཅིག་པུ་ནི། འཇིག་རྟེན་ན་དབང་ཕྱུག་གཅིག་ལས་མེད་པའོ། །ལས་གཡོ་བས་བྱེད་པ་ནི། བཅིངས་ཐར་དང་། དབྱིབས་དང་ཁ་དོག་ལ་སོགས་པ་ཐམས་ཅད་བྱེད་པ་སྟེ། འཇིག་རྟེན་སྟོངས་པ་ན་དབང་ཕྱུག་གིས་འཇིག་རྟེན་སྤྲུལ་པར་འདོད་པའི་བློ་བསྐྱེད་དེ། དེའི་ཚེ་རླུང་གིས་རྡུལ་རྣམས་བསགས་ནས། རླུང་གི་དཀྱིལ་འཁོར་དང་། ཆུ་དང་། མེའི་ཕུང་པོ་བརྩམ་མོ། །དེའི་ནང་དུ་ཚངས་པའི་སྒོ་ང་བརྩམ་མོ། །དེའི་ནང་ནས་འཇིག་རྟེན་ཐམས་ཅད་ཀྱི་མེས་པོ་ཚངས་པ་གདོང་བཞི་རལ་པ་ཅན་པདྨའི་ལྟེ་བ་ལ་བཞུགས་པ། རིག་བྱེད་བཞིའི་སྒྲ་འདོན་པ་ཞིག་བྱུང་བ་དེའི་ཁ་ནས་བྲམ་ཟེ། དཔུང་པ་ལས་རྒྱལ་རིགས། བརླ་ལས་རྗེའུ་རིགས། རྐང་མཐིལ་ལས་དམངས་རིགས་སྐྱེས་སོ། །དེ་བཞིན་དུ་དང་པོ་འཇིག་རྟེན་ཆགས་པ། བར་དུ་གནས་པ། ཐ་མ་འཇིག་པ། མཐར་སྟོངས་པ་རྣམས་དབང་ཕྱུག་གིས་བྱེད་དོ། །ལྷས་བསྡུས་པ་ནི། གཞན་འཕྲུལ་དབང་བྱེད་ན་གནས་པའོ། །གཙང་ཞིང་མཆོད་པར་འོས་པ་ནི། ཁྱི་ཤ་ལ་སོགས་པ་ལ་མི་དགྱེས་ཤིང་། གཙང་མས་མཆོད་ན་དངོས་གྲུབ་སྟེར་བའི་ཕྱིར་རོ། །དེ་སྐད་དུ་ཞི་བའི་རྒྱུད་ལས། གང་ཞིག་ཕྲ་ཞིང་གཅིག་པུ་སྐྱེ་གནས་འདུག །དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱས། །དེ་ནི་དབང་ཕྱུག་མཆོག་ཡིན་ལྷ་མཆོད་བྱ། །ཡོན་ཏན་བྱེད་པ་ཞི་བ་རབ་ཏུ་ཐོབ། །ཅེས་པ་དང་། བ་ནི་བ་སྦྲ་རྣམས་ཀྱི་རྒྱུ། །ཆུ་ཤེལ་ཆུ་རྣམས་ཀུན་གྱི་རྒྱུ། །བླག་ཤ་ཡལ་གའི་རྒྱུ་ཡིན་ལྟར། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་འབྱུང་ངོ་། །ཡོན་ཏན་ནི། ཕྲ་བ་ལ་སོགས་པ་བརྒྱད་དེ། ལག་པ་དག་དང་རྐང་པ་དང་། །མིག་དང་བཞིན་དང་ལུས་རྣམས་ཀྱིས། །མང་པོ་བྱེད་ཅིང་འཇིག་བྱེད་པ། །དེས་ན་ཕྲ་བར་བརྗོད་པ་ཡིན། །མཁའ་ལ་རླུང་དང་ས་དང་ནི། །ཆུ་དང་མེ་དག་གནས་བྱེད་ཅིང་། །སྡུད་པ་དང་ནི་རྒྱས་བྱེད་པ། །དེས་ན་ཡང་བར་བརྗོད་པ་ཡིན། །འབྱུང་བ་ཀུན་ལ་དབང་བྱེད་ཅིང་། །གནས་པ་དག་དང་རྒྱུ་
བ་དང་། །གང་དང་གང་འདོད་དེ་བྱེད་པ། །དེས་ན་བདག་པོར་གྱུར་ཅེས་བྱ། །བདག་ལ་རག་ལས་རང་དབང་ཅན། །འགའ་ལའང་འཇིགས་པ་ཡོད་མིན་ཏེ། །ཐམས་ཅད་དབང་དུ་འགྱུར་བས་ན། །དེ་ནི་དབང་དུ་འགྱུར་ཞེས་བྱ། །ཡུལ་དང་བཟའ་བ་བཅའ་བ་དང་། །གཞན་ཡང་ཡིད་ཀྱིས་གང་བསམས་པ། །ཡིད་ཀྱི་རྗེས་འགྲོ་མི་སྡོད་པ། །དེས་ན་གར་ཕྱིན་ཅེས་བྱ། །འཇིག་རྟེན་གསུམ་ན་མཆོད་གྱུར་ཅིང་། །འབྱུང་པོ་ཀུན་གྱིས་མཆོད་པས་ན། །དེ་ནི་མཆོད་པར་བྱ་བ་ཡིན། །སྙིང་སྟོབས་རྡུལ་དང་མུན་པ་གསུམ། །དེ་དག་གང་ལ་གནས་གྱུར་པ། །མིག་འབྱེད་ཙམ་གྱིས་བྱེད་འགྱུར་བ། །དེས་ན་འདོད་དགུར་ལྡན་ཞེས་བྱ། །ཐར་པའམ་ཡང་ན་ལྷ་ཡི་ལུས། །གང་དུ་བདག་ཉིད་འདོད་པ་དག །ཐམས་ཅད་འདོད་པས་ཐོབ་འགྱུར་བ། །དེས་ན་དགའ་མགུར་གནས་ཞེས་བྱ། །ཞེས་པ་བཞིན་ནོ། །སྒྲུབ་བྱེད་ནི། སྣོད་བཅུད་འདི་དག་དབང་ཕྱུག་གིས་བྱས་ཏེ། རྒྱ་ཤུག་ལ་སོགས་པ་ཆེ་ཆུང་གི་ཚད་ངེས་པ་དང་ལྡན་པའི་ཕྱིར་དང་། ཚེར་མ་རྣོ་བ་ལ་སོགས་ངེས་པ་དང་ལྡན་པའི་ཕྱིར་དང་། །དབྱར་དགུན་གྱི་དུས་ཚིགས་ངེས་པ་ལ་སོགས་པ་སྡོད་ཅིང་འཇུག་པའི་ཕྱིར་དང་། གཏོང་ལྡན་དབུལ་བ་ལ་སོགས་པ་བྱེད་པ་དང་མྱོང་བ་མི་མཐུན་པའི་ཕྱིར་རོ། །གལ་ཏེ་ལས་འབྲས་བདེན་ན་ཆོས་ལྡན་ཚེ་ཐུང་བ་རྣམས་ཀྱིས་སྔ་མ་ལ་སྲོག་བཅད་པར་མི་རུང་སྟེ་བརྩེ་སེམས་ཡོད་པའི་ཕྱིར་རོ། ཁོ་བོ་ཅག་ལ་ནི་འཐད་དེ་དེ་དག་གིས་སྲོག་མ་བཅད་པས་བརྩེ་སེམས་དང་ལྡན་ཀྱང་དབང་ཕྱུག་ལ་རྒྱབ་ཀྱིས་ཕྱོགས་པས་ཚེ་ཐུང་བ་ཡིན་ཏེ། འཛིན་པ་ཅན་གང་ནོར་ལྡན་དང་། །གཞན་གྱིས་འཚེ་བྱས་དགེ་བ་ཅན། །ཆོས་མིན་ཅན་དགའ་མཐོང་བས་ལྷ། །དབང་ཕྱུག་ཡོད་པར་གསལ་བ་ཡིན། །ཡོན་ཏན་ནོར་ལྡན་ཚེ་ཐུང་དང་། །ངན་པར་སྤྱོད་རྣམས་ཚེ་རིང་དང་། །གཏོང་ལྡན་དབུལ་པོ་མཐོང་བས་ན། །དབང་ཕྱུག་གིས་བྱས་གསལ་བ་ཡིན། །ཞེས་སོ། །དབང་
ཕྱུག་མཆོད་པས་བདེ་འགྲོ་ཐོབ་པ་ནི། སྐྱེ་དགུ་རྣམས་ཀྱིས་དགེ་བ་གཞན་མ་བྱས་པར་དབང་ཕྱུག་ཁོ་ན་ལ་ཕྱུགས་བསད་པའི་ཤ་ཁྲག་གིས་ལེགས་པར་མཆོད་ན་ལྷ་མིའི་གོ་འཕང་ཐོབ་པ་ཡིན་ཏེ། སྐྱེ་བོ་མི་ཤེས་བདག་ཉིད་འདིའི། །བདེ་སྡུག་རང་དབང་ཡོད་མིན་ཏེ། །དབང་ཕྱུག་གིས་བཏང་མཐོ་རིས་སམ། །ངན་སོང་དག་ཏུ་འགྲོ་བར་འགྱུར། །ཞེས་སོ། །ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་སྟེ། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་དྲུག་ཉིད་དོ། །ཞེས་པས། དེ་སོ་སོར་བཤད་ན། རྫས་ནི་གཉིས་ལས། རྟག་པ་དང་མི་རྟག་པའོ། །རྟག་པའི་རྫས་ལ་ལྔ་སྟེ། བདག་དང་། དུས་དང་། རྡུལ་དང་། ཕྱོགས་དང་། ནམ་མཁའ་འོ། །དེ་ཡང་བདག་ནི། རིག་པ་ཅན་པས། བེམ་པོའི་ངོ་བོ་ཡིན་པ་ལ། བདག་ལ་གནས་པའི་དོན་བློས་རིག་པ་ལས། བདག་གིས་རིག་པ་སྙམ་དུ་བྱུང་སྟེ། མིག་གིས་གཟུགས་མཐོང་བ་ལ་བརྟེན་ནས་མཐོང་བར་ཤེས་པ་བཞིན་ནོ། །གཞན་བདག་ཀྱང་ནི་འདིར་བདག་ཉིད། །འདོད་དང་སྡང་སོགས་ཡོན་ཏན་ཅན། །རྟེན་དང་ཀུན་འཇུག་ཟ་བ་པོ། །བདག་ཉིད་བེམ་པོའི་ངོ་བོར་འདོད། །ཅེས་པས་སོ། །དེས་ན་བདག་རྟག་ཀྱང་བློ་འགྱུར་ཞིང་ཡོན་ཏན་གྱི་དོན་བྱེད་པས། བདག་འཇིག་པ་དང་དངོས་མེད་དུ་མི་འགྱུར་བར་འདོད་དོ། །དུས་ནི་འདས་མ་འོངས་ད་ལྟའི་གནས་སྐབས་ཀུན་ལ་ཁྱབ་པ་མ་སྐྱེས་པ་རྟག་པ་རྫས་སུ་ཡོད་པའོ། །རྡུལ་ནི་ས་ཆུ་མེ་རླུང་བཞིའི་རྡུལ་ཕྲ་རབ་སྟེ། རིམ་བཞིན་དྲི་དང་རོ་དང་གཟུགས་དང་རེག་བྱའི་ཡོན་ཏན་བཞི་ལྡན་ནས་གཅིག་གི་བར་དུ་ལྡན་པ། ཕྲ་རབ་དེ་དག་རྟག་ཅིང་ཕན་ཚུན་མ་རེག་པར་འདུས་ནས་བྱ་བ་རྩོམ་ལ། མཐར། དངོས་པོ་ཐམས་ཅད་མེར་བསྲེགས་པའམ་ཐོ་བས་བཅོམ་ཡང་རྡུལ་འཐོར་བ་ཙམ་ལས་གཞིག་པར་མི་ནུས་ལ། ནམ་ཞིག་འཇིག་རྟེན་ཞིག་པའི་ཚེ་ནའང་རྡུལ་རྣམས་ནམ་མཁའ་ལ་ལོང་ལོང་པོར་གནས་པ་དག །རྩོམ་དུས་དབང་ཕྱུག་གིས་རིགས་མཐུན་རྣམས་བསྡུས་པས་ལུས་ལ་སོགས་པའི་ཡན་ལག་ཅན་གྱི་རྫས་འབྱུང་བའོ། །ཕྱོགས་ནི་ཤར་ལ་སོགས་པའི་ཆ་ཐམས་ཅད་ལ་ཁྱབ་ཅིང་། མ་སྐྱེས་པ་རྟག་པ་བྱ་བ་མེད་པ་རྫས་སུ་ཡོད་པའོ། །ནམ་མཁའ་ནི། ཆོས་ལྔ་དང་ལྡན་པ་སྟེ། ཁྱབ་པ་དང་། རྟག་པ་དང་། གོ་འབྱེད་པ་དང་། སྒྲ་བསྐྱེད་པ་དང་། དངོས་པོའོ། །དེའི་དང་པོ་གསུམ་ནི་ཕལ་ཆེ་བས་ཁས་ལེན་ཏོ། །མི་རྟག་པ་ནི། ས་ཆུ་མེ་རླུང་གི་ཡན་ལག་ཅན་བཞི་སྟེ་དེ་ལྟར་
དགུའོ། །ཡོན་ཏན་ནི། ཉི་ཤུ་རྩ་བཞི་སྟེ། གྲངས་དང་། བོངས་ཚད་དང་། འཕྲད་པ་དང་། ཕྱེ་བ་དང་། གཞན་དང་། གཞན་མ་ཡིན་པ་སྟེ་དྲུག་དང་། བདག་ལ་སྣང་བ་བཅུ་གསུམ་ནི། མིག་གི་བློ་དང་། རྣ་བའི་བློ་དང་། སྣའི་བློ་དང་། ལྕེའི་བློ་དང་། ལུས་ཀྱི་བློ་དང་། བདེ་བ་དང་། སྡུག་བསྔལ་དང་། འདོད་པ་དང་། སྡང་བ་དང་། ཆོས་མ་ཡིན་པ་དང་། ཆོས་དང་། འབད་རྩོལ་དང་། འདུ་བྱེད་པའི་ཤུགས་སོ། །ཡུལ་ལྔ་སྟེ། གཟུགས་མེའི་ཡོན་ཏན། སྒྲ་ནམ་མཁའི་ཡོན་ཏན། དྲི་སའི་ཡོན་ཏན། རོ་ཆུའི་ཡོན་ཏན། རེག་རླུང་གི་ཡོན་ཏན་ནོ། །སྒྲ་ནི་རྟག་ཏུ་ནམ་མཁའི་ཁྲོད་ན་གནས་པ་ལས། རླུང་རློན་པས་གཡོགས་པས་མ་ཐོས་པ་ཡིན་ལ། སྐྱེས་བུས་ༀ་བརྗོད་དུས་རླུང་དེ་བསལ་ནས་ཐོས་ཤིང་། བཤོལ་ན་རླུང་ཤུལ་དུ་ནུབ་པས་མ་ཐོས་པ་ཡིན་ནོ། །ལས་ནི་ལྔ་སྟེ། བརྐྱང་བ་དང་། བསྐུམ་པ་དང་། འདེགས་པ་དང་། འཇོག་པ་དང་། འགྲོ་བའོ། །སྤྱི་ལ་གཉིས་ཏེ། ཁྱབ་པ་དང་། ཉི་ཚེ་བའི་སྤྱིའོ། །ཁྱབ་པའི་སྤྱི་ནི་ཤེས་བྱ་ཐམས་ཅད་ལ་ཡོད་པ་ཉིད་ཅེས་པས་ཁྱབ་པའོ། །གཉིས་པ་ལ། བར་གྱི་སྤྱི་དང་། སྤྱི་ཆུང་ངུ་གཉིས་ལས། དང་པོ་ནི་བུམ་པ་ཐམས་ཅད་ལ་བུམ་པ་ཞེས་པས་ཁྱབ་པ་ལྟ་བུའོ། །གཉིས་པ་ནི་ཡན་ལག་ཐམས་ཅད་ལ་ལུས་ཉིད་ཅེས་པས་ཁྱབ་པ་ལྟ་བུའོ། །སྤྱི་དེ་དག་ཀྱང་མཚན་ཉིད་གསུམ་དང་ལྡན་པ་སྟེ། ཁྱབ་པ་དང་། རྟག་པ་དང་། གཅིག་པུའོ། །དཔེར་ན་བུམ་པས་རང་གི་བྱེ་བྲག་གསེར་བུམ་དང་། རྫ་བུམ་ལ་སོགས་པ་ལ་ཁྱབ་སྟེ། གསེར་བུམ་ལ་སོགས་པ་གང་ཡོད་ན། བུམ་པ་ཡོད་པས་ཁྱབ་པའི་ཕྱིར་རོ། །རྟག་དེ་གསལ་བ་བྱེ་བྲག་པ་དེ་རྣམས་གྲུབ་ནས་མ་རླག་གི་བར་དུ་ཡོད་པས་སོ། །ཁྱབ་ཅིང་རྟག་པ་དེས་ན་གཅིག་པུར་ཡང་གྲུབ་པ་ཡིན་ནོ། །འདི་ལ་གཟེགས་ཟན་གྱི་སློབ་མ་བཻ་ལུ་ཀ་ནི་སྤྱི་དེ་གསལ་བ་མེད་པའི་བར་སྟོངས་ན་ཡོད་པར་འདོད་དེ། དབང་ཕྱུག་ལ་ཆོས་ཅན་ལུས་ཡོད་པ་དང་། གསལ་བ་མེད་པའི་བར་སྟོངས་ནི་
སྤྱི་ཡོད་དེ། ཁྱབ་བྱེད་རྟག་པ་ཡིན་པའི་ཕྱིར་ཟེར་ལ། རིག་པ་ཅན་གྱི་སྟོན་པ་བཻ་། ར་ནི། གསལ་བ་མེད་པའི་བར་སྟོངས་ན་ཆོས་ཅན། སྤྱི་མེད་དེ། སྣང་རུང་མ་དམིགས་པའི་ཕྱིར། ཞེས་ཟེར་རོ། །བྱེ་བྲག་ནི་གསལ་བ་རྣམས་མ་འདྲེས་པ་སྟེ་བུམ་པ་དང་ཀ་བ་བཞིན་ནོ། །འདུ་བ་ལ་ཐ་དད་དང་། ཐ་མི་དད་གཉིས་ལས། ཐ་དད་ནི་མགོ་ལ་རྭ་གཉིས་ལྟ་བུའོ། །ཐ་མི་དད་ཀྱི་འདུ་བ་ནི། དུང་ལ་དཀར་ཟླུམ་འདུ་བ་ལྟ་བུའོ། །ཤེས་པས་གྲོལ་བ་ནི། དོན་དྲུག་པོ་ཤེས་ནས་བསྒོམས་ན་གྲོལ་ཏེ། འཁོར་བ་ཐོག་མ་མེད་མོད་ཀྱི། །ཐ་མ་མེད་པ་མ་ཡིན་ཏེ། །དེ་ཉིད་ཁོ་ན་ཤེས་པ་ཡིས། །མི་དེ་ཐ་མར་ཐར་པར་འགྱུར། །ལུས་དང་ཡིད་ཀྱི་རྣམ་རྟོག་ནི། །ཐམས་ཅད་སྤངས་ན་དྲི་མེད་པའི། །ཡོངས་སུ་དག་པ་དེར་འགྲོ་སྟེ། །བུད་ཤིང་ཟད་པའི་མེ་བཞིན་ནོ། །བློ་སོགས་བདག་ནི་ཡོན་ཏན་ཅན། །དྲུངས་ནས་ཕྱུང་བའི་རྣལ་འབྱོར་པ། །ཡིད་ལ་བདག་ཅེས་གནས་པ་ནི། །བྱེ་བྲག་པ་ཡིས་བཅད་པར་ཤེས། །ཞེས་སོ། །དེ་ཡང་ཐར་པའི་གནས་སྐབས་ན། བདག་དེ་ཡོད་མེད་རྟག་ཆད་ཀྱི་མཐའ་ཐམས་ཅད་དང་བྲལ་བར་ཡོད་པ་ཉིད་དེ། ཡོད་མིན་མེད་མིན་དུ་མ་མིན། །གཅིག་མིན་ཕྲ་མིན་ཆེན་པོ་མིན། །འདི་ནི་རྟག་མིན་མི་རྟག་མིན། །བདག་མིན་གཞན་མིན་མིན་དེ་ཉིད། །ཅེས་འདོད་པ་བཞིན་ནོ། །དེ་དགག་པ་ལ་གསུམ་སྟེ། སྒྲུབ་བྱེད་མེད་པ། གནོད་བྱེད་ཡོད་པ། ཤེས་པས་མི་གྲོལ་བའོ། །དང་པོ་ནི་ཚད་ངེས་པའི་རྟགས་ཀྱིས་དབང་ཕྱུག་རྟག་པ་བསྒྲུབ་པ་འགལ་ཏེ། རྟགས་དེ་དག་ལ་དབང་ཕྱུག་རྟག་པས་མ་བྱས་པས་ཁྱབ་པའི་ཕྱིར་རོ། །དབང་ཕྱུག་མི་རྟག་པ་ནི་ནམ་ཡང་མེད་པས་བྱེད་པོར་མེད་ལ། དབང་ཕྱུག་གིས་བྱེད་པར་སྣང་རུང་མ་དམིགས་པའི་རྟགས་ཀྱིས་ཁེགས་སོ། །གནོད་བྱེད་ཡོད་པ་ལ་ལྔ་སྟེ། དབང་ཕྱུག་དང་། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་བྱེ་བྲག་འདུ་བ་དགག་པའོ། །དང་པོ་ནི་འཇིག་རྟེན་ན་ཡོད་པ་ཐུབ་པས་ལུང་བསྟན་པ་དེ་
དགག་པ་མ་ཡིན་ཏེ། མ་འོངས་པའི་སངས་རྒྱས་ཡིན་པའི་ཕྱིར་རོ། །སྤྲུལ་པའི་ལྷ་རྣམས་ཀྱང་མ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཚངས་དང་དབང་པོ་ཁྱབ་འཇུག་དང་། །དྲག་སོགས་གཟུགས་སུ་སྤྲུལ་མཛད་ནས། །འགྲོ་བ་འདུལ་བའི་སྦྱོར་བ་ཡིས། །ཐུགས་རྗེའི་རང་བཞིན་ཅན་གར་མཛད། །ཅེས་པས་སོ། །འདིར་ཐམས་ཅད་ཀྱི་བྱེད་པ་པོ་མ་ཡིན་བཞིན་དུ་བྱེད་པ་པོར་བརྟགས་པའི་དབང་ཕྱུག་བློས་བཀོད་པ་དེ་འགོག་པ་ལ་ཚུལ་ལྔ་སྟེ། རྟག་པ། གཅིག་པུ། བྱེད་པ་པོ། ལྷས་བསྡུས་པ། མཆོད་པར་འོས་པ་དགག་པའི་ཚུལ་ལོ། །དང་པོ་ནི། རྟག་པར་མི་རུང་སྟེ་དོན་མི་བྱེད་པར་ཐལ་བའི་ཕྱིར་རོ། །གཅིག་པུར་མི་རུང་སྟེ་ཡན་ལག་ཅན་དུ་མ་ཚོགས་པའི་ཕྱིར་རོ། །བྱེད་པ་པོ་དགག་པ་ལ་ལྔ་སྟེ། རྒྱུ་ལས་འབྱུང་བར་མཐོང་བ་དང་། རྟག་ཏུ་འབྱུང་བར་ཐལ་བ་དང་། ཅིག་ཆར་འབྱུང་བར་ཐལ་བ་དང་། རང་དང་མཚུངས་པ་དང་། མཆོད་པ་དོན་མེད་པའོ། །དང་པོ་ནི་དུ་བ་མེའི་ཚོགས་པ་ལས་སྐྱེ་བ་མཐོང་གི། དབང་ཕྱུག་གིས་བྱེད་པར་མ་མཐོང་བའི་ཕྱིར་རྒྱུ་ལས་སྐྱེ་བས་ཁེགས་སོ། །རྒྱུ་ལས་སྐྱེ་བར་དབང་ཕྱུག་གིས་བྱས་སོ་ཞེ་ནའང་། སྣང་རུང་མ་དམིགས་པས་ཁེགས་པ་ཉིད་དེ། དབང་ཕྱུག་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་ན་དབང་ཕྱུག་ཉིད་ཀྱང་བྱས་པར་ཐལ་ལ། འདོད་ན་མ་བྱས་པར་གསལ་ལོ། །དེས་ན་དབང་ཕྱུག་མ་བྱས་པས་ཀྱང་ཐམས་ཅད་ཀྱི་བྱེད་པ་པོར་མི་རུང་བ་ཡིན་ནོ། །རྟག་ཏུ་འབྱུང་བར་ཐལ་བ་ནི། སྣོད་བཅུད་ཐམས་ཅད་རྟག་ཏུ་འབྱུང་བར་ཐལ་ཏེ་རྒྱུ་རྟག་པ་ལས་བྱུང་བའི་ཕྱིར་རོ། ཁྱབ་པ་ཡོད་དེ། རྟག་པ་ལ་རེས་འགའ་བ་མེད་པའི་ཕྱིར་རོ། །ཞི་བ་ལྷས། རྒྱུ་ལ་ཐོག་མ་ཡོད་མིན་ན། །འབྲས་བུའི་ཐོག་མ་ག་ལ་ཡོད། །རྟག་ཏུ་ཅི་ཕྱིར་བྱེད་མིན་ཏེ། དེ་ནི་གཞན་ལ་ལྟོས་པ་མིན། །ཞེས་གསུངས་པ་བཞིན་ནོ། །ཡང་སྣོད་བཅུད་ཐམས་ཅད་ཅིག་ཆར་འབྱུང་བར་ཐལ་ཏེ། རྒྱུ་རྟག་པ་ལས་བྱུང་བའི་ཕྱིར་རོ། ཁྱབ་པ་ཡོད་དེ་རྟག་པའི་བྱ་བ་ལ་རིམ་གྱིས་འབྱུང་བ་འགལ་བའི་ཕྱིར་རོ། །
རྒྱུ་རྟག་ཀྱང་རྐྱེན་རེས་འགའ་བ་ལ་འཕྲད་པས་རིམ་གྱིས་འབྱུང་སྟེ། རྔ་རྟག་ཀྱང་བརྡུངས་པའི་རྐྱེན་རེས་འགའ་བ་ལས་སྒྲ་འབྱུང་བ་བཞིན་ནོ་ཞེ་ན། རྔ་ལས་བརྡུང་དུས་ཀྱི་སྒྲ་རྒྱུན་ཆགས་སུ་འབྱུང་གི། རྔ་རྟག་པ་མ་ཡིན་པས་དཔེ་ཡང་མ་གྲུབ་ལ། དོན་ཡང་མི་འཐད་དེ་རྐྱེན་དང་འཕྲད་ན་འབྱུང་མ་འཕྲད་ན་མི་འབྱུང་བས་ཀྱང་རྟག་པ་ལས་རིམ་གྱིས་འབྱུང་བ་མ་ཡིན་ཏེ། སྤྱོད་འཇུག་ལས། དེས་བྱས་མིན་གཞན་ཡོད་མིན་ན། །དེས་འདི་གང་ལ་ལྟོས་པར་འགྱུར། །ཞེས་པ་བཞིན་ནོ། །རྔ་སྒྲ་དབྱུ་གུའི་རྐྱེན་ལ་ལྟོས་པས་ཀྱང་དབང་ཕྱུག་གིས་བྱས་པ་ཁེགས་པའི་ཕྱིར་ཏེ། དེ་ཉིད་ལས། གལ་ཏེ་ལྟོས་ན་ཚོགས་པ་ཉིད། །རྒྱུ་ཡིན་འགྱུར་གྱི་དབང་ཕྱུག་མིན། །ཚོགས་ན་མི་བསྐྱེད་དབང་མེད་ཅིང་། །དེ་མེད་པར་ནི་བསྐྱེད་པ་མིན། །ཞེས་སོ། །རང་དང་མཚུངས་པ་ནི། དབང་ཕྱུག་གཞན་གྱིས་མ་བྱས་པར་རང་བྱུང་ན་སྣོད་བཅུད་ཀྱང་རང་བྱུང་དུ་མཚུངས་པའི་ཕྱིར་རོ། །མཆོད་པ་དོན་མེད་པ་ནི། ཐམས་ཅད་དབང་ཕྱུག་གིས་བྱས་ན་མཆོད་མ་མཆོད་ཁྱད་མེད་དེ་གཉིས་ཀ་དབང་ཕྱུག་གིས་བྱས་པར་མཚུངས་པ་གྲུབ་སྟེ་གཅིག་པའི་ཕྱིར་རོ། །སྐྱེས་རབས་ལས། གལ་ཏེ་ཐམས་ཅད་དབང་ཕྱུག་གིས་བྱས་ན། །འོ་ན་སྤྲེའུ་དབང་ཕྱུག་གིས་བསད་པས། །ཁྱོད་ནི་བདག་ལ་ཅི་ཕྱིར་སེམས་མི་དགའ། །གཞན་གྱི་ཉེས་པའང་བདག་ལ་ཅི་ཕྱིར་བསྒོ། །ཞེས་པ་བཞིན་ནོ། །ལྷས་བསྡུས་པའང་མི་འཐད་དེ། སྡུད་བྱེད་ཀྱི་ལྷ་ཉིད་ཀྱང་སྣང་རུང་མ་དམིགས་པའི་ཕྱིར་རོ། །མཆོད་འོས་སུ་ཡང་མི་འཐད་དེ། མཁྱེན་པ་དང་བརྩེ་བའི་རང་བཞིན་ཅན་ཞིག་མཆོད་པར་འོས་ཀྱི། སྲོག་ལ་ཟ་ཞིང་མི་གཙང་བ་ལ་ཁྲོ་བ་ཉིད་ཀྱིས་བརྩེ་བ་དང་བྲལ་བའི་ཕྱིར་རོ། །རྫས་དགག་པ་ལ་གཉིས་ཏེ། རྟག་པ་དང་། མི་རྟག་པ་དགག་པའོ། །རྟག་པ་ལ། བདག་དང་། རྡུལ་དང་། དུས་དང་། ཕྱོགས་དང་། ནམ་མཁའ་དགག་པ་དང་ལྔ་ལས། བདག་གི་ངོ་བོ་འོག་ཏུ་འགོག་ལ། བློས་བུམ་པ་མཐོང་བ་བདག་གིས་མཐོང་བར་མི་
རིགས་ཏེ། བློ་དང་བདག་ལ་འབྲེལ་བ་མེད་པའི་ཕྱིར་རོ། །འབྲེལ་བ་མེད་ཀྱང་མཐོང་ན་བུམ་པས་ཀྱང་གཟུགས་མཐོང་བར་ཐལ་བའི་ཕྱིར་རོ། །གྲོལ་དུས་བདག་དེ་ཡོད་མེད་རྟག་ཆད་གཅིག་དང་དུ་མ་གང་དུའང་མེད་ན་བདག་མི་སྲིད་པར་ཐལ་བའི་ཕྱིར་རོ། །རིན་ཆེན་ཕྲེང་བ་ལས། འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །བསྟན་པ་འཆི་མེད་བདུད་རྩི་འདི། །ཆོས་ཀྱི་ཁུད་པ་ཡིན་ཞེས་གདའ། །ཞེས་པས། དབུ་མ་པ་ལས་གཞན་པས་གང་རུང་ཞིག་ཁས་ལེན་པས་ལྟ་བའི་གཟེབ་ཏུ་འཆིང་སྟེ། འདིས་ཀྱང་བདག་མེད་པར་མི་འདོད་པའི་ཕྱིར་རོ། །རྡུལ་གྱི་ངོ་བོ་ནི། ཕྲད་པ་དང་བཅས་པའི་ཚེ་མི་རྟག་ལ་གྱེས་པའི་ཚེ་ཆ་མེད་པས་རྟག་པར་ཡང་བཞག་ཏུ་མེད་དོ། །རྡུལ་དེ་རྟག་ན་ལན་ཅིག་གྱེས་ནས་འདུར་མི་རུང་བར་འགྱུར་ཏེ། རྟག་པའི་ཕྱིར་ནམ་མཁའ་བཞིན་ནོ། །དུས་དགག་པ་ལ་གསུམ་སྟེ། ངོ་བོ། ཁྱད་པར། རྟག་པ་དགག་པའོ། །དང་པོ་ལ་བཞི་སྟེ། རྩོམ་བྱེད་དང་། ལྟོས་ས་དང་། རྫས་སུ་མ་གྲུབ་པ་དང་། མཐུན་སྣང་ལ་མེད་པའོ། །དང་པོ་ནི། དུས་ཀྱི་མཐའ་སྐད་ཅིག་མ་མ་གྲུབ་པས་དེ་མཐུད་པའི་ལོ་ཟླ་ལ་སོགས་པ་ཁེགས་པའི་ཕྱིར་རོ། །གཉིས་པ་ནི། དུས་སྔ་ཕྱི་ད་ལྟ་གསུམ་ལ་ལྟོས་ས་མ་གྲུབ་ན་རྟག་ཏུ་ཡང་ན་སྔའམ་འཕྱི་བར་འགྱུར་ལ། ལྟོས་ས་གྲུབ་ན་འདས་མ་འོངས་ད་ལྟ་གསུམ་དུས་གཅིག་ལ་མི་ཚོགས་པ་དང་། སྔ་ཕྱིའི་ཚེ་ལྟོས་ས་ཡོད་དུས་ལྟོས་ཆོས་མེད་ལ། ལྟོས་ཆོས་ཡོད་དུས་ལྟོས་ས་མེད་པའི་ཕྱིར་རོ། །དེས་ན་བློས་སྒྲོ་བཏགས་ནས་ཕར་བཤད་ཀྱང་དངོས་པོ་ལ་དུས་གསུམ་ཡོད་པ་མ་ཡིན་ཏེ། རྩ་བ་ཤེས་རབ་ལས། གལ་ཏེ་འདས་ལ་ལྟོས་གྱུར་ན། །ད་ལྟ་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །གལ་ཏེ་དེ་ན་མེད་འགྱུར་ན། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །ཞེས་པ་བཞིན་ནོ། །རྫས་སུ་མ་གྲུབ་པ་ནི། དབྱར་དང་སྟོན་ཡང་བློས་བཀོད་པ་ཡིན་གྱི། དངོས་པོ་ལ་མེད་དེ་
སྣང་བ་རྣམས་ལས་དེ་ཉིད་དང་གཞན་དུའང་མེད་པའི་ཕྱིར་ཏེ། སྐད་ཅིག་དང་ཆ་ཤས་རང་བཞིན་མེད་པས་དོན་གྱི་དབྱར་སྟོན་ཁེགས་ལ། མིང་གི་དབྱར་སྟོན་ཡང་བཏགས་པ་ཡིན་པས་དགུན་ལ་དཔྱིད་ཅེས་བརྗོད་ཀྱང་འགལ་བ་མེད་པའི་ཕྱིར་ཏེ་བློ་བུར་དུ་བརྟགས་ནས་བཞག་པར་མཚུངས་པའི་ཕྱིར་རོ། །གལ་ཏེ་དབྱར་ལྟ་བུ་དངོས་པོར་ཡོད་ན་རི་ལ་སོགས་པ་ཉིད་དབྱར་དུ་མི་རུང་སྟེ། རི་མཐོང་དུས་དབྱར་མཐོང་བར་མ་གྲགས་པའི་ཕྱིར། དེ་བཞིན་དུ་གསལ་བ་མཐའ་དག་ལ་དེས་བསྒྲེས་པ་ན་དབྱར་ལ་སོགས་པ་མ་གྲུབ་པ་ན། དབྱར་ཞེས་པ་ལ་སོགས་པའི་སྤྱིའི་རང་བཞིན་བློས་བཀོད་པ་ཙམ་ལས་མ་གྲུབ་པ་ཉིད་དུ་འགྱུར་རོ། །མཐུན་སྣང་དུ་མེད་པ་ནི། གླིང་འདིར་ཉིན་པར་ཡིན་དུས་གཞན་དུ་མཚན་མོར་འགྱུར་ལ། སྔ་དྲོ་ལ་སོགས་པའང་དེ་བཞིན་ཏེ། དངོས་པོ་ལ་མེད་པ་ཁོ་ནའོ། །ཁྱད་པར་དགག་པ་ལ་གསུམ་སྟེ། དུས་གཅིག་པ། དུས་མཉམ་པ། དུས་རིང་ཐུང་དགག་པའོ། །དང་པོ་ནི། བུམ་པ་དང་སྣམ་བུའི་དུས་གཅིག་པར་མི་རུང་སྟེ། སྣང་བ་དེ་ལས་ཐ་དད་པའི་བུམ་སྣམ་མེད་ལ། སྣང་བའང་ཆ་ཤས་ཙམ་ཡང་མེད་པས་དུས་སུ་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། བུམ་སྣམ་དུས་མཉམ་པའང་མི་རུང་སྟེ། བུམ་པ་མཉམ་པ་སྣམ་བུ་ལ་ལྟོས་ཤིང་། སྣམ་བུ་མཉམ་པ་བུམ་པ་ལ་ལྟོས་པས་ན་ཕན་ཚུན་བརྟེན་པས་མཐར་རང་ལ་རང་ལྟོས་སུ་འགྱུར་བས། གང་ཡང་མ་གྲུབ་པར་འགྱུར་ཏེ་དུས་ཉིད་མེད་པའི་ཕྱིར་རོ། །མཉམ་པ་དངོས་པོ་ལ་གསལ་བ་རེ་རེ་ཞིང་བརྟགས་ན་དེ་ཉིད་དང་གཞན་དུ་མེད་པས་ཀྱང་ཁེགས་སོ། །རྩ་ཤེ་ལས། གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིིག་འགྲུབ། །ཅེས་པ་ལྟར་རོ། །གསུམ་པ་ནི། ཞག་ལས་ལོ་གཅིག་དུས་རིང་བར་མི་འགྲུབ་སྟེ། རྩོམ་བྱེད་ཞག་མེད་ན་དེས་བཞག་པའི་ལོ་མེད་པའི་ཕྱིར་དང་། ལོ་ཡང་ཞག་གི་ཕྲེང་བ་ཡིན་པའི་ཕྱིར་དང་། ཞག་ཀྱང་
སྐད་ཅིག་མ་ཉིད་པས་ལོ་རིང་བར་མི་འགྲུབ་ལ། སྐད་ཅིག་མའང་ཆ་ཤས་མེད་པས་རྩོམ་པར་མི་འགྱུར་བའི་ཕྱིར་ཏེ། ཆ་ཤས་མེད་པ་ལ་འཕྲད་པ་མི་རུང་བས་རྒྱུན་མ་གྲུབ་པའི་ཕྱིར་མཐུད་པ་མེད་པས་རིང་ཐུང་མ་གྲུབ་པའི་ཕྱིར། སྐད་ཅིག་ནས་ལོ་ཟླ་བསྐལ་པ་ལ་སོགས་པར་རིང་ཐུང་དུ་ཞེན་པ་གཏི་མུག་ཉིད་དོ། །དུས་རྟག་པ་དགག་པ་ནི། རི་ཞིག་དུས་རིའི་དུས་ཞིག་ནས་མེད་པ་ལྟར། གསལ་བ་དངོས་པོ་རྣམས་དེ་དང་འདྲ་བས་རྟག་པའི་དུས་མེད་ལ། དངོས་པོ་མེད་པ་ལ་དུས་མེད་དེ་མི་རྟག་པ་ལོག་པའི་ཕྱིར་རོ། །མདོ་ལས་ཀྱང་། འདས་པའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོངས་སོ་ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །ཕྱོགས་རྟག་པ་དགག་པ་ལ་གསུམ་སྟེ། ངོ་བོ། ཁྱད་པར། རྟག་པ་དགག་པའོ། །ངོ་བོ་ལ། ལྟོས་པ་དང་། རྫས་དང་། མཐུན་སྣང་ལ་མེད་པ་དང་གསུམ་ལས། ལྟོས་པ་དགག་པ་ནི། མི་མཇེད་འདི་བདེ་བ་ཅན་པའི་ཤར་ཡིན་ལ། མངོན་པར་དགའ་བའི་ནུབ་ཏུ་བཞག་དུས། ཤར་ཁོ་ན་ཡིན་ན་མངོན་དགའི་ཡང་ཤར་དུ་ཐལ་བའི་ཕྱིར་རོ། །དེས་ན་ཕྱོགས་བཅུ་པོ་ཡང་འཁྲུལ་པའི་བློས་བཀོད་ཀྱི་དངོས་པོ་ལ་མེད་དེ། རྩ་ཤེ་ལས། དངོས་པོ་ལྟོས་གྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཇི་ལྟར་གྲུབ་པ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་རུང་ངོ་། །ཞེས་པ་བཞིན་ནོ། །རྫས་སུ་མ་གྲུབ་པ་ནི། མི་མཇེད་ཉིད་ཤར་ལ་སོགས་པར་མཐའ་གཅིག་ཏུ་མ་གྲུབ་པས་བསལ་བ་ཡིན་ནོ། །མཐུན་སྣང་ལ་མེད་པ་ནི། འཛམ་བུ་གླིང་པ་ལ་ཤར་དུ་སྣང་བ་ཉིད། སྒྲ་མི་སྙན་པ་ལ་ནུབ་ཏུ་སྣང་བ་དང་། སྟེང་འགྲོ་རྣམས་ལ་ཐུར་དུ་སྣང་བ་ཉིད་སྤྱི་བོ་ཚུགས་པ་ལ་གྱེན་དུ་སྣང་ལ། སྣྲེལ་ཞི་བ་ལ་འཕྲེད་དུ་སྣང་བའི་ཕྱིར་རོ། །ཁྱད་པར་དགག་པ་ལ་གསུམ་སྟེ། ཕྱོགས་བཅུ། མཚམས་བཞི། ཕྱོགས་བཟང་ངན་མ་གྲུབ་པའོ། །དང་པོ་ནི། ཕྱོགས་བཅུའི་ཤར་དེ་གཅིག་ཡིན་པས་དེས་ཁྱབ་དུས་ཤར་དེ་གཅིག་ཏུ་མི་རུང་སྟེ། རི་དང་རྡོ་ཤིང་ལ་སོགས་པ་དུ་མ་དབྱེར་མེད་དུ་ཡོད་པའི་ཕྱིར་དང་། ཤར་ཉིད་ཀྱང་
གཞན་ནས་ནུབ་ཏུ་འགྱུར་བས་གཅིག་ཏུ་བཞག་པ་མེད་པའི་ཕྱིར་རོ། །མཚམས་མ་གྲུབ་པ་ནི། ཤར་ལྷོ་ལྟ་བུ་ལ། ཤར་དང་ལྷོ་ཕྲད་དམ་མ་ཕྲད། ཕྲད་ན་མཚམས་ཀྱི་གོ་མེད་པས་མཚམས་མི་རུང་ལ། མ་ཕྲད་ན་མཚམས་དང་ཤར་ལྷོ་གཉིས་ཀྱི་ཟུར་ལ་བར་ཡོད་དམ་མེད། ཡོད་ན་ནི་དེར་ཡང་མཚམས་གཞན་ཡོད་པར་འགྱུར་ལ། བར་མེད་ན་གཅིག་ཏུ་འགྱུར་རོ། །ཕྱོགས་བཟང་ངན་མ་གྲུབ་པ་ནི། ཤར་ན་ཕྱོགས་ངན་དུས་ནུབ་ན་མེད་པ་མི་རུང་སྟེ། མི་མཇེད་རིལ་པོ་མངོན་དགའི་ནུབ་ཡིན་པའི་ཕྱིར་དང་། བདེ་བ་ཅན་གྱི་ཤར་ཡིན་པའི་ཕྱིར་རོ། །རང་གི་གནས་གཅིག་ལ་ལྟོས་པ་དེའི་ཤར་ངན་པ་ལྟ་བུའང་མི་འགྲུབ་སྟེ། རྡུལ་ཕྲན་དང་དུས་ཀྱི་རིགས་པས་རང་དང་ཤར་གཉིས་ཀ་མ་གྲུབ་པའི་ཕྱིར་རོ། །ཡང་ཕྱོགས་ངན་པ་དེ་གང་ཟག་ཐམས་ཅད་ལ་ངན་ནམ་གཅིག་ལ་ངན། དང་པོ་ལྟར་ན་བདེ་བ་ཅན་པའི་ཤར་ཡིན་པས་བཟང་བའི་ཕྱིར་འདིར་ཡང་བཟང་བར་འགྱུར་རོ། །གཉིས་པ་ལྟར་ན་ལོ་འཕོས་ཀྱང་ངན་པ་མི་འབྱུང་བར་ཐལ་བའི་ཕྱིར་རོ། །འདི་ལྟར་རྟོགས་ན་ཕྱོགས་ངན་མེད་དེ་གཞི་མེད་དུ་ཤེས་པའི་ཕྱིར་རོ། །ཡུམ་ལས། ཤར་ཕྱོགས་ཀྱི་ཁམས་ཤར་ཕྱོགས་ཀྱི་ཁམས་ཀྱིས་སྟོང་ངོ་ཞེས་པ་ལ་སོགས་པ་གསུངས་སོ། །ཕྱོགས་རྟག་པ་མ་གྲུབ་པ་ནི། དངོས་པོ་ཞིག་པའམ་གོ་འཕོ་བ་ན་དེའི་ཤར་ལ་སོགས་པའང་སྔ་མ་ལས་འགྱུར་བར་སྣང་བའི་ཕྱིར་དང་། དངོས་མེད་རྐྱང་བ་ལ་ནི་རང་སྟོབས་ཀྱི་ཆ་མེད་པས་ཕྱོགས་སུ་གདགས་པའི་གཞི་མེད་པའི་ཕྱིར་རོ། །ནམ་མཁའ་མ་གྲུབ་པ་ནི། དངོས་པོ་ཅི་ཡང་མ་གྲུབ་པ་ལ་ནམ་མཁའ་འོ་ཞེས་སྒྲོ་བཏགས་པ་ཙམ་ལས། ཐ་སྙད་དུའང་ནམ་མཁའ་མེད་དེ། བར་གྱི་སྐྱ་བོ་ནི་སྣང་བ་ཡིན་ལ། ནག་པོ་ནི་མུན་པ་ཡིན་པས་སུ་ལའང་ཅིར་ཡང་མ་གྲུབ་པའི་ཕྱིར་འཁྲུལ་སྣང་ལ་ནམ་མཁའ་ཞེས་བརྗོད་པར་ཟད་དོ། །རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་དངོས་པོ་མེད་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །ཞེས་སོ། །ནམ་མཁའ་མཐོང་བར་རྟོག་པ་དེ་ནི་རྨོངས་པར་བཤད་དེ། བཞི་བརྒྱ་པ་ལས། ནམ་མཁའ་ལེགས་པར་རྟོག་གོ་ཞེས། །སོ་སོའི་སྐྱེ་བོ་དག་གིས་རྟོགས། །མཁས་པ་རྣམས་ཀྱི་དེ་དག་ལ། །འཇིག་རྟེན་
པས་ཀྱང་དོན་མ་མཐོང་། །ཞེས་པ་དང་། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་པ་དང་། ཡུམ་ལས། ནམ་མཁའི་ཁམས་ལ་ནི་ཤར་ཕྱོགས་དམིགས་སུ་མེད་དོ། །ལྷོ་དང་། ནུབ་དང་། བྱང་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་དམིགས་སུ་མེད་དོ། །ནམ་མཁའ་ནི་ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། སྔོན་པོ་མ་ཡིན། སེར་པོ་མ་ཡིན། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །ནམ་མཁའ་ལ་ནི་སྐྱེ་བའམ་འགགས་པའམ་གནས་པའམ་གཞན་དུ་འགྱུར་བ་མེད་དོ། །ནམ་མཁའ་ནི་ཤེས་པར་བྱ་བའང་མ་ཡིན། ཐོབ་པར་བྱ་བའང་མ་ཡིན་ནོ། །ནམ་མཁའ་ནི་གཟུགས་དང་ལྡན་པའང་མ་ཡིན། གཟུགས་མེད་པའང་མ་ཡིན། ནམ་མཁའ་ནི་རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན་ནོ། །ནམ་མཁའ་ནི་སྣང་བ་ཡང་མ་ཡིན། མུན་པ་ཡང་མ་ཡིན་ནོ། །ནམ་མཁའ་ནི་སེམས་ཅན་ཚད་མེད་པའི་གོ་སྐབས་འབྱེད་དོ་ཞེས་ཟེར་བ་ནི། སེམས་ཅན་མེད་པའི་ཕྱིར། ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར། ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ་ཞེས་པས། ཐེག་པ་ཡང་བློས་བཀོད་པ་ཙམ་ལས། དངོས་པོ་ལ་མེད་པར་གསུངས་པ་ཡིན་ནོ། །མུ་སྟེགས་པ་དང་རྩོད་དུས་ནང་པའི་ལུང་སྒྲུབ་བྱེད་དུ་མི་ཆེའོ་སྙམ་ན། དེ་ལྟར་མ་ཡིན་ཏེ། རིག་པས་བཀག་རྗེས་སུ་ལུང་དྲངས་པས། སྟོན་པ་ཐམས་ཅད་མཁྱེན་པའི་གསུང་ཚད་མར་གུས་པས་ཁས་ལེན་པའི་དགོས་པ་ཡོད་དོ། །མི་རྟག་པ་དགག་པ་ལ་གཉིས་ཏེ། ཡན་ལག་ཅན་མ་གྲུབ་པ་དང་། མི་རྟག་པར་མ་གྲུབ་པའོ། །དང་པོ་ནི། གླིང་ཡན་ལག་ཅན་དུ་བསྒྲུབ་པ་ལ། གངས་རི་ལྟ་བུ་ཡན་ལག་ཏུ་མ་གྲུབ་སྟེ། རྡུལ་ཕྲན་ལྟར་
མེད་པའི་ཕྱིར་རོ། །མི་རྟག་པ་ཡང་མ་གྲུབ་སྟེ། དཔྱད་ན་གཅིག་དང་དུ་མའི་ཆ་ཤས་དང་ཆ་ཤས་ཅན་མ་གྲུབ་པའི་ཕྱིར་རོ། །རྡུལ་ཕྲན་རྟག་ལ་རགས་པ་མི་རྟག་པར་མ་གྲུབ་སྟེ། དངོས་པོ་གཅིག་ལ་རྟག་མི་རྟག་ཆ་གཉིས་དུས་གཅིག་ཏུ་མི་སྲིད་པའི་ཕྱིར་རོ། །ཡོན་ཏན་དགག་པ་ལ། གྲངས། བོངས་ཚོད། ཕྲད་པ། བྱེ་བ། གཞན། གཞན་མ་ཡིན་པ། ནམ་མཁའི་ཡོན་ཏན་དགག་པ་དང་བདུན་ལས། དང་པོ་ལ། ལྟོས་པ། རྫས། རྩོམ་བྱེད་མ་གྲུབ་པ་གསུམ་ལས། ལྟོས་པ་ནི། གཅིག་དང་དགུ་མང་བ་དང་ཉུང་བར་འཇོག་པ་ཕན་ཚུན་ལྟོས་པ་ཡིན་ལ། ལྟོས་ས་དང་། ལྟོས་ཆོས་མ་གྲུབ་པས་གྲངས་མི་འགྲུབ་པ་ཡིན་ནོ། །རྫས་མ་གྲུབ་པ་ནི། གཅིག་དང་བརྒྱ་ལ་སོགས་པའི་གྲངས་ཉིད་རེ་རེ་བ་ཡིན་པས་གཅིག་ཏུ་མི་རུང་ལ། རེ་རེ་པའང་དཔྱད་ན་མ་གྲུབ་པས་རྫས་མ་གྲུབ་བོ། །རྩོམ་བྱེད་མ་གྲུབ་པ་ནི། ཁལ་གཅིག་གི་རྩོམ་བྱེད་བྲེ་གང་ནས་ཡིན་པ་ལ། བྲེ་གང་ཕུལ་དང་། ནས་འབྲུ་གཅིག་ལ་ཆ་ཤས་བརྟགས་ན་ཞིག་པས་གྲངས་མ་གྲུབ་པ་ཡིན་ནོ། །ཡུམ་ལས། དེ་བཞིན་ཉིད་ལ་གཅིག་ཅེས་བྱ་བ་མེད་དེ་ཞེས་པ་ལ་སོགས་པ་གསུངས་སོ། །དེ་བཞིན་ཉིད་དུ་མེད་ཀྱི་ཐ་སྙད་དུ་ཡོད་ཅེས་པའང་མི་རུང་སྟེ། ཀླུ་དབང་གིས། ཀུན་རྫོབ་ལས་ནི་ལོགས་ཤིག་ཏུ། །དོན་དམ་ཉེ་བར་མི་དམིགས་སོ། །དོན་དམ་ལས་ཀྱང་ལོགས་ཤིག་ཏུ། །ཀུན་རྫོབ་ཉེ་བར་མི་དམིགས་སོ། །ཞེས་སོ། །དེས་ན་ཐ་སྙད་དུའང་དངོས་པོ་དངོས་མེད་ལ་སོགས་པ་མ་གྲུབ་བོ། །དངོས་པོ་དངོས་མེད་དུ་རྟོག་གེ་བས་བརྟགས་པ་དེ་ནི་འཁྲུལ་པའོ་ཞེས་འདོད་དེ། བྱིས་པ་དངོས་པོར་ཞེན་པ་རྣམས་ལ་སྐྲ་ཤད་དང་། ཆུ་ཟླ་ཉིད་བདེན་པར་ཞེན་ནས་རྫས་སུ་འདོད་པ་དང་འདྲ་བའི་ཕྱིར། ཐ་སྙད་དུ་མིང་དོན་རབ་ཏུ་དབྱེ་བར་ཞེན་ནས་བདག་ཏུ་འཛིན་ཡང་། དེ་ཁོ་ན་ཉིད་ཤེས་པ་རྣམས་ལ། རི་ལ་སོགས་པ་ཆུའི་ཟླ་བ་དང་སྐྲ་
ཤད་ལྟར་མེད་ཀྱང་གསལ་བར་སྣང་གིས། དངོས་པོ་དང་དངོས་མེད་ལ་སོགས་པར་སྣང་བ་ནི་མ་ཡིན་ཏེ། མིང་དོན་བློས་སྒྲོ་བཏགས་པའི་གྲུབ་མཐའ་རབ་ཏུ་ཞི་བའི་ཕྱིར་རོ། །བོངས་ཚོད་དགག་པ་ལ་གསུམ་ལས། རྫས་སུ་མ་གྲུབ་པ་ནི། རི་འབུར་བྱེད་ཆེ་ཆུང་གི་རྫས་སུ་མ་གྲུབ་སྟེ། དེ་བས་ཆེ་བའི་རི་ལ་ལྟོས་ནས་ཆུང་བས། ཆེ་བའི་རྫས་སུ་གྲུབ་པ་ཉམས་སོ། །ཡང་ཆུང་བའི་རྫས་སུ་མ་གྲུབ་སྟེ། ཆུང་བ་ལ་ལྟོས་ནས་ཆེ་བའི་ཕྱིར་རོ། །ཆེ་ཆུང་མ་གྲུབ་པ་ནི། དངོས་པོ་གང་གིའང་རགས་པ་རྡུལ་ཕྲན་ལས་ཆེ་ཆུང་མེད་པས་ཀྱང་ཆེ་ཆུང་དུ་མ་གྲུབ་ལ། ཆེ་ཆུང་གཞན་ལ་ལྟོས་ནས་ཀྱང་། ཆེ་ཆུང་གཅིག་ཏུ་མ་གྲུབ་པ་བཤད་མ་ཐག་པའི་ཕྱིར་རོ། །དེ་བཞིན་དུ་ཁབ་དང་། མདུང་ཡང་རིང་ཐུང་མེད་པ་ཉིད་སྔར་སྨོས་པ་བཞིན་ནོ། །མཉམ་པ་མ་གྲུབ་པ་ནི། ཕན་ཚུན་ལྟོས་པས་སོ། །ཡུམ་ལས། གཟུགས་རྒྱ་ཆེན་པོར་མི་བགྱིད། ཆུང་བར་མི་བགྱིད། རགས་པར་མི་བགྱིད། ཕྲ་བར་མི་བགྱིད། ཅེས་སོ། །ཕྲད་པ་དགག་པ་ལ་ལྔ་སྟེ། རྟག་མི་རྟག་ཕྲད་པར་མི་རུང་བ། རང་དང་གཞན་ཕྲད་པར་མི་རུང་བ། ཆ་ཡོད་ཆ་མེད་ཕྲད་པར་མི་རུང་བ། མཚམས་ཡོད་མེད་ཕྲད་པར་མི་རུང་བ། ཕྲད་ཟིན་པ་མེད་པའོ། །དང་པོ་ནི། རྟག་པ་ཕྲད་པར་མི་རུང་བ་སྟེ། རྟག་ཏུ་ཕྲད་པའམ་ནམ་ཡང་ཕྲད་པར་མི་འགྱུར་བའི་ཕྱིར་རོ། །མི་རྟག་པ་ཡང་ཕྲད་པར་མི་རུང་སྟེ། གཅིག་སྐྱེ་དུས་གཅིག་འགག་པའི་ཕྱིར་རོ། །ཚོགས་པ་ཕྲད་པར་མི་རུང་སྟེ། རྟག་མི་རྟག་རྫས་འགལ་བའི་ཕྱིར་རོ། །གཉིས་པ་ནི། རང་དང་རང་ཕྲད་པར་མི་རུང་སྟེ་ཕྲད་བྱ་ཕྲད་བྱེད་གཉིས་མེད་པའི་ཕྱིར་ཐལ་མོ་ཡ་གཅིག་པོ་དེ་ཉིད་ཕྲད་བྱ་ཕྲད་བྱེད་གཉིས་སུ་མེད་པ་བཞིན་ནོ། །གཞན་ཕྲད་པ་ཡང་མེད་དེ། དུས་མི་མཉམ་པ་ལ་མི་རུང་སྟེ་གཅིག་ཡོད་དུས་གཅིག་མེད་པའི་ཕྱིར་རོ། །གཉིས་ཀ་ཚོགས་པའི་ཕྲད་པ་མེད་དེ་རང་གཞན་རྫས་འགལ་བའི་ཕྱིར་རོ། །དུས་མཉམ་པ་ཕྲད་པ་མེད་དེ་གཅིག་ལ་གཉིས་མེད་པས་སོ། །
ཐ་དད་པ་ཕྲད་པ་མེད་དེ་དབྱར་གྱི་དྲོ་བ་དང་དགུན་གྱི་གྲང་རེག་བཞིན་ནོ། །རྩ་ཤེ་ལས། དེ་ཉིད་དེ་དང་ཕྲད་པ་མེད། །གཞན་དང་གཞན་ཡང་ཕྲད་མི་འགྱུར། །ཕྲད་བཞིན་པ་དང་ཕྲད་པ་དང་། །ཕྲད་པ་པོ་ཡང་ཡོད་མ་ཡིན། །ཞེས་སོ། །གསུམ་པ་ནི། ཆ་མེད་ཕྲད་པར་མི་རུང་སྟེ་ཆ་མེད་པའི་ཕྱིར་ཏེ་རྡུལ་ཕྲན་ཆ་ཤས་མེད་པ་ཕྲད་ན་ངོས་ཡོད་པས་ཆ་བཅས་སུ་ཐལ་བའི་ཕྱིར་རོ། །སྤྱོད་འཇུག་ལས། ཕྲད་པ་དང་ནི་ཆ་མེད་པ། །གལ་ཏེ་མཐོང་ན་བསྟན་པར་གྱིས། །ཞེས་སོ། །ཆ་བཅས་ཀྱང་འཕྲད་པར་མི་རུང་སྟེ། ཕྱི་ལོགས་རྣམས་ཕྲད་པ་ན་ནང་མ་ཕྲད་པ་ཤ་སྟག་ཏུ་འགྱུར་ཏེ། དེ་ཉིད་ལས། རྡུལ་ཕྲན་རྡུལ་ཕྲན་ལ་འཇུག་མེད། །དེ་ནི་སྐབས་མེད་མཉམ་པ་ཡིན། །མ་ཞུགས་པ་ལ་འདྲེས་མེད་ཅིང་། །མ་འདྲེས་པ་ཡང་ཕྲད་པ་མེད། །ཅེས་ཏེ། བྲེ་གང་གི་གོར་བྲེ་གང་གི་ཆ་བཅས་མི་ཤོང་བས་ཕྲད་པ་མེད་པ་བཞིན་ནོ། །བཞི་པ་ནི། ཤ་དང་གྲི་ཕྲད་དུས་མཚམས་ཡོད་དམ་མེད། ཡོད་ན་མཚམས་དེ་གྲི་ཡིན་ནམ། ཤ་ཡིན་ནམ་གཉིས་ཀ་མ་ཡིན། དང་པོ་ལྟར་ན་གྲི་དང་ཤའི་མཚམས་ན་གྲི་ཡོད་པར་འགྱུར་རོ། །གཉིས་པ་ལྟར་ན་ཤས་གྲི་གཅོད་པར་ཐལ་ཤ་དང་གྲིའི་བར་ན་ཤ་ཡོད་ཕྱིར་རོ། །གསུམ་པ་ལྟར་ན་གྲི་དང་ཤ་མ་ཕྲད་པར་ཐལ། མཚམས་གཞན་གྱིས་བར་དུ་ཆོད་པའི་ཕྱིར་རོ། །དེས་ན་ཕྲད་པ་ལ་བར་མེད་ན་དེ་གཉིས་གཅིག་ཏུ་འགྱུར་ལ། ཡོད་ན་མཚམས་གཞན་གྱིས་ཆོད་པས་ཕྲད་པར་མི་རུང་སྟེ། དེ་ཉིད་ལས། གལ་ཏེ་དབང་དོན་བར་བཅས་ན། །དེ་དག་གང་དུ་འཕྲད་པར་འགྱུར། །བར་མེད་ན་ནི་གཅིག་ཉིད་དེ། །གང་ཞིག་གང་དང་འཕྲད་པར་འགྱུར། །ཞེས་སོ། །ལྔ་པ་ནི། ཕྲད་ཟིན་ཕྲད་པར་མི་རུང་སྟེ། ཕྲད་པའི་བྱ་བ་འགགས་ནས་མེད་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་ལ་བསམས་ན་གང་ཡང་རང་བཞིན་མེད་པར་ཤེས་པས་ཐ་སྙད་ལ་ཞེན་པ་ལྡོག་པར་འགྱུར་རོ། །བདེན་ཆུང་ལས། འདི་ལྟར་སྣང་བའི་དངོས་པོ་ལ། །རིག་པས་བརྟགས་
ན་འགའ་མི་རྙེད། །མ་རྙེད་པ་འདི་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །མཐོང་ངོ་ཞེས་ནི་གང་སེམས་པ། །གཏི་མུག་གཉིད་ཀྱིས་མཐོང་བ་ཡིན། །ཞེས་སོ། །བྱེ་བ་དགག་པ་ནི། གང་ལས་བྱེ་བ་ཉིད་དང་པོར་མ་ཕྲད་པར་བྱེ་བ་མི་རུང་ལ། ཕྲད་པ་ཉིད་བཤད་མ་ཐག་པ་ལྟར་ཁེགས་པའི་ཕྱིར་དང་། བྱེ་ཟིན་བྱེ་མ་ཟིན་གཉིས་ལ་བྱེ་བ་མེད་ཅིང་། དེ་ལས་གཞན་པའི་བྱེ་བཞིན་པ་མི་དམིགས་པའི་ཕྱིར་དང་། རང་གཅིག་པུ་ལ་བྱེ་བ་མེད་ལ་གཞན་ལའང་བྱེ་བ་མེད་དེ་ངོ་བོ་ཐ་དད་པའི་ཕྱིར་རོ། །གཞན་དགག་པ་ལ་གཉིས་ཏེ། རང་བཞིན་པ་སྤྱིར་དགག་པ་དང་། ཁྱད་པར་ཅན་ཐ་སྙད་དུ་དགག་པའོ། །དང་པོ་ནི་དུས་མི་མཉམ་པ་གཞན་དུ་མི་རུང་སྟེ་གཅིག་རྩོམ་དུས་གཅིག་མེད་པས་ནམ་ཡང་ཐ་དད་པའི་གཞན་དུ་གཞག་རྒྱུ་མེད་པས་སོ། །ཕྱི་མ་གྲུབ་དུས་སྔ་མ་དྲན་པའི་ཡུལ་དུ་བྱས་ནས་འཇོག་པའང་མི་འཐད་དེ་དྲན་པའི་སྣང་ཡུལ་སྒྲོ་བཏགས་ཡིན་པས་སྔ་མ་གཞན་དངོས་སུ་མི་འགྲུབ་པའི་ཕྱིར་ཏེ། བཞི་བརྒྱ་པ་ལས། དྲན་པ་ཞེས་བྱ་འདས་པ་ཡི། །དོན་ལ་ཕྱིན་ཅི་ལོག་ཏུ་འགྱུར། །ཞེས་སོ། །དུས་མཉམ་པ་གཞན་དུ་མི་རུང་སྟེ། ལྟོས་པ་རང་བཞིན་མ་གྲུབ་པའི་ཕྱིར་རོ། །གཅིག་ཉིད་གཞན་དུ་བཞག་པའང་མི་རུང་སྟེ་གཉིས་མ་གྲུབ་པའི་ཕྱིར་ལ། ཐམས་ཅད་རེང་བུ་རེ་རེ་ལ་ནི་གཞན་མི་འགྲུབ་བོ། །དེ་དག་ཕན་ཚུན་ལྟོས་པས་གཞན་དུ་གྱུར་པ་མེད་དེ། རྡུལ་དང་དུས་ཀྱི་བརྟག་པས་ལྟོས་པ་ཁེགས་པའི་ཕྱིར་རོ། །གཉིས་པ་ནི། ལྟོས་མེད་དུ་གཞན་ཞེས་པའི་ཡོན་ཏན་ཡོད་ན་མོ་གཤམ་བུའི་གྲོགས་ཀྱང་ཡོད་པར་ཐལ་བས་ཐ་སྙད་དུ་ཡང་མི་འཐད་དོ། །གཞན་མ་ཡིན་པ་ཡང་མེད་དེ། ལྟོས་གཞི་གཞན་ཉིད་མ་གྲུབ་པའི་ཕྱིར་དང་། རང་ལས་ཐ་དད་པ་དག་གཞན་མིན་མིན་ཏེ་ཀ་བུམ་བཞིན་ནོ། །རང་ཉིད་ཀྱང་དེ་མིན་ཏེ། རང་གཅིག་པུ་ལ་གཞན་ཡེ་ནས་མེད་ན་གཞན་མིན་ཞེས་གང་གིས་གདགས། གལ་ཏེ། བུམ་པ་རང་གི་ངོ་བོ་གཅིག་པུར་གྲུབ་ཀྱང་། ཀ་བ་སོགས་གཞན་ལ་ལྟོས་ནས་གཞན་མིན་ཡིན་ནོ་སྙམ་ན། དེ་ལྟ་ན་དེ་ལ་ལྟོས་ནས་གཞན་ཡིན་པར་ཡང་འགྱུར་བས་ན་འགལ་བའི་ཡོན་ཏན་ཅན་དུ་ཐལ་བའི་ཕྱིར། འདི་དག་བཏགས་པ་ཙམ་ལས་དོན་ལ་མེད་དེ། རྩ་བ་ཤེས་རབ་ལས། གཞན་ཉིད་གཞན་ལ་ཡོད་མ་ཡིན། །གཞན་མ་ཡིན་ལའང་ཡོད་མ་ཡིན། །གཞན་ཉིད་ཡོད་པ་མ་ཡིན་ན། །གཞན་ནམ་དེ་ཉིད་ཡོད་མ་ཡིན། །ཞེས་སོ། །ནམ་མཁའི་ཡོན་ཏན་གྱི་སྒྲ་ཡང་མི་རུང་སྟེ། སྐྱེས་བུས་ༀ་བརྗོད་དུས་ཐོས་པ་ནི་སྐྱེས་བུའི་སྒྲ་ཡིན་པར་མངོན་སུམ་དུ་མཐོང་ན་ཇི་ལྟར་ནམ་མཁའི་སྒྲ་ཡིན། སྐྱེས་བུས་བརྗོད་པ་ཉིད་ཀྱིས་ཡིན་ནོ་ཞེ་ན་བུམ་པ་ཡང་ནམ་མཁའ་ནས་བྱུང་བ་ལ་སོགས་པར་འགྱུར་བའི་ཕྱིར་དང་། ནམ་མཁའ་ཉིད་མ་གྲུབ་པས་དེའི་སྒྲ་མི་སྲིད་པའི་ཕྱིར་དང་། རྟག་པ་ལ་བརྗོད་མི་བརྗོད་ཆ་གཉིས་མེད་པའི་ཕྱིར་དང་། ནམ་མཁའ་ན་སྒྲ་ཡོད་ན་རྟག་ཏུ་ཐོས་པར་འགྱུར་ཞིང་། ༀ་བརྗོད་དུས་དུང་སྒྲ་ལ་སོགས་ཀུན་དུས་མཉམ་དུ་ཐོས་པར་ཐལ་ཏེ། སྒྲིབ་བྱེད་ཀྱི་རླུང་བསལ་བར་ཁྱད་མེད་པའི་ཕྱིར་རོ། །འོ་ན་ལྕེ་རྐན་ལས་སྒྲ་འབྱུང་བའང་མི་འཐད་དོ་ཞེ་ན། དེ་ནི་རྐྱེན་ལས་དངོས་སུ་སྣང་བས་གྲུབ་ལ། འཁྲུལ་སྣང་དུ་སྣང་ཙམ་རྟེན་ཅིང་འབྲེལ་བའི་ཕྱིར་ཏེ། བདེན་གཉིས་ལས། ཇི་ལྟར་སྣང་བཞིན་
ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་པས། དངོས་པོ་ལ་སྒྲ་དང་གཞན་ཡང་མ་གྲུབ་པར་གསུངས་སོ། །ལས་དགག་པ་ནི། སྔ་ཆར་རྟག་མི་རྟག་ལ་འཕོ་བ་མི་རུང་བས་ཁེགས་སོ། །དེའང་ལྷས་བྱིན་ཤར་ནས་ནུབ་ཏུ་འགྲོ་ན་རྟག་པ་འགྲོའམ་མི་རྟག་པ་འགྲོ། རྟག་པ་ལ་འགྲོ་བ་མི་རུང་སྟེ། ཅུང་ཟད་ཀྱང་འགུལ་དུ་མི་རུང་བས་སོ། །རུང་ན་འགུལ་བའི་ཕྱིར་རྟག་པ་ཉམས་སོ། །མི་རྟག་པ་ལའང་འགྲོ་བ་མེད་དེ། འགྲོ་བར་གཟོ་བ་ན་འགག་པར་སྐྱེས་པས་ཡུལ་གཞན་དུ་ནུར་ལོངས་མེད་པའི་ཕྱིར་རོ། །ལརྒྱུན་རྟག་པར་མི་རུང་སྟེ། སྐད་ཅིག་མ་ལ་ཕྲད་པ་མེད་པས་རྒྱུན་མ་གྲུབ་པའི་ཕྱིར་རོ། །རྩ་ཤེ་ལས། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །རེ་ཞིག་སོང་ལ་མི་འགྲོ་སྟེ། །མ་སོང་བ་ཡང་འགྲོ་མི་འགྱུར། །སོང་དང་མ་སོང་མ་གཏོགས་པ། །བགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་སོ། །དེའང་སོང་ཟིན་ལ་འགྲོ་བ་མེད་དེ་འགགས་པའི་ཕྱིར་རོ། །མ་སོང་བ་ལ་འགྲོ་བ་མེད་དེ། མ་འོངས་པའི་ཕྱིར་རོ། །དེ་གཉིས་ཀྱི་བར་ན་ད་ལྟ་བའི་གོམ་པ་འདོར་བཞིན་པ་དེའི་སྔ་ཆ་འདས། ཕྱི་ཆ་མ་སྐྱེས་པས་ད་ལྟ་བ་མ་གྲུབ་པའི་ཕྱིར་འགྲོ་བ་མེད་དེ། འགྲོ་བ་མེད་པ་ལ་འགྲོ་བར་སྣང་བ་འཁྲུལ་པ་ཡིན་ནོ། །རྒྱུ་མཚན་དེས་སྐྱེ་བ་དང་། གནས་པ་དང་། འགག་པ་ཐམས་ཅད་ཀྱང་མེད་ལ་སྣང་བར་ཤེས་པར་བྱའོ། །སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལ་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །
འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་སོ། །འདི་ལྟ་བུའི་ལུང་རིགས་ཀྱིས་འཁྲུལ་སྣང་གཞི་མེད་སྟོང་པའི་གཟུགས་བརྙན་དུ་ཕྱལ་གྱིས་བཏང་བས་མེད་པ་གསལ་སྣང་འབའ་ཞིག་ཏུ་ཤེས་པར་བྱའོ། །སྤྱི་དགག་པ་ལ་གཉིས་ཏེ། སྤྱི་ཙམ་དགག་པ་དང་། ལུས་དགག་པའོ། །དང་པོ་ལའང་། གསལ་བ་ལས་ཐ་དད་དུ་མི་རུང་བ་དང་། གཅིག་ཏུ་མི་རུང་བ་གཉིས་ལས། དང་པོ་ནི། གསལ་བ་རེ་རེ་བ་ལས་ལོགས་སུ་སྤྱི་ཡོད་ན། སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར་དང་། གསལ་བ་རེ་རེའི་སྟེང་ནའང་སྤྱི་འདི་ཡིན་ཞེས་པ་སྣང་རུང་མ་དམིགས་པས་ཁེགས་སོ། །བར་གྱི་གསལ་བའི་སྤྱི་མེད་དེ། དེ་ཡིན་མིན་གཉིས་ཀ་ལ་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི་གཅིག་གཞིར་བྱས་པ་ལ་བུམ་པ་ལྟ་བུ་དེ་ལ་རྐྱེན་གསུམ་ཚོགས་པ་ལས་གཞན་པའི་གསལ་བ་མེད་པས་ཀྱང་མི་རུང་ལ། གསལ་བའི་རྐྱེན་གསུམ་བུམ་པའི་རྐྱེན་གསུམ་ཚོགས་པ་ཡོད་ན་སྤྱི་དེ་དུ་མར་ཐལ་ཏེ། དུ་མ་དང་ངོ་བོ་གཅིག་པའི་ཕྱིར། སྣོད་དུ་མ་དང་འབྲེལ་བའི་རྒྱ་ཤུག་བཞིན་ནོ། །དེའང་སྤྱི་དེ་འཇིག་པར་ཐལ་ཏེ། འཇིག་པའི་གསལ་བ་དང་གཅིག་པའི་ཕྱིར་རོ། །འགལ་འདུས་སུ་ཡང་ཐལ་ཏེ་སྤྱི་དེ་སོལ་བ་ལ་ཁྱབ་པའི་ཆ་ནས་ནག་ལ། དུང་ལ་ཁྱབ་པས་དཀར་བའི་ཕྱིར་རོ། །སྤྱི་དེ་འཇིག་མི་འཇིག་ཆ་གཉིས་བྱེད་པར་ཐལ་ཏེ་ཆ་གཉིས་ཀྱི་ཆོས་ནམ་མཁའ་དང་བུམ་པ་སོགས་ལ་ཁྱབ་པའི་ཕྱིར་རོ། །འདོད་ན་གཅིག་ཡིན་པ་བུད་དོ། །ཐམས་ཅད་ཐམས་ཅད་ཀྱི་དངོས་པོར་ཡང་ཐལ་ཏེ། མི་ཉིད་ཕྱུགས་སུ་ཐལ་ཏེ་མི་དང་སྤྱི་དབྱེར་མེད་ཅིང་། སྤྱི་དང་ཕྱུགས་དབྱེར་མེད་པའི་ཕྱིར་རོ། །ལུས་དགག་པ་ནི་ལུས་ཞེས་བྱ་བ་ནི་ཡན་ལག་ཡིན་ནམ། དེ་ལས་ལོགས་ན་ཡོད། ཡན་ལག་ཡིན་ན་དུ་མར་འགྱུར་ལ། དེ་ལས་ལོགས་ན་ཡོད་ན་ཡན་ལག་གི་སྤྱིར་མི་འཐད་དེ་ཡན་ལག་མ་ཡིན་པ་ཡན་ལག་གི་སྤྱིར་འགལ་བའི་ཕྱིར་རོ། །ཡང་འགལ་བ་གསུམ་གྱིས་བརྟགས་པ་ལས། སྤྱི་དེ་ཡན་ལག་ཡིན་ན་ཡན་ལག་ལ་བརྟེན་པའི་འགལ་བ།
གདོང་པ་ཚོན་གྱིས་ཁ་བསྒྱུར། རྐང་པ་མ་བསྒྱུར་བའི་དུས་སུ། རྐང་པའང་ཁ་བསྒྱུར་བར་ཐལ་ཏེ། བསྒྱུར་བའི་སྤྱི་ལུས་དང་དབྱེར་མེད་པའི་ཕྱིར་རོ། །དེ་བཞིན་དུ་ལུས་ལ་བརྟེན་པའི་འགལ་བ་ཡང་། ལག་པ་གཡོ་བས་ཡན་ལག་ཐམས་ཅད་གཡོ་བར་ཐལ་ཏེ། ལུས་དང་དབྱེར་མེད་པའི་ལག་པ་གཡོ་བའི་ཕྱིར་རོ། །མགོ་སྒྲིལ་བས་ལུས་རིལ་པོ་སྒྲིལ་བར་འགྱུར་ཏེ། ལུས་དང་དབྱེར་མེད་པའི་མགོ་སྒྲིལ་བའི་ཕྱིར་རོ། །གཉིས་པ་ལྟར་ན་ཡན་ལག་ལས་ལོགས་སུའང་ལུས་མེད་དེ། ཡོད་ན་སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར་དང་། ཡན་ལག་གི་ཕྱི་ན་གོས་ལྟར་གཡོགས་པའང་མེད་དེ་པགས་པ་ལས་གཞན་དུ་མ་དམིགས་པའི་ཕྱིར་དང་། ནང་ནའང་མེད་དེ། ནང་ཁྲོལ་ལས་གཞན་པའི་ལུས་སུ་མ་དམིགས་པའི་ཕྱིར་རོ། །དེ་ལྟར་དཔྱད་པས་སྤྱི་ཐམས་ཅད་སྒྲོ་བཏགས་ལས་རང་མཚན་དུ་མེད་པས། བློས་རློམ་པ་ཁོ་ནར་ཤེས་སོ། །དེ་ལ་ལག་པའང་ལྷུ་གསུམ་དུ་ཕྱེ་དུས་མ་གྲུབ་པ་དང་། སོར་མོ་ལྔར་གྱུར་པས་ལག་མགོ་མ་གྲུབ་པ་དང་། ཚིགས་གསུམ་དུ་གྱུར་པས་སོར་མོ་མ་གྲུབ་པ་དང་། མཐར་རྡུལ་ཙམ་དུའང་མ་གྲུབ་པས་བྱེ་བྲག་ཅེས་པའང་དངོས་པོ་ལ་མ་གྲུབ་པས་སྤྱི་དང་བྱེ་བྲག་སྒྲོ་བཏགས་ཉིད་དུ་འགྱུར་བ་ལས་གཞི་མེད་པའི་རང་བཞིན་དུ་ཤེས་ཏེ། སྤྱོད་འཇུག་ལས། གལ་ཏེ་བདག་ཉིད་ཀུན་གྱི་ལུས། །ལག་སོགས་རྣམས་ལ་ཡོད་ན་ནི། །ལག་སོགས་དེ་དག་ཇི་སྙེད་པ། །དེ་སྙེད་ཀྱི་ནི་ལུས་སུ་འགྱུར། །དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར། །ལག་པའང་གང་ཞིག་ཡིན་པར་འགྱུར། །དེ་ཡང་ཚིགས་ཉིད་ཡིན་པའི་ཕྱིར། །ཚིགས་ཀྱང་རང་གི་ཆ་དབྱེ་བས། །ཆ་ལ་རྡུལ་ཆའི་དབྱེ་བས་དེར། །རྡུལ་དེའང་ཕྱོགས་ཆའི་དབྱེ་བ་ཡིས། །ཕྱོགས་དབྱེའི་ཆ་ཤས་དང་བྲལ་ཕྱིར། །མཁའ་བཞིན་དེས་ན་རྡུལ་དེ་ཡང་། །མེད་དེ་རྨི་ལམ་ལྟ་བུ་ཡི། །གཟུགས་ལ་དཔྱོད་ལྡན་སུ་ཞིག་ཆགས། །ཞེས་པ་དང་། ཡུམ་ལས། ལུས་རྣམ་པར་དག་
པ་དང་ནམ་མཁའ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་པ་བཞིན་ནོ། །དེས་ན་ཡན་ལག་གི་སྤྱི་ལུས་ཁེགས་པས་སྤྱི་ཆུང་ངུ་དང་བར་གྱི་སྤྱི་ཡང་ཚུལ་དེས་ཁེགས་པ་ཡིན་ནོ། །དེ་ལྟར་སྤྱི་ཁེགས་པས་བྱེ་བྲག་ཀྱང་མེད་དེ་སྤྱི་ཁེགས་པའི་ཕྱིར་ཏེ། བུམ་པ་ཁེགས་ན་དེའི་བྱེ་བྲག་རྫ་བུམ་གཏན་མེད་པར་འགྱུར་བ་བཞིན་ནོ། །ཡང་ལྟོས་པའི་ཕྱིར་སྤྱི་མེད་པས་བྱེ་བྲག་མེད་དེ། ལག་པ་ཉིད་ལུས་ལ་ལྟོས་ནས་བྱེ་བྲག་དང་། ལྷུ་ལ་ལྟོས་ནས་སྤྱིར་འཇོག་དུས་སྤྱི་བཀག་པས་བྱེ་བྲག་ཁེགས་པའི་ཕྱིར་རོ། །རྡུལ་ཡང་རང་གི་རྡུལ་ཕྲན་གྱི་སྤྱི་བཞིན་ཡིན་པས་ཀྱང་ཁེགས་ཏེ། རྡུལ་ཆ་རྡུལ་ཕྲན་གྱི་སྤྱི་ཡིན་པ་དེ་ཉིད་ཆ་ཤས་མེད་པས་ཁེགས་པའི་ཕྱིར་རོ། །འདུ་བ་ཡང་མེད་དེ་ཐ་དད་ཡུལ་གཅིག་ཏུ་མི་འཚོགས་ཤིང་ཐ་མི་དད་ལ་འདུ་བྱ་འདུ་བྱེད་གཉིས་མེད་པའི་ཕྱིར་རོ། །དེས་ན་དངོས་པོ་གཅིག་ལ་གཅིག་དང་ཐ་དད་ཀྱི་འདུ་བ་མེད་དེ། འདུ་བ་བློས་བརྟགས་པ་ཡིན་གྱི། དཔྱད་ན་གཅིག་ཐ་དད་འདྲེར་རྫས་མ་གྲུབ་སྟེ་བློས་བསླད་ཅིང་སྒྲོ་བཏགས་འཛིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། རྟོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པ་མེད། །ཅེས་པ་དང་། དམ་པའི་དོན་གྱི་དོན་རྣམས་ནི། །རང་གི་འདྲེ་དང་ཐ་དད་མེད། །དེས་ན་དངོས་པོ་གཅིག་པ་དང་། །དུ་མ་བློ་ཡིས་བསླད་པ་ཡིན། །ཞེས་དང་། ཡུམ་ལས། ཆོས་གང་ཡང་གང་དང་ཡང་ལྷན་ཅིག་ཀུན་ཏུ་རྒྱུ་བ་མེད་དེ་རང་བཞིན་གྱིས་སྟོང་པའི་ཕྱིར་རོ་ཞེས་སོ། །ཤེས་པས་མི་གྲོལ་བ་ནི། དོན་དྲུག་ཤེས་ཀྱང་གྲོལ་བའི་ཐབས་མ་ཡིན་ཏེ། ཤེས་བྱའི་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་གཙོ་བོ་བཞིན་ནོ། །ཀླུ་སྒྲུབ་ཀྱིས། ལོག་ལྟས་མྱ་ངན་མི་འདའ་བར། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །ཞེས་པ་དང་། རྣམ་འགྲེལ་ལས། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང་། །སྲེད་པ་ཀུན་ནས་འཆིང་བའི་རྒྱུ། །སྐྱེ་བོ་གང་ལ་དེ་མེད་པར། །དེ་ཡིས་སྐྱེ་བ་མི་འབྱུང་ངོ་། །ཞེས་སོ། །འོ་ན་རྣམ་བཤད་རིག་པ་ལས། དད་པས་ཉན་པ་གང་གིས་ན། །
མཐོ་རིས་དགའ་བའི་བསོད་ནམས་དང་། །གང་གི་མྱ་ངན་འདས་ཐོབ་པའི། །ཤེས་རབ་ས་བོན་གནས་པར་འགྱུར། །ཞེས་ཁྱེད་རང་ཡང་དད་པས་ཞུགས་ན་གང་ལྟར་ཡང་འབྲས་བུ་ཐོབ་པར་འདོད་པ་མ་ཡིན་ནམ་ཞེ་ན། དེ་ནི་ལམ་མ་ལོག་པ་ལ་དད་པའི་དབང་དུ་བྱས་ཀྱི། ལོག་པའི་ལམ་ལ་དད་ན་ཇི་ལྟར་དད་པ་ལྟར་ཇེ་ཐུར་འགྱུར་ཏེ་ལམ་ནོར་བ་ལ་གོམ་པ་མང་དུ་ནོར་བ་བཞིན་ནོ། །རྩ་ལྟུང་གི་འགྲེལ་པ་ལས། ནག་པོའི་ལས་དེ་གང་བྱས་པ། །དེ་ལས་འབྲས་དཀར་མི་འབྱུང་སྟེ། །རུལ་བའི་ཤིང་གི་ས་བོན་ལས། །བརྩམ་པའི་མྱུ་གུ་ཇི་བཞིན་ནོ། །ཞེས་སོ། །ཚུལ་འདིས་རང་གི་སྡེ་པའི་ནང་དུ་ཁས་འཆེ་བ་དག །གང་ལའང་མོས་པ་བྱས་ན་བྱིན་རླབས་འབྱུང་བས། མཐར་གྲོལ་ཞེས་ཕྱོགས་འབྱམས་སུ་སྨྲ་བ་ཁེགས་སོ། །བདེ་སྡུག་བླ་མ་མཁའ་འགྲོ་དང་། ཡི་དམ་གྱིས་བྱེད་པར་འདོད་པའང་ཁེགས་ཏེ། དེ་དག་གིས་ཐབས་བསྟན་གྱི། རང་གི་ཐབས་ལྟར་བྱས་ན་དེ་བྱེད་པའི་ནུས་རུང་དུ་འགྱུར་བ་ལ་བཏགས་པ་ཡིན་ཡང་། དེ་དག་གིས་བྱས་པ་ཡིན་ན་རིག་པ་འདིས་ཁེགས་སོ། །རྫས་ལྡོག་དང་སྤྱི་དངོས་པོར་ཁས་ལེན་པའང་འདི་ཁོ་ནས་ཁེགས་པ་ཡིན་ནོ། ཁོ་བོ་ཅག་ནི་སྣང་ཚུལ་ཅིར་སྣང་ཡང་གཤིས་ལ་གང་དུའང་མ་གྲུབ་པར། ཁས་ལེན་གྱི་དམ་བཅའ་མེད་པས་སྐྱོན་མེད་ཡིན་ཏེ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པ་བཞིན་ནོ། །སྤྱོད་པ་པའི་ཕྱོགས་གཏན་ལ་དབབ་པ་ནི། ཁྱབ་འཇུག་ལྷར་འཛིན་རིག་བྱེད་ཚད་མར་སྨྲ། །དམ་བཅའ་བཅུ་ལས་གྲོལ་བ་སྒྲུབ་པར་འདོད། །དེ་ཡང་རྣམ་གྲོལ་ཕན་པའི་དོན་མེད་པས། །ཕྱིན་ཅི་ལོག་གཞུང་གང་དེ་དོར་བར་བྱ། །ཁྱབ་འཇུག་ལྷར་འཛིན་ཞིང་རིག་བྱེད་ཚད་མར་སྨྲ་བས། དམ་བཅའ་བཅུ་ཁས་བླངས་ཏེ་ཐར་པ་འདོད་པའི་མུ་སྟེགས་བྱེད་རྣམས་ལ་གྲོལ་བ་མེད་དེ་གཞུང་ལམ་ཕྱིན་ཅི་ལོག་ལ་ཞུགས་པའི་ཕྱིར་ན་
ཤར་དུ་བགྲོད་པ་ལ་ནུབ་ཏུ་ཞུགས་ནས་གོམ་པ་འདོར་བ་བཞིན་ནོ། །འདིར་དེའི་ཚུལ་རྒྱས་པར་དབྱེ་ན། བྲམ་ཟེ་རྒྱལ་དཔོག་སྟོན་པར་འཛིན་ཅིང་། ཁྱབ་འཇུག་ལྷར་འདོད་པ་དག་ནི་ནང་ཚན། རིག་བྱེད་པ། བྲམ་ཟེ་པ། ཁྱབ་འཇུག་པ། སྤྱོད་པ་པ། རྒྱལ་དཔོག་པ་ཞེས་ལྔར་ཡོད་དེ། རིག་བྱེད་བཞི་ཚད་མར་འདོད་པ་དང་རིགས་བྲམ་ཟེ་མཆོག་ཏུ་འཛིན་པ་དང་། ཁྱབ་འཇུག་ལྷར་འཛིན་པ་དང་། སྤྱོད་པ་ཙམ་གྱིས་གྲོལ་བར་འདོད་པ་དང་། སྟོན་པ་རྒྱལ་དཔོག་གི་རྗེས་སུ་འབྲེངས་པའི་ཕྱིར་དེ་སྐད་དུ་གྲགས་སོ། །དེ་དག་གིས་ནི་གྲུབ་པའི་གཞུང་རྟོག་པ་ལ་ཕན་པའི་ཡལ་ག་དང་། དྲང་སྲོང་སྐྱེད་བྱེད་ཀྱི་ཡལ་ག་དང་། ནོར་བུ་སྐུད་པ་ལ་བཏགས་པའི་མཆོད་སྦྱིན་དང་། བྷ་ར་ཏ་ཀའི་ལྡུམ་དང་། ལོ་མ་ཅན་གྱི་གསང་ཚིག་ལ་སོགས་པའི་རྗེས་སུ་འབྲེངས་ནས་དམ་བཅའ་བཅུ་ཁས་ལེན་པ་ནི། ལྷ་ཁྱབ་འཇུག་དང་། རིག་བྱེད་ཚད་མ་དང་། ཁྲུས་ཀྱིས་དག་པ་དང་། ཡུལ་གྱིས་དག་པ་དང་། སྲིད་བསྲུངས་པས་དག་པ་དང་། གཡུལ་བསྲུངས་པས་དག་པ་དང་། ཆོས་བསྲུངས་པས་དག་པ་དང་། སྲོག་བསྲུངས་པས་དག་པ་དང་། དངོས་པོ་རྒྱུ་མེད་དང་། ཤེས་པས་རང་མི་རིག་པར་དམ་བཅའ་བ་ཡིན་ནོ། །དང་པོ་ནི། དངོས་པོ་ཐམས་ཅད་ཁྱབ་འཇུག་གི་རྣམ་པར་སྤྲུལ་པ་སྟེ། དྲང་སྲོང་སྐྱེད་བྱེད་ཀྱི་ཡལ་ག་ལས། སྐལ་ལྡན་ནོར་ལྷ་འདི་ནི་ཐམས་ཅད་མཁྱེན་ཅིང་གཟིགས། །འགྲོ་བ་ཐམས་ཅད་ལྷར་འདྲེན་ཐར་པ་སྦྱིན་པར་བྱེད། །ནོར་ལྷ་སྟོབས་བཟང་འཆི་མེད་ལ་སོགས་ངོ་བོར་གནས། །ཀུན་གྱི་བདག་ཉིད་ཀུན་ལ་ཞུགས་དང་ཀུན་ལ་ཁྱབ། །ཅེས་སོ། །དེས་འགྲོ་བ་འདུལ་བ་ལ་འཇུག་པ་ནི་བཅུ་སྟེ། ཉའི་འཇུག་པ་དང་། རུས་སྦལ་དང་། ཕག་རྒོད་དང་། རྒྱལ་པོ་ཤིང་རྟ་བཅུ་པའི་བུ་ར་མ་ཎ་དང་། དྲང་སྲོང་ཨག་ནེའི་བུ་ར་མ་ཎ་དང་། ནག་པ་དང་། མིའི་སེང་གེའི་གདོང་དང་། མིའུ་ཐུང་དང་། ཤཱཀྱ་ཐུབ་པ་དང་། ཚེ་ལོ་བཅུ་པའི་དུས་སུ་རྟ་ངང་བར་སྤྲུལ་ནས་སྐྱེས་བུ་ཐམས་ཅད་མཐོ་རིས་
ནས་ཐར་པ་ལ་བཀོད་དེ་འཁོར་བ་སྟོངས་པར་བྱེད་དོ། །དེའི་བར་དུ་ཕག་རྒོད་དུ་སྤྲུལ་ནས་འཇིག་རྟེན་ཐམས་ཅད་འདེགས་ཤིང་ཐམས་ཅད་གྲོལ་ཟིན་པ་དང་འདོར་བས་ཐུགས་རྗེ་ཆེ་བའི་ཁུར་བསྣམས་པའི་ཕྱིར་དྲིན་ཆེ་བ་ཡིན་ནོ་ཞེས་པ་སྟེ། དམ་བཅའ་འང་ལོ་མ་ཅན་གྱི་གསང་ཚིག་ལས། ཉ་དང་རུས་སྦལ་ཕག་རྒོད་དང་། །ར་མ་ཎ་གཉིས་ནག་པ་དང་། །མི་ཡི་སེང་གེ་མི་ཐུང་དང་། །སངས་རྒྱས་ངང་པ་ཅན་དེ་བཅུ། །ཞེས་སོ། །ཁྱབ་འཇུག་ནི་དེ་ལྟར་སྤྲུལ་ནས་ཐམས་ཅད་ཀྱི་བདག་ཉིད་དེ་འཇུག་པ་དང་པོའི་སྒོ། ཁྱབ་འཇུག་ཞི་བའི་རྒྱུད་ལས། ང་ནི་སྦྱིན་བྱེད་ཟ་བ་པོ། །ང་ནི་ཟས་དང་སྐྱེ་དགུའི་བདག །ང་ནི་བྲམ་ཟེའི་ལུས་གནས་ནས། །ཟ་བར་བྱེད་ཅིང་སྦྱིན་པར་བྱེད། །གང་དག་ལྷ་གཞན་གནས་བྱེད་ཅིང་། །དད་ལྡན་བརྩོན་པར་བྱེད་པ་དང་། །དེ་དག་ང་ལ་ཀུན་དའི་བུ། །བྱ་བ་སྔོན་དུ་འགྲོ་བས་བསྟེན། །ཞེས་འབྱུང་བ་བཞིན་ནོ། །རིག་བྱེད་ཚད་མ་ནི། རིག་བྱེད་ཀྱི་གཞུང་ཆེན་པོ་བཞི་སྟེ། མཆོད་སྦྱིན། ལོ་རྒྱུས། གསང་ཚིག །སྲིད་སྲུང་གི་རིག་བྱེད་དོ། །གཞན་ཡང་མཆོད་སྦྱིན། སྙན་ངག །སྲིད་སྲུང་། ངེས་བརྗོད་བཞི་ནི། ཕན་པའི་རིག་བྱེད་བཞི་ཞེས་བྱ་བར་འདོད་དེ། དེ་ལ་མཆོད་སྦྱིན་ནི། ལྷ་མཆོད་ཅིང་སེམས་ཅན་ལ་སྦྱིན་པ་བྱེད་པ་སྟེ། མཆོད་སྦྱིན་ཞི་བ་སྲོག་མི་གཅོད་པའི་སྒོ་ནས་བྱེད་ལ། དྲག་པོ་ནི་ཕྱུགས་ལ་སོགས་པའི་སྲོག་གཅོད་པ་ལས་བྱེད་དེ། གྲོལ་བ་དང་། གནས་སྐབས་ཀྱི་བདེ་འབྲས་སྒྲུབ་པའི་ཁྱད་པར་དུ་འདོད་པ་ཡིན་ནོ། །བསད་པའི་སྲོག་ཆགས་དེ་དག་ལྷས་མཐོ་རིས་སུ་འདྲེན་པས་སྡིག་མེད་ཀྱི་སྟེང་དུ་དེ་ལ་ཕན་འདོགས་པར་འདོད་དེ་ངན་སོང་མཐོ་རིས་ལ་འགོད་པའི་ཕྱིར་རོ། །གསང་ཚིག་ལས། རིག་བྱེད་འཚེ་བ་གང་བསྟན་པ། །བསྟན་བཅོས་གཞན་དུ་སྨད་གྱུར་ཀྱང་། །དེས་ནི་སྡིག་བྱས་མི་འགྱུར་བས། །གཞན་དུ་སྐྱེ་བ་བདག་གིས་བསྟན། །ཞེས་སོ། །ལོ་རྒྱུས་ནི། ཁྱབ་འཇུག་གིས་འཇུག་པ་དང་། དབང་ཕྱུག་གིས་ཨུ་མ་དེ་བ་ཕྲོགས་པ་ལ་སོགས་
པའི་རབས་སོ། །གསང་ཚིག་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་བྱུང་བ་ལ་སོགས་པར་སྟོན་པའོ། །སྲིད་བསྲུངས་ནི། བྲམ་ཟེ་རྣམས་ཀྱི་བྱ་བ་སྟོན་པ་གཞོན་ནུ་བཙའ་བའི་བསྟན་བཅོས་ཏེ། གཞུང་རྒྱ་མཚོ་ལས། གཽ་ཏཾ་བུད་མེད་མེ་ཉིད་ཡིན། །དེ་ཡི་ཉེར་གནས་ཐབ་ཁུང་ཡིན། །དེར་སྐྱེས་བུ་ནི་དུ་བ་ཡིན། །དེ་ཡི་ནང་ཞུགས་སོལ་བ་ཡིན། །དེ་ཡི་ཁུ་བ་མེ་སྟག་ཡིན། །དེ་ལྟ་བུ་ཡི་མེ་འདི་ལ། །སྐྱེས་བུ་ལྷ་ཡི་ས་བོན་བསྲེགས། །སྦྱིན་སྲེག་དེ་ལས་སྐྱེས་བུ་འབྱུང་། །དེར་སྐྱེས་འཚོ་བར་གྱུར་པ་ཡིན། །ཞེས་སོ། །ཚུལ་དེས་རང་གི་སྲིད་འཛིན་ཅིང་། རིགས་མ་ཆད་པར་བྱས་པས་ན་སྲིད་སྲུང་ཞེས་བྱའོ། །དེའང་བྲམ་ཟེ་གྲུབ་པ་ལ་ཞུགས་པ་དག་གི་ལུགས་ཀྱིས་ལོ་དྲུག་ཅུའི་བར་དུ་ཚངས་པར་སྤྱད་ནས་དེའི་རྗེས་ལ་རིགས་རྒྱུད་སྤེལ་བས་ཆུང་མ་ལེན་པའི་བསྟན་བཅོས་ཞིག་གོ །རིག་བྱེད་ཀྱི་གཞུང་བཞི་པོ་དེ་དག་ཀྱང་མཚན་ཉིད་གསུམ་དང་ལྡན་པ་སྟེ། སྐྱེས་བུས་མ་བྱས་པ། རྟག་པ། བདེན་པའི་དོན་ཅན་ཡིན་པའོ། །ཚངས་པས་བརྗོད་པའི་ཕྱིར་བྱས་སོ་ཞེ་ན། མ་ཡིན་ཏེ། རྟག་པར་ཡོད་པ་དེ་ཚངས་པས་དྲན་ནས་བརྗོད་པ་ཡིན་གྱི། གསར་དུ་བྱས་པ་མ་ཡིན་གྱི། ཡན་ལག་བརྒྱད་པ་ལས། ཚངས་པས་ཚེ་ཡི་རིག་བྱེད་དྲན། །དེ་ཡིས་སྐྱེ་དགུའི་བདག་ལ་བཤད། །ཅེས་པ་བཞིན་ནོ། །དེ་ལྟ་མ་ཡིན་ན། ཁྱོད་ནང་པའང་ཆོས་ཀྱི་དབྱིངས་དེ་མ་བྱས་པ་མ་ཡིན་པར་ཐལ། སངས་རྒྱས་ཀྱིས་གསུངས་པའི་ཕྱིར་ཞེས་འགོད་དེ། ནམ་མཁའ་ན་རྟག་ཏུ་ཡོད་པའི་ཚིག་ཚངས་པས་ཐོས་པའི་དོན་དྲན་ནས་བརྗོད་པའོ། །བརྗོད་པ་ཐམས་ཅད་རྫུན་ཡིན་ལ་རིག་བྱེད་བདེན་པའོ་ཞེས་འདོད་དེ། གསང་ཚིག་ལས། ཆགས་སོགས་སྐྱོན་གྱིས་ཉམས་པའི་ཕྱིར། །སྐྱེས་བུའི་ཚིག་ནི་རྫུན་ཡིན་ལ། །རིག་བྱེད་སྐྱེས་བུས་མ་བྱས་སོ། །དེས་ན་ཚད་མར་གཟུང་བར་བྱ། །ཞེས་སོ། །རིག་བྱེད་ཀྱི་སྒྲ་དོན་ལ་འབྲེལ་བ་དངོས་པོ་ཡོད་དེ། དེ་ཉིད་ལས། སྒྲ་རྟག་དབྱངས་ཀྱིས་གསལ་བར་བྱེད། །དོན་དང་འབྲེལ་བས་རྟག་པ་ཉིད། །དོན་ལ་
རྟོག་པ་དང་ལྡན་ལ། །རྟོག་པ་རབ་ཏུ་སྐྱེ་བར་འགྱུར། །ཞེས་སོ། །རིག་བྱེད་འཆད་པ་པོ་ཚངས་པ་བདེན་གྱི། སངས་རྒྱས་ཐམས་ཅད་མཁྱེན་པ་ཡོད་མི་སྲིད་དེ་ཁྱོད་ནང་པས་སྒྲོ་བཏགས་པ་ཙམ་ལ། ཁྱེད་རང་གི་ལུང་ལས། འགལ་འདུ་མང་དུ་སྣང་བའི་ཕྱིར། ཞེས་འདོད་དེ། གསང་ཚིག་ལས། སངས་རྒྱས་གསུང་ནི་ཚད་མ་མིན། །ལྟ་བ་གསུམ་པོ་སུན་འབྱིན་ཕྱིར། །ཇི་ལྟར་གང་སྨྲས་དེ་དེ་ལྟར། །གཅེར་བུར་རྒྱུ་བའི་ལྟ་བ་བཞིན། །ཤེས་བྱ་མཐའ་ཡས་ཀུན་ཤེས་མིན། །ཤེས་བྱེད་གཞན་ཡོད་ཐུག་པ་མེད། །གཅིག་གིས་རྒྱུ་དང་མི་རྒྱུ་དང་། །ཐམས་ཅད་ཤེས་པར་བྱ་མི་ནུས། །རིག་བྱེད་དག་ནི་ཐམས་ཅད་ཀྱིས། །ཀློག་པ་གང་དག་མི་སྲིད་ཕྱིར། །འཇིག་རྟེན་དག་ན་མི་རྣམས་དང་། །མུ་སྟེགས་གཞན་ནའང་ཀུན་མཁྱེན་མེད། །རྡོ་སྒྱོགས་འཕེན་པར་བྱེེད་པ་ཡི། །ལྷ་སྦྱིན་བསྡུས་པར་གྱུར་ཕྱིར་དང་། །གླང་པོའི་དབང་པོ་འོང་བ་ཡི། །མ་འོངས་པ་དག་ཤེས་མ་གྱུར། ཞེས་སོ། །རྟག་པ་ནི་སྤྱིར་སྒྲ་ཐམས་ཅད་རྟག་པ་ཉིད་དེ། བརྡའ་འཇུག་པའི་ཕྱིར་དང་། གོམས་པར་བྱར་རུང་བའི་ཕྱིར་དང་། སྔར་ཤེས་པ་ཕྱིས་གཞན་གྱིས་ཤེས་པའི་ཕྱིར་དང་། མཉན་བྱ་ཡིན་པའི་ཕྱིར་སྒྲ་ཉིད་ཀྱི་སྤྱི་བཞིན་ནོ། །གལ་ཏེ་མི་རྟག་ན་སྒྲ་འཇུག་པར་ཡང་མི་རུང་སྟེ། མི་རྟག་པས་ན་ཕྱིས་འགགས་ནས་མེད་པའི་ཕྱིར་རོ། །ཚིག་འཛིན་པ་ལ་སོགས་པའང་མི་རུང་སྟེ། ད་ལྟ་འཛིན་དུས་སྔ་མ་མི་རྟག་པས་འགགས་ནས་མེད་པའི་ཕྱིར་རོ། །རང་གི་ཤེས་པ་གཞན་ལ་བཤད་དུའང་མི་རུང་སྟེ་ཤེས་པ་སྔ་མ་དེ་དག་འགགས་པའི་ཕྱིར་མེད་པ་ཁོ་ནའོ། །མཉན་དུའང་མི་རུང་སྟེ། ཉན་དུས་སྔ་མ་འགགས་ནས་མེད་པའི་ཕྱིར་རོ། །དེས་ན་སྒྲ་དོན་རྟག་པར་ཡོད་པས་ཤེས་པ་དང་འཛིན་པ་དང་ཉན་པར་རུང་སྟེ། དྲང་སྲོང་ལོ་མ་ཅན་གྱིས། ལན་ཅིག་འཇུག་ཕྱིར་གོམས་བྱའི་ཕྱིར། །ཕྱིས་ཀྱང་ཤེས་ཕྱིར་དེ་བཞིན་དུ། །མཉན་བྱ་ཡིན་ཕྱིར་སྒྲ་ཉིད་བཞིན། །སྒྲ་ནི་
རྟག་པར་ཤེས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེས་ན་རིག་བྱེད་ཀྱི་དགོས་སོ་ཅོག་ཚངས་པར་སྟོན་པས་ན་བདེན་པའི་ཕྱིར་བླང་བར་བྱ་སྟེ། ཕན་པའི་ཡལ་ག་ལས། རིག་བྱེད་ལས་ནི་མི་སྨྲ་དང་། །རིག་བྱེད་དག་ལ་མི་སྣང་བ། །གང་ཡང་མེད་པར་བརྗོད་པར་བྱ། །རིག་བྱེད་འདྲ་བའི་ཐོས་པ་མེད། །ཅེས་སོ། ཁྲུས་ཀྱིས་དག་པ་ནི། སྤྱིར་ཁྲུས་ཐམས་ཅད་ཀྱིས་དག་སྟེ། འཕྲལ་དུ་སེམས་རབ་ཏུ་དྭངས་པར་བྱེད་ཅིང་ལུས་གཙང་བར་བྱེད་པ་ལྟར་ཕུགས་སུ་སྡིག་པ་ཞི་བར་བྱེད་པའི་ཕྱིར། ཁྱད་པར་དུ་ཁྲུས་ཀྱི་སྒོ་གངྒཱ་དང་། ཀུ་ཤ་འཁྱིལ་དང་། བིལ་བ་ཅན་དང་། སྔོན་པོའི་རི་དང་། ཀ་ན་ཀ་དང་། ཟླ་བའི་རྒྱ་མཚོ་སྐལ་བ་ཅན་དང་། དབྱངས་ཅན་དང་། ཕག་ཅན་དང་། འདམ་པ་ཅན་དང་། སིནྡྷུ་དང་། ནཻ་རཉྫ་ན་དང་། པྲ་ཡ་དིར་བ་དང་། རྒྱ་མཚོ་རྣམས་སུ་ཁྲུས་བྱས་ན་མཐོ་རིས་དང་ཐར་པ་ཐོབ་པ་ཡིན་ཏེ། དྲང་སྲོང་ལྔ་ལེན་གྱི་ཁྲུས་ཀྱི་སྒོ་ལས། གངྒཱའི་སྒོ་ནི་ཀུ་ཤ་འཁྱིལ། །བིལ་བ་ཅན་དང་སྔོན་པོའི་རི། །ཀ་ན་ཀ་ཡི་འཇུག་ངོགས་སུ། །ཁྲུས་བྱས་ཡང་འབྱུང་སྲིད་མ་ཡིན། །གངྒཱ་ཟླ་བའི་སྐལ་ཅན་དང་། །དེ་བཞིན་དུ་ནི་དབྱངས་ཅན་དང་། །ཕག་ཅན་དང་ནི་འདམ་པ་ཅན། །སིནྡྷུ་རྒྱ་མཚོར་འགྲོ་བ་དག །ཁྲུས་པ་འདི་རྣམས་གང་གི་ཕྱིར། །དག་པར་འདོད་ནས་ཁྲུས་བྱེད་པ། །སྡིག་པ་དག་པའི་བདག་ཉིད་དེ། །ངེས་པར་མཐོ་རིས་ཐར་པར་འགྱུར། །ཞེས་བཤད་པ་བཞིན་ནོ། །དེ་དག་ཏུ་སོང་ནས་སྲང་ལ་འཇལ་ཞིང་ཁྲུས་བྱེད་དེ། ཡང་དུ་སོང་ན་སྡིག་པ་སྲབ་པར་འདོད་དོ། །ཡུལ་གྱིས་དག་པ་ནི། ཡུལ་ཀུ་རུ་ཞེས་བྱ་བར་སྐྱེས་པ་ཐམས་ཅད་དང་། ཐ་ན་དེའི་རྡུལ་གྱིས་རེག་པ་ཐམས་ཅད་ཀྱང་མཐོ་རིས་སུ་སྐྱེ་བར་འདོད་དེ། རྟོག་པ་ལ་ཕན་པའི་ཡལ་ག་ལས། ཀུ་རུའི་ཡུལ་དུ་སྐྱེས་པ་དང་། །དེ་ཡི་ཞིང་གི་རྡུལ་དག་ནི། །རླུང་གིས་ཁྱེར་བས་རེག་གྱུར་ནའང་། །ཉེས་པ་བྱས་པའི་སེམས་ཅན་རྣམས། འགྲོ་
བ་མཆོག་ཏུ་འཁྱེར་བར་བྱེད། །ཅེས་སོ། །སྲིད་བསྲུངས་པས་དག་པ་ནི། བྲམ་ཟེ་རྣམས་ཀྱིས་རིགས་བཞག་པ་ནི་མཐོ་རིས་སུ་སྐྱེའོ། །བུད་མེད་ནི་ངེས་པར་ངན་འགྲོར་འགྲོ་བས་ན་ཚངས་པར་སྤྱད་ཀྱང་ལོ་བཞི་བཅུ་ཞེ་གཉིས་ལས་མི་སྤྱད་ཀྱི། བྲམ་ཟེ་དང་འགྲོགས་ནས་བུ་བསྐྱེད་དགོས་སོ། །བུ་ཡོད་པའི་བུད་མེད་ཐམས་ཅད་ནི་མཐོ་རིས་སུ་སྐྱེ་ལ། མེད་པ་རྣམས་ངན་སོང་དུ་སྐྱེ་ཞིང་བུ་མོ་མང་བའམ་བུ་མོ་ལས་མེད་ན་ནི་ངན་སོང་ཡང་ཐར་དཀའ་བ་ཅན་དུ་སྐྱེའོ་ཞེས་འདོད་དེ། དེ་ཉིད་ལས། གང་ཞིག་བུ་དང་ལྡན་པ་དེ། །ཤི་ནས་མྱ་ངན་མེད་པར་འགྲོ། །ལམ་ཡང་འདི་ནི་ལྷར་འགྲོའི་ལམ། །དེས་ན་མ་ལའང་འཁྲིག་པར་བྱ། །བུད་མེད་པ་ལས་འཇིག་རྟེན་ནི། །བཟང་པོ་ཡེ་མེད་རྒྱལ་བྱེད་ཀྱི། །ཇི་ལྟར་གླིང་ལམ་ཅན་གྱིས་ནི། །རྒས་ཀར་དཔྱད་ནས་སྨྲས་པ་བཞིན། །ཞེས་སོ། །གཡུལ་བསྲུངས་པས་དག་པ་ནི། འཇིགས་པའི་དམག་བྱུང་བའི་ཚེ་སྙིང་རྗེ་མེད་པར་འཐབ་པ་ཉིད་ཀྱིས་སྡིག་པ་བྱང་སྟེ། རང་གི་ཕྱོགས་རྒྱལ་བར་བརྩོན་པས་བསོད་ནམས་སུ་འགྱུར་བའི་ཕྱིར་རོ། །གསང་ཚིག་ལས། ངེས་པར་བརྩེ་མེད་དཔའ་བོ་ཡིས། །གཡུལ་ངོར་འབྲོས་པ་མེད་པར་ནི། །གཡུལ་ལ་མངོན་པར་ཕྱོགས་གྱུར་ན། །ཤི་ནས་མཐོ་རིས་འགྲོ་བར་འགྱུར། །ཞེས་སོ། །ཆོས་བསྲུངས་པས་དག་པ་ནི་བྲམ་ཟེ་དང་། རིག་བྱེད་དང་། བླ་མ་ལ་གནོད་པར་བྱེད་པའི་སྡིག་ཅན་བསད་པ་ཉིད་ཀྱིས་སྡིག་པ་དག་པར་བྱེད་དེ་ཡུལ་མཆོག་ཏུ་གྱུར་པ་བསྲུང་བའི་ཕྱིར། དེ་ཉིད་ལས། སྐྱེ་དགུ་སྐྱོང་ལ་གསལ་བའི་ཕྱིར། །ལྷ་མིན་ལྷ་ཡི་ཚེར་མ་དག །བསད་ཀྱང་སྐྱོན་ནི་ཡོད་མིན་ཏེ། །དེ་ནི་ཆོས་སྲུང་ཡིན་ཕྱིར་རོ། །ཞེས་སོ། །སྲོག་བསྲུངས་པས་དག་པ་ནི། མུ་གེས་ཉེན་ནས་འཆི་བ་ལ་ཐུག་ན་མ་མཐོང་བར་བརྐུས་ཀྱང་ཉེས་པ་མེད་ཀྱི་སྟེང་དུ་སྡིག་པ་འདག་པར་འགྱུར་ཏེ། དངོས་པོ་ཕལ་ལས་མཆོག་རང་གི་སྲོག་བསྲུངས་པས་འདི་ཕྱིར་ཕན་པའི་དོན་ཆེན་པོ་
འགྲུབ་པའི་ཕྱིར་རོ། །གསང་ཚིག་ལས། བྲམ་ཟེ་རྒུད་ཚེ་བརྐུ་བ་ཆོས་སུ་བཤད། །གཞན་ནོར་མ་མཐོང་བར་ཡང་བླང་བར་བྱ། །ཞེས་སོ། དངོས་པོ་རྒྱུ་མེད་ནི། དངོས་པོ་ཐམས་ཅད་རྒྱུ་རྐྱེན་ལས་མི་ལྟོས་པར་ངོ་བོ་ཉིད་དམ་རང་ཤུགས་ཀྱིས་འབྱུང་བ་ཡིན་ཏེ། འཇིག་ཆགས་ལའང་རྒྱུ་མེད་པའི་ཕྱིར་དང་། ནམ་མཁའ་སྟོང་པ་ལས་སྤྲིན་དང་སེར་བ། ཐོག་ལ་སོགས་པ་འབྱུང་བའི་ཕྱིར་དང་། ཉི་ཟླའང་ཤར་ནས་ནུབ་ཏུ་ངང་གིས་འགྲོ་བ་བཞིན་ནོ་ཞེས་འདོད་དེ། དེ་ཉིད་ལས། ཉི་ཤར་ཆུ་བོ་ཐུར་འབབ་ཚེར་མ་རྣོ། །རྨ་བྱའི་མདོངས་བཀྲ་ངོ་བོ་ཉིད་ཀྱིས་བྱུང་། །ཞེས་སོ། །ཤེས་པས་རང་མི་རིག་པ་ནི། རང་གིས་རང་ལ་བྱ་བ་མི་འཇུག་པས་ཏེ། མིག་རང་གིས་རང་མི་མཐོང་བ་བཞིན་ནོ། །ཞེས་འདོད་དོ། །དེ་དགག་པ་ལ་ཕྱོགས་སྔ་མ་ལྟར་བཅུ་ལས། དང་པོ་ཁྱབ་འཇུག་དགག་པ་ལ། ངོ་བོ། ཁྱབ་པ། བྱེད་པ་དགག་པ་གསུམ་ལས། ངོ་བོ་དགག་པ་ནི། དབང་ཕྱུག་དགག་པ་བཞིན་ནོ། །ཁྱབ་པ་ནི། ངོ་བོ་བཀག་པས་ཁེགས་ཏེ། ཁྱབ་འཇུག་མེད་ན་ཁྱབ་འཇུག་གིས་ཁྱབ་པ་མེད་དེ། མོ་གཤམ་གྱི་བུ་མེད་པས་དེས་ཁྱབ་པའི་ས་ཕྱོགས་ཁེགས་པ་བཞིན་ནོ། །ཁྱབ་བྱེད་མེད་པས་ཁྱབ་བྱ་མེད་པ་ཉིད་དེ། དེ་ཡང་གང་ལ་གང་གིས་ཁྱབ་པ་མེད་ན། དེས་ཐ་དད་མི་དད་ལ་ཁྱབ་པ་མི་རུང་ངོ་། །དེའང་ཐ་དད་ལ་ནི་ཁྱབ་པ་ཉིད་མེད་དེ། དུས་མི་མཉམ་པ་གཅིག་ཡོད་དུས་གཅིག་མེད་ལ། དུས་མཉམ་ལའང་གཅིག་གི་གོར་གཅིག་གསལ་བར་མེད་པས་ཁྱབ་པ་ཡོད་པ་མི་རུང་སྟེ་སྣང་བའི་གོར་མུན་པ་བཞིན་ནོ། །འདྲེས་པས་ཁྱབ་པ་མེད་ཀྱང་ཟླར་ཡོད་པས་ཁྱབ་བོ་ཞེ་ནའང་མི་རུང་སྟེ། ཕན་ཚུན་ལྟོས་པས་མ་གྲུབ་པའི་ཕྱིར་རོ། །ཐ་མི་དད་ནའང་ཁྱབ་པ་མེད་དེ་ཁྱབ་བྱེད་དང་རྫས་གཅིག་པས་ཁྱབ་བྱ་ཁྱབ་བྱེད་ཉིད་དམ་ཁྱབ་བྱེད་དེ་ཡང་ཁྱབ་བྱར་འགྱུར་བས། རང་གིས་རང་ལ་མ་ཁྱབ་པ་བཞིན་ནོ། །ལྡོག་པ་ནི། འདུ་བར་བཀག་ཟིན་ཏོ། །ཁྱབ་པར་ནི་དུ་མ་དང་དབྱེར་མེད་ན་དུ་མར་འགྱུར་བས་ཁྱད་པར་མི་རྙེད་དེ་ཆུ་དང་འདྲེས་པའི་འོ་མ་བཞིན་ནོ། །བྱེད་པ་ནི། དབང་ཕྱུག་ཏུ་བཀག་གོ །རིག་བྱེད་དགག་པ་ལ་གསུམ་སྟེ། མཚན་ཉིད། གཞུང་།
བརྗོད་བྱ་དགག་པའོ། །དང་པོ་ལ། རྟག་པ། མ་བྱས་པ། བདེན་པ་དགག་པ་དང་གསུམ་ལས། རྟག་པའི་གསལ་བ་དགག་པ་ནི། བྱེ་བྲག་པར་བཤད་ལ། སྒྲུབ་བྱེད་མིང་། གོམས་པ། ཕྱིས་ཤེས་པ། གཞན་ལ་འཆད་པར་མི་རུང་བ་བཞི་ནི། ཐ་སྙད་དུ་སྐད་ཅིག་མཐུད་པ་ཙམ་ལ་བརྗོད་ལ། སྒྲ་འགགས་ཀྱང་སྒྲ་ལ་གོམས་པའི་བག་ཆགས་རིགས་མཐུན་བཞག་པས་ཤེས་པའི་ཕྱིར། སྒྲ་རྟག་པ་མ་ཡིན་ནོ། །སྐྱེས་བུས་མ་བྱས་པ་དགག་པ་ལ་གསུམ་སྟེ། དོན་མི་ངེས་པ། སྔགས་ཀྱི་ནུས་པ་མི་རུང་བ། མངོན་སུམ་གྱིས་བསལ་བའོ། །དང་པོ་ནི། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱེད་པ་ནི་འབྲེལ་ཅི་ཡང་མེད་དེ་མེ་མཐོ་རིས་སམ། མཐོ་རིས་མེ་མ་ཡིན་པའི་ཕྱིར་དང་། སྐྱེས་བུས་སྨྲས་པ་བརྫུན་ན་ཚངས་པས་སྨྲས་པ་ཡང་བརྫུན་པས་མི་བསླུ་བའི་དོན་དང་འགལ་བས་ཕྱིས་ཀྱི་མུ་སྟེགས་པ་ཁྱེད་ཅག་བསླུ་བར་ཐལ་བའི་ཕྱིར་དང་། ཁྱེད་ཅག་ཀྱང་སྐྱེས་བུ་ཡིན་པས་སྐབས་འདིར་རིག་བྱེད་ཀྱི་དོན་སྟོན་པ་ལ་བསླུ་བར་འགྱུར་བའི་ཕྱིར་དང་། ཚིག་དོན་ལ་འབྲེལ་བ་ཡོད་ན་སྒྲ་ཆད་དུས་དོན་མི་རྟག་པར་དངོས་སུ་ངེས་དགོས་པ་ལས། དོན་རྟག་པར་འདོད་པས་བསལ་བ་ཉིད་དོ། །རྣམ་ངེས་ལས། དེས་ན་མཐོ་རིས་འདོད་མེ་ལ། །སྦྱིན་སྲེག་སྦྱིན་ཞེས་ཐོས་པ་ནི། ཁྱི་ཤ་ཟོ་ཞེས་བྱ་བ་འདི། །དོན་མིན་ཞེས་འདིར་ཚད་མ་གང་། །ཞེས་བཤད་པ་ཡིན་ནོ། །འོ་ན་ཁྱེད་ཀྱང་རང་བྱུང་གི་ཡི་གེ་དང་། ལྷའི་རྔ་སྒྲ་ལ་སོགས་པས་ཆོས་འཆད་པ་འདོད་པས་མཚུངས་སོ་ཞེ་ན། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་དང་འགྲོ་བ་སོ་སོའི་ལས་ལས་དེ་ལྟར་བྱུང་བ་ཡིན་གྱི། རྒྱུ་མེད་པར་མི་འདོད་པས་མི་མཚུངས་སོ། ཁྱབ་འཇུག་གི་རྣམ་འཕྲུལ་དང་མཚུངས་སོ་ཞེ་ན། སངས་རྒྱས་དེ་རྒྱུ་ཚོགས་གཉིས་ལ་སོགས་པའི་དབང་ལས་བྱུང་བའི་བྱིན་རླབས་ཡིན་ལ། ཁྱབ་འཇུག་གང་དུའང་རྒྱུ་རྐྱེན་གྱིས་མ་བྱས་པའི་རྣམ་འཕྲུལ་མི་སྲིད་པ་གཉིས་མི་
མཚུངས་སོ། །སྔགས་ཀྱི་ནུས་པ་མི་སྲིད་པ་ནི། སྔགས་བཟླས་པས་ཀྱང་ནུས་པ་མི་འབྱུང་བར་ཐལ་ཏེ། སྐྱེས་བུའི་ཚིག་ཡིན་ལ། སྐྱེས་བུའི་ངག་བསླུ་བའི་ཕྱིར་རོ། །དེ་རིག་བྱེད་ཀྱི་ཚིག་ཡིན་པས་ནུས་པ་འབྱུང་ངོ་ཞེ་ན། མངོན་སུམ་གྱིས་བསལ་བ། དངོས་སུ་སྐྱེས་བུའི་བརྗོད་པའི་ངག་རིག་བྱེད་ཀྱི་ཚིག་མ་ཡིན་པར་གསལ་ཏེ། རེས་འགའ་བ་ཡིན་པའི་ཕྱིར། རིག་བྱེད་ཀྱི་སྒྲ་ནི་རྟག་པར་འདོད་པས་འགལ་འདུས་སུ་ཐལ་བའི་ཕྱིར་རོ། །བདེན་པའི་དོན་ཅན་དུ་མི་རུང་སྟེ། བརྗོད་བྱ་འགལ་བ་མཐོང་བའི་ཕྱིར་དང་། སྒྲ་གྲགས་ནའང་དོན་སྟོན་མཁན་མེད་པའི་ཕྱིའི་ཆུ་རླུང་གི་སྒྲ་བཞིན་ནོ། །གཞུང་དགག་པ་ནི། ཚིག་གིས་དོན་སྟོན་པ་མེད་དེ། ཚིག་སྒྲ་སྤྱི་དང་། དོན་སྒྲ་མེད་གཉིས་འབྲེལ་བ་མ་གྲུབ་པའི་ཕྱིར་དང་། ཚིག་གིས་སྐད་ཅིག་སྔ་ཕྱི་འགག་པའི་ཕྱིར་དང་། ཡི་གེ་སིལ་བུ་རེ་རེ་ལ་དོན་མེད་པའི་ཕྱིར་དང་། ཚིག་ཐམས་ཅད་ཡི་གེ་སིལ་བུ་ལས་མ་འདས་པའི་ཕྱིར་རོ། །འོ་ན་ཁྱོད་ཀྱང་འཆད་པ་དང་ཉན་པ་བྱེད་པ་གང་ཡིན་ཞེ་ན། འཁྲུལ་སྣང་དུ་དེ་ལྟར་དུ་སྣང་ཡང་། དོན་ལ་བཤད་ཅིང་ཉན་པར་མི་འདོད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུང་ལ་བསྟོད་པར། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཐམས་ཅད་ཞི་བ་སྟེ། །སངས་རྒྱས་རྣམས་ཀྱིས་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་གསུངས་པ་བཞིན་ནོ། །བརྗོད་བྱ་དགག་པ་ལ་བཞི་སྟེ། མཆོད་སྦྱིན། ལོ་རྒྱུས། གསང་བ། རིགས་མཐུན་དགག་པའོ། །དང་པོ་ལ། མཆོད་པ། སྦྱིན་པ། སྲེག་པ་དགག་པ་གསུམ་ལས། མཆོད་པ་དགག་པ་ནི་གསུམ་སྟེ། ལྷ་དགའ་མི་དགའ་མི་འཐད་པ་ནི། ཕྱུགས་བསད་པ་ལ་དགའ་ན་ལྷ་དེ་མཆོད་ཡུལ་དུ་མི་རུང་སྟེ། ཆགས་སྡང་དང་བཅས་པའི་ཕྱིར་འདྲེ་བཞིན་ནོ། །མི་དགའ་ན་ཕན་ཡོན་མི་འབྱུང་སྟེ་མི་མཉེས་པ་བྱས་པའི་ཕྱིར་རོ། །གཞི་མེད་ལྷར་མི་འཐད་པ་ནི། སྡིག་པའི་ལས་བྱས་པའི་མཆོད་སྦྱིན་ཅན་ཕྱུགས་དང་བཅས་པ་
མཐོ་རིས་སུ་དྲང་བར་མི་ནུས་ཏེ། ལྷ་ལ་ནུས་པ་མེད་པའི་ཕྱིར་རོ། །མེད་དེ་དུས་དང་སྐད་ཅིག་བརྟགས་པས་ལྷ་མ་གྲུབ་པས། ལྷས་དྲངས་པ་མི་འགྲུབ་པ་ཡིན་ནོ། །དེས་ན་ཐར་པ་དང་མཐོ་རིས་རང་གི་དགེ་བ་ལ་རག་པ་ཉིད་དེ། བཤེས་སྤྲིང་ལས། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་ཏེ། །ཞེས་གསུངས་པ་བཞིན་ནོ། །བདུན་ཚིགས་ལ་སོགས་པ་གཞན་གྱིས་ཤུལ་དུ་བྱས་པས་ཕན་པར་འདོད་པ་ལའང་མཚུངས་སོ་ཞེ་ནའང་། དེ་ནི་ཁོ་རང་དབང་བའི་ཆ་ཙམ་ཡོད་པའི་ནོར་ཕུལ་ནས་སྔགས་བརྗོད་པས་ཕན་པ་དང་། བསམ་པ་དག་པའི་མཐུས་ཕན་ལ། བརྩེ་བ་མེད་པའི་མཆོད་སྦྱིན་དང་མི་མཚུངས་སོ། །གཞུང་ཕྱི་མོ་ལས་ཀྱང་། ཚངས་པ་ནས་བརྩམས་དམྱལ་བའི་བར། །སེམས་ཅན་ཀུན་ལ་སྲོག་ཕངས་ལ། །གཞན་གྱི་སྲོག་ནི་བཅད་བྱས་པས། །ཇི་ལྟ་བུར་ནི་བདེ་བར་འགྱུར། །འབྱུང་པོ་རྣམས་ནི་བདེ་འདོད་ལ། །འཇིག་རྟེན་ཀུན་གྱི་སྡུག་བསྔལ་ལྡན། །གང་ལ་མང་དུ་གནོད་བྱས་ན། །དེ་བདེའི་དངོས་སུ་ཇི་ལྟར་འགྱུར། །ཞེས་པས། ཁྱོད་རང་གི་ལུང་དང་ཡང་འགལ་བ་ཉིད་དོ། །དེ་ནི་མཆོད་སྦྱིན་ལས་དུས་གཞན་པ་ལ་གདམས་སོ་ཞེ་ནའང་མཚུངས་ཏེ། དུས་གཞན་དུ་སྡིག་པ་ཡིན་ན། མཆོད་སྦྱིན་གྱི་ཚེ་དགེ་བར་འགྱུར་དུ་མི་རུང་བས་སོ། །བདག་ལས་མཆོད་སྦྱིན་བྱ་བར་ཐལ་བ་ནི། མི་བས་ལྷ་བརྒྱ་སྟོང་གི་བདེ་བས་ན། དེ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་རང་ཉིད་བསད་དེ་མཆོད་སྦྱིན་བྱ་བར་རིགས་སོ། །སྐྱེས་རབས་ལས། ལོག་པར་སྤྱད་པས་ཡིད་ནི་མ་ལོག་ཅིང་། །དགེ་བའི་ལས་ལམ་ངེས་པར་མ་བྱས་པའི། །ཕྱུགས་རྣམས་མཆོད་སྦྱིན་དག་ལ་བསད་གྱུར་ཀྱང་། །བདག་ཅག་གཞི་མེད་ཇི་ལྟར་མཐོ་རིས་སྐྱེ། །མཆོད་སྦྱིན་ལ་བསད་མཐོ་རིས་འགྲོ་ན་ནི། །བྲམ་ཟེ་བདག་ཉིད་ཕྱུགས་སུ་བསྒྱུར་ལ་རག །ཅེས་སོ། །འདི་ལ་ཉེས་པ་ཡོད་དེ།
དྲན་པ་ཉེར་གཞག་ལས། སྲོག་བཅད་པས་ལྷར་སྐྱེའོ་ཞེས་སྨྲས་པས་བསྲེགས་པ་ཆེན་པོའི་དམྱལ་བར་སྐྱེ་བ་དང་། ཕྱུགས་བསད་ནས་མཆོད་སྦྱིན་བྱས་པས་མུན་པ་ཆེན་པོའི་དམྱལ་བར་སྐྱེ་བ་དང་། མཆོད་སྦྱིན་ལ་མི་བསད་པས་ལྕགས་ཀྱི་བུམ་པའི་དམྱལ་བར་སྐྱེ་བར་གསུངས་སོ། །སྦྱིན་པ་དགག་པ་ནི། རང་བཞིན་དང་ཐ་སྙད་གཉིས་ལས། རང་བཞིན་པ་སྤྱིར་དགག་པ་ལ་གསུམ་སྟེ། རྟག་མི་རྟག་སྦྱིན་དུ་མི་རུང་བ་དང་། ཕྲད་མ་ཕྲད་མི་རུང་། རགས་པ་དང་ཕྲ་བ་མི་རུང་བའོ། །དང་པོ་ནི། སྦྱིན་པ་སུས་ཀྱང་སུ་ལའང་འགའ་ཙམ་སྦྱིན་པ་མེད་དེ། རྫས་རྟག་པ་འགུལ་དུ་མི་རུང་བས་ལག་ནས་ལག་ཏུ་སྤོར་མེད་ཅིང་། མི་རྟག་པ་ལག་ཏུ་མ་སོང་བར་འགག་པའི་ཕྱིར་རོ། །གཉིས་པ་ནི། ཕྲད་པ་བཀག་ཟིན་ལ། མ་ཕྲད་པས་ཕན་མི་ཐོགས་ཏེ་སྤྲང་པོའི་ཁ་ལག་དང་ཟན་འཕྲད་པ་མེད་པའི་ཕྱིར་བཀྲེས་པ་མ་བསལ་བ་བཞིན་ནོ། །གསུམ་པ་ནི། དངོས་པོ་རགས་པ་སྦྱིན་པ་མེད་དེ་སྤྱི་དགག་པ་བཞིན་ནོ། །ཕྲ་བ་སྦྱིན་དུ་མེད་དེ་རྡུལ་ཆ་མེད་མི་མཐོང་བའི་ཕྱིར་རོ། །ཡུམ་ལས། གང་ལ་ཡོངས་སུ་སྦྱིན་པ་མེད་ཅིང་ལེན་པ་དང་ལེན་པ་པོ་རང་བཞིན་གྱིས་རྣམ་པར་དག་གོ་ཞེས་སོ། །འོ་ན་ཁྱེད་ཀྱང་སྦྱིན་པར་འདོད་མོད་ཅེ་ན། འཁྲུལ་སྣང་བཟང་རྟོག་ཙམ་ལས་དངོས་པོ་རང་མཚན་པར་མི་འདོད་དེ་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བའི་ཕྱིར་རོ། །ཡུམ་ལས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་སོ། །དེ་ཙམ་དུ་སྦྱིན་པར་སྣང་བ་མི་འགོག་པས་བྱིན་ཡང་། ཕན་ཚུན་བདེན་པ་མེད་དེ། སྒྱུ་མ་མཁན་རབ་ཏུ་བཟང་པོས་ཞུས་པའི་མདོ་ལས། གཏོང་མེད་སྦྱིན་པ་འདི་བཏང་བས། །ལེན་པ་མེད་པ་རྣམས་ཀྱིས་བླངས། །གང་དག་འདིར་ནི་གཤེགས་པ་རྣམས། །དེ་དག་ཡོན་སྦྱོང་བྱེད་པ་ཡིན། །གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང་པོ་ལ་ནི་ཡོངས་རྫོགས་
ཤོག །ཅེས་པ་བཞིན་ནོ། །ཁྱད་པར་ཐ་སྙད་དུ་དགག་པ་ནི། བསད་ནས་སྦྱིན་པའི་ཤ་ལྟ་བུ་ཆོས་སུ་མི་རུང་སྟེ། དགེ་བར་སྣང་ཡང་སྡིག་པ་ཡིན་པའི་ཕྱིར། གཏོང་བ་པོ་ལ་བརྩེ་བྱམས་མེད་པ་དང་། ལོ་འདོད་རེ་ལྟོས་ཀྱི་དུག་གིས་ཁྱབ་པའི་ཕྱིར་རོ། །དྲན་པ་ཉེར་གཞག་ལས། སྲོག་ཆགས་བསད་ནས་སྦྱིན་པར་བྱས་པས་གཉིས་ཀ་རབ་ཏུ་ཚ་བའི་དམྱལ་བར་སྐྱེ་བར་གསུངས་སོ། །བསྲེག་པ་དགག་པ་ནི། མེས་ཤིང་བསྲེག་པ་མི་སྲིད་དེ། མེ་དང་ཤིང་དེ་གཉིས་གཅིག་ན་བསྲེག་བྱ་སྲེག་བྱེད་དུ་མི་འཐད་ཅིང་། ཐ་དད་ན་དེ་གཉིས་ཕན་ཚུན་ཐ་དད་པའི་ཕྱིར་དེ་བས་ཀྱང་བསྲེག་པར་མ་གྲུབ་སྟེ་ཀ་བ་བུམ་པ་བཞིན། མེ་དང་ཤིང་ཕྲད་པ་མེད་པའང་སྔར་བཞིན་ནོ། །རྩ་བ་ཤེས་རབ་ལས། བུད་ཤིང་གལ་ཏེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་བསྲེག་པར་འགྱུར། །ཞེས་སོ། །ལོ་རྒྱུས་དགག་པ་ལ་གསུམ་སྟེ། ངོ་བོ། ཉན་པ། བརྗོད་བྱ་འགལ་བ་དགག་པའོ། །དང་པོ་ནི། ལོ་རྒྱུས་མི་སྲིད་དེ་སྔར་བྱུང་བ་འདས་པ་འགགས་ནས་མེད་པའི་ཕྱིར་རོ། །གཉིས་པ་ནི། ཉན་པའང་མི་རུང་སྟེ། ངག་གི་རྒྱུན་སྐད་ཅིག་ཆ་ཤས་མེད་པ་ཕན་ཚུན་ཉན་བྱེད་ཀྱི་སྐད་ཅིག་གིས་མཉན་བྱ་ཉན་པར་མ་གྲུབ་སྟེ་ཆ་ཤས་མེད་པའི་ཕྱིར་རོ། །གསུམ་པ་ནི། ཐམས་ཅད་དབང་ཕྱུག་ཁྱབ་འཇུག་ཚངས་པ་ལྟ་བུ་གཅིག་ཁོ་ནས་བྱེད་པ་དང་བྱ་བ་གཉིས་རགས་པ་དང་ཕྲ་བར་མ་གྲུབ། སྐད་ཅིག་ཆ་མེད་པས་མ་གྲུབ་པའོ། །གསང་བ་དགག་པ་ལ་གསུམ་སྟེ། ཟབ་མོའི་དོན་དགགསྔགས་བཟླས་པ་དགག །བརྗོད་བྱ་འགལ་བས་དགག་པའོ། །དང་པོ་ནི། ཇི་ལྟར་སྣང་བཞིན་པའི་ཤེས་བྱ་ལས་ལྐོག་གྱུར་གྱི་ཟབ་མོའི་དོན་མི་འཐད་དེ། ཡང་ན་སུས་ཀྱང་རྟོགས་སུ་མི་རུང་ལ། ཡང་ན་མ་གྲུབ་པར་ཐལ་བའི་ཕྱིར་རོ། །མདོ་ལས། གཟུགས་ལས་གུད་ནའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་མེད་དེ་ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་ནི། བཟླས་པ་མེད་དེ། བཟླས་པའི་དོན་སྔ་མ་བསྐྱར་བ་ཡིན་པ་ལ། ད་ལྟ་བ་ཡོད་དུས་སྔ་མ་འགགས་ནས་མེད་པས་སྔ་མ་བསྐྱར་བར་མ་གྲུབ་པའི་ཕྱིར་རོ། །སྔ་མ་དང་རིགས་མཐུན་བཟླས་སོ་ཞེ་ནའང་མི་རུང་སྟེ། ཡང་ན་བརྗོད་པ་ཐམས་ཅད་སྒྲར་རིགས་མཐུན་པས་དེ་ཡང་བཟླས་པར་ཐལ་ལོ། །འདོད་ན་དུས་གཅིག་ཏུ་གཅིག་གི་སྒྲ་ཐམས་ཅད་བརྗོད་མི་ནུས་པར་གསལ་ལོ། །ཐ་སྙད་དུའང་སྟོང་པས་མ་ཟིན་པའི་སྔགས་ཐམས་ཅད་དོན་ཆུང་བ་ཉིད་དེ། གསང་བ་བཀོད་པ་ལས། ཇི་བཞིན་སྟོང་པས་མ་ཟིན་ན། །འཛམ་གླིང་རྡུལ་ཕྲན་མཉམ་པ་ཡི། །གསང་སྔགས་བཟླས་དང་བསྒོམས་པ་དང་། །རྩོམ་པ་ཆེ་དང་ལྡན་གྱུར་ཀྱང་། །སངས་རྒྱས་ཉིད་ནི་འགྲུབ་མི་འགྱུར། །ཞེས་སོ། །གསུམ་པ་ནི། ཐམས་ཅད་རྒྱུ་མེད་དུ་བསྟན་པས་རྐྱེན་ཙམ་ཡང་བཀག་ཅིང་། ཁྲུས་ཀྱིས་དག་པ་རྒྱུར་སྨྲ་བ་འདི་གཉིས་འགལ་བས་མ་གྲུབ་པ་ཡིན་ནོ། །འོ་ན་ཆོས་སྟོན་པའང་མཚུངས་སོ་ཞེ་ན། ཁྱེད་ལྟར་སྤྱོད་པ་ཆུར་ཞུགས་པའི་ངལ་དུབ་ལྟ་བུ་མི་འོས་ལ་ངལ་བ་ལྟ་བུ་མ་ཡིན་གྱི་སངས་རྒྱས་ཀྱིས་བྱ་བའི་ཆོས་ཀྱང་བློ་དང་འཚམས་པ་ཇི་ལྟར་ནུས་པ་བཞིན་བྱིས་པ་ལ་ཡི་གེ་སློབ་པ་ལྟར་བསྟན་ཏེ། མཐར་སྟོང་པ་དང་སྙིང་རྗེ་ལ་སྦྱོར་བ་ཡིན་ནོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། བརྡ་སྤྲོད་རིག་པ་ཇི་ལྟ་བུ། །ཡི་གེའི་ཕྱི་མོའང་སློབ་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་སོ། །དེའང་ཚིག་གཅིག་ཏུའང་དོན་ཀུན་ཚང་བར་སྟོན་པས་སངས་རྒྱས་ཀྱི་གསུངས་དེ་ཆེས་འཕགས་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ང་ཡིས་ཆོས་རྣམས་གང་བསྟན་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བདག་མེད་དེ་བཞིན་ཉིད། །གཅིག་གི་ཚིག་དོན་བསམས་པས་ནི། །ཀུན་གྱི་ཚིག་དོན་བསམ་པར་འགྱུར། །
གཅིག་གི་ཚིག་དོན་བསྒོམས་པས་ནི། །ཀུན་གྱི་ཚིག་དོན་བསྒོམ་པར་འགྱུར། །ཞེས་སོ། །རིགས་མཐུན་པ་དགག་པ་ལ་གསུམ་སྟེ། རིགས་གཅིག་པ་དགག །རིགས་རྒྱུད་དགག །རྣམ་གཞག་འགལ་བའོ། །དང་པོ་ནི། པདྨ་ཅན་དང་། ཕྲེང་ལྡན་བྲམ་ཟེའི་རིགས་གཅིག་ཏུ་མི་རུང་སྟེ། རིགས་ཉིད་ལ་ཆ་ཤས་མེད་པ་དང་། དུ་མ་གཅིག་ཏུ་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། མེས་པོ་དང་ཕ་སྤད་རིམ་པར་བགྲངས་པའི་རིགས་གཅིག་ནས་གཅིག་ཏུ་བརྒྱུད་པ་མེད་དེ། རྒྱུན་དང་སྐད་ཅིག་མ་གྲུབ་པའི་ཕྱིར་རོ། །དང་པོའི་ཚངས་པའི་རིགས་དེ་བརྒྱུད་པ་མེད་དེ། ཚངས་པའི་རིགས་ཁོ་ན་ཉིད་དང་ངོ་བོ་གཅིག་པས་གཞན་དུ་འཕོ་བར་འགལ་བའི་ཕྱིར་དང་། བར་དུ་ཡང་མེས་ལ་སོགས་པ་དུ་མས་ཆོད་པའི་ཕྱིར་རོ། །ཕའི་རིགས་ཀྱང་མ་ཡིན་ཏེ། སྐྱེ་འགགས་བྱས་པས་སྔར་གྱི་ཕ་དང་བུ་དང་། ད་ལྟར་གྱི་ཕ་སྤད་རྒྱུན་འགལ་འདུས་མ་གྲུབ་པའི་ཕྱིར་དང་། ཕ་ཡང་རྡུལ་ཕྲན་ཆ་ཤས་མེད་ན་རིགས་འཇོག་པ་པོར་མ་གྲུབ་ལ། བུ་ཡང་རྡུལ་ཕྲན་ཆ་ཤས་མེད་པས་གཞག་རྒྱུར་མ་གྲུབ་པའི་ཕྱིར་རོ། །གསུམ་པ་ནི། བྲམ་ཟེ་དང་བྲམ་ཟེ་མོ་སྐྱེ་གནས་གཅིག་པས་རང་གི་རིགས་ལ་ལོག་པར་ཞུགས་པར་འགྱུར་བ་དང་། བྲམ་ཟེ་སྤྱོད་པ་ངན་པ་ཡང་བྲམ་ཟེའི་ཆོ་རིགས་ལས་མི་ཉམས་ཤིང་དམངས་རིགས་ཡོན་ཏན་ལྡན་ཀྱང་མཆོད་འོས་སུ་མི་རུང་བར་འགྱུར་ལ། དེ་ལྟ་ན་རང་གི་གཞུང་དང་འགལ་ཏེ། ཁྱེད་རང་གི་གཞུང་ལས། གང་གིས་བྲམ་ཟེ་ཉིད་ཐོབ་ནས། །རྒྱལ་པོའི་བཀའ་བཞིན་སྒྲུབ་བྱེད་པ། །དེ་ནི་བྲམ་ཟེ་ཉིད་བོར་ནས། །དམངས་རིགས་ཉིད་དུ་འགྱུར་བ་ཡིན། །ཞེས་དང་། ཁྱེད་རང་གི་གཞུང་བྱེད་པའི་བྲམ་ཟེའི་གཙོ་བོ་མང་ཞིག་ཀྱང་བྲམ་ཟེ་མ་ཡིན་པ་ལས་སྐྱེས་པར་བཤད་དེ། སྦོམ་དང་དེ་བཞིན་རས་བལ་ཅན། །དམངས་རིགས་བུ་ཡིན་བྲམ་ཟེར་གྲགས། །ཟླ་བའི་བཏུང་བ་མང་འཐུངས་ནས། །འཇིག་རྟེན་དྲང་སྲོང་ཆེན་པོར་གྲགས། །ཅེས་པ་བཞིན་ནོ། །དངོས་པོ་ལ་རིགས་དང་ཕ་སྤད་མེད་པ་ལ། དེར་སྣང་བས་འཁྲུལ་པ་ཞེས་བྱའོ། །དཀོན་བརྩེགས་ལས། ཆོས་རྣམས་ཐམས་ཅད་རྨི་ལམ་སྒྱུ་མ་འདྲ། །ངོ་བོ་ཉིད་ཀྱིས་སྟོང་ཞིང་བདག་མེད་ལ། །བྱིས་པས་ཡོད་དམ་མེད་ཅེས་སོ་སོར་རྟོག །ཅེས་པ་བཞིན་ནོ། ཁྲུས་དགག་པ་ལ་གསུམ་སྟེ། གཙང་མི་གཙང་མ་གྲུབ། འཁྲུ་བ་མ་གྲུབ། སྡིག་པ་མི་ཟད་པའོ། །དང་པོ་ལའང་། མཐུན་སྣང་མེད་པ། ཡུལ་གཅིག་ཏུ་མ་ཚོགས་པ། དེ་དག་འགགས་པ་དང་གསུམ་ལས། དང་པོ་ནི། གཙང་མི་གཙང་བློས་བཏགས་པ་ཡིན་ཏེ། གསོན་ལུས་གཙང་ལ། མི་རོ་མི་གཙང་བར་བརྗོད་དུས། རོའི་མི་གཙང་བ་བྱ་རྒོད་ལ་སོགས་པ་ལས་བྱུང་བར་ཐལ་ཏེ་མི་གཙང་བ་ཡིན་པའི་ཕྱིར་རོ། །གསོན་ལུས་གཙང་བར་འཇོག་པའང་། དབུགས་
དང་རྣམ་ཤེས་མ་བྲལ་བས་བྱེད་ལ། རོ་དེ་དང་བྲལ་བ་ཙམ་ལས་ལུས་ནི་སྔར་དང་ཁྱད་མེད་པ་ཡིན་པས་མཉམ་པར་གཙང་མི་གཙང་ཉིད་དུ་འགྱུར་ལ། སེམས་ལ་རྐུ་བ་དང་ཁྲོ་བ་ལ་སོགས་པའི་སྡིག་པ་ཡོད་པས་ནི་དེ་དང་བྲལ་བས་གསོན་ལུས་པས་རོ་གཙང་བར་ཡང་ཐལ་བའི་ཕྱིར་རོ། །འོན་ཏེ་བཀྲུས་པས་གཙང་དུ་མི་འགྲོ་སྟེ་ཕྱིའི་པགས་པ་བཀྲུས་ཀྱང་། ནང་ཁྲོལ་དང་། ཁྲག་ལ་སོགས་པ་བཙོག་པ་ནང་དུ་ལུས་པས་ངན་སྐྱུགས་ཀྱི་བུམ་པ་འཁྲུ་བ་བཞིན་ནོ། །གཉིས་པ་ནི། མི་གཙང་བ་དང་། གཙང་བ་གཉིས་ལུས་ཀྱི་ཡུལ་གཅིག་ཏུ་ཚོགས་པར་མི་རུང་སྟེ། མི་གཙང་བ་དང་གཙང་བ་གཉིས་ངོ་བོ་གཅིག་ན་བཀྲུས་པས་མི་འདག་ཅིང་། མི་གཙང་བའང་གཙང་བ་བཞིན་འཁྲུ་མི་དགོས་པར་འགྱུར་ལ། ཐ་དད་ན་གོས་སུ་མེད་པས་འཁྲུ་བ་དོན་མེད་དེ། ཤར་གྱི་སྤོས་དང་། ནུབ་ཀྱི་བཤང་གཅི་བཞིན་ནོ། །གསུམ་པ་ནི། སྔ་དྲོའི་མི་གཙང་བ་བགོས་པ་དེ་ཕྱི་དྲོ་འགགས་པའི་ཕྱིར་དངོས་པོར་མེད་པས་འཁྲུ་མི་དགོས་སོ། །རྒྱུན་ཡོད་པས་སོ་ཞེ་ན་ཕྲད་པ་བརྟགས་པས་མ་གྲུབ་པའི་ཕྱིར་རོ། །དེས་ན་གཙང་མི་གཙང་མེད་དེ། རགས་པ་རྡུལ་ཕྲན་ཆ་མེད་དང་། ཤེས་པའི་ཉོན་མོངས་ལྟ་བུ་སྐད་ཅིག་ཆ་མེད་དེ་གཉིས་ཀས་གོས་པ་དང་། གོས་བྱར་མ་གྲུབ་བོ། །དངོས་པོ་ལ་མེད་པ་བློས་འཛིན་པའི་ཕྱིར་འཁྲུལ་པ་མཐར་འཛིན་གྱི་ལྟ་བ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། རྟག་དང་མི་རྟག་འདི་ཡང་མཐའ་ཡིན་ཏེ། །གཙང་དང་མི་གཙང་འདི་ཡང་མཐའ་གཉིས་ཡིན། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པར་མི་བྱེད་དོ། །ཞེས་སོ། །གཙང་བ་དཀར་བ་དགེ་བ་མྱ་ངན་ལས་འདས་པ་དག་པ་བ། མི་གཙང་བ་ནག་པོ་མི་དགེ་བ་འཁོར་བ་གཉིས་ཆར་ཡང་གཤིས་ལ་མ་གྲུབ་པས་མཉམ་པ་ཉིད་དེ། མཉམ་པ་ཉིད་དུ་འཛིན་པ་ཙམ་དུའང་མི་བྱའོ། །ཀླུ་སྒྲུབ་ཀྱིས། འཁོར་བ་མྱ་ངན་འདས་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་པ་དང་། བྱམས་པས། སྲིད་
དང་ཞི་བ་མཉམ་ཉིད་དང་། །ཞེས་པ་དང་། ས་ར་ཧས། སྲིད་དང་ཞི་བ་མཉམ་པ་ཉིད་ལགས་ཕྱག་རྒྱ་ཆེ། །ཞེས་གསུངས་པ་བཞིན་ནོ། །འོ་ན་མི་གཙང་བར་འཛིན་པ་ཅི་ཞེ་ན། ཕྱིན་ཅི་ལོག་བློ་མཐུ་བརྟས་པས། རོ་མི་གཙང་བར་ཤེས་ཏེ་རེག་པས་གྲིབ་འབྱུང་གི་གཙང་མི་གཙང་དུ་མི་རྟོག་པ་ལ་མི་འབྱུང་སྟེ་བྱ་རྒོད་བཞིན་ནོ། །དོགས་པ་ངན་པ་སྐྱེས་པས་བསླད་དེ། སྡུད་པ་ལས། དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མི་མཉམ་སྐྱེ་ཞིང་འཆི། །ཞེས་སོ། །དེས་ན་གཙང་བའང་མེད་དེ། ཆུ་ངན་ལ་སོགས་པ་ཆུ་ཀླུང་དུ་འདྲེས་ཤིང་། ཆར་དུ་འབབ་པ་ཡིན་ལ། མི་གཙང་བ་མེད་དེ་ཀུན་གྱིས་སྤྱོད་ཅིང་གཙང་བར་འཛིན་པའི་ཕྱིར་ཏེ། ཁ་ཅིག་གིས་གཙང་བར་མཐོང་བ། ལ་ལས་མི་གཙང་བར་མཐོང་བས། དོན་གཞན་བདེན་པར་མ་གྲུབ་སྟེ་རྨི་ལམ་བཞིན་ནོ། །རིན་ཆེན་གཙུག་ཏོར་ལས། ཆར་གྱི་ཚོགས་ནི་བབ་པ་ཡིས། །སྨད་པ་ཐམས་ཅད་བཀྲུ་བ་དང་། །འབྲུ་རྣམས་ཐམས་ཅད་བསྐྱེད་ནས་ནི། །དེ་ནས་རྒྱ་མཚོར་འབབ་པར་འགྱུར། །མི་གཙང་རྣམས་དང་ལྡན་པ་ཡི། །ཆུ་ནི་ཀླུ་ཡིས་བླངས་ནས་ནི། །ཆུ་ནི་གང་དང་གང་ཡིན་པ། །ཐམས་ཅད་དེ་བཞིན་ཆར་དུ་འབེབས། །དེ་བཞིན་རྫིང་སོགས་ཀུན་རྒྱས་ཤིང་། །ཐམས་ཅད་ཀྱིས་ནི་ཐམས་ཅད་འཁྲུད། །དེ་བས་གཙང་དང་མི་གཙང་སོགས། །ཐམས་ཅད་འདིར་ནི་ཡོད་མ་ཡིན། །ཞེས་སོ། །འཁྲུ་བ་མ་གྲུབ་པ་ནི། ཆུ་དང་ལུས་འཕྲད་པ་བཀག་ཅིང་མ་ཕྲད་པར་དག་པ་མི་སྲིད་དོ། །དེས་ན་འཁྲུད་པར་སྣང་བ་ནི། གཏི་མུག་ཡིན་ཏེ་ཁྲུས་དེས་འདོད་ཆགས་ལ་སོགས་པ་དག་པར་མ་བྱས་པའི་ཕྱིར་རོ། །རྣམ་འགྲེལ་ལས། སྔར་ལྕི་བ་དག་ཕྱིས་ཡང་ཀྱང་། །སྡིག་པ་བཅོམ་པར་བྱས་པ་མེད། །འདི་ཡིས་ལྕི་ཉིད་ཟད་འགྱུར་གྱི། །ལུས་
ཅན་མིན་ཕྱིར་སྡིག་ལྕི་མེད། །ཅེས་པ་དང་། དོ་ཧ་ལས། ཆུ་ལ་ཞུགས་པས་ཐར་པ་ཐོབ་བམ་ཅི། །ཞེས་པ་དང་། དྲན་པ་ཉེར་གཞག་ལས། ཆུར་བཀྲུས་པས་དག་པས་མཐོ་རིས་སུ་སྐྱེ་བར་སྨྲས་པས། མཐའ་དྲག་གི་དམྱལ་བར་སྐྱེ་བར་གསུངས་སོ། །འགལ་བའང་ཡིན་ཏེ། ཆུས་ལུས་བཀྲུས་ཀྱིས། དྲི་མ་སེམས་ལ་ཡོད་པ་བཀྲུས་པར་མི་འགྱུར་ལ། སེམས་ཀྱི་དྲི་མ་མ་དག་ན། ཆུས་བཀྲུས་ཀྱང་མི་འདག་པར། ལུང་རྒྱལ་བྱེད་ལས། བདག་ནི་ཆུ་བོ་དམ་པ་སྦྱིན་འབབ་སྟེགས། །བདེན་ཆུའི་སྦྱིན་པ་ཆུ་ངོགས་དཀའ་ཐུབ་རླབས། དེ་བཞིན་བྱེད་དང་བཅས་པས་དེར་ཁྲུས་བྱ། །ནང་གི་བདག་ཉིད་ཆུ་ཡིས་དག་མ་ཡིན། །ཞེས་པ་དང་། ལུས་དང་ངག་ཡིད་ལས་རྣམས་ནི། །གང་གིས་གསུམ་པོ་མ་དག་པ། །རྒྱ་མཚོ་གསུམ་དུ་ཁྲུས་བྱས་ཀྱང་། །དེ་ནི་དྲི་མ་ཅན་ཉིད་ཡིན། །འདོད་དང་ཁྲོ་དང་རྨོངས་པ་ལས། །གང་ཞིག་རྒྱལ་བ་དེ་ཉིད་དཔའ། །འབབ་སྟེགས་གང་དུ་ཁྲུས་བྱེད་པ། །སྐྱོང་མཛད་དེ་ཡིས་ཅི་ཞིག་བགྱི། །ཆུ་ཡིས་གོས་པར་གྱུར་པ་ལ། །ཁྲུས་བྱས་པ་ཞེས་ཡང་མི་བགྱི། །ཕྱི་ནང་བཅས་པར་དག་པ་ཡིས། །དཀའ་ཐུབ་ཅན་གང་དེ་ཁྲུས་བྱས། །ཞེས་པ་ཁྱེད་རང་གི་ལུང་དང་འགལ་བའི་ཕྱིར་རོ། །འོ་ན། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་པའང་མི་འགྲུབ་བོ་ཞེ་ན། དེ་ནི་འབབ་སྟེགས་ཕྱི་རོལ་ངེས་པ་ཅན་གྱི་ཆུ་མ་ཡིན་ཏེ། རིག་སྔགས་ཁྱད་པར་ཅན་གྱི་ཁྲུས་ཡིན་པ་དང་། དེ་ཁོ་ནས་དག་པར་མི་འདོད་པས་མི་མཚུངས་སོ། །ཡུལ་གྱིས་དག་པ་དགག་པ་ནི། ཐར་པ་སེམས་ལ་རག་ལས་ཤིང་། ཡུལ་དེར་ཕྱིན་པས་སྤངས་རྟོགས་མི་འབྱུང་སྟེ། རེ་ཞིག་ཡུལ་དེ་ནའང་འབུ་སྦྲང་ལ་སོགས་པའི་ངན་འགྲོ་ཡོད་པས། ཡུལ་དེར་ཕྱིན་ཚད་ཐར་པ་ཕར་ཞོག །མཐོ་རིས་ཀྱང་མི་ཐོབ་པར་ཚད་མས་གྲུབ་ན། སྤངས་རྟོགས་
ཅི་ཞིག་སྨོས། སྤྱོད་འཇུག་ལས། སེམས་ནི་དམིགས་དང་བཅས་རྣམས་ལ། །མྱ་ངན་འདས་པ་དཀའ་བར་གནས། །ཞེས་སོ། །རང་གི་སྡེ་པས་ཕྱིར་ཡུལ་བགྲོད་པའང་བཀག་པ་ཉིད་དེ། དོ་ཧ་ལས། ཞིང་ཀུན་གནས་དང་ཉེ་བའི་གནས་ལ་སོགས། །ཕྱིན་ཏེ་བལྟས་པས་རྟོགས་པར་གང་སྨྲ་བ། །ལུས་དང་འདྲ་བའི་མུ་གནས་གཞན་ན་མེད། །ཅེས་པ་བཞིན་ནོ། །འགལ་བ་ནི་ཁྱོད་རང་གི་ལུང་རབ་ཏུ་གསང་བ་ལས། དབང་པོའི་སྒོ་ནི་རབ་བསྡམས་ནས། །མཉམ་པར་བཞག་པས་གང་གནས་པ། །དེ་ནི་ཀུ་རུའི་ཞིང་དག་དང་། །དེ་ཝི་ཤ་དང་པདྨའི་སྙིང་། །ཞེས་འདོད་པ་དེ་དང་འགལ་ལོ། །སྲིད་བསྲུངས་པས་དག་པ་དགག་པ་ནི། བུ་དང་ཆུང་མས་ཐར་པའི་གྲོགས་མི་བྱེད་དེ། དངོས་སུ་འཆིང་ཞིང་བརྒྱུད་ནས་ངན་འགྲོའི་རྒྱུ་བྱེད་པའི་ཕྱིར་དང་། རྫས་དང་སྐད་ཅིག་ལ་བརྟགས་པས་ཐར་པ་དང་འབྲེལ་བ་མ་གྲུབ་པའི་ཕྱིར་རོ། །འདུལ་བ་ལུང་ལས། ཁྱིམ་ན་གནས་པ་ནི་ཉེས་པར་སྤྱོད་པའི་གཞིའོ། །རབ་ཏུ་བྱུང་བ་ནི་ལེགས་པར་གནས་པའི་གཞིའོ། །ཁྱིམ་ན་གནས་པ་ནི་འདོད་པའི་འདམ་དུ་བྱིང་བའོ། །རབ་ཏུ་བྱུང་བ་ནི་འདོད་པའི་འདམ་ལས་འབྱིན་པའོ། །ཁྱིམ་ན་གནས་པ་ནི་ངན་སོང་གི་སྒོའི་ཐེམ་སྐས་སོ། །རབ་ཏུ་བྱུང་བ་ནི་མངོན་པར་མཐོ་བའི་སྒོའི་ཐེམ་སྐས་སོ། །ཁྱིམ་ན་གནས་པ་ནི་བདུད་དགའ་བར་བྱེད་པའོ། །རབ་ཏུ་བྱུང་བས་ནི་བདུད་རླག་པར་བྱེད་པའོ། །ཁྱིམ་ན་གནས་པ་ནི་ཆོག་མི་ཤེས་པའོ། །རབ་ཏུ་བྱུང་བ་ནི་ཆོག་ཤེས་པའོ་ཞེས་སོ། །ཁྱིམ་གྱི་ཉེས་པ་བསྟན་པའི་མདོ་ལས་ཀྱང་། དེ་སྐད་བཤད་དོ། །འགལ་བ་ཡང་ཡིན་ཏེ། ཁྱེད་རང་གི་གསང་ཚིག་ལས། གཞོན་ནུ་ཚངས་པར་སྤྱོད་བྱེད་པ། །དཀའ་ཐུབ་སྤྱོད་པ་སྤངས་པ་སྟེ། །དྲང་སྲོང་དེ་ནི་མཐོ་རིས་མགོན། །ཚངས་སྤྱོད་འབྲས་བུ་དམ་པ་ཡིན། །ཞེས་འདོད་པས་སོ། །གཡུལ་བསྲུངས་པས་དག་པ་དགག་པ་ནི།
སྐྱེ་བོ་ཞེ་སྡང་ཅན་མང་པོ་ཚོགས་པའི་གཡུལ་དུ་མི་གསོད་པ་ནི་སྡིག་ཆེ་སྟེ་དངོས་སུ་སེམས་འཁྲུགས་པའི་ཕྱིར་དང་། མ་དག་པར་དངོས་སུ་འདུག་པས་ཅི་ཞིག་དག་པར་འགྱུར་ཏེ། མི་གཙང་བས་གོས་པ་དེ་ཉིད་གཙང་ཞིང་དག་པ་ཡིན་ནོ་ཞེས་པ་དང་ཆོས་མཚུངས་སོ། །གཡུལ་མ་གྲུབ་པས་ཀྱང་དག་པ་མེད་དེ། རྡུལ་ཕྲན་དང་གསང་བ་བཀག་པ་བཞིན་ནོ། །འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ་ལས། ལུས་ཅན་གང་དག་གཅིག་ལ་གཅིག །གནོད་པར་དགའ་བས་གཡུལ་ངོར་གསོད། །སྡིག་ཅན་དེ་དག་སྡུག་བསྔལ་དང་། །ལྡན་པ་རལ་གྲིའི་ལོ་མར་སྐྱེ། །ཞེས་སོ། །འགལ་བ་ནི་ཁྱེད་རང་གི་ལུང་རྒྱལ་བྱེད་ལས་ཀྱང་། གང་ཡང་རང་སེམས་གདུག་པ་ཡིས། །གཞན་ལ་འཚེ་དེ་རྒྱལ་བྱེད་ཀྱི། །དྲག་པོ་དྲག་པོའི་ལས་ཅན་དེ། །ཤིན་ཏུ་སྨད་པའི་དམྱལ་བར་འགྲོ། །ཞེས་སོ། །ཆོས་བསྲུངས་པས་དག་པ་དགག་པ་ནི། སྐད་ཅིག་དང་། རྡུལ་ཕྲན་བརྟགས་པས་ཆོས་མ་གྲུབ་པའི་ཕྱིར་བསྲུངས་པས་དག་པའང་མི་འགྲུབ་པ་ཉིད་དང་། ཆོས་ལ་གནོད་པ་བྱེད་པའང་གསད་པར་མི་རིགས་ཏེ། སྙིང་རྗེའི་གནས་ཡིན་པའི་ཕྱིར་དང་། བཟོད་པའི་རྐྱེན་ཡིན་པའི་ཕྱིར་དང་། ཁྲོ་བ་མ་བཅོམ་ན་དགྲ་མི་ཟད་པའི་ཕྱིར་རོ། །སྤྱོད་འཇུག་ལས། འདི་ནི་བསོད་ནམས་གེགས་བྱེད་ཅེས། །དེ་ལའང་ཁྲོ་བར་མི་རིགས་ཏེ། །བཟོད་མཚུངས་དཀའ་ཐུབ་ཡོད་མིན་ན། །བདག་ནི་དེ་ལ་གནས་མིན་ནམ། །ཞེས་པ་བཞིན་ནོ། །འགལ་བ་ནི་ཕན་པའི་ཡལ་ག་ལས། འཚེ་མེད་བདེན་པའི་ཚིག་དང་ལྡན། །ཁྲོ་བ་བརྟུལ་བ་དྲང་བ་དག །འདི་ནི་དཀའ་ཐུབ་མཆོག་ཡིན་གྱི། །ལུས་སྐམ་བྱེད་པ་མ་ཡིན་ནོ། །ཞེས་འདོད་པས་སོ། །སྲོག་བསྲུངས་པས་དག་པ་དགག་པ་ནི། ལུས་མ་གྲུབ་ན་སྲོག་ཇི་ལྟར་གྲུབ་སྟེ་རྡུལ་ཕྲན་བཞིན་ནོ། །ཐ་སྙད་དུ་སྡིག་པའི་ལས་སྲོག་གི་ཕྱིར་ཡང་བྱར་མི་རུང་སྟེ། བུ་མོ་ཟླ་མཆོག་གིས་ཞུས་པའི་མདོ་ལས། ནོར་དང་
མཛའ་བཤེས་དེ་བཞིན་ཕ་མ་དང་། །སྲོག་གི་སླད་དུའང་སྡིག་པ་མི་བགྱིད་དོ། །ཞེས་སོ། །འགལ་བ་ནི་ལུང་རྒྱལ་བྱེད་ལས། རང་ལ་རྗེས་སུ་མི་མཐུན་པ། །དེ་ནི་གཞན་ལའང་མི་བྱེད་དེ། །འདི་ནི་ཆོས་རྣམས་བསྡུས་པ་ཡིན། །གཞན་ནི་འདོད་པས་འཇུག་པར་བྱ། །ཞེས་སོ། །དངོས་པོ་རྒྱུ་མེད་དགག་པ་ལ་གསུམ་སྟེ། དོན་མི་འཐད་པ། དཔེ་མ་གྲུབ་པ། རང་གཞུང་དང་འགལ་བའོ། །དང་པོ་ལའང་། ཀུན་ཏུ་ཡོད་མེད་དུ་ཐལ་བ། འབད་པ་རྒྱུན་ཆད་དུ་ཐལ་བ། མངོན་སུམ་གྱིས་བསལ་བ། རྒྱུ་མེད་དུ་སྨྲར་མི་རུང་བ། སྨྲས་པ་དོན་མེད་དུ་ཐལ་བ་དང་ལྔ་ལས། དང་པོ་ནི་བུམ་པ་རྒྱུ་མེད་ཡིན་ན། ཡུལ་གཅིག་ན་ཡོད་པ་ལྟར་ཐམས་ཅད་ན་ཡོད་པ་དང་། དུས་གཅིག་ན་ཡོད་པ་ལྟར་དུས་རྟག་ཏུ་ཡོད་པ་དང་། རྣམ་པ་བུམ་པར་ཡོད་པ་ལྟར་སྣམ་བུར་ཡང་ཡོད་པའམ། ཡང་ན་རྟོག་པ་མེད་པར་ཐལ་ཏེ། ལྟོས་པ་ཚང་མ་ཚང་གི་ཁྱད་པར་མེད་པའི་ཕྱིར་དང་། རྐྱེན་ལ་ལྟོས་པས་ནི་རུང་བར་འགྱུར་ཏེ་བུམ་པ་ཡུལ་དེར་བཞག་པ་དང་གཞན་དུ་བསལ་བ་ཡོད་པ་རུང་བའི་ཕྱིར་རོ། །རྣམ་ངེས་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེ་འགའ་ཞིག །འབྱུང་བ་ལྟོས་པ་ལས་ཡིན་ནོ། །ཞེས་སོ། །གཉིས་པ་ནི་སོ་ནམ་ལ་སོགས་པས་ལོ་ཐོག་འབྲས་བུ་བསྒྲུབ་པའི་ཕྱིར་འབད་པ་རྣམས་རྒྱུན་ཆད་པར་ཐལ་ཏེ། རྒྱུ་མེད་པའི་ཕྱིར་རོ། །རྒྱུ་མེད་ལ་རྒྱུ་སོ་ནམ་ལ་འབད་ཀྱང་སྟོན་ཐོག་གི་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །འཇུག་པ་ལས། གལ་ཏེ་རྒྱུ་མེད་ཁོ་ནར་འགའ་ཞིག་སྐྱེ་བར་འགྱུར་ན་ནི། །དེ་ཚེ་མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡི་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །ཞེས་སོ། །གསུམ་པ་ནི་དུ་བ་མེ་ལས་བྱུང་བ་དང་། མྱུ་གུ་ས་བོན་ལས་བྱུང་བ་དང་། དབྱུ་གུ་བསྣུན་པ་ལས་རྔ་སྒྲ་འབྱུང་བ་ཉིད་མཐོང་བས་ན།
རྒྱུ་མེད་ཁེགས་པས་བརྩད་མི་དགོས་སོ། །བཞི་པ་ནི། ཐམས་ཅད་རྒྱུ་མེད་པའོ་ཞེས་སྨྲར་མི་རུང་སྟེ། ལྕེ་དང་རྐན་མ་ཕྲད་པ་ལས་རྒྱུ་མེད་དོ་ཞེས་པའི་ཚིག་མི་འབྱུང་བས་འདི་ནི་རང་ཚིག་གིས་ཀྱང་བསལ་བ་ཡིན་ནོ། །ལྔ་པ་ནི། རྒྱུ་མེད་དུ་སྨྲས་པ་དོན་མེད་པར་ཐལ་ཏེ། ཚིག་གི་ཕ་རོལ་ལ་རྟོགས་པ་སྐྱེད་མི་ནུས་པའི་ཕྱིར་རོ། །དཔེ་མ་གྲུབ་པ་ནི། ཉི་མར་བསྐྱེད་པའི་རྒྱུ་ཉིད་ལས་ཤར་འོང་བ་དང་། ཆུར་སྐྱེས་པའི་རྒྱུ་ཉིད་ལས་ཐུར་དུ་འབབ་པར་འགྲུབ་པ་ཡིན་ཏེ། རྫས་གཅིག་ལ་ཆ་ཤས་ཀྱིས་བསྐྱེད་བྱ་སྐྱེད་བྱེད་གཉིས་མི་སྲིད་པའི་ཕྱིར་ཏེ། རྒྱུ་གཅིག་ལ་ལྟོས་ནས་བསྐྱེད་མ་བསྐྱེད་ཆོས་འགལ་བས་རྫས་ཐ་དད་དུ་འགྱུར་བའི་ཕྱིར་རོ། །རྣམ་འགྲེལ་ལས། ཇི་ལྟར་ཚེར་མ་ལ་སོགས་པ། །རྣོ་བ་དག་ལ་རྒྱུ་མེད་པ། །དེས་ན་དེ་དག་རྒྱུ་མེད་འགྱུར། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །གང་ཞིག་སྐྱེ་ན་གང་སྐྱེ་བ། །གང་ཞིག་འགྱུར་ན་འགྱུར་བ་ཉིད། །དེ་ནི་དེ་རྒྱུར་རབ་བསྟན་པ། །དེ་དག་དེ་རྣམས་ལ་ཡང་ཡོད། །ཅེས་སོ། །སྤྲིན་ཡང་ས་ཆུའི་རླངས་པ་རླུང་གིས་བཏེག་པ་ཡིན་ལ། འཇིག་རྟེན་ཆགས་པའང་སྤྲིན་ལ་སོགས་པའི་རྒྱུ་འཇིག་རྟེན་གཞན་ནས་རླུང་གིས་ཁྱེར་ནས་འདིར་འོངས་ཏེ་ཆེར་མཆེད་ནས་ཆར་དུ་བབ་པ་ལ་སོགས་པ། ཐམས་ཅད་ཀྱི་སྤྱི་མཐུན་གྱི་ལས་ཀྱི་རྒྱུ་ལས་གྲུབ་པ་ཡིན་ཏེ། མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་སོ། །མ་མཐོང་བའི་དངོས་པོ་རྒྱུ་མེད་འགའ་ཞིག་སྲིད་དམ་ཅེ་ན། མི་སྲིད་དེ་དུ་བ་མེ་ལས་སྐྱེ་བར་ལྐོག་ན་རྒྱུ་ཡོད་ཀྱང་འབྲས་བུ་མངོན་སུམ་དུ་གསལ་བས་དངོས་པོ་ཐམས་ཅད་རྒྱུ་ལས་སྐྱེའོ། །དེས་ན་སྐྱེས་དུས་ཀྱི་རྒྱུ་འབྲས་ཐམས་ཅད་ཀྱང་འཁྲུལ་སྣང་རྨི་ལམ་དང་འདྲ་བས་དཔྱད་ན་རང་བཞིན་མེད་པར་ཤེས་པར་བྱའོ། །རང་གཞུང་དང་འགལ་བ་ནི། རྒྱལ་བྱེད་ལས། འདིར་ནི་དགེ་དང་མི་དགེ་བའི། །རང་གིས་བྱས་པའི་ལས་རྣམས་དག །ཆུད་ཟ་བར་ནི་མི་འགྱུར་ཏེ། །དེ་ཕྱིར་སྡིག་སྤོང་མདུང་གི་བུ། །ཞེས་བཤད་པས་
སོ། །ཤེས་པས་རང་མི་རིག་པ་དགག་པ་ལ་གསུམ་སྟེ། ཤེས་པ་མ་ཡིན་པར་ཐལ་བ། དོན་མི་རིག་པར་ཐལ་བ། བློ་འཁྲུལ་པར་ཐལ་བའོ། །དང་པོ་ནི་རང་རིག་ཤེས་པའི་རང་བཞིན་དང་། རང་རིག་ཤེས་པའི་གནས་སྐབས་ཡིན་པས་ན། རང་མ་རིག་པ་ལས་ལོག་ཙམ་གྱིས་རང་རིག་པར་འགྱུར་ཏེ། དབུ་མ་རྒྱན་ལས། རྣམ་ཤེས་བེམ་པོའི་རང་བཞིན་ལས། །ལྡོག་པ་རབ་ཏུ་སྐྱེ་བ་སྟེ། །བེམ་མིན་རང་བཞིན་གང་ཡིན་པ། །དེ་འདིར་བདག་ཉིད་རིག་པར་བརྗོད། །ཅེས་སོ། །དེས་ན་རང་མི་རིག་ན་ཤེས་པ་ཙམ་ཡང་མ་ཡིན་པར་ཐལ་ཏེ་ཤེས་པའི་ཁྱབ་བྱེད་དང་བྲལ་བའི་ཕྱིར་རོ། །གཉིས་པ་ནི་ཤེས་པ་དེས་ཡུལ་གཏན་མི་རིག་པར་ཐལ་ཏེ་རང་མི་རིག་པའི་ཕྱིར་རོ། །དེ་ཡང་བུམ་པ་མིག་ཤེས་ཀྱིས་འགྲུབ་པ་ལ་མིག་ཤེས་ཉིད་ཡོད་པར་གྲུབ་དགོས་པའི་ཕྱིར་ཏེ། རྣམ་ངེས་ལས། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་སོ། །གལ་ཏེ་ཤེས་པ་གཞན་གྱིས་རིག་གོ་ཞེ་ནའང་མི་རུང་སྟེ། མཐར་གྲུབ་མི་གྲུབ་ཏུ་མི་འཐད་པ་དང་། དུས་མཉམ་མི་མཉམ་དུ་མི་འཐད་པའི་ཕྱིར་ཏེ། མཐར་རིག་བྱེད་གྲུབ་ན་མིག་ཤེས་དང་རྒྱུ་མཚན་མཚུངས་ཤིང་། མ་གྲུབ་ན་བུམ་པ་ནམ་ཡང་མི་འགྲུབ་པར་ཐལ་བའི་ཕྱིར་ཏེ། དུས་གཅིག་ལ་གྲུབ་ན་རྒྱུད་དུ་མར་ཐལ་བའི་ཕྱིར། རིག་བྱེད་ཕྱི་མས་གྲུབ་ན་བུམ་པ་ཡོད་དུས་ན་མ་གྲུབ་ལ། ཕྱིས་མེད་དུས་གྲུབ་པས་ཕྱིན་ཅི་ལོག་ཏུ་འགྲུབ་པར་ཐལ་ཏེ་དུས་འགལ་བའི་ཕྱིར་རོ། །སྤྱོད་འཇུག་ལས། སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར། །ཚོར་བ་དེ་ཡིས་མཐོང་མ་ཡིན། །སྔར་དང་ཕྱི་མར་སྐྱེས་པས་ཀྱང་། །དྲན་པར་འགྱུར་གྱིས་མྱོང་མ་ཡིན། །ཞེས་སོ། །གསུམ་པ་ནི། རང་གིས་ཉམས་སུ་མྱོང་བས་གྲུབ་པ་མེད་ན། མངོན་རྗེས་ཀྱི་ཚད་མའི་སྒོ་ནས་ཡུལ་ཡོད་མེད་ཡིན་མིན་གྱི་རྣམ་པར་གཞག་པ་ཐམས་ཅད་འཁྲུལ་པར་ཐལ་ཏེ། བློས་ཡུལ་དམིགས་ནས་དེའི་ཐ་སྙད་བྱེད་དགོས་ལ། ཡུལ་དམིགས་པ་ཉིད་ཀྱང་མཐར་རང་གིས་ཉམས་སུ་མྱོང་བ་ལ་གཏུག་དགོས་ན་རང་རིག་མི་འདོད་པའི་ཕྱོགས་ལ་མྱོང་བས་གྲུབ་པ་མེད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གང་ཕྱིར་དེ་མི་གསལ་ན་ནི། །དོན་མི་གསལ་བ་ཉིད་དུ་འགྱུར། །ཞེས་སོ། །ཚུལ་འདིས་ཐབས་གཅིག་ཁོ་ནས་གྲོལ་བ་དང་། ཐ་སྙད་དུ་ཡང་བྱས་པས་སངས་མི་རྒྱ་བ་དང་། སེམས་ཀྱིས་སེམས་མི་རིག་པ་རྣམས་བཀག་པ་ཡིན་ནོ། །འདིར་ནི་སངས་རྒྱས་འདོད་པས་
ཐབས་མང་པོ་ལ་བརྟེན་ནས་གྲོལ་བ་བསྒྲུབས་ཀྱང་། དངོས་པོ་དང་མཚན་མར་ཞེན་པ་མེད་པས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་ལམ་སྒོམ་ཞིང་། གཙོ་ཆེར་གཞན་ལ་ཕན་པ་བྱང་ཆུབ་ཀྱི་སེམས་གཉིས་ལ་ནན་ཏན་བྱེད་པ་ཡིན་ཏེ། ཞི་བ་ལྷས། གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཐུགས་རྗེ་མངའ་བ་རིང་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་པ་དང་། གཞན་རྣམས་དང་ནི་བདག་ལའང་རུང་། །སྡུག་བསྔལ་ཡིན་ཡང་གང་ཕན་བྱ། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པ་བཞིན་ནོ། །ད་ནི་རིག་བྱེད་ཚད་མར་བྱེད་པའི་སྡེ་པ་ལས། གསང་ཚིག་གི་དམ་བཅའ་གཙོ་བོར་བྱེད་པའི་ཕྱོགས་གསང་བ་པ་བྱེ་བྲག་ཏུ་བཤད་པ་ནི། རིག་བྱེད་ཚད་མར་བྱེད་ལས་ཁྱད་པར་དུ། །གསང་ཚིག་གྲོལ་བར་སྨྲ་བའི་ཕྱོགས་དེ་ནི། །མཁའ་ལྟར་ཁྱབ་བདག་ཁྱད་པར་དགུ་ལྡན་ཉིད། །ཡང་དག་མ་ཡིན་ཀུན་བརྟགས་རྒྱ་མཚོའི་རླབས། །བརྒལ་དཀའ་སྲིད་པའི་ཆུ་གཏེར་བྱེད་དེ་མཚར། །སྔར་བཤད་མ་ཐག་པ་ཉིད་ཀྱི་རིག་བྱེད་དག་པར་སྨྲ་བའི་ནང་ཚན་གསང་བ་པ་དག་ནི་འཇིག་རྟེན་ཐམས་ཅད་བདག་གཅིག་གི་གཟུགས་ཀྱི་རང་བཞིན་དུ་བློས་བཀོད་ནས་ཐམས་ཅད་ལ་ཁྱབ་པའི་རང་བཞིན་ཁྱད་པར་དགུ་དང་ལྡན་པར་འདོད་པ་ནི། སྔོན་མེད་པའི་རྟོག་པའི་དབའ་རླབས་སྲིད་རྩེར་གཡོ་བས་འཁོར་བ་སྒྲུབ་པ་ཉིད་དེ། ཧ་ཅང་མི་འཐད་པ་ཉིད་ཀྱིས་མཁས་པ་དག་གིས་བཞད་གད་ཀྱི་གནས་སུ་འགྱུར་བའི་ཕྱིར་མཚར་ཞེས་བརྗོད་དེ། བྱམས་པས། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡིས། །སྒྲིབ་པ་ཟད་པར་བརྗོད་པ་གང་། །དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་པ་བཞིན་ནོ། །འདི་ཡི་ཚུལ་རྒྱས་པར་དབྱེ་ན། ཚངས་པ་ལྷར་འཛིན་པའི་བྲམ་ཟེ་གསང་ཚིག་གཙོ་བོར་བྱེད་པ་དག་དྲན་པར་བྱེད་པ་བསླབ་པའི་འཁོར་ལོ་ལ་སོགས་པའི་གཞུང་ལ་བརྟེན་ནས། ནམ་མཁའ་ལྟ་བུར་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་བདག་
ཁྱད་པར་དགུ་དང་ལྡན་པ་ཞིག་འདོད་དེ། ངོ་བོ་སེམས་ཅན་ཡིན་པ། ལུས་ཡོད་པ། ཁྱབ་པ། རྟག་པ། གཅིག་པུ། འབྱུང་འཇིག་གི་རྟེན་ཡིན་པ། ལུས་ཅན་གྱི་སྐྱོན་ཡོན་གྱིས་མ་གོས་པ། བློའི་སྤྱོད་ཡུལ་དུ་མ་གྱུར་པ། ངག་གིས་བརྗོད་དུ་མེད་པའོ། །དང་པོ་ནི་ལུས་སུ་སྣང་ཡང་ངོ་བོ་ལ་ལུས་མེད་དེ་ཤེས་ཤིང་རིག་པ་ཙམ་མོ། །ལུས་ཡོད་པ་ནི། འདི་ལྟར་སྟེང་གི་ཕྱོགས་ཐམས་ཅད་སྐྱེས་བུའི་མགོའོ། །འོག་གི་ཕྱོགས་ཐམས་ཅད་རྐང་པའོ། །ནམ་མཁའ་ནི་ལྟོ་བའོ། །ཕྱོགས་བཞི་ནི་ལག་པའོ། །གཟའ་དང་སྐར་མ་རྣམས་ནི་སྐྲའོ། །རི་རབ་ནི་བྲང་ངོ་། །རིའི་ཕྲེང་བ་རྣམས་ནི་རུས་པའོ། །གངྒཱ་ལ་སོགས་པའི་ཆུ་རྣམས་ནི་རྩའི་དྲྭ་བའོ། །ནགས་ཚལ་རྣམས་ནི་སྤུ་དང་སེན་མོའོ། །མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མི་རྣམས་ནི་རྒྱབ་བོ། །ཚངས་པ་ནི་དཔྲལ་བའོ། །ཆོས་ནི་སྨིན་མ་གཡས་པའོ། །ཆོས་མ་ཡིན་པ་ནི་སྨིན་མ་གཡོན་ནོ། །འཆི་བདག་ནི་ཁྲོ་གཉེར་རོ། །ཉི་མ་ནི་མིག་གཡས་སོ། །ཟླ་བ་ནི་མིག་གཡོན་ནོ། །རླུང་རྣམས་ནི་དབུགས་སོ། །རི་བྲག་རྣམས་ནི་སོའོ། །ལྷ་མོ་དབྱངས་ཅན་ནི་ལྕེའོ། །ཉིན་མོ་ནི་མིག་ཕྱེ་བའོ། །མཚན་མོ་ནི་མིག་བཙུམས་པའོ། །སྐྱེས་པ་རྣམས་ནི་གཞོགས་གཡས་སོ། །བུད་མེད་རྣམས་ནི་གཡོན་ནོ། །རིའི་བར་རྣམས་ནི་སོར་མོའོ། །འཇིག་རྟེན་པ་རྣམས་ནི་ནུ་མའི་བར་གཡས་པའོ། །འཇིག་རྟེན་ལས་འདས་པ་རྣམས་ནི་ནུ་བར་གཡོན་པའོ། །ལྷའི་བུ་གཉིས་ནི་པུས་མོ་གཉིས་སོ། །ཐ་སྐར་ནི་རྗེ་ངར་རོ། །ཉིན་ཞག་ནི་རྐེད་སྨད་དོ། །དབང་པོ་ནི་ཕོ་མཚན་ནོ། །སྐྱེ་དགུའི་བདག་པོ་ནི་དགའ་བའི་རང་བཞིན་ནོ། ཁྱབ་འཇུག་ནི་རྐང་པའོ། ཁ་དོག་རྣམས་ནི་ཁྲག་གོ །དེས་ན་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅེས་བྱའོ། །རྟག་པ་ནི། ཐོག་མ་ནས་ཐ་མའི་བར་དུ་ཡོད་པས་ན་འདི་ཙམ་ནས་བྱུང་ཞེས་པའམ། འདི་ཙམ་ན་འཇིག་ཅེས་པ་མེད་པའི་ཕྱིར་རོ། །དྲན་པ་བསླབ་
པའི་འཁོར་ལོ་ལས། །གཅིག་པུ་ཀུན་ཁྱབ་རྟག་པ་སྟེ། །ཚངས་མཆོག་འཆི་བ་མེད་པའི་གནས། །རྣལ་འབྱོར་པ་ཡིས་གོམས་བྱས་ན། །དེ་ནི་ཡང་སྲིད་ལེན་མི་འགྱུར། །ཞེས་སོ། །གཅིག་པུ་ནི། འཁྲུལ་པ་ལ་སྲོག་དུ་མར་སྣང་ཡང་། ཐམས་ཅད་ལ་བདག་གི་ངོ་བོ་གཅིག་ལས་མེད་པར་འདོད་དེ། །རྟོག་གེ་འབར་བ་ལས། ཇི་ལྟར་བུམ་པ་ཐ་དད་ཀྱང་། །ས་ལ་ཐ་དད་འགའ་ཡང་མེད། །དེ་བཞིན་ལུས་ནི་ཐ་དད་ཀྱང་། །བདག་ལ་ཐ་དད་འགའ་ཡང་མེད། །ཅེས་ཕྱོགས་སྔར་བརྗོད་པ་བཞིན་ནོ། །འབྱུང་འཇིག་གི་རྟེན་ཡིན་པ་ནི། ལུས་ཅན་ཐམས་ཅད་འབྱུང་ཡང་བདག་གི་ངང་ལས་འབྱུང་ལ། གྲོལ་ཀྱང་བདག་གི་ངང་དུ་གྲོལ་བ་སྟེ། སྔ་མ་ལས། སྲིད་པ་སྣ་ཚོགས་དེ་ལས་སྐྱེས། །དར་གྱི་སྲིན་བུའི་སྐུད་པ་བཞིན། །མཁས་པ་དེ་ཡི་ཆར་ཐིམ་པ། །ཡང་སྲིད་ལེན་པར་མི་འགྱུར་རོ། །ཞེས་སོ། །དེས་ན་འདི་ལས་ཆེས་ཟབ་པ་གོང་ན་གཞན་མེད་དེ། གསང་ཚིག་ལས། གང་ལས་མཆོག་གྱུར་གཞན་མེད་ཅིང་། །གང་ལས་དམ་པ་གཞན་མེད་ལ། །འདི་ལས་ཕྲར་གྱུར་གཞན་མེད་པས། །སྣ་ཚོགས་འདི་དག་རྒྱུ་གཅིག་ཉིད། །ཅེས་པ་བཞིན་ནོ། །དེས་ན་བདག་གཅིག་ལས་མེད་ཀྱང་། འཁྲུལ་ངོ་ལ་སྲོག་དུ་མར་སྣང་སྟེ། བུམ་པ་བརྒྱ་གྲུབ་པ་ན་དེ་དག་གི་ནམ་མཁའ་བརྒྱ་ཡོད་པ་བཞིན་ནོ། །གང་དག་འཁྲུལ་པ་ཟད་པ་རྣམས་ནི་བདག་ཆེན་པོ་དེར་ཐིམ་པས་འདི་ནི་སྔ་མའམ་འདི་ནི་ཕྱི་མའོ་ཞེས་དབྱེར་མེད་པར་གྱུར་ཏེ། བུམ་པ་གཅིག་གམ་གཉིས་ལ་སོགས་པ་ཆག་པ་ན། དེ་དག་གི་ནམ་མཁའ་ནམ་མཁའ་ཆེན་པོར་ཐིམ་ནས་དབྱེར་མེད་པ་བཞིན་ཏེ། དེ་ཉིད་ལས། བུམ་པ་ལ་སོགས་ཆག་པ་ན། །བུམ་པའི་ནམ་མཁའ་ལ་སོགས་པ། །ནམ་མཁའ་ཆེན་པོར་འདུ་འགྱུར་བ། །དེ་བཞིན་སྲོག་ཀྱང་བདག་འདིར་འདུ། །ཞེས་སོ། །དོན་ལ་ཤེས་བྱའི་རང་བཞིན་འཇིག་མེད་སྟོང་ཉིད་དེ་བདག་ཡིན་ལ། ད་ལྟ་ཅི་ཡང་བསམ་དུ་མེད་པར་གོམས་པས། ཤི་དུས་ལུས་
ཞིག་སྲོག་འགགས་ཀྱང་འབྱུང་བ་འབྱུང་བཞིའི་ཆ་ལ་ཞ། སེམས་སྟོང་པ་དེ་ཆོས་ཐམས་ཅད་ཀྱི་སྟོང་པའི་ངང་དུ་དབྱེར་མེད་པས་རྣམ་ཤེས་ནམ་མཁའི་ངང་དུ་ཐིམ་ནས་གྲོལ་བའོ་ཞེས་འདོད་དེ། དེང་སང་འདི་སྨྲ་བ་ཤིན་ཏུ་ཡང་མང་བར་ཡོད་པ་ཡིན་ཏེ། ཐོད་པ་མགོ་ལ་མི་འགེལ་ཟེར་བར་སྣང་ངོ་། །ལུས་ཅན་གྱི་སྐྱོན་ཡོན་གྱིས་མ་གོས་པ་ནི། བཟང་ངན། བདེ་སྡུག །སྐྱེ་ཤི། དགའ་གདུང་། དགེ་སྡིག་གིས་གོས་པ་མེད་པའོ། །འགྲོ་བ་ལ་མཁས་རྨོངས་དང་། རིགས་བཟང་ངན་ལ་སོགས་པར་སྣང་ཡང་། བདག་ག་ངོ་བོ་དེ་ལ་དེ་དག་མེད་དེ་བུམ་པ་ལ་ཆེ་ཆུང་བཟང་ངན་སྣང་ཡང་ནམ་མཁའ་ལ་མེད་པ་བཞིན་ནོ། །དེ་ཉིད་ལས། དེར་ནི་འབྱུང་བ་ཐམས་ཅད་ཀྱང་། །བདག་ཉིད་དུ་ནི་འདུས་པར་མཐོང་། །བྱིས་དང་མཁས་དང་གདོལ་པ་དང་། །བྲམ་ཟེ་སོགས་རྣམས་མཉམ་པ་ཉིད། །ཅེས་སོ། །དེ་བཞིན་ལྷ་མི་བདེ་བས་བདག་བདེ་བའམ། ངན་འགྲོ་སྡུག་བསྔལ་བས་བདག་དེར་མི་འགྱུར་ཏེ། བུམ་པ་གཅིག་གི་ནམ་མཁའ་འཕེལ་བ་དང་། གཞན་འགྲིབ་པས། ནམ་མཁའ་ཆེན་པོ་ལ་འཕེལ་འགྲིབ་མི་བྱེད་པ་བཞིན་ནོ། །གསང་ཚིག་ལས། ཇི་ལྟར་བུམ་པའི་ནམ་མཁའ་གཅིག །རྡུལ་དང་དུ་བས་བསྒྲིབས་པ་ན། །ཐམས་ཅད་དེ་བཞིན་མ་ཡིན་ལྟར། །བདེ་སོགས་དེ་བཞིན་བདག་ལ་མིན། །ཞེས་སོ། །བུམ་པ་གྲུབ་པའམ། ཆག་ཀྱང་ནམ་མཁའ་ལ་སྐྱེ་འགག་མེད་པ་ལྟར། ལུས་ཅན་སྐྱེ་འཆིར་སྣང་ཡང་བདག་ལ་འགྱུར་བ་མེད་དེ། དེ་ཉིད་ལས། བུམ་པ་འབྱུང་ཞིང་འཇིག་པ་ལྟར། །ནམ་མཁའ་དེ་ཡི་བདག་ཉིད་མིན། །ལུས་ཅན་འབྱུང་ཞིང་འཇིག་པ་ལྟར། །དེ་བདག་ཡིན་པས་བདག་མི་འདོད། །ཅེས་སོ། །རྨོངས་པ་འགའ་ཞིག་གིས་ཉེས་པ་བྱས་ཏེ་ཆད་པ་བཅད་ཀྱང་རྒྱལ་པོས་ཉེས་པ་ལ་ཆད་པ་མི་གཅོད་པ་ལྟར། གང་ཟག་འགའ་ཞིག་གིས་སྡིག་པ་བྱས་པས་དམྱལ་བར་སྐྱེས་ཀྱང་། བདག་དེར་སྐྱེ་བ་མེད་དེ། གསང་ཚིག་ལས།
ལུས་ལ་གནས་ཀྱང་མ་ཆགས་དང་། །སྤྱོད་པར་བྱེད་ཀྱང་མི་གོས་ཏེ། །འདོད་བཞིན་སྤྱོད་ཀྱང་རྒྱལ་པོ་ནི། །སྡིག་པས་གནོད་པར་མི་འགྱུར་རོ། །ཞེས་སོ། །བློའི་སྤྱོད་ཡུལ་དུ་མ་གྱུར་པ་ནི། དེ་ལས་ཟབ་ཅིང་ཕྲ་བ་མེད་པས་ན་སུས་ཀྱང་རྟོགས་པར་མི་ནུས་པའི་ཕྱིར་རོ། །ངག་གིས་བརྗོད་དུ་མེད་པ་ནི། བདག་དེའི་རང་བཞིན་བདག་ཅག་གིས་བསམ་པར་མི་ནུས་པས་བརྗོད་པ་དང་བྲལ་བ་སྟེ། དེ་ཉིད་ལས། དེ་ནི་རྟག་པ་རྟོག་མེད་པ། །གང་གི་སྤྱོད་ཡུལ་གང་མ་གྱུར། །བློ་ནི་དབྱེ་བས་གྲོགས་རྣམས་ཀྱིས། །དེ་ལ་ཚིག་ཏུ་སྦྱོར་བར་བྱེད། །ཅེས་ཏེ། དོན་ལ་ཤེས་བྱའི་ངོ་བོ་སྟོང་པ་དང་། རང་གི་སེམས་དེའི་རང་བཞིན་བློའི་ཡུལ་ལས་འདས་པས། བརྗོད་དུ་མེད་ནའང་། སྒྲོ་བཏགས་ནས་འཆད་པ་ཙམ་དུ་འདོད་ཅེས་པའོ། །སྒོམ་པ་ཡང་རྟོག་མེད་རྩེ་གཅིག་ལས་མི་གཡོ་བ་སྟེ། ཕྱི་ནང་གི་སྟོང་པ་གཉིས་མ་བུ་འཕྲོད་པའི་ངང་ལ་འཇོག་ཅེས་འདོད་པ་དེ་དག་དང་གཅིག་པ་ཡིན་ནོ། །ད་ནི་དེ་ལྟར་ཡིན་པའི་སྒྲུབ་བྱེད་འགོད་དེ། བདག་དེ་ཐམས་ཅད་ན་ཁྱབ་པར་ཡོད་དེ་བདག་གི་ཡོན་ཏན་བདེ་སྡུག་ཐམས་ཅད་ན་ཁྱབ་པར་ཡོད་པའི་ཕྱིར་ནམ་མཁའ་བཞིན་ནོ། །ཡང་བདག་དེ་ནི་ཁྱབ་པར་ཡོད་དེ་རྟག་པའི་ཕྱིར་རོ། །དེ་ཡང་མ་ཁྱབ་ན་ནི་མི་རྟག་པར་འགྱུར་ཏེ། མ་ཁྱབ་པའི་སར་གོ་འཕོར་ཡོད་པ་དང་། འགའ་ཞིག་དེར་འོངས་ཤིང་རེས་རེག་པ་དང་རེས་མི་རེག་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུའི་གནས་ལུགས་ཤེས་པས་གྲོལ་བ་ནི། རྨི་ལམ་ན་ལས་བྱེད་པ་དང་འབྲས་བུ་མྱོང་བར་སྣང་ཞིང་། དེ་ལ་ཡོད་པར་ཡང་ཞེན་པ་ལྟར་བདག་མ་ཤེས་ཀྱི་བར་དུ་འཁྲུལ་པ་ལས། དགེ་བ་བཅུ་སྤྱོད་པ་དང་། དེས་མཐོ་རིས་ཐོབ་པར་སྣང་བ་དང་། མི་དགེ་བ་བཅུ་སྤྱོད་པ་དང་། དེས་ངན་འགྲོར་སྐྱེ་བར་སྣང་བས་ན། མ་རྟོགས་བར་དུ་དགེ་སྡིག་ལ་ལྟོས་དགོས་པ་ཡིན་ཏེ། བདག་མ་ཤེས་ཤིང་མ་རྟོགས་པས་རྨི་ལམ་ལྟ་བུའི་བདེ་སྡུག་ལ་འདོར་ལེན་བྱེད་དགོས་
པའི་ཕྱིར་ཏེ། སྔ་མ་ལས། རྨི་ལམ་ལོངས་སྤྱོད་ང་རྒྱལ་བཞིན། །ལས་རྣམས་སོགས་ཤིང་དགེ་བ་དང་། །མི་དགེའི་འབྲས་བུ་སྤྱོད་པ་ཡིན། །ཞེས་སོ། །གཉིད་སད་ཙམ་ན་རྨི་ལམ་གྱི་བྱ་བཞག་འཁྲུལ་པ་དོན་མེད་དུ་ཤེས་པ་ལྟར། བདག་རྟོགས་ཙམ་ན་དགེ་སྡིག་གཉིས་ཀའང་འཁོར་བའི་རྒྱུར་རིགས་ཏེ། ཅི་ཡང་མ་བྱས་པས་གྲོལ་བར་འགྱུར་ཏེ། དེ་ཉིད་ལས། བྱེད་པོ་དབང་ཕྱུག་གསེར་མདོག་ཏུ། །གང་གིས་མཐོང་ཞིང་ལྟ་བ་དེ། །སྡིག་དང་བསོད་ནམས་ལས་འདས་ནས། །མཆོག་ཏུ་ཞི་བ་ཐོབ་པར་འགྱུར། །ཞེས་པ་དང་། ལོ་མ་ཅན་གྱི་གསང་ཚིག་ལས། དེ་ནི་ཕྲར་གྱུར་སྐྱེ་གནས་རྣམས་ལ་གཅིག་པུར་གནས། །དེས་ནི་རྒྱས་པ་འདི་དག་ཡང་དག་བསགས་པ་ཡིན། །དེ་ནི་གཙོ་བོ་མཆོག་དང་ལྷ་དང་བསྟོད་བྱ་སྟེ། །བདག་དེས་བཟུང་ནས་ཤིན་ཏུ་ཞི་བར་འགྲོ་བར་འགྱུར། །ཞེས་པ་བཞིན་ནོ། །དེང་སང་བསམ་གཏན་པའི་མཆོག་དག་གི་དཔལ་གྱིས་མཐོ་བ་གྲགས་པ་དང་བསོད་ནམས་ཀྱིས་རབ་ཏུ་བརྒྱན་པ་ནི་འདི་ལྟར་བཞེད་དེ། འགྲོ་བ་འདི་ལྟར་སྣང་བ་རིགས་རྣམ་པ་སྣ་ཚོགས་སུ་སྣང་ཡང་། ཤེས་རྒྱུད་གཅིག་ཡིན་ཏེ་ཕན་ཚུན་གཅིག་གིས་གཅིག་མཐོང་བ་ཀུན་དེ་དང་དེའི་སེམས་སུ་གཅིག་པའི་ཕྱིར་རོ། །གཤིས་ལ་གང་ཡང་མེད་པས་ལམ་དུ་ཅི་ཡང་མི་བྱེད་དེ་བྱས་པ་ཉིད་ཀྱིས་འཁོར་བ་ཡིན་ནོ། །འདུས་བྱས་དགེ་བཅུ་ལ་སོགས་པ་འདི་དག་མ་རྟོགས་པའི་སེམས་ཅན་གྱི་འཁྲུལ་སྣང་བཟང་འཁོར་དང་། མི་དགེ་བ་ངན་འཁོར་སྒྲུབ་པ་རྨི་ལམ་ནང་དང་འདྲ་ལ། རྣལ་འབྱོར་པ་གཉིད་སད་པ་ལྟ་བུས་བླ་མའི་མན་ངག་བར་མེད་སྟོང་པའི་ངང་ལ་ཅི་ཡང་མི་བྱེད་པས་གྲོལ་བ་ཡིན་ནོ། །ད་ལྟ་སངས་རྒྱས་ཡིན་པས་སྐྱེད་འདོན་དུ་མེད། སྒྱུ་ལུས་འདོར་ཡང་སེམས་དང་སྟོང་ཉིད་དབྱེར་མེད་པས་རྣམ་ཤེས་ནམ་མཁར་ཐིམ་སྟེ་ཆོས་སྐུ་འོད་གསལ་གྱི་ངང་ལ་གནས་པའོ་ཞེས་རང་ཡང་ཐུགས་ཉམས་སུ་བཞེས་ཤིང་། གཞན་
ལའང་དེ་བསྟན་པས་སློབ་མའི་ཚོགས་སྐར་ཚོགས་ལྟར་རྒྱས་པ་ནི། གསང་བ་པའི་སློབ་དཔོན་གྱིས་མན་ངག་ཟབ་མོ་ཐུགས་ཉམས་སུ་བཞེས་ནས་རྒྱས་པར་མཛད་པ་ཡིན་ནོ། །ཨེ་མ་དེང་སང་བསྟན་པ་ཡི། །ཉི་མའང་ནུབ་ཀྱི་རི་མགོར་ལྷུང་། །མདོ་རྒྱུད་ཟེར་གྱི་སྣང་བ་ཡང་། །མཁས་གྲུབ་འགའ་ལས་གང་ནའང་དཀོན། །དེ་དག་གཞུང་ལ་བརྟེན་རྣམས་ཀྱང་། །གཞན་དུ་ལོག་པའི་བཤེས་ཀྱིས་ཁྲིད། །མིག་ལྡན་འགྲོ་བའང་མདོངས་གྱུར་ཅིང་། །འབྱུང་པོའི་བྱ་རྣམས་དགའ་བའི་དུས། །ཆོས་མ་ཡིན་རྣམས་རྒྱས་ལ་ལྟོས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལྟར་ན་བདག་དེ་ཀུན་ལ་ཁྱབ་ཀྱང་མ་རྟོགས་པ་འཁོར་བར་འཁྱམས་པས། ད་ནི་ཤེས་ནས་ཅི་ཡང་མི་བྱེད་པའི་དོན་ལ་བསྒོམ་པར་བྱའོ་ཞེས་གསང་བ་པས་གཞུང་ཟབ་མོ་དམ་བཅས་པ་ཡིན་ནོ། །དེ་དགག་པ་ལ་གསུམ་སྟེ། སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པ་དང་། ཤེས་པས་མི་གྲོལ་བའོ། །དང་པོ་ནི། བདེ་སྡུག་ཙམ་ཡོད་པས་བདག་བསྒྲུབས་ན་ཁྱབ་པ་མེད་ལ། བདག་གི་ཡོན་ཏན་གྱི་བདེ་སྡུག་རྟགས་སུ་འགོད་ན་ཕྱོགས་ཆོས་མ་གྲུབ་སྟེ། བདག་མ་གྲུབ་པའི་ཕྱིར་བདག་གི་ཡོན་ཏན་མ་གྲུབ་བོ། །རྟག་པའི་ཕྱིར་ཐམས་ཅད་དུ་ཡོད་ཅེས་པའང་། མ་ཁྱབ་པར་རྟག་པར་མེད་པ་བདེན་མོད་ཀྱི། ཕྱོགས་ཆོས་མ་གྲུབ་སྟེ། བདག་གཞི་མ་གྲུབ་པའི་ཕྱིར་རོ། །གནོད་བྱེད་ཡོད་པ་ལ་གསུམ་སྟེ། དོན་མི་འཐད། དཔེ་མ་གྲུབ། གོམས་པ་མེད་པའོ། །དང་པོ་ལའང་སྣང་རུང་དང་མཚུངས་པ། གཟུགས་ཡོད་མེད་དུ་མི་རུང་བ། ཡན་ལག་ཏུ་མི་རུང་བ། འབྱུང་འཇིག་གི་རྟེན་དུ་མི་རུང་བ། སྐྱོན་ཡོན་གྱིས་མི་གོས་པ་མི་རུང་བ། བསམ་བརྗོད་དང་བྲལ་བ་མི་རུང་བ། བྱ་བ་མི་བྱེད་པར་ཐལ་བ་དང་བདུན་ལས། དང་པོ་ནི། བདག་དུ་མར་ཐལ་ཏེ་སྣང་རུང་གི་ཤེས་བྱ་དུ་མར་སྣང་བའི་ཕྱིར་རོ། །གཉིས་པ་ནི། བདག་དེ་ལ་གཟུགས་ཡོད་པར་མི་རུང་སྟེ། སྣོད་བཅུད་འདི་དག་ཙམ་ཡིན་ན་བདག་དོན་
མེད་ལ། གཞན་ཡིན་ན་སྣོད་བཅུད་ཀྱི་གོར་གནས་སུ་མི་རུང་བའི་ཕྱིར་དང་། དངོས་སུ་མཐོང་བར་ཡང་ཐལ་བའི་ཕྱིར་རོ། ཁྱབ་པ་ཡོད་དེ་མི་སྣང་ན་སྣོད་བཅུད་ཀྱང་མི་མཐོང་སྣང་ན་སྣང་བར་ངོ་བོ་གཅིག་པར་མཚུངས་པའི་ཕྱིར་རོ། །འོ་ན་སྣང་བ་སྒྱུ་མར་ངེས་པ་ལ་ཡང་མཚུངས་སོ་ཞེ་ན། དེ་ནི་སྣང་བ་ཉིད་ཆ་ཤས་མེད་ལ་སྣང་བའི་ཆོས་དེ་ཉིད་སྒྱུ་མར་འདོད་ཀྱི། དེ་ལ་ཁྱབ་པའི་སྒྱུ་མ་ལོགས་སུ་མི་འདོད་པས་མི་མཚུངས་སོ། །དེས་ན་གཟུགས་ཡོད་མེད་མཐོང་མི་མཐོང་འདྲེ་བཞིན་ཡོད་པར་མི་རུང་བ་ཉིད་དོ། །རྡུལ་ཕྲན་ལ་སོགས་པར་བརྟགས་པས་ཀྱང་མེད་པ་ཉིད་དོ། །གསུམ་པ་ནི། གྲུ་བཞི་ལ་སོགས་པའི་དབྱིབས་རྣམས་མཐའ་སྐོར་ཁོ་ནའི་དབྱིབས་ཀྱིས་འཇོག་སྟེ་གྲུ་གསུམ་དང་གྲུ་བཞི་ལ་སོགས་པའི་དབུས་ལ་ཁྱད་པར་མེད་ལ། མཐའ་དེ་ཡང་བརྟགས་ན་མེད་པས་རྐང་ལག་དང་དབྱིབས་སུ་མི་སྲིད་དོ། །འཇིག་རྟེན་རྣམས་ལ་མཐའ་མེད་པ་ལས། མགོ་དང་རྐང་ལག་གི་རིམ་པ་མི་གནས་པའི་ཕྱིར་ཏེ། སྟེང་མགོ་འོག་རྐང་པ་ཡིན་ན། མདུན་གྱི་བུམ་པ་འདི་མགོ་རྐང་གཉིས་ཀ་ཡིན་པར་ཐལ་ཏེ། ལྷའི་འོག་དམྱལ་བའི་སྟེང་ཡིན་པའི་ཕྱིར་རོ། །སྐྱེས་པ་དང་བུད་མེད་གཡས་གཡོན་ཡིན་ན། དེ་དག་འགྲོ་དུས་བདག་འགྲོ་བར་ཐལ། བདག་གི་རྐེད་པ་སྐྱེས་པ་བུད་མེད་འགྲོ་བའི་ཕྱིར་རོ། །འདོད་ན་འགྱུར་མེད་རྟག་པ་བུད་དོ། །རི་བོ་བྲང་ཡིན་ན་རི་ཞིག་དུས་བྲང་ཞིག་པར་ཐལ་ལོ། །བཞི་པ་ནི། ལུས་ཅན་རྣམས་དང་རི་ལ་སོགས་པ་མེད་པ་ཙམ་ན་བདག་ཀྱང་མེད་པར་ཐལ་ཞིང་། དུས་འགྱུར་བ་ལྟར་འགྱུར་བར་ཐལ་ལོ། །ལྔ་པ་ནི། ལྷ་སྦྱིན་དམྱལ་བར་འཚོད་ཀྱང་། བདག་མི་འཚོད་ན་ལྷ་སྦྱིན་དང་དེའི་བདག་རྫས་སམ་ངོ་བོ་མི་གཅིག་པར་འགྱུར་བའི་ཕྱིར་རོ། །དྲུག་པ་ནི། སྤྱིའམ་རྣམ་པ་ཙམ་བསམ་བརྗོད་དུ་མི་རུང་ན་ཐོས་བསམ་བྱར་མི་རུང་ཞིང་། དོན་བསམ་དུ་མི་རུང་ན་གྲོལ་བ་ཐོབ་པ་མི་སྲིད་པར་ཐལ་ལོ། །སུས་ཀྱང་ནམ་ཡང་བརྗོད་ཅིང་བསམ་དུ་མི་རུང་
ན་ཤེས་བྱ་ལ་མེད་པར་ཐལ་བའི་ཕྱིར་རོ། །བདུན་པ་ནི། བདག་དེས་བྱ་བ་ཅུང་ཟད་ཀྱང་མི་བྱེད་པར་ཐལ་ཏེ་ཀུན་ཏུ་ཁྱབ་ཅིང་རྟག་པའི་ཕྱིར་རོ། །དེ་ཡང་བྱ་བ་བྱེད་པ་ལ་འགྲོ་འོང་དུ་ཡོད་པ་ལ་སོགས་པ་ཡིན་ན། བདག་དེས་དེ་མི་བྱེད་པའི་ཕྱིར་རོ། །རང་གིས་མ་ཁྱབ་པར་ཕར་གཏོང་བ་མེད་ཅིང་གཞན་ཚུར་འོང་བ་མེད་དེ་ཡེ་ནས་བདག་གི་ཁོང་ན་ཡོད་པའི་ཕྱིར་སྒྱུ་མ་བཞིན་ནོ། །དེས་ན་བདག་གིས་ཀུན་ལ་ཁྱབ་པ་མེད་དོ། །བདག་ལྟར་བདག་མེད་ཀྱིས་ཀྱང་ཁྱབ་བྱ་ཁྱབ་བྱེད་དུ་མེད་དེ། གང་དུའང་གྲུབ་པ་མེད་པའི་ཕྱིར་སྤྲོས་པ་ལས་འདས་པ་ཉིད་དང་། ཁྱབ་མ་ཁྱབ་སྒྲོ་བཏགས་པ་ལས་གུད་ན་ཡང་མེད་པའི་ཕྱིར་རོ། །བདག་མེད་ཅེས་བརྗོད་ཀྱང་། ཁྱབ་མ་ཁྱབ་ཏུ་ཁས་མི་བླང་བ་ནི་དབུ་མའི་ལམ་མོ། །སྤྱོད་འཇུག་ལས། ཀུན་ཏུ་སོང་ལ་བྱ་བ་མེད། །བྱ་བ་དང་ལྡན་རྟག་པ་མེད། །བྱ་བ་མེད་པ་མེད་དང་མཚུངས། །བདག་མེད་ལ་ཁྱོད་ཅིས་མི་དགའ། །ཞེས་སོ། །འོ་ན་རི་མི་འགུལ་ཡང་ཤིང་དང་རྩྭ་སྐྱེས་པའི་བྱ་བ་བྱེད་པ་བཞིན་ནོ་ཞེ་ན་མི་མཚུངས་ཏེ། རིས་མ་ཁྱབ་པའི་སྟེང་ནའང་ཤིང་སྐྱེ་བ་ཉིད་དང་། སྡོང་པོའི་རྩ་བས་ཆོད་པ་ན་རིའི་ས་མེད་པར་ཕུལ་བའི་ཕྱིར་རོ། །དེ་ལྟར་ན་བདག་ནི་ཕྱི་རོལ་པ་ཁ་ཅིག་གིས། སྐྱེས་བུའི་ལུས་བདག་ཡིན་ཏེ། ལུས་ཤོང་བ་དང་མི་ཤོང་བ་ལ་བདག་ཤོང་ངོ་ཞེས་སྨྲ་བའི་ཕྱིར་ཞེའོ། ཁ་ཅིག་ནི། དེ་ནི་མི་རུང་སྟེ། གླང་པོ་ཆེ་ཤི་ནས་གྲོག་མར་སྐྱེ་བ་ལ། ཆེན་པོ་ལས་ཆུང་ངུར་གྱུར་པས་ན་བདག་མི་རྟག་པར་འགྱུར་བའི་ཕྱིར་ཟེར་ཏེ། བདག་གི་དངོས་པོ་ཡུངས་འབྲུ་ཙམ་ཅིག་གམ། རྡུལ་ཕྲན་ཕྲ་མོ་ཙམ་ཅིག་སྐྱེ་ཙམ་ན་སྙིང་གི་དཀྱིལ་དུ་འཇུག་ལུས་ལ་གནས། ཤི་དུས་འཐོན་ནས་གཞན་དུ་འཕོ་བ་ཡིན་ཏེ། ཕན་པའི་ཡལ་ག་ལས། བདག་ནི་རྟག་ལ་བློ་ནི་འགྱུར། །རྫ་ཆག་བྱེའུ་འཕུར་བཞིན་དུ་འགྲོ། །ཞེས་སོ། །ཁ་ཅིག་དེ་ཡང་མི་རུང་སྟེ། ཤར་ནས་ནུབ། དབུས་ནས་མཐའ། འདི་ནས་
ཕ་རོལ་ཏུ་ནུར་བར་འགྲོ་ལ། ནུར་ན་མི་རྟག་པར་འགྲོ་བས། བདག་ཐམས་ཅད་ན་ཁྱབ་པར་ཡོད་དེ། དེ་ལ་ཆེ་ཆུང་དང་འཕོ་འགྱུར་མེད་པར་གནས་པས་ན་ནམ་མཁའ་བཞིན་ནོ། །དཔེར་ན་ནམ་མཁའ་ཁྱབ་པར་ཡོད་པས་ཕྱོགས་གང་དུ་བུམ་པ་ལ་སོགས་པའི་སྣོད་ཀྱི་ནང་དུ་མཚུངས་པར་ཁྱབ་པར་ཞུགས་པ་བཞིན་ནོ། །ཞེས་འདོད་དོ། །དེ་ལྟ་མོད་ཀྱི་བདག་ཞིག་ཡོད་ན་མ་ཁྱབ་པ་འཕོ་བའི་བདག་རྫ་ཆག་བྱེའུ་འཕུར་ལྟ་བུ་ནི་མི་རྟག་པར་འགྱུར་ལ། ཁྱབ་པ་བརྟན་པའི་བདག་ནི་དོན་བྱེད་མི་ནུས་པའི་ཕྱིར་དོན་མེད་པར་འགྱུར་ཏེ། བཞི་བརྒྱ་པ་ལས། ལ་ལས་ཡུངས་འབྲུ་ཙམ་ཞིག་མཐོང་། །ལ་ལས་སྐྱེས་བུའི་ལུས་ཙམ་ཞིག །ལ་ལས་ཀུན་ཏུ་སོང་བར་མཐོང་། །ཤེས་རབ་ཅན་གྱིས་མེད་ཅེས་རྟོགས། །ཞེས་སོ། །དཔེ་མ་གྲུབ་པ་ནི། ནམ་མཁའ་དང་བུམ་པ་དང་རྒྱལ་པོ་རྣམས་མ་གྲུབ་པས་དང་། ནམ་མཁའ་གཞི་མེད་ལྟར་བདག་གི་དཔེར་མི་རུང་བ་དང་། བུམ་པ་ཐ་དད་པ་ལྟར་ཡང་དཔེར་མི་རུང་བ་དང་། རྒྱལ་པོས་དམངས་ལ་མ་ཁྱབ་སྟེ། ངོ་བོ་རྫས་ཐ་དད་པའི་ཕྱིར་ཡང་དཔེ་མ་གྲུབ་བོ། །གོམས་པ་དོན་མེད་པ། སེམས་ཉིད་རྟག་པ་ཡིན་ན། ལམ་སྒོམ་པ་ལ་དོན་མེད་དེ་སྐྱོན་རྙིང་པ་འདོར། ཡོན་ཏན་གསར་དུ་ལེན། རྒྱུད་ལ་སྔར་བས་བོགས་ཐོན་པ་རྣམས་མི་རུང་བས་གྲོལ་བ་མེད་པར་ཐལ་བའི་ཕྱིར་རོ། །དེ་ཉིད་ལས། རྟག་ལ་གནོད་པ་ག་ལ་ཞིག །གནོད་མེད་ཐར་པ་ག་ལ་ཡོད། །ཅེས་པ་ལྟར་རོ། །གནས་སྐབས་མི་རྟག་པ་བཀག་ཟིན་ཏོ། །ཤེས་པས་མི་གྲོལ་བ་ནི། བདག་དེ་ཤེས་པས་མི་གྲོལ་ཏེ་ཤེས་བྱར་མ་གྲུབ་པའི་ཕྱིར་གཙོ་བོ་བཞིན་ནོ། །མེད་པ་ལ་ཡོད་པར་བསྒོམས་པས་སླར་ཡང་མི་གྲོལ་ཏེ་ལོག་ཤེས་ཡིན་པའི་ཕྱིར་རོ། །ཚུལ་འདིས་རང་གི་ཕྱོགས་སུ་ཁས་འཆེ་བ། ཆོས་ཐམས་ཅད་རང་གི་སེམས་སུ་འདོད་པ་དང་། སེམས་འགྱུར་མེད་དུ་འདོད་པ་དང་། ལྟ་བ་རྟོགས་ནས་བསོད་ནམས་ཀྱི་ཚོགས་དགེ་བ་མི་དགོས་པར་
འདོད་པ་རྣམས་ཀྱང་བཀག་ཟིན་པར་ལྟའོ། ཁོ་བོ་ཅག་ནི། སེམས་ཉིད་དང་། ཆོས་ཉིད་དང་། གཞི་ཞེས་པའི་ཆོས་སུ་བློས་སྒྲོ་མི་འདོགས་ཤིང་། སྣང་ཚོད་ཚོགས་གཉིས་དང་། རྒྱུ་འབྲས་ལ་སྐུར་པ་མི་འདེབས་པས་སྣང་སྟོང་གཞི་མེད་སྒྱུ་མའི་ཚུལ་གྱིས་བྱང་ཆུབ་བསྒྲུབ་པ་ཡིན་ནོ། །དེ་ཐམས་ཅད་བསྡོམས་པས་རིག་བྱེད་ཚད་མར་འདོད་པའི་ཕྱོགས་དགག་པ་དང་བཅས་པ་བཤད་ཟིན་ཏོ། །ད་ནི་གཅེར་བུ་པའི་གྲུབ་མཐའ་རྣམ་པར་གཞག་པ་དགག་པ་དང་བཅས་པ་གཏན་ལ་དབབ་པ་ནི། གཅེར་བུ་པ་དག་ཚངས་པའི་རྗེས་འགྲོ་ཞིང་། །རྒྱལ་བས་བསྟན་དེ་ཚད་མར་བྱེད་པ་ཡི། །ཚིག་གི་དོན་བདུན་དུ་མ་གཅིག་པར་འདོད། །དེས་ནི་དམ་པའི་དོན་ཉིད་སྤངས་པས་ན། །སྲིད་པའི་ནགས་ཁྲོད་སྟུག་པོར་གནས་པ་ཡིན། །གཅེར་བུའི་བརྟུལ་ཞུགས་སུ་བྱེད་པ་དག་ནི། ཚངས་པ་ལྷར་འཛིན་ཅིང་། བྲམ་ཟེའི་སྟོན་པ་རྒྱལ་བ་དམ་པའི་རྗེས་སུ་འགྲོ་བས། ཤེས་བྱ་ཐམས་ཅད་ཚིག་དོན་བདུན་དུ་དབྱེ་ཞིང་། གསལ་བ་མཐའ་ཡས་པ་དག་ཀྱང་། ཡུལ་དུས་གྲངས་ཀྱི་དུ་མ་རང་བཞིན་གཅིག་པར་བསྡུས་ཏེ། ལམ་དེས་གྲོལ་བ་གཉེར་བ་རྣམས་ནི་སྲིད་པའི་ནགས་ཐིབས་པོ་ཆེ་རབ་ཏུ་མི་བཟད་པའི་ནང་དུ་ཞུགས་ནས་ཐར་པའི་དུས་སྐབས་དཀའ་བར་གནས་པ་ཡིན་ནོ། །དེའི་གཞུང་རྒྱ་ཆེར་དབྱེ་ན། ཚངས་པ་ལྷར་བྱེད་ཅིང་། རྒྱལ་བ་དམ་པ་སྟོན་པར་འཛིན་པས། རྒྱལ་བྱེད་ལ་སོགས་པའི་གཞུང་ཚད་མར་འཛིན་པའི་ནང་ཚན་ལ། གཅེར་བུ་པ། དཀའ་ཐུབ་པ། ཚངས་པ་པ། ཐལ་བ་པ། ཕྱོགས་ཀྱི་གོས་ཅན་པ། ནམ་མཁའི་གོས་ཅན་པ། རྒྱལ་བ་པ། རྒྱལ་བྱེད་པ། ཀུན་ཏུ་རྒྱུ་ཞེས་བྱ་བར་གྲགས་ཏེ། གོས་མེད་པར་སྒྲེན་མོ་བྱེད་པས་གཅེར་བུ་པ། ནམ་མཁའ་མཐོང་སར་གནས་ཤིང་བླ་གབ་མེད་པས་དག་པར་འདོད་པས་ནམ་མཁའི་གོས་ཅན་ནམ་ཕྱོགས་ཀྱི་གོས་ཅན་ཞེས་བྱའོ། །ཟས་སྨྱུང་བ་ལ་སོགས་པའི་དཀའ་བ་སྤྱོད་པས་
དཀའ་ཐུབ་པའོ། །ཚངས་པ་ལྷར་འཛིན་པས་ཚངས་པ་པའོ། །བྲམ་ཟེ་རྒྱལ་བ་སྟོན་པར་འཛིན་པས་རྒྱལ་བ་པའོ། །གཞུང་རྒྱལ་བྱེད་ལ་བརྟེན་པས་རྒྱལ་བྱེད་པའོ། །ལུས་ལ་ཐལ་བ་བྱུགས་པས་ཐལ་བ་པའོ། །གནས་ངེས་མེད་ཐམས་ཅད་དུ་འགྲོ་བས་ཀུན་ཏུ་རྒྱུ་ཞེས་བྱའོ། །འདི་དག་གི་ལུགས་ཀྱིས། ཤེས་བྱའི་རབ་ཏུ་དབྱེ་བ་དང་། སྤྱིའི་གནས་ལུགས་གཉིས་སུ་ཐམས་ཅད་སྡུད་པས་ཤེས་བྱ་དབྱེ་བ་ནི། དོན་རྣམ་པ་བདུན་ཏེ། དཀའ་ཐུབ། སྡོམ་པ། ཉོན་མོངས་པ། བཅིངས་པ། གྲོལ་བ། སྲོག །སྲོག་མ་ཡིན་ཏེ། རྒྱལ་བྱེད་ལས། གཅེར་བུ་པ་ནི་དེ་བཞིན་བདུན། །དཀའ་ཐུབ་སྡོམ་པ་ཉོན་མོངས་དང་། །བཅིངས་པ་དང་ནི་གྲོལ་བ་དང། །སྲོག་དང་སྲོག་མིན་རྣམ་གཉིས་སོ། །ཞེས་སོ། །དང་པོ་དཀའ་ཐུབ་ནི། ཟས་མི་ཟ་བ་དང་། གཅེར་བུ་དང་། མེ་ལྔ་བསྟེན་པ་དང་། སློང་མོ་སྤྱོད་པ་དང་། ཕྱུགས་ཀྱི་བརྟུལ་ཞུགས་དང་། སྐྲ་འབལ་བ་ལ་སོགས་པའོ། །དེ་ཡང་འཁོར་བའི་རྒྱུའི་གཙོ་བོ་ཟས་གོས་འཁྲིག་པ་ལ་ཆགས་པ་གསུམ་ཡིན་པས། ལུས་རྒྱགས་པ་སྤང་བའི་ཕྱིར་སྨྱུང་བར་གནས་ཏེ་རླུང་ཟས་སུ་བྱེད་པར་འདོད་དེ། དེ་ཉིད་ལས། ནུབ་གཅིག་གམ་ནི་ནུབ་གསུམ་མམ། །རྟག་ཏུའང་ནི་ཉིན་གཅིག་ཉིན། །གང་ཞིག་སྨྱུང་བར་གནས་པ་ཡི། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ཞེས་སོ། །གོས་ཐམས་ཅད་བཅོས་མ་ཡིན་པས་སྒེག་ཆོས་དང་ངོ་ཚའི་རྟོག་པ་གཞོམ་པའི་ཕྱིར་གྲོང་དུ་གཅེར་བུར་འགྲོའོ། །དབེན་པར་ནི་གོས་ཀྱི་སྐྱབས་ཀྱང་རུང་བར་འདོད་དོ། །མེ་ལྔ་བསྟེན་པ་ནི། སོས་གའི་ཚེ་ཕྱོགས་བཞིར་མེ་བཞི། སྟེང་ནས་ཉི་མ་དང་ལྔས་གདུངས་ལ། དགུན་ཆུ་གྲང་མོས་གདུང་ཞིང་ཆར་འབབ་པའི་ཚེ་བླ་གབ་མེད་པར་སྡོད་དེ། དེ་ཉིད་ལས། དགུན་གྱི་དུས་སུ་ཆུ་ཡི་ནང་དུ་གནས། །ཚ་བའི་དུས་སུ་གདུང་བ་ལྔ་བསྟེན་བྱ། །དབྱར་གྱི་དུས་སུ་བླ་གབ་མེད་པར་གནས། །བྲམ་ཟེ་དེ་ནི་དཀའ་ཐུབ་དྲག་པོ་སྤྱོད། །
ཅེས་སོ། །སློང་མོ་ནི། ནོར་བཟུང་ན་གསོག་བྲིན་འཚོ་སྐྱོང་གི་ཕྱིར་ཆགས་སྡང་གི་ཟག་པ་འཕེལ། བསམ་གཏན་གྱི་དུས་འདའ་བས་བསོད་སྙོམས་བྱའོ་ཞེས་པ་དང་། དམངས་ཀྱི་ཡོན་མི་ལེན་ཏེ་གཙང་སྦྲ་ཉམས་པར་འགྱུར་བའི་ཕྱིར། ཉམས་ན་དུད་འགྲོར་སྐྱེའོ་ཞེས་པས། རིགས་བཟང་པོའི་ཡོན་བླངས་ནས་ཀྱང་། བསོད་སྙོམས་ཀྱི་ངོར་དེའི་གཡོག་མི་བྱེད་པར་འདོད་པ་ཉིད། རྒྱལ་བྱེད་ལས། བསོད་སྙོམས་སྤྱོད་པས་གནས་པར་བྱ། །དེ་ཡང་གཙང་སྦྲ་མེད་པས་ན། །དམངས་ཀྱི་ཡོན་ནི་མི་བླངས་ཏེ། །དམངས་རིགས་ཀྱི་ནི་ཡོན་བླངས་ན། །བྲམ་ཟེ་བོང་བུར་སྐྱེ་བར་འགྱུར། །བོང་བུའི་སྐྱེ་བ་བཅུ་གཉིས་ལེན། །གྲོང་ཁྱེར་བཅུ་པའི་བྲན་བཅུ་དང་། །མྱ་ངན་གྱི་ནི་རི་དྭགས་བཅུ། །མདའ་རྒྱུའི་ཚལ་གྱི་ངུར་པ་དག །བྲམ་ཟེ་དེ་མ་བསམས་སམ་ཅི། །ཞེས་པ་དང་། གང་གིས་བྲམ་ཟེ་ཉིད་ཐོབ་ནས། །རྒྱལ་པོའི་བཀའ་བཞིན་སྒྲུབ་བྱེད་ན། །དེས་ནི་བྲམ་ཟེ་ཉིད་བོར་ནས། །དམངས་རིགས་ཉིད་དུ་འགྱུར་བ་ཡིན། །ཞེས་སོ། །དེ་བཞིན་དུ་ཕྱུགས་ལྟར་རྩྭ་ལ་ཁ་བུབ་སྟེ་ཟ་བ་དང་ཆུ་འཐུང་བ་དང་། མ་ལའང་འཁྲིག་པར་བྱེད་དེ། དེ་ཉིད་ལས། བུབ་ཆུ་རྩྭ་བཅད་རང་རིགས་དང་། །མ་དང་མ་ཡི་སྤུན་ཟླ་ལ། །འཁྲིག་ཅིང་བ་གླང་བརྟུལ་ཞུགས་ནི། །ལོ་གཅིག་སྤྱད་ན་ཀུན་ལས་རྒྱལ། །ཞེས་སོ། །ཡང་རང་གི་སྐྲ་འབལ་བ་དང་། དེ་བཞིན་དུ་རྐང་པ་ཡ་གཅིག་བཙུག་སྟེ་འགྲེང་ཞིང་ཉི་མ་ལ་བལྟ་བ་དང་། མགོ་བྲེགས་ཏེ་ཙན་ཏི་ཀ་ལ་འབུལ་བ་དང་། ཏྲི་ཤུ་ལའི་རྩེ་ལ་མཆོངས་པ་ལ་སོགས་པ་བྱས་པས། ཕྱིས་སྡུག་བསྔལ་མྱོང་འགྱུར་རྣམས་སྐྱེ་བ་འདིར་མྱོང་བས་ཟད་དེ། ཡང་སྲིད་མི་ལེན་པར་འདོད་པའོ། །སྡོམ་པ་ནི། མི་དགེ་བ་བཅུ་སྤོང་བ་སྟེ། རྡོག་པའི་འོག་ཏུ་སྲོག་ཆགས་སོང་བར་དོགས་ནས་རྐང་པའི་ལོང་བུར་དྲིལ་བུ་འདོགས་པ་དང་ཤིང་མི་གཅོད་པ་དང་། མ་བྱིན་པར་མི་ལེན་ཏེ་ལམ་དུ་ཆུ་མཐོང་ཡང་སྟེར་བ་པོ་མེད་ན་སྐོམ་པར་སྡོད་པ་དང་། རྫུན་སྤོང་བས་ཅི་ཡང་མི་སྨྲ་
བའི་བརྟུལ་ཞུགས་བྱེད་པ་ལ་སོགས་པ་དང་། སྨྱུང་བར་གནས་པའོ། །ཉོན་མོངས་ནི། འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པའོ། །བཅིངས་པ་ནི། བདག་འཁོར་བར་འཁྱམས་པའི་བར་རོ། །ཐར་པ་ནི། བདག་ཉིད་ཉོན་མོངས་པའི་སྐྱོན་ཐམས་ཅད་དང་བྲལ་ནས། སྲིད་པའི་རྩེ་མོ་ན་ཁ་དོག་དཀར་ལ་འཚེར་ཞིང་ཟླུམ་པའི་གཟུགས་སུ་འགྱུར་བ་ལ་འདོད་དེ། རྒྱལ་བྱེད་ལས། ཁ་བ་རྒྱ་སྤོས་མེ་ཏོག་མདོག །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་དཀར་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་སོ། །སྲོག་ནི། སེམས་ཡོད་པའོ། །དེ་ཡང་སྡེ་ཚན་དགུ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ཤིང་དང་། དབང་པོ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པའོ། །དང་པོ་བཞི་ལ་སེམས་ཡོད་དེ། སྐྱེ་ཞིང་འབབ་ལ་འབར་ཞིང་གཡོ་བ་དང་། སྒྲ་འབྱུང་བའི་ཕྱིར་རོ། །ཤིང་ངེས་པར་སེམས་པ་ཅན་ཡིན་ཏེ། ཏིན་ཏི་ཀ་ལ་སོགས་པ་མཚན་མོ་ལོ་མ་བསྐུམ་ཞིང་ཉིན་མོ་ཡལ་ག་རྐྱོང་ལ་མེ་ཏོག་འཛུམ་པའི་ཕྱིར་རོ། །གྲང་བ་ན་འཁུམས་དྲོ་བ་ན་སྐྱེ་བའི་ཕྱིར་དང་། པགས་པ་བཤུས་ན་འཆི་བའི་ཕྱིར་དང་། དུས་ཀྱི་རྗེས་སུ་བྱེད་པས་མི་བཞིན་ནོ། །ཤིང་ལ་མིག་ཡོད་དེ་རྒུན་འབྲུམ་ལ་སོགས་པ་ཤིང་གཞན་ལ་བརྟེན་ནས་རྒྱས་པའི་ཕྱིར་དང་། སྨན་ཤིང་དག་ཉི་མའི་ཕྱོགས་སུ་ཁ་བལྟ་བའི་ཕྱིར་རོ། །རྣ་བ་ཡོད་དེ་སྤྲིན་སྟུག་པོའི་སྒྲ་འབྱུང་བའི་ཚེ་ཆུ་ཤིང་ལ་སོགས་པ་འབྲས་བུ་ས་ལ་ལྟུང་བར་རྩོམ་པའི་ཕྱིར་རོ། །སྣ་ཡོད་དེ་མ་དུ་ལུང་ཀའི་རྩ་བར་ཁྱི་རོ་རུལ་བ་བཞག་ན་དྲི་དེས་འབྲས་བུ་མང་དུ་འབྱུང་བའི་ཕྱིར་རོ། །ལྕེ་ཡོད་དེ་སྐྱུ་རུ་ར་ལ་སོགས་པ་ལ་འོ་མ་བླུགས་ན་འབྲས་བུ་མངར་པོ་འབྱུང་བའི་ཕྱིར་རོ། །ལུས་ཀྱི་དབང་པོ་ཡང་ཡོད་དེ། ས་མི་ཀ་དང་ཐལ་སྦྱར་ལ་ལག་པ་རེག་པ་ཙམ་གྱིིས་འཁུམས་པའི་ཕྱིར་སྲོག་ཆགས་རྐང་བརྒྱ་པ་བཞིན་ནོ། །ཡིད་ཡོད་དེ་ཤིང་མྱ་ངན་མེད་ལ་མེ་ཏོག་དང་འབྲས་བུ་མ་སྐྱེས་ན། བུ་མོ་
ལང་ཚོ་དར་ལ་བབ་པ་འདོད་པས་མྱོས་ཤིང་སྒེག་པ་ཞིག་གི་རྐང་པ་ལ་རྐང་གདུབ་བཅུག་ཅིང་། རྒྱ་སྐྱེགས་ཀྱི་ཁུ་བ་བསྐུས་ཏེ་རྡོག་པས་མནན་པས་མེ་ཏོག་དང་འབྲས་བུ་འབྱུང་བའི་ཕྱིར་དང་། ཤིང་བ་ཀུ་ལ་ལ་མེ་ཏོག་མ་སྐྱེས་ན་བུར་ཆང་གིས་ལང་ཚོ་མའི་ཁ་བཀང་སྟེ་གཏོར་ན་མེ་ཏོག་དགོད་ཅིང་འབྱུང་བའི་ཕྱིར་རོ། །དབང་པོ་གཅིག་པ་ནི། ས་ཆུ་མེ་རླུང་བཞི་ལ་ལུས་ཀྱི་དབང་པོ་མནན་ན་ན་བ་དང་། བསྲེགས་ན་ཚ་བ་དང་། བོར་ན་གཡང་ཟ་བ་ཡོད་པས་འགྲུབ་བོ། །གཉིས་པ་ནི། སྲིན་བུ་དང་དུང་དང་ཉ་ཕྱིས་ལ་སོགས་པ་ལ་ལྕེ་ཡོད་པས་རོ་ཞིམ་མི་ཞིམ་ཚོར་བའི་ཕྱིར་རོ། །གསུམ་པ་ནི། སྲིན་བུ་མེ་ཁྱེར་དང་གྲོག་མ་ལ་སོགས་པ་སྟེ། ལུས་དང་ལྕེ་དང་སྣ་གསུམ་ཡོད་པས་ཚོར་རོ། །དབང་པོ་བཞི་པ་ནི། བུང་བ་དང་སྦྲང་བུ་མཆུ་རིང་ལ་སོགས་པ་ལ་མིག་ལས་གཞན་བཞི་ཚང་བས་སྒྲ་ཡང་ཐོས་སོ། །དབང་པོ་ལྔ་པ་ནི། མི་དང་། རྐང་བཞི་པ་རྟ་ལ་སོགས་པ་དང་། བྱ་དང་རི་དྭགས་ལ་སོགས་པ་ལ་མིག་དང་ལྔ་ཆར་ཚང་བས་གཟུགས་ཀྱང་མཐོང་ངོ་ཞེས་འདོད་དོ། །དེའང་ས་ཆུ་མེ་རླུང་བཞི་ལ་དབང་པོ་གཅིག་ལས་མེད་དེ། ལུས་ལས་གཞན་མེད་པའི་ཕྱིར་རོ། །ཤིང་ལ་ཐམས་ཅད་ཚང་བར་ཡོད་དེ། མི་དང་འདྲའོ། །སྲོག་ཆགས་གཞན་ལ་གཉིས་དང་གསུམ་དང་བཞི་དང་ལྔ་ལ་སོགས་པ་ཅི་རིགས་སུ་ཡོད་པའོ་ཞེས་འདོད་པ་ཡིན་ནོ། །སྲོག་མ་ཡིན་པ་ནི། སེམས་མེད་པ་སྟེ། སྒྲ་དང་། དྲི་དང་། རོ་དང་། འོད་དང་། ནམ་མཁའ་དང་། གྲིབ་མ་དང་། འཇའ་ཚོན་དང་། གཟུགས་བརྙན་ལ་སོགས་པའོ། །སྤྱིའི་གནས་ལུགས་ནི། ཤེས་བྱ་ཐམས་ཅད་ཡུལ། དུས། གྲངས་ཀྱི་དུ་མ་ལ། རང་བཞིན་གྱིས་གཅིག་པ་ཞེས་བྱ་བ་ཡིན་ནོ། །དེ་ཡང་གླིང་འདི་དང་གཞན་ནི་ཡུལ་གྱི་དུ་མའོ། །སྔོན་དང་ད་ལྟའི་ལོ་ཐོག་རྣམས་ནི་དུས་ཀྱི་དུ་མའོ། །མི་དང་། བྱ་དང་། རི་དྭགས་ལ་སོགས་པ་རྣམས་ནི་གྲངས་ཀྱི་དུ་མའོ། །དེ་དག་ཐམས་ཅད་དུ་མར་སྣང་ཡང་རང་བཞིན་གྱིས་གཅིག་པའི་ཕྱིར་ཏེ། གཟི་སྒོང་གཅིག་ལ་
དཀར་ནག་དུ་མ་ཡོད་ཀྱང་གཟི་སྒོང་གཅིག་ལས་མ་འདས་པ་དང་། ཕུག་རོན་གྱི་སྤུ་བཞིན་ནོ། །དེ་བཞིན་དུ་བློས་འཛིན་ཚུལ་དང་ཚད་མར་གྱུར་པའི་ཚུལ་ཐམས་ཅད་ཡུལ་དུས་གྲངས་ཀྱི་དུ་མ་ལས་རང་བཞིན་གྱིས་གཅིག་པ་ཡིན་ཏེ། རྒྱལ་བྱེད་ལས། ཡུལ་དུས་གྲངས་ཀྱི་དུ་མ་སྟེ། །རང་བཞིན་གྱིས་ནི་གཅིག་ཉིད་ཡིན། །དཔེར་ན་ཁྲ་བོའི་ཁ་དོག་ལས། །ཇི་ལྟར་འདོད་བཞིན་ཁ་དོག་འཛིན། །དེ་བཞིན་དངོས་ལའང་སྣ་ཚོགས་ཕྱིར། །ཐ་དད་ཐ་དད་མིན་དངོས་འཛིན། །དུ་མའི་དངོས་པོའི་ངོ་བོ་ལ། །བརྗོད་པར་འདོད་པས་ངོ་བོར་འདོད། །ཅིག་ཆར་རིམ་གྱིས་ཚུལ་གཉིས་ལས། །ཚིག་གི་བྱ་བ་གཞན་མེད་དོ། །ཞེས་སོ། །དེ་དགག་པ་ལ་གཉིས་ཏེ། ཤེས་བྱའི་དབྱེ་བ་དགག་པ་དང་། སྤྱིའི་གནས་ལུགས་དགག་པའོ། །དང་པོ་ལ་ཕྱོགས་སྔ་མ་ལྟར་བདུན་ལས། དཀའ་ཐུབ་དགག་པ་ལ་གསུམ་སྟེ། དཀའ་སླ་ལྟོས་པ། གང་ཟག་དང་གཅིག་ཏུ་རུང་མི་རུང་། དེས་མི་གྲོལ་བའོ། །དང་པོ་ནི། སྤྱིར་དཀའ་ཐུབ་ཅེས་པའི་དངོས་པོ་མེད་དེ། དཀའ་བ་དང་། སླ་བ་ལྟོས་པས་ན། ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་ཏེ། ཟས་སྨྱུང་བ་དེ་མགོ་གཅོད་པ་ལ་ལྟོས་ནས་སླ་བའི་ཕྱིར། དཀའ་ཐུབ་ཅེས་གཅིག་ཏུ་བཞག་པ་མེད་པའི་ཕྱིར་རོ། །དཀའ་ཐུབ་དང་དཀའ་ཐུབ་ཅན་གཅིག་ཏུ་མི་རུང་སྟེ། བྱ་བྱེད་གཉིས་མེད་པའི་ཕྱིར་རོ། །ལྡོག་པ་ཐ་དད་ནི་བཀག་གོ །ཐ་དད་དུའང་མི་རུང་སྟེ་བདག་ལ་མི་ཕན་པའི་ཕྱིར་གཞན་གྱིས་དཀའ་ཐུབ་བྱས་པ་བཞིན་ནོ། །མི་གྲོལ་བ་ནི། ཁྱད་པར་དུ་མེ་ལྔ་བསྟེན་པ་ལ་སོགས་པས་ཐར་པ་མི་ཐོབ་སྟེ། འབྲེལ་པ་མ་གྲུབ་ཅིང་ངོ་བོ་མ་གྲུབ་པའི་ཕྱིར་དང་། སྟོབས་བཞི་མ་ཚང་ན་སྡིག་པ་མི་འདག་པའི་ཕྱིར་དང་། ལས་ཟད་ཀྱང་ཉོན་མོངས་པ་མ་སྤངས་པས་ཡང་བསོག་པའི་ཕྱིར་ཏེ། ཉོན་མོངས་ཡོད་ན་དེས་བསགས་པའི་ལས་ཡོད་པས། ལས་ལན་ཅིག་ཟད་ཀྱང་ཡང་བསོག་
པས་མི་ཁེགས་ཏེ། ཆང་ལ་ངན་མ་སྤངས་ན། འགྲམ་པ་བཅག་པའི་ཁ་སྨྲས་ལན་ཅིག་དག་ཀྱང་། ཡང་ཆང་ཞིག་འཐུང་དུས་ཁ་སྨྲས་ཚོར་བའམ། གཡན་པ་སྤང་བར་མ་གྱུར་ན། ཟ་བ་ལན་ཅིག་ཕྲུགས་ཀྱང་ལྡིང་བ་བཞིན་ནོ། །དོ་ཧ་ལས། གཅེར་བུས་གལ་ཏེ་གྲོལ་གྱུར་ན། །ཁྱི་དང་ཝ་སོགས་ཅིས་མི་གྲོལ། །ཞེས་པ་དང་། སྤྱོད་འཇུག་ལས། སེམས་སྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །དཀའ་བཟློག་དད་དང་ཀརྞ་པ། །བསྲེག་དང་བཅད་སོགས་ཚར་བ་ནི། །དོན་མེད་བཟོད་བྱེད་ཐར་པ་ཡི། །དོན་དུ་བདག་ནི་ཅི་ཞིག་སྡར། །ཞེས་སོ། །འགལ་བའང་ཡིན་ཏེ། ཁྱེད་རང་གི་ལུང་རྒྱལ་བྱེད་ལས། བྲམ་ཟེ་མེ་ཡི་དཀྱིལ་གནས་ནས། །ལྔ་པ་ཉི་མས་གདུངས་པ་ཡི། །གདུང་བ་དེ་ནི་མདུང་གི་བུ། །ལྔ་པའི་དཀའ་ཐུབ་མ་ཡིན་གྱི། །བཀྲེས་དང་ཆགས་པའི་མེ་དག་དང་། །ཁྲོ་དང་འདོད་པ་མྱ་ངན་ཏེ། །ལྔ་པོ་འདི་ལས་གང་རྒྱལ་བ། །དེ་ནི་གདུང་བ་ལྔ་ཅན་འདོད། །སྡུག་བསྔལ་རང་བཞིན་དཀའ་ཐུབ་གང་། །སྡུག་བསྔལ་སྡུག་བསྔལ་བརྒྱུད་མར་འཇུག །ཤེས་པའི་རང་བཞིན་དཀའ་ཐུབ་གང་། །བདེ་བར་བདེ་བ་བརྒྱུད་མར་འཇུག །ཟླ་ཕྱེད་དང་ནི་ཟླ་ཕྱེད་དུ། །སྨྱུང་བར་སྤྱད་པར་མི་བྱ་སྟེ། །ལུས་ལ་གནོད་པར་བྱེད་པའི་ཕྱིར། །དཀའ་ཐུབ་མ་ཡིན་ཆོས་ལྡན་མིན། །ཞེས་འདོད་པས་སོ། །ཟས་བཀྲེས་པ་ཆོས་སུ་འདོད་པ་ལོག་པ་སྟེ། དྲན་པ་ཉེ་བར་གཞག་པ་ལས། ཟས་མི་ཟ་བའི་བསླབ་པ་བསྟེན་པས་པདྨ་དཀར་པོ་ལྟ་བུའི་དམྱལ་བར་སྐྱེས་སོ། །དེ་ནས་ཀྱང་ཚེ་རབས་ལྔ་བརྒྱར་ཡི་དྭགས་ཀྱི་ལུས་སུ་ཚེ་སུམ་བརྒྱར་སྐྱེས་སོ། །དེ་ནས་མིར་སྐྱེས་པ་ནའང་མུ་གེ་མང་བའི་ཡུལ་དུ་སྐྱེས་ནས་མུ་གེས་གདུངས་པའོ་ཞེས་སོ། །དོན་ཞགས་དང་མི་འདྲ་བ་སྟེ་བྲམ་ཟེ་འདུལ་བའི་ངོར་གསུངས་པ་དང་། སྟོང་ཉིད་སྙིང་རྗེས་ཟིན་པའི་ཕྱིར་རོ། །སྔོན་གྱི་རྡོ་རྗེ་འཛིན་
པ་དག་ནི། ཐད་ཀ་དེའི་བློ་ཅན་ལ་འཐད་ཀྱིས་གོང་མ་རྟོགས་ནས་དེ་ལྟར་བྱེད་ན་རྩ་ལྟུང་འབྱུང་བས། དོན་ཞགས་ཀྱི་སྨྱུང་བའང་དམྱལ་བར་འཚེད་ཅེས་གསུངས་སོ། །སྡོམ་པ་དགག་པ་ལ་གསུམ་སྟེ། དགག་བྱ་རྫུན་པ། རྒྱུན་མ་གྲུབ་པ། དོན་མེད་པའོ། །དང་པོ་ནི། སྤྱིར་སྡོམ་པ་ཉིད་མ་གྲུབ་སྟེ། བསྡོམ་བྱའི་ཡུལ་གསོད་རྐུ་རྫུན་པ་ལ་ལྟོས་པའི་ཕྱིར་དང་། རྒྱུད་གཅིག་ལ་བསྡམ་བྱ་དང་སྡོམ་བྱེད་དུས་གཅིག་ཏུ་རྫས་འགལ་བས་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། དགེ་བ་རྒྱུན་ཆགས་པ་ཉིད་མ་གྲུབ་སྟེ། རྒྱུན་ཉིད་ཀྱང་སྐད་ཅིག་ཆ་མེད་པ་དང་། རྫས་ལས་དེ་ཉིད་དང་གཞན་དུ་མེད་པས་ཕྲད་པ་མ་གྲུབ་པའི་ཕྱིར་རོ། །གསང་བ་གྲུབ་པ་ལས། བསྡམ་བྱ་མེད་ཅིང་སྡོམ་པ་མེད། །རྩ་དང་རླུང་དང་ཐིག་ལེ་མེད། །སྟོང་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་སོ། །གསུམ་པ་ནི། ཤིང་སེམས་པ་ཅན་མ་ཡིན་ཏེ། རྡུལ་ཆ་ཕྲ་བ་ཡང་མེད་པའི་ཕྱིར་རོ། །འོ་ན་ཤིང་གི་ཡལ་ག་བཅད་པས་ཀླུར་སྐྱེ་བར་གསུངས་མོད་ཅེ་ན། ཤིང་ལ་མི་བཅད་པར་བྱས་པ་ལས། དེའི་མཚམས་དྲལ་ཏེ་སངས་རྒྱས་ལ་ཁྲོས་པས་སྐྱེས་ཀྱི། ཤིང་སེམས་ཅན་ཡིན་པ་བཅད་པས་མ་ཡིན་ནོ། །ཉོན་མོངས་པ་དགག་པ་ལ་གསུམ་སྟེ། ཡུལ་བརྫུན་པ། སེམས་དང་གཅིག་མི་གཅིག་ཏུ་མི་འཐད་པ། ལུས་ཀྱི་ཕྱི་ནང་ནས་མི་རྙེད་པའོ། །དང་པོ་ནི། འདོད་ཆགས་གྲུབ་པ་མེད་དེ་དེའང་ཡུལ་སྡུག་མི་སྡུག་ལ་ལྟོས་ན་ཡུལ་རྡུལ་ཆ་ཙམ་དུའང་མེད་པས། དེ་ལ་ཆགས་པའི་བློ་མེད་དེ། རིན་ཆེན་ཕྲེང་བ་ལས། གང་གི་ས་བོན་རྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག། ངར་འཛིན་ལས་བྱུང་ཕུང་པོ་རྣམས། །ངར་འཛིན་དེ་ནི་དོན་དུ་རྫུན། །ཞེས་སོ། །གཉིས་པ་ནི། འདོད་ཆགས་དང་སེམས་གཅིག་པར་མི་རུང་སྟེ། གཅིག་ན་མ་ཆགས་པར་སྐྱེས་དུས་ཀྱང་ཆགས་པར་སྐྱེ་བར་ཐལ་ཏེ་འདོད་ཆགས་དང་གཅིག་པར་བདེན་པའི་ཕྱིར་དང་། ཆགས་པ་དང་ཆགས་ཅན་གཉིས་
རྒྱུད་གཅིག་ལ་དུས་གཅིག་པར་མ་གྲུབ་པའི་ཕྱིར་རོ། །གཞན་དུའང་མི་རུང་སྟེ། གང་ཟག་གཞན་གྱི་འདོད་ཆགས་ལྟར་བདག་ལ་མི་གནོད་པར་འགྱུར་བའི་ཕྱིར་རོ། །རྩ་ཤེ་ལས། གལ་ཏེ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་གྲུབ་གྱུར་ན། །དེ་གཉིས་ལྷན་ཅིག་ཉིད་དུ་ནི། །ཅི་ཡི་ཕྱིར་ན་ཡོངས་སུ་རྟོག །ཞེས་སོ། །གསུམ་པ་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དེ་རང་གི་ལུས་ལ་ཕྱེ་ཞིང་གཞིག་པ་ན། ཕྱི་ནང་གང་དུའང་མ་མཐོང་བས་བདག་ལ་མི་སྲིད་པ་ཡིན་ཏེ། སྤྱོད་འཇུག་ལས། ཉོན་མོངས་རྣམས་ནི་ཡུལ་ལ་མི་གནས་དབང་སོགས་ལ་མིན་བར་ནའང་མིན། །དེ་ལས་གཞན་ནའང་མིན་ན་འདི་དག་གར་གནས་འགྲོ་བ་ཀུན་གནོད་བྱེད། །འདི་ནི་སྒྱུ་འདྲ་དེ་ཕྱིར་སྙིང་ལ་འཇིགས་སྤོངས་ཤེས་ཕྱིར་བརྩོན་པ་བསྟེན། །དོན་མེད་ཉིད་དུ་བདག་ལ་དམྱལ་སོགས་རྣམས་སུ་ཅིས་ཏེ་གནོད་པ་བྱ། །ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤོངས། །བདག་ཡིད་ལས་བསལ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་ནས་བདག་གནོད་བྱ་ཕྱིར་འོང་། །བློ་ཞན་བདག་ལ་བརྩོན་པ་མེད་པར་ཟད། །ཅེས་སོ། །བཅིང་པ་དགག་པ་ལ་གསུམ་སྟེ། བཅིང་བར་བྱ་བྱེད་གཅིག་མི་གཅིག་དུ་མི་འཐད། རྟག་མི་རྟག་འཁོར་བར་མི་འཐད། དབུས་མེད་པའོ། །དང་པོ་ནི། ལས་དང་ཉོན་མོངས་ཀྱིས་གང་ཟག་འཁོར་བར་བཅིངས་པ་ན། བཅིང་བར་བྱ་བ་དང་བྱེད་པ་གཅིག་ཏུ་མི་རུང་སྟེ། བྱ་བྱེད་གཉིས་མེད་པའི་ཕྱིར། བཙོན་ཉིད་ལྕགས་སྒྲོག་མ་ཡིན་པ་བཞིན་ནོ། །གཞན་པར་མི་རུང་སྟེ་ཕྲད་པ་བཀག་ཅིང་། མ་ཕྲད་ན་འཆིང་བྱེད་ཀྱིས་མི་གནོད་པའི་ཕྱིར་གླིང་གཞན་གྱི་ལྕགས་སྒྲོག་བཞིན་ནོ། །གཉིས་པ་ནི། འཁོར་བར་སེམས་ཅན་འཁྱམས་ན། རྟག་པ་འཁོར་རམ་མི་རྟག་པ་འཁོར། རྟག་པ་ལ་འཁོར་བ་མེད་དེ། གཡོ་འགུལ་མི་རུང་བའི་ཕྱིར་རོ། །མི་རྟག་པ་མི་འཁོར་ཏེ་གཅིག་ནས་གཅིག་ཏུ་འཁོར་བར་གཟོ་དུས་འགག་
པས། འཁོར་མཁན་མེད་པའི་ཕྱིར་རོ། །རྒྱུན་མི་འཁོར་ཏེ་སྐད་ཅིག་ཕྲད་པ་མེད་པས་རྒྱུན་ཉིད་མ་གྲུབ་པའི་ཕྱིར་རོ། །རྩ་ཤེ་ལས། དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །སེམས་ཅན་ལ་ཡང་རིགས་འདིི་མཚུངས། །ཞེས་སོ། །དབུས་མེད་པ་ནི། སྔ་ཕྱི་མེད་པས་ད་ལྟར་གྱི་དབུས་ཁེགས་ཏེ། མཐའ་མེད་པས་དབུས་མི་སྲིད་པའི་ཕྱིར་ཏེ་ཟླ་བའི་མཐའ་རྡུལ་ཆ་མེད་པས་མཐར་མི་རུང་ན། དབུས་སུའང་དེ་དང་མཚུངས་པས་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ལས། འཁོར་བ་ཐོག་མ་ཐ་མ་མེད། །དེ་ལ་སྔོན་མེད་ཕྱི་མ་མེད། །གང་ལ་ཐོག་མ་ཐ་མ་མེད། །དེ་ལ་དབུས་ནི་ག་ལ་ཡོད། །ཅེས་སོ། །གྲོལ་བ་དགག་པ་ལ་གསུམ་སྟེ། འཁོར་བ་མེད་པས་ཁེགས་པ། བཅིངས་མ་བཅིངས་ཀྱི་དུས་སུ་མི་གྲོལ་བ། དངོས་པོ་དང་དངོས་མེད་དུ་མི་རུང་བའོ། །དང་པོ་ནི། འཁོར་བ་ཁེགས་པས་ཐར་པ་ཁེགས་ཏེ་མ་བཟུང་བའི་ཐར་པ་མི་སྲིད་པའི་ཕྱིར་བཙོན་བཞིན་ནོ། །གཉིས་པ་ནི། བཅིངས་དུས་གྲོལ་ལམ། གྲོལ་དུས་གྲོལ་ལམ། གཉིས་ཀའི་མཚམས་སུ་གྲོལ། བཅིངས་དུས་གྲོལ་བ་མེད་དེ་རྫས་འགལ་བའི་ཕྱིར་རོ། །གྲོལ་དུས་གྲོལ་མི་དགོས་ཏེ། གྲོལ་ཟིན་པའི་ཕྱིར་རོ། །གཉིས་ཀའི་མཚམས་སུ་གྲོལ་བ་མི་སྲིད་དེ། བཅིངས་གྲོལ་ཕྲད་ན་གཅིག་ཏུ་འགྱུར་བས་མཚམས་མེད་ལ། མ་ཕྲད་ན་དེ་གཉིས་ཀའི་མཚམས་སུ་མི་རུང་བའི་ཕྱིར་རོ། །རྩ་ཤེ་ལས། རེ་ཞིག་བཅིངས་པ་མི་གྲོལ་ཏེ། །མ་བཅིངས་པ་ཡང་གྲོལ་མི་འགྱུར། །བཅིངས་པ་གྲོལ་བཞིན་ཡིན་གྱུར་ན། །བཅིངས་དང་གྲོལ་བ་དུས་གཅིག་འགྱུར། ཞེས་པ་དང་། ཡུམ་ལས། གཟུགས་ནི་མ་བཅིངས་མ་གྲོལ་བའོ། །གཟུགས་མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །གཟུགས་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ་ཞེས་བཅིངས་གྲོལ་མེད་པར་བསྟན་པ་ཉིད། གསང་སྙིང་ལས། བཅིངས་མེད་རྣམ་པར་གྲོལ་མེད་པ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །
བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་སོ། །གསུམ་པ་ནི། ཡང་ཐར་པ་དེ་དངོས་པོ་ཡིན་ནམ་དངོས་མེད་ཡིན། དངོས་པོ་ནི་གཞི་མེད་པས་མི་སྲིད་པའི་ཕྱིར་རོ། །དངོས་མེད་ཡིན་ནའང་གཞིར་མ་གྲུབ་པས་ཐོབ་བྱར་མི་རུང་བའི་ཕྱིར་ཏེ། རྩ་བ་ཤེས་རབ་ལས། སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་བརྗོད། །རེ་ཞིག་མྱང་འདས་དངོས་པོ་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་འདས་དངོས་མིན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གང་ཞིག་རྟེན་ནས་མ་ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །བཅོམ་ལྡན་མྱ་ངན་འདས་གྱུར་ན། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉིས་ཀ་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །བཅོམ་ལྡན་བཞུགས་པར་གྱུར་ན་ཡང་། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉིས་ཀ་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་འདི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་པ་དང་། ཡུམ་ལས། མྱ་ངན་ལས་འདས་པ་ཡང་། རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཤིག་ཡོད་ནའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་ང་སྨྲའོ་ཞེས་སོ། །སྲོག་དགག་པ་ལ་གཉིས་ཏེ། རང་བཞིན་པ་སྤྱིར་དགག་པ་དང་། ཁྱད་པར་ཅན་ཐ་སྙད་དུ་དགག་པའོ། །དང་པོ་ལ་ལྔ་སྟེ། མཚན་ཉིད་དགག་པ། ཐོག་མཐའ་དགག་པ། སྲོག་ཆད་པ་དགག་པ། ཚེ་འཕོ་བ་དགག་པ། ཚེ་སྔ་ཕྱི་དགག་པའོ། །དང་པོ་ནི། སྲོག་གི་མཚན་ཉིད་རྣམ་ཤེས་རིས་གཅིག་ཏུ་གནས་པ་ཉིད་ནི་མི་རུང་སྟེ། རྒན་པོ་དང་གཞོན་ནུའི་རྣམ་ཤེས་ཐ་དད་གཅིག་ཏུ་མ་ཚོགས་པའི་ཕྱིར་དང་། དེ་གཉིས་སྲོག་ཀྱང་རིགས་མི་གཅིག་
པའི་ཕྱིར་རོ། །འོན་ཏེ་རྣམ་ཤེས་རིགས་གཅིག་གོ་ཞེ་ནའང་མ་ཡིན་ཏེ། མི་ནས་ཁྱིར་སྐྱེས་པ་ལ་ཚེ་གཅིག་ཏུ་འགྱུར་ཏེ། འདོད་པའི་སར་རིགས་གཅིག་པས་སོ། །འོན་ཏེ་ད་ལྟར་བའི་རྣམ་ཤེས་རིགས་གཅིག་གོ་ཞེས་པའང་མ་ཡིན་ཏེ། དབང་པོའི་རྡུལ་ཕྲན་འགག་པས། དེའི་དབང་ཤེས་མི་འགྲུབ་པས། དབང་ཤེས་ཚོགས་པ་མ་གྲུབ་པའི་ཕྱིར་རོ། །སྤྱི་དགག་པས་རིགས་གཅིག་པ་ཐམས་ཅད་ཁེགས་པའི་ཡང་ཕྱིར་རོ། །ལུས་སེམས་ཚོགས་པའང་མི་རུང་སྟེ། ཚོགས་ན་ཕྲད་དམ་མ་ཕྲད། ཕྲད་པ་བཀག་ཟིན་ཏེ། མ་ཕྲད་ཀྱང་ཡོད་ཙམ་གྱིས་ཚོགས་ན། འགྲོ་བ་དང་ཚེ་སྔ་ཕྱི་ཀུན་ཚོགས་པར་རིགས་ཏེ། འཇིག་རྟེན་ན་ཡོད་པའི་ཕྱིར་རོ། །སྲོག་གི་ཐོག་མཐའ་དགག་པ་ནི། ཚེ་གཅིག་ཅེས་པ་ལ། སྐྱེས་ནས་མ་ཤིའི་བར་ཚེ་གཅིག་ཏུ་མི་རུང་སྟེ། དང་པོ་འདས་ཕྱི་མ་མ་སྐྱེས་ད་ལྟ་བ་སྔ་ཕྱི་ལས་གཞན་དུ་ཕྲད་པ་མ་གྲུབ་པས་ཁེགས་པས་དུས་མེད་ལ། ཡོད་དུ་ཆུག་ནའང་དུས་གསུམ་གཅིག་ཏུ་མི་རུང་བས་དེས་བསྡུས་པའི་ཚེ་གསུམ་གཅིག་ཏུ་མི་རུང་བའི་ཕྱིར་དང་། གཅིག་དང་དུ་མར་མ་གྲུབ་པས་ཀྱང་གཅིག་པ་མེད་པའི་ཕྱིར་རོ། །དེས་ན་ཐོག་མཐའ་གཉིས་ཆར་ད་ལྟ་བ་ལ་ལྟོས་ལ། ལྟོས་ས་ད་ལྟར་གྱི་སྔ་ཆ་འགགས། ཕྱི་ཆ་མ་སྐྱེས་པས་མེད་པའི་ཕྱིར་སྔ་ཕྱི་གཉིས་ཀྱི་ལྟོས་ཆོས་མ་གྲུབ་པས་ཀྱང་ཐོག་མཐའ་མ་གྲུབ་པའི་ཕྱིར་རོ། །སྲོག་འཆད་པའང་མི་རུང་སྟེ་སྲོག་མ་གྲུབ་པའི་ཕྱིར་ཏེ། སྲོག་གི་རྫས་སྐད་ཅིག་རེ་རེ་བ་ནི་ཆ་མེད་པ་དང་། འགག་པ་མ་གྲུབ་པ་ལྟར་མ་སྐྱེས་པའི་སྐད་ཅིག་མེད་ནས་མ་གྲུབ་པས་རྒྱུན་ཡང་མ་གྲུབ་པའི་ཕྱིར་ཏེ། སྲོག་གི་རྒྱུན་དང་སྐད་ཅིག་མ་གྲུབ་པའི་ཕྱིར་རོ། །ཚེ་འཕོ་བ་ཡང་མི་རུང་སྟེ། མི་ནས་ལྷར་འཕོ་བའི་ཚེ་དེ་དག་གཅིག་ན་རྟག་པས་ཚེ་འཕོར་མི་རུང་ཞིང་། མི་གཅིག་ན་རང་འཕོ་ལོང་མེད་པར་སྐད་ཅིག་སྔ་ལོགས་སུ་མིའི་ཚེ་འགགས་པས་ལྷར་འཕོ་རྒྱུ་མ་གྲུབ་པའི་ཕྱིར། ཚེ་འཕོས་པ་མེད་པ་ཉིད་དོ། །དེས་ན་ལྷ་
དང་མི་ཚེ་གཅིག་ན་རྒྱུད་གཅིག་ཏུ་འགྱུར་བས་འཕོས་པ་མེད་ལ་རྟག་པར་ཡང་འགྱུར་ཞིང་། མིའི་ཚེ་ལས་གཞན་ཞིག་ལྷར་འཕོས་ན། མི་ལྷར་ཚེ་འཕོས་པར་འགྱུར་བའི་འཐད་པ་མ་ཚོགས་པའི་ཕྱིར་རོ། །རྩ་ཤེ་ལས། གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་འགྱུར། །ལྷ་ནི་མ་སྐྱེས་ཉིད་འགྱུར་ཏེ། །རྟག་པ་སྐྱེ་བ་མེད་ཕྱིར་རོ། །གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །ཞེས་པ་དང་། བྱང་ཆུབ་སེམས་འགྲེལ་ལས། དེ་བཞིན་ཕུང་པོ་ཉིང་མཚམས་སྦྱོར། །སྲིད་པ་གཞན་དུ་སྐྱེ་བ་དང་། །འཕོ་བ་མེད་པར་མཁས་རྣམས་ཀྱིས། །རྟག་ཏུ་ངེས་པར་བྱ་བ་ཡིན། །ཞེས་པ་དང་། ཟླ་བ་དྲི་མ་མེད་པའི་མདོ་ལས། ཆོས་འདི་རྣམས་ནི་ནམ་མཁའ་ལྟ་བུ་སྟེ། །གང་ཡང་མི་སྐྱེ་སུ་ཡང་མི་འཆི་སྟེ། །སྲིད་པ་གཞན་དུ་འཕོ་བ་འགའ་མེད་ཀྱང་། །འགྲོ་བ་སྐྱེ་ཞིང་འཆི་བར་སྣང་བ་ནི། །རྨི་ལམ་འདྲ་ཞིང་ངོ་བོ་ཉིད་ཀྱིས་སྟོང་། །བྱིས་པ་བདག་ཏུ་འཛིན་པས་རྨོངས་པ་ཡིན། །ཞེས་པ་དང་། དཀོན་མཆོག་ཏ་ལ་ལའི་མདོ་ལས། བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། ཡུམ་ལས། གཟུགས་འཕོ་བ་མེད་ཅིང་ཉིང་མཚམས་སྦྱོར་བ་མེད་དེ། གཟུགས་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འཕོ་བ་མེད་ཅིང་། ཉིང་མཚམས་སྦྱོར་བ་མེད་དེ། རྣམ་པར་དག་པའི་ཕྱིར་རོ་ཞེས་གསུངས་སོ། །ཚེ་སྔ་ཕྱི་དགག་པ་ལ་གསུམ་སྟེ། ལྟོས་པ། སྒྲོ་བཏགས་པ། མ་ཕྲད་པའོ། །ལྟོས་པ་ནི། སྔ་ཕྱི་གྲུབ་པ་མེད་དེ། ད་ལྟར་བ་ཉིད་སྔ་མ་ལ་ལྟོས་ན་ཕྱི་མ་ཡིན་ལ། ཕྱི་མ་ལ་ལྟོས་ན་སྔ་མ་ཡིན་པས་གཅིག་ཏུ་སྔ་ཕྱི་གང་རུང་དུ་མ་གྲུབ་པའི་ཕྱིར་རོ། །སྒྲོ་བཏགས་པ་ནི། ཚེ་ད་ལྟ་བ་སྔ་ཕྱི་ལ་ལྟོས་ལ། སྔ་ཕྱི་ད་ལྟ་བའི་ཚེ་འགགས་
པ་དང་མ་སྐྱེས་པས་དངོས་པོར་མེད་པ་ལ་ཡིད་ཀྱིས་སྒྲོ་བཏགས་པའི་ཕྱིར་རོ། །མ་ཕྲད་པ་ནི། སྔ་ཕྱི་ད་གསུམ་རིག་པའི་རྒྱུན་གཅིག་ཏུ་མི་རུང་སྟེ་ཕྲད་པ་བཀག་པས་སོ། །ཐོག་མཐའ་མ་གྲུབ་པས་ཀྱང་ད་ལྟ་བ་ཁེགས་པས་མ་གྲུབ་སྟེ། རྩ་ཤེ་ལས། གལ་ཏེ་འཇིག་རྟེན་མཐའ་ཡོད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གལ་ཏེ་འཇིག་རྟེན་མཐའ་མེད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །ཞེས་སོ། །འོ་ན་རྒྱང་འཕེན་པར་བསྒྲུབས། གཅེར་བུ་པར་བཀག་པ་ཇི་ལྟར་ཡིན་ཞེ་ན། བདེན་པ་གཉིས་ལ་ལྟོས་པས། ཀུན་རྫོབ་ཏུ་རྨི་ལམ་སྒྱུ་མ་ལྟར་ཡོད་པ་དང་། དོན་དམ་པར་མེད་པ་གཉིས་མི་འགལ་ཏེ། བདེན་གཉིས་ལས། རིགས་པས་བརྟགས་ན་དངོས་མ་ཡིན། །དེ་ལས་གཞན་དུ་དངོས་པོ་སྟེ། །དེས་ན་དངོས་པོ་དེ་ཉིད་ལ། །དངོས་དང་དངོས་མེད་ཇི་ལྟར་འགལ། །ཞེས་པའི་ཚུལ་ལམ་དངོས་པོ་གཤིས་ལ་མེད་ལ། འཁྲུལ་ངོར་སྣང་བ་སྟེ། རྩ་ཤེ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པ་གསུངས། །ཞེས་སོ། །ཡང་གཅིག་ཏུ་ན་དབུ་མ་པས་ཕ་རོལ་འདོད་པ་སྒྲོ་བཏགས་ཡིན་པས་གང་འདོད་ཀྱང་འགོག་ལ། རང་ལ་སྒྲུབ་འདོད་ཀྱི་དམ་བཅའ་མེད་པས། ཚེ་སྔ་ཕྱི་བཀག་པ་དང་སྒྲུབ་པ་འགའ་ཡང་མེད་དེ། རྩོད་ངོར་བྱས་པ་ལྟར་སྣང་བ་དེ་ཉིད་འཁྲུལ་སྣང་དུ་ཤར་བས་ཡང་དག་པ་མ་ཡིན་ནོ་ཞེས་པ། རྩོད་བཟློག་ལས། ཇི་ལྟར་སྒྱུ་མས་སྒྱུ་མ་ལ། །དགག་པར་བྱས་པ་ཅི་འདྲ་བ། །དགག་པ་འདི་ཡང་དེ་འདྲར་འདོད། །ཅེས་སོ། །དེས་ན་ཇི་ལྟར་སྣང་ཡང་དེ་ལྟར་མ་གྲུབ་པས་གཞི་མེད་དུ་ཕྱམ་གདལ་བ་ཡིན་ནོ། ཁྱད་པར་ཅན་ཐ་སྙད་དུ་དགག་པ་ནི། ཤིང་དང་རྡོ་ལ་ཐ་སྙད་དུའང་སེམས་མེད་དེ། དངོས་སུ་སྲོག་ཆགས་ཡིན་པར་སྣང་རུང་མ་དམིགས་པས་ཁེགས་པའི་ཕྱིར་རོ། །སྤྱིའི་གནས་ལུགས་དགག་པ་ནི། ཡུལ་དུས་གྲངས་ཀྱི་དུ་མ་ལ་རང་བཞིན་གྱིས་གཅིག་ཡིན་
པ་མི་སྲིད་དེ། སྤྱི་དང་མཚུངས་པ་དང་། འཁྲུལ་མ་འཁྲུལ་དུ་མི་འཐད་པ་དང་། དངོས་པོ་རྫས་ཐ་དད་ངོ་བོ་གཅིག་པ་མངོན་སུམ་གྱིས་ཁེགས་པའི་ཕྱིར་ཏེ། བུམ་པ་དང་ཀ་བ་བཞིན་ནོ། །ཚུལ་འདིས་ཕྱི་སྣ་ཚོགས་མ་འདྲེས་པར་སྣང་བ་རང་གི་སེམས་སུ་གཅིག་པ་དང་། ཐམས་ཅད་མྱ་ངན་ལས་འདས་པར་འདོད་པ་དང་། རི་དང་། བྲག་དང་། ཤིང་དུ་སྣང་ཡང་དོན་ལ་ལྷ་འདྲེའི་གཟུགས་སུ་འདོད་པ་ཀུན་ཁེགས་པ་ཡིན་ནོ། །ཁོ་བོ་ཅག་ནི་འཁྲུལ་སྣང་ལ་ཇི་ལྟར་སྣང་བའི་དངོས་པོ་རྒྱུ་འབྲས་ཐ་དད་དུ་སྣང་ཡང་གཤིས་ལ་གང་དུའང་མ་གྲུབ་པར་འདོད་ཅིང་། སྣང་ཚོད་དུ་འཁོར་འདས་ཐ་དད་ཀྱང་། གཤིས་ལ་གཅིག་དང་། ཐ་དད་ལས་འདས་པ་དང་། རི་བྲག་ལྷ་འདྲེས་བདག་ཏུ་བཟུང་བའི་གནས་ཡིན་གྱི་གཟུགས་མ་ཡིན་ཞེས་འདོད་པ་ཡིན་ནོ། །དེ་དག་གིས་གཅེར་བུ་པའི་ཕྱོགས་དགག་པ་དང་བཅས་པ་གཏན་ལ་ཕབ་ཟིན་ཏོ། །ད་ནི་ཕུར་བུ་པའི་རང་བཞིན་གཏན་ལ་དབབ་པ་ནི། ཕུར་བུ་པ་དག་གཞུང་ལམ་བདུན་པོ་ལ། །ཉེ་བར་བརྟེན་ནས་ནམ་མཁའི་རྗེས་འགྲོ་བས། །རང་གཞན་བསླུ་བས་འཇིག་རྟེན་ཀུན་གནོད་བྱེད། །ལྷའི་བླ་མའི་རྗེས་སུ་འབྲེངས་པའི་ཕུར་བུ་པ་དག་ནི། ཚེ་སྔ་ཕྱི་མེད་པ་ལ་སོགས་པའི་གྲུབ་པའི་མཐའ་བདུན་ཚད་མར་བྱེད་པས་ནམ་མཁའི་ཡིད་ཅན་མེད་པའི་ཕྱོགས་ལྷུར་བྱེད་པ་དེ་ནི། རང་དང་གཞན་ལ་འདི་ཕྱིར་གནོད་པ་མངོན་པར་སྒྲུབ་པས་འཇིག་རྟེན་བསླུ་བ་ཉིད་དེ། དོ་ཧ་ལས། ནམ་མཁའི་ཡིད་ཅན་གནོད་བྱེད་ལམ་གྱི་གཟུགས། །ཐར་པའི་ཆེད་དུ་བདག་ཉིད་འགྲོ་བྱེད་བསླུ། །ཞེས་གསུངས་པ་བཞིན་ནོ། །འདིར་དེའི་གཞུང་ངེས་པར་བྱ་བ་ནི། སྔོན་ལྷའི་ཡུལ་དུ་ལྷ་མ་ཡིན་པའི་དམག་བརྩམ་པ་ན། རྒྱུ་འབྲས་ཚད་མར་འཛིན་པས་འཐབ་པ་ལ་སྤྲོ་བ་སུ་ཡང་མེད་པའི་ཚེ། ལྷའི་བླ་མ་དྲང་སྲོང་ཕུར་བུས་ཐམས་ཅད་ལ་སྐུར་པ་འདེབས་པ་ལྟ་བའི་སྙིང་པོ་ཞེས་བྱ་བའི་བསྟན་བཅོས་བརྩམས་པ་ལས། གྲོག་མཁར་བས་མིའི་ཡུལ་དུ་དར་བར་བྱས་
ཏེ། ཕུར་བུ་སྟོན་པར་འཛིན་ཅིང་། བརྒྱ་བྱིན་དང་། ཉི་ཟླ་ལྷར་བྱེད་པས། ལྟ་བའི་སྙིང་པོ་དང་། ཕུར་བུའི་རྒྱུད་སྡེ་དྲུག་ལ་སོགས་པའི་གཞུང་འཛིན་པ་ལ། ཚེ་སྔ་ཕྱི་རྒྱང་དུ་བོར་ནས་འདི་ལ་ཕན་པ་སྒྲུབ་པས་རྒྱང་འཕེན་པ་དང་། སྐྱེ་བ་སྔ་ཕྱི་མེད་པར་འདི་རྐྱང་པར་འདོད་པས་རྐྱང་པ་པ་དང་། ལས་འབྲས་དང་མ་མཐོང་བའི་འགྲོ་བ་མེད་པར་འདོད་པས་མེད་པ་པ་དང་། ཚེ་ཚུ་རོལ་འདིར་གང་བདེ་གང་མཛེས་བྱེད་པས་ཚུ་རོལ་མཛེས་པ་པ་དང་། ཉི་མ་ལྷར་འཛིན་པས་ཉི་མ་པ་དང་། ཟླ་བ་ལྷར་འཛིན་པས་ཟླ་བ་པ་དང་། དབང་པོ་ལྷར་འཛིན་པས་དབང་པོ་པ་དང་། ཕུར་བུ་སྟོན་པར་འཛིན་པས་ཕུར་བུ་པ་ཞེས་བྱ་སྟེ། དེ་དག་གི་ཐུན་མོང་གི་འདོད་པ་སྒྲུབ་ཚུལ་ལྷའི་དབང་གིས་མི་འདྲ་ཡང་། གྲུབ་མཐའ་གཞུང་གཅིག་པར་སྨྲ་བས། དེའི་འདོད་པ་བརྗོད་པ་ནི། བདུན་ཏེ། འབྱུང་བ་བཞི་དོན་དམ་དུ་འདོད་པ་དང་། ལུས་སེམས་རྫས་གཅིག་ཏུ་འདོད་པ་དང་། འཇིག་རྟེན་སྔ་ཕྱི་མེད་པ་དང་། ལས་རྒྱུ་འབྲས་མེད་པ། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པ། མ་མཐོང་བའི་འགྲོ་བ་མེད་པ། རྗེས་དཔག་ཚད་མ་མ་ཡིན་པའོ། །དང་པོ་ནི། ས་ཆུ་མེ་རླུང་བཞི་དོན་དམ་དུ་ཡོད་ལ། སེམས་ནི་ལུས་ཀྱི་ནུས་པའི་རང་བཞིན་བེམ་པོ་དྭངས་པ་ལས་གསལ་བར་ལུས་གྲུབ་པ་དང་མཉམ་དུ་བྱུང་བས་ལུས་ཀྱི་རྫས་ཡིན་ཏེ། ལུས་བདེ་སྡུག་གི་རྗེས་སུ་སེམས་བྱེད་པ་དང་། འདོད་ཆགས་ལ་སོགས་པ་ལུས་དར་གུད་ཀྱི་རྗེས་སུ་འཕེལ་འགྲིབ་བྱེད་པའི་ཕྱིར་དང་། མཚོན་བསྣུན་པས་སེམས་ན་བའི་ཕྱིར་རོ། །འཇིག་རྟེན་སྔ་ཕྱི་མེད་དེ་ལུས་སེམས་རྫས་གཅིག་པའི་ཕྱིར་དང་། གཉིས་བཅས་དང་དུ་མ་དུས་གཅིག་ཏུ་འབྱུང་བ་དང་། ཐ་སྙད་གོམས་པ་མེད་པ་དང་། ཕྱིར་འོང་བ་མེད་པའི་ཕྱིར་རོ། །དེའང་ལུས་རྡུལ་ཕྲན་དུ་དེངས་པས་སེམས་ཀྱང་གཞན་དུ་སྐྱེ་བ་མེད་ལ། དེ་གཉིས་བཅས་ཀྱིས་འཇིག་རྟེན་ཕ་རོལ་ནས་འོང་བ་མེད་པར་བསྒྲུབ་པ་དང་། ལུས་ཀྱི་རྐྱེན་གྱི་རྗེས་སུ་སེམས་དུ་མ་འབྱུང་བ་དང་། སྐྱེས་མ་ཐག་ཏུ་ཅི་ཡང་མི་ཤེས་
པས་ཕྱིས་སློབ་དགོས་པའི་ཕྱིར་ཏེ། སྔ་མ་ཡོད་ན་སློབ་མི་དགོས་ཏེ། གཉིད་སད་དུས་སྔར་གྱི་ཤེས་པ་མ་བརྗེད་པ་བཞིན་ནོ། །འགའ་ཞིག་ཤི་ནས་ལོག་འོང་བ་མེད་པའི་ཕྱིར་ཡང་ཚེ་སྔ་ཕྱི་མེད་པ་ཡིན་ནོ། །དེ་ཡང་སེམས་ནི་ལུས་ཀྱི་སྔ་ཕྱིར་མེད་དེ། ལུས་དང་རྫས་དབྱེར་མེད་ཡིན་པའི་ཕྱིར། ཆང་དང་ཆང་གི་རོ་བཞིན་ནོ། །ཆང་གི་རོ་ཡང་བཙོ་དུས་འབྲུ་དང་མཉམ་དུ་འབྱུང་གི། ཆང་གི་སྔོན་རོལ་ནས་འཕོས་ཏེ་བྱུང་ནས་དེར་ཞུགས་པ་ནི་མ་ཡིན་ནོ། །གཞན་ཡང་བུམ་པ་ནི་འཇིག་རྟེན་ཕ་རོལ་ནས་མ་འོངས་པའི་སྐྱེ་བུའམ་བུམ་པ་ཉིད་གང་རུང་བས་གཉིས་དང་བཅས་པ་ཡིན་ཏེ། ཨུཏྤལ་མ་ཡིན་པའི་ཕྱིར་རྩིག་པ་བཞིན་ནོ། །དེའང་བུམ་པ་ལ་ཨུཏྤལ་མ་ཡིན་པའི་ཕྱོགས་ཆོས་གྲུབ་ལ། རྩིག་རྩར་བུམ་པ་བཞག་པའི་ཚེ་གང་རུང་གིས་ཁྱབ་པ་གྲུབ་ཅིང་། བུམ་པ་ལ་བུམ་པ་དེ་ཉིད་ཟླ་བོར་འགལ་བས་ན། སྐྱེས་བུ་ལས་འོས་མེད་པའོ། །གཞན་ཡང་ཤའི་ཕུང་པོ་རི་རབ་ཙམ་སྤུངས་ཏེ། དེར་ཞག་བདུན་གྱི་བར་དུ་ཆར་བབས་པས། ཤའི་ཕུང་པོའི་ཚད་ཁོ་ན་ཙམ་གྱི་སྲིན་བུའི་ཕུང་པོ་སྐྱེ་བར་འགྱུར་ན། སེམས་ཅན་དེ་སྙེད་ཀྱི་སེམས་དེ་དག་གཞན་ནས་དུས་གཅིག་ལ་འཆི་བའམ་འོང་བ་ཡོད་དམ་དེ་མེད་དོ། །འཇིག་རྟེན་སྔ་མ་མེད་པས་དེའི་ཐ་སྙད་གོམས་པ་མེད་པའི་ཕྱིར། བྱིས་པ་ལ་བརྡ་གདོད་སློབ་དགོས་སོ། །འཇིག་རྟེན་ཕྱི་མའང་མེད་དེ་རྒན་པོ་ཤི་བ་རྣམས་འོང་བ་མེད་པའི་ཕྱིར་རོ། །དེས་ན་ལུས་ཅན་ཐམས་ཅད་སྐྱེ་བ་གཞན་ནས་མ་འཕོས་པར་སྤང་ལས་ཤ་མོའི་ཚུལ་དུ་ཕ་མའི་འདུ་འཕྲོད་ལས་གློ་བུར་དུ་ལུས་གྲུབ་དུས་དེའི་རྡུལ་ཕྲན་དངས་པ་ལས་སེམས་གྲུབ་པ་ཡིན་ནོ། །ཡང་ཤི་དུས་འབྱུང་བ་རྣམས་ནུས་པ་རྙིང་སྟེ་སྣུམ་ཟད་པ་ལས་མར་མེ་ཤི་བ་ལྟར་འབྱུང་བ་བཞི་རང་རང་གི་བག་ལ་ཞ་ཞིང་སེམས་ནམ་མཁའི་དབྱིངས་སུ་ཡལ་བས་སུ་ཡང་སྐྱེ་བ་ཕྱི་མ་མི་ལེན་ཏེ། གྲོག་མཁར་བའི་གསང་ཚིག་ལས། མ་ཤིའི་བར་དུ་ཅི་བདེར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ནི་ཐལ་བ་ལྟར་གྱུར་ནས། །སླར་སྐྱེ་བ་དག་ག་ལ་སྲིད། །
ཅེས་སོ། །ཚིག་འདི་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ཀྱིས་ཕྱོགས་སྔར་དྲངས་པ་ཡིན་ནོ། །ལས་རྒྱུ་འབྲས་ཀྱང་མེད་དེ། སྲོག་བཅད་པས་ཚེ་ཐུང་བ་དང་། བྱམས་པ་བསྒོམས་པས་གཟུགས་མཛེས་པ་ལ་སོགས་པའི་ལས་ཀྱི་འབྲས་བུ་ཚེ་འདིར་སྨིན་པ་ནི་མ་མཐོང་ཞིང་ཕྱི་མ་ལ་མེད་པ་ཉིད་དོ། །རྒྱུ་འབྲས་ཀྱི་ཚུལ་འདི་སངས་རྒྱས་པས་དགེ་སྦྱོང་མགོ་རེག་དག་མ་སོས་པར་འཚོ་བའི་ཕྱིར་གཡོ་སྒྱུས་སྨྲས་པ་ཡིན་ཏེ། ལྟ་བའི་སྙིང་པོའི་མདོ་ལས། སྐྱེ་རྒ་ན་འཆི་མེད་ཅིང་འཇིག་རྟེན་སྔ་ཕྱི་ཕ་རོལ་མེད། །བསོད་ནམས་བསོད་ནམས་མ་ཡིན་ལས་སྐྱེས་འབྲས་མེད་རྒྱུ་དང་བྱེད་པ་མེད། །རྙེད་ཕྱིར་འདི་ནི་ཤཱཀྱའི་བུ་ཡིས་སྨྲས་ཀྱིས་དད་པས་མ་འགྲོ་ཞིག །ཅེས་བརྗོད་པ་བཞིན་ནོ། །རིག་བྱེད་ལས་བྱུང་བའི་མཆོད་སྦྱིན་གྱིས་ཕན་པའང་མེད་དེ། རིག་བྱེད་ཉིད། མི་དམན་པ་འགའི་འཚོ་བ་བསྒྲུབ་པའི་ཕྱིར། གཡོན་ཅན་གཙང་སྦྲ་ཅན་རྣམས་འདུས་ནས་བྱས་ཏེ། ལ་ལས་གོས་ལ་སོགས་པ་འགའ་ཞིག་ཚོས་བསྒྱུར་ནས། །ཕྱུགས་བསད་སྙིང་པོར་གྱུར་རྣམས་བསླུས་པ་རྣམས་ཀྱིས་ཟོས། །རྭ་དང་རྨིག་པ་པགས་པ་ལ་སོགས་ཙན་ཏི་ཀ་ལ་སྟེར། །ཁྱིམ་མེད་མ་དང་མཆོད་སྦྱིན་ཤིང་ཤུན་ཅན། །མགྲིན་པསྐུད་པས་བཅིངས་དང་འབྲེག་མཁན་དང་། །རྗེའུའི་རིགས་དང་མཆིལ་ལྷྭམ་མཁན་པོ་དང་། །དྲུག་གིས་རིག་བྱེད་འདི་ནི་བཏགས་པ་ཡིན། །མེ་ཡི་སྦྱིན་སྲེག་གསུམ་རིགས་འདོད་འདི་ནི། །དབྱུ་གུ་གསུམ་ཅན་ཐལ་བ་སྐུད། །བློ་དང་རྩོལ་བ་དམན་རྣམས་ཀྱིས། །འཚོ་ཕྱིར་བྱས་ཞེས་ཕུར་བུས་སྨྲ། །ཞེས་སོ། །ཐར་པ་དང་གྲོལ་བ་མེད་དེ། ལམ་བསྒོམས་པས་ཐར་པའམ་ཐམས་ཅད་མཁྱེན་པ་ཚེ་འདིར་ཐོབ་པ་མ་མཐོང་ཞིང་ཕྱི་མ་ལ་མི་དམིགས་པའི་ཕྱིར་ཏེ། ཕྱི་མ་ཉིད་སུས་ཀྱང་མ་མཐོང་བའི་ཕྱིར་རོ། །འགྲོ་བ་ཡང་མི་དང་དུད་འགྲོ་གཉིས་དང་། སྐྱེ་བ་ཡང་མངལ་དང་དྲོད་གཤེར་སྒོང་སྐྱེས་གསུམ་ལས་གཞན་པའི་འགྲོ་བ་དང་། རྫུས་སྐྱེས་མི་སྲིད་དེ་མ་མཐོང་བའི་ཕྱིར་རོ། །ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་
ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲ་བ། །དེ་དག་སྤྱང་ཀིའི་རྗེས་དང་འདྲ། །ཞེས་སོ། །རྗེས་དཔག་ནི་ཚད་མ་མ་ཡིན་ཏེ། དོན་སྤྱི་ཡུལ་དུ་བྱེད་པའི་ཕྱིར་དངོས་མེད་ཉིད་དངོས་པོར་བརྫུས་པའི་སྨིག་རྒྱུ་ལ་ཆུར་འཛིན་པ་བཞིན་ནོ། །སྤྱིར་ཚུལ་གསུམ་པའི་རྟགས་ལ་འཁྲུལ་པ་མཐོང་བའི་ཕྱིར་ཏེ། རྒྱབ་བསྟན་པའི་དཀར་ཤམ་ལ་ལྷ་སྦྱིན་གྱི་བུ་ཡིན་པའི་རྟགས་ཀྱིས་སྔོ་བསངས་སུ་དཔོག་པ་བཞིན་ནོ། ཁྱད་པར་དུ་རྟགས་གསུམ་མི་རུང་བའི་ཕྱིར་ཏེ། མེ་ནི་གཙུབ་ཤིང་དང་། མེ་རྡོ་དང་། རྡོ་སོལ་དང་། གནམ་ལྕགས་ལས་འབྱུང་བར་མཐོང་བས་རྒྱུའི་ངེས་པ་མེད་པ་དང་། རང་བཞིན་གྱི་རྟགས་ཀྱང་དུང་གི་དཀར་ཟླུམ་ལྟར་གཅིག་ཏུ་དབྱེར་མེད་དུ་མཐོང་བ་གཞན་དུ་ཐ་དད་དུ་མཐོང་བས་སོ། །དེས་ན་འབྲས་བུ་དང་ཁྱབ་བྱ། རྒྱུ་དང་ཁྱབ་བྱེད་སྒྲུབ་པ་ལ་འཁྲུལ་པས་ནི། རྒྱུ་དང་ཁྱབ་བྱེད་བཀག་པས་འབྲས་བུ་དང་ཁྱབ་བྱ་འགོག་པ་ལ་འཁྲུལ་པས་མི་དམིགས་པའི་རྟགས་ཀྱང་མི་རུང་བའི་ཕྱིར་རོ་ཞེས་འདོད་དོ། །དེ་དགག་པ་ལ་ཕྱོགས་སྔ་མ་ལྟར་བདུན་ལས། དང་པོ་འབྱུང་བ་བཞི་དོན་དམ་དུ་འདོད་པའི་རགས་པ་དབང་ཕྱུག་པར་བཀག་ཅིང་། ཕྲ་བ་ཉན་ཐོས་པར་འགོག་གོ །ལུས་སེམས་ནི་རྫས་གཅིག་ཏུ་མི་རུང་སྟེ། མིག་ཤེས་ཀྱིས་ལུས་སེམས་ཀྱི་ངོ་བོར་མི་དམིགས་ཤིང་། རང་རིག་གིས་ལུས་སེམས་ཀྱི་ངོ་བོར་མ་དམིགས་པ་དང་། སེམས་ཀྱི་དགའ་གདུང་གི་རྣམ་པ་ལུས་ལ་མེད་ལ། ལུས་ཀྱི་ཁ་དོག་དང་དབྱིབས་སེམས་ལ་མེད་པས། ཆོས་འགལ་བ་དང་ལྡན་པའི་ཕྱིར་བུམ་པ་དང་སྣམ་བུ་བཞིན་ཏེ། རྣམ་ངེས་ལས། ལུས་ཉིད་ནི་བློ་མ་ཡིན་ཏེ་གྲུབ་ཀྱང་བློའི་རྣམ་པར་རྟོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཞེས་སོ། །གལ་ཏེ་ལུས་འཛིན་གྱིས་མ་མཐོང་བས་སེམས་ཁེགས་ན། སྔོ་འཛིན་གྱིས་མ་མཐོང་བས་སྔོན་པོའི་སྐད་ཅིག་ཁེགས་སོ་ཞེ་ན། སྐད་ཅིག་ནི་ཡོད་ཀྱང་མི་མཐོང་སྟེ། རྣམ་པ་མི་གསལ་བས་སོ། །སེམས་ཀྱང་ཡོད་མེད་ཀྱི་ཚད་མས་མི་མཐོང་
སྟེ། རྣམ་པ་མི་གསལ་བས་སོ་ཞེ་ན། རང་རིག་གིས་ཀྱང་མི་མཐོང་བར་ཐལ་ལོ། །སྐད་ཅིག་ཀྱང་མི་གསལ་ན་བྱིས་པའི་ཚད་མ་གང་གིས་ཀྱང་མི་མཐོང་བར་ཐལ་ལོ་ཞེ་ན་འདོད་དེ། བྱིས་པས་སྐད་ཅིག་དངོས་སུ་མཐོང་བ་མེད་པ་ཡིན་ནོ། །ཚེ་སྔ་ཕྱི་མེད་པའི་སྒྲུབ་བྱེད་ཐམས་ཅད་མི་འཐད་དེ། གཉིས་བཅས་ཀྱི་རྟགས་ལ་སྣམ་བུ་ལ་སོགས་པར་བུམ་པ་དང་གློ་བུར་བའི་སྐྱེས་བུ་གཉིས་ཀ་དོན་མེད་པར་མཐོང་བ་དང་། ཨུཏྤལ་མ་ཡིན་པ་ལ་གང་རུང་གིས་ཁྱབ་པ་མ་གྲུབ་པ་ཉིད་དོ། །དུ་མ་དུས་གཅིག་ཏུ་འབྱུང་བའང་མ་ངེས་ཏེ། དྲི་ཟ་དཔག་ཏུ་མེད་པ་ཤའི་དྲི་ལ་འཁོར་བས་ཆགས་ནས་ལུས་འདོར་བས་སམ། ཡུངས་འབྲུ་ཙམ་གྱི་ཁོང་ནའང་འགྲོ་བ་དཔག་ཏུ་མེད་པ་གནས་པས་ན། དེ་ཙམ་ལའང་དུ་མ་སྐད་ཅིག་རེ་ལ་ལུས་འདོར་བས་སོ། །དེ་དག་ཀྱང་རིགས་པས་མི་འགྲུབ་བོ་ཞེ་ན། ལུང་འགལ་བ་གསུམ་བྲལ་ནི་ཚད་མ་ཉིད་དུ་ཁས་འཆེ་བའམ་ཐེ་ཚོམ་ཟ་བ་ཉིད་ཀྱིས་ཀྱང་ཁྱེད་ཀྱི་ངེས་པའི་དམ་བཅའ་ཁེགས་ཏེ། འདི་ནི་གཞན་དུའང་ཤེས་པར་བྱའོ། །ཐ་སྙད་མ་གོམས་པ་དང་། ཕྱིར་འོང་བ་མེད་པའང་མ་གྲུབ་པ་དང་། མ་ངེས་ཏེ་མངལ་གྱི་དྲི་མས་བརྗེད་པ་དང་། ལག་པ་ཅན་ལ་སོགས་པས་ཚེ་རབས་དྲན་པས་བརྡ་ཤེས་པའང་མཐོང་བའི་ཕྱིར་རོ། །ལས་འབྲས་མེད་པའང་མི་འགྲུབ་སྟེ། སྐྱེ་བ་གཞན་དུ་སྨིན་པ་ལ་འགོག་བྱེད་མེད་པ་དང་། བུ་མོ་རྡོ་རྗེ་ལ་སོགས་པ་འགའ་ཞིག་འདིར་ཡང་སྨིན་པ་མཐོང་བ་དང་། ཕལ་ཆེར་སྡིག་ཅན་རྣམས་ལ་སྡུག་བསྔལ་སྣ་ཚོགས་འབྱུང་ལ། གང་ཟག་དམ་པ་རྣམས་ལ་བདེ་བ་སྣ་ཚོགས་འབྱུང་བས་ཤེས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཐེ་ཚོམ་ཟ་བ་ཉིད་ཀྱིས་ཀྱང་རྒྱུ་བླང་དོར་ལ་འཇུག་པ་ཡིན་ཏེ། ཞིང་ལས་མགོ་རྩོམ་པ་དང་། རྒྱ་མཚོར་ནོར་བུ་ལེན་པ་བཞིན་ནོ། །ཐར་པ་དང་ཐམས་ཅད་མཁྱེན་པ་ལས་ཅན་འགའ་ཞིག་གིས་འདིར་ཡང་ཐོབ་སྟེ་གྲོལ་བར་སྨྲ་བའི་སངས་རྒྱས་བཞིན་ནོ། །གཞན་དུ་ཐོབ་པའང་མི་ཁེགས་ཏེ་འདིར་ཐོབ་པ་ཡང་སྔ་མ་ལས་གཞན་ཡིན་པ་བཞིན་ནོ། །བཞི་བརྒྱ་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །ངེས་པར་བྱང་ཆུབ་མ་ཐོབ་
ཀྱང་། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་སོ། །མ་མཐོང་བའི་འགྲོ་བ་མེད་པའང་མི་འཐད་དེ། གང་ཟག་ཐམས་ཅད་ཀྱིས་ཐམས་ཅད་དུ་མ་མཐོང་བའི་ཕྱིར་ཞེས་པ་ནི་མི་སྲིད་དེ། ཐམས་ཅད་མཁྱེན་པས་གཟིགས་ལ། བདག་ཉིད་ཀྱིས་དངོས་སུ་མ་མཐོང་བའི་ཕྱིར་མེད་པར་ཐལ་བའི་ཁྱབ་པ་མ་གྲུབ་སྟེ། རང་གི་གློ་སྙིང་གིས་མ་ངེས་སོ། །རྗེས་དཔག་ཚད་མ་མ་ཡིན་པ་མི་འཐད་དེ། སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པས་སོ། །སྣང་ཡུལ་དོན་སྤྱི་ཡིན་པ་དེ་ལ་ཚད་མར་མི་འདོད་ལ། ཞེན་ཡུལ་དོན་རང་མཚན་ལ་ལྟོས་ནས་མི་བསླུ་བའི་ཕྱིར་དང་། ལྷ་སྦྱིན་གྱི་བུས་སྔོ་བསངས་སུ་དཔོག་པ་ལ་མཐུན་ཕྱོགས་ལ་རྗེས་འགྲོ་དང་། མི་མཐུན་ཕྱོགས་ལ་འཇུག་པ་མི་སྲིད་པའི་ལྡོག་པ་མེད་པས་རྟགས་ཡང་དག་ཉིད་མ་ཡིན་པའི་ཕྱིར་དང་། འབྲས་བུ་ཙམ་གྱིས་རྒྱུ་ཙམ་ཞིག་སྒྲུབ་པ་ལ་སྤུ་རིས་ཟིན་ན་སོ་སོའི་རྒྱུ་བསྒྲུབས་ནའང་འཁྲུལ་བ་མེད་པའི་ཕྱིར་དང་། ངོ་བོ་གཅིག་པ་ཙམ་རྟགས་སུ་མི་འགོད་ཀྱི་རང་བཞིན་འབྲེལ་བའི་ཁྱབ་བྱ་དང་ཁྱབ་བྱེད་ལ་འཁྲུལ་པ་མེད་པའི་ཕྱིར་དང་། དེས་ན་རྒྱུ་དང་ཁྱབ་བྱེད་བཀག་པས་འབྲས་བུ་དང་ཁྱབ་བྱ་ཁེགས་པའི་ཕྱིར་རོ། །འོ་ན་རྗེས་དཔག་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་སྣང་བ་བདེན་གྲུབ་ཏུ་གྲུབ་བོ་ཞེ་ན། མ་ཡིན་ཏེ་མེ་དུ་ཉིད་ཀྱང་རྨི་ལམ་གྱི་མེ་དུ་དང་ཁྱད་པར་མེད་པས་སོ། །གནོད་བྱེད་ནི། རྗེས་དཔག་ཚད་མ་མ་ཡིན་ན། བསྟན་བཅོས་དོན་མེད་པ་དང་། འཇུག་ལྡོག་མི་འཐད་པ་དང་། རང་ཚིག་གིས་བསལ་བར་ཡང་འགྱུར་རོ། །ཁྱེད་ཀྱིས་སྨྲས་པའི་བསྟན་བཅོས་ཀྱང་དོན་མེད་དེ། ཕ་རོལ་ལ་འདོད་པའི་དོན་གྲུབ་པ་གོ་བར་རྗེས་སུ་དཔོག་པ་མ་གྲུབ་པའི་ཕྱིར་རོ། །འཇུག་པ་མི་འཐད་པ་ནི། རྗེས་དཔག་མེད་ན་ཟས་ཟ་བའང་མི་འཐད་དེ། གཟོད་ངོམས་ཤིང་འགྲངས་པར་མི་རྟོག་པ་ཉིད་དང་། སྔར་ཟོས་པའི་ཤིང་འབྲས་ཀྱི་གཟུགས་ཀྱིས། ཕྱིས་ལྗོན་ཤིང་དེའི་འབྲས་བུའི་རོ་དང་རེག་པའང་མི་རྟོག་པར་འགྱུར་རོ། །ཉི་མའི་འོད་མཐོང་བ་དེར་རྒྱུག་པའང་མི་འཐད་དེ། ཁ་དོག་ལས་དྲོ་བ་མི་རྟོགས་
པས་སོ། །ལྡོག་པའི་རྣམ་གཞག་ནི་ཆུ་དང་མེ་དང་གཡང་མཐོང་བས་མི་མཆོང་བ་དང་། མཚོན་དང་སྟག་དང་རྦབ་ལ་སོགས་པ་མཐོང་བས་མི་འབྲོས་པར་འགྱུར་ཏེ། དེ་དག་ལ་ཉེས་དམིགས་སུ་ཤེས་པའི་རྗེས་དཔག་མེད་པས་སོ། །རང་ཚིག་གིས་བསལ་བ་ནི། རྗེས་དཔག་ཙམ་ཚད་མ་མ་ཡིན་ནོ་ཞེས་སྨྲས་པའི་ཚེ། རྗེས་དཔག་ཚད་མ་མ་ཡིན་ནོ་ཞེས་ཟེར་བའི་ཕྱིར་རོ་ཞེས་པའི་བློ་རྗེས་དཔག་ཏུ་ཤུགས་ལ་ཁས་བླངས་པས་སོ། །གལ་ཏེ་རྗེས་དཔག་གྲུབ་ཀྱང་ཚད་མར་མ་གྲུབ་བོ་ཞེ་ནའང་། དེ་དང་དེའི་རྟགས་མཐོང་བ་ལ་ཡིད་ཆེས་པའི་བློ་སྐྱེ་བས་ཚད་མར་གྲུབ་པར་མཚུངས་པའི་ཕྱིར་བརྩད་པས་ཆོག་གོ །མདོར་ན་མེད་པར་ལྟ་བ་འདི་ལྟ་བ་རྣམས་ཀྱི་ནང་ནས་ཤིན་ཏུ་སྨད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། མདོར་ན་མེད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་མེད་ཅེས་བྱ། །བསོད་ནམས་མ་ཡིན་ངན་སོང་བ། །ལོག་པར་ལྟ་བ་ཞེས་བཤད་དོ། །མདོར་ན་ཡོད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་ཡོད་ཅེས་པ། །བསོད་ནམས་བདེ་འགྲོའི་རྒྱུ་མཐུན་པ། །ཡང་དག་ལྟ་བ་ཞེས་བཤད་དོ། །ཞེས་པ་དང་། གང་ཞིག་ཆོས་ལ་ཆོས་མིན་དང་། །ཆོས་མ་ཡིན་ལ་ཆོས་སུ་སྨྲ། །སྐྱེས་བུ་དམ་པ་དག་ལ་སྡང་། །མེད་པར་ལྟ་བས་མནར་མེད་ལྷུང་། །ཞེས་སོ། །ཚུལ་འདིས་དགེ་སྡིག་ལས་ཕན་གནོད་མེད་པ་དང་། སྣང་བ་སེམས་སུ་འདོད་པ་དང་། ལྷ་འདྲེ་རང་མཚན་མེད་པའོ་ཞེས་སྣང་ཚོད་དུ་སྐུར་པ་འདེབས་པ་ཐམས་ཅད་ཀྱང་བཀག་པ་ཉིད་དོ། །ཁོ་བོ་ཅག་ནི། སྣང་ཙམ་ཐ་སྙད་དུ་ཇི་ལྟར་སྣང་བ་རྒྱུ་འབྲས་ཀྱི་རྟེན་འབྲེལ་དུ་ཤེས་པས་ལས་འབྲས་ལ་འདོར་ལེན་བྱེད་ཅིང་། ཚེ་སྔ་ཕྱི་ཐར་པ་དང་ཐམས་ཅད་མཁྱེན་པ་རང་ལས་ཐ་དད་པའི་འགྲོ་བ་འདོད་ཅིང་། གཤིས་ལ་ཡོད་མེད་སྒྲོ་སྐུར་ལས་འདས་པར་འདོད་དེ། རིན་ཆེན་ཕྲེང་བ་ལས། མེད་པ་པ་ནི་ངན་འགྲོར་འགྲོ། ཡོད་པ་པ་ནི་བདེ་འགྲོར་འགྲོ། ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཞེས་པ་དང་། ཤེས་རབ་གསལ་
བ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད། །དྲི་ཟའི་གྲོང་ཁྱེར་བཞིན་དུ་གསལ། །སྣ་ཚོགས་རང་བཞིན་གྱིས་མི་གནས། །ནམ་མཁའི་མེ་ཏོག་ལྟ་བུའང་མིན། །ཞེས་གསུངས་པ་བཞིན་ནོ། །དེ་དག་གིས་ཆད་པར་ལྟ་བའི་ཕྱོགས་དགག་པ་དང་བཅས་པ་སྟེ། བསྡོམས་པས་ཕྱི་རོལ་པའི་གྲུབ་པའི་མཐའ་གཏན་ལ་ཕབ་ཟིན་ཏོ།། །།ད་ནི་ནང་པ་སངས་རྒྱས་པའི་གཞུང་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་ཅན་གྱི་གཞུང་ཉིད་དབྱེ་བའོ། །དང་པོ་ལའང་བརྟེན་པ་སྐྱབས་ཀྱི་ཁྱད་པར། གནས་ལུགས་ལྟ་བའི་ཁྱད་པར། གོམས་པ་སྒོམས་པའི་ཁྱད་པར། བྱ་བ་སྤྱོད་པའི་ཁྱད་པར། ཐོབ་བྱ་འབྲས་བུའི་ཁྱད་པར་དང་ལྔ་ལས། དང་པོ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་པ་ནང་པ། མི་འཛིན་པར་ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་གཞན་འཛིན་པ་ཕྱི་པའོ། །ཟླ་བ་གྲགས་པས། གང་དག་སངས་རྒྱས་སྐྱབས་སོང་བས། །ལྷ་གཞན་དག་ལ་ཕྱག་མི་འཚལ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ། ཐུན་མོང་བ་ཆོས་ཀྱི་སྡོམ་བཞི་ཐུན་མོང་མ་ཡིན་པ་མཐའ་བྲལ་བསམ་བརྗོད་ལས་འདས་པ་ཁས་ལེན་པ་ནང་པ། མི་ལེན་པར་རྟག་ཆད་ཀྱི་མཐར་ལྷུང་བ་ཕྱི་པ་སྟེ། དཀོན་མཆོག་བརྩེགས་པ་ལས། རྒྱལ་བའི་བསྟན་ལ་དད་པས་ཞུགས་རྣམས་ཀྱིས། །འདུས་བྱས་མི་རྟག་བསླུ་བར་མཐོང་ནས་ནི། །སྡུག་བསྔལ་སྤང་ཕྱིར་བདག་མེད་ཞི་བའི་ཆོས། །ནམ་མཁའ་ལྟ་བུའི་དོན་ལ་ནན་ཏན་བྱ། །ཞེས་སོ། །སྡོམ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཆོས་ཐམས་ཅད་བདག་མེད་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། མྱ་ངན་ལས་འདས་པ་ཞི་བའོ། །སྒོམ་པ་ཡང་ཐར་པ་ལ་དམིགས་ནས་དཀོན་མཆོག་སྐྱབས་སུ་འཛིན་པས་ཐུན་མོང་བ་བདག་མེད་པའི་དོན་ཆོས་སུམ་ཅུ་རྩ་བདུན་གྱི་རིམ་པས་བསྒོམ་ཞིང་། ཐུན་མོང་མ་ཡིན་པ་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དུ་རྟོགས་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་བསྒོམ་ན་ནང་པ། མི་བསྒོམ་པར་སེམས་རྟོག་པ་
བཀག་ཙམ་དང་། བདེ་གསལ་མི་རྟོག་ཙམ་པོ་ཕྱོགས་རེའི་ངང་ལ་སེམས་འཛིན་པ་ཕྱི་པ་སྟེ། ལྟ་བ་ངན་སེལ་ལས། གང་བློ་བྱང་ཆུབ་སྙིང་རྗེ་དང་། །ཇི་བཞིན་མི་རྟོག་སྟོང་པ་ཉིད། །བདག་མེད་རྣལ་འབྱོར་པ་དེ་བརྩོན། །བཟློག་པ་གཞན་གྱི་ཕྱོགས་སུ་བཤད། །ཅེས་སོ། །སྤྱོད་པ་ནི། ཆགས་སྡང་གཏི་མུག་གི་རང་བཞིན་ཡུལ་ལ་ཞེན་པ་དང་། གཞན་ལ་འཚེ་བ་ལམ་གྱི་གེགས་སུ་འདོད་པ་ནང་པ། མི་འདོད་པར་བཟློག་པའི་སྤྱོད་པ་ཕྱི་རོལ་པ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། དམ་པའི་ཆོས་ལ་སྐྱབས་སོང་བས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །ཞེས་པ་བཞིན་ནོ། །འབྲས་བུ་ནི། ལམ་དེ་ཉིད་ཀྱིས་དངོས་སུ་ཐར་པ་གསུམ་གང་རུང་ཐོབ་པ་ནི་ནང་པ་ཡིན་ལ། མི་ཐོབ་པ་ཕྱི་པ་ཡིན་ཏེ། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བའི་ཕྱིར་ཉེ་བར་གནས་ཏེ། ཉན་ཐོས་ཀྱི་ས་ལ་མྱ་ངན་ལས་འདའ་བར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རང་སངས་རྒྱས་ཀྱི་ས་དང་བླ་ན་མེད་པའི་སངས་རྒྱས་ཀྱི་ས་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་དང་། གཞན་ཀུན་ཏུ་རྒྱུ་དེ་དག་ལ་ལམ་ཡང་མེད་ལམ་མངོན་པར་རྟོགས་པ་ཡང་མེད་དོ་ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཁྱད་པར་ཅན་གྱི་གཞུང་ཉིད་རྒྱ་ཆེར་དབྱེ་བ་ལ་གཉིས་ལས། མདོར་བསྟན་པ་ནི། ཐར་པ་དམ་པའི་རྗེས་འགྲོ་རྒྱལ་བའི་གཞུང་། །གང་དག་འཛིན་པ་དེ་ཡང་རྣམ་པ་གཉིས། །ཐེག་པ་དམན་དང་བླ་ན་མེད་པའོ། །ནང་པ་སངས་རྒྱས་པ་དག་ནི་སངས་རྒྱས་སྟོན་པར་བྱེད་པ་དང་སྡེ་སྣོད་གསུམ་གཞུང་དུ་འཛིན་ཅིང་། ཐར་པར་འགྲོ་བ་ལ་བགྲོད་ལམ་མ་ནོར་བ་ཉིད་ཀྱིས་ཐེག་པ་གསུམ་དུ་རྣམ་པར་གཞག་ནའང་། རེ་ཞིག་ཐེག་པ་ཆུང་ངུ་དང་། ཆེན་པོ་གཉིས་སུ་རྣམ་པར་གཞག་གོ །དེ་ལ་དང་པོ་བསྟན་པ་ལ་འཇུག་པའི་རིམ་པའི་ཡང་སྒོར་གྱུར་པ་དང་། བླང་དོར་བྱེད་པའི་གཞུང་ཕལ་གྱི་ཕྱི་མོར་གྱུར་པ་དང་། ལས་
དང་པོ་པ་དབང་པོ་རྟུལ་པོ་བས་འཇུག་པའི་རིམ་པ་ཡིན་པའི་ཕྱིར་སོ་སོའི་རྣམ་པར་གཞག་པ་རྒྱས་པར་བཤད་པའི་དབྱེ་བ་དང་པོ་བསྟན་པ་ནི། དམན་པའང་དབང་པོའི་རིམ་པ་རྣམ་པ་གཉིས། །ཉན་ཐོས་དང་ནི་རང་སངས་རྒྱས་པ་ཉིད། །རང་ཉིད་ཞི་བ་ཙམ་མཐར་ཐུག་གི་གཉེར་བྱའི་གཙོ་བོར་བྱས་ཏེ། གཞན་ལ་ཕན་འདོགས་ནའང་རང་དོན་སྒྲུབ་པའི་དགེ་བར་སེམས་པས་བློ་ཆུང་ཞིང་། སྤྱོད་པ་དང་སྨོན་ལམ་རླབས་པོ་ཆེ་གཞན་དོན་དུ་སྒྲུབ་པ་མེད་པས་ཐབས་ཀྱི་རིམ་པ་དམན་པ་ལ་ཞུགས་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་པས། ཐེག་པ་ཆེན་པོར་ག་ལ་འགྱུར། །ཞེས་སོ། །ལྟ་བའང་བདག་མཐའ་དག་གིས་སྟོང་པའི་ཆོས་ཉིད་མ་རྟོགས་པས། རང་གི་ལྟ་བའི་མཐའ་གང་ཟག་གི་བདག་དང་། གཟུང་བ་རང་བཞིན་མེད་པ་ཙམ་ལ་དག་གྲོལ་དུ་ཤེས་ནས་ལམ་སྒོམ་པ་ལ་འཇུག་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་སོ། །དེ་ལྟར་གཞུང་ཐེག་པ་འོག་མ་ཙམ་དུ་གཅིག་ཀྱང་། ལྟ་བ་དང་གྲུབ་ཚུལ་ཅུང་ཟད་མི་འདྲ་བ་དམིགས་པའི་ཕྱིར། སྐབས་འདིར་རྣམ་པ་གཉིས་སུ་བརྗོད་པ་ལས། དང་པོ་ཉན་ཐོས་ཀྱི་རྣམ་པར་གཞག་པ་ནི། ཉན་ཐོས་ལ་ནི་སྡེ་ཚན་རང་བཞིན་དང་། །གྲུབ་པའི་མཐའ་སྟེ་རྣམ་པ་གསུམ་ཉིད་དོ། །ཉན་ཐོས་ཀྱི་ཐེག་པའི་རྣམ་པར་གཞག་པ་ལ་གསུམ་སྟེ། སྡེ་པ་སོ་སོའི་དབྱེ་བ་དང་། ཐར་པ་འཚོལ་བའི་རང་བཞིན། གྲུབ་པའི་མཐའ་རབ་ཏུ་དབྱེ་བའོ། །དང་པོ་ནི། ཕལ་ཆེན་པ་དང་གནས་བརྟན་རབ་དབྱེ་བས། །སྡེ་ཚན་བཅོ་བརྒྱད་ཕྱིས་ནི་གཞན་ཡང་དབྱེ། །དེ་ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དང་བཅུ་དྲུག་ན་ཁ་ཆེའི་གྲོང་ཁྱེར་མེ་ཏོག་གིས་བརྒྱན་པར་རྒྱལ་པོ་དྷརྨ་ཨ་ཤོ་ཀ་སྟེ་ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བ་བྱུང་ངོ་། །དེའི་ཚེ་བདུད་སྡིག་ཅན་གྱིས་དགེ་
སློང་ཞིག་ཏུ་སྤྲུལ་ནས་དབྱེན་ཆེན་པོ་སྐྱེད་དེ་དགེ་འདུན་རྣམས་འཁྲུགས་སོ། །དེའི་ཚེ་གཞོན་ནུ་ཕལ་པ་མདོ་སྡེ་འཛིན་པ་ཕལ་མོ་ཆེ་ཕྱོགས་གཅིག་ཏུ་ཆད་པ་ལས། ཕལ་ཆེན་སྡེ་ཞེས་པ་དང་། རྒན་པོ་ཉུང་བ་འདུལ་བ་འཛིན་པ་ཁ་ཅིག་ཕྱོགས་གཅིག་ཏུ་ཆད་པ་ལ་གནས་བརྟན་སྡེ་ཞེས་གྲགས་སོ། །སངས་རྒྱས་ཀྱིས་གསུངས་པའི་འདུལ་བ་དང་། མདོ་སྡེ་གཙོ་ཆེར་ཁས་ལེན་པའི་དབྱེ་བས་གྲུབ་མཐའ་ཡང་སོ་སོར་གྱེས་ཏེ། ལྟུང་བ་དང་བསླབ་པའི་གཞི་ལའང་གྲངས་མང་ཉུང་སོ་སོར་བྱུང་ངོ་། །དེ་ནས་རིམ་གྱིས་ཕལ་ཆེན་པའང་བརྒྱད་དུ་གྱེས་ཏེ། གྱེས་པའི་ཕལ་ཆེན་པ། ཐ་སྙད་གཅིག་པ། འཇིག་རྟེན་ལས་འདས་པར་སྨྲ་བ། མང་དུ་ཐོས་པ། རྟག་པར་སྨྲ་བ། མཆོད་རྟེན་པ། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེའོ། །གནས་བརྟན་པའང་བཅུ་རུ་གྱེས་ཏེ། གངས་རི་པ། ཐམས་ཅད་ཡོད་པར་སྨྲ་བ། རྒྱུར་སྨྲ་བ། གནས་མ་བུ་པ། ཆོས་མཆོག་པ། བཟང་པོའི་ལམ་པ། ཀུན་གྱིས་བཀུར་བ། མང་སྟོན་པ། ཆོས་སྦས་པ། ཆར་བཟང་འབེབས་པ་སྟེ། དེ་ལྟར་སྡེ་པ་བཅོ་བརྒྱད་དོ། །ཕྱིས་ནི་ཡོད་པར་སྨྲ་བ་ཡང་རྣམ་པར་ཕྱེ་སྟེ་ཡོད་པར་སྨྲ་བ་དང་། གོས་དམར་བ་གཉིས་སུ་གྱེས་སོ། །ཆར་བཟངས་འབེབས་པ་ཡང་། འོད་སྲུངས་པ་དང་། བླ་མ་པ་གཉིས་སོ། །གནས་མ་བུ་ལའང་། རི་ཆེན་པོ་པ་དང་། འཕོ་བར་སྨྲ་བ་གཉིས་སོ། །ཀུན་གྱིས་བཀུར་བ་དང་། ཆོས་མཆོག་བཟང་པོའི་ལམ་པ་རྣམས་ཀྱང་གྱེས་པར་བཤད་དོ། །རྩ་བའི་སྡེ་བཞི་ནི། གནས་བརྟན་པ། ཐམས་ཅད་ཡོད་པར་སྨྲ་བ། མང་པོས་བཀུར་བ། ཕལ་ཆེན་པ་དང་བཞི་སྟེ། བརྟག་གཉིས་ལས། གནས་བརྟན་ཐམས་ཅད་ཡོད་སྨྲ་དང་། །ཀུན་བཀུར་དགེ་འདུན་ཕལ་ཆེན་ནོ། །ཞེས་སོ། །འདི་དག་ལ་དབྱེ་བས་གྱེས་པ་བཅོ་བརྒྱད་དུ་རྣམ་པར་གཞག་པ་གཞན་ཡང་ཡོད་དེ། ཁོ་བོས་བྱས་པའི་བསྟན་བཅོས་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་དུ་ཤེས་པར་བྱའོ། །དེ་དག་ལས་གནས་བརྟན་པ་རྣམས་ནི་གྲུབ་མཐའ་བྱེ་
བྲག་ཏུ་སྨྲ་བར་འདུ་ལ། ཕལ་ཆེན་པ་རྣམས་མདོ་སྡེ་པར་འདུས་པར་བཤད་དོ། །སྡེ་པ་དེ་དག་སོ་སོའི་ངེས་ཚིག་ནི། མདོ་སྡེ་འཛིན་པའི་དགེ་འདུན་ཕལ་ཆེན་པ་ཕྱོགས་གཅིག་ཏུ་ཆད་པས་ཕལ་ཆེན་པའི་སྡེ་ཞེས་བྱའོ། །དེ་ལས་ཀྱང་ཐོག་མར་གྱེས་པས་གྱེས་པའི་ཕལ་ཆེན་པའོ། །སངས་རྒྱས་ཀྱིས་ཤེས་བྱ་ཐམས་ཅད་སྐད་ཅིག་གཅིག་ལ་མཁྱེན་པར་འདོད་པས་ཐ་སྙད་གཅིག་པའོ། །སངས་རྒྱས་ལ་འཇིག་རྟེན་པའི་ཆོས་མི་མངའ་ཟེར་བས་འཇིག་རྟེན་ལས་འདས་པར་སྨྲ་བའོ། །མང་དུ་ཐོས་པའི་སློབ་དཔོན་གྱིས་རྗེས་སུ་སྟོན་པས་མང་སྟོན་པའོ། །འདུས་བྱས་ལ་བརྟགས་ན་རྡུལ་ཆར་རྟག་ཟེར་བས་རྟག་པར་སྨྲ་བའོ། །མཆོད་རྟེན་ཅན་གྱི་རི་ལ་གནས་པས་མཆོད་རྟེན་པའོ། །གྲོང་ཁྱེར་མེ་ཏོག་གིས་བརྒྱན་པའི་ཤར་གྱི་རི་ལ་གནས་པས་ཤར་གྱི་རི་ལ་གནས་པའོ། །ནུབ་ཀྱི་རི་ལ་གནས་པས་ནུབ་རིར་གནས་པའོ། །གནས་བརྟན་པའི་རིགས་ཡིན་པས་གནས་བརྟན་པའོ། །གངས་རི་པ་ནི་གངས་ཀྱི་རི་ལ་གནས་པའོ། །དུས་གསུམ་དང་གཞི་ལྔ་རྫས་ཡོད་དུ་སྨྲ་བས་ཡོད་སྨྲ་བའོ། །དུས་གསུམ་ལས་འབྲས་བུ་འབྱུང་བའི་ལས་འགའ་ཞིག་མེད་ལ། འབྲས་བུ་མ་བྱུང་བའི་ལས་འགའ་ཞིག་ཡོད་པར་སྨྲ་བས་རྣམ་པར་ཕྱེ་སྟེ་སྨྲ་བའོ། །གོས་དམར་ཅན་གྱི་ལུགས་སྟོན་པས་གོས་དམར་ཅན་ནོ། །བྱུང་བ་དང་འབྱུང་འགྱུར་ཐམས་ཅད་རྒྱུ་བཅས་སུ་སྨྲ་བས་རྒྱུར་སྨྲ་བའོ། །ཀུན་ཏུ་རྒྱུར་གནས་པའི་བུད་མེད་ཅིག་གི་བུ་ཚུར་ཤོག་གིས་རབ་ཏུ་བྱུང་ཡང་ལྟ་བ་བརྗོད་དུ་མེད་པའི་བདག་ཁས་ལེན་པས་གནས་མ་བུ་པའོ། །སློབ་དཔོན་ཆོས་མཆོག་གི་རྗེས་སུ་སྟོན་པས་ཆོས་མཆོག་པའོ། །བཟང་པོའི་ལམ་པའི་སློབ་མ་ཡིན་པས་བཟང་པོའི་ལམ་པའོ། །ཀུན་གྱིས་བཀུར་བས་སློབ་དཔོན་གྱི་ལུགས་སྟོན་པས་ཀུན་གྱིས་བཀུར་བའོ། །སྐྱེ་
བོ་མང་པོ་ལ་སྲིད་པ་མི་འབྱུང་བར་སྟོན་པས་མང་སྟོན་པའོ། །ཆོས་སྦས་ཀྱི་ལུགས་སྨྲ་བས་ཆོས་སྦས་པའོ། །དམ་པའི་ཆོས་ཀྱི་ཆར་འབེབས་པས་ཆར་བཟང་འབེབས་པའོ། །སློབ་དཔོན་འོད་སྲུངས་ཀྱི་རྗེས་སུ་བྱེད་པས་འོད་སྲུངས་པའོ། །སློབ་དཔོན་བླ་མ་ཡིན་པས་བླ་མ་པའོ། །འཇིག་རྟེན་འདི་ནས་ཕ་རོལ་ཏུ་གང་ཟག་འཕོ་བར་སྨྲ་བས་འཕོ་བར་སྨྲ་བའོ། །ཞར་ལ་དེ་དག་གི་འདོད་པ་ཅུང་ཟད་དགག་པ་ནི། གནས་མ་བུ། ཆོས་སྦས་པ། བཟང་པོའི་ལམ་པ། ཀུན་གྱིས་བཀུར་བ། བླ་མ་པ་ལྔས་བདག་འདོད་པ་ནི་སྔར་བཀག་པ་བཞིན་ནོ། །ཕལ་ཆེན་པས་ནི་གང་ཞིག་འདྲི་བ་ལ། གཞན་ལ་འདུད་པས་ལན་གདབ་པ་དང་། མི་ཤེས་པ་དང་། ཡིད་གཉིས་དང་། ཡོངས་སུ་བརྟག་པ་དང་། བདག་ཉིད་གསོ་བར་བྱེད་པ་སྟེ་གཞི་ལྔ་འདོད་པ་མི་འཐད་དེ། དེ་དག་མུ་སྟེགས་པ་ལ་ཡོད་པའི་ཕྱིར་དང་། བདུད་ཀྱིས་བསླུས་པ་དང་། ཟས་ལ་ཆགས་པ་ལམ་གྱི་གེགས་ཡིན་པའི་ཕྱིར་རོ། །ཐ་སྙད་པས་སངས་རྒྱས་ལ་འཇིག་རྟེན་པའི་ཆོས་མི་མངའ། བྱང་ཆུབ་སེམས་དཔའི་དུས་ན་མེར་མེར་པོ་ལ་སོགས་པ་མི་འཇུག །བྱང་ཆུབ་སེམས་དཔའ་ངན་འགྲོར་འདོད་པས་སྐྱེ་བ་ལེན། སངས་རྒྱས་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མེད་ཅེས་པའང་མི་རུང་སྟེ། དེ་བཞིན་གཤེགས་པ་སྐྱེ་བ་བཀག་པ་ཉིད་དང་། འཇུག་པ་དང་ལེན་པ་མེད་པའི་ཕྱིར་རོ། །མང་ཐོས་པས་དགེ་འདུན་འཇིག་རྟེན་ལས་འདས་པ་དང་། མཉམ་གཞག་ལ་ངག་འཇུག་པ་ཡོད་པའང་མི་རུང་སྟེ། འདས་པ་འགྲོ་བ་བཀག་པས་ཁེགས་ལ། ངག་བཀག་པའི་ཕྱིར་རོ། །རྟག་སྨྲའི་ཕུང་པོ་མེད་པའི་སྡུག་བསྔལ་དོན་དམ་དུ་འདོད་པ་མི་རུང་སྟེ། སྡུག་བསྔལ་ཉིད་ཚོར་བའི་ཕུང་པོས་ཕྱེ་བ་དང་། བདེན་པ་བཀག་པའི་ཕྱིར་རོ། །མཆོད་རྟེན་པ་དང་ཤར་ནུབ་ཀྱི་རི་བོའི་སྡེ་ནི་ཕལ་ཆེན་པ་བཞིན་ཏེ་བཀག་ཟིན་ཏོ། །གནས་
བརྟན་པས་དགྲ་བཅོམ་པ་ལ་གཞན་གྱིས་སྟོན་པ་མེད། གང་ཟག་དང་འདས་མ་འོངས་ཡོད་པར་སྨྲ་བའང་མི་རུང་སྟེ། སྟོན་པ་ལ་ཆོས་ཉན་པའི་ཕྱིར་དང་། གང་ཟག་དང་དུས་བཀག་པ་བཞིན་ནོ། །གངས་རི་པས་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་མ་ཡིན། མྱ་ངན་ལས་འདས་དུས་ཕུང་པོ་འགགས་ཀྱང་གང་ཟག་རྟག་ཅེས་བྱ་བའང་མི་རུང་སྟེ། དེ་ལ་སོ་སོའི་སྐྱེ་བོ་ཡོད་པ་དང་། བདེན་པ་དང་། གང་ཟག་བཀག་པའི་ཕྱིར་རོ། །ཡོད་སྨྲས་གང་ཟག་དང་། འདས་མ་འོངས་མེད། རྒྱུན་ཞུགས་བསམ་གཏན་ཐོབ། དགྲ་བཅོམ་ཡང་ཉམས་སྲིད། ལྷ་རྣམས་ལའང་ཚངས་པར་སྤྱོད་པ་ཡོད། མདོ་སྡེ་ཐམས་ཅད་དྲང་དོན་ཡིིན་ཞེས་པའང་མི་རུང་སྟེ། དུས་གསུམ་རྫས་ཡོད་བཀག་པ་དང་། ཐོབ་པ་བཀག་པ་དང་། མདོ་སྡེ་དྲང་དོན་ཡིན་ན་བསྟན་བཅོས་མཁན་པོས་ངེས་དོན་མི་རྙེད་པའི་ཕྱིར་རོ། །དེའང་ཉན་ཐོས་པ་རང་གི་ལུང་དེ་མཆོག །མདོ་དྲང་དོན་ཞེས་པ་ལྟར་རོ། །མང་སྟོན་པས་འདས་མ་འོངས་མེད་སྡུག་བསྔལ་མཐོང་ན་བཞི་ཀ་མཐོང་། བར་སྲིད་མེད། དགྲ་བཅོམ་ཡང་བསོད་ནམས་སོགས་གང་ཟག་ལུས་དང་མཉམ། སངས་རྒྱས་དགེ་འདུན་དུ་གཏོགས་ཞེས་པའང་མི་རུང་སྟེ། བདེན་བཞི་བཀག་པ་དང་། བར་དོའི་ཚེ་ཚད་གསུངས་པ་དང་། གང་ཟག །ལུས། མཉམ་པ་གསུམ་བཀག་པ་དང་། དགེ་འདུན་ལས་སངས་རྒྱས་གཞན་དུ་གསུངས་པའི་ཕྱིར་རོ། །ཆོས་སྦས་པས་སངས་རྒྱས་དགེ་འདུན་དུ་མ་གཏོགས་པའང་མ་ཡིན་ཏེ། སངས་རྒྱས་རང་རྒྱུད་པ་འདོད་ན་དགེ་འདུན་མ་ཡིན་པ་དང་འགལ་བའི་ཕྱིར་ཏེ་དགེ་བ་ལ་ཐུགས་འདུན་པའི་ཕྱིར་རོ། །འོད་སྲུངས་པས་རྣམ་སྨིན་འབྱུང་བར་འདོད་པའང་མི་རུང་སྟེ། དངོས་པོ་ལ་རྟག་མི་རྟག་མེད་པས་ཁེགས་པའི་ཕྱིར་རོ། །གོས་དམར་བས་གང་ཟག་དང་ཕུང་པོ་མེད་པ་དང་ཡོད་དོ་ཞེས་པའང་མི་རུང་སྟེ། ཡོད་མེད་རྫས་འགལ་བའི་ཕྱིར་དང་། བརྟགས་ཡོད་ཀྱི་གང་ཟག་ཁས་བླང་དགོས་ལ། རྫས་
ཡོད་ཀྱི་ཕུང་པོའང་མེད་པའི་ཕྱིར་རོ། །བླ་མ་པས་ཕུང་པོ་ལྔ་འདི་ནས་ཕ་རོལ་ཏུ་འཕོ། ལམ་མ་རྟོགས་པར་ཕུང་པོ་མི་འགག །གང་ཟག་དོན་དམ་པར་མེད་ཅེས་པའང་འཕོ་བ་ཉིད་བཀག་པ་དང་། ཕུང་པོའི་རྒྱུན་མ་གྲུབ་པ་དང་། གང་ཟག་བརྟགས་ཡོད་ཙམ་དང་འགལ་བ་དང་། ལམ་ཉིད་མ་གྲུབ་པའི་ཡང་ཕྱིར་རོ། །གནས་མ་བུ་པས་ཉེ་བར་བླང་བྱ་དང་ལེན་པ་ནི་རྟག་པ། ཆོས་གང་ཡང་འདི་ནས་ཕ་རོལ་ཏུ་འཕོ་བ་མེད། གང་ཟག་ནི་ཕུང་པོ་ལྔ་ཉེ་བར་བླངས་ནས་འཕོ། འདུས་བྱས་སྐད་ཅིག་དང་སྐད་ཅིག་མ་ཡིན་པའང་ཡོད། གང་ཟག་ནི་ཕུང་པོ་ལས་གཅིག་པ་དང་ཐ་དད་པར་མི་བརྗོད། མྱ་ངན་ལས་འདས་པ་ནི་གཅིག་པ་དང་ཐ་དད་པ་གང་དུའང་མི་བརྗོད། སེམས་ཅན་དང་སངས་རྒྱས་ཐམས་ཅད་ལ་བརྗོད་དུ་མེད་པའི་བདག་དམ་པ་རྟག་པར་ཡོད་ཅེས་པའང་མི་རུང་སྟེ། སྐད་ཅིག་ལ་འཇིག་རྒྱུ་མི་དགོས་ཤིང་། རྟག་ན་བཤིག་མི་ནུས་པས་འཇིག་པ་རྒྱུ་བཅས་མི་སྲིད་དོ། །སྐད་ཅིག་མིན་པའི་དངོས་པོ་བཀག་པ་དང་། བླང་བྱའི་ཕུང་པོ་དང་། ལེན་པ་པོའི་བདག་དུས་མི་མཉམ་ན་བླང་དུ་མེད་ལ། མཉམ་ན་རྫས་ཐ་དད་དུ་འགྱུར་བའི་ཕྱིར་དང་། མཐའ་གང་ཡང་མ་གྲོལ་ན་བདག་དང་ཕུང་པོ་མི་སྲིད་པར་ཐལ་བ་དང་། བདག་གམ་སེམས་ཀྱིས་ལུས་ལེན་པ་ཁེགས་པ་ཡིན་ལ། བརྗོད་དུ་མེད་པའི་ངོ་བོ་ལ་བདག་མི་རུང་སྟེ་བདག་ཏུ་བརྗོད་དུ་མི་རུང་བའི་ཕྱིར་རོ། །མང་པོས་བཀུར་བའི་ཆད་པར་གྱུར་པ་དང་ཆད་པ་དང་། གྲོལ་བར་གྱུར་པ་དང་གྲོལ་བ་དང་གྲོལ་བའི་རྣམ་པར་ཤེས་པ་ཡོད་པའང་མི་རུང་སྟེ། རྒྱུན་བཀག་པས་ཆད་པ་བཀག་པ་དང་། ཚེ་སྔ་ཕྱི་དང་ཤར་ནུབ་ལ་སོགས་པར་འགྲོ་བ་བཀག་པའི་ཕྱིར་དང་། རྣམ་ཤེས་བཀག་པའི་ཕྱིར་རོ། །ཆོས་མཆོག་པ་དང་བཟང་པོའི་ལམ་པས། སྐྱེ་འགག་ལ་རག་མ་ལས་པ་དང་། འགག་པའོ་ཞེས་པ་ལ། ཡང་དག་ཏུ་སྐྱེ་བ་དང་འགག་པ་མ་གྲུབ་པ་དང་། ཐ་སྙད་དུ་རང་རང་གི་དངོས་པོ་སྐྱེ་འགག་ལ་རག་མ་ལས་པ་མི་སྲིད་པའི་ཕྱིར་དང་། གཞན་གྱི་དངོས་པོར་འགྱུར་མི་སྲིད་པའི་ཕྱིར་རོ། །
དེ་དག་ཐམས་ཅད་ཅིག་ཅར་ཁེགས་ཏེ། སྡུག་བསྔལ་ལ་སོགས་པ་ཐ་སྙད་དུ་རིམ་གྱིས་དམིགས་པ་ཉིད་དང་། སྐད་ཅིག་དང་འཕོ་བ་བཀག་པའི་ཕྱིར་རོ། །ད་ནི་སྤྱི་མཐུན་པའི་རང་བཞིན་བརྗོད་པ་ནི། ཉན་ཐོས་ལམ་གང་ཚུལ་གནས་ཐོས་དང་བསམ། །དགེ་སྦྱོང་ཆོས་སོགས་ལམ་དང་ཐར་པ་དག །ཐུན་མོང་མཐུན་ཕྱིར་བདེན་པ་དགག་བྱ་ཉིད། །མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་པའི་ཚུལ་གྱིས་དང་པོར་བསྟན་པའི་སྒོར་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ལ་གནས་པ་དང་། གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོ། བརྡེག་ཀྱང་སླར་མི་བརྡེག །མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་སྟེ་དགེ་སྦྱོང་གི་ཆོས་བཞི་དང་། བསོད་སྙོམས་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ་དང་། ལམ་དང་ལམ་མ་ཡིན་པ་ལ་སོགས་པ་ལ་བླང་དོར་གྱི་དམིགས་ཤེས་པར་བྱ་བའི་ཕྱིར་ཐོས་བསམ་བྱ་བ་དང་། ཚོགས་དང་སྦྱོར་བ་ལ་སོགས་པར། ཆོས་སུམ་ཅུ་རྩ་བདུན་བསྒོམས་པས་ཐར་པ་སྒྲུབ་པ་དང་། ཟས་ཀྱི་ཚོད་རིག་པ་དང་། སྲོད་དང་ཐོ་རངས་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། འདོད་ཆགས་ལ་སོགས་པའི་གཉེན་པོ་མི་གཙང་བ་དང་། དབུགས་འབྱུང་རྔུབ་ལ་སོགས་པ་བསྒོམ་པ་དང་། རབ་ཏུ་བྱུང་བའི་རྟགས་ཆོས་གོས་དང་། ལྷུང་བཟེད་དང་འཁར་གསིལ་འཆང་བ་དང་འདོད་པ་ཆུང་བ་དང་། ཆོག་ཤེས་པ་ལ་སོགས་པ་དང་། བདེན་པ་བཞི་དང་། རྟེན་འབྲེལ་སྒོམ་པ་ལ་སོགས་པ་ནི། ཐེག་པ་མཐུན་པར་ཁས་ལེན་པས་དགག་པ་མ་ཡིན་ཏེ། དོན་དུ་གཉེར་བྱ་ཁོ་ན་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་དག་ལ་དག་གྲོལ་དུ་བདེན་ཞེན་ཡོད་ན་བློ་འགོག་གི་ཡུལ་ཙམ་འགོག་པ་མ་ཡིན་ཏེ། ཞི་བ་ལྷས། འདིར་ནི་སྣང་ཉིད་དགག་མིན་གྱི། །གང་ལ་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་གསུངས་པ་བཞིན་ནོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། མདོ་ཀུན་ལས་བཏུས་པ་ལས།
ཕྱགས་དར་ཁྲོད་དང་ཙོག་པུ་པ། །ཕྱིས་མི་ལེན་པ་ཕྱིང་བ་པ། །ཆོས་གོས་གསུམ་པ་ཤིང་དྲུང་པ། །སྟན་ཅིག་པ་དང་ཇི་བཞིན་གནས། །དུར་ཁྲོད་བླ་གབ་མེད་པ་དང་། །དགོན་པ་པ་དང་བསོད་སྙོམས་ཏེ། །ཐུབ་པ་ཞི་བའི་ཐུགས་མངའ་བས། །སྦྱངས་པ་བཅུ་གཉིས་འདི་དག་གསུངས། །ཞེས་སོ། །གཞན་རྣམས་སྔར་བསྟན་པ་དང་ཕྱིས་ཀྱང་འཆད་པར་འགྱུར་རོ། །ད་ནི་སྡེ་པ་ཀུན་འདོད་པ་ཐུན་མོང་པ་མཐུན་པར་ཁས་ལེན་པའི་གྲུབ་མཐའ་རབ་ཏུ་དབྱེ་བ་ནི། གྲུབ་པའི་མཐའ་དག་དབྱེ་ན་རྣམ་པ་གཉིས། །ཐུན་མོང་པ་དང་སོ་སོའི་རིམ་པའོ། །ཐུན་མོང་འདོད་པ་རྣམ་པ་བདུན་ཉིད་དེ། །དམན་པ་དགག་པས་འདིར་ནི་རབ་ཤེས་བྱ། །ཉན་ཐོས་པ་དག་གི་ཐུན་མོང་དུ་ཁས་ལེན་པའི་འདོད་པ་བདུན་དང་། སོ་སོའི་རང་བཞིན་རྒྱས་པར་བསྟན་པ་གཉིས་ལས། དང་པོ་ལ་བདུན་ཏེ། ཡུལ་བདེན་པ་བཞི་དང་། རྩོམ་བྱེད་དོན་དམ་པ་དང་། དགྲ་བཅོམ་མཐར་ཐུག་པ་དང་། ཀུན་གཞི་མེད་པ་དང་། ཐེག་ཆེན་མེད་པ་དང་། ས་བཅུ་མེད་པ་དང་། སངས་རྒྱས་རང་རྒྱུད་པའོ། །དང་པོ་ནི། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བདེན་པ་ཉིད་དང་བཞི་སྟེ། བླང་དོར་བྱ་བ་དག་གི་དམིགས་པའི་ཡུལ་ལོ། །དང་པོ་སྡུག་བསྔལ་ནི། འབྲས་བུའི་ཕུང་པོ་སྟེ། སེམས་ཅན་སྐྱེ་བ་དང་། སྐྱེ་བའི་གནས་གཉིས་སོ། །སྐྱེ་བ་ནི། འགྲོ་བ་རིགས་དྲུག་པོ་གཅིག་ནས་གཅིག་ཏུ་འཁོར་བའོ། །གནས་ནི། ཕྱི་སྣོད་ཀྱི་འཇིག་རྟེན་སྔར་སྨོས་པ་བཞིན་ནོ། །དེ་ན་སྡུག་བསྔལ་གྱི་རྣམ་གྲངས་ནི། སྐྱེ་བ་ལ་སོགས་པ་མང་པོ་དག་གོ །ཀུན་འབྱུང་ནི། སྡུག་བསྔལ་གྱི་རྒྱུའི་ཆ་སྟེ། ལས་དང་ཉོན་མོངས་པ་གཉིས་སོ། །ཉོན་མོངས་པ་ནི། འདོད་ཆགས་ལ་སོགས་པའོ། །ལས་ནི། བསམ་པ་དང་། སེམས་པ་གཉིས་ཏེ། དགེ་མི་དགེ་ལུང་མ་བསྟན་དང་གསུམ་མོ། །དེའང་། བསམ་པ་ལུས་དང་ངག་གི་སྟེ། །སེམས་པ་ཡིད་ཀྱི་ཡིན་པར་འདོད། །ཅེས་པ་ལྟར་རོ། །མི་དགེ་བ་ནི། སྲོག་གཅོད་པ་ལ་སོགས་པ་བཅུ་དང་། ཕ་མ་གསོད་པ་ལ་སོགས་པ་མཚམས་མེད་པ་ལྔ་དང་། བྱང་ཆུབ་སེམས་དཔའ་གསོད་པ་ལ་
སོགས་པ་ཉེ་བ་ལྔ་དང་། བསླབ་པ་འདྲལ་བ་ལ་སོགས་པའོ། །དགེ་བ་ནི། སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་དང་གཞན་ཡང་ངོ་། །ལུང་མ་བསྟན་ནི། བཟོ་འདྲུབ་པ་ལ་སོགས་པའོ། །འགོག་པ་ནི། སྡུག་བསྔལ་རྒྱུ་དང་བཅས་པ་གཏན་ནས་ཞི་བ་སྟེ་ལྷག་བཅས་ལྷག་མེད་དང་། སོ་སོར་བརྟགས་པ་དང་། བརྟགས་མིན་གྱི་འགོག་པའོ། །ལམ་ནི། སྡུག་བསྔལ་ཤེས། ཀུན་འབྱུང་སྤང་། འགོག་པ་མངོན་དུ་བྱེད། ལམ་རྒྱུད་ལ་བརྟེན་པའི་ཚུལ་གྱིས། ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ། མི་སློབ་པའི་ལམ་དང་ལྔའོ། །དེ་ཡང་མཛོད་ལས། བདེན་པ་དག་ནི་བཞིར་བཤད་དོ། །སྡུག་བསྔལ་ཀུན་འབྱུང་དེ་བཞིན་དུ། །འགོག་དང་ལམ་སྟེ་དེ་ལྟར་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཞེས་སོ། །རྩོམ་བྱེད་དོན་དམ་ནི། རགས་མཐའ་རྡུལ་ཕྲན་ཐོ་བ་ལ་སོགས་པས་གཞིག་མི་ནུས་པ་དང་། ཤེས་མཐའ་སྐད་ཅིག་བློས་གཞིག་མི་རུང་བ་སྟེ། དེ་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་པར། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །དེ་ཡང་རི་ལ་སོགས་པ་ནི། དཔག་ཚད་དུ་ཞིག་པ་ནས། རྒྱང་གྲགས་དང་། འདོམ་དང་། ཁྲུ་དང་། སོར་དང་། ནས་དང་། ཤིག་དང་། སྲོ་མ་དང་། ཉི་རྡུལ་དང་། གླང་རྡུལ་དང་། ལུག་རྡུལ་དང་། རི་བོང་རྡུལ་དང་། ཆུ་རྡུལ་དང་། ལྕགས་རྡུལ་དང་། རྡུལ་ཕྲན་དང་ཕྲ་རབ་རྣམས་ཀྱི་བར་དུ་ཞིག་པས་སོ། །ཉི་འོད་ཀྱི་རྡུལ་འབྲིང་པོ་གཅིག་བཞི་བཅུ་རྩ་དགུར་བགོས་པའི་ཆ་གཅིག་ཙམ་པ་ཟླུམ་གོང་དེ་ནི་དོན་དམ་པ་ཡིན་ཏེ། བློས་གཉིས་སུ་མི་རུང་བས་འཕགས་པ་རྣམས་ཀྱིས་ཀྱང་ཆ་ཤས་ཅན་དུ་ནི་མ་གཟིགས་ཏེ། མཚོན་གྱིས་བཅད་པ་དང་། གཏུན་དུ་ཞིབ་མོར་བརྡུངས་ཀྱང་གཉིས་སུ་འགྱེས་མི་སྲིད་པའི་ཕྱིར་རོ། །མི་ཚེ་དང་བསྐལ་པ་ནི་ཀུན་རྫོབ་ཡིན་ཏེ་ལོ་དུ་མར་ཞིག་པས་སོ། །ལོ་ཉིད་ཟླ་བ་དང་། ཞག་དང་། ཡུད་ཙམ་དང་། ཐང་ཅིག་དང་། དབུགས་དང་། རྩ་འཕར་བ་ཡང་མི་བདེན་ཏེ། སྐད་ཅིག་དྲུག་ཅུར་ཞིག་པས་སོ། །
མི་དར་མ་ཁམས་སྙོམས་པའི་རྩ་འཕར་བ་གཅིག་ལ་དྲུག་ཅུར་བགོས་པའི་ཆ་གཅིག་ཙམ་གྱི་དུས་ནི་དོན་དམ་ཡིན་ཏེ། མྱུར་ཡང་སྐད་ཅིག་གི་ཕྱིར་དང་། མདའ་ལ་སོགས་པ་མགྱོགས་པས་ཀྱང་དེའི་བར་དུ་ནུར་བའམ་འགྱུར་དུ་མེད་པའི་ཕྱིར་རོ། །དེ་ཉིད་ལས། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ཉི་ཟེར་རྡུལ་དང་ཕྲ་མོ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་གཅིག་ཅེས་བྱ་གོང་བདུན་འགྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་ཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་སོ། །དེ་ལྟར་སིལ་བུ་ཆ་ཤས་མེད་པ་དག་རླུང་དྲག་པོས་མི་འགྱེས་པར་གནས་པ་ནི་སྤྱི་མཐུན་གྱི་ལས་ཀྱིས་བསྡུས་པའམ། ལྡན་པ་ཞེས་པས་མི་འགྱེས་པ་ཡིན་ནོ། །རྡུལ་དུ་མ་ལས་རི་དང་། སྐད་ཅིག་མཐུད་པས་ཡུན་རིང་པོར་རི་ལ་སོགས་པ་གནས་པར་སྣང་བ་ནི་བྱིས་པ་བློ་རགས་པའི་འཁྲུལ་པ་ལ་སྣང་བ་ཡིན་ནོ། །འཕགས་པ་རྣམས་རྡུལ་ཕྲན་དང་སྐད་ཅིག་འགག་པར་མཁྱེན་ཏེ། བཙུན་པ་དཔལ་ལེགས་ཀྱི་རྡུལ་བདུན་ཅུ་པ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །དེ་ཉིད་མིག་ཏུ་སོང་ན་ནི། །མི་བདེ་བ་དག་སྐྱེད་པ་ལྟར། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་རྣམས། །དེ་ཡིས་ཡིད་ཀྱང་ཤིན་ཏུ་འབྱུང་། །ཞེས་སོ། །དགྲ་བཅོམ་མཐར་ཐུག་ནི། དགྲ་བཅོམ་ལྷག་མེད་དུ་འདས་པ་ནི་མར་འཁོར་བར་ཡང་མི་ལྟུང་སྟེ། མཐོང་སྤང་སྒོམ་སྤང་གི་ཕྲ་རྒྱས་སྤངས་པས་ཁམས་གསུམ་དུ་སྐྱེ་བ་ལེན་པའི་རྒྱུ་ཟད་པའི་ཕྱིར་དང་། ཡར་སངས་རྒྱ་བ་མི་སྲིད་དེ་རིགས་ཉན་ཐོས་སུ་ངེས་པས་ན་སངས་རྒྱས་
ཀྱི་རྒྱུར་མི་རུང་བའི་ཕྱིར་རོ། །སྤྱིར་ལུང་ལས་སངས་རྒྱས་འབྱུང་བར་གསུངས་པ་དེ་ནི་སྐྱེས་བུ་རབ་རྣམས་ཡིན་གྱི། བདག་གིས་བསྐལ་པ་གྲངས་མེད་དུ་འཁོར་བར་གནས་ན་སྡུག་བསྔལ་བསྲན་མི་བཟོད་ཅིང་ལམ་ལས་ཉམས་པར་འགྱུར་ལ། སེམས་ཅན་དམུ་རྒོད་བཟློག་ཏུ་མེད་པ་རྣམས་ཀྱི་དོན་བྱ་བར་མི་ནུས་པའི་ཕྱིར་ཞེས་སོ། །ཀུན་གཞི་མེད་པ་ནི། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་དུ་འཇུག་པའི་རྣམ་ཤེས་ཚོགས་དྲུག་ནི་རེ་མོས་སུ་ཡོད་ཀྱི་དེ་དག་ལས་གཞན་ཀུན་གཞིའི་རྣམ་པར་ཤེས་པ་ནི་མེད་དེ་མ་དམིགས་པའི་ཕྱིར་དང་། བརྟན་པའི་སེམས་ཤིག་གྲུབ་ན་དེ་ཉིད་གང་ཟག་གི་བདག་ཡིན་པའི་ཕྱིར་རོ། །ཐེག་ཆེན་མེད་པ་ནི། སངས་རྒྱས་ཀྱིས་ནི་འདུལ་བ་ལུང་སྡེ་བཞི་སོ་སོར་ཐར་པ་དང་བཅས་པ་དང་། མདོ་སྡེ་གཅིག་ལས་འཕྲོས་པ་ལ་སོགས་པ་དང་། མངོན་པ་གདག་པའི་སྡེ་བདུན་ལ་སོགས་པ་ཙམ་གསུངས་ཀྱི། དེ་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་། དཀོན་མཆོག་བརྩེགས་པ་དང་། ཕལ་པོ་ཆེ་ལ་སོགས་པ་ནི་མ་གསུངས་ཏེ། སངས་རྒྱས་མྱ་ངན་ལས་འདས་ནས་བདུད་དང་མུ་སྟེགས་རྣམས་ཀྱིས་བསྟན་པ་ལ་མཐོ་བརྩམ་པའི་ཆེད་དུ་བྱས་པ་ཡིན་ཏེ། གནས་བརྟན་འོད་སྲུངས་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་དེ་དག་རྟག་ཏུ་སྟོན་པའི་དྲུང་ན་འབྲལ་མེད་དུ་ཡོད་པ་ལས་མ་ཐོས་པའི་ཕྱིར་དང་། ཕྱག་རྒྱ་བཞི་དང་འགལ་བའི་ཕྱིར་དང་། སྡེ་སྣོད་གསུམ་དང་འགལ་བའི་ཕྱིར་དང་། ལས་རྒྱུ་འབྲས་དང་འགལ་བའི་ཕྱིར་རོ། །དེ་ཡང་ཕྱག་རྒྱ་བཞི་དང་འགལ་བའི་དང་པོ་འདུས་བྱས་མི་རྟག་པ་དང་འགལ་ཏེ་ལོངས་སྐུ་རྟག་པར་སྟོན་པའི་ཕྱིར་རོ། །ཆོས་བདག་མེད་པ་དང་འགལ་ཏེ་བདེ་གཤེགས་སྙིང་པོས་ཁྱབ་པ་དང་། ལེན་པའི་ཀུན་གཞིའི་རྣམ་ཤེས་སྟོན་པའི་ཕྱིར་རོ། །ཟག་བཅས་སྡུག་བསྔལ་དང་འགལ་ཏེ། བྱང་ཆུབ་སེམས་དཔའ་བདེ་བ་ནས་བདེ་བར་འགྲོ་བ་འདོད་པའི་ཕྱིར་རོ། །མྱང་འདས་ཞི་བ་དང་འགལ་ཏེ་ཉན་ཐོས་སངས་རྒྱས་སུ་ལུང་བསྟན་པའི་ཕྱིར་དང་། སངས་
རྒྱས་ནམ་ཡང་མྱ་ངན་ལས་མི་འདའ་བར་འདོད་པའི་ཕྱིར་རོ། །སྡེ་སྣོད་གསུམ་དང་ཡང་འགལ་ཏེ། ཁྱིམ་པ་ལའང་ཕྱག་བྱ་བར་སྟོན་པའི་ཕྱིར་དང་། དགེ་བསྙེན་གྱིས་བསད་པ་དང་རྐུ་བ་ལ་སོགས་པའང་བྱ་བར་སྟོན་པའི་ཕྱིར་རོ། །ལས་འབྲས་དང་ཡང་འགལ་ཏེ། ལུས་ཅན་དག་གིས་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པ་ཡིན་པ་ལ། མཚམས་མེད་སྤྱད་པའི་སྡིག་ཀྱང་ཚེ་འདིར་དག་པར་འདོད་པའི་ཕྱིར་རོ། ས་བཅུ་མེད་པ་ནི། ས་བཅུ་ཞེས་པ་བདེན་པ་མཐོང་ནས་འཁོར་བར་བསྐལ་པ་མང་པོ་གནས་པ་ནི་མེད་ཀྱི། སོ་སོ་སྐྱེ་བོའི་ས་ལ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་ངེས་འབྱེད་ཡན་ཆད་སྟན་ཅིག་ལ་ནུབ་གཅིག་གི་ཚེ་མངོན་དུ་བྱེད་པ་ཡིན་ནོ། །སངས་རྒྱས་ནི། སྤྲུལ་པའི་སྐུ་མ་ཡིན་ཏེ་ཁྲག་ཟགས་པ་དང་། སྐུ་རྒྱབ་སྙུང་བ་ལ་སོགས་པ་རྣམ་སྨིན་གྱི་ཆ་ལྷག་མ་དང་བཅས་པའོ། །རྟག་ཏུ་མཉམ་པར་གཞག་པའང་མ་ཡིན་ཏེ། ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བསོད་སྙོམས་ལས་གཤེགས་སོ། །ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །མྱ་ངན་ལས་འདས་ནས་འགྲོ་དོན་རྒྱུན་ཆད་པ་ཡིན་ནོ་ཞེས་འདོད་དོ། །དེ་དགག་པ་ལ་ཕྱོགས་སྔ་མ་ལྟར་བདུན་ལས། བདེན་པ་དགག་པ་ལའང་བཞི་ཡོད་པའི། དང་པོ་སྡུག་བསྔལ་དགག་པ་ལ། ནང་སེམས་ཅན། ཕྱི་སྣོད། སྡུག་བསྔལ་གྱི་རྣམ་གྲངས་དགག་པ་གསུམ་ལས། དང་པོ་ནི། འགྲོ་བ་རིགས་ལྔའམ་དྲུག་མ་གྲུབ་སྟེ་དམྱལ་བའམ་ལྷ་ཙམ་པོ་ཉིད་སྤྱི་དགག་པ་དང་མཚུངས་སོ། །དེའང་མི་ཤི་ནས་ལྷར་སྐྱེ་བ་མི་འཐད་དེ། ལྷར་སྐྱེས་ན་མི་མ་ཡིན་ལ། མ་སྐྱེས་ན་ལྷ་མ་ཡིན་པའི་ཕྱིར་དང་། ཕྲད་པ་མ་གྲུབ་པའི་ཕྱིར་རོ། །སྣོད་དགག་པ་ནི། འཇིག་རྟེན་ཆགས་པ་མི་རུང་སྟེ། ཡོད་དུས་དང་མེད་དུས་སུ་ཆགས་སུ་མི་རུང་བའི་ཕྱིར་རོ། །གནས་པ་མེད་དེ་སྐད་ཅིག་ཡིན་པས་འགག་པའི་ཕྱིར་རོ། །འཇིག་པ་མེད་དེ་ཡོད་དུས་མེད་དུས་སུ་འཇིག་པ་མི་རུང་བའི་ཕྱིར་རོ། །སྟོངས་པ་མེད་དེ་ནམ་མཁའ་བཀག་
པའི་ཕྱིར་རོ། །སྔར་ཞིག་པའི་ཤུལ་དེར་ཕྱིས་ཆགས་པ་མེད་དེ་ཤུལ་གྱི་ནམ་མཁའ་མ་གྲུབ་པའི་ཕྱིར་རོ། །འོ་ན་ཁྱེད་ཀྱིས་ཆགས་འཇིག་བཤད་པའང་མེད་དོ་ཞེ་ན། དངོས་པོ་ལ་མེད་ཀྱང་འཁྲུལ་ངོར་སྣང་བ་ལ་འགལ་བ་མེད་དེ་རྨི་ལམ་གྱི་སྐྱེ་འཇིག་བཞིན་ནོ། །དེས་ན་སྣོད་བཅུད་ལ་ཆགས་གནས་འཇིག་པ་རང་མཚན་པ་མེད་དེ་སྣང་དུས་ཉིད་ནས་རང་བཞིན་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་རྒྱལ་པོ་ལས། ནམ་ཞིག་འཇིག་རྟེན་ཁམས་ནི་བྱུང་བ་དང་། །འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །འཇིག་རྟེན་འདི་ན་ཇི་སྙེད་ཅི་ཡོད་པ། །ཆུ་ཡི་ཕུང་པོ་འདི་ནི་འོག་ཏུ་འགྲོ། །འོག་ཏུ་ཅི་འདྲ་སྟེང་དུའང་དེ་འདྲ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །ཐོག་མ་གང་ལས་བྱུང་བ་ཤེས་པར་བྱ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་བཞིན་ནོ། །བསྐལ་པའི་འཕེལ་འགྲིབ་མེད་དེ། རྟག་མི་རྟག་ལ་འཕེལ་འགྲིབ་མེད་པའི་ཕྱིར་རོ། །རི་དང་གླིང་ལ་སོགས་པ་རགས་པར་མ་གྲུབ་པས་དབྱིབས་དང་ཚད་གཞལ་དུའང་མི་རུང་བའི་ཕྱིར་རོ། །འདོམ་དང་སོར་ལ་སོགས་པའི་ཚད་ཀྱང་མེད་དེ། འཇལ་བཞིན་པའི་ཚེ་སྔར་གཞལ་བ་ཉིད་འགགས་ནས་མེད་པའི་ཕྱིར་རོ། །མདོ་ལས། གཟུགས་འདི་ནི་ཚད་མེད་ཅིང་བལྟར་མེད་པ་བསམ་གྱིས་མི་ཁྱབ་པའོ་ཞེས་སོ། །དེས་ན་སྣོད་མ་གྲུབ་པ་ཡིན་ནོ། །སྡུག་བསྔལ་གྱི་རྣམ་གྲངས་དགག་པ་ནི། སྐྱེ་བ་མེད་དེ་ལུས་སྐྱེ་ན། རྡུལ་ཆ་མེད་པས་སྐྱེ་བ་པོ་མེད་ལ། སྐད་ཅིག་གིས་འགགས་པས་སྐྱེ་བ་མི་སྲིད་དེ། སྐྱེ་བའི་སྐད་ཅིག་འགག་པར་གྱུར་པའི་ཕྱིར་རོ། །རྒས་པ་མེད་དེ་སྐད་ཅིག་དང་རྡུལ་ཕྲན་ལ་རྒན་གཞོན་མ་གྲུབ་པའི་ཕྱིར་རོ། །ན་བ་མེད་དེ་ལུས་དང་གཅིག་ན་ལུས་གཅིག་ཉིད་ལ་ན་བ་དང་། ལུས་ཐ་དད་དུ་མི་འགྱུར་ལ། ཐ་དད་ན་ལུས་ན་བར་མི་
རུང་ངོ་། །མི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བ་མེད་དེ་ཕྲད་པ་དང་བྲལ་རྒྱུ་བཀག་པའི་ཕྱིར་རོ། །འདོད་པ་མ་རྙེད་པ་དང་བསྲུངས་ཀྱིས་མ་ཐུབ་པ་མེད་དེ་བདག་དང་དངོས་པོ་མ་གྲུབ་པའི་ཕྱིར་རོ། །དེས་ན་མེད་པ་ལ་ཡོད་པར་སྣང་བ་རྟེན་འབྲེལ་ཙམ་ཉིད་དང་འཁྲུལ་བའི་སྣང་བ་ཞེས་བྱ་སྟེ། ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །སྡུག་བསྔལ་ཡོད་པར་ག་ལ་འགྱུར། །མི་རྟག་སྡུག་བསྔལ་གསུངས་པ་དེ། །རང་བཞིན་ཉིད་ལ་ཡོད་མ་ཡིན། །ཞེས་པ་དང་། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །ལས་རྒྱུར་སྨྲ་བ་ཉིད་བཀག་ཟིན་ཏོ། །གསོད་པ་དང་། རྐུ་བ་ཡང་དངོས་པོ་དེ་དུས་གསུམ་དུ་ཕྱེ་ལ་ཕྲད་པ་བརྟགས་པ་དང་། སྐད་ཅིག་སྔ་ཕྱིར་དབྱེ་བས། རྐུ་དུས་འགགས་པས་དངོས་པོ་མ་གྲུབ་པར་འགྱུར་བ་བཞིན་ཀུན་ལ་མཚུངས་སོ། །དེས་ན་རྫུན་སྣང་གི་ལས་རྨི་ལམ་དང་འདྲ་བས་རང་བཞིན་མེད་པ་ཉིད་དོ། །རྩ་ཤེ་ལས། རང་བཞིན་ལས་ནི་ཡོད་ཡིན་ན། །ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར། །དེ་ཕྱིར་སྟོང་ཉིད་གནོད་བྱེད་ལ། །ཀུན་འབྱུང་ཡོད་པ་མ་ཡིན་ནོ། །ཞེས་སོ། །འགོག་པ་ཡང་། སྡུག་བསྔལ་ཀུན་འབྱུང་ཁེགས་པས། དེ་གཉིས་འགག་པའི་འགོག་པ་ཁེགས་ཏེ། དགག་གཞི་མེད་ན་འགོག་པ་མེད་པས་ནད་མེད་པ་ལ་སྨན་མི་དགོས་པ་བཞིན་ནོ། །དེ་ཉིད་ལས། སྡུག་བསྔལ་རང་བཞིན་གྱིས་ཡོད་ལ། །འགོག་པ་འཐད་པ་མ་ཡིན་ནོ། །ཞེས་སོ། །ལམ་དགག་པ་ནི། ཉོན་མོངས་པའི་གཉེན་པོར་ལམ་སྒོམ་པ་ན། ཉོན་མོངས་པ་དང་དུས་མཉམ་མམ་ཐ་དད་དུ་སྒོམ། མཉམ་ན་རྒྱུད་གཅིག་ལ་སྤང་གཉེན་རྫས་འགལ་ལ། ཐ་དད་ན་གནོད་བྱ་གནོད་བྱེད་དུ་མི་རུང་སྟེ། ན་ནིང་གི་ནད་ལ་ད་ལོའི་སྨན་བཞིན་ནོ། །ལམ་དེ་ནི་གོང་དུ་འགྲོ་བ་ཡང་མེད་དེ་འགྲོ་བ་ཉིད་དུས་གསུམ་དུ་ཕྱེས་པས་བཀག་གོ །ལམ་དུ་མི་རུང་སྟེ། གང་ཞིག་གང་གིས་བགྲོད་པ་པོ་དང་བགྲོད་
ལམ་དུས་གཅིག་ཐ་དད་རྟག་མི་རྟག་གིས་ཁེགས་སོ། །སྤྱོད་འཇུག་ལས། རྣམ་ཤེས་ལུས་མེད་པ་ལ་ནི། །ཕྲད་པ་འཐད་པ་མ་ཡིན་ཉིད། །ཅེས་པ་དང་། རྩ་ཤེ་ལས། གང་ཚེ་མར་མེ་སྐྱེ་བཞིན་པ། །མུན་པ་དང་ནི་ཕྲད་པ་མེད། །ཇི་ལྟར་མར་མེ་སྐྱེ་བཞིན་པས། །མུན་པ་སེལ་བར་བྱེད་པ་ཡིན། །མར་མེས་ཕྲད་པ་མེད་པར་ཡང་། །གལ་ཏེ་མུན་པ་སེལ་བྱེད་ན། །འཇིག་རྟེན་ཀུན་ན་གནས་པའི་མུན། །འདི་ན་གནས་པ་དེས་སེལ་འགྱུར། །ཞེས་སོ། །ལམ་དང་དེའི་སྤང་བྱ་དག །སྐད་ཅིག་སྔ་ཕྱི་ཕྲད་པ་མེད་པས་མ་གྲུབ་པ་ཡིན་ནོ། །འགོག་པ་མངོན་དུ་བྱེད་པར་མི་རུང་སྟེ། འགོག་པ་ཉིད་བཀག་པས་མངོན་དུ་བྱེད་པ་ཁེགས་པའི་ཕྱིར་རོ། །དེ་ཡང་དགག་བྱ་འདས་ན་འགོག་མི་དགོས་མ་འགགས་ན་མི་ཁེགས་པ་དང་། དེ་གཉིས་དུས་མཉམ་ན་ངོ་བོ་འགལ་བ་ཐ་དད་པས་མི་རུང་། མི་མཉམ་ན་དགག་བྱ་དང་འགོག་བྱེད་དུ་མི་རུང་བའི་ཕྱིར་ཏེ་མ་གྲུབ་པ་ཁོ་ནའོ། །ཚོགས་ལམ་ལ་སོགས་པའང་སྒོམ་པའི་བློ་དེ་ཉིད་ཚོགས་ལམ་ལ་སོགས་པ་ཡིན་ན། བསྒོམ་བྱ་སྒོམ་བྱེད་ཐ་དད་ཀྱི་རྫས་སུ་མི་རུང་ལ། གཞན་ཡིན་ན་དེའི་བློ་མ་ཡིན་པ་དེའི་ལམ་དུ་མི་སྲིད་པས་སྒོམ་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་བདེན་པ་བཞི་ཆར་མ་གྲུབ་པ་ཉིད་དེ། ལང་ཀར་གཤེགས་པ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ཏེ། །བྱིས་པ་རྣམས་ནི་བདེན་པ་བཞི་ཞེས་སྨྲ། །བྱང་ཆུབ་སྙིང་པོར་བཞུགས་ནས་བདེན་གཅིག་ཀྱང་། །གྲུབ་པར་མ་མཐོང་བཞི་ལྟ་ག་ལ་ཡོད། །ཅེས་པ་དང་། ཡུམ་ལས། འཕགས་པའི་བདེན་པ་རྣམས་ཀྱང་ངོ་བོ་ཉིད་མེད་དོ་ཞེས་སོ། །རྩོམ་བྱེད་དོན་དམ་དགག་པ་ལ་གཉིས་ཏེ། གཟུགས་ཅན་དང་། དུས་ཅན་དགག་པའོ། །དང་པོ་ནི། རྡུལ་ཕྲན་དེ་དག་ལ་བརྟག་པ་ལྔ་ལས། ཕྲད་མ་ཕྲད་ནི། རགས་པ་རྩོམ་ན་རྡུལ་རྣམས་ཕན་ཚུན་ཕྲད་དམ་མ་ཕྲད། མུ་སྟེགས་བྱེ་བྲག་པ་ཕྲད་པར་འདོད། ཉན་ཐོས་བྱེ་བྲག་པ་བར་དང་བཅས་པར་འདོད། མདོ་སྡེ་པ་འབྱར་ལ་མ་རེག་པར་འདོད་དོ། །དེ་ཡང་ཕྲད་ན་དབུས་ཀྱི་རྡུལ་དེ་ཕྱོགས་དྲུག་གི་རྡུལ་དང་ཕྲད་པའི་ཚེ། ངོས་ཆ་དྲུག་གིས་ཕྲད་དམ། ཤར་ལ་སོགས་པར་ཕྲད་པའི་ངོས་དེ་ཉིད་ཀྱིས་ཕྲད། ངོས་དྲུག་གིས་ཕྲད་ན། དབུས་རྡུལ་དེ་ཉིད་ཆ་དྲུག་ཏུ་
ཐལ་ཏེ་ཕྲད་པའི་ངོས་དྲུག་ཡོད་པའི་ཕྱིར་རོ། །ཤར་སོགས་དྲུག་ཅར་དང་འབྱར་རོ་ཞེ་ན། ངོས་དྲུག་གི་རྡུལ་ཉིད་ཤར་ཕྱོགས་མ་ཁོ་ནའི་གོ་ན་ཡོད་པར་ཐལ་ཏེ། ཤར་ངོས་དང་འབྱར་བའི་ཕྱིར་རྡུལ་ཉིད་བཞིན་ནོ། །གལ་ཏེ་མ་འབྱར་ཞེ་ན། བར་དུ་སྣང་མུན་གྱི་རྡུལ་གྱིས་ཆོད་དམ་མ་ཆོད། མ་ཆོད་པ་མི་རུང་སྟེ། གཟུགས་ཅན་གྱི་བར་ཙམ་ལ་སྐྱ་ཐལ་ལེ་བ་དང་ནག་ཐིབས་སེ་བ་ཅིག་ལས་མི་འདའོ། །ཆོད་ན་སྣང་མུན་གྱི་རྡུལ་དང་འབྱར་རམ་མ་འབྱར། འབྱར་ན་ཕྱོགས་དྲུག་གམ་གཅིག་གིས་འབྱར་བ་ལས་མི་འདའོ། །མ་འབྱར་ན་དེ་ལ་ཡང་བར་ཡོད་པར་འགྱུར་བས་ན། བར་དེར་སྣང་མུན་ཞུགས་པ་དང་མ་ཞུགས་པ་གཉིས་ལས་མི་འདའོ། །གལ་ཏེ་ཐུག་མེད་དུ་ཡང་མ་འབྱར་ཞེ་ན། ཡུངས་འབྲུ་གཅིག་གི་ནང་དུའང་གླང་པོ་ཆེ་ཤོང་བར་ཐལ་ཏེ། བར་ལ་དཔག་ཚད་ཐུག་པ་མེད་པའི་ཕྱིར་རོ། །གཞན་ཡང་མ་འབྱར་ན་ནི་བར་ཡོད་པས་ན་མཚོན་གྱིས་ལུས་ཆོད་པ་དང་། སྒྱོགས་ཀྱིས་མཁར་འཇིག་པ་དང་། ཀ་བས་གདུང་འདེགས་པ་དང་། རྔ་ལས་སྒྲ་འབྱུང་བའང་རྒྱུན་ཆད་པར་ཐལ་ལོ། །དེས་ན་རགས་པ་བརྩམ་པར་སྣང་ཡང་ཕྲད་མ་ཕྲད་དུ་ཡོད་པ་མ་ཡིན་ཏེ་རྨི་ལམ་གྱི་རི་བཞིན་ནོ། །ཉི་ཤུ་པ་ལས། དྲུག་གི་ཆར་ནི་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པ་དང་། སེམས་འགྲེལ་ལས། ཕྱོགས་བཅུའི་དབྱེ་བས་ཕྱེ་བ་ཡིས། །རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་། །གང་ལ་ཆ་ཤས་ཀྱིས་བརྟགས་པ། །དེ་ལ་རྡུལ་ཕྲན་ཇི་ལྟར་འདོད། །ཅེས་སོ། །གཉིས་པ་བལྟས་མ་བལྟས་ཀྱིས་བརྟག་པ་ནི། འབྱར་རམ་མ་འབྱར་ཀྱང་བླ་སྟེ། དབུས་རྡུལ་གྱི་ཕྱོགས་དྲུག་གི་ངོས་ལ་བལྟས་ན་ཆ་དྲུག་ཏུ་འགྱུར་ལ། ཤར་ངོས་མ་ཉིད་ཀྱི་ཕྱོགས་ལ་བལྟས་ན་རི་ལ་སོགས་པའི་དངོས་པོ་ཐམས་ཅད་ཤར་ངོས་ཁོ་ན་ན་ཡོད་པར་འགྱུར་རོ། །དབུ་མ་རྒྱན་ལས། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །ལྟ་བའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་བ་ཡང་། །དེ་
ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །རྡུལ་ཕྲན་གཞན་ལ་ལྟ་བའི་ངོས། །གལ་ཏེ་གཞན་ཉིད་ཡིན་བརྗོད་ན། །རབ་ཏུ་ཕྲ་རྡུལ་ཇི་ལྟ་བུ། །གཅིག་པུ་ཆ་ཤས་མེད་པར་འགྱུར། །ཞེས་སོ། །གསུམ་པ་གྲིབ་མ་དང་ཉི་ལོགས་ཀྱིས་བརྟག་པ་ནི། སྔ་དྲོ་ཉི་མ་ཤར་བའི་ཚེ་རྡུལ་རིལ་པོ་ཉི་ལོགས་སུ་ཡོད་ན་གཅིག་གིས་གཅིག་ལ་མི་སྒྲིབ་པར་ཐལ་ཏེ་ཤེལ་གོང་བཞིན་ནོ། །རིལ་པོ་གྲིབ་མ་ཡིན་ན་ཉིན་པར་ཡང་མུན་ནག་ཏུ་ཐལ་ཏེ་གང་ལ་ཡང་ཉི་མའི་འོད་མ་ཕོག་པའི་ཕྱིར་མཚན་མོ་བཞིན་ནོ། །ཤར་ངོས་ཉི་མ་ཡིན་ལ། ནུབ་ངོས་གྲིབ་མའོ་ཞེ་ན་རྡུལ་ཕྲན་གཅིག་ལ་ཤར་ནུབ་ཀྱི་ཆ་གཉིས་ཡོད་པར་འགྱུར་རོ། །དེས་ན་རགས་པ་རྡུལ་ཕྲན་ལས་མི་འདའ་ལ། དེ་ཉིད་དུ་ཉི་མ་ཕོག་མ་ཕོག་གིས་སྒྲིབ་མི་སྒྲིབ་བརྟགས་པ་ཡིན་ནོ། །བཞི་པ་འཕོ་བའི་བརྟག་པ་ནི། མདའ་འཕངས་པ་དང་ཉི་གྲིབ་མཚམས་ཁང་མིག་ཏུ་ནུར་བའི་རྡུལ་དག་ལམ་གྱི་རྡུལ་དང་ཁ་བསྣོལ་བའི་ཡུན་རིང་ཐུང་ཡོད་དམ་མེད། མེད་ན་མདའ་དང་ཁང་མིག་གི་གྲིབ་མ་མགྱོགས་བུལ་མཉམ་པར་ཐལ་ལ། བསྣོལ་བ་ལ་དུས་རིང་ཐུང་ཡོད་ན་གྲིབ་མ་དང་ལམ་གྱི་རྡུལ་གཅིག་འགྲོགས་པའི་བར་དུ་མདའི་རྡུལ་གྱིས་རྡུལ་སྟོང་ཆོད་པར་ཐལ་ལོ། །འདོད་ན་དེའི་བར་ལ་དུས་ཆ་སྟོང་གྲུབ་པར་ཐལ་ཏེ། འཕོ་བ་གཅིག་ཙམ་ལ་ཡུལ་གཅིག་ན་སྔར་གནས་པ་དང་ཅིག་ཤོས་ན་ཕྱིས་གནས་པས་ཁྱབ་པའི་ཕྱིར་རོ། །འདོད་ན་མདའི་རྡུལ་གྱིས་ལམ་གྱི་རྡུལ་ཕྲན་སྟོང་གཅོད་པའི་བར་དུ་གྲིབ་མའི་རྡུལ་གོ་སྟོང་འཕོས་པར་ཐལ་ཏེ། མི་སྡོད་པར་ལན་སྟོང་དུ་ནུར་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ་ནུར་བ་ཙམ་ལ་སྔ་མ་དོར་ནས་ཕྱི་མ་ལེན་པས་ཁྱབ་པའི་ཕྱིར་རོ། །འདོད་ན་ལམ་གྱི་རྡུལ་ཆ་སྟོང་ཡོད་པར་ཐལ་ཏེ། རྡུལ་གཅིག་གི་གོ་མ་ཟད་པར་གོ་སྟོང་ཡོད་པར་འཕོས་པའི་ཕྱིར་རོ། །འདིས་ནི་སྐད་ཅིག་ཆ་མེད་ཀྱང་ཁེགས་ཏེ། གྲིབ་མ་གནས་པའི་སྐད་ཅིག་ལ་མདའ་འཕོས་པའི་དུས་ཆ་སྟོང་གྲུབ་པས་སོ། །དེ་བཞིན་དུ་འཁོར་ལོས་སྒྱུར་བའི་རྟ་པདྨས་བརྒྱན་པའི་མཚོ་སྟེང་ནས་ཕྱིན་པའི་ཚེ། པདྨ་རྣམས་མ་ཉམས་པར་རྐང་པ་འདེགས་པ་དང་། རྐང་པ་ལ་པདྨ་རེག་གི་བར་དུ་དེ་ན་གནས་པའི་ཀླུས་མི་གནོད་པར་རྐང་པ་ལན་ཅིག་དཀྲིས་ཏེ་འགྲོ་བ་དང་། སྦྲུལ་དེ་ལན་ཅིག་འཁྲིལ་བའི་བར་དུ་ཀུན་དགའ་བོས་ཚིག་བདུན་འཛིན་པ་དང་།
དེ་ཚིག་གཅིག་འཛིན་པའི་བར་དུ་མཽངྒལ་གྱི་བུས་རྫུ་འཕྲུལ་གཅིག་སྟོན་པ་དང་། རྫུ་འཕྲུལ་གཅིག་སྟོན་པའི་བར་དུ་ཤཱ་རིའི་བུས་ཆོས་ཀྱི་དོན་གཅིག་སེམས་པས་ན་མདའི་ལམ་གྱི་རྡུལ་གཅིག་འཕོ་བའི་བར་དུ་ཡང་དུས་ཆ་འབུམ་ཕྲག་དུ་མ་འགགས་པ་དང་། རྡུལ་ཆ་གཅིག་ལས་ཆ་དུ་མར་འཕོ་བ་ཡིན་ནོ། །མདའ་དེ་ཅིག་ཅར་དུ་འགྲོ་བར་ནི་སྨྲ་བར་མི་ནུས་ཏེ། ལམ་རྣམས་མདས་འཇའ་ཚོན་ལྟར་ཁྱབ་པར་འགྱུར་བའི་ཕྱིར་རོ། །འཕོ་བ་སྔ་ཕྱིར་བཅས་པའི་ཕྱིར། །སྐད་ཅིག་དུས་ཆ་དུ་མར་འགྱུར། །ནུར་བ་འདོར་ལེན་བྱེད་པའི་ཕྱིར། །རྡུལ་ཕྲན་ཆ་ནི་དུ་མར་འགྱུར། །ཞེས་བརྗོད་པ་བཞིན་ནོ། །ལྔ་པ་རིང་ཐུང་གི་བརྟག་པ་ནི། རྡུལ་གཉིས་གཤིབས་པའི་སྲུབ་ནོན་དུ་རྡུལ་གཅིག་བཞག་དུས། འོག་གི་གཉིས་པོ་དང་སྟེང་གི་གཅིག་པོ་ལ་རིང་ཐུང་ཡོད་དམ་མེད། མེད་ན་རྡུལ་གཅིག་གི་གོར་གཅིག་ཐིམ་པར་འགྱུར་ཏེ། གཅིག་ལས་མ་འཕེལ་བའི་ཕྱིར་རོ། །ཡོད་ན་རྡུལ་གསུམ་པོ་ཆ་གཉིས་གཉིས་སུ་ཐལ་ཏེ། འོག་མ་གཉིས་པོའི་ཕྱེད་ནོན་ཅིང་ཕྱེད་མ་ནོན་ལ། སྟེང་མའི་ཕྱེད་ཀྱིས་ཤར་ནོན་ཅིང་ཕྱེད་ཀྱིས་ནུབ་ནོན་པའི་ཕྱིར་རོ། །སྐད་ཅིག་དགག་པ་ལ་གཉིས་ཏེ། ཕྲད་མ་ཕྲད་ཀྱི་བརྟག་པ་དང་། རིང་ཐུང་གི་བརྟག་པས་དགག་པའོ། །དང་པོ་ནི། ཡུལ་དང་ཤེས་པ་ལ་སོགས་པའི་སྐད་ཅིག་དུ་མ་མཐུད་ནས་རྒྱུན་རྩོམ་པ་ན་སྐད་ཅིག་སྔ་ཕྱི་དག་ཕྲད་དམ་མ་ཕྲད། མ་ཕྲད་ན་ལུས་འདི་ཡང་རོར་ཐལ་ཏེ་ཤེས་པ་སྔ་མ་འགགས་ལ། ཕྱི་མ་མ་སྐྱེས་ཀྱི་བར་ཤེས་པ་འགའ་ཡང་མེད་པའི་ཕྱིར་རོ། །ཤེས་པ་ཕྱི་མ་རྒྱུ་མེད་དུ་ཐལ་ཏེ། ཆད་པ་ལས་སྐྱེ་བའི་ཕྱིར་རོ། །ཕྲད་ན་ༀ་ཨཱཿཧཱུྃ་བརྗོད་དུས་ཨཱཿདེ་ༀ་ཧཱུྃ་གཉིས་དང་དུས་གཅིག་ཕྲད་དང་རེ་མོས་སུ་ཕྲད། དུས་གཅིག་ཕྲད་ན་དུས་གསུམ་གྱི་དངོས་པོ་ཐམས་ཅད་དུས་མཉམ་བྱུང་བས་ན་སྐད་ཅིག་ཁོ་ན་ལས་མི་སྲིད་པར་ཐལ་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར། རེ་མོས་སུ་ཕྲད་ན་ཨཱཿའི་སྐད་ཅིག་དེ་ཉིད་ཆ་གཉིས་སུ་ཐལ་ཏེ། སྔ་ཆ་ༀ་དང་ཕྲད་ཅིང་། ཕྱི་ཆ་ཧཱུྃ་དང་ཕྲད་པའི་ཕྱིར་རོ། །འདོད་ན་སྐད་ཅིག་ཆ་མེད་ཉམས་སོ། །སྔ་ཕྱི་གཉིས་ཀྱིས་ཕྲད་པ་
ན། །སྐད་ཅིག་དུས་ཆ་གཉིས་སུ་འགྱུར། །གཉིས་པོ་དག་ནི་དུས་མཉམ་ན། །བསྐལ་པ་སྐད་ཅིག་གཅིག་པར་འགྱུར། །ཞེས་བྱའོ། །རིང་ཐུང་གི་བརྟག་པ་ནི། ལྷ་སྦྱིན་མཆོད་སྦྱིན་གཉིས་ཤེས་པའི་སྐད་ཅིག་གི་ཚེ། ལྷ་སྦྱིན་གྱི་ཤེས་པ་སྐད་ཅིག་གཉིས་སུ་ཐལ་ཏེ། སྐྱེ་བའི་སྲུབ་ནོན་དུ་མཆོད་སྦྱིན་གྱི་ཤེས་པ་སྐད་ཅིག་གཅིག་སྐྱེས་པའི་ཚེ། གཉིས་པོ་དང་གཅིག་པོ་ལ་དུས་རིང་ཐུང་ཡོད་དམ་མེད། མེད་ན་བསྐལ་པའང་སྐད་ཅིག་ཏུ་ཐལ་ཏེ་མཐུད་པས་རིང་ཐུང་དུ་མ་གྱུར་པའི་ཕྱིར་རོ། །ཡོད་ན་སྐད་ཅིག་དེ་ཆ་གཉིས་སུ་ཐལ་ལོ། །དེའང་ལྷ་སྦྱིན་གྱི་ཤེས་པ་སྔ་མ་ཉིད་ཆ་གཉིས་སུ་ཐལ་ཏེ། སྔ་ལོགས་མཆོད་སྦྱིན་གྱི་ཤེས་པ་དང་མི་འགྲོགས་པ་དང་། ཕྱི་ལོགས་འགྲོགས་པའི་ཕྱིར་རོ། །མཆོད་སྦྱིན་གྱི་ཤེས་པའང་ཆ་གཉིས་སུ་ཐལ་ཏེ། སྔ་ལོགས་ལྷ་སྦྱིན་གྱི་ཤེས་པ་དང་འགྲོགས་ཤིང་ཕྱི་ལོགས་མི་འགྲོགས་པའི་ཕྱིར་རོ། །དེ་ཡང་རྟོག་པ་སྔ་ཕྱི་གཉིས་པོ་དེ་ཕྲད་མ་ཕྲད་བརྟག་པ་ཡིན་ནོ། །རིན་ཆེན་ཕྲེང་བ་ལས། ཐོག་མ་དབུས་དང་ཐ་མ་ཡང་། །སྐད་ཅིག་བཞིན་དུ་བསམ་བྱས་ན། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་སོ། །འདི་ལྟ་བུའི་རིགས་པས་ཆོས་རྣམས་སྣང་ལ་མ་གྲུབ་པར་ཤེས་དུས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པ་ལ་འཇུག་སྟེ། སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་སོ། །དགྲ་བཅོམ་མཐར་ཐུག་དགག་པ་ལ་གསུམ་སྟེ། ཚོགས་མི་གསོག་པ་དགག་པ། རིགས་ངེས་པ་དགག་པ། འཕགས་པའི་གནས་ཚུལ་ལོ། །དང་པོ་ནི། དགྲ་བཅོམ་འཚང་མི་རྒྱ་སྟེ་ཚོགས་མི་གསོག་པའི་ཕྱིར་རོ་ཞེས་པའི་ཕྱོགས་ཆོས་མ་གྲུབ་སྟེ། ཚོགས་གསོག་མི་གསོག་ཏུ་དངོས་སུ་ནི་མ་དམིགས་པའི་ཕྱིར་རོ། །ཚོགས་མི་གསོག་སྟེ་ཁམས་གསུམ་དུ་སྐྱེ་བ་མི་ལེན་པའི་ཕྱིར་ཏེ། ལེན་པའི་རྒྱུ་མཐོང་སྤངས་སྒོམ་སྤངས་ཀྱི་ཕྲ་རྒྱས་སྤང་བའི་ཕྱིར་རོ་ཞེས་པའང་
མ་གྲུབ་སྟེ། སངས་རྒྱས་མ་ཐོབ་ན་ཕྲ་རྒྱས་ཕྲ་མོའི་གནས་ངན་ལེན་ཐམས་ཅད་སྤང་མི་སྲིད་པའི་ཕྱིར་ཏེ། ཉན་ཐོས་དགྲ་བཅོམ་ལ་ཡུལ་དུས་རང་བཞིན་མཚན་ཉིད་ཀྱིས་བསྐལ་དོན་མི་ཤེས་ཤིང་ལམ་འདྲི་བར་དགོས་པའི་ཕྱིར་རོ། །རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་སྲིད་དེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་སོ། །རིགས་ངེས་པའང་མི་འཐད་དེ། སྒྲིབ་པ་གློ་བུར་བ་ཡིན་པས་སྦྱང་རུང་དུ་མཚུངས་པས་དེ་སྦྱངས་ན་ཉན་ཐོས་ཀྱང་སངས་རྒྱས་སུ་མི་འགྱུར་བ་མེད་པའི་ཕྱིར་རོ། །འཕགས་པའི་གནས་ཚུལ་ནི། དབང་པོ་དམན་པ་རྣམས་སྐྲག་པ་སྤངས་ཤིང་འཁོར་བའི་སྡུག་བསྔལ་ངལ་གསོར་འཇུག་པ་ལ་དེ་སྐད་བརྗོད་དེ། དམ་པའི་ཆོས་པདྨ་དཀར་པོ་ལས། འདི་ལྟར་མྱ་ངན་འདའ་བར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མི་འདའ། །སངས་རྒྱས་ཐེག་པའི་མཆོག་འདི་བཙལ་བར་གྱིས། །འདྲེན་པ་རྣམས་ཀྱི་རྣམ་འཕྲུལ་འདི་འདྲ་སྟེ། །ངལ་གསོའི་ཕྱིར་ནི་མྱ་ངན་འདས་པར་སྟོན། །ངལ་སོས་ནས་ནི་མྱ་ངན་ཀུན་འདའ་ཕྱིར། །ཐམས་ཅད་མཁྱེན་པའི་ས་ལ་དཀྲི་བར་བྱོས། །ཞེས་པ་དང་། ཤཱ་རིའི་བུ་ཡང་དེ་བཞིན་གཤེགས་པ་པདྨའི་འོད་ཅེས་བྱ་བར་འགྱུར་རོ། །རབ་འབྱོར་ཡང་དེ་བཞིན་གཤེགས་པ་ཟླ་བའི་ཏོག་ཅེས་བྱ་བར་འགྱུར་ཏེ་ཞེས་པ་དང་། ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་འབྱུང་ཞིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོ། །དེ་ལྟར་འགོག་པའི་དབྱིངས་སུ་བསྐལ་པ་སྟོང་ཕྲག་བཅུར་གནས་པ་ལ། བསྐུལ་ནས་དག་པའི་ཞིང་དུ་པདྨོ་ལས་སྐྱེས་ཏེ། གདོད་བྱང་ཆུབ་ཏུ་སེམས་སྐྱེད་དེ། མྱ་ངན་ལས་འདས་པ་
ཆེན་པོའི་མདོ་ལས། དགྲ་བཅོམ་པ་ཡང་ཡོངས་སུ་མྱ་ངན་ལས་འདས་ནས་འགོག་པར་ཞུགས་ཏེ། བསྐལ་པ་སྟོང་ཕྲག་བཅུ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ནོ་ཞེས་སོ། །དེ་ལྟར་སེམས་བསྐྱེད་ནས་ལམ་སྒྲུབ་དུས་སྔར་གྱི་ཞི་བ་གཅིག་པུ་ཚོལ་པའི་བློ་ངན་དེ་གོམས་པས། འཁོར་བ་ལ་ཡིད་འབྱུང་ཞིང་མྱུར་དུ་མྱ་ངན་ལས་འདའ་བར་འདོད་པའི་བློ་དེས་སངས་རྒྱས་ཀྱི་ཞིང་སྦྱོང་ཞིང་སེམས་ཅན་སྨིན་པའི་ཚོགས་རྫོགས་པ་ལ་བར་དུ་གཅོད་པས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དང་། དང་པོ་སེམས་བསྐྱེད་པ་དུས་མཉམ་ཡང་། ཉན་ཐོས་སེམས་བསྐྱེད་པ་དེ་ཕྱིར་བསྐལ་པ་བཞི་བཅུས་བུལ་བར་བཤད་དེ། མདོ་སྡེ་རྒྱན་ལས། དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོག་པ་བུལ་བ་ཡིན་པར་འདོད། །ཅེས་སོ། །དེ་གཉིས་ནི་ཉན་རང་གི་དགྲ་བཅོམ་སེམས་བསྐྱེད་པ་ལ་ཟེར་རོ། །དེ་ཡང་ཉན་ཐོས་ཀྱི་དགྲ་བཅོམ་གྱིས་སྟོང་ཉིད་རྟོགས་སམ་མ་རྟོགས་ཤེ་ན། སློབ་དཔོན་སྔ་རབས་པ་ཁ་ཅིག་ནི་གང་ཟག་གི་བདག་མེད་ལས་མ་རྟོགས་པར་འདོད་ལ། རང་སངས་རྒྱས་ཀྱིས་ཆོས་ཀྱི་ཕྱེད་གཟུང་བར་རང་བཞིན་མེད་པར་རྟོགས་པ་ལས། གཉིས་ཀ་མ་རྟོགས་པར་འདོད་ལ། ཁ་ཅིག་གིས་རྟོགས་པར་འདོད་པས་རྩོད་ནའང་། ཁོ་བོས་ནི། འདི་ལྟར་རིག་སྟེ། སྔོན་ཉན་ཐོས་ཀྱི་སྡེ་པ་སོ་སོར་གྱེས་དུས་ཀྱང་ལ་ལས་བདག་འདོད་པ་དང་། ལ་ལས་མི་འདོད་པ་དང་། ལ་ལས་གཟུགས་བརྙན་ལྟར་འདོད་པ་ཐ་དད་པས་ལམ་སྒྲུབ་པ་ཡོད་པས། འབྲས་བུའི་དུས་སུའང་སྔར་གྱི་ལམ་གྱི་རྗེས་སུ་བྱེད་པས་རྟོགས་མ་རྟོགས་གཉིས་སུ་བྱུང་བར་རིག་གོ །དེའང་བྱེ་བྲག་པའི་ལམ་ལ་ཞུགས་པ་དག་གི་དགྲ་བཅོམ་པས་ནི་སྔོན་ཡོད་པར་ཞེན་པ་ལ་གོམས་པ་ཤས་ཆེ་བས་གང་ཟག་གི་བདག་མེད་ཙམ་ལས་ཆོས་ཀྱི་བདག་མེད་མ་རྟོགས་པར་སྨྲ་སྟེ་མཚན་མར་འཛིན་པའི་ཕྱིར་རོ། །མདོ་སྡེའི་ཕྱོགས་ལས་ལམ་བསྒྲུབས་ན། ཤེས་རབ་
ཟབ་པས་གཟུགས་བརྙན་དང་འདྲ་བ་ལ་སོགས་པའི་ཕྱིར་རྟོགས་པའོ་སྙམ་དུ་རིག་གོ །དེ་ཡང་དབང་པོ་རྣོ་བས་ནི། གཟུགས་ཀྱི་ཆོས་ལས་དཔགས་ནས་ཀུན་མཐུན་པར་རྟོགས་ལ། རྟུལ་བས་གང་བསྟན་པ་དེ་ལས་གཞན་མི་ཤེས་སོ། །རང་བཞིན་དུ་བདག་མེད་ཙམ་དུ་རྟོགས་པར་མཐུན་པས་གཉིས་ཀས་ཀྱང་ཕུང་པོའི་འཛིན་པ་སྟོང་པར་རྟོགས་དགོས་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བར་འགྱུར། །ཞེས་པ་དང་། དངོས་པོ་གཅིག་བདག་མེད་དུ་རྟོགས་ན་ཀུན་བདག་མེད་དུ་རྟོགས་དགོས་པར། ལངྐར་གཤེགས་པ་ལས། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །དངོས་པོ་གཅིག་ལ་གང་ལྟ་བ། །དེ་ནི་ཀུན་ལ་ལྟ་བར་བརྗོད། །ཅེས་སོ། །དེ་ཡང་བདག་ཏུ་འཛིན་པའི་ཉེས་པས་འཁོར་བར་འཇུག་པར་ཤེས་ནས་ཆོས་ཐམས་ཅད་བདག་མེད་པར་རྣོ་རྟུལ་གཉིས་སྒོ་གཅིག་ཀྱང་། རྟུལ་པོས་ཐམས་ཅད་གཞི་མེད་པ་ཆོས་ཉིད་ལ་སྤྱོད་པའི་སྟོང་པར་མ་རིག་པས་ཆོས་ཀྱི་བདག་མེད་མ་རྟོགས་ཞེས་དམན་པ་དགག་པའི་སྒྲས་བརྗོད་ལ། རྣོན་པོས་རྟེན་འབྲེལ་ཙམ་དུ་ཤེས་པའི་ཆོས་ཉིད་ཡོད་ཀྱང་རྨི་ལམ་གྱི་བདེ་སྡུག་ཙམ་ལའང་སྐྲག་པས་ཞི་བར་མོས་པའི་ཕྱིར་རོ། །དམན་པ་དགག་པ་ཙམ་དུ་ལུང་ཁ་ཅིག་ལས་ཆོས་ཀྱི་བདག་མེད་མ་རྟོགས་པར་བཤད་དེ། ལངྐར་གཤེགས་པ་ལས། དགྲ་བཅོམ་པ་དེ་དག་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལས་བྱུང་བར་མཐོང་བས་མྱ་ངན་ལས་འདའ་བར་སེམས་ཏེ་ཆོས་ཀྱི་བདག་མེད་པར་མ་རྟོགས་པས་མྱ་ངན་ལས་འདས་པ་མེད་དོ་ཞེས་པ་དང་། དྲི་མ་མེད་པའི་མདོ་ལས། སྟོང་པ་ཉིད་ལ་མོས་པའི་ཉོན་མོངས་པ་ཅན་ཉིད་བླའི། ཉན་ཐོས་དང་རང་སངས་རྒྱས་དམིགས་པ་དང་བཅས་པའི་ཉོན་མོངས་པ་མེད་པ་ནི་དེ་ལྟ་མ་ཡིན་ནོ། །དེ་དག་གི་འདུས་མ་བྱས་མངོན་སུམ་དུ་བྱས་ནས་དམིགས་པ་དང་བཅས་པ་ཇི་ལྟར་ལགས་བཀའ་སྩལ་པ། དེའི་འདུས་མ་
བྱས་ནི་རྒྱ་མཚོ་ལས་སྐྲའི་རྩེ་མོས་བླངས་པ་ལྟར་ཤིན་ཏུ་ཆུང་ངོ་། །ཞེས་དང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཤཱ་རིའི་བུས་སྨྲས་པ། ཉན་ཐོས་སྒྲའི་རྗེས་སུ་འབྲང་བར་རང་གི་རྒྱུད་སྣང་བ་ཉི་ཚེ་བའི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བའི་ཤེས་རབ་དེས་བདག་ཤེས་རབ་ཅན་གྱི་མཆོག་ཏུ་གསུངས་ཀྱི། ཞེས་པ་དང་། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། དེ་དག་གིས་རྟོགས་པའི་སྟོང་པ་ཉིད་ནི་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་ལྟར་ཆུང་ངོ་། །ཞེས་པ་དང་། རྒྱུད་བླ་མའི་འགྲེལ་པར། སྤྲིན་མཐོངས་མཁའ་ལ་ཉི་བཞིན་འདིར་ནི་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་རབ་ཏུ་མཐོང་མ་ལགས། །ཞེས་བཤད་པ་རྣམས་སོ། །དངོས་པོ་འདི་དག་བདག་མེད་པའི་སྟོང་པར་མ་རྟོགས་པ་མ་ཡིན་ཏེ། རགས་པ་རྡུལ་ཕྲན་ལ་སོགས་པར་རྟོགས་པས་ཀྱང་བདག་མེད་དེ་རགས་པར་འཛིན་པའི་བློ་ཞིག་པས་སོ། །འོན་ཀྱང་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་ཆོས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེའི་ཐབས་ལ་ཞུམ་ཞིང་འཁོར་བའི་ཉེས་པས་སྐྱོ་བའི་ཕྱིར་རོ། །ཡུམ་ལས་ཀྱང་། ཉན་ཐོས་ཀྱི་ས་ལ་མྱ་ངན་ལས་འདའ་བར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པ་དང་། མི་མཉམ་པ་དང་མཉམ་པའི་ལེའུ་འདི་བསྟན་པའི་ཚེ། དགེ་སློང་ལྔ་བརྒྱ་དང་། དགེ་སློང་མ་བརྒྱ་ཕྲག་ཉི་ཤུས་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཞེས་པ་ལ་སོགས་པ་འདིའི་དོན་ཇི་ལྟར་དྲང་། དེས་ན་འཁྲུལ་སྣང་བདག་མེད་དུ་རྟོགས་པའི་ཤེས་རབ་བདག་མེད་པ་ཙམ་མཚུངས་ལ། འཁྲུལ་སྣང་འདིར་ཡུན་རིང་དུ་གནས་ནས་སེམས་ཅན་གྱི་དོན་རླབས་པོ་ཆེ་བྱེད་པའི་ཐབས་དང་ཤེས་རབ་དང་རྣམ་པར་གྲོལ་བ་ལ་མི་མཚུངས་པར་ཤེས་པར་བྱའོ། །ཉན་རང་འཕགས་པ་དེ་དག་ཐེག་ཆེན་ཚོགས་ལམ་ཆུང་ངུ་ནས་འཇུག་སྟེ། ཐེག་ཆེན་གྱི་སངས་རྒྱས་ཐེག་ཆེན་ལམ་ལྔ་དང་རྗེས་སུ་འགྲོ་ལྡོག་གི་འབྲེལ་བ་གྲུབ་དགོས་པའི་ཕྱིར་རོ། །འཕགས་པ་སོ་སོ་སྐྱེ་བོར་ཡང་མི་འགྱུར་
ཏེ་སྔར་དགྲ་བཅོམ་ཐོབ་པའི་ཕྱིར་རོ། །ཐེག་ཆེན་འཕགས་པར་ཡང་མི་འགྱུར་ཏེ། མཐོང་ལམ་གྱི་སྤངས་རྟོགས་དང་ནུས་པ་མཉམ་པ་མ་ཐོབ་པའི་ཕྱིར། ཐེག་ཆེན་ཚོགས་སྦྱོར་སྒོམ་པའི་ཉན་རང་གི་འཕགས་པ་ཡིན་པའི་ཕྱིར་གྱི་རྟགས་ཀྱི་ཟུར་གཉིས་ཀྱིས་ཐེག་ཆེན་འཕགས་པར་མི་འགྲུབ་སྟེ་ཁྱབ་པ་མེད་དོ། །ཡོད་ན་ས་དང་པོའི་སེམས་དཔའ་སངས་རྒྱས་སུ་སྤྲུལ་དུས་སངས་རྒྱས་ཡིན་པར་ཐལ། འཕགས་པ་ཡིན་ལ་སངས་རྒྱས་སུ་སྣང་བའི་ཕྱིར་རོ་ཞེས་པ་དང་མཚུངས་སོ། །འདི་དག་གི་རྣམ་གཞག་རྒྱས་པར་ཁོ་བོའི་བསྟན་བཅོས་རིན་ཆེན་ཐེམ་སྐས་སུ་བལྟ་བར་བྱའོ། །ཀུན་གཞི་མེད་པ་དགག་པ་ཡང་། དྲུག་པོ་རེས་མོས་ཉིད་དུ་ཁ་དོག་ལྔ་རེ་མོས་དང་མཚུངས་ཤིང་། ཐ་སྙད་དུ་ཀུན་གཞི་རྣམ་ཤེས་མེད་པ་ནི་མི་རུང་སྟེ། འཁོར་བར་འཇུག་པར་མི་རུང་བ་དང་། ལྡོག་པར་མི་རུང་བ་དང་། ཆད་ནས་འབྱུང་བར་མི་རུང་བའི་ཕྱིར་རོ། །དང་པོ་ནི། དུས་རྟག་ཏུ་རྒྱུན་ཆགས་སུ་འཇུག་པའི་ཀུན་གཞི་མེད་ན་འཁོར་བར་ལུས་ལེན་པ་མེད་པར་ཐལ་ཏེ་བག་ཆགས་ཀྱི་རྟེན་མེད་པའི་ཕྱིར་དང་། མེར་མེར་པོའི་དུས་ན་གཟུགས་མཐོང་བ་དང་། རྟོག་པ་ལ་སོགས་པའི་ཚོགས་དྲུག་མེད་པའི་ཕྱིར་རོ། །འཁོར་བ་ལས་ལྡོག་པར་མི་རུང་བ་ནི། ཤེས་པ་རྫས་གཅིག་གི་སྟེང་དུ་ཉོན་མོངས་པ་སྤང་བྱ་སྤོང་བྱེད་གཉིས་མེད་པའི་ཕྱིར་ཏེ། སྒོ་ལྔའི་རྣམ་ཤེས་ནི་འཕགས་པའི་ལམ་ལ་མཉམ་པར་བཞག་དུས་འགགས་པས་སོ། །ཆད་ནས་འབྱུང་བ་མི་རུང་བ་ནི། བརྒྱལ་བ་ལ་སོགས་པའི་རྗེས་ལ་ཚོགས་དྲུག་འབྱུང་བས་ན། ཚོགས་དྲུག་སྔ་མ་ལས་མི་འབྱུང་སྟེ། འགགས་ནས་རིང་ཞིག་བར་དུ་ཆོད་པའི་ཕྱིར་རོ། །ལུས་ཀྱང་མི་འབྱུང་སྟེ། ཉེར་ལེན་ཡིནཔའི་ཕྱིར་རོ། །ལངྐར་གཤེགས་པ་ལས། རྣམ་པར་ཤེས་པ་ཡིད་ལས་བྱུང་། །ཡིད་ནི་ཀུན་གཞི་ལས་བྱུང་སྟེ། །ཀུན་གཞི་ལས་ནི་སེམས་ཀུན་ཡང་། །དབའ་རླབས་བཞིན་དུ་འབྱུང་བར་འགྱུར། །ཞེས་པ་དང་། དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །
བདག་ཏུ་རྟོགས་པར་འགྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་པ་དང་། ཉན་ཐོས་ཀྱིའང་གཅིག་ལས་འཕྲོས་པའི་ལུང་དེ་བཞིན་གཤེགས་པའི་ཕན་ཡོན་བཞི་བསྟན་པའི་མདོ་ལས། སྐྱེ་དགུ་ཀུན་གཞི་ལ་དགའ་བ་ཀུན་གཞི་ལ་ཀུན་ཏུ་དགའ་བ་ཀུན་གཞི་ལས་ཡང་དག་པར་འབྱུང་བ། ཀུན་གཞི་ལ་མངོན་པར་དགའ་བ་ཅན་དག་ལ་ཀུན་གཞི་སྤང་བར་བྱ་བའི་ཕྱིར་ཆོས་བསྟན་ན་ཉན་པར་འདོད་དོ། །ཞེས་པ་བཞིན་ནོ། །ཐེག་ཆེན་མེད་པ་དགག་པ་ལ་གསུམ་སྟེ། སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པ་དང་། ཚུལ་མཚུངས་པའོ། །དང་པོ་ནི། འདུས་བྱས་མི་རྟག་པ་དང་མི་འགལ་ཏེ། ལོངས་སྐུ་འདུས་བྱས་མ་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་སོ། ཁ་ཅིག་ནི། རྫས་མི་རྟག་པའམ་སྐད་ཅིག་གི་ཕྲེང་བ་ཡིན་ལ། རྒྱུན་རྟག་པར་འདོད་པས་བསོད་ནམས་ལས་འདུས་བྱས་པར་འདོད་པ་ནི། ཐེག་ཆེན་ལ་བློ་ཁ་མ་ཕྱོགས་པར་ཟད་དོ། །དེའང་སྙིང་པོའི་ཁམས་ལ་ངོ་བོ་གཅིག་པའི་ཡོན་ཏན་སྔ་ཕྱི་མེད་པ་ལ་སྒྲིབ་པའི་དྲི་མ་ཚོགས་གཉིས་ཀྱིས་བསལ་བས་སྐུ་གཉིས་མངོན་དུ་གྱུར་པར་བྱས་པ་ལ་རྒྱུས་བསྐྱེད་པར་བརྟགས་ཀྱང་བྲལ་རྒྱུ་ཡིན་ཏེ། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མར་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་གྱུར་པ། །ཞེས་པ་ལ་སོགས་པས་གསལ་ལོ། །དེ་བས་ཀྱང་རྟག་དངོས་སུ་འགྱུར་སྙམ་ན་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ལས་གྲོལ་བ་དེ་བཞིན་གཤེགས་པའི་ཡེ་ཤེས་གཟིགས་པ་དག་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་འཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཞེས་སོ། །བདག་མེད་དང་མི་འགལ་ཏེ། བདེ་གཤེགས་སྙིང་པོ་གློ་བུར་བའི་ཆོས་ཀྱིས་སྟོང་ཞིང་། ཀུན་གཞི་སྐད་ཅིག་གི་ཕྲེང་བ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་དང་མི་འགལ་ཏེ་སྡུག་བསྔལ་སྲབ་པ་ལ་བདེ་བར་ཁྱེད་ཀྱང་འདོད་པའི་ཕྱིར་རོ། །ཞི་བ་དང་
མི་འགལ་ཏེ་དགྲ་བཅོམ་གཏན་གྱི་མྱང་འདས་མ་ཡིན་ཞིང་། འཁོར་བའི་སྡུག་བསྔལ་རགས་པ་ཞི་བའི་ཕྱིར་དང་། ཁོ་བོ་ཅག་ནི། སངས་རྒྱས་ཆོས་སྐུ་ལ་བྱེད་ལ། ཁྱེད་ཀྱང་འགོག་པ་མྱ་ངན་ལས་འདའ་བར་མི་འདོད་པའི་ཕྱིར་རོ། །སྡེ་སྣོད་དང་ཡང་མི་འགལ་ཏེ། དགོས་པ་ཆེན་པོའི་ངོར་དགག་བྱ་ཆུང་ངུ་གནང་བའི་ཕྱིར་དང་། ཉོན་མོངས་པ་དང་མི་ཤེས་པས་བསླད་པའི་དགག་བྱར་བྱང་ཆུབ་སེམས་དཔའ་མི་སྤྱོད་པའི་ཕྱིར་དང་། ལས་འབྲས་དང་མི་འགལ་ཏེ། ལས་རང་ཟད་དུ་འགྱུར་བ་ཐེག་ཆེན་ཡང་མི་འདོད་པའི་ཕྱིར་རོ། །གནོད་བྱེད་ཡོད་པ་ནི། ཐེག་ཆེན་གྱི་ཆོས་མེད་ན་སངས་རྒྱས་འབྱུང་མི་སྲིད་དེ་གཞན་དོན་སྙིང་རྗེ་ལ་སོགས་པ་ཉན་ཐོས་ཀྱི་ཆོས་ལ་མེད་ལ། སངས་རྒྱས་ཀྱི་རྒྱུ་མ་ཚང་བའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། མ་ཚང་བ་དང་འགལ་བ་དང་། །ཐབས་མིན་དེ་ལྟར་མི་སྟོན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །ཞེས་སོ། །ཚུལ་མཚུངས་པ་ནི། ཐེག་ཆེན་བཀའ་མ་ཡིན་ན་ཁྱེད་ཀྱི་ལུང་སྡེ་བཞི་མདོ་སྡེ་དང་བཅས་པའང་བཀའ་མ་ཡིན་པར་མཚུངས་སོ། །ངེད་ཀྱི་ལུང་ཁྱེད་ཀྱིས་ཀྱང་ཁས་ལེན་པས་མཐུན་ལ། ཁྱེད་ཀྱི་ལུང་ངེད་ཀྱིས་ཁས་མི་ལེན་པས་མ་ཡིན་ནོ་ཞེ་ན། མཐུན་སྣང་མ་གྲུབ་པས་བཀའ་མ་ཡིན་ན། ལུང་འདི་དག་ཕྱི་རོལ་པ་དང་མཐུན་སྣང་དུ་མ་གྲུབ་པས་བཀའ་མ་ཡིན་པར་ཐལ་ལོ། །ངེད་ཀྱི་ཉན་ཐོས་ཀྱིས་མ་ཐོས་པའི་ཕྱིར་བཀའ་མ་ཡིན་ནོ་ཞེས་པའང་མི་འཐད་དེ། རབ་འབྱོར་ལ་སོགས་པ་ཡོད་པས་ཐོས་པའི་ཕྱིར་རོ། །ཐེ་ཚོམ་ཟ་བ་ཡིན་པས་བཀའ་མ་ཡིན་ནོ་ཞེ་ན། སངས་རྒྱས་ཀྱི་གསུང་ཐམས་ཅད་བཀའ་མ་ཡིན་པར་ཐལ་ཏེ། བདུད་དང་མུ་སྟེགས་བྱེད་ཐེ་ཚོམ་ཟ་བའི་ཕྱིར་རོ། །སྤྱོད་འཇུག་ལས། གལ་ཏེ་ཐེག་ཆེན་བཀའ་མིན་ན། །སྐྱོན་ནི་ཁྱེད་ཅག་ལ་ཡང་མཚུངས། །ཞེས་སོ། །ས་བཅུ་མེད་པ་དགག་པ་ནི། ས་བཅུ་མ་ཐོབ་པར་སོ་སོ་སྐྱེ་བོའི་སར་དབང་རྣམས་མ་ཐོབ་པས་ཚོགས་ཅུང་ཟད་ལས་མི་རྫོགས་པའི་ཕྱིར། འཕགས་པའི་ས་མཐོང་སྒོམ་དུ་གསོག་པ་འཐད་དོ། །ཉོན་མོངས་མ་སྤངས་ན་ལམ་ལ་བར་ཆད་མང་བས་བར་
ཆད་དུ་འགྱུར་བའི་ཕྱིར་རོ། །ཆོས་སྦས་པའི་གཞུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཅིང་། །དབང་བཅུ་དག་ཀྱང་ཐོབ་པར་འགྱུར། །ཞེས་འབྱུང་བ་བཞིན་ནོ། །སངས་རྒྱས་རང་རྒྱུད་པ་དགག་པ་ནི། ཐུབ་པ་ཉིད་སངས་རྒྱས་མ་ཡིན་པར་ཐལ། ཀླད་ནད་ལ་སོགས་པ་རྣམ་པར་སྨིན་པའི་སྒྲིབ་པ་མ་སྤངས་པའི་ཕྱིར་དང་། ལྷག་སྤྱོད་དང་རིང་འཕུར་ལ་དྲིས་པས་མ་རིག་པ་མ་སྤངས་པའི་ཕྱིར་དང་། འདས་ནས་འགྲོ་དོན་རྒྱུན་ཆད་པ་ན་ཐུགས་རྗེ་མེད་པའི་ཕྱིར་རོ། །ཚུལ་འདིས་ཀུན་གཞི་གཏན་མེད་དུ་འདོད་པ་དང་། ཉན་ཐོས་སངས་མི་རྒྱ་བར་འདོད་པ་དང་། རྟོགས་པ་འཕགས་པ་དང་མཉམ་ཡང་སའི་ཡོན་ཏན་མེད་ལ། འོན་ཀྱང་འཕགས་པའི་ཆོས་ཐོབ་པར་འདོད་པ་དང་། ཤི་ནས་ཐོད་པ་བོར་ཆོག་ལས་གཞན་དུ་སྤྲུལ་པ་མི་འབྱུང་བར་འདོད་པ་རྣམས་ཀྱང་ཁེགས་པ་ཡིན་ནོ། །ད་ནི་ཉན་ཐོས་ཀྱི་གྲུབ་མཐའ་སོ་སོའི་རང་བཞིན་རྒྱས་པར་བསྟན་པ་ནི། སོ་སོའི་རང་བཞིན་རྣམ་པ་གཉིས་ཉིད་དེ། །བྱེ་བྲག་པ་དང་མདོ་སྡེ་སྤྱོད་པའོ། །དེ་ཡང་མདོ་སྡེ་ནི་སངས་རྒྱས་ཀྱིས་གདུལ་བྱ་དབང་པོ་རྣོན་པོ་བྱང་ཆུབ་ཉེ་བ་ལ་དགོངས་ནས་དགོངས་པ་སྣ་ཚོགས་ཀྱིས་བསྟན་པས། ཡུའུ་ཅག་བློ་དམན་པ་ཚུ་རོལ་མཐོང་བ་རྣམས་ཀྱིས་མི་རྟོགས་ཤིང་གཏན་ལ་མི་ཕེབས་ཏེ། རེ་ཞིག་ཡིད་ཆེས་པའི་ལུང་ཙམ་མོ། །དེའི་དགོངས་པ་ཇི་ལྟར་ཡིན་པ་རྟོགས་ནས་གཏན་ལ་ཕབ་པ་ནི་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་ཡིན་པས། དེ་ཇི་ལྟ་བ་བཞིན་ཚད་མར་ཁས་བླང་ངོ་ཟེར་ནས་དེའི་རྗེས་སུ་ཞུགས་པ་ནི། བྱེ་བྲག་ཏུ་སྨྲ་བ་ཡིན་ལ། ཡང་བསྟན་བཅོས་ནི་གང་ཟག་གིས་བྱས་པ་ཡིན་པས་རང་གི་རྟོག་པས་གཟུ་བོར་མ་སྦྱར་བའང་སྲིད་དེ་ཚད་མར་མི་རུང་བས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་སྤྱན་རྒྱས་པ་ཐུབ་པ་ཉིད་ཀྱིས་གསུངས་པའི་མདོ་ཚད་མར་བཟུང་ངོ་། །ཞེས་དེའི་རྗེས་སུ་འབྲང་བ་ལ་མདོ་སྡེ་པ་ཞེས་བྱའོ། །དེ་ལ་དང་པོ། བྱེ་བྲག་སྨྲ་བས་ཤེས་བྱ་གཞི་ལྔ་སོགས། །རྣམ་བདུན་གཞུང་གི་དོན་རིག་ཡང་དག་མིན། །
དང་པོ་བྱེ་བྲག་ཏུ་སྨྲ་བ་ལ་གྲུབ་པའི་མཐའ་མང་ཡང་གཙོ་ཆེ་བ་བདུན་འདོད་དེ། ཤེས་བྱའི་གཞི་ལྔ། འཇིག་པ་དོན་གཞན། དུས་གསུམ་རྫས་གྲུབ། བརྗོད་མེད་ཀྱི་བདག །ཤེས་པས་རང་དང་ཡུལ་མི་རིག་པ། མཚན་མཚོན་ཐ་དད། ཆུད་མི་ཟ་བའི་རྫས་སོ། །དང་པོ་ནི། ཤེས་བྱ་ཐམས་ཅད་གཞི་ལྔར་ངེས་ཏེ། གཟུགས། སེམས། སེམས་བྱུང་། མི་ལྡན་པའི་འདུ་བྱེད། འདུས་མ་བྱས་སོ། །དེ་ལ་གཟུགས་ཀྱི་གཞི་ནི། གཟུགས་སུ་རུང་བའི་མཚན་ཉིད་ལ། དབྱེ་ན་རྒྱུའི་གཟུགས་བཞི། འབྲས་གཟུགས་བཅུ་གཅིག་བསྡོམས་པས་བཅོ་ལྔ་ཡོད་དེ། མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་སོ། །རྒྱུའི་གཟུགས་ས་ཆུ་མེ་རླུང་བཞིའོ། །འབྲས་གཟུགས་བཅུ་གཅིག་ནི། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་དང་ལྔ། གཟུགས། སྒྲ། དྲི། རོ། རེག་བྱ་སྟེ་ཡུལ་ལྔ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །དེ་ཉིད་ནི་བསྟན་དུ་མེད་ལ། ཐོགས་པ་མེད་པའོ། །དེ་ཡང་ཡུལ་ལ་གཡེང་བ་དང་། སེམས་མེད་པའི་སྙོམས་འཇུག་ལའང་དགེ་བ་རྒྱུན་ཆགས་སུ་འབྱུང་བའི་སྡོམ་པ་དང་། མི་དགེ་བ་རྒྱུན་ཆགས་སུ་འབྱུང་བ་སྡོམ་པ་མ་ཡིན་པ་དང་། བར་མའི་དགེ་མི་དགེ་རྒྱུན་ཆགས་པར་འབྱུང་བར་ངེས་པ་སྟེ། མཛོད་ལས། གཡེང་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཞེས་དང་། རྣམ་རིག་མིན་རྣམས་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་སོ། །སེམས་ཀྱི་གཞི་ནི་དོན་ཙམ་རིག་པ་སྟེ། མིག་གི་རྣམ་ཤེས་ལ་སོགས་པ་དྲུག་གོ །མདོ་སྡེ་པ་ལྟར་ཡུལ་ལྐོག་གྱུར་འཛིན་པ་མ་ཡིན་ཏེ། བུམ་སོགས་དངོས་སུ་མཐོང་བས་སོ། །ཡུལ་འཛིན་པའང་མིག་རྣ་བ་ཡིད་གསུམ་གྱིས་བུམ་སོགས་རྒྱང་ན་ཡོད་པ་འཛིན་ལ། སྣ་ལྕེ་ལུས་གསུམ་གྱིས་ནི་ཡུལ་དང་ཕྲད་དུས་ཡུལ་གྱི་རྡུལ་དང་དབང་པོའི་རྡུལ་གྲངས་མཉམ་པར་འཛིན་ཏེ། དེ་ཉིད་
ལས། མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད་གསུམ་གཞན་དུ། །སྣ་ལ་སོགས་པ་གསུམ་གྱིས་ནི། །ཡུལ་ནི་མཉམ་པར་འཛིན་པར་འདོད། །ཅེས་སོ། །སེམས་ལས་བྱུང་བའི་གཞི་ནི། དོན་གྱི་ཁྱད་པར་འཛིན་པ་སྟེ། དབྱེ་ན་ལྔ་བཅུ་རྩ་གཅིག་ནི། རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་སྟེ། ཀུན་ཏུ་འགྲོ་བ་ལྔ་དང་། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྟེ་ཡུལ་སོ་སོར་ངེས་པ་ལྔ་དང་། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་སྟེ། དགེ་བ་བཅུ་གཅིག་དང་། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་པ་དྲུག་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་སྟེ་ཉི་ཤུ་ཉེ་བའི་ཉོན་མོངས་པ་དང་། གཉིད་དང་། འགྱོད་པ་དང་། རྟོག་པ་དང་། དཔྱོད་པ་སྟེ་གཞན་དུ་འགྱུར་བ་བཞི་དང་བསྡོམས་པས་ལྔ་བཅུ་རྩ་གཅིག་ནི། ཚོར་དང་སེམས་པ་འདུ་ཤེས་དང་། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལའོ། །དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་རྣམ་གཉིས་མི་འཚེ་དང་། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། །ཞེས་པ་ལ་སོགས་པ་བཞིན་ནོ། །དེ་ཐམས་ཅད་ཀྱང་སེམས་ལས་རྫས་ཐ་དད་ཅིང་། གནས་དང་། དམིགས་པ་དང་། རྣམ་པ་དང་།
དུས་དང་། རྫས་མཚུངས་པ་ལྔས་སེམས་ཀྱི་རྗེས་སུ་འགྲོ་བ་སྟེ། རེག་པ་དང་མིག་ཤེས་གཉིས་དབང་པོ་གཅིག་ལས་སྐྱེས་པ་དང་། བུམ་པ་ལྟ་བུ་གཅིག་ལ་དུས་གཅིག་དམིགས་པ་དང་། གཉིས་ཀས་ཀྱང་སྔོན་པོར་འཛིན་པ་དང་། རྫས་རེ་རེ་བར་མཉམ་པ་སྟེ། མཛོད་ལས། སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག་སེམས་དང་སེམས་བྱུང་ནི། །རྟེན་དང་དམིགས་པ་རྣམ་བཅས་དང་། །མཚུངས་པར་ལྡན་པའང་རྣམ་པ་ལྔ། །ཚོར་བ་མྱོང་བ་འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་དོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། །ཞེས་སོ། །མི་ལྡན་པའི་འདུ་བྱེད་ནི། ཉི་ཤུ་རྩ་གསུམ་སྟེ། ཐོབ་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་། རིགས་མཐུན་པ་དང་། སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་། སོ་སོའི་སྐྱེ་བོ་དང་། འཇུག་པ་དང་། སོ་སོར་ངེས་པ་དང་། འབྱོར་འབྲེལ་དང་། མགྱོགས་པ་དང་། གོམས་པ་དང་། དུས་དང་། ཡུལ་དང་། གྲངས་དང་། ཚོགས་པའོ། །དེ་ཐམས་ཅད་ཀྱང་གཟུགས་སེམས་སེམས་ལས་བྱུང་བ་གསུམ་ལས་རྫས་ཐ་དད་པའོ། །ཐལ་མོ་དང་ཁུ་ཚུར་ལྟར་གནས་ཀྱི་ལྡོག་རྫས་ཐ་དད་པའོ། །འདུས་མ་བྱས་པའི་གཞི་ནི། རྒྱུ་རྐྱེན་ལས་མ་སྐྱེས་པ་སྟེ། ནམ་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་མིན་གྱི་འགོག་པ་སྟེ་གསུམ་མོ། །དེ་ཉིད་ལས། འདུས་མ་བྱས་ཀྱང་རྣམ་པ་གསུམ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་སོ། །དེ་གསུམ་ཆར་རྟག་དངོས་ཀྱི་རྫས་སུ་གྲུབ་པའོ། །འཇིག་པ་དོན་གཞན་ནི་བུམ་པ་འདུས་བྱས་སུ་མཚོན་པའི་མཚན་ཉིད་བཞི་སྟེ། སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པའོ། །དེ་བཞི་འདུས་བྱས་སུ་མཚོན་པ་རྗེས་སུ་མཚོན་པའི་མཚན་ཉིད་བཞི་སྟེ། སྐྱེ་བའི་སྐྱེ་བ། རྒ་བའི་
རྒ་བ། གནས་པའི་གནས་པ། འཇིག་པའི་འཇིག་པའོ། །དེ་ལྟར་མཚན་ཉིད་བཞི་དང་རྗེས་སུ་མཐུན་པའི་མཚན་ཉིད་བཞི་དང་། བུམ་པའི་རྫས་བརྒྱད་དང་། བཅུ་དྲུག་པོ་དེ་མི་རེང་བཅུ་དྲུག་གཤིབས་པ་ལྟར། རྫས་ཐ་དད་པར་དུས་གཅིག་ཏུ་རྫས་སུ་གྲུབ་ནས་ཡོད་དོ། །དེ་ལ་བུམ་པ་སྐྱེ་དུས་རྩ་བའི་སྐྱེ་བ་དང་སྐྱེ་བའི་སྐྱེ་བས་མ་འོངས་པའི་ས་ནས་ད་ལྟར་གྱི་སར་འདྲེན་པའོ། །དེས་ན་བུམ་པ་ལ་སོགས་པ་ཆོས་བརྒྱད་སྐྱེ་བ་ནི་སྐྱེ་བ་གཞན་པོ་དེའི་མཐུ་ཡིན་ལ། དེ་སྐྱེ་བ་ནི་སྐྱེ་བའི་སྐྱེ་བའི་མཐུའོ། །དེ་བཞིན་དུ་བུམ་པ་མི་འཇིག་པ་ལ་འཇིག་པ་གཞན་པོ་དེས་འཁོར་བརྒྱད་དང་བཅས་པ་འདས་པའི་སར་འཕུལ་བར་བྱེད་པ་སྟེ། མཛོད་ལས། མཚན་ཉིད་དག་ནི་སྐྱེ་བ་དང་། །རྒ་དང་གནས་དང་མི་རྟག་ཉིད། །དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཅེས་སོ། །དུས་གསུམ་རྫས་གྲུབ་ནི། དེས་ན་འདས་པའི་དངོས་པོ་བུམ་པ་ཆག་པ་ལ་སོགས་པ་རྣམས་གཏན་མ་ཞིག་པར་རྟག་ཏུ་ཡོད་པ་དང་། མ་འོངས་པའི་དངོས་པོ་ཉི་མ་བདུན་ལ་སོགས་པ་རྣམས་ཀྱང་སྔོན་ནས་རྟག་ཏུ་ཡོད་མོད་ཀྱི། འདས་པ་དང་མ་འོངས་པའི་ས་ན་བསྐལ་པས་མི་མཐོང་ཞིང་ལོངས་སྤྱོད་དུ་མེད་པའོ། །དངོས་པོ་རྣམས་རྟག་ཏུ་ཡོད་ན་དུས་གསུམ་གྱི་ཁྱད་པར་གང་གིས་འབྱེད་ཅེ་ན། རང་རང་གི་འབྲས་བུ་སྐྱེད་པའི་བྱ་བ་བྱས་ཟིན་པ་ནི་འདས་པའོ། །བྱ་བ་མ་བྱས་པ་ནི་མ་འོངས་པའོ། །བྱེད་བཞིན་པ་ནི་ད་ལྟར་བའོ། །འོ་ན་ཕྱིས་ཀྱི་བུམ་པ་འཇིམ་དུས་སུ་ཡོད་ན་གྲངས་ཅན་པ་དང་ཁྱད་པར་ཅི་ཡོད་ཅེ་ན་ཡོད་དེ། ད་ལྟར་གྱི་སར་སྐད་ཅིག་ལས་མི་གནས་ཤིང་སྐད་ཅིག་ཇི་སྙེད་པའི་རྒྱུ་འབྲས་འཇིམ་པ་དང་། བུམ་པ་དང་། གྱོ་མོ་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །དེས་ན་བུམ་པ་ཉིད་མ་སྐྱེས་པའི་བར་དུ་མ་འོངས་པའི་ས་ན་ཡོད་ལ་སྐྱེས་པའི་སྐད་ཅིག་ཕན་ཆད་འདས་པའི་སར་འབྱོལ་བ་ཡིན་ནོ། །བརྗོད་མེད་ཀྱི་བདག་ནི། ལས་བྱེད་པ་པོ་དང་འབྲས་བུ་ལ་སྤྱོད་པ་པོའི་གང་ཟག་གི་བདག་གཅིག་ནི་ངེས་པར་ཡོད་པ་ཡིན་གྱི། གཞན་དུ་ན་མིས་
ཚུལ་ཁྲིམས་བསྲུངས་ནས་ལྷར་སྐྱེས་པ་ན། ཚུལ་ཁྲིམས་བསྲུངས་པའི་མིའི་ཕུང་པོ་འགག་པས་བྱས་པ་ཆུད་ཟོས་པ་དང་། ལྷའི་ཕུང་པོས་ཚུལ་ཁྲིམས་མ་བསྲུངས་པར་འབྲས་བུ་མྱོངས་པས་མ་བྱས་པ་དང་ཕྲད་པར་ཐལ་བའི་ཕྱིར་རོ། །དེས་ན་སྲིད་པ་གཅིག་ནས་གཅིག་ཏུ་བརྒྱུད་དུས་ཕུང་པོ་འདོར་ཡང་བདག་གཅིག་པུ་དེས་སྔོན་བྱས་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་དེ། ལུང་ལས། ང་དེའི་ཚེ་བྲམ་ཟེའི་བུར་གྱུར་པ་ན་དེ་བཞིན་གཤེགས་པ་རིན་ཆེན་ཏོག་ལ་མེ་ཏོག་ཕུལ་བས་ཚེ་རབས་ལྔ་བརྒྱར་ལྷའི་ལུས་ཐོབ་ནས་ད་ལྟར་སངས་རྒྱས་པ་ནའང་མཚན་གྱིས་བརྒྱན་པར་གྱུར་ཏོ་ཞེས་པས་ཤེས་ལ། བདག་གིས་དགེ་བ་སྔོན་དུ་གསོག་པར་བྱས་པ་དེའི་ཚེ་སོག་པ་པོ་ཕྱི་མར་བདག་མྱོང་པ་པོ་དེའི་མགོན་སྐྱབས་སུ་འགྱུར་ཏེ། དེ་ཉིད་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །སུ་ཞིག་བདག་གི་མགོན་དུ་འགྱུར། །བདག་གིས་བྱས་པའི་ལས་རྣམས་ནི། །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་སོ། །དེ་ལྟ་མོད་ཀྱི་བདག་དེ་ནི་ཕུང་པོ་འདི་ཉིད་ཀྱང་མ་ཡིན་ལ། ཕུང་པོ་ལས་ལོགས་ན་ཡང་མེད་དོ། །རྟག་པར་ཡང་བརྗོད་དུ་མེད་ལ། མི་རྟག་པ་ཡང་བརྗོད་དུ་མེད་དོ། །ཤེས་པས་རང་དང་ཡུལ་མི་རིག་པ་ནི། བློས་རང་ཉིད་མི་རིག་སྟེ། །རིག་བྱ་རིག་བྱེད་གཉིས་མེད་པའི་ཕྱིར་རོ། །འོན་ཀྱང་གཞན་གྱིས་རིག་པའོ། །ཡུལ་རིག་པ་ནི་སེམས་ཀྱིས་མི་རིག་སྟེ། སེམས་ཐོགས་མེད་ཡིན་པས་བར་དུ་ཆོད་པའང་རིག་པར་ཐལ་བའི་ཕྱིར་རོ། །འོན་ཀྱང་དབང་པོ་ཉིད་ཀྱིས་རིག་པའོ། །དེ་ཡང་དབང་པོ་ཐམས་ཅད་ཀྱིས་ནི་མི་རིག་གིརྣམ་ཤེས་ལ་རྟེན་དང་བཅས་པས་རིག་སྟེ། མཛོད་ལས། མིག་གི་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་རྣམས་མཐོང་བ་མེད་ཕྱིར་ལོ། །ཞེས་སོ། །མཚན་མཚོན་ཐ་དད་པ་ནི། དཀར་ཟལ་ལྐོག་ཤལ་གྱིས་བ་གླང་དུ་མཚོན་པ་ན་དེ་གསུམ་རྫས་གཅིག་ཏུ་མི་རུང་སྟེ། ལྐོག་ཤལ་དཀར་
ཟལ་དང་གཅིག་ན། ལས་བྱེད་པོ་གཅིག་ཏུ་འགྱུར་ཞིང་བ་གླང་དང་བྱེད་པོ་ཡང་གཅིག་ཏུ་འགྱུར་བས། མཚན་མཚོན་དུ་མི་རུང་བའི་ཕྱིར་ཏེ། ཡོས་དང་། ཕྱེ་དང་། འཐག་པའི་མི་གསུམ་གཅིག་ཏུ་མི་རུང་བ་བཞིན་ནོ། །འོན་ཀྱང་མི་གསུམ་ལྟར་རྫས་ཐ་དད་པ་གསུམ་དུ་ཡོད་དོ། །ཆུད་མི་ཟ་བའི་རྫས་ནི། མི་ལྡན་པའི་འདུ་བྱེད་ཐོབ་པའི་བྱེ་བྲག་ལས་བྱས་པ་ཆུད་མི་ཟ་བ་ཞེས་པ་བུ་ལོན་གྱི་ཡི་གེ་ལྟ་བུ་གཞི་ལུང་མ་བསྟན་གཟུགས་དང་སེམས་དང་སེམས་བྱུང་གསུམ་ལས་ཐ་དད་པ། དེ་འགགས་ཀྱང་འབྲས་བུ་སྐྱེད་པར་བྱེད་པའོ། །དེ་ཡང་ཚེ་འདི་ལ་བརྟེན་པ་སོ་སོར་གནས་སོ། །འཆི་བའི་ཚེ་འདོད་ཁམས་པའི་ཡང་དགེ་མི་དགེ་གཅིག་ཏུ་འདྲིལ་ལོ། །འདོད་གཟུགས་གཟུགས་མེད་ཟག་མེད་ཀྱི་ཆུད་མི་ཟ་བ་དག་སྟེ། རྫས་གཅིག་ཏུ་སྦྲགས་ནས་ཚེ་འཕོས་པའོ། །ལས་རྣམ་པར་སྨིན་ཡང་ཆུད་མི་ཟ་མི་འགག་པར་རོར་གནས་ཏེ། བུ་ལོན་འཁོར་བའི་ཆགས་ཡིག་མ་སུབས་པ་བཞིན་ནོ། །ནམ་འགག་ཅེ་ན་ཕྱིར་འོང་ཐོབ་དུས་རྒྱུན་ཞུགས་ཀྱི་ས་པའི་ཆུད་མི་ཟ་བ་ལ་སོགས་པ་འགགས་པས་འབྲས་བུ་འཕོས་དུས་འགག་གོ །ཁམས་ལས་འདས་པས་ཀྱང་འགག་སྟེ། ཕྱིར་མི་འོང་གཟུགས་གཟུགས་མེད་དུ་སྐྱེ་དུས་འདོད་པའི་ཆུད་མི་ཟ་བ་ཙམ་འགག་གོ །ལྷག་མེད་ཐོབ་དུས་ཐོབ་པ་ཐམས་ཅད་འགག་སྟེ། ཁམས་གསུམ་ཐམས་ཅད་ལས་འདས་པའི་ས་པ་ཡིན་པའི་ཕྱིར། རྩ་ཤེ་ལས། དཔང་རྒྱ་ཇི་ལྟ་བ་བཞིན་ཆུད། །མི་ཟ་ལས་ནི་བུ་ལོན་བཞིན། །དེ་ནི་ཁམས་ལས་རྣམ་པ་བཞི། །དེ་ཡང་རང་བཞིན་ལུང་མ་བསྟན། །སྤངས་པས་སྤངས་པ་མ་ཡིན་ཏེ། །བསྒོམས་པས་སྤང་བྱ་ཉིད་ཀྱང་ཡིན། །རྣམ་པར་སྨིན་ཀྱང་གནས་པ་ཡིན། །ཁམས་མཚུངས་པས་ནི་ཆ་མཚུངས་དང་། །ཆ་མི་མཚུངས་པ་ཐམས་ཅད་ཀྱི། །དེ་ནི་ཉིང་མཚམས་སྦྱོར་པའི་ཚེ། །གཅིག་པུ་ཁོ་ན་སྐྱེ་བར་འགྱུར། །ཞེས་སོ། །མདོར་ན་ཆོས་ཐ་དད་པའི་སྒྲ་བརྗོད་དུ་མི་རུང་བ་ཐམས་ཅད་ལ་རྫས་གཅིག་པས་ཁྱབ་
བོ་ཞེས་འདོད་པ་ཡིན་ནོ། །དེ་དགག་པ་ལ་ཕྱོགས་སྔ་མ་ལྟར་བདུན་ལས། ཤེས་བྱ་གཞི་ལྔ་དགག་པའི་དང་པོ་གཟུགས་དགག་པ་ལ་དགུ་སྟེ། མཚན་ཉིད། འབྱུང་བ། དབང་པོ། ཡུལ། བསྟན་ཡོད། ཐོགས་བཅས། ཐ་མི་དད་ཀྱི་རྫས། སྒྲ་སྐྱེད་པའི་ནུས་པ། རིག་བྱེད་མ་ཡིན་པ་དགག་པའོ། །དང་པོ་ནི། རྒྱུ་གཟུགས་རགས་པ་ལ་ཕྲད་པ་དང་ཆ་ཤས་དང་ཕྱོགས་ཆས་ཁེགས་སོ། །ཡངས་ཕྲ་བ་ལ་སྲ་བ་དང་ས་གཉིས་གཅིག་ན་རྡུལ་ཆ་ཐ་དད་པ་མེད་པ་དང་། ཐ་དད་ནས་སྲ་བར་ཡང་མེད་ལ། ཆུས་གཤེར་བ་དང་། མེས་བསྲེགས་པ་དང་། རླུང་གིས་གཡོ་བའང་གཉིས་བཅས་བརྟགས་པས་ཁེགས་སོ། །འབྲས་གཟུགས་ཀྱི་དབང་པོ་ལྔ་ཡང་མི་རུང་སྟེ། དྲི་ལ་སོགས་པ་བཀག་པའི་ཕྱིར་རོ། །མ་ཕྲད་ཀྱང་མཐོང་ན་ཧ་ཅང་ཐལ་ཏེ་མིག་གིས་སྒྲ་ཐོས་པར་ཐལ་ལོ། །ལུས་ལས་རྫས་ཐ་དད་པའི་ལུས་ཀྱི་དབང་པོ་ཡོད་ན་ཐོགས་བཅས་མ་ཡིན་པ་དང་། མཐོང་བར་ཐལ་བ་དང་། ལུས་དང་རེག་པའི་རྗེས་སུ་བྱེད་པས་ཡུལ་མི་རྟོགས་པ་དང་། ཚོར་བ་ལྷན་ཅིག་མི་མྱོང་བར་ཐལ་བའི་ཕྱིར་རོ། །དབང་པོས་ཡུལ་རིག་ན་སེམས་དང་སེམས་བྱུང་དུ་ཐལ་བའི་ཕྱིར་རོ། །ཡུལ་དགག་པ་ལ་གསུམ་སྟེ། གཟུགས། སྒྲ། ཕྲད་པའི་ཡུལ་དགག་པའོ། །དང་པོ་ནི། གཟུགས་ཀྱི་དབྱིབས་མ་གྲུབ་སྟེ། ཁ་དོག་གི་རྡུལ་ཕྲན་འདུས་པ་ཙམ་ལ་བཏགས་ཀྱང་ཆ་ཤས་མེད་པའི་ཕྱིར་རོ། །ཆུང་ངུ་དང་ཆེན་པོ་མེད་དེ་ལྟོས་པ་དང་། ཕྲད་པའི་རིག་པས་མ་གྲུབ་བོ། །ཁ་དོག་ཀྱང་མེད་དེ་ཕྲ་རྡུལ་ལ་བརྟགས་པས་ཁ་དོག་གི་ཆ་ཤས་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། སྒྲ་གྲག་དུས་ནུབ་ཀྱི་གོ་ནས་ཐོས་པ་དེ་བུམ་པ་མཐོང་བ་ལྟར་སྒྲ་ཤར་དེ་ན་ཡོད་པ་དེས་ཐོས་པ་ཡིན་ནམ། མདའ་འཕངས་པ་ཕོག་པ་ལྟར་སྒྲའི་རྒྱུན་ཤར་ནས་ནུབ་ཏུ་ནུར་ནས་ཐོས་པ་ཡིན། དང་པོ་མི་རུང་སྟེ་རྔ་བརྡུངས་ནས་ཅུང་ཞིག་ན་ཐོས་པས་ཐོས་པ་ཕྱིན་ཅི་ལོག་ཏུ་ཐལ་བའི་ཕྱིར་དང་། རྣམ་ཤེས་ཐོགས་མེད་
ཡིན་པས་རླུང་གིས་མི་སྒྲིབ་པར་ཐལ་བའི་ཕྱིར་དང་། ལུང་པ་ཡངས་དོག་ལ་སྒྲ་ཆེ་ཆུང་མེད་པར་ཐལ་བའི་ཕྱིར་རོ། །གཉིས་པ་མི་རུང་སྟེ་རྒྱུན་དང་ཕྲད་པ་བཀག་པའི་ཕྱིར་དང་། སྒྲ་ཤར་དུ་མེད་པར་ཐལ་བའི་ཕྱིར་དང་། སྒྲ་ཉེ་རིང་ན་གྲག་པ་གསལ་མི་གསལ་མི་འཐད་པའི་ཕྱིར་རོ། །སྙན་མི་སྙན་མ་གྲུབ་སྟེ། སྐད་ཅིག་གིས་འགགས་པས་སྙན་མི་སྙན་ཡུན་མེད་པའི་ཕྱིར་རོ། །དྲི་དང་རོ་དང་རེག་ཀྱང་མེད་དེ་ཕྲད་པ་བཀག་པའི་ཕྱིར་རོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མེད་དེ་དགེ་མི་དགེ་ལུང་མ་བསྟན་པ་ཁེགས་པ་དང་། དེ་དག་གི་རྒྱུན་དང་སྐད་ཅིག་ཕྲད་པ་བཀག་པའི་ཕྱིར་རོ། །སེམས་དགག་པ་ལ་གསུམ་སྟེ། རང་རིག་མི་རིག་ཏུ་མི་རུང་བ། ཡུལ་རིག་མི་རིག་མི་རུང་བ། ལུས་ཀྱི་ཕྱི་ནང་ནས་མི་རྙེད་པའོ། །དང་པོ་ནི་སེམས་ཀྱིས་རང་རིག་པར་མི་རུང་སྟེ། རིག་བྱ་རིག་བྱེད་གཉིས་མེད་པའི་ཕྱིར་རོ། །སོར་མོའི་རྩེ་མོ་རང་གིས་རང་རེག་པ་དང་། རལ་གྲི་རང་གིས་རང་གཅོད་པར་མི་རུང་བ་བཞིན་ནོ། །ལངྐར་གཤེགས་པ་ལས། ཇི་ལྟར་རལ་གྲིས་རལ་གྲི་དང་། །སོར་མོ་རང་གིས་རང་ཉིད་ལ། །རེག་ཅིང་གཅོད་པར་མི་བྱེད་པ། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང་། །ཞེས་སོ། །རང་མི་རིག་པར་ཡང་མི་རུང་སྟེ། བདེ་བ་ལ་སོགས་པ་རང་གི་རིག་པས་གསལ་ལོ། །ཡུལ་རིག་པའང་མི་རུང་སྟེ། ཆ་བཅས་ཆ་མེད་མཐོང་བ་མི་རུང་བའི་ཕྱིར་དང་། ཡུལ་དང་ཤེས་པ་དུས་མི་མཉམ་ན་མཐོང་བ་ཕྱིན་ཅི་ལོག་ཏུ་འགྱུར་ཞིང་མཉམ་ན་འབྲེལ་བ་མེད་པས་མི་ལྟོས་པར་ཐལ་བའི་ཕྱིར་རོ། །ཡུལ་ཆ་མེད་རིག་པའང་མི་རུང་སྟེ་རིག་བྱ་ཡུལ་ཆ་ཤས་མེད་པ་ཉིད། རིག་བྱེད་དབང་པོ་ཆ་ཤས་མེད་པ་ཉིད་ཀྱིས་རིག་ན། དེ་གཉིས་ཆ་གཉིས་འཛིན་པར་ཐལ་བའི་ཕྱིར་དང་། ཕྲད་པ་བརྟགས་པས་ཁེགས་པའི་ཡང་ཕྱིར་རོ། །ཡུལ་མི་རིག་པའང་མི་རུང་སྟེ། སྔོ་སོགས་ཉམས་སུ་མྱོང་བས་བསལ་ལོ། །ལུས་ཀྱི་ཕྱི་ནང་ནས་མི་རྙེད་པ་ནི། ལུས་ཆར་མ་གྲུབ་པས་སེམས་བརྟེན་པ་མ་གྲུབ་ལ་དེས་ན་དེར་གནས་པ་མི་འགྲུབ་པའི་ཕྱིར་དང་། སེམས་རགས་པར་ཡོད་ན་ཆ་ཤས་ཅན་བརྟགས་པས་ཁེགས་ཤིང་། ཆ་ཤས་མེད་པ་ལ་གནས་པ་
པོ་མ་གྲུབ་པས་ལུས་ལ་གནས་པ་མ་གྲུབ་ལ། ལུས་མ་གྲུབ་པས་ཀྱང་སེམས་ལུས་ལ་གནས་པར་མ་གྲུབ་པ་ཡིན་ནོ། །བྱང་ཆུབ་སེམས་འགྲེལ་ལས། ནང་ངམ་དེ་བཞིན་ཕྱི་རོལ་ལམ། །ཡང་ན་གཉིས་ཀའི་བར་དག་ན། །རྒྱལ་བ་རྣམས་ཀྱིས་སེམས་མ་རྙེད། །ཅེས་པ་དང་། སྤྱོད་འཇུག་ལས། ནང་ནའང་སེམས་མིན་ཕྱི་མིན་ཞིང་། །གཞན་དུ་ཡང་ནི་རྙེད་མ་ཡིན། །གང་ཞིག་ལུས་མིན་གཞན་དུ་མིན། །འདྲེས་མིན་ལོགས་སུ་འགར་མེད་པ། །ཞེས་སོ། །འོ་ན་སེམས་སུ་རིག་པ་ཅི་ཡིན་ཞེ་ན། མེ་ལོང་གི་ནང་དུ་ཤར་བའི་གཟུགས་བརྙན་མེ་ལོང་ལས་དེ་ཉིད་དང་གཞན་དུ་མི་རྙེད་ཀྱང་སྣང་བ་ལྟར། སེམས་ཀྱང་མེད་བཞིན་དུ་སྣང་བས་འཁྲུལ་བ་ཡིན་ལ། སེམས་ལ་སྣང་བ་རྣམས་དེ་བས་ཀྱང་འཁྲུལ་སྣང་དུ་ཤར་བའི་རྒྱུ་མཚན་ཅན་ཡིན་ནོ། །ཡབ་སྲས་མཇལ་བའི་མདོ་ལས། མེ་ལོང་ཤིན་ཏུ་ཡང་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་སོ། །མདོ་འདི་ལྗོན་པས་ཞུས་པ་ལས་གསུངས་པ་མ་ཡིན་ནམ་ཞེ་ན། འགལ་བ་མེད་དེ། སྔོན་གདུལ་བྱ་ཐ་དད་པ་བཅོམ་ལྡན་འདས་ལ་ཆོས་ཉན་པ་ན། རང་རང་གི་མོས་པ་བཞིན་མདོའི་རྣམ་གྲངས་ཐོས་ཏེ། དུས་གཅིག་ལ་འཁོར་གྱི་ཁྱམས་གཅིག་ཏུའང་ཡབ་སྲས་མཇལ་བའི་མདོ། ལྗོན་པས་ཞུས་པའི་མདོ། དྲི་མ་མེད་པའི་མདོ། དཀོན་མཆོག་བརྩེགས་པའི་མདོ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལ་སོགས་པ་རང་རང་གིས་ཐོས་པ་དེ་བཟུང་ནས་གཞན་དུ་བརྗོད་པས་དེ་ལྟར་བྱུང་བ་ཡིན་ནོ། །དེའང་གནས་དང་གླེང་གཞི་མཐུན་པ་དང་། མི་མཐུན་པ་ཅི་རིགས་སུ་སེམས་ཅན་ལ་སྣང་བ་དང་། དུས་སྔ་ཕྱིར་སྣང་བ་དེ་ཉིད་སངས་རྒྱས་ཀྱི་བྱིན་རླབས་ཏེ། གནས་གཅིག་དུས་གཅིག་ན་འདུག་བཞིན་དུ་གནས་དང་དུས་ཐ་དད་པར་སྣང་བ་ཆོ་འཕྲུལ་ཡིན་པའོ། །སེམས་ལས་བྱུང་བ་དགག་པ་ལ་བཞི་སྟེ། སྤྱིར་དགག་པ། སོ་སོར་དགག་པ། འདུ་ཤེས་དགག་པ། དྲན་པ་
དགག་པའོ། །དང་པོ་ལ་གཉིས་ཏེ། གཅིག་པ་དང་། ཐ་དད་པ་དགག་པའོ། །དང་པོ་ནི། སེམས་སེམས་བྱུང་གཅིག་ན་ཐ་སྙད་དུ་རྫས་གཞན་དུ་མ་གྲུབ་པ་དང་། སེམས་བྱུང་ལྟར་སེམས་ཀྱིས་ཀུན་འགྲོའི་ཁྱད་པར་གཅོད་པ་དང་། སེམས་ལྟར་སེམས་བྱུང་ངོ་བོ་ལ་དཔྱོད་པ་དང་། ཕན་ཚུན་གྲངས་འཆོལ་ཏེ་དྲུག་གམ་ལྔ་བཅུ་རྩ་གཅིག་ཏུ་ཐལ་བའི་ཕྱིར་དང་། སྤྱི་དང་མཚུངས་པར་ཐལ་ལོ། །ཐ་དད་ནའང་མཚན་ཉིད་མི་འཐད་པ་དང་། རྗེས་དཔག་ཆ་མང་པོར་ཐལ་བ་དང་། དོན་སྤྱི་འཛིན་མི་འཛིན་དུ་མི་འཐད་པ་དང་། ཕན་ཚུན་མ་ཁྱབ་པར་ཐལ་བའི་ཕྱིར་རོ། །སོ་སོར་དགག་པ་ལ། ངོ་བོ། རྣམ་པ། སྒྲ་དོན་མི་འཐད་པ་གསུམ། དང་པོ་སེམས་དང་གཅིག་ཐ་དད་ཀྱིས་རྗེས་སུ་འགྲོ་བ་མེད་པས་ཀུན་འགྲོ་ལྔ་མ་གྲུབ། ཡུལ་ཡུལ་ཅན་ཕྲད་མ་ཕྲད་དུས་མཉམ་མི་མཉམ་དུ་མི་རུང་བས་ཡུལ་ངེས་ལྔ་མ་གྲུབ། ལྟོས་གཞི་དགེ་བ་ཉིད་ཁེགས་པས་དགེ་བ་བཅུ་གཅིག་མ་གྲུབ། ཉོན་མོངས་བྱ་མོངས་བྱེད་དུ་མེད་པས་རྩ་ཉོན་དང་ཉེ་ཉོན་མ་གྲུབ། ཐ་དད་དུས་མཉམ་པ་ལ་དངོས་སུ་ཕན་ཚུན་ཕན་འདོགས་པ་མེད་པས་གཞན་འགྱུར་བཞི་སོགས་དང་སྔ་མ་ཀུན་ཀྱང་ཁེགས་སོ། །གཉིས་པ་ཁྱད་པར་སོ་སོའི་རྣམ་པ་ཡུལ་དུ་བྱེད་པ་གཞན་དང་གཞན་མེད་ན་སེམས་བྱུང་མི་སྲིད་ལ། དེ་དག་སོ་སོ་གཞན་དང་གཞན་དུ་གྲུབ་ན་ཡུལ་གྱི་རྣམ་པ་མཐའ་དག་ཡོངས་སུ་གཅོད་པའི་ཤེས་པ་གཅིག་མི་འགྲུབ་པར་འགྱུར་རོ། །གསུམ་པ། སྒྲ་དོན་ཡང་མི་འཐད་དེ། སེམས་ལས་བྱུང་བ་ཞེས་པ་མི་རུང་སྟེ། སེམས་དང་ཕྲད་པ་ལས་བྱུང་ན་སེམས་སུ་ཐལ་ལ། མ་ཕྲད་ན་སེམས་ལས་བྱུང་བར་མི་རུང་བའི་ཕྱིར་དང་། ཕྲད་པ་མ་གྲུབ་པས་སེམས་ལས་བྱུང་བར་མ་གྲུབ་པའི་ཕྱིར་དང་། རྫས་གཅིག་ལ་སྐྱེད་པར་བྱ་བྱེད་གཉིས་མེད་པའི་ཕྱིར་དང་། ཐ་དད་དུས་མཉམ་ལས་འབྱུང་བ་བཀག་པའི་ཕྱིར་དང་། དུས་མི་མཉམ་པ་ལས་བྱུང་ན་དུས་མཚུངས་ཉམས་པའི་ཕྱིར་རོ། །མདོ་སྡེ་རྒྱན་ལས། སེམས་ཉིད་གཉིས་སུ་སྣང་བ་སྟེ། །ཆགས་ལ་སོགས་པར་སྣང་བ་དང་། །དད་ལ་སོགས་པར་སྣང་བ་ལས། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་པ་དང་། བརྟག་གཉིས་ལས། ངོ་བོ་གཟུགས་མེད་མཐོང་བ་པོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་སོ། །དེ་ལྟར་ཕུང་པོ་ལྔས་བསྡུས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་སྒྱུ་མའི་རང་བཞིན་དུ་གསུངས་ཏེ། ཤེས་རབ་སྙིང་པོ་ལས། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ། ཚོར་
བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ་ཞེས་པ་དང་། སེམས་འགྲེལ་ལས། ཕན་པར་བཞེད་པ་རྣམས་ཀྱིས་ནི། །གཟུགས་དང་ཚོར་དང་འདུ་ཤེས་དང་། །འདུ་བྱེད་རྣམ་ཤེས་ཕུང་པོ་ལྔ། །དེ་དག་ཉན་ཐོས་རྣམས་ལ་གསུངས། །རྐང་གཉིས་མཆོག་གིས་རྟག་ཏུ་ཡང་། །གཟུགས་ནི་ལྦུ་བ་རྡོས་འདྲར་སྣང་། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་དང་མཚུངས་ཤིང་། །འདུ་བྱེད་ཆུ་ཤིང་དག་དང་འདྲ། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཕུང་པོ་བསྟན་པ་དེ་ལྟ་བུ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་སོ། །དེའང་ཐ་སྙད་པ་ཁ་ཕྱིར་ལྟ་བ་དག་ནི་ཀ་བ་ལྟ་བུ་གཟུགས་སོགས་རང་སྟོང་དུ་འདོད་དེ། སྣང་སྟོང་གི་ཐ་སྙད་མི་རུང་བ་སྣང་བ་མཐོང་བ་ལྟར་སྟོང་པ་མཐོང་བ་ལ་སོགས་སྐྱོན་དམིགས་སོ། །རྣལ་འབྱོར་པ་ནང་དུ་རྟོགས་པ་དག་བློ་ཡུལ་སྟོང་པས་གཟུགས་སྟོང་། ཡུལ་གྱི་རྣམ་པ་བློ་ལ་ཤར་ཡང་གཟུགས་རང་མཚན་པ་མེད་པས་གཟུགས་དེས་བློ་སྟོང་པ་ལ་སྟོང་པ་ཉིད་གཟུགས་སོ་ཞེས་འཆད་ལ། བློ་སྣང་གི་གཟུགས་དང་། གཟུགས་སྣང་གི་བློ་དེ་ནང་དང་། བློས་སྟོང་གི་གཟུགས་དང་། གཟུགས་སྟོང་གི་ཡུལ་དེ་ཕྱི་དག་སྒྱུ་མ་རྨི་ལམ་དང་འདྲ་བས་གཅིག་ཐ་དད་ལས་འདས་པའི་ཕྱིར། གཟུགས་ལས་སྟོང་པ། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་པར་དགོངས་པའོ། །འདུ་ཤེས་དགག་པ་ནི། དེའི་ཡུལ་བཟང་ངན་ཆེ་ཆུང་སོགས་ཕན་ཚུན་ལྟོས་པ་ཙམ་ལས་དོན་ལ་མ་གྲུབ་པ་དང་། ཡུལ་གཅིག་ལའང་འགའ་ཞིག་གི་ཡིད་དུ་འོང་ལ་འགའ་ཞིག་གི་ཡིད་དུ་མི་འོངས་པ་སོགས་ནང་གི་གོམས་པ་ཙམ་གྱིས་འཇུག་པའི་ཕྱིར་དང་། ཡུལ་དེ་ཕྲ་རགས་གང་དུའང་མ་གྲུབ་པས་དེའི་ཡུལ་ཅན་འདུ་ཤེས་པའང་རྫུན་ལ། རྫུན་བཞིན་པ་རང་གི་ངོ་བོའང་བརྟག་ན་དབེན་པའི་ཕྱིར་ཏེ། མདོ་ལས། ཇི་ཙམ་དུ་འདུ་ཤེས་པ་དེ་ཙམ་དུ་རྫུན་ནོ། །ཞེས་སོ། །དྲན་པ་དགག་པ་ལ་གསུམ་སྟེ། འདས་པའི་དོན་སྤྱིར་མ་གྲུབ། སྒྲོ་བཏགས་པ། བྱ་བའི་ཡུལ་དུ་འགལ་བའོ། །དང་པོ་ནི། བུམ་པ་དྲན་པ་སྔར་བུམ་པ་མཐོང་བའི་རྣམ་པ་བློ་ལ་སྣང་བ་ལ་བྱེད་ན། བུམ་པ་མ་གྲུབ་པས་དེའི་རྣམ་པ་དྲན་དུ་མེད་པ་དང་། བློ་དངོས་པོ་དང་དོན་སྤྱི་དངོས་མེད་གཅིག་ན་ཧ་ཅང་ཐལ་ལ། མི་གཅིག་ན་བློ་ལ་དྲན་པར་འགལ་བའི་ཕྱིར་དང་། དངོས་པོ་དངོས་མེད་རྫས་འགལ་བས་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། བུམ་པའི་རྣམ་
པ་མ་ཡིན་ཏེ། རང་གི་བློ་ཉིད་དེར་སྣང་བ་ལ་སྒྲོ་བཏགས་པའི་ཕྱིར་རོ། །བུམ་པ་དྲན་པ་ཁེགས་པས་ཀྱང་མ་གྲུབ་པའོ། །གསུམ་པ་ནི། རྣམ་རྟོག་གིས་རློམ་པ་ཙམ་ལས་ཡུལ་དེ་ཉིད་དྲན་པར་བྱར་མེད་པས། ཡུལ་འདས་མ་འོངས་ད་ལྟར་བ་བློ་ད་ལྟར་བས་ཡུལ་དུ་བྱེད་པ་ཉིད་ཡུལ་དང་མ་འབྲེལ་བའི་ཕྱིར་ཡུལ་དྲན་པ་མ་ཡིན་པར་ཡང་འགྱུར་རོ། །བཞི་བརྒྱ་པ་ལས། དྲན་པ་ཞེས་བྱ་འདས་པ་ཡི། །ཡུལ་ལ་ཕྱིན་ཅི་ལོག་ཏུ་འགྱུར། །ཞེས་སོ། །མི་ལྡན་པའི་འདུ་བྱེད་དགག་པ་ལ་དགུ་སྟེ། སྤྱིར་དགག་པ། ཐོབ་པ་དགག་པ། རིགས་མཐུན་དགག་པ། ཆོས་བཞི་དགག་པ། ཡི་གེ་དགག་པ། འཇུག་པ་དགག་པ། མགྱོགས་པ་དགག་པ། ཡུལ་དགག་པ། ཚོགས་པ་དགག་པའོ། །དང་པོ་ནི། མི་ལྡན་པའི་འདུ་བྱེད་རྣམས་ཐ་སྙད་དུའང་རྫས་སུ་མ་གྲུབ་སྟེ། གཟུགས་ལ་སོགས་པ་ལས་དེ་ཉིད་དང་གཞན་དུ་མེད་པའི་ཕྱིར་རོ། །དེ་ཉིད་དུ་མེད་དེ་མི་རྟག་པ་གཟུགས་སུ་ཐལ་བ་དང་གཟུགས་མེད་པ་ལ་མི་རྟག་པ་མེད་པར་ཐལ་བའི་ཕྱིར་རོ། །གཞན་དུ་མི་རུང་སྟེ། གཟུགས་དང་འབྲེལ་བ་མ་གྲུབ་པ་དང་། འཇུག་པ་གཅིག་མ་ཡིན་པར་ཐལ་བའི་ཕྱིར་རོ། །རིགས་པ་གཞན་ལ་ཡང་སྦྱོར་རོ། །ཐོབ་པ་དགག་པ་ལ་གསུམ་སྟེ། བྱ་བྱེད། དུས། ཐོབ་བྱ་ལ་བརྟགས་པའོ། །དང་པོ་ནི། སྡོམ་པ་ལྟ་བུ་ལ་ཐོབ་བྱ་ཐོབ་བྱེད་གཅིག་ཏུ་མི་རུང་སྟེ། གཅིག་ལ་བྱ་བྱེད་གཉིས་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། ལྷ་སྦྱིན་གྱིས་བུམ་པ་ཐོབ་དུས་ཐོབ་པར་མི་རུང་སྟེ། ཐོབ་ཟིན་ཐོབ་ན་འགགས་ལ། མ་ཐོབ་པ་ཐོབ་ན་མ་སྐྱེས་ལ། ཐོབ་དུས་ཐོབ་ན་ཕྲད་པ་མ་གྲུབ་པས་ཁེགས་པའི་ཕྱིར་རོ། །གསུམ་པ་ནི། བུམ་པ་རྟག་པ་ཐོབ་བྱར་མི་རུང་སྟེ། རྟག་པ་ཐོབ་བྱར་མ་གྲུབ་ལ་ཐོབ་ན་མི་རྟག་པར་འགྱུར་རོ། །མི་རྟག་པ་ཐོབ་བྱར་མི་རུང་སྟེ། ཐོབ་བྱར་བཟོ་དུས་འགག་པའི་ཕྱིར་རོ། །སྤྱོད་འཇུག་ལས། དེ་ལྟར་སྟོང་པའི་དངོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །ཅེས་སོ། །རིགས་མཐུན་དགག་པ་ལ་གསུམ་སྟེ། ཕན་ཚུན་ལྟོས་པ། འདྲ་མི་འདྲར་མ་ངེས་པ། མཐུན་བྱེད་
མ་གྲུབ་པའོ། །དང་པོ་ནི། བུམ་སྣམ་མི་རྟག་པར་འདྲ་བ་མེད་དེ་གཉིས་ཀ་ཆ་མེད་པས་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། ནོར་བུ་ཉི་མ་དང་འདྲ་ལ་མུན་པ་དང་མི་འདྲ་བ་མི་འཐད་དེ། དངོས་པོ་ཙམ་དུ་ཆོས་འདྲ་བ་དང་། དཔྱད་ན་མ་གྲུབ་པར་འདྲ་བའི་ཕྱིར་རོ། །གསུམ་པ་ནི། མཐིང་ཤུན་དང་ཨུཏྤལ་སྔོན་པོར་འདྲ་ཞེས་པའི་སྤྱི་མཐིང་ག་ཙམ་ཁེགས་པས། འདྲ་ཆོས་གཉིས་མ་གྲུབ་པའི་ཕྱིར་རོ། །འདྲ་ཆོས་བྱེ་བྲག་གཉིས་མ་གྲུབ་པས་སྤྱི་མཐིང་གའང་མི་འགྲུབ་སྟེ་རགས་ཕྲ་ཕྲད་པས་མ་གྲུབ་པའི་ཕྱིར་རོ། །ཆོས་བཞི་དགག་པ་ལ་གཉིས་ཏེ། གཅིག་མི་གཅིག་ཏུ་མི་རུང་། སོ་སོར་རྟག་མི་རྟག་ཏུ་མི་རུང་བའོ། །དང་པོ་ནི། སྐྱེ་བ་ནི་མེད་པ་ལས་ཡོད་པར་མི་རིགས་པ་དང་། རྒས་པ་གསར་པ་ལས་རྙིང་པར་འགྱུར་བ་དང་། གནས་པ་སྐྱེས་ནས་མ་ཞིག་པ་དང་། འཇིག་པ་ཡོད་པ་ལས་མེད་པར་འགྱུར་བ་རྣམས་མི་རུང་སྟེ། རྡུལ་ཆར་མ་གྲུབ་པ་ལ་བྱ་བ་ཐ་དད་དུ་མི་རུང་བའི་ཕྱིར་དང་། སྐྱེ་རྒས་གནས་གསུམ་ཡོད་པས་འཇིག་པ་དང་བྱ་བ་འགལ་བ་དང་། དེ་གསུམ་ཡང་འཇིག་པར་འཕོ་བས་རྣམ་པ་མཚུངས་པའི་ཕྱིར་རོ། །སྣང་ཙམ་ལ་ཐ་དད་མ་གྲུབ་ལ། དངོས་པོ་ལ་ཆ་ཤས་མ་གྲུབ་པའི་ཕྱིར་རོ། །རྩ་ཤེ་ལས། སྐྱེ་ལ་སོགས་གསུམ་སོ་སོ་ཡིས། །འདུས་བྱས་མཚན་ཉིད་བྱ་བར་ནི། །ནུས་མིན་གཅིག་ལ་དུས་གཅིག་ཏུ། །འདུས་པ་ཡང་ནི་ཇི་ལྟར་རུང་། །ཞེས་སོ། །སྐད་ཅིག་མའི་དངོས་པོ་གཅིག་ལ་དེ་བཞི་འཇུག་ཏུ་མི་རུང་ལ། སྐད་ཅིག་ལས་ཐ་དད་པ་དངོས་པོ་ལ་མེད་པས། དེ་བཞི་མ་ཞུགས་ན་འདུས་བྱས་ཡིན་ནོ་ཅོག་ལ་དེ་བཞི་ཞུགས་པར་ཁས་བླངས་པ་ཉམས་པ་ཡིན་ནོ། །དེས་ན་དངོས་པོ་གང་ལའང་སྣང་ཚོད་དུ་དེ་ལྟར་སྣང་ཡང་འཁྲུལ་པ་ཡིན་གྱི། དངོས་པོའི་གཤིས་ལ་སྐྱེ་རྒ་གནས་འཇིག་ཙམ་དུའང་སྐད་ཅིག་གི་ཆ་ཤས་མེད་པས་མ་གྲུབ་སྟེ། དེ་ཉིད་ལས། དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོ་མི་འཐད་དེ། །
དངོས་པོ་ཐམས་ཅད་དུས་ཀུན་ཏུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡིན། །ཞེས་སོ། །རིགས་པ་འདིས་སྣང་བའི་དངོས་པོ་རྣམས་ལ་དཔྱད་པ་ན། སྐྱེ་རྒ་གནས་འཇིག་དང་བྲལ་བའི་གཤིས་ནམ་མཁའ་ལྟ་བུ་ཕྱམ་ཕྱལ་གྱིས་སྐད་ཅིག་ལ་རིག་སྟེ། གནས་ལུགས་ཀྱི་སྒོམ་པ་རང་བབས་སུ་སྐྱེ་བས། སྲིད་པ་ཧྲུལ་པོར་བྱས་པ་ཡིན་ཏེ། བཞི་བརྒྱ་པ་ལས། ཤེས་རབ་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཞིག་སྐྱེ་མི་འགྱུར། །ཐེ་ཚོམ་ཙམ་ཞིག་སྐྱེད་བྱས་ནའང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་པ་སྟེ། རྟོགས་ན་ལྟ་སྨོས་ཀྱང་ཅི་དགོས་པའོ། །ཡུམ་ལས། མི་སྐྱེ་བ་དང་མི་གནས་པ་དང་འགག་པ་མེད་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ཉི་ཁྲིས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་དོ་ཞེས་སོ། །དེ་ཡང་སྤོམ་ཡོར་ཙམ་དུ་སྐྱེ་བ་མེད་སྙམ་ནས་རྟོག་མེད་དུ་འཇོག་པ་མ་ཡིན་པར་གཤིས་དེ་ལྟར་སལ་གྱིས་རིག་ནས་བྱ་བ་མེད་པར་ཕྱམ་གདལ་ནས་འཇོག་པ་ཡིན་ནོ། །གཤིས་དེ་ལྟར་ཡིན་པ་ལས། བྱིས་པ་མཚན་མར་འཛིན་པས་མ་རྟོགས་ཏེ། དཀོན་མཆོག་ཏ་ལ་ལའི་མདོ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་སོ། །སོ་སོར་རྟག་མི་རྟག་ཏུ་མི་རུང་བ་ནི། སྐྱེ་སོགས་སོ་སོ་རེ་རེ་བཞིན་རྟག་ན་རང་ཉིད་འདུས་བྱས་མིན་པ་དང་། འདུས་བྱས་གཞན་གྱི་མཚན་ཉིད་ཡིན་པར་ཡང་མི་རུང་ལ། མི་རྟག་ན་རེ་རེ་ཞིང་ཡང་སྐྱེ་སོགས་བཞི་ཡོད་དགོས་པས་ཐུག་མེད་དུ་འགྱུར་རོ། །རྩ་ཤེས་ལས། སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་མེད་འགྱུར། །མེད་ན་དེ་དག་འདུས་བྱས་མིན། །ཞེས་སོ། །ཡི་གེ་ཡང་མ་གྲུབ་སྟེ་ཡན་ལག་དང་རྡུལ་དང་དུས་ཆ་དུ་མ་ལས་དེ་ཉིད་དང་གཞན་དུ་མ་གྲུབ་པའི་ཕྱིར་རོ། །ཡུམ་ལས། ཆོས་ཐམས་ཅད་ནི་ཡི་གེ་མ་མཆིས་པ། མིང་མ་མཆིས་པ། མཚན་ཉིད་ཐམས་ཅད་དང་བྲལ་བའོ་ཞེས་སོ། །འོ་ན་ཆོས་ཀྱི་ཕུང་པོ་དེ་ཙམ་གང་ལས་གསུངས་ཤེ་ན། གནས་ལུགས་ལ་ཡི་གེ་མེད་ཀྱང་། དེ་མ་རྟོགས་པར་འཁྲུལ་པ་རྣམས་
ཡི་གེ་ལ་ཞེན་ནས་འཁོར་བ་ན་སྤྱོད་པའི་ངོར། སྒྲོ་བཏགས་ནས་མ་སྐྱེས་པའི་དོན་ལ་སོགས་པ་ཉན་ཅིང་སྟོན་པ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་སྟོན་པར་བྱེད་པའང་ཡིན། །ཞེས་སོ། །འཇུག་པ་ཡང་མེད་དེ། ཕལ་པ་ལམ་ལ་འཇུག་པ་ལྟར། བྱ་བྱེད་གཉིས་མེད་པའི་ཕྱིར་དང་། ཁྱིམ་དུ་ཕྱུགས་འཇུག་པ་ལྟར་ཐ་དད་བཀག་པའི་ཕྱིར་དང་། རྟག་མི་རྟག་ལ་འཇུག་པ་མི་རུང་བའི་ཕྱིར་ཏེ། རྟག་ན་མི་འཇུག་ལ། མི་རྟག་ན་འཇུག་པར་བཟོ་དུས་འགག་པའི་ཕྱིར་རོ། །དེས་ནི་འབྱུང་འཇུག་གཉིས་ཆར་ཁེགས་སོ། །མགྱོགས་པ་ཡང་མེད་དེ། འགྲོ་བ་བཀག་པའི་ཕྱིར་དང་། འཕོ་བ་བཀག་པའི་ཕྱིར་ཏེ། རྟག་ན་མི་འཕོ་ལ། མི་རྟག་ན་འཕོ་བར་བཟོ་དུས་འགག་པའི་ཕྱིར་རོ། །ཡུལ་དགག་པ་ལ་གསུམ་སྟེ། དབུས་དང་མཐའ། ས་མཚམས། རང་བཞིན་གྱི་ཡུལ་དགག་པའོ། །དང་པོ་ནི། རྡུལ་ཆར་བརྟགས་ན། དབུས་རྡུལ་དང་མཐའ་རྡུལ་གྱི་ཆ་མ་གྲུབ་པས་མཐའ་དབུས་མི་སྲིད་པ་དང་། གཅིག་གི་དབུས་སུ་གྲུབ་པ་གཞན་གྱི་མཐར་གཞལ་བས་མཐའ་དབུས་ངེས་པ་ཐམས་ཅད་ཁེགས་པས་མ་གྲུབ་བོ། །གཉིས་པ་ནི། མཐའ་དབུས་ལ་མཚམས་ཡོད་ན་ཕྲད་དམ་མ་ཕྲད། ཕྲད་ན་མཚམས་སུ་མི་རུང་སྟེ་གཅིག་ཏུ་གྱུར་པའི་ཕྱིར་དང་། མ་ཕྲད་ན་མཚམས་སུ་མི་རུང་སྟེ་དངོས་པོ་དང་དངོས་མེད་བཞིན་ནོ། །ལྟོས་པས་མཚམས་སུ་མི་རུང་སྟེ། ལ་ལའི་དབུས་དང་ཕྱོགས་ཡིན་པའི་ཕྱིར་ཏེ། མཚམས་ཉིད་ཀྱི་སྣང་བ་བཞིན་ནོ། །གསུམ་པ་ནི། ཡངས་པ་ཅན་ལྟ་བུ་དངོས་པོ་ཡིན་ན་སྐད་ཅིག་གིས་མི་རྟག་ཅིང་རྡུལ་ཆ་མེད་པས་ཡུལ་དུ་མི་རུང་ལ། དངོས་མེད་ལ་ཡུལ་མེད་དེ་དངོས་པོ་མེད་པའི་ཕྱིར་རོ། །ཚོགས་པ་དགག་པ་ལ་གསུམ་སྟེ། ཕྲད་མ་ཕྲད། གཅིག་
མི་གཅིག །སྤྱི་དང་མཚུངས་པའོ། །དང་པོ་ནི་སྐྱེ་བོ་དང་ནགས་ཚོགས་ལྟ་བུ་རྣམས། ཕྲད་ན་ཚོགས་པ་མི་རུང་སྟེ། རེ་རེ་བའི་ཆ་ཚོགས་པ་ཉམས་སོ། །མ་ཕྲད་ན་ཚོགས་པ་གཅིག་ཏུ་མ་ངེས་པར་འགྱུར་རོ། །གཅིག་ན་ཐ་དད་དང་འགལ་ཞིང་། མི་གཅིག་ན་ཚོགས་པ་གཅིག་ཅེས་པ་དང་འགལ་ལོ། །སྤྱི་དང་ཡང་མཚུངས་ཏེ། ཚོགས་པ་ནི་གཞན་དུ་མའི་རང་བཞིན་གཅིག་ཏུ་འདུས་པ་ཙམ་ལ་བརྗོད་པས། སྤྱི་བཀག་པས་ཁེགས་སོ། །སྤྱོད་འཇུག་ལས། རྒྱུན་དང་ཚོགས་པ་ཞེས་བྱ་བ། །ཕྲེང་བ་དམག་ལ་སོགས་བཞིན་རྫུན། །ཞེས་སོ། །འདུས་མ་བྱས་དགག་པ་ལ་གསུམ་སྟེ། གཞི་བརྟག་པ། དགག་བྱ་བརྟག་པ། དངོས་པོ་དགག་པའོ། །དང་པོ་ནི། འདི་འདུས་མ་བྱས་སོ་ཞེས་པའི་གཞག་རྒྱུ་མ་གྲུབ་སྟེ། རྟོག་བཅས་རྟོག་མེད་འཁྲུལ་མ་འཁྲུལ་གྱི་བློ་ལ་སྒྲོ་བཏགས་པ་ཙམ་ལས། སུ་ལའང་སྣང་དུ་མི་རུང་བས་ནམ་མཁའ་བཀག་པ་བཞིན་ནོ། །འོ་ན་དོན་སྤྱི་དང་ཆུ་ཟླ་ལ་སོགས་པའང་དངོས་པོ་མེད་པས་མཚུངས་སོ་ཞེ་ན། མི་མཚུངས་ཏེ་བློས་གཅོད་པ་དང་། རྐྱེན་ལ་ལྟོས་པའི་ཕྱིར་ཏེ། རྩ་ཤེ་ལས། མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་པ་བཞིན་ནོ། །གཉིས་པ་ནི་བཀག་ཆོས་ཐམས་ཅད་དགག་བྱ་ལ་ལྟོས་པས་ན། འདུས་བྱས་རྫུན་པ་ཉིད་ཀྱིས་འདུས་མ་བྱས་རྫུན་པ་ཡིན་པས་མ་གྲུབ་སྟེ། དེ་ཉིད་ལས། སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །ཅེས་སོ། །གསུམ་པ་ནི་འདུས་མ་བྱས་དངོས་པོར་རུང་མི་སྲིད་པས་མ་གྲུབ་སྟེ། གཞི་མེད་པ་ཁོ་ན་བློས་སྒྲོ་བཏགས་པར་ཟད་དོ། །འཇིག་པ་དོན་གཞན་དགག་པ་ནི། འཇིག་པ་དོན་གཞན་ཡིན་ན་འཇིག་པ་མེད་པའི་དངོས་པོ་ཡོད་པར་འགྱུར་ཞིང་། དེ་ལྟ་ན་འདུས་བྱས་སུའང་མི་རུང་བར་ཐལ་ལ། ཡང་དངོས་པོ་མེད་ཀྱང་འཇིག་པ་ཡན་གར་དུ་ཡོད་པར་འགྱུར་ལ། དེ་ལྟར་ན་སྐྱེ་བ་མེད་པར་ཤི་བ་ཡང་ཡོད་པར་ཐལ་བས་འཇིག་པ་དོན་གཞན་དུ་མ་གྲུབ་བོ། །དུས་གསུམ་རྫས་གྲུབ་དགག་པ་ནི། བུམ་པས་ཆུ་སྐྱོར་བའི་དོན་སྐད་ཅིག་བྱས་ནས་རྟག་ཏུ་གནས་པ་ཉིད་མི་རུང་སྟེ། དུས་གསུམ་གྱི་བུམ་པ་ཆོས་ཅན། ད་ལྟ་སྤྱད་དུ་ཡོད་པར་ཐལ་བའི་ཕྱིར་དང་། ཆུ་སྐྱོར་བའི་དོན་བྱེད་སྐད་ཅིག་གིས་བྱེད་ན་འགལ་ལ། རིམ་གྱིས་བྱེད་ན་
ཕྲད་པ་མ་གྲུབ་པས་སོ། །བུམ་པ་འགག་པ་མ་ཡིན་ན་དངོས་མེད་དུ་ཐལ་བའི་ཕྱིར་དང་། རང་བཞིན་རྟག་ན་གནས་སྐབས་འགྱུར་བ་མི་སྲིད་པས། ད་ལྟར་གྱི་སར་སྐད་ཅིག་ཀྱང་འབྱུང་དུ་མི་རུང་བར་འགྱུར་རོ། །ཐོག་ཐ་མེད་པའི་སྐད་ཅིག་ཇི་སྙེད་ཀྱི་བུམ་པ་དུས་གཅིག་ལ་གནས་པ་ནི། གོ་སྐབས་ཐམས་ཅད་བུམ་པ་འབའ་ཞིག་གིས་བརྫངས་པས། དངོས་པོ་གཞན་གནས་ས་མེད་པར་ཡང་འགྱུར་རོ། །འདས་མ་འོངས་ཀྱི་བུམ་པ་མི་སྣང་བ་དང་། ད་ལྟར་སྣང་བའི་བུམ་པ་རྫས་གཅིག་ཏུ་མི་རུང་བའི་ཕྱིར། དུས་གསུམ་རྫས་སུ་གྲུབ་པ་ཁེགས་སོ། །སྐད་ཅིག་སྐྱེ་འགག་བྱེད་པ་དག །ཇི་ལྟ་བུར་ན་རྫས་གཅིག་རུང་། །འགག་དང་མ་སྐྱེས་མི་སྣང་ན། །གནས་པ་སྣང་བ་ཇི་ལྟར་གཅིག །སྣང་རུང་འགལ་བས་རྫས་གཅིག་ཉམས། །ཞེས་པ་ནི་བསྡུས་པའི་དོན་ཏོ། །མཐའ་བཞིར་བརྗོད་དུ་མེད་པའི་བདག་ཀྱང་མེད་དེ། ཕུང་པོ་དང་ཕུང་པོ་མ་ཡིན་པ་དངོས་འགལ་དུ་འཛིན་པ་དང་། རྟག་པ་དང་རྟག་པ་མ་ཡིན་པ་དངོས་འགལ་འཛིན་པའི་ཚད་མས་ཁེགས་པའི་ཕྱིར་དང་། སྔར་གྱི་བྱེད་པ་པོ་ཕྱིས་ཡོད་ན་གྲངས་ཅན་གྱི་བདག་ལྟར་ཐལ་བའི་ཕྱིར་རོ། །ཤེས་པས་རང་དང་ཡུལ་མི་རིག་པའང་མི་རུང་སྟེ། ཡུལ་བློས་མི་རིག་ན་དབང་པོས་ཤིན་ཏུ་ཡང་མི་རིག་པས་འགྲོ་བ་མ་ལུས་འོན་ལོང་ཉིད་དུ་ཐལ་བའི་ཕྱིར་དང་། རང་མི་རིག་པ་སྤྱོད་པ་པར་བཀག་པ་བཞིན་ནོ། །མཚན་མཚོན་རྫས་ཐ་དད་ཀྱང་མི་རུང་སྟེ། མེའི་ཐ་སྙད་དྲོ་བ་ལས་ཐ་དད་ན་བསིལ་བར་ཐལ་བའི་ཕྱིར་དང་། ཐ་སྙད་དེ་ཉིད་དྲོ་བ་ལས་མི་རྙེད་ན་གཞན་ནས་ཤིན་ཏུའང་མི་རྙེད་པས་ཤེས་བྱ་ལ་མི་སྲིད་པར་འགྱུར་བའི་ཕྱིར་དང་། ཆོས་ཐམས་ཅད་རང་གི་ངོ་བོ་མེད་པས། ཁོ་བོ་ཅག་གི་ཕྱོགས་སུ་ཐལ་བའི་ཕྱིར་རོ། །ཆུད་མི་ཟ་བའི་རྫས་མེད་དེ། རྣམ་སྨིན་གཅེར་བུ་བར་བཀག་པའི་ཕྱིར་དང་། ཐོབ་པ་བཀག་པའི་ཕྱིར་དང་། རྫས་དུ་མ་གཅིག་ཏུ་འདུ་མི་སྲིད་པའི་ཕྱིར་དང་། གནས་པ་བཀག་པའི་
ཕྱིར་དང་། འོང་བ་བཀག་པའི་ཕྱིར་དང་། གཟུགས་དང་སེམས་ལས་ཐ་དད་ན། ཤེས་བྱ་ལ་མི་སྲིད་པར་འགྱུར་བའི་ཕྱིར་རོ། །ཚུལ་འདིས་སེམས་ཅན་དོན་དམ་དུ་འདོད་པ་དང་། ཀུན་གཞིས་ལུས་ལ་ཁྱབ་པར་འདོད་པ་དང་། སེམས་སེམས་བྱུང་རྫས་ཐ་དད་དུ་འདོད་པ་དང་། སྐྱེ་གནས་འཇིག་གསུམ་རང་གར་འདོད་པ་རྣམས་ཁེགས་པ་ཡིན་ནོ། །ད་ནི་ཉན་ཐོས་མདོ་སྡེ་པ་བཤད་པ་ནི། མདོ་སྡེ་སྤྱོད་པས་སྐྱེད་བྱེད་རྐྱེན་བཞི་སོགས། །རྣམ་བདུན་ཚུལ་དེ་ཡང་དག་ལྟ་བ་མིན། །འདིར་ཉན་ཐོས་མདོ་སྡེ་པ་དག་ནི། གྲུབ་པའི་མཐའ་ཚུལ་བདུན་དུ་འདོད་དེ། སྐྱེད་བྱེད་རྐྱེན་བཞི། སྣང་བ་བློ། ཡུལ་ལྐོག་གྱུར། རྡུལ་བར་མེད། དབང་པོ་ནུས་པ། མི་ལྡན་པ་ཀུན་བརྟགས། མྱང་འདས་དངོས་མེད་དོ། །དང་པོ་ནི། སྐྱེ་བ་ཐམས་ཅད་རྐྱེན་བཞི་ཅི་རིགས་པ་ལ་བརྟེན་ནས་སྐྱེ་བ་སྟེ། རྒྱུའི་རྐྱེན། མཚུངས་པ་དེ་མ་ཐག་པའི་རྐྱེན། དམིགས་པའི་རྐྱེན། བདག་པོའི་རྐྱེན་ནོ། །དང་པོ་ནི། འབྲས་བུ་ལ་ཕན་འདོགས་པར་ནུས་རུང་ཙམ་སྟེ། ངོ་བོ་སྐྱེད་པའོ། །གཉིས་པ་ནི། ཤེས་པ་སྔ་མ་འགགས་མ་ཐག་ལྟ་བུ་སྟེ་རིགས་འདྲ་ཕྱི་མ་སྐྱེད་པའོ། །གསུམ་པ་ནི། ཤེས་པའི་ཡུལ་ལོ། །བཞི་པ་ནི། འབྲས་བུའི་ཁྱད་པར་སྐྱེད་དེ་གེགས་མི་བྱེད་པ་ཙམ་མོ། །དེ་ལ་རྒྱུ་ནི་ལྔ་སྟེ། མཚུངས་ལྡན། ཀུན་ཏུ་འགྲོ་བ། སྐལ་པ་མཉམ་པ། བྱེད་པ། ལྷན་ཅིག་འབྱུང་བ་སྟེ། མཛོད་ལས། རྐྱེན་ནི་བཞི་པོ་དག་ཏུ་གསུངས། །རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །དམིགས་པ་ཆོས་རྣམས་ཐམས་ཅད་དེ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། ཅེས་སོ། །བསྐྱེད་ཚུལ་ཡང་། སེམས་དང་སེམས་བྱུང་ཐམས་ཅད་ནི་རྐྱེན་བཞི་ལས་སྐྱེས་ཏེ། མིག་ཤེས་ཉིད་ཀྱི་རྒྱུ་ནི་ཤེས་པ་སྔ་མ་ལ་ཤེས་པའི་ས་བོན་ཡོད་པའོ། །དེ་མ་ཐག་པ་ནི་ཤེས་པ་སྔ་མ་འགགས་མ་ཐག་པའོ། །དམིགས་པ་ནི་གཟུགས་སོ། །བདག་པོ་ནི་མིག་གོ །འགོག་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པའི་སྙོམས་འཇུག་
ནི། དམིགས་པའི་རྐྱེན་མ་གཏོགས་པ་གསུམ་ལས་སྐྱེའོ། །གཞན་ལྡན་པ་མ་ཡིན་པའི་འདུ་བྱེད་ཐམས་ཅད་དང་གཟུགས་ཐམས་ཅད་ནི་རྒྱུ་དང་བདག་པོ་གཉིས་ལ་བརྟེན་ནས་སྐྱེས་ཏེ། བུམ་པའི་རྒྱུ་འཇིམ་པ་དང་། བདག་པོ་རྫ་མཁན་བཞིན་ནོ། །དེས་ན་སེམས་ཀྱི་སྐྱེ་བ་དང་གནས་པ་དག་འགགས་པ་ལ་ནི་གཟུགས་སྒྲ་ལ་སོགས་མི་སྣང་སྟེ། མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་རྣམ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་སོ། །སྣང་བ་བློ་ནི། སྤྱིར་ཤེས་པའི་སྣང་ཡུལ་གསུམ་སྟེ། ལྷ་ཡི་བསྐྱེད་རིམ་ལྟ་བུ་དོན་སྤྱི་དང་། ཟླ་བ་གཉིས་སྣང་ལྟ་བུ་མེད་པ་གསལ་བ་དང་། བུམ་པ་ལྟ་བུ་དོན་རང་མཚན་ནོ། །དེ་ལྟར་རིགས་གསུམ་གྱིས་བསྡུས་པའི་སྣང་ཚད་ཐམས་ཅད་ཤེས་པ་དངོས་ཡིན་ཏེ། རྣམ་བདེན་དང་ཁྱད་མེད་དོ། །ཡུལ་ལྐོག་གྱུར་ནི། དོན་སྤྱི་དང་། མེད་པ་གསལ་བ་ནི། དེ་ཉིད་ནས་ལོགས་ན་མེད་དེ། རྟོག་བཅས་དང་། རྟོག་མེད་འཁྲུལ་བ་ལ་སྣང་བའི་ཕྱིར་རོ། །མ་འཁྲུལ་བ་ལ་སྣང་བའི་དོན་རང་མཚན་ཐམས་ཅད་དོན་གྱིས་གཏད་པའི་རྣམ་པ་ཞེས་བྱ་བ་ཡིན་ནོ། །བུམ་པར་སྣང་བ་འདི་ཉིད་བུམ་པ་མ་ཡིན་གྱི་སེམས་ཡིན་ལ། བུམ་པ་ནི་དངོས་སུ་སུས་ཀྱང་ནམ་ཡང་མཐོང་མི་སྲིད་པར་བུམ་སྣང་དང་གོ་ཐ་མི་དད་ལྐོག་ན་ཡོད་པའོ། །དེ་བཞིན་དུ་ལུས་ལ་བསྣུན་པའི་མཚོན་ལ་སོགས་པ་ལྐོག་ན་ཡོད་པའོ། །དེས་ན་ཤེས་པས་ཡུལ་རིག་ཅེས་པའི་དོན། ཤེས་པ་དངོས་ཀྱིས་ཡུལ་དངོས་རྗེན་ཅེར་དུ་རིག་པ་མ་ཡིན་ཏེ། ཡུལ་བུམ་པར་སྐྱེས་པའི་སྐད་ཅིག་གཉིས་པར་ཤེས་པ་ཉིད་བུམ་པ་ཅི་འདྲ་བའི་རྣམ་པར་སྐྱེས་པ་ལ། ཤེས་པས་ཤེས་ཡུལ་བཟུང་བ་ཙམ་དུ་བཏགས་པ་ཡིན་ཏེ། བུས་ཕའི་བྱད་མ་བཟུང་ཡང་ཕའི་བྱད་ཅི་འདྲ་བར་སྐྱེས་པ་ལ་ཕའི་བྱད་བཟུང་བར་བརྗོད་པ་བཞིན་ནོ། །རྣམ་འགྲེལ་ལས། དུས་ཐ་དད་པས་ཇི་ལྟར་བཟུང་། །ཞེ་ན་རིག་པ་ཤེས་པ་ཡིས། །ཤེས་པའི་རྣམ་པ་འཇོག་ནུས་པའི། །རྒྱུ་ཉིད་ལ་ནི་གཟུང་བར་
ཤེས། །ཞེས་སོ། །དེས་ན་ཤེས་པ་ཐམས་ཅད་ལ་རང་མྱོང་བ་དང་། གཞན་དམིགས་པ་གཉིས་ལས། གཞན་དམིགས་པ་ཙམ་ནི་དོན་དང་འདྲ་བ་ཡིན་ཏེ། དབུ་མ་རྒྱན་ལས། བདག་ཉིད་གསལ་བར་མྱོང་བ་སྟེ། །དོན་དང་འདྲ་བ་དམིགས་པ་ཡིན། །དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །ཞེས་སོ། །རྡུལ་དུ་མ་འདུས་ནས་རགས་པ་རྩོམ་པའི་ཚེ། རྡུལ་རྣམས་རེག་པ་ནི་མི་རུང་སྟེ། ཆ་དྲུག་ཏུ་འགྱུར་བའི་ཕྱིར་རོ། །བསྐོར་བ་བར་དང་བཅས་པར་མི་རུང་སྟེ། སྣང་མུན་གྱི་རྡུལ་དང་རེག་པས་ཆ་དྲུག་ཏུ་འགྱུར་བའི་ཕྱིར་རོ། །འོན་ཀྱང་འབྱར་ལ་མ་རེག་པར་གནས་སོ། །དེ་ཡང་བར་མེད་པས་འབྱར་ལ། ངོས་ཆས་རེག་པ་མེད་པས་མ་རེག་པའོ། །དབང་པོ་ནི། རྫས་ལྐོག་ན་མེད་ཀྱི་མིག་ཁྲ་བོ་འདི་གཉིས་ཀྱིས་རྣམ་ཤེས་སྐྱེད་ནུས་པའི་ཆའོ། །དེས་ན་གཞན་གྱི་དབང་པོ་ནི་མངོན་སུམ་གྱིས་མ་ངེས་ཏེ། འབྲས་བུ་མ་མཐོང་བར་ནུས་པ་མངོན་སུམ་གྱིས་མི་ངེས་པའི་ཕྱིར་རོ། །རང་གི་དབང་པོ་ནི་མིག་ཤེས་ལ་སོགས་སྐྱེ་བའི་ཚེ་ལྐོག་གྱུར་ཡིན་ལ། སྐྱེས་ཙ་ན་དབང་དོན་འཛིན་པའི་ཡུལ་ཤེས་དང་། མིག་ཤེས་དམིགས་པའི་རང་རིག་གཉིས་ཀྱི་ཤུགས་ལས་ངེས་པ་ཡིན་ནོ། །སྐྱེ་འཇིག་ལ་སོགས་པ་མི་ལྡན་པའི་འདུ་བྱེད་རྣམས་ནི། གཟུགས་དང་སེམས་དང་སེམས་ལས་བྱུང་བ་གསུམ་ལས། དེ་ཉིད་དང་གཞན་གཉིས་ཀ་བཀག་ཙམ་གྱིས་ཁེགས་པས། ཀུན་བརྟགས་ཡིན་ཏེ་རི་བོང་གི་རྭ་བཞིན་ནོ། །དེ་གསུམ་ལས་དོན་ལོགས་པ་མེད་པས་མིང་ཙམ་དུ་སོང་བའི་ཕྱིར་རོ། །ཉན་རང་དགྲ་བཅོམ་དང་སངས་རྒྱས་མྱ་ངན་ལས་འདས་ཕན་ཆད་ཕུང་པོ་ས་བོན་དང་བཅས་པ་མཁའ་ལ་སྤྲིན་དེངས་པའམ། མཚོ་ལ་འཁྱགས་པ་ཞུ་བ་ལྟར། ཡུལ་ཆོས་ཀྱི་དབྱིངས་ཀྱི་འགོག་པ་དང་དབྱེར་མེད་པས་རྡུལ་ཙམ་མམ་མིང་ཙམ་ཡང་མ་ལུས་པར་ཞི་སྟེ་ཅི་ཡང་མེད་པ་ནི་བྱེ་བྲག་པ་ལྟར་ཡིན་ཡང་། བྲལ་བའི་རྫས་རྣམས་ཇི་སྙེད་པར་ཐོབ་པའི་རྫས་ཀྱང་དེ་སྙེད་དེ་དངོས་པོ་པ་ནི་མ་
ཡིན་ནོ། །ཞེས་འདོད་པ་ཡིན་ནོ། །དེ་དགག་པ་ལ་ཕྱོགས་སྔ་མ་ལྟར་བདུན་ལས། རྐྱེན་བཞི་དགག་པ་ལ་ལྔ་སྟེ། རྒྱུ། དེ་མ་ཐག །དམིགས་པ། བདག་པོ། བསྐྱེད་ཚུལ་དགག་པའོ། །དང་པོ་ནི། རྒྱུ་ཉིད་མེད་དེ། འབྲས་བུ་མ་གྲུབ་པར་དེའི་རྒྱུ་མི་འགྲུབ་པས་ན་ཕན་ཚུན་ལྟོས་པའི་ཕྱིར་དང་། ནུས་པ་འགོག་པའི་ཕྱིར་དང་། དངོས་རྒྱུ་མ་ཡིན་པས། དངོས་སུ་ཕན་འདོགས་མི་སྲིད་པའི་ཕྱིར་རོ། །བཞི་བརྒྱ་པ་ལས། འབྲས་བུ་མེད་པར་རྒྱུ་ལ་ནི། །རྒྱུ་ཉིད་ཡོད་པ་མ་ཡིན་ཏེ། །དེ་ཡི་ཕྱིར་ན་རྒྱུ་རྣམས་ཀུན། །འབྲས་བུ་ཉིད་དུ་ཐལ་བར་འགྱུར། །ཞེས་སོ། །དེ་མ་ཐག་པ་ཡང་མེད་དེ། རྒྱུ་འབྲས་ཕྲད་པ་མེད་པའི་ཕྱིར་དང་། འབྲས་བུ་སྐྱེ་དུས་རྒྱུའི་ངོ་བོ་ཡོད་ན་རྒྱུ་འབྲས་དུས་མཉམ་པར་ཐལ་ལ། མེད་ན་རྒྱུ་འགགས་པས་འབྲས་བུ་དང་མ་ཕྲད་དེ་བར་དུ་ཆོད་པར་ཐལ་བའི་ཕྱིར་ཏེ། དེ་ཉིད་ལས། ཆོས་རྣམས་སྐྱེས་པ་མ་ཡིན་ན། །འགགས་པ་འཐད་པར་མི་འགྱུར་རོ། །དེ་ཕྱིར་དེ་མ་ཐག་མི་རིགས། །འགགས་ན་རྐྱེན་ཡང་གང་ཞིག་ཡིན། །ཞེས་སོ། །དམིགས་རྐྱེན་མ་གྲུབ་སྟེ། ཡུལ་ཡང་ཡིན་ལ་རྒྱུ་ཡང་ཡིན་པའི་དུས་ན། ཡུལ་ཤེས་དུས་མཉམ་ན་རྒྱུ་འབྲས་དུས་མཉམ་མི་སྲིད་པས་རྐྱེན་དུ་མི་རུང་ལ། མི་མཉམ་ན་ཡུལ་ཡོད་དུས་མ་མཐོང་བས། མཐོང་བ་ཕྱིན་ཅི་ལོག་ཏུ་ཐལ་བའི་ཕྱིར་རོ། །རྩ་ཤེ་ལས། ཡོད་པའི་ཆོས་འདི་དམིགས་པ་ནི། །མེད་པ་ཁོ་ན་ཉེ་བར་བསྟན། །ཅི་སྟེ་ཆོས་འདི་དམིགས་མེད་ན། །དམིགས་པ་ཡོད་པར་ག་ལ་འགྱུར། །ཞེས་སོ། །བདག་རྐྱེན་མེད་དེ། ཁྱད་པར་ཁོ་ན་སྐྱེད་ན་ཆ་ཅན་མེད་པའི་ཆ་ཤས་ཀྱང་བསྐྱེད་བྱར་འགྱུར་ཞིང་། ངོ་བོ་ལ་སྐྱེད་རྒྱུ་དང་རྣམ་དབྱེ་མེད་པར་འགྱུར་རོ། །སྐྱེད་ཚུལ་མི་འཐད་དེ། ཤེས་པའི་སྐྱེ་འཇིག་གཉིས་ཤེས་པ་ལས་རྫས་ཐ་དད་དུ་ཐལ་ཏེ། བུམ་པའི་རྣམ་པ་སྣང་མི་སྣང་ཆོས་འགལ་བའི་ཕྱིར་རོ། །འདོད་ན་ཤེས་པ་འདུས་མ་བྱས་རྟག་པར་ཐལ་ཏེ་སྐྱེ་འཇིག་མ་ཡིན་པའི་ཕྱིར་རོ། །སྣང་བ་བློ་ཡིན་པ་ནི། རྣམ་བདེན་པར་འགོག་
གོ །ཡུལ་ལྐོག་གྱུར་དུའང་མི་རུང་སྟེ། གཞལ་བྱ་མངོན་གྱུར་ལྐོག་གྱུར་གྱི་རྣམ་དབྱེ་མེད་པར་འགྱུར་བའི་ཕྱིར་དང་། ལྐོག་གི་བུམ་པ་མཐོང་མི་སྲིད་པས་སྒྲུབ་བྱེད་མེད་པའི་ཕྱིར་ཏེ། རྡུལ་བཀག་ཅིང་མི་སྣང་བས་ལྐོག་གི་བུམ་པ་ཀུན་རྫོབ་དོན་དམ་གཉིས་ཀར་ཁེགས་པའི་ཕྱིར་དང་། འདྲ་བ་བཀག་པའི་ཕྱིར་དང་། བུམ་པ་རྡུལ་དུ་གནས་ལ་ཤེས་པ་རིལ་པོར་སྣང་བས་འདྲ་བ་འགལ་ནས་མེད་པའི་ཕྱིར་དང་། མཐོང་བ་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་རོ། །རྡུལ་བར་མེད་ཅེས་པའང་མི་རུང་སྟེ། བར་དུ་ཕྲ་རབ་ཀྱི་ཆ་ཙམ་གྱིས་ཀྱང་མ་ཆོད་ན་ནི་མ་རེག་པའང་མི་སྲིད་ལ། ཆོད་ན་བར་མེད་པ་མི་སྲིད་པས་ཚིག་ཙམ་དུ་ཟད་དོ། །དབང་པོ་ནུས་པའང་། དབང་པོ་ཉིད་བཀག་པས་མ་གྲུབ་བོ། །མི་ལྡན་པ་ཀུན་བརྟགས་སུའང་མི་རུང་སྟེ། མི་རྟག་པ་ཤེས་བྱ་ལ་མི་སྲིད་ན་གསང་བ་པའི་གྲུབ་མཐར་ཐལ་བའི་ཕྱིར་དང་། བུམ་པ་མི་རྟག་པ་མ་ཡིན་པས་ཐོ་བས་གཞོམ་དུ་མེད་པར་ཐལ་བ་དང་། སེམས་ཉིད་ཀྱི་ཐོབ་པའི་ངོ་བོ་མེད་ན་མྱང་འདས་ཐོབ་ཀྱང་སེམས་འཁོར་བར་འཁྱམས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་དངོས་མེད་ཀྱང་མི་རུང་སྟེ། སངས་རྒྱས་འགྲོ་དོན་མ་རྫོགས་པར་འགྱུར་བའི་ཕྱིར་དང་། སྒྲིབ་པ་གཏན་ནས་མ་ཟད་པར་ཤེས་པ་འགག་ཏུ་མི་རུང་བའི་ཕྱིར་རོ། །དེའང་གྲུབ་མཐའ་འདིས་བུམ་པར་མཐོང་བ་བུམ་པ་མ་ཡིན་བུམ་པ་རྡུལ་ཕྲན་ཡིན། མཐོང་བ་བློ་ཡིན་ཞེས་རི་ལ་སོགས་པ་ཀུན་མཚུངས་པར་བརྗོད་པས་ལེགས་པ་མ་ཡིན་ནོ། །ཚུལ་འདིས་སེམས་ཉོན་མོངས་སུ་སྣང་ཡང་ཉོན་མོངས་མ་ཡིན་པ་དང་། སེམས་དེ་མ་ཐག་རྐྱེན་ལས་སྐྱེ་བར་འདོད་པ་དང་། ཡུལ་ཤེས་ཆ་ཤས་ཀྱིས་སྣང་མི་སྣང་འདོད་པ་ཐམས་ཅད་བཀག་པ་ཡིན་ནོ། །དེ་ཐམས་ཅད་ཀྱིས་ཉན་ཐོས་པའི་ཚུལ་དགག་པ་དང་བཅས་པ་བཤད་ཟིན་ཏོ། །ད་ནི་རང་སངས་རྒྱས་ཀྱི་འདོད་པ་འགོག་ཚུལ་དང་བཅས་པ་ནི། རང་སངས་རྒྱས་རྣམས་རྟེན་འབྲེལ་ཉིད་སྒོ་ནས། །ཡང་དག་དམིགས་པར་རྟོགས་པའང་གཞན་ཉིད་དོ། །ཐེག་དམན་དབང་པོ་རྣོན་པོ་རྟེན་འབྲེལ་འཇུག་ལྡོག་གི་སྒོ་ནས་སངས་རྒྱས་འབྲིང་དུ་གཏོགས་པའི་སྐལ་བ་ཅན་རྣམས་ཀྱང་མཐར་ཕྱིན་པའི་ས་ལ་གནས་པ་མ་ཡིན་པས་ན་ཐེག་པ་མཆོག་
ལས་གཞན་དུ་བཞག་གོ །འདིར་དེའི་གྲུབ་པའི་མཐའ་ལ་དབྱེ་ན་གསུམ་སྟེ། དམིགས་པའི་ཡུལ། སྤྱོད་པའི་བདག་ཉིད། གྲུབ་པའི་འབྲས་བུའོ། །ཡུལ་ལའང་། རིགས། ལྟ་བ། རྟེན་འབྲེལ་གསུམ་ལས། རིགས་ནི། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་སྐལ་བ་ཅན་མ་ཡིན་པས་དབང་པོ་འབྲིང་དུ་གྱུར་པ་སྟེ། ཀུན་ལས་བཏུས་ལས། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའི་གང་ཟག་གོ །ཞེས་པའི་བར་པའོ། །ལྟ་བ་ནི། གང་ཟག་གི་བདག་དང་ཕྱི་གཟུང་བ་རྡུལ་ཕྲན་དུ་མི་འདོད་ཀྱང་། ཡུལ་རྫུན་སྣང་འཛིན་མཁན་གྱི་ཤེས་པ་སྐད་ཅིག་གི་འཛིན་པ་མ་སྤངས་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་སོ། །རྟེན་འབྲེལ་ནི། ལྔས་ཤེས་པར་བྱ་སྟེ། དབྱེ་བ། ངོ་བོ། རྣམ་གཞག །ཚེ་དུ་ལ་རྫོགས་པ། སྒོམ་ཚུལ་ལོ། །དབྱེ་ན་ཕྱི་རྟེན་འབྲེལ་དང་། ནང་རྟེན་འབྲེལ་ལོ། །ཕྱི་ནི་ས་བོན་ལ་བརྟེན་ནས་མྱུ་གུ་འབྱུང་བ་ལ་སོགས་པའོ། །ནང་ནི་མ་རིག་པ་ལ་བརྟེན་ནས་རྒ་ཤིའི་བར་དུ་འབྱུང་བ་བཅུ་གཉིས་སོ། །སོ་སོའི་ངོ་བོ་ལ་མ་རིག་པ་ནི་སྤྱིར་ཤེས་བྱ་མི་ཤེས་པ་ཙམ་ཡིན་ཡང་། སྐབས་འདིར་སྐྱེ་བ་འདི་འགྲུབ་པའི་ཚེ་སྔ་མའི་ཉོན་མོངས་པ་རྣམས་ཚེ་འདི་ལ་ལྟོས་ནས་མ་རིག་པར་བཞག་གོ །འདུ་བྱེད་ནི་སྤྱིར་རྒྱུས་འབྲས་བུ་བསྐྱེད་པ་ཙམ་ཡིན་ཡང་། འདིར་ཚེ་འདི་གྲུབ་པའི་སྔོན་རོལ་གྱི་ལས་སོ། །རྣམ་ཤེས་ནི་སྤྱིར་ཡུལ་གྱི་དོན་ཙམ་རིག་པ་ཡིན་ཡང་། འདིར་མའི་མངལ་དུ་དང་པོ་འཇུག་པའི་ཕུང་པོ་ལྔའོ། །མིང་དང་གཟུགས་ནི་སྤྱིར་མིང་བཞིའི་ཕུང་པོ་དང་གཟུགས་ཡིན་ཡང་། འདིར་མངལ་དུ་ཞུགས་ནས་ཁ་མིག་མ་དོད་ཚུན་ཆད་ཀྱི་ཕུང་པོ་ལྔའོ། །སྐྱེ་མཆེད་དྲུག་ནི་སྤྱིར་མིག་ལ་སོགས་པ་ཙམ་ཡིན་ཡང་། འདིར་ཁ་མིག་དོད་ནས་བཟུང་སྟེ་དྲི་རོ་རེག་བྱ་འཛིན་མི་ནུས་པ་ཚུན་ཆད་དོ། །རེག་པ་ནི་སྤྱིར་ཡུལ་དབང་ཤེས་པ་
གསུམ་འདུས་པ་ཙམ་ཡིན་ཡང་། འདིར་བདེ་སྡུག་གི་རྒྱུ་ཡུལ་འཛིན་ཅིང་བདེ་སྡུག་དངོས་མ་སྐྱེས་པ་ཚུན་ཆད་དོ། །འདི་དུས་ཐུང་ངོ་། །ཚོར་བ་ནི་སྤྱིར་ཉམས་སུ་མྱོང་བ་ཙམ་ཡིན་ཡང་འདིར་མངལ་དུ་བདེ་སྡུག་རགས་པ་མྱོང་བ་ནས་བཟུང་སྟེ་འཁྲིག་པ་སྤྱོད་མི་ནུས་པའི་བར་ཚུན་ཆད་ཀྱི་བདེ་སྡུག་གོ །སྲེད་པ་ནི་སྤྱིར་ཆགས་པ་ཙམ་ཡིན་ཡང་། འདིར་འཁྲིག་པ་སྤྱོད་ནུས་པ་ནས་བཟུང་སྟེ་ནོར་རྫས་སམ། བུད་མེད་དམ་སྐྱེས་པ་བཙལ་བའི་འདུན་པ་མེད་པ་ཚུན་ཆད་དེ་དུས་ཐུང་ངོ་། །ལེན་པ་ནི་སྤྱིར་འདུན་པ་དང་འདོད་ཆགས་ཙམ་ཡིན་ཡང་འདིར་སྲེད་ཡུལ་ཚོལ་ཅིང་མ་རྙེད་པའི་བར་རོ། །སྲིད་པ་ནི་སྤྱིར་ལས་ཐམས་ཅད་ཡིན་ཡང་། འདིར་ཡུལ་དེ་རྙེད་ནས་སྤྱད་པས་ཚེ་ཕྱི་མ་འགྲུབ་པའི་ལས་བསོག་པ་སྟེ་འཆི་ཀ་མ་ཚུན་ཆད་དོ། །སྐྱེ་བ་ནི་སྤྱིར་རྒྱུ་ལས་སྐྱེ་བ་ཐམས་ཅད་ཡིན་ཡང་། འདིར་ལས་དེའི་ནུས་པས་ཚེ་ཕྱི་མར་མངལ་དུ་ཞུགས་མ་ཐག་པའོ། །རྒ་ཤི་ནི་སྤྱིར་འགག་པར་ཕྱོགས་པ་དང་འགག་པ་ཐམས་ཅད་ཡིན་ཡང་འདིར་མངལ་དེར་ཞུགས་ནས་ཕྱི་མའི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་སྟེ་བཞི་པོ་རྫོགས་པའི་བར་ཐམས་ཅད་དོ། །དེའི་སྲིད་པ་ནས་རྟེན་འབྲེལ་གཞན་གྱི་མགོ་འཛུགས་པ་ཡིན་ནོ། །མཛོད་ལས། མ་རིག་ལ་སོགས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱིའོ། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱིའོ། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་རྒྱུག་པའོ། །དེ་སྲིད་འབྲས་བུ་འབྱུང་གྱུར་པའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤིའོ། །སྔོན་དང་ཕྱི་མ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་སོ། །རྣམ་པར་
གཞག་པ་ནི། བཅུ་གཉིས་པོ་དེ་དག་ལས་དང་ཉོན་མོངས་དང་སྡུག་བསྔལ་གསུམ་དུ་འདུས་ཏེ། མ་རིག་པ། སྲེད་པ། ལེན་པ་གསུམ་ནི་ཉོན་མོངས་པའོ། །འདུ་བྱེད་དང་སྲིད་པ་གཉིས་ནི་ལས་སོ། །རྣམ་ཤེས་ལ་སོགས་ལྷག་མ་བདུན་ནི་སྡུག་བསྔལ་ཏེ། ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་གསུངས་སོ། །ཚེ་དུ་ལ་རྫོགས་པ་ནི། མྱུར་ཚད་ཀྱི་དབང་དུ་བྱས་ན་གསུམ་ལ་རྫོགས་ཏེ། མཛོད་ལས། སྲིད་པའི་འཁོར་ལོ་ཐོག་མ་མེད། །དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །ཞེས་སོ། །སྒོམ་ཚུལ་ནི། དུར་ཁྲོད་ཀྱི་རུས་པ་ལ་བལྟས་ནས། འདི་ནི་ཤི་བས་ལན་ཅིང་། ཤི་བ་རྒས་པ་ལས་བྱུང་བ་ནས་མ་རིག་པའི་བར་དུ་ལུགས་འབྱུང་བཅུ་གཉིས་རྟོགས་ནས། མ་རིག་པ་འགགས་ན་རྒ་ཤིའི་བར་འགགས་པ་ལུགས་ལྡོག་ལ་སེམས་པས་སྒོམ་པའོ། །སྤྱོད་པ་ནི་ཉན་རང་གཉིས་ཚོགས་ལམ་གྱི་བར་དུ་དགེ་བའི་བཤེས་གཉེན་ལ་ཐོས་བསམ་བྱས་པ་ལས། རང་སངས་རྒྱས་ནི་རིགས་ཀྱི་སྟོབས་ཀྱིས་དབེན་པ་ལས་དགའ་བས་འདུ་འཛི་སྤངས་ཏེ། སྒོམ་པས་རང་གི་བྱང་ཆུབ་འགྲུབ་བོ། །གྲུབ་པའི་འབྲས་བུ་ནི་ནེ་ཙོ་ལྟར་ཚོགས་ན་སྤྱོད་པ་ནི་དབང་པོ་རྟུལ་ཞིང་ཡོན་ཏན་ཆུང་བ་མང་པོ་དང་ལྷན་ཅིག་བསྒོམས་པས་ཚེ་གསུམ་ན་འབྲས་བུ་ཐོབ་ཏུའང་རུང་སྟེ། མྱུར་བ་སྲིད་པ་གསུམ་གྱི་མཐར། །ཞེས་སོ། །འདི་ལའང་ཚོགས་ན་སྤྱོད་པ་ཆེ་ཆུང་གཉིས་བཤད་དོ། །བསེ་རུ་ལྟ་བུ་དབང་པོ་རྣོ་བ་ཡོན་ཏན་ཆེ་བ་གཅིག་པུར་གནས་པ་དེ་ནི་ཚོགས་བསྐལ་པ་བརྒྱས་འབྲས་བུ་གྲུབ་སྟེ། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་སོ། །དེས་ནི་ཚོགས་ལམ་གྱི་རྟེན་ལ་ཚོགས་བསགས་ནས། སྟན་ཐོག་གཅིག་ཏུ་ལམ་ལྔ་མངོན་དུ་བྱེད་པས་དབང་པོ་རྣོ་བར་བཞག་ལ། སྔ་མས་མི་ནུས་
པས་རྟུལ་པོ་སྟེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་སོ། །དེའང་ཉན་ཐོས་དགྲ་བཅོམ་དང་རང་སངས་རྒྱས་དབང་རྟུལ་གཉིས་ཀྱིས་སྟོང་གསུམ་ཡོད་པའི་གཉིས་ཚུན་ཆད་མངོན་ཤེས་ཀྱིས་མཐོང་ལ། བསེ་རུ་ལྟ་བུས་གསུམ་མཐོང་ཞིང་སངས་རྒྱས་ཀྱིས་གྲངས་མེད་གཟིགས་ཏེ། དེ་ཉིད་ལས། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །ཞེས་སོ། །རང་སངས་རྒྱས་རྣམས་ཡར་འཕེལ་མར་འགྲིབ་གཉིས་ཀར་འབྱུང་ལ། དེ་ཡང་སངས་རྒྱས་འདས། ཉན་ཐོས་ཀྱང་མེད་པའི་བར་དེར་རང་གི་སྔོན་གྱི་སྨོན་ལམ་གྲུབ་པས་རྟོགས་པ་རང་བྱུང་དུ་རྒྱུད་ལ་སྐྱེས་ནས་འབྲས་བུ་ཐོབ་སྟེ། རྩ་བ་ཤེས་རབ་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རང་བྱུང་ངོ་། །ཞེས་སོ། །འདི་དག་གི་ཚུལ་རྒྱས་པ་ནི། ཁོ་བོའི་བསྟན་བཅོས་ངེས་དོན་ཤིང་རྟ་ཆེན་པོར་རྟོགས་པར་བྱའོ། །དེ་དགག་པ་ལ་གསུམ་སྟེ། ཡུལ། སྤྱོད་པ། འབྲས་བུ་དགག་པའོ། །ཡུལ་དགག་པ་ལ་གསུམ་སྟེ། རིགས། སེམས། རྟེན་འབྲེལ་དགག་པའོ། །དང་པོ་ནི། རིགས་ངེས་པ་ཉིད་མ་གྲུབ་སྟེ། རྣོ་རྟུལ་འབྲིང་པོ་ལ་ལྟོས་ནས་བཞག་པས། རང་བཞིན་གཅིག་ཏུ་མ་གྲུབ་པའི་ཕྱིར་དང་། སྒྲིབ་པ་རང་བཞིན་པ་བཀག་པའི་ཕྱིར་དང་། ཉན་རང་སངས་རྒྱས་ཐོབ་དགོས་པར་བསྒྲུབས་ཟིན་པའི་ཕྱིར་རོ། །འཛིན་པའི་སེམས་དགག་པ་ནི། གཟུང་བ་མེད་པའི་འཛིན་པ་མི་འཐད་དེ། རི་བོང་གི་རྭ་མ་གྲུབ་པས་དེའི་འཛིན་པ་མ་གྲུབ་པ་བཞིན་ནོ། །སྐད་ཅིག་ཀྱང་མི་འཐད་དེ་སྔར་བཀག་པ་བཞིན་ནོ། །རྟེན་འབྲེལ་གྱི་ཆོས་ཕན་ཚུན་ཕྲད་པར་མ་གྲུབ་པས་རྟེན་པ་མི་འཐད་ཅིང་འབྲེལ་དུ་མི་རུང་བའི་ཕྱིར་རོ། །བྱེ་བྲག་པ་རྣམས་ཀྱིའང་འདུ་བྱེད་དང་སྲིད་པ་མེད་དེ། མཚམས་སྦྱོར་བ་དང་འཇུག་པ་བཀག་པ་བཞིན་ནོ། །མིང་
དང་གཟུགས་མེད་དེ་མངལ་དང་ཕྲད་པར་བཀག་པའི་ཕྱིར་རོ། །སྐྱེ་མཆེད་དྲུག་མེད་དེ་རྣམ་ཤེས་བསྐྱེད་པའི་ནུས་པ་བཀག་པའི་ཕྱིར་རོ། །རེག་པ་དང་ཚོར་བ་ཡང་སྔར་བཞིན་ནོ། །སྲེད་ལེན་མེད་དེ་དོན་སྤྱི་རྫུན་པ་དང་ལྟོས་པ་བཀག་པ་བཞིན་ནོ། །སྐྱེ་བ་དང་རྒ་ཤི་ཡང་མེད་དེ། གཅིག་དང་ཐ་དད་དང་རྟག་མི་རྟག་གི་རིགས་པ་བཞིན་ནོ། །མཛོད་ལས། མ་རིག་ནས་བརྩམས་རྒ་ཤི་ཡི། །མཐར་ཐུག་ཡན་ལག་བཅུ་གཉིས་ཀྱི། །རྟེན་ནས་འབྱུང་བའི་བྱ་བ་ནི། ཁོ་བོས་རྨི་ལམ་སྒྱུ་འདྲར་འདོད། །ཅེས་པ་དང་། ཡུམ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཀྱང་རང་བཞིན་གྱིས་རྣམ་པར་དག་ཅེས་སོ། །འདི་དག་འཇུག་ལྡོག་ཏུ་སྒོམ་པའང་གཉེན་པོ་མ་ཡིན་ཏེ། ཟས་ཟོས་ན་འགྲངས། མ་ཟོས་ན་ལྟོགས་པའི་འཇུག་ལྡོག་ཤེས་ཀྱང་མ་ཟོས་ན་མི་འགྲངས་པ་ལྟར་ལུགས་སུ་འབྱུང་ལྡོག་ལ་སྟོང་པ་ཉིད་དུ་མ་རྟོགས་པར་བསྒོམས་ཀྱང་རྟེན་འབྲེལ་མི་འགག་པས་སོ། ཁོ་བོ་ཅག་ནི་ལས་རྒྱུ་འབྲས་ལ་རྨོངས་པའི་གཉེན་པོར་ལས་དགེ་མི་དགེ་ལ་བརྟེན་ནས་འབྲས་བུ་འདོད་མི་འདོད་འབྱུང་བར་ཤེས་ནས་འདོར་ལེན་བྱེད་ཀྱང་རྟེན་འབྲེལ་སྣང་ལ་རང་བཞིན་མེད་པར་རྟོགས་པ་ཙམ་དུ་འདོད་པ་ཡིན་ནོ། །རྩ་ཤེ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །རྟག་པ་མེད་པ་ཆད་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་འགྲོ་འོང་མེད་པའི་སྣང་སྟོང་། གདོད་མ་ནས་རང་བཞིན་མེད་པར་ཤེས་པ་ལ་འཇུག་གོ །སྤྱོད་པ་དགག་པ་ལ་གསུམ་སྟེ། རང་བཞིན་མ་གྲུབ་པ། དམ་པའི་སྤྱོད་པ་མ་ཡིན་པ། སྨད་པའི་གནས་ཡིན་པའོ། །དང་པོ་ནི་སྤྱོད་པ་མ་གྲུབ་སྟེ། སྤྱད་བྱ་སྤྱོད་བྱེད་རྟག་མི་རྟག་དང་ཕྲད་པ་བཀག་པ་བཞིན་ནོ། །གཉིས་པ་ནི། འཇིག་རྟེན་ནའང་བདག་ལས་གཞན་ལ་ཕན་
བདེ་བྱེད་པ་དེ་ལ་དམ་པར་འཇོག་གི་རང་དོན་འབའ་ཞིག་བྱེད་པ་དེ་ཉིད་སྨད་པ་བཞིན་ནོ། །གསུམ་པ་ནི་སྔོན་ཡུན་རིང་མོ་ནས་ཕན་བཏགས་པའི་སེམས་ཅན་དེ་དག་འདོར་ན་སྨད་པར་རིགས་ཏེ། དྲིན་ཅན་བརྗེད་པར་འགྱུར་བ་བཞིན་ནོ། །དེས་ན་ཕན་བདེ་བྱ་དགོས་ཏེ། སྤྲིང་ཡིག་ཏུ། གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟེགས་འཐུངས་པ། །ངལ་བ་མང་ལྡན་པ་ལ་བརྟེན་པ་དེ་དག་ནི། །སྤོང་བར་བྱེད་ན་དེ་ལས་མ་རབས་སུ་ཞིག་ཡོད། །ཅེས་པ་དང་། ཞི་བ་ལྷས། གང་དག་ཕ་དང་མ་དང་ནི། །གཉེན་བཤེས་གྱུར་པས་བདག་ལ་སྔོན། །ཕན་པ་བྱས་པར་གྱུར་པ་ཡི། །སེམས་ཅན་དེ་དག་རྣམས་ལ་ནི། །བྱས་པར་གཟོ་བ་འགྱུར་བ་བྱ། །ཞེས་སོ། །འབྲས་བུ་དགག་པ་ལ་གསུམ་སྟེ། རང་བཞིན་དུ་མ་གྲུབ་པ། རང་དོན་མཐར་མ་ཕྱིན་པ། གཞན་དོན་མེད་པས་དམན་པའོ། །དང་པོ་ནི་མྱང་འདས་བཀག་པ་བཞིན་ནོ། །གཉིས་པ་ནི་དབང་བཅུ་མ་ཐོབ་པའི་ཕྱིར་ཏེ། ཐར་པ་ཆེན་པོ་གདོད་བསྒྲུབ་དགོས་པའི་ཕྱིར་ཏེ། འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མི་འདས། །སངས་རྒྱས་ཐེག་པའི་མཆོག་འདི་བཙལ་བར་གྱིས། །ཞེས་སོ། །གསུམ་པ་ནི་མྱ་ངན་ལས་འདས་མ་ཐག་ཏུ་སུའི་དོན་ཡང་མི་འགྲུབ་པས་ན་ཐར་པའི་གཟུགས་བརྙན་ཙམ་གྱི་ཕྱིར་རོ། །སྐྱེས་རབས་ལས། བདག་གི་སྡུག་བསྔལ་ཆེན་པོས་ཀྱང་། །སྙིང་རྗེའི་བདག་ཉིད་བརྟན་པ་གསལ། །གཞན་གྱི་སྡུག་བསྔལ་ཆུང་ངུས་ཀྱང་། །འདར་བར་གྱུར་པ་དེ་སྨད་དོ། །ཞེས་པ་བཞིན་ནོ། །རང་སངས་རྒྱས་ཀྱི་ལུགས་འགོག་ཚུལ་དང་བཅས་པས་ཐེག་པ་ཆུང་ངུའི་ཚུལ་བཤད་ཟིན་ཏོ། །ད་ནི་ཐེག་པ་ཆེན་པོའི་གཞུང་རྒྱ་ཆེར་དབྱེ་བ་ལ་གཉིས་ཏེ། ཁྱད་པར་དང་། ཁྱད་པར་ཅན་གྱི་གཞུང་ལེགས་པར་བཤད་པའོ། །དང་པོ་ཐེག་པ་ཆུང་ངུ་ལས་ཆེན་པོ་འཕགས་པའི་ཁྱད་པར་ནི། གངས་ཆེན་མཚོ་འདྲ་སངས་རྒྱས་ཐེག་པ་ཆེ། །གོ་ཆ་མཆོག་སོགས་བདུན་གྱིས་འཕགས་པས་ན། །ཐེག་པ་
མཁའ་འདྲ་གཞལ་མེད་ཁང་ཆེན་ཡིན། །དེ་ལ་ཐེག་པ་ཆེན་པོ་ནི་ཐབས་དང་སྤྱོད་པ་དང་། ཆོས་ཀྱི་ཚུལ་རྒྱ་མཚོ་ལས་ཀྱང་གངས་ཆེན་མཚོར་གྱུར་པ་ཡིན་ལ། ཐེག་པ་ཆུང་ངུ་ནི་བ་གླང་རྨིག་རྗེས་ཀྱི་ཆུའི་རང་བཞིན་དུ་ལྟ་སྟེ་ཆེན་པོ་བདུན་དང་ལྡན་པ་དང་མི་ལྡན་པའི་ཕྱིར་རོ། །དེ་ལ་དམིགས་པ་ཆེན་པོ་ནི་ཆོས་ཉིད་ནམ་མཁའ་འདྲ་བ་ལ་དམིགས་པར་ནུས་ལ་ཆུང་ངུས་མི་ནུས་སོ། །སྒྲུབ་པ་ཆེན་པོ་ནི་ལམ་དང་སྤྱོད་པའི་དུས་ན་རང་གཞན་གཉིས་ཀའི་དོན་ཆེན་པོ་སྒྲུབ་པ་ཉིད་དེ། ཉན་རང་ལ་རང་དོན་ལས་མེད་དོ། །ཡེ་ཤེས་ཆེན་པོ་ནི་བདག་གཉིས་ཀྱིས་སྟོང་པའི་ཆོས་ཉིད་སྙིང་རྗེ་དང་ཟུང་དུ་འཇུག་པའི་ཡེ་ཤེས་ཡོད་པ་ཐེག་དམན་ལ་མེད་དོ། །བརྩོན་འགྲུས་ཆེན་པོ་བསྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་དུ་སྤྲོ་བ་ཉན་རང་ལ་མེད་དོ། །ཐབས་ལ་མཁས་པ་ཆེན་པོ་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པས་དོན་སྒྲུབ་པ་ཉིད་ཉན་རང་ལ་མེད་དོ། །གྲུབ་པ་ཆེན་པོ་སངས་རྒྱས་ནས་གཞན་དོན་དང་། སྟོབས་སོགས་ཀྱི་ཡོན་ཏན་མཐའ་ཡས་ལྡན་པ་ཐེག་དམན་ལ་མེད་དོ། །འཕྲིན་ལས་ཆེན་པོ་འཁོར་བ་ཇི་སྲིད་པར་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བ་ཉིད་ཉན་རང་ལ་མེད་ལ། ཐེག་ཆེན་ལ་ཡོད་པས་འཕགས་ཏེ། མདོ་སྡེ་རྒྱན་ལས། དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་སོ། །དེ་དག་གི་ནང་ནས་ཁྱད་པར་དུ་ཐབས་སྙིང་རྗེས་འཕགས་ཏེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །ཐེག་པ་ཆེན་པོར་ག་ལ་འགྱུར། །ཞེས་སོ། །མདོར་ན་ཐབས་དང་ཤེས་རབ་དང་རྣམ་གྲོལ་ཐམས་ཅད་ཡངས་པ་ནམ་མཁའ་
ལྟ་བུས་རང་གཞན་གྱི་དོན་གཉིས་ལམ་གྱི་དུས་ནའང་སྒྲུབ་ཅིང་བདེ་སྐྱིད་འབྱུང་ལ། སངས་རྒྱས་ནས་ཀྱང་འབྱུང་བ་ཡིན་ཏེ། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་བཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །རྒྱུ་དེས་དེ་ནི་ཐེག་པ་ཆེ་ཞེས་རབ་བརྗོད་དོ། །ཞེས་སོ། །ཁྱད་པར་ཅན་གྱི་ཐེག་པ་ཆེན་པོ་ཉིད་བཤད་པ་ནི། ཐེག་མཆོག་རང་བཞིན་ཐ་དད་མ་མཆིས་ཀྱང་། །ཤིང་རྟ་འདྲེན་བྱེད་ལྟ་བ་གསུམ་ཉིད་ལས། །སེམས་ཙམ་རང་རྒྱུད་ཐལ་འགྱུར་ཞེས་སུ་གྲགས། །ཐེག་པ་ཆེན་པོ་དེའི་ངོ་བོ་ཆོས་ཐམས་ཅད་རང་བཞིན་མེད་པ་དང་། ལམ་ཚོགས་གཉིས་བསྐལ་པ་གྲངས་མེད་པར་བསོག་པ་དང་། འབྲས་བུ་བྱང་ཆུབ་ནས་གཞན་དོན་འབྱུང་བའི་རང་བཞིན་ལ་མཐུན་པས་ཐ་དད་མེད་ཀྱང་། གསུང་རབ་བླ་ན་མེད་པའི་ཤིང་རྟ་ཆེན་པོ་འདྲེན་པའི་སློབ་དཔོན་ཆེན་པོ་དག །གསུང་རབ་ཀྱི་དགོངས་པ་འགྲེལ་ཚུལ་ཅུང་ཟད་མ་མཐུན་པའི་དབང་གིས། སེམས་ཙམ་དང་། རང་རྒྱུད་དང་། ཐལ་འགྱུར་དུ་གྲགས་ཏེ། བསྟན་བཅོས་ཀྱི་དགོངས་པ་དེ་དག་ཏུ་སངས་རྒྱས་ཀྱི་དགོངས་པ་འདུས་པར་མཛད་པ་ལས། དང་པོ་རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་བསྟན་པ་ནི། སེམས་ཙམ་པ་ནི་རྣམ་ཤེས་དོན་དམ་འདོད། །སྤྱི་དང་ཁྱད་པར་ཚུལ་གཉིས་རིམ་པ་ལས། །འདོད་དོན་ཐུན་མོང་རང་གསལ་ཡེ་ཤེས་དང་། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་ལ་སོགས་ཉིད། །དེ་ལ་སློབ་དཔོན་ཆེན་པོ་དབྱིག་གཉེན་དང་། དེའི་རྗེས་སུ་འབྲངས་པ་དག་གིས་ཀྱང་སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་སེམས་ཙམ་དུ་གསུངས་པ་ཡིན་པས། ལྟ་བ་གཞན་དུ་གྲུབ་པ་མ་ཡིན་པར་འདོད་དེ། འགྲེལ་ཆུང་ལས། འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་དགྲོལ། །ཅེས་སོ། །དེའི་གཞུང་སེམས་
ཙམ་གྱི་གྲུབ་མཐའ་སྤྱིར་དགོད་པ་དང་། སོ་སོར་བཤད་པ་གཉིས་ལས། དང་པོ་ལ་གསུམ་སྟེ། དམ་བཅའ་བ་དང་། སྒྲུབ་བྱེད་དང་། གྲུབ་པའི་དོན་ནོ། །དང་པོ་ནི་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་དེ། རྣམ་ངེས་ལས། བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡི་མྱོང་བའང་གཞན་ཡོད་མིན། །གཟུང་དང་འཛིན་པ་གཉིས་མེད་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་པ་དང་། སུམ་ཅུ་པའི་འགྲེལ་པ་ལས། གལ་ཏེ་ཤེས་བྱ་བཞིན་དུ་རྣམ་པར་ཤེས་པའང་ཀུན་རྫོབ་པ་ཉིད་ཡིན་གྱི། དོན་དམ་པར་མེད་དོ་ཞེས་པ་དེ་དག་ནི་རིགས་པ་མི་བཟང་སྟེ། རྟེན་མེད་པའི་ཀུན་རྫོབ་མི་རུང་བས་ཀུན་རྫོབ་ཏུ་ཡང་དངོས་པོ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་སོ། །དེ་ལ་གཟུང་འཛིན་གཉིས་ཀྱི་འཛིན་པ་ཡོད་ལ་གཟུང་བ་མེད་པ་ནི་རང་སངས་རྒྱས་ཀྱང་འདོད་ལ། གཉིས་ཀ་མེད་པ་ནི་སྟོང་པར་སྨྲ་བ་དང་གཅིག་ཏུ་འགྱུར་ན་ཇི་ལྟར་ཡིན་ཞེ་ན། གཟུགས་སོགས་ཡུལ་དང་། དེ་ལ་འཛིན་པའི་སེམས་གཉིས་ཀ་མེད་ཀྱང་། གཉིས་མེད་དུ་མྱོང་བའི་རང་རིག་རང་གསལ་འདོད་པས་སྟོང་པའི་ཕྱོགས་དང་། རང་སངས་རྒྱས་དང་མི་མཚུངས་སོ། །དེ་ཡང་གཟུང་བ་རྫུན་པས་དེ་འཛིན་པའི་སེམས་ཀྱང་རྫུན་པའི་ཕྱིར་དོན་དམ་དུ་མ་གྲུབ་སྟེ། གཟུང་བ་མེད་ན་དེར་འཛིན་མེད། །ཅེས་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་ནི་ཕྱི་རོལ་སྣང་བ་དོན་གཞན་བདེན་པ་བ་མེད་དེ་ཆུ་གཅིག་ལའང་འགྲོ་བ་དྲུག་གི་སྣང་ཚུལ་སོ་སོར་མཐོང་བས། རང་རང་གི་ལས་དང་བག་ཆགས་འཁྲུལ་པའི་སེམས་གོམས་པ་བརྟན་པ་ལས་དེར་སྣང་བ་ཙམ་སྟེ། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པ་ཉིད་དུ་མཐོང་། །ཞེས་པ་དང་། ལངྐར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །གཞན་གྱི་དབང་ནི་ཡོད་པ་སྟེ། །ཀུན་ཏུ་བརྟགས་པ་ཡོད་མ་ཡིན། །སྒྲོ་འདོགས་པ་དང་
སྐུར་འདེབས་པའི། །མཐའ་ལ་རྟོག་པ་རླག་པར་འགྱུར། །ཞེས་པ་དང་། ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་སོ། །དེ་ཡང་ཕྱི་རོལ་དོན་དུ་སྣང་བའི་བག་ཆགས་བརྟས་པའི་ཤེས་པ་ཕྱི་རོལ་ཏུ་སྣང་བ་དང་། ནང་གི་ཤེས་པ་དེ་འཛིན་པའི་ཆ་ལ་ལྟོས་པའི་གཞན་དབང་དུ་ཡོད་པར་བཞག་པ་ཡིན་ནོ། །དེས་ན་ཕྱིའི་དོན་གཞན་དུ་གྲུབ་པ་མེད་དེ། རྣམ་པར་ཤེས་པ་སོ་སོ་བའི་རྒྱུ་བྱེད་པར་སྣང་བའི་ཕྱིར་རོ། །ཡང་གཟུང་ཆ་སྔོ་སོགས་སུ་སྣང་བ་ཉིད་སེམས་ལས་རྫས་གཞན་མ་ཡིན་ཏེ། འཛིན་པའི་ཤེས་པ་དང་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་རོ། །རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་སོ། །ཀུན་གཞི་ཡོད་པ་ཚོགས་དྲུག་འགགས་ནས་ཡང་སྐྱེ་བས་གྲུབ་སྟེ། ཀུན་གཞི་མེད་ན་ཚོགས་དྲུག་ནི་འགགས། དེ་ལས་གཞན་པའི་ཤེས་པ་མེད་ན་སླར་ཡང་སྐྱེ་བ་མི་རུང་བའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ཡིད་ཡོད་པར་ཡང་། མ་འདྲེས་པའི་མ་རིག་པ་ཡོད་པའི་ཕྱིར་དང་། ཡིད་ཀྱི་རྣམ་ཤེས་ཀྱི་བདག་རྐྱེན་ཡོད་པའི་ཕྱིར་དང་། དུས་རྟག་ཏུ་བདག་གི་རྣམ་པར་རློམ་སེམས་ཡོད་པའི་ཕྱིར་རོ། །ཤེས་པ་ཚོགས་དྲུག་ནི་མཐུན་པར་ཁས་ལེན་པས་གྲུབ་པ་ཡིན་ཏེ། དེ་ལྟར་ན་རྣམ་ཤེས་ཚོགས་བརྒྱད་དུ་ཡོད་པ་ཡིན་ནོ། །གསུམ་པ་གྲུབ་པའི་དོན་ལ་གསུམ་སྟེ། དམིགས་པའི་ཡུལ། སྤྱོད་པའི་བདག་ཉིད། གྲུབ་པའི་འབྲས་བུའོ། །ཡུལ་ལ་གསུམ་སྟེ། སྐལ་པ་དང་ལྡན་པའི་གཞི་རིགས། ལྟ་བས་དམིགས་པའི་གཞི་གཞི་ལྔ། སྒོམ་པས་དམིགས་པའི་གཞི་བདག་མེད་དོ། །དང་པོ་ནི་སེམས་ཅན་རྣམས་ལ་རིགས་ལྔ་སྟེ། ཉན་ཐོས་ཀྱི་རིགས། རང་སངས་རྒྱས་ཀྱི་རིགས། བྱང་ཆུབ་སེམས་དཔའི་རིགས། མ་ངེས་པའི་རིགས། རིགས་ཆད་པའི་རིགས་སོ། །དང་པོ་ནི་ཐོག་མ་མེད་པ་ནས་དབང་པོ་རྟུལ་བ་གཞན་ཞིག་གི་སློབ་མ་བྱས་ཏེ་མྱུར་དུ་མྱ་ངན་
ལས་འདའ་བ་ལ་དགའ་བའི་རིགས་ཅན་རྣམས་སོ། །གཉིས་པ་ནི་རང་བཞིན་གྱིས་དབང་པོ་འབྲིང་བ་དག་གཅིག་པུ་ཐར་པ་འདོད་པས་དབེན་པ་ལ་དགའ་ཞིང་མྱུར་དུ་མྱ་ངན་ལས་འདའ་བར་དགའ་བའི་རིགས་ཅན་རྣམས་སོ། །གསུམ་པ་ནི་དབང་པོ་རྣོན་པོ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེ་བ་དང་ཆོས་བདག་མེད་པ་དང་། འགྲོ་དོན་རྒྱ་ཆེན་པོ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐོས་པ་ལ་མི་སྐྲག་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་སྤྲོ་བའི་རིགས་ཅན་རྣམས་ཏེ། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཡང་དག་བཤད། །ཅེས་སོ། །བཞི་པ་ནི་རྐྱེན་གང་དང་ཕྲད་པའི་ལམ་ལ་མོས་པ་སྐྱེ་བའི་རིགས་ཅན་རྣམས་ཏེ། ཉན་ཐོས་པ་དག་བཟོད་པ་ཆུང་ངུ་མན་ཆད་དུ་སྲིད་པར་འདོད་ཀྱང་། ཐེག་ཆེན་པས་གཞལ་ན་དགྲ་བཅོམ་ཐོབ་ཀྱང་འགྱུར་བའི་ཕྱིར་རོ། །ལྔ་པ་ནི་ཆོས་དང་ཐར་པའི་ཕན་ཡོན་འཁོར་བའི་ཉེས་དམིགས། བདེ་འགྲོའི་བསྔགས་པ། ངན་སོང་གི་སྡུག་བསྔལ་ཅི་ཐོས་ཀྱང་སེམས་མི་འགྱུར་ཞིང་། ཡང་དག་པར་དགེ་བའི་བཤེས་གཉེན་དང་། རྟེན་གསུམ་ངོ་མཚར་ཅན་ལ་སོགས་པ་མཐོང་ཡང་དད་པ་ཏིལ་འབྲུ་ཙམ་མེད་པ། བསྟན་པ་ལ་འཇུག་པའི་བློ་ཙམ་མི་སྐྱེ་བའམ། སྐྱེ་ན་ཡང་འཚེ་བ་འབའ་ཞིག་གམ། འཚོ་བ་ལ་སོགས་པའི་ཕྱིར་རབ་ཏུ་བྱུང་བས། དད་པ་མེད་ཅིང་ཆོས་སྤོང་བའི་ལས་བསོག་པ། བསླབ་པ་དང་པོ་ནས་ལེན་སེམས་རྣལ་མ་མེད་པས་མ་ཆགས་པའམ། ཆགས་ནའང་རལ་ནས་ཆ་ལུགས་ཙམ་དུ་གྱུར་པ་ནི་ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་འདོད་དེ། ཀུན་ལས་བཏུས་ལས། ཀུན་ནས་ཉོན་མོངས་པ་དང་གཏན་དུ་ལྡན་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན། འདོད་ཆེན་པ་རྣམས་ཀྱི་ཡིན་པར་ལྟ་སྟེ། དེ་དག་
ལ་ཐར་པའི་རྒྱུ་མེད་པའི་ཕྱིར། གཏན་དུ་བདེ་རྒྱུ་དང་མི་ལྡན་པའི་ཕྱིར་རོ། །ཞེས་སོ། །གཞི་ལྔ་ལ་གསུམ་སྟེ། སོ་སོའི་ངོ་བོ། རྣམ་གཞགཐུབ་པའི་དགོངས་པའོ། །ངོ་བོ་ལ་གཟུགས་ནི་བེམ་པོར་མེད་ཀྱང་ཀུན་གཞི་ལ་དོན་སྣང་གི་བག་ཆགས་སྨིན་པའི་དབང་གིས་གཟུགས་སུ་སྣང་ངོ་། །སེམས་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་དེ། འཇུག་པའི་རྣམ་ཤེས་ཚོགས་དྲུག་དང་། ཀུན་གཞིའི་རྣམ་ཤེས་དང་། ཉོན་མོངས་པ་ཅན་གྱི་ཡིད་དེ་རྫས་ཐ་དད་པ་བརྒྱད་དོ། །དེ་ལ་ཀུན་གཞི་ནི་བག་ཆགས་ཀྱི་གཞི་ཡུལ་གྱི་དོན་ཙམ་རིག་པ་སྟེ། དེའི་མཚན་ཉིད་སྐད་ཅིག་མ་དུ་མ་མཐུད་པའི་རྒྱུན་བརྟན་པའོ། །དབྱེ་ན་རྣམ་སྨིན་གྱི་ཆ་དང་། ས་བོན་གྱི་ཆ་ཞེས་དགེ་མི་དགེའི་སྟོབས་ཀྱིས་སྨིན་པ་མ་བསྒྲིབས་ལ་ལུང་མ་བསྟན་དུ་གནས་པ་དང་། དེ་ལ་ཡོད་པ་བག་ཆགས་བགོས་པའི་འབྲས་བུ་སྐྱེད་པའི་ནུས་པ་གཉིས་སོ། །འཁོར་ནི། རེག་པ་ལ་སོགས་པ་ཀུན་ཏུ་འགྲོ་བ་ལྔ་སྟེ། དེ་ལྟར་རྟག་ཏུ་མི་འབྲལ་བའི་རྫས་དྲུག་གོ །དམིགས་པ་ནི་མི་གསལ་བ་སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པའོ། །དེས་ན་ཚོགས་བདུན་འཁོར་དང་བཅས་པ་ནི་རང་གི་རྒྱུན་ལས་མི་སྐྱེའི། རིགས་འདྲ་ཕྱི་མ་གྲུབ་པའི་བག་ཆགས་ཀུན་གཞི་ལ་བགོས་ཏེ། བུམ་པའི་གྲིབ་མ་ལྟར་ཀུན་གཞིའི་སྐད་ཅིག་རེ་རེ་ལས་སྐྱེའོ། །འདིས་ནི་འཁོར་བའི་འདུ་བྱེད་དང་འདུས་བྱས་པའི་དགེ་མི་དགེ་ལུང་མ་བསྟན་རྣམ་ཤེས་ཀྱི་ཚོགས་དང་བཅས་པའི་རྟེན་བྱེད་པས། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱ་བར་བཞག་པ་ཡིན་ནོ། ཁམས་ནི་རང་བཞིན་གྱིས་དག་པ་མྱ་ངན་ལས་འདས་པ་འདུས་མ་བྱས་པའི་ཡོན་ཏན་དང་ལྷན་ཅིག་པས་དོན་གྱི་ཀུན་གཞི་ཞེས་བཞག་པ་ཡིན་ནོ། །བག་ཆགས་ཀྱི་ཀུན་གཞི་ལ་ཡོད་པའི་དགེ་བ་ཐར་པ་ཆ་མཐུན་གོམས་པ་ལས། ཁམས་ཀྱི་དྲི་མ་བསྲབ་སྟེ་རང་གི་རྟེན་བག་ཆགས་ཀྱི་ཀུན་གཞི་ནུས་པ་ཉམས་སྨད་པར་བྱེད་པའོ། །རྒྱན་སྟུག་པོ་
བཀོད་པའི་མདོ་ལས། སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །བརྗོད་ཅིང་བསྟན་པར་གྱུར་པ་ཡིན། །ཞེས་སོ། །སྐབས་འདིར་འཁོར་བའི་རྟེན་བྱེད་པ་ཅན་བག་ཆགས་ཀྱི་ཀུན་གཞི་རྒྱས་པར་བཤད་དོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་ཀུན་གཞི་ལ་བདག་དོན་ཙམ་དུ་རློམ་སེམས་བརྟན་པ་སྟེ། བདག་ཏུ་ལྟ་བ་ལ་སོགས་པ་འཁོར་དགུ་དང་འགྲོགས་ཤིང་འཕགས་པའི་ལམ་ལ་མཉམ་པར་བཞག་པ་དང་། འགོག་པའི་སྙོམས་འཇུག་གི་བར་མིན་པ་ཐམས་ཅད་དུ་འབྱུང་བའོ། །སེམས་ལས་བྱུང་བ་ནི། རེག་པ་ལ་སོགས་པ་ལྔ་བཅུ་རྩ་གཅིག་སྟེ། རྒྱུད་གཅིག་ལ་དུས་གཅིག་ཏུ་རིག་པའི་རྫས་དྲུག་ཅུ་ལ་སོགས་པ་སྲིད་པ་ཡིན་ནོ། །དེ་ཡང་སེམས་དང་སེམས་བྱུང་གཙོ་འཁོར་ནི་ཕན་ཚུན་མི་དམིགས་ཏེ། དམིགས་ན་རང་དང་བཅས་ནས་དམིགས་པར་ཐལ་བའི་ཕྱིར་རོ། །མི་ལྡན་པའི་འདུ་བྱེད་ནི། ཐོབ་པ་ལ་སོགས་པ་ཉི་ཤུ་རྩ་གསུམ་སྟེ། གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཙམ་ལས་རྫས་སུ་མེད་དོ། །འདུས་མ་བྱས་ནི་རྒྱུ་རྐྱེན་གྱིས་མ་བྱས་པའི་དངོས་མེད་དེ་བཞིན་ཉིད་དང་། སོ་སོར་བརྟགས་འགོག་དང་། བརྟགས་མིན་གྱི་འགོག་པ་དང་། མི་གཡོ་བའི་འགོག་པ་དང་། འདུ་ཤེས་དང་ཚོར་བ་འགོག་པ་དང་། ནམ་མཁའ་སྟེ་དྲུག་གོ །དེ་བཞིན་ཉིད་ནི་ཕུང་པོ་ལ་བདག་དགག་པ་ཙམ་ལས་གཞན་དུ་མི་འགྱུར་བ་ཡིན་ཏེ། རྫས་སུ་ཡོད་ཀྱང་སེམས་དང་ངོ་བོ་གཅིག་དང་ཐ་དད་དུ་མེད་པར་འདོད་དོ། །སོ་སོར་བརྟགས་འགོག་ནི་དེ་བཞིན་ཉིད་ལ་སྤང་བྱ་གཉེན་པོས་བཅོམ་ནས་མ་སྐྱེས་པའི་གནས་སྐབས་སོ། །བརྟགས་མིན་ནི་དེ་བཞིན་ཉིད་ལ་འདུས་བྱས་སྐྱེ་བའི་རྐྱེན་མ་ཚང་བས་མ་སྐྱེས་པའི་གནས་སྐབས་སོ། །མི་གཡོ་བ་ནི་དེ་བཞིན་ཉིད་ལ་འདོད་ཁམས་ཀྱི་ཆོས་མ་སྐྱེས་པའི་གནས་སྐབས་སོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི་དེ་བཞིན་ཉིད་ལ་ཚོགས་བདུན་མ་སྐྱེས་པའི་གནས་སྐབས་སོ། །ནམ་མཁའ་ནི་དེ་བཞིན་ཉིད་ལ་ཐོགས་པར་
བྱེད་པའི་རེག་བྱ་དང་བྲལ་བའི་གནས་སྐབས་སོ། །རྣམ་པར་གཞག་པ་ལ་གསུམ་སྟེ། ངོ་བོ་ཉིད་གསུམ་གྱི་སྒོ་ནས་བཞག་པ། རྫས་ཡོད་དང་བརྟགས་ཡོད་ཀྱི་སྒོ་ནས་བཞག་པ། ཀུན་རྫོབ་དང་དོན་དམ་གྱི་སྒོ་ནས་བཞག་པའོ། །དང་པོ་ལ་ཀུན་བརྟགས་ནི་བརྟགས་པ་ཙམ་ལས་རང་མཚན་དུ་མི་སྲིད་པའོ། །གཞན་དབང་ནི། རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བའོ། །ཡོངས་གྲུབ་ནི་གཞན་དབང་ལ་ཀུན་བརྟགས་མེད་པར་ཡོངས་གཅོད་དུ་གྲུབ་པའོ། །ཀུན་བརྟགས་ལ་གཉིས་ལས། མཚན་ཉིད་ཆད་པའི་ཀུན་བརྟགས་ནི། མི་སྲིད་བཞིན་དུ་བློས་བརྟགས་པ་གང་ཟག་དང་ཆོས་ཀྱི་བདག་ལྟ་བུའོ། །རིག་པའི་དབང་ཕྱུག་གིས། རྣམ་པར་རྟོག་པས་བཏགས་པའི་དོན། །ཀུན་ཏུ་བཏགས་པའི་ངོ་བོ་ཉིད། །རྣམ་པར་རྟོག་པ་གཞན་གྱི་དབང་། །དེ་ཡི་སྟོང་ཉིད་ཡོངས་སུ་གྲུབ། །ཅེས་གསུངས་པ་ལྟ་བུའོ། །རྣམ་གྲངས་པའི་ཀུན་བརྟགས་ནི་མེད་བཞིན་དུ་བློ་ལ་སྣང་བ་ཟླ་གཉིས་ཀྱི་རྣམ་པ་ལ་སོགས་པ་སྟེ། གང་ཞིག་སྣང་དེ་གཞན་གྱི་དབང་། །ཇི་ལྟར་སྣང་བ་བཏགས་པ་དེ། །གང་སྣང་དེ་ལ་ཇི་ལྟར་སྣང་། །རྟག་ཏུ་མེད་ཉིད་གང་ཡིན་པ། །ཡོངས་གྲུབ་རང་བཞིན་དུ་ཤེས་བྱ། །ཞེས་སོ། །མེད་པ་སྣང་བ་གཟུགས་བརྙན་དང་། དོན་སྤྱི་དང་། མིང་ཐམས་ཅད་དེའི་རང་བཞིན་ནོ། །ས་ཆུ་མེ་རླུང་ཞེས་པ་ལྟ་བུའི་རྣམ་གྲངས་སུ་བློས་བཞག་པ་དག་གོ །གཞན་དབང་ལའང་དག་པ་གཞན་དབང་ཞེས་པ་རྗེས་ཐོབ་ཀྱི་སེམས་དང་སེམས་བྱུང་དང་ཞིང་ལ་སོགས་པ་བཀོད་པའོ། །མ་དག་པ་གཞན་དབང་ནི། འཇིག་རྟེན་པའི་སེམས་དང་སེམས་བྱུང་གཉིས་སོ། །དོན་དུ་སྣང་བ་འཁྲུལ་བའི་སེམས་ཡིན་པས་གཞན་དབང་མཚན་ཉིད་པའོ། །ཡོངས་གྲུབ་ལ་ཡང་འགྱུར་བ་མེད་པའི་ཡོངས་གྲུབ་ནི་དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་སེམས་རྣམ་པར་དག་པའི་མི་རྟོག་པའི་ཡེ་ཤེས་གཉིས་ཡིན་ཏེ། འགྱུར་མེད་ཕྱིན་ཅི་མ་
ལོག་པའི། །ཡོངས་གྲུབ་རྣམ་པ་གཉིས་སུ་བརྗོད། །ཅེས་སོ། །དེས་ན་གཟུགས་ནི་ཀུན་བརྟགས་ཏེ་མེད་བཞིན་དུ་སྣང་བའི་ཕྱིར་དང་། དངོས་པོར་མེད་པས་རྒྱུས་བསྐྱེད་དུ་མེད་པའི་ཕྱིར་རོ། །སེམས་དང་སེམས་བྱུང་ནི་གཞན་དབང་སྟེ་རིགས་འདྲ་སྔ་མ་ལས་སྐྱེ་བའི་ཕྱིར་རོ། །མི་ལྡན་པ་ནི་གཟུགས་ཀྱི་གནས་སྐབས་རྣམས་ཀུན་བརྟགས་ཡིན་ལ། སེམས་དང་སེམས་བྱུང་གི་གནས་སྐབས་རྣམས་གཞན་དབང་ངོ་། །འདུས་མ་བྱས་དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པ་ལ་གཞན་རྣམས་ཡོངས་གྲུབ་ཀྱི་གནས་སྐབས་སོ། །རྣམ་ངེས་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་སྣང་བརྟག་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡིན། །ངོ་བོ་ཉིད་དེ་དེ་མེད་དོ། །གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །གྲུབ་ནི་དེ་ལས་སྔ་མའོ། །རྟག་ཏུ་མེད་པར་འགྱུར་བ་གང་། །ཞེས་སོ། །རྫས་ཡོད་བཏགས་ཡོད་ཀྱི་སྒོ་ནས་བཞག་ན། གཟུགས་སེམས་སེམས་བྱུང་རེག་པ་ལ་སོགས་པ་ཉི་ཤུ་རྩ་གསུམ་དང་དེ་བཞིན་ཉིད་ནི་རྫས་ཡོད་དེ། སེམས་བྱུང་བག་ཡོད་ལ་སོགས་པ་ཉི་ཤུ་རྩ་དགུ་དང་། མི་ལྡན་པའི་འདུ་བྱེད་ཐམས་ཅད་དང་། ནམ་མཁའ་དང་འགོག་པ་བཞི་བཏགས་ཡོད་དེ། བསྡུ་བ་ལས། དེ་བཞིན་ཉིད་རྫས་སུ་ཡོད་པར་བརྗོད་པར་བྱ་བའམ། བརྟགས་པར་ཡོད་པར་བརྗོད་པར་བྱ་ཞེ་ན་རྫས་སུ་ཡོད་པར་བརྗོད་པར་བྱའོ་ཞེས་སོ། །ཀུན་རྫོབ་དང་དོན་དམ་གྱི་སྒོ་ནས་བཞག་ན། གཞན་དབང་ནི་ཆོས་ཅན་དོན་དམ་དང་། ཡོངས་གྲུབ་ཆོས་ཉིད་དོན་དམ་ལ། ཀུན་བརྟགས་ནི་ཀུན་རྫོབ་ཀྱི་བདེན་པའོ། །དབུས་མཐའི་འགྲེལ་པ་ལས། དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པ་གཅིག་པུ་ཁོ་ན་སྟེ་གཞན་གྱི་དབང་དང་ཀུན་བརྟགས་པ་གཉིས་ནི་དོན་དམ་པར་མི་སྲིད་པའི་ཕྱིར་རོ་ཞེས་པ་དང་འགལ་ལོ་སྙམ་ན་མཐུན་ཏེ། གཞན་དབང་ནི་རེ་ཞིག་དོན་བྱེད་ནུས་པ་ཉིད་དང་། མྱོང་
བ་གསལ་བ་ཙམ་དུ་ཡོད་པའི་ཆ་ལ་དེ་སྐད་དུ་བརྗོད་པས་ཕྱོགས་དེར་བླན་པའོ། །དངོས་པོ་ལ་དང་པོ་གཉིས་ཀུན་རྫོབ། ཕྱི་མ་དོན་དམ་དུ་གནས་སོ། །ཐུབ་པའི་དགོངས་པ་དང་སྦྱར་བ་ནི། སེམས་དང་སེམས་བྱུང་ལ་བདག་དང་ཆོས་ཀྱིས་སྟོང་པ་འདི་ནི་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཀྱི་དགོངས་པ་ཡིན་པས་ན། དེ་ལྟར་གསུངས་པའི་བཀའ་ཐམས་ཅད་ངེས་དོན་ཡིན་ཅིང་། བདག་དང་གཟུགས་ཡོད་པར་གསུངས་པ་དང་། ཡང་དག་པར་ཅི་ཡང་མེད་པར་གསུངས་པ་ཐམས་ཅད་དྲང་བའི་དོན་ཡིན་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་སྟོང་པར་གསུངས་པ་ཐམས་ཅད་ཀུན་བརྟགས་པའི་མཚན་ཉིད་མེད་པ་དང་། གཞན་དབང་ལ་རང་ལས་སྐྱེ་བའི་ངོ་བོ་མེད་པ་དང་། ཡོངས་གྲུབ་ལ་དོན་དམ་པར་དངོས་པོའི་ངོ་བོ་མེད་པ་ལ་དགོངས་པའོ། །རྣམ་ཤེས་མེད་པར་གསུངས་པའང་། ཀུན་བརྟགས་ཀྱི་རྣམ་ཤེས་ལ་དགོངས་པའོ། །མ་སྐྱེས་པ་དང་མ་འགགས་པར་གསུངས་པ་ཡང་རང་སྐྱེ་བ་མེད་པ་དང་འགགས་པ་ལ་རྫས་སུ་མ་གྲུབ་པ་ལ་དགོངས་པའོ། །རྟེན་འབྲེལ་བདག་ལས་མ་ཡིན་གཞན་ལས་མ་ཡིན་པ་ལ་སོགས་པར་བཤད་པ་ཡང་རྒྱུ་དང་རྐྱེན་རེ་རེ་ཁོ་ན་ལས་མི་འབྱུང་བ་དང་། ཚོགས་པ་ལ་ཡང་ཡེ་ནས་མི་གནས་པ་ལ་དགོངས་པའོ། །རང་བཞིན་གྱིས་རྣམ་པར་དག་པ་ཞེས་པའང་ཀུན་བརྟགས་ཀྱི་མཚན་མ་མེད་པ་ལ་དགོངས་པའོ། །ཆོས་ཐམས་ཅད་བརྗོད་དུ་མེད་ཅེས་པའང་ལྐུགས་པའི་རྨི་ལམ་ལྟ་བུ་འཕགས་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་གྱི། གཞན་ལ་བསྟན་པ་ཐམས་ཅད་དོན་སྤྱི་ལ་སྒྲོ་བཏགས་པ་ཙམ་ལས་དངོས་སུ་བརྗོད་དུ་མེད་པ་ལ་དགོངས་པའོ། །ཆོས་ཐམས་ཅད་སྤྲོས་པ་དང་བྲལ་ཞེས་པའང་སྒྲ་རྟོག་གི་ཡུལ་མ་ཡིན་པ་སྟེ། སྒྲ་བརྗོད་པ་དང་། རྟོག་པ་ལ་སྣང་བ་མཐའ་དག་དོན་སྤྱིར་སྒྲོ་བཏགས་པས་དེ་དག་ལས་སེམས་ཉིད་དངོས་སུ་བརྗོད་པ་དང་རྟོག་པ་རྣམས་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་པའང་། རྐྱེན་
ལ་ལྟོས་པ་དང་། གཟུང་འཛིན་དུ་སྣང་བ་ལ་དགོངས་པ་ཡིན་གྱི། ཅི་ཡང་མེད་པ་ལ་ནི་རྐྱེན་ལ་མི་ལྟོས་པས་སྒྱུ་མ་ཤིན་ཏུའང་མི་རུང་ངོ་། །དེས་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་པ་རྣམ་རིག་པ་ཁོ་ན་ལ་འཐད་པ་ཡིན་ཏེ། རང་སྟོང་གཟུགས་རང་གིས་སྟོང་པ་ལྟ་བུ་མ་ཡིན་གྱི། ཀ་བ་ལ་སོགས་པ་གཞན་གྱིས་སྟོང་པ་ལྟ་བུ་ལ་བརྗོད་པས། གཞན་དབང་སེམས་དང་སེམས་བྱུང་འདི་སྟོང་ངོ་། །དགག་བྱ་གང་གིས་སྟོང་ན་གང་ཟག་གི་བདག་དང་ཆོས་ཀྱི་བདག་གཟུང་འཛིན་གཉིས་ཀྱིས་སྟོང་ངོ་། །ཅི་ཡང་མེད་པ་ལ་ནི་དགག་གཞི་མེད་པས་ན་སྟོང་པའི་ཐ་སྙད་ཙམ་ཡང་བརྗོད་དུ་མི་རུང་ངོ་། །སྒོམ་པ་དམིགས་པའི་གཞི་ནི་བདག་མེད་པ་ཡིན་པས་གཞན་དབང་ལ་ཡང་བློ་མི་གཏད་པར་ཅི་ཡང་མི་དམིགས་པའི་ངང་ལ་བཞག་པ་སྟེ། ས་བསྡུ་བ་ལས། འདི་དག་རྣམ་རིག་ཙམ་ཉིད་ཅེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ཉིད་ཙམ་ལའང་མི་གནས་སོ། །ཞེས་སོ། །སྤྱོད་པའི་བདག་ཉིད་ནི་སེམས་སྐད་ཅིག་གི་ཕྲེང་བ་ཙམ་ལ་སེམས་ཅན་དུ་བཏགས་པའི་འགྲོ་བ་དཔག་ཏུ་མེད་པ་ལ་དམིགས་ནས་གཞན་དོན་དུ་བསྐལ་པ་གྲངས་མེད་གསུམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའོ། །གྲུབ་པའི་འབྲས་བུ་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་རྣམ་དབྱེ་བསམ་གྱིས་མི་ཁྱབ་ཀྱང་། མི་རྟོག་པའི་ཡེ་ཤེས་ཆོས་ཉིད་དག་པ་འབའ་ཞིག་ཡུལ་དུ་བྱེད་པ་དེ་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་སྟེ་དོན་དམ་ཡིན་ལ། རྗེས་ཐོབ་སྣོད་བཅུད་ལ་སོགས་པ་མཁྱེན་པའི་རྟོགས་པ་ནི་གཞན་དོན་སྤྲུལ་པ་འབྱུང་བ་དང་། འོག་མིན་གྱི་ཞིང་གིི་རྒྱན་བཀོད་པར་སྣང་བ་ལོངས་སྤྱོད་རྫོགས་པའི་སྣང་བ་དང་བཅས་པ་ནི་དག་པ་གཞན་དབང་ཞེས་པ་ཀུན་རྫོབ་སྟེ། ཡེ་ཤེས་བཞི་དང་བཅས་པ་རྫས་ཐ་དད་དོ། །དེ་དག་ཀྱང་སྔར་བཤད་པ་ལྟར་ཡུལ་དོན་སེམས་སུ་བག་ཆགས་པ་ཀུན་གཞི་དང་བཅས་པ་གནས་གྱུར་པའི་འབྲས་བུའོ། །དེ་ལས་གཞན་དབང་མ་དག་པ་
ཡུལ་དུ་སྣང་བ་གནས་གྱུར་པས་ཞིང་དག་པའོ། །དོན་དང་སེམས་སུ་བཅས་པ་དག་ཅིང་གནས་གྱུར་པས་ཡེ་ཤེས་སོ། །ཀུན་གཞིའི་རྣམ་ཤེས་གྱུར་པས་མེ་ལོང་ཡེ་ཤེས་སོ། །ཡིད་ཤེས་གྱུར་པས་མཉམ་ཉིད་ཡེ་ཤེས་སོ། །ཉོན་ཡིད་གྱུར་པས་སོར་རྟོག་ཡེ་ཤེས་སོ། །སྒོ་ལྔའི་རྣམ་ཤེས་གྱུར་པས་བྱ་གྲུབ་ཡེ་ཤེས་སོ། །རྟེན་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལོག་ནས། དོན་གྱི་ཀུན་གཞིར་བཞག་པའི་ཆ་སྒྲིབ་པ་རྣམས་དག་པས། དོན་མངོན་དུ་གྱུར་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཡོན་ཏན་ཐམས་ཅད་པའི་བདག་ཉིད་འཕྲིན་ལས་ཕུན་སུམ་ཚོགས་པ་ཐོབ་ནས་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་འབད་རྩོལ་མེད་པར་ལྷུན་གྲུབ་ཏུ་འབྱུང་བའོ་ཞེས་འདོད་པ་ཡིན་ནོ། །དེ་དགག་པ་ནི་བདག་དང་སྤྱི་དོན་ལ་མེད་པ་དང་། སྒོམ་པ་ཅིར་ཡང་མི་དམིགས་པ་དང་། བག་ཆགས་མེད་པའི་བྱང་ཆུབ་འགྲོ་དོན་རྒྱུན་མི་འཆད་པར་ལྷུན་གྲུབ་ཏུ་འབྱུང་བ་དང་། སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་དང་། རྗེས་ཐོབ་ཀུན་རྫོབ་དག་པའི་ཞིང་ཁམས་སྣང་བ་དང་བཅས་པ་བདེན་མོད་ཀྱི། འོན་ཀྱང་བདེན་པར་ཞེན་པའི་དབང་གིས་སྐྱོན་གཉིས་ཏེ། སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པའོ། །དང་པོ་ལ་གཉིས་ཏེ། རིགས་པ་མེད་པ་དང་། ལུང་མེད་པའོ། །དང་པོ་ལ་ཕྱིའི་དོན་མེད་པའི་སྒྲུབ་བྱེད་ནི་མི་དགག་སྟེ་དོན་དངོས་པོ་བ་ཡོད་པར་ཁོ་བོ་ཅག་ཀྱང་མི་འདོད་པས་སོ། །འོན་ཀྱང་དོན་སྣང་སེམས་སུ་འདོད་པ་མི་འཐད་དོ། །སངས་རྒྱས་ཀྱིས་གསུངས་སོ་ཞེ་ན། དགོངས་པ་ཅན་ཏེ། དགོངས་གཞི་ཐམས་ཅད་སེམས་གཙོ་ཆེ་བས་འཁོར་བའི་སྐབས་འདིར་བྱེད་པ་ཙམ་ལ་དགོངས་ཏེ་སེམས་ལ་དབང་མ་ཐོབ་ན་ལས་དང་ཉོན་མོངས་པས་འཁོར་བར་འཁྱམས་པ་དང་། ཐོབ་པ་ལ་ཕྱོགས་ན་ཐར་པ་འདོད་པ་དང་ཐོབ་ནས་ཡོན་ཏན་གོང་དུ་མཆེད་པ་ལ་སོགས་པ་བག་ཆགས་ཡོད་རིང་ལ་བྱེད་པར་སྣང་བ་ཙམ་གྱི་ཕྱིར་རོ། །དགོས་པ་ནི་དོན་ལ་
གཞན་དངོས་པོ་རང་མཚན་དུ་ཞེན་པ་རྣམས་ཁེགས་པས་ཆགས་སྡང་རང་ཁ་བ་རྣམས་མངོན་གྱུར་ལྡོག་པ་ཙམ་མོ། །ཡང་སྟོང་ཉིད་ལ་རིམ་གྱིས་གཟུང་བའི་ཐབས་སུ་གསུངས་ཏེ། བྱམས་པས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་རྫས་རྣམས་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་གསུངས་པར་མཛད། །ཅེས་པ་དང་། གཟུགས་ལ་ལྷག་པར་ཆགས་པའི་སྐྱེ་བོ་དག །གཟུགས་ལྡོག་པ་སྟེ་དེ་ཡང་དྲང་དོན་ཡིན། །ཞེས་སོ། །དངོས་ལ་གནོད་བྱེད་ནི་རི་ཁང་བཟང་ལ་སོགས་རང་གི་སེམས་སུ་གྲུབ་ན་ཧ་ཅང་ཐལ་བའི་ཕྱིར་རིགས་པས་གནོད་པ་ཉིད་སྔར་ཡང་བརྗོད་ལ། འདིར་ཡང་སྤྲོས་པས་ཆོག་གོ །གནོད་བྱེད་ཡོད་པ་ལ་གསུམ་སྟེ། རིགས་མི་འཐད་པ། ཐུབ་པའི་དགོངས་པ་མ་ཡིན་པ། རང་གི་རྣམ་གཞག་འགལ་བའོ། །དང་པོ་ལ་དགུ་སྟེ། རིགས་ངེས་པ་དགག་པ། གཞན་དབང་སྤྱིར་དགག་པ། ཚོགས་བརྒྱད་གཅིག་མི་གཅིག་ཏུ་མི་རུང་བ། ཀུན་གཞི་དང་། ཉོན་ཡིད་དང་། གཙོ་འཁོར་མི་དམིགས་པ་དང་། འགོག་པ། དེ་བཞིན་ཉིད། མཁྱེན་ཚུལ་དགག་པའོ། །དང་པོ་ལ་གསུམ་སྟེ། ས་བོན་མ་གྲུབ་པ། རྒྱུ་མེད་དུ་འགྱུར་བ། རྣོ་རྟུལ་མ་ངེས་པའོ། །དང་པོ་ནི་ཟག་པ་མེད་པའི་ས་བོན་ཆོས་ཉིད་ཀྱི་གནས་པ་མི་རུང་སྟེ། ས་བོན་ནི་ནུས་པ་བསྐྱེད་ནུས་ཡིན་པས་ནུས་པ་བཀག་པའི་ཕྱིར་རོ། །གཉིས་པ་ནི་དབང་པོ་རྣོ་བ་ཉིད་རྒྱུ་མེད་དུ་ཐལ་ཏེ་རྣོ་བའི་རྒྱུ་ལས་མ་བྱུང་བའི་རྣོ་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་སྐྱེ་བ་གཏན་དུ་དབང་པོ་རྣོན་པོའམ་རྟུལ་པོར་གནས་མི་སྲིད་དེ། རྣོན་པོའང་སྡིག་པ་འགའ་ཞིག་གིས་འགྲིབ་ཅིང་རྟུལ་པོའང་དགེ་བ་འགའ་ཞིག་གིས་འཕེལ་བའི་ཕྱིར་ལམ་ཆུང་བའི་དབྱར་སྔ་ཕྱི་བཞིན་ནོ། །ཡང་སངས་རྒྱས་ཀྱི་རིགས་ཅན་དབང་པོ་རྣོན་པོར་འཇོག་ན་སེམས་ཅན་ཐམས་ཅད་རྣོན་པོར་ཐལ་བས་རྟུལ་པོ་མི་སྲིད་
པའི་ཕྱིར་རོ། །དེ་ལ་ལྟོས་པའི་རྣོན་པོའང་ལྟོས་པ་མ་གྲུབ་པས་མ་གྲུབ་པར་ཐལ་ཏེ། རྒྱུད་བླ་མ་ལས། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །རིགས་ངེས་ཏེ་འཁོར་བ་ཙམ་ཟད་པར་སུ་ཡང་མི་འདོད་པས་གཏན་དུ་འཁོར་བར་གནས་པ་དེ་ཉིད་ལ་རིགས་ཆད་པའི་གང་ཟག་ཅེས་པ་ཐ་སྙད་བྱ་སྟེ། ཐར་པ་ཐོབ་པ་མི་སྲིད་པའི་ཕྱིར་རོ་ཞེ་ན་གཏན་དུ་འཁོར་བར་གནས་པ་མི་སྲིད་མོད་ཀྱི། འཁོར་བའི་རྫས་ལ་ཟད་པའི་ཐ་མ་ཡོད་ཅིང་། རིགས་ལ་ཐ་མ་མེད་པས་སྐྱོན་གང་ཡང་མེད་དེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་མཐའ་བཞིན་ནོ། །ཏིང་ངེ་འཛིན་རྒྱལ་པོ་ལས། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །ཞེས་པ་དང་། མངོན་རྟོགས་རྒྱན་གྱི་འགྲེལ་ཆུང་ལས། སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱུང་ཆུབ་ཀྱི་མཐའ་ཐུག་པ་ཅན་ཡིན་ཏེ་ཞེས་སོ། །དེས་ན་རིགས་ཡོད་པ་ལ་དགེ་རྩ་ཕྲ་མོ་ས་བོན་དུ་བཞག་པ་གཉིས་རྐྱེན་ནུས་པ་སྨིན་པས་སད་དེ་བྱང་ཆུབ་ཏུ་འགྲོ་བ་མཐའ་ཡས་པ་ཡང་། དཀོན་མཆོག་གསུམ་མཐོང་བ་ཙམ་དང་། སྒྲ་ཐོས་པ་དང་། མཆོད་རྟེན་ལ་ཐལ་མོ་ཡ་གཅིག་སྦྱར་རམ། བསྐོར་བའི་ཕྱོགས་སུ་གོམ་པ་གཅིག་དོར་རམ། མེ་ཏོག་གམ་ཆུ་ཐིགས་པ་གཅིག་ཕུལ་ལམ། སངས་རྒྱས་ཆོས་དང་དགེ་འདུན་ལ་སྨད་པའང་རུང་སྟེ། དཀོན་མཆོག་ལ་བརྟེན་པའི་ལས་ཐམས་ཅད་མཐར་ཐར་པ་ཆ་མཐུན་དུ་འགྱུར་བས་བྱང་ཆུབ་ཐོབ་སྟེ་ཡུལ་ཁྱད་པར་ཆེ་བའི་ཕྱིར་རོ། །དམ་པའི་ཆོས་པདྨ་དཀར་པོ་ལས། བདེ་གཤེགས་སྐུ་ནི་རྩིག་ངོས་བྲིས་པ་ལ། །དང་བའི་སེམས་ཀྱིས་ཐལ་མོ་སྦྱར་བའམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟ་ན་ཡང་། །དེ་དག་རིམ་གྱིས་
སངས་རྒྱས་བྱེད་པར་མཐོང་། །བྱིས་པ་རྩེད་མོ་དགའ་དང་དེ་བཞིན་དུ། །བྱེ་མ་ལ་ནི་མཆོད་རྟེན་བྱེད་པ་དང་། །རྩིག་ངོས་ཤིང་བུ་སེན་མོས་གཟུགས་བྲིས་པ། །དེ་དག་རྣམས་ཀྱང་བྱང་ཆུབ་མཆོག་འདི་ཐོབ། །ཅེས་སོ། །སྐུ་གསུང་ཐུགས་ཀྱི་རྟེན་དངོས་བཞེངས་པ་ལྟ་ཞོག །ལན་ཅིག་རྩེད་མོས་ས་རིས་སུ་བྲིས་པའང་མཐར་སངས་རྒྱའོ། །དགེ་བ་དང་ལུང་མ་བསྟན་ལྟ་ཞོག །དཀོན་མཆོག་གསུམ་ལ་སྐུར་པ་འདེབས་པ་དང་། མཆོད་རྟེན་བཤིག་པ་དང་། གསུང་རབ་འཚོང་བ་ལ་སོགས་པའང་། གནས་སྐབས་ངན་འགྲོར་འགྲོ་ཡང་མཐར་ཐུག་བྱང་ཆུབ་འགྲུབ་སྟེ། མཐོང་བ་དང་ཐོས་པ་དང་། རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་དེ་དག་སངས་རྒྱས་ཀྱི་བདེན་པས་མཆོད་རྟེན་དུ་བྱིན་གྱིས་བརླབས་པ་ཉིད་དང་། བྱང་ཆུབ་སེམས་དཔའི་གནས་སྐབས་ན་བདག་ལ་བརྟེན་པའི་དགེ་བའམ་མི་དགེ་བ་ཅི་བྱས་པ་བྱང་ཆུབ་ཏུ་གྱུར་ཅིག་པའི་སྨོན་ལམ་བཏབ་པའི་ཕྱིར་ཏེ། སྤྱོད་འཇུག་ལས། བདག་ལ་དམིགས་ནས་གང་དག་གིས། །ཁྲོའམ་དད་པའི་སེམས་བྱུང་བ། །དེ་ཉིད་རྟག་ཏུ་དེ་དག་གི །དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། །གཞན་གང་གནོད་པ་བྱེད་པ་དང་། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང་། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །ཞེས་པ་དང་། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་པ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། སེམས་ཅན་ལ་ལ་ཞིག་གིས་ལས་ཀྱི་སྒྲིབ་པ་ཀུན་ཏུ་འཁོར་བའི་ཕྱིར། དེ་བཞིན་གཤེགས་པ་ལ་མ་དད་པ་ཞིག་བྱས་ན་ཡང་། དེ་དག་གིས་མཐོང་བའི་དགེ་བའི་རྩ་བ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་དོན་ཡོད་དོ་ཞེས་སོ། །དེས་ན་སེམས་ཅན་རྣམས་འཁོར་བ་ལས་ཐར་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་རྣམས་ཐབས་མཐའ་ཡས་པ་མཛད་པ་དང་། སེམས་ཅན་ཡང་སངས་རྒྱས་ཀྱི་རིགས་ཅན་ཡིན་པས་རིམ་གྱིས་མྱ་ངན་ལས་འདའ་བ་འདི་ནི་མདོ་རྒྱུད་ཀུན་ན་གསལ་བར་བཞུགས་པས། ལོག་སྲེད་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་བ་མི་འཐད་དེ། དུས་རིང་ཞིག་མི་ཐར་པ་ལ་དགོངས་སོ། །འོ་ན་འཁོར་བ་ལ་མཐའ་ཡོད་པར་ཐལ་ཞེ་ན། ཐམས་ཅད་བྱང་ཆུབ་ཏུ་རིམ་གྱིས་སངས་རྒྱ་བར་ཁས་བླངས་ཀྱི། མཐའ་ཡོད་པར་ཁས་མ་བླངས་ཏེ། སངས་རྒྱས་པ་དེ་མྱང་འདས་ཡིན་གྱི་འཁོར་བའི་མཐའ་མ་ཡིན་ཏེ། འཁོར་བའི་མཐའ་འཁོར་བ་ཡིན་པའི་ཕྱིར་ཏེ། ཞིང་གི་མཐའ་ཞིང་ཡིན་པ་བཞིན་ནོ། །གཤིས་ལ་གང་ཡང་མ་གྲུབ་པས་འཆིང་གྲོལ་དང་ཐོག་མཐའ་མེད་པའི་ཕྱིར་ཡང་འཐད་པ་མ་ཡིན་ནོ། །བྱང་ཆུབ་སེམས་འགྲེལ་ལས། གང་གི་རྣམ་ཤེས་སྐད་ཅིག་མ། །དེ་ཡི་རྟེན་ནི་རྟག་མ་ཡིན། །སེམས་ནི་མི་རྟག་ཉིད་ཡིན་ན། །སྟོང་པ་ཉིད་དུ་ཇི་ལྟར་འགལ། །ཐོག་མ་ཉིད་ནས་རིམ་གྱིས་ནི། །རང་བཞིན་རྟག་ཏུ་མེད་པར་གྲུབ། །དངོས་པོ་རང་བཞིན་གྱིས་གྲུབ་པ། །རང་བཞིན་མེད་ཉིད་བརྗོད་མ་ཡིན། །དེ་སྐད་བརྗོད་ནས་སེམས་ཀྱིས་ནི། །བདག་གི་གནས་པ་སྤངས་པ་ཡིན། །རང་གི་རང་བཞིན་ལས་འདས་པ། །འདི་ནི་ཆོས་རྣམས་ཡོད་མ་ཡིན། །ཇི་ལྟར་བུ་རམ་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བརྗོད། །ཅེས་སོ། །གཞན་གྱི་དབང་སྤྱིར་དགག་པ་ནི། དངོས་པོར་སྣང་བ་གང་ལའང་རང་བཞིན་ཅུང་ཟད་ཀྱང་མེད་པའི་ཕྱིར་གཞན་དབང་མེད་དེ་ཆུའི་ཟླ་བ་བཞིན་ནོ། །ཆུ་ཟླ་དང་ནམ་མཁའི་ཟླ་བའང་མཚུངས་ཏེ། མིག་ལམ་དུ་སྣང་བ། རྐྱེན་ལས་བྱུང་བ། བག་ཆགས་འཁྲུལ་པའི་རྒྱུས་སྐྱེད་པར་ཐ་མི་དད་པའི་ཕྱིར་རོ། །དེས་ན་ཕྱི་རོལ་སྣ་ཚོགས་སུ་སྣང་བ་གཞན་དུ་མ་གྲུབ་སྟེ། རང་གི་སེམས་ཀྱི་བག་
ཆགས་བརྟས་པར་ཐ་སྙད་དུ་གྲགས་ལ། དོན་དམ་དུ་མ་གྲུབ་པའི་ཕྱིར་རོ། །གཞན་མེད་པ་ན་གཞན་དབང་ཁེགས་ཏེ། འདྲེ་མེད་པས་འདྲེ་དབང་ཁེགས་པ་བཞིན་ནོ། །ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ནམ་མཁའ་དྭངས་ལ་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དྭངས་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེས་ན་གཞན་དབང་མི་རུང་སྟེ། སྐད་ཅིག་སྔ་མས་བསྐྱེད་པའི་ཕྱིར་དང་། སྐད་ཅིག་གཉིས་པར་འགྱུར་བའི་ཕྱིར་དང་། ལྟོས་པ་བ་མཚན་མཚོན་དང་གཞན་དབང་གི་ལྡོག་པ་དང་། རྟེན་འབྲེལ་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །གཞན་གྱི་དབང་ནི་ཡོད་པ་སྟེ། ཞེས་པའང་ཐ་སྙད་དུ་ཡོད་པར་སྣང་ཙམ་ལ་དགོངས་ཀྱི་དངོས་པོ་ལ་མེད་དེ། སྔ་མ་ལས། བློ་ཡིས་རབ་ཏུ་གཞིག་ན་ནི། །བརྟག་པ་མེད་ཅིང་གཞན་དབང་མེད། །གྲུབ་པའི་དངོས་པོའང་ཡོད་མིན་ན། །ཇི་ལྟར་བློ་ཡིས་རྣམ་པར་བརྟག །ཅེས་སོ། །ཚོགས་བརྒྱད་གཅིག་དང་ཐ་དད་དུ་མི་རུང་བ་ནི་རྣམ་ཤེས་བརྒྱད་རྫས་གཅིག་ཏུ་མི་རུང་སྟེ། མིག་གིས་ཀྱང་སྒྲ་ཐོས་པ་ནས་འོན་ལོང་མེད་པར་ཐལ་བའི་ཕྱིར་རོ། །ཡིད་ཤེས་རྟོག་པ་དང་སྒོ་ལྔ་རྟོག་མེད་དུ་བཞག་པའང་མི་རུང་བར་ཐལ་ཞིང་། མིག་འབྲས་ལྟ་བུའི་གོ་ས་རེ་རེ་ནའང་ཚོགས་བརྒྱད་པོ་གནས་པར་ཐལ་བའི་ཕྱིར་རོ། །དེས་ན་ཚོགས་བརྒྱད་གཅིག་ཏུའང་མི་རུང་ལ། ཐ་དད་དུའང་མི་རུང་བ་ཡིན་ནོ། །ཀུན་གཞི་དགག་པ་ལའང་གསུམ་སྟེ། རྒྱུན་བརྟན་པ་དགག་པ། དམིགས་པ་དགག་པ། ས་བོན་དགག་པའོ། །དེའང་བག་ཆགས་ཀྱི་ཀུན་གཞི་འཁོར་བའི་ས་པ་དེ་ཉིད་མེད་ལ་ཡོད་པར་སྣང་བའི་ཕྱིར་དགག་ལ་དོན་དམ་གྱི་ཀུན་གཞི་བདེན་པ་བར་འདོད་ནའང་ཞེན་པ་ལྡོག་པའི་ཕྱིར་དགག་
དགོས་སོ། །དང་པོ་ནི་རྫས་སྐད་ཅིག་མཐུད་པའི་རྒྱུན་བརྟན་པ་ཉིད་མི་རུང་སྟེ། དུས་མཉམ་པ་ལ་མཐུད་པ་མེད་དེ། མཐུད་མི་དགོས་པའི་ཕྱིར་ཏེ་མ་འགགས་པའི་ཕྱིར་དང་། མི་མཉམ་ན་མཐུད་དུ་མེད་དེ་འགག་པ་དང་མ་འགགས་པ་རྫས་འགལ་བའི་ཕྱིར་དང་། སྐད་ཅིག་ཕྲད་པ་མ་གྲུབ་པས་ཀྱང་ཁེགས་པའི་ཕྱིར་རོ། །དེས་ན་སྐད་ཅིག་ལྟར་རྒྱུན་ཡང་དུ་མ་དང་། འདས་པའི་རྒྱུན་འགག་པ་དང་མ་འོངས་པའིི་རྒྱུན་མ་སྐྱེས་པའི་ཕྱིར་ཏེ། བདེན་གཉིས་ལས། གང་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན། །འདི་ནི་མར་མེའི་འོད་དང་མཚུངས། །ཞེས་པ་དང་། རྒྱུད་དང་ཚོགས་ཞེས་བྱ་བ་ནི། །ཕྲེང་བ་དམག་ལ་སོགས་བཞིན་རྫུན། །ཞེས་སོ། །དམིགས་པ་དགག་པ་ནི། ཀུན་གཞིས་སྣོད་བཅུད་རྒྱ་ཆེ་བ་ལ་དམིགས་པར་མི་རུང་སྟེ། སྣོད་བཅུད་ཀྱི་དོན་སྤྱི་སྣང་བ་ཡིན་ན་རྟོག་པས་མངོན་སུམ་གྱིས་ངེས་པར་འགྱུར་ཞིང་། མེད་པར་གསལ་བ་ཡིན་ན་སྣོད་བཅུད་དངོས་ལ་མ་དམིགས་པར་གྱུར་ལ། དོན་རང་མཚན་སྣང་ན་མུན་པ་དང་སྒྲིབ་བྱེད་ཀྱིས་གནོད་པར་ཐལ་བའི་ཕྱིར་དང་། སྣོད་བཅུད་ཙམ་ལ་དམིགས་ན་རང་གི་འཁོར་ལའང་དམིགས་པར་ཐལ་བའི་ཕྱིར་རོ། །ས་བོན་དགག་པ་ལ་གསུམ་སྟེ། རྣམ་སྨིན་དང་གཅིག་མི་གཅིག་ཏུ་མི་འཐད། བག་ཆགས་བགོས་པ་དགག །ནུས་པ་དགག་པའོ། །དང་པོ་ནི་ས་བོན་གྱི་ཆ་ཉིད་རྣམ་སྨིན་དང་ཐ་དད་དུ་མི་རུང་སྟེ། འཇོག་བྱེད་ལས་མ་བྱུང་བས་རྒྱུ་མེད་དུ་འགྱུར་བའི་ཕྱིར་དང་། ཀུན་གཞིའི་རྫས་གཉིས་ཡོད་པས་རྒྱུད་གཉིས་སུ་ཐལ་བའི་ཕྱིར་རོ། །གཅིག་པར་ཡང་མི་རུང་སྟེ་ཆ་ཤས་ཀྱིས་བསྐྱེད་བྱ་སྐྱེད་བྱེད་གཉིས་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི་བགོ་བྱ་བགོ་བྱེད་གཉིས་དུས་མཉམ་པ་མི་རུང་སྟེ་བག་ཆགས་ཆ་གཉིས་སུ་ཐལ་བའི་ཕྱིར་རོ། །དུས་མི་མཉམ་ན་བགོས་པར་མི་རུང་སྟེ། བགོ་བྱ་ཡོད་དུས་བགོ་བྱེད་མེད་པའི་ཕྱིར་རོ། །ནུས་པ་དགག་པ་ནི། སྤྱིར་གང་ལའང་གང་གིས་ནུས་པ་ཉིད་མི་སྲིད་དེ། རྒྱུ་
འགགས་ན་སྐྱེ་རྒྱུ་མེད་པས་ནུས་པ་མ་གྲུབ་ལ། མ་འགགས་པ་ལས་སྐྱེ་བ་མི་སྲིད་དེ་རྟག་དངོས་མི་སྲིད་པས་ནུས་པ་ཁེགས་སོ། །དེས་ན་འཁྲུལ་སྣང་དུ་ཀུན་གཞིར་བརྗོད་ཀྱང་རྨི་ལམ་བཞིན་ཏེ་དངོས་པོ་ལ་མེད་པས་གྲུབ་པ་མི་སྲིད་དོ། །ལངྐར་གཤེགས་པ་ལས། རང་རིག་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་པོ་མེད། །བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་སོ། །ཉོན་ཡིད་མེད་དེ་དམིགས་པའི་ཡུལ་ཀུན་གཞི་མེད་པའི་ཕྱིར་དང་། ཉོན་མོངས་པ་མ་གྲུབ་པའི་ཕྱིར་དང་། ཡིད་རྒྱུན་དང་སྐད་ཅིག་ཏུ་མ་གྲུབ་པའི་ཕྱིར་རོ། །གཙོ་འཁོར་ཕན་ཚུན་མི་དམིགས་པའང་མི་རུང་སྟེ། ཡིད་ཤེས་ཀྱི་ཡུལ་ཆོས་ཐམས་ཅད་མ་ཡིན་པར་ཐལ་བའི་ཕྱིར་དང་། ཀུན་གཞིས་སྣོད་བཅུད་ཐམས་ཅད་ལ་མ་དམིགས་པར་ཐལ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཆོས་ད་ལྟར་བ་རྣམས་མི་སྣང་བར་ཐལ་བའི་ཕྱིར་རོ། །འགོག་པ་ཡང་མེད་དེ་དགག་བྱ་ཚོགས་དྲུག་ལ་སོགས་པ་རྫུན་པའི་ཕྱིར་དང་། དགག་གཞི་དེ་བཞིན་ཉིད་མེད་པའི་ཕྱིར་རོ། །དེ་བཞིན་ཉིད་བདེན་གྲུབ་ནི་རང་བཞིན་དང་ཐ་སྙད་གཉིས་ཀར་མེད་དེ་སྣང་བ་དང་གཅིག་ན་མི་རྟག་པར་འགྱུར་ཞིང་། མི་གཅིག་ན་སྣང་བས་མ་ཁྱབ་པ་མེད་པས་གང་ནའང་མི་གནས་པར་ཐལ་ལོ། །དགག་བྱ་བདག་དང་ཤེས་པ་ཆོས་རྫུན་པའི་ཕྱིར་དང་། བུམ་པའི་དེ་བཞིན་ཉིད་ནི་བྱས་པར་ཐལ་བའི་ཕྱིར་རོ། །ཡུམ་ལས། དེ་བཞིན་ཉིད་མི་དམིགས་སོ་ཞེས་སོ། །ཡེ་ཤེས་ཀྱི་མཁྱེན་ཚུལ་དགག་པ་ནི། སངས་རྒྱས་ལ་ཕྱི་དོན་མ་དག་པར་སྣང་དུ་མི་རུང་སྟེ་འཁྲུལ་པར་ཐལ་ལོ། །མི་སྣང་བར་ཡང་མི་རུང་སྟེ་ཤེས་བྱ་ཐམས་ཅད་མངོན་སུམ་གྱིས་གཟིགས་པ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །འགྲོ་བའི་དོན་སྣང་གི་སེམས་མཁྱེན་པའི་ཤུགས་ལ་མཁྱེན་པའང་མི་རུང་སྟེ། དོན་སྣང་བ་ཞེས་དོན་གྱི་ཁྱད་པར་དུ་བྱས་པའང་རྫུན་པས་ན་རྫུན་པ་ཡུལ་དུ་བྱེད་པར་
ཐལ་བའི་ཕྱིར་རོ། །ཐུབ་པའི་དགོངས་པ་མིན་པ་ནི་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་པ་མ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཆོས་རྣམས་ཐམས་ཅད་རྟག་ཏུ་རང་བཞིན་སྟོང་། །རྒྱལ་བའི་སྲས་ཀྱིས་དངོས་པོ་རྣམས་གཞིག་ན། །སྲིད་པ་རྣམས་ནི་ཡོང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཏེ། །མཁས་པ་བྱིས་པ་དག་དང་རྩོད་མི་བྱེད། །ཅེས་པ་དང་། གཅིག་ལ་གཅིག་མེད་པ་རྣམས་ནི་སྟོང་པ་ཉིད་རྣམས་ཀྱི་ཐ་ཤལ་ལོ་ཞེས་སོ། །ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགག་པ་ལ་རང་གི་ངོ་བོ་སྐྱེ་བ་མེད་པ་ལ་སོགས་པར་དགོངས་ཏེ། འགྲེལ་ཆུང་ལས། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་པ་བཞིན་ནོ། །རྟེན་འབྲེལ་མཐའ་བྲལ་དེ་ཡང་རྒྱུ་རྐྱེན་ཁོ་ན་ལས་མི་འབྱུང་བ་དང་ཡེ་ནས་གནས་པ་ཡིན་ཏེ། ཡུམ་ལས། ཆོས་ཐམས་ཅད་གང་ནས་ཀྱང་མ་འོངས་གང་དུ་ཡང་མི་འགྲོ་ཞེས་སོ། །རྣམ་དག་བདག་མེད་ཙམ་མ་ཡིན་ཏེ་སྐྱེ་འགག་འགྲོ་འོང་གིས་དག་པའི་ཕྱིར་ཏེ། ཡུམ་ལས། ཆོས་ཐམས་ཅད་རྣམ་པར་དག་པ་ཞེས་བྱ་བ་ནི་རང་བཞིན་གྱིས་མ་སྐྱེས་པའོ་ཞེས་སོ། །བརྗོད་མེད་ཀྱང་ཡོད་པ་བརྗོད་མི་ཤེས་ཀྱི་བརྗོད་མེད་མ་ཡིན་གྱི་ཡོད་མེད་མཐའ་བྲལ་བས་བརྗོད་དུ་མེད་པ་སྟེ། ཡུམ་ལས། བརྗོད་དུ་མེད་པ་ཞེས་བྱ་བ་ནི་བསམ་དུ་མེད་ཅིང་བལྟར་མེད་ལ་དམིགས་པ་ཐམས་ཅད་ལས་འདས་པའི་ཕྱིར་ཞེས་སོ། །སྒྱུ་མ་ལྟ་བུའང་རྐྱེན་ལས་སྐྱེས་པ་མ་ཡིན་ཏེ། ཡུམ་ལས། འདུས་མ་བྱས་སྟོང་པ་ཉིད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་པས། སྣང་ལ་རང་བཞིན་གྱིས་སྟོང་པའི་ཆོས་ལ་སྒྱུ་མར་བརྗོད་པ་ཡིན་ནོ། །དེས་ན་དངོས་པོར་སྨྲ་བ་ལ་སངས་རྒྱས་ཀྱི་དགོངས་པ་མེད་དེ། འཇུག་པ་ལས། དེ་དང་དེ་ནི་དམ་བཅའ་མཚུངས་མཐོང་ནས། །རྩོད་འདི་སེལ་བྱེད་སངས་རྒྱས་རྣམས་ཀྱིས་ནི། །འགར་ཡང་དངོས་
པོ་ཡོད་ཅེས་མ་བསྟན་ཏོ། །ཞེས་སོ། །རྣམ་གཞག་འགལ་བ་ནི་གཟུང་འཛིན་མི་སྲིད་པ་དང་། གཞན་སེམས་ཤེས་པའི་མངོན་ཤེས་འདོད་པ་འགལ་ཏེ། གཟུང་བ་ཐམས་ཅད་ཀུན་བཏགས་ཡིན་ན་གང་ཟག་གཞན་ལ་སེམས་མེད་པར་འགྱུར་བའི་ཕྱིར་རོ། །ཆོས་ཀྱི་བདག་མེད་པ་དང་སེམས་དོན་དམ་དུ་འདོད་པ་འགལ་ཏེ། ཆོས་ཀྱི་བདག་ཅེས་པ་ཆོས་ཀྱི་ངོ་བོ་ཡིན་པས་ན་སེམས་ངོ་བོ་ཅན་དུ་འདོད་པའི་ཕྱིར་རོ། །དེའང་དབང་པོའི་ཁྱད་ཀྱིས་བུམ་པ་གཅིག་ལ་ཉན་ཐོས་པས་རྡུལ་ཆར་གྱུར་པ་ལ་ང་དང་ང་ཡིར་གཟུང་དུ་མེད་པར་མཐོང་བ་གང་ཟག་གི་བདག་མེད་ཡིན་ལ། ཐེག་ཆེན་པས་དེའི་སྟེང་དུ་བུམ་པའི་ཆོས་སུའང་མ་གྲུབ་པས་གཞི་མེད་པར་རྟོགས་པའི་ཕྱིར་ཆོས་ཀྱི་བདག་མེད་ཅེས་བྱའོ། །མདོར་ན་ཤེས་པ་དང་དེས་གཟུང་བ་མ་གྲུབ་པ་གང་ཟག་དང་། ཡུལ་ཆོས་སུ་སྣང་བ་གཞི་མེད་དུ་རྟོགས་པ་ཆོས་ཀྱི་བདག་མེད་དུ་བཞག་གོ །ལྟ་བས་སེམས་དང་ཡོངས་གྲུབ་དོན་དམ་དུ་འདོད་པ་དང་སྒོམ་པ་ཅི་ཡང་མི་དམིགས་པ་འགལ་ཏེ། རྒྱུའི་དུས་ཀྱི་གནས་ལུགས་དེ་དང་འཛིན་སྟངས་མི་མཐུན་པའི་དོན་བསྒོམས་པས་འབྲས་བུ་ཐོབ་མི་སྲིད་དེ། དོན་ཤར་དུ་གཉེར་བ་ལ་ཁ་ནུབ་ཏུ་བལྟས་ནས་འགྲོ་བ་བཞིན་ནོ། །ཚུལ་འདིས་དངོས་པོ་ལ་ཚོགས་བརྒྱད་འདོད་པ་དང་རྒྱུན་བརྟན་པ་བ་འདོད་པ་དང་། ཟབ་མོའི་དོན་ཡོད་ཀྱང་བསྟན་དུ་མི་རུང་བར་འདོད་པ་རྣམས་ཁེགས་པ་ཡིན་ནོ། །འདིར་ནི་འཁྲུལ་ངོར་ཚོགས་བརྒྱད་དུ་བཏགས་ཀྱང་རིག་པ་ཉིད་ལས་གཅིག་དང་དུ་མར་མེད་པ་དང་། རྫས་དང་རྒྱུན་ལ་བརྟན་མི་བརྟན་མེད་དེ་བྱིས་པ་བློ་འཁྲུལ་བའི་ངོར་སྣང་བ་ཙམ་དང་། ཅིར་ཡང་མ་གྲུབ་པའི་ཆོས་ཉིད་དམིགས་སུ་མེད་པའི་ཚུལ་གྱིས་བསྒོམ་པར་འདོད་པ་ཡིན་ནོ། །ད་ནི་སོ་སོའི་དབྱེ་བ་བྱེ་བྲག་ཏུ་བཤད་པ་ནི། དོན་སྣང་ཤེས་པར་འདོད་དང་མི་འདོད་ལས། །རྣམ་པ་བདེན་རྫུན་གཉིས་སུ་གྲགས་དེ་ནི། །ཡང་དག་མ་ཡིན་ཀུན་རྟོག་སྦྱར་བ་ཉིད། །
ཕྱི་རོལ་སྣ་ཚོགས་སུ་སྣང་བ་རང་གི་ཤེས་པ་དོན་གཞན་དུ་སྣང་བར་འདོད་པ་རྣམ་བདེན་པ་དང་། ཤེས་པ་མ་ཡིན་ཏེ་ཤེས་པར་རྫུན་པས་ན་བག་ཆགས་བརྟན་པའི་རྣམ་པ་དེར་སྣང་བའོ་ཞེས་པ་རྣམ་རྫུན་པ་གཉིས་ཀྱང་། དབུ་མའི་དོན་ལས་གཞན་དུ་གྱུར་པས་རང་རང་གི་ཀུན་རྟོག་གཡོ་བས་སྦྱར་བའི་གྲུབ་མཐར་ཟད་དོ། །དེ་ལ་དང་པོ་འདོད་པ་དགོད་པ་ནི། སེམས་ཙམ་པ་གཉིས་པོ་དེ་དག་ཕྱིའི་དོན་དངོས་པོར་རང་མཚན་མེད་པ་དང་། ནང་གི་སེམས་ཡོད་པ་དང་། ཁ་ནང་ལྟ་རང་རིག་ལ་མཐུན་ཡང་། དོན་སྣང་འདི་དངོས་པོར་ཡོད་མེད་ལ་མི་མཐུན་པའོ། །དེས་ན་བྲམ་ཟེ་ཤཾ་ཀ་རཱ་ནནྡ་ལ་སོགས་པས་གཟུང་ཆར་སྣང་བ་ཙམ་ཆོས་ཅན། འཛིན་བྱེད་ངོ་བོ་ཙམ་ཡིན་ཏེ། གསལ་ཞིང་རིག་པའི་ཕྱིར་བདེ་སྡུག་སྣ་ཚོགས་བཞིན་ཞེས་པས། དངོས་མེད་མི་སྲིད་དེ་ཆོས་ཐམས་ཅད་སེམས་ཀྱི་དངོས་པོ་མི་རྟག་པ་གཞན་དབང་ཁོ་ན་ཡིན་ལ། ཀུན་བརྟགས་ནི་དེ་ལ་བདག་ཏུ་ཞེན་པ་ལ་ཟེར་ཞེས་སྨྲའོ། །འདིར་དེའི་ལུགས་རྣམ་བདེན་པ་ལ། བྱེ་བྲག་གསུམ་སྟེ། ཤེས་རྣམ་སོ་སོ་བ། རྣམ་པའི་གྲངས་སྙེད་པ། སྣ་ཚོགས་གཉིས་མེད་པའོ། །དང་པོ་ནི་ཁ་ཅིག་རི་ལ་སོགས་པའི་དོན་དུ་སྣང་བ་ཉིད་ཤེས་པ་ཡིན་མོད་ཀྱི། གཟུང་ཆར་སྣང་བའི་ཤེས་པ་ཞེན་པ་ལས་རྫས་ཐ་དད་པས་ན་སྒོ་ང་བཙོས་པ་བསྐམས་དུས་སེར་པོ་དང་དཀར་པོ་ཐད་ཀར་ཡོད་པ་ལྟར་སྔོ་སྣང་དང་སྔོ་འཛིན་གྱི་ཤེས་པ་ཐད་ཀར་ཆ་གཉིས་སུ་བདེན་པར་འདོད་པའོ། །གཉིས་པ་ནི་ཁ་ཅིག་ཅི་ཙམ་རྣམ་པ་ལ་དབྱེ་བར་ནུས་པ་ལྟར་ཤེས་པ་ལ་ཡང་ནུས་པས་ན་སོར་མོ་ལྔ་ཤེས་པའི་རྫས་ལྔར་བདེན་གྱི། གཅིག་ཏུ་མི་བདེན་པ་ལ་སོགས་པ་རྣམ་པ་གཉིས་ཤེས་པ་གཅིག་ལ་སྣང་མི་སྲིད་པར་འདོད་པའོ། །གསུམ་པ་ནི་སྔོ་སེར་དང་བརྟན་གཡོ་ལ་སོགས་པ་སྣང་ངོ་ཅོག་ཤེས་པ་གཅིག་ལ་སྣང་ཞིང་ངོ་བོ་བདེན་པར་འདོད་ཀྱི། ཚོགས་པ་དུ་མར་སྣང་ཡང་ཤེས་
པ་གཅིག་གི་སྣང་བའོ་ཞེས་འདོད་དོ། །དེ་དག་དགག་པ་ལ་གཉིས་ཏེ། སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པའོ། །དང་པོ་ནི། གསལ་ཞིང་རིག་པ་ཞེས་བྱ་བའི་རྟགས་ཀྱི་དོན་རིག་བྱ་ཡིན་ནམ། རིག་པའི་བྱ་བ་ཙམ་པོ་ཡིན། སྣང་བ་ཤེས་པ་ཡིན་ཏེ་རིག་བྱ་ཡིན་པའི་ཕྱིར་ཞེས་པ་དང་། རིག་བྱ་ཙམ་པོ་ཡིན་པའི་ཕྱིར་ཞེས་པ་ལ་ཁྱབ་པ་མ་གྲུབ་སྟེ་དོན་དངོས་པོ་རིག་པ་ལའང་འཇུག་པར་དོགས་པས། ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ནི་དུས་མཉམ་པ་ལ། འབྲེལ་བ་མེད་པས་རིག་ཏུ་མི་རུང་ཞིང་། དུས་མི་མཉམ་པ་དང་འདྲ་བ་བཀག་པས་རིག་ཏུ་མེད་པས། མི་མཐུན་པའི་ཕྱོགས་ལ་ཁེགས་སོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། དེས་དོན་དངོས་ཁེགས་ཀྱང་གཟུང་བྱ་དངོས་མེད་མ་ཁེགས་པས་ན་ཤེས་པའི་ངོ་བོར་མི་འགྲུབ་སྟེ། གཟུགས་བརྙན་བྱད་ཡིན་པ་ཁེགས་ཀྱང་མེ་ལོང་དུ་མི་འགྲུབ་པ་བཞིན་ནོ། །གནོད་བྱེད་ལ་ལྔ་སྟེ། འཁྲུལ་མ་འཁྲུལ་དུ་མི་འཐད་པ། གཅིག་དང་དུ་མར་མི་འཐད་པ། ཤེས་པའི་ངོ་བོར་ངེས་པར་ཐལ་བ། གསལ་བར་ཐལ་བ། ཧ་ཅང་ཐལ་བའོ། །དང་པོ་ནི། འཇིག་རྟེན་ན་ཡུལ་རྫུན་པ་དངོས་མེད་སྣང་བ་ཉིད་བློ་འཁྲུལ་པར་འཇོག་པ་ཡིན་ཏེ་རྨི་ལམ་གྱི་ཤེས་པ་བཞིན་ནོ། །དངོས་པོར་སྣང་བ་ཉིད་ལ་མ་འཁྲུལ་པར་འཇོག་པ་ཡིན་ཏེ་སད་པའམ་ཟླ་བ་གཅིག་འཛིན་གྱི་ཤེས་པ་བཞིན་ནོ། །དེ་བས་ན་སྔོ་སོགས་ཆོས་ཅན། སེམས་མ་ཡིན་ཏེ་དོན་དུ་སྣང་བའི་ཕྱིར་རོ། །ཁྱབ་པ་མེད་ན་དོན་དུ་སྣང་བ་འཁྲུལ་ལམ་མ་འཁྲུལ། མ་འཁྲུལ་ན་དེ་སེམས་སུ་མི་རུང་སྟེ། མ་འཁྲུལ་པ་ཐམས་ཅད་ཀྱིས་ཡུལ་དེ་ཁོ་ན་ལྟར་འཛིན་པས་ན་དོན་སྣང་ཉིད་དོན་དངོས་སུ་བདེན་པའི་ཕྱིར་རོ། །འཁྲུལ་ན་སེམས་སུ་མི་འཐད་དེ་དོན་སྣང་རྫུན་ཞིང་རྫུན་པ་དངོས་མེད་ཡིན་པས་ན་དངོས་པོ་ཙམ་ཁེགས་པས་སེམས་ཀྱི་དངོས་པོ་མི་སྲིད་པའི་ཕྱིར་རོ། །དངོས་པོ་ཙམ་མེད་ཀྱང་ཤེས་དངོས་སུ་རུང་ན་ནི་བུམ་པ་མི་སློང་གསེར་བུམ་སློང་ཞེས་པ་
བཞིན་ནོ། །གལ་ཏེ་ཁོ་བོ་ཅག་ལ་འཁྲུལ་པ་ཉིད་མེད་དེ་ཐམས་ཅད་ལ་ཤེས་པའི་དངོས་པོ་ཉིད་སྣང་བའི་ཕྱིར་རོ། །འོན་ཀྱང་དོན་དུ་བརྟགས་པས་འཁོར་བར་འཁྱམས་པ་ཡིན་ནོ་ཞེ་ནའང་མི་རུང་སྟེ། དོན་མེད་པ་ལ་དོན་དུ་སྣང་བ་འཁྲུལ་པ་མ་ཡིན་ན། དོན་མེད་པ་ལའང་དོན་དུ་བརྟགས་པ་འཁྲུལ་པར་མི་འགྱུར་བས་འཁྲུལ་པ་རྒྱུན་ཆད་པར་ཐལ་བའི་ཕྱིར་རོ། །ཁོ་བོ་ཅག་དངོས་པོ་སྣང་མི་སྣང་གིས་འཁྲུལ་མ་འཁྲུལ་དུ་མི་འཇོག་གི །འཛིན་སྟངས་ཀྱི་རྣམ་པ་དོན་དང་མཐུན་མི་མཐུན་གྱིས་འཇོག་པ་ཡིན་ནོ་ཞེས་པའང་མི་འཐད་དེ། བུམ་པ་ལ་སོགས་པ་ཇི་ལྟར་སྣང་བའི་རྣམ་པ་ཉིད་དུ་ཡོད་ན་མ་འཁྲུལ་བར་འགྱུར་ཞིང་། མེད་ན་མེད་པ་ཉིད་གང་གིའང་དངོས་པོར་མི་རུང་བའི་ཕྱིར་རོ། །གཅིག་དང་ཐ་དད་དུ་མི་འཐད་པ་ནི་ཤེས་པ་དང་རྣམ་པ་སོ་སོར་བདེན་པ་མི་རུང་སྟེ། ཡུལ་མི་རིག་པ་ལ་ཤེས་པའི་མཚན་ཉིད་མེད་པའི་ཕྱིར་དང་། རྣམ་ཤེས་ལུས་ཀྱི་ཕྱིར་ཐོན་པས་ཤི་བར་ཐལ་བའི་ཕྱིར་དང་། སེམས་མིག་གིས་མཐོང་བ་དང་སྲང་ལ་གཞལ་དུ་རུང་བར་ཐལ་བའི་ཕྱིར་དང་། རི་དང་ཤིང་ལ་སོགས་པས་ཚུར་རང་རིག་པར་ཐལ། རང་གིས་དེ་དག་རིག་པའི་ཕྱིར། ཁྱབ་པ་མེད་ན་རི་ལ་སོགས་པ་རང་གི་ཤེས་པ་ཡིན་པ་ཉམས་སོ། །དུས་གཅིག་ཏུ་ཤེས་པ་གཉིས་རྒྱུད་གཅིག་ལ་སྲིད་པར་ཐལ་བའི་ཕྱིར་རོ། །དེ་ཡང་ཡུལ་སྣང་རེ་རེ་ཤེས་པར་འདོད་པས་དུས་གཅིག་ཏུ་ཤེས་པ་བྱེ་བ་རྒྱུད་གཅིག་ལ་སྲིད་པར་ཡང་ཐལ་ལོ། །འདོད་ན་མི་སྲིད་དེ་རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཅར་འབྱུང་བ་མེད། །ཅེས་སོ། །རྣམ་པའི་གྲངས་སྙེད་པའང་མི་རུང་སྟེ། རྐང་པ་མཐོང་དུས་ལག་པ་མི་མཐོང་བས་རགས་པར་སྣང་བ་རྒྱུན་བཅད་པའི་ཕྱིར་དང་། ཟྭ་འོག་གི་སྔོན་པོ་མཐོང་སེར་པོ་མ་མཐོང་བས་ཁྲ་བོར་སྣང་བ་རྒྱུན་ཆད་པའི་ཕྱིར་དང་། རྡུལ་ལ་སོགས་པ་དངོས་པོ་ལ་ཆ་མེད་མི་སྲིད་པས་རྡུལ་ཡང་མི་མཐོང་བས་མཐོང་བ་ཙམ་རྒྱུན་ཆད་པར་ཐལ་བའི་ཕྱིར་རོ། །
རགས་སྣང་ཡང་རྟོག་པས་བརྟགས་པ་ཡིན་ནོ་ཞེས་པའང་མི་རུང་སྟེ། རྟོག་པའི་གཟུང་ཡུལ་ན་གསལ་སྣང་རྒྱུན་ཆད་པར་ཐལ་བའི་ཕྱིར་དང་། རྟོག་པ་གཅིག་ལའང་དོན་གཅིག་ཆ་བཅས་སུ་སྣང་དུ་མི་རུང་བར་མཚུངས་པའི་ཕྱིར་དང་། ཕྲ་མོ་སྣང་བ་ཉིད་ཀྱང་བཀག་པའི་ཕྱིར་རོ། །རྣམ་འགྲེལ་ལས། ཅི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་པ་ཁས་ལེན་ན། །དེ་ཚེ་རྡུལ་ཕྲན་འདྲར་གྱུར་པའི། །དཔྱད་པ་འདི་ལས་བཟློག་པར་དཀའ། །ཞེས་སོ། །སྣ་ཚོགས་གཉིས་མེད་དུ་བདེན་པར་ཡང་མི་རུང་སྟེ། དུ་མར་སྣང་བ་གཅིག་ཏུ་བདེན་པ་ཙམ་སྤྱི་བཀག་པ་བཞིན་ནོ། །བདེན་གཉིས་ལས། སྣ་ཚོགས་ཅན་སྣང་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །དེ་བློ་སྣ་ཚོགས་སྣང་བ་ཡང་། །གཅིག་པ་ཉིད་དུ་ཇི་ལྟར་རིགས། །ཞེས་སོ། །དུ་མར་སྣང་བཞིན་དུ་གཅིག་གི་ཐ་སྙད་དུ་བྱེད་ན། སོར་མོ་ལྔ་དང་། ཉི་ཟླ་གཟའ་སྐར་ལ་སོགས་པ་དུ་མའི་རྣམ་གཞག་རྒྱུན་ཆད་པར་ཐལ་ཏེ། དེ་ཉིད་ལས། གཞན་དུ་གཅིག་གི་ངོ་བོ་ལ། །རང་བཞིན་དུ་མར་སྣང་བ་ཡི། །རྣམ་པར་ཇི་ལྟར་བདེན་གྱུར་ཏེ། །གཅིག་པ་ཉིད་དེ་ཉམས་ཕྱིར་དང་། །གཞན་གྱིས་གཞན་ཉིད་ཉམས་ཕྱིར་རོ། །ཞེས་སོ། །འོ་ན་ཁྱེད་ཀྱང་དངོས་པོ་དངོས་མེད་ཀྱི་རྣམ་གཞག་ཉམས་པར་ཐལ་ཏེ། ཕུང་པོ་ལྔ་དངོས་པོར་སྣང་བཞིན་དུ་སྟོང་པའི་ཐ་སྙད་བྱེད་པའི་ཕྱིར་ཞེ་ན། དཔྱད་བཟོད་དུ་སྣང་བ་སུ་ལའང་མེད་ཅིང་། འཁྲུལ་སྣང་ལ་དངོས་པོའི་ཐ་སྙད་སྒྲོ་བཏགས་ནས་བྱེད་དེ། དེ་ཉིད་ལས། རིགས་པས་བརྟགས་ན་དངོས་མ་ཡིན། །དེ་ལས་གཞན་དུ་དངོས་པོ་སྟེ། །དངོས་དང་དངོས་མེད་ཇི་ལྟར་འགལ། །ཞེས་པ་བཞིན་ནོ། །ཤེས་པའི་ངོ་བོར་ངེས་པར་ཐལ་བ་ནི། དོན་སྣང་མིག་ཤེས་ལ་སྣང་དུས་ཤེས་པའི་ངོ་བོར་ངེས་པར་ཐལ་ཏེ། ངོ་བོ་སྣང་ལ་གསལ་ཞིང་ཡིད་གཏད་ལ་འཁྲུལ་པའི་རྒྱུ་མཚན་གྱིས་མ་ཟིན་པའི་ཕྱིར་བདེ་སྡུག་བཞིན་ནོ། །གསལ་
ཞིང་ཡིད་གཏད་པ་མངོན་སུམ་གྱིས་གྲུབ་ཅིང་ངོ་བོར་ཁས་བླངས་པའི་ཕྱིར་རོ། །རྣམ་པ་དོན་དུ་སྣང་བས་ཤེས་པར་མི་གསལ་ཏེ་སྔོན་པོའི་སྐད་ཅིག་བཞིན་ཞེས་པའང་མི་རུང་སྟེ། དྲན་པ་དང་མངོན་སུམ་ལྟར། གསལ་བའི་མིག་ཤེས་ལ་མི་གསལ་བའི་དོན་སྣང་ཡང་རྫས་གཅིག་ཏུ་མི་རུང་བའི་ཕྱིར་རོ། །རྣམ་ངེས་ལས། དངོས་མཐོང་མེད་ཕྱིར་གཅིག་མ་ཡིན། །བློ་དངོས་ཐ་དད་མི་མཐོང་བས། །ཐ་དད་མེད་པར་ངེས་པར་འགྱུར། །ཞེས་སོ། །གསལ་བར་ཐལ་བ་ནི་འགྲོ་བ་ཐམས་ཅད་རྒྱུད་གཅིག་ཏུ་ཐལ་ཏེ། འགྲོ་བའི་སེམས་རྒྱུད་སངས་རྒྱས་ལ་སྣང་དུ་རུང་ཞིང་གཟུང་འཛིན་ཙམ་གཅིག་པའི་ཕྱིར་རོ། །ཧ་ཅང་ཐལ་བ་ནི་གཞན་དུ་སྣང་ཡང་གཞན་དུ་བདེན་ན་ལྷོའི་མེ་འབར་བ་བྱང་གི་ཆུ་རྡོལ་བར་བདེན་པ་དང་། རྒྱང་འཕེན་པ་ལྟར་བློ་ཉིད་ཀྱང་ཕྱི་དོན་དུ་བདེན་པ་དང་། གྲངས་ཅན་པ་ལྟར་བདེ་སྡུག་ཉིད་ཀྱང་བེམ་པོར་བདེན་པ་དང་། གཏི་མུག་ཤེས་རབ་ཏུ་བདེན་པ་དང་བདེ་བ་སྡུག་བསྔལ་དུ་བདེན་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཡུམ་ལས། རྣམ་པར་ཤེས་པ་མེད་ཅིང་མི་དམིགས་སོ་ཞེས་སོ། །དེས་ན་ཆོས་རྣམས་ལ་སྣང་བ་ལྟར་བདེན་པར་རྟོགས་པ་བདེན་གྱི། གཞན་དུ་སྣང་བ་གཞན་དུ་བདེན་པར་འདོད་པ་དམུས་ལོང་སྟེ། མདོ་སྡེ་རྒྱན་ལས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །དེ་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་སོ། །ཚུལ་འདིས་སྣང་བ་སེམས་སུ་འདོད་པ་དང་། འགྲོ་བ་ཐམས་ཅད་ཤེས་རྒྱུད་གཅིག་ཏུ་སྨྲ་བའི་གཏི་མུག་ཅན་རྣམས་བཀག་པ་ཡིན་ནོ། །ཁོ་བོ་ཅག་ནི་འཁྲུལ་ངོར་སྣང་བ་འདི་ཉིད་ཇི་ལྟར་སྣང་བཞིན་པའི་རྟེན་འབྲེལ་དུ་སྣང་བ་ཉིད་ཀྱིས། སེམས་དང་སེམས་ལས་གཞན་དུའང་ཅུང་ཟད་བདེན་པར་མི་འདོད་དེ་རྨི་ལམ་བཞིན་ནོ། །རྣམ་རྫུན་པ་ལའང་དང་པོ་འདོད་པ་བརྗོད་པ་ནི། སློབ་དཔོན་ཆོས་མཆོག་ལ་སོགས་
པས་གཞན་རིག་པར་སྣང་བ་ཐམས་ཅད་དོན་དང་ཤེས་པ་གང་ཡང་མ་ཡིན་གྱི། མ་རིག་པས་བསླད་པ་ལ་སྣང་བའི་ཀུན་བརྟགས་ཉིད་དེ། རྣམ་ངེས་ལས། རིག་བྱ་རིག་བྱེད་རྣམ་པ་མེད། །སྐྲ་སོགས་ཤེས་པའི་ཐ་དད་བཞིན། །གང་ཚེ་གཟུང་འཛིན་རྣམ་ཕྱེ་བའི། །མཚན་ཉིད་རྣམ་པར་བསླད་པ་ཅན། །ཇི་ལྟར་འཁྲུལ་པས་མཐོང་གྱུར་བས། །དེ་ལྟར་འདི་ནི་བཞག་བྱས་པ། །དེ་ཚེ་གཟུང་དང་འཛིན་པ་ཡི། །མཚན་ཉིད་ཅན་ལ་བརྩད་བྱ་མིན། །ཞེས་སོ། །དེས་ན་དོན་དུ་སྣང་བ་ཐམས་ཅད་ལ་ཀུན་རྫོོབ་ཏུ་ཡང་དངོས་པོར་མི་སྲིད་ཅིང་། རྨི་ལམ་གྱི་ཡུལ་དང་སྣང་བ་སྣ་ཚོགས་པ་ཤར་བ་དང་། མངོན་སུམ་གྱི་ཡུལ་སྣང་ལ་ཁྱད་པར་ཅུང་ཟད་ཀྱང་མེད་མོད་ཀྱི། བག་ཆགས་བརྟན་མི་བརྟན་གྱིས་སྣང་བ་ཡུན་རིང་ཐུང་དང་བདེན་རྫུན་ལྟར་སྣང་བ་བཞིན་ནོ། །དེ་ལྟར་ཕྱི་གཟུང་བ་རྫུན་སྣང་དང་དེ་ལ་འཛིན་པ་མ་གྲུབ་ལ། གཟུང་འཛིན་གཉིས་མེད་དུ་རྟོགས་པའི་ཤེས་པ་རང་གསལ་གྱི་སྐད་ཅིག་མ་ཉིད་དོན་དམ་དུའང་ཡོད་པར་འདོད་དོ། །དེའང་བྱེ་བྲག་གཉིས་ཏེ། དྲི་བཅས་པ་དང་དག་པའོ། །དེ་གཉིས་ཀྱི་ཁྱད་པར་ནི་རྒྱུ་དུས་དང་། འབྲས་དུས་ཀྱི་ཁྱད་པར་གཉིས་ལས། དྲི་བཅས་པས་སེམས་ཅན་གྱི་དུས་ན་རྣམ་ཤེས་ཚོགས་བརྒྱད་ཅར་དོན་དམ་དུ་འདོད་ཅིང་སངས་རྒྱས་ཀྱི་ས་ན་སྣོད་བཅུད་ཐམས་ཅད་གསལ་བར་སྣང་བར་འདོད་དོ། །དག་པ་པས་ནི་སེམས་ཅན་གྱི་དུས་ནའང་ཚོགས་བདུན་གནས་སྐབས་གློ་བུར་བའི་ཤེས་པ་ཀུན་རྫོབ་པ་ཡིན་ལ། ཀུན་གཞི་རྣམ་ཤེས་ནི་འཕེལ་འགྲིབ་དང་འཛིན་སྟངས་མི་མཐུན་པ་མེད་པས། རང་བཞིན་གཉུག་མའི་ཤེས་པ་ཞེས་དོན་དམ་དང་། སངས་རྒྱས་ཀྱི་ས་ནའང་གཉིད་སད་པ་ན་རྨི་ལམ་ཞི་བ་ལྟར། འཁྲུལ་པའི་དོན་སྣང་ཐམས་ཅད་རྒྱུན་ཆད་ནས། སེམས་ལས་གཞན་ཅི་ཡང་མི་སྣང་ཞིང་ཅིར་ཡང་མི་རྟོོག་པ་མྱོང་བ། རང་རིག་རང་གསལ་ཙམ་དུ་གནས་པ་དེ་ཆོས་སྐུ་ཡིན་ལ། དེའི་
བྱིན་རླབས་ཀྱིས་དངོས་པོ་ལ་མེད་ཀྱང་གདུལ་བྱའི་ངོར་སྣོད་བཅུད་ཐམས་ཅད་མཁྱེན་པ་དང་། ཆོས་གསུངས་པ་དང་། དོན་མཛད་པར་སྣང་བ་ནི་གཟུགས་སྐུའོ། །དག་པ་བ་ཁ་ཅིག་སེམས་ཀྱི་རྒྱུ་འབྲས་ལ་སོགས་པའི་ཆ་ལ་དོན་དམ་དུ་འདོད་ལ། ཁ་ཅིག་མྱོང་བ་རང་གསལ་ལས་གཞན་ཤེས་རིག་ཐམས་ཅད་ཀུན་རྫོབ་པར་འདོད་དོ། །དེ་དགག་པ་ནི། དོན་སྣང་ཅི་ཡང་མི་བདེན་པ་ཉིད་ཤིན་ཏུ་འཐད་མོད་ཀྱི། སེམས་དོན་དམ་དུ་འདོད་པ་དགག་པ་ལ་མགོ་སྙོམས་ལྔ་སྟེ། དོན་དང་ཤེས་པ་མཚུངས་པ་དང་། རང་རིག་དང་གཞན་རིག་མཚུངས་པ་དང་། འཛིན་པ་དང་མྱོང་བ་མཚུངས་པ་དང་། གཞན་དབང་དང་ཀུན་བརྟགས་མཚུངས་པ་དང་། གཉུག་མ་དང་གནས་སྐབས་མཚུངས་པའོ། །དང་པོ་ནི་ཕྱི་དོན་དངོས་པོར་མེད་ན་ནང་གི་སེམས་ཀྱང་དངོས་པོར་མེད་དོ་ཞེས་བྱའོ། །དེ་ནི་མ་ཡིན་ཏེ་རང་རིག་མངོན་སུམ་གྱིས་བདེ་བ་སིམས་པའི་དོན་བྱེད་པ་དང་། སྡུག་བསྔལ་གདུང་བའི་དོན་བྱེད་པ་ལ་སོགས་པར་གྲུབ་པོ་ཞེ་ན། དོན་ཡང་དངོས་པོར་ཡོད་པ་ཡིན་ཏེ་གཞན་རིག་མངོན་སུམ་གྱི་མེས་བཙོ་སྲེག་གི་དོན་བྱེད་པ་དང་། ཆུས་ངོམས་པའི་དོན་བྱེད་པས་སོ། །དོན་དུ་སྣང་བའི་གཞན་རིག་ནི་འཁྲུལ་པ་ཡིན་ཏེ་དེའི་ཡུལ་རྡུལ་ཕྲན་དཔྱད་པས་ཁེགས་སོ་ཞེ་ན། བདེ་སྡུག་ཏུ་སྣང་བའི་རང་རིག་ཀྱང་འཁྲུལ་པ་ཡིན་ཏེ་དེའི་ཡུལ་སྐད་ཅིག་ཀྱང་དཔྱད་པས་ཁེགས་སོ། །དེས་ན་འཁྲུལ་ངོར་གཉིས་ཀ་གྲུབ་ཅིང་དངོས་པོ་ལ་གཉིས་ཀ་ཁེགས་པར་མཚུངས་ཏེ། ལུང་ཡང་མཚུངས་པ་ཉིད་འཇུག་པ་ལས། གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག །སེམས་ཡོད་ན་ནི་གཟུགས་མེད་མ་འཛིན་ཅིག །དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས། །ཞེས་སོ། །རང་རིག་དང་གཞན་རིག་མཚུངས་པ་ནི། ཤེས་པ་རང་གིས་རང་རིག་པ་ཡིན་ན། གཟུགས་ལ་སོགས་པ་གཞན་རིག་ཀྱང་ཡོད་ཅེས་བྱའོ། །
དེ་ནི་མི་རུང་སྟེ་དུས་མི་མཉམ་པར་རིག་ན་མཐོང་བ་ཕྱིན་ཅི་ལོག་ཏུ་འགྱུར་ཞིང་། དུས་མཉམ་པ་རིག་ན་མི་ལྟོས་པར་འགྱུར་བའི་ཕྱིར་རོ་ཞེ་ན། རང་གིས་རང་རིག་པའང་མི་རུང་སྟེ་རིག་བྱ་རིག་བྱེད་གཉིས་མེད་པའི་ཕྱིར་དང་། རལ་གྲི་རང་གིས་རང་མི་གཅོད་པ་བཞིན་ནོ། །འཛིན་པ་དང་མྱོང་བ་མཚུངས་པ་ནི་བློ་ཉམས་སུ་མྱོང་བ་ཞིག་ཡོད་ན་ཡུལ་འཛིན་པའང་ཡོད་དེ་མྱོང་འཛིན་ཁྱད་མེད་པའི་ཕྱིར་རོ་ཞེས་བྱའོ། །དེ་ནི་ཡུལ་གཟུང་བ་རྫུན་པ་ལ་ལྟོས་པས་འཛིན་པ་བདེན་པར་མི་རུང་སྟེ། རྫུན་པ་ལ་ལྟོས་པའི་བདེན་པ་མི་སྲིད་པའི་ཕྱིར་རོ་ཞེ་ན། མྱོང་བ་ཡང་བདེན་པར་མི་རུང་སྟེ་རང་ལ་མྱང་བྱ་མྱོང་བྱེད་གཉིས་མེད་པའི་ཕྱིར་དང་། མྱོང་བཞིན་པ་མེད་པའི་ཕྱིར་དང་། འཛིན་པའི་ངོ་བོ་ཡིན་པས་རྫུན་ཞིང་དེའི་ངོ་བོ་ལ་བདེན་པ་མེད་པའི་ཕྱིར་རོ། །གཞན་དབང་དང་ཀུན་བརྟགས་མཚུངས་པ་ནི། གཞན་དབང་སེམས་དང་སེམས་བྱུང་དངོས་པོར་ཡོད་ན་གང་ཟག་གི་བདག་ཀྱང་དངོས་པོར་ཡོད་ཅེས་བྱའོ། །དེ་ནི་མི་རུང་སྟེ་བདག་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བཙལ་ན་མི་རྙེད་པས་སོ་ཞེ་ན། སེམས་དང་སེམས་བྱུང་ཡང་དངོས་པོར་མེད་དེ་སྐད་ཅིག་དང་རྒྱུན་ནམ་ལུས་ཀྱི་ཕྱི་ནང་ནས་བཙལ་ན་མི་རྙེད་པས་སོ། །གཉུག་མ་དང་གནས་སྐབས་མཚུངས་པ་ནི། རང་བཞིན་གྱི་ཤེས་པ་ཀུན་གཞི་ཡོད་ན་གློ་བུར་བའི་ཤེས་པ་ཚོགས་དྲུག་ལ་སོགས་པའང་ཡོད་ཅེས་བྱའོ། །དེ་ནི་བདེན་པར་མེད་དེ་རྐྱེན་གྱི་དབང་གིས་རེས་འགའ་འབྱུང་ཞིང་། རེས་འགའ་མི་འབྱུང་བས་ན་རང་བཞིན་དུ་གནས་པ་མེད་པའི་ཕྱིར་རོ་ཞེ་ན། ཀུན་གཞི་ཡང་བདེན་པར་མེད་དེ་བཙལ་ན་མི་རྙེད་པས་སོ། །ད་ལྟའི་སྐད་ཅིག་ཉིད་སྔ་ནས་ཀྱང་མེད་ཅིང་ཕྱི་ནས་ཀྱང་མེད་ལ་དངོས་པོ་ཙམ་ལ་འདས་མ་འོངས་ཀྱིས་ཁྱབ་པས་ན་དེང་དུས་སུ་མེད་པའི་ཕྱིར་རོ་ཞེས་བྱའོ། །ཡུམ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་སོ། །ཚུལ་འདིས་ད་ལྟའི་སྐད་ཅིག་གི་ཤེས་པ་གཉུག་
མ་འདི་ཟང་ངེ་ཐལ་ལེ་ཞེས་པའང་ཁེགས་པ་ཡིན་ནོ། །འདིར་ནི་གཉུག་མ་དང་གཉུག་མ་མ་ཡིན་པའི་ཤེས་པ་གང་དུའང་མ་གྲུབ་པ་ཉིད་ཡིན་པས་ནམ་མཁའི་རང་བཞིན་དུ་མཉམ་པ་ཉིད་དོ། །དེ་དག་གིས་རྣལ་འབྱོར་སྤྱོད་པའི་གཞུང་བསྟན་ཟིན་ཏོ། །ད་ནི་དབུ་མ་རང་རྒྱུད་པའི་གྲུབ་མཐའ་གསལ་བར་བརྗོད་པ་ནི། རང་རྒྱུད་སྡེ་པས་བདེན་གཉིས་དབྱེ་བ་ཡིས། །ཆོས་རྣམས་ཡོད་མེད་སྤྲོས་པ་རབ་འགོག་ཅིང་། །སྣང་བའི་རྣམ་གཞག་ཞིབ་མོར་བྱེད་དེ་ཡང་། །གོང་འོག་རང་བཞིན་རྣལ་དོན་གཞན་དུ་འགྱུར། །དབུ་མ་རང་རྒྱུད་པ་དག་ནི་ཤེས་བྱའི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱིས་དབྱེ་བས། ཡོད་མེད་ཀྱི་སྤྲོས་པ་འགོག་ཅིང་། དོན་དམ་པ་རང་བཞིན་གྱིས་རྣམ་པར་དག་པ་དང་། ཀུན་རྫོབ་ཏུ་ལས་འབྲས་ལ་སོགས་པའི་ཆོས་རྣམས་མ་འདྲེས་པར་རྣམ་པར་འཇོག་ན་ཡང་། ད་དུང་རང་གི་ཕྱོགས་སྒྲུབ་པའི་ཁས་ལེན་ལ་ཞེན་པ་ཡོད་པས། རབ་ཏུ་མི་དམིགས་པ་དེ་ཁོ་ན་ཉིད་ཀྱི་དབུ་མ་ལས་གཞན་དུ་རྣམ་པར་གཞག་གོ །འདི་ལ་རང་རྒྱུད་འོག་མ་དང་གོང་མ་གཉིས་སོ། །དང་པོ་ནི། སྤྱིར་སེམས་ཙམ་ལ་རང་རྒྱུད་འོག་མར་གྲགས་ཀྱང་། ཤེས་བྱ་རང་རིག་དོན་དམ་དུ་མི་འདོད་པའི་གཞུང་ལ་ཕྱེ་ན། སྣང་བ་སྒྱུ་མའི་ངོ་བོ་རང་བཞིན་གྱིས་སྟོང་པ་དོན་དམ་དུ་འདོད་པ་དང་། མི་འདོད་པ་གཉིས་ལ་གོང་འོག་ཏུ་བཞག་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་རང་རྒྱུད་དུ་འདོད་པས་གྲུབ་མཐའི་དོན་མ་གོ་བར་ཟད་དོ། །སློབ་དཔོན་རྒྱ་མཚོ་སྤྲིན་ལ་སོགས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་སྒྱུ་མའི་རང་བཞིན་དུ་བདེན་པ་གཉིས་ཆར་གྱི་ངོ་བོར་གནས་ཏེ། ཀུན་རྫོབ་ནི་རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚོགས་པ་ལས་མེད་པ་གསལ་སྣང་དུ། འཁྲུལ་སྣང་ལ་ཇི་ལྟར་སྣང་བཞིན་པའི་ངོ་བོར་ཐ་སྙད་དུ་དོན་བྱེད་ནུས་པ་ཙམ་གྱི་ཆ་ནས་བདེན་ལ། དོན་དམ་པར་ནི། ཀུན་རྫོབ་ཀྱི་ཆའི་བརྟགས་པ་ལོག་པས་རྒྱུ་རྐྱེན་དང་རྒྱུ་རྐྱེན་མ་ཡིན་པ་ལ་སོགས་པ་མིང་ཚིག་གི་ཡི་གེ་ལ་སོགས་པའི་སྤྲོས་པས་
སྟོང་ཡང་། གཟུགས་བརྙན་ལྟར་རྟེན་འབྲེལ་དུ་གསལ་བ་མ་འགགས་པའི་ཆ་ནས་སྒྱུ་མར་བརྗོད་དེ། ཏིང་ངེ་འཛིན་གྱི་སྣང་ཡུལ་གྱི་གཟུགས་སོགས་སྣང་ཡང་གཅིག་དང་ཐ་དད་དུ་སྤྲོས་པ་ཞི་བའི་སྣང་བ་སྒྱུ་མར་ཤར་བ་ཙམ་མོ། །དེས་ན་རྒྱུ་ཚོགས་གཉིས་སྒྱུ་མ་ལྟ་བུ་བསགས་པས་འབྲས་བུ་བྱང་ཆུབ་སྒྱུ་མ་ལྟ་བུ་ཐོབ་ནས། སྒྱུ་མའི་རང་བཞིན་ལ་རྟག་ཏུ་གནས་པ་ནི་མཉམ་པར་གཞག་པ་ཡིན་ལ། སྒྱུ་མའི་ཚུལ་གྱིས་འཕྲིན་ལས་བྱུང་ནས་སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་བྱེད་དོ། །དེ་ལྟར་མ་ཡིན་པར་དོན་དམ་པར་བདེན་པའམ། ཡང་ན་ཅི་ཡང་མེད་ན་ལམ་དང་རྣམ་གྲོལ་འབད་པ་དང་ཐོབ་པ་མེད་པར་འགྱུར་རོ། །སྟོང་པ་ཉིད་ལ་སོགས་པ་ཅི་ཙམ་བརྗོད་ཀྱང་སྣང་བའི་དངོས་པོ་རྟེན་འབྲེལ་པ་རྣམས་སྣང་བའི་ཕྱིར་གྱིས་ཀྱང་། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་བདེན་པས། དེའི་ངོར་སྤང་བླང་གི་རིམ་པས་རང་དང་གཞན་གྱི་དོན་གཉིས་གནས་སྐབས་པ་དང་མཐར་ཐུག་པ་གཉིས་སྒྲུབ་པར་འོས་པ་ཡིན་ནོ། །ཡུམ་ལས་ཀྱང་། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་ཡང་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་ང་སྨྲའོ་ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། དོན་དམ་བདེན་པ་རྨི་ལམ་འདྲ་བ་དང་། །མྱ་ངན་འདས་པ་རྨི་ལམ་མཚུངས་པར་འཇུག །གང་གིས་མཁས་པ་དེ་ལྟར་འཇུག་པ་ཡང་། །དེ་ནི་ཡིད་ཀྱི་སྡོམ་པ་མཆོག་ཏུ་བརྗོད། །ཅེས་པ་དང་། ཇི་ལྟར་སྐྱེ་བོ་མང་པོའི་མདུན་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣང་བ་སྣ་ཚོགས་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། ཀྱེ་རྡོ་རྗེ་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་
བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་ཀྱིས། །ཞེས་པ་ལ་སོགས་པ་གསུངས་པས། ཐམས་ཅད་སྒྱུ་མའི་ཚུལ་གཉིས་སུ་འདོད་དོ། །དེའང་མ་དག་པ་སྒྱུ་མ་ནི། ཀུན་རྫོབ་ཏུ་སྣང་ལ་དོན་དམ་པར་བདེན་པའི་རང་བཞིན་མེད་དེ་ལམ་མཐར་ཕྱིན་པ་ན་འགགས་པའི་ཕྱིར་ཏེ། བདེན་ཞེན་སྒྲིབ་པ་ཀུན་སྤོང་བའི་ཕྱིར་རོ། །དག་པ་སྒྱུ་མ་ནི་ལམ་དུ་སྣང་ལ་རང་བཞིན་མེད་པར་བསྒོམས་པས། འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་དབྱེར་མེད་པའི་རང་གི་ངོ་བོ་སྣང་ལ་རང་བཞིན་མེད་པ་འོག་མིན་ན་སྒྱུ་མའི་ཚུལ་དུ་བཞུགས་པ་ལས། སྤྲུལ་པ་སྒྱུ་མ་ལྟ་བུ་འབྱུང་བའོ། །དེ་དག་ཀྱང་ཀུན་རྫོབ་ཏུ་སྒྱུ་མ་རྒྱུ་རྐྱེན་རྟེན་འབྲེལ་ལ་བདེན་པར་ཞེན་པ། དོན་དམ་སྒྱུ་མ་རྟེན་འབྲེལ་གྱི་སྣང་བ་གཅིག་དང་དུ་མའི་སྤྲོས་པ་ལས་གྲོལ་བར་སྣང་ལ་སྤྲོས་བརྗོད་མེད་པ་ཉིད་གནས་ལུགས་སུ་བརྗོད་པའོ་ཞེས་འདོད་པའོ། །དེ་དགག་པ་ལ་གསུམ་སྟེ། རང་བཞིན་དོན་མེད་པ་དང་། རིག་ངོར་སྒྱུ་མ་མི་འགྲུབ་པ་དང་། རྒྱལ་བའི་དགོངས་པ་མ་ཡིན་པའོ། །དང་པོ་ནི། སྒྱུ་མའི་ངོ་བོ་སྣང་ལ་རང་བཞིན་མེད་པ་ཡིན་ལ། དེ་དོན་དམ་དང་རང་བཞིན་ཐ་དད་མེད་པས་དོན་དམ་སྐྱེ་འཇིག་བྱེད་པར་ཐལ་ཏེ། སྒྱུ་མ་སྐྱེ་འཇིག་བྱེད་པའི་ཕྱིར་ཏེ། རིག་སྔགས་དང་ཤིང་བུ་རྡེའུ་ལས་སྐད་ཅིག་གིས་རྟ་གླང་དུ་སྐྱེ་བར་སྣང་བའི་ཕྱིར་འཇིག་པ་བཞིན་ནོ། །གཉིས་པ་ནི་སྒྱུ་མའི་མཚན་ཉིད་མ་གྲུབ་སྟེ། མཐར་ཐུག་དཔྱོད་པའི་རིགས་པས་གཞལ་ན་དུས་དང་ཕྲད་པ་དང་རྒྱུན་དང་སྐད་ཅིག་གིས་བརྟགས་ཤིང་དཔྱད་པས་ཆོས་གང་ཡང་མི་འགྲུབ་པའི་ཕྱིར་རོ། །དེ་ནི་སྒྱུ་མའི་རང་བཞིན་དུ་མི་བདེན་ཡང་སྒྱུ་མ་སྒྱུ་མར་བདེན་པར་རིགས་པས་མི་ཁེགས་སོ་ཞེ་ན། དོན་དམ་དུ་ཁས་བླངས་པ་ཉིད་དཔྱད་བཟོད་དུ་ཁས་བླངས་པ་ཡིན་པས། རྡུལ་ལ་སོགས་པས་མ་གྲུབ་པའི་ཕྱིར་དོན་དམ་དུ་སྒྱུ་མ་མ་གྲུབ་པས་ཁས་བླང་དུ་མི་རུང་བ་ཡིན་ནོ། །
སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་མ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། རྫུན་པའམ་ནི་བདེན་པ་ཞིག །བསྟན་པ་ལ་ནི་རྙེད་གྱུར་ན། །ལྟ་བ་འཛིན་པར་དེ་འགྱུར་ཏེ། །མུ་སྟེགས་ཅན་དང་ཁྱད་པར་མེད། །ཅེས་པ་དང་། སྡུད་པ་ལས། ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། དགེ་སློང་དག་བདེན་པ་དམ་པ་ནི་གཅིག་སྟེ་བསླུ་བ་མེད་པའི་ཆོས་མྱ་ངན་ལས་འདས་པའོ། །འདུ་བྱེད་རྣམས་ནི་རྫུན་པ་བསླུ་བའི་ཆོས་ཅན་ཞེས་པ་དང་། སློབ་དཔོན་གྱིས་ཀྱང་དབུ་མ་རྩ་བར་སྒྱུ་མ་དང་སྒྱུ་མ་མ་ཡིན་པའི་ཚུལ་གཉིས་ལས་འདས་པར་གསུངས་པ་ནི། འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་རྫུན་པ་ཡིན་པར་བརྗོད། །ཅེས་པ་དང་། འཕགས་པ་ལྷས་ཀྱང་། བཞི་བརྒྱ་པར། ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་དུས་ནི་རིང་པོར་ཡང་། །གཅིག་ཀྱང་ཀླན་ཀ་བྱར་མི་རུང་། །ཞེས་སོ། །དེས་ན་གཤིས་ལ་བདེན་པའམ་རྫུན་པ་གང་ཡང་མེད་དོ། །ཡང་སློབ་དཔོན་དཔལ་སྦས་ལ་སོགས་པ་ཁ་ཅིག་ནི་སྒྱུ་མ་དོན་དམ་པ་མ་ཡིན་ཏེ། ཇི་ལྟར་སྣང་བ་ཀུན་རྫོབ་ཏུ་རྐྱེན་ལས་སྐྱེས་པའི་ཕྱིར་སྣང་བར་བདེན་ལ། དོན་དམ་པར་ཅི་ཡང་མ་གྲུབ་སྟེ། འཕགས་པ་བདེན་པ་གཉིས་བསྟན་པའི་མདོ་ལས། ཀུན་རྫོབ་ཏུ་ནི་དངོས་པོའི་ངོ་བོ་ཉིད་དོ། །དོན་དམ་པར་ནི་ཅི་ཡང་མི་དམིགས་སོ་ཞེས་པ་དང་། ཡུམ་ལས། དོན་དམ་པར་ནི་འགའ་ཡང་ཡོངས་སུ་གྲུབ་པ་མེད་དོ་ཞེས་གསུངས་པས། ཀུན་རྫོབ་ཏུ་སྟོང་པ་ཉིད་མ་ཡིན་ཏེ་དོན་བྱེད་པར་ནུས་པས་དབང་པོའི་སྣང་ཡུལ་སོ་སོ་ལ་བདེན་པའི་ཕྱིར་རོ། །དོན་དམ་པར་སྟོང་པ་ཉིད་ཡིན་ཏེ་ཅི་ཡང་མ་གྲུབ་པའི་ཕྱིར་ཞེས་འདོད་དོ། །རིགས་པ་ཡང་དོན་དམ་གྱི་མཚན་ཉིད་དཔྱད་བཟོད་ཡིན་ལ། ཀུན་རྫོབ་ཀྱི་མཚན་ཉིད་
དཔྱད་མི་བཟོད་ཡིན་པས་ན་དེ་དག་དངོས་འགལ་ཡིན་པས་བདེན་རྫུན་གཉིས་གཅིག་ཏུ་མི་རུང་བའི་ཕྱིར་ཆོས་ཅན་དང་ཆོས་ཉིད་མ་ཡིན་ནོ། །ཡིན་ན་ཀུན་རྫོབ་མི་རྟག་པ་ལྟར་ཀུན་རྫོབ་ཀྱི་ཆོས་ཉིད་དོན་དམ་བདེན་པ་ཡང་མི་རྟག་པར་ཐལ་བའམ། ཆོས་ཉིད་དོན་དམ་སྐྱེ་འགག་མེད་པ་ལྟར་ཀུན་རྫོབ་བདེན་པའང་སྐྱེ་འགག་མི་བྱེད་པའི་སྐྱོན་ཡོད་དེ། དེས་ན་སྣ་ཚོགས་སུ་སྣང་བརྟགས་ཐམས་ཅད་ཀུན་རྫོབ་ཡིན་ལ། ཡང་དག་ཀུན་རྫོབ་ཟླ་གཅིག་ལྟ་བུ་མཚན་ཉིད་ལ་མི་བསླུ་བ་དང་། ལོག་པའི་ཀུན་རྫོབ་ཟླ་གཉིས་སུ་སྣང་བ་ལྟར་མཚན་ཉིད་ལ་བསླུ་བར་དབྱེ་ཞིང་། དོན་དམ་ཅིར་ཡང་མ་གྲུབ་པས་དབྱེ་བསལ་མེད་དོ། །དེས་ན་བདེན་གཉིས་དངོས་པོ་གཅིག་ལ་འདུ་བའི་ཆོས་མ་ཡིན་པས་ཆོས་ཅན་གྱི་ཆོས་ཉིད་ཅེས་མི་བརྗོད་དེ། རང་བཞིན་དུ་སྣང་བ་ཀུན་རྫོབ་ཡིན་པས་ཆོས་ཅན་དང་། སྟོང་པ་དོན་དམ་གྱི་ཆོས་ཉིད་ཕན་ཚུན་ལྟོས་པས་འགྲུབ་པ་ཡིན་ནོ་ཞེས་པའོ། །དེ་དགག་པ་ལ་ནི་གསུམ་སྟེ། མི་སྲིད་པ། རྟོག་བྱར་མི་རུང་བ། གོ་སྐབས་མི་རྙེད་པའོ། །དང་པོ་ནི་སྣང་བ་མ་ཡིན་པའི་སྟོང་པ་ནི་བདེན་པ་གཉིས་ཀར་མི་སྲིད་དེ། སུ་ལའང་སྣང་དུ་མི་རུང་ན་རྣམ་པ་མེད་པ་ཡིན་ཞིང་རྣམ་པ་ཀུན་རྫོབ་ཏུའང་མེད་པའི་ཕྱིར་ནམ་མཁའ་བཀག་པ་བཞིན་ནོ། །གཉིས་པ་ནི་བརྟག་བྱའི་ཡུལ་དུའང་མི་རུང་བས་རྟོག་བྱའི་དོན་དུའང་མི་རུང་སྟེ། ཤེས་བརྗོད་གཞལ་བྱའི་ངོ་བོ་ཡིན་ན་རྫུན་པར་འགྱུར་ལ། དེ་དག་གི་ངོ་བོ་མ་ཡིན་པ་མི་སྲིད་པས་རྟོགས་སུ་མི་རུང་བའི་ཕྱིར་དང་། སྣང་བ་ཐམས་ཅད་སྟོང་པར་རྟོགས་ཙམ་གྱིས་སྒྲིབ་པ་མི་སེལ་ཞིང་། ཐ་དད་དུ་འཛིན་པ་སྤང་གཉེན་དུ་མི་འཐད་དེ་དགྲ་ལ་ཞེ་སྡང་སྐྱེས་པ་ལ་ནམ་མཁའ་སྟོང་པར་ཤེས་པས་མི་ཕན་པ་ལྟར། གཞི་རྫུན་གྱི་སྣང་བ་ལ་བདེན་པར་ཞེན་ནས། ལོགས་སུ་སྟོང་པ་རྟོགས་པས་ཅི་ལ་ཡང་མི་ཕན་པས་རྟོགས་པ་དེ་ལ་དགོས་པ་མེད་པའི་ཕྱིར་རོ། །གསུམ་པ་ནི་སྟོང་ཉིད་གནས་པའི་གོ་སྐབས་ཀྱང་མི་རྙེད་པར་
ཐལ་ཏེ། ནམ་མཁས་ཁྱབ་ཚད་དུ་སྣང་བས་ཁྱབ་པས་ཕྱོགས་བཅུ་གང་ནས་ཀྱང་སྣང་བ་མེད་པའི་གོ་སྐབས་མེད་པའི་ཕྱིར་རོ། །ཤེས་པས་རྟོགས་པའང་མི་རུང་སྟེ་སེམས་སྣང་རྟོག་པ་དང་རྟོག་མེད་ལས་ནམ་ཡང་མི་རྙེད་པའི་ཕྱིར་དང་། རྟོག་བྱ་དེ་ཡང་རྟོག་བྱེད་སེམས་སྣང་ཡིན་པའི་ཕྱིར་རོ། །དེས་ན་ཀུན་རྫོབ་ལས་ཐ་དད་པའི་དོན་དམ་མི་འཐད་དེ། སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ལོགས་ཤིག་ན། །དོན་དམ་ཉེ་བར་མི་དམིགས་སོ། །སྟོང་ཉིད་གང་ཡིན་ཀུན་རྫོབ་ལ། །ཀུན་རྫོབ་གང་ཡིན་སྟོང་ཉིད་དོ། །ཞེས་སོ། །དེ་བཞིན་དུ་བདེན་གཉིས་ངོ་བོ་གཅིག་པའང་དེ་ཉིད་ཀྱིས་ཁེགས་ལ། ཐ་དད་པའང་ཁེགས་པ་ཉིད་དེ། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་སོ། །དེས་ན་རང་རྒྱུད་འོག་མ་སྒྱུ་མ་དོན་དམ་དུ་འདོད་པས་བདེན་གཉིས་ངོ་བོ་གཅིག་པ་དང་། སྣང་སྟོང་ཐ་དད་དུ་འདོད་པས་ངོ་བོ་ཐ་དད་དུ་བཞག་པའང་ཐུབ་པའི་དགོངས་པ་ལེགས་པར་རྟོགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོད་མེད་ཀྱི་མཐར་ལྷུང་བའི་ཕྱིར། ཏིང་ངེ་འཛིན་རྒྱལ་པོ་ལས། རྟག་དང་ཆད་པ་འདི་ཡང་མཐའ་ཡིན་ཏེ། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གང་ཡང་གཉིས་པོ་དག་ནི་མེད་ཤེས་ནས། །མཁས་པས་དབུས་ལའང་གནས་པར་མི་བྱེད་དོ། །ཞེས་སོ། །རང་རྒྱུད་གོང་མ་ནི། སློབ་དཔོན་ཡེ་ཤེས་སྙིང་པོ་དང་། ཞི་བ་འཚོ་དང་། ཀ་མ་ལ་ཤཱི་ལ་ལ་སོགས་པ་རྣམས་ཀྱིས་ཐུབ་པའི་དགོངས་པ་འདི་ལྟར་རྟོགས་ཏེ། ཡང་དག་པར་མཐའ་ལས་འདས་ཤིང་། ཀུན་རྫོབ་ཏུ་རྟེན་འབྲེལ་སྒྱུ་མའི་རྣམ་པར་ཇི་ལྟར་གནས་པ་བཞིན་འཇོག་ལ། དེ་ཡང་ཀུན་རྫོབ་ཏུ་རང་ཕྱོགས་སྒྲུབ་པ་དང་། གཞན་ཕྱོགས་དགག་པ། རང་
རྒྱུད་འཕེན་པའི་ཚུལ་གསུམ་གྱི་ཚད་མས་བྱེད་དེ། དཔེར་ན་དངོས་པོ་རྟག་པར་འདོད་པ་ན། དངོས་པོ་ཆོས་ཅན། མི་རྟག་པར་ཐལ། བྱས་པ་ཡིན་པའི་ཕྱིར། བུམ་པ་བཞིན་ནོ། །ཞེས་པས་བཀག་པའི་རྗེས་སུ་རང་རྒྱུད་ཀྱི་དམ་བཅའ། དངོས་པོ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཏེ། རྒྱུ་རྐྱེན་ལས་སྐྱེས་པ་ཡིན་པའི་ཕྱིར། ཞེས་པའོ། །འདིའི་ལུགས་ཀྱི་བདེན་པ་གཉིས་ནི་སྣང་བཞིན་པ་འདི་ཀུན་རྫོབ་ཀྱི་བདེན་པ་སྟེ། རྟེན་འབྲེལ་ཙམ་དུ་སྣ་ཚོགས་སུ་སྣང་ལ། གཞན་ལས་སྐྱེ་བར་འདོད་པ་ཡིན་ནོ། །འདི་མན་ཆད་ནང་པ་ཀུན་གཞན་སྐྱེ་འདོད་པར་མཐུན་ནོ། །ཀུན་རྫོབ་དེ་ཡང་སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ། སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དང་། །ནུས་པའི་ཕྱིར་དང་མི་ནུས་ལས། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །དེའང་ཀུན་རྫོབ་པ་རྣམས་འཁྲུལ་པ་ཡིན་པས་དག་པའི་ས་མ་ཐོབ་ཀྱི་བར་དུ་མི་ལྡོག་སྟེ། འཕགས་པ་རྣམས་ལ་ནི་རྗེས་ཐོབ་ན་ཡོད་པས་དག་པ་འཇིག་རྟེན་པ་ཞེས་ཟེར་ཞིང་། སོ་སོ་སྐྱེ་བོ་ལ་དུས་ཐམས་ཅད་དུ་ཡོད་དེ། ཚོགས་སྦྱོར་དུ་མཉམ་པར་བཞག་ཀྱང་སྒོ་ལྔའི་གསལ་སྣང་མི་འགག་པའི་ཕྱིར་རོ། །སྣ་ཚོགས་སུ་སྣང་བ་འདི་སེམས་ཙམ་པ་ལྟར་སེམས་ཀྱང་མ་ཡིན་ལ་ཉན་ཐོས་པ་ལྟར་དོན་གཞན་ཡང་མ་ཡིན་ཏེ། བག་ཆགས་འཁྲུལ་པའི་དབང་གིས་སེམས་ལ་དེ་ལྟར་སྣང་བ་ཡིན་ནོ། །དེས་ན་སྤང་བྱའི་དྲི་མ་ཀུན་རྫོབ་པའོ་ཞེས་འདོད་དོ། །དོན་དམ་ནི་ཀུན་རྫོབ་དེ་ཉིད་རིགས་པས་དཔྱད་ན་གཅིག་དང་དུ་མའི་རང་བཞིན་མེད་པས་ཡོད་མེད། ཡིན་མིན། གྲུབ་མ་གྲུབ་ལ་སོགས་པའི་ཆོས་གང་གིའང་སྤྲོས་བརྗོད་བསམ་ཡུལ་ལས་འདས་པས་སྔར་བཞིན་མ་གྲུབ་ཅེས་སུའང་བཞག་ཏུ་མེད་པར་འདོད་དེ། བདེན་གཉིས་ལས། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །
ཞེས་པ་དང་། རྡོ་རྗེ་གཅོད་པ་ལས། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་པ་དང་། སྔ་མ་དེ་ཉིད་ལས། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་གྱིས་ཀྱང་གང་མ་གཟིགས། །དེ་ཡི་དངོས་པོ་ཅི་འདྲ་ཞེས། །ཤིན་ཏུ་ཞིབ་པའི་ལྟ་བས་དཔྱོད། །ཅེས་སོ། །རྟོགས་ཚུལ་ནི་ཤེས་རབ་ཀྱིས་དཔྱད་པས་འགའ་ཡང་དམིགས་སུ་མེད་པ་ནི་དོན་དམ་པ་སྟེ། སོ་སོ་རང་རང་གི་རིག་པའི་ཡེ་ཤེས་ཀྱིས་འགའ་ཡང་མཐོང་མེད་ཀྱི་ཚུལ་གྱིས་རྟོགས་པ་སྟེ་ཡུམ་ལས། ཆོས་གང་ཡང་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བའོ། །ཞེས་སོ། །དེ་ལྟར་བདེན་པ་གཉིས་ཀྱི་དོན་ཤེས་པས་ཀུན་རྫོབ་ཏུ་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། དོན་དམ་པ་སྣང་མེད་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པའི་མཐར། སྐུ་གཉིས་མངོན་དུ་བྱས་ཏེ། རང་དོན་དུ་ཆོས་སྐུ་སྤྲོས་པ་དང་བྲལ་བ་དང་། གཞན་དོན་དུ་གཟུགས་སྐུ་སྒྱུ་མ་ལྟ་བུ་སྣང་བས། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་མཛད་པ་སྟེ། དེ་ཡང་མཉམ་པར་བཞག་པའི་རྗེས་ལ་ཡེ་ཤེས་སྒྱུ་མ་ལྟ་བུས་མཛད་ཅིང་དོན་དམ་པར་ནི་སངས་རྒྱས་པ་ཡང་མེད་ལ་དོན་མཛད་པ་ཡང་མེད་དེ་སྤྲོས་པའི་མཐའ་ལས་འདས་པའི་ཕྱིར་རོ་ཞེས་འདོད་དོ། །འོག་མ་ལས། དོན་དམ་སྒྱུ་མ་དང་སྟོང་པར་འདོད་པ་ཉིད། འདིར་ཡོད་མེད་ལས་འདས་པས་གཉིས་ཀར་མི་འདོད་ལ། ཀུན་རྫོབ་སྒྱུ་མ་དང་དངོས་པོར་བདེན་པ་ལས། འདིར་རྫུན་པ་ཉིད་ཀྱང་རྫུན་བཞིན་དུ་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བ་ཙམ་ཞིག་སྨྲ་བའི་ཁྱད་པར་ཡོད་དོ། །དེ་དགག་པ་ལ། ཐ་སྙད་དུ་རྒྱུ་རྐྱེན་རྟེན་འབྲེལ་སྒྱུ་མར་སྣང་བ་དང་། དངོས་པོ་ལས་ཐ་དད་པའི་དོན་དམ་མི་འདོད་པ་འཐད་ནའང་། དངོས་སྣང་ལ་བདེན་རྫུན་གཉིས་སུ་འདོད་པ་མི་འཐད་དེ། ཆུ་ཟླ་དང་གནམ་ཟླ་གཉིས་རྐྱེན་ལས་སྣང་བ་དང་། མིག་ཤེས་ལ་སྣང་བ་དང་། དཔྱད་ན་མ་གྲུབ་པར་
མཚུངས་པའི་ཕྱིར་རོ། །གནམ་ཟླ་ཉིད་རྡུལ་ཕྲན་ཆ་ཤས་མེད་པ་དང་། སྐད་ཅིག་དང་དུས་དང་། མཐའ་དབུས་མ་གྲུབ་པའི་རིགས་པས་ཀྱང་ཁེགས་པས། མེད་ལ་སྣང་བ་ཆུ་ཟླ་དང་མཚུངས་པར་ཐལ་བའི་ཕྱིར་དང་། བག་ཆགས་འཁྲུལ་པའི་ཤེས་པ་ལ་སྣང་བར་ཡང་ཁྱད་པར་མེད་པའི་ཕྱིར་རོ། །དོན་བྱེད་ནུས་མི་ནུས་ཀྱི་ཁྱད་ཡོད་དེ་གནམ་ཟླས་མུན་པ་སེལ་ལ། ཆུ་ཟླས་མི་སེལ་ལོ་ཞེ་ན། ཕྱོགས་རེའི་དཔྱད་པ་མཚུངས་ཏེ། འོ་ན་ཆུ་ཟླ་རང་མཚན་པ་ལྟར་གནམ་ཟླས་དོན་བྱེད་མི་ནུས་པར་ཐལ་ཏེ། རྫིང་བུར་ཤར་བའི་དོན་བྱེད་གནམ་ཟླས་མི་ནུས་པའི་ཕྱིར་ཏེ་མཁའ་ཟླ་ཡིན་པའི་ཕྱིར་རོ། །དེས་ན་སྣང་ཙམ་གྱི་དོན་བྱེད་པ་ལས། ཐམས་ཅད་ནས་ཐམས་ཅད་དུ་གནམ་ཟླས་ཀྱང་དོན་བྱེད་ནུས་པ་མ་ཡིན་པས། དངོས་པོ་ཐམས་ཅད་ཆུ་ཟླ་དང་མཚུངས་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དྭངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་ལས་སྐྱེ་བར་སྣང་ཡང་། གཞན་ཁོ་ན་ལས་འདོད་པར་མི་རིགས་ཏེ། ཐ་སྙད་དུ་གཞན་ལས་སྐྱེ་བ་གྲུབ་ན་རང་ལས་སྐྱེ་བའང་འགྲུབ་པར་འགྱུར་རོ། །དེ་མེད་དེ་རང་གྲུབ་དུས་སམ་མ་གྲུབ་དུས་ན་སྐྱེ་བར་མི་རུང་བའི་ཕྱིར་རོ་ཞེ་ན། གཞན་སྐྱེའང་མེད་དེ་རྒྱུ་འགགས་ན་སྐྱེ་བ་རྒྱུ་མེད་དུ་ཐལ་ཞིང་། མ་འགགས་པ་ལས་སྐྱེ་ན་རྟག་པ་ལས་སྐྱེ་བར་ཐལ་བས་མ་སྐྱེས་པར་འགྱུར་བ་དང་། དུས་མཉམ་པར་གྱུར་བ་བསྐྱེད་བྱ་སྐྱེད་བྱེད་དུ་མ་གྲུབ་པའི་ཕྱིར་དང་། རྒྱུན་ལས་སྐྱེ་བ་ཕྲད་པ་བཀག་པའི་ཕྱིར་མ་གྲུབ་པ་ཁོ་ནའོ། །དེས་ན་རྒྱུ་ལས་འབྲས་བུ་སྐྱེ་བར་སྣང་བ་ཙམ་ལས། དངོས་པོ་གཤིས་དང་ཐ་སྙད་གང་དུའང་རང་དང་གཞན་རང་མཚན་པ་མེད་པས་དེ་ལས་སྐྱེ་བར་མ་གྲུབ་བོ། །འོན་ཀྱང་གཞན་ལས་སྐྱེ་བར་སྣང་བ་ཡང་འཁྲུལ་སྣང་ཡིན་གྱི་དོན་ལ་མེད་པས་ཀྱང་གཞན་སྐྱེ་མ་གྲུབ་པར་ཤེས་སོ། །རྒྱུ་རྐྱེན་ལས་སྐྱེ་བར་
སྣང་ཙམ་མི་འགོག་སྟེ། ཇི་ལྟར་སྣང་ཉིད་དགག་མིན་གྱི། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་པ་ལྟར་རོ། །ཁོ་བོ་ཅག་ཀྱང་སྣང་ཙམ་མི་དགག་པ་ལ་གཞན་སྐྱེ་བྱེད་དོ་ཞེ་ན་མ་ཡིན་ཏེ། སྣང་ཙམ་ལ་བདག་གཞན་གྱི་དཔྱད་པ་མ་ཞུགས་པའི་ཕྱིར་དང་། སྐྱེ་མི་སྐྱེའི་ཐ་སྙད་མེད་པའི་ཕྱིར་དང་། འགག་མི་འགག་ཏུ་བློས་མ་ངེས་པའི་ཕྱིར་རོ། །དེས་ན་རྟག་མི་རྟག་དང་རྫས་དང་དུས་ལ་སོགས་པ་བརྟག་པའི་རིགས་པས། སྣང་བ་མི་དགག་པར་གཞན་ལས་སྐྱེའོ་ཞེས་པ་ཙམ་ཡང་ཁེགས་པས་ཁས་བླང་དུ་མི་རུང་ངོ་། །དེས་ན་རྨི་ལམ་གྱི་སྐྱེ་བ་ལྟར་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱ་སྟེ། ཚངས་པས་ཞུས་པ་ལས། རྟག་ཏུ་རང་བཞིན་མེད་པ་ཡིས། །དངོས་པོ་སྣ་ཚོགས་སྣང་བ་ལ། །སྐྱེ་བ་འཇིག་པ་འགག་པ་དག །ཁྱོད་ཀྱིས་རྨི་ལམ་སྒྱུ་འདྲར་བསྟན། །ཞེས་སོ། །དེ་ལྟར་སྣང་འཇིག་རྟེན་པའི་ཐ་སྙད་དང་འགལ་བས་ཀྱང་མེད་དེ། འཇུག་པ་ལས། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་སོ། །དེས་ན་རྒྱུ་འགག་མ་འགགས་ལ་སོགས་ཀྱི་དཔྱད་པས་བདག་སྐྱེ་གཞན་སྐྱེ་མ་གྲུབ་པ་ཉིད་དུ་ཤེས་པར་བྱའོ། །སྣང་ཚོད་དཔྱད་ནས་མ་དམིགས་པའི་དོན་དམ་ཡང་མེད་དེ། ཀུན་རྫོབ་ཉིད་ཆ་ཤས་ལ་སོགས་པའི་ཆར་མ་གྲུབ་པའི་ཕྱིར་དེ་ལ་དཔྱད་པའི་དོན་དམ་མི་འགྲུབ་པ་ཉིད་དེ་མོ་གཤམ་གྱི་བུ་མ་གྲུབ་པས་དེ་ལ་དཔྱད་པའི་དོན་དམ་མ་གྲུབ་པ་བཞིན་ནོ། །ཡང་དཔྱད་མཁན་རྟོག་པར་སྐྱེས་པའི་ཕྱིར་དེས་དཔྱད་པའི་དོན་དམ་མ་གྲུབ་པར་ཐལ་ཏེ། དམིགས་བཅས་རྟོག་དཔྱོད་ཀྱི་བློ་སྟོང་ཉིད་དང་འགལ་ནས་མ་གྲུབ་པའི་ཕྱིར་རོ། །སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་པ་དང་། སེམས་ནི་དམིགས་དང་བཅས་རྣམས་ལ། །སྟོང་པ་ཉིད་ནི་དཀའ་བར་གནས། །ཞེས་སོ། །རྟོག་པས་གཞིག་པ་རྟོག་པ་ཡིན་
པའི་ཕྱིར་ཡང་གནས་ལུགས་མ་ཡིན་ཏེ་ཀུན་རྟོག་ཡིན་པའི་ཕྱིར། དཀོན་མཆོག་བརྩེགས་པ་ལས། ཀུན་ཏུ་རྟོག་དང་བཅས་རྣམས་ལ། །སྟོང་ཉིད་དམ་པ་ཡོད་མ་ཡིན། །དམིགས་པས་ཀུན་ཏུ་དཀྲུགས་པའི་ཡིད། །འཁོར་བ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དཔྱད་ཡུལ་ཀུན་རྫོབ་མ་དམིགས་པ་དེ་ཉིད་དོན་དམ་དུ་མི་འཐད་དེ། མ་དམིགས་པ་དེ་བློས་ངེས་པ་དེ་ཡིན་ནམ། ཡུལ་དེ་ཡིན། བློ་དེ་ཡིན་ན་དཔྱད་བྱ་དང་དཔྱོད་བྱེད་རྫས་འགལ་བས་མ་གྲུབ་ལ། ཡུལ་ཡིན་ན་ཆ་ཤས་དང་ཆ་མེད་དང་མ་གྲུབ་པ་གསུམ་དུ་འགྱུར་བས་དོན་དམ་གང་དུའང་མ་གྲུབ་པའི་རང་བཞིན་དང་འགལ་བའི་ཕྱིར་དང་། སྐྱེ་འགག་ཏུ་སྣང་བར་ཐལ་བའི་ཕྱིར་དང་། མིག་སོགས་ཀྱི་ཡུལ་དུ་ཐལ་བའི་ཕྱིར་རོ། །དེས་ན་དོན་དམ་རྣལ་མ་ནི་དཔྱད་རུང་མ་དཔྱད་རུང་དཔྱད་པ་ལ་མི་ལྟོས་པ་ཉིད་དུ་གནས་དགོས་ཏེ། ཡུམ་ལས། དེ་བཞིན་གཤེགས་པ་རྣམས་མ་བྱོན་ཡང་རུང་། དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་། དེ་བཞིན་ཉིད་འདི་ནི་འཕེལ་བའམ་འགྲིབ་པར་མི་འགྱུར་རོ་ཞེས་སོ། །དཔྱད་པ་རྟོགས་པའི་ཐབས་ཡིན་ནོ་ཞེས་པའང་མི་རུང་སྟེ། བློ་སྐད་ཅིག་ཆ་ཤས་མེད་པ་ལ་རྟོག་དཔྱོད་ཀྱི་ཆ་མེད་པས་དཔྱོད་མཁན་མ་གྲུབ་པ་དང་། དོན་དམ་དམིགས་བསམ་སྤྲོས་པ་ལས་འདས་པ་དཔྱད་གཞིར་མ་གྲུབ་པའི་ཕྱིར་རོ། །ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་དུ་མི་འཐད་དེ། ངོ་བོ་གཅིག་ན་ཕན་ཚུན་འཆོལ་བའི་སྐྱོན་དུ་ཐལ་ཞིང་། ལྡོག་པ་ཐ་དད་ནི་སྒྲོ་བཏགས་ཡིན་པས་རྫས་སུ་མེད་པའི་ཕྱིར་སྤྱི་མཐུན་པའི་སྣང་རྫས་ཀྱང་ཁེགས་པར་ཐལ་བའི་ཕྱིར་ཏེ། ཀུན་རྫོབ་ལས་རྫས་གཞན་དོན་དམ་མེད། དོན་དམ་ལས་རྫས་གཞན་ཀུན་རྫོབ་མེད་དུས་གཉིས་ཀའི་རྫས་མ་གྲུབ་པའི་ཕྱིར་རོ། །རྫས་མ་གྲུབ་ན་ལྡོག་པའང་མེད་པས་བདེན་གཉིས་བཞག་ཏུ་མེད་པར་ཐལ་བའི་ཕྱིར། བློས་དཔྱད་པ་དང་དཔྱད་ཡུལ་གྱི་བདེན་
གཉིས་དངོས་པོ་ལ་མེད་པས་བདེན་པ་གཅིག་དང་ཐ་དད་དུ་མེད་དེ། ལངྐར་གཤེགས་པ་ལས། བདེན་པ་གཅིག་སྟེ་བདེན་པ་གཉིས་སུ་མེད། །བྱིས་པ་སྤྲོས་ལ་དགའ་བས་བརྟག་པ་ཡིན། །ཞེས་སོ། །འོ་ན་ལུང་ལས་གསུངས་མོད་ཅེ་ན། དཔྱད་བྱ་དཔྱད་ཡུལ་དུ་གསུངས་པ་མ་ཡིན་གྱི། སྣང་ཚོད་དཔྱད་པ་མ་ཞུགས་པའི་ངོ་བོ་ལ་སྣང་བ་དང་རང་བཞིན་མེད་པའི་ཆ་ཙམ་ལས་ཐ་སྙད་དུ་བརྗོད་ཀྱི། གཤིས་ལ་བདེན་རྫུན་གང་ཡང་མེད་པས་བདེན་པ་གཉིས་སུ་བཞག་ཏུ་མེད་དོ། །བདེན་པ་གཉིས་སུ་བཞག་ཏུ་ཡོད་ན་རྫུན་པ་དང་གསུམ་དུ་ཡོད་པར་འགྱུར་ཞེས་བརྟགས་པ་མཚུངས་སོ། །ཡུམ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་བདེན་པའམ་རྫུན་པ་གང་དུ་ཡང་མེད་དེ་རང་བཞིན་གྱིས་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་སོ། །དེ་ཉིད་དོན་དམ་དུ་གསུངས་སོ་ཞེ་ན། དཔྱད་པ་མཚུངས་ཏེ་དོན་ལ་མ་གྲུབ་ན་ཐ་སྙད་དུའང་བཞག་ཏུ་མེད་པའི་ཕྱིར་ཏེ། མོ་གཤམ་ལ་བུ་དོན་དམ་ལ་མེད་ལ་ཀུན་རྫོབ་ཏུ་ཡོད་པར་མི་རུང་བ་བཞིན་ནོ། །དེས་ན་ཚུལ་འདི་ཡང་སྒྲོ་བཏགས་ཀྱི་གཟེབ་ལས་མ་འདས་པས་སྣང་བར་གྲུབ། དོན་ལ་མ་གྲུབ་ཅེས་པས་རྟག་ཆད་ལས་མ་འདས་པ་ཉིད་དེ་སྣང་སྟོང་ལ་བདེན་ཞེན་གྱི་ཆ་མ་བྲལ་བའི་ཕྱིར་རོ། །རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། གང་ཡང་ཀུན་རྫོབ་ཏུ་ཡོད་པས་ཁས་བླངས་པ་དེའི་ཚེ་རྟག་པར་འགྱུར་ལ། དོན་དམ་པར་མེད་པར་ཁས་བླངས་པ་དེའི་ཚེ་ཆད་པར་འགྱུར་བའི་ཕྱིར་ཞེས་སོ། །རྟག་ཆད་དུ་ལྟ་བ་ནི་ཉེས་པ་ཀུན་གྱི་འབྱུང་གནས་ཡིན་པས་བཀག་པ་ཡིན་ཏེ། རྩ་བ་ཤེས་རབ་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་བཀག་པར་མཛད། །ཅེས་པ་དང་། རིན་ཆེན་ཕྲེང་བ་ལས། གཞན་ཡང་འདི་ལ་ལོག་བཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་གྱིས། །སྤོངས་པས་མ་རུང་བདག་ཉིད་ཅན། །མནར་མེད་པར་ནི་སྤྱི་ཚུགས་
འགྲོ། །ཞེས་སོ། །ད་ནི་ནང་པ་སངས་རྒྱས་པ་དག་གི་མཚན་ཉིད་ཐེག་པ་ཆེན་པོའི་རྩེ་མོ་དབུ་མ་ཐལ་འགྱུར་བའི་ལུགས་རྣམ་པར་གཞག་པ་ནི། རྒྱལ་བའི་དགོངས་པ་མཐར་ཐུག་སྙིང་པོའི་དོན། །ཐལ་འགྱུར་པས་ནི་སྤྲོས་པ་ཀུན་འགོག་སྟེ། །ཆོས་ཀུན་རྟེན་འབྲེལ་སྟོང་ཉིད་རང་བཞིན་མེད། །བདེན་གཉིས་སྒྱུ་མ་མཐའ་བྲལ་ཉིད་སྒོ་ནས། །ལམ་དང་འབྲས་བུའི་ཆོས་རྣམས་མཐར་ཕྱིན་བྱེད། །ཐུབ་པ་བཅོམ་ལྡན་འདས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་དབུ་མ་ཐལ་འགྱུར་ཡིན་ལ། དེའི་ཤིང་རྟ་འདྲེན་པའི་སྲོལ་འབྱེད་པ་ཐོག་མ་ནི་བཅོམ་ལྡན་འདས་ཀྱིས་རྔ་བོ་ཆེ་ཆེན་པོའི་མདོར་ལུང་བསྟན་པ་འཕགས་པ་ཤེས་རབ་ཀྱི་ཉི་མ་དྲི་མ་མེད་པས་ལྟ་བ་ངན་པའི་ཐིབས་པོ་སེལ་བར་མཛད་པ་མགོན་པོ་ཀླུ་སྒྲུབ་ཡིན་ཏེ། དེའི་གཞུང་རིག་པའི་ཚོགས་དྲུག་གི་དོན་འགྲེལ་པ་པོའང་། འཕགས་པ་ལྷ་དང་། སངས་རྒྱས་བསྐྱང་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པ་ལ་སོགས་པ་སྟེ། དེ་དག་གི་ནང་ནས་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་འཕགས་པ་ཟླ་བ་གྲགས་པས་ནི་སློབ་དཔོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་ནས་དབུ་མ་རྩ་བའི་དོན་གྱི་འགྲེལ་པ་དབུ་མ་ལ་འཇུག་པ་དང་། ཚིག་གི་འགྲེལ་པ་ཚིག་གསལ་བ་མཛད་དེ། འཛམ་བུའི་གླིང་དུ་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་དབུ་མ་ཐལ་འགྱུར་གྱི་ཉི་མ་ཤར་བར་མཛད་པས། ལྟ་བ་ངན་པའི་ཐིབས་པོ་གསལ་བར་བྱས་པ་ཡིན་ནོ། །འདིར་དེའི་གཞུང་ཕྱིན་ཅི་མ་ལོག་པའི་དོན་བསྡུས་ཏེ་བརྗོད་པ་ནི། གཤིས་ངོ་བོར་གང་ཡང་རང་བཞིན་མ་གྲུབ་པ་དང་། ཁས་ལེན་པ་ཐམས་ཅད་བདེན་ཞེན་དང་བཅས་པས་ན་རང་བཞིན་དུ་སྨྲ་བ་དག་གི་ལུགས་རང་གི་གཞུང་ཁས་བླངས་ནང་འགལ་བ་དང་། དངོས་པོ་སྟོབས་ཞུགས་ཁས་ལེན་པ་པོ་དེའི་གཞུང་ལ་གྲགས་ཚོད་དེས་འགོག་པ་ཡིན་ལ། བཀག་པའི་རྗེས་ལ་
རང་རྒྱུད་པ་ལྟར་ངེས་པའི་དམ་བཅའ་མེད་དེ། གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པའི་ཚུལ་གྱིས་གོ་བར་བྱེད་པས། འདིར་དེའི་དོན་གཏན་ལ་དབབ་པ་ལ་གསུམ་སྟེ། གཤིས་ངོར་ཁས་ལེན་མེད་པས་སྤྲོས་པ་འགོག་པའི་ཚུལ། ཐ་སྙད་དུ་སྣང་ཚུལ་མི་འགོག་པའི་རྣམ་པར་གཞག་པའི་ཚུལ། ཁས་ལེན་མི་ལེན་གྱི་རྣམ་པར་གཞག་པ་གཞན་བསྟན་པའོ། །དང་པོ་ནི་ཆོས་ཐམས་ཅད་ཇི་ལྟར་སྐྱེ་འགག་གནས་པ་ལ་སོགས་པར་སྣང་བའི་དུས་ཉིད་ནས་རང་བཞིན་འགའ་ཡང་མེད་པ་གཟུགས་བརྙན་དང་འདྲ་བའི་ཕྱིར། གྲུབ་མ་གྲུབ་དང་ཁས་བླང་བྱ་ལེན་བྱེད་གང་ཡང་མེད་པས། དངོས་པོར་སྨྲ་བ་དག་གི་བདེན་ཞེན་དང་བཅས་པའི་གྲུབ་མཐའ་ཐམས་ཅད་འཇིག་པ་ལ་གཏན་ཚིགས་ཆེན་པོ་ལྔ་སྟེ། གཅིག་དང་དུ་བྲལ་གྱི་གཏན་ཚིགས། རྡོ་རྗེ་གཟེགས་མའི་གཏན་ཚིགས། ཡོད་མེད་སྐྱེ་བྲལ་གྱི་གཏན་ཚིགས། དོན་བྱེད་འགོག་པའི་གཏན་ཚིགས། རྟེན་འབྲེལ་ཆེན་པོའི་གཏན་ཚིགས་སོ། །གཞན་ཡང་རྟག་འཇིག་མེད་པ་དང་། འགྱུར་མི་འགྱུར་དང་། ཆོས་བཞི་འགོག་པའི་གཏན་ཚིགས་གསུམ་མོ། །དང་པོ་ནི་དོན་དུ་སྣང་བ་འདི་ཆོས་ཅན། དངོས་པོ་དངོས་མེད་གང་དུའང་མ་གྲུབ་པར་ཐལ་ཏེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཆུ་ཟླ་བཞིན་ཞེས་པའོ། །བྲལ་ལུགས་སྔར་བརྗོད་པ་བཞིན་ནོ། །དེའང་དགག་བྱ་རང་མཚན་པ་མེད་དེ་ཆོས་གང་ཡང་རང་བཞིན་མེད་པའི་ཕྱིར་རོ། །འོན་ཀྱང་མེད་པ་ལ་ཡོད་པར་སྒྲོ་སྐུར་འཛིན་པ་ཉིད་འདིར་བཀག་པ་ཙམ་དུ་ཟད་དེ། རྩོད་བཟློག་ལས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་བ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་སོ། །གཉིས་པ་ནི་ཇི་ལྟར་སྣང་བཞིན་པ་ཆོས་ཅན། དངོས་པོར་
མེད་པར་ཐལ། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་དང་བྲལ་བའི་ཕྱིར་རྨི་ལམ་བཞིན་ཞེས་པའོ། །དེའང་ས་བོན་ལས་མྱུ་གུ་སྐྱེ་ན་རྒྱུ་ཡོད་མེད་གཉིས་ཡིན་ལས་སྐྱེ་བ་རྫས་འགལ་བས་མ་གྲུབ་པའི་ཤུགས་ཀྱིས་གཉིས་མ་ཡིན་ལས་སྐྱེ་བའང་ཁེགས་ལ། རྒྱུ་མེད་ལས་སྐྱེ་བ་ཧ་ཅང་ཐལ་ཏེ་ནམ་མཁའ་ལས་ཨུཏྤལ་སྐྱེ་བར་ཐལ་བའི་ཕྱིར་རོ། །ཡོད་པ་ལས་སྐྱེ་ན་རང་ལས་སྐྱེ་བ་མ་གྲུབ་སྟེ་བསྐྱེད་བྱ་སྐྱེད་བྱེད་དུ་རྫས་འགལ་བའི་ཕྱིར་རོ། །གཞན་ལས་གཞན་སྐྱེ་ན། མེ་ལྕེ་ལས་ཀྱང་མུན་པ་སྐྱེ་བར་ཐལ་ཏེ་གཞན་ཡིན་པའི་ཕྱིར་རོ། །རང་རྒྱུ་གཞན་ལས་སྐྱེའོ་ཞེ་ནའང་། རྒྱུ་རྟག་པ་ལས་སྐྱེ་བ་མི་སྲིད་དེ་རྒྱུ་མི་འཕོ་བས་འབྲས་བུ་སྐྱེད་པར་མ་གྲུབ་པའི་ཕྱིར། སྐྱེད་ན་འཕོ་བས་རྟག་པ་ཉམས་སོ། །མི་རྟག་པ་ལས་སྐྱེས་ན་སྐད་ཅིག་གིས་འགགས་པས་རྒྱུ་མ་གྲུབ་པས་འབྲས་བུ་སྐྱེ་བར་མི་རུང་ངོ་། །ཕྲད་པ་བཀག་པས་ཀྱང་རྒྱུ་འབྲས་ལ་ཕྲད་པ་མེད་པས་རྒྱུ་ལས་སྐྱེ་བ་མ་གྲུབ་བོ། །གསུམ་པ་ནི་དངོས་སྣང་སྣ་ཚོགས་པ་འདི་ཆོས་ཅན། དངོས་པོར་མེད་པར་ཐལ། ངོ་བོ་ཡོད་མེད་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །དེའང་བུམ་པ་ཉིད་བུམ་པར་ཡོད་དུས་སྐྱེ་ན་བུམ་པར་གྲུབ་ཟིན་པས་སྐྱེ་བར་མི་འཐད་ལ། མེད་དུས་སྐྱེ་ན་མེད་པ་ལས་ཡོད་པར་འབྱུང་མི་སྲིད་དེ་རྫས་འགལ་བའི་ཕྱིར་རོ། །བཞི་པ་ནི་ཤེས་བྱ་ཙམ་ཆོས་ཅན། དངོས་པོར་མ་གྲུབ་པར་ཐལ། དོན་བྱེད་པ་མ་གྲུབ་པའི་ཕྱིར་རོ། །སྐད་ཅིག་གིས་དོན་མི་བྱེད་དེ། དོན་བྱེད་པར་གཟོ་དུས་འགགས་ནས་མེད་དོ། །རིམ་གྱིས་མི་བྱེད་དེ། སྐད་ཅིག་དང་རྒྱུན་ཁེགས་པའི་ཕྱིར་རོ། །ལྔ་པ་ནི་སྣང་ཙམ་ཆོས་ཅན། དངོས་པོར་མ་གྲུབ་པར་ཐལ་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། གཟུགས་བརྙན་བཞིན་ནོ། །དངོས་པོ་རང་བཞིན་དུ་གྲུབ་ན་རྒྱུ་རྐྱེན་ལ་བརྟེན་ནས་འབྲེལ་བ་ཅན་དུ་མི་འབྱུང་སྟེ། དངོས་པོར་གྲུབ་ཟིན་པའི་ཕྱིར་རོ། །རྟེན་འབྲེལ་ཡིན་པ་
ལ་སྟོང་ཉིད་ཡིན་པས་ཁྱབ་སྟེ། ཤིང་བུ་དང་རིག་སྔགས་གཉིས་ཚོགས་པའི་རྒྱུ་རྐྱེན་ལ་བརྟེན་ནས་རྟ་གླང་སྣང་དུས། རྟ་གླང་གིས་སྟོང་པ་བཞིན་དུ་རགས་པ་དང་ཕྲ་བ་གང་ལའང་གཅིག་ལ་གཅིག་བརྟེན་ནས་རྣམ་པ་གཞན་དུ་སྣང་དུས་རྣམ་པ་འགྱུར་བས་སྔ་མས་སྟོང་ལ། རང་བཞིན་སྔོན་ལས་ལོགས་སུ་མེད་པས་ཕྱི་མས་སྟོང་སྟེ། རྟ་གླང་སྣང་དུས་རྣམ་པ་ཤིང་བུ་དང་རིག་སྔགས་སུ་མེད་པས་སྟོང་ལ། ངོ་བོ་རྟ་གླང་དུ་མ་གྲུབ་པས་སྟོང་པ་བཞིན་ནོ། །རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །ཚུལ་འདིས་རི་ཁང་བཟང་སྐྱེས་པ་བུད་མེད་སྣ་ཚོགས་ཅིར་སྣང་བ་ཀུན་རགས་སྣང་རྡུལ་ཕྲན་གྱི་ཚོགས་པ་ལས་རགས་པར་མེད་པས་སྟོང་ལ། ཕྲ་བ་སྐད་ཅིག་གི་རང་བཞིན་རྒྱུན་གྱིས་སྟོང་པས། རྟེན་འབྲེལ་སྣང་ལ་རང་བཞིན་མེད་པའི་གསལ་སྣང་ཙམ་དུ་ཤེས་པར་བྱའོ། །སྐྱེ་བར་སྣང་བ་ལ་སོགས་པ་ནི་སྟོང་པའི་རང་བཞིན་ཏེ། ཀླུ་སྒྲུབ་ཀྱིས། མི་སྟོང་ཅུང་ཟད་ཡོད་མིན་ན། །ཞེས་པ་དང་། ཁྱོད་ཀྱིས་སྐྱེ་བ་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་གསུངས། །ཞེས་སོ། །སྐྱེ་བར་སྣང་བ་ནི་གཞི་མེད་པའི་རྣམ་པ་གསལ་བར་འཛིན་པས་རྨི་ལམ་ལྟ་བུར་འབྱུང་སྟེ། སྤྱོད་འཇུག་ལས། གང་ཚེ་དངོས་པོ་ཡོད་མིན་པ། །དེ་ཡི་དངོས་མེད་གསལ་བར་རྫུན། །བརྟག་བྱའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །དཔེར་ན་རྨི་ལམ་བུ་ཤི་ན། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་རྫུན་པ་ཡིན། །ཞེས་སོ། །རྟག་འཇིག་མེད་པའི་གཏན་ཚིགས་ནི། སྣང་ཙམ་ཆོས་ཅན། དངོས་པོར་མེད་དེ་འཇིག་མི་འཇིག་གཉིས་ཀར་མེད་པའི་ཕྱིར་རོ། །དེ་ཡང་འཇིག་ན་བུམ་པ་ཡོད་དུས་འཇིག་གམ་མེད་དུས་
འཇིག །ཡོད་དུས་འཇིག་པར་མི་རུང་སྟེ་འཇིག་པའི་དོན་ཡོད་པ་མེད་པར་འགྱུར་བ་ཡིན་པ་ལ་དེ་དང་འགལ་བའི་ཕྱིར། མེད་དུས་འཇིག་པ་མི་རུང་སྟེ། ཡོད་མེད་རྫས་གཅིག་མི་རུང་བས་འཇིག་པ་མ་གྲུབ་པར་ཐལ་བའི་ཕྱིར་རོ། །མི་འཇིག་པར་མེད་དེ། སྐད་ཅིག་དང་རྡུལ་ཆ་འགྱུར་ཞིང་དུས་འགྱུར་བ་སྣང་བའི་ཕྱིར་རོ། །དེས་ན་དངོས་པོ་གཅིག་ལ་ཡོད་མེད་གཉིས་མི་འཐད་པས་ཀྱང་མ་གྲུབ་སྟེ། རྩ་བ་ཤེས་རབ་ལས། རེ་ཞིག་དངོས་པོར་ཡོད་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །གཅིག་ཉིད་ལ་ནི་དངོས་པོ་དང་། །དངོས་པོ་མེད་པའི་འཐད་པ་གང་། །དངོས་པོ་མེད་པར་འགྱུར་བ་ལའང་། །འགག་པ་འཐད་པར་མི་འགྱུར་རོ། །ཞེས་སོ། །འགྱུར་མི་འགྱུར་གྱི་གཏན་ཚིགས་ནི། སྣང་ཙམ་ཆོས་ཅན། དངོས་པོ་མེད་པར་ཐལ། འགྱུར་བ་དང་མི་འགྱུར་བ་གཉིས་ཀར་མེད་པའི་ཕྱིར་རོ། །དེའང་དངོས་པོ་གནས་སྐབས་གཞན་དུ་འགྱུར་རམ་མི་འགྱུར། འགྱུར་ན་རྒན་པོ་ལས་ཀྱང་གཞོན་ནུར་འགྱུར་བར་ཐལ་ཏེ། འགྱུར་བའི་གནས་སྐབས་ཡིན་པའི་ཕྱིར་རོ། །ཡང་རྟག་པ་ལ་འགྱུར་བ་མ་གྲུབ་མི་རྟག་ན་འགྱུར་བར་གཟོ་དུས་འགག་པས་འགྱུར་བ་མ་གྲུབ་པའི་ཕྱིར་རོ། །འགྱུར་རྒྱུའང་མེད་དེ། ཆ་ཤས་བརྟགས་པས་ཁེགས་སོ། །མི་འགྱུར་ན། གཞོན་ནུ་ལས་རྒན་པོར་འགྱུར་བ་མི་སྲིད་པར་ཐལ་བའི་ཕྱིར་རོ། །དེ་ཉིད་དང་གཞན་མ་གྲུབ་པས་ཀྱང་འགྱུར་བ་མེད་དེ། རྩ་ཤེ་ལས། དེ་ཉིད་ལ་ནི་གཞན་འགྱུར་མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །གང་ཕྱིར་གཞོན་ནུ་མི་རྒ་སྟེ། །གང་ཕྱིར་རྒས་པ་མི་རྒའོ། །ཞེས་སོ། །ཡང་རང་དུས་སུ་མ་གྲུབ་སྟེ། གཞོན་ནུ་རྒས་པ་མ་ཡིན་ཏེ། རྒས་པ་དང་རྫས་འགལ་བའི་ཕྱིར་རོ། །དེ་བཞིན་དུ་རྒན་པོ་མི་རྒས་ཏེ་རྒས་པ་ཉིད་ཀྱི་སྐད་ཅིག་ལ་བྱ་བྱེད་རྫས་འགལ་བ་དང་། རྒས་ཟིན་པ་ཡང་རྒས་པ་དོན་མེད་པའི་ཕྱིར་རོ། །ཆོས་
བཞི་འགོག་པ་ནི་ཉན་ཐོས་ཀྱི་སྐབས་སུ་བཤད་ཟིན་ཏོ། །དེས་ན་དངོས་པོར་སྨྲ་བའི་སྒྲུབ་བྱེད་ཐམས་ཅད་རྨི་ལམ་གྱི་གྲོང་ཁྱེར་གསོ་བའི་འབད་པ་ཡིན་པས་ན། སེངྒེའི་སོ་བྲག་ཏུ་ཝས་མ་འཕྲས་པ་ཉིད་ཆེས་དགེ་བ་ཡིན་ནོ། །ཕ་རོལ་གྱི་འདོད་པ་གང་ལའང་རིགས་པ་འདི་དག་གི་གང་རུང་རེ་རེས་ཕྱེ་མའི་རྡུལ་དུ་འཐག་པས་དབུ་མ་པ་ཀུན་ལས་མཆོག་ཏུ་འཕགས་པར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་ཏེ། ཡུམ་ལས། རབ་འབྱོར་ཆོས་ཉིད་འདི་ནི་ཤིན་ཏུ་ཟབ་སྟེ། སྐྱེས་བུ་མཁས་པ་གསལ་བ། ཡིད་གཞུངས་པ་དག་གིས་རིག་པར་བྱ་བ་ཡིན་གྱི། རྟོག་གེ་བ་དག་གི་སྤྱོད་ཡུལ་མ་ཡིན་ནོ་ཞེས་པ་དང་། ཚིག་གསལ་ལས། སྡེབས་ལེགས་ངག་གིས་སྦྱར་ཞིང་རྟོག་གེ་ཡི། །རླུང་གིས་མ་དཀྲུགས་པ་དག་གསལ་བར་བྱ། །ཞེས་སོ། །འདིར་དངོས་པོར་སྨྲ་བ་ཐམས་ཅད་རང་རང་གི་རྟོག་པ་ལ་སྣང་བས་དོན་དགོད་པའི་ཕྱིར་རྟོག་གེ་བ་ཞེས་བྱའོ། །ཚུལ་འདི་ཉིད་དཔྱོད་པ་ནི། དུས་གཉིས་ཏེ། ཕན་ཚུན་གྲུབ་མཐའ་རྣམ་པར་རྩོད་པ་དང་། ལམ་ཤེས་རབ་ཀྱིས་གྲོལ་བའི་ཚེ་ནའོ། །གྲུབ་མཐའ་རྩོད་དུས་ཀྱང་རང་ཕྱོགས་ཁས་ལེན་མེད་པས་དམ་བཅའ་སྒྲུབ་པ་དང་སྐྱོན་སྤོང་བ་མི་དགོས་ལ་དངོས་པོར་སྨྲ་བ་དེ་ཉིད་ཀྱི་གཞུང་ནང་འགལ་བ་བསྒྲིག་པ་ཡིན་ཏེ། གལ་ཏེ་ངས་དམ་བཅའ་འགའ་ཡོད་ཅེས་པ་དང་། རྩོད་བཟློག་ལས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །སྒྲུབ་པའམ་དགག་པར་བྱ་ན་དེ། །མེད་ཕྱིར་ང་ལ་གླན་ཀ་མེད། །ཅེས་སོ། །ལམ་ཤེས་རབ་ཀྱིས་དཔྱོད་དུས་ནའང་ཕྱི་སྣ་ཚོགས་སྣང་བའི་ཡུལ། ནང་སྣ་ཚོགས་རྟོག་པ་དང་མི་རྟོག་པའི་སེམས། ཏིང་ངེ་འཛིན་དང་སྒོམ་པ་ལ་སོགས་པའི་ཉམས་མྱོང་། འགྲོ་བ། འདུག་པ། ཟ་བ། འཆག་པ། དགའ་བ། མི་དགའ་བ། གཏམ་སྨྲ་བ། ཆོས་སེམས་པ། ཆོས་མ་ཡིན་པ་སེམས་པ། ཉལ་
བ། གཉིད་ལོག་པ། སད་པ། ཆོས་ལ་སྤྱོད་པ་ལ་སོགས་པ་ཐམས་ཅད་དུ། འདི་ནི་རང་གི་གྲུབ་མཐའོ། །འདི་ནི་གཞན་ནོ། །འཁོར་བའོ། །འདས་པའོ། །དངོས་པོའོ། །དངོས་པོ་མེད་པའོ། །བདེ་སྡུག་གོ །སྤང་བླང་ངོ་། །ཆོས་སོ། །ཆོས་མ་ཡིན་པའོ། །སྙམ་པ་ལ་སོགས་པའི་ཁས་ལེན་དང་སྙམས་བྱེད་གང་ཡང་མི་བྱ་བར། ག་ལའང་མཚན་ཞེན་དང་དམིགས་པ་མེད་པས། བྱ་བྱེད་ཅི་བྱེད་པ་ཐམས་ཅད་དཔྱད་པར་བྱ་སྟེ། དབུ་མ་ནི་ཤིན་ཏུ་སྤྲོས་པ་དང་བྲལ་བ་འཕགས་པ་གསུམ་གྱི་མཉམ་གཞག་གི་གནས་སྐབས་ལྟ་བུ་ཡིན་པས། སྤྲོས་བྲལ་གྱི་སྣང་བརྙན་པའི་རང་བཞིན་ཆུ་ཟླ་དང་སྒྱུ་མའི་རང་བཞིན་ལྟར་དཔྱད་པ་ཉིད། སྡུད་པ་ལས། དཔེར་ན། ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་། །འདྲ་བའི་བཟོ་བྱས་དེ་ཡང་བྱ་བ་ཐམས་ཅད་བྱེད། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །ཅེས་སོ། །གཉིས་པ་ཐ་སྙད་དུ་སྣང་ཚུལ་མི་འགོག་པས་རྣམ་པར་གཞག་པའི་ཚུལ་ལ་གསུམ་སྟེ། གཞི་དབུ་མ་བདེན་གཉིས། ལམ་དབུ་མ་ཚོགས་གཉིས། འབྲས་བུ་དབུ་མ་སྐུ་གཉིས་སོ། །དང་པོ་ལ་ལྔ་སྟེ། བདེན་གཉིས་ཀྱི་ངོ་བོ། ངེས་ཚིག །མཚན་ཉིད། དབྱེ་བ། དགོས་ཆེད་དོ། །ངོ་བོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་སྟེ། དེའང་ཀུན་རྫོབ་ཀྱི་ངོ་བོ་བློ་དང་དབང་པོས་བསམ་པའི་ཡུལ་དང་། དོན་དམ་གྱི་ངོ་བོ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་ཡུལ་སྤྲོས་པའི་མཐའ་དང་བྲལ་བ་སྟེ། བདེན་པ་གཉིས་ཀའང་རང་བཞིན་མེད་པ་ཉིད། འཇུག་པ་ལས། བདེན་པ་གཉིས་ཆར་དུ་ཡང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་མ་ཡིན། །ཞེས་སོ། །སོ་སོ་རང་རིག་དང་བློ་གཅིག་ཡིན་མོད་སྙམ་ན། བརྡ་ལ་རྨོངས་པས་རེ་བདེན། འོན་ཀྱང་བློ་ནི་ཀུན་རྟོག་པ་ལ་སྐབས་འདིར་མཛད་དེ། བློ་
ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །ཀུན་རྟོག་པའི་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་རྣམས་ཀུན་རྫོབ་པ་ཡིན་ཏེ་འཁྲུལ་པ་ཁོ་ནའོ། །སོ་སོ་རང་གི་རིག་པ་ནི། མ་འཁྲུལ་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་ལས་འདས་པ་སྟེ། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། མཚན་བརྗོད་ལས། སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་སོ། །རང་བཞིན་དུ་བློ་དང་རང་རིག་གཅིག་ཏུ་བརྟག་པ་ནི་སེམས་ཙམ་གྱི་སྐབས་ཏེ། འདིར་སྐབས་འཆོལ་བར་ཟད་དོ། །ངེས་ཚིག་ནི་སྒྱུ་མར་སྣང་ལ་རང་བཞིན་མེད་པ་ཀུན་རྫོབ། རེ་ཞིག་འཁྲུལ་ངོར་རང་རང་གི་མཚན་ཉིད་མི་བསླུ་བས་བདེན་པ་ཞེས་བརྗོད་དེ་བློའི་ཡུལ་དུ་སྣ་ཚོགས་སྣང་བ་དང་བཅས་པ་ལ་བདེན་ཞེན་གྱི་ཆ་ཐམས་ཅད་དེ། འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་སོ། །དེའང་སྣང་ཡུལ་བདེན་རྫུན་འཁྲུལ་མ་འཁྲུལ་གང་དུའང་མ་གྲུབ་སྟེ། རང་བཞིན་མེད་པའི་ཕྱིར་རོ། །འོན་ཀྱང་བློས་འདི་ནི་སྣང་བའོ། །འདི་དབང་པོ་དང་། ཤེས་པ་དང་ཆོས་སོ་སྙམ་ནས། གཟུང་འཛིན་དུ་ཞེན་དུས་གཟུང་བའི་ཆ་ཀུན་རྫོབ་ཏུ་བརྟགས་སོ། །དོན་དམ་བདེན་པའི་ངེས་ཚིག་ནི། གཉེར་བྱའི་དོན་ཡིན་པ་དང་། ལམ་དང་འབྲས་བུའི་ཆོས་སུ་མི་བསླུ་བར་བདེན་པས་ཏེ། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྟོགས་པར་བྱ་ཞིང་བསྒོམ་པར་བྱའོ། །ཡོངས་སུ་བསྒོམས་པ་ལས་ནི་བླ་ན་མེད་པའི་ཆོས་ཐོབ་པར་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དམ་པ་ནི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། །མཚན་ཉིད་ནི་ཆོས་དང་ཆོས་ཉིད་དག་མཉམ་སྤྲོས་པ་ལས་འདས་པའི་ངོ་བོ་བློ་དང་མཚན་མས་དབེན་པ་སྟེ། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །རྣམ་རྟོག་མེད་དོན་ཐ་དད་མིན། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་སོ། །ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་བློའི་ཡུལ་ལས་མ་འདས་པའི་ཆོས་དཔྱད་མི་བཟོད་པ། དོན་དམ་བདེན་པའི་མཚན་ཉིད་བློ་ལས་འདས་པའི་ཆོས་ཉིད་དམིགས་པ་ཉེ་བར་ཞི་བའོ། །དཔྱད་བཟོད་མི་འཐད་དེ་སྔར་བཀག་ཟིན་ཏོ། །དབྱེ་ན་ཀུན་རྫོབ་དང་། དོན་དམ་པ་གཉིས་ཏེ། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པའི་བདེན་པ་རྣམ་གཉིས་ཏེ། །ཁྱོད་ཀྱིས་གཞན་ལས་མ་གསན་རང་གིས་གཟིིགས། །ཞེས་སོ། །ཀུན་རྫོབ་ལ་ཐ་སྙད་འཇིག་རྟེན་པས་བདེན་རྫུན་དུ་བྱེད་པ་དང་བསྟུན་ནས་བརྡ་ཤེས་པའི་ཡན་ལག་ཏུ། ཡང་དག་ཀུན་རྫོབ་དབང་པོ་གནོད་པ་མེད་པ་དྲུག་གི་སྣང་ཡུལ་དུ་སྣང་བའི། གཟུགས་སྒྲ། དྲི་རོ། རེག་བྱ་དང་ཆོས་རྣམས་ཡིན་ལ། ལོག་པའི་ཀུན་རྫོབ་གནོད་པས་དཀྲུགས་པའི་སྣང་བ་རབ་རིབ་དང་སྐྲ་ཤད་ལ་སོགས་པར་སྣང་བ་སྟེ། འཇུག་པ་ལས། གནོད་པ་མེད་པ་དབང་པོ་དྲུག་རྣམས་ཀྱི། །ཡུལ་འགྱུར་གང་ཡིན་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ལ་ལྟོས་ཡུལ་གྱུར་ལོག་པར་འདོད། །ཅེས་སོ། །དགོས་ཆེད་ནི། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་སོ། །ལམ་དབུ་མ་ཚོགས་གཉིས་ནི། དེ་ལ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ཐབས་བསོད་ནམས་ཀྱི་ཚོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཉམས་སུ་ལེན་ཞིང་། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ལ་བརྟེན་ནས་དོན་དམ་པའི་ཡེ་ཤེས་འོད་གསལ་བའི་དོན་ལ་
སྒོམ་པར་བྱེད་དོ། །འོད་གསལ་བ་ནི་སེམས་སེམས་བྱུང་གི་འཇུག་པ་ཞི་བས་སྤྲོས་པ་དང་བྲལ་བའི་དོན་ནང་དུ་རིག་པའི་ཡེ་ཤེས་ཏེ། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་སོ། །དེའི་དོན་ཇི་ལྟར་ཉམས་སུ་བླང་བ་ནི། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་ནས། ཤེས་པ་གང་བབས་ཅིག་ལ་ཙེན་གྱིས་གློད་ནས། གང་ལ་ཡང་མི་སེམས་ཅི་ལ་ཡང་མི་རྟོག་པའི་ངང་ལ་ས་ལེ་སིང་ངེ་མ་ཡེངས་སྤྲོ་བསྡུ་དང་བྲལ་བར་བཞག་པས། ཕྱི་ཡུལ་དུ་མི་རྟོག་པས་ཕྱིའི་དངོས་པོ་དང་། ནང་སེམས་སུ་མི་རྟོག་པས་ནང་གི་དངོས་པོ་མེད་པ་ནི་གཟུང་འཛིན་གཉིས་དང་བྲལ་བ་སྟེ། བསྒོམ་པའི་བློ་ལའང་དགག་སྒྲུབ་མེད་པས་ན། དེ་ལས་གཞན་པའི་ཆོས་སུ་མ་གྲུབ་པས་ན་དམིགས་བྱ་བློའི་མདུན་ན་མེད་པ་ཞེས་བྱ་སྟེ། དམིགས་པ་མེད་པའི་སོ་སོ་རང་རིག་གི་ཡེ་ཤེས་ཁོང་ནས་རིག་པ་ཉིད། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་དམིགས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པའི་དོན་ཏོ། །རྗེས་ལ་སྒྱུ་མ་ལྟར་སྣང་ལ་རང་བཞིན་མ་གྲུབ་པའི་སྣང་བ་ལ་བལྟས་ནས། སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་དུ་བསྔོ་བ་བྱའོ། །ཐུན་མཚམས་སུ་ཚེ་འདིའི་སྣང་བ་སྒྱུ་མའི་རང་བཞིན་ལ་ཆགས་ཞེན་དང་འཁྲི་བ་ཅུང་ཟད་མེད་པས། ཕྱག་དང་། བསྐོར་བ་དང་། མདོ་བཀླག་པ་དང་། ཚ་ཚ་གདབ་པ་དང་། ཆུ་སྦྱིན་ལ་སོགས་པ་སྣང་བཅས་བསོད་ནམས་ཀྱི་ཚོགས་ལ་འབད་པར་བྱའོ། །དེའང་མཉམ་བཞག་ཆོས་ཉིད་ལ་བཞག་པས་དངོས་པོར་འཛིན་པའི་བློ་རྟོག་འཕྲོ་འདུ་དང་བཅས་པ་ཞི་ནས། ཕྱིས་བསྒོམ་བྱའི་ཆོས་ཉིད་ལའང་འཛིན་པ་ཞི་བར་འགྱུར་ཏེ། དེ་ཉིད་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །
ཅི་ཡང་མེད་ཅེས་བསྒོམས་པས་ནི། །ཕྱི་ནས་དེ་ཡང་སྤོང་བར་འགྱུར། །ཞེས་སོ། །སྤང་བྱ་བདག་དང་དངོས་པོར་འཛིན་པའི་འདུ་ཤེས་སྐྱེ་མེད་ཀྱི་ངང་ལ་བཞག་པས་ཞི་དུས། སྤོང་བྱེད་གཉེན་པོ་ཆོས་ཉིད་ཀྱང་དམིགས་པ་ཞི་བས་ཤེས་རབ་ཀྱི་ཕ་རོལ་ཏུ་འགྲོ་ཞིང་། ངང་ལ་བསྒོམས་པའི་བསམ་གཏན་ལའང་མི་གནས་ཏེ། སྡུད་པ་ལས། འདུ་ཤེས་རྣམ་པར་བཤིག་ནས་སྤང་བ་ཕ་རོལ་འགྲོ། །ཞེས་སོ། །རྗེས་ཐོབ་ཏུ་ཚོགས་གཉིས་སྣང་བཅས་ལ་འབད་པས་གནས་སྐབས་ཀྱི་དོན་དང་མཐར་ཐུག་གི་འདོད་པ་ཐམས་ཅད་འགྲུབ་བོ། །འབྲས་བུ་དབུ་མ་སྐུ་གཉིས་ནི། ས་བཅུ་རྒྱུན་གྱི་ཐ་མར་འཁོར་བའི་རྒྱུ་སེམས་དང་སེམས་བྱུང་གི་འཇུག་པ་བག་ཆགས་དང་བཅས་པ་ཆོས་ཀྱི་དབྱིངས་སུ་ཞི་ཞིང་ནུབ་ནས་ལོངས་སྤྱོད་རྫོགས་པ་དང་། ཆོས་ཀྱི་སྐུ་དམ་པ་མངོན་དུ་གྱུར་པས་སེམས་ཅན་གྱི་མོས་པ་དང་། སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་གྲུབ་པའི་ནུས་པ་ལས་ཆུ་ཟླ་ལྟར་སོ་སོའི་སྐྱེ་བོ་ལ་སྣང་ཞིང་། ལོངས་སྐུ་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ལ་སྣང་བས། ནོར་བུ་བུམ་མཆོག་དཔག་བསམ་ཤིང་ལྟར་མཛད་པ་ལྷུན་གྲུབ་ཏུ་འབྱུང་བས་ཆོས་སྐུ་རང་གི་དོན་དང་། གཟུགས་སྐུ་གཞན་གྱི་དོན་གཉིས་མངོན་དུ་གྱུར་པ་ནི་འབྲས་བུ་དམ་པ་སྟེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །ཅེས་པ་དང་། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །གསུམ་པ་ཁས་ལེན་མི་ལེན་གྱི་རྣམ་གཞག་གཞན་བསྟན་པ་ལ་གསུམ་སྟེ། མི་ལེན་པ། ལེན་པ། མཐུན་པར་དོན་བསྡུ་བའོ། །དང་པོ་ཁས་མི་ལེན་པའི་རྣམ་གཞག་ནི། དབུ་
མ་པ་ལ་ཁས་བླང་རྒྱུ་ཅུང་ཟད་མེད་དེ་འཕགས་པ་གསུམ་གྱི་མཉམ་གཞག་གི་སྐབས་ཡིན་པའི་ཕྱིར་དང་། དམ་བཅའ་མེད་པའི་ཕྱིར་རོ། །དེའང་དོན་དམ་འཕགས་པའི་མཉམ་གཞག་གི་རྗེས་སུ་འབྲང་ལ། ཀུན་རྫོབ་འཇིག་རྟེན་པའི་རྗེས་སུ་འབྲང་ཟེར་ནས་གང་ཡང་ཁས་མི་ལེན་ཏོ། །དེ་ཡང་མི་རིགས་ཏེ་དབུ་མ་ལ་ཁས་ལེན་མེད་ཀྱང་དབུ་མ་པས་དེའི་དོན་གཞལ་བ་ཉིད་ཁས་བླང་བར་ཡང་སོང་ལ། འཕགས་པའི་མཉམ་གཞག་གསུམ་གྱི་སྐབས་བཞིན་ནོ་ཞེས་པས་ཀྱང་མཉམ་གཞག་ཏུ་ཁས་བླང་བར་འགྱུར་ལ། དོན་དམ་འཕགས་པ་གསུམ་གྱི་མཉམ་གཞག་གི་རྗེས་སུ་འབྲང་ན་ལམ་དང་འབྲས་བུའི་ཆོས་ལས། གཞིའི་ཆོས་རྣམས་དེའི་སྐད་ཅིག་ལ་མ་གཞལ་བས་མི་ཤེས་པར་ཡང་འགྱུར་རོ། །འོན་ཏེ་ཐམས་ཅད་མཁྱེན་པའི་བློས་སྐད་ཅིག་ལ་གཞལ་ལོ་ཞེ་ན། གཞན་སྣང་གི་སངས་རྒྱས་དེས་གཞལ་གཞལ་འདྲ་ཡང་གཞལ་བ་མེད་དེ་གཞན་སྣང་ཡིན་པའི་ཕྱིར་ཞེས་འདོད་པས་བསལ་བ་ཡིན་ནོ། །རྗེས་ཐོབ་འཇིག་རྟེན་པའི་རྗེས་སུ་བྱེད་པ་མི་འཐད་དེ། འཇིག་རྟེན་པ་ལ་ལམ་སྒྲུབ་པ་དང་། གྲོལ་བ་འདོད་པའི་རྣམ་གཞག་མེད་ཅིང་། ཆགས་སྡང་རང་ག་མའི་སྣང་བ་ལ་བདེན་ཞེན་གྱི་འཁྲུལ་པ་ཉིང་འཁྲུལ་དུ་སྤྱོད་པ་ཡིན་པས། དེའི་རྗེས་སུ་བྱེད་ན་ཧ་ཅང་ཐལ་བས་ལམ་དབུ་མ་དང་འབྲས་བུའི་དབུ་མ་མི་འབྱུང་ངོ་། །ཁས་ལེན་པའི་རྣམ་གཞག་ལྟར་ན། དོན་དམ་པར་གང་ཡང་མ་གྲུབ་པས་ཁས་བླང་མེད་ལ། ཀུན་རྫོབ་ཏུ་ཆོས་རྣམས་ཀྱི་རྣམ་པར་གཞག་པ་ཇི་ལྟར་གསུངས་པ་བཞིན་ཁས་ལེན་ཏོ་ཞེས་པའང་མི་རུང་སྟེ། དོན་ལ་མེད་ལ་ཐ་སྙད་དུ་ཡོད་པ་འགལ་བ་འཛིན་པས་ལུང་པ་འཚོལ་བ་དང་། ཁས་ལེན་ན་ཐ་སྙད་ལས་དོན་དམ་པར་འོག་མ་རྣམས་ལས་གོང་མ་སུ་ཞིག་ཁས་ལེན། ཡོད་མེད་རྫས་འགལ་བས་སོ་མ་ཟིན་པའི་གྲུབ་མཐའ་དེ་ནི་དབུ་མ་ཆེན་པོའི་ལུགས་མ་ཡིན་ནོ། །གསུམ་པ་མཐུན་པར་དོན་
བསྡུ་བ་ནི། དེ་གཉིས་ཀ་ཡང་ཕྱོགས་རེའི་མཐུན་ཕྱོགས་ལ་མཐོང་མི་མཐུན་ཕྱོགས་ལ་མ་མཐོང་བས། གཞུང་གི་དོན་མ་གོ་བར་ཟད་མོད། འོན་ཀྱང་སྐྱོན་གཉིས་པོ་ཁས་བླངས་མ་བླངས་གང་ལའང་ཡོད་པས། ཕྱོགས་གཅིག་ཏུ་ངེས་པའི་དམ་བཅའ་མ་ཡིན་པས་འདིར་འདི་ལྟར་གོ་བར་བྱ་སྟེ། ཁས་ལེན་མི་ལེན་ཀུན་རྫོབ་ཀྱི་བདེན་པ་ལ་ཡོད་ཀྱི་དབུ་མ་ཐལ་འགྱུར་བ་ལ་དོན་དམ་དུ་ཁས་ལེན་མི་ལེན་གྱི་དཔྱད་ར་མེད་པས་ན་རེ་ཞིག་ཀུན་རྫོབ་ཐ་སྙད་དུ་སྐབས་ཀྱི་དབྱེ་བས་ཁས་ལེན་པ་དང་། མི་ལེན་པ་གཉིས་སུ་གོ་བར་བྱའོ། །དེའང་རྩོད་པ་དང་དོན་དམ་ཡུལ་དུ་བྱེད་པའི་ཚེ་སྣང་བ་གང་ཡང་རང་བཞིན་མེད་པས་གཤིས་ལ་ཡོད་པར་ཁས་ལེན་མེད་པའི་ཕྱིར་ཁས་བླང་བར་བྱ་བ་མ་ཡིན་ནོ། །ལམ་རྗེས་ཐོབ་པ་ཐ་སྙད་ཡུལ་དུ་བྱེད་དུས་གསུང་རབ་ལས་བཤད་པ་ལྟར་རྣམ་དབྱེ་དང་བཅས་པ་རྨི་ལམ་སྒྱུ་མའི་གྲུབ་མཐའ་ཙམ་དུ་ཤེས་ནས་རང་གིས་ཀྱང་དཔྱད་དེ་བསམ་ཞིང་། གཞན་ལའང་བསྟན་པས་བླང་དོར་གྱི་དམིགས་ཕྱེད་ནས་ལམ་དབུ་མ་ཚོགས་གཉིས་ལ་ཞུགས་ཏེ་འབྲས་བུ་སྐུ་གཉིས་འགྲུབ་པའི་དགོས་པ་ཡོད་དོ། །དང་པོ་ཁས་མི་ལེན་པའི་དུས་ཀྱང་བཤད་དེ། གལ་ཏེ་ངས་དམ་བཅའ་འགའ་ཡོད། །ལ་སོགས་པ་ཡིན་ལ། གཉིས་པ་ཁས་ལེན་པའང་། སློབ་དཔོན་ཟླ་བ་གྲགས་པས་ཚིག་གསལ་དུ། ཆུ་འདོད་པས་སྣོད་ལྟར་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ནི་གདོན་མི་ཟ་བར་ཁས་བླང་བར་བྱའོ་ཞེས་པ་དང་། འཇུག་པའི་འགྲེལ་པར། ཕྱོགས་འདི་ནི་མཁས་པ་དག་གིས་སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པའོ་སྙམ་དུ་བསམས་ཏེ། གདོན་མི་ཟ་བར་ཁས་བླང་བར་བྱའོ་ཞེས་གསུངས་སོ། །ལུགས་འདི་གཉིས་སྔ་རབས་པ་དག་གིས་མ་ཕྱེད་པས་གཙང་བ་ནི་ཁས་མི་ལེན་ལ། རྨ་བྱ་ནི་ལེན་པར་སྣང་སྟེ་གཉིས་ཀར་ལེགས་ཆོས་རེ་དང་སྐྱོན་རེ་དམིགས་པའི་ཕྱིར་གཞུང་ཇི་ལྟ་བ་བཞིན་གྱི་དོན་ཅུང་ཟད་མ་དགོངས་པར་
སྣང་ངོ་། །འདི་ནི་རྣམ་པར་དཔྱོད་པའི་བློ་གྲོས་དང་གཞུང་ལུགས་ཕལ་པོ་ཆེ་མཐོང་བ་ལས་བྱུང་བའི་མིག་རྒྱས་པས་གཞུང་ན་གབ་ཅིང་འཐོར་བའི་དོན་གསལ་པོར་ཕྱེ་བ་ཡིན་ནོ། །ཕྱིན་ཆད་དམ་བཅའ་འདི་འཆའ་ཤེས་པ་རྣམས་ནི་ཁོ་བོའི་གཞུང་འདིའི་མཐུར་ཤེས་པར་བྱའོ། །དེ་དག་གིས་དབུ་མ་ཆེན་པོ་ཐལ་འགྱུར་གྱི་ཚུལ་བཤད་ཟིན་ཏེ། བསྡོམས་པས་རྒྱུ་མཚན་ཉིད་ཀྱི་ཐེག་པ་གཏན་ལ་ཕབ་ཟིན་ཏོ། །ད་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་བཤད་པ་ནི། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཉིད། །རྒྱུ་ཡི་ཆོས་ལས་ཁྱད་པར་དུ་མས་འཕགས། །ཐེག་པ་ཆེན་པོའི་ཚུལ་སྒྲུབ་པ་ལས། ཐེག་པ་ཆེན་པོ་རྣམ་གཉིས་ཏེ། །ཕ་རོལ་ཕྱིན་དང་གསང་སྔགས་སོ། །ཞེས་པས། སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འདོད་པར་གཅིག་པ་ལས། དུས་རིང་པོས་གྲོལ་བ་འགྲུབ་པ་ནི་མཚན་ཉིད་ཀྱི་ཐེག་པ་ཡིན་ལ། ཚེ་གཅིག་གམ་བཅུ་དྲུག་ཚུན་ཆད་ཀྱིས་འགྲུབ་པ་ནི་གསང་སྔགས་ཡིན་པའི་ཕྱིར། དབང་པོ་རྣོན་པོ་དང་ཤིན་ཏུ་རྣོན་པོ་གཉིས་ཀྱི་དབང་དུ་བྱས་ནས་གསུངས་སོ། །དེ་ཡང་རྒྱུ་མཚན་ཉིད་ལས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ས་བོན་དུ་ཡོད་པ་ཙམ་རྐྱེན་ཚོགས་གཉིས་ལས་གོང་དུ་འཕེལ་བས་སངས་རྒྱས་ཐོབ་པར་འདོད་པའི་ཕྱིར་རྒྱུའི་ཐེག་པ་ཞེས་བྱ་སྟེ། རྒྱུ་འབྲས་སྔ་ཕྱིར་ཁས་ལེན་པའི་ཕྱིར་རོ། །སྔགས་ཀྱི་སྙིང་པོ་དེ་སེམས་ཅན་ཐམས་ཅད་ལ་རང་ཆས་ལྷུན་གྲུབ་ཏུ་ཡོན་ཏན་རྒྱ་ཆེན་མ་ཚང་བ་མེད་པར་ཡོད་པར་སྦྱང་གཞི་ཉི་མ་འདྲ་བ་ཉིད་ལ། སྦྱང་བྱ་འཁོར་བའི་རང་བཞིན་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་སྤྲིན་ལྟ་བུས་བསྒྲིབས་པ་ཉིད། སྦྱོང་བྱེད་དབང་དང་བསྐྱེད་རྫོགས་བསྒོམས་པས་སྤྲིན་སེལ་བ་ལྟར་རིམ་གྱིས་སྦྱངས་པས་གནས་སྐབས་ཀྱི་ཡོན་ཏན་གྲུབ་ནས། སྦྱངས་འབྲས་དོན་གྱི་ཀུན་གཞི་ཉི་མ་ལྟར་གསལ་བ་ཅི་བཞིན་པ་མངོན་དུ་འགྱུར་བར་འདོད་དེ། དེ་ཚེ་སྔར་
གྱི་དྲི་མ་མེད་པས་ཀུན་གཞིའི་མིང་བག་ཆགས་དང་བཅས་པ་ལོག་ཀྱང་དོན་སྔ་ཕྱི་རྣམ་དབྱེ་མེད་པར་གསལ་ཏེ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་སོ། །མདོ་སྡེ་རྒྱན་ལས་ཀྱང་། སྔ་མ་ཕྱི་མར་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་གྱུར་པ། །ཞེས་བཤད་པ་བཞིན་ནོ། །ཁྱད་པར་གཞན་ཡང་ཡོད་དེ། འབྲས་བུ་སངས་རྒྱས་སྒྲུབ་པར་དོན་གཅིག་ནའང་། སྒྲུབ་ཚུལ་ལ་རྨོངས་མ་རྨོངས་ཀྱི་ཁྱད་པར་ཡོད་དེ། མཚན་ཉིད་ལས། ཕྱི་སྣང་བའི་བདེན་ཞེན་བཟློག་པ་ལ་སྒྱུ་མ་བསྒོམ་པ་ལ་སོགས་པས་འབྱུང་བའི་རིག་པ་ལ་རྨོངས། ནང་ཕུང་པོ་ལྷར་མ་ཤེས་པས་གནས་པའི་དོན་ལ་རྨོངས། གསང་བ་རྟོག་ཚོགས་དང་ཉོན་མོངས་པ་ཡེ་ཤེས་སུ་མ་ཤེས་པས་ལམ་གྱི་རྣམ་པ་ལ་རྨོངས། ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་དུ་མ་ཤེས་པས་རྟོགས་པའི་ལྟ་བ་ལ་རྨོངས་པ་ཉིད། སྔགས་སུ་ཕྱི་འབྱུང་བར་སྣང་བ་ལྔ་ཡུམ་ལྔ། ནང་ཕུང་པོར་སྣང་བ་ཡབ་ལྔ། རྟོག་ཚོགས་བྱང་ཆུབ་སེམས་དཔའི་བདག་ཉིད་ཡེ་ཤེས་ལྔ། བདེན་པ་དབྱེར་མེད་སྣོད་བཅུད་དག་མཉམ་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོར་གཏན་ལ་འབེབས་པས་ཁྱད་པར་ཆེ་སྟེ། སྒྱུ་འཕྲུལ་ལས། རྡོ་རྗེ་ཕུང་པོའི་ཡན་ལག་འདི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་བདག་ཉིད་དེ། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་ཉིད། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་རྙེད་དོ། །ཞེས་
སོ། །ཡང་ཉོན་མོངས་པ་གཅིག་སྦྱོང་བ་དང་འདོད་པ་གཅིག་སྒྲུབ་པ་ལའང་། མཚན་ཉིད་ཀྱི་ཐབས་ངལ་དུབ་དང་བཅས་པ་ཉུང་ལ་མི་ཟབ་པ་ཉིད། སྔགས་ལས་ཟབ་ལ་རྒྱ་ཆེ་བ་དོན་མང་བས་འཕགས་སོ། །ཡང་མཚན་ཉིད་ལས་ཚེགས་ཆེན་པོས་སྒྲུབ་དགོས་པ་སྔགས་སུ་དཀའ་བ་ཤས་ཆུང་བས་འགྲུབ་པའི་ཕྱིར་ཡང་འཕགས་སོ། །མཚན་ཉིད་ནི་དབང་པོ་རྣོན་པོའི་རྟུལ་པོ་འཇུག་པའི་ལམ་ཡིན་ཏེ། གང་ལ་ཡང་ལམ་དུ་སློང་བར་མི་ཤེས་པས། བླང་དོར་གཉིས་བཅས་འབའ་ཞིག་སྤྱོད་ཅིང་། སྔགས་ཀྱི་ཕྱི་ནང་གཟུང་འཛིན་ཐམས་ཅད་ཐབས་ཟབ་མོས་ལམ་དུ་སློང་ཤེས་པའི་ཕྱིར་དབང་པོ་རྣོན་པོའི་རྣོན་པོ་འཇུག་པའི་ལམ་ཡིན་པས་ཀྱང་འཕགས་སོ། །ཇི་སྐད་དུ་ཚུལ་གསུམ་པའི་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །འོ་ན་མཚན་ཉིད་ལས་ཀྱང་འོད་ཟེར་ཆེན་པོས་དབང་བསྐུར་བ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་ལྷ་བསྒོམ་པ་དང་། ཟ་མ་ཏོག་བཀོད་པ་དང་། སོ་སོར་འབྲང་མ་ལས། ལྷ་དང་དཀྱིལ་འཁོར་བཤད་པ་དང་། །མདོ་སྡེ་ལས། དཔེར་ན་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ་ལ་ཕན། །ཞེས་པ་དང་། འཁོར་བ་ཞི་བའི་བདག་ཉིད་ཀྱི། །ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་
ཆུབ་ཡན་ལག་འགྱུར། །ཞེས་པས་ཉོན་མོངས་པ་ཐབས་ཀྱི་ལམ་དུ་བྱེད་པ་དང་། མེ་ཏོག་གི་ཚོགས་ཀྱི་མདོ་ལས། རིན་ཆེན་ཟླ་བ་དམ་པའི་འོད། །གང་གིས་དེ་ཡི་མཚན་ཐོས་པ། །སྐྱེ་བ་གཅིག་གིས་ཐོགས་འགྱུར་ཞིང་། །ཏིང་འཛིན་དམ་པ་ཐོབ་པར་འགྱུར། །ཞེས་དང་། ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་ཉིད་གསང་ཆེན་ཐབས་ལ་མཁས་པར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ན་ཞག་གཅིག་གིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་བསྟན་པས། སྔགས་དང་མཚུངས་སོ་ཞེ་ན། མི་མཚུངས་ཏེ། འོད་ཟེར་ཆེན་པོའི་དབང་བསྐུར་ནི་ལམ་མཐར་ཐུག་ཏུ་ཉེ་བ་ན་བྱེད་ཀྱི་དང་པོར་མི་བསྐུར་བས་མི་མཚུངས་སོ། །ལྷ་བསྒོམ་པ་དེ་སངས་རྒྱས་ཀྱི་ཡོན་ཏན་དྲན་པར་བྱ་བའི་ཕྱིར་བསྒོམ་པ་ཙམ་ཡིན་གྱི། སྔགས་བཟླས་པ་དང་རྫོགས་རིམ་ལ་སོགས་པ་མེད་པས་བསྐྱེད་རིམ་དུ་མི་རུང་བའི་ཕྱིར་མི་མཚུངས་སོ། །ཟ་མ་ཏོག་དང་སོ་སོར་འབྲང་མ་བྱ་བའི་རྒྱུད་དུ་གཏོགས་པས་མཚན་ཉིད་དངོས་མ་ཡིན་ནོ། །བྱང་ཆུབ་སེམས་དཔས་ཉོན་མོངས་པ་གསང་སྔགས་ལྟར་ཐབས་ཀྱི་ལམ་དུ་བྱེད་པ་མ་ཡིན་གྱི། དགེ་བའི་རྩ་བ་དང་མཚུངས་ལྡན་གྱི་ཉོན་མོངས་ཞེས་བཏགས་ཏེ། བསོད་ནམས་ཀྱི་ཚོགས་སོགས་པ་ལ་སོགས་པ་ཡིན་པས་སྣང་བཅས་དང་། རྒྱུད་ཀྱི་ཉོན་མོངས་བསྒོམ་ལམ་གྱི་སྤང་བྱ་དེ་ཡོད་པས་སྲིད་པར་གནས་ཏེ་སེམས་ཅན་གྱི་དོན་འབྱུང་བ་ཙམ་ལ་དགོངས་ནས་གསུངས་ཏེ། དྲི་མ་མེད་པའི་མདོ་ལས། འཇིག་ཚོགས་ལ་ལྟ་བ་ནི་དེ་བཞིན་གཤེགས་པའི་གདུང་ངོ་ཞེས་གསུངས་པ་ལྟ་བུའོ། །ཚེ་གཅིག་དང་ཞག་གཅིག་གིས་སངས་རྒྱ་བར་བསྟན་པ་ཡང་། སྔོོན་དུ་ཚོགས་སོགས་པ་ཞིག་དེ་ལྟར་བྱ་བར་ནུས་པ་ལ་དགོངས་སོ། །དེ་བཞིན་གཤེགས་པའི་མཚན་
བཟུང་བ་དེས་ཐོག་དྲངས་པའི་དགེ་བ་རླབས་པོ་ཆེ་བསགས་ན་སངས་རྒྱས་མངོན་དུ་མི་བྱེད་ཚུན་ཆད་ཀྱི་སྐྱེ་བ་རྣམས་སྡོམ་པ་གཅིག་གིས་སངས་རྒྱའོ་ཞེས་བསྟན་ཏེ། ཁབ་ཀྱིས་རྟ་ཁུགས་པ་དང་ཞག་གཅིག་ན་རྡོ་རྗེ་གདན་དུ་སླེབ་ཅེས་བྱ་བ་བཞིན་དེ་ལ་འཇུག་པའི་ཕྱིར་ལྡེམ་པོར་དགོངས་ནས་གསུངས་སོ། །རང་བཞིན་དུ་གྲངས་མེད་གསུམ་ལ་སོགས་པར་འདོད་པས་གསལ་ལོ། །དེས་ན་མཚུངས་པ་མ་ཡིན་ནོ། །ད་ནི་ཁྱད་པར་ཅན་གྱི་གསང་སྔགས་ཉིད་བསྟན་པ་ལ་བཞི་ལས། དང་པོ་བྱ་བའི་རྒྱུད་ཀྱི་རིམ་པ་ནི། གསང་སྔགས་ཆེ་མཆོག་རྣམ་པ་བཞི་དག་ལས། །བྱ་བའི་རྒྱུད་དུ་བདེན་པ་གཉིས་ལྟ་བས། །ཁྲུས་དང་གཙང་སྦྲ་ཀུན་ཏུ་སྤྱོད་པ་ཡིས། །རྗེ་ཁོལ་ལྟ་བུས་དངོས་གྲུབ་ཐོབ་པར་འདོད། །ཀྲཱི་ཡ་སྟེ་བྱ་བའི་རྒྱུད་འདིར་ནི་གཞི་སྣང་སྟོང་བདེན་པ་གཉིས་སུ་ཤེས་ནས། ལམ་དུ་ཁྲུས་དང་གཙང་སྦྲ་ཀུན་ཏུ་སྤྱོད་པས། དཀར་གསུམ་ཟ་བ་དང་གོས་གསུམ་བརྗེ་བ་ལ་སོགས་པའི་བརྟུལ་ཞུགས་ཀྱིས། བདག་ཉིད་དམ་ཚིག་པ་བྲན་འབངས་ལྟ་བུའི་མདུན་དུ་ལྷ་སྤྱན་རས་གཟིགས་ལ་སོགས་པ་རྗེ་དཔོན་རྒྱལ་པོ་ལྟ་བུར་བསྒོམས་ཏེ་སྔགས་བཟླས་པ་དང་སྨྱུང་བར་གནས་པའི་ཆོ་ག་ལ་སོགས་པར་གནས་པར་བྱེད་དོ། །རིམ་པ་དེས་སྐྱེ་བ་བཅུ་དྲུག་ན་སངས་རྒྱས་མངོན་དུ་བྱེད་པར་འདོད་དོ། །སྤྱོད་པའི་རྒྱུད་ནི། སྤྱོད་པའི་རྒྱུད་དུ་གཙང་སྦྲ་དག་དང་ནི། །སྤུན་གྲོགས་ཚུལ་གྱིས་དངོས་གྲུབ་འདོད་པ་ཡིན། །ཨུ་པ་ཡ་ཏན་ཏྲ་སྟེ་སྤྱོད་པའི་རྒྱུད་དུ་བདག་དང་ལྷ་གཉིས་མཉམ་པར་ལྟ་བ་སྟེ། བདག་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་པ་བསམས་ཏེ་སྔགས་ཀྱི་འཕྲེང་བ་བདག་གི་ཞལ་ནས་ལྷའི་ཞལ་དུ་སོང་བ་ལྟེ་བ་ནས་ཐོན་ནས་བདག་གི་ལྟེ་བར་ཞུགས་པ་འཁོར་བའི་ཚུལ་གྱིས་བསྒོམ་པ་དང་བཟླས་པའི་མཐར་ཡེ་ཤེས་པ་གཤེགས་ནས་དོན་དམ་པ་སྤྲོས་པ་མེད་པའི་དོན་བསྒོམ་པའོ། །འདི་ནི་ལྟ་བ་ཡོ་
ག་དང་སྤྱོད་པ་ཀྲཱི་ཡ་ལྟར་བྱེད་པས་གཉིས་ཀ་རྒྱུད་ཀྱི་ཐེག་པ་ཞེས་བྱའོ། །རྣལ་འབྱོར་གྱི་རྒྱུད་ནི། རྣལ་འབྱོར་རྒྱུད་དུ་གཙང་སྦྲ་གྲོགས་ཙམ་ལ། །སེམས་ཀྱི་བསྒོམ་པ་གཙོ་བོར་འདོད་པ་སྟེ། །ཕྱག་རྒྱ་བཞི་དང་མངོན་བྱང་རྣམ་པ་ལྔས། །རང་ཉིད་དམ་ཚིག་གཞན་ནས་ཡེ་ཤེས་ལྷ། །གཉིས་མེད་བསྒོམས་པས་དངོས་གྲུབ་ཐོབ་པར་འདོད། །ཡོ་ག་ཏནྟྲ་སྟེ། རྣལ་འབྱོར་གྱི་རྒྱུད་དུ་གཙང་སྦྲ་སྤྱོད་པ་གྲོགས་ཙམ་ལས། དངོས་གཞི་སེམས་ཀྱི་ལྷ་བསྒོམ་པ་གཙོ་བོར་འདོད་དེ། དེ་ཡང་བདག་ཉིད་དམ་ཚིག་པར་བསྐྱེད་ནས་ཡེ་ཤེས་པ་གཞུག་པའི་བར་མངོན་བྱང་ལྔས་བྱེད་དེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས་སྟོང་པའི་ངང་ལས། ཞིང་དང་གནས་ཕུན་སུམ་ཚོགས་པ་འགྲུབ་པའི་རྒྱུ། གདན་པད་ཟླ་ལས་མངོན་པར་བྱང་ཆུབ་པ། ཆོས་ཕུན་སུམ་ཚོགས་པའི་རྒྱུ། གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ། དུས་ཕུན་སུམ་ཚོགས་པ་རྟག་པ་བསམ་གྱིས་མི་ཁྱབ་པའི་རྒྱུ། ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ། འཁོར་ཕུན་སུམ་ཚོགས་པའི་རྒྱུ། སྐུ་ཡོངས་སུ་རྫོགས་པ་དཀྱིལ་འཁོར་གྱི་འཁོར་དང་བཅས་པ་ལས་མངོན་པར་བྱང་ཆུབ་པ། སྐུའི་ངོ་བོ་ཕུན་སུམ་ཚོགས་པའི་རྒྱུ། ལྷ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པ་སྟེ། མངོན་བྱང་ལྔ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་སྟེ་བཞི་པོ་དག་གིས་རྒྱས་བཏབ་ནས་ཆོ་ག་རྫོགས་པའི་མཐར། ཡེ་ཤེས་པ་གཤེགས་ནས་དམ་ཚིག་པ་བསྡུས་ཏེ་སྤྱོད་པ་བྱའོ། །དེ་ལྟར་སྔགས་ཕྱི་པ་གསུམ་པོ་དག་གིས་བསྐྱེད་པའི་རྗེས་ལ་རྫོགས་པའི་རིམ་པ་བསྒོམ་པ་ནི། དེ་དག་ཀུན་ཀྱང་བདེན་གཉིས་རེས་འཇོག་འཛིན། །ཆོས་ཅན་སྣང་བ་ཀུན་རྫོབ་ཀྱི་བདེན་པ་ལྷ་བསྒོམས་པ་དེ་ཡང་མི་དམིགས་པའི་ངང་ལ་འཇོག་པ་ནི། དོན་དམ་པའི་བདེན་པ་སྤྲོས་པ་དང་བྲལ་བར་བསྒོམས་པ་སྟེ། བདེན་གཉིས་
སྔ་ཕྱི་རེས་འཇོག་ཏུ་ཉམས་སུ་ལེན་པའོ། །ད་ནི་སྔགས་ཕྱི་ནང་གི་ཁྱད་པར་བསྟན་པ་ནི། གཞི་དང་ལམ་དང་འབྲས་བུའི་ཁྱད་པར་གྱིས། །ཕྱི་ནང་གསང་བའི་རང་བཞིན་ཤེས་པར་བྱ། །གཞི་སྨིན་བྱེད་དབང་གི་ཁྱད་པར། ལམ་གྲོལ་བྱེད་བསྐྱེད་རྫོགས་དང་གྲོགས་སྤྱོད་པའི་ཁྱད་པར། འབྲས་བུ་གྲོལ་བ་དུས་ཀྱི་ཁྱད་པར་གསུམ་གྱི་སྒོ་ནས་སྔགས་ཕྱི་པ་ལས་ནང་པ་གསང་སྔགས་བླ་ན་མེད་པའི་རང་བཞིན་ཁྱད་པར་འཕགས་པར་ཤེས་པར་བྱའོ། །དེ་ཡང་བུམ་དབང་གཙོ་ཆེ་བ་ནི་ཕྱི་པ་ཡིན་ལ། དབང་གཞན་གསུམ་གཙོ་ཆེ་བ་ནི་ནང་པའོ། །དེའང་རིག་གཏད་དང་། རྗེས་གནང་དང་། བུམ་པའི་དབང་གིས་བྱེད་པ་སྟོན་པས་ཕྱི་པར་གཞག་པ་གསུམ་པོ་ནི། གང་དང་གང་ལ་བླང་དོར་དང་སྤང་གཉེན་མཚན་ཉིད་དང་ཕྱོགས་འདྲ་བའི་ཆ་ནས། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་བྱའོ། །བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཚིག་དབང་རིན་པོ་ཆེ་བཞིས་རྒྱུད་སྨིན་པར་བྱེད་ཅིང་། གང་ཡང་ཐབས་ཀྱི་བླང་དོར་མེད་པར་ལམ་དུ་བྱེད་པའི་ཕྱིར་ནང་པ་གསང་སྔགས་ཀྱི་ཐེག་པ་ཞེས་བྱའོ། །ལམ་བསྒོམ་པའི་ཁྱད་པར་ལ་སྤྲོས་བཅས་བསྐྱེད་པ་རེས་འཇོག་གི་རྫོགས་པ་བསྒོམས་ན་ཕྱི་པ། སྤྲོས་མེད་བསྐྱེད་རྫོགས་ཟུང་དུ་འཇུག་པ་ནང་པའོ། །གྲོགས་སྤྱོད་པའང་གཙང་སྦྲ་ཀུན་ཏུ་སྤྱོད་པ་ཕྱི་པ། མཉམ་པ་ཉིད་དུ་སྤྱོད་པ་ནང་པ་སྟེ། དེ་ལྟར་ཕྱི་པས་རིང་དུ་འབད་ཀྱང་མྱུར་དུ་གྲོལ་བ་མི་རྙེད་དེ། བྱ་བའི་སྒོར་ཞུགས་པས་ཚེ་བཅུ་དྲུག །སྤྱོད་པས་བདུན། རྣལ་འབྱོར་གྱིས་གསུམ་ན། རང་རང་གི་འབྲས་བུ་ཐོབ་པར་ནུས་ཀྱི། ནང་པ་ལྟར་ཤིན་ཏུ་བརྩོན་པས་ཚེ་འདིར་ཐོབ་པའམ་བར་དོར་འགྲུབ་པ་མ་ཡིན་ཏེ། ཡེ་ཤེས་གྲུབ་པའི་རྒྱུད་ལས། བརྟུལ་ཞུགས་སྨྱུང་བ་སྡོམ་པ་དང་། །སྣ་ཚོགས་ཕྱག་རྒྱ་དང་ལྡན་པའི། །ལྷ་ཡི་གཟུགས་སུ་བསྒོམས་པ་ཡིས། །སྒྲུབ་པ་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །
གཞན་ཡང་བཟའ་བ་ལོངས་སྤྱོད་ཀྱི་ཁྱད་པར་དཀར་གསུམ་མངར་གསུམ་གཙོ་ཆེ་བ་ཕྱི་པ། ཤ་ལྔ་བདུད་རྩི་ལྔ་གཙོ་ཆེ་བ་ནང་པའོ། །བགོ་བ་གོས་ཀྱི་ཁྱད་པར་ལས། གོས་གསར་པ་གཙོ་ཆེ་བ་ཕྱི་པ། ཞིང་ཆེན་ནམ་གོས་མེད་གཅེར་བུ་གཙོ་ཆེ་བ་ནང་པའོ། །བྱ་བ་སྤྱོད་པའི་ཁྱད་པར་ནི་ཁྲུས་དང་གཙང་སྦྲ་གཙོ་ཆེ་བ་ཕྱི་པ། འབགས་པ་དང་མ་དག་པས་མི་གནོད་པ་ནང་པའོ། །འབྲས་བུ་དུས་ཀྱི་ཁྱད་པར་ནི་བཤད་ཟིན་ཏོ། །དཀྱིལ་འཁོར་ལྷའི་ཁྱད་པར་ནི་ལྷ་ཞལ་སྦྱོར་དུ་མི་བསྒོམ་པ་ཕྱི་པ། ཡབ་ཡུམ་འཁྲིལ་སྦྱོར་དུ་བསྒོམ་པ་ནང་པའོ། །གདགས་པ་རྒྱན་གྱི་ཁྱད་པར་ནི། དར་དང་རིན་པོ་ཆེའི་རྒྱན་གཙོ་ཆེ་བ་ཕྱི་པ། རུས་པ་དང་མི་མགོའི་རྒྱན་ཆ་གཙོ་ཆེ་བ་ནང་པའོ། །བཞུགས་པ་གནས་ཀྱི་ཁྱད་པར་ནི། རི་རབ་ཀྱི་སྟེང་ལ་སོགས་པ་གཙང་ཞིང་དབེན་པར་བསྒོམ་པ་ཕྱི་པ། ཨོ་རྒྱན་ནམ་དུར་ཁྲོད་ལ་སོགས་པར་བསྒོམ་པ་ནང་པ། ལྡུགས་པ་སྣོད་ཀྱི་ཁྱད་པར་ནི། རིན་པོ་ཆེའི་སྣོད་དམ་པདྨའི་གཞོང་པར་བསམ་པ་ཕྱི་པ། ཀ་པཱ་ལ་གཙོ་བོར་བྱེད་པ་ནང་པའོ། །མཛད་པ་འཕྲིན་ལས་ཀྱི་ཁྱད་པར་ལ། ཞི་རྒྱས་གཙོ་བོར་སྟོན་པ་ཕྱི་པ། དབང་དྲག་གཙོ་བོར་སྟོན་པ་ནང་པའོ། །ནང་པ་དེ་ཡང་ཕ་བླ་ན་མེད་པ། མ་བླ་ན་མེད་པ། གཉིས་སུ་མེད་པ་དང་གསུམ་དུ་ཡོད་ཀྱང་། གྲུབ་པའི་མཐའ་དང་ལྟ་དགོངས་གཉིས་སུ་འདུས་ཏེ། ཐབས་ཕའི་རྒྱུད། ཤེས་རབ་མའི་རྒྱུད་དོ། །དང་པོ་ནི་ཐབས་བསྐྱེད་པའི་རིམ་པ་སྤྲོས་པ་དང་། རྫོགས་རིམ་རླུང་གཙོ་བོར་སྟོན་པ་ཡིན་ལ། མའི་རྒྱུད་དུ་བསྐྱེད་པ་ཆ་ཙམ་ལས། རྫོགས་རིམ་ཐིག་ལེ་འབའ་ཞིག་གཙོ་བོར་སྟོན་པའོ། །དེ་གཉིས་ཆར་གྱི་ལུགས་ཀྱི་དང་པོ་དབང་མ་ཐོབ་ན་ལམ་བསྒོམ་དུ་མི་རུང་བར་འདོད་དེ། ཕྱག་རྒྱ་ཆེན་པོ་ཁ་སྦྱོར་ཐིག་ལེའི་རྒྱུད་ལས། དབང་མ་བསྐུར་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །ཞེས་སོ། །ཡང་སངས་རྒྱས་ཐོད་པ་ལས། ཡང་དག་
དབང་བསྐུར་གྱིས་དབེན་ན། །སྒྲུབ་པ་རྒྱུད་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མར་མཚུངས་པ་དག །མི་བཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་པས། དང་པོའི་སྒོ་དབང་ཐོབ་ལ་གཅེས་སོ། །དེ་ཡང་བླ་མ་མཚན་ཉིད་དང་ལྡན་པ་ལ། རང་ཉིད་ཐར་པ་འདོད་པའི་བློས་དབང་བསྐུར་རྫོགས་པར་ཐོབ་མ་ཐག་ཐར་པའི་ལམ་སྣ་ཟིན་པས། ལམ་དང་པོ་ཚོགས་ལམ་ཆུང་ངུ་བསྒོམ་པ་ལ་དབང་ངོ་། །དེ་ནས་བསྐྱེད་རིམ་དང་རྫོགས་རིམ་བསྒོམ་པ་ལ་ཞུགས་པ་ན། ལུས་ལྷར་བསྒོམ་པ་ལ་སོགས་པའི་དབྱེ་བ་དྲན་པ་ཉེར་གཞག་གི་དོན་བསྒོམ་པ་ཡིན་ནོ། །དེ་ནས་རིམ་གྱིས་སྦྱོར་མཐོང་བསྒོམ་པ་རྫོགས་ཏེ་སངས་རྒྱས་ཀྱི་ས་མཆོག་དཀྱིལ་འཁོར་གཅིག་ཏུ་འགྲུབ་པའོ། །མཚན་ཉིད་ལྟར་ནའང་བྱང་ཆུབ་ཏུ་སེམས་བསྐྱེད་ཐོབ་ནས་དྲན་པ་ཉེར་གཞག་ལ་མོས་པས་བསྒོམས་ན་ཐར་པའི་ལམ་དུ་ཚུད་ཅིང་། གྲངས་མེད་གསུམ་གྱི་མགོ་རྩོམ་པ་ལ་ཞུགས་པར་འདོད་དེ། ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་གྱིས། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་ཅེས་བརྗོད། །ཅེས་སོ། །དེང་སང་ཡང་ཐར་པའི་ལམ་ལ་བསྒོམ་པ་ཤིན་ཏུ་མང་ངོ་། །ཚུལ་གཞན་དུ་རྟོགས་པ་རྣམས་ཀྱིས་ལུང་གི་དགོངས་པ་མ་མཐོང་བར་ཟད་དོ། །སྔགས་ཕ་མ་འདི་གཉིས་ལ། དཀྱིལ་འཁོར་གང་དུ་ལྷའི་རྣམ་པ་ཕོ་ཤས་ཆེ་ཞིང་། དར་དང་རིན་པོ་ཆེའི་རྒྱན་ཅན་སྟོད་གཡོགས་དང་སྨན་གཡོགས་སུ་ལྡན་པ་གཙོ་ཆེ་བ་ཕ་རྒྱུད། ལྷ་མོའི་རྣམ་པ་ཤས་ཆེ་བ་རྣམས་གཅེར་བུ་རུས་པའི་རྒྱན་ཆ་དང་། གཡང་གཞི་དང་ཐལ་ཆེན་གྱིས་བྱུགས་པ་ལ་སོགས་པ་གཙོ་ཆེ་ན་མ་རྒྱུད་དོ། །དེ་ཡང་དབུས་ཀྱི་གཙོ་བོ་གོ་འཕོ་ལ་གཙོ་མོ་མི་འཕོ་ན་རྣལ་འབྱོར་ཕའི་རྒྱུད་དེ། དབྱིངས་ཕྱུག་མ་གཅིག་པུ་ལ། རྣམ་སྣང་། མི་བསྐྱོད་པ། རིན་ཆེན་འོད་དཔག་མེད་དོན་ཡོད་གྲུབ་པ་རྣམས་ཀྱི། དཀྱིལ་
འཁོར་གང་སྒྲུབ་ཀྱི་གཙོ་བོར་འགྱུར་ཏེ། སྐུའི་དཀྱིལ་འཁོར་ལ་རྣམ་སྣང་། གསུང་འོད་དཔག་མེད། ཐུགས་མི་བསྐྱོད་པ། ཡོན་ཏན་རིན་ཆེན་འབྱུང་ལྡན། འཕྲིན་ལས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ཏེ། ཡུམ་ནི་དབྱིངས་ཕྱུག་མ་གཅིག་པུའོ། །དེ་བཞིན་དུ་དབུས་ཀྱི་གཙོ་མོ་གོ་འཕོ་ལ་གཙོ་བོ་མི་འཕོ་ན་མའི་རྒྱུད། གཙོ་བོ་འཕོ་ལུགས་རིགས་ལྔའི་བྱེད་པས་དོན་དེ་དང་གཅིག་གོ །ཅིའི་ཕྱིར་གཙོ་བོ་གོ་འཕོ་ཞེ་ན། མེ་ཏོག་གང་ལ་ཕོག་པའི་ལྷའི་རིགས་གཙོ་བོར་བྱས་ན་ཉེ་བའི་དཀྱིལ་འཁོར་ཞེས་བྱ་སྟེ་སྒྲུབ་ཐག་ཉེ་བའི་ཕྱིར་དང་། ལས་བཞི་གང་སྒྲུབ་ཀྱི་རིགས་དང་དཀྱིལ་འཁོར་རྒྱས་པ་རྫོགས་པར་བསྙེན་པས་ས་མཆོག་མྱུར་དུ་འགྲུབ་པའི་ཕྱིར་རོ། །དེ་ཡང་སྐུའི་སྐུ། སྐུའི་གསུང་། སྐུའི་ཐུགས། སྐུའི་ཡོན་ཏན། སྐུའི་འཕྲིན་ལས་ཏེ་ལྔ་པོ་རེ་རེ་ལ། ལྔ་ལྔར་ཕྱེ་བ་ཉི་ཤུ་རྩ་ལྔ། ཡེ་ཤེས་ལྔའི་རིགས་དེ་སྙེད་དུ་ཕྱེ་བས་ཉི་ཤུ་རྩ་ལྔ་པ་གཉིས་པོ་ཕན་ཚུན་སྦྲེལ་བས། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རིགས་བརྒྱ་དང་། སྟོང་དང་ཁྲི་འབུམ་བྱེ་བ་དང་། བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་བར་དུ་འགྱུར་བ་ཡིན་ནོ། །དེ་ཡང་རིམ་པས་དང་པོར་ཡི་གེ་ས་བོན་ལ་དམིགས་པ། བརྟན་པར་མ་གྱུར་གྱི་བར་དུ་དེ་བསྒོམ་ཞིང་། གང་བསྒོམ་པའི་ལྷའི་གཙོ་བོའི་ས་བོན་ཧཱུྃ་ངམ་ཨ་ལྟ་བུ་ལས། འཁོར་གྱི་ལྷའི་ས་བོན་རྣམས་འཕྲོ་འདུ་བྱ་བ་དང་། དབྱངས་གསལ་གྱི་འཕྲོ་འདུས་ལས་བཞི་སྒྲུབ་པ་ཡིན་ཏེ། སྒྱུ་འཕྲུལ་ལས། ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་སོ། །དེ་ནས་རྫོགས་རིམ་ཡི་གེའི་སྤྲོ་བསྡུ་མི་དམིགས་པའི་ངང་ལ་འཇོག་པའོ། །དེ་ཡང་སེམས་ཉིད་ཡི་གེ་ཨའི་རང་བཞིན་སྐྱེ་བ་མེད་པར་གནས་པ་ལས། རྩ་གནས་འཁོར་ལོའི་ཡི་གེ་སྤྲིན་ཆགས་ཏེ། གསུང་གསང་སྔགས་ཀྱི་དཀྱིལ་འཁོར་དུ་གྲུབ་པ་ལས། འགྲོ་བའི་སྒྲ་སྐད་ཀུན་འབྱུང་ཞིང་། ཡི་གེ་ཕྱག་མཚན་
དུ་གྱུར་པ་ལས་སྐུ་སྒྱུ་མ་ལྟ་བུ་དང་འགྲོ་བའི་ལུས་འབྱུང་ཞིང་། ཡི་གེའི་ངོ་བོ་སྐྱེ་བ་མེད་པ་ལས་ཐུགས་ཆོས་ཀྱི་སྐུ་མི་ཕྱེད་རྡོ་རྗེ་དང་། འགྲོ་བའི་ཡིད་སེམས་རྟོག་བཅས་དབང་ཤེས་མི་རྟོག་པ་དང་བཅས་པ་འབྱུང་བའི་ཕྱིར། ཆོས་ཐམས་ཅད་ཡི་གེའི་སྒོ་ལ་གནས་ཏེ། དེ་ཉིད་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་པ་དང་། ཡུམ་ལས། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་སོ། །ཡི་གེ་དེ་ཡང་གསུམ་སྟེ། རང་བཞིན་ལྷུན་གྲུབ་ཀྱི་ཡི་གེ་འོད་གསལ་བའི་སེམས་ཉིད་དང་། ལུས་གནས་རྩའི་ཡི་གེ་དབྱངས་གསལ་ལྷའི་ས་བོན་དང་། སྒྲ་དོན་རྟགས་ཀྱི་ཡི་གེ་སྒྲ་སྤྱི་དང་དོན་སྤྱིའི་རྣམ་པ་ཡི་གེར་བཏགས་པ་དང་། དེའི་ཕྱི་མོ་བྲིས་པ་ལཉྫ་དང་ན་ག་ར་དང་བོད་ཀྱི་ཡི་གེ་ལ་སོགས་པའོ། །ཡི་གེ་ལ་དམིགས་པ་བརྟན་ནས་ཕྱག་མཚན་དང་། དེ་བརྟན་ནས་སྐུ་རྐྱང་པ་དང་། དེ་ནས་རྒྱན་དང་། དེ་ནས་ཡུམ་དང་། དེ་ནས་གཞལ་ཡས་ཁང་འཁོར་ཚོམ་བུ་དང་བཅས་པ་དང་། དེ་ནས་འོད་ཟེར་སྤྲོ་བསྡུ་དང་བཅས་པར་བསྒོམ་པ་ནི། དཀྱིལ་འཁོར་དང་པོའི་ཏིང་ངེ་འཛིན་ཏེ། ཚོགས་ཀྱི་ལམ་གསུམ་རྫོགས་ནས་སྤྲུལ་པའི་སྐུའི་ཞལ་མཐོང་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། སྤྱན་དང་མངོན་ཤེས་ཕྲ་མོ་གྲུབ་པའོ། །དེ་ནས་ཕྱོགས་ཀྱི་སྒོའི་སྟེང་དང་དབུས་ཀྱི་ཕྱུར་བུར་ལྔར་དཀྱིལ་འཁོར་སྤྲོ་བ་ལས། གཙང་ཁང་དུ་རྣམ་སྣང་ལྟ་བུའི་དཀྱིལ་འཁོར་རྫོགས་པ་གཅིག་བསྒོམ་པ་ནི། སྔར་ཁྲོ་བོའི་དཀྱིལ་འཁོར་བསྒོམས་པ་དེས། དེར་ཞི་བར་བསྒོམས་ལ། ཞི་བ་ཁྲོ་བོར་བསྒོམས་པས་སྦྱོར་ལམ་དྲོད་ཐོབ། དེ་ནས་ཤར་སྒོའི་སྟེང་གི་རྟ་བབས་ཀྱི་ཁང་པར་མི་བསྐྱོད་པ་བསྒོམས་པས་རྩེ་མོ། རྒྱབ་ཀྱི་སྒོའི་ཁང་པར་སྣང་བ་མཐའ་ཡས་ཀྱིས་བཟོད་པ། གཡས་ཀྱི་སྒོའི་ཁང་པར་རིན་ཆེན་འབྱུང་ལྡན་གྱིས་ཆོས་མཆོག །དེ་ནས་བྱང་གི་སྒོའི་ཁང་བུར་དོན་གྲུབ་ཀྱི་དཀྱིལ་འཁོར་བསྒོམས་པས་མཐོང་ལམ་ཐོབ་ནས། ཡོན་ཏན་བརྒྱ་ཕྲག་
བཅུ་གཉིས་འཐོབ་བོ། །དེ་ཡང་དུས་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱའི་ཞལ་བལྟ་བ་ལ་སོགས་པའོ། །དེ་ནས་དེ་ལྟ་བུའི་དཀྱིལ་འཁོར་སྟོང་ཕྲག་བཅུ་གཉིས་ཀྱི་བསྒོམ་པ་རྫོགས་པས་ས་གཉིས་པའོ། །བྱེ་བ་ཕྲག་བཅུ་གཉིས་ཀྱིས་ས་གསུམ་པའོ། །བྱེ་བ་ཁྲག་ཁྲིག་ཕྲག་བརྒྱས་བཞི་པའོ། །བྱེ་བ་ཁྲག་ཁྲིག་ཕྲག་སྟོང་གིས་ལྔ་པའོ། །བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་གིས་དྲུག་པའོ། །བྱེ་བ་ཁྲག་ཁྲིག་ཕྲག་བརྗོད་དུ་མེད་པ་བསྒོམ་པས་ས་བདུན་པའོ། །རབ་བཀྲམ་གྱིས་བརྒྱད་པའོ། །གཞལ་ཡས་ཀྱིས་དགུ་པའོ། །གྲངས་མེད་ཀྱིས་བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་བསྒོམ་པ་རྫོགས་པས་ས་བཅུ་པའོ། །དེའི་མཐར་རྡོ་རྗེ་འཆང་ཀུན་ཏུ་བཟང་པོ་ཧེ་རུ་ཀའི་དབང་ཕྱུག་རྣམས་ཀྱིས་དབང་བསྐུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་དབང་རྫོགས་པའོ། །དེ་ཡང་དབུ་མ། རོ་མ། རྐྱང་མ་གསུམ་ལས་གྱེས་པའི་འཁོར་ལོ་བཞི་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོའོ། །དབུ་མ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་གོ །རླུང་སེམས་ལས་སུ་རུང་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གོང་དུ་རྫོགས་པ་དང་། འཆི་བའི་དུས་གསུམ་པོར་མདུད་པ་རྣམས་རིམ་པས་གྲོལ་བས། རླུང་སེམས་ཀྱི་འདུ་འཕྲོད་ལས། སྣང་བ། མཆེད་པ། ཐོབ་པ། ཉེ་བར་ཐོབ་པའི་ཡེ་ཤེས་བཞི་དང་། ཏིང་ངེ་འཛིན་དང་། མངོན་ཤེས་ལ་སོགས་པ་ཡོན་ཏན་གྱི་ཚོགས་རྣམས་འགྲུབ་སྟེ། མདུད་པ་དང་པོ་གཉིས་གྲོལ་བས་ས་དང་པོ་ནས་བཟུང་སྟེ། མདུད་པ་གཉིས་གཉིས་གྲོལ་བས་ས་རེ་རེ་ཐོབ་ཅིང་ཉི་ཤུ་རྩ་གཅིག་པ་གྲོལ་བས་རྡོ་རྗེ་འཆང་དུ་འགྲུབ་པའོ། །ལྟེ་བའི་རྩ་མདུད་གྲོལ་རླུང་སེམས་ལས་སུ་རུང་བས་སྤྲུལ་པའི་སྐུ་དང་། མགྲིན་པས་ལོངས་སྐུ་དང་། སྙིང་གས་ཆོས་སྐུ་དང་། སྤྱི་བོས་བདེ་བ་ཆེན་པོའི་སྐུ་འགྲུབ་པའོ། །ཞིང་དག་པ་དང་། སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་སྣང་བ་ཡང་ནང་དུ་རླུང་སེམས་གནད་དུ་སོང་བ་
ལས་འབྱུང་ལ། ཚོགས་རྫོགས་དུས་རླུང་སེམས་གནད་དུ་འགྲོ་བའི་ཕྱིར། བསྐྱེད་རྫོགས་སྤེལ་མར་བྱེད་ཅིང་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་སྤྱོད་པས་རླུང་སེམས་ངན་པ་སྦྱོང་། བཟང་པོ་གནད་དུ་བསྣུན་པའོ། །འཁྲུལ་སྣང་ངན་པ་འབྱུང་ངོ་ཅོག་ཀྱང་རླུང་སེམས་ཀྱི་འདུ་བ་ངན་པ་ལས་བྱུང་སྟེ། བསོད་ནམས་མ་ཡིན་པའི་ལས་ཀྱིས་རིགས་དྲུག་ཏུ་སྣང་བ་ཡང་། དོན་གཞན་ཕྱི་རོལ་ན་མེད་པར། རླུང་སེམས་འདུ་བའི་སྣང་བ་དེར་སྣང་བ་སྟེ། དྷ་དུ་ར་ཟོས་པས་སྲོག་རླུང་འདུས་པའི་སྣང་བ་བཞིན་ནོ། །རྫས་དང་། ལུས་གནད་དང་། དགེ་མི་དགེའི་བྱེད་པས་རླུང་སེམས་འདུས་པའི་སྣང་བ་ཚད་མེད་པ་འཆར་རོ། །རྨི་ལམ་ཡང་རླུང་སེམས་འདུས་པའི་སྣང་བ་སྟེ། བཟང་པོ་དང་། ངན་པ་དང་། སྤེལ་མ་རྣམས་དང་། འགྲོ་དྲུག་གི་ཡུལ་མཐོང་བ་ལ་སོགས་པ་མགྲིན་པ་དང་། ལྟེ་བ་ལ་སོགས་པ་འཁྲུལ་སྣང་འདུ་བའི་རྩ་འདབ་ཏུ་རླུང་སེམས་འདུས་པའི་སྣང་བའོ། །དེ་ཡང་གཉིད་དུ་སོང་དུས་ཕྱིར་སྒྲ་གྲགས་པས་རྐྱེན་བྱས་ཏེ་ཐོས་པ་དང་། ནང་དུ་རླུང་དང་ཁམས་སྤྱི་བོར་སོང་བས་རི་རྩེར་ཕྱིན་པ་ན་གཞན་དག་གླུ་ལེན་པ་ཐོས་པ་འབྱུང་ཞིང་། རླུང་དང་ཁམས་ཐུར་ལ་འབབ་དུས། ཐུར་ལ་བརྒྱུགས་པ་ན་ཁ་དོན་ལ་སོགས་པ་ཐོས་པ་དང་། ཐད་དྲང་དུ་རྒྱུ་དུས་ཐད་མཉམ་དུ་འགྲོ་བ་ལ་སོགས་པའོ། །དུད་འགྲོའི་རྩ་ནང་དུ་འདུས་ན་སྟག་གཟིག་དང་གླང་པོ་ཆེ་ལ་སོགས་པ་སྣང་ཞིང་། མིར་འདུས་ན་ཡུལ་སྣ་ཚོགས་ཁང་ཁྱིམ་ལ་སོགས་པ་ནས། རྩ་འདབ་ནས་རྩ་འདབ་ཏུ་འདུས་ཏེ་ལུས་ཀྱི་ཆ་ཤས་ལ་འདུས་དུས་སྔར་ཕྱིན་མ་མྱོང་བའི་ཡུལ་ཐག་རིང་པོར་སྣང་བ་བདེ་སྡུག་ཏུ་སྣང་ཞིང་། བར་མ་དང་རང་གི་གནས་སུ་སྣང་བ་ནི་དེ་བས་ནང་དུ་ཐུང་བར་འདུས་པའོ། །གཉིད་དུ་མ་སོང་བའི་གསལ་སྣང་དེ་དག་སྣང་བ་ཡང་དེར་རླུང་སེམས་འདུས་པ་ཡིན་ལ། ཁྱད་པར་དུ་སྦྱོར་དྲུག་དང་། རྫོགས་ཆེན་སྙིང་ཐིག་གི་མུན་པའི་རྣལ་འབྱོར་དུ་འཁྲུལ་སྣང་གིས་འགྲོ་དྲུག་དང་། ལྷ་མིར་སྣང་བ་རྣམས་ཀྱང་རླུང་ལྔ་འདུས་པའི་སྣང་བར་ཤེས་པར་བྱའོ། །རྩ་ཡང་
རྩ་བ་གསུམ་ལས་གྱེས་པས་གྲངས་ཀྱི་དབྱེ་བསྡུ་དཔག་ཏུ་མེད་པ་ནི་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱ་སྟེ། དཔེར་ན་མ་རྒྱུད་དུ་ཁམས་འབབས་པ་དང་། རླུང་དང་ཁྲག་བབས་པའི་རིམ་པ་སུམ་ཅུ་རྩ་གཉིས་དང་། རྒྱས་པར་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འདོད་དེ། སངས་རྒྱས་ཐོད་པ་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་རྣམས་ཀྱི་ནི་རིགས་བཤད་དོ། །ཞེས་པ་བཞིན་ནོ། །རླུང་ཡང་འབྱུང་བ་ལྔའི་བྱེད་པས་གྲངས་ཐ་དད་ལ་ཐུན་མོང་དུ། ཉིན་ཞག་ཕྲུགས་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་རྒྱུ་བའོ། །མདོར་ན་རྩ་དང་རླུང་དང་། ཐིག་ལེའི་དབྱེ་བསྡུ་ནི་རྒྱུད་སྡེ་སོ་སོའི་དགོངས་པས་མང་ཉུང་དང་། མིང་གི་རྣམ་གྲངས་ཐ་དད་དུ་བཤད་ཀྱང་། བསྐྱེད་རྫོགས་དང་དྲོད་ཚད་མཐུན་པས་ས་ལམ་བགྲོད་པར་མཐུན་ནོ། །མང་ཉུང་གྲངས་མི་མཐུན་པ་ནི། རང་རང་གི་རྒྱུད་ཀྱིས་ཉོན་མོངས་པ་དང་། རྩ་དང་དབང་པོ་ཐ་དད་པས་ལམ་སྒྲུབ་ཚུལ་མི་གཅིག་པས་བྱུང་སྟེ། ལྷ་སར་བགྲོད་པ་ལའང་། ལུང་པ་སོ་སོ་ནས་འོང་དུས་མགྲོན་ལམ་དང་། རི་དང་། གྲོང་དང་། ལམ་སྲང་གི་རྐང་གྲངས་མང་ཉུང་དང་མིང་ཐ་དད་དུ་འོང་བ་བཞིན་ནོ། །འོ་ན། ས་དང་ལམ་དང་སངས་རྒྱས་ཐམས་ཅད་གོ་གཅིག་པ། །ཞེས་པས། ཐམས་ཅད་རོ་གཅིག་པས་དེ་ལ་ལྟོས་མི་དགོས་པར་རིག་པ་གཅིག་པུས་གྲོལ་བ་མ་ཡིན་ནམ་ཞེ་ན། བཤད་པ་དེ་ནི་ལམ་གཙོ་ཆེ་བས་བཏགས་ཤིང་། ཐམས་ཅད་སེམས་ཉིད་ཀྱི་དོན་དུ་གོ་གཅིག་པས་ལམ་སྒྲུབ་པར་བསྟན་གྱིས། ངོ་བོ་གཅིག་པས་གཞན་མི་དགོས་པར་བསྟན་པ་མ་ཡིན་ཏེ། ཀྱེ་མ་རིན་ཆེན་དབང་དང་བྲལ་བའི་སྐྱེས་བུ་ནི། །གདོལ་པ་དམན་པ་རྣམས་ཀྱང་རྒྱལ་པོར་རེ་སྨོན་བཞིན། །ཞེས་པ་ལ་སོགས་པ་དང་། དབང་དང་། དམ་ཚིག་དང་། ཐབས་ཕྱག་རྒྱ་དང་། རླུང་གི་རིམ་པ་གསུངས་པ་ཡིན་ནོ། །བླུན་པོ་གཟུ་ལུམས་སུ་སྨྲ་བ་དག་མདོ་རྒྱུད་ཀྱི་དོན་དང་གནམ་ས་བཞིན་རིང་བའི་ཕྱིར། ཆོས་སྤོང་བས་རང་གི་རྒྱུད་དཀྲུགས་པར་ཟད་དོ། །དེས་ན་གསང་སྔགས་
ཆེན་པོ་དེ་དག་གི་གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཉི་ཟླ་ལྟ་བུར་རང་ལ་ཡོད་པ་དེ། དབང་གིས་ལམ་དུ་སྨིན་པའི་ནུས་རུང་དུ་བྱས་ནས། ལམ་བསྐྱེད་རྫོགས་ཟུང་དུ་འཇུག་པས། འབྲས་བུ་རྡོ་རྗེ་འཆང་དུ་གྲུབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཏེ། བརྟག་གཉིས་ལས། བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་པ་སྟེ། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་སོ། །ད་ནི་གཞུང་ཉིད་བཤད་པ་ནི། རྣལ་འབྱོར་ཆེན་པོས་ཆོས་ཀུན་མཉམ་པའི་ངང་། །དབུ་མ་ཆེན་པོར་རོ་མཉམ་དག་པ་ལས། །ཁྱད་པར་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །དཀྱིལ་འཁོར་གཅིག་ཏུ་ཤེས་པས་རྣམ་བསྒོམས་ཏེ། །གང་ཡང་ཐབས་མཆོག་རྒྱལ་པོས་གྲོགས་སུ་བསྒྱུར། །བསྐྱེད་རྫོགས་ཟུང་འཇུག་བདེན་པ་དབྱེར་མེད་ཉིད། །བསྒོམས་པས་ཚེ་འདིར་དངོས་གྲུབ་ཐོབ་པར་བཞེད། །རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་སྒོ་ནས་བྱང་ཆུབ་འདོད་པ་དག་གིས་ཟབ་མོ་ཆོས་ཀྱི་དབྱིངས་ཐམས་ཅད་མཉམ་པ་ཉིད་ནམ་མཁའ་ལྟར་གོ་སྐབས་ཤིན་ཏུ་ཡངས་པར་རྟོགས་པའི་ངང་ལས། དབུ་མ་ཆེན་པོར་གཏན་ལ་ཕབས་པ་ལྟར། སྤྲོས་པའི་གྲུབ་མཐའ་དང་ཁས་ལེན་གང་ཡང་མེད་པར་དག་མཉམ་རང་དག་ཆེན་པོར་ཤེས་པ་ཉིད་ཀྱི་ངང་ནམ་མཁའི་ཁམས་སྐྱེ་བ་མེད་པར། རྒྱ་ཆེ་བ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་དཀྱིལ་འཁོར་ཆེན་པོར་ཡེ་ནས་གནས་པ་གསལ་འདེབས་པས། ཕྱི་ཡུལ་དུ་སྣང་བ་སངས་རྒྱས་ཀྱི་ཞིང་ཁམས་འོག་མིན་གྱི་གནས་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་། ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་རིན་པོ་ཆེའི་འོད་འབར་བའི་ས་གཞི་ཆེན་པོ་མཉམ་ལ་རང་བཞིན་གྱིས་འོད་གསལ་བ། ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་གྱི་བཀོད་པ་སྒོ་རྟ་བབས་ལ་སོགས་པ་ཡོངས་སུ་རྫོགས་པ་ནི། ལུས་ཕུང་པོ་ལྔ་དང་འབྱུང་བ་ལྔ་སངས་རྒྱས་རིགས་ལྔ་ཡབ་ཡུམ་གྱི་ངོ་བོ་ལ་རྟོག་ཚོགས་བྱང་ཆུབ་སེམས་དཔའ་ཡབ་ཡུམ་སྒོ་བ་དང་
བཅས་པར་གསལ་བས་གཟུགས་ཐམས་ཅད་སྣང་སྟོང་། སྒྲ་ཐམས་ཅད་གྲག་སྟོང་། སེམས་ཐམས་ཅད་རིག་སྟོང་སྒྱུ་མའི་རང་བཞིན་དུ་སྐུ་དང་། གསུང་དང་། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་གསུམ་བསྒོམ་པ་དེ་ཡང་། གསལ་བ་ཙམ་གྱི་ཆ་ནས་བསྐྱེད་པ་དང་། རང་བཞིན་མེད་ལ་ཏིང་ངེ་འཛིན་གྱི་ངང་དྭངས་དང་བཅས་པའི་སྒོ་ནས་རྫོགས་པར་ལྷུན་གྱིས་གྲུབ་པས་བསྐྱེད་རྫོགས་ཟུང་འཇུག །བདེན་པ་དབྱེར་མེད་ཆེན་པོར་བསྒོམས་པ་ལ་ཐུན་བཞིའམ་ཆུ་བོ་རྒྱུན་གྱི་རིམ་པས་རྣལ་འབྱོར་དུ་བྱེད་ཅིིང་། ཕྱི་ནང་གི་སྣང་བ་དང་སེམས་ཀྱི་འགྲོ་ལྡོག་བཟང་ངན་ཐམས་ཅད་ཐབས་ཀྱི་རྒྱལ་པོ་མཉམ་རྫོགས་རོལ་པར་ཤར་ནས། འདོད་ཡོན་ཐམས་ཅད་ལྷ་ལ་ལྷ་འཇུག་པའམ། ལྷ་ལ་མཆོད་པ་འབུལ་བའི་རྣམ་པས་ལམ་དུ་བྱའོ། །དེའང་ཡུལ་དུ་སྣང་བ་ཡུམ་དུ་ཤེས་ནས་བཟའ་བཏུང་གོས་ལ་སོགས་པ་ཡབ་ཀྱི་ངང་ནས་ཟུང་དུ་འཇུག་པས་རོལ་པ་ནི་ལྷ་ལ་ལྷ་ཐིམ་པ་སྟེ། སྒྱུ་འཕྲུལ་ལས། གཟུགས་སྒྲ་དྲི་རོ་རེག་ལ་སོགས། །རྣམ་སྨིན་ཡུམ་དུ་ཤེས་པས་སྤྱད། །ཅེས་པ་དང་། ཐ་མལ་བའི་སྣང་བས་མི་སྤྱད་དེ། འདོད་ཡོན་རང་གར་ཞེན་ནས་དུག་ལྔ་རང་རྒྱུད་དུ་ཤོར་ན་གསང་སྔགས་ཀྱི་ལམ་དུ་མི་རུང་བའི་ཕྱིར། བསྐྱེད་རྫོགས་ལས་མ་ཡེངས་པར་བྱ་བ་ཉིད། གསང་བ་གྲུབ་པ་ལས། ཐ་མལ་པ་ཡི་ལུས་སྤངས་ནས། །ལྷ་རྫས་ང་རྒྱལ་ལྡན་ཡིད་ཀྱིས། །ཏིང་འཛིན་མཆོག་ལ་རྣམ་གནས་ན། །དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཅེས་པ་དང་། རྩ་ལྟུང་ལས། སངས་རྒྱས་བྱང་ཆུབ་འདོད་པ་ཡིས། །རྩ་བ་ཆད་པའི་ཞེ་སྡང་ནི། །སྐད་ཅིག་ཙམ་ཡང་བསྟེན་མི་བྱ། །སེམས་འཁྲུགས་པ་ལ་ཐར་ལམ་མེད། །ཅེས་པ་དང་། དེའི་འགྲེལ་པར། བསྐལ་པ་མང་པོར་ཚོགས་བསགས་པས། །རིན་ཆེན་སྣོད་དུ་བདུད་རྩི་ཟགས། །རྟག་པར་བརྩོན་པར་མི་བྱེད་ན། །ཅི་ཕྱིར་འདོད་པའི་དུག་གིས་མྱོས། །ཞེས་སོ། །དེའང་ཐམས་ཅད་ལྷ་དང་དཀྱིལ་འཁོར་གྱི་སྣང་བ་རྨི་ལམ་ལྟ་བུར་བསྒོམས་པས་ཕྱི་དོན་དུ་འཛིན་པའི་རྣམ་རྟོག་དང་། དཀྱིལ་འཁོར་རང་གནས་ལ་སྒྲིབ་པའི་མུན་ནག་སངས་ཏེ། རྫོགས་རིམ་ཡོད་མེད་མཐར་
འཛིན་ལས་ཀྱང་འདའ་བ་ཡིན་ནོ། །དེའང་དཀྱིལ་འཁོར་དུ་བསྒོམ་པ་སྤྲོས་པ་མ་ཡིན་ནམ་ཞེ་ན། སྤྲོས་པ་ཡིན་ཡང་སྤྲོས་པ་ངན་པ་རྣམས་དབྱིངས་སུ་ཞི་བར་བྱེད་པའི་ཐབས་ཡིན་པས་ཉེས་པ་མེད་དེ། བརྟགས་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱི་སྤྲོས་པ་སྒོམ། །སྤྲོས་པ་རྨི་ལམ་ལྟར་བསྒོམས་ན། །སྤྲོས་པ་ཉིད་ཀྱིས་སྤྲོས་མེད་བྱེད། །ཅེས་སོ། །ཁ་ཅིག་འདིར། སྔགས་ཀྱི་བཟླས་མེད་དཀའ་ཐུབ་དང་ནི་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་པ་སྟེ་དཀའ་ཐུབ་དང་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དཀྱིལ་འཁོར་ཆེན་པོ་ཉིད། །ཅེས་ཀྱེ་རྡོ་རྗེ་ལས་གསུངས་པས། དོན་དམ་པར་ཅི་ཡང་མེད་པར་འཛིན་པ་དེ་ནི་ཐ་ཆད་དུ་ལྟ་བས་གསང་སྔགས་ལ་སྐུར་པ་འདེབས་པའོ། །ལུང་དེ་ནི་རྣལ་འབྱོར་པ་ཆེན་པོ་སྣང་སྲིད་དཀྱིལ་འཁོར་དུ་རྟོགས་ནས་ཉོན་མོངས་པ་རང་སངས་སུ་སོང་བ་དག་ལ་བཅོས་མ་འདུས་བྱས་ཀྱི་དཀའ་ཐུབ་ལ་སོགས་པ་མི་དགོས་ཏེ་རྟོག་པ་དག་མཉམ་དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པས་དེ་འགྲུབ་པའི་ཐབས་སུ་སྦྱིན་སྲེག་ལ་སོགས་པ་བསྟན་ན། དེ་གྲུབ་ཟིན་ནས་རྒྱུ་ཕལ་པ་ལ་དགོས་པ་མེད་དེ་ཆུ་བརྒལ་ནས་གྲུ་ཁུར་བ་ལ་དགོས་པ་མེད་པ་བཞིན་ནོ་ཞེས་འདོད་པ་ཡིན་ནོ། །གཤིས་འོད་གསལ་གཞིའི་དཀྱིལ་འཁོར་སྤྲོས་པ་མེད་པའི་རང་བཞིན་ལ་ལྷ་དང་སྔགས་ཉི་མ་དང་འོད་ལྟར་རང་ཆས་སུ་གནས་ཏེ། བརྟག་གཉིས་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་གསུངས་སོ། །དེ་ལྟར་རྣལ་འབྱོར་ལ་བརྩོན་ན་ཚེ་འདི་ཉིད་དམ་བར་དོར་རྡོ་རྗེ་འཆང་དུ་འགྲུབ་པ་ལ་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་མཐུན་པའོ། །དེ་ལྟ་བུའི་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་དེ་ཡང་། དབྱེ་ན་ཕ་མ་གཉིས་མེད་རྒྱུད་དག་ལས། །བསྐྱེད་རིམ་ཐབས་རླུང་རྫོགས་རིམ་གཙོར་འདོད་པ། རྣལ་འབྱོར་ཕ་རྒྱུད་བླ་ན་མེད་པ་ཡིན། །བསྐྱེད་རིམ་དང་རྫོགས་རིམ་རླུང་གཙོ་བོར་འདོད་ཅིང་མངོན་སྤྱོད་དང་འཕྲིན་ལས་སྣ་ཚོགས་པ་རྒྱས་པར་སྟོན་པའི་རྒྱུད་སྡེ་དག་ནི་ཕ་རྒྱུད་ལ། རྫོགས་རིམ་ཤེས་རབ་ཐིག་ལེ་གཙོར་འདོད་པ། །
རྣལ་འབྱོར་བླ་མེད་མ་ཡི་རྒྱུད་ཅེས་བྱ། །རྫོགས་པའི་རིམ་པ་དང་། ཐིག་ལེ་ལ་བརྟེན་པའི་ཤེས་རབ་གཙོ་བོར་འདོད་ཅིང་། དབང་གི་ལས་གཙོ་བོར་འདོད་པ་ནི་མའི་རྒྱུད་དེ། མདོར་ན་ཐབས་ཤེས་རབ། བསྐྱེད་པ་རྫོགས་པ། རྒྱ་ཆེ་བ་ཟབ་པ་གཉིས་གཉིས་ཀྱི་སྒོ་ནས་ཕ་དང་མའི་རྒྱུད་སྡེར་དབྱེ་བ་ཡིན་ལ། མི་རྣམས་ལའང་སྐྱེས་པ་དང་བུད་མེད་གཉིས་ཀྱི་རིམ་པས་དེ་གདུལ་བའི་ངོར་རྒྱུད་ཀྱང་གཉིས་སུ་བཤད་དེ། རྡོ་རྗེ་གུར་ལས། ཐབས་ཀྱི་སྐྱེས་པ་འདུལ་བའི་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་བཤད་དོ། །ཤེས་རབ་བུད་མེད་འདུལ་བའི་ཕྱིར། །ཕྱི་ནས་རྣལ་འབྱོར་མ་རྒྱུད་བཤད། །ཅེས་སོ། །དེ་གཉིས་ཀའི་རང་བཞིན་མཚུངས་པར་ཉམས་སུ་ལེན་པའི་དོན་དུ་བསྐྱེད་རྫོགས། གཉིས་ཀ་དག་མཉམ་ཡེ་ཤེས་གཙོར་འདོད་པ། །གཉིས་མེད་རྒྱུད་སྡེ་བླ་ན་མེད་པ་སྟེ། །ནང་པའི་ཆོས་ཀུན་བསྡུ་ན་དེ་ཙམ་མོ། །ཐབས་བསྐྱེད་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀ་མཉམ་པར་སྟོན་ཞིང་། ཐམས་ཅད་ངང་གིས་འོད་གསལ་བའི་ཡེ་ཤེས་གཙོ་བོར་འདོད་པ་ལ་དཔལ་གཉིས་སུ་མེད་པའི་རྒྱུད་ཅེས་བྱའོ། །དེ་ཡང་དཔལ་གསང་བ་འདུས་པ་དང་། གཤིན་རྗེ་གཤེད་ལ་སོགས་པར་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ལམ་གྱི་ངོ་བོར་གསུངས་ལ། བདེ་མཆོག་འཁོར་ལོ་དང་། རྡོ་རྗེ་གདན་བཞི་ལ་སོགས་པར་བདེ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལམ་གྱི་ངོ་བོར་གསུངས་ཤིང་། དུས་ཀྱི་འཁོར་ལོ་དང་། སྒྱུ་འཕྲུལ་དྲྭ་བར་འོད་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལམ་གྱི་ངོ་བོར་གསུངས་པ་ཡིན་ནོ། །དེ་དག་གིས་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་བསྟན་ཏེ། བསྡོམས་པས་ནང་པའི་གཞུང་ལུགས་དང་། ཕྱི་རོལ་པའི་གྲུབ་མཐའ་རྣམ་པར་གཞག་པས། ཇི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་གང་ཐོས་པར་བྱ་བའི་རིམ་པ་རྣམས་རྒྱ་ཆེར་གཏན་ལ་ཕབ་ཟིན་ཏོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བཤད་བྱ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་སྤྲོས་པའི་ལེའུ་སྟེ་བཅུ་གཉིས་པའི་འགྲེལ་པའོ།། །།
དལ་འབྱོར་རྙེད་པར་དཀའ་བ་བསམ་པའི་ལེའུ་སྟེ་བཅུ་གསུམ་པའི་འགྲེལ་པ།
དེ་ལྟར་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་གསལ་བར་ཤེས་ནས་ཐར་པ་བསྒྲུབ་པའི་ཕྱིར། རྡོ་རྗེའི་གནས་གཉིས་པ་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས། ཐོས་པ་དམ་པའི་དོན་རྣམས་སྤྱིར་བསམ་ཞིང་། ཁྱད་པར་དུ་དལ་འབྱོར་རྙེད་པར་དཀའ་བ་ལ་སོགས་པ་ལྔ་བསམ་པར་གདམས་པའི་རིམ་པ་ནི། དེ་ལྟར་ཐོས་པ་དམ་པས་བརྒྱན་རྗེས་སུ། །བསམ་པའི་ཤེས་རབ་ངེས་པར་རྒྱུད་ལ་བསྐྱེད། །དེ་ཡང་ཐོས་པའི་དོན་རྣམས་ཐམས་ཅད་དང་། །ཁྱད་པར་བསམ་བྱ་རྣམ་པ་ལྔ་ཉིད་ལས། །ཐོས་པའི་དོན་ངེས་པ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་ལ་རག་ལས་པའི་ཕྱིར། ཉེ་བར་དོན་དཔྱོད་པས་ནང་དུ་སེམས་པར་ཞུགས་པ་ན་ཇི་སྐད་སྨོས་པའི་གྲུབ་པའི་མཐའ་དང་འཇིག་རྟེན་གྱི་ཁམས་རྣམ་པར་གཞག་པ་ལ་སོགས་པ་རྣམས་དང་། ཁྱད་པར་དལ་འབྱོར་རྙེད་པར་དཀའ་བ། ཚེ་མི་རྟག་པ། དད་པའི་ཕན་ཡོན། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཏེ། རྣམ་པ་ལྔ་བསམ་པ་ལ་འཇུག་པར་བྱའོ། །དེ་ཡང་བྱང་ཆུབ་སྒྲུབ་པའི་རྟེན་རྣམས་ལས་མཆོག་ཏུ་གྱུར་པ་དལ་འབྱོར་གྱི་མི་ལུས་ཡིན་པས། དེ་ཐོབ་པ་ལ་སྤྲོ་དགའ་བསྐྱེད་དགོས། དེ་མ་བསམས་ན་དལ་བ་ཆུད་གསོན་པའི་ཉེས་པ་ཡོད། དེ་ནི་ཐོབ་ཀྱང་ཡིད་བརྟན་མེད་པས། དགེ་བའི་ཚོགས་སྒྲུབ་པ་ལ་བསྐུལ་མ་བརྩོན་འགྲུས་ཀྱི་ལྕག་འདེབས་ཚེ་མི་རྟག་པར་བསམ་དགོས། དེ་མ་བསམས་ན་ལེ་ལོ་སྙོམ་ལས་ཀྱིས་ཐར་པའི་ལམ་སྣ་ཟིན་དུས་མི་འོང་བའི་ཉེས་པ་ཡོད། དེ་ནས་གཅིག་ཏུ་གཅེས་པ་དད་པའི་དཔུངཚོགས་བསྐྱེད་དགོས། དེ་མ་བསྐྱེད་ན་ཆོས་ཀྱི་རྩ་བ་སྟོར་བའི་ཉེས་པ་ཡོད། དེ་ནས་ལས་དགེ་སྡིག་རྒྱུ་འབྲས་ཕྲ་མོ་ལ་བསམ་དགོས། དེ་མ་བསམས་ན། གཏན་དུ་འཁོར་བའི་སྡུག་བསྔལ་ལས་མི་ཐར་པའི་ཉེས་པ་ཡོད། དེ་ནས་འཁོར་བ་མཐོ་དམན་གྱི་ཉེས་དམིགས་ལ་བསམ་དགོས། དེ་མ་བསམས་ན་འཁོར་འདས་ལ་སྤང་བླང་མི་ཤེས་པས་ཐར་པ་བྱང་ཆུབ་ཀྱི་ལམ་སྣ་མི་ཟིན་པའི་ཉེས་པ་ཡོད། དེ་ལྟར་ན་ཆོས་འདི་ལྔས་གང་ཟག་གཅིག་ཐར་པར་བགྲོད་པའི་འཇུག་སྲོལ་མི་འཆུགས་པར་བྱེད་པའོ། །དེ་ལྟར་བསམ་བྱའི་
ཆོས་ལྔ་ཡོད་པ་ལས་རེ་ཞིག །དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ནི། །མི་ཁོམ་ལས་ལོག་མིར་གྱུར་དབང་པོ་ཚང་། །ཆོས་ལྡན་ཡུལ་སྐྱེས་བཟང་པོའི་ལས་འཕྲོ་སད། །ལས་མཐའ་མ་ལོག་བསྟན་པ་གནས་ལ་དད། །ཆོས་ལྡན་གྲོགས་མང་ཤིན་ཏུ་རྙེད་པར་དཀའ། །གང་ཞིག་མཐའ་མེད་པའི་འཁོར་བར་སྐྱེ་ཤིའི་ཆུ་བོས་ཁྱེར་བ་ལས། ད་རེས་དལ་འབྱོར་གྱི་གྲུ་རྙེད་ནས་འཁོར་བའི་ཕ་རོལ་ཏུ་བགྲོད་དུ་ཡོད་པ་འདི་ནི་ཤིན་ཏུ་རྙེད་དཀའ་བ་ཞིག་རྙེད་པས་སྤྲོ་བ་ཆེར་བྱས་ཏེ་ཆོས་ལ་སྦྱར་བར་རིགས་སོ། །དེའང་མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་བ་རྙེད་དཀའ་ཞིང་། མིར་གྱུར་པ་དང་། དབང་པོ་ཚང་བ་ཡང་རྙེད་དཀའ་སྟེ། བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལས། མི་ཁོམ་པ་བརྒྱད་ལས་ལོག་པའང་རྙེད་པར་དཀའ་འོ། །དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ་འོ། །མིར་གྱུར་པའང་རྙེད་པར་དཀའ་འོ། །དབང་པོ་ཚང་བ་ཡང་རྙེད་པར་དཀའ་འོ་ཞེས་སོ། །མཐུན་པར་གྱུར་པའི་ཡུལ་བཟང་པོ་ཆོས་དར་བའི་ས་ཕྱོགས་དང་། བདག་གིས་སྔོན་སྨོན་པ་ཆོས་ལ་སྤྱོད་པར་གྱུར་པ་དང་། བསོད་ནམས་ཀྱི་སྟོབས་ཀྱིས་སྦྱངས་པའི་ལས་འཕྲོ་ཆོས་ལ་སད་པ་དང་། བླ་མ་དགེ་བའི་བཤེས་གཉེན་དམ་པ་དང་ཕྲད་ནས་དེ་ལ་བསྟེན་དུ་ཡོད་པ་རྣམས་ནི་འཁོར་ལོ་ཆེན་པོ་བཞི་སྟེ་རྙེད་པར་དཀའ་འོ། །བཤེས་སྤྲིང་ལས། སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང་། །མཐུན་པར་གྱུར་པའི་ཡུལ་ལ་གནས་པ་དང་། །བདག་གིས་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱེད་ལ་མངའ། །ཞེས་སོ། །ལས་ཀྱི་མཐའ་མ་ལོག་པར་རྟག་ཏུ་དགེ་བ་བྱེད་པ་ཡང་རྙེད་པར་དཀའ། བསྟན་པ་གནས་པ་ལ་དད་པས་ཞུགས་པའང་རྙེད་པར་དཀའ། གྲོགས་དམ་པ་ཆོས་བཞིན་སྤྱོད་པ་མང་པོ་དང་འགྲོགས་སུ་ཡོད་པའང་རྙེད་པར་དཀའ་འོ། །དེས་ན་དེ་ལྟ་བུའི་དལ་བ་རྙེད་དུས་འདིར་ཆོས་མ་བྱས་ན། ཕྱི་མ་ལ་འདི་ལྟ་བུའི་དལ་བ་རྙེད་པར་དཀའ་ཞིང་། ཆོས་དང་ཕྲད་པའང་དཀོན་པར་གྱུར་ཏེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །
ཕྱིས་ནི་ཡང་དག་འབྱོར་བ་ག་ལ་འགྱུར། །ཅེས་སོ། །དེ་དག་རྙེད་དཀའ་བའི་རྒྱུ་མཚན་བསམ་པ་ལ་བརྒྱད་ཀྱི། དང་པོ་མི་ཁོམ་ལ་བསམ་རྙེད་དཀའ་ནི། །དམྱལ་བ་ཡི་དྭགས་དུད་འགྲོ་ཚེ་རིང་ལྷ། །ཀླ་ཀློ་ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་བརྒྱད་ཆོས་ཀྱི་སྣོད་མ་གྱུར། །དེ་ཡང་ཆོས་སྒྲུབ་པར་མི་ཁོམ་པས་མི་ཁོམ་པའི་གནས་ཞེས་བྱའོ། །འདི་ལ་རང་རྒྱུད་རྟེན་གྱིས་མི་ཁོམ་པའི་གནས་བརྒྱད་དང་། འཕྲལ་བྱུང་རྐྱེན་ཀྱིས་མི་ཁོམ་པའི་གནས་བརྒྱད་ཡོད་པ་ལས། དང་པོ་བརྒྱད་ནི། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་གསུམ་ནི་རང་རང་གི་སྡུག་བསྔལ་གྱིས་མནར་ནས་བྲེལ་བས་མི་ཁོམ་ལ། ལྷ་ཚེ་རིང་པོ་ནི་ཐོས་བསམ་གྱི་རྟེན་འགགས་པས་མི་ཁོམ། ཀླ་ཀློ་ནི་ཆོས་ཀྱི་སྣང་བ་མེད་པས་མི་ཁོམ། ལོག་པར་ལྟ་བ་མུ་སྟེགས་ཅན་ནི་ལྟ་བ་ལོག་པས་མི་ཁོམ། སངས་རྒྱས་ཀྱིས་སྟོངས་པ་མུན་པའི་བསྐལ་པ་ལ་སྐྱེས་པ་རྣམས་ནི་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་པས་མི་ཁོམ། ལྐུགས་པ་ནི་ཆོས་ལ་བློ་ཁ་མི་ཕྱོགས་པས་མི་ཁོམ་པའོ། །འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་རྣམ་པ་བརྒྱད་ནི། དུག་ལྔ་འཁྲུག་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་རྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་རྣམ་པ་བརྒྱད། །ཐར་ལམ་ཆོས་ཀྱི་སྣོད་མིན་ཕྱིན་ཅི་ལོག །མིར་གྱུར་པ་གང་ཞིག་ཆོས་སྤྱོད་པའི་ཡུལ་དུ་སྐྱེས་ཀྱང་། དུག་ལྔ་ཤིན་ཏུ་རགས་པས་རང་གི་རྒྱུད་རྟག་ཏུ་འཁྲུག་པ་རྣམས་དང་། སྡིག་པའི་གྲོགས་པོས་ཁྲིད་པའི་བླུན་རྨོངས་རྣམས་དང་། ལྟ་སྤྱོད་ཕྱིན་ཅི་ལོག་པས་ལམ་ནོར་བའི་བདུད་ཀྱིས་ཟིན་པ་རྣམས་དང་། ཆོས་ལ་སློབ་པར་འདོད་ཀྱང་བརྩོན་འགྲུས་མེད་པའི་ལེ་ལོ་ཅན་རྣམས་དང་། བརྩོན་ཀྱང་ཡོན་ཏན་མི་སྐྱེ་བའི་སྡིག་སྒྲིབ་ཅན་ལས་ངན་གྱི་མཚོ་རྡོལ་བ་རྣམས་དང་། རང་དབང་མེད་པར་གཞན་གྱིས་བཀོལ་བ་བྲན་གྱི་རིགས་རྣམས་དང་། ཚེ་འདིའི་ལྟོ་གོས་ཀྱི་ཆེད་དམ་འཚེ་བས་འཇིགས་ནས་དེའི་ཆེད་དུ་ཆོས་ལ་ཞུགས་ནའང་སྔོན་གྱི་བག་ཆགས་རྙིང་པས་ཆོས་མིན་སྤྱོད་པ་རྣམས་དང་། ཆོས་སུ་བཅོས་ནས་ཡོ་བྱད་དང་། བསྙེན་བཀུར་དང་།
སྙན་གྲགས་སྒྲུབ་པའི་གཟུགས་བརྙན་པ་རྣམས་ཏེ། བརྒྱད་པོ་དེ་ཡང་དམ་ཆོས་སྒྲུབ་པའི་གནས་སུ་མི་ཁོམ་པ་ཡིན་ནོ། །དེས་ན་ཐར་པའི་ལམ་དང་ལས་འབྲེལ་མེད་པས་དལ་བ་ཆུད་གསོན་པའི་ཕྱིར་ཕྱིན་ཅི་ལོག་ཅེས་བྱའོ། །རིགས་ཆད་བློས་མི་ཁོམ་པ་རྣམ་པ་བརྒྱད་ནི། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བས་མི་སྐྲག་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་མེད། །སྡོམ་དང་དམ་ཚིག་ཉམས་པ་ཞེས་བྱ་བ། །རིགས་ཆད་བློ་ཡིས་མི་ཁོམ་རྣམ་པ་བརྒྱད། །ཆོས་ལས་རིང་གྱུར་ཐར་ལམ་སྒྲོན་མེ་ནུབ། །ཚེ་འདིའི་རྫས་ཡོ་བྱད་བུ་ནོར་གཉེན་འདུན་ལ་སོགས་པའི་འཆིང་བ་དམ་པོས་བཅིངས་པ་དང་། ངང་རྒྱུད་ངན་པས་མི་གཞི་ཏིལ་འབྲུ་ཙམ་ཡང་མེད་ཅིང་ཀུན་སྤྱོད་ལ་སྐྱེད་འདོན་དུ་མེད་པ་དང་། ངན་སོང་དང་འཁོར་བའི་ཉེས་པ་བཤད་དམ་ཚེ་འདིའི་སྡུག་བསྔལ་ཇི་ལྟ་བུ་ལའང་སྐྲག་པའི་བློ་གཏན་ནས་མི་སྐྱེ་བ་དང་། ཐར་པ་དང་དཀོན་མཆོག་གི་བསྔགས་པ་བརྗོད་དམ་ཡུལ་ཡོན་ཏན་ཅན་མཐོང་ཡང་དད་པ་ཅུང་ཟད་མེད་པ་དང་། མི་དགེ་སྡིག་སྤྱོད་ལ་དགའ་བས་སྒོ་གསུམ་ཉེ་བར་མ་ཞི་བ་དང་། ཡོན་ཏན་དང་དགེ་བ་དང་དམ་པའི་ཆོས་ཀྱི་སྣང་བ་མེད་པ་ཁྱིའི་མདུན་དུ་རྩྭ་བཞག་པ་ལྟ་བུ་དང་། ཐུན་མོང་གི་ཐེག་པ་ལ་ཞུགས་ནས་སེམས་བསྐྱེད་དང་སྡོམ་པ་རལ་བས་ངན་སོང་ལས་འགྲོ་ས་མེད་པ་དང་། གསང་སྔགས་ཀྱི་ཐེག་པར་ཞུགས་ནས་བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་པ་སྟེ། བརྒྱད་པོ་འདི་ནི་དམ་པའི་ཆོས་ལས་རིང་ཞིང་ཐར་པའི་སྒྲོན་མེ་ནུབ་པ་ཞེས་བྱའོ། །སྡོམ་པ་ཉམས་པ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། ཚུལ་ཁྲིམས་འཆལ་བས་ངན་འགྲོ་དེར་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་སོ། །དམ་ཚིག་ཉམས་པ་ནི། དོ་ཧ་ལས། ཀྱེ་མ་བསྟན་པའི་ས་ལ་བྱིན་ནས་དམ་ཚིག་མི་ལྡན་ན། །རྒྱལ་པོས་ཆད་པ་གཅོད་པའི་མི་ནི་བཟུང་བ་ལྟར། །རྣམ་སྨིན་ལྕགས་ཀྱུས་སྲོག་གི་རླུང་ནི་བཟུང་བྱས་ནས། །ཁྲོ་ཆུ་ཁོལ་མ་ཁར་བླུགས་པ་ནི་ཤིན་ཏུ་བཟོད་པར་དཀའ། །ཞེས་སོ། །དོན་བསྡུ་བ་ནི། དེ་དག་རྣམས་སུ་བདག་ཅག་མ་སྐྱེས་པས། །སྤྲོ་དགའ་བསྐྱེད་དེ་དམ་པའི་ཆོས་སྒྲུབ་འཚལ། །དེ་ལྟར་མི་ཁོམ་པའི་གནས་ཉི་ཤུ་རྩ་བཞི་པོ་དེར་བདག་མ་སྐྱེས་ཤིང་། དམ་པའི་བླ་མ་ལ་བརྟེན་ནས་ཟབ་
མོའི་ཆོས་སྒྲུབ་ཏུ་ཡོད་པ་འདི་རེ་དགའ་སྙམ་དུ་བསམས་ལ་རྟག་ཏུ་ལེགས་པའི་ཆོས་ལ་བརྩོན་པས་ཉིན་མཚན་འདའ་བར་བྱའོ། །མི་ལུས་རྙེད་དཀའི་གཏན་ཚིགས་གཉིས་པ་ནི། འདི་ལྟར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་འཁོར་ལོས་སྒྱུར་རྙེད་འདྲ། །མི་ལུས་ནང་ནས་དད་ལྡན་ཆོས་བྱེད་རིགས། །དེ་བས་དཀོན་ཕྱིར་སངས་རྒྱས་ཐོབ་དང་མཚུངས། །དེ་བས་རྟག་ཏུ་དལ་འབྱོར་བསམ་འཚལ་ལོ། །སེམས་ཅན་སྤྱི་ཙམ་ལ་བསམས་ན། ནམ་མཁའི་དབྱིངས་དང་མཉམ་ལ། འཛམ་བུ་གླིང་གི་སེམས་ཅན་ཁབ་མིག་གི་ནམ་མཁའི་ཆ་ཙམ། འཛམ་བུ་གླིང་པའི་ཡང་གཞན་རྣམས་ཕར་ཞོག །ནགས་ཚལ་གཅིག་གམ། ཆུ་རླུང་གཅིག་གམ། འཁྱིལ་ཆུ་གཅིག་ན་སྣང་བའི་སྲོག་ཆགས་ལ་ལྟོས་ན་མི་ལུས་ཐོབ་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པའི་མང་ཉུང་དང་ཚོད་མཉམ། མི་རྣམས་ལ་བསམས་ན་རྒྱ་དཀར་ནག་ལྷོ་བྱང་། མོན་ལྷོ་བལ། རྡོ་སོག་རིགས་ལ་སོགས་པའི་ཡུལ་དང་ཚོང་འདུས་རེ་རེ་ན་ཚོགས་པ་མང་ཡང་། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་རྗེས་སུ་སློབ་པའི་དད་པ་ཅན་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་བས་ཀྱང་དཀོན་པར་བྱུང་བའི་ཚུལ་ལ་བརྟག་སྟེ། རང་གིས་རང་ལ་སྤྲོ་བ་བསྐྱེད་དེ་དལ་འབྱོར་ཆུད་མ་ཟོས་པར་བྱའོ། །དེ་བཞིན་དུ་གཏན་ཚིགས་ལྷག་མ་རྣམས་ལ་བསམས་ནས་རྙེད་དཀའ་བར་བསྟན་པ་ཡང་། དེ་བཞིན་དབང་པོ་མ་ཚང་མཐའ་ཁོབ་སྐྱེས། །ཆོས་ལ་ལས་མེད་ལས་ཀྱི་མཐའ་ལོག་ཅིང་། །བསྟན་ལ་མ་དད་ཆོས་མིན་སྡིག་པའི་གྲོགས། །ཤིན་ཏུ་གྲངས་མང་རབ་ཏུ་བསམས་བྱས་ནས། །དེ་དག་མ་གྱུར་ཆོས་ལྡན་ལུས་རྙེད་འདི། །ཉིན་མཚན་ཀུན་ཏུ་ངེས་པར་བསམ་པར་བྱ། །འདི་ལྟར་མིག་ལོང་བ་ལ་སོགས་པ་དབང་པོ་མ་ཚང་བ་རྣམས་བསམས་ལ། བདག་གི་དབང་པོ་ཚང་བ་འདི་རེ་འཚེངས། ཆོས་བྱའོ་སྙམ་དུ་བསམས་ནས། ལྷོའི་འཛམ་བུ་གླིང་འདི་ཉིད་ཀྱི་མཐའ་འཁོར་བར་ཡུལ་མཐའ་ཁོབ་དཀོན་མཆོག་གི་སྒྲ་མི་གྲག་པ། རྡོ་དང་། སོག་པོ་ལ་སོགས་པ་རྣམས་ལ་བལྟས་ནས་ཀྱང་།
རང་ལ་སྤྲོ་དགའ་བསྐྱེད་དེ་ཆོས་ལ་བརྩོན་པར་བྱའོ། །ཆོས་དང་ལས་འབྲེལ་ཙམ་ཡང་མེད་པའི་མི། ཟ་ཉལ་འགྲོ་འདུག་ཅི་བྱེད་ཀྱང་། དཀོན་མཆོག་གསུམ་སྐད་ཅིག་ཀྱང་མི་དྲན་ཞིང་། སྐྱབས་སུ་མཆི་ཞེས་པ་ལན་ཅིག་ཀྱང་ཁར་འདོན་མ་མྱོང་བ་རྣམས་དང་། ལས་ཀྱི་མཐའ་ལོག་པ་སྔོན་ལ་ཆོས་སྒོར་ཞུགས་ཀྱང་ལོག་ནས་སྡིག་པ་སྣ་དགུ་བྱེད་པ་རྣམས་དང་། སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པའི་མི་རིགས་རྣམས་དང་། སྡིག་པ་འབའ་ཞིག་བྱེད་པ་རྣམས་ལ་བསམས་ནས། འདི་ལྟ་བུས་ཡུལ་གཞན་ནའང་ཁེངས་ཡོད་ངེས། བདག་ཀྱང་དེ་འདྲའི་རིགས་ཅན་དུ་མ་སྐྱེས་པ་འདི་རེ་འཚེངས་སྙམ་དུ་སྤྲོ་དགའ་དང་བཅས་པས་ཆོས་ལ་བརྩོན་པར་བྱའོ། །བདག་རྐྱེན་འབྱོར་པ་ཚང་ན་ཆོས་ཀྱི་ལས་འཕྲོ་ཡོད་པར་ཐག་བཅད་པ་ནི། ཆོས་ལ་སྤྱོད་པའི་འབྱོར་པ་ལེགས་ཚང་བ། །དཀར་པོའི་ལས་འཕྲོ་སད་པར་བསྟན་པ་ཡང་། །མིར་གྱུར་དབུས་སྐྱེས་དབང་པོ་ཚང་ཞིང་དད། །ལས་མཐའ་མ་ལོག་ཡང་དག་ལྟ་བ་ཅན། །དེ་དག་ཐོབ་དཀའ་ལས་འཕྲོར་ལྡན་པ་ཡིན། །སྤྱིར་ལས་འཕྲོ་ཅན་ཞེས་བྱ་བ། བྱ་བ་གང་ཞིག་བྱེད་འཕྲོར་ཡོད་པ་ལ་ཟེར་བས། འདིར་ཡང་སྐྱེ་བ་སྔ་མ་ལ་ཆོས་བྱེད་པའི་འཕྲོ་ཡོད་པ་དེ་སྐྱེས་དུས་སྔོན་གྱི་བྱ་བ་བཟང་པོ་ལ་གོམས་པའི་བག་ཆགས་རྐྱེན་ཅི་འདྲ་བ་ལ་བརྟེན་ནས་སད་དེ་སྔར་གྱི་འཕྲོ་གང་ཡོད་ཀྱི་ཆོས་ལ་སྤྱོད་པ་ནི་རྒྱུ་འབྲས་བསླུ་བ་མེད་པའི་རིགས་པས་ཐོབ་པ་སྟེ། དཀར་པོའི་ལས་སད་པའི་རྟགས་སུ་ལྷ་ཆོས་ཀྱི་རྟེན་མི་ལུས་ཐོབ་པས་འབྱོར་པ། བསྟན་པ་གནས་པའི་ཡུལ་དབུས་སུ་སྐྱེས་པས་འབྱོར་པ། ཐོས་བསམ་གྱི་རྟེན་དབང་པོ་ཚང་བས་འབྱོར་པ། ཐར་པའི་ལམ་ཡང་དག་གི་གནས་ལ་དད་པས་འབྱོར་པ། འཇུག་པའི་སྒོ་ལས་ཀྱི་མཐའ་མ་ལོག་པས་འབྱོར་པ། གྲུབ་པའི་མཐའ་ལོག་ལྟའི་རིགས་སུ་མ་སྐྱེས་པས་འབྱོར་པའོ། །དེ་དག་ལ་སྔོན་དཀར་པོ་དགེ་བའི་ལས་བྱས་པའི་རྒྱུས། ཚེ་འདིར་ཐོབ་པའི་སྒོ་མིའི་ལུས་ལ་སོགས་པ་རྙེད་པས་ལས་ཀྱི་འཕྲོ་ཡོད་པར་ཐག་ཆོད་པའོ། །གང་དག་འདིར་མི་ཉིད་ཐོབ་ཀྱང་ཕྱི་མ་ལ་མི་ལུས་གཏན་ནས་མི་ཐོབ་པའི་རྟགས་ནི། སའི་སྙིང་པོའི་མདོ་ལས། འཁོར་བར་མི་ཉིད་རྙེད་པར་དཀའ་བའི་གང་
ཟག་བཅུ་ཡོད་དེ། གང་ཞེ་ན། དགེ་བའི་རྩ་བ་མི་བསྐྱེད་པ་དང་། བསོད་ནམས་ཀྱི་ཚོགས་མི་གསོག་པ་དང་། སྡིག་པའི་གྲོགས་པོའི་རྗེས་སུ་སྤྱོད་པ་དང་། ཉོན་མོངས་པ་ཉིང་མཚམས་སྦྱོར་བ་དང་། ཚེ་ཕྱི་མའི་སྡུག་བསྔལ་ལ་མི་འཇིགས་པ་དང་། ཉོན་མོངས་པས་སེམས་འཁྲུགས་པ་དང་། ལེ་ལོ་དང་གཡེང་བས་ཆོས་ལ་རྟག་ཏུ་གཡེལ་བ་དང་། སངས་རྒྱས་ཀྱི་བཀའ་ལ་ཞུགས་ཀྱང་རྗེས་སུ་མི་སྤྱོད་པ་དང་། ལོག་པར་ལྟ་བའི་རྗེས་སུ་འཇུག་པ་དང་། ལོག་པར་ལྟ་བ་དམ་དུ་འཛིན་པའོ་ཞེས་སོ། །དེ་དག་སྤྱོད་འཇུག་ཏུ། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་རྙེད་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དེ་ཚེ་བདག་གིས་མ་བྱས་སོ། །ཞེས་སོ། །དེས་ན་ད་ལྟ་བྱེད་པ་ངན་པའི་རྒྱུ་དང་ལས་ཀྱི་འཕྲོས་ངན་སོང་དུ་སྡུག་བསྔལ་བ་ལ། ད་ལྟ་དཀར་པོ་དགེ་བ་བྱེད་པའི་ལས་ཀྱི་འཕྲོས་མཐོ་རིས་ཀྱི་བདེ་དཔལ་ལ་སྤྱོད་པ་ཡིན་ནོ། །དེས་ན་དལ་འབྱོར་ཐོབ་དུས་ཆོས་ལ་སྤྱོད་པར་རིགས་པ་ཉིད། ཡབ་སྲས་མཇལ་བའི་མདོ་ལས། མི་ཁོམ་བརྒྱད་པོ་ཐམས་ཅད་རབ་སྤངས་ཤིང་། །དལ་བ་ཕུན་ཚོགས་རྙེད་དཀའ་ཐོབ་གྱུར་ནས། །བདེ་གཤེགས་བསྟན་ལ་དད་པ་རྙེད་གྱུར་པའི། །མཁས་པ་རྣམས་ཀྱིས་རིག་པའི་རྣལ་འབྱོར་སྤྱོད། །ཅེས་སོ། །མཐུན་རྐྱེན་གཞན་ཚང་བས་ཆོས་ལ་བརྩོན་པར་རིགས་པ་ནི། གཞན་འབྱོར་ཚང་བས་རྙེད་དཀའ་བརྩོན་པ་ཡང་། །སྟོན་བྱོན་ཆོས་གསུངས་བསྟན་པ་གནས་རྗེས་འཇུག །བརྩེ་ལྡན་བཤེས་དང་མཐུན་པའི་རྐྱེན་འབྱོར་པ། །རབ་ཏུ་དཀོན་ཕྱིར་བརྩོན་འགྲུས་རྩོམ་འཚལ་ལོ། །བདག་ཅག་ཐར་པའི་ཆོས་སྒྲུབ་པ་ལ་མཐུན་རྐྱེན་གཞན་གྱི་འབྱོར་བས་བདག་ལ་བསྐུལ་ཞིང་ལེགས་པར་བྱེད་པའི་སྐབས་འདིར་དམ་པའི་ཆོས་ལ་བརྩོན་པ་སྒྲུབ་དགོས་སོ། །དེ་ལ་དང་པོར་ཐུགས་རྗེ་དང་ལྡན་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་འདིར་རྟེན་སྟོན་པ་གཞན་ལས་འཕགས་པ་ཡོད་པའི་ཕྱིར་རོ། །སྤྱིར་བསྐལ་པ་ལ་གཉིས་ཏེ། སངས་རྒྱས་འཇིག་རྟེན་དུ་མ་བྱོན་
པ་མུན་པའི་བསྐལ་པ་དང་། བྱོན་པ་སྒྲོན་མེའི་བསྐལ་པའོ། །དེ་ཡང་དགོངས་འདུས་ལས། སྒྲོན་མེའི་བསྐལ་པ་ནི་སྔོན་འདས་པའི་དུས་ན་བསྐལ་པ་ཆེན་པོ་མངོན་པར་དགའ་བ་ཞེས་བྱ་བ་ལ། སངས་རྒྱས་སུམ་ཁྲི་སུམ་སྟོང་བྱོན། དེའི་འོག་ཏུ་མུན་པའི་བསྐལ་པ་བརྒྱ་ཞིག་བྱུང་ངོ་། །དེ་ནས་བསྐལ་པ་རྫོགས་ལྡན་ཞེས་བྱ་བ་ལ། སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་བྱུང་ངོ་། །དེའི་འོག་ཏུ་མཐའ་ཁོབ་ཀྱི་བསྐལ་བ་བརྒྱ་བྱུང་ངོ་། །དེའི་འོག་ཏུ་བསྐལ་པ་བཟང་ལྡན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་ངོ་། །དེའི་འོག་ཏུ་མུན་པའི་བསྐལ་པ་ལྔ་བརྒྱ་བྱུང་ངོ་། །དེ་ནས་བསྐལ་པ་མཐོང་ན་དགའ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་བྱུང་ངོ་། །དེའི་འོག་ཏུ་མུན་པའི་བསྐལ་པ་བདུན་བརྒྱ་བྱུང་ངོ་། །དེ་ནས་བསྐལ་པ་དགའ་བ་དང་ལྡན་པ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་ངོ་། །དེའི་རྗེས་ལ་བསྐལ་པ་བཟང་པོ་འདི་ཉིད་བྱུང་སྟེ་སངས་རྒྱས་སྟོང་མངོན་པར་བྱུང་བའོ། །འདིའི་འོག་ཏུ་མཐའ་ཁོབ་ཀྱི་བསྐལ་པ་རིགས་ངན་དྲུག་ཅུ་འབྱུང་ངོ་། །དེའི་འོག་ཏུ་བསྐལ་པ་གྲངས་ལྡན་ལ་སངས་རྒྱས་སྟོང་ཕྲག་བཅུ་འབྱུང་ངོ་། །དེའི་འོག་ཏུ་རིགས་ངན་གྱི་བསྐལ་པ་སྟོང་ཕྲག་བཅུ་འབྱུང་ངོ་། །དེ་དག་ལ་སོགས་པ་མུན་པ་དང་སྒྲོན་མེའི་བསྐལ་པ་དུ་མ་འབྱུང་བ་ལས། མུན་པའི་བསྐལ་པ་དང་ཕྲད་པའི་དུས་སུ་སངས་རྒྱས་ཀྱི་མིང་ཡང་མེད་དོ་ཞེས་པ་དང་། མྱ་ངན་ལས་འདས་པ་ལས་སངས་རྒྱས་འབྱུང་བ་ཤིན་ཏུ་བརྒྱ་ལ་འགའ་སྟེ་མཆོག་ཏུ་རྙེད་པར་དཀའ་འོ་ཞེས་སོ། །དེ་ལྟར་སངས་རྒྱས་བརྒྱ་ལམ་ཞིག་ན་འབྱུང་བ་ལས་ད་རེས་སངས་རྒྱས་བྱོན་པས་འབྱོར་པའོ། །སངས་རྒྱས་བྱོན་ཡང་ཆོས་གསུངས་པ་དཀོན་པ་ལས། བཀའ་མདོ་སྡེ་དང་རྒྱུད་སྡེས་བསྡུས་པའི་ཆོས་གསུངས་པས་ལམ་ཐར་པ་དམ་པའི་འབྱོར་པ་ཚང་སྟེ། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ཡང་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་
ནུས་པ་ཡིན། །ཞེས་སོ། །དེ་ལྟར་ཆོས་གསུངས་ཀྱང་བསྟན་པ་ནུབ་ན་ཕན་མེད་པ་ལས། ད་ལྟ་སངས་རྒྱས་ཀྱི་བསྟན་པའི་ཉི་མ་ནུབ་ཀྱི་རི་མགོར་ལྷུང་དུ་ཉེ་བའི་དུས་ལ་བབས་པས་བསྟན་པ་དམ་པའི་འབྱོར་པ་ཚང་ཞིང་ཐེག་པ་ཆེ་ཆུང་གིས་བསྡུས་པའི་བསྟན་པ་མ་ནུབ་ཙམ་དུ་གནས། བསྟན་པ་ཡོད་ཀྱང་བདག་ཉིད་ལ་འདོམས་ཤིང་རྗེས་སུ་ཕན་བདེ་བྱེད་པའི་གྲོགས་མེད་ན་ཕན་མེད་པ་ལས། བཀའ་ལུང་དང་རྗེས་སུ་མཐུན་པའི་ཆོས་ཀྱི་གྲོགས་ཁྱད་པར་ཅན་ཡོད་པས་ཐོས་བསམ་དང་བསྒོམ་སྒྲུབ་བྱེད་པའི་འབྱོར་པ་ཚང་སྟེ། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། འཇིག་རྟེན་ན་ཆོས་དང་རྗེས་སུ་མཐུན་པའི་ནན་ཏན་བྱེད་པ་ཡང་རྙེད་པར་དཀའ་འོ་ཞེས་སོ། །དེ་དག་ཡོད་ཀྱང་དགེ་བའི་བཤེས་གཉེན་མེད་ན་ཐར་ལམ་མི་རྙེད་པ་ལས། དེང་སང་ནི་མདོ་རྒྱུད་ཀྱི་གཞུང་ལམ་ཕྱིན་ཅི་མ་ལོག་པར་མཁྱེན་ཅིང་དགོངས་པ་ནམ་མཁའ་ལྟར་ཡངས་པས་གཞན་དོན་མཛད་པའི་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་བཞུགས་པས་རྟེན་ས་གཞན་ལས་ཕུལ་དུ་བྱུང་བས་འབྱོར་ཏེ། དེ་ཉིད་ལས། ཡང་དག་པ་དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའ་འོ་ཞེས་སོ། །དེ་ལྟར་ཚང་བས་ཆོས་ལ་སྤྱོད་པ་ན་མཐུན་རྐྱེན་མཐའ་གཉིས་སུ་མ་ལྷུང་བ་ཡང་རྙེད་པར་དཀའ་སྟེ། འཚོ་གོས་ཀྱི་ཕྱིར་བྲེལ་བས་ཆོས་ཀྱི་ནན་ཏན་སྤྱོད་པའི་བརྩོན་པ་ལྷོད་པར་གྱུར་པ་ལས། དེང་སང་ནི་སྙིང་ནས་ཆོས་སྒྲུབ་པ་ལ་སྦྱིན་བདག་དད་པ་ཅན་རྣམས་ཀྱིས་ཡོན་སྦྱོར་བ་དང་། གོང་མ་རྣམས་ཀྱི་གདམས་པ་ཁྱད་པར་ཅན་དཀའ་ཐུབ་དང་བཅུད་ཀྱིས་ལེན་དམ་པ་དང་། སྟོན་གྱི་ཟླ་བ་ལ་སྟེར་སློངས་ཀྱི་སྲོལ་ཁ་མ་ནུབ་ཙམ་དུ་ཡོད་པ་རྣམས་ལ་བརྟེན་པས་སྲོག་འཚོ་བའི་ཕྱིར་མཐུན་རྐྱེན་གྱི་འབྱོར་པ་ཚང་བའི་དུས་འདི་ཉིད་དུ། ནམ་བཞག་གཏན་གྱི་འདུན་མ་དེ་ད་རེས་ལ་རག་ལས་པས། ཐར་པའི་ལམ་སྣ་ཟིན་ནས་བདེ་ཆེན་གྱི་གླིང་དུ་བགྲོད་པར་བྱ་བའི་ཕྱིར། ཚེ་འདིའི་སྣང་བ་རྫས་དང་ཡོ་བྱད་འཁོར་འདབ་གཉེན་འདུན་ལ་སོགས་པ་ལ་མ་ཆགས་པར། སྒེག་མོའི་མགོ་ལ་མེ་ཤོར་བའམ། སྡར་མའི་པང་དུ་སྦྲུལ་ཞུགས་པ་ལྟར་རབ་ཏུ་
འབད་པ་གཅེས་ཏེ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། མི་ཁོམ་པ་བརྒྱད་སྤོངས་ཏེ་དལ་བ་ཕུན་སུམ་ཚོགས་པ་ཐོབ་པ་ནི་བརྒྱ་ལམ་དུ་ཟད་པས་ན། བག་ཡོད་པས་ལེགས་པར་བརྩོན་འགྲུས་རྩོམ་པར་གྱིས་ཤིག་ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོང་ཆེ། །བསྐལ་པ་བྱེ་བར་བརྒྱ་ལམ་འབྱུང་བར་འགྱུར། །ད་ལྟར་དལ་བ་དམ་པ་རྙེད་པ་ལ། །གལ་ཏེ་ཐར་འདོད་བག་མེད་སྤང་བར་གྱིས། །ཞེས་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པའི་མདོ་ལས། དགེ་སློང་དག་དེ་ཐོབ་ནས་དེ་རྙེད་དེ་རྒྱལ་བའི་བསྟན་པ་ལས་རབ་ཏུ་བྱུང་བ་ཡང་རྙེད་པར་དཀའ་ན། ཅིའི་ཕྱིར་བརྩོན་འགྲུས་དང་། བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། རྒས་པ་དང་། ན་བ་དང་། འཆི་བ་ནི་མངོན་པར་འོང་ཞིང་། ཐུབ་པའི་བསྟན་པ་ཡང་ནུབ་པར་འགྱུར་ན། ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་གསུངས་སོ། །དེ་ལྟ་བུའི། དལ་འབྱོར་དཔེས་མཚོན་རྙེད་པར་དཀའ་བ་ཡང་། །མཚོ་དབུས་གཡེངས་བའི་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་ཆུད་སྲིད་ཀྱི་ངན་སོང་ལས། །མིར་གྱུར་རྙེད་དཀའ་དེ་བཞིན་རྩིག་ངོས་ཀྱི། །ཞལ་ཞལ་ལོགས་ལ་སྲན་མ་ཆགས་སྲིད་ཀྱི། །མིར་གྱུར་ན་ཡང་ཡུལ་དབུས་སྐྱེ་བ་དཀོན། །འདི་ལྟ་སྟེ་དཔེར་ན། རྒྱ་མཚོའི་གཏིང་ན་རུས་སྦལ་ཞར་བ་ཞིག་ལོ་བརྒྱ་བརྒྱ་ན་ཆུའི་སྟེང་དུ་འོང་བ་དེ་དང་། གཉའ་ཤིང་བུ་ག་གཅིག་པ་དེ་སྐད་ཅིག་ཀྱང་ས་གཅིག་ཏུ་མི་སྡོད་པར་རླུང་གིས་ཕྱོགས་སུ་བསྐྱོད་པ་དེ་གཉིས་ཕྲད་དེ། མགུལ་པ་བུ་ག་དེའི་ནང་དུ་ཆུད་པ་སྲིད་ཀྱི་ངན་སོང་དུ་སྐྱེས་པ་ལས་སླར་མི་ལུས་ཐོབ་པ་དེ་བས་ཀྱང་དཀོན་ཏེ། སྤྱོད་འཇུག་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལས། །མི་ཉིད་ཤིན་ཏུ་རྙེད་དཀར་གསུངས། །ཞེས་སོ། །ཡང་འཁོར་བ་བརྒྱུད་ནས་འཁོར་བ་ལས། ད་རེས་མི་ལུས་ཐོབ་པ་འདི་རྩིག་ངོས་ཀྱི་ཞལ་བ་འཇམ་པོ་ལ་སྲན་མ་གཏོར་བ་ཆགས་པ་ལས་ཀྱང་དཀའ་སྟེ། ཟླ་བའི་སྙིང་པོའི་མདོ་ལས། མི་ཁོམ་
པ་བརྒྱད་ལས་ལོག་ནས་མིར་གྱུར་པ་ཡང་རྙེད་པར་དཀའ་འོ་ཞེས་སོ། །དལ་འབྱོར་མི་ལུས་ཐོབ་པ་མང་ཡང་། དེའི་ནང་ནས་དམ་པའི་ཆོས་ལ་ཞུགས་པ་རྙེད་པར་དཀའ་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་བར་དཀའ་བ་དང་མཚུངས་སོ། །གསེར་མདོག་གི་རྟོགས་པ་བརྗོད་པའི་མདོ་ལས། ཆོས་དང་ཕྲད་ནས་རྣལ་འབྱོར་དུ་བྱེད་པ་ཡང་རྙེད་པར་དཀའ་འོ་ཞེས་སོ། །སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཨུ་དུཾ་ཝཱ་རའི་མེ་ཏོག་པས་ཀྱང་དཀོན་པར་བསམས་ལ་ཆོས་ལ་འཇུག་ཅིང་བརྩོན་དགོས་ཏེ། མྱ་ངན་ལས་འདས་པའི་མདོ་ལས། ཨུ་དུམ་ཝཱ་རའི་མེ་ཏོག་དེ་ནི་གནས་ཐམས་ཅད་དུ་མི་སྐྱེ་སྟེ། མཚོ་མ་དྲོས་པའི་བྱང་ཕྱོགས་རིའི་རྩེ་ན་དེའི་ཚལ་ཡོད་པ་དེར་སྐྱེ་ཞིང་། དུས་ཐམས་ཅད་དུ་མི་སྐྱེ་སྟེ། ནམ་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དེའི་ཚེ་སྐྱེའོ། །སྐྱེས་ནས་ཀྱང་སངས་རྒྱས་ཀྱིས་ཆོས་ཀྱིས་འཁོར་ལོ་བསྐོར་བ་ན་ཤིན་ཏུ་རྒྱས་པར་འགྱུར་ལ། མྱ་ངན་ལས་འདའ་བའི་ཚེ་རྙིངས་ཤིང་ས་ལ་ལྷགས་པར་འགྱུར་རོ། །དེའི་ཕྱིར་སངས་རྒྱས་འབྱུང་བ་ཤིན་ཏུ་རྙེད་པར་དཀའ་འོ་ཞེས་པ་དང་། སྡོང་པོ་བཀོད་པ་ལས། འཇིག་རྟེན་འདྲེན་པ་འཇིག་རྟེན་ན། །བསྐལ་པ་བྱེ་བར་རྙེད་པར་དཀའ། །ཞེས་སོ། །ཆོས་ཐོས་པའི་དོན་ཚུལ་བཞིན་ཉམས་སུ་ལེན་པར་དཀའ་བ་ལ་སོགས་པ་ནི། ཨུ་དུམ་ཝཱ་ར་འཇིག་རྟེན་འབྱུང་དཀའ་བ། །དེ་བས་ཆོས་ཞུགས་ཡང་དག་ལམ་ཕྲད་དཀོན། །ཁབ་མིག་རས་ཡུག་ཆུད་པ་དཀའ་བས་ཀྱང་། །ལམ་རྙེད་དེ་དག་ཚུལ་བཞིན་སྒྲུབ་པ་དཀོན། །མཚོ་གླིང་དག་ནས་ཡིད་བཞིན་རྙེད་པས་ཀྱང་། །ཡང་དག་བླ་མ་རྙེད་པར་དཀའ་བས་ན། །དེ་དག་བསམས་ལ་བརྩོན་པས་སྒྲུབ་འཚལ་ལོ། །ཨུ་དུམ་ཝཱ་རའི་དཔེ་འདི་ནི་སྐབས་འདིར་བར་གྱི་གསལ་བྱེད་དུ་བལྟ་སྟེ། དོན་སྔ་མ་སངས་རྒྱས་འབྱུང་དཀའ་བ་ལ་ཡང་སྦྱོར་ལ། དོན་ཕྱི་མ་དམ་པའི་ཆོས་ལ་ཚུལ་བཞིན་སྒྲུབ་པ་དང་ཞུགས་དཀའ་བ་ལ་ཡང་སྦྱོར་རོ། །དེ་ཡང་ངས་ཆོས་ཤིག་བྱའོ་སྙམ་པའི་བསོད་ནམས་ཀྱི་བློ་སྐད་ཅིག་ཙམ་ཡང་སྐྱེ་བ་དཀའ་འོ། །སྐྱེས་པ་དེ་ནི་སངས་རྒྱས་ཀྱི་ཐུགས་རྗེ་ཡིན་པར་ཤེས་པར་བྱ་
སྟེ། དཔེར་ན་མཚན་མོ་མུན་པའི་ནང་དུ་གློག་འབྱུང་བ་དཀའ་བ་བཞིན་ནོ། །སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐེངས་འགའ་འབྱུང་། །ཞེས་སོ། །དེ་བས་ཀྱང་ཐེག་པ་ཆེ་ཆུང་གི་ཆོས་སྒོར་ཞུགས་པ་དཀོན་པ་ནི། ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་ནོ། །དེ་བས་ཀྱང་ཐར་པའི་ལམ་མ་ནོར་བ་དང་ཕྲད་པ་དཀོན་ཏེ། ཕལ་ཆེར་ལས་ཀྱི་སྒྲིབ་པ་དང་། བདུད་ཀྱིས་བསླུས་པའི་དབང་དུ་སོང་ནས་ལམ་ལོག་པའམ་དམན་པར་ཞུགས་པ་མང་བའི་ཕྱིར་ཏེ། སྡོང་པོ་བཀོད་པ་ལས། ཡང་དག་པའི་ཆོས་དང་ཕྲད་པ་ཡང་ཤིན་ཏུ་རྙེད་པར་དཀའ་འོ་ཞེས་སོ། །དེ་བས་ཀྱང་ཐོས་པ་བཞིན་ཉམས་སུ་ལེན་པ་ལ་བརྩོན་པའི་ཚུལ་དཀོན་ཏེ་ཁབ་ཕྲ་མོའི་མིག་ཏུ་རས་ཡུག་ཤོང་བར་དཀའ་བས་ཀྱང་རྙེད་པར་དཀའ་འོ། །སངས་རྒྱས་བགྲོ་བའི་མདོ་ལས། སྙིང་རྗེས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསླབ་པ་ལ་གུས་པས་སྲོག་དང་བསྡོས་ཏེ་བསྲུང་བ་དང་། སྟོང་པ་ཉིད་ཀྱི་དོན་ལ་ཡིད་ཆེས་ཤིང་མོས་པ་དང་། དེ་དག་ལ་ནན་ཏན་གྱིས་སྤྱོད་པ་ཡང་ཤིན་ཏུ་དཀོན་ནོ་ཞེས་སོ། །དེ་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་པ་ལས། སྔར་སྨོས་པའི་མཚན་ཉིད་ཅན་གྱི་བླ་མ་དམ་པ་དང་མཇལ་ནས་སྙིང་པོའི་ཆོས་ཐོས་པ་ནི་དེད་དཔོན་མཚོ་གླིང་ནས་ནོར་བུ་རྙེད་པ་བས་ཀྱང་དཀའ་བས། རྟག་ཏུ་བསྟེན་པ་དང་། བཀའ་མི་གཅོག་པ་དང་། གསུང་བཞིན་བསྒྲུབ་པ་དང་། མི་མཉེས་པ་སྐད་ཅིག་ཀྱང་མེད་པར། ཐབས་དང་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་མཉེས་པ་བསྒྲུབ་པ་ལ་འབད་པར་བྱའོ། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱི་དགེ་བའི་ཆོས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་བསྟེན་ནས་འབྱུང་ངོ་། །དགེ་བའི་བཤེས་གཉེན་དེ་ནི་བསྐལ་པ་རྒྱ་མཚོ་ཐམས་ཅད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དག་གིས་རྙེད་ནས་ཆོས་ཐོབ་པར་འགྱུར་གྱི། གཞན་དུ་ན་ནོར་བུའི་མཆོག་རྙེད་པ་ལས་ཀྱང་ཕྲད་པར་ཤིན་ཏུ་དཀའ་འོ། །དེའི་ཕྱིར་རྟག་ཏུ་གུས་པས་བསྙེན་བཀུར་
བ་ལ་མི་སྐྱོ་བར་བྱའོ་ཞེས་སོ། །མཐུན་རྐྱེན་ཚོགས་པས་རང་གི་བློ་ཐར་པ་ལ་སྤྲོ་བ་ཡོད་པ་དེའི་ཚེ། དོན་མེད་བྱ་བ་དོར་ནས་སྒྲུབ་པ་ཡང་། །ཐར་པའི་རྒྱུར་འགྱུར་དགེ་བ་མ་གཏོགས་པ། །གང་ཡང་དོར་ནས་ཆོས་ལ་བརྩོན་དགོས་ཏེ། །འཁྲུལ་པའི་བྱ་བ་དོན་མེད་སྡུག་བསྔལ་རྒྱུ། །འཆི་དུས་མི་ཕན་སྙིང་པོ་མེད་དེའི་ཕྱིར། །དུག་སྦྲུལ་གཟེབ་བཞིན་ངེས་པར་སྤང་འཚལ་ལོ། །ཆོས་ཀྱི་བྱ་བ་དགེ་བ་མ་གཏོགས་པ་ཐམས་ཅད་ལིངས་ཀྱིས་སྤངས་ནས་དམ་པའི་ཆོས་སྒྲུབ་པ་ལ་བརྩོན་དགོས་ཏེ། འཇིག་རྟེན་གྱི་བྱ་བ་གང་བྱས་ཀྱང་སྙིང་པོ་མེད་པ་འཆི་བའི་དུས་སུ་མི་ཕན་པ་སེམས་ཀྱི་གཟེ་རེ་རྒྱུན་མི་ཆད་པའི་རང་བཞིན་རྣམས། དུག་སྦྲུལ་གྱི་གཟེབ་རྙེད་པའམ། རིམས་ནད་ཀྱིས་ཤི་བའི་གོས་རྙེད་པའམ། དུག་གིས་སྦགས་པའི་ཟས་རྙེད་པ་ལྟར་དེའི་རང་བཞིན་ཚོར་མ་ཐག་ལ་ལིངས་ཀྱིས་འདོར་དགོས་ཏེ། འཇིག་རྟེན་གྱི་སྣང་བ་ལ་ཕར་བལྟས་ན་ཐམས་ཅད་འཁྲུལ་པའི་ཡོ་ལང་ལ་སྤྱོད་པ་མཐོང་སྟེ། རང་གི་སེམས་ལ་བལྟ་བའི་ཆོས་གོམས་པ་ལ་བསྐུལ་བ་ནི། འཁོར་བ་ལས་ཡིད་ངེས་པར་འབྱུང་བའི་གླུ་ལས། འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་གདའ་བས། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཞེས་སོ། །ཆོས་མིན་གྱི་བྱ་བ་འདོར་ཚུལ་ནི། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གང་ཡང་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་འདོར་བ་ནི། རྗེའུ་རིགས་ལ་སོགས་པའི་མི་ཆེན་པོ་མི་གཙང་བ་ལ་འཛེམ་དགོས་པ་ལྟར་འདོར་དགོས་སོ། །མེ་དཔུང་ཆེན་པོ་རབ་ཏུ་འབར་བ་ལ་ལག་གིས་ལེན་པ་མི་འབྱུང་བ་ལྟར་འདོར་དགོས་སོ། །བྲམ་ཟེའི་རིགས་བ་གླང་གི་ཤ་མི་ཟ་བ་ལྟར་འདོར་དགོས་སོ། །ཟས་བཟང་པོས་འགྲངས་པའི་མི་ཟས་ངན་པ་མི་འདོད་པ་ལྟར་འདོར་དགོས་སོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་རིགས་ངན་དང་ལྷན་ཅིག་མི་ཕྲད་པ་ལྟར་འདོར་དགོས་སོ། །དགེ་སློང་གཙང་མ་མི་རོ་རུལ་པ་ལ་མི་རེག་པ་ལྟར་འདོར་དགོས་སོ། །ཞེས་སོ། །འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་པར་ཆོས་ལ་བརྩོན་པར་
གདམས་པ་ནི། ཚེ་འདིའི་སོ་ཚིས་གྲོགས་དང་གྲོས་འདུན་དང་། །ལོངས་སྤྱོད་ཕྱོགས་རིས་གྲུབ་མཐའ་ངན་པ་རྣམས། །དལ་འབྱོར་ཆུད་གསོན་ཕུང་ཁྲོལ་ལགས་པས་སྤང་། །འཇིག་རྟེན་གྱི་བྱ་བ་ཅི་བྱས་ཀྱང་ཕྱི་མ་ཕན་ཆད་ཀྱི་དོན་ཆེན་པོ་མེད་ཅིང་འཁོར་བའི་འདམ་དུ་བྱིང་བ་ལས་མེད་པར་ཐག་བཅད་ནས་ཆོས་ལ་བརྩོན་དགོས་སོ། །དེ་ཡང་སོ་ནམ་ཡུན་གྱི་དོན་སྲིད་མེད་པ་ཡུལ་ཞིང་གི་སོ་ཚིས། གྲོགས་ཡུན་གྱི་དོན་སྲིད་མེད་པ་ཁྱོ་ཤུག་དང་ཉེ་འབྲེལ། ལོངས་སྤྱོད་ཡུན་གྱི་དོན་སྲིད་མེད་པ་ཟས་ནོར་གྱི་གཉེར་བ། གྲོས་འདུན་ཡུན་གྱི་དོན་སྲིད་མེད་པ་ཚེ་འདིའི་ཆེ་ཐབས། འཁྲུག་པ་ཡུན་གྱི་དོན་སྲིད་མེད་པ་དགྲ་གཉེན་གྱི་ཕྱོགས་རིས། གྲུབ་མཐའ་ཡུན་གྱི་དོན་སྲིད་མེད་པ་མཐར་འཛིན་གྱི་ལྟ་བ་རྣམས་སྤངས་ལ། དལ་འབྱོར་ཆུད་མི་གསོན་པར་སྙིང་ནས་དམ་པའི་ཆོས་ལ་བརྩོན་པར་བྱའོ། །དེ་ཡང་ཁྱིམ་གཉིས་ན་གནས་པ་ནི་བྲེལ་བ་མང་ཞིང་། ཆོས་ལས་ཉམས་པའི་གཞི་ཡིན་པས་ཡུན་གྱི་དོན་སྲིད་མི་འགྲུབ་སྟེ། ཐོག་མ་འཇིག་རྟེན་པའི་ཁྱིམ་ན་དགྲ་གཉེན་གྱི་ཕྱོགས་རིས། བུ་ཚ་དང་ཁྱིམ་ཐབ་ཀྱི་གཉེར་པ། ཁྲལ་དང་གཙེར་བའི་སེམས་ལས། ནང་ནུབ་ལྟོ་གོས་ཀྱི་ཁོལ་པོ། གང་བྱས་ཀྱང་མ་ཟིན། ཅི་བྱུང་ཡང་མི་འདོང་། ཇི་ལྟར་བྱས་ཀྱང་མི་མགུ། ཉིན་མི་དལ་མཚན་མི་གཉིད་པར་བྱས་ཀྱང་བྲེལ་ཏོ་ལ་ཟིན་པའི་དུས་མེད། ཆོས་ལ་སེམས་པའི་བློ་དཀོན། གང་བྱེད་སྡིག་པ་དང་འདྲེས་པ་གཞི་ཆེ། ཁྱིམ་མཚེས་ཆགས་སྡང་གི་མེ་དཔུང་དབལ་ཚ། བུ་ཚ་ལན་ཆགས་ཀྱི་རྡོས་ཐག་ཤུགས་དྲགས། ཅི་བྱས་སྡུག་བསྔལ་གྱིས་བསྣོན་པ་ཁུར་ཆེ། རང་སྡུག་བསྔལ་བ་བས་གཞན་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་གྲངས་མང་བའི་ཕྱིར་ཆོས་དང་རིང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་ཞུས་པའི་མདོ་ལས། ཁྱིམ་ན་ཉོན་མོངས་གནས་པ་སྟེ། །དཀར་པོའི་ཆོས་རྣམས་འཇིག་པར་བྱེད། །ཅེས་སོ། །ཁྱིམ་གཉིས་པ་རབ་ཏུ་བྱུང་བས་གཟུང་བ་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན། ཚོང་དང་སོ་ནམ་གྱི་གཉེར་བ། རྟ་བོང་ཁལ་ཕྱུགས་ཀྱི་བྲན་
གཡོག །ནོར་རྫས་སྐྱེད་འཕེལ་གྱི་བྲེལ་ཏོ། །རྒས་ཀ་ཚེ་གཞུག་གི་སོ་ཚིས། ཉེ་དུ་འབྲེལ་བའི་གྲོས་འདུན། འདོད་ཡོན་སྲེད་པའི་ཞེན་ཆགས། བཟའ་བཏུང་ལོངས་སྤྱོད་ཀྱི་སྐྱིད་འདོད། གནས་དང་མཁར་ལས་ཀྱི་བྱ་བཞག །ཟིན་མེད་བྲེལ་ཏོའི་རྣམ་གཡེང་། ཉིན་མཚན་ཆགས་སྡང་གི་ཁོར་ཡུག །གོང་འོག་སེམས་འཛིན་གྱི་ཁུར་ལས། ལོ་འདོད་འཇིག་རྟེན་གྱི་སྣང་ཤེས། ཐོས་བསམ་གཟུགས་བརྙན་གྱི་ཁ་ཆོས། ཆགས་སྡང་འགྲན་སེམས་ཀྱི་མེ་དཔུང་། རྟག་ཏུ་ཟུག་རྔུའི་ཚེར་མ། ཅི་བྱས་ཚེ་འདིས་བྱ་བ། རྟག་ཏུ་རེ་བའི་སོ་ཚིས། དཔོན་སློབ་དད་མེད་ཀྱི་འཆིང་རེས། གྲོགས་མཆེད་འགྲན་སེམས་ཀྱི་ཕྲག་དོག །དྲག་ཤོས་ཆོས་བརྒྱད་ཀྱི་རི་བོ། ཞན་ཤོས་ཐོས་མེད་ཀྱི་ཀུན་སྤྱོད། ཆོས་དང་རང་རྒྱུད་འཛོལ་བའི་ཉེས་པ་ཤིན་ཏུ་མང་བས་ཐར་པ་དམ་པའི་ལྷ་ཆོས་རབ་ཏུ་དཀའ་སྟེ། འདུལ་བ་ལུང་ལས། ཁྱིམ་དོན་ཆེ་ཆུང་སྤངས་ནས་ཐོག་མར་རབ་བྱུང་དཀའ། །ཞེས་པ་དང་། གང་ཞིག་རབ་ཏུ་བྱུང་ཡང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་བྱུང་དེ་ནི་རབ་བྱུང་མ་ཡིན་ཁྱིམ་པའང་མིན། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཞེས་པ་དང་། སྔ་མ་དེ་ཉིད་ལས། ཁྱིམ་ན་གནས་པ་འདོད་པ་ཡིས། །མི་ངོམས་བཞིན་དུ་འཆི་བར་འགྱུར། །ཞེས་སོ། །དེས་ན་ཆོས་ཚུལ་བཞིན་དུ་བྱེད་ན་འཇིག་རྟེན་གྱི་སྣང་བ་ལས་བཟློག་པ་གལ་ཆེའོ། །དྲན་ཤེས་བཞིན་གྱིས་བཟུང་ནས་ཡེངས་མེད་དུ་བཞེངས་བསྐུལ་གདབ་པ་ནི། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་པས། །དལ་འབྱོར་བསམས་ཏེ་ཐར་པའི་བྱང་ཆུབ་བསྒྲུབ། །དེ་ལྟར་རྙེད་དཀའི་དལ་འབྱོར་ཐོབ་ནས་ད་རེས་ཐར་པའི་ལམ་སྣ་མ་ཟིན་ན། གསེར་གླིང་དུ་ཕྱིན་ནས་སྟོང་པར་ལོག་པ་བས་ཀྱང་མདོ་ཆུང་བས་ཟབ་མོའི་ཆོས་ཤིག་བསྒྲུབས་ཏེ་ལམ་སྣ་ཅི་ཟིན་བྱ། སྤྱོད་ལམ་དུས་དྲུག་ཐམས་ཅད་དུ་འདྲིས་པའི་དངོས་པོ་མི་བརྗེད་པའི་དྲན་པ་དང་། དོན་ཡོད་མེད་ཀྱི་བྱ་བ་ངོས་ཟིན་པའི་ཤེས་བཞིན་གྱི་བྱ་རས་ཟིན་པར་བྱས་ཏེ། ཚོགས་དྲུག་ཡུལ་ལ་མ་ཡེངས་པར་རང་གིས་རང་ལ་བསྐུལ་བ་ནི། དཔེར་
ན་གྲུ་ཡོད་དུས་ཆུ་ལས་མ་སྒྲོལ་ན། དེ་ནས་མི་སྒྲོལ་བས་དེ་དུས་ཅི་སྒྲོལ་བྱེད་པ་ལྟར། དལ་འབྱོར་གྱི་གྲུ་རྙེད་དུས་འབད་དགོས་ཏེ། སྤྱོད་འཇུག་ལས། གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་སོ། །དེ་བཞིན་དུ་ཅང་ཤེས་ཀྱི་རྟ་མཆོག་ཡོད་དུས་སུ་ཤུལ་རིང་གི་ལམ་བགྲོད་དགོས་པ་དང་། དྲོད་གཤེར་དང་ཆུ་ལུད་འཛོམ་དུས་སུ་ས་བོན་ཅི་ཐེབས་བྱེད་པ་དང་། དཔའ་བོའི་དཔུང་ཚོགས་ཡོད་དུས་སུ་དགྲ་འདུལ་བ་དང་། གསེར་དངུལ་གྱི་གཏེར་ཀ་རྡོལ་དུས་སུ་ཅི་ལོན་བྱེད་པ་དང་། སྟོན་ཀའི་ལོ་ཐོག་སྨིན་དུས་སུ་ཅི་འདུས་བྱེད་པ་དང་། འཇིགས་སར་སྐྱེལ་མ་ཡོད་དུས་སུ་ཅི་སྒྲོལ་བྱེད་པ་དང་། གཡར་པོའི་ཀ་ཆ་ཡོད་དུས་སུ་བརྩོན་པ་ཆེར་བསྐྱེད་པ་དང་། བྲན་གཡོག་གི་བྱ་བཞག་བྱེད་དུས་སུ་ལས་བསྒྲུབས་པ་ལྟར། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་དུས་འདིར་དལ་ཁོམ་མེད་པར་ཆོས་ལ་བརྩོན་པར་བྱ་དགོས་ཏེ་མི་རྟག་པ་མྱུར་དུ་འོང་བའི་ཕྱིར་རོ། །འདི་ལ་བསམས་ན་གཉིད་ལོག་པ་དང་དབུགས་འབྱུང་རྔུབ་ཙམ་ཡང་ཁོམ་གླགས་མེད་པར་ཆོས་ལ་བརྩོན་པར་རིགས་ཏེ། དཔལ་མར་མེད་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ལྟའི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་དབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་བཞིན་ནོ། །དོན་ཅན་གྱི་ལས་ལ་བརྩོན་པར་འོས་པའི་ཚུལ་བསྟན་པ་ནི། འགྲོ་ཉལ་འདུག་དང་ཟས་ལ་སོགས་པ་ནའང་། །ལེ་ལོ་ལ་སོགས་སྐྱོན་དྲུག་རྣམས་སྤངས་ནས། །མངོན་མཐོ་ངེས་ལེགས་དོན་ཆེན་བསྒྲུབ་པ་ན། །བཀྲེས་པས་ཟས་མཐོང་ལ་སོགས་དཔེས་འཇུག་སྟེ། །ཉིན་མཚན་ཀུན་ཏུ་དགེ་ལ་བརྩོན་པར་བྱ། །འགྲོ་བ་དང་། ལྡང་བ་དང་། འཆག་པ་དང་། ཉལ་བ་དང་། སད་པ་དང་། ཁ་ཟས་ཟ་བ་དང་། ཕྱི་ཡུལ་གྱི་སྣང་བ་དགག་སྒྲུབ་འཁྲུལ་པ་མཐོང་བ་དང་། གཏམ་སྨྲ་བ་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ། ལེ་ལོ་དང་། སྙོམ་ལས་དང་། བཏང་སྙོམས་དང་། གཡེང་བ་དང་། འདུ་འཛི་དང་།
ལུས་ངག་ཡིད་གསུམ་མ་ཞི་བའི་ཆ་ལུང་མ་བསྟན་དང་བཅས་པ་རྣམས་བསྡམས་ཏེ། ང་ཐེག་པ་ཆེན་པོའི་དམ་པའི་ཆོས་ལ་ཞུགས་པ་ཡིན་གྱི། ཐ་མལ་པ་འདི་དག་དང་མི་མཚུངས་ཏེ་སེམས་ཤིན་ཏུ་བསྲུང་དགོས། ད་ཅི་ནས་མི་དགེ་བ་ཇི་ལྟ་བུ་ཞིག་བྱུང་ངམ་སྙམ་དུ་སེར་བཏབ་ལ། བྱུང་འདུག་ན་བཤགས་བསྡམ་བྱ། མ་བྱུང་ན་དགའ་བ་བསྒོམ་མོ། །དེ་ལྟར་ཡིད་ལ་བྱེད་པ་དེས་མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་ལ་སྐབས་སུ་གང་བབ་ལས་འདེམ་ཀ་མེད་པར་བྱ་བའི་དཔེ་ནི། བཀྲེས་པའི་མིས་ཟས་བཟང་ངན་གང་བྱུང་ཟ་བའམ། སྐོམ་པས་གདུང་བ་སྐོམ་གང་རྙེད་འཐུངས་པའམ། དབུལ་པོ་ནོར་རྫས་གང་རྙེད་འཆང་བའམ། སྨན་པ་མཁས་པ་སྨན་གང་རྙེད་བསོག་པའམ། རྨངས་པོའི་མི་བུ་ཚ་གང་བྱུང་གཅེས་པར་གསོ་བའམ། ཉེན་པའི་མི་སྐྱབས་གང་རྙེད་འཚོལ་བ་ལྟར། དགེ་སྦྱོར་གང་ལའང་བརྩོན་པས་འཇུག་པར་བྱའོ། །འདི་ནི་མཚན་བཅས་ཏེ་བདག་ནི་སྒོམ་ཆེན་པ་ཡིན་པས་མི་རུང་ངོ་། །ཆོས་ལ་བྱར་མེད་དོ་ཞེས་སོས་དལ་གྱིས་དུས་མི་འདའ་ཞིང་། རྟག་ཏུ་ཉལ་བ་ལ་མི་དགའ་བས། ཕྱགབསྐོར་བ། མདོ། ཁ་དོན། སྔགས་ཏིང་ངེ་འཛིན། དཀོན་མཆོག་མཆོད་པ་ལ་སོགས་པ་ལ་བརྩོན་པར་བྱ་སྟེ། ཁྱེའུ་སྣང་བྱེད་ཀྱིས་ཞུས་པའི་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་ཀུན། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །ཞེས་པ་བཞིན། མ་ཐ་ན་ཆུ་ཕོར་པ་རེ་ནང་མ་རེ་ལ་འབུལ་བས་ཀྱང་མཆོད་པར་བྱའོ། །དཀོན་མཆོག་ཕྱི་ནའང་བཞུགས་པ་ལ་ཡིད་ཆེས་པར་བྱའོ། །དེའང་དགེ་སྦྱོར་གྱི་རྣམ་གྲངས་མི་འདྲ་བ་ཆོས་སྤྱོད་བཅུ་ལ་སོགས་པའམ། བྱེད་པའི་དུས་མི་འདྲ་བ་སྐད་ཅིག་ཐང་ཅིག་ལོ་ཟླ་ལ་སོགས་པའམ། བྱ་རྒྱུའི་ངོ་བོ་མི་འདྲ་བ་མཚན་བཅས་མཚན་མེད་དམ། བྱེད་པའི་ཐབས་མི་འདྲ་བ་དཀའ་སླ་དུ་མའམ། བྱ་བའི་གནས་མི་འདྲ་བ་དབེན་པ་དང་། མི་དབེན་པ་ཐམས་ཅད་དུ། དགེ་སྦྱོར་ལ་འདམ་ཀ་དང་། ཆོག་ཤེས་
དང་། བཟང་ངན་མེད་པར་ཉམས་སུ་བླང་བར་བྱའོ། །ཕྱུག་པོ་ལ་གང་ཡང་ནོར་དུ་རུང་བ་ལྟར། རྣལ་འབྱོར་པ་ལ་གང་ཡང་ཆོས་སུ་འགྱུར་བས་བརྩོན་པར་བྱའོ། །མཚན་བཅས་མཚན་མེད་ཀྱང་། རང་གི་བློ་ལ་རག་ལས་པས། བློ་ཨ་འཐས་ཀྱིས་སྟོང་ཉིད་བསྒོམས་ཀྱང་སྟོང་ཉིད་ཀྱི་མཚན་མས་འཆིངས་ལ། བློ་ཡངས་ཆེན་གྱིས་ཕྱག་མཆོད་བྱས་ཀྱང་གཞི་མེད་སྒྱུ་མའི་རང་བཞིན་ཏུ་རྟོགས་པས། ཆོས་ཉིད་ཀྱི་གྲོགས་སུ་འགྱུར་བའི་ཕྱིར། རྟག་ཏུ་དགེ་བས་དུས་འདའ་བར་བྱའོ། །ད་ནི་དལ་འབྱོར་རྙེད་དཀའ་བ་བསམས་པ་ལས་བྱུང་བ། དེ་ཡི་ཕན་ཡོན་ཚེ་འདི་བློས་ཐོངས་ཤིང་། །ཕྱི་མ་དོན་གཉེར་བརྩོན་འགྲུས་མེ་བཞིན་འབར། །དལ་ཁོམ་མེད་པར་དགེ་བས་དུས་འདའ་ཞིང་། །མྱུར་དུ་སྲིད་གསུམ་རྒྱ་མཚོའི་ཕ་རོལ་འགྲོ། །དེ་ལྟར་ཉིན་མཚན་དུ་དལ་འབྱོར་རྙེད་དཀའ་བ་བསམས་པ་དེའི་ཕན་ཡོན་ཚད་མེད་ཀྱང་བསྡུ་ན། ཚེ་འདིའི་བྱ་བ་ཐམས་ཅད་དོན་མེད་དུ་འདུ་ཤེས་ནས་མི་འཇུག་པ། ཕྱི་མའི་འདོད་དོན་དང་དུ་ལེན་པས་ཅི་བྱེད་ལས་འབྲས་དང་མི་འགལ་བར་སྤྱོད་པ། དལ་ཁོམ་རེས་འཇོག་མེད་པར་བརྩོན་འགྲུས་མེ་བཞིན་འབར་བས་ཐོས་བསམ་བསྒོམ་པའི་དོན་ལ་བརྩོན་པ། སྡིག་པའི་གྲོགས་པོ་སྤངས་ནས་རྟག་ཏུ་དགེ་བ་ལ་སྤྱོད་པས་རང་ཉིད་དམ་པར་གནས་པ། འཁོར་བའི་འདུན་པ་བོར་ནས་དལ་བ་ཆུད་མི་གསོན་པས་འཆི་དུས་སྤྲོ་དགའ་དང་བཅས་པ། སེར་སྣའི་མདུད་པ་གྲོལ་བས་སྦྱིན་པའི་ལམ་བརྒྱགས་སོགས་ནས་གར་སྐྱེས་དབུལ་ཕོངས་དང་བྲལ་བ། རྟག་ཏུ་ཆོག་ཤེས་ཡོད་པས་ནོར་རྫས་ལ་ཞེན་པ་མེད་ཅིང་སྒོ་གསུམ་ཆོས་དང་མཐུན་པ། གང་ཡང་སྙིང་པོ་མེད་པས་བྱས་པ་དོན་མེད་དུ་རྟོགས་ཏེ་ཆགས་ཞེན་གྱི་འཁྲི་བ་ཆོད་པ། ཐམས་ཅད་འགྲོ་བར་ཤེས་པས་འཐབ་རྩོད་ཀྱི་ཟུག་རྔུ་མེད་ཅིང་ངང་རྒྱུད་ཁོང་ནས་དགེ་བ། ཅི་བྱས་དགོས་མེད་དུ་མཐོང་བས་མཐུན་འཇུག་གི་རྩིག་པ་འགྱེལ་ཞིང་ཆོས་བརྒྱད་ཀྱི་རི་བོ་ཞིག་པ། ཐར་པའི་ལམ་སྣ་ཟིན་པས་དམ་ཆོས་ཚུལ་བཞིན་བསྒྲུབ་ཅིང་མྱུར་དུ་སངས་རྒྱས་འགྲུབ་པའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དལ་འབྱོར་རྙེད་
པར་དཀའ་བ་བསམ་པའི་ལེའུ་སྟེ་བཅུ་གསུམ་པའི་འགྲེལ་པའོ།། །།
ཚེ་མི་རྟག་པར་བསམ་པའི་ལེའུ་སྟེ་བཅུ་བཞི་པའི་འགྲེལ་པ།
དེ་ལྟར་རྟེན་དལ་འབྱོར་བསྟན་པའི་རྗེས་ལ། མི་རྟག་པར་བསམ་པས་ཆོས་ལ་བསྐུལ་བ་ནི། ཇི་སྐད་བཤད་པའི་ཚུལ། དེ་ལྟར་རྙེད་དཀའི་དལ་འབྱོར་རྙེད་གྱུར་ཀྱང་། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་ཏེ། །སྲིད་གསུམ་སྒྱུ་མའི་རང་བཞིན་བསླུ་བར་འགྱུར། །སྔོན་ལེགས་པར་སྤྱད་པའི་དབང་གིས་ཐོབ་པའི་དལ་འབྱོར་འདི་ཡང་བརྒྱ་ལམ་རེས་འགའ་ཞིག་ལ། དེ་ཐོབ་ཀྱང་ཡིད་བརྟན་མི་རུང་བས་མྱུར་དུ་འཆི་བ་ལས་མ་འདས་ཏེ། མི་རྟག་པའི་གཏམ་ལས། འདི་ལྟར་སྐྱེས་པ་ཐབས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་སྟེ། །བདག་ཀྱང་དེ་ལས་མ་འདས་པས། །དེ་རིང་ཉིད་དུ་ཆོས་མཛོད་ཅིག །ཅེས་པ་སྟེ། ཁམས་གསུམ་རིགས་དྲུག་གང་དུ་སྐྱེས་ཀྱང་། ཐམས་ཅད་སྐྱེ་ཤིའི་ཆུ་བོར་བྱིང་བ། སྡུག་བསྔལ་གྱི་དབའ་རྒལ་ཆེ་བ། མི་རྟག་པའི་སྲིན་པོས་བཟུང་བ་སྟེ། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བ་གཡོ་བ་ཆུ་ཡི་ཟླ་བ་བཞིན། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ། །འདུ་བྱེད་རྣམས་ནི་གར་ལ་བལྟ་དང་མཚུངས། །ཞེས་སོ། །ད་ནི་མི་རྟག་པའི་རང་བཞིན་རྒྱས་པར་བསྟན་པ་ལས། གང་མི་རྟག་པའི་ངོ་བོ་ངོས་བཟུང་བ་ནི། འདི་ལྟར་གླིང་བཞིའི་འབྱོར་པས་བརྒྱན་པ་ཡི། །སྣོད་ཀྱི་འཇིག་རྟེན་མི་རྟག་འཇིག་པའི་དཔེས། །དབུ་བ་རྡོས་འདྲའི་ལུས་ཀྱང་ཤེས་པར་གྱིས། །རེ་ཞིག་རགས་པར་སྣང་བ་བརྟན་པའི་རྣམ་པ་སྣོད་ཀྱི་འཇིག་རྟེན་ཏེ། སྤྱིར་ནམ་མཁའི་མཐའ་དང་མཉམ། བྱེ་བྲག་ཏུ་རི་རབ་གླིང་དང་བཅས་པའི་འབྱོར་པས་བརྒྱན་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྣང་བ་འདི་ཡང་ཕྲ་བ་སྐད་ཅིག་གིས་མི་རྟག་པས། བསྐལ་པའི་ཡ་མཐའ་ནས་མར་འགྲིབ་པས་དུས་འགྱུར། རགས་པར་སྣང་བ་འདི་ཡང་མཐར་མི་སྣང་ཞིང་ནམ་མཁའ་གཅིག་ཏུ་འགྱུར་བའི་སྐབས་ཡོད་ན། བདག་གི་ཞིང་ཁང་གཞིས། རྫས་ཡོ་བྱད། ཉེ་དུ་འབྲེལ་བ། རྣམ་
སྨིན་ཤ་ཁྲག་གི་ལུས་དབུ་བ་སྤུངས་པ་འདྲ་བ་དང་བཅས་པ་འདི་ཅིའི་ཕྱིར་མི་འཇིག་སྙམ་དུ་སྙིང་ནས་ངེས་པར་བསམ་དགོས་ཏེ། མྱ་ངན་ལས་འདས་པ་ཆུང་ངུའི་མདོ་ལས། འདུས་བྱས་རྟག་པར་འགྱུར་བ་ཡི། །གནས་ནི་རྙེད་པར་མི་འགྱུར་རོ། །ཞེས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། །བྱུང་ནས་ཞིག་སྟེ་འཇིག་རྟེན་ཁམས་འདི་མེད། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གླིང་བཞིས་བརྒྱན་པའི་རིན་ཆེན་ཕོ་བྲང་ན། །རྣམ་བཀྲ་ཡུལ་གྱི་སྣང་བ་བཀོད་ལེགས་ཀྱང་། །རྡུལ་ཕྲན་ཆ་ཤས་མེད་པར་ཞིག་གྱུར་ནས། །ཅི་ཡང་མེད་པའི་རང་བཞིན་གྱུར་ལ་ལྟོས། །ཉེ་བར་ལེན་པའི་ལུས་དང་ལོངས་སྤྱོད་དང་། །ཚེ་འདིའི་སྣང་བ་མ་ལུས་ཐམས་ཅད་ཀུན། །མི་རྟག་སྒྱུ་མའི་རང་བཞིན་བསླུ་བར་འགྱུར། །གང་ལ་བསམས་ཀྱང་སྙིང་པོ་འགའ་མེད་ལ། །ཅི་ལ་བསམས་ཀྱང་ཕན་པར་མི་འགྱུར་བས། །ངེས་འབྱུང་སྐྱོ་ཤས་བློ་སྣ་བསྟུང་མཛོད་ལ། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཀྱེ། །ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེས་ན་འདི་ལྟར་སྣང་བའི་ཡུལ་ལ་ཕར་ལྟོས་ཤིག་དང་། བསགས་པ་ཐམས་ཅད་མི་རྟག་སྟེ་འཛད་པར་འགྱུར། མཐོ་བར་སྣང་བ་མི་རྟག་སྟེ་དམའ་བར་འགྱུར། དར་བ་ཐམས་ཅད་མི་རྟག་སྟེ་གུད་པར་འགྱུར། འདུས་པ་ཐམས་ཅད་མི་རྟག་སྟེ་འབྲལ་བར་འགྱུར། བཟང་པོ་ཐམས་ཅད་མི་རྟག་སྟེ་ངན་པར་འགྱུར། གསོན་པོ་ཐམས་ཅད་མི་རྟག་སྟེ་འཆི་བར་འགྱུར་བའི་ཚུལ་ལ་བསམས་ལ་རང་གི་ལུས་ལོངས་སྤྱོད་སྣང་བ་ཐམས་ཅད་མི་རྟག་པ་ནང་དུ་སྦྱར་ཏེ། འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྷུང་འགྱུར། །སྐྱེས་པའི་མཐའ་ནི་འཆི་བ་སྟེ། །འདུས་པའི་མཐའ་ནི་འབྲལ་བ་ཡིན། །ཞེས་པ་དང་། རྒྱ་ཆེར་རོལ་པ་ལས། འདུས་བྱས་ཐམས་ཅད་འཇིག་པའི་ཆོས་ཅན་ཏེ། །དབྱར་གྱི་ཞལ་ཞལ་ཇི་ལྟར་གོགས་པའམ། །ཆུ་ངོགས་བྱེ་མ་ཡོད་
པ་འདྲ་བ་སྟེ། །རྐྱེན་ལ་རགས་ལས་འགྱུར་བས་ཉམ་ཆུང་ཉིད། །ཅེས་སོ། །དེས་ན་འཁྲུལ་སྣང་ལ་བདེན་པ་འཛིན་པའི་བློ་ནོར་བས། གང་སྣང་ཡང་མི་རྟག་ཅིང་སྙིང་པོ་མེད་པའི་འདུ་ཤེས་ཉེ་བར་བཞག་གོ །གཡོ་བ་བཅུད་ཀྱི་སེམས་ཅན་མི་རྟག་པས་སྐྱོ་ཤས་བསྐྱེད་པར་གདམས་པ་ནི། ད་ལྟའི་ས་སྟེང་འགྲོ་བ་འདི་ཀུན་ཡང་། །ལོ་བརྒྱའི་ནང་དུ་ངེས་པར་མེད་པར་འགྱུར། །སྐྱེས་པ་ཐམས་ཅད་རིམ་བཞིན་འཆི་བས་ཀྱང་། །བདག་གི་ཚེ་འགྲོ་འཆི་བར་འགྱུར་བ་སོམས། །འདི་ལྟར་འཛམ་བུ་གླིང་པའི་ཚེ་ལོ་མ་ངེས། དེའི་ནང་ནས་ཀྱང་ད་ལྟ་ལྔ་བཅུ་ཁ་རལ་ལ་སོང་བས་ཚེ་ཐུང་བ་སྟེ། ད་ལྟ་སའི་སྟེང་ན་ཡོད་པའི་མི་དང་དུད་འགྲོ་ལ་སོགས་པར་སྣང་བའི་འགྲོ་བ་འདི་དག །ད་སྟེ་ལོ་བརྒྱའི་ནང་དུ་ཐམས་ཅད་གཅིག་ཀྱང་མ་ལུས་པར་འཆི་ངེས་ན། བདག་རྟག་འཛིན་གྱི་སེམས་བོར་ལ་སྙིང་ནས་དམ་པའི་ཆོས་ལ་བརྩོན་དགོས་སོ། །ཡང་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་རང་རང་གི་ལས་ཀྱིས་ལུས་བླངས་ནས། ཆེ་བ་དང་། ཆུང་བ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། དགེ་བ་དང་། མི་དགེ་བ་དང་། འབྱོར་པ་དང་། རྒུད་པ་དང་། མཐོ་བ་དང་། དམའ་བ་ལ་སོགས་ལ་བཟང་ངན་དུ་སྣང་བ་ཐམས་ཅད་ཚེ་རིང་བ་བསྐལ་པར་ཐུབ་ཀྱང་མཐར་འཆི། ཐུང་བ་སྐད་ཅིག་ལས་མེད་ཀྱང་མཐར་འཆི། བར་མ་ལོ་ཟླ་ཞག་ལ་སོགས་པ་ཐུབ་ཀྱང་མཐར་འཆི་སྟེ། མྱ་ངན་ལས་འདས་པ་ལས། འཇིག་རྟེན་བཅས་པ་ཐམས་ཅད་ནི། །སྐྱེ་བ་ཡོད་ན་འཆི་བ་ཡོད། །འདུས་པ་ཡོད་ན་འབྲལ་བ་ཡོད། །ཚེ་ལོ་གྲངས་མེད་ཐུབ་པ་ཡང་། །ཐ་མ་ཟད་པར་ཤེས་པར་བྱ། །ཞེས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་མི་རྟག་ཅིང་འཕོ་བ་ལ། བདག་གཅིག་པུ་རྟག་པར་རེ་བ་འདུ་ཤེས་སྟོར་བ་ཡིན་པས་འཆི་ངེས་སྙམ་དུ་བསམས་ནས་གང་ལའང་ཡིད་བརྟན་མེད་པས་མ་ཆགས་པའི་འདུ་ཤེས་བསྒོམ་སྟེ། འདའ་ཀ་ཡེ་ཤེས་ལས། འདུས་བྱས་ཐམས་ཅད་མི་རྟག་པས་དངོས་པོ་ཅི་ལའང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ་ཞེས་སོ། །དཔེ་དུ་མ་ལ་བསམས་ཏེ་མི་རྟག་
པར་བསྟན་པ་ནི། ཚོང་འདུས་བཞི་མདོ་འགྲོན་ཁང་གནས་རྣམས་སུ། །ཕྱོགས་ཀྱི་སྐྱེ་བོ་འདུས་ཤིང་འགྱེས་པའི་དཔེས། །འདུས་པ་འབྲལ་ཞེས་ངེས་པར་སྙིང་ནས་བསམ། །ཉོ་ཚོང་གི་ཕྱིར་མང་པོ་འདུས་པའི་ས་དང་། ལམ་གྱི་བཞི་མདོ་དང་། འགྲོན་ཁང་རྣམས་སུ་སྐྱེ་བོ་མང་པོ་འདུས་པ་ཐམས་ཅད་དར་ཅིག་རྟག་རྟག་འདྲ་ཡང་། མྱུར་དུ་ཕྱོགས་ཕྱོགས་སོ་སོར་འགྱེས་པ་བཞིན་དུ། ད་ལྟ་བདག་དང་དགྲ་གཉེན་དང་། བར་མའི་སེམས་ཅན་རྣམས་གནས་གཅིག་ཏུ་འདུས་སམ། འདུས་པ་མཐོང་བ་དེ་ཐམས་ཅད་མི་རྟག་པར་བསམས་ལ། རང་གི་ཕ་མ་གཉེན་འདུན་མཁན་སློབ་གྲོགས་མཆེད་ཕལ་བ་སྟེ། གང་དུ་ལྷན་ཅིག་ཚོགས་ཀྱང་རུང་། དེར་ཡོད་རིང་ལ་གཅིག་གིས་གཅིག་ལ་མི་འཐབ། མི་འཚེ། ངན་མི་སྨྲ། གཤེ་སྐུར་མི་གདབ་སྟེ། འབྲལ་བ་ན་འགྱོད་པ་མི་སྐྱེ་བ་ཡིན་ནོ། །ཐ་ན་གྲུ་གཅིག་ཏུ་ཞུགས་ཀྱང་འབྲལ་བའི་བློ་བཞག་ནས་མི་འཐབ་ཅིང་། ཡིད་དགའ་བར་བྱའོ། །གཞན་ལྟ་ཞོག་རང་གིའང་ཚེ་སྟོད་ཁང་པ་གཅིག་ཏུ་འདུས་པའི་ཕ་མ་དང་། བཟའ་ཚོ་དང་། ཕྱུགས་ལུག་དང་། སྒོ་ཁྱི་དང་། སྤྱད་ཆ་རྣམས་ལ་སོམས་དང་། དེའི་དུས་ན་རྟག་རྟག་འདྲ་བས། བདག་ཏུ་འཛིན་ཞིང་། འཐབ་རྩོད་དང་། དགག་སྒྲུབ་བྱེད་ཀྱང་། ད་ལྟ་གང་ན་ཡོད། གཅིག་ཏུ་མེད་དེ་ལ་ལ་ཤི། ལ་ལ་སོང་། ལ་ལ་འདུ། ལ་ལ་འབྲལ་བ་ལ་ལྟོས། དེས་ན་གར་སྡོད། སུ་དང་འགྲོགས། ཅི་བྱེད་ཀྱང་འབྲལ་བའི་འདུ་ཤེས་འབའ་ཞིག་ཡིད་ལ་བཞག་ལ། སུ་དང་ཡང་མི་འཐབ། མི་འཚེ། བཟོས་བླང་བ་ལ་འབད་པར་བྱའོ། །མི་རྟག་པའི་ཚོམས་ལས། འདུས་པ་ཐམས་ཅད་འབྲལ་བས་ན། །གང་ལའང་ཡིད་བརྟན་མི་རུང་བས། །སྐྱེ་བོ་རྣམས་དང་བདག་ཉིད་ལ། །ཞེན་ཅིང་ཆགས་པ་མེད་པར་བྱ། །ཞེས་སོ། །གཞན་ཡང་། ལོངས་སྤྱོད་འབྱོར་པ་ཕུན་ཚོགས་དང་ལྡན་པའི། །གྲོང་རྣམས་སྟོངས་ཤིང་མེད་པར་གྱུར་པའི་དཔེས། །བསགས་པ་འཛད་ཅེས་ནོར་རྣམས་གང་ལ་ཡང་། །མི་རྟག་སྙིང་པོ་མེད་པས་མ་ཆགས་བྱ། །རང་གི་ཚེ་སྟོད་དང་། བར་དང་། དེའི་གོང་
ནས་སྟོང་པའི་གྲོང་རྙིང་པ་དག་ལ་བསམས་ནས། འདི་དག་ནའང་སྔོན་འབྱོར་བ་དང་བདེ་བ་དང་སྐྱིད་ཅིང་ཉམས་དགའ་བའི་ལོངས་སྤྱོད་ཡོད་ཀྱང་། མཐར་འདི་ལྟར་གྱུར། བདག་གི་ནོར་དང་ཁང་པ་དང་རྫས་ཀྱང་འདི་ལས་མ་འདས། གཞན་ཡང་འདི་ལས་མ་འདས་པས་བདག་གི་ནོར་དང་རྫས་རྣམས་ཀྱང་འདོར་བས། བདག་གིས་འདི་འདོར། འདིས་བདག་འདོར་བས། འདི་དག་རང་དབང་ཡོད་རིང་ལ་ཆོས་ཕྱོགས་སུ་གཏང་བར་བྱའོ། །ཆོས་ལ་བཏང་བས་ཐར་པ་འགྲུབ་ངེས་སྙམ་དུ་བསམས་ལ་ལོངས་སྤྱོད་གཡོ་བ་སྙིང་པོ་མེད་པ་ལས་སྙིང་པོ་བླང་བར་བྱ་སྟེ། སྤྱོད་འཇུག་ལས། ཐམས་ཅད་གཏོང་བར་ཆབས་གཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་བསྒྲུབ། །ཅེས་སོ། །དེའང་ནོར་རྫས་གང་ལའང་སྤྱད་དབང་མེད་པ་ཡོང་བས་ད་ལྟ་སྤྱོད་དབང་ཡོད་དུས་དགེ་བ་ལ་རང་གིས་བཏང་ན་དགེ་བ་ཆེར་འཐོབ་ཀྱི་ཤི་དུས་གཞན་ལ་ཁ་ཆེམས་བཞག་པའི་ལུགས་བཞིན་བསྒྲུབས་ཀྱང་ཕན་པ་ཆུང་ལ། མལ་གྱི་མཐའ་མར་ལྷུང་དུས་རང་གི་རྫས་ལ་གཞན་གྱིས་བགོ་བཤའ་མི་འཆམ་པ་ནི་སྡིག་པའི་རྩ་བར་གྱུར་པ་ཡིན་ནོ། །དེས་ན་རབ་ཏུ་བྱུང་ནས་ཆོས་ལ་སེམས་པ་རྣམས་ཀྱིས་ཆོས་ཀྱི་ཐོག་མར་རང་སེམས་འདོད་པ་ཆུང་བ་ལ་བསླབ་དགོས་ཏེ། སྔོན་གྱི་སློབ་དཔོན་མཁས་གྲུབ་དག་གི་གསུང་ལས། འདོད་པ་ཆུང་ན་འཕགས་པའི་རིགས་ཡིན་ཞིང་། །འདོད་པ་ཟད་ན་འཕགས་པ་དངོས་ཡིན་པས། །རྟག་ཏུ་འདོད་པ་ཆུང་ལ་བསླབ་པར་བྱ། །ཞེས་པ་བཞིན་ནོ། །འགྱུར་ཞིང་མི་རྟག་པས་ཀྱང་སྐྱོ་ཤས་བསྐྱེད་པར་གདམས་པ་ནི། མཐོ་རིས་གྲོང་གི་འབྱོར་པས་མངོན་མཐོ་བ། །ཤི་བའི་འོག་ཏུ་ངན་འགྲོར་ལྟུང་བའི་དཔེས། །འབྱོར་ཚེ་དྲེགས་པས་སྙེམས་པ་མེད་པར་མཛོད། །ལྷའི་བདེ་བ་ལ་སྤྱད་ནས་དམྱལ་བར་ལྟུང་བ་དང་། འཁོར་ལོས་སྒྱུར་བ་ཐོབ་ནས་ཡང་བྲན་དུ་སྐྱེ་བ་དང་། ལྷ་མིའི་དགའ་བ་ཐོབ་ནས་ངན་སོང་དུ་ལྟུང་བ་ལ་སོགས་པ་བསམས་ཏེ། རང་གི་འབྱོར་པ་ཅུང་ཟད་ལ་དྲེགས་ཤིང་རློམས་སེམས་མི་བྱ་བར་མི་རྟག་པའི་འདུ་ཤེས་འབའ་ཞིག་ཉེ་བར་བཞག་དགོས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་
ཞལ་སྔ་ནས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་པས། །ཕྱིས་ནས་དམྱལ་བར་སྐྱེ་བ་ཆ་མེད་དོ། །ཞེས་པ་དང་། འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །སླར་ཡང་ས་སྟེང་ཉིད་དུ་ལྷུང་གྱུར་ཞིང་། །འཁོར་བར་ཡང་བྲན་ཉིད་དུ་སྐྱེ་བར་འགྱུར། །ཞེས་སོ། །དྲེགས་པ་སྤངས་པའང་། གསོ་བ་བརྒྱད་ལས། སྐྱེ་བོ་གསོ་བའི་ཐིགས་པ་ཞེས་བྱ་བ་འཇིག་རྟེན་གྱི་ལུགས་ལས། ཐར་པ་སྒྲུབ་པ་དེ་དག་ལས། །ལས་ཀྱི་འཕེན་པ་རྒྱང་རིང་བས། །སྐྱིད་སྡུག་སྣ་ཚོགས་ད་གདོད་འབྱུང་། །འབྱོར་ཡང་དྲེགས་པར་མི་བྱ་ཞིང་། །རྒུད་ཀྱང་ཞུམ་པར་མི་བྱའོ། །ཞེས་པ་བཞིན་ནོ། །དེའི་ཕྱིར་ཚེ་འདི་ཉིད་ལའང་། ཚེ་སྟོད་སྐྱིད་པ། ཚེ་སྨད་སྡུག་པར་འགྱུར་བ་ལ་སོགས་པ་བསམས་ཏེ། འབྱོར་བ་རྒུད་པའི་ཆོས་ཅན། ལང་ཚོ་མི་རྟག་པའི་རང་བཞིན། གཉེན་གྲོགས་འབྲལ་བའི་ཆོས་ཅན། ཐམས་ཅད་ཡིད་བརྟན་མེད་པར་ཤེས་ནས་མི་རྟག་པའི་སྐྱོ་ཤས་བསྐྱེད་དེ། རྒྱ་ཆེར་རོལ་པ་ལས། འདོད་པའི་ཡོན་ཏན་འདི་དག་ཆུ་ཟླ་འདྲ། །གཟུགས་བརྙན་མཚུངས་ཤིང་བྲག་ཅ་འདྲ་བ་དང་། །མིག་ཡོར་དག་དང་གར་ལ་བལྟ་བ་དང་། །རྨི་ལམ་མཉམ་པར་སྐྱེས་པར་ཤེས་པར་གྱིས། །ཞེས་པ་དང་། མྱ་ངན་ལས་འདས་པ་ལས། དར་བ་ཡོད་ན་རྒུད་པ་ཡོད། །འདུས་པ་ཡོད་ན་འབྲལ་བར་འགྱུར། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་པ་དང་། རྒྱ་མཚོས་ཞུས་པའི་མདོ་ལས། འབྱོར་པ་ཐམས་ཅད་ནི་མཐར་རྒུད་པའོ། །རྒྱལ་པོའི་ལོངས་སྤྱོད་དང་དབང་ཕྱུག་ཐམས་ཅད་ཀྱང་མི་རྟག་གོ་ཞེས་སོ། །སྣོད་བཅུད་ཀྱི་སྣང་བ་གནས་སྐབས་མི་རྟག་པ་ལ་བརྟེན་ནས་སྐྱོ་ཤས་བསྐྱེད་པ་ནི། ཕྱི་ནང་དུས་བཞི་ན་ཚོད་འགྱུར་བས་ཀྱང་། །མི་རྟག་འཆི་བར་ངེས་ཀྱིས་རྟག་འཛིན་སྤོངས། །སྔོན་འཛམ་བུའི་གླིང་འདིར་ཡང་བསྐལ་པ་རྫོགས་ལྡན་གྱི་དུས་དང་། སུམ་ལྡན་དང་། ཉིས་ལྡན་དང་། ཐ་མ་རྩོད་ལྡན་གྱི་དུས་བཞིར་འགྱུར་བ་དང་། མི་ཚེ་གཅིག་ལའང་
བཙས་པ་བུ་ཆུང་གི་དུས་དང་། བྱིས་པ་གཞོན་པའི་དུས་དང་། དར་ལ་བབ་པའི་དུས་དང་། རྒས་ཤིང་འཁོགས་པའི་དུས་དང་བཞིར་འགྱུར་བ་དང་། ལོ་གཅིག་ལའང་། དཔྱིད་ས་བོན་རྨོ་རྐོའི་དུས་དང་། དབྱར་ལོ་འདབ་བརླན་རྒྱས་ཀྱི་དུས་དང་། སྟོན་འབྲས་བུ་བཅུད་རྫོགས་ཀྱི་དུས་དང་། དགུན་ས་སྐམ་རྡོ་འཁྱགས་ཀྱི་དུས་དང་བཞིར་འགྱུར་བས་མི་རྟག་སྟེ། མི་རྟག་པའི་གཏམ་ལས། སོས་ཀ་ཟླ་བ་བསིལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། །རབ་ཏུ་དགའ་འགྱུར་སྐྱེ་བོ་ཐམས་ཅད་དག་གི་ཚེ་འདི་ནི། །ཟད་པར་འགྱུར་ཞེས་ཤིན་ཏུ་མི་དགར་སེམས་པའང་མེད། །ཅེས་པ་དང་། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། འདི་དག་སྒྱུ་མ་ལྟ་བུ་བདེན་པ་མིན། །འདུས་བྱས་རྨི་ལམ་མཚུངས་པར་བརྟགས་ནས་ནི། །ཕ་རོལ་ཕྱིན་དང་ས་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་རྒྱལ་བའི་ཆོས་རྣམས་ལ། །རྟག་ཏུ་བརྩོན་པས་རབ་ཏུ་འབད་པར་གྱིས། །ཞེས་སོ། །ཕྲ་བ་སྐད་ཅིག་གིས་འགྱུར་བས་མི་རྟག་པའི་སྐྱོ་ཤས་བསྐྱེད་པ་ནི། གཟུགས་ནི་རྡུལ་ཕྲན་དུས་ནི་སྐད་ཅིག་མ། །བར་སྣང་གློག་འགྱུ་བཞིན་དུ་མི་རྟག་པས། །མྱུར་བ་ཉིད་དུ་དམ་པའི་ཆོས་སྒྲུབས་ཤིག །རགས་པར་སྣང་བ་ལ་བདེན་པར་མི་འཐད་དེ། རྡུལ་ཕྲན་ཆ་མེད་དུ་གནས་པས། རགས་པར་མ་གྲུབ་པའི་ཕྱིར་ཕྱི་ཡུལ་ལ་ཞེན་པའི་བློ་མ་གཏོད། ལུས་ཀྱང་རྡུལ་ཆར་ཆ་ཤས་མེད་ཅིང་། སེམས་ཀྱང་སྐད་ཅིག་ཆ་ཤས་མེད་པས་ན་ཉེ་བར་ལེན་པའི་ལུས་སེམས་ལ་གཅེས་སྤྲས་ཀྱི་གཟེབ་མ་བཅད། བར་ལོངས་སྤྱོད་སྒྱུ་མའི་སྣང་བ་ལ་བདེན་ཞེན་གྱི་འཁྲིས་མ་གདགས། འཁོར་བ་སྣ་ཚོགས་ཀྱི་འཁྲུལ་པ་ལ་བག་ཆགས་ངན་པའི་གདེང་མ་འཆའ། གང་ལའང་སྙིང་པོ་མེད་པས་མི་རྟག་པའི་སྐྱོ་ཤས་དྲག་པོ་བསྐྱེད་པར་བྱ་སྟེ། རྒྱ་ཆེར་རོལ་པ་ལས། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །
ཞེས་པ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། སྲོག་ནི་རྟག་ཏུ་དགྲ་དུ་མས་བསྐོར་ཏེ། སྐད་ཅིག་རེ་རེས་ཉམས་པར་བྱེད་ཀྱི། འཕེལ་བར་བྱེད་པ་ནི་གང་ཡང་མེད་དོ་ཅེས་པ་དང་། སྔ་མ་ལས། ལྟག་ཆུ་ཆད་པའི་རྫིང་བཞིན་དུ། །སྣོན་མེད་གོད་པ་དང་བཅས་པ། །བདག་གི་ཚེ་ནི་རྟག་གོ་ཞེས། །ཇི་ལྟ་བུར་ནི་བདེན་པར་རུང་། །ཞེས་སོ། །འཁོར་བར་སྣང་དུས་ནས་འདུས་བྱས་མི་རྟག་པའི་རང་བཞིན་དུ་གྲུབ་ཟིན་པས་སྐྱོ་ཤས་བསྐྱེད་པར་གདམས་པ་ནི། སྣ་ཚོགས་སྣོད་དང་འགྲོ་བ་གཡོ་འགྱུར་ཞིང་། །སྒྱུ་མ་ཆུ་ཤིང་བཞིན་དུ་སྙིང་པོ་མེད། །དེ་ཕྱིར་མི་རྟག་ཅེས་བྱས་འཁོར་བ་འདི། །བདག་བྱས་བཟུང་སྟེ་བཏང་བ་འགའ་ཡང་མེད། །སྣོད་བཅུད་དུ་སྣང་བའི་སྐྱེ་འགྲོ་རྫས་དང་ཡོ་བྱད་འཁོར་བའི་འཁྲུལ་སྣང་བདེ་སྡུག་ཐམས་ཅད་མི་རྟག་སྟེ། རྒྱ་ཆེར་རོལ་པ་ལས། འདུ་བྱེད་བརྟན་པ་མ་ཡིན་མི་རྟག་སྟེ། །རྫ་སོ་མ་བཏང་ལྟ་བུར་འཇིག་པའི་བདག །གཞན་གྱི་རྫས་ལ་བརྙན་པོ་བྱས་དང་མཚུངས། །བྱེ་མའི་ཁང་བུ་འདྲ་བའི་མི་རྟག་སྟེ། །ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྲོག་ནི་བརྟན་པ་མེད་པར་མི་རྟག་གཡོ། །འཇིམ་པའི་བུམ་པ་ལྟ་བུར་འཇིག་པ་ཅན། །ཞེས་སོ། །དེས་ན་འདུས་བྱས་འཁོར་བའི་ཆོས་ཐམས་ཅད་མི་རྟག་ཅིང་སྙིང་པོ་མེད་དེ། རྒྱ་ཆེར་རོལ་པ་ལས། འདོད་པའི་ཡོན་ཏན་སྐད་ཅིག་ཡ་མ་བརླ། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་རྫུན་པ་ཅན། །ཆུ་ཡི་དབུ་བ་ལྟ་བུར་སྙིང་པོ་མེད། །ཡོངས་སུ་བརྟགས་ལས་བྱུང་བ་ཤེས་པར་གྱིས། །ཞེས་སོ། །དེས་ན་འཇིག་པར་ངེས་པའི་ཚུལ་ལ་སྐྱོ་བ་བསྐྱེད་པ་ནི། མི་རྟག་གཤིན་རྗེའི་ལྟོ་ན་སྲིད་པ་གསུམ། །གནས་བཅས་དེ་ཡི་དབང་སྒྱུར་བརྒྱུད་མར་འཁོར། །གཞན་དུ་མི་འགྲོ་གནས་དེར་ཆགས་ཤིང་ཞེན། །འཆི་བདག་དེས་ཀོ་རྟག་ཏུ་དམ་དུ་བཟུང་། །སྐྱེ་བ་ཉིད་ནས་འཆི་བར་སྐྱེས་པ་ཅན། །བརྒྱུད་མར་འཁོར་བའི་གྲོགས་པོ་འགྲོ་དྲུག་ཀུན། །ད་ནི་འདི་ནས་ཕྱིན་པ་མི་ལེགས་སམ། །བདག་དང་ལྷན་ཅིག་ཐར་པའི་གྲོང་དུ་འདེང་། །དེར་ནི་འཆི་མེད་རྒྱལ་བའི་འབྱོར་པས་མཛེས། །རྟག་ཏུ་ཞི་བདེ་རང་བཞིན་
ལྷུན་གྱིས་གྲུབ། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །སྲིད་པ་འཁོར་བའི་དཔེ་ཆུང་གི་སྐབས་སུ། འདུལ་བ་མདོ་རྩ་བ་གནས་མལ་གྱི་གཞི་ལས། དེ་ཐམས་ཅད་མི་རྟག་པའི་སྲིན་པོས་བཟུང་བར་རོ་ཞེས་སོ། །རྒྱུ་མཚན་ངེས་པས་སྐྱོ་ཤས་བསྐྱེད་པ་ནི། འབྱུང་བཞི་འདུས་ཕྱིར་སྣོད་བཅུད་འཇིག་པ་ཅན། །ལུས་ཅན་གཡོ་བའི་གྲོང་ཁྱེར་བརྙིངས་པར་འགྱུར། །དེ་ཡང་བྱས་པ་མི་རྟག་པ་རྒྱུ་རྐྱེན་ལས་འདུས་པ་རྣམས་དང་། སྐྱེས་བུས་མ་བྱས་ཀྱང་མི་རྟག་པ་ཆུའི་དབུ་བ་ལ་སོགས་པ་སྣོད་དུ་སྣང་བ་རྣམས་དང་། མི་རྟག་པ་འགྱུར་བའི་དཔེར་སྐྱེས་པ་སྤྲིན་དང་། གློག་དང་། འཇའ་དང་། བྲག་ཅ་ལ་སོགས་པ་དང་། སྐྱེས་པས་མི་རྟག་པ་འགྲོ་བ་རྣམས་དང་། ཐང་ཅིག་ཡུད་ཙམ་མི་རྟག་པ་སྒྱུ་མ་མིག་འཕྲུལ་དང་དྲི་ཟའི་གྲོང་ལ་སོགས་པ་ལྟ་བུ་དང་། ངེས་པའི་དུས་མེད་པར་མི་རྟག་པ་རང་གི་ཚེ་ལ་བསམས་ནས་སྐད་ཅིག་ཀྱང་མི་དལ་བར་ཆོས་ལ་བརྩོན་པར་རིགས་ཏེ། རྒྱ་ཆེར་རོལ་པ་ལས། འདུ་བྱེད་མི་རྟག་མར་མེའི་འོད་དང་འདྲ། །མྱུར་དུ་འབྱུང་ཞིང་འགག་པའི་ཆོས་ཅན་ཏེ། །རླུང་དང་མཚུངས་པས་རིང་དུ་མི་གནས་ཤིང་། །ཆུ་བུར་ལྟ་བུར་ཉམ་ཆུང་སྙིང་པོ་མེད། །གཡོ་བ་མེད་ཅིང་བརྟགས་ན་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུར་སེམས་ནི་སླུ་བར་བྱེད། །རྡུལ་མེད་སངས་རྒྱས་བྱང་ཆུབ་མ་ཐོབ་པར། །བརྩོན་འགྲུས་ནམ་ཡང་ཉམས་པར་འགྱུར་ཏ་རེ། །ཞེས་སོ། །ངེས་པར་མི་རྟག་པའི་ཚུལ་བསམ་པ་ནི། མཐའ་བཞིས་བསྡུས་ཕྱིར་རྟག་པ་འགའ་ཡང་མེད། །ཚེ་ལ་ངེས་མེད་ནམ་འཆི་ཆ་མེད་པས། །ངེས་པར་འཆི་ཞེས་སྙིང་ནས་བསམ་པར་བྱ། །མི་ལུས་ཐོབ་པའི་རྟེན་འདི་ལ་མཐའ་བཞིའི་རྒྱས་བཅིངས་ཏེ་བདེ་བའི་སྐབས་མེད་པས་དམ་པའི་ཆོས་བྱ་དགོས། དེ་ཡང་སྐྱེས་པའི་མཐའ་འཆི། འདུས་པའི་མཐའ་འབྲལ། བསགས་པའི་མཐའ་འཛད། མཐོན་པོའི་མཐའ་ལྟུང་བས་ཡིད་བརྟན་མེད་དེ་འདོར་ངེས། ཁྱད་པར་དུ་རང་གི་ལུས་དབུ་བ་ལྟ་བུ་འདི་འཇིག་ངེས། ནམ་འཆི་ཆ་མེད། དེ་རིང་ཁོ་ན་ལའང་འཆིའམ། སང་འཆིའམ། དོ་ནུབ་འཆིའམ། མལ་འདིར་ཉལ་
བ་འདི་ལས་ཤི་ནས་སང་ནི་ལྡང་བ་མེད་པ་ཅིག་འབྱུང་ངམ་སྙམ་དུ་བསམས་ཏེ། མཚན་མོ་བཟང་པོའི་མདོ་ལས། སང་ཙམ་འཆིའམ་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱེད་ཀུན་བཤེས་པ་མ་ཡིན་ནོ། །ཞེས་པ་དང་། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །འཆི་བདག་སྡེ་ཆེན་དེ་དང་ནི། །བདག་ཅག་བཤེས་པ་མ་ཡིན་ནོ། །ཞེས་པ་དང་། མྱ་ངན་ལས་འདས་པ་ལས། ཉམས་ཆུང་གྱི་ནའི་ཕུང་པོ་འདི། །སྐྱོན་མང་འཇིག་པའི་ཆོས་ཅན་ཏེ། །རྒ་དང་ནད་འཆིས་རྟག་ཏུ་གཙེས། །སྲིད་པའི་ཆོས་ནི་མཐའ་ཡས་པ། །འགྱུར་ཞིང་འཕོ་བའི་དགྲ་དང་བཅས། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་སོ། །དེའང་རྟ་འདྲོག་པའམ། ལུག་ཡར་བའམ། ཕྱུགས་རྒྱུག་པའམ། བྱ་འཕུར་བ་ལྟར་གློ་བུར་ཐོག་རྒྱུགས་སུ་འཆི་བ་འོང་བས་སྐྱེ་དགུ་འདི་ཐམས་ཅད་བཟུང་བ་ནི། མཛངས་བླུན་ལས། བསགས་པའི་མཐའ་མཛད་འདུས་པ་འབྲལ། །བྱས་པ་འཇིག་ཅིང་གསོན་པོ་འཆི། །ཞེས་པ་དང་། རྒྱ་ཆེར་རོལ་པ་ལས། འཆི་བས་སྲོག་ཆགས་བརྒྱ་ཕྲག་མང་འཛིན་ཏེ། །འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན། །ཀླུ་ལ་མཁའ་ལྡིང་གླང་ཆེན་སེང་གེ་དང་། །རྩྭ་རྩི་འབྱུང་པོའི་ཚོགས་ལ་མེ་དང་མཚུངས། །འཆི་བས་དབང་ཡོད་པ་དག་དབང་མེད་བྱེད། །འཆི་བས་སྲོག་འཕྲོག་ཆུ་བོས་ཤིང་འདེད་འདྲ། །མི་ནི་གཉིས་མིན་གྲོགས་མེད་གཅིག་པུར་འགྲོ། །རང་ལས་འབྲས་བུ་སྨིན་པས་རང་དབང་མེད། །ཅེས་པ་དང་། མྱ་ངན་ལས་འདས་པ་ལས། ཚེ་ནི་རིང་ཡང་མཐར་ནི་འཇིག་ངེས་པས། །འདིར་ནི་ཐམས་ཅད་ངེས་པར་འཆི་བར་འགྱུར། །འབྱོར་པ་རྒུད་ཅིང་ལང་ཚོ་རྒས་པས་འཇོམས། །གཟུགས་བཟང་ནད་དང་སྲོག་ནི་འཆི་བས་གཅོད། །ཅེས་སོ། །དེ་ཡང་ནམ་འཆི་ཆ་མེད་པས་འཆི་བར་ངེས་པ་བསམས་དགོས་ཏེ། འགྲིབ་ཅིང་འཕེལ་བ་མེད་པས་ནམ་འཆི་ཆ་མེད་པ་ཡིན་ཏེ། ཉིན་ཞག་དང་ལོ་ཟླ་སྔ་དྲོ་དང་ཕྱི་དྲོ་སོང་བ་ཙམ་གྱིས་འཆི་བ་ལ་ཉེར་སོང་སྟེ། རྒུད་ནས་ཚེ་ལ་སྣོན་པ་ནི་མེད་དེ། འགྲིབ་པ་
ནི་ཡོད་དོ། །ཉི་མ་ནུབ་པའི་གྲིབ་སོ་ལྟར་ཚེ་འགྲིབ། འབྲུའི་བང་མཛོད་བཅུས་པ་ལྟར་ཚེ་འཛད། རྫིང་གི་ཝ་རྡོལ་བ་ལྟར་ཚེ་འཛད། དེ་བཞིན་དུ་བར་སྣང་གི་སྤྲིན་ཡལ་བ། རི་གཟར་གྱི་ཆུ་འབབ་པ། གཤེད་མའི་དྲུང་དུ་སླེབ་པ། ཆུ་བྲན་རྒྱ་མཚོར་འབབ་པ། གྱད་ཀྱིས་མདའ་འཕངས་པ། གསོད་སར་སེམས་ཅན་ཁྲིད་པ་ལྟར། ཚེ་འགྲིབ་ཅིང་འཆི་ངེས་ཏེ། སྤྱོད་འཇུག་ལས། ཚེ་ནི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་མེད་འབྲི་བ་དང་བཅས་པས། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་སོ། །དེའང་རས་བལ་གྱི་དྲུ་གུ་འཐུལ་བ་ལྟར་སྐད་ཅིག་ཐང་ཅིག་གིས་འཛད་པ་དང་། སྙིམ་པའི་ཆུ་ཟགས་པ་ལྟར་ཟད་ཀྱང་མ་ཚོར་བ་འདི་མཚང་ཆེ་སྟེ། བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་དོ་ཧ་རྡོ་རྗེའི་མགུར་དུ་གསུངས་པ། ཀྱེ་ཧོ་བཞིན་བཟང་སྙིམ་པ་ཆུས་བཀང་བ། །ཟགས་པ་བཞིན་དུ་ཉམས་པ་མ་ཚོར་རོ། །ཞེས་སོ། །དེའང་ཚེ་ལ་དུས་ངེས་པའི་ཚད་མེད་པས་ཀྱང་འཆི་ལ། རྐྱེན་གཡང་དང་། རྦབ་དང་། མཚོན་དང་། དུག་དང་། འདྲེ་ལ་སོགས་པས། བར་དུ་གཅོད་པས་ཀྱང་འཆི་དུས་མ་ངེས། བར་ཆད་མེད་ཀྱང་སྐད་ཅིག་གིས་ཐུང་དུ་འགྲོ་བས་འཆི་ངེས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། ཁ་ཅིག་མ་ཡི་མངལ་དུ་འཆི། །ཁ་ཅིག་བཙས་མ་ཐག་ཏུ་འཆི། །ཁ་ཅིག་གོགས་པོར་འགྲོ་ཙམ་ན། །དེ་བཞིན་ཁ་ཅིག་རྒྱུག་ཙམ་ན། །ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །དེ་དག་རིམ་གྱིས་འཆི་འགྱུར་ཏེ། །དེ་ལ་མི་འདི་གཞོན་ཞེས་ནི། །གསོན་པའི་གདེང་ནི་སུ་ཞིག་འཆའ། །འབྲས་བུ་སྨིན་པའི་ཤིང་ཐོག་བཞིན། །ལུས་ཅན་རྣམས་ནི་འཆི་བར་འགྱུར། །ཞེས་པ་དང་། འདས་པ་ལས། འཚོ་བའི་ཚེ་ནི་བདུད་ཀྱིས་འཇོམས། །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་པ་དང་། སྔ་མ་ལས། རྒྱུན་དུ་ནད་ཀྱིས་མངོན་གདུང་ཞིང་། །རྟག་ཏུ་མི་གཙང་འཛགས་པ་ལྟ། །རྒ་དང་འཆི་བས་ཚེ་འགྲིབ་པའི། །ལུས་ནི་ངན་པ་ཅིང་མི་རུང་། །ཞེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གློ་བུར་འཆི་བའི་རྒྱུ་དགུ་སྟེ། མི་འཕྲོད་པའི་ཟས་ཟ་བ་དང་
ཟས་འགྲངས་ཀྱང་མང་དུ་ཟ་བ་དང་། སྔ་མ་མ་ཞུ་བར་ཕྱི་མ་ཟ་བ་དང་། བཤང་གཅི་དུས་སུ་མི་འདོར་བར་བསྡམ་པ་དང་། ནད་པས་སྨན་པ་དང་ནད་གཡོག་གི་ངག་ལ་མི་ཉན་པ་དང་། མཚན་མོ་འགྲོ་བས་གདོན་དང་འབྱུང་པོ་དྲག་པོས་བཏབ་པ་དང་། སྐྱུགས་སྨན་བཏང་བ་མནན་ནས་མི་སྐྱུགས་པ་དང་། མ་བརྟགས་པའི་དྲག་ཤུལ་སྤྱོད་པ་དང་། བག་མེད་པར་བུད་མེད་ལ་འཁྲིག་པ་སྤྱོད་པའོ་ཞེས་སོ། །སྨན་པའི་རྒྱལ་པོའི་མདོ་ལས། སྨན་པས་སྨན་མ་ཡིན་པ་སྦྱར་བ་ལ་སོགས་པ་གཞན་དགུ་གསུངས་པའང་འདིར་འདུའོ། །དེས་ན་འཆི་བའི་རྐྱེན་མང་ཞིང་བྱ་བྱེད་བྱེད་འཕྲོ་ལ་འཆི་བས་འདིའི་ཚེ་མི་འཆི་སྙམ་དུ་བློ་ལྟོས་མི་ཐུབ་ལ་འཆི་དུས་དགེ་སྡིག་གཉིས་ལས་གཞན་རྗེས་སུ་མི་འབྲེང་བས་སུས་ཀྱང་བསྟོངས་པ་མེད་དེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་མི་རྣམས་ཀྱི་ཚེ་སྲོག་ནི་ཡུན་ཐུང་ཞིང་འཕོ་བས་ན། ཁྱོད་ཀྱིས་འཇིག་རྟེན་ཕ་རོལ་ལ་འཇིགས་པར་ལྟ་བར་གྱིས་ཤིག །དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་པ་དང་། ཆེད་དུ་བརྗོད་པའི་ཚོམས་ལས། བྱ་བ་འདི་ནི་བྱས་ཟིན་ད་འདི་རུ། །དེ་དག་རྫོགས་ནས་བདག་གིས་འདི་བྱ་ཞེས། །དེ་ལྟར་མི་ཡིས་ཡོངས་སུ་སེམས་པ་ན། །རྒ་དང་ན་དང་འཆི་བས་མངོན་པར་འཇོམས། །ཞེས་སོ། །དེའི་ཚེ་ཚེ་འདིའི་སྣང་བ་གང་གིས་ཀྱང་མི་བསྟོངས་བས་སྐྱོ་བར་བསྟན་པ་ནི། འཆི་བར་གྱུར་ཚེ་གནས་དང་ལོངས་སྤྱོད་དང་། །གཉེན་དང་དཔའ་རྩལ་དཔུང་གཉེན་ལ་སོགས་ཀྱིས། །སྟོངས་པ་འགའ་མེད་དམ་པའི་ཆོས་སྒྲུབས་ཤིག །དེ་ཡང་འཆི་བའི་ཚེ་བརྟེན་པའི་གནས་ཀྱིས་མི་བསྟོངས་ཏེ། ལྷའི་གཞལ་ཡས་ཁང་ཡང་བཞག་ནས་འགྲོ། ས་བཙན་པོར་གབ་པས་ཀྱང་ཐུབ་པའི་གནས་མེད་དེ། འདུལ་བ་ལུང་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་ནའང་ཡོད་མིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་ནང་ནའང་མེད། །ལྷ་ཡུལ་ན་མེད་རིའི་སུལ་ན་ཡང་མེད། །
ཅེས་སོ། །བསགས་པའི་ནོར་གྱིས་མི་བསྟོངས་ཏེ། ལྷ་རྫས་ཀྱི་རིན་པོ་ཆེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད། ཕྱུག་པོའི་བང་མཛོད་ཐམས་ཅད་བཞག་ནས་འགྲོ་སྟེ། དེ་ཉིད་ལས། ལྗོན་ཤིང་རྡིབ་པར་གྱུར་པའི་ཚེ། །ཡལ་ག་ལོ་མས་ཅི་ཞིག་བྱ། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་བཟུང་བས་ཅི་ཞིག་བྱ། །ཞེས་སོ། །འབྲེལ་བའི་གཉེན་གྱིས་མི་བསྟོངས་ཏེ། གྲོགས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྙེད་ཀྱང་། ཆུང་མ་ལྷའི་བུ་མོ་ལྔ་བརྒྱས་བསྐོར་ཀྱང་། བུ་ཚ་ལྷའི་ཁྱེའུ་སྟོང་གིས་རྩེ་ཡང་། ཚ་ཞང་ལྷའི་དབང་པོ་ཡོད་ཀྱང་། སྲིད་སྡེ་ལྷ་མིན་དམག་མི་ཡོད་ཀྱང་། རྒྱལ་འབངས་གླིང་བཞི་ལྷ་ཡུལ་ཡོད་ཀྱང་། ནོར་རྫས་རིན་ཆེན་སྣ་བདུན་ཡོད་ཀྱང་། ཕ་ཁུ་ཚངས་པ་བརྒྱ་བྱིན་ཡོད་ཀྱང་། མཛའ་གྲོགས་རྒྱལ་ཆེན་རིས་བཞི་ཡོད་ཀྱང་། བྲན་གཡོག་ལྷ་བྲན་སྟོང་ཕྲག་ཡོད་ཀྱང་། དེ་དག་གིས་སྲོག་བཟུང་བའམ། ཕན་གདགས་པའམ། ཚེ་མཐུད་པའམ། ར་མདའ་སྙེགས་པའམ། གྲོགས་བྱར་མེད་པར་གཅིག་པུར་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་བར་དོའི་འཕྲང་ལ་སུ་དང་ཡང་འགྲོགས་སུ་མེད་པར་འགྲོ་དགོས་ཏེ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འཆི་བའི་དུས་ལ་བབ་པ་ན། །ཕ་མ་མ་ཡིན་གཉེན་འདུན་མིན། །བུ་དག་སྐྱབས་སུ་མི་འགྱུར་ཞིང་། །ལང་ཚོ་མ་ཡིན་སྟོབས་ཀྱང་མིན། །ཞེས་པ་དང་། རྒྱ་ཆེར་རོལ་པ་ལས། འདི་ནས་གཞན་དུ་འཆི་འཕོའི་དུས་བྱེད་ཚེ། །ཕོངས་ཤིང་སྡུག་པའི་སྐྱེ་བོ་རྣམས་དང་འབྲལ། །ཤི་ནས་ཕྱིར་མི་འོང་ཞིང་ཕྲད་མི་འགྱུར། །ཤིང་ལས་ལོ་འབྲུལ་འདྲ་ཞིང་ཆུ་རྒྱུན་འདྲ། །ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། འདི་ན་རྟག་ཏུ་སྡུག་པ་ཐམས་ཅད་དང་། །མྱུར་དུ་འབྲལ་བར་མི་འགྱུར་གང་ཡང་མེད། །ཅེས་པ་དང་། འཇམ་དཔལ་རྣམ་པར་རོལ་པ་ལས། ཕ་མ་ཁྱེད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །རང་ཉིད་གཅིག་པུ་ཕྱི་མར་འགྲོ། །ཞེས་སོ། །ལུས་ཀྱི་དཔའ་རྩལ་གྱིས་མི་སྟོངས་ཏེ། འཆི་བའི་ཚེ་ཅིས་ཀྱང་མི་ཕན་པར་
འགྲོ་དགོས། གཙོ་བོའི་གྲོས་ཀྱིས་མི་བསྟོངས་པས་གཏམ་དང་། ཤགས་ཀྱིས་ལན་གདབ་ས་མེད། དཔའ་བོའི་རྩལ་གྱིས་མི་བསྟོངས་པས་འཐབ་ས་མེད། མགྱོགས་པའི་བང་གིས་མི་བསྟོངས་པས་འབྲོས་ས་མེད། མཚར་མོའི་བྱད་ཀྱིས་མི་བསྟོངས་པས་བསླུ་ས་མེད། དྲག་པོའི་ལས་ཀྱིས་མི་བསྟོངས་པས་བརྩོམ་ས་མེད། ངན་པའི་གཡོ་སྒྱུས་མི་བསྟོངས་པས་འབྱོལ་ས་མེད་པར་གཅིག་པུར་འགྲོ་དགོས་ཏེ། འདུལ་བ་ལུང་ལས། འདི་ན་མཐུ་ཆེན་གནས་མཐོ་བར། །གནས་པའི་ལྷ་ཚེ་རིང་པོ་ཡང་། །ཚེ་ཟད་ཉམས་པར་འགྱུར་བས་ན། །འཆི་ལས་དེ་རིང་སུ་ཞིག་ཐར། །དཔའ་བརྟུལ་གྱིས་ཀྱང་སྐྱོབ་ནུས་མིན། །རྒྱལ་པོ་སྡོམ་བརྩོན་དཀའ་ཐུབ་དང་། །ལས་དང་བརྩོན་འགྲུས་བརྟུལ་ཕོད་དང་། །འཁོར་ཚོགས་རྒྱ་ཆེན་བློ་གྲོས་ཀྱིས། །འཆི་ལས་ཇི་ལྟར་ཐར་མི་ནུས། །ཞེས་སོ། །མཐུ་སྟོབས་ཀྱི་དཔུང་གཉེན་གྱིས་མི་བསྟོངས་ཏེ། ཚངས་པ་དང་། བརྒྱ་བྱིན་དང་། དབང་ཕྱུག་དང་། ཁྱབ་འཇུག་དང་། དྲང་སྲོང་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་མཐུ་སྟོབས་ཅན་རྣམས་ཀྱང་འཆི་བ་ལས་མ་འདས། གནོད་སྦྱིན་དང་། སྲིན་པོ་དང་། བདུད་དང་ཀླུ་ལ་སོགས་པ་རྣམས་ཀྱི་སྟོབས་ཀྱིས་མི་ཐར། སྨན་པ་དང་གཙུག་ལག་དང་མོ་པྲ་ལ་སོགས་པའི་ཐབས་ཀྱིས་མི་ཐར། གསང་སྔགས་དང་། རིག་སྔགས་དང་། རྫུ་འཕྲུལ་དང་། མངོན་ཤེས་ལ་སོགས་པའི་ནུས་པས་མི་བསྟོངས། ཕོ་ལྷ་དང་ཆོས་སྐྱོང་དང་མཁའ་འགྲོ་ལ་སོགས་པའི་སྲུང་མས་མི་སྐྱོབ། བཅུད་ལེན་དང་རྫས་དང་སྨན་གྱི་ནུས་པས་མི་ཕན་པར་འཆི་བ་ཡིན་ཏེ། དེ་ཉིད་ལས། མཐུ་ཆེན་ནོར་ལྡན་གྲགས་འབར་བ། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །མུན་བྱེད་སྒྲ་ངན་སྐྱབས་སེང་བུ། །དེས་ཀྱང་འཆི་བ་བཟློག་མི་ནུས། །མཐར་བྱེད་པ་ལས་སྨན་དག་དང་། །རིག་སྔགས་ཀུན་དང་དཔུང་དག་དང་། །ལྷ་དང་སྲུང་མ་རྟེན་འབྲེལ་དང་། །ནོར་དང་ཉེ་དུས་སྐྱོབ་མི་ནུས། །ཞེས་སོ། །ཟས་གོས་ལོངས་སྤྱོད་ཀྱིས་མི་བསྟོངས་ཏེ། ལྷའི་བདུད་རྩི་ཟིལ་མངར། པཉྩ་ལི་ཀའི་གོས་མཆོག །མིའི་ཟས་མཆོག་རོ་
བརྒྱ། དར་ཟབ་རས་མཆོག་སྣ་ཚོགས་ཏེ། མདོར་ན་གཟུགས་མཛེས་སྒྲ་སྙན། དྲི་ཞིམ། རོ་བྲོ། རེག་བྱ་འཇམ་པོ་སྣ་ཚོགས་ཀྱིས་མི་བསྟོངས་པར་ཚེའི་དུས་བྱེད་པ་ཉིད། རྒྱ་ཆེར་རོལ་པ་ལས། རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། །དྲི་ཞིམ་རོ་མཆོག་རེག་ན་བདེ་བྱེད་དང་། །དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོགས། །དཔེར་ན་རྔོན་པའི་རྙི་ལ་སྤྲེའུ་ཐོགས་བཞིན། །འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང་། །འཇིག་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲིའི་སོ་དང་དུག་གི་ལོ་མ་འདྲ། །ཞེས་པ་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། བདག་གི་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ་བརྟན་པ་སྙིང་པོ་དང་ལྡན་པ་མ་གས་པ། མ་ཞིག་པ་ཤིན་ཏུ་མཁྲེགས་པ་ལྷུན་མཐོ་བ་བཞིས་བཟློག་སྟེ། རྡིབ་ནས་དུས་གཅིག་ལ་རྩྭ་དང་ཤིང་དང་ནགས་ཚལ་དང་སྲོག་ཆགས་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་ན། དེ་དག་ལ་མགྱོགས་པས་འབྲོས་པའམ། ནོར་གྱིས་བསླུ་བའམ། སྟོབས་ཀྱིས་བཟློག་པའམ། ཐབས་ཀྱིས་ཐར་པའམ། སྨན་དང་། སྔགས་དང་རྫས་ཀྱི་ནུས་པས་བཟློག་པའི་གོ་སྐབས་མེད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་འཇིགས་པ་ཆེན་པོ་འདི་དག་འོང་སྟེ། དེ་དག་ལ་མགྱོགས་པས་འབྲོས་པའམ། ནོར་དང་སྟོབས་ལ་སོགས་པས་བཟློག་པའི་གོ་སྐབས་མེད་དོ། །དེ་ཡང་རྒས་པས་ནི་དར་ལ་བབ་པ་འཇོམས་ཤིང་འོང་ངོ་། །ན་བས་ནི་ནད་མེད་པར་བདེ་བ་འཇོམས་ཤིང་འོང་ངོ་། །རྒུད་པས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ངོ་། །འཆི་བས་ནི་ཚེ་དང་སྲོག་འཇོམས་ཤིང་འོང་སྟེ། ཅིས་ཀྱང་བཟློག་པར་ནུས་པ་མེད་དོ་ཞེས་སོ། །མི་རྟག་པའི་དཔེ་དུ་མ་ལ་བསམས་ནས་སྐྱོ་ཤས་བསྐྱེད་པ་ནི། ཚོང་འདུས་འགྲོན་དང་ཆུ་འགྲམ་ལྗོན་ཤིང་དང་། །འབྲུག་སྒྲ་སྤྲིན་དང་འགྲོ་བ་ཉི་ཟླའི་འགྲོས། །མི་རྟག་གཡོ་བས་མྱུར་དུ་འཆི་བ་སོམས། །ཚོང་དུས་ཀྱི་འགྲོན་པོ་རྣམས་དར་ཅིག་ཚོགས་ཀྱང་གྱེས་ནས་འགྲོ་ལ། ལམ་དུའང་
འཇིགས་པའི་དགྲ་ཡོད་པ་ལྟར། རང་ཅག་སོ་སོར་གྱེས་པའི་ཚེ་ནའང་འཆི་བདག་གི་བདུད་དང་བར་དོའི་སྣང་བས་འཇིགས་ལ། ལམ་དུ་ལ་འཕྲང་བརྒལ་དགོས་པ་ལྟར་འཆི་བའི་ལ་འཕྲང་ལ་འགྲོ། ལམ་ན་གཡང་ས་དང་བདེ་སྡུག་ཡོད་པ་ལྟར་མཐོ་རིས་དང་ངན་སོང་གི་གནས་སུ་སོ་སོར་འགྲོ། འགྲོན་པོ་རྣམས་བདེ་སྡུག་སོ་སོར་མྱང་བ་ལྟར། འགྲོ་དྲུག་སོ་སོའི་སྡུག་བསྔལ་ལ་སྤྱོད་པའོ། །དེ་སྐད་དུ་ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། བྱིས་པ་མ་རབས་རྣམས་ཚོང་འདུས་ཀྱི་འགྲོན་པོ་ལྟར་གྱེས་ནས་གཡང་ས་ཆེན་པོར་འཇུག་སྟེ། གྲོགས་མེད་པ་གཅིག་པུ། ལམ་ཤིན་ཏུ་རིང་པོ། ཉིན་མཚན་དུ་མར་ཕྱིན་ཡང་མཐའ་མི་ཤེས་པ་འཇིགས་པའི་མུན་ནག་ཏུ་འཐོམ་པས། སྣང་བ་དང་སྒྲོན་མེ་མེད་པ། འགྲོ་བ་ལ་བར་ཆད་མང་བ། ཐབས་མེད་པའི་གནས་སུ་འགྲོ་བ། མཐོང་བ་ཙམ་གྱིས་མྱ་ངན་གྱིས་གདུང་བ། ལུས་ལ་ཁྱད་པར་ཡོད་ཀྱང་གར་འགྲོ་ངོ་མི་ཤེས་པའི་གཡང་སར་འགྲོའོ་ཞེས་སོ། །ཡང་རང་གི་ལུས་འདི་ནི་ཆུ་འགྲམ་གྱི་གད་པ་ལ་སྐྱེས་པའི་ལྗོན་ཤིང་འདྲ་ལ། འཆི་བདག་གི་བདུད་ཆུ་བོ་འདྲ་བས་བརྐོའོ། །ལུས་དབྱར་ཁའི་ཁང་རུལ་དང་འདྲ་བ་ལ། འཆི་བདག་གི་བདུད་ཆར་དང་འདྲ་བས་རྡིབ། ལུས་གཡང་ཁའི་སྡོང་རྒན་དང་འདྲ་བ་ལ། འཆི་བདག་འབྱུང་པོའི་རླུང་ནག་དང་འདྲ་བས་སྒྱེལ། ལུས་ཤིང་སྐམ་མམ་རྩི་སྦུར་འདྲ་བ་ལ། འཆི་བདག་མེ་དཔུང་གི་ཚོགས་དང་འདྲ་བས་སྲེག །ལུས་སྟོན་ཀའི་མེ་ཏོག་དང་འདྲ་བ་ལ། འཆི་བདག་དུས་ཀྱི་ལྷགས་པ་དང་འདྲ་བས་སྐེམས་པའི་ཕྱིར་རྟག་ཏུ་སྐྱོ་ཤས་སྐྱེད་དགོས་ཏེ། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། ལུས་ནི་ཆུ་འགྲམ་ཤིང་ལྟར་གཡོ་ཞིང་འགུལ། །ཁང་རྙིང་ལྟ་བུར་བཅོས་ལེགས་ཀྱིས་བརྟེན་དགོས། །ཆུ་ཀླུང་རྒྱུན་ལྟར་འཆི་བའི་རྒྱ་མཚོར་སྙེགས། །སྦུ་བ་ཆུ་བུར་ཆུ་ཤིང་སྨིག་རྒྱུ་འདྲ། །དེ་ལྟར་བརྟགས་ནས་ཉེས་མང་ལུས་འདི་ལ། །ལུས་སུ་བདག་འཛིན་སྲེད་ཞེན་ཀུན་ལྡོག་ཅིང་། །སྲོག་ཏུ་འདུན་པ་ལ་སོགས་ཀུན་དོར་ནས། །དེ་ལ་མི་ལྟ་ཕ་རོལ་ཕྱིན་རྫོགས་སྤྱོད། །ཅེས་སོ། །འབྲུག་དང་བྲག་ཅའི་སྒྲ་ཆེར་
གྲག་ཀྱང་རྗེས་མེད་པ་ལྟར། གཞན་གྱིས་བདག་ལ་སྙན་མི་སྙན་བསྟོད་སྨད་ཅི་བྱས་ཀྱང་དགག་སྒྲུབ་ཅི་ཡང་མི་བྱ་ཞིང་། རང་གི་ངག་ལའང་བྲག་ཅ་འདྲ་བར་རྟོགས་ནས། ཆོས་ཐམས་ཅད་དེ་ལྟར་ཤེས་པས། དགའ་མི་དགའི་འདུན་པ་བཟློག་སྟེ། རྒྱ་ཆེར་རོལ་པ་ལས། འདོད་པའི་ཡོན་ཏན་སྒྲ་བརྙན་བྲག་ཅ་འདྲ། །ཐོས་ཀྱང་མཚན་མར་མི་འཛིན་རང་སར་ལྟོས། །ཞེས་སོ། །སྤྲིན་དང་ན་བུན་དང་བར་སྣང་གི་འཇའ་ཚོན་རྣམས་རེ་ཞིག་སྣང་ཡང་ཡལ་ནས་འགྲོ་བ་ལྟར། ཕྱི་སྣང་བའི་ཡུལ་དང་། ནང་དགག་སྒྲུབ་ཀྱི་སེམས་ཐམས་ཅད་གློ་བུར་དུ་སྣང་ལ་གློ་བུར་དུ་ཡལ་ནས་འགྲོ་བས་དེ་ལ་བདེན་ཞེན་མེད་པར་བསླབ་སྟེ། དབུགས་འགྲོ་འོང་ཡང་དེ་དང་ཆོས་མཚུངས་པར་ལྟ་བ་ནི། དགོངས་པ་ངེས་པར་འགྲེལ་པ་ལས། དབུགས་ཀྱི་འགྲོ་འོང་གནས་པ་མི་རྟག་སྟེ། །སྤྲིན་དང་ན་བུན་སེར་བུ་དུད་པ་འདྲ། །རྐྱེན་མེད་རང་སར་ཡལ་བར་གྱུར་ལ་ལྟོས། །ཞེས་སོ། །མི་དང་དུད་འགྲོ་ལ་སོགས་པ་སྔར་ཤི་བ། ད་ལྟ་ཤི་བ་ཐོས་པ་རྣམས་ལ་བསམས་ཏེ་རང་ལ་ནང་དུ་སྦྱར་བ་ནི། སྔ་མ་ལས། སེམས་ཅན་གཞན་དང་ཁྱད་པར་མི་ཡི་ལུས། །རྒྱལ་ཁམས་གཞན་དང་རང་གི་ཡུལ་རྣམས་སུ། །ཉེ་རིང་དགྲ་གཉེན་ཤི་བའི་དཔེ་མཐོང་ནས། །བདག་ཉིད་འཆི་བར་མི་ཤེས་འགྲོ་བ་བླུན། །ཞེས་སོ། །ཉི་ཟླ་དང་མར་མེ་ཤི་བ་ལ་སོགས་ལ་བལྟས་ནས་ཚེ་འདིའི་སྣང་བ་ནུབ་ཅིང་སེམས་རང་གསལ་གྱི་འཛིན་པ་ཡལ་ནས་མི་རྟག་པ་བསམས་ཏེ། སྔ་མ་ལས། ཉི་ཟླ་གཟའ་སྐར་རླུང་གིས་བསྐྱོད་པ་དང་། །མར་མེའི་མེ་ལྕེ་རླུང་གིས་བསྐྱོད་པ་ལྟར། །ཚེ་འདི་སྐད་ཅིག་ཡུད་ཙམ་མི་སྡོད་པས། །དོན་ཆེན་བྱ་བ་གང་ཡིན་སྒྲུབ་པར་འབད། །ཅེས་སོ། །ཆོས་༼ནི་༽ཉིད་དཔུང་གཉེན་ཡིན་པས་བསྟེན་པར་གདམས་པ་ནི། འཆི་དུས་དཔུང་གཉེན་མཆོག་གསུམ་དགེ་ཚོགས་ཏེ། །དམ་པ་བསྟེན་ཞིང་སྙིང་པོའི་དོན་བསྒྲུབ་འཚལ། །འཆི་བའི་དུས་དང་བར་དོའི་འཕྲང་ལ་སྐྱབས་དང་དཔུང་གཉེན་ནི་བླ་མ་དམ་པ་སྔར་བཤད་པའི་མཚན་ཉིད་ཅན། དཀོན་མཆོག་དམ་པ་སངས་རྒྱས་ཆོས་དང་དགེ་འདུན་གསུམ། ཡི་དམ་དམ་པ་ཞི་ཁྲོ་ལ་སོགས་དཀྱིལ་འཁོར་དང་མཁའ་འགྲོའི་
ཚོགས་ཏེ། ལམ་སྣ་འདྲེན་ཅིང་བར་ཆད་སེལ་བས་བདེ་ཆེན་ཐར་པའི་གོ་འཕང་ལ་འགོད་པའི་ཕྱིར་རོ། །དེས་ན་ད་ལྟ་ཉིད་ནས་དམ་པ་དེ་གསུམ་བསྟེན་པ་ལ་བརྩོན་པ་ཆེན་པོས་འབད་དོ། །དེ་ཡང་བསྟེན་པས་བསྟོངས་ངེས་པ་དགེ་བའི་བཤེས་གཉེན་ཡིན་པས་བླ་མ་དམ་པ་དང་འབྲལ་མེད་དུ་བསྟེན་དགོས། སྐྱབས་གནས་ཀྱིས་བསྟོངས་ངེས་པ་དཀོན་མཆོག་ཡིན་པས་དེ་གསུམ་ལ་སྐྱབས་སུ་འགྲོ་དགོས། སོ་ནམ་གྱིིས་བསྟོངས་ངེས་པ་ཆོས་སྤྱོད་ཡིན་པས་དགེ་སྦྱོར་ཕྱོགས་མེད་དུ་བྱེད་དགོས། ཡོ་བྱད་ཀྱིས་བསྟོངས་ངེས་པ་ཚོགས་གཉིས་ཡིན་པས་རྒྱུན་དུ་གཡེལ་བ་མེད་པར་བསག་དགོས། གནས་ཁང་གིས་བསྟོངས་ངེས་པ་བསམ་གཏན་ཡིན་པས་ཞི་ལྷག་གི་མཁར་སོ་བརྩིག་དགོས། གྲོགས་ཀྱིས་བསྟོངས་ངེས་པ་ཆོས་ལྡན་གྱི་སྐྱེ་བོ་ཡིན་པས་མཆེད་གྲོགས་ལ་གུས་པས་འགྲོགས་དགོས། འབྲས་བུས་བསྟོངས་ངེས་པ་སྐུ་གསུམ་ཡིན་པས་སངས་རྒྱས་བརྩོན་པས་བསྒྲུབ་དགོས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་གནས་དང་མགོན་དང་བསྟེན་པར་འགྱུར་རོ། །དཔེར་ན་གྲང་བས་ཉེན་པ་ལ་མེ་དང་། ཚ་བས་ཉེན་པ་ལ་བསིལ་ཁང་དང་། སྐོམ་པས་ཉེན་པ་ལ་ཆུ་བསིལ་དང་། འགྲོན་པོ་ངལ་ཞིང་དུབ་པ་ལ་གྲིབ་མ་དང་། ལམ་རིང་པོར་ཞུགས་པ་ལ་བཞོན་པ་དང་། ཉལ་བ་ལ་གནས་མལ་བཟང་པོ་དང་། བཀྲེས་པ་ལ་ཟས་བཟང་པོ་དང་། གདུངས་བ་ལ་ཚིམ་པར་བྱེད་པ་དང་། ལམ་སྟོར་བ་ལ་ས་མཁན་དང་། ནད་ཀྱིས་བཏབ་པ་ལ་སྨན་པ་དང་། འདམ་དུ་བྱིང་བ་ལ་འཇུ་ཐག་དང་། ཆུ་བོས་ཁྱེར་བ་ལ་གྲུ་གཟིངས་དང་། བརྒལ་བར་དཀའ་བ་ལ་ཟམ་པ་དང་། ཉམ་ང་བ་ལ་འབབ་སྟེགས་དང་། མུན་ཁུང་དུ་སྒྲོན་མེ་དང་། རྒྱ་མཚོ་ཆེན་པོ་ལ་གྲུ་དང་། དབུལ་པོ་ལ་ནོར་དང་། ལས་བྱེད་པ་ལ་གྲོགས་དང་། གཅོད་པ་ལ་ལག་ཆ་དང་། གཡུལ་ངོར་འཇུག་པ་ལ་གོ་ཆ་དང་། འཇིགས་པ་ལ་སྐྱེལ་མ་བཟང་པོ་དང་། འཐབ་པ་ལ་དཔུང་གཉེན་དང་། མུ་གེ་ལ་འབྲུ་དང་། དོག་པ་ལ་གོ་འབྱེད་པ་དང་། འཁྱམས་པ་ལ་གནས་དང་། ཉེན་པ་ལ་མགོན་སྐྱབས་
བྱེད་པ་ལྟ་བུའོ། །ཞེས་སོ། །དེ་ལྟ་བུའི་དཔེ་དང་གཏན་ཚིགས་ཀྱི་སྒོ་ནས་འགྲོ་འཆག་ཉལ་འདུག་ལ་སོགས་པའི། སྤྱོད་ལམ་ཀུན་ཏུ་འཆི་བ་དྲན་པར་བྱ། ཟ་འཆག་ཉལ་འདུག་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུ་སེམས་ཀྱིས་འཆི་བ་འབའ་ཞིག་དྲན་པར་བྱ་སྟེ། འགྲོ་ན་གོམ་པ་འདོར་བ་མི་རྟག་པས་སངས་རྒྱས་ཀྱི་ས་ལ་གནས་པར་བསྐུལ་མ་གདབ། འདུག་ན་གནས་པ་མི་རྟག་པས་འགྱུར་མེད་ཀྱི་ས་ལ་གནས་པར་བསྐུལ་མ་གདབ། ལངས་ན་འགྲེངས་པ་མི་རྟག་པས་མཉམ་ཉིད་ཀྱི་ངང་ལས་ལངས་པར་བསྐུལ་མ་གདབ། བཟའ་བཏུང་སྤྱོད་ལམ་མི་རྟག་པས་ཏིང་ངེ་འཛིན་གྱི་ཟས་སུ་བསྐུལ་མ་གདབ། གནས་ཁང་མི་རྟག་པས་ཆོས་སྐུ་མཉམ་ཉིད་ཀྱི་ཕོ་བྲང་དུ་གནས་པར་བསྐུལ་མ་གདབ། བསྐུམས་པ་མི་རྟག་པས་འདུ་བྱེད་ཀྱི་བྱ་བ་བསྐུམས་པར་བསྐུལ་མ་གདབ། བརྐྱངས་པ་མི་རྟག་པས་འཇིག་རྟེན་ལས་འདས་པའི་སྣང་བ་བག་ཡངས་སུ་སྤྱོད་པར་བསྐུལ་མ་གདབ། ཉལ་བ་མི་རྟག་པས་གནས་ལུགས་ཀྱི་ངང་ལ་ཉལ་བར་བསྐུལ་མ་གདབ། བགྲོད་ན་ལམ་མི་རྟག་པས་བྱང་ཆུབ་ཀྱི་ལམ་ལ་འཇུག་པར་བསྐུལ་མ་གདབ། འཇིགས་པའི་དགྲ་མི་རྟག་པས་ཉོན་མོངས་པའི་དགྲ་ལས་རྒྱལ་བར་བསྐུལ་མ་གདབ། སྨྲ་བའི་ཚིག་མི་རྟག་པས་བཟླས་བརྗོད་ཁ་ཏོན་ལ་བསྐུལ་མ་གདབ། བྱ་བྱེེད་ཀྱི་སོ་ནམ་མི་རྟག་པས་རྟག་ཏུ་ཆོས་སྤྱོད་ལ་གནས་པར་བསྐུལ་མ་གདབ། ཁ་ཟས་བཏུང་བ་མི་རྟག་པས་ལྷའི་དཀྱིལ་འཁོར་མཆོད་པར་བསྐུལ་མ་གདབ། ནོར་རྫས་མི་རྟག་པས་འཕགས་པའི་ནོར་བདུན་བསོག་པར་བསྐུལ་མ་གདབ། ཆེ་བཙན་གྱི་སྙན་གྲགས་མི་རྟག་པས་རྟག་ཏུ་དམའ་ས་བཟུང་བར་བསྐུལ་མ་གདབ། འདོད་ཡོན་མི་རྟག་པས་ཚོགས་གཉིས་ཀྱི་ལས་ལ་བསྐུལ་མ་གདབ། སེམས་ཅན་སྐྱེ་འགྲོ་མི་རྟག་པས་བྱང་ཆུབ་ཀྱི་ལམ་ལ་འགོད་པར་བསྐུལ་མ་གདབ། གློ་བུར་གྱི་འཆི་རྐྱེན་མི་རྟག་པས་འཆི་མེད་ཀྱི་བཙན་ས་གཟུང་བར་བསྐུལ་མ་གདབ། ཁྲུས་དང་གཙང་སྦྲ་མི་རྟག་པས་སྟོབས་བཞིས་སྡིག་སྒྲིབ་སྦྱང་བར་བསྐུལ་མ་གདབ། དུག་ལྔའི་ཉོན་མོངས་མི་
རྟག་པས་རང་བྱུང་གི་ཡེ་ཤེས་རྟོགས་པར་བསྐུལ་མ་གདབ། སྣང་བའི་འཇིག་རྟེན་མི་རྟག་པས་སངས་རྒྱས་ཀྱི་ཞིང་ཁམས་དག་པར་བསྐུལ་མ་གདབ། གྲགས་པའི་སྒྲ་སྐད་མི་རྟག་པས་ཆོས་ཀྱི་སྒྲ་དབྱངས་སྒྲོག་པར་བསྐུལ་མ་གདབ། དྲན་རིག་གི་རྣམ་རྟོག་མི་རྟག་པས་སྤང་རྟོགས་ཀྱི་ཡེ་ཤེས་རྒྱས་པར་བསྐུལ་མ་གདབ་བོ། །ལས་བརྒྱ་པ་ལས། རྟག་ཏུ་སྤྱོད་ཡུལ་ཐམས་ཅད་དུ། །འཆི་བདག་རྗེས་སུ་དྲན་པར་བྱ། །ཞེས་པ་དང་། སྤྱོད་འཇུག་ལས། ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་པ་དང་། མྱ་ངན་ལས་འདས་པ་ལས། ཞིང་རྨོ་བ་རྣམས་ཀྱི་ནང་ནས་སྟོན་གྱི་ལོ་ཐོག་རྙེད་པ་འདི་ཉིད་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ནས་ཁྱུ་མཆོག་གི་རྗེས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་དང་། འཆི་བའི་འདུ་ཤེས་མཆོག་གོ །འདིས་ནི་ཁམས་གསུམ་གྱི་འདུ་ཤེས་ཐམས་ཅད་ཟློག་པར་བྱེད་དོ་ཞེས་པ་དང་། འདུལ་བ་ལུང་ལས། དགེ་སློང་བརྒྱ་ལ་གདུག་ཚོད་ཡོན་དང་བཅས་པ་བྱིན་པ་བས། འདུས་བྱས་མི་རྟག་པར་སེམས་པའི་སྐད་ཅིག་མ་མཆོག་གོ་ཞེས་སོ། །ད་ནི་དེ་གོམས་པའི་རྟགས་ཚད་བསྟན་པ་ནི། གོམས་པའི་ཚད་ནི་འདུས་བྱས་འཇིག་པར་མཐོང་། །བརྩོན་ལྡན་འཇིགས་དང་ཚེ་འདིའི་བྱ་བ་འདོར། །སྐད་ཅིག་ཙམ་ཡང་ཐ་མལ་མི་སྡོད་ཅིང་། །ངེས་འབྱུང་སྐྱོ་ཤས་བློ་སྣ་ཐུང་བ་འབྱུང་། །མི་རྟག་པ་ཉིན་མཚན་དུ་བསམས་པ་ལས། སྣང་བ་གང་ཡང་འཇིག་པར་མཐོང་བས་ཕྱི་ཡུལ་ལ་མི་ཞེན་པའི་བློ་གཏིང་ནས་སྐྱེས་པ་དང་། དགེ་བ་ལ་བརྩོན་འགྲུས་མེ་འབར་བ་འདྲ་བའི་བློ་སྐྱེས་པ་དང་། འཁོར་བའི་སྡུག་བསྔལ་ལ་འཇིགས་སྔངས་སྐྲག་པ་ཐུན་མོང་མ་ཡིན་པ་སྙིང་ནས་སྐྱེས་པ་དང་། འཆི་བའི་ཚེ་ཅིས་ཀྱང་མི་བསྟོངས་པར་ཤེས་ནས་ཚེ་འདིའི་བྱ་བ་འདོར་བ་དང་། སྐད་ཅིག་ཙམ་ཡང་ཐ་མལ་སོས་དལ་དུ་མི་སྡོད་པར་སྒོ་གསུམ་ཆོས་ལ་སྤྱོད་པ་དང་། ལས་འབྲས་ཀྱི་སྨིན་སོ་མཐོང་བས་ངེས་འབྱུང་སྐྱོ་ཤས་སྐྱེས་པ་དང་། ནམ་འཆི་ངེས་མེད་དུ་ཤེས་པས་གང་ལ་ཡང་བློ་ལྟོས་མི་
འཆའ་བ་རྣམས་ནི། མི་རྟག་པ་སྙིང་ནས་གོམས་པའི་རྟགས་དང་ཚད་དོ། །ད་ནི་དེ་ལྟར་གོམས་པའི་ཕན་ཡོན་གྱིས་མཇུག་བསྡུ་བ་ནི། དེ་ཡི་ཕན་ཡོན་ཤིན་ཏུ་མཐའ་ཡས་ཏེ། །འཁོར་བའི་ཉེས་སྤོང་ཡོན་ཏན་ངང་གིས་འདུ། །རྟག་འཛིན་ལས་གྲོལ་དགྲ་གཉེན་ཆགས་སྡང་ཞི། །དགེ་ལ་རབ་བརྩོན་ཚེ་འདི་འཁྲུལ་པར་ཤེས། །ཚོགས་གཉིས་རབ་རྫོགས་གྲགས་ལྡན་ལྷས་གཟིགས་ཤིང་། །བདེ་བར་ཚེ་ཡི་དུས་བྱེད་མཐོ་རིས་འགྲོ། །མྱུར་དུ་འཆི་མེད་བདུད་རྩིའི་གོ་འཕང་ཐོབ། །མི་རྟག་པ་རྒྱུད་ལ་ལེགས་པར་སྐྱེས་པ་ན་འཁོར་བའི་ཆོས་ལ་སྐྱོ་ཤས་དང་ཡིད་འབྱུང་གཏིང་ནས་སྐྱེ་བས་ཚེ་འདིའི་ཆོས་ལས་བློ་བཟློག་པའི་ཕན་ཡོན་ཡོད་དོ། །ཞེན་པ་ལོག་ལུགས་ནི་ཅིས་ཀྱང་མི་ཕན་འཆི་ངེས་སྙམ་པ། ཕ་བསད་ཀྱི་བུས་བཟུང་བ་ལྟ་བུའམ། ཉ་མོ་རྒྱ་ལ་ཟིན་པ་ལྟ་བུའམ། ཆད་པས་ཕོག་པ་གཤེད་མའི་ལག་ཏུ་གཏད་པ་ལྟ་བུའམ། དུག་སྦྲུལ་གྱི་ཚང་དུ་ཚུད་པ་ལྟ་བུའམ། སྲིན་པོའི་ཁ་ནང་དུ་ཕྱིན་པ་ལྟ་བུའམ། སྲིན་མོའི་གླིང་དུ་ཚུད་པ་ལྟ་བུའམ། ཆུ་སྲིན་གྱི་ཁ་ནང་དུ་ཚུད་པ་ལྟ་བུའམ། རྒྱ་མཚོར་གཟིངས་ཞིག་པ་ལྟ་བུའམ། ཆུ་བོར་གྲུ་བྱིང་བ་ལྟ་བུའམ། འཇིགས་སར་སྐྱེལ་མས་བསླུས་པ་ལྟ་བུའམ། ཐར་མེད་ཀྱི་གཡང་སར་ལྷུང་བ་ལྟ་བུའམ། སྙིང་ལ་མདས་ཟིན་པ་ལྟ་བུ་སྟེ། ཅིས་ཀྱང་ཕན་མེད་དུ་ཤེས་ནས་འཁོར་བའི་བྱ་བ་སྤོང་བ་སྟེ། མྱ་ངན་ལས་འདས་པ་ལས། རྟག་ཏུ་དགྲ་ལྟར་སྡུག་བསྔལ་འབྲེལ་བ་གང་། །མི་གཙང་ལུས་དང་འདོད་པ་དེ་དག་ལ། །ཕན་འདོད་སྡུག་བསྔལ་བསལ་འདོད་སུ་ཞིག་དགའ། །མི་རྟག་འདོད་པ་རྣམས་ལ་ཆགས་པ་མེད། །ཅེས་སོ། །སྔར་མེད་པའི་ཡོན་ཏན་མང་པོའང་རྒྱུད་ལ་སྐྱེ་བ་དང་། རྟག་འཛིན་གྱི་བློ་ལས་ལོག་པ་དང་། དགྲ་གཉེན་ལ་ཆགས་སྡང་མེད་པ་དང་། རྟག་ཏུ་དགེ་བ་ལ་བརྩོན་པ་དང་། ཚེ་འདི་འཁྲུལ་སྣང་དུ་ཤེས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་དང་། ཆོས་དང་མཐུན་པའི་གྲགས་པ་དང་ལྡན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་པ་དང་། དགའ་བ་དང་སྤྲོ་བ་དང་བཅས་ནས་ཚེའི་དུས་བྱེད་ཅིང་བདེ་འགྲོ་མཐོ་རིས་ཀྱི་
འཇིག་རྟེན་དུ་སྐྱེ་བ་དང་། སྐྱེས་མ་ཐག་ནས་དམ་པའི་ཆོས་དང་། བླ་མ་དགེ་བའི་བཤེས་གཉེན་དང་ཕྲད་པ་དང་། རྟག་ཏུ་རང་དབང་ཡོད་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་དང་། ཚངས་པར་སྤྱོད་པ་ཚེའི་མཐར་ཐུག་པར་ཐུབ་པ་དང་། ཉིན་མཚན་ཆོས་ཀྱིས་འདའ་བ་དང་། ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་པ་དང་། སྐྱེས་བུ་དམ་པ་རྣམས་དང་འགྲོགས་པ་དང་། མྱུར་དུ་རྫོགས་པའི་སངས་རྒྱས་འགྲུབ་པ་ལ་སོགས་པ་ཕན་ཡོན་གྱི་སྒོ་དཔག་ཏུ་མེད་པ་གསུངས་སོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཚེ་མི་རྟག་པར་བསམ་པའི་ལེའུ་སྟེ་བཅུ་བཞི་པའི་འགྲེལ་པའོ།། །།
དད་པའི་རང་བཞིན་བསམ་པའི་ལེའུ་སྟེ་བཅོ་ལྔ་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་མི་རྟག་པའི་རང་བཞིན་ཤེས་ནས། ཆོས་ཐམས་ཅད་ཀྱི་རྩ་བ་དད་པའི་རང་བཞིན་བསམ་པ་ལ་འཇུག་པར་གདམས་པ་ནི། དེ་ལྟར་མི་རྟག་རྟོགས་པའི་རང་བཞིན་རྗེས། །གཅིག་ཏུ་གཅེས་པ་དད་པའི་དཔུང་ཚོགས་བསྐྱེད། །ཐར་པའི་ལམ་དུ་བགྲོད་པ་ལ་དད་པ་ཁོ་ན་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། དད་ཅན་ཉིད་ཕྱིར་ཆོས་ལ་བསྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་པ་དང་། རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་སོ། །ད་ནི་དད་པའི་རང་བཞིན་རྒྱས་པར་བཤད་པ་ལས། དང་པོ་དད་པའི་ངོ་བོ་ནི། སྤང་བླང་གི་ཡུལ་ལ་འཇུག་ལྡོག་གིས་དམིགས་པའི་བློ་རབ་ཏུ་དང་བ་སྟེ། རྣམ་པར་དབྱེ་ན། འདོད་པའི་དད་པས་རྒྱུ་འབྲས་བླང་དོར་བྱེད། །མོས་པའི་དད་པས་ཡུལ་མཆོག་སེམས་རབ་གཞོལ། །གུས་པའི་དད་པས་བག་ཡོད་མཆོག་དང་ལྡན། །དང་བའི་དད་པས་ཡོན་ཏན་སེམས་རབ་དང་། །ཡིད་ཆེས་དད་པས་ཆོས་ལ་ཐེ་ཚོམ་ཟད། །ངེས་སེམས་དད་པས་ཐོས་བསམ་བསྒོམ་པ་ཡི། །ཆོས་མཆོག་
རྣམས་ལ་ལྷག་པར་དད་པའོ། །དེ་ཡང་སྤྱིར་གཞུང་ལུགས་ཕལ་ལས། དང་བ་དང་། འདོད་པ་དང་། ཡིད་ཆེས་པའི་དད་པ་དང་གསུམ་བཤད་དེ། དཀོན་མཆོག་གསུམ་ལ་སེམས་རབ་ཏུ་དང་བ་དང་། བདེན་པ་བཞི་ལ་བླང་དོར་དུ་འདོད་པ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་དང་གསུམ་མོ། །འདིར་དྲུག་ཏུ་བཤད་པ་ནི། འདོད་པ་དང་། མོས་པ་དང་། གུས་པ་དང་། དང་བ་དང་། ཡིད་ཆེས་པ་དང་། ངེས་པར་སེམས་པའི་དད་པ་སྟེ། དེ་དག་ཀྱང་དབྱེ་བསྡུའི་ཁྱད་པར་ལས་ལོགས་པ་མེད་དེ། དེ་ཡང་མོས་པ་དང་། གུས་པ་དང་། དང་བའི་དད་པ་གསུམ་ནི། དང་བའི་དད་པའི་ནང་དུ་གཏོགས་ལ། འདོད་པ་དང་། ཡིད་ཆེས་པ་གཉིས་ནི། ཡིད་ཆེས་པའི་དད་པར་གཏོགས་ལ། ངེས་པར་སེམས་པ་ནི་འདོད་པའི་དད་པ་ཉིད་ཡིན་ཏེ། ཆོས་ཀྱི་དེ་ཁོ་ན་ཉིད་འགོག་ལམ་མ་ནོར་བ་ལ་ཞུགས་པས་སྡུག་བསྔལ་ཀུན་འབྱུང་གཉིས་འདོར་ཞིང་ཐར་པ་འདོད་པའི་ཕྱིར་རོ། །དང་པོ་འདོད་པའི་དད་པའི་ངོ་བོ་ནི། འཁོར་འདས་བླང་དོར་དུ་འདོད་པའོ། །ངེས་ཚིག་ནི་དཀར་པོའི་ཆོས་ལ་འདོད་ཅིང་། སྤྲོ་བའི་ཕྱིར་འདོད་པའི་དད་པའོ། །དབྱེ་ན་འཁོར་བའི་སྡུག་བསྔལ་སྤང་བར་འདོད་པ། ཐར་པའི་བྱང་ཆུབ་ཐོབ་པར་འདོད་པ། དེ་གཉིས་ཀྱི་རྒྱུ་ལ་བླང་དོར་གྱིས་འཇུག་པར་འདོད་པ་གསུམ་མོ། །མཐུན་དཔེ་ནི་ནོར་འདོད་ཅན་ནོར་འདོད་པ་ལྟར་ཆོས་འཚོལ་བར་འདོད་པ་སྟེ། སྡུག་བསྔལ་དང་ཀུན་འབྱུང་བོར་ནས། ལམ་དང་འགོག་པ་ལ་འཇུག་པར་བྱེད་པའོ། །རྟགས་ནི་འཇིག་རྟེན་གྱི་བྱ་བ་ལ་མི་མོས་ཤིང་ཐོས་བསམ་སྒོམ་པ་ལ་འཇུག་པའོ། །ཕན་ཡོན་ནི་དཀོན་མཆོག་སྒྲོན་མའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོག་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །ཞེས་སོ། །མོས་པའི་དད་པའི་ངོ་བོ་ནི་བླ་མ་དང་དཀོན་མཆོག་ལ་སེམས་རབ་ཏུ་དགའ་བའོ། །ངེས་ཚིག་ནི་ཡུལ་དེ་དག་གི་རྗེས་སུ་འཇུག་པར་མོས་པའོ། །དབྱེ་ན་བླ་མ་ལ་བསྟེན་བྱར་མོས་པ་དང་། སངས་རྒྱས་ལ་བསྒྲུབ་བྱར་མོས་པ་དང་། ཆོས་ལ་ལམ་དུ་མོས་པ་དང་། དགེ་འདུན་ལ་གྲོགས་སུ་
མོས་པ་སྟེ་བཞིའོ། །མཐུན་དཔེ་ནི་བུ་མའི་ཕྱིར་འབྲངས་པ་ལྟར་འཇུག་པའོ། །རྒྱུད་ལ་སྐྱེས་པའི་རྟགས་སུ་ཐར་ལམ་ལ་འགོད་པའི་བླ་མ་དཀོན་མཆོག་མཐོང་བ་དང་། ཐོས་པ་དང་། དྲན་པ་ཙམ་གྱིས་ཡིད་གདུང་ཞིང་ངག་ཏུ་འབྱིན་པའོ། །ཕན་ཡོན་ནི་དེ་ཉིད་ལས། སངས་རྒྱས་རྣམས་དང་ཆོས་ལ་དད་གྱུར་ཅིང་། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དང་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དད་པ་དང་ལྡན་ན་སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་ལས་མི་ཉམས་ཤིང་། གང་དུ་སྐྱེ་བར་ཡང་དེ་དང་མི་འབྲལ་བར་འགྱུར་རོ་ཞེས་སོ། །གུས་པའི་དད་པའི་ངོ་བོ་ནི་དང་བ་ལ་བརྟེན་ནས་བག་ཡོད་པར་བཀའ་ལས་མི་འདའ་བའོ། །ངེས་ཚིག་ནི་ལུས་ངག་ཡིད་གསུམ་གོང་མ་ལ་འདུད་པས་ན་གུས་པའི་དད་པའོ། །དབྱེ་ན་ལུས་གུས་པས་ཕྱག་དང་བསྐོར་བ་ལ་སོགས་པ་དུལ་བའི་སྤྱོད་པ་དང་། ངག་གུས་པས་བསྟོད་པ་དང་། ཞེ་སས་བསྟི་སྟངས་བྱེད་པ་དང་། སེམས་གུས་པས་མཆོད་འོས་སུ་མཐོང་ནས་ཕུ་དུད་དུ་བྱེད་པ་གསུམ་མོ། །མཐུན་དཔེ་ནི་རྒྱལ་པོ་ལ་འབངས་ཀྱིས་བཀུར་བ་ལྟར་འཇམ་དེས་ཀྱིས་བརྩོན་པའོ། །དེ་རྒྱུད་ལ་སྐྱེས་པའི་རྟགས་ནི་གོང་མ་རྣམས་ཀྱི་སྤྱན་སྔར་ང་རྒྱལ་དང་ཁེངས་སེམས་ཀྱི་རྣམ་འགྱུར་མེད་པའོ། །ཕན་ཡོན་ནི་དཀོན་མཆོག་སྒྲོན་མེ་ལས། ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པས་ལག་པ་བཞིན་དུ་དགེ་རྩ་སྡུད། །ཅེས་པ་དང་། སྔ་མ་ལས། བག་ཡོད་པ་ལྷུར་བྱེད་པའི་དབང་པོའི་སྒོ་སྡོམ་ཞིང་རང་གི་སེམས་དུལ་བར་བྱེད། གཞན་གྱི་སེམས་ཀྱང་སྲུང་བར་བྱེད་དོ། །དེ་ལྟར་དད་པ་དང་བག་ཡོད་པ་གཉིས་དང་ལྡན་པས་ནི་རྟག་ཏུ་ཆོས་ལ་གཞོལ་བས་ཚེ་ཕྱི་མ་ལ་ངན་འགྲོར་འགྲོ་བས་མི་འཇིགས་སོ་ཞེས་སོ། །དང་བའི་དད་པའི་ངོ་བོ་ཡུལ་གོང་མ་རྣམས་ཀྱི་ཡོན་ཏན་ལ་སེམས་མངོན་པར་དད་པའོ། །ངེས་ཚིག་གཡོ་སྒྱུའི་དྲི་མ་མེད་པར་དད་པའི་དགའ་བས་སང་ངེ་བར་གནས་པས་དང་བའོ། །དབྱེ་ན་ཀུན་རྫོབ་སྣང་ཆའི་དགེ་བ་ལ་དང་བ་དང་། དོན་དམ་
ཤེས་རབ་ཀྱི་དགེ་བ་ལ་དང་བ་དང་། ཟུང་འཇུག་ཆ་མཉམ་གྱི་དགེ་བ་ལ་དད་པའི་དང་བ་དང་གསུམ་མོ། །མཐུན་དཔེ་ནི་ནོར་བུ་ཆུ་དྭངས་ཀྱིས་ཆུ་རྙོག་སེལ་བ་ལྟར་བློའི་ཉེས་སྤྱོད་དངས་བར་བྱེད་པའོ། །རྟགས་ནི་སྒོ་གསུམ་སྡིག་དང་མི་འདྲེ་བར་དགེ་བའི་བྱ་བ་ལ་སྤྲོ་བར་བྱེད་པའོ། །ཕན་ཡོན་ནི་དཀོན་མཆོག་སྒྲོན་མེ་ལས། དད་པ་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་ཡོན་ཏན་ཡེ་ཤེས་བྱ་བར་བྱེད། །ཅེས་སོ། །ཡིད་ཆེས་པའི་དད་པའི་ངོ་བོ་ནི་གཞི་ལམ་འབྲས་བུའི་ཆོས་རྣམས་ལ་ཐེ་ཚོམ་མེད་པའོ། །ངེས་ཚིག་དེའི་དོན་སྟོན་པའི་ཁུང་རིགས་ཀྱི་ཚིག་དོན་མི་བསླུ་བར་ཤེས་ནས་འཇུག་པ་ཡིད་ཆེས་པའི་དད་པའོ། །དབྱེ་ན་འཁོར་བ་རྒྱུ་འབྲས་སྤང་བྱར་ཡིད་ཆེས་པ། འདས་པ་རྒྱུ་འབྲས་བླང་བྱར་ཡིད་ཆེས་པ། ལུང་མ་བསྟན་རྣམས་དགོས་མེད་དུ་ཡིད་ཆེས་པ་གསུམ་མོ། །མཐུན་དཔེ་སྟོན་གྱི་ལོ་ཐོག་ལ་ཡིད་ཆེས་པས་སོ་ནམ་ལ་འཇུག་པ་ལྟར་དགེ་བ་ལ་འཇུག་པའོ། །དེ་རྒྱུད་ལ་སྐྱེས་པའི་རྟགས་སུ་སྟོན་པ་བླ་མ་སངས་རྒྱས། བསྟན་པ་དམ་ཆོས་ཐེག་པ་ཆེ་ཆུང་། འཁོར་དགེ་འདུན་རྣམ་གཉིས་ཏེ། དེ་དག་རྟེན་དང་བཅས་པ་ལ་ཡིད་ཆེས་པའི་ངེས་ཤེས་ཐོབ་པའོ། །ཕན་ཡོན་ནི་དཀོན་མཆོག་སྒྲོན་མེ་ལས། དད་པས་དབང་པོ་རྣོ་ཞིང་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་བརྫི་ཞིང་། །ཉོན་མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན། །ཞེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དད་པ་ནི་དམ་པའི་ཆོས་ཉན་པར་འདོད་པ་དང་། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། དེ་ལ་རྟེན་པར་བྱེད། མཉེས་པར་བྱེད་པའོ་ཞེས་སོ། །ཆོས་ཟབ་མོ་ངེས་པར་སེམས་པའི་དད་པའི་ངོ་བོ་ནི་ངེས་དོན་ཆོས་ཉིད་ཀྱི་དོན་འདོད་པའོ། །ངེས་ཚིག་དེའི་དོན་མཐོང་ནས་ངང་ལ་འཇོག་པའོ། །དབྱེ་ན་དེའི་དོན་སྟོན་པའི་གཞུང་ཐོས་པ་དང་། བསམ་པ་དང་། སྒོམ་པ་ལ་ངེས་པར་སེམས་པའི་དད་པ་གསུམ་མོ། །མཐུན་དཔེ་རྡོའི་ནང་ནས་གསེར་རྙེད་པ་འཆང་བ་ལྟར་ཡང་དག་གི་དོན་ལ་གཅེས་སྤྲས་
སུ་བྱེད་པའོ། །རྟགས་ནི་ཉིན་མཚན་དུ་ཉམས་ལེན་ལས་མི་འབྲལ་བའོ། །ཕན་ཡོན་ནི་དཀོན་མཆོག་སྒྲོན་མེ་ལས། དད་པས་སངས་རྒྱས་གོ་འཕང་ཐོབ་པར་བྱེད། །ཅེས་པ་དང་། ཟླ་བའི་སྙིང་པོའི་མདོ་ལས། དཀོན་མཆོག་གསུམ་ལ་ངེས་པར་སེམས་པའི་དད་པ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ་ཞེས་སོ། །གང་ལ་དད་པ་ཡོད་པ་དེའི་རང་བཞིན་བཤད་པ་ནི། དད་པའི་རང་བཞིན་ས་གཞི་བཟང་པོ་འདྲ། །ཆོས་ཀུན་གཞིར་གྱུར་དགེ་ཚོགས་རྣམ་འཕེལ་བྱེད། །དད་པ་གཟིངས་འདྲ་སྲིད་པའི་ཆུ་བོ་སྒྲོལ། །སྐྱེལ་མ་དང་འདྲ་བདུད་དང་ཉོན་མོངས་སྐྱོབ། །བཞོན་པ་དང་འདྲ་ཐར་པའི་གླིང་དུ་འདྲེན། །ནོར་བུའི་རྒྱལ་བཞིན་ཅི་བསམས་འགྲུབ་པ་སྟེ། །དཔའ་བོ་དང་འདྲ་སྡིག་ཏོ་ཟིལ་གྱིས་གནོན། །ཚོགས་བསགས་དམ་པ་རྣམས་ཀྱི་ནོར་མཆོག་ལགས། །དད་པ་ཞིང་ས་གཤིན་པོ་དང་འདྲ་སྟེ་བྱང་ཆུབ་ཀྱི་མྱུ་གུ་རྒྱས་པར་འཁྲུངས་པ་ནི། དཀོན་མཆོག་སྒྲོན་མེ་ལས། ས་བོན་མ་རུལ་ཡོན་ཏན་རྣམས་ཀྱི་རྒྱུ། །དད་པས་བྱང་ཆུབ་ཤིང་ནི་རྣམ་པར་སྐྱེད། །དད་པས་རང་བྱུང་ཡོན་ཏན་རྣམས་ཀྱང་འཚོལ། །ཞེས་སོ། །རྒྱ་མཚོའི་གཟིངས་ལྟར་དད་པས་འཁོར་བའི་ཆུ་བོ་སྒྲོལ་ཏེ། ཆོས་བཅུ་པའི་མདོ་ལས། གང་གིས་འདྲེན་པ་ངེས་འབྱུང་བ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བསྟེན། །ཞེས་སོ། །སྐྱེལ་མ་བཟང་པོ་དང་འདྲ་བར་དད་པས་ཉོན་མོངས་ཀྱི་དགྲ་ལས་སྐྱོབ་སྟེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དད་པ་དང་ལྡན་པ་ནི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་སྐྱེས་ནས། དགེ་བ་གང་ཡིན་པ་ཡོངས་སུ་འཚོལ་བ་ལ་བརྩོན་པས། ཁྱིམ་དང་ཆུང་མ་དང་བུ་དང་བུ་མོ་ལ་སོགས་པ་དོན་དུ་མི་གཉེར་བ། གཞོན་པ་ནའང་རྩེ་བ་ལ་མི་དགའ་བས། དད་པས་རབ་ཏུ་བྱུང་སྟེ་དགེ་བའི་བཤེས་གཉེན་བསྟེན་ཞིང་། དགེ་བའི་བསམ་པས་ཆོས་ཉན་པ་དང་སྒྲུབ་པ་ནན་ཏན་སྙིང་པོར་བྱེད་ཀྱི་ཚིག་ལྷུར་ལེན་མི་བྱེད་དོ། །དེ་མང་དུ་ཐོས་པ་ལ་བརྩོན་པར་བྱེད་ཅིང་། ཇི་ལྟར་ཐོས་པའི་ཆོས་རྣམས་
ཀྱང་ཟང་ཟིང་ལ་མི་ལྟ་བར་སྙིང་རྗེས་གཞན་ལ་སྟོན་པར་བྱེད་དོ་ཞེས་སོ། །དད་པ་བཞོན་པ་བཟང་པོ་དང་འདྲ་སྟེ་ཐར་པའི་གླིང་དུ་འདྲེན་པ་ཡང་། དཀོན་མཆོག་སྒྲོན་མེ་ལས། དད་པས་མི་ཁོམ་སྤང་ཞིང་དལ་བའི་མཆོག །དད་པས་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང་། །ཡེ་ཤེས་ཁྱད་པར་སྒོ་ནི་འཕེལ་བར་བྱེད། །ཐར་པའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ཞེས་སོ། །དད་པས་འདོད་པའི་རེ་བ་འགྲུབ་པས་ནོར་བུ་དང་འདྲ་སྟེ། དེ་ཉིད་ལས། དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པ་ཡིད་བཞིན་ནོར་འདྲ་དགོས་འདོད་སྟེར། །ཞེས་སོ། །དད་པ་དཔའ་བོ་དང་འདྲ་བར་མི་དགེ་བ་ཚར་གཅོད་པ་སྟེ། རྒྱ་མཚོས་ཞུས་པ་ལས། དད་པས་ནི་སངས་རྒྱས་ལ་སོགས་པ་ལ་མོས་པའི་སྟོབས་དང་། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་འཇུག་པའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བའི་སྟོབས་དང་། ཡི་དམ་ཉམས་སུ་ལེན་པ་ལ་བརྟན་པའི་སྟོབས་དང་། མི་དགེ་བ་ཐམས་ཅད་སྤངས་ཏེ་ཉེས་པར་བྱས་པ་ཐམས་ཅད་བཟོད་པའི་སྟོབས་དང་ལྡན་པ་ཐོབ་བོ་ཞེས་སོ། །དེས་ན་དད་པས་མི་ཁོམ་པ་སྤོང་ཞིང་དགེ་བ་སྡུད་པས་ན་དད་པ་ཡོད་པའི་མི་དེ་ནི་གཞན་ལས་ཆེས་འཕགས་པས་དཀོན་ཏེ། དེ་ཉིད་ལས། དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད། །མི་ཁོམ་སྤོང་ཞིང་དལ་བའི་མཆོག་གཅིག་ཡིན། །དད་པ་རྒྱལ་བའི་གོ་འཕང་ཐོབ་བྱེད་ཡིན། །གང་དག་འདི་འདྲའི་ཆོས་ལ་དད་གྱུར་པ། །དེ་དག་སོ་སོའི་སྐྱེ་བོའི་ཚོགས་ན་དཀོན། །ཞེས་སོ། །དེས་ན་དད་པ་ནོར་བདུན་གྱི་དང་པོ་ཡིན་ལ། དེ་ཡོད་པ་ནི་དམ་པ་ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དེ་ནི་དད་པ་དང་དང་བ་དང་མོས་པ་དང་། རྙོག་པ་མེད་པའི་སེམས་དང་ལྡན་པས། ལས་དང་རྣམ་པར་སྨིན་པ་ལ་སོམ་ཉི་མེད་པ་དང་། ཐེ་ཚོམ་དང་ཡིད་གཉིས་མེད་པ་དང་། མོས་པ་དང་རྟོགས་པ་དང་ཡིད་ཆེས་པ་དང་ལྡན་པས། དགེ་སྡིག་གི་ལས་དང་རྣམ་པར་སྨིན་པ་ཆུད་མི་ཟ་བར་ཤེས་ནས། སྲོག་གི་ཕྱིར་ཡང་སྡིག་པའི་
ལས་མི་བྱེད་དེ། དགེ་བའི་ལས་ཀྱི་ལམ་བཅུ་པོ་ལ་སྤྱོད་ཅིང་། སྦྱིན་པས་ལོངས་སྤྱོད་དང་། ཚུལ་ཁྲིམས་ཀྱིས་མཐོ་རིས་དང་། ཐོས་པས་ཤེས་རབ་དང་སྒོམ་པས་ཡོན་ཏན་ཐམས་ཅད་འཕེལ་བར་འགྱུར་རོ་ཞེས་སོ། །དད་པ་མེད་པའི་སྐྱོན་ནི། ཐར་པ་ཡི། སྐལ་མེད་རྣམས་ལ་དད་པ་ཅུང་ཟད་མེད། །དེ་ཡི་སྐྱོན་ནི་ཤིན་ཏུ་མཐའ་ཡས་ལྡན། །ཆོས་ཀྱི་སྐལ་བ་མེད་པའི་མི་དད་པ་ཏིལ་ཙམ་ཡང་མེད་པའི་སྐྱོན་དཔག་ཏུ་མེད་ཀྱང་། རེ་ཞིག་བསྡུ་ན། མཚོ་གཏིང་རྡོ་འདྲ་ཐར་པའི་སྐམ་དང་བྲལ། །མཉན་མེད་གྲུ་འདྲ་སྲིད་ལས་སྒྲོལ་དུས་མེད། །ལག་རྡུམ་ཕྱིན་འདྲ་དགེ་བའི་བགོ་སྐལ་མེད། །ས་བོན་ཚིག་འདྲ་བྱང་ཆུབ་མྱུ་གུ་མེད། །ལོང་བ་དང་འདྲ་ཆོས་གཟུགས་སྣང་བ་མེད། །འཁོར་དོང་ཆུད་འདྲ་གཏན་དུ་འཁོར་བར་འཁྱམས། །རྒྱ་མཚོའི་གཏིང་གི་ཕ་ཝང་སྟེང་དུ་མི་འབྱུང་བ་ལྟར་དད་པ་མེད་ན་ཐར་པའི་སྐམ་སར་འབྱུང་མི་སྲིད། མཉན་པ་མེད་པའི་གྲུས་ཕ་རོལ་ཏུ་མི་ཕྱིན་པ་ལྟར་དད་པ་མེད་ན་སྡུག་བསྔལ་གྱི་ཆུ་བོ་ལས་སྒྲོལ་མི་སྲིད། ལག་རྡུམ་གསེར་གླིང་དུ་ཕྱིན་ཡང་ལེན་མི་ཤེས་པ་ལྟར། དད་པ་མེད་ན་ཡོན་ཏན་རྒྱུད་ལ་ལོན་མི་སྲིད། ས་བོན་མེས་ཚིག་པ་ལ་མྱུ་གུ་མི་འབྱུང་བ་ལྟར། དད་པ་མེད་ན་བྱང་ཆུབ་ཀྱི་མྱུ་གུ་འཁྲུངས་མི་སྲིད། ལོང་བ་ལྷ་ཁང་དུ་ཕྱིན་པ་ལྟར། དད་པ་མེད་ན་ཆོས་ཀྱི་སྣང་བ་མཐོང་མི་སྲིད། སྤྱང་མོ་འཁོར་དོང་དུ་ཚུད་པ་ལྟར་དད་པ་མེད་ན་ཅི་བྱས་འཁོར་བའི་ལས་སུ་གྱུར་པས། ནམ་ཡང་ཐར་པའི་བྱང་ཆུབ་ཐོབ་མི་སྲིད་པའི་སྐྱོན་ཡོད་དོ། །ཆོས་བཅུ་པ་ལས། དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་ངོ་། །ཞེས་སོ། །དེ་ཡང་དད་པ་མེད་ན་གྱོང་ཆེ་བས། དད་པ་སྐྱེད་དགོས། དེ་ལ་སྐྱེ་བའི་ཡུལ་ནི། ཆོས་དཀར་དད་པ་སྐྱེ་བའི་ཡུལ་དྲུག་ནི། །འདོད་པའི་དད་པ་སྲིད་ལ་སྐྱོ་བས་སྐྱེ། །མོས་པའི་དད་པ་གྲོགས་ངན་སྐྱོ་བས་སྐྱེ། །གུས་པའི་དད་པ་ཚེ་འདིར་སྐྱོ་བས་སྐྱེ། །དང་བའི་དད་པ་ཡུལ་མཆོག་དག་ལས་སྐྱེ། །ཡིད་ཆེས་དད་པ་རྒྱུ་འབྲས་ཐོས་ལས་སྐྱེ། །ངེས་སེམས་དད་པ་ཐོས་བསམ་དག་ལས་སྐྱེ། །འདོད་པའི་དད་པ་ནི་ཡུལ་འཁོར་བའི་རང་
བཞིན་མཐོང་བས་སྐྱེ་བའོ། །མོས་པའི་དད་པ་སྡིག་གྲོགས་ལ་སྐྱོ་བ་སྐྱེས་པ་ལས་སྐྱེའོ། །གུས་པའི་དད་པ་དཀོན་མཆོག་གི་རྟེན་ངོ་མཚར་ཅན་ལས་སྐྱེའོ། །དང་བའི་དད་པ་ཡུལ་མཆོག་གི་རྟེན་ནམ་གཏམ་རྒྱུད་ལས་སོ། །ཡིད་ཆེས་པའི་དད་པ་རྒྱུ་འབྲས་ཐོས་པ་ལས་སོ། །ཆོས་ལ་སེམས་པའི་དད་པ་ཟབ་མོ་ཐོས་པ་ལས་སོ། །དེ་དག་མ་སྐྱེས་ན་ཡུལ་དེ་དག་གི་རང་བཞིན་ལ་དམིགས་སུ་བཅུག་ནས་སྐྱེར་གཞུག་གོ །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དད་པ་དང་ལྡན་པ་ཞེས་བྱ་བ་ནི། ཡུལ་གོང་མ་ལ་དད་པ་མང་བ་སྟེ། དགེ་བའི་བཤེས་གཉེན་བསྟེན་པ་དང་། འཕགས་པ་ལ་བལྟ་བར་འདོད་པ་དང་། དམ་པའི་ཆོས་ཉན་པར་འདོད་པ་དང་། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་དགེ་བའི་བཤེས་གཉེན་དུ་ཤེས་ནས་ཡིད་ཆེས་པས་བསྟེན་པ་དང་མཉེས་པར་བྱེད་པའོ་ཞེས་སོ། །དད་པ་འཕེལ་བའི་རྒྱུ་ལ་བརྟེན་ནས་གོང་དུ་སྤེལ་བ་ནི། རྒྱུ་ལ་བརྟེན་ནས་གོང་དུ་སྤེེལ་བ་ཡང་། །དམ་པ་བསྟེན་དང་དགེ་གྲོགས་མདོ་རྒྱུད་བལྟས། །འཆི་བ་བསམ་དང་ལས་འབྲས་ཡིད་ཆེས་བྱས། །ཐོས་བསམ་སྒོམ་པ་སྔར་བས་བརྩོན་པ་སྟེ། །དེ་ལས་དད་པ་གོང་འཕེལ་ཉིད་དུ་འགྲུབ། །བླ་མ་དམ་པ་ལ་བསྟེན་ཏེ་མོས་གུས་སྙིང་ནས་བྱས་པ་ལས་འཕེལ། གྲོགས་ཁྱད་པར་ཅན་ཆོས་དང་རང་རྒྱུད་འདྲེས་པ་ལ་བསྟེན་ནས་འཕེལ། མདོ་རྒྱུད་ཟབ་མོ་བལྟས་པ་ལས་འཕེལ། འཆི་བ་ཡེང་མེད་དུ་བསམས་པ་ལས་འཕེལ། ལས་རྒྱུ་འབྲས་ཀྱི་གཏམ་རྒྱུད་མཐོང་ཐོས་ལས་འཕེལ། ཟབ་མོའི་སྒོམ་སྒྲུབ་སྔར་བས་ཐུན་ཆེར་བྱས་པ་ལས་འཕེལ་ཏེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དེས་ནི་ཉེས་པར་སྤྱོད་པ་རྣམས་ལ་མི་འཇུག་ཅིང་། འཕགས་པ་རྣམས་ཀྱིས་བསྔགས་པའི་ལས་བྱེད་པའི་ཕྱིར་རོ་ཞེས་སོ། །དེ་ལྟར་ཐམས་ཅད་རེ་རེའི་སྒོ་ནས་ཉིན་རེ་བས་ཉིན་རེ་གོང་དུ་སྤེལ་དགོས་སོ། །དད་པ་འགྲིབ་པའི་རྐྱེན་ཤེས་པར་བྱས་ལ་སྤང་བ་ནི། འགྲིབ་པའི་རྐྱེན་ནི་བླ་མའི་སྐྱོན་ལ་རྟོག །ཐ་མལ་
དང་འགྲོགས་འདོད་ཡོན་རང་དགར་སྤྱོད། །ལེ་ལོ་སྙོམ་ལས་འཇིག་རྟེན་བྱ་བ་མང་། །དེ་དག་ལ་སོགས་ཆོས་མིན་ལས་རྣམས་ཏེ། །བདུད་ཀྱིས་བྱིན་བརླབས་དུས་སུ་འགྲིབ་པར་གསུངས། །དམ་པའི་ཆོས་ལ་ཞུགས་དུས་བདུད་རྣམས་བར་དུ་གཅོད་པས། དེས་བྱིན་གྱིས་བརླབས་པའི་དུས་སུ་དད་པ་འགྲིབ་པར་གསུངས་ཏེ། རང་ལ་བདུད་ཞུགས་ནས་བྱིན་གྱིས་བརླབས་པའི་རྟགས་སུ་བླ་མ་དགེ་བའི་བཤེས་གཉེན་གྱི་སྐྱོན་ལ་རྟོག་པ་དང་། ཆོས་བྱེད་སྤྱིའི་ངན་སྐྱོན་ལ་རྟོག་པ་དང་། ཐ་མལ་གྱི་གྲོགས་དང་འགྲོགས་པ་དང་། ཉམས་ལེན་གྱི་བརྩོན་འགྲུས་འགྲིབ་པ་དང་། འདོད་ཡོན་རང་དགར་སྤྱོད་པ་དང་། དཀོན་མཆོག་ལ་མོས་གུས་མེད་པ་སྟེ། འདིའི་དུས་སུ་བཟློག་པའི་ཐབས་ནི། བླ་མ་དཀོན་མཆོག་ཆོས་གྲོགས་དང་བཅས་པའི་ཡོན་ཏན་བསམ་ཞིང་། ཆོས་བྱེད་ཐམས་ཅད་ལ་དག་སྣང་དང་མོས་གུས་བསྐྱེད། ཕ་རོལ་ངན་པར་མཐོང་བ་དེ་རང་མ་དག་པའི་རྟགས་ཏེ་དུང་སེར་པོར་འཛིན་པ་བཞིན་ནོ་སྙམ་དུ་རང་ལ་གྲོས་གདབ། ཐ་མལ་པ་དང་མི་འགྲོགས། འདོད་ཡོན་གྱི་ཉེས་དམིགས་དྲན་པར་བྱས་ལ། དད་པ་འགྲིབ་པའི་རྐྱེན་དེ་བདུད་དུ་ཤེས་པར་བྱའོ། །ཡུམ་ལས། བདུད་སྡིག་ཏོ་ཅན་ནི་ལས་དང་པོ་པ་དག་གི་མདུན་དུ་འོངས་ནས་མོས་པ་དག་ཀྱང་ཟློག་པར་བྱེད། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ཀྱང་ཕྱིར་ཕྱོགས་པར་བྱེད་དོ་ཞེས་སོ། །དད་པ་སྐྱེ་བའི་རྐྱེན་ལ་བློ་རྒྱུན་མཐུད་པར་གདམས་པ་ནི། རྐྱེན་ལས་སྐྱེ་བའི་དུས་སུ་བསྐྱེད་པ་ནི། །སྐྱེ་ཤིའི་འཕོ་འགྱུར་མཐོང་དང་ནད་གདོན་གཙེས། །སྡུག་བསྔལ་ཐོག་ཏུ་བབ་དང་ཆོས་ཐོས་དང་། །གོང་མའི་རྣམ་ཐར་ཐོས་དང་སྐྱེས་རབས་ཐོས། །དེ་དག་རྐྱེན་ལས་སྐྱེས་ཚེ་འཕྲོ་མཐུད་ལ། །དད་པའི་མཆོག་རབ་རྟག་ཏུ་བསྒོམ་པར་བྱ། །སྐྱེ་ཤིའི་འཕོ་འགྱུར་མཐོང་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་གཞན་དག་ཤི་བ་བགྲངས་ལ་དད་པ་སྐྱེད་དགོས། ནད་གདོན་གྱི་བར་ཆད་བྱུང་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་དགེ་བསྐུལ་གྱི་སློབ་དཔོན་དུ་ཤེས་པར་བྱས་ལ་སྐྱེད་དགོས། རྐྱེན་ངན་གྱི་སྡུག་
བསྔལ་བྱུང་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་བྱང་ཆུབ་ཀྱི་འདྲེན་པར་ཤེས་པས་དད་པ་སྐྱེད་དགོས། དམ་པའི་ཆོས་ཐོས་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་ཡང་དག་པའི་འཇུག་ལྡོག་ལ་དམིགས་པའི་དད་པ་སྐྱེད་དགོས། གོང་མའི་རྣམ་ཐར་ཐོས་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་དཀའ་སྤྱད་ཆོས་ལ་སྤྱོད་པས་དད་པ་སྐྱེད་དགོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེའི་མདོ་སྡེ་སྐྱེས་རབས་ལྟ་བུ་ཐོས་དུས་དད་པ་སྐྱེ་བས། ཐེག་ཆེན་གྱི་བྱང་ཆུབ་ལ་དམིགས་ནས་དད་པ་སྐྱེད་དགོས་སོ། །དེའང་ཉིན་རེ་བཞིན་དེ་ཐམས་ཅད་དམ་གང་རུང་རེ་རེའི་སྒོ་ནས་དད་པ་བསྐྱེད་པ་ལ་འབད་པ་གལ་ཆེ་བས། གང་ལའང་སྣུམ་དྲེད་མ་ཁྱེར་བ་གཅེས་སོ། །དེ་ལྟར་བསྐྱེད་པ་ལས་སྐྱེས་པའི། ཚད་ནི་སྲིད་ལས་སྐྱོ་ཞིང་དཀོན་མཆོག་གུས། །ཐོས་བསམ་གཉེར་ཞིང་བསླབ་གསུམ་གཅེས་སྤྲས་བྱེད། །དགེ་ལ་སྤྲོ་ཞིང་སྡིག་ལ་ཤིན་ཏུ་འཛེམ། །ཡོན་ཏན་གོང་མ་ཐོབ་པ་རྣམས་སུ་བཞེད། །འཁོར་བའི་འཁྲུལ་སྣང་ལ་ཡིད་བྱུང་བ་སྐྱུག་ནད་ཅན་ཟས་མཐོང་བ་ལྟ་བུ། བླ་མ་དཀོན་མཆོག་ལ་མོས་གུས་ཀྱི་གདུང་སེམས་བུ་ཆུང་མ་ལ་གདུངས་པ་ལྟ་བུ། ཐོས་བསམ་ལ་ནན་ཏན་བྱེད་པ་སྐོམ་པ་ཆུས་གདུངས་པ་ལྟ་བུ། བསླབ་པ་ལ་གཅེས་སྤྲས་བྱེད་པ་དབུལ་པོས་གསེར་གཡུ་རྙེད་པ་ལྟ་བུ། དགེ་སྦྱོར་ལ་ཉམས་ལེན་སྤྲོ་བ་ཚོང་པ་གསེར་གླིང་དུ་ཕྱིན་པ་ལྟ་བུ། སྡིག་པ་ལ་འཛེམ་བག་ཆེ་བ་མིག་ཏུ་རྡུལ་སྤང་བ་ལྟ་བུ། ཐེག་པ་ཐམས་ཅད་ལ་དད་པ་འདོད་པ་ཅན་ཚོང་འདུས་སུ་ཕྱིན་པ་ལྟ་བུ་བྱུང་བ་ནི་དད་པ་སྐྱེས་པའི་ཚད་ཡིན་པས་མ་ཉམས་ཤིང་གོང་འཕེལ་དུ་བྱ་བ་གལ་ཆེའོ། །དེའི་དུས་སུ་རང་རྒྱུད་ཆོས་ཀྱིས་ཐུལ་བས་ཆོས་དང་གང་ཟག་མ་འཛོལ་བ་ཡིན་ནོ། །དད་པ་འགྲིབ་ན་བསྐྱེད་པའི་ཐབས་ཀྱིས་ཉིན་མཚན་དུ་བསྐུལ་བ་ནི། བཙལ་བའི་ཐབས་ཀྱིས་དད་པ་མ་བསྐྱེད་ན། །དགེ་ལེགས་མི་འགྲུབ་གཏན་དུ་སྲིད་པར་འཁྱམ། །དེ་ཕྱིར་གང་དང་གང་ལ་བརྟེན་ནས་ཀྱང་། །དད་པ་བསྐྱེད་པའི་ཐབས་ལ་འབད་པར་བྱ། །དད་པ་མེད་ན་ཡོན་ཏན་གཞན་མང་ཡང་ཕན་པ་མེད་དེ། གཟུགས་མཛེས་ཀྱང་མིག་མེད་པ་འདྲ་བས་དད་པ་བསྐྱེད་དོ། །དེའང་དུས་བཞིར་མི་རྟག་པ་བསྒོམས་ལ་དད་པ་བསྐྱེད། ལས་འབྲས་ཕྲ་མོ་བསམས་ལ་དད་པ་བསྐྱེད། གང་ལའང་ཡོན་ཏན་
བསམས་ནས་དད་པ་བསྐྱེད། ཆོས་ཀྱིི་དཀོན་པ་བསམས་ནས་དད་པ་བསྐྱེད། བླ་མའི་བཀའ་དྲིན་བསམས་ནས་དད་པ་བསྐྱེད། མཆེད་གྲོགས་ཀྱི་དག་སྣང་བསམས་ནས་དད་པ་བསྐྱེད། སངས་རྒྱས་ཀྱི་ཡོན་ཏན་བསམས་ནས་དད་པ་བསྐྱེད། སྐད་ཅིག་ཀྱང་འགྲིབ་ཏུ་ཕངས་པས་རང་ལས་གཞན་པ་ཐམས་ཅད་ངོ་མཚར་ཅན་ཤ་སྟག་ཏུ་བསམས་ལ། མཐོ་དམན་དང་ཕྱོགས་རིས་མེད་པར་དད་པ་བསྒོམ་ཞིང་རང་རྒྱུད་གདུལ་བ་གཅེས་ཏེ། བཤེས་སྤྲིང་ལས། སྙེམས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཉིད་ཀྱི་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་སོ། །འདྲ་མིན་གོལ་སར་གྱུར་པའི་དད་པ་རེ་འགའ་བ་སྤངས་ལ། ཐང་ཐུབ་པར་བྱ་བ་ལ་གདམས་པ་ནི། དད་པའི་གོལ་ས་ཤེས་ནས་སྤང་བ་ནི། །དམ་པའི་དྲུང་དུ་དད་ལས་གཞན་དུ་མིན། །ཅུང་ཟད་རྐྱེན་གྱིས་འཕེལ་དང་འགྲིབ་པ་ཅན། །རྐྱེན་ངན་སོལ་ནས་ཅུང་ཟད་དད་པ་མེད། །བློ་མང་གང་ལའང་འཇུག་ལ་ཐང་མི་ཐུབ། །གཅིག་ཏུ་མ་ངེས་གང་བདེར་སྤྱོད་པ་ཅན། །གཏད་མེད་བབ་ཅོལ་ཕྲ་མོའི་རྐྱེན་གྱིས་བཟློག །འདི་དྲུག་སྤངས་ལ་བློ་གཏད་རྒྱུན་རིང་བྱ། །དེ་ལ་དད་པ་ཡིན་ཡང་ཡང་དག་པའི་དད་པར་མ་སོང་བ་དྲུག་ཡོད་པས་སྤངས་པར་བྱས་ལ། གཡོ་སྒྱུ་མེད་པས་རྟག་ཏུ་གུས་པའི་དད་པ་བསྐྱེད་པར་བྱའོ། །གང་ཞེ་ན་འདི་ལྟ་སྟེ། ཆོས་བྱེད་ལས་དང་པོ་པ་ཁ་ཅིག་བླ་མ་དང་འགྲོགས་པའི་དུས་སུ་དད་པ་ཆེ་ཆེ་ལྟར་བྱེད་ཅིང་། བྲལ་ནས་ཐ་མལ་ལས་ཀྱང་ངན་པ་ཡོད་པས་སྤང་བར་བྱའོ། །ཁ་ཅིག་རྐྱེན་དང་འཕྲད་པའི་དུས་ན་དད་པ་སྐྱེ་བ་མྱུར་ཡང་ཅིག་ཅར་ཡལ་ནས་མེད་པར་འགྱུར་བས་དེ་ཡང་སྤོང་ངོ་། ཁ་ཅིག་རང་འདོད་པའི་ཆོས་ལ་སྤྱོད་དམ་ནད་གདོན་གྱིས་གཙེས་པ་མ་གྲོལ་བར་དད་པ་ཆེ་ཆེ་འདྲ་ལ། དེ་དྲག་པའམ་ཐོབ་ཟིན་དུས་བྱོལ་ནས་སྤོང་པ་དེ་ཡང་སྤོང་ངོ་། ཁ་
ཅིག་དགེ་སྦྱོར་གཅིག་འཕྲོ་ལ་གཅིག་བྱེད་བཞིན་དུ་དུ་མ་རྩོམ་ཡང་གཅིག་མགོ་མི་ཐོན་པ་དེ་ཡང་སྤོང་ངོ་། ཁ་ཅིག་ཆོས་ཟབ་མོ་གཅིག་དང་རྩ་བའི་བླ་མ་གཅིག་ལ་མི་ཕྱེད་པའི་དད་པ་མེད་པར། གང་བདེ་བདེར་འཇུག་པ་ཡང་སྤང་ངོ་། །ཁ་ཅིག་དད་པ་ཅུང་ཟད་རྐྱེན་གྱིས་སྐྱེས་པ་ལས་ཡང་རྐྱེན་ཅུང་ཟད་རེས་འགྲིབ་པ་གློ་བུར་ཡེ་འདྲོག་ཅན་དེ་ཡང་སྤངས་ལ། དང་པོ་བརྟགས་ནས་ཆོས་དང་བླ་མར་བཟུང་ཟིན་ནས་ཕྱིས་སྐྱོ་ངལ་དང་འཕེལ་འགྲིབ་མེད་པའི་དད་གུས་བྱའོ། །ཇི་ལྟར་དད་པ་བརྟན་པར་བྱ་བ་ནི། དང་པོ་རབ་བརྟགས་དད་པའི་ཡུལ་རྣམས་ལ། །ཕྱི་ནས་མི་འགྱུར་རི་རྒྱལ་ལྟ་བུ་དང་། །འཕེལ་འགྲིབ་གཉིས་མེད་ཉི་མཁའ་རྒྱ་མཚོ་ལ། །ཐང་ལྷོད་གཉིས་མེད་གཞུ་མོའི་རྒྱུད་དང་མཚུངས། །སྐྱོ་དུབ་མེད་པ་གྲུ་ཟམ་ལྟ་བུ་ལ། །རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ཆེན་བཞིན། །མཉེན་ལྕུག་ལྡན་པ་དར་ཐག་ལྟ་བུ་ལ། །རྐྱེན་གྱིས་མི་འཕྲོགས་ནམ་མཁའ་ལྟ་བུར་བརྟན། །སྐྱེས་བུ་དམ་པ་དག་ནི་དང་པོར་བརྟག་པ་དང་དཔྱོད་པ་སྔོན་དུ་འགྲོ་བས་བླ་མ་དང་ཆོས་འཚོལ་བ་ཡིན་ལ། རྙེད་ནས་འགྱུར་ལྡོག་མེད་པའི་དད་པ་རི་རྒྱལ་ལྟ་བུ། འཕེལ་འགྲིབ་མེད་པའི་དད་པ་ཉི་མ་ལྟ་བུ། ཁ་གཏིང་མེད་པའི་དད་པ་རྒྱ་མཚོ་ལྟ་བུ། བྱས་ཡུས་མེད་པའི་དད་པ་མ་ལྟ་བུ། མཐའ་དབུས་མེད་པའི་དད་པ་ནམ་མཁའ་ལྟ་བུ། ཐང་ལྷོད་མེད་པའི་དད་པ་གཞུ་བདུངས་པའི་རྒྱུད་ལྟ་བུ། གཞན་གྱིས་བསྒྱུར་རམ་བཀའ་བཀྱོན་ལ་སོགས་པའི་རྐྱེན་གྱིས་མི་འཕྲོགས་པའི་དད་པ་ནམ་མཁའ་ལྟ་བུ། སྐྱོ་དུབ་མེད་པའི་དད་པ་གྲུ་ཟམ་ལྟ་བུ། རྒྱུན་ཆད་མེད་པའི་དད་པ་ཆུ་བོའི་གཞུང་ལྟ་བུ། གུས་ཤིང་མཉེན་ལྕུག་དང་ཞེ་སས་བརྒྱན་པའི་དད་པ་དར་ཐག་ལྟ་བུ་སྟེ། བཅུ་དང་ལྡན་པས་བསྟེན་པར་བྱའོ། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་གུས་པ་དང་དད་པ་རྒྱ་མཚོ་ལྟ་བུས་བསྙེན་བཀུར་དུ་བྱའོ། །བཀའ་བཞིན་བསྒྲུབ་བོ། །བདག་ཉིད་ཀྱང་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་འདྲེན་པར་གྱུར་པ་ཇི་ལྟ་བར་རིང་པོར་མི་ཐོགས་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ་ཞེས་སོ། །དེ་ལྟར་བསྟེན་ཅིང་དད་པ་བསྐྱེད་པའི་ཕན་ཡོན་ནི། དད་པའི་ཕན་ཡོན་རྣམ་གྲངས་
དཔག་ཏུ་མེད། །དཀར་པོའི་ཆོས་ཀུན་གཞིར་གྱུར་སྡུག་བསྔལ་སེལ། །བྱང་ཆུབ་ལམ་འདྲེན་ཟབ་མོའི་སྣོད་དུ་གྱུར། །དམ་པས་དགོངས་ཤིང་ཡོན་ཏན་ཕུན་ཚོགས་ལྡན། །དེ་ཕྱིར་སྐྱེ་བོ་དམ་པའི་ཚུལ་དགེ་བ། །དད་བརྒྱའི་འདབ་སྟོང་རྒྱས་ལ་ནན་ཏན་མཛོད། །དད་པ་ལ་ཡོན་ཏན་ཚད་མེད་པ་སྙེད་མཆིས་པ་དག་བསྡུ་ན། དཀར་པོའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་བ་དང་། འཁོར་བའི་སྡུག་བསྔལ་ཐམས་ཅད་སེལ་བ་དང་། ཐར་པའི་ལམ་སྣ་ཟིན་པ་དང་། ཆོས་ཟབ་མོའི་སྣོད་དུ་གྱུར་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་དགོངས་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཤེས་རབ་དང་ལྡན་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་དག་པར་སྐྱེ་བ་དང་། སྐྱེ་བ་ཀུན་ཏུ་བླ་མ་དམ་པ་དང་ཆོས་དམ་པ་དང་། གྲོགས་དམ་པ་རྣམས་སྐྱེས་མ་ཐག་ནས་མཇལ་ཞིང་ཆོས་ལ་སྤྱོད་པ་དང་། དཀར་པོའི་ཕྱོགས་ལ་དགའ་བའི་ལྷས་བསྲུང་བ་དང་། བདེ་བར་གཉིད་དུ་འགྲོ་ཞིང་རྨི་ལམ་དུའང་བླ་མ་དང་དཀོན་མཆོག་དང་ཆོས་ལ་སྤྱོད་པའི་སྣང་བ་བཟང་པོ་རྨི་ཞིང་བདེ་བར་སད་པ་དང་། ཅི་བསམས་པ་རྣམས་འགྲུབ་པ་དང་། བདེ་བར་ཚེའི་དུས་བྱེད་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་བདེ་བར་འདྲེན་པ་དང་། བར་དོའི་འཇིགས་པ་ཐམས་ཅད་མེད་པ་དང་། གང་དུ་སྨོན་པའི་གནས་སུ་སྐྱེ་བས་དཀོན་མཆོག་གི་གདུང་འཚོབ་པ་དང་། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སྟེ། རྒྱས་པ་ནི་བསྐལ་པ་མཐའ་ཡས་པ་སྙེད་བརྗོད་ཀྱང་ཟད་མི་ཤེས་པའོ། །དེ་སྐད་དུ་འཕགས་པ་དཀོན་མཆོག་སྒྲོན་མེའི་མདོ་ལས། གང་གིས་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་བས། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །ཁྱད་པར་འཕགས་པ་འདི་ཉིད་དེ་ལ་མེད། །ཅེས་པ་དང་། འདུལ་བ་ལུང་ལས། དགེ་སློང་དངོས་པོ་མཆོག་ཏུ་བྱ་དཀའ་བས། །དད་པས་དགེ་བའི་བཤེས་གཉེན་བསྟེན་བྱ་ཞིང་། །རྗེས་མཐུན་གྲོགས་བསྟེན་སྡིག་གྲོགས་ནམ་ཡང་སྤང་། །
དམ་པའི་ཆོས་བཙལ་དེ་ཡི་དོན་བསམ་ཞིང་། །ནོར་བུ་རིན་ཆེན་འདྲ་བའི་ཚུལ་ཁྲིམས་བསྲུང་། །བྱང་ཆུབ་མཆོག་སེམས་བསྐྱེད་ལ་བརྩོན་པས་འབད། །སངས་རྒྱས་ཡེ་ཤེས་རིང་པོར་མི་ཐོགས་ཐོབ། །ཅེས་སོ། །དེའི་ཕྱིར་སྔར་སྨོས་པའི་དད་པ་དྲུག་པོ་ཡུལ་དྲུག་ལ་དམིགས་ནས་བརྒྱ་འགྱུར་དུ་བརྩོན་པ་དེ་ཡང་། དགེ་བ་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ཕྱོགས་བཅུའི་བླ་མ་དང་དཀོན་མཆོག་དང་སེམས་ཅན་གྱི་ཚོགས་ལ་དམིགས་པར་འགྲེས་པས་དད་པའི་འདབ་མ་སྟོང་རྒྱས་པར་མཛོད་ཅིག་ཅེས་ལེགས་པར་གདམས་པ་ཡིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དད་པའི་རང་བཞིན་བསམ་པའི་ལེའུ་སྟེ་བཅོ་ལྔ་པའི་རྒྱ་ཆེར་འགྲེལ་པའོ།། །།
ལས་རྒྱུ་འབྲས་བསམ་པའི་ལེའུ་སྟེ་བཅུ་དྲུག་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་དད་པ་བསྟན་པའི་རྗེས་ཐོག་ཉིད་དུ་དད་པ་དང་ལྡན་པ་དེས་བསམ་པར་བྱ་བའི་ཆོས་རྣམས་ཀྱི་ནང་ནས། ལས་རྒྱུ་འབྲས་ཡིན་པས་འདིར་དེ་བརྗོད་པ་ནི། དེ་ནས་དད་ལྡན་རྣམས་ཀྱིས་བསམ་བྱ་བ། །རྒྱུ་འབྲས་ལས་དེ་དགེ་སྡིག་བླང་དོར་བྱ། །དེ་ཡང་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ནི་ལས་དགེ་བ་དང་། མི་དགེ་བ་གཉིས་ཡིན་པས་འདིར་ཐར་པ་འདོད་པ་དག་གིས་བླང་དོར་དུ་བྱའོ། །སོ་སོར་ཐར་པ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །འོ་ན་གང་ཞིག་དགེ་བ་ཡིན་ཞེ་ན། དགེ་བའི་ལས་ནི་བསོད་ནམས་ཆ་མཐུན་དང་། །ཐར་པ་ཆ་མཐུན་རྣམ་པ་གཉིས་དག་ལས། །དང་པོ་གང་ཡིན་ཞེ་ན། སྲིད་པའི་བདེ་འབྲས་བསྐྱེད་པའི་དགེ་བ་རྣམས། །བསོད་ནམས་ཆ་མཐུན་ལགས་པར་ཐུབ་པས་གསུངས། །རྣམ་གྲངས་མང་ཡང་བསྡུ་ན་དགེ་བ་བཅུ། །དེ་ལ་སྤྱིར་དགེ་བ་ནི་འབྲས་བུ་བདེ་བ་བསྐྱེད་པ་ཙམ་གྱི་རྒྱུ་ཐམས་ཅད་དེ། སྲིད་པ་དང་ཞི་བ་གཉིས་ཆར་གྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་བསྐྱེད་པའོ། །སྡུག་བསྔལ་གྱི་རྒྱུ་མི་དགེ་བས་ནི། ངན་འགྲོ་དང་སྡུག་བསྔལ་ཐམས་ཅད་བསྐྱེད་པ་ཡིན་པར་ཤེས་པར་བྱ་སྟེ།
རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་སོ། །དེ་ལ་དགེ་བ་ནི་གཉིས་ཏེ། བསོད་ནམས་ཆ་མཐུན་སྲིད་པའི་བདེ་འབྲས་ཙམ་བསྐྱེད་ནས་ཟད་པར་འགྱུར་བ་དགེ་བ་བཅུ་དང་བསམ་གཏན་བཞི་དང་། གཟུགས་མེད་བཞི་སྟེ་ཐར་པ་དང་མ་འབྲེལ་བ་རྣམས་དང་། ཐར་པ་ཆ་མཐུན་མྱ་ངན་ལས་འདས་པའི་རྒྱུར་མཐུན་པ་རྣམས་སོ། །དང་པོ་བསོད་ནམས་ཆ་མཐུན་གྱི་དགེ་བ་བཅུ་ནི། ལུས་གསུམ་ངག་བཞི་ཡིད་ཀྱི་གསུམ་དག་སྟེ། །འདི་བཅུ་བསམ་གཏན་གཟུགས་མེད་མ་འབྲེལ་བས། །འདོད་པའི་ལྷ་མིར་བདེ་འབྲས་བསྐྱེད་པ་ཉིད། །དེ་ལ་སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པས་ལོག་པར་གཡེམ་པ་གསུམ་སྤངས་པ་ནི། ལུས་ཀྱི་དགེ་བའི་ལས་གསུམ་མོ། །རྫུན་དང་ཕྲ་མ། ངག་འཁྱལ། ཚིག་རྩུབ་བཞི་སྤངས་པ་ནི་ངག་གི་ལས་དགེ་བ་བཞིའོ། །བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་གསུམ་སྤངས་པ་ནི་ཡིད་ཀྱི་ལས་དགེ་བ་གསུམ་མོ། །དགེ་བ་བཅུ་པོ་འདི་ཉིད་སྤྱད་པའི་རང་བཞིན་བསམ་གཏན་གཟུགས་མེད་བསྒོམ་པ་དང་མ་འབྲེལ་ན་རྣམ་སྨིན་གྱི་འབྲས་བུ་མཐོ་རིས་ལྷ་མིའི་བདེ་བ་ལ་ལོངས་སྤྱོད་པའོ། །དེ་ཡང་གླིང་བཞི་གླིང་ཕྲན་གྱི་མི་དང་འདོད་ལྷ་དྲུག་པོ་ཐོབ་པའོ། །དགེ་བ་བཅུ། བསམ་གཏན་གཟུགས་མེད་དང་འབྲེལ་གོང་མ་གཉིས། །དགེ་བས་བདེ་འགྲོ་བདེ་བའི་རིགས་ཀུན་བསྐྱེད། །དགེ་བ་བཅུ་དང་བསམ་གཏན་བཞི་སྦྲེལ་ནས། འབྱོངས་ན་གཟུགས་ཀྱི་ཁམས་སུ་སྐྱེ་ལ། དགེ་བ་བཅུ་དང་གཟུགས་མེད་བཞི་འབྲེལ་བ་ཚད་དུ་ཕྱིན་པས་སྐྱེ་མཆེད་མུ་བཞི་ཐོབ་པའོ། །དེའང་འཕེན་བྱེད་དང་བདེ་བའི་ཆར་རྫོགས་བྱེད་ཀྱི་ལས་དགེ་བ་བཅུས་བྱེད་ལ། བསམ་གཏན་གཟུགས་མེད་ཀྱི་རང་སའི་སེམས་སུ་འགྲུབ་པ་བསམ་གཏན་གཟུགས་མེད་བསྒོམས་པ་གྲུབ་པ་དེས་བྱེད་དོ། །དེ་ལྟར་ན་དགེ་བས་བདེ་བའི་རིགས་དང་མཐོ་རིས་སུ་སྐྱེ་བའི་ལུས་མངོན་པར་འགྲུབ་པ་ཡིན་ནོ། །དགེ་བ་བཅུའི་
རྣམ་སྨིན་གྱི་འབྲས་བུ་མཐོ་རིས་ལྷ་མི་ཡིན་ལ། བདག་པོའི་འབྲས་བུ་ཡུལ་ལ་སྨིན་པའི་ཆ་མེ་ཏོག་དང་འབྲས་བུས་བརྒྱན་ཞིང་འཚེ་བ་མེད་ལ་བགྲོད་བདེ་བ་ལ་སོགས་པའོ། །རྒྱུ་མཐུན་གྱི་འབྲས་བུ་ལ་བྱེད་པ་རྒྱུ་མཐུན་དགེ་བ་བཅུ་བྱེད་པར་སྤྲོ་ཞིང་། མྱོང་བ་རྒྱུ་མཐུན་གྱིས་ཚེ་རིང་བ་དང་ནད་མེད་པ་དང་ལོངས་སྤྱོད་དང་ལྡན་པ་ལ་སོགས་པའོ། །དེ་དག་ཆ་ཤས་དབྱེ་བས་བསྟན་པ་ནི། སྲོག་གཅོད་སྤངས་པས་ཚེ་རིང་ནད་མེད་ཅིང་། །མ་བྱིན་ལེན་སྤངས་འབྱོར་པ་ཕུན་སུམ་ཚོགས། །ལོག་པར་གཡེམ་སྤངས་ཁྱིམ་ཐབ་དགྲ་ཟླ་མེད། །དེ་ལྟར་ལུས་ཀྱི་ལས་མི་དགེ་གསུམ་སྤངས་ཏེ་དགེ་བར་སྤྱད་པས། ཚེ་རིང་བ་དང་། ནོར་འབྱོར་པ་དང་། ཁྱིམ་ཐབ་རང་དབང་དང་བཅས་པ་ཐོབ་ལ། ངག་གི་ལས། རྫུན་དུ་སྨྲ་སྤངས་གཞན་གྱིས་བསྟོད་པ་སྟེ། །རྩུབ་མོ་རྣམ་སྤངས་སྙན་པར་སྨྲ་བས་བདེ། །ཕྲ་མ་རྣམ་སྤངས་མཐོང་ན་མི་མཐུན་མེད། །བཀྱལ་པ་སྤངས་པས་ཚིག་གཟུང་འོས་པར་འགྱུར། །ངག་གི་ལས་མི་དགེ་བ་བཞི་སྤངས་པ་ལས་ནི་ཀུན་གྱིས་བསྟོད་པ་དང་། སྙན་པར་གྲགས་པ་དང་། མཐོང་ན་ཡིད་དུ་འོང་ཞིང་འཁོར་འདུན་པ་དང་། ཚིག་ཡིད་ཆེས་པའི་གནས་སུ་འཛིན་པ་ཐོབ་བོ། །ཡིད་ཀྱི་ལས། བརྣབ་སེམས་སྤངས་པས་རེ་བ་འགྲུབ་པ་སྟེ། །གནོད་སེམས་སྤངས་པས་ཡིད་འོང་མཐོང་ན་ཞི། །ལོག་པར་ལྟ་སྤངས་ལྟ་བ་བཟང་པོ་སྟེ། །མཐོ་རིས་བགྲོད་པའི་ཤིང་རྟ་དགེ་བ་བཅུ། །མངོན་མཐོ་བདེ་འདོད་རྣམས་ཀྱིས་དང་དུ་བླངས། །ཡིད་ཀྱི་ལས་མི་དགེ་བ་གསུམ་སྤངས་པ་ལས། བསམས་པ་བཞིན་དོན་ཐམས་ཅད་འགྲུབ་པ་དང་། ཕ་རོལ་གྱིས་མཐོང་ན་ཞི་ཞིང་དེས་ལ་ཡིད་དུ་འོང་བ་དང་། སྐྱེས་མ་ཐག་ནས་སྲིད་པ་དང་སྐྱེ་བ་ཀུན་ཏུ་རྒྱུ་འབྲས་ལ་ཡིད་ཆེས་པའི་ལྟ་བ་དང་ལྡན་པའོ། །དེ་ཉིད་རིན་ཆེན་ཕྲེང་དུ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་བཤད་པ་བཞིན་ནོ། །འདི་བཅུ་ནི་བདེ་འགྲོ་དང་བདེ་བ་འདོད་པས་སྤྱད་དོ། །ད་ནི་དགེ་བའི་མི་མཐུན་ཕྱོགས་ནི། མི་
དགེའི་ལས་བཅུ་ངན་འགྲོར་སྡུག་བསྔལ་རྒྱུ། །ཆེ་འབྲིང་ཆུང་ངུས་དམྱལ་བ་ཡི་དྭགས་དང་། །དུད་འགྲོར་ལྟུང་འགྱུར་སྣ་ཚོགས་སྡུག་བསྔལ་ལྡན། །སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་འཁྱལ་པ་དང་། ཚིག་རྩུབ་མོ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྟེ། མི་དགེ་བ་བཅུ་ནི། མཛོད་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་གསད་པའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །བགྲོད་མིན་བགྲོད་པར་འདོད་པ་ཡི། །ལོག་པར་གཡེམ་པ་རྣམ་པ་བཞི། །རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཚིག །མི་སྙན་བརྗོད་པ་རྩུབ་མོ་སྟེ། །ཉོན་མོངས་ཅན་ཀུན་བཀྱལ་བ་ཡིན། །བསྟན་ཆོས་ངན་བཞིན་བརྣབ་སེམས་ནི། །ལོག་པས་གཞན་གྱི་ནོར་ལ་ཆགས། །གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་འདི་ལ། །ཞེས་པ་བཞིན་ནོ། །དེ་ལྟ་བུའི་མི་དགེ་བ་བཅུ་ཆུང་ངུར་སྤྱད་པས་དུད་འགྲོ། འབྲིང་གིས་ཡི་དྭགས། ཆེན་པོས་དམྱལ་བ་མྱོང་བ་ནི། རྣམ་པར་སྨིན་པའི་འབྲས་བུའོ། །རྒྱུ་མཐུན་པའི་འབྲས་བུའི་བྱེད་པ་རྒྱུ་མཐུན་ནི་མི་དགེ་བ་གང་བྱེད་དེར་སྐྱེ་ལ། མྱོང་བས་ཚེ་ཐུང་བ་ལ་སོགས་པའོ། །དབང་གི་འབྲས་བུ་ཡུལ་ཚེར་མ་དང་ལོ་འབྲས་མ་སྨིན་པ་ལ་སོགས་པའོ། །དེ་དག་ཀྱང་ཆ་ཤས་བརྗོད་ན་རྣམ་སྨིན་སྲབས་ནས་ངན་སོང་ལས་ཐར་ཏེ། བརྒྱ་ལམ་ཞིག །མཐོ་རིས་ཐོབ་ཀྱང་དེ་ཡི་སྡུག་བསྔལ་འགྲུབ། །སྲོག་གཅོད་པས་ནི་ཚེ་ཐུང་ནད་མང་ཞིང་། །མ་བྱིན་ལེན་པས་དབུལ་ཞིང་ཕོངས་པར་འགྱུར། །ལོག་པར་གཡེམ་པས་ཁྱིམ་ཐབ་དགྲ་ཟླར་བཅས། །ལས་ཀྱི་ལྷག་མ་དེས་མཐོ་རིས་སུ་སྐྱེས་ནའང་། ཚེ་ཐུང་ཞིང་ནད་མང་བ་དང་། དབུལ་བ་དང་། ཁྱིམ་ཐབ་འཐུས་མའམ་གཡེམ་ལ་དགའ་བར་འགྱུར་རོ། །ངག་གི་ལས། རྫུན་དུ་སྨྲ་བས་བསྐུར་
བ་མང་འགྱུར་ཞིང་། །ཕྲ་མས་བཤེས་འབྲལ་ཕན་ཚུན་མི་མཐུན་འགྱུར། །རྩུབ་མོས་མི་སྙན་བཀྱལ་བས་ངག་མི་བཙུན། །རང་ལ་སྐྱོན་མེད་ཀྱང་སྐུར་པ་མང་བ་དང་། མཛའ་བཤེས་དང་འབྲལ་ལ་འཁོར་མི་མཐུན་པ་དང་། མི་སྙན་པ་ཤ་སྟག་ཐོས་པ་དང་། སུས་ཀྱང་ངག་བདེན་པར་མི་འཛིན་པ་ནི་ངག་གི་ལས་ངན་པ་བཞིའི་འབྲས་བུའོ། །ཡིད་ཀྱི་ལས། བརྣབ་སེམས་ཡིད་ལ་རེ་བ་མི་འགྲུབ་ཅིང་། །གནོད་སེམས་འཇིགས་བཅས་ལོག་ལྟས་ལྟ་ངན་ཉིད། །གང་བསམས་པ་མི་འགྲུབ་པ་དང་། རྟག་ཏུ་འཇིགས་ཤིང་བག་ཚ་བ་དང་། ལས་འབྲས་ལ་སྐུར་པ་འདེབས་པའི་རིགས་སུ་སྐྱེ་བ་ནི་ཡིད་ཀྱི་མི་དགེ་བའི་འབྲས་བུའོ། །དེ་དག་ཀྱང་། རིན་ཆེན་ཕྲེང་བ་ལས། སྲོག་བཅད་པས་ནི་ཚེ་ཐུང་འགྱུར། །མ་བྱིན་བླངས་པས་ནོར་དང་འབྲལ། །བྱི་བོ་བྱས་པས་དགྲ་དང་བཅས། །རྫུན་དུ་སྨྲ་བས་སྐུར་བ་མང་། །ཕྲ་མ་ཡིས་ནི་བཤེས་དང་འབྲལ། །ཚིག་རྩུབ་པས་ནི་མི་སྙན་ཐོས། །བཀྱལ་བ་ཡིས་ནི་ངག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་སོ། །ཇི་སྐད་བཤད་པའི་ཚུལ། དེ་ལྟར་མི་དགེ་བཅུ་པོ་དུག་འདྲ་བས། །སེམས་ཤེས་རྣམས་ཀྱིས་རབ་ཏུ་སྤང་འཚལ་ལོ། །མི་དགེ་བ་ནི་གང་གིས་སྤྱད་པའི་འབྲས་བུ་རྣམ་སྨིན་རྩུབ་མོ་མྱོང་བའི་ཕྱིར་ངོ་ལྐོག་གང་དུའང་སྤང་དགོས་ཏེ། སྤྱོད་འཇུག་ལས། མ་མཐོང་བ་ནི་སྡིག་པ་བྱེད་པ་དག །ཁོང་དུ་དུག་ཟོས་བདེ་བར་མི་འགྱུར་བཞིན། །ལྷ་དང་རྣལ་འབྱོར་ཅན་དང་དེ་བཞིན་དུ། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་སོ། །ད་ནི་ཐར་པ་ཆ་མཐུན་གྱི་དགེ་བ་བཤད་པ་ནི། ཐར་པའི་ལམ་ནི་བྱང་ཆུབ་ཞི་བ་སྒྲུབ། །སྲིད་ལས་འདའ་བྱེད་སྡུག་བསྔལ་སྤང་བར་བྱེད། །ཐར་པའི་རྒྱུ་བྱེད་པའི་དགེ་བ་འཁོར་བ་ལས་འདའ་ཞིང་སྡུག་བསྔལ་སྤོང་བར་བྱེད་པ་དེ་ནི། གང་ཞིག་ཐེག་པ་གསུམ་གྱི་ལམ་ཞུགས་པའི། །འགྲོ་བ་རྣམས་ཀྱིས་ལེགས་པར་སྒྲུབ་པ་ནི། །སོ་སོའི་
སེམས་བསྐྱེད་ཚད་མེད་བཞི་བསྒོམ་ཞིང་། །ཕར་ཕྱིན་དྲུག་སྤྱོད་བྱང་ཆུབ་ཕྱོགས་ཆོས་སྒྲུབ། །ཉིན་མཚན་བརྩོན་པས་དགེ་བར་འགྱུར་རྣམས་ཡིན། །ཉན་ཐོས་ཀྱི་ལམ་འཚོལ་བར་སེམས་བསྐྱེད་ནས་ལམ་དང་པོ་དྲན་པ་ཉེར་གཞག་བསྒོམ་པ་ནས་ཡོངས་རྫོགས་ཀྱི་བར་སྤྱོད་པའི་གང་ཟག་ནི་སྐྱེས་བུ་ཆུང་ངུའོ། །རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་འབྲིང་ངོ་། །ཐེག་པ་ཆེན་པོར་སེམས་བསྐྱེད་ནས་ལམ་སྒྲུབ་པ་ཆེན་པོ་སྟེ། སྐྱེས་བུ་གསུམ་གྱི་སོ་སོའི་སེམས་བསྐྱེད་ནས་ཆོས་སུམ་ཅུ་རྩ་བདུན་སྤྱོད་ཅིང་། ཚད་མེད་པ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ཉིན་མཚན་དགེ་བ་ལ་བརྩོན་པ་བསྔོ་བས་ཟིན་པ་རྣམས་ནི་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱའོ། །དེ་ལ་ཚད་མེད་པ་བཞི་ནི་སེམས་ཅན་བདེ་བ་དང་མི་ལྡན་པ་བདེ་བ་དང་འཕྲད་པར་འདོད་པའི་བྱམས་པ། སྡུག་བསྔལ་གྱིས་ཉམ་ཐག་པ་དེ་དང་བྲལ་བར་འདོད་པའི་སྙིང་རྗེ། བདེ་བ་དང་ལྡན་པ་དེ་ལས་མི་འབྲལ་བར་འདོད་པ་དགའ་བ། ཉེ་རིང་ཆགས་སྡང་ཅན་རྣམས་སེམས་སྙོམས་པ་ལ་སེམས་པའི་བཏང་སྙོམས་ཏེ། མདོ་སྡེ་རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །འཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་པ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་རང་ལ་བདོག་པ་གཞན་ལ་སྦྱིན་པར་འདོད་པའི་གཏོང་སེམས་དགེ་བ་བྱེད་ལས་དང་བཅས་པ། ཚུལ་ཁྲིམས་ནི་མི་དགེ་བའི་ཕྱོགས་སྤང་སེམས་དགེ་བ་བྱེད་ལས་དང་བཅས་པ། བཟོད་པ་ནི་ཕ་རོལ་གྱི་འཚེ་བ་ལ་སོགས་པ་ལ་མི་ཁྲོ་བར་བསྲན་སེམས་དགེ་བ་བྱེད་ལས་དང་བཅས་པ། བརྩོན་འགྲུས་ནི་དགེ་བའི་བྱ་བ་ལ་སྤྲོ་བ་བྱེད་ལས་དང་བཅས་པ། བསམ་གཏན་ནི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པ་བྱེད་ལས་དང་བཅས་པ། ཤེས་རབ་ནི་ཆོས་ཀྱི་ཚིག་དོན་རྟོགས་པ་བྱེད་ལས་དང་བཅས་པ། དེ་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ངང་ནས་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །སྦྱིན་པའི་བྱེད་ལས་རྫས་དེ་དག་གཞན་གྱིས་
ཐོབ་པའོ། །དེ་བཞིན་དུ་གཞན་ལ་མི་འཚེ་བ་དང་། ལན་དུ་མི་ཁྲོ་བ་དང་། དགེ་བ་སྤྱོད་པ་དང་། སེམས་གནས་པས་ཞི་ལྷག་སྐྱེས་པ་དང་། རྟོགས་ནས་ཐེ་ཚོམ་མེད་པ་རྣམས་བྱེད་ལས་སོ། །གང་ཡང་མ་གྲུབ་པར་ཤེས་ནས་སྣང་བའི་ཚོགས་ལ་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པའི་བྱེད་ལས་ངོ་མཚར་ཅན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་ཉིད་ཤེས་ནས། །དགེ་བའི་ལས་འབྲས་རྟེན་བྱེད་པ། །ངོ་མཚར་བས་ཀྱང་འདི་མཚར་ཞིང་། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་སོ། །དེས་ནི་འཁོར་བར་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ཡང་འགྲུབ་སྟེ། འོད་སྲུངས་ཀྱིས་ཞུས་པ་ལས། བདག་མེད་བཟོད་པས་མཉམ་པ་ཉིད་གནས་ཀྱང་། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །ཡོངས་སྨིན་བྱ་ཕྱིར་སྦྱིན་པ་སྦྱིན་བྱེད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་རེ་བ་མེད། །བསམ་པས་རྟག་ཏུ་མྱ་ངན་འདས་ལ་གནས། །དེ་ཡི་སྦྱོར་བ་འཁོར་བར་གནས་པ་ཡིན། །ཆོས་རྣམས་སྟོང་པ་ཉིད་དུ་རྟོགས་མོད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་ཡིད་ཆེས་སོ། །ཞེས་སོ། །དེའང་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་བསོད་ནམས་དང་། ཕྱི་མ་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དང་པོ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པའི་རྒྱུ་ངོ་བོ་བྱེད་ལས་ཡིན་ཞིང་། བསམ་གཏན་སེམས་དང་། ཤེས་རབ་ཤེས་རབ་ཀྱི་བསླབ་པ་དང་། བརྩོན་འགྲུས་ཐམས་ཅད་ཀྱི་གྲོགས་ཡིན་པར། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཕྱི་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །སྦྱིན་པ་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་པ་དང་། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་སོ། །མདོ་སྡེ་རྒྱན་ལྟར་ན། སྦྱིན་པ་བསོད་ནམས། ཤེས་རབ་ཡེ་ཤེས། གཞན་བཞི་
གཉིས་ཀའམ། ཡང་ན་དང་པོ་བསོད་ནམས། ལྷག་མ་ལྔ་ཡེ་ཤེས་སོ་ཞེས་འདོད་ཀྱང་། འདིར་སྤྱོད་འཇུག་ལྟར་རོ། །དེའང་དགེ་བ་གང་བྱེད་ཀྱང་སྦྱོར་བ་སེམས་བསྐྱེད། དངོས་གཞི་རང་བཞིན་མེད་རྟོགས། རྗེས་བསྔོ་བ་གསུམ་གྱིས་ཟིན་ན་ཐར་པ་ཆ་མཐུན་ནོ། །མ་ཟིན་ན་མོས་པས་སྤྱོད་པའི་ས་འདིར་ཐར་པའི་རྒྱུར་དཀའ་སྟེ། མདོ་སྡེ་རྒྱན་ལས། ཕལ་ཆེར་དོན་མེད་དོན་ཡོད་དང་། །རྣམ་ཀུན་དོན་ཡོད་ཤེས་བྱ་སྟེ། །ཞེས་བཤད་པས། ཚོགས་སྦྱོར་དུ་དེ་གསུམ་གྱིས་མ་ཟིན་ན། ཕལ་ཆེར་དོན་མེད་ལ། ས་དང་པོ་ནས་བདུན་པའི་བར་དོན་ཡོད་པའོ། །དག་པ་ས་གསུམ་དུ་རྣམ་ཀུན་དོན་ཡོད་པས་ཚོགས་གཉིས་རླབས་པོ་ཆེ་རྫོགས་པའོ། །དེ་ཡང་ས་དང་པོ་ཡན་ཆད་དུ་དབང་བཅུ་ཐོབ་པས་ཚོགས་དཔག་ཏུ་མེད་པ་རྫོགས་ལ། མན་ཆད་དུ་འབད་ཀྱང་ཆེར་རྫོགས་པ་མ་ཡིན་ནོ། །འདིར་དེའི་དོན་བསྡུ་བ་ནི། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཉིད། །ཅེས་པའི་དོན་ནི་བཤད་ཟིན་ཏོ། །འདིར་ཐབས་སྙིང་རྗེ་ནི་དགེ་བ་གང་བྱེད་དེའི་དུས་ན་ཡོད་པ་དེ་དང་། ཤེས་རབ་སྟོང་པ་ཉིད་དུས་མཉམ་དུ་ཟུང་དུ་འཇུག་པས་སྔ་ཕྱི་མེད་དོ། །ཁ་ཅིག་ཆོས་ཉིད་བསྒོམ་དུས་སྦྱོར་བའི་སྙིང་རྗེ་དང་། དངོས་གཞིའི་སྟོང་པ་ཟུང་འཇུག་ཏུ་འདོད་པ་ནི། ཕྱོགས་མ་གོ་བར་ཟད་དེ། འདས་པ་དངོས་མེད་དང་། ད་ལྟ་བ་དངོས་པོ་ཟུང་དུ་འཇུག་པ་ནི་བཞད་གད་ཀྱི་གནས་སོ། །དེ་ཡང་སེམས་བསྐྱེད་ཐོབ་ལ་མ་ཉམས་པའི་བློ་རྫས་ནི་སྙིང་རྗེ། ངོ་བོ་གང་དུ་ཡང་མི་དམིགས་པ་ནི་སྟོང་པ། དེ་གཉིས་བློ་རྫས་ངོ་བོ་གཅིག་པ་ལ་ལྡོག་པ་སོ་སོ་བ་ཟུང་འཇུག་གམ། དམིགས་མེད་དེ་ཉིད་སྟོང་པ་ཡིན་ལ། དམིགས་པ་མེད་པའི་སྙིང་རྗེར་གྱུར་པ་གཉིས་རོ་གཅིག་པས་ངོ་བོ་ཐ་དད་མེད་པའི་ཟུང་འཇུག་ཅེས་འདོད་པ་ཡིན་ནོ། །འདི་ནི་གནད་གལ་པོ་ཆེའོ། །བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་མདོར་བསྡུ་བ་ནི། རྩོམ་
པ་ཐམས་ཅད་གཞན་དོན་འབའ་ཞིག་སྤྱོད། །ལྟ་བ་མཁའ་འདྲ་སྟོང་ཉིད་བཅོ་བརྒྱད་དང་། །སྒོམ་པ་འོད་གསལ་ཕྱོགས་ཆོས་སུམ་ཅུ་བདུན། །སྤྱོད་པ་སྐྱོན་མེད་ཕ་རོལ་ཕྱིན་པ་དྲུག །འབྲས་བུ་བླ་མེད་བྱང་ཆུབ་འགྲུབ་པ་ཡིན། །གང་ཅི་རྩོམ་པ་ཐམས་ཅད་གཞན་གྱི་དོན་དུ་བྱེད་པ་དེ་ནི་ཐེག་པ་ཆེན་པོ་ཞེས་བྱ་ལ། དེའི་གཞུང་ལམ་ཐམས་ཅད་བསྡུ་ན་ལྟ་བ་སྟོང་པ་ཉིད་བཅོ་བརྒྱད་དམ་ཉི་ཤུ་སྟེ། མངོན་རྟོགས་རྒྱན་གྱི་འགྲེལ་ཆུང་དུ། ནང་དང་ཕྱི་རོལ་རྣམས་དང་ནི། །གཉིས་དང་སྟོང་པའི་དངོས་པོ་དང་། །ཕྱོགས་དང་མྱ་ངན་འདས་ལམ་དང་། །རྐྱེན་ལས་སྐྱེས་དང་ཅིག་ཤོས་དང་། །མཐའ་འདས་ཐོག་མ་དོར་བ་མེད། །རང་བཞིན་དང་ནི་ཆོས་ཀུན་དང་། །ཆོས་སྐྱེ་ལ་སོགས་འདས་སོགས་དང་། །ལྡན་དང་ཅིག་ཤོས་ངོ་བོ་དང་། །མཁའ་དང་སྟོང་པ་ཞེས་བྱ་དང་། །ཆོས་ཀྱི་གཞན་གྱི་ངོ་བོ་ཉིད། །རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་པ་ལྟ་བུ་ལམ་སྒྲུབ་པའི་ལྟ་བའོ། །སྒོམ་པ་ནི་སྔར་སྨོས་པ་བཞིན་ཆོས་སུམ་ཅུ་རྩ་བདུན་ནོ། །སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །འབྲས་བུ་ནི་སངས་རྒྱས་ཀྱི་སའི་སྤངས་རྟོགས་ཀྱི་ཡོན་ཏན་ཇི་སྙེད་པ་རྣམས་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་དག་གི་གཞི་ལམ་འབྲས་བུའི་ཆོས་ཚང་ལ་མ་ནོར་བ་ནི་དེ་ཙམ་ཞིག་ཏུ་འདུས་པར་བསྟན་ཏོ། །ད་ནི་ལས་ཀྱི་མཇུག་བསྡུ་བ་ལ་གཉིས་ལས། དང་པོ་འཁོར་བ་རྒྱུ་འབྲས་ལས་ལྡོག་ཚུལ་ངེས་པར་བསྡུ་བ་ནི། འདི་ལྟར་སྣང་སྲིད་འཁོར་བའི་ཆོས་རྣམས་ཀུན། །དགེ་དང་མི་དགེའི་བག་ཆགས་ལས་བྱུང་སྟེ། །ལས་མ་ཟད་པར་འཁྲུལ་སྣང་སྟོངས་མི་སྲིད། །དེ་ཡི་ཕྱིར་ན་མི་དགེ་སྤང་ལ་འབད། །ཁམས་གསུམ་རིགས་དྲུག་གིས་བསྡུས་པའིི་གནས་དང་བདེ་སྡུག་སོ་སོའི་སྣང་ཚུལ་མི་འདྲ་ཅི་སྣང་བ་འདི་ཐམས་ཅད་ཀུན་གཞི་ལ་བག་ཆགས་འཁྲུལ་པ་བཞག་པའི་སྣང་གཟུགས་ཏེ། དགེ་བ་བསོད་ནམས་ཆ་མཐུན་གྱི་བདེ་བའི་རིགས། རིགས་དྲུག་ན་ཡོད་དོ་ཅོག་དང་ལྷ་མི་བསྐྱེད་ལ། མི་དགེ་བས་སྡུག་བསྔལ་གྱི་རིགས་ཐམས་ཅད་དང་ངན་འགྲོ་
བསྐྱེད་ནས། སྣང་བ་མི་འདྲ་བ་དཔག་ཏུ་མེད་ཀྱང་སྣང་ཚུལ་དྲུག་ཏུ་འདུས་པར་སྣང་བ་འདི་ཐམས་ཅད་ལ་འཁྲུལ་སྣང་ཞེས་བྱ་སྟེ། བག་ཆགས་མ་ཟད་ཀྱི་རིང་ལ་སྟོངས་མི་སྲིད་པ་དྷ་དུ་རའི་ནུས་པ་ཡོད་རིང་ལ་འཁྲུལ་སྣང་ཤར་བ་བཞིན་ཏེ། དྲན་པ་ཉེར་གཞག་ལས། འཇིག་རྟེན་དག་ན་ཇི་ལྟར་སྣང་བ་ཀུན། །ཐམས་ཅད་རང་གི་ལས་ལས་ཉེ་བར་བྱུང་། །ཞེས་པ་བཞིན་ནོ། །དེས་ན་སྤང་དགོས་ཏེ། སྤྱོད་འཇུག་ལས། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པ་མནར་མེད་གནས་གྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་པ་དང་། རྟ་དབྱངས་ཀྱི་དྲི་བ་དྲུག་པ་ལས། སྡིག་པས་སྡུག་བསྔལ་བསོད་ནམས་ཀྱིས། །བདེའོ་འདྲེས་མས་འདྲེས་མ་སྟེ། །ལས་རྣམས་ཀྱི་ནི་རྣམ་པར་སྨིན། །འདྲ་བ་རྒྱུ་མཚན་ཡིན་པར་རྟོགས། །ཞེས་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། ལས་བསགས་པ་ན་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །ཞེས་པའི་ཚུལ་གྱིས་ལས་ངན་སྤང་དགོས་སོ། །སེམས་ཉིད་རྟོགས་པས་ཆོག་གི །ལས་འབྲས་མི་དགོས་སོ་ཞེས་ནམ་ཡང་སྨྲ་བར་མི་བྱ་སྟེ། རིན་ཆེན་ཕྲེང་བ་ལས། ལས་ཀྱི་འབྲས་བུ་མེད་ཅེས་པ། །མདོར་ན་མེད་པར་ལྟ་བ་ཉིད། །བསོད་ནམས་མ་ཡིན་ངན་སོང་བ། །ཞེས་པ་ཡིན་པའི་ཕྱིར་རོ། །གཉིས་པ་མྱ་ངན་ལས་འདས་པ་རྒྱུ་འབྲས་ལ་ནན་ཏན་བྱ་བར་ངེས་པས་དགེ་བའི་ཕྱོགས་བླང་བྱར་དོན་བསྡུ་བ་ནི། དག་པའི་རྒྱལ་སྲས་ལམ་གྱི་ཡོན་ཏན་དང་། །རྣལ་གྲོལ་རྒྱལ་བའི་འབྱོར་བ་ཕུན་ཚོགས་ཀུན། །ཚོགས་གཉིས་བསགས་པས་ཁམས་ལ་སྒྲིབ་གཉིས་བྲལ། །དགེ་ཚོགས་ལས་བྱུང་ཤེས་ནས་འབད་པར་མཛོད། །དགེ་བའི་འབྲས་བུ་ནི་མངོན་པར་མཐོ་བའི་བདེ་བ་ཐམས་ཅད་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སའི་ཡོན་ཏན་དང་། སྤྱན་དང་མངོན་པར་ཤེས་པ་རྒྱ་མཚོ་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་རྒྱུ་དགེ་བ་ལས་བྱུང་བའི་འབྲས་བུ་ཡིན་པས་ཚོགས་གཉིས་
བསགས་པ་ལ་འབད་པར་བྱའོ། །དེའང་སེམས་སྟོབས་ཆེན་པོས་ཡུན་རིང་དུ་སྲིད་པར་སེམས་ཅན་གྱི་དོན་དུ་ཚོགས་གཉིས་གསོག་དུས་བདེ་བ་དུ་མར་བརྒྱུད་པས་སྐྱོ་བར་བྱ་མི་དགོས་ཏེ། དགེ་བའི་གནས་སྐབས་ཀྱི་འབྲས་བུས་རང་ཉིད་བདེ་བའི་ཕྱིར་དང་། བྱང་ཆུབ་ཀྱི་སེམས་རྟ་བཟང་པོ་ཞོན་ནས་འགྲོ་བའི་ཕྱིར་རོ། །སྤྱོད་འཇུག་ལས། འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་པ་དང་། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅིས་ཏེ་སྐྱོ། །ཞེས་པ་དང་། བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་སོ། །འདིར་དམན་པ་བསོད་ནམས་ཆ་མཐུན་ཐར་པ་ཆ་མཐུན་དུ་བསྒྱུར་དགོས་པར་གདམས་པ་ནི། དགེ་བའང་བསོད་ནམས་ཆ་མཐུན་འཁོར་བའི་རྒྱུ། །དེ་ལས་ལོག་སྟེ་ཐར་པ་ཆ་མཐུན་སྒྲུབ། །འཁོར་བ་སྤང་ཕྱིར་དེ་ཡི་རྒྱུ་སྤང་འཚལ། །གང་ཞིག་འཁོར་བ་མི་འདོད་ན་དེའི་རྒྱུ་སྤང་དགོས་པས། སྲིད་པར་དབང་མེད་དུ་འཇུག་པས་ལས་མི་དགེ་བ་དང་། དགེ་བ་བསོད་ནམས་ཆ་མཐུན་གཉིས་སྤངས་ཏེ། ཐར་པ་ཆ་མཐུན་ཁོ་ན་ལ་འབད་དོ། །བསོད་ནམས་ཆ་མཐུན་ནི་སྲིད་པའི་རྒྱུ་བྱེད་པས། དོན་གྱི་མི་དགེ་བའི་ཕྱོགས་སུ་གཏོགས་པའི་ཕྱིར་རོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས། དགེ་བ་ལས་ནི་བདེ་འགྲོ་དང་། །མི་དགེ་བ་ལས་ངན་འགྲོ་སྟེ། །གཉིས་ལ་མི་རྟེན་ཐར་པ་ལགས། །ཞེས་གསུངས་པ་བཞིན་ནོ། །ད་ནི་ཐར་པ་ཆ་མཐུན་གྱི་དགེ་བ་སྤྱད་པར་གདམས་པས་མཇུག་བསྡུ་བ་ནི། ཕ་རོལ་ཕྱིན་ལྔ་སྣང་བཅས་བསོད་ནམས་དང་། །ཤེས་རབ་ཡེ་ཤེས་ཚོགས་གཉིས་བསྟེན་པར་མཛོད། །མྱུར་དུ་སངས་རྒྱས་འདོད་པས་དེའི་རྒྱུ་སྣང་བཅས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསོད་ནམས་ཀྱི་ཚོགས་སྦྱིན་པ་ལ་སོགས་པ་ལྔ་དང་། སྣང་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་ཀྱི་ཚོགས་ཆོས་ཉིད་སྟོང་པ་ཉིད་བསྒོམ་པར་བྱ་
སྟེ། རིན་ཆེན་ཕྲེང་བ་ལས། དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། །དེ་ལྟས་དེ་ནི་རྟག་བསྟེན་མཛོད། །ཅེས་པ་བཞིན་ནོ། །ཐབས་ཤེས་རབ་ཟུང་དུ་འཇུག་དགོས་ཏེ། སེམས་ཉིད་སྟོང་པ་འབའ་ཞིག་གིས་ཆོག་པར་འཛིན་པ་ལམ་བཟང་པོ་མ་ཡིན་པའི་ཕྱིར་རོ། །རྣམ་པར་འཐག་པ་ཐམས་ཅད་སྡུད་པའི་མདོ་ལས། བྱམས་པ་མི་བླུན་པོ་དག་ནི་ཤེས་རབ་ཁོ་ན་ལམ་དུ་སྨྲ་བ་དེ་ལྟར་ན་ངས་བསྐལ་པ་དུ་མར་ཕ་རོལ་ཏུ་ཕྱིན་པ་ལྔ་སྤྱད་པ་དོན་མེད་པར་འགྱུར་རོ་ཞེས་པ་དང་། མ་དྲོས་པས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའི་བདུད་ཀྱི་ལས་ནི་ཐབས་དང་བྲལ་བའི་ཤེས་རབ། ཤེས་རབ་དང་བྲལ་བའི་ཐབས་སོ་ཞེས་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྒྱུ་མ་མཆིས་པ་དང་། རྒྱུ་དང་བྲལ་བའི་མངོན་པར་འདུ་མི་བགྱི་བ་མ་མཆིས་པར་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔ་ལ་མི་བརྩོན་ན་ཤེས་རབ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་དྲུག་པའོ། །བདུད་ཀྱི་ལྕགས་ཀྱུ་དེ་དག་ལས་མ་འདས་ན་མངོན་པར་རྫོགས་པ་འཚང་རྒྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་གནས་མ་མཆིས་སོ་ཞེས་པ་དང་། དྲི་མ་མེད་པར་གྲགས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཤེས་རབ་ཙམ་བསྟེན་པ་ནི་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་ལྟུང་སྟེ། མི་གནས་པའི་མྱ་ངན་ལས་འདའ་བར་འགྲོ་བར་མི་འགྱུར་རོ། །དེ་བས་ན་ཐབས་དང་བྲལ་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བའོ། །ཞེས་པ་དང་། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་པ་དང་། ག་ཡ་གོ་རིའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་གོལ་སའོ། །ཤེས་རབ་དང་བྲལ་བའི་ཐབས་ནི་གོལ་སའོ་ཞེས་པ་དང་། རབ་རྩལ་གྱིས་རྣམ་པར་གནོན་པའི་ཞུས་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ཀྱིས། །མ་བྱུང་འབྱུང་བར་མི་འགྱུར་ཏེ། །ཤེས་རབ་བྲལ་བའི་ཐབས་ཀྱིས་ཀྱང་། །མཁས་པར་རབ་ཏུ་ཞི་མི་འགྱུར། །ཞེས་པ་དང་། དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་
ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་ཡིས། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་པ་ལ་སོགས་པ་མདོ་རྒྱུད་ཀྱི་ལུང་དཔག་ཏུ་མེད་པ་རྣམས་ལ་ཡིད་ཆེས་པར་བྱས་ཏེ་ཚོགས་གཉིས་དྲི་མ་མེད་པ་ངོམས་མི་ཤེས་པར་བསྐལ་པ་རྒྱ་མཚོ་ཀུན་ཏུ་བསགས་པར་སྤྲོ་བས་གོ་ཆ་ཆེན་པོ་བགོ་བར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལས་རྒྱུ་འབྲས་བསམ་པའི་ལེའུ་སྟེ་བཅུ་དྲུག་པའི་རྒྱ་ཆེར་འགྲེལ་པའོ།། །།
འཁོར་བ་སྡུག་བསྔལ་དུ་རྟོགས་ཤིང་མྱ་ངན་ལས་འདས་པ་བདེ་བར་བསམ་པའི་ལེའུ་སྟེ་བཅུ་བདུན་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དེས། འཁོར་བའི་རང་བཞིན་ལ་བསམས་པས་ཐར་པ་ལ་སྤྲོ་བར་གྱུར་པ་དེའི་ཕྱིར། ཇི་སྐད་བཤད་མ་ཐག་པའི་རྗེས་ཐོགས། དེ་ནས་འཁོར་བ་སྡུག་བསྔལ་བསམ་བྱ་སྟེ། །སྙིང་པོ་མེད་ཅིང་རྟག་མི་ཐུབ་དེའི་ཕྱིར། །ཁམས་གསུམ་རིགས་དྲུག་སྲིད་པའི་སྡུག་བསྔལ་ལས། །མྱུར་དུ་འདའ་བའི་ཐབས་ལ་འབད་པར་བྱ། །ལས་དང་ཉོན་མོངས་པའི་རང་བཞིན་གྱིས་རང་དབང་མེད་པར་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཁོར་བ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་ལ་བདེ་བ་མེད་ཅིང་སྡུག་བསྔལ་གྱི་ཆུ་བོར་བྱིང་བས་བློས་བཟོད་དཀའ་ཞིང་རྟག་མི་ཐུབ་པ་སྙིང་པོ་མེད་པའི་ཕྱིར། གནས་འདི་ལས་མྱུར་དུ་འདའ་བར་བྱ་དགོས་ཏེ། ཙནྡྲ་པས། མི་གཙང་བ་ལ་དྲི་ཞིམ་མེད་པ་ལྟར། །དེ་བཞིན་འགྲོ་ལྔ་དག་ནའང་བདེ་བ་མེད། །ཅེས་པ་བཞིན་ནོ། །འོ་ན་འཁོར་བར་མི་སྐྱོ་བས་ཡུན་རིང་དུ་གནས་པར་བྱ་བ་མ་ཡིན་ནམ་ཞེ་ན། ཐོག་མར་རང་གི་དྲོད་ཚད་མ་ཟིན་པར་ནི་གཞན་གྱི་དོན་བྱ་བའི་ནུས་པ་མེད་པས། མོས་སྤྱོད་ཀྱི་སར་འཁོར་བ་ལས་ངེས་པར་འབྱུང་དགོས་ཏེ། སྤྱོད་འཇུག་ལས། འགྲོ་བ་ཉོན་མོངས་ལས་སྒྲོལ་བར། །དམ་བཅས་གང་ཚེ་བདག་ཉིད་ཀྱང་། །ཉོན་མོངས་རྣམས་ལས་མ་གྲོལ་ན། །བདག་གིས་ཚོད་ཀྱང་མི་ཤེས་པར། །སྨྲ་བ་ཇི་ལྟར་སྨྱོན་པ་མིན། །ཞེས་པ་དང་། མདོ་
སྡེ་རྒྱན་ལས། སེམས་ཅན་ཁུར་ཆེན་མགོ་ལ་ཁྱེར་བ་ཡི། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། །བདག་གཞན་འཆིང་བ་སྣ་ཚོགས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་སོ། །ད་ནི་སྡུག་བསྔལ་གྱི་རྣམ་གྲངས་རྒྱས་པར་བཤད་པ་ལས། དང་པོ་དམྱལ་བའི་ནང་ནས་ཚ་བའི་དམྱལ་བའི་སྡུག་བསྔལ་ནི། དམྱལ་བའི་གནས་ནའང་སྡུག་བསྔལ་དཔག་ཏུ་མེད། །ཡང་སོས་ཕན་ཚུན་མཚོན་གྱིས་འདེབས་པ་ལས། །ཡང་ཡང་སྐྱེ་ཤིའི་སྡུག་བསྔལ་བཟོད་གླགས་མེད། །ཚ་བའི་གནས་བརྒྱད་ཀྱི་དང་པོ་ཡང་སོས་ན་གནས་པ་དེ་དག་ཕན་ཚུན་དགྲ་མཐོང་བ་ལྟར་ཞེ་སྡང་སྐྱེས་པའི་ཚེ་ལག་ཏུ་མཚོན་ཆ་སྣ་ཚོགས་པ་རང་བྱུང་བ་བསྣུན་རེས་བྱས་ཏེ་ཤི་བ་ལས། ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་མ་ཐག་སྔར་བཞིན་སོས་མ་ཐག་ཡང་མཚོན་གྱིས་སྐྱེ་ཤི་འབའ་ཞིག་བྱེད་དེ། བཤེས་སྤྲིང་ལས། འདི་ན་ཉིན་ཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེ་ཡིས་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡི། །འོལ་ཡང་མི་བཟོད་ཆར་ཡང་མི་ཕོད་དོ། །ཞེས་སོ། །དེ་ལས་བདུན་འགྱུར་གྱིས་སྡུག་བསྔལ་བའི་དམྱལ་བ། ཐིག་ནག་ལྕགས་ཀྱི་སོག་ལེས་གཤོག་པ་སྟེ། །བསྡུས་འཇོམས་རི་དང་གཏུན་དང་ལྗོངས་སུ་འཐག །ངུ་འབོད་ལྕགས་ཁྱིམ་འབར་བར་སྲེག་བྱེད་ཅིང་། །ངུ་འབོད་ཆེན་པོ་ལྕགས་ཁྱིམ་ཉིས་རིམ་བསྲེག །ལྕགས་ཀྱི་སོག་ལེ་མེ་འབར་བས་ལུས་ལ་ཐིག་ནག་པོ་བཏབ་པའི་རྗེས་སུ་གཤོག་ཅིང་འབྱར་བ་ལ་ཡང་གཤོག་པ་ནི་དམྱལ་བ་ཐིག་ནག་གོ །རིའི་བར་དང་གཏུན་དང་། ལྗོངས་སུ། ནམ་མཁའ་ནས་ལྕགས་ཀྱི་ཐོ་བ་མེ་འབར་བས་རྩི་བཞིན་འཐག་པ་ནི་བསྡུས་འཇོམས་ཏེ་སླར་ཡང་སོས་སོ། །ལྕགས་ཀྱི་ཁང་པ་སྒོ་མེད་ལ་མེ་འབར་བར་བསྲེག་པ་ནི་ངུ་འབོད་དོ། །ལྕགས་ཁྱིམ་ཉིས་རིམ་པར་བསྲེག་པ་ནི་ངུ་འབོད་ཆེན་པོའོ། །དེ་དག་ལས་ཀྱང་བདུན་འགྱུར་གྱིས་སྡུག་བསྔལ་ཆེ་བ་ནི། ཚ་བ་མདག་མེ་འབར་བའི་ས་གཞི་
ལ། །པགས་པ་བཤུས་ཏེ་ཕུར་བུས་རྒྱོང་བ་དང་། །རབ་ཏུ་ཚ་བ་ཕྱི་ནང་མེས་གདུང་ཞིང་། །ཟངས་ཞུན་བསྐོལ་མས་ལུས་ཀུན་རྡུལ་དུ་བསྲེག །ཚ་བ་ནི་ལྕགས་ཀྱིི་ས་བཞི་མེ་འབར་བར་ལུས་ཀྱི་པགས་པ་བཤུས་ཏེ་ཕུར་བུས་བརྒྱངས་པའི་སྟེང་དུ་ཐོ་བས་བརྡུངས་ལ། རབ་ཏུ་ཚ་བ་ཕྱི་ནས་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ཀྱི་མེ་དང་ནང་ནས་གློ་སྙིང་ལ་མེ་འབར་བས་ན་མེའི་ཕུང་པོ་བཅུ་གཅིག་གིས་བསྲེག་གོ །གཞན་ཡང་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་དང་། ཟངས་ཞུན་བསྐོལ་མ་ཁར་དབང་མེད་དུ་ལྡུགས་པས་ལུས་རྡུལ་དུ་བུན་གྱིས་ཚིག་པའོ། །དེ་ཐམས་ཅད་ལས་སྡུག་བསྔལ་བདུན་འགྱུར་གྱིས་ཆེ་བ་ནི་གནས་ཐ་མ། མནར་མེད་ལྕགས་ཁང་འབར་བར་བཟོད་གླགས་མེད། །བརྡུངས་དང་འཚོག་དང་གཤོག་དང་ཕྱེ་མར་འཐག །འཚེད་དང་འབིགས་དང་ལྕགས་ལེབ་འབར་བས་དཀྲི། །སྡུག་བསྔལ་དེ་ལས་ཆེར་མེད་ཅིང་མནར་དུ་བྱར་མེད་པས་མནར་མེད་དོ། །ལྕགས་ཁང་མེ་འབར་བའི་ནང་དུ་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་ཐོ་བས་བརྡུང་བ་དང་། དགྲ་སྟས་འཚོག་པ་དང་སོག་ལེས་གཤོག་པ་དང་། གཏུན་དུ་འཐག་པ་དང་། ཟངས་ཆེན་ཁོལ་མར་འཚོད་པ་དང་། མདུང་དང་རྩེ་གསུམ་ལ་སོགས་པའི་མཚོན་གྱིས་འབིགས་པ་དང་། ལྕགས་ལྗང་མེ་འབར་བས་ལུས་མགོ་མཇུག་ཐག་པས་འཆིང་བ་ལྟར་དཀྲི་བ་ལ་སོགས་སྡུག་བསྔལ་དཔག་ཏུ་མེད་དོ། །གནས་དེའི། ཕྱི་རོལ་ཕྱོགས་བཞིར་ཉེ་འཁོར་བཅུ་དྲུག་ནི། །རོ་མྱགས་འདམ་དང་ཆུ་བོ་རབ་མེད་དང་། །སྤུ་གྲིའི་ཐང་དང་རལ་གྲི་ལོ་མའི་ཚལ། །ཤལ་མའི་སྡོང་པོས་ཀུན་ནས་འཁོར་བ་ལ། །དམྱལ་བ་པ་རྣམས་སྣ་ཚོགས་སྡུག་བསྔལ་སྤྱོད། །མནར་མེད་ཀྱི་ཕྱོགས་འཁོར་བར་རོ་མྱགས་ཀྱི་འདམ་རོ་རུལ་བ་ཅན་དུ་སྔར་གྱི་དམྱལ་བ་པ་དག་སྒོ་དབྱེ་བ་ཕྱིར་ཐོན་ནས་ཞུགས་པ་ལས། སྲིན་བུ་ལྕགས་དང་ཟངས་ཀྱི་མཆུ་ཅན་མང་པོས་འབིགས་ཤིང་ཤ་རུས་ཟའོ། །དེ་ལས་བརྒྱ་ལམ་ཐར་པ་སྙམ་བྱེད་པས་ཕྱིར་སོང་བ་ལས། ཐལ་ཚན་གྱི་ཆུ་བོ་རབ་མེད་ཚ་བ་དེར་ཤ་རུས་ཚིག་སྟེ། སྤྱོད་འཇུག་ལས། ཆུ་བོ་རབ་མེད་མེ་དོང་འདྲ་ནང་བྱིང་བ་དག །ཤ་ཀུན་
ཞིག་གྱུར་རུས་གོང་མེ་ཏོག་ཀུནྡའི་མདོག །ཅེས་སོ། །འགྲམ་གཉིས་གཤིན་རྗེའི་སྐྱེས་བུས་བསྲུང་བར་སྣང་བས་མི་ཐར་རོ། །རྒྱ་ལམ་ཐར་པའི་མཐར། སྤུ་གྲིའི་ཐང་ལ་རྐང་པ་བཞག་དུས་གཤོག་ཅིང་། བཏེགས་ན་སླར་འཚོ་བ་ལ་འགྲོའོ། །རལ་གྲིའི་ཚལ་ཤིང་སྡོང་གི་ཡལ་ག་ལོ་མ་ཐམས་ཅད་རལ་གྲིར་གྱུར་བས་ལུས་གཅོད་པ་དང་། ཤལ་མ་རི་ལྕགས་ཀྱི་ཐུར་མ་གྱེན་ཐུར་ལ་བསྟན་པར་འཛེག་ཅིང་འབབ་པ་དེར་ཁྱི་དང་བྱ་ལ་སོགས་པས་ཟའོ། །དེ་དག་ཕྱོགས་བཞི་ན་བཞི་བཞི་འཁོར་བར་གནས་པས་འཁོར་ལྷག་མ་བཅུ་དྲུག་ཅེས་བྱའོ། །བར་བསྐལ་ཕྱེད་དུ་སྡུག་བསྔལ་བར་དྲན་པ་ཉེ་བར་གཞག་པ་ལས་གསུངས་སོ། །ཉི་ཚེ་བའི་གནས་དང་གཟུགས་ལ་ངེས་པ་མེད་དེ། རྒྱ་མཚོ་དང་རི་དང་ཤིང་དང་བར་སྣང་དང་། ཁང་པ་དང་། བྲག་རི་ལ་སོགས་པ་ན། སྲོག་ཆགས་ཀྱི་གཟུགས་དང་། རྡོ་དང་ཤིང་དང་། ཕྱགས་མ་དང་། སྣོད་སྤྱད་དང་། སེག་དང་། རེ་ལྡེ་ལ་སོགས་པ་བཀོལ་སྤྱད་བྱེད་པའི་སྡུག་བསྔལ་མྱོང་བའོ། །རྩ་མི་གཅོད་པ་ཡང་འདི་ལ་དགོངས་པའོ། །དམྱལ་བ་དེ་དག་གི་ཚེ་ཚད་ནི། ཚེ་ཚད་ཡང་སོས་ལ་སོགས་དྲུག་པོ་ན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ་པ་ཡིས། །རང་ལོ་དེ་སྙེད་བར་དུ་ཐུབ་པ་སྟེ། །རབ་ཏུ་ཚ་བས་བར་བསྐལ་ཕྱེད་ཐུབ་ཅིང་། །མནར་མེད་བར་བསྐལ་གཅིག་ཏུ་གནས་པར་གསུངས། །སྔར་སྨོས་པའི་རིམ་པས་འདོད་ལྷ་དྲུག་པོའི་ཚེ་རིལ་གྱི་ལོ་དེ་དག་གཅིག་ཏུ་བསྡོམས་པ་དྲུག་པོ་ཡང་སོས་ལ་སོགས་པ་དྲུག་གི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་དེ་སྙེད་རེ་རེ་ཐུབ་སྟེ། དཔེར་ན་རྒྱལ་ཆེན་བཞིའི་རང་ལོ་ལྔ་བརྒྱ་ཡང་སོས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་བོ། །སུམ་ཅུ་རྩ་གསུམ་པའི་ལོ་སྟོང་དང་། མཚེ་མའི་ཉིས་སྟོང་དང་། དགའ་ལྡན་པའི་བཞི་སྟོང་དང་། འཕྲུལ་དགའི་བརྒྱད་སྟོང་དང་། གཞན་འཕྲུལ་དབང་བྱེད་པས་ཁྲི་དྲུག་སྟོང་རྣམས་ཉིན་ཞག་རེ་རེ་བྱས་པའི་ཐིག་ནག་གིས་རང་ལོ་སྟོང་དང་། བསྡུས་འཇོམས་ཀྱིས་ཉིས་སྟོང་དང་། ངུ་འབོད་ཀྱིས་བཞི་སྟོང་དང་། ངུ་འབོད་
ཆེན་པོས་བརྒྱད་སྟོང་དང་། ཚ་བས་རང་ལོ་ཁྲི་དྲུག་སྟོང་ཐུབ་ཅིང་། རབ་ཏུ་ཚ་བས་བར་བསྐལ་ཕྱེད། མནར་མེད་ཀྱིས་བར་བསྐལ་གཅིག་ཐུབ་སྟེ། མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་པ་ལ་སོགས་པ་བཞིན་ནོ། །གྲང་བའི་དམྱལ་བ་ནི་དེ་དང་འདབ་འབྱོར་དུ་གནས་པར་གསུངས་ཏེ། གངས་དང་ཁ་བའི་བུ་ཡུག་ལངས་པ་ཡིས། །རབ་ཏུ་སྦྲེབས་པའི་ལུས་ཅན་རྣམ་བརྒྱད་ནི། །ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཅན། །ཨ་ཆུ་ཟེར་དང་ཀྱི་ཧུད་སོ་འཐམས་དང་། །པདྨ་ལྟར་གས་ཨུཏྤལ་པདྨ་ཆེ། །གྲང་བས་ཉམ་ཐག་སྡུག་བསྔལ་ཕ་མཐའ་ཡས། །གངས་དང་ཁ་བའི་བུ་ཡུག་གིས་སྦྲེབས་ཤིང་གངས་བར་ཤིན་ཏུ་གྲང་བ་ན་གནས་པའི་དམྱལ་བ་བརྒྱད་ལས། གྲང་བས་ཆུ་བུར་མཐེབ་རྡོག་ཙམ་ཡོད་པ་ནི་ཆུ་བུར་ཅན་ནོ། །དེ་དག་རྡོལ་ནས་རྨར་སོང་བ་ནི་ཆུ་བུར་རྡོལ་བ་ཅན་ནོ། །ཨ་ཆུ་ཆུ་ཟེར་བས་ཨ་ཆུ་ཟེར་བའོ། །ཀྱི་ཧུད་ཀྱི་སྒྲ་ཙམ་ལས་མི་ཐོན་པས་ཀྱི་ཧུད་ཟེར་བའོ། །སྐད་མི་ཐོན་པས་རེངས་ཤིང་སོ་འཐམས་པས་སོ་ཐམ་ཐམ་པའོ། །ལུས་ཚལ་པ་བཞིར་གས་པས་པདྨ་ལྟར་གས་པའོ། །རྨ་དེ་དག་ཕྱི་ནང་ལོག་ནས་ཆུ་རྒྱུས་ཀྱི་གཟུགས་ཕྲ་མོས་སྦྲེལ་བས་ཨུཏྤལ་ལྟར་གས་པའོ། །ཚལ་པ་བཅུ་དྲུག་གམ་སུམ་ཅུ་རྩ་གཉིས་སམ་བརྒྱ་སྟོང་དུ་གས་པས་པདྨ་ཆེན་པོ་ལྟར་གས་པའོ། །དེ་དག་གི་ཚེ་ཚད་ཁལ་བརྒྱ་ཤོང་བའི་ཏིལ་སྦྱང་ནས། །ལོ་བརྒྱ་ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་ཚེ་ལྷག་མ་ཉི་ཤུ་འགྱུར། །ཀོ་ས་ལའི་ཏིལ་ཁལ་བརྒྱ་ཤོང་བའི་ཏིལ་སྦྱང་ནས་ཏིལ་ཉག་མ་རེ་ལོ་བརྒྱ་བརྒྱ་སོང་དུས་ཕྱིར་བོར་བས་ཏིལ་སྦྱང་ཟད་པ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། ལྷག་མ་རྣམས་ཉི་ཤུ་འགྱུར་གྱིས་རིང་བར་འདོད་དེ། མཛོད་ལས། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་དོ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །ཞེས་སོ། །དེ་ནས་ངན་སོང་གི་གནས་གཉིས་པ། ཡི་དྭགས་བཀྲེས་སྐོམ་འཚེ་བས་སྡུག་བསྔལ་བ། །ཕྱི་ཡི་སྒྲིབ་ཅན་བཟང་དགུ་མཐོང་ནའང་སྐམ། །ནང་
གི་སྒྲིབ་ཅན་གློ་སྙིང་མེ་འབར་ཞིང་། །སྤྱི་མཐུན་སྒྲིབ་པ་ཟས་སྐོམ་ཡིད་ལ་བཏགས། །བཅུ་གཉིས་ལོར་ཡང་ཆུ་ཡི་སྒྲ་མི་ཐོས། །གཞན་གྱིས་འཚེ་དང་བསྲུང་བར་སྣང་བའོ། །རྟག་ཏུ་བཀྲེས་པས་ཟས་སྐོམ་འབའ་ཞིག་ཡིད་ལ་འདོད་པས་ན་ཡི་དྭགས་ཏེ། དབྱེ་ན་གསུམ་ལས། ཕྱིའི་སྒྲིབ་པ་ཅན་ཡུལ་ཡིད་དུ་འོང་བ་ཡང་མི་འོང་བ་ཉིད་དུ་འགྱུར་བར་སྣང་སྟེ། སྨན་ཤིང་ནགས་འདབ་ཆུ་ཀླུང་ཆེན་པོའང་མཐོང་བ་ཙམ་གྱིས་སྐམ་ཞིང་མགལ་དུམ་ལ་སོགས་པ་རད་རོད་དུ་སྣང་བ་དང་། དུས་ཚིགས་ཀྱང་ཕྱིན་ཅི་ལོག་པ་ཉིད་དུ། བཤེས་སྤྲིང་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ཞིང་དགུན་ནི་ཉི་མའང་བསིལ། །ཞེས་སོ། །ནང་གི་སྒྲིབ་པ་ཅན་ལ་ཁོང་པ་ནས་མེ་འབར་བས་ནང་ཁྲོལ་ཀུན་བསྲེག་ཅིང་ཁ་ནས་དུད་པ་མེ་ལྕེར་བཅས་པ་འཐུལ་ལ། སྤྱི་མཐུན་པར་ཐུན་མོང་དུ་ཡོད་པའི་སྒྲིབ་པ་ནི་ཟས་སྐོམ་འདོད་པས་ལྟོག་པ་ལ་བཟོད་གླགས་མེད་ཀྱང་ལོ་བཅུ་གཉིས་སུ་ཆུའི་སྒྲ་མི་ཐོས་པ་དང་། ཆུ་མཐོང་ཡང་སྐམ་པའམ། བསྲུང་བར་སྣང་བས་སྤྱད་དབང་མེད་དོ། །ལུས་རི་རབ་ཙམ་ལ་ཁ་ཁབ་མིག་ཙམ་ཡོད་པ། དགེ་སྦྱོང་དང་བྲམ་ཟེས་སྣབས་ལུད་དང་མི་གཙང་བ་དོར་བ་སྔགས་ཀྱིས་བྱིན་པ་ཅུང་ཟད་ཁར་སོང་ན་དང་པོར་མི་ཚུད། སོང་ནས་མེ་འབར་བ་ལ་སོགས་པས་སྡུག་བསྔལ་དུ་འགྱུར་ཞིང་། རྒྱ་མཚོ་འཐུངས་ཀྱང་མགུལ་པར་མ་སླེབས་པ་ནས་ཁའི་དུག་གིས་སྐམ་པ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པའི་སྟེང་དུ་གཞན་གྱིས་འཚེ་ཞིང་ལུས་སེམས་ལ་གནོད་པ་མང་སྟེ། སློབ་སྤྲིང་ལས། ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཛེག་པའི། །ལྟོ་ཆེན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་། །མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་པར། །ཁ་ཡི་དུག་གིས་ཆུ་ཡི་རླན་ཡང་སྐམ་པར་འགྱུར། །ཞེས་སོ། །དེ་དག་གི་ཚེ་ཚད་མི་ཡི་ལོ་བརྒྱ་ཡི་དྭགས་ཞག །རང་ལོ་ལྔ་བརྒྱར་སྡུག་བསྔལ་མྱོང་བ་ཡིན། །མི་རྣམས་ཀྱི་ལོ་བརྒྱ་ལ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བརྩིས་
པའི་རང་ལོ་ལྔ་བརྒྱ་ཐུབ་སྟེ། བཤེས་སྤྲིང་ལས། ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་བཏུབ། །ཅེས་སོ། །དེ་ཡང་མི་ལོ་བརྩིས་པའོ། །ངན་སོང་གི་གནས་གསུམ་པ། དུད་འགྲོ་རྣམས་ལའང་གཅིག་གིས་གཅིག་ཟ་ཞིང་། འཚེ་དང་བཀོལ་སྤྱད་གསོད་གཅོད་སྡུག་བསྔལ་མང་། །ཚེ་ལོ་མ་ངེས་བསྐལ་པ་ལ་སོགས་སོ། །དུད་འགྲོ་བྱིངས་ན་གནས་པ་རྒྱ་མཚོ་ན་གཟུགས་དང་རྣམ་པ་མི་འདྲ་བ་ཆང་དར་མའི་སྦང་མ་ཙམ་དང་། ཁ་འཐོར་བ་ལྷ་མིའི་གནས་ན་བྱ་དང་རི་དྭགས་རྟ་གླང་ཕྱུགས་ལུག་ལ་སོགས་པ་འདི་དག་གཅིག་གིས་གཅིག་ཟ་བ་དང་། འཚེ་བ་དང་། པགས་པ་དང་རུས་པ་དང་ཤའི་ཕྱིར་གསོད་པ་དང་། རྨོ་དང་ཞོ་དང་བལ་ལ་སོགས་པ་སྤྱོད་ཅིང་ཁལ་མི་ཐེགས་བཞིན་དུ་འགེལ་བ་ལ་སོགས་པ་སྡུག་བསྔལ་མཐའ་མེད་དོ། །ཚེ་ཡང་ཀླུ་ཁ་ཅིག་ལ་བསྐལ་པ་རེ་ཙམ་དང་། གཞན་རྣམས་སྐད་ཅིག་ཙམ་གྱིས་མ་ངེས་པ་ཡིན་ནོ། །མཐོ་རིས་ནའང་བདེ་བ་མེད་དེ་རེ་ཞིག་གླིང་བཞི་སོ་སོའི། མི་རྣམས་ལ་ཡང་བདེ་བའི་སྐབས་མེད་དེ། །སྐྱེ་རྒ་ན་འཆི་དགྲ་དང་འཚེ་བ་མང་། །བཤེས་བྲལ་འདོད་པས་ཕོངས་དང་མི་འདོད་མྱོང་། །འདོད་པ་མ་གྲུབ་ཚ་གྲང་ངལ་དུབ་དང་། །ཕན་པའི་ལན་དུ་གནོད་དང་དྲིན་མི་གཟོ། །འཁོར་གྱིས་ལོག་སྒྲུབ་དོན་མེད་ཕྲག་དོག་དང་། །མི་བསྔགས་དོན་མེད་སྒྲོ་སྐུར་དཔག་ཏུ་མེད། །མིའི་གནས་ནའང་ཆེ་ཆུང་ཐམས་ཅད་ལ་རང་རང་གི་བོངས་དང་སྦྱར་བའི་འཚེ་བ་ཐུག་པ་མེད་ཅིང་། ཁྱད་པར་དུ་སྤྱི་མཐུན་ལ་སྐྱེ་བ་དང་། རྒས་པ་དང་། ནད་དྲག་པོས་བཏབ་པ་དང་། འཆི་བ་དང་། དགྲ་སྡང་བ་དང་ཕྲད་ནས་བཅོམ་ཕྲོག་དང་སྲོག་ལ་རྒོལ་བ་དང་། འཚེ་བ་དང་། གཉེན་བྱམས་པ་དང་བྲལ་བ་དང་། ཡོ་བྱད་དང་བུ་ལ་སོགས་པ་འདོད་པས་མི་འབྱོར་ཞིང་ཕོངས་པ་དང་། ནད་དང་གདོན་ལ་སོགས་པ་མི་འདོད་པ་ཐོག་ཏུ་བབ་པ་དང་། ཡོ་བྱད་དང་གནས་དང་རྙེད་གྲགས་ལ་སོགས་འདོད་པ་མ་གྲུབ་པ་དང་། ལས་དང་ལམ་ལ་སོགས་པར་ཚ་གྲང་དང་ཁུར་དང་བྱ་བས་ངལ་ཞིང་དུབ་པ་དང་། རང་གི་ཕན་བཏགས་པ་དེས་གནོད་
པ་བྱེད་ཅིང་བྱས་པ་དྲིན་དུ་མི་གཟོ་བ་དང་། མི་ཆེ་བ་དང་དགེ་བའི་བཤེས་གཉེན་རྣམས་ལ་འཁོར་སློབ་ཀྱིས་ཀྱང་མི་མཐུན་པ་སྣ་ཚོགས་བྱེད་པས་ཐུགས་དཀྲུགས་པ་དང་། དོན་མེད་པར་གཞན་ཕྲག་དོག་ཅན་གྱིས་ངན་དུ་སྒྲོགས་པས་སྐུར་པ་གྲགས་པའི་སེམས་ཁྲལ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ། །ཚེ་མ་ངེས་ཏེ། སྒྲ་མི་སྙན་ན་ལོ་སྟོང་། གླིང་གཞན་གསུམ་ན་ཕལ་ཆེར་དུས་མ་ཡིན་པར་འཆི་བ་དང་། ཁྱད་པར་དུ་འཛམ་བུ་གླིང་པ་ལ་གློ་བུར་དུ་འཆི་བ་གྲངས་མང་བས་ནམ་འཆི་ཆ་མེད་པ་ཡིན་ནོ། །རི་རབ་ཀྱི་ཁོང་གསེང་ན་གནས་པའི། ལྷ་མིན་རྣམས་ལའང་ཁྲོ་དང་འཁྲུགས་པ་དང་། །མི་འདོད་ཐོག་ཏུ་བབ་དང་འཆི་ལ་སོགས། །སྣ་ཚོགས་སྡུག་བསྔལ་མང་ལྡན་བདེ་བ་མེད། །ལྷ་མ་ཡིན་རྩོད་པ་དང་ཕན་ཚུན་འཁྲུག་པ་དང་། ཕྲག་དོག་གི་རླུང་འཚུབ་ཅིང་ཞེ་སྡང་གི་མེ་འབར་བས་ཟུག་རྔུ་སྣ་ཚོགས་པ་དང་། འཆི་བ་དང་། འདོད་པ་མ་གྲུབ་ལ་མི་འདོད་པ་ཐོག་ཏུ་བྱུང་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་དོ། །ཚེ་ལ་མ་ངེས་ཏེ་འདོད་པའི་ཁམས་ཡིན་པའི་ཕྱིར་དང་། སྟོབས་ཆེན་གནོད་སྦྱིན་གྱི་རིགས་ལ་སོགས་པ་ཁ་ཅིག་རྒྱལ་ཆེན་བཞི་དང་མཉམ་ལ། མཐུ་དཔལ་ལྷའི་རིགས་ལ་སོགས་པ་ཁ་ཅིག་སུམ་ཅུ་རྩ་གསུམ་དང་མཉམ་ལ། གསོད་བྱེད་སྲིན་པོའི་རིགས་ལ་སོགས་པ་ཁ་ཅིག་ཡི་དྭགས་དང་མཉམ་ལ། རྨོངས་བྱེད་དུད་འགྲོའི་རིགས་ལ་སོགས་པ་ཁ་ཅིག་དུད་འགྲོ་དང་མཉམ་པའི་ཕྱིར་རོ། །མཐོ་རིས་ཀྱི། ལྷ་རྣམས་ལ་ཡང་འཆི་འཕོ་ལྟུང་ལ་སོགས། །སྡུག་བསྔལ་ཆུ་མཚོ་མཐའ་ཡས་དཔག་ཏུ་མེད། །སུམ་ཅུ་རྩ་གསུམ་ལ་སོགས་པ་འདོད་ལྷ་དྲུག་ན་འདོད་པས་མྱོས་ཤིང་བག་མེད་པས་འཆི་བའི་ཚེ་གང་དུ་སྐྱེ་བའི་ས་ལ་འཇིགས་པའི་སྡུག་བསྔལ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུའི་ལྷའི་ཞག་བདུན་མྱོང་ནས་འཕོ་བ་དང་། འཐབ་རྩོད་དང་། མྱ་ངན་ལ་སོགས་པ་མང་ཞིང་། གོང་མ་གཉིས་ནའང་སྲིད་པ་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་དཔག་ཏུ་མེད་དོ། །ཚེ་ཚད་ནི་སྔར་བཤད་ཟིན་ཏོ། །ད་ནི་མཇུག་བསྡུ་
བས་སྤང་བྱ་འཁོར་བའི་རང་བཞིན་ལ་སྐྱོ་བར་གདམས་པ་ནི། དེ་ལྟར་འཁོར་བ་མེ་ཡི་འོབས་འདྲ་སྟེ། །བདེ་བའི་སྐབས་མེད་ཟོ་ཆུའི་འཁྱུད་མོ་བཞིན། །གཅིག་ནས་གཅིག་བརྒྱུད་ཐོག་མཐའ་མེད་པ་ལས། །བློ་བཟང་རྣམས་ཀྱིས་ཐར་ཕྱིར་སྤྲོ་བ་བསྐྱེད། །ཁམས་གསུམ་རིགས་དྲུག་གང་ནའང་བདེ་བ་མེད་དེ་མེའི་འོབས་ན་བསིལ་བ་མེད་པ་བཞིན་ནོ། །དེ་ཡང་ལྷའི་དགའ་བ་སྤྱད་ནས་དམྱལ་བར་ཁྲོ་ཆུ་ལ་སོགས་པར་སྤྱོད་ཅིང་། གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚེ་རབས་སུ་བདེ་སྡུག་འདི་ལ་བདག་གིས་མ་སྤྱད་པ་དང་། གནས་འདིར་མ་བསྡད་པ་དང་། འདིའི་མངལ་དུ་མ་བསྡད་པ་དང་། ནུ་ཞོ་རྒྱ་མཚོ་བས་ལྷག་པ་མ་འཐུངས་ཞེས་བསམ་དུ་མི་རུང་བ་སྙེད་དུ་འཁོར་ཡང་ད་དུང་འདི་ཙམ་ན་ཐར་མེད་པས་སྔ་མ་བཞིན་འཁོར་བའི་ཕྱིར་སྐྱོ་བ་བསྐྱེད་དགོས་ཏེ། སློབ་སྤྲིང་ལས། ཡུལ་ཕྱོགས་གང་དུ་གནས་མ་བཅས་པའི་གནས་དེ་མེད། །གང་དུ་མ་སོང་ནམ་མཁའི་ཕྱོགས་དེའང་ཡོད་མ་ཡིན། །འོན་ཀྱང་འདོད་ཆགས་སྲེད་པ་འཕེལ་བར་འགྱུར་བ་ཉིད། །སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །འགྲོ་བ་གང་གིས་ཚིམ་གྱུར་འདོད་པ་དེ་དག་མེད། །གང་གི་ལྟོ་བར་མ་ཉལ་སེམས་ཅན་དེ་མེད་ན། །འོན་ཀྱང་ཇི་ལྟར་འཁོར་བ་ཅན་ལ་ཆགས་བྲལ་མེད། །འགྲོ་བར་ལན་བརྒྱར་མ་སོང་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་མང་མ་མྱོང་བདེ་བ་དེ་གང་ཞིག །ཅེས་པ་དང་། བཤེས་སྤྲིང་ལས། རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །འོ་མ་འཐུང་སྟེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲངས་པའི་འཁོར་བ་བས། །དེ་བས་ཆེས་མང་སྙེད་ཅིག་བཏུང་འཚལ་ལོ། །ཞེས་སོ། །ཐར་པའི་ཕན་ཡོན་ལ་བསམས་ཏེ་འཁོར་བ་ལས་ངེས་པར་འབྱུང་དགོས་པར་གདམས་པ་ནི། སྙིང་པོ་མེད་པ་དེ་འདྲའི་འཁོར་བ་ལས། །ཐར་པའི་ཕྱོགས་ནི་མྱ་ངན་འདས་པ་སྟེ། །ཞི་བདེ་བསིལ་བའི་བདུད་རྩི་བླ་ན་མེད། །རྟག་བརྟན་འཕོ་འགྱུར་མེད་ཅིང་སྤྲོས་དང་བྲལ། །ཡོན་ཏན་རང་བཞིན་ལུས་རྫོགས་རྒ་ཤི་མེད། །སྒྲིབ་བྲལ་རྙོག་པ་མེད་ཅིང་ཕན་བདེའི་གནས། །
འགྲོ་བའི་སྐྱབས་དང་དཔུང་གཉེན་གྱུར་པ་དེར། །བློ་བཟང་རྣམས་ཀྱིས་བགྲོད་ཕྱིར་བརྩོན་པར་བྱ། །འཁོར་བ་མངོན་པར་སྐྱོ་ཞིང་སྐྱོན་དང་བཅས་པའི་མེ་འོབས་བརྒལ་དཀའ་བ་ལས། མྱ་ངན་ལས་འདས་པ་ཞི་བདེ་བསིལ་བའི་ནགས་ཚལ་ཡིད་དུ་འོང་བ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱིས་འབྱོར་ཞིང་། རྒ་ཤི་མེད་པས་རྟག་པ་བརྟན་པ་སྒྲིབ་པ་མེད་པའི་གནས་བཟང་དམ་པ་དེར་རང་ཉིད་བགྲོད་ནས། གཞན་ཡང་དྲང་བའི་ཐབས་ལ་བརྩོན་པས་སྤྲོ་བར་གདམས་པའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཁོར་བ་སྡུག་བསྔལ་དུ་རྟོགས་ཤིང་མྱ་ངན་ལས་འདས་པ་བདེ་བར་བསམ་པའི་ལེའུ་སྟེ་བཅུ་བདུན་པའི་རྒྱ་ཆེར་འགྲེལ་པའོ།། །།
གནས་ལུགས་གཏན་ལ་དབབ་པའི་ལེའུ་སྟེ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་བསམ་པ་དག་པའི་དོན་ལ་དཔྱོད་པ་རྫོགས་ནས། དེ་ཉིད་ཀྱི་དོན་མངོན་དུ་བྱ་བའི་ཕྱིར་གནས་གསུམ་པ་སྒོམ་པ་ལས་བྱུང་བའི་ཤེས་རབ་རྒྱུད་ལ་བསྐྱེད་པ་ལ་གཏན་ལ་དབབ་བྱ་དོན་གྱི་གཞི་རྟོགས་པར་བྱ་བ། དོན་བསྒོམ་པའི་སྔོན་དུ་འགྲོ་བ། དངོས་གཞི་འོད་གསལ་གྱི་ངང་ལ་བཞག་པ། རྗེས་ལ་ལམ་དང་དྲོད་ཚད་གཟུང་བ། མཐར་ཐུག་གྲུབ་པའི་འབྲས་བུ་དང་ལྔ་ལས། དང་པོ་གཏན་ལ་དབབ་བྱ་དོན་གྱི་གཞིའང་ཐུན་མོང་བ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྐབས་སུ་གྲུབ་པའི་མཐའ་ཤེས་པར་བྱ་བའི་ཚུལ་གྱིས་གཏན་ལ་ཕབ་ཟིན་ལ། ད་ནི་ཐུན་མོང་མ་ཡིན་པ་འོད་གསལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བདེ་བར་གཤེགས་པའི་སྙིང་པོ་བསྟན་པ་ནི། དེ་ལྟར་བསམ་བྱ་ཡོངས་སུ་རྫོགས་པ་ན། །སྒོམ་བྱུང་ཤེས་རབ་རྒྱུད་ལ་བསྐྱེད་པར་བྱ། །ཐེག་གསུམ་ངེས་པར་འབྱུང་བའི་ལམ་གསུམ་ལས། །འདིར་ནི་བླ་མེད་སྙིང་པོའི་དོན་ལ་འཇུག །བསམ་པའི་ཤེས་རབ་རྫོགས་པའི་གང་ཟག་དེ་ལ། ཐེག་པ་གསུམ་གྱི་དབྱེ་བས། ཉན་ཐོས་གྱི་ལམ་
དང་། རང་སངས་རྒྱས་ཀྱི་ལམ་དང་། བླ་ན་མེད་པ་སངས་རྒྱས་ཀྱི་ལམ་གསུམ་ཡོད་ཀྱང་། སྐབས་འདིར་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་དུ་འཇུག་གོ །དེ་ལའང་རྒྱུ་འབྲས་ཀྱི་དབྱེ་བས་གཉིས་སུ་བཤད་ཀྱང་། འབྲས་བུ་རྡོ་རྗེ་ཐེག་པར་འཇུག་གོ །ཐེག་པ། དེ་ལ་དང་པོ་གནས་ལུགས་ཤེས་པ་གཅེས། །ཐེག་པའི་དབང་གིས་རྣམ་པ་མང་ན་ཡང་། །ངེས་པའི་སྙིང་པོ་བདེན་པ་དབྱེར་མེད་དེ། །སངས་རྒྱས་རྣམས་ཀྱི་གསང་བའི་མཛོད་ཁང་ཡིན། །རྡོ་རྗེ་ཐེག་པ་ལའང་། ཕྱིའི་རྒྱུད་གསུམ་ནི། ལྟ་བ་མཚན་ཉིད་ཐེག་པ་ཆེན་པོ་དང་ཆ་འདྲ་བར། དོན་དམ་པར་གང་ཡང་མ་གྲུབ་པའི་རང་བཞིན་དུ་གཏན་ལ་འབེབས་ལ། དེང་སང་གི་སྔགས་པ་ཕལ་ཆེ་བ་རྣམས་དེའི་རྗེས་སུ་འབྲང་ངོ་། །ནང་པ་གསུམ་གྱིས་ཀུན་རྫོབ་ལྷའི་རང་བཞིན་དུ་སྣང་བ་ཉིད་ནས་བདེན་པ་དབྱེར་མེད་དུ་འཇོག་པས། བདེན་པ་ཐ་དད་དུ་འཛིན་པ་དོར་ནས། ཆོས་ཐམས་ཅད་ངེས་པའི་དོན་འབའ་ཞིག་གི་སྙིང་པོར་གཏན་ལ་འབེབས་པས། ལྷུན་གྲུབ་སྙིང་པོའི་ཁམས་ཀྱི་སྒྲིབ་པ་སེལ་བ་ཙམ་ལས། ངོ་བོ་རྒྱུ་འབྲས་ཐ་དད་དུ་མི་འདོད་པས། འདུས་མ་བྱས་རང་སྣང་བའི་དཀྱིལ་འཁོར་དུ་ཤེས་པར་བྱེད་དོ། །དེ་ཡང་ལམ་དུ་བྱེད་ཚུལ་ཕ་དང་མ་དང་གཉིས་སུ་མེད་པའི་རིམ་པས་ཐ་དད་ཀྱང་། ངོ་བོ་གྲུབ་བདེ་གཅིག་པར་ཁས་ལེན་ཏོ། །འདི་ལྟ་བུའི་གནས་ལུགས་གོ་བ་ནི་དེང་སང་ཤིན་ཏུ་ཉུང་བར་སྣང་ངོ་། །དེའང་བུམ་འཛིན་དགག་པ་ལ་དགོངས་ནས། བུམ་པའི་རྡུལ་ཕྲན་དང་དུས་ལ་སོགས་པའི་བརྟགས་པ་བརྗོད་ནས་མ་གྲུབ་པར་གཏན་ལ་ཕབ་པ་དེ་དྲང་དོན་ཡིན་ལ། བུམ་འཛིན་ལོག་ནས། བུམ་པ་རྣམ་པར་གཞག་པ་སྟེ། སྣམ་བུ་ལ་སོགས་པ་རྣམ་པར་བཅད་ནས། ཆུ་ལེན་པ་ལ་སོགས་པ་ཉིད་ངེས་དོན་དུ་གནས་པ་ལྟ་བུར་གོ་དགོས་པ་ལ། དེ་མ་གོ་བར་རྟག་ཏུ་བུམ་འཛིན་དགག་པའི་རྗེས་སུ་འབྲངས་ནས་ཅི་ཡང་མེད་པར་འཛིན་པ་ནི། ཕྱང་ཆད་ཐེག་ཆེན་གྱི་ལམ་དང་རིང་བ་ཞེས་བྱ་ལ། སྒོས་སུ་
རྡོ་རྗེ་ཐེག་པའི་སྐལ་བ་མེད་པ་ཞེས་བྱའོ། །རྡུལ་ཕྲན་མེད་པར་རྟོགས་ཀྱང་འཇོག་ཚོད་དུ་རགས་པ་ཇེ་རགས་སུ་བློས་འཇོག་ཅིང་རྟོགས་ན་ཅིས་གནོད། རྣལ་དོན་ལ་དེ་གཉིས་མཚུངས་པར་གནས་པའི་ཕྱིར་ཏེ། རྟོག་པ་གོམས་རྗེས་ཙམ་དུ་འདྲ་ལ། རྣལ་དོན་དུ་རྡུལ་དང་རགས་པ་དང་དུས་ལ་སོགས་པའི་རིགས་པར་བརྗོད་ཚོད་རྟོག་གེའི་ཚུལ་ཡིན་གྱིས། ངེས་པའི་དོན་སངས་རྒྱས་ཀྱི་དགོངས་པ་ཟབ་པ་ཞི་བ། སྤྲོས་བྲལ་ཉག་གཅིག་ཏུ་སྟོན་པ་ནི་མ་ཡིན་ནོ། །དེས་ན་རྣམ་གཞག་འདིའི་ཚེ། རྟོག་གེ་རྣམ་པར་འཁྱམས་པའི་ལུང་རིགས་ཀྱིས་གཏན་ལ་མི་ཕེབས་པས། རྒྱུད་ཀྱི་གནས་ཇི་ལྟ་བ་བཞིན་ངེས་པ་ཉིད་དུ་བཟུང་ངོ་། །འདི་ནི་རྡོ་རྗེ་རྩེ་མོའི་ལུགས་ཏེ། དཔལ་མགོན་བླ་མ་དམ་པ་མཉེས་པར་བྱས་ཤིང་། བྱིན་རླབས་ཞུགས་ལ། བློ་གྲོས་ཀྱི་མིག་དང་ལྡན་པ་བློ་ཆེན་མངའ་བ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། བྱིས་པ་ཐ་སྙད་རྟོག་གེའི་དཔྱོད་པ་ཅན། ཕྱོགས་རེའི་མིག་ཅན་དག་གིས། གནས་འདི་ལ་ལྟ་བའི་མིག་ཟུམ་སྟེ། ཉི་མ་ཤར་བ་ན་འབྱུང་པོའི་བྱ་རྣམས་མིག་ལོང་བ་བཞིན་ནོ། །ད་ནི་བླ་ན་མེད་པ་རྡོ་རྗེའི་ཐེག་པའི་རང་བཞིན་དེ་དག་གི་སྙིང་པོའི་དོན་ཀུན་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པའི་ཚུལ་ལ་འཇུག་པ་སྟེ། ཕའི་རྒྱུད་ཀྱི་སྙིང་པོའི་རྫོགས་རིམ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཐབས་རླུང་རྣལ་འབྱོར་དུ་བྱ་བ་དང་། མའི་རྒྱུད་ཀྱི་སྙིང་པོའི་རྫོགས་རིམ་བདེ་གསལ་བསམ་གྱིས་མི་ཁྱབ་པ་ཐབས་ཐིག་ལེ་རྣལ་འབྱོར་དུ་བྱ་བ་དང་། གཉིས་སུ་མེད་པའི་རྒྱུད་ཀྱི་རྫོགས་རིམ་གྱི་སྙིང་པོ་འོད་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐབས་ཕྲ་མོ་རྣལ་འབྱོར་དུ་བྱ་བ་གསུམ་ཆར། མན་ངག་འདིར་ཆ་མཉམ་དུ་སྟོན་ལ། དེ་དག་གི་གཞི་མ་ཤེས་ན་མི་འབྱུང་བས་རང་རིག་པའི་ཡེ་ཤེས་བདེན་པ་དབྱེར་མེད། དེ་ཡི་རང་བཞིན་འོད་གསལ་ཡེ་ཤེས་ཏེ། །ཐོག་མ་མེད་ནས་རབ་ཞི་སྤྲོས་མེད་བདག །ཉི་མཁའ་བཞིན་དུ་ལྷུན་གྲུབ་འདུས་མ་བྱས། །རང་བཞིན་རྣམ་དག་ཆེན་པོར་ཡེ་གནས་པས། །སྣང་སྟོང་
དབྱེར་མེད་གྲུབ་བསལ་འགྲོ་འོང་མེད། །རང་བྱུང་གི་རིག་པ་ལྷན་ཅིག་སྐྱེས་པའི་ངོ་བོ་ནི། རང་བཞིན་གྱིས་དག་ལ་འོད་གསལ་བ། ཐོག་མ་མེད་པ་ནས་སྤྲོས་པ་མེད་པའི་བདག་ཉིད་དམ་པ། ཡོན་ཏན་གྱི་དཀྱིལ་འཁོར་གང་བས་མཛེས་པ་ནི། ཉི་མ་སྒྲིབ་པ་མེད་པ་ལྟར་དབྱིངས་ཆོས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་ལས་མི་གཡོ་བ་ཉིད། འདུས་མ་བྱས་ལྷུན་གྲུབ་ཆེན་པོར་ཡེ་ནས་གནས་པའི་རང་བཞིན་རྣམ་དག་སྣང་སྟོང་དབྱེར་མེད་ཆེན་པོར་གནས་པ་ཉིད། མཚན་བརྗོད་ལས། རང་བཞིན་གྱིས་ནི་དག་པའི་བདག །ཐོག་མ་མེད་ནས་སྤྲོས་མེད་བདག །ཅེས་པ་དང་། དྲི་མ་མེད་པས་གཙང་བ་དང་། །ཀུན་ལ་ཁྱབ་པས་བདག་དམ་པ། །འཕོ་འགྱུར་མེད་པས་རྟག་པ་སྟེ། །ཚུ་རོལ་མཐོང་བའི་བློ་ལས་བསྐལ་དོན་ཕ་རོལ་ཏུ་གྱུར་པའི་དབང་དུ་བྱས་ནས། མདོ་སྡེ་རྒྱན་ལས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་སོ། །དེའང་སྔར་མེད་པའི་ཡོན་ཏན་སོ་མ་དེའི་སྟེང་དུ་གྲུབ་པའམ་བཞག་ཏུ་མེད་ལ། གློ་བུར་བ་ཙམ་ལས་རང་བཞིན་པའི་སྐྱོན་ནམ་དྲི་མ་ཕྱིར་བསལ་དུ་མེད་པས། སྐྱོན་སྤངས་པ་ཕྱིར་འགྲོ་བ་དང་། ཡོན་ཏན་ནང་དུ་འོང་བ་མེད་པ་ཉིད་ནི་གནས་ལུགས་ཡང་དག་གི་དོན་ཏེ། རྟོགས་པའམ་མཐོང་བས་གྲོལ་ནུས་པར། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོ། །དེ་ལྟ་བུའི་རང་བཞིན་ལ། ཀུན་རྫོབ་རྣམ་ཆད་རྣམ་དབྱེའི་ཡུལ་འདས་པས། །བཏགས་པའི་བདེན་གཉིས་འདས་ཕྱིར་སྤྲོས་ཀུན་ཞི། །བདེན་པ་དབྱེར་མེད་གྲུབ་དང་མ་གྲུབ་མེད། །དབྱིངས་ལ་སྣང་སྟོང་རང་བཞིན་གཉིས་མེད་པས། །བདེན་པ་དེ་ཡང་དབྱེར་མེད་ཅེས་སུ་བརྗོད། །འོད་གསལ་བའི་ཡེ་ཤེས་དེ་ལ་འཁོར་བ་ཀུན་རྫོབ་པའི་སྣང་བ་སྤྲིན་དང་འདྲ་བས་རེག་པ་མེད་པས་འཁྲུལ་པར་སྣང་བ་ཙམ་དུའང་མ་གྲུབ། དེ་མ་གྲུབ་པ་ན། སྣང་ཚོད་སྟོང་ཉིད་དུ་གཞལ་བའི་དོན་
དམ་མ་གྲུབ། དེ་གཉིས་མ་གྲུབ་པས་གྲུབ་མཐས་གཞལ་བའི་བདེན་གཉིས་ཀྱི་དབྱེ་བ་གང་དུའང་གྲུབ་པ་མེད། དེ་མེད་པས་བློས་བདེན་རྫུན་དུ་སྒྲོ་བཏགས་པའི་བདེན་གཉིས་ལས་འདས་ཏེ་སྤྲོས་པ་ཐམས་ཅད་ཞི་བ་འདི་ནི། བཏགས་པའི་བདེན་པ་མ་གྲུབ་པས་ཀྱང་བདེན་པ་དབྱེར་མེད་ཅེས་བརྗོད་ལ། ཀུན་རྫོབ་ཏུ་གྲུབ་པ་དང་དོན་དམ་དུ་མ་གྲུབ་པར་བརྗོད་དུ་མེད་པས། དབྱིངས་འོད་གསལ་བའི་ཡེ་ཤེས་ནི། ལྷུན་གྲུབ་རྣམ་དག་ཆེན་པོ་ཞེས་བརྗོད་ཀྱང་། གྲུབ་མཐར་གྲགས་པའི་སྣང་སྟོང་བདེན་གཉིས་ལྟ་བུར་མེད་པས་ཀྱང་བདེན་པ་དབྱེར་མེད་ཅེས་བྱ་བར་བརྗོད་པ་ཡིན་ཏེ། སྒྱུ་འཕྲུལ་བླ་མ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པ། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་པ་བཞིན་ནོ། །ཐ་སྙད་དུ་བཏགས་པའི་བདེན་གཉིས་སྣང་ཚོད་འདི་ལའང་དབྱེར་མེད་ན་གཤིས་འོད་གསལ་ལ་ལྟ་ཅི་སྨོས། དེའང་ཉི་མ་འདི་སྣང་བ་ན་རྡུལ་ཆར་ཕྱེ་ཡང་འགྲིབ་པའམ། མ་ཕྱེ་བས་གསལ་བ་མེད་པར་མངོན་སུམ་ན་གསལ་བས་ཉི་མ་ལ་དེ་ལྟ་བུའི་རྣམ་དབྱེ་མེད་ཀྱིས་རང་གི་བློས་སྒྲོ་བཏགས་པར་ཟད་དོ། །ཡོད་ན་འཇིག་རྟེན་པས་ཀྱང་མཐོང་བར་འགྱུར་ཏེ། ཉི་མ་མཐོང་བ་དེ་ལ་ཡོད་པའི་བདེན་གཉིས་མཐོང་བར་རིགས་ཏེ་ཉི་མ་མཐོང་དུས་དེ་ལ་ཡོད་པའི་འོད་མཐོང་བར་གསལ་བ་བཞིན་ནོ། །འོ་ན་ཐ་སྙད་དུ་གྲགས་པའི་བདེན་གཉིས་དེ་འདི་དང་སྦྱར་ན་བདེན་གཉིས་ཇི་ལྟར་འཇོག་ཅེས་པའི་ལན་དུ། བརྡ་ཙམ་དང་སྒོ་བསྟུན་ནས་བརྡའ་ཤེས་པའི་ཡན་ལག་ཏུ་བཞག་ན། ཐ་སྙད་བདེན་གཉིས་ཚུལ་གྱིས་རབ་དབྱེ་ན། །འདི་ལྟར་འཁྲུལ་སྣང་འཁོར་བའི་ཆོས་རྣམས་ཀུན། །མི་བདེན་བསླུ་ཕྱིར་ཀུན་རྫོབ་བདེན་པ་ལ། །ཟབ་ཞི་འོད་གསལ་མྱ་ངན་འདས་པའི་ཆོས། །འགྱུར་མེད་རང་བཞིན་དོན་དམ་བདེན་པར་འདོད། །འདི་ལྟར་དོན་གྱི་སྙིང་པོ་འོད་གསལ་སྒྲིབ་པའི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཚོགས་བརྒྱད། བག་ཆགས་ཀྱི་སྣང་བ་ཕྱི་གཟུགས་སོགས་ཡུལ་གྱི་སྣང་བ་སྣ་ཚོགས་དང་། ནང་སེམས་ཀྱི་རྣམ་པ་ཐམས་
ཅད་འཁོར་བ་ཡིན་པའི་ཕྱིར་བསླུ་བ་སྙིང་པོ་མེད་པས་ཀུན་རྫོབ་ཀྱི་བདེན་པར་བཞག་ལ། གཞི་འོད་གསལ་ལྷུན་གྲུབ་ནི་དོན་དམ་བདེན་པར་བཞག་པ་ཡིན་ནོ། །དཔེར་ན་སྤྲིིན་དང་ཉི་མ་ལྟར་སྒྲིབ་ཡུལ་འོད་གསལ་དེ་དོན་དམ་བདེན་པ། སྒྲིབ་བྱེད་འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀུན་རྫོབ་བདེན་པའོ། །དེ་ལྟ་བུའི་སྒྲིབ་པ་སྣང་ལ་མ་གྲུབ་པས་འོད་གསལ་ལ་གོས་སུ་མེད་པའི་ཕྱིར། དབྱེ་བ་ལ་འདྲེ་དགོས་པ་ལས་གཅིག་དང་ཐ་དད་དུ་འདྲེས་པ་མེད་པས། བདེན་པ་དབྱེར་མེད་དུ་བཏགས་པ་ནི། ཀུན་རྫོབ་འདི་ལྟར་སྣ་ཚོགས་སྣང་བ་འདི། །སྒྱུ་མ་ཆུ་ཟླ་སྤྲུལ་པ་གཟུགས་བརྙན་བཞིན། །རང་བཞིན་མེད་ལ་སྣང་བ་གང་ཡིན་པ། །ཤིན་ཏུ་བརྟགས་ན་གཞི་རྩ་དངོས་མེད་པས། །མཁའ་འདྲ་སྟོང་ཞིང་མཚན་ཉིད་ཆད་པ་སྟེ། །མ་བརྟགས་ཉམས་དགའ་སྣ་ཚོགས་སྒྱུ་མ་བཞིན། །བག་ཆགས་འཁྲུལ་པའི་རྟེན་འབྲེལ་ལས་བྱུང་བ། །ཇི་ལྟར་དྷ་དུ་ར་ཡི་སྣང་བ་བཞིན། །ཀུན་རྫོབ་སྣ་ཚོགས་སུ་སྣང་བ་འདི་དོན་དངོས་པོ་ལ་གྲུབ་པ་མེད་དེ་རང་གི་མཚན་ཉིད་ཆད་པ་ཆུ་ཟླ་དང་འདྲའོ། །བརྟགས་ན་མེད་ལ་མ་བརྟགས་ན་ཡོད་པ་འདྲ་བས་འཁྲུལ་སྣང་ཞེས་བྱ་སྟེ། དྷ་དུ་རས་འཁྲུལ་པ་ལ་སྣ་ཚོགས་སྣང་བ་བཞིན་ནོ། །འཁྲུལ་སྣང་ཀུན་རྫོབ་ཀྱི་ཆོས། འདི་དག་རང་བཞིན་སྟོང་ལ་བདག་མེད་པ། །དེ་ཉིད་དེ་ཡི་གནས་ལུགས་ཡིན་པའི་ཕྱིར། །དོན་དམ་ཞེས་བྱ་སྣང་ཆ་ཀུན་རྫོབ་སྟེ། །སྣང་དུས་ཉིད་ནས་སྐྱེ་སོགས་གྲུབ་མེད་པས། །རང་བཞིན་དེ་ཡིན་བདེན་པ་དབྱེར་མེད་དོ། །ཀུན་རྫོབ་ཆུ་ཟླ་འདྲ་བ་འདིའི་རང་བཞིན་སྟོང་པ་དེ་ནི་དོན་དམ་ལ་སྣང་ཆ་ཀུན་རྫོབ་ཏུ། ཐ་སྙད་པའི་བདེན་པ་གཉིས་སུའང་གྲགས་ཏེ། དེ་གཉིས་ཀྱང་ངོ་བོ་ལ་དབྱེ་བ་ཐ་དད་སོ་སོ་བ་མ་གྲུབ་སྟེ། གཉིས་ཆར་གཞི་མེད་ཡིན་པའི་ཕྱིར། སེམས་འགྲེལ་ལས། དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །གནས་མེད་སྒྱུ་མ་དང་མཚུངས་ཤིང་། །ཞི་བ་སྲིད་པ་གཉིས་མེད་པ། །སྟོང་པ་ཉིད་ནི་རྟག་ཏུ་སྒོམ། །ཞེས་པ་དང་། མངོན་
རྟོགས་རྒྱན་ལས། དེ་གཞི་མེད་པའི་ཚུལ་དང་ནི། །གཞི་མེད་འགྲོ་མེད་སྐྱེ་མེད་དང་། །ཞེས་སོ། །དེ་ལྟར་ཐ་སྙད་པའི་བདེན་པ་གཉིས་རིལ་པོ། འདིར་ཀུན་རྫོབ་ཏུ་བཞག་ནས་མ་གྲུབ་པ་ཉིད་དུ་གཏན་ལ་འབེབས་ཏེ། མདོ་སྡེ་རྒྱན་ལས། གཞན་གྱི་མར་ནི་གང་འདོད་པ། །དེ་ནི་གཞན་གྱི་ཆུང་མ་ཉིད། །གཞན་གྱི་དོན་དམ་གང་ཡིན་པ། །དེ་ནི་གཞན་གྱི་ཀུན་རྫོབ་ཉིད། །ཅེས་སོ། །དེས་ན་ཐ་སྙད་པས་དོན་དམ་དུ་འདོད་ཀྱང་བློས་དཔྱད་པ་ལ་དངོས་པོ་དང་དོན་སྤྱི་དངོས་མེད་འཛིན་པ་ལས་མེད་པས་ན། ཀུན་རྫོབ་ཉིད་དུ་འགྱུར་བའི་ཕྱིར་རོ། །སྐབས་འདིར་ཐ་སྙད་པའི་བདེན་པ་རྨི་ལམ་དང་འདྲ་བ་གཞི་མ་གྲུབ་ཀྱི་རྣམ་དབྱེ་ལ་ཞེན་པ་དེ་ཡང་མ་གྲུབ་པའི་ཆོས་ཉིད་གཤིས་ནམ་མཁའ་འདྲ་བ། དེ་ཡི་རང་བཞིན་གདོད་ནས་དག་པ་དང་། །འོད་གསལ་དོན་དམ་གཉིས་སུ་དབྱེར་མེད་པས། །འཁོར་འདས་དབྱེར་མེད་བདེན་པ་གཉིས་མེད་དོ། །འཁོར་བ་ཀུན་རྫོབ་པ་ཐ་སྙད་པའི་བདེན་གཉིས་ཀྱི་རང་བཞིན་གདོད་མ་ནས་མ་གྲུབ་པའི། མ་གྲུབ་པའི་ཆ་དེ་དང་ལྷུན་གྲུབ་ཀྱི་འོད་གསལ་ཐ་དད་དུ་དབྱེ་བ་མེད་དེ་དབྱེ་ཆོས་འཁོར་བ་མ་གྲུབ་པས་མ་གྲུབ་ཆ་ལ་གང་དུའང་གཞག་ཏུ་མེད་པའི་ཕྱིར་རོ། །དེས་ན་འོད་གསལ་དོན་དམ་མྱ་ངན་ལས་འདས་པའི་རང་བཞིན་དང་། འཁོར་བ་གདོད་ནས་དག་པ་གཉིས་གྲུབ་མ་གྲུབ་ཆོས་འགལ་བས་དབྱེ་བ་མེད་པས་དབྱེར་མེད་དུ་ཤེས་པར་བྱའོ། །འོ་ན་མྱང་འདས་མ་གྲུབ་པར་བཤད་མོད་ཅེ་ན། བཏགས་པའི་ཞེན་པ་འགོག་པ་ལ་དགོངས་ཀྱི། མཚན་ཉིད་ཆད་པའི་མ་གྲུབ་པ་མ་ཡིན་ནོ། །དེའི་དོན་བསྡུ་བ་ནི། འདི་ལྟར་སྣང་ཡང་འཁོར་བ་མ་གྲུབ་པས། །རང་བཞིན་མེད་དེ་དབྱིངས་ཀྱི་དོན་དམ་དང་། །ཐ་དད་སོ་སོར་དབྱེ་བའི་ཆོས་མེད་པས། །འཁོར་འདས་དབྱེར་མེད་མཉམ་པ་ཉིད་དུ་བསྟན། །འཁོར་བ་སྣང་ལ་མ་གྲུབ་པའི་མ་གྲུབ་ཆ་དེ་དང་། དབྱིངས་ངོ་བོ་ཉིད་ཀྱི་དག་པའི་དོན་དམ་ལ་གཅིག་ཆོས་འགལ་བས་ཀྱང་འདྲེར་མེད་དོ། །འཁོར་བས་གོས་པ་མེད་པའི་ཕྱིར་ངོ་བོ་ཉིད་ཀྱིས་རྣམ་
དག་ཏུ་བསྟན་པས་དེ་ཉིད་དབྱེར་མེད་དེ། སྣང་མུན་འདྲེས་པའི་དབྱེར་མེད་ཅེས་བྱ་བ་མེད་པ་བཞིན་ནོ། །འཁོར་བ་མ་གྲུབ་པས་དབྱེ་ཆོས་མེད་པ་དེའི་ཕྱིར་ཡང་འོད་གསལ་དང་དབྱེར་མེད་ཅེས་བརྗོད་དེ། ཉིན་མཚན་གྱི་དབྱེར་མེད་དམ། དངོས་པོ་དང་རི་བོང་གི་རྭ་བཞིན་ནོ། །དེས་ན་བདེན་པར་དབྱེར་མེད་དམ། །འཁོར་འདས་དབྱེར་མེད་ཅེས་པའི་དོན། །འདི་ལས་གཞན་དུ་རྟོག་པ་ལོག་པའི་བློ། །གནས་ལུགས་དོན་ལ་རབ་ཏུ་རྨོངས་པ་ཡིན། །འཁོར་འདས་གཉིས་ཀ་སྣང་ཙམ་དུ་གྲུབ་པ་ཡང་། ངོ་བོ་རང་བཞིན་མེད་པ་དབྱེར་བྱེད་ལ། དོན་དམ་པར་གཉིས་ཀ་གཞི་མ་གྲུབ་པས་དབྱེ་བའི་ཡུལ་མེད་དོ་ཞེས་པའང་། ཐེག་པ་བླ་ན་མེད་པའི་དོན་ལ་རྨོངས་ཤིང་གཏི་མུག་པ་ཞེས་བྱ་སྟེ། སྣང་དུས་དབྱེར་ཕྱེད་ན་སྣང་བཞིན་དུ་དབྱེར་མེད་མི་འཐད་དོ། །རང་བཞིན་མེད་པའི་ཆ་གཉིས་ཞེས་པའང་། འཁོར་འདས་དེ་ཉིད་ལས་གཞན་དུ་མེད་པས་ན། འཁོར་འདས་དབྱེར་སྣང་ན། རང་བཞིན་མེད་པའང་དབྱེར་ཡོད་པ་ཁོ་ན་སྟེ། ཀ་བ་བུམ་པ་བཞིན་ནོ། །དོན་དམ་དུ་འཁོར་བ་མེད་ཀྱང་གྲོལ་བ་མེད་ན་འབད་པ་དོན་མེད་པ་དང་། ཡང་འཁོར་བ་ལ་སོགས་པ་སྐྱོན་མང་ངོ་། །གཤིས་ལ་འཁོར་བ་མ་གྲུབ་ལ་སྣང་། དོན་དམ་གྲུབ་ལ་ད་ལྟ་མི་སྣང་། སངས་རྒྱས་དུས་སྣང་བ་ཞེས་བྱ་བར་བཞག་གོ །ད་ལྟ་ཡིད་དཔྱོད་ཀྱི་རྣམ་པས་གང་ཡང་མེད་པར་འཛིན་པ་དེ་ཉིད་ཆད་པར་ལྟ་བ་ཡིན་པས། ཐར་པ་འདོད་པས་བརྟེན་པར་མི་བྱའོ། །གཤིས་ལ་སྒྲོ་བཏགས་པའི་གྲུབ་མ་གྲུབ་མེད་ཀྱང་། དོན་ལ་གནས་པའི་གྲུབ་པ་ཉིད་ཡོད་པར་རྒྱུད་སྡེ་ཟབ་མོར་གསུངས་པ་ཡིན་ནོ། །རྟོག་གེའི་རིག་པ་ངན་སྐྱུགས་དང་འདྲ་བས་དགོངས་པ་ཟབ་མོ་སུན་འབྱིན་པར་མི་བྱ་སྟེ། རྣམ་གཞག་གཞན་ལས་འཕགས་པ་ཚུ་རོལ་མཐོང་བའི་བློས་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་རོ། །འགྲེལ་ཆུང་ལས། འདི་ནི་རྣམ་པར་གཞག་པ་གཞན་ཁོ་ན་སྟེ། ནམ་དུ་ཡང་གཞན་གྱི་ལུགས་ལ་བརྟེན་ནས་སུན་འབྱིན་པ་བརྗོད་པར་མི་བྱའོ་ཞེས་པ་བཞིན་ནོ། །འཁོར་བ་མ་གྲུབ་ལ་སྣང་བ་འདི་གློ་
བུར་དུ་རྒྱུ་རྐྱེན་འཁྲུལ་པའི་དབང་གིས་སྣང་བའི་ཕྱིར། འཁྲུལ་སྣང་མ་ལོག་གི་རིང་ལ་ལས་འབྲས་བླང་དོར་གཅེས་ཏེ། འཁྲུལ་ངོར་ཇི་ལྟར་སྣང་བཞིན་རྒྱུ་འབྲས་ཡོད། །དེ་ཕྱིར་དགེ་སྡིག་བླང་དོར་ཤེས་པ་གཅེས། །སྒྱུ་མར་སྣང་རིང་ལ་རིག་སྔགས་དང་ཤིང་བུ་རྡེའུ་ལ་བརྟེན་དགོས་ཤིང་། དེ་ལས་སྒྱུ་མ་འགྲུབ་པ་ལྟར། མ་དག་པ་སྣང་བ་ཡོད་རིང་ལ་དགེ་སྡིག་གཉིས་ལ་བླང་དོར་བྱེད་པ་གཅེས་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་བདག་ཏུ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་དེ། །དེ་ལས་ཀྱང་ནི་སྐྱེ་བར་འགྱུར། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འདོད། །ཅེས་སོ། །ད་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཐམས་ཅད་ལས་འདས་པ། དབྱིངས་རང་བཞིན་རྣམ་དག་གི་ངོ་བོ་རྒྱས་པར་བཤད་པ་ནི། རྒྱུ་དང་རྐྱེན་གང་གིས་ཀྱང་། འགྱུར་མེད་དོན་དམ་བདེན་པའི་རང་བཞིན་ནི། །འོད་གསལ་བདེ་གཤེགས་སྙིང་པོ་ལྷུན་གྲུབ་སྟེ། །སྟོང་གསལ་རིག་པ་དབྱེར་མེད་ཆོས་ཉིད་དོ། །ཡེ་ནས་འདུས་མ་བྱས་པའི་སོ་སོ་རང་གི་རིག་པའི་ཡེ་ཤེས་སྟོང་གསལ་སྤྲོས་པ་དང་བྲལ་བ་ནི་བདེ་བར་གཤེགས་པའི་སྙིང་པོ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་བཞིན་ནོ། །གསང་སྔགས་སུ་གཞི་ཡི་རྒྱུད་རང་བཞིན་གྱིས་དག་པར་འདོད་པས་ན་དོན། འདི་ཉིད་རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ཏེ། །ཡེ་ནས་ལྷུན་རྫོགས་བྱང་ཆུབ་སྙིང་པོ་ཅན། །རྣམ་དག་སྤྲོས་བྲལ་ཕྱོགས་ལྷུང་ཀུན་དང་བྲལ། །ཟབ་ཞི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །འགྲོ་བ་ཀུན་ལ་གནས་པའི་རང་རིག་འོད་གསལ་ལྷུན་གྲུབ་སྤྲོས་བརྗོད་ལས་འདས་པའི་ངོ་བོ་ལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཡེ་ནས་རྫོགས་པ་ནི། རང་ལ་ཡོད་པའི་བྱང་ཆུབ་སྙིང་པོ་གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཏེ། སྒྱུ་འཕྲུལ་ལས། རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །བྱང་ཆུབ་སྙིང་པོ་འདུས་མ་བྱས། །
ཀུན་རྫོགས་ཡོན་ཏན་འབར་བས་བརྒྱན། །ལྷུན་གྲུབ་དཀྱིལ་འཁོར་བླ་མེད་པའོ། །ཞེས་སོ། །དེའང་བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་པ་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །དོན་འདི་ནི་མདོ་སྡེའི་ཡང་བཀའ་ཐ་མ། དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་སུ་གཙོ་བོར་གསུངས་ལ། རྒྱུད་ཀྱི་དངོས་གཞི་ཡིན་པས། འདིར་དེའི་རང་བཞིན་རྟོགས་པར་བྱེད་པ་ནི། རྒྱུད་བླ་མ་དང་། མྱ་ངན་ལས་འདས་པ་དང་། སྒྱུ་འཕྲུལ་ཆེན་པོ་ལ་སོགས་པའི་གནས་ཇི་ལྟ་བ་བཞིན་བཤད་པ་ལས། དང་པོ་སྡོམ་རྣམ་པར་གཞག་པས་མདོར་བསྟན་པ་ནི། གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བདེ་བར་གཤེགས་པའི་སྙིང་པོའི་ཁམས། འདི་ཉིད་འགྲོ་བ་ཀུན་ལ་ཡོད་པའི་དཔེ། །ས་འོག་གཏེར་དང་བུམ་ནང་མར་མེ་དང་། །པད་ནང་སྐུ་འདྲར་མཁས་པས་ཤེས་པར་བྱ། །དེ་ལ་དང་པོ་གཏེར་གྱི་དཔེ་ནི། ཇི་ལྟར་དབུལ་པོའི་ས་འོག་རིན་ཆེན་གཏེར། །རང་ལ་ཡོད་ཀྱང་མ་ཤེས་ཕོངས་པ་ལྟར། །ལྷུན་གྲུབ་སངས་རྒྱས་རང་ལ་ཡོད་གྱུར་ཀྱང་། །ལུས་ངག་སེམས་ཏེ་ཚོགས་བརྒྱད་སས་སྒྲིབ་པས། །སྲིད་པའི་ཉེས་ཚོགས་དབུལ་བས་རྒྱུན་དུ་ཕོངས། །དབུལ་པོའི་གཏེར། ཁང་ནང་གི་སས་བསྒྲིབས་པ་ལྟར། སྙིང་པོ་རང་ལ་ཡོད་ཀྱང་ཀུན་གཞིའི་བག་ཆགས་ཀྱི་ས་པས་བསྒྲིབས་ཏེ་མ་མཐོང་བས། འཁོར་བར་དབུལ་ཕོངས་སུ་གྱུར་པ་ནི། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཤིང་གཏེར་དེ་ཡང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བསལ་དང་བཞག་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་
ངོ་། །ཞེས་སོ། །ཡོད་པ་རྟོགས་པས་སངས་རྒྱས་འགྲུབ་པའི་དཔེ་ནི། དེ་ལས་ལྷ་ཡི་མིག་ལྡན་མིས་མཐོང་ནས། །གཏེར་དེ་འབྱིན་པའི་ཐབས་བསྟན་དེ་ཕྱུང་བས། །རང་གཞན་འབྱོར་པ་ཕུན་སུམ་ཚོགས་པ་ལྟར། །དམ་པ་རྣམས་ཀྱིས་གནས་ལུགས་དེ་བསྟན་པ། །ཇི་བཞིན་བསྒྲུབས་པས་སངས་རྒྱས་རང་ལས་རྙེད། །དོན་གཉིས་ཕུན་ཚོགས་ཡིད་བཞིན་ནོར་བུར་གྱུར། །གཏེར་ལྷ་མིག་ཡོད་པས་མཐོང་ནས་འདོན་ཐབས་བསྟན་པས་ཐོན་ཏེ་ཕུན་སུམ་ཚོགས་པ་ལྟར། རང་ལ་སྙིང་པོ་ཡོད་པ་བླ་མས་ངོ་སྤྲད་པ་བཞིན་ཉམས་སུ་བླངས་པས་སངས་རྒྱས་འགྲུབ་པ་ཡིན་ནོ། །དཔེ་གཉིས་པ་ནི། ཇི་ལྟར་བུམ་ནང་སྒྲོན་མེ་འོད་གསལ་ཡང་། །བུམ་པས་བསྒྲིབས་ཏེ་ཕྱི་རོལ་མི་མངོན་ལྟར། །སྙིང་པོའི་ཆོས་སྐུ་རང་ལ་གནས་ན་ཡང་། །སྒྲིབ་པའི་བུམ་པས་བསྒྲིབས་ཕྱིར་ཡོངས་མི་སྣང་། །དེ་ལས་བུམ་པ་བཅག་ན་སྣང་བ་ལྟར། །ས་རྣམས་སྒྲིབ་པ་གང་ཡིན་བྲལ་བ་ན། །འཇིག་རྟེན་སྒྲོན་མ་ཀུན་ཏུ་སྣང་བར་བྱེད། །བུམ་ནང་གི་མར་མེ་བུམ་པས་བསྒྲིབས་པས། ཕྱི་རོལ་དུ་མི་སྣང་བ་བུམ་པ་བཅག་ན་སྣང་བ་ལྟར། འོད་གསལ་གྱི་སྒྲོན་མེ་རང་ལ་ཡོད་པའང་། ཉོན་མོངས་པ་ས་དང་སའི་སྒྲིབ་པས་བསྒྲིབས་པས་ད་ལྟ་མི་སྣང་ན་ཡང་། ལམ་གྱིས་སའི་དྲི་མ་དག་དུས་འཇིག་རྟེན་དུ་སྒྲོན་མེ་བཀོད་པས་འགྲོ་བའི་མུན་པ་སེལ་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་བུམ་ནང་མར་མེ་ནི། །ཕྱི་རོལ་ཀུན་ཏུ་མི་སྣང་ལྟར། །དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང་། །འཁོར་བར་འོད་ནི་གསལ་མ་ཡིན། །བུམ་པ་དེ་ཉིད་བཅག་གྱུར་ན། །ཐམས་ཅད་ཀུན་ཏུ་སྣང་བ་ལྟར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །སྒྲིབ་པ་ཀུན་ཏུ་བཅོམ་གྱུར་པ། །དེ་ཚེ་ནམ་མཁའི་མཐར་ཐུག་གསལ། །ཞེས་སོ། །དཔེ་གསུམ་པ་ནི། ཇི་ལྟར་པད་ནང་བདེ་གཤེགས་སྐུ་ཡོད་ཀྱང་། །པད་མས་བཏུམས་ཕྱིར་ཕྱི་རོལ་སྣང་བ་མེད། །དེ་བཞིན་གཟུང་འཛིན་འདབ་སྟོང་གིས་བསྒྲིབས་པས། །རང་
གསལ་རྒྱལ་བའི་དབང་པོ་མཐོང་མི་ནུས། །ནམ་ཞིག་འདབ་མ་ཁ་བྱེ་གསལ་བ་ལྟར། །གཟུང་འཛིན་འཁྲུལ་སྣང་འདབ་མ་ལས་གྲོལ་ཚེ། །བྱང་ཆུབ་སྐུ་གསུམ་རང་ལ་སྣང་བར་འགྱུར། །པདྨའི་ཁོང་ན་སྐུ་གཟུགས་ཡོད་པ་འདབ་མ་ཁ་བྱེ་བ་ན་མཐོང་བ་ལྟར། རང་བྱུང་གི་སྙིང་པོ་སྒྲིབ་པ་ཐམས་ཅད་གྲོལ་དུས་སྣང་བ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་པད་ནང་བདེ་གཤེགས་དབང་པོ་ནི། །ལྷ་མིག་དག་པའི་མི་ཡིས་དེ་མཐོང་ནས། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་པ་ལྟར། །དེ་ཡི་སྒྲིབ་པ་རབ་ཏུ་སེལ་བ་ཡིན། །ཞེས་སོ། །ད་ནི་དོན་བསྡུ་བ། དེ་ཕྱིར་ཆོས་དབྱིངས་དོན་དམ་འོད་གསལ་ནི། །རང་ལ་ཡོད་པའི་གནས་ལུགས་མཁྱེན་པར་མཛོད། །སེམས་ཅན་དང་སངས་རྒྱས་ཀུན་ལ་ཁྱད་པར་མེད་པར། སངས་རྒྱས་ཀྱི་སྙིང་པོས། དབྲི་བསྣན་མེད་པར་ཁྱབ་པས་གྲོལ་གཞི་ལྷུན་གྱིས་གྲུབ་པའི་ཆོས་ཉིད་འདི་ཡོད་པར་ཤེས་པར་བྱའོ། །འདི་ལྟ་བུའི་དགོངས་པ་དྲང་དོན་དུ་བྱེད་པས་སྟོང་པ་སྤྲོས་བྲལ་དོན་དམ་དུ་འདོད་པ་དག་ཆད་པའི་མཐར་ལྷུང་ངོ་། །བྲལ་གཞི་མེད་ན་གང་གི་སྟེང་དུ་སངས་པ་དང་རྒྱས་པ་དང་། གྲོལ་བ་དང་འདས་པའི་ཐ་སྙད་གདགས། གཞི་མེད་ནི་གང་གིའང་གཞིར་མི་རུང་བས། སྤྲོས་དང་བྲལ་བའི་དོན་དམ་གྱི་ཆ་བྲལ་གཞིར་མེད་དོ། །དེས་ན་དོན་འདི་ནི་ངེས་པའི་སྙིང་པོ་ཡིན་པས། ཐར་པ་འདོད་པ་དག་གིས་རྟོགས་བྱའི་གཞི་དང་ལྟ་བ་རྣམས་ཀྱི་རྩེ་མོར་ཟུངས་ཤིག །ད་ནི་ཐ་སྙད་ལ་རྨོངས་པ་བཟློག་པའི་ཕྱིར་མིང་གི་དབྱེ་བ་བསྟན་པ་ནི། འདི་ལ་མིང་གི་རྣམ་གྲངས་མང་ཡོད་དེ། །འཁོར་འདས་འབྱུང་བས་དབྱིངས་ཞེས་རབ་བརྗོད་ཅིང་། །ཡེ་ནས་ཡོད་པས་རང་བཞིན་ལྷུན་གྲུབ་ཅེས། །དྲི་མས་བསྒྲིབས་ཕྱིར་སྙིང་པོའི་ཁམས་དང་ནི། །གནས་ལུགས་ཡིན་ཕྱིར་དོན་དམ་བདེན་པ་དང་། །གདོད་ནས་དག་ཕྱིར་འོད་གསལ་དྲི་མེད་ཉིད། །མཐའ་གཉིས་གནས་བསལ་དབུ་མའི་རང་བཞིན་དང་། །སྤྲོས་ལས་འདས་ཕྱིར་ཤེས་རབ་ཕ་རོལ་ཕྱིན། །སྟོང་གསལ་རྣམ་དག་བདེན་པ་དབྱེར་མེད་དང་། །འཕོ་འགྱུར་མེད་པས་ཆོས་ཉིད་དེ་
བཞིན་ཉིད། །ལ་སོགས་མིག་ལྡན་མཁས་པ་རྣམས་བཞེད་དོ། །དབྱིངས་ལྷུན་གྱིས་གྲུབ་པའི་རང་རིག་རང་བྱུང་གི་ཡེ་ཤེས་འདི་ལ་མིང་གི་རྣམ་གྲངས་ངེས་པ་ནི། རྟོགས་ན་མྱ་ངན་ལས་འདའ་ཞིང་མ་རྟོགས་ན་འཁོར་བ་འབྱུང་བའི་ཆ་ནས་དབྱིངས་ཞེས་བྱ་ཞིང་། སེམས་ཀྱི་དམ་པ་ཞེས་བྱ་སྟེ། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །ཡེ་ནས་འདུས་མ་བྱས་སུ་རང་ལ་རང་ཆས་སུ་ཡོད་པའི་ཆ་ནས། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་ཀུན་ཚང་བར་ཡོད་པས། བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱའོ། །དྲི་མས་བསྒྲིབས་པའི་ཆ་ནས་དོན་གྱི་ཀུན་གཞི་དང་ཁམས་ཞེས་བྱའོ། །གནས་ལུགས་ཡིན་པས་དོན་དམ་བདེན་པ་ཞེས་བྱའོ། །གདོད་མ་ནས་དག་པས་འོད་གསལ་བའི་ཡེ་ཤེས་ཞེས་བྱའོ། །ཡོད་མེད་སྒྲོ་སྐུར་གྱི་མཐའ་ལས་འདས་པས། ཟབ་མོ་སྟོང་པ་ཉིད་དབུ་མའི་རང་བཞིན་ཞེས་བྱའོ། །མངོན་རྟོགས་རྒྱན་ལས། ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་པའི་ཚུལ་གྱིས་སོ། །སྤྲོས་པ་ཐམས་ཅད་ཀྱི་མཐའ་ལས་གྲོལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ཉིད་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་བརྗོད། །ཅེས་པ་དང་། ཡུམ་ལས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་ལགས་སོ་ཞེས་སོ། །སྟོང་གསལ་གཉིས་སུ་མེད་པས་བདེན་པ་དབྱེར་མེད་ཅེས་བྱའོ། །འཕོ་འགྱུར་མེད་པས་ཆོས་ཉིད་དེ་བཞིན་ཉིད་ཅེས་བྱའོ། །དེ་ཡང་ནམ་མཁའི་ངང་དུ་འབྱུང་བཞིའི་འཕོ་འགྱུར་སྣང་ཡང་ནམ་མཁའ་མི་འགྱུར་བ་ལྟར་རང་བྱུང་གི་ངང་དུ་ཕུང་པོ་ཁམས་དང་སྐྱེ་མཆེད་སྐྱེ་འཆིར་སྣང་ཡང་
དེ་ཉིད་མི་འགྱུར་རོ། །འདི་ལ་སྐྱོན་རྣམས་སྦྱང་དུ་ཡོད་ལ་བྲལ་ཤེས་པས་སྟོང་ལ། ཡོན་ཏན་དབྱེར་མེད་པས་མི་སྟོང་སྟེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །ཚུལ་འདི་ནི་བློ་གྲོས་ཀྱི་མིག་མདོ་རྒྱུད་ཀྱི་སྙིང་པོའི་དོན་ལ་རྒྱས་པ་དག་གི་མཁས་པ་རྣམས་བཞེད་དོ། །ད་ནི་ཕྱིན་ཅི་ལོག་གི་ལོག་རྟོག་དགག་པ་ནི། ཚུལ་འདི་མི་ཤེས་སྟོང་པ་ཕྱང་ཆད་པ། །ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་སྨྲ་ཡང་། །བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པས་ན། །ནམ་མཁའི་ཡིད་ཅན་ཐལ་བས་བྱུག་པར་རུང་། །ཆོས་ཉིད་དོན་དམ་པའི་བདེན་པ་ཟབ་པ་ཞི་བ་བདུད་རྩིའི་སྒོ་འདི་ལ་སྐུར་པ་འདེབས་ཤིང་། ཚིག་ཏུ་ཡོད་མེད་ཀྱི་མཐའ་ལས་འདས་པས་སྤྲོས་པ་ཐམས་ཅད་དང་བྲལ་ཞེས་སྨྲ་ཡང་། བྲལ་བ་ལ་གང་བྲལ་རྒྱུའི་དྲི་མ་གང་གི་སྟེང་དུ་བྲལ་བའི་གཞི་དགོས་པ་ལས། འདིར་དེ་གཉིས་ཀ་མེད་པའི་ཕྱང་ཆད་ནམ་མཁའི་ཡིད་ཅན་པ་ཁྱེད་ཅག་ཤཱཀྱའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པས་ན། ལེགས་ནའང་སྲིད་རྩེའི་ལྟ་བ་དེས་འཁོར་བའི་ས་བོན་འདེབས་ཤིང་། ཕལ་ཆེར་ངན་སོང་དུ་བགྲོད་པའི་ཕྱིར། ལོག་པར་ལྟ་བ་འཛིན་པ་ཕུར་བུ་པའི་ཁོངས་སུ་གཏོགས་པ་ལ། ཆ་ལུགས་མ་འཛོམས་པ་ཙམ་དུ་ཟད་དེ། ད་ནི་གོས་ངུར་སྨྲིག་སྤངས་ནས་ཐལ་བའི་སྐྱོ་མས་ལུས་ལ་བྱུགས་ན་ཐམས་ཅད་མཚུངས་པས་རྒྱང་འཕན་པར་ཕྱོགས་ཀུན་མཚུངས་པར་རུང་བ་ཡིན་ནོ། །སྙིང་པོ་ངེས་པའི་དོན་བསྡུ་བ་ནི། གང་འདིར་སྟོན་པས་ཆོས་ཀྱི་མཛོད་གསུངས་པ། །ཀུན་གྱི་སྙིང་པོ་འོད་གསལ་རྩེ་མོའི་ལམ། །ལྷུན་གྲུབ་གཞི་ཡི་གནས་ལུགས་འདི་ཞེས་བྱ། །སངས་རྒྱས་ཀྱི་བཀའ་ཐ་མ་དང་། གསང་སྔགས་སུ་ལྷུན་གྲུབ་གཞིའི་གནས་ལུགས་འདི་མཆོག་ཏུ་བསྔགས་པས་ཤེས་པར་བྱའོ། །ཤེས་པའི་དགོས་པ་དང་ཕན་ཡོན་ནི། ཡང་ཟབ་ལྟ་བའི་མཐར་ཐུག་འདི་ཤེས་པས། །གོལ་སྒྲིབ་ལས་གྲོལ་རྟག་ཆད་ཀུན་དང་བྲལ། །
སྒྲུབ་པ་དོན་ཡོད་མྱུར་དུ་འཚང་རྒྱ་ཞིང་། །མདོ་རྒྱུད་ཀུན་ལ་ལྟ་བའི་མིག་དང་ལྡན། །དེ་ཕྱིར་གནས་ལུགས་འོད་གསལ་མཁྱེན་པར་མཛོད། །ཤིན་ཏུ་ཟབ་པ་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་གནས་ལུགས་འོད་གསལ་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ཤེས་ན། ལམ་ངན་པ་ཉན་རང་དང་། སྲིད་རྩེའི་ཏིང་ངེ་འཛིན་དུ་མི་གོལ་བ་དང་། རྟག་ཆད་ཀྱི་མཐའ་ལས་གྲོལ་བ་དང་། ཐར་པ་སྒྲུབ་པ་དོན་ཡོད་པ་དང་། མྱུར་དུ་བྱང་ཆུབ་ཐོབ་པ་དང་། ངེས་པ་དོན་གྱི་མདོ་རྒྱུད་ཀུན་ལ་ལྟ་བའི་མིག་དང་ལྡན་པས། དེ་དག་གི་དོན་ལ་མཁས་པར་འགྱུར་བ་ཡིན་ནོ། །འདིར་བོད་ཀྱི་སྟོན་སྒོམ་གཟུ་ལུམ་པ་དག་ན་རེ། གསང་སྔགས་འདི་སེམས་ཙམ་པ་དང་ལྟ་བ་གཅིག་སྟེ། རྩེ་མོ་དབུ་མའོ་ཞེས་ཟེར་རོ། །ཅིའི་ཕྱིར་ན་དོན་གྱི་གཞི་འགྱུར་མེད་དང་། གནས་འགྱུར་འདོད་པའི་ཕྱིར་རོ་ཞེས་སྨྲ་བ་ནི། ཕྱོགས་མ་གོ་བར་སྣང་སྟེ། སེམས་ཙམ་འགྱུར་མེད་རྟག་པ། རིག་ཙམ་རང་གསལ་དུ་འདོད་ལ། འདིར་ལྷུན་གྲུབ་འདུས་མ་བྱས་རྟག་ཆད་ལས་འདས་པ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཁམས་འདོད་པས་མི་མཚུངས་ལ། སེམས་ཙམ་པས་ཀུན་གཞི་ཚོགས་བརྒྱད་དེ་ཉིད་གནས་འགྱུར་བས་ཡེ་ཤེས་སུ་འདོད་ལ། འདིར་དེ་དག་བསལ་བས་རང་བྱུང་གི་ཡེ་ཤེས་མངོན་པ་ཙམ་ལ་གནས་གྱུར་དུ་བཏགས་པ་གཉིས་ཁྱད་པར་ཤིན་ཏུ་ཆེའོ། །དེས་ན་མཁས་པར་ཤེས་པ་གཞན་ལ་ཉོན་ལ། གདོད་དམ་པའི་ཆོས་ལ་གླེང་བར་གྱིས་ཤིག་ཅེས་པ་ནི་གདམས་ངག་ཡིན་ནོ། །ཐེག་པ་ཆེན་པོའི་ངན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གནས་ལུགས་གཏན་ལ་དབབ་པའི་ལེའུ་སྟེ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་པའོ།། །།
བསམ་གཏན་གྱི་སྔོན་དུ་འགྲོ་བའི་ལེའུ་སྟེ་བཅུ་དགུ་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་རྟོགས་བྱའི་གཞི་ཤེས་ནས། དེའི་དོན་ཉམས་སུ་བླང་བའི་དང་པོ་དོན་བསྒོམ་པའི་སྔོན་འགྲོའི་ཆོས་བསྟན་པ་ནི། དེ་ལྟར་གནས་ལུགས་ཤེས་ནས་བསྒོམ་པར་བྱ། །དེ་ལ་ཐོག་མར་སྔོན་དུ་འགྲོ་བ་ནི། །སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་བསྐྱེད་ནས། །གསང་སྔགས་ཕྱི་ནང་བསྐྱེད་པའི་རིམ་པ་བསྒོམ། །ཐེག་པ་ཆེན་པོ་
གསང་སྔགས་ཀྱི་རྣལ་འབྱོར་པས། བསྐྱེད་རྫོགས་ཟུང་འབྲེལ་དུ་ཉམས་སུ་ལེན་པས། དང་པོ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། རྒྱུད་སྡེ་གང་མོས་ཀྱི་ལྷ་དཔའ་བོ་གཅིག་པའམ། ཡབ་ཡུམ་ཟུང་འཇུག་གཅིག་གམ། དཀྱིལ་འཁོར་རྒྱས་བསྡུས་གང་རུང་ཅིག་བསྒོམ་པ་སྔོན་དུ་འགྲོ་བར་བྱའོ། །དེ་ལ་ཕྱོགས་དང་པོ་སྐྱབས་སུ་འགྲོ་བ་ལ། ཡུལ་ངོས་ཟིན་པར་བྱ་དགོས་པས། རྒྱུ་དང་འབྲས་བུའི་སྐྱབས་ཡུལ་གཉིས་དང་། སྐྱབས་འགྲོ་གཉིས་སོ། །རྒྱུའི་ཡུལ་ནི་གཞན་རྒྱུད་ཀྱི་བསྡུས་པའི་དཀོན་མཆོག་གསུམ་ཡིན་ལ། སྐྱབས་འགྲོ་ནི་འབྲས་བུ་གྲུབ་པར་བྱ་བའི་དོན་དུ། སྟོན་པ་ལམ་གྲོགས་ཀྱི་ཚུལ་གྱིས་སྐྱབས་སུ་འགྲོའོ། །འབྲས་བུའི་ཡུལ་ནི་མ་འོངས་པ་ན་རང་རྒྱུད་ལ་འཁྲུངས་པའི་དཀོན་མཆོག་གསུམ་ཡིན་ལ། སྐྱབས་འགྲོ་ནི་དེ་འགྲུབ་པར་བྱ་བའི་སྨོན་པས་དགེ་བ་བྱེད་ཅིང་རྒྱུ་ལ་འཇུག་པའོ། །སྐབས་འདིར་བསྐྱེད་རྫོགས་ལྷའི་དཀྱིར་འཁོར་དུ་སྒྲུབ་པ་ནི་འབྲས་བུའི་དོན་ལ། བསོད་ནམས་ཀྱི་ཞིང་ལ་ཚོགས་སོག་པ་ནི་རྒྱུའི་དོན་ནོ། །དེ་ལྟར་ན་སྐྱབས་སུ་འགྲོ་བར་ཆོས་ཉམས་སུ་ལེན་པ་ཀུན་འདུས་སོ། །ད་ནི་དེ་དག་སོ་སོར་དབྱེ་བ་ལས། དང་པོ། སྐྱབས་འགྲོའི་ཡུལ་ནི་དཀོན་མཆོག་གསུམ་ཉིད་དེ། །རྒྱུ་ཡི་ཡུལ་གྱུར་གཞན་རྒྱུད་བྱོན་ཟིན་པའི། །སངས་རྒྱས་སྐུ་གསུམ་སྤངས་རྟོགས་འཕྲིན་ལས་ལྡན། །ཆོས་ནི་འགོག་ལམ་བདེན་པ་རྣམ་པ་གཉིས། །དགེ་འདུན་སར་ཞུགས་རྒྱལ་སྲས་འཕགས་རྣམས་ཏེ། །གནས་སྐབས་དེ་གསུམ་མཚུངས་པར་སྐྱབས་སུ་འགྲོ། །རང་ཉིད་སངས་རྒྱས་སྒྲུབ་པ་ལ་ཕན་འདོགས་པའི་རྒྱུའི་ཡུལ་དཀོན་མཆོག་གསུམ་གྱི་སངས་རྒྱས་སྐུ་གསུམ་འཕྲིན་ལས་རྫོགས་པའི་བདག་ཉིད་ལ་སྟོན་པ། འགོག་ལམ་གཉིས་ལ་ལམ། འཕགས་པའི་ས་ལ་ཞུགས་པའི་དགེ་འདུན་ལ་གྲོགས་ཞུ་བས་ན་དཀོན་མཆོག་གསུམ་མོ། །མཐར་ཐུག་གི་དབང་དུ་བྱས་པའི་ཡུལ་ནི་སྤངས་རྟོགས། མཐར་ཐུགས་སངས་རྒྱས་ཆོས་སྐུ་ུཉག་གཅིག་སྟེ། །དཀོན་མཆོག་
མཐར་ཐུག་སྐྱབས་ཀྱི་དམ་པ་ཉིད། །ལམ་བདེན་ཀུན་རྫོབ་རྒྱལ་སྲས་སྒྲིབ་བཅས་ཕྱིར། །སངས་རྒྱས་ཉིད་ལས་མཐར་ཐུག་སྐྱབས་གང་ཞིག །སངས་རྒྱས་ཀྱང་གཟུགས་སྐུ་ཀུན་རྫོབ་པ་འཕོ་འགྱུར་ཅན་མ་ཡིན་པར་ཆོས་སྐུ་ཉག་གཅིག་དོན་དམ་པའི་བདེན་པ་མཐར་ཐུག་པ་དེ་ཡིན་ལ། ཆོས་ཀྱང་ལམ་བདེན་རྣམས་ས་གོང་དུ་ཐོབ་དུས་འདོར་བས་ཀུན་རྫོབ་ཀྱི་བདེན་པ་ཡིན་ཞིང་། བྱང་ཆུབ་སེམས་དཔའ་ཡང་སྒྲིབ་པ་དང་བཅས་པས་ད་དུང་སངས་རྒྱས་ཉིད་ལ་སྐྱབས་སུ་འགྲོ་དགོས་པའི་ཕྱིར། མཐར་ཐུག་གི་སྐྱབས་གནས་མ་ཡིན་པར། རྒྱུད་བླ་མ་ལས། ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོ། །དེ་ཡང་འོག་མིན་ན་བཞུགས་པའི་སངས་རྒྱས་དེའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་ཆོས་སྐུ་ཡིན་པས་སྐྱབས་ཡིན་ནོ་ཞེས་མཁས་པ་དག་བཞེད་དོ། །ཐུན་མོང་མ་ཡིན་པ། འབྲས་བུའི་སྐྱབས་འགྲོ་དཀོན་མཆོག་རྣམ་པ་གསུམ། །རང་ལ་གྲུབ་འདོད་སླད་དུ་སྨོན་པ་ཡིན། །མ་འོངས་པ་ན་འོད་གསལ་ལྷུན་གྲུབ་ཀྱི་སངས་རྒྱས་མངོན་དུ་གྱུར་པ་ལ་དམིགས་ཏེ། སྨོན་པའི་ཆ་ནི་འབྲས་བུའི་སྐྱབས་འགྲོ་དང་ཡུལ་ལོ། །དེའང་སྨོན་པ་སེམས་བསྐྱེད་དང་མི་འདྲ་སྟེ། སེམས་བསྐྱེད་གཞན་དོན་དང་། འདི་རང་དོན་ལ་དམིགས་པ་ལ་སོགས་པའི་ཁྱད་པར་ཡོད་དོ། །སྐྱབས་སུ་འགྲོ་བ་དེ་དག་གི་ཚུལ་སོ་སོའི་ཁྱད་པར་ངེས་པ་ནི། དེ་ཡང་རྒྱུ་ཡི་སྐྱབས་འགྲོས་རྒྱུ་བྱས་ཏེ། །རང་རྒྱུད་དཀོན་མཆོག་འབྲས་བུའི་སྐྱབས་གྲུབ་འདོད། །སངས་རྒྱས་སྟོན་པ་ཆོས་ལ་ལམ་དང་ནི། །དགེ་འདུན་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ། །ཐུན་མོང་པ་རྒྱུའི་སྐྱབས་འགྲོས། ཐུན་མོང་མ་ཡིན་པ་འབྲས་བུའི་སྐྱབས་འགྲོ་འགྲུབ་པ་ལ་གེགས་མེད་པར་འགྲུབ་པའི་རྒྱུ་བྱེད་ལ། དེ་ཡང་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་གྲོགས་
སུ་བྱེད་པས་མགོན་སྐྱབས་སུ་ཁས་ལེན་པ་ཡིན་ནོ། །དེ་ལྟར་ཡུལ་ངོས་བཟུང་ནས། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ནི། དེ་ལྟར་སྐྱབས་ཡུལ་ཤེས་ནས་སྐྱབས་འགྲོ་བ། མདུན་གྱི་ནམ་མཁར་དཀོན་མཆོག་རབ་བསམས་ལ། །དངོས་དང་ཡིད་ཀྱི་མཆོད་སྤྲིན་རྒྱ་མཚོས་མཆོད། །བདག་དང་སེམས་ཅན་ཐམས་ཅད་ཐལ་སྦྱར་ཏེ། །གསུམ་ལ་ཕྱོགས་པར་སྐྱབས་སུ་འགྲོ་བར་བསམ། །བླ་མ་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ལན་གསུམ་བར་དུ་སྐྱབས་སུ་འགྲོ་བར་བྱ། །མདུན་གྱི་ནམ་མཁར་པད་སྡོང་ཉི་ཟླ་སེང་གེས་སྤྲས་པའི་དབུས་སུ། རྩ་བའི་བླ་མ་མཚན་རྫོགས་རྡོ་རྗེ་འཆང་དུ་བཞུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་ཕུང་འཁྲིགས་པ་ཙམ་གྱིས་བསྐོར་བར་བསམས་ཏེ་དངོས་དང་ཡིད་ཀྱི་མཆོད་པས་མཆོད་ཅིང་། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། གསོལ་བ་གདབ་པ་རྣམས་བྱས་ལ། བདག་དང་སེམས་ཅན་ཐམས་ཅད་ས་གཞིའི་ངོས་བར་སྣང་གི་མཐའ་ཁྱབ་པར་ཐལ་མོ་སྦྱར་བ་རྣམས་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བསམས་ལ་ཚིག་སྙན་པོའི་བརྗོད་པས། སྐྱབས་སུ་སོང་བ། དེ་ཡི་ཕན་ཡོན་གནས་སྐབས་བསམ་པ་འགྲུབ། །ནང་པར་ཆུད་དང་ཆོས་ཀུན་རྟེན་དུ་འགྱུར། །གནོད་པས་མི་བརྫི་སངས་རྒྱས་ཞབས་དྲུང་སྐྱེ། །མཐར་ཐུག་དོན་གྱི་དཀོན་མཆོག་གསུམ་པོ་འགྲུབ། །དེ་ཕྱིར་ཐོག་མར་སྐྱབས་སུ་འགྲོ་བར་བྱ། །གང་འདོད་པའི་དོན་ཀུན་འགྲུབ་པ་དང་། ནང་པ་སངས་རྒྱས་པའི་ཁོངས་སུ་ཚུད་པ་དང་། ཡོན་ཏན་གྱི་རྟེན་དུ་རུང་བ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སོ། །མི་དང་མི་མ་ཡིན་གྱི་གནོད་པས་མི་བརྫི་ཞིང་སྲིད་པར་འཁོར་བ་འཇིག་ཚོགས་ལ་ལྟ་བ་དང་། ཞི་བ་ཕྱོགས་གཅིག་པའི་ལམ་དམན་པ་ལས་སྐྱོབ་པ་སྟེ། མདོ་རྒྱལ་མཚན་དམ་པ་ལས། འཚེ་བ་དག་ནི་ཐམས་ཅད་དང་། །འཇིག་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པར་བཤད། །ཅེས་
སོ། །གང་དུ་སྐྱེས་པ་ཐམས་ཅད་དུ་བླ་མ་དམ་པ་དང་། དཀོན་མཆོག་གི་ཞབས་དྲུང་དུ་སྐྱེ་ཞིང་། མཐར་ཐུག་སངས་རྒྱས་ཐོབ་སྟེ། དེ་ཉིད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་ཐོབ། །ཅེས་སོ། །བསླབ་བྱ་ནི་ཞག་རེ་ཞིང་། ཉིན་མཚན་དུ་སྐྱབས་སུ་འགྲོ་བ་བརྒྱ་རྩ་རེ་བྱ་བ་དང་། བླ་མར་སྐྱབས་སུ་སོང་བས་དགེ་བའི་བཤེས་གཉེན་ལ་གུས་ཤིང་སྡིག་པའི་གྲོགས་ལ་མི་བསྟེན། སངས་རྒྱས་ལ་སོང་བས་ཕྱི་རོལ་པའི་ལྷ་དབང་ཕྱུག་ནས་འཇིག་རྟེན་པའི་ལྷའི་བར་དུ་ཕྱག་མི་འཚལ། ཆོས་ལ་སོང་བས་སེམས་ཅན་ལ་འཚེ་བ་མི་བྱ། དགེ་འདུན་ལ་སོང་བས་མུ་སྟེགས་བྱེད་དམ། རྒྱུ་འབྲས་ལ་སྐུར་པ་འདེབས་པ་དང་མི་འགྲོགས་ཏེ། དེ་ཉིད་ལས། གང་དག་སངས་རྒྱས་སྐྱབས་སོང་བས། །ནམ་དུའང་ལྷ་ནི་གཞན་དག་ལ། །བསྟེན་ཞིང་སྐྱབས་སུ་འགྲོ་མི་བྱ། །གང་དག་ཆོས་ལ་སྐྱབས་སོང་བས། །གནོད་ཅིང་འཚེ་བའི་སེམས་དང་བྲལ། །གང་དག་དགེ་འདུན་སྐྱབས་སོང་བས། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་སོ། །དེ་དག་གི་སྐུ་གཟུགས་མཐོང་ནའང་དད་པས་ཕྱག་མཆོད་བྱ་ཞིང་འགོམ་པ་ལ་སོགས་མ་གུས་པ་མི་བྱའོ། །ཐེག་པ་ཆེན་པོའི་སེམས་བསྐྱེད་པ་ནི། དེ་ནས་བྱང་ཆུབ་སེམས་མཆོག་བསྐྱེད་པ་ནི། །གཞན་གྱི་དོན་ཕྱིར་སངས་རྒྱས་འདོད་པ་སྟེ། །སྨོན་དང་འཇུག་པའི་རང་བཞིན་གཉིས་ཡིན་ནོ། །ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོ་ནི། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་སོ། །དབྱེ་ན་འགྲོ་བར་ཆས་པ་ལྟར། སངས་རྒྱས་ཐོབ་པར་འདོད་པ་ནི་སྨོན་པ་ལ། འགྲོ་བཞིན་པ་ལྟར་སྦྱོར་བས་ཁྱབ་པར་བྱེད་པ་ནི་འཇུག་པ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་
བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། །འདིར་སེམས་དང་སེམས་བྱུང་གི་ཁྱད་པར་བསྟན་པ་ནི། སེམས་བསྐྱེད་པས་ནི་སེམས་བྱུང་ཞར་ལ་སྐྱེད། །སེམས་ནི་དོན་གྱི་ངོ་བོ་རང་སྟོབས་རིག །སེམས་བྱུང་དོན་གྱི་ཁྱད་པར་རང་སྟོབས་རིག །སེམས་ནི་དོན་གྱི་ངོ་བོ་ཀ་བ་ལྟ་བུ་རང་སྟོབས་ཀྱིས་རིག་ལ། སེམས་བྱུང་གིས་དོན་གྱི་ཁྱད་པར་སྦོམ་ཕྲ་ལ་སོགས་པ་རང་སྟོབས་ཀྱིས་རིག་སྟེ། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་སོ། །དེའང་ཉི་མ་དང་ཟེར་བཞིན་སེམས་དང་སེམས་བྱུང་མཚུངས་པར་འཇུག་པས་ན། སེམས་བསྐྱེད་པས་སེམས་བྱུང་ཡང་བསྐྱེད་པར་འགྱུར་བའི་ཕྱིར་རོ། །སེམས་བསྐྱེད་རྟིང་སེམས་བྱུང་གདོད་སྐྱེད་མི་དགོས་པར་དགོངས་སོ། །སེམས་ཡོད་མེད་ངེས་པས་བསྐྱེད་ཚུལ་ཡོད་མེད་བསམ་པ་ནི། འཁོར་བའི་དུས་ན་སེམས་དང་སེམས་བྱུང་གི །བྱ་དང་བྱེད་པ་རྣམ་པར་གཡོ་བས་ན། །ཡེ་ཤེས་མི་སྣང་ཕྱིར་ན་སེམས་བསྐྱེད་དེ། །ཡེ་ཤེས་རབ་གསལ་དོན་ལ་ནུས་པ་འཇོག །དང་པོ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པས་ཆོག་མོད། ཉེས་པའི་ཆ་ཅན་སེམས་ཅིའི་ཕྱིར་བསྐྱེད་ཅེ་ན། བདེན་ཏེ་འཁོར་བའི་ས་འདིར་ཡེ་ཤེས་དེ་དངོས་སུ་དུས་ཐམས་ཅད་པར་མི་སྣང་བས། སེམས་གང་ལའང་རྣམ་པར་རྟོག་འཇུག་བྱེད་པ་འདི་བསྐྱེད་དགོས་པར་བྱུང་སྟེ། དེ་བསྐྱེད་པས་ཡེ་ཤེས་ལ་ནུས་པ་འཇོག་པའི་ཕྱིར་ཉེས་པ་མེད་དོ། །གཅིག་ཏུ་ན་སྨོན་པ་སྦྱོར་རྗེས་ཀྱི་ཡུལ་ཅན་ནི་སེམས་བསྐྱེད་པ་ཡིན་ལ། འཇུག་པ་མཉམ་གཞག་གི་དུས་ན་སེམས་ཡེ་ཤེས་སུ་བསྐྱེད་པ་ཡིན་ཏེ། སྒྱུ་འཕྲུལ་ལས། སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཅེས་སོ། །ས་བཅུའི། རྒྱུན་མཐར་སེམས་འགགས་དེས་བསྐྱེད་ཆོ་ག་ལས། །ཉེ་བར་ཐོབ་པའི་སེམས་བསྐྱེད་
ལྡོག་ན་ཡང་། །དེ་ཡི་ནུས་ལྡན་ཡེ་ཤེས་ལ་བགོས་པས། །སངས་རྒྱས་སར་རྒྱས་ཐུགས་རྗེས་དོན་མཛད་ལ། །སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱར་བརྗོད། །དེ་ཡང་ས་བཅུ་རྒྱུན་མཐའི་སྐད་ཅིག་ཕྱི་ལོག་སངས་རྒྱས་ཀྱི་ཡེ་ཤེས་དང་པོ་ཤར་དུས་སེམས་སེམས་བྱུང་འགགས་པས། དེས་བསྐྱེད་པའི་སེམས་བསྐྱེད་ཆོ་གས་ཐོབ་པ་དང་བཅས་པ་འགགས་ཀྱང་། སྔར་དོན་དམ་པའི་ཡེ་ཤེས་སུ་བསྐྱེད་པ་དང་། ནུས་པ་བཞག་པའི་ཡེ་ཤེས་དེ་ཉིད་མ་འགགས་པར་ཡོད་པས། ཁམས་དེའི་སྒྲིབ་པ་བྲལ་སྟོབས་ཀྱིས་གསལ་དུ་སོང་ནས། སེམས་ཅན་གྱི་དོན་མཛད་པ་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱ་སྟེ། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །དེ་བཞིན་སྒྲིབ་པ་སྤངས་པ་སྟེ། །རྣམ་པར་སྨིན་པ་གཞན་དུ་འདོད། །ཅེས་སོ། །ཆུའི་རྒྱུན་གཅིག་ཉིད་ལུང་པ་སོ་སོའི་མདར་མིང་འགྱུར་བ་ལྟར། སྨོན་འཇུག་གི་སེམས་བསྐྱེད་གཅིག་པུ་དེ་ཡང་། ཚོགས་སྦྱོར་གྱི་དུས་ན་མོས་པ་ལས་བྱུང་བའི་སེམས་བསྐྱེད། ས་དང་པོ་ནས་བདུན་པའི་བར་དུ་ལྷག་བསམ་དག་པའི་སེམས་བསྐྱེད། དག་པ་ས་གསུམ་དུ་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་སར་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དོ། །དེའང་སངས་རྒྱས་ཀྱི་ས་ན་ཆོ་ག་ལས་བྱུང་བ་དང་། ད་གཟོད་ཐོབ་བྱའི་སེམས་བསྐྱེད་དུ་མེད་ཀྱང་། ཐུགས་རྗེ་ཆེན་པོས་དོན་མཛད་པ་དུས་ལས་མི་ཡོལ་བའི་སེམས་བསྐྱེད་པ་དང་། དོན་དམ་སེམས་བསྐྱེད་ཡོད་དེ། དོར་བ་མེད་པ་སྟོང་པ་ཉིད་ཡོད་པའི་ཕྱིར་དང་། དོན་དམ་སེམས་བསྐྱེད་ཐོབ་ལ་ཉམས་བྱེད་ཀྱི་རྒྱུ་མེད་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་ཡོད་མེད་ནི་ཚུལ་འདིས་ཤེས་པར་བྱའོ། །ཅིའི་ཕྱིར་གནས་སྐབས་བཞིར་མིང་འགྱུར་ཞེ་ན། ཆའི་སྒོ་ནས་བཞག་པ་ཡིན་ནོ་ཞེས་བཤད་པ། ཚོགས་དང་སྦྱོར་བར་ཁམས་དེའི་རང་བཞིན་ཉིད། །མོས་པས་དོན་སྤྱིའི་ཚུལ་དུ་འཇལ་བས་ན། །
སེམས་བསྐྱེད་དེ་ཡང་མོས་པས་བྱུང་ཞེས་བརྗོད། །དང་པོའི་ས་ནས་བདུན་པའི་བར་ཉིད་དུ། །ཁམས་ཀྱི་སྒྲིབ་པ་ཕྱོགས་རེ་རྣམ་དག་པས། །ཡེ་ཤེས་རྒྱ་ཆེ་ལྷག་བསམ་དག་ཅེས་བརྗོད། །དག་པའི་སར་ནི་སྒོ་ལྔ་ཀུན་གཞིའི་ཤེས། །རྣམ་དག་སྨོན་ལམ་ཡོན་ཏན་རྒྱ་ཆེ་བས། །རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་སུ་བརྗོད། ཁམས་ལ་སྒྲིབ་བྲལ་སངས་རྒྱས་ས་དེ་ནི། །སྒྲིབ་པ་སངས་པའི་སེམས་བསྐྱེད་ཅེས་བྱར་བརྗོད། ཁམས་ལ་སྒྲིབ་པ་ཡོད་མེད་ཀྱི་ཆ་ནས་གནས་སྐབས་བཞིར་གཞག་གོ །དེའང་ཚོགས་སྦྱོར་དུ་ཀུན་གཞི་དང་། ཚོགས་བརྒྱད་བག་ཆགས་དང་བཅས་པས། ཁམས་ཉི་མ་ལྟ་བུ་བསྒྲིབས་ནས་མི་མཐོང་སྟེ། བཤད་པ་ལ་ཡིད་ཆེས་སུ་འཛིན་པས་ན། དད་པས་མོས་པས་སྤྱི་ཡུལ་དུ་བྱེད་པའི་ཕྱིར་མོས་པ་ལས་བྱུང་བ་སྟེ། རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་བ། །ཞེས་བཤད་དོ། །ས་དང་པོ་ནས་བདུན་པའི་བར་དུ་ཉོན་མོངས་པ་ཅན་གྱི་ཡིད་ལོག་པས། ཞིང་དང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་གཟིགས་ཏེ། ཁམས་དེའི་སྒྲིབ་པ་ཕྱོགས་གཅིག་དག་པས་སྤྲིན་བར་གྱི་ཉི་ཟེར་གྱི་སྣང་བ་བཞིན་ནོ། །ས་བརྒྱད་པར་ཡིད་ཤེས་ལོག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དགུ་པ་སྒོ་ལྔའི་རྣམ་ཤེས་ལོག་པས་ཞིང་ཁམས་དག་པ་དང་། བཅུ་པར་ཀུན་གཞིའི་རྣམ་ཤེས་ལོག་པས་ཡེ་ཤེས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པའི་ཕྱིར་རྣམ་པར་སྨིན་པ་ཞེས་བྱའོ། །རྒྱུན་མཐར་སེམས་སེམས་བྱུང་གི་བག་ཆགས་ཀུན་གཞི་དང་བཅས་པ་ལོག་པས་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་སྟེ། སངས་རྒྱས་ཀྱི་སར་འཁོར་བའི་ཤེས་པ་གང་ཡང་མེད་པས། སྤྲིན་ཐམས་ཅད་ལས་གྲོལ་བའི་ཉི་མ་འདྲ་བ་སྟེ། ཁམས་དེའི་ཡོན་ཏན་ཅི་ཡོད་པ་ཐམས་ཅད་མངོན་དུ་གྱུར་པས། དག་པའི་སེམས་དཔའ་རྣམས་ཀྱིའང་། སྤྱོད་ཡུལ་ལས་འདས་པ་ནི། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་
དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་འཕྲིན་ལས་ནི། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཞེས་སོ། །ད་ནི་སེམས་བསྐྱེད་པའི་ཚུལ་ནི། ཇི་ལྟར་བསྐྱེད་ཚུལ་རྣམ་པ་གཉིས་ཡིན་ཏེ། །བླ་མ་མཆོག་དང་དཀོན་མཆོག་དྲུང་དུ་ལེན། །བླ་མར་ལེན་ཚེ་དེ་ཡིས་ཆོས་བཤད་དེ། །སྔོན་འགྲོ་ཡན་ལག་བདུན་པ་སྐྱབས་འགྲོར་བཅས། །དངོས་གཞི་རྒྱལ་དང་རྒྱལ་སྲས་བླ་མ་མཆོག །དགོངས་སུ་གསོལ་ཞེས་ལེགས་པར་བརྗོད་རྗེས་སུ། །ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས། །བྱང་ཆུབ་ཐུགས་བསྐྱེད་བསླབ་ལ་གནས་པ་ལྟར། །དེ་བཞིན་བདག་གིས་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་བསྐྱེད་བསླབ་ལ་གནས་པར་བགྱི། །དེ་སྐད་ཅེས་ནི་ལན་གསུམ་བརྗོད་པར་བྱ། །སེམས་བསྐྱེད་པའི་ཚུལ་ཡང་། གང་ཟག་དམ་པ་ཁ་ཅིག་དཀོན་མཆོག་དྲུང་དུ་རང་གིས་ལེན་པ་ཡིན་ལ། ཕལ་པ་དག་བླ་མ་ལས་ལེན་ཏོ། །ལེན་ཚུལ་འདྲའོ། །ཕྱིས་གསོ་དུས་སམ་ཡང་ནས་ཡང་དུ་བསྐྱེད་དུས་བླ་མ་ལས་གཞན་དཀོན་མཆོག་གི་དྲུང་དུ་བྱེད་པ་ཡིན་ནོ། །བླ་མ་ལས་ལེན་ན་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་སེམས་བསྐྱེད་ཀྱི་རང་བཞིན་སོགས་བརྗོད་ནས་བློ་བཅོས་ལ། སྔོན་འགྲོ་ཡན་ལག་བདུན་པ་རྒྱས་པའམ། བཟང་པོ་སྤྱོད་པའི་ཇི་སྙེད་སུ་དག་ཙམ་བྱས་ནས། ཕྱོགས་བཅུ་ན་བཞུགས་པའི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་མཛད་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་སེམས་དཔའི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་
བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པ་ལན་གསུམ་བརྗོད་དོ། །དེ་ལྟར་སེམས་བསྐྱེད་པ། དེ་ཡི་ཕན་ཡོན་དམ་པ་ཚད་མེད་དེ། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་མིང་ཐོབ་ཅིང་། །ལྷར་བཅས་འཇིག་རྟེན་ཀུན་གྱིས་མཆོད་སྡོང་འགྱུར། །དགེ་བ་ཐམས་ཅད་ཐར་པའི་ལམ་འགྱུར་ཞིང་། །སྡིག་པ་མཐའ་ཡས་ཉེས་ཟད་བསོད་ནམས་འཕེལ། །ཐར་ལམ་རྙེད་ཅིང་མངོན་མཐོ་ངེས་ལེགས་འགྲུབ། །སེམས་བསྐྱེད་ཐོབ་མ་ཐག་ནས་མ་ཉམས་པར་ཡོད་རིང་ཐམས་ཅད་དུ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་མིང་ཐོབ་ཅིང་། ལྷ་མི་ཐམས་ཅད་ཀྱི་མཆོད་སྡོང་དུ་གྱུར་པ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་པའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །དགེ་བ་ཐམས་ཅད་ཐར་པའི་ཆ་མཐུན་དུ་འགྱུར་བ་དང་། ལུང་མ་བསྟན་ཆད་ནས་རྟག་ཏུ་བསོད་ནམས་རྒྱ་ཆེན་པོ་ཐོབ་པར་ཡང་། དེ་ཉིད་ལས། དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །ནམ་མཁའ་མཉམ་པ་དུ་མ་ཞིག །རྒྱུན་མི་འཆད་པར་རབ་ཏུ་འབྱུང་། །ཞེས་སོ། །སྡིག་པ་མཐའ་ཡས་ཟད་པ་ནི། དེ་ཉིད་ལས། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་སོ། །བསོད་ནམས་ཚད་མེད་པ་ཐོབ་སྟེ། དེ་ཉིད་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་ཇི་ལྟར་གཞལ་གྱིས་ལང་། །ཕན་པར་བསམས་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང་། །རེ་རེའང་ཡོན་ཏན་དཔག་ཏུ་མེད། །སྒྲུབ་པར་འདོད་པ་སྨོས་ཅི་དགོས། །ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་
ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །ཐར་པའི་ལམ་སྣ་ཟིན་ཅིང་བདེ་བ་ནས་བདེ་བར་འགྲོ་སྟེ། བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །ཞེས་སོ། །ཐུན་མོང་གི་ལམ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། གསང་སྔགས་ཀྱི་ལམ་དུ་འཇུག་པའི་ཕྱིར་སྔོན་དུ་འགྲོ་བ་ནི། དེ་ལྟར་སེམས་མཆོག་བསྐྱེད་པར་གྱུར་མ་ཐག །གསང་སྔགས་རྗེས་ཞུགས་སྐལ་བཟང་འགྲོ་མཆོག་གིས། །རང་རང་མོས་པའི་ཡི་དམ་ལྷར་བསྒོམ་མོ། །སྔོན་དུ་རིག་གཏད་རྗེས་གནང་དབང་ལ་སོགས། །རྒྱུད་སྡེ་མཆོག་ནས་གསུངས་བཞིན་སྨིན་བྱས་ལ། །གྲོལ་བྱེད་བསྐྱེད་རྫོགས་དོན་ལ་བསྒོམ་པར་བྱ། །སྔགས་ལ་དད་པས་རང་གང་ལ་མོས་པའི་ལྷའི་རིག་གཏད་དང་། རྗེས་སུ་གནང་བ་དབང་ལ་སོགས་པས་རྒྱུད་མ་སྨིན་པ་སྨིན་པར་བྱས་ནས་ལམ་བསྐྱེད་རྫོགས་བསྒོམ་པར་བྱའོ། །སྨིན་ན་གྲོལ་ཅི་དགོས་ཤེ་ན། རྒྱུད་ལ་ཐར་པའི་མྱུ་གུ་སྐྱེ་ངེས་ཀྱིས་ནུས་རུང་དུ་བྱས་པ་ལ་བཏགས་ཏེ། ཆུ་ལུད་དྲོད་གཤེར་འཛོམས་དུས་ས་བོན་བཏབ་པ་འདྲ་ལ། གྲོལ་བྱེད་བསྐྱེད་རྫོགས་ནི། དེ་རྗེས་ཡུར་ཁུགས་ལ་སོགས་དང་འདྲའོ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་བསྐྱེད་རྫོགས་བསྒོམ་ཞེ་ན། འདི་ལྟར་ཕྱི་སྣོད་ཞིང་དང་སེམས་ཅན་ལྷ། །རང་ལུས་གཞལ་ཡས་ཁང་མཛེས་ངག་སྔགས་ཏེ། །སེམས་ནི་ལྷར་གསལ་ཐ་མལ་ཞེན་པ་འགོག །དབྱིངས་ཀྱི་རྗེས་འགྲོ་སྒྲིབ་པའི་དྲི་མ་སེལ། །དང་པོ་བསྐྱེད་པའི་རིམ་པ་ནི་འདིར་རྣལ་འབྱོར་ཆེན་པོའི་དབང་དུ་བྱས་ནས། ཕྱི་སྣོད་འོག་མིན་གྱི་ཞིང་ཁམས། ནང་བཅུད་ལྷ་དང་ལྷ་མོ། རང་ལུས་འོད་གསལ་གྱི་དཀྱིལ་འཁོར། ངག་གསང་སྔགས་ཀྱི་རང་བཞིན། སེམས་ཀྱི་རྣམ་པ་རིགས་ལྔ་ཡེ་ཤེས་ཀྱི་ལྷར་གསལ་བས་ཐ་མལ་གྱི་ཞེན་པ་འགོག །དབྱིངས་ཀྱི་ངོ་བོ་དངོས་མ་ཡིན་ཡང་དེ་དང་རྣམ་པ་ཆ་འདྲ་ཡུལ་དུ་བྱས་པས། འབྲས་བུ་དེ་འདྲ་འགྲུབ་པ་ལ་མི་བསླུ་ཞིང་། ལོངས་སྤྱོད་རྫོགས་པའི་སྐུ་
ལ་སྒྲིབ་པའི་དྲི་མ་སེལ་བའི་དགོས་པ་ཡོད་དོ། །བསྐྱེད་རིམ་གྱི་ངང་དེ་ཉིད་དམ། དེ་རྗེས་སེམས་ཉིད་མི་དམིགས་ཆོས་ཉིད་དང་། །སེམས་ཉིད་འོད་གསལ་རྫོགས་པའི་རིམ་པ་བསྒོམ། །འདི་ནི་ངེས་དོན་རྒྱུད་སྡེའི་དགོངས་པ་ཡིན། །ལས་དང་པོ་པས་རིམ་གྱིས་བསྡུས་ནས་རྗེས་ལ་རྫོགས་རིམ་བསྒོམས་པས་བསྐྱེད་རིམ་སྒྱུ་མར་ཞེན་པ་འགོག་ལ། རྫོགས་པས་བསྐྱེད་རིམ་ཉིད་ཀྱི་ངང་དུ་རྫོགས་རིམ་བསྒོམས་པས། སྟོང་པར་ཞེན་པ་འགོག་གོ །སྔར་སེམས་ལྷར་གསལ་ནས། འདིར་སེམས་ཉིད་རྫོགས་རིམ་དུ་བསྒོམ་པ་ནི། གཟུགས་སྐུ་དང་ཆོས་སྐུ་སྣང་བ་དང་སྟོང་པ་ལམ་དུ་བྱེད་པ་ཡིན་ནོ། །མི་ཤེས་པ་དག་སེམས་ཀྱི་འཕྲོ་འདུ་དང་། རྣམ་པ་ལ་རྫོགས་རིམ་དུ་འདོད་པ་འཁྲུལ་ཏེ། སྣང་བ་དང་། རྣམ་པ་ཆོས་ཅན་ཡུལ་དུ་བྱེད་པའི་ཕྱིར་རོ། །རྫོགས་པ་ནི་སྟོང་པ་དང་། རྣམ་མེད་ཆོས་ཉིད་ཡུལ་དུ་བྱེད་པ་ཡིན་ནོ། །བརྟན་པ་ཐོབ་ནས་དབྱེར་མེད་དུ་ཟུང་དུ་འཇུག་དུས་ཀྱང་ལྡོག་པ་དེ་བཞིན་དུ་གནས་སོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བསམ་གཏན་གྱི་སྔོན་དུ་འགྲོ་བའི་ལེའུ་སྟེ་བཅུ་དགུ་པའི་རྒྱ་ཆེར་འགྲེལ་པའོ།། །།
འོད་གསལ་མཆོག་གི་བསྒོམ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའི་རྒྱ་ཆེར་འགྲེལ་པ།
དེ་ལྟར་སྔོན་འགྲོ་རྫོགས་པའི་རྗེས་ལ། དེ་ནས་དངོས་གཞི་ཇི་ལྟར་བསྒོམ་པ་ནི། །དང་པོར་དབེན་ཞིང་ཡིད་འོང་གནས་དག་ཏུ། །སྔོན་འགྲོའི་ཆོས་རྣམས་རིམ་པར་རྫོགས་མ་ཐག །དངོས་གཞི་འོད་གསལ་ཡེ་ཤེས་བསྒོམ་པར་བྱ། །གནས་དབེན་ཞིང་ཡིད་དུ་འོང་བར་སྟན་བདེ་བ་ལ་འདུག་ནས། སེམས་བསྐྱེད་པ་དང་བསྐྱེད་པའི་རིམ་པ་རྒྱས་བསྡུས་གང་རུང་ཅིག་བསྒོམས་ནས་རྫོགས་རིམ་འོད་གསལ་གྱི་དོན་ལ་མཉམ་པར་གཞག་གོ །འོད་གསལ། དེ་ཡང་ཐབས་མེད་ཤེས་རབ་མི་སྐྱེ་བས། །ཐོག་མར་སྣ་ཚོགས་ཐབས་ཀྱིས་བསམ་གཏན་བཙལ། །མྱུ་གུའང་རྒྱུ་རྐྱེན་དུ་མ་ལས་འབྱུང་བ་ལྟར། ཡེ་ཤེས་དེ་སྐྱེ་བའང་རང་ལ་ཡོད་པ་ཙམ་གྱིས་མི་འཆར་བས་ཐབས་དུ་མ་ལ་བརྟེན་དགོས་སོ། །དེ་ཡང་གང་ཞེ་ན། དམིགས་པའི་རྟེན་
ལས་མི་དམིགས་སྐྱེ་བ་སྟེ། །དེ་ལས་ཆོས་ཉིད་ཡེ་ཤེས་འཆར་བས་ན། །དང་པོ་ཞི་གནས་བསྐྱེད་པའི་རིམ་པ་ཡང་། །རང་རང་རྒྱུད་ལས་ཇི་སྐད་གསུངས་བཞིན་བསྒོམ། །དེའང་དམིགས་པ་ལ་བརྟེན་ནས་མི་དམིགས་པ་སྐྱེ་སྟེ། མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་སོ། །དེ་ཉིད་ཀྱང་རྒྱུད་སྡེ་སོ་སོར་རྣམ་པ་མི་འདྲ་བ་བསྟན་པ་བཞིན་གང་མོས་སུ་བསྒོམ་པར་བྱའོ། །སྐབས། འདིར་ནི་མདོར་བསྡུས་ཅུང་ཟད་བསྟན་པ་ནི། །ལུས་ལ་རྩ་གནས་དེ་ལ་རླུང་དང་ཁམས། །རང་བཞིན་བརྟེན་ཕྱིར་དེ་དག་གནད་བསྣུན་གཅེས། །བླ་མེད་ཕ་མ་གཉིས་སུ་མེད་པ་གསུམ་ཆར་དྲིལ་ནས་ཉམས་སུ་ལེན་པའི་སྐབས་འདིར་རྩ་རླུང་ཐིག་ལེ་གསུམ་གྱི་ཐབས་ལས་ཡེ་ཤེས་འཆར་བ་ངོས་བཟུང་ནས་བསྒོམ་པའི་ཕྱིར་དེ་གསུམ་གནད་དུ་བསྣུན་པ་གཅེས་སོ། །དེའང་རྩ་གནད་དུ་འགྲོ་བ་ལ་ལུས་གནད། རླུང་གནད་དུ་འགྲོ་བ་ལ་སྲོགཐིག་ལེ་གནད་དུ་འགྲོ་བ་ལ་རྩོལ་བ་གལ་ཆེའོ། །འདིར་གསང་སྔགས་ཕ་རྒྱུད་ཁ་ཅིག་རླུང་ཁོ་ནའི་ཐབས་ལས་སྐྱེས་པའི་ཤེས་པ་གསལ་བདེ་ཙམ་དོན་དམ་དུ་འདོད་པ་དང་། མ་རྒྱུད་པ་ཁ་ཅིག་ཐིག་ལེ་ལས་སྐྱེས་པའི་བདེ་གསལ་རྟོག་མེད་ཙམ་དོན་དམ་དུ་འདོད་ཅིང་དེ་དག་གི་ཐབས་ཁོ་ན་ལ་ལྟ་བ་མཆོག་ཏུ་འཛིན་པའང་ཐར་པའི་ལམ་མ་ཡིན་ཏེ། ཡེ་ཤེས་གྲུབ་པ་ལས། ལུས་ཀྱི་སྦུད་པ་གང་ཡིན་དང་། །སྦུད་པ་འབུད་པར་བྱེད་པ་དག །དེ་དག་ཁྱད་པར་མ་མཐོང་སྟེ། །དེ་ཉིད་མཐོང་བའི་རྣལ་འབྱོར་བས། །སྦུད་པ་ཡི་ནི་བྱ་བ་ནོན། །ཞེས་པ་དང་། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡེ་ཤེས་སྐྱེད་ན་སྨྲ། །དེ་ནི་བདེ་བ་ཆེ་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་སོ། །བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །མཆན་ཁུང་གཡའ་འཕྲུག་ལས་བྱུང་བ། །ཅི་ཡི་ཕྱིར་ན་བདེ་ཆེན་མིན། །ཞེས་སོ། །དེས་ན་ལམ་དངོས་མ་ཡིན་པས་ཞེན་པར་མི་བྱ་ལ། ལམ་གྱི་ཆ་རྐྱེན་ཡིན་པས་མ་རྫོགས་རིང་ལ་དོར་བར་ཡང་མི་བྱ་བར་འབད་
དོ། །དེ་ལ་དང་པོ་སྲོག་གི་སྦྱོར་བ་རླུང་ལ་མ་བསླབས་ན། ཁམས་ལས་སུ་མི་རུང་བའི་ཕྱིར་རླུང་བསྒོམ་པ་ནི། ལུས་ཀྱི་ཆ་བསྲང་རྡོ་རྗེ་སྐྱིལ་ཀྲུང་ལ། །ལག་པ་པུས་བཀབ་མཇིང་བ་ཅུང་དགྱེ་བས། །དབུགས་ནི་ཐད་སོ་མིག་ནི་འགུལ་མི་བྱ། །རླུང་རོ་ཕྱིར་འདོན་འཇམ་རླུང་ནང་དུ་བཟུང་། །རླུང་ནི་ཁ་སྦྱར་རྩ་གསུམ་འཁོར་ལོ་གསལ། །ཁ་དོག་གྲངས་དང་རེག་བྱ་དབྱིབས་བསྒོམས་པས། །རྣམ་རྟོག་རང་འགགས་གསལ་དངས་ཕྱེད་པར་གནས། །མི་རྟོག་ཡེ་ཤེས་ངོ་སྤྲོད་ལྷག་མཐོང་བསྒོམ། །ལུས་གནད་སྐྱིལ་ཀྲུང་ལས་ལག་པ་པུས་མོའི་སྟེང་གཉིས་སུ་བཀབ་ལ། མཇིང་པ་དགྱེ་ཞིང་མིག་མི་འགུལ་བར་ཧ་རེ། རླུང་ཐད་སོར་དར་ཅིག་བཞག་ནས། རླུང་རོ་གསུམ་མམ་དྲུག་ཕྱིར་སངས་ཀྱིས་ཕུལ། རྩ་གསུམ་ཀ་བ་ལྟར་ཡོད་པའི་སྤྱི་བོ་མགྲིན་པ། སྙིང་ག་ལྟེ་བ་བཞིར་འཁོར་ལོ་བཞི་གདུགས་ལྟར་གསལ་ཞིང་། རོ་རྐྱང་གཉིས་ཀྱི་མར་སྣ་སྤུ་ནག་གུ་ལ་ཐུག་པ་ནི་དབུ་མར་འདུད་ནས་ཡོད་པ། ཡར་སྣ་སྣ་བུག་གཉིས་ན་ཡོད་པ་ནས་རླུང་ཞུགས་ནས་དབུ་མར་སོང་ནས་གསལ་བདེ་མི་རྟོག་པའི་ཡེ་ཤེས་སྐྱེ་བར་བསྒོམ་ཞིང་། སྟེང་འོག་གི་རླུང་ཁ་སྦྱར་ལ་མ་ཡེངས་པར་རླུང་གི་དབྱིབས་དང་ཁ་དོག་ལ་སེམས་གཟུང་ངོ་། །དེ་ཡང་དབྱར་མེ། སྟོན་རླུང་། དགུན་ཆུ། དཔྱིད་སའི་རླུང་རྒྱུ་བས། དེའི་གཉེན་པོར་གོ་བཟློག་པའམ། ནམ་མཁའི་རླུང་འབའ་ཞིག་གམ། ནད་ཁམས་དང་བསྟུན་ནས་གང་འཕྲོད་བསྒོམ་པའོ། །སའི་རླུང་སེར། ཆུའི་དཀར། མེའི་དམར། རླུང་གི་ལྗང་། ནམ་མཁའི་རླུང་མཐིང་ག་རྣམས་ཀྱི་དབྱིབས་ཀྱང་། གྲུ་བཞི་དང་། ཟླ་གམ་དང་། གྲུ་གསུམ་དང་། གཞུ་བདུངས་པ་ལྟ་བུ་དང་། ཀུན་ནས་ཟླུམ་པོར་བསྒོམ་པ་ཡིན་ནོ། །དེའང་རླུང་ཁ་སྦྱར་ནས། ཐུབ་ཐང་བཟུང་ནས་དལ་གྱིས་ཕྱིར་སོང་དུས། ལྷག་ཅུང་ཟད་བཟུང་ལ་སྔ་མ་བཞིན་ཁ་དོག་དང་དབྱིབས་དབུ་མའི་ནང་སྙིང་གི་ཐད་སོར་བསྒོམས་ནས་འཁོར་ལོ་བཞིའི་དབུས་སུ་ཡང་དེ་ལྟར་
བསྒོམ་མོ། །དེ་ལྟར་གཅིག་བརྟན་དུས། བདེ་ཆེན་འཁོར་ལོར་ཆུ་རླུང་། ལོངས་སྤྱོད་དུ་ས་རླུང་། སྙིང་ནང་དུ་ནམ་མཁའི་རླུང་། ལྟེ་བ་མེ་རླུང་རྣམས་ཀྱི་ཁ་དོག་དང་དབྱིབས་བསྒོམ་པར་བྱའོ། །དེས་ནི་རླུང་ལྔ་ལས་སུ་རུང་བའི་རྟགས་སུ། ནང་གི་ཤེས་པ་གསལ་ལ་རྟོག་པ་མེད་པ་དང་། སྣང་བ་སྣ་ཚོགས་ཀྱི་སྟོང་གཟུགས་མཐོང་བར་འགྱུར་རོ། །དེ་ཡང་གཡས་རླུང་དབུ་མར་ཚུད་པའི་རྟགས་སུ་སྣང་བ་དུ་བ་ལྟ་བུའོ། །གཡོན་རླུང་ཚུད་པས་སྨིག་རྒྱུ་ལྟ་བུའོ། །མེ་རླུང་ལ་མར་མེ་དང་འོད་འབར་བའོ། །ཆུ་རླུང་ལ་སྤྲིན་དང་། མཐོངས་ཁུངས་ཀྱི་ཟླ་བའི་འོད་ཟེར་ལྟ་བུའོ། །ས་རླུང་ལ་གསེར་གྱི་མདོག་དང་། གློག་ལྟ་བུའོ། །ནམ་མཁའི་རླུང་ལ་དང་པོར་མཐིང་ག་ལས་འོད་ལྔའི་ཐིག་ལེའོ། །ཐམས་ཅད་དབུ་མར་ལས་སུ་རུང་བའི་རྟགས་སུ་འོད་ལྔའི་འཇའ་ཚོན་དང་། ཐིག་ལེ་དང་། ལྷ་སྐུ་དང་། མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲ་བ་དྲ་ཕྱེད་དང་། པདྨ་ལ་སོགས་པ་འོང་ངོ་། །དེའི་དུས་སུ་འགྲོ་དྲུག་གི་འཁོར་ལོ་དྲུག་ཏུ་རླུང་སེམས་འདུས་པའི་རྟགས་སུ་ལྷ་དང་མི་དང་དམྱལ་བ་ཡི་དྭགས་ལྷ་མ་ཡིན་དང་། དུད་འགྲོ་ལ་སོགས་པའི་ཡུལ་དང་སྣང་བ་འཆར་ཞིང་། རང་ཡང་དེར་གྱུར་པའམ་ཕྱིན་པ་ལྟ་བུ་འབྱུང་སྟེ། གནས་སྦྱོངས་ཀྱི་གདམས་ངག་གིས་ཐམས་ཅད་འཁྲུལ་པར་ཤེས་ནས་སེམས་ཅན་ལ་སྙིང་རྗེ་བསྐྱེད་ཅིང་སྒྱུ་མ་རྨི་ལམ་ལྟ་བུར་ཐག་བཅད། དེ་ནས་གནས་འབྱམས་ལ་འགྲོ་བས། ལུས་གནད་དང་དམིགས་གནད་བསྒྱུར་ལ་བསྒོམ་མོ། །དེ་ལྟར་རླུང་གི་རྣལ་འབྱོར་གྱི་ཐབས་དེས་ཤེས་པ་གསལ་དངས་ཕྱེད་དུས། དེ་ཉིད་ཀྱི་ངོ་བོ་ཡོད་མེད་སྤྲོས་བྲལ་ནམ་མཁའ་ལྟ་བུར་ངོ་སྤྲད་ནས། གང་དུ་ཡང་དམིགས་པ་མེད་པ་བསྒོམས་ན་ཆོས་ཉིད་དོན་གྱི་ཡེ་ཤེས་ལྷག་མཐོང་གི་ངོ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་མཐོང་སྣང་ལ་དགག་སྒྲུབ་ཏུ་ཞེན་ན། ཕྱི་རོལ་པའི་ལམ་དང་ཁྱད་མེད་པས་སྣང་བ་འཛིན་མེད་ཀྱི་ཤེས་རབ་དང་མ་བྲལ་བ་གལ་ཆེ་སྟེ། ལང་ཀར་གཤེགས་
པ་ལས། སངས་རྒྱས་དང་ནི་བྱང་ཆུབ་ལ། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །བདག་མེད་པ་ལ་རྣམ་པར་བསྒོམ། །འོད་དང་པདྨོ་ལྟ་བུ་དང་། །རི་མོ་ནམ་མཁའི་འཇའ་འདྲ་མཐོང་། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་འཁྲིད་པར་བྱེད། །ཉན་ཐོས་དག་དང་རང་རྒྱལ་གྱི། །སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། །རྣལ་འབྱོར་སྣང་བ་མེད་གྱུར་པ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །སངས་རྒྱས་ཞིང་ནས་བྱུང་བ་ཡིས། །དེ་ཡི་མགོ་ལ་བྱུག་མཛད་དེ། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་སོ། །དེ་ལྟར་གནད་དུ་བསྣུན་པས་རླུང་གི་རེག་བྱ་དང་གྲངས་ལ་ཡང་བསླབ་བོ། །རེག་བྱ་ནི་འབྱུང་བ་སོ་སོའི་མཚན་ཉིད་བཞིན་བསྒོམས་ལ་གྲངས་ཕྲེང་བ་ལ་བགྲངས་པས་སྔར་བས་ཉུང་དུ་འགྲོ་སྟེ། ཇི་ཞིག་ན་ད་ལྟའི་རླུང་ཉིས་བརྒྱ་ལྔ་བཅུ་རྩ་བརྒྱད་ཀྱི་རིང་ལ། དེ་དུས་དབུགས་གཅིག་ལས་མི་རྒྱུ་ཞིང་། མཐར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐམས་ཅད་དབུགས་གཅིག་གི་རིང་ལ་འགག་སྟེ། རླུང་ལས་སུ་རུང་བའི་ཡོན་ཏན། ལུས་ཡང་བ་དང་། འཇག་མའི་རྩེ་ལ་སྐྱིལ་ཀྲུང་བཅའ་ནུས་པ་དང་། མངོན་ཤེས་དང་། རྫུ་འཕྲུལ་གྲུབ་པ་དང་། རྐང་མགྱོགས་ལ་སོགས་པའི་དངོས་གྲུབ་ཕྲན་ཚེགས་འགྲུབ་བོ། །དེའི་དུས་སུ་རང་བཞིན་གྱི་རླུང་ལྔ་དང་། དབང་པོ་ལྔ་ལ་རྒྱུ་བའི་རླུང་ཡང་དབང་དུ་འདུས་པའོ། །རང་བཞིན་གྱི་རླུང་ལྔ་ནི། སྲོག་རླུང་། མེ་མཉམ། ཁྱབ་བྱེད། གྱེན་རྒྱུ། ཐུར་སེལ་ལོ། །གནས་ནི་སྙིང་ག །ལྟེ་བ། ལུས་བྱིངས། རོ་སྟོད། རོ་སྨད་ན་གནས་སོ། །དབང་པོ་ལྔའི་རླུང་ནི། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་སོ་སོ་ལ་རྒྱུ་བའོ། །དེ་ནས་རྩོལ་བའི་སྦྱོར་བས་ཁམས་ལ་མ་བསླབས་ན། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་མི་འགྲུབ་པས། འདིར་དེ་བཤད་པ་ནི། དེ་ནས་ཁམས་ལ་བསླབ་པའི་རིམ་པ་ཡང་། །ཨ་ཤད་མེ་ཡིས་རི་བོང་ཅན་བཞུ་བས། །བདེ་ཆེན་ངང་ལ་མི་རྟོག་སྦྱངས་རྗེས་སུ། །འཁོར་ལོ་བཞི་དབུས་རྩ་གསུམ་སྟེང་འོག་ལས། །ཉི་ཟླའི་འགྲོས་ཅན་དབུ་མར་མཉམ་ཞུགས་ཏེ། །དབུས་སུ་རྣམ་འདྲེས་ཨེ་ཝཾ་ཟུང་
འཇུག་ནི། །ལྔ་ལྡན་ཆེས་ཕྲ་འོད་གསལ་ངང་ཉིད་ལས། །མཆོག་རབ་རྣམས་ལ་ནམ་མཁའི་གཟུགས་ཅན་ཏེ། །གཞན་ལ་མི་རྟོག་ཞི་གནས་འགྲུབ་པ་ཡིན། །འདི་ལ་གཏུམ་མོ་ཡེ་ཤེས་ཀྱི་འཁོར་ལོ། བདེ་ཆེན་ཆོས་ཉིད་ཀྱི་འཁོར་ལོ། རྩལ་སྦྱོངས་བོགས་འབྱིན་གྱི་འཁོར་ལོ་དང་གསུམ་དུ་གནས་པ་ལས། དང་པོ་དང་སྦྱར་ཏེ་བཤད་པ་ནི། ལུས་གནད་དང་རྩ་གསུམ་འཁོར་ལོ་བཞི་སྔར་དང་འདྲ་བ་ལས། ལྟེ་བའི་ཐད་ཀྱི་དབུ་མའི་ནང་ན། ཨ་ཤད་རེག་བྱ་ཚ་བ་རྟ་རྔ་ཙམ་ལས་མེ་འབར་བ་སྤྱི་བོ་བདེ་ཆེན་འཁོར་ལོ་ནས་ཧཾ་ཐུར་དུ་བལྟ་བ་ལ་རེག་པས། བྱང་ཆུབ་ཀྱི་སེམས་བབས་ཏེ། དབུ་མ་གང་བས་བདེ་བ་རྒྱས་པའི་ངང་ལ་དར་ཅིག་བསྒོམས་པས། རོ་མའི་དངས་མ་དཀར་པོ་དང་། རྐྱང་མའི་དམར་པོ་གཉིས་དབུ་མའི་ཡར་སྣ་མར་སྣ་ནས་ཞུགས་པ་སྙིང་གར་འདྲེས་ཏེ། བདེ་བ་དང་གསལ་བའི་ཨེ་ཝཾ་ཟུང་འཇུག་གི་ཉམས་སྐྱེའོ། །དེ་ནས་ཐིག་ལེ་གོང་བུ་འོད་ལྔའི་སྣང་བ་ལས་ཇེ་ཕྲར་གྱུར་པ་ལ་སེམས་གཏད་ནས་བསྒོམ་པ་ནི། བདེ་མཆོག་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོ། །དེ་ནས་མཐར་ཅི་ཡང་དམིགས་སུ་མེད་པར་བཞག་པས་དབང་པོ་ཡང་རབ་ཁ་ཅིག་དེ་ཉིད་དུ་འོད་གསལ་ནམ་མཁའ་ལྟ་བུའི་དོན་སྐྱེས་ནས། ཉིན་མཚན་འཁོར་ཡུག་གི་ཏིང་ངེ་འཛིན་ལ་གནས་པས་རྡོ་རྗེ་འཆང་གི་ས་འགྲུབ་བོ། །གཞན་རྣམས་ལའང་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེ་བ་ཡིན་ནོ། །གཉིས་པ་དང་སྦྱར་ཏེ་བཤད་པ་ནི། ལྟེ་བར་གཏུམ་མོ་ལས་མེ་བྱུང་སྟེ། སྤྱི་བོར་བཾ་གྱི་དབྱིབས་ཅན་གྱི་ཐིག་ལེ་ཟླུམ་པོ་ལ་ཕོག་པ་ལས། དངས་མ་དཀར་པོ་བབ། མི་རྟོག་པའི་བདེ་བ་སྐྱེས་ནས་སྙིང་གའི་དབུས་ན་ཨེ་མཐིང་ག་དང་སྤྱི་བོའི་བཾ་གཅིག་ཏུ་འདྲེས་པའི་གོང་བུ་སྲན་མ་ཙམ་ལ་སེམས་བཟུང་བ་དེ་ཡང་ཇེ་ཕྲར་གྱུར་ནས་མཐར་ཡིད་ལ་མི་བྱེད་པའི་ངང་ལ་གཞག་གོ །ཐབས་འདིས་རིག་པ་འོད་གསལ་དུ་སོང་ནས་སྟོང་གསལ་སྤྲོས་བྲལ་ནང་དུ་སྐྱེ་ཞིང་། སྣང་
བ་འོད་ལྔར་གསལ་བ་དང་། རིག་པ་ལས་གཞན་པའི་སེམས་སེམས་བྱུང་འགགས་ཏེ། ཞི་གནས་སུ་སོང་བ་དག་དུས་མཉམ་དུ་འབྱུང་བ་ཡིན་ནོ། །གསུམ་པ་དང་སྦྱར་ཏེ་བཤད་པ་ནི། ཆགས་བྲལ་རྣམས། རླུང་དང་ཁམས་གཉིས་དུས་མཉམ་ཟུང་འཇུག་ཏུ་བྱེད་པས། ལྟེ་བར་མེ་རླུང་ཨེའི་རྣམ་པ་ལས་ཧཾ་ཞུ་ནས། དབུ་མ་དང་འཁོར་ལོ་བཞི་ལ་ཁྱབ་པར་རླུང་སེམས་ཀྱི་ཐིག་ལེ་དཀར་པོ་ཐུར་འབབ་དང་དམར་པོ་གྱེན་འགྲོ་གཉིས་སྙིང་གར་འདྲེས་པས། ཡེ་ཤེས་ལྔའི་ངོ་བོ་སྤྲོས་བྲལ་དུ་བསྒོམ་ཞིང་། བསྒོམ་པ་དེ་ཡང་ཡིད་ལ་མི་བྱེད་པར། ནམ་མཁའི་གཟུགས་ཅན་གཉུག་མ་ལྷན་ཅིག་སྐྱེས་པ་ནང་དུ་ཤར་དུས། རྟོག་པ་ཆོས་ཉིད་དུ་ཞི་བར་གནས་པ་ཡིན་ནོ། །ཆགས་ཅན་ལས་ཀྱི་ཕྱག་རྒྱ་དང་སྦྱོར་ཏེ་བཤད་པ་ནི། ལྷན་ཅིག་རོལ་པ་ལས། ལྷ་མོའི་པདྨོའི་ཁོང་གསེང་ཨེའི་དབྱིབས་ཅན་ནས་དགའ་བའི་མེ་གཡོས་པས། ཡབ་ཀྱི་རི་བོང་ཅན་ཧཾ་འཛག་པའི་ངང་ལ་དར་ཅིག་བློ་གནས་པ་ནི་དགའ་བའོ། །དེ་ནས་སྤྱི་བོ་ནས་མགྲིན་པར་གཡོས་པ་ཉིད་སྙིང་གར་བབས་པ་ནི་མཆོག་དགའ་འོ། །ལྟེ་བའི་བར་ནི་དགའ་བྲལ་ལོ། །གསང་བར་བབ་པ་ནི་ལྷན་ཅིག་སྐྱེས་དགའ་འོ། །རྡོ་རྗེ་ནོར་བུའི་བུམ་པར་བརྟན་པ་ལ། ཇི་སྲིད་འདོད་པར་མཉམ་པར་གཞག་པ་ནི་ཟླ་བའི་འགྲོས་ཅན་སྟེང་ནས་འོག་ཏུ་འགྲོ་བ་ཡས་བརྟན་གྱི་དགའ་བ་བཞིའོ། །སླར་ཡང་ཡུམ་གྱི་དངས་མ་དྲངས་ཏེ། གསང་བ་ནས་ལྟེ་བའི་བར་སླེབ་པ་དགའ་བའོ། །སྙིང་གའི་བར་མཆོག་དགའ་འོ། །དེ་ནས་མགྲིན་པའི་བར་ལྷན་ཅིག་དགའ་བྲལ་ཞེས་བྱའོ། །དེ་ནས་སྤྱི་བོའི་བར་ལྷན་ཅིག་སྐྱེས་དགའ་འོ། །དེ་ནས་གཅིག་དང་དུ་མ་མེད་པའི་ངང་དུ་བློ་གནས་པ་ནི། ཆོས་ཉིད་ནམ་མཁའི་གཟུགས་ཅན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་གནས་པའོ། །དེའི་ཚེ་ཡབ་ལ་འོད་གསལ་ཤར་བ་ལས་གཞན་ཡུམ་ལ་མི་རྟོག་པའི་བདེ་བ་དར་གཅིག་གནས་སོ། །འདི་ནི་གསང་སྔགས་ཆེན་པོ་ཡོངས་སུ་གྲུབ་པ་དག་གིས་ཐབས་ཀྱི་སྙིང་པོར་གསུངས་ཏེ། སྐལ་བ་ཅན་འགའ་ཡི་
ལམ་ཡིན་གྱིས། ཐམས་ཅད་ཀྱི་ནི་མ་ཡིན་ཏེ། རླུང་སེམས་འཛག་མེད་ལ་དབང་མ་ཐོབ་པའི་ཕྱིར་རོ། །ཁྱད་པར་དུ་ཚངས་པར་སྤྱོད་པས་མི་བྱ་སྟེ། ཕས་ཕམ་པས་གོས་པར་འགྱུར་ཏེ་ལམ་སྒྲོན་ལས། གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་སོ། །མདོ་རྒྱུད་ཐབས་མཐུན་པར་སྦྱར་བ་ནི། མདོ་དང་བསྟན་བཅོས་དག་ལས་རླུང་དང་ནི། །ཕྱི་རོལ་དམིགས་པའི་རྟེན་ལ་སེམས་བཟུང་བས། །ཞི་གནས་སྒྲུབ་དང་འདི་ནི་མཚུངས་པར་བསྟན། །ཁ་ཅིག་རྩ་རླུང་ཕྱི་རོལ་པ་ལའང་ཡོད་པའི་ཕྱིར་ལམ་དམན་པའོ་སྙམ་ན། ཉི་མའི་སྙིང་པོའི་མདོ་དང་། མཛོད་ལ་སོགས་པ་ཐེག་པ་ཆེ་ཆུང་གི་མདོ་དང་བསྟན་བཅོས་དག་ལས། རྣམ་རྟོག་གི་གཉེན་པོར་རླུང་བསྒོམས་པས། ཏིང་ངེ་འཛིན་སྐྱེ་བར་གསུངས་པ་དེ་ཡང་དམན་པར་འགྱུར་རོ། །དེས་ན་ཏིང་ངེ་འཛིན་སྐྱེ་བའི་ཐབས་སུ་མདོ་རྒྱུད་ཀུན་མཐུན་པས་འགལ་བ་མེད་པ་ཡིན་ནོ། །ད་ནི་ཐབས་དེས་འགྲུབ་པའི་རང་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ལ་ཡོད་པ་ཤར་བ་ཉིད་ངོ་སྤྲད་པ་ནི། ཐབས་དེས་འགྲུབ་པའི་ལྷག་མཐོང་ཡེ་ཤེས་ནི། །གསལ་བདེའི་ངང་དེར་གནས་དང་མི་གནས་དང་། །ཡོད་མེད་ཡིན་མིན་མཚོན་བརྗོད་འདས་པའི་མདངས། །རང་རིག་སྤྲོས་བྲལ་དངས་གསལ་ལྷག་གེ་བ། །རྒྱ་ཆད་ཕྱོགས་མེད་ནམ་མཁའ་ལྟ་བུ་ལ། །དངས་གསལ་མི་གཡོ་ཉི་ཟླའི་དཀྱིལ་འཁོར་བཞིན། །ཀུན་རྟོག་རྙོག་བྲལ་རྒྱ་མཚོ་ལྟ་བུ་སྟེ། །རང་བྱུང་ཡེ་ཤེས་སེམས་ཉིད་འོད་གསལ་དུ། །དམ་པ་རྣམས་ཀྱིས་ངོ་སྤྲད་ཆོས་ཀྱི་སྐུ། །ལྷན་ཅིག་སྐྱེས་ཏེ་རྟག་ཏུ་བསྒོམ་པར་བྱ། །བདག་ཅག་གི་བླ་མ་དམ་པ། དཔལ་ལྡན་ཆོས་ཀྱི་རྗེ་རིན་པོ་ཆེ་བ་ནི་ཕྱག་རྒྱ་ཆེན་པོ་བཞི་པའི་ཡེ་ཤེས་འདི་ལྟར་བཞེད་དེ། སྔར་རླུང་གི་དུས་གསལ་བའི་རིག་པ་རྟོག་མེད་དང་ཐིག་ལེའི་དུས་བདེ་བའི་རིག་པ་གསལ་བ་གཉིས་ཀྱི་ངང་དེ་ན། རང་གི་རིག་ངོ་དེ་ལ་ཆེར་གྱིས་བལྟས་པས། བདེ་གསལ་མི་རྟོག་ཙམ་དུའང་གནས་མི་གནས་སུ་
མི་འདུག །གསལ་སྟོང་རང་རིག་གི་ངོ་བོར་ཡིན་མིན་དང་ཡོད་མེད་དུ་མི་འདུག །དཔེས་མི་མཚོན་བསམ་བརྗོད་ལས་འདས་པའི་དོན་རང་སངས་རང་རིག་དྭངས་ལ་མི་གཡོ་བ་རྒྱ་མཚོ་ལྟ་བུ། གསལ་ལ་རྟོག་པ་མེད་པ་ཉི་ཟླའི་དཀྱིལ་འཁོར་ལྟ་བུ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ལྟ་བུ། སེམས་དང་སེམས་བྱུང་གི་སྤྲོས་པ་ཞི་བའི་རང་རིག་དེ་ཉིད་ཆོས་སྐུ་ཕྱག་རྒྱ་ཆེན་པོ་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲོད་མཛད་ཅིང་རྫོགས་པ་ཆེན་པོ་དང་། དབུ་མ་ཆེན་པོ་དང་། སྦྱོར་བ་ཡན་ལག་དྲུག་གི་སྙིང་པོ་དང་། ལམ་འབྲས་བུ་དང་བཅས་པའི་ངོ་བོ་དང་། སྤྲོས་པ་མ་ལུས་ཞི་བའི་ཞི་བྱེད་དང་། གནས་ལུགས་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཡིན་ནོ་གསུང་། ཁོ་བོས་ཀྱང་ཉམས་སུ་མྱོང་བ་ཅུང་ཟད་སྐྱེས་པའི་དོན། མདོ་རྒྱུད་ན་དེ་ལྟར་བཞུགས་པ་ལེགས་པར་མཐོང་སྟེ། གསང་བ་འདུས་པ་ལས། བསྒོམ་པ་མེད་པ་བསྒོམ་པ་དངོས། །བསྒོམས་པ་ཉིད་ནི་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་དང་། བསམ་གྱིས་མི་ཁྱབ་པའི་རིམ་པ་ལས། རྟག་དང་ཆད་པའི་བྱེ་བྲག་རྣམས། །ཡང་དག་དོན་དུ་གཉིས་མེད་གཟིགས། །དངོས་པོ་དང་ནི་སྟོང་པ་ཉིད། །གཉིས་སུ་མེད་པར་མཉམ་པར་བསྒོམ། །ཀུན་རྫོབ་དོན་དམ་ཐ་དད་དང་། །གཉིས་དང་གཉིས་མིན་ལས་འདས་པ། །ཐབས་དང་ཤེས་རབ་རྣལ་འབྱོར་ཆེ། །རོ་གཅིག་གཉིས་སུ་མེད་པར་བརྗོད། །རང་བཞིན་མེད་པའི་རང་བཞིན་གྱི། །ཤེས་རབ་ཆར་ནི་ཡང་དག་གནས། །ཞེས་པ་དང་། གསང་བ་གྲུབ་པ་ལས། ཤེས་རབ་ལྷ་མོ་བླ་ན་མེད། །འདི་ནི་ཕ་རོལ་ཕྱིན་ཞེས་བརྗོད། །གལ་ཏེ་ཤེས་ནས་བསྒོམ་གྱུར་ན། །སེམས་ཅན་ཀུན་ལས་རྣམ་གྲོལ་འགྱུར། །ཞེས་པ་དང་། བསམ་གྱིས་མི་ཁྱབ་པའི་རིམ་པ་ལས། རང་བཞིན་རྣམ་དག་མ་གོས་པ། །གཉིས་མེད་དོན་ནི་དམ་པ་གང་། །མ་སྐྱེས་པ་དང་མི་འཇིགས་པ། །དེ་ནི་ཕྱག་རྒྱ་ཆེན་པོ་ཉིད། །ཅེས་པ་དང་།
ཡེ་ཤེས་གྲུབ་པ་ལས། ཀུན་ཏུ་བཟང་པོ་ཞེས་བཤད་ཅིང་། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །མེ་ལོང་ཡེ་ཤེས་ཞེས་བྱ་སྟེ། །འདི་ནི་ཆོས་སྐུར་ཤེས་པར་བྱ། །ཞེས་པ་དང་། རིན་པོ་ཆེའི་འཁོར་ལོ་ལས། གཞི་རྩ་མེད་པའི་ཡེ་ཤེས་ནི། །རང་བཞིན་དག་པའི་ལྟ་བ་ཡིན། །ཞེས་པ་དང་། བདེ་མཆོག་ལས། གང་ཕྱིར་དངོས་དང་དངོས་མེད་པ། །འོད་གསལ་སྤྲོས་དང་བྲལ་བའི་དོན། །ལྷན་ཅིག་སྐྱེས་གང་ཤེས་པར་བྱ། །ཞེས་པ་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཀུན་ཏུ་རྟོག་པས་མ་བརྟགས་པ། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མེད། །དམིགས་པ་མེད་ལ་ཕྱག་འཚལ་འདུད། །ཅེས་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། དམིགས་པ་མེད་ཅིང་མཚན་མ་མེད། །རྣམ་རྟོག་མེད་ཅིང་སྤྲོས་པ་མེད། །སྐྱེ་མེད་དེ་ནི་དེ་བཞིན་ཉིད། །ཅེས་པ་དང་། ཡུམ་ལས། རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་ཟབ་ཅིང་སྤྲོས་པ་མེད་པའོ། །ཞེས་པ་ལ་སོགས་པའི་བཀའ་ལུང་གིས་ཡིད་ཆེས་པ་ཡིན་པས། ཐར་པ་འདོད་པའི་མཁས་པ་དག་གིས་རྟག་ཏུ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པའི་རྣལ་འབྱོར་པ་ལ་རོལ་པ་སེམས་ཀྱི་རྒྱན་དུ་ངོ་སྤྲོད་པ་ནི། མཚན་མའི་རྣམ་རྟོག་གང་དང་གང་ཤར་ཡང་། །གནས་ལུགས་ངང་དེར་ཆུ་ལ་རླབས་བཞིན་གྲོལ། །གློད་པས་རང་བཞིན་ངང་དངས་མ་ཤོར་གཅེས། །དེ་ལྟར་ཟབ་ཞི་སྤྲོ་བསྡུ་མེད་པ་རྒྱ་མཚོ་དང་འདྲ་བའི་ངང་ལ་བསྒོམ་དུས་ཡུལ་ལ་འཕྲོ་བའི་རྟོག་པ་ཤར་ན། ཤར་བ་ངོས་བཟུང་ལ་རྗེས་མི་འབྲང་། ངོ་བོ་མི་དགག །རང་ཞི་ལ་གློད་ནས། བསྒོམ་པ་སྔ་མའི་ངང་དངས་མ་ཤོར་བར་བྱས་པས། རྣམ་རྟོག་རྦ་རླབས་འདྲ་བ་འོད་གསལ་གྱི་ངང་དེར་རང་ཞིར་འགྲོ་སྟེ། སེམས་ཉིད་ལས་བྱུང་ཞིང་དེའི་ངང་དུ་གྲོལ་བའི་ཕྱིར་ཐ་དད་མེད་པའོ། །བྲམ་ཟེ་ཆེན་པོས་གཉུག་མ་རྡོ་རྗེའི་མགུར་བཞེངས་པ། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་བདག་ཉིད་དེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་པ་དང་། ཆུ་དང་མར་མེ་རང་གསལ་གཅིག་
པུར་ཞོག །འགྲོ་འོང་ང་ཡིས་མི་ལེན་མི་འདོར་རོ། །ཞེས་པ་དང་། ཀུན་བྱེད་རྒྱལ་པོ་ལས། བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་དང་། །མ་ཡེངས་རེ་དོགས་ཆད་ན་སྒོམ་པ་ཡིན། །ཞེས་པ་དང་། སྐྱེ་བ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །སེམས་དང་སེམས་བྱུང་མཚན་མ་ཅི་སྐྱེས་ཀྱང་། །གང་ལྟར་འདི་ལྟར་གཞག་ཅེས་མི་དམིགས་པར། །གཞི་གཞག་དེ་ལྟར་བཞག་ན་ཡེང་བ་མེད། །ཅེས་སོ། །དེའང་ལས་དང་པོ་པ་ཡེངས་ན་དེ་མ་ཐག་རྟོགས་པ་སྔ་མའི་ངང་ལ་བཞག་སྟེ། མདོ་སྡེ་རྒྱན་ལས། དམིགས་པ་ཉིད་ལ་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །སླར་ཡང་དེ་ལ་བླན་པར་བྱ། །ཞེས་སོ། །ཇི་ལྟར་བསྒོམ་པ་ཡང་། མ་བྱིང་མ་རྨུགས་རྒོད་པར་མ་གྱུར་ཅིང་། །མ་ཆགས་མི་གཡོ་རྒྱུ་བ་ཀུན་དང་བྲལ། །བསམ་གཏན་དངས་པས་ཤེས་རབ་རྒྱུན་ཆད་མེད། །རང་བྱུང་ཡེ་ཤེས་ལྷན་ཅིག་སྐྱེས་པ་བསྒོམ། །འདི་ནི་ཡང་ཟབ་སྙིང་པོའི་གདམས་པ་ཡིན། །རླུང་ངམ། ཁམས་སམ། རིག་པ་གང་བདེ་རང་བབས་སུ་བསྒོམ་པ་གང་གི་དུས་ནའང་། ཤེས་པ་མ་བྱིང་བ་མ་རྨུགས་པ། རྟོག་པ་མི་རྒོད་པ། སྒོམ་ཉམས་ལ་མ་ཆགས་པ། ངང་ལས་མི་གཡོ་བ། དབུགས་འབྱུང་རྔུབ་ཀྱི་རྒྱུ་བ་མི་ཚོར་བ། དངས་གསལ་ཕྱེད་ལ་རྟོག་པས་མ་བསླད་པར་བསྒོམ་མོ། །དེའང་རྟོག་དཔྱོད། དགའ་བདེ་ལ་ཆགས་པ། དབུགས་འབྱུང་རྔུབ་རྣམས་བསམ་གཏན་གྱི་སྐྱོན་ཡིན་ནོ། །དབུགས་ནི་རྒོད་པའི་ཕྱིར། རྣམ་རྟོག་གི་རྟ་ཡིན་པས་སྐྱོན་དུ་གཞག་གོ །དེ་ལྟར་གཏིང་གསལ་གྱི་ངང་ལ་གནས་དུས། རང་བྱུང་འོད་གསལ་གྱི་ཤེས་རབ་དང་དབྱེར་མེད་པས་ཤེས་རབ་རྒྱུན་ཆད་མེད་དེ་དོན་འདི་རྟག་ཏུ་བསྒོམ་མོ། །དེ་ལྟར་བསྒོམ་པ་རྫོགས་པ། དེ་ལས་སྤྱན་དང་མངོན་ཤེས་སྐྱེ་འགྱུར་ཞིང་། །ཉིན་མཚན་ཏིང་འཛིན་ཕྱད་པར་འགྲོ་བ་དང་། །གཟུངས་སྤྲིན་ཡེ་ཤེས་ཉི་མ་ཁོང་ནས་འཆར། །མ་ནོར་བའི་ཏིང་ངེ་འཛིན་འདི་ཉིད་གོམས་པ་ལས། ཆུ་དངས་པར་གཟུགས་བརྙན་སྣང་བ་ལྟར། རིག་པ་དངས་
པའི་ཆ་ལས་མངོན་པར་ཤེས་པ་དང་། རི་དང་ཁང་པས་བར་དུ་ཆོད་བཞིན་དུ་ཕ་རོལ་གྱི་ཡུལ་ལ་སོགས་པ་དངོས་སུ་མཐོང་བའི་རྫུ་འཕྲུལ་གྱི་སྤྱན་སྒྲིབ་པ་མེད་པ་དང་། ཉིན་མཚན་ཁོར་ཡུག་ཏིང་ངེ་འཛིན་གཅིག་གིས་འདའ་བ་དང་། ཚིག་དོན་རྒྱ་ཆེན་པོ་མི་བརྗེད་པའི་གཟུངས་དང་། ཞི་གནས་དང་ལྷག་མཐོང་གི་ཡེ་ཤེས་ཁོང་ནས་འཆར་རོ། །ཐབས་འདིས། རྩ་རླུང་ལས་རུང་ཡོན་ཏན་ཚོགས་འཕེལ་བས། །ས་རྣམས་གོང་བགྲོད་གྲུབ་པ་རྣམ་གཉིས་ཐོབ། །དེ་ཕྱིར་འདི་འདྲའི་གནད་ལ་གོམས་པར་མཛོད། །རྩ་དང་རླུང་ལས་སུ་རུང་བས། ལུས་སེམས་ལ་དགའ་བདེ་དང་། ཏིང་ངེ་འཛིན་དང་། སྤྲུལ་བསྒྱུར་ལ་སོགས་པའི་ཡོན་ཏན་མང་པོ་ཐོབ་ཅིང་། ས་དང་ལམ་གྱི་ཡོན་ཏན་དཔག་ཏུ་མེད་པ་དག་ཀྱང་ཐོབ་ལ། གནས་སྐབས་ཀྱི་གྲུབ་པ། ཐུན་མོང་གི་དངོས་གྲུབ་བརྒྱད་དང་། མཐར་ཐུག་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་ས་འཐོབ་བོ། །གྲུབ་པ་བརྒྱད་ནི། མཁའ་སྤྱོད་རལ་གྲི་རི་ལུ་དང་། །རྐང་མགྱོགས་བུམ་པ་གནོད་སྦྱིན་ཁོལ། །བཅུད་ལེན་དང་ནི་མིག་སྨན་ནོ། །དེ་ལ་མཁའ་སྤྱོད་ནི་མི་འཆི་བར་ནམ་མཁའ་ལ་གནས་ནུས་པའོ། །རལ་གྲི་ནི། དེས་དགྲའི་དཔུང་དུ་མ་འཇོམས་ནུས་པའོ། །རི་ལུ་ནི་སྨན་འགའ་ཞིག་བསྒྲུབས་པ་དེ་ལག་ཏུ་ཐོགས་པས་ལུས་མི་སྣང་བའོ། །རྐང་མགྱོགས་ནི། མཆིལ་ལྷམ་གྲུབ་སྟེ་གྱོན་པས་ཡུད་ཙམ་ལ་རྒྱ་མཚོའི་མཐའ་འཁོར་བའོ། །བུམ་པ་ནི་དེའི་ནང་དུ་ཟས་ནོར་གོས་ལ་སོགས་པ་ཡོ་བྱད་ཟད་མི་ཤེས་པ་འབྱུང་ངོ་། །གནོད་སྦྱིན་ཁོལ་པོ་ནི། དེས་བྲན་བྱེད་པས་ཅི་བསྒོ་བ་སྒྲུབ་ཅིང་། མི་འབུམ་ཕྲག་གིས་བསྒྲུབ་དགོས་པའི་བྱ་བ་ཉིན་གཅིག་ལ་འགྲུབ་པའོ། །བཅུད་ལེན་ནི་ཚེ་ཉི་ཟླ་དང་མཉམ། སྟོབས་གླང་པོ་དང་མཉམ། མདངས་པདྨ་དང་མཉམ། ལྡང་བ་ཤིང་བལ་ལས་ཡང་བའོ། །མིག་སྨན་ནི་མིག་ལ་བྱུགས་པས་ས་འོག་གི་གཏེར་ལ་སོགས་པ་མཐོང་བའོ། །ད་ནི་ཚུལ་གཞན་གྱི་ལོག་རྟོག་དགག་པ་ནི། གང་ལ་གནད་མེད་སྤྲོས་བྲལ་ཚིག་ཏུ་ཤོར། །རྟོག་པའི་བཟོ་རྒྱས་
མཐའ་བྲལ་གདེང་བཅས་ཏེ། །རྣམ་རྟོག་ཅི་སྐྱེས་སྐྱེ་འགག་གྲངས་བཏབ་ཀྱང་། །གནས་ལུགས་དོན་དང་རྒྱང་རིང་གནམ་ས་བཞིན། །དེང་སང་གི་བསམ་གཏན་པ་ཁ་ཅིག་ད་ལྟའི་རིག་པ་འོལ་འགྱུ་འཕྲེང་གསུམ་པོ་འདི་སྤྲོས་བྲལ་ཡིན་པས། གང་ཤར་ཅི་འགྱུས་སེམས་སུ་ངོ་ཤེས་ན་དེས་ཆོག་ཅེས། སྐྱེ་འགག་གྲངས་སུ་འདེབས་པ་རྣམས་ཀྱང་། གནས་ལུགས་ཀྱི་དོན་དང་གནམ་ས་བས་ཀྱང་རིང་བ་ཡིན་ནོ། །ཡང་མུན་པ་ཅན་ཁ་ཅིག །ཟང་ཐལ་ཆིག་རྫོགས་འབྲེལ་ཐག་ཆོད་པ་ཡི། །ས་ལེ་ཧྲིག་གེ་བར་མཚམས་ངོས་བཟུང་ནས། །དོན་མཐོང་འདོད་པས་དོན་མེད་ཕྱིན་ཅི་ལོག །ཡང་ཁ་ཅིག་ད་ལྟའི་ཤེས་པ་ཟང་ཐལ་ཆིག་རྫོགས་ཀྱི་ངོ་བོ་རྗེན་པ་འདི་ལ། སྐད་ཅིག་གང་ཤར་འབྲེལ་ཐག་ཆད་དེ་བར་མེད་ཧ་རེ་བ་གང་དུའང་མ་གྲུབ་པ་དེ་དོན་རང་བྱུང་གི་ཡེ་ཤེས་ཡིན་པས། དེའི་ངང་ལ་འཕྲོ་གནས་ཅི་བྱུང་ཡང་ས་ལེ་ཧྲིག་གེ་ཉམས་སུ་ལེན་པ་ཡང་ཡིད་ཆེས་པའི་རྒྱུད་ལུང་དངོས་ནི་མེད། གཞན་དག་དེའི་ར་མདར་བློག་ནས་ངེས་ཤེས་བྱེད་དེ། སྙན་རྒྱུད་ཡིན་ཡང་དོན་དང་མ་འབྲེལ་བས་ཕྱིན་ཅི་ལོག་ཏུ་སྣང་ངོ་། །ཅིའི་ཕྱིར་ཞེ་ན། སྐད་ཅིག་ཡུད་ཙམ་ངོས་གཟུང་འགྱུར་བའི་ཕྱིར། །སྔ་ཕྱི་བསྒོམ་མིན་བར་དེར་སུ་ཡིས་བཅུག །དེ་འདྲའི་ལམ་ངན་མདོ་རྒྱུད་དང་འགལ་བས། །ཐར་པ་འདོད་ན་རིང་དུ་སྤང་བར་བྱ། །མ་འགགས་མ་སྐྱེས་ངོས་བཟུང་བའི་བར་དེར་བསྒོམ་དུ་འགའ་ཞིག་གིས་བཅུག་པ་མེད་དེ། དེ་གསུམ་རིག་པར་མཚུངས་ན། བླང་དོར་གཉིས་བྱེད་པའང་མདོ་རྒྱུད་དང་འགལ་བས་སྤང་བྱ་ཁོ་ནའོ། །ཡང་ཁ་ཅིག །རབ་ཀྱིས་སོར་གཞག་འབྲིང་གིས་ངང་ལ་བསྐྱངས། །ཐ་མས་སོ་སོར་རྩལ་སྦྱངས་ཞེས་སྨྲ་བ། །མུན་པའི་བློ་ཅན་སྔོན་མེད་གླང་ཆེན་ཞིག །གང་ཡང་ཡིད་ལ་མི་བྱེད་པ་དེ་གཅིག་པུས་ཆོག་སྟེ། བྱས་པས་ལན་པ་ཡིན། དེས་ན་རབ་ཀྱིས་ད་ལྟའི་ཤེས་པ་རང་སོར་ཐ་མལ་དུ་བཞག །འབྲིང་གིས་སྐྱོན་ཡོན་ཕྱེད་ནས་ས་ལེ་ཧྲིག་གེའི་ངང་ལ་བསྒོམས་པས་ཕྱིས་
འཆར། ཐ་མས་འགྱུ་བའམ་གནས་པ་གང་རུང་གཅིག་ནས་བསྐྱངས་པས། ཕྱིས་འབྲིང་དང་རབ་ཏུ་འགྱུར་ཞེས་མུན་པ་ཅན་དག་སྨྲའོ། །གཤིས་ལ་དེ་གསུམ་གང་གནས་པ་ཡིན། མི་གནས་པ་བསྒོམས་ནས་གཟོད་གནས་སུ་རེ་ན་མི་སྲིད་དེ། སོལ་བ་ནག་པོ་ལས་གཞན་དུ་མི་འགྱུར་བ་བཞིན་ནོ། །སོར་གཞག་ཀྱང་རབ་མ་ཡིན་ཏེ། འཁོར་བ་བརྒྱུད་དུས་དེ་འབའ་ཞིག་ཡོད་པས་འཁོར་བ་དང་། ཐ་མལ་པ་ཡང་གྲོལ་བར་རིགས་པ་དང་། གཞག་བྱ་འཇོག་བྱེད་འགལ་བས་མ་གྲུབ་པ་དང་། གཏི་མུག་ལུང་མ་བསྟན་ལ་སྒོམ་དུ་རེ་བ་ཁྱོད་ལ་ཆོས་ཀྱི་སྐལ་བ་མེད་པ་ཞིག་སྟེ། ཕྱི་རོལ་པས་ཀྱང་དེ་སྐད་མི་སྨྲ་བས། སྔོན་མེད་པའི་གཉིས་འཐུངས་འགྱིང་བ་ཞིག་གོ །ལམ་ཡང་དག་པར་ཚོགས་གཉིས་ཐབས་ཤེས་སུ་འབྲེལ་དགོས་ན། དེ་མེད་པས་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པ་སྟེ། བྱང་ཆུབ་འདོད་ན་དེ་ལས་བཟློག་དགོས་པར་ཤེས་པས། མདོ་རྒྱུད་གཟིགས་ལ་སྤོངས་ཤིག་ཅེས་གདམས་པ་ཡིན་ནོ། །དེས་ན་ལམ་ངན་རྣམས་སྤང་བར་དོན་བསྡུ་བ་ནི། གཞུང་ལུགས་ཀུན་ལས་མི་རྟོག་ཡེ་ཤེས་མཆོག །ཟབ་ཞི་སྤྲོས་བྲལ་གནས་ལུགས་བསྒོམ་པར་གསུངས། །དེ་དང་འགལ་གྱུར་ལམ་ངན་ཇི་སྙེད་པ། །དེང་སང་དར་བས་ཐར་འདོད་རྣམས་གྱིས་སྤང་། །བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་ཆེན་པོ་རྣམས་དང་། ཟབ་མོའི་མདོ་སྡེ་དག་ཏུ་དངོས་གཞིའི་བསྒོམ་པ་སེམས་དང་སེམས་བྱུང་རབ་ཏུ་ཞི་བའི་ངོ་བོ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་བསྒོམ་པར་གསུངས་ཏེ། རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་གཅིག་པུར་ནགས་སུ་གནས་པར་བྱ། །ཞེས་པ་དང་། རྡོ་རྗེ་བཀོད་པ་ལས། འོད་གསལ་བ་ཡི་ཡེ་ཤེས་ནི། །སེམས་དང་སེམས་བྱུང་ཀུན་དང་བྲལ། །བསམ་མེད་བརྗོད་པ་ལས་འདས་པ། །མཐའ་བྲལ་ནམ་མཁའ་ལྟ་བུའོ། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། ཞི་བའི་
བློ་གྲོས་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་ནི། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། ཞེས་སོ། །སངས་རྒྱས་ཀྱི་དངོས་གཞིའི་ལམ་འོད་གསལ་སྤྲོས་བྲལ། རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པར་མདོ་དང་སྔགས་མཐུན་པས་ན། དེ་དང་འགལ་ན་ཐུབ་པའི་བསྟན་པ་དམ་པའི་ཆོས་ཟབ་མོའི་དགོངས་པ་མ་ཡིན་པར་ཤེས་པར་བྱའོ། །འདིར་གཞན་འདོད་ལ་དགག་པ་བྱས་པས་སྡིག་ཏོ་འབྱུང་ངོ་སྙམ་ན་མ་ཡིན་ཏེ། ལམ་ངན་ལས་འགྲོ་བ་བཟློག་པས་བསོད་ནམས་ཆེར་ཐོབ་པའི་ཕྱིར་ཏེ། ཕྱི་རོལ་པའི་ལམ་ནང་པས་བཀག་པ་བཞིན་ནོ། །རང་གཞན་གྱི་གྲུབ་མཐའ་སྨོད་པ་ནི། སྡང་སེམས་ཡོད་པས་ཡིན་རུང་མིན་རུང་སྨད་པ་ལ་ཟེར་ལ། འདིར་བཟང་སེམས་ཀྱིས་ཆོས་དང་ཆོས་མིན་ཤེས་ནས་བླང་དོར་ལ་བཀོད་པས་ཉེས་པ་མེད་དེ། རྩ་ལྟུང་གི་འགྲེལ་པ་ལས། ལྟ་བ་འོག་མ་དག་གོང་མ་ལ་གཟུད་པ་དང་། འདུལ་བའི་བསམ་པས་གཞན་དུ་གྲུབ་མཐའ་སྨོད་པ་ནི་ཉེས་པ་མེད་དེ། བསོད་ནམས་ཀྱང་མང་དུ་འཕེལ་ལོ་ཞེས་པ་དང་། བཞི་བརྒྱ་པ་ལས། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པའི་དོན་དུ་གསུངས་པ་མིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་བསྲེག །ཅེས་པ་དང་། འཇུག་པ་ལས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་ཞིག་པར་གྱུར་ལ་ཉེས་པ་མེད། །ཅེས་པ་དང་། མདོ་སྡེ་རྒྱན་ལས། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོགས་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་སོ། །ད་ནི་ཏིང་ངེ་འཛིན་གྱི་བསྒོམ་པའི་རྗེས་ཐོབ་ཀྱི་ཆོས་ནི། མཉམ་གཞག་དངོས་གཞིའི་ངང་ལས་ལངས་མ་ཐག །སྒྱུ་མར་ཤེས་པས་གཞན་དོན་བསྔོ་བར་བྱ། །རྗེས་སྣང་སྣང་སྲིད་དཀྱིལ་འཁོར་ཤེས་བྱ་སྟེ། །སྒྱུ་མའི་དཔེ་བརྒྱད་ཚུལ་གྱིས་སྤྱད་པར་བྱ། །བསྐྱེད་རྫོགས་བསྒོམ་པའི་མཉམ་
བཞག་ལས་ལངས་པའི་ཚེ། ཐམས་ཅད་སྒྱུ་མར་ཤེས་པས་བསྔོ་བར་བྱས་ལ། འགྲོ་ཉལ་ཟ་འཆག་ལ་སོགས་པའི་སྣང་བ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་ཤེས་པས། དཀྱིལ་འཁོར་གྱི་སྣང་བ་དང་མི་འབྲལ་བར་བྱའོ། །སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཆོས་ཚུལ་འདི་དག་སྒྱུ་མ་སྨིག་རྒྱུ་དང་། །གར་མཁན་མཚོན་འདྲར་གང་གིས་རྟོགས་གྱུར་པ། །བསོད་ནམས་ཞིང་རབ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། དུས་འཁོར་རྩ་རྒྱུད་ལས། འདི་དག་འཁྲུལ་པའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །ཞེས་སོ། །སྤྱིར་ཐེག་པ་ཆེ་ཆུང་གི་ལམ་གང་ལའང་བླ་མ་གལ་ཆེ་ལ། ཁྱད་པར་གསང་སྔགས་འདིར་བླ་མ་ཁོ་ན་གལ་ཆེ་བས། སངས་རྒྱས་ལས་ལྷག་པའི་མོས་གུས་དང་སྲི་ཞུ་བྱ་ཞིང་དམ་ཚིག་བསྲུང་བ་ལ་འབད་དོ། །དེ་ཡང་མཛོ་སྦྲེལ་གཡང་དུ་ལྷུང་བ་ལྟར། གང་རུང་གཅིག་དམ་ཚིག་ཉམས་ན་གཉིས་ཀ་ཉེས་པས་ངན་སོང་དུ་འགྲོ་བར་འདོད་པ་དེས་ནི་ཕྱོགས་མ་གོ་བར་ཟད་དེ། གཅིག་གིས་དུག་ཟོས་དུས་གཉིས་ཀ་ནའམ། དེ་ནི་རྒྱུད་སོ་སོ་ཡིན་པས་མི་འཐད་དོ་ཞེ་ན་འདིར་ཡང་མཚུངས་སོ། །དུས་འཁོར་གྱི་དོན་དམ་པའི་བསྙེན་པ་ལས། བླ་མ་ལྟུང་བ་ལས་ནི་སློབ་མ་མི་ལྟུང་སྟེ། །སློབ་མ་ལྟུང་བ་ལས་ནི་བླ་མ་ཡང་མི་ཉམས། །ཤིང་གི་ཡལ་ག་སོ་སོར་བཅད་པ་དག་དང་མཚུངས། །ཞེས་སོ། །དེས་ན་གཉིས་ཀས་རྩ་བ་དང་ཡན་ལག་གི་དམ་ཚིག་སྐྱོན་མེད་པར་བསྲུང་བ་ལ་འབད་པར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འོད་གསལ་མཆོག་གི་བསྒོམ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའི་རྒྱ་ཆེར་འགྲེལ་པའོ།། །།
ལམ་བགྲོད་པའི་ས་མཚམས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའི་རྒྱ་ཆེར་འགྲེལ་པ་ཉི་མའི་འོད་ཀྱི་སྣང་བ།
དེ་ལྟར་དངོས་གཞི་ཇི་ལྟར་བསྒོམ་པའི་དོན་བསྟན་ནས། དེ་བསྒོམས་པ་ལས་ས་དང་ལམ་དང་དྲོད་ཚད་འབྱུང་བར་ངེས་པས། དེའི་རྣམ་དབྱེ་བརྗོད་པ་ནི། དེ་ལྟར་བསྒོམས་པས་བགྲོད་པའི་ས་ལམ་ཡང་། །ཕྱི་ནང་སྦྱར་ཏེ་ལེགས་པར་བཤད་པ་ནི། །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་བཞི་པོ། །ཡོངས་སུ་རྫོགས་པས་སངས་རྒྱས་འགྲུབ་དེའི་ཕྱིར། །བྱང་ཆུབ་
ཕྱོགས་ཆོས་སུམ་ཅུ་རྩ་བདུན་ནི། །དཀྱིལ་འཁོར་དག་གིའང་རྣམ་དག་ཆོས་སུ་གསུངས། །འདིར་གསང་སྔགས་སུའང་དཀྱིལ་འཁོར་གྱི་རྣམ་དག་ཆོས་སུམ་ཅུ་སོ་བདུན་དུ་གསུངས་ལ། མཚན་ཉིད་དུ་བགྲོད་ལམ་མ་ནོར་བར་བསྟན་པ་གཉིས་གུང་མཐུན་པའི་ཕྱིར་སྐབས་འདིར་ཕྱི་ནང་སྦྱར་ཏེ་བཤད་པར་བྱའོ། །དེ་ཡང་། འཁོར་ལོ་བཞི་པོའི་རླུང་སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་བཞིན་འཆར་བ་སྟེ། །དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །གསང་སྔགས་གསར་རྙིང་གུང་མཐུན་པར་འབྱུང་སྟེ། འཁོར་ལོ་བཞིའི་རླུང་སེམས་རིམ་པ་བཞིན་ལས་སུ་རུང་བ་ལས། ཚོགས་དང་སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་རྫོགས་པའི་ཡོན་ཏན་འཆར་ཞིང་དབུ་མ་ལ་རོ་རྐྱང་གཉིས་ཀྱི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པའི་གཉིས་གཉིས་གྲོལ་བ་ན། ས་བཅུ་པོ་རེ་རེའི་ཡོན་ཏན་འཆར་ལ། ཐ་མ་གྲོལ་བས་སངས་རྒྱས་ཀྱི་ས་འགྲུབ་པར་སློབ་དཔོན་ཆེན་པོ་བི་མ་མི་ཏྲ་དང་། པདྨ་འབྱུང་གནས་ལ་སོགས་པའི་མཁས་གྲུབ་རྣམས་བཞེད་དོ། །ཇི་ལྟ་ཞེ་ན། རྒྱས་པར་བཤད་པའི་དང་པོ། སྤྲུལ་པའི་འཁོར་ལོ་རླུང་སེམས་ལས་རུང་བས། །ཚོགས་ལམ་གསུམ་པོའི་དྲོད་རྟགས་འཆར་བ་སྟེ། །སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་སྤྲུལ་པ་འགྱེད། །དེ་ལ་རླུང་སེམས་ལས་སུ་རུང་བ་དང་། འབྱོངས་པ་གཉིས་ལས། དེར་ཚུད་དུས་ལས་སུ་རུང་བ་ཡིན་ལ། འབྱོངས་པ་ནི་དེ་དག་གི་ཕྲན་དང་བཅས་པའི་མདུད་པ་གྲོལ་དགོས་སོ། །དེའང་ལྟེ་བ་ན་སྐྱེད་པར་བྱེད་པའི་རྩ་འདབ་ཏུ་རླུང་སེམས་ལས་སུ་རུང་བས། ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་དྲོད་རྟགས་འཆར་ཏེ། སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་ཞིང་། སྤྱན་དང་། མངོན་ཤེས་དང་། རྫུ་འཕྲུལ་ཕྲ་མོ་གྲུབ་པས་སྤྲུལ་པ་དང་བསྒྱུར་བར་ནུས་པ་ཡིན་ནོ། །དེའང་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་ཞིང་དབང་ཐོབ་པའི་ཕྱིར་རོ། །བློ་རྩིང་དག་སྦྱོར་ལམ་ནས་རྫུ་འཕྲུལ་ཐོབ་ཀྱི་ཚོགས་ལམ་ཆེན་པོར་མ་ཐོབ་སྙམ་དུ་འཛིན་ཏོ། །དེ་ནི་མ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཆོས་ཀྱི་སྒོ་ལ་
རྣམ་པར་གནས་པ་ལ། །དེ་བཞིན་གཤེགས་པས་དངོས་སུ་འདོམས་མཛད་ཅིང་། །ཅོ་ནས་འདྲེན་བཞིན་ཉེས་པའི་ཚང་ཚིང་ནས། །ཚན་གྱིས་དྲངས་ཏེ་བྱང་ཆུབ་ལ་འགོད་དོ། །ཅེས་པ་དང་། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་སོ། །ཆོས་ཀྱི་སྒོ་དང་། ཆོས་ཀྱི་རྒྱུན་ནི་ཚོགས་ལམ་ཆེན་པོ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའི་ལམ་མོ། །དེས་ན་ཚོགས་ལམ་ཆེན་པོ་ན། སྤྱན། མངོན་ཤེས། རྫུ་འཕྲུལ། རྒྱུན་གྱི་ཏིང་ངེ་འཛིན་རྣམས་ཡོད་དོ། །ད་ནི་ཆ་ཤས་རྒྱས་པར་བཤད་པ་ནི། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་སྟེ། །ལུས་ལྷར་བསྐྱེད་པ་ལུས་དྲན་ཉེ་བར་གཞག །བྱུང་ཚོར་རྣམ་རྟོག་ཡེ་ཤེས་བསྒྱུར་བ་ནི། །ཚོར་བ་དྲན་པ་ཉེ་བར་གཞག་པ་སྟེ། །སེམས་དང་སེམས་བྱུང་སྤྲོས་པ་ཉེར་ཞིའི་བསྒོམ། །སེམས་དྲན་ཉེར་གཞག་རྫོགས་པའི་རིམ་པ་སྟེ། །སྣང་བརྟགས་ཆོས་ཀུན་སྒྱུ་མར་ཤེས་པ་ན། །ཆོས་དྲན་ཉེར་གཞག་ལགས་པར་རྒྱུད་ལས་གསུངས། །ཇི་སྐད་དུ། སྒྱུ་འཕྲུལ་དམ་པ་ལས། སྔགས་པ་གང་ཞིག་རྣལ་འབྱོར་ལ་བརྩོན་པས། བདག་བྱིན་གྱིས་བརླབ་པ་ནི། ལུས་དྲན་པ་ཉེ་བར་གཞག་པ་སྟེ། ལྷའི་ངོ་བོ་ཉིད་དུ་སྣང་བ་གཟུགས་བརྙན་ལྟ་བུའོ། །ཀུན་ཏུ་རྟོག་པ་ཡེ་ཤེས་ཆེན་པོའི་གནས་སྐབས་ནི། ཚོར་བའི་ངོ་བོ་ཉིད་དེ་བདེ་བ་ཆེན་པོའོ། །སྤྲོས་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་ནི། འདིར་སེམས་མི་དམིགས་པ་ཉིད་དོ། །གཟུགས་བརྙན་གྱི་ངོ་བོ་ཉིད་དུ་སྒྱུ་མར་སྦྱོང་བ་ནི་ཆོས་ཀྱི་རང་བཞིན་ནོ་ཞེས་སོ། །དེ་ནས་ཚོགས་ཀྱི་ལམ། འབྲིང་དུ་ཡང་དག་སྤོང་བཞིའི་རིམ་པ་ནི། །དེ་ལྟར་བསྒོམས་པས་དགེ་དང་མི་དགེ་ཡི། །ཞེན་པ་བཞི་པོ་ཡང་དག་སྤོང་བ་སྟེ། །མི་དགེའི་ཆོས་རྣམས་མ་སྐྱེས་མི་སྐྱེད་ཅིང་། །སྐྱེས་པ་གཞོམ་ཕྱིར་འབད་རྩོལ་བརྩོན་འགྲུས་རྩོམ། །དགེ་བའི་ཆོས་རྣམས་མ་སྐྱེས་བསྐྱེད་པ་སྟེ། །སྐྱེས་པ་སྤེལ་ཕྱིར་འབད་རྩོལ་བརྩོན་འགྲུས་རྩོམ། །བསྐྱེད་རྫོགས་ལ་གནས་པ་དེ། མི་དགེ་བ་རྣམས་མ་སྐྱེས་པ་མི་འབྱུང་བར་བྱ་བའི་ཕྱིར་དང་། བྱུང་ན་དག་པར་
སྦྱོང་བ་དང་། དགེ་བ་མ་སྐྱེས་ན་བསྐྱེད་པ་དང་། སྐྱེས་པ་གོང་དུ་སྤེལ་བ་བཞི་པོའི་སྤང་གཉེན་བདེན་པར་འཛིན་པའི་ཞེན་པ་བཞི་སྤངས་ནས་ལུས་ཀྱིས་འབད། ངག་གི་རྩོལ་བས་སྤྱོད། སེམས་ཀྱི་སྤྲོ་བའི་བརྩོན་པས་སེམས་རབ་ཏུ་མ་ཡེངས་པར་འཛིན་པར་བྱེད་དོ། །མདོ་ལས། མི་དགེ་བའི་ཕྱོགས་མ་སྐྱེས་པ་མི་བསྐྱེད་པའི་ཕྱིར་འབད་རྩོལ་བརྩོན་འགྲུས་རྩོམ་ཞིང་སེམས་རབ་ཏུ་འཛིན་ཏོ། །ཞེས་སོ། །ཚོགས་ལམ། ཆེན་པོར་རྫུ་འཕྲུལ་རྐང་བཞི་བསྒོམ་པ་ཡང་། །བསྐྱེད་རྫོགས་དོན་ལ་མ་ཡེངས་རྩེ་གཅིག་ཏུ། །དྲན་དང་འདུན་དང་དཔྱོད་དང་སེམས་རྣམས་ཀྱིས། །ཏིང་འཛིན་སྐྱོན་མེད་ཞི་བ་བསྒོམས་པ་ལས། །རླུང་སེམས་ལས་རུང་རྫུ་འཕྲུལ་ལེགས་གྲུབ་ནས། །དག་པའི་ཞིང་བགྲོད་སྤྲུལ་སྐུར་ཆོས་རབ་ཉན། །བསྐྱེད་རྫོགས་ལ་ཉིན་མཚན་དུ་བརྩོན་པ་ན། དྲན་པས་དོན་མ་ཉམས་པར་འཛིན། འདུན་པས་བསྒོམ། དཔྱོད་པས་གོལ་ས་དང་གོལ་ས་མ་ཡིན་པ་རྟོག །སེམས་པས་རྩེ་གཅིག་ཏུ་མ་ཡེངས་པར་བསྒོམས་པས་ན། ཏིང་ངེ་འཛིན་གྲུབ་ནས་རླུང་སེམས་ལས་སུ་རུང་བའི་རྫུ་འཕྲུལ་ལ་བརྟེན་ཏེ། པདྨ་ཅན་ལ་སོགས་པའི་སངས་རྒྱས་སྤྲུལ་སྐུའི་ཞིང་དག་པར་བགྲོད་དེ། སངས་རྒྱས་ལ་ཆོས་ཉན་པས་ཁམས་ཀྱི་དྲི་མ་སྦྱོང་ཞིང་། ཡི་དམ་ལྷའི་ཞལ་མཐོང་བས་ལུང་སྟོན་པའོ། །དེ་ནས། ཆོས་ཀྱི་འཁོར་ལོའི་རླུང་སེམས་ལས་རུང་བས། །སྦྱོར་བའི་ལམ་གྱི་ཡོན་ཏན་འཆར་བ་ནི། །དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ཀྱིས། །དབང་པོ་ལྔ་ཉིད་དྲོད་རྩེར་བསྒོམས་པ་ཡིས། །རྨི་ལམ་སྒྱུ་མའི་རང་བཞིན་འབྱོངས་པ་དང་། །བདེན་པའི་ཚིག་འགྲུབ་སྦྱངས་པའི་ཡོན་ཏན་ལྡན། །ལུས་ཀྱི་ཤིག་སྲོ་འབུ་སྲིན་མེད་པ་ཡིན། །སྔར་གྱི་བསྐྱེད་རྫོགས་ཟུང་འཇུག་གི་དོན་ལ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་རྣམ་པས་བསྒོམས་པས་རང་དབང་དུ་གྱུར་ཏེ། སྤང་བྱ་འཇོམས་པ་ལ་ནུས་ལྡན་དུ་གྱུར་པ་ནི་དབང་པོའོ། །དེ་ལྔས་དྲོད་སྣང་བའི་ཡེ་ཤེས་མི་རྟོག་པ། ཐེ་ཚོམ་དང་མི་ཁོམ་པ་ཟད་པ་ལ་སོགས་པའི་རྟགས་
ཀྱིས་མཚོན་པ་དང་། རྩེ་མོ་མཆེད་པའི་ཡེ་ཤེས་དགེ་རྩ་བརྟན་པ་ལ་སོགས་པ་ཐོབ་ཅིང་། ཆོས་ཐམས་ཅད་རྨི་ལམ་འདྲ་བར་རྟོགས་པ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །འཛམ་བུ་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་པ་དང་། བདེན་པའི་ཚིག་གྲུབ་པས་གང་བརྗོད་པ་དེ་གྲུབ་ཅིང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་རྟག་ཏུ་གནས་པ་དང་། ཤིག་སྲོ་མེད་པ་ལ་སོགས་པའོ། །དེ་ནས། སྟོབས་ལྔའི་རང་བཞིན་བཟོད་པ་ཆོས་མཆོག་བསྒོམ། །ངན་སོང་རྣམས་ཆད་དགེ་རྩ་བརྟན་པ་དང་། །ཏིང་འཛིན་རྫུ་འཕྲུལ་སྔོན་ལས་མཆོག་ཏུ་འཕགས། །དད་པ་ལ་སོགས་པ་ལྔ་ནུས་པ་ལྷག་པས་སྤང་བྱ་འཇོམས་ནུས་པའི་ཕྱིར་སྟོབས་ལྔ་པོ་ཐོབ་དུས་བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པ་ཐོབ་པའི་ཡེ་ཤེས་ངན་སོང་ཆད་པ་དང་། ཆོས་མཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་ཉེ་བར་ཐོབ་པའི་ཡེ་ཤེས་ཐོབ་སྟེ། དགེ་རྩ་ཐར་པ་བྱང་ཆུབ་ལས་མི་འགྱུར་བ་དང་། ཏིང་ངེ་འཛིན་དང་རྫུ་འཕྲུལ་ལ་སོགས་པ་སྔོན་ལས་ལྷག་པ་ཐོབ་པའོ། །དེ་ནས། ལོངས་སྤྱོད་འཁོར་ལོའི་རླུང་སེམས་ལས་རུང་བས། །རྣམ་པར་མི་རྟོག་བདེན་མཐོང་མཐོང་ལམ་གྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དབང་བསྒྱུར་ཞིང་། །ལོངས་སྐུའི་ཞིང་བགྲོད་རིགས་ལྔའི་སངས་རྒྱས་མཐོང་། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས། འཕགས་པའི་ས་དང་པོ་མཐོང་ལམ་དང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་ཐོབ། ལོངས་སྐུ་རིགས་ལྔའི་སངས་རྒྱས་ཀྱི་ཞིང་བགྲོད་ཅིང་ཆོས་ཉན་པ་རྙེད་དོ། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནི་དུས་སྐད་ཅིག་སྔ་ཕྱི་མེད་པ་གཅིག་ལ་ཏིང་ངེ་འཛིན་བརྒྱ་ཐོབ་པ། སངས་རྒྱས་བརྒྱ་མཐོང་བ། སངས་རྒྱས་བརྒྱས་བྱིན་གྱིས་བརླབས་པར་ཤེས་པ། འཇིག་རྟེན་གྱི་ཁམས་བརྒྱ་
བསྐྱོད་པ། །ཞིང་བརྒྱར་འགྲོ་བ། ཞིང་བརྒྱ་སྣང་བར་འོད་ཟེར་འགྱེད་པ། སེམས་ཅན་བརྒྱ་སྨིན་པ། བསྐལ་པ་བརྒྱར་གནས་པ། སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་འཇུག་པ། ཆོས་ཀྱི་སྒོ་བརྒྱ་འབྱེད་པ། ལུས་བརྒྱར་སྟོན་པ། ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བར་སྟོན་པའོ། །ཡང་དེའི་ཚེ། དྲན་དང་ཏིང་འཛིན་དད་བརྩོན་བཏང་སྙོམས་དགའ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་བདུན་པོ་དག་ཀྱང་རྫོགས་པར་འགྱུར། །དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ལམ་བདུན་པོ་རྫོགས་པར་ཐོབ་པའོ། །དེ་ནས། བདེ་ཆེན་འཁོར་ལོའི་རླུང་སེམས་ལས་རུང་བས། །བསྒོམ་ལམ་ས་དགུའི་ཡོན་ཏན་འཆར་བ་སྟེ། །དྲི་མེད་འོད་འཕྲོ་འོད་བྱེད་ཆུང་ངུ་གསུམ། །སྦྱང་དཀའ་མངོན་གྱུར་རིང་སོང་འབྲིང་པོ་གསུམ། །མི་གཡོ་ལེགས་བློ་ཆོས་སྤྲིན་ཆེན་པོ་གསུམ། །སྤྱི་བོ་བདེ་ཆེན་འཁོར་ལོའི་རླུང་སེམས་ལས་སུ་རུང་བས་བསྒོམ་ལམ་དགུའི་ས་ཐོབ་སྟེ། ཆུང་ངུའི་ཆུང་ངུས་གཉིས་པ་དྲི་མ་མེད་པ་ལ་སོགས་པ་གསུམ་ནས་ཆེན་པོའི་ཆེན་པོ་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་རོ། །ས་དང་པོ་ནས་བཅུ་པའི་བར་ལ་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས། སྟོབས། སྨོན་ལམ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རེ་རེ་གཙོ་བོར་ལྡན་ལ། གཞན་དགུ་དགུ་འཁོར་དུ་ལྡན་ཏེ། དབུས་མཐའ་ལས། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་དག་དང་ཤེས་པར་བྱ། །ཞེས་པ་དང་། ཕལ་ཆེན་ལས། ས་བཅུ་ཕ་རོལ་ཕྱིན་བཅུ་ལྷག་པར་ཆེ་བ་ཡིན། །ཞེས་སོ། །དེའང་ས་དང་པོའི་སྐད་ཅིག་བཅུ་དྲུག་པ་ནས། བསྒོམ་ལམ་དུ་གཏོགས་པར་འདོད་པས། སྐད་ཅིག་བཅོ་ལྔ་པོ་དེ་ལ། རབ་ཏུ་དགའ་བ་ཞེས་བྱ་བ་སྟེ། མདོ་སྡེ་རྒྱན་ལས། རང་གི་སེམས་ནི་ཡོངས་སྨིན་ཅིང་། །སེམས་ཅན་དོན་གྲུབ་མཐོང་བ་ལས། །རབ་ཏུ་དགའ་བ་སྐྱེ་བར་འགྱུར། །དེ་ཕྱིར་རབ་
དགའ་ཞེས་བརྗོད་དོ། །ཞེས་སོ། །ས་གཉིས་པ་དྲི་མ་མེད་པ་ནི། དེ་ལས། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་སར་འདོད་དོ། །ཞེས་སོ། །གསུམ་པ་འོད་བྱེད་པ་ནི། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །ཞེས་སོ། །བཞི་པ་འོད་འཕྲོ་བ་ནི། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །ཞེས་སོ། །ལྔ་པ་སྦྱང་དཀའ་བ་ནི། རིག་དང་བཟོ་གནས་སྒྱུ་རྩལ་ཀུན། །རྣམ་པ་སྣ་ཚོགས་སྦྱང་དཀའ་བས། །དེ་ཕྱིར་སྦྱང་དཀའ་ཞེས་བརྗོད་དོ། །ཞེས་སོ། །དྲུག་པ་མངོན་དུ་གྱུར་པ་ནི། འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བྱ། །ཞེས་སོ། །བདུན་པ་རིང་དུ་སོང་བ་ནི། འཁོར་བ་མཚོ་ཡི་འདམ་བརྒལ་བས། །དེ་ལ་རིང་དུ་སོང་ཞེས་བྱ། །ཞེས་སོ། །བརྒྱད་པ་མི་གཡོ་བ་ནི། འདུ་ཤེས་གཉིས་ཀྱིས་མི་གཡོ་ཕྱིར། །མི་གཡོ་བ་ཡི་སར་འདོད་དོ། །ཞེས་སོ། །དགུ་པ་ལེགས་པའི་བློ་གྲོས་ནི། སོ་སོ་ཡང་དག་རིགས་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་སོ། །བཅུ་པ་ཆོས་ཀྱི་སྤྲིན་ནི། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཁམས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་སོ། །བསྒོམ་པའི་ལམ། དེ་དག་སོ་སོའི་ཡོན་ཏན་རླབས་ཆེ་བ། །སྟོང་ཕྲག་བཅུ་གཉིས་ལ་སོགས་རྒྱ་ཆེན་ཏེ། །རྩ་འདབ་ཕྲ་མོའི་མདུད་པ་རབ་གྲོལ་བས། །འཁོར་བའི་རང་བཞིན་ཉོན་མོངས་རླུང་སེམས་ནུབ། །མྱ་ངན་འདས་ཞི་ཡེ་ཤེས་རླུང་མཆོག་གྲུབ། །ས་དེ་དག་གི་དུས་ན་འཁོར་ལོ་སོ་སོའི་རྩ་མདུད་ཕྲ་མོ་གྲོལ་བར་ཡེ་ཤེས་ཀྱི་རླུང་ཆུད་པ་དང་། འཁོར་བའི་རླུང་སེམས་ཉོན་མོངས་ཅན་གྱི་རྟེན་རྩ་དང་བཅས་པ་བསྐམས་པའམ་ཞ་བ་ཞེས་བྱ་བར་དུས་མཚུངས་པར་གྲུབ་པ་དེ་གཅིིག་པས་ན། སྔར་བཤད་པའི་བརྒྱ་ཕྲག་བཅུ་གཉིས་པོ་ས་འདི་དག་ཏུ་སྐད་ཅིག་རེ་རེ་ལ། དུས་མཉམ་པར་གོང་དུ་འཕེལ་བ་ནི། ས་གཉིས་པར་སྟོང་ཕྲག་བཅུ་གཉིས་དང་། གསུམ་པར་འབུམ་ཕྲག་བཅུ་གཉིས་དང་། བཞི་པར་
ཁྲག་ཁྲིག་ཕྲག་བརྒྱ་དང་། ལྔ་པར་ཁྲག་ཁྲིག་ཕྲག་སྟོང་དང་། དྲུག་པར་ཁྲག་ཁྲིག་ཕྲག་འབུམ་དང་། བདུན་པར་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དང་། བརྒྱད་པར་སྟོང་གསུམ་འཇིག་རྟེན་འབུམ་གྱི་རྡུལ་ཕྲན་གྱི་གྲངས་སྙེད་པ་དང་། དགུ་པར་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཕྲན་གྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་ལྟ་བ་ལ་སོགས་པ་དང་། བཅུ་པར་ཞིང་ཁམས་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་ལྟ་བ་ལ་སོགས་པ་བཅུ་གཉིས་སྐད་ཅིག་གཅིག་ལ་བྱེད་པའོ། །དེའང་ཞིང་གཞན་དུ་འགྲོ་བ་དང་། ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་དུས་མཚུངས་པར་མི་འགལ་ཏེ། དག་པའི་ས་གསུམ་པོར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་ཕྱིར་རོ། །རྒྱུད་བླ་མ་ལས། བྱ་བ་སྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང་། །ཞི་བའི་བསམ་གཏན་སྙོམས་འཇུག་ལ། །རྟག་ཏུ་སྙོམས་པར་འཇུག་པའང་ཡིན། །ཞེས་སོ། །གཞན་ཡང་ས་བརྒྱད་པར་ཡིད་ཤེས་གནས་གྱུར་པས་རྣམ་པར་མི་རྟོག་པ་ལ་དབང་ཐོབ། དགུ་པར་འཛིན་བཅས་སྒོ་ལྔའི་རྣམ་ཤེས་གནས་གྱུར། ཞིང་དག་པ་ལ་དབང་ཐོབ། བཅུ་པར་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་འཕྲིན་ལས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་སྟེ། མདོ་སྡེ་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡི་གནས། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེར་འདོད་པ་ཡིན། །ཞེས་སོ། །དེའང་ས་བཅུ་པ་ལ་ཡེ་ཤེས་དང་། འཕྲིན་ལས་གཉིས་ཀའི་དབང་ཐོབ་ལ། བརྒྱད་པར་མི་རྟོག་པ། དགུ་པར་ཞིང་དག་པ་རེ་རེ་ཡིན་ནོ། །རང་བཞིན་དུ་བརྒྱད་པར་ཡང་ཞིང་དག་པའི་སྣང་བར་མཐོང་བས། ཞིང་ལ་དབང་བར་མདོ་ལས་བཤད་ཀྱང་། དགུ་པ་ལྟར་སྒོ་ལྔའི་རྣམ་ཤེས་གནས་མ་གྱུར་པས་མ་དག་
པའང་མཐོང་བའི་ཕྱིར་དེ་གཉིས་མི་འདྲ་བ་ཡིན་ནོ། །གཞན་ཡང་ས་བརྒྱད་པ་ནས་དབང་བཅུ་ཕུལ་བྱུང་གི་མགོ་རྩོམ་པ་ཡིན་ཏེ། རྟོག་གེ་འབར་བའི་འགྲེལ་པར་དྲངས་པ། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཅིང་། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཞེས་སོ། །དབང་བཅུའི་དང་པོ་ཚེ་ལ་དབང་བ་ནི། །བསྐལ་པ་ཇི་ཙམ་འདོད་པར་གནས་པའོ། །སེམས་ལ་དབང་བ་ནི། ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྐད་ཅིག་རེ་རེས་མཉམ་པར་འཇོག་ཅིང་ལྡང་ནུས་པའོ། །ཡོ་བྱད་ལ་དབང་བ་ནི། བསམས་པ་ཙམ་གྱིས་འཇིག་རྟེན་དུ་ཟས་ནོར་སྣ་ཚོགས་པས་གང་བར་ནུས་པའོ། །ལས་ལ་དབང་བ་ནི། བཟོ་དང་ལས་ཀྱི་གནས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པའོ། །སྐྱེ་བ་ལ་དབང་བ་ནི། ལྷ་དང་མི་ལ་སོགས་པ་གང་འདོད་དུ་སྐྱེ་བའོ། །མོས་པ་ལ་དབང་བ་ནི། ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་སུ་བསྒྱུར་བ་ལ་སོགས་པ་དངོས་པོ་ཐམས་ཅད་ཇི་ལྟར་འདོད་པར་བསྒྱུར་བ་སེམས་ཅན་གྱིས་མཐོང་ནས་སྤྱད་དུ་རུང་བའོ། །སྨོན་ལམ་ལ་དབང་བ་ནི། འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱིས་གང་བ་ལ་སོགས་པ་ཇི་ལྟར་སྨོན་པ་ལྟར་འགྲུབ་པའོ། །རྫུ་འཕྲུལ་ལ་དབང་བ་ནི། ཞིང་ཁམས་དཔག་ཏུ་མེད་པ་སྐྲ་རྩེ་གཅིག་གིས་ནམ་མཁར་འཛིན་པ་ལ་སོགས་པ་ཇི་ལྟར་འདོད་པ་ལྟར་སྤྲུལ་ནུས་པའོ། །ཡེ་ཤེས་ལ་དབང་བ་ནི། ཤེས་བྱ་གང་ཤེས་པར་འདོད་པ་དེ་ཤེས་པའོ། །ཆོས་ལ་དབང་བ་ནི། ཆོས་ཐམས་ཅད་ཀྱི་མིང་ཚིག་གི་རྣམ་པར་གཞག་པ་ལ་མཁས་པའོ། །སྤྱིར་དབང་བཅུ་ཐོབ་པ་ཙམ་ནི། མ་དག་ས་བདུན་ནས་ཡོད་ལ། དབང་བཅུ་ཕུལ་བྱུང་ནི། དག་པ་ས་གསུམ་ནས་ཡོད་ལ། དབང་བཅུ་ཤིན་ཏུ་རྣམ་དག་ནི། སངས་རྒྱས་ཀྱི་ས་ན་ཡོད་པའོ། །ཚུལ་དེ་ལྟར་ས་བཅུའི་བགྲོད་པ་དེ་དག་ལས། །དབུ་མར་རོ་རྐྱང་མདུད་པ་ཉི་ཤུ་གཅིག །གཉིས་གཉིས་གྲོལ་བས་ས་བཅུ་རེ་རེ་ཐོབ། །ཐ་མས་གཙུག་ཏོར་རྩེ་མོའི་ས་མཆོག་འགྲུབ། །རྩ་གསུམ་མདུད་པ་དང་པོ་གཉིས་གྲོལ་བས་ས་དང་པོ་ཐོབ་པ་ནས་བཅུ་པའི་བར་དང་། ཐ་མ་གྲོལ་བས་གཙུག་ཏོར་རྩེ་མོའི་ས་མཆོག་རྡོ་རྗེ་འཆང་འགྲུབ་
པའོ། །ངེས་བརྗོད་རྩེ་མོ་ལས། རོ་མ་རྐྱང་མ་ཀུན་འདར་མ། །མདུད་པས་འཁོར་བའི་འཁྲུལ་སྣང་སྟེ། །གྲོལ་བས་ཡེ་ཤེས་མྱ་ངན་འདས། །ཞེས་སོ། །དེ་ལྟར་ས་རྣམས་རིམ་པས་ཐོབ་པའི་དུས། །གང་ཚེ་གོང་མའི་རྟོགས་པར་ཕྱིན་གྱུར་ཅིང་། །སངས་རྒྱས་བར་དུ་བགྲོད་པ་དེ་དག་ལ། །ཡོན་ཏན་འདི་དག་ཉི་དང་ཟེར་བཞིན་ནོ། །ཉི་མ་ཤར་བ་ན་དེའི་འོད་ཟེར་ལྷན་ཅིག་འབྱུང་བ་ལྟར། ས་ལམ་གྱི་རྟོགས་པ་ཐོབ་ན་དེའི་སྤངས་རྟོགས་ཀྱི་ཡོན་ཏན་སྤྱན་དང་མངོན་པར་ཤེས་པ་བསླུ་བ་མེད་པར་འབྱུང་བ་འདི་ནི་ཆོས་ཉིད་དོ། །ད་ནི་ཚུལ་གཞན་གྱི་ལོག་རྟོག་དགག་པ་ནི། ཁ་ཅིག་ས་ལམ་ཡོན་ཏན་དྲང་དོན་ཟེར། །ལ་ལ་རྟོགས་པ་ཐོབ་ཀྱང་ཡོན་ཏན་མེད། །ཡོད་དང་ཆ་གཉིས་འདོད་པ་རྨོངས་པའི་བློ། །རང་གི་ལྟ་ལ་ཆགས་ཤིང་ཞེན་བྱས་ནས། །མ་ནོར་ཆོས་ལ་སྐུར་བ་འདེབས་འདི་སྤང་། །ཡང་དག་པའི་ཆོས་དང་དེ་སྟོན་པ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་རྣམས་དང་མ་མཇལ་ཞིང་། ཐོས་བསམ་གྱི་སྣང་བ་མེད་པས། བླུན་པོའི་ཆོས་དང་སློབ་དཔོན་ལ་བསྟེན་ནས་གང་ཡང་མ་གྲུབ་པ་ཙམ་ལ་གདེང་བཅས་ཏེ། ད་ལྟའི་ཤེས་པ་ཟེར་ཞིང་འཁྲུལ་སྣང་སེམས་སུ་འདོད་པས་ལམ་དུ་ཁྱེར་ནས་སྟོང་ལྟའི་ཕྱོགས་ལ་ཞེན་པ་ཁ་ཅིག་ན་རེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ལམ་གྱི་ཡོན་ཏན་རྣམས་བྱིས་པ་འབྲིད་པའི་དྲང་དོན་ཡིན་གྱིས། དོན་ལ་མེད་ཟེར་བ་དང་། ལ་ལ་ན་རེ་རྟོགས་པ་ས་དང་པོ་ནས་བཅུ་པའི་བར་དུ་མཉམ་པའི་རྣལ་འབྱོར་བཞིའི་བསྒོམ་མེད་ཆུ་བོའི་རྒྱུན་ལྟ་བུ་ཐོབ་ཀྱང་། ཡོན་ཏན་ས་ལམ་ནས་བཤད་པ་དེ་དག་ཡོད་པ་དང་མེད་པ་གཉིས་ཀའི་མུ་ཡོད་དོ་ཞེས་འདོད་པའང་། འཇིག་རྟེན་ན་ཉི་མ་མེད་ཅེས་པའམ། ཉི་མ་ཡོད་ཀྱང་འོད་ཡོད་པ་དང་མེད་པའི་ཉི་མ་གཉིས་ཆར་ཡོད་ཅེས་སྨྲ་བ་དང་མཚུངས་སོ། །འདི་དག་གི་ལུགས་བརྗོད་པ་ཙམ་གྱིས་རྣམ་དཔྱོད་ཡོད་ན་གོ་བས། བརྒལ་ལན་བྱ་མི་དགོས་ཏེ། རྣམ་ངེས་ལས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་པ་བཞིན་ནོ། །ལུགས་དེ་ལྟ་བུ་ནི་ལྟ་བ་ངན་པ་ལ་ཆགས་ནས་དམ་པའི་
ཆོས་ལ་སྐུར་པ་འདེབས་པའི་ཕྱིར། དེ་དང་མི་མཐུན་པ་ཡང་དག་གི་ཆོས་ཐོས་ན་ཁྲོ་བས་ལོག་པར་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། འཇིག་ཚོགས་ལ་ལྟ་བའི་རང་བཞིན་ཅན་ཆགས་སྡང་གི་མེས། དགེ་བའི་ས་བོན་བསྲེགས་ནས་ངན་འགྲོར་ཡུན་རིང་དུ་འཁྱམས་པའི་ཕྱིར་ཏེ། བཞི་བརྒྱ་པ་ལས། རང་གི་ཕྱོགས་ལ་ཆགས་ཡོད་ཅིང་། །གཞན་གྱི་ཕྱོགས་ལ་མི་དགའ་ན། །མྱ་ངན་འདས་པ་མི་ཐོབ་ཅིང་། །གཉིས་སྤྱོད་ཞི་བར་ཡོང་མི་འགྱུར། །ཞེས་སོ། །རང་བཞིན་དུ་ནོར་མ་ནོར་དཔྱད་ནས་འདོར་ལེན་བྱེད་པ་ཙམ་ལས། མ་ནོར་བ་ལ་ཆགས་ཤིང་ནོར་བ་ལ་སྡང་བློ་མི་བྱ་སྟེ། ཁྲོ་བའི་རྒྱུས་སྡིག་པ་འཕེལ་བའི་ཕྱིར་རོ། །ཆོས་རྣམ་པར་གཏན་ལ་འབེབས་དུས་ནོར་མ་ནོར་ཤེས་ནས་འཇུག་གི །གཤེ་བས་བྱས་ན་སྒྲིབ་པ་ཆེ་བའི་ཕྱིར་ཏེ། རྩ་ལྟུང་བཅུ་བཞི་པ་ལས། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། གང་ཞིག་ཆོས་འདི་ཐོས་ནས་ཆགས་བྱེད་ཅིང་། །ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་བ། །ང་རྒྱལ་རྒྱགས་པས་བཅོམ་ནས་ལོག་པ་ཡི། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང་། །ཞེས་སོ། །དེས་ན་ལམ་ངན་པར་ཞུགས་པ་ཇི་སྐད་བཤད་པ་དེ་དག་ཀུན་ལའང་། སྙིང་རྗེའི་སེམས་ཀྱིས་བཟློག་ཐུབ་ན་བཟློག །མི་ཐུབ་ན་མི་རྩོད་པར་ནམ་ཞིག་ལམ་ངན་འདི་ལས་ལོག་པར་གྱུར་ཅིག་སྙམ་དུ་བྱ་ཞིང་། ཆོས་ཐམས་ཅད་མཉམ་པ་ཉིད་ཕྱོགས་ཞེན་མེད་པ་ལ་སེམས་བཞག་གོ །བཞི་བརྒྱ་པ་ལས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་ཉིད་མེད། །གང་ལ་ཕྱོགས་ཉིད་ཡོད་མིན་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་པ་བཞིན་ནོ། །ད་ནི་ས་ལམ་གྱི་ཡོན་ཏན་ཡོད་པའི་ཕྱོགས་མཐུན་པར་དོན་བསྡུ་བ་ནི། འདིར་ནི་ལམ་བསྒོམས་པ་ལས་ཡོན་ཏན་ཚོགས། །དབྱར་ཀའི་ལོ་ཐོག་བཞིན་དུ་རྣམ་འཕེལ་ཞིང་། །ས་ལམ་བགྲོད་ནས་སངས་རྒྱས་འདོད་དེའི་ཕྱིར། །སྐུ་དང་ཡེ་ཤེས་ནོར་བུ་དང་འདྲ་ཡང་། །བེམ་པོའི་དཔེ་མིན་རྟོག་མེད་ལྷུན་གྲུབ་ལས། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །
འདི་ནི་མདོ་རྒྱུད་དགོངས་པ་མཐུན་པར་གསུངས། །ས་ལམ་གོང་དུ་བགྲོད་པ་ལྟར། ཡོན་ཏན་ཡང་གོང་དུ་འཕེལ་ཏེ། དབྱར་གྱི་རྩྭ་ཤིང་ནགས་ཚལ་དང་ལོ་ཐོག་བཞིན་ནོ། །མཐར་ཐུག་སངས་རྒྱས་དུས། ནོར་བུ་བུམ་པ་དཔག་བསམ་ཤིང་གི་དཔེ་ཡང་རྟོག་པ་མེད་ལ། ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འཕྲིན་ལས་ཀྱི་ནམ་མཁས་ཁྱབ་པའི་སེམས་ཅན་གྱི་དོན་འབྱུང་བའི་དཔེར་བཤད་ཀྱིས། སོ་སོ་རང་གི་རིག་པའི་ཡེ་ཤེས་ལ་སྟོབས་བཅུ་དང་། དམིགས་པ་མེད་པའི་ཐུགས་རྗེ་དང་། བྱམས་པ་ལ་སོགས་པ་མེད་པའི་དཔེར་གསུངས་པ་ནི་མ་ཡིན་ནོ། དེས་ན་སེམས་སེམས་བྱུང་དབྱིངས་སུ་ཞི་ཡང་། སྐུ་དང་སོ་སོ་རིག་པའི་ཡེ་ཤེས་ཉི་ཟླ་ལྟར་ལྷུན་གྲུབ་འོད་གསལ་གྱི་ངོ་བོར་རྟག་ཏུ་བཞུགས་པར་ཤེས་པར་བྱའོ། །འདི་ནི་ངེས་པ་དོན་གྱི་མདོ་རྒྱུད་ཀུན་ལས་གསུངས་པས་ཤེས་རབ་ཅན་རྣམས་ཀྱིས་རིག་པར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལམ་བགྲོད་པའི་ས་མཚམས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའི་རྒྱ་ཆེར་འགྲེལ་པ་ཉི་མའི་འོད་ཀྱི་སྣང་བའོ།། །།
སྒོམ་པ་མཐར་ཕྱིན་པ་འབྲས་བུའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའི་འགྲེལ་པ་ཉི་ཟླ་རིན་པོ་ཆེའི་སྣང་བ་རྒྱ་ཆེར་བསྟན་པ།
དེ་ལྟར་བསྒོམས་པས་ཉམས་སུ་བླངས་པ་བསྟན་པའི་རྗེས་ལ། ལམ་མཐར་ཕྱིན་པའི་འབྲས་བུ་བཤད་པ་ནི། དེ་ལྟར་བསྒོམས་པ་དག་པའི་འབྲས་བུ་ནི། །སྤངས་རྟོགས་མཐར་ཕྱིན་སྐུ་དང་ཡེ་ཤེས་ཏེ། །ཇི་ལྟར་ཉི་ཟླ་སྤྲིན་དང་བྲལ་བ་བཞིན། ཁམས་ཀྱི་སྒྲིབ་པ་ཀུན་དང་བྲལ་བས་ན། །བྱང་ཆུབ་ཅེས་བྱ་ལྷུན་གྲུབ་ཡོན་ཏན་སྣང་། །དེ་ཡང་མདོ་སྡེ་རྒྱན་ལས། བསྒོམ་པ་ཐ་མ་རྫོགས་ནས་ནི། །འོད་ཟེར་ཆེན་པོས་དབང་བསྐུར་བ། །ཞེས་པའི་ཚུལ་གྱིས་ས་བཅུ་རྒྱུན་གྱི་ཐ་མར་བྱང་ཆུབ་སེམས་དཔའ་དེ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་མ་ཐག །རྡོ་རྗེ་ལྟ་བུ་ལ་སོགས་པའི་ཏིང་ངེ་འཛིན། སྔར་མ་ཐོབ་པ་གྲངས་མེད་བརྗོད་དུ་མེད་པ་སྙེད་ཐོབ་ནས་སངས་རྒྱས་ཏེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་ལྷུན་གྱིས་གྲུབ་པ་ན། ཀུན་གཞི་དང་། དེ་ལ་ཡོད་པའི་བག་ཆགས། སེམས་དང་སེམས་ལས་བྱུང་བའི་འཇུག་པ་
ཐམས་ཅད་འགགས་ཏེ། དྲི་མ་སྤྲིན་དང་འདྲ་བ་མཐའ་དག་སངས་པ་དང་མཉམ་དུ། རང་ལ་ལྷུན་གྲུབ་ཀྱི་ཡོན་ཏན་འོད་གསལ་སྙིང་པོའི་རང་བཞིན་ཅི་ཡིན་པ་མཐའ་དག་རྒྱས་པས། ཉི་ཟླ་སྤྲིན་དང་བྲལ་བའི་ནམ་མཁར་དཀྱིལ་འཁོར་གང་བ་རྒྱས་པ་བཞིན་ཏེ། རྒྱུད་བླ་མ་ལས། སྒྲ་གཅན་ཁ་ནས་ཐར་པའི་ཟླ་བ་ཉ་བ་ལྟ་བུ་དང་། །ཞེས་པ་དང་། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོ། །དེ་ཡང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་འགགས་པ་ཡིན་གྱི། སོ་སོ་རང་རིག་ལ་སེམས་ཆེན་པོར་བརྗོད་པ་དེ་གཏན་འགགས་པ་ནི་མ་ཡིན་ནོ། །བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་པ་དག་གོ །དེའི་ཚེ་སྤྲོས་པ་ཞི་བའི་ཆོས་སྐུ་དང་དེའི་ངང་ལས་ཤར་བའམ། རང་ཆས་ལྷུན་གྲུབ་ཀྱི་ལོངས་སྐུ་ནོར་བུ་ལྟ་བུ་བརྙེས་ནས། ལྷུན་གྱིས་གྲུབ་ལ་མི་རྟོག་པའི་ཡེ་ཤེས་དང་འཕྲིན་ལས་གདུལ་བྱའི་ཁམས་ཀུན་ཁྱབ་པར་སྤྲུལ་པ་ཟད་མི་ཤེས་པ་འགྲོ་བ་སོ་སོའི་ངོ་ཁ་ལ་སྣང་བ་ཡིན་ཏེ། འཇུག་པ་ལས། ཞིང་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །དེ་ཡང་སྔར་འཁོར་བ་པའི་དུས་ན། ལུས་དང་དོན་དང་ཡུལ་དུ་སྣང་བ་ཡི། །སྒྲིབ་པའི་བག་ཆགས་གསུམ་པོ་རབ་གྲོལ་ཏེ། །བུམ་ཆག་མར་མེ་པདྨ་ཁ་བྱེའི་སྐུ། །ལྷུན་གྲུབ་ཡོན་ཏན་རྫོགས་ཏེ་མངོན་སུམ་སྣང་། །ཁམས་གསུམ་སོ་སོའི་ལུས་སུ་སྣང་བའི་སྒྲིབ་པ་གྲོལ་བས་སྐུ་རྡོ་རྗེ་རིགས་ལྔར་སྣང་བ་དང་། དོན་རྣམ་ཤེས་ཚོགས་བརྒྱད་གྲོལ་བ་ལས། ཡེ་ཤེས་ལྔའི་ངོ་བོར་སྣང་སྟེ། ཀུན་གཞི་དབྱིངས་སུ་ནུབ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། ཀུན་གཞིའི་རྣམ་ཤེས་ནུབ་པས་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཉོན་ཡིད་ནུབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཡིད་ཤེས་ནུབ་པས་སོ་སོར་རྟོག་པའི་ཡེ་ཤེས་དང་། སྒོ་ལྔའི་རྣམ་
ཤེས་ནུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་སུ་རང་སྣང་བའོ། །ཡུལ་དུ་སྣང་བའི་བག་ཆགས་གྲོལ་བས། འོག་མིན་གྱི་ཞིང་ཁམས་མཐའ་དང་དབུས་དང་ཕྱོགས་བཅུར་རྒྱ་མ་ཆད་པ་ཡེ་ཤེས་ལྔའི་རང་བཞིན་དུ་རང་གསལ་བ། འོད་ཟེར་འཁྱིལ་པས་ཀུན་ཏུ་ཁྱབ་པའི་ཞིང་ན། གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པ་བརྗོད་ལས་འདས་པར་རང་སྣང་བའོ། །དེའང་འོད་གསལ་བའི་སྙིང་པོ་ལ་སྒྲིབ་པའི་བུམ་པ་དང་། པདྨ་ཁ་བྱེ་ཞིང་དེངས་པ་ལས་བྱུང་བ་ལྟར་སྣང་བའོ། །དེ་དག་ཀྱང་། སྒྲིབ་གསུམ་བག་ཆགས་སོ་སོར་གྲོལ་བ་ལས། །ཞིང་དང་ཡེ་ཤེས་རྒྱལ་བའི་སྐུར་སྣང་སྟེ། །ཇི་སྙེད་ཇི་བཞིན་གཟིགས་པ་རྣམ་དག་ཡིན། །ལུས་སུ་སྣང་བའི་བག་ཆགས་གྲོལ་བས་སྐུ་དང་། དོན་དུ་སྣང་བའི་བག་ཆགས་གྲོལ་བས་ཡེ་ཤེས་དང་། ཡུལ་དུ་སྣང་བའི་བག་ཆགས་གྲོལ་བས་ཞིང་ཁམས་མི་ཟད་པ་རྒྱན་གྱི་འཁོར་ལོར་སྣང་བ་སྟེ། བསྡུ་ན་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ནང་དང་། ཕྱིར་ལྟ་བ་གཉིས་སོ། །ནང་དུ་ལྟ་བ་ནི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་བདེ་བ་ཆེན་པོ་ནི། གཅིག་དང་དུ་མའི་སྤྲོས་པ་མེད་པས། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཡིན་ལ། ཆོས་ཅན་སྣང་བ་ལོངས་སྤྱོད་རྫོགས་པ་དང་། ཡེ་ཤེས་ལྔ་སོ་སོར་མ་འདྲེས་པའི་ཆ་ནི། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཡིན་ཏེ། གཉིས་ཀ་ཡང་སོ་སོ་མ་ཡིན་ངོ་བོ་གཅིག་པས་ལྷུན་གྱིས་གྲུབ་པ་ཉིད་དོ། །ཕྱིར་གདུལ་བྱ་ལ་ལྟ་བའི་ཡེ་ཤེས་གཉིས་ལ། ཇི་སྙེད་པས་འགྲོ་བའི་ཁམས་དང་། མོས་པ་དང་དབང་པོའི་རིམ་པ་སྣང་བའི་རྣམ་གཞག་རྒྱུ་འབྲས་རྡུལ་ཕྲན་གྱི་གྲངས་ལ་སོགས་པ་མ་འདྲེས་པར་འགྲོ་བ་ཇི་ལྟར་སྣང་བ་དེ་ལྟར་ཡེ་ཤེས་སྐད་ཅིག་པོ་དེས་མཁྱེན་དུས། ཇི་ལྟ་བས་ངོ་བོ་ཉིད་མེད་པ་ནམ་མཁའ་ལྟ་བུ་གཞི་མེད་གདོད་ནས་དག་པར་གཟིགས་ཏེ། དེ་གཉིས་མི་འགལ་བར་བདེན་པ་གཉིས་ཀྱི་རིམ་པའི་ཆོས་སྤང་བླང་ཀུན་རྫོབ་པ་ཇི་སྙེད་དང་། སྤང་བླང་མེད་པ་དོན་དམ་ཇི་ལྟ་བ་ལས་བརྩམས་ཏེ། སྡེ་སྣོད་གསུམ་རྒྱུད་སྡེ་བཞི། རྒྱས་པར་ཆོས་ཀྱི་ཕུང་པོ་བརྒྱད་
ཁྲི་དང་བཞི་སྟོང་གི་བར་དུ་གསུངས་ཤིང་། ཞིང་ལ་ལར་བལྟམས་པ་དང་། ལ་ལར་མྱ་ངན་ལས་འདས་པ་ལ་སོགས་པ་རྣམ་པ་སྣ་ཚོགས་ཞི་བ་དང་། ཁྲོ་བོ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ། བཟོ་དང་སྐྱེ་བ་དང་། གྲུ་ཟམ་ལ་སོགས་པར་སྤྲུལ་ནས། འཁོར་བ་ཇི་སྲིད་བར་སྟོན་ཏེ། སྒྱུ་འཕྲུལ་བླ་མ་ལས། ཞི་བ་བྱང་ཆུབ་ཆེ་མཆོག་ཉིད། །སྣ་ཚོགས་སྤྲུལ་པ་རྒྱུན་མི་འཆད། །རྔོན་དང་སྨད་འཚོང་ལ་སོགས་པར། །བསྒྱུར་ནས་སེམས་ཅན་དོན་མཛད་དོ། །ཞེས་པ་དང་། དྲི་མ་མེད་པས་བསྟན་པ་ལས། བསམ་ཡས་ཞིང་དུ་སྨད་འཚོང་གྱུར། །སྐྱེས་པ་རྣམས་ནི་བསྡུ་བའི་ཕྱིར། །འདོད་ཆགས་ལྕགས་ཀྱུས་དྲངས་ནས་སུ། །དེ་དག་སངས་རྒྱས་ཡེ་ཤེས་འགོད། །ཅེས་པ་དང་། བདེ་མཆོག་རྩ་རྒྱུད་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལས། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །ད་ནི་རྒྱས་པར་བཤད་པ་ལ་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་ཀྱི་རང་བཞིན་དང་གསུམ་ལས། དང་པོ་ལའང་གཉིས་དང་གསུམ་དང་བཞི་དང་ལྔ་ལ་སོགས་པར་དབྱེ་བ་མང་ཡང་། འདིར་སྒྱུ་འཕྲུལ་དྲ་བ་གཉིས་སུ་མེད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ལྔར་འདོད་དེ། མཚན་བརྗོད་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་པ་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་པས། སྐུ་དང་པོ་གསུམ་གྱི་རང་བཞིན་མདོར་བསྟན་པ་ནི། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པའི་སྐུ་རྣམས་མཁའ་དང་ཉི་བཞིན་དང་། །དེ་ཡི་གཟུགས་བརྙན་དངས་པའི་མཚོར་སྣང་བཞིན། །དེ་ཡང་ཆོས་ཀྱི་སྐུ་ནི་ནམ་མཁའ་ལྟར་སྤྲོས་པ་མེད་ཅིང་། ཡོན་ཏན་གྱི་གོ་སྐབས་ཡངས་པའི་འབྱུང་གནས་དམ་པའི་ངང་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཉི་ཟླ་ལྟར་རིགས་ལྔའི་སངས་རྒྱས་སུ་གསལ་བའི་སྣང་བ་ཉིད་ནི། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་དེ་དང་ཆ་འདྲ་བའི་རིགས་ལྔ་ཞིང་ལྔར་སྣང་བ་དང་། མ་དག་པའི་འགྲོ་
བ་ལ་བྱང་ཆུབ་མཆོག་གི་སྤྲུལ་པ་ལ་སོགས་པ་གསུམ་སྣང་བ་ནི། ཆུ་དངས་པར་ཉི་ཟླའི་གཟུགས་བརྙན་ཤར་བ་ལྟ་བུ་སྟེ། ཡེ་ཤེས་དྲི་མ་མེད་པ་ལས། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཞེས་སོ། །སྤྲུལ་སྐུ་གསུམ་ནི། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །ཞེས་སོ། །བཟོ་སྤྲུལ་པ་ནི་རིས་སུ་བྲིས་པ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་རྟེན་འགྲོ་བའི་དཀར་པོ་རྣམ་པར་འཕེལ་བ་རང་བྱོན་དང་བཞེངས་པ་ཐམས་ཅད་དོ། །སྐྱེ་བ་སྤྲུལ་སྐུ་ནི། དེས་ས་ལ་སོགས་པར་སྤྲུལ་ནས། མུ་གེ་དང་ནད་ལ་སོགས་པ་སྐྱོབ་པའོ། །མཆོག་གི་སྤྲུལ་པ་ནི་མཛད་པ་བཅུ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སོ། །དེ་ལྟར་སྐུ་གསུམ་པོ་དང་ངོ་བོ་གཅིག་པ་ལས། ཡོན་ཏན་གྱི་ལྡོག་པས་སྐུ་ལྷག་མ་གཉིས་ཀྱི་རང་བཞིན་རྒྱས་པར་བཤད་ན། ཟག་མེད་བདེ་བ་ཆེན་པོའི་སྐུ་ནི། སྐུ་རྣམས་ཀྱི་ཁྱབ་བདག་གམ་ངོ་བོ་ཉིད་དུ་ཡོད་པས་བདེ་ཆེན་དང་ངོ་བོ་ཉིད་གཉིས་རྣམ་གྲངས་སུ་བརྗོད་ལ། མངོན་པར་བྱང་ཆུབ་པ་ཉིད་འཇིག་འདྲལ་མེད་པས་རྡོ་རྗེའི་སྐུ་སྟེ། རྣམ་གྲངས་སུ་བརྗོད་ནས་འདིར་བཤད་པ་ནི། བསམ་གྱིས་མི་ཁྱབ་བདེ་ཆེན་ཡེ་ཤེས་སྐུ། །ཀུན་གྱི་བདག་དེ་ཟག་མེད་མཚོན་
བརྗོད་འདས། །ངོ་བོ་ཉིད་སྐུ་ཁྱབ་བདག་ཆོས་ཉིད་དེ། །བདེ་ཆེན་ཉིད་ལས་གཞན་ཞིག་ཡོད་མ་ཡིན། །སྐུ་གསུམ་གྱི་རང་བཞིན་གཅིག་དང་དུ་མ་མེད་པའི་ངོ་བོ་ཉིད་ནི་བསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོ་ཟག་པ་མེད་པའི་ངོ་བོ་ཉིད་ནི་སྐུ་དང་ཡེ་ཤེས་ཀུན་ལ་ཁྱབ་ཅིང་། དབྱེར་མེད་པས་ན་བདེ་བ་ཆེན་པོ་ཉིད་ཡིན་གྱིས་གཞན་མ་ཡིན་ནོ། །ར་ལི་ལས། བདེ་ཆེན་བྱང་ཆུབ་བླ་ན་མེད། །ཡེ་ཤེས་ཆོས་ཀྱི་སྐུར་བརྗོད་དོ། །ཞེས་སོ། །ཡང་སྤངས་རྟོགས་མི་འགྱུར་བ་དེ་ནི། མངོན་བྱང་མི་འགྱུར་རྡོ་རྗེའི་བདག་ཉིད་སྐུ། །སྤངས་རྟོགས་མཐར་ཕྱིན་འཕོ་འགྱུར་མེད་པ་ཡིན། །སྒྲིབ་གཉིས་མཐའ་དག་སྤངས་ཤིང་ཡོན་ཏན་ཐམས་ཅད་རྒྱས་པས་མངོན་པར་བྱང་ཆུབ་པའི་སྐུ་སྟེ། དེ་ཉིད་རྣམ་གྲོལ་ལས་ཉམས་པ་མི་མངའ་ཞིང་། འཕོ་འགྱུར་མེད་པས་རྡོ་རྗེའི་སྐུ་ཞེས་བྱ་སྟེ། པདྨ་ཅོད་པན་ལས། མངོན་པར་བྱང་ཆུབ་རྫོགས་སངས་རྒྱས། །རྡོ་རྗེ་རྩེ་མོ་བླ་ན་མེད། །དབྱེར་མེད་ཡེ་ཤེས་ཉིད་ཀྱི་སྐུ། །རྟག་པ་ཞི་བ་མཐར་ཕྱིན་བདག །ཅེས་སོ། །སྐུ་ལྔ་པོ་དེ་དག་རྫས་ཐ་དད་དུ་གནས་པ་མ་ཡིན་ཏེ། དབྱིངས་གཅིག་སངས་རྒྱས་གཅིག་གི་སོ་སོ་རང་གི་ཡེ་ཤེས་སུ་བསྟན་པ་ནི། དེ་ལྟར་སྐུ་རྣམས་དབྱེར་མེད་དབྱིངས་གཅིག་སྟེ། །འོད་གསལ་སྙིང་པོ་སྒྲིབ་ཀུན་བྲལ་བ་ཉིད། །སྟོང་དང་སྣང་དང་འཕྲོ་དང་དབྱེར་མེད་པས། །ཐ་དད་བརྗོད་ཀྱང་བརྡ་ཙམ་བཏགས་པ་ཉིད། །ལྡོག་པ་སོ་སོའི་ཡོན་ཏན་དང་རྣམ་པ་ལ་ལྟོས་ནས། འོད་གསལ་བའི་སྙིང་པོ་མངོན་དུ་གྱུར་པ་དེ་ཉིད་ཀྱི་ངོ་བོ་སྟོང་པའི་ཆ་ཆོས་སྐུ། རང་བཞིན་སྣང་བའི་ཆ་ལོངས་སྐུ། སྣ་ཚོགས་འཕྲོ་བའི་ཆ་སྤྲུལ་སྐུ། སྤངས་རྟོགས་དབྱེར་མེད་ཀྱི་ཆ་མངོན་བྱང་རྡོ་རྗེའི་སྐུ། དབྱེར་མེད་བདེ་བ་ཆེན་པོར་རོ་གཅིག་པའི་ཆ་བདེ་ཆེན་ངོ་བོ་ཉིད་ཀྱི་སྐུའོ་ཞེས་བརྡ་ཤེས་པའི་དགོས་པ་ཙམ་དུ་སོ་སོར་བཏགས་ཀྱང་བརྗོད་པའི་རྣམ་གྲངས་ཙམ་དུ་ཟད་པའོ། །དེ་ཉིད་ལས། ཐ་དད་མིན་ཡང་ཐ་དད་དུ། །བརྗོད་པ་རང་བཞིན་ཟབ་པ་ཉིད། །ལྷུན་གྱིས་གྲུབ་དང་ཡེ་ཤེས་སྐུ། །རྣམ་ལྔ་བྱང་ཆུབ་ཆེ་མཆོག་ཉིད། །ཅེས་སོ། །སྐུ་ལྔ་པོ། དེ་ལ་བརྟེན་པའི་ཡེ་ཤེས་རྣམ་ལྔ་ཡང་། །ཆོས་དབྱིངས་མེ་ལོང་མཉམ་ཉིད་སོ་
སོར་རྟོག །བྱ་གྲུབ་ཡེ་ཤེས་རང་བཞིན་ལྷུན་གྲུབ་སྟེ། །དང་པོ་ཆོས་སྐུ་གཉིས་པ་ལོངས་སྐུའི་བདག །གསུམ་པ་བདེ་ཆེན་ལྷག་མ་སྤྲུལ་སྐུ་སྟེ། །ངོ་བོ་དབྱེར་མེད་ལྡོག་པ་ཐ་དད་ཉིད། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཆོས་སྐུའི་ཡེ་ཤེས་ལ། མེ་ལོང་ལྟ་བུ་ནི་ལོངས་སྐུའི་ཡེ་ཤེས་ཏེ། མཉམ་ཉིད་ཡེ་ཤེས་ནི་བདེ་བ་ཆེན་པོའི་སྐུའི་ཡེ་ཤེས་སུ་བཞག་ཅིང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་གཉིས་ནི་སྤྲུལ་པ་སྐུའི་ཡེ་ཤེས་ཏེ། མངོན་པར་བྱང་ཆུབ་པའི་སྐུའི་རྣམ་པ་ཅན་ནོ། །ཡེ་ཤེས་འདི་ལྔ་ཡང་ངོ་བོ་ལྷུན་གྲུབ་ཀྱི་རིག་པ་དང་དབྱེར་མེད་དུ་ཡེ་ནས་ཡོད་ཀྱང་། སློབ་ལམ་དུ་སྒྲིབ་པས་བསྒྲིབས་ནས་མི་མངོན་པའོ། །དེ་ལ་སྒྲིབ་པའི་ཆ་ལྔ་དག་པ་ལས་བྱུང་བ་དང་། དེ་སེལ་བྱེད་ལྔས་བསལ་བའི་རྐྱེན་ལས་སྣང་བ་གཉིས་ལས། དང་པོ་ནི་ཀུན་གཞི་ནུབ་པ་ལ་སོགས་པ་སྟེ། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞི་དབྱིངས་སུ་ནུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་ཤེས་དབྱིངས་སུ་ནུབ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ་ཞེས་སོ། །ཡང་ཉོན་མོངས་པ་ལྔ་དག་པ་ལས། ཡེ་ཤེས་ལྔར་སྣང་བ་ཡང་། སྒྱུ་འཕྲུལ་བརྒྱད་ཅུ་པ་ལས། འདོད་ཆགས་ལ་སོགས་ཉོན་མོངས་ལྔ། །རྣམ་དག་ཡེ་ཤེས་ལྔར་བཤད་དོ། །ཞེས་སོ། །དེའང་འདོད་ཆགས་དག་པ་སོ་སོར་རྟོག་པ། ཞེ་སྡང་དག་པ་མེ་ལོང་ཡེ་ཤེས། གཏི་མུག་དག་པ་ཆོས་དབྱིངས་ཡེ་ཤེས། ང་རྒྱལ་དག་པ་མཉམ་ཉིད་ཡེ་ཤེས། ཕྲག་དོག་དག་པ་བྱ་གྲུབ་ཡེ་ཤེས་སོ། །དག་བྱ་གནས་གྱུར་རྒྱུའི་ཆ་རྣམས་སྤྲིན་དང་འདྲ་བ་ཡིན་ནོ། །དེས་སེལ་བྱེད་ནི་མདོ་སྡེ་རྒྱན་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། །བྱ་བ་གྲུབ་པའི་ཕྱིར་ཡང་སྟེ། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །ཞེས་པས། ཆོས་ཀྱི་ཚིག་དོན་འཛིན་པས་མེ་ལོང་ཡེ་ཤེས་མཐོང་བའི་
སྒྲིབ་པ་སེལ་ལོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་བྱང་ཆུབ་ཀྱི་སེམས་བསྒོམས་པས་མཉམ་ཉིད་ཡེ་ཤེས་སོ། །གཞན་ལ་ཆོས་བསྟན་པས་སོ་སོར་རྟོག་པའོ། །གཞན་དོན་བྱས་པས་བྱ་གྲུབ་ཡེ་ཤེས་སོ། །དེ་ཁོ་ན་ཉིད་བསྒོམས་པས་ཆོས་དབྱིངས་ཡེ་ཤེས་ལ་སྒྲིབ་པ་བསལ་ནས་སྣང་བ་ཡིན་ནོ། །ཡེ་ཤེས་དེ་དག་གི་ངོ་བོ་ནི། ཆོས་ཉིད་སྤྲོས་པ་ཞི་བའི་ངོ་བོ་མཁྱེན་པ་ནི། ཆོས་དབྱིངས་ཡེ་ཤེས་སོ། །ཆོས་རྣམས་ཀྱི་རང་བཞིན་ངང་གིས་འོད་གསལ་བར་མཁྱེན་པ་ནི། མེ་ལོང་ཡེ་ཤེས་སོ། །ཐམས་ཅད་མཉམ་པ་ཉིད་རོ་གཅིག་པར་མཁྱེན་པ་ནི་མཉམ་ཉིད་ཡེ་ཤེས་སོ། །ཆོས་རྣམས་ཀྱི་ཁྱད་པར་མ་འདྲེས་པར་མཁྱེན་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་སོ། །ཤེས་བྱ་ཐོགས་མེད་དུ་མཁྱེན་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་པ་དང་། མཉམ་ཉིད་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་གྱི་བདག་ཉིད་དོ། །ཞེས་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་མ་འདྲེས་བསམ་ཡས་མཁྱེན། །ཞེས་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ནི། །སེམས་ཅན་དོན་ཀུན་སྒྲུབ་པ་པོ། །ཞེས་སོ། །དེ་དག་ཀྱང་ཆོས་ཀྱི་དབྱིངས་དང་། མཉམ་པ་ཉིད་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སུ་འདུ་བས་འཁོར་བ་དང་། མྱ་ངན་ལས་འདས་པའི་ཆོས་ཞེས་ཐ་དད་པ་དང་། ཐ་དད་མ་ཡིན་པའི་ཆར་མི་དམིགས་པས། མཁའ་མཉམ་སྤྲོས་པ་དང་བྲལ་བ་ཆོས་ཀྱི་སྐུའི་ངང་ལ་དབྱེར་མེད་པར་བཞུགས་བཞིན་དུ། མེ་ལོང་ལྟ་བུ། བྱ་བ་གྲུབ་པ། སོ་སོར་རྟོག་པ་གསུམ་ཇི་སྙེད་པ་མཁྱེན་པར་འདུ་བས་ཤེས་བྱ་མཐའ་མེད་པ་མཁྱེན་པས་ཐམས་ཅད་གཟིགས་ཤིང་། ཐུགས་རྗེ་མཐའ་མེད་པས་འཇིག་རྟེན་ཀུན་ལ་གཟིགས་པ་ན། ཡུངས་འབྲུ་གཅིག་གི་གོ་ནའང་། སྣོད་བཅུད་ཀྱི་འཇིག་རྟེན་ཚད་མེད་པར་སྣང་བས་དོན་མཛད་ཅིང་། འགྲོ་བ་ཐམས་ཅད་ལ་རྣམ་པར་གྲོལ་བའི་ཆོས་བསྟན་པས། སོ་སོའི་སྐལ་པ་ཇི་ལྟ་བ་བཞིན་བྱང་ཆུབ་གསུམ་ལ་བཀོད་ནས་མྱ་ངན་ལས་འདས་པ་ལ་སོགས་པའི་ཕྲིན་ལས་
འཇུག་སྟེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྐྲ་རྩེའི་ཁྱོན་ལ་སངས་རྒྱས་མང་པོ་ནི། །གངྒཱའི་ཀླུང་གི་བྱེ་མ་ཅི་ཡོད་སྙེད། །རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་འདྲ་སྐལ་མི་མཉམ། །སྐྲ་རྩེའི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་ཞུགས། །འདྲེས་པ་མེད་ཅིང་གནོད་པར་གྱུར་པ་མེད། །དེ་དག་གནས་སུ་མཚོ་དང་རྒྱ་མཚོར་བཅས། །ཆུ་ཀླུང་དེ་བཞིན་མཚོའུ་དང་ལྟེང་ཀ་རྣམས། །འདྲེས་པ་མེད་ཅིང་གནོད་པར་གྱུར་མེད་དེ། །དེ་ལྟར་རྒྱལ་བའི་ཆོས་ནི་བསམ་མི་ཁྱབ། །དེ་ཡི་གནས་སུ་རི་བོ་དུ་མ་སྟེ། །ཁོ་ར་ཁོར་ཡུག་ལྷུན་པོ་རབ་ལྷུན་དང་། །བཏང་བཟུང་དང་ནི་བཏང་བཟུང་ཆེན་པོ་དང་། །འབིགས་བྱེད་བྱ་རྒོད་ཕུང་པོ་གངས་ཀྱི་རི། །གནས་དེར་སེམས་ཅན་དམྱལ་བ་མི་བཟད་པ། །ཚ་དང་རབ་ཏུ་ཚ་བ་ཉམས་མི་དགའ། །དེ་ན་སེམས་ཅན་དམྱལ་བའི་ཚོར་བ་ནི། །སྡུག་བསྔལ་དེ་དག་རྗེས་སུ་མྱོང་བར་བྱེད། །དེ་ཡི་གནས་ན་ལྷ་ཡི་གཞལ་མེད་ཁང་། །དེ་དག་དཔག་ཚད་བཅུ་གཉིས་དབྱིངས་དགའ་བ། །ལྷ་རྣམས་སྟོང་ཕྲག་མང་པོ་དག་གིས་ཀྱང་། །ལྷ་ཡི་དགའ་བས་ཤིན་ཏུ་བདེ་བ་མྱོང་། །དེ་ཡི་གནས་སུ་སངས་རྒྱས་རྣམས་སྐྱེ་ཞིང་། །འཇིག་རྟེན་རིག་པའི་བསྟན་པ་འབར་བ་སྣང་། །དེ་ཡི་གནས་ཉིད་ན་ཡང་ཆོས་ནུབ་ཅིང་། །འདྲེན་པ་མྱ་ངན་འདས་པའི་སྒྲ་ཡང་ཐོས། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན། །འདོད་པའི་ཡོན་ཏན་དག་ལ་དགའ་མྱོང་ནས། །ཕྱིར་སད་ནས་ཀྱང་དེ་ཡི་འདོད་མ་མཐོང་། །དེ་ནི་རྨི་ལམ་ཡིན་པ་དེ་ཡིས་ཤེས། །དེ་བཞིན་མཐོང་ཐོས་རིག་དང་བྱེ་བྲག་ཕྱེད། །འདི་དག་ཐམས་ཅད་མི་བདེན་རྨི་ལམ་བཞིན། །ཞེས་སོ། །དེ་ལྟར་སའི་རྡུལ་དང་། ཆུ་དང་། མེ་དང་། རླུང་གི་རྡུལ་དང་། ནམ་མཁའི་གོ་ཁབ་ཀྱི་མིག་ཙམ་ནའང་ལས་མཐུན་པར་བསགས་པའི་སེམས་ཅན་སྣོད་བཅུད་ཀྱི་འཇིག་རྟེན་གྲངས་མེད་པ་སྣང་བ་ཐམས་ཅད་དུ་ཡེ་ཤེས་ཀྱི་གཟིགས་པ་འཇུག་ཅིང་དོན་མཛད་པ་ཡིན་ནོ། །འདི་ནི་དངོས་པོ་ལ་མེད་ཀྱང་འཁྲུལ་སྣང་དུ་ཤར་བས་རྡུལ་ཕྲན་རེ་རེའི་གོ་ན་མང་པོ་གནས་པར་རུང་ལ། དེ་དག་ཕྱི་རོལ་པའི་དྲང་སྲོང་དང་།
ཉན་རང་དགྲ་བཅོམ་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱིས་གོང་ནས་གོང་དུ་མང་བར་མཐོང་བ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་རྣམས་ནི་ཆེས་ཉུང་གིས། ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་གཅིག་གིས་ཤིང་རྟའི་ཕང་ལོ་ཙམ་གྱི་སའི་ཁྱོན་ལ་སེམས་ཅན་མཐོང་བ་ནི་དེ་བས་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི། ཉན་ཐོས་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གཅིག་གིས་ཤིང་རྟའི་ཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི། བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་གཅིག་གིས་ཤིང་རྟའི་ཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི་དེ་བཞིན་གཤེགས་པའི་སྤྱན་གྱིས་ཤིང་རྟའི་ཕང་ལོ་ཙམ་གྱི་སའི་ཁྱོན་ལ་གཟིགས་པ་ཆེས་མང་ངོ་ཞེས་སོ། །བདག་ཅག་གི་འཇིག་རྟེན་འདི་ཡང་རྡུལ་ཕྲ་རབ་གཅིག་གི་ནང་ན་ཡོད་དེ། ཕལ་པོ་ཆེ་ལས། བཅོམ་ལྡན་འདས་ཡེ་ཤེས་གངས་ཆེན་མཚོ་རྣམ་པར་སྣང་མཛད་ཀྱི་ཕྱག་ན་རྡུལ་ཤིན་ཏུ་ཕྲ་བའི་སྙིང་པོ་ཞེས་བྱ་བ་ཡོད་དེ། དེའི་ནང་ན་རྣམ་པར་ཤེས་པའི་ཁམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། དེའི་སྟེང་ན་ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་ནམ་མཁའི་དབྱིངས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་ཉིད་ཡོད་དེ། དེའི་སྟེང་ན་མེའི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་ཆུའི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཕྲ་རབ་སྙེད་ཡོད་དོ། །དེའི་སྟེང་ན་སའི་ཁམས་རྒྱ་མཚོ་བཅུའི་རྡུལ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་མེ་ཏོག་མཚན་མ་མེད་པ་ལས་སྐྱེས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདི་གནས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ཕྱག་གི་མཐིལ་ལ་རབ་ཏུ་གནས་པའི་འཇིག་རྟེན་གྱི་ཁམས་རྒྱ་
མཚོ་ཞེས་བྱའོ་ཞེས་སོ། །སྤྱིར་ཆུང་ངུའི་གོར། ཆེན་པོ་ཆུད་པར་སྣང་ཚད་མེད་པ་གསལ་སྣང་ཡིན་ལ། དེའང་སེམས་ཅན་གྱི་འཁྲུལ་སྣང་སྣ་ཚོགས་པ་མཐའ་མེད་དང་། དབང་ཐོབ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་སྣང་བ་རྣམས་ཏེ། འཇུག་པ་ལས། དག་པ་དེ་ནི་བཞེད་པས་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁས་གཏུགས་འཇིག་རྟེན་དང་། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །ཞེས་པ་བཞིན་ནོ། །དེ་ལྟར་རྡུལ་ནི་འཇིག་རྟེན་ཇི་ལྟ་བ་བཞིན། འཁྲུལ་སྣང་གི་དུས་ནའང་མ་ངེས་པ་ཡོད་དེ། རྡོ་རྗེ་བཀོད་པའི་རྒྱུད་ལས། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །དུས་གསུམ་དུས་བཞིར་མི་དམིགས་ཀྱང་། །ཡེ་ཤེས་རིག་པའི་ཁྱད་པར་ལས། །སྐད་ཅིག་བསྐལ་པ་དེ་སྐད་ཅིག །ཅེས་པ་དང་། ཤཱཀྱ་ཐུབ་པའི་མི་མཇེད་འཇིག་རྟེན་དང་། འོད་དཔག་མེད་ཀྱི་བདེ་བ་ཅན་དང་། རྡོ་རྗེ་རབ་ཏུ་འཇོམས་པའི་ངུར་སྨྲིག་གི་རྒྱལ་མཚན་དང་། སྐུ་པདྨས་རབ་ཏུ་བརྒྱན་པའི་ཕྱིར་མི་ལྡོག་པའི་འཁོར་ལོ་རབ་ཏུ་སྒྲོགས་པ་དང་། ཆོས་ཀྱི་རྒྱལ་མཚན་གྱི་རྡུལ་དང་བྲལ་བ་དང་། སེང་གེའི་སྒྲོལ་མ་བཟང་པོ་དང་། རྣམ་པར་སྣང་བའི་སྙིང་པོའི་འོད་བཟང་པོ་དང་། ཆོས་ཀྱི་འོད་ཟེར་གྱི་སྐུ་པདྨས་ཤིན་ཏུ་རྒྱས་པའི་འདའ་བར་དཀའ་བ་དང་། མངོན་པར་མཁྱེན་པའི་གཟི་བརྗིད་ཀྱི་རྒྱན་དམ་པ་དང་། ཐུགས་ཟླ་བའི་མེ་ལོང་གི་དཀྱིལ་འཁོར་མདོག་འདུལ་བའི་བཟོད་པ་དང་། དཔལ་བཟང་པོའི་པདྨའི་དཔལ་གྱི་འཇིག་རྟེན་རྣམས། སྔ་མ་སྔ་མའི་བསྐལ་པ་ལ། ཕྱི་མ་ཕྱི་མའི་ཞག་རེར་གསུངས་སོ། །དེས་ན་འགྲོ་བའི་འཁྲུལ་སྣང་ལ་ཚད་མེད་པ་སྙེད། སངས་རྒྱས་ཀྱི་ཡེ་ཤེས་ལ་སྒྲིབ་པ་མེད་པས། སྐད་ཅིག་སྔ་ཕྱི་མེད་པར་གཟིགས་ཏེ། ཤེས་བྱ་ཐམས་ཅད་སྐད་ཅིག་ལ་མཁྱེན་པའི་ཕྱིར་རོ། །མདོ་སྡེ་རྒྱན་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང་། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་སོ། །ད་ནི་དོན་གསུམ་པ། མཛད་པའི་འཕྲིན་ལས་སྤྲུལ་སྐུའི་རོལ་པ་སྟེ། །གང་ལ་གང་འདུལ་དེ་ལ་དེ་སྣང་ཞིང་། །མོས་པའི་རྗེས་འགྲོ་བློ་དང་འཚམས་པར་འབྱུང་། །མཛད་པའི་ཕྲིན་ལས་ནི་སྤྲུལ་སྐུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རོལ་པ་སེམས་
ཅན་གྱིས་གར་ཁྱབ་ཐམས་ཅད་དུ་གང་ལ་གང་འདུལ་གྱི་ཆོས་དང་སྐུ་ལ་སོགས་པར་སྣང་བ་སྐད་ཅིག་སྔ་ཕྱི་མེད་པར་འབྱུང་སྟེ། རྒྱུད་བླ་མ་ལས། གདུལ་བྱའི་ཁམས་དང་འདུལ་བའི་བྱ་བ་དང་། །གདུལ་བའི་ཐབས་དང་དེ་ཡི་རང་བཞིན་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་སོ། །འཕྲིན་ལས་དེ་ཡང་། སྲིད་པ་ཇི་སྲིད་ཕན་བདེ་མཛད་པ་སྟེ། །ལམ་གྱི་རྟེན་དང་ལམ་དང་འབྲས་བུ་ལ། །འགོད་མཛད་འགྲོ་ཀུན་ཐར་གླིང་འདྲེན་མཛད་ཡིན། །སངས་རྒྱས་ཀྱི་ཕྲིན་ལས་དེས་འགྲོ་བ་ངན་སོང་པ་དག་ལམ་གྱི་རྟེན་མཐོ་རིས་ཀྱི་བདེ་བ་ལ་འགོད་པའོ། །མཐོ་རིས་ལ་སོགས་པའི་འགྲོ་བ་རྣམས་བྱང་ཆུབ་གསུམ་གྱི་ལམ་ལ་འགོད་པའོ། །མཐར་དེ་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ལ་འགོད་པའོ། །མདོར་བསྡུ་ན་འཕྲིན་ལས་རྒྱ་ཆེ་བ། གཅིག་ཏུ་ཕན་པ་རྒྱུན་མི་འཆད་པ། མཛད་པ་དུས་ལས་མི་ཡོལ་བ་སྟེ་གསུམ་དུ་འདུས་སོ། །རྒྱ་ཆེ་བ་ནི་ནམ་མཁས་གར་ཁྱབ་སེམས་ཅན་གྱི་གནས་རིས་ཀྱིས་ཁྱབ་པར་འཇུག་པའོ། །གཅིག་ཏུ་ཕན་པ་ནི་ཐར་པ་ཁོ་ན་ལ་འགོད་པའི་ཀུན་ཏུ་སྤྱོད་པ་སྣ་ཚོགས་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བའོ། །དེའང་བཞི་བརྒྱ་པ་ལས། སངས་རྒྱས་རྣམས་ཀྱི་མཛད་པ་ནི། །རྒྱུ་མེད་འགའ་ཡང་ཡོད་མ་ཡིན། །དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་སླད་ཁོ་ནར་ཡང་དག་འབྱུང་། །ཞེས་སོ། །དུས་ལས་མི་ཡོལ་བ་ནི་ནམ་མཁས་ཁྱབ་པའི་སེམས་ཅན་གདུལ་བྱར་གྱུར་པའི་གནས་རིས་སོ་སོར་སེམས་ཅན་རེ་རེའི་རྒྱུད་ལ་དགེ་བ་སྐད་ཅིག་འཕེལ་བ་ཡན་ཆོད་སྐད་ཅིག་མི་ཡོལ་བར་དུས་མཉམ་དུ་མཛད་དེ། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་གྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་སོ། །མདོར་ན་སངས་རྒྱས་ཀྱི་སའི་སྤངས་རྟོགས་ཀྱི་ཡོན་ཏན་མངོན་པར་བྱང་ཆུབ་པ་ཞི་བ་ཆོས་ཀྱི་སྐུའི་ངང་ན་མཚན་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ། ཡོངས་སུ་དག་པ་བཞི། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། དྲན་པ་ཉེ་བར་གཞག་པ་བཞི། བསྲུང་བ་མེད་པ་གསུམ། ཐུགས་རྗེ་ཆེན་པོ། བསྙེལ་བ་མི་མངའ་བའི་ཆོས་ཉིད།
བག་ཆགས་ཡང་དག་པར་བཅོམ་པ། ཆོས་མ་འདྲེས་པ་བཅོ་བརྒྱད། བསྡོམས་པས་སྡེ་ཚན་བཅུ་གཉིས་རྣམ་གྲངས་བརྒྱ་དྲུག་ཅུ་རྩ་བཞིར་བསྟན་པ། འདི་དག་རྣམ་གྲོལ་འབྲས་བུའི་མཆོག་རབ་སྟེ། །འོད་གསལ་མཐར་ཐུག་མངོན་དུ་གྱུར་པ་ཡིན། །བླ་ན་མེད་པའི་ཡོན་ཏན་གྱི་མེ་ཏོག་རབ་ཏུ་རྒྱས་པ་ནི་བྱང་ཆུབ་དམ་པ་སྟེ། སྔོན་རང་ལ་ཡོད་པའི་འོད་གསལ་བླ་མས་ངོ་སྤྲད་པའི་དོན་ཉམས་སུ་བླངས་པས་སྒྲིབ་པ་མཐའ་དག་དང་བྲལ་བའི། ཡེ་ཤེས་འདི་ཉིད་དུ་ཅི་ཡིན་པ་མངོན་དུ་གྱུར་པས། འཇིག་རྟེན་གསུམ་གྱི་མགོན་པོ་ཆོས་ཀྱི་རྗེ་དོན་གཉིས་ལྷུན་གྱིས་གྲུབ་པའི་གོ་འཕང་ཐོབ་པ་ཡིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྒོམ་པ་མཐར་ཕྱིན་པ་འབྲས་བུའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའི་འགྲེལ་པ་ཉི་ཟླ་རིན་པོ་ཆེའི་སྣང་བ་རྒྱ་ཆེར་བསྟན་པའོ།། །།དེ་ལྟར་ལུས་དངོས་ཀྱི་དོན་རྒྱ་ཆེར་བཤད་ནས། ད་ནི་བསྟན་བཅོས་ཡོངས་སུ་རྫོགས་པ་མཇུག་གི་དོན་ལ། རྣམ་གྲངས་ལེགས་པར་བསྟན་པར་བྱ་བའི། དང་པོ་དགོས་ཆེད་གང་གི་དོན་དུ་བརྩམས་པ་ནི། དེ་ལྟར་མདོ་རྒྱུད་མན་ངག་སྙིང་པོའི་དོན། །སྐལ་བཟང་རྣམས་ཀྱིས་རབ་ཏུ་རྟོགས་བྱའི་ཕྱིར། །ཐོས་བསམ་སྒོམ་པའི་རིམ་པ་མ་ནོར་བ། །འཁོར་འདས་སྤང་བླང་ཚུལ་གྱིས་ལེགས་པར་བཤད། །བསྟན་བཅོས་འདི་ནི་འཁོར་བ་སྤང་བ་དང་། མྱ་ངན་འདས་པ་ལ་བླང་བྱ་ཐོས་པ་དང་བསམ་པ་དང་། སྒོམ་པའི་ཤེས་རབ་གསུམ་དུ་ལེགས་པར་བསྡུས་ནས། ཕྱི་རབས་ཀྱི་གང་ཟག་མདོ་རྒྱུད་ཀྱི་དོན་མ་ནོར་བར་ཤེས་ནས་ཉམས་སུ་བླང་བར་འདོད་པ་རྣམས་དང་། ད་ལྟར་བདག་གི་རྗེས་སུ་ཞུགས་པའི་སྐལ་བཟང་ཐར་པ་འདོད་པ་རྣམས་ཀྱི་དོན་དུ། བདེ་བར་གཤེགས་པའི་བཀའ་མདོ་སྡེ་དང་། རྒྱུད་སྡེ་དམ་པ་རྣམས་དང་། དེ་དག་གི་འགྲེལ་ཆེན་དྲི་མ་མེད་པ་རྣམས་དང་། བླ་མ་དམ་པ་ལས་བརྒྱུད་པའི་མན་ངག་གི་སྙིང་པོའི་དོན་རྣམས་གཅིག་ཏུ་བསྡོམས་ཏེ། ཐོས་པ་དང་། བསམ་པ་དང་། སྒོམ་པ་དང་། སྐྱེ་བས་ཐོབ་པའི་ཤེས་རབ་དྲི་མ་མེད་པས་ལེགས་པར་སྦྱར་བ་ཡིན་ནོ། །གང་གིས། བཀོད་པའི་བསྟན་བཅོས་མཁན་པོའི་ངེས་པ་ནི། །ཚུལ་འདི་
བློ་གྲོས་ཡངས་པའི་ནམ་མཁའ་ལ། །ཐོས་བསམ་སྒོམ་པའི་ཆུ་འཛིན་རབ་འཁྲིགས་ཏེ། །ཕན་བདེའི་གློག་ཕྲེང་འབྲུག་སྒྲ་སྒྲོགས་པ་དེས། །རིན་ཆེན་ཆོས་ཆར་འཇིག་རྟེན་རྒྱན་གྱུར་བརྩམས། །ཐེག་པ་མཐའ་དག་གི་དོན་ལ་བློ་གྲོས་ཡངས་པ་ནམ་མཁའི་ཁམས་ཅན་དུ་ཐོས་པ་དང་། བསམ་པ་དང་། སྒོམ་པའི་ཤེས་རབསྤྲིན་ཚོགས་འཐུག་པོ་འཁྲིགས་ཏེ། འགྲོ་བའི་ཁམས་ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པ་ནི། གནས་སྐབས་ཕན་པ་དང་། མཐར་ཐུག་བདེ་བར་འདོད་པའི་གློག་གི་འོད་ཟེར་གསལ་ཞིང་། སྐལ་བཟང་ཐར་པ་འདོད་པའི་ཁམས་སུ། ཆོས་ཀྱི་དབྱིངས་རབ་ཏུ་དགའ་བའི་འབྲུག་སྒྲ་སྒྲོགས་པ་ལས་འཐོན་པའི་ཆར་རབ་ཏུ་བཟང་པོ་རང་གི་མོས་པ་དང་འཚམས་པར་འབབ་པ་ནི། ལྷ་དང་བཅས་པའི་འཇིག་རྟེན་ན་བསྟན་པ་གསལ་ཞིང་ཡུན་རིང་དུ་གནས་པར་བྱེད་པའི་རྒྱན་དུ་གྱུར་པས་ན། གྲགས་ལྡན་པདྨ་དཀར་པོ་ཞེས་བྱ་བའི་རབས་ལས་འོངས་པའི་གཟུགས་ཅན་གྱི་རྒྱན་གྱིས་བསྔགས་པ་དེས་སྦྱོར་བའོ། །དེ་ལྟར་བརྩམས་པ་ལས་བྱུང་བའི་དགེ་བ་བསྔོ་བ་ལ་དྲུག་ལས། དང་པོ་རིགས་ལྔའི་མགོན་པོ་གངས་ཆེན་མཚོ་ཐོབ་པར་བསྔོ་བ་ནི། བསོད་ནམས་སྟོན་ཀའི་ཟླ་རྒྱས་དང་འདྲ་བས། །འགྲོ་ཀུན་ཆོས་དབྱིངས་དག་པའི་ནམ་མཁའ་ལ། །ཤིན་ཏུ་མི་གཡོ་ཟག་མེད་ཐུགས་རྗེའི་ལྷ། །མགོན་པོ་གངས་ཆེན་མཚོར་གྱུར་ཐོབ་པར་ཤོག །བསོད་ནམས་བྱ་བའི་དངོས་པོ་རྣམས་ལས་ཆོས་ཀྱི་སྦྱིན་པ་ཀུན་ནས་དཀར་བ་སྟོན་ཀའི་ཟླ་བ་ལྟ་བུ་དེས། འགྲོ་བ་ཐམས་ཅད་འོག་མིན་ན་མགོན་པོ་རྣམ་པར་སྣང་མཛད་གངས་ཆེན་མཚོ་མཚན་དཔེའི་གཟི་འོད་གསལ་བས། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་དོན་མཛད་ཅིང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མི་གཡོ་བ་དེའི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པའོ། །རྡོ་རྗེ་མི་བསྐྱོད་པར་ཐོབ་པར་བསྔོ་བ་ནི། རབ་དགེ་དྲི་མེད་གང་དེས་སྐྱེ་དགུའི་ཚོགས། །ཉོན་མོངས་རྙོག་བྲལ་ཡེ་ཤེས་ཀླུ་དབང་གནས། །ཟབ་ཡངས་བརྩེ་སྤྲིན་སྙིང་པོ་དང་ལྡན་པ། །མགོན་པོ་མི་འཁྲུགས་མཚོ་ཆེན་ཐོབ་པར་ཤོག །ཆོས་དཀར་དགེ་བ་བདུད་རྩིའི་ཆུ་ཀླུང་བཀོད་པ་དེའི་འབྲས་བུས་སེམས་ཅན་ཐམས་ཅད་ཤར་ཕྱོགས་མངོན་པར་དགའ་བའི་མགོན་པོ་མི་འཁྲུགས་
པ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་མི་གཡོ་བའི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པའོ། །རིན་ཆེན་འབྱུང་གནས་སུ་བསྔོ་བ་ནི། ཡོན་ཏན་ཚོགས་མངའ་མཆོག་དགེ་དྲི་མེད་ཀྱིས། །ཚོགས་གཉིས་ལས་གྲུབ་ཡོན་ཏན་རྫོགས་པའི་གཙོ། །སྲིད་ཞིའི་བདེ་འབྱུང་ཕན་བདེའི་ཆར་འབབ་པ། །མགོན་པོ་རིན་ཆེན་འབྱོར་པ་མཐའ་ཡས་ཤོག །ལེགས་པར་སྦྱར་བ་ཕུལ་དུ་བྱུང་བའི་དགེ་བས་འགྲོ་བ་ཐམས་ཅད། ལྷོ་ཕྱོགས་དཔལ་དང་ལྡན་པའི་མགོན་པོ་རིན་ཆེན་འབྱུང་ལྡན། འདོད་དགུའི་རེ་བ་མཐའ་དག་རྫོགས་པ་དེའི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པའོ། །སྣང་བ་མཐའ་ཡས་སུ་བསྔོ་བ་ནི། དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་སྟེ། །སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་སྒྲོལ་བ། །མགོན་པོ་ཚེ་མཐའ་ཡས་པ་ཐོབ་པར་ཤོག །ཀུན་ཏུ་དགེ་བའི་མེ་ཏོག་གི་ཚོགས་བཀོད་ལེགས་པས་བདག་དང་འགྲོ་བ་ཐམས་ཅད་གནས་སྐབས་སུ་དུས་མ་ཡིན་པར་འཆི་བ་དང་། འཆི་བདག་ལ་སོགས་པའི་བགེགས་ཀྱི་འཚེ་བ་ཞི་ནས། ཇི་སྲིད་འདོད་པར་ཚེ་རིང་ནད་མེད་ལ། མཐར་ཐུག་སྐྱེ་རྒ་ན་འཆིའི་ཆུ་བོ་ཀུན་གྱི་ཕ་རོལ་ཏུ་རང་ཉིད་གཤེགས་ནས་གཞན་ཡང་སྒྲོལ་བ་བདུད་བཞིའི་དཔུང་ལས་རྣམ་པར་རྒྱལ་བའི་མགོན་པོ་ཚེ་དཔག་མེད་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པའོ། །དོན་ཡོད་གྲུབ་པར་བསྔོ་བ་ནི། ཡིད་བཞིན་དགེ་མཆོག་རྒྱ་ཆེན་ལྷུན་མཐོ་བས། །འགྲོ་ཀུན་འདོད་དགུའི་རེ་བ་རྫོགས་པའི་དཔལ། །འཕྲིན་ལས་མཐར་ཕྱིན་དངོས་གྲུབ་ཆར་འབབ་པའི། །མགོན་པོ་དོན་ཡོད་གྲུབ་པ་ཐོབ་པར་ཤོག །ཚིག་དོན་རྒྱན་གྱི་བཀོད་པ་རླབས་ཆེ་བའི་དགེ་བས་བདག་དང་འགྲོ་བ་ཐམས་ཅད་ལས་རབ་རྫོགས་པའི་ཞིང་དུ་གནས་སྐབས་རང་དང་གཞན་གྱི་དོན་གཉིས་འགྲུབ་ཅིང་། མཐར་ཐུག་བྱང་ཆུབ་འབྱོར་བས་རྫོགས་པའི་ཡིད་བཞིན་དངོས་གྲུབ་རྒྱ་མཚོའི་ཆར་གྱིས་འབབ་པ་མགོན་པོ་དོན་ཡོད་གྲུབ་པའི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་པའོ། །བསྔོ་བ་ལྔ་པོའི་དོན་བསྡུས་ནས་ལེགས་པར་བསྔོ་བ་ནི། ཡིད་བཞིན་བསྔོ་བ་རྒྱ་ཆེར་གྱུར་པ་དེས། །རང་གཞན་སྲིད་པའི་རྒྱ་མཚོ་ལས་བརྒལ་ནས། །ཚེ་རབས་ཀུན་ཏུ་གཞན་ལ་ཕན་བརྩོན་ཞིང་། །ཆོས་རྔ་
བསྒྲགས་པས་འཇིག་རྟེན་གྲགས་པར་ཤོག །རིགས་ལྔའི་རྒྱལ་པོར་ཡོངས་སུ་བསྔོས་པ་ལས་བྱུང་བའི་བསོད་ནམས་རྒྱ་ཆེ་བས། བདག་དང་འགྲོ་བ་ཐམས་ཅད་སྲིད་པའི་ཆུ་བོ་ལས་བརྒལ་ཏེ། དྲུག་པ་རྡོ་རྗེ་འཆང་ཆེན་ཀུན་ཏུ་བཟང་པོའི་གོ་འཕང་ལ་གནས་པས་མཐར་ཐུག་གི་རེ་བ་འགྲུབ་ཅིང་། གནས་སྐབས་སུ་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་ལུས་དང་ངག་དང་ཡིད་ཀྱི་རྩོམ་པ་གང་ཅི་བྱེད་པ་ཐམས་ཅད་གཞན་ལ་ཕན་ཞིང་། ཆོས་ཀྱི་རྔ་བོ་ཆེ་སྒྲོགས་པས་འཇིག་རྟེན་གསུམ་པོ་ཐམས་ཅད་དུ་གྲགས་ཏེ། མ་རིག་པའི་མུན་པ་ཐམས་ཅད་སངས་པར་བདག་ཁོ་ནས་བྱེད་པར་ཤོག་ཅིག་ཅེས་སྤྱོད་པ་རླབས་པོ་ཆེར་བསྔོ་བ་ཡིན་ནོ། །ཡོངས་སུ་རྫོགས་པ་མཐར་ཐུག་པའི་མཇུག་བསྟན་པ་ཡུན་རིང་དུ་གནས་པར་བསྔོ་བ་ནི། ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། །བློ་གྲོས་པདྨ་རབ་ཏུ་རྒྱས་བྱེད་ཅིང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བདག་གིས་གཅིག་ཏུ་ཕན་པའི་བློས་ལེགས་པར་སྦྱར་བའི་བསྟན་བཅོས་འདི་ཉིད་ཕྱོགས་ཀྱི་མཐའ་གྲུའི་ཚད་ཀུན་ཏུ་དར་ཞིང་རྒྱས་ཏེ་གྲགས་པའི་འོད་སྟོང་འཕྲོ་བ། ཉི་ཟླའི་དཀྱིལ་འཁོར་ལྟར་གྱུར་ནས་འགྲོ་བ་ཐམས་ཅད་ཀྱི་བློའི་པདྨོ་རབ་ཏུ་རྒྱས་ཤིང་། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པས་འགྲོ་བའི་བདེ་སྐྱིད་མངོན་པར་འཕེལ་བའི་དཔལ་དུ་འབར་བར་ཤོག་ཅིག་ཅེས་པའི་དཔེ་དོན་རབ་ཏུ་གསལ་བ་ནི། ཟླ་བའི་དཀྱིལ་འཁོར་ཤར་བ་ན་ཀུ་མུ་ཏའི་ཚོགས་རྒྱས་པ་བཞིན་ནོ། །དེ་ལྟར་ཆོས་ཚུལ་སྤྲིན་གྱི་བླ་བྲེས་ཀུན་ནས་རྒྱས་པའི་སྙིང་པོ་ཅན། །ཚིག་དོན་རྣམ་བཀྲའི་སྣང་བ་རྒྱ་ཆེ་དཔག་ཡས་ནམ་མཁའི་དབྱིངས་ཁྱབ་པས། །ས་གསུམ་ཞི་བདེའི་ཆར་གྱི་ཚོགས་མང་ལུང་རིགས་འབྲུག་སྒྲའི་ང་རོ་མཛེས། །དོན་གཉིས་གློག་རྒྱུན་རབ་ཏུ་གསལ་བས་མ་ལུས་འཇིག་རྟེན་རྒྱན་གྱུར་ཉིད། །ཞི་བ་གང་དེའི་བློ་མཚོའི་དབྱིངས་ན་གེ་སར་གསལ་བའི་སྙིང་པོ་ཅན། །འཆར་ཀའི་ཉི་གཞོན་རབ་ཏུ་དམར་བས་གསལ་བར་མ་བྱེད་དེ་ལྟ་ནའང་། །མཐའ་ཡས་བརྒལ་དཀའི་ཕུན་ཚོགས་གྲུབ་པའི་རིན་ཆེན་སྣང་བ་རྒྱ་ཆེ་བ། །གང་ཡིན་དེ་ཀུན་བདག་བློའི་ཁང་བཟང་རབ་ཏུ་མཛེས་ཕྱིར་གསལ་བར་འོངས། །ལན་ཅིག་མ་
ཡིན་སྐྱེ་བར་གོམས་པས་རང་གཞན་གྲུབ་མཐའི་སྐྱེད་མོས་ཚལ། །ཆེས་བཀྲའི་སྣང་བ་གང་ཡིན་ལེགས་མཐོང་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཕྱིན། །གང་ལ་འཇིགས་མེད་དེ་ཀུན་རྙེད་པས་པདྨ་དཀར་པོའི་རྣམ་བཤད་སྤྲོས། །ལུང་དང་རིགས་པའི་འདབ་སྟོང་རྒྱས་དེས་བློ་གསལ་བུང་བའི་ལོངས་སྤྱོད་མཛོད། །འདི་ནི་མདོ་རྒྱུད་སྙིང་པོའི་དོན་ཏེ་བློ་ཆེན་ལྡན་རྣམས་འཇུག་པའི་སྒོ། །ཐར་གླིང་འདོད་པའི་སྒྲོན་མེ་ཡིན་ཏེ་མ་རིག་མུན་པའི་ཚོགས་དང་འགལ། །ཡེ་ཤེས་ནོར་བུའི་མཛོད་ཁང་མཆོག་འདིར་མངོན་དགའི་འགྲོ་བ་གང་ཡིན་ཀུན། །མྱུར་དུ་བྱང་ཆུབ་ཞི་བ་རྙེད་ནས་རང་གཞན་དོན་གཉིས་ལྷུན་གྲུབ་འགྱུར། །དེ་ལྟར་བདག་བློ་ཤིན་ཏུ་དྲི་མེད་འོད་ཟེར་གསལ་བའི་སྣང་བ་ཅན། །ཡོན་ཏན་ཆ་ཤས་དཀྱིལ་འཁོར་གང་བས་ཀུན་ནས་འོད་སྟོང་མཛེས་འབར་བའི། །དཔལ་རྣམས་བསྡུས་ཏེ་ལེགས་བཤད་འདབ་སྟོང་པདྨ་དཀར་པོ་རྒྱས་བྱས་པ། །དེ་ཡིས་འགྲོ་ཀུན་ཐར་པའི་གྲོང་དུ་རྒྱལ་བའི་འབྱོར་པས་མངོན་མཐོ་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཀུན་ཏུ་དམ་ཆོས་རིན་ཆེན་མཛོད་འཛིན་ཅིང་། །མཆོག་ཏུ་གཞན་ཕན་སྙིང་པོ་ལྷུར་ལེན་ཐོས་བསམ་སྒོམ་པའི་ཁང་བཟང་དུ། །ས་དང་ལམ་གྱི་དགའ་བདེས་འབྱོར་ཞིང་རྫོགས་པའི་བྱང་ཆུབ་འགྲུབ་པ་དང་། །མཐོང་ཐོས་རེག་པའི་འགྲོ་བ་ཐམས་ཅད་རྣམ་གྲོལ་གོ་འཕང་ཐོབ་པར་ཤོག །ཚུལ་འདིར་ཞུགས་པའི་སྐྱེ་བོ་ཐམས་ཅད་བདེ་བ་ཅན་གྱི་ཞིང་འདོངས་ཤིང་། །གནས་སྐབས་མཐར་ཐུག་རེ་བ་རྫོགས་ལྡན་བྱང་ཆུབ་སྙིང་པོར་འགྲུབ་པར་ཤོག །མིང་ཙམ་ཐོས་པའི་འགྲོ་བ་ཀུན་ཀྱང་ཐར་པའི་ལམ་སྣ་ཟིན་གྱུར་ཅིང་། །དམ་ཆོས་ཉི་མ་འཇིག་རྟེན་གསུམ་དུ་པདྨ་དཀར་པོའི་འདབ་རྒྱས་ཤོག །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ་པདྨ་དཀར་པོ་ཞེས་བྱ་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་དགེ་སློང་རྡོ་རྗེ་འཛིན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས། གྲྭ་རི་རིན་པོ་ཆེ་པདྨ་བརྩེགས་པའི་འདབས། དཔལ་ལྡན་ལྷུན་གྱིས་གྲུབ་པའི་གླིང་དུ་ལེགས་པར་བཀོད་པ་འདི་ཡོངས་སུ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །མངྒ་ལཾ།
ཡིད་བཞིན་མཛོད་ཀྱི་དོན་ཁྲིད་ཟབ་དོན་རྡོ་རྗེ་སྙིང་པོ།
ཡིད་བཞིན་མཛོད་ཀྱི་དོན་ཁྲིད་ཟབ་དོན་རྡོ་རྗེ་སྙིང་པོ་ཞེས་བྱ་བ་བཞུགས།
དངོས་གྲུབ་རྩ་བ་དཔལ་ལྡན་བླ་མ་དང་། །ཧེ་རུ་ཀ་དཔལ་ཞབས་ལ་ཕྱག་འཚལ་ཏེ། །གསང་སྔགས་ཀུན་གྱི་མཐར་ཐུག་སྙིང་པོའི་དོན། །ཉམས་ལེན་གནད་རྣམས་དྲིལ་ནས་འདིར་བརྗོད་བྱ། །ཟབ་དོན་རྡོ་རྗེ་སྙིང་པོའི་དོན་ཁྲིད་འདི་ལ་གསུམ་སྟེ། སྔོན་འགྲོ་རྒྱུད་སྦྱང་བ། དངོས་གཞི་ཉམས་སུ་བླང་བ། རྗེས་ཀྱི་གེགས་བསལ་བའོ། །དང་པོ་ལ་གསུམ་ལས། བྱིན་རླབས་བླ་མའི་རིམ་པ་བསྒོམ་པར་བྱ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བ་དང་། ཐར་ལམ་ཐམས་ཅད་ཀྱི་དེད་དཔོན་ཡིན་པའི་ཕྱིར་ཏེ། རྡོ་རྗེ་གུར་ལས། གང་ཕྱིར་རྡོ་རྗེ་སེམས་ཞེས་བྱ། །སློབ་དཔོན་གཟུགས་ནི་དེ་བཞིན་འཛིན། །ཅེས་པ་དང་། རྣལ་འབྱོར་མ་ལས་བླ་མ་མཁས་ཤིང་དམ་ཚིག་ལྡན། །བརྩེ་དང་བསམ་གཏན་བྱིན་རླབས་ཅན། །དམན་སྤངས་ཐར་པའི་ལམ་ལ་འདྲེན། །འདི་ནི་རྡོ་རྗེ་འཛིན་པ་དངོས། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་བསྒོམ། །ཞེས་གསུངས་པས། དང་པོ་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་ནས།
སྐད་ཅིག་གིས་སྟོང་པ་ཉིད་དུ་བསམས་པའི་ངང་ལས་རང་གི་སྤྱི་བོར་པདྨ་དང་ཉི་ཟླ་སེང་གེས་བཏེགས་པའི་ཁྲི་གནམ་འཕང་དང་རྒྱར་ཡངས་པ། དར་ཟ་འོག་གི་སྟན་གྲངས་མེད་པས་བརྒྱན་པའི་དབུས་སུ། རང་གི་རྩ་བའི་བླ་མ་དེ་གཅེར་བུ་རུས་པའི་རྒྱན་དྲུག་དང་ལྡན་པ། སྐུ་མདོག་མཐིང་ག་སྤྱན་གསུམ་པ་བཞད་པའི་ཞལ་རྒྱས་པ། ཞབས་སྐྱིལ་ཀྲུང་། ཕྱག་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཡབ་ཀྱི་ཐུགས་ཀར་པདྨ་ཉི་ཟླའི་དབུས་ན་ཧཱུྃ་སྔོན་པོ། ཡུམ་ལ་ཧྲཱིཿདམར་པོས་མཚན་པའོ། །དེ་ནས། ན་མོ་གུ་རུ་བྷྱཿས་མཱ་ཛ། ཞེས་ལན་གསུམ་བརྗོད་པས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ནམ་མཁར་བྱོན། ཡང་རང་གི་ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་ཀྱང་བྱོན་པ་ལ་ཡིད་ཀྱིས་མཆོད་མ་ཐག་སྤྱི་བོའི་དེ་དང་གཉིས་སུ་མེད་པར་འདྲེས་པས་བླ་མ་ཀུན་འདུས་རྡོ་རྗེ་འཆང་གཅིག་ཏུ་གྱུར་པར་མོས་པ་བྱའོ། །དེ་ནས། ན་མོ་བུདྡྷཱ་ཡ། དྷརྨཱ་ཡ། སཾ་གྷཱ་ཡ་ལན་གསུམ་བརྗོད་པས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ནམ་མཁའི་དབྱིངས་ཁྱབ་པར་བྱོན་ཏེ་བླ་མ་དེའི་སྟེང་དང་མཐའ་བསྐོར་ཐམས་ཅད་དུ་བཞུགས། མཁའ་འགྲོ་དམ་ཅན་རྒྱ་མཚོ་རྣམས་ཀྱང་བཞུགས་པར་མོས་པ་བྱའོ། །དེ་ནས་དངོས་དང་ཡིད་ཀྱིས་ཕྱི་ནང་གི་མཆོད་པས་མཆོད་ལ། ཡིད་ཀྱིས་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། གསོལ་བ་གདབ་པ་རྣམས་བྱ་སྟེ། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །དཔལ་ལྡན་ཡོན་ཏན་རྫོགས་པའི་གཙོ། །བླ་མ་རྣམས་དང་ཡི་དམ་ལྷ། །མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་འདུད། །ཕྱི་ནང་གསང་བ་དེ་ཁོ་ན། །དགྱེས་མཉམ་བྱང་ཆུབ་སེམས་ཀྱིས་མཆོད། །ལས་དང་ཉོན་མོངས་སྒྲིབ་ཀུན་དང་། །རྩ་བ་ཡན་ལག་ཉམས་ཆགས་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཀུན་གྱིས་བྱང་ཆུབ་འགྲུབ་པར་ཤོག །ཅེས་བརྗོད་པས་དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་། བདག་
དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྦྱོར་མཚམས་ལས་བདུད་རྩི་བབས་པས་རང་གི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཁེངས་ནས་བདེ་གསལ་མི་རྟོག་པའི་ཉམས་སྤྲོས་བྲལ་ལྷན་ཅིག་སྐྱེས་པའི་དོན་རྒྱུད་ལ་སྐྱེས་པར་བསམས་ལ། ཡུན་རིང་དུ་མཉམ་པར་གཞག་གོ །རྗེས་ལ་དེ་དག་རང་གི་སྙིང་ནང་དུ་བྱོན་ནས་བཞུགས་པར་བསྒོམས་ལ། སྒྱུ་མའི་ངང་ལས་བསྔོ་བ་བྱའོ། །དེས་ནི་མྱུར་དུ་དངོས་གྲུབ་ཐོབ་ཅིང་ཏིང་ངེ་འཛིན་རྒྱུད་ལ་སྐྱེའོ། །རང་ལ་ཅི་ཡོད་པས་བླ་མ་མཉེས་པར་བྱའོ། །དེས་ནི་གནས་སྐབས་མཐར་ཐུག་གི་འདོད་པ་ཐམས་ཅད་འགྲུབ་སྟེ། རིགས་ལྔ་བདེ་མཆོག་འབྱུང་བའི་རྒྱུད་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མའི་མཆོད་པ་ཡང་དག་བརྩམས། །དེ་མཉེས་པ་ལས་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོ་ཆེ་ལས་ཕ་རོལ་སྒྲོལ། །ཅེས་སོ། །གཉིས་པ་དད་བརྩོན་ངེས་འབྱུང་གི་རིམ་པ་ལ་དྲུག་ལས། དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ནི། སེམས་ཅན་ཙམ་གྱི་ལུས་ལ་བལྟས་ཏེ་རྙེད་དཀའ་བ། དེ་བས་ཆོས་ལ་སྤྱོད་པའི་ལུས་རྙེད་དཀའ་བ། ཆོས་མ་བྱས་ན་སྟོང་ལོག་ཏུ་འགྱུར་བས་དལ་བ་ཆུད་མི་གསོན་པར་བསྒོམ་པར་བྱའོ། །གཉིས་པ་ཚེ་མི་རྟག་པ་བསམ་པ་ནི། ཕྱི་སྣང་བ་འགྱུར་བ། ནང་ཕུང་པོ་འགྱུར་བ། ཉིན་མཚན་སྐད་ཅིག་འགྱུར་བ། ཡུལ་མི་ཁྱིམ་མཚེས་ཤི་བ་ལ་བསམས་ལ་རང་ལ་སྦྱར་བར་བྱའོ། །གསུམ་པ་དད་པ་བསམ་པ་ནི། དཀོན་མཆོག་གསུམ་དང་བླ་མ་དང་ཆོས་དང་ཆོས་མཛད་རྣམས་ཀྱི་ཡོན་ཏན་བསམ་ལ་དད་པ་བསྐྱེད་པར་བྱའོ། །བཞི་པ་ལས་རྒྱུ་འབྲས་བསམ་པ་ནི། ད་ལྟའི་བདེ་སྡུག་དགེ་སྡིག་ལས་གྱུར་པ་ལ་སོགས་པ་བསམས་ལ། དགེ་བ་བཅུ་སྒྲུབ། མི་དགེ་བ་བཅུ་འདོར། སྡིག་པ་བཤགས་པའི་ཆོ་ག་ཡི་གེ་བརྒྱ་པ་བཟླས་པའི་ལུང་དབོག་པར་བྱའོ། །ལྔ་པ་འཁོར་བའི་ཉེས་དམིགས་
༼འདི་ན་མ་དཔེ་མེད།༽བསམ་པ་ནི། ད་ལྟའི་མིའི་སྡུག་བསྔལ་གྱིས་མཚོན་པ་རིགས་དྲུག་གི་སྡུག་བསྔལ་བསམས་ལ་ཅིས་ཀྱང་འཁོར་བ་འདི་ལས་ཐར་པར་བྱའོ་སྙམ་པའི་བློ་གཏིང་ནས་བསྐྱེད་པར་བྱའོ། །དྲུག་པ་ཐེག་པ་ཆེན་པོ་བྱང་ཆུབ་སེམས་ཀྱིས་བློ་སྦྱོང་བ་ནི། ཆོས་ཀུན་ལ་བྱང་ཆུབ་ཀྱི་སེམས་མཆོག་ཏུ་གསུངས་པས། བདག་གིས་རང་གཞན་གྱི་དོན་གཉིས་བསྒྲུབ་པར་བྱ། དེའི་ཆེད་དུ་བྱང་ཆུབ་དུ་སེམས་བསྐྱེད་སྙམ་དུ་བསམས་ལ་དེའི་ཉིན་པར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་དག་ལ་དམིགས་ཐུན་རེ་རེའོ། །གསུམ་པ་སྲོག་རྩོལ་ལུས་ཀྱི་སྔོན་འགྲོ་ནི། ཉིན་འགར་ལུས་སྦྱོང་ཉི་ཤུ་པ་ལ་བསླབ་པར་བྱའོ། །དེས་ནི་ཁམས་དང་རླུང་གནད་དུ་ཆུན་ནས་ཡེ་ཤེས་མ་སྐྱེས་པ་སྐྱེ། སྐྱེས་པ་གོང་དུ་འཕེལ་བའི་དགོས་པ་ཡོད་དོ། །བཅའ་ལུགས་ནི་འོག་ནས་འབྱུང་ངོ། །དོན་གཉིས་པ་དངོས་གཞི་ཉམས་སུ་ལེན་པ་ལ་ལྔ་སྟེ། སྲོག་གི་རྣལ་འབྱོར། རྩོལ་བའི་རྣལ་འབྱོར། འོད་གསལ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར། འཕོ་བའི་རྣལ་འབྱོར། བར་དོའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་ལས། སྔོན་དུ་དམིགས་པ་ལ་བསླབ་པ་ནི། ལུས་སྐྱིལ་ཀྲུང་གི་པུས་མོ་གཉིས་ཐལ་མོས་བཀབ་ལ་མཇིང་པ་དགྱེ་བར་བྱས་ཏེ། རླུང་རོ་གསུམ་ཕྱིར་བུས་ལ། དེ་ནས་དལ་བུས་བཟུང་སྟེ། རླུང་གནད་ལ་ཕར་ལ་མདའ་ལྟར་འཕང་པ། ཚུར་ལ་གཞུ་ལྟར་དགུ་བ། ནང་དུ་རྫིང་ལྟར་བསྐྱིལ་བ་གསུམ་མོ། །དམིགས་པའི་གནད་དབུས་སུ་དབུ་མ་མཐིང་སྐྱའི། གཡས་རོ་མ་དཀར། གཡོན་རྐྱང་མ་དམར། འཁོར་ལོ་བཞིའི་བདེ་ཆེན་དཀར། ལོངས་སྤྱོད་དམར། སྙིང་ག་མཐིང་། ལྟེ་བ་དམར་བའི་དབུས་ན། བཾ། ལཾ། ཨེ། རཾ་རྣམས་སོ་སོའི་ཁ་དོག་བཞིན་བསམས་ལ། རོ་རྐྱང་གི་ཡར་སྣ་སྣ་བུག་གཉིས་ནས་རླུང་ཞུགས་པ། མར་སྣ་སྤུ་ནག་གུའི་ཐད་ནས་དབུ་མའི་ནང་དུ་འཇུག་པ་ལས་རླུང་ཞུགས་ཏེ། དབུ་མའི་དབུས་དང་འཁོར་ལོ་བཞི་ཁེངས། དེའང་དབུ་མར་རླུང་ཁ་དོག་ལྔ་ལྡན་འཇའ་ཚོན་འདྲ་བས་གང་། འཁོར་ལོ་བཞི་དེ་དག་གི་ཁ་དོག་སོ་སོས་གང་བར་སྒོམ། བསྐྱིལ་དུས་ཡིན་ཇེ་རིང་བྱ། འཕང་དུས་ལྷག་གཟུང་། དགུག་དུས་རབ་ཏུ་དལ་བར་བྱའོ། །
༼འདི་ན་མ་དཔེ་མེད།༽འདིར་དུས་བཞི་འབྱུང་བའི་རླུང་བཤད་ཀྱང་འདི་ལས་ཟབ་པ་མེད་དོ། །གནད་འདིས་སྔོན་དུ་མ་སྦྱངས་ན། རླུང་གེགས་ཡོང་བས་འདི་ལ་འབྱོང་བར་བྱའོ། །ཚད་ནི་ད་ལྟའི་རླུང་གཅིག་ནས་བཅུའི་བར་ཁུག་པ་གཅིག་གིས་འདའ་ནུས་པའོ། །དེ་ནས་གཉིས་པ་དངོས་གཞི་དབང་དུ་བསྡུ་བ་ལ། ལུས་གནད་སྐྱིལ་ཀྲུང་བཅའ། ལག་པ་འཁྱུད་པའི་ཚུལ་ལས་ཐལ་མོ་པུས་མོ་ལའོ། །དམིགས་གནད་ཅི་ཡང་ཡིད་ལ་མི་བྱེད་པའོ། །རླུང་གནད་རང་དབང་མེད་པར་དགག་པ་སྟེ། འོག་སྒོ་ཤིན་ཏུ་གློད་ལ་གསང་གནས་སུ་བུམ་པ་ཅན་དུ་གཟུང་ངོ་། །གནས་དེར་སྟེང་རླུང་དྲག་ཏུ་མནན། ཕོ་བ་འདིར་བྱའོ། །རང་བཞིན་དུ་བུམ་པ་ཅན་ནི་གང་འཛིན་ས་དེ་ཉིད་དུ་རླུང་དེས་གང་བར་བྱེད་པ་ལ་ཟེར་རོ། །དེ་ནས་རླུང་ཟིན་པའི་རྟགས་སུ། གཞན་གྱི་ཉི་ཤུ་རྩ་བཞིའི་རིང་དབུགས་གཅིག་ལས་མི་རྒྱུ་ཞིང་། སེམས་ཏིང་ངེ་འཛིན་མི་རྟོག་པ་རང་ལུགས་སུ་སྐྱེ་བའོ། །དེ་ནས་མཉམ་གནས་ཀྱི་རླུང་དབང་དུ་བྱ་བ་ནི། འོག་སྒོ་བསྡམས་ལ་ལྟེ་བར་བུམ་པ་ཅན་དུ་བཟུང་ལ་ལན་གསུམ་བྱས་ན། དབུགས་ཉིས་བརྒྱ་ལྔ་བཅུ་རྩ་བརྒྱད་ཀྱི་རིང་གཅིག་ལས་མི་རྒྱུའོ། །དེ་ལྟར་སྒོམ་དུས་གཡས་རླུང་དབུ་མར་ཚུད་པའི་རྟགས་སུ་མདུན་གྱི་ནམ་མཁར་དུ་བ་ལྟ་བུ་དང་། སྤྲིན་ལྟ་བུ་ལང་ལོང་དུ་འབྱུང་ངོ་། །ས་དང་ཆུ་དང་མེ་དང་རླུང་གི་རླུང་རྣམས་དབུ་མར་ཚུད་པའི་རྟགས་སུ། སྨིག་རྒྱུ་དང་། སྲིན་བུ་མེ་ཁྱེར་དང་། མར་མེ་དང་། འོད་ཀྱི་སྣང་བ་སྣ་ཚོགས་འབྱུང་ངོ་། །ནམ་མཁའི་རླུང་ནི་མི་རྟོག་པའི་ཡེ་ཤེས་དངས་གསལ་ཕྱེད་དུས་ཚུད་ལ། ཕྱིར་སྣང་ཐིག་ལེ་ཕྲ་མོ་དང་འོད་མཐིང་གར་སྣང་བའོ། །རླུང་འཛིན་དུས་རགས་རླུང་གཡས་ནས་བཟུང་ན་རྟོག་པ་འགག་པར་མྱུར་རོ། །འཇམ་རླུང་གཡོན་ནས་བཟུང་ན་བདེ་བ་ཤས་ཆེའོ། །མ་ནིང་གི་རླུང་མཉམ་དུས་བཟུང་ན་འོད་གསལ་ཟིན་པར་སླ་བ་ལས། སྐབས་འདིར་གཡས་ནས་རྒྱུ་དུས་
གཟུང་ངོ་། །འཕགས་སྐོར་རིམ་ལྔ་ལས། རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཅེས་སོ། །སྲོག་རླུང་། ཁྱབ་བྱེད། མེ་མཉམ། གྱེན་རྒྱུ། ཐུར་སེལ། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་ལ་རྒྱུ་བའི་རླུང་སྟེ་བཅུའོ། །གསུམ་པ་རྗེས་མཉམ་གནས་མ་ནིང་གི་རླུང་གིས་བོགས་དབྱུང་བ་ནི། ལུས་གནད་སྐྱིལ་ཀྲུང་། ལག་པ་མཉམ་གཞག །མིག་ཧར་པོར་ཐད་དྲང་དུ་བལྟས་ལ། སེམས་གནད་གང་ཡང་ཡིད་ལ་མི་བྱེད་པས། རླུང་གནད་ཕྱིར་འགྲོ་དུས་རབ་ཏུ་དལ་བས་ཡུན་ཇི་ཙམ་བསྲིང་ཐུབ་ཏུ་བཟུང་ལ་གཞག །ནང་དུའང་ཡུན་རིང་བས་འོང་དུ་གཞུག །ནང་དུ་གནས་དུས་ཡིན་བསྲིངས་ལ་བཞག །དེ་དག་གི་དུས་སུ་རྩོལ་བས་བཙན་ཐབས་མ་ཡིན་པས་ཆ་ལ་རང་བབས་ཀྱི་ཁོག་ནས་དལ་ལ་ཡུན་བསྲིངས་པས་རྣམ་པར་མི་རྟོག་པའི་ངང་ལ་རྒྱུན་དུ་གནས་པ་དང་། རླུང་དྲག་པོ་འདུས་པའི་གེགས་སེལ་བ་དང་། ཟས་སྐོམ་ཡིད་ལ་མི་འདོད་པ་ལ་སོགས་པ་འབྱུང་ངོ་། །འདི་ནི་ཤིན་ཏུ་ཟབ་པས་ཉམས་སུ་ལེན་པ་ལ་བརྩོན་པར་བྱའོ། །དོན་གཉིས་པ་རྩོལ་བའི་རྣལ་འབྱོར་ལ་གསུམ་སྟེ། སྔོན་དུ་གཏུམ་མོ། དངོས་གཞི་རྣལ་འབྱོར། རྗེས་འོད་གསལ་གྱི་ངང་དུ་ལ་འདའ་བའོ། །དང་པོ་ནི། ལུས་གནད་སྐྱིལ་ཀྲུང་། དམིགས་གནད་དབུ་མའི་ནང་ལྟེ་བའི་ཐད་དུ་ཨ་ཐུང་། ངོ་བོ་མེ། རྣམ་པ་ཨ། རེག་བྱ་ཤིན་ཏུ་ཚ་བ་ནས་ཙམ་ལས་མེ་འབར་བས་སྤྱི་བོའི་ཧཾ་ཞུ་བའི་དངས་མས་མེའི་གསོས་བྱས། ཆེར་འབར་བས་འཁོར་ལོ་བཞི་ཁྱབ་པར་མེའི་དྲོད་སྤྲོས་པའི་ངང་ལ་བཞག་པས་ཁྲག་དང་ཁམས་དྲོས་ཏེ་བདེ་བ་སྐྱེ་བའོ། །ལུས་ལ་གོས་མི་དགོས་པ་དང་། གང་བལྟས་དྲོ་བར་སྣང་བ་འཆར་རོ། །དངོས་གཞི་ནི། རྩ་གསུམ་འཁོར་ལོ་བཞི་གསལ་བའི་རོ་རྐྱང་ནས་དངས་མ་དཀར་དམར་དབུ་མར་ཞུགས་པས་དར་ཅིག་བདེ་བ་ལ། མར་སྣའི་ཨ་ལ་དངས་མ་དམར་པོ་འདུས། ཡར་སྣའི་
ཧཾ་ལ་དཀར་པོ་འདུས་པ་སྙིང་གར་འདྲེས་ཏེ། གོང་བུ་གཅིག་ཏུ་གྱུར་པ་ལས། སླར་ཡང་འཁོར་ལོ་བཞིར་དེ་ལས་བབས་པའི་དངས་མ་འདྲེས་པས་ཁྱབ་པར་སྒོམ་ཞིང་། བདེ་བ་ཉིད་ཀྱི་ངང་ལ་བཞག་གོ །སྐབས་སུ་ཡས་བརྟན་རིམ་པས་འབབ་པ་དང་། མས་བརྟན་བཟློག་པ་དང་། རྩ་རྣམས་སུ་དགྲམ་པའང་བྱའོ། །འདིས་ནི་བདེ་བ་མི་བཟོད་པ་སྐྱེ་བའོ། །རྗེས་ནི་སྙིང་གར་ཨ་ཧཾ་གཅིག་ཏུ་འདྲེས་པ་ལ་ཡང་བསྡུས་ཏེ། ཨེ་མཐིང་གར་གྱུར་ལ། དེ་ཡང་ཇེ་ཕྲར་གྱུར་ནས་ཡིད་ལ་མི་བྱེད་པའི་ངང་ལ་གཞག་གོ །འདིའི་ཚེ་ཐིག་ལེ་རྩའི་ནང་དུ་སྦ་བ། རྣམ་རྟོག་ཆོས་ཉིད་ཀྱི་ངང་དུ་སྦ་བ། བདེ་བ་འོད་གསལ་གྱི་ངང་དུ་སྦ་བ། འོད་གསལ་འཛིན་མེད་ཀྱི་ངང་དུ་སྦ་བ་ཞེས་བྱ་བ་ཡིན་ནོ། །ཐིག་ལེའི་བདེ་བ་ཇི་ལྟར་ཉམས་སུ་ལེན་ཡང་གནད་འདི་གཅེས་སོ། །འདི་མེད་ན་ཐར་ལམ་བྱང་ཆུབ་ལ་རེག་དུས་མེད་དོ། །དེས་ན་གང་ཡང་བྱ་རྩོལ་མེད་པ་འོད་གསལ་གྱི་ངང་ལས་མི་འདའ་བར་བསླབ་བོ། །ཐབས་ལམ་གཞན་ལས་ཡུམ་གྱི་བདེ་བ་ལ་བརྟེན་ཏེ་ཐིག་ལེ་དབབ་པ་ཡས་བརྟན་གྱི་དགའ་བ་བཞི་དང་། རྡོ་རྗེའི་བུམ་པར་བཟུང་ཞིང་བསྐྱིལ་བ་དང་། ཡུམ་གྱིས་དྲང་བ་དང་། དེ་གཉིས་བསྲེས་ཏེ་གཅིག་ཏུ་གྱུར་པ་གྱེན་དུ་བཟློག་པ་མས་བརྟན་གྱི་དགའ་བ་བཞི་དང་། རྩ་རྣམས་སུ་དགྲམ་པ་དང་། ཡེ་ཤེས་ཆེན་པོར་ལ་འདའ་བ་རྣམས་ཀྱང་ཐབས་འདིར་འདུས་པ་ལས། ཐ་མ་འོད་གསལ་དུ་སྒོམ་པ་ནི་འདི་ཆེས་ཟབ་པ་ཡིན་ནོ། །དོན་གསུམ་པ་འོད་གསལ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ནི། སྲོག་རྩོལ་གཉིས་ཀྱི་ཐབས་ལས་སྐྱེས་པ་སྟེ། སྲོག་གི་དུས་སུ་སེམས་གསལ་ལ་མི་རྟོག་གམ། རྩོལ་བའི་དུས་སུ་བདེ་ལ་མི་རྟོག་པ་གང་ཡིན་ཡང་འདྲ་སྟེ། དེ་དུས་ཀྱི་རིག་པ་བདེ་བ། གསལ་བ། མི་རྟོག་པ་ནི་ཉམས་ཡིན་ལ། ངོ་བོ་སྟོང་པ། གསལ་བ། གང་དུ་ཡང་མ་གྲུབ་པ། རང་བྱུང་བཅོས་བསླད་མེད་པ། དང་སང་ངེ་། ཡང་ཕྱལ་ལེ། གསལ་སང་ངེ་། བདེ་ལ་རྟོག་པ་མེད་པ། གསལ་ལ་ངོས་གཟུང་མེད་པ། རིག་པ་རྗེས་མཐུད་
མེད་པ། ཡུལ་ལ་མ་ཡེངས། སེམས་སུ་མི་འཛིན། བསྒོམ་བྱ་སྒོམ་བྱེད་ཀྱི་ཆོས་ལས་འདས་པ་དེ་ངོས་བཟུང་ལ་མ་ཡེངས་པར་རྟག་ཏུ་བསྒོམ་མོ། །དོ་ཧ་ལས། ཆུ་དང་མར་མེ་རང་གསལ་གཅིག་པུར་ཞོག །ཅེས་པ་དང་། ཏོག་རྩེ་པས། བསྒོམ་བྱ་སྒོམ་བྱེད་ལས་གྲོལ་བ། །ཡིད་ལ་མེད་དོ་ཕྱག་རྒྱ་ཆེ། །ཞེས་པ་དང་། བིཪྺ་བས། སེམས་ཀྱིས་བསྒོམས་པ་སྒོམ་པ་མིན། །མི་སྒོམ་པ་ཡང་སྒོམ་པ་མིན། བསྒོམ་དང་མི་སྒོམ་ལས་འདས་པ། །ཡིད་ལ་མེད་དོ་ཕྱག་རྒྱ་ཆེ། །ཞེས་པ་དང་། རྣམ་ངེས་ལས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་པ་དང་། ཡེ་ཤེས་སྣང་བ་རྒྱན་ལས། ཀུན་ཏུ་རྟོག་པས་མ་བརྟགས་ན། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མེད། །དམིགས་པ་མེད་ལ་ཕྱག་འཚལ་འདུད། །ཅེས་པ་དང་། ཡུམ་ལས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་ཕྱིར་ནམ་མཁའ་ལྟ་བུའོ་ཞེས་པ་དང་། སྡུད་པ་ལས། གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། །ནམ་མཁའ་གང་ལ་གནས་ཡིན་དོན་འདི་ཤེས་པར་གྱིས། །ཞེས་སོ། །དེ་ལྟ་བུ་དེ་སྒོམ་དུས་རྒྱ་ཆེར་སྣང་བའི་རི་རྩེ་ལ་སོགས་པར་སོང་ནས་ཀྱང་བསྒོམས་ལ། སེམས་རྩེ་གཅིག་ཏུ་མི་སྡུད་པར་རྒྱ་བསྐྱེད་དེ་ལྟ་སྟངས་གློད་པའི་ངང་ནས་ཡངས་པ་ཁྲོལ་ལེར་བསྒོམ་པ་ཡིན་ནོ། །དེ་ལྟར་བསྒོམས་པ་ལས་བདེ་གསལ་མི་རྟོག་པ་ལ་སོགས་པའི་དྲོད་རྟགས་འབྱུང་སྟེ། མདོ་ལས། བསམ་དུ་མེད་པའི་ཆོས་ཉིད་ལ། །བསམ་དུ་མེད་པའི་བློ་བཞག་ན། །བསམ་དུ་མེད་པའི་ཉམས་མྱོང་འབྱུང་། །ཞེས་པ་དང་། སྒྱུ་འཕྲུལ་ལས། ཡོངས་སུ་བསྒོམ་བྱ་བླ་མེད་པ། །གོམས་པས་དྲོད་ནི་དཔག་ཏུ་མེད། །ཅེས་པ་དང་། རྣམ་འགྲེལ་ལས། གང་གིས་ཤིན་ཏུ་བསྒོམས་གྱུར་པའི། །སྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་
མི་རྟོག་བློ་འབྲས་བུ། །ཞེས་སོ། །དེ་ཡང་དང་པོ་སེམས་གནས་པའི་རྟགས་སུ་བྱ་བ་རྣམས་ལ་འཇུག་སྙིང་མི་འདོད་པར་སྔར་བས་ལེ་ལོ་ཆེར་སོང་བས་ལུས་སེམས་ལ་ལྷོད་ཆགས་པ་འོང་། སྤྱོད་ལམ་ཡང་མ་བཅོས་སྨྱོན་པ་འདྲ་བ་འབྱུང་། ཚེ་འདི་ལ་དགོས་མེད་སྐྱེ། ལུས་ལ་ནད་མེད་ཅིང་ཟོ་མདོག་བདེ་ཁ་ཟས་ལ་སྲེད་པ་ཆུང་བས་མ་ཟོས་ཀྱང་མདངས་བཀྲག་རྒྱས། གཉིད་འོད་གསལ་དུ་ཐིམ་པས་རྨི་ལམ་གྱི་འཁྲུལ་སྣང་འགགས། མངོན་ཤེས་ཕྲ་མོ་ཐོབ་པས་རང་གཞན་གྱི་ལེགས་ཉེས་ཤེས། གང་ལའང་བདེན་ཞེན་མེད་པས་འཇིག་རྟེན་ཆོས་བརྒྱད་ཞིག་པའོ། །ཡང་ཏིང་ངེ་འཛིན་སྐྱེས་པ་བརྟན་པའི་དྲོད་རྟགས་བཅུ་གསུམ་ལས། ཕྱིའི་དྲུག་ནི། སེམས་ཀྱིས་བལྟས་དུས་ཡེ་མེད་པ་སྙམ་པ་དང་། བདེ་འབོལ་ལེ་བ་དང་། གསལ་ལྷག་གེ་བ་དང་། སྟོང་སང་ངེ་བ་དང་། དགའ་ཞིང་གཅིག་དགོད་འཆོར་བ་དང་། མཐའ་དབུས་བྲལ་བ་ནམ་མཁའ་དང་དབྱེར་མེད་སོང་བ་སྙམ་བྱེད་པའོ། །ནང་གི་དྲོད་རྟགས་གསུམ་ནི། ལུས་མེད་པ་སྙམ་བྱེད་པ་དང་། སེམས་མེད་པ་སྙམ་བྱེད་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བའོ། །གསང་བའི་དྲོད་རྟགས་བཞི་ནི། ལུས་ཤིང་བལ་ལྟར་ཡང་ཕྱད་ཕྱད་པ་དང་། ལུས་ནམ་མཁའ་ལ་འཕགས་པ་སྙམ་བྱེད་པ་དང་། ཉི་མ་ཤར་བ་སྙམ་བྱེད་པ་དང་། ཟླ་བ་ཤར་བ་སྙམ་བྱེད་པའོ། །དེ་ཡང་ཕྱིའི་རྟགས་དྲུག་ལ་ཞེན་ན་འདོད་ཁམས་སུ་གོལ། ནང་གི་རྟགས་གསུམ་ལ་ཞེན་ན་གཟུགས་ཁམས་སུ་གོལ། གསང་བའི་རྟགས་བཞི་ལ་ཞེན་ན་གཟུགས་མེད་མུ་བཞིར་གོལ་ཏེ། ལྟ་བས་ཐག་མ་ཆོད་པར་སྟོང་སང་ངེ་བ་ཙམ་དུ་ཞེན་ནས་བསྒོམས་ན་ནམ་མཁའ་མཐའ་ཡས་སུ་གོལ། སྣང་སེམས་ཐམས་ཅད་རང་སེམས་ཙམ་དུ་ཤེས་ནས་སེམས་གསལ་བར་བསྒོམས་ན་རྣམ་ཤེས་མཐའ་ཡས་སུ་གོལ། སྣང་བ་ལ་བློས་མ་རེག་པའི་སྟོང་པར་བསྒོམས་ན་ཅི་ཡང་མེད་པའི་སྐྱེ་མཆེད་དུ་གོལ། སྣང་བ་བློས་མ་རེག་པར་ཡོད་མེད་གཉིས་ཀ་མ་ཡིན་པ་ཙམ་དུ་བསྒོམས་ན་སྲིད་རྩེར་གོལ་ལོ། །ཅི་ཡང་མེད་
པར་རྟོག་པ་འགགས་པའི་ངང་དུ་བསྒོམས་ན་འདུ་ཤེས་མེད་པའི་ལྷ་ཚེ་རིང་པོར་གོལ་ལོ། །གོལ་བ་ཐམས་ཅད་ཏིང་ངེ་འཛིན་དེ་དག་གི་ཉམས་རེ་བྱུང་བ་ལ་ཞེན་ནས་མཆོག་ཏུ་བཟུང་བས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བར་སོང་སྟེ་གོལ་བ་ཡིན་ནོ། །དེས་ན་གང་ལ་རང་ཞེན་འཛིན་མེད་པས་བསྒོམ་པ་གཅེས་སོ། །དོ་ཧ་ལས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཅེས་སོ། །དེ་ལྟར་གོམས་པ་ལས་དོན་དམ་པའི་བདེན་པ་རྟོགས་ནས་མྱུར་དུ་ཆོས་ཀྱི་སྐུ་འགྲུབ་ལ། སྔོན་འགྲོར་བླ་མའི་རྣལ་འབྱོར་ལ་སོགས་པས་བསོད་ནམས་ཀྱི་ཚོགས་ཀུན་རྫོབ་པའི་རྣམ་པ་རྫོགས་ནས་གཟུགས་སྐུ་འགྲུབ་པས་ན་ལམ་འདི་ཆོས་ཟབ་ལ་གོལ་ས་མེད་དེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་བྱུང་། །ཞེས་པ་དང་། ཐོད་གླུ་ལས། སྟོང་ཉིད་རྒྱུ་ལ་གོམས་པ་ཡིས། །ཆོས་ཀྱི་སྐུ་ཡི་རྩེ་མོར་བྱུང་། །བསོད་ནམས་བསགས་པའི་རྣམ་སྨིན་གྱིས། །ལོངས་སྤྱོད་རྫོགས་པའི་རྩེ་མོར་བྱུང་། །སྨོན་ལམ་བཏབ་པའི་རྣམ་སྨིན་གྱིས། །སྤྲུལ་པའི་སྐུ་ཡི་རྩེ་མོར་བྱུང་། །ཞེས་སོ། །དེ་ལྟར་འོད་གསལ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ནི་རྣལ་འབྱོར་རྣམས་ཀྱི་ནང་ནས་མཆོག་ཡིན་པས་སྒོམ་པ་ལ་བརྩོན་པར་བྱའོ། །བཞི་པ་འཕོ་བའི་རྣལ་འབྱོར་ལ་གསུམ་སྟེ། སྔོན་དུ་སྦྱང་བ་དང་། འཆི་ལྟས་བརྟག་པ་དང་། དུས་སུ་འཕོ་བའོ། །དང་པོ་ནི། བླ་མའི་རྣལ་འབྱོར་བསྒོམས་ནས་སྐྱིལ་ཀྲུང་གིས་འདུག་སྟེ། རྩ་དབུ་མ་མདའ་སྨྱུག་ཙམ་གྱི་ནང་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནས་ཙམ་ཞིག་སྒལ་ཚིགས་ཉི་ཤུ་རྩ་གཅིག་གི་རིམ་པ་ལྟར་གྱེན་དུ་འཕར་བས་ཚངས་བུག་བརྟོལ་བར་བསམས་ལ། ཀ་ཧིག་ཉི་ཤུ་རྩ་གཅིག་ནས་བཞི་བཅུའི་བར་དབུགས་ཐེབ་རེ་རེ་ལ་རྒྱངས་རྒྱངས་གདོན་ནོ། །ཉི་མ་གཅིག་གམ་གསུམ་
མམ་བདུན་ན་ཚངས་བུག་ཏུ་ཚ་ཞིང་། འཕང་ལོ་ཙམ་གྱི་ཤ་འཕར་བའི་དབུས་ན་བུག་པ་འཇག་མ་ཚུགས་པ་དངོས་སུ་འབྱུང་ངོ་། །དེས་ནི་འཕོ་བའི་ལམ་བྱང་ནས་ནམ་འཕོ་ཡང་ཚེགས་མེད་པ་ཡིན་ནོ། །གཉིས་པ་འཆི་ལྟས་བརྟག་པ་ནི། ནམ་མཁའ་ལ་ཚེའི་གཟུགས་མེད་པ་དང་། ཉིན་ཕྱེད་མཚན་ཕྱེད་ན་རླུང་གཡས་སུ་རྒྱུ་བ་དང་། ཐིག་ལེ་ནག་པོར་འབབ་པ་དང་། བཤང་གཅི་དུས་གཅིག་ལ་འབྱུང་བ་དང་། རྣ་བའི་སྒྲ་མེད་པ་དང་། མིག་གི་འོད་མེད་པ་དང་། གཅི་བ་གཉིས་སུ་གྱེས་པ་དང་། སྣ་གོང་དུ་རྡུལ་ཆགས་པ་དང་། ལག་པ་སྨིན་མཚམས་སུ་བསྒྲེངས་པའི་རྒྱུན་ཆད་པ་དང་། རྨི་ལམ་དུ་བོང་བུ་ཞོན་ནས་ལྷོར་འགྲོ་འཕྲོ་ལ་གཉིད་སད་པ་ལ་སོགས་པའོ། །དེ་ཡང་རྒྱས་པའམ་འཕོ་བའི་དུས་སུ་རླུང་གཡས་ནས་རྒྱུ་བ་དང་། ཚེ་གཟུགས་མེད་པ་དང་། མིག་གི་འོད་མེད་པ་ལ་སོགས་པ་རྟགས་མང་དུ་འཛོམ་ན་ངེས་པར་འཆི་ལ། གཞན་རེ་རེ་ཙམ་གློ་བུར་དུ་འོང་བས་ངེས་པ་མེད་དོ། །ནག་པོ་ཞབས་ཀྱི་འཆི་བསླུ་ལས། དང་པོ་གསུམ་དང་གཉིས་པ་གསུམ། །དེ་བཞིན་ཐ་མའི་བར་དག་གསུམ། །ཚན་རེ་གསུམ་རྫོགས་ཐམས་ཅན་རྫོགས། །དེ་ནི་ཉེ་བར་འཆི་བའི་ལྟས། །ཐད་ཀར་གསུམ་བྱུང་བསླུ་རུ་མེད། །ཚན་གསུམ་རྫོགས་ན་བསླུ་རུ་མེད། །ཐམས་ཅད་རྫོགས་ན་བསླུ་རུ་མེད། །བསག་དང་འཆོས་པས་བསླུ་བ་ཡིན། །ཅེས་སོ། །འདི་ནི་རླུང་གཡས་གཡོན་མཉམ་རྒྱུ་གསུམ་ལ་བརྟག་པ་སྟེ། ཉི་ཟླའི་རླུང་སྒྲ་གཅན་གྱིས་གཟུང་བ་ལ་སོགས་པའི་དུས་སུའོ། །བསླུ་བའི་ཆོ་ག་ནི། རྩ་བའི་བླ་མ་ལ་འཁོར་གསུམ་ཡོངས་དག་དང་། ཚོགས་བརྒྱ་རྩ་དང་། དཀྱིལ་འཁོར་གྱི་མཆོད་པ་ལོ་གྲངས་དང་། མདོ་བཀླག་པ་དང་། མཆོད་རྟེན་གསོ་བ་དང་། གྲུ་ཟམ་འཆོས་པ་དང་། དགེ་འདུན་གྱི་སྟོན་མོ་བྱ་བ་དང་། དམ་ཚིག་བསྲུང་བ་དང་། སྟོང་པ་ཉིད་བསྒོམ་པ་དང་། བཅུད་ཀྱིས་ལེན་པ་དང་། ཚེ་བསྒྲུབ་པ་ལ་སོགས་པ་བྱའོ། །དེ་ནས་
སྔར་གྱི་ལྟས་ལོག་ནས། དང་པོ་སྐྱོན་མེད་དུས་ལྟར་སོང་ན་བསླུས་པ་ཡིན་ནོ། །གསུམ་པ་དུས་སུ་འཕོ་བ་ནི། ཐབས་གང་གིས་ཀྱང་འཆི་ལྟས་མ་འགྱུར་ན་འཕོ་བ་ཡིན་ཏེ། ཡོ་བྱད་ཐམས་ཅད་སྤང་དག་བྱས་ལ་དབེན་པའི་སར་མཆོད་གཏོར་ཡོད་ན་བཤམས། མེད་ན་ཡིད་ཀྱིས་བླ་མ་དཀོན་མཆོག་དང་མཁའ་འགྲོ་ཆོས་སྐྱོང་མཆོད་ལ། ཚེ་འདི་ལ་མ་ཆགས་པའི་བསམ་པ་བྱ་སྟེ། འདའ་ཀ་ཡེ་ཤེས་ལས་བཤད་པ་ལྟར། དངོས་པོ་ཅི་ལ་ཡང་མ་ཆགས་པའི་འདུ་ཤེས་དང་། སྙིང་རྗེ་ཆེན་པོའི་འདུ་ཤེས་དང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་འདུ་ཤེས་དང་། མི་དམིགས་ཤིང་འོད་གསལ་བའི་འདུ་ཤེས་ལ་སོགས་པ་བཅུ་བསྒོམ་པའི་མཐར། འཆི་བ་རྨི་ལམ་སྒྱུ་མ། ངེས་པའི་དོན་ལ་འཆི་རྒྱུ་མེད་པ། རིག་པ་རང་གི་ངོ་བོ་ལ་བལྟ་བ་རྣམས་ཀྱིས་ཉམ་ང་དང་བག་ཚ་མེད་པར་བྱས་ཏེ། སེང་གེའི་ཉལ་ལུགས་སམ། སྐྱིལ་ཀྲུང་གིས་འདུག་སྟེ། མདུན་གྱི་ནམ་མཁར་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་བསམས་ལ། རང་གི་རྩ་དབུ་མའི་ནང་སྙིང་ག་ན་རང་གི་རིག་པ་འོད་ལྔའི་གོང་བུ་དབུས་སུ་ཧཱུྃ་མཐིང་གས་མཚན་པ་ཞིག་སྔར་གྱི་རྡོ་རྗེ་དེས་མདའ་འཕངས་པ་ལྟར་བསྐྱོད་པ་བླ་མའི་ཐུགས་ཀར་ཐིམ་ནས་ཇེ་མཐོ་ཇེ་མཐོ་ལས། མཐར་ཡིད་ལ་མི་བྱེད་པ་ཕྱག་རྒྱ་ཆེན་པོའི་ངང་དུ་འཕོ་བར་བྱའོ། །དེ་ལྟ་བུ་རླུང་ཀ་ཧིག་དང་བསྡོངས་པ་བདུན་གྱིས་མི་འཕོ་མི་སྲིད་དོ། །བཙན་ཐབས་སུ་འཕོ་ན། དམིགས་པ་དེ་དང་རྩེ་ཆུང་གནོན་པ་ལྷན་ཅིག་བྱས་པས་ངེས་པར་འགྲུབ་བོ། །རྡོ་རྗེ་གདན་བཞི་ལས། བུ་ག་དགུ་ཡི་སྟེང་ཕྱོགས་ནས། །ཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ན། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །ཆོམ་རྐུན་ལས་ཀྱི་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་སོ། །དོན་ལྔ་པ་བར་དོའི་རྣལ་འབྱོར་ལ་གསུམ་སྟེ། བར་དོ་སྦྱང་བ། ངོས་གཟུང་བ། ལས་ཀྱི་འཕྲོ་མཐུད་པའོ། །
དང་པོ་ནི། ད་ལྟ་བར་དོ་ཡིན་པའི་འདུ་ཤེས་དང་མ་བྲལ་བས་འོད་གསལ་ངོས་བཟུང་ལ། ཉིན་མོ་དང་མཚན་མོ་བསྒོམ་པར་བྱའོ། །ཉིན་མོ་ནི་སྟན་ལ་འདུག་ནས་བླ་མའི་རྣལ་འབྱོར་བསྒོམས་ཏེ། བར་དོ་འབྱོངས་པར་གསོལ་བ་བཏབ་ནས་སྣང་བ་འདི་བར་དོའི་སྣང་བ། འགྲོ་བ་ཐམས་ཅད་བར་དོའི་སྐྱེ་འགྲོ། ཟས་ཟ་བ་དང་འགྲོ་འཆག་ཉལ་འདུག་བར་དོའི་སྣང་བ། དྲན་རིག་བར་དོའི་ཤེས་པར་ངོས་བཟུང་ལ་མ་ཤི་བའི་འདུ་ཤེས་སྐད་ཅིག་ཀྱང་མི་བྱ་བར། ང་ཤི་འདུག །བར་དོ་ན་འདུག་སྙམ་ནས། སྔར་ངོ་སྤྲད་པ་བཞིན་འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་མོ། །སྔར་གྱི་རིག་པ་དང་བར་དོའི་རིག་པ་གཉིས་གཅིག་ཡིན་པས་འབྱུང་བ་སྡུད་པ་ཙམ་མིན་པ་ཁྱད་མེད་པའི་ཕྱིར་ད་ལྟ་གོམས་པས་བར་དོར་ངོས་ཟིན་པ་ཡིན་ནོ། །དེ་ལྟར་གོམས་པས་རྨི་ལམ་གཉིད་གུང་དུའང་དེ་བྱུང་ན་བར་དོར་ཕན་ཐོགས་པ་ཡིན་ནོ། །མཚན་མོ་ནི་རྨི་ལམ་འདུན་པའི་གནད་ཀྱིས་སྦྱང་བར་བྱ་སྟེ། ཉལ་ཁར་བླ་མའི་རྣལ་འབྱོར་བསྒོམས་ལ། རྨི་ལམ་འབྱོངས་པར་གསོལ་བ་བཏབ་བོ། །གཟུང་བ། སྦྱང་བ། བར་དོའི་འོད་གསལ་དུ་བསྒོམ་པ་གསུམ་ལས། དང་པོ་རྨི་ལམ་གཟུང་བ་ནི། དུས་ཀྱི་གནད་སྲོད། ལུས་གནད་སེང་གེའི་ཉལ་ལུགས་དམིགས་པའི་གནད་དང་པོ་སྨིག་ཕྲག་ཏུ་སེམས་གཟུང་། གཉིད་དུ་འགྲོ་ཁར་མགྲིན་པ་ན་པདྨ་དམར་པོ་འདབ་བཞིའི་ལྟེ་བར་ཨ་དམར་པོ་ནས་ཙམ་ལ་ཤེས་པ་གཏད་ཅིང་། རྨི་ལམ་ལ་རྨི་ལམ་དུ་ཤེས་ནས་ཟིན་པར་བྱ་སྙམ་དུ་བསམས་ལ་ཉལ་ལོ། །སད་རེས་ལ་དེ་ལྟར་དྲན་པར་བྱས་པས་རྨི་ལམ་ཟིན་ནོ། །མ་ཟིན་ན་བླ་མ་ལ་གསོལ་བ་གདབ། བསོད་ནམས་ཀྱི་ཚོགས་བསག །ཉིན་དུས་ཀྱི་འདུན་པ་དྲག་པོ་བྱའོ། །དེས་ཟིན་ངེས་ཏེ། དང་པོ་རྦབ་ཏུ་ཤོར་བ་སོགས་སྔངས་བ་རྩུབ་མོ་ཞིག་གིས་རྐྱེན་བྱས་ནས་ཟིན་ནོ། །ཟིན་དུས་ལྷའི་སྐུ་དང་ཡུལ་སྣ་ཚོགས་དང་། རྫུ་འཕྲུལ་དུ་མར་སྤྲུལ་པ་དང་། གཅིག་གཅིག་ཏུ་བསྒྱུར་བ་ལ་སོགས་པ་བྱའོ། །སྦྱང་བ་ནི། རྨི་ལམ་གྱི་སྣང་བ་དེ་ཉིད་བདེན་མེད་སྒྱུ་མར་རྩལ་སྦྱང་ཞིང་། ཆུ་དང་
མེ་ལ་སོགས་པ་ལ་རྨི་ལམ་གྱི་མེ་ཆུས་སུ་ལ་གནོད། སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་དུ་སྐད་ཅིག་སྐད་ཅིག་ལ་བདེན་མེད་ཞེན་མེད་དུ་བྱེད་པའོ། །བར་དོའི་འོད་གསལ་ལ་བསྒོམ་པ་ནི། རྨི་ལམ་དེ་ཉིད་བར་དོ་ཡིན་པར་ཐག་བཅད་ལ། བདེན་མེད་ཞེན་མེད་ཀྱི་རྩལ་སྦྱངས་རྗེས་ངོ་སྤྲད་པའི་འོད་གསལ་གྱི་ངང་ལ་བསྒོམ་པའོ། །དེ་ལྟར་བྱས་པས་ཉིན་མཚན་ཁྱད་མེད་པར་བར་དོའི་སྣང་བ་དང་འོད་གསལ་དུ་འབྱོངས་པ་ཡིན་ནོ། །གཉིས་པ་བར་དོ་ངོས་གཟུང་བ་ནི། འཆི་བའི་ཚེ། ས་ཆུ་ལ་ཐིམ་པས་ལུས་ལྕི། ཆུ་མེ་ལ་ཐིམ་པས་ཁ་སྣའི་ཆུ་སྐམ། མེ་རླུང་ལ་ཐིམ་པས་དྲོད་སྡུད། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་དབུགས་བརྩེགས་མ་ལས་རྒྱུ་བ་ཆད། རྣམ་ཤེས་ནམ་མཁར་ཐིམ་དུས་གྱེན་རྒྱུ་ཐུར་སེལ་གྱི་རླུང་གཉིས་ཀྱི་དབུ་མའི་ཡར་སྣ་མར་སྣ་གཉིས་ནས་སྙིང་གར་ཨ་ཧཾ་ཕྲད་དེ་དར་ཅིག་བརྒྱལ། ནམ་མཁའ་འོད་གསལ་ལ་ཞུགས་དུས་ཡེ་ཤེས་བཞི་ལས་དང་པོ་སྣང་བའི་ཡེ་ཤེས་སྐད་ཅིག་མ་འཆར་ཏེ། སྔར་ཐིག་ལེ་རྩོལ་བས་སྒོམ་པའི་འོད་གསལ་ཟིན་པ་ལས། དེ་ལས་བརྒྱ་འགྱུར་གྱིས་བདེ་ལ་གསལ་བ། འདོད་ཆགས་ཀྱི་རྟོག་པ་མེད་པ་སྐད་ཅིག་མ་གཅིག་འཆར་བ་ངོས་བཟུང་ལ་བསྒོམ་མོ། །དེ་ནས་སྣང་བ་མཆེད་པ་ལ་ཐིམ་པས་སྔོན་བས་ཀྱང་གསལ་བའི་ཡེ་ཤེས་མཆེད་པ་ཞེས་བྱ་བ་སྐད་ཅིག་གཉིས་སུ་འཆར་རོ། །དེ་ནི་སྔར་སྲོག་ལ་གོམས་པ་དེ་དང་གཅིག་ཀྱང་། འདིར་གསལ་ལ་མི་རྟོག་པ་བརྒྱ་སྟོང་གིས་ལྷག་པས་ཞེ་སྡང་གི་རྟོག་པ་ཞི་སྟེ། འོད་གསལ་དེ་ཉིད་ངོས་བཟུང་ལ་བསྒོམ་མོ། །དེ་ནས་མཆེད་པ་ཐོབ་པ་ལ་ཐིམ་པས་མི་རྟོག་པའི་ཡེ་ཤེས་སྔར་ཡིད་ལ་མི་བྱེད་པ་སྒོམ་པ་དེ་ཡིན་ཡང་། དེ་བས་བྱེ་བ་འགྱུར་གྱི་མི་རྟོག་ལ་གསལ་བདེ་སྤྲོས་པ་མེད་པ་སྐད་ཅིག་གསུམ་འབྱུང་བ་དེ་ངོས་བཟུང་ལ་བསྒོམ་མོ། །དེས་ནི་གཏི་མུག་གི་རྟོག་པ་ཞི་བའི་དུས་སོ། །ཐོབ་པ་ཉེ་བར་ཐོབ་པའི་ཡེ་ཤེས་ལ་ཐིམ་དུས་ན། སྔོན་བས་ལྷག་པའི་བདེ་གསལ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སྐད་ཅིག་བཞི་འབྱུང་སྟེ། ཉོན་
མོངས་པ་ཕྲ་བ་དང་རགས་པ་ཀུན་སྤྲིན་ནམ་མཁར་ཞི་བ་ལྟར་དབྱིངས་སུ་དར་ཅིག་ནུབ་ནས། སྔོན་འོད་གསལ་ཕྱག་རྒྱ་ཆེན་པོ་དུས་ཐམས་ཅད་ལ་རང་བཞིན་རྣམ་དག་ཆེན་པོར་ངོ་སྤྲད་པ་དེ་འདིར་ཤར་སྙམ་དུ་ངོ་ཤེས་པར་བྱས་ལ། དེའི་ངང་དུ་སྒོམ་པའི་སྐད་ཅིག་ལ་སངས་རྒྱས་ཐོབ་སྟེ། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེ་དག་གི་ཚེ་འབྱུང་བ་ལྔའི་རླུང་དབྱིངས་སུ་དག་པ་འོད་གསལ་ལྷན་ཅིག་སྐྱེས་པས་བདག་བྱས་པའི་སྣང་བའང་། དུ་བ་ལ་སོགས་པའི་རྟགས་བཅུ་རྫོགས་པར་འཆར་ཏེ། འདིར་སྤྲོས་པས་ཆོག་གོ །གསུམ་པ་ལས་ཀྱི་འཕྲོ་མཐུད་པ་ནི། དེར་ངོས་མ་ཟིན་པ་རྣམས་ལ། དེ་ནས་རྣམ་ཤེས་ལུས་ཀྱི་ཕྱིར་ཐོན་ནས་སྲིད་པའི་བར་དོ་རྨི་ལམ་ལྟ་བུ་བདེ་སྡུག་སྣ་ཚོགས་པ་ཅན། དབང་པོ་ཚང་བ། རྫུ་འཕྲུལ་ཡོད་པ། གང་དུའང་འགྲོ་ཞིང་གཅིག་ཏུ་མི་ཚུགས་པ་ཀུན་ཏུ་འཕྱོ་ཞིང་ལུས་དང་འདུག་ས་ཚོལ་ལོ། །དེའི་དུས་སུ་བར་དོ་ངོས་ཟིན་ནས། ཕྱོགས་བཅུའི་ཞིང་དག་པ་ཡིད་ལ་བྱས་ཏེ་འཕོ་བ་ལྟར་རྣམ་ཤེས་དེར་ཞུགས་པས་ཁ་ཅིག་རྫུས་ཏེ་སྐྱེའོ། །སྒྱུ་མ་ལྟ་བུའི་བསྐྱེད་རྫོགས་བསྒོམས་པས་ཁ་ཅིག་གྲོལ་ལོ། །ཕ་མའི་མངལ་དག་པ་མི་ལུས་རིན་པོ་ཆེ་སྦྱོར་བར་བྱེད་པ། མའི་མངལ་དུ་པདྨ་ལ་ༀ་ཨཱཿཧཱུྃ་ངམ་ལྷའི་སྐུ་བསམས་པ་ལ་རྣམ་ཤེས་ཞུགས་ནས་མི་ལུས་རིན་པོ་ཆེ་ཐོབ་ནས་གསང་སྔགས་ཀྱི་ཆོས་དང་ཕྲད་དེ་སྐྱེ་བ་དེ་ཉིད་དམ། བར་དོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ། །འཇམ་དཔལ་ཞལ་ལུང་ལས། གཟུགས་བཅས་ཕུང་པོ་རང་ལུས་ནི། །ཚེ་འདི་ཉིད་ལ་མ་གྲུབ་ཀྱང་། །ཡིད་ནི་རྡོ་རྗེའི་སྐུར་གྲུབ་ནས། །བར་དོར་ཡང་དག་འགྲུབ་པར་འགྱུར། །ཅེས་སོ། །དོན་གསུམ་པ་རྗེས་གེགས་སེལ་བ་ལ་གསུམ་སྟེ། སྤྱོད་ལམ་རྒྱུན་གྱི་རིམ་པས་གེགས་རྣམས་མི་འབྱུང་བར་བྱ་བ། ཏིང་ངེ་འཛིན་བརྟན་པའི་གེགས་བྱིང་རྒོད་བསལ་བ། སྲོག་རྩོལ་ལོག་པའི་གེགས་
སོ་སོར་བཅོས་པའོ། །དང་པོ་ནི་ཐུན་མགོར་ལྷ་དང་བླ་མའི་རྣལ་འབྱོར་བསྒོམ་པ་དང་། ལུས་སྦྱོང་ལ་བསླབ་པས་ནད་གདོན་གྱི་གེགས་མི་འབྱུང་བ་ཡིན་ནོ། །ལུས་སྦྱོང་ནི། རྣམ་པ་ཉི་ཤུར་འདུས་པའི་དང་པོ་ནི་སྐྱིལ་ཀྲུང་བཅས་ཏེ་ལག་པ་འཁྱུད་པའི་ཚུལ་ལོ། །དེས་ཡན་ལག་གི་ནད་སེལ་ལོ། །གཉིས་པ་ནི་བསྐུ་མཉེའི་ཚུལ་དུ་འཕུར་རོ། །དེས་ལུས་ལ་དྲོད་སྐྱེའོ། །གསུམ་པ་ནི་སོར་མོ་བསྣོལ་ལ་བྲང་ལ་གཏད་དེ་ཕྱིར་འཐེན་པས་བྲང་གི་ནད་སེལ་ལོ། །བཞི་པ་ནི་དཔུང་པ་གཅུས་ལ་ལག་པ་གཡས་དང་གཡོན་དུ་སྤྲུགས་པས་དཔུང་པའི་ནད་སེལ་ལོ། །ལྔ་པ་ནི་ལག་པ་གཉིས་བྲང་ནས་ཁུ་ཚུར་བཅས་པ་ཕྱིར་འཕངས་པས། ཤ་པགས་ཆུ་སེར་གྱི་ནད་སེལ་ལོ། །དྲུག་པ་ནི། ལག་པ་གཉིས་དཔུང་པ་གཉིས་ལ་བསྣོལ་ནས་བསྡམས་ཏེ་ལུས་ཀུན་གཅུད་པས་རྐེད་པའི་ནད་སེལ་ལོ། །བདུན་པ་ནི་རྐང་པ་གཉིས་བརྐྱངས་པའི་བྲང་བ་གཉིས་ནས་ལག་པ་གཉིས་ཀྱིས་འཐེན་པས་ཆུ་རྒྱུས་ཀྱི་ནད་སེལ་ལོ། །བརྒྱད་པ་ནི་ལག་པ་གཡས་གཡོན་གཞུ་འགེངས་པ་ལྟར་བྱས་པས་ལག་པའི་ཚིགས་དང་སོག་ཕྲག་གི་ནད་སེལ་ལོ། །དགུ་པ་ནི་ལག་པའི་ཁུ་ཚུར་གཉིས་མདུན་རི་འཕུལ་བའི་ཚུལ་དུ་བྱས་པས་རོ་སྟོད་ཀྱི་ཤ་རྒྱས་པ་དང་ལག་པའི་སྦེ་ཤའི་ནད་སེལ་ལོ། །བཅུ་པ་ནི་ལུས་རྒྱབ་དང་མདུན་དུ་དགུག་པས་མཁལ་ནད་མཚེར་ནད་སེལ་ལོ། །བཅུ་གཅིག་པ་ནི་ལག་པའི་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ་ཏེ་མཛུབ་མོ་གཉིས་ཀྱིས་སྤྱི་གཙུག་དྲང་པོར་བཞག་པས་རྩིབས་ལོག་ཀྱི་ནད་སེལ་ལོ། །བཅུ་གཉིས་པ་ནི་ལྟེ་བ་ནང་དུ་འཐེན་པས་མ་ཞུ་བ་དང་ཕོ་བའི་ནད་སེལ་ལོ། །བཅུ་གསུམ་པ་ནི་རྐང་ལག་བཞི་ས་ལ་བཙུགས་ལ་མགོ་ཅོག་ཅོག་བྱས་པས་ཡན་ལག་དང་ཉིང་ལག་གི་ནད་སེལ་ལོ། །བཅུ་བཞི་པ་ནི་རྐང་ལག་བཞི་ས་ལ་བཙུགས་ལ་གཡས་དང་གཡོན་དུ་བལྟས་པས་རྩེའུ་ཆུང་གི་ནད་སེལ་ལོ། །བཅོ་ལྔ་པ་ནི་ཁ་སྦུབ་རྐང་པ་བརྐྱང་ལག་མཐིལ་ས་ལ་བཙུགས་ཏེ་གྲུ་མོ་བྲང་ལ་བཏད་པས་སྟོད་ཀྱི་ཕྱི་ནང་གི་ནད་སེལ་ལོ། །བཅུ་དྲུག་པ་ནི་མགོ་ཅོག་གཡས་དང་གཡོན་དུ་བསྐོར་བས་སྐེ་དང་མཇིང་པའི་ནད་སེལ་ལོ། །བཅུ་བདུན་པ་ནི་ལག་པ་གཉིས་བསྣོལ་ལ་སྤྱི་བོར་བཞག་པས་རོ་སྟོད་ཀྱི་ནད་སེལ་ལོ། །བཅོ་
བརྒྱད་པ་ནི་པུས་མོ་གནམ་དུ་རེང་ངེ་གན་རྐྱལ་དུ་ཉལ་བའི་སྤྱི་བོར་ཐལ་མོ་ཐད་དྲང་དུ་སྦྱར་བས་རྐང་པའི་ཚིགས་དང་ལག་པའི་ནད་སེལ་ལོ། །བཅུ་དགུ་པ་ནི་རྐང་པ་གཉིས་རེ་མོས་སུ་ལག་པའི་གྲུ་མོའི་ཁུང་དུ་བླངས་ཏེ་བརྐྱང་བསྐུམ་བསྐུམ་བྱུག་པས་རྐང་པའི་ཉྭ་ཤའི་ནད་སེལ་ལོ། །ཉི་ཤུ་པ་ནི་རྐང་པ་གཉིས་ཀྱི་མགོ་པུས་མོ་གཉིས་ཀྱི་སྟེང་དུ་རེས་མོས་སུ་བཞག་ཅིང་ཡ་གཅིག་ས་ལ་བཙུགས་ཐལ་མོ་སྦྱར་བས་སྟོད་སྨད་ཐམས་ཅད་ཀྱི་ནད་སེལ་ལོ། །གཉིས་པ་བྱིང་རྒོད་བསལ་བ་ནི། སྤྱོད་ལམ། ཁ་ཟས། རླུང་། དམིགས་གནད་བཞིས་བསྟན་པ་ལས་སྤྱོད་ལམ་ནི་ཐུན་སྟོད་ལ་བྱིང་ན་སྟན་མཐོན་པོ་ལ་བསྡད། རི་དང་ནམ་མཁའི་མཚམས་སུ་བལྟ། ཁུ་ཚུར་དཔྲལ་བར་བཅིངས་ལ་མིག་བགྲད་དོ། །རྒོད་ན་དམའ་སར་ཨོལ་ཀོས་བྲང་ནོན་པར་བྱས་པའི་མགོ་ཐོག་ཏུ་ཞྭ་གྱོན་པའམ། ཤིང་ལེབ་ཀྱི་བུག་པ་ལ་སེམས་གཏད་དོ། །ཐུན་སྨད་ལ་བྱིང་རྒོད་བྱུང་ན་ཁམས་ཀྱི་སྐྱོན་ཡིན་པས་ཐུན་ཆུང་ལ་གྲངས་མང་བའམ། སྐབས་སུ་དར་རེ་བསྒོམ་པར་བྱའོ། །ཁ་ཟས་ཀྱིས་བྱིང་ན་བཅུད་ཅན་སྤང་ཞིང་བསིལ་བ་བསྟེན་ནོ། །རྒོད་ན་ཆང་ཕུལ་རེ་ལ་སོགས་པ་ཁམས་དང་སྦྱར་ནས་འཐུང་ཞིང་། གོམ་པ་ལྔ་བཅུ་ཙམ་དུ་འཆག་ཅིང་བསྒོམ་མོ། །རླུང་གིས་བྱིང་ན་འོག་སྒོ་བསྡམས་ལ་ལྟེ་བར་བུམ་པ་ཅན་ཡང་ཡང་བྱའོ། །རྒོད་ན་གཟུང་ཞིང་རང་ཉིད་ལྷར་བསྒོམས་པའི་སྙིང་གའི་ས་བོན་ལས་བརྟན་གཡོ་ཐམས་ཅད་ལ་འོད་ཟེར་ཕོག་པས་འོད་དུ་ཞུ་བ་ཐམས་ཅད་བདག་ལ་བསྡུ་སྟེ། འདོད་ཁམས་ལུས་ཀྱི་སྨད། གཟུགས་ཁམས་བར། གཟུགས་མེད་སྟོད་ལ་བསྡུ་བའོ། །བདག་ཉིད་སྙིང་གའི་ས་བོན་ལ་བསྡུ། དེ་ཇེ་ཆུང་ཇེ་ཕྲ་ལས་མཐར་སྟོང་པའི་ངང་ལ་གཞག་གོ །དམིགས་གནད་ནི། སྤྱི་གཙུག་བདེ་ཆེན་འཁོར་ལོར་སེམས་བཟུང་བས་བྱིང་བ་སེལ་ལོ། །རྐང་མཐིལ་ལམ་སྤྲུལ་པའི་འཁོར་ལོར་སེམས་བཟུང་བས་རྒོད་པ་སེལ་ལོ། །ཡང་རྒོད་པ་དེ་ཉིད་གྲངས་བྱ་ཞིང་སེམས་དེའི་ངོ་བོ་ལ་བལྟས་པས་ཞིའོ། །གསུམ་པ་སྲོག་རྩོལ་གྱི་གེགས་སེལ་ལ། རླུང་ཁོག་པར་སེམས་དང་ལྷན་ཅིག་མི་རྟ་ལྟར་གནས་པ་དེ་ཉིད་ཀྱི་རླུང་ལོག་པས་ནད་ཟུག་དྲག་ཏུ་འབྱུང་ལ། ཁམས་སྣུམ་དང་སེམས་མར་མེ་ལྟ་བུ་འདྲེས་པའི་ཁམས་ལོག་པས་ཟུག་བདེ་མི་བདེ་འདྲེས་མར་འབྱུང་ངོ་། །རྩ་ཟུག་ནི། ཕྲེང་འདར་ལ་སོགས་པ་དྲག་ལ་རྒྱུན་ཐུང་བ་ཁད་པ་ལྟ་བུའོ། །
སེམས་གནས་དུས་ཁམས་ལ་བརྟེན། འཕྲོ་དུས་རླུང་ལ་ཞོན་པའི་ཕྱིར། དེ་གཉིས་ལས་སུ་རུང་ན་སེམས་ལས་སུ་རུང་བའི་གནད་དེ་ཡིན་ནོ། །དེ་ལ་ཁམས་ཀྱི་བཅོས་ཐབས་ནི། ལུས་སྦྱངས་ཀྱིས་དགྲམ་པ་དང་། ཆང་དང་མི་ཞུན་དང་། བདུད་རྩི་གཉིས་ཀྱི་ཁྲུས་དང་། བྱུག་པས་ཟུག་རང་ཞིར་འགྲོ་ཞིང་གང་ཡང་ཡིད་ལ་མི་བྱེད་པ་ཉིད་ཁམས་དངས་མ་སྙོམས་པའི་མཆོག་ཡིན་ཏེ། སེམས་གནས་པ་ཉིད་ཀྱི་སྐྱོན་རྩེ་གཅིག་ཏུ་དམིགས་རྟེན་གཅིག་ལ་གཟུང་བ་ལ་སོགས་པས་འབྱུང་ལ། དེ་ཡིད་ལ་མི་བྱེད་པས་བསལ་བའི་ཕྱིར་རོ། །རླུང་བཅོས་པས་ཀྱང་ཞི་བར་ངེས་པ་ཡིན་ནོ། །རླུང་བཅོས་པ་ལ་གསུམ་སྟེ། རྩ་བའི་རླུང་ལྔའི་བཅོས་ཐབས་དང་། ཡན་ལག་གི་རླུང་ལྔའི་བཅོས་ཐབས་དང་། སྤྱིའི་ལོག་གནོན་ནོ། །དང་པོ་ལྔའི་སྲོག་འཛིན་པའི་རླུང་ཟིན་ན། སྙིང་འཆུ་ཞིང་རོ་སྟོད་དང་སྙིང་ག་གཟེར་བ་འོང་ངོ་། །རེངས་ན་སྙིང་རླུང་དང་སྨྱོ་འབོག་ཏུ་འགྲོ་བས་བཅོས་ཐབས་ནི་བསྐུ་མཉེ་བྱ། ལུས་ཀྱི་སྙིང་ག་ཆུའི་རྦ་ལ་བཟེད། སེམས་རྡོ་རྗེ་ནོར་བུར་གཏད། ཧ་དྲག་པོ་གདོན། མེ་མཉམ་ལོག་པར་ཟིན་ན་ཕོ་བ་དང་མཁལ་སྐེད་ན་ཞིང་གཟེར་ན་ཀུང་ཀུང་བ་འབྱུང་ངོ་། །རེངས་ན་ཕོ་གཟེར་དང་དམུ་ཆུར་འགྲོ་བས་བཅོས་ཐབས་ནི་ཆང་གི་ཕྲུན་སར་གདབ་ཅིང་དུགས་བྱ། སྐྱིགས་བུ་འདོན། ཤེས་པ་མགྲིན་པར་གཏད་ལ་བསྒོམ་མོ། །ཐུར་སེལ་གྱི་རླུང་ཟིན་ན་དཔྱི་མིག་ན། རྐང་པ་འཁྲིལ་ཞིང་རོ་སྨད་བཤལ་ནས་ན། དྲི་ཆེན་སྐམ་པོའམ། ཡང་ན་བཤལ་དུ་འབྱུང་། རེངས་ན་དྲི་ཆེན་གྱི་སྒོ་བསྡམས་པས་བཅོས་ཐབས་ནི་བཤང་གཅིའི་བར་དུ་མཉེ། ཤེས་པས་རླུང་ཚངས་བུག་ཏུ་དྲངས་ལ་བཤང་སྒོར་ཕྱིར་ལ་རྒྱངས་ཀྱིས་འཕང་ངོ་། །གྱེན་རྒྱུའི་རླུང་ཟིན་ན་མགྲིན་པ་སྐྲང་། མཇིང་པའམ་རྩེ་ཆུང་ན། རེངས་ན་ལྐོག་འབྲས་སུ་འགྱུར་རོ། །བཅོས་ཐབས་ནི་གྱེན་དུ་མི་དྲང་བར་ཐུར་དུ་མནན་ནོ། །ཁྱབ་བྱེད་ཟིན་ན་མགོ་བོ་ན། ཡན་ལག་ཚིགས་ཁོལ་ཞིང་བེར་བ་འོང་ངོ་། །རེངས་ན་འཁུམས་ཏེ་སྐྲང་བར་འགྲོའོ། །བཅོས་ཐབས་ནི་བསྐུ་མཉེ་དང་མཆོང་རྒྱུག་བྱ། ལུས་སྟོང་པར་བསྒོམ་མོ། །ཡན་ལག་གི་རླུང་ལྔའི་བཅོས་ཐབས་ནི། མིག་ཏུ་རྒྱུ་བའི་རླུང་ཟིན་ན་མིག་ན། རེངས་ན་ལོང་ངོ་། །བཅོས་ཐབས་ནི་བསིལ་སྨན་གྱི་ཆུ་ལྕག་བརྡེག་གོ །དེས་དམར་ཚག་སེལ་ལོ། །སྐྱ་བོ་མི་གསལ་བ་ལ་རྐང་ལག་གི་མཐིལ་བཞིར་བྱུག་པ་བྱ། མིག་ཡོན་པོར་བསམ་མོ། །རྣ་བའི་
རླུང་ཟིན་ན་གཟེར་ཞིང་ན། འུར་སྒྲ་འོང་། རེངས་ན་འོན་ནོ། །བཅོས་ཐབས་ནི་རྣ་བ་མིན་པའི་ངོས་བཀབ་སྟེ་རླུང་མནན་ལ་ན་ས་ངོས་ལ་གདོན་ནོ། །སྣའི་རླུང་ཟིན་ན་སྣ་རུས་དང་གདོང་པ་ན། སྣ་ཞོམ། དྲི་མི་ཚོར། དབུགས་ཁ་ནས་ཕལ་ཆེར་འགྲོའོ། །བཅོས་ཐབས་ནི་རླུང་འཐེན་ནས་དྲག་པོར་བཏང་། ལྒའམ། གཡེར་མའམ། སུག་ཕྱེས་སྦྲིད་པ་དབྱུང་ངོ་། །ལྕེར་རྒྱུ་བའི་རླུང་ཟིན་ན་ལྕེ་དང་། ལྕེ་ཆུང་དང་། རྙིལ་སྐྲང་། སོ་ན། ཁ་འཐམ། ལྕེ་ཆུང་འབབ། ལྕེ་བསྒྱུར་ལྡོག་དཀའོ། །རེངས་ན་ལྐུགས་པར་འགྲོའོ། །བཅོས་ཐབས་ནི་རླུང་སིང་སྒྲ་དང་བཅས་ཏེ་ནང་དུ་དྲག་པོར་འཐེན་ལ། མི་ཐུབ་དུས་ཁ་ནས་ཕར་སིང་སྒྲ་དང་བཅས་པ་དྲག་ཏུ་འཕང་ངོ་། །ལུས་ཀྱི་པགས་པར་རྒྱུ་བའི་རླུང་ཟིན་ན་ལུས་ཀྱི་པགས་པ་ཀུན་འཁོལ་ཞིང་ན་བེར་བ་ལྡང་ཞིང་ཚའོ། །ཟ་ཕྲུག་དང་། ཤུ་བ་དང་མཛེར་འགྱུར། པགས་པ་འགོག་གོ །བཅོས་ཐབས་ནི་རླུང་དྲག་ཏུ་རྔུབས་ལ་རྐང་པའི་སོར་མོར་བསྡུས་ཏེ་ལག་པ་གཡབ་ཅིང་བྲོ་བརྡུང་ངོ་། །ཤེས་པས་རླུང་རྣམས་བ་སྤུའི་བུ་ག་ནས་ཐོན་པར་བསམ་མོ། །སྤྱིའི་ལོག་གནོན་ནི། ལུས་ཚ་ན་སྤྱི་བོའི་ཧཾ་ལས་ཐིག་ལེ་དྷཱུ་ཏཱི་ན་མར་གྲང་སིབ་སིབ་བབས་པར་བསམ། གྲང་ཤས་ཆེས་ན་ལྟེ་བའི་མེ་ཟུར་གསུམ་ལས་འབར་བས་ལུས་ཁེངས་པར་བསམ། འོག་སྒོ་ན་ཡར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོ་བར་བསམ་མོ། །བྱིང་ན་ཤེས་པ་ལུས་ཀྱི་ཕྱིར་གདོན། རྒོད་ན་ནང་དུ་ཐིག་ལེ་ལ་ཤེས་པ་གཏད། འགགས་ན་སྲིན་པོའི་སྒོ་ཕྱེ་ལ་སྟེང་རླུང་མནན། འཁྱམས་ན་ཚངས་བུག་ཕྱེ་ལ་ན་བུན་གནམ་དུ་འཕང་། གཟེར་ན་དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞིའི་ཟུར་བཞིར་རྡོ་རྗེ་བསམ་མོ། །ཡང་ཁམས་ལོག་སྟེ་མཐོང་སྣང་དམར་པོའམ་སེར་པོར་སོང་ན་མཁྲིས་པ་ཡིན་པས་གྲིབ་མར་བསྡད། ཆུ་རླུང་གྲང་མོས་ལུས་ཁེངས་པར་བསམས་ལ་རླུང་གཟུང་ངོ་། །སྐྱུག་ན་བད་ཀན་ཏེ་ལུས་སྦྱང་བྱ། རླུང་གི་རླུང་ལྗང་གུས་ལུས་གཏོར་བར་བསམ་ཞིང་དྲག་རླུང་གཟུང་ངོ་། །འདར་ཞིང་སྐྱུག་ལ་མགོ་འཁོར་ན་རླུང་སྟེ་རླུང་གསེང་བརྡུང་། མེ་རླུང་གིས་ཧཾ་ཞུ་བས་ལུས་ཁེངས། རྐང་མཐིལ་དུ་སེམས་གཏད་དོ། །ཡང་ན་ལོག་ནོན་ལྔ་སྟེ་འཁོར་ལོ་ལྟར་བསྐོར་བ། དྲུ་བུ་ལྟར་འདྲིལ་བ། བུ་ག་མང་པོའི་སྦྱོར་བ། སྟེང་འོག་གི་འཁོར་ལོ་མེད་པ་ལ་བསླབ་པ། རབ་ཏུ་དམའ་བའི་སྦྱོར་བ་ལ་བསླབ་པའོ། །དང་པོ་ནི་ལུས་ཁེངས་པ་སྙམ་ཞིང་ན་ཚ་བེར་བ་དག་བྱུང་ན་ལྟེ་བའི་གནས་སུ་འཁོར་ལོ་རྩིབས་བརྒྱད་
པ་བསམས་ལ་གཡས་སུ་བསྐོར་བར་བསྒོམ། དེས་མ་བདེ་ན་གཡོན་དུ་འཁོར་བར་བསྒོམ་མོ། །དེ་ལྟར་འཁོར་བས་ལུས་དང་འཁོར་ལོ་ཇེ་ཆེར་སོང་བས་ནམ་མཁའ་གང་བར་བསྒོམ། རྗེས་ལ་ནང་སྟོང་པ་དང་ཕྱི་སྟོང་པའི་ནམ་མཁའ་གཉིས་བར་མེད་གཅིག་ཏུ་འདྲེས་ཏེ་ལུས་དང་འཁོར་ལོ་མི་དམིགས་པར་བསམ་མོ། །གཉིས་པ་ནི་སྙིང་ལ་སོགས་པ་ཀོལ་ཙེར་ན་བ་ལ། གང་ན་སར་བུ་ག་གཅིག་བསམས་པ་ན་ཕར་དབུགས་ཕྱིར་སོང་བར་བསམ་ཞིང་རླུང་དྲག་པོ་འཕང་། ཡེ་ཤེས་ཀྱི་རླུང་རྟ་རྔ་ཙམ་གཅིག་ནང་ནས་ཕྱིར་དྲུ་བུ་ལྟར་སོང་ནས་ནམ་མཁའི་མཐར་བསམ་དེ་ནས་རིམ་གྱིས་བུག་པ་དང་དྲུ་བུ་གཉིས་ཀ་ཇེ་ཆེར་སོང་སྟེ་བུག་པ་སྐར་ཁུང་དང་། མཐོངས་ཁུང་ཙམ་དང་། དྲུ་བུ་སྐུད་པ་དང་། ཐག་པ་ཙམ་དུ་ཕྱིར་འདྲིལ་བར་བསམ་མོ། །གསུམ་པ་ནི་ལུས་ཐམས་ཅད་ཁྱབ་པར་ན་ན་ལུས་ཐམས་ཅད་ལྕགས་སྲེག་གི་མིག་ལྟར་བུ་ག་མང་པོ་ཡོད་པར་བསམས་ལ། དེ་ཐམས་ཅད་ན་ཕར་རླུང་དང་ནད་དོན་པར་བསམ་ཞིང་རླུང་དྲག་ཏུ་འཕང་ངོ་། །བཞི་པ་ནི་ལུས་སྟོད་ན་ན་སྐེད་པ་ཡན་ཆད། མགྲིན་པ་མན་ཆད་སྟོང་པར་བསམས་ལ། དེ་ན་ཕར་ལ་རླུང་སྔོ་བུན་བུན་སོང་བར་བསམ་མོ། །གལ་ཏེ་ཐུར་དུ་འཁྲུ་ན་འོག་རླུང་དྲག་ཏུ་བསྡམས་པས་ཆད་དོ། །ལྔ་པ་ནི་རླུང་གི་བརྒྱལ་འབོག་དང་མཆོང་རྒྱུག་བྱུང་ན་རང་གི་འོག་ཏུ་དོང་ཟབ་ཤིན་ཏུ་རིང་བ་བསྒོམས་པ་ན་མར་ལ་རང་གི་ལུས་ཏིབ་ཏིབ་བྱིང་བའམ། སའི་འོག་ཏུ་བྱིང་བར་བསམ་མོ། །རླུང་ཤ་ལྤགས་མཚམས་སུ་ཞུགས་ན་སྐྱ་རྦབ་ལ་འགྲོ། ཕྱིས་མཛེར་འགྲོ་བས་དེ་བཅོས་པ་ནི་དྲི་ཆུས་བཀྲུ། ཆང་དྲོན་མོས་བཀྲུ། མར་ནག་གམ་ལོ་མར་རྙིང་པས་བསྐུ་མཉེ་ལན་མང་དུ་བྱའོ། །དེས་སེལ་ངེས་སོ། །བཅོས་ཐབས་འདི་དག་ནི་ཉམས་སུ་མྱོང་བའི་གནད་ཤིན་ཏུ་ཟབ་པས་གསང་ཞིང་གཅེས་སྤྲས་ཀྱིས་ཉམས་སུ་བླང་བར་བྱའོ། །དེ་ལྟར་ཉམས་སུ་བླངས་པས་གནས་སྐབས་སུ་ཏིང་ངེ་འཛིན་དང་། སྤྱན་དང་། མངོན་ཤེས་དང་། རྫུ་འཕྲུལ་དང་། གྲུབ་པ་བརྒྱད་ལ་སོགས་པ་འགྲུབ་ལ་མཐར་ཐུག་བྱང་ཆུབ་འགྲུབ་པ་ཡིན་ནོ། །དེ་ལྟར་ཡང་ཟབ་སྙིང་པོའི་གནད་རྣམས་ཀུན། །ཕྱི་རབས་དོན་དུ་གསལ་བར་བཀོད་པ་ལས། །བྱུང་བའི་དགེ་བ་གངས་རི་ལྟར་དཀར་དེས། །འགྲོ་ཀུན་ཚེ་འདིར་བདེ་ཆེན་མཁའ་སྤྱོད་ཤོག །ཡིད་བཞིན་མཛོད་ཀྱི་དོན་ཁྲིད་ཟབ་དོན་རྡོ་རྗེ་སྙིང་པོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གྲ་རི་མེ་ཏོག་བརྩེགས་པའི་འདབས་སུ་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །
ཆོས་དབྱིངས་རིན་པོ་ཆེའི་མཛོད།
འཁོར་འདས་དབྱིངས་ལས་མ་གཡོས་པར་བསྟན་པའི་ལེའུ་སྟེ་དང་པོ།
ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས།
རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་རཏྣ་ཀོ་ཥ་ནཱ་མ། བོད་སྐད་དུ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་ནས་ལྷུན་གྲུབ་ངོ་མཚར་རྨད་ཀྱི་ཆོས། །རང་བྱུང་ཡེ་ཤེས་འོད་གསལ་བྱང་ཆུབ་སེམས། །སྣང་སྲིད་སྣོད་བཅུད་འཁོར་འདས་འབྱུང་བའི་མཛོད། །མི་གཡོ་སྤྲོས་དང་བྲལ་ལ་ཕྱག་འཚལ་ལོ། །ཐེག་པའི་ཡང་རྩེ་རི་རྒྱལ་ཉི་ཟླའི་ཀློང་། །འོད་གསལ་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་ཀློང་། །རྩོལ་ཞིང་སྒྲུབ་མེད་རང་བཞིན་བབས་ཀྱི་ཀློང་། །ཡེ་འབྱམས་རྨད་དུ་བྱུང་བ་བཤད་ཀྱིས་ཉོན། །ལྷུན་གྲུབ་ཀློང་ལས་ཐམས་ཅད་འབྱུང་བའི་གཞི། །ངོ་བོ་སྟོང་ལ་རང་བཞིན་མ་འགགས་པས། །ཅིར་ཡང་མ་གྲུབ་ཅིར་ཡང་འཆར་བ་སྟེ། །སྐུ་གསུམ་ཀློང་ནས་འཁོར་འདས་རང་ཤར་ཀྱང་། །དབྱིངས་ལས་མ་གཡོས་ཆོས་ཉིད་བདེ་བའི་ཞིང་། །སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང་། །རོལ་པ་ངེས་མེད་ཐུགས་རྗེ་ཆོ་འཕྲུལ་ཀློང་། །ཐམས་ཅད་དབྱིངས་ཀྱི་རྒྱན་ལས་ལོགས་ན་མེད། །
ཕྱི་ནང་འདུ་འཕྲོ་བྱང་ཆུབ་སེམས་ཀྱི་རྩལ། །ཅིར་ཡང་མ་ཡིན་ཅིར་ཡང་སྣང་བའི་ཕྱིར། །ངོ་མཚར་ཆོ་འཕྲུལ་ཡ་མཚན་རྨད་ཀྱི་ཆོས། །ཕྱི་ནང་སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། །དབྱིངས་ཀྱི་རྒྱན་ཏེ་སྐུ་ཡི་འཁོར་ལོར་ཤར། །མ་ལུས་གྲགས་པའི་སྒྲ་སྐད་ཇི་སྙེད་ཀུན། །དབྱིངས་ཀྱི་རྒྱན་ཏེ་གསུང་གི་འཁོར་ལོར་ཤར། །དྲན་རིག་འགྱུ་འཕྲོ་མི་རྟོག་བསམ་ཡས་ཀྱང་། །དབྱིངས་ཀྱི་རྒྱན་ཏེ་ཐུགས་ཀྱི་འཁོར་ལོར་ཤར། །འགྲོ་བ་རིགས་དྲུག་སྐྱེ་གནས་བཞི་པོ་ཡང་། །ཆོས་དབྱིངས་ངང་ལས་གཡོས་པ་རྡུལ་ཙམ་མེད། །སྣང་སྲིད་ཡུལ་དྲུག་གཟུང་འཛིན་སྣང་བ་ཡང་། །ཆོས་དབྱིངས་ངང་ན་མེད་སྣང་སྒྱུ་མའི་ཚུལ། །རྟེན་མེད་སང་སེང་ཡེ་སྟོང་ཡངས་པ་ཆེ། །རང་གསལ་ཇི་བཞིན་ཆོས་དབྱིངས་རྒྱན་དུ་ཤར། །ཇི་ལྟར་སྣང་གྲགས་དབྱིངས་ཀྱི་ངང་ཆེན་འདིར། །ལྷུན་མཉམ་མི་གཡོ་ཆོས་སྐུ་བྱང་ཆུབ་སེམས། །ཡེ་བབས་རང་སྟོང་འཕོ་དང་འགྱུར་མེད་པས། །ཅིར་སྣང་ཆོས་ཉིད་རང་བྱུང་ཡེ་ཤེས་ངང་། །བྱ་དང་
རྩོལ་མེད་བདེ་ཀློང་གཅིག་ཏུ་འཁྱིལ། །རང་གསལ་མི་གཡོ་ལོངས་སྤྱོད་རྫོགས་པ་ནི། །གང་སྣང་ཉིད་ནས་རང་བཞིན་ལྷུན་གྱིས་གྲུབ། །བཅོས་ཤིང་བསྒྱུར་མེད་ལྷུན་མཉམ་གདལ་བའོ། །སྣ་ཚོགས་མ་འདྲེས་རོལ་པའི་འཆར་ཚུལ་ལས། །སྤྲུལ་པ་རང་བྱུང་ཡ་མཚན་འཕྲུལ་གྱི་དོན། །བྱ་བྲལ་ཀུན་ཏུ་བཟང་ལས་གཡོས་པ་མེད། །གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །རྩོལ་བ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང་། །དབྱིངས་ལས་མ་གཡོས་ལྷུན་གྲུབ་འདུས་མ་བྱས། །སྐུ་དང་ཡེ་ཤེས་ཕྲིན་ལས་ལྷུན་རྫོགས་ཀྱང་། །ཚོགས་ཆེན་ཡེ་རྫོགས་ཡེ་ཤར་ཆེན་པོའི་ཀློང་། །ཡེ་ནས་ལྷུན་གྲུབ་འཕོ་འགྱུར་མེད་པའི་ཞིང་། །ཆོས་དབྱིངས་ངང་ལས་ཆོས་ཉིད་གཟིགས་པ་ཡང་། །མཁྱེན་པ་མ་འགགས་དབྱིངས་ཀྱི་རྒྱན་དུ་ཤར། །བྱས་ཤིང་སྒྲུབ་མེད་ཡེ་ནས་གནས་པ་ཉིད། །ཉི་མཁའ་བཞིན་ཏེ་ངོ་མཚར་རྨད་ཀྱི་ཆོས། །ཡེ་ནས་ལྷུན་གྱིས་གྲུབ་པའི་དབྱིངས་རུམ་འདིར། །འཁོར་བ་ཀུན་བཟང་མྱ་ངན་འདས་པ་བཟང་། །ཀུན་བཟང་ཀློང་ན་འཁོར་འདས་ཡེ་ནས་མེད། །སྣང་བ་ཀུན་བཟང་སྟོང་པ་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་སྣང་སྟོང་ཡེ་ནས་མེད། །སྐྱེ་ཤི་ཀུན་བཟང་བདེ་སྡུག་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་བདེ་སྡུག་སྐྱེ་ཤི་མེད། །བདག་གཞན་ཀུན་བཟང་རྟག་ཆད་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་བདག་གཞན་རྟག་ཆད་མེད། །མེད་ལ་ཡོད་པར་འཛིན་པས་འཁྲུལ་པར་བཏགས། །རྟེན་མེད་རྨི་ལམ་འདྲ་བའི་རང་བཞིན་ལ། །འཁོར་འདས་རང་མཚན་ཞེན་པ་མཚར་རེ་ཆེ། །ཐམས་ཅད་ཀུན་བཟང་ལྷུན་གྲུབ་ཆེན་པོ་ནི། །མ་འཁྲུལ་མི་འཁྲུལ་འཁྲུལ་པར་མི་འགྱུར་བས། །སྲིད་པ་མིང་ཙམ་ཡོད་མེད་མཐའ་ལས་འདས། །སུ་ཡང་གང་དུ་སྔར་ཡང་མ་འཁྲུལ་ལ། །ད་ལྟ་མི་འཁྲུལ་སླད་ཀྱིས་འཁྲུལ་མི་འགྱུར། །འདི་ནི་སྲིད་གསུམ་ཀ་དག་དགོངས་པའོ། །འཁྲུལ་བ་མེད་པས་མ་འཁྲུལ་ཆོས་སུ་མེད། །ཡེ་ནས་ལྷུན་གྲུབ་རང་བྱུང་རིག་པ་ཆེ། །མ་གྲོལ་མི་གྲོལ་གྲོལ་བར་མི་འགྱུར་ལ། །འདས་པ་མིང་ཙམ་སུ་ཡང་
གྲོལ་མ་མྱོང་། །གྲོལ་བར་མི་འགྱུར་བཅིངས་པ་ཡེ་ནས་མེད། །མཁའ་བཞིན་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་བྲལ། །འདི་ནི་ཡོངས་གྲོལ་ཀ་དག་དགོངས་པའོ། །མདོར་ན་ལྷུན་གྲུབ་ཡངས་པའི་དབྱིངས་རུམ་ནས། །རོལ་པའི་རྩལ་གྱི་འཁོར་འདས་ཅི་ཤར་ཡང་། །ཤར་ཙམ་ཉིད་ནས་འཁོར་འདས་ཡོད་མ་མྱོང་། །གཉིད་ཀྱི་རྩལ་ལས་རྨི་ལམ་ཅི་ཤར་ཡང་། །དོན་ལ་མེད་དེ་རང་རིག་བདེ་བའི་མལ། །ལྷུན་མཉམ་ཡངས་པ་ཆེན་པོར་ཕྱམ་གདལ་ལོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། འཁོར་འདས་དབྱིངས་ལས་མ་གཡོས་པར་བསྟན་པའི་ལེའུ་སྟེ་དང་པོའོ།། །།
སྣང་སྲིད་ཞིང་ཁམས་སུ་ཤར་བའི་ལེའུ་སྟེ་གཉིས་པ།
དབྱིངས་ཀྱི་རང་བཞིན་གདོད་ནས་ལྷུན་གྲུབ་ལ། །ཕྱི་དང་ནང་མེད་ཀུན་ཏུ་ཁྱབ་པར་གདལ། །མཐའ་ཡི་མུ་མེད་སྟེང་འོག་ཕྱོགས་མཚམས་འདས། །ཡངས་དོག་གཉིས་མེད་རིག་པ་མཁའ་ལྟར་དག །དམིགས་བསམ་སྤྲོ་བསྡུ་བྲལ་བའི་ཀློང་ཉིད་དུ། །སྐྱེ་མེད་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ་རྣམས། །ཅིར་ཡང་མ་ངེས་གར་ཡང་རྒྱ་ཆད་མེད། །འདི་ཞེས་མི་མཚོན་དངོས་པོ་མཚན་མ་མེད། །ཕྱོགས་འབྱམས་ནམ་མཁའ་འདྲ་བའི་རང་བཞིན་ལ། །སྐྱེ་མེད་ལྷུན་གྲུབ་སྔ་ཕྱི་ཐོག་མཐའ་བྲལ། །འཁོར་འདས་ཀུན་གྱི་ངོ་བོ་བྱང་ཆུབ་སེམས། །མ་བྱུང་མ་སྐྱེས་མ་ངེས་ལྷུན་གྲུབ་ནི། །གང་ནས་མ་འོངས་གར་ཡང་སོང་བ་མེད། །སྔ་ཕྱི་རིས་མེད་བྱང་ཆུབ་སེམས་ཀྱི་ཀློང་། །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ་པར་གདལ། །ཐོག་མཐའ་དབུས་མེད་ཆོས་ཉིད་དེ་བཞིན་ཉིད། །ཕྱམ་གདལ་མཁའ་མཉམ་དག་པའི་རང་བཞིན་ལ། །ཐོག་མཐའ་མེད་དེ་སྔ་ཕྱིའི་ཡུལ་ལས་འདས། །སྐྱེ་འགག་མེད་དེ་དངོས་པོ་མཚན་མ་མེད། །འགྲོ་འོང་མེད་དེ་འདི་ཞེས་མཚོན་དང་བྲལ། །རྩོལ་ཞིང་སྒྲུབ་མེད་བྱ་བའི་ཆོས་ཀྱིས་སྟོང་། །ཕྱོགས་ཆ་དབུས་མེད་དེ་བཞིན་ཉིད་ཀྱི་གཞི། །དམིགས་མེད་རྒྱུན་ཆད་མེད་དེ་མཉམ་པའི་ཀློང་། །ཐམས་ཅད་ཆོས་ཉིད་མཉམ་པའི་རང་བཞིན་ལས། །མཉམ་པའི་ཀློང་ན་མི་གནས་གཅིག་ཀྱང་མེད། །གཅིག་མཉམ་ཀུན་མཉམ་བྱང་ཆུབ་
སེམས་ཀྱི་ངང་། །མ་སྐྱེས་མཁའ་མཉམ་ཡངས་པར་ཕྱམ་གདལ་བས། །མཉམ་ཉིད་ངང་ལ་རྒྱུན་ཆད་མེད་པའི་ཕྱིར། །ལྷུན་གྲུབ་ཕྱོགས་མེད་ཀུན་ཁྱབ་གདལ་བའི་རྫོང་། །སྟེང་འོག་བར་མེད་ཡེ་ཀློང་ཡངས་པའི་རྫོང་། །ཕྱོགས་མེད་ཀུན་ཤོང་སྐྱེ་མེད་ཆོས་སྐུའི་རྫོང་། །མི་འགྱུར་ལྷུན་གྲུབ་རིན་ཆེན་གསང་བའི་རྫོང་། །སྣང་སྲིད་འཁོར་འདས་ཡེ་རྫོང་ཕྱམ་གཅིག་རྫོགས། །ཕྱོགས་མེད་ཀུན་ཁྱབ་གདལ་བའི་ས་གཞི་ལ། །འཁོར་འདས་རིས་མེད་བྱང་ཆུབ་སེམས་ཀྱི་མཁར། །ཆོས་ཉིད་ཀློང་ཡངས་རྩེ་མོ་ལྷུན་མཐོ་ཞིང་། །མ་བྱས་རང་བཞིན་ཕྱོགས་བཞི་ཡངས་པའི་དཀྱིལ། །རིམ་རྩོལ་བྲལ་བའི་འཇུག་སྒོ་ཤིན་ཏུ་ཡངས། །ལྷུན་གྲུབ་འབྱོར་བའི་བཀོད་པས་བརྒྱན་པ་དེར། །རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན། །བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང་། །རང་གནས་བསམ་གཏན་བཙུན་མོ་དམ་པ་དང་། དགོངས་པ་རང་ཤར་སྲས་དང་བྲན་གཡོག་བཅས། །བདེ་ཆེན་ཀློང་དཀྱིལ་རང་གསལ་རྟོག་པ་མེད། །མི་གཡོ་བསམ་བརྗོད་བྲལ་བའི་ངང་ཉིད་ལས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་བསྒྱུར། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ། །ཡུལ་དེར་གནས་ན་ཐམས་ཅད་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན། །ཇི་བཞིན་དབྱེ་བསལ་མེད་པའི་ཀློང་དུ་འཁྱིལ། །འགྲོ་དྲུག་གནས་དང་སངས་རྒྱས་ཞིང་ཁམས་ཀྱང་། །གཞན་ན་མེད་དེ་ཆོས་ཉིད་ནམ་མཁའི་ངང་། །རང་གསལ་བྱང་ཆུབ་སེམས་སུ་རོ་གཅིག་པས། །རིག་པའི་ངང་དུ་འཁོར་འདས་འུབ་ཆུབ་བོ། །ཐམས་ཅད་ཀུན་འབྱུང་ཆོས་དབྱིངས་མཛོད་འདི་ནི། །འདས་པ་མ་བཙལ་ཡེ་ནས་ལྷུན་གྲུབ་པས། །ཆོས་སྐུ་མི་འགྱུར་ཡུལ་མེད་ཀུན་འབྱམས་ལ། །ཕྱི་ནང་སྣོད་བཅུད་སྣང་བ་ལོངས་སྤྱོད་རྫོགས། །གཟུགས་བརྙན་ལྟ་བུར་རང་ཤར་སྤྲུལ་པའི་སྐུ། །སྐུ་གསུམ་རྒྱན་དུ་མ་རྫོགས་ཆོས་མེད་པས། །
ཐམས་ཅད་སྐུ་གསུང་ཐུགས་ཀྱི་རོལ་པར་ཤར། །བདེ་གཤེགས་ཞིང་ཁམས་མ་ལུས་གྲངས་མེད་ཀྱང་། །ཉིད་ལས་བྱུང་བའི་སེམས་ཉིད་སྐུ་གསུམ་ཀློང་། །འཁོར་བའི་རང་བཞིན་འགྲོ་དྲུག་གྲོང་ཁྱེར་ཀྱང་། །ཆོས་དབྱིངས་ངང་ལས་གཟུགས་བརྙན་ཤར་བ་ཙམ། །སྐྱེ་ཤི་བདེ་སྡུག་སྣ་ཚོགས་སྣང་བ་ཡང་། །སེམས་ཉིད་ཀློང་འདིར་སྤྲུལ་པའི་ལྟད་མོ་བཞིན། །མེད་ལ་ཡོད་ལ་སྣང་ལ་གཞི་མེད་པས། །མཁའ་ལ་སྤྲིན་བཞིན་གློ་བུར་རྐྱེན་བྱུང་ཙམ། །ཡོད་མིན་མེད་མིན་རང་བཞིན་མཐའ་འདས་པས། །སྤྲོས་བྲལ་ཐིག་ལེའི་ངང་དུ་འུབ་ཆུབ་བོ། །སེམས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །མཁའ་ལྟར་དག་པས་སྐྱེ་ཤི་བདེ་སྡུག་མེད། །དངོས་པོ་རིས་མེད་འཁོར་འདས་ཆོས་ལས་གྲོལ། །འདི་ཞེས་མི་མཚོན་མཁའ་ཀློང་རབ་ཡངས་པས། །མི་འགྱུར་མི་འཕོ་ལྷུན་གྲུབ་འདུས་མ་བྱས། །འོད་གསལ་རྡོ་རྗེ་སྙིང་པོར་སངས་རྒྱས་པས། །ཐམས་ཅད་ཀུན་ཀྱང་རང་བྱུང་བདེ་བའི་ཞིང་། །ལྷུན་མཉམ་བྱང་ཆུབ་མཆོག་གི་ངང་ཉིད་དོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། སྣང་སྲིད་ཞིང་ཁམས་སུ་ཤར་བའི་ལེའུ་སྟེ་གཉིས་པའོ།། །།
བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པའི་ལེའུ་སྟེ་གསུམ་པ།
ཐམས་ཅད་ཀུན་འདུས་བྱང་ཆུབ་སེམས་སུ་འདུས། །བྱང་ཆུབ་སེམས་ལས་མ་གཏོགས་ཆོས་མེད་པས། །ཆོས་ཀུན་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །བྱང་ཆུབ་སེམས་ཀྱི་མཚོན་དཔེ་ནམ་མཁའ་འདྲ། །སེམས་ལ་རྒྱུ་མེད་སྐྱེ་བའི་ཡུལ་མེད་པས། །མི་གནས་བརྗོད་འདས་བསམ་ཡུལ་འདས་པ་ཉིད། །ནམ་མཁའི་དབྱིངས་ཞེས་དཔེ་རུ་མཚོན་པ་ཙམ། །མཚོན་དཔེ་ཉིད་ཀྱང་འདི་ཞེས་བྱར་མེད་ན། །མཚོན་དཔེའི་དོན་ལ་བསམ་བརྗོད་ག་ལ་སྲིད། །འདི་ནི་རང་བཞིན་དག་པའི་དཔེར་ཤེས་བྱ། །དོན་ནི་རང་རིག་མཁའ་མཉམ་བྱང་ཆུབ་སེམས། །བསམ་པའི་ཡུལ་མིན་མཚོན་བརྗོད་འདས་པ་སྟེ། །རང་གསལ་མི་གཡོ་འོད་གསལ་ཡངས་པའི་ཀློང་། །མ་བྱས་ལྷུན་གྲུབ་ཡངས་དོག་མཐོ་དམན་མེད། །ཆོས་སྐུ་བྱང་ཆུབ་སྙིང་པོའི་དཀྱིལ་ཡངས་སོ། །རྟགས་ནི་རྩལ་ལས་
ཅིར་ཡང་འཆར་བ་སྟེ། །ཤར་བའི་དུས་ན་ཤར་ས་ཤར་མཁན་མེད། །ཤར་ཞེས་མིང་ཙམ་དཔྱད་ན་ནམ་མཁའ་འདྲ། །རིས་མེད་མཉམ་པ་ཆེན་པོར་འུབ་ཆུབ་པས། །ཕྱམ་གདལ་གཟུང་འཛིན་མེད་པའི་ཀློང་ཉིད་དོ། །རང་བྱུང་ཡེ་ཤེས་ཆོས་ཉིད་ཕྱོགས་ཡན་ལ། །དཔེ་དོན་རྟགས་ཀྱི་ངེས་པའི་མཚོན་དཔེ་བསྟན། །མཁའ་མཉམ་གཟེར་ཆེན་གསུམ་གྱི་བདག་ཉིད་དུ། །ཐམས་ཅད་ཀུན་འདུས་རང་བཞིན་དབྱེ་བསལ་མེད། །ཕྱམ་མཉམ་ཡངས་པ་ཆེན་པོའི་དབྱིངས་རུམ་ན། །ཐམས་ཅད་ཡེ་མཉམ་སྔ་ཕྱི་བར་གསུམ་མེད། །ཀུན་བཟང་རྡོ་རྗེ་སེམས་དཔའི་དགོངས་པའོ། །བྱང་ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ། །ངང་གིས་འོད་གསལ་ཡེ་ནས་འདུས་མ་བྱས། །སྒྲིབ་པའི་ཆོས་མེད་ཟང་ཐལ་ལྷུན་གྱིས་གྲུབ། །སྤྲོས་པའི་ཚོགས་མེད་མི་རྟོག་ཆོས་ཉིད་ངང་། །སྟོང་པས་ཆོས་སྐུ་གསལ་བས་ལོངས་སྤྱོད་རྫོགས། །ཟེར་ལྡན་སྤྲུལ་པ་སྐུ་གསུམ་འདུ་འབྲལ་མེད། །ཡེ་ནས་ཡོན་ཏན་ལྷུན་གྱིས་གྲུབ་ཟིན་པས། །སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད། །སྔ་ཕྱི་དུས་གསུམ་འཕོ་འགྱུར་མེད་པར་གཅིག །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་གཅིག །འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ། །དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ། །རྟོག་དང་མི་རྟོག་སྣང་སྲིད་སྣོད་བཅུད་དང་། །སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ། །འདི་ཀུན་ཤར་ཡང་རང་བཞིན་འགག་མེད་དེ། །སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན། །སྤྲུལ་པ་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང་། །མིག་ཡོར་ཇི་བཞིན་མེད་པ་གསལ་སྣང་དུ། །གཞི་མེད་རྟེན་མེད་གློ་བུར་སྣང་བ་ཙམ། །བར་སྐབས་རེ་འགའི་ཆོས་སུ་རྟོགས་པར་བྱ། །ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རོལ་པ་མ་འགགས་འཁོར་འདས་ཆོ་འཕྲུལ་འབྱུང་། །ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས། །གདོད་མའི་ངང་ལས་གཡོས་པ་མེད་ཤེས་བྱ། །འདིར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་། །གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས། །རང་བཞིན་ལྷུན་རྫོགས་རང་བྱུང་ཡེ་ཤེས་སོ། །བྱང་ཆུབ་སེམས་ནི་སྣང་དང་
མི་སྣང་ལས། །འཁོར་འདས་ཕྱི་ནང་ཆོས་སུ་མེད་ན་ཡང་། །དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས། །སྣང་སྲིད་འཁོར་འདས་སྣ་ཚོགས་རོལ་པར་ཤར། །ཤར་ཙམ་ཉིད་ནས་རང་བཞིན་སྟོང་པའི་གཟུགས། །སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ། །སྣང་དུས་ཉིད་ནས་སྐྱེས་པ་འགའ་ཡང་མེད། །འགག་པ་མེད་ལས་འགག་པར་སྣང་ན་ཡང་། །འགག་པ་མེད་དེ་སྒྱུ་མ་སྟོང་པའི་གཟུགས། །གནས་པ་ཉིད་ནས་གནས་པའི་ཆོས་མེད་དེ། །གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང་། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་པས། །རང་བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད། །སྣང་བ་དེ་ཡང་རྩལ་ལས་རང་ཤར་བས། །རྟེན་འབྲེལ་ཉིད་ཅེས་རང་བཞིན་བརྡ་ཙམ་བརྗོད། །རྩལ་ལས་ཤར་བར་སྣང་བའི་རང་དུས་ནས། །ཤར་དང་མ་ཤར་ཕྱོགས་དང་རིས་མེད་པས། །རྩལ་ཡང་བརྡ་ཙམ་ངོ་བོ་འགའ་མེད་པས། །ཐམས་ཅད་རྟག་ཏུ་འཕོ་འགྱུར་མེད་པའི་ངང་། །བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།
བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་པ།
ཀུན་འདུས་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །སྣང་བ་མ་ཡིན་སྣང་བའི་ཆོས་ལས་འདས། །སྟོང་པ་མ་ཡིན་སྟོང་པའི་ཆོས་ལས་འདས། །ཡོད་པ་མ་ཡིན་དངོས་པོ་མཚན་མ་མེད། །མེད་པ་མ་ཡིན་འཁོར་འདས་ཀུན་ལ་ཁྱབ། །ཡོད་མེད་མ་ཡིན་ལྷུན་མཉམ་གདོད་མའི་དབྱིངས། །ཕྱོགས་དང་རིས་མེད་གཞི་རྩ་དངོས་པོ་མེད། །རྒྱུན་ཆད་མེད་པས་རིག་པ་བྱང་ཆུབ་ཀློང་། །འཕོ་དང་འགྱུར་མེད་མཁའ་དབྱིངས་ཡེ་ནས་གདལ། །རང་བྱུང་ཡེ་ཤེས་ཡེ་ཟླ་མེད་པའི་དོན། །མི་སྐྱེ་མི་འགག་ཐིག་ལེ་གཅིག་ཏུ་འདུས། །མ་ངེས་ཀུན་ཁྱབ་ཕྱོགས་མཐའ་ཡོངས་ཀྱི་མེད། །ལྷུན་མཉམ་མི་གཡོ་རྡོ་རྗེ་སྙིང་པོའི་གདུང་། །འདུ་འབྲལ་མེད་པའི་དབྱིངས་མཆོག་རབ་འབྱམས་འདི། །ཚིག་གིས་མཚོན་པའི་སྤྱོད་ཡུལ་མ་ཡིན་ཏེ། །ཤེས་རབ་ཀློང་རྡོལ་སོ་སོ་རང་རིག་ཡུལ། །བསམ་བརྗོད་སྤྲོས་དང་བྲལ་བའི་
རྣལ་འབྱོར་པས། །མཚོན་དང་མི་མཚོན་མེད་པར་ཐག་བཅད་དེ། །སྒོམ་དང་བསྒོམ་པར་བྱ་བ་མ་རྙེད་པས། །བྱིང་རྒོད་རྣམ་རྟོག་དགྲ་བོ་བསད་མ་དགོས། །ཡེ་ནས་སྤྱི་བླུགས་གནས་པའི་ཆོས་ཉིད་ལ། །བདག་དང་གཞན་དུ་རྟོག་པ་མི་མངའ་བས། ཁམས་གསུམ་འདི་ཉིད་རང་བཞིན་མཉམ་པའི་ཞིང་། །དུས་གསུམ་རྒྱལ་བ་རང་སྣང་དག་པ་སྟེ། །སྤང་བླང་མེད་པར་ཐམས་ཅད་ཕྱམ་གཅིག་པས། །གཞན་ནས་ཐོབ་པར་བྱ་བ་རྡུལ་ཙམ་མེད། །ཆོས་ཀུན་སེམས་ཉིད་ཀློང་ཆེན་དེར་གསལ་ལ། །མཉམ་པའི་དོན་ལས་གཡོས་པ་ཅུང་ཟད་མེད། །ཕྱི་དང་ནང་མེད་འཆར་ནུབ་རྙོག་པ་མེད། །མཐའ་ཡི་མུན་སེལ་རྩ་བ་བྱང་ཆུབ་སེམས། །གང་ཡང་མ་སྤངས་གོལ་ས་ཤུགས་ལ་ཆོད། །འགྲོ་བའི་སྣང་ཚུལ་སྣ་ཚོགས་འཇིག་རྟེན་དང་། །དག་པའི་སངས་རྒྱས་སྐུ་དང་ཡེ་ཤེས་ཀྱང་། །རྟོགས་དང་མ་རྟོགས་རྩལ་ལས་ཤར་བ་ཡི། །རོལ་པ་མ་འགགས་ནམ་མཁའི་དབྱིངས་ཁྱབ་ཀྱང་། །ཆོས་དབྱིངས་ངང་ལ་རྟོགས་དང་མ་རྟོགས་ཙམ། །རྟོགས་པས་བདེ་གཤེགས་དག་པའི་སྣང་བ་དང་། །མ་རྟོགས་མ་རིག་གཟུང་འཛིན་བག་ཆགས་ལས། །སྣ་ཚོགས་སྣང་ཡང་དབྱིངས་ལས་གཡོས་པ་མེད། །བྱང་ཆུབ་སེམས་ནི་ཀུན་གྱི་དངོས་གཞི་སྟེ། །མཚན་ཉིད་མ་འགགས་སྣ་ཚོགས་ཅིར་ཤར་ཡང་། །རང་གསལ་ཆོས་ཉིད་དག་པའི་དབྱིངས་སུ་གསལ། །དབྱེ་བསལ་མེད་དོ་རྒྱ་ཡན་རིག་པའི་འགྲོས། །ཟང་ཐལ་ཡེ་ཤེས་རང་བྱུང་ཀློང་ཡངས་ཤིང་། །མ་བསྒྲིབས་ཕྱི་ནང་མེད་པར་འོད་གསལ་བས། །རང་རིག་སེམས་ཀྱི་མེ་ལོང་འོད་པོ་ཆེ། །འདོད་འབྱུང་ནོར་བུ་རིན་ཆེན་ཆོས་ཀྱི་དབྱིངས། །བཙལ་བ་མེད་པར་ཐམས་ཅད་རང་བྱུང་བས། །རང་བྱུང་ཡེ་ཤེས་འདོད་དགུར་འབྱུང་བའི་དཔལ། །ཆེ་བའི་ཡོན་ཏན་རྣམ་གྲངས་ཇི་སྙེད་པ། །དབྱིངས་ལས་དབྱིངས་བྱུང་ཐབས་མཆོག་མ་འགགས་ཤར། །ཐམས་ཅད་སྐྱེ་མེད་དབྱིངས་སུ་ལྷུན་རྫོགས་པས། །དངོས་པོ་ཟིལ་གནོན་སྟོང་ཉིད་བྱང་ཆུབ་ཀློང་། །སྟོང་པ་ཟིལ་གནོན་བྱང་ཆུབ་རང་རིག་ཀློང་། །བྱང་ཆུབ་སེམས་ལ་སྣང་སྟོང་ཡེ་ནས་མེད། །གཉིས་མེད་
མ་ཞེན་བསམ་ཡས་ཆོ་འཕྲུལ་འབྱུང་། །དུས་གསུམ་དུས་མེད་སྐྱེ་མེད་ཆོས་ཀྱི་དབྱིངས། །མི་འགྱུར་མི་ཕྱེད་འདུས་མ་བྱས་པའི་ཀློང་། །དུས་གསུམ་སངས་རྒྱས་རིག་པ་ཡེ་ཤེས་དབྱིངས། །གཟུང་འཛིན་ཟིལ་གནོན་རང་རིག་བྱང་ཆུབ་ཀློང་། །ཕྱི་དང་ནང་མེད་ཆོས་ཉིད་ལྷུན་ཡངས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།
རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པའི་ལེའུ་སྟེ་ལྔ་པ།
སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བ་བསྒོམ་མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །ཉི་མ་སྤྲིན་དང་མུན་པས་མ་བསྒྲིབས་ལ། །གློ་བུར་མ་བྱས་དབྱིངས་ན་ངང་གིས་གསལ། །རྩོལ་ཞིང་སྒྲུབ་པའི་ཆོས་བཅུ་གང་བསྟན་པ། །རྩལ་ལས་གློ་བུར་འཁྲུལ་ངོར་གསུངས་པ་ཉིད། །རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས། །ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་དོན། །ཇི་བཞིན་རྣལ་དུ་འབྱོར་ལ་བསྟན་པ་མིན། །རིམ་འཇུག་རྩོལ་བ་ཅན་གྱི་གང་ཟག་རྣམས། །ཆོས་ཉིད་གདོད་མའི་དབྱིངས་སུ་དྲང་བའི་ཕྱིར། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག །ཆུང་ངུ་གསུམ་ལ་བསྟན་པའི་རིམ་པ་སྟེ། །ཀྲཱི་ཡ་ཨུ་པ་ཡོ་ག་རྣམ་པ་གསུམ། །འབྲིང་པོ་གསུམ་ལ་རང་བཞིན་བབས་ཀྱིས་གྲུབ། །མ་ཧཱ་ཨ་ནུ་ཨ་ཏི་རྣམ་པ་གསུམ། །ཆེན་པོ་གསུམ་ལ་གདོད་ནས་སྣང་བ་སྟེ། །རྒྱུ་འབྲས་ཐེག་པའི་ཆོས་ཀྱི་སྒོ་དབྱེ་བས། །སྐལ་ལྡན་འགྲོ་བ་བྱང་ཆུབ་གསུམ་ལ་འདྲེན། །ཀུན་ཀྱང་མཐར་ཐུག་རྡོ་རྗེ་སྙིང་པོའི་དོན། །གསང་ཆེན་རྨད་དུ་བྱུང་འདིར་འཇུག་དགོས་པས། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །མངོན་པར་བྱང་ཆུབ་སྙིང་པོའི་ཐེག་པར་གྲགས། །ཆོས་ཀྱང་གཉིས་ལས་བླང་དོར་བྱ་རྩོལ་ཅན། །རྩལ་ལས་རོལ་པར་ཤར་བའི་རང་བཞིན་གྱི། །སེམས་
དང་སེམས་བྱུང་བག་ཆགས་སྦྱང་ཕྱིར་བསྟན། །དེ་དག་སེམས་ལས་ཡེ་ཤེས་དག་པར་འདོད། །བླང་དོར་བྱ་རྩོལ་མེད་པའི་ཆོས་ཆེན་ནི། །རང་བྱུང་ཡེ་ཤེས་བྱང་ཆུབ་སེམས་ཉིད་ཀྱི། །ངོ་བོ་ཐད་དྲང་ངང་ལས་མ་གཡོས་པར། །མངོན་དུ་བྱེད་པས་གཞན་དུ་རྩོལ་མི་དགོས། །རང་ལ་བཞག་ནས་གཞན་དུ་འཚོལ་མི་བྱེད། །འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན། །རང་གཞག་འོད་གསལ་མི་གཡོ་གནས་པར་འདོད། །གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་ཀྱིས། །ཉི་མ་གདོད་སྒྲུབ་བྱེད་དང་མཚུངས་པར་བསྟན། །དེས་ན་འདི་གཉིས་ཁྱད་པར་གནམ་ས་བཞིན། །དེང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དུ། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །འདིར་ནི་གདོད་ནས་དག་པའི་བྱང་ཆུབ་སེམས། །དོན་དམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི། །སྨྲ་བསམ་འདས་པས་ཤེས་རབ་ཕ་རོལ་ཕྱིན། །ངང་གིས་མི་གཡོ་རང་བཞིན་འོད་གསལ་ཞིང་། །འགྱུ་འཕྲོའི་སྤྲོས་དང་ཡེ་ནས་བྲལ་བ་ལ། །ངོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ། །དེ་ཡི་རྩལ་ནི་འཆར་ཚུལ་མ་འགགས་པའི། །རིག་པ་ཟང་ཐལ་རྟོག་དཔྱོད་གཉིས་དང་བྲལ། །སལ་གྱིས་གསལ་ཡང་གཟུང་འཛིན་མེད་པ་ཡིན། །རྩལ་ལས་ཤར་བའི་རིག་པ་སྤྲོས་པའི་བློ། །དེས་བསྐྱེད་གཟུང་འཛིན་བག་ཆགས་སྣ་ཚོགས་ཅན། །ཡུལ་མེད་ཡུལ་དུ་གཟུང་བའི་ཡུལ་ལྔ་དང་། །བདག་མེད་བདག་ཏུ་འཛིན་པའི་ཉོན་མོངས་ལྔ། །ཕྱི་ནང་སྣོད་བཅུད་འཁྲུལ་སྣང་ཇི་སྙེད་དེ། །འཁོར་བར་སྣང་བ་རྩལ་ལས་ཡང་ཤར་བ། །མ་རྟོགས་ལོག་པར་གཟུང་བའི་སྣང་བ་ཉིད། །གང་ནས་མ་འོངས་གང་དུ་མ་སོང་ལ། །གར་ཡང་མི་གནས་ཆོས་ཉིད་ཀློང་ཆེན་དུ། །རྟོགས་པས་ཁམས་གསུམ་ཡོངས་གྲོལ་དགོངས་པ་ཞེས། །ཨ་ཏི་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་ལུང་། །ཀུན་བཟང་ཡངས་པ་ཆེན་པོའི་ཀློང་ནས་ཤར། །རྣམ་དག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བའི་ཡུལ་མེད་
ལྟ་བའི་ཆོས་སུ་མེད། །བལྟ་བར་བྱ་དང་བྱེད་པ་རྡུལ་ཙམ་མེད། །སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད། །སྤྱད་དང་སྤྱོད་པ་གཉིས་མེད་ལྷུན་གྲུབ་པས། །བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད། །མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ཐིག་ལེ་ཆེན་པོར་གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་དཀྱིལ་འཁོར་དང་། །སྔགས་དང་ཁ་ཏོན་དབང་དང་དམ་ཚིག་མེད། །རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད། །ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ། །འདུས་བྱས་གློ་བུར་རྐྱེན་བྱུང་རྒྱུ་འབྲས་མེད། །འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན། །འདུས་བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི། །ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་མཚོན། །དེ་ཕྱིར་དོན་དམ་དབྱིངས་ཀྱི་ངོ་བོ་ལ། །རྒྱུ་འབྲས་ལས་འདས་རང་བཞིན་རྣམ་བཅུ་མེད། །རྩོལ་དང་སྒྲུབ་མེད་སེམས་ཉིད་རྣལ་མའི་དོན། །ཡོད་མེད་སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པའི་ལེའུ་སྟེ་ལྔ་པའོ།། །།
ཐམས་ཅད་བྱང་ཆུབ་སེམས་སུ་འདུས་པར་བསྟན་པའི་ལེའུ་སྟེ་དྲུག་པ།
ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་འདུས། །སྣང་སྲིད་སྣོད་བཅུད་མ་དག་འཁྲུལ་པ་ཡང་། །གང་བྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས། །གཞི་མེད་ཡེ་གྲོལ་སེམས་ཀྱི་ངང་དུ་འདུས། །ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་ངང་། །འཁྲུལ་དང་མ་འཁྲུལ་མིང་དོན་འདས་པར་འདུས། །དག་པའི་རང་སྣང་སྐུ་དང་ཞིང་ཁམས་དང་། །ཡེ་ཤེས་ཕྲིན་ལས་ངོ་མཚར་རོལ་པ་ཡང་། །རང་བྱུང་ངང་ལ་འདུ་འབྲལ་མེད་པར་འདུས། །སྣང་སྲིད་འཁོར་འདས་ཀུན་འདུས་བྱང་ཆུབ་སེམས། །ཉི་མཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས། །གདོད་ནས་རང་བྱུང་ཡེ་ཀློང་ཡངས་པ་ཡིན། །སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང་། །རོལ་པ་ངེས་མེད་བྱང་ཆུབ་སེམས་ཀྱི་རྩལ། །འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བའི། །བྱར་མེད་གཅིག་གིས་ཐམས་
ཅད་ཟིལ་གྱིས་མནན། །མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད། །ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས། །ཐམས་ཅད་ཀུན་བཟང་ལྷུན་གྲུབ་གཅིག་ཤར་བས། །མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག །ཆེ་བའི་ཆེ་བ་ཀུན་བཟང་ཆོས་ཀྱི་དབྱིངས། །རྒྱལ་པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས། །འཁོར་འདས་ཀུན་ལ་དབང་བསྒྱུར་གར་མ་གཡོས། །ཐམས་ཅད་ཀུན་བཟང་མི་བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག །གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་པས། །ཐམས་ཅད་ལྷུན་གྲུབ་མི་གཡོ་མཉམ་པར་གཅིག །གཅིག་ལས་ཀུན་ཤར་མ་ལུས་ཆོས་ཀྱི་དབྱིངས། །བྱར་མེད་ངང་ལ་སྒྲུབ་མེད་བཙལ་དུ་མེད། །རྩོལ་སྒྲུབ་རང་གི་དབྱིངས་ལས་གཞན་མེད་པས། །གང་ལས་རྩོལ་ཞིང་གང་དུ་སྒྲུབ་པར་བྱེད། །བཙལ་བས་ཡུལ་མེད་བསྒོམས་པས་མཐོང་བ་མེད། །བསྒྲུབ་པའི་གནས་མེད་གཞན་ནས་འོང་བ་མེད། །འགྲོ་འོང་མེད་པས་མཉམ་ཉིད་ཆོས་ཀྱི་སྐུ། །ལྷུན་རྫོགས་ཐིག་ལེ་ཆེན་པོའི་དབྱིངས་སུ་འདུས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ལུང་། །བདག་དང་བདག་གི་མེད་པར་ཐག་བཅད་ནས། །སྤྲོས་བྲལ་ནམ་མཁའ་འདྲ་བར་དགོངས་དོན་གཅིག །ཨ་ཏི་མཆོག་གསང་རྣལ་འབྱོར་ཆེན་པོའི་ལུང་། །བདག་གཞན་དབྱེར་མེད་ཡངས་པའི་ནམ་མཁའ་ལ། །རང་བྱུང་ཡེ་ཤེས་ཇི་བཞིན་རྣལ་འཇོག་པས། །དགོངས་དོན་དེ་ཀུན་སྙིང་པོའི་མཆོག་འདིར་འདུས། །ཀྲཱི་ཡ་ཨུ་པ་ཡོ་ག་རིགས་གསུམ་ཡང་། །བདག་དང་ལྷ་དང་ཏིང་འཛིན་མཆོད་སྤྲིན་ལས། །སྒོ་གསུམ་རྣམ་དག་དངོས་གྲུབ་འདོད་པར་གཅིག །རྡོ་རྗེ་རྩེ་མོ་ལུང་རྒྱལ་གསང་བ་ཡང་། །སྣང་གྲག་རིག་པ་རྣམ་དག་ཡེ་ནས་ལྷ། །སྒོ་གསུམ་རྣམ་དག་དངོས་གྲུབ་མངོན་གྱུར་པས། །དགོངས་པ་དེ་ཀུན་སྙིང་པོའི་མཆོག་འདིར་འདུས། །མ་ཧཱ་ཨ་ནུ་ཨ་ཏི་རྣམ་གསུམ་ཡང་། །སྣང་སྲིད་སྣོད་བཅུད་ལྷ་དང་ལྷ་མོའི་ཞིང་། །དབྱིངས་དང་ཡེ་ཤེས་རྣམ་དག་དབྱེར་མེད་པས། །ཆོས་ཉིད་མི་གཡོ་རང་བྱུང་ཡེ་ཤེས་འདོད། །མཆོག་གསང་
རབ་འདིར་ཐམས་ཅད་རྣམ་དག་པས། །མ་བྱས་གཞལ་ཡས་ཡེ་ཀློང་བདེ་བའི་ཞིང་། །ཕྱི་དང་ནང་མེད་ཀུན་ཁྱབ་གདལ་བ་ལས། །བླང་དོར་བྱ་རྩོལ་མཚན་མའི་ཆོས་མེད་པར། །ཐམས་ཅད་ཡེ་འབྱམས་ཆོས་སྐུའི་ཀློང་དུ་གྲོལ། །དགོངས་པ་དེ་ཀུན་གསང་ཆེན་སྙིང་པོར་འདུས། །གཅིག་རྫོགས་ཀུན་རྫོགས་ཆོས་ཀུན་འདུས་པའི་ཀློང་། །ཡེ་བབས་རང་གསལ་ལྷུན་གྲུབ་ཆེན་པོར་འདུས། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཐམས་ཅད་བྱང་ཆུབ་སེམས་སུ་འདུས་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།
ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པའི་ལེའུ་སྟེ་བདུན་པ།
རང་བཞིན་ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་ལུང་། །མ་བྱས་དོན་གྲུབ་རི་རྒྱལ་རྩེ་མོ་ནི། །ཀུན་ལས་འཕགས་སོ་ཐེག་མཆོག་རྒྱལ་པོ་ཆེ། །ཇི་ལྟར་རི་རྒྱལ་རྩེ་མོར་ཕྱིན་པ་ན། །དམའ་བའི་ལུང་རྣམས་དུས་གཅིག་མཐོང་བ་སྟེ། །ལུང་གི་རྩེ་མོའི་རང་བཞིན་མཐོང་དང་བྲལ། །དེ་བཞིན་ཨ་ཏི་རྡོ་རྗེ་སྙིང་པོ་ནི། །ཐེག་པའི་ཡང་རྩེ་དོན་ཀུན་གསལ་བར་མཐོང་། །འོག་མའི་ཐེག་པས་འདི་དོན་མཐོང་བ་མེད། །དེ་ཕྱིར་ལྷུན་གྲུབ་རྩེ་མོར་གྱུར་པའི་རྩེེ། །ཇི་ལྟར་ཡིད་བཞིན་ནོར་བུ་ཆེན་པོ་ལ། །གསོལ་བ་བཏབ་ན་འདོད་དགུ་ངང་གིས་འབྱུང་། །ཕལ་པའི་དངོས་ལ་དེ་ལྟར་མ་ཡིན་ནོ། །རྡོ་རྗེ་སྙིང་པོ་སྐུ་གསུམ་ལྷུན་གྲུབ་པས། །རང་གཞག་དབྱིངས་ལས་སངས་རྒྱས་རང་ལ་འགྲུབ། །རྩོལ་ཞིང་སྒྲུབ་མེད་ཆེ་བ་དེ་ཉིད་དོ། །འོག་མའི་ཐེག་པས་བླང་དོར་འབད་བྱས་ཀྱང་། །བསྐལ་པར་མི་འགྲུབ་ཚི་ཆད་ནད་དུ་ཆེ། །ཡེ་ནས་ལྷུན་མཉམ་རིག་པ་བྱང་ཆུབ་སེམས། །ཇི་བཞིན་རང་བབས་ཆོས་ཉིད་ཡངས་པ་ནི། །རང་བཞིན་ཆོས་སྐུ་མཉམ་ཉིད་གདོད་མའི་ཀློང་། །ཀུན་ལ་ཡོད་དེ་སྐལ་ལྡན་འགའ་ཡི་ཡུལ། །ཇི་བཞིན་བཞག་ན་ངང་དེར་བབས་ཀྱིས་འགྲུབ། །ཁྱབ་གདལ་རང་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཀུན་ལ་ཡོད་ཀྱང་མཐོང་བ་འགའ་ཡི་ཡུལ། །གང་སྣང་རང་གཞག་བྱ་རྩོལ་བྲལ་ན་མངོན། །མ་འགགས་རོལ་པ་སྤྲུལ་སྐུ་གདལ་བའི་ཀློང་། །ཀུན་ལ་ཡོད་དེ་འཆར་བའི་དུས་ན་གསལ། །ཡིད་བཞིན་ཡོན་ཏན་
ཕྲིན་ལས་ཆོ་འཕྲུལ་ཡང་། །གཞན་ན་མེད་དེ་རང་རིག་དག་པའི་ཀློང་། །ཆུ་དང་རྙོག་བཞིན་རང་དྭངས་བཞག་ན་གསལ། །བཙལ་བས་མི་རྙེད་གདོད་ནས་དག་པའི་ཆོས། །སངས་རྒྱས་བྱང་ཆུབ་རང་བྱུང་ཀློང་ན་གསལ། །སྔར་གྲུབ་ཟིན་པས་ད་གཟོད་སྒྲུབ་མི་དགོས་། །ཆེ་བ་རང་གནས་དགོངས་པ་ཆོས་ཉིད་ཀློང་། །མི་འགྱུར་ལྷུན་གྱིས་གྲུབ་ལ་རྩོལ་མི་བྱེད། །ཡེ་གཞི་བབས་གཞི་བྱང་ཆུབ་སྙིང་པོའི་གཞི། །རང་བཞིན་ངང་ལས་གཡོས་པ་འགའ་མེད་པས། །ཀློང་གསལ་རིག་པའི་དོན་ལས་མ་གཡོ་ཞིག།ཐམས་ཅད་བཞག་པས་འགྲུབ་པའི་རྒྱུ་མཚན་ཡང་། །མི་འགྱུར་ཀུན་འགྲོ་ཁྱབ་བདག་ཡེ་ཤེས་ལྔ། །སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ། །ཕྲིན་ལས་ལྔ་སྟེ་དང་པོའི་སངས་རྒྱས་ཀྱང་། །ཐོག་མཐའ་མེད་པའི་ཀློང་འདིར་ལྷུན་གྲུབ་པས། །གཞན་དུ་མ་འཚོལ་རང་བཞིན་ཡེ་ནས་གྲུབ། །སངས་རྒྱས་ཀུན་གྱི་ཆོས་སྐུ་བྱང་ཆུབ་ཀྱང་། །མི་འགྱུར་མཉམ་པའི་དོན་ལས་གཞན་ན་མེད། །དེ་ཡང་རང་བྱུང་ངང་འདིར་ལྷུན་གྲུབ་པས། །མ་ཚོལ་མ་བསྒྲུབས་རེ་དོགས་ལྷུན་གྱིས་ཞོག །སེམས་ཅན་ཀུན་གྱི་རང་བྱུང་ཡེ་ཤེས་ཀྱང་། །མ་བྱས་མ་བཙལ་ཆོས་སྐུར་ལྷུན་གྲུབ་པས། །སྤང་བླང་མ་འཛིན་ཆོས་དབྱིངས་ངང་འདིར་ཞོག །མི་གཡོ་མི་བསམ་ལྷུན་མཉམ་ངོ་བོ་ལ། །མ་བྱས་དོན་གྲུབ་གཞི་ཀློང་ཡངས་པ་ཡིན། །མི་འགྱུར་ཀུན་འགྲོ་སྐུ་དང་ཡེ་ཤེས་བདག །རྒྱལ་ཐབས་སྤྱི་བླུགས་རང་བྱུང་ཆེན་པོའི་དབང་། །སྣང་སྲིད་སྣོད་བཅུད་ཡེ་གྲོལ་ལྷུན་གྲུབ་པས། །བྱ་རྩོལ་མི་དགོས་རང་བཞིན་ལྷུན་གྱིས་གྲུབ། །ཐམས་ཅད་ཀུན་གྲུབ་ལྷུན་གྲུབ་ཆེན་པོར་རྒྱས། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།
བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པའི་ལེའུ་སྟེ་བརྒྱད་པ།
ཐམས་ཅད་དབྱིངས་གཅིག་རང་བྱུང་ཡེ་ཤེས་ལ། །གཉིས་སུ་མེད་པ་ངོ་བོའི་འདུག་ཚུལ་ཏེ། །གཉིས་སྣང་མ་འགགས་རྩལ་ལས་རོལ་པར་ཤར། །སྣང་བཏགས་གཉིས་མེད་བྱང་ཆུབ་སེམས་ཞེས་བྱ། །འཕོ་འགྱུར་མེད་པའི་རིག་པ་བྱང་ཆུབ་ལ། །སྤངས་ཐོབ་མེད་
པའི་སྣང་སྲིད་འཁོར་འདས་ཤར། །གཟུང་འཛིན་མེད་པའི་རྣལ་འབྱོར་ངོ་ཁ་ལ། །མེད་ལ་སྣང་འདི་ཡ་མཚན་དགོད་པོ་འཆོར། །སྣང་བར་མེད་ལ་སྣ་ཚོགས་སྣང་བར་ཤར། །སྟོང་པར་མེད་ལ་མཐའ་དབུས་ཁྱབ་པར་གདལ། །གཟུང་འཛིན་མེད་ལ་ང་བདག་སོ་སོར་ཞེན། །གཞི་རྩ་མེད་ལ་ཚེ་རབས་བརྒྱུད་མར་སྣང་། །དགག་སྒྲུབ་མེད་ལ་བདེ་སྡུག་བླང་དོར་བྱེད། །ཕར་བལྟས་སྐྱེ་འགྲོའི་སྣང་བ་མཚར་རེ་ཆེ། །མི་བདེན་བདེན་པར་ཞེན་པས་བདེན་བདེན་འདྲ། །མ་འཁྲུལ་འཁྲུལ་པར་ཞེན་པས་འཁྲུལ་འཁྲུལ་འདྲ། །ངེས་མེད་ངེས་པར་བཟུང་བས་ངེས་ངེས་འདྲ། །ཡིན་མིན་ཡིན་པར་བཟུང་བས་ཡིན་ཡིན་འདྲ། །མི་འཐད་འཐད་པར་བཟུང་བས་འཐད་འཐད་འདྲ། །སྣ་ཚོགས་ཅོལ་ཆུང་ཡུལ་གྱིས་སེམས་ཁྲིད་ནས། །དོན་མེད་རིག་པ་སྐད་ཅིག་བརྒྱུད་མར་མཐུད། །ཉིན་ཞག་ཟླ་བ་ལོ་དང་མི་ཚེ་འདས། །གཉིས་མེད་གཉིས་སུ་བཟུང་བས་འགྲོ་བ་བསླུས། །རྣལ་འབྱོར་དག་པའི་སེམས་ལ་ཚུར་བལྟས་པས། །རྟེན་གཞི་མེད་པའི་རིག་པ་མིང་དང་བྲལ། །མཚོན་བརྗོད་མ་མཐོང་ལྟ་སྒོམ་ཁྲིགས་ཆགས་བུད། །ཕྱལ་བ་ལྷུག་པ་ཡངས་པ་ཕྱམ་གདལ་བས། །ཉམས་ལེན་མ་ཤེས་ཐུན་མཚམས་ཕྱོགས་རིས་མེད། །ཐམས་ཅད་རྒྱ་ཡན་ཕྱམ་ཕྱམ་བར་མཚམས་བྲལ། །ལུས་དང་ཡུལ་དང་སྣང་བའི་གཏད་མེད་པར། །ནམ་མཁའི་ཀློང་ཡངས་མཉམ་པར་ཕྱམ་གདལ་བས། །ནང་གི་ཆོས་ཞེས་བདག་ཏུ་འཛིན་པ་མེད། །ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བལྟས་པས། །ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ། །ར་རི་ཟབ་ཟེབ་གཟའ་གཏད་ཆོས་དང་བྲལ། །སྣང་གྲག་དྲན་རིག་མྱོང་ཚོར་སྔར་བཞིན་མེད། །འདི་ཅི་རང་བཞིན་སྨྱོན་པའི་སྣང་བའམ། །རྨི་ལམ་ནང་བཞིན་རང་ལ་དགོད་པོ་འཆོར། །དགྲ་གཉེན་ཆགས་སྡང་ཉེ་རིང་འདུ་ཤེས་བྲལ། །ཉིན་མཚན་རིས་མེད་མཉམ་པར་ཕྱམ་གཅིག་པས། །དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་སངས། །རང་བྱུང་ཡེ་ཤེས་ངང་ཤེས་མི་རྟོག་པས། །བླང་དོར་སྤང་གཉེན་གཟེབ་ལས་འདས་
པ་ཡིན། །འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ། །རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན། །ལྡོག་པའི་གནས་མེད་ཟད་པའི་སར་ཕྱིན་ཏེ། །རང་བྱུང་ངང་ནས་མཉམ་ཉིད་མ་རྟོགས་པར། །གཉིས་མེད་ཉིད་ཅེས་ཚིག་ལ་མངོན་ཞེན་ནས། །ཅི་ཡང་མི་དམིགས་ཡིད་དཔྱོད་གདེང་འཆའ་བ། །ལོག་རྟོག་ཉིད་དེ་མ་རིག་མུན་པའི་ཀློང་། །དེ་ཕྱིར་རང་བྱུང་འཕོ་འགྱུར་མེད་པ་ལ། །བསམ་རྫོགས་རྒྱལ་པོ་གཉིས་སུ་མེད་པར་སྦྱང་། །ཁམས་གསུམ་ཡོངས་གྲོལ་འཁོར་འདས་གཉིས་མེད་དོན། །རང་བཞིན་ཁོང་ནས་རང་ཤར་ཆོས་སྐུའི་རྫོང་། །མཁའ་ལྟར་རྣམ་དག་དཔེ་ལས་འདས་པ་འབྱུང་། །འདི་དང་འདི་ཞེས་སོ་སོར་ཞེན་པའི་བར། །གཉིས་སུ་གནས་པས་རང་གཞན་འཁྲུལ་བའི་གཟེབ། །གང་ཚེ་འདི་ཞེས་ཐ་དད་རིས་མེད་ཅིང་། །ཐམས་ཅད་ཕྱམ་མཉམ་དམིགས་གཏད་མེད་པ་ན། །གཉིས་མེད་རྟོགས་ཞེས་རྡོ་རྗེ་སེམས་དཔས་གསུངས། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།
ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་དགུ་པ།
རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ནི། །གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི། །ཆེ་བའི་ཆེ་བ་ཀུན་བཟང་ཡངས་པའི་ཐུགས། །རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་བཅད། །ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་དང་། །གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ། །སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པའི་བྱ། །རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་གནས། །ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་ཆོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་ཡང་། །ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བ་ཅན། །ཐེག་དམན་ཟིལ་གནོན་འཁོར་བའི་གཡང་ས་ཆོད། །ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ། །རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་མི་རིགས་ཀྱང་། །ཐེག་མཆོག་མི་གཡོ་མཉམ་པའི་དོན་ལ་འཐད། །ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང་། །ཆོས་སྐུའི་ཀློང་དུ་མ་
གྲོལ་འགའ་ཡང་མེད། །ཆོས་ཉིད་རང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ། །སྐྱེ་ཤི་བར་དོ་སྲིད་པའི་ལུས་བོར་ནས། །རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང་། །ལྷུན་གྲུབ་ས་ལ་རྒྱལ་པོ་སྲིད་ཟིན་ནས། །རྒྱ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང་། །ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི། །བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ། །དམན་པའི་ཐེག་པ་ཀུན་ལ་མི་རིགས་ཀྱང་། །ཨ་ཏིས་རིག་པར་སྟོན་པ་འབྲས་བུའི་གནད། སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ། །རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་ནི། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །སངས་རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་གཉིས་སུ་མེད་པར་བསྟན་པ་དེས། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྟོགས་དང་མ་རྟོགས་མེད་པར་གྲོལ་བ་ལ། །རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ། །ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བསྟེན་པར། །བརྗོད་མེད་རྟོགས་པར་མི་འདོད་བླུན་པོའི་བློ། །ཨ་ཏིས་དོན་དམ་དབྱེར་མེད་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ། །ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་བློ། ཨ་ཏིས་མུ་མེད་ཆིག་ཆོད་བསྟན་པ་དེ། །འོག་མའི་བློ་ཡུལ་མི་རིགས་རིགས་པའི་གནད། །ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་རེ་དོགས་ཆོད་དེ་མཁའ་དང་མཉམ་། །ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང་། །ཡེ་ནས་གྲོལ་ལོ་རྟོགས་དང་མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། །འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས། །སུ་
ཡང་མ་འཁྲུལ་འཁྲུལ་པའི་གནས་མེད་དེ། །ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང་། །སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག །གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང་། །འདི་ལ་སྤངས་ཐོབ་རེ་དོགས་མི་དམིགས་ཤིང་། །གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས། །གྲོལ་དང་འཁྲུལ་མེད་འཁོར་འདས་ལ་ཟློས་པས། །སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག །ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ། །བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། །དུས་དང་གཉེན་པོ་མེད་ཀྱིས་འཛིན་རྩོལ་ཞོག །ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། །གང་ལའང་གཏད་འཛིན་མ་འཆའ་ཕྱམ་ལ་ཐོང་། །ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང་། །གནས་ལུགས་རང་བཞིན་དག་རུང་མ་དག་རུང་། །སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང་། །གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་། །འཁོར་འདས་རང་བཞིན་གཉིས་རུང་མི་གཉིས་རུང་། །བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང་། །དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང་། །རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང་། །ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང་། །བླང་དོར་མེད་པས་སྤྱད་རུང་མ་སྤྱད་རུང་། །གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང་། །ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང་། །སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང་། །བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང་། །ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང་། །འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་རུང་། །རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་། །རྟག་ཆད་གཉིས་འཛིན་བཅིངས་རུང་མ་བཅིངས་རུང་། །ཆོས་ཉིད་དགོངས་པར་སླེབ་རུང་མ་སླེབ་རུང་། །གོང་མའི་རྗེས་སུ་སྙོགས་རུང་མ་སྙོགས་རུང་། །གནམ་ས་
འདྲེ་ལྡོག་སྣང་བ་ཅི་ཤར་ཡང་། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟང་ཟིང་བན་བུན་ཆལ་མ་ཆོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང་། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དེ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །སྒོམ་པའི་ཆོས་མེད་ཐ་མལ་རང་དགའི་ངང་། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་བ་ལྷུག་པ་ལྷུན་གྲུབ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྱུབ་བྲལ་བས་བདེ། །ལྟ་བའི་གཞི་མེད་སྒོམ་པའི་ངང་མེད་ལ། །སྤྱད་པའི་ཆོས་མེད་བསྒྲུབ་འདོད་འབྲས་བུ་མེད། །ཐམས་ཅད་རིས་མེད་མཉམ་པར་ཕྱམ་འདས་པ། །བྱ་རྩོལ་མ་དགོས་ཡངས་དོག་མེད་པར་བདེ། །སྨོན་པ་མེད་པས་སྒྲུབ་བློའི་ཆོས་ཟད་དེ། །སྤང་བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས། །གང་སྣང་གང་ཤར་འདེམ་ཀ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་རང་གྲོལ་ཆོས་མེད་པས། །ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་འདས། །ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང་། །ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས། །ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་པ་ནི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །བདག་བཞིན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང་། །འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ། །ཀུན་བཟང་ས་ལ་གཏན་སྲིད་ཟིན་པ་ཡིན། །
ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་དགུ་པའོ།། །།
དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་སྟེ་བཅུ་པ།
རང་བཞིན་གདོད་ནས་དག་པའི་བྱང་ཆུབ་སེམས། །བཏང་གཞག་འགྲོ་འོང་མེད་པའི་ཆོས་ཉིད་ལ། །བཙལ་བས་མི་འགྲུབ་ཆོས་ཉིད་ནམ་མཁའི་ཀློང་། །རང་བཞིན་བཞག་པས་འོད་གསལ་ཉི་ཟླ་འཆར། །ཡུལ་ཀྱང་མི་དགག་སེམས་ཀྱང་མི་གཟུང་བར། །རང་བཞིན་ལྷུན་གྲུབ་ངང་ལས་མི་གཡོ་ན། །ཀུན་བཟང་ཡངས་པ་ཆེན་པོའི་དགོངས་པར་ཕྱིན། །མི་སྤྲོ་མི་བསྡུ་རང་དྭངས་སང་ངེ་བ། །དྭངས་པའི་རྒྱ་མཚོ་མི་གཡོ་མཉམ་པ་བཞིན། །ཆོས་ཉིད་གཏིང་གསལ་རང་བྱུང་ཡེ་ཤེས་ངང་། །འབྱུང་འཇུག་རེ་དོགས་བྲལ་བར་གནས་པ་ཡིན། །ཚིག་གིས་མི་མཚོན་འཇུར་བུའི་སེམས་མེད་པར། །རང་བབས་གྱིན་འདའ་བཅོས་བསླད་མེད་པ་ནི། །ཀློང་ཐིམ་ཆོས་ཉིད་མཚན་མ་མེད་པ་སྟེ། །སྒོམ་དང་བསྒོམ་པར་བྱ་བའི་ཆོས་མེད་པས། །བྱིང་རྒོད་རང་ཡན་རང་བྱུང་དགོངས་པར་ཤར། །སྤངས་པས་མི་སྤོང་ཀུན་རྟོག་རིག་པའི་རྩལ། །ཆོས་ཉིད་ངང་དུ་དབྱེ་བསལ་རིས་མེད་པས། །བསྒྲུབས་པས་མི་འགྲུབ་ཆོས་ཉིད་དབྱིངས་སུ་ཤར། །འཁོར་བ་མ་སྤངས་རང་བྱུང་ཡེ་ཤེས་སུ། །ཀློང་ཆེན་རྩལ་གྱི་རྣལ་འབྱོར་དག་པས་མཐོང་། །ཡེ་ནས་སྣང་སེམས་རང་བབས་ཆོས་ཉིད་ངང་། །ཏིང་འཛིན་མི་གཡོ་ཆུ་བོའི་རྒྱུན་ཤར་བས། །རྡོ་རྗེ་རྩེ་མོ་ཀུན་བཟང་ཐུགས་ཀྱི་མཆོག །ཡངས་པའི་ཆོས་མཆོག་ནམ་མཁའི་མཐའ་དང་མཉམ། །དབྱེ་བསལ་མེད་པར་ཐམས་ཅད་སྒོམ་པའི་མཆོག །ཡེ་འབྱམས་རྨད་བྱུང་རྒྱལ་པོར་ལྷུན་གྱིས་གྲུབ། །ཡེ་ནས་སྤྱི་བླུགས་འོད་གསལ་ཆུ་བོའི་རྒྱུན། །བཏང་གཞག་མེད་པའི་ངང་འདིར་ལྷུན་གྲུབ་པས། །འཁོར་འདས་རང་བཞིན་ཆོས་དབྱིངས་དགོངས་པའི་མཆོག །མི་གཡོ་བརྗོད་འདས་མཁའ་མཉམ་ཀློང་ཆེན་ཉིད། །འགྲོ་བ་ཀུན་ལ་ཡེ་ནས་བབས་ཀྱིས་གྲུབ། །བདག་ལས་གཞན་དུ་སྣང་བ་འཁྲུལ་པའི་སེམས། །བསྒོམ་དང་རྩོལ་
བར་འདོད་པ་འཁྲུལ་པའི་སེམས། །འཁྲུལ་པ་ཆོས་ཉིད་ངང་བཞག་མཉམ་པའི་ཞིང་། །མི་གཡོ་གདོད་ནས་དག་པའི་རང་བཞིན་ཀློང་། །བྱ་དང་རྩོལ་མེད་གཞག་དང་མ་བཞག་མེད། །མི་འགྱུར་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ། །དམིགས་བསམ་ཚོལ་ཁྲོ་བྲལ་བའི་རང་རིག་གིས། །ཡང་ཡང་བལྟས་ན་བལྟ་རུ་མེད་པ་མཐོང་། །བལྟར་མེད་རིག་པ་སྤྱི་བླུགས་ལྟ་བ་ཡིན། །མ་བསྒོམས་རིག་པ་བཏང་གཞག་བྲལ་བ་ལ། །ཡང་ཡང་བསྒོམས་ན་བསྒོམ་དུ་མེད་པ་མཐོང་། །སྒོམ་མེད་རིག་པ་སྤྱི་བླུགས་སྒོམ་པ་ཡིན། །གཉིས་མེད་བླང་དོར་བྲལ་བའི་གནས་ལུགས་ལ། །ཡང་ཡང་སྤྱད་ན་སྤྱད་དུ་མེད་པ་མཐོང་། །སྤྱད་མེད་རིག་པ་སྤྱི་བླུགས་སྤྱོད་པ་ཡིན། །ཡེ་ཟིན་རེ་དོགས་བྲལ་བའི་ལྷུན་གྲུབ་ལ། །ཡང་ཡང་བསྒྲུབས་ན་བསྒྲུབ་ཏུ་མེད་པ་མཐོང་། །བསྒྲུབ་མེད་རིག་པ་སྤྱི་བླུགས་འབྲས་བུ་ཡིན་། །མཉམ་ཉིད་ངང་ལས་ཡུལ་དུ་མི་རྟོག་ཅིང་། །སེམས་སུ་མི་འཛིན་རེ་དོགས་འབྱུང་འཇུག་ཞི། །ཡུལ་སེམས་མཉམ་པའི་ངང་དེར་གནས་པ་ནི། །ཆོས་ཉིད་ཀློང་ལས་ངང་གིས་གཡོས་པ་མེད། །མཚན་མའི་ཡུལ་ལ་ཡུལ་མེད་སྤྱི་བླུགས་གནས། །ཡེ་ནས་གཉིས་མེད་རིག་པ་སྤྱི་བླུགས་པས། །འཁོར་འདས་དབྱེར་མེད་རྫོགས་པ་ཆེན་པོའི་ངང་། །ཐམས་ཅད་བླང་དོར་མེད་པར་ཕྱམ་གདལ་ལོ། །དངོས་དང་དངོས་མེད་དབྱིངས་སུ་མཉམ་པ་དང་། །སངས་རྒྱས་སེམས་ཅན་དབྱིངས་སུ་མཉམ་པ་དང་། །ཀུན་རྫོབ་དོན་དམ་དབྱིངས་སུ་མཉམ་པ་དང་། །སྐྱོན་དང་ཡོན་ཏན་དབྱིངས་སུ་མཉམ་པ་དང་། །མཐོ་དམན་ཕྱོགས་མཚམས་དབྱིངས་སུ་མཉམ་པའི་ཕྱིར། །རང་བྱུང་ངང་ལས་རོལ་པ་ཅི་ཤར་ཡང་། །ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །དེ་ལ་བླང་དོར་གཉེན་པོས་བཅོས་ཅི་དགོས། །གནས་པའི་ཚེ་ན་མཉམ་གནས་བཟང་ངན་མེད། །ད་ལྟར་སེམས་ལས་གང་བྱུང་རང་ཞིར་གློད། །གྲོལ་བའི་ཚེ་ན་མཉམ་གྲོལ་བཟང་ངན་མེད། །དྲན་པའི་རྗེས་ལ་
དགག་སྒྲུབ་འཕྲོ་མ་མཐུད། །ཐམས་ཅད་གཞི་ཀློང་བྱང་ཆུབ་སེམས་ཉིད་ལས། །རྩལ་དང་རོལ་པའི་འཆར་ཚུལ་མ་ངེས་པས། །མཉམ་པར་ཤར་ཡང་གདོད་མའི་ཀློང་ནས་ཤར། །མི་མཉམ་ཤར་ཡང་མཉམ་པའི་དབྱིངས་ནས་ཤར། །མཉམ་པར་གནས་ཀྱང་རང་གཞག་ཆོས་ཉིད་ངང་། །མི་མཉམ་གནས་ཀྱང་མཉམ་པའི་དབྱིངས་ན་གནས། །མཉམ་པར་གྲོལ་ཡང་རང་བྱུང་ཡེ་ཤེས་ཀློང་། །མི་མཉམ་གྲོལ་ཡང་མཉམ་པའི་དབྱིངས་སུ་གྲོལ། །ཐམས་ཅད་ཡེ་མཉམ་རང་བྱུང་རིག་པ་ལས། །ཤར་དང་མ་ཤར་དབྱིངས་ལ་ཡེ་ནས་མེད། །གནས་དང་མི་གནས་དབྱིངས་ལ་ཡེ་ནས་མེད། །གྲོལ་དང་མ་གྲོལ་དབྱིངས་ལ་ཡེ་ནས་མེད། །མི་གཡོ་མཉམ་པ་ཆེན་པོའི་རིག་པ་ལ། །ཤར་བའི་དུས་ན་རང་ཤར་རང་ས་ཟིན། །གནས་པའི་དུས་ན་རང་གནས་རང་ས་ཟིན། །གྲོལ་བའི་དུས་ན་རང་གྲོལ་རང་ས་ཟིན། །མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ། །ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མ་ཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་གོལ་ས་ག་ལ་ཡོད། །ཡེ་ནས་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང་། །འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང་། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ཟད། །འདི་ཉིད་རྟོགས་ནས་བླང་དོར་ཆོས་མེད་པས། །ཐམས་ཅད་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་བ། །གསེར་གླིང་ལྟ་བུར་དབྱེ་བསལ་མེད་པ་ཡིན། །མཐའ་ཡིས་མ་རེག་གོལ་སྒྲིབ་གདར་ཤ་ཆོད། །གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །འབད་རྩོལ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང་། །བསམ་བརྗོད་འདས་ཞེས་མིང་ཙམ་བརྗོད་པར་ཟད། །སྣང་བ་རྒྱ་ཡན་རིག་པ་རང་བྱུང་གསལ། །མ་བསྒྲིབས་ཕྱི་ནང་མེད་པར་ཟང་ཐལ་བས། །མ་བཅོས་རྣལ་
གཞག་ཆོས་ཉིད་ཆེན་པོར་གསལ། །བློ་བདེའི་མལ་ན་ལུས་སེམས་ཁོང་གློད་དེ། །ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན། །སྒྲིམ་གློད་མེད་པར་ལུས་སེམས་གང་བདེར་གཞག །ཇི་ལྟར་འདུག་ཀྱང་རང་གི་ངང་ལ་འདུག །ཇི་ལྟར་གནས་ཀྱང་རང་གི་ངང་ལ་གནས། །ཇི་ལྟར་འགྲོ་ཡང་རང་གི་ངང་ལ་འགྲོ། །བྱང་ཆུབ་དབྱིངས་ལ་འགྲོ་འོང་ངང་གིས་མེད། །འགྲོ་འོང་མེད་པ་རྒྱལ་བ་རྣམས་ཀྱི་སྐུ། །ཇི་ལྟར་སྨྲས་ཀྱང་རང་གི་ངང་ལ་སྨྲ། །ཇི་ལྟར་བརྗོད་ཀྱང་རང་གི་ངང་ལ་བརྗོད། །བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང་། །ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ། །ཇི་ལྟར་རྟོག་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། །དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། །ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན། །དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན། །བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་འདྲ། །དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག །རང་གི་རང་བཞིན་མ་གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་བྲལ་བ། །རང་བབས་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་ན་སྒོམ་པའི་མཆོག །དེ་བཞིན་ཉིད་དེར་གང་གནས་དམ་པའི་སེམས། །སངས་རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ། །མི་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ། །རྒྱལ་བའི་དགོངས་ཀློང་རང་བཞིན་ཡངས་པའི་མཆོག །ལུས་སེམས་བཅོས་པའི་འཆིང་བ་རྣམས་སྤངས་ཤིང་། །གྱིན་འདའ་ལྷོད་ཆགས་དྲན་བསམ་ཅི་འགྱུས་ཀྱང་། །
གཞི་གཞག་ཆོས་ཉིད་ངང་ལས་མི་གཡོ་ན། །ཐམས་ཅད་ཀུན་བཟང་དགོངས་ཀློང་ཡངས་པ་ཡིན། །མ་བཟུང་མ་བཏང་འཇུར་བུའི་སྒྲིམ་གློད་མེད། །ཇི་བཞིན་རང་བབས་རྒྱ་ཡན་ངང་གིས་ཟིན། །མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང་། །དྲན་བསམ་ཐམས་ཅད་རང་བྱུང་རང་ཞི་ན། །རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ་ཡིན། །མ་བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན། །དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་ངང་། །ཆེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་ཀྱང་། །མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ། །ཉིན་མཚན་སྒོམ་པས་འདའ་ཡང་འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །དེ་བས་མ་ཡེངས་འབད་རྩོལ་ཞིག་པའི་སེམས། །རང་བབས་འཛིན་རྩོལ་འདས་པ་ཤིན་ཏུ་གཅེས། །རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས། །འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ། །ཆོས་ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་བཏང་གཞག་འགྲོ་འོང་མེད། །སྤྱོད་པ་ཉག་གཅིག་བླང་དོར་བྱར་མེད་ཅིང་། །འབྲས་བུ་ཉག་གཅིག་སྤངས་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ལྷུན་གྲུབ་དགོངས་པ་ཡིན། །སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས། །ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང་། །རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་གཞག་དགོངས་པར་ཤེས་པར་བྱ། །སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་ཉིད་ལ། །གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་བས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཕྱམ་ཕྱལ་ཡངས་པ་ཆེན་པོར་ངང་གིས་
ཞོག །རྒྱ་བསྐྱེད་དཔང་བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས། །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གཞི་གཞག་མི་གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ནང་མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས། །གཟུང་བའི་ཆོས་མེད་སྣོད་བཅུད་སྣང་ཞེན་བྲལ། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ལ་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་ཞིང་། །ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟོངས། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་འབྲས་ལ་ཟློས་འཁོར་འདས་མཉམ་པར་བརྗོད། །སྲིད་ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན། །འདིར་ཡང་ཞི་གནས་རྩེ་གཅིག་ཕྱེད་པ་གཅེས། །རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད། །དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་ཟློས། །ནོར་བའི་སྐྱེ་བོ་འོག་ནས་འོག་ཏུ་འགྲོ། །དེས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི། །དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་ལ་འཁྱོལ། །དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན། །འདི་ཡི་ངང་ལ་རྒྱུ་འབྲས་བྱ་རྩོལ་མེད། །ལྟ་བ་བསྒོམ་དུ་མེད་པ་ལ་སོགས་ཏེ། །མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱམ་རྩལ་ཉིད་ལས། །རོལ་པ་སྣ་ཚོགས་སྣང་སྲིད་དགུ་འཆར་བས། །རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག །
རྟེན་འབྲེལ་རྐྱེན་འབྱུང་འདུས་བྱས་གྲངས་བསམ་འདས། །འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ཉིད། །གཤིས་ལ་གཞལ་ན་གང་ཡང་མ་གྲུབ་ལྟར། །ལམ་དུ་བྱེད་པས་གཤིས་ཐོག་མི་གཡོའི་དུས། །གང་ཡང་མི་དམིགས་དགོངས་པའི་དུས་ན་རྩི། །གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར། །ཉོན་མོངས་ལས་དང་བག་ཆགས་ཀློང་ཆེན་འདི། །རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱེད། །འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཚལ། །དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་མེད། །དེ་ཕྱིར་ཆོས་དབྱིངས་དགོངས་པ་མ་གཡོས་གཅེས། །འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང་། །ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།
རྐྱེན་སྣང་མཁའ་མཉམ་དག་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ།
ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས་གཅིག་ལ། །གཉིས་སུ་བཟུང་བས་རྒྱུ་འབྲས་སྲིད་པར་འཁྲུལ། །འཁྲུལ་སྣང་རྟེན་མེད་སྒྱུ་མའི་སྣང་བ་ལ། །ཐུག་ཕྲད་རྗེས་མེད་རྩིས་གདབ་བྲལ་བར་སྐྱོང་། །མི་འདོད་ཐོག་ཏུ་བབ་ལ་དོར་བྱའི་སེམས། །ཁྲོ་དང་མི་དགའ་ཕྲག་དོག་འཁྲུག་དང་འཚིག །སྐྱོ་བས་ཡིད་དབྱུང་ན་ཚ་སྡུག་བསྔལ་སེམས། །འཆི་དང་སྐྱེ་བས་འཇིགས་ལ་སོགས་པ་སྟེ། །རྩལ་ལས་རོལ་པར་ཤར་དུས་ངོས་བཟུང་ལ། །མི་སྤོང་མི་སྦྱོང་མི་སྒྱུར་མི་ལེན་ཞིང་། །མི་ལྟ་མི་སྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་བསམ་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །རྗེས་མེད་རང་ཡལ་མཁའ་ཀློང་ཡངས་པའི་སེམས། །གསལ་དྭངས་ངར་དང་བཅས་པ་ཁོང་ནས་འཆར། །ཡིན་མིན་མེད་པའི་རིག་པ་ཕྱོགས་ཡན་ལ། །འདིར་གཏད་མེད་པའི་སྣང་བ་ཐུག་ཕྲད་ཀྱིས། །འདིར་གཟུང་མེད་པའི་ངང་དེར་རང་གཞག་པས། །འདིར་གྲོལ་མེད་པའི་དགག་སྒྲུབ་རྗེས་མེད་ཡལ། །འཛིན་ཞེན་མེད་པའི་ཉམས་མྱོང་ཁོང་རྡོལ་འབྱུང་། །འདི་ཉིད་ཇི་བཞིན་དགོངས་
ཀློང་ཡེ་ནས་ཡངས། །དེ་བཞིན་འདོད་ཅིང་ཡིད་ལ་དགའ་བའི་སེམས། །གྲུབ་བདེ་གཉེན་དང་གཏམ་སྙན་ལོངས་སྤྱོད་དང་། །གནས་དང་ཕྱོགས་ནི་ཡིད་དུ་འོང་བ་དེར། །རང་བཞིན་དགའ་བས་བརྒྱན་པའི་སེམས་ཤར་བ། །དེ་ཉིིད་ངོས་གཟུང་རང་བབས་ཅོག་གཞག་གིས། །གདོད་མའི་དབྱིངས་སུ་མ་བཅོས་ལྷུན་གྱིས་གྲུབ། །རང་བཞིན་བར་མ་འགྲོ་འདུག་གྱིན་འདར་གནས། །དགའ་དང་མི་དགའ་གཉིས་མིན་ཅི་ཤར་ཡང་། །ཤར་དུས་ངོས་གཟུང་སྤང་བླང་མ་བྱས་པས། །རང་བབས་ཆོས་ཉིད་དབྱེ་བསལ་མེད་པ་ནི། །གཏི་མུག་འོད་གསལ་ཆེན་པོར་གྲོལ་ཞེས་བྱ། །མཚན་མོ་ལ་སོགས་གཉིད་ཀྱིས་མྱོས་པ་ནའང་། །རང་བབས་སྤྲོ་བསྡུ་བྲལ་བའི་ངང་ཉལ་བས། །རགས་པར་སྣང་བ་ནུབ་པས་དེར་འཛིན་ནུབ། །ཕྲ་བ་ཆེས་ཕྲ་འཛིན་པར་བཅས་ནུབ་པས། །ཆ་མཉམ་མི་རྟོག་ངང་དུ་རིག་པའི་སེམས། །འབྱུང་འཇུག་རེ་དོགས་བྲལ་བར་རང་བཞིན་གནས། །ཀུན་རྟོག་ཆོས་དབྱིངས་གྲོལ་བའི་དུས་ཡིན་པས་། །འཁོར་བ་མྱང་འདས་གྲོལ་ཞེས་བརྗོད་པ་ཡིན། །གཉིད་ཀྱང་རང་བྱུང་གདོད་མའི་ཀློང་ཆེན་ཏེ། །རྩལ་རྣམས་ངོ་བོའི་དབྱིངས་སུ་གཞིར་ཐིམ་པས། །རོལ་པར་འཛིན་པའི་སྤྲོས་ཀུན་ངང་གིས་ཞི། །བྱར་མེད་རང་བྱུང་ཡེ་ཤེས་དགོངས་པའོ། །དེ་ལྟར་འདོད་དང་མི་འདོད་བར་མའི་སེམས། །དུག་གསུམ་རྩལ་ལས་རོལ་པར་ཤར་ཏོ་ཅོག །དབྱིངས་ལས་བྱུང་ཞིང་དབྱིངས་ཀྱི་ངང་དུ་ཤར། །དབྱིངས་སུ་མ་གཏོགས་གཡོས་པ་འགའ་མེད་པས། །གཟེད་དང་བཅོས་བསྒྱུར་གང་ཡང་མི་བྱེད་པར། །དབྱིངས་ཉིད་ངོས་གཟུང་ངང་དེར་གཞག་མ་ཐག །རང་ཞི་རང་ཡལ་རང་སར་གྲོལ་བ་གནད། །ཉོན་མོངས་ལས་དང་བག་ཆགས་ཐམས་ཅད་ཀྱང་། །རྩལ་ལས་རོལ་པར་ཤར་བའི་ཆོ་འཕྲུལ་ལ། །གཉེན་པོ་བཟང་བྱས་ཐར་པའི་ལམ་ཉིད་ཀྱང་། །རྩལ་ལས་རོལ་པར་ཤར་བའི་ཆོ་འཕྲུལ་ཏེ། །གཉིས་ཀ་རྩལ་ལས་རོལ་པར་ཡེ་ཤར་བས། །ངོ་ཤེས་ངང་དུ་མ་བཅོས་འཇོག་
པ་གནད། །བང་མཉམ་འགྲོས་མཉམ་གཞི་ནས་གཡོས་པར་མཉམ། །རྐྱེན་བྱུང་འདུས་བྱས་རྒྱུ་འབྲས་མ་འདས་པས། །རང་གཞག་ཅོག་གཞག་རྒྱུ་འབྲས་ཟློས་པ་གཅེས། །འདི་ནི་མཆོག་གསང་ཐེག་པའི་ཡང་རྩེ་སྟེ། །བློ་དམན་རྣམས་ལ་མི་སྨྲ་ཤིན་ཏུ་གསང་། །སྒྲོ་སྐུར་དབང་གིས་སྙིང་པོའི་བསྟན་པ་འཆལ། །སྒྲོ་འདེབས་ཉིད་དང་དགོངས་པ་ལོག་པར་ཞུགས། །གསང་སྒོ་འཆོལ་རྣམས་མཐའ་མེད་ངན་འགྲོར་ལྟུང་། །དེ་བས་རབ་གསང་ཐེག་པ་རྒྱལ་པོའི་གདུང་། །སྐལ་བཟང་དམ་པ་རྣམས་ལ་བསྟན་ཞིང་གཏད། །མདོར་ན་གང་སྣང་ཡུལ་སེམས་རྐྱེན་རྣམས་ལ། །གཉེན་པོ་མི་འཇུག་རྩོལ་བས་མ་སྤངས་པར། །རང་གཞག་ཅོག་གཞག་རང་བབས་རིག་པའི་གནད། །བདེ་སྡུག་ཐམས་ཅད་རིག་པའི་འཆར་ཚུལ་ལ། །བླང་དོར་གཉིས་སུ་བཟུང་བས་སྲིད་པར་འཆིང་། །གང་སྣང་ཡུལ་མཉམ་དབང་པོའི་ངོར་གསལ་ཙམ། །གང་ཤར་སེམས་མཉམ་དྲན་རིག་རྗེས་མེད་ཙམ། །གཉིས་ཀ་འཕྲལ་མཉམ་དགག་སྒྲུབ་འཆིང་བ་ཙམ། །དོན་ལ་ཕུགས་མཉམ་གཞི་མེད་སྣང་བ་ཙམ། །ཡུལ་རྣམས་རིས་མཉམ་གཞིགས་ན་རྗེས་མེད་ཙམ། །བློ་རྣམས་ངོར་མཉམ་དཔྱད་ན་ནམ་མཁའ་ཙམ། །ཡུལ་སེམས་གཉིས་མེད་བར་སྣང་དག་པ་ཙམ། །དེ་ལྟར་སུས་ཤེས་ཀུན་ཏུ་བཟང་པོའི་གདུང་། །རྒྱལ་བའི་སྲས་མཆོག་ས་རབ་རིག་པ་འཛིན། །འདི་ལྟར་ཆོས་རྣམས་ཡོད་མཉམ་མེད་མཉམ་ལ། །སྣང་མཉམ་སྟོང་མཉམ་བདེན་མཉམ་རྫུན་མཉམ་པས། །སྤང་གཉེན་འབད་རྩོལ་འཆིང་ཞེན་ཀུན་ཐོང་ལ། །ཡུལ་མེད་མཉམ་པ་ཆེན་པོར་ཕྱམ་གདོལ་ཅིག །སེམས་མེད་རིག་པ་ཆེན་པོར་ཕྱམ་གདོལ་ཅིག །སྐྱོན་མེད་དག་མཉམ་ཆེན་པོར་ཕྱམ་གདོལ་ཅིག །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྐྱེན་སྣང་མཁའ་མཉམ་དག་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།
ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པ།
ཆོས་ཀུན་བྱང་ཆུབ་སེམས་སུ་ཡེ་གྲོལ་བས། །མ་གྲོལ་བ་ཡི་ཆོས་ནི་ཡོད་མ་ཡིན། །འཁོར་བ་ཡེ་གྲོལ་གདོད་ནས་དག་པར་གྲོལ། །འདས་
པ་ཡེ་གྲོལ་ལྷུན་གྱིས་རྫོགས་པར་གྲོལ། །སྣང་བ་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །སྲིད་པ་ཡེ་གྲོལ་བྱང་ཆུབ་སྙིང་པོར་གྲོལ། །སྤྲོས་པ་ཡེ་གྲོལ་མུ་མཐའ་མེད་པར་གྲོལ། །སྤྲོས་མེད་ཡེ་གྲོལ་མ་སྐྱེས་དག་པར་གྲོལ། །བདེ་བ་ཡེ་གྲོལ་ཆོས་ཉིད་ཕྱམ་དུ་གྲོལ། །སྡུག་བསྔལ་ཡེ་གྲོལ་གཞི་མཉམ་ཡངས་པར་གྲོལ། །བར་མ་ཡེ་གྲོལ་མཁའ་མཉམ་ཆོས་སྐུར་གྲོལ། །དག་པ་ཡེ་གྲོལ་དག་གཞིས་སྟོང་པར་གྲོལ། །མ་དག་ཡེ་གྲོལ་ཡོངས་གྲོལ་ཆེན་པོར་གྲོལ། །ས་ལམ་ཡེ་གྲོལ་བསྐྱེད་རྫོགས་བྲལ་བར་གྲོལ། །ལྟ་སྒོམ་ཡེ་གྲོལ་སྤང་བླང་མེད་པར་གྲོལ། །སྤྱོད་པ་ཡེ་གྲོལ་ཀུན་ཏུ་བཟང་པོར་གྲོལ། །འབྲས་བུ་ཡེ་གྲོལ་རེ་དོགས་མེད་པར་གྲོལ། །དམ་ཚིག་ཡེ་གྲོལ་ཆོས་ཉིད་ཆེན་པོར་གྲོལ། །བཟླས་བརྗོད་ཡེ་གྲོལ་གླེང་བརྗོད་བྲལ་བར་གྲོལ། །ཏིང་འཛིན་ཡེ་གྲོལ་བསམ་ཡུལ་མེད་པར་གྲོལ། །ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ། །རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་གྲོལ། །ཡང་དག་མིན་གྲོལ་ཕྱོགས་བསམ་འདས་པར་གྲོལ། །ལས་རྣམས་ཡེ་གྲོལ་གོས་པ་མེད་པར་གྲོལ། །ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་གྲོལ། །བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ། །རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་གྲོལ། །གཉེན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ། །སྤང་བླང་གཉིས་མེད་མཁའ་མཉམ་ཡངས་པར་གྲོལ། །གྲོལ་བ་ཡེ་གྲོལ་བཅིངས་པ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་བཅིང་གྲོལ་མེད་པར་གྲོལ། །གློད་པ་ཡེ་གྲོལ་གློད་རྒྱུ་མེད་པར་གྲོལ། །ཅོག་གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ། །མདོར་ན་སྣང་ཞིང་སྲིད་པའི་ཆོས་རྣམས་དང་། །མི་སྣང་མི་སྲིད་ཆོས་ལས་འདས་སོ་ཅོག །ཐམས་ཅད་ཡེ་ནས་དབྱིངས་སུ་གྲོལ་ཟིན་པས། །ད་གཟོད་འབད་པས་སུས་ཀྱང་གྲོལ་མི་དགོས། །དེ་ལ་འབད་རྩོལ་བྱས་ཀྱང་དོན་མེད་པས། །མ་བྱེད་མ་བྱེད་རྩོལ་ཞིང་སྒྲུབ་མ་བྱེད། །མ་ལྟ་མ་ལྟ་ཡིད་ཀྱི་
ཆོས་མ་ལྟ། །མ་བསྒོམས་མ་བསྒོམས་བློ་ཡི་ཆོས་མ་བསྒོམས། །མ་དཔྱད་མ་དཔྱད་ཡུལ་སེམས་རྗེས་མ་དཔྱད། །མ་བསྒྲུབས་མ་བསྒྲུབས་རེ་དོགས་འབྲས་མ་བསྒྲུབ། །མ་སྤངས་མ་སྤངས་ཉོན་མོངས་ལས་མ་སྤངས། །མ་ལེན་མ་ལེན་ཡང་དག་ཆོས་མ་ལེན། །མ་འཆིང་མ་འཆིང་རང་གི་རྒྱུད་མ་འཆིང། །ཐམས་ཅད་ཕྱམ་ལོག་གང་ལའང་ཡུལ་མེད་པས། །ཁྲིགས་དང་ཆོས་མེད་དམིགས་གཏད་ངོས་གཟུང་མེད། །གཞི་ལོག་ལམ་ལོག་འབྲས་བུའི་ཆོས་ལོག་པས། །ལེགས་ཉེས་ཤོར་གོད་རྡུལ་ཙམ་དམིགས་སུ་མེད། །ཕྱམ་ཕྱམ་ཕྱང་ཆད་ཡེ་ཆད་སྣང་སྲིད་ཆད། །འཁོར་འདས་རུ་ལོག་དབྱིངས་ཀྱི་སོ་ན་མེད། །གང་ཡིན་ཅི་ཡིན་འདི་ཡིན་གཏད་སོ་མེད། །ཁྱེད་ཅག་ཅི་བྱ་ང་ནི་གང་ན་འདུག །སྔར་ཤུལ་ད་མེད་འདི་ལ་སུས་ཅི་བྱ། །ཧ་ཧ་འདི་འདྲ་མཚར་ཆེ་དགོད་རེ་བྲོ། །སྣང་སྲིད་སྣོད་བཅུད་འཁྲུལ་པ་རུ་ལོག་པས། །ཉིན་མཚན་ཡེ་སངས་རང་སངས་ནམ་མཁའ་སངས། །ཞག་དང་ཚེས་སངས་ལོ་ཟླ་བསྐལ་པ་སངས། །གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་སངས། །འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས། །དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་སངས་པས། །གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར། །འདོད་བློའི་འཁྲིས་ཟད་ནམ་མཁའ་ཡ་མཚན་ཆེ། །ཆོས་མེད་སྤྲང་པོའི་རང་བཞིན་དེ་འདྲར་ཟད། །ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྫོང་། །རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས། །སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ། །ཕྱོགས་མེད་ཕྱོགས་སུ་འཛིན་པས་བཅིངས་པ་རྣམས། །རང་བཞིན་མ་ཤེས་རང་གིས་རང་བསླད་པས། །རང་ལ་རང་རྨོངས་འཁྲུལ་པ་ཨ་རེ་འཁྲུལ། །འཁྲུལ་པ་མེད་ལ་གཡང་སར་འཛིན་པས་འཁྲུལ། །འཁྲུལ་དང་མ་འཁྲུལ་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་འཁྲུལ་གྲོལ་ཡེ་ནས་མེད། །དེ་ལས་རོལ་པར་ཤར་ལ་འཛིན་པས་བཅིངས། །དོན་ལ་འཆིང་གྲོལ་གཉིས་
མེད་ཡུལ་སེམས་མེད། །མེད་ལ་ཡོད་པར་འཛིན་པས་མ་བསླུ་ཞིག །ཡེ་སངས་རྒྱས་པས་གྲོལ་བའི་རིག་པ་དེ། །གཏད་འཛིན་ཆོས་ཀྱི་གཟེབ་ཏུ་མ་འཆིངས་ཤིག །ཡེ་ནས་ཡུལ་མེད་རྣམ་ཀུན་དག་པའི་ཀློང་། །མཁའ་མཉམ་བདེ་ཆེན་གཞི་རྩ་བྱང་ཆུབ་ཀློང་། །དེ་ལ་འཁོར་བ་མི་སྲིད་གདོད་མའི་བབས། །ཐིག་ལེ་ཉག་གཅིག་གྲྭ་ཟུར་མེད་པ་ལ། །གཅིག་དང་ཐ་དད་འཛིན་པ་འཁྲུལ་པའི་སེམས། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་མེད་པ་ལ། །འཁོར་བའི་ལམ་དུ་འཛིན་པ་བྱང་ཆུབ་གེགས། །ལྷུན་གྲུབ་ཕྱོགས་མེད་མཐའ་དང་བྲལ་བ་ལ། །ཕྱོགས་ལྟའི་མཐའ་ལ་ཞེན་པ་སྙེམས་བྱེད་བདུད། །དངོས་མཚན་མེད་པའི་སྟོང་པ་འགག་མེད་ལ། །ཡོད་མེད་སྣང་སྟོང་འདོགས་པ་ལོག་པའི་བློ། །དེས་ན་གང་འདོད་ཕྱོགས་རིས་གཟེབ་བོར་ལ། །ལྷུན་གྲུབ་ཕྱོགས་མེད་ནམ་མཁའ་ལྟར་ཤེས་བྱོས། །སྣང་གྲགས་མཐོང་ཐོས་ཚོགས་དྲུག་ཅི་ཤར་ཡང་། །ཐམས་ཅད་རང་གསལ་དབྱེ་བསལ་མེད་པའི་ཀློང་། །ཡེ་གྲོལ་མཉམ་པའི་ཀློང་དུ་ལ་ཟློས་ཤིག །མཉམ་ཉིད་གཅིག་ལ་ཅིར་སྣང་འབྱུང་བས་དབྱིངས། །ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པས་གཞི། །ཐམས་ཅད་བྱ་བྱེད་མེད་པར་གྲོལ་བས་ཀློང་། །ཀུན་འབྱུང་སྙིང་པོར་ཤར་བས་བྱང་ཆུབ་སེམས། །མཁའ་འདྲ་གདོད་ནས་དག་པར་ཤེས་པར་བྱ། །རང་བྱུང་ཡེ་ཤེས་གཞི་ཀློང་ཡངས་པ་ལ། །ཡེ་ནས་དྲི་མེད་འཁོར་བས་མ་གོས་བྱང་། །ཡོན་ཏན་ལྷུན་གྲུབ་རྒྱུ་འབྲས་འདས་པས་ཆུབ། །རང་རིག་སྙིང་པོ་འོད་གསལ་དག་པས་སེམས། །བྱང་ཆུབ་སེམས་སུ་ཀུན་འདུས་རྣམ་པར་དག །རྩལ་ལས་རོལ་པར་ཤར་བའི་རང་ངོ་ལ། །རྟོགས་པས་གློ་བུར་ཡང་སངས་རྒྱས་པ་དང་། །མ་རྟོགས་མ་རིག་འཁྲུལ་པའི་ཚོགས་ཤར་བས། །ཀུན་གཞི་ལས་མཆེད་ཚོགས་བརྒྱད་ཡུལ་དང་བཅས། །སྣང་སྲིད་སྣོད་བཅུད་རོལ་པར་ཅི་ཤར་ཡང་། །བྱང་ཆུབ་སེམས་ཀྱི་ཀློང་ལས་གཡོས་པ་མེད། །སེམས་ཀློང་མ་གཡོས་མཉམ་པའི་ངང་གནས་ན། །
འཁོར་འདས་འུབ་ཆུབ་དགོངས་ཀློང་ཡངས་པར་གྲོལ། །གཤིས་ལ་འཁོར་འདས་མི་སྲིད་རང་བཞིན་བབས། །བཟང་ངན་བླང་དོར་མི་སྲིད་རང་བཞིན་བབས། །སྤངས་ཐོབ་གཟུང་འཛིན་མི་སྲིད་རང་བཞིན་བབས། །དུག་ལྔའི་ཉོན་མོངས་མི་སྲིད་རང་བཞིན་བབས། །རྒྱ་ཆད་ཕྱོགས་ལྷུང་མི་སྲིད་རང་བཞིན་བབས། །རྩལ་དང་འཆར་བ་མི་སྲིད་རང་བཞིན་བབས། །ཕྱོགས་ཙམ་བཏགས་པ་མི་འགོག་རང་བཞིན་བབས། །རང་བྱུང་ཡེ་ཤེས་ཆོས་ཟད་མིང་མེད་ལ། །རྩལ་དང་རོལ་པ་ཅི་ཤར་གཞི་མེད་ཉིད། །འཆིང་གྲོལ་མེད་པ་གནས་ལུགས་རང་བཞིན་བབས། །གྲོལ་ཞེས་བརྡར་བཏགས་རང་ཡལ་རྗེས་མེད་ཙམ། །ཀུན་ཡིན་ཀུན་མིན་བརྟགས་པར་མི་འགལ་བས། །ཡེ་ནས་གྲོལ་ཞེས་ཚིག་ཏུ་བརྗོད་པ་ཡིན། །དབྱེ་བསལ་མེད་དོ་ལྷུན་གྲུབ་ཀློང་དུ་གྲོལ། །འདུ་འབྲལ་མེད་དོ་ཐིག་ལེའི་ཀློང་དུ་གྲོལ། །ཅིར་ཡང་འཆར་རོ་ངེས་མེད་ཀློང་དུ་གྲོལ། །གཟུགས་སུ་སྣང་ངོ་སྣང་བ་རང་སར་གྲོལ། །སྒྲ་རུ་གྲགས་སོ་གྲགས་པ་རང་སར་གྲོལ། །དྲི་རུ་ཚོར་རོ་ཚོར་བའི་དབྱིངས་སུ་གྲོལ། །རོ་མྱོང་རེག་པ་རང་སའི་ངང་དེར་གྲོལ། །དྲན་རིག་བྱུང་ཚོར་གཞི་རྩ་རྟེན་མེད་གྲོལ། །གཅིག་ཏུ་གྲོལ་ལོ་ཆོས་ཉིད་ཀློང་དུ་གྲོལ། །གཉིས་སུ་མེད་དོ་ཡུལ་སེམས་མཉམ་པར་གྲོལ། །རང་བྱུང་གྲོལ་ལོ་ཡེ་ཤེས་ཀློང་དུ་གྲོལ། །ལྷུན་གྲུབ་གྲོལ་ལོ་གཞི་དབྱིངས་དག་པར་གྲོལ། །སྣ་ཚོགས་གྲོལ་ལོ་ཉག་གཅིག་ཀློང་དུ་གྲོལ། །ཕྱོགས་མེད་གྲོལ་ལོ་ལྷུན་གྲུབ་ཀློང་དུ་གྲོལ། །ཐམས་ཅད་གྲོལ་ལོ་སྙིང་པོའི་ཀློང་དུ་གྲོལ། །འོད་གསལ་གྲོལ་ལོ་ཉི་ཟླའི་ཀློང་དུ་གྲོལ། །ཆོས་ཉིད་གྲོལ་ལོ་ནམ་མཁའི་ཀློང་དུ་གྲོལ། །ཆོས་ཅན་གྲོལ་ལོ་རྒྱ་མཚོའི་ཀློང་དུ་གྲོལ། །མི་འགྱུར་གྲོལ་ལོ་རི་རྒྱལ་ཀློང་དུ་གྲོལ། །གདོད་ནས་གྲོལ་ལོ་སྐྱེ་མེད་ཀློང་དུ་གྲོལ། །ཕྱམ་གཅིག་གྲོལ་ལོ་ཡེ་སངས་ཀློང་དུ་གྲོལ། །ཡོངས་གྲོལ་གྲོལ་ལོ་ཡེ་རྒྱས་ཀློང་དུ་གྲོལ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་
ཆུབ་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།
ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་སངས་རྒྱས་པ་ལ་རྩོལ་བ་དང་སྒྲུབ་པ་མེད་པར་ཡང་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པ།
ཆོས་རྣམས་ལྷུན་གྲུབ་བྱང་ཆུབ་སྙིང་པོ་ལ། །འབད་རྩོལ་མེད་པའི་གནད་ཀྱིས་གོམས་བྱས་ན། །ཡེ་སངས་རྒྱས་ལ་ཡང་སངས་རྒྱས་འབྱུང་སྟེ། །འདི་ནི་བླ་མེད་རྡོ་རྗེ་སྙིང་པོའི་དོན། །རིམ་དགུའི་སྙིང་པོ་བྱང་ཆུབ་ཀློང་ཆེན་ཡིན། །མཁའ་དཀྱིལ་ཉི་ཟླའི་དཀྱིལ་འཁོར་འོད་གསལ་ཡང་། །མ་རྟོགས་སྤྲིན་ཆེན་སྙིང་པོས་ཡོངས་བསྒྲིབས་པས། །མི་སྣང་བྱང་ཆུབ་རང་ལ་ཡོད་པའི་ཚུལ། །སྤྲིན་ཆེན་དབྱིངས་སུ་བཞག་པས་རང་དེངས་ལྟར། །འབད་རྩོལ་མེད་པས་རྒྱུ་འབྲས་སྤྲིན་བྲལ་ནས། །མཁའ་དཀྱིལ་བྱང་ཆུབ་སྙིང་པོ་རང་ལས་འཆར། །དབང་པོའི་རིམ་པས་ཐེག་པ་ཐ་དད་ལ། །ངོ་བོ་ཉི་བཞིན་ཆོས་དབྱིངས་ཀློང་ན་གསལ། །རྩལ་ལས་ཟེར་བཞིན་ཀུན་ཤར་རིས་མེད་པས། །ས་དང་ཆུ་མཚོར་དྲོད་ཀྱིས་ཁྱབ་པ་ན། །རླངས་ལས་སྤྲིན་གྱི་རོལ་པར་ཤར་བ་ཡིས། ངོ་བོ་ཉིད་དང་རྩལ་ཡང་བསྒྲིབས་པ་བཞིན། །ངོ་བོ་ཉིད་ལས་རང་རྩལ་མ་དག་པའི། །རོལ་པས་སྙིང་པོའི་དེ་ཉིད་རང་ངོར་སྒྲིབ། །སྣང་སྲིད་སྣོད་བཅུད་འཁྲུལ་སྣང་བསམ་མི་ཁྱབ། །ཉི་ཟེར་རྩལ་ལས་རླུང་བསྐྱོད་སྤྲིན་དེངས་ལྟར། །རང་ངོ་རྟོགས་ལས་རོལ་པ་རྒྱན་དུ་ཤར། །འཁྲུལ་པ་ཡེ་གྲོལ་རང་སར་རང་གྲོལ་བས། །འཁྲུལ་སྣང་འཁྲུལ་འཛིན་མ་སྤངས་དབྱིངས་སུ་ཞི། །གར་སོང་ཆ་མེད་དྭངས་པའི་ནམ་མཁའ་ལ། །སྐུ་དང་ཡེ་ཤེས་ལྷུན་གྲུབ་ཉི་མ་ཤར། །གཞན་ནས་མ་འོངས་རང་སྣང་དག་པ་ཙམ། །གཉིས་སྐྱེས་སྒོ་ངའི་ནང་ནས་འདབ་རྒྱས་པ། །སྒོང་རྒྱས་འཐུམས་ལྟར་ད་ལྟར་མི་སྣང་ཡང་། །སྒོང་རྒྱ་རལ་བས་མཁའ་དཀྱིལ་ལྡིང་བ་ལྟར། །གཟུང་འཛིན་འཁྲུལ་རྟོག་ཟག་པ་སྔར་ཟད་ཀྱང་། །ཟག་འབྲས་ལྷག་བཅས་སྒོང་རྒྱ་རལ་མ་ཐག །ལྷུན་གྲུབ་རིག་པ་རང་གསལ་རང་ལ་འཆར། །སྐུ་དང་ཡེ་ཤེས་སྣང་བས་མཁའ་དབྱིངས་ཁྱབ། །རང་ངོ་ཤེས་པས་
ཀུན་བཟང་ཀློང་དུ་གྲོལ། ཕྱོགས་བཅུར་ཐུགས་རྗེའི་རོལ་པ་ཚད་མེད་ལས། །སྤྲུལ་པ་འཕྲོ་བས་འགྲོ་བའི་དོན་ཀུན་བྱེད། །འཁོར་བ་ཇི་སྲིད་མཛད་པ་ཉེ་བར་སྟོན། །འདི་ནི་རང་བཞིན་བབས་ཀྱི་ངོ་བོ་ལས། །རྩལ་གྱི་ཐུགས་རྗེ་ཕྱོགས་མེད་ཤར་བ་སྟེ། །རོལ་པས་གཞན་དོན་ཕུན་སུམ་ཚོགས་པ་ཡིན། །མ་དག་ཆ་བཅས་རོལ་པ་ཉེར་ཞི་ཡང་། །མ་དག་འགྲོ་ལ་སྤྲུལ་པ་སྣང་བ་ནི། །སྟོན་པའི་ཇི་བཞིན་ཤུགས་ཀྱི་ཐུགས་རྗེ་དང་། །འགྲོ་སེམས་གཙང་མའི་ལས་སྨོན་དག་པས་འཆར། །དེ་ཚེ་ཞིང་ཀུན་སྤྲུལ་པ་ཚད་མེད་ཅིང་། །མཐའ་ཡས་འགྲོ་བ་བྱང་ཆུབ་འདྲེན་མཛད་ཀྱང་། །སྟོན་པའི་ཆོས་སྐུ་དབྱིངས་ལས་མི་གཡོ་སྟེ། །རང་བྱུང་ཡེ་ཤེས་རྟག་ཆད་ཕྱོགས་ལྷུང་མེད། །དབྱིངས་ལས་རང་ཤར་སྟུག་པོ་བཀོད་པར་ནི། །རིག་འཛིན་མཁའ་འགྲོ་ས་བཅུའི་སེམས་དཔའ་ལ། །ལོངས་སྤྱོད་རྫོགས་པའི་བཀོད་པ་བསམ་ཡས་སྣང་། །དེ་ཡང་དབྱིངས་ལས་སྟོན་པའི་ཐུགས་རྗེ་དང་། །གདུལ་བྱའི་མོས་དགེས་ལྷུན་གྲུབ་རང་ངོར་སྣང་། །ཆོས་སྐུའི་ངོ་བོ་རང་བྱུང་ཡེ་ཤེས་ཏེ། །རོལ་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །གདོད་མའི་དབྱིངས་ན་ཐིག་ལེ་གཅིག་ཏུ་བཞུགས། །ལོངས་སྐུའི་ངོ་བོ་རང་བཞིན་ལྷུན་གྲུབ་སྟེ། །རོལ་པར་རིགས་ལྔ་ཡེ་ཤེས་རྣམ་པ་ལྔ། །ནམ་མཁའི་དབྱིངས་ཀུན་གང་བར་སྣང་བ་ཡིན། །སྤྲུལ་སྐུའི་ངོ་བོ་ཐུགས་རྗེའི་འཆར་གཞི་སྟེ། །རོལ་པར་གང་ལ་གང་འདུལ་དེར་སྣང་ཞིང་། །འཕྲིན་ལས་ཆེན་པོས་མངའ་དབང་འབྱོར་པ་ཡིན། །འདི་དག་རྒྱུ་འབྲས་རྩོལ་བས་མ་བསྒྲུབས་ཏེེ། །ཡེ་ནས་ལྷུན་གྲུབ་ཅོག་གཞག་ངང་ལ་སྣང་། །མཆོག་གསང་རབ་ལ་ཚེ་འདིར་སྣང་བ་སྟེ། །དེ་ལས་གཞན་དུ་བར་དོར་མི་བསླུ་བས། །རྡོ་རྗེ་སྙིང་པོ་རྩེ་མོའི་ཐེག་པ་ནི། །རྒྱུ་འབྲས་ཐེག་པ་ཀུན་ལས་ཁྱད་པར་འཕགས། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་སངས་རྒྱས་པ་ལ་རྩོལ་བ་དང་སྒྲུབ་པ་
མེད་པར་ཡང་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ལྟར་ཆོས་ཉིད་རྡོ་རྗེ་སྙིང་པོའི་གླུ། །མཁའ་མཉམ་གདོད་ནས་དག་པའི་རང་བཞིན་འདི། །མི་འགྱུར་གཞི་རྩ་བྲལ་བའི་གནས་ཉིད་དུ། །རང་ཤར་འཕོ་འགྱུར་མེད་པའི་རོལ་པར་ཤར། །ཡེ་མཉམ་ཕྱམ་གདལ་ཀློང་ཆེན་ཡངས་པའི་དོན། །གར་ཡང་མ་ཕྱིན་གདོད་མའི་རང་བཞིན་ངང་། །མི་གཡོ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ། །རྒྱ་ཆད་མེད་ཅིང་ཕྱོགས་ལྷུང་བྲལ་བར་གྱུར། །དོན་རྣམས་ཇི་བཞིན་མཁའ་མཉམ་ཡངས་པའི་དཀྱིལ། །གང་དུ་རང་བྱུང་ཀློང་ཆེན་རྒྱལ་པོ་ནི། །རྟག་ཏུ་མི་གཡོ་སྣ་ཚོགས་རང་སར་གྲོལ། །འདི་ཞེས་མི་མཚོན་དབྱིངས་རུམ་ཡངས་པར་ཕྱིན། །རྟོགས་པའི་དུས་ངེས་མཁའ་འདྲའི་རྣལ་འབྱོར་པས། །རང་ཉམས་ཕྱོགས་གཅིག་ལུང་དོན་མཐུན་པ་ནི། །རྩ་བའི་སེམས་ལུང་ཉི་ཤུ་རྩ་གཅིག་དང་། །ཀློང་གསུམ་མན་ངག་སྡེ་བཞི་མཐུན་པར་བཀོད། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །མ་འབད་བཞིན་དུ་གདོད་མའི་སར་ཕྱིན་ནས། །ཀུན་བཟང་ས་ལ་འཕོ་འགྱུར་མེད་པ་ཡི། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །ཕྱོགས་རྣམས་ཀུན་ཏུ་བདེ་དཔལ་འབྱོར་པ་ནི། །དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་ཅིང་། །ཆོས་རྔ་སྒྲོགས་པས་ཐར་པའི་རྒྱལ་མཚན་འཛུགས། །དམ་ཆོས་མི་ནུབ་བསྟན་པ་རྒྱས་པར་ཤོག །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་ལེགས་པར་བཀོད་པ་རྫོགས་སོ། །དགེའོ། དགེའོ། དགེའོ།། །།
ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད།
འཁོར་འདས་དབྱིངས་ལས་མ་གཡོས་པའི་རང་བཞིན་བསྟན་པ་སྟེ་ལེའུ་དང་པོའི་འགྲེལ་པ།
ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས།
རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་རཏྣ་ཀོ་ཥ་ནཱ་མ་བྲྀཏྟི། བོད་སྐད་དུ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། རྒྱལ་བ་རྒྱ་མཚོའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ནི། །དྲི་མེད་ནམ་མཁའ་ལྟ་བུར་རྣམ་དག་ཅིང་། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །སྲིད་ཞིའི་དཔལ་དུ་གྱུར་ལ་ཕྱག་འཚལ་ལོ། །འགྲོ་ཀུན་མེད་སྣང་སྒྱུ་འདྲའི་འཁོར་བ་འདིར། །རྨི་ལམ་བཞིན་དུ་འཛིན་པས་བཅིངས་པ་རྣམས། །རང་བཞིན་རྣམ་གྲོལ་རྫོགས་པ་ཆེན་པོའི་དོན། །ལྷུན་མཉམ་ཡངས་པ་ཆེན་པོའི་རྣམ་བཤད་བྱ། །གང་གི་ཚེ་གདོད་མའི་དབྱིངས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་བྱང་ཆུབ་བརྙེས་ནས། ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་ཏེ། སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་ལས། ཉི་མའི་དཀྱིལ་འཁོར་སྒྲིབ་པ་མེད་པ་ལས་འོད་ཟེར་འཕྲོ་བ་ལྟར། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་
ཁམས། ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པའི་རྒྱ་མཚོའི་སྙེད་དུ། ལྷུན་གྱིས་གྲུབ་པའི་ཐུགས་རྗེ་དང་། གདུལ་བྱ་རྣམས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་རྒྱུས། གང་ལ་གང་འདུལ་བའི་ཐུབ་པ་བཅོམ་ལྡན་འདས་ཀྱི་སྒྲོན་མ་རྣམ་པར་བཀོད་པས། ཆོས་ཀྱི་འཁོར་ལོ་བསྐོར་བ་དག་གི་འབྲས་བུའི་དོན་ཡོངས་སུ་རྫོགས་པ་ནི། རང་བཞིན་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་ཐེག་པ་འདི་ཡིན་ཏེ། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། འདི་ནི་ཉག་གཅིག་རྣལ་མ་ཡིན། །དོན་ཀྱི་ས་བོན་རྣམས་སུ་ནི། །ངེས་པའི་སྙིང་པོ་ཉིད་དུ་ཡང་། །གསུངས་སོ་བསྟན་ཏོ་བཤད་པ་ཡིན། །བསྟན་པའི་གསུང་ནི་རྒྱ་མཚོ་ཀུན། །ལ་ལ་གནས་སྐབས་ཡུལ་དོན་དུ། །ལ་ལ་མ་འོངས་འཇུག་དོན་ཡིན། །ལ་ལ་གདུལ་དོན་ཐ་དད་ཉིད། །སྙིང་གི་སྙིང་པོ་ཚིག་འགའ་ལས། །ཀུན་གྱིས་འགྲུབ་པ་མ་ཡིན་ནོ། །ཞེས་གསུངས་སོ། །འདིའི་གནས་ངེས་པ་ནི་རིམ་པ་གཉིས་ལས། རེ་ཞིག་དབང་པོ་ཡང་རབ་མཆོག་ཏུ་གྱུར་པ་རྣམས་འབད་པ་མེད་པར་གྲོལ་བར་བྱེད་པ་གཞི་ཁྲེགས་ཆོད་ཀྱི་དོན་ཏེ། རྒྱུད་དང་མན་ངག་གི་རིམ་པ་རབ་ཏུ་མང་པོ་དག་ལས། འདིར་རྡོ་རྗེའི་གནས་ངེས་པ་དེ་དག་གི་རང་བཞིན་གཅིག་ཏུ་བསྡུས་ཏེ། ཤིན་ཏུ་གསལ་བར་བཤད་པ་ནི། ཆོས་ཀྱི་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་བསྟན་བཅོས་རྒྱ་ཆེར་བཤད་དེ། གང་དག་ཡོངས་སུ་རྩོམ་པར་འདོད་པ་རྣམས་ཐོག་མར་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་ཉེ་བར་དགོད་པ་ལས། རེ་ཞིག་མཚན་གྱི་རྣམ་པར་གཞག་པ་ནི། དབང་པོ་རྣོན་པོ་དག་མིང་ཐོས་པ་ཙམ་གྱིས་དོན་རྟོགས་པར་འགྱུར་བ་དང་། བསྟན་བཅོས་ཀྱི་རྡོ་རྗེའི་ལུས་མདོར་བསྟན་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་བཀོད་པ་སྟེ། དོན་ལ་མིང་དུ་འདོགས་པའང་། དཔེ་དང་། དོན་དང་། ཚོགས་པ་གསུམ་གང་རུང་ལ་བརྟེན་ནས་འབྲེལ་པ་ཅན་གྱི་མིང་རྣམས་འབྱུང་བ་ལས། འདིར་དཔེ་དོན་ཚོགས་པའི་རིམ་པ་ལས་མཚན་ཉེ་བར་བཏགས་ཏེ་
ཆོས་ཀྱི་དབྱིངས་ནི་དོན་ཡིན་ལ། རིན་པོ་ཆེའི་མཛོད་ཅེས་བྱ་བ་ནི་དཔེ་སྟེ། ཆོས་ཀྱི་དབྱིངས་རང་བྱུང་གི་ཡེ་ཤེས་རང་བཞིན་གྱིས་རྣམ་པར་དག་པ་ནི། སེམས་ཉིད་དོན་དམ་པའི་བདེན་པ་སྟེ། རིག་པ་དང་མ་རིག་པའི་དབང་གིས་འཁོར་འདས་ཀྱི་ཆོས་མ་ལུས་པ་འབྱུང་བའི་ཕྱིར། རིན་པོ་ཆེ་བསམ་འཕེལ་གྱི་མཛོད་ནས་འདོད་དགུ་འབྱུང་བ་དང་མཚུངས་པར་དཔེ་དོན་སྦྱར་བ་སྟེ། ཐོག་མའི་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་སུ་བརྗོད་ཅིང་། འདི་ཉིད་རྟོགས་མ་རྟོགས་ལས་གཞན་པའི་འཁོར་འདས་མེད་ལ། འདིའི་སྔོན་རོལ་དུ་སངས་རྒྱས་དང་སེམས་ཅན་ཞེས་ཐ་སྙད་གང་དུའང་གྲུབ་པ་མེད་དེ། རིག་པ་མེད་ན་འཁོར་འདས་སུ་གང་གིས་ངེས་པ་དང་། གྲོལ་འཁྲུལ་གྱི་རྩིས་གཞི་གང་ཡང་མེད་པའི་ཕྱིར་རོ། །ཇི་སྐད་དུ་བཤད་པའི་རྒྱུད་རིག་པ་རང་ཤར་ལས། ང་མེད་པ་ཡི་སྔོན་རོལ་ན། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལམ་དང་གྲུབ་པ་ག་ལ་ཡོད། །ང་ལས་མ་བྱུང་གཅིག་ཀྱང་མེད། །ང་ནི་སྟོང་པ་ཆེན་པོའོ། །ང་ལས་འབྱུང་བ་རྣམ་ལྔ་སྐྱེས། །ང་ནི་འབྱུང་བདག་ཆེན་པོ་ཡིན། །ང་ནི་སངས་རྒྱས་ཀུན་གྱི་མེས། །ང་མེད་པ་ཡི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་མེད་དོ། །ང་ནི་ཐབས་ཀྱི་ཕ་རོལ་ཕྱིན། །ང་ལ་མཚན་མའི་ཆོས་མེད་པས། །ང་ཡི་སེམས་ལ་གཡོས་པ་མེད། །ང་ནི་སངས་རྒྱས་ཀུན་གྱི་དུར། །འགྱུར་མེད་དུར་ས་ང་ལ་བཏབ། །ང་ནི་སེམས་ཅན་ཀུན་གྱི་གནས། །བག་ཆགས་ལུས་ལྟར་སྣང་བའོ། །ང་ནི་འབྱེད་མེད་ཤེས་རབ་བོ། །ང་ལ་ཕྱི་ནང་གསང་བ་རྫོགས། །ང་ནི་རྡོ་རྗེ་སྙིང་པོའི་སྐུ། །ང་ལས་སངས་རྒྱས་བསྐྱེད་པའོ། །ང་ནི་སྐྱེ་མེད་རིག་པའི་དོན། །ང་ནི་དངོས་པོའི་ཆོས་དང་བྲལ། །ང་ལ་མཚན་མ་མེད་པའི་ཕྱིར། །ང་ནི་སེམས་ཅན་དུར་ནས་འདོན། །ང་ལས་ཐུགས་རྗེ་འཆར་བའི་ཕྱིར། །ང་ནི་སྟོང་པའི་ཚིག་ལས་འདས། །ང་ལས་གསལ་བྱ་འབྱུང་བའི་ཕྱིར། །ང་ནི་མུན་
པ་སྣང་བར་འགྱུར། །ཞེས་སོ། །དེ་ལྟར་རིག་པ་རང་བྱུང་གི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཏེ། འཁོར་འདས་ཀྱི་ཆོས་མ་ལུས་པ་དེའི་དབྱིངས་ལས་འབྱུང་བས་ན་མཛོད་ཁང་གི་སྒྲས་ཉེ་བར་བརྗོད་པ་ཉིད་དོ། །འདི་ལ་རྣམ་གྲངས་ཀྱི་བཤད་ཚུལ་མཐའ་ཡས་ཀྱང་རྡོ་རྗེའི་གནས་གསུམ་དུ་བཤད་དེ། གཞི་རང་བཞིན་གྱིས་དག་པ་ཁམས་བདེ་བར་གཤེགས་པའི་སྙིང་པོ་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ནི། ཆོས་ཀྱི་དབྱིངས་ཏེ། ལྷུན་གྱིས་གྲུབ་པའི་ཡོན་ཏན་ཁམས་ལ་ཡེ་ནས་ལྡན་པ་རྣམས་ཀྱི་རིན་པོ་ཆེའི་མཛོད་དུ་གནས་པའི་ཕྱིར་རོ། །ལམ་སྨིན་བྱེད་དབང་གི་རིམ་པ་བཞི་ལྷུན་གྲུབ་རིག་པའི་རྩལ་དབང་དང་བཅས་པ་ནི་ལེགས་པའི་ཆོས་ཐམས་ཅད་འབྱུང་བའི་ཕྱིར་ཆོས་ཀྱི་དབྱིངས་ཡིན་ལ། གྲོལ་བྱེད་བླ་མའི་གདམས་ངག་དང་ཉམས་སུ་ལེན་པའི་ལྟ་སྒོམ་སྤྱོད་པའི་ཆོས་རྨད་དུ་བྱུང་བ་ནི་རིན་པོ་ཆེ་དང་མཚུངས་པར་བརྗོད་དེ། རྟོགས་པ་དང་ཏིང་ངེ་འཛིན་ལ་སོགས་པའི་ཉམས་དང་རྟོགས་པའི་རྩལ་ཕྱོགས་མེད་དུ་ཤར་བ་ནི་ཡོན་ཏན་ཀུན་གྱི་མཛོད་དུ་ཤེས་པར་བྱའོ། །འབྲས་བུ་རང་རིག་དྲི་མ་དང་བྲལ་བའི་དག་པ་གཉིས་ལྡན་གྱི་ཆོས་སྐུ་དམ་པ་ནི་ཆོས་ཀྱི་དབྱིངས་ཏེ་ཡོན་ཏན་གྱི་འཆར་གཞི་དྲི་མ་མེད་པར་གནས་ལ། ལོངས་སྤྱོད་རྫོགས་པའི་སྐུ་ནི་ལྷུན་གྱིས་གྲུབ་པའི་མངའ་དབང་རྫོགས་པས་རིན་པོ་ཆེ་དང་འདྲ་ཞིང་། སྤྲུལ་པའི་སྐུ་ཕྲིན་ལས་དང་བཅས་པ་ནི་གདུལ་བྱའི་རེ་བ་རྫོགས་པར་སྐོང་བས་མཛོད་ཁང་བཟང་པོ་དང་མཚུངས་པར་བསྟན་པ་ཡིན་ནོ། །དེ་དག་གིས་ནི་མཚན་གྱི་དོན་བཤད་ཟིན་ཏོ། །ད་ནི་ཕྱག་གི་མཆོད་པར་བརྗོད་པ་ལ་གཉིས་ལས། མདོར་བསྟན་པ་ནི། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ་ཞེས་སྨོས་ཏེ། དཔལ་ནི་རང་དོན་ཆོས་སྐུ་དམ་པ་བརྙེས་ནས་དབྱིངས་ལས་མི་གཡོ་བཞིན་དུ། གཞན་དོན་གཟུགས་སྐུ་དམ་པས་འཁོར་བ་ཇི་སྲིད་བར་སེམས་ཅན་ལ་ཕན་པ་མཛད་པ་སྟེ། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་དོན་ཏོ། །དེ་སུ་ལ་ཡོད་ཅེ་ན། ཀུན་ཏུ་བཟང་པོ་ལ་ཞེས་པ་སྟེ།
གདོད་མའི་མགོན་པོ་འཁོར་འདས་ཀུན་གྱི་བླ་མར་བྱོན་ནས། ཕྲིན་ལས་བཟང་པོ་ལྷུན་གྱིས་གྲུབ་པ་ནི་ལམ་སྟོན་པའི་དེད་དཔོན་དམ་པར་ཡེ་ནས་མངའ་དབང་རྫོགས་པའི་སྟོན་པ་ཕུན་སུམ་ཚོགས་པ་དེ་ལ། རྩོམ་པ་པོ་མངོན་པར་དད་པས་ཕྱག་འཚལ་ལོ་ཞེས་སྒོ་གསུམ་མཆོག་ཏུ་གུས་པ་ཆེན་པོས་ཕྱག་འཚལ་བའོ། །དེ་འབའ་ཞིག་ལ་ཕྱག་འཚལ་ལམ་ཞེ་ན། དེར་ཡང་མ་ཟད་སངས་རྒྱས་ཐམས་ཅད་ཀུན་ཏུ་བཟང་པོའི་ངོ་བོར་སངས་རྒྱས་པས་དེ་དག་དང་། གཞི་དང་། ལམ་དང་། འབྲས་བུའི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལྔར་གནས་པ་ཀུན་ལ་བརྗོད་བྱ་རྟོགས་པའི་ཡན་ལག་ཏུ་ཕྱག་འཚལ་བ་སྟེ། སྟོན་པ་ཀུན་ཏུ་བཟང་པོ་སངས་རྒྱས་ཐམས་ཅད་འོག་མིན་ན་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུར་བཞུགས་བཞིན་དུ་སྤྲུལ་པ་གདུལ་བྱའི་གནས་རིས་ཀུན་ཏུ་འཕྲོ་བས་དོན་མཛད་པ་སྟེ། རྣམ་འགྲེལ་དུ། རྟོག་པའི་དྲ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །གཞི་ཀུན་ཏུ་བཟང་པོ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དེ་རང་བཞིན་ཀུན་ཏུ་བཟང་པོ་ཞེས་བྱའོ། །རྒྱན་ཀུན་ཏུ་བཟང་པོ་ནི་ཆོས་ཐམས་ཅད་ཀྱི་སྣང་བ་ཆོས་ཅན་གྱི་རོལ་པར་རང་ཤར་བ་སྟེ། སྒྱུ་མའི་རང་བཞིན་དུ་རྣམ་པར་དག་པ་གང་ཡིན་པའོ། །རིག་པ་ཀུན་ཏུ་བཟང་པོ་ནི་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་སྟེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གང་གསུངས་པ་དེ་ཉིད་དོ། །རྟོགས་པ་ཀུན་ཏུ་བཟང་པོ་ནི་གཤིས་ཀྱི་གནས་ལུགས་ཏེ་ལེགས་པར་རྟོགས་པས་ཐར་པའི་མིག་རྙེད་པ་སྟེ་ལམ་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་དག་ཀྱང་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་ཤེས་པར་བྱའོ། །གང་ཞེ་ན་འདི་ལྟ་སྟེ། རང་བཞིན་ཀུན་ཏུ་བཟང་པོ་དང་། རྒྱན་ཀུན་ཏུ་
བཟང་པོ་དང་། སྟོན་པ་ཀུན་ཏུ་བཟང་པོ་དང་། རིག་པ་ཀུན་ཏུ་བཟང་པོ་དང་། རྟོགས་པ་ཀུན་ཏུ་བཟང་པོའོ་ཞེས་གསུངས་སོ། །ཕྱག་གི་དོན་རྒྱས་པར་བཤད་པ་ནི། མཁའ་མཉམ་བྱང་ཆུབ་ཀྱི་སེམས་ལ་བསྔགས་པ་སྟེ། གདོད་ནས་ལྷུན་གྲུབ་ངོ་མཚར་རྨད་ཀྱི་ཆོས། །རང་བྱུང་ཡེ་ཤེས་འོད་གསལ་བྱང་ཆུབ་སེམས། །སྣང་སྲིད་སྣོད་བཅུད་འཁོར་འདས་འབྱུང་བའི་མཛོད། །མི་གཡོ་སྤྲོས་དང་བྲལ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། འདིས་ནི་བསྟན་བཅོས་འདིའི་བརྗོད་བྱ་སྤྱིར་བསྟན་ཏོ། །དེ་ལ་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ནི། གདོད་མ་ནས་སུས་ཀྱང་མ་བྱས་པར་རང་བྱུང་བས་གཞིའི་སངས་རྒྱས་ཆོས་སྐུ་འཕོ་འགྱུར་མེད་པའི་དེ་བཞིན་ཉིད་དུ་ལྷུན་གྱིས་གྲུབ་པ་ཉིད་དང་། དབྱིངས་ཀྱི་ཡོན་ཏན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཡེ་ནས་གནས་པས་ངོ་མཚར་རྨད་ཀྱི་ཆོས་སུ་གནས་པ་ཉིད་དང་། རྟག་ཏུ་འགྱུར་བ་མེད་པའི་ཡེ་ཤེས་རང་བྱུང་གི་འོད་གསལ་བྱང་ཆུབ་ཀྱི་སེམས་སུ་གནས་པ་ཉིད་དང་། རྟོགས་མ་རྟོགས་ཀྱི་རྐྱེན་གྱིས་འཁོར་འདས་སུ་བྱུང་ཡང་། ངོ་བོ་དེ་གང་དུའང་འཕོ་འགྱུར་མེད་པའི་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོར་བཞུགས་པའི་བདག་ཉིད་དམ་པ་ལ། གནས་ལུགས་ཤེས་པའི་ཡན་ལག་ཏུ་ཕྱག་འཚལ་ལོ་ཞེས་བརྗོད་དེ། རང་ཤར་ལས། ཡང་དག་དོན་གྱི་ངོ་བོ་ལ། །སངས་རྒྱས་དང་ནི་སེམས་ཅན་མེད། །རིག་པ་འཛིན་པ་མེད་པས་སྟོང་། །སྟོང་པ་ཉིད་ལ་མི་གནས་ན། །རང་གི་བདེ་ཆེན་ས་ལ་གནས། །སངས་རྒྱས་ཀུན་གྱི་རྗེ་བཙན་ནི། །རང་གི་རིག་པར་ཤེས་པར་བྱ། །རང་སྣང་རིག་པའི་རྒྱལ་པོ་འདི། །ཀུན་ལ་ཡོད་དེ་རྟོགས་པ་མེད། །ཅེས་སོ། །དེའི་འོག་ཏུ་བརྩམ་པར་དམ་བཅའ་བ་ནི། ཐེག་པའི་ཡང་རྩེ་རི་རྒྱལ་ཉི་ཟླའི་ཀློང་། །འོད་གསལ་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་ཀློང་། །རྩོལ་ཞིང་བསྒྲུབ་མེད་རང་བཞིན་བབས་ཀྱི་ཀློང་། །ཡེ་འབྱམས་རྨད་དུ་བྱུང་བ་བཤད་ཀྱིས་ཉོན། །ཞེས་གདམས་པ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་དོན་གཅིག་ཀྱང་། གཏན་ལ་
འབེབས་ཚུལ་གྱི་རིམ་པས་དབང་པོ་ཐ་དད་པ་ལ་ལྟོས་ནས་ཐེག་པའི་རིམ་པ་དུ་མར་བཤད་པ་དག་ཀྱང་། མདོ་དགུར་འདུས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཇུག་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོ། །དེ་ལྟར་དགུ་ལས་རྩེ་མོར་སོན་པ་ནི། །ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོ་སྟེ། །དེ་ལའང་སྡེ་གསུམ་ལས་མན་ངག་གི་སྡེའི་ཐིག་ལེ་བླ་ན་མེད་པ་ནི་ཡང་རྩེར་གྱུར་པས་རི་རྒྱལ་ཉི་ཟླའི་ཀློང་ཞེས་བྱའོ། །ཡང་དེ་ཉིད་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་སོ། །རང་བཞིན་གྱིས་དག་ཅིང་གྲུབ་བསལ་ལས་འདས་པས་འོད་གསལ་བ་རྡོ་རྗེ་སྙིང་པོའི་ཀློང་དང་། རྩོལ་སྒྲུབ་ལས་འདས་པས་རང་བཞིན་བབས་ཀྱི་ཀློང་དང་། རང་ངོ་ཡེ་ནས་དག་པས་ཡེ་འབྱམས་རྨད་དུ་བྱུང་བའི་ཀློང་སྟེ། རིག་པ་བྱང་ཆུབ་ཀྱི་སེམས་ཨ་ཏི་རྡོ་རྗེ་སྙིང་པོ་ནམ་མཁའ་ལྟ་བུའི་དོན་ཕྱི་རབས་ཀྱི་དོན་དུ་བཤད་ཅིང་བརྩམ་པར་བྱའོ་ཞེས་དམ་བཅའ་བ་སྟེ། དབྱིངས་འདི་ནི་ལྟ་བ་ཀུན་གྱི་ཡང་རྩེར་བསྔགས་པ་ནི། རང་ཤར་ལས། ལྟ་བ་ཀུན་གྱི་ཡང་རྩེ་ནི། །ཨ་ཏི་རྫོགས་པ་ཆེན་པོར་བཤད། །ཡངས་པས་གོ་སྐབས་འབྱེད་པའི་དོན། །ནམ་མཁའ་ལྟ་བུར་ཤེས་པར་བྱ། །རྒྱ་ཆེ་གཏིང་ཟབ་བརྟག་དཀའི་དོན། །རྒྱ་མཚོ་ཆེན་པོའི་གཏིང་དང་མཚུངས། །གསལ་བའི་འོད་ཟེར་འདུས་པའི་དོན། །ཉི་མའི་དཀྱིལ་འཁོར་ཉིད་དུ་ཤེས། །རྟོག་པའི་མཐའ་ལས་གྲོལ་བའི་ཕྱིར། །གསང་སྔགས་ཐབས་ཀྱི་རྒྱལ་པོར་གསུངས། །ཞེས་སོ། །
དེ་དག་གིས་ཕྱོགས་དང་པོ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་བསྟན་ཟིན་ཏོ། །ད་ནི་འཇུག་ཡུལ་བསྟན་བཅོས་ཀྱི་ལུས་དངོས་རྒྱས་པར་བཤད་པ་ལ་ལེའུ་བཅུ་གསུམ་གྱིས་གསང་བ་རྒྱལ་པོའི་གནས་བསྟན་པ་ལས། དང་པོ་འཁོར་འདས་དབྱིངས་ལས་མ་གཡོས་པས། ཆོས་ཐམས་ཅད་མཁའ་མཉམ་རྫོགས་པ་ཆེན་པོའི་ངང་ལས་འཕོ་འགྱུར་མེད་པར་བསྟན་པ་ལ། རིག་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངང་ལས་འཁོར་འདས་སུ་རང་ཤར་ཡང་དབྱིངས་ལྷུན་གྲུབ་ལས་མ་གཡོས་པར་བསྟན་པ་ནི། ལྷུན་གྲུབ་ཀློང་ལས་ཐམས་ཅད་འབྱུང་བའི་གཞི། །ངོ་བོ་སྟོང་ལ་རང་བཞིན་མ་འགགས་པ། །ཅིར་ཡང་མ་གྲུབ་ཅིར་ཡང་འཆར་བ་སྟེ། །སྐུ་གསུམ་ཀློང་ནས་འཁོར་འདས་རང་ཤར་ཀྱང་། །དབྱིངས་ལས་མ་གཡོས་ཆོས་ཉིད་བདེ་བའི་ཞིང་། །འདི་ལྟར་རིག་པ་རང་བཞིན་གྱིས་དག་པའི་ངོ་བོ་སྟོང་པ་ཆོས་ཀྱི་སྐུ་དང་། རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེའི་འཆར་ཚུལ་མ་འགགས་པ་སྤྲུལ་པའི་སྐུ་དང་གསུམ་ནི་ཡེ་ནས་མ་བཙལ་བར་ལྷུན་གྱིས་གྲུབ་པ་ནི་ནུབ་པ་མེད་པའི་གཏེར་ཆེན་པོ། འོད་གསལ་གཞི་གནས་ཀྱི་དཀྱིལ་འཁོར་ཏེ། དེའི་ངང་ལས་དག་པ་སངས་རྒྱས་ཀྱི་རང་སྣང་། མ་དག་པ་སེམས་ཅན་གྱི་རང་སྣང་ཅིར་ཡང་ཤར་དུས་ཉིད་ནས། དབྱིངས་ཆོས་ཉིད་ཀྱི་རོལ་པ་ཙམ་ལས་གཞན་དུ་ཤར་བ་མེད་དེ། རྨི་ལམ་བཟང་ངན་ཅི་རྨིས་པ་གཉིད་ཀྱི་ངང་ལས་གཡོས་པ་མེད་པ་བཞིན་ནོ། །རང་ཤར་ལས། སྟོང་པའི་ངང་ནས་རིག་པའི་ཉི་ཤར་བས། །ནུབ་པ་མེད་པའི་གཏེར་ཆེན་དཀྱིལ་འཁོར་ནས། །འགྱུར་བ་མེད་པའི་སྐུ་ལྔ་ཤར་གྱིས་བྱུང་། །རྟོག་པ་མེད་པའི་ངང་དུ་གཉིས་མེད་རོལ། །ཡང་དག་ས་ལ་མ་བཀོད་ཕུང་པོ་ལྔ། །སྣང་བའི་ཆོ་འཕྲུལ་ཅིར་ཡང་སྟོན་པར་མཛད། །ཅེས་པ་དང་། ཀུན་བྱེད་ལས། སྐུ་གསུམ་ཀུན་བྱེད་ང་རུ་བསྡུས་པ་དེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་བཞིན་ངོ་བོ་ཐུགས་རྗེ་མ་བཅོས་གསུམ། །
སྐུ་གསུམ་ང་ཡི་དེ་བཞིན་ཉིད་དུ་བསྟན། །ཞེས་སོ། །དེའི་ཕྱིར་སྣང་སྲིད་འཁོར་འདས་སུ་སྣང་བ་དབྱིངས་ཀྱི་ཆོ་འཕྲུལ་དུ་བསྟན་པ་ནི། སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང་། །རོལ་པ་ངེས་མེད་ཐུགས་རྗེ་ཆོ་འཕྲུལ་ཀློང་། །ཐམས་ཅད་དབྱིངས་ཀྱི་རྒྱན་ལས་ལོགས་ན་མེད། །ཕྱི་ནང་འདུ་འཕྲོ་བྱང་ཆུབ་སེམས་ཀྱི་རྩལ། །ཅིར་ཡང་མ་ཡིན་ཅིར་ཡང་འཆར་བའི་ཕྱིར། །ངོ་མཚར་ཆོ་འཕྲུལ་ཡ་མཚན་རྨད་ཀྱི་ཆོས། །སོ་སོ་རང་གི་རིག་པ་ནམ་མཁའ་ལྟ་བུའི་ངང་ན་སྣ་ཚོགས་ཀྱི་ཆོས་སྣོད་བཅུད་གནས་པ་ལྟ་བུའི་རོལ་པ་འདི་ནི། སྐྱེ་བ་མེད་པའི་ངང་ནས་འགག་པ་མེད་པའི་ཆོ་འཕྲུལ་དུ་ཡེ་ནས་ཤར་བས། ཡ་མཚན་རྨད་ཀྱི་ཆོས་སུ་བསྟན་པ་ནི། རང་ཤར་ལས། ཀུན་གྱིས་རྟོགས་པར་དཀའ་བའི་རིག་པ་ནི། །ཕྲ་ཞིང་ཤེས་དཀའ་ཀུན་གྱིས་མཐོང་བ་མེད། །འཛིན་མེད་ཀུན་ལ་སྙོམས་པ་རང་བྱུང་བདེ་བའི་ཀློང་། །འགག་མེད་ངང་དུ་འཁོར་འདས་རོལ་པར་ཤར། །ཞེས་པ་དང་། ཀུན་བྱེད་ལས། ཆོས་ཀུན་བྱང་ཆུབ་སེམས་ཡིན་དེ་དཔེ་ནི། །ཀུན་དཔེ་ནམ་མཁའ་ལྟ་བུའི་རང་བཞིན་དུ། །བྱང་ཆུབ་སེམས་ཀྱི་དོན་ཡང་དེ་བཞིན་ནོ། །ནམ་མཁའ་རླུང་ཆུ་ས་མེ་རྣམ་པ་ལྔ། །བྱང་ཆུབ་སེམས་ལས་རྨད་བྱུང་མངོན་སངས་རྒྱས། །སྲིད་གསུམ་ལམ་ལྔ་འགྲོ་དྲུག་སྣང་བ་ཡང་། །རྣམ་སྨིན་ལས་ཀྱིས་མི་བསྐྱོད་མངོན་སངས་རྒྱས། །ཁམས་གསུམ་ཡེ་ནས་བྱང་ཆུབ་སྐུ་གསུང་ཐུགས། །དེ་བས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ནམ་མཁའི་ངང་ན་མི་གནས་མེད་པ་བཞིན། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ཡུལ་ཆེ་བས། །སངས་རྒྱས་སེམས་ཅན་སྣོད་བཅུད་ཀུན་ཀྱང་གནས། །ཞེས་སོ། །བྱང་ཆུབ་སེམས་ཀྱི་ཀློང་ནས་རོལ་པའི་ཤར་ཚུལ་རྒྱས་པར་བསྟན་པ་ནི། ཕྱི་ནང་སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། །དབྱིངས་ཀྱི་རྒྱན་ཏེ་སྐུ་ཡི་འཁོར་ལོར་ཤར། །མ་ལུས་གྲགས་པའི་སྒྲ་སྐད་ཇི་སྙེད་ཀུན། །དབྱིངས་ཀྱི་རྒྱན་ཏེ་གསུང་གི་འཁོར་ལོར་ཤར། །དྲན་རིག་འགྱུ་འཕྲོ་མི་རྟོག་བསམ་ཡས་ཀྱང་། །
དབྱིངས་ཀྱི་རྒྱན་ཏེ་ཐུགས་ཀྱི་འཁོར་ལོར་ཤར། །རིག་པའི་ངང་འདི་ན་སྣང་སྲིད་སྣོད་བཅུད་འཁོར་འདས་སུ་སྣང་ངོ་ཅོག་རང་སྣང་རང་ཤར་རྨི་ལམ་གྱི་ངོ་བོ་ཉིད་དམ། ཆུ་ཟླའི་རང་བཞིན་ཙམ་དུ་གཟུགས་སྣང་ཐམས་ཅད་ནི་རང་བྱུང་ཡེ་ཤེས་ཀྱི་སྐུའི་དཀྱིལ་འཁོར་རམ་རོལ་པ། སྒྲ་སྐད་ཐམས་ཅད་ནི་གསུང་གི་དཀྱིལ་འཁོར། དྲན་རིག་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱ་མཚོ་ཐམས་ཅད་ནི་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོའི་རོལ་པ་ཙམ་དུ་རང་ཤར་བ་སྟེ། དབང་པོ་དྲུག་ཡུལ་དང་བཅས་པ་བདག་ཏུ་འཛིན་པས་ཉོན་མོངས་པའི་ཚོགས་སུ་སྣང་བའང་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཅིག་གི་ངང་ལས་མ་གཡོས་པ་ནི། ཡི་གེ་མེད་པ་ལས། ཐམས་ཅད་འབྱུང་བ་འཁྲུལ་སྣང་ང་ཡི་སེམས། །ཐམས་ཅད་གནས་པ་འཁྲུལ་སྣང་ང་ཡི་ཐུགས། །ཐམས་ཅད་སྣང་བ་འཁྲུལ་སྣང་ང་ཡི་སྐུ། །ཐམས་ཅད་གྲགས་པ་འཁྲུལ་སྣང་ང་ཡི་གསུང་། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ཆོས་དབྱིངས་ངང་ལ་བཀོད། །སྙིང་པོའི་དོན་ལ་བླང་དོར་མེད་པའི་ཕྱིར། །དེ་ཡང་ཀུན་བྱེད་ང་ཡིས་བཀོད་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་གསུང་གི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་གྲགས་ཤིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་མེད་དབྱིངས་ལས་ཚིག་གིས་གསུང་དུ་བཀོད། །སྙིང་པོ་བརྗོད་དུ་མེད་པའི་གསུང་ལ་འདུས། །དེ་ཡང་ཀུན་བྱེད་རྒྱལ་པོས་བཀོད་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་རིག་པའི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན། །མ་སྐྱེས་ཀུན་བྱེད་ཉིད་ཀྱི་དོན་དུ་རིག །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཉིད་ནི། །མ་བཅོས་རྣལ་དུ་གཞག་པའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་
དོན་རྟོགས་ནས། །ལྷུན་གྲུབ་སྙིང་པོའི་དོན་ལ་འཇུག་པར་བྱེད། །ཅེས་སོ། །ད་ནི་དབྱིངས་ཀྱི་ཆོ་འཕྲུལ་གཅིག་ཏུ་དོན་བསྡུ་བ་རྟོགས་ཚུལ་དང་བཅས་པ་ནི། འགྲོ་བ་རིགས་དྲུག་སྐྱེ་གནས་བཞི་པོ་ཡང་། །ཆོས་དབྱིངས་ངང་ལས་གཡོས་པ་རྡུལ་ཙམ་མེད། །སྣང་སྲིད་ཡུལ་དྲུག་གཟུང་འཛིན་སྣང་བ་ཡང་། །ཆོས་དབྱིངས་ངང་ན་མེད་སྣང་སྒྱུ་མའི་ཚུལ། །རྟེན་མེད་སང་སེང་ཡེ་སྟོང་ཡངས་པ་ཆེ། །རང་གསལ་ཇི་བཞིན་ཆོས་དབྱིངས་རྒྱན་དུ་ཤར། །འདི་ལྟར་འགྲོ་བ་དྲུག་ཁམས་གསུམ་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་རིག་པའི་ངང་ན། མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་རང་ངོར་སྣང་བ་ནི། སྒྱུ་མའི་གྲོང་དང་སྣང་བ་ཆེན་པོ་སྟེང་གི་ནམ་མཁའ་ལ་སྣང་བ། སྒྱུ་མ་མཁན་རབ་ཏུ་བཟང་པོའི་སྤྲུལ་པ་དང་འདྲ་སྟེ། སྣང་དུས་ཉིད་ནས་ཡོད་མ་མྱོང་བ་སྟོང་པའི་རང་གཟུགས་ཙམ་དུ་རང་ཤར་བ་ལ། ཚོགས་དྲུག་ཡུལ་གྱི་སྣང་བ་རྨི་ལམ་སྒྱུ་མའི་རོལ་པར་རིག་པའི་ངང་འདིར་རང་ཤར་བ་ནི། ཡི་གེ་མེད་པ་ལས། མཐོང་བ་མ་འགགས་ང་ཡི་གཟུགས་ལྟར་སྣང་། །ཐོས་པ་མ་འགགས་ང་ཡི་སྒྲ་ལྟར་གྲག །སྣོམ་བྱེད་མ་འགགས་ང་ཡི་དྲི་ལྟར་ཚོར། །མྱོང་བྱེད་མ་འགགས་ང་ཡི་རོ་ལྟར་བདའ། །ཚོར་བྱེད་མ་འགགས་ང་ཡི་ཡིད་ལྟར་མགྱོགས། །གསང་བའི་ཉོན་མོངས་ང་ཡི་ཆོ་འཕྲུལ་ཏེ། །སངས་རྒྱས་སེམས་ཅན་ང་ཡི་དུར་ས་ཡིན། །ཀུན་བྱེད་ང་ནི་སྣང་བ་རང་གསལ་ཆེ། །སྣང་བ་མེད་པའི་ཐོག་མའི་དུས་ཀྱི་ཚེ། །དཔྱོད་བྱེད་མགྱོགས་པའི་ཡིད་དྲུག་མ་འགགས་པས། །དྲན་བྱེད་མ་འགགས་ཚོགས་དྲུག་ལྷུག་པར་ཤར། །ཞེས་པ་དང་། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་སོ། །ད་ནི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་འདུས་པས། ཕྱི་ནང་སྣང་བཏགས་ཀྱི་རང་སྣང་ཤར་དུས་ཉིད་ནས། བྱར་མེད་མཉམ་པ་ཆེན་པོར་ཕྱམ་
གདལ་བ་ནི། ཇི་ལྟར་སྣང་གྲགས་དབྱིངས་ཀྱི་ངང་ཆེན་འདིར། །ལྷུན་མཉམ་མི་གཡོ་ཆོས་སྐུ་བྱང་ཆུབ་སེམས། །ཡེ་བབས་རང་སྟོང་འཕོ་དང་འགྱུར་མེད་པས། །ཅིར་སྣང་ཆོས་ཉིད་རང་བྱུང་ཡེ་ཤེས་ངང་། །བྱ་དང་རྩོལ་མེད་བདེ་ཀློང་གཅིག་ཏུ་འཁྱིལ། །གང་སྣང་བའི་དུས་ནས་རིག་པའི་ངང་ལས་གཞན་མེད་དེ། རྨི་ལམ་ཅི་སྣང་བའི་དུས་ནས་གཉིད་ཀྱི་ངང་ལས་གཞན་མེད་པ་བཞིན་ནོ། །དེ་ལྟ་བུའི་རིག་པ་ནི་ཡེ་སྟོང་འཕོ་འགྱུར་མེད་པ་ནམ་མཁའ་ལྟ་བུ་ཡིན་པས། དེའི་ངང་ལས་སྣང་བའང་མེད་སྣང་སྟོང་པའི་རོལ་པ་ཡིན་པའི་ཕྱིར། རང་མཚན་དུ་གྲུབ་པ་འགའ་ཡང་མེད་པས་སྤང་བླང་དང་རེ་དོགས་མི་དགོས་པའི་གནད་དུ་ཡེ་ནས་ཤར་ཟིན་ཏེ། ད་བསྐྱར་ནས་འབད་རྩོལ་དང་རེ་དོགས་མ་བྱེད་པར་རང་ཡལ་མཉམ་པའི་ངང་དེར་གདལ་བ་ཆེན་པོ་མ་བཅོས་རྣལ་གཞག་གཅིག་ཏུ་གདམས་པ་ནི། སེང་གེ་རྩལ་རྫོགས་ལས། ཁྱབ་གདལ་འུབ་ཆུབ་སྙིང་པོའི་དོན་གྱི་མཆོག །ཆ་སྙོམས་ཡུལ་འཇུག་རང་བྱུང་ངང་དུ་ཐིམ། །མཐའ་ཡས་དོན་སྤྱོད་རང་རིག་བདེ་ཆེན་ས། །ངོ་བོ་སྣང་བ་སྐུ་ཡི་ཀློང་དུ་ཐིམ། །རང་བཞིན་ཀུན་ཁྱབ་དབྱིངས་ལ་སྣང་མཐའ་ཡས། །ཟག་མེད་རང་བྱུང་སྤྲོས་པའི་མཐའ་དང་བྲལ། །དབྱིངས་རིག་གསལ་བ་རང་བཞིན་ཁྱབ་གདལ་ལོ། །བྱ་དང་བྱེད་པའི་ཆོས་མིན་ཡུལ་ལས་འདས། །ལྷུན་གྲུབ་རང་སྣང་མཐར་ཐུག་ཀུན་ལ་རོལ། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་བཅོས་འཁོར་གྱི་ནང་དུ་ལུང་བསྟན་པ། །མ་བཅོས་སྙིང་པོ་ཆོས་ཀུན་རྩ་བ་ལ། །ཇི་ལྟར་སྣང་བས་གཏན་ལ་འབེབས་པར་བྱེད། །སྙིང་པོ་རང་བཞིན་གཅིག་གི་དོན་རྟོགས་ན། །ཀུན་གྱི་རང་བཞིན་ཀུན་བྱེད་ཉིད་དུ་འདུས། །ཞེས་སོ། །དེ་ལྟར་བླང་དོར་མེད་པའི་ཆོས་སྐུ་བྱ་རྩོལ་ལས་འདས་པའི་དོན་གྱི་ངོ་བོ་ཡང་། རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ལ། དེའི་རང་བཞིན་རང་གསལ་དག་པ་ནི་ལོངས་སྐུ་བཅོས་བསླད་མེད་པའོ་ཞེས་བསྟན་པ་ནི། རང་གསལ་མི་གཡོ་ལོངས་
སྤྱོད་རྫོགས་པ་ནི། །གང་སྣང་ཉིད་ནས་རང་བཞིན་ལྷུན་གྱིས་གྲུབ། །བཅོས་ཤིང་བསྒྱུར་མེད་ལྷུན་མཉམ་གདལ་བའོ། །རིག་པའི་རང་ངོ་རང་གསལ་དུ་གནས་པ་ནི་ལོངས་སྐུ་ལྷུན་གྲུབ་ཏུ་རང་ཤར་བས། མ་བཅོས་མཉམ་པ་ཆེན་པོ་སྟེ། སྟོང་གསལ་འགྱུར་བ་མེད་པའི་རང་བཞིན་ནོ། །དེ་བཞིན་དུ་རིག་པའི་འཆར་ཚུལ་མ་འགགས་པར་སྤྲུལ་པའི་སྐུར་ཡེ་ནས་ཤར་ཏེ། སྣ་ཚོགས་མ་འདྲེས་རོལ་པའི་འཆར་ཚུལ་ལས། །སྤྲུལ་པ་རང་བྱུང་ཡ་མཚན་འཕྲུལ་གྱི་དོན། །བྱ་བྲལ་ཀུན་ཏུ་བཟང་ལས་གཡོས་པ་མེད། །མེ་ལོང་གཡའ་དག་པའི་ངོས་ལ་འཆར་ཚུལ་མ་འགགས་པར་གསལ་ཡང་། དེ་ལ་གོས་པ་མེད་པ་ལྟར་རིག་པའི་འཆར་ཚུལ་གང་ལྟར་ཤར་ཡང་། ངོ་བོ་ལ་གོས་པ་མེད་པ་རྩལ་མ་འགགས་པར་འཆར་བ་ནི་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་རིག་པའི་ངང་ལ་རྫོགས་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ནི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་བྱུང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མིན། །སྐུ་གསུམ་ཀུན་བྱེད་ང་རུ་བསྡུས་པ་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་བཞིན་ངོ་བོ་ཐུགས་རྗེ་མ་བཅོས་གསུམ། །སྐུ་གསུམ་ང་ཡི་དེ་བཞིན་ཉིད་དུ་བསྟན། །ཞེས་པ་དང་། ཡི་གེ་མེད་པ་ལས། ང་ལ་སྐུ་ལྔ་རང་སྣང་བས། །ཞིང་ཁམས་ཆོས་ཉིད་ཡོངས་སུ་རྫོགས། །ཞེས་སོ། །དེའང་དབྱིངས་ཀྱི་སྐུ་དང་ཡེ་ཤེས་ལ་སོགས་པ་ལྷུན་གྲུབ་ཏུ་རྫོགས་པར་བཤད་དུས། རྨོངས་ལ་ཐོས་བསམ་མ་དག་པ་ཁ་ཅིག་ད་ལྟ་སེམས་ཅན་ལ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཡོད་ཅིང་རྫོགས་ན་དང་རེ་ལེགས་ཏེ། མི་སྲིད་དོ་ཞེས་རྔམས་པོ་ཆེར་སྨོད་པ་ནི། སྤྲིན་རུམ་གྱིས་བསྒྲིབས་དུས་ཉི་མ་མེད་པར་འཛིན་པ་དང་འདྲ་བས། རྨོངས་པ་དེ་དག་དང་ལྷན་
ཅིག་རྩོད་པར་མི་བྱའོ། །འོན་ཀྱང་ཁྱེད་དངངས་པར་མི་འོས་ཏེ། ཁམས་ལ་ལྷུན་གྲུབ་ཀྱི་ཡོན་ཏན་གསུངས་པ་དེ་དག་མེད་ན་སངས་རྒྱས་དུས་ཕྱོགས་གང་ཞིག་ནས་གསར་དུ་འབྱུང་བར་འགྱུར། བྱམས་པས་ཀྱང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་བཤད་པ་དང་། བརྟག་གཉིས་ལས་ཀྱང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་པ་ལ་སོགས་པའི་ལུང་གིས་ཤེས་ལ། ད་ལྟ་གློ་བུར་རྣམ་དག་ཏུ་ཡོན་ཏན་དེ་དག་ཡོད་ཅེས་པ་ནི་ཁོ་བོ་ཅག་ཀྱང་མི་འདོད་པས། རང་བཞིན་རྣམ་དག་གི་ཡོན་ཏན་ལ་བློ་གྲོས་ཕྱོགས་གཅིག་པས་ཆོས་སུ་འདུན་པར་རིགས་སོ། །འདི་ལྟར་ཡངས་པ་ཅན་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཆོས་མ་ཡིན་པ་དག་ཆོས་ཀྱི་ཕྱོགས་སུ་འདུན་པར་གསུངས་པ་བཞིན་ནོ། །ད་ནི་རིག་པ་བྱང་ཆུབ་ཀྱི་སེམས་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བསྟན་པ་ནི། གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །རྩོལ་བ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང་། །དབྱིངས་ལས་མ་གཡོས་ལྷུན་གྲུབ་འདུས་མ་བྱས། །སྐུ་དང་ཡེ་ཤེས་ཕྲིན་ལས་ལྷུན་རྫོགས་ཀྱང་། །ཚོགས་ཆེན་ཡེ་རྫོགས་ཡེ་ཤར་ཆེན་པོའི་ཀློང་། །ཡེ་གདོད་མ་ཉིད་ནས་རིག་པའི་ངོ་བོ་ལ་སྐུ་དང་ཡེ་ཤེས་ལྷུན་གྱིས་རྫོགས་པའི་ཕྱིར། ཉི་མ་དང་འོད་བཞིན་འཕོ་འགྱུར་མེད་པ་ནི། རང་བྱུང་གི་ཡེ་ཤེས་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་དུ་རྫོགས་པ་ནི། སེང་གེ་རྩལ་རྫོགས་ལས། རིག་པ་གཅིག་ལ་དོན་བརྗོད་པས། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང་། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་རྟོགས་མཐའ་ལས་གྲོལ། །སྣང་བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྐྱེན་གྱིས་མ་གོས་བདག །སྣང་བའི་ཡེ་ཤེས་ཀུན་ཏུ་རོལ། །མཐའ་ཡས་ལམ་ལས་རྣམ་པར་གྲོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ནས། །སྐུ་
ཡི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་སྣང་བར་གསལ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ནས། །གསུང་གི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་གྲགས་པར་སྟོན། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ནས། །ཐུགས་ཀྱི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་རྟོགས་པས་སངས། །སྐུ་དང་གསུང་དང་རྡོ་རྗེའི་ཐུགས། །སྣང་བ་མེད་ལས་ཐམས་ཅད་སྣང་། །སངས་རྒྱས་སྐུ་དང་ཡེ་ཤེས་འོད། །སྣང་བ་རང་སྣང་ཉིད་དུ་ཡོད། །ཀུན་ཏུ་བཟང་པོ་རང་རིག་པའོ། །ཞེས་སོ། །དེ་ལྟར་སྐུ་དང་ཡེ་ཤེས་རིག་པའི་ངང་དུ་རྫོགས་པས། རིག་པ་ཀློང་དུ་གྱུར་པའི་རྒྱལ་བ་རྒྱ་མཚོའི་ཞིང་དང་མཁྱེན་པའི་སྤྱོད་ཡུལ་ཀྱང་རིག་པའི་ཆོ་འཕྲུལ་ལོ་ཞེས་བསྟན་པ་ནི། ཡེ་ནས་ལྷུན་གྲུབ་འཕོ་འགྱུར་མེད་པའི་ཞིང་། །ཆོས་དབྱིངས་ངང་ལས་ཆོས་ཉིད་གཟིགས་པ་ཡང་། །མཁྱེན་པ་མ་འགགས་དབྱིངས་ཀྱི་རྒྱན་དུ་ཤར། །བྱས་ཤིང་བསྒྲུབ་མེད་ཡེ་ནས་གནས་པ་ཉིད། །ཉི་མཁའ་བཞིན་ཏེ་ངོ་མཚར་རྨད་ཀྱི་ཆོས། །གང་གི་ཚེ་དག་པ་གཉིས་ལྡན་གྱི་བྱང་ཆུབ་བརྙེས་པ་དེའི་ཚེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་ཡེ་ཤེས་དང་སྣང་བ་ཐམས་ཅད་ཀྱང་། སངས་རྒྱས་ཉིད་ཀྱི་རིག་པ་ཀློང་དུ་ཕེབས་པའི་རང་སྣང་ཙམ་ལས་གཞན་དུ་གྲུབ་པ་མེད་དེ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་དེ་དག་རང་ལ་ཡོད་པ་དེའི་ཚེ་མངོན་དུ་གྱུར་པ་ལས་གཞན་མེད་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བ་མ་ཡིན་ནམ་ཞེ་ན། སྨྲས་པ། ཚོགས་གཉིས་ནི་ཡེ་ནས་སྣང་བ་དང་། སྟོང་པའི་ཡོན་ཏན་དུ་རྫོགས་ཟིན་པ་ལ་ལྷུན་གྲུབ་ཅེས་བརྗོད་དེ། གློ་བུར་དུ་བསགས་པ་དེ་ནི་དྲི་མ་སེལ་བྱེད་ཀྱི་རྐྱེན་གྱི་ཆ་ཙམ་ལ་རྒྱུ་ཚོགས་གཉིས་ཞེས་བཏགས་པ་ཙམ་སྟེ། ནོར་བུ་དྲི་མས་གོས་པ་ཁྲུས་རས་དང་འདག་ཆལ་གྱིས་ཕྱི་བ་ལ། ནོར་བུ་མཐོང་བའི་རྒྱུར་བརྗོད་པ་བཞིན་ནོ། །དེའི་ཕྱིར་སྐུ་གསུམ་རང་བྱུང་ཡེ་ཤེས་ཀྱི་སྣང་བར་འདུས་ལ། རང་བྱུང་གི་ཡེ་ཤེས་སྐུ་གསུམ་ལ་སོགས་པའི་
ཆོས་རྣམས་ཀྱི་འཆར་གཞིའམ་སྟོན་པར་གནས་པ་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཀུན་གྱི་སྟོན་པར་གཅིག །ང་ཡི་རང་བཞིན་རྣམ་གསུམ་སྣང་བ་ལས། །སྟོན་པའི་གྲངས་ནི་རྣམ་པ་གསུམ་དུ་བྱུང་། །ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་སུ་རང་སྣང་རང་ཤར་དུ་འདུས་པས། གང་ལྟར་སྣང་བ་དེ་ལྟར་གྲུབ་པ་མེད་པས་སྒྱུ་མའི་ལྟད་མོ་ལྟར་བསྟན་པ་ནི། ཡེ་ནས་ལྷུན་གྱིས་གྲུབ་པའི་དབྱིངས་རུམ་འདིར། །འཁོར་བ་ཀུན་བཟང་མྱ་ངན་འདས་པ་བཟང་། །ཀུན་བཟང་ཀློང་ན་འཁོར་འདས་ཡེ་ནས་མེད། །སྣང་བ་ཀུན་བཟང་སྟོང་པ་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་སྣང་སྟོང་ཡེ་ནས་མེད། །སྐྱེ་ཤི་ཀུན་བཟང་བདེ་སྡུག་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་སྐྱེ་ཤི་བདེ་སྡུག་མེད། །བདག་གཞན་ཀུན་བཟང་རྟག་ཆད་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་བདག་གཞན་རྟག་ཆད་མེད། །རིག་པ་བྱང་ཆུབ་ཀྱི་སེམས་ནམ་མཁའ་ལྟ་བུའི་ངོ་བོ་ལ་གང་དུའང་མ་གྲུབ་པས། འཁོར་འདས་དང་། སྣང་སྟོང་དང་། སྐྱེ་ཤི་དང་། བདེ་སྡུག་དང་། བདག་གཞན་གང་དུའང་སྣང་བ་དང་གྲུབ་པ་མེད་ལ། དེའི་ངང་ངམ་རྩལ་ལམ་རོལ་པ་ཙམ་དུ་དེ་དག་སྣང་བ་མ་འགགས་པར་རང་སྣང་བ་སྒྱུ་མ་དང་། རྨི་ལམ་དང་། ཆུ་ཟླ་དང་། མིག་ཡོར་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་ལྟ་བུར་སྣང་ལ་རང་བཞིན་མེད་པའི་ཕྱིར། འཁོར་འདས་ཀྱི་ཆོས་སོ་ཅོག་ཐམས་ཅད་སྣང་ས་ནས་ཡོད་མ་མྱོང་བ་གཞི་བྲལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་དགོངས་པ་ལས་མ་གཡོས་པ་སྟེ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ང་ལས་མ་བྱུང་གཅིག་ཀྱང་མེད། །ང་ནི་འབྱུང་བ་ཀུན་ཏུ་བཟང་། །ང་ཡིས་མི་སྟོན་གཅིག་ཀྱང་མེད། །ང་ནི་སྟོན་པ་ཀུན་ཏུ་བཟང་། །ང་ལས་རང་བཞིན་ཐ་དད་འབྱུང་། །ང་ནི་རང་བཞིན་ཀུན་ཏུ་བཟང་། །ང་ནི་ཐ་སྙད་ཆོས་དང་བྲལ། །ང་ནི་གཅིག་པ་ཀུན་ཏུ་བཟང་། །ང་ལ་འོད་ཆེན་རྣམ་ལྔ་རྫོགས། །ང་ནི་རྒྱན་ཆེན་ཀུན་ཏུ་བཟང་། །ང་ཡིས་དག་པའི་ཞིང་དུ་སྒྲོལ། །ང་ནི་
སྒྲོལ་བྱེད་ཀུན་ཏུ་བཟང་། །ང་ཡི་སེམས་ལ་ཅིར་སྣང་རྫོགས། །ང་ནི་རྟོགས་པ་ཀུན་ཏུ་བཟང་། །ཞེས་པ་དང་། ཀུན་ཏུ་བཟང་པོ་རྒྱ་ཆེན་ཀུན་ལ་རོལ། །ཀུན་བཟང་ཡབ་ཡུམ་གཉིས་མེད་གཅིག་གི་ཚུལ། །ཡབ་ཡུམ་གཉིས་མེད་འགྲོ་བ་ཡོངས་ལ་ཁྱབ། །འཛིན་མེད་བགྲོད་མེད་ཀུན་བཟང་བྱང་ཆུབ་སེམས། །ཀུན་བཟང་ཞལ་ནི་ཕྱོགས་བཅུ་ཀུན་ཏུ་གཟིགས། །ཀུན་གཟིགས་ཀུན་བཟང་སྐུ་ལ་མདུན་རྒྱབ་མེད། །ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ། །གང་དུ་མི་གནས་ཚིག་གིས་མཚོན་དུ་མེད། །དོན་དམ་ངང་ལས་ཀུན་བཟང་ཆོ་འཕྲུལ་འབྱུང་། །ཐམས་ཅད་ཡིད་བཞིན་འབྱུང་བའི་ཀུན་བཟང་གཏེར། །ཟད་མེད་ལོངས་སྤྱོད་ཀུན་ཏུ་བཟང་མོའི་ཀློང་། །དོན་དང་མཐུན་པའི་ཡེ་ཤེས་རྟགས་མཆོག་ལྡན། །མ་བྲིས་དཀྱིལ་འཁོར་འོད་གསལ་བདེ་བའི་ཀློང་། །ཀུན་བཟང་དཀྱིལ་འཁོར་འགྲོ་བ་ཡོངས་ལ་ཁྱབ། །ཅེས་པ་དང་། སེང་གེ་རྩལ་རྫོགས་ལས། ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡུལ་ལ་སྣང་། །རྣམ་དག་ཀུན་ཏུ་བཟང་པོ་ཡུལ་ལ་སྤྱོད། །ཡེ་ཤེས་ཀུན་ཏུ་བཟང་མོ་མཁའ་ལ་རོལ། །རིག་པ་ཀུན་ཏུ་བཟང་པོ་དབྱིངས་ལ་འཇུག །རྟག་ཆད་མེད་པའི་ཡབ་ཡུམ་རྣམ་པར་དག །རང་སྣང་ཀུན་ཏུ་བཟང་མོ་རྒྱ་མ་ཆད། །རྟོགས་པ་ཀུན་ཏུ་བཟང་པོས་གཅིག་ཏུ་བསྡུས། །འབྱུང་བ་ཀུན་ཏུ་བཟང་མོ་བདག་ཏུ་སྣང་། །ཤེས་རབ་ཀུན་ཏུ་བཟང་པོས་རང་སྣང་སྟོན། །མཁའ་དབྱིངས་ཀུན་ཏུ་བཟང་མོ་མི་གཡོ་ཞིང་། །མཉམ་ཉིད་ཀུན་ཏུ་བཟང་པོ་རྟོག་པ་མེད། །འདུས་པ་ཀུན་ཏུ་བཟང་མོ་གཅིག་ཏུ་འཁྱིལ། །རིག་པ་ཀུན་ཏུ་བཟང་པོ་དོན་ལ་འཇུག །ཤེས་རབ་ཀུན་ཏུ་བཟང་མོ་སྣ་ཚོགས་སྡུད། །ཐབས་མཆོག་ཀུན་ཏུ་བཟང་པོ་རིག་པར་སྣང་། །གསལ་འཚེར་ཀུན་ཏུ་བཟང་མོ་འཛིན་པ་མེད། །བཅོམ་ལྡན་ཀུན་ཏུ་བཟང་པོ་ཅིག་ཅར་འཆར། །འཛིན་མེད་ཀུན་ཏུ་བཟང་མོ་རང་སར་འདུག །ཐིག་ལེ་ཀུན་ཏུ་བཟང་པོ་ངོ་བོས་སྟོང་། །ཆོས་འབྱུང་ཀུན་ཏུ་བཟང་མོ་བྱེད་པ་མེད། །རྟོག་མེད་ཀུན་ཏུ་བཟང་མོ་གཡེང་བ་མེད། །ཀུན་རྫོབ་ཀུན་ཏུ་བཟང་པོ་ས་བོན་
དངོས། །དོན་དམ་ཀུན་ཏུ་བཟང་མོས་ཆོ་འཕྲུལ་སྟོན། །རྒྱན་མཛེས་ཀུན་ཏུ་བཟང་མོ་ཡུལ་ལ་སྣང་། །དབྱིངས་རིག་ཀུན་ཏུ་བཟང་པོ་ཆོས་སྐུ་དངོས། །རང་བཞིན་ཀུན་ཏུ་བཟང་མོ་འགག་པ་མེད། །ངོ་བོ་ཀུན་ཏུ་བཟང་པོ་འགྱུར་བ་མེད། །ཐུགས་རྗེ་ཀུན་ཏུ་བཟང་མོ་ཅིར་ཡང་སྣང་། །སྟོན་པ་ཀུན་ཏུ་བཟང་པོ་ཉོན་མོངས་འདུལ། །སྟོང་པ་ཀུན་ཏུ་བཟང་མོ་ཐ་སྙད་བྲལ། །གསལ་བ་ཀུན་ཏུ་བཟང་པོ་ངོས་གཟུང་བྲལ། །ཡབ་ཡུམ་གཉིས་ཀ་ཀུན་བཟང་རིག་པའི་ཀློང་། །ཞེས་གསུངས་སོ། །དེ་ལྟ་བུའི་ངང་ལས་འཁྲུལ་སྣང་རྨི་ལམ་དང་འདྲ་བའི་སྣང་བ་རང་སྣང་དུ་འགྲོ་བ་ཀུན་ལ་རང་ཤར་བར་བསྟན་པ་ནི། མེད་ལ་ཡོད་པར་འཛིན་པས་འཁྲུལ་པར་བཏགས། །རྟེན་མེད་རྨི་ལམ་འདྲ་བའི་རང་བཞིན་ལ། །འཁོར་འདས་རང་མཚན་ཞེན་པ་མཚར་རེ་ཆེ། །དེ་ཡང་སོ་སོ་རང་གི་རིག་པ་ལྷུན་གྲུབ་ཆོས་སྐུའི་ངོ་བོ་སྟོང་གསལ་ནམ་མཁའ་ལྟར་དངོས་པོ་དང་མཚན་མར་མེད་ཀྱང་། རང་ངོ་མ་ཤེས་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། དེ་མ་ཡིན་ལ་དེར་འཛིན་པ་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་དུས་མཚུངས་པས། གཟུང་འཛིན་འཁྲུལ་པའི་ཆར་སོང་ནས། འཁོར་བའི་འཁྲུལ་སྣང་སྣ་ཚོགས་སུ་ཤར་ཏེ། རྨི་ལམ་གྱི་ཡུལ་དང་སྣང་བ་ལ་བདག་ཏུ་འཛིན་པ་ལྟར། སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་པ་ལ་མངོན་པར་ཞེན་པ་འདི་དག །མེད་པ་གསལ་སྣང་གི་ཆོས་ལ་དོན་དུ་འཛིན་པའི་ཕྱིར། སྒྱུ་མའི་སྣང་བ་ལ་བདེན་པར་ཞེན་པ་ལྟ་བུ་སྟེ། མཚར་ཆེའོ་ཞེས་ཤེས་པར་བྱ་སྟེ། མུ་ཏིག་ཕྲེང་བ་ལས། འདི་ལྟར་སྣ་ཚོགས་སྣང་བ་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །ཞེས་པ་དང་། གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པ་དང་། སྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་
གསུངས། །ཞེས་སོ། །དེ་ལྟར་འཁྲུལ་སྣང་འཁོར་བར་སྣང་དུས་ནས། དོན་ལ་འཁྲུལ་པ་ཡོད་མ་མྱོང་བ་རྨི་ལམ་གྱི་རང་བཞིན་དུ་བསྟན་པ་ནི། ཐམས་ཅད་ཀུན་བཟང་ལྷུན་གྲུབ་ཆེན་པོ་ཡིན། །མ་འཁྲུལ་མི་འཁྲུལ་འཁྲུལ་པར་མི་འགྱུར་བས། །སྲིད་པ་མིང་ཙམ་ཡོད་མེད་མཐའ་ལས་འདས། །སུ་ཡང་གང་དུ་སྔར་ཡང་མ་འཁྲུལ་ལ། །ད་ལྟ་མི་འཁྲུལ་སླད་ཀྱིས་འཁྲུལ་མི་འགྱུར། །འདི་ནི་སྲིད་གསུམ་ཀ་དག་དགོངས་པའོ། །གང་གི་ཚེ་ཁ་ཅིག་གཉིད་དུ་སོང་བ་ལས་རྨི་ལམ་ན་འགྲོ་བ་དང་ཁམས་གསུམ་གྱི་སྣང་བ་དུས་གཅིག་ལ་ཤར་བ་ཞིག་རྨིས་ན། རང་དུས་དེ་ཉིད་ན་སྣང་སེམས་ཀྱིས་འཛིན་པ་སེམས་ལ་ཞེན་ཡང་། དོན་ལ་ཡོད་མ་མྱོང་སྟེ་རང་མལ་དུ་གཉིད་དུ་སོང་བ་ལས་མ་གཡོས་པའི་ཕྱིར་རོ། །དེ་བཞིན་དུ་འཁོར་བའི་འཁྲུལ་སྣང་ཅི་སྣང་ཅི་ཤར་ཅི་འཛིན་ཡང་རང་དུས་དེ་ཉིད་ནས། རིག་པའི་ངང་ལས་མ་གཡོས་པས། གང་དུའང་མ་གྲུབ་ཅིང་སྣང་བ་ཙམ་དེ་ཡང་། དང་པོ་ཡོད་མ་མྱོང་སྟེ་མེད་པ་གསལ་སྣང་ཡིན་པའི་ཕྱིར་དང་། མེད་པ་ལ་འཁྲུལ་མི་སྲིད་པས་དང་པོ་འཁྲུལ་མ་མྱོང་། དང་པོ་མ་འཁྲུལ་ན་ད་ལྟ་འཁྲུལ་པ་དང་། ཕྱིས་འཁྲུལ་པར་འགྱུར་མི་སྲིད་དེ། མོ་གཤམ་ལ་བུ་སྐྱེ་བས་སྟོང་པའི་ཕྱིར། མོ་གཤམ་གྱི་བུ་དང་པོ་སྐྱེ་མ་མྱོང་བས། ད་ལྟ་དར་ལ་བབ་པ་དང་གནས་པ་མི་སྲིད་ལ། མཐར་རྒས་པ་དང་འཆི་བ་གཏན་ནས་མི་སྲིད་པ་བཞིན་ནོ། །འདི་ལྟར་སྣོད་བཅུད་དུ་སྣང་ཙམ་འདི་ཡང་ཡོད་མི་སྲིད་དེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་དུས་འཇིགས་དངངས་སྐྱེད་པའི་ཐག་པ་དེ་ཡང་འཁྲུལ་ངོར་སྦྲུལ་དུ་བདེན་བདེན་ལྟར་མཐོང་བས་ཀུན་རྫོབ་བསླུ་བའི་རང་བཞིན་ཉིད། ཁ་ཅིག་གིས་ཐག་པར་བསྟན་དུས་སྦྲུལ་འཛིན་ལོག་ནས། ཐག་པར་བདེན་པས་འདྲ་བ་དེ་ཡང་། བརྟགས་ན་སྤུ་ཉག་མ་རེ་རེ་བ་དེ་ཡང་རྡུལ་ཕྲན་ཆ་མེད་པས་སྟོང་པ་ལྟར། འཁྲུལ་སྣང་ལས་འཁྲུལ་འཛིན་གྱི་བློ་སྐྱེ་བ་ལས། དམ་པ་རྣམས་ཀྱིས་སྟོང་པར་བསྟན་པས་རང་བཞིན་མེད་
པར་རྟོགས་དུས་སྦྲུལ་འཛིན་ལོག་པ་ལྟར་བདེན་འཛིན་ལོག་ལ། ཟློག་བྱེད་དང་བཟློག་བྱ་དང་ཆོས་ཞེས་བྱ་བ་ཡང་བརྟགས་ན་ཅི་ཡང་གྲུབ་པ་མེད་པ་ནི་ཐག་པ་ཉིད་ཀྱང་མེད་པ་ལྟ་བུ་སྟེ། ཆོས་ཐམས་ཅད་མཐར་ཟད་མིང་མེད་ཆེན་པོར་ལ་བཟླ་བ་ནི། སྲིད་གསུམ་ཀ་དག་གི་དགོངས་པ་སྟེ། མུ་ཏིག་ཕྲེང་བ་ལས། ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་ཉིད། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོ་ལ་བྱ་གནས་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་པ་དང་། རིན་པོ་ཆེ་སྤུངས་པ་ལས། འཁྲུལ་མ་མྱོང་བའི་མ་རིག་རྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང་། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སངས་པས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །ཅེས་སོ། །སྤྱིར་ཕྱི་ནང་གི་ཆོས་ལ་དབང་པོའི་རིམ་པས་འཛིན་སྟངས་དང་འཇལ་ལུགས་ཐ་དད་དེ། ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་སྣོད་བཅུད་ཀྱི་གཟུགས་ལྟ་བུ་ལ། རགས་པ་ཀུན་རྫོབ་ཆ་མེད་དོན་དམ་དུ་འཛིན་ལ། སེམས་ཙམ་དྲི་བཅས་རྣམ་བདེན་པས་རང་གི་ཤེས་པའི་རྣམ་པར་འདོད་ལ། དབུ་མ་རང་རྒྱུད་པས་ཀུན་རྫོབ་ཏུ་རྟེན་འབྲེལ་རྒྱུ་འབྲས་ཕྱི་རོལ་ན་སྣང་ཙམ་གཟུགས་བརྙན་དང་འདྲ་བར་འདོད་ལ། ཐལ་འགྱུར་བས། མེད་པ་གསལ་སྣང་ཆུ་ཟླ་དང་སྐྲ་ཤད་ལྟར་འདོད་ལ། རྫོགས་ཆེན་སེམས་ཕྱོགས་པས། རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་རོལ་པའི་རྩལ་ཤར་བ་ཙམ་དུ་འདོད་ལ། ཀློང་སྡེ་བས་རིག་པའི་ཀློང་ན་རང་སྣང་
བའི་རྒྱན་བཀོད་པ་ལས་རིག་པ་ཉིད་ཤར་བར་མི་འདོད་པས་རང་སྣང་ཙམ་དུ་འདོད་ལ། མན་ངག་གི་སྡེས་རང་བྱུང་གི་ཡེ་ཤེས་ལ་སྒྲིབ་བྱེད་ཀྱི་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལས་རང་ཤར་བས། ཕྱི་ནང་བར་གསུམ་གང་ནའང་མེད་པའི་རང་སྣང་བ་འདིར་ཡེ་ཤར་དུ་སྣང་བ་ཙམ་དུ་འདོད་པས། སྣང་སྲིད་རིག་པའི་ངང་ན་རང་གསལ་མེད་སྣང་སྒྱུ་མ་སྟེ། སྟོང་གཟུགས་ཤར་བ་ཙམ་དུ་འཇོག་པས། སྣང་བ་འདི་དག་སེམས་དང་དོན་གཞན་གང་དུའང་མ་གྲུབ་པ་རང་སྣང་འཁྲུལ་པ་ཙམ་དུ་འཇོག་པས། ཁམས་གསུམ་ཡོད་མ་མྱོང་གཟུགས་བརྙན་དང་འདྲ་བར་ཡེ་ནས་དག་པའི་རང་བཞིན། རང་སར་ཡེ་གྲོལ་དུ་གནས་པས། རང་བཞིན་རྟོགས་ནས་ངང་ལ་གོམས་དུས་ཡིན་ཐོག་ཏུ་གྲོལ་བས། འཁྲུལ་པ་གར་སོང་ཆ་མེད་དུ་སངས་ནས། རིག་པ་རང་བྱུང་གི་ཡེ་ཤེས་ཉག་གཅིག་རང་མལ་ཀ་དག་གི་ཆོས་སྐུར་བཞུགས་ཏེ། དབྱིངས་ལས་མ་གཡོས་པའི་ངང་ལས། གཟུགས་སྐུ་ལྷུན་གྲུབ་ཏུ་འཆར་བས་དོན་མཛད་པར་འདོད་པ་ཡིན་ནོ། །དེ་ལྟར་འཁྲུལ་པ་མིང་མེད་པས་དེ་ལ་ལྟོས་པའི་མ་འཁྲུལ་པ་ཙམ་དུའང་གྲུབ་པ་མེད་དོ་ཞེས་བསྟན་པ་ནི། འཁྲུལ་པ་མེད་པས་མ་འཁྲུལ་ཆོས་མེད་དེ། །ཡེ་ནས་ལྷུན་གྲུབ་རང་བྱུང་རིག་པ་ཆེ། །མ་གྲོལ་མི་གྲོལ་གྲོལ་བར་མི་འགྱུར་བས། །འདས་པ་མིང་ཙམ་སུ་ཡང་གྲོལ་མ་མྱོང་། །གྲོལ་བར་མི་འགྱུར་བཅིངས་པ་ཡེ་ནས་མེད། །མཁའ་བཞིན་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་བྲལ། །འདི་ནི་ཡོངས་གྲོལ་ཀ་དག་དགོངས་པའོ། །དེ་ལ་ལྟོས་གཞི་ལོག་པས་དེ་ལ་ལྟོས་པའི་ཆོས་ལོག་པ་དང་། ལྟོས་ཆོས་ཕན་ཚུན་པ་ལོག་པས་ཀྱང་དེ་ལ་ལྟོས་པའི་ཆོས་ལྡོག་པ་ལས། འདིར་མ་འཁྲུལ་པའི་ལྟོས་ཆོས་འཁྲུལ་པ་ལོག་པས། མ་འཁྲུལ་ཉིད་དུའང་གྲུབ་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་མིང་ཙམ་སྟེ། འཁོར་འདས་བཅིངས་གྲོལ་ལས་འདས་པར་བསྟན་པ་ནི། ཀུན་བྱེད་ལས། དོན་དམ་ཆོས་ཞེས་ལྷག་པའི་གནས་ཞེས་བཤད་པའང་མེད། །
འཁྲུལ་དང་བྱང་ཆུབ་ལམ་དེ་རྟོགས་པས་ཐོབ་པའང་མེད། །རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ། །ཞེས་པ་དང་། ཁྱུང་ཆེན་ལས། སངས་རྒྱས་མེད་ཅིང་སུ་ཡིས་བཅིངས་པའི་རྒྱ། །འཁྲུལ་དང་མ་རིག་སེམས་ཅན་སུ་ལ་སྲིད་མིང་མེད། །དེ་ཕྱིར་ཡེ་ནས་མ་བཀྲོལ་ཕྱིས་གྲོལ་མེད་སྣང་བའོ། །གཞི་མེད་ལམ་ཞེས་འབྲས་བུ་སུ་འདོད་པ། །འདོད་ཕྱིར་ཐར་པའི་གནས་ལ་འདི་ཡིས་སྒྲིབ། །སྟོང་མུ་གསལ་དང་ཡོད་དང་མེད་པ་ཉིད། །རྟག་ཆད་རྒྱུ་འབྲས་བཞི་སྟེ་བརྒྱད་རྣམས་ལ། །མཐའ་བྲལ་ནམ་མཁའི་དབྱིངས་དང་མཚུངས་པ་ཉིད། །ཅེས་པ་དང་། གསང་སྙིང་ལས། སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །བཅིངས་མེད་རྣམ་པར་བཀྲོལ་མེད་པ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་སོ། །ད་ནི་འཁོར་འདས་ཡོད་མ་མྱོང་བས་དབྱིངས་ལྷུན་མཉམ་ཡངས་པ་ཆེན་པོར་དོན་བསྡུ་བ་ནི། མདོར་ན་ལྷུན་གྲུབ་ཡངས་པའི་དབྱིངས་རུམ་ནས། །རོལ་པའི་རྩལ་གྱིི་འཁོར་འདས་ཅི་ཤར་ཡང་། །ཤར་ཙམ་ཉིད་ནས་འཁོར་འདས་ཡོད་མ་མྱོང་། །གཉིད་ཀྱི་རྩལ་ལས་རྨི་ལམ་ཅི་ཤར་ཡང་། །དོན་ལ་མེད་དེ་རང་རིག་བདེ་བའི་མལ། །ལྷུན་མཉམ་ཡངས་པ་ཆེན་པོར་ཕྱམ་གདལ་ལོ། །ལེའུ་འདིའི་གནས་ནི་དབྱིངས་དང་དེའི་ངང་ནས་ཤར་བའི་འཁོར་འདས་རྨི་ལམ་དང་འདྲ་བས་གཞི་མེད་མཉམ་པ་ཆེན་པོར་མཇལ་བ་ལས། དེ་དག་གི་དོན་གཅིག་ཏུ་བསྡུ་བ་སྟེ། རིག་པའི་ངང་ནས་འཁོར་འདས་སྣང་སྲིད་ལ་སོགས་པའི་ཆོས་ཅི་ཤར་ཡང་། ལྷུན་གྲུབ་ཀྱི་སྒོ་ལ་རོལ་པའི་འཆར་ཚུལ་མ་འགགས་པར་རང་ཤར་བ་ཙམ་ལས། དོན་ལ་གང་ཡང་གྲུབ་པ་མེད་པར་བསྟན་པ་ནི་རྨི་ལམ་བཟང་ངན་ཅི་ཤར་ཡང་རང་གི་རིག་པ་མལ་ན་ཉལ་བ་ལས་གུད་དུ་སོང་བ་མེད་པ་ལྟ་བུ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་རང་སྣང་བདེན་མེད་དུ་རང་ཤར་བ་ནི། ཁྱུང་ཆེན་ལས། ཡེ་ནས་ཕྱོགས་སུ་ལྷུང་བ་མེད་པའི་སེམས། །
འཁོར་དང་ངན་སོང་སུ་ལ་གྲུབ་སྣང་བ། །མི་བདེན་རྨི་ལམ་སྒྱུ་མ་དྲི་ཟའི་གྲོང་ཁྱེར་བཞིན། །རྫུན་སྣང་བདེན་པའི་ནུས་པ་འདི་ལ་མི་སྲིད་དོ། །ཞེས་པ་དང་། ཀུན་བྱེད་ལས། སངས་རྒྱས་མེད་པས་སེམས་ཅན་མིང་ཡང་མེད། །སྲིད་པ་མིང་ཙམ་བཏགས་པའི་ཆོས་ལས་འདས། །ཞེས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། འཁོར་འདས་དབྱིངས་ལས་མ་གཡོས་པའི་རང་བཞིན་བསྟན་པ་སྟེ། ལེའུ་དང་པོའི་འགྲེལ་པའོ།། །།
སྣང་སྲིད་ཞིང་ཁམས་སུ་ཤར་བ་སྟེ་ལེའུ་གཉིས་པའི་འགྲེལ་པ།
དེ་ལྟར་དབྱིངས་ཀྱི་རང་བཞིན་འཆར་གཞིར་གཏན་ལ་ཕབ་ནས། ད་ནི་དབྱིངས་དང་དབྱིངས་སྣང་ཞིང་ཁམས་སུ་ཡེ་ནས་རང་ཤར་བའི་དོན་རྒྱ་ཆེར་བསྟན་པ་ལས། ཐོག་མར་དལ་བ་ཆེན་པོའི་ཀློང་ནམ་མཁའ་ལྟ་བུར་བརྗོད་པ་ནི། དབྱིངས་ཀྱི་རང་བཞིན་གདོད་ནས་ལྷུན་གྲུབ་ལ། །ཕྱི་དང་ནང་མེད་ཀུན་ཏུ་ཁྱབ་པར་གདལ། །མཐའ་ཡི་མུ་མེད་སྟེང་འོག་ཕྱོགས་མཚམས་འདས། །ཡངས་དོག་གཉིས་མེད་རིག་པ་མཁའ་ལྟར་དག །དམིགས་བསམ་སྤྲོས་དང་བྲལ་བའི་ཀློང་ཉིད་དོ། །མཁའ་མཉམ་བྱང་ཆུབ་ཀྱི་སེམས་ཡེ་ནས་རྣམ་པར་དག་པའི་ངོ་བོ་ལ། ཕྱི་ནང་དང་། ཕྱོགས་ཆ་དང་། ཡངས་དོག་དང་། ངོ་བོ་དང་། ངོས་གཟུང་གི་ཆོས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་པས། ནམ་མཁའི་རང་བཞིན་དང་ཕྱོགས་ཙམ་འདྲ་བའི་དཔེ་དོན་སྦྱར་བ་ནི། ཀུན་བྱེད་ལས། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་མེད་གཅིག་ཅེས་བགྲང་དུ་མེད། །ཅེས་སོ། །དེ་ལྟར་རིག་པ་སྟོང་པའི་དབྱིངས་ནས། འཁོར་འདས་སྟོང་པའི་རང་གཟུགས་ཤར་བར་བསྟན་པ་ནི། སྐྱེ་མེད་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ་རྣམས། །ཅིར་ཡང་མ་ངེས་གར་ཡང་རྒྱ་ཆད་མེད། །འདི་ཞེས་མི་མཚོན་དངོས་པོའི་མཚན་མ་མེད། །ཕྱོགས་འབྱམས་ནམ་མཁའ་འདྲ་བའི་རང་བཞིན་ལ། །སྐྱེ་མེད་ལྷུན་གྲུབ་སྔ་ཕྱི་ཐོག་མཐའ་བྲལ། །རིག་
པ་གདོད་མ་ནས་སྐྱེ་བ་མེད་པའི་ངང་ལས། སྐྱེ་བ་ལ་སོགས་པ་ཅི་སྣང་ཡང་སྐྱེ་བ་མེད་པའི་རོལ་པ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་ལས་འདས་པ་ནི། སེང་གེ་རྩལ་རྫོགས་ལས། རྫོགས་ཆེན་ང་ཡི་བྱང་ཆུབ་སེམས། །རིག་པའི་ངོ་བོ་རྟོག་མེད་ལ། །ཅི་ཡང་མེད་པས་ཅི་ཡང་འབྱུང་། །ཞེས་པ་དང་། ཀུན་བྱེད་ལས། ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལ། །དམིགས་སུ་མེད་པས་མཚོན་ཏེ་བསྟན། །ཚིག་ཏུ་བརྗོད་དུ་མེད་པ་ལ། །བརྗོད་དུ་མེད་པའི་ཚིག་བརྗོད་དེ། །དམིགས་མེད་དོན་གྱི་ངོ་བོར་བསྟན། །ཞེས་སོ། །དེ་ལྟ་བུའི་ལྷུན་གྲུབ་འགྲོ་འོང་ལས་འདས་པའི་དགོངས་པར་བསྟན་པ་ནི། འཁོར་འདས་ཀུན་གྱི་ངོ་བོ་བྱང་ཆུབ་སེམས། །མ་བྱུང་མ་སྐྱེས་མ་ངེས་ལྷུན་གྲུབ་ནི། །གང་ནས་མ་འོངས་གར་ཡང་སོང་བ་མེད། །སྔ་ཕྱི་རིས་མེད་བྱང་ཆུབ་སེམས་ཀྱི་ཀློང་། །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ་པར་གདལ། །རིག་པའི་ངོ་བོ་ལྷུན་གྲུབ་བརྗོད་གཞི་ལས་འདས་པ་འཁོར་འདས་ཀྱི་དབྱིངས་སུ་བསྟན་པ་སྟེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་གཅིག །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཐམས་ཅད་འབྱུང་བའི་སྙིང་པོ་བྱང་ཆུབ་ལ། །གཅིག་ཏུ་མེད་ལ་བགྲངས་ན་བརྗོད་མི་ལང་། །སངས་རྒྱས་སྐུ་གསུང་སེམས་ཅན་ལུས་ངག་ཀྱང་། །བྱང་ཆུབ་སེམས་ཡིན་ཡེ་ནས་གཟུང་འཛིན་བྲལ། །ཞེས་སོ། །དེ་ཉིད་མཁའ་མཉམ་ཀློང་གཟེར་ཆེན་པོར་བསྟན་པ་ནི། ཐོག་མཐའ་དབུས་མེད་ཆོས་ཉིད་དེ་བཞིན་ཉིད། །ཕྱམ་གདལ་མཁའ་མཉམ་དག་པའི་རང་བཞིན་ལ། །ཐོག་མཐའ་མེད་དེ་སྔ་ཕྱི་ཡུལ་ལས་འདས། །སྐྱེ་འགག་མེད་དེ་དངོས་པོ་མཚན་མར་མེད། །འགྲོ་འོང་མེད་དེ་འདི་ཞེས་མཚོན་དང་བྲལ། །རྩོལ་ཞིང་བསྒྲུབ་མེད་བྱ་བའི་ཆོས་ཀྱིས་སྟོང་། །ཕྱོགས་ཆ་དབུས་མེད་དེ་བཞིན་ཉིད་ཀྱི་གཞི། །དམིགས་མེད་རྒྱུན་ཆད་
མེད་པས་མཉམ་པའི་ཀློང་། །འདི་ལྟར་རིག་པ་གང་དུའང་མ་གྲུབ་པས་འདི་དང་འདིའོ་ཞེས་མཚོན་དཔེ་དང་རང་བཞིན་ཐམས་ཅད་ལས་འདས་པའི་ཕྱིར། ཐོག་མཐའ་མེད་པ། སྐྱེ་འགག་མེད་པ། འགྲོ་འོང་མེད་པ། རྩོལ་སྒྲུབ་མེད་པ། མཐའ་དབུས་མེད་པ་ལ་སོགས་པའི་སྒྲས་བརྗོད་དེ། ཀློང་དྲུག་པ་ལས། མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །སྔགས་ལས་མ་སྐྱེས་ཡེ་རྫོགས་ཉིད། །རྒྱུ་དང་རྐྱེན་རྣམས་ཡོངས་སུ་བྲལ། །ལྟ་སྒོམ་དྲི་མ་ཀུན་དང་བྲལ། །མཐའ་མེད་དབུས་སུ་དམིགས་པ་མེད། །རྣམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམ་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཡང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་ཡུལ་མེད། །ཚོགས་མེད་བསགས་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཐབས་མེད་ཉན་པའི་འཁོར་ཡང་མེད། །ཡུལ་མེད་དུས་གསུམ་ཉིད་ཀྱང་མེད། །དུས་གསུམ་འཚོགས་པའང་ཡོད་པ་མིན། །ཅེས་སོ། །དེ་ལྟ་བུའི་རང་བཞིན་དབྱིངས་དག་མཉམ་ཆེན་པོའི་དགོངས་པ་ཉིད་དོ་ཞེས་བསྟན་པ་ནི། ཐམས་ཅད་ཆོས་ཉིད་མཉམ་པའི་རང་བཞིན་པས། །མཉམ་པའི་ཀློང་ན་མི་གནས་གཅིག་ཀྱང་མེད། །གཅིག་མཉམ་ཀུན་མཉམ་བྱང་ཆུབ་སེམས་ཀྱི་ངང་། །མ་སྐྱེས་མཁའ་མཉམ་ཡངས་པར་ཕྱམ་གདལ་བས། །མཉམ་ཉིད་ངང་ལས་རྒྱུན་ཆད་མེད་པའི་ཕྱིར། །རིག་པ་བྱང་ཆུབ་སེམས་ཀྱི་ངང་ན་ཐམས་ཅད་མ་སྐྱེས་པ་དང་། མི་འགག་པ་དང་། མི་གནས་པར་མཉམ་པས། འགྲོ་འོང་མེད་པའི་དགོངས་པ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་དེ། ཀུན་བྱེད་ལས། མི་རྟོག་མཉམ་ཉིད་དེ་བཞིན་ཉིད་འདི་ལ། །
ཉིད་ལ་ཉིད་ཀྱིས་བསྟན་པ་རྡུལ་ཙམ་མེད། །ཅེས་པ་དང་། ཀློང་དྲུག་པ་ལས། ང་ནི་མ་ཕྱེ་མི་འབྱེད་སྣང་། །ང་ལས་འདས་པ་ང་ཡི་ཡུལ། །མཛད་དང་སྤྱོད་པར་མ་ཕྱེ་བས། །དུས་གསུམ་མཉམ་པ་ཉིད་དུ་སྟེ། །ང་ཡི་ཡུལ་མེད་གཞི་བསམ་བྲལ། །ཞེས་སོ། །ཚུལ་དེ་ཉིད་མཉམ་པ་ཆེན་པོའི་ལྷུན་གྲུབ་རྡོ་རྗེ་དབྱིངས་ཀྱི་ཞིང་ཁམས་སུ་ཆོས་ཉིད་འཕོ་འགྱུར་མེད་པར་ངང་གཅིག་པས། ཡེ་ནས་རིག་པ་རྡོ་རྗེ་སྙིང་པོའི་རྫོང་བཅས་པར་བསྟན་པ་ནི། ལྷུན་གྲུབ་ཕྱོགས་མེད་ཀུན་ཁྱབ་གདལ་བའི་རྫོང་། །སྟེང་འོག་བར་མེད་ཡེ་ཀློང་ཡངས་པའི་རྫོང་། །ཕྱོགས་མེད་ཀུན་ཤོང་སྐྱེ་མེད་ཆོས་སྐུའི་རྫོང་། །མི་འགྱུར་ལྷུན་གྲུབ་རིན་ཆེན་གསང་བའི་རྫོང་། །སྣང་སྲིད་འཁོར་འདས་ཡེ་རྫོང་ཕྱམ་གཅིག་རྫོགས། །ཐམས་ཅད་རིག་པ་རྣམ་དག་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་གནས་པས། གཞན་དུ་གྱུར་པའི་ཆོས་རྡུལ་ཙམ་ཡང་མེད་དེ། འཁྲུལ་པ་དང་བདེ་སྡུག་གི་རང་བཞིན་ཀུན་ནས་ཉོན་མོངས་པ་དང་། ལས་དང་རྣམ་པར་སྨིན་པའི་དགྲ་ལས་འདས་ཏེ། བདུད་དང་གོལ་སའི་ཡུལ་མེད་པས། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཚུལ་མཉམ་པ་ཆེན་པོ་རྡོ་རྗེ་དབྱིངས་སུ་རྫོང་བཅས་པ་ནི། རྩལ་རྫོགས་ལས། ཡངས་པ་ཆེན་པོའི་བྱང་ཆུབ་སེམས། །མི་འགྱུར་བསམ་དང་བརྗོད་མེད་པས། །རྫོང་དུ་རྡོ་རྗེའི་མཁར་བརྩིགས་ཏེ། །ཅིས་ཀྱང་མི་ཤིགས་སྐྱོན་དང་བྲལ། །ཞེས་པ་དང་། རང་རིག་རྡོ་རྗེ་ཀུན་ཏུ་འབར། །མཚན་མེད་རྡོ་རྗེ་རང་སྣང་འབར། །འབར་བ་འཇིགས་བྲལ་རྡོ་རྗེ་སྟོང་པ་ཆེ། །ཕྲ་རགས་དྲི་མེད་རྡོ་རྗེ་རབ་ཏུ་འབར། །སྟོང་པ་ཀུན་ཁྱབ་རྡོ་རྗེ་ཅོད་པན་ཆེ། །མཐའ་ཡས་རྡོ་རྗེ་མ་བསྐུར་རང་བཞིན་རྫོགས། །ཞེས་པ་དང་། ཀུན་བྱེད་ལས། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཅེས་སོ། །དེ་ལྟ་བུའི་རིག་པ་ཉིད་རྒྱལ་པོ་ཕུན་སུམ་ཚོགས་པའི་ཡུལ་ཁམས་
དང་ཆོས་མཐུན་པར་སྦྱར་བ་ལས། ཆོས་ཉིད་དབྱིངས་ཀྱི་ས་གཞི་ལ་རང་བྱུང་སྙིང་པོའི་ཕོ་བྲང་བཀོད་པ་ནི། ཕྱོགས་མེད་ཀུན་ཁྱབ་གདལ་བའི་ས་གཞི་ལ། །འཁོར་འདས་རིས་མེད་བྱང་ཆུབ་སེམས་ཀྱི་མཁར། །ཆོས་ཉིད་ཀློང་ཡངས་རྩེ་མོ་ལྷུན་མཐོ་ཞིང་། །མ་བྱས་རང་བཞིན་ཕྱོགས་བཞི་ཡངས་པའི་དཀྱིལ། །རིམ་རྩོལ་བྲལ་བའི་འཇུག་སྒོ་ཤིན་ཏུ་ཡངས། །དབྱིངས་རང་བཞིན་གྱིས་དག་པའི་ངོ་བོ་ལ་གྲུབ་བསལ་དང་བཅོས་བསླད་མེད་ཅིང་ཐམས་ཅད་བརྟེན་པའི་ཕྱིར་ས་གཞི་དང་ཆོས་མཐུན་ལ། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་རྒྱ་ཆད་ཕྱོགས་ལྷུང་མེད་པས་རང་བྱུང་མུ་མཐའ་དང་བྲལ་བའི་ཕོ་བྲང་དང་མཚུངས་ཏེ། ཆོས་ཉིད་དཀྱིལ་ཡངས་ལ་ཚད་དང་ངོས་གཟུང་མེད་པས་ལྷུན་མཐོ་བ་ཙམ་དུ་བརྗོད་ཅིང་། ཡེ་ནས་བྱ་རྩོལ་དང་རྟག་ཆད་ལ་སོགས་པ་མུ་བཞི་ལས་འདས་པ་ནི་ཕྱོགས་བཞི་ཡངས་པའི་ངོས་དང་ཆ་སྦྱར་བ་དེའི་རང་བཞིན་དུ། བློ་ཡང་རབ་རྣམས་འཇུག་པའི་སྒོ་ནི་རིམ་རྩོལ་རྒྱུ་འབྲས་ལས་འདས་པའི་སྒོ་འཕར་ཡེ་ནས་རང་བཙུགས་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕོ་བྲང་ཞེས་བྱའོ། །དེ་དག་གི་རང་བཞིན་ནི་ཀློང་དྲུག་པ་ལས། ཡེ་ཤེས་མ་བཅོས་རྣམ་དག་པ། །ཁ་དོག་མ་བཅོས་མ་འདྲེས་གསལ། །གཉིས་མེད་མ་བཅོས་སྟོང་པའི་ངང་། །རང་བྱུང་མ་བཅོས་རིག་པའི་ཀློང་། །ཞེས་པ་དང་། ཀུན་བྱེད་ལས། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ཅེས་སོ། །ཕོ་བྲང་དེའི་རྒྱན་དང་བཀོད་པ་ནི། ལྷུན་གྲུབ་འབྱོར་པའི་བཀོད་པས་བརྒྱན་པ་དེར། །རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན། །བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང་། །རང་གནས་བསམ་གཏན་བཙུན་མོ་དམ་པ་དང་། །དགོངས་པ་རང་ཤར་སྲས་དང་བྲན་གཡོག་བཅས། །བདེ་ཆེན་ཀློང་འཁྱིལ་རང་གསལ་རྟོག་པ་མེད། །དེ་ལ་རང་བྱུང་ལྷུན་གྲུབ་ཀྱི་རིག་པ་ནི་ཕོ་བྲང་གི་བཀོད་པ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་
ཆོས་ཐམས་ཅད་རྫོགས་པ་སྟེ། ཡི་གེ་མེད་པ་ལས། ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ཞེས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་སྙིང་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ་རྒྱལ་པོ་ཁྲི་ལས་མི་གཡོ་བ་ལྟ་བུའོ། །དེའི་ངོ་བོ་ལ་རང་གནས་རང་བཞིན་གྱི་བསམ་གཏན་ནི་རིག་པ་དང་བྲལ་མ་མྱོང་བས་བཙུན་མོ་ལྟ་བུའོ། །དེའི་དོན་རྟོགས་ནས་དགོངས་པའི་དྲོད་རང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འཕྲོ་བའི་ཤེས་པ་ནི་བློན་པོ་ཡུལ་འཁོར་ལ་དབང་བསྒྱུར་ནས་འདོད་པ་བསྒྲུབས་པ་ལྟ་བུའོ། །འདིའི་ཁྱད་པར་མ་ཕྱེད་ན་སྨྱོན་པ་རྡོལ་ཐབས་སུ་སྨྲ་བ་དང་ཁྱད་མེད་པའི་ཕྱིར། རང་བྱུང་གི་ཡེ་ཤེས་དུས་ཐམས་ཅད་པ་ན་རང་གནས་ལྷུན་གྲུབ་ཀྱི་ངོ་བོ་ཡུལ་ལ་མི་ལྟོས་པ་དང་། རིག་བྱེད་རྩལ་གྱི་ཡེ་ཤེས་ཡུལ་ཐོག་ཏུ་འཆར་བ་ཡུལ་ལ་ལྟོས་པ་ཅན་ཏེ། གློད་མ་ཤེས་ན་རྐྱེན་རྟོག་པ་རང་ག་མ་གཉིས་ཁྱད་པར་ཤིན་ཏུ་ཆེ་བས་ན། ནང་རང་བྱུང་ལ་ངོས་ཟིན་ནས་རྩལ་གཞི་ཐོག་ཏུ་གྲོལ་བར་འགྱུར་ཏེ། ཀ་དག་ཆོས་ཟད་ཀྱི་ངང་དུ་ལ་བཟླ་ལ། མ་ཟིན་ན་རང་བྱུང་གི་ཆ་དེ་ལུང་མ་བསྟན་ལས། རྩལ་རྟོག་པ་ཡུལ་ལ་འཇུག་པའི་ཕྱིར། དགོངས་པ་བར་མཚམས་མེད་པ་རང་བཞིན་གྱི་བསམ་གཏན་དང་བཅས་པ་རང་ངོ་ཤེས་པ་གཅེས་སོ། །འདིའི་ངོ་བོ་དང་ཁྱད་པར་ནི་ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བའི་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱེད། །དེས་ན་རང་བྱུང་ཡེ་ཤེས་དེས། །ཡེ་ནས་ཤེས་པའི་ཡེ་ཤེས་ཏེ། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པའི་ཡེ་ཤེས་དེས། །གང་དུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་
ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་སོག་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཞེས་སོ། །རང་བྱུང་གི་ཡེ་ཤེས་ཡུལ་ལ་མི་རྟོག་པ་དེ་ལ་རང་གནས་ཀྱི་བསམ་གཏན་མ་བྱས་ལྷུན་གྲུབ་ཏུ་ཡོད་པ་ཉིད་རྣལ་འབྱོར་པའི་བསམ་གཏན་ཡིན་ལ། ཡུལ་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཞི་ལྷག་འཇིག་རྟེན་བྱིས་པའི་བསམ་གཏན་ཡིན་པས། བག་ཆགས་སོག་མི་སོག་གི་ཁྱད་ཡོད་དོ། །རིག་པ་རང་གནས་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཆོས་ཉིད་ཀྱི་དགོངས་པ་ཞེས་བྱའོ། །ཡུལ་ལ་འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཞེས་བྱ་བས། འཛིན་པ་དང་གཟུང་བའི་རྣམ་ལྡན་དུ་སྐྱེ་བའོ། །དེ་ཡང་ངོས་ཟིན་ནས་ངང་ལ་གློད་ཤེས་དུས་རང་བྱུང་གི་རྩལ་གཞི་ལ་ཐིམ་པས། དགོངས་པ་ཆོས་ཉིད་དུ་འཆར་བའོ། །དོན་འདི་གཉིས་ཤིན་ཏུ་ཁྱད་ཆེ་བས་ཡང་བཤད་པ་ནི། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། །ཡེ་ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་ཟག་གང་། །སུ་ཡང་རུང་བ་དེ་ཡིས་ནི། །རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །དེ་ལྟར་དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རིག་པའི་གཏན་ཡུལ་ངེས་པ་ནི། མི་གཡོ་བསམ་བརྗོད་འདས་པའི་ངང་ཉིད་
ལས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་བསྒྱུར། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ། །ཞེས་བྱ་བ་ནི་དོན་བསྡུ་བ་སྟེ། རང་བྱུང་གི་ཡེ་ཤེས་རང་གནས་ཀྱི་ངང་དང་། ངང་ལས་ཤར་བའི་དབང་པོ་ལྔའི་ཤེས་པ་རང་སངས་རང་གྲོལ་ལ་སོང་བ་ཡང་ཆོས་ཉིད་ལས་མ་གཡོས་པས། སྣང་སྲིད་ཆོས་སྐུའི་ཞིང་ཁམས་སུ་ཤར་བ་སྟེ། འདས་རྗེས་ལས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་པ་དང་། ཀུན་བྱེད་ལས། མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱུང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ། །རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ། །ཞེས་སོ། །སྤྱིར་རིག་པའི་རང་ངོ་གང་དུའང་མ་གྲུབ་པ། གང་དུའང་མི་རྟོག་པ། གང་ལའང་མི་གནས་པ་སྟེ། འདི་ལ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་པའི་བདེན་པ་དང་། རང་བྱུང་གི་ཡེ་ཤེས་དང་། ཆོས་ཀྱི་སྐུ་ལ་སོགས་པར་མིང་མང་པོ་བཏགས་ཏེ། གསལ་བ་དང་། སྟོང་པ་ལ་སོགས་པའི་ཆའི་ལྡོག་པ་ཕྱོགས་རེ་ལ་ཕྱེ་བར་ཟད་དོ། །དོན་ལ་རིག་པ་གྲུབ་བསལ་མེད་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་བཏགས། །ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས། །
ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། །ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་བཏགས། །ལ་ལས་རྣམ་པ་ཐམས་ཅད་མིང་ཡང་བཏགས། །ལ་ལས་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔ་རུ་མིང་ཡང་བཏགས། །ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚོད་སྨྲས་པ་ཡིན། །ཞེས་སོ། །དེ་ལྟ་བུའི་དོན་དེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་བདེ་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ་ནི། ཡུལ་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན། །ཇི་བཞིན་དབྱེ་བསལ་མེད་པའི་ཀློང་དུ་འཁྱིལ། །རིག་པ་དྲི་མ་མེད་པའི་ངོ་བོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཡེ་ནས་གནས་པ་སྟེ། བྱ་རྩོལ་བསམ་ཡུལ་ལས་འདས་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཆོས་སྐུར་རང་ཤར་བས། །བརྒྱུད་པའི་རྩ་བ་རྩད་ནས་བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོད་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་ཡེ་རྫོགས་པས། །ཞེན་པའི་མཐའ་ནི་སྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །ཡེ་ནས་སྨྲ་བསམ་ཡུལ་ལས་འདས། །བསམ་པའི་འཕྲོ་འདུ་ཡེ་སྟོང་པས། །ཡེ་ནས་བསམ་གཏན་ཆེན་པོར་གནས། །དྲི་མ་རྣམས་ནི་རང་དག་པས། །དྲི་མེད་ཟང་ཐལ་ཆེན་པོར་གནས། །བྱས་པ་བྱུང་བ་མེད་པའི་ཕྱིར། །ཐོག་མ་ཉིད་ནས་བྱ་བྱེད་བྲལ། །གཞི་ནས་གཞན་བྱུང་ཆོས་མེད་པས། །གདོད་ནས་རང་བྱུང་ཉག་གཅིག་གོ །གཅིག་དང་གཉིས་ཀྱི་གྲངས་ཟད་པས། །ཐིག་ལེ་ཟླ་དང་བྲལ་བ་ཉིད། །མུན་པ་གདོད་ནས་རྣམ་དག་པས། །རིག་པའི་སྣང་བ་འོད་གསལ་ཁྱབ། །འཁོར་བ་འགྱུར་མེད་འགགས་ཟིན་པས། །ཡེ་ནས་ལྷུན་རྫོགས་སངས་རྒྱས་པ། །མཚན་མའི་དངོས་པོ་སྟོང་སངས་པས། །བདག་འཛིན་བློ་ནི་
ཡེ་ནས་ཟད། །ཅེས་སོ། །དེ་ལྟར་རིག་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་སུ་ཆོས་ཐམས་ཅད་རོ་གཅིག་པར་བསྟན་པ་ནི། འགྲོ་དྲུག་གནས་དང་སངས་རྒྱས་ཞིང་ཁམས་ཀྱང་། །གཞན་ན་མེད་དེ་ཆོས་ཉིད་ནམ་མཁའི་ངང་། །རང་གསལ་བྱང་ཆུབ་སེམས་སུ་རོ་གཅིག་པས། །རིག་པའི་ངང་དུ་འཁོར་འདས་འུབ་ཆུབ་བོ། །རྨི་ལམ་གཉིད་དུ་ངང་གཅིག་པ་ལྟར་ཆོས་སོ་ཅོག་རིག་པའི་ངང་དུ་རོ་གཅིག་པས། རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པ་ནི། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །སྒྲ་ཚིག་ཇི་ལྟར་གྲགས་པ་ཐམས་ཅད་ཀུན། །ང་ཡི་དོན་ཉིད་ཚིག་སྒྲར་ཕྱུང་བ་ཡིན། །སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལུས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་སོ། །དེ་ལྟ་བུའི་ངང་དུ་ཆོས་ཐམས་ཅད་རྫོགས་པའི་ཕྱིར། མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱང་མ་བཙལ་ལྷུན་གྲུབ་ཆེན་པོར་གནས་ཏེ། ཐམས་ཅད་ཀུན་འབྱུང་ཆོས་དབྱིངས་མཛོད་འདི་ན། །འདས་པ་མ་བཙལ་ཡེ་ནས་ལྷུན་གྲུབ་པས། །ཆོས་སྐུ་མི་འགྱུར་ཡུལ་མེད་ཀུན་འབྱམས་ལ། །ཕྱི་ནང་སྣོད་བཅུད་སྣང་བ་ལོངས་སྤྱོད་རྫོགས། །གཟུགས་བརྙན་ལྟ་བུར་རང་ཤར་སྤྲུལ་པའི་སྐུ། །སྐུ་གསུམ་རྒྱན་དུ་མ་རྫོགས་ཆོས་མེད་པས། །ཐམས་ཅད་སྐུ་གསུང་ཐུགས་ཀྱི་རོལ་པར་ཤར། །བདེ་གཤེགས་ཞིང་ཁམས་མ་ལུས་གྲངས་མེད་ཀྱང་། །ཉིད་ལས་བྱུང་བས་སེམས་ཉིད་སྐུ་གསུམ་ཀློང་། །འདི་ལྟར་ཆོས་ཐམས་ཅད་ནི་ཡེ་ནས་སྟོང་པ་ཆེན་པོའི་ཆོས་ཀྱི་སྐུ་དང་། རང་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྣ་ཚོགས་སུ་མ་འགགས་པར་ཤར་བ་སྤྲུལ་པའི་སྐུ་དང་། དག་པའི་ཞིང་ནས་སེམས་ཅན་གྱི་དེད་དཔོན་དམ་པར་བྱོན་པ་རྣམས་ཀྱང་སྐུ་གསུམ་གྱི་རང་བཞིན་ཏེ།
རིག་པ་བྱང་ཆུབ་ཀྱི་སེམས་སུ་རང་རྫོགས་པའི་ཕྱིར་ན། མ་བཙལ་ལྷུན་གྱིས་གྲུབ་པའི་ངོ་བོར་གནས་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ཡི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་ཕྱུང་སྤྲུལ་སྐུ་སྟེ། །བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མིན། །སྐུ་གསུམ་ཀུན་བྱེད་ང་རུ་བསྡུས་པ་དེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་བཞིན་ངོ་བོ་ཐུགས་རྗེ་མ་བཅོས་གསུམ། །སྐུ་གསུམ་ང་ཡི་དེ་བཞིན་ཉིད་དུ་བསྟན། །ང་དང་ང་ཡི་དེ་བཞིན་ཉིད་ལས་ནི། །སངས་རྒྱས་ཞེས་བྱའི་ཡོན་ཏན་སྒྲོས་ཀྱང་མེད། །སེམས་ཅན་ཞེས་བྱའི་སྐྱོན་གྱིས་སྐུར་བ་མེད། །མི་རྟོག་མཉམ་པ་ཉིད་དུ་དེ་བཞིན་གནས། །འདི་ལས་མ་གཏོགས་པ་ནི་གཞན་མེད་པས། །སངས་རྒྱས་རྣམས་ཀྱིས་འདི་ལས་ལྷག་པ་ཡི། །ཀུན་བྱེད་ང་ལ་དེས་ལུང་མནོས་པ་མེད། །ཅེས་སོ། །དེ་ལྟར་བྱང་ཆུབ་སེམས་ཀྱི་དབྱིངས་ན་འགྲོ་དྲུག་ཞིང་སྣང་དུ་ཤར་བ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཏུ་ཟླུམ་པ་ནི། འཁོར་བའི་རང་བཞིན་འགྲོ་དྲུག་གྲོང་ཁྱེར་ཀྱང་། །ཆོས་དབྱིངས་ངང་ནས་གཟུགས་བརྙན་ཤར་བ་ཙམ། །སྐྱེ་ཤི་བདེ་སྡུག་སྣ་ཚོགས་སྣང་བ་ཡང་། །སེམས་ཉིད་ཀློང་འདིར་སྤྲུལ་པའི་ལྟད་མོ་བཞིན། །མེད་ལ་ཡོད་ལ་སྣང་ལ་གཞི་མེད་པས། །མཁའ་ལ་སྤྲིན་བཞིན་གློ་བུར་རྐྱེན་འབྱུང་ཙམ། །ཡོད་མིན་མེད་མིན་རང་བཞིན་མཐའ་འདས་པས། །སྤྲོས་བྲལ་ཐིག་ལེའི་ངང་དུ་འུབ་ཆུབ་བོ། །སྣང་ཞིང་སྲིད་པའི་ཆོས་དང་། ཁྱད་པར་དུ་འཁྲུལ་སྣང་འགྲོ་བ་རིགས་དྲུག་གི་རང་བཞིན་འདི་དག་རང་བཞིན་མེད་པའི་སྟོང་གཟུགས་རྨི་ལམ་གྱི་དུས་ན་སྒྱུ་མའི་ལྟད་མོ་མཐོང་བ་ལྟར་མ་རྟོགས་པའི་སྐྱེ་བོ་ལ་ཉིང་འཁྲུལ་དུ་སྣང་བ། རྣལ་འབྱོར་པ་ལ་སྒྱུ་མ་ཙམ་དུ་ཤར་བ་སྟེ། མེད་པ་གསལ་སྣང་གློ་བུར་བའི་རང་བཞིན་
འདི་མ་རྟོགས་པའི་རྐྱེན་ཅུང་ཟད་ཀྱིས་ཤར་ཡང་། ངོ་བོ་དང་རང་བཞིན་མེད་པ། མིག་སྔགས་ལས་མིག་འཕྲུལ་དུ་སྣང་བའི་གཟུགས་བརྙན་ལྟ་བུ་སྟེ། མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད། བརྟགས་ན་ངོ་བོ་ཉིད་ཀྱིས་དབེན་པ་ནི། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །སྒྱུ་མའི་ཆུ་སྟེ་གཟུགས་ལས་བྱུང་བ་ཡི། །སྙིང་པོ་བརྒྱ་དང་བརྟག་དཔྱད་ཡིད་ཟད་དོ། །ཞེས་པ་དང་། ཀུན་བྱེད་ལས། འགྲོ་བ་དྲུག་ཅེས་མིང་ཙམ་བཏགས་པས་སྟོང་། །ཞེས་སོ། །སེམས་ཅན་དུ་འཇོག་པའང་ལས་དང་ཉོན་མོངས་པ་ཡིན་ཏེ། དེ་ཡང་དཔྱད་ན་གཞི་མེད་པས་གཅིག་དང་དུ་མའི་མཐའ་དང་བྲལ་ཞིང་། ངོ་བོ་ཉིད་ཀྱིས་དབེན་པ་སྟེ། ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་ལ་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང་། །དེ་བཞིན་ནམ་མཁར་ཐིམ་ཤེས་ན། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཞེས་པ་དང་། རྣམ་འགྲེལ་ལས་ཀྱང་། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་བཤད་པ་ལྟ་བུའོ། །ད་ནི་དེ་དག་གི་དོན་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་དབྱིངས་སུ་བསྡུ་བ་ནི། སེམས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །མཁའ་ལྟར་དག་པས་སྐྱེ་ཤི་བདེ་སྡུག་མེད། །དངོས་པོ་རིས་མེད་འཁོར་འདས་ཆོས་ལས་གྲོལ། །འདི་ཞེས་མི་མཚོན་མཁའ་ཀློང་རབ་ཡངས་པས། །མི་འགྱུར་
མི་འཕོ་ལྷུན་གྲུབ་འདུས་མ་བྱས། །འོད་གསལ་རྡོ་རྗེ་སྙིང་པོར་སངས་རྒྱས་པས། །ཐམས་ཅད་ཀུན་ཀྱང་རང་བྱུང་བདེ་བའི་ཞིང་། །ལྷུན་མཉམ་བྱང་ཆུབ་མཆོག་གི་ངང་ཉིད་དོ། །རིག་པའི་ངོ་བོ་ནམ་མཁའ་ལྟ་བུའི་རང་བཞིན་འཕོ་འགྱུར་མེད་པ་ནི་ཇི་བཞིན་པའི་ངོ་བོ་སྟེ། དེའི་ངང་དུ་འཁོར་འདས་ཡེ་ནས་གྲོལ་ཟིན་པས། རྡོ་རྗེ་སྙིང་པོར་སངས་རྒྱས་ཏེ། ལྷུན་མཉམ་བྱང་ཆུབ་མཆོག་གི་རང་བཞིན་དུ་བསྟན་པ་ནི། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པར་ལྷུན་གྱིས་གྲུབ། །ཅེས་པ་དང་། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་གྲུབ་ཟིན་པས་ད་སྒྲུབ་མ་བྱེད་པར། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག །ཅེས་སོ། །རྒྱུད་འདིར་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྤྲོས་པའི་མཐའ་དང་བྲལ་བ་ལ་བྱང་ཆུབ་ཀྱི་སེམས་ཟེར་ལ། ཚིགས་སུ་བཅད་པ་བསྡེབས་པའི་ངོར་སེམས་ཞེས་ཀྱང་བཤད་དེ། སེམས་ལས་མ་གཏོགས་པ་ཡི་སངས་རྒྱས་ནི། །ཀུན་བྱེད་ང་ཡིས་བསྟན་པར་གྱུར་པ་མེད། །ཅེས་པ་བཞིན་ནོ། །ཡུལ་ལ་འཕྲོ་བའི་སེམས་ནི་རིག་བྱེད་རྩལ་ལམ་རོལ་པའི་སེམས་ཞེས་བྱའི། བྱང་ཆུབ་ཀྱི་སེམས་དངོས་མ་ཡིན་པས། འདི་གཉིས་ཀྱི་བྱེ་བྲག་ཤེས་པ་གལ་ཆེའོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། སྣང་སྲིད་ཞིང་ཁམས་སུ་ཤར་བ་སྟེ། ལེའུ་གཉིས་པའི་འགྲེལ་པའོ།། །།
བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ་ལེའུ་གསུམ་པའི་འགྲེལ་པ།
དེ་ལྟར་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་ནས། ད་ནི་དེའི་ངང་དུ་ཆོས་ཐམས་ཅད་རྫོགས་པ་ཆེན་པོར་འདུས་པའི་རང་བཞིན་བཤད་པ་ནི། ཐམས་ཅད་ཀུན་འདུས་བྱང་ཆུབ་སེམས་སུ་འདུས། །བྱང་ཆུབ་སེམས་ལས་མ་གཏོགས་
ཆོས་མེད་པས། །ཆོས་ཀུན་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་ལས་བྱུང་ཞིང་ངང་དུ་ཤར་བས། ནམ་མཁའི་ངང་དུ་སྣོད་བཅུད་ཀུན་འདུས་པ་ལྟ་བུ་དང་། བུ་རམ་གཅིག་གི་རོར་བུ་རམ་ཀུན་གྱི་རོ་འདུས་པ་ལྟར་འཁོར་འདས་ཀྱི་ངོ་བོ་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་འདུས་ལུགས་བསྟན་ཏེ། ཀུན་བྱེད་ལས། ཀུན་བྱེད་རྒྱལ་པོ་ང་ལ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པའི་དོན་ནི་ང་ལ་འདུས། །ང་ཡི་རང་བཞིན་འདི་ལ་ནི། །སྐུ་འདུས་གསུང་འདུས་དགོངས་པ་འདུས། །ཞེས་པ་དང་། ཀུན་བྱེད་རྒྱལ་པོའི་རང་བཞིན་ལས་། །སྐྱེ་བ་མེད་པར་བསྟན་པ་བཞིན། །སངས་རྒྱས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལ། །ཆོས་ཉིད་འགག་པ་མེད་པ་བཞིན། །གོང་བཤད་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཉིད་ལ་ནི་འགག་པ་མེད། །དེས་ན་ཆོས་ཉིད་འདུས་པར་བསྟན། །ཞེས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་དཔེ་དོན་རྟགས་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་དཔེ་ནི། བྱང་ཆུབ་སེམས་ཀྱི་མཚོན་དཔེ་ནམ་མཁའ་འདྲ། །སེམས་ལ་རྒྱུ་མེད་སྐྱེ་བའི་ཡུལ་མེད་པས། །མི་གནས་བརྗོད་མེད་བསམ་ཡུལ་འདས་པ་ཉིད། །ནམ་མཁའི་དབྱིངས་ཞེས་དཔེ་རུ་མཚོན་པ་ཙམ། །མཚོན་དཔེ་ཉིད་ཀྱང་འདི་ཞེས་བྱར་མེད་ན། །མཚོན་དཔེའི་དོན་ལ་བསམ་བརྗོད་ག་ལ་སྲིད། །འདི་ནི་རང་བཞིན་དག་པའི་དཔེར་ཤེས་བྱ། །སེམས་ཉིད་རང་བྱུང་གི་ཡེ་ཤེས་དངོས་པོ་དང་མཚན་མ་མེད་པ། སྟོང་གསལ་སྤྲོས་པ་དང་བྲལ་བས། འདི་དང་འདིའོ་ཞེས་དམིགས་སུ་མེད་པ་ནི། དཔེ་ནམ་མཁའ་ལྟ་བུ་ཞེས་མཚོན་ཡང་། དཔྱད་ན་མཚོན་དཔེ་ནམ་མཁའ་དེ་ཡང་ཁ་དོག་དང་། དབྱིབས་དང་། ངོས་གཟུང་དུ་མེད་པས་དཔེར་གཞག་པའི་ཆོས་སུ་མེད་ན། དཔེ་དེས་མཚོན་པའི་དོན་སེམས་ཉིད་རང་བཞིན་གྱིས་དག་པ་ཉིད་གང་དུའང་གྲུབ་པ་ཡོད་པ་མ་ཡིན་པས་
རེ་ཞིག་དམིགས་སུ་མཚོན་དུ་མེད་པ་ཙམ་ཞིག་མཚོན་པའི་དཔེར་ཤེས་པར་བྱ་བ་ཉིད་དོ། །སེང་གེ་རྩལ་རྫོགས་ལས། མཉམ་ཉིད་དངོས་བྲལ་སངས་རྒྱས་དགོངས་པ་ནི། །ཡེ་ཤེས་རང་སྣང་ཆོས་སྐུ་མཁའ་ལྟར་དག །སྤྲོས་བྲལ་རིག་པ་ནམ་མཁའི་མཐའ་དང་མཉམ། །སྤྱོད་པ་སྟོང་ཡུལ་འཛིན་མེད་རང་སར་གྲོལ། །དགོངས་པ་རང་གནས་ཏིང་འཛིན་ཅོག་གཞག་ངང་། །དངོས་མེད་རང་སྣང་དཀྱིལ་འཁོར་ཀུན་གྱི་དངོས། །འགྱུར་མེད་རང་སངས་ཆོས་ཉིད་ཀུན་གྱི་ཡུལ། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། ཆོས་ཀུན་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རང་བཞིན་མེད། །ནམ་མཁའ་ལ་ནི་དཔེ་ཡང་མེད། །ནམ་མཁའ་ལ་ནི་ཚད་ཀྱང་མེད། །ཆོས་རྣམས་ཐམས་ཅད་མ་ལུས་པའི། །དོན་ནི་འདི་ལྟར་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་དཔེས་ཉེ་བར་མཚོན་པའི། དོན་ནི་རང་རིག་མཁའ་མཉམ་བྱང་ཆུབ་སེམས། །བསམ་པའི་ཡུལ་མིན་མཚོན་བརྗོད་འདས་པ་སྟེ། །རང་གསལ་མི་གཡོ་འོད་གསལ་ཡངས་པའི་ཀློང་། །མ་བྱས་ལྷུན་གྲུབ་ཡངས་དོག་མཐོ་དམན་མེད། །ཆོས་སྐུ་བྱང་ཆུབ་སྙིང་པོའི་དཀྱིལ་ཡངས་སོ། །རང་བྱུང་གི་ཡེ་ཤེས་ནི་ཆོས་སྐུའི་སྙིང་པོར་ལྷུན་གྱིས་གྲུབ་པས་བསམ་བརྗོད་སྤྲོས་པ་དང་བྲལ་བ་སྟེ། རང་ཤར་ལས། བསམ་མེད་ཆོས་སྐུ་སྤྲོས་བྲལ་ནི། །སངས་རྒྱས་ཡེ་ཤེས་ཆོས་ཉིད་ལ། །རྟོག་མེད་སངས་རྒྱས་ངོ་བོ་གསལ། །འཛིན་མེད་རང་དག་ཆེན་པོ་ལ། །རྡོ་རྗེ་སེམས་དཔའི་རིག་པ་གསལ། །གསལ་དག་སྟོང་པའི་ཡེ་ཤེས་ལ། །མཚན་མ་མེད་པའི་ཆོས་ཉིད་གསལ། །ཞེས་པ་དང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། བྱ་བ་བྲལ་བས་རྫོགས་པས་རྫོགས། །མཐའ་དང་བྲལ་བས་དབུས་མི་གནས། །ཡོངས་སུ་རྫོགས་པས་བསྔོ་དང་བྲལ། །ལྷག་མ་མེད་པས་ཆ་ཤས་མིན། །གཅིག་ཏུ་མ་ཡིན་གཉིས་མཐའ་ཟད། །དུ་མར་མི་སྣང་གཅིག་ལས་འདས། །བརྗོད་དུ་མེད་པས་ཚིག་གི་གཞི། །དངོས་བྲལ་སྟོང་པའི་སྙིང་
པོའི་དོན། །ཕྱོགས་སུ་མ་ལྷུང་ལྟ་བའི་དོན། །ཞེས་པ་དང་། ཀུན་བྱེད་ལས། རྫོགས་པ་ཆེན་པོའི་ལྟ་སྤྱོད་འདི། །རྒྱུ་འབྲས་སྒྲུབ་དང་མི་འདྲ་སྟེ། །ལྟ་སྤྱོད་བྱང་ཆུབ་སེམས་འདི་ནི། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྟོག་དཔྱོད་འདས། །གང་ཞིག་རྟོག་དཔྱོད་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་བཞིན་མི་འགྲུབ། །ལྟ་སྤྱོད་ནམ་མཁའི་རང་བཞིན་ལ། །གང་ཞིག་གཟུང་དང་འཛིན་བྱེད་པ། །ནམ་མཁའ་བྱང་ཆུབ་དེ་མི་འགྲུབ། །གཟུང་འཛིན་གཉིས་བྱུང་གོལ་སྒྲིབ་བོ། །ནམ་མཁའ་གཉིས་སུ་མེད་པ་བཞིན། །བྱང་ཆུབ་ལ་ནི་གཉིས་སུ་མེད། །གང་ཞིག་གཉིས་སུ་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །ལྟ་སྤྱོད་གཉིས་བྱུང་གོལ་སྒྲིབ་བོ། །བྱང་ཆུབ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་བླང་དོར་མེད། །གང་ཞིག་བླང་དོར་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །བླང་ཞིང་དོར་བ་གོལ་སྒྲིབ་བོ། །བྱང་ཆུབ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྩོལ་སྒྲུབ་མེད། །གང་ཞིག་རྩོལ་སྒྲུབ་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །རྩོལ་ཞིང་སྒྲུབ་པ་གོལ་སྒྲིབ་བོ། །བྱང་ཆུབ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྒྱུ་འབྲས་མེད། །གང་ཞིག་རྒྱུ་འབྲས་གཉིས་ལྟ་བས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །རྒྱུ་འབྲས་ལྟ་བ་གོལ་སྒྲིབ་བོ། །ཞེས་སོ། །དེ་ལྟར་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ནམ་མཁའ་ལྟར་རྣམ་དག་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་གཏན་ཚིགས་ངེས་པ་ནི། རྟགས་ནི་རྩལ་ལས་ཅིར་ཡང་འཆར་བ་སྟེ། །ཤར་བའི་དུས་ན་ཤར་ས་ཤར་མཁན་མེད། །ཤར་ཞེས་མིང་ཙམ་དཔྱད་ན་ནམ་མཁའ་འདྲ། །རིས་མེད་མཉམ་པ་ཆེན་པོར་འུབ་ཆུབ་བོ། །ཕྱམ་གདལ་གཟུང་འཛིན་མེད་པའི་ཀློང་ཉིད་དོ། །རིག་པའི་ངང་ལས་འཆར་ཚུལ་མ་འགགས་པ་རྒྱ་མཚོ་དངས་པའི་ནམ་མཁའི་གཟུགས་བརྙན་ལྟར། སྣ་ཚོགས་སུ་ཤར་ཤར་འདྲ་ཡང་། དོན་ལ་ཤར་ས་དང་ཤར་མཁན་མེད་པས་སྟོང་ཡལ་རིས་
མེད་ཀྱི་ཆོས་སྐུར་ལ་བཟླ་སྟེ་རིས་མེད་མཉམ་པ་ཆེན་པོའི་གཏན་ཚིགས་ཀྱིས་སེམས་ཉིད་ནམ་མཁའ་ལྟ་བུར་སྒྲུབ་ནུས་ཏེ། རིག་པའི་ངོ་བོ་ཆོས་ཅན། སྐྱེ་མེད་ནམ་མཁའ་ལྟར་བསམ་བརྗོད་ལས་འདས་པའི་ཐ་སྙད་དུ་བརྗོད་དུ་རུང་སྟེ། ཁྱོད་དང་ངོ་བོ་གཅིག་གི་ངང་ནས་རྩལ་དུ་ཤར་བའི་སེམས་ལ་ངོ་བོ་ངོས་གཟུང་གང་ཡང་མེད་པར་ནམ་མཁའ་ལྟར་ཡེ་སྟོང་སྤྲོས་པ་དང་བྲལ་བར་གྱུར་པའི་ཕྱིར། རང་ཤར་ལས། འཛིན་མེད་ཆོས་ཉིད་རང་གསལ་བདེ་བའི་ཀློང་། །རྟོག་མེད་མཁའ་ཁྱབ་ཆོས་ཉིད་ཀུན་ལ་རོལ། །འཛིན་པ་མེད་པའི་ཆོས་ཉིད་རང་སར་དག །རྟོག་པ་མེད་པའི་རང་གྲོལ་བདེ་བའི་ཤུགས། །ཡེངས་པ་མེད་པའི་རང་སྣང་ཀུན་ལ་ཁྱབ། །ཡང་དག་ཆོས་ཉིད་བདེ་ཆེན་ས་ལ་གཤེགས། །ཞེས་པ་དང་། ཀུན་བྱེད་ལས། རྟགས་ནི་ཀུན་བརྟགས་བྱང་ཆུབ་སེམས། །ཞེས་སོ། །དེ་དག་ཀྱང་རིག་པ་ཡུལ་ཐོག་ནས་ཤར་གྲོལ་རིས་མེད་དུ་སངས་པས་ཆོས་ཉིད་ཀྱི་ནམ་མཁའ་དང་རྒྱ་མཚོའི་ངང་དུ་འུབ་ཆུབ་པར་བསྟན་ཏེ། སེང་གེ་རྩལ་རྫོགས་ལས། ཆོས་ཉིད་མིང་དང་བྲལ་བའི་ནམ་མཁའ་ལ། །མཚན་མའི་ཡུལ་མེད་རང་སྣང་བྱ་ཁྱུང་ལྡིང་། །བཅོས་པ་མ་ཡིན་རང་རིག་བདེ་བར་གཟུང་། །རང་བྱུང་སྤྲོས་བྲལ་ཆོས་ཉིད་རྒྱ་མཚོ་ན། །མཚན་མའི་དངོས་མེད་གསེར་གྱི་ཉ་མོ་འགྱུ། །རང་སྣང་ཆོས་སྐུ་རོ་གཅིག་ངང་དུ་འུབ། །རྣམ་དག་སྤྲོས་དང་བྲལ་བའི་ནམ་མཁའ་ལ། །ཆོས་སྐུ་སྤྲོས་བྲལ་གསེར་གྱི་བྱ་ཁྱུང་ལྡིང་། །རྩོལ་སེམས་མ་ཡིན་སྒྲོན་མའི་ངང་དུ་འུབ། །ཆོས་ཉིད་མཐའ་ཡས་རང་བྱུང་རྒྱ་མཚོ་ན། །རང་རིག་རྟོག་བྲལ་གསེར་གྱི་ཉ་མོ་འགྱུ། །སྟོང་གསལ་འཁོར་འདས་བྲལ་བའི་ངང་དུ་འུབ། །གསལ་ལ་འཛིན་ཆགས་བྲལ་བའི་ནམ་མཁའ་ལ། །དགོངས་པ་རང་གནས་གསེར་གྱི་བྱ་ཁྱུང་ལྡིང་། །ཆོས་ཉིད་ཡངས་པ་ཀུན་ཁྱབ་ངང་དུ་འུབ། །སྤྲོས་པ་རང་སར་དངས་པའི་ནམ་མཁའ་ལ། །བྱ་བྱེད་བྲལ་བའི་རང་སྣང་བྱ་ཁྱུང་ལྡིང་། །རྩོལ་སྒྲུབ་བྲལ་བའི་ཆོས་ཉིད་ངང་དུ་འུབ། །མ་བསླད་ལྷུན་རྫོགས་ཡེ་ཤེས་རྒྱ་མཚོ་
ན། །རིག་པ་གསལ་དག་གསེར་གྱི་ཉ་མོ་འགྱུ། །རྐྱེན་གཞི་བྲལ་བའི་རང་བྱུང་ངང་དུ་འུབ། །ཅེས་སོ། །དེ་དག་གི་དོན་ཆོས་ཉིད་མཐའ་དབུས་མེད་པའི་ངང་དུ་བསྡུ་བ་ནི། རང་བྱུང་ཡེ་ཤེས་ཆོས་ཉིད་ཕྱོགས་ཡན་ལ། །དཔེ་དོན་རྟགས་ཀྱིས་ངེས་པའི་མཚོན་དཔེ་བསྟན། །མཁའ་མཉམ་གཟེར་ཆེན་གསུམ་གྱི་བདག་ཉིད་དུ། །ཐམས་ཅད་ཀུན་འདུས་རང་བཞིན་དབྱེ་བསལ་མེད། །ཕྱམ་མཉམ་ཡངས་པ་ཆེན་པོའི་དབྱིངས་རུམ་འདིར། །ཐམས་ཅད་ཡེ་མཉམ་སྔ་ཕྱི་བཟང་ངན་མེད། །ཀུན་བཟང་རྡོ་རྗེ་སེམས་དཔའི་དགོངས་པའོ། །རིག་པ་མཐའ་བྲལ་བསམ་བརྗོད་ལས་འདས་པ་ཉིད་དཔེ་དོན་རྟགས་གསུམ་ངེས་པའི་གཟེར་གསུམ་གྱིས་ཆོས་ཉིད་ཀྱི་ངང་ལས་མི་འཆུགས་པར་བསྟན་ཏེ། ཀུན་བྱེད་ལས། དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་བརྟག །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཉིད་འགག་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལ། །དམིགས་སུ་མེད་པར་མཚོན་ཏེ་བསྟན། །ཚིག་ཏུ་བརྗོད་དུ་མེད་པ་ལ། །བརྗོད་དུ་མེད་པའི་ཚིག་བརྗོད་དེ། །དམིགས་མེད་དོན་གྱི་ངོ་བོར་བསྟན། །བསྡུས་ཏེ་བསྟན་པའི་དོན་འདི་ནི། །དོན་གྱི་ངོ་བོ་འགྲེལ་པ་སྟེ། །འདི་ཡིས་ང་དོན་རྟོགས་པར་གྱིས། །འདི་ཡིས་ང་དོན་མ་རྟོགས་ན། །དོན་གྱི་སྒྲ་ཚིག་ཅི་བསྟན་ཡང་། །ང་དང་འཕྲད་པར་མི་འགྱུར་ཏེ། །ང་ལས་གོལ་ཞིང་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་སོ། །དེ་ལྟར་ནམ་མཁའི་དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་ཕྱུང་བར་འདུས། །རྡོ་རྗེ་སེམས་དགོངས་འདུས་པ་ནི། །
མི་སྐྱེས་མི་འགག་དགོངས་པ་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་སྙེད་དང་། །སྐུ་གསུང་ཐུགས་ཀྱིས་དོན་མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱིས་དོན་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ཅེས་སོ། །དེ་ལྟ་བུའི་རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ་ནི། བྱང་ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ། །ངང་གིས་འོད་གསལ་ཡེ་ནས་འདུས་མ་བྱས། །སྒྲིབ་པའི་ཆོས་མེད་ཟང་ཐལ་ལྷུན་གྱིས་གྲུབ། །སྤྲོས་པའི་ཆོས་མེད་མི་རྟོག་ཆོས་ཉིད་ངང་། །ཞེས་མདོར་བསྟན་ཏེ། ངང་གིས་འོད་གསལ་ལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ཐལ་ཆེན་པོ་སྟེ། རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། །དྲི་མེད་འོད་གསལ་མན་ཤེལ་དག་པ་འདྲ། །མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་སྐུ། །དྲི་མེད་མུན་སེལ་ཉི་མའི་དཀྱིལ་འཁོར་ལྟར། །མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་སོ། །རྒྱས་པར་བཤད་པ་ནི། སྟོང་པས་ཆོས་སྐུ་གསལ་བས་ལོངས་སྤྱོད་རྫོགས། །ཟེར་ལྡན་སྤྲུལ་པ་སྐུ་གསུམ་འདུ་འབྲལ་མེད། །ཡེ་ནས་ཡོན་ཏན་ལྷུན་གྱིས་གྲུབ་ཟིན་པས། །སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད། །སྔ་ཕྱི་དུས་གསུམ་འཕོ་འགྱུར་མེད་པར་གཅིག །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་གཅིག །འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ། །སེམས་ཉིད་སྟོང་པའི་ཆ་ནས་ཆོས་ཀྱི་སྐུ་དང་། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང་། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང་། ངོ་བོ་ངོས་གཟུང་གི་ཆོས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལྷུན་
གྱིས་གྲུབ་སྟེ། འཁོར་འདས་ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ཏེ། དེ་དག་ཀྱང་སྟོང་གསལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་ང་ནི། །རང་བཞིན་མ་བཅོས་རྣམ་གསུམ་ལས། །མིང་ཙམ་སྐུ་གསུམ་བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་རང་བཞིན་ཀྱང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །མ་སྐྱེས་གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ངེས་པར་ཆོས་སྐུ་མིང་ཙམ་སྟེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ངོ་བོ་མིང་ཙམ་མངོན་བྱུང་བ། །ལོངས་སྤྱོད་རྫོགས་སྐུ་མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། །མིང་ཙམ་སྤྲུལ་སྐུའི་ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་ཡང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཅེས་སོ། །དེ་ལྟ་བུའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ནི། དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ། །རྟོགས་དང་མི་རྟོགས་སྣང་སྲིད་སྣོད་བཅུད་དང་། །སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ། །རིག་པའི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་གཞིར་གནས་པས། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་པའི་ངོ་བོ་ལ་གོས་པ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་འཕོ་འགྱུར་གང་ཡང་མེད་པ་བཞིན་ནོ། །རང་ཤར་ལས། དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི། །ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལྟར། །སྐྱེ་མེད་ངང་ལས་འགག་མེད་ཆོ་འཕྲུལ་འབྱུང་། །དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །
ཞེས་པ་དང་། ཀུན་བྱེད་ལས། ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ང་། །སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གསང་ཆེན་ང་ཡིན་པས། །རོལ་པ་ཁམས་གསུམ་འགྲོ་དྲུག་ང་ལས་ཤར། །ཞེས་སོ། །ཤར་བ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི། འདི་ཀུན་ཤར་ཡང་རང་བཞིན་འགའ་མེད་དེ། །སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན། །སྤྲུལ་པ་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང་། །མིག་ཡོར་ཇི་བཞིན་མེད་པ་གསལ་སྣང་དུ། །གཞི་མེད་རྟེན་མེད་གློ་བུར་སྣང་བ་ཙམ། །བར་སྐབས་རེ་འགའི་ཆོས་སུ་རྟོགས་པར་བྱ། །རྨི་ལམ་གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང་། གཉིད་ཁུང་ན་བར་དེར་སྣང་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་ཉིད་གཞིའི་དུས་དང་། ཐ་མ་མྱ་ངན་ལས་འདས་པ་འབྲས་བུའི་དུས་གཉིས་ཀར་མེད་ལ། ད་ལྟ་བར་འདིར་བློ་འཁྲུལ་པ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་གསལ་སྣང་གི་ངོ་བོ་སྟོང་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མེད་དེ། ཆོས་ཐམས་ཅད་རང་བཞིན་མེད་པས་སྐྱེ་འགག་གནས་གསུམ་དུ་གྲུབ་པ་མེད་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མིང་དང་སྲོག་ཀྱང་མི་རྙེད་དེ། །ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ་ནི། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རོལ་པ་མ་འགགས་འཁོར་འདས་ཆོ་འཕྲུལ་འབྱུང་། །ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས། །གདོད་མའི་ངང་ལས་གཡོས་པ་མེད་ཤེས་བྱ། །འཁོར་འདས་ཇི་སྙེད་སྣང་ཡང་སྣང་དུས་ཉིད་ནས་བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་
གཡོས་ཏེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །ཞེས་སོ། །ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་བསྟན་པ་ནི། འདིར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་། །གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས། །རང་བཞིན་ལྷུན་རྫོགས་རང་བྱུང་ཡེ་ཤེས་སོ། །རིག་པའི་ངོ་བོ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་ཏེ། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས། །འགག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱིན་པའི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ལ་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་མུན་དང་སྣང་མེད་པས། །མངོན་པར་སྣང་བའི་ཆོས་རྣམས་རྫོགས། །ང་ལ་བདག་རྟོག་གཉིས་མེད་པས། །སྟོང་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་སྤྲོ་ཞིང་བསྡུ་མེད་པས། །ཡི་གེའི་དོན་རྣམས་ཡོངས་སུ་རྫོགས། །ཞེས་སོ། །དེའང་སྣང་ཚོད་མ་འགག་པར་བྱང་ཆུབ་སེམས་ཀྱི་ངོ་ཁ་ལ་ཡོད་སྣང་ཙམ་དུ་རྫོགས་ཚུལ་བསྟན་ན། ཀློང་དྲུག་
པ་ལས་ཀྱང་། སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་སྣང་བ་རང་ཤར་བས། །ཐ་དད་གཟུགས་རྣམས་འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ། །མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ན་རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལྔ་སོ་སོའི་སྣང་བར་ནི། །རང་ས་གཟུང་བའི་ཆ་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ། །བྱུང་རྐྱེན་དུ་མ་རང་ཤར་བས། །སྣང་བའི་ཡུལ་ལ་མངོན་པར་སྣང་། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །རྒྱུན་དུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཕུང་པོ་སོ་སོར་ཤར། །ཟུང་འཇུག་ཆེན་པོར་རང་འབྲེལ་བར། །མི་བརྗེད་གཟུངས་དང་ལྡན་པར་རྫོགས། །ཡུལ་དུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རྣམས་ནི་རང་ཤར་བས། །བདག་འཛིན་གཉིས་པོ་རང་དག་པར། །ཡུལ་དྲུག་རྣམས་ནི་སོ་སོར་རྫོགས། །བརྗོད་དུ་ཡོད་པའི་སེམས་ཉིད་ལ། །ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་གཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཉིད་དུ་རྫོགས། །བལྟ་རུ་ཡོད་པའི་སེམས་ཉིད་ལ། །སྣང་སྲིད་གཅིག་པར་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བ་ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། །ཐོབ་ཏུ་ཡོད་པའི་སེམས་ཉིད་ལ། །རེ་བ་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་དང་བྲལ་བར་ནི། །སྐུ་གསུམ་རང་ལ་ལེགས་པར་རྫོགས། །བགྲང་དུ་ཡོད་པའི་སེམས་ཉིད་ལ། །ཐེག་པ་སོ་སོ་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །དམིགས་སུ་ཡོད་པའི་སེམས་ཉིད་ལ། །སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་
སུ་རྣམ་པ་གཉིས་སུ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཡུལ་ལ་བདེན་ཤར་ཏེ། །གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་རྫོགས། །བསྒྲག་ཏུ་ཡོད་པའི་སེམས་ཉིད་ལ། །ངོ་མཚར་ཚིག་ཀུན་རང་ཤར་བས། །བརྗོད་བྱ་ཀུན་གྱི་གཞི་མར་ནི། །སྟོན་པའི་ཚིག་དང་བཅས་པར་རྫོགས། །གཞག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རང་གཞག་གཞིར་ཤར་བས། །ཅོག་གཞག་ཆེན་པོའི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །བསྒྱུར་དུ་ཡོད་པའི་སེམས་ཉིད་ལ། །ཉོན་མོངས་རྣམས་ནི་རང་ཤར་བས། །དུག་ལས་སྨན་དུ་བསྒྱུར་བ་བཞིན། །སྐུ་དང་ཡེ་ཤེས་ཉིད་དུ་རྫོགས། །དག་ཏུ་ཡོད་པའི་སེམས་ཉིད་ལ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །མ་རྙོག་ཆུ་ནི་རང་དངས་བཞིན། །སྣང་བ་རྣམས་ནི་རང་སར་རྫོགས། །གྲོལ་དུ་ཡོད་པའི་སེམས་ཉིད་ལ། །འདི་ལྟར་སྣང་བའི་ཡུལ་འདི་དག །སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུག་སར་གྲོལ་ཏེ་རྫོགས། །གཞལ་དུ་ཡོད་པའི་སེམས་ཉིད་ལ། །རང་སྣང་དག་པའི་ཚད་རྣམས་རྫོགས། །བྲེ་སྲང་ཚད་ལ་ཕབ་པ་བཞིན། །ཉམས་མྱོང་གོང་ནས་གོང་དུ་རྫོགས། །ཞེས་སོ། །དེའང་རིག་པ་ལ་མེད་མེད་པོ་སྟོང་ཆ་ལྟ་བུ་གཅིག་མ་ཡིན་པར་ཆོས་ཉིད་དང་ཆོས་ཅན་བདེན་པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བར་བསྟན་པ་ནི། བྱང་ཆུབ་སེམས་ནི་སྣང་དང་མི་སྣང་ལ། །འཁོར་འདས་ཕྱི་ནང་ཆོས་སུ་མེད་ན་ཡང་། །དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས། །སྣང་སྲིད་
འཁོར་འདས་སྣ་ཚོགས་རོལ་པར་ཤར། །ཤེལ་གོང་གཅིག་ཉིད་ཟང་ཐལ་དྲི་མ་མེད་པའི་ངོ་བོ་ལས་གཞན་དུ་མེད་ཀྱང་། རྐྱེན་ཉི་ཞུར་དང་འཕྲད་པ་ལས་འོད་ལྔ་ལྷུག་པར་འཆར་བ་ལྟར། རིག་པའི་ངོ་བོ་གང་དུའང་མ་གྲུབ་པས་སྟོང་གསལ་ཆོས་སྐུ་དག་པར་གནས་ཀྱང་། རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་རྩལ་ལས་སྣང་སྲིད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་ཏེ། སེམས་ཉིད་ཇི་བཞིན་རྣམ་དག་ཆེན་པོ་རྣམ་མེད་ནམ་མཁའི་རང་བཞིན་ལ། སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཀུན་ལྷུན་གྲུབ་ཏུ་རྫོགས་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་ཞེས་བྱ་སྟེ། འདིའི་ཡུལ་དྲུག་སྣང་ལ་བདག་གིར་བྱེད་པའི་སེམས་ཀྱི་བདེ་སྡུག་ལ་སོགས་པ་སྣ་ཚོགས་ཀྱི་ལས་དང་བག་ཆགས་དང་སྣོད་བཅུད་བྱས་ཏེ། རང་ངོར་རྫོགས་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང་། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་བྱས། །བྱས་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང་། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རང་བཞིན་དག་ནི་ཕྱུང་ནས་བགྲང་། །ཞེས་སོ། །རིག་པའི་རང་ངོ་གང་དུའང་མ་གྲུབ་པས་སྣང་སྟོང་ལས་འདས་ཏེ་མཚོན་བརྗོད་ཀྱི་ཡུལ་མ་ཡིན་པའི་གནད་ལས། དེའི་ངང་དུ་ཤར་བ་རྫུན་སྣང་ཡོད་མ་མྱོང་དུ་བསྟན་པ་ནི། ཤར་ཙམ་ཉིད་ནས་རང་བཞིན་སྟོང་པའི་གཟུགས། །སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ། །སྣང་དུས་ཉིད་ནས་སྐྱེས་པ་འགའ་ཡང་མེད། །འགག་པ་མེད་ལས་འགག་
པར་སྣང་ན་ཡང་། །འགག་པ་མེད་དེ་སྒྱུ་མ་སྟོང་པའི་གཟུགས། །གནས་པ་ཉིད་ནས་གནས་པའི་ཆོས་མེད་དེ། །གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང་། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་པས། །རང་བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད། །སྣང་བའི་ཕྱིར་རང་བཞིན་མེད་དེ་སྒྱུ་མ་བཞིན་ནོ་ཞེས་ཆོས་ཉིད་ཀྱི་རིགས་པས་གཏན་ལ་ཕབ་པའི་ཕྱིར། སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པར་སྣང་དུས་ཉིད་ནས་གནས་པ་མེད་པ་དང་། འགག་པར་སྣང་དུས་ཉིད་ནས་འགག་པ་མེད་པ་དང་། འགྲོ་འོང་དུ་སྣང་དུས་ཉིད་ནས་འགྲོ་འོང་མེད་པའི་རང་བཞིན་དུ་ཤེས་ར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ནས་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ནས་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། རང་ཤར་ལས། སྐད་ཅིག་ངང་ལས་ཆོས་རྣམས་ཐམས་ཅད་འབྱུང་། །ཨེ་མའོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །རང་བྱུང་ཡེ་ཤེས་བདུད་རྩིའི་ཐིགས་པ་འདི། །བརྩལ་བྱ་རྩོལ་བྱེད་མེད་པར་རང་བྱུང་རང་ལས་ཤར། །སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད། །གནས་དང་འོང་བ་མེད་པའི་རང་བྱུང་ཆེན་པོ་ཡིན། །འཛིན་ཆགས་མེད་པའི་རང་གྲོལ་ཆེན་པོ་ནི། །སེམས་མེད་རིག་པའི་ངང་དུ་ཤེས་པར་བྱ། །ཞེས་སོ། །ཇི་ལྟར་སྣང་བ་དེ་ལྟར་
རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ་ནི། སྣང་བ་དེ་ཡང་རྩལ་ལས་རང་ཤར་བས། །རྟེན་འབྲེལ་ཉིད་ཅེས་རང་བཞིན་བརྡ་ཙམ་བརྗོད། །རྩལ་ལས་ཤར་བར་སྣང་བའི་རང་དུས་ནས། །ཤར་དང་མ་ཤར་ཕྱོགས་དང་རིས་མེད་པས། །རྩལ་ཡང་བརྡ་ཙམ་ངོ་བོ་འགའ་མེད་པས། །ཐམས་ཅད་རྟག་ཏུ་འཕོ་འགྱུར་མེད་པའི་ངང་། །བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད། །རིག་པའི་རྩལ་ལས་འཁོར་འདས་སུ་ཤར་བ་དེ་ཡང་ཐ་སྙད་ཙམ་ལས། ངོ་བོ་ལ་འཁོར་འདས་སུ་ཤར་བ་དང་ཤར་མཁན་ཐ་དད་པར་གྲུབ་པ་ཅུང་ཟད་ཀྱང་མེད་པས། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པ་ནི། རྒྱ་མཚོ་དངས་པའི་ནང་ན་གཟའ་སྐར་གྱི་གཟུགས་བརྙན་ཤར་བར་སྣང་ཡང་། དོན་ལ་ཤར་བ་མེད་དེ་ཤར་ས་རྒྱ་མཚོའི་དབྱིངས་ཉིད་ཆུ་དངས་པ་ཙམ་དང་། ཤར་མཁན་གཟའ་སྐར་ཉིད་ནམ་མཁའི་དཀྱིལ་ལས་གཡོས་པ་མེད་པ་དང་། ཚོགས་པ་ལྷན་ཅིག་པའི་ཆོས་སུ་མེད་པས་སྣང་ལ་སྟོང་པའི་གཟུགས་བརྙན་ཙམ་སྟེ། དོན་དེ་བཞིན་དུ་ཆོས་ཐམས་ཅད་འགག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་ཐ་དད་པ་དང་། དོན་གཅིག་ཏུ་མ་གྲུབ་ལ་སྣང་བ། རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་བ་མེད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་པའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་སེམས་ཅན་མེད། །ང་མེད་བདག་མེད་གཟུང་འཛིན་མེད། །ཅེས་སོ། །
ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ། ལེའུ་གསུམ་པའི་འགྲེལ་པའོ།། །།
བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་སྟེ་ལེའུ་བཞི་པའི་འགྲེལ་པ།
དེ་ལྟར་དཔེས་ཉེ་བར་བསྟན་པས་དོན་ཁོང་དུ་ཆུད་པའི་ཕྱིར་ན། རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ངེས་པ་ནི། ཀུན་འདུས་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །སྣང་བ་མ་ཡིན་སྣང་བའི་ཆོས་ལས་འདས། །སྟོང་པ་མ་ཡིན་སྟོང་པའི་ཆོས་ལས་འདས། །ཡོད་པ་མ་ཡིན་དངོས་པོ་མཚན་མ་མེད། །མེད་པ་མ་ཡིན་འཁོར་འདས་ཀུན་ལ་ཁྱབ། །ཡོད་མེད་མ་ཡིན་ལྷུན་མཉམ་གདོད་མའི་དབྱིངས། །ཕྱོགས་དང་རིས་མེད་གཞི་རྩ་དངོས་པོ་མེད། །རིག་པའི་ངོ་བོ་ལ་བསམ་བརྗོད་སྤྲོས་པའི་མཐའ་དང་བྲལ་བས་ཡོད་མེད་ཀྱི་ཡུལ་དུ་མ་གྲུབ་ལ། འཁོར་འདས་ཀུན་ལ་ཡེ་ནས་ཁྱབ་པ་སྟེ། རང་ཤར་ལས། སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམ་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཡང་དག་ཆོས་ཉིད་རིག་པའི་ཀློང་། །ཀུན་ལ་ཁྱབ་པས་ཡབ་ཀྱི་ངང་། །ཐམས་ཅད་བསྐྱེད་པས་ཡུམ་གྱི་དབྱིངས། །བརྗོད་དུ་མེད་པའི་ཤེས་རབ་ལ། །བསྟན་དུ་མེད་པའི་ལུང་ཆེན་གནས། །བཏང་གཞག་བྲལ་བའི་ཆོས་སྐུ་ལ། །དམིགས་པ་མེད་པའི་ཏིང་འཛིན་གསལ། །འདུས་མ་བྱས་པའི་ཀློང་དཀྱིལ་ནས། །རིག་པའི་རྒྱལ་པོ་ཡེ་ཤེས་འཕྲོ། །སྐྱེ་འགག་མེད་པའི་ཀློང་དཀྱིལ་ནས། །རང་བྱུང་ཤེས་རབ་མིག་གསལ་བ། །ཀུན་ལ་ཁྱབ་པའི་ཉག་གཅིག་ཡིན། །ཞེས་སོ། །རང་བཞིན་གྱིས་དག་ལ་གདལ་བ་ཆོས་ཉིད་དུ་རྫོགས་པའི་ངོ་བོ་ཉིད་ནི། རྒྱུན་ཆད་མེད་པས་རིག་པ་བྱང་ཆུབ་ཀློང་། །འཕོ་དང་འགྱུར་མེད་མཁའ་དབྱིངས་ཡེ་ནས་གདལ། །རང་བྱུང་ཡེ་ཤེས་དཔེ་ཟླ་མེད་པའི་དོན། །མི་སྐྱེ་མི་འགག་ཐིག་ལེ་གཅིག་ཏུ་འདུས། །
མ་ངེས་ཀུན་ཁྱབ་ཕྱོགས་མཐའ་ཡོངས་ཀྱི་མེད། །དབྱིངས་རང་བྱུང་གི་ཡེ་ཤེས་ནི་ལྷུན་གྲུབ་གདལ་ཁྱབ་ཆེན་པོ། ཀུན་འདུས་རྒྱུན་ཆད་མེད་པའི་ངོ་བོ་སྟེ། དཀྱིལ་འཁོར་ཡིད་བཞིན་གཏེར་གྱི་འབྱུང་གནས་སུ་ཡེ་ནས་གནས་པ་ནི། ནོར་བུ་ཕྲ་བཀོད་ལས། སྐུ་གཅིག་སེམས་ཅན་ཀུན་ལ་སྣང་། །སྐུ་གཅིག་འགྲོ་དོན་མཐར་ཕྱིན་པ། །སྐུ་གཅིག་སྣང་བ་ཀུན་ཏུ་སྟོན། །སྐུ་གཅིག་མཐའ་ལ་མི་གནས་པ། །རྡོ་རྗེ་སྙིང་པོ་ཡེ་ཤེས་སྐུ། །བསམ་གཏན་སྙིང་པོ་ཚིག་ལས་འདས། །མངོན་པར་བྱང་ཆུབ་སྐུ་ཉིད་གསལ། །ཡེ་ཤེས་གཅིག་ཆོད་གཉིས་སྣང་བྲལ། །རྡོ་རྗེ་འཛིན་སྐུ་དོན་མི་འགྲུབ། །མཐའ་གཉིས་མི་གནས་རང་གསལ་ཆེ། །ཕྱག་རྒྱའི་རྡོ་རྗེ་འགྱུར་བ་མེད། །མི་བསྐྱོད་དཀྱིལ་འཁོར་ལས་བྱུང་བའི། །ཡང་དག་གཞུང་ཉིད་རབ་བརྟན་སྐུ། །ཐིག་ལེ་སྣ་ཚོགས་སྐུ་ཡི་དབྱིག །། མཚོན་ལྡན་དཀྱིལ་འཁོར་སྐུ་གསུམ་རྫོགས། །བྱ་བྱེད་མེད་པས་དབྱིངས་དང་ལྡན། །གཅིག་ལས་མི་གཡོ་ཆོས་ཀྱི་སྐུ། །གཉིས་སུ་མ་ཡིན་རང་སྣང་ཡུལ། །དོན་དམ་ཀུན་རྫོབ་གཉིས་ལས་འདས། །འཛིན་པའི་མཐའ་གཉིས་རྣམ་པར་སྤངས། །དཀྱིལ་འཁོར་རྡོ་རྗེ་ཡིད་བཞིན་གཏེར། །མཐའ་ལ་མི་གཡོ་མཉམ་པའི་ངང་། །གོལ་སྒྲིབ་གཉིས་ཀྱི་རྟོག་པ་སངས། །བྱས་པས་མ་བྱུང་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཐུགས་རྗེ་ཐབས་ལ་རང་སྣང་བས། །ཉི་མ་དང་ནི་ཟེར་བཞིན་དུ། །ཤེས་རབ་རྩལ་གྱིས་རབ་གནས་པས། །དོན་གྱི་དཀྱིལ་འཁོར་སྣང་མཐའ་ཡས། །སྐུ་ཡི་སེམས་ཉིད་སྟོང་བདག་མེད། །ཡེ་ཤེས་ཕུང་པོ་སྐྱེ་འཇིག་བྲལ། །བསམ་འདས་ཆོས་ཉིད་ཞི་བ་སྟེེ། །སྣང་བ་མཐའ་ཡས་ཞིང་དུ་གྲོལ། །རང་བྱུང་སྐུ་ཉིད་རྣམ་པར་དག །སྟོང་པ་ཉིད་ཀྱི་དམ་ཚིག་ལས། །རིག་པའི་ཡུལ་དུ་རྣམ་པར་སྣང་། །ཞེས་སོ། །དེ་ལྟ་བུའི་དབྱིངས་ཀུན་ལ་ཡོད་ཀྱང་སྐལ་བ་ཅན་འགའི་ཡུལ་དུ་བསྟན་པ་ནི། ལྷུན་མཉམ་མི་གཡོ་རྡོ་རྗེ་སྙིང་
པོའི་གདུང་། །འདུ་འབྲལ་མེད་པའི་དབྱིངས་མཆོག་རབ་འབྱམས་འདི། །ཚིག་གིས་མཚོན་པའི་སྤྱོད་ཡུལ་མ་ཡིན་ཏེ། །ཤེས་རབ་ཀློང་རྡོལ་སོ་སོ་རང་རིག་ཡུལ། །བསམ་བརྗོད་སྤྲོས་དང་བྲལ་བའི་རྣལ་འབྱོར་པས། །མཚོན་དང་མི་མཚོན་མེད་པར་ཐག་བཅད་དེ། །སྒོམ་དང་བསྒོམ་པར་བྱ་བ་མ་རྙེད་པས། །བྱིང་རྒོད་རྣམ་རྟོག་དགྲ་བོ་བསད་མ་དགོས། །རིག་པའི་རང་ངོ་ལྟ་སྒོམ་རྩོལ་སྒྲུབ་ལས་འདས་པ་ནི་རྡོ་རྗེ་སྙིང་པོའི་གདུང་སྟེ། འདུ་འབྲལ་མེད་པའི་དབྱིངས་མཚོན་བརྗོད་ལས་འདས་པའི་རང་བཞིན་ནི། སོ་སོ་རང་རིག་ཡེ་ཤེས་ཀྱི་ཡུལ་ལས་བསམ་བརྗོད་སྤྲོས་པའི་ཡུལ་མ་ཡིན་ཏེ། རྨད་བྱུང་རྒྱལ་པོ་ལས། བསམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས། །བསམ་དང་བརྗོད་པས་གཏན་ལ་ཕེབས་པ་མེད། །ཅེས་པ་དང་། རྡོ་རྗེ་གཅོད་པ་ལས། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་སོ། །སོ་སོ་རང་རིག་པའི་ཡུལ་ཡིན་ཏེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་བཞིན་ནོ། །སློབ་དཔོན་གཞན་དག་ཆོས་ཉིད་དེ་ཡོངས་གཅོ༷ད་ལ་ཤེས་བྱ་མ་ཡིན་ཏེ་བསམ་བརྗོད་ལས་འདས་པའི་ཕྱིར་རོ། །རྣམ་གཅད་ལ་ཤེས་བྱ་ཡིན་ཏེ་བདེན་པ་གཟིགས་པ་རྣམས་ཀྱི་ཡུལ་དུ་བྱར་རུང་བའི་ཕྱིར་རོ་ཞེས་པའང་ཁ་ཕྱིར་བལྟས་འཆད་པ་ཙམ་ལས་འཐད་པར་མ་མཐོང་སྟེ། དོན་རང་ཐོག་ཏུ་མྱོང་བ་མེད་པའི་ཚིག་གོ །འདིར་ནི་བློས་བསམས་ན་སྤྲོས་པ་ཡིན་པས་དྲན་བསམ་གྱི་ཡུལ་མ་ཡིན་ཏེ། རྟོག་པ་དང་རྫས་འགལ་བའི་ཕྱིར་རོ། །བློས་བསམ་བརྗོད་མེད་པར་གནས་དུས་དོན་རང་ཐོག་ཏུ་ཕེབས་པས་རང་རིག་པའི་ཡུལ་ཡིན་ཏེ། རིག་པའི་ངོ་བོ་ཆོས་ཉིད་དོན་དམ་དུ་གནས་པ་ཉིད་དུས་དེར་མངོན་དུ་གྱུར་པའི་ཕྱིར་རོ། །དོན་དེ་ཉིད་རང་བབས་ལྷུན་གྲུབ་ཆེན་པོར་རྟོགས་པའི་གང་ཟག་ནི་ཡང་རབ་
རྡོ་རྗེ་སྙིང་པོའི་གདུང་འཛིན་པ་སྟེ། ཆོས་ཉིད་དང་མཐུན་པར་གང་ཟག་དེ་ཡང་བྱ་བྲལ་འབད་རྩོལ་ཞིག་པའི་རྣམ་པ་སྟེ། ཁྱུང་ཆེན་ལས། རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་ཤིང་། །མ་བསམས་འཁྲུལ་པ་ཞིག་པའི་ཡེ་ཤེས་ཉིད། །བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་པ་དང་། ཐལ་འགྱུར་ལས། ཡང་ན་ངང་རིང་ཤུགས་དལ་བ། །ལྷུག་པ་གླེན་པའི་ལྷོད་ཡོད་པ། །རྟོག་པ་ཆུང་ཞིང་རང་བཞིན་དལ། །ལུས་ངག་བྱ་བ་བྲལ་བ་དང་། །ཤེས་རབ་ལྡན་པས་འཛིན་པར་འགྱུར། །ཞེས་སོ། །རིག་པའི་ངོ་བོ་ཤེས་ནས་རིག་པ་ཉིད་རང་སོར་གནས་སམ། འཆར་རམ། བྱིང་རྒོད་ལ་སོགས་པ་ཅི་བྱུང་ཡང་རང་བྱུང་གི་ཡེ་ཤེས་ཉིད་ཀྱི་ངོ་བོ་དང་རོལ་པ་ཙམ་ལས། གོལ་སྒྲིབ་ལོགས་སུ་བསལ་དུ་མེད་དེ། གོལ་སྒྲིབ་དེ་ཉིད་རིག་པ་མ་གཏོགས་པ་གཞན་གཅིག་བྱུང་བ་མེད་ལ། རིག་པ་ཡེ་ནས་ཆོས་སྐུ་བྱ་བྲལ་ལྷུན་གྲུབ་ཆེན་པོར་གནས་པས། རིན་པོ་ཆེ་གསེར་གླིང་དུ་ཕྱིན་དུས་གསེར་ལས་མ་གཏོགས་པའི་ས་རྡོ་ངན་པ་བཙལ་ཡང་མི་རྙེད་པ་བཞིན་ནོ། །ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་སྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་གྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་པ་དང་། བདེ་ཆེན་གདལ་བའི་ཆོས་ཉིད་ཀློང་དཀྱིལ་ན། །མི་རྟོག་མཉམ་པ་ཆེན་པོའི་རང་བཞིན་གནས། །ཆོས་ཉིད་སྣང་བ་མེད་པའི་རང་བཞིན་ལ། །རིག་པས་མི་རྟོག་ཏིང་འཛིན་མ་བྱེད་ཅིག །ངང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ། །རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཙལ་ཇི་བཞིན་པ་རུ་གནས་པ་དེ། །
བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟེན། །ཞེས་སོ། །རང་གནས་ཀྱི་བསམ་གཏན་ལ་བྱིང་རྒོད་མི་སྲིད་དེ། རིན་པོ་ཆེ་སྤུངས་པ་ལས། རང་བཞིན་བསམ་གཏན་བར་མེད་ལ། །བྱིང་རྒོད་མེད་པ་ཡ་རེ་མཚན། །ཞེས་གསུངས་སོ། །རང་བབས་ལྷུན་གྲུབ་ཀྱི་བསམ་གཏན་མ་བསྒོམས་ཆུ་བོའི་རྒྱུན་དུ་ཤེས་པ་དེ་ལ་གང་ཡང་ཆོས་ཉིད་དུ་འཆར་བས་གོལ་སྒྲིབ་དང་བྱིང་རྒོད་དང་ཡེང་དང་མ་ཡེངས་མེད་དེ་ཡེང་ཡུལ་ཆོས་ཉིད་ཀྱི་རོལ་པར་ཤར་བའི་ཕྱིར་རོ། །དེ་ལས་གཞན་པའི་སྒོམ་ཆེན་གྱི་རིག་པ་རྩེ་གཅིག་ཏུ་མ་ཡེངས་བའི་ངང་བསྒོམས་ཀྱང་། བསམ་གཏན་གཟུགས་མེད་དུ་འཁོར་བའི་བརྟོད་ཕུར་ལས། སངས་རྒྱ་བ་ལ་སྔ་འདྲེས་གཅིག་གིས་ཉེར་མ་སོང་སྟེ། དཔེར་ན་དེང་སང་གི་ཞི་བྱེད་པ་ཁ་ཅིག་བཞིན་ནོ། །ཀུན་བྱེད་ལས། རང་གམ་བཞག་ནས་གཞན་མ་རྒྱང་དུ་ཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད། །མ་ཡེངས་ཏིང་འཛིན་འཛིན་པའི་བརྟོད་ཕུར་ཡིན། །ཡེ་ནས་ཡིན་ལ་ཡེང་མེད་ཤོར་བ་མེད། །མ་ཡེངས་ཏིང་འཛིན་རེ་བའི་བསླུ་མཁན་དེས། །རྒྱུ་འབྲས་ཐེག་ཆེན་དྲང་བའི་ལུང་བསྟན་ཡིན། །ཡེ་ནས་ཡིན་པས་ཡེང་མེད་ཤོར་མེད་དེ། །བྱར་མེད་རྩོལ་སྒྲུབ་ཀུན་ལས་འདས་པ་ཡིན། །ཞེས་སོ། །ད་ནི་སྣང་སྲིད་ཞིང་ཁམས་སུ་གནས་པས་བླང་དོར་བཟང་ངན་མེད་པར་བསྟན་པ་ནི། ཡེ་ནས་སྤྱི་བླུགས་གནས་པའི་ཆོས་ཉིད་ལ། །བདག་དང་གཞན་དུ་རྟོག་པ་མི་མངའ་བས། །ཁམས་གསུམ་འདི་ཉིད་རང་བཞིན་མཉམ་པའི་ཞིང་། །རིག་པ་དག་མཉམ་ལྷུན་གྲུབ་ཆེན་པོས་ཁྱབ་པའི་ཞིང་། །ཁམས་གསུམ་རིགས་དྲུག་ཏུ་སྣང་ཡང་རང་བྱུང་ཡེ་ཤེས་ཀྱི་ཞིང་ཁམས་སུ་ཡེ་ནས་རང་ཤར་བས། ཆོས་ཉིད་རྫོགས་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཡེ་ནས་སངས་རྒྱས་པར་བསྟན་པ་ནི། ཐལ་འགྱུར་ལས། གཞན་ཡང་རྐྱེན་གྱིས་སེམས་ཅན་རྣམས། །སངས་མ་རྒྱས་པ་གཅིག་ཀྱང་མེད། །རང་སྣང་
ཡེ་ཤེས་ཆོས་མཐུན་ཕྱིར། །འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་ཉིད་ནི་རྟོགས་པ་ལ། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་འདུས་པས་དབྱིངས་རིག་འབྲེལ། །ལུས་སུ་གནས་པས་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་འཁྲུལ་སྣང་འགག །ན་བས་ཆོས་རྣམས་ཉམས་སུ་མྱོང་། །ཤི་བས་སྟོང་པ་ངོས་གཟུང་མེད། །དེས་ན་སེམས་ཅན་སངས་རྒྱས་དངོས། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཐབས་དང་ཤེས་རབ་སྦྱོར་བ་ལས། །ཕ་དང་མ་ཡི་རྒྱུ་ཉིད་དག །འཕེན་པའི་རླུང་གིས་བསྐྱོད་པས་ནི། །བྱང་ཆུབ་རང་རིག་བདེ་ཆེན་པོ། །འབྱུང་ལྔའི་རྒྱུ་ལས་ས་བོན་ནི། །སྟོང་ཉིད་ཡུལ་ལ་སྣང་བར་ཤར། །གཉིས་ཀྱི་བདེ་བའི་སྙོམས་འཇུག་ནི། །ཐབས་ལས་བྱུང་བའི་ཤེས་རབ་ཉིད། །མངལ་གྱི་ལྷུམས་སུ་ཚུད་པ་ནི། །རང་རིག་གཞི་ནས་སྣང་བར་ཤར། །བདུན་ཚན་བདུན་ནི་རྟོགས་ཚད་དོ། །ཟླ་བཅུས་ས་རྣམས་བགྲོད་པ་ཉིད། །བཙས་པ་ཉིད་ནི་སྐུར་བཞེངས་ཏེ། །ལུས་བསྐྱེད་པ་ནི་གཞི་སྣང་ཡུལ། །ལུས་སུ་གནས་པ་གཞི་ཡིན་ཏེ། །རྒས་པ་དག་གིས་འཁྲུལ་པ་སངས། །ན་བ་ཉིད་ནས་རྟོགས་པའི་གདེང་། །ཤི་བས་ཆོས་ཉིད་སྟོང་པར་གྲོལ། །གཟུགས་སུ་སྣང་བའི་སེམས་ཅན་ཀུན། །འབད་མེད་ཡེ་ནས་རྫོགས་སངས་རྒྱས། །ཞེས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་པའི་ཆོས་མཐུན་ཡོད་པས་སངས་རྒྱས་ཞེས་བརྗོད་དེ། ཆོས་མཐུན་སྦྱོར་མི་ཤེས་པར་གད་མཆོངས་གཡང་མཆོངས་ལ་ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་རང་སྣང་ཡིན་ཟེར་བ་ནི་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། གཉིད་ཁུང་དུ་ཁ་ཅིག་ལབ་རྡོལ་ལ་དེ་སྐད་ཟེར་བ་དང་ཁྱད་མེད་དོ། །གཞན་ཡང་ཆོས་མཐུན་དང་དག་པ་སྦྱར་བས་སེམས་ཅན་གྱི་ཁམས་དང་སྣོད་བཅུད་དུ་སྣང་བ་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་རྟོགས་པར་བྱ་སྟེ། གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་
སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་བདག་ཉིད་དོ། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མའོ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་ཆོས་སོ་ཅོག །ཐམས་ཅད་མ་ལུས་སངས་རྒྱས་ཞིང་། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་པ་དང་། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པ་སྔར་མ་མཐོང་། །རྟོག་བཅས་འཁྲུལ་པ་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པ་སུས་མ་རིག །ཅེས་པ་དང་། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པར་རང་ཤར་བས། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ཞེས་སོ། །དེ་ལྟར་འཁོར་བ་ཡེ་སངས་རྒྱས་པ་ཡང་རིག་པའི་རང་སྣང་དུ་ཤར་བ་ལྟར། མྱ་ངན་ལས་འདས་པ་ཡང་སངས་རྒྱས་ཉིད་ཀྱི་རང་སྣང་དག་པ་ཙམ་ལས་གཞན་དུ་མེད་པར་བསྟན་པ་ནི། དུས་གསུམ་རྒྱལ་བ་རང་སྣང་དག་པ་སྟེ། །སྤང་བླང་མེད་པར་ཐམས་ཅད་ཕྱམ་གཅིག་པས། །གཞན་ནས་ཐོབ་པར་བྱ་བ་རྡུལ་ཙམ་མེད། །ཆོས་ཀུན་སེམས་ཉིད་ཀློང་ཆེན་དེར་གསལ་ལ། །མཉམ་པའི་དོན་ལས་གཡོས་པ་ཅུང་ཟད་མེད། །རིག་པ་གློ་བུར་གྱི་དྲི་མ་ལས་དག་ཙམ་ལས། རྒྱུ་རྐྱེན་དང་རྩོལ་སྒྲུབ་ཀྱི་སེམས་ཉིད་ལས་གཞན་ནས་སངས་རྒྱས་ཀྱི་ངོ་བོ་བཙལ་དུ་མེད་དེ། རིག་པ་དག་པ་ལ་སངས་རྒྱས་ཞེས་བརྗོད་པ་ལས་གཞན་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་སྣང་བ་དེ་ཡང་རིག་པའི་སྣང་ཚུལ་
ལས་གཞན་མ་ཡིན་པས། བྱང་ཆུབ་སེམས་ཀྱི་དབྱིངས་སུ་སངས་རྒྱས་པ་དེ་ཡང་གཞན་ནས་རྙེད་པའི་གནས་མེད་དེ། གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཡང་རྒྱལ་བས་མི་རྙེད་དོ། །ཞེས་པ་དང་། ཀུན་བྱེད་ལས། སྣང་སྲིད་ཆོས་དང་སྣང་མེད་བྱང་ཆུབ་སེམས། །སེམས་ཀྱི་དེ་བཞིན་ཉིད་འབྱུང་དེ་བཞིན་ཉིད། །དེ་བཞིན་ཉིད་དུ་མ་རྟོགས་སོ་སོར་མཐོང་། །དེ་བཞིན་ཉིད་ནི་དབྱིངས་ནས་ཚོལ་བྱེད་པ། །དུས་གསུམ་རྒྱལ་བས་བཙལ་ཀྱང་མི་རྙེད་དོ། །ཞེས་པ་དང་། སྔ་རབས་འདས་པའི་སངས་རྒྱས་ཀྱང་། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ཞེས་སོ། །དེ་ལྟ་བུའི་རིག་པ་རང་ངོ་རྟོགས་ན་གོལ་སྒྲིབ་ཤུགས་ཀྱིས་ཆོད་པ་སྟེ། ཕྱི་དང་ནང་མེད་འཆར་ནུབ་རྙོག་པ་མེད། །མཐའ་ཡི་མུན་སེལ་རྩ་བ་བྱང་ཆུབ་སེམས། །གང་ཡང་མ་སྤངས་གོལ་ས་ཤུགས་ལ་ཆོད། །རིག་པའི་ངོ་བོ་སྤང་བླང་བྱ་བརྩལ་ལས་འདས་པས་གཞན་དུ་བགྲོད་པ་དང་བལྟར་མེད་པའི་ཕྱིར་གོལ་ས་དང་སྒྲིབ་པ་མེད་ལ། རིག་པའི་ངོ་བོ་རང་ལ་བཞག་ནས། དེ་ནས་ལོགས་སུ་འབད་རྩོལ་དང་ལྟ་སྒོམ་བྱས་པས་གོལ་སྒྲིབ་ཏུ་བྱུང་བ་སྟེ། ཀུན་བྱེད་ལས། བྱུང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་ནི། །ཆོས་ཀུན་མ་ལུས་པ་ཡི་སྙིང་པོ་སྟེ། །མ་སྐྱེས་རྣམ་པར་དག་པས་སྒྲིབ་པ་མེད། །བགྲོད་པའི་ལམ་དང་བྲལ་བས་གོལ་ས་མེད། །ཡེ་ནས་ལྷུན་གྱིས་གྲུབ་པས་བཙལ་དུ་མེད། །ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་གཅིག་ལ། །གཅིག་ལ་རྣམ་པར་བགྲངས་པས་གོལ་སྒྲིབ་བྱུང་། །བགྲོད་དུ་མེད་ལ་བགྲོད་པས་གོལ་ས་བྱུང་། །དམིགས་མེད་བལྟས་པས་མ་མཐོང་སྒྲིབ་པ་བྱུང་། །ཞེས་སོ། །རིག་པའི་ངང་ལ་ཅི་སྣང་ཡང་དབྱིངས་ལས་གཡོས་པ་མེད་པར་བསྟན་པ་ནི། འགྲོ་བའི་སྣང་ཚུལ་སྣ་ཚོགས་
འཇིག་རྟེན་དང་། །དག་པའི་སངས་རྒྱས་སྐུ་དང་ཡེ་ཤེས་ཀྱང་། །རྟོགས་དང་མ་རྟོགས་རྩལ་ལས་ཤར་བ་ཡི། །རོལ་པ་མ་འགགས་ནམ་མཁའི་དབྱིངས་ཁྱབ་ཀུན། །ཆོས་དབྱིངས་ངང་ལ་རྟོགས་དང་མ་རྟོགས་ཙམ། །རྟོགས་པས་བདེ་གཤེགས་དག་པའི་སྣང་བ་དང་། །མ་རྟོགས་མ་རིག་གཟུང་འཛིན་བག་ཆགས་ལས། །སྣ་ཚོགས་སྣང་ཡང་དབྱིངས་ལས་གཡོས་པ་མེད། །དབྱིངས་རང་བྱུང་གི་ཡེ་ཤེས་རང་ངོ་ཤེས་པས་སངས་རྒྱས་དང་མ་ཤེས་པས་སེམས་ཅན་ལྟར་སྣང་ཡང་། གཉིས་ཀ་རིག་པའི་ངང་དུ་རོ་གཅིག་པས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་སྟེ། ཀུན་བྱེད་ལས། སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་དང་། །སངས་རྒྱས་སེམས་ཅན་བསྡུས་པ་ཐམས་ཅད་ཀུན། །ཀུན་བྱེད་བྱང་ཆུབ་ང་ཡིས་བྱས་པའི་ཕྱིར། །ཐམས་ཅད་བྱང་ཆུབ་སེམས་ལས་མ་གཏོགས་པ། །གཞན་ཞེས་བྱ་བ་ཡེ་ནས་མེད་པའི་ཕྱིར། །ཀུན་ཀྱང་བྱང་ཆུབ་སེམས་སུ་བསྟན་པ་ཡིན། །ཞེས་སོ། །དེ་ལྟ་བུའི་རིག་པ་སྟོང་གསལ་འགག་མེད་ཆེན་པོར་བསྟན་པ་ནི། བྱང་ཆུབ་སེམས་ནི་ཀུན་གྱི་དངོས་གཞི་སྟེ། །མཚན་ཉིད་མ་འགགས་སྣ་ཚོགས་ཅི་ཤར་ཡང་། །རང་གསལ་ཆོས་ཉིད་དག་པའི་དབྱིངས་གསལ་བས། །དབྱེ་བསལ་མེད་དོ་རྒྱ་ཡན་རིག་པའི་འགྲོས། །ཤེལ་གོང་དྲི་མ་མེད་པ་ལྟར་ངོ་བོ་སྟོང་གསལ་ཅིར་ཡང་མ་གྲུབ་པའི་སྐྱེ་མེད་ཀྱི་ངང་ལས། འགག་མེད་ཀྱི་རོལ་པ་ཅིར་ཡང་འཆར་བ་སྟེ། རིག་པ་རང་ཤར་ལས། ཕྱོགས་སུ་མ་ལྷུང་རྒྱ་མ་ཆད། །ཕྱི་དང་ནང་མེད་ཡངས་པ་ཆེ། །དག་པ་དྲི་མེད་ཤེལ་གོང་བཞིན། །སྣང་ལ་རང་བཞིན་མེད་པར་གསུངས། །ཞེས་སོ། །དེའི་རང་བཞིན་རྒྱས་པར་བཤད་པ་ནི། ཟང་ཐལ་ཡེ་ཤེས་རང་བྱུང་ཀློང་ཡངས་ཤིང་། །མ་བསྒྲིབས་ཕྱི་ནང་མེད་པར་འོད་གསལ་བས། །རང་རིག་སེམས་ཀྱི་མེ་ལོང་འོད་པོ་ཆེ། །འདོད་འབྱུང་ནོར་བུ་རིན་ཆེན་ཆོས་
ཀྱི་དབྱིངས། །བཙལ་བ་མེད་པར་ཐམས་ཅད་རང་འབྱུང་བས། །རང་བྱུང་ཡེ་ཤེས་འདོད་དགུར་འབྱུང་བའི་དཔལ། །དབྱིངས་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ནོར་བུའི་རྩེ་མོ་ནི་ངང་གིས་འོད་གསལ་ལ་དྲི་མ་མེད་པའི་འོད་ཟེར་འཁོར་འདས་ཡོངས་ལ་ཁྱབ་པར་འཕྲོ་བས་བྱང་ཆུབ་སེམས་ཀྱི་མེ་ལོང་འོད་པོ་ཆེ་ཞེས་བྱ་སྟེ། ཡངས་པ་ཆོས་ཉིད་ཀྱི་ངོ་བོ་བསམ་ཡུལ་ལས་འདས་པ་ཉིད། སེང་གེ་རྩལ་རྫོགས་ལས། རྫོགས་ཆེན་ང་ཡི་བྱང་ཆུབ་སེམས། །རིག་པའི་ངོ་བོ་རྟོག་མེད་ལ། །ཅི་ཡང་མེད་པས་ཅི་ཡང་འབྱུང་། །ཞེས་པ་དང་། རང་ཤར་ལས། མི་འགག་རོལ་པའི་ཆོས་ཉིད་ལས། །ཀུན་བཟང་ཡངས་པའི་དབྱིངས་ཉིད་ཤར། །དགོངས་པ་ཤེས་རབ་ཆེན་པོའི་དབྱིངས། །འཛིན་པའི་ཆོས་ཉིད་ཆགས་པ་མེད། །རྟོག་མེད་སྨྲ་བསམ་ཡུལ་ལས་འདས། །དཔེར་ན་ནམ་མཁའི་ཆོ་འཕྲུལ་བཞིན། །ཞེས་སོ། །རིག་པ་བྱང་ཆུབ་ཀྱི་ཀློང་ཡངས་པར་བསྟན་པ་ནི། ཆེ་བའི་ཡོན་ཏན་རྣམ་གྲངས་ཇི་སྙེད་པ། །དབྱིངས་ལས་དབྱིངས་བྱུང་ཐབས་མཆོག་མ་འགགས་ཤར། །ཐམས་ཅད་སྐྱེ་མེད་དབྱིངས་སུ་ལྷུན་རྫོགས་པས། །དངོས་པོ་ཟིལ་གནོན་སྟོང་ཉིད་བྱང་ཆུབ་ཀློང་། །སྟོང་པ་ཟིལ་གནོན་རང་རིག་བྱང་ཆུབ་ཀློང་། །མཐའ་བཞི་ལས་རྣམ་པར་གྲོལ་བའི་རིག་པ་ནམ་མཁའི་ངང་དང་། དེ་ལས་ཤར་བའི་ཆོས་ཐམས་ཅད་སྒྱུ་མ་ཆུ་ཟླ་ལྟར་ཡོད་མེད་ལས་འདས་པའི་ཕྱིར། ཆོས་ཉིད་ཀློང་ཆེན་དག་པའི་རང་བཞིན་དུ་བསྟན་ཏེ། རིག་པ་རང་ཤར་ལས། སྒྱུ་མ་ཆུ་ཟླ་སྨིག་རྒྱུ་བཞིན། །མེད་པ་ཟང་མ་མ་ཡིན་ལ། །ཡོད་པ་ཡང་ནི་མ་ཡིན་ནོ། །ཡོད་མེད་གཉིས་ལས་འདས་པའི་ཕྱིར། །རིག་པའི་ངོ་བོ་སྐྱེ་བ་མེད། །སྣང་བའི་རང་བཞིན་འགག་པ་མེད། །རིག་པའི་མཚན་ཉིད་དངོས་པོ་མེད། །རིག་པའི་འབྲས་བུ་མ་བཅོས་པ། །རིག་པ་སྐུ་གསུམ་ངོ་བོར་གསུངས། །ཞེས་སོ། །ད་ནི་དེ་དག་གི་དོན་མཁའ་ཀློང་ཡངས་པ་ཆེན་པོར་བསྡུ་བ་ནི། བྱང་ཆུབ་སེམས་
ལ་སྣང་སྟོང་ཡེ་ནས་མེད། །གཉིས་མེད་མ་ཞེན་བསམ་ཡས་ཆོ་འཕྲུལ་འབྱུང་། །དུས་གསུམ་དུས་མེད་སྐྱེ་མེད་ཆོས་ཀྱི་དབྱིངས། །མི་འགྱུར་མི་ཕྱེད་འདུས་མ་བྱས་པའི་ཀློང་། །དུས་གསུམ་སངས་རྒྱས་རིག་པ་ཡེ་ཤེས་དབྱིངས། །གཟུང་འཛིན་ཟིལ་གནོན་རང་རིག་བྱང་ཆུབ་ཀློང་། །ཕྱི་དང་ནང་མེད་ཆོས་ཉིད་ལྷུན་ཡངས་སོ། །རིག་པའི་ངོ་བོ་ལ་སྣང་སྟོང་ལ་སོགས་པར་མ་གྲུབ་ཅིང་དུས་གསུམ་མཉམ་པའི་དབྱིངས་འདུས་མ་བྱས་པ་ནི། རིག་པ་དུས་གསུམ་གྱི་སངས་རྒྱས་སུ་ཡེ་ནས་ཤར་བས་གཟུང་འཛིན་མེད་པའི་ཆོས་སྐུ་སྟེ། རང་ཤར་ལས། དེ་ཡང་མཚན་ཉིད་འགྱུར་མེད་ཡིན། །ཐ་དད་མ་ཡིན་གཅིག་པུ་ཉིད། །སངས་རྒྱས་བས་ཀྱང་ང་སྔར་བྱུང་། །གཟུང་འཛིན་བསླད་པའི་ཆོས་མེད་པའོ། །ཞེས་པ་དང་། རྩལ་རྫོགས་ལས། གཉིས་མེད་རིག་པའི་རང་སྣང་ཅིར་ཡང་འཆར། །ཆོས་སྐུ་དངོས་བྲལ་ཡེ་ཤེས་གསང་བ་ཉིད། །སྣང་བ་རང་ལུགས་ཡེ་འབྱམས་ཐུགས་ལ་གནས། །ཟད་མེད་རིག་པའི་སྣང་བ་ཅིར་ཡང་སྣང་། །འགག་མེད་རོལ་པའི་རིག་པ་ཅིར་ཡང་འཆར། །རྟོག་མེད་ཐུགས་ཀྱི་དགོངས་པ་མཉམ་པ་ཉིད། །དུས་གསུམ་སངས་རྒྱས་རིག་པ་གཟུང་འཛིན་བྲལ། །ཞེས་གསུངས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་སྟེ། ལེའུ་བཞི་པའི་འགྲེལ་པའོ།། །།
རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ་སྟེ་ལེའུ་ལྔ་པའི་འགྲེལ་པ།
དེ་ལྟ་བུའི་རང་བཞིན་ཉིད་བྱ་བཙལ་རྒྱུ་འབྲས་ལས་འདས་པར་བསྟན་པ་ནི། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བ་བསྒོམ་མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །འདིར་དོན་དམ་པའི་བདེན་པ་རིག་པ་ནམ་མཁའ་ལྟ་བུའི་ངོར་བྱས་ན་གང་དུའང་གྲུབ་པ་མེད་པའི་ཕྱིར། ལྟ་སྒོམ་སྤྱོད་
འབྲས་དང་། དཀྱིལ་འཁོར་བསྐྱེད་རྫོགས་དང་། དམ་ཚིག་སྡོམ་པ་ལ་སོགས་པ་གྲུབ་པ་མེད་དེ། སྟོང་ཞིང་བདག་མེད་པའི་རིག་པ་མཚོན་བརྗོད་ཐམས་ཅད་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཀུན་བྱེད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བརྩལ་མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་པ་མེད། །སེམས་ལས་ངེས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ཞེས་པ་དང་། རང་ཤར་ལས། དོན་ནི་སྐྱེ་མེད་བྱང་ཆུབ་སེམས། །དེ་ལ་གཉེན་པོས་གཞིག་ཏུ་མེད། །དེ་ལ་ཕྱོགས་དང་རིས་སུ་མེད། །ང་དང་བདག་ཏུ་འཛིན་པ་མེད། །བཟང་དང་ངན་པའི་རྣམ་རྟོག་མེད། །ཡིན་དང་མིན་པའི་མཐའ་ལས་འདས། །རྟོགས་དང་མི་རྟོགས་ཆོས་ལས་འདས། །རྟག་དང་ཆད་པ་གཉིས་དང་བྲལ། །གོལ་དང་སྒྲིབ་པའི་ཆོས་ལས་འདས། །རྟོགས་དང་མ་རྟོགས་གཉིས་སུ་མེད། །དག་དང་མ་དག་མཐའ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཤེས་དང་མ་ཤེས་གཉིས་སུ་མེད། །མ་རིག་འཁྲུལ་པའི་སེམས་ལས་འདས། །སྒྲ་དང་ཐ་སྙད་ཚིག་དང་བྲལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །རྟོག་པ་ལམ་གྱི་དྲི་མ་བསལ། །བསམ་པ་སྣ་ཚོགས་བྱ་བྱེད་འདས། །དངོས་པོར་འཛིན་པའི་ཆོས་དང་བྲལ། །ས་དང་ལམ་ལ་སྦྱང་དུ་མེད། །ལྷ་ལ་མཆོད་པ་འབུལ་མི་དགོས། །དགེ་བ་བཅུ་ཡིས་བསྐྱབ་ཏུ་མེད། །སྡིག་པས་དེ་ལ་གོས་མི་འགྱུར། །འཁོར་བ་ངན་སོང་ག་ལ་ཡོད། །མྱ་ངན་འདས་པའི་ཆོས་མེད་ཅིང་། །བདག་དང་གཞན་དུ་ལྟ་བ་མེད། །ལོག་དང་མ་ལོག་ག་ལ་ཡོད། །ཡོད་དང་མེད་པའི་མཐའ་ལས་འདས། །ཁ་དོག་མེད་ཅིང་དབྱིབས་མེད་པའོ། །ཞེས་པ་དང་།
རིན་པོ་ཆེ་སྤུངས་པ་ལས། འདི་ལ་སྔགས་དང་ཕྱག་རྒྱ་མེད། །དཀྱིལ་འཁོར་ལྷ་དང་མཆོད་པ་ཡང་། །འདི་ལ་དགོས་དོན་གང་ཡང་མེད། །རྫས་དང་ཆོ་ག་བཤམ་མི་དགོས། །འཇུག་དང་ཡེ་ཤེས་དབབ་ཏུ་མེད། །ཅེས་པ་དང་། རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཡིན་དང་མིན་པ་གཉིས་ལས་འདས། །བཟང་དང་ངན་པའི་ལྟ་བ་མེད། །སྒོམ་དང་མི་སྒོམ་གཉིས་སུ་མེད། །ཅེས་པ་དང་། རིག་པའི་སྐུ་དང་དམ་ཚིག་མེད། །སྲུང་དང་བསྲུང་བར་བྱ་བ་མེད། །སྣང་དང་མི་སྣང་དམ་ཚིག་མེད། །རང་རིག་རྫོགས་ཆེན་ངོ་བོ་ལ། །དམ་ཚིག་ལུང་དུ་བསྟན་དུ་མེད། །ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པ་སྤྱོད། །གཅིག་པུ་ཉིད་ལ་གཅིག་པུ་སྤྱོད། །ཕྱལ་པ་ཉིད་ལ་ཕྱལ་པ་ཡིས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེར། །ཞེས་སོ། །དེ་ལྟར་གང་དུའང་བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ་ནི། འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །ཉི་མ་སྤྲིན་དང་མུན་པས་མ་བསྒྲིབས་ལ། །གློ་བུར་མ་བྱས་དབྱིངས་ན་ངང་གིས་གསལ། །ཉི་མའི་ངོ་བོ་ནི་ནམ་མཁའི་དབྱིངས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། དེའི་ངོ་བོ་ལ་སྤྲིན་གྱིས་སྒྲིབ་ཏུ་ཡང་མེད་དེ། རྒྱུ་འབྲས་ཀྱིས་གློ་བུར་དུ་འོད་གསལ་བར་ཡང་བྱར་མེད་པ་དེ་བཞིན་དུ། རིག་པའི་རང་ངོ་ལ་རྒྱུ་འབྲས་དང་སྒྲིབ་པ་ཡོད་མི་སྲིད་པའོ། །གླིང་བཞིའི་མིས་བལྟས་དུས་རེས་འགའ་བསྒྲིབས་པ་ལ་སོགས་པར་སྣང་བ་ནི། ཉི་མ་བསྒྲིབས་པ་མ་ཡིན་གྱིས། རང་གི་མིག་སྔར་སྤྲིན་གྱིས་བསྒྲིབ་པར་སྣང་བ་ལ། ཉི་མ་བསྒྲིབས་སོ་སྙམ་དུ་འཛིན་པ་ནི་འཁྲུལ་པ་ཞེས་བྱའོ། །དེ་བཞིན་དུ་གློ་བུར་བའི་ཉོན་མོངས་པ་ལ་སོགས་པས་རིག་པ་ལ་གོལ་བ་དང་བསྒྲིབས་པ་མེད་ཀྱིས། འཁྲུལ་རྟོག་གི་ངོ་ཁ་ལ་བསྒྲིབས་པར་སྣང་བ་ལ། རིག་པ་བསྒྲིབ་པ་དང་ལྡན་ནོ་དག་པར་བྱའོ་
ཡོན་ཏན་བསྐྱེད་དོ་སྙམ་པ་ནི་འཁྲུལ་པ་ཟང་མ་ཞེས་བྱའོ། །ཡུམ་ཆེན་མོ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་པ་དང་། མངོན་རྟོགས་རྒྱན་ལས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་པ་དང་། རང་ཤར་ལས། རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་སྒྲུབ་པ་མེད་པ་ཉིད། །འཛིན་དང་ཆགས་པའི་མཐའ་ལས་འདས། །དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་པ་ལྟ་བུའོ། །རིག་པའི་ངོ་བོ་དེ་ལྟར་ཡིན་ཡང་དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་ཉིད། ཨ་ཏིའི་རྣལ་འབྱོར་པས་གོལ་སྒྲིབ་ཏུ་ཤེས་པར་བྱ་བ་ནི། རྩོལ་ཞིང་བསྒྲུབ་པའི་ཆོས་བཅུ་གང་བསྟན་པ། །རྩལ་ལས་གློ་བུར་འཁྲུལ་ངོར་གསུངས་པ་ཉིད། །རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས། །ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་དོན། །ཇི་བཞིན་རྣལ་དུ་འབྱོར་ལ་བསྟན་པ་མིན། །ཇི་སྐད་དུ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཡོངས་སུ་རྣལ་འབྱོར་ལ་སོགས་གསུམ་པོ་ལ། །རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་སྦྱོང་བར་བྱེད། །དམ་ཚིག་བསྲུང་ཚུལ་ལྟ་བ་སྒོམ་བྱེད་པ། །གོམས་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི། །ཡེ་ནས་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཕྱིར། །ལམ་ལ་མི་བགྲོད་ས་ལམ་སྦྱོང་མི་བྱེད། །དམ་ཚིག་མི་སྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བགྲོད། །བགྲོད་པ་བྱང་ཆུབ་ཉིད་ལས་མེད་པའི་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྤྱོད། །དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བསྲུང་། །སྒོམ་པའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་སྒོམ་དུ་
མེད། །ལྟ་བའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར། །ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱར་མེད་འདི། །རང་བྱུང་ཡེ་ཤེས་གོམས་པ་དྲག་དལ་ཅན། །ཀུན་བྱེད་རྒྱལ་པོ་ང་ཡི་གོམས་པ་ཡིན། །རྒྱུ་འབྲས་ཐེག་པ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་སོ། །རྣལ་འབྱོར་བཞི་ནི། སེམས་དཔའི་རྣལ་འབྱོར་སྔགས་ཕྱི་པ་གསུམ། རྣལ་འབྱོར་ཆེན་པོ་བསྐྱེད་པ་མ་ཧཱ་ཡོ་ག །ཡོངས་སུ་རྣལ་འབྱོར་ལུང་ཨ་ནུ་ཡོ་ག །ཤིན་ཏུ་རྣལ་འབྱོར་མན་ངག་ཨ་ཏི་ཡོ་གའོ། །དེ་དག་གི་ཁྱད་པར་ཀྱང་རྒྱུད་དེ་ཉིད་ལས། ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོ་སེམས་དཔའི་རྣལ་འབྱོར་བཞི། །སྙིང་པོ་དོན་གྱི་རྣལ་འབྱོར་བྱར་མེད་ལ། །བལྟས་པས་མཐོང་བའི་ཡུལ་ནི་རྣམ་པ་བཞི། །སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་མཐོང་། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས། །བྱིན་གྱིས་བརླབས་ནས་སེམས་དཔའི་ལྷ་གཉིས་ལྟ། །སྙིང་པོ་དོན་གྱི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ནས། །འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་ཆེན་པོར་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། །དབྱིངས་ཀྱི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ། །ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང་། །སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། །རྒྱུ་འབྲས་འདས་པའི་རྣལ་འབྱོར་མཐོང་བ་མིན། །མ་བཅོས་དེ་བཞིན་ཡོངས་སུ་རྣལ་འབྱོར་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལྟ་མཐོང་བས། །བྱང་ཆུབ་སེམས་
ནི་ཀུན་གྱི་སྙིང་པོར་མཐོང་། །དེ་ཉིད་མ་བཅོས་དོན་གྱི་རྣལ་མ་མཐོང་། །ལྟ་བ་ཡེ་ནས་བསྒོམ་དུ་མེད་པར་ཞོག །དམ་ཚིག་ཡེ་ནས་སྲུང་དུ་མེད་པར་བཞག །འཕྲིན་ལས་ཡེ་ནས་བཙལ་དུ་མེད་པར་བཞག །བཞག་པས་དེ་བཞིན་ཉིད་ལ་རྣལ་དུ་འབྱོར། །ཞེས་སོ། །ད་ནི་ཐེག་པ་དགུའི་དབྱེ་བ་དགོངས་ཚུལ་དང་བཅས་པ་བསྟན་པ་ལས། ཐེག་པ་དང་པོ་དྲུག་ནི། རིམ་འཇུག་རྩོལ་བ་ཅན་གྱི་གང་ཟག་རྣམས། །ཆོས་ཉིད་གདོད་མའི་དབྱིངས་སུ་དྲང་བའི་ཕྱིར། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག །ཆུང་ངུ་གསུམ་ལ་བསྟན་པའི་རིམ་པ་སྟེ། །ཀྲཱི་ཡ་ཨུ་པ་ཡོ་ག་རྣམ་པ་གསུམ། །འབྲིང་པོ་གསུམ་ལ་རང་བཞིན་བབས་ཀྱིས་གྲུབ། །བླ་ན་མེད་པའི་ཐེག་པར་འཇུག་པའི་ཐབས་སམ་རྒྱུའི་རིམ་པས། དབང་པོ་ཐ་དད་ཀྱི་ཐེག་པ་བསྟན་པ་ལས། ཚེ་འདི་ཉིད་དུ་སངས་རྒྱ་བའི་ཉེ་ལམ་ཡིན་མ་ཡིན་ལ་ལྟོས་ནས། ཕྱི་མཚན་ཉིད་ཀྱི་ཐེག་པ་ཉན་རང་སེམས་དཔའ་གསུམ་ཆུང་ངུར་བཞག་ལ། སྔགས་ཆེན་པོར་བཤད་ཅིང་། སྔགས་ལའང་ལམ་ཉེ་རིང་གིས་ཕྱི་པ་གསུམ་ཆུང་ངུར་བཞག་སྟེ། དེ་དག་གི་ལྟ་སྒོམ་ཐམས་ཅད་རྫོགས་པ་ཆེན་པོས་ཡས་བལྟས་ནས། རིག་པའི་ངོ་བོ་མ་མཐོང་བར་ཅི་བྱ་སྟོར་བ་བྱིས་པའི་ཐེག་པར་མཐོང་བས། གོལ་སྒྲིབ་ཏུ་བཤད་དེ། ཀུན་བྱེད་ལས། ཆོས་ཉིད་བྱང་ཆུབ་སེམས་གཅིག་ངོ་བོ་ལ། །སྡུག་བསྔལ་ཀུན་འབྱུང་བདེན་པ་རྣམ་པ་བཞིས། །སྡུག་བསྔལ་ཀུན་འབྱུང་ངན་སོང་རྒྱུ་ཟེར་ནས། །ཆོས་ཉིད་བྱང་ཆུབ་སེམས་དེ་སྤོང་བར་བྱེད། །དེ་ཡིས་ཆོས་ཉིད་མི་མཐོང་ཡངས་པ་ཡིན། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱིས། །སྦྱིན་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བཅུས། །ས་བཅུ་ལམ་ལ་སྦྱངས་ཏེ་བགྲོད་པ་ཡིས། །ཆོས་ཉིད་མ་མཐོང་སྦྱོང་བའི་ས་ལ་གནས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟའ་དང་རྒྱུ་སྐར་དུས་ཚིགས་བཟང་སྒོ་ནས། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་ཆེན་པོ་
བཞིས། །འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །བྱིན་གྱིས་བརླབས་ནས་ལྷ་ཡི་སྐུར་བསྒོམས་པ། །དེ་ཡིས་རང་སེམས་སྒོམ་མེད་མཐོང་བ་མིན། །ཞེས་སོ། །སྔགས་ནང་པ་གསུམ་གྱི་རིམ་པ་ནི། མ་ཧཱ་ཨ་ནུ་ཨ་ཏི་རྣམ་པ་གསུམ། །ཆེན་པོ་གསུམ་ལ་གདོད་ནས་སྣང་བ་སྟེ། །རྒྱུ་འབྲས་ཐེག་པའི་ཆོས་ཀྱི་སྒོ་དབྱེ་བས། །སྐལ་ལྡན་འགྲོ་བ་བྱང་ཆུབ་གསུམ་ལ་འདྲེན། །འདི་དག་ཀྱང་ཨ་ཏི་ཉག་གཅིག་ལས་གཞན་གཉིས་ཡོངས་སུ་མ་རྫོགས་པས་མཐར་ཐུག་པ་མ་ཡིན་ཏེ། སེམས་ཅན་གྱི་བློ་རིམ་འཁྲིད་པ་ཙམ་གྱི་ཕྱིར་རོ། །ཀུན་བྱེད་ལས། ཆོས་གཅིག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ཏིང་འཛིན་གསུམ་དང་ཆོ་ག་རྣམ་པ་ལྔས། །རང་རྒྱུད་དག་པའི་རྡོ་རྗེ་ཕུང་པོ་ལ། །བསྙེན་སྒྲུབ་རྣམ་པ་བཞི་ཡིས་ལྷ་བསྒོམས་ནས། །སྣང་ལ་རང་བཞིན་མེད་པར་བྱེད་པ་ནི། །བཙལ་ཞིང་བསྒྲུབས་ནས་རང་སེམས་ལྷར་བཅོས་པས། །དེས་ཀྱང་རང་སེམས་བྱར་མེད་མཐོང་བ་མེད། །རང་གི་ཆོས་ཉིད་བྱང་ཆུབ་སེམས་ལ་ནི། །ཀུན་བྱེད་རྒྱལ་པོ་སྟོན་པའི་སྟོན་པས་ཀྱང་། །རང་སེམས་ཡེ་ནས་ཆོས་ཉིད་གྲོལ་བ་ལས། །སྟོན་པ་གསུམ་ལ་སྒོམ་པའི་ལུང་མ་བསྟན། །སྒོམ་སྒྲུབ་བཙལ་ན་རང་སེམས་སྤང་བ་སེམས། །ཀྱེ་སེམས་དཔའ་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་མི་བྱེད། །བླང་དོར་མེད་པའི་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གིས་གནས། །སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་གྲུབ་ཟིན་པས་ད་ནི་བསྒྲུབ་མི་དགོས། །ཞེས་སོ། །ཐམས་ཅད་རྡོ་རྗེ་སྙིང་པོའི་འཇུག་སྒོར་བསྟན་པ་ནི། ཀུན་ཀྱང་
མཐར་ཐུག་རྡོ་རྗེ་སྙིང་པོའི་དོན། །གསང་ཆེན་རྨད་དུ་བྱུང་འདིར་འཇུག་དགོས་པས། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །མངོན་པར་བྱང་ཆུབ་སྙིང་པོའི་ཐེག་པར་གྲགས། །ཐེག་པ་དེ་དག་ཀྱང་མཐར་ཐུག་རྡོ་རྗེ་སྙིང་པོའི་ཐེག་པ་འདིར་འཇུག་དགོས་ཏེ། སྒོ་འདི་མ་མཐོང་ན་སངས་རྒྱས་ཐོབ་མི་སྲིད་པའི་ཕྱིར་རོ། །གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། སངས་རྒྱས་འབྲས་བུ་སུས་ཐོབ་པ། །འདི་ཉིད་དེ་ལ་སྣང་བ་ཡིན། །འདི་མ་མཐོང་བའི་སངས་རྒྱས་ནི། །གཅིག་ཀྱང་བྱུང་བ་སྔ་ཕྱིར་མེད། །ཅེས་པ་དང་། གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱིས། །ཐུགས་རྡོལ་ཉག་གཅིག་དགོངས་དོན་གཅིག །ཅེས་སོ། །དེའང་རིམ་པ་བརྒྱད་པོ་བློ་ཆུང་རྣམས་ཀྱི་གཉེན་པོར་བསྟན་ལ། ཨ་ཏི་ཡང་རབ་སྐལ་བ་ཅན་ལ་སྣང་བའོ། །དེའང་རིག་པའི་རང་ངོ་ལ་ཐེག་པ་གང་དུའང་མེད་ཀྱང་། དེ་རྟོགས་པར་བྱེད་པའི་སྒོ་ཙམ་དུ་སོ་སོར་ཤར་ཏེ། རིག་པ་ཐད་དྲང་དུ་སྟོན་པ་ཨ་ཏི་ཡངས་པ་ཆེན་པོ་ལས་གཞན་མེད་དེ། སེང་གེ་རྩལ་རྫོགས་ལས། ཡངས་སོ་ཆེའོ་ཆོས་ཆེན་པོ། །ཆུང་ངུ་རྣམས་ཀྱི་གཉེན་པོ་ཡིན། །ཆུང་དང་ཆེ་བའི་རིམ་པ་རྣམས། །ཡང་དག་ས་ལ་མེད་མོད་ཀྱང་། །སེམས་ཅན་བློ་ལ་གཉིས་སུ་བྱུང་། །ཞེས་སོ། །དེ་ལྟར་གཉིས་ལས་རྩོལ་སྒྲུབ་ཀྱི་རིམ་པ་ནི། ཆོས་ཀྱང་གཉིས་ལས་བླང་དོར་བྱ་བཙལ་ཅན། །རྩལ་ལས་རོལ་པར་ཤར་བའི་རང་བཞིན་གྱིས། །སེམས་དང་སེམས་བྱུང་བག་ཆགས་སྦྱང་ཕྱིར་བསྟན། །དེ་དག་སེམས་ལས་ཡེ་ཤེས་དག་པར་འདོད། །རིམ་པ་བརྒྱད་པོ་རྣམས་ནི་སེམས་ལམ་དུ་བྱེད་པས་བླང་དོར་བྱ་བཙལ་དང་བཅས་པར་ལམ་དུ་བྱེད་ཅིང་། སེམས་དྲི་མ་དང་བྲལ་ན་ཡེ་ཤེས་སུ་འདོད་པ་བཞིན་དུ། ཨ་ཏིའི་ཡང་སྙིང་སྙིང་ཐིག་མ་རྟོགས་པ་མཚུངས་པར་དེའི་ཕྱོགས་སུ་བསླན་ཏེ། སེམས་འབའ་ཞིག་ལ་བྱང་ཆུབ་ཀྱི་གཞི་ལམ་འབྲས་བུར་སྟེགས་འཆའོ། །འདིའི་ཁྱད་པར་ནི་ཁོ་བོས་བྱས་པའི་བསྟན་བཅོས། གྲུབ་
པའི་མཐའ་རིན་པོ་ཆེའི་མཛོད་དང་། ཐེག་པའི་མཆོག་རིན་པོ་ཆེའི་མཛོད་དང་། འོད་གསལ་རིན་པོ་ཆེའི་མཛོད་དུ་ཤེས་པར་བྱའོ། །རྩལ་རྫོགས་ལས་ཀྱང་། སེམས་དང་ཡེ་ཤེས་བག་ཆགས་དངོས་མ་ཡིན། །ཡེ་ཤེས་བག་ཆགས་ཀུན་དང་བྲལ་གྱུར་ཀྱང་། །སེམས་ཀྱིས་སྣ་ཚོགས་བག་ཆགས་སྡུད་པར་བྱེད། །སེམས་དང་ཡེ་ཤེས་གཉིས་སུ་མ་ཕྱེ་ན། །སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པས། །རྐྱེན་བྲལ་ཆོས་ཉིད་དག་ཀྱང་རྟོགས་པར་དཀའ། །ཞེས་པས། འདིར་ཉུང་ངུར་བསྡུས་ན། ཡེ་ཤེས་ནི་རིག་པའི་རང་ངོ་དུས་ཐམས་ཅད་པ་ཡུལ་དང་བྲལ་བའི་དགོངས་པ་སྟེ། བསམ་བརྗོད་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །སེམས་ནི་ཡུལ་ལ་འཛིན་པའི་ཤེས་པའོ། །སེམས་ཀྱི་རྩ་བ་ཡེ་ཤེས་ལ་ཐུག་ཅིང་། གསེབ་ན་ཡེ་ཤེས་ཀྱི་གདངས་སམ་རྩལ་ལྟར་ཡོད་པས་རང་ངོ་ཡེ་ཤེས་སུ-་དུས་ལ་ལྟོས་ནས་ངོས་ཟིན་པར་བྱེད་དགོས་ཏེ། མ་ཟིན་ན་དྲི་མ་ཞེས་བྱའོ། །རིག་པའི་ངོ་བོ་དང་། རྩལ་གྱི་ཁྱད་ཡོད་པས་སེམས་དང་ཡེ་ཤེས་ཕྱེད་པར་བྱའོ། །དེ་ཡང་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་གཅིག་ཏུ་བྱས་པ་དེ་དང་། ཀྲཱི་ཡ། ཨུ་པ། ཡོ་ག་གསུམ་སྟེ་བཞི། མ་ཧཱ་ཨ་ནུ་གཉིས་ཏེ་དྲུག་ནི་རྫོགས་པ་ཆེན་པོའི་གོལ་སར་བསྟན་ཏེ། ཀུན་བྱེད་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །དེ་ཡང་ཇི་ལྟ་བུ་ཞེ་ན། །བྱང་ཆུབ་སེམས་དཔའི་མདོ་སྡེ་ནི། །ཀུན་ཏུ་འོད་ཀྱི་ས་འདོད་པ། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱི། །ཆོས་ཉིད་སྟོང་པ་ནམ་མཁར་འདོད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་འདས་ལ་མདོ་སྡེས་བསྒྲིབས། །རྫོགས་ཆེན་རྟོག་དང་དཔྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲཱི་ཡ་རྡོ་རྗེ་འཛིན་འདོད་པ། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་འཛིན་དག་པའི་ཡུལ་ལ་གནས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་
འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་ལ་ཀྲཱི་ཡས་བསྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པ། །ཀྲཱི་ཡ་དག་ཏུ་གོལ་བར་བཤད། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲཱི་ཡ་སྤྱོད་ཅིང་ཡོ་ག་སྒྲུབ། །ལྟ་སྤྱོད་འབྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་མ་རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །གཉིས་སུ་མེད་ལ་ཨུ་པས་བསྒྲིབས། །རྫོགས་ཆེན་གཉིས་སུ་བྱེད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །ཡོ་ག་སྟུག་པོ་བཀོད་འདོད་པས། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་པ། །བླང་དོར་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་བསྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་བར་བཤད། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་གསུངས་སོ། །རང་ངོ་ཨ་ཏིའི་དགོངས་པ་ནི། བླང་དོར་བྱ་བརྩལ་མེད་པའི་ཆོས་ཆེན་ནི། །རང་བྱུང་ཡེ་ཤེས་བྱུང་ཆུབ་སེམས་ཉིད་ཀྱི། །ངོ་བོ་ཐད་དྲང་ངང་ལས་མ་གཡོས་པར། །མངོན་དུ་བྱེད་པས་གཞན་དུ་རྩོལ་མི་དགོས། །རང་ལ་བཞག་ནས་གཞན་དུ་འཚོལ་
མི་བྱེད། །རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པ་འདིའི་རང་གཞུང་ནི་རིག་པ་བཅོས་བསླད་མེད་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པ་ཆོས་སྐུ་གཞིའི་སངས་རྒྱས་སུ་འདོད་པས། དེ་ལས་གཞན་དུ་བཙལ་ཡང་སངས་རྒྱས་མི་རྙེད་ལ། སངས་རྒྱས་མིང་ཙམ་ལས་དོན་ལ་རིག་པ་འཕོ་འགྱུར་མེད་པའི་ངོ་བོ་ཀློང་དུ་ཕེབས་པ་ཙམ་དུ་འདོད་དེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང་། ཀུན་བྱེད་ལས། སངས་རྒྱས་མ་བལྟ་རང་སེམས་བྱར་མེད་རྟོགས། །བརྟགས་ན་མེད་དེ་རང་རིག་ཡེ་ནས་གསལ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལ། །སྤོང་འགེགས་སྦྱངས་པ་བྱིན་རླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱར་མེད་དེ་ལས་གོལ། །རང་གམ་བཞག་ནས་གཞན་མ་རྒྱང་དུ་འཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད། །ཅེས་སོ། །ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པ་ནི། འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན། །རང་གཞག་འོད་གསལ་མི་གཡོ་གནས་པར་འདོད། །གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་ཀྱིས། །ཉི་མ་གདོད་གྲུབ་བྱེད་དང་མཚུངས་པར་བསྟན། །དེས་ན་འདི་གཉིས་ཁྱད་པར་གནམ་ས་བཞིན། །ལྷུན་གྲུབ་རྡོ་རྗེ་སྙིང་པོ་འདི་ནི་རིག་པའི་ངོ་བོ་འདི་ཉིད་ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པ་ཉི་མ་དངོས་སུ་ལྟར་ཡོད་པ་དང་འདྲ་ལ། གཞན་རྣམས་སྤྲིན་དང་མུན་པ་བསལ་བའི་རྒྱུ་དང་རྐྱེན་ལས་གདོད་ཉི་མ་མཐོང་བར་འདོད་པ་ལྟར། རྒྱུ་རྐྱེན་རྩོལ་སྒྲུབ་བྱས་པའི་མཐར་སངས་རྒྱས་འགྲུབ་པར་འདོད་པ་སྟེ། ལྷུན་གྱིས་གྲུབ་པ་དང་འགལ་བར་ཞུགས་པས་ཐེག་པ་དེ་དག་སོ་སོའི་གཞུང་ནང་འགལ་བ་སྟེ། དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ད་ལྟ་ནས་སངས་རྒྱས་རང་བབས་སུ་ཡོད་པ་དང་། མེད་པའི་ཁྱད་
ཀྱིས་ཕྱེ་བ་སྟེ། འོག་མ་དེ་དག་གིས་དོན་རྣལ་མ་མ་རྟོགས་པར་བསྟན་པ་ནི། རྩལ་རྫོགས་ལས། དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། །གསང་སྔགས་གཅིག་ལ་འཁྱེར་སོ་དགུ། །དེ་ཡང་རྣམ་པ་ཙམ་དུ་སྣང་། །རིམ་པ་དགུ་ཡིས་ངོ་བོ་ཡི། །རང་བྱུང་ཡེ་ཤེས་དོན་མ་རྟོགས། །སྣང་བའི་རང་བཞིན་སྣང་བ་ལ། །དོན་དམ་དང་ནི་ཀུན་རྫོབ་གཉིས། །ཐ་དད་མ་ཡིན་གཅིག་གི་ངང་། །ཡེ་ནས་རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་བ། །ཐམས་ཅད་ཡེ་ཤེས་རོལ་པ་ཙམ། །རིག་པ་གཅིག་ལ་དོན་བརྗོད་པ། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང་། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་རྟོགས་མཐའ་ལས་གྲོལ། །སྣང་བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྡོ་རྗེ་རྐྱེན་གྱི་བདག །ཅེས་སོ། །ད་ནི་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ་ནི། དེང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དང་། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་བ་ནི་སྐྲའི་ཉག་མ་ལ་བརྒྱར་བགོས་པའི་ཆ་ཙམ་ཡང་མེད་ལ། ཀུན་ཏུ་མ་བརྟགས་པའི་གཏི་མུག་གིས་ལུས་བསྒྱིངས་ཤིང་། ཕྲག་དོག་དང་ལོག་པར་རྟོག་པའི་གསེར་གྱི་དྲ་བས་གདོང་བརྒྱན་པ། གླང་པོའི་ངང་ཚུལ་ཅན་གྱི་ཤེས་པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ཅིག་དག་རང་ཡང་ཉོན་མོངས་པ་དང་གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ནམས་ཆུང་ངུ་འཕྲད་པར་ཉེས་པ་དག་དང་འཕྲད་པ་ཀུན་ལ་འདི་སྐད་དུ་འདོམས་ཏེ། གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ་ཞེས་པ་དང་། ཏིང་འཛིན་
ཡིན་བཞིན་མ་རིག་ཡིད། །ཅེས་པ་ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས། གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཆོམ་རྐུན་པ་ཞིག་དེང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ་རྩལ་ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང་། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཀུན་བྱེད་ལས་ཀྱང་། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་སོ། །ཐུན་མོང་གི་ཐེག་པ་ལས་ཀྱང་། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་བདེན་གཉིས་ལས་བཤད་པ་དང་། ཕྱོགས་ཀྱི་གླང་པོས་ཀྱང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་ཡིན། །ཞེས་བཤད་པ་དང་འགལ་བ་ཉིད་དུ་སྣང་བའི་ཕྱིར་ལོག་པར་རྟོག་པ་རྔམས་ཆེ་བ་ཉིད་དོ། །འདི་ལྟ་བུའི་འདོད་པ་ཐོས་པར་ཡང་མི་བྱ་ན། རྗེས་སུ་ཕྱོགས་པ་ལྟ་ཅི་སྨོོས་སོ། །འདིར་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ཞེ་ན་ལེགས་པར་བཤད་པ་ནི། འདིར་ནི་གདོད་ནས་དག་པའི་བྱང་ཆུབ་སེམས། །དོན་དམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི། །སྨྲ་བསམ་འདས་པས་ཤེས་རབ་ཕ་རོལ་ཕྱིན། །ངང་གིས་མི་གཡོ་རང་བཞིན་འོད་གསལ་ཞིང་། །འགྱུ་འཕྲོའི་སྤྲོས་དང་ཡེ་ནས་བྲལ་བ་ལ། །ངོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ། །དེ་ཡི་རྩལ་ནི་འཆར་ཚུལ་མ་འགགས་པའི། །རིག་པ་ཟང་ཐལ་རྟོག་དཔྱོད་གཉིས་དང་བྲལ། །སལ་གྱིས་གསལ་ཡང་གཟུང་འཛིན་མེད་པ་ཡིན། །རང་བྱུང་གི་ཡེ་ཤེས་ནི་རིག་པ་སྟོང་གསལ་
སྤྲོས་པ་དང་བྲལ་བ་ཤེལ་གོང་དག་པ་ལྟ་བུ་ཡུལ་ལ་མི་དཔྱོད་པའི་ངོ་བོར་སྐྱེས་པ་དེ་ཡིན་ལ། འཆར་གཞིའི་ཆར་གནས་ཀྱང་། རང་ངོ་ལ་ཤར་དང་མ་ཤར་མེད་པས་རང་གསལ་དུ་ལྷག་གེ། སྟོང་པར་ཟང་ངེ་། ཀ་དག་ཏུ་སངས་སེ་བ་འདི་ཡིན་ནོ། །དེའི་ངང་ལས་སྣ་ཚོགས་སུ་ཤར་བའི་ཆ་དེ་གཟུང་འཛིན་གྱི་སྤྲོས་པ་སྟེ། ཤར་བ་དེའི་རང་ངོ་རྗེན་སངས་སེ་བ་དེ་རིག་ཆ་ཡེ་ཤེས་སུ་གནས་པས། ཡུལ་ལ་རྟོག་པ་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འདིར་ངོ་སྤྲད་ལ་མ་འཕྲོད་པ་ཀུན་ཤར་ཐོག་དེར་གློད་པ་ལ་ལྟ་བར་ངོས་འཛིན་ཏེ། རྟོག་པ་ཉིང་འཁྲུལ་ཞེས་བྱ་བའི་གནད་མ་གོ་བ་ཡིན་ནོ། །ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་རྗེན་སངས་སེ་བ་དེ་ཐུགས་རྗེ་འཆར་ཚུལ་མ་འགགས་པའི་ཡེ་ཤེས་སུ་གནས་པ་དེ་ངོས་བཟུང་བས། རྩ་བ་རང་བྱུང་ཡེ་ཤེས་སུ་རང་ས་ན་རྗེན་པར་གནས་པ་དེ་ཞར་ལ་ངོས་ཟིན་ནས། ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་གཉིས་མེད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ། རང་ཤར་ལས། རིག་པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །བག་ཆགས་དྲི་མ་ག་ལ་ཡོད། །ཅེས་པ་དང་། ཐལ་འགྱུར་ལས། མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །ཞེས་པ་དང་། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་པ་དང་། ཀློང་དྲུག་པ་ལས། མཉམ་པ་ཆེན་པོའི་སེམས་ཉིད་ལ། །ཁྱབ་གདལ་ཆེན་པོའི་སྤྲུལ་སྣང་བས། །གཉིས་མེད་སྣང་བ་ཡེ་འབྲེལ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །མཚན་མ་མེད་པའི་སེམས་ཉིད་ལ། །ཆོས་རྣམས་གྲངས་སུ་སྣང་བ་ནི། །རང་གྲོལ་གཉིས་མེད་ཅེས་བྱ་བར། །ཀུན་ཏུ་
བཟང་པོ་ང་ཡིས་བསྟན། །བརྗོད་དུ་མེད་པའི་སེམས་ཉིད་ལ། །གླེང་གཞི་བྲལ་བའི་ཚིག་སྣང་བ། །སྨྲ་བསམ་ཡུལ་ལས་འདས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བཙལ་དུ་མེད་པའི་སེམས་ཉིད་ལ། །རང་བྱུང་ཆེན་པོ་རང་སྣང་བ། །རང་བྱུང་ཡེ་ཤེས་ཆེན་པོ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟོག་པ་མེད་པའི་སེམས་ཉིད་ལ། །མ་བཟུང་འགག་མེད་རང་སྣང་བས། །རང་རིག་གསལ་བའི་ཡུལ་ལོ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བསམ་པ་མེད་པའི་སེམས་ཉིད་ལ། །རང་གནས་ལྷུན་འབྱམས་སྣང་བ་ནི། །སྒྲ་གཞི་རང་ལོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དྲན་པ་མེད་པའི་སེམས་ཉིད་ལ། །འགྱུ་བྱེད་རང་དག་སྣང་བ་ནི། །འཛིན་པ་རང་གྲོལ་བསམ་གཏན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམས་ལྷག་མཐོང་སྣང་བ་འདི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་ཆེན་པོའི་སྣང་བ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་ལ། །བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་
ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་རིག་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་གཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །སྣང་ཆ་མེད་པའི་སེམས་ཉིད་ལ། །ཉག་གཅིག་ཆ་ཕྲའི་སྣང་བ་ནི། །སྤྲོས་བྲལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། །དེ་དག་ཀྱང་རང་ངོ་སྤྲོས་བྲལ་དང་། དེའི་རྩལ་ལས་ཤར་དུས་ཕྱིར་མ་དཔྱད། ནང་དུ་མ་བརྟགས། བར་དུ་མ་བཞག་པའི་རིག་པ་རྗེན་པ་སང་ངེ་བ་འཛིན་རྟོག་མེད་པ་ཉིད་ངོས་ཟིན་པ་ཙམ་གྱིས། རང་ངོ་སྤྲོས་བྲལ་དེ་ཀ་དེར་རྗེན་ནེ་བ་ལས་གཞན་མེད་པར་རྟོགས་པས། གཉིས་མེད་རང་བྱུང་གི་ཡེ་ཤེས་ཏེ། ངོ་བོ་དང་། དེའི་རྩལ་ཞེས་བརྗོད་པས་ཤེས་པ་གནས་པ་དང་། འཆར་བ་གཉིས་ཡིན་སྙམ་ནས། ངོ་བོ་མི་རྟོག་པར་འཇོག །རྩལ་ཤར་གྲོལ་དུ་སྐྱོང་ཟེར་ནས། ཉམས་ལེན་ཆ་གཉིས་སུ་སོང་བ་ནི་གནད་མ་གོ །ངོ་མ་འཕྲོད་པའི་རྣམ་འགྱུར་ཡིན་པས། འདིར་རང་ངོ་དང་རྩལ་ཐ་དད་པར་བརྗོད་ཀྱང་། རང་ངོ་ལ་ཡུལ་སྣང་བ་མེ་ལོང་དུ་གཟུགས་བརྙན་ཤར་བ་འདྲ་བས། རྫས་གཅིག་ངོ་བོ་གཅིག་པའི་རིག་པ་རྗེན་པ་དེ་ཀ་ལས་གཞན་མེད་པའི་ཕྱིར། འཆར་བ་ལ་བསྐྱངས་དུས་རང་ངོ་རྗེན་པའི་གཞི་ལ་རང་གནས། གནས་པ་འདྲ་བ་དེ་ལ་བསྐྱངས་ཀྱང་རིག་གདངས་མ་འགགས་པའི་འཆར་ཚུལ་རང་གསལ་ཏེ། གཟུགས་བརྙན་དང་འདྲ་བས་འཆར་བའི་ཤེས་པ་རྗེན་པ་དང་། མེ་ལོང་གི་ངོས་དང་འདྲ་བ་རང་མལ་གྱི་ཤེས་པ་རང་བྱུང་གི་ཡེ་ཤེས་གཉིས། སོ་སོ་མ་ཡིན་ཐ་མི་དད་པར་རྗེན་སངས་སྤྲོས་བྲལ་ཀ་དག་གི་རང་ངོ་ཆོས་ཉིད་ཟད་པའི་ངོ་བོ་ལ། རང་བྱུང་གི་ཡེ་ཤེས་ཞེས་
མིང་དུ་བརྗོད་པ་སྟེ། འོད་གསལ་གྱི་ཡེ་ཤེས། དོན་དམ་པའི་བདེན་པ། ཡེ་གྲོལ་གྱི་ཆོས་སྐུ། རིག་པ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཅིར་མིང་བཏགས་ཀྱང་། ངོ་བོ་ཟང་མ་རྗེན་པ་ཀ་ནས་དག་པའི་རང་གསལ་འདི་ངོ་ཤེས་པར་བྱའོ། །རྫོགས་པ་ཆེན་པོ་འདིའི་བརྗོད་བྱའི་ངོ་ཏི་ཟང་མ་ནི་གནས་ལུགས་དེ་ཡིན་པས། ཁྲེགས་ཆོད་ཅེས་བྱ། རྗེན་པ་ཞེས་བྱ། ཟང་ཐལ་ཞེས་བྱ། ཡེ་གྲོལ་ཞེས་བྱ། ཀ་དག་ཅེས་བྱ། ལྷུན་གྲུབ་ཅེས་བྱ་ཡང་། མིང་སོ་སོ་ལས་དོན་ཐིག་ལེ་ཉག་གཅིག་ཟང་མ་རྗེན་པ་འདི་ཀ་ཡིན་པས། གནད་འདི་ཤིན་ཏུ་གསལ་བར་བཤད་དེ། སྙིང་ཐིག་གི་དགོངས་པའི་མཐར་ཐུག་ནི་འདི་ཉིད་ཁོ་ན་ཡིན་པས། གནད་འདི་རྟོགས་དུས་ཆེད་དུ་བྱ་བ་དང་རྩོལ་བ་མེད་པས། དབང་པོ་ཡང་རབ་མ་བསྒོམས་པར་སངས་རྒྱ་བའི་ཆོས་ཞེས་བྱ་སྟེ། བསྒོམ་བྱ་དང་སྒོམ་བྱེད། བསྐྱང་བྱ་དང་སྐྱོང་བྱེད་ལ་སོགས་པ་གང་ཡང་མེད་དོ། །དོན་འདི་ནི་སེམས་རྩེ་གཅིག་ཏུ་ནང་གནས་དང་། ཕྱིར་འཕྲོ་ལ་རྩལ་སྦྱོང་བྱེད་པའི་ལྟ་སྒོམ་གཟུང་འཛིན་ལས་མ་གྲོལ་བ་ཀུན་ལས་འཕགས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་སྤྲོས་པ་དང་བྲལ་བ་ཉིད་དེ། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ། །ཞེས་སོ། །དེ་བཞིན་དུས་གཅིག་པ་ལས་ཀྱང་། །སྣ་ཚོགས་རང་བཞིན་མི་གཉིས་ཀྱང་། །ཆ་ཤས་ཉིད་དུ་སྤྲོས་དང་བྲལ། །ཇི་བཞིན་པ་ཞེས་མི་རྟོག་ཀྱང་། །རྣམ་པར་སྣང་མཛད་ཀུན་ཏུ་བཟང་། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །ཞེས་པ་དང་། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་དེ་ལ་གནས། །ཞེས་དང་། ཐུགས་རྗེའི་རྩལ་དང་། གཟུང་འཛིན་གྱི་
རྟོག་པའི་བྱེ་བྲག་དབྱེ་བ་ནི། རྩལ་ལས་ཤར་བའི་རིག་པ་སྤྲོས་པའི་བློ། །དེས་བསྐྱེད་གཟུང་འཛིན་བག་ཆགས་སྣ་ཚོགས་ཅན། །ཡུལ་མེད་ཡུལ་དུ་བཟུང་བས་ཡུལ་ལྔ་དང་། །བདག་མེད་བདག་ཏུ་འཛིན་པའི་ཉོན་མོངས་ལྔ། །ཕྱི་ནང་སྣོད་བཅུད་འཁྲུལ་སྣང་ཇི་སྙེད་དེ། །འཁོར་བར་སྣང་བ་རྩལ་ལས་ཡང་ཤར་བ། །མ་རྟོགས་ལོག་པར་བཟུང་བས་སྣང་བ་ཉིད། །རིག་པ་ཐུགས་རྗེའི་ངོ་བོ་ཟང་ཐལ་རྗེན་གྱིས་རང་གསལ་བ་མེ་ལོང་གཡའ་དག་པ་འདྲ་བ་དེ་དང་། འཆར་གཞི་ལས་ཐུགས་རྗེའི་རྩལ་ཟང་མ་དེ་མ་རྟོགས་པས། རྩལ་ལས་ཡུལ་ཐོག་ཏུ་ཤ་ར་ར་ཤར་ཟིན་ཤར་བདོའི་རྟོག་པ་གཉིས། གསལ་བ་དང་། མི་འགག་པའི་ཆ་ཕྲ་བ་ལས་གཅིག་ཏུ་འཁྲུལ་ཏེ་རིག་པ་འཆར་བ་ལ་མ་བཟུང་ན་ཡེ་ཤེས། བཟུང་ན་རྟོག་པ་ཟེར་ནས། ཤར་བ་དེ་ལ་གློད་པའམ་ལྟ་བ་ནི་ཕྱོགས་མ་མཐོང་བའི་སྟོང་ལྡན་ཆེན་པོ་གླང་ཆེན་བསྒྱིངས་ཞེས་བྱ་བ་ཡིན་ནོ། །འདིར་དེ་གཉིས་སོ་སོར་འབྱེད་པ་ནི། མེ་ལོང་དུ་གཟུགས་བརྙན་ཚུར་སྣང་བ་ལྟར། ཡུལ་སྣང་རིག་པ་ལ་སྣང་དུས་ཤེས་པ་རྗེན་སང་ངེ་བ་རྟོག་པར་མ་འཕྲོས་པ་དེ་ཐུགས་རྗེའི་འཆར་གཞི་རྩལ་ཞེས་བྱའོ། །དེ་ངོ་མ་ཤེས་པ་ལས། ཡུལ་ཐོག་ཏུ་ཤེས་པ་ཕར་འཕྲོ་བ་ནི་གཟུང་འཛིན་གྱི་རྣམ་རྟོག་ཅེས་བྱ་སྟེ། ཡུལ་དུ་འཛིན་པ་ལ་གོམས་པས་ཕྱི་ཡུལ་གྱི་འཁྲུལ་སྣང་མཐུ་བརྟས་ཏེ་སྣ་ཚོགས་སུ་ཤར་བ་སྟེ། ནང་སེམས་སུ་འཛིན་པ་ལས་ཉོན་མོངས་པ་དུག་ལྔར་ཤར་ཏེ་ལས་དང་ཉོན་མོངས་པས་འཁྲུལ་སྣང་གི་འཁོར་བ་སོ་སོར་གྲུབ་པ་ཡིན་ནོ། །དེ་ལྟར་ན་རིག་པ་རང་གསལ་མལ་ལས་མ་གཡོས་པ་དང་། ཡུལ་ཐོག་ཏུ་ཤོར་བའི་ཁྱད་ཡོད་པས་ན། འདྲ་གཞི་གཅིག་ལ་གོལ་ས་ཆེ་སྟེ། སེང་གེ་རྩལ་རྫོགས་ལས། རང་སྣང་ཐབས་ཀྱི་རྒྱལ་པོ་ལ། །སྟོབས་ཀྱི་རིག་པ་མ་འགགས་པས། །རང་གི་ཤེས་རབ་ཉིད་ལ་དྲིས། །དམིགས་པ་མེད་པའི་ཏིང་འཛིན་ནི། །བྱ་བརྩལ་བྲལ་བའི་ངང་དུ་དྲིས། །
ཡུལ་གསལ་ཐོག་མ་མེད་པའི་སེམས། །རྣམ་པར་དག་པའི་དབྱིངས་ལ་དྲིས། །དེ་ནི་དགོངས་པའི་དོན་དུ་བསྟན། །ཀུན་གཞི་སེམས་ཀྱི་རྩ་བ་དང་། །རང་རིག་ཡུལ་གྱི་རྩ་བ་གཉིས། །འདྲ་བའི་གཞི་ལ་གོལ་ས་ཆེ། །མ་རིག་སེམས་སུ་སྣང་བ་དང་། །རིག་པ་རྟོག་མེད་སྣང་བ་གཉིས། །འདྲ་གཞི་གཅིག་ལ་གོལ་ས་ཆེ། །ཞེས་པ་དང་། ཀློང་དྲུག་པ་ལས། རང་རིག་བསམ་པ་བྲལ་བ་དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཤེས་རབ་རང་རྩལ་རྫོགས་པ་དང་། །ཡིད་ཀྱི་དྲན་པ་ཕྱིར་ཤོར་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ། །གནད་འདི་ནི་གལ་པོ་ཆེ་སྟེ། ཁྱད་པར་ཕྱེད་པ་ནི་བློ་གྲོས་ཀྱི་མིག་དང་ལྡན་པ་འགའ་དང་འགའི་སྤྱོད་ཡུལ་ལོ། །ཚུལ་འདི་ལྟ་བུའི་གསལ་བར་བཀོད་ཀྱང་། མ་གོ་བ་དག་གམ་ཕྱིན་ཅི་ལོག་གི་ཕྱོགས་ལ་བརྟེན་པར་བྱེད་ན། དཔལ་ས་ར་ཧས། བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ། །ཞེས་གང་གསུངས་པའི་ཐོག་ཏུ་བབས་པར་ངེས་སོ། །ད་ནི་རྟོགས་པའི་རྣལ་འབྱོར་པ་ལ་འགྱུ་འཕྲོར་སྣང་བ་དང་ཡུལ་སྣང་སྒྱུ་མའི་རྩེད་མོ་ཙམ་ལས་གོས་པ་མེད་པའི་གནད་ནི། གང་ནས་མ་འོངས་གང་དུ་མ་སོང་ལ། །གར་ཡང་མི་གནས་ཆོས་ཉིད་ཀློང་ཆེན་དུ། །རྟོགས་པས་ཁམས་གསུམ་ཡོངས་གྲོལ་དགོངས་པ་ཞེས། །ཨ་ཏི་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་ལུང་། །ཀུན་བཟང་ཡངས་པ་ཆེན་པོའི་ཀློང་ནས་ཤར། །རྫོགས་པ་ཆེན་པོ་འདིའི་དོན་རྗེན་པར་རྟོགས་པའི་རྣལ་འབྱོར་པ་ལ། རིག་པ་ཟང་མ་རྗེན་པར་སོང་བས། ཡུལ་སྣང་རིག་པའི་ངོ་ལ་ཚུར་སྣང་ཡང་། རིག་པ་སྣང་བའི་ཡུལ་ཐོག་ཏུ་ཕར་མི་འཆོར་བས། གཟུང་འཛིན་འཁོར་བའི་རྩ་བ་སྟོངས་ཏེ། རིག་པ་ཟང་ཀ་རྗེན་ལ་སངས་ཏེ། ཡུལ་ཐོག་ཏུ་མ་ཤོར་བའི་རྟགས་སུ་སྣང་བ་ལ་ཆགས་ཞེན་དང་དགག་སྒྲུབ་གང་ཡང་མེད་པའི་ཕྱིར་རོ། །འཁོར་བ་མྱང་འདས་སུ་གྲོལ་བས་ཆོས་སྐུ་ཟང་ཐལ་དུ་ཤར་བ་ཞེས་བྱ་
སྟེ། རིན་པོ་ཆེ་སྤུངས་པ་ལས། འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ཡ་མཚན་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་ལ། །གཟུང་བ་མེད་པ་ཡ་མཚན་ཆེ། །ཞེས་སོ། །འདིའི་དུས་སུ་སྣང་སྲིད་རྒྱ་གྲོལ་ལ་སོང་བས་གང་སྣང་རྟོགས་པར་གྲོལ་ཏེ། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ། འཁོར་བ་ཡོད་མ་མྱོང་དུ་རྟོགས་པས། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱ། སྣང་བརྟགས་ཐམས་ཅད་བདེན་མེད་དུ་ཤིག་ཤིག་རྟོགས་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་ལེགས་པར་མཐོང་ཞིང་རྟོགས་པའོ། །རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ་ནི། རྣམ་དག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བའི་ཡུལ་མེད་ལྟ་བའི་ཆོས་སུ་མེད། །བལྟ་བར་བྱ་དང་བྱེད་པ་རྡུལ་ཙམ་མེད། །སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད། །སྤྱད་དང་སྤྱོད་པ་གཉིས་མེད་ལྷུན་གྲུབ་པས། །བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད། །ལྟ་སྒོམ་སྤྱོད་འབྲས་ནི་རིག་པའི་སྟེང་དུ་བྱེད་ན། བྱེད་དུས་ཀྱི་རིག་པ་དེ་ཉིད་ངོ་བོ་མེད་པས་ཀྱང་དེ་དག་ཏུ་བྱར་མེད་པ་ཉིད་དང་། ཕན་ཚུན་རྫས་འགལ་བས་ཀྱང་། སྐད་ཅིག་ལ་བྱ་བྱེད་དུ་མ་གྲུབ་པ་ཉིད་དང་། རང་རིག་ཆོས་སྐུ་གྲུབ་ཟིན་པས་ཀྱང་ལྟ་སྒོམ་སྤྱོད་འབྲས་ལ་དོན་མེད་པའི་གཏན་ཚིགས་གསུམ་གྱིས། རིག་པ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པར་བསྟན་ཏེ། སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམས་ལྷུན་གྲུབ་ལ། །སྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་བཅོས་མེད་ལ། །སྤྱོད་པ་སྤྱད་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་མཐོང་། །ཞེས་པ་དང་། ཀློང་དྲུག་པ་ལས། ཀུན་བཟང་ང་
ལ་ལྟ་བ་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །སྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཅེས་པ་དང་། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །ལེགས་པར་བསྟན་གྱིས་ཡིད་ལ་ཟུངས། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །སྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །སྒོམ་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །སྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །སྒོམ་པའི་དབང་དུ་གྱུར་པའི་ཕྱིར། །ཡེ་ཤེས་དམ་བཅའ་འགལ་བར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །བསྒོམས་པས་དོན་མི་མཐོང་བར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །བལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །ཅི་ཕྱིར་བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་མེད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་
ཏུ་མེད་པར་གསུངས། །འབྲས་བུ་བྱས་མེད་རང་བྱུང་ཉིད། །རྟོག་མེད་ས་ལ་དེ་བཞིན་གཤེགས། །ཡེ་ཤེས་དག་སྣང་ཆེན་པོ་ལ། །འཛིན་མེད་རང་གདངས་གསལ་བའི་ཕྱིར། །གལ་ཏེ་འབྲས་བུ་ཡོད་པ་ན། །སངས་རྒྱས་མེད་པ་ཉིད་དུ་འགྱུར། །རང་བྱུང་རྩོལ་བ་མེད་པའི་ཕྱིར། །འབྲས་བུ་བྱས་པའི་ཆོས་ཉིད་དེ། །བྱས་པ་གང་དང་གང་ཡོད་པ། །འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། །ཅེས་སོ། །དེ་བཞིན་དུ་ས་ལ་སྦྱང་དུ་མེད་པ་ལ་སོགས་པ་ཡང་ཤེས་པར་བྱ་སྟེ། མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ཐིག་ལེ་ཆེན་པོར་གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་དཀྱིལ་འཁོར་དང་། །སྔགས་དང་ཁ་ཏོན་དབང་དང་དམ་ཚིག་མེད། །རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད། །ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ། །འདུས་བྱས་གློ་བུར་རྐྱེན་བྱུང་རྒྱུ་འབྲས་མེད། །འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན། །འདུས་བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི། །ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་མཚོན། །རིག་པ་ངོ་བོ་ཉིད་མེད་པའི་ཕྱིར་དང་། དེ་ཉིད་ལ་བྱ་བྱེད་རྫས་འགལ་བའི་ཕྱིར་དང་། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པའི་ཕྱིར་ན། ས་སྦྱང་བ་དང་། ལམ་བགྲོད་པ་དང་། དཀྱིལ་འཁོར་བསྐྱེད་པ་དང་། དབང་བསྐུར་བ་དང་། ལམ་བསྒོམ་པ་དང་། དམ་ཚིག་བསྲུང་བ་དང་། ཕྲིན་ལས་བསྒྲུབ་པ་ལ་སོགས་པ་བྱར་མེད་དེ། ཡེ་ནས་ལྷུན་གྲུབ་ལ་བསྐྱར་ནས་བསྒྲུབ་མི་དགོས་པའི་ཕྱིར་རོ། །དགོས་ན་ལྷུན་གྲུབ་འདུས་མ་བྱས་ཀྱི་ཐ་སྙད་དུ་མི་རུང་བ་དང་། ཆོས་སྐུ་འཇིག་པར་ཐལ་ཏེ་འདུས་བྱས་ཡིན་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གྱིས་བྱས་པ་ཡིན་པའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ། །དམ་ཚིག་བསྲུངས་པས་སངས་མི་རྒྱ། །དཀྱིལ་འཁོར་ཡེ་ནས་རང་གནས་ལ། །དཀྱིལ་འཁོར་བྲིས་པས་ལྷ་
མི་མཐོང་། །ཕྱག་རྒྱ་མ་བསྒྱུར་ཡེ་རྫོགས་ལ། །རྩོལ་བའི་ཕྱག་རྒྱས་དངོས་གྲུབ་ཡལ། །སྙིང་པོ་ཡེ་ནས་རང་གསལ་ལ། །སྙིང་པོ་བཟླས་པས་ས་བོན་རུལ། །གཞལ་ཡས་ཡེ་ནས་རང་རྫོགས་ལ། །གཞལ་ཡས་བསྐྱེད་པས་རང་སྣང་སྟོར། །ཐུགས་རྗེའི་འོད་ཟེར་རང་ཤར་ལ། །ཆ་ལུགས་བསྒོམས་པས་རང་དོན་ཡལ། །མ་བསྐྱེད་ལྷུན་གྱིས་རྫོགས་པ་ལ། །བསྐྱེད་རིམ་སྤྱན་འདྲེན་བྱ་མི་དགོས། །རྩོལ་བའི་མཆོད་བསྟོད་ལྷ་མི་དགྱེས། །ཆོས་སྐུ་འཛིན་མེད་ཟང་ཐལ་ལ། །མཚན་མའི་སྒོམ་པས་དོན་མི་རྙེད། །ཅེས་པ་དང་། ཀུན་བྱེད་ལས། ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན། །འཕྲིན་ལས་བརྩལ་དུ་མེད་པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན། །གནས་ས་དཔྱད་དུ་མེད་པར་བསྟན་པ་ཡིན། །ཡེ་ཤེས་མི་རྟོག་སྤྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། །ཞེས་སོ། །ད་ནི་དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ་ནི། དེ་ཕྱིར་དོན་དམ་དབྱིངས་ཀྱི་ངོ་བོ་ལ། །རྒྱུ་འབྲས་ལས་འདས་རང་བཞིན་རྣམ་བཅུ་མེད། །རྩོལ་དང་བསྒྲུབ་མེད་སེམས་ཉིད་རྣལ་མའི་དོན། །ཡོད་མེད་སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ། །གཤིས་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པའི་ཕྱིར། རང་བཞིན་བཅུའི་རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་བཟང་དུ་བྱར་མེད། འཁོར་བའི་ཆོས་ཀྱིས་ངན་པར་བྱར་མེད་པས། ནམ་མཁའ་ལྟར་ཡོད་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེ་དབང་པོ་ཡང་རབ་རྣམས་ཀྱིས་ཤེས་པར་བྱ་སྟེ། ཀུན་བྱེད་ལས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡིས། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བརྩལ་མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྦྱང་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་
རྫོབ་རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང་། །སེམས་བསྐྱེད་མེད་ཅིང་གཉེན་པོ་མི་མཐོང་བ། །ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡིས། །དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། །ཞེས་པ་དང་། རང་ཤར་ལས། ང་ཡི་སྐུ་ལ་ཐམས་ཅད་རྫོགས། །ང་ཡི་གསུང་ལ་ཐམས་ཅད་རོལ། །ང་ཡི་ཐུགས་ལ་ཐམས་ཅད་རྟོགས། །ང་ཡི་ཡོན་ཏན་ཅིར་ཡང་སྣང་། །ང་ཡི་ཕྲིན་ལས་མ་བཙལ་རྙེད། །ང་ཡི་ལྟ་བ་ཐིག་ལེའི་སྐུ། །ང་ཡི་སྒོམ་པ་བློ་ལས་གྲོལ། །ང་ཡི་སྤྱོད་པ་ཡུལ་ལས་འདས། །ང་ཡི་འབྲས་བུ་གཅིག་པའི་ས། །ང་ཡི་དམ་ཚིག་བསྲུང་དུ་མེད། །ང་ཡི་དབང་ལ་བསྐུར་ཐོབ་མེད། །ང་ནི་དུར་ཁྲོད་ཆེན་པོ་སྟེ། །སངས་རྒྱས་སེམས་ཅན་ཀུན་གྱི་དུར། །ང་ཡི་བྱིན་རླབས་ཆེན་པོ་ལས། །དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་། །ཞེས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ་སྟེ། ལེའུ་ལྔ་པའི་འགྲེལ་པའོ།། །།
ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པ་སྟེ་ལེའུ་དྲུག་པའི་འགྲེལ་པ།
དེ་ལྟར་རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པར་བསྟན་པ་ལས། རེ་ཞིག་ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་བསྟན་པ་ནི། ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་འདུས། །སྣང་སྲིད་སྣོད་བཅུད་མ་དག་འཁྲུལ་པ་ཡང་། །གང་བྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས། །གཞི་མེད་ཡེ་གྲོལ་སེམས་ཀྱི་ངང་དུ་འདུས། །ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་ངང་། །འཁྲུལ་དང་མ་འཁྲུལ་མིང་དོན་འདས་པར་འདུས། །ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་འདུས་པ་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང་། དཔྱད་ན་འཁོར་འདས་རྨི་ལམ་གྱི་ངོ་བོ་ཉིད་འདིའི་བྱུང་ས་དང་གནས་ས་དང་འགྲོ་ས་བརྟགས་པས། འཁོར་འདས་མ་གྲུབ་པས་ཀྱང་བྱུང་གནས་འགྲོ་གསུམ་དུ་མ་གྲུབ་ལ། བྱུང་གནས་འགྲོ་
གསུམ་མ་གྲུབ་པས་ཀྱང་འཁོར་འདས་མ་གྲུབ་ལ། རྟེན་གཞིའམ་དབྱིངས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡང་ངོ་བོ་ངོས་གཟུང་དུ་མ་གྲུབ་པས་ན། ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་གཞན་མེད་པ་དེ་ལ་ཆོས་ཉིད་དུ་འདུས་པ་ཞེས་ཐ་སྙད་བཏགས་ཀྱང་། འདུས་པ་དང་འདུས་ཆོས་གཞི་མེད། རྟེན་ས་མེད་པར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ཕྱིར་ན་སྙིང་པོར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སྐྱེ་བའི་ཕྱིར་ན་ས་བོན་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀྱི། །ཡན་ལག་འབྱུང་བས་སྡོང་པོ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ངང་ལ་གནས་པས་གཞི་མ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། །ཅེས་པ་དང་། དགོངས་པ་དོན་གྱི་འདུས་པ་ནི། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལས། །སྐྱེ་བ་མེད་པར་བསྟན་པ་བཞིན། །ཆོས་རྣམས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། །ཞེས་པ་དང་། རང་ཤར་ལས། དམིགས་པའི་ཡུལ་བྲལ་རང་བཞིན་ཆོས་རྣམས་ཀུན། །བཙལ་བའི་སེམས་མེད་ཡེ་ཤེས་དབྱིངས་སུ་འདུས། །ཞེས་སོ། །ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པར་བསྟན་པ་ནི། དག་པའི་རང་སྣང་སྐུ་དང་ཞིང་ཁམས་དང་། །ཡེ་ཤེས་ཕྲིན་ལས་ངོ་མཚར་རོལ་པ་ཡང་། །རང་བྱུང་ངང་ལ་འདུ་འབྲལ་མེད་པར་འདུས། །སྣང་སྲིད་འཁོར་འདས་ཀུན་འདུས་བྱང་ཆུབ་སེམས། །ཉི་མཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས། །གདོད་ནས་རང་བྱུང་ཡེ་ཀློང་ཡངས་པ་ཡིན། །དག་པ་སངས་རྒྱས་ཀྱི་སྣང་བ་དང་། མ་དག་པ་སེམས་ཅན་གྱི་འཁྲུལ་སྣང་ཐམས་ཅད་ཀྱང་རང་རང་གི་རིག་པའི་ངང་དུ་འདུས་པའི་ཕྱིར། རིག་པ་བྱང་ཆུབ་ཀྱི་སེམས་སུ་མ་འདུས་པའི་ཆོས་མེད་ལ། རིག་པ་དེ་ནི་ཉི་མ་ལྟར་ལྷུན་
གྱིས་གྲུབ་ལ་ངང་གིས་འོད་གསལ་ཞིང་། ནམ་མཁའ་ལྟར་སྟོང་ལ་བདག་མེད་པ་སྟེ། རང་བྱུང་གི་ཡེ་ཤེས་གདོད་མའི་ཆོས་སྐུ་ཇི་བཞིན་པའི་སངས་རྒྱས་ཞེས་བྱའོ། །ཀུན་བྱེད་ལས། ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཆོས་ཀུན་སྙིང་པོ་ཡིན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་ཡིན། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །ཞེས་པ་དང་། ང་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་རང་བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན། །བྱང་ཆུབ་སེམས་དཔའ་ང་ཡི་རང་བཞིན་ཡིན། །རྣལ་འབྱོར་རྣམ་བཞི་ང་ཡི་རང་བཞིན་ཡིན། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན། །འབྱུང་ཆེན་ལྔ་ཡང་ང་ཡི་རང་བཞིན་ཡིན། །རྒྱུད་དྲུག་སེམས་ཅན་ང་ཡི་རང་བཞིན་ཡིན། །སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྲིད་པ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྣོད་བཅུད་ཐམས་ཅད་ང་ཡི་རང་བཞིན་ཡིན། །ང་ཡི་རང་བཞིན་ལས་ནི་གཞན་མེད་པས། །ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། །ཞེས་སོ། །ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ་ནི། སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང་། །རོལ་པ་ངེས་མེད་བྱང་ཆུབ་སེམས་ཀྱི་རྩལ། །འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བས། །བྱར་མེད་གཅིག་གིས་ཐམས་ཅད་ཟིལ་གྱིས་མནན། །མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད། །ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས། །ནམ་མཁའི་ཀློང་ནི་སྣང་སྲིད་སྣོད་བཅུད་ཀུན་གྱི་རྟེན་དང་དབྱིངས་ཡིན་པས་ཀུན་ལ་གོ་འབྱེད་པར་མངའ་དབང་བསྒྱུར་བ་ལྟར། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་འདས་ཀུན་གྱི་དབྱིངས་རུམ་ཡིན་པས་མངའ་དབང་བསྒྱུར་བ་སྟེ། ཐམས་ཅད་གདལ་བ་ཆེན་པོའི་ཀློང་ལས་གང་དུའང་
གཡོས་པ་མེད་པ་ཉིད། ཀུན་གྱི་སྔོན་ནས་ཡངས་པ་ཆོས་ཉིད་ཀྱི་ཀློང་དུ་ཡེ་ནས་གནས་པ་སྟེ། རང་ཤར་ལས། ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་མཚན་ཉིད་ཡེ་ནས་མེད། །ཆོས་ཉིད་མེད་པའི་སྔོན་རོལ་ན། །ཆོས་ཅན་མཚན་མའི་མིང་ཡང་མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། །སེམས་ཅན་མཚན་མ་ཡེ་ནས་མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བ་བྱ་བ་ཡེ་ནས་མེད། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙུན་དམ་པ་ང་ཡིན་ནོ། །འབྱུང་བ་ལྔ་བས་ང་ཉིད་ཆེ། །འབྱུང་བ་བས་ཀྱང་ང་སྔར་བྱུང་། །སངས་རྒྱས་བས་ཀྱང་ང་སྔར་རྒྱས། །ང་ནི་ཡང་དག་བདེ་བའི་སྐུ། །ང་ཡི་ངང་འདིར་ཐམས་ཅད་རྫོགས། །ཞེས་པ་དང་། ཀུན་བྱེད་ལས། ལྷུན་གྲུབ་ཆོས་ཉིད་ཡངས་པའི་སྙིང་པོ་ནི། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །སྣང་སྲིད་སྣོད་བཅུད་ཀུན་འདུས་ཆོས་ཉིད་ཀློང་། །ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ། །ཞེས་སོ། །ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ་ཉེ་བར་དགོད་པ་ནི། ཐམས་ཅད་ཀུན་བཟང་ལྷུན་གྲུབ་གཅིག་ཤར་བས། །མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག །ཆེ་བའི་ཆེ་བ་ཀུན་བཟང་ཆོས་ཀྱི་དབྱིངས། །རྒྱལ་པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས། །འཁོར་འདས་ཀུན་ལ་དབང་བསྒྱུར་གར་མ་གཡོས། །རྒྱལ་པོ་རང་གི་ཕོ་བྲང་ལས་མ་གཡོས་པའི་མངའ་འོག་ཏུ་ཡུལ་འབངས་ཀུན་འདུས་པ་ལྟར། རིག་པ་ཆོས་ཉིད་ལས་མ་གཡོས་པའི་ངང་འདིར་འཁོར་འདས་ཀུན་འདུས་པ་སྟེ། རྫོགས་པ་སྤྱི་ཆིངས་ལས། མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། །མ་ལུས་ཆོས་ཀུན་འདུས་ཏེ་རྒྱལ་པོ་འདྲ། །ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང་། །རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། །ཅེས་སོ། །ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་བྱས་ཤིང་སེམས་ལས་ཤར་ཡང་། སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་བྱེད་
ཐམས་ཅད་ལས་འདས་པས་བྱ་མི་དགོས་པར་བསྟན་པ་ནི། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། །ཞེས་སོ། །ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པར་བསྟན་པ་ནི། ཐམས་ཅད་ཀུན་བཟང་མི་བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག །གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་པས། །ཐམས་ཅད་ལྷུན་གྲུབ་མི་གཡོ་མཉམ་པར་གཅིག །ཆོས་ཐམས་ཅད་སྣང་མཉམ་རང་བཞིན་སྟོང་གཟུགས་ཀྱི་རོལ་པ་ཡིན་པས་ཀྱང་བཟང་ངན་དང་རྩོལ་སྒྲུབ་མེད་པར་གཅིག་ལ། སྟོང་མཉམ་གཞི་མེད་ནམ་མཁའ་ལྟར་དག་པས་ཀྱང་བཟང་ངན་དང་བླང་དོར་མེད་པར་གཅིག་ཅིང་། རང་བྱུང་ཡེ་ཤེས་ཀྱི་ངང་ན་མཉམ་པས་ཀྱང་བཟང་ངན་དང་ཕྱོགས་རིས་མེད་པར་གཅིག་པ་སྟེ། ཡུམ་ཆེན་མོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པ་དང་། ཀུན་བྱེད་ལས། ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དེ་བཞིན་ཉིད། །སྐུ་གསུམ་མཚན་ཉིད་དེ་བཞིན་གནས། །ཐམས་ཅད་དེ་བཞིན་ཉིད་དུ་གནས། །ཇི་ལྟར་སྣང་བའི་ཆོས་ཀུན་ནི། །ཇི་བཞིན་པ་ལས་བཅོས་སུ་མེད། །བཟང་ངན་བླང་དོར་མེད་པའོ། །ཞེས་སོ། །དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་ནི། གཅིག་ལས་ཀུན་ཤར་མ་ལུས་ཆོས་ཀྱི་དབྱིངས། །བྱར་མེད་ངང་ལ་བསྒྲུབ་མེད་བརྩལ་དུ་མེད། །རྩོལ་སྒྲུབ་རང་གི་དབྱིངས་ལས་གཞན་མེད་པས། །གང་ནས་རྩོལ་ཞིང་གང་དུ་སྒྲུབ་པར་བྱེད། །ཇི་ལྟར་རྨི་ལམ་ན་རྩོལ་སྒྲུབ་བྱེད་པ་དག་ཨ་ཐང་ཡང་དོན་མེད་ལ་མལ་གཅིག་ལས་མ་གཡོས་ཤིང་བྱ་བ་ཅུང་ཟད་ཀྱང་བྱས་པ་དང་ཟིན་པ་མེད་པ་ལྟར། ད་ལྟར་སྤང་གཉེན་གྱི་རྩོལ་སྒྲུབ་བྱེད་པ་ཡང་དེ་དང་འདྲ་སྟེ། རིག་པའི་ངང་ཙམ་ལས་གཞན་མེད་
ལ། བྱས་པ་དང་ཟིན་པའང་ཅུང་ཟད་ཀྱང་མེད་དེ་རིག་པ་ཉིད་ཀྱི་ངང་ཙམ་ལས་མ་གཡོས་པའི་ཕྱིར་དང་། ཟླ་བ་རྒྱལ་མཚན་གྱི་བློ་རྒྱ་ལྟར་མེད་པ་གསལ་སྣང་ལ་དོན་དུ་ཞེན་པས་འཁྲུལ་པ་ཙམ་མ་གཏོགས་པ། ཆོས་ཉིད་ལ་རྡུལ་ཆ་ཙམ་ཡང་རེག་པ་དང་ཉེ་བ་མེད་པའོ། །དེའི་ཕྱིར་སེམས་ཉིད་ནམ་མཁའ་ལྟ་བུ་ལ་རྩོལ་སྒྲུབ་བྱར་མེད་དེ། རྒྱུ་འབྲས་ཀྱིས་བསྒྱུར་དུ་མེད་པའི་ཕྱིར་རོ། །རང་བྱུང་གི་ཡེ་ཤེས་ཀུན་གྱི་གཞིར་གནས་པས། ཆོས་ཀུན་དེ་ལས་ཤར་ཡང་། དེ་ཉིད་དགེ་སྡིག་གི་མཐའ་ལས་འདས་པ་ཉིད། ཐལ་འགྱུར་ལས། གནས་ལུགས་འདུག་ཚུལ་འདི་ལྟ་བུ། །བཤད་ན་ཉན་ཐོས་རང་སངས་རྒྱས། །རབ་ཏུ་སྐྲག་སྟེ་བརྒྱལ་བར་འགྱུར། །དེས་ན་མཆོག་ཏུ་གསང་བར་བྱ། །བཏགས་པ་མེད་པའི་ཆོས་རྣམས་ནི། །བྱུང་ས་མེད་པས་གཞི་ཞེས་བྱ། །དེ་ལ་གནས་པ་མེད་པའི་ཕྱིར། །དངོས་དང་སྟོང་པ་གང་མི་གནས། །གསལ་དང་མུན་པ་སྲིད་འབྱུང་མིན། །འགྲོ་འོང་སྲིད་མཐའ་མེད་ཕྱིར་རོ། །འབད་ཅིང་རྩོལ་བས་མ་བཅིངས་པས། །ཟང་མ་ཉིད་དང་ཐལ་བྱུང་ངོ་། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཕྱིར། །དགེ་དང་སྡིག་པའང་གྲུབ་པ་མེད། །དགེ་སྡིག་གཉིས་ཀ་སེལ་ཕྱིར་རོ། །འཁོར་དང་འདས་པར་མི་གནས་པས། །ཆོས་ཉིད་སྟོང་པ་ཀུན་ཁྱབ་ཕྱིར། །ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་པ་དང་། རྩལ་རྫོགས་ལས། རང་རིག་ཡེ་ནས་འགྱུར་མེད་པས། །དགེ་སྡིག་གཉིས་ཀྱིས་ང་མི་སྒྲིབ། །རང་བྱུང་རྒྱུ་རྐྱེན་མེད་པ་ལ། །འདུས་བྱས་ཆོས་སྤྱོད་བྱ་མི་དགོས། །ཞེས་སོ། །དེའི་ཕྱིར་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ནི། བཙལ་བའི་ཡུལ་མེད་བསྒོམས་པས་མཐོང་བ་མེད། །བསྒྲུབ་པའི་གནས་མེད་གཞན་ནས་འོང་བ་མེད། །འགྲོ་འོང་མེད་པས་མཉམ་ཉིད་ཆོས་ཀྱི་སྐུ། །ལྷུན་རྫོགས་ཐིག་ལེ་ཆེན་པོའི་དབྱིངས་སུ་འདུས། །སེམས་ཉིད་ནམ་མཁའ་ལྟ་བུའི་ངོ་བོ་ནི་དབྱིངས་ཐིག་ལེ་
ཉག་གཅིག་སྟེ། དེའི་ངང་དུ་ཆོས་ཐམས་ཅད་འདུས་པས་རང་བཞིན་བཅུ་ལ་སོགས་པས་བཙལ་དུ་མེད་པ་ནི། ཆོས་ཀྱི་དབྱིངས་མུ་མཐའ་དང་བྲལ་བ་སྟེ། ཀུན་བྱེད་ལས། ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཡེ་ནས་རང་གི་རང་བཞིན་ལྷུན་གྲུབ་པས། །རང་བཞིན་བཅུ་ཡིས་བརྩལ་ཞིང་བསྒྲུབ་མི་དགོས། །ང་ཡི་རང་བཞིན་ཀུན་དཔེ་ནམ་མཁའ་འདྲ། །ནམ་མཁའ་དག་ལས་ཀུན་ཀྱང་རྩོལ་མི་བྱེད། །ནམ་མཁའ་དག་ལ་ཀུན་གྱིས་བརྩལ་བྱ་རུ། །ནམ་མཁའ་ཀུན་ཀྱང་རྩོལ་སྒྲུབ་ཀུན་ལས་འདས། །དེ་བཞིན་ཀུན་བྱེད་སྙིང་པོ་བྱང་ཆུབ་སེམས། །ང་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ང་ལ་བལྟར་མེད་ཡེ་ནས་བསྒོམ་དུ་མེད། །དེ་བཞིན་རང་བཞིན་བཅུ་པོ་དེས་ཀྱང་ནི། །འདས་པ་ང་ལ་བྱ་རུ་ཡོད་མ་ཡིན། །རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ཀྱིས། །རང་བཞིན་བཅུ་ཡིས་ང་ལ་བཙལ་བྱས་ན། །ང་དང་ང་ཡི་རང་བཞིན་མཐོང་འདོད་པ། །མཁའ་ལ་གོམ་བོར་ས་ལ་ལྷུང་བ་བཞིན། །རང་བཞིན་བཅུ་པོས་བགྲོད་པས་ལྟུང་བར་འགྱུར། །ང་ཡི་རང་བཞིན་ངེས་པར་ཁུངས་བསྟན་པ། །ང་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ལྟ་བ་བསྒོམ་དུ་མེད་པ་དེ་བཞིན་དུ། །རང་བཞིན་བཅུ་ལ་དེ་བཞིན་དོན་མེད་ཀྱིས། །རང་བཞིན་བཅུ་ལ་དོན་ཡོད་མ་རྟོགས་ཤིག །ང་ནི་བལྟས་པས་མཐོང་བའི་ཡུལ་མེད་པས། །ལྟ་བར་མ་བྱེད་དེ་བཞིན་ཉིད་དུ་ཞོག །ཅེས་སོ། །ད་ནི་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཐེག་པ་ཀུན་འདུས་པར་བསྟན་པ་ལས། ཆུང་ངུ་གསུམ་གྱི་འདུས་ཚུལ་ནི། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ལུང་། །བདག་དང་བདག་གི་མེད་པར་ཐག་བཅད་ནས། །སྤྲོས་བྲལ་ནམ་མཁའ་ལྟ་བུར་དགོངས་དོན་གཅིག །ཨ་ཏི་མཆོག་གསང་རྣལ་འབྱོར་ཆེན་པོའི་ལུང་། །བདག་གཞན་དབྱེར་མེད་ཡངས་པའི་ནམ་མཁའ་ལ། །རང་བྱུང་ཡེ་ཤེས་ཇི་བཞིན་རྣལ་འཇོག་པས། །དགོངས་དོན་དེ་ཀུན་སྙིང་པོའི་མཆོག་འདིར་འདུས། །ཉན་ཐོས་ཀྱི་ལྟ་བ་ཕྱི་ནང་གི་ཆོས་ཐམས་ཅད་གང་
ཟག་གི་བདག་མེད་པ་ནམ་མཁའ་ལྟར་འདོད་པ་དང་། རང་སངས་རྒྱས་ནི་དེའི་སྟེང་དུ་ཆོས་ཀྱི་ཕྱེད་གཟུང་བ་མེད་པ་དང་། བྱང་ཆུབ་སེམས་དཔའི་ནི་འཛིན་པ་དང་གཟུང་བ་སྟེ་ཆོས་དང་། གང་ཟག་གི་བདག་མེད་པ་ནམ་མཁའི་རང་བཞིན་དུ་འདོད་དེ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་དུ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །ཅེས་སོ། །དེ་ལྟར་རྟོགས་པ་དེ་ཡང་། རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་སུ་སྟོང་གསལ་རང་བྱུང་གི་ཡེ་ཤེས་ནམ་མཁའི་ངོ་བོ་ཉིད་དུ་འདུས་པས་ཆོས་ཀུན་གྱི་དེ་བཞིན་ཉིད་འདུས་པའི་ཕྱིར་དགོངས་པ་འདིར་འདུས་པ་སྟེ། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ། །མ་ལུས་ཀུན་འདུས་མཁའ་ལྟར་སྤྲོས་དང་བྲལ། །ཞེས་སོ། །འབྲིང་པོ་གསུམ་འདུས་པ་ཡང་། ཀྲཱི་ཡ་ཨུ་པ་ཡོ་ག་རིགས་གསུམ་ཡང་། །བདག་དང་ལྷ་དང་ཏིང་འཛིན་མཆོད་སྤྲིན་ལས། །སྒོ་གསུམ་རྣམ་དག་དངོས་གྲུབ་འདོད་པར་གཅིག །རྡོ་རྗེ་རྩེ་མོ་ལུང་རྒྱལ་གསང་བ་ཡང་། །སྣང་གྲགས་རིག་པ་རྣམ་དག་ཡེ་ནས་ལྷ། །སྒོ་གསུམ་རྣམ་དག་དངོས་གྲུབ་མངོན་གྱུར་པས། །དགོངས་པ་དེ་ཀུན་སྙིང་པོའི་མཆོག་འདིར་འདུས། །ཀྲཱི་ཡ་ཏན་ཏྲ་སྟེ་བྱ་བའི་རྒྱུད་ཀྱི་ལུགས་ཀྱིས། བདག་བྲན་དང་ལྷ་རྗེའི་ཚུལ་དུ་བསམས་ཏེ། མཆོད་པ་དང་བསྟོད་པ་ལ་སོགས་པས་དངོས་གྲུབ་འདོད་ལ། ཨུ་པ་ཡ་ཏན་ཏྲ་སྟེ་སྤྱོད་པའི་རྒྱུད་དུ་བདག་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་པ་བསྐྱེད་ནས་དངོས་གྲུབ་འདོད་པ་དང་། ཡོ་ག་ཏན་ཏྲ་སྟེ་རྣལ་འབྱོར་གྱི་རྒྱུད་དུ་དམ་ཚིག་པའི་དཀྱིལ་འཁོར་དུ་ལྷ་ཡེ་ཤེས་པ་བསྟིམས་ནས་མཆོད་པ་དང་བསྟོད་པ་ལ་སོགས་པས་དངོས་གྲུབ་འདོད་པ་སྟེ། དེ་དག་ཀྱང་སྒོ་གསུམ་གྱི་དྲི་མ་དག་པ་དང་། དངོས་གྲུབ་སྒྲུབ་པར་གཅིག་པ་ལ། འདིར་ཆོས་ཐམས་ཅད་དཀྱིལ་འཁོར་དུ་སངས་རྒྱས་པའི་ངང་ནས་དག་མཉམ་བྱང་ཆུབ་སེམས་སུ་ཤེས་པ་དེར་དེ་དག་གི་དགོངས་པ་འདུ་བ་སྟེ། ཀུན་བྱེད་ལས།
རང་བྱུང་སྙིང་པོ་མཆོག་གི་དཀྱིལ་འཁོར་ལས། །སྒོ་གསུམ་ལྷུག་པ་ཇི་བཞིན་ངང་བཞག་ན། །ཀུན་བྱེད་ང་ཡི་དགོངས་པར་ལྷུན་གྱིས་གྲུབ། །ཅེས་སོ། །ཆེན་པོ་གསུམ་ཡང་རྫོགས་ཏེ། མ་ཧཱ་ཨ་ནུ་ཨ་ཏི་རིམ་གསུམ་ཡང་། །སྣང་སྲིད་སྣོད་བཅུད་ལྷ་དང་ལྷ་མོའི་ཞིང་། །དབྱིངས་དང་ཡེ་ཤེས་དབྱེར་མེད་རྣམ་དག་པས། །ཆོས་ཉིད་མི་གཡོ་རང་བྱུང་ཡེ་ཤེས་འདོད། །མཆོག་གསང་རབ་འདིར་ཐམས་ཅད་རྣམ་དག་པས། །མ་བྱས་གཞལ་ཡས་ཡེ་ཀློང་བདེ་བའི་ཞིང་། །ཕྱི་དང་ནང་མེད་ཀུན་ཁྱབ་གདལ་བ་ལས། །བླང་དོར་བྱ་བརྩལ་མཚན་མའི་ཆོས་མེད་པར། །ཐམས་ཅད་ཡེ་འབྱམས་ཆོས་སྐུའི་ཀློང་ཡངས་པས། །དགོངས་པ་དེ་ཀུན་གསང་ཆེན་སྙིང་པོར་འདུས། །མ་ཧཱ་ཡོ་ག་ཏན་ཏྲ་སྟེ་རྣལ་འབྱོར་ཆེན་པོ་ཕའི་རྒྱུད་དང་ཨ་ནུ་ཡོ་ག་ཏན་ཏྲ་སྟེ་རྣལ་འབྱོར་མའི་རྒྱུད་གཉིས་ནི། གཞིའི་དཀྱིལ་འཁོར་རིག་པ་དང་། ལམ་གྱི་དཀྱིལ་འཁོར་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་གསལ་བས། དབྱིངས་དང་ཡེ་ཤེས་ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཉམས་སུ་བླངས་པས། འབྲས་བུ་བྱང་ཆུབ་མཆོག་གི་དཀྱིལ་འཁོར་ཐོབ་པར་འདོད་ལ། ཨ་ཏི་རྫོགས་པ་ཆེན་པོར་ཡང་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་དུ་ཤེས་པས། བླང་དོར་བཅོས་བསླད་མེད་པའི་དགོངས་པ་ཆོས་ཉིད་ལས་མི་གཡོ་བས། རིག་པ་གཞི་ཐོག་ཏུ་ཕེབས་པར་འདོད་པ་དེར་དོན་གྱི་སྙིང་པོ་འདུ་བའི་ཕྱིར་གསང་ཆེན་དོན་གྱི་ཐེག་པ་སྟེ། རྩལ་རྫོགས་ལས། སྐུ་ཡི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་སྣང་བར་གསལ། །གསུང་གི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་གྲག་པར་སྟོན། །ཐུགས་ཀྱི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་རྟོག་པ་སངས། །སྐུ་དང་གསུང་དང་རྡོ་རྗེའི་ཐུགས། །སྣང་བ་མེད་ལས་ཐམས་ཅད་སྣང་། །ཞེས་པ་དང་། ཀུན་བྱེད་ལས། མ་བཅོས་རྣལ་དུ་གཞག་པའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་
རྟོགས་པས། །ལྷུན་གྲུབ་སྙིང་པོའི་དོན་ལ་འཇུག་པར་བྱེད། །ཅེས་སོ། །ད་ནི་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་ཤིང་རྫོགས་པར་དོན་བསྡུ་བ་ནི། གཅིག་རྫོགས་ཀུན་རྫོགས་ཆོས་ཀུན་འདུས་པའི་ཀློང་། །ཡེ་བབས་རང་གསལ་ལྷུན་གྲུབ་ཆེན་པོར་འདུས། །ཐམས་ཅད་བྱང་ཆུབ་སེམས་སུ་རྫོགས་པ་དེ་ཡང་གཅིག་རྫོགས་རིག་པའི་ངང་དུ་རྫོགས་པ། གཉིས་རྫོགས་སེམས་ཀྱི་བྱས་པར་རྫོགས་པ། ཀུན་རྫོགས་གང་ཡང་སྣང་བས་ཕུན་སུམ་ཚོགས་པར་རྫོགས་པ་སྟེ། ཀུན་བྱེད་ལས། འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པས། །བྱ་བ་ཕུན་སུམ་ཚོགས་པར་བྱེད། །གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱི་བྱས་པར་རྫོགས། །ཀུན་རྫོགས་ཕུན་སུམ་ཚོགས་པར་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་རྫོགས་པ་ཡི་དོན་འདི་ཡིས། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། །ཅེས་སོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ལ་བསྔགས་པ་ནི། རྩལ་རྫོགས་ལས། སངས་རྒྱས་བདེན་པ་མཐོང་ན་རྒྱལ་བའི་སྲས། །རྟོགས་པ་ཁོང་དུ་ཆུད་ན་ནམ་ཡང་བདེ། །ཞེས་པ་དང་། སྔ་མ་ལས། བྱར་མེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །ཞེས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པ་སྟེ། ལེའུ་དྲུག་པའི་འགྲེལ་པའོ།། །།
ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པ་སྟེ་ལེའུ་བདུན་པའི་འགྲེལ་པ།
དེ་ལྟར་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང་ལྷུན་གྱིས་གྲུབ་པ་ཡིན་ནོ་ཞེས་བསྟན་པ་ནི། རང་བཞིན་ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་ལུང་། །མ་བྱས་དོན་གྲུབ་རི་རྒྱལ་རྩེ་མོ་ནི། །ཀུན་ལས་འཕགས་སོ་ཐེག་མཆོག་རྒྱལ་པོ་ཆེ། །རིའི་རྒྱལ་པོ་ནི་གླིང་བཞི་པའི་དབུས་ན་མཆོག་ཏུ་འཕགས་པ་ལྟར། ཨ་ཏི་རྡོ་རྗེ་སྙིང་པོའི་ཐེག་
པ་ཡང་ཀུན་ལས་འཕགས་པའི་ཡང་རྩེར་བཤད་དེ། རང་ཤར་ལས། ལྟ་བ་ཀུན་གྱི་ཡང་རྩེ་ནི། །ཨ་ཏི་རྫོགས་པ་ཆེན་པོར་བཤད། །ཅེས་སོ། །ཀུན་གྱི་རྩེ་མོར་བསྟན་པའི་དཔེ་ནི། ཇི་ལྟར་རི་རྒྱལ་རྩེ་མོར་ཕྱིན་པ་ན། །དམའ་བའི་ལུང་རྣམས་དུས་གཅིག་མཐོང་བ་སྟེ། །ལུང་གི་རྩེ་མོའི་རང་བཞིན་མཐོང་དང་བྲལ། །དེ་བཞིན་ཨ་ཏི་རྡོ་རྗེ་སྙིང་པོ་ནི། །ཐེག་པའི་ཡང་རྩེ་དོན་ཀུན་གསལ་བར་མཐོང་། །འོག་མའི་ཐེག་པས་འདི་དོན་མཐོང་བ་མེད། །དེ་ཕྱིར་ལྷུན་གྲུབ་རྩེ་མོར་གྱུར་པའི་ཚེ། །རིའི་རྩེ་མོ་ནས་དམའ་བའི་ལུང་པ་རྣམས་དུས་གཅིག་ལ་མཐོང་ཡང་། ལུང་ནས་རི་རྩེའི་སྤྱི་བོ་རང་ས་ན་གསལ་བར་མི་མཐོང་བ་བཞིན་དུ། ཐེག་པ་འོག་མའི་དོན་རྣམས་འདི་ནས་དུས་མཉམ་དུ་མཐོང་ལ། འདིའི་དོན་འོག་མས་མཐོང་བ་མེད་དེ་མཐོ་དམན་འཛོལ་བའི་ཕྱིར་རོ། །གསང་འདུས་སུ། དེ་ཕྱིར་རྩེ་མོར་གྱུར་པའི་རྩེ། །ཞེས་བཤད་པ་ལྟ་བུའོ། །གོང་འོག་གི་ཁྱད་དང་ཆེ་བ་གཞན་ཡང་བཤད་པ། ཇི་ལྟར་ཡིད་བཞིན་ནོར་བུ་ཆེན་པོ་ལ། །གསོལ་བ་བཏབ་ན་འདོད་དགུ་ངང་གིས་འབྱུང་། །ཕལ་པའི་དངོས་ལ་དེ་ལྟ་མ་ཡིན་པ། །རྡོ་རྗེ་སྙིང་པོ་སྐུ་གསུམ་ལྷུན་གྲུབ་པས། །རང་གཞག་དབྱིངས་ལས་སངས་རྒྱས་རང་ལ་འགྲུབ། །རྩོལ་ཞིང་བསྒྲུབ་མེད་ཆེ་བ་དེ་ཉིད་དོ། །འོག་མའི་ཐེག་པས་བླང་དོར་འབད་བྱས་ཀྱང་། །བསྐལ་པར་མི་འགྲུབ་ཚི་ཆད་ནད་དུ་ཆེ། །ཡིད་བཞིན་གྱི་ནོར་བུ་ལ་གསོལ་བ་བཏབ་ན་འདོད་དགུ་འབྱུང་བ་དེ་ཡང་སྐལ་པ་ཅན་གྱི་སྤྱོད་ཡུལ་ཡིན་པ་ལྟར། རང་བྱུང་གི་ཡེ་ཤེས་ལ་ཡོན་ཏན་ལྷུན་གྲུབ་ཏུ་རྟོགས་ནས་རྩོལ་མེད་ལྷུག་པར་འཇོག་པའང་ཡང་རབ་ཀྱི་ཡུལ་ཡིན་ནོ། །ནོར་བུ་ལ་དོན་ཀུན་འབྱུང་བ་དེ་ལ་སྨོན་པས་ཁ་ཅིག་ཤིང་གི་ནོར་བུའི་གཟུགས་ལ་གསོལ་བ་འདེབས་ན་དོན་མི་འགྲུབ་པ་ལྟར་ཐེག་པ་འོག་མའི་རྩོལ་སྒྲུབ་ལས་སངས་རྒྱས་འདོད་པ་ཡང་དེ་དང་འདྲ་སྟེ། ཚི་ཆད་ཅིང་ངལ་བ་ལས་གཞན་མེད་པར་བསྟན་ཏེ། ཀུན་བྱེད་ལས། དགོས་ནི་ཁམས་གསུམ་སེམས་ཅན་ཐམས་ཅད་
ཀུན། །རང་སེམས་དེ་བཞིན་ཉིད་དུ་མཐོང་གྱུར་ན། །སངས་རྒྱས་ཚིག་གི་ས་ལ་མི་གནས་པས། །ད་ལྟ་ཉིད་ནས་ཤིན་ཏུ་རྣལ་འབྱོར་ཐོབ། །ལས་མེད་སྐལ་པ་ཆུང་བ་རྣམས་ལ་ནི། །མ་གབ་མངོན་དུ་བསྟན་ཀྱང་མི་རྟོགས་ཏེ། །གང་ཞིག་ནོར་བུ་རིན་ཆེན་འདོད་པ་དེ། །ཤིང་ལ་བྱི་དོར་བྱས་པས་མི་འགྱུར་བཞིན། །ལས་བཟང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་ལ། །ལྟ་བ་དམ་ཚིག་ཕྲིན་ལས་ས་ལམ་དང་། །སེམས་བསྐྱེད་རྒྱུ་འབྲས་སྒོམ་སྒྲུབ་གཉེན་པོ་མེད། །ཅེས་པ་དང་། བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་པ་ཡི་ནད་དུ་དེ་ལས་མེད། །ཅེས་སོ། །ད་ནི་བྱ་རྩོལ་མེད་པའི་རིག་པ་སྐུ་གསུམ་དུ་བསྟན་པ་ལས། ཆོས་སྐུ་རང་བབས་ཀྱི་དགོངས་པ་ནི། ཡེ་ནས་ལྷུན་མཉམ་རིག་པ་བྱང་ཆུབ་སེམས། །ཇི་བཞིན་རང་བབས་ཆོས་ཉིད་ཡངས་པ་ནི། །རང་བཞིན་ཆོས་སྐུ་མཉམ་ཉིད་གདོད་མའི་ཀློང་། །ཀུན་ལ་ཡོད་དེ་སྐལ་ལྡན་འགའ་ཡི་ཡུལ། །ཇི་བཞིན་བཞག་ན་ངང་དེར་བབས་ཀྱིས་འགྲུབ། །རིག་པའི་ངོ་བོ་སྟོང་གསལ་སྤྲོས་པ་དང་བྲལ་བ་དེ་ཆོས་སྐུའི་དོན་ཏེ། སེམས་ཉིད་རང་བབས་སུ་རྟོགས་པ་འགའི་ཡུལ་དུ་མཐོང་བ་ལས་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། མཐའ་བྲལ་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། ཆོས་སྐུ་རྟོག་མེད་ཀུན་ཏུ་བཟང་མོ་ངས། །རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་པ་དང་། རང་ཤར་ལས། སྟོང་གསལ་རྡོ་རྗེའི་དཀྱིལ་འཁོར་ནི། །ཆོས་སྐུ་རྟོག་མེད་ཟང་ཐལ་ཉིད། །འཛིན་པ་བཅོས་པའི་མཐའ་དང་བྲལ། །མཐའ་བྲལ་ཆོས་ལ་ཞེ་འདོད་མེད། །ཅེས་སོ། །ལོངས་སྐུ་རང་བབས་ཀྱི་དགོངས་པ་ནི། ཁྱབ་གདལ་རང་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཀུན་ལ་ཡོད་ཀྱང་མཐོང་བ་འགའ་
ཡི་ཡུལ། །གང་སྣང་རང་གཞག་བྱ་བཙལ་བྲལ་ན་མངོན། །རིག་པ་རང་གསལ་ལོངས་སྐུའི་རང་བཞིན་དེ་སྣང་ཡུལ་མ་འགགས་པར་ཤར་དུས་འཛིན་པ་མ་ཞུགས་པར་སལ་ལེ་བའི་དུས་ན་ལེགས་པར་གསལ་ཏེ། རྩལ་རྫོགས་ལས། ལོངས་སྐུའི་ཡེ་ཤེས་རྒྱ་ཆེ་རྣམ་པར་རོལ། །རང་གསལ་བྱ་བྱེད་མེད་པ་ལྷུན་གྲུབ་ཡིན། །ཞེས་སོ། །སྤྲུལ་སྐུའི་དགོངས་པ་ནི། མ་འགགས་རོལ་པ་སྤྲུལ་སྐུ་གདལ་བའི་ཀློང་། །ཀུན་ལ་ཡོད་དེ་འཆར་བའི་དུས་ན་གསལ། །ཡིད་བཞིན་ཡོན་ཏན་ཕྲིན་ལས་ཆོ་འཕྲུལ་ཡང་། །གཞན་ན་མེད་དེ་རང་རིག་དག་པའི་ཀློང་། །ཆུ་དང་རྙོག་བཞིན་རང་སངས་བཞག་ན་གསལ། །རིག་པ་རང་གནས་ཀྱི་ངང་ལས་འཆར་འཆར་འདྲ་བའི་ཆ་ཟང་མ་རྗེན་པ་དེ་སྤྲུལ་པའི་སྐུ་སྟེ། ཡོན་ཏན་དང་ཕྲིན་ལས་སུ་ཡེ་ནས་ཤར་བས། སྤང་བླང་དང་བྱ་བརྩལ་མེད་པའི་ངང་འདིར་སྤྱན་དང་མངོན་ཤེས་ལ་སོགས་པའི་གཟུགས་བརྙན་འཆར་བ་ནི་ཆུ་རྙོག་སངས་པ་ལས། དངས་པའི་གཟུགས་བརྙན་གསལ་བ་བཞིན་ཏེ། ཀུན་བྱེད་ལས། རྒྱ་མཚོ་བཞིན་དུ་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བསྡུ་བའི་གནས་སུ་ངེས་པ་མེད། །བྱང་ཆུབ་སྙིང་པོར་དེ་མ་ཐག །ཏིང་འཛིན་རྒྱལ་པོ་ཆེན་པོ་འབྱུང་། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །ཞེས་སོ། །དེ་ལྟར་སྐུ་གསུམ་གྱི་དགོངས་པ་བྱ་བརྩལ་ལས་འདས་པའི་དབྱིངས་གཅིག་ཏུ་བསྟན་པ་ནི། བཙལ་བས་མི་རྙེད་གདོད་ནས་དག་པའི་ཆོས། །སངས་རྒྱས་བྱང་ཆུབ་རང་བྱུང་ཀློང་ན་གསལ། །སྔར་གྲུབ་ཟིན་པས་ད་གཟོད་བསྒྲུབ་མི་དགོས། །ཆེ་བ་རང་གནས་དགོངས་པ་ཆོས་ཉིད་ཀློང་། །མི་འགྱུར་ལྷུན་གྱིས་གྲུབ་ལ་རྩོལ་མ་བྱེད། །སེམས་ཉིད་ཇི་བཞིན་པ་ཆོས་སྐུའི་ངོ་བོ་རང་ཆས་སུ་གྲུབ་ཟིན་པས་རྩོལ་བསྒྲུབ་བྱ་མི་དགོས་པར་གདམས་པ་ནི། ཀུན་བྱེད་ལས། ཐམས་ཅད་བྱང་ཆུབ་སེམས་ཡིན་ཡིད་ཀྱང་ཆེས། །
བྱང་ཆུབ་སེམས་ཡིན་ཡེ་ནས་ཡིད་ཆེས་པས། །སེམས་ལ་བཙལ་མེད་ཆོས་སྐུར་ཡིད་ཆེས་ཀྱང་། །རྩོལ་མེད་ཆོས་སྐུར་ཡེ་ནས་ཡིད་ཆེས་པས། །མི་རྩོལ་བདེ་བ་ཆེན་པོའི་ངང་ལ་གནས། །ཞེས་སོ། །དེ་ལྟ་བུའི་རིག་པ་རང་གནས་གཅིག་ཏུ་བསྟན་པ་ནི། ཡེ་གཞི་བབས་གཞི་བྱང་ཆུབ་སྙིང་པོའི་གཞི། །རང་བཞིན་ངང་ལས་གཡོས་པ་འགའ་མེད་པས། །ཀློང་གསལ་རིག་པའི་དོན་ལས་མ་གཡོ་ཞིག །རིག་པའི་རང་ངོ་གང་དུའང་མ་གྲུབ་ལ་སྤྲོ་བསྡུ་མེད་པའི་ཕྱིར། དེའི་དོན་རྟོགས་པ་དང་མངོན་དུ་བྱ་བར་འདོད་ན་ཤེས་པ་རང་བབས་ཀྱི་བསམ་གཏན་དང་། ཟང་ཐལ་རྗེན་པའི་ངང་ལས་མ་གཡོས་པ་གལ་ཆེ་སྟེ། ཆོས་ཉིད་གཡོ་བྱེད་དང་བྲལ་བ་ཡིན་པས། ཡུལ་ལ་ཀུན་ཏུ་རྟོག་པའི་གཡོ་བ་དང་འགལ་བའི་ཕྱིར་རོ། །རྩལ་རྫོགས་ལས། ཐམས་ཅད་འབྱུང་བའི་ཆོས་སྐུ་ལ། །ཀློང་ཡངས་ཡུལ་མེད་ངོ་བོར་བཤད། །བཏང་གཞག་མེད་ན་ཏིང་འཛིན་མཆོག །ཅེས་པ་དང་། ཀུན་བྱེད་ལས། ངང་ལ་གནས་ན་གཡོ་མེད་ལྷུན་གྱིས་གྲུབ། །ཅེས་སོ། །ཐམས་ཅད་བཞག་པས་འགྲུབ་པའི་རྒྱུ་མཚན་ཡང་། །མི་འགྱུར་ཀུན་འགྲོ་ཁྱབ་བདག་ཡེ་ཤེས་ལྔ། །སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ། །ཕྲིན་ལས་ལྔ་སྟེ་དང་པོའི་སངས་རྒྱས་ཀྱང་། །ཐོག་མཐའ་མེད་པའི་ཀློང་འདིར་ལྷུན་གྲུབ་པས། །གཞན་དུ་མ་འཚོལ་རང་བཞིན་ཡེ་ནས་གྲུབ། །རིག་པའི་ངོ་བོ་འཕོ་འགྱུར་མེད་པས་མི་འགྱུར་རྡོ་རྗེའི་སྐུ་ལ་སོགས་པ་ལྔ་དང་། རིག་པའི་ངོ་བོ་བརྗོད་དུ་མེད་པས་ཆོས་ཉིད་བྱང་ཆུབ་ཀྱི་གསུང་ལ་སོགས་པ་ལྔ་དང་། རིག་པའི་ངོ་བོ་སྤྲོས་པ་དང་བྲལ་བས་རང་བྱུང་ཡེ་ཤེས་ཀྱི་ཐུགས་ལ་སོགས་པ་ལྔ་དང་། རིག་པའི་ངོ་བོ་འདོད་དགུ་རང་རྫོགས་སུ་གྲུབ་པས་ཐམས་ཅད་རྫོགས་པའི་གཞི་ལ་སོགས་པ་ཡོན་ཏན་ལྔ་དང་། རིག་པའི་ངོ་བོ་ལ་ཕྲིན་ལས་བཞི་དང་དག་མཉམ་ཡེ་ཤེས་སུ་གྲུབ་པས་ཆོས་ཉིད་རྣམ་དག་གི་ཕྲིན་ལས་ལ་སོགས་པ་ལྔ་སྟེ། ཆོས་ཀྱི་རྣམ་གྲངས་
ཉི་ཤུ་རྩ་ལྔ་རྫོགས་པ་ནི་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོའི་བྱང་ཆུབ་སྟེ། རིག་པའི་ངོ་བོ་ལ་ཡེ་ནས་གྲུབ་ཟིན་པས་གཞན་ནས་བཙལ་མི་དགོས་ཏེ། གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་པ་དང་། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ཡི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་ཕྱུང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མིན། །མ་བཙལ་བདེ་བ་ཆེ་ལ་ལྷུན་གྱིས་གྲུབ། །ཅེས་པ་དང་། རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་ངོ་བོ་ལ། །སངས་རྒྱས་ཆོས་རྣམས་མ་བཙལ་རྫོགས། །ཞེས་སོ། །འཁོར་འདས་རིག་པར་གྲུབ་པ་ལས། ཆོས་སྐུ་སེམས་ཉིད་ལས་གཞན་ན་མེད་པ་ནི། སངས་རྒྱས་ཀུན་གྱི་ཆོས་སྐུ་བྱང་ཆུབ་ཀྱང་། །མི་འགྱུར་མཉམ་པའི་དོན་ལས་གཞན་ན་མེད། །དེ་ཡང་རང་བྱུང་ངང་འདིར་ལྷུན་གྲུབ་པས། །མ་ཚོལ་མ་སྒྲུབས་རེ་དོགས་ལྷུན་གྱིས་ཞོག །སངས་རྒྱས་ཆོས་ཀྱི་སྐུ་བརྙེས་པ་དེ་ཡང་རིག་པའི་ངོ་བོ་བཅོས་བསླད་མེད་པ་མངོན་དུ་གྱུར་པ་ལས་གཞན་མེད་ལ་རིག་པ་ནི་འཕོ་འགྱུར་མེད་པར་ཐམས་ཅད་ལ་ཡོད་པའི་ཕྱིར། རང་གི་རིག་པ་མ་བཅོས་ལྷུན་གྲུབ་ཏུ་གཞག་པར་གདམས་ཏེ། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང་། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་ང་ནི། །མ་སྐྱེས་གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ཞེས་སོ། །འཁོར་བའི་སེམས་ཉིད་ཆོས་སྐུར་གྲུབ་པས་སྤང་མི་དགོས་པར་བསྟན་པ་ནི། སེམས་ཅན་ཀུན་གྱི་རང་བྱུང་ཡེ་ཤེས་ཀྱང་། །མ་བྱས་མ་བཙལ་
ཆོས་སྐུར་ལྷུན་གྲུབ་པས། །སྤང་བླང་མ་འཛིན་ཆོས་དབྱིངས་ངང་འདིར་ཞོག །སེམས་ཅན་ཞེས་པའང་རིག་པའི་ངང་ལས་གཞན་མེད་ལ། རིག་པ་དེ་ཉིད་འཁོར་འདས་ལ་དབྱེར་མེད་དུ་ཡོད་པའི་ཕྱིར་གཞན་ནས་རྩོལ་སྒྲུབ་བྱེད་མི་དགོས་ཏེ། རྩལ་རྫོགས་ལས། སེམས་ཅན་རྣམས་དང་སངས་རྒྱས་གཉིས། །རིག་པ་སོ་སོ་མ་ཡིན་ཏེ། །ཞེས་པ་དང་། རང་ཤར་ལས། སེམས་ཅན་རིག་པ་སངས་རྒྱས་དངོས། །ཞེས་སོ། །རིག་པ་གཡོ་རྩོལ་ལས་འདས་པར་བསྟན་པ་ནི། མི་གཡོ་མི་བསམ་ལྷུན་མཉམ་ངོ་བོ་ལ། །མ་བྱས་དོན་གྲུབ་གཞི་ཀློང་ཡངས་པ་ཡིན། །རིག་པའི་ངོ་བོ་ལ་ཆོས་སྐུ་ལྷུན་གྲུབ་ཏུ་ཡོད་པས་མ་བྱས་དོན་གྲུབ་ཀྱི་ངོ་བོར་གནས་པ་ནི་ངོ་མཚར་རྨད་དུ་བྱུང་བའི་ཡེ་ཤེས་ཏེ། དེ་མཐའ་བྲལ་ཆོས་དབྱིངས་ཀྱི་གཞི་མར་བསྟན་པ་ནི། ཐལ་འགྱུར་ལས། ངོ་མཚར་རྨད་བྱུང་ཡེ་ཤེས་ནི། །སྔོན་མེད་ཕྱིས་མེད་གདོད་ནས་མེད། །ད་ལྟ་རྣམ་རྟོག་ཡུལ་ལས་འདས། །མཐའ་བྲལ་སྟོང་པའི་རང་བཞིན་ཉིད། །ཚིག་འདས་བློ་བྲལ་ངོ་བོས་སྟོང་། །རང་བཞིན་གང་དུ་མ་ཕྱེ་བས། །ཐུགས་རྗེ་མཛད་པ་མི་སྣང་ངོ་། །ཡེ་ཤེས་སྣང་བ་གསུམ་པོ་ལས། །ཡིད་འབྱུང་ཤེས་རབ་འཁྲུལ་ཆར་བཟུང་། །འདི་ལ་རྣམ་པར་དམིགས་མཐའ་མེད། །མེད་པ་རྨད་བྱུང་རོལ་བ་ལས། །སངས་རྒྱས་རྣམས་ཀྱི་འབྲས་བུ་རྙེད། །ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །འདི་ལ་གང་ཡང་མི་སྣང་ངོ་། །ཞེས་སོ། །ལྷུན་གྲུབ་དབང་གི་ཆུ་བོ་རིག་པའི་ངང་དུ་ཡེ་ནས་རྫོགས་པར་བསྟན་པ་ནི། མི་འགྱུར་ཀུན་འགྲོ་སྐུ་དང་ཡེ་ཤེས་བདག །རྒྱལ་ཐབས་སྤྱི་བླུགས་རང་བྱུང་ཆེན་པོའི་དབང་། །སྣང་སྲིད་སྣོད་བཅུད་ཡེ་ནས་ལྷུན་གྲུབ་པས། །བྱ་བཙལ་མི་དགོས་རང་བཞིན་ལྷུན་གྱིས་གྲུབ། །ཐམས་ཅད་ཀུན་འགྲུབ་ལྷུན་གྲུབ་ཆེན་པོར་རྒྱས། །ཡེ་ནས་རིག་པ་སྐུ་གསུམ་ལྷུན་གྲུབ་ཀྱི་ངོ་བོར་རྫོགས་པས་དབང་རྫོགས་པ་རང་བྱུང་གི་ཡེ་ཤེས་སུ་གྲུབ་ཟིན་པས། ད་འབད་
རྩོལ་དང་རྫས་ཀྱི་དབང་ལ་རག་མི་ལས་ཏེ། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ཆེན་པོའི་དབང་། །གཞི་ལ་དེ་བཞིན་གནས་པའོ། །ཞེས་པ་དང་། ཀུན་བྱེད་ལས། རིག་པའི་རྒྱལ་པོ་གསལ་བར་དབང་བསྒྱུར་བས། །མཚན་མ་བདེ་བའི་དབང་ལ་རག་མི་ལས། །རྟོགས་ནས་མི་རྟོག་དོན་ལ་ཇི་བཞིན་ཞོག །ཀུན་བྱེད་རྒྱལ་པོའི་དབང་ཐོབ་རིག་པ་ན། །དངོས་པོ་མ་བཅོས་ཇི་བཞིན་རྟག་ཏུ་ཤར། །རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །གཞི་གཞག་གང་ལྟར་བཞག་ཀྱང་དེ་ཉིད་ངང་། །ཀུན་བྱེད་རྒྱལ་པོའི་ཐབས་ཆེན་རྟོགས་པའི་དབང་། །ཀུན་ཀྱང་ཇི་བཞིན་ཡུལ་ལ་འཇུག་པ་ན། །སྐྱོན་དང་ཡོན་ཏན་གཉིས་ཀ་མཉམ་ཤེས་པས། །འཇུག་དང་མི་འཇུག་དོན་ལས་ཤིན་ཏུ་འདས། །ཀུན་བྱེད་རིག་པས་དབང་བསྒྱུར་དགོངས་པ་འདི། །ངག་གིས་སྨྲར་མེད་དམིགས་པའི་ཡུལ་ལས་འདས། །དྲན་པ་ཞི་ཞིང་སྤྲོས་པ་མེད་པ་སྟེ། །མཁའ་ལྟར་ཁྱབ་ཅིང་ཕྱོགས་ཆ་ཡོངས་ཀྱིས་མེད། །དབང་ནི་རྟོགས་པས་རེ་དོགས་བཅད་པ་ཡིན། །འདི་ལ་ངེས་པར་འཇུག་པའི་རྣལ་འབྱོར་པས། །ཤིན་ཏུ་རྣལ་འབྱོར་རྒྱུ་འབྲས་འདས་པའི་ལུང་། །མ་བཅོས་ཡེ་ཤེས་ཀུན་བྱེད་རྒྱལ་པོ་ལས། །གང་ལྟར་འདི་ལྟར་འཇོག་ཅེས་ལུང་མི་སྟོན། །ཞེས་སོ། །དེའང་རིག་པའི་ངོ་བོ་གང་དུའང་མ་གྲུབ་པའི་ངོས་ནས་དབང་དང་བསྐྱེད་རྫོགས་ལ་སོགས་པ་མེད་པར་ཐག་མ་བཅད་ན། ལྟ་བའི་ཕུ་ཐག་མི་ཆོད་པས་འཁོར་འདས་དང་བླང་དོར་དང་བྱ་བྱེད་དང་ལྟ་སྒོམ་ལ་སོགས་པ་ཐམས་ཅད་ཡུལ་མེད་ནམ་མཁའ་ལྟར་རིག་པའི་སྟེང་དུ་ད་ལྟ་ཉིད་ནས་རྟོགས་པར་བྱ་སྟེ། མུ་ཏིག་ཕྲེང་བ་ལས། གཉིས་ནི་གཞི་གཅིག་ཁྱད་པར་ལས། །སྤྲོས་མེད་ཉག་གཅིག་དགོངས་པར་གནས། །བདེ་ཆེན་ཐིག་ལེའི་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་གཅིག །ངོ་བོ་ཉིད་ནི་ཀ་དག་པས། །རང་བཞིན་ཉིད་ལ་ལྷུན་གྲུབ་བོ། །ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་
མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱི་དེ་ཉིད་བསྒྲིབ་པར་འགྱུར། །བསམས་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །སྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་དང་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆག་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ལྷ་དང་སྔགས་དང་ཕྱག་རྒྱར་སྣང་། །དགེ་དང་དེ་ཡི་འབྲས་ལྟར་བྱུང་། །ཕ་རོལ་ཕྱིན་པ་བཅུ་ཡང་ཡིན། །ས་རྣམས་དང་ནི་ཡོན་ཏན་ཀྱང་། །དེ་ཉིད་ལས་ནི་ཐམས་ཅད་འབྱུང་། །སྤྱོད་པ་སྒོམ་པ་ཉིད་དང་ནི། །ལྟ་བ་ལ་སོགས་ཀུན་ཀྱང་འབྱུང་། །ཆེ་ཆུང་རིམ་པའི་ཐེག་པ་ཡང་། །དེ་ལས་ཐམས་ཅད་འབྱུང་བའོ། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ཞེས་སོ། །ངོ་བོ་གང་དུའང་མ་
གྲུབ་པས་རིག་པ་ཡེ་སྟོང་ནམ་མཁའ་ལྟ་བུར་ཐག་བཅད། དེའི་ངང་ལས་འཆར་ཚུལ་ཅི་སྣང་དུ་འབྱུང་བས་ལྷུན་གྲུབ་ཏུ་ལ་བཟླ། དེ་གཉིས་རིག་པར་མཚན་ཉིད་གཅིག་པས་ཡོད་མེད་ཀྱི་མཐའ་དང་བྲལ་བར་ངོས་གཟུང་བ་ནི། རྫོགས་པ་ཆེན་པོ་འདིའི་ལུགས་ཡིན་པས། སྣང་ལ་ཡོད་པར་མ་གྲུབ། སྟོང་ལ་མེད་པར་མ་སོང་། གཉིས་མེད་ལྷུན་གྲུབ་ཆེན་པོའི་རང་བཞིན་དུ་ཤེས་པར་བྱའོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པ་སྟེ། ལེའུ་བདུན་པའི་འགྲེལ་པའོ།། །།
བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ་སྟེ་ལེའུ་བརྒྱད་པའི་འགྲེལ་པ།
དེ་ལྟར་ལྷུན་གྲུབ་རང་བཞིན་དག་པ་དེ་ཡང་མཚན་ཉིད་གཉིས་སུ་མེད་པར་བསྟན་པའི་ཕྱིར། དབྱིངས་གཅིག་ལས་ཤར་བ་ཉིད་ཀྱིས་ཤར་བ་ནས་རང་ངོ་གཉིས་སུ་མེད་པར་མཚོན་པ་ནི། ཐམས་ཅད་དབྱིངས་གཅིག་རང་བྱུང་ཡེ་ཤེས་ལ། །གཉིས་སུ་མེད་པ་ངོ་བོའི་འདུག་ཚུལ་ཏེ། །གཉིས་སྣང་མ་འགགས་རྩལ་ལས་རོལ་པར་ཤར། །སྣང་བཏགས་གཉིས་མེད་བྱང་ཆུབ་སེམས་ཞེས་བྱ། །མེ་ལོང་གཅིག་གི་ངོས་ལ་ཤར་བ་ཉིད་ཀྱི་གཟུགས་བརྙན་ཅིར་སྣང་ཡང་མེ་ལོང་དང་གཉིས་སུ་མེད་པ་ལྟར་ཆོས་ཐམས་ཅད་རིག་པའི་ངང་དུ་ཤར་བས་རིག་པ་དང་གཉིས་སུ་མེད་པ་ཉིད་དང་། གཉིད་གཅིག་གི་ངང་དུ་ཤར་བ་ཉིད་ཀྱི་རྨི་ལམ་སྣ་ཚོགས་པ་གཉིད་ལས་གཞན་དུ་མེད་པ་ལྟར། འཁོར་འདས་རིག་པའི་རོལ་པ་ལས་གཞན་མ་ཡིན་པ་ཉིད་དང་། ཆུ་བོ་གཅིག་གི་ངང་ལས་ཤར་བའི་ཕྱིར་རྦ་རླབས་ཆེ་ཆུང་ཐམས་ཅད་ཆུ་བོ་ལས་གཞན་དུ་མེད་པ་ལྟར། ཆོས་ཐམས་ཅད་ཅི་ཡང་མེད་པའི་ངང་ནས་ཤར་བར་སྣང་བ་དེ་ཡང་མེད་པ་གསལ་སྣང་ཙམ་ལས་ཆོས་ཉིད་སྟོང་པའི་རང་བཞིན་གྱི་རིག་པ་དང་། དེ་དག་གི་སྟོང་པ་ཉིད་གཉིས་སུ་མེད་པ་སྟེ། གཏན་ཚིགས་གསུམ་ལ་བརྟེན་ནས་ཆོས་ཐམས་ཅད་གཉིས་སུ་མེད་པར་ཐག་བཅད་དོ། །ཆོས་ཐམས་ཅད་མ་གྲུབ་པར་མཉམ་པ་ཉིད་དང་། མི་འགག་པར་མཉམ་
པ་ཉིད་དང་། རིག་ངོར་སྣང་ཙམ་དུ་སོ་སོའི་དོན་བྱེད་ནུས་པར་མཉམ་པ་ཉིད་དང་། རྐྱེན་རྟེན་འབྲེལ་ལས་འཆར་ཙམ་ཉིད་དུ་སྣང་བ་ཉིད་ཀྱིས་མཉམ་པ་ཉིད་དེ། རྣམ་པ་བཞི་ལ་ལྟོས་ནས་ཀྱང་གཉིས་སུ་མེད་པའི་མཉམ་པ་ཆེན་པོ་རྟོགས་པར་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། གང་ཞིག་རྐྱེན་ལས་སྐྱེས་ཕྱིར་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་གསུངས། །ཞེས་པ་ལྟ་བུའོ། །འཁོར་འདས་རིག་པའི་རྩལ་སྣང་དུ་ཤར་བ་ཉིད་ཀྱི་ངོ་བོ་གཉིས་སུ་ཡོད་མི་སྲིད་དེ། རྨི་ལམ་གྱི་སྣང་བ་དང་། དེ་མཐོང་བའི་སྐྱེས་བུ་ལ་གཉིས་སུ་སྣང་ཡང་གཉིས་སུ་མེད་དེ་གཉིད་གཅིག་དུས་གཅིག་མེད་པ་གསལ་སྣང་གཅིག་གི་རྣམ་པར་ཤར་བ་ཙམ་ལས། དོན་ལ་མ་གྲུབ་པའི་ཕྱིར་རོ། །མངོན་རྟོགས་རྒྱན་ལས་ཀྱང་། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པར་ནི། །དེ་ཉིད་སྐད་ཅིག་གཅིག་གིས་རྟོགས། །ཞེས་པ་བཞིན་ཏེ། འདི་ལྟར་ཆོས་སུ་སྣང་ངོ་ཅོག་ཀྱང་མེད་པ་གསལ་སྣང་། རང་གི་ཤེས་པ་དང་རིག་པ་དང་ལུས་ལ་སོགས་པའང་མེད་པ་གསལ་སྣང་། ཇི་ལྟར་སྣང་དུ་རུང་ནས་མེད་པ་གསལ་བར་སྣང་བ་ཙམ་ལས། གཅིག་དང་ཐ་དད་པའི་ཆོས་རང་མཚན་པ་རྡུལ་ཙམ་མེད་པ་ཉིད་ཀྱི་ཕྱིར། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་ངོར་སྣང་ཡང་གཉིས་སུ་མེད་པའོ་ཞེས་ཤེས་པར་བྱའོ། །ཆོས་རྣམས་རིག་ངོར་ཤར་བ་འདི་ཡང་དབྱིངས་ཀྱི་ངང་ནས་ཤར་བའི་ཕྱིར། རིག་པ་ཉིད་ལས་བྱུང་ཞིང་རིག་པའི་ཆོ་འཕྲུལ་ཙམ་དུ་ཐ་སྙད་བཏགས་ཏེ། མུ་ཏིག་ཕྲེང་བ་ལས། ས་ཆུ་མེ་རླུང་ནམ་མཁའ་ཡང་། །འབྱུང་བ་ཆེ་རྣམས་དེ་ལས་བྱུང་། །ལྷ་དང་ལྷ་མིན་མི་རྣམས་དང་། །དམྱལ་བ་བྱོལ་སོང་ཡི་དྭགས་རྣམས། །ཆེན་པོ་དེ་ལས་ཡང་དག་བྱུང་། །འདོད་ཆགས་ཞེ་སྡང་གཏི་
མུག་དང་། །ང་རྒྱལ་ཕྲག་དོག་ལ་སོགས་ནི། །དེ་ཉིད་ལས་ནི་ཆོ་འཕྲུལ་འབྱུང་། །མ་རིག་སེམས་དང་ཡིད་རྣམས་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །རྣམ་པར་ཤེས་པའི་ཚོགས་དག་དང་། །དབང་པོ་ལྔ་ལ་སོགས་པ་བྱུང་། །སྒྲ་དང་དྲི་དང་རོ་དང་ནི། །རེག་བྱ་ཉིད་དང་འདོད་ཡོན་ནི། །དེ་ཉིད་ཀྱིས་ནི་རྒྱན་དུ་བྱུང་། །སྲོག་དང་ཡ་མ་བརླ་དང་ནི། །སྙིང་པོ་མེད་ལ་སོགས་པ་ཡང་། །དེ་ཡི་རྩལ་དང་རོལ་པར་བྱུང་། །ཀུན་གཞི་དང་ནི་ཉེར་ལེན་གྱི། །ཤ་དང་ཁྲག་དང་ཆུ་སེར་དང་། །རུས་དང་པགས་པ་བ་སྤུ་དང་། །བསགས་པའི་ལུས་རྣམས་དེ་ལས་བྱུང་། །ལུས་དང་ངག་དང་ཡིད་དང་ནི། །སེམས་ལས་བྱུང་བ་སྣ་ཚོགས་ནི། །ཐམས་ཅད་ང་ཡི་ངོ་ལས་བྱུང་། །སྐྱེས་པ་བུད་མེད་རྟ་གླང་དང་། །གཟུགས་ནི་ཐམས་ཅད་དེ་ལས་བྱུང་། །བཟའ་དང་ཉལ་དང་འདུག་པ་དང་། །སྣ་ཚོགས་ལས་རྣམས་དེ་ལས་བྱུང་། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ངའི་རང་བཞིན་འདི་རྟོགས་ཤིག །ང་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་ཡིན། །ཀུན་བྱེད་རྒྱལ་པོའི་རང་བཞིན་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་མ་བྱས་གཅིག་ཀྱང་མེད། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ཀྱིས་བྱས། །ཁམས་གསུམ་སེམས་ཅན་ལུས་ངག་ཡིད་གསུམ་ཡང་། །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཀྱིས་བྱས། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀྱང་། །ཇི་བཞིན་མ་བཅོས་པ་ཡི་ཆོས་ཉིད་དུ། །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཀྱིས་བྱས། །ཞེས་སོ། །སྐབས་འདིར་ཐ་སྙད་འགལ་བའི་རྨོངས་པ་དག་གིས་འདོད་པ་དང་འདྲེས་པ་སྤང་བར་བྱ་སྟེ། ཐོས་པ་དམ་པས་མ་བརྒྱན་ལ་རྡོལ་ཐབས་སུ་སྨྲ་བ་ཁ་ཅིག་ན་རེ། ཕྱི་སྣ་ཚོགས་སུ་སྣང་བ་འདི་དག་བྱང་ཆུབ་ཀྱི་སེམས་དང་། རང་གི་སེམས་དེ་ལྟར་སྣང་བའོ་ཞེས་འདོད་ལ། འདིར་ཡང་བྱང་ཆུབ་སེམས་ཀྱི་ཀློང་དུ་ངོ་བོ་གཅིག་པར་བསྟན་
པ་གཉིས། གནམ་ས་ལྟར་ཁྱད་པར་ཆེ་སྟེ། རྨོངས་པ་དེ་དག་བྱང་ཆུབ་ཀྱི་སེམས་དང་རང་སེམས་སུ་འདོད་ལ། འདིར་བྱང་ཆུབ་སེམས་ཀྱི་ངང་ལ་བདག་ཏུ་གཟུང་བའི་རྩལ་ལས་ཤར་བར་འདོད་དེ། ཤར་དུས་ཉིད་ནས་རྩལ་གྱི་རོལ་པ་ཙམ་ལས། ཕྱི་ནང་གང་ན་མེད་པ་གསལ་སྣང་སེམས་དང་སེམས་ལས་གཞན་དུ་མ་གྲུབ་པའི་ཆོས་ཅན་རྐྱེན་སྣང་རྟེན་འབྲེལ་ལས་སྣང་བ་ཙམ་དུ་འདོད་པའོ། །ཕྱི་སྣ་ཚོགས་པ་འདི་དག་འཁྲུལ་སྣང་གཞི་མེད་ཡོད་མ་མྱོང་བའི་སྟོང་པ་དེ་དང་། སེམས་ཉིད་སྟོང་པ་གཉིས་ལ་ཐ་དད་དུ་བྱར་མེད་པ་ཙམ་ལ། ཁོ་བོ་ཅག་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རོ་གཅིག་བྱང་ཆུབ་ཀྱི་སེམས་ཞེས་ཆོས་ཉིད་ཀྱི་ཆ་ལ་དབྱེ་བསལ་མེད་པ་ནས་བརྗོད་ཀྱང་སྣང་ཙམ་ཐ་སྙད་པ་རྣམས་དང་རང་སེམས་གཅིག་ཏུ་མི་འདོད་དེ། ཕར་ཚུར་རྫས་འགལ་བ་དང་། རང་གཞན་འགྲོ་འདུག་དང་ཡོད་མེད་ཀྱི་རྗེས་སུ་བྱེད་མི་བྱེད་ཀྱི་འབྲེལ་པ་མ་གྲུབ་པ་དང་། སྣང་ཡུལ་དང་། སྣང་བ་ཐ་དད་ཀྱི་རང་ཆ་ལ་སོགས་པའི་ཆོས་ཀྱི་བྱེ་བྲག་དུ་མས་ཁྱད་པར་ངེས་པའི་ཕྱིར། རྨོངས་པ་དག་གི་ཕྱོགས་དང་མཚུངས་པ་མེད་པ་ཉིད་དུ་རྟོགས་པར་བྱའོ། །སྤྱིར་ཡང་ཐ་སྙད་འཇོག་ན་ཕྱི་ནང་དང་། སྣང་སེམས་དང་། འཁྲུལ་མ་འཁྲུལ་དང་། འཁོར་འདས་ལ་སོགས་པ་ཀུན་རྫོབ་པའི་བདེན་པ་ལ་འབྱེད་པ་ནི་ཆོས་ཐམས་ཅད་ཀྱི་ལུགས་ཡིན་ན། རྨོངས་པ་དེ་དག་གི་ལུགས་ལྟར་བྱས་ན། ཁྱི་མཆོངས་ཝ་མཆོངས་ཕྱམ་གཅིག་པས་འདི་ལ་ཐ་སྙད་དང་། ལམ་དང་། དག་མ་དག་གཞག་ཏུ་མེད་ལ། དོན་དམ་གཤིས་ལ་གང་ཡང་མ་གྲུབ་པས་ཐམས་ཅད་སེམས་སུ་འདོད་པའང་འཁྲུལ་པར་ངེས་པའི་ཕྱིར། སེམས་ཙམ་རྣམ་བདེན་པ་ཁ་ཅིག་གམ་མུ་སྟེགས་ཕྱོགས་ཀྱི་གོས་ཅན་པ་ཁ་ཅིག་དེ་ལྟར་འདོད་པའི་ཕྱོགས་འཛིན་པ་ཡིན་པའི་ཕྱིར། ཚུལ་དེ་ལ་བརྟེན་པར་མི་བྱ་བ་ཁོ་ནའོ། །སེམས་སྡེ་ལས་ཐམས་ཅད་སེམས་སུ་བཤད་པ་དེ་ཁྱེད་ཀྱི་འདོད་པ་དང་མི་གཅིག་སྟེ།
ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་དང་། དེའི་རྩལ་ལས་རོལ་པར་ཤར་བ་ལ་དེ་སྐད་བརྗོད་ནས་གསུངས་ཏེ། རྩལ་དང་རོལ་པ་དང་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་གསུམ་དུ་རྣམ་པར་འཇོག་པས། ཆོས་རྣམས་གཏན་ལ་འབེབས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ནི་གང་དུའང་མ་གྲུབ་ལ་གང་གིའང་གཞིར་གྱུར་པས་ནམ་མཁའ་ལྟ་བུའོ། །དེའི་རྩལ་ནི་འཆར་ཚུལ་མ་འགགས་པ་མེ་ལོང་གཡའ་དག་པའི་ངོས་ལྟ་བུའོ། །རོལ་པ་ནི་སྣ་ཚོགས་སུ་ཤར་བའི་ཆོས་སྒྱུ་མའི་དཔེ་བརྒྱད་ལྟ་བུའོ། །འདི་གསུམ་ཡང་སྟོང་ངོས་ནས་གང་དུའང་མ་གྲུབ་པས་གཉིས་སུ་མེད་ལ། སྣང་ངོས་ནས་ཐ་སྙད་དུ་རིག་པ་དང་། གཉིད་དང་། རྨི་ལམ་ལྟར་གཅིག་ལས་གཅིག་ཤར་བའི་དུས་ནས་གཞི་མེད་ཀྱི་རང་བཞིན། བྱང་ཆུབ་ཀྱི་སེམས་དང་། རྩལ་དང་། རོལ་པ་གསུམ་དུ་སྣང་བ་སྟེ། འདི་དག་ངོ་བོ་ལ་ལྟོས་ནས་གཅིག་དང་ཐ་དད་པའི་ཆོས་ལས་འདས་ལ། སྣང་ཚུལ་ལ་ལྟོས་ནས་ཐ་སྙད་གསུམ་དུ་བརྗོད་པ་ནི། དེའི་ངོ་བོར་བྱས་ནས་ཐ་སྙད་དུ་འཇོག་དུས། རོལ་པ་དང་བྱང་ཆུབ་ཀྱི་སེམས་གཅིག་ཏུ་མི་འཐད་པས། རོལ་པ་འདི་དག་ལ་ལྟོས་ནས། སྣང་བ་དང་སྣང་ཡུལ་དུ་ཕྱེ་སྟེ། ཕྱི་ནང་གང་ནའང་མེད་ལ་སྣང་བའི་གཟུགས་བརྙན་སྒྱུ་མའི་དཔེ་བརྒྱད་དུ་ཤེས་པས། ཆོས་དང་ཆོས་ཅན་ལ་སོགས་པར་བཏགས་ཀྱང་། མེད་པ་གསལ་སྣང་ཆེན་པོར་རྫོགས་པ་ཆེན་པོ་འདིའི་ལུགས་ལ་འདོད་པ་ཡིན་པས་དེ་ལྟར་རྟོགས་པར་བྱའོ། །འདི་ལྟར་འཆད་ཤེས་ནས་ཡངས་པ་དང་། ཞིབ་པ་དང་། མ་འདྲེས་པ་དང་། འཁོར་འདས་ལ་སོགས་པའི་རྣམ་གཞག་དུ་མར་བྱར་ཡོད་པས་ན། གཞན་ལས་གྲུབ་པའི་མཐའ་ཁྱད་པར་དུ་འཕགས་པར་བཞུགས་ཏེ། དེང་སང་ལེགས་པར་འཆད་ཤེས་པ་ཁོ་བོ་ཅག་གི་ལུགས་ཙམ་མོ། །ད་ནི་རང་བྱུང་ཡེ་ཤེས་ལས་ཤར་བའི་ཆོས་ཐམས་ཅད་རིས་མེད་མཉམ་པ་ཆེན་པོར་གནས་པ་ཉིད་རྣལ་འབྱོར་པ་ལ་མེད་པ་གསལ་སྣང་གི་སྟོང་གཟུགས་སུ་
མཐོང་བས་རྟོགས་པ་རང་སྣང་དུ་ཤར་བའི་དུས་ངེས་པ་ལ་བསྔགས་པ་ནི། འཕོ་འགྱུར་མེད་པའི་རིག་པ་བྱང་ཆུབ་ལས། །སྤངས་ཐོབ་མེད་པའི་སྣང་སྲིད་འཁོར་འདས་ཤར། །གཟུང་འཛིན་མེད་པའི་རྣལ་འབྱོར་ངོ་ཁ་ལ། །མེད་ལ་སྣང་འདི་ཡ་མཚན་དགོད་མོ་འཆོར། །ཇི་ལྟར་སྒྱུ་མའི་ལྟད་མོ་ལ་རྒྱུས་ཤེས་པ་དག་མེད་ལ་སྣང་བར་རྟོགས་པས། བདེན་པར་ཞེན་པའི་བློས་སྟོང་བཞིན་དུ་སྣང་བ་དེ་ལ་བཞད་བགད་དུ་མཐོང་བས། སྤང་བླང་དང་བཟང་ངན་མ་གྲུབ་ལ་སྣང་བ་མ་འགགས་པར་ཤར་བ་ལྟར། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མེད་ལ་སྣང་བའི་རོལ་པར་ཤེས་ཏེ། ངོ་བོ་ཉིད་ཀྱི་དག་མཉམ་གཅིག་ཏུ་རྟོགས་པའི་རྣལ་འབྱོར་པ་རྣམས་འཁོར་འདས་ཀྱི་ཆོས་ལ་མི་གནས་པར་བསྟན་པ་ནི། སེང་གེ་རྩལ་རྫོགས་ལས། རིག་པ་གཅིག་ལ་འཁོར་འདས་རྫོགས། །འཛིན་མེད་རང་སྣང་ཆོས་དང་བྲལ། །ཞེས་དང་། ནོར་བུ་ཕྲ་བཀོད་ལས། སྣང་དང་སྣང་བར་བྱེད་པའི་ཡུལ་མ་ཡིན། །མི་སྣང་མ་ཡིན་ཆོས་ཀུན་རྣམ་པར་དག །ཅེས་སོ། །ཆོས་སྐུ་སྣང་བའི་དུས་ཉིད་ནས་མེད་པ་ལ་མེད་པ་ཤར་བས་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་བསྟན་པ་ནི། སྣང་བར་མེད་ལ་སྣ་ཚོགས་སྣང་བར་ཤར། །སྟོང་པར་མེད་ལ་མཐའ་དབུས་ཁྱབ་པར་གདལ། །གཟུང་འཛིན་མེད་ལ་ང་བདག་སོ་སོར་ཞེན། །གཞི་རྩ་མེད་ལ་ཚེ་རབས་བརྒྱུད་མར་སྣང་། །དགག་སྒྲུབ་མེད་ལ་བདེ་སྡུག་བླང་དོར་བྱེད། །ཆོས་ཉིད་ཀྱི་དོན་ལ་བསམས་ན་ཆོས་ཅན་གྱི་སྣང་བ་མཚར་ཆེ་བ་ཞིག་ཤར་བ་ཙམ་སྟེ། ངོ་བོ་ཡོད་མེད་ལས་འདས་བཞིན་དུ་སྣང་ཚུལ་སྣ་ཚོགས་སུ་རང་ངོར་སྣང་བ་ནི། རྨི་ལམ་ན་བདག་གཞན་དང་། བདེ་སྡུག་དང་། ནོར་རྫས་དང་། བཟང་ངན་དང་། བླང་དོར་དང་། ཚེ་སྔ་ཕྱི་ལ་སོགས་པ་རྨིས་པ་ལྟར། དོན་ལ་མེད་ཀྱང་དུས་དེར་ཡོད་པར་འཛིན་པས་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་ནི། མེད་སྣང་ལ་བདག་ཏུ་འཛིན་པ་ཉིད་ཀྱིས་
འཁྲུལ་སྣང་ལ་སྤྱོད་པ་ཞེས་བྱ་སྟེ། འཕགས་པ་དཀོན་མཆོག་ཏ་ལ་ལའི་མདོ་ལས། ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་པ་བཞིན་ནོ། །ད་ནི་ཕྱི་ནང་གི་ཆོས་ལས་མ་སྐྱེས་པ་དེ་མཁའ་མཉམ་དག་པས་རྟོགས་པའི་ཚུལ་ངེས་པར་བྱ་བ་ལ་གཉིས་ལས། ཐོག་མར་ཕྱི་ཡུལ་དུ་སྣང་བ་ལ་གཞི་བྲལ་སྒྱུ་མ་སྟོང་གཟུགས་སུ་གཏན་ལ་དབབ་པ་ནི། ཕར་བལྟས་སྐྱེ་འགྲོའི་སྣང་བ་མཚར་རེ་ཆེ། །མི་བདེན་བདེན་པར་ཞེན་པས་བདེན་བདེན་འདྲ། །མ་འཁྲུལ་འཁྲུལ་པར་ཞེན་པས་འཁྲུལ་འཁྲུལ་འདྲ། །ངེས་མེད་ངེས་པར་བཟུང་བས་ངེས་ངེས་འདྲ། །ཡིན་མིན་ཡིན་པར་བཟུང་བས་ཡིན་ཡིན་འདྲ། །མི་འཐད་འཐད་པར་བཟུང་བས་འཐད་འཐད་འདྲ། །འདི་ལྟར་ཕྱི་སྣང་བའི་རང་བཞིན་ངོ་བོ་ཉིད་ཀྱིས་སྟོང་པའི་རང་གཟུགས་སྒྱུ་མ་ཙམ་ལ། དེ་ཁོ་ན་ཉིད་མི་ཤེས་པའི་བྱིས་པ་རྣམས་ཀྱིས་དོན་རང་མཚན་དུ་ཞེན་ནས་ཕྱི་ནང་གི་ཆོས་ལ་འཛིན་པ་ནི། མི་བདེན་པ་ལ་བདེན་པར་འཛིན། མ་འཁྲུལ་པ་ལ་འཁྲུལ་པར་འཛིན། ངེས་པ་མེད་པ་ངེས་པར་འཛིན། ཡིན་མིན་ལས་འདས་པ་ལ་ཡིན་མིན་དུ་འཛིན། མི་འཐད་པ་ལ་འཐད་པར་འཛིན་པས། སྣ་ཚོགས་ཅོལ་ཆུང་ཡུལ་གྱིས་སེམས་བྲིད་ནས། །དོན་མེད་རིག་པ་སྐད་ཅིག་བརྒྱུད་མར་མཐུད། །ཉིན་ཞག་ཟླ་བ་ལོ་དང་མི་ཚེ་འདས། །གཉིས་མེད་གཉིས་སུ་འཛིན་པས་འགྲོ་བ་བསླུས། །སྐད་ཅིག་མའི་ཤེས་པ་རང་ངོ་མ་ཤེས་པས་འཁྲུལ་འཛིན་དུ་རྒྱུན་ཆགས་པས་དུས་འདས་ཏེ། སྐད་ཅིག་དུ་མ་ལས་ཡུད་ཙམ་དུ་འཁྲུལ། ཡུད་ཙམ་ལས་ཉིན་ཞག་དང་། ཉིན་ཞག་ལས་ཟླ་བ་དང་། ཟླ་བ་ལས་ལོར་འཁྲུལ་པ་ཕྱི་ཕྱིར་གོམས་པས་འགྲོ་བ་འཁྲུལ་པ་ནི། གཞི་མེད་པའི་རིག་པ་ཆོས་སྐུ་ནམ་མཁའ་ལྟར་དག་པ་རང་ལ་གནས་ཀྱང་། ངོ་མ་ཤེས་པའི་ངང་ནས་རྐྱེན་གློ་བུར་བ་ཙམ་སྟེ། མུ་ཏིག་ཕྲེང་བ་ལས།
ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་རྣམ་རྟོག་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་པ་ཡི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང་། །རྒྱུ་རྐྱེན་དང་བཅས་སྐད་ཅིག་མ། །ཞེས་པ་དང་། རིན་ཆེན་ཕྲེང་བ་ལས། ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་པ་བཞིན་ནོ། །དེ་ལྟར་སེམས་ཅན་ལ་འཁྲུལ་སྣང་རང་མཚན་དུ་ཞེན་ནས་སྣང་བ་དེ་ཉིད་རྣལ་འབྱོར་པ་ལ་སྒྱུ་མའི་རྩེད་མོ་ཙམ་དུ་སྣང་བ་ཡང་། འཁྲུལ་པ་གཞི་མེད་རྩ་བྲལ་ཡིན་པའི་གནད་ཀྱིས་སོ། །དེའང་རིག་པའི་རང་ངོ་འདི་ཐོག་མའི་ཀ་དག་འཁྲུལ་མ་འཁྲུལ་ལས་འདས་པ་ནམ་མཁའ་ལྟ་བུ་ཡིན་ལ། འདིའི་རང་སྣང་ནི་རང་གསལ་རྗེན་པར་དག་པའི་ཆོས་སྐུ་སྟེ། གཞི་མེད་རྣམ་དག་ཆེན་པོའི་སྣང་བ་ཞེས་བྱ་སྟེ། དེའི་ངོ་བོ་ལ་རིག་མ་རིག་དང་། འཁོར་འདས་ལ་སོགས་པ་གང་དུ་ཡང་མ་གྲུབ་པ་ད་ལྟ་ཟང་མར་འདུག་པ་རྣལ་འབྱོར་པས་རྟོགས་ནས། དེའི་ངང་ལས་མི་འདའ་བས་ཕྱི་ཡུལ་གྱི་འཁྲུལ་སྣང་སྒྱུ་མའི་སྟོང་གཟུགས་གཞི་སྣང་ཆོས་ཉིད་ཀྱི་ཀློང་དུ་སངས་པས་འཁོར་བ་མིང་མེད་ནམ་མཁའ་ལྟར་དག་པའི་རྣལ་འབྱོར་པ་ཞེས་བྱའོ། །དེའང་མུ་ཏིག་ཕྲེང་བ་ལས། ཡུལ་ལ་དེ་ལྟར་སྣང་མོད་ཀྱང་། །ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །གཞི་སྣང་ཆེན་པོ་དེ་ཉིད་ལ། །མ་རིག་པ་ཞེས་བཏགས་མེད་པས། །འཁྲུལ་པར་གྲུབ་པ་ཡོད་མ་ཡིན། །བློ་ཞེས་ཀུན་ཏུ་མ་བཏགས་པས། །དྲི་མ་འཁྲུལ་པའི་མིང་ཡང་མེད། །མིང་དང་ཡི་གེའི་ཚོགས་མེད་པས། །བཏགས་པའི་འཁྲུལ་པ་ཡོད་མ་ཡིན། །ཆོས་ཞེས་མིང་དུ་མ་བཏགས་པས། །བློས་བཏགས་འཁྲུལ་པའི་མིང་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་པ་ངང་གིས་མེད། །ཕྲ་རགས་
དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་པ་ངང་གིས་མེད། །བྱ་དང་བྱེད་པ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་པ་ག་ལ་ཡོད། །ཡུལ་དང་དབང་པོ་གཉིས་མེད་པས། །གཟུང་འཛིན་འཁྲུལ་པ་མེད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། འཁྲུལ་ཞེས་ཀ་ནས་དག་པ་ལ། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རང་འགགས་སོ། །འཁྲུལ་ནས་དམིིགས་པར་སྣང་བ་མིན། །རང་བཞིན་ཡེ་གདངས་མ་གཡོས་པས། །ཆོས་ཀུན་མཉམ་པར་རོ་གཅིག་གོ །འཛིན་རྟོག་བྲལ་ནས་ཡེ་སངས་རྒྱས། །བཅོས་ཤིང་བསྒྱུར་དུ་བཏུབ་པ་མིན། །ཞེས་སོ། །དེ་ལྟར་ཕྱི་ཡུལ་མེད་དུ་རྟོགས་པས་གཟུང་བ་མེད་པའི་ཆོས་ཉིད་ནམ་མཁའ་ལྟར་དག་དུས། ནང་འཛིན་པ་གཞི་མེད་རྟེན་བྲལ་དུ་གཏན་ལ་དབབ་པ་ནི། རྣལ་འབྱོར་དག་པའི་སེམས་ལ་ཚུར་བལྟས་པས། །རྟེན་གཞི་མེད་པའི་རིག་པ་མིང་དང་བྲལ། །མཚོན་བརྗོད་མ་མཐོང་ལྟ་སྒོམ་ཁྲིགས་ཆགས་བུད། །ཕྱལ་པ་ལྷུག་པ་ཡངས་པ་ཕྱམ་གདལ་བ། །ཉམས་ལེན་མ་ཤེས་ཐུན་མཚམས་ཕྱོགས་རིས་མེད། །ཐམས་ཅད་རྒྱ་ཡན་ཕྱམ་ཕྱམ་བར་མཚམས་བྲལ། །འདི་ལྟར་རང་གི་སེམས་ལ་བལྟས་པས་ངོ་བོ་ངོས་གཟུང་གི་མཐའ་ལས་འདས་ཏེ། རྟེན་མེད་ནམ་མཁའི་རང་བཞིན་དུ་སངས་པ་ནི། དྲན་པ་རང་དག་གི་ཆོས་ཉིད་ཡོད་མེད་ཀྱི་མཐའ་དང་བྲལ་བའི་ཆོས་སྐུ་ཞེས་བྱ་སྟེ། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་བ་སུ་ལ་སྲིད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་པའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་མེད་ཅིང་སེམས་ཅན་མེད། །ང་མེད་བདག་མེད་གཟུང་དང་འཛིན་པ་མེད། །ཚིག་ཏུ་བརྗོད་པ་མ་ཡིན་ཏེ། །སེམས་ཞེས་གནས་པ་ཙམ་དུའང་མེད། །མེད་ཕྱིར་སྟོང་པའི་སྣང་བ་ལ། །དྲན་ཤེས་རྣམས་ཀྱི་ཁུངས་ཟད་པའོ། །བྱས་པ་མེད་པའི་ཆོས་ཉིད་ལ། །བྱུང་བ་མེད་པ་ཡ་མཚན་
ཆེ། །བྱུང་བ་མེད་པའི་ཆོས་སྐུ་ལ། །འགྲོ་འོང་མེད་པ་ཡ་མཚན་ཆེ། །འཁོར་ས་མེད་པའི་རིག་པ་ལ། །བྱུང་ས་མེད་པའི་ཆོས་ཉིད་དོ། །ཞེས་སོ། །གཟུང་འཛིན་གཉིས་སུ་མེད་པར་རྟོགས་པའི་རིག་པ་ནི་ཕྱོགས་མེད་ལྷུན་གྲུབ་ཆེན་པོ་སྟེ་འདི་ལྟར། ལུས་དང་ཡུལ་དང་སྣང་བའི་གཏད་མེད་པར། །ནམ་མཁའི་ཀློང་ཡངས་མཉམ་པར་ཕྱམ་གདལ་བས། །ནང་གི་ཆོས་ཞེས་བདག་ཏུ་འཛིན་པ་མེད། །གང་ལ་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་རིག་པ་དེའི་ངོ་བོ་ལ་ནི་རང་བྱུང་གི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱང་། རང་རིག་རང་གསལ་ལོ་ཞེས་རྣལ་འབྱོར་སེམས་ཙམ་པ་ལྟར་མི་འདོད་དེ། ཕྱི་ནང་མེད་པས་ནང་གི་སེམས་སུ་མ་གྲུབ་པ་དང་། རང་གཞན་མེད་པས་རང་གི་རིག་པ་ཁོ་ནར་མ་གྲུབ་པ་དང་། གཟུང་འཛིན་ཡོད་མ་མྱོང་བས་དེ་གཉིས་དང་བྲལ་བར་མ་གྲུབ་པ་དང་། ཚོར་རིག་གི་ཡུལ་ན་མེད་པས་མྱོང་བ་གཉིས་མེད་དུ་མ་གྲུབ་པ་དང་། སེམས་དང་སེམས་བྱུང་མེད་པས་རང་གི་སེམས་སུ་མ་གྲུབ་པ་དང་། གསལ་མི་གསལ་དུ་མེད་པས་རང་གསལ་དུ་མ་གྲུབ་པའི་ཕྱིར་རོ། །རིག་མ་རིག་ལས་འདས་པས་རིག་པ་ཙམ་དུའང་གདགས་སུ་མེད་པ་འདི་ནི། མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཚོན་ཚིག་གི་ཐ་སྙད་རང་བྱུང་གི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་དང་། ཆོས་སྐུ་དང་། དབྱིངས་ལྷུན་གྲུབ་ཆེན་པོ་དང་། རིག་པ་རང་གསལ་རྗེན་པ་ཞེས་བརྗོད་ཀྱང་། བརྡ་ཤེས་པའི་ཕྱིར་བཏགས་པ་ཙམ་ལས་རང་ངོ་བརྗོད་མེད་ཆེན་པོར་རྟོགས་པར་བྱའོ། །དེ་ལྟར་མ་ཡིན་པར་མིང་ལ་དོན་དུ་ཞེན་ན་སེམས་ཙམ་པའི་རང་རིག་རང་གསལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད་དོ། །འདིར་བློ་གྲོས་མ་སྦྱངས་ལ་འདི་པར་འདོད་པའི་མུ་ཅོར་དུ་སྒྲོགས་པ་དག་དེ་གཉིས་གཅིག་ཏུ་འཛིན་པས་རང་རིག་འདི་ཁོ་བོ་ཅག་གིས་ཤེས་སོ་ཞེས་མངོན་པའི་ང་རྒྱལ་སྨྲ་བར་ཟད་དོ། །རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་
མཐའ་བྲལ་ལ་སོགས་པའི་འཇལ་ཚུལ་ཕལ་ཆེར། དབུ་མ་། ལ་འགྱུར་དང་མཚུངས་པ་ལས། དབུ་མར་སྟོང་སྟོང་པོ་ནམ་མཁའ་འདྲ་བ་རྩིས་གཞིར་བྱེད་པ་སྟེ། འདིར་རིག་པ་ཀ་ནས་དག་པ་རྗེན་ཟང་ངེ་བ་མ་གྲུབ་ལ་མི་འགག་པ་ཙམ་དེ་ལ་གཞིར་བྱས་ནས། དེ་དང་དེའི་ངང་ལས་ཤར་བའི་ཆོས་རྣམས་མཐའ་གྲོལ་ནམ་མཁའ་ལྟར་འཇལ་བ་སྟེ། ཐལ་འགྱུར་ལས། དུ་མ་སྤངས་པས་ཐ་སྙད་བྲལ། །གཅིག་མ་གྲུབ་པས་རང་བཞིན་དག །རང་བཞིན་དག་པས་དོན་ཀུན་གྲུབ། །རང་བཞིན་དག་དང་གཞི་མ་དང་། །འཁོར་དང་འདས་པའི་གཞི་མ་དང་། །གསོག་དང་སྙིང་པོ་མེད་པ་དང་། །ཡ་མ་བརླ་ཞེས་མཚོན་བརྗོད་བྲལ། །ཞེས་པ་དང་། ཡང་། བྱ་བ་མེད་པས་མཚན་ཉིད་སྟོང་། །བརྗོད་གཞི་འགགས་པས་མཐའ་མི་གནས། །ཟག་པ་ཟད་ཕྱིར་གདོས་བཅས་མིན། །དྲན་པའི་ཁུངས་འགགས་ངོ་བོ་གསལ། །གསལ་རིག་ཡུལ་གྱི་མཐའ་མི་རྟོག །སྒྲ་བྲལ་ཡང་དག་ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། །ཞེས་པ་དང་། ནོར་བུ་ཕྲ་བཀོད་ལས། ཆོས་ཀྱི་དབྱིངས་ལ་སྤྱོད་དང་མི་སྤྱོད་མེད། །ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས། །ཆོས་སྐུ་ཉིད་ལ་དངོས་པོ་མཚན་མ་མེད། །ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ། །ཡངས་པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད། །རྫོགས་ཆེན་ལྟ་བ་གསང་འདུས་དམ་པ་འདི། །ཐེག་པའི་སྐབས་ལ་ཤིན་ཏུ་གྲངས་མང་ཡང་། །གསང་བའི་ངེས་དོན་རང་བཞིན་གཅིག་ལས་མེད། །ཆོས་ཉིད་དཀྱིལ་ཡངས་མཚན་མ་མེད་པའོ། །ཞེས་སོ། །ད་ནི་གཟུང་འཛིན་གཉིས་ཀ་ཡོད་མ་མྱོང་བ་ནམ་མཁའི་རང་བཞིན་དུ་རྟོགས་པའི་དུས་ན། རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏད་མེད་ཡོངས་གྲོལ་ཆེན་པོར་འཆར་བའི་ཕྱིར། ནང་གི་འཛིན་པ་སངས་པའི་རྟགས་སུ། ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ་ནི། ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བལྟས་པས། །ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ། །ར་རི་ཟབ་ཟེབ་གཟའ་
གཏད་ཆོས་དང་བྲལ། །སྣང་གྲགས་དྲན་རིག་མྱོང་ཚོར་སྔར་བཞིན་མེད། །འདི་ཅི་རང་བཞིན་སྨྱོན་པའི་སྣང་བའམ། །རྨི་ལམ་ནང་ཞེས་རང་ལ་དགོད་མོ་འཆོར། །འདིར་རང་གི་རྟོགས་པའི་དུས་ངེས་པས་རྣལ་འབྱོར་པ་ཀུན་གྱི་སྣང་བ་རྟོགས་སུ་རུང་སྟེ། རྒྱུས་ལ་མཁས་པ་གཅིག་གིས་སྒྱུ་མའི་ལྟད་མོ་བདེན་མེད་དུ་མཐོང་བའི་ཚུལ་དེས། རྒྱུས་ཤེས་པ་གཞན་གྱི་སྣང་བ་ཞར་ལ་རྟོགས་པ་བཞིན་ནོ། །ཕྱི་ཡུལ་གྱི་སྣང་བ་འདི་དག་དེ་སྔ་རང་མཚན་དུ་མཐོང་བ་ལས། རྟོགས་པའི་དུས་ངེས་པའི་རང་ངོ་ལ་བདེན་ཞེན་གྱི་འཛིན་པ་ལོག་པས། གཟུང་ཡུལ་ཐམས་ཅད་རྨི་ལམ་དང་། ཆུ་ཟླ་དང་། སྨིག་རྒྱུའི་རྣམ་པ་ལྟར་སང་སེང་། འལ་འོལ། ཟང་མ་ཐལ་དུ་མཐོང་སྙམ་བྱེད་ཅིང་། ཅིར་སྣང་ཐམས་ཅད་ར་རི་ཟབ་ཟེབ་ཡོད་དམ་མེད་དམ་སྙམ་དུ་གཏད་མེད་རང་སྣང་དུ་ཤར་ཏེ། སྐྱེ་འགྲོ་རྣམས་ཀྱང་སྔར་བས་སྤྱོད་གཤིས་འགྱུར་བ་སྙམ་སྟེ། གཏད་མེད་ལྟར་སྣང་དུ་འདི་ཀུན་གྱིས་ཀྱང་རྟོགས་སམ་སྙམ་པ་དང་། མྱོང་ཐོས་དྲན་རིག་ཀྱང་སྔར་བཞིན་མེད་པར་སྟོང་པ་གཏད་ཡལ་དུ་སོང་བས། རིག་པ་ཕྱམ་གདལ་ཏེ་རྟོག་པ་གཏན་ནས་མི་འཆར་བ་འདི་ལྟ་བུ་གར་སོང་སྙམ་ནས་བྱུང་ཚོར་གནས་དག་ཏུ་རང་སངས་པ་ལ་ཤེས་པ་ཕྱལ་ཕྱལ་བ་སྟེ། རེས་འགའ་རང་གི་བྱ་སྤྱོད་དང་སྣང་གྲགས་ཐམས་ཅད་གཏད་མེད་དུ་ཤ་ར་ར་སོང་བ་ལ་དགོད་འཆོར་ཞིང་། རང་ཉིད་སྨྱོའམ། གཞན་སྨྱོ་བ་ཡིན་ནམ། ཡང་ན་བར་དོའམ་རྨི་ལམ་ཡིན་ནམ་སྙམ་དུ་ཤེས་ཤིང་། རིག་པ་གཏད་ཡལ་རྗེན་པར་བུད་པ་དེ་ཐམས་ཅད་ལ་ཡོད་པ་ལ། རྟོགས་པ་ལ་ཚེགས་ཅི་ཡོད་འདི་ཀར་འདུག་པ་ལ་སྙམ་ནས། དམིགས་པ་མེད་པའི་སྙིང་རྗེ་ཟང་ཐལ་དུ་ཤར་བས་གཞན་ལའང་དེ་སྐད་སྟོན་ཞིང་། རྡོ་རྗེའི་གླུ་དང་གཏད་མེད་ཀྱི་སྤྱོད་པ་དང་ཞེན་མེད་ཀྱི་རིག་པ་སྟོན་ཞིང་། ཟང་མ་ཐལ་དུ་སྣང་བ་ཐམས་ཅད་དུས་གཅིག་ལ་ཤར་བ་སྟེ། འདིའི་དུས་ན་གཟུང་འཛིན་རང་ལོག་གི་ཆོས་སྐུ་ཁོང་ནས་ཤར་བས། བདག་ཏུ་འཛིན་
པའི་ཞེན་ཡུལ་དག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བཏགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཅེས་པ་དང་། ཀློང་དྲུག་པ་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རང་སར་དག །སྒྲ་ཚིག་སྣང་བའི་སེམས་ཉིད་ལ། །ཐ་སྙད་མིང་རྣམས་རང་སར་དག །རགས་པར་སྣང་བའི་སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རང་སར་དག །ཡོད་པར་སྣང་བའི་སེམས་ཉིད་ལ། །དངོས་པོ་རྣམས་ནི་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་དག །ཡོད་དང་མེད་པའི་སེམས་ཉིད་ལ། །གྲུབ་པའི་མཐའ་རྣམས་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །རང་གི་མཚན་ཉིད་རང་སར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་པ་རྣམས་ནི་རང་སར་དག །གཉེན་པོར་སྣང་བའི་སེམས་ཉིད་ལ། །དྲི་མ་རྣམས་ནི་རང་སར་དག །བབས་ལས་གྲུབ་པའི་སེམས་ཉིད་ལ། །གཞི་གཞག་ཆེན་པོ་རང་སར་དག །ཅེས་སོ། །དེ་ལྟར་རྟོགས་པ་ཁོང་ནས་ཤར་བའི་སྣང་བ་གཏད་མེད་གཞན་ཡང་བསྟན་པ། དགྲ་གཉེན་ཆགས་སྡང་ཉེ་རིང་འདུ་ཤེས་བྲལ། །ཉིན་མཚན་རིས་མེད་མཉམ་པར་ཕྱམ་གཅིག་པས། །དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་སངས། །
རང་བྱུང་ཡེ་ཤེས་ངང་ཞེས་མི་རྟོག་པས། །བླང་དོར་སྤང་གཉེན་གཟེབ་ལས་འདས་པ་ཡིན། །འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ། །རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན། །ལྡོག་པའི་གནས་མེད་ཟད་པའི་སར་ཕྱིན་ཏོ། །འདིའི་དུས་ན་རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ་ནི། དགྲ་ལ་མི་དགའ་བ་རིང་བར་འཛིན་པ་མེད་པས་མཚན་མོའི་རྣམ་རྟོག་ཆོས་ཉིད་དུ་སངས་པ་དང་། གཉེན་ལ་དགའ་གདུང་དུ་ཞེན་པ་ཉེ་བར་ཆགས་པ་མེད་པས་ཉིན་མོའི་ཀུན་རྟོག་དབྱིངས་སུ་སངས་ཏེ། ཉིན་མཚན་གཟུང་འཛིན་གྱི་འཁོར་བ་སངས་པས། རིག་པ་ཆོས་སྐུའི་ངང་ལ་གནས་ཀྱང་། གཉེན་པོ་མཆོག་འཛིན་གྱི་བློ་དང་བྲལ་བས་ཤེས་བྱའི་དྲི་མ་རང་སར་གྲོལ་ཞིང་། བླང་དོར་དགྲ་གཉེན་གྱི་ཕྱོགས་རིས་མེད་པས་ཉོན་མོངས་པའི་སྒྲིབ་པ་རང་གྲོལ་དུ་དག་པ་ནི། རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན་པ་སྟེ། ཆོས་ཟད་པའི་ས་ལ་ཐུག་པ་ཞེས་བྱའོ། །རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་ཁྲེགས་ཆོད་དང་། ཐོད་རྒལ་གཉིས་ལས་ཟད་པའང་སྣང་སྟོང་གཉིས་ཀྱིས་ལམ་གྱི་ཚོད་འཛིན་ཏེ། ཐོད་རྒལ་ཉམས་སུ་བླངས་པས་འོད་གསལ་གྱི་སྣང་བ་སྔོན་ཐོག་ཏུ་ཟད་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་སོང་དུས་སྣང་བའི་ཆོས་ཉིད་ཟད་པ་སྟེ། དེའི་དུས་སུ་ནང་གི་ཉོན་མོངས་དང་གདོས་བཅས་ཐམས་ཅད་ཟད་པས་ཚེ་འདིར་སངས་རྒྱས་པའི་རྟགས་ཚད་ལ་ཕེབས་པའོ། །ཁྲེགས་ཆོད་ཆིག་ཆོད་དུ་རྟོགས་པ་རྣམས་ཀྱིས་རིག་པ་ཀ་དག་རྗེན་ལ་བུད་པས་དེའི་རྩལ་འཁོར་འདས་ཀྱི་ཞེན་རྟོག་བཟང་ངན་ཐམས་ཅད་དག་ནས། གང་ལྟར་བསམས་ཀྱང་ཉོན་མོངས་དང་རྣམ་རྟོག་གཞི་གྲོལ་ལ་སངས་ནས་སྐྱེ་བ་མེད་པ་ནི། སྟོང་པའི་ཆོས་ཉིད་ཟད་པ་ཞེས་བྱ་སྟེ། ནམ་ལངས་ཉི་ཤར་གྱི་དུས་སུ་མུན་པ་བཙལ་གྱིས་མི་རྙེད་པ་ལྟར། གཟུང་འཛིན་གཞི་གྲོལ་དང་རྒྱ་གྲོལ་ལ་སངས་པ་སྟེ། ཚེ་འདིས་ཆོས་ཟད་ཀ་དག་གི་སར་གཤེགས་
པས། འཁོར་འདས་རྒྱ་གྲོལ་གྱི་རྣལ་འབྱོར་པ་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་གྱི་ཞལ་སྔ་ནས། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ཞེས་གསུངས་པ་བཞིན་ནོ། །འདིའི་དུས་ན་ཁྱབ་རྫོགས་ཡངས་པ་ཕྱམ་གདལ་གྱི་དགོངས་པ་ལ་གནས་པས། ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་མངོན་དུ་གྱུར་ཏེ། གཞན་ངོར་ཉོན་མོངས་པ་ལྟར་སྣང་བ་དང་། ཡིད་ལ་དྲན་པ་ངག་ཏུ་འབྱུང་བས་ཚོར་བ་རགས་པར་མངོན་ཡང་། རྣལ་འབྱོར་པ་དེ་ལ་ཟང་མ་ཐལ་བྱུང་དུ་སོང་བས་ནམ་མཁའ་ལ་རྫས་མི་ཆགས་པ་ལྟར་སྐྱོན་དང་དྲི་མས་མ་གོས་ཤིང་། དགེ་སྡིག་གི་མཐའ་ལས་འདས་པས་འཆིང་གྲོལ་མེད་པ་སྟེ། མུ་ཏིག་ཕྲེང་བ་ལས། ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་འཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་དྲིལ་བས་རིག་པ་གསལ། །ཞེས་པ་དང་། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀ་རང་སར་དག །ཡིན་པར་སྣང་བའི་སེམས་ཉིད་ལ། །བརྫུན་གྱི་ཚིག་རྣམས་རང་སར་དག །མིན་པར་སྣང་བའི་སེམས་ཉིད་ལ། །མ་བྱིན་ལེན་པ་རང་སར་དག །ཡིན་དང་མིན་པའི་སེམས་ཉིད་ལ། །མི་ཚངས་སྤྱད་པ་རང་སར་དག །འཆལ་བ་མེད་པའི་སེམས་ཉིད་ལ། །ངག་འཁྱལ་རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ། །ཕྲ་མའི་ཚིག་རྣམས་རང་སར་དག །འགྱུ་བར་སྣང་བའི་སེམས་ཉིད་ལ། །འདོད་ལོག་རྣམས་ནི་རང་སར་དག །ཀ་ནས་དག་པའི་སེམས་ཉིད་ལ། །སྲོག་གཅོད་པ་ཡང་རང་སར་དག །རྐྱེན་དུ་སྣང་བའི་སེམས་
ཉིད་ལ། །བརྣབ་སེམས་རྣམས་ནི་རང་སར་དག །འབྲས་བུར་སྣང་བའི་སེམས་ཉིད་ལ། །གནོད་སེམས་རྣམས་ནི་རང་སར་དག །སྒྲ་རུ་སྣང་བའི་སེམས་ཉིད་ལ། །གྲག་པ་རྣམས་ནི་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འཛིན་པའི་ཆ་རྣམས་རང་སར་དག །དྲི་རུ་སྣང་བའི་སེམས་ཉིད་ལ། །ཤེས་པའི་ཆ་རྣམས་རང་སར་དག །རོ་ཉིད་སྣང་བའི་སེམས་ཉིད་ལ། །མྱོང་བྱེད་ཤེས་པ་རང་སར་དག །རེག་ཏུ་སྣང་བའི་སེམས་ཉིད་ལ། །རེག་བྱའི་ཤེས་པ་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །སྤྱི་དང་རང་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉིད་ལ། །ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ། །ཆ་དང་བྲལ་བ་རང་སར་དག །ཅེས་སོ། །བཅོས་མ་ལྟར་སྣང་བའི་འདྲ་གཞི་སྤང་བ་ནི། རང་བྱུང་ངང་ནས་མཉམ་ཉིད་མ་རྟོགས་པར། །གཉིས་མེད་ཉིད་ཅེས་ཚིག་ལ་མངོན་ཞེན་ནས། །ཅི་ཡང་མི་དམིགས་ཡིད་དཔྱོད་གདེང་འཆའ་བ། །ལོག་རྟོག་ཉིད་དེ་མ་རིག་མུན་པའི་ཀློང་། །གང་དག་རིག་པ་རྗེན་པར་ནི་མ་རྟོགས། སྐྱེ་མེད་ནམ་མཁའ་ལྟར་དགེ་སྡིག་གི་མཐའ་ལས་འདས་སོ་སྙམ་ནས། དོན་དམ་སྟོན་པའི་ཚིག་རླབས་པོ་ཆེ་རྣམས་རང་ཉམས་དང་མི་སྦྱོར་བར་ཐད་དྲང་དུ་སྨྲ་ཞིང་། ཀུན་སྤྱོད་རྩིང་ལ་ཡིད་དཔྱོད་ལ་གདེང་དུ་འཆའ་བ་དེ་དག་ནི་ལོག་རྟོག་བཅོས་མའི་གང་ཟག་རྣལ་འབྱོར་པར་འཆོས་པ་ཞེས་བྱ་སྟེ། ཕལ་ཆེར་བདུད་ཀྱིས་བསླུས་པར་རིག་པར་བྱ་སྟེ། དེ་ལ་འཁོར་ལ་སོགས་པ་འདུ་བ་མང་ཡང་ལོག་པར་འགྲོ་བའི་ལམ་ལ་འདྲེན་པས་ན། དེས་རང་ཉིད་དེ་ལྟར་སོང་བ་མ་ཚོར་བར་ངེས་པས། ཡང་དག་པའི་ལམ་དུ་འགྲོ་བར་འདོད་པས་ནི་འཁོར་ལ་སོགས་པའི་ཚོགས་པ་སྤངས་ལ། ཡང་དག་པའི་བླ་མ་བསྟེན་ནས་གཅིག་པུ་ཆོས་ཉིད་ཀྱི་དོན་ཉམས་སུ་ལེན་པར་བྱས་ན། དེ་ལས་བཟློག་པར་འགྱུར་ཏེ། རིག་པ་རང་
ཤར་ལས། དེ་ཡང་མེད་པར་འདི་ལྟར་བྱུང་ན། ཁ་ཚིག་ལ་དཔྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །ཡང་སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་ཞེས་གསུངས་སོ། །དེང་སང་ནི་འདི་ལྟ་བུ་ཤིན་ཏུ་མང་ངོ་། །ད་ནི་མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ་ནི། དེ་ཕྱིར་རང་བྱུང་འཕོ་འགྱུར་མེད་པ་ལ། །བསམ་རྫོགས་རྒྱལ་པོ་གཉིས་སུ་མེད་པར་སྦྱང་། །ཁམས་གསུམ་ཡོངས་གྲོལ་འཁོར་འདས་གཉིས་མེད་དོན། །རང་བཞིན་ཁོང་ནས་རང་ཤར་ཆོས་སྐུའི་རྫོང་། །མཁའ་ལྟར་རྣམ་དག་དཔེ་ལས་འདས་པ་འབྱུང་། །ཆོས་ཉིད་དང་སེམས་ཉིད་དབྱེར་མེད་པ་དེ་བཞིན་དུ་རང་ཉམས་ལ་གོམས་ཤིང་སྦྱངས་སྟོབས་ཀྱིས་ཁོང་ནས་རྟོགས་པ་ནམ་མཁའ་ལྟ་བུ་རང་ཤར་བ་ནི་ཆོས་སྐུ་རྡོ་རྗེའི་རྫོང་འཆོས་པས། མཐའ་བྲལ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ངོ་བོ་མཐའ་གྲོལ་ཆོས་སྐུ། རྟོག་པ་རང་གྲོལ་རྒྱུད་ཆེན། འབྲས་བུ་རང་སངས་རྣམ་དག་དང་གསུམ་དུ་འབྱུང་བར་ངེས་ཏེ། རིམ་པ་བཞིན་ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། བྱ་བ་མེད་པས་གྲོལ་བ་མེད། །བྱུང་བ་མེད་པས་གནས་པ་མེད། །འགྲོ་བ་མེད་པས་འོང་འཁོར་ཟད། །བྱས་བྱུང་གཅིག་དང་གཉིས་མེད་པའོ། །ཐ་སྙད་འཁྲུལ་པ་ཙམ་དུའང་མེད། །ཡོད་མེད་ལས་ཀྱི་འཇུག་པ་སྟོང་། །ཡེ་ནས་འབྲས་བུ་བློ་བྲལ་ཉིད། །སྨྲ་བསམ་བརྗོད་པ་ཀུན་འདས་པའོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། རང་ལས་བྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །གདོས་བཅས་མིན་པས་ཟང་ཐལ་ལོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་
ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་ལོག་པས་རྩིས་ཞེས་བྱ། །ཞེས་པ་དང་། ཀློང་དྲུག་པ་ལས། དམིགས་པར་སྣང་བའི་སེམས་ཉིད་ལ། །དམིགས་བྱེད་ཆ་རྣམས་རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ། །ཚོར་བ་རྣམས་ནི་རང་སར་དག །ཡིད་དུ་སྣང་བའི་སེམས་ཉིད་ལ། །དཔྱོད་བྱེད་ཆ་རྣམས་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འབྱུང་བ་འདུས་པ་རང་སར་དག །རྣམ་ཤེས་སྣང་བའི་སེམས་ཉིད་ལ། །རྒྱུ་རྐྱེན་རྣམས་ནི་རང་སར་དག །ཚོར་བ་སྣང་བའི་སེམས་ཉིད་ལ། །ཉམས་མྱོང་རྣམས་ནི་རང་སར་དག །འདུ་ཤེས་སྣང་བའི་སེམས་ཉིད་ལ། །གཟུང་འཛིན་ཆ་རྣམས་རང་སར་དག །འདུ་བྱེད་སྣང་བའི་སེམས་ཉིད་ལ། །ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་སྣང་བའི་སེམས་ཉིད་ལ། །དྲན་པའི་གཟུང་རྣམས་རང་སར་དག །ཅེས་སོ། །ད་ནི་འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ་ནི། འདི་དང་འདི་ཞེས་སོ་སོར་ཞེན་པའི་བར། །གཉིས་སུ་གནས་པས་རང་གཞན་འཁྲུལ་པའི་གཟེབ། །གང་ཚེ་འདི་ཞེས་ཐ་དད་རིས་མེད་ཅིང་། །ཐམས་ཅད་ཕྱམ་མཉམ་དམིགས་གཏད་མེད་པ་ན། །གཉིས་མེད་རྟོགས་ཞེས་རྡོ་རྗེ་སེམས་དཔས་གསུངས། །གང་ཞིག་རིག་པ་ཆོས་སྐུའི་དོན་རྟོགས་པ་དང་། མ་རྟོགས་པའི་ཚད་ནི་འཛིན་ཞེན་གྱི་ཆ་རིག་པ་ལ་ཡོད་པ་དང་མེད་པས་ཕྱེ་བ་སྟེ། ནམ་མཁའ་དག་པ་དང་མ་དག་པ་སྤྲིན་དང་ཁུ་རླངས་ཡོད་མེད་ཀྱིས་ཕྱེ་བ་བཞིན་ནོ། །འདིར་ཡང་རྣལ་འབྱོར་པ་གང་ཞིག་རང་གི་ལྟ་སྒོམ་ལ་སོགས་པ་ལ་ཞེན་པའམ། སྤང་གཉེན་བླང་དོར་གྱི་རིས་སུ་འཛིན་རིང་ལ་གཉིས་སུ་མེད་པའི་རྟོགས་པ་རྒྱུད་ལ་མེད་པར་ངེས་ཏེ། གཉིས་བཅས་རང་མཚན་ལ་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་དངོས་གྲུབ་བརྙེས་པའི་དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ་ནས། གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་བྲལ་བ་དང་མ་བྲལ་བས་ཤེས་ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་དོ་ཧ་ལས་ཀྱང་། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་
ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །ཅེས་གསུངས་པ་བཞིན་ནོ། །གང་ལ་ཞེན་འཛིན་དང་བླང་དོར་ལ་བློས་གཏིང་ཚུགས་པའི་མཐའ་མི་འཆའ་ཞིང་ཆོས་དང་ཆོས་མ་ཡིན་པ་འབྱེད་པར་མཁས་ཀྱང་རང་གཞན་གྱི་གྲུབ་མཐའ་དང་ལྟ་སྒོམ་སྤྱོད་འབྲས་ལ་འཛིན་པ་རྡུལ་ཆ་ཙམ་ཡང་མེད་ན། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་རྡོ་རྗེ་སེམས་དཔས་གསུངས་ཏེ། ནོར་བུ་ཕྲ་བཀོད་ལས། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ། །བརྡ་དང་དམིགས་པས་མཚོན་དུ་མེད། །རྒྱུ་དང་རྐྱེན་མེད་རང་རིག་པ། །སྟོང་དང་མི་སྟོང་མཐའ་ལས་འདས། །ཞེས་པ་དང་། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཅར་གྲོལ་བ་ན། །མངོན་སུམ་མཐོང་བའི་གནད་ཀྱིས་ནི་། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱངས་ནས། ཁམས་གསུམ་ལྡོག་པའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ་སྟེ། ལེའུ་བརྒྱད་པའི་འགྲེལ་པའོ།། །།
ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པ་སྟེ་ལེའུ་དགུ་པའི་འགྲེལ་པ།
དེ་ལྟར་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཉིད་མཁའ་ཀློང་བློ་ལས་འདས་པར་ལ་བཟླ་བ་ནི། རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ནི། །གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི། །ཆེ་བའི་ཆེ་བ་ཀུན་བཟང་ཡངས་པའི་ཐུགས། །རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་བཅད། །ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་དང་། །གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ། །འདིར་ཆོས་ཐམས་ཅད་ཀྱི་རྩ་བ་རིག་པར་ལ་བཟླ་ལ། རིག་པའི་ངོ་བོ་གཉིས་མེད་ཕྱོགས་ལྷུང་དང་བྲལ་བ་མཁའ་མཉམ་ཡངས་པ་ཆེན་པོར་ལ་བཟླ་བ་སྟེ། ཀློང་ཆེན་སེམས་ཀྱི་གནམ་གཟེར་ཡངས་པ་ནི། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་། བདག་རྟོག་གི་བློ་དང་བྲལ་བ་ཟང་
ཐལ་རྗེེན་པའི་རིག་པ་སྐྱེ་འགག་མེད་པར་ཅར་ཕོག་ཏུ་ངོས་གཟུང་བས། ཡིད་དཔྱོད་བློའི་དྲི་མས་མ་གོས་པའི་ཆོས་སྐུ་རྗེན་པར་མཐོང་བ་ནི་རྫོགས་པ་ཆེན་པོ་འདིའི་ཀ་དག་གི་རང་ངོ་ཆོས་སྐུ་ཟང་ཐལ་ཆེན་པོ་སྟེ། དེ་ལས་ཐུག་ས་དང་ལ་བཟླ་ས་མེད་པའོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རིག་པའི་ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག །དེ་བཞིན་དུ་ཆོས་ཐམས་ཅད་འགག་པ་མེད་པར་སྐྱོལ་ཅིག །འགག་པ་མེད་པ་ཅིར་ཡང་སྣང་བར་སྐྱོལ་ཅིག །ཅིར་ཡང་སྣང་བ་སྐྱེ་བ་མེད་པར་སྐྱོལ་ཅིགསྐྱེ་བ་མེད་པ་འགྲོ་འོང་མེད་པར་སྐྱོལ་ཅིག །འགྲོ་འོང་མེད་པ་གཉིས་སུ་མེད་པར་སྐྱོལ་ཅིག །གཉིས་སུ་མེད་པ་གསལ་བ་མཐའ་གྲོལ་ཆེན་པོར་སྐྱོལ་ཅིག །དེ་བཞིན་དུ་ཆོས་ཐམས་ཅད་ཅི་ལ་ཡང་མི་རྟོག་མི་སེམས་པར་སྐྱོལ་ཅིག །ཆོས་ཐམས་ཅད་གསལ་ལ་མ་ཡེངས་པའི་ངོ་བོར་སྐྱོལ་ཅིག་ཅེས་པས་འདིར་ཀ་དག་ཆོས་ཟད་རྗེན་པའི་ཆོས་སྐུ་དེར་མཐར་ཐུག་གི་སྐྱེལ་སའམ་ལ་བཟླ་སར་ཤེས་དགོས་ལ། དེ་ཉིད་མ་ཤེས་པར་རྫོགས་པའི་རིམ་པ་སྐྱེ་མེད་བསམ་བརྗོོད་ལས་འདས་པར་གཅིག་གིས་བསྟན། གཅིག་གིས་བསམ་བརྗོད་མེད་དོ་སྙམ་དུ་གཟུང་ཡང་། མིང་མེད་མིང་དུ་སོང་བ་ལྟར། བསམ་བརྗོད་མེད་པ་རྟོག་པའི་དོན་ཕྱིར་སོང་ནས་སེམས་ཉིད་རང་ངོ་ཤེས་པའི་དུས་མེད་དེ། རང་ཤར་ལས། ཆོས་སྐུ་ཟང་ཐལ་ཡིན་པར་མ་ཤེས་པར། །རྫོགས་རིམ་སྐྱེ་བ་མེད་པར་ཁས་བླངས་ཀྱང་། །ཝ་སྤྲེའུ་སེང་གེ་དག་ཏུ་བརྫུས་པ་བཞིན། །ཞེས་སོ། །འདིར་རིག་པ་རྗེན་པ་ཅར་ཕོག་ཏུ་ངོས་འཛིན་པ་ལ་ལུགས་གཉིས་ལས། གནད་ལ་མ་བརྟེན་པར་ངོ་སྤྲད་པ་ནི། ཕྱིར་མ་སྤྲོས། ནང་དུ་མ་བཟུང་། བར་དུ་མ་བཞག །བློས་མ་བཅོས། རྟོག་པར་མ་འགྱུས་པའི་ཤེས་པ་བར་མེད་ཕྱལ་བ་ཟང་ཀ་མ་དེ་དུས་ཐམས་ཅད་ན་ཡོད་པས། དཔོན་སློབ་གཉིས་དར་ཅིག་ཙེན་ནེ་ཡོད་པའི་དུས་དེར་རྗེན་ཤར་རེ་བ་དེ་བྱིན་རླབས་ཀྱི་ངང་ནས་ངོ་སྤྲད་པས། ཟང་མ་རྗེན་པར་མཐོང་བའོ། །དེ་ཀ་
ཆོས་སྐུ་ངེས་ཤེས་བསྐྱེད་ལ་མ་བསྒོམས་ལ་མ་ཡེངས་པའི་ངང་ལ་སྐྱོང་བ་གནད་ཡིན་ནོ། །གནད་ཀྱི་ངོ་སྤྲད་པ་ལ་དྲུག་ལས། སེམས་བཟུང་ནས་ངོ་སྤྲད་པ་ནི་ལུས་གནད་སྐྱིལ་ཀྲུང་། རླུང་གནད་དལ་བ། མིག་ཧར་པོ། སེམས་མི་རྟོག་པར་བཞག་དུས། གསལ་སང་ངེ་གནས་དུས་ཀྱི་གསལ་བ་དང་གནས་པ་གཉིས་པོ་དེ་ཉམས་ཡིན་པས་ལོགས་སུ་བཅད་ནས། རིག་གེ་རྗེན་ནེ་བའི་ཆ་དེ་ཆོས་སྐུ་ཡིན་པར་ངོ་སྤྲད་དོ། །སེམས་གནས་པ་ལ་ངོ་སྤྲད་པ་ནི་སེམས་གཟུང་བ་མ་ཡིན་ཡང་རང་ས་ན་ལྷན་ནེ་རང་བབ་ཏུ་འདུག་དུས། གནས་ཆ་དེ་བཞག་ལ། རིག་གེ་སལ་ལེ་བ་དེ་ཆོས་སྐུར་ངོ་སྤྲད་དོ། །རྩ་བ་བཅད་ནས་ངོ་སྤྲད་པ་ནི། སེམས་ནང་དུ་དེད་ནས་གང་ནས་བྱུང་གང་ན་འདུག་མཐའ་བརྟགས་པས་ཅི་ཡང་མ་རྙེད་པར་རྗེན་སང་ངེ་སོང་འདུག་དུས། གང་ཡང་མི་རྟོག་པར་སོང་བ་དེ་བཞག་ལ། རིག་གེ་རྗེན་ནེ་མིང་དོན་ལས་འདས་པ་དེ་ཆོས་སྐུར་ངོ་སྤྲད་དོ། །དངོས་པོ་དེ་དེད་ནས་ངོ་སྤྲད་པ་ནི། སེམས་ཡུལ་ཐོག་ཏུ་ཤོར་དུས་ཡུལ་དེ་ལ་ཚལ་པ་དུམ་བུ་ལ་སོགས་པར་བཤིག་པའི་ཕྱོགས་གང་ན་སེམས་དེ་འདུག་དེད་པས། ཡུལ་ཡང་མེད་སེམས་ཀྱང་མེད་པར་བརྗོད་མི་ཤེས་པར་སྟོང་སངས་ཀྱི་ངང་ལ་གནས་དུས། གང་ཡང་འཕྲོ་འདུ་མེད་པའི་གནས་ཆ་དེ་བཞག་ལ། རིག་ཆ་རྗེན་སང་ངེ་བ་དེ་ཆོས་སྐུར་ངོ་སྤྲད་དོ། །ཡུལ་དང་ཤེས་པའི་བར་ནས་ངོ་སྤྲད་པ་ནི། ཤེས་པ་ཡུལ་ལ་ཤར་དུས་སིམ་མེ་བཞག་རྗེས། ཡུལ་ལ་ཕར་མི་བསམ་སེམས་ལ་ཚུར་མི་བསམ་པར། བར་མེད་དུ་ཧ་རེ་སོང་དུས། ཧ་རེ་གནས་ཆ་དེ་བཞག་ལ། ཧྲིག་གེ་ས་ལེ་བའི་རིག་པ་ཟང་ཀ་དེ་ཆོས་སྐུར་ངོ་སྤྲད་དོ། །ཡེངས་ལ་བོར་ནས་ངོ་སྤྲད་པ་ནི། དར་ཅིག་ཐ་མལ་དུ་འདུག་ནས། ལབ་ལ་སོགས་པ་བྱེད་པས་ཤེས་པ་ཡེང་དུ་བཅུག་པའི་བར་དེར། ཧ་ས་ར་ཀི་ཅི་ལ་ཟེར་ཤོད་ཤོད་བྱས་དུས། ཅི་ཟེར་ཆ་མེད་པའི་ཤེས་པ་ཧད་དེ་སངས་སེ་བ་ཅིག་བྱུང་དུས། ཧད་དེ་གནས་ཆ་དེ་བཞག་ལ། རིག་གེ་སལ་ལེ་རྗེན་པར་སོང་བའི་
ཆོས་སྐུ་དེ་ངོ་སྤྲད་དོ། །ཡང་ན་འགྲོ་འཕྲོ་ལ་འདིར་སྡོད་བྱ་བའམ། སོང་ཅིག་བྱས་ནས་ཕ་ཚད་སོང་དུས་ཚུར་ལོག་བྱས་ནས། ལོག་དུས་ཀྱི་ཤེས་པའི་ས་ལེ་མི་འཕྲོ་བ་དེ་བཞག་ལ། རིག་གེ་རྗེན་ལ་སོང་བ་དེ་ཆོས་སྐུར་ངོ་སྤྲད་དོ། །མདོར་ན་རྩ་རླུང་ཐིག་ལེའི་ཐབས་སམ། གཞན་ཡང་རུང་སྟེ་སེམས་སྤྲོ་བ་དང་། གནས་པ་ལ་སོགས་པའི་ཐབས་ཅི་བྱེད་ཀྱང་། རིག་པ་གསལ་དག་ཤེལ་གོང་འདྲ་བ་བློ་བྲལ་རྗེན་ལ་བུད་ནས་ལྟ་སྒོམ་དང་གཉེན་པོ་མེད་པ་དེ་ཆོས་སྐུ་ཟང་ཐལ་ཆེན་པོར་ངོ་སྤྲད་དོ། །འདི་ལ་གསལ་ཉམས་དང་ཕྱེད་དགོས་ཏེ། གསལ་ཉམས་ནི་གནས་ཆ་ས་ལེ་བ་ཡིན་ལ། ཆོས་སྐུ་ནི་གསལ་རིག་གནས་ཆ་དང་བྲལ་བ་སྟེ། སྣང་སྟོང་། གསལ་བདེ། མི་རྟོག་པ་ལ་སོགས་པ་དང་མ་འདྲེས་པར་རིག་གེ་རྗེན་ནེ་བ་དེ་ཡིན་པས། ཟང་ཐལ་མ་ཐལ་དང་། རིག་ཆ་དང་། གནས་ཆའི་ཁྱད་ཡོད་པས་འཛོལ་ས་མེད་དོ། །གནད་དེ་དག་ཀྱང་ཐལ་འགྱུར་ལས། སེམས་ནི་གཟུང་དང་གནས་པ་དང་། །རྩ་བ་བཅད་དང་དངོས་པོ་དེད། །ཡུལ་དང་ཤེས་པའི་བར་ནས་བཙལ། །ཡེངས་ལ་བོར་བ་རྣམས་ཡིན་ནོ། །ཞེས་སོ། །མ་བསྒོམས་པའི་རིག་པ་ཟང་ཐལ་རྗེན་པ་ནི་འདིའི་ལ་བཟླ་ས་སྟེ། དེའི་ངོ་བོ་ལ་སྐྱེ་འགག་གནས་གསུམ་དང་བྲལ་བ། སྨྲ་བསམ་བརྗོད་མེད་ཆེན་པོ། ཆོས་ཟད་མིང་མེད་ཆེན་པོ། དགེ་སྡིག་སྐྱོན་ཡོན་ལས་འདས་པ། ཐོག་མའི་ཀ་དག་ཆེན་པོ་ཞེས་པ་ལ་སོགས་པར་ངོས་འཛིན་གྱིས། སྟོང་ཆད་ནམ་མཁའ་འདྲ་བར་འདོད་པ་མ་ཡིན་གྱི། གཞན་དང་ངོ་སྤྲོད་ལུགས་མི་འདྲའོ། །དབུ་མ་ལ་སོགས་ནས་གང་ཡང་མ་གྲུབ་པའི་ཆོས་ཉིད་ཀྱི་ཆོས་སྤྱི་ཁྱབ་གཅིག་ལ་དམིགས་རྩེ་གཏད་ནས། སྐྱེ་འགག་མེད་པ་ལ་སོགས་པ་འཇལ་ལ། སེམས་ཀློང་ཕལ་ནས་ཡུལ་སྣང་དང་ཤེས་པ་ཐམས་ཅད་ཕྱམ་གཅིག་མེད་མ་མྱོང་ཡོད་མ་མྱོང་བ་ལ་སོགས་པར་འཇལ་བས།
སྤྱི་འབྱམས་གཤིས་ཤོར་གྱི་སྐྱོན་དང་གོལ་ས་ཆེའོ། །འདི་ལ་ཐབས་གང་གིས་ཀྱང་མཚོན་དུ་ཡོད་ལ། ངོ་བོ་ཟང་ཐལ་དུ་རྗེན་ལ་བུད་པས་སྤྲོས་བྲལ་ཉག་གཅིག་ཏུ་ཁ་འདུམས་ཏེ། གོལ་ས་དང་སྒྲིབ་པ་མེད་པར་ཐག་ཆོད་པས། ངོ་བོ་ལ་འཛོལ་ས་མེད་པར་ཆོས་ཟད་མིང་མེད་དུ་ལ་ཟློས་པ་ཡིན་ནོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་དེ་རྟོགས་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པས་འཁོར་བ་མིང་མེད་དུ་སངས་པར་བསྟན་པ་ནི། སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པའི་བྱ། །རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་གནས། །ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་ཆོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་ཡང་། །ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་པ་ཅན། །ཐེག་དམན་ཟིལ་གནོན་འཁོར་བའི་གཡང་ས་ཆོད། །བྱ་ཁྱུང་གི་དབང་པོ་སྒོ་ངའི་ནང་ནས་འདབ་གཤོག་རྫོགས་པ་དེ། དུས་ལ་བབས་པ་ན་སྒོང་རྒྱ་ལས་གྲོལ་མ་ཐག་ནམ་མཁའི་དཀྱིལ་ན་ལྡིང་བས། ཀླུ་རྣམས་ཟིལ་གྱིས་གནོན་པ་དང་། །གཡང་ས་ཤུགས་ལ་ཆོད་པ་དུས་མཉམ་པ་ལྟར། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་དེ་ཡང་ཚེ་འདིར་བླ་མས་ངོ་སྤྲད་དེ་རིག་པ་ཆོས་སྐུར་རྟོགས་ལ། ལུས་མ་འབྱོངས་པ་དེ་སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པ་འདྲ་ལ། རིག་པ་ཡངས་དོག་མེད་པ་དེ་སྒོང་རྒྱ་ལས་གྲོལ་ནས་ནམ་མཁར་ལྡིང་བ་དང་མཚུངས་པ་ལྟར། ཐེག་དམན་དང་ཉོན་མོངས་པའི་ཚོགས་ཟིལ་གྱིས་གནོན་པ་དང་། འཁོར་བའི་གཡང་ས་ཆོད་པ་དུས་མཉམ་པའོ། །ཀུན་བྱེད་ལས། ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །ཅེས་སོ། །དེ་ཡང་ད་ལྟ་རྟོགས་པའི་རྩལ་གསུམ་རྫོགས་ཀྱང་སྒྱུ་ལུས་ཀྱི་སྒོང་རྒྱ་ལས་མ་གྲོལ་བ་སྟེ། ནམ་ཞིག་སྦུབས་ལས་འཕོས་ནས་སྐད་ཅིག་ལ་ཀ་དག་ཏུ་གྲོལ་བ་སྒོང་རྒྱ་དང་བྲལ་ནས་ནམ་མཁར་ལྡིང་བ་དང་འདྲ་སྟེ། དེ་དུས་རིག་པ་ཆོས་སྐུའི་མཁའ་ལ་ལྡིང་བའི་ངང་ནས། གཟུགས་སྐུའི་བྱ་ཁྱུང་གདུལ་བྱའི་དོན་གཉིས་མཛད་པས།
ཐེག་དམན་ཟིལ་གྱིས་གནོན་ཞིང་འཁོར་བའི་གཡང་ས་ཆོད་པ་སྟེ། སེང་གེ་རྩལ་རྫོགས་ལས། སེམས་ཅན་ཀུན་གྱི་རང་ལུས་ལ། །ཡེ་ཤེས་དག་པའི་ངོ་བོ་གནས། །རྒྱ་ཕྱེ་སྣང་བར་མི་ནུས་ཏེ། །དཔེར་ན་མངལ་དང་སྒོ་ངའི་རྒྱ། །མངོན་དུ་མི་འབྱུང་བསྒྲིབས་གྱུར་ཀྱང་། །རང་རྩལ་རྫོགས་ནས་འབྱུང་བ་བཞིན། །རྣམ་རྟོག་ལུས་འདི་བོར་མ་ཐག །རང་སྣང་ཡུལ་དང་འཕྲད་པར་འགྱུར། །ཡེ་ནས་གནས་པའི་རང་རིག་ཉིད། །ངོ་བོ་རྟོག་མེད་མཐོང་བར་འགྱུར། །ཡེ་ཤེས་དག་པའི་སྣང་བ་དང་། །སངས་རྒྱས་བདེན་པ་མཐོང་བར་འགྱུར། །ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་སོ། །རིག་པའི་ངོ་བོ་རྒྱུ་འབྲས་ལས་འདས་པར་ལ་བཟླ་བ་ནི། ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ། །རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་མི་རིགས་ཏེ། །ཐེག་མཆོག་མི་གཡོ་མཉམ་པའི་དོན་ལ་འཐད། །རིག་པའི་ངོ་བོ་གང་དུའང་གྲུབ་བསལ་མེད་པས་སྐྱོན་ཡོན་གྱི་བླང་དོར་མེད་ཅིང་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ཉིད། ཐེག་དམན་པ་རྣམས་ལ་དངངས་ཤིང་སྐྲག་པ་སྐྱེ་བས་མི་འཐད་ཀྱང་། ཡང་རབ་དོན་གྱི་རྣལ་འབྱོར་པ་རྣམས་ལ་འཐད་པ་ཡིན་ཏེ། ཀུན་བྱེད་ལས། རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ལ། །ཀུན་བྱེད་ང་ཡི་ལུང་འདི་བསྟན་མི་བྱ། །ང་ཡི་ལུང་འདི་ངེས་པར་བསྟན་བྱས་ན། །དགེ་སྡིག་ལས་ལ་རྒྱུ་འབྲས་ཡོད་ཟེར་ནས། །ཡང་དག་ང་ལ་སྒྲོ་དང་སྐུར་བཏབ་པས། །ཡང་དག་ང་དང་ཡུན་དུ་འཕྲད་མི་འགྱུར། །ཞེས་པ་དང་། མི་གནས་མི་རྟོག་ཅིར་ཡང་དགོས་མེད་པས། །མི་རྟོག་མཉམ་པའི་ཡུལ་ལ་རང་བཞིན་གནས། །ཡེ་ནས་བྱས་ཟིན་རྩོལ་བའི་སེམས་མི་འབྱུང་། །བདེ་ཆེན་དེ་ལ་གང་སུ་གནས་པ་ནི། །ཆོས་རྣམས་ཀུན་གྱི་སྙིང་པོར་དེ་འགྱུར་རོ། །ཞེས་སོ། །སྐབས་འདིར་དཔེ་འགལ་བས་དོན་ལ་རྒོལ་བའི་ལོག་རྟོག་སྤང་བ་ནི། རྒྱུ་འབྲས་
ཀྱིས་འགྲུབ་ངེས་ཏེ། དཔེར་ན་ས་བོན་ལས་མྱུ་གུ་འབྱུང་བ་ལྟ་བུའོ་ཞེས་ཀྱང་ཟེར་ལ། སེམས་ཉིད་ནམ་མཁའ་ལྟ་བུ་ཞེས་ཀྱང་ཟེར་རོ། །འདི་གཉིས་སེམས་གཅིག་གི་ངོ་བོས་སངས་རྒྱས་བསྒྲུབ་པ་ལ། འདུས་བྱས་མ་བྱས་ཀྱི་དཔེ་གཉིས་འགལ་བའི་ཕྱིར། ཐེག་པ་ཐུན་མོང་ལ་སངས་རྒྱས་མྱུར་དུ་འགྲུབ་པའི་སྐལ་པ་མེད་དེ། གང་གི་ཕྱིར་དངོས་པོ་རྣམས་ཀྱང་གཞན་ཡིན་ལ། རྒྱུ་འབྲས་འབད་རྩོལ་གྱིས་འགྲུབ་པའང་འཁྲུལ་སྣང་གཞན་དུ་ཟད་དེ། འཁྲུལ་པས་མ་འཁྲུལ་པའི་ངོ་བོ་བསྒྲུབ་པར་རྫས་འགལ་བ་ཉིད་དང་། གཅིག་ཏུ་ན་སེམས་ཉིད་ནམ་མཁའ་ལྟར་ཀུན་མཐུན་ལ། དེ་ལ་རྒྱུ་འབྲས་ཀྱི་དཔེ་དོན་མེད་པས་དཔེ་དོན་འགལ་བའི་ཕྱིར་ཡང་འདི་རིགས་པ་མ་ཡིན་ནོ། །ལྷུན་གྲུབ་ཡིན་པར་བཤད་ནའང་རྒྱུ་རྐྱེན་གྱིས་བསྐྱེད་པ་དང་འགལ་ཏེ། ཐུན་མོང་གི་ལུང་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་པ་དང་ནང་འགལ་བ་ཉིད་དོ། །གཞན་ཡང་སེམས་ཉིད་ནམ་མཁའ་ལྟ་བུ་ལ་འཇིག་རྟེན་སྐྱེ་བའི་དཔེ་འགོད་པས་དོན་སྒྲུབ་པ་ཤིན་ཏུ་འགལ་བས་ན་དེ་ལྟར་མ་ཡིན་ཏེ། ཀུན་བྱེད་ལས། རྫོགས་ཆེན་རྒྱུ་འབྲས་ཡེ་ནས་འདས་པའི་ཕྱིར། །བཙལ་ཞིང་བསྒྲུབས་པས་བྱར་མེད་འགྲུབ་པ་མེད། །རྒྱུ་འབྲས་ལྟ་བའི་སྟོན་པས་ལུང་བསྟན་པ། །འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས། །རྒྱུ་ལས་བཙལ་ནས་འབྲས་བུ་སྒྲུབ་པར་བྱེད། །སེམས་ལ་རྒྱུ་མེད་འབྲས་བུ་ཡེ་ནས་མེད། །བྱང་ཆུབ་སེམས་ལ་སྐྱེ་བ་མེད་པའི་ཕྱིར། །འཇིག་རྟེན་སྐྱེ་བའི་ཆོས་ལ་དཔེ་བླངས་ནས། །སྐྱེ་ལས་འཇིག་པ་འབྱུང་བར་སྒྲོ་མི་གདགས། །རང་བྱུང་རྒྱུ་འབྲས་འདས་པ་མ་རྟོགས་པར། །འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས། །རྒྱུ་ལས་བཙལ་བས་འབྲས་བུ་འབྱུང་ཟེར་བ། །དེ་ནི་རྒྱུ་འབྲས་ཐེག་པའི་དྲང་ལུང་ཡིན། །རྒྱུ་ལས་མ་བྱུང་མཚུངས་མེད་ཡེ་ཤེས་དེ། །ཐམས་ཅད་བསྐྱེད་པས་གཞན་ནས་ཆོས་འབྱུང་མེད། །འཇིག་རྟེན་རྒྱུ་འབྲས་ཆོས་ལ་
ཚོད་བཙུགས་ནས། །བཙལ་བས་མེད་པའི་འབྲས་བུ་འབྱུང་མི་འགྱུར། །བྱང་ཆུབ་སེམས་ནི་རྒྱུ་རྐྱེན་མེད་པའི་སྐྱེ། །འཇིག་རྟེན་སྐྱེ་འགག་ཆོས་ལ་ཚོད་མི་གཟུགས། །བྱང་ཆུབ་སེམས་ནི་རྐྱེན་གྱིས་མ་བསྐྱེད་ཕྱིར། །འཇིག་རྟེན་རྐྱེན་སྐྱེད་ཆོས་ལ་དཔེ་མ་ལེན། །ཞེས་སོ། །དེའང་བྱང་ཆུབ་སེམས་ཀྱི་ངོ་བོ་གང་གིས་མི་བསྐྱེད་པར་རང་བྱུང་འཕོ་འགྱུར་མེད་པས་རྒྱུ་རྐྱེན་གྱིས་བཙལ་ས་མེད་དེ་ནམ་མཁའ་བཞིན་ནོ། །བྱང་ཆུབ་སེམས་ལས་ཆོས་རྣམས་ཕར་འབྱུང་བའི་གཞི་ཡིན་པ་ལ། ཚུར་བསྐྱེད་དགོས་པའང་མ་ཡིན་པས་བསྐྱེད་ལུགས་འཛོལ་བས་ཀྱང་བསྐྱེད་བྱར་མ་གྲུབ་བོ། །དེས་ན་བྱར་མེད་ཀྱི་ངང་དེར་གནས་པས་ཁོ་རང་ལ་ལྷུན་གྲུབ་ཏུ་ཡོད་པ་གསལ་བར་འཆར་བས་མ་བཙལ་བར་འགྲུབ་པས་ཏེ། དེ་ཉིད་ལས། ངང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ། །རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཙལ་ཇི་བཞིན་པ་རུ་གནས་པ་དེ། །བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན། །དོན་དེ་རྟོགས་པས་ལས་རྣམས་མི་བྱེད་དེ། །ལས་མ་བྱས་པ་དེ་བཞིན་ཉིད་དུ་གནས། །དེ་བཞིན་ཉིད་ལ་གང་ཞིག་སུ་གནས་པ། །དེ་ཡིས་མ་ནོར་མ་བཅོས་འགྲུབ་པར་འགྱུར། །ཞེས་སོ། །དེ་ལྟར་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་རིག་པ་རྟོགས་པའི་འབྲས་བུའི་རྟགས་ཚད་ངེས་པ་ནི། ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང་། །ཆོས་སྐུའི་ཀློང་དུ་མ་གྲོལ་འགའ་ཡང་མེད། །ཆོས་ཉིད་ངང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ། །སྐྱེ་ཤི་བར་དོར་སྲིད་པའི་ལུས་བོར་ནས། །རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང་། །ལྷུན་གྲུབ་ས་ལ་རྒྱལ་པོའི་སྲིད་ཟིན་ནས། །རྒྱ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང་། །ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི། །བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ། །དམན་པའི་ཐེག་པ་ཀུན་ལ་མི་རིགས་ཀྱང་། །ཨ་ཏི་རིགས་པར་སྟོན་པ་འབྲས་བུའི་གནད། །འདིར་བརྩོན་
འགྲུས་དང་སྐལ་པ་རབ་ལུས་རྒྱ་རང་དེངས་ནས་ན་བུན་ལྟར་གྲོལ་བ་དང་། འབྲིང་བུམ་པའི་ནམ་མཁའ་ལྟར་གྲོལ་བ་དང་། ཐ་མ་བཅོ་ལྔའི་ཉི་ཟླ་ལྟར་གྲོལ་བ་དང་གསུམ་ལས། རབ་དེས་ཁྲེགས་ཆོད་ཀྱི་སྣང་བ་བཞི་གོ་བཟློག་ནས་རྟགས་ཚད་ལ་ཕེབས་པ་སྟེ། དེའང་དང་པོ་རིག་པ་ཀ་དག་རྗེན་པ་ཆོས་ཉིད་ཟད་པའི་སྣང་བ་ལ་རང་ངོ་ཤེས་པས། ཆོས་སྐུ་རྒྱལ་པོའི་དགོངས་པ་དེ་འདུ་འབྲལ་མེད་པར་སྐྱོང་དུས། གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་རིག་པ་ཟང་ཐལ་དུ་ཚད་ལ་ཕེབས་ཏེ། ཕྱི་ནང་གི་རྐྱེན་སྣང་ཆོས་ཉིད་དུ་གྲོལ་བའི་ངང་ལས་མི་འདའ་བར་བསྐྱངས་པས། དགག་སྒྲུབ་དང་ཉོན་མོངས་པའི་རྟོག་པ་རང་དག་རང་ཟད་ནས། ཉམས་ཕྱོགས་མེད་དུ་རང་ཤར་འཛིན་མེད་ཟང་ཀར་རྒྱ་གྲོལ་དུ་ཤར་ནས། མཐར་འགྱུར་གྱི་ཉམས་ཟད་དེ་རིག་པ་དང་པོའི་གཞི་ལ་ཕེབས་དུས། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཐད་ཀར་ཤར་བས། དང་པོའི་ཀ་དག་ལ་རྗེན་པར་རང་ཐོག་ན་གནས་པའོ། །འདིའི་དུས་ན་ཆོས་བོར་བ་ཆོས་ཟད་པ་ཆོས་ལས་འདས་པ་ཞེས་བྱ་སྟེ། གང་དུའང་གྲུབ་པ་མེད་ལ། རྫུ་འཕྲུལ་དང་མངོན་ཤེས་གྲུབ་ཅིང་འབྱུང་བ་ལ་དབང་བསྒྱུར་བ་དང་། འབྱུང་བས་མི་གནོད་པའི་རྟགས་བཅུ་འབྱུང་སྟེ། སས་མི་ནོན། ཆུས་མི་འཁྱེར། མེས་མི་འཚིག །རླུང་གིས་མི་གཡོ། ནམ་མཁའ་ལ་བྱ་བཞིན་འགྲོ། དངོས་པོ་བསྒྱུར་བ་དང་ཡུལ་ཐག་རིང་པོའི་རི་ཁང་བཟང་ལ་སོགས་པ་སྤོ་བར་ནུས། རྟེན་འབྲེལ་སྣ་ཚོགས་སུ་ཤར་བས་སེམས་ཅན་ལ་ཕན། ལུས་ཀྱི་རྡུལ་ཕྲན་མཐོང་། ལྷ་ཡི་མིག་དང་མངོན་ཤེས་ཐོབ། སྤྱན་དང་རྫུ་འཕྲུལ་གྲུབ་པའོ། །རིན་པོ་ཆེ་སྤུངས་པ་ལས། མ་གཏད་རང་སོར་བཞག་པ་ཡི། །སེམས་ཀྱིས་དོན་འདིས་ཚིག་ཀུན་ཡང་། །སུས་ཀྱང་བསླབས་པ་མེད་པར་ནི། །སོ་སོའི་བློ་ལ་གོ་བར་སྣང་། །འདི་ཉིད་རང་གི་བློར་གོ་བས། །མི་སྣང་རྟོག་པ་མེད་པ་ཡིས། །སྣང་བ་ཐམས་ཅད་རང་དག་ནས། །ཐམས་ཅད་ཟང་མ་ཐལ་བྱུང་དུ། །སྟོང་གསལ་
ཆེན་པོའི་རིགས་སུ་འགྱུར། །ས་ཆུ་མེ་རླུང་འབྱུང་བ་བཞི། །སོ་སོའི་ནུས་པ་མི་སྣང་བར། །ན་བུན་བཞིན་དུ་མཁའ་ལ་དེངས། །འཁྲུལ་པའི་ཞེན་པ་སྣ་ཚོགས་ནི། །ཇི་ལྟར་བསམས་ཀྱང་སྐྱེ་མེད་པར། །གཟུང་འཛིན་ཆ་རྣམས་རང་འགགས་ནས། །གང་མི་སྣང་སྟེ་རང་ཟད་ནས། །གསལ་བྱེད་རང་གི་ཉམས་མྱོང་བས། །ལུས་ཅན་ཀུན་ཀྱང་དེ་བཞིན་སོང་། །ཞེས་སོ། །འབྲིང་བུམ་པའི་ནམ་མཁའ་ལྟར་གྲོལ་བ་ནི། དེ་ལྟར་གོམས་པ་ལས་འཆི་ཀའི་ཚེ། ལུས་བུམ་པ་དང་འདྲ་བ་དང་སེམས་བུམ་ནང་གི་ནམ་མཁའ་ལྟ་བུ་འབྲེལ་གྱེས་པའི་སྐད་ཅིག་ལ། ཀ་དག་གི་ཆོས་སྐུ་རང་རིག་དེ་གཞིའི་ཆོས་སྐུ་ནམ་མཁའ་ཆེན་པོ་དང་ཐ་དད་མེད་པ་དེར་འདྲེས་པའམ། རིག་པ་གཅིག་པུ་རྗེན་པར་སོང་བས་ཆོས་ཉིད་ཀུན་དང་དབྱེར་མེད་དུ་སངས་རྒྱས་ཏེ། བུམ་པ་ཞིག་པས་ནམ་མཁའ་དབྱེ་བ་མེད་པ་ལྟར། རང་རིག་སྔ་ཕྱི་དབྱེར་མེད་དུ་ཟང་ཐལ་བས་ཆོས་སྐུ་རང་ས་ཟིན་ནས། གཟུགས་སྐུ་ཕྲིན་ལས་དང་བཅས་པ་ལྷུན་གྲུབ་ཏུ་འཆར་བ་ནི། ནམ་མཁའ་ལ་གཟའ་སྐར་རང་འཆར་བ་ལྟ་བུ་སྟེ། ཉི་ཟླ་ཁ་སྦྱོར་ལས། མི་སྣང་ནམ་མཁའ་གུད་ལྟ་དང་། །ཞེས་པའི་དོན་ཏོ། །ནམ་མཁའི་དཔེས་རིག་པ་མཚོན་ཏེ། རྒྱུན་ཆད་དུ་དེངས་པ་ནི་བསམ་པར་མི་བྱ་སྟེ། དཔེར་བྱེད་ནས་ཕྱོགས་ཙམ་མཚོན་པ་ལས། ཀུན་མཚོན་པར་མི་ནུས་པའི་ཕྱིར་རོ། །དེ་ཡང་ནམ་མཁའ་ཕྱི་ནང་དབྱེར་མེད་པས་རིག་པ་སྔ་ཕྱི་རིས་མེད་དུ་མཚོན་གྱི། རང་གི་རིག་པ་སྤྱི་མཐུན་གྱི་དབྱིངས་སུ་ཐིམ་པ་ལྟ་བུ་ནི་གཏན་ནས་མ་ཡིན་ཏེ། རིག་པ་གཅིག་པུ་འདི་དུས་དེར་སྦུབས་དང་བྲལ་བས་རྗེན་ལ་བུད་པ་ལ་ཆོས་སྐུ་རང་ས་ཟིན་ནས་འཕོ་འགྱུར་མེད་པར་འཇོག་པ་ཙམ་ལས་མཚོན་པ་ཡིན་ནོ། །ཐ་མ་ཚེས་བཅོ་ལྔའི་ཉི་ཟླ་འཆར་ནུབ་ལྟར་གྲོལ་བ་ནི། ཚེས་བཅོ་ལྔའི་ཉི་མ་ནུབ་པ་ལྟར་འཆི་ཀའི་རིག་པ་རྗེན་པའི་ངང་མ་ཉམས་པའི་རྟོགས་པ་དེས་ཕྱིར་ཕུལ། ཟླ་བ་ཤར་བ་ལྟར་ཆོས་ཉིད་བར་དོའི་ཡེ་ཤེས་རང་ལ་
ཡོད་པ་ཤར་བ་དེས་སྔུན་བསུ་བ་གཉིས་ཀྱི་བར་ལ་གཞན་གྱིས་མ་ཆོད་པར། རིག་པ་ཆོས་སྐུ་རྗེན་པར་ཡོད་པ་དེ་རྟོགས་པའི་ངང་དང་མི་འབྲལ་བར་སངས་རྒྱ་སྟེ། དེ་ཡང་ཀ་དག་ཆོས་སྐུའི་རིག་པ་འོད་གསལ་སྤྲོས་པ་དང་བྲལ་བ་དེ་ནང་དབུགས་ཆད་ནས་རྣམ་ཤེས་ནམ་མཁར་ཐོན་པའི་སྐད་ཅིག་ལ་འཆར་ཏེ། རླུང་ལྔ་ལས། ས་ཆུ་མེ་རླུང་གི་རླུང་བཞི་ཐིམ། ནམ་མཁའི་རླུང་འོད་གསལ་ལ་འཇུག་པས། རིག་པ་ལུས་ནས་ཐོན་དུ་ཉེ་བའི་ཚེ། རྣལ་འབྱོར་པ་དེས་ཀ་དག་གི་དབྱིངས་ལ་འཇུག་པ་རྣམ་ཤེས་རླུང་ཞོན་གྱི་དགོངས་པ་ལ་འཕོས་ཏེ། རིག་པ་སྙིང་ནས་ཚངས་བུག་ལ་རང་གི་རྩ་བའི་བླ་མའམ་ཧཱུྃ་ངམ་རྡོ་རྗེ་ལ་སོགས་པར་བསམས་ལ། ཧིཀ་གིས་རྒྱངས་ཏེ་འཕངས་པས་སྐད་ཅིག་ལ་ཡར་གྱི་ཆོས་སྐུ་ལ་ཟང་ཐལ་ལོ། །སྐུ་དང་ཡེ་ཤེས་ལ་འཇུག་ན་སེང་གེའི་ཉལ་ལུགས་ཀྱིས་རིག་པ་མིག་ལ་གཏད་དེ་བར་སྣང་གི་དབྱིངས་རིག་ལ་མིག་གཏད་པའི་ངང་ལས་རིག་པ་འཕོས་ནའང་བར་དོ་མེད་པའི་སྐད་ཅིག་ལ་སངས་རྒྱའོ། །འདི་ནི་གནད་གལ་པོ་ཆེ་སྟེ། རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། རླུང་བཞི་རིམ་གྱིས་ཞོན་ནས་ཀྱང་། །རླུང་ཆེན་གཅིག་གིས་བསྐྱོད་པའི་ཚེ། །ཡུལ་དང་གནས་ལ་འཇུག་པ་དང་། །སྐུ་དང་ཡེ་ཤེས་འཇུག་ལུགས་བསྟན། །ཡུལ་གནས་དག་ལ་འཇུག་ལུགས་ནི། །གྲོང་འཕོ་གྲོང་འཇུག་གདམས་པ་སྟེ། །རྣམ་ཤེས་རླུང་ཞོན་རླུང་ལ་སྦྱང་། །དེ་ཡང་གོང་དུ་འབྱོངས་པ་གཅེས། །རིག་པ་བསྡུ་དང་འཕང་བ་གཅེས། །དེ་ཡང་ཧིཀ་གིས་འཕང་བའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །སྐུ་དང་ཡེ་ཤེས་འཇུག་ལུགས་ནི། །རིག་པ་འདི་ལྟར་གཏད་པར་བྱ། །ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡིད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པར་ནི། །སངས་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་འཕོ་ལུགས་གཉིས་པོ་དེ་
ཡང་ཁྲེགས་ཆོད་དང་ཐོད་རྒལ་གྱི་རྣལ་འབྱོར་པ་གཉིས་ཡོད་པའི་དོན་དུ་རིམ་པ་བཞིན་བསྟན་པའོ། །དེ་ལྟར་ཀ་དག་གི་ས་ལ་གྲོལ་ནས། རང་དོན་ལྷུན་གྲུབ་རིན་པོ་ཆེ་གསང་བའི་སྦུབས་ལ་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་ནས། དེའི་ངང་ལས་གཟུགས་སྐུ་འཆར་བས་གདུལ་བྱའི་འཇིག་རྟེན་ཀུན་ཏུ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་སྤྲུལ་པ་ཐོགས་མེད་དུ་འཕྲོ་བས་དོན་གཉིས་ལྷུན་གྲུབ་ཏུ་མཛད་པ་ནི། ཐེག་པ་འོག་མའི་ལུགས་ལ་མེད་པ་འདི་ན་ཡོད་པས་རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པའི་ཐེག་པ་རྒྱལ་པོའི་ཆེ་བ་ཡིན་ནོ། །འདི་དག་གི་ལུང་ནི་འབྲས་བུའི་སྐབས་སུ་སྟོན༵་ཏོ། །རིག་པ་རྒྱུ་རྐྱེན་ལས་འདས་པར་བསྟན་པ་ནི། སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ། །རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་ནི། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །ངོ་བོ་སྐྱེ་མེད་རྒྱུ་འབྲས་འདས་པའི་ངང་ལས་རོལ་པ་དང་རྩལ་སྐྱེ་བར་སྣང་བའི་ཆོ་འཕྲུལ་དུ་འཆར་བ་ནི། རྒྱུ་འབྲས་ཀྱི་ཐེག་པ་ལ་མི་རིགས་པ་ཉིད། འདིར་རིགས་ཏེ་སྐྱེ་མེད་ལས་འགག་མེད་དུ་འཆར་བ་ནམ་མཁའི་ཆོ་འཕྲུལ་ལྟ་བུའོ། །ཀུན་བྱེད་ལས། ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཡེ་ནས་རང་གི་རང་བཞིན་ལྷུན་གྲུབ་པས། །རང་བཞིན་བཅུ་ཡིས་བཙལ་ཞིང་བསྒྲུབ་མི་དགོས། །ང་ཡི་རང་བཞིན་ཀུན་དཔེ་ནམ་མཁའ་འདྲ། །ནམ་མཁའ་དག་ལ་ཀུན་ཀྱང་རྩོལ་མི་བྱེད། །ནམ་མཁའ་དག་ལ་ཀུན་གྱིས་བརྩལ་བྱ་རུ། །ནམ་མཁའི་རང་བཞིན་རྩོལ་སྒྲུབ་ཀུན་ལས་འདས། །ཞེས་སོ། །འཁོར་འདས་རིག་པའི་ངང་དུ་དབྱེར་མེད་མཉམ་རྫོགས་ཆེན་པོར་ལ་བཟླ་བ་ནི། སངས་རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་གཉིས་སུ་མེད་པར་བསྟན་པ་ནི། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྨི་ལམ་གྱི་འཁོར་འདས་རང་སེམས་སུ་གཅིག་པ་ལྟར་འཁོར་བ་དང་མྱ་ངན་
ལས་འདས་པ་རིག་པའི་ངང་དུ་གཅིག་པས་སྤང་བླང་དང་རེ་དོགས་ཀྱི་མཐའ་ལས་འདས་ཏེ། རྩལ་རྫོགས་ལས། འཁོར་བ་འདས་པ་རང་རིག་ཉིད། །སོ་སོ་མ་ཡིན་གཉིས་སུ་མེད། །ཅེས་སོ། །རྟོགས་མ་རྟོགས་མེད་པར་ལ་བཟླ་བ་ནི། རྟོགས་དང་མ་རྟོགས་མེད་པར་གྲོལ་བ་ལ། །རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ། །ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །ཆོས་ཐམས་ཅད་ཡེ་ནས་གྲོལ་ཟིན་པས་ད་གཟོད་རྟོགས་ནས་གྲོལ་བར་བྱར་མེད་དེ། ཡེ་ནས་མ་གྲོལ་ན་རྟོགས་པར་བྱས་པས་གྲོལ་མི་ནུས་ལ། གྲོལ་ན་འགྲོལ་མི་དགོས་པའི་ཕྱིར། རྟོགས་མ་རྟོགས་ཀྱི་ངོ་བོ་འཆིང་གྲོལ་དུ་མི་བྱེད་དོ། །ངོ་སྤྲད་པས་གྲོལ་སྙམ་པ་ཡང་འཁྲུལ་རྟོག་སྟེ། ངོ་བོ་ལ་གང་བཅིངས་ནས་ཁྱོད་འགྲོལ་བར་བརྩོན། གང་དུའང་མ་གྲུབ་པའི་རིག་པ་ཟང་ཐལ་དེ་རྟོགས་བྱ་རྟོགས་བྱེད་གཉིས་སུ་མེད་པས་ཀྱང་གྲོལ་བར་བྱར་མེད་ལ། རྟོགས་པས་བཟང་དུ་མ་སོང་མ་རྟོགས་པས་ངན་དུ་མ་སོང་བའི་ཕྱིར་ན་ཡང་མཉམ་པ་ཉིད་པས་གློ་བུར་དུ་རྟོགས་པར་བྱེད་པ་ལ་དགོས་པ་མེད་ཅིང་། ཆོས་ཉིད་དོན་དམ་དེ་བློ་ལས་འདས་པས་ཀྱང་རྟོགས་བྱར་མ་གྲུབ་པའི་ཕྱིར། ཀུན་རྫོབ་ཏུའང་རྟོགས་ཞེས་བྱ་བ་འཁྲུལ་རྟོག་ཁོ་ནར་བརྗོད་པ་ཡིན་ནོ། །འདིར་ནི་རྟོགས་པར་བྱར་མེད། ངོ་མི་སྤྲོད། ངང་མི་སྒོམ། ལྟ་སྒོམ་ལས་འདས་པར་བསྟན་པས་རྟོགས་མ་རྟོགས་ལས་འདས་པ་ཞེས་བྱའོ། །ཁྱུང་ཆེན་ལས། སྙིང་པོ་བརྟགས་དང་བརྟག་དཔྱད་ཡིད་ཟད་དེ། །སྒྲིབ་བྲལ་ཅོག་གཞག་བསླད་པ་མེད་པའི་ལམ། །མཐོང་མེད་མཚུངས་པ་མེད་ཅིང་ཡེ་ཤེས་ཀུན་གྱི་དངོས། །ཞེས་པ་དང་། ཐལ་འགྱུར་ལས། གྲོལ་ཞེས་ཐ་སྙད་ཙམ་ཉིད་དེ། །རྟོགས་དང་མ་རྟོགས་སུ་ཡི་ཆོས། །དེ་ལ་གྲོལ་ཞེས་སུ་ལ་དམིགས། །ཁམས་གསུམ་འཇུག་པ་སུ་ལ་སྲིད། །སྲིད་མཐའ་བྲལ་བའི་ཆོས་ཉིད་དོ། །ཞེས་སོ། །ཐབས་ཤེས་ཀྱི་གནད་ལ་མི་བརྟེན་
པར་ལ་བཟླ་བ་ནི། མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བརྟེན་པར། །བརྗོད་མེད་རྟོགས་པར་མི་འདོད་བླུན་པོའི་བློ། །ཨ་ཏིས་དོན་དང་དབྱེར་མེད་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །ཐེག་པ་འོག་མར་སེམས་ཉིད་ཀྱི་དོན་རང་རང་གི་ཐབས་རྩ་རླུང་ཐིག་ལེ་དང་ཚོགས་གཉིས་ལ་སོགས་པ་ལ་མ་བརྟེན་ན་མི་མཐོང་བར་འདོད་པ་དེ། འདིར་གང་ལའང་མ་ལྟོས་པར་ཟང་ཐལ་རྗེན་པར་ཅར་ཕོག་ཏུ་རྟོགས་པའི་ཆེ་བ་ཨ་ཏི་ལ་འཐད་པ་ནི། རིག་པའི་ངོ་བོ་དང་སྐད་ཅིག་ཀྱང་འབྲལ་མ་མྱོང་བས་རྟོགས་ཤིང་མཐོང་བའི་ཐ་སྙད་ཙམ་དུ་ཡོད་པ་ཉིད། ཁྱུང་ཆེན་ལས། རླུང་བཀག་མིག་བཙུམས་པས་ནི་རང་སེམས་འཆིང་། །བཅོས་མེད་ལྟོས་དང་བྲལ་བའི་གཞི་མེད་པར། །ལུས་བཅོས་གསལ་བ་ངལ་སོས་སྣང་བ་འཆིང་། །ཕྱོགས་མེད་རིས་སུ་མ་བཅད་སེམས་མེད་པར། །ཡིད་དཔྱོད་སྤྲོས་དང་བཅས་པས་གནས་ལུགས་འཆིང་། །ཡེ་གྲོལ་བྱ་བྲལ་སོར་གཞག་གདེང་མེད་པར། །ཞེ་འདོད་ཉམས་དང་བཅས་པས་རྟོགས་པ་འཆིང་། །མ་བཙལ་རང་སར་གཞག་པའི་གནད་མེད་པར། །རྒྱུ་འབྲས་ལུང་ལ་ལྟོས་པས་རིག་པ་འཆིང་། །ཞེས་སོ། །བསམ་འདས་མཐའ་མེད་ལས་འདས་པར་ལ་བཟླ་བ་ནི། རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ། །ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་བློ། །ཨ་ཏིས་མུ་མེད་ཆིག་ཆོད་བསྟན་པ་དེ། །འོག་མའི་བློ་ཡུལ་མི་རིགས་རིགས་པའི་གནད། །ཐེག་པ་འོག་མ་དང་སེམས་ཀློང་ཁ་ཅིག་རྫོགས་པ་ཆེན་པོ་དོན་གྱི་ངོ་བོ་ནི་མཐའ་དབུས་དང་གཏིང་མཐའ་མེད་པས་རིག་ཡུལ་ལས་འདས་སོ་ཞེས། སྟོང་འབྱམས་མུ་མེད་གཅིག་ཏུ་འདོད་པ་ལས། འདིར་རིག་པ་ཟང་ཐལ་ཆིག་ཆོད་རྗེན་པར་བསྟན་པས། སེམས་དང་བློ་དང་དམིགས་ཡུལ་དུ་མེད་ལ། སོ་སོ་རང་གི་རིག་ཡུལ་དུ་མཐོང་བ་ནི། སེམས་དང་ཡེ་ཤེས་ཕྱེད་པའི་གནད་ཀྱིས་རྟོགས་པ་སྟེ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ལྟ་བ་མ་བཅོས་ཡེ་ཤེས་ཟང་
ཐལ་དང་། །སྒོམ་པ་མ་བཅོས་གསལ་ལ་འཛིན་པ་མེད། །སྤྱོད་པ་མ་བཅོས་རང་བྱུང་ལྷུག་པ་ཉིད། །འབྲས་བུ་མ་བཅོས་རང་སྣང་རིག་པའི་ངང་། །དམ་ཚིག་མ་བཅོས་མ་ཡེངས་ཆོས་ཉིད་ངང་། །དབང་རྣམས་མ་བཅོས་རིག་པ་རྩལ་གྱི་དབང་། །དད་པ་མ་བཅོས་འགྱུར་མེད་ནམ་མཁའི་ཀློང་། །དེ་ལྟར་རྟོགས་པའི་དབང་པོ་རབ་མཆོག་འདི། །བདེ་ཆེན་ས་ལ་མི་གཡོ་མཉམ་པར་གནས། །ཞེས་སོ། །རིག་པ་ཐིག་ལེ་ཉག་གཅིག་ཆོས་སྐུ་རྗེན་པར་ལ་བཟླ་བ་ནི། ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་རེ་དོགས་ཆོད་དེ་མཁའ་དང་མཉམ། །ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དོ་ཐིག་ལེ་གཅིག་གི་ཀློང་། །ཡེ་ནས་གྲོལ་ལོ་རྟོགས་དང་མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །འཁོར་འདས་ཀྱི་ཆོས་ཐམས་ཅད་རྩ་བ་རིག་པ་ཐིག་ལེ་ཉག་གཅིག་གི་ངང་ལས་ཤར་ནས། སྣང་སྲིད་སྣོད་བཅུད་སྣ་ཚོགས་སུ་ལུགས་སུ་འཇུག་པའི་རྟེན་འབྲེལ་འདི་དག་གོ་བཟློག་སྟེ་དང་པོ་གང་ནས་བྱུང་སར་དེད་པས་རིག་པར་ཕུ་ཐག་འཁྲུས་ནས། འཁོར་འདས་རིག་པའི་ཆོ་འཕྲུལ་དུ་རྟོགས་དུས་ཡར་སངས་རྒྱས་ལ་རེ་བ་མེད་དེ་རིག་པ་ཉིད་ལས་ཤར་བ་མ་གཏོགས་པའི་སངས་རྒྱས་ལོགས་ན་མེད་པར་ཐག་ཆོད། མར་འཁོར་བར་ལྷུང་གིས་དོགས་པ་མེད་དེ་རྩ་བ་རིག་པ་འཁྲུལ་མེད་ཀྱི་སྣང་བ་ལས་གཞན་དུ་མེད་པར་ཐག་ཆོད། རིག་པ་ཉིད་ངོས་གཟུང་མེད་པ་ནམ་མཁའ་ལྟར་རྟོགས་པས་ལྷུན་གྲུབ་ཡངས་པ་ཆེན་པོ་ཡེ་གྲོལ་མིང་མེད་ཆེན་པོར་ལ་ཟློས་ཏེ། འཁོར་འདས་ཟད་སར་སྐྱེལ་བ་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན་པ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སྒྲིབ་མེད་རྣམ་དག་བྱང་ཆུབ་གདལ་བའི་ཀློང་། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །འཛིན་པ་མེད་པས་སེམས་ཅན་མིང་ཡང་མེད། །རྟོག་པ་མེད་པས་མ་རིག་འཁྲུལ་པ་མེད། །ཞེན་པ་མེད་པས་རྣམ་རྟོག་ཡུལ་ཡང་
མེད། །ཆགས་པ་མེད་པས་བག་ཆགས་སེམས་ཀྱང་མེད། །འདས་པ་མེད་པས་མ་འོངས་མིང་ཡང་མེད། །ད་ལྟ་མེད་པས་ཉོན་མོངས་མིང་ཡང་མེད། །སྟོན་པ་མེད་པས་སྟོན་བྱེད་མིང་ཡང་མེད། །ཐིག་ལེ་གཅིག་རྟོགས་ཡངས་པའི་རྣལ་འབྱོར་དེ། །མི་ལྡོག་ས་ལ་འགྱུར་མེད་ངེས་པར་གནས། །བདེ་ཆེན་ས་ལ་འགྱུར་མེད་ལྷུན་གྱིས་གྲུབ། །རྟོག་མེད་ས་ལ་འབྲས་བུ་མ་བསྒྲིབས་གསལ། །ཞེས་སོ། །འཁྲུལ་པ་མིང་མེད་ཆེན་པོར་ལ་བཟླ་བ་ནི། ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། །འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས། །སུ་ཡང་མ་འཁྲུལ་འཁྲུལ་པའི་གནས་མེད་དེ། །ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང་། །སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག །རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་ལ། གཉིད་རིག་པའི་ངང་ལས་མ་གཡོས་ཤིང་། རིག་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པའི་དོན་ལ་བསམས་ཏེ། གཞིག་ཅིང་དཔྱད་ན་སུ་ཡང་འཁོར་བར་ལྷུང་མ་མྱོང་སྟེ། འཁོར་བ་ཉིད་སྣང་ལ་རང་བཞིན་མེད་པ་རྨི་ལམ་གྱི་ངོ་བོ་ཉིད་མེད་པ་གསལ་སྣང་གི་རང་བཞིན་དུ་ཡེ་ནས་དག་ཟིན་པས། སྟོང་གཟུགས་དེ་ཡང་གཞི་མེད་རྩ་བ་དང་བྲལ་བའི་ཆོས་སྐུར་དག་པས། འཁྲུལ་རྒྱུ་དང་། འཁྲུལ་པ་དང་། འཁྲུལ་སྣང་དང་། འཁྲུལ་མཁན་ཡོད་མ་མྱོང་སྟེ། སྔར་མ་འཁྲུལ། ད་ལྟ་འཁྲུལ་པ་ཡོད་མ་མྱོང་། ཕྱིས་འཁྲུལ་པ་འབྱུང་མི་སྲིད་དེ། གཞི་མེད་ནམ་མཁའི་ངོ་བོ་ཉིད་དུ་ཡེ་ནས་རྣམ་པར་དག་ཟིན་པའི་ཕྱིར་རོ། །ཁྱུང་ཆེན་ལས། འཁྲུལ་དང་མ་རིག་སུ་ལ་སྲིད་མིང་མེད། །དེ་ཕྱིར་ཡེ་ནས་མ་བཀྲོལ་ཕྱིས་བཀྲོལ་མེད་སྣང་བའོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། དེ་ལྟར་གནས་པའི་འཁྲུལ་མེད་གཞི། །རང་རིག་ཡེ་ནས་འོད་རེ་གསལ། །སྐུ་གསུམ་ཡེ་ནས་མ་བསྐྱེད་རྫོགས། །འབྲས་བུ་ཡེ་ནས་རང་གནས་
པ། །ཆོས་ཀྱིས་ཡེ་ནས་བཅོས་སུ་མེད། །གྲུབ་མཐའ་ཡེ་ནས་བསྐྱང་དང་བྲལ། །དུག་ལྔ་ཡེ་ནས་གོས་པ་མེད། །འཁོར་བ་འཁྲུལ་པ་ག་ལ་ཡོད། །ཅེས་སོ། །འཁོར་འདས་གཉིས་སུ་མེད་པར་ལ་བཟླ་བ་ནི། གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང་། །འདི་ལ་སྤངས་ཐོབ་རེ་དོགས་མི་དམིགས་ཤིང་། །གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས། །གྲོལ་དང་འཁྲུལ་མེད་འཁོར་འདས་ལ་ཟློས་པས། །སུ་ཡང་མ་རྩོལ་བཅོས་སྒྱུར་མ་བྱེད་ཅིག །འདིར་རང་རིག་ཡེ་སྟོང་ནམ་མཁའ་ལྟར་དག་པ་ལ་བཅིངས་པ་མེད་པས་འཁོར་བ་དག་པ་དང་། གྲོལ་བ་མེད་པས་མྱ་ངན་ལས་འདས་པ་རྣམ་པར་དག་སྟེ་ཡོད་མེད་ཀྱི་མཐའ་ལས་འདས་པས་རྩོལ་སྒྲུབ་དང་རེ་དོགས་མེད་པར་ཐག་ཆོད་པ་ནི། ཡི་གེ་མེད་པ་ལས། དོན་གྱི་ངོ་བོ་རིག་པ་དེ་ཉིད་ལ། །བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །འཁོར་བ་མ་ཡིན་མྱ་ངན་འདས་མ་ཡིན། །བཅིངས་པ་མ་ཡིན་གྲོལ་བ་ཡོད་པ་མིན། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་དག །ཅེས་སོ། །མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླ་བ་ནི། ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱི་དམིགས་གཏད་ཤོལ། །བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། །དུས་དང་གཉེན་པོ་མེད་ཀྱི་འཛིན་རྩོལ་ཞོག །ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། །གང་ལའང་གཏད་འཛིན་མ་འཆའ་ཕྱམ་ལ་ཐོང་། །རིག་པའི་ངོ་བོ་ལ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ། དུས་དང་སྤང་གཉེན་མེད་པ། བྱ་བྱེད་དང་འགྲོ་འོང་མེད་པ། ལྟ་སྒོམ་དང་སྤྱོད་འབྲས་མེད་པ། ཡིན་མིན་དང་རྩོལ་སྒྲུབ་མེད་པ། རང་བཞིན་བཅུའི་རྩོལ་སྒྲུབ་ལས་འདས་པ། ཀུན་ཁྱབ་གང་ཡང་མ་གྲུབ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ང་ཡི་
རང་བཞིན་ངེས་པར་ཁུངས་བསྟན་པ། །ང་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ལྟ་བ་སྒོམ་དུ་མེད་པ་དེ་བཞིན་དུ། །རང་བཞིན་བཅུ་ལ་དེ་བཞིན་དོན་མེད་ཀྱི། །རང་བཞིན་བཅུ་ལ་དོན་ཡོད་མ་རྟོགས་ཤིག །ང་ནི་བལྟས་པས་མཐོང་བའི་ཡུལ་མེད་དེ། །ལྟ་བར་མ་བྱེད་དེ་བཞིན་ཉིད་དུ་ཞོག །སྤྲོས་བྲལ་མ་སྐྱེས་བྲལ་བའི་རྒྱུ་མེད་པས། །སྡོམ་པ་དང་ནི་ཚུལ་ཁྲིམས་བསྲུང་མི་དགོས། །སྙིང་པོར་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །རྩོལ་བ་དང་ནི་བསྒྲུབ་པ་བྱ་མི་དགོས། །རང་བྱུང་ཡེ་ཤེས་སྒྲིབ་པ་མེད་པའི་ཕྱིར། །རིག་པའི་ཡེ་ཤེས་གསལ་བར་བསྐྱེད་དུ་མེད། །ཐམས་ཅད་ང་ཡི་ས་རུ་གནས་པའི་ཕྱིར། །སྦྱངས་ནས་བགྲོད་པའི་ས་ནི་ཡོད་མ་ཡིན། །ང་ཡིས་ཀུན་ལ་ཁྱབ་པར་གནས་པའི་ཕྱིར། །ང་ལ་བགྲོད་པར་བྱ་བའི་ལམ་ཡོད་མིན། །ང་ནི་ཡེ་ནས་གཟུང་འཛིན་བྲལ་བའི་ཕྱིར། །ཕྲ་བ་ཞེས་ནི་མིང་དུ་གདགས་སུ་མེད། །ང་ཡི་གཟུགས་ཀྱིས་ཀུན་ལ་ཁྱབ་པའི་ཕྱིར། །གཉིས་ཞེས་བྱ་བ་ཡེ་ནས་ཡོད་མ་ཡིན། །ང་ནི་ཡེ་ནས་རང་བྱུང་ཡེ་ཤེས་པས། །ང་ལ་གཞན་གྱིས་གཏན་ལ་དབབ་ཏུ་མེད། །ང་ནི་ཀུན་གྱི་བྱང་ཆུབ་སྙིང་པོ་བས། །གསང་བའི་མན་ངག་གཞན་ན་ཡོད་མ་ཡིན། །སྒྲོ་དང་སྐུར་པ་ཀུན་ལས་འདས་པའི་ཕྱིར། །ཆོས་རྣམས་ཀུན་གྱི་ལ་ནི་ང་ཡིས་བཟླས། །ང་མེད་པ་ཡི་ཡུལ་ནི་གཞན་མེད་པས། །ལྟ་བ་སྒོམ་དུ་མེད་པར་ལ་ཡང་བཟླས། །ང་ལས་གཞན་དུ་བསྲུང་དུ་མེད་པའི་ཕྱིར། །དམ་ཚིག་བསྲུང་དུ་མེད་པར་ལ་ཡང་བཟླས། །ང་ལས་གཞན་དུ་བཙལ་དུ་མེད་པའི་ཕྱིར། །འཕྲིན་ལས་བཙལ་དུ་མེད་པར་ལ་ཡང་བཟླས། །ང་ལས་གཞན་དུ་གནས་པ་མེད་པའི་ཕྱིར། །ས་ལ་སྦྱང་དུ་མེད་པར་ལ་ཡང་བཟླས། །ང་ལ་སྒྲིབ་པ་ཡེ་ནས་མེད་པའི་ཕྱིར། །རང་བྱུང་ཡེ་ཤེས་ཡིན་པར་ལ་ཡང་བཟླས། །ང་ནི་མ་སྐྱེས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་ཆོས་ཉིད་ཡིན་པར་ལ་ཡང་བཟླས། །ང་ལས་
གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ལམ་ལ་བགྲོད་དུ་མེད་པར་ལ་ཡང་བཟླས། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །སྙིང་པོ་བྱང་ཆུབ་ང་ལས་བྱུང་བའི་ཕྱིར། །ཡེ་ནས་གཉིས་སུ་མེད་པར་ལ་ཡང་བཟླས། །རང་བྱུང་ཡེ་ཤེས་གཏན་ལ་འབེབས་པའི་ཕྱིར། །ལུང་ཆེན་ཐོག་འབེབས་ཡིན་པར་ལ་ཡང་བཟླས། །ཆོས་རྣམས་ཐམས་ཅད་ང་ལས་མེད་པའི་ཕྱིར། །ཀུན་བྱེད་ང་ནི་ཀུན་གྱི་ལ་བཟླའོ། །ཞེས་གསུངས་སོ། །ད་ནི་རྟོགས་པ་མཁའ་མཉམ་ཡངས་པས་ཆོས་ལ་བྱར་མེད་ཆེན་པོར་ལ་བཟླ་བ་ལས། གཤིས་མངོན་དུ་གྱུར་པས་ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བ་ནི། ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང་། །གནས་ལུགས་རང་བཞིན་དག་རུང་མ་དག་རུང་། །སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང་། །གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་། །རང་གི་རིག་པའི་ངོ་བོ་གཞི་མེད་ཟང་ཀ་ཆོས་ཟད་རྗེན་པར་སོང་བ་འདི་ཡིན་ཏེ། མུ་ཏིག་ཕྲེང་བ་ལས། ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །ཡེ་ནས་སྨྲ་བསམ་ཡུལ་ལས་འདས། །བསམ་པའི་འཕྲོ་འདུ་ཡེ་སྟོང་པས། །ཡེ་ནས་བསམ་གཏན་ཆེན་པོར་གནས། །དྲི་མ་རྣམས་ནི་རང་དག་པས། །དྲི་མེད་ཟང་ཐལ་ཆེན་པོར་གནས། །ཞེས་སོ། །རེ་དོགས་བློ་འདས་སུ་རྟོགས་པས་བློ་བདེ་ཁོང་ཡངས་ཆེན་པོར་ལ་བཟླ་བ་ནི། འཁོར་འདས་རང་བཞིན་གཉིས་རུང་མི་གཉིས་རུང་། །བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང་། །དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང་། །རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང་། །ད་ལྟར་གྱི་རིག་པ་ལ་བྱ་བྱའི་ཆོས་མི་འདུག་པས་བྱར་མེད་ཟང་ཀ་རྗེན་པ་ལས་འདི་ལ་ཆོས་ཀྱིས་བཅོས་སུ་མེད་དེ། རིག་པ་རང་གྲོལ་ལས། ཡང་དག་རིག་པའི་ངོ་བོ་ལ། །བྱ་དང་བྱེད་པའི་རིག་པ་མེད། །འཛིན་པས་གོལ་བའི་རྒྱུ་ཉིད་ལ། །ལམ་ལ་དགག་དང་སྒྲུབ་པ་མེད། །ལྟོས་པའི་རིག་པ་གང་ཡང་མེད། །རྒྱ་ཆད་ཕྱོགས་ཆར་འཛིན་པ་མེད། །ཅེས་པ་དང་།
མུ་ཏིག་ཕྲེང་བ་ལས། བྱས་དང་བྱུང་བ་མེད་པའི་ཕྱིར། །ཐོག་མ་ཉིད་ནས་བྱ་བྱེད་བྲལ། །ཞེས་སོ། །ཡིད་ལ་བྱར་མེད་ཡེ་ཟད་ཆེན་པོར་རྟོགས་པས་བློའི་དམིགས་བསམ་སྤྲོ་བསྡུ་ལས་འདས་པར་ལ་བཟླ་བ་ནི། ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང་། །བླང་དོར་མེད་པས་དཔྱད་རུང་མ་དཔྱད་རུང་། །གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང་། །ས་དང་ལམ་ལ་བགྲོད་རུང་མ་བགྲོད་རུང་། །རིག་པའི་ངོ་བོ་སྟོང་སངས་ཆོས་ཀྱིས་མ་གོས་པར་རྟོགས་པས་འདི་ཡིན་གཏད་སོའི་ཆོས་ལ་དཔྱད་པར་མི་བྱ་སྟེ། ཡི་གེ་མེད་པ་ལས། སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །སྒྲིབ་བྱེད་མ་ཡིན་སྒྲིབ་པའི་ཆོས་ལས་འདས། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཞེས་པ་དང་། ཀུན་བྱེད་ལས། མ་བཅོས་རྣལ་མ་ཀུན་གྱི་ཆོས་ཉིད་ཡིན། །ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་མིང་དུ་བཏགས་པ་བླ་དྭགས་ཡིན། །ཆོས་ཉིད་བྱ་བ་གཞན་མེད་རང་སེམས་ཏེ། །རང་སེམས་མ་བཅོས་ཆོས་ཀྱི་སྐུ་རུ་བཤད། །མ་བཅོས་པ་ལ་ཡེ་ནས་སྐྱེ་མེད་པས། །སྐྱེ་མེད་དོན་ལ་བཙལ་ཞིང་བསྒྲུབ་ཏུ་མེད། །བཙལ་ཞིང་བསྒྲུབས་པས་བྱར་མེད་འགྲུབ་མི་འགྱུར། །ཞེས་སོ། །རིག་པ་སྒྲིབ་མེད་ཟང་ཀར་རྟོགས་པས་བྲལ་ཐོབ་མེད་པར་ལ་བཟླ་བ་ནི། སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང་། །བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང་། །ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང་། །འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་རུང་། །རིག་པའི་ངོ་བོ་འདི་ལ་སྤངས་ཐོབ་དང་གྲོལ་འཁྲུལ་མི་འདུག་པས། ད་ནི་ཡར་སངས་རྒྱས་ལ་ཐོབ་ཏུ་མི་རེ་བས་དེའི་ལམ་བསྐྱེད་རྫོགས་ཀྱི་ཆོས་མི་བསྒོམ། མར་འཁོར་བར་འཁྱམས་ཀྱིས་མི་དོགས་པས་དེའི་རྒྱུ་སྡིག་སྒྲིབ་ལ་སྦྱོང་བཤགས་མི་བྱེད། བྱར་མེད་ཆོས་མེད་དུ་ལས་ཟད་པས་འཁོར་འདས་སྤངས་ཐོབ་མེད་པར་
བློ་བད། མུ་ཏིག་ཕྲེང་བ་ལས། གཞི་ནས་གཞན་བྱུང་ཆོས་མེད་པས། །གདོད་ནས་རང་བྱུང་ཉག་གཅིག་གོ །གཅིག་དང་གཉིས་ཀྱི་གྲངས་ཟད་པས། །ཐིག་ལེ་ཟླ་དང་བྲལ་བ་ཉིད། །མུན་པ་གདོད་ནས་རྣམ་དག་པས། །རིག་པའི་སྣང་བ་འོད་གསལ་ཁྱབ། །འཁོར་བ་རྒྱུ་མེད་འགགས་ཟིན་པས། །ཡེ་ནས་རང་སངས་རྒྱས་ཀྱི་ས། །མཚན་མའི་དངོས་པོ་སྟོང་སངས་པས། །བདག་འཛིན་བློ་ནི་ཡེ་ནས་ཟད། །ཅེས་སོ། །ཆོས་ཟད་རྒྱ་གྲོལ་ཕྱམ་གདལ་དུ་རྟོགས་པས་གང་ལ་ཡང་རྩིས་མེད་རང་ཡན་དུ་ལ་བཟླ་བ་ནི། རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་། །རྟག་ཆད་གཉིས་འཛིན་བཅིངས་རུང་མ་བཅིངས་རུང་། །ཆོས་ཉིད་དགོངས་པར་སླེབ་རུང་མ་སླེབ་རུང་། །གོང་མའི་རྗེས་སུ་སྙོགས་རུང་མ་སྙོགས་རུང་། །ད་ནི་རིག་པའི་སྟེང་འདིར་ཁྱད་མི་འདུག་སྟེ། ཆོས་ལ་བྱར་མི་འདུག །བྱས་ཀྱང་ཆོས་སུ་མི་འདུག །ཡོད་མེད་མཐར་འདུག །ཡིན་མིན་བློར་འདུག །ལྟ་སྒོམ་སྒྲོག་ཏུ་འདུག །ཆོས་ཉིད་གོལ་སར་འདུག །འཁོར་འདས་རིག་པར་འདུག །རིག་པ་ཟང་ཐལ་དུ་འདུག །ཟང་ཐལ་རྗེན་པར་འདུག །ཕྱལ་བ་རང་ཡན་གྱི་ཤེས་པ་རྒྱ་གྲོལ་བར་མེད་དུ་ཐལ་ལོ། །བསམས་ན་རྟོག་པ། བསྒོམས་ན་བློ། བརྗོད་ན་ཚིག །བལྟས་ན་གཟུང་འཛིན། བཞག་ན་ཆོས་ཉིད། བྱས་ན་འཁོར་བ། བྱུང་ན་རང་ཤར། རང་བབས་གནམ་ཡན་གྱི་ཤེས་པ་དགའ་བདེ་གུ་ཡངས་སུ་ཐལ་ལོ། །བྱས་པས་མི་ཟིན། བལྟས་པས་མི་མཐོང་། བསྒོམས་པས་མི་གྲོལ། བཙལ་བས་མི་འགྲུབ། གློད་པས་མི་གྲོལ། བཟུང་བས་མི་ཟིན། ཆོས་ཟད་མིང་མེད་ཀྱི་ཤེས་པ་ཟང་ཀ་རྗེན་པར་ཐལ་ལོ། །འཁོར་འདས་ལ་བར་མེད། ཟང་ཐལ་ལ་རྗེས་མེད། རང་ཤར་ལ་རིས་མེད། རང་གྲོལ་ལ་ཆོས་མེད། ཆོས་ཟད་ལ་མིང་མེད། ལྟ་སྒོམ་ལ་རྩིས་མེད། རང་རིག་ལ་སེམས་མེད། ཕྱལ་བ་ལ་རིས་མེད། སྐྱེ་འགག་ལ་གཞི་མེད། རང་གསལ་བར་མེད་ཀྱི་ཤེས་
པ་ཅར་ཕོག་རིས་མེད་དུ་ཐལ་ལོ། །ཤར་ས་ནས་གྲོལ། སྣང་ས་ནས་སྟོང་། འགྱུ་ས་ནས་ཡལ། ཡིན་ས་ནས་མིན། མིན་ས་ནས་ཡིན། ཡོད་ས་ནས་མེད། མེད་ས་ནས་ཡོད། གནས་ས་ནས་འགྱུ། འགྱུ་ས་ནས་གནས། རང་བཞིན་བར་མེད་ཀྱི་ཤེས་པ་ཆུ་བོ་རྒྱུན་གྱི་བསམ་གཏན་དུ་ཐལ་ལོ། །ཡོད་པར་བསྒོམས་ཀྱང་རྟག་མི་སྲིད། མེད་པར་བསྒོམས་ཀྱང་ཆད་མི་སྲིད། ཡོད་མེད་དུ་བལྟས་ཀྱང་མཐར་མི་ལྷུང་། ཡིན་མིན་དུ་ཤར་ཡང་རིས་སུ་མ་བཅད། བདེ་སྡུག་ཏུ་སྣང་ཡང་རྗེས་མི་མཐུད། ཆོས་ཉིད་དུ་སངས་ཀྱང་བློ་མི་འཇུག །བར་མེད་དུ་གྲོལ་ཡང་གཤིས་མི་སྐྱོང་། རིས་མེད་ཕྱོགས་ཡན་གྱི་ཤེས་པ་ཁ་ཡན་དུ་ཐལ་ལོ། །ཡོད་དུ་ཆུག །མེད་དུ་ཆུག །སྣང་དུ་ཆུག །སྟོང་དུ་ཆུག །ཡིན་དུ་ཆུག །མིན་དུ་ཆུག །བཟང་དུ་ཆུག །ངན་དུ་ཆུག །རྟོགས་སུ་ཆུག །མ་རྟོགས་སུ་ཆུག །རང་སངས་རྗེན་པ་སྟོང་ཡལ་གྱི་ཤེས་པ་ཁ་གང་རྒྱ་ཕྱལ་རྗེས་མེད་དུ་ཐལ་ལོ། །ཡེ་ནས་མ་གྲོལ་ཏེ་གཞི་མེད། རང་ངོ་མི་ཤེས་ཏེ་གཉིས་མེད། ལྟ་སྒོམ་མི་སྤྱོད་དེ་བྱར་མེད། གནས་ལུགས་མི་སྐྱོང་སྟེ་ངང་མེད། རང་བབས་མི་འཇོག་སྟེ་གནས་མེད། རང་སར་མི་གྲོལ་ཏེ་རྟེན་མེད། ཡེ་སངས་ཆོས་མེད་དེ་དབྱིངས་མེད། མཐར་ཐུག་རིས་མེད་དེ་མཐོང་ཐོབ་ལས་འདས། ཆོས་མེད་བྱ་བྲལ་གྱི་ཤེས་པ་རྗེན་པར་ཐལ་ལོ། །ལྟ་སྒོམ་གྱི་གཟེབ་ཏུ་མ་འཆིངས། ཆོས་ཉིད་ཀྱི་སྟོང་རར་མ་གཞུག །གནས་ལུགས་ཀྱི་ངང་དུ་མ་བསྐྱངས། ཟལ་ཐལ་གྱི་རྗེན་ལ་མ་འབུད། ཤར་གྲོལ་གྱི་འཕྲང་ལ་མ་བཤར། རང་ཡུལ་གྱི་ཕྱམ་ལ་མ་བསྐྱུར། རང་གྲོལ་གྱི་དོན་ལ་མ་སྤྱོད། བརྗོད་མེད་ཀྱི་གཤིས་ལ་མ་སྐྱེལ། གཏད་མེད་ཀྱི་རིག་པ་གཏོད་མེད་དུ་འཕྱམ་པ་ལ་ངང་དྭངས་ཀྱི་ཤོལ་འདེབས་སྒྲོག་ཏུ་ཆེ་བས། ཆོས་མ་བསྒོམས། བློ་མ་བསྒྱུར། སྔུན་མ་བསུ། རྗེས་མ་སྙོགས། ད་ལྟ་མ་བཟུང་། ཟང་མ་ཐལ་བྱུང་དུ་མ་བསྐྱངས་པར་རྩིས་མེད་རང་ཡན་གྱི་རིག་པ་
མཐའ་གྲོལ་ཀློང་ཡངས་ཆེན་པོར་ཐལ་ལོ། །ད་ནི་ཅིར་སྣང་རྒྱ་ཡན་དུ་སངས་པས། ཡིན་མིན་གྱི་རྩིས་ལས་འདས་ཏེ། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །བསྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཞེས་པ་ཐོག་ཏུ་བབས་པའི་དུས་སོ། །རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ་ནི། གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང་། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟ་ཟི་བན་བུན་ཕྱལ་མ་ཕྱོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །དེ་ཅིའི་ཕྱིར་ཞེ་ན། དགོངས་པ་ཆོས་ཉིད་ལས་མ་གཡོས་པས་ཆོས་ཟད་མིང་མེད་དུ་གྲོལ་བའི་ཕྱིར། ཅིར་སྣང་རང་བྱུང་ཡེ་ཤེས་ཀྱི་རོལ་པར་མཐོང་བ་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ལྟར་རྟོགས་པས། ཕྱི་ཡུལ་དུ་མཐོང་བ་རིག་པའི་རོལ་པ་དེ་སྐྱེ་བ་མེད་པའི་སྟོང་གཟུགས་ཙམ་ལས། ཆོས་ཉིད་ནམ་མཁའ་ལྟར་དག་པས་རང་གི་རིག་པའི་ཆོས་ཉིད་དང་གཉིས་སུ་མེད་པར་མཐོང་སྟེ། ཅི་སྣང་ཡང་སྟོང་གཟུགས་རིག་པའི་རོལ་པ། ཅི་འགྱུས་ཀྱང་ཡེ་སངས་རྗེས་མེད། དུས་གསུམ་གྱི་ཆོས་ཉིད་དུ་མཉམ་པས་བྱར་མེད་བློ་འདས་ཆེན་པོར་གྲོལ་བའི་ཕྱིར་ན། བླང་དོར་གྱི་ཆོས་ཟད་པའི་དུས་ཞེས་བྱ་སྟེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །དེ་ལ་རང་བྱུང་སྟོང་ཡུལ་བས། །མཐོང་ཞེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་
ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་སོ། །རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པ་ནི། གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །འདི་ལ་རིག་པའི་སྟེང་ན་ཁྱད་པར་གང་ཡང་མེད་དེ། རིག་པ་གཅིག་གི་ངང་ནས་ཤར་བས་གཞི་ལ་བཟང་ངན་མེད་པ་དང་། ཤར་ཚད་རིག་པའི་རྩལ་ལས་གཞན་མེད་པས་རྩལ་གྱི་ངོ་བོ་ལ་བཟང་ངན་མེད་པ་དང་། ཤར་བས་གྲོལ་ཟིན་པའི་ཕྱིར་མ་བཟུང་ན་རང་ཡལ་དུ་གོ་གཅིག་པས་ངོ་བོ་ལ་བཟང་ངན་མེད་པ་དང་། ཅི་ཤར་ཅི་སྣང་ཡང་གཞི་ལ་མེད་པའི་སྣང་བ་ཡིན་པས་སྟོང་ཟིན་ཏེ། གྲུབ་བསལ་དོགས་པ་མེད་པས་སྨིག་རྒྱུའི་ཆུ་ལྟར་མེད་པ་གསལ་སྣང་ལ་བློས་གཟུང་བ་དགོས་པ་མེད་པའི་ཕྱིར། རྣལ་འབྱོར་པ་ལ་ཡུལ་སྣང་དང་བློ་རྟོག་གང་ཡང་སྤང་བླང་གི་འདེམ་ཀ་བྱར་མེད་དེ། གཞི་མེད་ཆོས་ཟད་མིང་མེད་དུ་གོ་གཅིག་པའི་ཕྱིར། མཐའ་ལས་འདས་པ་ཞེས་ཐ་སྙད་དུ་བརྗོད་དེ། རིག་པ་རང་གྲོལ་ལས། སྣང་བ་དངོས་པོའི་ཆོས་ཀྱིས་སྟོང་། །སྟོང་པ་མཚན་མའི་ཆོས་ལས་འདས། །འདས་པ་ཉིད་ལ་བརྗོད་དུ་མེད། །ཅེས་སོ། །གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང་། ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ་ནི། ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང་། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དོ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །བསྒོམ་པའི་ཆོས་མེད་ཐ་མལ་རང་གའི་ངང་། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་པ་ལྷུག་པ་ཡན་པ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་
སྒྲུབ་བྲལ་བས་བདེ། །འདིར་ཆོས་དང་ལམ་ལ་གནས་པའི་གང་ཟག་རྣམས་ལ་ཐ་མལ་པ་ལས་ལོག་ནས་ཆོས་སྤྱོད་ཀྱི་བྱ་བ་བྲེལ་དོ་སྣ་ཚོགས་པས་ཉིན་མཚན་འདའ་བ་ཡིན་ན། ཐ་མལ་དུ་གནས་པས་ཅང་འགྲུབ་བམ། དེ་ལྟར་ན་འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཁྱད་མེད་དོ་སྙམ་པ་ལ་འདི་ལྟར་ཤེས་པར་བྱ་སྟེ། གཅིག་ནི་འཇིག་རྟེན་ཉིད་ལས་ཆོས་ལ་བློ་མ་སྦྱངས་པས། ཆོས་ཡིད་ལ་མེད་པའི་ཕྱིར་ཆོས་ཀྱི་བྱ་བྱེད་དང་བྲལ་བ་ཡིན་ལ། གཅིག་ནི་ཆོས་མ་བྱས་ཡེ་ཟིན་དུ་རྟོགས་པས་བློ་བདེ་སྟེ། ཆོས་ཟིན་ནས་ཆོས་བོར་ཆོས་ལས་འདས་པའི་ཕྱིར་ཆོས་ཀྱི་བྱ་བ་མེད་ཅིང་རང་བབས་ཐ་མལ་དུ་སྣང་བ་ཡིན་ནོ། །ཡང་འདི་ལྟར་འཇིག་རྟེན་པ་ནི་འཇིག་རྟེན་གྱིས་བྲེལ་ནས་སེམས་ལས་སུ་གྱུར་པ་ལས་རྣལ་འབྱོར་པ་ལ་དེ་མེད་པས་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་མཚུངས་ན་ཐ་མལ་པ་འཁོར་བ་ལྟར། རྣལ་འབྱོར་པ་ཡང་འཁྲུལ་པར་ཐལ་བ་ལས། སྒོ་གསུམ་བྱ་བ་དང་བྲལ་བས་འཁྲུལ་པའི་ཆོས་མེད་པ་དང་། ཐ་མལ་དུ་སྣང་བ་ཟང་ཐལ་དུ་སངས་པས་འཆིང་བ་མེད་དེ། ལས་དང་རྣམ་སྨིན་ལས་གྲོལ་བ་ནི། དཔེར་ན་གྲེས་མའི་ཐག་པ་མེར་ཚིག་པ་དེ་ཐག་པར་སྣང་ཡང་འཆིང་བའི་དོན་བྱེད་མི་ནུས་པ་དེ་མེས་ཚིག་པ་ལས་བྱུང་བ་ལྟར། རྣལ་འབྱོར་པའི་སེམས་ལ་ཟང་ཐལ་བས་ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་དང་། ཟས་གོས་དང་ནོར་འཛིན་པ་ལྟར་སྣང་ཡང་གཞི་མེད་རྨི་ལམ་ལྟར་རྟོགས་ནས་མ་ཞེན་པའི་ཕྱིར་འཆིང་མི་ནུས་པ་ཡིན་ལ། འཇིག་རྟེན་པ་ལ་དེ་མེད་པས་ཞེན་པ་རང་མཚན་པས་སེམས་བཅིངས་ཏེ་ཐག་པ་མེར་མ་ཚིག་པ་ལྟར་ནང་སེམས་དང་ཕྱི་སྣང་བ་ལ་དགག་སྒྲུབ་རང་གར་ཡོད་པས་འཆིང་བའོ། །དེའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་གི་ཞལ་སྔ་ནས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་པ་དང་། ཡང་རྗེས་སུ་གདམས་པ། སྣང་བས་མི་འཆིང་ཞེན་པས་
འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས་པ་ལྟ་བུའོ། །ཐ་མལ་པ་ལ་ལོག་རྟོག་སྤང་བ་ནི། བསོད་ནམས་དང་སྐལ་པ་ཆུང་ཞིང་རྟོགས་པ་དང་ཆོས་ཆེན་པོ་ལ་བློ་ཁ་མ་ཕྱོགས་པ་དག་ན་རེ། གནས་ལུགས་རྟོགས་པའི་ངང་ནས་བྱ་བྱའི་ཆོས་སྤྱོད་བྱས་པས་ཆོག་མོད། དེའི་འབྲས་བུ་བདེ་བ་ཐོབ་པ་དེ་མི་འདོད་དམ་ཟེར་རོ། །ལན་བཤད་པ། ཆོས་ཐམས་ཅད་རིག་ངོར་མཉམ་ཤར་ལ་བཟང་ངན་དུ་འབྱེད་པ་ཁྱེད་རང་དེ་ལྟར་གྱིས་ལ་རེམ་ཞིག །ངེད་ནི་རྨི་ལམ་སྣང་བའི་ཆོས་ལ་གཅིག་མི་སྤོང་། གཅིག་མི་ལེན། སྤོང་ལེན་དང་རྩོལ་སྒྲུབ་བྱེད་ན་རྣལ་འབྱོར་པ་དང་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ནི། འབྲས་བུ་ལ་རེ་བ་མ་ཡིན་ལ། རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་འདིའི་སྣོད་མ་ཡིན་པས། ཐེག་དམན་བྱིས་པ་དྲང་བའི་ཆོས་ལ་སྦྱར་བར་གསུངས་ཏེ། ཀུན་བྱེད་ལས། དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་གྱུར་ན། །རྒྱུ་འབྲས་འདས་པའི་དོན་དང་འགལ་གྱུར་ནས། །བྱར་མེད་བདེ་ཆེན་དེ་དང་མི་འཕྲད་དེ། །རྩོལ་སྒྲུབ་ནད་ཀྱི་མ་རིག་དེས་ཟིན་འགྱུར། །དེ་བས་རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ། །སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། །རྒྱུ་དང་འབྲས་བུའི་ཆོས་སུ་དཔྱད་པར་བྱ། །ཞེས་པས་ཁོ་བོ་ཅག་གིས་ལུང་ལས་འབྱུང་བས། ཁོ་བོ་ཅག་གི་ནི་ལུང་དང་འགལ་བར་མི་བྱེད་དོ། །ཡང་སྐལ་ཆུང་པོ་དེ་ན་རེ། ཐམས་ཅད་རིག་པར་མཉམ་པས་ཆེད་དུ་བྱར་མེད་པ་དང་བདེན་ན་བྱས་པས་འགྲུབ་ལ་མ་བྱས་ན་མི་འགྲུབ་པའི་ཕྱིར་བྱེད་དགོས་སོ་ཞེས་ཟེར་ན། སྨྲས་པ། མ་གྲུབ་ན་བསྒྲུབས་ཀྱང་མི་འགྲུབ། གྲུབ་ན་བསྒྲུབ་མི་དགོས། རྩོལ་སྒྲུབ་ཀུན་རྫོབ་པས་སེམས་ཉིད་དོན་དམ་ལ་ཅིར་ཡང་བྱར་མེད་པ་དང་། སེམས་ཉིད་ལ་ཆོས་སྐུ་གྲུབ་ཟིན་ལ། དེ་ཡང་བཞག་ན་མངོན་ལ། བྱས་ན་མི་འགྲུབ་པ་ཆུ་དྭངས་པའི་གཟུགས་བརྙན་རྙོག་ན་མི་མངོན་པ་ལྟ་བུ་སྟེ། རྒྱུད་དེ་ཉིད་ལས། སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་
ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །ཅེས་སོ། །དེའི་ཕྱིར་རྩོལ་སྒྲུབ་བྱང་ཆུབ་ཀྱི་གེགས་ཡིན་ཏེ། འཇོག་དགོས་པ་གཟེངས་པ་ལྟར། སེམས་ཉིད་བྱར་མེད་ལ་བྱ་བཙལ་བྱས་པས་རྒྱུ་འབྲས་དང་གཞི་ལམ་འགལ་ནས་མི་འགྲུབ་པའི་སྐྱོན་དུ་ཆེ་སྟེ། ཀུན་བྱེད་ལས། བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། །རྩོལ་སྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །ཅེས་སོ། །དེ་ལྟར་ཡིན་མོད་ཀྱི་ད་དུང་དེའི་སར་མ་སླེབ་པས་བྱེད་དགོས་སོ་ཞེ་ན། ལན་ནི། ཀྱེ་སྐལ་མེད་གཅིག་ནས་གཅིག་ཏུ་འགྲོར་ཡོད་པ་མ་ཡིན། འགྲོར་མེད་པས་སླེབ་ཏུ་ཡོད་པ་མ་ཡིན། རང་ཡིན་ནས་རང་འཚོལ་བ་ལ་འགྲོ་བ་དང་འདྲ་བ་ཁྱོད་ནི་མཚར་ཆེ་བ་ཞིག་སྟེ། ཁོ་བོ་ཅག་གི་ལུང་ལས་ཁྱོད་ལྟ་བུ་ཕྱི་རོལ་ཏུ་གྱུར་པས། ཤིན་ཏུ་སྨད་པའི་གནས་སུ་བསྟན་པ་ནི། རྒྱུད་དེ་ཉིད་ལས། བདེ་བ་འདོད་པས་བདེ་ལ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་འཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔམས་ཆོས་ལ་ཟ། ། འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །ཞེས་སོ། །ཕྱི་རབས་ཀྱང་འདི་ལྟ་བུའི་རིགས་ལ་གསང་བར་གདམས་པ། ཡང་རྒྱུད་དེ་ཉིད་ལས། དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བྱེད་ང་ཡི་ཐེག་པ་བསྟན་མི་བྱ། །རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས། །རྒྱུ་འབྲས་ཐེག་པ་དྲང་བའི་ལམ་ལ་གཟུད། །ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འདི། །རྒྱུ་འབྲས་དགའ་བའི་སྐལ་པ་མེད་རྣམས་ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། །ཞེས་སོ། །དེ་ལྟར་ཆོས་ཀྱི་བྱ་བྱེད་བཀག་ནས། ཐ་མལ་རང་བབས་ཀྱི་ངང་ལ་སྤྱོད་ཀྱང་། ཆོས་ལ་རྩོལ་སྒྲུབ་བྱས་པ་རྣམས་དང་། རིག་པའི་ངོ་བོ་ལ་གཤིས་ཐོག་ནས་ཁྱད་མེད་པར་མ་ཟད། བྱ་བྱེད་ཐ་མལ་དང་། ཁོ་བོའི་ཆོས་བྱས་པ་གཉིས་མཚུངས་པར་ཡོད་དེ། རྣལ་འབྱོར་པའི་
སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་ཟིན་པས། ཆོས་ཉིད་ཀྱི་རོལ་པར་ལྷུན་གྱིས་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་སྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །གླལ་དང་ལུད་པ་དཀྱིལ་འཁོར་སྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐིག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚོན་རིས། །འགྲོ་བར་འདོད་པ་སྟངས་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ཉིད། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་རྣམས་བྱིན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཉིད། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡའ། །དེ་ལ་ཆགས་པ་ཉམས་མྱོང་ཡིན། །ཤེས་ཤིང་གསལ་བ་གདམས་ངག་ལ། །ཡུལ་སེམས་གཉིས་འདུས་གདབ་པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་པ་དང་། ཀུན་བྱེད་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ནས་བྱུང་། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཞེས་སོ། །ལྟ་སྒོམ་ཡུལ་མེད་ཡངས་པར་བསྟན་པ་ནི། ལྟ་བའི་གཞི་མེད་བསྒོམ་པའི་ངང་མེད་ལ། །སྤྱོད་པའི་ཆོས་མེད་བསྒྲུབ་བྱའི་འབྲས་བུ་མེད། །ཐམས་ཅད་རིས་མེད་མཉམ་པར་ཕྱམ་འདས་པས། །བྱ་བཙལ་
མ་དགོས་ཡངས་དོག་མེད་པར་བདེ། །ཅིའི་ཕྱིར་ཞེ་ན། རིག་པ་ཟང་ཐལ་རྗེན་པར་རྟོགས་པས་ཆོས་ཟད་པའི་ཕྱིར་ཆོས་སུ་འཛིན་པ་ཐམས་ཅད་ལས་འདས་པ་སྟེ། ཀློང་དྲུག་པ་ལས། ཀུན་བཟང་ང་ལ་ལྟ་བ་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །སྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཅེས་སོ། །ཀུན་གྲོལ་ཡངས་པ་ཆེན་པོར་བསྟན་པ་ནི། སྨོན་པ་མེད་པས་སྒྲུབ་བློའི་ཆོས་ཟད་དེ། །སྤང་བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས། །གང་སྣང་གང་ཤར་འདེམ་ཀ་མེད་པར་གྲོལ། །འདིར་རིག་པའི་རང་ངོ་ལ་སྤང་བླང་དང་ཡིན་མིན་མེད་པས་སྣང་ཤེས་ཐམས་ཅད་གྲོལ་ལུགས་བཞིའི་གདེང་དང་བཅས་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་བཞི་དང་བཅས་པའོ། །གནད་བཞིས་གྲོལ་བའི་གདེང་གིས་ནི། །འཁོར་དང་མྱ་ངན་འདས་མི་གནས། །མ་བྱུང་བྱས་པ་མེད་པ་སྟེ། །གཞི་དང་རྩ་བ་མེད་པའོ། །ཞེས་པས། འདི་ལ་གྲོལ་ལུགས་བཞིའི་རང་ངོ་སྤྱིར་བསྟན་པ་དང་། གདེང་གི་གྲོལ་བ་བྱེ་བྲག་ཏུ་བཤད་པ་ལས། གྲོལ་ལུགས་བཞི་ནི། རིག་པ་རྗེན་པར་གྲོལ་བའི་གནད་ཀྱིས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་གདེང་འཆོས་ཏེ། སྣང་ཤེས་ཟང་ཀ་ཐལ་བྱུང་དུ་ཤར་བ་དང་། སྐད་ཅིག་ཆ་མེད་བྱུང་ཞིག་ཏུ་སྐྱེས་པའི་གནད་ཀྱིས་གང་ཡང་དུས་གཉིས་པར་མི་སྡོད་པར་གྲོལ་བའི་ཆོས་ཉིད་དུ་རང་ཤར་བ་དང་། སྣང་ཤེས་གཞི་མེད་སྟོང་གཟུགས་ཡིན་པས་རང་བབས་ཅོག་གཞག་བྱར་མེད་ཀྱི་གནད་ལས་འབད་རྩོལ་འཆིང་ཞེན་ལས་འདས་པ་དང་། ཆོས་ཐམས་ཅད་རང་སྟོང་བྱ་བཙལ་ལས་འདས་པའི་གནད་ཀྱིས་གང་བབས་རང་ཡལ་རྗེན་པར་སོང་བའི་གདེང་འཆོས་པའོ། །དེ་ལ་གདེང་འཆོས་ལུགས་ནི་འདབ་གཤོག་རྫོགས་པའི་གདེང་གིས་ནམ་མཁའི་དབྱིངས་ལ་འཕྱོ་ཞིང་གཡང་ས་ཞར་ལ་གཅོད་པ་ལྟར། རྣལ་
འབྱོར་པ་ཡང་ཆོས་ཐམས་ཅད་ཡེ་ནས་གྲོལ་བར་རྟོགས་པའི་གདེང་གིས་བསྐྱར་ནས་འབད་པས་འགྲོལ་མི་དགོས་པར་ཤེས་ཏེ། གང་ཡང་མི་བྱེད་པར་སྡོད་པ་དང་། ཆོས་ཐམས་ཅད་རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་ལྟར་རྟོགས་པས། གཉེན་པོ་གཞན་མི་བསྟེན་པར་ཁོང་ཡངས་པ་དང་། ཆོས་ཐམས་ཅད་གང་སྣང་ཅེར་གྱི་མཐོང་ས་དེར་གྲོལ་བར་རྟོགས་པས་མཐོང་ཡལ་གཏད་སོ་མེད་པ་དང་། ཆོས་ཐམས་ཅད་ཡོངས་གྲོལ་ཕྱམ་ཕྱལ་ལ་སོང་ནས་བར་མེད་མཉམ་པ་ཆེན་པོར་རྟོགས་ནས་འབད་རྩོལ་གང་ཡང་མེད་པར་བློ་བདེ་བ་སྟེ། དེ་ལྟར་གནད་མཐོང་བས་གཉེན་པོའི་རྩོལ་བ་ཞིག །སྤང་བྱའི་ཡུལ་ལས་འདས། དྲན་བསམ་གྱི་འཆིང་ཞེན་མེད། དགག་སྒྲུབ་ཀྱི་མཁར་པོ་འགྱེལ། ཕྱམ་ཕྱམ་ཡངས་པ་ཆེན་པོར་ལ་ཟློས་པས་ཆོས་ཟད་བློ་ཟད་ཀྱི་རིག་པ་ནམ་མཁའ་ལྟར་ཀློང་དུ་གྱུར་ཏེ། ངང་ཡངས་བློ་བདེའི་མཁའ་ལ་བདེ་ཀློང་གཅིག་ཏུ་འཁྱིལ་བ་ནི་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་བྱའོ། །འདིའི་དུས་ན་སྤང་བླང་གི་ཆོས་དང་གཟུང་འཛིན་ཀུན་མ་སྤངས་རང་གྲོལ་དུ་སོང་བས་རང་སངས་རྗེས་མེད་དུ་དག་པ་ནི། ནམ་ལངས་ཉི་མ་ཤར་བའི་དུས་ན་མདང་གི་མུན་པ་རང་ཡལ་རྗེས་མེད་ལ་སོང་ཡང་འདི་དང་འདིར་སོང་བྱ་བ་མེད་པ་དང་འདྲ་སྟེ། དོན་ལ་ཆོས་རྣམས་ཡོད་མ་མྱོང་བ་ལ་བློས་བཟོས་པ་ཙམ་གྱིས་སྤང་བླང་གི་ཆོས་སུ་ཡོད་ཡོད་ལྟར་ཤར་བ་དེའི་དོན་རྟོགས་པས། བྱ་བྱེད་ཀྱི་བློ་ཡལ་བས་བཟོ་བྱའི་ཆོས་ཡལ་ཏེ། མེད་པས་མེད་པ་སངས་པའི་རང་གྲོལ་ཞེས་ཐ་སྙད་ཙམ་བརྗོད་ཀྱང་། གཞི་རྩ་མེད་པའི་རིག་པ་སྟོང་གསལ་རང་མལ་དུ་གནས་པ་ཞེས་བྱའོ། །ཐལ་འགྱུར་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་
བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བར་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་སོ། །ད་ནི་ཆོས་མེད་མཁའ་མཉམ་གདལ་བར་ཕུ་ཐག་བཅད་པ་ནི། མ་གྲོལ་ཡེ་གྲོལ་རང་གྲོལ་ཆོས་མེད་པས། །ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་འདས། །ཆོས་ཐམས་ཅད་ཡེ་མཉམ་ཡོངས་གྲོལ་ཆེན་པོར་ལ་བཟླ་བ་དེ་ཡང་ལ་བཟླ་བྱའི་ཆོས་དང་། བཟླ་སའི་ཡུལ་དང་། ལ་བཟླ་བའི་མཁན་པོ་མེད་པས། མིང་དོན་གྱི་གཏད་སོ་གང་ཡང་བྱར་མེད་པས། འདིར་འདུག་དང་། མཐའ་སྐྱེལ་སྐྱེལ་སོ་ཅུང་ཟད་ཀྱང་མེད་དེ། རིག་པ་རང་གྲོལ་ལས། ལྟ་བའི་ཞེ་འདོད་འཛིན་པ་ཡང་། །མཚན་མའི་ཆོས་མེད་རང་སར་གྲོལ། །རང་བྱུང་སྒྲ་ཡི་ཐ་སྙད་ཉིད། །ཡོད་པའི་ཕྱོགས་དང་མེད་པའི་ཕྱོགས། །ཐ་སྙད་གཉིས་ཀྱིས་ཆོས་རྣམས་ཀུན། །ཡང་དག་ཉིད་ལ་ལྟ་དང་བྲལ། །ཞེས་པ་དང་། ཀུན་བྱེད་ལས། སེམས་ལ་ངེས་འབྱུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །ཅེས་སོ། །མ་བྱས་དོན་གྲུབ་ཀྱི་དགོངས་པར་དོན་བསྡུ་བ་ནི། ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང་། །ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས། །ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་བ་ནི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །ཕྱི་སྣང་བའི་ཀློང་གཞི་མེད་ཡེ་སྟོང་ཆེན་པོར་ཡངས་པ་དང་། ནང་འགྱུ་བའི་ཀློང་རང་སངས་རྗེས་མེད་ཆེན་པོར་ཡངས་པ་དང་། གསང་བ་བྱང་ཆུབ་སེམས་ཀྱི་ཀློང་ཟང་ཐལ་རྗེན་པར་ཡངས་པ་གསུམ་མ་བྱས་ལྷུན་གྲུབ་ཏུ་གནས་པ་ཉིད། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་
ཆེན་རབ་འབྱམས་ཀྱིས་རང་གསལ་རྗེན་པར་རྟོགས་ཏེ། མ་སྤངས་པར་འཁོར་བ་ཀ་ནས་དག་པ་དང་། མ་བསྒྲུབས་པར་འདས་པ་ལྷུན་གྱིས་གྲུབ་པའི་ཀློང་འབྱམས་གདལ་ཡངས་ཆེན་པོར་ཤར་བས། འཁོར་འདས་རིག་པའི་ཀློང་གཅིག་ཏུ་ངོ་བོ་གཉིས་མེད་དུ་རྟོགས་པའི་བདེ་ཀློང་འཁྱིལ་བ་ནི། སྣ་ཚོགས་ཆོས་ཉིད་དུ་རང་བཞིན་གྱིས་གྲོལ་བའི་རྣལ་འབྱོར་པ་ཁོ་བོ་དགོངས་པ་བློ་འདས་ཀྱི་ཆོས་སྐུར་སླེབ་པས། ཆོས་ཉིད་ཟད་པའི་ས་ལ་རྟོགས་པ་ཚད་དུ་ཕྱིན་པས། ད་རེས་ཀྱི་མི་ཚེ་འདི་ལ་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པས་འདུན་མ་ལེགས་པའི་རྩེ་མོར་གྲུབ་པ་ཞེས་བྱའོ། །རིན་པོ་ཆེ་སྤུངས་པ་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང་། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་རྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །ཅེས་པ་དེའི་ཕྱིར། ཀློང་དྲུག་པ་ལས། འདི་ལྟར་ཟིན་པའི་སྐྱེས་བུ་ནི། །སངས་རྒྱས་པས་ཀྱང་སྔར་སངས་རྒྱས། །རིག་སྔགས་ཀུན་གྱི་གཙོ་བོར་འགྱུར། །དཔལ་ལྡན་ཚོགས་ཀྱི་བདག་པོ་ཞེས། །ཧེ་རུ་ཀ་ཡི་དབང་རྣམས་རྫོགས། །ཁྱད་པར་ཅན་ཞེས་འཁོར་ལོས་སྒྱུར། །མི་དེ་ངན་སོང་གསུམ་འདའ་ཞེས། །འདས་པའི་སངས་རྒྱས་ཐམས་ཅད་ཀྱིས། །འདི་ལ་ལུང་ནི་བསྟན་པར་འགྱུར། །ཞེས་སོ། །བདག་ཇི་ལྟ་བ་བཞིན་དུ་རྗེས་སུ་འཇུག་པའི་སྐལ་ལྡན་ལ་གདམས་པ་ནི། བདག་བཞིན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང་། །འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ། །ཀུན་བཟང་ས་ལ་གཏན་སྲིད་ཟིན་པ་ཡིན། །བདག་གི་སྐལ་པ་དང་མཚུངས་པར་རྗེས་སུ་སློབ་པའི་སློབ་མ་རྣམས་དང་། ཕྱི་རབས་ནས་ཕྱི་རབས་སུ་ལམ་འདི་ལ་ཞུགས་པའི་སྐལ་བཟང་རྣམས་ཀྱིས། ཆོས་ཐམས་ཅད་བྱར་མེད་ཡེ་ཟིན་གྱི་དགོངས་པ་ལ་ཀློང་གཅིག་ཏུ་དྲིལ་ཏེ་ཉམས་སུ་ལེན་པ་སྤྱིའི་ཆ་རྐྱེན་དུ་ལུང་དང་། མན་ངག་དང་། ཁོ་བོས་བྱས་པའི་
ཡི་གེ་དག་ལ་བལྟ་ཞིང་ཁོང་དུ་ཆུད་པར་གྱིས་ཤིག་དང་། ཆོས་ཉིད་རྒྱལ་པོའི་ས་ལ་གཏན་སྲིད་ཟིན་ནས། སངས་རྒྱས་ཀྱི་བྱང་ཆུབ་རང་ལས་རྙེད་པར་འགྱུར་ཏེ། ཀུན་བྱེད་ལས། ཀྱེ་ལམ་འདིར་འཇུག་ཅིང་སྒོམ་པའི་རྣལ་འབྱོར་པ། །ད་ལྟ་ཉིད་ནས་རྒྱལ་བའི་ས་ལ་གནས། །ཞེས་པ་དང་། ཀློང་དྲུག་པ་ལས། འདི་ལ་གོམས་པའི་སྐལ་པ་ཅན། །རྟོག་པ་མེད་པའི་སྐུ་བཟུང་སྟེ། །ང་ཡི་ཐུགས་རྗེའི་འོད་བཟུང་ནས། །འདི་དང་ང་ཉིད་སྐལ་པ་མཉམ། །ང་ཡི་དཀྱིལ་དང་འཁོར་ཡང་ཡིན། །ཞེས་གསུངས་པ་བཞིན་ནོ། །ལེའུའི་གནས་འདི་ན་རྫོགས་པ་ཆེན་པོ་འདིའི་ཉམས་ལེན་དང་། གྲུབ་པའི་མཛོད་དང་། གནད་དང་། ཆིངས་མང་དུ་བཞུགས་པས་ལེགས་པར་བལྟ་ཞིང་བསམ་པ་དང་། རང་གི་རྒྱུད་དང་མན་ངག་ལ་འདྲིས་པར་བྱ་བ་ནི་ཁོ་བོའི་རྗེས་སུ་གདམས་པ་ཟབ་མོའོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པ་སྟེ། ལེའུ་དགུ་པའི་འགྲེལ་པའོ།། །།
དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པ་སྟེ་ལེའུ་བཅུ་པའི་འགྲེལ་པ།
དེ་ལྟར་གནས་ལུགས་རིག་པར་ལ་བཟླས་པ་དེ་ཉིད་རང་བཞིན་བབས་ཀྱི་བསམ་གཏན་གྱིས་ཉམས་སུ་བླང་བར་བསྟན་པ་ལས། ངོ་བོ་སྤྱིར་གཏན་ལ་དབབ་པ་ནི། རང་བཞིན་གདོད་ནས་དག་པའི་བྱང་ཆུབ་སེམས། །བཏང་གཞག་འགྲོ་འོང་མེད་པའི་ཆོས་ཉིད་ལ། །བཙལ་བས་མི་འགྲུབ་ཆོས་ཉིད་ནམ་མཁའི་ཀློང་། །རང་བཞིན་བཞག་པས་འོད་གསལ་ཉི་ཟླ་འཆར། །དེ་ལ་རིག་པ་ཟང་ཀ་རྗེན་པ་ཉིད་བཏང་གཞག་མེད་པར་རང་བབས་སུ་བཞག་པས་འོད་གསལ་རང་ཆས་སུ་གནས་པ་ནི་འདིའི་ཁྱད་པར་གྱི་ཆོས་ཏེ། སྐབས་འདིར་འབྲེལ་པ་རྣམ་པར་གཞག་པ་ལ། ཉམས་སུ་བླང་བར་གདམས་པ། བསམ་གཏན་དང་། བསྒོམ་པའི་ཁྱད་པར། ཇི་ལྟར་ཉམས་སུ་བླང་བ་དངོས་དང་གསུམ་ལས། ཉམས་སུ་བླང་དགོས་ཏེ་འཁོར་འདས་ཀྱི་སོ་མཚམས་ད་རེས་འབྱེད་དགོས་པའི་ཕྱིར་རོ། །དེའང་བརྩོན་པས་ཉམས་སུ་བླངས་ན་ཚེ་འདི་
ཉིད་ལ་བྱང་ཆུབ་འཐོབ་ལ། མ་བླངས་ན་ངོ་སྤྲོད་རེ་ཐོབ་པ་དང་། དལ་ཁོམ་རེས་འགའ་ཆོས་ལ་བརྩིས་པས་དགོས་པའི་དུས་སུ་མི་ཕན་པ་དང་། མ་བསྒོམས་ན་གཏན་དུ་འཁོར་བར་འཁྱམས་དགོས་པའི་ཕྱིར་ཏེ། ཐལ་འགྱུར་ལས། མ་བསྒོམས་པ་ཡི་སྐྱོན་ཉིད་ནི། །འཁོར་བའི་མཚན་ཉིད་མངོན་སྣང་བས། །བདག་དང་གཞན་ཏེ་ཡུལ་ཤེས་དང་། །ཚིག་དང་བཅས་ཏེ་ལྟ་བ་དང་། །དམིགས་དང་བཅས་པའི་ཡུལ་དག་དང་། །ཉོན་མོངས་བདག་ཏུ་འཆིང་བར་འགྱུར། །སངས་རྒྱས་ལམ་ཡང་སྟོར་བ་དང་། །འབྲས་བུའི་རང་བཞིན་མ་ཤེས་དང་། །ཆོས་ཀུན་མཉམ་པའི་གཞི་མེད་དང་། །རང་རིག་ཁམས་གསུམ་བཅིངས་པ་དང་། །རྟོག་དང་བཅས་པས་ལྟུང་བར་འགྱུར། །ཞེས་པ་དང་། ཐུན་མོང་གི་ཐེག་པ་ལས་ཀྱང་འབྱུང་སྟེ། ཕལ་པོ་ཆེ་ལས། ཇི་ལྟར་འོན་པ་རོལ་མོ་མཁན། །གཞན་དག་དེ་ཡིས་དགའ་བྱེད་ཀྱང་། །རང་ཉིད་ཀྱིས་ནི་མི་ཐོས་ལྟར། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་མཉེན་པ་མཁས་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །རང་ཉིད་དེ་ན་འཆི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་སྐོམ་པས་གདུངས་པ་དག །ཆུ་ནི་མཐོང་དང་ཐོས་པ་ཡིས། །སྐོམ་པའི་གདུང་བ་མི་སེལ་ལྟར། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཞེས་པ་དང་། མཛོད་ལས། བྲལ་བའི་དོན་དུ་བསྒོམ་གཙོའི་ཕྱིར། །ཞེས་པ་ལ་སོགས་པ་འབྱུང་བ་བཞིན་ནོ། །བསམ་གཏན་དང་བསྒོམ་པའི་ཁྱད་པར་ལ། ཐུན་མོང་གི་ཐེག་པ་སྤྱི་དང་། འདིའི་ཡང་སྐལ་དམན་འཁྲིད་པའི་ཐབས་སུ་དམིགས་པའི་རིམ་པ་དུ་མ་གསུངས་ཏེ། བསྡུ་ན་དམིགས་པ་རྟེན་ཅན་དང་། རྟེན་མེད་གཉིས་སུ་བསྒོམ་ཐམས་ཅད་འདུ་བ་ཡིན་ནོ། །རྟེན་ཅན་ནི་ཕྱི་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་རེག་ལ་སོགས་པ་གང་རུང་ལ་སེམས་མ་ཡེངས་པར་འཛིན་པ་སྟེ། ལྷའི་སྐུ་དང་། ཕྱག་མཚན་དང་། ཤིང་བུ་རྡེའུ་ལ་སོགས་པ་ལ་སེམས་འཛིན་པའོ། །རྟེན་མེད་ནི་ཡིད་ཀྱི་ཡུལ་
ཏེ། སྣང་བཅས་རྩ་རླུང་གི་ཐིག་ལེའི་དམིགས་པ་སོ་སོ་བ་ལ་སེམས་བཟུང་ནས་མི་རྟོག་པ་འདོད་པ་སྟེ། ཡི་གེ་དང་། འོད་ཀྱི་གོང་བུ་དང་། རྩའི་འཁོར་ལོ་དང་། གཏུམ་མོའི་མེ་དམིགས་ལ་སོགས་པ་སྟེ་ཡིད་ལ་བྱེད་པའི་རིམ་པ་ལ་སེམས་འཛིན་པའོ། །སྣང་མེད་ནི་ལུས་སྐྱིལ་ཀྲུང་ལ་སོགས་པ་བཅས་ཏེ། སེམས་གང་ཡང་མི་རྟོག་པའི་ངང་ལ་ཧ་རེ་མ་ཡེངས་པར་གཏོད་པའོ། །འདི་ཡང་སྟོང་སངས་ཀྱི་ངང་མི་རྟོག་པའི་དམིགས་པ་ཡིན་ནོ། །སྤྱིར་དམིགས་པ་ལ་རྟོག་བཅས་རྟོག་མེད་གཉིས་སུ་འདུས་པར་བཤད་པ་དེར་དེ་འདུས་པའོ། །མདོར་བསྡུ་ན་གཏད་སོ་གཅིག་གི་ངང་འདོད་པ་ཐམས་ཅད་བསྒོམ་ཞེས་བྱ་སྟེ། ངོ་བོ་སེམས་གནས། དགོས་པ་དེ་ཉིད་བརྟན་པས་འབྲས་བུ་རེ་བ། བྱེད་ལས་གཟུང་འཛིན་འགོག་པར་འདོད་པ་དེ། ཐལ་འགྱུར་ལས། བསྒོམ་པ་ཞེས་ནི་སེམས་གནས་ལ། །འགྱུ་བ་ཕྱི་ནང་གཅོད་པ་སྟེ། །གཟུང་དང་འཛིན་པ་འགག་པའོ། །ཞེས་པ་དང་། ཡང་། དེ་ཉིད་ལས། རྩ་དང་རླུང་དང་ཐིག་ལེ་དང་། །ལུས་གནད་དམིགས་དང་སྟོང་པ་ནི། །སྒོམ་པ་ཞེས་ནི་འདོད་པ་ཡིན། །ཞེས་སོ། །དེ་དག་ནི་གཟུང་འཛིན་འགོག་འདོད་པ་ཉིད་ཀྱིས་དམིགས་ཡུལ་དུ་གཟུང་བ་དང་། བློ་དེ་འཛིན་པར་སོང་བས། ཆོས་ཟབ་མོའི་ནང་དུ་འཇུག་པའི་ཐབས་ལས། ཟབ་མོ་དངོས་ཀྱི་རྣལ་འབྱོར་མ་ཡིན་ནོ། །བསམ་གཏན་ནི་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་ཏེ། མེ་ཡིན་ཕན་ཆད་ཚ་བ་རང་ཆས་སུ་ཡོད་པའམ། ཆུ་ལ་གཤེར་བ་རང་བབས་སུ་ཡོད་པ་ལྟར། རིག་པ་ལ་རང་བབས་ཀྱི་བསམ་གཏན་ཡོད་པས། རིག་པ་ངོ་འཕྲོད་ཕན་ཆད་རང་བབས་ཀྱི་བསམ་གཏན་ལ་གནས་པས་བདེ་གསལ་མི་རྟོག་པའི་ཉམས་ཆེད་ཀར་མ་བསྒྲུབས་ཀྱང་རང་བཞིན་གྱིས་འཆར་ཞིང་། བར་དོ་ཡང་རང་བཞིན་གྱི་བསམ་གཏན་འཆར་བ་དེ་རིག་པ་ལ་རང་ཆས་སུ་ཡོད་པ་ཤར་བ་ལྟར། འདིར་ཡང་དེ་དང་འདྲ་སྟེ། སེམས་ལམ་དུ་བྱས་ཕན་ཆད་སེམས་གནས་བསྒོམ་པའི་ཉམས་རྩོལ་བ་བྱས་ན་ཡོད་
ལ་བཞག་ན་ཞིག་འགྲོ་བ་སྟེ་ཆོས་ཉིད་ཡིན་ནོ། །རིག་པ་ཡེ་ཤེས་ལམ་དུ་བྱས་ཕན་ཆད་རང་བཞིན་བབས་ཀྱི་བསམ་གཏན་ཆུ་བོའི་རྒྱུན་ལ་གནས་པས། ཡོན་ཏན་ངང་གིས་སྐྱེས་པ་དེ་དུས་ཐམས་ཅད་དུ་འབྲལ་མི་སྲིད་པར་གནས་པ་ཡིན་ནོ། །དེ་ལ་སྒོམ་ཆེན་པས་སེམས་རྟོག་མེད་དུ་ཟིན་པའི་ཆ་དེ་དང་། རྣལ་འབྱོར་པས་རིག་པ་རྟོག་མེད་དུ་རྗེན་པར་ངོས་ཟིན་པ་གཉིས་རྟོག་མེད་དུ་འདྲ་ཡང་། སེམས་རྟོག་མེད་དུ་ལུས་གནད་ལ་སོགས་པ་བཞག་ན་ཞིག་པ་དང་། རྗེན་ལའང་མ་བུད་པ་ཡིན་ལ། རིག་པ་རྟོག་མེད་ནི་དེ་ལས་ལོག་པས་ཁྱད་པར་ཆེ་བ་དང་། སེམས་ལམ་བྱེད་ཀྱིས་གཉེན་པོའི་རྟོག་པ་བྱང་བས་འཕྲལ་གྱི་རྟོག་པ་རྗེས་མེད་དུ་སོང་བ་འདྲ་བ་དང་། རིག་པ་མཐོང་བས་རྟོག་པ་རྒྱ་གྲོལ་ལ་སོང་བ་གཉིས། དྲན་བསམ་ཞེན་མེད་ལ་ཡལ་བ་འདྲ་བར་སོང་ཡང་། གཞན་དེས་རྩ་བ་མ་ཆོད་པས་འཛིན་ཞེན་རང་ཀར་འཆར་ཞིང་སྐྱེ་མེད་ལས་འགག་མེད་འཆར་རོ་སྙམ་དུ་སེམས་ལ། འདིར་འཆར་ས་དང་འཆར་བྱེད་མེད་པར་རྩ་བ་ཆོད་ནས། ཐུགས་རྗེའི་རྩལ་མདངས་མ་འགགས་པར་ཚུར་སྣང་བ་མེ་ལོང་དུ་གཟུགས་བརྙན་སྣང་བ་ལྟར་མངོན་དུ་གྱུར་ཅིང་། ཁོས་ཕར་འཆར་བ་ཉི་མ་ལས་ཟེར་འཕྲོ་བ་ལྟར་མཐོང་བས་ཁྱད་པར་ཆེའོ། །ཡང་སེམས་རང་གནས་ཀྱི་ངང་ས་ལེ་བ་དེ་དང་། རིག་པ་རང་གནས་ཀྱི་བབས་ས་ལེ་བ་གཉིས་གསལ་ལ་མི་རྟོག་ཙམ་དུ་འདྲ་ཡང་། སེམས་ཀྱི་ཆ་ལ་གཟུང་འཛིན་གྱི་བརྟོད་ཕུར་ཡོད་པས་གནས་ཆ་ལ་ཞེན་ཆ་ཡོད་ལ། རིག་པ་ལ་ཟང་མ་ཐལ་བར་མཚམས་མེད་པས་ཁྱད་པར་ཆེའོ། །ཡང་རིག་པའི་དངས་ལ་ཡུལ་སྣང་བས་གསལ་ཆ་མ་འགགས་པ་དེ་དང་། སེམས་ལས་དྲན་བསམ་ཕར་ཡུལ་ཐོག་ཏུ་འཆར་བ་དེ་གཉིས་སྣང་ཡུལ་ཤེས་པར་འདྲ་ཡང་། རིག་པ་ཡུལ་ཕྱིར་མི་འབྲང་སྟེ། ཡུལ་སྣང་ཚུར་སྣང་ཡང་རིག་པ་ཟང་ཐལ་དུ་སོང་བས་རྟོག་པའི་རྩ་བ་ཆད་ལ། སེམས་ཡུལ་ཐོག་ཏུ་ཕར་འཕྲོ་ལ་རྩ་བ་མ་ཆད་པས་རྟོག་པར་སྐྱེ་བའི་
ཁྱད་ཡོད་དེ། ཀློང་དྲུག་པ་ལས། རྙོག་པ་མེད་པའི་རང་སེམས་དང་། །རྟོག་པ་མེད་པའི་རང་རིག་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བསྒྲིབས་གཏིང་གསལ་སྣང་བ་དང་། །འགྲོ་བའི་བསམ་རྒྱུན་ཞེན་པ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བཙལ་བཞག་པའི་བསྒོམ་པ་དང་། །རྩ་རླུང་སེམས་ཀྱི་ངལ་གསོ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །དྲན་མེད་རིག་པ་ཡུལ་སྣང་དང་། །དྲན་བསམ་འགྲོ་དྲུག་འཁྲུལ་པ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ། །མདོར་ན་དམིགས་གཏད་སེམས་ཀྱི་བསྒོམ་པ་ནི་གཟུང་འཛིན་གྱི་བརྟོད་ཕུར་ཡིན་ལ། རིག་པ་རང་བབས་ཀྱི་བསམ་གཏན་ནི་རང་བབས་ཆོས་ཉིད་ཀྱི་འཁོར་ལོ་ཡིན་པས། འཇིག་རྟེན་འཁོར་བ་བསྐྱེད་པའི་རྒྱུ་ཁམས་གོང་མའི་སེམས་སྒྲུབ་པ་དང་། ཐར་པ་མྱང་འདས་ལ་དངོས་སུ་སྦྱོར་བ་སངས་རྒྱས་ཀྱི་དགོངས་པ་ལ་རང་སར་གནས་པའི་ཁྱད་ཡོད་དེ། ཐལ་འགྱུར་ལས། རང་བཞིན་བབས་ལས་བྱུང་བ་ནི། །བསམ་གཏན་དག་ཏུ་བརྗོད་པར་བྱ། །ཞེས་པ་དང་། ཡང་། མ་བཅོས་རང་གཞག་གནས་ལུགས་ཏེ། །ཇི་ལྟར་དེ་ལས་འགྱུར་མེད་པ། །སངས་རྒྱས་རྣམས་ཀྱི་དགོངས་པའོ། །ཞེས་སོ། །འདིར་ཐུན་མོང་གི་བསྒོམ་པ་ལམ་བྱེད་ལས། སྙིང་ཐིག་གི་ལམ་འདི་ཁྱད་པར་ལྔས་འཕགས་ཏེ། རིག་པ་རྗེན་པར་རྟོགས་པས་དབང་པོ་ལ་རྣོ་རྟུལ་མེད་པ་དང་། ཟང་ཐལ་དུ་རང་གི་དབང་པོས་དངོས་སུ་རྟོགས་པས་རྟོག་དཔྱོད་ཀྱི་ཤེས་རབ་ལ་རག་མ་ལུས་པ་དང་། ཚིག་ལས་འདས་པའི་རིག་པ་ཟང་ཐལ་དུ་རྟོགས་པས་བློ་ཚོགས་དང་ཁ་བཤད་ལ་དོན་མི་རེ་བ་དང་། ཅི་སྣང་ཡང་འཁྲུལ་པ་བཟང་ངན་ཙམ་ལས་སྐུ་གསུམ་ལམ་སྣང་དུ་རྟོགས་པས་སྣང་བ་ལ་ཞེན་འཛིན་གྱི་གདེང་མི་འཆའ་བ་དང་། རིག་པ་རྗེན་པར་ཟང་ཐལ་བས་ལྟ་སྒོམ་སྤྱོད་འབྲས་རིག་པའི་སྒྲིབ་བྱེད་དུ་མཐོང་སྟེ། སེམས་གནས་ངལ་གསོའི་ཞི་ལྷག་ལ་རེ་ལྟོས་མི་འཆའ་བས་ཁྱད་པར་དུ་འཕགས་ཏེ། ཐལ་འགྱུར་ལས།
སྙིང་ཐིག་ངེས་པར་བསྡུས་པ་ཡི། །དབང་པོ་རྣམས་ལ་རྣོ་རྟུལ་མེད། །ཡིད་དཔྱོད་ཚིག་གི་མཐའ་ཟད་པས། །ཤེས་རབ་མ་ཡིན་དབང་པོས་མཐོང་། །ཚིག་གིས་ཆོས་ཉིད་མི་མཐོང་བས། །ཐུན་མོང་ཐེག་པས་དོན་མི་འགྲུབ། །སྐུ་གསུམ་ལམ་སྣང་ཡིན་པའི་ཕྱིར། །འདི་མཐོང་ཁམས་གསུམ་ལྡོག་པ་མིན། །ཆོས་ཀུན་མཉམ་པར་རོ་གཅིག་པས། །གཞི་ལམ་འབྲས་བུ་ལྟོས་མིན་པའོ། །ཞེས་སོ། །ཨ་ལ་ལ་འདིའི་ཐེག་པ་དང་གཞན་ལ་ཁྱད་པར་གནམ་ས་བས་ཆེ་སྟེ། བསྟན་ཡང་མི་རྟོགས། བཤད་ཀྱང་མི་གོ །ད་དུང་ཆོས་ཀྱི་ཁ་འཛིན་ཙམ་ལས། ངོ་སྤྲོད་སྔ་མའི་སྟེང་དུ་འཇོག་པ་རྣམས་ལ། རང་བཞིན་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ལས་འབྲེལ་མེད་པས། ཅི་བྱས་ཀྱང་སངས་རྒྱ་བ་ལ་སྔ་འདྲེས་གཅིག་གིས་ཉེར་མ་སོང་། ཡི་མུག་ལ་དགོད་འཆོར་བ་མཚར་ཆེའོ། །ད་ནི་ཁྱད་པར་ཅན་གྱི་ལམ་ཉིད་ཇི་ལྟར་ཉམས་སུ་བླང་བའི་ཐབས་བསྟན་པ་ནི། ཡུལ་ཀྱང་མི་དགག་སེམས་ཀྱང་མི་གཟུང་བར། །རང་བཞིན་ལྷུན་མཉམ་ངང་ལས་མི་གཡོ་ན། །ཀུན་བཟང་ཡངས་པ་ཆེན་པོའི་དགོངས་པར་ཕྱིན། །ཞེས་སྤྱིར་བསྟན་ཏེ། ཡི་གེ་མེད་པ་ལས། ཡེ་ནས་མ་བཅོས་རང་བྱུང་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཞེས་གསུངས་ཏེ། ནང་རིག་པ་གསལ་སྟོང་ཟང་ཐལ་དུ་རྗེན་པ་ལ་བུད་པའི་ངོ་བོ་ལས་མ་གཡོས་པར། ཕྱི་སྣང་བའི་ཡུལ་ཚུར་མི་ལེན། ནང་རྟོག་པའི་སེམས་ཕར་མི་སྤྲོ། བར་གཉིས་མེད་ཀྱི་བསྒོམ་པས་རིག་པ་མ་བཅིངས་པར། ཟང་ངེ་ཐལ་ལེ་རང་བབས་སུ་གནས་པ་སྟེ། གཞག་ཐབས་བཞི་དང་། ཏིང་ངེ་འཛིན་གསུམ་གྱིས་རིག་པ་སྲང་དུ་འཛུད་པའོ། །གཞག་ཐབས་བཞི་ནི། རི་བོ་ཅོག་གཞག །རྒྱ་མཚོ་ཅོག་གཞག །རིག་པ་ཅོག་གཞག །སྣང་བ་ཅེར་གཞག་གོ །ཏིང་ངེ་འཛིན་གསུམ་ནི་རང་གནས་ཆེན་པོའི་ཏིང་ངེ་འཛིན།
ཐོག་བབས་ཆེན་པོའི་ཏིང་ངེ་འཛིན། རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་ཏོ། །དེ་ལ་ཅོག་གཞག་བཞི་ནི་ཉམས་སུ་ལེན་དུས་སྐྱེ་ཚུལ་གྱི་རིམ་པ་དང་སྦྱར་ཏེ། དང་པོ་རྒྱ་མཚོ་ཅོག་གཞག་སྔོན་ལ་བསྟན་པ་ནི། མི་སྤྲོ་མི་བསྡུ་རང་དངས་སང་ངེ་བ། །དངས་པའི་རྒྱ་མཚོ་མི་གཡོ་མཉམ་པ་ཉིད། །ཆོས་ཉིད་གཏིང་གསལ་རང་བྱུང་ཡེ་ཤེས་ངང་། །འབྱུང་འཇུག་རེ་དོགས་བྲལ་བར་གནས་པ་ཡིན། །རྒྱ་མཚོ་རླུང་གིས་མ་བསྐྱོད་པར་གཟའ་སྐར་ཤར་དུས་གཟའ་སྐར་སྣང་ཡང་ཆུ་ལས་མ་གཡོས་ལ་མ་གོས་པ་ལྟར། རིག་པ་ཟང་ཐལ་དུ་སངས་སེ་བ་ལ་སྣང་ཡུལ་མ་འགགས་པར་ཤར་ཡང་འཛིན་པས་མ་བསླད་པས་རིག་པ་དངས་སངས་ཀྱི་ངང་ལ་མ་གཡོས་པར་བཞག་སྟེ། ཡི་གེ་མེད་པ་ལས། རྒྱ་མཚོ་ཅོག་གཞག་དག་གི་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་གཞག་ཐབས་ཆེན་པོར་ལྟོས། །སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང་། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོར་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་སྒོམ་པའི་དགོངས་པ་ཡིན། །ཡུལ་ལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །འཛིན་མེད་གསལ་ཆ་མ་
འགགས་པས། །དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །འདིར་རྒྱུད་ལ་མི་མཁས་པའི་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་ཁ་ཅིག་ཕྱོགས་རེའི་ཆ་སྦྱར་བའི་ཡི་གེ་ལ་ཞེན་ནས། ཅོག་གཞག་བཞི་བོ་འདི་ཐོད་རྒལ་གྱི་གཞག་ཐབས་ཡིན་ནོ་སྙམ་དུ་སེམས་པ་ནི་ཆོས་ལ་འབྲེལ་མ་ཆགས་ཤིང་ཉམས་ལེན་གང་ལའང་སྦྱོར་མི་ཤེས་པའི་རྣམ་འགྱུར་ཏེ། ཡི་གེ་མེད་པའི་པདྨ་ཁ་འབྱེད་དུ་ཚིག་གི་དཀྱུས་དང་སྦྱར་ཏེ་ཕྱོགས་གཅིག་ལ་སྦྱར་བ་ཡིན་གྱི། སྤྱིར་གང་ལའང་སྦྱར་དུ་ཡོད་དེ། སྣང་བ་རིན་པོ་ཆེའི་པྲ་ཁྲིད་དུ་ཕྱོགས་ཐམས་ཅད་ལ་སྦྱར་ཏེ་གསུངས་པ་ལྟ་བུའོ། ཁྲེགས་ཆོད་དང་། ཐོད་རྒལ་གང་ལའང་རྩ་བ་རིག་པ་ཟང་ཐལ་འདི་རྗེན་ལ་འབུད་ཤེས་དགོས་སོ། །དེ་མ་ཤེས་ན་ཅི་ལ་སྦྱར་ཡང་ཕན་མེད། ཁྲེགས་ཆོད་དེ་སྒོམ་ཆེན་པ་རྨོངས་པ་ཀུན་གྱི་ལམ་དང་འདྲེས་ནས་སེམས་འཛིན་གྱི་ཐབས་སྐོལ་ཚེ་བར་འཆོར་བས་འཁོར་བ་ལས་མི་འདའ་བ་དང་། ཐོད་རྒལ་དེ་དངོས་པོ་དང་མཚན་མར་ཞེན་པས་གཟུགས་ཁམས་ཀྱི་གནས་སུ་གོལ་འགྲོ་བ་ཡིན་པས། འདིར་ཟང་ཀ་རྗེན་པའི་ཤེས་པ་ངོ་ཤེས་པ་གལ་ཆེའོ། །འདི་ཤེས་པ་ཙམ་གྱིས་མི་ཆོག་པས་གཏན་སྲིད་ཟིན་དགོས་སོ། །དེ་ལ་དེའི་ངང་ལས་མ་གཡོས་པ་གལ་ཆེ་བས། ཐབས་སུ་གཞག་ཐབས་དུ་མ་གསུངས་པ་ལས། དང་པོར་རྒྱ་མཚོ་ཅོག་གཞག་གི་དགོངས་པའི་རང་མལ་འཆའ་དགོས་པས་འདི་འབྱོངས་པ་གཅེས་སོ། །འདི་ལ་གོལ་ས་བཅད་པའི་རིམ་པ་ཡང་། ཐལ་འགྱུར་ལས། མ་གོལ་གནས་པའི་སྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་པ། །ཤེས་པ་ཉིད་ལ་དཔྱོད་པའི་ཡིད། །ཕྱིར་ལ་ཤོར་བ་མེད་པ་ཉིད། །རིས་ཅན་གསལ་བ་མ་ཡིན་དང་། །གུད་བཅད་སྟོང་པར་མ་སོང་དང་། །བདེ་བ་རྒྱུན་ཆགས་མ་ཡིན་དང་། །བཏང་སྙོམས་ལྟེངས་པོར་མ་སོང་དང་། །དྲན་རིག་གསལ་བ་ངལ་གསོ་དང་། །སྦྱངས་པ་ལོག་ཆའི་ལམ་སོང་དང་། །འཛིན་ཆ་ནང་དུ་
འགྱུ་བདེ་དང་། །ཆ་ལུགས་གསལ་བའི་འཛིན་ཆ་དང་། །ཁ་དོག་ཡིག་འབྲུ་སྒྱུར་བྱེད་རྣམས། །དེ་རྣམས་ཕྱོགས་སུ་མ་ལྷུང་ན། །མ་གོལ་གནས་པའི་སྒོམ་པའོ། །ཞེས་སོ། །ཆ་ལུགས་གསལ་བའི་འཛིན་ཆ་ནི་ཕྱིའི་སྣང་ཆ་ལ་འདི་དང་འདིའོ་སྙམ་དུ་སྤྱོད་པའོ། །ཁ་དོག་ཡིག་འབྲུར་སྒྱུར་བྱེད་ནི། ནང་གི་སེམས་གནས་ལ་རྟོག་དཔྱོད་ཀྱི་འཛིན་པའོ། །གཞན་ནི་གོ་སླའོ། །རིག་པ་ཅོག་གཞག་ནི། ཚིག་གིས་མི་མཚོན་འཇུར་བུའི་སེམས་མེད་པར། །རང་བབས་གྱིིན་འདའ་བཅོས་བསླད་མེད་པ་ནི། །ཀློང་ཐིམ་ཆོས་ཉིད་མཚན་མ་མེད་པ་དེ། །སྒོམ་དང་བསྒོམ་པར་བྱ་བའི་ཆོས་མེད་པས། །བྱིང་རྒོད་རང་ཡན་རང་བྱུང་དགོངས་པར་ཤར། །རིག་པ་ཅོག་གཞག་ལ་ཐོད་རྒལ་དུ་ལུ་གུ་རྒྱུད་རིག་གདངས་ལ་འཇོག་པ་སྟེ། འདིར་རིག་པ་དངོས་ཟང་ཐལ་རྗེན་པའི་སྟེང་དུ་འཇོག་པས་གནད་རབ་ཏུ་ཟབ་སྟེ། ཤེས་པ་དྭངས་པ་རྒྱ་མཚོའི་ངང་ལ་གནས་དུས་ན། རིག་གེ་སང་ངེ་རྗེན་པར་ཡོད་པ་དེ་ངོས་བཟུང་ནས་དེ་ལས་མ་གཡོས་པར་བྱས་པས། བར་མཚམས་དང་ཕྱི་ནང་མེད་པའི་ཆོས་ཉིད་གཅིག་ཏུ་འཆར་ཏེ། ཡི་གེ་མེད་པ་ལས། རིག་པ་ཅོག་གཞག་མན་ངག་ཉིད། །འདི་ནི་གསང་བའི་མཐར་ཐུག་སྟེ། །ཞེས་པ་དང་། སྣང་བ་ཆིག་ཆོད་དགོངས་པ་ནི། །རིག་པ་ཉིད་ཀྱི་གཞག་ཐབས་བཙལ། །གསང་བའི་གསང་བ་ཆེན་པོ་སྟེ། །སྣང་བའི་སྟོབས་ཀྱིས་ཕ་རོལ་སྒྲོལ། །ཆགས་པས་མ་བཅིངས་རང་སྣང་ངོ་། །ཞེས་སོ། །འདི་ནི་ཐིག་ལེ་ཉག་གཅིག་ཟང་ཐལ་རྗེན་ལ་བུད་པ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། ཐིག་ལེ་ཉག་གཅིག་སྤྲོས་མེད་དེ། །བློ་ཡི་བྱེ་བྲག་བརྗོད་ལས་འདས། །ཞེས་སོ། །སྣང་བ་ཅེར་གཞག་ནི། སྤངས་པས་མི་སྤོང་ཀུན་རྟོག་རིག་པའི་རྩལ། །ཆོས་ཉིད་ངང་དུ་དབྱེ་བསལ་རིས་མེད་པས། །བསྒྲུབས་པས་མི་འགྲུབ་ཆོས་ཉིད་དབྱིངས་སུ་ཤར། །འཁོར་བ་མ་སྤངས་རང་བྱུང་ཡེ་ཤེས་སུ། །ཀློང་ཆེན་རྩལ་གྱི་རྣལ་འབྱོར་དག་པས་མཐོང་། །རིག་པའི་དྭངས་མེ་ལོང་དང་
འདྲ་བའི་ནང་དུ་ཡུལ་སྣང་མ་འགགས་པར་ཤར་དུས། རིག་པ་ལ་ཐུག་རྗེའི་རྩལ་མ་འགགས་པར་ཡུལ་ས་ལམ་རིག་ཅིང་མཇལ་མཇལ་འདྲ་བ་དེ་ངོ་བོ་རྟོག་མེད་དུ་ཡོད་ཀྱང་། རྣམ་པ་རྟོག་རྟོག་འདྲ་བར་ཤར་དུས། དེ་ལ་ཕར་མི་དགག །ཚུར་མི་སྡུད། བར་དུ་མི་གཞག་པར་ཆ་རང་བབས་སུ་བཏང་བས་ཆོས་ཉིད་ཀྱི་ངང་ལས་གཞན་དུ་མི་འདའ་སྟེ། རིག་པ་དངས་པ་དེ་སྣང་བ་ཀུན་གྱི་འཆར་གཞི་ཡིན་པས། ཡུལ་ལྔར་འཆར་ན་སངས་རྒྱས་ལྔར་རང་གསལ། འབྱུང་ལྔར་འཆར་ན་ཡུམ་ཆེན་ལྔར་རང་བབ། དུག་ལྔར་འཆར་ན་ཡེ་ཤེས་ཆེན་པོར་དབྱིངས་སུ་ཤར་བས་ན། ཅི་ཤར་ཡང་རང་གི་ངང་ལས་གཞན་མེད་ལ། རང་ཉིད་ཆོས་སྐུ་ཟང་ཐལ་དུ་གནས་པས་དེ་ལ་མ་བཟུང་ན་གོས་པ་མེད་པར་ཤེས་ཏེ། རྡོ་རྗེ་སེམས་དཔའི་དགོངས་པ་གསལ་འགྲིབ་མེད་པའི་ཆོས་སྐུ་ཞེས་བྱ་སྟེ། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་ལ་འཛིན་མེད་ཆེན་པོར་ཞོག །གསང་སྔགས་ཆེན་པོའི་ཡེ་ཤེས་ཆེན་པོ་ལྔ། །ཆེན་པོ་ལྔ་ཡིས་མ་བསྐྱོད་དབྱིངས་སུ་ཞོག །རྡོ་རྗེ་སེམས་དཔའི་རིག་པ་ཅེར་གཞག་ནི། །ཆོས་ཀྱི་སྐུ་ཡི་སྣང་བ་ཐམས་ཅད་སྟོན། །ཡེ་ཤེས་དག་པའི་སྣང་བ་ཅེར་སྣང་བས། །གསང་བའི་གཞག་ཐབས་ཅེར་གཞག་ཐབས་ཀྱི་ངང་། །སྐུ་ཡི་སྣང་བ་འབྱུང་ལྔ་མ་སྤངས་ལ། །སྤངས་པ་མ་ཡིན་རང་གི་དོན་ལ་ཞོག །ཅེས་སོ། །ཐབས་འདི་ནི་རྐྱེན་གྱིས་རིག་པ་མི་བསྒྲིབ་པར་བྱ་བ་སྟེ། རྐྱེན་སྣང་རིག་པའི་གསལ་འདེབས་སུ་འཆར་བའི་མན་ངག །ལས་དང་པོ་པ་དང་། བར་པ་དང་། ཅུང་ཟད་བརྟན་པ་ཐོབ་པ་གསུམ་ཆར་ལ་གཅེས་ཏེ། གཅིག་ལ་རྐྱེན་གྱིས་གནོད་པ་དེ་ལམ་དུ་བསྒྱུར་བ་དང་། གཅིག་ལ་ལམ་གྱི་རྩལ་སྦྱོང་དང་མེ་ལོང་དུ་འཆར་བ་དང་། གཅིག་ལ་ལྟེངས་པ་མེད་པར་བོགས་འབྱིན་པའི་ཐབས་སུ་རང་
ཤར་བ་ཡིན་ནོ། །དེའང་དབང་པོ་ལྔའི་སྣང་ཡུལ་སྣང་ངམ། ཡིད་ལ་དགག་སྒྲུབ་དང་། ཞེན་འཛིན་དང་། ཉོན་མོངས་པ་དྲག་པོ་ནམ་སྐྱེ་དུས་རིག་པ་ལྷོངས་པ་ཡིན་པས། གསལ་དངས་ཕྱེད་ལ་ངོ་བོ་ཟང་ཐལ་རྗེན་ལ་བུད་པ་དེ་གསལ་ཏེ། ཚུལ་འདི་ཉིད་རྒྱས་པར་རིན་པོ་ཆེ་སྤུངས་པ་ལས། ཆོས་ཅན་མཚན་མར་སྣང་དུས་སུ། །ང་ཡི་ཡོན་ཏན་རང་སྣང་བས། །འདི་ལ་བླང་དང་དོར་མི་བྱ། །འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །དམྱལ་བ་བྱོལ་སོང་ཡི་དྭགས་ཀྱི། །གཟུགས་སུ་ཡུལ་དུ་སྣང་བའི་ཚེ། །ང་ཡི་སྐུ་ལ་འདིས་རོལ་ཡིན། །འདི་ལ་ཡ་ང་མེད་པའི་མི། །ང་ཡི་སྐུ་ལ་འདི་ཡིས་རེག །གཏི་མུག་ཞེ་སྡང་འདོད་ཆགས་ཀྱི། །ཞེན་པ་དྲག་པོ་ནམ་སྐྱེས་ན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་གྲོལ་བ། །ང་ཡི་མིག་ལ་འདི་ཡིས་མཐོང་། །ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་དཔྱོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །བསམ་པའི་རྟོག་ཚོགས་འདུས་པའི་ཚེ། །ང་ཡི་ཏིང་འཛིན་མི་རྟོག་བཟང་། །འདི་ལ་ཞེན་པའི་བློ་མེད་ན། །ང་ཡི་དྲི་རྣམས་འདི་ཡིས་ཚོར། །རགས་པའི་གཟུགས་ལ་བློ་ཞུགས་ཚེ། །ང་ཡི་རང་སྣང་ཉམས་མྱོང་ཤར་བ་ཡིན། །འདི་ལ་གཅིག་དང་གཉིས་ཟད་ན། །འདིས་ནི་ང་ཡི་རོ་ལ་མྱོང་། །འདི་ལྟར་སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ཡི་རོལ་པར་ཤར། །རོལ་པའི་འཆར་བྱེད་མ་འགགས་པས། །ང་ཡི་ཡོན་ཏན་ཉིད་དུ་བྱུང་། །ཡོན་ཏན་སྣང་བྱེད་འདི་ཙམ་པས། །ཟད་པར་མི་འགྱུར་ཟད་པ་མེད། །དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང་། །ཞེས་སོ། །འདིར་སྣང་ཤེས་གཉིས་མེད་དུ་རོ་གཅིག་པས་ཉམས་སུ་བླངས་ཏེ། དེའང་ཐུན་མོང་བའི་ཚུལ་དང་མ་འདྲེས་པ་གཅེས་ཏེ། གང་ཤར་བ་དེ་ལ་བལྟས་ན་རྟོག་པ་ཉིང་འཁྲུལ། ངང་ལ་གློད་ན་རང་ངོ་མ་ཤེས་པའི་
མུན་བསྒོམ། ཆེར་ཆེར་ཉམས་མ་ཤོར་བར་བཅད་ནས་བར་སངས་ཀྱི་དྭངས་བཙལ་ན་བླང་དོར་རིས་ཆད་དུ་འགྲོ་བ་སྟེ། དེ་དག་ལ་རང་ཤར་གྱི་གནད་མེད་པ་ནི་ཕྱིང་པ་འདྲ་སར་ཁྱིའི་རྟོག་ཆེན་མེད་པ་བཞིན་ནོ། །འདིར་སྙིང་ཐིག་གསང་བའི་རང་གནད་ངེས་པ་ནི། སྣང་ངམ་ཤར་རམ་གང་གི་དུས་ནའང་རྗེན་པའི་རིག་པ་ཟང་ཀ་དེ་ངོས་གཟུང་བས། གཞན་གང་ལའང་ལྟོས་མི་དགོས་ཏེ། དེའི་དུས་སུ་དུས་གསུམ་ཡིད་ཀྱི་འབྲེལ་ཐག་ཆད་པའི་རིག་པ་རྗེན་པ་ཟང་ངེ་བ་དེ་ཆོས་སྐུ་རང་བབས་ཀྱི་དགོངས་པར་རང་ཤར་བས་འོད་གསལ་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་སྟེ། འདི་ལ་གང་ཤར་ཡང་འདས་པ་ལ་ཡར་མི་རྟོག །མ་འོངས་པ་ལ་མར་མི་བསམ། ད་ལྟ་བ་ལ་བར་དུ་མི་དཔྱོད་པར་རིག་པ་ཟང་མ་རྗེན་ནེ་ངོས་འཛིན་པའི་ངང་ལས་མ་གཡོས་པར་བྱ་སྟེ། ཀློང་དྲུག་པ་ལས། སྐྱེས་བུ་གང་གིས་འདས་པའི་རྗེས་མ་བཟུང་། མ་འོངས་པའི་སྔོན་མ་བླངས། ད་ལྟའི་ཤེས་པ་རང་སོ་ལ་བཞག་ན། ཤེས་པ་ཐམས་ཅད་སྔ་ཕྱི་མེད་པར་གཅིག་ཏུ་འདྲེས་ནས། གཅིག་འདུས་ངོ་བོ་གཅིག་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །དྲན་པ་རང་ཟད་ཀྱི་ཐབས་ཀྱིས་འཁོར་འདས་གཉིས་མེད་དུ་བསྲེ་བ་སྟེ། འདས་པའི་དྲན་པ་རྣམས་བར་མཚམས་བཅད་པ་དང་། མ་འོངས་པའི་དྲན་པ་རྣམས་མགོ་མནན་པ་དང་། ད་ལྟར་གྱི་དྲན་པ་ཉིད་རང་ཡལ་དུ་བཏང་བ་ནི། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་སེམས་ལ་ཕུག་མི་གཏད། མ་འོངས་པའི་སེམས་ལ་རྒྱབ་མི་གཏད། ད་ལྟར་གྱི་སེམས་ལ་བློ་མི་གཏད་པ་ནི་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་མ་རིག་པ་ལ་གཟེག་མ་བསྐུར། མ་འོངས་པའི་མ་རིག་པ་ལ་ཡ་མ་བོར། ད་ལྟར་གྱི་མ་རིག་པ་པང་དུ་མ་བླངས་ན་དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་ཞེ་སྡང་ལ་ཞེ་མ་ཆགས། མ་འོངས་པའི་ཞེ་སྡང་ལ་ལྕགས་
ཀྱུས་མ་བཟུང་། ད་ལྟར་གྱི་ཞེ་སྡང་ལ་ངར་མ་བླུད་ན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་གཏི་མུག་གི་སྤྲིན་མ་བསྡུས། མ་འོངས་པའི་གཏི་མུག་གི་ས་མ་བཅད། ད་ལྟར་གྱི་གཏི་མུག་གི་ཆར་མ་ཕབ་ན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་སངས་རྒྱས་ལ་ལན་མ་གདབ། མ་འོངས་པའི་སངས་རྒྱས་ལ་ཁུ་མ་གདབ། ད་ལྟར་གྱི་སངས་རྒྱས་ལ་ཐོག་མ་གཏོད་པ་ནི། དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་འདོད་ཆགས་རྣམས་སུན་མ་ཕྱུང་། མ་འོངས་པའི་འདོད་ཆགས་རྣམས་ཞེ་མ་བཅད། ད་ལྟར་གྱི་འདོད་ཆགས་རྣམས་ཡུལ་མ་ཕྱུང་བ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་ཕྲག་དོག་ལ་དམ་དུ་མ་བཟུང་། མ་འོངས་པའི་ཕྲག་དོག་ལ་སེམས་མ་བསྡུས། ད་ལྟར་གྱི་ཕྲག་དོག་ལ་སེམས་མ་བཅུག་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་སྟེ། འཁོར་འདས་གཉིས་མེད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ་ཞེས་སོ། །སངས་རྒྱས་ནི་རིག་པ་སྟེ་དུས་གསུམ་འབྲེལ་ཐག་ཆད་པ་ལ་བཅས་བཅོས་མེད་པའོ། །དེའང་ཤེས་པ་ཤར་ལ་རང་རྩལ་གྱི་ཡོན་ཏན་བཤད་པ་དང་། རྟོག་དཔྱོད་མེད་པར་འཇོག་པ་གཉིས་འགལ་ལམ་སྙམ་ན་ཤིན་ཏུ་འབྲེལ་ཏེ། ཉོན་མོངས་པ་ལྟ་བུར་སལ་གྱིས་ཤར་དུས་ཤར་དུ་བཅུག་པའི་ངང་ན་རིག་པ་རྗེན་ལ་བུད་པ་དེ་ངོས་བཟུང་ལ། བཅས་བཅོས་མེད་པར་དུས་གསུམ་འབྲེལ་ཐག་བཅད་ནས་མ་གཡོས་པར་བཞག་པས། དགོངས་པ་ཆོས་ཉིད་ལས་མི་གཡོ་བའི་བསམ་གཏན་རང་བབས་སུ་འཆར་བ་ཡིན་ནོ། །རི་བོ་ཅོག་གཞག་ནི། ཡེ་ནས་སྣང་སེམས་རང་བབས་ཆོས་ཉིད་ངང་། །ཏིང་འཛིན་མི་གཡོ་ཆུ་བོའི་རྒྱུན་ཤར་བས། །རྡོ་རྗེ་རྩེ་མོ་ཀུན་བཟང་ཐུགས་ཀྱི་མཆོག །ཡངས་པའི་ཆོས་མཆོག་ནམ་མཁའི་མཐའ་དང་མཉམ། །དབྱེ་བསལ་མེད་པར་ཐམས་ཅད་བསྒོམ་པའི་མཆོག །
ཡེ་འབྱམས་རྨད་བྱུང་རྒྱལ་པོར་ལྷུན་གྱིས་གྲུབ། །གཞག་ཐབས་གསུམ་རྫོགས་པ་ལས། རི་བོ་ཅོག་གཞག་ངང་གིས་འབྱུང་སྟེ། རི་རྒྱལ་ལ་འཕོ་འགྱུར་མེད་པ་ལྟར། དགོངས་པ་ཆོས་ཉིད་ལས་མི་གཡོ་བའི་གདེང་རྙེད་པའོ། །དེ་ཡང་ཡེ་ནས་རིག་པའི་ངོ་བོ་འཕོ་འགྱུར་མེད་པ་དེ་རྣལ་འབྱོར་པས་རྟོགས་ནས་ངང་ལ་གནས་པས། རྐྱེན་སྣང་གང་གིས་ཀྱང་མི་གཡོ་སྟེ། རྐྱེན་སྣང་དེ་ཉིད་དགོངས་པ་དེར་ཤར་བས་རིག་པའི་གསལ་འདེབས་བྱས་པ་ནི་མེ་ལ་ཤིང་བསྣན་པ་ལྟ་བུའོ། །ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུ་བ་ངང་གིས་མེད། །ཅེས་སོ། །དེ་ལྟར་གཞག་ཐབས་བཞིའི་ཡན་ལག་ཏུ་ཏིང་ངེ་འཛིན་གསུམ་ལས། རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་ནི། ཡེ་ནས་སྤྱི་བླུགས་འོད་གསལ་ཆུ་བོའི་རྒྱུན། །བཏང་གཞག་མེད་པའི་ངང་འདིར་ལྷུན་གྲུབ་པས། །འཁོར་འདས་རང་བཞིན་ཆོས་དབྱིངས་དགོངས་པའི་མཆོག །མི་གཡོ་བརྗོད་འདས་མཁའ་མཉམ་ཀློང་ཆེན་ཉིད། །འགྲོ་བ་ཀུན་ལ་ཡེ་ནས་བབས་ཀྱིས་གྲུབ། །འཁོར་འདས་ཀུན་ལ་རིག་པས་ཁྱབ་པ་ལ། །རིག་པ་ལ་རང་བཞིན་གྱི་བསམ་གཏན་གྱིས་ཁྱབ་པའི་ཕྱིར་ན་དགོངས་པ་འདི་ནི་འགྲོ་བ་ཀུན་ལ་རྒྱུན་ཆད་མེད་པར་ཡོད་ཀྱང་མ་རྟོགས་ཏེ། ཀུན་བྱེད་ལས། རྣམ་པར་མི་རྟོག་སྙིང་པོ་ནི། །ཡོངས་ཀྱི་རྒྱུད་ལ་སྦས་པ་མེད། །མི་ལེན་བྱང་ཆུབ་སྤྱོད་རྣམས་ལ། །རྣམ་པ་ཀུན་ཏུ་རང་བཞིན་གནས། །ཞེས་པ་བཞིན་ནོ། །ཏིང་ངེ་འཛིན་དེའི་བསྒོམ་ཚུལ་ནི་ལུས་སྐྱིལ་ཀྲུང་བཅས། མིག་བར་སྣང་ལ་གཏད། ཤེས་པ་སྤྲོ་བསྡུ་མེད་པས་ས་ལེ་ཧྲིག་གེ་རང་རིག་ཟང་ཀའི་ངོ་བོ་ལ་བཞག་པས། ཕྱི་སྣང་བ་དང་ནང་འགྱུ་བ་ཐམས་ཅད་རང་རྒྱས་ཐེབས་ནས། ཡུལ་སེམས་གཉིས་ཀྱི་དབང་དུ་རིག་པ་མི་འབྲང་བ་སྟེ། ཀློང་དྲུག་ལས། རྒྱས་འདེབས་ཆེན་པོའི་ཏིང་འཛིན་ནི། །སུ་ཞིག་བསྒོམ་པར་འདོད་པའི་མིས། །མི་འགྱུར་བ་ཡི་གནད་གཟིར་ཕྱིར། །
ལུས་ཀྱི་འདུག་སྟངས་གཞིར་བྱས་ནས། །ཤེས་པ་ནམ་མཁའི་མཐོངས་སུ་འཕང་། །དེ་བཞིན་མིག་ནི་བར་སྣང་ལ། །གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས། །དྲན་མེད་རྒྱས་འདེབས་ཆེན་པོར་བཞག །ཅེས་སོ། །དེའི་འཕྲང་བསལ་བ་ནི། བདག་ལས་གཞན་དུ་སྣང་བ་འཁྲུལ་པའི་སེམས། །བསྒོམ་དང་རྩོལ་བར་འདོད་པ་འཁྲུལ་པའི་སེམས། །འཁྲུལ་པ་ཆོས་ཉིད་རང་གཞག་མཉམ་པའི་ཞིང་། །མི་གཡོ་གདོད་ནས་དག་པའི་རང་བཞིན་ཀློང་། །བྱ་དང་བཙལ་མེད་གཞག་དང་མ་བཞག་མེད། །འདིར་རིག་པ་རྒྱས་འདེབས་ཆེན་པོར་བཞག་པས་སྤང་བླང་བྱར་ཡོད་པ་ལྟ་བུ་ནི་མིན་ཏེ། ཡིན་པར་འཛིན་ན་འཁྲུལ་རྟོག་ཡིན་པས། དེ་ཉིད་རང་གཞག་རྡོ་རྗེ་སྙིང་པོའི་ཀློང་དུ་ཕན་གནོད་དང་བྲལ་བར་བསྐྱལ་བས། མཉམ་པར་གཞག་པ་དང་མ་བཞག་པ་གཉིས་མེད་གཅིག་ཏུ་རྟོགས་པར་ངེས་སོ། །རིག་པ་རང་གྲོལ་ལས། ཡང་དག་ཤེས་པའི་ངོ་བོ་ལ། །བྱ་དང་བྱེད་པའི་རིག་པ་མེད། །འཛིན་པས་གོལ་བའི་རྒྱུ་ཉིད་དོ། །ཞེས་སོ། །རང་གནས་ཆེན་པོའི་ཏིང་ངེ་འཛིན་ལ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་མིང་བཞིས་མཚོན་པ་ལས། དང་པོ་ནི། མི་འགྱུར་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ། །དམིགས་བསམ་ཚོལ་ཁྲོ་བྲལ་བའི་རང་རིག་གིས། །ཡང་ཡང་བལྟས་ན་བལྟ་རུ་མེད་པ་མཐོང་། །བལྟར་མེད་རིག་པ་སྤྱི་བླུགས་ལྟ་བ་ཡིན། །འདིར་རིག་པ་ཟང་ཐལ་རྗེན་པའི་ངོ་བོ་ལ་བལྟ་བྱ་ལྟ་བྱེད་ལས་འདས་པའི་དོན་ལ་མ་ཡེངས་པར་བལྟ་བ་སྟེ། ཀུན་བྱེད་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་ནོར་དགོངས་པའི་དོན་ལ་ལུང་བསྟན་པ། །སྒྲོ་སྐུར་འདས་པ་དོན་གྱི་སྙིང་པོ་ལ། །བསྒོམ་དང་མི་བསྒོམ་མཁའ་ལ་རྩོད་པ་འདྲ། །རྟོགས་པའི་དོན་ལ་མ་ཡེངས་དགོངས་པ་སྟེ། །དངོས་པོ་མ་ཡིན་དངོས་པོ་མེད་མ་ཡིན། །ཕྱོགས་མེད་ཕྱོགས་ལས་འདས་པ་མ་ཡིན་པས། །བསྒོམ་དང་མི་བསྒོམ་ཕྱོགས་ལ་གནས་མི་བྱེད། །ལྟ་བ་བསྒོམ་དུ་མེད་པའི་དོན་རྟོགས་ན། །མ་བཅོས་མཉམ་པའི་རྒྱལ་པོར་
ལྷུན་གྱིས་གྲུབ། །ཅེས་སོ། །བསྒོམ་མེད་བསྒོམ་པ་ལས་འདས་པའི་སྒོམ་པ་ནི། མ་བསྒོམས་རིག་པ་བཏང་གཞག་བྲལ་བ་ལ། །ཡང་ཡང་བསྒོམས་ན་བསྒོམ་དུ་མེད་པ་མཐོང་། །བསྒོམ་མེད་རིག་པ་སྤྱི་བླུགས་སྒོམ་པ་ཡིན། །ངོ་བོ་ནི་རིག་པ་རྗེན་པ་སྟེ། ཐལ་འགྱུར་ལས། བསྒོམས་པའི་མཚན་ཉིད་སྣང་ཚུལ་ནི། །མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །སྣང་ཚུལ་འཁྲུལ་པ་མ་ཡིན་ལ། །རྒྱུ་རྐྱེན་དག་པའི་རང་བཞིན་ལ། །དངོས་དང་དངོས་མེད་རང་དག་ནས། །སྒོ་ལྔའི་ཡུལ་ཞེན་དག་པ་དང་། །འབྱུང་བའི་རགས་པ་དག་པ་དང་། །ཡེ་ཤེས་དག་པས་འཕེལ་སྣང་སྟོན། །དེ་ལས་ཟད་པའི་ཆོས་ཉིད་དོ། །ཞེས་སོ། །བསྒོམ་ཚུལ་ནི། ཀུན་བྱེད་ལས། བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་པས། །མ་བསྒོམས་རང་བཞིན་བཞག་ན་སྒོམ་པ་ཡིན། །ཞེས་སོ། །སྤྱད་བྱ་དང་སྤྱོད་བྱེད་ལས་འདས་པ་ཆོས་ཉིད་ཀློང་གསལ་ཆེན་པོའི་སྤྱོད་པ་ནི། གཉིས་མེད་བླང་དོར་བྲལ་བའི་གནས་ལུགས་ལ། །ཡང་ཡང་སྤྱད་ན་སྤྱད་དུ་མེད་པ་མཐོང་། །སྤྱད་མེད་རིག་པ་སྤྱི་བླུགས་སྤྱོད་པ་ཡིན། །རིག་པའི་ངོ་བོ་བྱ་བྱེད་དང་བྲལ་བས། དེའི་ངང་དུ་སྣང་སེམས་ཅི་ཤར་ལ་སྒོ་གསུམ་ལྷུག་པར་བཞག་སྟེ། ཀུན་བྱེད་ལས། ཀྱེ་སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །རང་བྱུང་ངང་ལ་རྒྱུ་རྐྱེན་ཀུན་དང་བྲལ། །སྒོ་གསུམ་རྩོལ་མེད་ལྷུག་པ་ཉིད་དུ་ཞོག །ཅེས་སོ། །བསྒྲུབ་མེད་ཡེ་གྲུབ་ཀྱི་འབྲས་བུ་ནི། ཡེ་ཟིན་རེ་དོགས་བྲལ་བའི་ལྷུན་གྲུབ་ལ། །ཡང་ཡང་བསྒྲུབས་ན་བསྒྲུབ་ཏུ་མེད་པ་མཐོང་། །བསྒྲུབ་མེད་རིག་པ་སྤྱི་བླུགས་འབྲས་བུ་ཡིན། །ཟང་ཀའི་རིག་པ་གཅེར་བུ་ལྷིང་པ་འདི་ཉིད་ཆོས་སྐུ་ལྷུན་གྲུབ་ཀྱི་འབྲས་བུ་སྟེ། དེའི་ངང་ལས་མ་གཡོས་པར་
འཇོག་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པ་ད་སྒོམས་ཤིག །མ་སྐྱེས་རྣམ་པར་དག་པའི་དོན་སྣང་བས། །སྣང་བ་དངོས་པོར་མི་ལྟ་འཇིག་མི་བྱེད། །སྣང་བ་སྐྱེ་བ་མེད་པར་རང་གྲོལ་བས། །སྟོང་པ་མི་བསྒོམ་ཇི་བཞིན་རྟོགས་པས་གྲོལ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ཇི་ལྟར་སྣང་བའི་ཆོས་ནི་ཐམས་ཅད་ཀུན། །མ་སྐྱེས་རྣམ་པར་དག་པ་ལུང་བསྟན་པས། །ཇི་ལྟར་སྐྱེ་བའི་སྙིང་པོ་ཉིད་དུ་རྟོགས། །ཀྱེ་ང་ལས་བྱུང་བའི་སྐུ་གསུམ་སྟོན་པ་ལ། །སེམས་ཉིད་སྐྱེ་མེད་ཡིན་ཞེས་ཀུན་སྨྲ་ཞིང་། །རང་བཞིན་མེད་པའི་དོན་ལ་ཀུན་རྩོལ་ཀྱང་། །སྐྱེ་མེད་སྔོན་དུ་ཀུན་གྱིས་རྟོགས་པ་མེད། །དེ་ཕྱིར་ཀུན་བྱེད་རྒྱལ་པོའི་ལུང་འདི་ལ། །ཤེས་ནས་མ་ཡེངས་དོན་ལ་གནས་པ་ལས། །རྩོལ་བས་མི་འཇུག་གཉེན་པོས་སེམས་མི་སྦྱོང་། །ཡུལ་ལ་མི་འཇོག་དྲན་པའི་སེམས་མི་སྡུད། །གང་ལྟར་བྱུང་བ་དེ་ཉིད་དོན་ཡིན་པས། །ཀུན་བྱེད་ང་ཡི་དོན་ལ་འཇུག་པར་གྱིས། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་བཅོས་སེམས་ཀྱི་འཁོར་ལ་ལུང་ཕོག་པ། །མ་ལུས་སྐྱེ་མེད་རྟོགས་པའི་རྣལ་འབྱོར་པས། །རང་བཞིན་བཅུ་ལ་རྩོལ་བར་མ་བྱེད་ཅིག །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །ཤེས་པས་གཟུང་འཛིན་མི་ཤེས་སྤང་དུ་མེད། །རྟོགས་པས་དབང་སྒྱུར་དོན་ལ་གནས་པ་ཡིས། །ཀུན་བྱེད་རྒྱལ་པོའི་དགོངས་པར་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ལྟར་རང་གནས་ཆེན་པོའི་ཏིང་ངེ་འཛིན་ལྟ་སྒོམ་སྤྱོད་འབྲས་ལས་འདས་པ་བཞིའི་དོན་རིག་པ་ཟང་ཀ་རྗེན་སང་ངེ་བ་གཅིག་ཏུ་བསྡུས་ཏེ། ཕྱི་སྣང་བ་ལ་སེམས་མི་སྤྲོ། ཤར་བ་རང་གི་རྒྱན་ལས་མ་འདས་པས་རང་ཡལ་རྗེས་མེད་ཀྱི་ཤེས་པར་ཟང་ཐལ་ལེ། ནང་འགྱུ་བ་སེམས་ཀྱི་བློ་མི་རྟོག །གདངས་མ་འགགས་པ་ཐུགས་རྗེའི་རྩལ་དུ་ཤེས་པས་རང་དྭངས་རྒྱ་མཚོ་དྭངས་པའི་ངང་དུ་ཀློང་ཡངས། བར་གཉིས་མེད་མཉམ་པའི་ངང་མི་བསྒོམ། རང་བབས་
གནས་ཆའི་བསམ་གཏན་དུ་ཤར་བ་ལ་རིག་པ་ཟང་ཀའི་རྒྱལ་པོ་གནས་པ་ལས་མ་གཡོས་པར་བྱ་སྟེ། ཚོགས་དྲུག་ལྷུག་པ་ལ་འཛིན་རྩོལ་གྱི་གཉེན་པོས་མ་བསླད་པ་ནི། ཀློང་དྲུག་པ་ལས། རང་གནས་ཅོག་གཞག་ཏིང་ངེ་འཛིན། །དབང་པོའི་སྒོ་རྣམས་མི་འགག་ཅིང་། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། སེམས་ཀྱིས་གུད་དུ་དཔྱད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་འབྱུང་ཆ་རྣམས་ཕྱིར་མི་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་། །ཤེས་བཞིན་དཔྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལས། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཞེས་སོ། །ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་ནི། མཉམ་ཉིད་ངང་ལས་ཡུལ་དུ་མི་རྟོག་ཅིང་། །སེམས་སུ་མི་འཛིན་རེ་དོགས་འབྱུང་འཇུག་ཞི། །ཡུལ་སེམས་མཉམ་པའི་ངང་དེར་གནས་པ་ནི། །ཆོས་ཉིད་ཀློང་སྟེ་ངང་གིས་གཡོས་པ་མེད། །མཚན་མའི་ཡུལ་ལ་ཡུལ་མེད་སྤྱི་བླུགས་གནས། །ཡེ་ནས་གཉིས་མེད་རིག་པ་སྤྱི་བླུགས་པས། །འཁོར་འདས་དབྱེར་མེད་རྫོགས་པ་ཆེན་པོའི་ངང་། །ཐམས་ཅད་བླང་དོར་མེད་པར་ཕྱམ་གདལ་ལོ། །འདིར་ཐོག་བབས་ཀྱི་དོན་ནི་རིག་པ་ཅར་ཕོག་ཏུ་ཡུལ་ལ་འབེབས་པ་སྟེ། བསྡུ་ན་རང་ངོ་རང་བཞིན་གྱི་བསམ་གཏན་ལ་གནས་པ་དང་། དེ་ལས་རྩལ་སྣང་ཡུལ་ཐོག་ཏུ་འཆར་བའི་དུས་ན་ངོས་གཟུང་བ་གཉིས་ལས། རང་བབས་ནི་རེ་དོགས་འབྱུང་འཇུག་མེད་པར་ལྷན་ནེ་གནས་དུས་ཀྱི་གནས་ཆ་དེ་བསམ་གཏན་ཡིན་པས་བཞག་ལ། རིག་གེ་སང་ངེ་བ་དེ་ཅར་ཕོག་ཏུ་ངོས་བཟུང་ནས་ངང་ལ་སྐྱོང་བ་སྟེ། ཡི་གེ་མེད་པ་ལས། ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ལྟ་བྱེད་མ་ཡིན་རྟག་ཆད་གཉིས་ལས་འདས། །ལྟ་བ་མེད་པས་ལྟ་རུ་ཡོད་མ་ཡིན། །དོན་ལས་མི་འདའ་ལྟ་བ་ངང་གིས་མེད་། །དེ་ཡོད་མ་ཡིན་དེ་ཡི་ངང་དུ་གནས། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ་ཇི་བཞིན་རྩོལ་བྲལ་བདེ་བ་ཆེན་པོ་ལ། །སྒོ་གསུམ་མི་
རྩོལ་བཅོས་ཤིང་དམིགས་མི་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲང་། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་གཞག །འདི་ནི་རང་བྱུང་འོད་གསལ་དགོངས་པ་སྟེ། །ཀུན་བྱེད་རྒྱལ་པོའི་དགོངས་པའི་ཕྲིན་ལས་སོ། །ཞེས་སོ། །རིག་པའི་དྭངས་ལས་རྩལ་ཡུལ་ཐོག་ཏུ་འཆར་འཆར་འདྲ་བའི་དུས་ཀྱི། གྱ་མ་གྱུ་འཕྲོ་བའི་ཆ་དེ་རྟོག་པ་རླུང་གི་རྟས་བསྐྱོད་པ་ཡིན་པས་བཞག་ལ། དེའི་ཆ་ལ་རིག་ཆ་ཅིག་འདུག་པ་དེ་ཅར་ཕོག་ཏུ་ངོས་བཟུང་ནས། འཕྲོ་ཆ་དེ་གར་འགྲོར་བཏང་བས་རང་ཡལ་ལ་འགྲོ་སྟེ། ཀུན་བྱེད་ལས། རང་ལུས་མི་འཆོས་དབང་པོ་མི་རྟུལ་ཏེ། །ངག་ཀྱང་མི་བསྡམ་བྱ་བཙལ་བྱར་ཡང་མེད། །སེམས་ཀྱང་གར་བཏང་མི་གཡོའི་ངང་ལ་གཞག །ཅེས་པ་དང་། དོན་ནི་ཀུན་དོན་སྐྱེ་བ་མེད་པ་སྟེ། །རྣམ་རྟོག་མཚན་མ་དེ་བཞིན་རིག་བྱས་ནས། །དྲན་བསམ་ཡིད་ལ་འགྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངང་ལས་མ་ཡེངས་པ། །གང་ལྟར་བསམས་ཀྱང་སྒོམ་པ་ཡིན་ཤེས་ན། །མ་བསྒོམས་གང་ལྟར་བཞག་ཀྱང་ཡེངས་པ་མེད། །ཅེས་སོ། །འདི་ལ་གནད་དུ་རིག་པ་རྗེན་ལ་ཕུད་པའི་ངོ་བོ་ངོས་བཟུང་ནས། འགྱུ་ཆའམ་འཕྲོ་ཆ་དེ་རྗེས་མི་བཅད། ངོ་ལ་མི་བལྟ། རང་བབས་སུ་མི་འཇོག་པ་གནད་ཀྱི་རང་གནད་གལ་པོ་ཆེ་ཡིན་ནོ། །དེ་ལྟར་མ་ཤེས་ན་རྟོག་པ་ཉིང་འཁྲུལ་དང་། སྤང་གཉེན་རང་ཀ་དང་། གཟུང་འཛིན་རང་གཞག་དང་། ཐ་མལ་རང་ཀར་འཆོར་བ་ཡིན་ནོ། །དེ་ལྟར་རང་གནས་དང་རང་ཤར་གཉིས་ལ་བཟང་ངན་མེད་པར་བསྟན་པ་ནི། དངོས་དང་དངོས་མེད་དབྱིངས་སུ་མཉམ་པ་དང་། །སངས་རྒྱས་སེམས་ཅན་དབྱིངས་སུ་མཉམ་པ་དང་། །ཀུན་རྫོབ་དོན་དམ་དབྱིངས་སུ་མཉམ་པ་དང་། །སྐྱོན་དང་ཡོན་ཏན་དབྱིངས་སུ་མཉམ་པ་དང་། །མཐོ་དམན་ཕྱོགས་མཚམས་དབྱིངས་སུ་མཉམ་པའི་ཕྱིར། །རང་བྱུང་ངང་ལས་རོལ་པ་ཅི་ཤར་ཡང་། །ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །དེ་ལ་བླང་དོར་གཉེན་པོས་བཅོས་ཅི་དགོས། །གནས་
པའི་ཚེ་ན་མཉམ་གནས་བཟང་ངན་མེད། །ད་ལྟ་སེམས་ལ་གང་བྱུང་རང་ཞིར་ཞོག །གྲོལ་བའི་ཚེ་ན་མཉམ་གྲོལ་བཟང་ངན་མེད། །དྲན་པའི་རྗེས་ལ་དགག་སྒྲུབ་འཕྲོ་མ་མཐུད། །དཔེར་ན་ཆུ་མི་གཡོ་བ་དང་དབའ་རླབས་སུ་གཡོ་བ་ལ་བཟང་ངན་མེད་དེ། གཉིས་ཀ་ཆུའི་དབྱིངས་སུ་མཉམ་པའི་ཕྱིར་རོ། །དེ་བཞིན་དུ་རིག་པ་རང་མལ་དུ་གནས་པ་དང་། འཆར་བ་གཉིས་ལ་བཟང་ངན་མེད་དེ་རིག་པ་ཉིད་བཞུགས་པ་དང་བཞེངས་པར་སྣང་བ་ཙམ་ལས་གཞན་དུ་མ་གཡོས་པའི་ཕྱིར་རོ། །རྡོ་རྗེ་གུར་ལས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་བདག་ཉིད་དེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་དངོས་དང་དངོས་མེད། སངས་རྒྱས་དང་སེམས་ཅན། ཀུན་རྫོབ་དང་དོན་དམ། སྐྱོན་དང་ཡོན་ཏན་ཐམས་ཅད་རིག་པའི་དབྱིངས་སུ་མ་སྐྱེས་པར་མཉམ་པ་དང་། མི་འགག་པར་སྣང་ཙམ་དུ་མཉམ་པ་དང་། སྣང་བ་ནས་མེད་པ་དང་གསལ་སྣང་གི་སྟོང་གཟུགས་སུ་མཉམ་པ་ནི། མཐོ་དམན་དང་ཕྱོགས་མཚམས་སུ་ཕྱེ་ཡང་ནམ་མཁའི་ངང་དུ་མཉམ་པ་བཞིན་ནོ། །དེའི་ཕྱིར་དང་པོ་ཤར་བ་ལ་བཟང་ངན་མེད་པས་བླང་དོར་མི་བྱ་བ་དང་། བར་དུ་གནས་པ་ལ་མཉམ་པས་རང་ཞིར་བཏང་བ་དང་། མཐར་རང་ཡལ་དུ་གྲོལ་བར་མཉམ་པས་སྔུན་བསུ་དང་རྗེས་བསྙེགས་མི་བྱ་སྟེ། འདིར་གཞག་དང་དམིགས་གཏད་མི་བྱ་བར་བསྟན་པ་ནི། ཀུན་བྱེད་ལས། མ་ལུས་སྐྱེ་མེད་རྣམ་དག་ཏིང་འཛིན་ཏེ། །བསྒོམ་དང་མི་བསྒོམ་རྐྱེན་ལ་རག་མ་ལུས། །བསྒོམ་བྱ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །གང་དུ་ཇི་ལྟར་གཞག་པའི་ཚུལ་མེད་པར། །མ་བཙལ་རང་སར་བཞག་ན་བསྒོམ་པ་ཡིན། །ཞེས་སོ། །ད་ནི་དེ་དག་གི་དོན་ཆོས་ཉིད་མཉམ་པ་ཆེན་པོར་བསྡུ་བ་ནི། ཐམས་ཅད་གཞི་ཀློང་བྱང་ཆུབ་སེམས་ཉིད་ལས། །རྩལ་དང་རོལ་པའི་འཆར་ཚུལ་མ་ངེས་པས། །མཉམ་པར་ཤར་ཡང་གདོད་མའི་ཀློང་ནས་ཤར། །མི་མཉམ་ཤར་
ཡང་མཉམ་པའི་དབྱིངས་ནས་ཤར། །མཉམ་པར་གནས་ཀྱང་རང་གཞག་ཆོས་ཉིད་ངང་། །མི་མཉམ་གནས་ཀྱང་མཉམ་པའི་དབྱིངས་ན་གནས། །མཉམ་པར་གྲོལ་ཡང་རང་བྱུང་ཡེ་ཤེས་ཀློང་། །མི་མཉམ་གྲོལ་ཡང་མཉམ་པའི་དབྱིངས་སུ་གྲོལ། །རིག་པ་ནམ་མཁའ་ལྟ་བུའི་ངང་འདིར་ཐུགས་རྗེའི་རྩལ་ལས་འཆར་སྒོ་མ་འགགས་པར་རང་ཤར་བའི་རོལ་པ་སྣ་ཚོགས་པ་ཐམས་ཅད་ནི། སྣང་ཚུལ་ལ་དུག་ལྔ་ལ་སོགས་པའི་འཁོར་བའི་ཆོས་དང་ཡེ་ཤེས་ལ་སོགས་པ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་བཟང་ངན་དང་། མཐོ་དམན་དུ་སྣང་བའི་ཐེག་པ་ཐམས་ཅད་རྨི་ལམ་གྱི་ངོ་བོ་ཉིད་དུ་དག་པས། དོན་ལ་བཟང་ངན་དང་བླང་དོར་མེད་དེ་ཆོས་དབྱིངས་ཡངས་པའི་ཕོ་བྲང་དུ་མ་སྐྱེས་པར་མཉམ་རྫོགས་གཅིག་ཏུ་འདུས་པ་ནི། ཉི་ཟླ་གཟའ་སྐར་ལ་སོགས་པ་ནམ་མཁའི་ངང་དུ་འདུ་བ་བཞིན་ཏེ། རིག་པ་རང་གྲོལ་ལས། དཔེར་ན་ནམ་མཁའ་སྟོང་པ་ཡི། །ངང་དུ་ཉི་ཟླ་སྡུད་པ་བཞིན། །ཆོས་ཀྱི་ཕོ་བྲང་ཡངས་པ་རུ། །སྣ་ཚོགས་ཡེ་ཤེས་རོལ་པ་སྡུད། །ཡང་དག་དོན་གྱི་ཀློང་ཡངས་སུ། །རིག་པ་སྟོང་པའི་ཡེ་ཤེས་སྡུད། །ཅེས་སོ། །དེ་ལྟར་རང་གནས་དང་རང་ཤར་གྱི་དོན་མཉམ་ལ་ཐོག་བབས་ཅར་ཕོག་ཏུ་ངོས་གཟུང་བའི་མདོ་བསྡུ་བ་ནི། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལ། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའོ། །ཞེས་པས་དེ་བཞིན་དུ་བསླབ་བོ། །དེ་ལྟར་བསྒོམས་པ་ལས་འདས་པའི་གཞག་ཐབས་ཏིང་ངེ་འཛིན་གྱི་ཡན་ལག་དང་བཅས་པ་བསྟན་ཟིན་ནས། ད་ནི་མདོ་ཆིངས་ངེས་པས་འགག་བསྡམ་པ་ལ་རང་གནད་ངེས་པའི་རྣམ་གྲངས་ཉི་ཤུ་རྩ་གཉིས་ལས། དབྱིངས་ལ་ཡེ་མཉམ་ཡངས་པ་ཆེན་པོར་འགག་བསྡམ་པ་ནི། ཐམས་ཅད་ཡེ་མཉམ་རང་བྱུང་རིག་པ་ལས། །ཤར་དང་མ་ཤར་དབྱིངས་ལ་ཡེ་ནས་མེད། །གནས་དང་མི་གནས་དབྱིངས་ལ་ཡེ་
ནས་མེད། །གྲོལ་དང་མ་གྲོལ་དབྱིངས་ལ་ཡེ་ནས་མེད། །རིག་པ་དང་། དེའི་རྩལ་དང་། སྣང་སེམས་ཀྱི་རོལ་པ་ཐམས་ཅད་ཡེ་ནས་ཡོད་མ་མྱོང་། མེད་མ་མྱོང་། སྣང་མ་མྱོང་། སྟོང་མ་མྱོང་། འཁོར་མ་མྱོང་། འདས་མ་མྱོང་བ་གཞི་བྲལ་ནམ་མཁའ་ལྟར་དག་ཟིན་པས། ཅི་སྣང་ཅི་འགྱུས་ཀྱང་ཡོད་མ་མྱོང་ཆོས་ཟད་ཀྱི་ངང་དུ་འགག་བསྡམས་ཏེ། གང་ཡང་ཡིད་ལ་མི་བྱེད་པའི་ཀློང་དུ་ཕྱམ་ལ་བསྐྱུར་ནས་སྐྱེ་བ་མེད་པའི་ཆིངས་སུ་བཅིང་བ་ནི། ཁྱུང་ཆེན་ལས། བདེ་འདོད་སེམས་ལ་གནོད་པའི་ཆོས་སྤངས་ཏེ། །རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང་། །འགྱུས་མཐོང་འཛིན་དང་ཞེན་པའི་གེགས་བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅིར་སྣང་འགག །ཆོས་བྲལ་ཡིད་ལ་བྱེད་པའི་བར་དུ་བསྡམ། །ཞེས་སོ། །སྦྲུལ་མདུད་ལྟར་རང་གྲོལ་རང་ཡལ་དུ་འགག་བསྡམ་པ་ནི། མི་གཡོ་མཉམ་པ་ཆེན་པོའི་རིག་པ་ལ། །ཤར་བའི་དུས་ན་རང་ཤར་རང་ས་ཟིན། །གནས་པའི་དུས་ན་རང་གནས་རང་ས་ཟིན། །གྲོལ་བའི་དུས་ན་རང་གྲོལ་རང་ས་ཟིན། །ཤར་གནས་གྲོལ་གསུམ་རིག་ཐོག་ལས་གཞན་མེད་ལ། རིག་པ་ཟང་ཀ་ཆོས་སྐུའི་རང་དབྱིངས་སུ་ཀ་དག་རྗེན་པར་གནས་པ་དེར་རང་ས་ཟེར་བས། ངོ་ཤེས་པ་ན་རང་ས་ཟིན་པ་སྟེ། རང་ཤར་དུས་ཤར་ས་རིག་པ་རྗེན་པར་གྲོལ་བ་ལ་འགག་བསྡམ། རང་གནས་དུས་གནས་ས་རིག་པ་རྗེན་པར་འགག་བསྡམ། རང་གྲོལ་བ་དེ་ཡལ་དུས་འགྲོ་ས་རིག་པ་རྗེན་པར་འགག་བསྡམ་པ་ནི། ཁྱུང་ཆེན་ལས། རྒྱུ་མེད་རང་གྲོལ་རྐྱེན་ལ་མ་བརྟེན་པའི། །ཕྱོགས་མེད་རང་དག་ལྟ་བ་འདི་ཞེས་མེད། །ཞེ་འདོད་མཐའ་དང་བཅས་པའི་གེགས་གསུམ་བསལ། །སྣང་ཤེས་ཐོག་བབས་རང་བྱུང་ཆེན་པོའི་འགག །རང་ཤར་སྤྲོས་བྲལ་རྒྱུ་རྐྱེན་བར་དུ་བསྡམ། །ཞེས་སོ། །ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ་ནི། མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་
ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ། །སྨིག་རྒྱུའི་ཆུ་ཉིད་དུ་སྣང་བའི་དུས་ཆུར་ཡེ་ནས་མེད་པས་ཆུ་མ་ཡིན་པར་གྲོལ་ཟིན་པ་ལྟར། ཆོས་ཐམས་ཅད་རང་བཞིན་མེད་པར་ཡེ་ནས་སྟོང་ཞིང་བདག་མེད་པས་དངོས་པོ་དང་མཚན་མའི་ཆོས་ལས་ཡེ་ནས་གྲོལ་བ་སྟེ། དེ་ལྟར་ན་ཕྱི་སྣང་བ་དང་ནང་ཤེས་པ་ཇི་ལྟར་སྣང་ཞིང་ཤར་བ་ཐམས་ཅད་དང་པོར་སྐྱེ་བའི་རྒྱུས་སྟོང་པས་སྐྱེ་བར་སྣང་ཤར་བར་སྣང་བ་དེ་ཉིད་ནས་ཡོད་མ་མྱོང་བར་ཐག་བཅད། བར་དུ་ཤེས་ངོ་ལ་ད་ལྟ་གནས་པ་ལྟར་སྣང་བ་འདི་ཉིད་ནས་གནས་པ་རང་གི་ངོ་བོས་སྟོང་པས་མེད་པ་གསལ་སྣང་དུ་འཕྲང་བསལ། མཐར་འགགས་པ་ལྟར་སྣང་བ་དེ་ཡང་འགག་པ་རང་གི་ངོ་བོས་སྟོང་སྟེ་མ་སྐྱེས་པའི་ཕྱིར་མི་གནས་པ་སྟེ་འགག་པར་མ་གྲུབ་པ་ཉིད། སྨིག་རྒྱུའི་ཆུ་དེ་མི་སྣང་ངོ་འགགས་སོ་ཞེས་སེམས་པ་དང་འདྲ་བས། འཛིན་པ་ལོག་པ་ཙམ་ལས་དངོས་པོ་འགག་པ་མེད་པས་འགག་པ་མ་གྲུབ་པར་ལ་བཟླ་བ་སྟེ། ཡེ་ནས་ཡོད་མ་མྱོང་དུ་གྲོལ་ཟིན་པས་གང་བློ་ངོར་ཤར་བ་དེ་གཉེན་པོས་བསྐྱར་ནས་འགྲོལ་མི་དགོས་སོ་ཞེས་ཤེས་པར་བྱ་བ་ནི། མུ་ཏིག་ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་སོ། །འདི་ལག་ལེན་དུ་འགག་བསྡམ་པ་དངོས་ནི། ཤེས་ངོར་ཡུལ་སྣང་བའི་དུས་ན་གཞི་མེད་དུ་ཤེས་པས་གང་ལའང་བཅོས་བསླད་མེད་པར་ཕྱལ་གྱིས་གཏོང་བ་སྟེ། ཤེས་པ་ཐུག་ཕྲད་ལ་སྣང་བ་ཐུག་ཕྲད་དུ་ཤར་དུས། རིག་པ་ཐུག་ཕྲད་ཟང་ཀར་གཞི་མེད་དུ་བཏང་ནས་སྣང་བ་ལ་ཤེས་པ་མི་དགག །མི་འཛིན། མི་དཔྱོད་པར་རིག་པ་རྗེན་པ་དེ་ཉིད་ཕྱལ་བར་སངས་སངས་ངོས་ཟིན་ལ་མ་ཡེངས་ཙམ་དུ་སྐྱོང་བ་སྟེ། ཁྱུང་ཆེན་ལས། མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི། །འབད་མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ། །ཐུག་ཕྲད་རྣམ་གསུམ་ཡུལ་ལ་རོལ་པའི་འགག །གང་ཤར་མ་ཡེངས་ཡུལ་སེམས་བར་དུ་བསྡམ། །ཞེས་པས། སྣང་བ་ལ་ཤེས་པ་
ཤར་དུས་ཅོག་གིས་བཞག་པའི་བར་དེར་རིག་པ་ཟང་ཀ་དེ་འཆར་བ་ངོས་ཟིན་པར་བྱེད་པ་སྟེ་འདི་ཤིན་ཏུ་གནད་ཆེ་བར་ཡོད་པས་ཐེབས་པར་གདབ་ཅིང་རྒྱས་སུ་བཤད་དོ། །ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ་ནི། ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མ་ཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་གོལ་ས་ག་ལ་ཡོད། །འདིར་རིག་པ་རྒྱུན་ཆད་མེད་པས་དེའི་རྩལ་མ་འགགས་ཏེ་ཤེས་པ་ཡུལ་ལ་ཤར་བ་ལྟར་སྣང་དུས། ཡང་ན་འཆར། ཡང་ན་གནས། ཡང་ན་གྲོལ་བ་སྟེ་ཡལ་བ་གསུམ་ལས་མི་འདའ་བས། ཆུ་བོའི་རྒྱུན་འབབ་པ་དང་མཚུངས་ལ། རེང་བུ་སྐད་ཅིག་མ་ལ་རྒྱུ་འབྲས་ཀྱི་སོག་ལོང་མེད་དེ། ཤར་བ་དང་ཡལ་བ་དུས་མཉམ་པ་ཆུའི་རི་མོ་ལྟ་བུ་སྟེ། གནས་པ་དང་དེ་གཉིས་བློས་རིག་པའི་ཆ་ལ་བརྟགས་པ་ལས། ཤར་གྲོལ་དུ་ས་ལ་ལ་ཡོད་པ་ལ། རྒྱུ་འབྲས་ཡོད་མི་སྲིད་པར་རྗེན་རྗེན་རྟོགས་པས་འཁོར་བའི་རྒྱུ་ཟད་དེ། འབྲས་བུ་ཁམས་གསུམ་རིགས་དྲུག་ཏུ་འཁོར་མི་སྲིད་པས་བློ་བདེ་བའོ། །གནད་འདི་ལ་གོལ་ས་དང་སྒྲིབ་པ་མེད་དེ་ཤར་གྲོལ་དུ་དག་པས་གོལ་སྒྲིབ་ཆོས་ཉིད་དུ་ཆོད་དེ་རེ་དོགས་ཀྱི་གཡང་ས་ཆོད་པ་ཞེས་བྱའོ། །འདི་ལག་ལེན་དུ་འགག་བསྡམ་པ་ནི། ཡུལ་ལ་བློ་སྣང་ངམ་བློ་ལ་ཡུལ་སྣང་ངམ་གང་ཅིར་ཤར་ཡང་འདྲ་སྟེ། ཤར་ས་དེར་ཅེར་གྱིིས་བཞག་པའི་སྐད་ཅིག་ལ་རང་ཡལ་རྗེས་མེད་དུ་སངས་སེ་བ་ཅིག་མི་འོང་མི་སྲིད་དོ། །དེའི་དུས་སུ་ཡལ་བའི་ངང་དེ་བཞག་ལ། རིག་པ་གསལ་དག་ཟང་ངེ་བ་ཅིག་འདུག་པ་དེ་ངོས་བཟུང་བས་དངས་ཆ་ལྷག་ཏུ་ཆེ་ལ་ཆོད་ཆེ་བ་ཡིན་ནོ། །གཞན་ཀུན་ཡལ་བའི་ངང་སང་ངེ་བ་རྟོག་མེད་དེ་བསྒོམ་ཡང་། ཁོ་བོ་ནི་དེ་རིག་པའི་གནས་ཆ་ཞི་གནས་སུ་འདོད་པས་གནད་མ་གོ་བར་བྱེད་དོ། །གང་ལའང་རིག་པ་རྗེན་པར་ཟང་ངེ་ཐལ་ལེ་བ་ཅིག་ངོས་ཟིན་དགོས་པ་དེ་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བཞེད་དགོས་པ་ཡིན་ནོ། །ཅེར་
གྲོལ་གྱི་འགག་ཕྱི་ཡུལ་སྣང་ལ། ནང་ཤེས་པ་སྟོང་རིག་ཤར་དུས་ཀྱི་བར་དེར་རིག་པ་ངོས་བཟུང་བས་བསྡམ་པ་ཡིན་ཏེ། ཁྱུང་ཆེན་ལས། ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས། །གང་གི་མཐའ་བྲལ་གང་གཉིས་རང་གསལ་བས། །བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་འགག །ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ། །ཞེས་སོ། །མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ་ནི། ཡེ་ནས་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང་། །འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང་། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ཟད། །རིག་པའི་ངོ་བོ་ལ་གང་དུའང་མ་གྲུབ་པས་ཀུན་ཏུ་བཟང་པོ་སྟེ་སྟོང་གསལ་ཟང་ཐལ་བས་རྡོ་རྗེ་སེམས་དཔའི་ཀློང་ཡངས་པ་དེ་ངོས་ཟིན་པ་ལ་སངས་རྒྱས་རང་ལ་རྙེད་པ་ཞེས་བྱའི། དེ་ལས་གཞན་དུ་བཙལ་ཡང་མི་རྙེད་དེ། སྒྱུ་འཕྲུལ་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་པ་དང་། འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་སོ། །འདི་ལག་ཏུ་ལེན་ན་ཤར་རམ་མ་ཤར་རམ་གང་ལའང་འདྲ་བས། ཕྱི་ཡུལ་ལ་ཕར་མི་བསམ། ནང་སེམས་ལ་ཚུར་མི་རྟོག །བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་ཟང་ཐལ་བ་དེ་ཅར་ཕོག་ཏུ་ངོས་བཟུང་བས། གང་ཡང་མ་སྤངས་པར་བློའི་མདུན་ན་མི་གནས་པའི་མཐའ་བྲལ་སྤྲོས་པ་དང་བསམ་བརྗོད་ལས་འདས་པ་ནམ་མཁའ་ལྟ་བུའི་དགོངས་པ་ལ་སྐད་ཅིག་དེ་གར་གནས་ཏེ། རྟོག་པའི་འཕྲོ་འདུ་མེད་པས་བློའི་མདུན་ན་མི་གནས་པ་ཞེས་བྱའོ། །སྣང་བའི་ཡུལ་ལ་མི་རྟོག་པས་དངོས་པོ་མཚན་མ་མེད་པ་ཞེས་བྱའོ། །ཡུལ་སྣང་དངོས་པོ་དང་། ཤེས་པའི་འཕྲོ་འདུ་དངོས་མེད་གཉིས་མེད་དུས། འཁོར་འདས་སུ་འཇལ་ཞིང་འཛིན་བྱེད་ཀྱི་རྣམ་
པ་གཞན་མེད་པས། སོ་སོ་རང་གི་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་མེད་པ་རང་གི་རིག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། མཐའ་གྲོལ་ཡིན་པས་མུ་བཞི་འགགས། །ཞེས་པ་དང་། ཁྱུང་ཆེན་ལས་ཀྱང་། རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང་། །འགྱུས་མཐོང་འཛིན་དང་ཞེན་པའི་གེགས་བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅི་སྣང་འགག །ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་བསྡམ། །ཞེས་སོ། །གནད་འདི་ནི་འཕགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པ་སྤྱིའི་ལམ་པོ་ཆེ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོགས༷་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་པ་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །མཐའ་གྲོལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ་ནི། འདི་ཉིད་རྟོགས་ན་བླང་དོར་ཆོས་མེད་པས། །ཐམས་ཅད་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་བ། །གསེར་གླིང་ལྟ་བུར་དབྱེ་བསལ་མེད་པ་ཡིན། །མཐའ་ཡིས་མ་རེག་གོལ་སྒྲིབ་གདར་ཤ་ཆོད། །གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །འབད་རྩོལ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང་། །བསམ་བརྗོད་འདས་ཞེས་མིང་ཙམ་བརྗོད་པར་ཟད། །ཆོས་ཐམས་ཅད་གཞི་མེད་ནམ་མཁའ་ལྟར་རྟོགས་ནས་གང་ལའང་བཟང་ངན་དང་བླང་དོར་བྱ་བའི་
ཆོས་མེད་པས་མཉམ་པ་ཉིད་དུ་མཐོང་བ་ནི། གསེར་གླིང་ན་དངོས་པོ་ཐམས་ཅད་གསེར་དུ་མཉམ་པས་གཟུགས་ཅི་སྣང་ཡང་བཟང་ངན་མེད་པའི་དངོས་པོ་ཕལ་པའི་རྡོ་གསེག་མི་རྙེད་དེ་ཐམས་ཅད་གསེར་དུ་ཡོད་པ་ལྟར། ཆོས་ཐམས་ཅད་མཐའ་བྲལ་རྫོགས་པ་ཆེན་པོར་ཕྱམ་གདལ་བས། གོལ་སྒྲིབ་དང་འཁོར་འདས་མིང་མེད་དེ་ཕྱམ་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་གནས་ཞེས་བརྗོད་པའང་མིང་ཙམ་ལས། དོན་ལ་མཚོན་བརྗོད་ལས་འདས་པར་མཐའ་ཆོད་པས། དགོངས་པ་བློ་འདས་ཆེན་པོར་ལྷུན་གྱིས་གྲུབ་པའོ། །རང་གྲོལ་ལས། མཐའ་དང་དྲི་མའི་ཆོས་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། །ཞེས་སོ། །གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ་ནི། སྣང་བ་རྒྱ་ཡན་རིག་པ་རང་བྱུང་གསལ། །མ་བསྒྲིབས་ཕྱི་ནང་མེད་པར་ཟང་ཐལ་བས། །མ་བཅོས་རྣལ་གཞག་ཆོས་ཉིད་ཆེན་པོར་གསལ། །བློ་བདེའི་མལ་ན་ལུས་སེམས་ཁོང་གློད་དེ། །ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན། །སྒྲིམ་ཀློད་མེད་པས་ལུས་སེམས་གང་བདེར་ཞོག །སྐྱེས་བུ་རྣམས་ནི་རིག་པ་རེ་རེ་བ་སྟེ་གཉིས་ལ་སོགས་པ་མེད་པས་ན། འདིར་བཅིང་གྲོལ་རིག་པ་གཅིག་པུ་དེའི་སྟེང་ནས་བརྩི་དགོས་པས་གཅིག་གྲོལ་ཉིད་དེ། རིག་པ་གཅིག་པུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ལ། དེ་རྟོགས་པས་ཐམས་ཅད་གྲོལ་བའི་ཕྱིར་ཡང་གཅིག་གྲོལ་ཞེས་འཐད་པ་དང་བཅས་པའོ། །དེ་ཡང་སྣང་བ་རྒྱ་ཡན་ལ་རིག་པ་ཟང་ཐལ་ཤར་དུས། སྣང་སེམས་ལ་མི་བསམ་པར་རིག་པ་ཟང་ཀ་གཅིག་པུ་དེ་ངོས་བཟུང་བས་ཆོས་ཉིད་རང་ངོ་ན་གསལ་ཏེ། བློ་བདེ་རང་མལ་ན་ཁོང་ཡངས་པ་སྐྱེས་བུ་ལས་ཟིན་པ་ལྟ་བུའི་གདམས་ངག་གོ །འདི་ལག་ལེན་དུ་བྱེད་པ་ནི་རིག་པ་ཟང་ཀ་དེའི་རྩལ་ཤེས་པ་ཡུལ་སྣང་བ་གསུམ་འཛོམ་དུས་ཤེས་པ་ཡུལ་ལ་འཆར་ཡང་དེ་གཉིས་ལ་མི་བསམ་པར། རིག་པ་གཅིག་པུ་དེ་ངོས་བཟུང་བས། ཡུལ་སེམས་གཉིས་རྒྱ་གྲོལ་ལ་
འགྲོ་སྟེ། དོ་ཐག་གི་བརྟོད་ཕུར་གཅིག་པུ་དེ་བཏོན་པས་ཁལ་ཐམས་ཅད་རྒྱ་གྲོལ་ལ་འགྲོ་བ་བཞིན་ནོ། །དེ་ཡང་ཡུལ་ཤེས་པ་ཡིད་ལ་བྱེད་པ་གསུམ་པོ་དེ་ལ་ཀུན་རྟོག་འཁོར་བའི་ཆོས་ཞེས་ཐ་སྙད་བརྗོད་པས། རིག་པ་གཅིག་པུ་ངོས་ཟིན་པས་དེ་གསུམ་རྒྱ་གྲོལ་ལ་ཨར་སངས་པ་ནི་ཚིག་དང་བློ་ཟད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སོ། །སྤང་བྱ་འཁོར་བ་དང་བླང་བྱ་མྱང་འདས་སུ་འཛིན་པ་ནི་ཡུལ་ཤེས་ཡིད་ལ་བྱེད་པ་གསུམ་ཡིན་པས། བློ་སྤང་གཉེན་དང་བྲལ་བའི་བར་དེར་རིག་པ་ཟང་ཀར་འཆར་བ་ལ་འགག་བསྡམ་པར་བྱའོ། །འུབ་ཀྱིས་དྲིལ་ན་ཕྱི་སྣང་བ་དང་ནང་ཤེས་པ་གཉིས་པོ་ཅོག་གཞག་ལ་སྐྱུར་བའི་བར་དེར་ཤེས་པ་ཟང་ཀ་གཅིག་ཏུ་འགག་བསྡམ་པ་སྟེ། ཁྱུང་ཆེན་ལས། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ། །མ་བཟུང་མ་བཏང་མ་བསླད་རང་སོ་སྟེ། །གཅིག་གི་གསུམ་ལ་སུ་ཡིས་ཕོག་པ་ཉིད། །རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ། །ཞེས་པ་དང་། ཡང་། ལས་དང་དབང་པོ་ཚིག་དང་བློ་ཟད་པའི། །བསླད་བཅོས་ཐབས་དང་ཤེས་རབ་གེགས་བསལ་བ། །ཆོས་མེད་དེ་ལ་བརྟེན་པ་འབྲས་བུའི་འདོད་པ་ཉིད། །དགོས་པ་མེད་ཅིང་སླར་འདོད་འཆིང་བ་ལས། །ལྷུག་པ་སོ་གཉུག་རྣལ་མ་དྲོད་ཀྱི་འགག །རང་སོར་བསྒྱུར་ཏེ་འཁོར་འདས་བར་དུ་བསྡམ། །ཞེས་སོ། །གཅིག་གྲོལ་གྱི་འཐད་པ་དགོད་པ་ནི། ཇི་ལྟར་འདུག་ཀྱང་རང་གི་ངང་ལ་འདུག །ཇི་ལྟར་གནས་ཀྱང་རང་གི་ངང་ལ་གནས། །ཇི་ལྟར་འགྲོ་ཡང་རང་གི་ངང་ལ་འགྲོ། །བྱང་ཆུབ་དབྱིངས་ལ་འགྲོ་འོང་ངང་གིས་མེད། །འགྲོ་འོང་མེད་པ་རྒྱལ་བ་རྣམས་ཀྱི་སྐུ། །རྨི་ལམ་ན་འགྲོ་བ་དང་། འདུག་པ་དང་། གནས་པར་སྣང་བ་ཐམས་ཅད་གཉིད་གཅིག་གི་ངང་ལ་སྣང་ཡང་གཉིད་ལས་འགྲོ་འདུག་གནས་པ་མེད་པ་ལྟར། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་འདི་ན་སྐྱེ་དགུ་འགྲོ་འདུག་གནས་པར་སྣང་ཚད། གཞི་སྣང་མེད་པ་གསལ་སྣང་རིག་པ་གཅིག་གི་ངང་ལས་མ་གཡོས་
པ་སྟེ། རིག་པའི་ངོ་བོ་ནི་འགྲོ་འོང་མེད་པའི་བདག་ཉིད་རྒྱལ་བའི་ཆོས་སྐུ་རང་མལ་ན་གནས་པ་ལས་མ་གཡོས་པའོ། །ཀུན་བྱེད་ལས། སྣང་སྲིད་སྣོད་བཅུད་འཁོར་འདས་དེ་བཞིན་ཉིད། །བྱང་ཆུབ་སེམས་ལས་གཡོས་པ་མེད་པ་སྟེ། །ཐམས་ཅད་བྱང་ཆུབ་སེམས་ལས་གཡོས་མེད་ཞི། །ཞེས་སོ། །སྨྲ་བརྗོད་ཐམས་ཅད་རིག་པ་བརྗོད་མེད་ཀྱི་ངང་ལས་མ་འདས་པས་དོན་ལ་བརྗོད་དུ་མེད་པར་བསྟན་པ་ནི། ཇི་ལྟར་སྨྲས་ཀྱང་རང་གི་ངང་ལ་སྨྲ། །ཇི་ལྟར་བརྗོད་ཀྱང་རང་གི་ངང་ལ་བརྗོད། །བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང་། །འདི་ཡང་རྨི་ལམ་གྱི་སྨྲ་བརྗོད་གཉིད་ལས་མ་གཡོས་པ་ལྟར། ད་ལྟར་གྱི་སྒྲ་ཐམས་ཅད་རིག་པའི་ངང་ལས་གཞན་མེད་ལ། རིག་པ་བརྗོད་མེད་མཁའ་མཉམ་དག་པ་སྟེ། ཀློང་དྲུག་པ་ལས། བདེན་གཉིས་འདྲ་གཞིའི་ཚིག་རྣམས་ནི། །བདག་ཅག་རྣམས་ཀྱི་བློ་ལ་ཡང་། །རྨི་ལམ་ལྟ་བུའི་ཚིག་ཏུ་གོ །ཞེས་པ་བཞིན་ནོ། །དྲན་རིག་བྱང་ཆུབ་སེམས་ལས་མ་གཡོས་པས་དོན་ལ་དྲན་རྟོག་གཞི་མེད་རྩ་བ་དང་བྲལ་བ་སྟེ་དྲན་རིག་ཏུ་སྣང་བ་ཉིད་ནས་ཡོད་མ་མྱོང་བར་བསྟན་པ་ནི། ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ། །ཇི་ལྟར་བརྟགས་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །དྲན་རིག་ཏུ་འཆར་བ་ཉིད་ནས་དྲན་རིག་ཡོད་མ་མྱོང་བ་རྨི་ལམ་གྱི་དྲན་རྟོག་ལྟ་བུ་སྟེ་མེད་པ་ལ་ཡོད་པར་འཛིན་པས་སེམས་ཅན་འཁྲུལ་རྟོག་ལ་སྤྱོད་པ་ཞེས་བྱའོ། །དོན་ལ་རིག་པའི་ངང་ལས་མ་གཡོས་ལ་རིག་པ་དྲན་རྟོག་གི་ཡུལ་ལས་འདས་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་སངས་རྒྱས་རྣམས་ཀྱི་ཐུགས་ནི་དྲན་རྟོག་གི་མཐའ་དང་བྲལ་བར་བཞུགས་སོ། །ནོར་བུ་འཕྲ་བཀོད་ལས། སངས་རྒྱས་ཀྱི་ཐུགས་ནི་བདག་རྟོག་གི་མཐའ་དང་བྲལ་བས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཉིད་དོ་ཞེས་སོ། །དོན་དེ་ཉིད་རྣལ་འབྱོར་པས་རྟོགས་པས་རང་
རིག་དང་པོའི་སངས་རྒྱས་རང་ལས་ཟང་ཐལ་ཆེན་པོར་རྙེད་ནས་འཁྲུལ་སྣང་གི་འཁོར་བ་སྟོངས་པ་སྟེ། ཀློང་དྲུག་པ་ལས། མི་རྟོག་ཡེ་ཤེས་ལས་བྱུང་བ། །མ་བཙལ་གཞག་པའི་མན་ངག་གིས། །ཡེ་ཡོད་དང་པོའི་སངས་རྒྱས་རྙེད། །དེ་ཚེ་འཁྲུལ་པའི་སྣང་བ་དག །དག་པའི་རྟགས་སུ་ཆོས་རྣམས་ཟད། །འདི་ཉིད་ཟད་པས་འཁོར་བ་སྟོངས། །ཞེས་སོ། །དེ་ལྟར་སྣང་བ་གྲག་པ་རྟོག་པ་ཐམས་ཅད་རིག་པ་གཅིག་པུའི་ངང་ལས་གཞན་ན་མེད་པ་ལྟར། སྐུ་གསུམ་ཞིང་ཁམས་དང་བཅས་པ་ཡང་རང་རིག་གཅིག་པུར་བསྟན་པ་ནི། མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །རིག་པའི་ངོ་བོ་མཚོན་བརྗོད་ལས་འདས་པས་དངོས་པོ་དང་མཚན་མར་གྲུབ་པའི་གཞི་མེད་པ་ནི་ཆོས་སྐུའོ། །ཟང་ཐལ་དུ་རྟོགས་ནས་དེའི་ངང་ལ་རིག་པ་དེ་ཉིད་ལྷུན་གྲུབ་ཏུ་སྤྱོད་པ་སྟེ་རང་མལ་དུ་གནས་པས་ཕྱང་མ་ཆད་པར་རང་གསལ་གྱི་གཞི་ནི་ལོངས་སྐུའོ། །གསལ་དངས་ལས་ཐུགས་རྗེའི་འཆར་ཚུལ་མ་འགགས་པའི་ཆ་ནི་སྤྲུལ་སྐུའོ། །དེ་ལྟར་སྐུ་གསུམ་རིག་པ་ཉིད་ལས་གཞན་ན་མེད་པ་ནི་རང་བྱུང་གི་ཡེ་ཤེས་ཏེ། སྒྱུ་འཕྲུལ་གསང་བ་ལས། ངོ་མཚར་སྐུ་དང་སངས་རྒྱས་ཞིང་ཁམས་ཀྱང་། །གཞན་ན་མེད་དེ་རང་བྱུང་ཡེ་ཤེས་ངང་། །ཞེས་སོ། །དེ་ལྟར་ན་འཁོར་འདས་རིག་པ་གཅིག་ལས་མ་གཡོས་པས། རིག་པ་གཅིག་གྲོལ་ན་འཁོར་འདས་ཀུན་གྲོལ་བའི་གནད་འདི་རབ་ཏུ་ཟབ་པར་བསྟན་ཏོ། །གྲོལ་ལུགས་ལྔ་པོ་དེ་དག་ཀྱང་། མུ་ཏིག་ཕྲེང་བ་ལས། ངོ་བོ་དཔེ་དང་བཅས་ཏེ་གསུངས་པ། འགག་པ་མེད་པའི་རིག་པ་ལ། །འཁྲུལ་རྒྱུ་མེད་པས་ལྡོག་པ་མེད། །ཡེ་གྲོལ་ཡིན་པས་རྟེན་ནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །ཅེར་གྲོལ་ཡིན་པས་སྣང་བར་དག །མཐའ་གྲོལ་ཡིན་པས་མུ་བཞི་འགགས། །
གཅིག་གྲོལ་ཡིན་པས་དུ་མ་སྟོངས། །རྐྱེན་རྣམས་རྐྱེན་གྱིས་གྲོལ་བས་ན། །དམིགས་པའི་ཆོས་ལ་ང་མི་ལྟོས། །ཡུལ་རྣམས་ཡུལ་གྱིས་གྲོལ་བ་ལ། །གཟུང་འཛིན་གཉིས་ལ་ང་མི་ལྟོས། །རྒྱུ་ཉིད་རྒྱུ་ཡིས་གྲོལ་བ་ལ། །འཁོར་འདས་གཉིས་ལ་ང་མི་ལྟོས། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །ཐ་སྙད་ཚིག་ལ་ང་མི་ལྟོས། །སེམས་ཉིད་སེམས་ཀྱིས་གྲོལ་བ་ལ། །མཚོན་བྱེད་བློ་ལ་ང་མི་ལྟོས། །དྲི་མས་དྲི་མ་འཁྲུ་བ་བཞིན། །དེ་བཞིན་དག་པས་དག་པ་གྲོལ། །དུག་གིས་དུག་རྣམས་འཇོམས་པ་དང་། །ལྕགས་ཀྱིས་ལྕགས་རྣམས་གཅོད་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་དང་། །ཤིང་གིས་ཤིང་རྣམས་སྲེག་པ་ལྟར། །རང་རང་དགྲ་ནི་རང་གིས་བྱེད། །རིགས་མི་མཐུན་པས་གྲོལ་བ་མིན། །ཞེས་སོ། །དེ་དག་གིས་གྲོལ་ལུགས་ལྔ་ངོ་བོ་ཉིད་དང་བཅས་པའི་ཆིངས་དྲུག་ཐལ་ལོ། །ད་ནི་དགོངས་ཀློང་ཆོས་ཉིད་དུ་གདམས་པའི་རིམ་པ་ལས། མཁའ་མཉམ་བསམ་བརྗོད་འདས་པར་ཆིངས་སུ་བཅིང་བ་ནི། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། །དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། །ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན། །དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། དང་པོ་ངོ་བོའི་ངང་ངེས་པ་ནི་སེམས་ཉིད་དྲན་བསམ་མེད་པའི་དབྱིངས་སུ་འབྱུང་འཇུག་རེ་དོགས་དང་བྲལ་བར་ཕྱམ་གདལ་ནས་འཇོག་པ་སྟེ། ཁྱུང་ཆེན་ལས། མ་བསྒོམས་བཞག་པའི་ས་སྟེ་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང་། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། །ཞེས་པ་དང་། ཀུན་བྱེད་ལས། བླང་དོར་མེད་པའི་བྱང་ཆུབ་ཆོས་ཉིད་ལ། །མཁའ་ལྟར་གནས་པས་ལུས་སེམས་བཅོས་སུ་མེད། །འདུ་ཤེས་ཞེན་འཛིན་མེད་པས་བསྒོམ་དུ་མེད། །མཁའ་ལྟར་རབ་ཞི་རྙོག་པ་ཀུན་བྲལ་ལ། །ཡུལ་ལ་མི་འཇུག་དགོངས་པ་དམིགས་འཇུག་བྲལ། །ཞེས་སོ། །
རིག་པ་གསལ་སྟོང་ཆེན་པོར་འགག་བཅིང་བ་ནི། བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་འདྲ། །དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག །རང་གི་རང་བཞིན་མ་གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་བྲལ་བ། །རང་བབས་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་ན་སྒོམ་པའི་མཆོག །རིག་པའི་རང་བཞིན་འོད་གསལ་བ་ཉི་ཟླ་བསྒྲིབ་པ་མེད་པ་ནམ་མཁའི་དཀྱིལ་ན་སྣང་བ་ལྟར། རང་གསལ་རྗེན་ལ་བུད་པའི་ངང་ལ་རྣམ་རྟོག་འཕྲོ་འདུ་མེད་པར་ས་ལེ་བཞག་པས། ལྷུན་གྲུབ་རང་ངོ་ན་གསལ་བ་སྟེ། ཁྱུང་ཆེན་ལས། མ་བསྒོམས་ཡེ་ཤེས་ལྷུག་པ་བཅོས་པ་མེད་པའི་གནད། །རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་བསྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོའི་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་སོ། །དེའང་རྣམ་རྟོག་རང་དྭངས་ཀྱི་འགལ་ཟླར་གྱུར་པ་དང་། མཐའ་མེད་པས་གཞག་པའི་ས་མེད་པའི་ཕྱིར། རྟོག་བྲལ་རང་སངས་རྗེན་པ་རང་བཞིན་གྱི་རང་དྭངས་ལ་གནས་དགོས་ཏེ། ཀུན་བྱེད་ལས། རྣམ་རྟོག་ཡུལ་ལ་མཚན་མའི་གྲངས་ལས་འདས། །བྱས་པས་མི་ཟིན་རྟོག་པས་རྟོག་པ་འཇིལ། །ཆུ་ལས་རྙོག་པ་བཞིན་དུ་བྱིས་པ་བསླུས། །ཞེས་སོ། །ཤར་གྲོལ་རིས་མེད་རྗེན་པར་བཅིང་བ་ནི། །དེ་བཞིན་ཉིད་དེ་གང་གནས་དམ་པའི་སེམས། །སངས་རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ། །མི་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ། །རྒྱལ་བའི་དགོངས་ཀློང་རང་བཞིན་ཡངས་པའི་མཆོག །ལུས་སེམས་བཅོས་མའི་འཆིང་བ་རྣམས་སྤང་ཞིང་། །གྱིན་འདའ་ལྷོད་ཆགས་དྲན་བསམ་ཅི་འགྱུས་ཀྱང་། །གཞི་གཞག་ཆོས་ཉིད་ངང་ལས་མི་གཡོ་ན། །ཐམས་ཅད་ཀུན་བཟངས་དགོངས་ཀློང་ཡངས་པ་ཡིན། །རིག་པའི་དྭངས་ལས་འཆར་ཚུལ་མ་འགགས་པར་འགྱུ་འཕྲོར་ཤར་ཡང་། ཆུ་དང་རླབས་ལྟར་བཟང་ངན་མེད་པས་མཉམ་པ་ཆེན་པོར་ཟང་ཐལ་
བའི་རིག་པ་ངོས་བཟུང་ནས་གཞག་དུས། ཤར་བ་དང་གྲོལ་བ་དུས་མཚུངས་ཏེ་འགྱུས་པ་ཉིད་ཀྱིས་འགག་པར་སྐྱེས་པའི་མཚང་ངོ་ཤེས་པས་གང་དགར་འཆར་དུ་འཇུག་པ་གནད་དུ་ཆེ་སྟེ། ཤར་ས་ལ་ངོས་འཛིན་གྱི་གཉེན་པོས་མ་བསམས་མ་བསླད་པས་སྤང་གཉེན་མེད་པར་གྲོལ་ཟིན་པ་ཉིད། ཁྱུང་ཆེན་ལས། གནས་པས་འགགས་ལ་འགྱུས་པས་རང་སར་དག །མེད་མཐོང་མ་སྤངས་ངོ་ལ་སངས་མེད་པ། །ས་མེད་འདི་ཉིད་གནས་ཏེ་གང་འགའི་ཡུལ། །འཇུག་སྟེ་གང་གི་ཕ་རོལ་སོང་བ་མེད་པའོ། །ཞེས་པ་དང་། ཀུན་བྱེད་ལས། རྟོག་དཔྱོད་འདས་ལ་རྟོག་དཔྱོད་བསམ་མི་བྱེད། །མ་བཅོས་ཇི་བཞིན་པ་ལ་འཆོས་མི་བྱེད། །བྱ་བ་གང་བཏང་ཅི་སྣང་ཆོས་ཉིད་ལ། །མ་བསམས་རང་བཞིན་བཞག་པས་གྲོལ་བར་སྟོན། །ཞེས་སོ། །འདིར་འགྱུ་བ་འཆར་བ་ལ་སྐྱོན་དུ་མི་ལྟ་བ་དང་། གོང་དུ་རྟོག་པ་མེད་པར་བཤད་པ་འགལ་ལོ་ཞེ་ན། མཚར་ཆེ། ཁྱད་པར་དེ་ཙམ་བརྗོད་ནས་ད་རུང་མི་ཤེས། སྐལ་མེད་རྨོངས་ཆེན་འབར་བ། ཕག་ཡིན་ནོ་ཞེས་བརྗོད་ན་ཅིར་འགྱུར། འོན་ཀྱང་གསལ་བར་བཤད་ན། ཐུགས་རྗེའི་རྩལ་ལས་འགྱུ་འཕྲོ་ཤར་དུས་འཕྲོ་ཆ་དེ་རྟོག་པ་རླུང་གི་རྟ་ཅན་ཡིན་པས་དེ་ལ་རྗེས་མི་མཐུད་ངོ་ལ་མི་ལྟ་བར་ཅོག་བཞག་ནས། རིག་པ་རྗེན་པ་ཟང་ཐལ་དེ་ངོས་འཛིན་པས་ཟང་ངེ་རྗེན་ནེ་སང་ངེ་བར་མེད་གསལ་དྭངས་ཆེན་པོར་སྐྱོང་བ་ཡིན་ནོ། །དེ་དག་གིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་གཞག་ཐབས་ཐལ་ལོ། །ད་ནི་དགོངས་པ་ཆོས་ཉིད་ཡངས་པར་འཕྲང་བསལ་བ་ལས། རྩལ་དང་རོལ་པའི་འཆར་ཚུལ་མ་འགགས་པར་དག་མཉམ་བློ་འདས་གཅིག་ཏུ་འཕྲང་བསལ་ཏེ། མ་བཟུང་མ་བཏང་འཇུར་བུའི་སྒྲིམ་གློད་མེད། །ཇི་བཞིན་རང་བབས་རྒྱ་ཡན་ངང་གིས་ཟིན། །མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང་། །དྲན་བསམ་ཐམས་ཅད་རང་བྱུང་རང་ཞི་ན། །རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ་ཡིན། །འདི་ནི་རིག་པའི་ངོ་བོ་སྟོང་གསལ་དུ་མ་
ཡེངས་ན། །དེ་ལས་རྩལ་རྒྱ་ཡན་དུ་ཤར་ཡང་སྐྱོན་མེད་ཅེས་སྟོན་པ་སྟེ། ཤེལ་གོང་ལག་ནས་མ་ཤོར་ན། འོད་ལྔ་ཕྱོགས་མཚམས་སུ་ཤོར་ཡང་འགལ་བ་མེད་ཅེས་མཚོན་པ་ཡིན་ནོ། །རྒྱ་ཡན་དུ་ཤར་བའི་ཤེས་པ་དེ་དང་གཅིག་གིས་འཛིན་པ་ལྟ་བུ་མ་ཡིན་གྱི། དེའི་འཆར་གཞི་རིག་པ་ཟང་ཀ་དེའི་ངང་ལས་ཟང་ངེ་ཐལ་ལེ་མ་ཡེངས་པར་བྱེད་པའོ། །འོ་ན་འཕྲོ་བ་གང་དགར་ཤོར་བས་ཡེངས་སོ་སྙམ་ན་ཡེང་མི་སྲིད་དེ། རླུང་ཕར་གྱེས་རིག་པ་ཚུར་འདུས། གདངས་ནང་དུ་ལོག་པས་རྩལ་གཞི་ཐིམ་ལ་གྲོལ་ཏེ། ངོ་བོ་ཟང་ཀ་ཐིག་ལེ་གཅིག་ཏུ་འདུས་པའི་ངང་དེ་དང་མ་བྲལ་བའི་ཕྱིར་རོ། ཀུན་བྱེད་ལས། ཆོས་ཀྱི་དབྱིངས་སུ་གཅིག་པས་བགྲོད་དུ་མེད། །སྙིང་པོའི་དོན་དང་འགྲོགས་པས་ཡེང་བ་མེད། ཐིག་ལེ་གཅིག་ཏུ་འདུས་པས་གར་མི་འཕྲོ། །ཞེས་སོ། །རྟོགས་མ་རྟོགས་འཆིང་གྲོལ་གྱི་རང་བཞིན་ཡིན་པས་འཕྲང་བསལ་བའི་ཆིངས་ནི། མ་བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན། །དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་ངང་། །ཆེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་ཀྱང་། །མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ། །ཉིན་མཚན་སྒོམ་པས་འདའ་ཡང་འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །དེ་བས་མ་ཡེངས་འབད་རྩོལ་ཞིག་པའི་སེམས། །རང་བབས་འཛིན་རྩོལ་འདས་པ་ཤིན་ཏུ་གཅེས། །གནད་མ་རྟོགས་ན་ལམ་དུ་འགྲོ་བར་དཀའ་སྟེ། སེམས་རྩེ་གཅིག་པའི་སྒོམ་པ་ཉིན་མཚན་འདྲེས་ཀྱང་། དེ་ལ་ཞེན་འཛིན་དང་བདེ་གསལ་མི་རྟོག་པའི་ཉམས་ལ་ཆགས་པ་ཡོད་ན་བསམ་གཏན་ལྷའི་སྒོམ་དང་གཅིག་པས་འཁོར་བ་འདི་ནས་སྔ་འདྲེས་གཅིག་གིས་ཀྱང་འཕགས་མི་ནུས་ཏེ། ཏིང་ངེ་འཛིན་ཚོགས་དམ་པའི་ལེའུ་ལས། ཏིང་ངེ་འཛིན་ཀྱང་རབ་བརྟན་ལ། །དེ་ལ་མངོན་པར་ཞེན་བྱེད་ན། བྱིས་པ་ཉེར་སྤྱོད་ས་ཞེས་བྱ། །མྱ་ངན་འདས་པ་ཉིད་མི་འགྱུར། །ཞེས་སོ། །རྣལ་འབྱོར་པ་གང་གིས་རིག་པ་ཟང་ཀར་རྟོགས་དུས་
རྩལ་ལས་ཤེས་པ་ཡུལ་ལ་འཇུག་ཀྱང་ངོ་བོ་ཆོས་ཉིད་ཀྱི་ངང་ལས་མ་འདས་པས་ཆོས་སྐུ་ལྷུན་གྲུབ་ཀྱི་དགོངས་པ་ལས་མ་གཡོས་ཏེ། ཀུན་བྱེད་ལས། རྟོག་པ་རང་སར་གྲོལ་བའི་ལྟ་བ་ལ། །མ་ཡེངས་རང་བཞིན་བཞག་པས་བྱ་བཙལ་མེད། །ཀུན་ཀྱང་རང་བྱུང་རང་སར་གྲོལ་བ་ཡིན། །ཞེས་སོ། །འདིར་འགག་བསྡུ་ན། ཆེད་དུ་དམིགས་པས་བཅོས་པའི་ལྟ་སྒོམ་བསྟན་ཡང་མཚན་མའི་ཆོས་སུ་ཤེས་པར་བྱའོ། །ཐ་མལ་མ་བཅོས་པ་ལའང་རིག་པ་ཟང་ཀར་མ་རྟོགས་པའི་ཤེས་པ་ཡུལ་ཐོག་ཏུ་འཆོར་བ་འཁོར་བའི་རྟོག་པར་ཤེས་པར་བྱའོ། །རིག་པ་ཟང་ཐལ་གྱི་ངང་ལ་རེ་དོགས་ཀྱི་ལྷད་མ་ཞུགས་པར་གྲ་ཟང་ངེ་རྟོགས་པའི་ངང་ལས་མ་ཡེངས་ན་གཉིས་སུ་མེད་པ་རྒྱལ་བའི་དགོངས་པར་ཤེས་པར་བྱ་སྟེ། རྒྱུད་དེ་ཉིད་ལས། ཀྱེ་སྟོན་པའི་ངོ་བོ་ཀུན་བྱེད་རྒྱལ་པོ་ཡིན། བསྒོམ་ཞིང་བསམ་དུ་མེད་པའི་ཆོས་ཉིད་ལ། །མ་བསམས་ཡལ་བར་གནས་པས་འཁོར་བ་ཉིད། །བཙལ་ཞིང་བསྒོམས་པས་རྣམ་རྟོག་མཚན་མའི་ལམ། །དེ་བས་རེ་དོགས་བཅས་པའི་ཏིང་འཛིན་ལ། །གནས་པས་གྲོལ་བར་ཀུན་བྱེད་ལུང་མི་སྟོན། །རྟོགས་པས་གཉིས་ཀའི་འཆིང་བ་རབ་བཅད་ནས། །མི་འགལ་མཉམ་པའི་དོན་ལ་གནས་བྱས་པས། །ཀུན་བྱེད་ང་ཡི་དགོངས་པ་ལྷུན་གྱིས་གྲུབ། །ཅེས་པ་དང་། དེ་ལྟར་བསྒོམ་དུ་མེད་པའི་སྙིང་པོ་ལ། །མ་ཡེངས་དྲན་པས་གཟུང་བ་མན་ངག་ཡིན། །ཞེས་སོ། །དགོངས་པའི་ངོ་བོ་བློ་ལས་འདས་པར་འཕྲང་བསལ་ནས། དྲན་བསམ་འཕྲོ་འདུ་ལས་འདས་པར་བཅིང་བ་ནི། རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས། །འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ། །རིག་པའི་ངོ་བོ་ལ་སྤྲོས་པའི་མཐའ་དང་བྲལ་བས། །རྣལ་འབྱོར་པ་བྱང་ཆུབ་འདོད་པས་ལམ་ཡང་ངོ་བོ་ལས་མ་གཡོས་པ་གཅེས་ཏེ་གཞི་ལམ་འཛོལ་བས་འབྲས་བུ་མི་ཐོབ་པའི་ཕྱིར་རོ། །དེའི་ཕྱིར་རིག་པ་
ཟང་ཀར་རྟོགས་པ་རང་བཞིན་དག་པའི་ཡུལ་ལས་མ་གཡོས་པ་ཙམ་ལས། ཆེད་དུ་གཏད་སོའི་སྒོམ་པ་མེད་པ་ནི། རང་བྱུང་ཡེ་ཤེས་ཀྱི་དགོངས་པ་སྟེ། མ་སྤངས་ཡོངས་རྫོགས་ཆེན་པོར་གྲོལ་བ་ནི། ཁྱུང་ཆེན་ལས། རང་བཞིན་ཡུལ་ལ་འགག་མེད་སྙིང་པོའི་རྗེས། །སྟོང་ཡུལ་མ་དཔྱད་རང་སར་བཞག་སྟེ་གྲོལ། །མཐའ་བྲལ་དེ་ཉིད་གོང་མའི་སྐྱེ་གནས་དག །ཅེས་པ་དང་། ཀུན་བྱེད་ལས། ཀྱེ་རྣལ་འབྱོར་དུས་གཅིག་འཇུག་པའི་སྐལ་ལྡན་ལ། །ཀུན་བྱེད་རྒྱལ་པོའི་དགོངས་པ་བསྟན་བྱས་ན། །རྟོགས་པའི་ཀློང་ལ་དྲན་ཞིང་འདྲིས་པ་ལས། །བསྒོམ་ཞིང་འཇུག་ཏུ་མེད་པར་ལུང་སྟོན་ཅིག །ཅེས་སོ། །ཉག་གཅིག་སྤྲོས་པ་དང་བྲལ་བའི་རིག་པ་ལ། གང་ལྟར་ཡང་གདགས་སུ་ཡོད་པར་འཕྲང་བསལ་བའི་ཆིངས་ནི། ཆོས་ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་བཏང་གཞག་འགྲོ་འོང་མེད། །སྤྱོད་པ་ཉག་གཅིག་བླང་དོར་གཉིས་སུ་མེད། །འབྲས་བུ་ཉག་གཅིག་སྤངས་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ལྷུན་གྲུབ་དགོངས་པ་ཡིན། །རིག་པའི་ངོ་བོ་ཟང་ཐལ་ཐིག་ལེ་ཉག་གཅིག་ལ་ཐ་སྙད་ཀྱི་ལྡོག་པས་ཕྱེ་ན། ངོ་བོ་ཟང་ཐལ་པས་ཆོས་སྐུ་ཉག་གཅིག་གོ །དེ་ཉིད་སྤྲོས་པའི་མཐའ་དང་བྲལ་བའི་ངོས་ནས་ལྟ་བ་མཐའ་བྲལ་རྫོགས་པ་ཆེན་པོའོ། །དེ་ཉིད་རང་ངོ་རྟོགས་པའི་ངང་ལ་བཏང་བཞག་གི་ཤེས་པ་འཕྲོ་འདུ་འགྲོ་འོང་མེད་པར་དངས་ལ་མི་རྟོག་པས་སྒོམ་པ་འོད་གསལ་ཉག་གཅིག་གོ །དེ་ཉིད་ལ་བླང་དོར་གཉིས་བཅས་མེད་པས་བླང་དོར་རང་སངས་པའི་ཆ་ནི་སྤྱོད་པ་གཉིས་མེད་ཉག་གཅིག་གོ །དེའི་ངོ་བོ་ལ་འཁོར་འདས་མེད་པས་སྤངས་ཐོབ་རེ་དོགས་མེད་པ་ནི་འབྲས་བུ་ཉག་གཅིག་སྟེ། སེང་གེ་རྩལ་རྫོགས་ལས། སྤྱོད་པ་འཛིན་ཆགས་གཉིས་ལས་འདས། །སྒོམ་པ་བཏང་གཞག་གཉིས་ལས་འདས། །ལྟ་བ་ཕྱོགས་དང་རིས་ལས་འདས། །འབྲས་བུ་སྤངས་ཐོབ་མཐའ་གཉིས་བྲལ། །ཞེས་སོ། །
༼འདི་ནས་མ་དཔེ་མེད༽ཐམས་ཅད་རང་བྱུང་ཡེ་ཤེས་སུ་འཕྲང་བསལ་བས་གཞི་མཉམ་ཡངས་པ་ཆེན་པོར་བཅིང་བ་ནི། སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས། །ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང་། །རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་གཞག་དགོངས་པར་ཤེས་པར་བྱ། །རྨི་ལམ་ན་སྣ་ཚོགས་སྣང་ཞིང་ལོ་ཟླ་དང་བསྐལ་པར་སོང་བར་སྣང་ཡང་རང་རིག་མལ་ལས་མ་གཡོས་པ་ལ་དེ་ལྟར་སྣང་བ་ཙམ་ལས་གྲུབ་པ་མེད་པ་ལྟར། ད་ལྟར་གྱི་སྣང་སྲིད་འཁོར་འདས་སུ་སྣང་ངོ་ཅོག་དང་ཡུན་རིང་པོ་ཞིག་སོང་བར་སྣང་ཡང་ངོ་བོ་དབྱིངས་ལས་མ་གཡོས་པས་གདོད་མའི་ངང་དུ་འཕོ་འགྱུར་མེད་པར་ཤེས་པར་བྱ་སྟེ། རྩལ་ཆེན་ཡོན་ཏན་རྫོགས་པའི་ལུང་ལས། སྣང་སྲིད་འཁོར་འདས་ཆོས་སོ་ཅོག །གདོད་ནས་རང་བྱུང་ཡེ་ཤེས་ངང་། །མ་གཡོས་རྩལ་ཆེན་ལྷུན་གྱིས་རྫོགས། །དངོས་བྲལ་སྟོང་པའི་རང་སྣང་ངོ་། །ཞེས་སོ། །དེ་དག་གིས་ཐེ་ཚོམ་དང་རྟོག་མཐའི་འཕྲང་ལས་སྒྲོལ་བའི་ཆིངས་ལྔ་ཐལ་ལོ། །ད་ནི་རང་དྭངས་རྒྱ་མཚོ་དྭངས་པའི་འོད་གསལ་དུ་ལ་བཟླ་བ་ལས། མི་གཡོ་མཉམ་པ་ཆེན་པོར་རང་ས་གཟུང་བ་ནི། །སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་རྣམས་ལ། །གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །རིག་པ་རང་ངོ་དྭངས་དུས་སྣང་ཚུལ་མ་འགག་པར་ས་ལེ་བའི་ངང་རང་རིག་སྤྲོ་བསྡུ་མེད་པའི་ཆོས་ཉིད་ལ་གཞག་པ་སྟེ། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་ཆེ། །རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་གནད། །གང་ལ་མ་བརྟེན་གཅིག་གིས་གྲོལ་བའི་ཀློང་ཉིད་དོ། །ཞེས་པ་དང་། ཀུན་བྱེད་ལས། གང་དུ་ཇི་ལྟར་གཞག་པའི་ཚུལ་མེད་པར། །མ་བཙལ་རང་སར་བཞག་པས་སྒོམ་པ་ཡིན། །ཞེས་སོ། །
༼འདི་ནས་མ་དཔེ་མེད༽རང་གསལ་ཟང་ཐལ་རྗེན་པར་ས་གཟུང་བ་ནི། །དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་བས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཕྱམ་ཕྱལ་ཡངས་པ་ཆེན་པོར་རང་གསལ་ཞོག །རྒྱ་མཚོ་དྭངས་པར་གཟུགས་བརྙན་ཤར་བ་ལྟར། །ལུས་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་། མིག་མི་འགུལ་ཧར་གཞག་དྭངས་པ། ཡུལ་མི་དགག་སྣ་ཚོགས་གསལ་སྣང་། སེམས་མི་རྟོག་སྤྲོ་བསྡུ་རང་ཆད། རིག་པ་ཟང་མ་ཐལ་དུ་གཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། རིག་པའི་ངོ་བོ་དེ་ཉིད་ལ། །འགག་མེད་ཟང་ཐལ་གནས་པའི་དཔེ། །དཔེར་ན་རྒྱ་མཚོ་དྭངས་པ་ལ། །གཟའ་དང་སྐར་མ་ཤར་བ་བཞིན། །བག་ལ་ཉལ་བའི་དུས་མེད་པར། །སྣ་ཚོགས་ཟང་ཐལ་ཆེན་པོར་གནས། །ཞེས་སོ། །རྒྱ་གྲོལ་ཡངས་པ་ཕྱམ་གདལ་དུ་དཔང་བསྟོད་པ་ནི། རྒྱ་བསྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས། །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །ངོས་ཟིན་པ་ཙམ་གྱིས་གཏད་སོ་མི་བསྒོམ་པར། རོ་སྟོད་སེང་བྱས། ལྟ་སྟངས་ཕྱལ་བྱས། མིག་ཀྱང་ཕར་འཁྲུལ་ཚུར་འཁྲུལ་བར་སྣང་གི་དབྱིངས་དང་ཐག་རིང་པོར་གཏད་ནས། རིག་པ་རྒྱ་བསྐྱེད། སྒོ་ལྔ་རང་ཡན་དུ་འཆོར་བཅུག་ནས་བསྒོམས་པས་ཕྱི་ནང་བར་མེད་དུ་ཕྱལ་སོང་ནས། ལུས་དང་ནམ་མཁའ་འདྲེས་པའི་ཉམས་དང་། བདེ་གསལ་མི་རྟོག་པ་ཟང་ཐལ་ཆེན་པོའི་ཉམས་དང་། རིག་པ་ཟང་ཐལ་རྗེན་པའི་ཉམས་འཆར་ཏེ། སྣང་བ་ཐམས་ཅད་སང་སེང་ཁྲལ་ཁྲོལ་ཟང་ཐལ་བ་སྙམ་པ་དང་། ཤེས་པ་ཟང་ཐལ་རྗེས་མེད་ཕྱལ་ཕྱལ་བ་སྙམ་པ་དང་། ཐམས་ཅད་ཟང་ཐལ་རྒྱ་གྲོལ་སྟོང་པར་མཐའ་ཆོད་ནས་ཅི་ཡང་མེད་པའི་ངང་ནས་ཅི་ཡང་འཆར་བ་སྙམ་པ་དང་།
༼འདི་ནས་མ་དཔེ་མེད༽ཇི་ལྟར་བརྟགས་ཤིང་བསམས་ཀྱང་རྣམ་རྟོག་བཙལ་གྱིས་མ་རྙེད་པར་ད་སྐྱེ་མི་སྲིད། སྔར་ཡང་སྐྱེས་པ་མི་འདུག །ད་ལྟ་རྟོག་པ་སུ་ལ་ཡང་མི་འདུག་པར་རྣམ་རྟོག་མང་ཟེར་བ་ཅི་ཡིན་ན་ཨང་སྙམ་པ་ལ་སོགས་པ་ཟང་ཐལ་གྱི་ཉམས་བརྗོད་ལས་འདས་པ་འཆར་རོ། །སེང་གེ་རྩལ་རྫོགས་ལས། དགོངས་པ་རང་གནས་ཏིང་འཛིན་ཅོག་གཞག་ངང་། །དངོས་མེད་རང་སྣང་དཀྱིལ་འཁོར་ཀུན་གྱི་གཙོ། །འགྱུར་མེད་རང་སངས་ཆོས་ཉིད་ཀུན་གྱི་ཡུལ། །རང་སྣང་མི་རྟོག་གཅིག་པུ་ལྷང་ངེ་གནས། །དཔྱོད་པ་ཡིད་ཀྱི་རྣམ་རྟོག་བྲལ་བ་ནི། །གསང་སྔགས་དོན་གྱི་གཏན་ཚིགས་ཆེན་པོ་ཡིན། །ཞེས་སོ། །དེ་དག་གིས་རིག་པ་སྒོམ་མེད་ཀྱི་ངང་དུ་ལ་བཟླ་བའི་ཆིངས་གསུམ་ཐལ་ལོ། །ད་ནི་ཤན་འབྱེད་ཀྱི་འཕྱོང་ཆེན་པོས་ཐེ་ཚོམ་གྱི་རྟོག་མཐའ་བསལ་བ་ལས། རང་བྱུང་གི་དགོངས་པར་བཞག་པས་འཁྲུལ་སྣང་འཁོར་བ་དག་ལུགས་ཀྱི་ཤན་འབྱེད་ནི། གཞི་གཞག་མི་གཡོ་ཆོས་ཉིད་དགོངས་པ་ལ། །ཕྱི་དང་ནང་མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས། །གཟུང་བའི་ཆོས་མེད་སྣོད་བཅུད་སྣང་ཞེན་བྲལ། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་རིག་གི་ངོ་བོ་ལ་གཟུང་བ་མེད་པ་དང་རོལ་པར་སྣང་ཡང་མ་བཟུང་བས་ཕྱི་སྣང་བས་རིག་པ་ལ་མ་གོས་ཏེ། ད་འཁོར་བར་སྐྱེ་བའི་ཡུལ་མེད་ལ། རང་ཞེས་སེམས་ལ་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་ཞིང་། །ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ནང་སེམས་སུ་རྩལ་ལས་ཤར་བ་ལ་མ་བཟུང་བས་ལས་དང་ཉོན་མོངས་པ་སྟོངས་ཏེ་འཁོར་བར་སྐྱེ་མཁན་ནམ་འཁྲུལ་དུ་འཇུག་མཁན་དེ་མེད་པས།
༼འདི་ནས་མ་དཔེ་མེད༽སྣང་ཤེས་ཀྱི་འཛིན་པ་གྲོལ། གཟུང་འཛིན་གྱི་མཁར་པོ་འགྱེལ། འཁྲུལ་སྣང་དང་འཁྲུལ་འཛིན་སྟོངས་པས་རིག་པ་ཟང་ཐལ་དུ་མངོན་དུ་གྱུར་དུས་ཆོས་ཉིད་ཟད་པའི་སར་ཐུག །ཀུན་ཏུ་བཟང་པོའི་ཞིང་དུ་ཕྱིན། ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པ་ཞེས་བྱའོ། །རིག་པ་སེམས་དང་བྲལ་དུས་སེམས་ཀྱི་འཁྲུལ་སྣང་དང་ཞར་ལ་བྲལ་བས། སངས་རྒྱས་ཉག་གཅིག་ལས་འགྲོ་ས་མེད་དེ། ངོ་བོ་སངས་རྒྱས་སུ་ཡིན་པ་དེ་སྒྲིབ་བྱེད་དང་བྲལ་བས་མངོན་དུ་གྱུར་པའི་ཕྱིར་རོ། །རིག་པ་ལ་སེམས་དང་བཅས་དུས་སེམས་ཅན་ཟེར། སེམས་དང་བྲལ་དུས་སངས་རྒྱས་ཟེར་ཏེ། མུ་ཏིག་ཕྲེང་བ་ལས། སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དེ་བྲལ་ན་སངས་རྒྱས་ས། །ལུས་ཅན་ཀུན་གྱི་དྲི་མ་ཟད། །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །ཞེས་སོ། །དེའང་གཟུང་བའི་སེམས་ལས་གཟུང་ཡུལ་མེད་པ་གསལ་སྣང་གཟུགས་སྒྲ་དྲི་རོ་རེག་བྱ་ལྔར་སྣང་ལ། འཛིན་པའི་སེམས་ལས་ལས་དང་རྣམ་སྨིན་ཉོན་མོངས་པ་དཔག་ཏུ་མེད་པར་སྣང་སྟེ། ཡུལ་མེད་ཡུལ་དུ་འཛིན་པ་དང་། སེམས་མེད་སེམས་སུ་འཛིན་པའི་འཁོར་བ་སེམས་ཅན་ལ་རྨི་ལམ་ལྟར་སྣང་བ་སེམས་གཟུང་འཛིན་གྱི་རྣམ་པ་ཤར་བ་ལས་བྱུང་བའོ། །རྩལ་རྫོགས་ལས། མི་ཤེས་བྱིས་པའི་ངང་ཉིད་ཀྱིས། །ནན་གྱིས་མཁའ་ལ་མདུད་པ་བོར། །ཡུལ་སྣང་མེད་ལ་སྣང་བར་བཟུང་། །བདག་དང་གཞན་དུ་མེད་པ་ལ། །བདག་དང་གཞན་དུ་འཁྲུལ་བས་བཟུང་། །ཞེས་སོ། །དེ་ལྟར་སེམས་མེད་པའི་རིག་པ་ཡེ་ཤེས་ཉག་གཅིག་ལམ་དུ་བྱས་པས། སེམས་དང་བྲལ་བའི་ཆོས་སྐུ་ཚེ་འདིར་འགྲུབ་པའི་གནད་དེ་ཡིན་ནོ། །གཞན་དག་སེམས་ལམ་དུ་བྱེད་པས་སེམས་ཅན་ལས་མ་འདས་ཏེ་སངས་རྒྱས་ཐོབ་དུས་མེད་པ་དེ་ཡིན་ནོ། །སེམས་འཆར་བ་མི་འགག་པའམ་ཤར་གྲོལ་ཐུགས་རྗེའི་ཆ་དེ་ལམ་དུ་མི་བྱེད་དམ་ཞེ་ན།
༼འདི་ནས་མ་དཔེ་མེད༽ཐུགས་རྗེའི་ཆ་འཆར་གཞིའི་རིག་པ་ཟང་མ་རང་མལ་ལས་མ་གཡོས་པ་ལ་ཟེར་བས་དེ་ལམ་དུ་བྱེད་ཀྱི་རྩལ་ལས་སེམས་སུ་ཤར་ཟིན་རྟོག་པའི་ཆ་དེ་རྣམ་པ་ཐམས་ཅད་ནས་ལམ་དུ་མི་བྱེད་དེ། ངོ་བོ་རིག་པ་ལ་གཞག་དུས་སེམས་གང་དགར་རང་སངས་ལ་བསྐྱུར་བ་ཡིན་ནོ་ཞེས་སྔར་ཡང་ནས་ཡང་དུ་བཤད་ཟིན་ཏོ། །དེས་ན་སེམས་འཁྲུལ་པ་མ་རིག་པའི་རྩ་བ་ཅན་ཡུལ་བདག་ཏུ་འཛིན་ཞིང་ཡུལ་ཕྱིར་མ་འབྲངས་ན་ས་གཅིག་ཏུ་འདུག་མི་ཚུགས་པ་དེ་ལ་སྒྲོ་མ་རེག་པར་བྱས་ནས། ཡེ་ཤེས་ཟང་ཐལ་རྟོག་མེད་བདག་རྟོག་གི་བློ་དང་བྲལ་བ་དེ་ལམ་དུ་བྱེད་དེ། སེང་གེ་རྩལ་རྫོགས་ལས། སེམས་ཅན་བློ་ལ་གཉིས་སུ་བྱུང་། །སེམས་དང་མ་རིག་སྣང་བ་ནི། །ཡུལ་མེད་པ་ལ་འཛིན་པས་བཟུང་། །རིག་པ་ཡེ་ཤེས་སྣང་བ་ནི། །བདག་ཏུ་རྟོག་པའི་བློ་དང་བྲལ། །ཡིན་པ་ལ་ཡང་རེ་བ་མེད། །མིན་པ་ཉིད་ལ་ཐེ་ཚོམ་སངས། །ཞེས་སོ། །གནད་འདི་ཁོ་ན་གལ་ཆེ་བར་རིག་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ་ཞེས་པ་དང་། ཚིག་གསལ་ལས་ཀྱང་། སེམས་དང་སེམས་ལས་བྱུང་བའི་སྤྲོས་པ་ཡང་རྒྱུན་ཆད་པ་དང་ཞེས་པ་དང་། འཇུག་པ་ལས་ཀྱང་། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་ལ་སོགས་པ་འབྱུང་བ་བཞིན་ནོ། །ལུང་གི་གནས་འདི་དེང་སང་ཕལ་གྱི་བློར་མ་ཆུད་པས་ཅི་ལ་ཟེར་བ་ཆ་མེད་པ་ཉིད། འདིར་མིག་ཕྱེ་བ་བཞིན་བཤད་པས་ཐེག་པ་རྒྱལ་པོའི་མཛོད་ཅེས་བྱའོ། །རིག་པ་རང་མལ་དུ་ཤན་འབྱེད་པས་ཞི་གནས་རྩེ་གཅིག་དང་སོ་སོར་དབྱེ་བ་ནི། ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟོངས། །ཡང་སྲིད་
ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་འབྲས་ལ་ཟློས་འཁོར་འདས་མཉམ་པར་བརྗོད། །སྲིད་ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན། །འདི་ཡང་ཞི་གནས་རྩེ་གཅིག་ཕྱེད་པ་གཅེས། །རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །རིག་པ་རང་མལ་དུ་གནས་པ་ནི་ཟང་ཐལ་རྗེན་པའི་རིག་ཆ་ཡིན་ལ། ཞི་གནས་རྩེ་གཅིག་ནི་རྟོག་པ་མི་འཕྲོ་བར་གནས་ཆ་ཡིན་པས་ཕྱེད་བར་བྱ་སྟེ། རིག་པ་དེའི་ངང་ལ་གོམས་པས་ཡང་སྲིད་ལེན་པའི་ལས་དང་བག་ཆགས་ཟད་པ་ནི་སེམས་འགགས་པའི་ཡོན་ཏན་ལས་བྱུང་སྟེ། ད་ལྟར་རིག་པ་སེམས་དང་བྲལ་བ་དེ་གོམས་པས་མཐར་ཐུག་གི་ཆོས་སྐུ་སེམས་དང་བྲལ་བ་དེ་མངོན་དུ་བྱེད་པ་ནི། སེམས་དང་བྲལ་བའི་རིག་པ་ཐམས་ཅད་གཞི་ལས་མ་གཡོས་པར་གཅིག་པས། དར་རེ་དར་རེའི་རྒྱུན་མཐུད་པ་ལས་འབྲས་བུ་མངོན་དུ་བྱེད་པའི་རྟེན་འབྲེལ་དུ་ཤར་བ་སྟེ། འཁོར་འདས་གཞི་སྣང་དུ་རྩལ་ལས་རོལ་པར་ཤར་དུས་གཞི་ལས་རྩལ་གྱི་རོལ་པར་མེད་པ་གསལ་སྣང་དུ་མཉམ་པ་སྟེ། རིག་པ་སེམས་དང་བྲལ་དུས་ངོ་བོ་མ་གྲུབ་པར་མཉམ་པས་ན། འཁོར་འདས་གཉིས་མེད་རིག་པར་མཉམ་པ་ཞེས་བཤད་དེ། རྩལ་རྫོགས་ལས། འཁོར་བ་ཉིད་དང་མྱ་ངན་འདས། །གཉིས་སུ་གདགས་སུ་ག་ལ་ཡོད། །ཅེས་པ་དང་། བྱང་ཆུབ་སེམས་འགྲེལ་ལས། །འཁོར་བ་མྱ་ངན་འདས་པ་ཡི། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་པ་དང་། མངོན་རྟོགས་རྒྱན་ལས། སྲིད་དང་ཞི་བ་གཉིས་མེད་དང་། །ཞེས་སོ། །ཀུན་གཞི་དང་ཆོས་སྐུའི་ཁྱད་པར་ཤན་དབྱེ་བ་ལས། ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད། །དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་ཟློས། །ནོར་བའི་སྐྱེ་བོ་འོག་ནས་འོག་ཏུ་འགྲོ། །དེས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི། །དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་ལ་འཁྱོལ། །དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན། །རིག་པའི་རང་ངོ་མེ་ལོང་ལྟ་བུ་རྩལ་དངས་ལྟ་བུ་ལས་རོལ་བ་གཟུགས་བརྙན་
དང་འདྲ་བར་ཤར་དུས་རིག་པའི་ངོ་བོ་ཆོས་སྐུར་གནས་པའི་ངང་ལས་མ་གཡོས་པར་བྱ་བ་ནི་ཆོས་སྐུའོ། །ཀུན་གཞི་ནི་རིག་པ་ཟང་ཀར་མ་རྟོགས་པའི་རྟོག་མེད་ལུང་མ་བསྟན་ཏེ། དེའི་ངང་ལ་གནས་ན་ཁམས་གོང་མའི་ལས་སོག་པས་བསམ་གཏན་གྱི་སྒྲིབ་པའོ། །དེའི་ངང་ལས་ཀུན་གཞི་རྣམ་པ་ཤེས་པའི་ཆ་དང་། ཚོགས་དྲུག་ཡུལ་ལ་འཆར་བས་དབང་ཤེས་ཡུལ་ལ་ཕར་འཕྲོ་བ་ནི། འཁོར་བ་ཟང་ཀའི་ལས་སོག་པ་སྟེ། མདོར་ན་འཁོར་བའི་ཆོས་ཐམས་ཅད་ཀུན་གཞི་ལ་བརྟེན་པའོ། །འདིར་རྣལ་འབྱོར་པས་ཆོས་སྐུ་དང་ཀུན་གཞི་མ་ཕྱེད་ན་འཁོར་འདས་ཀྱི་རྩ་བ་མི་ཆོད་པས། ཆོས་བྱས་ཚད་འཁོར་བའི་བསྣོན་མར་འགྲོ་བ་ལས་བཟློག་པའི་ཕྱིར་བཤད་དེ། ཆོས་སྐུ་ནི་ཟང་ཀའི་རིག་པ་རྗེན་ལ་བུད་པ་སྤྲོས་བྲལ་སྟོང་གསལ་འདི་ཡིན་པས། ལས་དང་བག་ཆགས་ཀྱི་རྟེན་མ་ཡིན། ངོ་བོ་སྟོང་པས་ཆོས་སྐུ། རང་བཞིན་གསལ་བས་ལོངས་སྐུ། ཐུགས་རྗེ་འཆར་གཞི་མ་འགགས་པས་སྤྲུལ་སྐུར་གནས་པའོ། །ཀུན་གཞིའི་ངོ་བོ་རྟོག་མེད་ལུང་མ་བསྟན་གཟུགས་མེད་པའི་ཤེས་པ་དང་ཆ་འདྲ་བ་གཏི་མུག་གི་ས་པའོ། །རང་བཞིན་ཀུན་གཞིའི་རྣམ་པར་ཤེས་པའི་ཆ་དབང་ཤེས་རྣམས་ཀྱི་འཆར་གཞིར་གྱུར་པའོ། །ཐུགས་རྗེའི་དོད་དུ་ཚོགས་དྲུག་གི་ཤེས་པ་ཡུལ་ལ་འཛིན་པ་དང་བཅས་པའོ། །དེ་དག་གིས་འཁོར་བའི་ལས་དུ་མ་སོག་ཀྱང་གཙོ་བོར་ཀུན་གཞིའི་ངང་དུ་གོམས་ན་གཟུགས་མེད། ཀུན་གཞིའི་རྣམ་ཤེས་པའི་ངང་དུ་གོམས་ན་གཟུགས། ཚོགས་དྲུག་གི་ཤེས་པས་འདོད་པར་འཁྲུལ་པའི་གོ་འབྱེད་པའོ། །ད་ལྟ་ནི་ཀུན་གཞི་བསྒོམ་པ་དང་། ཀུན་གཞིའི་རྣམ་ཤེས་ཤེས་པ་དངས་ལ་མི་རྟོག་པ་ཙམ་སྒོམ་པ་དང་། ཚོགས་དྲུག་གི་ཤེས་པ་རྟོག་པ་ཤར་གྲོལ་དུ་སྐྱོང་བ་ཐམས་ཅད་ཁམས་གསུམ་ལས་མི་འདའོ། །འདིར་རིག་པ་ཟང་ཐལ་དེ་ངོས་འཛིན་པས་རྩ་བ་ཆོས་སྐུ་ཟིན། རྟོག་མེད་ཀྱི་ཞི་གནས་ལ་སྒོམ་དུ་མི་རེ་བས་ཀུན་གཞི་ལོག །དྭངས་དྭངས་པོ་བསྒོམ་པ་ལ་ལམ་མི་
བྱེད་པས་ཀུན་གཞིའི་རྣམ་ཤེས་ལོག །རྟོག་པ་ཕྱིར་ཤར་བ་ལ་ལམ་མི་བྱེད་པས་ཚོགས་དྲུག་གི་ཤེས་པ་ལོག་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་ཡེ་ཤེས་ལ་རྒྱུན་དུ་གནས་ཏེ། ངོ་བོ་གང་དུའང་མ་གྲུབ་པའི་རིག་པ་སྟོང་པར་བབས་ཀྱིས་གནས་པས་ཆོས་སྐུའི་ཡེ་ཤེས། ཟང་ཐལ་གསལ་ཆ་དང་བཅས་པས་ལོངས་སྐུའི་ཡེ་ཤེས། འཆར་གཞི་མ་འགགས་པའི་རིག་པ་ཟང་མར་རྟོགས་པས་སྤྲུལ་སྐུའི་ཡེ་ཤེས་སོ། །ནམ་ཡང་རིག་པ་ཟང་ཐལ་དུ་རྗེན་ལ་བུད་པ་དགོས་པའི་གནད་དེ་ཡིན་ནོ། །ཟང་ཀར་མ་བུད་ན་ཁམས་གསུམ་གྱི་ཤེས་པ་ལས་མི་གྲོལ་བས་འཁོར་བ་འདི་ནས་སྔ་འདྲེས་གཅིག་གིས་མི་འཕགས་སོ། །དེའི་ཕྱིར་ན་ཀུན་གཞི་དང་ཆོས་སྐུ་ཕྱེད་དགོས་ཏེ། ཀུན་གཞིའི་ངོ་བོ་བག་ཆགས་ཀྱི་སྣོད་དུ་གྱུར་པ། ངེས་ཚིག་ཀུན་གཞི་འཁོར་བའི་ཆོས་ཏེ། དེའི་གཞི་ཡིན་པས་ཀུན་གཞིའོ། །དབྱེ་ན་ལུས་ཀྱི་ཀུན་གཞི་ལུས་སུ་སྣང་བའི་ཐོག་མ་མེད་པའི་བག་ཆགས་དང་། དེ་ལས་སོ་སོའི་ལུས་ཀྱི་ཚོགས་པའི་རྟེན་དུ་གྱུར་པ་དང་། སྦྱོར་བ་དོན་གྱི་ཀུན་གཞི་ཕུང་པོ་ལ་སོགས་པ་སྲིད་པར་ཀུན་ཏུ་སྦྱོར་བའི་ལས་ཐམས་ཅད་སོག་པའི་རྟེན་མ་རིག་པ་དང་། ཡེ་དོན་གྱི་ཀུན་གཞི་ཐོག་མ་མེད་པའི་མ་རིག་པ་འཁོར་བའི་ཆོས་ལ་ཁྱབ་པར་བརྟེན་པ་སྟེ་གསུམ་མོ། །ཆོས་སྐུའི་ངོ་བོ་རིག་པ་ཟང་ཐལ་སྤྲོས་པ་དང་བྲལ་བ། ངེས་ཚིག་ཡང་དག་པའི་ཆོས་དོན་གྱི་ངོ་བོ་སྟེ། དེའི་རྟེན་བྱེད་པས་སྐུའོ། །དབྱེ་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་སྐུ་གསུམ་གྱི་ཆར་གནས་པས་གསུམ་མོ། །དེ་ཡང་ཐལ་འགྱུར་ལས། ཀུན་གཞི་དང་ནི་ཆོས་སྐུའི་གནད། །དེ་ལ་ཀུན་གཞི་རེ་ཞིག་བཤད། །ཆོས་དང་ཆོས་མིན་ཀུན་གྱི་གཞི། །ངོ་བོ་ངེས་ཚིག་དབྱེ་བར་བཅས། །ངོ་བོ་བག་ཆགས་རྣམས་ཀྱི་སྣོད། །དབྱེ་བ་ལུས་དང་སྦྱོར་བ་དང་། །སྣ་ཚོགས་པ་དང་ཡེ་གཞིའོ། །ངེས་ཚིག་ཀུན་ནི་འདུས་པ་ལས། །གཞི་ནི་ཚོགས་ཤིང་སོག་པའོ། །
ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ཏེ། །རང་གར་འཛིན་པའི་མཚན་མ་མེད། །ངོ་བོ་སྟོང་གསལ་དབྱེར་མེད་ལ། །དབྱེ་བ་ཆོས་དང་ལོངས་སྤྲུལ་སྐུ། །གསུམ་གྱིས་ཕྱེ་བས་ཁྱད་པར་འཇུག །ངེས་ཚིག་ཆོས་ནི་ཡང་དག་ལམ། །སྐུ་ནི་དེ་ལས་འགྲུབ་པའོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཉིད་ནི་བསགས་པའི་ཕྱིར། །ཆོས་ཀྱི་སྐུ་ནི་ཟག་པ་ཟད། །སྟོང་ཞིང་གསལ་ལ་གསལ་ཞིང་ཁྱབ། །བསམ་པས་མ་སྦགས་དྲན་པ་སངས། །སྤྲོས་པ་ཉིད་དང་བྲལ་བ་སྟེ། །ནམ་མཁའ་ལྟ་བུར་ཁྱབ་ཅིང་སྟོང་། །རང་དག་མཚོན་པ་ཀུན་དང་བྲལ། །རྒྱུ་དང་རྐྱེན་བཅས་ཀུན་གཞི་ལ། །བག་ཆགས་སོག་ཕྱིར་རྫིང་དང་འདྲ། །ཆོས་ཀྱི་སྐུ་ནི་བག་ཆགས་བྲལ། །ཡིད་དང་སེམས་སྩོགས་འདུས་པ་ལས། །ལུས་ཅན་ཀུན་གཞི་དུ་མར་སྣང་། །ཆོས་སྐུ་ཡིད་སོགས་བྲལ་བས་ན། དུ་མ་གཟུགས་སྣང་ལུས་མེད་པའོ། །ཞེས་སོ། །རྒྱས་པར་ནི་འོད་གསལ་རིན་པོ་ཆེའི་མཛོད་དུ་ཤེས་པར་བྱའོ། །སེམས་དང་ཡེ་ཤེས་ཀྱི་གནད་ཀྱང་། སེམས་ཀྱི་ངོ་བོ་འཁྲུལ་རྟོག་གོ །ངེས་ཚིག་ཡུལ་ལ་སེམས་པས་ན་སེམས་སོ། །དབྱེ་ན་དག་པའི་སེམས་ཐར་པར་ཕྱོགས་པ་དང་མི་རྟོག་པ། མ་དག་པའི་སེམས་འཁོར་བར་རྟོག་པའོ། །ཡེ་ཤེས་ཀྱི་ངོ་བོ་ཆོས་སྐུའི་ཆ་ལས་ཤེས་རིག་གི་ལྡོག་པ་ལ་ངོས་གཟུང་བའོ། །ངེས་ཚིག་ཡེ་ནས་དེ་ལྟར་ཆོས་སྐུ་ལ་གནས་པའི་ཤེས་པ་ཡིན་པས་ཡེ་ཤེས་སོ། །དབྱེ་ན་གཞི་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། མཚན་ཉིད་འཛིན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་སོགས་པ་ལྔ། ཡུལ་ལ་ཀུན་ཁྱབ་ཀྱི་ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་པ་གཉིས་སོ། །ཐལ་འགྱུར་ལས། སེམས་དང་ཡེ་ཤེས་གནད་ཉིད་ནི། །སེམས་ཞེས་བྱ་བ་འཁྲུལ་རྟོག་ལ། །ངོ་བོ་འཇུག་ཅིང་ཁྱབ་པ་ལ། །དྲན་བསམ་རྣམས་ཀྱི་གཞི་མའོ། །དབྱེ་བ་དག་དང་མ་དག་པའོ། །
ངེས་ཚིག་བསམ་པས་དྲན་ཡུལ་སྐྱེ། །གང་ལ་སེམས་དང་གང་གིས་སེམས། །གང་སེམས་པ་དང་གང་ཕྱིར་སེམས། །ཡེ་ཤེས་རྟོག་པ་མ་ཡིན་ཏེ། །ངོ་བོ་རང་གསལ་སྙིང་པོའི་དོན། །དབྱེ་བ་དག་ནི་གསུམ་དུ་འདོད། །ངེས་ཚིག་ཡེ་ནས་གནས་པའི་དོན། །དེ་ལྟར་ཤེས་པས་ཡེ་ཤེས་སོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། སེམས་ནི་འདུས་ཚོགས་འབྱུང་བའི་ཕྱིར། །དྲི་མ་ཉིད་དང་ཡང་སྦགས་པས། །ཀུན་གཞི་སྡུད་པའི་སེམས་ལ་སོགས། །དྲི་མའི་གྲངས་སུ་གྱུར་པས་ན། །སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དེ་བྲལ་ན་སངས་རྒྱས་ས། །ལུས་ཅན་ཀུན་གྱི་དྲི་མ་ཟད། །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །ཐུགས་ནི་བསྐྱོད་པ་ཀུན་བྲལ་བས། །བེམ་པོ་ལྟ་བུ་མ་ཡིན་ཏེ། །ཤེས་ཤིང་རིག་པ་གསལ་བྱེད་སྣང་། །རྣམ་པར་རྟོག་པ་ཀུན་བསྲེགས་ཏེ། །ཡེ་ཤེས་ཉིད་ནི་མེ་བཞིན་ཟ། །ནམ་མཁའ་ཉིད་དང་མཚུངས་པ་ཡིན། །སྟོང་གསལ་རིག་བཅས་ཉིད་ཡིན་ནོ། །དེ་ཕྱིར་ཡེ་ཤེས་སྣང་བར་སྟོན། །འབྱེད་མེད་ཐུགས་རྗེ་རང་ཤར་བས། །ཁྱབ་ཅིང་ཀུན་འགྲེལ་ཆོས་ཀུན་རྫོགས། །དྲན་པ་ཉིད་ནི་དྲན་མེད་པས། །ཡེ་ཤེས་དྲན་གཞི་ཉིད་དང་བྲལ། །ཡེ་ཤེས་ཉིད་ནི་འདི་ལྟ་སྟེ། །གཞི་གནས་དག་པའི་ཡེ་ཤེས་དང་། །མཚན་ཉིད་འཛིན་དང་ཡུལ་ཁྱབ་བོ། །ཞེས་གསུངས་སོ། །འདི་དག་གི་རིམ་པ་རྒྱས་པར་ནི་ཐེག་པའི་མཆོག་རིན་པོ་ཆེར་བསྟན་པ་བཞིན་རྟོགས་པར་བྱའོ། །དེ་ལྟར་ཀུན་གཞི་དང་ཆོས་སྐུ། སེམས་དང་ཡེ་ཤེས་ཀྱི་དབྱེ་བ་ངེས་པ་ནི། རྫོགས་པ་ཆེན་པོ་སྙིང་ཐིག་གི་ཤན་འབྱེད་ཀྱི་གནད་གལ་པོ་ཆེ་
ཡིན་པས་དབྱེ་བ་ཕྱེད་པ་ཤིན་ཏུ་གཅེས་སོ། །དེ་དག་གི་ཁོངས་ན་རྒྱུ་འབྲས་ངེས་པའི་ཤན་འབྱེད་གནས་པས་དེ་བསྟན་པ་ནི། འདི་ཡི་ངང་ལ་རྒྱུ་འབྲས་བྱ་བཙལ་མེད། །ལྟ་བ་བསྒོམ་དུ་མེད་ལ་སོགས་པ་སྟེ། །མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱལ་རྩལ་ཉིད་ལ། །རོལ་པ་སྣ་ཚོགས་སྣང་སྲིད་དགུ་འཆར་བས། །རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག །ཆོས་སྐུ་ཡེ་ཤེས་ཟང་ཐལ་གྱི་ངོ་བོ་རྗེན་པར་གནས་པས་དོན་དམ་པའི་བདེན་པའི་ངང་ལ་ལྟོས་ནས་རྒྱུ་འབྲས་དང་སྤང་བླང་དང་བྱ་བཙལ་ལ་སོགས་པ་རང་བཞིན་བཅུ་མེད་པར་བསྟན་གྱི། ཀུན་གཞི་དང་དེའི་རྩལ་ལས་རྣམ་ཤེས་དུ་མ་ཤར་ནས་སྣ་ཚོགས་སུ་སྣང་བའི་འཁོར་བའི་ཆོས་ཀུན་ཏུ་རྟོག་པ་དང་བཅས་པ་ལ་རྒྱུ་མེད་འབྲས་བུ་མེད་ལ་སོགས་པ་བརྗོད་ན། རྒྱང་འཕེན་པ་ལྟར་ཆད་པར་ལྟ་བར་འགྱུར་ཏེ། འཁོར་བ་ཀུན་རྫོབ་པའི་ཆོས་རྣམས་ནི་རྒྱུ་རྐྱེན་རྟེན་འབྲེལ་སྒྱུ་མ་ལྟ་བུའི་མཐུ་ལས་སྣང་བ་ཡིན་ནོ། །ཇི་ལྟར་སྣང་ཞེ་ན། རྟེན་འབྲེལ་རྐྱེན་བྱུང་འདུས་བྱས་གྲངས་བསམ་འདས། །འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ཉིད། །དག་པའི་ཞིང་དང་བདེ་བ་དང་། མ་དག་པའི་ཞིང་དང་སྡུག་བསྔལ་ནི། ནམ་མཁའི་དབྱིངས་དང་མཉམ་པར་ཁྱབ་པ་ཐམས་ཅད་རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་སྒྱུ་མ་ལྟ་བུ་སྟེ། ངོ་བོ་མེད་པས་སྟོང་པ་ཡིན་ཡང་། རྣམ་པ་སྣང་བ་དེ་རྟེན་འབྲེལ་གྱི་མཐུ་སྟེ། སྒྱུ་མའི་སྔགས་དང་རྫས་ལས་རྟ་གླང་དུ་སྣང་བ་བཞིན་ནོ། །འཕགས་པ་ཡོན་ཏན་རིན་པོ་ཆེ་ཡོངས་སུ་སྡུད་པའི་མདོ་ལས། ནམ་མཁའི་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་ཡས། །འཇིག་རྟེན་འདྲེན་པའི་ཤེས་རབ་དེ་ཡང་ཕ་མཐའ་ཡས། །སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་ཡས། །ཞེས་པ་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །
འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། །དགེ་བའི་ལས་ལས་བདེ་བ་རྣམས་འབྱུང་ཞིང་། །སངས་རྒྱས་ཞིང་མང་མཐའ་ཡས་མཐོང་བར་འགྱུར། །མི་དགེའི་ལས་ལས་སྡུག་བསྔལ་རྣམ་པར་འབྱུང་། །ངན་སོང་ངན་འགྲོ་འབར་བའི་གནས་རྣམས་མྱོང་། །ཞེས་སོ། །རྒྱུ་འབྲས་ལ་བཟླ་བའི་ཤན་འབྱེད་པ་ནི། གཤིས་ལ་གཞལ་ན་གང་ཡང་མ་གྲུབ་ལྟར། །ལམ་དུ་བྱེད་པས་གཤིས་ཐོག་མི་གཡོའི་དུས། །གང་ཡང་མི་དམིགས་དགོངས་པའི་དུས་ན་རྩི། །གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར། །ཆོས་སྐུ་དོན་དམ་གྱི་ཡེ་ཤེས་རང་ཐོག་ཏུ་གནས་པའི་དགོངས་པའི་རང་དུས་ན་འཁོར་འདས་དང་རྒྱུ་འབྲས་ལ་སོགས་པ་གང་དུའང་མ་གྲུབ་སྟེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་གྲུབ་བསལ་མེད་པའི་ཕྱིར་རོ། །གཤིས་དེ་ཉིད་ལ་ལས་མེད་པས་འཁོར་བ་ཆད་པ་ལྟར། དུས་ཐམས་ཅད་དུ་དེ་ལས་མ་གཡོས་པར་བྱེད་པ་ནི་རྒྱུ་འབྲས་རྫོགས་པ་ཆེན་པོར་ལ་བཟླ་བ་སྟེ། དགེ་སྡིག་རྒྱུ་འབྲས་ལས་འདས་པ་འདི་ལ་ཟེར་གྱི། གཞན་དུ་རྒྱུ་འབྲས་ལ་འཆོལ་བས་འཁོར་བ་མི་འདོད་ཀྱང་འབྱུང་སྟེ། དྲོད་གཤེར་འཛོམ་པའི་ས་བོན་ཐེབས་ནས་མྱུ་གུ་འབྱུང་བ་ལྟར། གཤིས་ལས་འཁྲུལ་ཆ་ཕྱིར་ཤོར་ན་རྣལ་འབྱོར་མ་འབྱོར་མེད་དོ། །དེས་ན་གཏན་སྲིད་མ་ཟིན་གྱི་བར་ལ་རིག་པ་རྐྱེན་ངན་གྱིས་མ་བསླུས་པ་གལ་ཆེ་བས། ཟང་ཐལ་རིག་པའི་རྩལ་སྦྱོང་མཆོག་ཏུ་གཅེས་སོ། །མུ་ཏིག་ཕྲེང་བ་ལས། འདི་ནི་རྫོགས་སངས་རྒྱས་ཀྱི་ས། །ངོ་བོ་ཉིད་ལས་མ་གཡོས་པའོ། །ཞེས་པ་དང་། རྩལ་རྫོགས་ལས། ཆོས་སྐུ་རྟོག་མེད་རང་སངས་སྒོོམ་པ་ཡིན། །དམིགས་པའི་ཡུལ་མེད་རང་གི་དོན་རྟོགས་ན། །འདུ་འབྲལ་མེད་པའི་བསམ་གཏན་ཆེན་པོ་ཡིན། །ཞེས་སོ། །དེ་དག་གིས་གོལ་སྒྲིབ་སྐྱོན་སེལ་གྱི་ཤན་འབྱེད་ཆེན་པོ་ལྔའི་ཆིངས་ཐལ་ལོ། །དེ་ལྟར་ན་གཞག་ཐབས་བཞི་དང་། ཏིང་ངེ་འཛིན་གསུམ་དང་། མདོ་ཆིངས་ཉི་ཤུ་རྩ་གཉིས་ཏེ་བསྡོམས་པས་ཆོས་
ཀྱི་རྣམ་གྲངས་ཉི་ཤུ་རྩ་དགུས་ནི་འདིའི་གལ་མདོ་ངེས་པའི་གཟེར་བུ་གསུམ་དུ་བསྟན་པས་གནད་མི་འཆུགས་པར་བྱེད་པའོ། །ད་ནི་དེ་དག་གི་དོན་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་ཆོས་ཉིད་དུ་བསྡུ་བ་ནི། ཉོན་མོངས་ལས་དང་བག་ཆགས་ཀློང་ཆེན་འདི། །རྟེན་མེད་སྒྱུ་མའི་སྤྲུལ་པའི་རྩེད་མོ་བྱེད། །འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཚལ། །དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་མེད། །དེ་ཕྱིར་ཆོས་ཉིད་དགོངས་པ་མ་གཡོས་གཅེས། །འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང་། །ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས། །འཁོར་བ་རྒྱུ་འབྲས་ཀྱི་འཁྲུལ་པ་རྨི་ལམ་དང་འདྲ་བ་འདི་ལས་ད་རེས་གྲོལ་བ་དགོས་ལ། དེ་ཡང་རྒྱུ་ལས་དང་ཉོན་མོངས་པ་རྐྱེན་ལ་ཟློས་ན་འབྲས་བུ་འཁོར་བ་མི་འབྱུང་སྟེ། ས་བོན་མེད་ན་དེའི་འབྲས་བུ་མྱུ་གུ་མི་འབྱུང་བ་བཞིན་ནོ། །འབྲས་བུ་ནི་རྒྱུའི་རྗེས་སུ་བྱེད་པའི་ཕྱིར་འཁོར་བ་ལྡོག་པ་ལ་དེའི་རྒྱུ་འགོག་པར་ཀུན་མཐུན་ཏེ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །ཞེས་འབྱུང་བ་བཞིན་ནོ། །རྒྱུ་འབྲས་ཕྱིན་ཅི་ལོག་འགོག་པའི་ཐབས་ནི་རང་བཞིན་རྫོགས་པ་ཆེན་པོ་ལས་ཟབ་པ་མེད་ལ། དེའི་ལུགས་ནི་དགོངས་པ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལས་མ་གཡོས་པར་བྱེད་པ་སྟེ། འདི་ལ་རེ་དོགས་དང་འཛིན་པའི་མཐའ་ལས་འདས་པ་ཤིན་ཏུ་གཅེས་པ་ཉིད། ཀུན་བྱེད་ལས། བདེ་བ་འདོད་པ་ཆགས་པའི་ནད་ཡིན་པས། །འདོད་པ་མེད་པས་བདེ་བ་ལེན་པར་བྱེད། །སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །ཅེས་གསུངས་སོ། །ལེའུའི་གནས་འདི་ནི་འདིའི་ཉམས་སུ་ལེན་པའི་རང་གནད་ངེས་པ་ཕྱོགས་གཅིག་ཏུ་བསྟན་པ་སྟེེ་མདོ་ཆིངས་གལ་པོ་ཆེ་ཡིན་ནོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པ་སྟེ། ལེའུ་བཅུ་པའི་འགྲེལ་པའོ།། །།
རྐྱེན་སྣང་མཁའ་མཉམ་དག་པར་བསྟན་པ་སྟེ་ལེའུ་བཅུ་གཅིག་པའི་འགྲེལ་པ།
དེ་ལྟར་དགོངས་པ་རྣལ་གཞག་ཆེན་པོར་བསྟན་པའི་གྲོགས་སུ་རྐྱེན་སྣང་རང་ཡལ་དག་པའི་གདམས་པ་གཅེས་པ་ལས། ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ཆེན་པོ་ནི། ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས་གཅིག་ལ། །གཉིས་སུ་གཟུང་བས་རྒྱུ་འབྲས་སྲིད་པར་འཁྲུལ། །འཁྲུལ་སྣང་རྟེན་མེད་སྒྱུ་མའི་སྣང་བ་ལ། །ཐུག་ཕྲད་རྗེས་མེད་རྩིས་གདབ་བྲལ་བར་སྐྱོངས། །ཡུལ་ཤེས་ཐུག་ཕྲད་དུ་འཛོམ་པ་དེར་རང་གཞག་ཟང་ཀའི་ཤེས་པ་ངོས་བཟུང་སྟེ། དེ་ཡང་སྔར་སྨོས་པ་བཞིན། ཅོག་གཞག་གམ། ཅེར་གཞག་གམ། རང་གཞག་ཏུ་བཏང་བས། རང་གྲོལ་ཆོས་སྐུའི་རང་ས་རྗེན་པར་ཟིན་ཏེ། མུ་ཏིག་ཕྲེང་བ་ལས། མི་འགྱུར་ཆོས་ཉིད་རབ་ཏུ་བརྟན། །རང་སྣང་རང་གྲོལ་རང་གི་ཡུལ། །རང་བཞིན་རང་དག་རང་གི་གདངས། །ཅོག་གཞག་ཅེར་གཞག་རང་གཞག་གོ །ཞེས་སོ། །རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར་ནི། མི་འདོད་ཐོག་ཏུ་བབ་ལ་དོར་བྱའི་སེམས། །ཁྲོ་དང་མི་དགའ་ཕྲག་དོག་འཁྲུག་དང་འཚིག །སྐྱོ་བའི་ཡིད་དབྱུང་ན་ཚ་སྡུག་བསྔལ་སེམས། །འཆི་དང་སྐྱེ་བའི་འཇིགས་ལ་སོགས་པ་སྟེ། །རྩལ་ལས་རོལ་པར་ཤར་དུས་ངོས་བཟུང་ལ། །མི་སྤོང་མི་སྦྱོང་མི་བསྒྱུར་མི་ལེན་ཞིང་། །མི་ལྟ་མི་བསྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་བསམ་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །རྗེས་མེད་རང་ཡལ་མཁའ་ཀློང་དག་པའི་སེམས། །གསལ་དངས་ངར་དང་བཅས་པ་ཁོང་ནས་འཆར། །མི་དགའ་ཞིང་སེམས་ལ་ཁྲོ་བ་དང་འཁྲུག་པ་དང་ཞེ་སྡང་ལ་སོགས་པ་ཞེན་པ་དྲག་པོ་སྐྱེ་དུས། ཉན་ཐོས་ལྟར་མི་སྤོང་། བྱང་སེམས་ལྟར་གཉེན་པོས་མི་སྦྱོང་། སྔགས་ཕྱི་ནང་ལྟར་ཡེ་ཤེས་སུ་མི་བསྒྱུར། སེམས་ཕྱོགས་ཁ་ཅིག་ལྟར་དེ་ཉིད་ལ་ཆེད་དུ་མི་ལེན། ཁ་ཅིག་ལྟར་ངོ་ལ་མི་ལྟ།
ཁ་ཅིག་ལྟར་ངང་ལ་མི་བསྒོམ་པར། དེ་དུས་ཀྱི་རིག་པ་ཟང་ཀ་དེ་རྗེན་སངས་སུ་ངོས་བཟུང་བས། མི་དགའ་བ་རང་ཡལ་ལ་སོང་ནས། རིག་པ་གསལ་བ་ཟང་ཐལ་དངས་ཆ་ཆེ་བར་འཆར་བའོ། །རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་སོ། །གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར་ནི། ཡིན་མིན་མེད་པའི་རིག་པ་ཕྱོགས་ཡན་ལ། །འདིར་གཏད་མེད་པའི་སྣང་བ་ཐུག་ཕྲད་ཀྱིས། །འདིར་གཟུང་མེད་པའི་ངང་ལ་རང་བཞག་པས། །འདིར་གྲོལ་མེད་པའི་དགག་སྒྲུབ་རྗེས་མེད་ཡལ། །འཛིན་ཞེན་མེད་པའི་ཉམས་མྱོང་ཁོང་རྡོལ་འབྱུང་། །འདི་ཉིད་ཇི་བཞིན་དགོངས་ཀློང་ཡེ་ནས་ཡངས། །ཡུལ་སྣང་ལ་དགག་སྒྲུབ་ཀྱི་ཤེས་པ་ཅི་བྱུང་ཡང་ངོ་མི་ལྟ། ངང་མི་བསྒོམ། བར་མི་བཙལ་བར། རིག་པ་ཟང་ཀ་ངོས་ཟིན་པ་ཙམ་གྱིས་ཆོས་ཉིད་དུ་གྲོལ་བ་སྟེ། དེ་ཡང་ཡེ་ནས་བཅིངས་པ་མེད་པས་གྲོལ་བར་ཐ་སྙད་བཏགས་ལ། ཟང་ཀའི་གནད་མཐོང་བས་ཟང་ཀར་གྲོལ། ཡེ་དག་གི་ངོ་བོ་མཐོང་བས་ཡེ་གྲོལ་དུ་གྲོལ། རང་གཞག་ཏུ་ཐད་སོར་བཞག་པས་རང་སར་གྲོལ། སྣང་སར་ཅེར་གྱིས་ཡལ་བས་ཅེར་གྲོལ་དུ་གྲོལ། མ་གྲོལ་བ་མེད་དེ་གཞི་མེད་དུ་རྟོགས་པས་ཡོངས་གྲོལ་དུ་གྲོལ། འཆར་དུས་གྲོལ་བར་སྐྱེས་པས་དུས་ཀྱི་སྐད་ཅིག་མར་གྲོལ་ཏེ། རྐྱེན་སྣང་ཅི་སྣང་ཅི་ཤར་ཡང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་གནོད་པ་མེད་པ་ནི་གནད་མཐོང་བས་ཆོས་ཉིད་ལས་ལྡོག་ས་མེད་པར་ལ་བཟློས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ཆོས་ཉིད་བཤད། །གནད་ཀྱིས་གྲོལ་བས་འབད་རྩོལ་ཟད། །ཡེ་ནས་གྲོལ་བས་བསྐྱར་མི་དགོས། །རང་
གྲོལ་ཡིན་པས་གཉེན་པོ་མེད། །ཅེར་གྲོལ་ཡིན་ཕྱིར་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་དག །དུས་ཀྱིས་གྲོལ་བས་གོམས་མི་དགོས། །རང་བཞིན་གྲོལ་བས་མ་བཅོས་པའོ། །ཞེས་སོ། །དགའ་ཆེན་རང་གྲོལ་གྱི་གནམ་གཟེར་བློ་དངོས་ཟང་ཐལ་དུ་བསྡམ་པ་ནི། དེ་བཞིན་འདོད་ཅིང་ཡིད་ལ་དགའ་བའི་སེམས། །ཟུང་བདེ་གཉེན་དང་གཏམ་སྙན་ལོངས་སྤྱོད་དང་། །གནས་དང་ཕྱོགས་ནི་ཡིད་དུ་འོང་བ་དེར། །རང་བཞིན་དགའ་བས་བརྒྱན་པའི་སེམས་ཤར་བ། །དེ་ཉིད་ངོས་གཟུང་རང་བབས་ཅོག་གཞག་གིས། །གདོད་མའི་དབྱིངས་སུ་མ་བཅོས་ལྷུན་གྱིས་གྲུབ། །གང་ལ་བརྟེན་ནས་དགའ་ཡལ་གྱིས་སྐྱེ་དུས་རིག་པའི་གདངས་ཡིན་པས་ཟང་ཀ་ངོས་གཟུང་བའི་བབས་ལས་མ་གཡོས་པར་བཞག་སྟེ། རིན་པོ་ཆེ་སྤུངས་པ་ལས། ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །ཞེས་སོ། །རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར་ནི། རང་བཞིན་བར་མ་འགྲོ་འདུག་གྱིན་འདར་གནས། །དགའ་དང་མི་དགའ་གཉིས་མིན་ཅི་ཤར་ཡང་། །ཤར་དུས་ངོས་གཟུང་སྤང་བླང་མ་བྱས་པས། །རང་བབས་ཆོས་ཉིད་དབྱེ་བསལ་མེད་པ་ནི། །གཏི་མུག་འོད་གསལ་ཆེན་པོར་གྲོལ་ཞེས་བྱ། །དགའ་བ་དང་མི་དགའ་བ་གཉིས་ལས་གཞན་པའི་ཤེས་པ་ཡུལ་ལ་ཡལ་ཡུལ་འཆར་ཚད་ཀྱི་དུས་སུ། འཆར་ས་དེར་མི་ལྟ་བར། འཆར་གཞི་ཟང་ཀ་དེ་ངོས་བཟུང་བས། ཕྱི་སྣང་བ་མ་སྤངས་སྣང་ཐོག་ཏུ་གྲོལ་བ་དང་། ནང་འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་དུས་མཉམ་པ་ནི། དོ་ཕུར་བཀྲོལ་བས་ཁ་ལ་དོ་གཉིས་ཕྱོགས་གཉིས་སུ་དུས་མཉམ་ལ་གྲོལ་བ་བཞིན་ནོ། །བར་མའི་ཤེས་པ་གྲོལ་བའི་ཆ་དེ་ལ་གཏི་མུག་འོད་གསལ་སྟོང་པར་གྲོལ་བ་
ཞེས་བྱའོ། །རིག་པ་རང་ངོ་རྗེན་པར་ཟིན་དུས་དེའི་རྩལ་ཐམས་ཅད་རང་དྭངས་རོལ་པར་སྣང་ངོ་ཅོག་མི་གྲོལ་བའི་ས་མེད་དེ། གཞི་མེད་ལ་བསམ་རྟོག་མ་ཞུགས་པས་རང་སར་གྲོལ་བ་ཆོས་ཉིད་ཡེ་ནས་གནས་པའོ། །མདོར་ན་བློས་བཟུང་ན་འཆིང་། ཐེངས་ན་གྲོལ། གང་དུའང་མ་གྲོལ་བ་འཆིང་གྲོལ་གྱི་མཐའ་ལས་འདས་པ་ཞེས་བྱའོ། །མུ་ཏིག་ཕྲེང་བ་ལས། ངེས་པ་མེད་པའི་འབྱུང་བ་ཡིས། །ངེས་པར་སྣང་བའི་སེམས་ཉིད་གྲོལ། །གཟུགས་སུ་སྣང་བ་ཐམས་ཅད་ནི། །རང་བཞིན་མེད་པའི་ངང་དུ་གྲོལ། །གཟུགས་མེད་རྣམས་ནི་དངོས་པོར་གྲོལ། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལས། །མེད་པ་ལ་ཡང་མེད་པས་གྲོལ། །གཅིག་ནི་གཅིག་གིས་གྲོལ་བ་ལ། །གཉིས་སུ་སྣང་བ་གཉིས་གྲོལ་བའོ། །ཞེས་སོ། །གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར་ནི། མཚན་མོ་ལ་སོགས་གཉིད་ཀྱིས་མྱོས་པ་ནའང་། །རང་བབས་སྤྲོ་བསྡུ་བྲལ་བའི་ངང་ཉལ་བས། །རགས་པར་སྣང་བ་ནུབ་པས་དེར་འཛིན་ནུབ། །ཕྲ་བ་ཆེས་ཕྲ་འཛིན་པར་བཅས་ནུབ་པས། །ཕྱམ་མཉམ་མི་རྟོག་ངང་དུ་རིག་པའི་སེམས། །འབྱུང་འཇུག་རེ་དོགས་བྲལ་བར་རང་བཞིན་གནས། །ཀུན་རྟོག་ཆོས་དབྱིངས་གྲོལ་བའི་དུས་ཡིན་པས། །འཁོར་བ་མྱང་འདས་གྲོལ་ཞེས་བརྗོད་པ་ཡིན། །གཉིད་ནི་གཏི་མུག་གི་ས་པ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ་སྟེ། རྨི་ལམ་གྱི་ལས་ཕྲ་བ་བག་ལ་ཉལ་དུ་སོགས་པས། དེ་སྦྱང་བའི་ལམ་ཁྱེར་བསྟན་ཏེ། རྨི་ལམ་གཟུང་བ། སྦྱང་བ། བསྒྱུར་བ། གཅད་པ་ལ་སོགས་པའི་སྤྲོས་པ་རྣམས་གཞན་དུ་བསྟན་ལ། འདིར་ཆོས་ཉིད་སྤྲོས་པ་མེད་པའི་གནད་གཅིག་གིས་སྦྱང་བ་ནི། སེང་གེའི་ཉལ་ལུགས་བྱས་ལ། ཤེས་པ་ཟང་ཀའི་ངོ་བོ་ལ་མ་ཡེངས་པར་གཏད་པས། གཉིད་ཀྱིས་ཕྱི་ཡུལ་ལ་རྟོག་པ་བསྡུས་ནས། ཇེ་ཕྲར་སོང་དུས་གདངས་
མ་འགགས་པ་དེ་མ་ཡེངས་པར་བྱས་དུས། རླུང་སེམས་དབུ་མར་ཚུད་ནས་གང་ལའང་མི་རྟོག་པ་དེ་དང་། ངོ་གཟུང་བའི་ཟང་ཐལ་གཉིས་འདྲེས་ཏེ། རླུང་སེམས་ཕྱིར་མི་འཕྲོ་བས་རྨི་ལམ་མེད་པར་འོད་གསལ་ཉག་གཅིག་གི་ངང་ལ་གནས་པའོ། །གོམས་དུས་ཉེ་འཁོར་གྱི་སྣང་བ་མཐོང་ཐོས་ཡོད་ལ་དེར་མི་རྟོག་པའི་གསལ་ཆ་དང་མི་རྟོག་པ་ཟུང་འཇུག་ཏུ་འགྱུར་ཏེ། རང་གནས་ཀྱི་བདེ་བ་དང་གསུམ་མཉམ་དུ་འཆར་བ་ནི། ཐལ་འགྱུར་ལས། ལུས་དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །ཞེས་པའི་དོན་ཏེ། འདི་ལ་བླ་མ་དམ་པ་ནི་ཐུགས་རྩིས་ཤིན་ཏུ་ཆེའོ། །དེའང་དང་པོ་རྨི་ལམ་མང་བ་ལས། མཐར་འགག་པ་སྟེ། རབ་ལ་བརྗེད་ངས་པ་ལས་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལས་འགག །ཐ་མ་ལ་དགེ་བར་རྨི་བ་ལས་འགག་གོ །རབ་འབྲིང་ནི་ཉལ་ཀའི་དངས་ལ་ཡིད་གཞུངས་པ་རབ་དང་འབྲིང་དང་། ཐ་མའི་བྱེད་པ་ལ་ཟེར་རོ། །རྒྱུད་དེ་ཉིད་ལས། འདི་དག་རྨི་ལམ་ཐོག་མ་མང་། །རབ་ལ་བརྗེད་ངས་ཐ་མ་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱིས་ཚད་ལ་ཕེབས། །ཞེས་སོ། །གཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། གཉིད་ཀྱང་རང་བྱུང་གདོད་མའི་ཀློང་ཆེན་ཏེ། །རྩལ་རྣམས་ངོ་བོའི་དབྱིངས་སུ་གཞི་ཐིམ་པས། །རོལ་པར་འཛིན་པས་སྤྲོས་ཀུན་ངང་གིས་ཞི། །བྱར་མེད་རང་བྱུང་ཡེ་ཤེས་དགོངས་པའོ། །ཉིན་དུས་ཤེས་པ་རྩལ་ལས་རོལ་པར་འཆར་བ་དེ་རང་བྱུང་གི་ཡེ་ཤེས་ལས་ཕྱིར་གསལ་དུ་ཕར་ཤར་བ་ཉིད། མཚན་དུས་རོལ་པའི་སྣང་ཞེན་རྩལ་ལ་ཐིམ། རྩལ་གཞི་ལ་ཐིམ་པས། དར་ཅིག་གང་དུའང་མི་རྟོག་པའི་འོད་གསལ་ལ་གནས་པ་ནི་གཉིད་རང་བྱུང་གི་ཡེ་ཤེས་ཏེ། འཁོར་བ་མྱང་འདས་སུ་གྲོལ་བའི་
དུས་ཞེས་བྱའོ། །ཀློང་དྲུག་པ་ལས། གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་འབྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་། །ཤེས་བཞིན་དཔྱོད་པའི་སེམས་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཞེས་སོ། །འདིས་གཏི་མུག་ཆོས་ཉིད་དུ་དག་པ་ཡང་། ཐལ་འགྱུར་ལས། གཉིད་ཀྱི་རྣལ་འབྱོར་སུས་བསྒོམས་པ། །འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་གསུངས་སོ། །ཉོན་མོངས་རང་སར་གྲོལ་བའི་གནམ་གཟེར་ནི། །དེ་ལྟར་འདོད་དང་མི་འདོད་བར་མའི་སེམས། །དུག་གསུམ་རྩལ་ལས་རོལ་པར་ཤར་ཏོ་ཅོག །དབྱིངས་ལས་བྱུང་ཞིང་དབྱིངས་ཀྱི་ངང་དུ་ཤར། །དབྱིངས་སུ་མ་གཏོགས་གཡོས་པ་འགའ་མེད་པས། །གཟེག་དང་བཅོས་བསྒྱུར་གང་ཡང་མི་བྱེད་པར། །དབྱིངས་ཉིད་ངོས་གཟུང་ངང་དེར་བཞག་མ་ཐག །རང་ཞི་རང་ཡལ་རང་གྲོལ་འགྲོ་བ་གནད། །འཁོར་འདས་དབྱིངས་ཀྱི་ངང་ལས་མ་གཡོས་པས་གཞི་མེད་སྟོང་པའི་རང་གཟུགས་ཙམ་སྟེ། ཉོན་མོངས་པ་ཡང་ངོ་བོ་ཡོད་མ་མྱོང་། རྟེན་པའི་ས་མེད། བྱུང་བའི་རྩ་བ་མེད་པས་རང་བཞིན་དུ་ཅོག་གཞག་གཅིག་གིས་རྒྱ་གྲོལ་ལ་འགྲོ་སྟེ། རིག་པའི་ངོ་བོ་ཟང་ཐལ་དུ་ངོས་ཟིན་དུས། ཉོན་མོངས་རྣམས་རང་ས་རང་སར་སངས་ནས་རང་གྲོལ་དུ་འགྲོ་བ་རྒྱ་མདུད་ཀྱི་ཕུར་པ་བཏོན་པས་དོ་ཐག་རང་སར་གྲོལ་བ་བཞིན་ནོ། །དེ་ལྟར་མ་ཤེས་ན་སྤངས་ཀྱང་མི་སྤོང་སྟེ་ལུས་དང་གྲིབ་མ་ལྟར་རང་འཁོར། སྦྱངས་ཀྱང་མི་སྦྱོང་སྟེ་ཤེལ་ལ་དཀར་པོ་སྦྱངས་པས་མི་སྦྱོང་བ་ལྟར་སྦྱོང་བྱེད་སྦྱང་བྱ་ལས་ཐ་མི་དད། བསྒྱུར་ཡང་མི་འགྱུར་ཏེ་གཡུ་ཁ་དོག་མི་འགྱུར་བ་ལྟར་སེམས་ཀྱིས་སེམས་མི་འགྱུར། རང་ཞིར་བཏང་བས་ཞིར་མི་བཏུབ་སྟེ་གཏོང་མཁན་རྟོག་པ་ལས་གཞན་མ་ཡིན། གཉེན་པོས་གྲོལ་དུ་མི་ནུས་ཏེ་ཆུ་དྭངས་པར་འདོད་ནས་དབྱུག་པས་
རྙོག་པ་ལྟར་གཉེན་པོ་ཉིད་སྤང་བྱ་དང་བྱེད་པ་མཚུངས། ཉོན་མོངས་པ་ཉིད་ཀྱང་ཆོས་ཉིད་མ་ཡིན་ཏེ་ཐ་མལ་བླུན་པོའི་ཤེས་པ་དང་ཁྱད་མེད་པས་འཁོར་བ་ལས་འདའ་མི་ནུས་པ་ཉིད། ཉི་ཟླ་ཁ་སྦྱོར་ལས། ཉོན་མོངས་པ་དེ་རྣམས་སྤོང་བ་ལགས་སམ། སྦྱོང་བ་ལགས་སམ། སྒྱུར་བ་ལགས་སམ། རང་ཞིར་གཏོང་བ་ལགས་སམ། དེ་དག་རེ་རེ་ལ་གཉེན་པོ་རེ་རེས་འདུལ་བ་ལགས་སམ། དེ་ཉིད་རང་ལུགས་སུ་འཇོག་པ་ལགས་སམ། དེ་ཉིད་རང་ཆོས་ཉིད་ལགས་སམ། དེ་དག་རྣམས་རང་གིས་རང་གྲོལ་བ་ལགས་སམ། སྟོན་པས་གསུང་དུ་གསོལ། དེ་ནས་རྡོ་རྗེ་འཆང་གིས་བཀའ་སྩལ་པ། ཀྱེ་མ་ཉོན་ཅིག་ཐུབ་པ་ཆེན་པོ་ཉོན། །ངས་བསྟན་པ་ཡི་ཚིག་དེ་རྣམས། །སེམས་ཅན་ཀུན་གྱི་རྒྱུད་ལ་གནས། །དེ་དག་རྣམས་ཀྱིས་འཁོར་བར་བཅིངས། །བདེ་བ་ཆེན་པོ་ཉིད་བསྒྲིབས་ན། །འདི་དག་རྣམས་ནི་སྤོང་བ་མིན། །དེ་བཞིན་ཉིད་དུ་མ་རྟོགས་ན། །རྣལ་འབྱོར་ལུས་དང་གྲིབ་མ་བཞིན། །དེ་ལས་དེ་ཉིད་རང་འབྱུང་བས། །སྤོང་བས་སྤོང་བ་མ་ཡིན་ནོ། །དེ་བཞིན་སྦྱོང་བས་ཀྱང་ནི་མིན། །སྒྱུར་བས་ཡང་ནི་མི་འགྱུར་རོ། །འགྱུར་མེད་སྙིང་པོ་མ་རྟོགས་པར། །ཤེལ་གྱི་བྲག་གམ་གཡུ་རྡོ་བཞིན། །སྦྱང་ཞིང་སྒྱུར་བར་ནུས་མ་ཡིན། །རང་བཞིན་གྱིས་ནི་གནས་དག་ཏུ། །རྣལ་འབྱོར་ལྡན་པ་ཡིས་ནི་བརྟག །དེ་བཞིན་ཞི་བ་ཉིད་ཀྱང་མིན། །མངོན་སུམ་ལྷག་མཐོང་མ་ཤེས་པར། །རི་རབ་རི་ཡི་རྒྱལ་པོ་བཞིན། །སུས་ཀྱང་གཞིག་པར་ནུས་པ་མིན། །གཉེན་པོ་ཡིས་ནི་གྲོལ་བ་མིན། །མ་བཙལ་རང་དག་མ་ཤེས་པར། །རྙོག་མ་སངས་འདོད་ཆུ་རྙོག་བཞིན། །ཕྱི་ཕྱིར་སངས་པ་མ་ཡིན་ནོ། །དེ་ཉིད་རང་ཡང་ཆོས་ཉིད་མིན། །རང་སྣང་ལྷུག་པ་མ་ཤེས་པར། །ཐ་མལ་བླུན་པོའི་སྣང་བ་བཞིན། །མངོན་ཞེན་ལྡོག་པ་མ་ཡིན་ནོ། །ཞེས་སོ། །དེ་ལ་ཐེག་པ་གཞན་གྱིས་འབད་ཀྱང་དག་པར་མི་ནུས་པ་ཉིད། འདིར་རང་རིག་ཟང་
ཐལ་དུ་རྟོགས་པའི་གནད་ལས་མ་སྤངས་དབྱིངས་སུ་དག་པ་སྟེ། དེ་ཡང་འབད་བཅས་རང་གཞག་གི་སྣང་བ་ཐོད་རྒལ་བསྒོམས་པས་གྲོལ་ལ། འབད་མེད་རང་གྲོལ་གྱི་རིག་པ་ཁྲེགས་ཆོད་ཟང་ཀར་རྟོགས་པས་གྲོལ་ལོ། །དེའང་རིག་པ་ཟང་ཀས་ཉོན་མོངས་གྲོལ་བ་མིན་ཏེ། ཉོན་མོངས་པ་དེ་ཉིད་དེ་ཉིད་ཀྱིས་གྲོལ་བ་སྦྲུལ་གྱི་མདུད་པ་ལྟ་བུའོ། །ཉོན་མོངས་ཉིད་སྐྱེ་གྲོལ་དུ་གྲོལ་བའི་གནད་ནི་རིག་པ་ཟང་ཀར་རྟོགས་པའི་ངང་མ་བརྗེད་པ་ལ་ཐུག་པས་རིག་པས་ཉོན་མོངས་གྲོལ་བ་འདྲ་མོ་ཞིག་སྣང་ཡང་དོན་ལ་དེ་ལྟར་མིན་ནོ། །ཡང་རྒྱུད་དེ་ཉིད་ལས། ཀྱེ་མ་ཐུབ་པ་ཡང་ཉོན་ཅིག །འདི་དག་བློ་རིམ་རྣམ་གཉིས་ཏེ། །འབད་བཅས་རྣམས་དང་འབད་མེད་དོ། །འབད་བཅས་རྣམས་ནི་རང་སར་གཞག །སྣང་བ་གོམས་པའི་ཚད་རྣམས་ཀྱིས། །ཡེ་ཤེས་དག་པའི་སྣང་བ་ཉིད། །ཕྱི་ནང་ཀུན་ལ་རང་ཤར་ཚེ། །རྐྱེན་དེས་སྐྱེ་བ་མ་ཡིན་ནོ། །ཇི་སྲིད་དེ་དག་སྐྱེ་འགྱུར་ཡང་། །རང་གཞག་རང་ས་ཉིད་དུ་གྲོལ། །དེ་ཕྱིར་རྣལ་འབྱོར་སྣང་བའོ། །འབད་མེད་རྣམས་ནི་འདི་ལྟ་སྟེ། །རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤེགས་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པས་དོན་རྣམས་རྙེད། །མ་བསྒོམས་པས་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་འཕྲད་པ་སྟེེ། །མཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་ཉིད་མེད་ན་ར་ཀན། །ཞེས་སོ། །བཟང་ངན་བླང་དོར་མེད་པའི་གནམ་གཟེར་ནི། །ཉོན་མོངས་ལས་དང་བག་ཆགས་ཐམས་ཅད་ཀྱང་། །རྩལ་ལས་རོལ་པར་ཤར་བའི་ཆོ་འཕྲུལ་ལ། །གཉེན་པོ་བཟང་བྱས་ཐར་པའི་ལམ་ཉིད་ཀྱང་། །རྩལ་ལས་རོལ་པར་ཤར་བའི་ཆོ་འཕྲུལ་ཏེ། །གཉིས་ཀ་རྩལ་ལས་རོལ་པར་
ཡེ་ཤར་བས། །ངོ་ཤེས་ངང་དུ་མ་བཅོས་འཇོག་པ་གནད། །བང་མཉམ་འགྲོས་མཉམ་གཞི་ནས་གཡོས་པར་མཉམ། །རྐྱེན་བྱུང་འདུས་བྱས་རྒྱུ་འབྲས་མ་འདས་པས། །རང་གཞག་ཅོག་གཞག་རྒྱུ་འབྲས་ཟློས་པ་གཅེས། །སྤང་བྱའི་ཀུན་ཏུ་རྟོག་པ་སྣ་ཚོགས་སུ་ཤར་བ་དང་། དེ་སྤོང་བྱེད་གཉེན་པོའི་བཟང་རྟོག་ཐམས་ཅད་རིག་པའི་རྩལ་ལས་རོལ་པར་ཤར་བར་མཉམ་པས་བཟང་ངན་དང་བླང་དོར་མེད་པར་རང་སོར་གཞག་པ་གཅེས་སོ། །དེའང་བཟང་རྟོག་ངན་རྟོག་གཉིས་པོ་དེ་རིག་པའི་ངང་དུ་ཤར་ནས་ཡུལ་ལ་རྟོག་པར་བང་མཉམ་པས་འགག་པ་དང་རང་ཡལ་བ་ལྟར་སྣང་བ་ལ་ཁྱད་མེད། གཉིས་པོ་དེ་ད་ལྟ་རང་སོར་རིག་པའི་ངང་ན་སྣང་བ་ལྟར་སྣང་བའི་གྲོགས་སུ་སྣང་བ་ལ་ཁྱད་མེད། དང་པོ་གཞི་ལས་གཡོས་ནས་ཕྱིར་གསལ་བར་འཆར་བའམ་སྐྱེ་བར་སྣང་བར་ཁྱད་མེད་པའི་ཕྱིར་རོ། །བཟང་རྟོག་གཉེན་པོའི་ཆ་དང་། ངན་རྟོག་སྤང་བྱའི་ཆ་གཉིས་ཀ་རང་གྲོལ་ཅོག་གཞག་ཆེན་པོས་རིག་པའི་ངང་དུ་རྒྱུ་འབྲས་ལ་ཟློས་པ་གཅེས་ཏེ། ལམ་གཉེན་པོའི་བཟང་རྟོག་ལྟ་སྒོམ་སྤྱོད་འབྲས་དང་། སྤང་བྱ་འཁྲུལ་པའི་ངན་རྟོག་ཐམས་ཅད་ལ་དང་པོའི་གཞི་རྩ་མེད་པས་བཙལ་ཡང་མཐའ་མེད། ད་ལྟ་མེད་ལ་སྣང་བས་བརྟགས་ན་མེད་ལ་མ་བརྟགས་ན་གྲངས་བསམ་བརྗོད་པ་ལས་འདས། མཐར་འགྲོ་འོང་མེད་པས་ངོ་བོ་རྙེད་མཐའ་དང་བྲལ་ལ། རྒྱུ་འབྲས་མུ་མཐའ་མེད་པས་མཐའ་ལ་ཐུག་པ་མེད་པའི་ཕྱིར། ཅོག་གཞག་དང་རང་གཞག་ཆེན་པོ་མ་གཏོགས་པ་མཐའ་ཆོད་པ་དང་ཟིན་པའི་དུས་མེད་དེ། ཁྱུང་ཆེན་ལས། གཞི་མེད་ལམ་ཞེས་འབྲས་བུ་སུ་འདོད་པ། །འདོད་ཕྱིར་ཐར་པའི་ལམ་ལ་འདི་ཡིས་སྒྲིབ། །སྟོང་མུན་བསལ་དང་ཡོད་དང་མེད་པ་ཉིད། །རྟག་ཆད་རྒྱུ་འབྲས་བཞི་སྟེ་བརྒྱད་རྣམས་ལ། །མཐའ་མེད་ནམ་མཁའི་དབྱིངས་དང་མཚུངས་པ་ཉིད། །མུ་མཐའ་འཚོལ་བར་འདོད་པ་གང་ཡིན་པ། །བྱ་ལོང་ནམ་མཁའི་མཐའ་
འཚོལ་འདྲ་སྟེ་རྙེད་པ་མིན། །མི་རྙེད་དོན་དེ་ཉིད་ལ་སུས་ཀྱང་བཅོས་མི་སྲིད། །ཤེས་བྱ་སྤྲོས་མེད་འདི་ལ་མཐའ་མ་མི་སྲིད་དོ། །ཞེས་སོ། །ཐེག་པ་རྒྱལ་པོའི་གདུང་རབས་འཛིན་པ་དང་བློ་དམན་ལ་གསང་བའི་གནམ་གཟེར་བསྟན་པ་ནི། འདི་ནི་མཆོག་གསང་ཐེག་པའི་ཡང་རྩེ་སྟེ། །བློ་དམན་རྣམས་ལ་མི་སྨྲ་ཤིན་ཏུ་གསང་། །སྒྲོ་སྐུར་དབང་གིས་སྙིང་པོའི་བསྟན་པ་འཆལ། །སྒྲོ་འདེབས་ཉིད་དང་དགོངས་པ་ལོག་པར་ཞུགས། །གསང་སྒོ་འཆོལ་རྣམས་མཐའ་མེད་ངན་འགྲོར་ལྟུང་། །དེ་བས་རབ་གསང་ཐེག་པ་རྒྱལ་པོའི་གདུང་། །སྐལ་བཟང་དམ་པ་རྣམས་ལ་བསྟན་ཞིང་གཏད། །ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་འདི་སྐལ་མེད་ལ་གསང་། སྐལ་ལྡན་ལ་བསྟན། སྐལ་བཟང་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་པ་ལ། སྐལ་མེད་ལ། ངོ་བོ། དབྱེ་བ། གསང་ཚུལ། མ་གསང་བའི་སྐྱོན། གསང་བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ་ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ལས་འབྲེལ་མེད་པའི་སྐྱེ་བོ་ཕལ་པ་རྣམས་དང་། བློ་ཆུང་བས་སྐྲག་ཅིང་སྔངས་པ་ཐེག་པ་ཐུན་མོང་ལ་ཞུགས་པ་རྣམས་དང་། གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པའི་གསང་སྒོ་འཆོལ་བའི་གང་ཟག་རྣམས་ཏེ་གསུམ་མོ། །དེ་ལས་གསང་སྒོ་འཆོལ་བའི་རིགས་ཅན་ལ་གསང་ཆེན་འདིའི་དོན་གསང་བར་གདམས་ཏེ། ཕ་རོལ་སྣོད་མེད་བློ་ཆུང་རྣམས་རྒྱུ་དེས་ཆོས་ལ་སྐུར་བ་བཏབ་པས་ངན་འགྲོ་མུ་མཐའ་མེད་པར་སྐྱེ་བའི་ལས་ལ་སྦྱོར་ཏེ། ལས་དེ་མཚམས་མེད་ལྔ་བས་ཤིན་ཏུ་ལྕི་བའི་ཕྱིར་རོ། །རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདེ་གཤེགས་ངན་སེམས་ལྡན་བྱེད་དང་། །ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་རྟག་ཏུ་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོ། །གསང་སྒོ་འཆོལ་བར་
བྱེད་པ་དེ་ཉིད་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བ་མནར་མེད་པར་སྐྱེས་ནས། ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་ཞིང་རྨོ་བར་བྱེད་པའི་ཉེས་པ་ཡོད་དེ། སེང་གེ་རྩལ་རྫོགས་ལས། གསང་བ་འཆོལ་བར་བྱེད་པ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསང་། །ཞེས་སོ། །གསང་ཚུལ་ལ་གསང་བའི་ཡུལ་སྤྱིར་བསྟན། གསང་དོན་སྐྱོན་མེད་དུ་བརྗོད། གསང་ཚུལ་དངོས་བཤད་པ་ལ་གསུམ་ལས། ཡུལ་ནི་རྒྱུད་དེ་ཉིད་ལས། མ་རྟོགས་པ་ཡི་ཕྱོགས་རྣམས་དང་། །སྐྱེ་བོ་ཀུན་ལ་རབ་ཏུ་གསང་། །གསང་ཕྱིར་གདམས་ངག་སྣ་ཚོགས་གསུངས། །ཞེས་སོ། །ཁ་ཅིག་ན་རེ་གོ་བ་མེད་པ་ལ་ཡེ་གསང་ཐབས་ཀྱིས་ཆོད་ནས་མ་དད་པ་མེད་ན་གསང་སྒྲོགས་སུ་མི་འགྱུར་ཏེ། བྱ་ལ་སོགས་པ་བཞིན་ཟེར་བའང་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། བཀའ་ལུང་དང་འགལ་བ་དང་། གསང་དགོས་པའི་རིག་པ་ཡང་ཆོས་དེ་དུས་ལ་མ་བབས་ན་སྐལ་ལྡན་ཡིན་ཡང་གསང་དགོས་ཏེ། དགེ་སློང་བྱེད་འདོད་པའི་དགེ་ཚུལ་ལ་སོགས་པ་ཀུན་ལ་སོ་སོར་ཐར་པའི་མདོ་དང་ཆོ་ག་ལག་ལེན་གསང་བ་བཞིན་ནོ། །ཕལ་པ་ལ་དེ་བས་ཀྱང་གསང་དགོས་ཏེ་ཆོས་དེའི་ཆེ་བ་དང་བྱིན་རླབས་ཉམས་ཤིང་བཀའ་ཆད་འབྱུང་དུ་འོང་བའི་ཕྱིར་རོ། །གསང་དོན་སྐྱོན་མེད་དུ་བརྗོད་པ་ནི། རྩལ་རྫོགས་ལས། གསང་སྔགས་ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །སྣོད་མ་ཡིན་དང་བློ་རྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསང་། །ཞེས་པས། ཆོས་ངན་ནས་གསང་བ་མ་ཡིན། གཞན་གྱི་ལས་སོག་པ་སྤང་བ་དང་། ཆོས་ཀྱི་ཆེ་བ་ཉམས་པ་སྤང་བའི་ཕྱིར་གསང་བས་སྐྱོན་མེད་དེ། གཞན་ལས་ཀྱང་། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང་། །
ཞེས་འབྱུང་ངོ་། །གསང་ཚུལ་དངོས་ནི་སྔར་བསྟན་པའི་ཡུལ་སྐྱེ་བོ་ཕལ་པ་དང་། བློ་ཆུང་དང་། གསང་སྒྲོགས་པ་གསུམ་གྱི་རིགས་ལ། ཆོས་འདིའི་མིང་དང་། ཡི་གེ་དང་། གནད་དང་། གྲུབ་མཐའི་ཚིག་ཟུར་ཙམ་ཡང་མི་བརྗོད། དུས་ལ་མ་བབས་པ་དང་། ཡུལ་ཕྱོགས་མི་མོས་པ་མཐའ་འཁོབ་དང་འདྲ་བ་རྣམས་སུའང་ཆོས་དེ་ཤེས་པ་དང་ཡོད་པ་དང་ཞུས་པ་སྐད་ཀྱང་མི་བརྗོད། རྒྱ་ལ་རྒྱུས་ཡོད་པ་དག་གིས་འདྲི་ནའང་མ་ངེས་སོ་ཞེས་བྱ་བ་དང་། ཉམས་སུ་མ་བླངས་པས་ཆ་མེད་དོ་ཞེས་གསང་བར་གདམས་ཏེ། རྩལ་རྫོགས་ལས། དེ་ཕྱིར་ངེས་པའི་དོན་འདི་གསང་། །རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ། །ཞེས་སོ། །འདི་ནས་ཡང་དང་ཡང་དུ་གསང་བར་བསྟན་པས། སྙིང་ཐིག་གི་དཔེ་དང་ལུས་གནད་ལ་སོགས་པ་མ་མཐོང་བར་བྱ་བ་ནི་དམ་ཚིག་ཆེན་པོའོ། །ཁྱད་པར་དུ་གཞན་བཀའ་མ་ཐོབ་པར་འདིའི་ཆོས་བཤད་པ་ལ་སོགས་པ་རྡོ་རྗེའི་ལྕེ་ཡོད་ཀྱང་མི་རུང་སྟེ། རྒྱུད་དེ་ཉིད་ལས། གསང་སྔགས་རྫོགས་ཆེན་ཨ་ཏིའི་དོན། །འོག་མ་རྣམས་ལ་སྨྲ་མི་བྱ། །རྡོ་རྗེ་སློབ་དཔོན་དཔའ་བོ་ཡི། །ལུང་ཉིད་མ་ཐོབ་བར་དུ་ཡང་། །རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང་། །གསང་བ་གཞན་ལ་བསྟན་མི་བྱ། །འོག་མའི་རིགས་དང་དབང་མ་ཐོབ། །ལས་འཕྲོ་ངན་པར་གྱུར་པ་ཡང་། །གསང་བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །ཞེས་སོ། །མ་གསང་བའི་སྐྱོན་ནི་སྒྲོ་སྐུར་གྱི་རྒྱུར་སོང་ནས་རང་གཞན་ངན་སོང་དུ་འགྲོ་བ་དང་། སྙིང་པོའི་བསྟན་པ་ནུབ་པ་དང་། བཀའ་སྲུང་རྣམས་ཀྱི་ཆད་པ་འབྱུང་བ་དང་། ཡིད་ལ་བསམ་པ་མི་འགྲུབ་པ་ལ་སོགས་ཏེ། རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏིའི་གསང་ཆེན་འདི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་ཤིང་མེ་གཙུབས་ན། །གཙུབ་ཤིང་ཉིད་ཀྱང་ཚིག་པར་འགྱུར། །གཞན་ཡང་མཚན་མར་གྱུར་པ་བསྲེག །གསང་སྔགས་ངེས་དོན་མེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་
པས། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང་། །ཞེས་པ་དང་། ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང་། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་བསྣུབ། །ཅེས་སོ། །སྐལ་བ་མེད་པའི་རང་བཞིན་ཡང་རྒྱུད་དེ་ཉིད་ལས། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པ་མི་བཀུར་ཡིད་ཐུང་བཟློག །འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང་། །སྒྲོ་སྐུར་བདག་གཞན་གནོད་སེམས་བསྒོམ་པ་སྟེ། །འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། །ཞེས་པ་དང་། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་གསུངས་སོ། །གསང་བའི་ཡོན་ཏན་ནི། རང་གཞན་གྱི་ལེགས་པ་འགྲུབ་པ་དང་བསྟན་པ་ཡུན་རིང་དུ་གནས་པའོ། །སྐལ་ལྡན་ལ་བསྟན་པ་ལའང་། མཚན་ཉིད་དང་། བརྟག་ཚུལ་གཉིས་ལས། སྐལ་ལྡན་ཡིན་པའི་མཚན་ཉིད་ནི། ནོར་བུ་ཕྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་བསྟན་པར་མི་བྱ་སྟེ། །གསང་བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་རིམ་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ཐུབ་པར་བྱེད། །
གསང་བའི་དོན་ལ་འགྲུས་པ་དང་། །ཤེས་རབ་བློ་རྩལ་ཆེ་བ་དང་། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །ཞེས་པ་དང་། རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང་། ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཞེས་པ་དང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་བསྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་འཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་པར་སྤྱོད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་པ་དང་། ཀུན་བྱེད་ལས། དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡིད་རིང་སྐྱོ་དང་ཡིད་བཟློག་མེད། །ལུས་དང་བུ་དང་ཆུང་མ་བྲན་དང་ནོར། །གང་ལའང་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་དད་དང་དམ་ཚིག་རྟགས་ཡིན་པས། །སྙིང་པོའི་དོན་དང་ལྡན་པ་སྦྱིན་པར་བྱ། །དྲེགས་པ་སྤང་ཞིང་ང་རྒྱལ་བྲལ་བ་དང་། །སྙིང་པོའི་དོན་ཕྱིར་ལུས་སྲོག་ཕངས་པ་མེད། །བཀའ་ལས་མི་འདའ་རྟགས་དང་ལྡན་པ་ལ། །སྙིང་པོའི་དོན་ལྡན་སྐྱེ་མེད་བསྟན་པ་སྦྱིན། །ཞེས་སོ། །བརྟག་པ་ནི། ཆོས་ཞུ་བའི་སྔོན་དུ་སྣོད་དང་ལྡན་ནམ་མི་ལྡན་བརྟགས་པ་སྟེ། བྱ་དཀའ་བའི་ལས་བཅོལ་
བའམ། སྙིང་ལ་ཕོག་པའི་ཚིག་གིས་གཤེ་བའམ། སྤྱོད་ལམ་འགལ་དུས་མི་དད་པ་བརྟགས་པའམ། ནོར་འདི་དང་འདི་འདོད་ཅེས་གཏོང་ཕོད་བརྟགས་པས། སྣོད་མེད་ཡིན་ན་དད་པ་ལོག་པའམ་ཡོ་བྱད་ལ་ཕངས་པས་ཕྱིར་བཟློག་སྟེ། དེ་ལྟ་བུ་ལ་ནི་ཕན་ཐོགས་པ་དང་དམ་ཚིག་ཐུབ་པ་མི་སྲིད་པས་མ་འབྲེལ་བ་ལེགས་པར་ཤེས་པར་བྱའོ། །དེ་ལྟར་མ་ཡིན་པར་དད་པ་དང་གཏོང་ཕོད་ལ་གནས་ན་སྐྱེ་བ་སྔ་མ་ནས་ལས་འབྲེལ་ཡོད་པའི་རྟགས་ཡིན་པས། ནོར་ལ་སོགས་པ་དགོས་པ་མེད་ཀྱང་ཚོགས་རྫོགས་པའི་ཕྱིར་བླངས་པས་དཔོན་སློབ་རྟེན་འབྲེལ་མི་འཆུགས་པའི་དགོས་པ་ཡོད་དེ། ཀུན་བྱེད་ལས། འཇིག་རྟེན་ཞེན་དང་བྲལ་ཞིང་རྒྱུད་བརྟག་ཕྱིར། །ལུས་དང་ལོངས་སྤྱོད་བླ་མས་ཀུན་བླངས་ལ། །ནུས་དང་མི་ནུས་ཁྱད་པར་རྟགས་ལྡན་པས། །སྙིང་པོའི་དོན་ལྡན་ཀུན་བྱེད་རྒྱལ་པོ་སྦྱིན། །ཞེས་པ་དང་། གལ་ཏེ་བདག་ལ་དགོས་པར་མ་གྱུར་ཀྱང་། །དམ་པས་བླངས་ཏེ་དཀོན་མཆོག་གསུམ་ལ་དབུལ། །ཞེས་སོ། །སྐལ་བཟང་ལ་གཏད་པ་ལ། གཏོད་བྱེད་སློབ་དཔོན་གྱི་མཚན་ཉིད་དང་། ལེན་མཁན་སློབ་མའི་མཚན་ཉིད་དོ། །སློབ་དཔོན་ནི་མཁས་ཤིང་ཐུགས་རྗེ་དང་ལྡན་པ། གྲོལ་ཞིང་བྱིན་རླབས་དང་ལྡན་པ། གོམས་ཤིང་རྟགས་ཚད་དང་ལྡན་པ། འབྲེལ་ཚད་དོན་དང་ལྡན་ཞིང་བསྟན་པའི་ཁུར་ཆེན་བསྣམས་པ་སྟེ། རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་གཡེང་བ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་ཐབས་ཐམས་ཅད་ཕྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་
འཆང་ཆེན་གྱིས། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་བཞིན། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་སོ། །བཅོས་མ་གཟུགས་བརྙན་གྱི་སློབ་དཔོན་ནི། རང་ཤར་ལས། སློབ་དཔོན་མཁས་པའི་གསུང་འཛིན་པར། །མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་འཆལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་པས་སྤང་བར་གདམས་སོ། །ལེན་མཁན་སློབ་མའི་མཚན་ཉིད་ནི། བསྟན་པ་འཛིན་ནུས་པའི་རྟགས་ཡོད་པ་སྟེ། དེ་ལ་སྙིང་པོའི་ཡང་རྩེ་འདི་གཏད་པར་བྱས་པས། བསྟན་པ་ཡུན་རིང་དུ་གནས་ཤིང་། སྐྱེ་དགུ་དཔག་ཏུ་མེད་པ་བྱང་ཆུབ་ཀྱི་ལམ་དུ་འདྲེན་པའི་སྲོལ་མི་ཉམས་པར་བྱེད་པ་སྟེ། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཁྱད་པར་ཅད་ལས་གྲུབ་པ་ཡིན་ནོ། །དེ་ཡང་ཐལ་འགྱུར་ལས། ལྟ་བ་སྒོམ་པ་འཛིན་པ་ནི། །དད་པ་རབ་དང་བརྩོན་འགྲུས་ལྡན། །གཏོང་བར་ནུས་ཤིང་བླ་མར་གུས། །བརྟུལ་ཞུགས་ལྡན་ལ་སྡིག་ལ་འཛེམ། །འགྱུར་མེད་རབ་ཏུ་བརྟན་པོས་འཛིན། །ཡང་ན་ངང་རིང་ཤུགས་དལ་བ། །ལྷུག་པ་གླེན་པའི་ལྷོད་ཡོད་པ། །རྟོག་པ་ཆུང་ཞིང་རང་བཞིན་དལ། །ལུས་ངག་བྱ་བ་བྲལ་བ་དང་། །ཤེས་རབ་ལྡན་པས་འཛིན་པར་འགྱུར། །ཞེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཡན་ལག་རགས་ཤིང་ཁ་དོག་ནག །སོ་ཉིད་ཐགས་བཟང་དཀར་ལ་འདྲིལ། །མིག་རྩ་ཡིད་ཙམ་དམར་བ་དང་། །སྐྲ་ཡི་མཚན་ཉིད་ཆེན་པོ་ཡང་། །གཡས་སུ་འཁྱིལ་ཞིང་ཁམ་ནག་མདོག །ལུས་ལ་བཀུར་སྟི་ཆུང་བ་དང་། །ཕྱི་ཡི་སྤྱོད་ལམ་ཐ་མལ་མདོག །ཚིག་
རྣམས་ཤུགས་འབྱུང་སྨྲ་བ་དང་། །ཡང་ན་ཚིག་གི་རྣམ་པ་ཀུན། །གཅིག་གིས་གང་ལྟར་སྨྲས་པ་ལྟར། །སྐྱེས་བུ་དེ་ཡང་དེ་ལྟར་སྨྲ། །རྫོགས་ཆེན་གདམས་ངག་བསྟན་པར་གསུངས། །དེ་རྣམས་གཅིག་ལ་ཚང་བ་ན། །ཤན་པའི་རིགས་སམ་སྨད་འཚོང་རིགས། །ཕྱག་དར་ཁྲོད་པའི་རིགས་ཀྱང་རུང་། །རིགས་ངན་གང་དག་སུ་ཡིན་ཀྱང་། །གསང་བའི་མན་ངག་བཅུད་འདི་གཏད། །ཅེས་གསུངས་སོ། །ད་ནི་མན་ངག་ངེས་པའི་དོན་ཆོས་ཉིད་ཅོག་གཞག་ཆེན་པོར་བསྡུ་བའི་གནམ་གཟེར་ནི། མདོར་ན་གང་སྣང་ཡུལ་སེམས་རྐྱེན་རྣམས་ལ། །གཉེན་པོ་མི་འཇུག་རྩོལ་བས་མ་སྤངས་པར། །རང་གཞག་ཅོག་གཞག་རང་བབས་རིག་པའི་གནད། །རྐྱེན་སྣང་རང་སར་གྲོལ་བ་རང་བབས་ཅོག་གཞག་རིག་པ་རྗེན་པའི་གནད་ལས་བྱུང་བ་སྟེ། ཐ་མལ་པ་འཆིང་བ་རྣལ་འབྱོར་པའི་གྲོལ་ལམ་དུ་ཤར་བ་ནི་འདིའི་ཁྱད་པར་གྱི་ཆོས་སུ་གཞི་ནས་ཤར་ཏེ། ཁྱུང་ཆེན་ལས། སྒྲིབ་བྲལ་ཅོག་གཞག་བསླད་པ་མེད་པའི་ལམ། །མཐོང་མེད་མཚུངས་པ་མེད་ཅིང་ཡེ་ཤེས་ཀུན་གྱི་དངོས། །འཁྲུལ་པ་ཡུལ་ལ་གཟུང་བའི་ལྟོས་བྲལ་ཉིད། །རང་བཞིན་ཡུལ་ལ་འགག་མེད་སྙིང་པོའི་རྗེས། །སྟོང་ཡུལ་མ་དཔྱད་རང་སར་བཞག་སྟེ་གྲོལ། །ཞེས་པ་དང་། གང་གིས་མ་བསླད་རང་རིག་གྲོལ་བའི་གནད། །ལུས་དང་སེམས་དང་ཉོན་མོངས་རང་གི་ཆོས། །མི་ཤེས་བྱིས་པ་རྣམས་ཀྱི་རྒྱར་སྣང་ཡང་། །རང་གཞག་མ་བཅོས་རྣལ་མའི་རང་རིག་པ། །ཡེ་ནས་རང་གྲོལ་སུས་ཀྱང་བཤིག་པ་མེད། །མ་བཀྲོལ་རང་སར་གྲོལ་བས་འབད་ཅི་དགོས། །ཡེ་ནས་རང་གྲོལ་གྲོལ་བའི་རྒྱུ་མེད་ཉིད། །སྡིག་སྤྱོད་མི་དགེ་རྣམ་སྨིན་བདེ་བའི་གྲོགས་ཆེ་བས། །རང་ཤུགས་མ་བཙལ་འབད་པ་མེད་པའི་གནད། །འདི་ཉིད་རྟེན་བྲལ་དགེ་བས་སུ་ལ་ཕན། །སངས་རྒྱས་མེད་ཅིང་སུ་ཡིས་བཅིངས་པའི་རྒྱ། །འཁྲུལ་དང་མ་རིག་སེམས་ཅན་སུ་ལ་སྲིད་མིང་མེད། །དེ་ཕྱིར་ཡེ་ནས་མ་བཀྲོལ་ཕྱིས་གྲོལ་མེད་པའོ། །ཞེས་སོ། །དོན་འདི་ཉིད་ཆོས་ཉིད་ཀྱི་བདེན་པ་ལ་གོམས་པས་སེམས་ལ་ལྟད་མོར་ཆེ་བ་ཞེས་བྱ་སྟེ། ཀློང་དྲུག་པ་ལས། བདེན་
བསྒོམ་རྣལ་འབྱོར་སྐལ་ལྡན་པ། །སུས་མ་རྙེད་པའི་ནོར་བུ་རྙེད། །འདི་ལ་རིན་ཐང་དཔག་ཏུ་མེད། །དཔག་མེད་ནོར་དང་འཕྲད་པའི་མིས། །སུས་མ་མཐོང་བའི་སྣང་བ་མཐོང་། །འདི་ཉིད་རང་རིག་ལྟད་རེ་ཆེ། །དེ་ལྟར་སེམས་ལ་ལྟད་ཆེ་བ། །ཆོས་ཅན་དུམ་བུར་ཕྱགས་མས་བཏབ། །ཆོས་ཅན་དུམ་བུར་སུས་ཆོད་པ། །འདིས་ནི་རང་རིག་སྤར་གྱིས་ཟིན། །འདི་ལྟར་ཟིན་པའི་སྐྱེས་བུ་ནི། །སངས་རྒྱས་པས་ཀྱང་སྔར་སངས་རྒྱས། །བདེ་བ་ཡི་ནི་དཀྱིལ་འཁོར་ལ། །སུ་ཡིས་བལྟ་བར་ནུས་པ་དེ། །རིག་སྔགས་ཀུན་གྱི་གཙོ་བོར་འགྱུར། །ཞེས་སོ། །ཆོས་ཅན་དུམ་བུ་ནི་གང་ཤར་ཅིར་སྣང་རེང་བུའོ། །ཕྱགས་མས་བཏབ་པ་ནི་རང་གསལ་རྟོག་པའོ། །བདེ་སྡུག་རོ་མཉམ་དུ་བསྲེ་བའི་གནམ་གཟེར་ནི། བདེ་སྡུག་ཐམས་ཅད་རིག་པའི་འཆར་ཚུལ་ལ། བླང་དོར་གཉིས་སུ་གཟུང་བས་སྲིད་པར་འཆིངས། །ཆུ་གཅིག་ལས་ཤར་བའི་དབའ་རླབས་གཉིས་ལ་བླང་དོར་དུ་འཛིན་ན་མི་རིགས་པ་ལྟར། རིག་པ་གཅིག་ལས་ཤར་བའི་ཤེས་པ་ལ་བདེ་བ་བླང་བྱར་འཛིན་པ་དང་། སྡུག་བསྔལ་དོར་བྱར་འཛིན་པ་མི་རིགས་ཏེ། ཆགས་སྡང་འཁོར་བའི་རྒྱུར་མཚུངས་པའི་ཕྱིར་རོ། །དབང་རྣམ་པར་ཕྱེ་བ་ལས། བདེ་སྡུག་ཐམས་ཅད་རིག་པའི་ཆོ་འཕྲུལ་ལ། །སྤང་བླང་གཉིས་སུ་འཛིན་པ་ཡང་རེ་འཁྲུལ། །ཞེས་པ་དང་། ཀུན་བྱེད་ལས། བདེ་བ་མ་ལེན་སྡུག་བསྔལ་མ་སྤངས་ཞེས་སོ། །ཅིའི་ཕྱིར་ཞེ་ན། གང་སྣང་ཡུལ་མཉམ་དབང་པོའི་ངོར་གསལ་ཙམ། །གང་ཤར་སེམས་མཉམ་དྲན་རིག་རྗེས་མེད་ཙམ། །གཉིས་ཀ་འཕྲལ་མཉམ་དགག་སྒྲུབ་འཆིང་བ་ཙམ། །དོན་ལ་ཕུག་མཉམ་གཞི་མེད་སྣང་བ་ཙམ། །ཡུལ་རྣམས་རིས་མཉམ་གཞིགས་ན་རྗེས་མེད་ཙམ། །བློ་རྣམས་ངོར་མཉམ་དཔྱད་ན་ནམ་མཁའ་ཙམ། །ཡུལ་སེམས་གཉིས་མེད་བར་སྣང་དག་པ་ཙམ། །དེ་ལྟར་སུས་ཤེས་ཀུན་ཏུ་བཟང་པོའི་གདུང་། །རྒྱལ་བའི་སྲས་མཆོག་ས་རབ་རིག་པ་འཛིན། །འདི་ལྟར་རིག་པ་གཅིག་གི་རྩལ་ལས་ཤར་བའི་ཤེས་པ་བདེ་སྡུག་དང་། བཟང་ངན་དང་། རྟོགས་མི་རྟོགས་ལ་སོགས་པ་ཐམས་ཅད་ཆོས་
ཉིད་ཀྱི་རིག་པས་མཉམ་པ་ཉིད་དུ་གནས་ཏེ། དེ་ཡང་ཡུལ་ལ་ཤར་ནས་དབང་ཤེས་རང་གསལ་དུ་མཉམ་པ་དང་། ཤར་བ་ཉིད་ཀྱིས་ཡལ་བར་སྐྱེས་པ་ཆུའི་རི་མོ་ལྟར་མཉམ་པ་དང་། ཡུལ་ཕྱིར་འབྲངས་པས་ཡེངས་ལ་སེམས་འཆིང་བས་གསེར་ཐག་དང་གྲེས་ཐག་ལྟར་འཕྲལ་དུ་འཆིང་བར་མཉམ་པ་དང་། དོན་ལ་གཞི་མེད་རྩ་བ་དང་བྲལ་བས་ཐམས་ཅད་མ་གྲུབ་པར་ཕུགས་མཉམ་པ་དང་། རྗེས་མེད་རང་ཡལ་ལ་འགྲོ་བས་རང་གྲོལ་དུ་ངོ་བོ་མཉམ་པ་དང་། དོན་ལ་ཡོད་མ་མྱོང་བས་གཤིས་མཉམ་པ་དང་། འཆར་གཞི་རིག་པར་གཅིག་པས་རང་བྱུང་གི་ཡེ་ཤེས་སུ་རོལ་པར་མཉམ་པ་དང་། ཡུལ་དང་སེམས་གཉིས་མེད་པ་གསལ་སྣང་དུ་རིས་མཉམ་པས། ཡུལ་ཕྱིར་མ་གྲུབ། སེམས་ནང་དུ་མ་གྲུབ་སྟེ། ནམ་མཁའི་རང་བཞིན་དུ་རྟོགས་པ་དེ་ནི་ཀུན་ཏུ་བཟང་པོའི་གདུང་འཛིན་པས་སྐལ་བཟང་རིག་པ་འཛིན་པ་སྙིང་པོའི་ས་ལ་གནས་པ་ཞེས་བྱའོ། །དེ་ཡང་གནད་མཐོང་ནས་རང་རིག་པ་བདེ་བའི་ཞིང་ལ་སྤྱོད་པའི་ཕྱིར་ཏེ། གསང་སྙིང་ལས། དེ་ལྟར་རིགས་མཆོག་འཛིན་པ་སྟེ། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །ས་རབ་རིག་པ་འཛིན་ལ་གནས། །ཞེས་པ་དང་། ཀློང་དྲུག་པ་ལས། རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང་། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་བདེ་བའི་ཞིང་། །འདི་ལ་གོམས་པའི་རྣལ་འབྱོར་པས། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང་། །རང་རིག་སྐལ་མཉམ་སྟོང་ཉིད་གྲོལ། །འདི་ལ་གོམས་པའི་སྐལ་ཆེ་བས། །རྟོག་པ་མེད་པའི་སྐུ་བཟུང་སྟེ། །ང་ཡི་ཐུགས་རྗེའི་འོད་བཟུང་ནས། །འདི་དང་ང་ཉིད་སྐལ་བ་མཉམ། །ང་ཡི་དཀྱིལ་དང་འཁོར་ཡང་ཡིན། །ནོར་བུ་རིན་ཆེན་འོད་འབར་བའི། །སངས་རྒྱས་རྣམས་ཀྱི་གསང་ཆེན་འདི། །སུས་ཀྱང་མཐོང་མེད་ང་ཡིས་བསྟན། །ང་ནི་
ཀུན་བཟང་རྟོག་མེད་ལ། །ཐུགས་རྗེའི་སྣང་ཐབས་མ་འགགས་པས། །སེམས་ཅན་རྣམས་ཀྱི་རེ་གནས་སོ། །མ་བཙལ་གཞག་པའི་རིན་པོ་ཆེ། །ཀུན་གྱི་སྤྱོད་ཡུལ་མིན་པས་ན། །འདི་ཉིད་རྟོགས་པའི་རྣལ་འབྱོར་པས། །རྟོགས་པའི་ནང་ནས་རྒྱལ་བའི་སྐུ། །དབང་ཕྱུག་ཡིད་ཀྱིས་གུས་ཕྱག་འཚལ། །ཀུན་ཏུ་བཟང་པོ་ང་ཡི་སེམས། །སུ་ཡིས་རིག་ཅིང་རྟོགས་པ་དེ། །སངས་རྒྱས་སྟོང་དང་སྐལ་བ་མཉམ། །སྐལ་ལྡན་སྐྱེས་བུ་བློ་རྩལ་ཅན། །མི་གཡོ་མཉམ་གཞག་རྗེས་སུ་འཛིན། །དཀྱིལ་འཁོར་འདུས་པའི་མངའ་བདག་གོ །འདི་ལྟར་སུ་ཡིས་རིག་ཅིང་ཤེས། །མ་བཙལ་བཞག་པའི་དོན་དང་འཕྲད། །ཅེས་སོ། །ད་ནི་ཀུན་མཉམ་ཡངས་པ་ཆེན་པོའི་གནམ་གཟེར་རང་བབས་ཆོས་ཉིད་དག་པར་གདབ་པ་ནི། འདི་ལྟར་ཆོས་རྣམས་ཡོད་མཉམ་མེད་མཉམ་ལ། །སྣང་མཉམ་སྟོང་མཉམ་བདེན་མཉམ་རྫུན་མཉམ་པས། །སྤང་གཉེན་འབད་རྩོལ་འཆིང་ཞེན་ཀུན་ཐོང་ལ། །ཡུལ་མེད་མཉམ་པ་ཆེན་པོར་ཕྱམ་གདོལ་ཞིག །སེམས་མེད་རིག་པ་ཆེན་པོར་ཕྱམ་གདོལ་ཞིག །སྐྱོན་མེད་དག་མཉམ་ཆེན་པོར་ཕྱམ་གདོལ་ཞིག །ཕྱི་སྣང་བ་ནང་ཤེས་པ་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་མཉམ་མེད་པ་གསལ་བར་སྣང་བས་སྤང་གཉེན་འཆིང་ཞེན་མེད་པར་ཕྱམ་གདལ་ལོ། །སྟོང་མཉམ་གཞི་ནས་དག་པས་ཡུལ་མེད་ནམ་མཁའ་ལྟ་བུར་ཕྱམ་གདལ་ལོ། །བདེན་བརྫུན་སྒྲོ་བཏགས་རང་ཤར་དུ་མཉམ་པས་རིག་པ་མཐའ་གྲོལ་ཀློང་ཡངས་སུ་ཕྱམ་གདལ་ལོ། །འཁོར་འདས་ཡེ་སྟོང་གཞི་མེད་དུ་གཤིས་མཉམ་པས་སྐྱོན་ཡོན་དག་མཉམ་ཆེན་པོར་ཕྱམ་གདལ་ལོ། །དེ་ལྟར་ཕྱམ་གདལ་བའི་རིག་པ་ནི་ཐེག་པ་རྒྱལ་པོའི་ཆེ་བ་རང་ལ་གནས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཐེག་པ་ཀུན་གྱི་གོང་མར་གྱུར་པས་ཆེ། །གནས་ལུགས་དོན་ལ་ཡེངས་པ་མེད་པས་ཆེ། །ལྟ་བ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །དགོངས་པ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །སྤྱོད་པ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །འབྲས་བུ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །འགྱུར་མེད་ངང་ལ་འགག་མེད་གསལ་བས་ཆེ། །འཛིན་མེད་ངང་ལ་རྟོག་མེད་གསལ་བས་ཆེ། །ཞེན་མེད་ངང་ལ་ཆགས་མེད་གསལ་བས་ཆེ། །བརྗོད་མེད་ངང་
ལ་བདེ་ཆེན་གསལ་བས་ཆེ། །བྱང་ཆུབ་གདལ་བའི་སྙིང་པོ་ཡིན་པས་ཆེ། །བྱ་བཙལ་བྲལ་བའི་རིག་པ་ཡིན་པས་ཆེ། །བདེ་ཆེན་ས་ལ་མི་གཡོ་མཉམ་པས་ཆེ། །འཛིན་པའི་ཡུལ་མིན་ཀུན་ལ་ཡོད་པས་ཆེ། །ཚིག་དང་ཡི་གེས་གཏན་ལ་མི་ཕེབ་ཆེ། །ཞེས་སོ། །དེའང་རིག་པ་ཕྱམ་གདལ་གྱི་ངོ་བོ་དེ་ལྟ་སྒོམ་སྤྱོད་འབྲས་ལས་འདས་ལ། ལྟ་སྒོམ་སྤྱོད་འབྲས་ཀུན་གྱི་ངོ་བོ་དང་མདོ་མདུད་ཆེན་པོ་ཡིན་པས། ཅུང་ཟད་དབྱེ་ན་ཀློང་དྲུག་པ་ལས། སངས་རྒྱས་སྙིང་པོ་གསང་མཆོག་བླ་ན་མེད། །འདི་ལྟར་ཡོད་ཅེས་བརྗོད་པའི་སྒྲ་དང་བྲལ། །འོན་ཀྱང་ཚིག་ཙམ་ཕྱོགས་ཀྱིས་མཚོན་པ་ནི། །རྡུལ་མེད་རྡུལ་དང་བྲལ་བའི་རང་རིག་འོད་པོ་ཆེ། །སྒྲ་ཚིག་མིང་གི་བློ་གཏིང་ཡིད་ཆེས་བྱས་ནས་ནི། །རེ་དོགས་གཡང་ས་ཆོད་པའི་སྙིང་པོ་གསང་ཆེན་ལས། །སངས་རྒྱས་ཀུན་གྱིི་སྙིང་པོ་གསང་བ་མཆོག་ཡིན་ཏེ། །དགོངས་དོན་མན་ངག་རྣམས་ཀྱིས་དེ་ཡི་ཕྱོགས་བརྟགས་ནས། །ལྟ་བའི་སྙིང་པོ་རང་རིག་ཡེ་ཤེས་སྒྲོན་མ་ནི། །རྒྱ་མ་ཆད་ཅིང་ཕྱོགས་ལྷུང་མེད་པར་སྣང་བ་ནི། །འདི་ལ་སུ་འདྲིས་སྐྱེས་བུ་མྱ་ངན་འདའ་བའི་ཞིང་། །དགོངས་དོན་སྙིང་པོ་རྣམས་ཀྱི་བཅུད་དུ་འདི་འགྲོ་བས། །ཕྱི་ཕྱིར་དཀོན་པའི་དོན་འདི་སྨྲ་བསམ་བརྗོད་མེད་པའོ། །བསྒོམ་པ་ཀུན་གྱི་སྙིང་པོ་ཡེ་ཤེས་གསང་བཅུད་པས། །ཞི་བར་གནས་དང་ལྷག་མཐོང་ཡེ་ནས་ཟུང་དུ་འབྲེལ། །འདི་ཉིད་མཉམ་པ་ཆེན་པོའི་དོན་བསྒོམ་རྣལ་འབྱོར་པ། །མི་ཡི་ནང་ནས་འཇིག་རྟེན་ཀུན་གྱི་གཙོ་བོ་སྟེ། །ཡང་རབ་མཆོག་ཏུ་གྱུར་པ་ལྷ་མིའི་བཀུར་སྟིའི་གནས། །མཉམ་གཞག་གནད་གསུམ་ཟིན་པས་བདེ་བ་རང་བདེ་ཆེ། །བདེ་བ་ཉིད་ལ་མི་རྟོག་ཡེ་ཤེས་ཉམས་ཤར་བས། སྣང་བ་ཀུན་ཀྱང་བདེ་བའི་ཀློང་དུ་རྣམ་པར་རོལ་པའོ། །དེ་ཕྱིར་ལུས་ཀྱི་བདེ་བས་སྐུ་གསུམ་གནད་ཟིན་བདེ། །ངག་གི་བདེ་བས་ཆོས་ཀུན་བརྗོད་མེད་རྟོགས་ཏེ་བདེ། །སེམས་ཀྱི་བདེ་བས་འཁོར་འདས་གཉིས་མེད་འདྲེས་པས་བདེ། །བདེ་བའི་སྙིང་པོ་འདི་ནི་སངས་རྒྱས་ཀུན་གྱི་ཡང་སྙིང་ངོ་། །བཅོས་པ་མེད་པའི་སྙིང་པོས་ཐམས་
ཅད་རྣལ་དུ་འབེབས། །འགག་མེད་སྙིང་པོས་རང་སྣང་ཐད་ཀར་གཅོད་པར་བྱེད། །སྐྱེ་མེད་སྙིང་པོས་འཁོར་བ་དོང་ནས་འདོན་པར་བྱེད། །རང་བཞིན་གནས་པའི་སྙིང་པོས་ཐེག་པའི་རུ་ཤན་འབྱེད་པར་བྱེད། །ཁྱབ་གདལ་ཆེན་པོའི་སྙིང་པོས་ཆོས་ཀྱི་དབྱིངས་རྣམས་སྡུད་པར་བྱེད། །ཡེ་དག་ཆེན་པོའི་སྙིང་པོས་ཆོས་ཀུན་ཆམ་ལ་འབེབས་པར་བྱེད། །སྟོང་པ་ཆེན་པོའི་སྙིང་པོས་ཉོན་མོངས་དངོས་རྣམས་འདུལ་བར་བྱེད། །རང་གསལ་ཆེན་པོའི་སྙིང་པོས་མུན་པའི་དམག་དཔུང་ཟློག་པར་བྱེད། །ཡེ་རྫོགས་ཆེན་པོའི་སྙིང་པོས་མཐོ་དམན་ཐམས་ཅད་སྙོམས་པར་བྱེད། །རྟོག་མེད་གསང་བའི་སྙིང་པོས་འཁོར་བ་གཏིང་ནས་ཟློག་པར་བྱེད། །གསང་བ་ཡང་ཐིག་སྙིང་པོས་སེམས་ཅན་གནས་རྣམས་སྟོངས་པར་བྱེད། །ཅེས་སོ། །དེ་དག་གི་རྟགས་ཚད་ངེས་པ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྐུ་གསུམ་ཕྱིར་མི་ལྡོག་པས་འབྲས་བུའི་ཚད་དང་ལྡན། །རྒྱ་ཆད་ཕྱོགས་ལྷུང་མེད་པས་ལྟ་བའི་ཚད་དང་ལྡན། །གསལ་ལ་རྟོག་པ་མེད་པས་སྒོམ་པའི་ཚད་དང་ལྡན། །རང་བྱུང་བཅོས་བསླད་མེད་པས་སྤྱོད་པའི་ཚད་དང་ལྡན། །ཞེས་གསུངས་སོ། །དེ་དག་ཀྱང་ལྟ་བ་ལ་གཞི་བྱས། སྒོམ་པ་ལ་ལམ་བྱས། སྤྱོད་པ་ལ་གྲོགས་བྱས་པའི་མཐར་འབྲས་བུ་འབྱུང་བ་ཐུན་མོང་བའི་ལུགས་ལྟ་བུ་ནི་མ་ཡིན་ཏེ་རིག་པ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པའི་ཕྱིར་རོ། །ཁྱུང་ཆེན་ལས། སྤྱོད་བྲལ་སྒོམ་དག་བལྟ་རུ་མེད་པའི་དོན། །ཞེས་སོ། །དེས་ན་རིག་པའི་རང་ངོ་ལ་ལྡོག་པས་ཕྱེ་ན་དུས་གཅིག་ལ་བཞི་པོ་དེ་དབྱེར་ཡོད་དེ། རིག་པའི་ངོ་བོ་ལྟ་བ། རང་བཞིན་སྒོམ་པ། ཐུགས་རྗེ་སྤྱོད་པ། དབྱེར་མེད་ལྷུན་གྱིས་གྲུབ་པའི་འབྲས་བུ་ཞེས་བརྗོད་པའོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྐྱེན་སྣང་མཁའ་མཉམ་དག་པར་བསྟན་པ་སྟེ། ལེའུ་བཅུ་གཅིག་པའི་འགྲེལ་པའོ།། །།
ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པ་སྟེ་ལེའུ་བཅུ་གཉིས་པའི་འགྲེལ་པ།
དེ་ལྟར་སྤྱོད་པའི་ཆས་རྐྱེན་སྣང་དབྱིངས་སུ་དག་པར་བྱ་བ་ནི། ཡེ་ནས་གྲོལ་བའི་འབྲས་བུ་རང་གནས་སུ་ཡོད་པའི་གནད་ལ་ཐུག་པའི་ཕྱིར། འདིར་དེ་བསྟན་པ་ལས། དབྱིངས་ཡེ་གྲོལ་གདལ་བར་བསྟན་པ་ནི། ཆོས་ཀུན་བྱང་ཆུབ་སེམས་སུ་ཡེ་གྲོལ་བས། །མ་གྲོལ་བ་ཡི་ཆོས་ནི་ཡོད་མ་ཡིན། །རིག་སྔགས་ཀྱི་མཐུ་དང་རྫས་ཀྱི་རྟེན་འབྲེལ་ལས་སྐྱེས་པ་བུད་མེད་རྟ་གླང་ལ་སོགས་པར་སྣང་བ་ཐམས་ཅད་སྒྱུ་མའི་ངང་དུ་ཡེ་ནས་གྲོལ་བས་མེད་པ་གསལ་བར་སྣང་བ་ཙམ་ལས་དོན་ལ་རྟ་གླང་རང་མཚན་པ་མེད་པ་ལྟར། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པའི་ངང་ལས་གཞི་སྣང་གི་ཆོ་འཕྲུལ་དུ་ཤར་བ་ཙམ་ལས་ངོ་བོར་གྲུབ་པ་མེད་པས་སྣ་ཚོགས་སྒྱུ་མ་ཞེས་བྱ་སྟེ། རང་བཞིན་མེད་ལ་སྣང་བས་རིག་པའི་ངང་དུ་ཡེ་ནས་གྲོལ་བ་ཉིད་དེ། ཁྱུང་ཆེན་ལས། ཡེ་ནས་རང་གྲོལ་གྲོལ་བའི་རྒྱུ་མེད་ཉིད། །ཅེས་སོ། །གྲོལ་ལུགས་རྒྱས་པར་བཤད་པ་ལས། གཞི་མེད་རྩ་བ་བྲལ་བར་ཡེ་ནས་གྲོལ་བའི་ཚུལ་ནི། འཁོར་བ་ཡེ་གྲོལ་གདོད་ནས་དག་པར་གྲོལ། །འདས་པ་ཡེ་གྲོལ་ལྷུན་གྱིས་རྫོགས་པར་གྲོལ། །སྣང་བ་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །སྲིད་པ་ཡེ་གྲོལ་བྱང་ཆུབ་སྙིང་པོར་གྲོལ། །སྤྲོས་པ་ཡེ་གྲོལ་མུ་མཐའ་མེད་པར་གྲོལ། །སྤྲོས་མེད་ཡེ་གྲོལ་མ་སྐྱེས་དག་པར་གྲོལ། །དེ་ལ་སྣང་ནས་སྟོང་པར་གྲུབ་པ་ནི་ཆོས་ཉིད་དེ་དེ་ལ་ཡེ་གྲོལ་ཞེས་ཐ་སྙད་བརྗོད་པ་ནི། རང་བཞིན་བདེན་པར་མ་གྲུབ་པའི་ཆ་ལས་མིང་དུ་བཏགས་པ་ལས། འཁོར་འདས་སུ་སྣང་བ་ནི་རིག་པའི་གཞི་ལས་གཞི་སྣང་དུ་ཤར་བའི་རོལ་པ་བཟང་སྣང་ངན་སྣང་ཙམ་སྟེ། རྨི་ལམ་བཟང་ངན་དང་འདྲའོ། །འཁོར་བའི་སྣང་བ་ལ་ཕྱི་ཡུལ་དུ་སྣང་བ་སྣོད་བཅུད་གཉིས་ལ་སྣང་སྲིད་ཅེས་བརྗོད་དེ། སྣོད་འབྱུང་བ་ལྔའི་གཟུགས་བརྙན་དུ་སྣང་བ་དང་། བཅུད་ལས་དང་ཉོན་མོངས་པ་ལས་བདེ་སྡུག་སྣ་ཚོགས་སུ་སྲིད་པའི་རང་བཞིན་དང་། ནང་སེམས་སུ་སྣང་བ་ལ་འདོད་པའི་སེམས་སྤྲོས་པ་དང་བཅས་པ་དང་། ཁམས་གོང་མའི་སེམས་མི་རྟོག་པ་སྤྲོས་མེད་ཏིང་ངེ་འཛིན་གྱི་རྣམ་པ་
སྟེ། དེ་ཐམས་ཅད་རྨི་ལམ་ལྟར་སྣང་ཡང་དོན་ལ་མ་གྲུབ་པས་ཡེ་ནས་མེད་པ་གསལ་སྣང་ཙམ་ལས། ཡོངས་གྲོལ་མཚན་མ་ཡེ་སྟོང་དུ་བསྟན་པ་ནི། རིག་པ་རང་གྲོལ་ལས། དེ་བཞིན་བློ་དངོས་ཆོས་རྣམས་ཀུན། །ངོ་བོ་ཉིད་དུ་གྲོལ་བའོ། །ཞེས་པ་དང་། ཁྱུང་ཆེན་ལས། འགྲོ་བ་དྲུག་ཅེས་མིང་ཙམ་བཏགས་པས་སྟོང་། །སྟོང་པ་ཡེ་གྲོལ་གནད་ཀྱིས་བྱར་མེད་དེ་ཉིད་ངང་། །གང་དུ་ཕྱིན་པའི་ས་མེད་ཡེ་ནས་བཅོས་མེད་ངང་། །ཞེས་སོ། །རང་སྣང་རྨི་ལམ་སྒྱུ་མར་ཤར་བས་བདེ་སྡུག་དག་མཉམ་གཞི་མེད་དུ་ཡེ་ནས་གྲོལ་བར་བསྟན་པ་ནི། བདེ་བ་ཡེ་གྲོལ་ཆོས་ཉིད་ཕྱམ་དུ་གྲོལ། །སྡུག་བསྔལ་ཡེ་གྲོལ་གཞི་མཉམ་ཡངས་པར་གྲོལ། །བར་མ་ཡེ་གྲོལ་མཁའ་མཉམ་ཆོས་སྐུར་གྲོལ། །དག་པ་ཡེ་གྲོལ་དག་གཞིས་སྟོང་པར་གྲོལ། །མ་དག་ཡེ་གྲོལ་ཡོངས་གྲོལ་ཆེན་པོར་གྲོལ། །རྨི་ལམ་གྱི་ངོ་བོ་ཉིད་དུ་བདེ་བ་དང་། སྡུག་བསྔལ་དང་། བར་མ་དང་། དག་པ་སངས་རྒྱས་ཀྱི་ཞིང་དང་། མ་དག་པ་སེམས་ཅན་གྱི་འཁྲུལ་སྣང་ཐམས་ཅད་ངོ་བོ་གཞི་མེད་དུ་གནས་པས་དང་པོར་སྐྱེ་བའི་རྒྱུས་སྟོང་པས་ཡེ་གྲོལ། རང་བཞིན་སྣང་ཙམ་མ་འགགས་པས་གཟུགས་བརྙན་ལྟར་སྣང་བ་ཉིད་ཀྱིས་སྟོང་པར་ཤར་ཏེ། ད་ལྟ་གནས་པའི་ངོ་བོ་སྟོང་པས་གནས་གྲོལ། ཐུགས་རྗེ་རོལ་པའི་སྣང་ཆ་མ་འགགས་པས་འགག་པ་རྒྱུ་མེད་རྐྱེན་དག་ཏུ་གྲོལ་བས་ཐ་མ་འགྲོ་འོང་སྤྲུལ་པར་ཤར་ཏེ། འགག་མེད་སྒྱུ་མའི་དཔེ་བརྒྱད་དུ་དག་པས་མཐའ་གྲོལ་ཏེ། སྣང་སྟོང་སྒྱུ་མའི་རོལ་པར་གྲོལ་བ་ནི། རིག་པ་རང་གྲོལ་ལས། དེ་བཞིན་མཚན་མའི་ཆོས་རྣམས་ཀུན། །མཚན་མ་མེད་པའི་ངང་དུ་གྲོལ། །བྱས་པ་དངོས་པོའི་ཆོས་རྣམས་ཀུན། །བྱར་མེད་སྟོང་པའི་ངང་དུ་གྲོལ། །འཛིན་མེད་རང་སྣང་ཆོས་རྣམས་ཀུན། །རྣམ་དག་སྟོང་པའི་ངང་དུ་གྲོལ། །ཞེས་པ་དང་། ཁྱུང་ཆེན་ལས། བར་སྣང་རྫས་རྣམས་བརྟེན་པར་མི་ནུས་ཤིང་། །ཡེ་ནས་ཕྱོགས་སུ་ལྷུང་བ་མེད་པའི་སེམས། །འཁོར་བ་ངན་སོང་སུ་ལ་གྲུབ་སྣང་བ། །མི་བདེན་རྨི་ལམ་སྒྱུ་མ་དྲི་ཟའི་གྲོང་ཁྱེར་བཞིན། །བརྫུན་སྣང་བདེན་པའི་
ནུས་པ་འདི་ལ་མི་སྲིད་དོ། །ཞེས་སོ། །དེ་བཞིན་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་བརྟགས་ན་ཡོང་མི་སྣང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། ཡུམ་བར་མ་ལས་ཀྱང་། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་བས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་སོ། །མྱ་ངན་ལས་འདས་པ་ལས་ལྷག་པ་ནི་རང་བྱུང་གི་ཡེ་ཤེས་ཏེ། དབྱིངས་དེ་རྟོགས་མ་རྟོགས་ཀྱིས་འཁོར་འདས་ཀྱི་གཞིར་གྱུར་པའི་ཕྱིར་རོ། །དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་ནི། །ཆོས་ཀུན་མ་ལུས་པ་ཡི་སྙིང་པོ་སྟེ། །མ་སྐྱེས་རྣམ་པར་དག་པས་སྒྲིབ་པ་མེད། །བགྲོད་པའི་ལམ་དང་བྲལ་བས་གོལ་ས་མེད། །ཡེ་ནས་ལྷུན་གྱིས་གྲུབ་པས་བཙལ་དུ་མེད། །ཅེས་འབྱུང་བ་བཞིན་ནོ། །བགྲོད་ལམ་ནམ་མཁའ་ལྟ་བུར་དག་པས་ཡེ་གྲོལ་བྱ་བཙལ་ལས་འདས་པར་བསྟན་པ་ནི། ས་ལམ་ཡེ་གྲོལ་བསྐྱེད་རྫོགས་བྲལ་བར་གྲོལ། །ལྟ་སྒོམ་ཡེ་གྲོལ་སྤང་བླང་མེད་པར་གྲོལ། །སྤྱོད་པ་ཡེ་གྲོལ་ཀུན་ཏུ་བཟང་པོར་གྲོལ། །འབྲས་བུ་ཡེ་གྲོལ་རེ་དོགས་མེད་པར་གྲོལ། །དམ་ཚིག་ཡེ་གྲོལ་ཆོས་ཉིད་ཆེན་པོར་གྲོལ། །བཟླས་བརྗོད་ཡེ་གྲོལ་གླེང་བརྗོད་བྲལ་བར་གྲོལ། །ཏིང་འཛིན་ཡེ་གྲོལ་བསམ་ཡུལ་འདས་པར་གྲོལ། །རིག་པའི་ངོ་བོ་ལ་དེ་དག་ཏུ་མེད་པས། ས་ལམ་ལྟ་སྒོམ་ལ་སོགས་པ་རིག་པའི་ངང་དུ་བྱེད་ཀྱང་བྱ་བྱེད་རྫས་འགལ་བས་ཡེ་གྲོལ་བྱར་མེད་ཆེན་པོར་རྟོགས་པར་བྱ་སྟེ། མུ་ཏིག་ཕྲེང་བ་ལས། སྤྱོད་པས་མ་བསྒྱུར་སྣང་བ་གྲོལ། །སྒོམ་པས་
མ་བཙལ་ཆོས་ཅན་གྲོལ། །ལྟ་བས་མ་བརྟགས་རྟག་ཆད་གྲོལ། །འབྲས་བུས་མ་བཅིངས་རང་སེམས་གྲོལ། །སྣང་བ་ཡེ་རྒྱས་ཐེབས་པའོ། །ཞེས་པ་དང་། ཁྱུང་ཆེན་ལས། སྟོང་པ་ཡེ་གྲོལ་གནད་ཀྱི་བྱར་མེད་དེ་ཉིད་རང་། །གང་དུ་ཕྱིན་པའི་ས་མེད་ཡེ་ནས་བཅོས་མེད་ངང་། །ལྷུན་འབྱམས་སྙིང་པོ་ཡེ་ནས་ཡུལ་སྣང་བས། སྔགས་ཟློས་དཀའ་ཐུབ་བསམ་གཏན་ངོ་བོ་ཉིད་ལ་སྒྲིབ། །ཡིག་འབྲུ་སྒྱུར་བྱེད་ལུས་ངག་དགེ་བ་རྣམས། ཡེ་གྲོལ་རང་དག་གནད་ལ་གནོད་པར་བྱེད་པའོ། །ཞེས་པ་དང་། ཀུན་བྱེད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །ཕྲིན་ལས་བཙལ་མེད་ཡེ་ཤེས་སྒྲིབ་ཏུ་མེད། །ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་བ་མེད། །སེམས་ལ་ངེས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ཞེས་སོ། །སྐབས་འདིར་ལ་བཟླ་བའི་ཆིངས་དང་། འགག་བསྡམ་པའི་གནད་གེགས་གཉིས་བརྩི་སྟེ། ཆོས་སྐུ་རང་ལ་གནས་པས་གཞན་ནས་བཙལ་ཞིང་བསྒྲུབ་ཏུ་མེད་ལ། རིག་པ་ཟང་ཐལ་རྗེན་པ་ལྟ་སྒོམ་སྤྱོད་འབྲས་ལ་སོགས་པས་བསྒྲིབས་པའི་ཕྱིར། ཆོས་ལས་འདས་པའི་རང་རིག་ནམ་མཁའ་ལྟར་གཏན་ལ་དབབ་པ་སྟེ། སེང་གེ་རྩལ་རྫོགས་ལས། ཨེ་མ་ཧོ། །རང་རིག་པ་ལ་སངས་རྒྱས་རྣམས་ཀྱི་སྐུ་ཤར་བ། །འདུ་ཤེས་ཡུལ་དུ་མེད་པས་ཆོས་ཉིད་ཞི་བའི་ངང་། །སྣང་བ་རང་ལ་རྙེད་པའི་རང་རིག་ཟང་ཐལ་ཉིད། །རྟོག་པའི་ཕྱོགས་སུ་མ་ལྷུང་རང་གི་གདངས་ལ་འདུག །སྣང་བའི་སེམས་བྲལ་ཆོས་ཉིད་རང་ལ་སྤྱོད་པའི་དོན། །སྤྲོ་བསྡུ་མ་བྱེད་རིག་པའི་ངང་ལ་བལྟ་བར་བྱ། །གཏིང་མཐའ་མེད་པའི་ཆོས་ཉིད་ཀུན་ཏུ་བཟང་། །ཡིན་མིན་མེད་པའི་མཐའ་གཉིས་རྣམ་པར་བསལ། །སྐྱེ་འབྲི་མེད་པའི་ངང་དུ་རྟོག་པ་ཆོད། །ཅེས་པས་དགོངས་པ་ཀློང་གསལ་མཁའ་ཁྱབ་ཏུ་
ལ་བཟླས་ནས། རིག་པ་ཉིད་རིག་པ་ལས་ཤར་བའི་ཆོས་སྣང་སེམས་ལ་སོགས་པ་གང་གིས་ཀྱང་དངོས་སུ་མཚོན་ཞིང་གཏན་ལ་མི་ཕེབས་ལ། བྱར་མེད་ལྷུན་གྲུབ་ཉག་གཅིག་རང་མལ་ན་ཡོད་པ་དེ། ཆོས་ཀྱིས་བཅོས་བསྒྱུར་དང་མཚོན་དུ་ཡོད་ན། ཆོས་སྐུ་རྫོགས་པ་ཆེན་པོ་རང་ལ་མེད་པའི་སྐྱོན་དུ་འགྱུར་བས་བྱ་བཙལ་མཚན་མའི་ཆོས་ལས་ལ་བཟླ་བར་བསྟན་པ་ཡང་། རྒྱུད་དེ་ཉིད་ལས། བསམས་པས་ཡེ་ཤེས་དོན་མི་རྙེད། །བསམས་པས་ཡེ་ཤེས་དོན་རྙེད་ན། །རང་བྱུང་ཡེ་ཤེས་བརྫུན་པར་འགྱུར། །བསྒོམས་པས་ཆོས་ཀྱི་སྐུ་མི་མཐོང་། །བསྒོམས་པས་ཆོས་ཀྱི་སྐུ་མཐོང་ན། །རང་སྣང་ཆོས་ཉིད་བརྫུན་པར་འགྱུར། །བལྟས་པས་རིག་པའི་དོན་མི་རྟོགས། །བལྟས་པས་རིག་པའི་དོན་རྟོགས་ན། །ཆོས་སྐུ་འགག་མེད་བརྫུན་པར་འགྱུར། །ཆོས་ཀྱིས་མ་རིག་རྩད་མི་ཆོད། །ཆོས་ཀྱིས་མ་རིག་རྩད་ཆོད་ན། །ཀ་དག་ཡེ་ཤེས་བརྫུན་པར་འགྱུར། །དགེ་བས་སངས་རྒྱས་དོན་མི་རྟོགས། །དགེ་བས་སངས་རྒྱས་དོན་རྟོགས་ན། །རྫོགས་ཆེན་གནས་ལུགས་བརྫུན་པར་འགྱུར། །སྡིག་པས་འཁོར་བར་ལྟུང་མི་འགྱུར། །སྡིག་པས་འཁོར་བར་ལྟུང་འགྱུར་ན། །སྐད་ཅིག་རྣམ་གསུམ་བརྫུན་པར་འགྱུར། །སྟོང་པས་ཡང་དག་དོན་མི་མཐོང་། །སྟོང་པས་ཡང་དག་དོན་མཐོང་ན། །ཡེ་ཤེས་འོད་གསལ་བརྫུན་པར་འགྱུར། །མཚན་མས་རང་རིག་དོན་མི་མཐོང་། །མཚན་མས་རང་རིག་དོན་མཐོང་ན། །རང་གསལ་ཆོས་ཉིད་བརྫུན་པར་འགྱུར། །བྱས་པས་ལྷུན་རྫོགས་དོན་མི་རྙེད། །བྱས་པས་ལྷུན་རྫོགས་དོན་རྙེད་ན། །ངོ་བོ་འགྱུར་མེད་བརྫུན་པར་འགྱུར། །གཟུང་བས་སྣང་བ་མཐོང་མི་འགྱུར། །གཟུང་བས་སྣང་བ་མཐོང་འགྱུར་ན། །རང་བཞིན་འགག་མེད་བརྫུན་པར་འགྱུར། །སྤྱད་པས་ཕ་རོལ་སྒྲོལ་མི་འགྱུར། །སྤྱད་པས་ཕ་རོལ་སྒྲོལ་འགྱུར་ན། །ཐུགས་རྗེ་ཀུན་ཁྱབ་བརྫུན་པར་འགྱུར། །ཞེས་ཤན་འབྱེད་དོན་གྱི་ལ་བཟླ་དང་མི་འགྱུར་བ་ངོ་བོའི་ལ་
བཟླ་ནི་རང་ཤར་ལས། ཨེ་མ་ཧོ་དཀྱིལ་འཁོར་རྣམ་དག་ལ། །རྒྱུ་རྐྱེན་གཉིས་ཀྱི་ཆོས་དང་བྲལ། །གསལ་བ་རང་བྱུང་ཡེ་ཤེས་དོན། །ཡིད་དྲུག་ཡུལ་དང་རྐྱེན་རྣམས་ཀུན། །གང་དག་འཛིན་པ་སྟོང་པར་འགྱུར། །ཕྱོགས་འཛིན་མེད་ན་བདེ་བ་སྟེ། །ངར་འཛིན་ཡུལ་ལས་རྣམ་པར་ཐར། །བདག་འཛིན་ཆོས་ཀྱི་རྣམ་པར་སྟོང་། །རྟག་པར་འཛིན་པའི་ཡུལ་ལས་གྲོལ། །མཚན་མེད་ཡེ་ཤེས་རྒྱན་ཉིད་མཐོང་། །ལྟོས་པ་ལམ་གྱི་ཆོས་ལས་གྲོལ། །དེ་ཡང་རིག་པའི་དོན་ཉིད་རྟོགས། །རྟོགས་པས་ཡེ་ཤེས་དོན་དང་མཇལ། །མཐོང་བས་ཉིད་ལ་དཔེ་གཞན་མེད། །དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གིས་མ་གོས་ཕྱོགས་དང་བྲལ། །འདས་དང་མ་འདས་ཚིག་གི་ལམ། །ལམ་གྱིས་ཆགས་ཤིང་བཅོས་སུ་མེད། །ཆགས་པ་མེད་པའི་ཡེ་ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། །འདས་དང་མ་འདས་ཚིག་ལས་འདས། །ཞེས་པ་དང་། བརྡ་ཆེན་དབྱིངས་ཀྱི་ལ་བཟླ་སྟེ། ཐལ་འགྱུར་ལས། གཞན་ཡང་བརྗོད་བྱའི་ལྟ་བ་བཤད། །སྲོག་མ་བཅད་ན་སངས་མི་རྒྱ། །སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་པ་མིན། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ། །ཆོས་ཀྱིས་ངན་སོང་གསུམ་དུ་འཁྲིད། །སྡིག་སྤྱད་པས་ནི་དགེ་ཐོབ་བོ། །བལྟས་པས་ཁམས་གསུམ་འཁོར་བ་ལས་། །བསྒོམས་པས་ཉོན་མོངས་ལས་ཀུན་སོག །སྤྱོད་པ་སྤྱད་པས་གོལ་སྒྲིབ་ལ། །འབྲས་བུས་འཁོར་བའི་རྒྱུ་ཉིད་དོ། །གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་བའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པ་ཡང་། །ཁ་ནས་སྡེ་སྣོད་ཆོས་འཆད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་དཀྱིལ་འཁོར་ནས། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་
བ་མེད་པ་ཡ་རེ་ཆ། །གཞན་ཡང་ཡུལ་འཛིན་ལྟ་བ་བཤད། །ཁམས་གསུམ་འཁོར་བའི་གཞི་སྟོང་པས། །མྱ་ངན་འདས་པ་ཕྱགས་མས་བཏབ། །མ་རིག་འཁོར་བ་རྩད་བཅད་པས། །སྐུ་གསུམ་འབྲས་བུ་དྲུངས་ནས་ཕྱུང་། །མུན་པས་གོ་གྱོན་ཉི་མ་བསྣུབས། །གསལ་བའི་མཐོངས་ཕྱེ་མུན་པས་གཏིབས། །རྣོ་བའི་ངར་བཏབ་གཅིག་མ་ཆོད། །རྒྱ་ཆེ་དཀྱིལ་སྟོངས་གཅིག་མ་ཤོང་། །སྣ་ཚོགས་འདུས་པར་གཅིག་མ་རྙེད། །ཡོད་མེད་མཐའ་ཡི་རྟོག་བསལ་བའོ། །ཞེས་སོ། །རྡོ་རྗེའི་ཚིག་གི་གནད་ཅུང་ཟད་བཀྲོལ་ན། བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ་སྟེ། འཁོར་བའི་སྲོག་གཟུང་འཛིན་གཉིས་མ་བཅད་ན་སངས་མི་རྒྱ་བས་ཡེ་སྟོང་རྩ་བྲལ་ཆེན་པོར་བཅད་དོ། །ཤེས་པ་སྣང་བ་ལ་ལྟ་བའི་སྐར་ཁུང་ཅོག་གཞག་རང་བབས་དག་པས་མ་བཀག་ན་འཁོར་བའི་མུན་པ་མི་སངས་པས། རང་བྱུང་སྤྲོས་པ་དང་བྲལ་བའི་ངང་དུ་མ་ཡེངས་རྗེན་པར་གཞག་གོ །དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ནས་ཐར་བ་འཚོལ་བ་སྟེ། དང་པོར་འཁོར་བ་ལས་བློ་ལོག་པ་གཅེས་པའོ། །སྤང་བླང་བྱ་རྩོལ་གྱི་ཆོས་ཀྱིས་འཁོར་བ་དང་ངན་སོང་ལས་མི་འཕགས་པས་བར་དུ་གཉེན་པོ་རང་སར་གྲོལ་བ་གཅེས་སོ། །རྩལ་ལས་རོལ་པར་ཤར་བའི་ཉོན་མོངས་པ་ནི་སྡིག་པ་ཡིན་ཡང་རང་གྲོལ་རྗེན་པར་རྟོགས་པས་ཆོས་ཉིད་དུ་དག་པ་ནི་གནས་ལུགས་དོན་གྱི་དགེ་བ་སྟེ། མཐར་ཐུག་རྒྱུ་འབྲས་ལ་ཟློས་པ་གཅེས་སོ། །གཉིས་བཅས་ཀྱི་ལྟ་བས་ཁམས་གསུམ་ལས་མི་ཐར་བ་དང་། དམིགས་བཅས་ཀྱི་སྒོམ་པས་ཁམས་གོང་མའི་ལས་སོག་པ་དང་། བླང་དོར་གྱི་སྤྱོད་པས་གོལ་སྒྲིབ་ཀྱི་འཕྲང་ལས་མི་ཐར་བ་དང་། རེ་དོགས་ཀྱིས་འབྲས་བུ་འཁོར་བའི་ཁ་བརྒྱུད་པའི་ཕྱིར། རིག་པ་ཆོས་ཟད་དུ་རྟོགས་པ་གཅེས་སོ། །རང་བྱུང་དོན་གྱི་དགོངས་པར་ལ་བཟླ་སྟེ། རིག་པ་ཟང་ཐལ་དུ་
རྟོགས་པའི་མི་གཅིག །རང་རྩལ་འཁོར་བའི་མེ་ནང་ན་འདུག་ཀྱང་མི་གནོད་ལ། སྣང་བ་ཕྱོགས་ཡན་ལ་རིག་པ་ཁ་ཡན་དུ་ཤར་བའི་ཆོས་བཤད་ཅིང་། ཀུན་རྟོག་གི་སྲོག་རྩ་བྲལ་དུ་བཅད་པས་རང་བྱུང་ཡེ་ཤེས་ཀྱི་ཉམས་མྱོང་འཕེལ་བ་ཡ་ཆ་སྟེ་ངོ་མཚར་རོ། །རིག་པའི་ཉི་ཟླ་ཡེ་ནས་འོད་གསལ་བ་དེ་འཁོར་བའི་ལྕགས་ཁང་ལས་དང་ཉོན་མོངས་པའི་མུན་པ་ཅན་ན་སེམས་ཅན་ཀུན་ལ་ཡོད་ཀྱང་རང་སྟོབས་ཀྱིས་མི་མཐོང་བ་སྟེ། དྲན་རིག་ཡུལ་ལ་འཆར་བ་ལ་སོགས་པའི་དབང་ཤེས་ཀྱི་དུས་ན་རིག་ཆར་ཡང་ནས་ཡང་དུ་རྗེན་པར་ཤར་ཡང་ངོ་མ་ཤེས་པས་མ་མཐོང་བ་ནི་རང་རིག་གི་མིག་རྡུལ་གཅེས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །ཅེས་པ་བཞིན་ནོ། །སྤང་བྱ་རང་ལོག་པས་དེའི་གཉེན་པོ་ལོག་པ་སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ་སྟེ། སྤང་བྱ་རང་རྩལ་རོལ་པ་དང་བཅས་པའི་ཀུན་རྟོག་འཁོར་བ་སྟོངས་དུས། དེའི་གཉེན་པོ་རིག་པ་ངོས་འཛིན་པའི་ཆ་མྱང་འདས་ཀྱང་མེད་པས་ཕྱགས་མས་བཏབ་པའོ། །མ་རིག་པའི་རྩ་བ་རིག་པར་ཆོད་དུས་རིག་པ་སྐུ་གསུམ་དུ་བཏགས་པའང་འཛིན་མེད་ཡེ་གྲོལ་དུ་སོང་བས་དྲུངས་ཐོན་པའོ། །སེམས་དང་སེམས་བྱུང་གི་མུན་པས་ཡེ་ཤེས་ཀྱི་ཉི་མ་མཐོང་དུ་མི་སྟེར་ལ། རིག་པ་ཡེ་ཤེས་ཀྱི་མཐོངས་ཕྱེ་སྟེ་རྗེན་ལ་བུད་དུས། སེམས་སེམས་བྱུང་གི་མུན་པ་སངས་ཏེ། ཀ་དག་ཡེ་ཤེས་ཀྱི་ཆོས་ཉིད་གཏིབས་པའོ། །ཀུན་རྟོག་རྣོ་ངར་ཅན་དེས་དཔྱད་ཅིང་བརྟགས་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་རྩ་བ་མ་ཆོད་པར་རྟོག་པ་ཕྱིར་མཆེད་ལ། ཚོགས་དྲུག་ཡུལ་སྣང་གི་སྣང་བ་རྒྱ་ཆེ་ལ། སྙིང་པོའི་དོན་མེད་དེ་བདེན་པར་མ་གྲུབ་པས་དཀྱིལ་སྟོངས་ནས་ཆུ་ཤིང་ལྟར་འགྱུར་ཏེ། སྣང་བ་སྣ་ཚོགས་སུ་ཕྱིར་འདུས་ཀྱང་། ཕྱི་ཡུལ་སྣང་གི་ཆ་ནས་རང་བྱུང་གི་ཡེ་ཤེས་ཉག་གཅིག་གི་དོན་མི་རྙེད་དེ། ནང་དབྱིངས་
འོད་གསལ་གྱི་ངང་ནས་མ་གཡོས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་མཐོང་བར་འདོད་ན། སེམས་ཡུལ་སྣང་ལ་ཕྱིར་སྤྲོ་བསྡུ་ཞོག་ལ། དོན་མ་བཅོས་རང་གསལ་དུ་ནང་དུ་ལྟོས་དང་རྙེད་པར་ངེས་སོ་ཞེས་པ་སྟེ། ཀུན་བྱེད་ལས། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང་། །བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བས་ཆེ། །ནང་ནས་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྡོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པ་བཞིན་ནོ། །འགག་བསྡམ་པའི་གནད་འགག་ནི། ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ། །རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་གྲོལ། །ཡང་དག་མིན་གྲོལ་ཕྱོགས་བསམ་འདས་པར་གྲོལ། །ལས་རྣམས་ཡེ་གྲོལ་གོས་པ་མེད་པར་གྲོལ། །ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་གྲོལ། །བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ། །རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་གྲོལ། །རིག་པ་གཅིག་གི་ངོ་བོ་རྟོགས་པས་ཀུན་གྲོལ་བ་དེ་ཡང་ཀུན་ཡོད་མ་མྱོང་བའི་ཆོས་ཉིད་ཡིན་པས། གཅིག་པུ་རྟོགས་པས་གྲོལ་བའི་འཐད་པ་ཡིན་ཏེ། རང་ཉིད་རྡབ་མ་འཆོར་ན། སྒྱུ་མའི་དམག་གིས་གཡང་སར་བསྐྱུར་བ་མི་སྲིད་པ་བཞིན་ཏེ། མ་རྟོགས་ན་གཡང་སར་འཆོར་བ་སྔོན་ཡངས་པ་ཅན་དུ་སྒྱུ་མའི་དམག་གཡང་ཁར་སྤྲུལ་པ་ལ། མ་ཤེས་པས་སྔངས་ཏེ་བྲོས་པས་གཡང་དུ་འཆོར་ལ། མཚན་ཉིད་ཤེས་པ་དག་བདེ་བདལ་དུ་ཕྱིན་པས་ཉེ་ཞོ་མེད་པ་ལྟ་བུའོ། །དེ་ལྟར་ན་ཡོད་པ་དངོས་པོའི་ཆོས་སྣང་བ་དང་མེད་པ་དངོས་མེད་ཀྱི་ཆོས་སྟོང་པ་ཞེས་
པའང་རྨི་ལམ་གྱི་སྣང་སྟོང་ལྟར་ཡོད་མེད་ཀྱི་མཐའ་ལས་འདས་པ་ཉིད་དང་། རྟག་པ་ཡོད་པའི་དངོས་པོ་རྒྱུན་ལ་བདག་ཏུ་འཛིན་པ་དང་། ཆད་པ་མེད་པའི་རང་བཞིན་སྐད་ཅིག་ལ་ཆ་མེད་དུ་འཛིན་པའང་མེད་དེ། དུས་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པ་དང་། ངོ་བོ་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པའི་ཕྱིར་རོ། །ཡང་དག་པ་ཐར་ལམ་དགེ་བ་དང་། ཡང་དག་པ་མ་ཡིན་པ་འཁོར་ལམ་མི་དགེ་བ་གཉིས་ཀྱང་རྨི་ལམ་གྱི་ངོ་བོ་ཉིད་དུ་རང་བཞིན་མེད་པས་དོན་ལ་མ་གྲུབ་པ་ཉིད་དང་། ལས་དང་ཉོན་མོངས་པ་དང་། རྣམ་པར་སྨིན་པ་དང་། བག་ཆགས་ཞེས་བྱ་བའང་སྒྱུ་མའི་དཔེ་བརྒྱད་དུ་དག་པས་དོན་ལ་ཡོད་མི་སྲིད་དེ། དེ་དག་སེམས་ལ་ཡོད་ན་བྱུང་བ་དང་། གནས་པ་དང་། འགྲོ་བ་གསུམ་གྱི་རང་བཞིན་ལ་བརྟགས་པས་རྟེན་སེམས་དང་བརྟེན་པ་ཉོན་མོངས་པ་མི་རྙེད་པས་མེད་པར་ངེས་ལ། ལུས་ལ་ཡོད་ན་རྡུལ་ཕྲན་ཆ་མེད་དུ་གཞིག་ཅིང་དཔྱད་པས་རྟེན་ལུས་དང་། བརྟེན་པ་རྣམ་སྨིན་མི་རྙེད་དེ། ནམ་མཁའི་མེ་ཏོག་ལ་སྐྱེ་བའི་གནས་དང་། རང་གི་ངོ་བོ་མེད་པ་ལྟར་མ་གྲུབ་པ་ཉིད་དེ། ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་དང་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །ཅེས་སོ། །ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་ནི། གཉེན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ། །སྤང་བླང་གཉིས་མེད་མཁའ་མཉམ་ཡངས་པར་གྲོལ། །གྲོལ་བ་ཡེ་གྲོལ་བཅིངས་པ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་བཅིངས་གྲོལ་མེད་པར་གྲོལ། །གློད་པ་ཡེ་གྲོལ་གློད་རྒྱུ་མེད་པར་གྲོལ། ཅོག་གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ། །གཉེན་པོ་ནི་སྤང་བྱ་ལ་ལྟོས་པའི་ཆོས་ལས་འདིར་སྤང་བྱའི་འཁོར་བ་མེད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ལམ་མེད་པ་ཉིད་དང་། སྤང་བྱ་དང་གཉེན་པོ་གཉིས་ཀ་སེམས་ལ་འདོགས་པ་ལས་སེམས་ངོ་བོ་མེད་པས་དེ་
གཉིས་མེད་པ་ཉིད་དང་། གྲོལ་བ་ནི་བཅིངས་པ་ལ་ལྟོས་པ་ལས་མ་བཅིངས་པ་ལ་གྲོལ་རྒྱུ་མེད་པ་ཉིད་དང་། མ་གྲོལ་བ་ཞེས་བྱ་བ་ཡོད་ན་ཆོས་ཡིན་ཕན་ཆད་རང་བཞིན་མེད་པས་ཁྱབ་པའི་ཕྱིར་བཅིངས་གྲོལ་མེད་པ་ཉིད་དང་། གློད་པ་ཡེ་ནས་གྲོལ་ཏེ་གློད་རྒྱུ་གཞི་མེད་པ་ཉིད་དང་། ཅོག་གཞག་ཡེ་ནས་གྲོལ་ཏེ་གཞག་པ་དང་འཇོག་བྱེད་དང་འཇོག་རྒྱུ་ཡོད་མ་མྱོང་བའི་ཕྱིར། ཡེ་ནས་གཉིས་སུ་མེད་པའི་དེ་བཞིན་ཉིད་དེ། རྩལ་རྫོགས་ལས། རྫོགས་ཆེན་དགོངས་དོན་ལྟ་བ་ནི། །དགེ་སྡིག་ཕྱོགས་སུ་མ་ལྷུང་བས། །ཡིན་མིན་གཉིས་ཀྱི་མཐའ་ལས་འདས། །རྫོགས་དང་མ་རྫོགས་གཉིས་སུ་མེད། །རྫོགས་ཆེན་རིག་པའི་ངོ་བོ་ལ། །འཁྲུལ་དང་མ་འཁྲུལ་མེད་པའོ། །ཞེས་པ་དང་། རང་ཤར་ལས། རྟོག་པའི་ཡུལ་ལས་རྣམ་པར་འདས། །གཟུང་འཛིན་ཞེན་པའི་མཐའ་ལས་གྲོལ། །མཚན་མའི་མིང་ཚིག་མཐའ་ལས་འདས། །ཞེས་སོ། །གནད་ངེས་པའི་འགག་བསྡུ་བ་ནི། མདོར་ན་སྣང་ཞིང་སྲིད་པའི་ཆོས་རྣམས་དང་། །མི་སྣང་མི་སྲིད་ཆོས་ལས་འདས་སོ་ཅོག །ཐམས་ཅད་ཡེ་ནས་དབྱིངས་སུ་གྲོལ་ཟིན་པས། །ད་གཟོད་འབད་པས་སུས་ཀྱང་འགྲོལ་མི་དགོས། །བློའི་ཡུལ་རུང་སྣང་སྲིད་ཀྱི་ཆོས་ཐམས་ཅད་དང་། མི་སྣང་ཞིང་མི་སྲིད་པ་ནི་རེ་ཞིག་ཚུ་རོལ་མཐོང་བའི་བློའི་ཡུལ་དུ་མ་གྱུར་པ་མྱ་ངན་ལས་འདས་པ་སྟེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་བརྗོད་པ་ལྟ་བུ་སྟེ། མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་སྟོང་བསམ་བརྗོད་ལས་འདས་པ་གདོད་མའི་དབྱིངས་སུ་གྲོལ་ཟིན་པ་སྟེ། རང་བཞིན་མེད་པའི་ཕྱིར་འབད་པས་བསྐྱར་ནས་གྲོལ་མི་དགོས་པ་ནི་ཡེ་གྲོལ་ཡིན་པའི་ཕྱིར་ཏེ། ཐལ་འགྱུར་ལས། ཡེ་ནས་གྲོལ་བས་བསྐྱར་མི་དགོས། །ཞེས་སོ། །དེ་དག་གི་འཐད་པ་དགོད་པ་ཡང་འདི་ལྟར་འབད་ཅིང་རྩོལ་བའི་དོན་མེད་པ་ཉིད་ནི། དེ་ལ་འབད་རྩོལ་བྱས་ཀྱང་དོན་མེད་པས། །མ་བྱེད་མ་བྱེད་རྩོལ་
ཞིང་སྒྲུབ་མ་བྱེད། །མ་བལྟ་མ་བལྟ་ཡིད་ཀྱི་ཆོས་མ་བལྟ། །མ་བསྒོམས་མ་བསྒོམས་བློ་ཡི་ཆོས་མ་བསྒོམས། །མ་དཔྱད་མ་དཔྱད་ཡུལ་སེམས་རྗེས་མ་དཔྱད། །མ་བསྒྲུབས་མ་བསྒྲུབས་རེ་དོགས་འབྲས་མ་བསྒྲུབས། །མ་སྤངས་མ་སྤངས་ཉོན་མོངས་ལས་མ་སྤངས། །མ་ལེན་མ་ལེན་ཡང་དག་ཆོས་མ་ལེན། །མ་འཆིངས་མ་འཆིངས་རང་གི་རྒྱུད་མ་འཆིངས། །རིག་པའི་ངོ་བོ་ཟང་ཐལ་བས་གང་དུའང་མ་གྲུབ་པའི་ངོ་བོ་ལ་ལྟོས་ནས་དགག་པའི་ཚིག་ཉིས་བརྩེགས་སུ་བརྗོད་པ་དེ་ཡང་གཟུང་བ་དང་འཛིན་པའི་ཚུལ་གཉིས་སུ་གྱུར་པ་འགོག་པ་སྟེ། རིག་པའི་ངོ་བོ་ལ་བྱ་བའི་ཆོས་གཟུང་བ་དང་། བྱེད་པའི་ཆོས་འཛིན་པ་མེད་པས། རྩོལ་བའི་བྱ་བ་དང་སྒྲུབ་པའི་བྱེད་པ་གཉིས་མ་བྱེད་མ་བྱེད་ཅེས་ནན་ཆེར་བརྗོད་དེ། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས། ཤིན་ཏུ་དོན་དང་ལྡན་པ་ལ། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་པ་བཞིན་ནོ། རིག་པའི་ངོ་བོ་ལ་བལྟ་བྱ་ལྟ་བྱེད་གཉིས་མེད་པས་ལྟ་བ་པོ་སེམས་ཀྱི་ཡུལ་རིག་པ་ལ་མ་བལྟ་ཞིག །རིག་པ་ལ་བསྒོམ་བྱ་སྒོམ་བྱེད་གཉིས་མེད་པས་མ་བསྒོམས་ཤིག །དེ་བཞིན་དུ་སྤྱོད་པ་དང་། སྒྲུབ་པ་དང་། སྤོང་ལེན་དང་། འཆིང་ཞེན་མ་བྱེད་ཅིག་ཅེས་གདམས་ཏེ། ཡོད་མེད་གཟུང་འཛིན་ལས་འདས་པའི་ཕྱིར་རོ། །རང་ཤར་ལས། ཡོད་དང་མེད་པའི་ཆོས་ལས་གྲོལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །ཅེས་སོ། །དེ་དག་གི་གནད་ཀྱང་ཆོས་ཀྱི་རྣམ་གྲངས་ངོ་བོ་བཅུ་དྲུག་དབྱེ་བ་དང་བཅས་པ་ལ་ཐུག་པ་ལས། རིག་པའི་ངོ་བོ་འཁྲུལ་མ་འཁྲུལ་ལས་འདས་པའི་གནད་མན་ངག་གི་སྙིང་པོ་གསུམ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །ལྟ་བའི་གཞག་ཐབས་གསུམ་ནི། ཕྱི་སྣང་བ་ཅོག་གཞག །ནང་འགྱུ་བ་ཅོག་གཞག །གསང་བ་རིག་པ་ཅོག་གཞག་གོ །སྤྱོད་པ་ཆགས་མེད་རང་གྲོལ་གྱི་གནད་གསུམ་ནི། སྣང་བ་ཅེར་གྲོལ། འགྱུ་བ་རང་གྲོལ། རིག་པ་ཡེ་གྲོལ་ལོ། །ཡེ་ཡོད་ཆིག་ཆོད་ཀྱི་བསྒོམ་པ་
བཞི་ནི། ཕྱི་སྣང་བ། ནང་ཤེས་པ། གསང་བ་རིག་པ། དེ་ཁོ་ན་ཉིད་གནས་ལུགས་བཞི་ལ་དྲན་བསམ་གྱི་རྟེན་དང་བྲལ་བའོ། །རྟོགས་པ་རང་གསལ་དུ་གཟུང་བའི་གསང་བཅུད་གཉིས་ནི། གནས་དུས་དང་། འགྱུ་བའི་དུས་ཀྱི་རང་རིག་ཟང་ཐལ་ལ་ངོས་འཛིན་པའོ། །རིག་པ་རང་བབས་རྟོག་མེད་ཀྱི་སྐྱེལ་ས་གཅིག་ནི་ཀ་དག་རྗེན་པའོ། །རིག་པ་ལྷུན་གྲུབ་ཀྱི་སྙིང་པོ་གཉིས་ནི་ངོ་བོ་ཀ་དག་ལ་རང་བཞིན་ལྷུན་གྲུབ་ཏུ་གནས་པས་རྟག་ཆད་ལས་འདས་པའོ། །འབྲས་བུ་ལྷུན་གྲུབ་ཀྱི་མན་ངག་གསུམ་ནི། སྟོང་པ། གསལ་བ། འགག་པ་མེད་པ་གསུམ་མོ། །ཐུག་ཕྲད་ལྔ་ནི་ཉོན་མོངས་དུག་ལྔ་རང་དག་གི་ངོ་བོ་རྗེན་པ་ལྔའོ། །སྟོང་གསལ་དགོངས་པའི་དངས་མ་དྲུག་ནི། ཡེ་སྟོང་ཡིན་པས་སྤྲོ་བསྡུ་མེད་པ། རང་སྟོང་ཡིན་པས་རང་སར་གཞག་པ། གསལ་སྟོང་ཡིན་པས་ཡུལ་སྣང་མི་དགག་པ། ངོ་སྟོང་ཡིན་པས་ངང་ལས་མི་གཡོ་བ། ཡོད་སྟོང་ཡིན་པས་དངོས་པོ་དང་མཚན་མར་མི་འཛིན་པ། མེད་སྟོང་ཡིན་པས་རིག་པའི་དྭངས་མ་འགག་པར་འཇོག་པའོ། །སྐྱེལ་ས་བརྒྱད་ནི། ཡོད་པ་དང་། མེད་པ་དང་། སྣང་བ་དང་། སྟོང་པ་དང་། འཁོར་བ་དང་། འདས་པ་དང་། བཅིང་བ་དང་། གྲོལ་བ་དང་བརྒྱད་ཀྱི་འཛིན་པ་མེད་པའི་མཐའ་གྲོལ་ཀློང་ཡངས་ཆེན་པོ་ཆོས་ཟད་མིང་མེད་ཀྱི་ཀ་དག་ལ་སྐྱེལ་བའོ། །དཀྱིལ་འཁོར་གསུམ་ནི། སྣང་བ་སྐུ། གྲག་པ་གསུང་། དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་དུ་རྟོགས་ནས་སྤང་བླང་མེད་པའོ། །ཐབས་ཉི་ཤུ་རྩ་གཅིག་ནི། དབང་པོ་ཉི་ཤུ་རྩ་གཅིག་གི་ངོ་སྤྲོད་ཉི་ཤུ་རྩ་གཅིག་སྟེ། ངོ་སྤྲོད་སྤྲས་པའི་རྒྱུད་ལས། ཉི་ཤུ་རྩ་གཅིག་བློ་རིམ་བཞིན། །འོད་དང་ཡེ་ཤེས་ཉིད་ལ་ནི། །ངོ་སྤྲོད་རྣམ་པ་བདུན་དག་གིས། །བློ་ཆུང་རིམ་པ་བདུན་རྣམས་གྲོལ། །སྐུ་དང་ཐིག་ལེ་ཉིད་ལ་ཡང་། །ངོ་སྤྲོད་ཉིད་ནི་རྣམ་བདུན་གྱིས། །འབྲིང་པོ་བདུན་པོའི་དོན་དུའོ། །རིག་པ་དང་ནི་དབྱིངས་ལ་བདུན། །ཆེན་པོ་རྣམས་ཀྱི་དོན་དུའོ། །ཞེས་
སོ། །ཟིལ་གནོན་གསུམ་ནི། སྣང་བ་ཟིལ་གནོན་སྒྱུ་མའི་དཔེ་བརྒྱད། ཤེས་པ་ཟིལ་གནོན་རང་ཡལ་རྗེས་མེད་བར་སྣང་གི་སེར་བུ། རིག་པ་ཟིལ་གནོན་ཟང་ཐལ་སྟོང་པ་ནམ་མཁའ་ལྟ་བུའོ། །སྙིང་པོ་གསུམ་ནི་ཡེ་གྲོལ་རྗེན་པའི་སྙིང་པོ་སྟོང་པ། རང་གྲོལ་རྗེན་པའི་སྙིང་པོ་གསལ་བ། གནས་གྲོལ་རྗེན་པའི་སྙིང་པོ་འགག་མེད་དོ། །སྣང་བ་གསུམ་ནི། གདངས་ཀྱི་སྣང་བ་འོད་ལྔ། རིག་པའི་སྣང་བ་དངས་གསལ། གཤིས་ཀྱི་སྣང་བ་ཆོས་ཟད་འཛིན་པ་ཐམས་ཅད་ལས་འདས་པའོ། །དོན་དེ་དག་སེང་གེ་རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་ངོ་བོ་ལ། །འཁྲུལ་དང་མ་འཁྲུལ་མེད་པའོ། །སེམས་ཅན་བློ་ཡི་བསམ་པ་རྣམས། །ཚིག་དང་ཡི་གེས་མི་མཚོན་ཏེ། གདམས་ངག་སྙིང་པོ་གསུམ་ལ་ཐུག །རང་རིག་ཆོས་སྐུའི་སྣང་བ་ནི། །བལྟས་པས་མཐོང་བར་མི་འགྱུར་ཏེ། གཞག་ཐབས་ངོ་བོ་གསུམ་ལ་ཐུག །རྫོགས་ཆེན་འགག་མེད་སྤྱོད་པ་ཉིད། །བྱས་པས་འབྱུང་བར་མི་འགྱུར་ཏེ། ཆགས་མེད་རང་གྲོལ་གསུམ་ལ་ཐུག །རྫོགས་ཆེན་གོམས་པ་ཡེ་ཡོད་ཉིད། །བསྒོམས་པས་བྱུང་བ་མ་ཡིན་ནོ། །འགྱུ་མེད་བསམ་བྲལ་གཞི་ལ་ཐུག །རྫོགས་ཆེན་དོན་གཉིས་རྟོགས་དཀའ་བས། །མཚོན་པའི་ཚིག་གིས་མི་རྙེད་དེ། །གདམས་ངག་གསང་བཅུད་གཉིས་ལ་ཐུག །རྫོགས་ཆེན་རིག་པ་རྟོག་མེད་ཉིད། །བསྒོམས་པས་རྟོགས་པར་མི་འགྱུར་ཏེ། །སྐྱེལ་ས་ཆེན་པོ་གཅིག་ལ་ཐུག །རྫོགས་ཆེན་རང་བྱུང་ཡེ་ཤེས་ཉིད། །བསྒྲུབས་པས་འགྲུབ་པར་མི་འགྱུར་ཏེ། །ངེས་པའི་སྙིང་པོ་གཉིས་ལ་ཐུག །རྫོགས་ཆེན་འབྲས་བུ་ཆིག་ཆོད་ཉིད། །བསྐྱེད་པས་རྫོགས་པར་མི་འགྱུར་ཏེ། །ཆགས་བྲལ་མན་ངག་གསུམ་ལ་ཐུག །རྫོགས་ཆེན་སྣང་བ་ཐུག་ཕྲད་ཉིད། །གཟུང་བས་ཟིན་པར་མི་འགྱུར་ཏེ། །རྣམ་དག་ངོ་བོ་ལྔ་ལ་ཐུག །རྫོགས་ཆེན་རྟོག་མེད་གསལ་གདངས་ཉིད། །ཆགས་པས་དོན་དམ་མི་
རྟོགས་ཏེ། །ཡིན་པ་རྣམ་པ་དྲུག་ལ་ཐུག །རྫོགས་ཆེན་རྣམ་པ་གཞི་རྫོགས་ཉིད། །དཔྱད་པས་མཐའ་ལ་མི་སྐྱོལ་ཏེ། །འཛིན་མེད་རྣམ་པ་བརྒྱད་ལ་ཐུག །རྫོགས་ཆེན་འགྱུར་མེད་ལམ་ལྔ་ཉིད། །སྦྱངས་པས་ཕྱིན་པར་མི་འགྱུར་ཏེ། །དཀྱིལ་འཁོར་རྣམ་པ་གསུམ་ལ་ཐུག །རྫོགས་ཆེན་འབྲས་བུ་རང་སངས་ཉིད། །བསྒྲུབས་པས་ཐོབ་པར་མི་འགྱུར་ཏེ། །ཉི་ཤུ་རྩ་གཅིག་ཐབས་ལ་ཐུག །རྫོགས་ཆེན་གསང་སྔགས་ངོ་བོ་ཉིད། །མཆོད་པས་དངོས་གྲུབ་མི་འབྱུང་སྟེ། །ཟིལ་གནོན་རྣམ་པ་གསུམ་ལ་ཐུག །རྫོགས་ཆེན་སྟོང་ཉིད་ཡེ་ཤེས་ཉིད། །བསམས་པས་རང་རིག་མི་མཐོང་སྟེ། །བསྟན་པའི་སྙིང་པོ་གསུམ་ལ་ཐུག །རྫོགས་ཆེན་རང་འོད་གསལ་བ་ཉིད། །སྤྲད་པས་མཐོང་བར་མི་འགྱུར་ཏེ། །དོན་གྱི་སྣང་བ་གསུམ་ལ་ཐུག །དེས་ནི་རྫོགས་ཆེན་མཐའ་ལ་སྐྱོལ། །རང་བཞིན་སྟོན་པ་དེ་བཞིན་ནོ། །ཞེས་སོ། །ལམ་ལྔ་ནི། ཡེ་ཤེས་ལྔའི་སྣང་བ་མཚོན་པ་ལས། ཆོས་དབྱིངས་ཡེ་ཤེས་ཀྱི་ལམ་སྤྲོས་བྲལ་དོན་གྱི་རང་ངོ་ཆོས་ཉིད་ཟད་པའི་སྣང་བ། དེ་ཉིད་ལས་མེ་ལོང་ཡེ་ཤེས་ཀྱི་ལམ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རང་རིག་གསལ་གདངས་ཆེན་པོ་ཉིན་མཚན་རྒྱུན་གྱི་རྣལ་འབྱོར་རིག་པ་ཚད་ཕེབས་ཀྱི་སྣང་བ་དང་། དེ་ལས་མཉམ་ཉིད་ཡེ་ཤེས་ཀྱི་ལམ་ཉམས་ཀྱི་ཡོན་ཏན་གོང་དུ་འཕེལ་བའི་སྣང་བ་དང་། ཉམས་ལ་འཛིན་ཞེན་གྱི་མཐའ་དང་བྲལ་བའི་རང་སྣང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ལམ་ཆོས་ཉིད་མངོན་སུམ་གྱི་སྣང་བ་སྟེ། རང་རིག་དང་པོའི་གཞི་ལས་མ་གཡོས་པར་བསྟན་པ་དང་། དེ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ལམ་རིག་པ་ཀ་དག་ཏུ་གྲོལ་བས་ཟང་ཐལ་རྗེན་པའི་ཆོས་ཉིད་རང་ངོ་ལ་གནས་པ་སྟེ། ཁྲེགས་ཆོད་ཀྱི་སྐབས་འདིར་ཐོད་རྒལ་ལས་གོ་ལྡོག་པར་བསྟན་པ་ཡང་། བི་མ་ལས། དེ་དག་ཡང་ནི་ལྡོག་པ་ཡིས། །རང་རིག་ཐོག་མའི་གཞི་ལ་སྐྱེལ། །ཞེས་
གསུངས་པའི་དོན་ཏོ། །ད་ནི་རྟོགས་པའི་དུས་ངེས་པས་ཆོས་ཟད་མིང་མེད་ཆེན་པོར་ཕུ་བཀྲུ་བ་ནི། ཐམས་ཅད་ཕྱམ་ལོག་གང་ལའང་ཡུལ་མེད་པས། །ཁྲིགས་དང་ཆོས་མེད་དམིགས་གཏད་ངོས་གཟུང་མེད། །གཞི་ལོག་ལམ་ལོག་འབྲས་བུའི་ཆོས་ལོག་པས། །ལེགས་ཉེས་ཤོར་གོད་རྡུལ་ཙམ་དམིགས་སུ་མེད། །ཕྱམ་ཕྱམ་ཕྱང་ཆད་ཡེ་ཆད་སྣང་སྲིད་ཆད། །འཁོར་འདས་རུ་ལོག་དབྱིངས་ཀྱང་སོ་ན་མེད། །གང་ཡིན་ཅི་ཡིན་འདི་ཡིན་གཏད་སོ་མེད། །ཁྱེད་ཅག་ཅི་བྱ་ང་ནི་གང་ན་འདུག །སྔར་ཤུལ་ད་མེད་འདི་ལ་སུས་ཅི་བྱ། །ཧ་ཧ་འདི་འདྲ་མཚར་ཆེ་དགོད་རེ་བྲོ། །རིག་པ་ཟང་ཐལ་ཆོས་ཟད་མིང་མེད་ཆེན་པོར་རང་གི་རིག་པའི་གཤིས་སུ་རྟོགས་པས་སྣང་སྲིད་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་བདེན་ཞེན་དུ་འཛིན་པའི་ཕྱམ་ལོག་པ་ནི་ཡུལ་མེད་ནམ་མཁའ་ལྟར་དག་མཉམ་གཅིག་ཏུ་རྟོགས་པའི་གནད་ལས་ཤར་ཏེ། སྤོང་ལེན་རྩོལ་སྒྲུབ་ཀྱི་ཁྲིགས་དང་། ཞེ་འདོད་བསྒྲུབ་བྱའི་ཆོས་དང་། དམིགས་གཏད་ངོས་གཟུང་གི་འཁྲིས་མེད་པས། བློས་བྱས་བཅོས་མའི་གཞི་མཐའ་བྲལ་གདེང་དུ་འཆའ་བའི་ལྟ་བ་ལས་ལོག་སྟེ་གཏད་མེད་ཕྱོགས་བྲལ་གྱི་རིག་པ་མཚོན་བརྗོད་ཀྱི་ཡུལ་ལས་འདས། སེམས་འཛིན་ཞི་ལྷག་གི་བསྒོམ་པ་གྲོལ་བས་ངང་གནས་རང་དངས་ཀྱི་ལམ་དང་བྲལ་ཏེ་ཆོས་ཉིད་ཕྱོགས་ཡན་གྱི་རུ་ལོག་པས་རང་བབས་ལྷུན་གྲུབ་ཀྱི་དགོངས་པ་ལ་བར་དང་མཚམས་མེད། རེ་དོགས་གཉིས་འཛིན་གྱི་འབྲས་བུ་ལོག་པས་ཀ་དག་ཆོས་ཟད་ཀྱི་རིག་པ་རྗེན་ལ་བུད་དེ་རང་བྱུང་ཡེ་ཤེས་ཀྱི་ཟད་ས་མ་བསྒྲོད་རང་མལ་དུ་གནས་པས་བློ་བདེ་ཁོང་ནས་ཤར། སྤང་བླང་གི་ཆོས་ལ་ལེགས་ཉེས་ཀྱི་འཛིན་པ་སྟོར་བས་ཤོར་གོད་ཀྱི་འཕྲང་ལས་འདས་ཏེ། སྣང་ཤེས་ཕྱམ་ཕྱམ་དུ་གོ་གདལ། སང་སེང་བདེན་མེད་དུ་ཕྱང་ཆད། འཁོར་འདས་རིག་པའི་ངང་དུ་རུ་ལོག །རིག་པ་ཆོས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོག་རྟོག་པའང་སོ་ན་མེད། གང་
ཡིན་དང་ཅི་ཡིན་གཏད་སོ་མེད་པས་འདི་ཡིན་དང་ངོས་གཟུང་གི་ཕྱོགས་ལས་འདས་ཏེ། ཕྱི་སྣང་བ་ལ་གཟུང་བའི་སེམས་བུད་པས་ཁྱེད་ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། བྱ་བ་དང་བྱེད་པའི་ཞེན་འཛིན་འདི་འདྲ་མི་འོང་དུ་ཐང་སྟེ་གཞི་མེད་རྨི་ལམ་གྱི་སྣང་བ་མཐོང་བས་ཉམས་དགའ། ནང་གཏད་འཛིན་སེམས་ཀྱི་རྟོད་ཕུར་བཏོན་པས་ང་དང་བདག་འཛིན་གྱི་ཐག་པ་བུད་དེ་རིག་པ་རང་ཡན་ཟང་ཐལ་གྱི་རྟ་ཕོ་དེ་བཙལ་གྱིས་མ་རྙེད་པས་གང་ན་འདུག་ཁོ་བོས་ཀྱང་མ་མཐོང་སྟེ། སྐྱེལ་ས་དང་ཐུག་ས་ཡིན་ཡིན་པོའི་ས་ཟིན་ནི་བདག་ལ་མེད། དེ་སྔ་རང་གསལ་རྗེན་པའི་ཆོས་སྐུ་མཚར་པོ་གཅིག་ཡོད་པ་དེ་གར་སོང་ཆ་མེད་ཀྱི་ཡུལ་དུ་བོར་བས། ད་ཡིན་མིན་དང་གནས་ལུགས་ཀྱི་འཛིན་པ་སྟོར་ནས་སྔར་ཤུལ་ཆོས་ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་འཁྲུལ་དང་ཆོས་སྐུའི་འབྲས་བུས་ཅི་བྱ། ཕྱི་སྣང་བ་ལ་བལྟས་པས་ཟང་མ་ཐལ། སང་མ་སེང་། ཡལ་མ་ཡོལ། ར་མ་རི། འདིར་རྒྱག་དང་ཡིན་མིན་གྱི་ཕྱོགས་རིས་སུ་མི་འདུག །ནང་རང་རིག་གི་ཤེས་པ་རང་མལ་ལ་བལྟས་པས། ཕྱ་སངས། སྟོང་ཡལ། རིས་མེད། རྟོག་སངས། ཕྱང་ཆད། རྗེས་མེད་ཕྱལ་པ་བར་སྣང་སྟོང་པའི་རང་བཞིན་དང་འདྲེས་ནས་ཁོ་བོ་ད་ལྟ་ཅི་ཡང་མེད་ན་ཁྱེད་ཅག་གང་ན་འདུག་ཧ་ཧ། འདིར་རྡོ་རྗེའི་གད་མོ་བཅུ་གཉིས་ཀྱི་དོན་རང་གི་རྒྱུད་ལ་སྐྱེས་པ་སྙམ་བྱེད་དོ། །གད་མོ་བཅུ་གཉིས་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཀུན་དུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་གྱིས། ཆོས་ཐམས་ཅད་ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་པར་གཟིགས་པས། རང་ལ་ངོ་མཚར་སྐྱེས་ཏེ་རང་གི་གད་མོ་ཆེན་པོ་རྣམས། ཉིད་ཀྱིས་ཉིད་ལ་རང་བགད་པ་འདི་དག་ལྗགས་ཀྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་
ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་བ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་
གཞག་གི་ངོ་བོ་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བར་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པར་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་པས་གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམ་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་པོར་རང་ཤར། རང་སྣང་། རང་གྲོལ། རང་ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་གང་ཡིན་པའོ། །འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་གྱིས་གྲུབ་པ་ནི། སྣང་སྲིད་སྣོད་བཅུད་འཁྲུལ་པ་རུ་ལོག་པས། །ཉིན་མཚན་ཡེ་སངས་རང་སངས་ནམ་མཁའ་སངས། །ཞག་དང་ཚེས་སངས་ལོ་ཟླ་བསྐལ་པ་སངས། །གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་སངས། །འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས། །དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་སངས་པས། །གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར། །འདོད་བློའི་འཁྲིས་ཟད་ནམ་མཁའ་ཡ་མཚན་ཆེ། །ཆོས་མེད་སྤྲང་པོའི་རང་བཞིན་དེ་འདྲར་ཟད། །རིག་པ་འཛིན་ཞེན་གྱི་ཆོས་ཟད་པས་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་རུ་ལོག་སྟེ། འདི་ནི་འཁྲུལ་པའོ། །འདི་ནི་མ་འཁྲུལ་པའོ་ཞེས་ཐ་སྙད་དུ་བདེན་པར་འཛིན་པའི་གཏད་འཛིན་སྟོར་བས། མཐོང་སྣང་ཐམས་ཅད་ཕྱལ་བ་བར་མེད་གཅིག་ཏུ་རྒྱ་གྲོལ་ལ་སོང་སྟེ། དེ་སྔ་ཉིན་ཞག་ལ་སོགས་པའི་ཆ་དང་རིང་ཐུང་དང་ངེས་ཆ་ཡོད་པའང་གཞི་མེད་ཟང་ཐལ་གྱི་སྣང་བར་སངས་ནས། བུ་ཆུང་རང་མལ་ན་བློ་བདེ་
བའི་སྣང་བའམ། སྨྱོན་པ་བློ་བདེའི་སྣང་བ་ཤར་བ་ལྟར་ཕྱལ་བར་རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ལམ་ལམ། མཚན་མོའི་སྣང་བ་རང་སངས་ཏེ་དོག་མེར་མེར། ཉིན་ཞག་གི་སྣང་བ་རང་སངས་ཏེ་གཞི་ཕྱལ་ཕྱལ། ཚེས་དང་ཟླ་བའི་སྣང་བ་སངས་ཏེ་ཕྱམ་སངས་སངས། ལོ་དང་བསྐལ་པའི་སྣང་བ་སངས་ཏེ་རྒྱ་ཁྲོལ་ཁྲོལ། གཅིག་དང་ཐ་དད་ཀྱི་ཆོས་སངས་པས་རྗེན་ཡེར་ཡེར། འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས་པས་སྟོང་སངས་སངས། དབྱིངས་འཛིན་མཐར་ཐུག་གི་སྐྱེལ་སོ་སངས་པས་ཟང་ཐལ་ཐལ། གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོ་ར། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པ། དོན་གཉེར་སྨོན་པ་ཟད་པ་ཡིད་བཞིན་གྱི་ནོར་བུ། འདོད་བློའི་འཁྲི་བ་མེད་པ་ཆོས་ཟད་ཀྱི་ནམ་མཁའ། ཕྱམ་མཉམ་ཡངས་པ་ཆེན་པོ་ཕྱལ་བ་ཟང་ཐལ་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་ས་ལ་ཕྱམ་གདལ་བས། དུས་བཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་སྤྲོས་པ་ཆོད་ནས། ཤེས་པ་རང་སངས། དྲན་པ་རང་ཟད། དགོངས་པ་ཡེ་གནས། གསལ་བ་བར་མེད་ལ་ཕྱམ་སངས་ཏེ། ཐམས་ཅད་རང་སྣང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས་མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་པ་སྙམ་བྱེད་དེ། གང་ཞེ་ན་ཀློང་དྲུག་པ་ལས། དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གོང་བུ་བཞིན་དུ། སངས་རྒྱས་ཀྱི་མཛད་པར་རང་ཤར། རང་སྣང་། རང་གྲོལ། རང་རིག་རང་ཐོབ་ནས། ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཀྱང་། སྟོང་པ་ཉིད་རང་བྱུང་གི་སྤྱོད་པ་ལ་གནས་ནས་ཤེས་པ་རྣམས་ཇི་བཞིན་མཉམ་པའི་ཀློང་དུ་རང་དག་ནས། རང་སངས། རང་སད། རང་རྙེད་ནས། དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ཆད་དོ། །བསམ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཆར་དང་། རིམ་གྱིས་དང་། མཐར་ཆགས་དང་།
ཐོད་རྒལ་དང་། ཡེ་དག་དང་། ཡེ་གནས་དང་། ཡེ་རྫོགས་དང་། ཡེ་འབྱུང་དང་། ཡེ་བཀོད་དང་། ཡེ་གྲོལ་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་མཚར། རང་ལ་རང་ཡིད་ཆེས། རང་ལ་རང་སྟོབས་སྐྱེས་ནས་ཞེས་རྒྱ་ཆེར་གསུངས་པ་དག་གོ །ད་ནི་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ་ནི། ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྫོང་། །རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས། །སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ། །ཐམས་ཅད་ཡེ་གདོད་མ་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང་། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་གྱིས་བསྡུས་པ་ཐམས་ཅད་ཡེ་མེད་དང་ཡུལ་མེད་དང་། རྟེན་མེད་དུ་དག་ཟིན་པས། ཅི་སྣང་ཅི་ཤར་ཡང་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་སྟོང་ཆེན་པོར་གཞི་འཆོས། གསལ་བ་འགག་མེད་ནོར་བུའི་རྫོང་དུ་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་རང་གསལ། ཀུན་འབྱུང་རིག་པ་ས་གཞིའི་རྫོང་དུ་དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང་གཅིག་པས། ཆོས་ཐམས་ཅད་ཆོས་ཟད་སྟོང་མཉམ་གདལ་བར་ལྷུན་གྱིས་གྲུབ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པ་ནི། ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་རང་གི་རྒྱུད་ལ་རང་ཤར་བ་སྙམ་བྱེད་པའི་མཐུས་རང་སྣང་བའོ། །གང་ཞེ་ན་རིན་པོ་ཆེ་སྤུངས་པ་ལས། དེ་ནས་སྟོན་པ་ཉིད་ཀྱིས་རང་ལ་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས། སེམས་ཅན་བྱེ་བའི་སྲོག་གཅོད་པ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ། རིག་པའི་ངོ་བོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་
བསྟན་པའོ། །ཀྱེ་སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས། རྟག་ཏུ་སྟོང་པ་ཉིད་ལ་གོམས་པའི་སྐྱེས་བུ་དང་། སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཀྱང་མ་བྱས་པའི་གང་ཟག་གཉིས། སངས་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས་འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ལ། ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས། ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་། ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས། དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས། དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་སངས་རྒྱས་རྣམས་ཀྱི་བདེ་བ་ཉམས་སུ་མྱོང་བའི་སྐྱེས་བུ་གཉིས་ལ་རྟོགས་པའི་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས་ཡིད་ཆོས་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་བདག་རྟག་པར་ལྟ་བ་གཉིས་ལ། ངོ་བོ་རྟོགས་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས་ཕྱི་རོལ་དུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ། འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི། འབད་པ་མེད་པར་ཉམས་སུ་ལོངས་པའི་
གདེང་རྙེད་ནས། སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་སངས་རྒྱ་བ་ཡིན་ནོ་ཞེས་པའོ། །ད་ནི་རྟོགས་པ་ངེས་པའི་འགལ་ཟླ་བསལ་བར་གདམས་པ་ནི། ཕྱོགས་མེད་ཕྱོགས་སུ་འཛིན་པས་བཅིངས་པ་རྣམས། །རང་བཞིན་མ་ཤེས་རང་གིས་རང་བསླད་པས། །རང་ལ་རང་རྨོངས་འཁྲུལ་པ་ཨ་རེ་འཁྲུལ། །འཁྲུལ་པ་མེད་ལ་གཡང་སར་འཛིན་པས་འཁྲུལ། །ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ངང་གཅིག་པས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ལ་བསོད་ནམས་ཆུང་ངུ་ལམ་དང་ཐེག་པ་དམན་པ་ལ་མོས་པ་རྣམས་དང་། བྱིས་པ་ཐ་མལ་གྱི་འགྲོ་བ་རྣམས་ཀྱིས། དགྲ་གཉེན་དང་། བདག་གཞན་དང་། གྲུབ་མཐའ་དང་། ལྟ་སྒོམ་ལ་སོགས་པའི་ཕྱོགས་འཛིན་སོ་སོར་བཅས་ཏེ། རང་དང་གཞན་གྱི་ཕྱོགས་སུ་འཛིན་པས་རིག་པ་བཅིངས་ཏེ། རང་བཞིན་ཕྱོགས་བྲལ་ནམ་མཁའ་ལྟར་མ་ཤེས་པས་རང་གི་རིག་པ་བསླད་ནས། རང་རིག་ཆོས་སྐུར་ཡོད་ཀྱང་རང་ལ་ཡོད་པར་མ་ཤེས་པས་རྨོངས་ཏེ། ཐ་མལ་འཁྲུལ་སྣང་གི་ཆོས་ལ་སྤྱོད་པ་རྣམས། བྱིས་པ་རྩེད་མོའི་ཁང་བུ་དང་ཆོས་འཆད་ཅིང་ཉན་པའི་ལད་མོ་ལ་བདེན་པ་རང་མཚན་དུ་འཛིན་པས་འཁྲུལ་ལོང་དང་དགག་སྒྲུབ་བྱེད་པ་ལྟར་ཨ་རེ་འཁྲུལ་ཏེ། འཁྲུལ་པ་མེད་པ་ལ་བདག་ཏུ་འཛིན་པས་སོ་སོ་ན་འཁྲུལ་བ་རྣམས་ངར་འཛིན་པའི་རྩེད་མོས་ཨ་ཐང་ཆད་ནས་དོན་མེད་པའི་སྣང་བ་ལ་བདག་ཏུ་འཛིན་པར་ཟད་དོ། །ས་ར་ཧས། ང་ཡིས་རྩེད་མོ་བྱས་པ་ལ། །བྱིས་པ་རྣམས་ནི་ཨ་ཐང་ཆད། །ཅེས་པ་བཞིན་ནོ། །དེ་ལྟར་འཁྲུལ་ཞིང་གཡེངས་པས་འཁོར་བ་རྨི་ལམ་དང་འདྲ་བར་འཁྲུལ་པ་ཉིད། སེང་གེ་རྩལ་རྫོགས་ལས། དེ་ལྟར་མ་ཡིན་སེམས་ཅན་རྣམས། །རང་གི་རྣམ་རྟོག་འདུ་འཛིས་གཡེངས། །ཇི་ལྟར་བྱིས་པ་ཤེད་མ་བྱེད། །བྱ་བྱེད་མང་པོས་གཡེངས་པ་ལྟར། །དེ་བཞིན་མ་རྟོགས་སེམས་ཅན་རྣམས། །རྣམ་རྟོག་འཁོར་བའི་བདུད་ཀྱིས་གཡེངས། །དེ་
ཡང་བསྟན་པ་འདི་ལྟ་སྟེ། །ལ་ལ་ཕྱི་ཡི་གཟུང་བས་གཡེངས། །ལ་ལ་ནང་གི་འཛིན་པས་གཡེངས། །ལ་ལ་བསམ་གཏན་བསྒོམ་པས་གཡེངས། །ལ་ལ་བྱ་བྱེད་སྤྱོད་པས་གཡེངས། །ལ་ལ་འཁོར་བའི་ཆགས་པས་གཡེངས། །དེ་བཞིན་སེམས་ཅན་ཐམས་ཅད་ཀུན། །ཉོན་མོངས་ལྔ་ཡི་འཆིང་བས་གཡེངས། །རང་རིག་ཡེ་ཤེས་དོན་མ་མཐོང་། །སྣང་བ་འདི་ལ་བདེན་ཞེན་ནས། །དག་སྣང་ཆེན་པོའི་ཞལ་མ་མཐོང་། །མི་ལ་སོགས་པའི་སེམས་ཅན་རྣམས། །རང་དབང་རང་གིས་མ་ཐོབ་པས། །འཁོར་བ་དག་ལ་ཡུན་རིང་གནས། །ཞེས་སོ། །དེ་ལྟར་འཁྲུལ་པ་ཡང་མེད་པ་ལ་བདག་དུ་བཟུང་བས་བྱུང་བའི་ཕྱིར་ཞེན་འཛིན་སྤང་པར་གདམས་པ་ནི། འཁྲུལ་དང་མ་འཁྲུལ་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་འཁྲུལ་གྲོལ་ཡེ་ནས་མེད། །དེ་ལས་རོལ་པར་ཤར་ལ་འཛིན་པས་བཅིངས། །དོན་ལ་འཆིང་གྲོལ་གཉིས་མེད་ཡུལ་སེམས་མེད། །མེད་ལ་ཡོད་པར་འཛིན་པས་མ་བསླུ་ཞིག །རིག་པའི་ངོ་བོ་ལ་འཁོར་འདས་མ་གྲུབ་པས་འཆིང་གྲོལ་དང་འཁྲུལ་པ་དང་འཁོར་བ་མེད་ལ། དེའི་རྩལ་ལས་རོལ་པ་འཁོར་འདས་སུ་ཤར་བ་སྒྱུ་མའི་དཔེ་བརྒྱད་དུ་སྣང་བ་ལ་དོན་དུ་འཛིན་པ་རྒྱུན་མཐུད་པས་བཅིངས་ཀྱང་། རོལ་པར་སྣང་བའི་དུས་ནས་དོན་གྱི་ངོ་བོ་མ་གྲུབ་པས་ཡུལ་གྱི་རྣམ་པ་དང་། དེ་འཛིན་པའི་སེམས་གཉིས་མེད་པས་འཆིང་བ་ཡེ་མེད་སྟོང་པའི་རང་བཞིན་ལ། ཡོད་པར་འཛིན་པས་རང་གི་རིག་པ་མ་བསླུ་ཞིག་ཅེས་པ་སྟེ། དོན་ལ་སེམས་ཉིད་ཀྱི་ངོ་བོ་མ་རིག་པར་ངང་ལས་ཤར་བའི་ཆོས་སྣང་སེམས་གཉིས་ལ་བཟུང་བས་འཁོར་བར་འཁྲུལ་ཏེ། ཀུན་བྱེད་ལས། ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར། །ང་ཡིས་བྱས་པའི་ཆོས་ལ་ངེས་བརྟགས་པས། །བརྐམ་ཞིང་ཆགས་པའི་དབང་གིས་སྣང་བ་གྲུབ། །མི་རྟག་སྒྱུ་མའི་རང་བཞིན་འཇིག་པར་འགྱུར། །ཆ་མེད་དམུས་ལོང་ལྟ་བུའི་རང་བཞིན་ནོ། །ཞེས་སོ།
དེ་ལྟར་འཁྲུལ་བའི་རྩ་བ་འཛིན་པ་ལ་ཐུག་ལ། དེ་རྟོག་པས་ཡུལ་ཚོལ་བ་ལ་ཐུག་པས། ཐུག་ཕྲད་རྗེས་མེད་དུ་གྲོལ་ཐུབ་པའི་ལམ་ཁྱེར་གཅེས་པའི་གནད་དེ་ཡིན་ནོ། །འཁྲུལ་པ་ལྡོག་པའི་ལུགས་ལ་མང་ཡང་གསུམ་དུ་འདུ་སྟེ། འཁྲུལ་པ་གཞི་ལས་ལྡོག་པ་འཁྲུལ་གཞི་ངོས་འཛིན་པས་འཁྲུལ་པ་རང་ལོག་པ་འདྲེ་རྐུན་ངོས་ཟིན་པས་རྐུན་མོ་ཕྱིར་ལོག་སྟེ་རང་ཁྱིམ་ན་བློ་བདེ་བ་ལྟ་བུ་རང་བཞིན་རྫོགས་པ་ཆེན་པོའི་ལུགས་སོ། །འཁྲུལ་པ་ལམ་ནས་ལྡོག་པ་ཉོན་མོངས་པས་འཁྲུལ་པས་དེ་ཉིད་ལམ་དུ་བྱས་པས་གྲོལ་བར་འདོད་པ་ལམ་ནོར་བ་དག་དེ་ཉིད་ལ་ཞུགས་ཏེ་ཕྱིར་ལོག་པས་མ་ནོར་བར་འཇུག་པ་ལྟར་གསང་སྔགས་ཐུན་མོང་བ་རྣམས་སོ། །འཁྲུལ་བ་འབྲས་བུ་ལས་ལྡོག་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་སྟེ་སངས་རྒྱས་ཐོབ་ནས་འཁྲུལ་པ་ཆ་དང་བཅས་པ་ལོག་པར་འདོད་དེ་རྒྱལ་པོ་སྲིད་ཟིན་ནས་ཕ་རོལ་གྱི་ཡུལ་འཇོམས་པར་ནུས་པ་ལྟ་བུའོ། །འདི་དག་ཀྱང་བློའི་རྩལ་འཕང་ཐ་དད་པས་གྲུབ་པའི་མཐའ་དང་ལམ་གྱི་ཚུལ་ཐ་དད་པའི་ཕྱིར་ན་གོང་མས་འོག་མ་རྟོགས་ཀྱང་། འོག་མས་གོང་མ་མི་རྟོགས་པས། རང་བཞིན་རྫོགས་པ་ཆེན་པོའི་གནད་ངེས་པ་རྣམས་གསང་དགོས་ཏེ། འོག་མའི་བློར་མི་ཤོང་བས། ཆོས་ཀྱི་ཆེ་བ་ཉམས་པ་དང་། འོག་མའི་སྡིག་རྐྱེན་དུ་འགྱུར་བའི་ཕྱིར། གསང་བ་རྒྱལ་བའི་མཛོད་དུ་གདམས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། ཚིག་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ནང་དུ་རྡུལ་ཙམ་ཡང་བརྗོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་དག་རྣམས་ཀྱིས་ཚིག་འདི་ཀུན་ཐོས་པས་སྐྲག་པ་དང་། དངངས་པ་དང་། བརྒྱལ་བར་འགྱུར་ཏེ། གསང་སྔགས་རྣམས་ལ་མི་མོས་ཏེ། ཡིད་བྱུང་ནས། དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བས་ན། བསྟན་ཅིང་ཐོས་པར་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ། །གསུང་གི་རྡོ་རྗེས་གསོལ་བ། ཀྱེ་བཅོམ་ལྡན་འདས་ཉན་ཐོས་ལ་སོགས་པ་དེ་དག་ཀུན་དེ་ལྟར་འབྱུང་བ་དེ་
ཅིའི་རྒྱུ་ལགས་ཞེས་དྲིས་སོ། །བཀའ་སྩལ་པ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ནི་སྐལ་བ་མེད་པས། གསང་སྔགས་རྣམས་ཀྱི་སྣོད་དུ་མ་གྱུར་ནས་བློ་ཆུང་བའི་ཕྱིར་ཏེ། དཔེར་ན་ཁབ་ཀྱི་མིག་ཏུ་རས་ཡུག་བརྫངས་པས་ཤོང་བ་མེད་ཅིང་འགྲོ་བའི་སྐབས་མེད་པ་དང་འདྲའོ་ཞེས་གསུངས་སོ། །དེ་ལྟར་འཛིན་པ་སྤང་བར་གདམས་ན། གང་དང་གང་དག་འཛིན་པ་ཡིན། །དེ་དང་དེ་དག་ཇི་ལྟར་སྤང་། །ཞེས་ཞིབ་མོར་དཔྱོད་པ་དག་གི་བློའི་ཐེ་ཚོམ་བསལ་བའི་ཕྱིར་རྒྱས་པར་བཤད་པ་ནི། ཡེ་སངས་རྒྱས་པས་གྲོལ་བའི་རིག་པ་དེ། །གཏད་འཛིན་སེམས་ཀྱི་གཟེབ་ཏུ་མ་འཆིངས་ཤིག །ཡེ་ནས་ཡུལ་མེད་རྣམ་ཀུན་དག་པའི་ཀློང་། །མཁའ་མཉམ་བདེ་ཆེན་གཞི་རྩ་བྱང་ཆུབ་ཀློང་། །དེ་ལ་འཁོར་བ་མི་སྲིད་གདོད་མའི་བབས། །རིག་པའི་རང་ངོ་སྤྲོས་པ་དང་བྲལ་བས་ཡེ་ནས་སངས་རྒྱས་པར་གནས་པའི་རང་བཞིན་རྣམ་དག་ལ་ལྟོས་ནས་འཁོར་བ་ཡོད་མ་མྱོང་བ་ནམ་མཁའ་ལྟ་བུ་སྟེ། དེ་ལ་གློ་བུར་ཀུན་རྟོག་པའི་གཟེབ་ཀྱིས་མ་འཆིངས་ཤིག་ཅེས་གདམས་ཏེ། ཆོས་ཀྱི་གཟེབ་རིག་པའི་འཆིང་བར་ཆེ་བ་དེ་ཡང་རྣམ་གྲངས་མཐའ་ཡས་ཀྱང་བསྡུ་ན་ཐ་སྙད་ཚིག་ལ་ཞེན་པའི་གཟེབ་དང་། མི་རྟོག་ལྟེངས་པོའི་གཟེབ་དང་། བྱ་རྩོལ་འཛིན་པའི་གཟེབ་དང་། སྣང་བ་བདེན་འཛིན་གྱི་གཟེབ་དང་། ངེས་དོན་གཞན་ནས་ཚོལ་བའི་གཟེབ་དང་། སྟོང་གཟུགས་མཚན་འཛིན་གྱི་གཟེབ་དང་། གཤིས་ཤོར་སྟོང་ལྟའི་གཟེབ་དང་། རྟོག་པ་ཁ་འབྱམས་ཀྱི་གཟེབ་དང་། སྟོང་བསྒོམ་མུན་རྡོའི་གཟེབ་དང་། གནད་མེད་སྡུག་སྒུར་གྱི་གཟེབ་དང་བཅུར་གསུངས་ཏེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཉིད་ཀྱིས་ཀྱང་། །རང་གི་ཆེ་བའི་ཚིག་རྣམས་སུ། །འདི་སྐད་ཅེས་ནི་རྔམས་པར་བསྒྲགས། །ཆོས་ཀུན་རོ་གཅིག་མ་ཤེས་པར། །ཐ་སྙད་ཚིག་ལ་བདེན་འཛིན་པ། །ལུས་ཀྱིས་མི་ཐེགས་ཁུར་ཁུར་འདྲ། །དབྱིངས་རིག་གཉིས་མེད་མ་ཤེས་པར། །མི་རྟོག་
ལྟེངས་པོ་སུས་བསྒོམས་པ། །རི་བོ་སྐེད་པར་འབྲེགས་དང་འདྲ། །ཤུགས་འབྱུང་རང་གནས་མ་ཤེས་པར། །བྱ་བྱེད་རྩོལ་བ་སུས་འཛིན་པ། །རི་མོ་མཁན་གྱི་ཆགས་འཛིན་འདྲ། །རང་བྱུང་འགག་མེད་མ་ཤེས་པར། །སྣང་བ་བདེན་ཅིག་ངེས་འཇོག་པ། །ལྗོན་ཤིང་སྲོག་དང་བྲལ་བ་འདྲ། །སྐུ་གསུམ་ཡེ་རྫོགས་མ་ཤེས་པར། །ངེས་ལུང་གཞན་དུ་འཚོལ་བ་ནི། །གླང་པོའི་རྗེས་བཅད་མ་རྙེད་འདྲ། །སྙིང་པོའི་བཅུད་ཏིག་མ་ཤེས་པར། །རིག་པའི་རང་གདངས་སྟོན་པ་ནི། །མཁའ་འགྲོ་རྙིི་ལ་བཟུང་བ་འདྲ། །ཅོག་གཞག་རང་གྲོལ་མ་ཤེས་པར། །ལྟ་བ་རྟོགས་པར་ཁས་འཆེས་པ། །ནལ་བུ་རྒྱལ་པོར་བརྫུས་པ་འདྲ། །ལུས་ངག་དྲོད་རྟགས་མ་རྒྱས་པར། །སྐྱེ་མེད་རྟོགས་པར་ཁས་ལེན་པ། །ལུང་བ་སྟོང་པའི་རླུང་དང་འདྲ། །ལུ་གུ་རྒྱུད་ལ་མ་གོམས་པར། །འཁྲུལ་སྣང་འགག་པར་ཁས་ལེན་པ། །མུན་ཁུང་ནང་གི་མཛུབ་ཡུག་འདྲ། །བླ་མེད་རྒྱུད་འདི་མ་ཤེས་པར། །ཉམས་སུ་ལེན་པར་འདོད་པ་དེ། །ཁ་བྲག་ལམ་དུ་ཞུགས་པ་འདྲ། །ཞེས་སོ། །དེ་དག་གི་དོན་ཅུང་ཟད་བཀྲོལ་ན། སྣང་སེམས་ཐམས་ཅད་རིག་པའི་ངང་དུ་སྐྱེ་མེད་རང་སྣང་གཞི་མེད་དུ་རོ་གཅིག་པར་མ་ཤེས་པར། ཐེག་པའི་རིམ་པ་དང་ལྟ་སྒོམ་གྱི་རྣམ་གཞག་མང་པོས་སེམས་ཉིད་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པར་འདོད་ཀྱང་ཐ་སྙད་ལ་དོན་དུ་འཛིན་པ་དེས་འཆིང་བ་འགྲོན་པོ་ཁུར་གྱིས་དུབ་པ་དང་འདྲ་སྟེ་ཐ་སྙད་ཀྱི་ཆོས་བོར་ན་བདེའོ། །རིག་པ་ཀ་དག་སྤྲོས་པ་དང་བྲལ་བའི་དབྱིངས་ན་རང་གསལ་ཟང་ཐལ་རྗེན་པའི་རིག་པ་སྟོང་གསལ་གཉིས་མེད་ཡེ་འབྲེལ་དུ་མ་ཤེས་པར། སེམས་རྟོག་མེད་རྩེ་གཅིག་གི་ངང་བསྒོམས་པས་ཆོས་ཉིད་ཀྱི་ས་མི་ཆོད། གནས་ལུགས་ཀྱི་ངོ་བོ་མི་མཐོང་། གཟུང་འཛིན་གྱི་འཕྲང་མི་སྒྲོལ་ཏེ། རི་བོ་མཆོག་རབ་ཀྱི་རྐེད་པར་བྲེགས་ནས་ཆོད་དུ་རེ་བའི་མི་དང་འདྲ་སྟེ།
སེམས་འཛིན་གྱི་བརྟོད་ཕུར་ཕྱུང་ན་བདེའོ། །རིག་པ་ལ་རང་བཞིན་གྱི་བསམ་གཏན་ཡོད་པ་ངོས་མ་ཟིན་པར། ལུས་གནད་དང་རླུང་སེམས་ཀྱི་གནད་ཀྱིས་བསྒོམ་ལ་གནས་སུ་རེ་ན། རི་མོ་མཁན་རང་གི་རི་མོ་ལ་ཆགས་པ་ལྟར་ཆོས་ཉིད་དགོངས་པའི་ངང་དང་མཇལ་དུས་མེད་པས། འབད་རྩོལ་གྱི་ཐབས་ལམ་སྤངས་ན་བདེའོ། །རིག་པ་ཟང་ཐལ་གྱི་རྩལ་ལས་རོལ་པར་ཤར་བའི་སྟོང་གཟུགས་མེད་པ་གསལ་སྣང་ཙམ་དུ་མ་ཤེས་པར། ལ་ལས་སྣང་བ་རང་གི་སེམས་ཡིན་དུ་འཛིན་པ་དང་། ལ་ལས་དོན་གཞན་ཕྱི་རོལ་དུ་འཛིན་པ་སྟེ། ལྗོན་ཤིང་སྙིང་པོ་བསྐམས་པ་ལ་ལོ་འདབ་མི་འབྱུང་བ་ལྟར། འབྲས་བུ་ངལ་བ་དོན་མེད་པས་སྣང་བ་འདི་ཡིན་གྱི་ཕྱོགས་འཛིན་ཐམས་ཅད་བཏང་ན་བདེའོ། །སྤྱིར་སྣང་བ་རྩལ་ལས་རོལ་པར་ཤར་བ་དེ་འཛིན་པ་དག་པས་དག་པར་སྣང་བ་དང་། ་མ་དག་པས་འཁྲུལ་པར་སྣང་སྟེ། སྣང་དུས་ནས་རོལ་པ་ཙམ་ལས་ཕྱི་ནང་གང་ནའང་མེད་ལ་ཅིར་ཡང་མ་གྲུབ་པས་གཞི་མེད་ཀྱི་སྟོང་གཟུགས་མེད་པ་གསལ་སྣང་ཁོ་ནའོ། །འདི་སྔར་ཡང་བཤད་ཟིན་ཏོ། །རིག་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྐུ་གསུམ་དོན་དམ་གྱི་བདེན་པར་མ་ཤེས་པར་དབྱིངས་དོན་དམ་པའི་བདེན་པ་ག་ཤེད་ན་སྟོང་སྟོང་པོ་ཅིག་ཡོད་པར་འདོད་པ་སྟེ། གླང་པོ་རང་ཁྱིམ་དུ་བྱུང་ནས་ཕུག་ན་ཡོད་པ་དེ་མ་ཤེས་པར་རྗེས་ལ་ཕར་བཅད་ནས་ཡུལ་ཐམས་ཅད་དུ་བཙལ་ཡང་མི་རྙེད་པ་དང་འདྲ་བས་དོན་དམ་གཤིས་ལ་ཚོལ་བའི་བློ་སྤངས་ན་བདེའོ། །རིག་པ་ཆོས་ཟད་ཟང་ཀ་རྗེན་ཡེར་ཡེར་བ་འདི་མ་ཤེས་པར་ཕྱི་སྣང་བའི་སྟོང་གཟུགས་རིག་གདངས་ལ་རིག་པར་འཛིན་པ་ནི་གཟུང་འཛིན་གྱི་སྒྲོག་ལས་མི་ཐར་ཏེ་བྱ་སྲད་བུས་བཏགས་པ་དེ་འཕུར་བར་འདོད་ཀྱང་དར་རེ་ལས་འགྲོ་ས་མེད་པ་དང་འདྲ་བས་འོད་སྣང་ལ་དག་གྲོལ་སྤངས་ན་བདེའོ། །རིག་པ་རིག་ས་དེར་ཅོག་གཞག་རང་གྲོལ་གྱི་དོན་མ་རྟོགས་པར། སྟོང་པ་དང་། བདེ་བ་དང་། གསལ་བ་དང་། བྱར་
མེད་ལ་སོགས་པའི་གོ་སྤྱི་རེ་རེའི་ཆ་བཀག་ནས་ངས་ལྟ་བ་རྟོགས་སོ་སྙམ་དུ་སེམས་ཤིང་རྟོགས་པར་ཁས་འཆེ་ཡང་། ནལ་ཕྲུག་ངོ་གསར་པ་མེད་པ་དེ་ཆ་ལུགས་བཅོས་ནས་ང་རྒྱལ་པོའོ་ཞེས་བརྫུ་བ་དང་འདྲ་བས་ཡིད་དཔྱོད་ཀྱི་ལྟ་བ་སྤངས་ན་བདེའོ། །རྩ་ཤེ་ལས་ཀྱང་། ལྟ་བ་ཐམས་ཅད་སྤང་པའི་ཕྱིར། །གོའུ་ཏམ་ཁྱོད་ཀྱིས་གང་གསུངས་པ། །ཞེས་པ་བཞིན་ནོ། །མངོན་རློམ་ཡིད་དཔྱོད་ལ་གདེང་བཅས་ནས་ངས་ལྟ་བ་རྟོགས་སོ་བྱར་མེད་ཡིན་ནོ་ཞེས་རྔམ་པོ་ཆེར་སྨྲ་བ་ནི། རྣལ་དོན་དང་མ་འབྲེལ་བས་ངོ་ཚ་མེད་པའི་ཚིག་སྟེ་བླུན་རྨོངས་མུན་པ་ཅན་མིན་པ་སུ་ཞིག་དེ་སྐད་སྒྲོག་པར་བྱེད། གང་ལ་བློ་གྲོས་ཀྱི་མིག་ཟུམ་ཞིང་ལོག་པར་ཞུགས་པའི་ཕྱོགས་མང་བ་དག་གི་འདོད་པ་སྟེ། ཕྱིན་ཅི་ལོག་པ་དེ་ནི་བསྟན་པ་དམ་པའི་ཆོས་དང་འགལ་བས་མཁས་པ་དག་གིས་ཤིན་ཏུ་སྨད་པའི་གནས་སོ། །སྐྱེ་བ་མེད་པའི་དོན་དངོས་སུ་རྟོགས་ན་དངོས་པོ་ལ་ཞེན་པའི་འཁྲུལ་པ་འཇིག་ཅིང་། ལུས་ངག་ལ་ཆོས་ཉིད་ཀྱི་དྲོད་རྟགས་ཞེན་པ་མེད་པ་དང་། འཆི་བ་ལ་མི་སྐྲག་པ་དང་། སྣུམ་ཞིང་གཞོན་ཤ་ཆགས་པ་དང་། སྐྲ་དཀར་དང་གཉེར་མ་མེད་པ་ལ་སོགས་པ་འབྱུང་སྟེ། རྟགས་དེ་དག་གང་ཡང་མེད་པར་ངས་སྐྱེ་མེད་རྟོགས་སོ་ཞེས་སྨྲ་བ་ནི་ལུང་སྟོང་གི་རླུང་པོ་འཕྱོ་བ་དང་འདྲ་བས་མ་རྟོགས་པའི་ཁ་འབྱམས་དང་ཡིད་དཔྱོད་ཀྱི་འཛིན་པ་སྤངས་ན་བདེའོ། །རིག་པའི་རང་ངོ་ཟང་ཀ་རྗེན་པ་ལ་དངོས་པོར་མ་གྲུབ་ལ་བྱང་མ་ཆད་པས་སྟོང་གསལ་ལུ་གུ་རྒྱུད་ཀྱི་དོན་ཟང་ཐལ་དུ་མ་གོམས་པར། འཁོར་བའི་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་འགག་པར་ཁས་ལེན་པ་ནི་མུན་ཁུང་དུ་མཛུབ་ཡུག་བྱས་པ་རང་གཞན་གཉིས་ཀས་མི་མཐོང་བ་ལྟར་འཁྲུལ་པ་གཟུང་འཛིན་གྱི་ཆ་སོག་པ་ལས་འདག་མི་ནུས་པས་དམིགས་གཏད་བློའི་བསྒོམ་པ་སྤངས་ན་བདེའོ། །རིག་པ་ཆོས་ཟད་རྗེན་པའི་རང་གནད་བླ་ན་མེད་པའི་རྒྱུད་རང་ངོ་མ་ཤེས་པར། ཐབས་དང་བྱ་རྩོལ་ཅིས་ཉམས་སུ་བླངས་ཀྱང་། ད་རེས་ཐག་ཆོད་པ་ལྟར་བྱུང་
ཡང་མཐའ་མ་ཁྲོལ་ཕུ་མ་འཁྲུས་པས་ཐེ་ཚོམ་དང་ཡིད་དཔྱོད་ཀྱི་འཛོལ་ས་མང་བས་གོལ་སྒྲིབ་ཀྱི་ལམ་འཁྱོག་པ་ནི། རྒྱུས་མེད་ལམ་ཁ་བྲག་ཏུ་འཁྱམས་པ་དང་འདྲ་བས་སྟོང་བསྒོམ་མུན་པའི་ངོ་སྤྲོད་སྤངས་ན་བདེའོ། །སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་ཞལ་སྔ་ནས། ཡིད་དཔྱོད་འཛིན་པའི་ལྟ་བ་ཉོན་རེ་མོངས། །དེ་ལ་བརྟེན་པའི་བསྒོམ་པ་ཡི་རེ་མུག །དེ་ལ་སྤྱོད་པའི་སྤྱོད་པ་ཐང་རེ་ཆད། །དེ་ལ་འབྲས་བུ་རེ་བ་ཡོང་རེ་འཁྲུལ། །ཞེས་གསུངས་པ་ལྟ་བུའོ། །གཟུང་འཛིན་འཁོར་བའི་བདུད་ལས་རྒྱལ་བར་གདམས་པ་ནི། ཐིག་ལེ་ཉག་གཅིིག་གྲྭ་ཟུར་མེད་པ་ལ། །གཅིག་དང་ཐ་དད་འཛིན་པ་འཁྲུལ་པའི་སེམས། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་མེད་པ་ལ། །འཁོར་བའི་ལམ་དུ་འཛིན་པ་བྱང་ཆུབ་གེགས། །ལྷུན་གྲུབ་ཕྱོགས་མེད་མཐའ་དང་བྲལ་བ་ལ། །ཕྱོགས་ལྟའི་མཐའ་ལ་ཞེན་པ་སྙེམས་བྱེད་བདུད། །དངོས་མཚན་མེད་པའི་སྟོང་པ་འགག་མེད་ལ། །ཡོད་མེད་སྣང་སྟོང་འདོགས་པ་ལོག་པའི་བློ། །དེས་ན་གང་འདོད་ཕྱོགས་རིས་གཟེབ་བོར་ལ། །ལྷུན་གྲུབ་ཕྱོགས་མེད་ནམ་མཁའ་ལྟར་ཤེས་བྱོས། །རིག་པ་ཟང་ཐལ་ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བ་ལ། ཡོད་མེད་དང་། སྣང་སྟོང་དང་། ལྟ་སྒོམ་ལ་སོགས་པའི་ངོ་བོ་གཅིག་ཏུ་འདོད་པ་དང་། ཐ་དད་དུ་འདོད་པ་ལ་སོགས་པ་ཐམས་ཅད་འཁྲུལ་རྟོག་ཉིད་དེ། རང་བྱུང་ཡེ་ཤེས་གང་དུའང་མ་གྲུབ་པའི་ཕྱིར་རོ། །དེ་ལ་འཁོར་བ་དང་འཁོར་བའི་སྣང་བ་རང་སེམས་ལ་གྲུབ་པར་འཛིན་པའང་ཆོས་ཉིད་ཀྱི་དོན་རྟོགས་སུ་མི་སྟེར་བའི་གེགས་དང་། དངོས་པོ་དང་མཚན་མར་འཛིན་པ་ཡིན་པའི་ཕྱིར་རོ། །ཡོད་མེད་དང་ཡིན་མིན་དུ་འདོད་པའང་སྤྲོས་བྲལ་ངོ་བོ་ཉིད་ལ་གློ་བུར་བློའི་སྒྲིབ་པར་ཤར་ཏེ། སྤྲོས་པ་སྣ་ཚོགས་ཀྱི་དྲ་བ་ཡིན་པའི་ཕྱིར་རོ། །མདོར་ན་བསམ་བརྗོད་དམིགས་པར་འཛིན་པ་ཐམས་ཅད་ཕྱིན་ཅི་ལོག་གི་ཀུན་ཏུ་རྟོག་པ་སྟེ། ངོ་བོ་ཟང་ཐལ་དུ་རྟོགས་པ་ལ་སྒྲིབ་བྱེད་མུན་པའི་འཁོར་སྒོ་ཞེས་བྱ་སྟེ། མཚན་འཛིན་འཆིང་བའི་
བདུད་དུ་བསྟན་པ་ཡིན་ནོ། །ཁྱུང་ཆེན་ལས། ལུས་ངག་བཅོས་ཤིང་ཡིད་ཀྱིས་གཏད་འཛིན་པ། །ཆོས་ཉིད་བདེན་པ་སྒྲིབ་པར་བྱེད་པ་ལ། །འདི་བས་ལྷག་པའི་གཉེན་པོ་གཞན་པ་ཅི། །ཞེས་སོ། །སྐབས་འདིར་སྤང་བྱ་བདུད་ཀྱི་འཕྲང་ལས་སྒྲོལ་བ་ལ་དེ་ཤེས་པ་གཅེས་པས། ཅུང་ཟད་བཤད་ན། བདུད་ཀྱི་ངོ་བོ་མ་རིག་པ་གཟུང་འཛིན་དང་བཅས་པའི་འཁྲུལ་རྟོག །ངེས་ཚིག་ཐར་པ་ལ་བར་དུ་གཅོད་པས་བདུད་དོ། །དབྱེ་ན་རྩ་བའི་དབྱེ་བ་གཟུང་འཛིན་གཉིས། ཡན་ལག་གི་དབྱེ་བ་ཕུང་པོའི་བདུད། འཆི་བདག་གི་བདུད། ཉོན་མོངས་པའི་བདུད། ལྷའི་བུའི་བདུད་དང་བཞི། ཉིང་ལག་གིས་དབྱེ་ན་ཕྱིའི་བདུད་ལ་སོགས་པ་ཉི་ཤུ་རྩ་བརྒྱད། རྣམ་པར་འཕྲུལ་པས་དབྱེ་ན་བསམ་གྱིས་མི་ཁྱབ་སྟེ། རྟོག་པའི་མཐའ་དང་། ལས་ཀྱི་བྱེ་བྲག་དང་ཉོན་མོངས་པའི་ཚོགས་ཅི་ཙམ་པ་དེ་སྙེད་དོ། །བསྡུ་ན་རྣམ་པར་རྟོག་པ་གཅིག་པུར་འདུ་སྟེ། རྣམ་རྟོག་རིག་པའི་ངང་དུ་གྲོལ་བས། རིག་པའི་དོན་ཟང་ཐལ་དུ་རྟོགས་ན་བདུད་ལས་རྣམ་པར་རྒྱལ་བའི་རྣལ་འབྱོར་པ་ཞེས་བྱའོ། །དེ་དག་ཀྱང་རིག་པ་རང་གྲོལ་ལས། རྣམ་རྟོག་མཚན་མས་བཅིངས་པའི་བདུད། །བསམ་གྱིས་མི་ཁྱབ་གྲངས་མང་ཞིང་། །བརྗོད་དུ་མེད་ལ་བསམ་མི་ཁྱབ། །རྣམ་རྟོག་མཚན་མ་ཅི་འགྱུས་པ། །ཐམས་ཅད་བདུད་ཀྱི་རང་བཞིན་ཏེ། །དེ་ཡང་མདོར་བསྟན་འདི་ལྟ་སྟེ། །གཟུང་འཛིན་ཡུལ་ལ་ཆགས་ན་ཕྱི་ཡི་བདུད། །རྣམ་རྟོག་འཁྲུལ་པར་སྤྱོད་ན་ནང་གི་བདུད། །གྲགས་པ་ཁ་འབྱམས་བདུད་ཀྱིས་བསླུས་པ་ཡིན། །ལུས་ལ་རྒྱན་བཟང་བདུད་ཀྱིས་བསླུས་པ་ཡིན། །གཉེན་གྱི་གཅམ་ཚིག་བདུད་ཀྱིས་བསླུས་པ་ཡིན། །དགྲ་ལ་ཆགས་སྡང་བདུད་ཀྱིས་བསླུས་པ་ཡིན། །བདག་ཏུ་རྟོག་པ་བདུད་ཀྱིས་བསླུས་པ་ཡིན། །ལུས་ལ་ཆགས་པ་སྐྱེ་ན་དེ་ཡང་བདུད། །གཟུང་འཛིན་ཡུལ་ལ་ཆགས་ན་ཕྱི་ཡི་བདུད། །ཏིང་འཛིན་རོ་ལ་ཆགས་
ན་ནང་གི་བདུད། །སྣང་བའི་ཡུལ་ལ་ཆགས་ན་སྣང་ཡུལ་བདུད། །ཡིན་མིན་ཐེ་ཚོམ་ཟོས་ན་རྟོག་པའི་བདུད། །བྱ་བྱེད་གཡེང་བས་ཁྱེར་ན་འཁོར་བའི་བདུད། །རྟོག་པ་ཁོང་དུ་ཞུགས་ན་སེམས་ཀྱི་བདུད། །གཟུང་འཛིན་ཆོས་ལ་ཆགས་ན་ཡིད་ཀྱི་བདུད། །ལོངས་སྤྱོད་འཁོར་ལ་ཆགས་ན་གཡེང་བའི་བདུད། །འཁོར་བའི་ཆོས་ལ་ཆགས་ན་ཕུང་པོའི་བདུད། །རྩོད་པའི་འདམ་ལ་ཆགས་ན་ཉོན་མོངས་བདུད། །དགའ་སྡུག་གྲོགས་ལ་ཆགས་ན་ལྷ་ཡི་བདུད། །ཁྲོ་གཏུམ་དཔའ་རྔམ་ཆེ་ན་འཆི་བདག་བདུད། །བསྒོམ་པའི་ལྷ་ལ་ཆགས་ན་འཆིང་བའི་བདུད། །ཆགས་སྡང་ལྔ་ལ་ཆགས་ན་ངན་སོང་བདུད། །ཆོས་སྤྱོད་བཅུ་ལ་ཆགས་ན་སྐྱེ་གནས་བདུད། །འཁོར་བའི་ལམ་ལ་ཆགས་ན་མ་རིག་བདུད། །ཡུལ་ལ་རྔམ་སེམས་བྱེད་ན་ཆགས་པའི་བདུད། །ཆོས་ལ་སྨོད་པ་འདོར་ན་ཕྲག་དོག་བདུད། །གཞན་ལ་སུན་འབྱིན་བྱེད་ན་ང་རྒྱལ་བདུད། །ཕ་རོལ་སྤོང་བར་བྱེད་ན་སྐྱོན་གྱི་བདུད། །དེ་བཞིན་བདུད་ཀྱིས་བསླུ་བ་བསམ་མི་ཁྱབ། །བརྗོད་ཀྱིས་མི་ལང་གྲངས་མང་ཡང་། །རྩ་བ་བདུད་བཞི་ཆོམས་གྱུར་ན། །བདུད་རྣམས་གཞན་གྱིས་གླགས་མི་རྙེད། །བདུད་ཀྱི་བྱེ་བྲག་དེ་ལྟར་འདོད། །ཅེས་པ་དང་། དེ་ཕྱིར་རྣམ་རྟོག་འཁོར་བའི་བདུད། །མེད་ཅིང་སྟོང་ལ་གཟུང་དུ་མེད། །བདུད་ཀྱང་རང་གི་ངང་དུ་རྟོགས། །ཡེ་ཤེས་ཆེན་པོའི་སྣང་བ་ལ། །བདུད་མེད་བདུད་དུ་བྱ་བ་མེད། །རང་བྱུང་རིག་པ་གཅིག་པུ་ཉིད། །དེ་ལས་མ་གཏོགས་བདུད་མེད་དོ། །བདུད་ཉིད་རང་གི་རིག་པར་ལྟོས། །དེ་ཉིད་རྟོགས་པས་བདུད་རྣམས་ཀུན། །ངང་གིས་མེད་ཅིང་ངང་གིས་བཅོམ། །ང་མེད་པ་ཡི་སྔོན་རོལ་ན། །བདུད་ཅེས་བྱ་བའི་མིང་ཡང་མེད། །བདུད་ཉིད་ང་ལས་བྱུང་བའི་ཕྱིར། །བདུད་ཅེས་བྱ་བ་ལོགས་ན་མེད། །རྣམ་རྟོག་བདག་ཏུ་འཛིན་པ་རྣམས། །བདུད་ཀྱི་རྩ་བ་ཆེན་པོ་གཅིག །ང་ཉིད་རྟོགས་ན་བདུད་རྣམས་སངས། །རྣམ་རྟོག་འཛིན་པའི་བདུད་རྣམས་
ཀུན། །ཐབས་ཀྱིས་ང་ཡི་ངང་དུ་ཞི། །དེ་ཕྱིར་རྣམ་རྟོག་བདུད་རྣམས་ཀུན། །ཀ་ནས་མེད་ཅིང་ཀ་ནས་དག །བདུད་རྣམས་ཡེ་ཤེས་རོལ་པ་སྟེ། །ང་ལས་བྱུང་ཞིང་ང་ལས་འཁྲུལ། །དེ་ཕྱིར་ང་ཡི་ཆོ་འཕྲུལ་ཡིན། །ང་ཡི་རོལ་པ་བསམ་མི་ཁྱབ། །ང་ཡི་ཆོ་འཕྲུལ་དཀའ་བ་མིན། །ཐམས་ཅད་ང་ཡི་རོལ་པའོ། །ཞེས་གསུངས་སོ། །ད་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཀློང་དུ་ཕུ་ཐག་བཀྲུ་བ་ནི། སྣང་གྲག་མཐོང་ཐོས་ཚོགས་དྲུག་ཅི་ཤར་ཡང་། །ཐམས་ཅད་རང་གསལ་དབྱེ་བསལ་མེད་པའི་ཀློང་། །ཡེ་གྲོལ་མཉམ་པའི་ཀློང་དུ་ལ་ཟློས་ཤིག །ཅེས་གདམས་ཏེ། ཕྱི་སྣང་བ་གཟུགས་སོགས་ཡུལ་ལྔ། ནང་ཤེས་པ་དགག་སྒྲུབ་ཅི་ཤར་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་དང་རོལ་པ་ལས་མ་འདས་པས། མེད་སྣང་སྟོང་པའི་གཟུགས་བརྙན་དུ་རིག་པའི་ངང་དུ་ལ་བཟླ་ཞིང་། རིག་པ་རང་བྱུང་གི་ཡེ་ཤེས་ནི་ཟང་ཐལ་ཆོས་ཟད་མིང་མེད་དུ་ལ་བཟླ་སྟེ། བསམ་བརྗོད་སྤྲོས་པའི་ཡུལ་མ་ཡིན་པ་ནི། སེང་གེ་རྩལ་རྫོགས་ལས། ང་ནི་སྟོང་པའི་ཚིག་དང་བྲལ། །ང་ལ་མུན་པའི་ཆོས་མེད་པས། །ང་ནི་རང་སྣང་འོད་པོ་ཆེ། །ང་ལ་སྣང་བའི་རྐྱེན་མེད་པས། །ང་ནི་རྟགས་ཀྱི་སྐུ་ལྔར་གསལ། །ང་ལ་བྱས་པའི་ཆོས་མེད་པས། །ང་ནི་ཡེ་ནས་སྐྱེ་དང་བྲལ། །ང་ལ་འཇུག་པའི་བདུད་མེད་པས། །ང་ནི་སྣ་ཚོགས་རྐྱེན་དང་བྲལ། །ང་ལ་རྟོག་པའི་མཐའ་མེད་པས། །ང་ནི་ཡིན་མིན་ཆོས་དང་བྲལ། །ང་ལ་མཚན་མའི་ཚིག་མེད་པས། །ང་ནི་ཆད་པའི་ཕྱོགས་དང་བྲལ། །ང་ལ་དངོས་པོའི་ཡུལ་མེད་པས། །ང་ནི་རྟག་པའི་མཐའ་དང་བྲལ། །ང་ལ་འཛིན་པའི་རྟོག་མེད་པས། །ང་ནི་ཆད་པའི་མུ་ལས་འདས། །ང་ལ་དྲན་བྱེད་མེད་པ་ཡིས། །འཁོར་བའི་སྡུག་བསྔལ་ཆོས་ལས་ཐར། །ང་ལ་གཉིས་སྣང་མེད་པ་ཡིས། །ང་ནི་དགེ་སྡིག་གཉིས་དང་བྲལ། །ང་ལ་ཕྱོགས་ལྷུང་མེད་པ་ཡིས། །ང་ནི་འཁྲུལ་པའི་སེམས་དང་
བྲལ། །ང་ལ་བྱས་པའི་ཆོས་མེད་པས། །ང་ནི་རང་བྱུང་ལྷུན་གྱིས་གྲུབ། །ཅེས་སོ། །དབྱིངས་གཞི་ཀློང་སེམས་ཀྱི་ངེས་ཚིག་སྤྱིར་བསྟན་པ་ནི། མཉམ་ཉིད་གཅིག་ལ་ཅིར་སྣང་འབྱུང་བས་དབྱིངས། །ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པས་གཞི། །ཐམས་ཅད་རང་བྱུང་དབྱེ་བསལ་མེད་པས་ཀློང་། །ཀུན་འབྱུང་སྙིང་པོར་ཤར་བས་བྱང་ཆུབ་སེམས། །མཁའ་འདྲ་གདོད་ནས་དག་པར་ཤེས་པར་བྱ། །རིག་པ་སྟོང་མཉམ་ཐམས་ཅད་ཀྱི་འཆར་གཞིར་གནས་པའི་ཆ་ནས་དབྱིངས་ཞེས་བྱའོ། །ལྷུན་གྲུབ་ཡོན་ཏན་གྱི་སྣང་བ་སྟོན་པས་གཞི་ཞེས་བྱའོ། །ཐམས་ཅད་ཀྱི་སྙིང་པོར་གྱུར་པས་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །དེ་དག་ཀྱང་དོན་ལ་དབྱེར་མེད་ནམ་མཁའ་ལྟ་བུ་སྟེ། ང་རང་བྱུང་གི་ཡེ་ཤེས་ཆོས་ཀུན་གྱི་སྙིང་པོ་ཞེས་བྱ་བའི་དོན་ཏོ། །དེའི་ངེས་ཚིག་ནི་ཀུན་བྱེད་ལས། ང་ཞེས་བྱ་བ་སྙིང་པོ་སྟེ། །ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན། །རང་བྱུང་ཞེས་ནི་བྱ་བ་ནི། །རྒྱུ་རྐྱེན་མེད་པའི་སྙིང་པོ་བས། །རྩོལ་སྒྲུབ་ཀུན་ལས་འདས་པ་ཡིན། །ཡེ་ཤེས་ཞེས་ནི་བྱ་བ་ནི། །འགག་པ་མེད་ཅིང་མ་བསྒྲིབས་པས། །ཆོས་ཀུན་མ་ལུས་སྟོན་པར་བྱེད། །ང་ནི་བྱང་ཆུབ་སེམས་ལ་བྱ། །ཡེ་ནས་བྱ་བའི་དོན་འདི་ནི། །ཐོག་མ་ཉིད་ནས་གནས་པའི་དོན། །ཆོས་ཀུན་ཞེས་ནི་བྱ་བ་ནི། །སྟོན་པ་ཀུན་ཀྱང་ཆོས་ཉིད་ལ། །བསྟན་པ་ཀུན་ཀྱང་ཆོས་ཉིད་ཡིན། །འཁོར་གནས་དུས་ཀྱང་ཆོས་ཉིད་དེ། །ཆོས་ཉིད་མ་ཡིན་གཅིག་ཀྱང་མེད། །སྙིང་པོ་བྱ་བའི་དོན་འདི་ནི། །ཐམས་ཅད་འབྱུང་བའི་སྙིང་པོ་སྟེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །སྟོན་པ་གསུམ་ཡང་དེ་ལས་བྱུང་། །བསྟན་པ་གསུམ་ཡང་དེ་ལས་བྱུང་། །འཁོར་གནས་དུས་ཀྱང་དེ་ལས་བྱུང་། །ཐམས་ཅད་འབྱུང་བའི་སྙིང་པོར་བཤད། །ཅེས་སོ། །སྟོན་པ་གསུམ་ནི་སྐུ་གསུམ་མོ། །བསྟན་པ་གསུམ་ནི་ཕྱི་རྒྱུའི་ཐེག་པ། འདུལ་བ་མདོ་སྡེ་མངོན་པ་གསུམ་སྤྲུལ་སྐུའི་བསྟན་པའོ། །ནང་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་ལོངས་སྐུའི་བསྟན་པའོ། །གསང་བ་བསྐྱེད་པ་
རྫོགས་པ་རྫོགས་པ་ཆེན་པོ་གསུམ་ཆོས་སྐུའི་བསྟན་པའོ། །འཁོར་གསུམ་ནི་སྤྲུལ་སྐུའི་འཁོར་དགེ་སློང་ཕ་མ་གཉིས་དགེ་བསྙེན་ཕ་མ་གཉིས་ཏེ་རྣམ་པ་བཞི། ལོངས་སྐུའི་འཁོར་བྱང་ཆུབ་སེམས་དཔའ་ས་བཅུར་གནས་པའོ། །ཆོས་སྐུའི་འཁོར་ནི་ཆོས་ཅན་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་བ་རྣམས་དང་། ཡེ་ཤེས་རྒྱ་མཚོའི་ཚོགས་སོ། །གནས་གསུམ་ལ་ཆོས་སྐུའི་གནས་བསམ་བརྗོད་ལས་འདས་པ་ཆོས་ཀྱི་དབྱིངས་དོན་གྱི་འོག་མིན་ནོ། །ལོངས་སྐུའི་གནས་རིགས་ལྔ་སོ་སོའི་ཞིང་དང་འོག་མིན་ཁང་བུ་བརྩེགས་པའོ། །སྤྲུལ་སྐུའི་གནས་གདུལ་བྱའི་རང་སྣང་ངེས་མེད་སྣ་ཚོགས་ཏེ་བྱ་རྒོད་ཕུང་པོ་ལ་སོགས་པའོ། །དུས་གསུམ་ལས་ཆོས་སྐུའི་དུས་བརྗོད་དུ་མེད་པ། ལོངས་སྐུའི་དུས་གསལ་དག་རྒྱུན་གྱི་འཁོར་ལོ། སྤྲུལ་སྐུའི་དུས་ཆོས་འབྱུང་མཐུན་རྐྱེན་ཚོགས་པའོ། །བྱང་ཆུབ་སེམས་ཀྱི་ངེས་ཚིག་བྱེ་བྲག་ཏུ་བཤད་པ་ནི། རང་བྱུང་ཡེ་ཤེས་གཞི་ཀློང་ཡངས་པ་ལ། །ཡེ་ནས་དྲི་མེད་འཁོར་བས་མ་གོས་བྱང་། །ཡོན་ཏན་ལྷུན་གྲུབ་རྒྱུ་འབྲས་འདས་པས་ཆུབ། །རང་རིག་སྙིང་པོ་འོད་གསལ་དག་པས་སེམས། །བྱང་ཆུབ་སེམས་སུ་ཀུན་འདུས་རྣམ་པར་དག །རིག་པའི་ངོ་བོ་ལ་དྲི་མ་ཡེ་ནས་མེད་པས་འཁོར་བ་ཡོད་མ་མྱོང་བའི་ཕྱིར་བྱང་བ་ཞེས་བྱའོ། །སྙིང་པོ་དེ་ཉིད་ལ་ཡོན་ཏན་ལྷུན་གྱིས་གྲུབ་པས་ཆུབ་པ་སྟེ། གང་ཡང་འཆར་རུང་དུ་ཡོད་པའི་ཕྱིར་རོ། །ཐུགས་རྗེ་ཀུན་ཁྱབ་ཏུ་གནས་པས་འཁོར་འདས་ཀུན་ལ་ཁྱབ་ཅིང་འོད་གསལ་བའི་ཕྱིར་དང་སོ་སོ་རང་རིག་པར་སྐྱེས་པའི་ཕྱིར་སེམས་ཞེས་བྱའོ། །དེའང་རྟོག་ཚོགས་ཀྱི་སེམས་སེམས་བྱུང་ནི་རོལ་པའི་རྩལ་ལས་མ་དག་པར་ཤར་བས་བྱང་ཆུབ་ཀྱི་སེམས་མ་ཡིན་ཏེ། འཁོར་བའི་སེམས་ཡིན་པས་རྫས་འགལ་བའི་ཕྱིར་ན། རྩལ་དང་རྩལ་ལས་རོལ་པར་ཤར་བའི་ཁྱད་ཡོད་དེ། དེ་ཡང་ཀུན་བྱེད་ལས། བྱང་བའི་དོན་ནི་འདི་ལྟ་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ནི། །རང་བྱུང་ཡེ་
ནས་རྣམ་དག་པས། །ཀུན་བྱེད་རྒྱལ་པོས་བྱས་པ་ཀུན། །ཀུན་བཟང་ཉིད་དུ་རྣམ་དག་པས། །བྱང་ཞེས་བྱ་བར་བཤད་པ་ཡིན། །ཆུབ་ཅེས་བྱ་བ་འདི་ལྟ་སྟེ། །སྙིང་པོ་རང་བྱུང་ཡེ་ཤེས་དེ། །སྣང་བ་དང་ནི་སྲིད་པ་དང་། །སྣོད་དང་བཅུད་ཀྱིས་བསྡུས་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་དང་། །དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཀུན་ལ་ཆུབ་སྟེ་ཁྱབ་པར་གནས། །དེས་ན་ཆུབ་ཅེས་བྱ་བར་བཤད། །སེམས་ཀྱི་དོན་ནི་འདི་ལྟ་སྟེ། །སྙིང་པོ་རང་བྱུང་ཡེ་ཤེས་དེས། །སྣང་སྲིད་སྣོད་བཅུད་ཐམས་ཅད་ལ། །འཇུག་ཅིང་དབང་སྒྱུར་གསལ་བར་གཅོད། །དེས་ན་སེམས་ཞེས་བྱ་བར་བཤད། །ཅེས་སོ། །རྒྱུ་མཚན་ངེས་པའི་མཐའ་སྡུད་ནི། རྩལ་ལས་རོལ་པར་ཤར་བའི་རང་ངོ་ལ། །རྟོགས་པས་གློ་བུར་ཡང་སངས་རྒྱས་པ་དང་། །མ་རྟོགས་མ་རིག་འཁྲུལ་པའི་ཚོགས་ཤར་བས། །ཀུན་གཞི་ལས་མཆེད་ཚོགས་བརྒྱད་ཡུལ་དང་བཅས། །སྣང་སྲིད་སྣོད་བཅུད་རོལ་པར་ཅི་ཤར་ཡང་། །བྱང་ཆུབ་སེམས་ཀྱི་ཀློང་ལས་གཡོས་པ་མེད། །སེམས་ཀློང་མ་གཡོས་མཉམ་པའི་ངང་ཉིད་དུ། །འཁོར་འདས་འུབ་ཆུབ་དགོངས་ཀློང་ཡངས་པར་གྲོལ། །བྱང་ཆུབ་ཀྱི་སེམས་ནོར་བུ་དྲི་མ་མེད་པ་ཟང་ཐལ་བ་ལྟ་བུའི་ངང་གིས་རང་དངས་རྩལ་ལས། རྟོགས་པ་གློ་བུར་དྲི་བྲལ་གྱི་སངས་རྒྱས་སུ་སྣང་བའང་རིག་པ་ཉིད་ཀྱི་སྣང་ཚུལ་ལས་གཞན་དུ་མ་གཡོས་ལ། མ་རྟོགས་པས་མ་རིག་འཁྲུལ་པའི་སེམས་ཅན་གྱི་སྣོད་བཅུད་ཚོགས་བརྒྱད་དང་བཅས་པ་ཡང་རིག་པའི་ངང་ལས་གཡོས་པ་མེད་དོ། །དེ་ཡང་རང་རང་ལ་གང་སྣང་བ་དེ་རང་གི་རིག་པའི་ངང་ལས་མ་གཡོས་པར་བརྗོད་ཀྱིས། ཐམས་ཅད་ལ་སྤྱི་ཐུན་མོང་བའི་རིག་པའི་ངང་གཅིག་ཏུ་རོ་གཅིག་པ་དང་མ་གཡོས་པ་ལྟ་བུ་ནི་མེད་དེ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་རོ། །ཀུན་གཞི་སེམས་ཀྱི་རྩ་བ་ཅན་མ་རིག་པ་ལུང་མ་བསྟན་ལས། ཀུན་གཞིའི་རྣམ་ཤེས་རྟོག་མེད་དངས་པ་
ཙམ་དང་། སྒོ་ལྔའི་རྣམ་ཤེས་རྟོག་མེད་རང་གསལ་དང་། ཡིད་ཀྱི་རྣམ་ཤེས་རྟོག་པ་དང་བཅས་པ་ཡུལ་འཛིན་པ་དང་རྟོག་མེད་རྩེ་གཅིག་གནས་པ་ཙམ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་ཤེས་དུག་གསུམ་གང་རུང་དུ་སྐྱེས་པའི་ཆར་གནས་པའོ། །དེ་དག་ཀྱང་རིག་པའི་རྩལ་ལས་རོལ་པར་ཤར་བ་སྟེ་རིག་པའི་ངང་ན་མེད་པ་གསལ་སྣང་ཙམ་དུ་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་སུ་སྣང་བའོ། །དེ་ལྟར་ན་ཐམས་ཅད་འབྱུང་ཞིང་འཆར་བའི་གཞི་རིག་པ་དེ་ནི་ནོར་བུ་དང་། བང་མཛོད་དང་། མེ་ལོང་དང་། ཤེལ་གོང་དང་། ཟ་འོག་དང་། ཁྱུང་ཆེན་དང་། སེང་གེ་དང་། རྒྱ་མཚོ་དང་། ནམ་མཁའ་དང་། ས་གཞི་དང་ཆོས་མཚུངས་པ་ཉིད་དེ། མུ་ཏིག་ཕྲེང་བ་ལས། དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་བསྐང་བས་ནོར་བུ་འདྲ། །དགོས་པ་ཚང་བས་བང་མཛོད་འདྲ། །གང་བསྟན་སྣང་བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེལ་གོང་འདྲ། །སྣ་ཚོགས་སྣང་བས་ཟ་འོག་འདྲ། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་སེང་གེ་འདྲ། །གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ། །རང་བྱུང་གྲོལ་བས་ནམ་མཁའ་བཞིན། །ཐམས་ཅད་བརྟན་པས་ས་གཞི་ལྟར། །ཡུལ་རྣམས་ཀུན་ལས་ཁྱད་པར་འཕགས། །ཞེས་སོ། །དེའང་དཔེར་བརྗོད་ནས་ཕྱོགས་རེ་མཚོན་པ་ལས་ཐམས་ཅད་འདྲ་བ་འགའ་ཡང་མེད་དོ། །ཤེས་རབ་ཆུང་ངུ་དག་སྒྲ་རང་མཚན་དེས་ཐམས་ཅད་འདྲའོ་སྙམ་དུ་རྟོག་པའམ་ལོག་ཕྱོགས་ལ་དཔེར་མཚོན་ཏེ། ནོར་བུ་ལྟ་བུ་ལ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པར་ཕྱོགས་མཚོན་པ་དེ་བཞག་ནས། རིག་མེད་བེམས་པོའི་དཔེར་འཛིན་པ་ལ་སོགས་པ་སྟེ། འདིར་ཕྱོགས་མ་རྟོགས་པ་དག་ཐེ་ཚོམ་ངན་པ་དེ་ལྟ་བུ་བསམ་པར་མི་བྱའོ། །དེ་ལ་ནོར་བུ་ནི་རིག་པའི་ངོ་བོ་ལ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པ་མཚོན་གྱིས། བེམས་པོ་ལྟ་བུར་མི་བསམ་མོ། །བང་མཛོད་ནི་དགོས་པ་རང་བྱུང་དུ་ཚང་བ་མཚོན་
གྱིས། གནས་དང་དངོས་པོ་རང་མཚན་ལ་སོགས་པར་མི་བསམ་མོ། །མེ་ལོང་གིས་འཆར་གཞི་གོ་མ་འགགས་པར་མཚོན་གྱིས་ཤར་ཟིན་གཟུགས་བརྙན་གྱི་རོལ་པ་ལ་སོགས་པར་མི་བསམ་མོ། །ཤེལ་གྱིས་ཀ་དག་ཟང་ཐལ་དུ་མཚོན་གྱིས་དག་པ་ཕྱོགས་གཅིག་དང་ངོས་གཟུང་ཡོད་པ་ལ་སོགས་པར་མི་བསམ་མོ། །ཟ་འོག་གིས་སྣང་ཚུལ་མ་འགགས་པ་ཙམ་མཚོན་གྱིས་ཁ་དོག་དང་དབྱིབས་སུ་གྲུབ་པར་མི་བསམ་མོ། །ཁྱུང་གིས་རང་གནས་སྤྲོ་བསྡུ་མེད་པ་མཚོན་གྱིས་སྟོང་སྟོང་པོའི་དབྱིངས་ན་རིག་པ་ཡོད་པར་མི་བསམ་མོ། །སེང་གེས་ཉམ་ང་བ་དང་རེ་དོགས་མེད་པར་མཚོན་གྱིས་འགའ་ཞིག་ཟིལ་གྱིས་གནོན་གནོན་པོར་མི་བསམ་མོ། །རྒྱ་མཚོས་དངས་ཆ་མཚོན་གྱིས་ངང་དངས་ཟབ་ཟབ་མོ་མི་བསམ་མོ། །ནམ་མཁས་དངོས་པོ་མཚན་མས་སྟོང་པར་མཚོན་གྱིས་ཅི་ཡང་མེད་པའི་ཕྱང་ཆད་དུ་མི་བསམ་མོ། །ས་གཞིས་ཡོན་ཏན་ལ་སོགས་པའི་རྟེན་བྱེད་པའི་དབྱིངས་ཤར་གྱི་རྩ་བར་མཚོན་གྱིས་རིག་པའི་སྟེང་ན་འབྲེལ་བ་གྲུབ་པའི་རྟེན་དང་བརྟེན་པར་མི་བསམ་སྟེ། འཁོར་འདས་ཀྱི་སྣང་བ་དང་རིག་པ་གཉིས་ཡོད་མེད་ཀྱི་མཐའ་ལས་འདས་པ་དང་། གཞི་དང་སྣང་བ་ཤར་བ་ལ་སོགས་པའི་ཕྱིར་རོ། །ད་ནི་གཤིས་རང་བབས་རྣལ་མའི་ངོ་བོ་བཤད་པ་ནི། གཤིས་ལ་འཁོར་འདས་མི་སྲིད་རང་བཞིན་བབས། །བཟང་ངན་བླང་དོར་མི་སྲིད་རང་བཞིན་བབས། །སྤངས་ཐོབ་གཟུང་འཛིན་མི་སྲིད་རང་བཞིན་བབས། །དུག་ལྔའི་ཉོན་མོངས་མི་སྲིད་རང་བཞིན་བབས། །རྒྱ་ཆད་ཕྱོགས་ལྷུང་མི་སྲིད་རང་བཞིན་བབས། །རྩལ་དང་འཆར་བ་མི་སྲིད་རང་བཞིན་བབས། །ཕྱོགས་ཙམ་བཏགས་པ་མི་འགོག་རང་བཞིན་བབས། །ཐ་སྙད་སྣ་ཚོགས་སུ་བཏགས་ཀྱང་དོན་དམ་རིག་པའི་ངོ་བོ་ཟང་ཀ་ལ་འདི་དང་འདི་ཞེས་གྲུབ་བསལ་བརྗོད་པ་ལས་འདས་པའི་ཕྱིར། འཁོར་འདས་དང་། བཟང་ངན་དང་། བླང་དོར་དང་། སྤངས་ཐོབ་དང་། ཉོན་མོངས་དང་། རྒྱ་ཆད་དང་། ཕྱོགས་ལྷུང་དང་། རྩལ་དང་། རོལ་པ་དང་།
འཆར་ས་དང་། འཆར་བ་ཞེས་བྱ་བར་གྲུབ་མ་མྱོང་སྟེ། ཐལ་འགྱུར་ལས། ཆོས་ཉིད་དབྱིངས་དང་རང་ངོ་དང་། །འགྱུ་བ་སྟོངས་དང་རྟོག་པ་ཟད། །གཞི་རྫོགས་ལམ་དང་འབྲས་བུ་མེད། །ཆོས་ཉིད་སུས་ཀྱང་བྱས་པ་མེད། །རང་བཞིན་དག་པས་སྤྲོས་དང་བྲལ། །རྣམ་རྟོག་ཐ་དད་ཡུལ་ལས་འདས། །ཚིག་བྱུང་འཁྲུལ་པ་རྒྱུན་ཆད་པའོ། །ཞེས་པ་དང་། ཀློང་དྲུག་པ་ལས། མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །ཆོས་མེད་བརྟག་པ་ཀུན་ལས་འདས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་སོ། །བརྟགས་པར་མི་འགོག་ལ་རྩལ་དང་འཆར་གཞི་མེད་པ་ཅིའི་ཕྱིར་ཞེ་ན་བཤད་པ། རང་བྱུང་ཡེ་ཤེས་ཆོས་ཟད་མིང་མེད་ལ། །རྩལ་དང་རོལ་པ་ཅི་ཤར་གཞི་མེད་ཉིད། །འཆིང་གྲོལ་མེད་པ་གནས་ལུགས་རང་བཞིན་བབས། །གྲོལ་ཞེས་བརྡར་བཏགས་རང་ཡལ་རྗེས་མེད་ཅིང་། །ཀུན་ཡིན་ཀུན་མིན་བརྟག་པར་མི་འགལ་བས། །ཡེ་ནས་གྲོལ་ཞེས་ཚིག་ཏུ་བརྗོད་པ་ཡིན། །མ་གྲུབ་པ་ཉིད་ཀྱིས་མིང་དུ་བཏགས་པ་ཉིད་དེ་མིང་དོན་ལ་འབྲེལ་བ་མེད་པའི་ཕྱིར་རོ། །དོན་ནི་ངོ་བོ་མེད་ལ་མིང་ནི་ཀུན་ཏུ་བཙལ་ན་མི་རྙེད་པ་དེའི་ཕྱིར་མིང་དོན་མ་གྲུབ་པ་ཉིད་ལ་འབྲེལ་བ་ནི་ཅི་ཞིག་དམིགས་པར་འགྱུར། རིག་པ་དང་། དེའི་རྩལ་དང་། རོལ་པ་དང་། རང་གྲོལ་ཞེས་བྱ་བའང་མ་བརྟགས་པའི་ངོར་བརྡ་ཤེས་པའི་ཡན་ལག་ཏུ་གོ་བདེར་བརྟག་པ་ཙམ་ལས། རིག་པ་ཉིད་ལ་ངོ་བོ་མེད་ན་དེ་ལས་འཆར་ས་དང་། ཤར་བ་དང་། སྣ་ཚོགས་ཀྱི་རོལ་པ་ཞེས་དོན་ལ་ཡོད་པར་ག་ལ་འགྱུར། འོན་ཀྱང་མེད་པ་ཉིད་ལས་སྣང་ཚུལ་མ་འགགས་པར་སྣང་དུས་དེ་སྐད་བརྟགས་པ་ནི་སྒྱུ་མའི་སྣང་བ་དང་འདྲའོ། །སྒྱུ་མ་མཁན་དང་། དེའི་རིག་སྔགས་དང་། རིག་སྔགས་ཀྱི་རོལ་པ་སྒྱུ་མའི་རྟ་གླང་གསུམ་མ་བརྟགས་མ་དཔྱད་ན་སྣང་ཙམ་མ་འགགས་པར་གཅིག་ལས་གཅིག་ཤར་བ་ལྟར། རིག་པ་དེའི་རྩལ་དང་། རྩལ་ལས་ཤར་བའི་
རོལ་པ་སྣང་སྲིད་འཁོར་འདས་སུ་སྣང་བ་ཡང་། མ་བརྟགས་མ་དཔྱད་པའི་ངོར་སྣང་བ་ཙམ་མོ། །དཔྱད་ན་རྟ་གླང་མེད་པ་གསལ་སྣང་། རིག་སྔགས་གྲག་སྟོང་རྗེས་མེད། སྒྱུ་མ་མཁན་གྱི་ལུས་རྡུལ་ཕྲན་ཆ་མེད། སེམས་གཅིག་དང་དུ་བྲལ་དུ་སོང་ནས་མ་གྲུབ་པ་ལྟར། རོལ་པར་སྣང་བའི་འཁོར་འདས་སྣོད་བཅུད་ཐམས་ཅད་མེད་པ་གསལ་སྣང་། རྩལ་རང་གསལ་སྟོང་པ། རིག་པ་ཟང་ཐལ་ཆོས་ཟད་དེ། གཅིག་དང་དུ་མའི་མཐའ་དང་བྲལ་བས་བསམ་བརྗོད་སྤྲོས་པའི་ཡུལ་ལས་འདས་པ་ཉིད་དོ། །མ་བརྟགས་མ་དཔྱད་པའི་དུས་ན་སྣང་བ་འདི་རྩལ་གྱི་ནུས་པ་ལས་བྱུང་བས་ཤེས་པ་ཡིན་ནོ་སྙམ་ན། ལོག་པར་རྟོག་པ་དེ་ལྟ་བུ་ཁོ་བོ་ཅག་ག་ལ་འདོད། སྒྱུ་མའི་རྟ་གླང་སྒྱུ་མ་མཁན་གྱི་རོལ་པར་ཤར་ཡང་སྒྱུ་མ་མཁན་མ་ཡིན་པ་བཞིན་ནོ། །སྒྱུ་མའི་རྟ་གླང་སྒྱུ་མ་མཁན་ཡིན་ན་སྒྱུ་མའི་སྣང་བ་ཞིག་དུས་སྒྱུ་མ་མཁན་ཡང་མེད་པར་ཐལ་བ་དང་། སྣང་བ་དེ་མེད་གོང་དུ་སྒྱུ་མ་མཁན་མེད་པར་ཐལ་བ་ལས། སྒྱུ་མ་ཡོད་མེད་དང་ཞིག་མ་ཞིག་གི་རྗེས་སུ་སྒྱུ་མ་མཁན་མི་བྱེད་པས་དེ་གཉིས་ངོ་བོ་གཅིག་མ་ཡིན་པ་ལྟར། སྣང་བ་དང་རང་སེམས་གཅིག་མ་ཡིན་པའང་མཚུངས་ཏེ། སྣང་བ་འདི་བདག་གི་རྗེས་སུ་འགྲོ་ལྡོག་མི་བྱེད་ལ། བདག་ཀྱང་སྣང་བའི་རྗེས་སུ་འགྲོ་ལྡོག་མི་བྱེད་པས་ངོ་བོ་གཅིག་མ་ཡིན་ནོ། །འོ་ན་རིག་པའི་རོལ་པ་ཡིན་པས་སྣང་བ་འདི་བདག་གི་རྗེས་སུ་འགྲོ་ལྡོག་བྱེད་པར་རིགས་སོ་ཞེ་ན། སྤྱི་བཙན་གྱི་སྣང་བ་དེ་སྒོས་བཙན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མ་ཡིན་པས། བདག་མེད་ཀྱང་རི་ལ་སོགས་པ་ཤུལ་ན་ཡོད་པས་གསལ་ལ། སྒོས་བཙན་གྱི་རི་སྣང་ཙམ་གྱི་རོལ་པ་དེ་གང་ཟག་དེ་འཆི་དུས་ནུབ་པའི་ཕྱིར་ན། རང་རང་གི་རོལ་པ་དེ་རང་རང་དང་རྗེས་སུ་འགྲོ་ལྡོག་བྱེད་ལ། སྤྱིའི་དེ་སྤྱི་དང་འགྲོ་ལྡོག་བྱེད་པས། ཕྱེ་ནས་ལན་འདེབས་པས་ཉེས་པ་མེད་དོ། །འོ་ན་རང་མེད་དུས་རང་སྣང་གི་རི་མེད་པར་མ་སོང་བས་རོལ་པ་ཤུལ་དུ་ལུས་སོ་
སྙམ་ན། ཤུལ་གྱི་དེ་སྣང་ཡུལ་སྤྱི་བཙན་པ་ཡིན་པས། ཤུལ་མའི་སྣང་བ་ཡིན་གྱིས། ཤི་བ་དེའི་སྣང་བ་མ་ཡིན་ལ། སྤྱིའི་རོལ་པ་འགག་པར་ནི་ཁས་མ་བླངས་པ་དང་། སྣང་བ་དང་སྣང་ཡུལ་གྱི་ཁྱད་ཡོད་པའི་ཕྱིར་ཉེས་པ་མེད་ལ་འཐད་པ་དང་བཅས་པ་ཉིད་དོ། །དེའི་ཕྱིར་མིང་དོན་ལ་འབྲེལ་བ་མེད་པ་ཉིད་དང་། སྣང་བའི་ཕྱིར་རང་བཞིན་མེད་པས་བརྟག་པ་དང་བརྟགས་དོན་མ་གྲུབ་པས་ཅིར་སྣང་ཅིར་བརྟགས་ཀྱང་སྟོང་པའི་ཐ་སྙད་ཙམ་དུ་ཤེས་པར་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཇི་ལྟར་ལ་ལ་དག་ལ་བུ་བཙས་ཏེ། །དེ་ཡི་མིང་ནི་ཐ་སྙད་དེར་བཏགས་ཀྱང་། །མིང་དེ་ཀུན་ཏུ་བཙལ་ན་མི་རྙེད་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། ཡུམ་ལས་ཀྱང་། རབ་འབྱོར་ཆོས་ཐམས་ཅད་ནི་བརྡ་ཙམ་བཏག་པ་ཙམ་མིང་ཙམ་གློ་བུར་བ་ཉིད་དེ། དེ་ཀུན་ཏུ་བཙལ་ན་ནང་ན་ཡང་མེད་ཅིང་མི་དམིགས་ལ། ཕྱི་རོལ་ན་ཡང་མེད་ཅིང་མི་དམིགས་ལ། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། རང་བཞིན་གྱིས་སྟོང་པའི་ཕྱིར་རོ་ཞེས་སོ། །ད་ནི་ཡེ་ནས་གྲོལ་བའི་ཚུལ་རྒྱས་པར་བཤད་པ་ལས། འཆར་གཞིའི་ངོ་བོ་དང་རྩལ་གྱི་རང་བཞིན་ཡེ་ནས་གྲོལ་བར་བསྟན་པ་ནི། དབྱེ་བསལ་མེད་དོ་ལྷུན་གྲུབ་ཀློང་དུ་གྲོལ། །འདུ་འབྲལ་མེད་དོ་ཐིག་ལེའི་ཀློང་དུ་གྲོལ། །ཅིར་ཡང་འཆར་རོ་ངེས་མེད་ཀློང་དུ་གྲོལ། །རིག་པའི་ངོ་བོ་ལ་གྲོལ་ལུགས་གཉིས་ཏེ། རང་ངོ་ཀ་དག་ཏུ་གྲོལ་བ་དང་། ཆོས་རྣམས་དེའི་ངང་དུ་གྲོལ་བའོ། །རང་ངོ་ནི་གང་དུའང་མ་གྲུབ་པས་དངོས་པོ་དང་མཚན་མའི་ཆོས་ཀྱིས་སྟོང་པའི་ལྡོག་པ་ནས། འཁོར་འདས་ཀྱི་ཆོས་ལས་གྲོལ་བ་ཞེས་ཐ་སྙད་བརྗོད་པའོ། །ཆོས་རྣམས་དེའི་ངང་དུ་གྲོལ་བ་ནི་རིག་པ་ཟང་ཀར་རྟོགས་པས་ཆོས་རྣམས་ཡུལ་མེད་དུ་སངས་ཏེ། རིག་པ་ཉིད་རྗེན་ལ་སོང་བ་དེ་མངོན་དུ་གྱུར་པ་ཙམ་ལ་དེའི་ཀློང་དུ་
གྲོལ་བ་ཞེས་ཐ་སྙད་བརྗོད་ཀྱང་མཚོ་ནང་དུ་དངོས་པོ་ནུབ་པ་ལྟར་རིག་པའི་ངང་དུ་སོང་སོང་པོ་གྲོལ་གྲོལ་པོ་ནི་ཅི་ཡང་མེད་དེ། ཆོས་ལ་ངོ་བོ་མེད་པ་དང་། རིག་པ་ལ་ངོ་བོ་མེད་པའི་ཕྱིར། མོ་གཤམ་གྱི་བུ་སྨིག་རྒྱུའི་ཆུ་ནང་དུ་གྲོལ་བ་མི་སྲིད་པ་བཞིན་ནོ། །སྐབས་འདིར་ངོ་སྤྲད་པ་དང་ངང་སྐྱོང་བ། རྩལ་སྦྱོང་བ་གསུམ་རང་རིག་ཟང་ཀའི་སྟེང་འདིར་བརྩི་སྟེ། རིག་པ་དབྱེ་བསལ་མེད་པ་ལྷུན་གྲུབ་ཀྱི་ཀློང་དུ་ཡེ་ནས་གྲོལ་བར་ངོ་སྤྲད་པས། ཡང་རབ་ཀྱི་རང་ངོ་ཤེས་པ་ལ་འཇུག་ཅིང་ངོ་ཤེས་པས་ཆོས་ཉིད་ཀ་དག་གི་རང་ས་ཐུག་ས་དེར་རྗེན་ལ་ཐུག་པའོ། །དེ་ལས་ཡར་གཤེགས་ཀྱང་དགུང་ལ་ཤུལ་མི་མངའ་བ་ཞེས་བྱ་སྟེ་ཐུག་ས་ཟད་པའོ། །དེ་ལྟར་རྟོགས་ནས་རིག་པའི་ངང་དངས་དང་འདུ་འབྲལ་མེད་པ་འོད་གསལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་གཏད་འཛིན་གྱི་ཆོས་གྲོལ་ནས་རྗེན་པར་དངས་སང་ངེ་མཐོང་བས་རང་བཞིན་ལྷུན་གྲུབ་ཀྱི་བསམ་གཏན་དུ་ཡིད་ཆེས་ཏེ། དགོངས་པའི་ཐུག་ས་ཟད་པའོ། །དེའི་དངས་ཆའི་རྩལ་ལས་མེ་ལོང་དུ་གཟུགས་བརྙན་སྣང་བ་ལྟར་སྣང་སེམས་ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་པ་ཉིད་རང་སར་གཞི་མེད་ངེས་མེད་ཀྱི་ཀློང་དུ་གྲོལ་བར་རྩལ་སྦྱངས་པས། མ་སྤངས་རང་གྲོལ་གྱི་གནད་ལ་གོམས་ནས། རྗེས་མེད་རང་ཡལ་དུ་ཐག་ཆོད་དེ། ཟང་ཐལ་གཉུག་མའི་ཡེ་ཤེས་སུ་གདེང་ཚུད་པས། རྫོགས་པ་ཆེན་པོ་བྱ་བྲལ་ལྷུན་གྲུབ་ཡངས་པར་རང་ས་ཟིན་པའི་གཟེར་བུ་གསུམ་སྟེ། ཐལ་འགྱུར་ལས། གཞན་ཡང་ཆོས་ཉིད་ངོ་བོ་ནི། །རང་བཞིན་ཉིད་ལས་ངོ་བོར་གྲུབ། །སྣང་ཚུལ་གཅིག་ཏུ་མ་ངེས་པས། །འཇུག་པའི་ལམ་ཡང་ཐ་དད་དོ། །ངོ་དང་ཤེས་དང་གྲོལ་མཐོང་གི། འཇུག་དང་མཐོང་དང་གོམས་པ་ལས། །ངོ་ཤེས་པ་ལ་རང་ངོ་སྟེ། །ཡིད་ཆེས་པ་ཡི་ཐུག་སའོ། །ཐག་ཆོད་པས་ནི་གདེང་དུ་ཚུད། །དེ་ལྟར་གསུམ་གྱིས་ངེས་པའི་ལས། །ངོ་བོ་རྫོགས་པས་རྒྱུ་འགགས་སོ། །ཞེས་
སོ། །ད་ནི་རྩལ་ལས་རོལ་པར་ཤར་བའི་སྣང་བ་རང་ས་ནས་རང་བཞིན་མེད་པའི་ཀློང་དུ་གྲོལ་བར་བསྟན་པ་ནི། གཟུགས་སུ་སྣང་ངོ་སྣང་བ་རང་སར་གྲོལ། །སྒྲ་རུ་གྲག་གོ་གྲག་པ་རང་སར་གྲོལ། །དྲི་རུ་ཚོར་རོ་ཚོར་བ་དབྱིངས་སུ་གྲོལ། །རོ་མྱོང་རེག་གོ་རང་སའི་ངང་དེར་གྲོལ། །དྲན་རིག་བྱུང་ཚོར་གཞི་རྩ་རྟེན་མེད་གྲོལ། །ཡུལ་དྲུག་གི་སྣང་བ་ནི་སྟོང་གཟུགས་མེད་པ་གསལ་སྣང་སྟེ་རང་བཞིན་མེད་པའི་ངང་དུ་ཡེ་ནས་གྲོལ་ལ། དབང་པོ་དྲུག་ཤེས་པ་དང་བཅས་པ་ནི་རང་རང་གི་ངོ་བོས་སྟོང་པས་ཡོད་མ་མྱོང་བ་སྟོང་པའི་དབྱིངས་སུ་གྲོལ་ལ། སྣང་སེམས་རྟེན་མེད་ནམ་མཁའི་ངོ་བོ་ཉིད་དུ་ཡེ་ནས་གྲོལ་བས་ངོ་བོ་དང་ངོས་གཟུང་གི་ཆོས་སུ་བདེན་པར་གྲུབ་པ་ནི་རྡུལ་ཙམ་ཡང་མེད་ལ། བརྫུན་པར་སྣང་བ་ཙམ་ལས་བརྫུན་པར་གྲུབ་པ་ཡང་མེད་པའི་ཕྱིར། མཐའ་གྲོལ་སྟོང་པ་ཆེན་པོའི་དབྱིངས་རུམ་ན་མེད་པ་གསལ་སྣང་གི་སྟོང་གཟུགས་ཆུའི་ཟླ་བ་ལྟར་སྣང་དུས་ཉིད་ནས་རང་བཞིན་མེད་པར་ཤར་བས། འདི་ལ་སྤང་བླང་དང་རེ་དོགས་དང་བརྟག་དཔྱད་གང་ཡང་མི་དགོས་ཏེ། འཕགས་པ་ལྷ་ཡི་ཞལ་སྔ་ནས། ཇི་ལྟར་སྣང་ཞིང་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་གསུངས་པ་བཞིན་ནོ། །དེ་ཡང་ཇི་ལྟར་སྣང་བ་ངོ་བོས་སྟོང་པ་དང་། བདེན་རྫུན་ལས་འདས་པ་དང་། སྣ་ཚོགས་ལ་མ་ངེས་པའི་ཕྱིར་སྟོང་པ་ཉིད་དོ། །མ་ངེས་སྣ་ཚོགས་པ་ནི་རྩལ་ལས་རྐྱེན་དང་རྒྱུ་མེད་པ་གསལ་སྣང་གི་ཚོགས་པས་རྟེན་འབྲེལ་དུ་ཤར་བ་སྟེ། འཁྲུལ་སྣང་གི་རོལ་པ་འདི་དག་ལ་རིང་བའི་རྒྱུ་ཐོག་མ་མེད་པའི་བག་ཆགས་ཀུན་གཞི་ལ་ཡོད་པ་རྐྱེན་ལས་དང་ཉོན་མོངས་པས་བསླངས་ལ། ཉེ་བའི་རྒྱུ་གློ་བུར་བའི་ཚོགས་པ་ཙམ་སྟེ། ལྷ་སྦྱིན་ལ་དགྲར་སྣང་བ་ནི། རིང་རྒྱུ་ལས་དང་བག་ཆགས། ཉེ་རྒྱུ་མི་འཐད་པའི་ཆ་གློ་བུར་བ་བྱས་པ་ལས། དགྲར་སྣང་བ་ལྟར། སྣོད་བཅུད་བདེ་སྡུག་གི་སྣང་བ་སྟེ། འདི་དག་རྒྱུ་རྐྱེན་
ལས་གློ་བུར་དུ་ཤར་བས་མི་བདེན་པའི་སྟོང་གཟུགས་ཏེ། བདེན་ན་ནི་རྒྱུ་རྐྱེན་ལ་མི་ལྟོས་པར་འབྱུང་དགོས་སོ། །དེའི་ཕྱིར་སྣ་ཚོགས་སུ་སྣང་བས་སྟོང་པ་ཉིད་དེ། ཐལ་འགྱུར་ལས། གཞན་ཡང་ཆོས་ཉིད་རང་བཞིན་བཤད། །འདི་འདྲ་གཅིག་ཏུ་མ་ངེས་པས། །གང་ལྟར་བརྟགས་པ་དེ་ལྟར་སྣང་། །སྣ་ཚོགས་མིང་ནི་གདགས་གཞི་ལས། །སྨྲ་ཚིག་དུ་མའི་སྤྲོས་པར་སྣང་། །ངེས་མེད་མིང་ནི་སྣ་ཚོགས་ལས། །དོན་ཀྱང་བརྟགས་པ་ཙམ་གྱིས་སྟོང་། །སྟོང་ཉིད་གང་དུའང་མ་གྲུབ་པས། །རང་བཞིན་དག་པ་ལྟར་སྣང་ངོ་། །ཞེས་པ་དང་། འཕགས་པ་ཀླུའི་དབང་པོའི་ཞལ་སྔ་ནས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །ཁ་ཅིག་འདི་སྐད་དུ་ལྷ་བསྒོམས་པས་དངོས་གྲུབ་འབྱུང་བ་དང་། མི་རྟག་པ་སོགས་པ་བསྒོམས་པས་འབྱུང་བ་དང་སྦྱར་ན། གསར་དུ་འགྲུབ་པར་སྣང་བས་དེ་དང་དེར་བདེན་པ་མ་ཡིན་ནམ་ཞེ་ན། འདིར་བཤད་པ་གློ་བུར་བ་ཉིད་ཀྱིས་འགྲུབ་པར་སྣང་ནས་མི་བདེན་པ་ཉིད་དེ། མ་བསྒོམས་པས་མི་བདེན་པས་བསྒོམ་པ་ལ་སོགས་པར་ཤར་བ་ཡིན་མོད། རྟོག་པ་མཐུ་བརྟས་པ་ཉིད་ཀྱིས་རེ་ཞིག་གང་དཔྱད་པ་ལྟར་དེ་དང་དེའི་རྒྱུ་དང་རྐྱེན་གྱིས་འགྱུར་འགྱུར་འདྲ་ཡང་ཆོས་ཉིད་དོན་དམ་སྐྲ་རྩེ་ཙམ་ཡང་འགྱུར་བ་མེད་དེ། བྱིས་པའི་རྩེད་མོས་དར་ཅིག་སྣང་བ་དེ་འགྱུར་འགྱུར་འདྲ་ཡང་དོན་ལ་མ་འགྱུར་བ་དང་། སྒྱུ་མའི་སྣང་བ་དེ་རེ་ཞིག་འགྱུར་འགྱུར་འདྲ་ཡང་རྟག་མི་ཐུབ་ཞིག་འགྲོ་བས་དོན་ལ་མ་འགྱུར་བ་ལྟར། འཁྲུལ་མ་འཁྲུལ་དུ་སྣང་དུས་འདིར་རེ་ཞིག་རིག་པ་འགྱུར་འགྱུར་འདྲ་ཡང་དོན་ལ་ཆོས་ཉིད་ལས་སྐྲ་རྩེ་གཅིག་ཀྱང་འགྱུར་བ་མེད་པའི་ཕྱིར། གང་སྣང་ནས་སྟོང་པའི་རོལ་པར་ཤར་བ་ཡིན་ནོ། །ཡང་ཁ་ཅིག་མཐོང་
ཐོས་སུ་འདུག་པས་སྟོང་པ་མི་འཐད་དོ་ཞེ་ན། དེའི་སྟོང་པ་དེ་ཅི་ཡང་མེད་ལ་མི་མཐོང་བ་ཅིག་ཁོ་ན་ལ་བློ་རྩེ་གཏོད་པ་དེ་ནི་ཆད་པ་ཞེས་བྱ་སྟེ། ཁོ་བོ་ཅག་དེ་ལྟ་བུའི་སྟོང་པ་དེ་ཉིད་འདོད་པ་དང་མི་རྩོད་དོ། །རྒྱང་འཕེན་པ་དང་རྩོད་པ་ནི། ངལ་བ་འབའ་ཞིག་ཏུ་ཟད། སྒྱུ་མའི་དཔེ་བརྒྱད་ནི་སྟོང་པའི་རང་གཟུགས་མངོན་སུམ་དུ་གོ་བདེ་བས་སྦྱར་བ་ལས། ད་ལྟར་གྱི་མཐོང་ཐོས་སྣང་སྲིད་སྣོད་བཅུད་འཁོར་འདས་སུ་སྣང་ནས་སྟོང་པར་འདོད་ཀྱི། མི་སྣང་ན་ལྟོས་ཆོས་མེད་པས་གང་དང་གང་ཞིག་ལ་ལྟོས་པར་བརྗོད། ཆོས་ཉིད་ཀྱི་གཤིས་ལའོ་སྙམ་ན། གཤིས་གང་དུའང་མ་གྲུབ་པས་སྟོང་པ་ཉིད་ཀྱང་མ་ཡིན་ཏེ། རྩ་བ་ཤེས་རབ་ལས། སྟོང་དང་མི་སྟོང་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་སོ། །ཆོས་གང་དུའང་མ་གྲུབ་པས་གདགས་སུ་བྱུང་བ་སྟེ། སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །སྟོང་ངོ་ཞེས་ཀྱང་བརྟགས་གྱུར་ལ། །མི་སྟོང་ཞེས་ཀྱང་བརྗོད་པ་ཡིན། །ཞེས་འདོན་པ་ལྟ་བུའོ། །འདི་དག་ནི་གྲུབ་མཐའི་ཆིངས་གལ་པོ་ཆེ་ཡིན་པས་རྟོགས་པར་བྱའོ། །ད་ནི་བརྟག་པ་རང་གི་ངོ་བོས་སྟོང་པས་ཡེ་གྲོལ་དུ་བསྟན་པ་ནི། གཅིག་ཏུ་གྲོལ་ལོ་ཆོས་ཉིད་ཀློང་དུ་གྲོལ། །གཉིས་སུ་མེད་དོ་ཡུལ་སེམས་མཉམ་པར་གྲོལ། །རང་བྱུང་གྲོལ་ལོ་ཡེ་ཤེས་ཀློང་དུ་གྲོལ། །ལྷུན་གྲུབ་གྲོལ་ལོ་གཞི་དབྱིངས་དག་པར་གྲོལ། །ཐམས་ཅད་མ་སྐྱེས་པའི་ཕྱིར་སྟོང་པ་གཅིག་ཏུ་གྲོལ་བ་ཡང་རིག་པ་གཅིག་གི་ངོ་བོ་ལས་མ་འདས་པས་དེར་གྲོལ་ལ། ཡུལ་དང་དེ་ལ་འཛིན་པའི་སེམས་གཉིས་སུ་སྣང་བ་དེ་སྣང་བ་ཉིད་ནས་གཉིས་སུ་མེད་པའི་རིག་པ་གཅིག་ལས་མ་གཡོས་པས་དེར་གྲོལ་ལ། རིག་པ་རང་བྱུང་གི་ཡེ་ཤེས་དེ་ཡང་རྒྱ་ཆད་དང་ཕྱོགས་ལྷུང་གང་ཡང་མེད་པས་དོན་གྱི་ཡེ་ཤེས་
སྤྲོས་བྲལ་ཉག་གཅིག་ཏུ་གྲོལ་ལ། ལྷུན་གྲུབ་ཐིག་ལེ་ཉག་གཅིག་ཀྱང་ཟང་ཐལ་མཚོན་བརྗོད་ལས་འདས་པའི་དབྱིངས་སུ་གྲོལ་བའི་ཕྱིར། མཐའ་གྲོལ་ཀློང་ཡངས་ཆེན་པོའི་ངོ་བོ་ལ་འཁོར་འདས་གྲུབ་བསལ་མེད་པས། སྒྲིབ་པ་ཡུལ་མེད་དུ་སངས་ཏེ། གང་གིས་ཀྱང་སྒྲིབ་ཏུ་མེད་པའི་དགོངས་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་གནས་པ་ཉིད་དོ། །འདིའི་དོན་ཅུང་ཟད་བཤད་ན་ལུང་གི་གནས་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། སེང་གེ་རྩལ་རྫོགས་ལས། སྟོང་གསུམ་ཡེ་རྒྱས་ཐེབས་པ་ལ། །འཕྲལ་བྱུང་རྐྱེན་གྱིས་ང་མི་སྒྲིབ། །ཆོས་དབྱིངས་ཡེ་ནས་ཡངས་པ་ལ། །གཅོང་རོང་དོག་མོས་ང་མི་སྒྲིབ། །རང་བྱུང་ཡེ་ནས་གསལ་བ་ལ། །འཁོར་བའི་མུན་པས་ང་མི་སྒྲིབ། །རིག་པ་ཡེ་ནས་འཆི་མེད་ལ། །སྐྱེ་དང་འཆི་བས་ང་མི་སྒྲིབ། །སྐུ་གསུམ་ཡེ་ནས་གནས་པ་ལ། །ཆགས་སྡང་ལྔ་ཡིས་ང་མི་སྒྲིབ། །ཐབས་དང་ཤེས་རབ་ཡེ་གནས་པས། །སྦྱོར་སྒྲོལ་གཉིས་ཀྱིས་ང་མི་སྒྲིབ། །བདུད་རྩི་ཡེ་ནས་ནད་སེལ་བས། །དུག་ལྔའི་རྩ་བས་ང་མི་སྒྲིབ། །རིག་པ་ཡེ་ནས་ཕྱོགས་མེད་པས། །གོལ་སྒྲིབ་གཉིས་ཀྱིས་ང་མི་སྒྲིབ། །ཆོས་སྐུ་ཡེ་ནས་བདག་མེད་ལ། །བདག་གཞན་གཉིས་ཀྱིས་ང་མི་སྒྲིབ། །སྣང་བ་ཡེ་ནས་རང་གསལ་ལ། །འབྱུང་བ་ལྔ་ཡིས་ང་མི་སྒྲིབ། །སྐུ་གསུམ་ཡེ་ནས་རང་རྫོགས་ལ། །བསྐྱེད་རྫོགས་གཉིས་ཀྱིས་ང་མི་སྒྲིབ། །གསལ་བ་ཡེ་ནས་དངོས་བྲལ་ལ། །མཚན་མའི་ཆོས་ཀྱིས་ང་མི་སྒྲིབ། །རང་རིག་ཡེ་ནས་འགྱུར་མེད་པས། །དགེ་སྡིག་གཉིས་ཀྱིས་ང་མི་སྒྲིབ། །ཅེས་པ་དང་། ཡུལ་ལ་རྟོག་མེད་རང་སྣང་བས། །སེམས་ཀྱི་འཛིན་པས་ང་མི་སྒྲིབ། །ཡེ་ཤེས་ཆོས་ལས་འདས་པས་ན། །སྣ་ཚོགས་བློ་ཡིས་ང་མི་སྒྲིབ། །སྣང་ཡུལ་གཉིས་སུ་མི་འཛིན་པས། །རྣམ་ཤེས་བརྒྱད་ཀྱིས་ང་མི་སྒྲིབ། །སངས་རྒྱས་སེམས་
ཅན་མི་འབྱེད་པས། །བཟང་ངན་གཉིས་ཀྱིས་ང་མི་སྒྲིབ། །སྟོང་གསལ་གཉིས་སུ་མི་འབྱེད་པས། །བྱིང་རྒོད་གཉིས་ཀྱིས་ང་མི་སྒྲིབ། །བྱ་བྱེད་གཉིས་སུ་མི་འབྱེད་པས། །ཐེག་པའི་རྩོལ་བས་ང་མི་སྒྲིབ། །རྟོགས་དང་མ་རྟོགས་གཉིས་མེད་པས། །ཡིན་མིན་གཉིས་ཀྱིས་ང་མི་སྒྲིབ། །ཤེས་དང་མི་ཤེས་གཉིས་མེད་པས། །བློ་དངོས་གཉིས་ཀྱིས་ང་མི་སྒྲིབ། །ཕྱོགས་དང་རིས་སུ་མི་འཛིན་པས། །དགྲ་གཉེན་གཉིས་ཀྱིས་ང་མི་སྒྲིབ། །མཐའ་དང་དབུས་སུ་མི་འབྱེད་པས། །གོལ་སྒྲིབ་གཉིས་ཀྱིས་ང་མི་སྒྲིབ། །གསང་དང་མི་གསང་གཉིས་མེད་པས། །སྡུག་བསྔལ་གཉིས་ཀྱིས་ང་མི་སྒྲིབ། །རིག་དང་མ་རིག་གཉིས་མེད་པས། །མུན་སྣང་གཉིས་ཀྱིས་ང་མི་སྒྲིབ། །དུག་ལྔ་ཡེ་ཤེས་གཉིས་མེད་པས། །འཛིན་རྟོག་གཉིས་ཀྱིས་ང་མི་སྒྲིབ། །ཕྱི་དང་ནང་དུ་མི་ལྟ་བས། །འབྱུང་བའི་རྐྱེན་གྱིས་ང་མི་སྒྲིབ། །ཐ་དད་དུ་མར་མི་འབྱེད་པས། །གཅིག་དང་དུ་མས་ང་མི་སྒྲིབ། །འདས་དང་མ་འདས་མི་རྟོག་པས། །འཁོར་འདས་གཉིས་ཀྱིས་ང་མི་སྒྲིབ། །གསལ་འགྲིབ་གཉིས་སུ་མི་འཛིན་པས། །ཡེངས་དང་རྨུགས་པས་ང་མི་སྒྲིབ། །ཅེས་སོ། །དེ་ཡང་ཆོས་ཉིད་ཡེ་རྒྱས་ཐེབས་པ་ལས་སྒྲིབ་མེད་ཟང་ཐལ་རྗེན་པར་ཤར་ཏེ། མུ་ཏིག་ཕྲེང་བ་ལས། རང་སྣང་སྟོང་པ་ཉིད་ཀྱི་རྒྱ། །སྟོང་འབྱམས་ཡེ་ཤེས་སྐུ་ཡི་རྒྱ། །སྣ་ཚོགས་སེམས་ཉིད་རིག་པའི་རྒྱ། །རྣམ་དག་ཀློང་ཡངས་ཡེ་ཤེས་རྒྱ། །མཚན་མ་དངོས་དག་རང་རིག་རྒྱ། །སྣང་བ་རང་རྫོགས་དབྱིངས་ཀྱི་རྒྱ། །སྤྱོད་པ་རྨད་བྱུང་སྣང་བའི་རྒྱ། །སྒོམ་པ་རྨད་བྱུང་སེམས་ཀྱི་རྒྱ། །ལྟ་བ་རྨད་བྱུང་ནམ་མཁའི་རྒྱ། །འབྲས་བུ་རྨད་བྱུང་ཆིག་ཆོད་རྒྱ། །ཡེ་ཤེས་རྨད་བྱུང་སྟོང་པའི་རྒྱ། །ཆོས་ཉིད་རྨད་བྱུང་རོལ་པའི་རྒྱ། །རྟོག་པ་རྨད་བྱུང་ཤེས་པའི་རྒྱ། །
ཡང་དག་རྨད་བྱུང་རིག་པའི་རྒྱ། །ཞེས་སོ། །འདིའི་དོན་ལག་ཁྲིད་དུ་བསྟན་ན། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། རིག་པ་ཉིད་ཀྱི་གནས་ལུགས་ཆེ། །གྲོལ་ལུགས་རྟོགས་ལུགས་ཐོབ་ལུགས་སོ། །སྐྱེ་མེད་ཡུལ་ལ་གནས་པའི་ཚེ། །བལྟ་ཐབས་གཞག་ཐབས་བསྐྱལ་ཐབས་སོ། །ཞེས་པས། རྟོགས་ལུགས་ཟང་ཐལ་དུ་རྟོགས་པ་དང་། གྲོལ་ལུགས་ཀ་དག་ཏུ་སངས་པ་དང་། ཐོབ་ལུགས་རང་མལ་དུ་ཐོབ་པ་གསུམ་དུས་གཅིག་ལ་འབྱུང་ལ། དེའི་ངང་དུ་གོམས་པར་བྱེད་པ་ལ་གནད་གསུམ་སྟེ། ཟང་ཐལ་དུ་ལྟ་བ། ཆིག་ཆོད་དུ་གཞག་པ། ཟད་སར་བསྐྱལ་བའོ། །དེ་དག་གི་རིམ་པ་ཡང་སྔར་བསྟན་ཟིན་ཏོ། །རོལ་པ་ཆོས་ཉིད་དུ་གྲོལ་བའི་གནད་ངེས་པ་ནི། སྣ་ཚོགས་གྲོལ་ལོ་ཉག་གཅིག་ཀློང་དུ་གྲོལ། །ཕྱོགས་མེད་གྲོལ་ལོ་ལྷུན་གྲུབ་ཀློང་དུ་གྲོལ། །ཐམས་ཅད་གྲོལ་ལོ་སྙིང་པོའི་ཀློང་དུ་གྲོལ། །སྣ་ཚོགས་ཕྱོགས་མེད་དུ་ཤར་བའི་ཆོས་ཐམས་ཅད་ངོ་བོ་གཞི་མེད་དུ་གནས་པས་རང་ས་ནས་སྟོང་པར་གྲོལ་བ་དེ། རྣལ་འབྱོར་པས་དེ་ལྟར་རྟོགས་དུས་རང་གི་སེམས་དེ་ལ་འཛིན་པའི་ཆོས་ཀྱི་འཆིང་པ་ལས་གྲོལ་བ་ནི། སྣང་སྟོང་རིག་སྟོང་དུ་རྟོགས་པའི་རང་བཞིན་དུ་ཤར་བ་ཞེས་བྱའོ། །དེའང་གཤིས་དེ་ལྟར་ཡིན་ཡང་བློས་མ་རྟོགས་ན་ཕན་མེད་ལ་རྟོགས་ན་མ་སྤངས་ལ་དག །མ་བཙལ་བར་གྲུབ། མ་ཕྱིན་པར་བགྲོད་པ་ཞེས་བྱ་བས་དོན་ཀུན་གྲུབ་པའི་ཆོས་ཉིད་དེ། མུ་ཏིག་ཕྲེང་བ་ལས། ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན། །འཁོར་བ་ཉིད་ཀྱི་དོན་རྟོགས་ན། །མྱ་ངན་འདས་ཞེས་ཡོད་མ་ཡིན། །ཉོན་མོངས་ལྔ་ཡི་དོན་རྟོགས་ན། །ཡེ་ཤེས་གཞན་དུ་ཡོད་མ་ཡིན། །སྡུག་བསྔལ་ཉིད་ཀྱི་དོན་རྟོགས་ན། །བདེ་བ་ཆེན་པོ་བཙལ་དུ་མེད། །སྐྱོན་གྱི་མཐའ་གཉིས་རབ་རྟོགས་ན། །ཡོན་ཏན་ཆེན་པོ་བཙལ་མི་དགོས། །འཁྲུལ་པ་ཉིད་ཀྱི་
དོན་ཤེས་ན། །འཁྲུལ་མེད་རིག་པ་བཙལ་མི་དགོས། །འབྱུང་ལྔ་ཉིད་ཀྱི་དོན་རྟོགས་ན། །ཆེན་པོ་ལྔ་ཉིད་བབས་ཀྱིས་གྲུབ། །མ་རིག་ཉིད་ཀྱི་རྩད་ཆོད་ན། །རིག་པའི་སྐུ་ཉིད་མ་བསྒྲུབས་འགྲུབ། །སེམས་ཅན་ཉིད་ཀྱི་དོན་ཤེས་ན། །སངས་རྒྱས་ཉིད་ཀྱང་མ་བཙལ་རྙེད། །སྣ་ཚོགས་སྣང་བའི་དོན་རྟོགས་ན། །མ་རིག་འོད་སྣང་མ་བཙལ་རྙེད། །རྟོག་པ་ཉིད་ཀྱི་རྗེས་ཆོད་ན། །འཁྲུལ་པ་དེ་ཉིད་རང་སར་གྲོལ། །སྟོང་པ་སྣང་བའི་དོན་རྟོགས་ན། །ཡེ་ཤེས་སྐུ་ཡང་ལྷུན་གྱིས་གྲུབ། །དངོས་པོར་སྣང་བའི་ཕུགས་མཐོང་ན། །སྟོང་པ་ཉིད་ཀྱང་མ་བསྒྲུབས་རྫོགས། །ཆོས་ཉིད་དག་པའི་དོན་རྟོགས་ན། །སྐྱེ་མེད་ཆོས་ཉིད་ཕ་རོལ་ཕྱིན། །ཞེས་སོ། །དེའི་དོན་ལག་ཁྲིད་དུ་སྡེབས་ན། གང་སྣང་དང་གང་ཤར་ཐམས་ཅད་ལ་ཅོག་གཞག་རང་བབས་ལ་བཏང་བས་རང་སངས་རིག་པའི་ངང་ལས་འདའ་བ་མེད་པའི་ཉམས་ལེན་བྱ་སྟེ། སྐུ་གདུང་འབར་བའི་རྒྱུད་ལས། མ་བསྐུར་གཞི་ལ་རྫོགས་པའི་དབང་ཐོབ་ནས། །ཅོག་གཞག་རང་སར་གཞག་པའི་མན་ངག་བསྟན། །འདའ་མེད་བསྲུང་མཚམས་བྲལ་བའི་ཉམས་ལེན་བྱ། །རང་གནས་གཅིག་པར་གནས་པའི་དགོངས་པ་ཉིད། །ཅེས་སོ། །དེ་ཡང་གང་སྣང་གི་དུས་ན་ཅོག་གཞག་ཏུ་བཞག་པས་རང་གྲོལ་ལ་སོང་བ་ནི་གནད་ལ། རང་གྲོལ་དུས་རིག་པ་རྗེན་སངས་སེ་བའི་ངོ་བོ་ཅེར་མཐོང་དུ་འཆར་བ་ལས་མ་བསྐྱོད་པ་ནི། ལག་ཁྲིད་དངོས་གཞིའོ། །རྫོགས་པ་རང་བྱུང་ལས། གོ་བའི་དུས་ནི་རྣམ་བཞིའི་ཚེ། །ཅོག་གཞག་རང་གྲོལ་མ་བསྐྱོད་པའོ། །ཞེས་སོ། །དུས་བཞི་ནི་སྣང་བ་གཞི་མེད་དུ་གོ་བ། ཤེས་པ་ཡུལ་མེད་དུ་གོ་བ། རིག་པ་རྟེན་མེད་དུ་གོ་བ། ཆོས་ཟད་མིང་མེད་དུ་གོ་བའོ། །ད་ནི་ཐམས་ཅད་གདོད་མར་གྲོལ་བའི་རང་བཞིན་བསྟན་པ་ལས། མི་གཡོ་སྟོང་གསལ་དག་པར་བསྟན་པ་ནི། །
འོད་གསལ་གྲོལ་ལོ་ཉི་ཟླའི་ཀློང་དུ་གྲོལ། །ཆོས་ཉིད་གྲོལ་ལོ་ནམ་མཁའི་ཀློང་དུ་གྲོལ། །ཆོས་ཅན་གྲོལ་ལོ་རྒྱ་མཚོའི་ཀློང་དུ་གྲོལ། །མི་འགྱུར་གྲོལ་ལོ་རི་རྒྱལ་ཀློང་དུ་གྲོལ། །གང་གི་ཚེ་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཡང་རིག་པ་གདོད་མ་ནས་ངོ་བོ་ཉིད་མེད་པ་ཉི་ཟླའི་ཀློང་དུ་གྲོལ་ཟིན་པས་རང་བྱུང་གི་ཡེ་ཤེས་འོད་གསལ་བར་རྟོགས་ནས་གོམས་པས་གྲོལ་བར་ངེས་པའི་གནད་དོ། །ཆོས་ཉིད་སྟོང་པ་ཆེན་པོ་ཞེས་བརྟགས་པ་དེ་ཡང་རིག་པ་གདོད་མ་ནས་ཟང་ཐལ་བ་ནམ་མཁའི་ཀློང་དུ་གྲོལ་ཟིན་ནས། སྐྱེ་མེད་བསམ་བརྗོད་ལས་འདས་པ་རྟོགས་ནས་གོམས་པ་ལས་གྲོལ་བ་ངེས་པའི་གནད་དོ། །རྩལ་གྱི་འཆར་གཞི་མ་འགགས་པ་ལས་རོལ་པ་འགག་མེད་དུ་ཤར་བ་དེ་ཡང་རིག་པ་གསལ་དག་ཆེན་པོ་རྒྱ་མཚོའི་ཀློང་དུ་གྲོལ་ཟིན་པས། རང་གྲོལ་ཅོག་གཞག་རྟོགས་ནས་གོམས་པ་ལས་གྲོལ་བ་ངེས་པའི་གནད་དོ། །གྲུབ་བསལ་འཕོ་འགྱུར་མེད་པའི་ལྟ་དགོངས་ཆེན་པོ་དེ་ཡང་རིག་པ་གདོད་མ་ནས་མི་གཡོ་བ་རི་རྒྱལ་ཆེན་པོའི་ཀློང་དུ་གྲོལ་ཟིན་པས། བྱར་མེད་རྩོལ་སྒྲུབ་ལས་འདས་པའི་དོན་རྟོགས་ནས་གཞི་གཞག་མཉམ་རྫོགས་གདལ་བར་གོམས་པ་ལས་གྲོལ་བར་ངེས་པའི་གནད་དོ། །འདིར་རྟོགས་པ་དག་པའི་ལུང་དགོད་པ་དང་། ཉམས་ལེན་ངེས་པའི་གནད་བསྟན་པ་གཉིས་ལས། ལུང་དགོད་པ་ནི། དེ་ལྟར་གནད་བཞི་ཆོས་ཉིད་དུ་ངེས་ལ། ཆོས་ཉིད་རིག་པར་ངེས་ཤིང་། རིག་པ་ཟང་ཐལ་དུ་ངེས་ལ། དེ་ཡང་རང་ངོ་གཉིས་སུ་མེད་ལ། འཆར་ཚུལ་དུ་མར་སྣང་ཡང་། གཞི་མེད་ཆོས་ཟད་ཆེན་པོར་རྟོགས་པས་རིག་པ་རང་མལ་དུ་ཆོས་ཟད་ལ་ཐུག་པ་ནི། མུ་ཏིག་ཕྲེང་བ་ལས། དོན་དམ་ཀུན་རྫོབ་གཉིས་མེད་པས། །རང་རང་ཡུལ་ན་བདེ་བ་ཆེ། །ཆོས་ཉིད་གཉིས་སུ་མེད་པའི་རྟགས། །སྣང་བའི་རྗེས་སུ་མི་འབྲང་ཞིང་། །ཀུན་ཏུ་སྣང་ཞིང་གཉིས་སུ་མེད། །བྱ་
བྱེད་ཆོས་ལ་མི་གནས་པས། །རང་སྣང་ཡུལ་ལ་གཉིས་སུ་མེད། །གཅིག་དང་དུ་མར་མི་འབྱེད་པས། །རྟོགས་པའི་དུས་ན་གཉིས་སུ་མེད། །གསང་སྔགས་ཐབས་ལ་ཚད་མེད་པས། །གོ་བའི་དུས་ན་གཉིས་སུ་མེད། །འཁྲུལ་པའི་ཡུལ་ལ་སྣ་ཚོགས་ཀྱང་། །དོན་དམ་ཉིད་ལ་གཅིག་གཉིས་མེད། །ཅིར་སྣང་ཡུལ་ལ་གཅིག་མེད་ཀྱང་། །ཤེས་པའི་དུས་ན་སྣ་ཚོགས་འབྱུང་། །སྣ་ཚོགས་ཞེན་པ་རང་གྲོལ་ཏེ། །ཆོས་ཉིད་གོ་ན་གཉིས་མེད་ངང་། །འཁྲུལ་སྣང་ཡུལ་གྱི་རྩད་ཆོད་ནས། །རང་རིག་ངོ་བོ་གཉིས་སུ་མེད། །ཞིང་ཁམས་རྣམ་དག་ལྷུན་གྲུབ་བོ། །ཞེས་སོ། །དོན་དེ་ཉིད་ཉམས་སུ་ལེན་པའི་གནད་ངེས་པ་ལ། གཞི་ལམ་འབྲས་བུ་གསུམ་ལས། གཞི་རང་ལུགས་སུ་སྐྱོང་དུས་རིག་པ་ཟང་ཀ་དེ་ངོས་ཟིན་པ་ཙམ་གྱིས་སྣང་སེམས་ཐམས་ཅད་རང་དག་ལ་གྲོལ། རྦད་ཆོད་ལ་ཆོད། ཀ་དག་ཏུ་རང་ས་ཟིན་པའོ། །ལམ་ཆིག་ཆོད་དུ་སྐྱོང་དུས་རྩལ་དང་ངོ་བོ་མ་འགགས་པའི་དངས་ངོས་ཟིན་པ་ཙམ་གྱིས། རང་དག་དང་། རང་སོ་དང་། གཞི་གཞག་ཏུ་འགྲོ་བའོ། །འབྲས་བུ་ཟང་ཐལ་དུ་སྐྱོང་དུས་རོལ་པའི་སྣང་ཚུལ་རིག་པའི་ཆོ་འཕྲུལ་དུ་རྟོགས་པས། ཐམས་ཅད་རྟེན་མེད་སངས་སེང་སྨིག་རྒྱུ་ལྟར་དག་ནས་ཡེ་དག་དང་། ཡེ་རྫོགས་དང་། ཡེ་རྙེད་ལ་སོང་བའོ། །དེ་དག་ཀྱང་དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གཞི་ལ་སྐྱོང་ཚུལ་བཞི་ཚེ་ན། །རང་དག་རྦད་ཆོད་ཀ་དག་གོ །ལམ་དུ་བླང་བ་བཞི་ཚེ་ན། །རང་དག་ལྟ་དང་གཞི་གཞག་གོ །འབྲས་བུར་དྲིལ་བ་བཞི་ཚེ་ན། །ཡེ་དག་ཡེ་རྫོགས་ཡེ་རྙེད་དོ། །ཞེས་སོ། །ད་ནི་ཐམས་ཅད་མཁའ་མཉམ་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་སངས་རྒྱས་པའི་ཆོས་ཉིད་གཅིག་ཏུ་དོན་བསྡུ་བ་ནི། གདོད་ནས་གྲོལ་ལོ་སྐྱེ་མེད་ཀློང་དུ་གྲོལ། །ཕྱམ་གཅིག་གྲོལ་ལོ་ཡེ་སངས་ཀློང་དུ་
གྲོལ། །ཡོངས་གྲོལ་གྲོལ་ལོ་ཡེ་རྒྱས་ཀློང་དུ་གྲོལ། །རིག་པ་བྱང་ཆུབ་ཀྱི་སེམས་ནི་ཡེ་གདོད་མ་ཉིད་ནས་སྐྱེ་མེད་ཆོས་སྐུ་ཉག་གཅིག་གི་ཀློང་ཏུ་གྲོལ་བའི་ངོ་བོ་ལ་གང་དང་གང་དུ་འཛིན་པའི་ཆོས་གྲུབ་བསལ་ལས་འདས་པས་ཡེ་སངས་ཀྱི་ཀློང་དུ་བྱང་བ་ཉིད་དང་། ཐམས་ཅད་ཀྱི་འཆར་གཞིར་ལྷུན་གྱིས་གྲུབ་ཟིན་པས་ཡེ་རྒྱས་ཀྱི་ངོར་ཆུབ་པ་ཉིད་དུ་གནས་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་ཆོས་སུ་རྫོགས་པ་ཆེན་པོས་གཅིག་པའི་ཚུལ་རྡོ་རྗེ་དབྱིངས་སུ་ཡེ་ནས་སངས་རྒྱས་པ་ཞེས་བྱ་སྟེ། རྫོགས་པ་རང་བྱུང་ལས། ཆོས་སྐུ་སྟོང་པ་ཉིད་ཀྱི་ངང་། །རང་བྱུང་ཡེ་ཤེས་རྟོག་མེད་དབྱིངས། །སྟོང་གསལ་རིག་པའི་སྙིང་པོར་ལྡན། །སྟོང་ཞིང་བདག་མེད་ཡེ་ཤེས་དང་། །ཆོས་རྣམས་ལྷུན་གྲུབ་རྫོགས་ཆེན་ས། །ཞེས་སོ། །དེ་ལྟ་བུའི་རིག་པ་ནི་སྟོང་གསལ་རང་བྱུང་གི་ཡེ་ཤེས་ཏེ། ངོ་བོ་སྟོང་པས་རྟག་པའི་ཕྱོགས་སུ་མ་ལྷུང་། རང་བཞིན་གསལ་བས་ཆད་པའི་ཕྱོགས་སུ་མ་ལྷུང་། ཐུགས་རྗེ་འཆར་གཞི་མ་འགགས་པས་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་ཕྱོགས་སུ་མ་ལྷུང་། གང་དུ་མ་གྲུབ་པས་བློའི་ཡུལ་ལས་འདས། གང་གིས་ཀྱང་མཚོན་དུ་རུང་བས་ཐབས་ཀྱི་གསང་སྒོར་བྱུང་། གང་ལྟར་ཡང་ཟང་ཐལ་བས་མཚོན་བརྗོད་ཀྱི་དམིགས་བསམ་བྲལ། ཡོད་པར་བརྟགས་ཀྱང་ངོ་བོར་མ་གྲུབ། མེད་པར་བརྗོད་ཀྱང་རང་བཞིན་མི་འགག །ལྟ་སྒོམ་ལས་འདས་པས་ཟང་མ་ཐལ་དུ་བྱུང་སྟེ། ཆོས་ཉིད་རང་བྱུང་ཡེ་ཤེས་ཀྱི་སྐུ་རྒྱ་ཆེ་ལ་དཀྱིལ་ཡངས་པ། སེམས་ལས་འདས་ལ་རང་རིག་པ། བསམ་བརྗོད་མེད་ལ་དངས་གསལ་བ། ཡེ་ནས་འབྲལ་མ་མྱོང་ཡང་དངོས་སུ་སྣང་བར་མ་སྟོན་པ། ལྷན་ཅིག་རང་ལ་ཡོད་ཀྱང་ཀུན་གྱི་སྤྱོད་ཡུལ་མ་ཡིན་པ། རྟག་ཏུ་རྗེན་པར་ཤར་ཡང་ཀུན་གྱིས་མཐོང་དུ་མེད་པ། མཐའ་གྲོལ་ཕྱོགས་རིས་ལས་འདས་པའི་དག་པ་ཆེན་པོ་སྟེ། ཀློང་ཆེན་རྩལ་གྱི་རྣལ་འབྱོར་པས་མངོན་པར་
རྟོགས་པ་ནི། མ་བཙལ་བར་རྙེད། མ་བསྒྲུབས་པར་འགྲུབ། མ་བལྟས་པར་མཐོང་། མ་བགྲོད་པར་ཕྱིན། མ་སྦྱངས་པར་དག །མ་བསླབས་པར་ཤེས། མ་བསྒོམས་པར་གྲོལ་ཏེ། མི་སྤོང་། མི་ལེན། མི་སྒྲུབ། མི་དགག །མི་བསམ། མི་བརྗོད། མི་གཡོ་བར་མཉམ་པ་ཉིད་དུ་རང་མལ་ན་གནས་པ་ལས། ཆོས་མེད། སེམས་མེད། ལས་མེད། བྱ་བ་མེད། རྩོལ་བ་མེད། ལྟ་བ་མེད། སྒོམ་པ་མེད། སྤྱོད་པ་མེད། འབྲས་བུ་མེད། དབྱིངས་མེད། ཡེ་ཤེས་མེད། འཁོར་བ་མེད། མྱ་ངན་ལས་འདས་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། རང་སངས། རང་ཟད། རང་སྟོངས། རང་དག །རང་ཆད་ནས། ཡེ་རྫོགས་ཟང་ཐལ་ཉག་གཅིག་གི་འཛིན་པའང་མེད་དེ། རྒྱ་གྲོལ་ཆོས་ཟད་རྗེན་པར་ཟང་ཐལ་ལོ། །འདིའི་དུས་ན་ཀུན་བཟང་ཡངས་པ་ཆེན་པོའི་དགོངས་པར་ཕྱིན་པ་སྙམ་བྱེད་དོ། །གང་ཞེ་ན་ཀློང་དྲུག་པ་ལས། ཀྱེ་སྟོན་པ་ཀུན་ཏུ་བཟང་པོ། སངས་རྒྱས་ཀྱི་མཛད་པ་མེད་པའི་ཚེ། སྟོན་པ་ཉིད་ཇི་ལྟར་བཞུགས་པ་ལགས། བསྟན་པའི་འདུལ་སྟངས་ནི་གང་ལགས། བཀའ་སྩལ་པ། སངས་རྒྱས་ཐམས་ཅད་ཀྱི་མཛད་པ་མི་སྣང་བའི་ཚེ། ངའི་སྐུ་ནི་ཕུང་པོ་ཐམས་ཅད་གཅིག་ཏུ་བསྡུས་པ་ཞེས་བྱ་སྟེ། མི་སྣང་། མི་འབྱེད། མི་ལེན། མི་འདོར། མི་རྟོག །མི་འཛིན། མི་གནས། མི་འགྱུར། མི་མངོན། མི་གསལ། མི་མཛད། མི་གཏོང་། མི་སེམས། མི་རེག །མི་སྡུགམི་སྟོང་པའི་རྣམ་པར་ཤར་ནས། སྟོང་པ་ཡུལ་གྱི་སྤྲོས་པ་མེད། །གསལ་བ་ཡོད་མེད་མཐའ་ལས་འདས། །དྲན་པས་མི་བརྗེད་གཟུངས་དང་ལྡན། །སྣང་བ་མངོན་སུམ་ཉིད་ཀྱི་ལམ། །མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །སྔགས་ལས་མ་བསྐྱེད་ཡེ་རྫོགས་ཉིད། །རྒྱུ་དང་རྐྱེན་རྣམས་ཡོངས་སུ་བྲལ། །ལྟ་སྒོམ་དྲི་མ་ཀུན་དང་བྲལ། །མཐའ་མེད་དབུས་སུ་
དམིགས་པ་མེད། །རྣམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བརྟག་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོ་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཡང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསགས་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཐབས་མེད་ཉན་པའི་འཁོར་ཡང་མེད། །ཡུལ་མེད་དུས་གསུམ་ཉིད་ཀྱང་མེད། །དུས་གསུམ་ཚོགས་པ་ཡོད་པ་མེད། །དེ་ཕྱིར་ཅི་ཡང་མེད་པར་ནི། །ང་ནི་མ་ཕྱེ་མི་འབྱེད་སྣང་། །ས་ལས་འདས་པ་ང་ཡི་ཡུལ། །མཛད་དང་སྤྱོད་པར་མ་ཕྱེ་བས། །དུས་གསུམ་མཉམ་པ་ཉིད་དུ་སྟེ། །ང་ཡི་ཡུལ་མེད་གཞི་བསམ་བྲལ། །ཉག་གཅིག་ཆ་ཕྲའི་སྙིང་པོར་བཤད། །སྟོང་པ་ཆེན་པོའི་ཡེ་གདངས་ལ། །སྣང་བ་མེད་པའི་ཕྱོགས་ལས་ནི། །དྲི་མ་བྲལ་བའི་རིག་པ་ཉིད། །བརྫུན་མེད་བདེན་པའི་མངོན་སུམ་པ། །འདི་ཉིད་སུས་མཐོང་ང་ཡི་སྲས། །ང་ཡི་སྣང་བ་དེ་ལྟར་ན། །འདི་ཀུན་རིག་པའི་རང་གདངས་ཡིན། །འདུས་པའི་སྣང་བ་ཀློང་གཅིག་ཏུ། །ངེས་པའི་ལུང་ཆེན་འདི་ལ་སྤྱོད། །ཅེས་གང་གསུངས་པ་ཉིད་རྟོགས་པ་མཁའ་ལྟར་ཡངས་པ་དང་ཀློང་གཅིག་ཏུ་འདྲེས་པས་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པར་ལྷུན་གྱིས་གྲུབ་སྟེ། ཆོས་ཟད་མཉམ་པ་ཆེན་པོར་བདེ་ཀློང་འཁྱིལ་པའི་དུས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པ་སྟེ། ལེའུ་བཅུ་གཉིས་པའི་འགྲེལ་པའོ།། །།
དེ་ལྟར་ལམ་མཐར་ཕྱིན་པ་ལས། འབྲས་བུ་བྱང་ཆུབ་མཆོག་གི་རང་བཞིན་མངོན་པར་སྣང་བ་ནི་ཆོས་ཉིད་དེ་ནོར་བུ་དྲི་མ་དང་བྲལ་བ་ལས་འདོད་དགུ་ལྷུན་གྱིས་གྲུབ་པ་བཞིན་ནོ། །དེ་ལ་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་གོམས་པ་ཡོངས་སུ་རྫོགས་པ་གང་གི་ཚེ་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངོ་བོ་མངོན་དུ་གྱུར་ཏེ། དང་པོ་གཞི་ལས་གཞི་སྣང་དུ་ཤར་བའི་ཚེ་བདག་ཏུ་འཛིན་པའི་བག་ཆགས་བརྟན་པ་ལས་སྣང་བའི་འཁྲུལ་སྣང་ཆ་དང་བཅས་པ་དང་། སེམས་དང་སེམས་ལས་བྱུང་བའི་ཚོགས་བརྒྱད་ཀུན་གཞི་ཉེར་ལེན་གྱི་ཕུང་པོ་ལྔ་དང་བཅས་པའི་སྒྲིབ་པ་སྤྲིན་དང་འདྲ་བ་དག་དུས། རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཆོས་སྐུ་ཉི་མའི་དཀྱིལ་འཁོར་རང་ལ་ཡོད་པ་གསལ་ལ་སྒྲིབ་པ་མེད་པར་ཤར་ནས། སྐུ་གསུམ་ཉི་མའི་སྙིང་པོ་ལྟ་བུ་ལས། འཕྲིན་ལས་འོད་ཟེར་དང་འདྲ་བ་ཕྱོགས་མཐའ་གཏུགས་པར་འཕྲོ་བས་དོན་མཛད་པ་ནི་འདིའི་འབྲས་བུ་སྟེ། གནས་འདི་རྒྱ་ཆེར་བཤད་པ་ལ་ངོ་བོ་སྤྱིར་བསྟན་པ་དང་། འཐད་པ་བྱེ་བྲག་ཏུ་བཤད་པ་དང་། འབྲས་བུ་དངོས་རྒྱས་པར་བརྗོད་པ་དང་གསུམ་དུ་རིག་པར་བྱའོ། །བྱང་ཆུབ་མཆོག་གི་ངོ་བོ་ནི་དག་པ་གཉིས་ལྡན་གྱི་ཆོས་སྐུ་མཐར་ཐུག་པ་མངོན་དུ་གྱུར་པ་སྟེ། ཆོས་རྣམས་ལྷུན་གྲུབ་བྱང་ཆུབ་སྙིང་པོ་ལ། །འབད་རྩོལ་མེད་པའི་གནད་ཀྱིས་གོམས་བྱས་ན། །ཡེ་སངས་རྒྱས་ལ་ཡང་སངས་རྒྱས་འབྱུང་སྟེ། །འདི་ནི་བླ་མེད་རྡོ་རྗེ་སྙིང་པོའི་རྩེ། །རིམ་དགུའི་སྙིང་པོ་བྱང་ཆུབ་ཀློང་ཆེན་ཡིན། །རིག་པའི་ངོ་བོ་ལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ལྷུན་གྲུབ་ཏུ་ཡེ་ནས་ཡོད་པ་ཉིད། གློ་བུར་གྱི་སྒྲིབ་པས་མ་མངོན་པ་གང་ཡིན་པ་དེ་ནི། རང་གཞག་འབད་རྩོལ་མེད་པའི་གནད་ལ་གོམས་པ་མཐར་ཕྱིན་པས་བསལ་བ་ན། ཡེ་སངས་རྒྱས་པ་ནི་རང་བཞིན་རྣམ་དག་གི་རིག་པ་ཆོས་སྐུར་གནས་པ་ལ།
ཡང་སངས་རྒྱས་པ་གློ་བུར་རྣམ་དག་གིས་མངོན་དུ་བྱས་པ་དེ། ཐེག་པ་ཀུན་གྱི་མཐར་ཐུག་གི་དོན་དུ་གཉེར་བྱ་ཡོངས་སུ་རྫོགས་པ་སྟེ། ཆོས་སྐུ་རོ་གཅིག་ཏུ་གྱུར་པ་དེ་འཁྲུལ་སྣང་དང་འཁྲུལ་རྟོག་ཆ་དང་བཅས་པ་དབྱིངས་སུ་ཞི་ནས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་ཡེ་ཤེས་དབྱེར་མེད་པས་གཉིས་མེད་མཉམ་པ་ཆེན་པོར་གྱུར་ཏེ། རྟག་ཏུ་དེ་ཉིད་ཀྱི་ངང་ལས་མི་གཡོ་བར་བཞུགས་པ་ནི། སྐུ་གདུང་འབར་བ་ལས། རང་གི་ངོ་བོ་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཇི་ལྟར་ཆུ་ལ་ཆུ་ཐིམ་ལྟར། །དེ་བཞིན་མར་ལ་མར་ཐིམ་དང་། །ནམ་མཁར་ནམ་མཁའ་ཐིམ་པ་བཞིན། །གཉིས་མེད་ངོས་གཟུང་མེད་པར་འགྱུར། །ཞེས་པ་དང་། སྤྲིང་ཡིག་བདུད་རྩིའི་ཐིགས་པ་ལས་ཀྱང་། ཇི་ལྟར་ཆུ་ལ་ཆུ་ཐིམ་དང་། །མར་ལ་མར་ནི་རྗེས་ཞུགས་ལྟར། །ཤེས་བྱ་སྤྲོས་བྲལ་དེ་ཉིད་དང་། །དབྱེར་མེད་ཡེ་ཤེས་རྣམ་འདྲེས་པ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཆོས་སྐུ་ཞེས་བྱར་བརྗོད། །ཅེས་སོ། །དེའི་ཚེ་ནང་དབྱིངས་ཆོས་སྐུ་ཀ་དག་གི་ཀློང་ན་ལྷུན་གྲུབ་སྐུ་དང་ཡེ་ཤེས་ལྔའི་དགོངས་པ་སྙིང་པོ་རང་རྫོགས་ཀྱི་ཆ་ཕྲ་བའི་ཡེ་ཤེས་སུ་བཞུགས་ཏེ། སེང་གེ་རྩལ་རྫོགས་ལས། སྟོང་ཉིད་ཡེ་ཤེས་ཀློང་ན་སངས་རྒྱས་ལྔ། །མཚན་མར་མ་ཡིན་རང་གི་སྙིང་པོར་གསལ། །དགོངས་པ་དོན་ལ་འགྱུར་བ་མེད་པ་ནི། །ཆོས་དང་ཆོས་མིན་སྣང་བའི་སྒྲིབ་ཤིང་བྲལ། །དོན་གྱི་སྙིང་པོ་སངས་རྒྱས་ཡུལ་ལ་འཇུག །བསམ་པ་ཉིད་ལ་བསམ་པའི་ཆོས་དང་བྲལ། །བརྗོད་པ་ཉིད་ལ་བརྗོད་མེད་ངང་དུ་ཐིམ། །ཞེས་སོ། །འདིའི་དུས་ན་ཐིམ་ལ་མ་རྨུགས་པ་ཕྲ་བའི་ཡེ་ཤེས་སུ་བཞུགས་ཏེ། ཆོས་སྐུ་ལ་ཡེ་ཤེས་མེད་ན་སྟོང་ཆད་ནམ་མཁའ་ལྟར་འགྱུར་བས། རང་གསལ་ནང་དབྱིངས་གསལ་ལ་སྤྲོས་པ་དང་བྲལ་བ། ཐམས་ཅད་མཁྱེན་པ་དང་རྣམ་པ་ཐམས་ཅད་མཁྱེན་པའི་འཆར་གཞིའི་ཆ་ཙམ་དུ་ཡོད་
དོ། །དེ་ལས་སྐུ་དང་ཡེ་ཤེས་ཐམས་ཅད་ཕྱིར་གསལ་དུ་འཆར་བ་ཡིན་ནོ། །ཀློང་དྲུག་པ་ལས། གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་བསྡུས་པས། །དྲི་མ་མེད་ཅིང་རྣམ་པར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱིས་ནི་ཆ་ལ་བཞུགས། །ཞེས་པ་དང་། ཤེས་བྱའི་ཡེ་ཤེས་གཉིས་མེད་ན། །བེམས་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །ཞེས་སོ། །དེ་ཡང་ཀུན་ཏུ་རྟོག་པ་ཀུན་གཞིའི་ཚོགས་བརྒྱད་དང་བཅས་པའི་སེམས་སེམས་བྱུང་འགགས་ལ། འགགས་གཞི་རིག་པ་ཉིད་ཡེ་ཤེས་ཆེན་པོའི་སྐུས་མངོན་དུ་བྱས་པས། ཆོས་སྐུ་ལས་གཟུགས་སྐུ་ཕྱིར་གསལ་དུ་སྣང་བས་འཁོར་བ་དང་ནམ་མཁའ་ཇི་སྲིད་པར་བཞུགས་པ་ཉིད། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་དང་། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་གསུངས་པ་བཞིན་ནོ། །འཐད་པ་བྱེ་བྲག་ཏུ་བཤད་པ་ལ་རྣམ་གྲངས་གསུམ་སྟེ། རང་བྱུང་གི་ཡེ་ཤེས་ཉིད་རང་གི་རྩལ་ལས་རོལ་པར་ཤར་བས་བསྒྲིབས་པ་དང་དེ་བསལ་བའི་འཐད་པ་དགོད་པ། གདོས་བཅས་ཀྱི་རྒྱ་ལས་གྲོལ་བས་ཆོས་སྐུ་རང་ཆས་སུ་འཆར་བ་ཉིད་ངོ་ཤེས་པས་སངས་རྒྱས་ཐོབ་པའི་འཐད་པ། སངས་རྒྱས་ནས་ཐུགས་རྗེས་འགྲོ་བའི་དོན་འབྱུང་བའི་འཐད་པའོ། །དང་པོ་ལ་རང་གི་རྩལ་
དང་རོལ་པས་བསྒྲིབས་པ་དག་ཚུལ་སྤྱིར་བསྟན་པ། བསྒྲིབས་པ་ཉིད་བྱེ་བྲག་ཏུ་བཤད་པ། དག་པ་ཉིད་འཐད་པ་དང་བཅས་པ་གསུམ་ལས། རང་ལ་རང་གི་རྩལ་ལས་རོལ་པར་ཤར་བས་བསྒྲིབས་ལ་གནད་ཀྱིས་ཇི་ལྟར་དག་པར་བསྟན་པ་ནི། མཁའ་དཀྱིལ་ཉི་ཟླའི་དཀྱིལ་འཁོར་འོད་གསལ་ཡང་། །མ་རྟོགས་སྤྲིན་ཆེན་སྙིང་པོས་ཡོངས་བསྒྲིབས་པས། །མི་སྣང་བྱང་ཆུབ་རང་ལ་ཡོད་པའི་ཚུལ། །གང་གི་ཚེ་སངས་རྒྱས་ཀྱི་རང་བཞིན་ཁམས་བདེ་བར་གཤེགས་པའི་སྙིང་པོ་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་ལྟ་བུ་སྟེ། མ་རྟོགས་པའི་དབང་གིས་རིག་པའི་རྩལ་ལས་གཟུང་འཛིན་དུ་ཤར་བས་ཡུལ་གཟུགས་ལ་སོགས་པ་ལྔས་བསྡུས་པའི་སྣོད་དང་བཅུད་ཀྱི་རིམ་པ་སེམས་དང་སེམས་ལས་བྱུང་བའི་རོལ་པར་ཤར་བ་སྤྲིན་དང་འདྲ་བས་རང་ངོ་འོད་གསལ་སྒྲིབ་པ་མེད་ཀྱང་བསྒྲིབས་པ་ལྟར་སྣང་བ་ཉི་མ་དང་སྤྲིན་བཞིན་ཏེ། གློ་བུར་གྱི་དྲི་མའི་ཁམས་ཀྱིས་ཆོས་སྐུའི་རང་སྣང་མི་གསལ་བར་བྱས་པ་ཡིན་ནོ། །དེ་ལྟ་བུའི་ཆོས་སྐུ་རང་ལ་ཡོད་པ་དེ་གློ་བུར་གྱི་དྲི་མ་བསལ་བས་མངོན་དུ་སྣང་བར་བྱེད་དོ་ཞེས་བསྟན་པ་ནི། སྤྲིན་ཆེན་དབྱིངས་སུ་བཞག་པས་རང་དེངས་ལྟར། །འབད་རྩོལ་མེད་པས་རྒྱུ་འབྲས་སྤྲིན་བྲལ་ནས། །མཁའ་དཀྱིལ་བྱང་ཆུབ་སྙིང་པོ་རང་ལས་འཆར། །དབང་པོའི་རིམ་པས་ཐེག་པ་ཐ་དད་ལ། །དྲི་མའི་སྦྱོང་ཚུལ་ཐ་དད་ཀྱང་། འདིར་དབང་པོ་ཡང་རབ་རྨད་དུ་བྱུང་བ་རྣམས་ཀྱི་དབང་དུ་མཛད་ནས། རང་གཞག་གི་གནད་འབད་པ་དང་རྩོལ་བ་མེད་པའི་རླུང་རང་བབས་ཆེན་པོས་འཁོར་བའི་ཆོས་འཁྲུལ་པ་རྒྱུ་དང་འབྲས་བུའི་ཆ་བག་ཆགས་དང་བཅས་པའི་སྤྲིན་ཚོགས་ཐམས་ཅད་དབྱིངས་སུ་བྲལ་ཞིང་མ་སྤངས་ལ་རང་དག་པ་ན། སྤྲིན་ཕུང་འཁྲིགས་པའི་ཉི་མ་ལྟར་མི་མངོན་པ་སྤྲིན་དང་བྲལ་བའི་སྐད་ཅིག་ལ་ནམ་མཁའི་དཀྱིལ་ན་རང་གསལ་
སྒྲིབ་པ་མེད་པར་སྣང་བ་ལྟར་རང་ལ་ལྷུན་གྲུབ་འདུས་མ་བྱས་ཀྱི་ཆོས་སྐུ་ཡོད་པ་དེ་གློ་བུར་གྱི་སྒྲིབ་པ་དང་བྲལ་བའི་སྐད་ཅིག་ལ་རང་ངོར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རང་ཤར་ཏེ། ནུབ་པ་མེད་པའི་ཉི་མ་རང་གསལ་དུ་ཤར་བས་དག་པ་གཉིས་ལྡན་གྱི་ཆོས་སྐུ་རང་བྱུང་དུ་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །སེང་གེ་རྩལ་རྫོགས་ལས། སྣང་བའི་སྒྲིབ་ཤིང་མེད་ན་ཡེ་ཤེས་མཐའ་ལ་གསལ། །ཞེས་སོ། །ལྷུན་གྲུབ་ཀྱི་ཆོས་སྐུ་དང་པོ་སེམས་ཅན་གྱི་དུས་དང་། བར་དུ་ལམ་སྦྱོང་བའི་དུས་དང་མཐར་སངས་རྒྱས་པའི་དུས་གསུམ་ལ་བཟང་ངན་མེད་དེ། སྤྲིན་གྱིས་བསྒྲིབས་པ་དང་། ཅུང་ཟད་གྲོལ་བ་དང་། མཐའ་དག་གྲོལ་ཡང་ཉི་མ་གཅིག་པོ་དེ་ལ་བཟང་ངན་མི་འགྱུར་བ་བཞིན། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། །སྔ་མ་ཕྱི་མ་ཁྱད་མེད་ཀྱང་། །སྒྲིབ་པ་ཀུན་གྱིས་དག་གྱུར་པ། །ཞེས་པ་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་བཞིན་ནོ། །རང་གི་རྩལ་ལས་རོལ་པར་ཤར་བས་བསྒྲིབས་ཚུལ་ནི། ངོ་བོ་ཉི་བཞིན་ཆོས་དབྱིངས་ཀློང་ན་གསལ། །རྩལ་ལས་ཟེར་བཞིན་ཀུན་ཤར་རིས་མེད་པས། །ས་དང་ཆུ་མཚོར་དྲོད་ཀྱིས་ཁྱབ་པ་ན། །རླངས་ལས་སྤྲིན་གྱི་རོལ་པར་ཤར་བ་ཡིས། །ངོ་བོ་ཉིད་དང་རྩལ་ཡང་བསྒྲིབས་པ་བཞིན། །ངོ་བོ་ཉིད་ལས་རང་རྩལ་མ་དག་པའི། །རོལ་པས་སྙིང་པོའི་དེ་ཉིད་རང་ངོར་བསྒྲིབས། །སྣང་སྲིད་སྣོད་བཅུད་འཁྲུལ་སྣང་བསམ་མི་ཁྱབ། །ཉི་མ་སྤྲིན་གྱིས་བསྒྲིབས་པར་སྣང་བ་དེ་ཡང་རྩ་བ་ཉི་མའི་རྩལ་ལ་ཐུག་སྟེ། ཉི་ཟེར་གྱི་རྩལ་ས་གཞི་དང་རྒྱ་མཚོར་ཕོག་པས་དྲོད་སྐྱེས་པའི་རླངས་པ་ན་བུན་ལང་ལོང་པོ་ནམ་མཁར་འཁྲིགས་པས་སྤྲིན་དུ་སོང་བ་དེས་ཉི་མ་ཉིད་བསྒྲིབས་པ་ལྟར། རིག་པའི་རང་རྩལ་གཞི་སྣང་དུ་གཡོས་པ་ལ་རང་དུ་མ་ཤེས་པར་བདག་དང་གཞན་དུ་བཟུང་
བ་ལས། རོལ་པ་སེམས་དང་སེམས་ཀྱི་ངོ་ན་སྣང་བའི་འཁྲུལ་སྣང་སྣོད་བཅུད་སྣང་སྲིད་དུ་ཤར་ཏེ། ལུས་དང་། ངག་དང་། སེམས་གསུམ་གྱིས་རིག་པ་ཡེ་ནས་སངས་རྒྱས་སུ་བཞུགས་པའི་སྐུ་གསུང་ཐུགས་ལ་བསྒྲིབས་ནས། མི་སྣང་བས་འགྲོ་དྲུག་འཁྲུལ་པ་ལ་འཁྲུལ་སེམས་ཀྱི་སྣང་བ་ཞེས་བཤད་པ་ཡིན་ནོ། །དེ་ཡང་རིག་པ་ཉིད་ཀྱི་རང་རྩལ་མ་དག་པ་དང་དེའི་རོལ་པས་རིག་པ་ཉིད་བསྒྲིབས་པར་སེང་གེ་རྩལ་རྫོགས་ལས། སངས་རྒྱས་ཉིད་ལ་སངས་རྒྱས་ཉིད་ཀྱིས་བསྒྲིབས། །སྤྱན་གསུམ་གསལ་བའི་ཡེ་ཤེས་རང་སར་དངས། །ཞེས་གསུངས་སོ། །རིག་པ་ཉིད་ཀྱི་རྩལ་དང་རོལ་པས་བསྒྲིབས་པ་དེ་ཉིད་སེལ་བྱེད་དུ་ཡང་ཉི་མ་ཉིད་བྱུང་ངོ་ཞེས་བཤད་པ། ཉི་ཟེར་རྩལ་ལས་རླུང་བསྐྱོད་སྤྲིན་དེངས་ལྟར། །རང་ངོ་རྟོགས་ལས་རོལ་པ་རྒྱན་དུ་ཤར། །འཁྲུལ་པ་ཡེ་གྲོལ་རང་སར་དེ་གྲོལ་བས། །འཁྲུལ་སྣང་འཁྲུལ་འཛིན་མ་སྤངས་དབྱིངས་སུ་དག །གར་སོང་ཆ་མེད་དྭངས་པའི་ནམ་མཁའ་ལ། །སྐུ་དང་ཡེ་ཤེས་ལྷུན་གྲུབ་ཉི་མ་ཤར། །གཞན་ནས་མ་འོངས་རང་སྣང་དག་པ་ཙམ། །ཉི་མ་བསྒྲིབས་པ་མེད་པར་ནམ་མཁའི་དཀྱིལ་ན་རང་བཞིན་གྱིས་འོད་གསལ་བ་དེ་ཡང་ཉི་མ་ཉིད་ལ་ཐུག་སྟེ། ཉི་ཟེར་འཕྲོས་པས་ཀུན་ཏུ་གསེང་བྱེད་ཀྱི་རླུང་རང་སོར་གནས་པ་བསྐྱོད་དེ་ལངས་པ་ལས། སྤྲིན་རྣམས་ནམ་མཁའི་ངང་དུ་སྟོར་བས། ཉི་མ་འོད་གསལ་བ་ལྟར། རིག་པ་ཆོས་སྐུའི་སྙིང་པོ་ལས་རང་རྩལ་འཆར་སྒོ་མ་འགགས་པས། རང་ངོ་རྟོགས་པར་ཤར་བ་དེས་སྣང་བ་དང་སེམས་ཀྱི་རོལ་པ་གཞི་མེད་རྩ་བ་དང་བྲལ་བ་སྟོང་པའི་རང་གཟུགས་སུ་ཤེས་ཏེ། སྤང་བླང་བྱེད་དོན་མེད་པར་མཐོང་ནས་ཅོག་གཞག་ཏུ་བཏང་བས། སྣང་སེམས་དེ་དག་རང་གིས་རང་གྲོལ་བ་ཡེ་ཤེས་ཀྱི་རྒྱན་དུ་ཤར་ཏེ། མ་སྤངས་ལ་རང་སར་དག་པས། གང་དུ་སོང་བའི་སོང་ས་དང་། སོང་བ་པོ་གཞི་མེད་དུ་སངས་པ་དང་། ལྷུན་གྲུབ་རང་ཆས་སུ་རང་ངོར་འཆར་
བ་དུས་མཉམ་པའོ། །དེ་ཡང་བརྩོན་འགྲུས་རབ་ལ་ཚེ་འདི་ཉིད་དུ་ཕྱི་ནང་གི་གདོས་བཅས་དག་པས་སྐུ་གསུམ་རང་སྣང་དུ་ཤར་ཏེ། ཀ་དག་གི་གཞི་དབྱིངས་སུ་འབྲས་བུ་གཅིག་ཏུ་དྲིལ་བ་ཐོབ་དུས་རང་ངོ་ཆོས་སྐུ་ལས། རང་སྣང་ལོངས་སྤྲུལ་དུ་ཤར་ཏེ། འགྲོ་བའི་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའོ། །དེ་ཡང་དབྱིངས་ཀྱི་ཆོས་སྐུ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་ཤིང་། གང་དུའང་མ་ཕྱེ་མི་འབྱེད་པ་ལས། དངོས་པོ་རིས་ཅན་དུ་གྲུབ་པའི་སངས་རྒྱས་ཞེས་ཀྱང་གདགས་གཞིར་མེད་ལ། གཟུགས་སྐུ་ཀུན་གྱི་འཆར་གཞིར་འབྱུང་བ་ཡང་། ལྷུན་གྲུབ་ཀྱི་ཆ་ལས། གདུལ་བྱའི་ངོར་སྐད་ཅིག་ལ་སྔ་ཕྱི་མེད་པར་སྣང་སྟེ། སངས་རྒྱས་ཀྱི་སྣང་བ་དེ་སེམས་ཅན་གྱི་འདུལ་བྱེད་དུ་སྣང་བ་དང་། སེམས་ཅན་རྣམས་སངས་རྒྱས་ཀྱི་གདུལ་གཞིར་སྣང་བ་ཡང་། ཐུགས་རྗེ་དང་འཇུག་ཡུལ་དུ་འབྲེལ་པ་གྲུབ་པའི་རྟེན་འབྲེལ་དག་པ་སྟེ། ཐལ་འགྱུར་ལས། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི། །མ་ཕྱེ་མི་འབྱེད་མཉམ་པ་ལ། །སྒྲ་ཚིག་མིང་དུ་ག་ལ་སྲིད། །ལྟོས་གཞི་རང་དག་འཁྲུལ་པ་དག །འཁོར་འདས་མིང་དུ་མི་གྲགས་སོ། །མ་བྱུང་མ་སྐྱེས་འགག་པ་མེད། །ཀུན་འབྱུང་ཡེ་ཤེས་གང་མ་ཡིན། །ལེན་པ་མེད་ཅིང་འགྲོ་བ་མེད། །རྒྱུ་རྐྱེན་བྲལ་བའི་སྐད་ཅིག་ལ། །སངས་རྒྱས་སེམས་ཅན་གཞི་མར་སྣང་། །དུ་མ་ཆ་ཤས་ཀུན་བྲལ་བའོ། །ཞེས་སོ། །གདོས་བཅས་ལུས་རྒྱ་དང་བྲལ་བས་རང་ངོ་རྟོགས་པའི་རྣལ་འབྱོར་པ་སངས་རྒྱས་ཐོབ་པའི་འཐད་པ་བསྟན་པ་ནི། གཉིས་སྐྱེས་སྒོ་ངའི་ནང་ནས་འདབ་རྒྱས་པ། །སྒོང་རྒྱས་འཐུམས་ལྟར་ད་ལྟར་མི་སྣང་ཡང་། །སྒོང་རྒྱ་རལ་བས་མཁའ་དཀྱིལ་ལྡིང་བ་ལྟར། །གཟུང་འཛིན་འཁྲུལ་རྟོག་ཟག་པ་སྔར་ཟད་ཀྱང་། །ཟག་འབྲས་ལྷག་བཅས་སྒོང་རྒྱ་རལ་མ་ཐག །ལྷུན་གྲུབ་རིག་པ་རང་གསལ་རང་ལ་འཆར། །སྐུ་དང་ཡེ་ཤེས་སྣང་བས་མཁའ་དབྱིངས་ཁྱབ། །རང་
ངོ་ཤེས་པས་ཀུན་བཟང་ཀློང་དུ་གྲོལ། །ཁྱུང་གི་ཕྲུ་གུ་ནི་སྒོ་ངའི་ནང་ནས་འདབ་གཤོག་རྫོགས་པས། སྒོང་རྒྱ་ལས་གྲོལ་མ་ཐག་ནམ་མཁར་ལྡིང་ནུས་པ་ལྟར། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཡང་། གདོས་བཅས་ཀྱི་ལུས་རྒྱ་ནས་རྟོགས་པའི་འདབ་གཤོག་རྫོགས་ཏེ། གཟུང་འཛིན་འཁྲུལ་པ་ལ་བདག་ཏུ་འཛིན་པའི་ཟག་པ་ཚེ་འདིར་ཟད་ཀྱང་། གདོས་བཅས་ཟག་འབྲས་རྣམ་སྨིན་སྐྱེས་ཀྱི་ཆ་དོར་བྱར་ལུས་པ་འདི་དང་མ་བྲལ་བས། སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་དངོས་སུ་རྒྱ་ཆེར་སྣང་བར་མ་ནུས་ཀྱང་། གདོས་པ་དང་བྲལ་དུས་ཆོས་ཉིད་དག་པའི་བར་དོར་རང་སྣང་སྐུ་དང་ཡེ་ཤེས་ཀྱི་སྣང་བས་གང་བ་འཆར་བ་ལ་རང་ངོ་ཤེས་པས། ཀུན་ཏུ་བཟང་པོའི་ཀློང་དུ་གྲོལ་བ་ནི། སེང་གེ་རྩལ་རྫོགས་ལས། ང་བདག་འཛིན་པ་མེད་ན་ཆོས་ཉིད་མ་དང་འཕྲད། །འབྱུང་བའི་མདུད་པ་གྲོལ་ན་འཛིན་པའི་བརྟོད་ཕུར་ཐེངས། །བག་ཆགས་སྦུབས་དང་བྲལ་ན་ཆོས་ཉིད་དབྱིངས་སུ་འཁྱིལ། །ཡེ་ཤེས་རང་སྣང་མཐོང་ན་འབྱུང་བའི་གདོས་ཐག་ཆོད། །སྣང་བའི་སྒྲིབ་ཤིང་མེད་ན་ཡེ་ཤེས་མཐའ་ལ་གསལ། །ཞེས་པ་དང་། སེམས་ཅན་ཀུན་གྱི་རང་ལུས་ལ། །ཡེ་ཤེས་དག་པའི་སྣང་བ་གནས། །དཔེར་ན་མངལ་དང་སྒོ་ངའི་རྒྱ། །མངོན་དུ་མི་འབྱུང་བསྒྲིབས་གྱུར་ཀྱང་། །རང་རྩལ་རྫོགས་ནས་འབྱུང་བ་བཞིན། །རྣམ་རྟོག་ལུས་འདི་བོར་མ་ཐག །རང་སྣང་ཡུལ་དང་འཕྲད་པར་འགྱུར། །ཡེ་ནས་གནས་པའི་རང་རིག་ཉིད། །ངོ་བོ་རྟོག་མེད་མཐོང་བར་འགྱུར། །ཡེ་ཤེས་དག་པའི་སྣང་བ་དང་། །སངས་རྒྱས་བདེན་པ་མཐོང་བར་འགྱུར། །ཞེས་སོ། །དེ་ལྟ་བུའི་རྣལ་འབྱོར་པ་ནི་ལུས་མིར་སྣང་ཡང་དགོངས་པ་སངས་རྒྱས་སུ་དག་པས་བྱ་བ་རྫོགས་པའི་སྤྲུལ་སྐུ་ཞེས་བྱ་སྟེ། ད་ལྟ་འཁོར་ཚོམ་བུ་རེའི་དོན་བྱེད་ལ། ཕྱི་ནས་ནམ་མཁའི་མཐའ་མཉམ་གྱི་ལུས་ཅན་ཀུན་གྱི་དོན་བྱེད་པའོ། །ཀུན་བྱེད་ལས། ལུས་ནི་
གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །དེ་ཡིས་སེམས་ཅན་དོན་བྱས་ནས། །རྩོལ་སྒྲུབ་མི་བྱེད་བདེ་བར་གནས། །ཞེས་པ་དང་། རང་ཤར་ལས། བྱ་བ་རྫོགས་པའི་སྤྲུལ་སྐུ་ནི། །རང་གི་རྒྱུད་འགྲོལ་མངོན་སངས་རྒྱས། །དེ་ནས་སྤྲུལ་པ་འགྱེད་པའོ། །ཕྱི་ནང་བྱ་བ་རྫོགས་པ་དང་། །བྱ་བ་རྫོགས་པའི་སྤྲུལ་སྐུར་འདོད། །ཅེས་སོ། །ཕྱི་ནས་དོན་མཛད་ཚུལ་ནི། ཕྱོགས་བཅུར་ཐུགས་རྗེའི་རོལ་པ་ཚད་མེད་པས། །སྤྲུལ་པ་འཕྲོ་བས་འགྲོ་བའི་དོན་ཀུན་མཛད། །འཁོར་བ་ཇི་སྲིད་མཛད་པ་ཉེ་བར་སྟོན། །འདི་ནི་རང་བཞིན་བབས་ཀྱི་ངོ་བོ་ལས། །རྩལ་གྱི་ཐུགས་རྗེ་ཕྱོགས་མེད་ཤར་བ་ལས། །རོལ་པས་གཞན་དོན་ཕུན་སུམ་ཚོགས་པ་ཡིན། །རང་སྣང་མངོན་པར་བྱང་ཆུབ་བདེ་བའི་ཚེ། །ཆོས་ཉིད་བར་དོའི་སྣང་བ་ཀ་དག་གི་ཆོས་སྐུར་ཐིམ་ནས། དབྱེར་མེད་ཆོས་སྐུ་ཉག་གཅིག་ཏུ་གནས་ཏེ། སྐུ་གདུང་འབར་བ་ལས། དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལ་ནི་ཟེར་འདུས་ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཞེས་སོ། །ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་དང་། གདུལ་བྱའི་ལས་འཕྲོ་དག་པ་སངས་རྒྱས་མཐོང་བའི་དགེ་བའི་རྩ་བ་བསྐྲུན་པའི་འགྲོ་བ་རྣམས་ཀྱི་འཇིག་རྟེན་དུ་གང་ལ་གང་འདུལ་བའི་སྤྲུལ་པ་ཚད་མེད་པ་འཕྲོ་བ་ནི་ཐུགས་རྗེའི་རོལ་པ་སྟེ། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་དུ་ཤར་ནས་གཞན་དོན་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བ་ཡིན་ནོ། །དེ་ཡང་འབད་པ་དང་རྩོལ་བ་མེད་པར་ལྷུན་གྲུབ་ཏུ་འབྱུང་བ་སྟེ། ཀློང་དྲུག་པ་ལས། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པར། །མ་བྱས་སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང་། །ཉི་མ་ལས་ནི་འོད་བཞིན་དུ། །རང་གིས་བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང་། །ཞེས་
སོ། །སངས་རྒྱས་ནས་ཐུགས་རྗེས་སེམས་ཅན་གྱི་དོན་འབྱུང་བའི་འཐད་པ་ནི། མ་དག་ཆ་ཤས་རོལ་པ་ཉེར་ཞི་ཡང་། །མ་དག་འགྲོ་ལ་སྤྲུལ་པ་སྣང་བ་ནི། །སྟོན་པ་ཇི་བཞིན་ཤུགས་ཀྱི་ཐུགས་རྗེ་དང་། །འགྲོ་སེམས་གཙང་མའི་ལས་སྨོན་དག་པས་འཆར། །ཆོས་ཀྱི་སྐུ་རུ་གཅིག་ཏུ་ཞི་བར་བཞུགས་པ་དེའི་ཚེ། རང་ངོ་སྣང་མི་སྣང་དང་བྱ་བྱེད་ལས་འདས་པས་སྣང་བའི་ཕྱོགས་ལས་ལོག་ཅིང་། འཁྲུལ་སྣང་ཆ་དང་བཅས་པ་སྤངས་ལ། མི་སྣང་བས་འཁྲུལ་སྣང་གི་སྣོད་བཅུད་རང་ངོ་ན་མེད་དེ། བད་ཀན་ལོག་པས་རབ་རིབ་དང་སྐྲ་ཤད་དང་དུང་སེར་འཛིན་གྱི་སྣང་བ་ལོག་ནས་རང་ངོར་མི་སྣང་བ་བཞིན་དུ། འཁོར་བའི་འཁྲུལ་སྣང་ཆ་དང་བཅས་པ་གཟིགས་ཡུལ་རང་མཚན་དུ་མེད་དོ། །དེ་ལྟར་དུ་མེད་ཀྱང་སེམས་ཅན་ལ་ཐུགས་རྗེའི་གཟིགས་པ་འཇུག་པ་འདི་ལ། ཁ་ཅིག་གི་འདོད་པས་སེམས་ཅན་གྱི་སྨོན་ལམ་དང་སངས་རྒྱས་ཀྱི་བྱིན་གྱི༵་རླབས་ལས་གཞན་སྣང་དུ་གཟུགས་སྐུ་སྣང་ཡང་སངས་རྒྱས་ལ་གཏན་ནས་མི་སྣང་བས་སེམས་ཅན་མི་གཟིགས་སོ་ཞེས་ནམ་མཁའ་ལྡིང་གི་མཆོད་སྡོང་དང་ནོར་བུ་དང་དཔག་བསམ་གྱི་ཤིང་གི་དཔེ་འགོད་པའང་ཕྱོགས་གཅིག་ཏུ་འཁྲུལ་པ་རང་ངོར་མི་སྣང་བ་དེ་འཐད་ཀྱང་། གདུལ་བྱ་མི་མཁྱེན་པ་དེ་ཤིན་ཏུ་མི་འཐད་དེ། ཐམས་ཅད་མཁྱེན་པ་དང་འགལ་ཞིང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མེད་པའི་སྐྱོན་ཡོད་དོ། །ཁ་ཅིག་ནི་འཁྲུལ་སྣང་རང་མཚན་དུ་གཟིགས་ནས་དོན་མཛད་པར་འདོད་པའང་། གདུལ་བྱ་མཁྱེན་ངོས་དེ་འཐད་ཀྱང་འཁྲུལ་པ་རང་མཚན་པ་རང་ངོ་ན་སྣང་བ་དེ་ཤིན་ཏུ་མི་འཐད་དེ། ཞིང་དག་པའི་སྦྱོར་བ་མ་རྫོགས་པར་ཐལ་ཏེ། མ་དག་པའི་འཁྲུལ་སྣང་སྣང་བའི་ཕྱིར་དང་། གནས་གྱུར་ཁྱད་པར་ཅན་མ་ཐོབ་པར་ཐལ་ཏེ། འཛིན་བཅས་དབང་པོ་ལྔའི་སྣང་ཡུལ་འཁྲུལ་པ་མ་དག་པའི་ཕྱིར་རོ། །འདོད་ན་སྒྲིབ་པ་མ་དག་པའི་སངས་རྒྱས་སྲིད་པར་ཐལ་བའི་སྐྱོན་ཡོད་ལ། དག་པ་ས་གསུམ་ནས་འཁྲུལ་སྣང་གནས་གྱུར་ཏེ་ཞིང་དག་པར་བཤད་ན། སངས་རྒྱས་
ཀྱི་ས་ལ་ལྟ་ཅི་སྨོས་ཏེ། མདོ་སྡེ་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིས་གནས། །ཞེས་པས་གསལ་ལོ། །དེས་ན་སངས་རྒྱས་ཉག་གཅིག་ནི་ཆོས་ཀྱི་སྐུ་རོ་གཅིག་ཏུ་གྱུར་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དང་ཐུགས་རྗེའི་ཆ་ལས། གཟུགས་སྐུ་གཉིས་སྣང་བས་འགྲོ་བའི་དོན་མཛད་པ་དེ་ཡང་། རང་ངོ་མ་འཁྲུལ་པས་འཁྲུལ་སྣང་མི་སྣང་བཞིན་དུ། གཞན་ལ་མེད་པ་གསལ་སྣང་དུ་འཆར་བ་ཙམ་དེ་གཟིགས་ནས། དེ་ལ་ཆོས་སྟོན་པ་སྟེ། ལྷ་ཡི་མིག་དག་པས་བལྟས་པ་ན་རང་ངོ་གཟུགས་སྣང་མ་འཁྲུལ་ལ། གཞན་ཞིག་ལ་རབ་རིབ་དང་སྐྲ་ཤད་དང་དུང་སེར་འཛིན་དང་། གཉིད་ལས་རྨི་ལམ་དུ་འཆར་གྱིན་འདུག་པ་དེ་མཐོང་ནས། དེས་དེ་ལ་སྣང་བ་དེ་མེད་པ་གསལ་སྣང་ཡིན་གྱིས་དོན་ལ་མ་གྲུབ་པ་ཡིན་ནོ་ཞེས་འདོམས་པ་དང་འདྲ་སྟེ། སེམས་ཅན་ལའང་འཁྲུལ་སྣང་སྣང་བ་ཙམ་ལས་མ་གྲུབ་པ་འདི། རང་བཞིན་མ་གྲུབ་པར་རྟོགས་པར་གོམས་པས་རིང་ཞིག་ན་སངས་པ་ཡང་། གཉིད་སངས་པས་རྨི་ལམ་ལོག་པའམ་བད་ཀན་ལོག་པས་སྐྲ་ཤད་དང་དུང་སེར་འཛིན་ལོག་པ་ལྟར། སངས་རྒྱས་ཀྱི་དག་སྣང་འབའ་ཞིག་ཏུ་དོན་ལ་གནས་པ་ཡིན་ནོ། །དེའང་ཡེ་ནས་སངས་རྒྱས་པའི་གནད་ལ་ཐུག་པའོ། །དེ་ལྟར་ན་རང་ངོ་འཁྲུལ་སྣང་མེད་ཀྱང་གཞན་ལ་འཆར་བར་གཟིགས་ནས་དོན་མཛད་པ་དེ་ཡང་། རང་བཞིན་ཤུགས་ཀྱི་ཐུགས་རྗེ་སངས་རྒྱས་ལ་ཡོད་པས་སྤྲུལ་པ་འཆར་ལ། སེམས་ཅན་གྱིས་མཐོང་དུ་རུང་བ་དེ་རང་རང་གི་ལས་དག་པ་ལས་བྱུང་སྟེ། ཐུགས་རྗེ་མེད་ན་འཁོར་བ་མར་ཆད། སངས་རྒྱས་ཡར་ཆད་ནས་སུ་ལའང་ཕན་པ་མི་འབྱུང་བར་རིགས་ལ། དེ་ལྟར་མ་ཡིན་པར་འཁོར་བ་ཇི་སྲིད་དོན་མཛད་པ་ཉིད་དེ། ཐལ་འགྱུར་ལས། ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །
ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །དེ་མེད་འཁོར་འདས་སྟེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །ཞེས་པ་དང་། ཀློང་དྲུག་པ་ལས། དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང་། །འདིི་ཀུན་དྲན་པས་གཟུང་བ་མིན། །རང་བཞིན་ཉིད་དུ་གནས་པ་ལས། །གཟུང་འཛིན་རགས་པར་མི་གནས་སོ། །གཏིང་གསལ་ཕྲ་བའི་ཆར་སྣང་བ། །འདི་ནི་སེམས་ཅན་རྣམས་ཀྱི་ལམ། །གོང་དུ་ས་བོན་བཞིན་དུ་འཕེལ། །འདི་ཡིས་སྣང་བ་མ་འགགས་པར། །རང་མཐུན་སྨན་གྱི་ནུས་པ་བཞིན། །རིགས་དྲུག་རྣམས་ལ་མཐུན་པར་སྣང་། །དེ་ཡི་ཕྱིར་ན་ཐུགས་རྗེའོ། །ཞེས་སོ། །དབྱིངས་ལས་མི་གཡོ་བར་རོལ་པས་དོན་མཛད་པའི་ཚུལ་ནི། དེ་ཚེ་ཞིང་ཀུན་སྤྲུལ་པ་ཚད་མེད་ཅིང་། །མཐའ་ཡས་འགྲོ་བ་བྱང་ཆུབ་འདྲེན་མཛད་ཀྱང་། །སྟོན་པའི་ཆོས་སྐུ་དབྱིངས་ལས་མི་གཡོ་སྟེ། །རང་བྱུང་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད། །དབྱིངས་ལས་རང་ཤར་སྟུག་པོ་བཀོད་པར་ནི། །རིག་འཛིན་མཁའ་འགྲོ་ས་བཅུའི་སེམས་དཔའ་ལ། །ལོངས་སྤྱོད་རྫོགས་པའི་བཀོད་པ་བསམ་ཡས་སྣང་། །དེ་ཡང་དབྱིངས་ལས་སྟོན་པའི་ཐུགས་རྗེ་དང་། །གདུལ་བྱའི་མོས་དགེས་ལྷུན་གྲུབ་རང་ངོར་སྣང་། །གང་གི་ཚེ་སྒོ་གསུམ་གྱི་དྲི་མ་དག་པས་སྐུ་གསུམ་གྱི་དཀྱིལ་འཁོར་མཐོང་བ་ན། ཆོས་སྐུ་སེམས་ཀྱིས་ཐོབ་པ་དང་། ལོངས་སྐུ་ངག་གིས་ཐོབ་པ་དང་། སྤྲུལ་སྐུ་ལུས་ཀྱིས་ཐོབ་པ་ཞེས་ཐ་སྙད་བརྗོད་པ་ནི། དུག་ལྔ་གནས་གྱུར་པའི་རྒྱུས་ཡེ་ཤེས་ལྔ་ཐོབ་པའོ་ཞེས་བརྗོད་པ་དང་མཚུངས་ཏེ། དུག་ལྔ་ཡེ་ཤེས་ལྔ་རྫས་འགལ་བས་བསྐྱེད་བྱ་སྐྱེད་བྱེད་རྒྱུ་འབྲས་མཚན་ཉིད་པ་མིན་ཡང་། དག་སྟོབས་ཀྱིས་འཆར་བས་དག་རྒྱུ་དག་འབྲས་སུ་བཤད་པ་ལྟར། སྒོ་གསུམ་སྐུ་གསུམ་གྱི་དག་རྒྱུ་དང་དག་འབྲས་སུ་བཤད་པ་ལ་དགོངས་ཏེ། ཐལ་འགྱུར་ལས། གཞན་ཡང་འབྲས་བུའི་རིམ་པ་ནི། །ཆོས་སྐུ་སེམས་ཀྱི་ལས་ཀྱིས་དང་། །ལོངས་སྐུ་ངག་
གིས་རྣམ་པར་ཐོབ། །སྤྲུལ་པའི་སྐུ་ནི་ལུས་ཀྱིས་སོ། །ཞེས་སོ། །སྐུ་ཐོབ་དུས་ཀྱི་གནས་དེ་གང་ཡིན་ཞེ་ན། འོག་མིན་གྱི་གནས་ཏེ། ཟླ་གསང་ཐིག་ལེའི་རྒྱུད་ལས། འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །ཞེས་པ་དང་། འཇུག་པའི་འགྲེལ་པ་ལས། གང་གི་ཚེ་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པ་ནི་ཐོག་མར་འོག་མིན་གྱི་གནས་ཁོ་ནར་མཛད་ནས་ཞེས་སོ། །ཕྱོགས་གང་ན་ཡོད་ཅེ་ན། སྤྱིར་སངས་རྒྱས་ཐམས་ཅད་སངས་རྒྱས་པའི་ཐོག་མ་གང་དུ་རྙེད་པའི་ས་དེ་ཆོས་ཐམས་ཅད་ཀྱི་གོང་དུ་གྱུར་ལ་དེའི་གོང་ན་གཞན་མེད་པས་གནས་ཀྱང་འོག་མིན་ཞེས་བརྗོད་ཀྱི། འདི་ཁོ་ན་ན་ཡོད་ཅེས་རིས་སུ་ཆད་པ་མེད་དེ་གནས་ལ་བདག་འཛིན་དང་བྲལ་བའི་ཕྱིར་རོ། །ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །ཅེས་སོ། །མི་རྣམས་གང་དུ་བཙས་ཤེ་ན་མི་ཡུལ་ཁོ་ནར་བཙས་ཞེས་བརྗོད་དུས། ཕྱོགས་དེ་གང་ཁོ་ན་ན་ཡོད་ཟེར་ན་རིས་གཅིག་ཏུ་མ་ཆད་དེ། ནམ་མཁའི་མཐས་ཁྱབ་པ་ན་འགྲོ་དྲུག་གི་གནས་ཡོད་ལ། མི་ཡུལ་ལ་ཚད་མེད་པ་བཞིན་དུ། སངས་རྒྱས་ཀྱང་འོག་མིན་དུ་སངས་རྒྱས་ཞེས་བརྗོད་པས་གཅིག་ཁོ་ནར་བློ་རྩེ་གཏོད་པ་མ་ཡིན་པས། གང་དུ་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་གྱུར་པའི་གནས་དེ་འོག་མིན་དུ་ཤེས་པར་བྱའོ། །འོ་སྐོལ་གྱི་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་ནས་རྒྱུད་སྡེ་མང་པོ་གསུངས་པའི་འོག་མིན་ནི་གནས་རིས་ཀུན་གྱི་རྩེ་མོ་ན་འོག་མིན་ཆེན་པོ་ཞེས་བྱ་བ་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་ས་བཅུ་པའི་སེམས་དཔའ་དང་། མཁའ་འགྲོ་དང་གྲུབ་པ་ཆེན་པོ་དཔག་ཏུ་མེད་པས་བརྟེན་པ་དེ་ཡིན་ཏེ། རྒྱུད་ཕལ་པོ་ཆེའི་གླེང་གཞིར། འོག་མིན་གྱི་གནས། མཐའ་དང་དབུས་མེད་པ། གཞི་ཚད་མེད་པ། ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ན་ཞེས་འབྱུང་བ་ལྟ་བུའོ། །རྒྱན་སྟུག་པོ་
བཀོད་པའི་མདོ་ལས། གཟུགས་མེད་འདོད་དང་གཟུགས་རྣམས་དང་། །འདུ་ཤེས་མེད་པ་དེ་བཞིན་ཏེ། །གནས་ལས་འདས་སོ་སངས་རྒྱས་དབང་། །བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། །ཞེས་པ་དང་། བསྟན་པ་སྟུག་པོ་འདུས་མ་བྱས། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་སོ། །དེ་ལྟར་འོག་མིན་གྱི་ཞིང་ནས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འགྲོ་བ་དྲུག་གི་གནས་རིས་སུ་རང་རང་གི་སྣང་བ་དང་མཐུན་པའི་སྤྲུལ་པ་འཕྲོ་བས་དོན་མཛད་པ་ལས། འཛམ་བུའི་གླིང་འདིར་ཚེ་ལོ་བརྒྱ་པའི་དུས་སུ་ཤཱཀྱ་ཐུབ་པའི་སྤྲུལ་པ་བྱོན་པ་ལྟ་བུ་སྟེ། སྔ་མ་ལས། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་འབྱུང་བ་བཞིན་ནོ། །དེ་ཡང་ཆོས་ཀྱི་སྐུའི་དུས་ན་གཤིས་རང་བྱུང་གི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་པའི་འཆར་གཞིའི་ཆ་ལས། ཕྱི་གསལ་དུ་གཟུགས་སྐུ་གཉིས་འཕྲོ་བ་ནི་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པ་ཞེས་བྱ་སྟེ། ཆོས་ཀྱི་སྐུའི་དུས་ན་སྟོན་པ་ནི་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱའོ། །ཆོས་ནི་རང་བཞིན་རྫོགས་པ་ཆེན་པོ་མངོན་པར་འདུས་མ་བྱས་པའོ། །གནས་ནི་ཆོས་དབྱིངས་བསམ་གྱིས་མི་ཁྱབ་པའོ། །འཁོར་ནི་རང་བྱུང་གི་ཡེ་ཤེས་རྒྱ་མཚོའི་ཚོགས་སོ། །དུས་ནི་བཞི་རྫོགས་འཕོ་འགྱུར་མེད་པའི་དུས་སོ། །སྒྱུ་འཕྲུལ་ལས་མ་ངེས་པའི་དུས་ཞེས་བཤད་པ་བཞིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུའི་གནས་སྐབས་ན། སྟོན་པ་ནི་རྒྱལ་ཚབ་ཀྱི་སྟོན་པ་རིགས་ལྔ་གང་ཆེན་མཚོའོ། །གནས་ནི་རྒྱན་སྟུག་པོ་བཀོད་པ་སྟེ་རང་གསལ་དག་པའི་འོག་མིན་ནོ། །ཆོས་ནི་ཐེག་པ་ཆེན་པོ་འབའ་ཞིག་གོ །འཁོར་ནི་ཉིད་ལས་མི་གཞན་པ་རང་སྣང་གི་སངས་རྒྱས་དང་སེམས་དཔའ་ལ་སོགས་པ་དང་། མཁའ་འགྲོ་དང་
རིག་འཛིན་ལ་སོགས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་སྐལ་བ་མཚུངས་པའོ། །དུས་ནི་རྒྱུན་གྱི་འཁོར་ལོའོ། །སྒྱུ་འཕྲུལ་རྒྱ་མཚོ་ལས། རང་སྣང་རྒྱལ་བ་སེམས་སྩོགས་དང་། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །དང་པོའི་རྒྱལ་བ་ས་རྒྱལ་བ། །ཞེས་པ་དང་། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་པ་དང་། རྒྱུད་བླ་མ་ལས། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་པ་དང་། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་དང་། དེའི་འགྲེལ་པ་ལས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད་འདི་ནི། ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་བ་དང་བདེ་བ་ཤིན་ཏུ་ཕུལ་དུ་བྱུང་བ་ལ་ཉེ་བར་སྤྱོད་པའི་ཕྱིར། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ་ཞེས་གསུངས་པ་བཞིན་ནོ། །སྤྲུལ་པ་སྐུའི་སྟོན་པ་ནི་མ་དག་པའི་སྐྱེ་བོ་རྣམས་འདྲེན་པ་ལ་ལྟོས་ནས། དེད་དཔོན་དམ་པའི་སྟོན་པ་ཞེས་བྱའོ། །གནས་ནི་གདུལ་བྱའི་འཇིག་རྟེན་སྣ་ཚོགས་པས་ངེས་མེད་དུ་མའོ། །འཁོར་ནི་ལྷ་དང་མི་ལ་སོགས་པའི་གདུལ་བྱ་ཚད་མེད་པའོ། །ཆོས་ནི་ཐེག་པ་སྣ་ཚོགས་པ་སྟེ་སེམས་ཅན་གྱི་དབང་པོ་དང་སྦྱར་བའོ། །དུས་ནི་འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པ་སྟེ། གསུམ་པོ་གང་ཡང་རུང་བའོ། །ཁྱད་པར་དུ་ཕུན་སུམ་ཚོགས་པ་བཞི་འཛོམ་པས་ཆོས་འབྱུང་བ་ད་ལྟར་གྱི་དུས་ཞེས་བྱའོ། །འཁོར་བ་ཇི་སྲིད་པར་དོན་མཛད་པ་སྟེ། མངོན་རྟོགས་རྒྱན་ལས། གང་གིས་
སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་སོ། །སྐུ་གསུམ་ཆོས་ཀྱི་སྐུར་རོ་གཅིག་པས་སྣང་མི་སྣང་ལས་འདས་ཀྱང་། དེའི་ངང་ནས་ཐུགས་རྗེའི་རྩལ་ལས་རོལ་པ་གཟུགས་སྐུ་གཉིས་ཤར་བས་ལོངས་སྐུ་དང་། སྤྲུལ་སྐུར་བཏགས་པ་དེ། འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པ་ཉི་མའི་འོད་ཟེར་ཁང་པར་བྱུང་དུས། ནང་དུ་ཉི་མ་ཤར་ཞེས་བརྗོད་པ་བཞིན་ནོ། །ལོངས་སྐུ་དངོས་ནི་ཆོས་སྐུའི་དུས་ཀྱི་རིག་པའི་རང་བཞིན་གསལ་བ་ལྷུན་གྲུབ་ཀྱི་ཆ་འཆར་གཞིར་བཞུགས་པ་དང་། སྤྲུལ་སྐུ་དངོས་ཐུགས་རྗེའི་འཆར་གཞིའི་ཆ་ཡེ་ཤེས་སུ་བཞུགས་པ་དེ་ཡིན་པས། སྐུ་གསུམ་དབྱེར་མེད་གཅིག་ཡིན་ཏེ། རང་ཤར་ལས། སྐུ་གསུམ་གཅིག་གི་རང་བཞིན་ལས། །དུ་མར་སྣང་བར་འཕྲུལ་པ་ཡིན། །ཆོས་སྐུ་བསམ་པའི་ཡུལ་དང་བྲལ། །ལོངས་སྐུ་རྣམ་རྟོག་བདུད་དང་བྲལ། །སྤྲུལ་སྐུ་མཚན་མའི་ཆོས་དང་བྲལ། །ཞེས་སོ། །དེའང་ཆོས་སྐུ་ངོ་བོ་སྟོང་པ་ཟང་ཐལ་བའི་རིག་པ། རོལ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱ་མཚོ། ལོངས་སྐུ་རང་བཞིན་གསལ་བའི་ལྷུན་གྲུབ། རོལ་པ་མཚན་དཔེས་བརྒྱན་པའི་རིགས་ལྔ། སྤྲུལ་སྐུ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་འཆར་གཞིའི་ཆ། རོལ་པ་གང་ལ་གང་འདུལ་དུ་སྣང་བའི་སྟོན་པ་སྟེ། སྐུ་གསུམ་དང་རོལ་པ་ཕྱེད་པར་གཅེས་སོ། །མ་ཕྱེད་ན་སྐུ་གསུམ་ངོ་བོ་གཅིག་པས། སྤྲུལ་སྐུ་དང་ལོངས་སྐུ་གདུལ་བྱ་ལ་སྣང་བ་ལྟར་ཆོས་སྐུ་སྣང་བར་ཐལ་བ་དང་། ཆོས་སྐུ་མི་སྣང་བ་ལྟར་གཟུགས་སྐུ་གཉིས་གདུལ་བྱ་ལ་སྣང་མི་སྲིད་པར་ཐལ་བའི་སྐྱོན་ཡོད་དེ། ངོ་བོ་གཅིག་ཡིན་པའི་ཕྱིར་རོ། །རྣམ་ངེས་ལས། རང་བཞིན་གཅིག་ཉིད་ལ་ནི་འདི་འཐད་པ་མ་ཡིན་པས། ཞེས་བསྒྲིབས་མ་བསྒྲིབས་ཆ་གཉིས་མེད་པ་ལ་སོགས་པའི་རིགས་པ་བཤད་པས་གནོད་དོ། །དེ་ལྟར་ན་ཆོས་སྐུ་ལ་སྐུ་གསུམ་ཡོད་པས། གཟུགས་སྐུའི་རོལ་པ་གཉིས་
ཕྱིར་གསལ་དུ་གདུལ་བྱ་ལ་སྣང་བ་འདི་འཐད་དེ། ཤེལ་ལ་ནང་འོད་ལྔ་ཡོད་པས་རྐྱེན་ཉི་ཟེར་དང་འཕྲད་དུས་འོད་ལྔ་ཕྱིར་གསལ་དུ་འཆར་བ་འཐད་པ་བཞིན་ནོ། །ཀློང་དྲུག་པ་ལས། དེ་ཕྱིར་རང་གཤིས་འདུག་ཚུལ་ལ། །ངོ་བོ་ཉིད་དང་རང་བཞིན་དང་། །ཐུགས་རྗེ་ཡི་ནི་སྣང་བ་དག །བློ་ཅན་རྣམས་ལ་སྣང་བའོ། །ངོ་བོ་གང་དུ་མ་གྲུབ་པས། །རང་བཞིན་སྣང་ཆ་གསལ་བར་སྣང་། །ཐུགས་རྗེའི་ཆ་ལས་ཡེ་ཤེས་གཉིས། །བྱ་དང་བྱེད་པ་མེད་པར་ཤར། །ཤར་སྣང་བློ་རིམ་གཉིས་ཀྱི་ཕྱིར། །ཡེ་ཤེས་མཛད་པ་འདི་ལྟ་བུ། །རྩོལ་སྒྲུབ་རྣམས་དང་བྲལ་བར་སྣང་། །ཞེས་སོ། །བློ་རིམ་གཉིས་ནི་ལོངས་སྐུའི་གདུལ་བྱ་དག་པའི་བློ་ཅན་གྱི་ངོར་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ལས་ཤར་བའི་རོལ་པ་ལོངས་སྐུས་དོན་མཛད་པ་དང་། སྤྲུལ་སྐུའི་གདུལ་བྱ་མ་དག་པའི་བློ་ཅན་གྱི་ངོར་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ལས་ཤར་བའི་རོལ་པ་སྤྲུལ་པའི་སྐུར་སྣང་བས་དོན་མཛད་པའོ། །དེ་དག་གིས་སྐུ་དང་ཡེ་ཤེས་ཀྱི་འཐད་པ་དགོད་པ་ཡན་ལག་དང་བཅས་པས་འབྲེལ་པ་བསྒྲུབས་ནས། ད་ནི་འབྲེལ་པ་ཅན་གྱི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ཆོས་ཀྱི་སྐུ་ཡེ་ཤེས་དང་བཅས་པ་རྒྱ་ཆེར་བསྟན་པ་ནི། ཆོས་སྐུའི་ངོ་བོ་རང་བྱུང་ཡེ་ཤེས་ཏེ། །རོལ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །གདོད་མའི་དབྱིངས་ན་ཐིག་ལེ་གཅིག་ཏུ་བཞུགས། །རིག་པའི་ངོ་བོ་ཡེ་ནས་དག་པ་ཆོས་སྐུའི་སྙིང་པོར་གནས་པ་དེ་འདིར་མངོན་དུ་གྱུར་པ་ནི་ཀ་དག་ཆོས་སྐུ་རིན་པོ་ཆེའི་གསང་བའི་སྦུབས་ཞེས་བྱ་བ་ཡིན་ཏེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བར་བཞུགས་པས་བསམ་བརྗོད་དམིགས་པའི་ཡུལ་ལས་འདས་པ་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཏེ། འཆར་གཞིའི་ཡེ་ཤེས་གཏིང་གསལ་ཕྲ་བའི་ཆ་ཙམ་ལས་སྐུ་དང་ཡེ་ཤེས་རིས་ཅན་སོ་སོར་གྲུབ་པ་ནི་ཅུང་ཟད་ཀྱང་མེད་
དེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་ངོ་བོ་སྐུར་གནས་པས་སྐུ་གསུམ་སོ་སོའི་འཆར་གཞི་ལས་མཚན་མ་རིས་ཅན་དུ་མ་ཡིན། རང་བཞིན་འོད་དུ་གསལ་བའི་འཆར་གཞི་ལས་ཁ་དོག་རིས་ཅན་དུ་མ་ཡིན། ཐུགས་རྗེ་ཡེ་ཤེས་སུ་འཆར་གཞིའི་ཆ་ལས་རྣམ་པ་ཡུལ་ལ་མི་འཇུག་པས་སྐུ་དང་ཡེ་ཤེས་སོ་སོའི་ཆ་ཙམ་དང་། སྐུ་གསུམ་སོ་སོའི་ཆ་ངོ་བོ་རང་བཞིན་ཐུགས་རྗེ་དངོས་སུ་བཞུགས་པ་སྟེ། ཐལ་འགྱུར་ལས། དེ་ཡང་ངོ་བོ་སྐུར་གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེད་འབྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལས་ཀྱང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ལས། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལས་གྲུབ། །ཐུགས་རྗེ་འཆར་གཞི་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །ཞེས་པ་དང་། ཆོས་སྐུ་ཉག་གཅིག་གི་ངོ་བོ་ལ་ལྟོས་ནས་གང་དུའང་མ་གྲུབ་པས་ཟད་པའི་སར་མཐར་ཐུག་པ་ཡང་དེ་ཉིད་ལས། འབྲས་བུ་བརྗོད་པར་མི་ནུས་ཀྱང་། །ཆོས་རྣམས་ཟད་སར་ཕྱིན་པ་དང་། །རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་པས། །ཆོས་སུ་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་བ་མེད་པས་འོང་མེད་པའོ། །ཞེས་པ་དང་། ཀློང་དྲུག་པ་ལས། དུས་གསུམ་འབྱུང་བའི་འབྲས་བུ་ངས་བསྟན་ཁྱོད་ཀྱིས་ལེགས་པར་ཡིད་ལ་གཟུང་། །ཆོས་སྐུ་སྟོང་གསལ་ཁྱབ་པའི་གདངས་སུ་གོམས་པས་རང་ལུས་གཅིག་ཏུ་གྲོལ། །ཞེས་སོ། །འདིའི་དུས་ན་ཆོས་སྐུ་ཉག་གཅིག་ཏུ་གནས་པས་ཀུན་ཏུ་བཟང་པོ་ཐོག་མའི་མགོན་པོར་གྲུབ་ལ། དེའི་ངང་
ལས་གཞན་དོན་འཆར་བས་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། འདི་ནི་དུས་གསུམ་སངས་རྒྱས་ཀུན་གྱི་འབྲས་བུ་ཀུན་ཏུ་བཟང་པོའི་ངོ་བོར་རང་འདུག་ཡིན། །སངས་རྒྱས་རྣམས་ཀྱི་འབྲས་བུ་འདི་ལ་སུ་གོམས་དཔལ་ལྡན་རྡོ་རྗེ་འཛིན་པ་ཉིད་དུའང་འགྱུར། །ཐོག་མའི་མགོན་པོ་དྲི་མེད་དག་པ་འོད་ཀྱི་སྦུབས་ནས་རང་བྱུང་ཤར་བས་ནི། །སངས་རྒྱས་ཀུན་གྱི་མཛད་པའི་བདག་ཉིད་དུ་ཡང་གསང་མཆོག་ཆེན་པོ་ཉིད་ཀྱི་སྐུ་ཐོབ་སྟེ། །དེ་ལས་མི་ལྡོག་ཤེས་པའི་རྣལ་འབྱོར་བློ་རྩལ་སྟོབས་དང་ལྡན་པའི་སྐལ་བ་ཅན། འབྲས་བུ་ཀུན་གྱི་ཚད་དུ་ཕྱིན་པར་ཀུན་ཏུ་བཟང་པོ་ང་དང་སྐལ་བ་མཉམ་པའོ། །ཞེས་སོ། །དེ་ལྟ་བུའི་ཆོས་སྐུ་ཉིད་གསལ་བར་བསྟན་པ་ལ། རྟེན་ཆོས་སྐུ་དངོས་དང་། བརྟེན་པ་ཡེ་ཤེས་ཀྱི་རྣམ་གྲངས་རྒྱ་ཆེར་བཤད་པ་གཉིས་ལས། རྟེན་ཆོས་ཀྱི་སྐུ་བཤད་པ་ལ་ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ཆོས་སྐུའི་ངོ་བོ་དབྱིངས་དག་པ་གཉིས་ལྡན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་གཏིང་གསལ་གྱི་ཡེ་ཤེས་རིག་པ་རང་བྱུང་གི་ངོ་བོ་འཕོ་འགྱུར་མེད་པ་སྟེ། རིག་པ་རང་ཤར་ལས། འགྱུར་མེད་འགག་མེད་ཁྱབ་པ་གསུམ། །ཆོས་ཀྱི་སྐུ་ཡི་ངོ་བོའོ། །ཞེས་སོ། །ངེས་ཚིག་ནི་མཐར་ཐུག་གི་གཉེར་བྱ་སྟོང་གསལ་ཀ་དག་གི་ཆོས་ཡིན་པ་དང་། སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འཆར་གཞིའི་ལུས་སམ་དབྱིངས་ཡིན་པས་ན་ཆོས་སྐུ་སྟེ། རྒྱུད་དེ་ཉིད་ལས། མི་འཇིག་སྟོང་དང་གསལ་བ་གསུམ། །ཆོས་ཀྱི་སྐུ་ཡི་ངེས་ཚིག་གོ །ཞེས་སོ། །དབྱེ་བ་ལ། རང་ངོ་སྤྲོས་པའི་མཐའ་ལས་འདས་པས་དབྱེར་མེད་ཀྱང་། ཡོན་ཏན་གྱི་ཆའམ་ལྡོག་པ་འགའ་ཞིག་ལ་ལྟོས་ནས་དབྱེ་བ་མི་འགལ་བས། བྱེ་བྲག་ཕྱེད་པའི་ཡན་ལག་ཏུ་དབྱེ་ན། ཕུན་སུམ་ཚོགས་པ་ལྔའི་རང་བཞིན་སྤྱིར་དབྱེ་བ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་
ལྔའི་རང་བཞིན་བྱེ་བྲག་ཏུ་དབྱེ་བ་གཉིས་ལས། དང་པོ་ལ་རྣམ་པར་འཕྲུལ་པས་དབྱེ་ན། ཆོས་ཀྱི་སྐུའི་ཆོས་སྐུའི་གནས་སྐབས་ན། ཞིང་ཁམས་བསམ་གྱིས་མི་ཁྱབ་པ། གནས་བསམ་ངོ་ལས་འདས་པའི་ཆོས་ཉིད། ཏིང་ངེ་འཛིན་མི་གཡོ་བ་ཆེན་པོ། འཁོར་སྣ་ཚོགས་རང་བཞིན་མི་གཉིས་པ། བསྟན་པ་བརྗོད་དུ་མེད་པའི་ཆོས་ཉིད། དུས་གང་དུ་ཡང་འགྱུར་བ་མེད་པའི་ཆོས་ཉིད་དོ། །ཆོས་སྐུའི་ལོངས་སྐུའི་གནས་སྐབས་ན། ཞིང་ཁམས་རྡུལ་དང་བྲལ་ཞིང་དྲི་མ་མེད་པ། གནས་དྲན་པ་ཡིད་ཀྱི་རྟོག་པ་ཆོད་པ། ཏིང་ངེ་འཛིན་སེམས་དང་སེམས་བྱུང་འདུན་པ་མེད་པ། འཁོར་སྟོང་པ་རང་སྣང་གི་བྱེད་པ་ཅན། བསྟན་པ་དམིགས་པ་ཡོངས་སུ་དག་པ། དུས་རྟག་པ་མ་ཡིན་པའི་ཆོས་ཉིད་དོ། །ཆོས་སྐུའི་སྤྲུལ་སྐུའི་གནས་སྐབས་ན། ཞིང་ཁམས་སྟོང་ཉིད་གང་དུའང་རྒྱ་མ་ཆད་པ། གནས་ཐམས་ཅད་ཀྱི་འཆར་གཞིའི་ཆར་གནས་པ། ཏིང་ངེ་འཛིན་མི་འགག་པ་རང་གསལ་བ། འཁོར་རིས་མེད་ཀྱི་སྐུ་གསུམ་རང་ལ་གྲུབ་པ། བསྟན་པ་རང་བཞིན་མ་བཅོས་པ། དུས་སྙིང་པོ་མངོན་པར་སྣང་བའོ། །རང་ཤར་ལས། གསལ་དང་གདངས་དང་མ་འདྲེས་གསུམ། །ཆོས་ཀྱི་སྐུ་ཡི་ཡུལ་ཡིན་ནོ། །དཔག་མེད་དམིགས་མེད་འཛིན་པ་མེད། །ཆོས་ཀྱི་སྐུ་ཡི་གནས་ཡིན་ནོ། །འགག་མེད་ཞེན་མེད་ཆགས་པ་མེད། །ཆོས་ཀྱི་སྐུ་ཡི་སྤྱོད་པའོ། ལྷང་ངེ་ལྷན་ནེ་ཡེང་བ་མེད། །ཆོས་ཀྱི་སྐུ་ཡི་བསྒོམ་པ་ཡིན། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་དབྱེ་བ་ནི། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྐུ་དང་གསུང་། །ཐུགས་དང་ཡོན་ཏན་ཕྲིན་ལས་སོ། །སྐུ་ནི་སྟོང་དང་གསལ་བ་དང་། །མཚན་མ་མེད་པའི་རང་བཞིན་ནོ། །གསུང་ནི་སྒྲ་ཚིག་མིང་བྲལ་ནས། །བརྗོད་མེད་གླེང་བ་ཉིད་དང་
བྲལ། །ཐུགས་ནི་བསམ་དང་འགྱུ་མེད་པས། །འཕྲོ་ཞིང་དཔྱོད་པ་རྣམས་ལས་འདས། །ཡོན་ཏན་ཕྱིར་འོང་ལྡོག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱབ་པ་དང་། །རང་བཞིན་བཅོས་པ་མེད་པའོ། །ཕྲིན་ལས་མ་བྱུང་མ་སྐྱེས་པ། །ཤུགས་འབྱུང་བ་དང་འགག་པ་མེད། །མ་བྱས་བྱེད་པ་མེད་པའོ། །ཞེས་པ་དང་། རང་ཤར་ལས། གཅིག་འབྱུང་གཉིས་འབྱུང་ཐམས་ཅད་འབྱུང་། །ཆོས་ཀྱི་སྐུ་ཡི་ཡོན་ཏན་ཡིན། །བསྒྲུབ་མེད་བསྒྲུབས་ཟིན་སྒྲུབ་པ་རྫོགས། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ཡིན། །ཕྱི་མེད་ནང་མེད་དབྱིངས་སུ་མེད། །ཆོས་ཀྱི་སྐུ་ཡི་རང་ལུས་ཡིན། །ཞེས་པ་ལ་སོགས་པ་གསུངས་སོ། །བརྟེན་པ་ཡེ་ཤེས་ཀྱི་རིམ་པ་ལ། སྤྱིར་བསྟན་པ་དང་། ཆོས་སྐུའི་ཡེ་ཤེས་བྱེ་བྲག་ཏུ་བཤད་པ་གཉིས་ལས། སྤྱིར་མཐར་ཐུག་གི་ཀ་དག་ཆོས་སྐུ་ཉག་གཅིག་ཏུ་གྲོལ་དུས། གཞི་གནས་ཀྱི་ཡེ་ཤེས་གསུམ་གྱི་སྐུ་དང་ཡེ་ཤེས་ཕྱིར་གསལ་གྱི་འཆར་གཞི་བྱེད། མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས་དག་པའི་གདུལ་བྱ་ལ་སྣང་བ་སྟོན། ཤེས་བྱའི་ཡེ་ཤེས་ཀྱིས་མ་དག་པའི་གདུལ་བྱའི་རེ་བ་སྐོང་བ་སྟེ། ཐལ་འགྱུར་ལས། དེ་ལྟར་གྲོལ་བའི་སེམས་ཉིད་ལ། །ཐུགས་རྗེ་མེད་པ་མ་ཡིན་ཏེ། །གཞི་ལ་གནས་པའི་ཡེ་ཤེས་ཀྱིས། །རང་བཞིན་ཤུགས་ཀྱི་འཆར་གཞི་བྱེད། །མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི། །རྐྱེན་གྱིས་དག་པ་མིན་པར་བྱེད། །ཤེས་དང་ཤེས་བྱའི་ཡེ་ཤེས་ཀྱིས། །མོས་གུས་ཅན་ལ་དངོས་གྲུབ་སྟེར། །ཞེས་སོ། །དེ་ལྟར་གསུམ་ལས་དང་པོ་ཆོས་སྐུའི་ཡེ་ཤེས་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། མདོར་བསྟན་པ་ནི་རྒྱུད་དེ་ཉིད་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་
ནས་འཁྲུལ་པ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་བོ། །རང་བཞིན་འདི་འདྲ་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །ཞེས་སོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས་སྟོང་ཆ་སྤྲོས་པ་དང་བྲལ་བས་དབྱིངས་ཐིག་ལེ་ཉག་གཅིག །རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གསལ་ཆ་ཡོན་ཏན་གྱི་གཞི་མར་གྱུར་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་འཆར་ཚུལ་མ་འགགས་པའི་སྒོར་གནས་པས་གཟུགས་སྐུ་ཡེ་ཤེས་དང་བཅས་པའི་དྭངས་འབྱེད་པ་སྟེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མཐའ་མེད། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གང་དུ་མ་ཕྱེའི་ཆོས་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་ཚིག་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མི་མཛད། །མ་སྐྱེས་པས་ན་འགག་སྟོང་ངོ་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་ཟུང་འཇུག་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་རྡུལ་བྲལ་དག་པ་ལས། །ངོ་བོའི་ཆ་ནས་བརྟགས་པས་སྟོང་། །
ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །མཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །དེ་མེད་འཁོར་འདས་སྟེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལས་སུ་མེད་ལ་གཅིག་རྫོགས་པའི། །ཉི་མ་ལ་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཞེས་གསུངས་སོ། །ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་དང་བཅས་པ་བསྟན་པ་ནི། ལོངས་སྐུའི་ངོ་བོ་རང་བཞིན་ལྷུན་གྲུབ་སྟེ། །རོལ་པར་རིགས་ལྔ་ཡེ་ཤེས་རྣམ་པ་ལྔ། །ནམ་མཁའི་དབྱིངས་ཀུན་གང་བར་སྣང་བ་ཡིན། །རིག་པའི་རང་བཞིན་ལྷུན་གྲུབ་ཀྱི་ཆ་ནི་ཡོན་ཏན་རྫོགས་པའི་བདག་ཉིད་ཀྱི་ལོངས་སྐུ་དངོས་ཏེ། ཆོས་ཀྱི་སྐུ་དང་ངོ་བོ་དབྱེར་མེད་ལ། དེའི་ཆ་ལས་རོལ་པར་ཕྱིར་གསལ་དུ་རིགས་ལྔ་སོ་སོའི་སྐུ་མངོན་པར་སྣང་བས་ནམ་མཁའི་དབྱིངས་ཀུན་ཁྱབ་པ་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་བཅས་པ་རོལ་པའི་ལོངས་སྐུ་གང་ཆེན་མཚོ་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཏུ་རང་བྱུང་བ་ཞེས་བརྗོད་དོ། །འདི་ལ་རྟེན་སྐུའི་རང་བཞིན་དང་། བརྟེན་པ་ཡེ་ཤེས་ཀྱི་རང་བཞིན་རྒྱ་ཆེར་བསྟན་པ་གཉིས་ལས། རྟེན་ལོངས་སྤྱོད་རྫོགས་པའི་སྐུ་ལ། ངོ་བོ། ངེས་ཚིག །དབྱེ་བ་གསུམ་གྱི་ངོ་བོ་ནི་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུ་སྣང་ལ་རང་བཞིན་མེད་པའི་མཚན་དཔེར་ལྡན་
པ་སྟེ། རང་ཤར་ལས། ཁ་དོག་མ་འདྲེས་སོ་སོའི་མཚན་འཛིན་པ། །མཚན་དང་དཔེ་བྱད་བཟང་པོ་འོད་ཟེར་འཕྲོ། །ཡབ་དང་ཡུམ་དང་སྐུ་ཡི་ཆ་ལུགས་འཛིན། །ལོངས་སྤྱོད་རྫོགས་པ་སྐུ་ཡི་མཚན་ཉིད་དོ། །ཞེས་སོ། །ངེས་ཚིག་ནི་རྒྱུད་དེ་ཉིད་ལས། གསལ་ལ་མ་འདྲེས་ཀུན་ལ་ཁྱབ་པས་ལོངས། །སྣང་བ་ལྔ་ཉིད་མཚན་མ་མེད་པས་སྤྱོད། །དམིགས་མེད་དོན་ལ་ཅིག་ཆར་སྣང་བས་རྫོགས། །སྟོང་ཉིད་མ་འགགས་སོ་སོར་གསལ་བས་པ། །སྣང་བ་སོ་སོའི་མཚན་ཉིད་འཛིན་པས་སྐུ། །ཞེས་སོ། །དབྱེ་ན་ལྔ་ཚན་གསུམ་ལས། ཕུན་སུམ་ཚོགས་པ་ལྔར་དབྱེ་ན། སྐུ་གསུམ་ལ་རྣམ་པར་འཕྲུལ་པའི་དབང་གིས་ཆོས་བཅོ་ལྔར་གནས་པ་ལས། ལོངས་སྐུའི་ཆོས་སྐུའི་གནས་སྐབས་ན། སྟོན་པ་རྣམ་པར་སྣང་མཛད་གངས་ཆེན་མཚོ། དེའི་བཞུགས་ཚུལ་ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ། མདུན་དང་རྒྱབ་ཏུ་མེད། ཞལ་ཕྱོགས་བཅུ་ཀུན་ཏུ་ཐལ་ལེ་བའོ། །དེའི་ཞིང་ཁམས་ཕྱག་མཐིལ་ན་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་གཅིག་ལ་མངའ་མཛད་པའོ། །གནས་རྣམ་དག་སྟུག་པོ་བཀོད་པ། འཁོར་ཉིད་ལས་མི་གཞན་པ། བསྟན་པ་རང་བྱུང་གི་ཡེ་ཤེས་རང་སྣང་བ། དུས་རྟོགས་པ་མངོན་དུ་གྱུར་པའོ། །ལོངས་སྐུའི་ལོངས་སྐུའི་གནས་སྐབས་ན། སྟོན་པ་རིགས་ཀྱི་གཙོ་བོ་སོ་སོའོ། །དེ་ཉིད་ཀྱི་མཚན་ཉིད་ངོ་བོ་ཐ་དད་ལ་རང་བཞིན་གཅིག་པ། ཞིང་ཁམས་སོ་སོའི་རིགས་ཀྱི་དཀྱིལ་འཁོར་གྲངས་མེད་པ། གནས་འོག་མིན་འཐུག་པོ་བཀོད་པ། འཁོར་སོ་སོའི་རིགས་ལྔ། བསྟན་པ་མཁྱེན་པའི་ཡེ་ཤེས་ལྔ། དུས་སྣང་བ་འདུ་བ་མཆེད་པའོ། །ལོངས་སྐུའི་སྤྲུལ་སྐུའི་གནས་སྐབས་ན། སྟོན་པ་རིགས་ལྔའི་སངས་རྒྱས་སོ་སོའི་གཙོ་བོ་ལྔ། དེའི་མཚན་ཉིད་སྣང་ལ་རང་བཞིན་མེད་ཅིང་གསལ་ལ་རྟོག་
པ་མེད་པའོ། །དེའི་ཞིང་ཁམས་ལྷ་དང་ལྷ་མོ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་རང་གནས་པ་ལ་ལོངས་སྤྱོད། གནས་གང་གིས་ཀྱང་མངོན་པར་འདུས་མ་བྱས་པའི་རང་བཞིན་བདེ་ཆེན་ལྕང་ལོ་ཅན་ཡེ་ཤེས་དག་པའི་གནས། འཁོར་རང་སྣང་བའི་སངས་རྒྱས་དང་དཀྱིལ་འཁོར་སོ་སོ། དུས་རིག་པ་རང་སྣང་བའི་དུས་སོ། །རིགས་ལྔར་དབྱེ་བ་ནི། རང་ཤར་ལས། དེ་ཡང་རིགས་ནི་ལྔར་སྣང་ཞིང་། །དེ་བཞིན་གཤེགས་པའི་རིགས་དང་ནི། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །ཞེས་པ་དང་། རྣམ་སྣང་དང་ནི་རྡོ་རྗེ་སེམས། །དེ་བཞིན་རིན་ཆེན་འབྱུང་ལྡན་དང་། །སྣང་བ་མཐའ་ཡས་དོན་གྲུབ་བོ། །ཞེས་སོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་དབྱེ་བ་ནི། ཐལ་འགྱུར་ལས། ལོངས་སྐུ་ལ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ལྔ་ཡིན་ནོ། །སྐུ་ནི་སྣང་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་བྱུང་རང་སྣང་དང་། །སྤྲོ་བསྡུ་རྣམ་པའི་འཁོར་ལོའོ། །ཐུགས་ནི་རྒྱུན་མེད་གཟིགས་པ་དང་། །མཁྱེན་པའི་རྩལ་དང་དགོངས་པའོ། །ཡོན་ཏན་མཚན་དཔེ་རྫོགས་པ་ལ། །དགོངས་གསལ་མངོན་ཤེས་རྫོགས་པའོ། །འཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམས་སྤྲོས་ཏེ། །སོ་སོའི་རིགས་ཀྱི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་སྟོན། །ཞེས་གསུངས་སོ། །བརྟེན་པ་ཡེ་ཤེས་ཀྱི་རང་བཞིན་ལ་གཉིས་ལས། མདོར་བསྟན་པ་ནི་རྒྱུད་དེ་ཉིད་ལས། ལོངས་སྐུའི་ཡེ་ཤེས་མཚན་ཉིད་འཛིན། །ཡུལ་དངོས་དག་པས་མེ་ལོང་སྟེ། །འཁོར་འདས་གཟུགས་བརྙན་གསལ་བའོ། །ཕྱོགས་རིས་མེད་པས་མཉམ་པ་ཉིད། །དབང་པོའི་ཡུལ་
བསྟན་སོ་སོར་རྟོག །འབད་པས་མ་ཡིན་བྱ་བ་གྲུབ། །ཐ་དད་མེད་པས་ཆོས་དབྱིངས་སོ། །ཞེས་སོ། །རྒྱས་པར་བཤད་པ་ལ་ལྔ་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་གསལ་རིག་པའི་འབྱུང་གནས་ཏེ། །རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོའི་ཡུལ་ཉིད་དང་། །གསལ་བ་འོད་ཀྱི་སྣང་བ་དང་། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱའོ། །ཞེས་པ་དང་། ངོ་བོ་ངེས་ཚིག་དང་བཅས་པ་ཉིད། ཐལ་འགྱུར་ལས་ཀྱང་། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཆོས་ནི་སྤྱོད་པར་བྱེད་པ་ལ། །འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དག་པའོ། །དབྱིངས་ཀྱི་གོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་མཚོན་དཔེ་བཅས་པ་ཡང་། རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ། །ཡེ་ཤེས་དག་པའི་སྣང་བ་གསལ། །ཞེས་པ་དང་། ཐལ་འགྱུར་ལས། མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། །དབྱིབས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་འོད། །རང་ཆས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །གསལ་ཞིང་སྟོང་ལ་སྟོང་པས་གྲོལ། །གྲོལ་འཛིན་མཐའ་ཡི་རྟོག་པ་ཟད། །གཞག་མེད་རང་གྲོལ་གཞིར་རྫོགས་པའོ། །ཞེས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། རང་ཤར་ལས། ཆོས་རྣམས་མཉམ་པའི་ངོ་བོ་
ལ། །གང་གི་ཕྱོགས་སུ་མ་ལྷུང་བའོ། །ཞེས་པ་དང་། ཐལ་འགྱུར་ལས། མཉམ་པ་ཉིད་ཅེས་བྱ་བ་ནི། །མཉམ་རྒྱུ་གཉིས་ལས་མཉམ་རྐྱེན་གསུམ། །མཉམ་པའི་དུས་དང་ཚད་ཀྱིས་སོ། །འདི་ལ་གཉིས་མེད་རིས་དང་བྲལ། །མ་ཕྱེ་མི་འབྱེད་རང་གནས་ཉིད། །མཉམ་པ་ཞེས་བྱ་ཆོས་ཉིད་ལ། །ཟུག་རྔུའི་སྤྲོས་དང་བྲལ་བའོ། །ཉིད་ཅེས་བཅོས་ཤིང་རྩོལ་སྒྲུབ་མེད། །རང་བཞིན་གནས་པ་ངོ་བོས་སྟོང་། །སེམས་ཉིད་རྟོག་པ་ཀུན་ཟད་པའོ། །ཡེ་ཤེས་ཞེས་བྱ་གནས་པ་ལས། །དེ་ཡི་མཚན་ཉིད་རྟོགས་པ་ཡིས། །འཁོར་འདས་གཉིས་ལ་མི་གནས་པའོ། །ཞེས་སོ། །མཉམ་རྒྱུ་འཁོར་འདས་གཉིས། མཉམ་རྐྱེན་སྣང་བ་དང་། སྟོང་པ་དང་། གཉིས་སུ་མེད་པར་རྟོགས་པ་གསུམ་ནི། མཉམ་དུས་མཐར་ཕྱིན་འབྲས་བུའི་དུས་སུ་མངོན་དུ་གྱུར་པས། མཉམ་པའི་ཚད་ཟད་སར་སྐྱོལ་བའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། རང་ཤར་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །བྱ་བྱེད་བྲལ་བའི་རིག་པར་རྟོགས། །ཞེས་པ་དང་། ཐལ་འགྱུར་ལས། སོ་སོར་རྟོག་པ་དབང་པོའི་རིགས། །གང་ལ་གང་སྣང་དེ་ཡི་ཆོས། །རིམ་པ་སོ་སོར་གསལ་བའོ། །རྟོག་པས་རང་སྣང་དག་ནས་ནི། །རིག་པའི་ཡུལ་དུ་གྱུར་པ་ཉིད། །སོ་སོ་ཞེས་བྱ་བྱེ་བྲག་ལས། །གཉེན་པོའི་ཚུལ་དུ་བྱུང་བ་སྟེ། །རྟོག་པ་ཞེས་ནི་མཚན་ཉིད་མཐོང་། །རང་སྣང་འཕེལ་དང་བཅས་པའོ། །ཡེ་ཤེས་ཐོག་མར་བྱུང་བ་ལ། །ཤེས་པས་ཉོན་མོངས་སྐྱོན་དག་གོ །ཞེས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། རང་ཤར་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཅིར་སྣང་རིག་པའི་ངང་དུ་རྫོགས། །ཞེས་པ་དང་། ཐལ་འགྱུར་ལས། བྱ་བ་གྲུབ་པ་ཞེས་བྱ་བ། །འབད་ཅིང་རྩོལ་བ་རང་འགགས་ནས། །ཆོས་ཀུན་རང་གཞག་རང་གྲོལ་ལོ། །རང་གྲོལ་རྫོགས་པའི་གཞི་སྣང་ལས། །ཆ་ཕྲ་རྡུལ་བྲལ་དྲི་མེད་ཐོབ། །རྟོག་དཔྱོད་ཡུལ་ལས་
འདས་པ་སྟེ། །གང་གིས་མ་ཕྱེའི་ཆོས་ཉིད་དོ། །རང་བཞིན་རྫོགས་པས་སྣང་མཐའ་ཟད། །ཅིག་ཅར་རྟོགས་པས་བྱ་བའོ། །གྲུབ་པས་འདོད་པ་བྲལ་བ་ལ། བསྐྱར་དང་ལྡོག་པ་མེད་པའོ། །ཡེ་ནི་གནས་པའི་དོན་ཉིད་དོ། །ཤེས་པས་མངོན་དུ་གྱུར་ནས་ནི། །ཆོས་རྣམས་ཟད་པའི་སར་ཕྱིན་པའོ། །ཞེས་སོ། །སྤྲུལ་པའི་སྐུ་ཡེ་ཤེས་དང་བཅས་པ་བསྟན་པ་ནི། སྤྲུལ་སྐུའི་ངོ་བོ་ཐུགས་རྗེའི་འཆར་གཞི་སྟེ། །རོལ་པར་གང་ལ་གང་འདུལ་དེར་སྣང་ཞིང་། །ཕྲིན་ལས་ཆེན་པོས་མངའ་དབང་འབྱོར་པ་ཡིན། །འདི་ཡང་ཆོས་སྐུའི་ངོ་བོ་དང་གཅིག་པའི་ཐུགས་རྗེ་ཉིད་དང་དེའི་རོལ་པ་སྤྲུལ་པའི་སྐུ་ནི་བྱིས་པ་སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་དང་མ་དག་པའི་གདུལ་བྱ་སོ་སོ་ལ་སྟོན་པ་ཐ་དད་དུ་སྣང་བ་སྟེ། རྒྱས་པར་གཏན་ལ་ཕབ་ན། རྟེན་སྐུ་དང་། བརྟེན་པ་ཡེ་ཤེས་གཉིས་ཀྱི་རང་བཞིན་ལས། སྤྲུལ་པའི་སྐུ་ལ་ངོ་བོ་ངེས་ཚིག །དབྱེ་བ་གསུམ་གྱི་ངོ་བོ་ནི་མཐུན་པར་སྣང་བ་དང་། ངེས་པ་མེད་པ་དང་། ཡུན་ཐུང་བའི་ཕྱིར་སྤྲུལ་པའི་སྐུ་སྟེ། རང་ཤར་ལས། གང་འདུལ་དེ་ལ་དེར་སྟོན་ཅིང་། །གཞན་དང་མཐུན་པར་སྣང་བ་ལ། །གཞན་གྱི་དོན་ལ་མ་རྨོངས་ཤིང་། །ཅིར་ཡང་བསྒྱུར་དུ་བཏུབ་པའོ། །ཞེས་སོ། །ངེས་ཚིག་ནི་རྒྱུད་དེ་ཉིད་ལས། ཀྱེ་གསང་བའི་བདག་པོ། སྤྲུལ་པ་སྐུའི་ངེས་ཚིག་ནི་འདི་རྣམས་ཡིན་པར་ཤེས་པར་གྱིས་ཤིག །འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་མཐུན་པར་སྣང་བའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །དོན་བྱེད་ནུས་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །བྱ་བ་ཐམས་ཅད་བྱེད་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །སེམས་ཅན་གྲངས་ལས་འདས་པ་རྣམས་སྒྲོལ་བའི་ཕྱིར་ན་ཡང་སྤྲུལ་བའི་སྐུའོ། །ཞིང་ཁམས་གཅིག་ཏུ་ཡུན་ཐུང་བའི་ཕྱིར་ཡང་སྤྲུལ་པའི་སྐུའོ། །ཐུགས་རྗེ་ཕྱོགས་མེད་དུ་འཆར་བའི་ཕྱིར་ཡང་སྤྲུལ་པའི་སྐུའོ་ཞེས་སོ། །དབྱེ་ན་གསུམ་ལས། མཛད་
པའི་སྒོ་ནས་དབྱེ་ན། བྱ་བ་རྫོགས་པའི་སྤྲུལ་སྐུ་ལུས་མ་གྲོལ་ལ་སེམས་ཆོས་སྐུར་སྨིན་ནས་དོན་བྱེད་པ་དང་། བྱ་བ་བྱེད་པའི་སྤྲུལ་སྐུ་དབྱིངས་ནས་ཤར་བའི་རྣམ་པར་རོལ་པ་གཉིས་སམ། བཟོ་དང་། སྐྱེ་བ་དང་། མཆོག་གི་སྤྲུལ་པ་གསུམ་སྟེ། རང་ཤར་ལས། སྤྲུལ་པ་སྐུ་ཡི་དབྱེ་བ་ནི། །བྱ་བ་རྫོགས་དང་བྱ་བྱེད་དང་། །རྣམ་པ་གཉིས་སུ་འདོད་པའོ། །བྱ་བ་རྫོགས་པའི་སྤྲུལ་སྐུ་ནི། །རང་གི་རྒྱུད་གྲོལ་མངོན་སངས་རྒྱས། །དེ་ནས་སྤྲུལ་པ་འགྱེད་པའོ། །བྱ་བ་བྱེད་པའི་སྤྲུལ་སྐུ་ནི། །གང་འདུལ་དེ་ལ་དེར་སྟོན་ཞིང་། །གཞན་དང་མཐུན་པར་སྣང་བ་ལ། །དེ་ནི་གོང་མ་ལྟ་བུའོ། །ཞེས་པ་དང་། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོའོ། །ཞེས་སོ། །ཕུན་སུམ་ཚོགས་པ་ལྔའི་ཆོས་ཀྱིས་དབྱེ་ན། རྣམ་པར་འཕྲུལ་པའི་དབྱེ་བས། སྤྲུལ་པ་སྐུའི་ཆོས་སྐུའི་དུས་ན། སྟོན་པ་རྡོ་རྗེ་འཆང་ཆེན་པོ། དེའི་མཚན་ཉིད་སྐྱེ་བ་བཞིའི་ལུས་སུ་སྣང་བས་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན་པར་ཞལ་གྱིས་བཞེས་པ། དེའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ལ་མངའ་མཛད་དོ། །དེའི་གནས་མེ་ཏོག་པདྨ་ཁ་སྟོང་དང་ལྡན་པ། འཁོར་སྐྱེ་བ་བཞིས་བསྡུས་པའི་འགྲོ་བ། བསྟན་པ་སྡེ་སྣོད་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར། དུས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་སོ། །སྤྲུལ་པའི་སྐུའི་ལོངས་སྐུའི་དུས་ན། སྟོན་པ་དཔལ་རྡོ་རྗེ་སེམས་དཔའ། དེའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་བྱེ་བ་ཕྲག་བརྒྱ། གནས་གདུལ་བྱ་ངོ་དང་སྦྱར་བ། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ། བསྟན་པ་ངེས་པ་དོན་གྱི་ཐེག་པ། དུས་ངེས་པ་མེད་པའོ། །སྤྲུལ་
སྐུའི་སྤྲུལ་སྐུའི་དུས་ན། སྟོན་པ་ཤཱཀྱ་ཐུབ་པ། དེའི་རང་བཞིན་དཔལ་རང་བྱུང་གིས་བསྙེན་པར་རྫོགས་ཏེ་ཉིད་ཀྱི་མཛད་པ་ལ་སྤྱོད་པ། ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་གླིང་བཞི་བྱེ་བ་ཕྲག་བརྒྱ་ལ་སོགས་པ། གནས་བྱ་རྒོད་ཕུང་པོ་ལ་སོགས་པ། འཁོར་ལྷ་དང་མི་ལ་སོགས་པ་སྣ་ཚོགས། བསྟན་པ་རྒྱུ་འབྲས་ཀྱི་ཐེག་པ་སྣ་ཚོགས། དུས་ངེས་པ་ཆེན་པོས་ཐེ་ཚོམ་གཅོད་པའི་དུས་སོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་དབྱེ་བ་ནི། ཐལ་འགྱུར་ལས། སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་ལྔའོ། །སྐུ་ནི་མཚན་དང་དཔེ་བྱད་ལ། །གདུལ་བྱ་གང་འདུལ་ལུས་སྤྲུལ་པ། །གསུང་ནི་ཚིག་སྦྱོར་ལེགས་པ་ལ། །ཚངས་དབྱངས་ཡན་ལག་དྲུག་ཅུའོ། །ཐུགས་ནི་ཤེས་བྱའི་ཡེ་ཤེས་ཀྱི། །རང་གཞན་དོན་གཉིས་དགོངས་པར་གནས། །ཡོན་ཏན་མཁྱེན་པ་རྫོགས་པ་དང་། །ཕྲིན་ལས་ཕྱི་ནང་གསང་བ་ཡི། །མཛད་པ་མ་ལུས་རྫོགས་པ་དང་། །ཕུན་སུམ་ཚོགས་པ་ལྔར་གནས་སོ། །ཞེས་སོ། །བརྟེན་པ་ཡེ་ཤེས་ལ་གཉིས་ལས། མདོར་བསྟན་པ་ནི་རྒྱུད་དེ་ཉིད་ལས། སྤྲུལ་པའི་སྐུ་ལ་ཤེས་བྱ་སྟེ། །ཇི་ལྟ་མཁྱེན་པས་དངོས་པོ་ཡི། །གནས་ལུགས་རང་གི་དོན་དུ་ཤེས། །ཇི་སྙེད་པས་ནི་གདུལ་བྱ་ཡི། །བསམ་པ་ཇི་ལྟར་གནས་པ་ཤེས། །ཞེས་སོ། །རྒྱས་པར་བཤད་ན། ཇི་ལྟ་བ་མཁྱེན་པས་གནས་ལུགས་ཕྱིན་ཅི་མ་ལོག་པ་མཁྱེན་ལ། ཇི་སྙེད་པས་སྣང་ཚུལ་རྒྱུ་འབྲས་མཐའ་དག་མཁྱེན་པ་སྟེ། ངོ་བོ་ངེས་ཚིག་དང་བཅས་པ་ཉིད། ཐལ་འགྱུར་ལས། ཤེས་བྱ་བསྡུས་པའི་ཡེ་ཤེས་ནི། །རྣམ་པ་གཉིས་སུ་ཤེས་པར་བྱ། །དེ་ལ་ཤེས་བྱ་ཇི་སྙེད་བཤད། །འདིས་ནི་གདུལ་བྱའི་བསམ་པ་མཁྱེན། །གཞན་དོན་ཁོང་དུ་ཆུད་པ་ཡིས། །ཆོས་རྣམས་རང་བཞིན་ཤེས་པའོ། །
ཇི་ཞེས་བྱ་བ་གནས་ལུགས་ལ། །སྙེད་པས་མ་ལུས་རྫོགས་པར་མཁྱེན། །ཡེ་ནི་སེམས་ཅན་ཀུན་དོན་ལ། །ཤེས་པས་ཁམས་གསུམ་དོང་ནས་འབྱིན། །སྤྲུལ་པ་སྐུ་ཡི་མཁྱེན་པའི་ཆ། །རང་སྣང་ངོ་ལ་རྫོགས་པའོ། །ཇི་ལྟ་མཁྱེན་པའི་ཡེ་ཤེས་བཤད། །སྣང་ཆས་བརྗོད་གཞི་བྲལ་བ་ལ། །རང་སྣང་དག་པའི་གཟུགས་བརྙན་གསལ། །དངོས་པོའི་གནས་ལུགས་མཁྱེན་པ་ལ། །རང་དོན་རྟོགས་པས་འཁྲུལ་རྒྱུན་ཟད། །ཇི་ཞེས་བྱ་བ་གནས་ལུགས་ལ། །ལྟ་བ་ཡེང་མེད་ཟད་སར་ཕྱིན། །མཁྱེན་པ་འགག་པ་མེད་ཕྱིར་རྫོགས། །ཡེ་ནི་ལམ་དུ་གྱུར་པ་ལ། །ཤེས་པ་ཚད་དུ་ཕྱིན་པའོ། །ཞེས་སོ། །དེ་ལྟར་སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་མངོན་དུ་གྱུར་པ་དེ་དག་གང་ལས་བྱུང་ཞེ་ན་བཤད་པ། འདི་དག་རྒྱུ་འབྲས་རྩོལ་བས་མ་བསྒྲུབས་ཏེ། །ཡེ་ནས་ལྷུན་གྲུབ་ཅོག་གཞག་ངང་ལ་སྣང་། །མཆོག་གསང་རབ་ལ་ཚེ་འདིར་སྣང་བ་སྟེ། །དེ་ལས་གཞན་དུ་བར་དོར་མི་བསླུ་བས། །རྡོ་རྗེ་སྙིང་པོ་རྩེ་མོའི་ཐེག་པ་ནི། །རྒྱུ་འབྲས་ཐེག་པ་ཀུན་ལས་ཁྱད་པར་འཕགས། །སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་དམ་པ་ནི་ཡེ་ནས་ལྷུན་གྲུབ་འདུས་མ་བྱས་སུ་རང་ལ་གནས་པ་སྟེ། ཅོག་གཞག་རྒྱུ་འབྲས་ལས་འདས་པའི་གནད་ཀྱིས་མངོན་དུ་གྱུར་པས། ཐེག་པ་འོག་མ་ཐམས་ཅད་ལས་འཕགས་ཏེ། ཀློང་དྲུག་པ་ལས། མི་རྟོག་ཡེ་ཤེས་ལས་བྱུང་བའི། །མ་བཙལ་གཞག་པའི་མན་ངག་གིས། །ཡེ་ཡོད་དང་པོའི་སངས་རྒྱས་རྙེད། །ཅེས་སོ། །དེ་ཡང་འདུས་མ་བྱས་ལྷུན་གྲུབ་ཡིན་པར་རྒྱུད་བླ་མ་ལས་ཀྱང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་དང་། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །ཆོས་དབྱིངས་
རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་སངས་རྒྱས་པ་ལ། རྩོལ་བ་དང་སྒྲུབ་པ་མེད་པར་ཡང་སངས་རྒྱས་པར་བསྟན་པ་སྟེ། ལེའུ་བཅུ་གསུམ་པའི་འགྲེལ་པའོ།། །།དེ་ལྟར་འཇུག་ཡུལ་བསྟན་བཅོས་ཀྱི་ལུས་རྒྱ་ཆེར་གཏན་ལ་ཕབ་ཟིན་ནས། ད་ནི་བསྟན་བཅོས་ཡོངས་སུ་རྫོགས་པ་མཇུག་གི་དོན་ལ་རྣམ་གྲངས་བདུན་ལས། གང་དུ་ལེགས་པར་བཀོད་པའི་གནས་བསྟན་པ་ནི། དེ་ལྟར་ཆོས་ཉིད་རྡོ་རྗེ་སྙིང་པོའི་གླུ། །མཁའ་མཉམ་གདོད་ནས་དག་པའི་རང་བཞིན་འདི། །མི་འགྱུར་གཞི་རྩ་བྲལ་བའི་གནས་ཉིད་ནི། །རང་ཤར་འཕོ་འགྱུར་མེད་པའི་རོལ་པར་ཤར། །རྡོ་རྗེ་སྙིང་པོ་ལྷུན་གྲུབ་གཉུག་མ་གདལ་བའི་གླུ་གསང་བ་ཆེན་པོ་འདི་ནི། གྲུབ་རི་རིན་པོ་ཆེ་འབྱུང་བའི་གནས། རང་བྱུང་གི་པདྨའི་རྒྱལ་པོས་བྱིན་གྱིས་བརླབས་པའི་རྩེ་མོ། དུས་གཅིག་ལ་སྣང་བ་བརྒྱ་འཆར་བས་སེམས་ཉིད་ངལ་གསོ་བར་བྱེད་པའི་རིའི་ཡང་རྩེར་མཁའ་འགྲོ་གསང་བའི་གླུར་བླངས་པ་ཡི་གེར་བཀོད་པ་ཡིན་ནོ། །བརྗོད་བྱ་རྟོགས་པའི་དོན་ངོས་གཟུང་བ་ནི། ཡེ་མཉམ་ཕྱམ་གདལ་ཀློང་ཆེན་ཡངས་པའི་དོན། །གར་ཡང་མ་ཕྱིན་གདོད་མའི་རང་བཞིན་ངང་། །མི་གཡོ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ། །རྒྱ་ཆད་མེད་ཅིང་ཕྱོགས་ལྷུང་བྲལ་བར་གྱུར། །སྣང་སྲིད་ཆོས་ཉིད་དུ་ཤར་བས་ཅིར་སྣང་རང་བྱུང་གི་ཡེ་ཤེས་སུ་རྟོགས་པ་སྟེེ་འགྲོ་འོང་མེད་པའི་ཆོས་ཉིད་རྟོགས་པས་འབད་པ་དང་རྩོལ་བ་ཐམས་ཅད་རང་ཞིག་ནས། རྒྱ་ཆད་ཕྱོགས་ལྷུང་བྲལ་བར་གྱུར་ཏོ་ཞེས་རྟོགས་པ་ངེས་པས་བསྟན་བཅོས་འདིར་འཇུག་པའི་འགྲོ་བ་ཆོས་ཉིད་རྟོགས་པར་བྱིན་གྱིས་བརླབས་པའི་རྟེན་འབྲེལ་ཏེ། དཔལ་བྲམ་ཟེ་གཉུག་མའི་གླུ་ལས། གང་གང་མཐོང་
བ་དེ་དེ་ཉིད། །དེ་རིང་མགོན་པོ་ད་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་འབྱུང་བ་ལྟར་མངོན་དུ་གྱུར་པས། ཕྱི་རབས་འདིར། འབད་པ་མེད་པར་གྲོལ་བར་བྱེད་པ་སྟེ། སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱང་། ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། །དུབ་པ་བདག་གི་ངལ་གསོའི་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། །རིང་མོ་ཞིག་ནས་མཐོང་བ་ཡིན། །ཞེས་གསུངས་པ་བཞིན་ནོ། །ལྷུན་གྲུབ་ཡངས་པ་ཆེན་པོའི་ཀློང་དུ་ཕྱིན་པས་བསྟན་བཅོས་ཀྱི་ཚིག་དོན་ལ་དབང་འབྱོར་བའི་རང་བཞིན་དུ་བསྟན་པ་ནི། དོན་རྣམས་ཇི་བཞིན་མཁའ་མཉམ་ཡངས་པའི་དཀྱིལ། །གང་དུ་རང་བྱུང་ཀློང་ཆེན་རྒྱལ་པོ་ནི། །རྟག་ཏུ་མི་གཡོ་སྣ་ཚོགས་རང་སར་གྲོལ། །འདི་ཞེས་མི་མཚོན་དབྱིངས་རུམ་ཡངས་པར་ཕྱིན། །གང་དག་བསྟན་བཅོས་རྩོམ་པ་དེ་དག་གི་ཚད་ནི། ཚིག་དང་དོན་གྱི་གནས་ཕྱིན་ཅི་མ་ལོག་པར་རྟོགས་ནས། གཞན་གྱི་ཕྱིར་ཡི་གེའི་ཚིག་འབྲེལ་ལེགས་པར་དགོད་ཤེས་པ་ཡིན་ལ། འདིར་ཡང་ཁོ་བོ་རང་བཞིན་རྫོགས་པ་ཆེན་པོའི་རྡོ་རྗེའི་གནས་ཕྱིན་ཅི་མ་ལོག་པར་རྟོགས་ནས། ཚིག་དང་དོན་གྱི་སྐལ་པ་བཟང་པོ་གཞན་ལ་ཕན་པའི་ཕྱིར་དགོད་པར་མཁས་པ་སྟེ། སྟོན་པ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་གསང་བའི་གནས་རྡོ་རྗེ་རྟོགས་པའི་འགྲེལ་པ་ལུང་གི་ཕྲེང་བས་སྤྲས་ཏེ། ཡོངས་སུ་རྩོམ་པ་གང་གི་ཚེའང་ཕྱི་རོལ་གྱི་རྣམ་པར་གཡེང་བ་སྤངས་ཏེ། ཆོས་ལ་སེམས་པའི་ཏིང་ངེ་འཛིན་རྩེ་གཅིག་པས་སྦྱར་བ་ནི། ཆོས་ཉིད་རྒྱལ་པོའི་ཀློང་དུ་ཕྱིན་པ་ལས་དོན་གྱི་ཤེས་རབ་སྐྱེས་པའི་མཐུས་བཀོད་པ་སྟེ། ཐེག་པའི་མཆོག་འདིར་མོས་པའི་སྐལ་ལྡན་རྣམས་
ཀྱི་མིག་ཏུ་གྱུར་པས་གུས་པའི་སྤྱི་བོས་ཟུངས་ཤིག་ཅེས་ལེགས་པར་གདམས་ཏེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་འབྱུང་བ་བཞིན་ནོ། །བརྩམས་པའི་ཚུལ་བརྗོད་པ་ནི། རྟོགས་པའི་དུས་ངེས་མཁའ་འདྲའི་རྣལ་འབྱོར་པས། །རང་ཉམས་ཕྱོགས་གཅིག་ལུང་དོན་མཐུན་པ་ནི། །རྩ་བའི་སེམས་ལུང་ཉི་ཤུ་རྩ་གཅིག་དང་། །ཀློང་གསུམ་མན་ངག་སྡེ་བཞི་མཐུན་པར་བཀོད། །དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུ་མཱ་རཱ་ཛའི་ཞབས་ཀྱི་རྡུལ་སྤྱི་བོས་བླངས་ཤིང་། དངོས་གྲུབ་བརྙེས་པའི་མགོན་པོ་དེས་རྗེས་སུ་གཟུང་ཞིང་བྱིན་གྱིས་བརླབས་པའི་མཐུས། རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་དབང་འབྱོར་ཞིང་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པས། དོན་གྱི་ཆ་ལ་འཁྲུལ་པ་མེད་ཅིང་། དེའི་གསུང་གི་འོད་ཟེར་བློ་གྲོས་ཀྱི་པདྨོར་ཤར་བས་ཚིག་གི་གནས་ཀློང་དུ་གྱུར་ཏེ། དེ་ལྟར་ན་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་ཚུལ་རྒྱ་མཚོ་ལ་ཐོགས་པ་མེད་པའི་སྣང་བ་རྒྱས་པ་དེའི་ཚེ། འོད་གསལ་རྡོ་རྗེ་སྙིང་པོའི་རྣལ་འབྱོར་གྲུབ་པས། གཞན་དོན་འཕྲིན་ལས་ཀྱི་དུས་ངེས་པ་ནི། ནམ་མཁའ་ལྟར་གོ་སྐབས་ཡངས་པའི་དོན་ཏེ། རང་གི་རྟོགས་པའི་དོན་ཇི་ལྟ་བ་བཞིན་ཡི་གེར་དགོད་ལེགས་པས་ཕྱི་རབས་ཀྱི་དོན་དུ་ཕན་པ་འགྲུབ་པ་དང་། མཚུངས་པ་མེད་པའི་མཆོག་རྡོ་རྗེ་ཀུན་ཏུ་བཟང་པོ་གཉིས་པ་དེའི་གྲུབ་པའི་མཐའ་མི་ཉམས་ཤིང་བཀའ་བསྡུ་བར་འགྱུར་བ་དང་། འདིའི་གནས་ཀྱང་བརླིང་ལ་ཕལ་
གྱིས་རྟོགས་པར་དཀའ་བའི་དོན་ཐུན་མོང་གི་གནས་དང་མ་འདྲེས་པར་བསྟན་པས། ཐེག་པ་རྒྱལ་པོའི་རྩེ་མོ་རྡོ་རྗེ་སྙིང་པོའི་བསྟན་པ་ཡུན་རིང་དུ་འཇིག་རྟེན་ན་གནས་པར་འགྱུར་བ་དང་། རྒྱུད་དང་མན་ངག་གི་གནས་ཀྱང་གྲངས་མང་བས་ཕྱོགས་གཅིག་ཏུ་བསྡུ་བར་མི་ཤེས་ཤིང་ཚོགས་པར་མི་ནུས་པའི་འགྲོ་བ་རྣམས་ཀྱིས་འདི་ཉིད་མཐོང་བས་ཀུན་གྱི་གནས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་བསྟན་བཅོས་འདི་བཤད་དེ། རང་བཟོ་དང་འདོད་རྒྱལ་དུ་འདོགས་པ་སྤང་བའི་ཕྱིར་བཀའ་ལུང་གི་དཔང་པོས་ཡིད་ཆེས་པར་བྱས་པ་ནི། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་དང་མཐུན་པར་བཀོད་ནས་དེ་དག་གི་ལུང་དང་སྦྱར་བ་ཡིན་ནོ། །ལུང་གི་རྒྱུས་ལ་མི་མཁས་པ་དག་གིས་ནི་རྡོ་རྗེའི་གནས་ལ་ཅི་ཞིག་དབང་སྟེ། དམུས་ལོང་ལ་གཟུགས་ཀྱི་རྣམ་པར་དབྱེ་བའི་གོ་སྐབས་དང་དོན་མེད་པ་བཞིན་ནོ། །དེ་ཡང་མདོ་སྡེ་རྒྱན་དུ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བཅས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པར་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་གསུངས་པ་བཞིན་ནོ། །དེ་ལ་སེམས་སྡེ་ཉི་ཤུ་རྩ་གཅིག་ནི། རིག་པའི་ཁུ་བྱུག །རྩལ་ཆེན་སྤྲུགས་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན་ཏེ་སྔ་འགྱུར་ལྔ་དང་། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ། བདེ་བ་འཕྲུལ་བཀོད། རྫོགས་པ་སྤྱི་ཆིངས། བྱང་ཆུབ་སེམས་ཏིག །བདེ་བ་རབ་འབྱམས། སྲོག་གི་འཁོར་ལོ། ཐིག་ལེ་དྲུག་པ། རྫོགས་པ་སྤྱི་གཅོད། ཡིད་བཞིན་ནོར་བུ། ཀུན་འདུས་རིག་པ། རྗེ་བཙུན་དམ་པ། བསྒོམ་
པ་དོན་གྲུབ་སྟེ་ཕྱི་འགྱུར་བཅུ་གསུམ་དང་བསྡོམས་པས་སེམས་སྨད་བཅོ་བརྒྱད་དང་། ཀུན་བྱེད་རྒྱལ་པོ། རྨད་བྱུང་རྒྱལ་པོ། མདོ་བཅུ་སྟེ། ཐམས་ཅད་བསྡོམས་པས་ཉི་ཤུ་རྩ་གཅིག་གོ །ཀློང་སྡེ་མང་ཡང་། ཀློང་དཀར་ནག་ཁྲ་གསུམ་ལས། ཀློང་དཀར་པོ་ལ། ནམ་མཁའི་ཀློང་། རྒྱ་མཚོའི་ཀློང་། རིན་པོ་ཆེའི་ཀློང་དང་གསུམ་མོ། །ཀློང་ནག་པོ་ལ། ཐུགས་རྗེ་ཀློང་ནག་གི་སྡེ། མཛད་པ་ཀློང་ནག་གི་སྡེ། སྤྲུལ་པ་ཀློང་ནག་གི་སྡེ་དང་གསུམ་མོ། །ཀློང་ཁྲ་བོ་ལ། ཡོད་སྨྲ་སེམས་སྡེ་དང་མཐུན་པའི་ཀློང་ཁྲ་བོ། མེད་སྨྲ་རང་གནད་དང་མཐུན་པའི་ཀློང་ཁྲ་བོ། ཡོད་མེད་མན་ངག་དང་མཐུན་པའི་ཀློང་ཁྲ་བོ་དང་གསུམ་སྟེ། ཀློང་དགུར་འདུས་སོ། །ཀློང་རབ་འབྱམས་ནི་ཐམས་ཅད་ཀྱི་ཆིངས་སུ་འདུས་པས་ལོགས་སུ་མ་བཤད་དོ། །མན་ངག་གི་སྡེ་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པའི་སྐོར་དང་བཞིའོ། །འདི་ལ་རྒྱུད་སྡེའི་གནས་བསམ་གྱིས་མི་ཁྱབ་ཀྱང་། གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་དུ་རིགས་བསྡུས་ཏེ་གསུངས་པ་ནི། ཐལ་འགྱུར་ལས། རང་ཤར་བ་དང་རང་གྲོལ་དང་། །རང་བྱུང་ཉིད་དང་རྩལ་རྫོགས་དང་། །མཛེས་ལྡན་དག་དང་ཕྲ་བཀོད་དང་། །མུ་ཏིག་ཕྲེང་དང་ཡི་གེ་མེད། །སྙིང་དང་ཐུགས་ཀྱི་མེ་ལོང་དང་། །ཉི་ཟླ་ཁ་སྦྱོར་ངོ་སྤྲོད་སྤྲས། །སྐུ་གདུང་འབར་དང་རིན་ཆེན་སྤུངས། །སྒྲོན་མ་འབར་དང་ཀློང་ཆེན་དྲུག །དེ་ལྟར་བཅུ་དྲུག་རིམ་པ་རྣམས། །ཐལ་འགྱུར་ལས་ནི་ངེས་འཕྲོས་ནས། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །དེ་ལྟར་སེམས་ཀློང་མན་ངག་གི་སྡེ་རྣམས་སྤྱིར་དྲིལ་ན། སྟོན་པ་ཀུན་ཏུ་བཟང་
པོ་རྡོ་རྗེ་འཆང་གི་རྣམ་པར་བཞེངས་པ་དེས་གསུངས་པའི་ཆོས་ཀྱི་རྣམ་གྲངས་ལས། གསང་སྔགས་ཆེན་པོ་སྟེ། དེལའང་བསྐྱེད་རྫོགས་གཉིས་ལས་རྫོགས་པའི་རིམ་པ། དེ་ལ་ཆེ་ཆུང་གཉིས་ལས། ཆེན་པོ་སྟེ། འདི་ལ་ཤྭ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། ལེའུ་སུམ་ཁྲི་ལྔ་སྟོང་། བམ་པོ་ཉི་ཁྲི་ཆིག་སྟོང་། གཟེར་བུ་བརྒྱ་དང་བརྒྱད་ཅུ། གགས་སྟོང་ཕྲག་ཕྱེད་དང་གཉིས། གནད་འདུས་སུམ་སྟོང་། གོལ་སྒྲིབ་ལ་བཟླ་བའི་ཆིངས་ཁྲི་ཕྲག་བཞི་བཅུ་སྟེ། མིང་ཐོགས་ཀྱི་རྒྱུད་སྟོང་ཕྲག་ཉི་ཤུར་བཞུགས་པ་ནི། སྡེ་སྣོད་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་ལས། །ཚིག་གི་བྱེ་བྲག་རྣམས་འཕྲོས་པ། །སྡེ་གསུམ་ལས་ནི་ཀློང་དགུར་འགྱུར། །ཚིག་བསྡུས་པ་ལས་ཤློ་ཀ། འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས། །ལེའུ་སྟོང་ཕྲག་སུམ་ཅུ་ལྔ། །བམ་པོ་ཉི་ཁྲི་སྟོང་ཕྲག་གཅིག །བརྗོད་བྱ་ནམ་མཁའི་མཐའ་དང་མཉམ། །གདུལ་བྱའི་སེམས་ཅན་རྟོག་པ་གཅོད། །འདི་ལ་བརྗོད་བྱ་ཉེར་བསྡུས་པ། །གཟེར་བུ་བརྒྱ་དང་བརྒྱད་ཅུ་ལ། གགས་ནི་སྟོང་ཕྲག་ཕྱེད་དང་གཉིས། །གནད་ཆེན་འདུས་པ་སྟོང་ཕྲག་གསུམ། །གོལ་སྒྲིབ་ཁྲི་ཕྲག་བཞི་བཅུ་ལ། །མིང་ཐོགས་རྒྱུད་ནི་ཁྲི་ཕྲག་གཉིས། །ཚིག་བརྗོད་རིམ་པ་གསལ་བཀོད་དོ། །ཞེས་གསུངས་སོ། །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །མ་འབད་བཞིན་དུ་གདོད་མའི་སར་ཕྱིན་ཏེ། །ཀུན་བཟང་ས་ལ་འཕོ་འགྱུར་མེད་པ་ཡི། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །ཆོས་ཀྱི་ཚུལ་རྨད་དུ་བྱུང་བ་ལེགས་པར་བརྩམས་པ་ལས་བྱུང་བའི་དགེ་
ཚོགས་རླབས་ཆེ་བ་གང་ཞིག་ཐོབ་པའི་རྒྱུ་དེས། འགྲོ་བ་ཐམས་ཅད་འབད་པ་དང་རྩོལ་བ་གང་ཡང་མ་བྱས་པར་མངོན་པར་བྱང་ཆུབ་ནས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ལ་ཆོས་ཀྱི་སྐུ་གཅིག་ཏུ་རོ་མཉམ་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱལ་བ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པའོ། །ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ་ནི། ཕྱོགས་རྣམས་ཀུན་ཏུ་བདེ་དཔལ་འབྱོར་པ་ནི། །དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་ཅིང་། །ཆོས་རྔ་སྒྲོགས་པས་ཐར་པའི་རྒྱལ་མཚན་འཛུགས། །དམ་ཆོས་མི་ནུབ་བསྟན་པ་རྒྱས་པར་ཤོག །ལེགས་པར་སྦྱར་བའི་བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་ཀུན་ཏུ་འཕྲོ་བའི་དཔལ་འབར་བའི་གཟི་བརྗིད་བཟང་པོ་དེས། སེམས་ཅན་གྱི་འཇིག་རྟེན་ཇི་སྙེད་པ་ཐམས་ཅད་བདེ་བ་དང་ལྡན་ཞིང་། རྨི་ལམ་ན་ཡང་སྔུག་བསྔལ་མེད་ལ། ཐར་པའི་ཆོས་ཀྱི་དགའ་བ་རྨད་དུ་བྱུང་བས་ཉིན་མཚན་ཀུན་ཏུ་བཀྲ་ཤིས་དང་ལྡན་པ་ནི། བདེ་བ་ཅན་དང་མངོན་པར་དགའ་བ་དང་པདྨོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་དག་པའི་ཡུལ་ན་འཁོད་པ་བཞིན། འདོད་དགུའི་དཔལ་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་ལ་སྤྱོད་པར་ཤོག་ཅིག །ཐམས་ཅད་ཀུན་ཏུ་དཀོན་མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་པར་སྒྲོགས་ཤིགབླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན་བསྒྲེངས་པས། བསྟན་པ་དམ་པའི་ཆོས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་ཁྱོན་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའི་
རྒྱན་གྱིས་མཐའ་བསྡུ་བར་བསྟན་པ་ཡིན་ནོ། །ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱི་ལྷུན་གྱིས་གྲུབ་པས་ནོར་བུ་རིན་པོ་ཆེ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་མཛོད་ཅེས་བརྗོད་པ་ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་ཡིན་ལ། དེའི་གནས་གསལ་བར་སྟོན་པའི་ཚུལ་ལེའུ་བཅུ་གསུམ་གྱི་རང་བཞིན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་ཚོགས་ཏེ། ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ། ཚིག་དང་དོན་གྱི་སྐལ་བ་བཟང་པོ་ལྷུན་གྱིས་གྲུབ་པ་ནི་རིན་པོ་ཆེ་དང་མཚུངས་ཏེ། གང་མངོན་པར་འདོད་པའི་དོན་གཉིས་འགྲུབ་པའི་གཞིར་གྱུར་པའི་ཕྱིར་དང་། མིང་ཚིག་ཡི་གེའི་ཚོགས་པ་འབྱུང་བའི་གནས་ཡིན་པས་མཛོད་ཀྱི་སྒྲས་ཉེ་བར་བརྗོད་པ་ཉིད་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དབྱིངས་གཞི་དང་ལམ་དང་འབྲས་བུའི་རང་བཞིན་བཀོད་ལེགས་པའི་རིན་པོ་ཆེ་འབྱུང་བའི་མཛོད་ཡིན་པའི་ཕྱིར་ཡང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བརྗོད་དེ། རྗོད་པར་བྱེད་པའི་གཞུང་ཕུན་སུམ་ཚོགས་པ་ཉིད་དང་། བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཉིས་བསྟན་བཅོས་འདིའི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་བྱ་བ་ནི། འབྲས་བུ་རྡོ་རྗེའི་ཐེག་པ་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེའི་ཡང་སྙིང་པོ་དང་རྩེ་མོར་གྱུར་པ་ནི་རང་བཞིན་
རྫོགས་པ་ཆེན་པོ་སྟེ། དེ་ལས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་མཆོག་ཏུ་གྱུར་པའི་ཕྱིར་ཐེག་པའི་མཆོག་ཅེས་བྱའོ། །དེའི་དོན་ལེགས་པར་རྟོགས་ནས་གོམས་པར་བྱེད་པ་ནི་དོན་རྣལ་འབྱོར་དུ་བྱེད་པ་ཡིན་ལ། ཚིག་དོན་གྱི་གནས་ལེགས་པར་རྟོགས་ནས་གཞུང་རྩོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ཚིག་རྣལ་འབྱོར་དུ་བྱེད་པས་ཏེ། ཆོས་ཀྱི་རྒྱུན་གྱི་རྣལ་འབྱོར་པ་ཞེས་བརྗོད་པ་གང་ཡིན་པ་ཉིད་དོ། །ཀློང་ཆེན་རབ་འབྱམས་ཀྱིས་ཞེས་བྱ་བ་ནི། རྩོམ་པ་པོའི་མིང་སྟེ། རྟོགས་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན་རིག་པ་ཆོས་ཉིད་ཀྱི་འཁོར་ལོ་བྱིང་རྒོད་རེ་དོགས་དང་བྲལ་བ་ཉིན་མཚན་ཕྱད་པར་འབྱམས་ཀླས་པས་ན་ཀློང་ཆེན་རབ་འབྱམས་ཏེ། མིང་འདིས་བསྟན་བཅོས་འདིའི་བརྗོད་བྱ་ཉེ་བར་སྟོན་པ་ཡིན་ནོ། །གང་དུ་ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལ་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་སྟེ་དེ་ཡང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་པ་སྟེ། སྙན་ངག་དང་། སྡེབ་སྦྱོར་དང་། མིང་གི་མངོན་བརྗོད་ལ་སོགས་པ་འཇིག་རྟེན་པའི་གཙུག་ལག་དང་མཐུན་པས་དྲང་བའི་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ཡས་པ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་འབྱུང་ངོ་། །གང་དུ་གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་མཐུན་པར་སྟོན་པ་རྣམས་སུ་ནི། རྡོ་རྗེ་གཟི་བརྗིད་ཀྱིས་ཞེས་འབྱུང་ངོ་། །ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་སྟོན་པ་དང་། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་འབྱུང་ངོ་། །གནས་ལུགས་བསམ་གྱིས་མི་ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་འབྱུང་ངོ་། །ཐེག་པ་དང་། གྲུབ་པ་དང་། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་བ་རྣམས་སུ་ནི། ཀུན་
མཁྱེན་ངག་གི་དབང་པོས་ཞེས་འབྱུང་བ་ཡིན་ནོ། །འདི་ནི་མིང་གི་རིགས་འབྱེད་ཀྱིས་བསྟན་བཅོས་ཀྱི་བརྗོད་བྱ་ཉེ་བར་སྟོན་པ་ཞེས་བྱའོ། །བཀོད་པ་རྫོགས་སོ་ཞེས་བྱ་བ་ནི། ས་མ་ཡ་ཐཱ་སྟེ། ཚིག་དོན་གྱི་རིམ་པ་རྫོགས་པར་བསྟན་ཟིན་ཏོ། །བརྩམས་པ་མཐར་ཕྱིན་ཏོ། །ལེགས་པར་བཀོད་ཟིན་ཏོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་རབ་གསང་རྡོ་རྗེ་སྙིང་པོའི་དོན། །སྙིང་ཐིག་ངེས་པའི་བཀའ་གསང་རྒྱ་ཆེ་ལས། །ཟབ་མོའི་གནད་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། །ཞི་བ་ཐར་ལམ་འབྱོར་པ་མཐའ་ཡས་བྱས། །ཆོས་དབྱིངས་མཛོད་འགྲེལ་ཆོས་ཀྱི་མཆོག་འདི་ནི། །རྟོགས་དོན་མཐར་ཐུག་རྟོགས་པའི་སྣང་བ་དང་། །ཐེག་མཆོག་རྩེ་མོ་ཐེག་པའི་རྒྱལ་པོ་དང་། །ལུང་དོན་ལེགས་སྤྲས་ལུང་གི་གཏེར་ཞེས་བྱ། །ཚིག་ཙམ་མ་ཡིན་སྙིང་པོའི་དོན་མཐོང་ཞིང་། །ཇི་བཞིན་ལེགས་བསྒོམས་ཉམས་མྱོང་ངེས་པའི་གནད། །ཡང་ཟབ་མཐར་ཐུག་ཕྱོགས་གཅིག་བསྡེབས་པའི་ཕྱིར། །ཆོས་དབྱིངས་འགྲེལ་འདི་རྟོགས་པའི་སྣང་བ་ཡིན། །ཚེ་འདིར་བྱང་ཆུབ་རྡོ་རྗེ་སྙིང་པོའི་དོན། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །གླིང་བཞིའི་དབུས་ན་རི་རྒྱལ་འཕགས་པ་བཞིན། །ཆོས་དབྱིངས་འགྲེལ་འདི་ཐེག་པའི་རྒྱལ་པོ་ཡིན། །ཟབ་མོའི་གནད་རྣམས་རྡོ་རྗེའི་གླུར་བླངས་པ། །བཀའ་ལུང་གཙོར་བྱས་ལུང་གི་ཕྲེང་བས་སྤྲས། །ངེས་དོན་སྙིང་པོའི་མདོ་རྒྱུད་ཀུན་དང་མཐུན། །ཆོས་དབྱིངས་འགྲེལ་འདི་ལུང་གི་གཏེར་ཞེས་བྱ། །སྐྱེ་བ་སྐྱེ་བ་རྣམས་སུ་སྔོན་སྦྱངས་ཤིང་། །དམ་པ་དམ་པ་རྣམས་ཀྱིས་འདིར་བཟུང་བས། །ཡང་ཟབ་ཡང་ཟབ་སྙིང་པོའི་དོན་རྟོགས་ཤིང་། །ཐེག་མཆོག་ཐེག་མཆོག་རྒྱ་མཚོའི་ཕ་རོལ་སོན། །དེ་ཕྱིར་བློ་གྲོས་ཡངས་པའི་ནམ་
མཁའ་ལ། །ཐོས་བསམ་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་ཅན། །རྟོགས་པའི་འབྲུག་སྒྲ་ཏིང་འཛིན་རྣམ་འགྲོས་ལས། །ལེགས་བཤད་ཆར་ཆེན་ཀུན་ཏུ་འབབ་པ་ཡིན། །ཁོ་བོ་རྣམ་དཔྱོད་ཐོས་བསམ་རྒྱ་ཆེ་བས། །མ་ལུས་ཐེག་པའི་དོན་ཀུན་ཁོང་དུ་ཆུད། །རྡོ་རྗེ་སྙིང་པོའི་ལམ་བཟང་འདིར་མཁས་པས། །ཟབ་དང་རྒྱ་ཆེའི་ཆོས་དབྱིངས་འགྲེལ་འདི་བྱས། །གང་ཞིག་མོས་དགེ་ཕུན་ཚོགས་དང་ལྡན་པ། །ཐེག་མཆོག་རྒྱལ་པོའི་རྣལ་འབྱོར་དེ་དག་གིས། །ཞི་བ་བྱང་ཆུབ་ནོར་བཟང་འབྱོར་པའི་ནོར། །ཆོས་དབྱིངས་མཛོད་འདིར་ཡོངས་ཀྱིས་འགྲེལ་འདི་ཟུང་། །འདི་ནི་གསང་ཆེན་ངེས་པའི་རྒྱུད་རྣམས་དང་། །དེ་ཡི་མན་ངག་ཡི་གེ་གྲངས་མང་ལས། །འབད་མེད་གྲོལ་བའི་གནད་རྣམས་ངེས་བསྡུས་ནས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་སྦྱར། །དགེ་བ་འདི་ཡིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག །འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང་། །ངན་སོང་རྣམ་ཆད་མཐོ་རིས་ཐོབ་པར་ཤོག །དག་པའི་ཞིང་བཞིན་ཉིན་མཚན་ཆོས་སྤྱོད་ཅིང་། །ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཇི་བཞིན་ལེགས་བཤད་བསོད་ནམས་གྲུ་ཆེན་དེས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །ཐར་པའི་གནས་བཟང་རིན་ཆེན་གླིང་བགྲོད་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །མ་སྐྱེས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང་། །མ་ནོར་ཇི་བཞིན་ཡོངས་བཤད་བསོད་ནམས་དེས། །མ་ལུས་འགྲོ་ཀུན་དོན་གཉིས་ཕུན་ཚོགས་ཤིང་། །མ་འབད་བཞིན་དུ་དགེ་བ་འཕེལ་བར་ཤོག །བདག་ཀྱང་དེང་ནས་སྲིད་པ་ཇི་
སྲིད་བར། །དཔལ་མགོན་བླ་མའི་ཕྲིན་ལས་སྒྲུབ་བྱེད་ཅིང་། །རླབས་ཆེན་གཞན་དོན་སྤྱོད་པ་ཕུན་ཚོགས་ཀྱིས། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཤོག །བདག་ལ་བརྟེན་ནས་འགྲོ་བ་གང་ཞིག་རྣམས། །ཁྲོའམ་དད་དམ་གནོད་པ་བྱེད་གྱུར་ཏམ། །བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་རུང་། །ཐམས་ཅད་མྱུར་དུ་བདག་གིས་འདྲེན་པར་ཤོག །ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀུན་དང་། །སེམས་ཅན་དབྱིངས་ཀུན་མཐའ་ཡང་ཇི་ཙམ་པར། །བདག་གི་ཞིང་དང་ཕྲིན་ལས་དབྱིངས་ཁྱབ་སྟེ། །སེམས་ཅན་ཐམས་ཅད་བདག་གིས་འདྲེན་པར་ཤོག །ཆོས་ཚུལ་འདི་ཡང་སྲིད་པ་ཇི་སྲིད་པ། །ས་སྟེང་རྒྱན་གྱུར་འཇིག་རྟེན་འདིར་གནས་ཏེ། །བསྟན་པའི་སྲོག་ཤིང་ཡལ་འདབ་ཕྱོགས་བཅུར་རྒྱས། །གཞན་ཕན་མེ་ཏོག་འབྲས་བུ་མཐའ་ཡས་ཤོག །ཉི་ཟླ་ནོར་བུ་དཔག་བསམ་ཤིང་ཆེན་དང་། །ས་གཞི་རྒྱ་མཚོ་གྲུ་ཆེན་རྒྱལ་བ་ལྟར། །སྐྱེ་དགུའི་རེ་སྒྲུབ་ཕན་བདེའི་འོད་སྟོང་འཕྲོ། །གཞན་དོན་ལྷུན་གྲུབ་ཕྲིན་ལས་མཐའ་ཡས་ཤོག །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། རྟོགས་པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་བྱ་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་རྨད་དུ་བྱུང་བ་ལ་བློ་གྲོས་ཀྱི་སྣང་བ་ལེགས་པར་རྒྱས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །
མན་ངག་རིན་པོ་ཆེའི་མཛོད།
མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས།
རྒྱ་གར་སྐད་དུ། ཨུ་པ་དེ་ཤ་རཏྣ་ཀོ་ཥ་ནཱ་མ། བོད་སྐད་དུ། མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་མཆོག་གི་ཡེ་ཤེས་གྲུ་ཆེན་གྱིས། །སྲིད་གསུམ་རྒྱ་མཚོའི་ཕ་རོལ་ཕྱིན་གྱུར་ཅིང་། །དེད་དཔོན་ཡིད་བཞིན་ས་མཐོར་རབ་གཤེགས་པའི། །རྒྱལ་བ་སྲས་བཅས་རྣམས་ལ་ཕྱག་འཚལ་ལོ། །སྐལ་བཟང་རབ་མཆོག་ཐར་པ་འདོད་རྣམས་ལ། །མདོ་རྒྱུད་མན་ངག་སྙིང་པོའི་བཅུད་བསྡུས་ཏེ། །ཡང་ཟབ་གནད་རྣམས་མ་ལུས་བསྟན་པ་ནི། །དྲུག་ཚན་དྲུག་གིས་བཤད་ཀྱིས་གུས་པས་ཉོན། །དེ་ལ་ཐོག་མར་འཇུག་པའི་ཆོས་དྲུག་ནི། །ལམ་གྱི་གཞི་རྟེན་བསླབ་གསུམ་བསྲུང་བ་དང་། །སྣ་ཚོགས་ཐོས་བསམ་ཕྱོགས་མེད་བྱ་བ་དང་། །སྒོ་གསུམ་ཞི་ཞིང་རང་རྒྱུད་གདུལ་བ་དང་། །སྡིག་ལ་འཛེམ་ཞིང་དགེ་བ་སྤེལ་བ་དང་། །ངོ་ཚ་ཁྲེལ་ཡོད་དད་པ་བསྐྱེད་པ་དང་། །དགེ་བའི་བཤེས་དང་དགེ་གྲོགས་བསྟེན་པ་སྟེ། །དང་པོའི་ལས་ཅན་རྣམས་ལ་ཤིན་
ཏུ་གཅེས། །དེ་ནས་གཅིག་པུ་དབེན་པར་གནས་འདོད་ན། །སྟ་གོན་བྱ་བའི་ཆོས་དྲུག་གཅེས་པ་སྟེ། །བླ་མ་དང་བྲལ་རང་རྐྱ་ཐུབ་པ་དང་། །ཐེ་ཚོམ་གེགས་སེལ་དྲི་རྒྱུ་མེད་པ་དང་། །ལུས་ལ་ནད་གདོན་བར་ཆད་མེད་པ་དང་། །མི་ཆོས་ཁྱུ་ནས་ལེགས་པར་བུད་པ་དང་། །དོན་གཉིས་བསྒྲུབ་པའི་གདམས་པ་ཚང་བ་དང་། །ལྟ་བའི་དགོངས་པ་བློ་ཐག་ཆོད་པའོ། །དེ་ནས་དགོན་པ་བསྟེན་པའི་ཆོས་དྲུག་ནི། །ས་ཕྱོགས་དབེན་ཞིང་མཚན་ཉིད་ཚང་བ་དང་། །གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅགས་པ་དང་། །ཉམས་གྲིབ་མེད་པས་དམ་ཅན་འདུ་བ་དང་། །རྣམ་གཡེང་འདུ་འཛིའི་རྐྱེན་རྣམས་མེད་པ་དང་། །མཐུན་རྐྱེན་ཡོ་བྱད་བསྒྲུབ་པར་སླ་བ་དང་། །མི་དང་མི་མིན་འཚེ་བ་མེད་པའོ། །དེ་ནས་མཐུན་རྐྱེན་བསྒྲུབ་པའི་རྫས་དྲུག་ནི། །བཟའ་བཏུང་འཚོ་བ་མཐའ་གཉིས་མ་ལྷུང་དང་། །དགོས་པའི་མཆོད་རྫས་བསྒྲུབ་རྫས་ཚོགས་པ་དང་། །ཟབ་མོའི་གདམས་ངག་དཔེ་ཆ་ཚང་བ་དང་། །བར་ཆད་བཟློག་པའི་རྟེན་འབྲེལ་མཐུན་རྫས་དང་། །གང་དགོས་
ཡན་ལག་ཚགས་སུ་ཚུད་པ་དང་། །ནོར་རྫས་མང་པོའི་སྐྱེད་འབྲེལ་མེད་པའོ། །དེ་ནས་གྲོགས་མཆོག་མཐུན་པའི་ཆོས་དྲུག་ནི། །རིགས་རྒྱུད་བཟང་ཞིང་ངང་རྒྱུད་དུལ་བ་དང་། །དད་དང་བརྩོན་འགྲུས་ཤེས་རབ་ཆེ་བ་དང་། །ཉམས་ལེན་མཐུན་ཞིང་འགྲོགས་ན་བདེ་བ་དང་། །ང་རྒྱལ་ཆུང་ཞིང་དབང་པོ་དུལ་བ་དང་། །དམ་ཚིག་གཙང་ཞིང་དག་སྣང་ཆེ་བ་དང་། །བརྩེ་གདུང་ཆེ་ཞིང་ཟབ་མོའི་གསང་ཐུབ་བསྟེན། །ཉམས་ལེན་མཐར་ཐུག་དམ་པའི་ཆོས་དྲུག་ནི། །རྒྱབ་བརྟེན་ལུང་སྦྱོར་གཏན་ཚིགས་གཏན་ལ་ཕབ། །མན་ངག་གནད་བསྣུན་ས་ལམ་རིམ་པ་རྫོགས། །མཐོ་དམན་ཀུན་འདྲེན་མཐའ་འཛིན་བྲལ་བའོ། །སྒྲུབ་པ་བསྲན་ཚུགས་མཐར་ཕྱིན་ཆོས་དྲུག་ནི། །གསོད་ཀྱང་དམ་པའི་ཆོས་ལས་བློ་མི་ལྡོག །ན་ཡང་ལོག་པར་ལྟ་བ་མི་སྐྱེ་ཞིང་། །དམ་བཅའ་ངོ་སྲུང་བར་ཆོད་ཀྱིས་མི་ཤིགས་། །མཉམ་གཞག་མྱོང་བ་རྗེས་ཐོབ་བསྲེ་ནུས་ཤིང་། །མ་གྲུབ་བར་དུ་བརྩོན་པ་འདོར་མི་བྱེད། །སྤང་གཉེན་ཐུག་ཕྲད་རོ་སྙོམས་ནུས་པའོ། །དེ་ནས་བསམ་པར་བྱེད་པའི་ཆོས་དྲུག་ནི། །ལེ་ལན་ཐམས་ཅད་རང་ལས་བྱུང་བ་དང་། །སྡུག་བསྔལ་ཐམས་ཅད་སྔོན་གྱི་ལས་ལས་བྱུང་། །སྔོན་ལས་དེ་ཡང་འཕྲལ་གྱི་རྐྱེན་ལས་བྱུང་། །རྐྱེན་ངན་རང་གི་ཀུན་རྟོག་གཡོ་ལས་བྱུང་། །དེ་ཡང་འཁྲུལ་པའི་ཡུལ་ཕྱིར་འབྲངས་ལས་བྱུང་། །དེ་ཡིས་ཐར་ལམ་སྒྲིབ་པ་བསམ་པའོ། །ཉེས་ཀུན་རང་གིས་བྱས་པའི་ཆོས་དྲུག་ནི། །སྐྱེ་ཤིའི་སྡུག་བསྔལ་རང་ལས་བྱུང་བས་ཏེ། །བཙལ་གྱིས་མ་རྙེད་འཚོལ་བའི་སྡུག་བསྔལ་དང་། །འཚོ་སྐྱོང་སྡུག་བསྔལ་རང་གི་ཆེད་ཀར་བྱས། །དགྲ་གཉེན་གཉིས་ལ་ཆགས་སྡང་འཛིན་པ་ཡིས། །དགྲ་ཕྲད་གཉེན་བྲལ་སྡུག་བསྔལ་རང་གིས་བྱས་། །ངན་སོང་གསུམ་གྱི་སྡུག་བསྔལ་ཆེན་པོ་ཡང་། །གཞན་མིན་རང་གི་ལས་ཀྱིས་བྱས་པའོ། །ཉེས་སྣང་ངན་རྟོག་འཁྲུལ་པའི་ཆོས་དྲུག་ནི། །རང་སེམས་མ་ཐུལ་གནོད་བྱེད་ཟད་མེད་དང་། །གནོད་བྱེད་སྣང་བ་རང་སྣང་མ་དག་དང་། །གྲག་སྟོང་སྒྲ་ལ་རང་གར་རྗེས་གཅོད་དང་། །རང་ཡན་སེམས་
ལ་དགག་སྒྲུབ་འཛིན་པ་དང་། །བདེ་སྡུག་ངེས་མེད་ངེས་པར་འཛིན་པ་དང་། །ཁོང་ཁྲོ་འཁོན་ངན་རང་རྒྱུད་སྲེག་པའོ། །འཁྲུལ་སྣང་བཟློག་པ་དོན་ཆེན་ཆོས་དྲུག་ནི། །གནོད་ལ་བཟོད་བྱ་སྙིང་རྗེ་བསྐྱེད་པ་དང་། །འདྲེར་རྟོག་མི་གཟུང་ཕ་མ་ལྟར་ཤེས་དང་། །འཁྲུལ་པར་ཞེན་ལ་བདེན་མེད་རྩལ་སྦྱོང་དང་། །འཁྲུལ་རྩ་སེམས་ཀྱི་རྩ་བ་བཅད་པ་དང་། །གང་སྣང་རྐྱེན་རྣམས་ལམ་དུ་བསྒྱུར་བ་དང་། །ཐ་མལ་མ་ཡེངས་གཉེན་པོ་བསྟེན་པའོ། །འཁོར་བའི་རང་རྒྱུད་ཉེན་པའི་ཆོས་དྲུག་ནི། །ལུས་སེམས་སྡུག་བསྔལ་མ་བྲལ་བདེ་བ་མེད། །ཚེ་འདིའི་སྡུག་བསྔལ་བཙལ་བས་འབྲལ་དུས་མེད། །རང་ལུས་དབང་མ་ཐོབ་པས་བདེ་དོན་མེད། །དར་ལ་སྙུགས་རིང་བདེ་བའི་གོ་སྐབས་མེད། །ལས་མ་ཟད་པར་འཁོར་བའི་སྡུག་བསྔལ་ལོ། །ཅིས་ཀྱང་དགོས་མེད་བསམ་པའི་ཆོས་དྲུག་ནི། །ལམ་སྣ་མ་ཟིན་གང་བྱས་དགོས་པ་མེད། །དགེ་བ་མ་བསྒྲུབས་ཅིས་ཀྱང་དགོས་པ་མེད། །ཆོས་ལ་མ་སྤྱད་ཚེ་རིང་དགོས་པ་མེད། །ཆོས་མིན་གཞན་གྱིས་ཕན་བཏགས་དགོས་པ་མེད་། །ཚོགས་གཉིས་མ་བསགས་ཡོ་བྱད་དགོས་པ་མེད། །བྱང་ཆུབ་མ་བསྒྲུབས་ཅིས་ཀྱང་དགོས་མེད་བསམ། །ཐར་ལམ་དེད་དཔོན་བླ་མའི་ཆོས་དྲུག་ནི། །མུན་པར་འཁྱམས་ལ་ཡེ་ཤེས་སྒྲོན་མེ་སྦོར། །གཡང་སར་འཁྱམས་རྣམས་ཡང་དག་ལམ་ལ་འཛུད། །ཆུ་བོས་ཁྱེར་བ་བདེ་ཆེན་གཟིངས་ཀྱིས་འཛིན། །བཙོན་རར་ཚུད་རྣམས་རྣམ་གྲོལ་ས་ལ་འདྲེན། །སྡུག་བསྔལ་འདམ་བྱིང་ཐར་པའི་སྐམ་སར་འདོན། །གཟུང་འཛིན་བཅིངས་རྣམས་ཡེ་ཤེས་རལ་གྲིས་གཅོད། །དེ་ཕྱིར་བླ་མ་སངས་རྒྱས་ཉིད་དུ་བསམ། །འདུས་བྱས་མི་རྟག་འཇིག་པའི་ཆོས་དྲུག་ནི། །རྒྱུ་རྐྱེན་འདུས་ཕྱིར་འཇིག་པ་ཉིད་དང་ནི། །སྔར་སྐྱེས་མ་ལུས་ཤི་བས་འཇིག་ངེས་དང་། །སྣོད་བཅུད་མི་རྟག་འགྱུར་བས་འཇིག་ངེས་དང་། །ཚེ་ལ་ངེས་མེད་འཆི་བས་འཇིག་པ་དང་། །ཉིན་མཚན་སྐད་ཅིག་འགྲོ་བས་འཇིག་པ་དང་། །སྐྱེས་མཐའ་འཆི་བར་ངེས་ཕྱིར་འཇིག་པ་བསམ། །དེ་ནས་ཆོས་ལ་སྦྱར་བའི་ཕན་ཡོན་དྲུག །མོས་དང་རྣ་བར་ཐོས་དང་
ཡི་རང་དང་། །བསྟོད་དང་ཞུགས་དང་ཅུང་ཟད་སྤྱད་རྣམས་ཀྱང་། །འཁོར་བ་མཐའ་ཅན་ཐར་བའི་ས་བོན་བསྐྲུན། །ཚུལ་བཞིན་སྤྱད་པའི་ཕན་ཡོན་རྣམ་པ་དྲུག །ཀུན་གྱིས་བཀུར་དང་བསྟོད་དང་ལྷས་བསྲུང་དང་། །ཚེ་འདིར་བདེ་མང་ཤི་འཕོས་མཐོ་རིས་འགྲོ། །མཐར་ཐུག་རྫོགས་པའི་བྱང་ཆུབ་འགྲུབ་པའོ། །ཆོས་དང་མི་ལྡན་ཉེས་པ་རྣམ་དྲུག་ནི། །མ་རིག་གིས་བསྒྲིབས་རྒན་མོ་ལོང་མ་འདྲ། །སྲིད་པར་སླུ་མཁས་སྨད་འཚོང་བུ་མོ་འདྲ། །དོན་མེད་གཡེང་བས་ཚོང་འདུས་ལྟད་མོ་འདྲ། །སྣང་བ་འབྲིད་མཁས་བུ་ཆུང་འཚོ་བ་འདྲ། །རིག་པ་ཅོལ་ཆུང་བྱིས་པའི་རྩེད་མོ་འདྲ། །འཁྲུལ་སྣང་བཅད་དཀའ་ཉ་མོ་རྒྱས་ཟིན་འདྲ། །དོན་ཆུང་ལས་ལ་མི་ཚེ་ཟད་པར་བྱེད། །ཆོས་ལས་ཉམས་པའི་ཉེས་པ་རྣམ་དྲུག་ནི། །རང་བས་དམན་པས་བརྙས་པར་འགྱུར་བ་དང་། །ལྷ་མིའི་གནས་སུ་གཏམ་ངན་གྲགས་པ་དང་། །མི་གཙང་སྣོད་བཞིན་དམ་པས་སྤང་བ་དང་། །བསྲུང་བའི་ལྷས་འདོར་བར་ཆད་མང་བ་དང་། །བསམ་པ་མི་འགྲུབ་བསོད་ནམས་དཔལ་ཉམས་དང་། །ཕྱི་མར་ངན་སོང་སྡུག་བསྔལ་མྱོང་བའོ། །ཕྱི་དུས་རེ་བའི་ཉེས་པ་རྣམ་དྲུག་ནི། །དལ་འབྱོར་ཐོབ་དུས་ཆོས་ལམ་མ་བསྒྲུབས་ན། །ཡེང་མའི་ལམ་ལ་མི་ཚེ་ཟད་པ་དང་། །འཆི་བ་ངེས་མེད་ཐོག་རྫིས་འོང་བ་དང་། །ཤི་ནས་འཁོར་བ་ངན་སོང་ལྟུང་བ་དང་། །སྡུག་བསྔལ་དྲག་པོས་ལུས་སེམས་གདུངས་པ་དང་། །འགྱོད་པ་དྲན་ཡང་ཤིན་ཏུ་མནར་བ་དང་། །ཐར་བའི་དུས་མེད་ཡུན་རིང་གནས་པའོ། །འཁོར་བའི་གནས་ལ་འཇིགས་པའི་ཆོས་དྲུག་ནི། །མི་རྣམས་སྡུག་བསྔལ་བསམས་ན་ཡིད་རེ་སྐྱོ། །ལྷ་མིན་སྡུག་བསྔལ་བསམས་ན་སྐྱི་རེ་གཡའ། །ལྷ་ཡི་སྡུག་བསྔལ་བསམས་ན་གཡང་རེ་ཟ། །བྱོལ་སོང་སྡུག་བསྔལ་བསམས་ན་ངུ་རེ་བྲོ། །ཡི་དྭགས་སྡུག་བསྔལ་བསམས་ན་སྐྱི་རེ་བུང་། །དམྱལ་བའི་སྡུག་བསྔལ་བསམས་ན་སྙིང་རེ་འདར། །དེ་བས་འགྲོ་དྲུག་གནས་ནས་འབྲོས་རེ་རན། །རན་པ་བས་ཀྱང་ཕྱིས་པར་གྱུར་པ་ཙམ། །དེ་ལས་ཐར་བར་བྱེད་པའི་ཆོས་དྲུག་ནི། །རྟག་ལྟ་ཡུལ་ཕྱུང་ཕྱི་དུས་
ལེ་ལོ་བོར། །སང་ཕོད་བཅས་ཞོག་ཅི་ཡོད་ཆོས་ལ་ཐོང་། །ཐ་མལ་སྤྱོད་བོར་བསྟན་པའི་སྲོལ་དུ་ཞུགས། །སྟོབས་བཞིའི་གཉེན་པོས་ལས་ངན་སྡིག་པ་སྦྱོངས། །ཆོས་སྤྱོད་རྣམ་བཅུས་ཚོགས་གཉིས་ཅི་ནུས་སོགས། །སྦྱོར་དངོས་རྗེས་གསུམ་ཆོས་ཀྱི་ལམ་དུ་ཆུག །དེ་ཡིས་འཁོར་བའི་གནས་ལས་མྱུར་དུ་ཐར། །ཆོས་ཀྱི་བར་གཅོད་ནོར་པ་རྣམ་དྲུག་ནི། །ཆེ་བཙན་དྲེགས་པས་གཡེངས་པའི་ཆེན་པོ་ནོར། །མི་ཆོས་བྱ་བ་བསྒྲུབ་པའི་བཙུན་པ་ནོར། །ཐ་སྙད་མི་ཚེ་འདའ་བའི་སྟོན་པ་ནོར། །དུག་ལྔས་རང་རྒྱུད་བསྲེག་པའི་སྔགས་པ་ནོར། །བླུན་རྨོངས་ལོག་འཚོ་བསྒྲུབ་པའི་སྒོམ་ཆེན་ནོར། །བློ་ལྟོས་འཁྲུལ་སྣང་འཆའ་བའི་སྐྱེ་བོ་ནོར། །ནོར་པ་སྤངས་ནས་ཆོས་ལ་བརྩོན་པ་གཅེས། །མ་ནོར་ཕན་པར་བྱེད་པའི་ཆོས་དྲུག་ནི། །བརྩེ་བའི་གདམས་ངག་བླ་མའི་གསུང་ལ་ཉོན། །ཡིད་ཆེས་གཏད་ས་རྒྱལ་བའི་བཀའ་ལུང་ལྟོས། །ཉིན་མཚན་ཐུན་མཚམས་དགེ་སྡིག་བསྔོ་བགྲང་གྱིས། །ཕྱི་མ་གར་འགྲོ་རྒྱུ་འབྲས་རྟེན་འབྲེལ་སོམས། །ལུས་དང་ལོངས་སྤྱོད་གཅེས་འཛིན་ཆགས་ཞེན་སྤོངས། །རྒྱུད་ལུང་མན་ངག་སེམས་ཀྱི་སྟེང་དུ་ཕོབ། །དེ་ལྟར་བྱས་ན་མྱུར་དུ་སངས་རྒྱས་འགྲུབ། །ཚུལ་བཞིན་ལེགས་པར་བལྟ་བའི་ཆོས་དྲུག་ནི། །འཇིག་རྟེན་བྱ་བས་ཕན་པ་འདུག་གམ་ལྟོས། །བསགས་པའི་ནོར་རྫས་བཞག་ནས་སོང་བ་ལྟོས། །ཕན་བཏགས་ལན་དུ་གནོད་པ་སྐྱེལ་ལ་ལྟོས། །མང་པོའི་ནང་ནས་གཅིག་པུར་སོང་བ་ལྟོས། །སོ་ནམ་གསོག་བྲུན་རང་ཤི་རང་དབང་ལྟོས། །ཆེ་བཙན་སྙན་གྲགས་བོར་ནས་སོང་བ་ལྟོས། །དེ་ལྟར་བལྟས་ནས་རང་ལ་ནང་དུ་སྦྱོར། །ཡང་དག་དོན་ཆེན་འགྱོད་མེད་རྣམ་དྲུག་ནི། །ཆོས་ཕྱིར་དཀའ་སྤྱད་ཤི་ཡང་འགྱོད་པ་མེད། །དམན་པའི་ས་བཟུང་ཁ་ཉེན་འགྱོད་པ་མེད། །ཕ་ཡུལ་རྒྱབ་སྐྱུར་མདོ་ཆུང་འགྱོད་པ་མེད། །ཆོས་ཕྱིར་ནོར་བཏང་ལྟོགས་ཀྱང་འགྱོད་པ་མེད། །སྡིག་སྤངས་ངན་སོང་སོང་ཡང་འགྱོད་པ་མེད། །སྣོད་ངན་ཆོས་དང་རིང་བ་རྣམ་དྲུག་ནི། །ཕག་བཞིན་ཅི་རྙེད་ཟ་བས་བསྒྲུབ་མི་ནུས། །ར
ང་མཐོང་རྨ་བྱ་འདྲ་བས་འགྲོགས་མི་ཤེས། །ཆིག་ཚུགས་ཕ་བོང་འདྲ་བས་སྐབས་མི་ཕྱེད། །ཀུན་འཛུགས་བཟེ་མ་འདྲ་བས་དམ་མི་ཐུབ། །སྦྲུལ་བཞིན་གདུག་རྩུབ་ཆེ་བས་རྒྱུད་མི་ཐུལ། །སྤྲེལ་བཞིན་སྤྱམ་ལ་འབྱོར་བས་བསྒྲུབ་མི་ཚུགས། །གླང་བཞིན་ཤེས་རབ་བླུན་པས་ཆོས་མི་གོ །དེ་ཕྱིར་འདི་དག་སྤངས་ནས་བསྒྲུབ་པ་གཅེས། །སྣོད་ངན་དབང་དུ་མི་གཏོང་ཆོས་དྲུག་ནི། །ཚེ་འདིར་བློ་འཇུག་བྱུར་ངན་སྒོར་དབྱུང་ཞིང་། །དགེ་ལ་སྤྲོ་བ་དཔལ་ཡིན་ཕུགས་སུ་ཆུག །ང་རྒྱལ་རང་མཐོང་འདྲེ་ངན་བསྐྲད་བྱ་ཞིང་། །དམན་པའི་ས་འཛིན་དངོས་གྲུབ་སྔ་ལྟས་བསྟེན། །གཉེན་པོ་མཆོག་འཛིན་བདུད་དཔུང་བོར་བྱ་ཞིང་། །རྣམ་རྟོག་གྲོགས་འཆར་ལྟས་ངན་གཡང་དུ་ཁུག །དེ་རྣམས་ལྡན་ན་ཆོས་རབ་བཟང་པོའི་སྣོད། །མཐར་ཕྱིན་ཆོས་ཀྱི་བློ་སྣ་རྣམས་དྲུག་ནི། །འཆི་བདག་འཇིགས་བསྐྱེད་གཤེད་མས་བདས་འདྲ་དང་། །འཁོར་བར་སྐྱོ་བསྐྱེད་ཁྱོ་ངན་ཆུང་མ་འདྲ། །འཁྲུལ་སྣང་ཞེན་ལོག་སྐྱུགས་ནད་ཟས་མཐོང་འདྲ། །མི་ཆོས་ཡིད་བྱུང་མཛའ་བོས་བསླུས་པ་འདྲ། །སོ་ནམ་སྒྱིད་ལུག་སད་ཁུངས་ཞིང་ངན་འདྲ། །ཉེ་འབྲེལ་གདུང་ཆད་དགྲར་ལངས་བུ་ཚ་འདྲ། །དེ་དང་ལྡན་པས་དམ་ཆོས་ཚད་དུ་ཕྱིན། །དེ་དང་མི་ལྡན་འགྲོ་བ་རྣམ་དྲུག་ནི། །ཐོས་པ་བྱས་ཀྱང་ཚིག་གི་རྩོད་པ་མཁན། །བཤད་པ་བྱས་ཀྱང་ཕྲག་དོག་ཁ་སྦྱང་མཁན། །སྒོམ་པ་བྱས་ཀྱང་རྣམ་རྟོག་ཡིད་སྨོན་མཁན། །བསམ་པ་བྱས་ཀྱང་ཟས་ནོར་ཁེ་སྤོགས་མཁན། །གཅིག་པུར་བསྡད་ཀྱང་ཉོན་མོངས་རྣམ་རྟོག་མཁན། །སྲུང་སྡོམ་བྱས་ཀྱང་ཉོན་མོངས་ཁ་གསག་མཁན། །འགྲོ་བ་དྲུག་ལྡན་བརྟགས་ཏེ་རིང་དུ་སྤང་། །ནང་དུ་རང་ལ་བལྟ་བའི་ཆོས་དྲུག་ནི། །འཁོར་བའི་གནས་དང་འབྲེལ་བ་ཆོད་དམ་བལྟ། །དགྲ་གཉེན་གཉིས་ལ་ཆགས་སྡང་འདུག་གམ་བལྟ། །འགྲོ་དུས་བཟང་པོའི་ནོམ་པ་འདུག་གམ་བལྟ། །བསྒོམ་དུས་གྲུབ་རྟགས་ཚད་དུ་སྐྱོལ་ལམ་བལྟ། །གཞན་དོན་ཤུལ་དུ་དད་པ་ལོག་གམ་བལྟ། །འཆི་དུས་དག་པའི་སྣང་བ་འཆར་རམ་བལྟ། །དེ་ལྟར་བལྟས་ན་འདུན་མ་ལེགས་པའི་རྩེ། །ཆོས་དང་རིང་གྱུར་ཉེས་པ་རྣམ་དྲུག་ནི། །དོན་
ཆེན་མི་སྒྲུབ་འཆི་བ་མ་དྲན་ལས། །ཆེ་བཙན་བསྒྲུབ་པ་བསླུ་བར་མ་ཤེས་ལས། །གཉེན་བཤེས་བརྩེ་གདུང་འབྲལ་བར་མ་ཤེས་ལས། །འདོད་ཡོན་སྲེད་པ་ཉེས་མང་མ་ཤེས་ལས། །ནོར་རྫས་གསོག་འཇོག་འཇོག་པར་མ་ཤེས་ལས། །སྒོམ་སྒྲུབ་ལེ་ལོ་མི་རྟག་མ་ཤེས་ལས། །བྱུང་བའི་ཉེས་པ་འདི་ཀུན་སྤང་བར་མཛོད། །རང་རྒྱུད་ཆོས་དང་འདྲེས་པའི་ཆོས་དྲུག་ནི། །ཞེན་པ་རང་ལོག་རོ་གོས་གཡང་སྐྱུར་འདྲ། །སྙིང་རྗེས་རྒྱུད་བརླན་བུ་གཅིག་མ་དང་འདྲ། །ཡོན་ཏན་ཤུགས་སྐྱེས་དབྱར་ཀའི་ས་གཞི་འདྲ། །བརྩོན་པ་རྒྱུན་རིང་རལ་གྲིའི་འཁོར་ལོ་འདྲ། །འཁྲུལ་སྣང་རང་གྲོལ་སྦྲུལ་གྱི་མདུད་པ་འདྲ། །གནས་ལུགས་ངང་ཕྱིན་དེད་དཔོན་ཡུལ་སླེབས་འདྲ། །དེ་འདྲའི་ཚད་ལྡན་སྐྱེས་མཆོག་གོང་མ་ལགས། །ཆོས་དང་མི་མཐུན་འཁྲུལ་པའི་ཆོས་དྲུག་ནི། །འཁོར་བར་ཞེན་པའི་བློ་ནི་འབྲལ་རེ་དཀའ། །ས་ཟིན་མེད་པའི་རིག་པ་བསླུ་རེ་སླ། །ཚོགས་དྲུག་ཡུལ་གྱི་འཁྲུལ་བ་འབྲིད་རེ་མཁས། །དོན་མེད་འཁོར་བའི་བྱ་བ་འཕྲོ་རེ་གཤིན། །ཉིན་མཚན་གཉིས་ཀྱིས་ཚེ་འཛད་འགྲོ་རེ་མགྱོགས། །དོན་ཆུང་མི་ཚེ་སྐྱེལ་བ་གྲངས་རེ་མང་། །འདི་དག་བསམས་ནས་དམ་པའི་ཆོས་མཛོད་ཀྱེ། །ཡང་དག་དོན་ལ་བསྐུལ་བའི་ཆོས་དྲུག་ནི། །སླུ་ངེས་ཆགས་སྡང་གཉིས་པོས་ནམ་སླུའམ། །འབྲལ་ངེས་ལུས་སེམས་འདི་གཉིས་ནམ་འབྲལ་ལམ། །ཁྱེར་ངེས་འབྱུང་བཞིའི་གཡར་པོ་ནམ་ཁྱེར་རམ། །ནུབ་ངེས་ཚེ་འདིའི་སྣང་བ་ནམ་ནུབ་བམ། །འཇོག་ངེས་སྒྱུ་མའི་ནོར་རྫས་ནམ་འཇོག་གམ། །ཡོང་ངེས་འཆི་བདག་ཐོག་རྫིས་ནམ་ཡོང་ངམ། །སྙམ་དུ་སྙིང་ནས་ཉིན་མཚན་བསམ་པར་བྱ། །རང་རྒྱུད་ཆོས་དང་བསྲེ་བའི་ཆོས་དྲུག་ནི། །འདོད་པ་ཟད་འདོད་ཆོག་ཤེས་སེམས་ལ་བསྟེན། །དགྲ་སྡང་ཟད་འདོད་ཁོང་ཁྲོ་ནང་དུ་ཐུལ། །གཞན་དོན་འགྲུབ་འདོད་སེམས་བསྐྱེད་རྒྱུད་ལ་སྦྱོར། །གཞན་སྣང་འདུལ་འདོད་བྱིན་རླབས་ནང་དུ་སྦོར། །ཞིང་ཁམས་སྦྱོང་འདོད་རང་རིག་འོད་གསལ་སྦྱོངས། །སྡུག་བསྔལ་ཞི་འདོད་བདེ་ཆེན་ནང་དུ་སྦོར། །ནང་གི་རྟེན་འབྲེལ་ཕྱི་རུ་འཆར་བ་ཡིན། །དལ་འབྱོར་ཐོབ་ཀྱང་སྙིང་མེད་ཆོས་
དྲུག་ནི། །མ་རིག་གཉེན་པོ་ཐོས་བསམ་འདོར་བ་དང། །བྱིན་རླབས་རྩ་བ་བླ་མ་སྤོང་བ་དང་། །དངོས་གྲུབ་འབྱུང་གནས་ཡི་དམ་སྤོང་བ་དང་། །བསྒྲུབ་བྱའི་རྩ་བ་བསམ་གཏན་ཕྱི་བཤོལ་དང་། །སྡིག་སྒྲིབ་ཆགས་ཤིང་ནད་གདོན་སྤོང་བློ་དང་། །གཞན་སྣང་དང་བྱེད་སྤྱོད་ལམ་འགལ་བ་རྣམས། །སྙིང་མེད་མི་ལ་ཁབ་ལེན་ལྕགས་བཞིན་འདུ། །གང་ཟག་རྣམས་ཀྱི་སྐྱོན་དྲུག་དོར་བ་ནི། །ཞེ་བཅད་མེད་པའི་བྱ་མང་མགོ་མི་ཐོན། །གཉེན་བཤེས་བརྩེ་གདུང་ཆགས་སྡང་སྒྲོག་མི་ཐར། །ཟས་ལ་རྔམ་པ་ལྟོ་གོས་ཁོལ་པོར་འཆོར། །ཁ་ལྟའི་རྦད་ཁམ་སྙིང་པོའི་དོན་ལ་འདྲེད། །འདུན་པ་སྐྱེ་དུས་མ་འབད་འགྲུབ་དུས་མེད། །ད་ལྟ་མ་འདྲིས་བར་དོར་ལས་སྟོབས་གཅོག །དེ་བས་སྐྱོན་དྲུག་བརྟགས་ཏེ་སྤང་བ་གཅེས། །བལྟ་ཐབས་དྲུག་གིས་རང་རྒྱུད་གདུལ་བ་ནི། །ཡུལ་ལ་བདེན་འཛིན་དུས་བཞིའི་འགྱུར་ལྡོག་ལྟོས། །ཚེ་ལ་རྟག་འཛིན་རྩྭ་ཁའི་ཟིལ་བ་ལྟོས། །རྒྱུ་འབྲས་རྨོངས་ན་ས་བོན་མྱུ་གུ་ལྟོས། །སྣང་སེམས་མ་ཤེས་ཉལ་བའི་རྨི་ལམ་ལྟོས། །རོ་གཅིག་མ་ཤེས་བུ་རམ་གཟུགས་བརྙན་ལྟོས། །གཉིས་མེད་མ་ཤེས་ཆུ་དང་ཆབ་རོམ་ལྟོས། །དེ་ལྟར་བལྟས་པས་སོ་སོའི་གཉེན་པོ་ཆེ། །འདུ་ཤེས་དྲུག་གིས་ལམ་དུ་བསླང་བ་ནི། །བླ་མ་མཆོག་ལ་སྨན་པའི་འདུ་ཤེས་དང་། །མཆེད་གྲོགས་ནད་གཡོག་ཉམས་ལེན་ནད་གསོ་དང་། །རང་ལ་ནད་པ་ཆོས་ལ་སྨན་དང་ནི། །འབྲས་བུ་ནད་སོས་ལྟ་བུར་བསམ་བྱ་ཡིས། །ཕྱིན་ཅི་ལོག་ཏུ་སེམས་པ་དོར་བར་བྱ། །ལེགས་པར་སྤྱད་ལས་ངེས་པ་རྣམ་དྲུག་ནི། །བླ་མ་བསྟེན་པས་བྱིན་རླབས་འོང་བར་ངེས། །ཡི་དམ་བསྒོམས་པས་དངོས་གྲུབ་འོང་བར་ངེས། །དམ་ཚིག་བསྲུངས་པས་དམ་ཅན་འདུ་བར་ངེས། །ཉམས་ལེན་བརྩོན་པས་ཉམས་རྟོགས་འཆར་བར་ངེས། །གནས་ལུགས་བསྐྱངས་པས་སྒྲིབ་གཉིས་འབྱང་བར་ངེས། །ཡེང་མེད་རྩལ་སྐྱོངས་ཡོན་ཏན་འཆར་བར་ངེས། །རང་བཞིན་ཤེས་པས་སྐྲག་པ་རྣམ་དྲུག་ནི། །འཇིག་རྟེན་བྱ་བ་གླང་ཆེན་འདམ་ཚུད་དང་། །གཉེན་འབྲེལ་བརྩེ་གདུང་
བཙོན་རའི་སྲུང་མ་དང་། །ཚེ་འདིའི་ལོངས་སྤྱོད་ཁྱི་རྒན་རུས་འཆའ་དང་། །མ་རིག་སྡིག་སྤྱོད་གཡང་ཁའི་དམུས་ལོང་དང་། །དུག་ལྔའི་ཉོན་མོངས་དུག་སྦྲུལ་གཙེས་པ་དང་། །ཡུལ་དྲུག་ཆགས་པ་སྦྲང་བུ་རྩིས་ཟིན་ལྟར། །སྐྲག་པ་བསྐྱེད་ནས་རིང་དུ་དོར་བ་གཅེས། །འཇིག་རྟེན་མི་ཆོས་ཉེས་པ་རྣམ་དྲུག་ནི། །ཡུལ་མཁར་འཛིན་པ་དམྱལ་བའི་ལྕགས་ཁང་དང་། །བུ་དང་ཆུང་མ་རལ་གྲི་ལོ་མའི་ཚལ། །རྒྱན་དང་གོས་བཟང་མེ་ལྕེ་འབར་བ་འདྲ། །བཟའ་བཏུང་བསྲེགས་པ་ལྕགས་ཀྱི་ཐོ་ལུམ་དང། །བྲན་གཡོག་ལས་མི་དམྱལ་བའི་སྲུང་མ་དང་། །ཁྲོ་དང་འཐབ་རྩོད་མདག་མེའི་སེར་བ་ལྟར། །དགེ་ལེགས་འཇོམས་པའི་གནས་སུ་མཁྱེན་པར་མཛོད། །འདོད་ལ་ཉེས་པར་ཤེས་པའི་ཆོས་དྲུག་ནི། །འདོད་པས་ཚེ་འདིར་ལུས་སེམས་གདུང་བ་དང་། །ཕྱི་མར་ངན་འགྲོ་གཏན་དུ་འཁོར་བར་འཁྱམ། །ཀུན་དང་རྩོད་བཅས་མི་དགེ་ངང་གིས་འཕེལ། །དགེ་བ་འགྲིབ་ཕྱིར་དམ་པ་རྣམས་ཀྱིས་སྨད། །ཆགས་པས་འཆིང་བའི་སྐྱོན་དྲུག་བསྟན་པ་ནི། །ལུས་ནི་མི་གཙང་ཀུན་གྱི་སྣོད་དང་ནི། །རྩ་རྒྱུས་རུས་པ་འབྲེལ་བའི་དྲ་བ་དང་། །རྣག་དང་ཆུ་སེར་ངན་སྐྱུགས་གཤང་གཅིའི་རྫིང་། །བུ་ག་དགུ་ཡི་ལམ་དང་བཅས་པ་དང་། །སྣོད་དྲུག་དོན་ལྔ་སྲིན་བུའི་གྲོང་ཁྱེར་དང་། །གདོས་བཅས་ནད་ཀུན་འབྱུང་བའི་རང་བཞིན་དུ། །མི་ཤེས་ལུས་ལ་ཆགས་པས་བསླུ་བར་འགྱུར། །དོན་མེད་སྙིང་པོ་མེད་པའི་ཆོས་དྲུག་ནི། །སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་རྣམས་ཀུན། །མི་རྟག་མྱུར་དུ་འཇིག་པས་ཆུ་བུར་འདྲ། །གང་ཡང་སྙིང་པོ་མེད་པས་ཆུ་ཤིང་འདྲ། །འཁྲུལ་བས་བྱིས་པ་བསླུས་པས་སྨིག་རྒྱུ་འདྲ། །མེད་བཞིན་སྣ་ཚོགས་སྣང་བས་སྒྱུ་མ་འདྲ། །བག་ཆགས་དབང་གིས་སྣང་བས་རྨི་ལམ་འདྲ། །རིང་དུ་མི་གནས་འགྱུར་བས་གློག་དང་འདྲ། །དེ་ལྟར་ཤེས་རྣམས་སྲིད་པའི་ཕ་རོལ་འགྲོ། །ཆོས་བྱེད་ཐ་མ་འཇུག་པའི་ཚུལ་དྲུག་ནི། །འཁོར་བའི་སྡུག་བསྔལ་མཐོང་བས་ལམ་སྣ་འཚོལ། །ཅི་བྱས་དོན་མེད་གོ་བས་ཁེ་གྲགས་ཆུང་། །ང་རྒྱལ་
འདོད་བློ་ཆུང་བས་དམན་ས་འཛིན། །དད་བརྩོན་གྲོགས་དང་འགྲོགས་པས་ཉམས་ལེན་བརྩོན། །ཐེག་ཆེན་རིགས་སྐྱེས་དམན་པས་བློ་མི་ཁེངས། །ཤེས་བྱའི་གནས་ལ་དད་པས་གང་ལའང་མོས། །དམ་པ་རྣམས་ཀྱི་འཇུག་སྒོ་དང་པོ་ཡིན། །ཆོས་བྱེད་འབྲིང་གི་དགོས་པའི་ཆོས་དྲུག་ནི། །སོ་ནམ་རྨོ་རྐོ་ཞིང་ཆུའི་མུ་མི་བསྲུང་། །ལང་ཚོ་ཁེ་སྤོགས་ཚོང་གི་ཁུར་མི་ཁུར། །ངོ་བསྲུང་བང་ཆེན་གཉེན་བཤེས་སེམས་མི་འཛིན། །ཞེ་སྡང་ཕྱོགས་རིས་འཐབ་རྩོད་བྱ་བ་དོར། །གསོག་བྲུན་ཕྱི་རྩིས་གནས་ཀྱི་མཁར་ལེན་སྤང་། །འདུ་འཛིའི་བདུད་ལས་མི་ཆེན་བཤེས་འདྲིས་མེད། །ཆོས་མཛད་རྣམས་ཀྱི་འཇུག་སྡོམ་གཉིས་པའོ། །རྣལ་འབྱོར་རབ་ཀྱི་དུར་ཁྲོད་ཆོས་དྲུག་ནི། །ཐ་མལ་འགོ་བས་མི་དང་མི་འགྲོགས་ཤིང་། །སྒོ་གསུམ་སྤྱོད་སྦས་ཅི་བྱེད་མིས་མི་མཐོང་། །ཟས་གོས་མི་གཉེར་རོ་ཟས་རོ་གོས་འཚོ། །ཉམ་ང་མེད་པས་མཁའ་འགྲོའི་སྤྱོད་པ་བྱེད། །གསང་སྤྱོད་ཉམས་སྐྱོང་ཐ་མལ་སྤྱོད་པ་སྤང་། །ཆོས་ཉིད་ངང་གནས་བདེ་ཆེན་རྟོགས་པ་སྟེ། །ཐར་ལམ་བགྲོད་རྣམས་འཇུག་སྲོལ་གསུམ་པར་བཞེད། །ཡང་རབ་ཕྱོགས་བྲལ་རྣལ་འབྱོར་ཆོས་དྲུག་ནི། །རང་ཡུལ་མི་ཡུལ་གང་ལའང་མ་ཆགས་དང་། །རྟག་དང་ཆད་པའི་མཐའ་གཉིས་ལས་གྲོལ་དང་། །ཉེ་རིང་གང་གིས་ངོ་མི་ཤེས་པ་དང་། །ས་གཅིག་མི་ཞེན་སྤྲིན་ལྟར་འཕྱོ་བ་དང་། །ཚོགས་དྲུག་ཡུལ་སྣང་གྲོགས་སུ་འཆར་བ་དང་། །བཟང་ངན་གང་ལའང་ངོས་གཟུང་མེད་པ་སྟེ། །རྣམ་གྲོལ་ལམ་བཟང་འཇུག་སྒོ་བཞི་པ་ཡིན། །བསྒྲུབ་པར་འདོད་པས་དོགས་པ་དྲུག་སྤང་སྟེ། །མ་མགུ་དོགས་དང་མཐུན་འཇུག་ངོ་སྲུང་སྤང་། །མེད་ཀྱིས་དོགས་ནས་ནོར་དང་རྫས་མི་བསོགས། །སྡུག་གིས་དོགས་ནས་ཕྱི་རྩིས་བྱ་བ་སྤང་། །དམས་ཀྱིས་དོགས་ནས་མཐོན་པོའི་ས་མི་སྒྲུབ། །ཉེས་ཀྱིས་དོགས་ནས་མི་ཆོས་འདུན་མ་དོར། །མཐོས་ཀྱིས་དོགས་ནས་གཞན་གྱི་སེམས་མི་དཀྲུགས། །ཉམས་ལེན་གནད་ཀྱི་མཚམས་དྲུག་བཅད་པ་ནི། །ཆགས་སྡང་བྲལ་བས་ཕྱི་ཡི་མཚམས་བཅད་དང་། །སོག་འཇོག་མེད་པས་ནང་གི་མཚམས་བཅད་དང་། །གཟུང་
འཛིན་བྲལ་བས་གསང་བའི་མཚམས་བཅད་དང་། །བཟང་པོར་རེ་བའི་ཡར་གྱི་མཚམས་བཅད་དང་། །ངན་པར་དོགས་པའི་མར་གྱི་མཚམས་བཅད་དང་། །བྱ་བྱེད་དམིགས་འཛིན་བར་གྱི་མཚམས་བཅད་དང་། །འདི་དྲུག་ལྡན་ན་བར་ཆད་འབྱུང་མི་སྲིད། །སངས་རྒྱས་བསྒྲུབ་པའི་རག་ལས་ཆོས་དྲུག་ནི། །བསྒྲུབ་པའི་རྟེན་མཆོག་དལ་འབྱོར་རག་ལས་དང་། །མ་བསྒྲུབས་མི་གྲོལ་སྒྲུབ་ལ་རག་ལས་དང་། །སྒྲུབ་པ་ལེགས་པར་ཤེས་ལ་རག་ལས་དང་། །ཤེས་པ་དང་པོའི་ཐོས་ལ་རག་ལས་དང་། །ཐོས་ཏེ་གནད་འགྲོ་བསམ་ལ་རག་ལས་དང་། །ཐམས་ཅད་དགེ་བའི་བཤེས་ལ་རག་ལས་སོ། །བཟང་པོའི་མཚན་ཉིད་རྣམ་པ་དྲུག་ལྡན་ནི། །བསོད་ནམས་བསགས་པས་རིགས་བཟང་ངང་རྒྱུད་དུལ། །མཁྱེན་རབ་རྒྱས་པས་ཤེས་བྱའི་དོན་ལ་མཁས། །ཤེས་རབ་འཕགས་པས་ཆོས་ཉིད་ཕྱོགས་བྲལ་རྟོགས། །ཉམས་ལེན་བརྩོན་པས་ཉམས་རྟོགས་གྲུབ་རྟགས་ཐོན། །ཐུགས་རྗེ་ཐབས་མཁས་གཞན་དོན་སྐྱོ་ངལ་མེད། །གདམས་པའི་གནད་ལྡན་ལམ་སྣ་ཁྲིད་པར་ནུས། །འགྲོ་མཆོག་སྐྱེ་བོ་དམ་པའི་ཚུལ་འདི་དགེ། སློབ་མ་དམ་པས་བསྟེན་པའི་ཆོས་དྲུག་ནི། །སྲིད་པར་སྐྱོ་ཞིང་འཁྲུལ་སྣང་ཡིད་འབྱུང་དང་། །ཆོས་མིན་བྱ་བ་དགོས་མེད་བཞག་པ་དང་། །འདུ་འཛི་རྣམ་གཡེང་དགྲ་ལྟར་སྤང་བ་དང་། ཁེ་གྲགས་ལོ་འདོད་རེ་ལྟོས་མེད་པ་དང་། །ཉེ་འབྲེལ་ངོ་སྲུང་འབྲེལ་ཐག་ཆོད་པ་དང་། །དགྲ་གཉེན་ཉེ་རིང་ཆགས་སྡང་བོར་བ་དང་། །འཇིག་རྟེན་བློས་བཏང་དམ་ཆོས་བསྒྲུབ་པའོ། །སྣ་ཐག་གཞན་ལ་མ་ཤོར་ཆོས་དྲུག་ནི། །བྲན་ཁོལ་མ་སྐྱེས་དབང་མེད་མི་འབབ་དང་། །ཁྱིམ་ཐབ་མ་བྱས་གཉིས་འདུས་འཆིང་རེས་མེད། །ཆེན་པོར་མ་སྐྱེས་གང་འདོད་ཆོས་ལ་སྤྱོད། །ཤོལ་འདེབས་སྒྲོག་མེད་ནམ་དྲན་གང་དགར་སྤྱོད། །མི་འགྲུབ་དམ་བཅའི་ཁས་བླངས་མེད་པ་དང་། །ལས་ངན་དམག་དཔུང་སྡུག་བསྔལ་མཚོ་མ་བརྡོལ། །འདི་འདྲའི་རང་དབང་ཡོད་རྣམས་སྤྲོ་བར་རིགས། །བསྒོམ་ཞིང་བསྒྲུབ་པའི་འཚོ་བ་ཆོས་དྲུག་ནི། །
མཐའ་གཉིས་མ་ལྷུང་ཡོ་བྱད་རང་འཚོ་དང་། །ཟས་ཀྱི་ཚོད་རིག་འགྲངས་ལྟོགས་ཆ་སྙོམས་དང་། །འབྱུང་འཁྲུགས་ནད་ཀྱི་ཁམས་མ་འཁྲུགས་པ་དང་། ཁ་ཟས་བཟང་པོའི་ལུགས་བརྒྱགས་མ་གྱུར་དང་། །ཧ་ཅང་ངན་ཆེས་འབྱུང་བ་མ་རྒུད་དང་། །ཉིན་མཚན་ཚོད་ཟིན་དུས་མིན་ཟ་བ་སྤོང་། །འདི་ནི་དགེ་སྦྱོར་གནད་དུ་འགྲོ་བའི་གྲོགས། །དད་བརྩོན་བསྐུལ་འདེབས་རྐྱེན་གྱི་ཆོས་དྲུག་ནི། །རྐྱེན་ངན་བཏུད་ལས་མི་རྟག་རྒྱུད་ལ་སྐྱེས། །རྒྱུ་འབྲས་ཤེས་ནས་ལས་ངན་དུག་བཞིན་སྤོང་། །མོས་གུས་ཚུད་པས་བླ་མ་སངས་རྒྱས་མཐོང་། །ཆོས་ལ་ངེས་པས་དགེ་སྦྱོར་བྲོད་པ་སྐྱེ། །དགེ་འདུན་དད་པས་ཡར་འདྲེན་སྐྱེལ་མ་ཞུ། །སངས་རྒྱས་འདོད་པས་བརྩོན་པས་ཅི་ཐོབ་བྱེད། །སྐལ་བཟང་དམ་པ་རྣམས་ཀྱི་ལུགས་ཡིན་ནོ། །རང་རྒྱུད་འདུལ་སྦྱོང་གདུལ་བའི་ཆོས་དྲུག་ནི། །ལོག་བློ་མི་རྒོད་ཆོས་བློ་མི་འགྱུར་བ། །ཞེ་བཅད་བཟོད་དཀའ་སྡུག་བསྲན་ཐུབ་པ་དང་། །འཁོར་བའི་ཉེས་མཐོང་སྐྲག་པས་ཡིད་འབྱུང་དང་། །སྣོད་ངན་སྐྱོན་མེད་རང་རྒྱུད་དག་པ་དང་། །ཐོས་བསམ་ཆེ་བས་ཆོས་མཆོག་བསྟན་པ་རྟོགས། །དབང་དང་དམ་ཚིག་ཟབ་མོའི་སྣོད་གྱུར་པ། །མཚོ་གླིང་རིན་ཆེན་སྣོད་ལས་དཀོན་པར་སྣང་། །ཉམས་ལེན་རྐྱེན་ངན་མི་འཕྲོགས་ཆོས་དྲུག་ནི། །ལུས་ཀྱི་སྡུག་བསྔལ་སྣ་ཚོགས་ཐུབ་པ་དང་། །ངག་གི་མི་དགེ་དོན་མེད་འཆལ་གཏམ་ཐུབ། །སེམས་ཀྱི་བདེ་སྡུག་ལེགས་ཉེས་ཟུག་རྔུ་ཐུབ། །མི་མེད་དབེན་པར་སྐྱོ་ངལ་འཇིགས་སྐྲག་ཐུབ། །འདུ་འཛིའི་གྲོང་དུ་ཡེང་མེད་གཉེན་པོ་ཐུབ། །སྲུང་སྡོམ་བསླབ་པས་ཡུལ་རྐྱེན་ངན་པ་ཐུབ། །དེ་དག་ལྡན་ན་ཆོས་ལམ་བདེ་བར་འགྲུབ། །ཐར་ལམ་ཡོན་ཏན་འདྲེས་པ་རྣམ་དྲུག་ནི། །ཐུན་མོང་ཆོས་འདྲེས་ཕྱི་མའི་བྱང་ཆུབ་སྒྲུབ། །གསང་སྔགས་ཆོས་འདྲེས་སྐུ་གསུམ་ལམ་དུ་སློང་། །མཐར་ཐུག་གནད་འདྲེས་མཐར་འཛིན་གོལ་ས་ཆོད། །ཐེག་ཆེན་ཆོས་འདྲེས་ཅི་བྱེད་གཞན་དོན་སྤྱོད། །ཉན་རང་ཆོས་འདྲེས་འཁོར་བའི་བྱ་བ་དོར། །དེ་འདྲའི་གང་ཟག་ཆོས་དང་རང་རྒྱུད་འདྲེས། །མངོན་ཞེན་ཨ་འཐས་འཇིག་པའི་ཆོས་དྲུག་ནི། །ཡུལ་དྲུག་རྫུན་པས་
འཁྲུལ་བར་ཐག་ཆོད་དང་། །བྱ་བྱེད་དོན་མེད་འཁྲུལ་པར་ཐག་ཆོད་དང་། །མངོན་ཞེན་སླུ་བས་འཁྲུལ་པར་ཐག་ཆོད་དང་། །སྙན་གྲགས་བསྟོད་བཀུར་འཁྲུལ་པར་ཐག་ཆོད་དང་། །དགྲ་གཉེན་ངེས་མེད་འཁྲུལ་པར་ཐག་ཆོད་དང་། །བདེན་མེད་ཤེས་ན་འཁྲུལ་སྣང་འཁྲུལ་འཛིན་ཞིག །དལ་འབྱོར་དོན་དང་བཅས་པའི་ཆོས་དྲུག་ནི། །འབྱོར་ཡང་དོན་མེད་སླུ་བས་སྒྲུབ་ལ་འབད། །ཐོས་ཀྱང་ཚིག་ཕྱིར་འཆོར་བས་སྒྲུབ་ལ་འབད། །ཤེས་ཀྱང་སྙིང་པོ་སྟོར་བས་སྒྲུབ་ལ་འབད། །བསམ་ཀྱང་རྣམ་རྟོག་མཆེད་ཕྱིར་སྒྲུབ་ལ་འབད། །བཤད་ཀྱང་གོ་ཡུལ་ལུས་པས་སྒྲུབ་ལ་འབད། །མ་བསྒྲུབས་མངོན་དུ་མི་སྣང་སྒྲུབ་ལ་འབད། །འཁོར་བ་བློས་བཏང་བློ་སྦྱོང་ཆོས་དྲུག་ནི། །དོན་མེད་སླུ་བས་འཇིག་རྟེན་བྱ་བ་བཏང་། །སྲེད་པ་འཕེལ་བས་འདོད་ཡོན་ཞེན་པ་བཏང་། །སྙིང་པོ་མེད་པས་འདུན་གྲོས་ངན་པ་བཏང་། །ཐམས་ཅད་འདོར་བས་ནོར་རྫས་ཞེན་པ་བཏང་། །འདུས་བྱས་བྲལ་བས་གཉེན་འདུན་གདུང་སེམས་བཏང་། །ཕུང་ཁྲོལ་རྩ་བ་ཆགས་སྡང་གཟུང་འཛིན་བཏང་། །དེ་དག་བཏང་ན་དམ་ཆོས་ངང་གིས་འགྲུབ། །རྒྱུ་འབྲས་ངེས་ཤེས་བསྐྱེད་པའི་ཆོས་དྲུག་ནི། །སྡེ་སྣོད་ཉན་ལ་རྒྱུ་འབྲས་ཡིད་ཆེས་བྱ། །ཆུ་ཐིགས་བུམ་ཁེངས་དཔེ་ཡིས་ཚོགས་གཉིས་བསགས། །མེ་ཕྲས་ནགས་ཚལ་བསྲེགས་དཔེས་སྡིག་པ་སྤང་། །སྐྱིད་སྡུག་སྔོན་ལས་གྱུར་པས་བསོད་ནམས་བསགས། །དུས་གཅིག་ཚོགས་རྫོགས་མིན་པས་རིམ་གྱིས་སློབ། །བདག་འཛིན་ཡོད་པར་ལས་ཡོད་ཡིད་ཆེས་བྱ། །ཉན་བྱེད་སྣོད་ཀྱི་སྐྱོན་དྲུག་སྤང་བ་ནི། །དུས་ལ་མ་བབས་རྫ་སོ་མ་བཏང་དང་། །རྣ་བ་མི་གཏོད་ཁ་བུབ་ལྟ་བུ་དང་། །ཐོས་པ་མི་བརྟན་ཞབས་རྡོལ་ལྟ་བུ་དང་། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུ་དང་། །ལམ་དུ་མི་འགྲོ་དྲི་མས་སྦགས་འདྲ་དང་། །ཚིག་གིས་ང་རྒྱལ་སྣོད་ངན་གང་འདྲ་བའི། །སྐྱོན་རྣམས་སྤངས་ཏེ་ལེགས་པར་རབ་ཏུ་ཉོན། །ཡང་དག་ཐོས་པ་དམ་པའི་ཆོས་དྲུག་ནི། །ཤེས་རབ་མཆོག་ལྡན་དོན་གཉེར་གཟུ་བོར་གནས། །བཤེས་གཉེན་བསྟེན་དང་ཐོས་པས་མི་ངོམས་ཤེས། །མང་པོ་ལ་བརྟེན་
མཁས་རྣམས་མཉེས་བྱས་ཤིང་། །མང་པོ་ཐོས་པས་སྣ་ཚོགས་ཆོས་སྒོ་ཕྱེད། །མང་དུ་ཐོས་པས་ཡང་ཡང་ངེས་བྱས་ཤིང་། །མང་པོ་ཐོས་དང་དྲིས་ཤིང་བརྩད་པ་སྟེ། །རྒྱ་མཚོ་འདྲ་བའི་ཆོས་མཛོད་འཛིན་པར་འགྱུར། །དེ་ནས་བསམ་པ་དག་པའི་ཆོས་དྲུག་ནི། །ཚིག་འདིས་དོན་ནི་ཅི་ཞིག་བསྟན་སྙམ་དང་། །དབྱེ་ན་གང་ཡིན་བསྡུ་ན་ཇི་ལྟ་བུ། །རྣམ་གྲངས་ཅི་ཞིག་གང་གི་ཕྱོགས་སུ་གཏོགས། །དྲིལ་ནས་ཉམས་ལེན་མཐའ་ནི་གང་ཡིན་ཞེས། །ལེགས་པར་བསམས་པས་རིན་ཆེན་ཆོས་སྒོ་འབྱེད། །དེ་ནས་སྒོམ་པ་དག་པའི་ཆོས་དྲུག་ནི་། །གནས་ལུགས་མ་རྨོངས་རྟག་ཆད་མཐའ་ལས་གྲོལ། །ཐེག་ཆེན་ལམ་གྱུར་སྟོང་ཉིད་སྙིང་རྗེར་འབྲེལ། །ཆོས་ཉིད་ངང་གནས་བྱིང་རྒོད་ཡེང་བ་མེད། །ཞི་ལྷག་ཟུང་འབྲེལ་ཉམས་རྟོགས་གོང་དུ་འཕེལ། །རེ་དོགས་གཟུང་འཛིན་དམིགས་པ་མཚན་མ་མེད། །ཉོན་མོངས་སྒྲིབ་པའི་གཉེན་པོར་གྱུར་པ་སྟེ། །བསམ་གཏན་པ་དེ་སྲིད་པའི་ཕ་རོལ་འགྲོ། །རྐྱེན་གྱིས་རྫི་བ་མེད་པའི་ཆོས་དྲུག་ནི། །བསྟོད་སྨད་སྒྲ་ལ་བྲག་ཅར་ཤེས་པ་དང་། །གཞན་གྱི་ཆགས་སྡང་འདུན་མ་བྱེད་པ་དང་། །རང་གི་བྱེད་སྤྱོད་ཆོས་ལས་མི་འགལ་དང་། །ཡོ་བྱད་སྦྱིན་འབྲས་གསོག་བྲུན་མི་བྱ་དང་། །ནད་གདོན་དགེ་བསྐུལ་སྤང་ལོ་མི་བྱ་དང་། །དག་སྣང་མོས་གུས་རྒྱུན་ཆད་མེད་པ་སྟེ། །མི་མཐུན་རྐྱེན་རྣམས་བསྒྱུར་བའི་དཔའ་བོ་ཡིན། །དྲི་མའི་བསམ་ངན་སྤང་བའི་ཆོས་དྲུག་ནི། །སྙན་གྲགས་ཆེ་བ་བསྒྲུབ་པའི་བསམ་ངན་དང་། །རྙེད་དང་ལོངས་སྤྱོད་བསྒྲུབ་པའི་བསམ་ངན་དང་། །ཡུལ་སྣང་བདེན་པར་འཛིན་པའི་བསམ་པ་དང་། །ལུས་ངག་འདོད་པས་བསྐོལ་བའི་བསམ་པ་དང་། །ཚེ་འདིའི་འཚོ་བ་བསྒྲུབ་པའི་བསམ་པ་དང་། །རང་ཉིད་གཅིག་པུ་ཐར་འདོད་བསམ་པ་སྟེ། །བདུད་ཀྱི་བྱིན་རླབས་ལས་བྱུང་མཁས་པས་སྤང་། །དབང་པོ་ཡུལ་ཕྱིར་མ་འབྲངས་ཆོས་དྲུག་ནི། །རང་ཡུལ་ཆགས་སྡང་དུག་གིས་མ་ཐེབས་དང་། །འདོད་ཡོན་རང་དགའི་གདུང་བས་མ་ཟིན་དང་། །འཇིག་རྟེན་ཆོས་བརྒྱད་མཚོན་གྱིས་མ་བཏབ་དང་། །སྤྱོད་ལམ་གཡོ་སྒྱུའི་དྲི་མས་མ་གོས་དང་། །སྣ་ཚོགས་
འདུ་འཛིའི་རླུང་གིས་མ་བསྐྱོད་དང་། །ཉིན་མཚན་ཆོས་སྤྱོད་བཟང་པོས་འདའ་བ་སྟེ། །དམ་པ་རྣམས་ཀྱི་ཚུལ་ལ་འཇུག་པར་བྱ། །དད་པས་ཁམས་གསོ་ཐུབ་པའི་ཆོས་དྲུག་ནི། །མོས་པའི་དད་པས་གསོལ་འདེབས་བླ་མ་སྒོམ། །གུས་པའི་དད་པས་དཀོན་མཆོག་མཆོད་ལ་བརྩོན། །ཡིད་ཆེས་དད་པས་ཡི་དམ་སྒོམ་སྒྲུབ་བྱེད། །དང་བའི་དད་པས་ཆོས་ཉིད་དོན་ལ་གཞོལ། །མི་ལྡོག་དད་པས་རྐྱེན་ངན་གྲོགས་སུ་བསྒྱུར། །མཐར་འཛིན་དད་པས་རང་རྒྱུད་ཆོས་དང་བསྲེ། །དེ་ཕྱིར་ཐར་ལམ་སྒྲུབ་པ་ཤིན་ཏུ་གཅེས། །སྲུང་སྡོམ་ངོ་ལྐོག་མེད་པའི་ཆོས་དྲུག་ནི། །བསྟན་པའི་རྩ་བ་ཚུལ་ཁྲིམས་ཤེས་པ་དང་། །ངན་སོང་སྣ་ཁྲིད་སྡིག་པར་ཤེས་པ་དང་། །སྲུང་སྡོམ་མེད་ན་ཆོས་རྩ་རུལ་བ་དང་། །ཡོན་ཏན་ཀུན་གྱི་རྟེན་ཏུ་ཤེས་པ་དང་། །མཐོ་རིས་འཛེག་པའི་སྐས་སུ་ཤེས་པ་དང་། །ཐར་བ་བགྲོད་པའི་བཞོན་པར་ཤེས་པ་དང་། །ཁྲིམས་གཙང་བསྲུང་ལ་གཅེས་སྤྲས་ནན་ཏན་བྱ། །གཉེན་པོས་རྐྱེན་ངན་ཐུབ་པའི་ཆོས་དྲུག་ནི། །ཉན་ཐོས་བཞིན་དུ་དགྲ་ལྟས་སྤོང་བ་དང་། །ཕ་རོལ་ཕྱིན་ལྟར་ཡོངས་སུ་སྦྱོང་བ་དང་། །སྔགས་ལྟར་ཐབས་ཀྱིས་ལམ་དུ་བསྒྱུར་བ་དང་། །ཡང་ཟབ་གནད་ཀྱིས་རང་སར་གྲོལ་བ་དང་། །མཐའ་བྲལ་ངང་དུ་རང་ཞིར་བཏང་བ་དང་། །བྱ་བཙལ་མེད་པར་ཡོངས་ལ་ལ་བཟླ་སྟེ། །བློ་རིགས་བསྟུན་ནས་གང་ལྟར་སྒོམ་བྱེད་ཀྱང་། །འགག་ལ་ཉོན་མོངས་རང་དགྲར་མ་ཤོར་གཅེས། །སྣོད་ལྡན་སློབ་མ་བཟང་པོའི་ཆོས་དྲུག་ནི། །མི་གཞི་ལེགས་ཤིང་ངོ་ཚ་ཁྲེལ་ཡོད་ལྡན། །གསུང་བཞིན་སྒྲུབ་ཅིང་དད་མོས་ཕུན་སུམ་ཚོགས། །ལུས་སྲོག་དོར་ནས་སྒྲུབ་ལ་སྙིང་རུས་ཆེ། །གྲོགས་ལ་བརྩེ་ཞིང་སྙིང་རྗེས་རང་རྒྱུད་བརླན། །སྐྱོ་དུབ་མེད་པས་བཟོད་ལྡན་ཕན་བདེ་བྱེད། །སྒོ་གསུམ་ཞི་ཞིང་དམ་ཚིག་སྡོམ་ལ་གནས། །དེ་ནི་སྐལ་བཟང་ཆོས་ཀྱི་བདུད་རྩིའི་སྣོད། །ཁོམ་ལྡན་རྙེད་དཀའ་བསམ་པའི་ཆོས་དྲུག་ནི། །མི་ལུས་ཐོབ་དཀའ་ད་རེས་འབད་པ་ཐོན། །བླ་མ་རྙེད་དཀའ་ཡོན་ཏན་
འབྲས་བུ་ལོང་། །ཆོས་དང་ཕྲད་དཀའ་བརྩོན་པས་ཉམས་སུ་ལོང་། །ཟབ་དོན་ཐོས་དཀའ་སྙན་བརྒྱུད་སྙིང་པོ་བསྒྲུབ། །འཁྲུལ་སྣང་བཅད་དཀའ་གཉིས་མེད་དོན་ལ་སྦྱང་། །མཐུན་སྐྱེན་ཚོགས་དཀའ་འཛོམ་དུས་ཉམས་ལེན་འབུངས། །འདིར་བདེ་ཕྱི་མར་བདེ་བའི་འདུན་གྲོས་ཡིན། ཆོས་ལ་ཞུགས་པའི་གལ་ཆེ་རྣམ་དྲུག་ནི། །ཕྱི་མ་རྒྱུན་རིང་སྦྱིན་པ་གལ་རེ་ཆེ། །བདེ་འགྲོའི་ཐེམ་སྐས་ཚུལ་ཁྲིམས་གལ་རེ་ཆེ། །བཟོད་པའི་གོ་མཚོན་བསྲན་ཚུགས་གལ་རེ་ཆེ། །ཡོན་ཏན་འབྱུང་གནས་བརྩོན་འགྲུས་གལ་རེ་ཆེ། །དམིགས་པས་མི་གཡོ་བསམ་གཏན་གལ་རེ་ཆེ། །དོན་སྒྲུབ་ལྷུན་གྲུབ་ཤེས་རབ་གལ་རེ་ཆེ། །གལ་ཆེན་བསྒྲུབས་ལ་ཐར་ལམ་མྱུར་དུ་བགྲོད། །དེ་དང་མི་ལྡན་སྐྱོན་དྲུག་བསྟན་པ་ནི། །སྦྱིན་པ་མ་བཏང་ཡི་དྭགས་མདུན་ན་སྒུགས། །ཚུལ་ཁྲིམས་མ་བསྲུངས་དུད་འགྲོ་མདུན་ན་སྒུགས། །བཟོད་པ་མ་བསྒོམས་དམྱལ་བ་མདུན་ན་སྒུགས། །བརྩོན་འགྲུས་མི་རྩོམ་མི་ཁོམ་གཡང་ས་སྒུགས། །བསམ་གཏན་མི་སྒོམ་བདུད་བཞིའི་དཔུང་ཚོགས་སྒུགས། །ཤེས་རབ་མ་བསྒོམས་གཏན་དུ་སྲིད་པ་སྒུགས། །དགྲ་རྣམས་མདུན་སྒུགས་དེ་ཡི་དབང་དུ་འགྱུར། །ཟབ་མོ་རྒྱུད་སྦྱོར་མི་དགོས་རྣམ་དྲུག་ནི། །གང་འདུག་དགེ་བ་འཕེལ་ན་དགོན་པ་བསྟེན་མི་དགོས། །རྣམ་རྟོག་རང་སར་གྲོལ་ན་འཁོར་བ་སྤང་མི་དགོས། །རང་གི་བག་མེད་བསྲུངས་ན་གཞན་སེམས་བསྲུང་མི་དགོས། །མ་བཅོས་སེམས་ཉིད་རྟོགས་ན་དཔེ་ཆ་ཀློག་མི་དགོས། །ཅི་སྣང་སྒྱུ་མར་རྟོགས་ན་ཞེན་པ་བཟློག་མི་དགོས། །གནས་ལུགས་རང་ངོ་ཤེས་ན་སངས་རྒྱས་བཙལ་མི་དགོས། །འདི་དག་དང་ལྡན་སྐྱེས་ཆེན་འགྲོ་མཆོག་ལགས། །ཆོས་བསྒྲུབ་གྲོགས་སུ་མཆོག་དྲུག་བསྟན་པ་ནི། །མཆོད་གནས་མཆོག་ཏུ་བླ་མ་དཀོན་མཆོག་བཀུར། །གཏོང་བའི་མཆོག་ཏུ་ཚེ་འདིའི་བྱ་བ་གཏོང་། །ནོར་གྱི་མཆོག་ཏུ་ཐོས་བསམ་དད་པ་བསྟེན། །བཤེས་ཀྱི་མཆོག་ཏུ་སེམས་ཉིད་རང་ངོ་ཤེས། །སེམས་བསྐྱེད་མཆོག་ཏུ་རང་འདོད་འཁྲི་བ་སྤོང་། །གྲུབ་རྟགས་མཆོག་ཏུ་བླ་མ་སངས་རྒྱས་
མཐོང་། །དེ་དག་འབྱོར་ན་དོན་གཉིས་ལྷུན་གྲུབ་འགྱུར། །བྱ་བ་མ་ཡིན་རྣམ་དྲུག་སྤང་བ་ནི། །རྒྱུད་ཚོད་མི་ཤེས་གང་ཟག་གཤེ་སྐུར་སྤང་། །ལོག་འཚོའི་རྙེད་པས་དད་ལྡན་སུན་མ་འདོན། །བག་མེད་ཐོ་ཅོའི་སྨྱོན་སྤྱོད་ཤུགས་མ་དྲགས། །གཞན་ལ་ཁྱད་གསོད་མཐོ་དགོས་བརྙས་མ་བྱེད། །ལྟོ་རྒྱབ་ཆེད་དུ་དམ་པའི་ཆོས་མ་འདོར། །རྒྱུ་འབྲས་ཟབ་མོའི་རྟེན་འབྲེལ་ཁྱད་མ་བསད། །འདི་དག་སྤངས་ན་སྐྱེས་བུ་དམ་པར་འགྱུར། །ཆོས་བྱེད་རྣམས་ཀྱི་བྱ་བ་རྣམ་དྲུག་ནི། །བླ་མ་ཡི་དམ་མཁའ་འགྲོ་གཙུག་གིས་འཁུར། །སྒོ་གསུམ་དགེ་བ་བྱང་ཆུབ་ལམ་དུ་བསྒྱུར། །ངར་འཛིན་བདེན་ཞེན་རྟག་འཛིན་ལིངས་ཀྱིས་བསྐྱུར། །ཚེ་འདིའི་བློ་སྣ་སྐྱེས་ཚད་འབུར་འཇོམས་གྱིས། །ཉོན་མོངས་དུག་ལྔ་གཉེན་པོས་ཡུལ་ནས་ཕྱུང་། །ཐོས་བསམ་སྒོམ་པའི་ནོར་རྫས་རྒྱུད་ལ་བསྟེན། །དེ་ཡིས་རང་གཞན་འབྱོར་པ་ཉེ་བར་སྐྱེ། །ཉམས་སུ་ལེན་དུས་དགོས་པའི་ཆོས་དྲུག་ནི། །མྱུར་དུ་འཆི་ངེས་ཆོས་མིན་འདོར་དགོས་ཤིང་། །བཏང་སྙོམས་འབྱུང་ཉེ་སྙོམས་ལས་མེད་པ་དགོས། །བརྩོན་འགྲུས་འཆོར་རྐྱེན་གཉེན་པོ་བསྟེན་དགོས་ཤིང་། །དད་གུས་ལོག་སླ་གོ་འདྲིས་མ་ཁྱེར་དགོས། །འཁྲུལ་སྣང་བཅད་དཀའ་བདེན་མེད་ཤེས་དགོས་ཤིང་། །ལོག་སྤྱོད་འགོ་སླ་མི་དང་མི་འགྲོགས་དགོས། །ནང་པའི་ཁོངས་ཆུད་སྐྱབས་འགྲོ་རྣམ་དྲུག་ནི། །སངས་རྒྱས་སྐུ་གསུམ་བསྒྲུབ་བྱར་སྐྱབས་འགྲོ་ཞིང་། །ཐེག་གསུམ་ཆོས་ལ་ལམ་དུ་སྐྱབས་སུ་འགྲོ། །ཉན་རང་བྱང་སེམས་གྲོགས་སུ་སྐྱབས་འགྲོ་ཞིང་། །མཁས་གྲུབ་བླ་མ་བསྟེན་པར་སྐྱབས་སུ་འགྲོ། །ཡི་དམ་ལྷ་ཚོགས་དངོས་གྲུབ་སྐྱབས་འགྲོ་ཞིང་། །ཡེ་ཤེས་མཁའ་འགྲོ་བྱིན་རླབས་སྐྱབས་འགྲོ་བ། །འདི་དག་དང་པོར་སྔོན་འགྲོའི་ཆོས་ལ་གཅེས། །དད་ཅན་རྣམས་ཀྱི་ངོ་ཤེས་རྣམ་དྲུག་ནི། །འགྲོ་ངོ་ཤེས་པས་རང་དོན་ཆོས་སུ་ཆུག །འབོར་ངོ་ཤེས་པས་འཁྲུལ་སྣང་ཞེན་ཆགས་སྐྱུངས། །ཉན་ངོ་ཤེས་པས་བླ་མའི་གདམས་ངག་ཉོན། །སྤོང་ངོ་ཤེས་པས་སྒོ་གསུམ་སྡིག་པ་སྤོངས། །སྤྱོད་ངོ་ཤེས་པས་ཟབ་དོན་ཆོས་ལ་སྤྱོད། །ལྟ་ངོ་ཤེས་པས་སེམས་
ཉིད་དོན་ལ་ལྟོས། །དེ་ལྟར་བྱས་ན་ཡང་དག་དོན་ལ་ཉེ། །སྐལ་བཟང་རྣམས་ཀྱི་གོམས་པའི་གནད་དྲུག་ནི། །གནས་ལུགས་བྱར་མེད་ཡིན་གྱིས་སྤྲོས་མེད་གནད། །སྒོམ་པ་འོད་གསལ་ཡིན་གྱིས་ཡེང་མེད་གནད། །སྤྱོད་པ་སྒྱུ་མ་ཡིན་གྱིས་བདེན་མེད་གནད། །འབྲས་བུ་ལྷུན་གྲུབ་ཡིན་གྱིས་རང་ཆས་གནད། །རྐྱེན་ངན་རང་གྲོལ་ཡིན་གྱིས་འཛིན་མེད་གནད། །བདེ་སྡུག་རང་སེམས་ཡིན་གྱིས་རྩལ་སྦྱོང་གནད། །དེ་དང་ལྡན་ན་མ་བྱས་དོན་ཀུན་འགྲུབ། །རིགས་པ་དྲུག་གིས་རང་ལ་གྲོས་འདེབས་ནི། །ཚེ་ལ་ངེས་མེད་བརྩོན་འགྲུས་བརྩམ་པར་རིགས། །འཁོར་བའི་སྡུག་བསྔལ་སྐྱོ་བ་སྐྱེ་བར་རིགས། །འགྲོ་དྲུག་ཚད་མེད་སྙིང་རྗེས་སྐྱོང་བར་རིགས། །བླ་མའི་མོས་གུས་རྒྱུན་ཆད་མེད་པར་རིགས། །ཟབ་མོའི་གདམས་ངག་ཉམས་སུ་བླངས་པར་རིགས། །རང་ངོ་ཤེས་དུས་དབེན་པ་བསྟེན་པར་རིགས། །རིགས་པའི་རྗེས་འགྲོ་སྐྱེས་བུའི་མཆོག་རབ་ཡིན། །ཐེག་པའི་དོན་འདུས་ཤེས་པའི་ཆོས་དྲུག་ནི། །ཉོན་མོངས་རང་ག་ཐ་མལ་སྐྱོན་ཤེས་དགོས། །ཉོན་མོངས་སྤོང་བ་ཉན་རང་ལམ་ཤེས་དགོས། །ཉོན་མོངས་སྦྱོང་བ་རྒྱལ་སྲས་ལམ་ཤེས་དགོས། །ཉོན་མོངས་བསྒྱུར་བ་གསང་སྔགས་ལམ་ཤེས་དགོས། །རང་བཞིན་ཡོངས་ཤེས་རང་བྱུང་ཡེ་ཤེས་དགོས། །བླང་དོར་གྲོལ་བྱ་བཙལ་མེད་ཤེས་པ་དགོས། །དེ་དག་ལྡན་ན་ཉོན་མོངས་གོས་པ་མེད། །ཆོས་བྱེད་རྣམས་ཀྱི་བློ་སྣ་རྣམ་དྲུག་ནི། །འཁོར་བའི་མཚང་རྟོགས་ངན་པའི་སྐྱོན་འཚོལ་འདྲ། །དེ་ལས་འབྲོས་བློ་དམག་མི་རུ་ལོག་འདྲ། །ཕྱིར་མི་བཟློག་བློ་ཝ་མོ་གལ་ཐར་འདྲ། །འཁོར་བ་སྤང་བློ་རྗེ་ངན་འཁོར་གཡོག་འདྲ། །འཁྱམས་ཀྱིས་དོགས་བློ་ལམ་ངན་ས་འཚོལ་འདྲ། །འཁོར་བ་གྲོལ་བློ་ཆབ་རོམ་ཆུར་ཞུ་འདྲ། །རྒྱུད་ལ་ཆོས་སྦྱོར་བློ་སྣ་རྣམ་དྲུག་ནི། །འཛིན་བློ་སྦྲང་མ་སྦྲང་རྩིར་འབྱར་བ་འདྲ། །བསམ་བློ་ས་རྡོའི་ནང་ནས་གསེར་འཚོལ་འདྲ། །རྟོགས་བློ་གསེར་སྦྲམ་ལག་ཏུ་ཐོབ་པ་འདྲ། །འདྲིས་པར་བསྒོམ་བློ་ཕྱི་དོར་བྱེད་འདྲ་དང་། །ཡོན་ཏན་འཕེལ་བློ་
དེ་ལ་རྒྱན་དུ་བྱེད། །མངོན་དུ་གྱུར་བློ་འདོད་དགུ་འབྱུང་འདྲའོ། །ཐེག་ཆེན་ཆོས་ལ་འབྲེལ་བ་དྲུག་ལྡན་ནི། །དངོས་འཛིན་འཇིག་ལ་ལྟ་བ་ཉམས་མྱོང་འབྲེལ། །སྙོམས་ལས་སེལ་ལ་དད་པ་བརྩོན་འགྲུས་འབྲེལ། །ཐེག་དམན་སྐྱོབ་ལ་ཐབས་དང་ཤེས་རབ་འབྲེལ། །ཁོང་ཁྲོ་འབྱིན་ལ་རང་སྐྱོན་གཞན་བདེན་འབྲེལ། །འཕགས་ལམ་བགྲོད་ལ་མོས་གུས་སྙིང་རུས་འབྲེལ། །གོལ་ས་གཅོད་ལ་ཐོས་བསམ་ཉམས་ལེན་འབྲེལ། །ལེགས་པར་དགོས་ཏེ་ཤིན་ཏུ་དཀོན་པར་སྣང་། །གོང་ན་མེད་པའི་གདམས་པ་རྣམ་དྲུག་ནི། །གནས་ལུགས་གོ་ན་ཐོས་པ་གོང་ན་མེད། །རྩ་བ་ཆོད་ན་བསམ་པ་གོང་ན་མེད། །ཡེ་ཤེས་སྐྱེས་ན་ཐབས་ལམ་གོང་ན་མེད། །ཆོས་ལ་བཀོལ་བཏུབ་བྱིན་རླབས་གོང་ན་མེད། །སྐྱེ་ཤི་མེད་རྟོགས་དངོས་གྲུབ་གོང་ན་མེད། །ཐོབ་རྒྱུ་མེད་རྟོགས་གདེང་ཚད་གོང་ན་མེད། །དེ་དག་སྦྱོར་ན་སངས་རྒྱས་རང་ལས་འབྱུང་། །མཐར་ཕྱིན་བསྒྲུབ་ལ་མ་ཤོར་རྣམ་དྲུག་ནི། །ཟླར་དགའ་གྲོགས་ཀྱི་དབང་དུ་མ་ཤོར་དང་། །ངོར་བསྟོད་ཟས་ཀྱི་དབང་དུ་མ་ཤོར་དང་། །འབྲེལ་འདྲིས་རྣམ་གཡེང་དབང་དུ་མ་ཤོར་དང་། །བརྩེ་གདུང་གཉེན་གྱི་དབང་དུ་མ་ཤོར་དང་། །བཟོ་རིགས་བཤེས་གཉེན་དབང་དུ་མ་ཤོར་དང་། །གསོག་བྲུན་ནོར་རྫས་དབང་དུ་མ་ཤོར་དང་། །དེ་ལྟར་དྲུག་ལྡན་ཆོས་ལམ་མཐར་ཕྱིན་འགྱུར། །མི་གཞིའི་སྐྱོན་དྲུག་བརྟགས་ཏེ་འདོར་བ་ནི། །རང་འཁྲུག་གཞན་སྨོད་དུག་ལྔ་རགས་པ་དང་། །ཅོལ་ཆུང་འདོ་མེད་བློ་སྣ་རགས་པ་དང་། །དོན་མེད་བྱ་བྱེད་འབྲེལ་འདྲིས་དགའ་བ་དང་། །གྱོང་པོ་ཆིག་ཚུགས་བསྐུལ་ཏུ་མི་བཏུབ་དང་། །མཐོ་འགྲོགས་གསར་ངས་ཕྱི་ཤོལ་ཆེ་བ་དང་། །ངན་གཡོ་གྱ་གྱུས་ཞེ་བཞག་ཆེ་བ་རྣམས། །དམ་ཆོས་བསྒྲུབ་ལ་སྐྱོན་ཡོན་བརྟགས་ཏེ་སྤང་། །ཀུན་སྤྱོད་སྐལ་བ་ངན་པའི་སྐྱོན་དྲུག་ནི། །བྱས་པ་མི་གཟོ་དྲིན་ལན་ཉེས་ཀྱིས་འཇལ། །རང་ལ་མི་འཇལ་གཞན་ལ་ཕོད་ཁམ་ཆེ། །འགྱུར་ལྡོག་མང་ཞིང་མི་རྟག་ཁམས་འདུས་ཆེ། །གདོང་ལྕང་ངོར་དགའ་ཁ་ཞེ་གཉིས་པ་ཅན། །དོན་ལྡན་མི་ཤེས་བློ་མང་གཏམ་ལ་དགའ། །བྱས་
པ་མེད་པར་རེ་བ་ཆེ་བ་རྣམས། །སྐལ་ངན་དམ་ཆོས་ཕྱོགས་མིན་རིང་དུ་སྤང་། །མཐར་ཕྱིན་སྐྱོན་ལས་གྲོལ་བའི་ཆོས་དྲུག་ནི། །བློ་བརྟན་རང་རྒྱུད་དགེ་ཞིང་བྱ་བ་ཉུང་། །སྙིང་རུས་ཞེ་བཅད་ཆེ་ཞིང་བཟོད་དང་ལྡན། །གཞན་གྱིས་མི་བརྫི་རྐྱེན་གྱིས་འཕྲོག་པ་མེད། །ཕྱི་ཐག་རྒྱུན་རིང་དད་གུས་ངོ་ལྐོག་མེད། །བློ་བཟང་གྲོས་འདུན་ཆེ་ཞིང་ཐབས་ལ་མཁས། །གཞན་སྐྱོན་མི་བརྗོད་རང་སྐྱོན་མཚང་ནས་འདོན། །དེ་འདྲའི་སྐྱེས་མཆོག་བྱང་ཆུབ་གཏན་གྱི་གྲོགས། །ཆོས་བྱེད་རྣམས་ཀྱི་ཕྲག་དོག་སྐྱོན་དྲུག་ནི། །གཞན་ལས་རྙེད་མང་ལོངས་སྤྱོད་འབྱོར་འདོད་དང་། །འཁོར་མང་བུ་སློབ་རྒྱས་པར་འདོད་པ་དང་། །བསོད་ནམས་ཅི་ཆེ་འདུ་བ་མང་འདོད་དང་། །སྙན་གྲགས་བ་དན་རྒྱལ་ཁམས་ཁྱབ་འདོད་དང་། །ཀུན་ལས་རབ་འཕགས་ཆེ་ཁྱད་འདོད་པ་དང་། །རང་ལས་གཞན་མིན་གཅིག་ཀྱང་མི་འདོད་པ། །འདི་དག་འདོད་ལྷའི་མེ་ཏོག་མདའ་ཡིས་བཅོམ། །དེ་ལས་རྟགས་དྲུག་འཆར་བའི་མྱུ་གུ་ནི། །བསོད་ནམས་འདུ་འཛི་ཅན་ལ་ཡིད་སྨོན་འདིང་། །ཆོས་མཛད་གོང་མ་རྣམས་ལ་ངན་སྐྱོན་བརྗོད། །གཞན་གྱི་ཕུན་ཚོགས་མཐོང་ལ་ཁོང་ཁྲོ་འཁྲུག །བྱམས་སེམས་གཞན་དོན་ཅན་ལ་ཟུར་ཟ་གཏོང་། །སྒོམ་སྒྲུབ་དངོས་གྲུབ་ཅན་ལ་གཤེ་སྐུར་འདེབས། །མ་རིག་ལོག་པར་ལྟ་བའི་ཁ་འཛིན་བྱེད། །དེ་འདྲའི་སྐལ་ངན་བསྟེན་པའི་སྐྱོན་དྲུག་ནི། །མཐོང་བ་ཙམ་གྱིས་ངེས་འབྱུང་དད་པ་འགྲིབ། །ཐོས་པ་ཙམ་གྱིས་ཐར་པའི་ལམ་དང་རིང་། །དྲན་པ་ཙམ་གྱིས་འཁོར་བའི་ས་བོན་འདེབས། །རེག་པ་ཙམ་གྱིས་བྱིན་རླབས་དངོས་གྲུབ་ཡལ། །གཏམ་འདྲེས་ཙམ་གྱིས་དག་སྣང་མོས་གུས་འགྲིབ། །ཆོས་ཀྱིས་འབྲེལ་ཚད་བདུད་ཀྱིས་བྱིན་བརླབས་པ། །ཤི་བའི་འོག་ཏུ་མནར་མེད་གནས་སུ་འགྲོ། །དེ་བས་དེ་འདྲའི་སྐལ་ངན་སྤང་བར་གྱིས། །ངན་པའི་རྟགས་དྲུག་རང་བཞིན་བསྟན་པ་ནི། །ཆོས་ལ་ལྟ་ཅི་ཐ་མལ་བས་ཀྱང་དམན། །བསྟན་ཞུགས་ལྟ་ཅི་མ་རབས་བས་ཀྱང་དམན། །ཐེག་ཆེན་ལྟ་ཅི་མུ་སྟེགས་བྱེད་ལས་དམན། །གསང་སྔགས་ལྟ་ཅི་ལོག་སྲེད་ཅན་ལས་དམན། །ཉམས་ལེན་ལྟ་ཅི་སྡིག་ཅན་
རྣམས་ལས་དམན། །ལྟ་སྒོམ་ལྟ་ཅི་ཆོས་དང་གནམ་ས་བཞིན། །བསྟན་པའི་ཆོམ་རྐུན་ཆོས་ལྟར་བཅོས་པ་སྟེ། །དད་ལྡན་ལོག་ལམ་ངན་འགྲོར་ཁྲིད་པས་སྤང་། །ཡ་བྲལ་དྲུག་གིས་མི་འགྲུབ་བསྟན་པ་ནི། །སེམས་བསྐྱེད་ཡོད་ཀྱང་སྨོན་ལམ་མ་བཏབ་ན། །གཟུགས་སྐུའི་སྒྲིབ་སྦྱོང་ས་བོན་ཐེབས་མི་འགྱུར། །སྙིང་རྗེ་ཡོད་ཀྱང་རང་འདོད་མ་ཟད་ན། །ཐེག་ཆེན་གཞན་དོན་སྤྱོད་པའི་གྲལ་མི་ཚུད། །མཐུན་འཇུག་བྱས་ཀྱང་དུས་ལ་མ་བབས་ན། །གཞན་དོན་མི་འགྲུབ་སླར་ལ་འཕྱར་ཀའི་རྒྱུ། །རི་ཁྲོད་བསྟེན་ཀྱང་བློ་སྣ་མ་ལོག་ན། །ཆགས་སྡང་མཐུན་འཇུག་འཁྲི་བ་ཆོད་པར་དཀའ། །དད་གུས་མེད་པའི་གསོལ་བ་སྟོང་བཏབ་ཀྱང་། །བྱིན་རླབས་རང་བཞིན་ཆར་ཐིགས་གཅིག་མི་འབབ། །མཁྱེན་པ་ཆེ་ཡང་སྤྲོས་ལས་མ་གྲོལ་ན། །འཁོར་འདས་མི་ཕྱེད་གྲུབ་མཐའི་གཟེབ་ཏུ་བཅིངས། །དེ་ཕྱིར་མན་ངག་ཟུང་དུ་འབྲེལ་བ་གཅེས། །ཆོས་བྱེད་རྣམས་ཀྱི་དགོས་པ་རྣམ་དྲུག་ནི། །འཁོར་བས་སྐྲག་པས་གཤེད་མས་དེད་འདྲ་དང་། །དགེ་སྦྱོར་བརྩོན་པས་སོ་ནམ་བྱེད་འདྲ་དང་། །གཉེན་པོར་འགྲོ་བ་ནད་པ་སྨན་བཞིན་དང་། །གཞན་ཕན་ལྷུར་ལེན་བུ་ཆུང་སྐྱོང་འདྲ་དང་། །རང་རྒྱུད་འདུལ་མཁས་ཀོ་བ་ཉེད་འདྲ་དང་། །ངར་འཛིན་དགྲ་གསོད་མི་ཤ་འདོན་འདྲ་སྟེ། །འདི་རྣམས་དགོས་པ་རྟག་ཏུ་རྒྱུད་ལ་བསྟེན། །མཐར་ཐུག་དྲུག་གིས་རང་རྒྱུད་གདུལ་བ་ནི། །བཙོན་བུའི་མཐར་ཐུག་ཡུལ་ལ་ཆགས་ཞེན་སྤངས། །སོ་ནམ་མཐར་ཐུག་དགེ་ལ་བརྩོན་པ་བསྟེན། །གཏན་ཡུལ་མཐར་ཐུག་གནས་ལུགས་ས་འཛིན་མཛོད། །བསྲུང་བའི་མཐར་ཐུག་ངར་འཛིན་གཅེས་འཛིན་བོར། །དགྲ་ཡི་མཐར་ཐུག་དུག་ལྔ་རང་རྒྱུད་ཐུལ། །ཉམས་ལེན་མཐར་ཐུག་དྲན་པ་ཡེང་མེད་སྐྱོངས། །འདི་དང་ལྡན་ན་དགོས་འདོད་ཡིད་བཞིན་འགྲུབ། །ཆོས་བྱེད་རྣམས་ཀྱི་འཆོར་བའི་ཉེན་དྲུག་ནི། །དད་པ་ཡོད་ཀྱང་ཁེ་གྲགས་མ་སྤངས་ན། །མཐར་ཐུག་མི་ཆོས་འཆོར་བའི་ཉེན་ཡོད་གཟབས། །དགོན་པ་བསྟེན་ཡང་ཞེ་བཅད་མི་ལྡན་ན། །མཐར་ཐུག་ཡེང་བར་འཆོར་བའི་ཉེན་ཡོད་གཟབས། །གྲུབ་
རྟགས་ཐོན་ཡང་རློམ་སེམས་མ་སྤངས་ན། །མཐར་ཐུག་བདུད་ཀྱིས་འཁྱེར་བའི་ཉེན་ཡོད་གཟབས། །དམ་ཅན་འདུ་ཡང་སྙིང་རྗེ་མི་ལྡན་ན། །མཐར་ཐུག་ལས་མཐའ་ལོག་པའི་ཉེན་ཡོད་གཟབས། །དགོངས་པ་མཐོ་ཡང་ཞེན་པ་མ་ལོག་ན། །མཐར་ཐུག་དྲེད་པོར་འཆོར་བའི་ཉེན་ཡོད་གཟབས། །འགྲོ་དོན་བརྩོན་ཡང་རང་འདོད་འཁྲིས་ཞུགས་ན། །མཐར་ཐུག་ཟོག་པོར་སོང་བའི་ཉེན་ཡོད་གཟབས། །སྒྲིབ་པ་དྲུག་པོ་སྤོང་བའི་དགོས་པ་ནི། །དམ་ཆོས་མི་འཛིན་སྤངས་པའི་སྒྲིབ་པ་ཡིན། །བདུད་ལས་གང་ཡིན་མི་ཤེས་སྒྲིབ་པ་ཡིན། །བླ་མའི་མོས་གུས་མེད་པ་སྒྲིབ་པ་ཡིན། །མཆེད་གྲོགས་དག་སྣང་མེད་པ་སྒྲིབ་པ་ཡིན། །ཐེག་མཆོག་ཞུགས་ལ་སྨོད་པ་སྒྲིབ་པ་ཡིན། །སྒོ་གསུམ་ཉེས་སྤྱོད་གཡོ་སྒྱུ་སྒྲིབ་པ་ཡིན། །དེ་དག་སྤངས་ནས་ཐར་ལམ་བསྒྲུབ་པ་གཅེས། །སྒྲིབ་བྲལ་རིན་ཐང་མཐའ་ཡས་ཆོས་དྲུག་ནི། །ལན་ལ་མི་རེ་སྦྱིན་པ་ཕྱོགས་མེད་གཏོང་། །སྲིད་པ་མི་གཉེར་ཚུལ་ཁྲིམས་རྣམ་དག་བསྲུང་། །སེམས་ཅན་མི་གཏོང་བྱམས་དང་སྙིང་རྗེ་སྐྱེ། །དམ་ཆོས་ཤེས་པས་ནམ་ཡང་ངོམས་པ་མེད། །རྙེད་བཀུར་མི་གཉེར་འགྲོ་ལ་ཆོས་རབ་སྟོན། །ཕྱོགས་རིས་མི་བྱེད་ཀུན་ལ་སེམས་བཟང་སྙོམས། །རབ་དགེ་འདི་འདྲའི་སྤྱོད་པ་དམ་པ་ལགས། །ཐེག་ཆེན་བསྟན་པའི་ཡོན་ཏན་རྣམ་དྲུག་ནི། །བཤེས་གཉེན་བསྟེན་ལ་གཡེལ་བ་མེད་པ་དང་། །སེམས་ཅན་དོན་བྱེད་སྐྱོ་དུབ་མེད་པ་དང་། །གནས་ལུགས་རྟོགས་ཀྱང་ང་རྒྱལ་མེད་པ་དང་། །དོན་དུ་མི་འགྱུར་རྙེད་པ་སྤོང་བ་དང་། །ཟབ་མོའི་དོན་ལ་སྐྲག་པ་མེད་པ་དང་། །དགེ་ཚོགས་སྒྲུབ་ལ་ཆོག་ཤེས་མེད་པའོ། །ཉོན་མོངས་དགྲ་ཆེན་གཞོམ་པའི་ཆོས་དྲུག་ནི། །ཉིན་འགའི་དགེ་སྦྱོར་ཉོན་མོངས་མི་ཕྱེད་པས། །སྒྲུབ་པ་རྒྱུན་བསྲིང་ངང་ཐུང་མེད་པ་གཅེས། །ཐོག་མེད་ཉོན་མོངས་ཤིན་ཏུ་གདུལ་དཀའ་བས། །གཉེན་པོ་རབ་ཟབ་ཐབས་བཅས་བསྟེན་པ་གཅེས། །བདག་འཛིན་གཞིག་དཀའ་གཟུང་འཛིན་རླབས་ཆེ་བས། །ཚོགས་གཉིས་དཔུང་བསྐྱེད་དགེ་ལ་འབད་པ་གཅེས། །འཁོར་བའི་གཅོང་ནད་ཡུན་རིང་སྦྱང་དཀའ་བས། །འཚོ་བྱེད་བླ་
མ་རྟག་ཏུ་བསྟེན་པ་གཅེས། །དུག་ལྔའི་མེ་དཔུང་རབ་ཏུ་གཞིལ་དཀའ་བས། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་བསྟེན་པ་གཅེས། །ལས་ངན་བསགས་པའི་བགྲོད་ལམ་མཐུར་བྱེད་པས། །ཐར་བའི་སྐས་ལ་ཡར་ལ་འཛེག་པ་གཅེས། །སྡེ་སྣོད་བསླབ་གསུམ་ཁྱད་པར་ཆོས་དྲུག་ནི། །ཉན་ཐོས་སྡེ་སྣོད་སྟོན་ལས་སྒྲའི་རྗེས་འབྲང་། །རང་རྒྱལ་རང་རྟོགས་རྟེན་འབྲེལ་ནང་ནས་འཆར། །བྱང་སེམས་རང་གཞན་ཡེ་ཤེས་མཐའ་ཡས་ལྡན། །ཉན་ཐོས་བསླབ་པ་ཕྱོགས་གཅིག་རང་རྒྱུད་ཙམ། །རང་རྒྱལ་བར་མ་རང་དོན་ལྷུར་ལེན་ཞིང་། །བྱང་སེམས་སྙིང་རྗེ་ངེས་པར་འབྱུང་བ་ཡིན། །འཇིག་རྟེན་སྐྱོན་དུ་ལྟ་བའི་ཆོས་དྲུག་ནི། །སྙན་གྲགས་འབྲུག་སྒྲ་འདྲ་བས་དགའ་བ་སྤང་། །ལོངས་སྤྱོད་སྤྲིན་དང་འདྲ་བས་ཞེན་པ་སྤང་། །ཉེ་འཁོར་རྒན་འཁོགས་བུ་འདྲ་རེ་བ་སྤང་། །ཡུལ་ཁྱིམ་མགྲོན་ཁང་འདྲ་བས་རི་ཁྲོད་འགྲིམ། །བདེ་སྐྱིད་རྨི་ལམ་འདྲ་བས་བདེན་མ་འཛིན། །ཐམས་ཅད་བོར་ནས་འགྲོ་བས་ཆགས་ཞེན་སྐྱུངས། །དེ་ལྟར་བྱས་ན་ཇེ་བདེར་འགྱུར་བ་ཡིན། །ཆོས་བྱེད་རྣམས་ཀྱི་བྱར་དགོས་རྣམ་དྲུག་ནི། །གང་དུ་སྐྱེས་ཀྱང་གཞན་དོན་འགྲུབ་དགོས་པས། །སེམས་བསྐྱེད་སྨོན་ལམ་རྒྱ་ཆེན་སྦྱང་བར་བྱ། །སྐྱིད་ན་ཆོས་ཀྱི་བྱིན་རླབས་ཤེས་དགོས་པས། །ཕན་ཡོན་བསམས་ལ་ནན་ཏན་བརྩོན་པར་བྱ། །སྡུག་ན་སྔོན་གྱི་ལས་སུ་ཤེས་དགོས་པས། །རྒྱུ་འབྲས་བསམས་ལ་བློ་སྦྱོང་སྙིང་པོར་བྱ། །ན་ན་དགེ་སྦྱོར་རྩལ་སྦྱོང་ཤེས་དགོས་པས། །མ་ན་བ་ལ་རིག་པ་གཅུན་པར་བྱ། །རྒས་ན་བློ་སེམས་བདེ་བ་ཅིག་དགོས་པས། །གཞོན་དུས་བསགས་སྦྱོང་ལས་ལ་འབད་པར་བྱ། །ཤི་ན་བྱ་བ་རྫོགས་པ་ཅིག་དགོས་པས། །མ་ཤི་བར་ལ་འབྲེལ་ཐག་གཅད་པར་བྱ། །འདི་དག་སྙིང་ནས་བསླབ་པའི་ཆོས་སུ་སྣང་། །གདམས་ངག་དྲུག་གིས་གནད་དུ་བརྡེག་པ་ནི། །བཟའ་མི་ཚོང་དུས་འགྲོན་པོ་ཚོགས་པ་འདྲ། །ནམ་འབྲལ་མི་ཤེས་མཐར་ཐུག་དོན་ལ་སྦྱངས། །གཉེན་འདུན་ལྕང་ཁའི་བྱིའུ་ཆུང་འདུས་པ་འདྲ། །ནམ་གྱེས་མི་ཤེས་གདུང་སེམས་འཁྲི་བ་ཆོད། །ཚེ་སྲོག་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །
སྒོམ་སྒྲུབ་ཆོས་ལ་རྩོལ་བ་དྲག་ཏུ་སྐྱེད། །སྨྲ་མང་འཁྲུལ་པའི་དགྲར་ལྡང་ནེ་ཙོ་འདྲ། །ངག་འཁྱལ་བྲེ་མོའི་གཏམ་འདྲ་སྨྲ་བཅད་གྱིས། །ཆོས་སྒྲུབ་མཚོ་གླིང་ནོར་བུ་ལེན་འདྲ་བས། །སྙན་བརྒྱུད་གདམས་ངག་ལྷུག་པར་སྤེལ་མི་བྱ། །འགྲོགས་ཡུན་རིང་ན་སངས་རྒྱས་སྐྱོན་མཐོང་བས། །མི་གཞན་རྣམས་དང་གནས་མལ་གཅིག་མི་བྱ། །འདི་དག་སྙིང་གཏམ་མཆོག་ཡིན་གུས་པས་ཉོན། །ཆོས་བྱེད་རྣམས་ཀྱི་དུས་ཚོད་རྣམ་དྲུག་ནི། །མཚན་ལྡན་བླ་མ་རྣམས་དང་ཕྲད་པའི་ཚེ། །སྤྲོས་པ་གཅོད་པའི་དུས་ཡིན་ཐེ་ཚོམ་དྲིས། །རྐྱེན་ངན་ཡུལ་དང་རིག་པ་ཕྲད་པའི་ཚེ། །ཉམས་ལེན་བསྲེ་བའི་དུས་ཡིན་རྩལ་སྦྱོང་གྱིས། །ཟབ་མོའི་སྙན་བརྒྱུད་མན་ངག་རྙེད་པའི་ཚེ། །འཁྲུལ་པ་འཇིག་པའི་དུས་ཡིན་ཐོག་ཏུ་ཁོལ། །བརྩོན་འགྲུས་དྲག་པོས་སྒྲུབ་ལ་འབད་པའི་ཚེ། །བར་ཆད་འོང་བའི་དུས་ཡིན་བདུད་ལ་བརྟག །སྒྲུབ་པའི་མཐར་ཕྱིན་དངོས་གྲུབ་འོང་བའི་ཚེ། །བདུད་ཀྱི་བར་ཆད་འོང་བས་ཤིན་ཏུ་གཟབས། །གནས་ལུགས་དོན་ལ་ལྟ་བའི་རྩལ་སྦྱོང་ཚེ། །གོལ་སྒྲིབ་འོང་བའི་དུས་ཡིན་བླ་མ་བསྟེན། །འདི་དག་ཟབ་མོའི་གནད་ཡིན་ཡིད་ལ་ཟུངས། །ཚུལ་བཞིན་བསྒྲུབ་པའི་བྱ་དགོས་རྣམ་དྲུག་ནི། །ངན་སྤྱོད་འགོ་ཅན་མི་དང་འགྲོགས་མི་བྱ། །བཟང་སྤྱོད་བསླབ་དཀའ་བཤེས་གཉེན་བསྟེན་པར་བྱ། །སྣང་བ་འབྲིད་མཁས་ཡུལ་ལ་མ་ཡེངས་བྱ། །རིག་པ་ཅོལ་ཆུང་འཁྲུལ་ཕྱིར་མ་སོང་བྱ། །ཆགས་སྡང་གདོས་དྲགས་ཕྱོགས་རིས་མ་སོང་བྱ། །འཁྲུལ་སྣང་འདྲིས་སླ་ཞེན་ཆགས་རྩད་གཅོད་བྱ། །ཐ་མ་འགྱོད་པ་མེད་པའི་ཆོས་དྲུག་ནི། །ངོ་ཚ་ཁྲེལ་འཛེམ་ལྡན་པས་ཤི་ཡང་འགྱོད་པ་མེད། །མི་དགེ་སྡིག་པ་མ་བྱས་ཤི་ཡང་འགྱོད་པ་མེད། །ཆོས་ཕྱོགས་ཟས་ནོར་བཏང་བས་ཤི་ཡང་འགྱོད་པ་མེད། །བསླབ་གསུམ་གཙང་མ་བསྲུངས་པས་ཤི་ཡང་འགྱོད་པ་མེད། །དགེ་ལ་རྟག་ཏུ་བརྩོན་པས་ཤི་ཡང་འགྱོད་པ་མེད། །རང་སེམས་གནོང་འགྱོད་མེད་པས་ཤི་ཡང་འགྱོད་པ་མེད། །འདི་དག་རྣམས་དང་ལྡན་པར་བྱ་བ་གཅེས། །འབྲིང་གི་བྲོད་པ་དྲུག་དང་ལྡན་པ་ནི། །དཀོན་མཆོག་བསྟེན་པས་འཁོར་བ་སྐྱོབ་རེ་བྲོད། །ཚོགས་གཉིས་
བསགས་པས་འདི་བས་བདེ་སྟེ་བྲོད། །དམ་ཚིག་བསྲུངས་པས་མཁའ་འགྲོས་བསུ་སྟེ་བྲོད། །ཡི་དམ་བར་དོར་ལམ་སྣ་འདྲེན་ཏེ་བྲོད། །བླ་མ་མཆོག་དང་འདུ་འབྲལ་མེད་དེ་བྲོད། །སེམས་ཉིད་གོམས་པས་འོད་གསལ་འཆར་ཏེ་བྲོད། །འདའ་དཀའ་འཆི་བྲོད་གདམས་པ་ཟབ་མོ་ཡིན། །རྣལ་འབྱོར་རབ་ཀྱི་འཆི་རྒྱུ་མེད་དྲུག་ནི། །རང་རིག་དགོངས་པ་ཡེ་ནས་འཆི་རྒྱུ་མེད། །རང་བྱུང་ཡེ་ཤེས་ཡེ་ནས་འཆི་རྒྱུ་མེད། །འོད་གསལ་ཆོས་ཉིད་ཡེ་ནས་འཆི་རྒྱུ་མེད། །ངར་འཛིན་རིག་བྲལ་ཡེ་ནས་འཆི་རྒྱུ་མེད། །རྒྱུ་འབྲས་ལ་དོར་ཡེ་གྲོལ་འཆི་རྒྱུ་མེད། །རེ་དོགས་གཉིས་མེད་ནམ་མཁའ་འཆི་རྒྱུ་མེད། །དེ་ལྟར་རྟོགས་ན་འཆི་བདག་བདུད་དང་བྲལ། །མ་རྟོགས་དངོས་པོར་གཟུང་བའི་སྐྱོན་དྲུག་ནི། །རང་ལ་ཡོད་པ་བཞག་ནས་གཞན་དུ་བཙལ། །སྒོམ་ཆེན་གནས་ལུགས་མ་ཤེས་མཚན་མས་བཅིངས། །ཡུལ་སྣང་བརྫུན་པར་མ་ཤེས་བདེན་པར་འཛིན། །དབྱིངས་གཅིག་གནས་ལུགས་མ་རྟོགས་སོ་སོར་འཛིན། །རང་རིག་ངོ་བོ་མ་ཤེས་མཐོ་དམན་བགྲོད། །འཁྲུལ་བའི་མངོན་ཞེན་མ་ཆོད་བདུད་ཀྱིས་བསླུས། །མ་རྟོགས་ལོག་པའི་སྐྱོན་རྣམས་བརྟགས་ཏེ་སྤང་། །ཕྱིར་མི་ལྡོག་པའི་གདམས་ངག་རྣམ་དྲུག་ནི། །བླ་མ་བསྟེན་པས་མི་ཆོས་ཕྱིར་མི་ལྡོག །ཡུལ་གྱི་ཉེས་བསམས་མི་ཆོས་ཕྱིར་མི་ལྡོག །བདེ་སྡུག་བསམས་པས་མི་ཆོས་ཕྱིར་མི་ལྡོག །འཇིག་རྟེན་ཉེས་བསམས་མི་ཆོས་ཕྱིར་མི་ལྡོག །འཁྲུལ་པར་བལྟས་པས་མི་ཆོས་ཕྱིར་མི་ལྡོག །སྡུག་བསྔལ་འདམ་བསམས་མི་ཆོས་ཕྱིར་མི་ལྡོག །དེ་ལྟར་བསམས་ན་འཇིག་རྟེན་ཆོས་ལས་གྲོལ། །གཉེན་པོའི་མེལ་ཚེ་དྲུག་གིས་བསྐོར་བ་ནི། །ཉིན་མཚན་ཚེ་རྐུ་གཉེན་པོའི་མེལ་ཚེ་གྱིས། །དུག་ལྔས་རྒྱུད་སྲེག་གཉེན་པོའི་མེལ་ཚེ་གྱིས། །འདོད་པས་མི་ངོམས་གཉེན་པོའི་མེལ་ཚེ་གྱིས། །དྲག་པོའི་ལས་ལ་གཉེན་པོའི་མེལ་ཚེ་གྱིས། །དོན་མེད་ལས་ལ་གཉེན་པོའི་མེལ་ཚེ་གྱིས། །སྒོ་གསུམ་ཅི་སྤྱོད་གཉེན་པོའི་མེལ་ཚེ་གྱིས། །ཉོན་མོངས་དགྲ་རྐུན་གླགས་སྐབས་རྙེད་མི་འགྱུར། །ཉམས་ལེན་མི་འགྲུབ་འཆོར་ས་རྣམ་དྲུག་ནི། །མཁོས་ཆུང་གང་ཟག་མི་ཚེ་དོན་མེད་
འཆོར། །གྲགས་འདོད་ཅན་དེ་མི་ཚེ་ལོ་འདོད་འཆོར། །ཟས་སྲེད་ཅན་དེ་ཟས་ཕྱིར་མུག་ལྟོར་འཆོར། །མི་རྒོད་ནོར་ཅན་ཁེ་སྤོགས་ཚོང་ལ་འཆོར། །དད་མེད་ཐོས་བསམ་ཆོས་དྲེད་རྒྱུས་ཅན་འཆོར། །ཐོས་ཆུང་བླུན་སྒོམ་ལོག་པའི་ལམ་དུ་འཆོར། །འཆོར་བ་དྲུག་པོར་མ་སོང་ཤིན་ཏུ་གཅེས། །སྐྱོན་རྣམས་བྱུང་ན་བསལ་ཐབས་ཆོས་དྲུག་ནི། །མོས་གུས་ཤོར་ན་ཡོན་ཏན་དཀའ་བས་སོམས། །གཡེང་བས་ཁྱེར་ན་རྣམ་རྟོག་གྲོགས་སུ་སློང་། །བསྒོམས་ཀྱང་སྐྱེད་མེད་སྣ་ཚོགས་ཐབས་ཀྱིས་ཆུན། །འབྱུང་འཁྲུགས་ན་ཚ་རྒྱུ་རྐྱེན་འབྲས་བུར་རྟོགས། །འདུ་བ་ཡལ་ན་ཚོགས་དང་གཏོར་མ་རེམ། །སེམས་བསྐྱེད་ཤོར་ན་གཉེན་པོའི་བསྐྱར་ལ་བླང་། །དེ་ཡིས་གེགས་རྣམས་གང་བྱུང་སེལ་བ་ཡིན། །རྒྱུད་ལ་སྦྱོར་བ་ཕྱི་ནང་གནད་དྲུག་ནི། །ནང་དུ་བདག་འཛིན་འཁྲི་བ་གཅད་པ་གནད། །ཕྱི་རུ་ཡུལ་སྣང་ཆོས་སྐུར་འཁྱེར་བ་གནད། །བར་དུ་འཛིན་རྟོག་གྲོགས་སུ་བླང་བ་གནད། །ཡར་ལ་ལྟ་དགོངས་ཟད་པར་བྱེད་པ་གནད། །མར་ལ་ཆོས་སྤྱོད་གཞུང་བཞིན་བསྲང་བ་གནད། །བར་དུ་ཡེང་མེད་ཤེས་བཞིན་བསྲུང་བ་གནད། །དེ་དག་འཛོམ་ན་ཐར་ལམ་མྱུར་དུ་བགྲོད། །སངས་རྒྱས་འདོད་ལ་གཅེས་པ་རྣམ་དྲུག་ནི། །སྒྱུ་མར་རྟོགས་ཀྱང་རྒྱུ་འབྲས་འཛེམ་པ་གཅེས། །ངེས་ཤེས་ཐོབ་ཀྱང་ཁྱད་གསོད་མེད་པ་གཅེས། །གྲོགས་སུ་འཆར་ཡང་དབེན་པར་གནས་པ་གཅེས། །སྒོམ་མེད་གོ་ཡང་རྣམ་རྟོག་འདུལ་བ་གཅེས། །མཉམ་རྗེས་མེད་ཀྱང་ཐ་མལ་མ་ཤོར་གཅེས། །གནས་ལུགས་རྟོགས་ཀྱང་ལུང་རིགས་ཞུན་ཐར་གཅེས། །མཐོན་པོར་ཕྱིན་ཡང་འདི་དྲུག་མ་བྲལ་གཅེས། །མཐར་འཛིན་འཆིང་བར་བསྟན་པའི་ཆོས་དྲུག་ནི། །ཆགས་ན་ཡི་དམ་ཡིན་ཡང་འཆིང་བའི་རྒྱུ། །བཟུང་ན་མཐོན་པོའི་གྲུབ་མཐའ་འང་འཆིང་བའི་རྒྱུ། །འཛིན་ན་སྙིང་རྗེ་ཡིན་ཡང་འཆིང་བའི་རྒྱུ། །རློམ་ན་དགོངས་པ་ཟབ་ཀྱང་འཆིང་བའི་རྒྱུ། །ཞེན་ན་ཉམས་རྟོགས་ཡིན་ཡང་འཆིང་བའི་རྒྱུ། །མྱོང་འཛིན་གཉིས་མེད་ཡིན་ཡང་འཆིང་བའི་རྒྱུ། །ཐ་མལ་ངར་འཛིན་ནོར་རྫས་སྨོས་ཅི་དགོས། །དེས་ན་གང་ལའང་ཞེན་ཆགས་མེད་པ་གཅེས། །འཆིང་
བའི་སྒྲོག་དྲུག་བཅད་པའི་མན་ངག་ནི། །ནོར་རྫས་མངོན་ཞེན་སྤེལ་སྲུང་སྒྲོག་གིས་འཆིང་། །རིགས་རྒྱུད་མངོན་ཞེན་ཁེ་གྲགས་སྒྲོག་གིས་འཆིང་། །རྣམ་གཡེང་ཆགས་ཞེན་འདུ་འཛིའི་སྒྲོག་གིས་འཆིང་། །ཐ་སྙད་ཚིག་ཞེན་ང་རྒྱལ་སྒྲོག་གིས་འཆིང་། །ཉམས་རྟོགས་མངོན་ཞེན་རློམ་སེམས་སྒྲོག་གིས་འཆིང་། །ཆོས་སྤྱོད་མངོན་ཞེན་གཉེན་པོའི་སྒྲོག་གིས་འཆིང་། །སྒྲོག་དང་བྲལ་བའི་ཆོས་པ་དཀའ་བར་སྣང་། །ཆོས་བྱེད་རྣམས་ཀྱི་འོང་བའི་ཆོས་དྲུག་ནི། །ཆགས་སྡང་སྐྱེ་བའི་ཡུལ་ནས་ཕྱིར་བྲོས་དང་། །ཆོས་སྤྱོད་དགེ་སྦྱོར་ངང་གིས་འཕེལ་བར་འོང་། །ཀོ་ལོང་སྡོམ་པའི་ཟུར་མགོ་མ་རྣོ་དང་། །འགྲོགས་པ་རྒྱུན་རིང་འཐབ་རྩོད་ཉུང་བར་འོང་། །བླ་མ་དམ་པའི་གསུང་བཞིན་གུས་བསྒྲུབ་དང་། །ཐུགས་ལ་འདོགས་ཤིང་བྱིན་རླབས་དངོས་གྲུབ་འོང་། །རང་གི་སྣ་ཐག་གཞན་ལ་མ་གཏད་དང་། །ཤིན་ཏུ་སྐྱིད་ཅིང་སྒྲུབ་པ་མཐར་ཕྱིན་འོང་། །སྤྱོད་རྩིང་བོར་ལ་ཞི་དུལ་ལྡན་གྱིས་དང་། །ཀུན་དང་མཐུན་ཞིང་ཡིད་དུ་འཐད་པར་འོང་། །ཕྱོགས་འཛིན་བོར་ལ་བཟང་པོའི་སེམས་གཟུང་དང་། །ཚད་མར་འཛིན་ཅིང་ཀུན་གྱིས་བསྟོད་པར་འོང་། །ངན་པའི་རེ་བ་རྣམ་དྲུག་སྤོང་བ་ནི། །བྱས་པ་མེད་པར་ཕན་འདོགས་འོང་དུ་རེ། །དཀའ་བ་མ་སྤྱད་སྐྱིད་པ་འོང་དུ་རེ། །སྒྲུབ་པ་མེད་པར་དངོས་གྲུབ་ཐོབ་ཏུ་རེ། །མི་ཆོས་མ་བོར་ལྷ་ཆོས་འོང་དུ་རེ། །ཉམས་སུ་མ་བླངས་བཤད་རིངས་གཞན་ཕན་རེ། །ཅུང་ཟད་བསྒྲུབས་ལ་བསྙེན་བཀུར་འོང་དུ་རེ། །ཐར་པའི་ལམ་དང་རྒྱ་མཚོའི་ཤར་ནུབ་བཞིན། །རང་བཞིན་ངན་པའི་ཀུན་སྤྱོད་རྣམ་དྲུག་ནི། །བཟའ་བཏུང་བགོ་ན་རང་བཞིན་ཆེ་བར་འདོད། །ཉོ་ཚོང་བྱེད་ན་རྒྱལ་ཁ་རང་ལ་འདོད། །གོས་གོན་ཚེ་ན་རང་དྲོ་འཇམ་པ་འདོད། །རང་འཆང་བཟང་ལ་གཞན་གཏོང་ངན་པར་འདོད། །ཞག་གཅིག་གནས་ལའང་རང་སྐྱིད་ས་ཕྱོགས་འདོད། །ཆོས་དང་བླ་མས་ཉེ་འབྲེལ་གཅེས་པར་འདོད། །དེ་འདྲའི་མི་ལ་ཐར་པའི་མྱུ་གུ་སྐམ། །མ་ནོར་ལམ་དུ་འཇུག་པའི་ཆོས་དྲུག་ནི། །དགོན་པའི་ས་བཟུང་ང་དང་བདག་མ་འཛིན། །འཚོ་བའི་རྐྱེན་བཟུང་ང་དང་བདག་མ་འཛིན། །མཁས་བཙུན་ཚུལ་
བཟུང་མཐོན་པོའི་ཆ་མ་འཛིན། །མ་དད་སྤྱོད་སྤངས་གཞན་གྱི་ངོ་མ་བསྲུང་། །སྙིང་རྗེས་ཕན་ཐོགས་ཁྱིམ་ཐབ་ནོར་མ་བསྲེལ། །ཕྱོགས་མེད་སྦྱིན་ཐོང་ཡུས་དང་ལན་མ་རེ། །ཉམས་ལེན་རང་རྐྱ་ཐུབ་པའི་ཆོས་དྲུག་ནི། །ངོ་ལྐོག་མེད་པའི་ཚུལ་ཁྲིམས་རྐྱེན་ངན་ཐུབ། །གདམས་ངག་ཁོང་ཁྲོལ་གང་ཡང་ཉམས་ལེན་ཤེས། །བར་ཆད་བགེགས་སེལ་ནད་གདོན་འདོན་ལ་མཁས། །ཐོས་བསམ་མཐའ་ཆོད་གཞན་ལ་དྲི་རྒྱུ་མེད། །གོལ་སྒྲིབ་མཐའ་ཆོད་ཐེག་པ་མཐོ་དམན་ཤེས། །བདུད་ཀྱིས་མི་ཚུགས་གོ་ཆ་ལྡན་པའོ། །ངོ་ཚ་རྣམ་དྲུག་སྤང་བར་གདམས་པ་ནི། །ནོར་རྫས་ཡོ་བྱད་སོག་ན་ངོ་ཚའི་གནས། །གོས་བཟང་ཕྱི་འཆོར་ཆེ་ན་ངོ་ཚའི་གནས། །རྒྱན་དང་སྒེག་ཆོས་བྱེད་པ་ངོ་ཚའི་གནས། །ཟང་ཟིང་གཡེང་བ་བསྒྲུབས་ན་ངོ་ཚའི་གནས། །ཆོས་མིན་བྱ་བ་མང་པོ་ངོ་ཚའི་གནས། །ཆེ་ཁྱད་ང་རྒྱལ་དྲེགས་པ་ངོ་ཚའི་གནས། །སྙིང་ནས་ཆོས་མཛད་རྣམས་ཀྱིས་སྤང་བར་འཚལ། །གོང་མའི་རྣམ་ཐར་བསྟེན་པའི་ཆོས་དྲུག་ནི། །ཡེང་མེད་མི་རྟག་འཆི་བས་བསྐུལ་མ་བཏབ། །འཁོར་བ་སྡུག་བསྔལ་ཤེས་པས་རྒྱབ་ཏུ་བོར། །རྒྱལ་སྲིད་ལོངས་སྤྱོད་མཆིལ་མ་བཞིན་དུ་བོར། །དད་བརྩོན་རྣམ་དག་བསྟན་པའི་ཆོས་སྒོར་ཞུགས། །དགེ་བའི་བཤེས་བཙལ་ཐོས་བསམ་སྤྲོས་པ་བཅད། །དཀའ་ཐུབ་ཆེར་སྤྱད་ལུས་སྲོག་འབེན་དུ་བཙུགས། །དེ་ལྟར་མཛད་པས་གྲུབ་པ་བརྙེས་པ་དང་། །དེ་ལ་ཚད་བཙུགས་སྒྲུབ་ལ་འབད་པར་བྱ། །དེ་ལས་གཞན་དོན་ཆོས་དྲུག་འབྱུང་བ་ནི། །ཐུགས་རྗེ་འབྱོངས་པས་ཉེ་རིང་མེད་པར་བརྩེ། །རྟོགས་པ་ཚད་ཕྱིན་བདག་འཛིན་འཁྲུལ་བ་ཞིག །རྒྱུད་ཚོད་ཤེས་པས་རྟེན་འབྲེལ་ཐབས་ལ་མཁས། །ཆོས་ཉིད་གྲོལ་བས་ཅི་སྣང་གྲོགས་སུ་འཆར། །བྱིན་རླབས་ཞུགས་པས་གཞན་སྣང་བསྒྱུར་ནུས་ཤིང་། །གདུལ་བྱ་དུས་བབ་དད་ལྡན་འགྲོ་བ་འདུ། །ཕྱི་ནང་རྟེན་འབྲེལ་གཅིག་ཏུ་འགྲིགས་པ་ཡིན། །དགེ་སྦྱོར་རྒྱུད་ལ་མ་ཁེལ་སྐྱོན་དྲུག་ནི། །ཉམས་ལེན་མེད་ན་ཤེས་ཀྱང་འཁོར་བར་འཁྱམ། །འབེན་དྲུང་བཞག་ནས་གཞན་དུ་རྒྱང་མདའ་འཕེན། །ཇག་པ་ཤར་རི་ནུབ་རིར་རམ་མདར་རྒྱུག །
རྐུན་མ་ནགས་བྲོས་རྐང་རྗེས་བྱེ་རིར་བཅད། །ཆུས་ཁྱེར་རམ་མདའ་སྐམ་ལ་རྒྱུག་པ་སྟེ། །གྱེར་བའི་སྨྲང་ཡོད་མདོས་གཏོང་ས་མི་ཤེས། །དེ་འདྲའི་གང་ཟག་བདེ་ཆེན་ས་དང་རིང་། །དཀའ་བའི་སྐྱོན་དྲུག་འབྱུང་བར་བསྟན་པ་ནི། །འཁོར་བར་འདུན་ལ་ཡང་དག་དད་པ་དཀའ། །ཁྲེལ་འཛེམ་མེད་པའི་བསླབ་གསུམ་བསྲུང་བ་དཀའ། །མཚན་ལྡན་མ་མཇལ་ཐར་ལམ་ཚུད་པ་དཀའ། །ཐབས་ལམ་མ་ཆུན་ཡེ་ཤེས་འཆར་བ་དཀའ། །མཐར་འཛིན་མ་གྲོལ་ལྟ་བ་རྟོགས་པར་དཀའ། །མངོན་ཤེས་མེད་པའི་གཞན་དོན་འབྱུང་བ་དཀའ། །དཀའ་བ་ལགས་པས་ཀུན་གྱིས་འགྲུབ་པ་དཀོན། །ཉམས་ལེན་ཡེང་ཐུབ་གོམས་པ་རྣམ་དྲུག་ནི། །དལ་འབྱོར་དྲན་པས་དོན་མེད་བྱ་བ་སྤང་། །མི་རྟོག་ཡེང་མེད་ལེ་ལོའི་དགྲ་དང་བྲལ། །དངོས་གྲུབ་རྙེད་པས་བརྩོན་པ་རྒྱུན་མི་འཆད། །ཉམས་རྟོགས་འཕེལ་བས་སྒོམ་སྒྲུབ་བྲོད་པ་སྐྱེ། །རིག་པ་དབང་ཐོབ་ཡེང་རྐྱེན་ཆོས་ཉིད་འཆར། །མདོ་རྒྱུད་ཆོས་དང་རང་རྒྱུད་འདྲེས་པའོ། །མཐར་ཕྱིན་བར་དུ་བསྟེན་པའི་ཆོས་དྲུག་ནི། །ཉེ་འབྲེལ་བོར་ལ་ཆོས་ལྡན་གྲོགས་བཟང་བསྟེན། །སྡིག་གྲོགས་བོར་ལ་མཁས་བཙུན་བླ་མ་བསྟེན། །འདུན་གྲོས་བོར་ལ་གཏན་གྱི་སྐྱིད་འདུན་ཆོས། །ཐོས་བསམ་བསྟེན་ལ་རྒྱུད་ལ་ཅི་འདྲིས་གྱིས། །གྲོང་ཡུལ་སྤངས་ལ་རི་ངོགས་དབེན་པ་བསྟེན། །གདམས་པ་ཚོལ་ལ་བརྩོན་པས་སྒྲུབ་པ་གྱིས། །དེ་ལྟར་བྱས་ན་དངོས་གྲུབ་མྱུར་དུ་ཐོབ། །ཕན་གནོད་འདྲེས་མར་སོང་བ་རྣམ་དྲུག་ནི། །ཡོན་ཏན་མི་སྐྱེ་བླ་མ་བསྟེན་པ་དང་། །སྲོལ་དུ་མི་ཚུད་སློབ་མ་བསྟེན་པ་དང་། །ཆོས་བརྒྱད་མ་བྲལ་སྒྲུབ་པ་བྱེད་པ་དང་། །ལོག་འཚོས་རྙེད་འཚོལ་གཞན་དོན་བྱེད་པ་དང་། །བསྲུང་སེམས་མེད་པའི་སྡོམ་ཁྲིམས་ནོད་པ་དང་། །དགེ་སྡིག་འཆོལ་བའི་གསང་སྔགས་སྤྱོད་པ་རྣམས། །ཕན་གནོད་འདྲེས་པས་ཆོས་ཀྱི་གཟུགས་བརྙན་ཡིན། །ལོག་གནོན་གཟེར་བུ་ལྟ་བུའི་ཆོས་དྲུག་ནི། །གནོད་བྱེད་དགྲ་སྡང་བཏུལ་ཞིང་སླར་མང་བས། །ལོག་གནོན་བདག་འཛིན་གདུག་པ་འདུལ་བ་གནད། །འདོད་ཡོན་སྤྱད་ཅིང་ཞེན་པ་སླར་འཕེལ་བས། །ལོག་གནོན་བཙན་ཐབས་ཞེན་པ་གཅོད་
པ་གནད། །དལ་ཚོགས་ལོང་གཏམ་སྨྲས་ཤིང་སླར་མང་བས། །ལོག་གནོན་མི་སྨྲ་གཅིག་པུར་འདུག་པ་གནད། །གཞན་སེམས་གཟུང་འཛིན་བྱར་དགོས་སླར་མང་བས། །ལོག་གནོན་གར་བབས་ངང་ལ་སྐྱུར་བ་གནད། །རང་སེམས་སྒྲིམས་ཤིང་འཇུར་བུ་སླར་མང་བས། །ལོག་གནོན་རང་བབས་ངང་དེར་གློད་པ་གནད། །བྱ་བྱེད་སྤྲོས་པ་བྱས་ཤིིང་སླར་མང་བས། །ལོག་གནོན་ཅོག་གཞག་རང་བབས་གཏོང་བ་གནད། །འདི་རྣམས་ལྡན་ན་རེ་དོགས་གཉིས་འཛིན་འཇིག །རང་རྒྱུད་ཆོས་ལ་འབྱོར་བའི་རྟགས་དྲུག་ནི། །འདོད་ཡོན་བདུད་ཤེས་འཁོར་བར་ཞེན་ལོག་རྟགས། །ཅི་བྱས་ལམ་འགྱུར་བྱིན་རླབས་ཞུགས་པའི་རྟགས། །རིག་པ་དབང་བསྒྱུར་དངོས་གྲུབ་མཆོག་ཐོབ་རྟགས། །གཞན་གྱིས་མི་འགྱུར་ལྟ་དགོངས་སྐྱེས་པའི་རྟགས། །བླ་མ་མཇལ་སྤྲོ་མོས་གུས་ཞུགས་པའི་རྟགས། །ཚེ་འདི་བློས་ཐོངས་ཆོས་ཀྱིས་ཕན་ཐོགས་རྟགས། །རྟགས་ཆེན་དྲུག་ལྡན་སྐྱེས་བུ་དམ་པ་ཡིན། །མི་འཇིགས་རྣམ་དྲུག་དགོས་པར་བསྟན་པ་ནི། །ཟབ་དོན་ཉམས་བླངས་ངན་རྟོག་དགྲས་མི་འཇིགས། །སེམས་ཉིད་དོན་བལྟས་ཆོས་བརྒྱད་དགྲས་མི་འཇིགས། །ཆོས་སྐུ་རྩལ་འབྱོངས་གཟུང་འཛིན་དགྲས་མི་འཇིགས། །གཞི་མེད་ལམ་བླངས་སྒྲིབ་གཉིས་དགྲས་མི་འཇིགས། །བདེ་ཆེན་ཉམས་བླངས་སྡུག་བསྔལ་དགྲས་མི་འཇིགས། །ཕྱོགས་བྲལ་ཉམས་བླངས་རེ་དོགས་དགྲས་མི་འཇིགས། །དེ་དག་གང་ལྡན་བྱས་པ་དོན་ཆེན་འགྲུབ། །ཆོས་ལ་ཞུགས་པའི་སྤང་བླང་ཆོས་དྲུག་ནི། །ཤེས་བཞིན་མ་བསྟེན་སྤྱོད་ལམ་ཆོས་མི་འབྱོར། །མཐུན་འཇུག་མ་སྤངས་དགེ་སྦྱོར་སྲང་མི་ཚུད། །གནད་ཀྱིས་མ་གཅུན་ཉམས་མྱོང་དྲོད་མི་སྐྱེ། །དུས་ལ་མ་བབས་གཞན་དོན་ཕན་མི་ཐོགས། །ནུས་མཐུ་མ་གྲུབ་བར་ཆད་རྐྱེན་མི་སོལ། །ཟུང་འཇུག་མ་བསླངས་ཚེ་གཅིག་སངས་རྒྱས་མེད། །དེ་བས་དགེ་སྦྱོར་གནད་དུ་འགྲོ་བ་གཅེས། །ངན་པའི་འདུ་ཤེས་རྣམ་དྲུག་སྤང་བ་ནི། །བླ་མ་མིར་མཐོང་བྱིན་རླབས་སྟོར་བས་ངན། །གྲོགས་ལ་དགྲར་ཤེས་དམ་ཚིག་རལ་བས་ངན། །རང་ཉིད་ཆེ་ཕྱིར་ཆོས་ལམ་རིང་བས་
ངན། །གདམས་ངག་ཟོང་ཚོང་ལོག་འཚོ་འདྲེས་པས་ངན། །ཡི་དམ་རྐྱེན་བཟློག་ལམ་སྣ་སྟོར་བས་ངན། །ཆོས་སྤྱོད་ནོར་འཚོལ་ཐར་ལམ་སྟོར་བས་ངན། །ངན་པ་དྲུག་བྲལ་སྒྲུབ་པ་ཤིན་ཏུ་གཅེས། །ཐར་ལམ་རང་བཞིན་མ་དྲན་ཆོས་དྲུག་ནི། །ཡུལ་ལ་ཡེངས་པས་མོས་གུས་མ་དྲན་དང་། །མུ་ལྟོ་ཟས་འཚོལ་དཀོན་མཆོག་མ་དྲན་དང་། །གཤིས་ངན་སྦུབས་ཐུང་དམ་ཚིག་མ་དྲན་དང་། །མིག་འགྲིབས་སྙིང་མེད་སྡུག་བསྔལ་མ་དྲན་དང་། །རྫས་སྲེད་རྙེད་འཚོལ་དགེ་བ་མ་དྲན་དང་། །ཞེ་སྡང་དུག་སེམས་སེམས་བསྐྱེད་མ་དྲན་དང་། །དོན་མེད་འཕྱལ་བས་ངན་སོང་མ་དྲན་དང་། །འདི་དྲུག་ལྡན་པས་ཡུན་རིང་འཁྱམས་པ་ཡིན། །གདམས་ངག་རྣམ་དྲུག་བསྐུལ་མ་གདབ་པ་ནི། །དམ་པ་རྣམས་ཀྱི་རྣལ་འབྱོར་ཕ་ནོར་ཡིན། །སྒྲུབ་པ་སྙོམ་ལས་ཕྱི་བཤོལ་མི་བཞག་འཚལ། །རྣམ་རྟོག་འཆར་སྒོམ་ཤེས་རབ་བུད་ཤིང་ཡིན། །དམིགས་གཏད་སེམས་འཛིན་མཆོག་ཏུ་མི་འཛིན་འཚལ། །སྡུག་བསྔལ་རྐྱེན་ངན་དགེ་བའི་བསྐུལ་མ་ཡིན། །མྱ་ངན་སྨྲེ་སྔགས་སྤོང་བློ་མི་བགྱིད་འཚལ། །དུག་ལྔར་སྣང་བ་ཡེ་ཤེས་གསང་ལམ་ཡིན། །དགྲ་སྡང་ཚོགས་ལྟས་ལོག་པར་མི་གཟུང་འཚལ། །བར་ཆད་སྣ་ཚོགས་དངོས་གྲུབ་སྔ་ལྟས་ཡིན། །འཁུ་འཕྲིག་ངན་རྟོག་ཞེ་སྡང་མི་བགྱིད་འཚལ། །འཁོར་བར་སྣང་བ་རྒྱལ་བའི་ཞིང་ཁམས་ཡིན། །འཁྲུལ་སྣང་གཉིས་འཛིན་བདེན་ཞེན་མི་འཆའ་འཚལ། །བསླད་པ་དྲུག་གིས་ཆོས་ཉིད་གོལ་བ་ནི། །གནས་ལུགས་རྒྱ་ཡན་ཕྱོགས་མེད་ཡིན་པ་ལ། །ཞེ་འདོད་བློ་ཡི་རྟོག་པ་བྱུང་བས་བསླད། །ཆོས་ཉིད་སྨྲ་བསམ་བརྗོད་ལས་འདས་པ་ལ། །ཡོད་མེད་མཐར་འཛིན་སྒྲོ་སྐུར་བཏབ་པས་བསླད། །སེམས་ཉིད་གཉིས་མེད་སྐྱེ་འགག་མེད་པ་ལ། །སྐྱེ་ཤིར་འཛིན་པའི་འདུ་ཤེས་བསྐྱེད་པས་བསླད། །ཡུལ་སྣང་སེམས་ཉིད་སྟོང་པའི་མེ་ལོང་ལ། །ཆགས་སྡང་གཉིས་འཛིན་བདེན་ཞེན་ཞུགས་པས་བསླད། །དོན་དམ་སྤྲོས་པའི་མཚན་མས་དབེན་པ་ལ། །བདེན་འཛིན་དོན་གྱི་ཐེ་ཚོམ་བྱས་པས་བསླད། །གནས་ལུགས་ཀུན་གཞི་ཕྱོགས་མེད་རྟེན་འབྲེལ་ལ། །གཟུང་འཛིན་
འཁྲུལ་པའི་བག་ཆགས་འགོས་པས་བསླད། །ལོག་པའི་འཚོ་བ་རྣམ་དྲུག་སྤང་བ་ནི། །ཚུལ་འཆོས་བསླུ་བྲིད་རྙེད་པ་ལོག་འཚོ་ཡིན། ཁ་གསག་མགོ་སྐོར་རྙེད་པ་ལོག་འཚོ་ཡིན། །ཞེན་འདོད་གཞོགས་སློང་བྱེད་པ་ལོག་འཚོ་ཡིན། །ཆོས་དཔག་ངན་ཁྲམ་བྱེད་པ་ལོག་འཚོ་ཡིན། །ཐོས་བསམ་རྙེད་པ་འཚོལ་བ་ལོག་འཚོ་ཡིན། །ནོར་རྫས་ཐ་མལ་སྤྱོད་པ་ལོག་འཚོ་ཡིན། །ཚུལ་བཞིན་བསྒྲུབ་པས་དེ་དག་སྤངས་ན་ལེགས། །ཆོས་སྤྱིའི་གདམས་ངག་རྣམ་དྲུག་བསྟན་པ་ནི། །མས་འཛེག་ཀུན་སྤྱོད་གཙང་བ་གདམས་ངག་ཡིན། །སེམས་བསྐྱེད་ཚད་མེད་བཞིས་སྦྱངས་གདམས་ངག་ཡིན། །གང་ཡང་ཟུང་འཇུག་ཉམས་ལེན་གདམས་ངག་ཡིན། །ས་ལམ་ཟབ་མོའི་གནད་བཙལ་གདམས་ངག་ཡིན། །ལྟ་བ་སེམས་ཉིད་མཐའ་གྲོལ་གདམས་ངག་ཡིན། །ཕྱོགས་མེད་ཐོས་བསམ་བྱེད་པ་གདམས་ངག་ཡིན། །རེ་ཐག་ཆོད་པའི་གདམས་ངག་རྣམ་དྲུག་ནི། །ཁྲེལ་མེད་མི་ལ་སྲུང་སྡོམ་རེ་ཐག་ཆོད། །སྙིང་རུས་མེད་ལ་སྒྲུབ་པ་རེ་ཐག་ཆོད། །དད་གུས་མེད་ལ་བྱིན་རླབས་རེ་ཐག་ཆོད། །ཤེས་རབ་མེད་ལ་རྟོགས་པ་རེ་ཐག་ཆོད། །སྙོམ་ལས་ཅན་ལ་གྲུབ་རྟགས་རེ་ཐག་ཆོད། །བསམ་ངན་མི་ལ་ཕན་སེམས་རེ་ཐག་ཆོད། །བསླབ་པའི་གོ་རིམ་རྣམ་དྲུག་བསྟན་པ་ནི། །འཇུག་སྒོ་དང་པོ་འབྲི་ཀློག་སྒྲ་ཚད་བསླབ། །གཉིས་པར་ཁྲིམས་བསྲུང་སྡེ་སྣོད་ཐོས་བསམ་བྱ། །གསུམ་པར་ལམ་འཇུག་བླ་མ་དམ་པ་བསྟེན། །བཞི་པར་མཉེས་བྱ་སྙན་བརྒྱུད་དམ་པ་ཉོན། །ལྔ་པར་བསྒྲུབ་བྱ་མཐར་ཕྱིན་བརྩོན་འགྲུས་བརྩམ། །དྲུག་པར་གཞན་དོན་སྐྱོ་ངལ་མེད་པར་བྱ། །དེ་རྣམས་རྗེས་འཇུག་སྐྱེས་བུ་དམ་པའི་སྲོལ། །སྐལ་བཟང་སློབ་མ་སྐྱོང་བའི་ཆོས་དྲུག་ནི། །དད་ཅན་གང་མོས་རྗེས་སུ་འཛིན་ཤེས་དང་། །བརྩོན་འགྲུས་བྱ་བྱེད་མི་གཞུག་ལམ་དགོད་ཤེས། །ཐོས་བསམ་ཚིག་འབྱམས་མི་གཞུག་སྒྲུབ་ལ་འཛུད། །རྙེད་འཚོལ་ཡོན་ཏན་མི་སློབ་དགེ་སྦྱོར་འཛུད། །གསོག་བྲུན་ནོར་སོག་མི་སློབ་ཆོག་ཤེས་བསླབ། །ཚེ་འདིའི་གྲོས་འདུན་
མི་སྦྱོར་ཆོས་མགོ་འདོན། །དེ་དག་ཐབས་མཁས་བཤེས་གཉེན་བཟང་པོའི་ལུགས། །དྲན་པའི་བྱ་ར་བཏང་བའི་ཆོས་དྲུག་ནི། །ཚེ་འདིར་ཤོར་རམ་དྲན་པའི་བྱ་ར་བཏང་། །ལེ་ལོས་གཡེངས་སམ་དྲན་པའི་བྱ་ར་བཏང་། །གོལ་སྒྲིབ་བྱུང་ངམ་དྲན་པའི་བྱ་ར་བཏང་། །འཁྲུལ་རྟོག་ཤོར་རམ་དྲན་པའི་བྱ་ར་བཏང་། །འཆལ་གཏམ་ཤོར་རམ་དྲན་པའི་བྱ་ར་བཏང་། །ཐ་མལ་ལུས་སམ་དྲན་པའི་བྱ་ར་བཏང་། །ཆོས་མཛད་རྣམས་ཀྱི་བྱ་བ་རྣམ་དྲུག་ནི། །ཚེ་ལ་ལོང་མེད་མྱུར་དུ་འགྲོ་རྩིས་བྱ། །ལས་འབྲས་ཆེ་ཕྲ་དགེ་སྡིག་བླང་དོར་བྱ། །གཞན་དོན་འགྲུབ་དཀའ་རང་དོན་མ་ཤོར་བྱ། །ཤེས་བྱ་ཐུག་མེད་ཚིག་འབྱམས་མ་ཤོར་བྱ། །མི་ཤེས་བླུན་སྒོམ་རྨོངས་པར་མ་ཤོར་བྱ། །མཁས་བཙུན་བཟང་འདོད་ང་རྒྱལ་མ་སོང་བྱ། །སྒྲུབ་འདོད་ལེགས་པར་བསམ་པའི་ཆོས་དྲུག་ནི། །ཚེ་འདི་མ་བྲལ་ཕ་ཡུལ་བློས་མི་ཐོངས། །འདོད་ཞེན་མ་ལོག་དབེན་པར་སྡོད་མི་ཚུགས། །གྲུབ་མཐའ་མ་གྲོལ་རང་རྒྱུད་ཆོས་ཀྱིས་འཆིང་། །བསམ་གཏན་མ་སྐྱེས་སྟན་ལ་འདུག་མི་ཚུགས། །གཉེན་པོ་བྲལ་བས་རྣམ་གཡེང་རྐྱེན་མི་ཐུབ། །བརྟུལ་ཞུགས་མཆོག་འཛིན་གཉེན་པོ་དུག་ཏུ་འགྲོ། །དེ་བས་འདི་དག་ལེགས་པར་བསམ་པ་གཅེས། །ཕྱི་ནང་རྟགས་དྲུག་ལེགས་པར་བསྟན་པ་ནི། །དཔྱོད་ལྡན་མི་དཔེས་གང་བརྩམས་མཐར་ཕྱིན་དང་། །རྟོགས་ལྡན་མི་དཔེས་གཏམ་ལ་བསྐྱར་ཐུབ་དང་། །གོ་རིག་ལྡན་པས་གང་ཡང་ཤེས་པ་དང་། །ངེས་ཤེས་སྐྱེས་ཏེ་དཀའ་སྤྱད་ནུས་པ་དང་། །ཆོས་དང་འདྲེས་ཏེ་རང་རྒྱུད་དུལ་བ་དང་། །ཤེས་རབ་ཅན་དེ་ཐོས་པས་མི་ངོམས་དང་། །ནང་གི་རྟགས་ཀྱིས་ཕྱི་རོལ་ཤར་བ་ཡིན། །གཟུང་འཛིན་མདུད་པ་དགྲོལ་བའི་ཆོས་དྲུག་ནི། །ཆགས་སྡང་སྐྱེས་དུས་སེམས་ལ་བལྟས་ཏེ་དགྲོལ། །དུག་ལྔ་སྐྱེས་དུས་རང་ངོ་བལྟས་ཏེ་དགྲོལ། །ཟུག་རྔུ་བྱུང་དུས་བདེ་ཆེན་བསྒོམས་ཏེ་དགྲོལ། །རྣམ་རྟོག་འཐོར་དུས་རང་བཞིན་བཅད་དེ་དགྲོལ། །ངལ་དུབ་སྐྱེས་དུས་ལྷོད་དེ་གློད་དེ་དགྲོལ། །འཐིབས་ཤིང་ལྟེང་ཚེ་གསལ་དག་ངར་བཅས་དགྲོལ། །བསྒྲུབ་པའི་ཆོས་ལ་
བཅས་པ་རྣམ་དྲུག་ནི། །གདམས་ངག་ཟབ་མོ་ངོ་སྤྲོད་བཅས་པ་དགོས། །ངོ་སྤྲོད་གོང་མའི་ཕྱག་བཞེས་བཅས་པ་དགོས། །ཕྱག་བཞེས་དེ་ཡང་ཉམས་མྱོང་བཅས་པ་དགོས། །ཉམས་མྱོང་དྲོད་ཚད་རྟགས་དང་བཅས་པ་དགོས། །དྲོད་རྟགས་ཐོབ་བྱའི་འབྲས་བུར་བཅས་པ་དགོས། །འབྲས་བུ་གཞན་དོན་མཛད་པར་བཅས་པ་དགོས། །ཡ་བྲལ་ལམ་དེ་གོལ་བའི་གནས་སུ་འཁྱོག །གཅེས་པའི་གདམས་ངག་རྣམ་དྲུག་བསྟན་པ་ནི། །དགེ་སྦྱོར་གང་བྱེད་ཐུན་ལས་མི་འདའ་གཅེས། །བཀའ་ལུང་ཆོས་དང་རང་རྒྱུད་འདྲེས་པ་གཅེས། །བསམ་གཏན་རྐྱེན་ཐུབ་རང་རྒྱུད་མི་འཁྲུགས་གཅེས། །ལྟ་བ་མཐའ་གྲོལ་ཕྱོགས་འཛིན་མེད་པ་གཅེས། །ཆོས་ཉིད་ངང་དང་འདུ་འབྲལ་མེད་པ་གཅེས། །ཅིར་སྣང་ཐབས་ལ་ཡེ་ཤེས་སྐྱེ་བ་གཅེས། །ཡང་དག་ཆོས་ལ་གྱིས་པ་རྣམ་དྲུག་ནི། །འཁོར་བའི་ཉེས་ལྟོས་ཞེན་པ་ལོག་པ་གྱིས། །བདེན་མེད་རྩལ་སྦྱངས་སྒྱུ་མར་ཤེས་པ་གྱིས། །བྱང་ཆུབ་སེམས་བསྐྱེད་གཞན་དོན་ལྟོས་མེད་གྱིས། །དགོངས་པ་བློ་འདས་འཁོར་འདས་ཕྱེད་པ་གྱིས། །རྣམ་རྟོག་གང་ཤར་རང་གྲོལ་ཡེ་ཤེས་གྱིས། །བྱིན་རླབས་རང་འབར་གཞན་སྣང་བསྒྱུར་བ་གྱིས། །བསྒོམ་པའི་གོལ་ས་བཅད་པའི་ཆོས་དྲུག་ནི། །འཕྲོ་རྒོད་མ་སོང་སྤྲོས་མེད་དོན་ལ་གནས། །ལྟེངས་པོར་མ་སོང་རིག་པའི་གསལ་ངར་གདགས། །ཕྱལ་བར་མ་སོང་དྲན་པའི་རྩི་ཡིས་གཟུང་། །ཧད་པོར་མ་སོང་བདེ་གསལ་ཉམས་དང་ལྡན། །རེ་དོགས་མ་སོང་ལྷུན་གྲུབ་འོད་གསལ་ངང་། །སྒོར་ཚེ་མ་སོང་རྒྱ་བསྐྱེད་དཔངས་གཏོད་སྒོམ། །དེ་ལྟར་བྱས་ན་མ་ནོར་ལམ་གྱི་མཆོག །ལམ་ཞུགས་རྣམས་ཀྱི་མ་སོང་རྣམ་དྲུག་ནི། །འགྱུར་མེད་དད་པ་གཟུང་འཛིན་མ་སོང་དང་། །འཁོར་བའི་སྐྱོ་ཤས་སྡུག་བསྔལ་མ་སོང་དང་། །ཐོས་བསམ་མཁྱེན་རྒྱ་ཐ་སྙད་མ་སོང་དང་། །སྙིང་རུས་སྒྲུབ་པ་སྐྱིད་འདོད་མ་སོང་དང་། །གཞན་དོན་སེམས་བསྐྱེད་མཚན་མར་མ་སོང་དང་། །མཐོན་པོའི་ལྟ་བ་རློམ་སེམས་མ་སོང་དང་། །ཤིན་ཏུ་གཅེས་ཏེ་རབ་ཏུ་ཉུང་བར་གདའ། །ཡང་ཟབ་གནད་དུ་འགྲོ་བའི་ཆོས་དྲུག་ནི། །ང་སོད་རྟག་ཏུ་རང་ཕམ་འབའ་ཞིག་ལོང་། །ཁོ་ཕྱུང་ཁོང་པར་བདེན་པའི་
ཡུས་མ་བཞག །གོ་ཆོད་དོན་མེད་གཡེང་བའི་སྨྲ་བ་བོར། །ཀུན་མཐོང་སྤྲོས་བྲལ་སེམས་ཉིད་ངང་ལ་ལྟོས། །འབྲེལ་ཆོད་ཡུལ་དྲུག་གཟུང་འཛིན་རྗེས་མ་སྙེགས། །སྟུག་སྤོངས་ཆོས་ཉིད་དོན་གྱིས་གཏན་ཡུལ་ཟུངས་། །དེ་ལྟར་བྱས་ན་རང་དོན་མྱུར་དུ་འགྲུབ། །ཡིན་པ་དྲུག་གིས་ལེགས་པར་བསྟན་པ་ནི། །གྲོས་ཕུག་བླ་མ་ལ་གཏོད་འཁྲུལ་བ་མི་འབྱུང་ཡིན། །དགེ་སྦྱོར་ཕྱི་དུས་མ་བཞག་ཤི་ཡང་མི་འགྱོད་ཡིན། །དགྲ་གཉེན་ཕྱོགས་རིས་མ་འཛིན་ཀུན་སྣང་མཐུན་པ་ཡིན། །བཟང་བྱས་དྲིན་ལན་ལོན་དང་གར་ཡང་དྲིན་པ་ཡིན། །ཕྲག་དོག་གནོད་འཛུགས་སྤོངས་དང་རང་རྒྱུད་དུལ་བ་ཡིན། །དམ་པའི་རྣམ་ཐར་སྐྱོངས་དང་ཅི་བསམ་འགྲུབ་པ་ཡིན། །ཡང་ཟབ་ཤེས་རྒྱུད་གྲོལ་བའི་ཆོས་དྲུག་ནི། །ལྟ་བ་སེམས་ཉིད་ཡིན་གྱིས་རང་ངོ་ཤེས་པར་གྱིས། །སྒོམ་པ་འོད་གསལ་ཡིན་གྱིས་ངང་དངས་ཕྱིན་པར་གྱིས། །སྤྱོད་པ་སྒྱུ་མ་ཡིན་གྱིས་ཅིར་སྣང་ལམ་དུ་སློང་། །ཉམས་མྱོང་ཆོས་ཉིད་འཆར་གྱིས་ཞེན་འཛིན་རྩད་ནས་ཆོད། །འབྲས་བུ་རང་ཆས་ཡིན་གྱིས་རེ་དོགས་འཛིན་པ་ཤོལ། །འཕྲིན་ལས་གཞན་དོན་ཡིན་གྱིས་ཐུགས་རྗེས་འགྲོ་བ་དྲོངས། །ཆོས་མཛད་རྣམས་ཀྱི་རང་བཞིན་རྣམ་དྲུག་ནི། །གཞན་དོན་སེམས་བསྐྱེད་ཡོད་ན་འགྲོ་བ་བྱམས། །སྡང་བ་འབྱུང་སྲིད་བཟོད་པའི་གྲོགས་ཤེས་དགོས། །བྱམས་པའི་གཏོང་ཕོད་ཡོད་ན་འཁོར་ཚོགས་འདུ། །མ་འདུས་དགེ་སྦྱོར་འཕེལ་བའི་གྲོགས་ཤེས་དགོས། །རྟོགས་པ་ཡོད་ན་དམ་ཅན་སྤྲིན་བཞིན་འདུ། །མ་འདུས་དམ་ཚིག་ཉམས་པའི་རྟགས་ཤེས་དགོས། །ཞེན་པ་སྙིང་ནས་ལོག་ན་ནོར་རྫས་འདུ། །མ་འདུས་སྲིད་ན་སྔོན་གྱི་ལས་ཤེས་དགོས། །དངོས་གྲུབ་ཐོབ་ཁར་བར་ཆད་སྣ་ཚོགས་འབྱུང་། །མ་བྱུང་གོང་མའི་བྱིན་རླབས་ཡིན་ཤེས་དགོས། །སྒྲུབ་པ་བརྩོན་འགྲུས་ཅན་ལ་བདུད་རྣམས་འཇུག །མ་ཞུགས་དགེ་སྦྱོར་གནད་དུ་ཚུད་ཤེས་དགོས། །དེ་ལྟར་མ་ཤེས་ལོག་པར་ལྟས་ཉེན་ཆེ། །མཐར་ཐུག་དོན་གྱི་གདམས་པ་རྣམ་དྲུག་ནི། །ལྟ་བ་རྟོགས་པར་འདོད་ན་རྟོགས་མཁན་ཚོལ། །དེ་ཉིད་མ་རྙེད་མཐའ་བཞིའི་རྒྱ་ལས་གྲོལ། །ཏིང་འཛིན་
བསྒོམ་པར་འདོད་ན་བསྒོམ་མཁན་ཚོལ། །དེ་ཉིད་མ་རྙེད་འགྱུ་བ་དངོས་མེད་བསམ། །སྤྱོད་པ་སྤྱད་པར་འདོད་ན་སྤྱོད་མཁན་ཚོལ། །དེ་ཉིད་མ་རྙེད་དབྱེར་མེད་རང་སར་གྲོལ། །འབྲས་བུ་བསྒྲུབ་པར་འདོད་ན་བསྒྲུབ་མཁན་ཚོལ། །དེ་ཉིད་མ་རྙེད་སྐུ་གསུམ་རང་ལ་རྫོགས། །འཕྲིན་ལས་བསྒྲུབ་པར་འདོད་ན་བསྒྲུབ་མཁན་ཚོལ། །དེ་ཉིད་མ་རྙེད་མ་བཙལ་ལྷུན་གྱིས་གྲུབ། །ས་ལམ་བགྲོད་པར་འདོད་ན་བགྲོད་མཁན་ཚོལ། །དེ་ཉིད་མ་རྙེད་གནས་ལུགས་རང་སར་སྐྱོལ། །དེ་ཉིད་མཐར་ཐུག་སྙིང་པོའི་གདམས་པ་སྟེ། །ཐམས་ཅད་རིག་པའི་ཆོ་འཕྲུལ་ཤེས་པར་མཛོད། །རང་སེམས་མཆོག་ཏུ་འདུལ་བའི་ཆོས་དྲུག་ནི། །རང་གི་ང་རྒྱལ་རློམ་སེམས་རི་བོ་བསྒྱེལ། །གཞན་ལ་ཕྲག་དོག་ཡི་དམ་ལྷ་རུ་ཁུར། །གཞན་དོན་ཆགས་ཞེན་ཤེས་རབ་མཚོན་གྱིས་ཆོད། །རྒྱུ་འབྲས་ཁྱད་གསོད་དགེ་སྡིག་ཤན་ཐང་ཕྱེད། །སྐུར་འདེབས་སྒྲོ་སྐུར་བག་ཡོད་ཞི་དུལ་བསྟེན། །གཞན་སྐྱོན་སེམས་འཁྲུག་སྣང་བ་མ་དག་སོམས། །དེ་ལྟར་བྱས་ན་རང་རྒྱུད་ཆོས་དང་འདྲེས། །ངོ་སྤྲོད་དྲུག་གིས་ཤན་ཐང་དབྱེ་བ་ནི། །རིག་པ་གསལ་དག་གྲུབ་མཐའ་ཀུན་ལས་གྲོལ། །ལྟ་བའི་ངོ་སྤྲོད་ཡིན་ནོ་ཕུ་ཐག་ཆོད། །རང་དངས་བདེ་ཆེན་དམིགས་གཏད་གཉིས་འཛིན་གྲོལ། །སྒོམ་པའི་ངོ་སྤྲོད་ཡིན་ནོ་ངང་ལ་སྐྱོངས། །ཐབས་ཤེས་ཟུང་འབྲེལ་བྱང་ཆུབ་ལམ་དུ་སློང་། །སྤྱོད་པའི་ངོ་སྤྲོད་ཡིན་ནོ་སྒྱུ་མར་སྦྱོངས། །སྣང་སྲིད་ཞིང་ཁམས་ཐ་མལ་ཞེན་རྟོག་ལོག །དམ་ཚིག་ངོ་སྤྲོད་ཡིན་ནོ་རྣམ་དག་གྱིས། །ཅིར་སྣང་རང་བྱུང་ཡེ་ཤེས་བདེ་བའི་ངང་། །དབང་བཞིའི་ངོ་སྤྲོད་ཡིན་ནོ་ས་ལམ་བགྲོད། །དེ་ལྟར་གང་བྱས་གསང་སྔགས་རྣལ་འབྱོར་ཆེ། །ཆོས་བཞིན་སྤྱོད་ལ་རབ་དྲུག་ཚང་བ་ནི། །ཆགས་ཞེན་མེད་པས་སྦྱིན་པའི་རབ་ཏུ་གདའ། །རང་རྒྱུད་དྲི་མེད་ཚུལ་ཁྲིམས་རབ་ཏུ་གདའ། །ཁོང་ཁྲོས་མི་འཁྲུགས་བཟོད་པའི་རབ་ཏུ་གདའ། །ངེས་འབྱུང་སྐྱོ་ཤས་བརྩོན་འགྲུས་རབ་ཏུ་གདའ། །དགོངས་པའི་ངང་གནས་བསམ་གཏན་རབ་ཏུ་གདའ། །སེམས་ཉིད་དོན་རྟོགས་ཤེས་རབ་རབ་ཏུ་གདའ། །ཐེག་ཆེན་སྤྱི་ཡི་གདམས་ངག་རྣམ་དྲུག་ནི། །
རྟག་ཏུ་འཆི་བསམ་བརྩོན་འགྲུས་ལྕག་གིས་བྲབ། །ཅི་བྱེད་གོམས་གཙོ་ཆོས་ཀྱི་ཕྱོགས་སུ་བསླབ། །བསགས་པ་བགྲང་ཞིང་དགེ་སྡིག་གསོ་སྦྱོང་བྱ། །དམ་པ་གསུམ་མཆོད་ཚོགས་གཉིས་བསག་ལ་འབད། །དགེ་སྦྱོར་སྲང་གཞུག་སྣང་བ་ཆོས་ལ་བསྒྱུར། །ཅི་བྱེད་གཞན་དོན་བདག་མེད་དོན་དང་སྤྲད། །དེ་ལྟར་སུ་བྱེད་ཐེག་མཆོག་སྙིང་པོར་ཞུགས། །ཡ་བྲལ་ཉེས་པ་རྣམ་དྲུག་སྤང་བ་ནི། །བསྟེན་པ་མཚན་ལྡན་བླ་མ་མ་བྲལ་དགོས། །དེ་དང་བྲལ་ན་ཐར་པའི་ལམ་མི་ཚུད། །རང་རྒྱུད་བརྟན་པའི་དད་པ་མ་བྲལ་དགོས། །དེ་དང་བྲལ་ན་ཆོས་ཉིད་ཡུལ་མི་ཕྱིན། །ཉམས་ལེན་ཟབ་མོའི་གདམས་ངག་མ་བྲལ་དགོས། །དེ་དང་བྲལ་ན་བྱང་ཆུབ་མྱུ་གུ་མེད། །སྤྲོས་སྤྱོད་ཐོས་བསམ་ཤེས་རབ་མ་བྲལ་དགོས། །དེ་དང་བྲལ་ན་ཐེ་ཚོམ་སྒྲོག་མི་ཁྲོལ། །འདུག་ས་རི་ངོགས་དབེན་པ་མ་བྲལ་དགོས། །དེ་དང་བྲལ་ན་རྣམ་གཡེངས་འདུ་འཛིས་འཁྱེར། །བརྩོན་འགྲུས་སྙིང་རུས་དམ་བཅའ་མ་བྲལ་དགོས། །དེ་དང་བྲལ་ན་ཡོན་ཏན་ཐོབ་དུས་མེད། །དེ་ཡི་ཕྱིར་ན་ཡ་བྲལ་མ་སོང་གཅེས། །འབྲལ་མེད་བསྟེན་ལ་བདུད་དྲུག་སྤང་བ་ནི། །བླ་མ་བསྟེན་ལ་གོ་དྲེད་བདུད་མ་ཞུགས། །དཀོན་མཆོག་བསྟེན་ལ་མ་གུས་བདུད་མ་ཞུགས། །དགོན་པ་བསྟེན་ལ་བཏང་སྙོམས་བདུད་མ་ཞུགས། །ཐོས་བསམ་བསྟེན་ལ་སྣ་དྲེད་བདུད་མ་ཞུགས། །བསམ་གཏན་བསྟེན་ལ་འཕེལ་མེད་བདུད་མ་ཞུགས། །གཞན་དོན་བསྟེན་ལ་རྣམ་གཡེང་བདུད་མ་ཞུགས། །དགོས་པར་སྣང་སྟེ་ཉིན་མོའི་སྐར་ཚོགས་བཞིན། །བསླབ་པའི་མཐའ་དྲུག་འགྲོགས་པར་བསྟན་པ་ནི། །ཕུ་ཐག་འཁྲུས་པའི་ལྟ་བ་མཆོག་དང་འགྲོགས། །དེ་མེད་ཆོས་ཉིད་གནམ་འཕང་ཆོད་མི་ནུས། །གཞི་རྟེན་བསླབ་གསུམ་དམ་ཚིག་གཙང་དང་འགྲོགས། །དེ་མེད་འདོད་པའི་དངོས་གྲུབ་ཐོབ་མི་ནུས། །དུས་ཚོད་ཤེས་པའི་སྤྱོད་པ་མཆོག་དང་འགྲོགས། །དེ་མེད་འཁོར་བའི་ཕ་རོལ་སྒྲོལ་མི་ནུས། །ཉམས་ལེན་རང་བྱུང་ཡེ་ཤེས་གདེང་དང་འགྲོགས། །དེ་མེད་གཟུང་འཛིན་ཉོན་མོངས་གདོས་མི་ཆོད། །ཉམས་མྱོང་གོང་འཕེལ་བོགས་འབྱིན་རྩལ་སྦྱོང་
འགྲོགས། །དེ་མེད་ཉོན་མོངས་གཡུལ་ངོ་བཟློག་མི་འགྱུར། །ཟབ་མོའི་མན་ངག་ཕྱོགས་མེད་ཀུན་དང་འགྲོགས། །དེ་མེད་གང་དགོས་འདོད་པའི་དོན་མི་འགྲུབ། །དེ་ཕྱིར་ཡང་དག་སྙིང་པོའི་དོན་འདིར་བསླབ། །གཙོ་བོ་རྣམ་དྲུག་གདམས་ངག་བསྟན་པ་ནི། །འདུག་སའི་གཙོ་བོར་རི་ངོགས་དབེན་པ་བསྟེན། །དེ་ལས་གཞན་དུ་ཡུལ་འཁོར་སྡུག་བསྔལ་རྒྱུ། །ལམ་གྱི་གཙོ་བོར་བླ་མ་སངས་རྒྱས་ཁུར། །དེ་ལས་གཞན་དུ་ལམ་རྟགས་རྟེན་འབྲེལ་འཆུགས། །དམ་ཚིག་གཙོ་བོར་གང་ཡང་ཟུང་འཇུག་གཅེས། །དེ་ལས་གཞན་དུ་ཡ་བྲལ་དོན་མི་འགྲུབ། །ཉམས་རྟོགས་གཙོ་བོར་རྣམ་རྟོག་ཡེ་ཤེས་བསྒྱུར། །དེ་ལས་གཞན་དུ་སྤང་བྱའི་དཔུང་མི་ཆོམ། །འདུ་ཤེས་གཙོ་བོར་འཁོར་བའི་ཞེན་པ་བཟློག །དེ་ལས་གཞན་དུ་ཚེ་འདིའི་དབང་དུ་འཆོར། །ལྟ་བའི་གཙོ་བོར་རྟོགས་མཁན་རང་ངོ་གྲོལ། །དེ་ལས་གཞན་དུ་རྟག་ཆད་མཐའ་མི་གྲོལ། །འདི་དག་གཅེས་པའི་མཛོད་ཡིན་གུས་པར་ཟུངས། །ཤུགས་ཀྱིས་འགྲུབ་པའི་ཆོས་དྲུག་བསྟན་པ་ནི། །བྱ་བ་བཏང་ན་དགེ་སྦྱོར་ཤུགས་ཀྱིས་འགྲུབ། །བསླབ་གསུམ་གཙང་ན་དམ་ཅན་ཤུགས་ཀྱིས་འདུ། །སྙིང་རྗེ་འབྱོངས་ན་འགྲོ་དོན་ཤུགས་ཀྱིས་འབྱུང་། །བསྙེན་སྒྲུབ་ཐེམ་ན་འཕྲིན་ལས་ཤུགས་ཀྱིས་འབྱུང་། །ལྷུག་པར་གློད་ན་ཆོས་ཉིད་ཤུགས་ཀྱིས་མཐོང་། །མཆོག་ཉིད་བསྒྲུབས་ན་ཐུན་མོངས་ཤུགས་ཀྱིས་འགྲུབ། །མང་བ་དྲུག་ཏུ་མ་སོང་ཆོས་དྲུག་ནི། །ཞེན་པ་མ་ལོག་འདི་བར་འཁྱོག་པ་མང་། །ཤེས་བྱ་མི་སྒྲུབ་ཐ་མལ་ཤི་བ་མང་། །གཉེན་པོ་མ་བསྟེན་བསླབ་གསུམ་རལ་བ་མང་། །ཐོས་བསམ་མ་བྱས་སྒོམ་པ་གོལ་བ་མང་། །རྒྱུ་འབྲས་ཁྱད་གསོད་ངན་སོང་ལྟུང་བ་མང་། །འདུ་འཛི་བདུད་ཀྱིས་སྒྲུབ་པ་བསླུས་པ་མང་། །མང་པོའི་གསེབ་དེར་བདག་ཉིད་མ་སོང་འཚལ། །ཡིན་པ་དྲུག་གིས་བདུད་ལས་རྒྱལ་བ་ནི། །བསྐུལ་འདེབས་ཡེང་མེད་ཡིན་ནོ་ལེ་ལོའི་བདུད་མ་བསྐུར། །བློ་སྦྱོང་གཞན་གཅེས་ཡིན་ནོ་རང་འདོད་བདུད་མ་བསྐུར། །གནས་ལུགས་ཐག་ཆོད་ཡིན་ནོ་ཐེ་ཚོམ་བདུད་མ་བསྐུར། །ཉམས་ལེན་མཐའ་བྲལ་ཡིན་ནོ་ཕྱོགས་རིས་བདུད་མ་བསྐུར། །སྒྲུབ་པ་གནད་སྣུན་ཡིན་ནོ་
ཁ་འབྱམས་བདུད་མ་བསྐུར། །དགོངས་པ་མཐའ་གྲོལ་ཡིན་ནོ་གྲུབ་མཐའི་བདུད་མ་བསྐུར། །ཚད་དྲུག་ལེགས་པར་གཏན་ལ་དབབ་པ་ནི། །རྒྱུ་འབྲས་ཕྲ་སྤྱད་དད་པ་ཆེ་བའི་ཚད། །གཏམ་ལ་འཇིགས་པ་ཁྲེལ་འཛེམ་ཆེ་བའི་ཚད། །ཡོན་ཏན་འགོ་བ་གྲོགས་པོ་བཟང་བའི་ཚད། །སེམས་ཉིད་ཡུལ་བྲལ་སྒོམ་པ་བཟང་བའི་ཚད། །སྐྱོན་ཡོན་མི་འཕྲོགས་ཉམས་ལེན་རྫོགས་པའི་ཚད། །སྐུ་གསུམ་ལམ་སློང་ཟད་སར་སྐྱོལ་བའི་ཚད། །ཚད་རྣམས་ལྡན་པའི་སྐྱེས་བུ་མཆོག་རབ་ཡིན། །ཉེས་པ་དྲུག་ལྡན་མི་བྱ་བསྟན་པ་ནི། །སྡོམ་གསུམ་བླངས་ནས་ཉེས་ལྟུང་འཁུར་མི་བྱ། །སྙིང་པོའི་དོན་བོར་ཚིག་ཕྱིར་འབྲང་མི་བྱ། །བྱང་ཆུབ་མི་སྒྲུབ་ཆོས་བརྒྱད་ལྷུར་མི་བྱ། །མི་ལུས་ཐོབ་ནས་སྟོང་པར་ལོག་མི་བྱ། །ཟབ་དོན་རྙེད་ནས་དམན་པར་འཇུག་མི་བྱ། །སྡེ་སྣོད་འཆད་མཁས་ཉམས་ལེན་མེད་མི་བྱ། །སྒྲུབ་ལ་ཉེས་པ་བསམ་པའི་ཆོས་དྲུག་ནི། །བར་ཆོད་མང་ན་མཐུན་འཇུག་རྩིག་པ་བསྒྱེལ། །འདུན་པ་མ་ལོག་ལོང་མེད་རྒྱུད་ལ་བསྟེན། །སྙིང་རྗེ་མ་སྐྱེས་རང་ལ་དཔེ་ལོང་ལྟོས། །བྱིན་རླབས་ཡལ་ན་མོས་གུས་བརྩོན་འགྲུས་བསྐྱེད། །གནོད་བྱེད་མང་ན་ཞུན་འཐར་མང་དུ་སྦྱོངས། །གཞན་དོན་འདོད་ན་སེམས་བསྐྱེད་སྨོན་ལམ་ཐོབ། །དེ་ལྟར་བྱས་ན་ཉེས་པའི་སྐྱོན་ལས་གྲོལ། །སྒྲུབ་པའི་དམ་ཆོས་ཚད་མ་དྲུག་ལྡན་ནི། །མདོ་རྒྱུད་ལུང་ཟིན་བཀའ་ཡི་ཚད་མ་དང་། །བརྒྱུད་པ་མ་ཆད་གདམས་ངག་ཚད་མ་དང་། །ཉམས་སེལ་མ་ཞུགས་བྱིན་རླབས་ཚད་མ་དང་། །འདྲ་མིན་མ་བསླད་ཡང་དག་ཚད་མ་དང་། །རང་རྒྱུད་ཁེལ་བ་ཉམས་མྱོང་ཚད་མ་དང་། །མངོན་སུམ་རྗེས་དཔག་གཏན་ཚིགས་ཚད་མ་དང་། །རྣམ་པ་དྲུག་ལྡན་ཤིན་ཏུ་གཅེས་པ་ཡིན། །རང་སྐྱོན་མཚང་ནས་འབྲུ་བའི་ཆོས་དྲུག་ནི། །ངན་གཡོའི་ཁྲིམས་ཀྱིས་རང་མགོ་མ་བསྐོར་ཅིག །མི་དགེའི་སྡིག་པས་རང་ཕུང་མ་བསྒྲུབས་ཤིག །ཞེན་འཛིན་ཕུང་འདྲེས་རང་བདུད་མ་འབེབས་ཤིག །ཁོང་ཁྲོའི་སེམས་ཀྱིས་རང་སེམས་མ་དཀྲུགས་ཤིག །རྣམ་གཡེང་འདུ་འཛིས་རང་དོན་མ་སླུ་ཅིག །འཁོར་བའི་གཡང་སར་རང་ཉིད་མ་
འདོར་ཅིག །གྲོས་དེ་ཉན་ན་འདུན་མ་ལེགས་པར་འོང་། །མཐོ་དམན་དྲིལ་ནས་བསྟན་པའི་ཆོས་དྲུག་ནི། །ཡར་ལ་བླ་མ་ཡི་དམ་མཁའ་འགྲོ་མཆོད། །མར་ལ་སྣོད་བཅུད་ལོངས་སྤྱོད་འབྲེལ་ཐག་ཆོད། །བར་དུ་སྣང་སྟོང་ཟུང་འཇུག་དོན་ལ་སྦྱོངས། །ཕར་ལ་དགེ་བ་སེམས་ཅན་དོན་ལ་བསྔོས། །ཚུར་ལ་དཀོན་མཆོག་ཡོན་ཏན་རྒྱུད་ལ་སྦྱོར། །བར་དུ་བདག་གཞན་དགེ་སྦྱོར་དམིགས་མེད་སྐྱོལ། །དེ་ཡིས་ལམ་ཟབ་སྙིང་པོའི་དམ་ཆོས་འགྲུབ། །ཆོས་དང་འཛོལ་བ་ཡ་ཆ་རྣམ་དྲུག་ནི། །མི་ལུས་ཐོབ་ནས་སྡིག་སྤྱོད་ཡ་རེ་ཆ། །ཆོས་དང་ཕྲད་ནས་མི་བསྒྲུབ་ཡ་རེ་ཆ། །ཚུལ་ཁྲིམས་ཐོབ་ནས་རལ་པ་ཡ་རེ་ཆ། །དམ་ཚིག་ཉམས་པའི་སྒྲུབ་པ་ཡ་རེ་ཆ། །ཆོས་ཀྱིས་རྙེད་འཚོལ་ལོག་འཚོ་ཡ་རེ་ཆ། །རང་དོན་ཕྱལ་བའི་གཞན་དོན་ཡ་རེ་ཆ། །བསམས་ཤིང་ཡི་མུག་གང་ཟག་མང་བར་གདའ། །ཆོས་ལ་འདྲེད་པའི་རྒྱུ་དྲུག་བསྟན་པ་ནི། །གྲོགས་ངན་བསྟེན་ན་དགེ་སྦྱོར་འདྲེད་པའི་རྒྱུ། །བླ་མའི་སྐྱོན་རྟོག་མོས་གུས་འདྲེད་པའི་རྒྱུ། །རྩོལ་བས་མི་སྒོམ་ཉམས་མྱོང་འདྲེད་པའི་རྒྱུ། །ཡེང་བའི་ལམ་སྡོད་དམ་ཆོས་འདྲེད་པའི་རྒྱུ། །གཞན་གྱི་སྐྱོན་རྟོགས་དག་སྣང་འདྲེད་པའི་རྒྱུ། །ལང་ཅན་རིག་པ་འཁྲུལ་པར་འདྲེད་པའི་རྒྱུ། །རྒྱུ་དྲུག་སྤངས་ལ་དམ་ཆོས་བསྒྲུབ་པར་བྱ། །དགྲ་དྲུག་སྤང་བར་གདམས་པའི་ཆོས་དྲུག་ནི། །དལ་འབྱོར་མི་ལུས་ལྟོ་རྒྱབ་དགྲར་མ་བསྐུར། །གཞན་དོན་སེམས་བསྐྱེད་ཐེག་དམན་དགྲར་མ་བསྐུར། །སེམས་ཉིད་ནོར་བུ་འཁྲུལ་བའི་དགྲར་མ་བསྐུར། །ཚོགས་གཉིས་ཡིད་བཞིན་ཚེ་འདིའི་དགྲར་མ་བསྐུར། །སྙིང་པོའི་སྒྲུབ་པ་ལེ་ལོའི་དགྲར་མ་བསྐུར། །མོས་གུས་གདུང་སེམས་ལོག་ལྟའི་དགྲར་མ་བསྐུར། །འདོད་ཡོན་རང་གར་སྤྱོད་པའི་ཉེས་དྲུག་ནི། །གཟུགས་ཀྱིས་མིག་བསླུས་ཕྱེ་ལེབ་མར་མེ་བཞིན། །སྒྲ་ཡིས་རྣ་བ་གླིང་བུ་རི་དྭགས་བཞིན། །དྲི་ཡིས་སྣ་བསླུས་བུང་བ་ཙནྡན་བཞིན། །རོ་ཡིས་ལྕེ་བསླུས་ཉ་མོ་ལྕགས་ཀྱུ་བཞིན། །རེག་གིས་ལུས་བསླུས་གླང་ཆེན་འདམ་ཚུད་བཞིན། །ཆོས་ཀྱིས་ཡིད་བསླུས་རྔ་མོ་བུ་ཤི་བཞིན། །ཚོགས་དྲུག་ཡུལ་ལ་རང་གར་
མ་སོང་འཚལ། །འགལ་བ་ལམ་དུ་སློང་བའི་ཆོས་དྲུག་ནི། །ཚེ་འདིའི་བློ་སྐྱེས་ཞེན་པ་ནང་ནས་ལོག །ནད་གདོན་ཅི་བྱུང་སྡིག་སྒྲིབ་ཕྱགས་མར་ལྟོས། །རྐྱེན་ངན་བར་ཆད་དགེ་བའི་བསྐུལ་མར་ལྟོས། །དགྲ་སྡང་གནོད་འཚེ་བཟོད་པའི་བསྐུལ་མར་ལྟོས། །རྣམ་རྟོག་གང་ཤར་ཡེ་ཤེས་གསལ་འདེབས་ལྟོས། །སྣོད་བཅུད་སྣང་བ་རྒྱལ་བའི་ཞིང་དུ་ལྟོས། །རྐྱེན་རྣམས་བྱང་ཆུབ་ལམ་དུ་འགྲོ་བ་ཡིན། །དེ་ལྟར་མ་ཤེས་མ་གོ་རྣམ་དྲུག་ནི། །སྐྱོན་ཡོན་གཉིས་ལ་བླང་དོར་བྱེད་པ་དང་། །འགྲོ་དྲུག་ཞིང་ལ་མཐོ་དམན་བྱེད་པ་དང་། །རིག་པའི་དངོས་ལ་སྐྱེ་འགག་འཛིན་པ་དང་། །ཟང་ཀའི་ཤེས་པ་སྤང་གཉེན་བྱེད་པ་དང་། །རིག་པའི་དོན་ལ་སྦྱང་བགྲོད་འདོད་པ་དང་། །འབྲས་བུ་ལོགས་ནས་བསྒྲུབ་བྱར་འདོད་པ་དང་། །མཐོན་པོའི་དོན་གྱི་རང་བཞིན་མ་གོ་བས། །བློ་དམན་བྱིས་པ་གྲོང་པའི་ཆོས་ལ་སྦྱོར། །ཆོས་བསྒྲུབ་རྣམས་ལ་ངོ་ཚ་རྣམ་དྲུག་ནི། །བསྟན་པའི་སྒོར་ཞུགས་སྡིག་སྤྱོད་ངོ་རེ་ཚ། །ཐ་སྙད་ཚིག་ཞེན་མི་བསྒྲུབ་ངོ་རེ་ཚ། །སེམས་བསྐྱེད་ཁས་བླངས་བདག་འཛིན་ངོ་རེ་ཚ། །ཆོས་དང་འཇིག་རྟེན་བསྲེ་བ་ངོ་རེ་ཚ། །ཆགས་སྡང་འཐབ་རྩོད་བྱེད་པ་ངོ་རེ་ཚ། །ཆོས་དང་གང་ཟག་གཤེ་བ་ངོ་རེ་ཚ། །ངོ་ཚ་ཚུལ་བཞིན་སྤོང་བ་ཤིན་ཏུ་དཀོན། །ཡང་དག་དོན་གྱི་གདམས་པ་རྣམ་དྲུག་ནི། །འདུ་འཛི་བདུད་ལས་ཡིན་གྱིས་འཁྲི་བ་ཆོད། །བསོད་ནམས་བར་ཆོད་ཡིན་གྱིས་དགའ་བྲོད་བོར། །ཆེ་གྲགས་བདུད་ལས་ཡིན་གྱིས་དམན་ས་ཟུངས། །ཕྱོགས་འཛིན་རྟག་ཆད་ཡིན་གྱིས་དབྱིངས་གཅིག་དྲིལ། །གནད་མེད་སྡུག་སྒུར་ཡིན་གྱིས་གདམས་པ་ཚོལ། །ཉམས་མེད་ཁ་ལྟ་ཡིན་གྱིས་རྒྱུད་དང་སྦྱོར། །དེ་ལྟར་བྱས་ན་ལེགས་པའི་ཡོན་ཏན་འགྲུབ། །རན་པའི་ཚོད་ཟིན་དྲུག་གིས་གདམས་པ་ནི། །སྐྱེ་ཤི་བར་དོ་འདིར་འཁྱམས་གྲངས་མང་བས། །ད་རེས་འགྱུར་མེད་བཙན་ས་བཟུང་རེ་རན། །སྡུག་བསྔལ་འཁྲུལ་འཁོར་འདིར་ཚུད་གྲངས་མང་བས། །ད་རེས་བདེ་ཆེན་ས་ལ་འགྲོ་རེ་རན། །སྐྱེ་ཤིའི་ཕུང་པོ་འདོར་ལེན་གྲངས་མང་བས། །ད་རེས་འགྱུར་མེད་ཆོས་སྐུ་ཐོབ་རེ་རན། །
མ་རིག་མུན་ཁྲོད་འཐོམས་པ་གྲངས་མང་བས། །ད་རེས་ཡེ་ཤེས་སྒྲོན་མ་སྤོར་རེ་རན། །བདུད་བཞིའི་དམག་དཔུང་འདིས་བཅོམ་གྲངས་མང་བས། །ད་རེས་འཁོར་བའི་གཡུལ་ངོ་བཟློག་རེ་རན། །འདོད་པའི་ཁོལ་པོ་འདི་བྱས་གྲངས་མང་བས། །ད་རེས་གཏན་གྱི་སོ་ནམ་ཟིན་རེ་རན། །རན་པ་བས་ཀྱང་ཐལ་བར་གྱུར་འདི་སོམ། །འགྲོ་བ་དྲུག་གི་དོན་ལ་བརྟག་པ་ནི། །སྡུག་བསྔལ་རང་བཞིན་བདེ་བར་མ་ཤེས་ན། །བདེ་བ་འདོད་པ་སྡུག་བསྔལ་ནད་དུ་ཆེ། །ཆགས་སྡང་རང་རིག་མཉམ་ཉིད་མ་ཤེས་ན། །འདོར་ལེན་བྱེད་པ་སྤང་བླང་ནད་དུ་ཆེ། །རྐྱེན་ངན་རང་བཞིན་གྲོགས་སུ་མ་ཤེས་ན། །ཐབས་ཤེས་གཞན་བརྟེན་འཆིང་བའི་གཟེབ་ཏུ་ཆེ། །ལྟས་ངན་རང་བཞིན་གཡང་དུ་མ་ལོན་ན། །དངོས་གྲུབ་ཉིད་ཀྱང་བདུད་དང་གོལ་བར་འགྲོ། རང་གི་སེམས་རྒྱུད་ཆོས་ཀྱིས་མ་བཏུལ་ན། །ཚིག་ཚོགས་ཆེ་ཡང་ནེ་ཙོའི་འདོན་པར་འགྲོ། །དགེ་བ་གང་བྱེད་སེམས་བསྐྱེད་མི་ལྡན་ན། །ཉན་རང་ཉིད་དམ་བསོད་ནམས་ཆ་མཐུན་འགྲོ། །དེ་བས་ཡང་དག་གནད་དུ་འགྲོ་བ་གཅེས། །ཆོས་བྱེད་རྣམས་ཀྱི་འོང་བའི་ཆོས་དྲུག་ནི། །དབེན་པ་བསྟེན་ན་དགེ་སྦྱོར་འཕེལ་བར་འོང་། །གཞན་ལ་བསྟོད་ན་ཤུགས་ཀྱིས་དད་པར་འོང་། །རང་རྒྱུད་བཏུལ་ན་དགེ་བ་འཕེལ་བར་འོང་། །ནོར་བདུན་བསགས་ན་དབུལ་འཕོངས་སེལ་བར་འོང་། །ཡོན་ཏན་སྤེལ་ན་རྒྱལ་བའི་གདུང་འཛིན་འོང་། །འགྲོ་དྲུག་བསྐྱངས་ན་རྒྱལ་སྲས་སྤྱོད་པར་འོང་། །འོང་བ་བཞིན་དུ་མཛད་པའི་སྐྱེ་བོ་ཉུང་། །གལ་ཆེ་དྲུག་གི་སྤྲོ་བ་བསྐྱེད་པ་ནི། །མོས་གུས་དད་པ་གཏིང་ནས་སྐྱེ་དཀའ་བས། །བཅོས་ཤིང་བློས་བསྒྱུར་འབད་པ་གལ་རེ་ཆེ། །རྣམ་རྟོག་སྣ་ཚོགས་གྲོགས་སུ་འཆར་དཀའ་བས། །ཅི་སྐྱེས་དྲན་པ་གྲོལ་བ་གལ་རེ་ཆེ། །སྣོད་བཅུད་སྣང་བ་ཞིང་ཁམས་འཆར་དཀའ་བས། །སྒྱུ་མ་རྨི་ལམ་ཤེས་པ་གལ་རེ་ཆེ། །དགོངས་པ་རྟོགས་གྲོལ་དུས་མཉམ་འབྱུང་དཀའ་བས། །ནན་ཏན་སྒོམ་པ་སྐྱེད་པ་གལ་རེ་ཆེ། །དངོས་སུ་གཞན་ལ་ཕན་པ་འབྱུང་དཀའ་བས། །སྨོན་པ་སེམས་བསྐྱེད་བསླབ་
པ་གལ་རེ་ཆེ། །ཆགས་ཞེན་འཛིན་པ་མེད་འདི་རབ་དཀའ་བས། །བགས་ཀྱིས་འདོད་ཆུང་ཆོག་ཤེས་གལ་རེ་ཆེ། །དེ་དག་བསླབས་པས་མྱུར་དུ་མཆོག་ལ་རེག །ཆོས་བྱེད་རུ་བརྒྱངས་བཅད་པ་རྣམ་དྲུག་ནི། །ཡར་གྱི་རུ་བརྒྱངས་ལྟ་བའི་གྲོས་ཐག་བཅད། །མར་གྱི་རུ་བརྒྱངས་སྤྱོད་པའི་དུས་ཚོད་ཤེས། །ཕར་གྱི་རུ་བརྒྱངས་ཡུལ་སྣང་སྒྱུ་མར་ཤེས། །ཚུལ་གྱི་རུ་བརྒྱངས་གཟུང་འཛིན་ཞེན་པ་དོར། །ཕྱི་རུ་རུ་བརྒྱངས་ཐོས་བསམ་ཕྱོགས་མེད་བྱ། །ནང་གི་རུ་བརྒྱངས་རང་རྒྱུད་དུག་ལྔ་འདུལ། །དེ་ལྟར་མཛད་ན་འཁོར་བའི་དམག་དཔུང་ལོག །ཉོན་མོངས་རེ་བ་ངན་པའི་ཆོས་དྲུག་ནི། །རང་རྒྱུད་མ་བཏུལ་གཞན་རྒྱུད་ཐུལ་དུ་རེ། །གོ་ཡུལ་རྟོགས་པས་གནས་ལུགས་ཤེས་སུ་རེ། །དམིགས་བཅས་བསྒོམས་པས་ཉོན་མོངས་འདག་ཏུ་རེ། །ཕྱོགས་འཛིན་ཆོས་ཀྱིས་ཐར་ལམ་བགྲོད་དུ་རེ། །དགེ་བ་མ་བསྒྲུབ་མཐོ་རིས་ཐོབ་ཏུ་རེ། །སྡིག་པ་མ་སྤངས་ངན་འགྲོར་མི་ལྟུང་རེ། །རེ་བའི་མི་ལ་དགོས་པ་བསླུས་པར་མཆི། །མ་ཚོར་དྲན་པ་སྟོར་བའི་ཆོས་དྲུག་ནི། །མི་ཚེ་ཉོན་མོངས་དུག་ལྔས་འདའ་བྱས་ནས། །ངན་སོང་འགྲོ་བ་མ་ཚོར་དྲན་པ་སྟོར། །ཁྱིམ་ཐབ་བུ་ཚས་འབྲེལ་བའི་སྒྲོག་ཞུགས་ནས། །སྡུག་བསྔལ་མཚོར་བྱིང་མ་ཚོར་དྲན་པ་སྟོར། །དགྲ་གཉེན་རིས་བཅད་ཆགས་སྡང་འདའ་བྱས་ནས། །མར་འགྲོའི་ལས་སོང་མ་ཚོར་དྲན་པ་སྟོར། །སྒོ་གསུམ་བྱ་བྱེད་གང་ཡང་མ་སྤངས་པར། །སེམས་ཉིད་གནས་སུ་རེ་བས་དྲན་པ་སྟོར། །ཚེ་འདིའི་འཇིག་རྟེན་བྱ་བ་མ་སྤངས་པར། །ཐར་ལམ་སྙོགས་སུ་རེ་བས་དྲན་པ་སྟོར། །སྟོང་ལྟའི་ཚིག་ལ་ཞེན་ནས་རྩོལ་བ་སྟོར། །ཉམས་རྟོགས་དྲོད་རྟགས་རེ་བས་དྲན་པ་སྟོར། །མ་ཚོར་དྲན་པ་སྟོར་བའི་མི་རེ་མང་། བདག་གཞན་ཐུན་མོང་དགོས་པའི་ཆོས་དྲུག་ནི། །འཁོར་བའི་སྡུག་བསྔལ་བསམ་སྟེ་ཆོས་ལ་བསྐུལ། །དད་གུས་རྒྱུན་དུ་བསྒོམས་ཏེ་རང་རྒྱུད་འདུལ། །གསོ་སྦྱོང་འབད་པས་རང་གཞན་སྒྲིབ་པ་སྦྱོང་། །སེམས་བསྐྱེད་བཟང་པོས་
རང་གཞན་དོན་གཉིས་འགྲུབ། །སྨིན་གྲོལ་ལྡན་པས་རང་གཞན་དགེ་ལ་སྦྱོར། །ཉམས་ལེན་བརྩོན་པས་རང་གཞན་འཁྲུལ་པ་གཞོམ། །གཅེས་པའི་གནད་དྲུག་ལེགས་པར་བསྟན་པ་ནི། །འདི་ཕྱིའི་འདུན་འགྲོས་ངན་པར་མ་སོང་གཅེས། །ཐ་མལ་རྣམས་དང་སྤྱོད་ལམ་མ་འདྲེས་གཅེས། །སྔོན་ལས་རགས་པས་རྒྱུ་འབྲས་ཞིབ་མོ་གཅེས། །ཤེས་རབ་སྙིང་རྗེ་ཟུང་དུ་འབྲེལ་བ་གཅེས། །ཐབས་ཀྱི་འདོད་ཡོན་ལམ་དུ་སློང་བ་གཅེས། །དབྱེར་མེད་རྟོགས་པས་བཙན་ས་འཛིན་པ་གཅེས། །འདི་དང་སུ་ལྡན་རྣལ་འབྱོར་ཡང་རབ་ཡིན། །ཡེངས་མེད་ལམ་དུ་བསླང་བའི་ཆོས་དྲུག་ནི། །དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ། །མཉམ་རྗེས་སློབ་རྣམས་ཆོས་ཉིད་མ་ཡེངས་བྱ། །གོམས་པས་དྲན་སྣང་ཡེ་ཤེས་མ་ཡེངས་བྱ། །ཀློང་གྱུར་དུས་སུ་ཡེང་མེད་ཡེང་མཁན་མེད། །བརྟན་པ་མཐར་ཕྱིན་ཡེང་ཡུལ་ཆོས་ཉིད་ངེས། །ཆོས་ཟད་དུས་ན་མཚོན་བརྗོད་ཡུལ་ལས་འདས། །དེ་འདྲའི་ཚད་དུ་སྐྱོལ་བར་མཛད་པར་ཞུ། །ནོར་ར་རེ་གཉིས་བརྟག་པའི་ཆོས་དྲུག་ནི། །མོས་ཤིང་སྐྱོ་བས་ཤེས་པ་མ་བདེ་དང་། །རྐྱེན་ངན་དབང་གིས་མི་དགའ་ནོར་ར་རེ། །ཚད་མེད་མོས་གུས་གཏིང་ནས་སྐྱེས་པ་དང་། །བཅོས་མའི་དད་པ་ཁ་ནས་སྐྱེས་པ་ནི། །ཡུད་ཙམ་བལྟས་ན་ཕན་ཚུན་ནོར་ར་རེ། །གཉེན་བཤེས་སྣང་སེམས་འཁྲི་ཐག་ཆོད་པ་དང་། །བརྩེ་མེད་སེམས་ཐག་རིང་བ་ནོར་ར་རེ། །ཡི་དམ་དངོས་གྲུབ་མཆོག་རབ་སྟེར་བ་དང་། །བདུད་ཀྱི་བར་ཆད་ཆོ་འཕྲུལ་ནོར་ར་རེ། །ཐུགས་རྗེས་མ་ལུས་འགྲོ་བ་འདྲེན་པ་དང་། །ཆོས་བརྒྱད་གཞན་དོན་གཟུགས་བརྙན་ནོར་ར་རེ། །འོད་གསལ་ཆོས་ཉིད་ངང་ལ་འབྱམས་པ་དང་། །སྟོང་པ་ཧད་པོར་ཤོར་བ་ནོར་ར་རེ། །དེ་དག་རང་བཞིན་བརྟག་པའི་ཆོས་དྲུག་ནི། །སྐྱོ་བས་མ་བདེ་ཡུལ་མཆོག་ཕྲད་ན་སངས། །རྐྱེན་ངན་གང་ལ་དགའ་བ་མེད་པའོ། །གཏིང་ནས་མོས་གུས་ལུས་སེམས་འགྱུར་བ་སྟེ། །ཁ་ནས་དད་པ་དབང་པོ་མདངས་མི་འགྱུར། །འཁྲི་བ་ཆོད་པས་ཅིས་ཀྱང་དགོས་མེད་ཤེས། །
སེམས་ཐག་རིང་བ་གནས་སྐབས་བྱེ་བྲག་འོང་། །དངོས་གྲུབ་མཆོག་སྟེར་ཉམས་དགའ་བྱིན་འཐིབས་ལ། །བདུད་ཀྱི་བར་ཆད་སྐྱི་ཟིང་ཤེས་པ་འཚུབ། །འགྲོ་བ་འདྲེན་པ་རང་འདོད་འཁྲིས་མེད་ལ། །ཆོས་བརྒྱད་གཞན་ཕན་རང་འདོད་རྙེད་བཀུར་འདོད། །ཆོས་ཉིད་ངང་འབྱམས་དབང་པོ་དྭངས་ཤིང་གསལ། །སྟོང་པ་ཧད་པོ་མུན་འཐོམས་ལྟ་བུ་སྟེ། །དེ་ཕྱིར་མ་ནོར་བྱེ་བྲག་ཤེས་པ་གཅེས། །གཅིག་ཆོག་དྲུག་གི་གདམས་ངག་བསྟན་པ་ནི། །སྐྱེ་བ་གཅིག་ཆོག་ད་རེས་འབྲེལ་ཐག་ཆོད། །ཚོགས་གསོག་གཅིག་ཆོག་བླ་མ་སངས་རྒྱས་ཁུར། །བྱ་བ་གཅིག་ཆོག་བླ་མ་སངས་རྒྱས་བསྒྲུབ། །བསླབ་པ་གཅིག་ཆོག་ཆོས་མིན་བྱ་བ་བོར། །ངོ་སྤྲོད་གཅིག་ཆོག་འགྱུ་བ་ཆོས་ཉིད་སྤྲོད། །ཉམས་ལེན་གཅིག་ཆོག་དེ་ཉིད་ངང་ལ་སྐྱོངས། །དེ་ལ་མཉམ་ན་མྱུར་དུ་བདེ་ཆེན་འགྲུབ། །ཟབ་མོ་གནད་ཀྱི་གདམས་པ་རྣམ་དྲུག་ནི། །ཆོས་ཀྱིས་ཕན་འདོད་སེམས་ལ་གང་ཕན་བསྟེན། །རང་རྒྱུད་འདུལ་འདོད་རང་གྲོས་རང་ལ་ཐོབ། །ཆོས་སྐུ་ཐོབ་འདོད་ཐོལ་བྱུང་འགྱུ་ངོས་གཟུང་། །ཉམས་སྐྱོང་སེམས་ཉིད་ཡེང་བོར་ནང་དུ་ལྟོས། །འགྱུ་དྲན་གཅོད་འདོད་རླུང་སེམས་གཅུད་ལ་བོར། །མཐར་ཐུག་སྐྱེལ་འདོད་མ་བཅོས་རྣལ་དུ་ཞོག །འདི་ནི་ཡང་ཟབ་སྙིང་པོའི་གདམས་པ་ཡིན། །ཕྱི་ནང་རྟེན་འབྲེལ་རྟགས་དྲུག་མན་ངག་ནི། །དད་པ་སྐྱེས་རྟགས་འཇིག་རྟེན་བྱ་བ་གཏོང་། །བྱིན་རླབས་ཞུགས་རྟགས་དམན་པའི་འདུ་ཤེས་བསྐྱེད། །གཞན་ཕན་སེམས་རྟགས་ཅི་བྱས་གཞན་ལ་ཕན། །མངོན་ཞེན་ལོག་རྟགས་ཆོས་བརྒྱད་མགོ་སྙོམས་པའོ། །དོན་དམ་འབྱོར་རྟགས་གཉིས་འཛིན་ངང་གིས་ཆུང་། །རང་གྲོས་ཐེབས་རྟགས་དགེ་ལ་རྟག་པར་བརྩོན། །རྟགས་རྣམས་ལྡན་དེ་སྲིད་པའི་ཕ་རོལ་འགྲོ། །རྫོགས་པ་ཆེན་པོ་རྡོ་རྗེའི་ཚིག་དྲུག་ནི། །གཞི་ཡི་རྫོགས་ཆེན་སེམས་ཉིད་གཏན་ལ་དབབ། །ལམ་གྱི་རྫོགས་ཆེན་མཐའ་གྲོལ་གནད་དུ་བསྣུན། །འབྲས་བུའི་རྫོགས་ཆེན་རེ་དོགས་ཟད་སར་སྐྱོལ། །ཡུལ་གྱི་
རྫོགས་ཆེན་སྣང་བ་འཛིན་མེད་གྲོལ། །སེམས་ཀྱི་རྫོགས་ཆེན་རྣམ་རྟོག་གྲོགས་སུ་འཆར། །དོན་གྱི་རྫོགས་ཆེན་འགྱུ་བ་རང་ཡལ་དངས། །དེ་ལྟར་སུས་ཤེས་རྣལ་འབྱོར་རྒྱལ་པོ་ཆེ། །གདེང་དུ་ཚུད་པའི་རྟགས་དྲུག་འཆར་བ་ནི། །བར་དོ་རང་ཞི་སྐྱེལ་མ་བཟང་པོ་འདྲ། །སྒྲིབ་པ་རང་དག་ནོར་བུ་རང་དངས་འདྲ། །ཉམས་མྱོང་རང་འབར་ཆང་གི་གླུམ་ལངས་འདྲ། །བདེ་ཆེན་རང་འབར་གར་ཆང་འཐུངས་པ་འདྲ། །སེམས་ཉིད་རང་ཟིན་སྦྲང་མ་རྩི་འབྱར་འདྲ། །བྱིན་རླབས་ཤུགས་འབྱུང་ལོ་ཐོག་ལེགས་པ་འདྲ། །དེ་ལྟར་འཆར་དུས་རྣལ་འབྱོར་ཆེན་པོ་ཡིན། །ཆོས་བྱེད་རྣམས་ཀྱི་མ་ཉེ་རྣམ་དྲུག་ནི། །མཆོད་གནས་ཉེ་འབྲེལ་བྱེད་པས་ཚོགས་གཉིས་ཕྱོགས་མ་ཉེ། །སྒྲུབ་པ་དལ་ཁོམ་བྱེད་པས་དངོས་གྲུབ་ཕྱོགས་མ་ཉེ། །དགེ་སྦྱོར་རྐྱེན་ཟློག་བྱེད་པས་སངས་རྒྱས་ཕྱོགས་མ་ཉེ། །བཟླས་བརྗོད་ལོང་གཏམ་བྱེད་པས་ནུས་མཐུ་ཕྱོགས་མ་ཉེ། །ཡོན་ཏན་ང་རྒྱལ་བྱེད་པས་གནས་ལུགས་ཕྱོགས་མ་ཉེ། །ལག་ལེན་མི་ཆོས་བྱེད་པས་ལྷ་ཆོས་ཕྱོགས་མ་ཉེ། །དེ་ལྟར་མ་སོང་ཤིན་ཏུ་གཅེས་པ་ལགས། །ཁེ་ཉེན་ཆེ་བའི་གདམས་པ་རྣམ་དྲུག་ནི། །དམུ་རྒོད་དག་དང་འབྲེལ་འདྲེས་བྱེད་པ་དང་། །རང་རྒྱུད་ངན་དང་ཆོས་ཀྱིས་འབྲེལ་པ་དང་། །གཉེན་པོ་མེད་པས་བསླབ་ཁྲིམས་ལེན་པ་དང་། །ཐོས་བསམ་མེད་པས་སྒོམ་པ་བྱེད་པ་དང་། །དམ་ཚིག་འཕྱལ་བའི་གསང་སྔགས་བསྒྲུབ་པ་དང་། །དེད་དཔོན་རྒྱ་མཚོར་ནོར་བུ་ལེན་པ་རྣམས། །ཁེ་ཉེན་ཆེ་བས་ལེགས་པར་བརྟག་པ་གཅེས། །ཉམས་སུ་ལེན་པའི་གདམས་ངག་རྣམ་དྲུག་ནི། །སྣང་བ་ཅི་ཤར་རང་ངོ་རང་སངས་བཏང་། །རིག་པ་ཅི་རིག་རང་བྱུང་རང་དག་བཞག །འགྱུ་བ་ཅི་འགྱུ་བྱ་ལམ་རྗེས་མེད་ཁྱེར། །དབྱེར་མེད་མཐའ་གྲོལ་རྒྱ་ཡན་ཡེ་གྲོལ་ཐོང་། །གྲོལ་མཁན་བལྟས་པས་འཁོར་འདས་ཕུག་སྟོང་ལྟོས། །གཉིས་འཛིན་ཞིག་པས་གནས་ལུགས་གཞི་ལ་བསྐྱལ། །དེ་ལྟར་ཤེས་ན་ཐེག་མཆོག་དོན་ལ་མཁས། །མིན་པ་དྲུག་
གི་ལ་ཤན་དབྱེ་བ་ནི། །བསོད་ནམས་གྲགས་འདོད་བླ་མ་བཟང་པོ་མིན། །ནོར་རྫས་ཆེར་འཛིན་ཆོས་སྒྲུབ་བཟང་པོ་མིན། །མི་ཆོས་གཙོར་འཛིན་རབ་བྱུང་བཟང་པོ་མིན། །བདག་ལྟ་ཕྱོགས་འཛིན་རྣལ་འབྱོར་བཟང་པོ་མིན། །བསྐལ་པར་རིམ་བགྲོད་གསང་སྔགས་བཟང་པོ་མིན། །ཕྱོགས་ལྷུང་རྒྱ་ཆད་རྫོགས་ཆེན་བཟང་པོ་མིན། །ཀུན་མཉམ་ཡངས་པ་ཆེན་པོར་མཁྱེན་འཚལ་ལོ། །ཆོས་ཉིད་དོན་ལ་གཞག་པའི་ཆོས་དྲུག་ནི། །གཟུང་བའི་ཡུལ་ལ་སྒོ་ལྔས་རྟེན་མ་བྱེད། །འཛིན་པའི་སེམས་ལ་སྤྲོ་བསྡུས་བཟོ་མ་བྱེད། །བདེ་གསལ་ཞེན་མེད་རྣམ་རྟོག་འཕྲོ་མ་གཞུག །རང་བྱུང་ལྷུག་པ་སྤྲོས་པའི་གོས་མ་གོན། །ཆོས་ཉིད་རྒྱ་ཡན་སེམས་འཛིན་སྒྲོག་མ་གཞུག །ཡངས་གྲོལ་བློ་ཡངས་འདུ་ཤེས་གཟེབ་མ་བཅིངས། །དེ་ལྟར་སུས་ཤེས་ཡང་དག་དོན་ལ་ཉེ། །ཐེག་ཆེན་ཆོས་དོན་མ་གོ་ཆོས་དྲུག་ནི། །འགྲོ་ཀུན་རྒྱལ་བའི་སྲས་པོ་དམ་པ་ལ། །དམན་པ་ཁྱད་གསོད་ཐེག་ཆེན་དོན་མ་གོ །སློང་བ་ཐམས་ཅད་དགེ་བསྐུལ་དྲིན་ཅན་ལ། །སེར་སྣའི་འཇུར་གེགས་ཐེག་ཆེན་དོན་མ་གོ །གནོད་བྱེད་དགྲ་འདྲེ་བཟོད་པའི་ཡུལ་མཆོག་ལ། །ཞེ་སྡང་ཁོང་ཁྲོ་ཐེག་ཆེན་དོན་མ་གོ །ཉེས་སྐྱོན་ངན་སྨྲས་སྐྱོན་སེལ་གདམས་ངག་ལ། །ངར་འཛིན་ཀོ་ལོང་ཐེག་ཆེན་དོན་མ་གོ །རྙེད་བཀུར་སྙན་གྲགས་ཕུང་འདྲེའི་ནང་དབྱེན་ལ། །ཆོས་བརྒྱད་རློམ་སེམས་ཐེག་ཆེན་དོན་མ་གོ །བྱིན་རླབས་ནུས་མཐུ་བདུད་ཀྱི་སྣ་འདྲེན་ལ། །ང་རྒྱལ་རློམ་སེམས་ཐེག་ཆེན་དོན་མ་གོ །དེ་དག་མང་བས་འཁོར་བར་འཁྱམས་པ་ཡིན། །སྤངས་ནས་བསྡད་པར་བྱ་བའི་ཆོས་དྲུག་ནི། །འདུ་འཛི་གཡེང་བའི་ཡུལ་སྤངས་དབེན་པར་སྡོད། །སྡེ་ཚན་ཕྱོགས་རིས་སྤངས་ལ་འདྲིས་མེད་སྡོད། །འཇིག་རྟེན་སོ་ནམ་འབྲེལ་སྤངས་བདེ་བར་སྡོད། །མང་པོའི་ཚོགས་སྤངས་གཅིག་ཏུ་དབེན་པར་སྡོད། །དོན་དང་བྱ་བ་མང་སྤངས་དབེན་པར་སྡོད། །མི་དགེ་ལུང་མ་བསྟན་སྤངས་དགེ་བར་
སྡོད། །དེ་ལྟར་བསྡད་དུས་བྱ་བ་རྣམ་དྲུག་ནི། །རིག་པ་གཅེར་བུ་རང་ངོ་ཟིན་པར་བྱ། །སེམས་ཀྱི་གནས་ལུགས་གཏན་ལ་དབབ་པར་བྱ། །ཤེས་པ་སྙམ་བྱེད་འདུན་མ་བྲལ་བར་བྱ། །དངོས་འཛིན་གཟའ་གཏད་ཆེད་དུ་གཟུང་མི་བྱ། །བརྩོན་འགྲུས་འདོད་བློ་རང་སར་ཆོད་པར་བྱ། །བྱེད་མཁན་ངོ་བོ་ཟད་སར་སྐྱོལ་བར་བྱ། །རིག་པ་བསམ་གཏན་གནས་པའི་ཆོས་དྲུག་ནི། །སྣང་ཚུལ་མ་འགགས་བཀྲ་ཡལ་སིང་ངེ་བ། །ཤེས་པ་མ་རྨུགས་ཡེ་རེ་སིང་ངེ་བ། །འཕྲོ་རྒོད་མ་སྙོགས་རང་དངས་སིང་ངེ་བ། །འཕྲོ་རྒོད་མ་ཤོར་མཉམ་པར་ལྷན་ནེ་བ། །རྨུགས་འཐིབས་མེད་པར་རང་སང་ལྷག་གེ་བ། །མཐའ་བཞིར་མ་བསྐྱོད་རང་བབས་ཕྱལ་ལེ་བ། །མཚན་ཉིད་དྲུག་ལྡན་གོལ་ས་མེད་པ་ཡིན། །ལྟ་སྒོམ་ཉམས་སུ་བླང་བའི་ཆོས་དྲུག་ནི། །ཅིར་སྣང་ལྟ་བར་ཤེས་པས་གྲུབ་མཐའི་འཛིན་པ་གྲོལ། །ཅིར་སེམས་སྒོམ་པར་ཤེས་པས་ཐུན་མཚམས་རིས་ལས་གྲོལ། །ཅི་བྱས་འཛིན་མེད་སྤྱོད་པས་ཆེད་འཛིན་ཞེན་པ་གྲོལ། །ཅིར་སྣང་དགོངས་པར་ཤར་བས་ཉམས་སུ་མྱོང་བ་གྲོལ། །ཅིར་བགྲོད་ཆོས་ཉིད་ཆོད་པས་ས་ལམ་ཚད་མར་གྲོལ། །ཅི་བསྒྲུབ་སྐུ་ལྔར་གྲུབ་པས་འབྲས་བུའི་ཞེན་པ་གྲོལ། །དེ་འདྲའི་རྣལ་འབྱོར་ནམ་མཁའ་ལྟ་བུ་ཡིན། །སྐྱོན་དྲུག་བརྟགས་ཏེ་སྤང་བར་བྱ་བ་ནི། །དད་བརྩོན་ལྡན་ཡང་བླ་མ་འབྲལ་སྔས་ན། །ལམ་མཐར་མ་ཕྱིན་བྱེའུ་ཕྲུག་མ་བྲལ་འདྲ། །རྒྱུ་འབྲས་གོ་ཡང་འདོད་བློ་མ་ཞིག་ན། །རྐྱེན་དབང་འཆོར་བ་གཡོ་སྒྱུ་ཁྲམ་པ་འདྲ། །ཤེས་རབ་ཆེ་ཡང་ཉམས་སུ་མ་ལོན་ན། །དགོས་དུས་མི་བསྟོངས་གཡུལ་ངོར་མཚོན་སྟོར་འདྲ། །རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །སྒོམ་ཡུན་རིང་ཡང་ཞེན་བློ་མ་ཞིག་ན། །ངལ་བ་དོན་མེད་རབས་ཆད་ཁེ་གྲགས་འདྲ། །ཡིན་མིན་ཤེས་ཀྱང་ཕྱོགས་རིས་མ་ཕྱེད་ན། །ཉོན་མོངས་རོ་ལྡང་མདེའུ་ཤའུ་འདྲ། །དེ་བས་སྐྱོན་དབང་མ་སོང་ཤིན་ཏུ་གཅེས། །གནས་ལུགས་
རྟོགས་ན་མི་དགོས་རྣམ་དྲུག་ནི། །རང་ལུས་རི་བོར་དྲི་མེད་སེམས་གནས་ན། །རི་ངོགས་དབེན་པའི་དགོན་པ་བསྟེན་མི་དགོས། །གང་བྱུང་ཆོས་ཉིད་ངང་ལས་མི་འདའ་ན། །དུས་ཚོད་ངེས་གཟུང་སྡུག་རྒུར་མཚམས་མི་དགོས། །སྣང་གྲགས་ཡེ་ཤེས་རོལ་པར་འཆར་བ་ན། །ཐུན་མཚམས་བར་བཅད་ཆེད་དུ་བསྒོམ་མི་དགོས། །སྤང་ཐོབ་མཚན་མ་གཞི་ལ་རང་དག་ན། །མཚན་བཅས་བསགས་སྣང་འདུན་མ་བཏང་མི་དགོས། །ཅིར་སྣང་སྐུ་གསུམ་ཞིང་དུ་འཆར་བ་ན། །སྒོམ་སྒྲུབ་ཡུལ་ལ་གཉེན་པོ་བསྟེན་མི་དགོས། །དགོངས་པ་ཕྱོགས་མེད་རྒྱ་ཡན་འཆར་བ་ན། །རེ་དང་དོགས་པའི་འདུ་ཤེས་བསྐྱེད་མི་དགོས། །དེ་དང་སུ་ལྡན་ཡེ་ཤེས་དོན་དང་མཇལ། །འགྲོ་བ་དྲུག་གི་མན་ངག་བསྟན་པ་ནི། །མི་དགེ་ཐུབ་པའི་མི་དེ་རང་བཞིན་དཔའ་བོར་འགྲོ། །དུག་ལྔ་ཁོང་གསོད་མི་དེ་སྐྱེས་བུ་མཐུ་ཅན་འགྲོ། དམིགས་འཛིན་མེད་པའི་མི་དེ་དགེ་སྦྱོར་ཅན་དུ་འགྲོ། །ཤེས་བཞིན་བག་ཡོད་འཆང་དེ་མཁས་ཤིང་མཛངས་པར་འགྲོ། །གནོད་འཛུགས་སྤོང་བའི་མི་དེ་གོ་མཚོན་ཅན་དུ་འགྲོ། །དམ་ཅན་བསྐོར་བའི་མི་དེ་འཁོར་འབངས་ཅན་དུ་འགྲོ། །དེ་ལྟར་ཅི་འགྲོ་བྱ་བ་གདམས་པའི་མཆོག །བསླུ་བས་སྤང་བར་བྱ་བའི་ཆོས་དྲུག་ནི། །རང་རིག་མ་བསླངས་གཞན་རིག་རྫུན་པོས་བསླུ། །འོད་གསལ་མ་ཡིན་ཞི་གནས་ལྟེང་པོས་བསླུ། །ཆིག་ཆོད་མ་ཡིན་བཏང་སྙོམས་འབྱམས་པས་བསླུ། །རང་དག་མ་ཡིན་རྣམ་རྟོག་ཉིང་འཁྲུལ་བསླུ། །ཟུང་འཇུག་མ་ཡིན་བྱར་མེད་ཁ་འབྱམས་བསླུ། །རང་གནས་མ་ཡིན་རྩེ་གཅིག་སེམས་འཛིན་བསླུ། །འདྲ་གཉིས་བསླུ་བས་དོན་མེད་མ་བཏང་ཅིག །འགྲོ་བ་དྲུག་གི་རང་བཞིན་བསྟན་པ་ནི། །དམིགས་མེད་རང་བཞིན་མ་རྟོགས་དགེ་བཅུ་འཆིང་བར་འགྲོ། །རང་ལ་ཞེན་ལོག་མ་སྐྱེས་སྤྲོས་མེད་བླང་དོར་འགྲོ། །ཆོས་འདས་དབྱིངས་སུ་མ་བྱས་བསྒོམས་ཀྱང་བློ་བྱས་འགྲོ། །ཐུག་ཕྲད་རང་ངོ་མ་རྟོགས་བསྒོམས་ཀྱང་བཅོས་མར་འགྲོ། །
ངང་དངས་གནས་ལུགས་མ་ཤེས་བསྒོམས་ཀྱང་རྟོག་པར་འགྲོ། །ཡེ་གྲོལ་འཛིན་མེད་མ་ཤེས་བསྒོམས་ཀྱང་མཚན་མར་འགྲོ། །འགྲོ་བའི་གནས་ལས་ལོག་པ་ཤིན་ཏུ་གཅེས། །གསོད་པ་དྲུག་གི་གདམས་ངག་བསྟན་པ་ནི། །འདྲེ་གདོན་ཞི་བར་འདོད་ན་ལུས་སྲོག་གཅེས་འཛིན་སོད། །མཐུན་འཇུག་བྱ་བར་འདོད་ན་ང་རྒྱལ་ཁེངས་སེམས་སོད། །སྡུག་བསྔལ་ཞི་བར་འདོད་ན་གཉིས་འཛིན་མཚན་མ་སོད། །གནས་ལུགས་དགོངས་པ་འདོད་ན་གཉེན་པོ་མཆོག་འཛིན་སོད། །གཉིས་མེད་ཡེ་ཤེས་འདོད་ན་སྒོམ་བློའི་གཉེན་པོ་སོད། །ཚེ་གཅིག་བྱང་ཆུབ་འདོད་ན་ཕྱི་ཤོལ་ལེ་ལོ་སོད། །དེ་དག་ལྡན་ན་གང་ཡིན་བདུད་བཞིའི་དགྲ་ལས་རྒྱལ། །མེད་པ་དྲུག་གི་རང་བཞིན་བསྟན་པ་ནི། །སེམས་ཅན་ཅི་མགུ་བྱས་ན་རྒྱལ་མཆོད་ལོགས་ན་མེད། །གཞན་དོན་དང་ལེན་བྱས་ན་ཐར་ལམ་ལོགས་ན་མེད། །དབྱེ་བསལ་གཉིས་མེད་རྟོགས་ན་མཉམ་ཉིད་ལོགས་ན་མེད། །ཡུལ་སེམས་གཉིས་མེད་རྟོགས་ན་ཆོས་ཉིད་ལོགས་ན་མེད། །འཁོར་བ་བདེན་མེད་ཤེས་ན་མྱང་འདས་ལོགས་ན་མེད། །བསྒྲུབ་མཁན་ངོ་བོ་སྟོར་ན་གོལ་སྒྲིབ་བསལ་དུ་མེད། །དེ་ལྟར་རྟོགས་རྣམས་ཆོས་སྐུ་རང་ཆས་འགྲུབ། །དཀའ་བ་དྲུག་གི་རང་བཞིན་བསྟན་པ་ནི། །ཆོས་ལ་ཞུགས་དཀའ་དེ་བས་མི་ལྡོག་དཀའ། །སྡེ་སྣོད་ཤེས་དཀའ་དེ་བས་རྒྱུད་སྦྱོར་དཀའ། །དམ་ཚིག་ཐོབ་དཀའ་དེ་བས་ལེགས་བསྲུང་དཀའ། །ཟབ་དོན་ཕྲད་དཀའ་དེ་བས་ཉམས་ལེན་དཀའ། །དགོངས་པ་སྐྱེ་དཀའ་དེ་བས་སྐྱོང་བ་དཀའ། །གཞན་དོན་བྱེད་དཀའ་དེ་བས་སྐྱོ་བཟོད་དཀའ། །སངས་རྒྱས་འདོད་ན་དཀའ་ཡང་བསྒྲུབ་འཚལ་ལོ། །ངོ་མཚར་ཆེ་བའི་གདམས་ངག་རྣམ་དྲུག་ནི། །དད་བརྩོན་ཡོད་ན་ཆོས་ཀྱི་སྦྱིན་པ་ལ། །དགོས་སུ་སྤྱོད་རྒྱུ་ཡོད་པ་ངོ་མཚར་ཆེ། །མོས་གུས་ཡོད་ན་བླ་མ་སངས་རྒྱས་ལ། །གདམས་ངག་མཉན་དུ་ཡོད་པ་ངོ་མཚར་ཆེ། །ཟབ་མོའི་ཐབས་ཀྱིས་ཟིན་ན་འདོད་ཡོན་ལྔ། །མ་སྤངས་སྤྱོད་པས་གྲོལ་
བ་ངོ་མཚར་ཆེ། །བརྩོན་པས་ཉམས་སུ་བླངས་ན་སེམས་ཅན་གྱིས། །ཚེ་གཅིག་སངས་རྒྱས་འགྲུབ་པ་ངོ་མཚར་ཆེ། །རྟོགས་པའི་ངང་ལ་མ་ཡེངས་བསྒོམས་བྱས་ན། །གཏིང་གསལ་ཆོས་ཉིད་མངོན་གྱུར་ངོ་མཚར་ཆེ། །དཀྱིལ་འཁོར་གསུམ་ལ་རྟག་ཏུ་འདྲིས་བྱས་ན། །སྐུ་གསུམ་ཡེ་ཤེས་འཆར་བ་ངོ་མཚར་ཆེ། །ཆོས་བྱེད་རྣམས་ཀྱི་སྐྱོན་དྲུག་བསྟན་པ་ནི། །བྱེ་བྲག་མི་ཤེས་ལྟ་བའི་མིག་དང་བྲལ། །གཏན་དུ་དགོས་པ་དགེ་སྦྱོར་གྲོགས་དང་བྲལ། །ཐར་པར་ཁྲིད་བྱེད་བཤེས་གཉེན་ལོང་ཁྲིད་མེད། །ཐོགས་པར་བྱེད་པ་ཐོས་བསམ་འཁར་བ་ཆག །མི་འདོད་ཉོན་མོངས་གཟུང་འཛིན་གདོན་གྱིས་བརླབས། །ཐར་མེད་སྲིད་ལས་ངན་སོང་གཡང་འཕྱོང་བ། །ཉེས་པ་དྲུག་ལྡན་འགྲོ་བ་འདི་དག་ཀུན། །སྙིང་རྗེས་བཟོད་དཀའ་མཆི་མ་འཁྲུག་ནའང། །ལས་ངན་མ་ཟད་དྲང་བའི་ཐབས་དང་བྲལ། །ལོག་པར་མ་སོང་དྲུག་གི་གདམས་པ་ནི། །དཀོན་མཆོག་གསུམ་ལ་ཞབས་ཏོག་མ་གྲུབ་ཀྱང་། །སྡིག་པ་མ་སོག་ངན་འགྲོའི་འཇིགས་པ་སོམས། །བླ་མ་མཆོག་ལ་མོས་གུས་མ་གྲུབ་ཀྱང་། །སྒྲོ་སྐུར་མ་འདེབས་ལོག་ལྟའི་ཉེས་དམིགས་སོམས། །མཆེད་གྲོགས་རྣམས་ལ་བརྩེ་གདུང་མ་འགྲུབ་ཀྱང་། །ཕྲག་དོག་མ་བྱེད་དམ་ཉམས་ཉེས་དམིགས་སོམས། །རང་གི་ཕ་ཆོས་གཞུང་བཞིན་མ་གྲུབ་ཀྱང་། །ཆོས་མཛད་མ་སྨད་ལས་ངན་ཉེས་དམིགས་སོམས། །འཁྲུལ་སྣང་དངོས་ལ་བདེན་འཛིན་མ་ཞིག་ཀྱང་། །རྟག་པར་མ་འཛིན་ཕྱི་ནང་འགྱུར་བ་སོམས། །དངོས་སུ་གཞན་ལ་ཕན་འདོགས་མ་འགྲུབ་ཀྱང་། །གནོད་པ་མ་སྐྱེལ་ལས་འབྲས་རྟེན་འབྲེལ་སོམས། །ཉན་ན་རིགས་པ་དྲུག་གི་གདམས་ངག་ནི། །ཅུང་ཟད་བྱ་བ་ཆག་པའི་སྡུག་བསྔལ་ལྟོས། །དགེ་སྦྱོར་ཆག་ལ་སྡུག་བསྔལ་བྱ་བར་རིགས། །དངོས་པོའི་བདེ་འགྱུར་ཆག་པའི་སྡུག་བསྔལ་ལྟོས། །ཉམས་མྱོང་འཕེལ་ཆག་སྡུག་བསྔལ་བྱ་བར་ལརིགས། །ཞག་གཅིག་ཟས་སྐོམ་ཆག་པའི་སྡུག་བསྔལ་ལྟོས། །ཐུན་བཞིའི་དགེ་སྦྱོར་ཆག་ལ་སྡུག་བསྔལ་རིགས། །ཚེ་འདིའི་
དགྲ་མགོ་མ་ཐུལ་སྡུག་བསྔལ་ལྟོས། །ཉོན་མོངས་དགྲ་མགོ་ཤོར་ལ་སྡུག་བསྔལ་རིགས། །འཁྲུལ་བའི་བཟའ་ཚོ་ཤི་བའི་སྡུག་བསྔལ་ལྟོས། །གཏན་གྲོགས་ཆོས་དང་བྲལ་ལ་སྡུག་བསྔལ་རིགས། །བྱ་བྱེད་ཅུང་ཟད་ཆག་པའི་སྡུག་བསྔལ་ལྟོས། །དལ་འབྱོར་ཆོས་སྤྱོད་ཆག་ལ་སྡུག་བསྔལ་རིགས། །རིགས་པའི་དོན་ལ་བསམས་ན་ཤིན་ཏུ་དགེ། ཚུལ་བཞིན་བསྒྲུབ་པའི་བོར་བ་རྣམ་དྲུག་ནི། །འཁོར་བའི་འདམ་རྫབ་འཇིག་རྟེན་བྱ་བ་བོར། །བྱུར་གྱི་གདོས་ཐག་ཁྱིམ་ཐབ་བུ་ཚ་བོར། །བྱིས་པའི་རྩེད་མོ་འཁྲུལ་སྣང་བདེན་ཞེན་བོར། །མགོ་བསྐོར་སླུ་བྲིད་འདོད་ཡོན་ལོངས་སྤྱོད་བོར། །བདུད་ཀྱི་ཞགས་པ་གཞན་གྱི་བཀུར་གནས་བོར། །ཕ་མེས་ཕུང་སྲི་མ་རིག་གཟུང་འཛིན་བོར། །དེ་ལྟར་བྱས་ན་འཁོར་བའི་གནས་ལས་ཐར། །གདམས་པའི་གནས་དྲུག་ཆིངས་སུ་བསྟན་པ་ནི། །ཐུག་ཕྲད་ཀུན་གྲོལ་མ་ཤེས་སྣང་བའི་རྟོག་མི་ཆོམས། །ཅེར་མཐོང་ཅེར་གྲོལ་མ་ཤེས་གཉིས་འཛིན་རྩད་མི་ཆོད། །ཉམས་མྱོང་གཏིང་གསལ་མ་ཤེས་མི་རྟོག་ལྟེངས་པོར་འཆོར། །གཉིས་སྣང་འཁྲུལ་པར་མ་གོ་ཞེན་ཆགས་འཁྲིས་མི་ཆོད། །ཚེ་ལ་ལོང་མེད་མ་ཤེས་དགེ་སྦྱོར་ཐང་ལྷོད་འཆོར། །རིག་པའི་རྩལ་ཁ་མ་འབྱོངས་འགྲོ་དྲུག་གཡང་མི་ཆོད། །དེ་དག་གནད་ལ་ལེགས་པར་བསླབ་པ་གཅེས། །མཐར་ཐུག་དྲུག་གིས་གནད་འགག་བསྡམ་པ་ནི། །སྡུག་པའི་མཐར་ཐུག་ཡིན་གྱིས་གཞན་གྱི་མགོ་དཔོན་བོར། །སྐྱིད་པའི་མཐར་ཐུག་ཡིན་གྱིས་བྱ་བ་ཐེངས་པར་གྱིས། །ཕུང་བའི་མཐར་ཐུག་ཡིན་གྱིས་མི་དགེའི་སྤྱོད་པ་སྤངས། །འཚེངས་པའི་མཐར་ཐུག་ཡིན་གྱིས་དགེ་ལ་སྤྱོད་པ་བསྒྲུབས། །བཟང་པོའི་མཐར་ཐུག་ཡིན་གྱིས་འཇིག་རྟེན་རྒྱབ་ཏུ་བོར། །ངན་པའི་མཐར་ཐུག་ཡིན་གྱིས་ཆོས་ལས་ལྡོག་པ་ཞོག །དེ་ལྟར་བྱས་ན་ཡང་རབ་དམ་པའི་རྩེ། །སྤང་བ་དྲུག་གིས་རང་རྒྱུད་གདུལ་བ་ནི། །མི་གཙང་གཅིན་རྟུག་ཡིན་གྱིས་ཟས་ཀྱི་སྲེད་པ་ཆོད། །སྙན་གྲགས་བྲག་ཆ་ཡིན་གྱིས་འཇིག་རྟེན་གྲགས་པ་སྤངས། །འཁྲུལ་སྣང་དགྲ་རུ་ལྡང་གིས་ཆགས་སྡང་འདུན་མ་སྤངས། །དུག་ལྔའི་
མཚོན་ཆ་འཛུགས་ཀྱིས་གཟུང་འཛིན་ང་བདག་སྤངས། །ཆེ་བཙན་ལྷ་ཆོས་འཆོར་གྱིས་མི་ཆེན་ལབ་མོ་སྤངས། །སྡིག་འཕེལ་དགེ་སྦྱོར་ཆག་གིས་ནོར་རྫས་གསོག་བྲུན་སྤངས། །དེ་ལྟར་བྱས་ན་སྒྲུབ་པ་འཕེལ་བར་མཆི། །ཆོས་ཉིད་དོན་དང་མཇལ་བའི་ཆོས་དྲུག་ནི། །ཅེར་མཐོང་ངོ་ཤེས་ཉམས་མྱོང་གཏིང་ནས་སད། །ཉམས་ཞེན་རང་ལོག་སྣང་བ་རྗེས་མེད་སངས། །འཇིག་རྟེན་རྟོག་བྲལ་ཡེ་ཤེས་ཟང་ཐལ་ཤར། །འདི་དྲུག་སུ་ལྡན་ཆོས་ཉིད་ཉམས་སུ་མྱོང། །འདུ་ཤེས་དྲུག་གི་གདམས་པ་བསྟན་པ་ནི། །དུས་གསུམ་ཐུན་ཕྱེ་མི་རྟག་འདུ་ཤེས་སྒོམས། །གཉེན་དང་མཛའ་བཤེས་འགྲོན་པོའི་འདུ་ཤེས་སྒོམས། །གར་འདུག་གནས་ལ་འགྲོན་ཁང་འདུ་ཤེས་སྒོམས། །ཟས་ནོར་ལོངས་སྤྱོད་རྩེད་མོའི་འདུ་ཤེས་སྒོམས། །བྱ་བ་གང་བྱེད་རྨི་ལམ་འདུ་ཤེས་སྒོམས། །ཉེ་རིང་གར་འགྲོ་འཆི་བའི་འདུ་ཤེས་སྒོམས། །དེ་དག་ལྡན་ན་འཁོར་བའི་གནས་ལས་ཐར། །གཅེས་པ་དྲུག་གི་གདམས་ངག་བསྟན་པ་ནི། །སེམས་ཉིད་དོན་མཐོང་རྟོགས་པའི་རང་ཉམས་གཅེས། །གདམས་ངག་མཚང་ཤེས་གོ་བའི་ཤེས་རབ་གཅེས། །དཀའ་བའི་གནད་ཁྲོལ་གྲུབ་མཐའི་དོན་མཐོང་གཅེས། །གོ་ཆ་ཐུབ་པའི་ཚུལ་ཁྲིམས་རྣམ་དག་གཅེས། །འཁྲུལ་བ་ཆོད་པའི་ཤེས་རབ་དྲི་མེད་གཅེས། །ཆེད་འཛིན་གྲོལ་བའི་སྤྱོད་པ་གཏད་མེད་གཅེས། །ལམ་དུ་སློང་བ་སྤྱི་ཡི་ཆོས་དྲུག་ནི། །མར་གྱི་ཟག་ཆུ་བསྡམས་པའི་རྒྱུ་འབྲས་ཕྲ་མོ་སྤྱད། །ཡར་གྱི་ཕུ་ཐག་བསྲིངས་པ་མཐོན་པོའི་རྩེ་མོ་སྙེགས། །བར་གྱི་འཕྲེད་ཁ་བཅད་པ་ཆོས་སྤྱོད་སྲང་དུ་གཞུག །སྦྱོར་བ་ཐེག་དམན་ལས་ལྡོག་བྱང་ཆུབ་སེམས་བསྐྱེད་བྱ། །དངོས་གཞི་བདེན་ཞེན་དགག་པ་རང་བཞིན་མེད་ཤེས་དང་། །རྗེས་ལ་ལམ་དུ་བསྒྱུར་བ་འཁོར་གསུམ་དག་པར་བསྔོ། །དེ་དྲུག་ལྡན་ན་དགེ་སྦྱོར་ལམ་དུ་འགྲོ། །འཁྲོལ་ཆགས་ཡངས་པ་ཆེན་པོའི་ཆོས་དྲུག་ནི། །བློ་རྒྱ་ཆུང་བས་མི་འོང་སྡེ་སྣོད་འཁྲོལ་ཤེས་དགོས། །ཤེས་ནས་འབྱམས་པས་མི་འོང་གདམས་ངག་འཁྲོལ་ཤེས་དགོས། །ཟབ་མོས་སྐྲག་
པས་མི་འོང་རྒྱུད་སྡེའི་འཁྲོལ་ཤེས་དགོས། །ཚིག་ཕྱིར་འབྲེངས་པས་མི་འོང་བསྒྲུབ་པའི་འཁྲོལ་ཤེས་དགོས། །ཕྱོགས་ཆའི་གྲུབ་མཐས་མི་འོང་གང་ལ་འཁྲོལ་ཤེས་དགོས། །ཐེ་ཚོམ་སོམ་ཉིས་མི་འོང་ངེས་ཤེས་འཁྲོལ་ཤེས་དགོས། །དེ་ལྟར་སུས་ཤེས་ཆོས་ཀུན་གཅིག་ཏུ་འདུས། །ཡང་དག་དོན་ལ་སྦྱར་བའི་ཆོས་དྲུག་ནི། །ཅི་བསླབ་གཞན་གྱི་དོན་དུ་སྦྱར་བ་དང་། །སྙིང་རྗེས་སྡུག་བསྔལ་རང་ཉམས་སྦྱར་བ་དང་། །ལོངས་སྤྱོད་ཅི་བྱུང་ཚོགས་སུ་གཏང་བ་དང་། །སྡོམ་གསུམ་དམ་ཚིག་གཙང་མ་བསྲུང་བ་དང་། །སྤྱོད་ལམ་ཆོས་ཉིད་དག་དང་མ་བྲལ་དང་། །མོས་གུས་གདུང་བས་གསོལ་བ་གདབ་པ་རྣམས། །དམ་པའི་རྣམ་ཐར་ཡིན་ནོ་རྗེས་སུ་བསྒྲུབ། །ན་བ་ལམ་དུ་བསླང་བའི་ཆོས་དྲུག་ནི། །ན་བས་འཁོར་བའི་ལས་ངན་ཟད་པར་བྱེད། །ན་བས་ཉོན་མོངས་དྲི་མ་འཁྲུ་བར་བྱེད། །ན་བས་མོས་གུས་གདུང་བའི་གསོལ་འདེབས་བྱེད། །ན་བས་བརྩོན་འགྲུས་དགེ་སྦྱོར་བསྐུལ་མ་བྱེད། །ན་བས་ཐར་བའི་ལམ་དང་སྤྲོད་པར་བྱེད། །ན་བས་རྩལ་སྦྱོང་བོགས་འདོན་གསལ་འདེབས་བྱེད། །དེ་ཕྱིར་ན་བ་མཁས་པས་ལམ་དུ་བསླང་། །ཤེས་པ་དྲུག་གི་གདམས་ངག་བསྟན་པ་ནི། །གནོད་བྱེད་དགྲ་འདྲེ་ཕན་འདོགས་ལྷར་ཤེས་དང་། །ཉེ་འབྲེལ་བརྩེ་གདུང་མར་འདྲེན་གནོད་སྐྱེལ་དང་། །རང་རྒྱུད་ཉོན་མོངས་དགྲ་སྡང་ཚེར་མ་དང་། །ངར་འཛིན་སྲུང་སྐྱོབ་གནོད་བྱེད་འགོང་པོ་དང་། །མི་མཐུན་རྐྱེན་ངན་ཐར་ལམ་བོགས་འབྱིན་དང་། །སྙན་གྲགས་བསྟོད་པ་སྐྱོན་གྱི་ངན་ཚང་དུ། །ཤེས་པར་བྱ་བ་ཤིན་ཏུ་རྣམ་དྲུག་གཅེས། །ངེས་དོན་སྙིང་པོའི་གདམས་ངག་རྣམ་དྲུག་ནི། །སྐྱེ་མེད་ངང་ལས་འཁྲུལ་གཞི་ངོས་གཟུང་ཞིང་། །འགག་མེད་འཆར་དུས་འཁྲུལ་པ་རྩད་ནས་ཆོད། །གཉིས་མེད་རྟོགས་པས་འཁོར་བ་རུ་བཟློག་ཅིང་། །བློ་དངོས་རང་གྲོལ་མཐའ་བཞིའི་གེགས་རྣམས་བསལ། །ལྟ་བས་ཕུ་བཅད་འཁོར་འདས་ཁོག་དགྲོལ་ཞིང་། །སྤྱོད་པས་མདའ་ཁྲོལ་སྤྱོད་ལམ་ལམ་དུ་སློང་། །འདི་དག་ཟབ་དོན་སྙིང་པོ་མཐར་ཐུག་ཡིན། །བྱ་བ་དྲུག་གིས་གནད་དུ་བརྡེག་པ་ནི། །མི་
གཞི་འགྱུར་མེད་ཆོས་ལས་མི་བཟློག་བྱ། །སེམས་ལ་གཡོ་མེད་གཞན་གྱིས་མ་ཁྲེལ་བྱ། །དད་གུས་འགྲིབ་མེད་རེས་འགར་མ་སོང་བྱ། །བསླབ་གསུམ་གཅེས་སྤྲས་ཉེས་ལྟུང་མ་གོས་བྱ། །རྟག་ཏུ་འཆི་བསམ་སྙོམ་ལས་མ་ལུས་བྱ། །ཐུག་ཕྲད་ཉོན་མོངས་གཉེན་པོས་རང་གྲོལ་བྱ། །དེ་དྲུག་ལྡན་ན་དགོས་པ་ཐམས་ཅད་འགྲུབ། །ཡེ་ཤེས་སྦར་བའི་གདམས་པ་རྣམ་དྲུག་ནི། །འཛིན་མེད་ངང་དུ་སྣང་བ་ས་ལེ་བ། །གཉིས་མེད་ངང་དུ་མཉམ་པར་ལྷན་ནེ་བ། །གསལ་དག་ངང་དུ་རང་དངས་སང་ངེ་བ། །འོད་གསལ་ངང་དུ་རང་གསལ་སལ་ལེ་བ། །ཆོས་ཉིད་ངང་དུ་དགའ་འཛུམ་ཤིག་གེ་བ། །བློ་འདས་དབྱིངས་སུ་ཡངས་པ་ཕྱལ་ལེ་བ། །མ་བཅོས་རང་བཞིན་རྫོགས་པ་ཆེན་པོར་འགྲུབ། །རང་བཞིན་གནད་དང་བསྲེ་བའི་ཆོས་དྲུག་ནི། །རང་རིག་བློ་འདས་གཉུག་མའི་ཡེ་ཤེས་ལ། །རང་བབས་སྒོམ་པ་འོད་གསལ་ཆེན་པོ་ནི། །གྲིམས་པར་བསྒྲིམས་ལ་ལྷོད་པར་གློད་པ་སྟེ། །ཕྱལ་བར་མ་ཤོར་མ་ཡེངས་དྲན་པས་ཟིན། །འཕྲོ་གནས་རིས་མེད་མཉམ་པའི་ངང་གཅིག་ལ། །ཕྱོགས་བྲལ་ནམ་མཁའ་འདྲ་བའི་རང་བཞིན་ནི། །ཆོས་སྐུ་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ། །མི་གནས་འཕོ་འགྱུར་མེད་པའི་ཆོས་དྲུག་ནི། །རིག་པ་སྟོང་གསལ་སྤྲོས་དང་བྲལ་བ་ལ། །གཟུང་འཛིན་རེ་དོགས་དྲི་མས་མ་བསླད་པར། །རང་བབས་སོ་མ་གཅེར་བུ་རང་གའི་ངང་། །མི་བསམ་མི་སྤྱོད་མི་སྒོམ་མི་རྟོག་པར། །སལ་ལེ་སེང་ངེ་ཡེ་རེ་ཝལ་ལེ་བ། །ཤར་གྲོལ་རིས་མེད་ཐ་མལ་ཤེས་པ་ནི། །མ་ལུས་སྡུག་བསྔལ་སྤྲོས་ཀུན་ཞི་བྱེད་ཡིན། །ཆོས་ཉིད་མཉམ་པ་ཆེན་པོའི་ཆོས་དྲུག་ནི། །མཐའ་གྲོལ་རིག་པ་ནམ་མཁའ་ལྟ་བུ་ལ། །འཁོར་འདས་རིས་མེད་སྤང་བླང་ཐ་སྙད་བྲལ། །བྱར་མེད་ཆོས་སྐུ་གཞི་གྲོལ་ལྟ་བའི་ངང་། །གང་ལའང་མི་སེམས་དམིགས་འཛིན་བྲལ་བ་ནི། །གནས་ལུགས་རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །བློ་ཡི་སྙེམས་བྲལ་ཞེན་པའི་འཁྲིས་ཆོད་པ། །རྒྱལ་བ་ཀུན་གྱི་སྤྱོད་ཡུལ་ལྷུན་གྱིས་གྲུབ། །རིག་པ་ཆོས་ཉིད་གནས་པའི་ཚད་དྲུག་ནི། །དད་པའི་ངང་ལ་ཁམས་སོས་ཡལ་ལེ་
བ། །གནས་ལུགས་ངང་ལ་ལྷུན་ཆགས་མེར་རེ་བ། །བསམ་གཏན་ངང་ལ་བརྗིད་ཆགས་ལྷན་ནེ་བ། །ཉམས་མྱོང་ངང་ལ་བཀྲག་ཕྱིན་སལ་ལེ་བ། །ཆོས་ཉིད་ངང་ལ་དངས་ཆགས་སང་ངེ་བ། །རང་རིག་ངང་ལ་ངར་ཆགས་ཧུར་རེ་བ། །དེ་ལྟར་བསྒོམས་པས་ཡེ་ཤེས་རིག་པའི་ཀློང་། །སྐལ་བཟང་སྣོད་དང་ལྡན་པའི་ཆོས་དྲུག་ནི། །མོས་གུས་ཚུད་པས་ཅི་བྱས་དད་མི་ལྡོག །ཆོས་ལ་དད་པས་དགེ་སྡིག་རྒྱུ་འབྲས་འཛེམ། །དམ་ཚིག་གཙང་བས་མཆེད་ལ་བརྩེ་གདུང་ཆེ། །ཆོས་དང་འདྲེས་པས་དགེ་སྦྱོར་གཅེས་སྤྲས་བྱེད། །གཉེན་པོ་ཆེ་བས་རྐྱེན་ངན་རང་སར་གྲོལ། །བྲོད་པ་རྙེད་པས་སྒོམ་སྒྲུབ་བརྩོན་པ་ནི། །དམ་ཆོས་རིན་ཆེན་སྣོད་མཆོག་ལགས་པར་གསུངས། །སྣོད་ངན་དོན་ཆུང་ཆོས་དྲུག་བསྟན་པ་ནི། །ཡུན་རིང་བསྒོམས་ཀྱང་རང་རྒྱུད་མ་གྲོལ་ན། །དགོན་པར་གནས་ཀྱང་དོན་ཆུང་རི་དྭགས་འདྲ། །སྡེ་སྣོད་ཤེས་ཀྱང་གཉེན་པོར་མ་སོང་ན། །ཐོས་བསམ་ཆེ་ཡང་དོན་ཆུང་ནེ་ཙོ་འདྲ། །བླ་མ་བསྟེན་ཡང་གདམས་པ་མ་ལོན་ན། །མདོ་སྟོར་རྒྱ་མཚོའི་འགྲམ་དུ་སྐོམ་རིད་ལུས། །གདམས་ངག་ཡོད་ཀྱང་རྒྱུད་ལ་མ་འབྱོར་ན། །བཅངས་པ་དོན་ཆུང་སྨན་དཔྱད་ཡི་གེ་འདྲ། །དྲོད་རྟགས་ཐོབ་ཀྱང་སེམས་ཉིད་མ་རྟོགས་ན། །སྒོམ་པ་དོན་ཆུང་མུ་སྟེགས་ལམ་ཞུགས་འདྲ། །དཀའ་སྤྱད་ཆེ་ཡང་ཡོན་ཏན་མ་སྐྱེས་ན། །འབད་པ་དོན་ཆུང་སྤང་ཕུག་ཕྱི་བ་འདྲ། །དེ་བས་གནད་དུ་འགྲོ་བ་ཤིན་ཏུ་གཅེས། །བླ་མ་མཆོག་གི་རྟགས་དྲུག་བསྟན་པ་ནི། །བསྟེན་ཚེ་བག་དྲོ་ཆོས་ལ་བློ་འགྲོ་ན། །བསྒྲུབས་པའི་བྱིན་རླབས་སྤྲིན་ཕུང་ཡོད་པའི་རྟགས། །སློབ་མ་སྒྲུབ་བཅུག་ཡོན་ཏན་སྣ་མང་ན། །ཟབ་མོའི་སྙན་བརྒྱུད་གདམས་པ་ཆེ་བའི་རྟགས། །འཁོར་དང་ཡོ་བྱད་གཞན་ཤོར་ཕྲག་དོག་མེད། །འཇིག་རྟེན་མངོན་ཞེན་འདོད་བློ་ཟད་པའི་རྟགས། །བློ་རིག་གང་ཡང་ལམ་དུ་འཇུག་ཤེས་ན། །འགྲོ་དོན་ཐབས་མཁས་ཐུགས་རྗེ་ཡོད་པའི་རྟགས། །སྡུག་བསྔལ་བ་ལ་ཕན་འདོགས་རྒྱ་ཆེ་ན། །ཚད་མེད་སེམས་བསྐྱེད་སྙིང་རྗེ་འབྱོངས་པའི་རྟགས། །ཁོང་ཡངས་བློ་བདེ་བྱ་བ་བྲལ་བ་ན། །གནས་ལུགས་རྟོགས་པའི་གདེང་དང་ལྡན་པའི་
རྟགས། །དེ་འདྲའི་མཚན་ལྡན་བླ་མ་བཙལ་ལ་བསྟེན། །ཆོས་སྒྲུབ་རྣམས་ཀྱི་རྟགས་དྲུག་སྤང་བ་ནི། །མི་ཆོས་ཁ་འཛིན་ཆེ་ན་ཆགས་སྡང་ཡོད་པའི་རྟགས། །ཅི་བྱས་སྡང་བར་མཐོང་ན་ལོག་ལྟ་སྐྱེས་པའི་རྟགས། །འཁྲུལ་སྣང་གཅེས་འཛིན་མང་ན་དགེ་སྦྱོར་འགྲིབ་པའི་རྟགས། །ཕ་ཡུལ་ཡོ་བྱད་སོག་ན་ཆོས་ལས་ལོག་པའི་རྟགས། །ཚེ་འདི་དོན་དུ་གཉེར་ན་བར་ཆད་བདུད་ཀྱི་རྟགས། །ཆོས་ལ་ངེས་ཤེས་མེད་ན་ཐར་ལམ་སྟོར་བའི་རྟགས། །ནོར་བ་དྲུག་གི་རང་བཞིན་སྤང་བ་ནི། །འདི་ཕྱིའི་སྐྱབས་གནས་བླ་མ་མི་མཆོད་པར། །མགུ་བྱེད་ཉེ་འབྲེལ་སྐྱོང་བ་ཤིན་ཏུ་ནོར། །དངོས་གྲུབ་རྩ་བ་བཟླས་བརྗོད་མི་བྱེད་པར། །ཟད་མེད་ལོང་གཏམ་གཏོང་བ་ཤིན་ཏུ་ནོར། །དད་སོགས་འཕགས་པའི་ནོར་བདུན་མི་གསོག་པར། །སྡུག་བསྔལ་རྩ་བ་ནོར་སོག་ཤིན་ཏུ་ནོར། །སེམས་ཉིད་དོན་གྱི་གནས་ལུགས་མི་སྒོམ་པར། །རྣམ་གཡེང་འདུ་འཛིའི་བྱ་བ་བསྒྲུབ་པ་ནོར། །ཉེས་པའི་འབྱུང་གནས་ངར་འཛིན་མི་འདུལ་བར། །ཁེ་གྲགས་ལོ་འདོད་མངོན་རློམ་བྱེད་པ་ནོར། །མ་རིག་མུན་སེལ་ཐོས་བསམ་མི་བྱེད་པར། །སྙམ་བྱེད་མུན་པའི་བླུན་སྒོམ་བྱེད་པ་ནོར། །ནོར་བ་སྤངས་ན་ཐར་ལམ་ཉེ་བར་འགྱུར། །གདམས་ངག་དྲུག་གིས་གནད་དུ་བསྣུན་པ་ནི། །རྐང་མེད་ཡུར་བར་མི་འབབ་མཁས་པའི་བླ་མ་བསྟེན། །འཁྲུལ་བར་འགྲོ་བའི་རྟེན་ཡིན་ལོག་དམན་བྱ་བ་དོར། །གཞན་གྱི་ངན་སྤྱོད་འགོ་བས་མི་དང་འགྲོགས་མི་བྱ། །བསམ་གཏན་གཡེང་བའི་ཚེར་མ་ཐ་སྙད་ཚིག་མ་རྩོད། །བྲེལ་དོ་ཟིན་པའི་དུས་མེད་བྱ་བྱེད་འཕྲོ་ལ་བོར། །དངོས་གྲུབ་རིང་བར་འགྱུར་བས་ཡི་དམ་གཞན་མ་སྤེལ། །བཟའ་བཏུང་སྲེད་པ་འཕེལ་བས་གང་བྱུང་འཚོ་བ་བསྟེན། །དེ་ལྟར་བྱས་ན་ཀུན་སྤྱོད་དགེ་བ་འཕེལ། །སློབ་དཔོན་ངན་པའི་སྐྱོན་དྲུག་འགོ་བ་ནི། །བཤེས་གཉེན་ངན་པ་བསྟེན་པའི་སློབ་མ་དག །གྲུབ་མཐའ་ངན་པས་རྟག་ཆད་མཐར་འཛིན་འགོ །སྤྱོད་པ་ངན་པས་མི་དགེ་ལོག་པར་འཁྲིད། །གྲུབ་རྟགས་ངན་པས་ཁོང་ཁྲོ་གདུག་རྩུབ་འཕེལ། །སྒོམ་པ་ངན་པས་འཁྲུལ་སྣང་བག་ཆགས་སྦྱོར། །ཉམས་ལེན་ངན་པས་འཇིག་རྟེན་ཆོས་
ལ་འཆེལ། །འབྲས་བུ་ངན་པས་འཁོར་བ་ངན་སོང་ལྟུང་། །དེ་ཕྱིར་དད་ལྡན་ཐར་ལམ་གཉེར་རྣམས་ཀྱིས། །བར་ཆད་བདུད་དུ་སློབ་དཔོན་ངན་པ་ཆེ། །དེ་བས་བརྟགས་ཏེ་རབ་ཏུ་སྤང་བར་བྱ། །གྲོགས་ངན་སྤྱོད་པ་འགོ་བའི་ཆོས་དྲུག་ནི། །བསམ་མེད་བྱིས་དང་འགྲོགས་ན་དོན་ཆུང་སྤྱོད་པ་འགོ །ན་ཕྲད་གཞོན་དང་འགྲོགས་ན་རྩེ་རྒོད་སྤྱོད་པ་འགོ །ཁྱིམ་པ་རྣམས་དང་འགྲོགས་ན་སོ་ནམ་ཁེ་གྲགས་འགོ །ཚོང་པ་དག་དང་འགྲོགས་ན་ཁེ་སྤོགས་གསོག་བྲུན་འགོ །ཞེ་སྡང་ཅན་དང་འགྲོགས་ན་གདུག་རྩུབ་སྤྱོད་པ་འགོ །གཉེན་བཤེས་སྐྱོང་དང་འགྲོགས་ན་ལྟོ་གོས་བཟའ་འཚོལ་འགོ །དེ་བས་གྲོགས་ངན་སྤངས་ལ་གྲོགས་བཟང་ཆོས་ལྡན་བསྟེན། །བྱུར་ངན་ཁྱིམ་ཐབ་བསྟེན་པའི་ཉེས་དྲུག་ནི། །མི་རྟག་རྒྱུད་ལ་སྐྱེས་ཀྱང་སྒྲུབ་པ་ལེ་ལོས་འཁྱེར། །དད་པ་ཤེས་རབ་འཛོམ་ཡང་བྱ་བའི་སྐབས་མི་རྙེད། །ཚེ་འདི་དགོས་མེད་ཤེས་ཀྱང་འཇིག་རྟེན་བློས་མི་ཐོངས། །ཟབ་མོའི་གདམས་པ་ཡོད་ཀྱང་ཉམས་ལེན་ཡིད་སྨོན་ལུས། །ཐོས་བསམ་ཤེས་རྒྱ་ཆེ་ཡང་རང་གཞན་ཕན་མི་ཐོགས། །གནས་ལུགས་ལྟ་བ་གོ་ཡང་ཐ་མལ་ངང་དུ་འཆི། །དེ་འདྲའི་དབང་དུ་མ་སོང་ཤིན་ཏུ་གཟབ་པར་བྱ། །བསླུ་བྲིད་བདུད་ཀྱི་ཆོས་དྲུག་བསྟན་པ་ནི། །ནོར་སྲེད་ཅན་རྣམས་རྫས་ཀྱིས་བསླུས་པའི་བདུད། །མཁྱེན་རྒྱ་ཅན་རྣམས་ཡོན་ཏན་བསླུས་པའི་བདུད། །མཐོན་པོའི་རིགས་རྣམས་སྐྱེས་པས་བསླུས་པའི་བདུད། །འདུ་བ་ཅན་རྣམས་བསོད་ནམས་བསླུས་པའི་བདུད། །ལས་ངན་ཅན་རྣམས་རྐྱེན་ངན་བསླུས་པའི་བདུད། །གྲགས་འདོད་ཅན་རྣམས་གཏམ་གྱིས་བསླུས་པའི་བདུད། །ཤིན་ཏུ་མང་བས་དེ་དབང་མ་སོང་བྱ། །བསླབ་ཉེས་དྲེད་པོར་སོང་བའི་སྐྱོན་དྲུག་ནི། །ཐ་མལ་བསམ་བློ་བྱ་བྱེད་ལོང་གཏམ་མང་། །འཁྲུལ་བའི་ཉེས་སྤྱོད་གཅིག་ཕྱིར་གཅིག་མཐུད་འབྱུང་། །ལྟ་བར་བདག་འཛིན་ཆགས་སྡང་སྣ་ཚོགས་སྤྱོད། །སྒོམ་པར་ངན་སེམས་ལོག་ལྟ་རྒྱུན་མི་འཆད། །སྤྱོད་པར་མི་དགེ་ཆོས་མིན་སྣ་ཚོགས་སྤྱོད། །ཆོས་ལ་བློ་འདྲེད་ཚེ་འདིའི་དབང་སོང་བ། །དེ་དག་ཐར་པའི་ལམ་སྟོར་དྲེད་
པོ་སྟེ། །བསླབ་ཉེས་ངན་ལང་ཆེ་བས་རིང་དུ་སྤང་། །དགེ་སྡིག་འདྲེས་མ་སྤང་བའི་ཆོས་དྲུག་ནི། །བཅུད་མེད་ཆགས་སྡང་འཕེལ་བའི་སློབ་དཔོན་མ་བསྟེན་ཅིག །སྣོད་མེད་ཉེས་སྐྱོན་རྟོགས་པའི་སློབ་མ་མ་བསྟེན་ཅིག །མི་དགེ་སྡིག་པ་བསགས་པའི་དགེ་བ་མ་བྱེད་ཅིག །བཀུར་སྟི་ཁ་ལན་རེ་བའི་སྦྱིན་པ་མ་བཏང་ཅིག །ཟས་ནོར་ཉེ་འབྲེལ་གསོ་བའི་མཆོད་པ་མ་བྱེད་ཅིག །གཡོ་སྒྱུས་རྙེད་པ་འཚོལ་བའི་ཆོས་བཤད་མ་བཏང་ཅིག །འདི་ལ་ཉན་ན་ཆོས་དང་མཐུན་པར་འོང་། །ལོ་འདོད་དོན་དང་འགལ་བའི་ཆོས་དྲུག་ནི། །ཐ་མལ་བློ་མ་ལོག་པའི་ཆོས་པ་ཡིན་ལོ་དང་། །དད་གུས་བསྙེན་བཀུར་མེད་པའི་བླ་མ་བསྟེན་ལོ་དང་། །ཆོས་དང་རང་རྒྱུད་མ་འདྲེས་སྟོན་ཆེན་ཡིན་ལོ་དང་། །འདུ་འཛི་སྙོམ་ལས་མ་སྤངས་དགོན་པ་བསྟེན་ལོ་དང་། །ཡོན་ཏན་གོང་དུ་མི་འཕེལ་བསམ་གཏན་སྒོམ་ལོ་དང་། །སྒྲུབ་པ་གནད་དུ་མ་བསྣུན་གཞན་དོན་བྱེད་ལོ་དང་། །འདི་དྲུག་འདྲ་མིན་འཆོལ་བས་མཁས་པས་རིང་དུ་སྤང་། །ཟོལ་མ་དྲུག་གིས་བསླུ་བའི་ཆོས་དྲུག་ནི། །ལྟ་བ་ཟོལ་མ་གདེང་དུ་མ་ཚུད་པའི། །གཡོམ་རྒྱུག་སྤྲོས་བྲལ་འདིས་ཀྱང་རང་སེམས་སླུ། །སྒོམ་པ་ཟོལ་མ་གནད་དུ་མ་ཐེབས་པའི། །བླུན་སྒོམ་ཡིད་དཔྱོད་འདིས་ཀྱང་རང་སེམས་སླུ། །སྤྱོད་པ་ཟོལ་མ་བག་དང་མི་ལྡན་པའི། །སྨྱོ་སྤྱོད་རྩིང་པོ་འདིས་ཀྱང་རང་སེམས་སླུ། །དམ་ཚིག་ཟོལ་མ་ཉེས་ལྟུང་མི་འཛེམ་པའི། །སྲུང་སྡོམ་ངོ་ལྐོག་འདིས་ཀྱང་རང་སེམས་སླུ། །ཐོས་བསམ་ཟོལ་མ་སངས་རྒྱས་མི་འདོད་པའི། །ང་མཁས་གྲགས་འདོད་འདིས་ཀྱང་རང་སེམས་སླུ། །འབྲས་བུ་ཟོལ་མ་སེམས་ཉིད་མ་རྟོགས་པའི། །ཕྱི་དུས་ཡིད་སྨོན་འདིས་ཀྱང་རང་སེམས་སླུ། །སླུ་བྲིད་དབང་དུ་མ་སོང་ཤིན་ཏུ་གཅེས། །མི་རིགས་བྱ་བ་སྤང་བའི་ཆོས་དྲུག་ནི། །ཕ་མེས་བླ་འཚོང་ཆོས་དཔག་ཁྲམ་མ་བྱེད། །སྤུན་གྲོགས་དམེ་ཤོར་མཆེད་གྲོགས་རྩོད་མ་བྱེད། །སྤྱི་ཡུལ་ཁྲིམས་འཇིགས་ཆོས་མིན་ལས་མ་བྱེད། །ངན་སྐྱུགས་དུག་འཐོར་གཞན་གྱི་རྔན་མ་འདྲེན། །ཚོད་མེད་ཞལ་བཙེ་གང་ཟག་ཆོས་མ་གཤེ །མ་བཅོལ་
གཉེར་བ་མི་ཆོས་འདུན་མ་ཞོག །བཅོལ་ཞིང་དབང་བ་ཆོས་ཀྱིས་སངས་རྒྱས་བསྒྲུབ། །ཚུལ་བཞིན་ཆོས་ལ་བསྒྲུབ་པར་ཞུགས་རྣམས་ཀྱིས། །གྲོང་ཡུལ་ཕྱིན་པའི་ཉེས་པ་རྣམ་དྲུག་ནི། །ཉམས་གྲིབ་ཕོག་པས་ཉམས་དང་བྱིན་རླབས་ཡལ། །ཉོན་མོངས་ལྡང་བས་བསླབ་གསུམ་སྲུང་སྡོམ་ཤོར། །དམ་བཅའ་འཆག་པས་རྐྱེན་དང་བར་ཆད་མང་། །འཁྲུལ་སྣང་འགོས་པས་ལྟ་སྒོམ་རྩལ་གསུམ་ཤོར། །ཐ་མལ་འགོས་པས་རང་རྒྱུད་ཆོས་ལས་འདྲེད། །ལས་ངན་དབང་གིས་ཐ་མལ་ཁྱིམ་ཐབ་འགྲོ། །དེ་ཕྱིར་གྲོང་ཡུལ་མི་འགྲིམ་དབེན་པ་བསྟེན། །རྒྱ་ལམ་འགྲོ་ཡང་བཙོན་རའི་འདུ་ཤེས་ཀྱིས། །དབང་པོ་ཡུལ་ལ་མ་ཡེངས་ཤིན་ཏུ་གཟབ། །བསྒྲུབ་པའི་གནས་དྲུག་ཆིངས་སུ་བཅིང་བ་ནི། །ལྟ་བའི་གནས་ལུགས་སངས་རྒྱས་དགོངས་པར་སྐྱོལ། །ཉམས་ལེན་མན་ངག་ཐབས་ཀྱིས་གནད་དུ་གཟིར། །རིག་པའི་ཡེ་ཤེས་གཏན་ཚིགས་འགག་ཏུ་གཏེམས། །སྐྱེ་ཚུལ་གནད་རྣམས་ཡུལ་སྣང་ཐུག་ཕྲད་གྲོལ། །ཐམས་ཅད་སེམས་ཉིད་འགྱུར་མེད་ངང་དུ་བསྡམ། །ཆོས་སྤྱི་རྫོགས་པ་ཆེན་པོར་བཅིང་བ་སྟེ། །འདི་དག་གནད་བསྣུན་ཚེ་འདིས་བྱང་ཆུབ་འགྲུབ། །གཞི་དྲུག་འདིངས་པའི་གདམས་ངག་བསྟན་པ་ནི། །ཤེས་རབ་གཞི་འདིངས་ཐོས་བསམ་སྦྱོར་བ་དང་། །ཐེག་ཆེན་གཞི་འདིངས་སེམས་བསྐྱེད་བསླབ་པ་དང་། །བྱིན་རླབས་གཞི་འདིངས་བརྒྱུད་པ་བཟང་བ་དང་། རྟོགས་པའི་གཞི་འདིངས་སེམས་ཉིད་རྟོགས་པ་དང་། །ཡོན་ཏན་གཞི་འདིངས་དད་བརྩོན་འབྲེལ་བ་དང་། །བདེ་སྐྱིད་གཞི་འདིངས་འཁོར་བ་སྤང་བ་སྟེ། །དམ་པ་རྣམས་ཀྱི་མཛད་པའི་རྗེས་སུ་སློབ། །ཟང་ཟིང་ནོར་རྫས་བསགས་པའི་སྐྱོན་དྲུག་ནི། །དུག་ལྔའི་རྟེན་ཡིན་ཆགས་སྡང་ཟག་པ་འཕེལ། །སེར་སྣའི་འཆིང་བྱེད་ཡི་དྭགས་ལས་ངན་སོག །འཇིག་རྟེན་ཆོས་སོང་བྱང་ཆུབ་ལམ་དང་བྲལ། །སྐྱེད་འཕེལ་བསྐྱང་སྲུང་མི་ཚེ་སྡུག་བསྔལ་ཟད། །ཉམས་ལེན་ཆོས་འཛོལ་ལྷ་མིའི་ངན་སྨྲས་འདུ། །བར་ཆད་བདུད་ཡིན་ཐ་མལ་སྲོག་ལ་རྒོལ། །དེ་བས་ནོར་རྫས་གསོག་བྲུན་སྐྱེད་
འཕེལ་ཀུན། །དམ་ཆོས་སྒྲུབ་པས་རིང་དུ་སྤང་བར་བྱ། །བཟའ་ཚང་ལེགས་པར་བཙལ་བའི་ཆོས་དྲུག་ནི། །ཕ་ཡི་དམ་པར་ཆོས་དབྱིངས་འགྱུར་མེད་ཚོལ། །མ་ཡི་དམ་པར་རང་བྱུང་ཡེ་ཤེས་ཚོལ། །བུ་ཡི་དམ་པར་རང་བྱུང་ཁྱེའུ་ཆུང་ཚོལ། །གྲོགས་ཀྱི་དམ་པར་གཉིས་མེད་ཟུང་འཇུག་ཚོལ། །ནོར་གྱི་དམ་པར་སེམས་ཉིད་ནོར་བུ་ཚོལ། །གནས་ཀྱི་དམ་པར་སྐུ་གསུམ་ཞིང་ཁམས་ཚོལ། །དེ་དག་འཛོམ་ན་རིག་པའི་གཏན་ཡུལ་ཟིན། །ཉམས་ལེན་སྲོལ་དུ་འཇུག་པའི་ཆོས་དྲུག་ནི། །འཁོར་བའི་སྐྱེལ་མར་སྐྱབས་འགྲོ་ཉམས་སུ་བླང་། །སོ་ནམ་ལས་སུ་ཆོས་སྤྱོད་ཉམས་སུ་བླང་། །མྱུར་མགྱོགས་རྟ་ཕོར་ཐབས་ལམ་ཉམས་སུ་བླང་། །ནོར་གྱི་དབྱིག་ཏུ་ཚོགས་གཉིས་ཉམས་སུ་བླང་། ཁེ་སྤོགས་འཕེལ་དུ་ཡོན་ཏན་ཉམས་སུ་བླང་། །ཟས་སྐོམ་བཅུད་དུ་གདམས་ངག་ཉམས་སུ་བླང་། །དེ་ལྟར་སུས་བྱས་གོང་མའི་བརྒྱུད་པ་ཟིན། །རིག་པ་ལམ་གཞུག་གདམས་ངག་རྣམ་དྲུག་ནི། །སྐབས་སུ་རང་སྣང་མཐུན་པའི་རྐྱེན་གྲོགས་ལྟོས། །རང་སྣང་ཤེས་པས་ཉམས་མྱོང་གྲོགས་སུ་འཆར། །སྐབས་སུ་མི་མཐུན་གནོད་པའི་རྐྱེན་སྣང་ལྟོས། །འཁྲུལ་པ་ཞེན་ལོག་གནད་དུ་ཆེ་བ་ཡིན། །སྐབས་སུ་གྲོགས་དང་གཞན་གྱི་བླ་མ་ལྟོས། །བཟང་ངན་ཤེས་ན་ཉམས་ལེན་བསྐུལ་མ་ཡིན། །སྐབས་སུ་མཁའ་ལ་འབྱུང་བཞིའི་ཆོ་འཕྲུལ་ལྟོས། །སེམས་ཉིད་ངང་དུ་འབད་རྩོལ་ཞིག་པ་ཤེས། །སྐབས་སུ་རང་གི་ཡུལ་མཁར་ལོངས་སྤྱོད་ལྟོས། །སྒྱུ་མར་ཤེས་པས་འཁྲུལ་སྣང་ཞེན་པ་ལོག །སྐབས་སུ་གཞན་གྱི་མི་ནོར་ལོངས་སྤྱོད་ལྟོས། །སྙིང་རྗེར་ཤེས་པས་འཁོར་བའི་འདོད་པ་སྤོང་། །མདོར་ན་སྣ་ཚོགས་སྣང་བའི་ཆོས་རྣམས་ལ། །རང་བཞིན་བརྟགས་པས་བདེན་ཞེན་འཁྲུལ་པ་འཇིག །བལྟས་པས་ལེགས་པར་མཐོང་བའི་ཆོས་དྲུག་ནི། །ཕྱི་རོལ་སྣང་བ་དུས་བཞིའི་འགྱུར་ལྡོག་ལྟོས། །མི་རྟག་སྐྱོ་ཤས་བློ་སྣ་ཐུང་བ་འཆར། །ཕན་བཏགས་ལན་དུ་གནོད་པ་བྱེད་པ་ལྟོས། །སྙིང་ནས་ཞེན་ལོག་ཐུན་མོང་མ་ཡིན་འཆར། །
དོན་མེད་གཞན་གྱིས་ཆགས་སྡང་བྱེད་པ་ལྟོས། །ངེས་འབྱུང་དྲག་པོས་གང་ལའང་དགོས་མེད་འཆར། །བསྐྱངས་པའི་བུ་ཚས་ཕ་མར་མི་བསྟོངས་ལྟོས། །གཞན་ལ་བློ་ལྟོས་རེ་བ་ཆུང་བ་འཆར། །འབྱོར་ལྡན་ཤི་ནས་སྒྲེན་མོར་སོང་བ་ལྟོས། །ཡོ་བྱད་གཉེན་འདུན་ཞེན་པ་ལོག་པ་འཆར། །ཐར་ལམ་དེད་དཔོན་བླ་མའི་སྐུ་དྲིན་ལྟོས། །སྙིང་ནས་མོས་གུས་མཆི་མ་གཡོ་བ་འཆར། །དེ་ལྟར་བདེ་སྡུག་འཁྲུལ་བའི་རྐྱེན་རྣམས་ལ། །ལེགས་པར་བསམས་ཏེ་ངེས་འབྱུང་སྐྱོ་ཤས་བསྐྱེད། །སྐབས་སུ་ལེགས་པར་ལྟ་བའི་ཆོས་དྲུག་ནི། །སྐབས་སུ་རང་གཞན་ལུས་ཀྱི་བྱེད་སྤྱོད་ལྟོས། །གར་མཁན་རྩེད་མོ་འདྲར་མཐོང་བདེན་མེད་འཆར། །སྐབས་སུ་ངག་གི་སྨྲ་བརྗོད་སྒྲ་ལ་ལྟོས། །གྲགས་སྟོང་བྲག་ཅ་འདྲར་མཐོང་བརྗོད་མེད་འཆར། །སྐབས་སུ་ཡིད་ཀྱི་བདེ་སྡུག་ཅི་ཤར་ལྟོས། །རིག་པའི་རོལ་པར་མཐོང་བས་གནས་ལུགས་འཆར། །སྐབས་སུ་འགྱུ་དྲན་རྟོག་པའི་རང་ངོ་ལྟོས། །རང་ཡལ་ཤེས་པ་ཆོས་སྐུ་ཅེར་མཐོང་འཆར། །སྐབས་སུ་སེམས་ཉིད་མ་གཡོས་ངང་ལ་ལྟོས། །འཕྲོ་འདུ་མེད་མཐོང་ཟད་པའི་དགོངས་པ་འཆར། །སྐབས་སུ་ཅོག་གཞག་བྱ་བཙལ་བྲལ་ལ་ལྟོས། །བྱར་མེད་མཐོང་བས་བློ་བདེ་ཁོང་ནས་འཆར། །དེ་ལྟར་སུས་ཤེས་ཟབ་མོའི་དོན་ལ་མཁས། །རང་བཞིན་ལེགས་པར་བསམ་པའི་ཆོས་དྲུག་ནི། །སྐྱེ་རྒ་ན་འཆིའི་དམག་ལ་བག་ཟོན་བསྐྱེད། །སྔར་བསགས་ལས་ཀྱི་བུ་ལོན་ད་རེས་སྦྱངས། །གཟུང་འཛིན་འཇིགས་པའི་འཕྲང་ལས་ད་རེས་བྲོས། །རྣམ་སྨིན་སྡིག་པའི་ཁུར་པོ་རྒྱབ་ཏུ་བོར། །འཛད་ངེས་ཚེ་ཡི་ཐར་ལམ་བྱང་ཆུབ་སྒྲུབས། །འཆི་བའི་ལ་ཆེན་རྒལ་ལ་བསམ་བློ་ཐོང་། །དེ་ལྟར་བྱས་ན་ཐར་བའི་སྐམ་སར་སྙེགས། །གཅུད་ལ་བོར་བའི་དམ་ཆོས་རྣམ་དྲུག་ནི། །སྐྱུག་ལོག་བསམ་པས་འཁོར་བ་གཅུད་ལ་བོར། །བརྩོན་འགྲུས་བསྟེན་ནས་ཉམས་ལེན་གཅུད་ལ་བོར། །མོས་གུས་གསོལ་བས་བླ་མ་གཅུད་ལ་བོར། །དམ་ཚིག་བསྙེན་སྒྲུབ་ཡི་དམ་གཅུད་ལ་བོར། །གཏོར་ཚོགས་བརྩོན་པས་མཁའ་འགྲོ་གཅུད་ལ་བོར། །ཡང་ཟབ་གདམས་པས་
ལྟ་སྒོམ་གཅུད་ལ་བོར། །དེ་ལྟར་སུས་བྱས་དངོས་གྲུབ་མྱུར་དུ་ཐོབ། །མཉམ་པ་དྲུག་དགོས་ལེགས་པར་བསྟན་པ་ནི། །འགྲོ་དྲུག་ཕ་མར་ཤེས་པས་དགྲ་དང་བུ་མཉམ་དགོས། །ནོར་རྫས་འཁྲུལ་སྣང་ཤེས་པས་གསེར་དང་བོང་མཉམ་དགོས། །གཤིས་ལ་ལས་འབྲས་མེད་པས་དགེ་སྡིག་མཉམ་ཤེས་དགོས། །ཚོགས་དྲུག་ཆོས་ཉིད་ཤེས་པས་མཉམ་རྗེས་མེད་ཤེས་དགོས། །ཉོན་མོངས་ཡེ་ཤེས་གསལ་བས་སྤང་བླང་མེད་ཤེས་དགོས། །གནས་ལུགས་གདོད་ནས་དག་པས་འཁོར་འདས་མཉམ་ཤེས་དགོས། །དེ་ལྟར་མཉམ་ཤེས་ཆེན་པོའི་རྣལ་འབྱོར་ཡིན། །མི་འཇུག་དྲུག་གི་གདམས་ངག་བསྟན་པ་ནི། །ཅིར་སྣང་བདེན་མེད་རྟོགས་པས་འཁྲུལ་སྣང་ཡིད་མི་འཇུག །ཅི་བྱས་དོན་མེད་རྟོགས་པས་འཇིག་རྟེན་ཡིད་མི་འཇུག །རང་དོན་གོལ་སར་རྟོགས་པས་ཐེག་དམན་ཡིད་མི་འཇུག །གཞི་ལ་སྐྱེ་མེད་རྟོགས་པས་སྐྱེ་འགག་ཡིད་མི་འཇུག །སེམས་ཉིད་དམིགས་མེད་རྟོགས་པས་མཚན་འཛིན་ཡིད་མི་འཇུག །ཆོས་ཉིད་བྱ་བྲལ་རྟོགས་པས་རྩོལ་སྒྲུབ་ཡིད་མི་འཇུག །གནས་ལུགས་རྟོགས་པའི་རྟགས་སུ་ཤུགས་ལ་འཆར། །མ་སོང་དྲུག་གི་གདམས་ངག་བསྟན་པ་ནི། །ལམ་ཁྱེར་གཡོམ་རྒྱུག་མ་སོང་ཕྲ་རགས་རྣམ་རྟོག་འཇོམས། །ས་ལམ་གཡོམ་རྒྱུག་མ་སོང་སྒྲིབ་གཉིས་སྤང་བྱ་ཞིང་། །རྒྱུ་འབྲས་གཡོམ་རྒྱུག་མ་སོང་དགེ་སྡིག་བླང་དོར་བྱེད། །སྒོམ་པ་གཡོམ་རྒྱུག་མ་སོང་རང་གསལ་འཛིན་པ་མེད། །སྤྱོད་པ་གཡོམ་རྒྱུག་མ་སོང་བྱ་བྱེད་ཆོས་ལ་སྤྱོད། །མཛད་སྤྱོད་གཡོམ་རྒྱུག་མ་སོང་དམ་པའི་རྣམ་ཐར་སྐྱོང་། །དེ་དང་གང་ལྡན་དམ་ཆོས་སྙིང་པོར་འགྲུབ། །སྐྱོན་དྲུག་སྤོང་བར་གདམས་པའི་ཆོས་དྲུག་ནི། །ལྟ་བ་རྟོགས་ཆོག་དེ་ནས་བྱ་རྒྱུ་མེད། །ཉམས་ལེན་ཁ་འབྱམས་སྐྱོན་དེ་ངོས་ཟིན་དགོས། །བསམ་གཏན་རང་གསལ་ངང་དུ་གནས་པ་བཙལ། །སྒོམ་པ་སྙེམས་བྱེད་དོན་དེ་ངོས་ཟིན་དགོས། །དངས་གསལ་མ་ཕྱེད་བྱིང་འཐིབས་འཁྱིམ་པ་ཙམ། །སེམས་འཛིན་གོལ་བའི་སྐྱོན་དེ་ངོས་ཟིན་དགོས། །གཅིག་ལ་
ཨ་འཐས་དྲོད་རྟགས་སྐྱེས་ན་ཡང་། །ཀོར་ཙེར་བཅིངས་པའི་སྐྱོན་དེ་ངོས་ཟིན་དགོས། གཅིག་ལ་བལྟས་པས་གཉིས་སུ་བྱུང་ཚོར་འཕྲོ། །རྣམ་རྟོག་རྐུན་བུའི་སྐྱོན་དེ་ངོས་ཟིན་དགོས། །མཉམ་གཞག་དུས་ན་དུག་ལྔ་མགོ་ནོན་ཡང་། །རྗེས་ལ་རགས་སྐྱེ་རྩ་བ་མ་ཆོད་སྐྱོན། །ད་རུང་སེམས་ཉིད་མ་རྟོགས་ངོས་ཟིན་དགོས། །ངོས་ཟིན་བྱས་ཏེ་གཉེན་པོས་གྲོལ་བ་གཅེས། །ལ་བཟླ་དྲུག་གིས་འཁོར་བ་བསྒྲལ་བ་ནི། །གནས་ལུགས་རང་བཞིན་བློ་ཡི་ཡུལ་ལས་འདས། །གཞི་ཡི་དུས་སུ་སེམས་ཀྱི་ཆོས་ལ་རྟོག །མྱོང་འཛིན་ཞེན་རྟོག་འཁོར་བའི་ཆོས་ཡིན་པས། །ལམ་གྱི་དུས་སུ་ཉམས་མྱོང་ཆོས་མི་སྒོམ། །རྣམ་དག་སྤྱོད་ཡུལ་འཁོར་འདས་གཉིས་མེད་པས། །འབྲས་བུའི་དུས་ན་སེམས་ཅན་དོན་མི་བྱེད། །རང་རིག་བློ་ཡིས་མ་བསླད་གནས་ལུགས་གཞི། །ཤེས་བྱའི་ཡུལ་དང་བྲལ་བས་སྤྲོས་དང་བྲལ། །སྤྱིར་ཡང་མི་ཤེས་མི་འཛིན་ཡང་དག་ལམ། །དྲན་བསམ་འཚོལ་འཕྲོའི་དམིགས་གཏད་ཀུན་དང་བྲལ། །མཚན་མར་མི་དམིགས་མཐར་ཐུག་འབྲས་བུའི་མཆོག །སྒྲིབ་མེད་ཟང་ཀ་རང་གསལ་ཕྱོགས་ལྷུང་བྲལ། །དེ་ལྟར་སུས་ཤེས་ཡངས་པའི་རྣལ་འབྱོར་ཆེ། །རྟོགས་པ་དྲུག་གི་རང་བཞིན་བསྟན་པ་ནི། །གཞན་གྱིས་སྒྲས་རྟོགས་བླ་མའི་མན་ངག་དང་། །སྣང་བའི་ཡུལ་རྟོགས་བདེན་མེད་སྒྱུ་མ་དང་། །འཛིན་པའི་སེམས་རྟོགས་རྩ་བྲལ་ནམ་མཁའ་དང་། །རིག་པའི་ངོ་རྟོགས་སྒྲིབ་མེད་གཅེར་བུ་དང་། །མཐོང་བའི་དོན་རྟོགས་བློ་ཡི་མཐའ་འདས་དང་། །སྒོམ་པའི་གདེང་རྟོགས་གཞི་མའི་ཟད་ས་སྟེ། །གང་གིས་དེ་རྟོགས་དགོངས་པ་ནམ་མཁའི་ངང་། །བྱ་བྱེད་མེད་པར་ཡེ་བབས་ལྷུན་གྱིས་གྲུབ། །བདུད་ཀྱི་བར་དུ་གཅོད་པའི་ཆོས་དྲུག་ནི། །བླ་མ་བོར་ནས་སྡིག་གྲོགས་བསྟེན་པ་དང་། །བྱང་ཆུབ་བོར་ནས་འཁོར་བའི་ལམ་ཞུགས་དང་། །རང་དོན་བོར་ནས་གཞན་དོན་ལྟར་སྣང་བྱེད། །དགོས་མེད་བོར་ནས་འཇིག་རྟེན་ཆོས་བརྒྱད་གཉེར། །དབེན་པ་བོར་ནས་འདུ་འཛི་རྣམ་གཡེང་ཞུགས། །གཉིས་མེད་བོར་ནས་མཚན་མ་ཚིག་ཕྱིར་འབྲེང་། །དེ་འདྲའི་མི་ལ་བདུད་ཀྱིས་བྱིན་བརླབས་
པས། །འདི་ཕྱིར་སྡུག་བསྔལ་གཏན་གྱི་འདུན་མ་འཕྱུགས། །ཡེང་མེད་བྱ་ར་བཏང་བའི་ཆོས་དྲུག་ནི། །སྤྱོད་པའི་རང་བཞིན་གླང་ཆེན་ཡན་འདྲ་འདི། །ཉམ་ངའི་འདམ་དུ་ཚུད་དམ་བྱ་ར་བཏང་། །ལྟ་བའི་རང་བཞིན་སྣང་སྟོང་དབྱེར་མེད་འདི། །བདག་འཛིན་འདྲེ་ཡིས་ཁྱེར་རམ་བྱ་ར་བཏང་། །རིག་པའི་ངང་དངས་འོད་གསལ་ཁྱེའུ་ཆུང་འདི། །འཁྲུལ་པའི་རྗེས་ཕྱིར་འབྲངས་སམ་བྱ་ར་བཏང་། །བྱིན་རླབས་རྩ་བ་མོས་གུས་ལོ་ཐོག་འདི། །ལོག་ལྟའི་སད་ཀྱིས་ཁྱེར་རམ་བྱ་ར་བཏང་། །བྱང་ཆུབ་ཐར་ལམ་བགྲོད་པའི་སྒྲོན་མེ་འདི། །འདོད་པའི་རླུང་གིས་གཡོས་སམ་བྱ་ར་བཏང་། །འཆི་མེད་བདུད་རྩི་བླ་མའི་གདམས་ངག་འདི། །ཐེ་ཚོམ་དུག་དང་འདྲེས་སམ་བྱ་ར་བཏང་། །དེ་ཕྱིར་ཡེང་མེད་བྱ་ར་གཅེས་པ་ཡིན། །ཡང་དག་དོན་ལ་མི་རྟོགས་ཆོས་དྲུག་ནི། །སྐྱེ་བློས་སྐྱེ་མེད་མི་རྟོགས་བློ་འདས་ཕྱིར། །དངོས་བློས་སྟོང་ཉིད་མི་རྟོགས་ཡུལ་འདས་ཕྱིར། །བྱ་བློས་བྱར་མེད་མི་རྟོགས་བྱ་བྲལ་ཕྱིར། །སྙམ་བློས་གཉིས་མེད་མི་རྟོགས་བསམ་བྲལ་ཕྱིར། །ཞེན་བློས་མཐའ་བྲལ་མི་རྟོགས་ཕྱོགས་བྲལ་ཕྱིར། །སྤྱོད་བློས་སྤྲོས་མེད་མི་རྟོགས་སྤྲོས་འདས་ཕྱིར། །དངོས་པོ་མཚན་མར་མ་འཛིན་གནས་ལུགས་དོན། །མ་བསམས་ཟང་ཀ་ཐ་མལ་དམིགས་རྟོག་བྲལ། །གནས་ལུགས་རང་ངོ་བརྟག་པའི་ཆོས་དྲུག་ནི། །རང་རིག་ཟང་ཀ་བཅོས་བསླད་མེད་པ་ནི། །ཐ་མལ་མ་ཡིན་ལུང་མ་བསྟན་ལས་ལོག །ཀུན་རྟོག་མ་ཡིན་གཟུང་འཛིན་གཉིས་དང་བྲལ། །གཉེན་པོ་སེམས་མིན་སྤང་གཉེན་ཀུན་ལས་འདས། །གཞན་གྱིས་མི་མཐོང་སོ་སོར་རང་རིག་སྟེ། །རང་ཞེས་མི་དམིགས་དམིགས་མྱོང་ཀུན་ལས་འདས། །རྟག་ཏུ་ཡོད་ཀྱང་གསང་འདི་ཤེས་དཀའ་བས། །རྟོགས་དང་མི་རྟོགས་ཀུན་འདས་ཀུན་ཁྱབ་ཡིན། །གང་གིས་འདི་ཤེས་གནས་ལུགས་དོན་ལ་མཁས། །རང་བཞིན་མངོན་དུ་ཕྱུང་བའི་ཆོས་དྲུག་ནི། །རྟོགས་པའི་དུས་ན་རང་གསལ་སང་ངེ་བ། །མི་རྟོག་དུས་ན་མ་འགགས་ཝལ་ལེ་བ། །ཅིར་སྣང་དུས་ན་རང་གསལ་ལྷག་གེ་བ། །གཟུང་འཛིན་དུས་ན་ཀུན་གསལ་
སལ་ལེ་བ། །མཉམ་གཞག་དུས་ན་མཐའ་གྲོལ་སང་ངེ་བ། །འཕྲོ་གནས་མཉམ་དུས་བར་མེད་ཧ་རེ་བ། །འདི་འདྲའི་གནད་ཤེས་རྣལ་འབྱོར་རྩེ་མོར་ཕྱིན། །ཁྱད་དུ་བསད་ནས་བསྒྲུབ་པ་རྣམ་དྲུག་ནི། །ངལ་དུབ་བཀྲེས་སྐོམ་སྡུག་བསྔལ་ཁྱད་བསད་དགོས། །མི་ཡུལ་འབྲེལ་འདྲིས་སོ་ནམ་ཁྱད་བསད་དགོས། །དགྲ་གཉེན་ཆགས་སྡང་ཁེ་གྲགས་ཁྱད་བསད་དགོས། །སྒོ་ལྔའི་ཡུལ་ལ་ཆགས་ཞེན་ཁྱད་བསད་དགོས། །བསྟོད་སྨད་ཚིག་ལ་དགག་སྒྲུབ་ཁྱད་བསད་དགོས། །དྲན་རྟོག་རང་ཡལ་སྤང་གཉེན་ཁྱད་བསད་དགོས། །དེ་ལྟར་ལྡན་ན་ཐར་ལམ་བྱང་ཆུབ་འགྲུབ། །ཕ་རོལ་ཕྱིན་དྲུག་མ་བྲལ་བསྒྲུབ་པ་ནི། །སྦྱིན་པ་སེར་སྣའི་དགྲ་ལ་མ་བསྐུར་ཅིག །ཚུལ་ཁྲིམས་འཆལ་བའི་ཇག་པས་མ་འཇོམས་ཤིག །བཟོད་པ་ཁོང་ཁྲོའི་མཚོན་གྱིས་མ་དབུག་ཅིག །བརྩོན་འགྲུས་ལེ་ལོའི་སྒྲོག་ཏུ་མ་འཆིངས་ཤིག །བསམ་གཏན་གཡེང་བའི་དུག་དང་མ་བསྲེ་ཞིག །ཤེས་རབ་རྨོངས་པའི་མུན་པས་མ་བསྒྲིབས་ཤིག །དེ་ལྟར་མི་མཐུན་དྲུག་པོ་སྤངས་ལ་སྒྲུབས། །འབྲེལ་མེད་དྲུག་གི་རང་བཞིན་བཤད་པ་ནི། །སྡུག་བསྔལ་རྒྱན་མཐོང་མི་ལ་ཐར་པའི་ལས་འབྲེལ་མེད། །སྤྱོད་པ་ངོ་སྲུང་མི་ལ་འཁྲུལ་ཞིག་ལས་འབྲེལ་མེད། །ཐོས་བསམ་ཁེ་གྲགས་མི་ལ་ཉམས་ལེན་ལས་འབྲེལ་མེད། །མི་དགེ་སྡིག་སྤྱོད་མི་ལ་མཐོ་རིས་ལས་འབྲེལ་མེད། །སྙོམ་ལས་ལེ་ལོའི་མི་ལ་ཉམས་མྱོང་ལས་འབྲེལ་མེད། །བདག་ལྟ་ཆགས་སྡང་མི་ལ་བསྒྲུབ་པའི་ལས་འབྲེལ་མེད། །དེ་འདྲའི་འབྲེལ་མེད་དབང་དུ་རང་ཉིད་མ་སོང་གཅེས། །བསྒོམ་དུས་སེམས་ལ་བལྟ་ཐབས་རྣམ་དྲུག་ནི། །རེས་འགའ་སེམས་དེ་གནས་ཤིང་བརྟན་ལ་བལྟ། །སྐྱེ་འགག་གནས་གསུམ་བྲལ་བར་སུས་ཤེས་པ། །སེམས་ཉིད་རང་དབང་ཐོབ་པར་གོམས་པའི་གནད། །རེས་འགའ་དེ་དུས་ཉམས་མྱོང་རང་ངོ་བལྟ། །མི་གནས་ཆགས་ཡུལ་མེད་པར་སུས་ཤེས་པ། །དགའ་བྲོད་རང་སྣང་སྐྱེ་མེད་རྟོགས་པའི་གནད། །རེས་འགའ་ཡོན་ཏན་གོང་འཕེལ་རྣམས་ལ་བལྟ། །མ་འགག་
ཆོ་འཕྲུལ་རང་གྲོལ་སུས་ཤེས་པ། །སྐྱེ་མེད་ཡོན་ཏན་འབྱུང་བ་སྤྱོད་པའི་གནད། །རེས་འགའ་མཉམ་གཞག་ཆོས་ཉིད་དོན་ལ་བལྟ། །རང་བྱུང་བདེ་ཆེན་ཡེ་དག་སུས་ཤེས་པ། །ཆོས་ཀུན་མཉམ་ཉིད་ལམ་དུ་སློང་བའི་གནད། །རེས་འགའ་ཕྱི་ནང་རིག་པ་རང་བབས་བལྟ། །འཁོར་བ་གཟུང་འཛིན་བྲལ་བ་སུས་ཤེས་པ། །དོན་དམ་ཉག་གཅིག་རྩད་ནས་ཆོད་པའི་གནད། །རེས་འགའ་མ་བསྒོམ་རིག་པ་རང་བབས་བལྟ། །ལྟ་སྒོམ་བྱར་མེད་ཟང་ཀ་སུས་ཤེས་པ། །ཆོས་སྐུ་རང་ངོ་ཅེར་མཐོང་སྤྲོད་པའི་གནད། །གནད་དྲུག་ལྡན་པའི་སྐལ་བཟང་རྣལ་འབྱོར་པ། །ཆོས་ཟད་ངང་དུ་བློ་ཟད་ཉམས་རེ་དགའ། །ངན་པའི་རང་བཞིན་རྣམ་དྲུག་སྤང་བ་ནི། །སེར་སྣ་སྡུག་འཁུམས་མི་ཡི་ཕྱི་མའི་རྒྱགས་མི་སོག །དད་མེད་བླ་མ་མི་བསྟེན་གདམས་པའི་ནོར་མི་སོག །གང་ཤེས་ཉམས་ལེན་མི་བརྩོན་བྱང་ཆུབ་ལམ་མི་རྙེད། མཛའ་བཤེས་ཉེ་འབྲེལ་ཆགས་པས་བར་དོར་ཟླ་མི་རྙེད། །བདག་ལྟ་ངར་འཛིན་ཆོས་ཀྱིས་བདུད་བཞིའི་དཔུང་མི་བཟློག །འདོད་པའི་ཁོལ་པོ་བྱེད་པས་གཏན་ཡུལ་ཚུགས་མི་ཟིན། །ངན་པའི་ལས་དྲུག་བསགས་པའི་ཉེས་པ་རང་ལ་འཁོར། །དེ་བས་བཟང་པོའི་ལས་ལ་བསླབ་པ་གཅེས། །དགོས་པ་དྲུག་གི་རང་བཞིན་བཤད་པ་ནི། །དང་པོར་ཡིད་ཕམ་ངེས་འབྱུང་སྐྱེ་དགོས་ཏེ། །ཡུལ་ལ་མི་འཇུག་ཆོས་ལ་དམིགས་པ་དགོས། །དེ་ནས་ཤེས་པ་ངལ་གསོ་ཤེས་དགོས་ཏེ། །རྒྱལ་བའི་སྐུ་གསུང་ཐུགས་སུ་གློད་ཤེས་དགོས། །དེ་ནས་སེམས་ལ་དབུགས་ཆེན་འབྱིན་དགོས་ཏེ། །རྟོགས་པའི་གདེང་གིས་ཉམ་ང་མེད་པ་དགོས། །དེ་ནས་བློ་མཆོག་བདེ་ཆེན་ཐོབ་དགོས་ཏེ། །ཀ་དག་ས་ལ་མངོན་དུ་གྱུར་པ་དགོས། །དེ་ནས་བདེ་བ་གཞན་ལ་སྤེལ་དགོས་ཏེ། །འཕྲིན་ལས་རྣམ་བཞིས་འགྲོ་བ་འདྲེན་པ་དགོས། །དེ་ནས་མི་ལྡོག་ས་ལ་གནས་དགོས་ཏེ། །ལྷུན་གྲུབ་ཕྱག་རྒྱ་མངོན་དུ་གྱུར་པ་དགོས། །དགོས་པ་དྲུག་གིས་མཐར་ཕྱིན་བྱ་བ་གཅེས། །མ་སྐྱོལ་ལམ་དུ་བསླང་བའི་ཆོས་དྲུག་ནི། །མ་བསྒོམས་སྣ་ཚོགས་འགྱུ་དྲན་རང་ངོ་ལྟོས། །གང་བྱུང་རང་སར་རང་ངོ་ཤེས་པ་
དེས། །ཅིར་སྣང་སྐྱེ་མེད་ཞིང་དུ་གྲོལ་བར་ངེས། །སྒོམ་ལ་འཇུག་པའི་སྦྱོར་བའི་ཤེས་པ་ལྟོས། །བདེ་སྡུག་རྒྱུ་མཐུན་མཉམ་པར་ཤེས་པ་དེས། །བླང་དོར་མཉམ་ཉིད་དབྱེར་མེད་གྲོལ་བར་ངེས། །དངོས་གཞི་ཟག་མེད་མ་སྐྱེས་བར་ལ་ལྟོས། །སེམས་ཉིད་ཀུན་སྣང་རང་བཞིན་ཤེས་པ་དེས། །རིམ་གྱིས་སེམས་འཇུག་སྐྱེ་མེད་ཚུད་པར་ངེས། །མཉམ་གཞག་ལས་ལངས་རྗེས་ཤེས་ངོ་ལ་ལྟོས། །སེམས་ཉིད་དོན་དང་གཉིས་མེད་འདྲེས་ཤེས་དེས། །མཉམ་རྗེས་དབྱེར་མེད་ངང་དུ་ཚུད་པར་ངེས། །དེ་རྗེས་གང་འགྱུས་རྣམ་རྟོག་རང་ངོ་ལྟོས། ཉོན་མོངས་གང་སྐྱེས་རང་ཞིར་ཤེས་པ་དེས། །སྣང་ཤེས་ཐོག་མའི་གཞི་ལ་སྦྱོར་བར་ངེས། །སྦྱོར་དངོས་རྗེས་གསུམ་གཅིག་ཏུ་དྲིལ་ལ་ལྟོས། །གསུམ་ག་རྗེས་མེད་བྱ་ལམ་ཤེས་པ་དེས། །དུས་གསུམ་རང་བཞིན་གནད་ཅིག་རྟོགས་པར་ངེས། །དེ་ལྟར་ཤེས་ན་རྗེས་ཤེས་ཆོས་ཉིད་འཆར། །ཡོན་ཏན་དྲུག་ཚང་རང་བཞིན་བཤད་པ་ནི། །འཁོར་བའི་སྡུག་བསྔལ་བྲེད་ནས་སྐྱབས་འཚོལ་དང་། །དད་པས་རྒྱུད་འདུལ་རྒྱལ་བའི་རྗེས་སུ་སློབ། །བསོད་ནམས་ཆེ་མཐོང་གཏོང་ཕོད་ཚོགས་གཉིས་འབད། །བརྩོན་པའི་ལྕག་འདེབས་ཉིན་མཚན་དགེ་ལ་འབད། །ངོ་ཚ་ཁྲེལ་ཡོད་ཆོས་ཕྱོགས་སྲོག་གཏོང་ཕོད། །ཤེས་རབ་དོན་དཔྱོད་སྣང་ཤེས་ཆོས་ཉིད་འཁྱེར། །དེ་དག་ཚང་རྣམས་འཁོར་བའི་ཕ་རོལ་འགྲོ། །ཅིས་ཀྱང་དགོས་པའི་བསྒྲུབ་བྱ་རྣམ་དྲུག་ནི། །ཚེ་འདིའི་བྱ་བ་མི་གཙང་འདམ་རྫབ་བོར། །མཐའ་གྲོལ་ཡེ་ཤེས་ཁྲི་གདུགས་ཅི་འཆར་གྱིས། །མ་རིག་མུན་པའི་སྨག་རུམ་ཅི་སངས་གྱིས། །ཉམས་རྟོགས་སྒྲོ་བཏགས་མྱུ་གུ་ཅི་སྐྱེས་གྱིས། །གཟུང་འཛིན་འཁྲུལ་སྣང་རྨི་ལམ་ཅི་སངས་གྱིས། །འབྲས་བུ་སྐུ་གསུམ་ནོར་བུ་ཅི་ལོན་གྱིས། །དམ་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག །རང་བཞིན་མཆོག་ལ་བསླབ་པའི་ཆོས་དྲུག་ནི། །འཁྲུལ་བའི་ལུས་ཀྱི་བྱ་བྱེད་སྤངས་པ་དང་། །དོན་མེད་ངག་གི་སྨྲ་བརྗོད་སྤངས་པ་དང་། །རྣམ་རྟོག་ཡིད་ཀྱི་འཕྲོ་འདུ་སྤངས་པ་དང་། །འདོད་ཡོན་རང་གའི་ཞེན་འཛིན་སྤངས་པ་དང་། །རྣམ་
གཡེང་འདུ་འཛིའི་འབྲེལ་འདྲིས་སྤངས་པ་དང་། །གཞན་སེམས་འཛིན་པའི་ངོ་སྲུང་སྤངས་པ་སྟེ། །འདི་དང་སུ་ལྡན་དམ་ཆོས་ཚུལ་བཞིན་འོང་། །འདོད་པའི་གཟེབ་ཏུ་བཅིང་བའི་ཆོས་དྲུག་ནི། །སྤྲོས་པའི་བློ་དང་བྲལ་བར་འདོད་པ་དང་། །བདེ་སྟོང་དབྱེར་མེད་ཟུང་འཇུག་འདོད་པ་དང་། །དམིགས་མེད་མཁའ་ལྟར་རྣམ་དག་འདོད་པ་དང་། །སྟོང་པ་ཡེ་ཤེས་སྙིང་པོ་ཅན་འདོད་དང་། །རིག་པ་འོད་ཀྱི་ཁང་བུ་ཅན་འདོད་དང་། །གདོད་ནས་ཡེ་གྲོལ་རང་བྱུང་ཡེ་ཤེས་འདོད། །ཕྱོགས་རེའི་དོན་མཐོང་གླང་ཆེན་མྱོས་པ་བཞིན། །བདག་ལྟའི་དངོས་པོ་མཚན་མ་ཞེན་པ་ཡིན། །དེ་བས་ཕྱོགས་འཛིན་བདག་ལྟའི་གཟེབ་བོར་ལ། །ཡིན་མིན་མེད་པའི་རང་རིག་ཕྱོགས་བྲལ་ནི། །མཐའ་གྲོལ་ཡངས་པ་ཆེན་པོར་ཐག་ཆོད་ཅིག །ཉམས་སུ་ལེན་པའི་རང་འགག་རྣམ་དྲུག་ནི། །ཕྱི་རོལ་གཟུང་བའི་ཤེས་པ་རང་འགགས་དང་། །ནང་གི་འཛིན་རྟོག་ཤེས་པ་རང་འགགས་དང་། །གསང་བ་སྣང་ངོ་དམིགས་པ་རང་འགགས་དང་། །ཁོ་ན་ཉིད་དྲན་ཆད་ཆོད་རང་འགགས་དང་། །མཐར་ཐུག་ཉམས་སྣང་རང་ངོ་རང་འགགས་དང་། །མཉམ་རྗེས་རེས་འཇོག་རིག་པ་རང་འགགས་ཏེ། །འདི་དྲུག་མཐར་ཕྱིན་དགོངས་པ་ཟད་སར་སྐྱོལ། །མ་འདས་དྲུག་གིས་ཉམས་སུ་བླང་བ་ནི། །རང་ལུས་རྒྱལ་བའི་དཀྱིལ་འཁོར་མ་འདས་དང་། །ངག་བརྗོད་གསུང་གི་འགྲོ་དོན་མ་འདས་དང་། །ཡིད་ནི་ཆོས་སྐུའི་དགོངས་པ་མ་འདས་དང་། །བཟའ་བཏུང་བདུད་རྩིའི་མཆོད་ལས་མ་འདས་དང་། །འགྲོ་འདུག་སྒྱུ་མའི་འཕྲིན་ལས་མ་འདས་དང་། །ཉམས་ལེན་ཆོས་ཉིད་དོན་ལས་མ་འདས་དང་། །རྣམ་པ་དྲུག་ལ་གང་གིས་བསླབས་གྱུར་པ། །གསང་མཆོག་རྒྱལ་པོའི་མཛོད་ལ་སྤྱོད་པ་ཡིན། །འཁོར་བའི་རང་བཞིན་དཔེ་དྲུག་བསྟན་པ་ནི། །གང་ཡང་བདེན་མེད་སྒྱུ་མའི་སྐྱེས་བུ་འདྲ། །དེ་བཞིན་འཁྲུལ་སྣང་སྣ་ཚོགས་རྨི་ལམ་འདྲ། །སྣང་དུས་རང་བཞིན་མེད་པ་ཆུ་ཟླ་འདྲ། །བཟང་ངན་བདེ་སྡུག་འགྱུར་བས་སྤྲིན་དང་འདྲ། །ཚོར་དང་མ་ཚོར་མི་རྟག་ཟིལ་པ་འདྲ། །རང་བྱུང་རང་ཞིག་ཆུ་ཡི་ཆུ་བུར་འདྲ། །དེ་ལྟར་རྒྱུད་
ལ་སྦྱར་ཏེ་བསྒོམ་པ་གཅེས། །མྱང་འདས་རང་བཞིན་དཔེ་དྲུག་བསྟན་པ་ནི། །སྣ་ཚོགས་སེམས་ཉིད་འདུས་པ་ཉི་ཟེར་སྙིང་པོ་འདྲ། །སེམས་ཉིད་སྐྱོན་གྱིས་མ་གོས་འདམ་གྱི་པདྨ་འདྲ། །ཡོན་ཏན་ལྷུན་གྱིས་གྲུབ་པ་ཡིད་བཞིན་ནོར་བུ་འདྲ། །རང་གསལ་རྟོག་པས་མ་བསྒྲིབས་ཉི་ཟླ་སྤྲིན་བྲལ་འདྲ། །ཀུན་ཁྱབ་ཕྱོགས་ལྷུང་མེད་པ་སྟོང་གསལ་ནམ་མཁའ་འདྲ། །ཀུན་རྫོབ་འཕེལ་འགྲིབ་མེད་པས་རྒྱ་མཚོ་ཆེན་པོ་འདྲ། །དེ་ལྟར་སུས་ཤེས་འཁོར་འདས་གཉིས་མེད་གྲོལ། །གཅེས་པ་དྲུག་གིས་རང་ལ་བསྐུལ་བ་ནི། །རང་མདུན་རང་གིས་བཅད་དེ་ཆོས་ལ་འཇུག་པ་གཅེས། །རང་བསྐུལ་རང་ལ་བཏབ་སྟེ་དགེ་སྦྱོར་བསྐུལ་བ་གཅེས། །རང་གྲོས་རང་ལ་བཏབ་སྟེ་གཉེན་པོ་བསྟེན་པ་གཅེས། །རང་ལས་རང་གིས་བྱས་ཏེ་དཀའ་བ་སྤྱད་པ་གཅེས། །རང་མགོ་རང་གིས་བཏོན་ཏེ་སྒྲུབ་པ་མཐར་ཕྱིན་གཅེས། །རང་གཉེན་རང་གིས་བསྐྱངས་ཏེ་འགྲོ་དྲུག་བསྒྲལ་བ་གཅེས། །སྤྱི་ཡི་གདམས་ངག་ཡིན་པས་སེམས་ལ་ཞོག །རྒྱུད་དང་དགེ་སྦྱོར་བསྲེ་བའི་ཆོས་དྲུག་ནི། །དགེ་སྡིག་ཅི་བྱས་ཡང་ཡང་བརྟག་པར་བྱ། །ཐ་མལ་རང་གའི་རྣམ་རྟོག་གདུལ་བར་བྱ། །རྟག་ཏུ་གུས་པས་གསོལ་བ་ཡེང་མེད་གདབ། །བཀའ་དང་བསྟན་བཅོས་གཞུང་བཞིན་ནན་ཏན་བྱ། །རྟོགས་པའི་གདེང་གིས་རང་སྣང་བསླང་བར་བྱ། །ཅི་བྱེད་ཕྱོགས་བྲལ་དགོངས་པས་ཟིན་པར་བྱ། །དེ་ལྟར་བྱས་ན་ཐར་ལམ་བྱང་ཆུབ་འགྲུབ། །ཆོས་བྱེད་རྣམས་ཀྱི་མ་སོང་རྣམ་དྲུག་ནི། །དད་པའི་ཞིང་ས་མེད་ན་བདེ་བའི་འབྲས་མི་འབྱུང་། །མཁས་བཙུན་བླ་མ་མེད་ན་རིག་པའི་མུན་མི་སེལ། །སྐྱིད་བདེའི་དམ་ཆོས་མ་སྤྱད་སྡུག་བསྔལ་མཚོ་མོ་རྡོལ། །དགེ་བཅུས་ལམ་སྣ་མ་དྲངས་ཆོས་ཀྱི་རྩ་བ་ཤོར། །ད་ལྟའི་ཡུལ་ནས་མ་ཕྱིན་སྙོམས་ལས་སྒྲོག་གིས་བཅིངས། །ཤེས་རབ་མིག་དང་མ་ལྡན་འཁོར་བའི་གཡང་སར་ལྷུང་། །དེ་ལྟར་མ་སོང་འབད་པས་བསྒྲུབ་པ་གཅེས། །མ་བྱས་རེ་བ་དྲུག་གི་རང་བཞིན་ནི། །སྡིག་སྤྱད་ངན་སོང་སྡུག་བསྔལ་མི་མྱོང་རེ། །དགེ་བ་མ་བྱས་བདེ་འགྲོ་ཐོབ་ཏུ་རེ། །ཉོན་མོངས་མ་སྤངས་འཁྲུལ་བ་འདག་ཏུ་རེ། །ཚོགས་གཉིས་མ་འབད་སངས་
རྒྱས་ཐོབ་ཏུ་རེ། །ཅི་བྱེད་ཚེ་འདི་བྱས་པས་ཕྱི་མ་བདེ་རུ་རེ། །ཐར་ལམ་ཆོས་ལ་མ་སྤྱད་འཁོར་བར་མི་འཁྱམ་རེ། །རེ་བ་འདོད་ཀྱང་ཐོག་ཏུ་མི་འབབ་མཆི། །བདེ་འགྲོ་མཐོ་རིས་ཐོབ་པའི་ཆོས་དྲུག་ནི། །སྔོན་བསགས་ལེགས་པར་སྤྱད་པའི་ལས་འཕྲོ་ཡོད། །ད་ལྟ་སྒོ་གསུམ་གཡོ་མེད་དྲང་པོར་གནས། །སེམས་ཅན་རིགས་ལ་རྣམ་པར་འཚེ་བ་མེད། །ལས་འབྲས་དད་པས་དགེ་སྡིག་ཤན་ཐང་ཕྱེད། །ཡང་དག་ངེས་དོན་ལྟ་བ་བཟང་ལ་མོས། །དད་གུས་ལྡན་པས་ཆོས་ལ་བརྩོན་པ་སྟེ། །མཐོ་རིས་དགའ་བདེ་ལག་པའི་མཐིལ་ན་ཡོད། །ངན་སོང་འགྲོ་བ་དག་གི་ཆོས་དྲུག་ནི། །རང་གར་ཁྲོ་ཞིང་ངང་རྒྱུད་རྩུབ་པ་དང་། །དགེ་ལ་སྨོད་ཅིང་སྡིག་པའི་ལས་ལ་བསྟོད། །ཐབས་ཀྱིས་གཞན་བསླུ་གཡོ་དང་སྒྱུར་ལྡན་ཞིང་། །གཞན་དག་ཕུན་ཚོགས་མཐོང་ལ་ཕྲག་དོག་བྱེད། །ནོར་རྫས་ཞེན་ཆགས་སེར་སྣ་གཏོང་སེམས་མེད། །གཞན་ལ་ཁྱད་གསོད་ང་རྒྱལ་རློམ་སེམས་ཆེ། །འདི་དག་སུ་ལྡན་ངན་སོང་མདུན་ནས་བསུ། །སྡུག་བསྔལ་ཚད་མེད་ཐར་བའི་དུས་མེད་མྱོང་། །ཐར་ལམ་བསྒྲུབ་པའི་དམ་ཆོས་རྣམ་དྲུག་ནི། །མོས་གུས་དྲག་པོས་བླ་མ་མཁས་བསྟེན་ལ། །ཐོས་བསམ་རྒྱ་སྐྱེད་རྩ་བ་ཆོད་པ་ཡིན། །བྱིན་རླབས་མགོན་སྐྱབས་མེད་ན་བར་མ་དོར། །བར་ཆོད་བདུད་ཀྱིས་བསླུ་བས་དཀོན་མཆོག་ཁུར། །དགྲ་གཉེན་ཡིད་འབྱུང་མ་སྐྱེ་ཉོན་མོངས་ཀྱི། །འདམ་ལས་མི་ཐོན་ཆགས་སྡང་བདུད་ལས་ཁྲོལ། །ཤེས་བཞིན་བྱ་རས་མ་ཟིན་ངན་སོང་གི། གཡང་སར་སྐྱུར་པས་བག་ཡོད་རྒྱུན་དུ་བསྟེན། །ཆོས་སྤྱོད་དཔུང་དང་མི་ལྡན་འཁོར་བ་ཡི། །གཡུལ་ངོ་མི་བཟློག་གསོ་སྦྱོང་ལས་ལ་འབད། །དམིགས་མེད་རྩིས་མ་ཟིན་ན་འདུས་བྱས་ཀྱི། །དགེ་བས་བྱང་ཆུབ་མི་འགྲུབ་ཤེས་རབ་སྦྲེལ། །དེ་ལྟར་བརྩོན་ན་བྱང་ཆུབ་མྱུར་དུ་འགྲུབ། །ཚོགས་བསག་དགེ་ལ་འབད་པའི་ཆོས་དྲུག་ནི། །ཡར་ལ་གོང་མའི་བཀུར་སྟི་ཚོགས་ཆེ་བས། །བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་གཅེས། །མར་ལ་འོག་མའི་ཕན་འདོགས་ཚོགས་ཆེ་བས། །ཚད་མེད་སྙིང་རྗེས་སྡུག་ཕོངས་བསྐྱང་བ་གཅེས། །ནང་དུ་ཕྱོགས་མེད་དམ་ཆོས་ཚོགས་ཆེ་བས། །ཐོས་པ་བསམ་པ་སྒོམ་པ་བརྩོན་པར་གྱིས། །ཕར་ལ་གཞན་ལ་ཕན་འདོགས་ཚོགས་
ཆེ་བས། །སེམས་བསྐྱེད་ཆོས་བཤད་མགོན་སྐྱབས་དཔུང་གཉེན་མཛོད། །ཚུར་ལ་མཚན་མའི་དམིགས་མེད་ཚོགས་ཆེ་བས། །ངར་འཛིན་རློམ་སེམས་མཚན་མར་འཛིན་པ་སྤངས། །བར་དུ་གནས་ལུགས་བསྒྲུབ་པ་ཚོགས་ཆེ་བས། །མཐར་ཐུག་དོན་གྱི་དཀོན་མཆོག་གསུམ་པོ་བསྒྲུབ། །དེ་ལྟར་སྤྱད་ན་མྱུར་དུ་སངས་རྒྱས་འགྲུབ། །རང་ཕུང་རང་གིས་བསྒྲུབ་པའི་ཆོས་དྲུག་ནི། །བྱམས་པས་སྨྲ་བའི་གདམས་ངག་མི་ཉན་ཏེ། །རུས་སྦལ་ཁ་ནས་ཤིང་ཤོར་འདྲ་བས་ཕུང་། །ལས་ངན་བྱས་ནས་སྐྱིད་པར་འདོད་པ་དེ། །ཁོང་དུ་དུག་ཟོས་བདེ་བར་འདོད་འདྲས་ཕུང་། །བླ་མ་བོར་ནས་སྡིག་གྲོགས་བསྟེན་པ་དེ། །སྐྱེལ་མ་བཞག་ནས་དགྲ་གསེབ་ཕྱིན་འདྲས་ཕུང་། །ལྷ་ཆོས་བབས་ནས་མི་ཆོས་སྤྱོད་པ་དེ། །རྒྱལ་སྲིད་བབས་ནས་ཕྱུགས་རྟ་འཚོ་འདྲས་ཕུང་། །དེ་ལྟར་མ་སོང་ཤིན་ཏུ་གཅེས་པ་ཡིན། །མ་སོང་དྲུག་གིས་རང་གྲོས་བཏབ་པ་ནི། །གྲོང་པར་མ་སོང་རི་ཁྲོད་དབེན་པ་བསྟེན། །གདོས་ཆོས་མ་སོང་སྒོ་གསུམ་ཞི་དུལ་ལྡན། །བློ་རྒོད་མ་སོང་བློ་སྣ་ཆོས་ལ་ཁུག །ཁྲེལ་མེད་མ་སོང་ཁས་བླངས་དམ་བཅའ་བསྒྲུབ། །དམ་མེད་མ་སོང་བླ་མ་མཆེད་གྲོགས་བཀུར། །སྡུག་འཁུམས་མ་སོང་ཡངས་པ་ཁྲོལ་ལེ་བ། །བློ་བདེའི་མལ་དུ་ཉལ་བ་ཤིན་ཏུ་གཅེས། །ཕོངས་པ་དྲུག་གིས་ལེགས་པར་བསམ་པ་ནི། །ཕ་རྒན་དྲིན་ཅན་བླ་མ་བཀའ་དྲིན་ཅན། །བརྗེད་དུ་ཕོངས་པས་བསྙེན་བཀུར་གསོལ་བ་ཐོབ། །མ་རྒན་དྲིན་ཅན་འགྲོ་དྲུག་སེམས་ཅན་རྣམས། །སྡུག་དུ་ཕོངས་པས་བདེ་ཆེན་ལམ་སྣ་དྲོངས། །རང་ཉིད་དལ་འབྱོར་རྙེད་དཀའི་སྒོ་གསུམ་འདི། །དལ་དུ་ཕོངས་པས་གཞན་དོན་དགེ་ལ་བཀོལ། །གྲོགས་མཆོག་རྣམས་དང་དངོས་གྲུབ་ཡི་དམ་ལྷ། །འབྲལ་དུ་ཕོངས་པས་རྟག་ཏུ་གུས་པས་འགྲོགས། །བུ་མཆོག་རང་བྱུང་ཁྱེའུ་ཆུང་མཛེས་པ་འདི། །འཁྲུལ་དུ་ཕོངས་པས་ཆོས་ཉིད་བཙན་ས་ཟུང་། །ཕ་ནོར་སེམས་ཉིད་ནོར་བུ་རིན་ཆེན་འདི། །ཤོར་དུ་ཕོངས་པས་མ་ཡེངས་གཅེས་སྤྲས་ཀྱིས། །གཏན་སྲིད་འཛིན་ན་གདམས་པ་དེ་དྲུག་གཅེས། །ཆོས་མཐར་མ་ཕྱིན་ཉེས་པ་རྣམ་དྲུག་ནི། །
སྲིད་པར་སྐྱེ་བའི་སྡུག་བསྔལ་མི་འདོད་ཀྱང་། །ཆུ་འབུར་སས་མི་ནོན་པ་ལྟ་བུ་འབྱུང་། །རྒས་ཤིང་འཁོགས་པའི་སྡུག་བསྔལ་མི་འདོད་ཀྱང་། །མེ་ཏོག་སད་ཀྱིས་རྙིང་བ་བཞིན་དུ་འོང་། །ན་བའི་སྡུག་བསྔལ་དྲག་པོ་མི་འདོད་ཀྱང་། །གསེར་མིག་ཉ་མོ་བྱེ་ཚན་བསྒྲེས་བཞིན་འོང་། །རང་གཞན་འབྲལ་བའི་སྡུག་བསྔལ་མི་འདོད་ཀྱང་། །རྔ་མོ་རང་གི་བུ་སྟོར་བཞིན་དུ་འོང་། །དགྲ་འདྲེས་གནོད་པའི་སྡུག་བསྔལ་མི་འདོད་ཀྱང་། །བྱེའུ་ཆུང་ཁྲ་ཡིས་འདེད་པ་ལྟ་བུ་འོང་། །འཆི་བའི་སྡུག་བསྔལ་དྲག་པོ་མི་འདོད་ཀྱང་། །མར་མེ་རླུང་གིས་བཏབ་བཞིན་འོང་བ་སྟེ། །འདི་དག་བསམས་ནས་ཆོས་ལ་བརྩོན་པར་མཛོད། །འདོད་ཀྱང་མི་འོང་གདམས་པ་རྣམ་དྲུག་ནི། །བཟའ་ཚང་ཉེ་འབྲེལ་འདི་དང་དུས་རྟག་ཏུ་། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །བཟང་པོའི་གནས་མལ་འདི་རུ་དུས་རྟག་ཏུ། །མི་འབྲལ་འདུག་པར་འདོད་ཀྱང་འགྲོ་བར་ངེས། །བདེ་སྐྱིད་ལོངས་སྤྱོད་འདི་དང་དུས་རྟག་ཏུ། །མི་འབྲལ་སྤྱོད་པར་འདོད་ཀྱང་འབོར་བར་ངེས། །དལ་འབྱོར་མི་ལུས་མཆོག་འདི་དུས་རྟག་ཏུ། །མི་འབྲལ་རྟག་པར་འདོད་ཀྱང་འཆི་བར་ངེས། །བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་ཆོས་ཉན་འདོད་ཀྱང་འབྲལ་བར་ངེས། །དམ་པའི་གྲོགས་བཟང་རྣམས་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་ངེས་པས། །དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ཏེ། །འབྲལ་མེད་བདེ་ཆེན་གླིང་དུ་བགྲོད་རེ་རན། །སྐྱོ་ཤས་གཏིང་ནས་སྐྱེ་བའི་གྲོགས་རྣམས་ལ། །ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །མི་འདོད་ངང་གིས་འོང་བའི་ཆོས་དྲུག་ནི། །འཁོར་བའི་ཆོས་ལ་དགོས་མེད་རྒྱབ་ཏུ་བོར། །མྱང་འདས་བདེ་བ་མི་འདོད་ངང་གིས་འོང་། །དཀར་པོའི་ཆོས་ལ་དད་བརྩོན་ཕྱོགས་མེད་ཀྱིས། །བདེ་སྐྱིད་དམ་ཆོས་མི་འདོད་ངང་གིས་འོང་། །ཅི་སྤྱོད་བླ་མ་དམ་པའི་གསུང་བཞིན་སྒྲུབས། །ཟབ་མོའི་གདམས་པ་མི་འདོད་ངང་གིས་འོང་། །ཚད་མེད་བཞི་ལ་རང་གི་སེམས་སྦྱོངས་དང་། །གཞན་
དོན་འགྲོ་དོན་མི་འདོད་ངང་གིས་འོང་། །འདོད་བློ་བོར་ལ་ཅི་ཡོད་ཚོགས་སུ་ཐོངས། །ལོངས་སྤྱོད་འབྱོར་པ་མི་འདོད་ངང་གིས་འོང་། །སངས་རྒྱས་དགོངས་པ་འདུ་འབྲལ་མེད་པ་སྒོམས། །འཁྲུལ་སྣང་བདག་འཛིན་ངང་གིས་སྟོངས་པར་འོང་། །གཞུང་བཞིན་བསྒྲུབས་ན་དེ་ལྟར་འོང་བར་ངེས། །དགོས་པའི་ཆོས་དྲུག་ལེགས་པར་བསམ་པ་ནི། །འཁོར་བའི་འཁྲུལ་སྣང་འདི་ལ་སྐྱུག་ལོག་པ། །རོ་མྱགས་འདམ་མཐོང་ལྟ་བུའི་ཞེན་ལོག་དགོས། །མི་དགེ་ལས་ངན་རྣམས་ལ་འཛེམ་པ་ནི། །བག་མ་ཡོང་མ་ཐག་འདྲ་བག་ཡོད་དགོས། །ཆོས་མིན་ལས་ལ་འགྱོད་པའི་བློ་སྐྱེས་པས། །སྐྱེས་བུས་དུག་འཐུངས་སྡུག་བསྔལ་དྲན་འདྲ་དགོས། །ཉོན་མོངས་སྤང་བྱ་ཟིལ་གྱིས་གནོན་ནུས་པ། །རི་དྭགས་རྒྱལ་པོ་འདྲ་བའི་གཉེན་པོ་དགོས། །རྣམ་རྟོག་ཅི་སྐྱེས་རང་སར་གྲོལ་ནུས་པ། །ལན་ཚྭ་ཆུ་ཐིགས་འདྲ་བའི་ཐུག་ཕྲད་དགོས། །ཆོས་དང་ཆོས་མིན་ལེགས་པར་འབྱེད་ཤེས་པ། །ངང་པའི་མཆུ་དང་འདྲ་བའི་ཤེས་རབ་དགོས། །དེ་དྲུག་ལྡན་ན་དམ་ཆོས་ཀུན་དང་མཐུན། །རྣལ་འབྱོར་རབ་ལ་དགོས་པའི་ཆོས་དྲུག་ནི། །ལྟ་བ་རྒྱལ་པོ་འདྲ་བས་ས་ཟིན་དགོས། །སྤྱོད་པ་བློན་པོ་འདྲ་བས་དུས་ཤེས་དགོས། །སྲུང་སྡོམ་སྒོ་སྲུངས་འདྲ་བས་རྐྱེན་ཐུབ་དགོས། །ཤེས་རབ་བྲན་དང་འདྲ་བས་ཀུན་ཁྱབ་དགོས། །རྣམ་རྟོག་སྤྲིན་དང་འདྲ་བས་རང་ཡལ་དགོས། །ཡོན་ཏན་མཛོད་ཁང་འདྲ་བས་གང་ཡང་དགོས། །དེ་དང་ལྡན་ན་དོན་གཉིས་ལྷུན་གྱིས་གྲུབ། །བཟང་པོར་བསྒྲུབ་པའི་དམ་ཆོས་རྣམ་དྲུག་ནི། །རྗེ་དཔོན་རྒྱལ་པོར་འདོད་ན་རང་ཉིད་ཆོས་ལ་བསྐུལ། །དཔའ་བོའི་རྒྱལ་པོར་འདོད་ན་ཉོན་མོངས་དགྲ་དཔུང་ཆོམས། །གཙོ་བོའི་རྒྱལ་པོར་འདོད་ན་བཀའ་ལུང་འདུན་གྲོས་ཆོས། །མཐུ་སྟོབས་རྒྱལ་པོར་འདོད་ན་བདག་ལྟའི་འགོང་པོ་ཐུལ། །ཕྱུག་པོའི་རྒྱལ་པོར་འདོད་ན་ཚོགས་གཉིས་ལོངས་སྤྱོད་སྒྲུབས། །སྨན་པའི་རྒྱལ་པོར་འདོད་ན་རང་སྐྱོན་གཅོང་ནད་ཐོན། །དེ་ལྟར་ཤེས་ན་ལྷ་མིའི་གཙོ་བོར་འགྱུར། །དགྲ་ལ་བག་ཟོན་བྱ་བའི་ཆོས་དྲུག་ནི། །ཆོས་ལ་ངེས་འབྱུང་དད་པ་སྐྱེས་པའི་ཚེ། །གཉེན་འདུན་གྲོས་འདེབས་བརྩེ་གདུང་དགྲ་རུ་ལྡང་། །འཁོར་
བའི་བྱ་བ་ཐམས་ཅད་སྤང་བའི་ཚེ། །ཆགས་ཞེན་འཁྲི་བ་རང་གི་དགྲ་རུ་ལྡང་། །ཆོས་སྤྱོད་ཟས་ནོར་སྦྱིན་གཏོང་བྱས་པའི་ཚེ། །གཞན་གྱི་ཁར་འདྲེན་རློམ་སེམས་དགྲ་རུ་ལྡང་། །ཟབ་མོའི་གདམས་ངག་ཉམས་སུ་ལེན་པའི་ཚེ། །ཡིད་གཉིས་སོམ་ཉི་ཐེ་ཚོམ་དགྲ་རུ་ལྡང་། །གོང་འཕེལ་ཉམས་ཀྱི་དྲོད་རྟགས་ཤར་བའི་ཚེ། །དགའ་བྲོད་ཞེན་འཛིན་དམིགས་བཅས་དགྲ་རུ་ལྡང་། །སྣ་ཚོགས་ཡོན་ཏན་འཆར་སྒོ་ཕྱེད་པའི་ཚེ། །ང་རྒྱལ་རློམ་སེམས་རང་མཐོང་དགྲ་རུ་ལྡང་། །ལྡང་བའི་དགྲ་ལ་བག་ཟོན་བྱ་བ་གཅེས། །བྱམས་སེམས་བཟོད་པ་བསྒོམ་པའི་གོ་ཆ་མཆོག །ཆོས་བྱེད་མི་ལ་མིང་དྲུག་གདགས་པ་ནི། །རང་མགོ་ཆོས་སུ་ཐོན་ན་དྲག་པོ་ཡིན། །སྒོ་གསུམ་དགེ་ལ་འཛུད་ན་དད་ལྡན་ཡིན། །གཡོ་སྒྱུ་ཟོལ་ཁྲམ་མེད་ན་བཟང་པོ་ཡིན། །ལོག་པའི་ལམ་ལོག་ཤེས་ན་བློ་ལྡན་ཡིན། །མི་ཚེ་ཆོས་ཀྱིས་སྐྱེལ་ན་མདོ་ཅན་ཡིན། །གཞན་ཕན་སྙིང་རྗེ་ཆེ་ན་ཐེག་ཆེན་ཡིན། །དམ་པ་རྣམས་ཀྱི་སྤྱོད་ལམ་བསླབ་པར་བྱ། །སྡུག་བསྔལ་རྒྱ་ལས་ཐར་པའི་ཆོས་དྲུག་ནི། །རྙེད་དཀའི་མི་ལུས་ཐོབ་ནས་ཆོས་དང་འཕྲད། །མཚན་ལྡན་བླ་མ་མཇལ་ནས་མོས་གུས་ཐོབ། །འཁོར་བའི་བྱ་བ་སྤངས་པས་འདུ་འཛི་མེད། །ཟབ་མོའི་གདམས་པ་འཆང་བས་གོལ་སྒྲིབ་མེད། །སྤྱོད་ལམ་དགེ་བས་འདའ་བས་སྙོམ་ལས་མེད། །བདེ་ཆེན་ལྷུན་གྱིས་གྲུབ་པས་དམིགས་འཛིན་བྲལ། །དེ་དྲུག་ལྡན་ན་ཟུག་རྔུ་ལྡང་མི་ནུས། །ཤེས་པ་དྲུག་གི་གདམས་པ་བསྟན་པ་ནི། །དབེན་པར་སྐྱོ་བས་གཅིག་པུར་མི་ཚུགས་ན། །སེམས་འཛིན་ལ་སོགས་ཉམས་ལེན་མེད་པར་ཤེས། །མང་པོའི་མི་དང་འགྲོགས་པར་མི་ཤེས་ན། །ཐབས་ལ་མི་མཁས་རང་རྒྱུད་ངན་པར་ཤེས། །བླ་མ་བསྟེན་ཡང་ཆོས་མིན་མི་སྤོང་ན། །དེ་ཡི་བྱིན་རླབས་ཡོན་ཏན་མ་འགོས་ཤེས། །ཁེངས་ཤིང་མ་དུལ་ང་རྒྱལ་ཆེ་བ་ན། །ཉམས་མྱོང་རྩི་མེད་གནས་ལུགས་མ་རྟོགས་ཤེས། །གདམས་ངག་ཆུང་ལ་ལེ་ལོ་ཆེ་བ་ན། །ཐར་ལམ་མི་སྙོགས་འཁོར་བར་འཁྱམས་པར་ཤེས། །རང་དོན་གཙོར་འཛིན་སྙིང་རྗེ་མེད་པ་ན། །ཐེག་ཆེན་ལམ་དང་སེམས་
བསྐྱེད་མེད་པར་ཤེས། །རྟགས་ལ་བརྟེན་ནས་ནང་གི་ཚུལ་རིག་པས། །ཆོས་མིན་ལོག་པར་ཞུགས་པ་སྤང་འཚལ་ལོ། །ཆུད་གཟན་དྲུག་གི་རྣམ་གྲངས་བསྟན་པ་ནི། །ངན་སོང་མི་འཇིགས་སྡིག་པའི་ལས་ངན་སོག །རྙེད་དཀའི་དལ་འབྱོར་མི་ལུས་ཆུད་རེ་གཟན། །ཆོས་སྒོར་ཞུགས་ནས་ཕྱོགས་རིས་ཆགས་སྡང་བྱེད། །ཡང་དག་དོན་གྱི་དད་པ་ཆུད་རེ་གཟན། །ཐོས་བསམ་ཚིག་གི་ང་རྒྱལ་རྡོ་འཇོང་འཆང་། །གནས་ལུགས་རྟོགས་པའི་ཤེས་རབ་ཆུད་རེ་གཟན། །ཟབ་མོའི་གསང་སྔགས་ཉམས་ལེན་དོན་བཞག་ནས། །གནད་མེད་བརྩོན་འགྲུས་དཀའ་ཐུབ་ཆུད་རེ་གཟན། །ཟུང་འཇུག་གཉིས་མེད་ཡེ་ཤེས་མཆོག་བོར་ནས། །སྣང་སྟོང་མཐར་འཛིན་སྒོམ་པ་ཆུད་རེ་གཟན། །རི་ངོགས་དབེན་གནས་ཆོས་འགྲུབ་གནས་བཞག་ནས། །སྡེ་དགོན་གྲོང་འགྲིམ་དངོས་གྲུབ་ཆུད་རེ་གཟན། །དེ་བས་དེ་དག་ལམ་དུ་མ་སོང་གཅེས། །གོང་མའི་རྗེས་སུ་སྙེགས་པའི་ཆོས་དྲུག་ནི། །སྡིག་སྒྲིབ་བག་ཆགས་རྩད་ནས་གཅོད་འདོད་ན། །སེམས་ཉིད་རང་བཞིན་གཞི་རྩ་བྲལ་བ་ལྟོས། །དགོས་འདོད་ནོར་བུ་ཡིད་བཞིན་བཙལ་འདོད་ན། །ཟབ་མོའི་ལམ་ལ་རྩོལ་བ་རྒྱུན་དུ་བསྲིངས། །གནས་ལུགས་དོན་གྱི་ཆོས་ཉིད་རྟོགས་འདོད་ན། །བཙལ་བས་མི་རྙེད་རང་བཞིན་ཞོག་ལ་ལྟོས། །གདམས་ངག་ཉམས་ལེན་རྒྱུད་ལ་སྦྱོར་འདོད་ན། །རང་རྒྱུད་ཐུལ་ལ་དེ་ནས་ཉམས་སུ་ལོང་། །སྙིང་ནས་དམ་ཆོས་ཚུལ་བཞིན་སྒྲུབ་འདོད་ན། །ཚེ་འདི་བློས་ཐོངས་ཞེན་ཐག་འཁྲི་བ་ཆོད། །གོང་མའི་རྗེས་སུ་མྱུར་དུ་སྙེགས་འདོད་ན། །མཛད་སྤྱོད་ལྟོས་ལ་སྒྲུབ་པ་སྙིང་པོར་གྱིས། །འདི་དག་གནད་ཀྱི་མན་ངག་སྙིང་པོ་ཡིན། །སྤྱི་ཡི་ཚུལ་དང་མི་མཐུན་ཆོས་དྲུག་ནི། །རང་གི་ངན་སྤྱོད་སྣ་དགུ་ཚང་བྱས་ནས། །གཞན་དག་མགུ་རེ་ཆོས་པའི་ལུགས་མ་ཡིན། །རང་གི་གཡོ་སྒྱུ་ཁྲམ་གསུམ་ཚང་བྱས་ནས། །དཀོན་མཆོག་མཉེས་རེ་ཆོས་པའི་ལུགས་མ་ཡིན། །དབེན་པའི་གནས་སུ་བརྩོན་པས་མི་བསྒྲུབ་པར། །ཆོས་ལ་རེ་འཁང་ཆོས་པའི་ལུགས་མ་ཡིན། །ཚིག་ཏུ་སྙིང་རྗེ་ལག་ལེན་རང་འདོད་སྒྲུབ། །གཞན་དོན་འགྲུབ་རེ་ཆོས་པའི་ལུགས་མ་ཡིན། །སེམས་
ལ་བདག་འཛིན་ཁ་ལ་སྟོང་པ་ཉིད། །ཐར་ལམ་སྙོགས་རེ་ཆོས་པའི་ལུགས་མ་ཡིན། །སེམས་ལ་རང་ལྟ་ཁ་ལ་མཐའ་བྲལ་ཟེར། །གནས་ལུགས་རྟོགས་རེ་ཆོས་པའི་ལུགས་མ་ཡིན། །དེ་བས་བསྟན་པ་སྤྱི་ཡི་སྲོལ་ཉམས་སྤང་། །ཤིན་ཏུ་དགེ་ཞིང་ལེགས་པའི་ཆོས་དྲུག་ནི། །བསྟན་པ་གནས་ཤིང་དལ་འབྱོར་ཐོབ་དུས་འདིར། །འཁོར་བའི་དོང་ལས་མྱུར་དུ་འབྲོས་རེ་རན། །ཐོས་བསམ་སྙིང་པོའི་ཉམས་སུ་ལེན་དུས་འདིར། །རང་རྒྱུད་ཁེངས་པའི་ཆོས་དང་བསྲེ་རེ་རན། །སྣ་ཚོགས་སྡུག་བསྔལ་འགལ་རྐྱེན་མང་དུས་འདིར། །སྒྲུབ་པའི་ཆོས་ལ་སྙིང་རུས་བསྐྱེད་རེ་རན། །ཚོགས་དྲུག་སྒོ་ལ་ཡུལ་དྲུག་ཤར་དུས་འདིར། །གཟུང་འཛིན་གཉིས་སྣང་རང་སར་གྲོལ་རེ་རན། །ལྟ་སྒོམ་སྤྱོད་པའི་དོན་ལ་བསྒོམ་དུས་འདིར། །རིག་པའི་རྩལ་སྦྱོང་ཕྱོགས་མེད་བྱེད་རེ་རན། །གཏན་གྱི་འདུན་མ་ད་རེས་བསྒྲུབ་དུས་འདིར། །བརྩེ་བའི་གདམས་ངག་འབད་པས་སྒྲུབ་རེ་རན། །དེ་ལྟར་གཉེན་པོས་རང་ཚོད་མ་ཟིན་ན། །འཆི་དུས་ལུས་ལ་འཆི་བདག་བཞད་གད་བྱེད། །མི་འགྲུབ་འགལ་བ་གླབ་ཅོལ་ཆོས་དྲུག་ནི། །རང་གིས་རང་ལ་རང་དབང་མ་ཐོབ་པར། །གཞན་དབང་བྱེད་འདོད་འགལ་བ་གླབ་ཅོལ་ཞིག །རང་ཕན་མ་བསྒྲུབས་ཕན་འདོགས་མི་ནུས་བཞིན། །གཞན་ཕན་སྒྲུབ་འདོད་འགལ་བ་གླབ་ཅོལ་ཞིག །རང་ཉིད་སློབ་མའི་མཚན་ཉིད་མི་ལྡན་པར། །སློབ་དཔོན་བྱེད་འདོད་འགལ་བ་གླབ་ཅོལ་ཞིག །རང་ཉིད་ཀོ་སྐམ་བཞིན་དུ་མ་དུལ་བར། །གཞན་རྒྱུད་འདུལ་བ་འགལ་བ་གླབ་ཅོལ་ཞིག །རང་ལ་འདིར་རྒྱག་རྟོགས་པའི་གདེང་མེད་པར། །གཞན་ལ་སྒོམ་འབོགས་འགལ་བ་གླབ་ཅོལ་ཞིག །རང་ཉིད་ཐ་མལ་ཀུན་སྤྱོད་མ་ལོག་པར། །གཞན་དག་ཆོས་འགོད་འགལ་བ་གླབ་ཅོལ་ཞིག །དེ་འདྲའི་རང་བཞིན་སྐྱོན་གྱིས་མ་གོས་གཅེས། །དམ་ཆོས་ལེགས་པར་བསྐུལ་བའི་ཆོས་དྲུག་ནི། །དོན་མེད་འཇིག་རྟེན་བྱ་བ་སྤོང་འདོད་ན། །དད་པ་སྐྱེ་དུས་བྱ་བྱེད་འཕྲོ་ལ་ཞོག །བྱས་ཀྱང་ཆུ་གཉེར་འདྲ་སྟེ་ཟིན་དུས་མེད། །དབེན་པའི་གནས་སུ་ཕྱིན་ནས་
སྒྲུབ་འདོད་ན། །དྲན་དུས་དྲན་པ་ཤོལ་མེད་དེ་ཀར་སོང་། །དེ་དུས་མ་ཕྱིན་འགལ་རྐྱེན་ཤོལ་འདེབས་མང་། །བླ་མ་བསྟེན་དུས་ཅི་གསུང་བཀའ་ཉན་དགོས། །ངས་བྱས་ཡུས་ཀྱིས་ཐུགས་ཟིན་དུས་མི་འོང་། །སེམས་ཉིད་བལྟ་དུས་མ་བཅོས་རང་བཞག་དགོས། །མ་བཞག་བཅོས་མས་རང་ངོ་མཐོང་དུས་མེད། །ཡོན་ཏན་འཚོལ་དུས་བརྩོན་འགྲུས་གཉུག་བསྲིང་དགོས། །ངང་ཐུང་རེས་འཇོག་ཡོན་ཏན་རྫོགས་དུས་མེད། །ཟད་སར་སྐྱེལ་དུས་གནས་ལུགས་ས་ཟིན་དགོས། །གཞན་དུ་བཙལ་བས་རྙེད་པའི་དུས་མི་འོང་། །གནས་ལུགས་སྒྲུབ་པའི་གཉེན་པོ་རྣམ་དྲུག་ནི། །ཆེ་བཟང་མཐོ་ས་མི་གཟུང་དམན་པའི་འདུག་སར་བསྡད། །མང་པོའི་མགོ་དཔོན་མི་བྱ་བཟང་པོའི་འོག་ཏུ་ཞུགས། །བཟང་འདོད་སྙན་གྲགས་མི་སྒྲུབ་ངར་འཛིན་རི་བོ་སྒྱེལ། །རང་འདོད་རྒྱལ་ཁ་མི་སྒུག་ཆོག་ཤེས་ཕམ་ཁ་བླང་། །མི་ངོའི་དཀར་ནག་མི་ལྟ་རང་རྒྱུད་དགེ་སྡིག་ལྟ། །ཚོགས་དྲུག་ཡུལ་ལ་མི་ཡེང་སེམས་ཀྱི་རང་ངོ་ལྟོས། །དེ་ལྟར་རྣམ་པ་དྲུག་ལྡན་སྒྲུབ་པ་གནད་དུ་ཕྱིན། །ངེས་པ་རྣམ་དྲུག་མན་ངག་བསྟན་པ་ནི། །མོས་གུས་གདུང་སེམས་བཅས་ཏེ་གསོལ་བ་འདེབས་ནུས་ན། །སེམས་ཉིད་རང་ངོ་རྟོགས་ཤིང་བྱིན་རླབས་འཇུག་པར་ངེས། །རང་བབས་བྱར་མེད་ངང་ལ་ལྷུག་པར་གློད་ཤེས་ན། །རང་རིག་གཉིས་མེད་ཡེ་ཤེས་ཇི་བཞིན་གསལ་བར་ངེས། །གཉིས་འཛིན་མཚན་མའི་རྣམ་རྟོག་རང་ངོ་བལྟ་ཤེས་ན། །རང་ཐོག་བཅོས་བསླད་མེད་པར་རང་ས་གྲོལ་བར་ངེས། །འཁྲུལ་སྣང་གཟུང་འཛིན་རྣམ་རྟོག་རང་སར་འཇོག་ཤེས་ན། །རང་དངས་མི་རྟོག་ཡེ་ཤེས་རང་བཞིན་འཆར་བར་ངེས། །ཐབས་ཀྱིས་རིག་པ་གཅུན་ན་གནས་ལུགས་གདོད་མའི་གཞི། །མི་གཡོ་སྤྲོས་དང་བྲལ་བའི་ལྷུན་གྲུབ་འཆར་བར་ངེས། །སྙོམ་ལས་ལེ་ལོ་མེད་པར་བརྩོན་འགྲུས་རྒྱུན་བསྲིངས་ན། །ས་ལམ་ཡོན་ཏན་དྲོད་རྟགས་ནང་ནས་འཆར་བར་ངེས། །ཡིན་པ་དྲུག་གི་རྣམ་གྲངས་བསྟན་པ་ནི། །གཞན་དག་གཡོ་སྒྱུས་བསླུས་ན་རང་ཉིད་བསླུས་པ་ཡིན། །གཞན་ལ་རྒྱལ་ཁ་བྱིན་ན་རང་ལ་བྱིན་པ་ཡིན། །གཞན་ལ་གདུག་རྩུབ་གནོད་པ་རང་ལ་བསྐྱལ་བ་ཡིན། །
གཞན་ལ་ཇི་ལྟར་ཕན་བཏགས་རང་ལ་བཏགས་པ་ཡིན། །གཞན་ལ་ཕྲག་དོག་གཤེ་སྐུར་རང་ལ་བཏབ་པ་ཡིན། །གཞན་དོན་ཚོགས་གཉིས་ཅི་བསགས་རང་ལ་བསགས་པ་ཡིན། །དེ་འདྲ་གོ་བ་དཀོན་ཏེ་རྒྱུད་ལ་འགེལ་བ་དཀོན། །དེ་བས་དེ་ཉིད་དོན་ལ་རང་གི་སེམས་སྦྱང་བྱ། །འཛིན་པ་མེད་པའི་རྣམ་གྲངས་དྲུག་པོ་ནི། །དད་གུས་མེད་པའི་མི་ལ་ཐུགས་རྗེས་འཛིན་པ་མེད། །ཤེས་རབ་མེད་པའི་མི་ལ་ཐོས་བསམ་འཛིན་པ་མེད། །དམ་ཚིག་མེད་པའི་མི་ལ་དངོས་གྲུབ་འཛིན་པ་མེད། །བསླབས་ཀྱང་མི་ཉན་མི་ལ་ཁ་ཏས་འཛིན་པ་མེད། །རང་རྒྱུད་ངན་པའི་མི་ལ་ཆོས་ཀྱིས་འཛིན་པ་མེད། །དྲིན་གཟོ་མེད་པའི་མི་ལ་ཕན་ཐོགས་འཛིན་པ་མེད། །ཆོས་ཀྱིས་རྡུགས་པར་བསྟན་པ་རྣམ་དྲུག་ནི། །ནང་ནས་ཉོན་མོངས་དགྲ་རུ་མ་མཐོང་ན། །ཕྱི་ནས་བླ་མའི་གདམས་པ་རྡུགས་པར་གདའ། །ཚེ་འདིའི་བྱ་བ་རྒྱབ་ཏུ་མ་བོར་ན། །ཉམས་ལེན་འགྲུབ་པའི་དུས་ཤིག་རྡུགས་པར་གདའ། །རྒས་ཀའི་ཕྱི་ཚིས་སྡུག་དོགས་མ་སྤངས་ན། །སྙིང་ནས་བརྩོན་པའི་དམ་ཆོས་རྡུགས་པར་གདའ། །ནང་ནས་རང་ལ་ངེས་ཤེས་མ་སྐྱེས་ན། །ཆོས་དང་བླ་མའི་མོས་གུས་རྡུགས་པར་གདའ། །འཁོར་བའི་སྡིག་སྤྱོད་མི་དགེ་མ་སྤངས་ན། །འཕགས་པའི་ཐུགས་རྗེས་འདྲེན་པ་རྡུགས་པར་གདའ། །གཅིག་ཏུ་ཨ་འཐས་བདེན་ཞེན་མི་འདོར་ན། །ཕྱོགས་རིས་མེད་པའི་གདམས་པ་རྡུགས་པར་གདའ། །ཡི་ཆད་དགོད་རེ་བྲོ་བའི་ཆོས་དྲུག་ནི། །འདུག་དང་མི་འདུག་རང་དབང་ཆ་མེད་པའི། །གནས་ཀྱི་སོ་ཚིས་ཡི་ཆད་དགོད་རེ་བྲོ། །སྤྱོད་དང་མི་སྤྱོད་རང་དབང་ཆ་མེད་པའི། །ནོར་གྱི་གསོག་བྲུན་ཡི་ཆད་དགོད་རེ་བྲོ། །གོན་དང་མི་གོན་རང་དབང་ཆ་མེད་པའི། །གོས་ཀྱི་རྩོལ་སྒྲུབ་ཡི་ཆད་དགོད་རེ་བྲོ། །ཟ་དང་མི་ཟ་རང་དབང་ཆ་མེད་པའི། །ཟས་ཀྱི་བྱ་བྱེད་ཡི་ཆད་དགོད་རེ་བྲོ། །འགྲོགས་དང་མི་འགྲོགས་རང་དབང་མེད་པ་ཡི། །གྲོགས་ཀྱི་ཉེས་ཁ་ཡི་ཆད་དགོད་རེ་བྲོ། །བསྟོངས་དང་མི་བསྟོངས་རང་དབང་མེད་པ་ཡི། །བུ་ཚའི་གཅེས་སྤྲས་ཡི་ཆད་དགོད་རེ་བྲོ། །འཇིག་རྟེན་འཁྲུལ་པའི་སྤྱོད་
པ་མཐོང་ཙ་ན། །ཡི་ཆད་དགོད་རེ་བྲོ་བ་ཤིན་ཏུ་མང་། །དགོས་པ་དྲུག་གི་རྣམ་གྲངས་བསྟན་པ་ནི། །འཇིག་རྟེན་བྱ་བ་ཅིས་ཀྱང་འབོར་དགོས་ཤིང་། །མ་རིག་མུན་པ་ཅིས་ཀྱང་སངས་པ་དགོས། །གཟུང་འཛིན་མཁར་པོ་ཅིས་ཀྱང་འགྱེལ་དགོས་ཤིང་། །ཉམས་རྟོགས་ཡོན་ཏན་ཅིས་ཀྱང་གོང་འཕེལ་དགོས། །ཟུང་འཇུག་ཡེ་ཤེས་ཅིས་ཀྱང་འཆར་དགོས་ཤིང་། །སྐུ་གསུམ་ནོར་བུ་ཅིས་ཀྱང་ལོན་པ་དགོས། །ཡ་ཆའི་རྣམ་གྲངས་དྲུག་པོ་བསྟན་པ་ནི། །རབ་ཏུ་བྱུང་ནས་ལོ་མང་ལོན་ན་ཡང་། །སྲུང་སྡོམ་གནང་བཀག་མི་ཤེས་ཡ་རེ་ཆ། །ཆོས་སྒོར་ཞུགས་ནས་ལོ་མང་ལོན་ན་ཡང་། །དགེ་སྡིག་ད་གཟོད་བསླབ་དགོས་ཡ་རེ་ཆ། །ཐེག་ཆེན་ཞུགས་ནས་ལོ་མང་ལོན་ན་ཡང་། །སེམས་བསྐྱེད་བསླབ་ཕྱོགས་མི་ཉེ་ཡ་རེ་ཆ། །ཐོས་བསམ་བྱས་ནས་ལོ་མང་ལོན་ན་ཡང་། །ཉམས་ལེན་བློ་ཁ་མ་ཕྱོགས་ཡ་རེ་ཆ། །སྒོམ་པ་བྱས་ནས་ལོ་མང་ལོན་ན་ཡང་། །དྲོད་རྟགས་ཡོན་ཏན་མ་སྐྱེས་ཡ་རེ་ཆ། །ལྟ་བ་རྟོགས་ནས་ལོ་མང་ལོན་ན་ཡང་། །དངོས་ཞེན་འཁྲུལ་པ་མ་ཞིག་ཡ་རེ་ཆ། །འདི་དག་མཁར་ལན་ཐོག་མར་བྱས་རྗེས་སུ། །རྩིག་རྨིང་གདོད་ནས་བླང་བ་ཤིན་ཏུ་མཚར། །བརྟགས་ཤིང་དགོད་བྲོ་བསམས་ཤིང་ཡི་མུག་པས། །དམ་པ་བསྟེན་ལ་ཐོས་བསམ་སྒོམ་པ་སྒྲུབས། །ཆོས་ཉིད་རང་ཆས་གནད་དྲུག་བསྟན་པ་ནི། །མ་བརྟག་མ་དཔྱད་རང་ངོ་རང་གིས་མཐོང་། །མ་བསམས་མ་ཕྱིས་འཁོར་བ་ཀ་ནས་དག །མ་བཅད་མ་བཀྲོལ་མཚན་མ་རང་སར་གྲོལ། །མ་བཙལ་མ་བསྒྲུབས་སྐུ་ལྔ་ལྷུན་གྱིས་གྲུབ། །མ་སྤངས་མ་བླངས་སྐྱོན་ཡོན་མཐའ་ལས་འདས། །མ་བྱས་མ་འབད་འཕྲིན་ལས་ལྷུན་གྱིས་གྲུབ། །དེ་ལྟར་སུས་ཤེས་སྙིང་པོའི་གནད་ལ་མཁས། །བཤེས་གཉེན་མཁས་པའི་གདམས་ངག་རྣམ་དྲུག་ནི། །དད་མེད་དད་པ་བསྐྱེད་ལ་མཁས་པ་དང་། །བླང་དོར་གནས་ལ་སློབ་པར་མཁས་པ་དང་། །སྒྲུབ་པས་གནད་དུ་གཏོང་ལ་མཁས་པ་དང་། །བར་ཆད་བགེགས་ལས་སྐྱོབ་པར་མཁས་པ་དང་། །ཟུང་འབྲེལ་སྙན་བརྒྱུད་སྟོན་ལ་མཁས་པ་དང་། །རྐྱེན་ངན་
ལམ་དུ་བསྒྱུར་ལ་མཁས་པའོ། །རིགས་པ་དྲུག་གི་རང་བཞིན་བསྟེན་པ་ནི། །ཐ་མལ་ནད་ལ་སྨན་པ་བསྟེན་ཚོད་དུ། །འཁོར་བའི་ནད་འབྱིན་བླ་མ་བསྟེན་པར་རིགས། །འཇིགས་པའི་འཕྲང་ལ་སྐྱེལ་མ་བསྟེན་ཚོད་དུ། །བར་དོའི་སྐྱབས་ལ་བླ་མ་བསྟེན་པར་རིགས། །གྲོས་འདུན་ཆེད་དུ་རྒན་རབས་བསྟེན་ཚོད་དུ། །གཏན་གྱི་གྲོས་འདུན་བླ་མ་བསྟེན་པར་རིགས། །ཁ་ཉེན་དབང་གིས་རྗེ་དཔོན་བསྟེན་ཚོད་དུ། །རྐྱེན་ངན་ཞི་ཕྱིར་བླ་མ་བསྟེན་པར་རིགས། །གྲུ་པས་ཐབས་མཁས་མཉན་པ་བསྟེན་ཚོད་དུ། །སྡུག་བསྔལ་མཚོ་སྒྲོལ་བླ་མ་བསྟེན་པར་རིགས། །ཚོང་པས་རྒྱ་མཚོའི་དེད་དཔོན་བསྟེན་ཚོད་དུ། །བྱང་ཆུབ་འགྲུབ་ཕྱིར་བླ་མ་བསྟེན་པར་རིགས། །ལྟོས་པ་དྲུག་གི་རྣམ་གྲངས་བསྟན་པ་ནི། །ད་ལྟའི་ནད་ཀྱི་སྡུག་བསྔལ་ཟུག་རྔུ་ལྟོས། །ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་དམ་སོམས། །བཙོན་རར་བཟུང་རྣམས་འབྲོས་པའི་འབད་རྩོལ་ལྟོས། །འཁོར་བའི་བཙོན་རར་རང་བརླག་བྱེད་དམ་སོམས། །ཚེ་འདིའི་ལྟོ་གོས་རྩོལ་བ་བྱེད་ལ་ལྟོས། །གཏན་གྱི་སོ་ནམ་ད་རེས་འཆོར་བ་སོམས། །ཡུད་ཙམ་འགྲོགས་པའི་གྲོགས་ངན་སྐྱོན་ལ་ལྟོས། །བཟོད་དཀའི་སེམས་ཅན་འགྲོགས་དཀའ་བཟོད་དམ་སོམས། །ཐ་མལ་གཡང་སར་བག་ཟོན་བྱེད་ལ་ལྟོས། །ངན་སོང་གཡང་སར་འགྲོ་བའི་སྡུག་བསྔལ་སོམས། །ཚེ་འདིའི་བཟའ་ཚོ་ཤི་བའི་མྱ་ངན་ལྟོས། །གཏན་གྲོགས་ཆོས་དང་བྲལ་བའི་རང་བཞིན་སོམས། །དེ་ལྟར་བསམས་ན་སྲིད་པའི་ཕ་རོལ་འགྲོ། །ཉམས་སུ་ལེན་པའི་མན་ངག་རྣམ་དྲུག་ནི། །བར་སྣང་ངོས་ལ་ཉི་མ་ཤར་བ་ལྟར། །རང་བྱུང་ཡེ་ཤེས་གསལ་སྟོང་གནད་ལ་དབབ། །རི་རབ་རྩེ་ནས་རི་ཕྲན་ཀུན་མཐོང་ལྟར། །སེམས་ཉིད་དོན་མཐོང་དགོངས་པའི་རྩེ་མོར་དཔྱད། །གསེར་གླིང་ཕྱིན་དུས་བོང་བ་མི་རྙེད་ལྟར། །ཡེང་རྐྱེན་ཡུལ་རྣམས་ཆོས་ཉིད་རང་ངོ་སྤྲད། །སེར་བུ་རྡུལ་བྲལ་མཁའ་ལ་འགྱུ་བ་ལྟར། །རྣམ་རྟོག་མཚན་མ་རང་སར་དངས་སུ་གཞུག །མཚོན་ཚོགས་འཕངས་པ་མེ་ཏོག་ཆར་གྱུར་ལྟར། །
ཅི་སྣང་ཐམས་ཅད་ཆོས་སྐུའི་ལམ་དུ་བླང་། །སེང་གེ་རྩལ་གསུམ་རང་ལ་རྫོགས་པ་ལྟར། །རེ་དོགས་མཚན་མ་མཉམ་ཉིད་ཟིལ་གྱིས་མནན། །དེ་ལྟར་སུས་ཤེས་ཡང་ཟབ་གནད་ལ་མཁས། །ཐེག་པའི་ལམ་ཁྱེར་དྲིལ་བའི་ཆོས་དྲུག་ནི། །སྣོད་བཅུད་འཁྲུལ་སྣང་ངོ་སྤྲད་དག་སྣང་ལམ་དུ་ཁྱེར། །འཁོར་བ་སྡུག་བསྔལ་ངོ་སྤྲད་སྙིང་རྗེ་ལམ་དུ་ཁྱེར། །འགྲོ་དྲུག་ཕ་མར་ངོ་སྤྲད་བྱམས་པ་ལམ་དུ་ཁྱེར། །རྒྱུ་འབྲས་རྟེན་འབྲེལ་ངོ་སྤྲད་སྡོམ་གསུམ་ལམ་དུ་ཁྱེར། །དབང་བཞི་སྒོ་གསུམ་ངོ་སྤྲད་བསྐྱེད་རྫོགས་ལམ་དུ་ཁྱེར། །སྣང་གྲགས་སེམས་ཉིད་ངོ་སྤྲད་ཆོས་ཉིད་ལམ་དུ་ཁྱེར། །དེ་དང་ལྡན་ན་གོལ་ས་སྒྲིབ་པ་མེད། །ལེ་ལོར་མི་འཇོག་གནད་ཀྱི་ཆོས་དྲུག་ནི། །དབེན་གནས་བས་མཐའ་བཙལ་འདོད་ཕྱི་ཐལ་འགྲོ། སེམས་ལ་གཟུང་འཛིན་དབེན་པར་བྱ་བ་གནད། །གདམས་ངག་ཚིག་ལས་བཙལ་འདོད་ཕྱི་ཐལ་འགྲོ། ཐབས་ལམ་ཉམས་ལེན་ཟབ་མོ་བཙལ་བ་གནད། །འཚོ་བ་གསོག་བྲུན་ལྟོས་པ་ཕྱི་ཐལ་འགྲོ། གང་བྱུང་ཆོག་ཤེས་བྱ་འཚོལ་བསླབ་པ་གནད། །སྒོམ་སྒྲུབ་བྲེལ་ཤོམ་རྗེས་བྱེད་ཕྱི་ཐལ་འགྲོ། བྱ་བྱེད་རྩལ་འཕྲོ་བོར་ནས་བྱེད་པ་གནད། །ཉམས་རྟོགས་བསགས་སྦྱོང་བསྐྱལ་ཏེ་ཕྱི་ཐལ་འགྲོ། ཟབ་མོ་གནད་བསྣུན་བཙན་ཐབས་བསྐྱེད་པ་གནད། །ས་ལམ་རིམ་གྱིས་འཚོལ་བ་ཕྱི་ཐལ་འགྲོ། སེམས་ཉིད་སྐུ་གསུམ་བརྟན་ཞིང་གོམས་པ་གནད། །ཉམས་སུ་བླངས་ན་སངས་རྒྱས་བྱང་ཆུབ་འགྲུབ། །གནས་དྲུག་དོན་ལ་བསླབ་པའི་ཆོས་དྲུག་ནི། །ཉམས་པ་མེད་པའི་བྱང་ཆུབ་སེམས་ལ་གནས། །ཚོགས་གཉིས་མི་ངོམས་ཕ་རོལ་ཕྱིན་ལ་གནས། །ཤེས་རབ་སྦྱང་ཕྱིར་ཆོས་ཀྱི་གཏམ་ལ་གནས། །བསམ་གཏན་བསྒྲུབ་ཕྱིར་དགོན་པ་དབེན་ལ་གནས། །འདུ་བྱེད་སྐྱུང་ཕྱིར་སྦྱངས་པའི་དོན་ལ་གནས། །ས་མཆོག་བསྒྲུབ་ཕྱིར་བླ་མ་བཀུར་ལ་གནས། །དེ་ལྟར་སུ་གནས་ཐེག་མཆོག་ལམ་ཆེན་ཞུགས། །ཉལ་ན་ལམ་དྲུག་ལེགས་པར་བསྟན་པ་ནི། །ལུས་སེམས་གཡོ་བ་སྤང་ཕྱིར་དགོན་པའི་ལམ། །བདག་གཞན་གདུང་བ་མེད་ཕྱིར་ཚང་པའི་ལམ། །རང་བཞིན་འགྱོད་པ་མེད་ཕྱིར་ལེགས་པའི་
ལམ། །ཡོན་ཏན་བསྒྲུབ་ཕྱིར་ཡང་དག་འཇོག་པའི་ལམ། །བརྩམས་པ་མཐར་ཕྱིན་བྱ་ཕྱིར་གྲུབ་པའི་ལམ། །སྔོན་ནས་ལེགས་པར་སྦྱང་ཕྱིར་ལྷུན་གྲུབ་ལམ། །མལ་དྲུག་སུ་ཉལ་བདེ་ཞིང་སྐྱིད་པ་ཡིན། །ཐེག་ཆེན་རྣམས་ཀྱི་འགྲོ་བའི་ས་དྲུག་ནི། །སངས་རྒྱས་ཆོས་འདོད་ཆོས་ཉིད་ངང་དུ་འགྲོ། །སེམས་ཅན་དོན་འདོད་གང་འཚམས་ཆོས་སྟོན་འགྲོ། །རང་སེམས་རྟོགས་འདོད་དུག་གསུམ་མེད་པར་འགྲོ། །ཤེས་རབ་ཐོབ་འདོད་ཆོས་ཀྱི་རྒྱུན་དུ་འགྲོ། །གདུལ་བྱའི་དབང་གིས་སྐྱེ་བ་ཀུན་ཏུ་འགྲོ། །ཐར་ལམ་འདོད་པས་བླ་མ་བསྟེན་དུ་འགྲོ། །དེ་ལྟར་སུ་འགྲོ་སངས་རྒྱས་ཆོས་བསླབ་ཡིན། །ཡིད་གནས་དགོས་པའི་རྣམ་གྲངས་རྣམ་དྲུག་ནི། །དགེ་བའི་རྩ་བ་རྩོམ་ལ་ཡིད་གནས་དགོས། །ཆོས་ལ་ནན་ཏན་ལྷུར་བླང་ཡིད་གནས་དགོས། །བླ་མེད་བྱང་ཆུབ་ཡིད་ཞུགས་ཡིད་གནས་དགོས། །གཞན་དོན་བྱང་ཆུབ་སེམས་ལ་ཡིད་གནས་དགོས། །ཉིན་མཚན་ཆོས་ཉིད་དོན་ལ་ཡིད་གནས་དགོས། །ངེས་འབྱུང་སྐྱོ་ཤས་བསྐྱེད་ལ་ཡིད་གནས་དགོས། །དེ་ལྟར་གང་བྱེད་རྒྱལ་སྲས་ལམ་བཟང་ཞུགས། །ངག་དྲུག་རྣམ་གྲངས་རབ་ཏུ་བསྟན་པ་ནི། །སེམས་ཅན་སྤྱོད་པ་མི་ཟད་སྟོན་པའི་ངག །ཆོས་ཚུལ་རྒྱ་མཚོ་རབ་ཏུ་སྟོན་པའི་ངག །སངས་རྒྱས་ཡོན་ཏན་བསྔགས་པ་བརྗོད་པའི་ངག །ཐེག་ཆེན་མི་ཟད་རབ་ཏུ་སྟོན་པའི་ངག །ཕྱོགས་བཅུའི་ནམ་མཁའ་ཆོས་སྒྲས་འགེངས་པའི་ངག །འཁོར་བ་འཇིག་ཅིང་མྱ་ངན་འདའ་སྟོན་ངག །དེ་དག་སུ་ལྡན་རྒྱལ་བའི་སྲས་པོ་ཆེ། །ལུས་དྲུག་རྣམ་འཕྲུལ་རབ་ཏུ་བསྟན་པ་ནི། །མི་རྣམས་སྨིན་ཕྱིར་མི་ཡི་ལུས་དང་ནི། །ངན་སོང་གདུལ་ཕྱིར་མི་མ་ཡིན་པའི་ལུས། །ལྷ་དང་ལྷ་མིན་སྨིན་མཛད་ལུས་དང་ནི། །ཆུང་ངུ་འདུལ་ཕྱིར་ཉན་ཐོས་རང་རྒྱལ་ལུས། །ཐེག་ཆེན་འགོད་ཕྱིར་སེམས་དཔའི་ལུས་དང་ནི། །དབང་རྫོགས་བྱ་ཕྱིར་ལོངས་སྤྱོད་རྫོགས་པའི་ལུས། །མངའ་དབང་འབྱོར་བ་རྣམས་ལ་ལྷུན་གྱིས་གྲུབ། །རྒྱལ་སྲས་རྣམས་ཀྱི་མགོ་དྲུག་བསྟན་པ་ནི། །ལྷ་དང་བཅས་པའི་འཇིག་རྟེན་འདུ་བའི་ཕྱིར། །ཡོན་ཏན་མཆོག་ལྡན་
བླ་མ་འདུད་པའི་མགོ །དཀོན་མཆོག་གསུམ་གྱི་གདུང་རྒྱུད་མི་བཅད་ཕྱིར། །བདེ་གཤེགས་རྣམས་ཀྱི་ཚུལ་བླངས་བསྡུས་པའི་མགོ །སྟོང་གསུམ་ཀུན་གྱི་བདག་པོར་འགྱུར་བྱའི་ཕྱིར། །རྣམ་དག་ཟབ་མོ་མོས་པ་བླངས་པའི་མགོ །འགྲོ་ཀུན་བྱང་ཆུབ་ལམ་ལ་དགོད་བྱའི་ཕྱིར། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་བྱེད་མགོ །གོང་ན་མེད་པའི་ཆོས་རབ་གྲུབ་བྱའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་ལ་གནས་པའི་མག །ཁམས་གསུམ་ཀུན་གྱིས་མཆོད་པར་བྱ་བའི་ཕྱིར། །དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་མགོ །དེ་ལྟར་ལྡན་རྣམས་ས་མཆོག་དཀྱིལ་འཁོར་འགྲུབ། །རྒྱལ་སྲས་རྣམས་ཀྱི་རྣ་བ་དྲུག་ལྡན་ནི། །སྙན་མིན་སྙན་ཐོས་དགག་སྒྲུབ་མེད་པ་དང་། །ཉན་ནས་གཏམ་ཐོས་མི་འདོད་སྨོད་མི་བྱེད། །སེམས་དཔའ་འབྱུང་བའི་གཏམ་ཐོས་སྤྲོ་བ་སྐྱེད། །མི་ཁོམ་སྐྱེས་ཐོས་སྙིང་རྗེའི་གོ་ཆ་གྱོན། །སངས་རྒྱས་བསྔགས་ཐོས་འདོད་ཕྱིར་བརྩོན་འགྲུས་རྩོམ། །ཕྱོགས་བཅུའི་འཇིག་རྟེན་སྒྲ་ཀུན་བྲག་ཅར་ཤེས། །དེ་ལྟར་ཉན་པའི་རྣ་བ་དྲུག་ལྡན་བྱ། །རྒྱལ་སྲས་རྣམས་ཀྱི་ལྟ་བའི་མིག་དྲུག་ནི། །འཇིག་རྟེན་གཟུགས་རྣམས་བལྟ་ཕྱིར་ཤ་ཡི་མིག །སེམས་ཅན་རིགས་རྣམས་བལྟ་ཕྱིར་ལྷ་ཡི་མིག །སེམས་ཅན་དབང་པོ་བལྟ་ཕྱིར་ཤེས་རབ་མིག །ཆོས་རྣམས་ཇི་བཞིན་བལྟ་ཕྱིར་ཆོས་ཀྱི་མིག །སྒྲིབ་པ་མེད་པར་བྱ་ཕྱིར་ཆགས་མེད་མིག །ཆོས་དབྱིངས་བལྟ་ཕྱིར་ཐམས་ཅད་མཁྱེན་པའི་མིག །དེ་དང་ལྡན་པས་སེམས་ཅན་དོན་ཡོངས་འགྲུབ། །རྒྱལ་སྲས་རྣམས་ཀྱི་ལག་པ་རྣམ་དྲུག་ནི། །རྒྱལ་མོས་ཡིད་ཆེས་བྱ་ཕྱིར་དད་པའི་ལག །སློང་བ་ཡིད་བཞིན་ཚིམ་བྱེད་གཏོང་བའི་ལག །ཐེ་ཚོམ་བཅད་ཕྱིར་ཐོས་པ་དམ་པའི་ལག །སེམས་ཅན་འདོན་ཕྱིར་བདེ་བར་འཇོག་པའི་ལག །འགྲོ་ལ་ཆོས་སྟོན་སེར་སྣ་མེད་པའི་ལག །ཚོགས་སྡུད་རྒྱལ་མཆོད་རིམ་གྲོ་བྱེད་པའི་ལག །དེ་དང་ལྡན་པས་ཆོས་ཀྱི་སྣང་བ་སྟོན། །རྒྱལ་སྲས་རྣམས་ཀྱི་རྐང་པ་དྲུག་ལྡན་ནི། །སྨོན་ལམ་རྫོགས་ཕྱིར་ཚུལ་ཁྲིམས་རྐང་པ་དང་། །
བྱང་ཆུབ་ཆོས་སྡུད་བརྩོན་འགྲུས་རྐང་པ་དང་། །བརྩམས་པ་མཐར་འབྱིན་དམ་བཅའི་རྐང་པ་དང་། །བླ་མའི་བཀའ་སྒྲུབ་མཐུན་པའི་རྐང་པ་དང་། །ཐོས་པས་མི་ངོམས་ཤེས་རབ་རྐང་པ་དང། །ལེགས་པར་སྤྱོད་བྱེད་ནན་ཏན་རྐང་པ་དང་། །དྲུག་ལྡན་སྐྱེས་བུ་རྒྱལ་བའི་ས་རབ་བགྲོད། །བདུད་ཀྱིས་མི་ཚུགས་གོ་ཆ་རྣམ་དྲུག་ནི། །འགྲོ་བ་སྐྱོབ་པ་བྱམས་པའི་གོ་ཆ་དང་། །བརྩམས་པ་མཐར་ཕྱིན་སྨོན་ལམ་གོ་ཆ་དང་། །འགྲོ་བ་བསྒྲལ་བ་སྙིང་རྗེས་གོ་ཆ་དང་། །མ་རིག་སེལ་བ་ཤེས་རབ་གོ་ཆ་དང་། །ཐེག་ཆེན་སེམས་ལྡན་བཟོད་པའི་གོ་ཆ་དང་། །དགེ་བ་མངོན་སྒྲུབ་ཐབས་མཁས་གོ་ཆ་དང་། །རྒྱལ་སྲས་རྣམས་ཀྱི་ས་མཁན་སྤྱོད་པའི་གྲོགས། །མཚོན་དྲུག་འཆང་བའི་རྣམ་གྲངས་བསྟན་པ་ནི། །གཉིས་འཛིན་གཅོད་པ་མཉམ་ཉིད་མཚོན་དང་ནི། །ཉོན་མོངས་གཅོད་པ་ཤེས་རབ་ཡེ་ཤེས་མཚོན། །ལོག་འཚོ་གཅོད་པ་ཡང་དག་འཚོ་མཚོན་དང་། །འཆལ་བ་རྒྱུན་གཅོད་ཚུལ་ཁྲིམས་རྣམ་དག་མཚོན། །སེར་སྣའི་གཟེབ་གཅོད་གཏོང་བའི་མཚོན་དང་ནི། །སེམས་ཅན་སྨིན་བྱེད་ཡོངས་སུ་མི་སྐྱོའི་མཚོན། །དེ་དག་དང་ལྡན་སྲིད་པའི་འཁྲི་ཤིང་གཅོད། །ཕུལ་དུ་བྱུང་བའི་གདམས་ངག་རྣམ་དྲུག་ནི། །འགྲོ་ཀུན་ཡེ་ནས་སངས་རྒྱས་ཤེས་མོད་ཀྱང་། །སེམས་ཅན་བསྒྲལ་ཕྱིར་ཚོགས་གཉིས་རྒྱ་ཆེར་བསྒྲུབ། །སངས་རྒྱས་ཞིང་རྣམས་མཁའ་འདྲར་ཤེས་ན་ཡང་། །ཞིང་ཁམས་སྦྱངས་ལ་བརྩོན་འགྲུས་དཔེ་མེད་རྩོམ། །སེམས་ཅན་སྨིན་ལ་རབ་ཏུ་མི་སྐྱོ་ཞིང་། །བདག་མེད་དོན་གྱི་མཚན་ཉིད་མ་སྤངས་ཤིག །མངོན་པར་ཤེས་པས་རྣམ་པར་འཕྲུལ་བྱ་ཞིང་། །ཆོས་དབྱིངས་ངང་ལས་གཡོ་བ་མེད་པར་བྱ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་མི་གཏོང་ཞིང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བར་གྱིས། །ཆོས་ཀྱི་འཁོར་ལོས་ཐམས་ཅད་ཚིམ་བྱེད་ཅིང་། །ཆོས་ཉིད་ངང་ལས་ཡོངས་སུ་འདའ་མི་བྱ། །དེ་དང་ལྡན་རྣམས་བདེ་གཤེགས་གོ་འཕང་ཐོབ། །བདུད་ཀྱི་ལས་དྲུག་ཤེས་ནས་སྤང་བ་ནི། །གཞན་དོན་སེམས་ཞུམ་བསམ་པ་འཁྲུགས་
པ་དང་། །དོན་རྒྱ་ཆུང་ངུས་མགུ་ཞིང་གཅིག་ལས་མི་བཟོད་དང་། །ཆོས་ལ་ཐེ་ཚོམ་ཟ་ཞིང་དམ་པའི་ཆོས་སྤོང་དང་། །སེམས་ཅན་སྨིན་པར་མི་བྱེད་གཅིག་པུ་ཐར་འདོད་དང་། །རང་ཉིད་འཁོར་བས་སྐྲག་ནས་སྤྱོད་པ་རླབས་ཆེན་འདོར། །སྨོན་ལམ་ལྷག་པར་མི་དམིགས་ཉོན་མོངས་ཞི་བར་འདོད། །འདི་དག་བདུད་ཀྱི་ལས་ཏེ་རིང་དུ་སྤང་། །གོང་མས་བྱིན་གྱིས་བརླབས་པའི་རྟགས་དྲུག་ནི། །བླ་མེད་རྫོགས་པའི་བྱང་ཆུབ་སེམས་མཆོག་སྐྱེ། །བདུད་ཀྱི་ལས་རྣམས་ཤེས་ནས་རྣམ་པར་བཟློག །ཐེག་ཆེན་ཆོས་ཐོས་དེ་ལ་ནན་ཏན་བྱེད། །འཁོར་བར་གཞན་དོན་སྒྲུབ་ལ་སྐྱོ་བ་མེད། །ཉན་རང་ཆོས་སྟོན་དེ་ལ་མཆོག་འཛིན་མེད། །དགོངས་པ་རྟོགས་ཀྱང་སྤྱོད་པ་སྒྲུབ་ལ་བརྩོན། །རྒྱལ་སྲས་ཆོས་མཆོག་ཞུགས་རྣམས་མཛད་སྤྱོད་ཡིན། །ཆོས་སྟོན་འདོད་པ་དག་གི་བདུད་དྲུག་ནི། །མགོན་པོར་མེད་ལ་དམ་ཆོས་མི་སྟེར་བདུད། །སྣོད་ལྡན་སློབ་མ་ཁྱད་དུ་གསོད་པ་བདུད། །ཟང་ཟིང་ཆེད་དུ་དམ་ཆོས་སྟོན་པ་བདུད། །སྣོད་མིན་རྣམས་ལ་ཟབ་མོ་སྟོན་པ་བདུད། །ཐེག་མཆོག་མོས་པ་ཐེག་དམན་སྟོན་པ་བདུད། །གང་མོས་མི་སྟོན་ཕྱོགས་འབྱམས་སྟོན་པ་བདུད། །འདི་དག་རྣམས་ཀྱིས་མ་བསླུས་ཤིན་ཏུ་གཅེས། །སློབ་མས་ལོག་པའི་བདུད་དྲུག་སྤང་བ་ནི། །བཤེས་གཉེན་བོར་ནས་སྡིག་པའི་གྲོགས་པོ་བསྟེན། །ལམ་སྟོན་མགོན་བྲལ་བདུད་ཀྱིས་ཟིན་པ་ཡིན། །ཐེག་ཆེན་བོར་ནས་ཐེག་དམན་ཉན་པ་ནི། །གོལ་ས་ལམ་ལོག་བདུད་ཀྱིས་ཟིན་པ་ཡིན། །ཐར་ལམ་བོར་ནས་འཇིག་རྟེན་ཤེས་བྱ་འཚོལ། །བྱ་བྱེད་སྤྱོད་ལོག་བདུད་ཀྱིས་ཟིན་པ་ཡིན། །སྐྱེ་བར་མི་དགའ་མྱ་ངན་འདའ་དོན་གཉེར། །སེམས་བསྐྱེད་གོ་ཆའི་བདུད་ཀྱིས་ཟིན་པ་ཡིན། །རང་གིས་མ་ཐོས་དམ་པའི་ཆོས་ལ་སྨོད། །བླང་དོར་འཁྲུལ་པའི་བདུད་ཀྱིས་ཟིན་པ་ཡིན། །དགེ་སྡིག་སྤང་བླང་ཆོས་མིན་མི་ཤེས་པ། །མ་རིག་མུན་འཐིབས་བདུད་ཀྱིས་ཟིན་པ་ཡིན། །སྣོད་ལྡན་རྣམས་ཀྱིས་དེ་དྲུག་སྤང་བ་གཅེས། །བདུད་ཀྱི་ལས་ཀྱིས་མི་ཚུགས་ཆོས་དྲུག་ནི། །ང་རྒྱལ་སྤངས་ནས་བཤེས་གཉེན་བསྙེན་བཀུར་བྱེད། །ཁོང་ཁྲོ་སྤངས་ནས་གཞན་གྱི་བསྔགས་པ་བརྗོད། །
སྙོམ་ལས་སྤངས་ནས་ཟབ་མོའི་དོན་ལ་བརྩོན། །ཕྱོགས་འཛིན་སྤངས་ནས་སངས་རྒྱས་ཆོས་ཀུན་འཚོལ། །ཕྱོགས་རིས་སྤངས་ནས་ཟུང་འཇུག་ལམ་དུ་ཞུགས། །བྱ་བྱེད་སྤངས་ནས་སྒྲུབ་པ་སྙིང་པོར་བྱེད། །དེ་དང་སུ་ལྡན་བདུད་དཔུང་འཇོམས་པར་ནུས། །ཐེག་ཆེན་བསླབ་པ་འཆོར་བའི་ཆོས་དྲུག་ནི། །དཀོན་མཆོག་སྤོང་ཞིང་མཆོད་འོས་བསླུ་བ་དང་། །ལྷག་པའི་བསམ་སྤངས་གཡོ་སྒྱུས་སྤྱོད་པ་དང་། །རྒྱལ་སྲས་རྣམས་ལ་ཚིག་ངན་སྨྲ་བ་དང་། །གཞན་དགེ་བྱེད་ལ་འགྱོད་པ་བྱེད་པ་དང་། །ཐེག་མཆོག་ཞུགས་ལ་ཁོང་ཁྲོ་ཕྲག་དོག་བྱེད། །ཐབས་ཤེས་ཡ་བྲལ་ལམ་ལ་ཞུགས་པ་སྟེ། །འདི་དྲུག་སྤངས་ལ་རྟག་ཏུ་ནན་ཏན་བྱ། །གཞན་དོན་སྤྱོད་ཚེ་ཕྲག་དོག་གཤེ་སྐུར་འབྱུང་། །དེ་ལ་སྐྱོ་བ་ལོག་པའི་ཆོས་དྲུག་ནི། །རང་གིས་གཞན་ལ་སྨད་པའི་རྣམ་སྨིན་དང་། །ཉོན་མོངས་ལས་ངན་འཛད་པའི་ཐབས་ཆེན་དང་། །ཉེས་ཀུན་མཚང་ནས་འབྱིན་པའི་ཁ་ཏ་དང་། །མཐོ་དམན་མི་བྱེད་ཁྱི་སྒྲ་ཟུགས་འདྲ་དང་། །བཟོད་པའི་ཡུལ་འགྱུར་དགེ་འཕེལ་ལས་ཡོད་དང་། །ངོས་གཟུང་རྗེས་མེད་སྟོང་པའི་ཆོ་འཕྲུལ་བསྟེན། །འདི་དག་བསམས་ལ་ཁོང་ཁྲོའི་ཟུག་རྔུ་དང་། །མི་དགའ་སྐྱོ་བ་སྤངས་ལ་གཞན་དོན་བྱ། །འཁོར་གྱི་ལོག་སྒྲུབ་བཟོད་པའི་ཆོས་དྲུག་ནི། །སླར་ཡང་ལྷག་པའི་སྙིང་རྗེས་གཟུང་བ་དང་། །འཁོར་གཞན་རྣམས་ལ་རེ་བ་བསྐྱུངས་པ་དང་། །སྔ་ཕྱིར་བྱུང་བའི་རྣམ་གྲངས་བསམ་པ་དང་། །རང་གི་ལས་དང་རྐྱེན་ལ་བསམ་པ་དང་། །སུ་དང་འགྲོགས་ཀྱང་ཚུལ་དེ་དཔག་པ་དང་། །ཐམས་ཅད་རྨི་ལམ་སྒྱུ་མར་བསམ་པ་སྟེ། །འཁོར་ངན་སྐྱོ་ལ་གཉེན་པོ་དེ་དྲུག་བསྟེན། །རྟག་ཏུ་གདབ་པའི་སྨོན་ལམ་རྣམ་དྲུག་ནི། །གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་གྱུར་ཅིང་། །ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག །དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཆོས་རྟོགས་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ། །ཚེ་དེས་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་
ཅིང་། །གཞན་ཕན་སྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་རྟག་ཏུ་གདབ། །བསོད་ནམས་ཕན་ཡོན་ཚད་མེད་ནམ་མཁའ་བཞིན། །ཆོས་མཛོད་འཛིན་པའི་གདམས་པ་རྣམ་དྲུག་ནི། །གཡོ་སྒྱུ་མེད་པས་དམ་ཆོས་ཚོལ་བ་དང་། །ཆོས་ལ་ནན་ཏན་གུས་པས་བསྒྲུབ་པ་དང་། །གཞན་ལ་བསྟོད་ཅིང་ཡོན་ཏན་བསྔགས་པ་བརྗོད། །ཆོས་སྨྲ་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད། །བཀུར་སྟི་རིམ་གྲོ་སྲི་ཞུས་རྟག་བསྟེན་ཅིང་། །སྐྱོ་ངལ་མེད་པས་ཆོས་མཛོད་འཛིན་པ་སྟེ། །རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རྨད་བྱུང་ཡིན། །ཚད་མེད་དྲུག་གིས་འགྲོ་བ་དྲང་བ་ནི། །སྡུག་བསྔལ་བྲལ་འདོད་སྙིང་རྗེ་ལག་ཏུ་བླང་། །བདེ་ལ་འགོད་འདོད་བྱམས་པ་ལག་ཏུ་བླང་། །བདེ་ཐོབ་མི་འབྲལ་དགའ་བ་ལག་ཏུ་བླང་། །ཉེ་རིང་མེད་པའི་བཏང་སྙོམས་ལག་ཏུ་བླང་། །འཇུག་པའི་ཆོས་ལ་དམིགས་པ་ལག་ཏུ་བླང་། །འཁོར་གསུམ་མི་རྟོག་དམིགས་མེད་ལག་ཏུ་བླང་། །སེམས་བསྐྱེད་སྤེལ་བའི་དོན་ལ་བསླབ་པ་གཅེས། །སངས་རྒྱས་ཆོས་དྲུག་ལེགས་པར་བསྒྲུབ་པ་ནི། །སེམས་ཅན་ཀུན་ལ་བརྩེ་བའི་མིག་གིས་བལྟ། །བྱ་དང་མི་བྱའི་འདུ་བྱེད་ཇི་བཞིན་ཤེས། །བྱང་ཆུབ་ཆེན་པོའི་ཡེ་ཤེས་ཇི་ལྟར་རྟོགས། །སེམས་ཅན་དོན་དུ་འཁོར་བ་མི་སྤོང་ཞིང་། །རང་བཞིན་མི་རྟོག་འཁོར་བས་གོས་པ་མེད། །སངས་རྒྱས་འདོད་ན་བརྩོན་པས་བསྒྲུབ་པ་སྟེ། །རྒྱལ་སྲས་རྣམས་ཀྱི་ཕུན་ཚོགས་སྤྱོད་པ་ཡིན། །བར་ཆད་དྲུག་གི་རང་བཞིན་སྤང་བ་ནི། །ཐོས་ཉུང་གྲོང་ལ་སོགས་པར་འཇུག་པ་སྤང་། །སྲུང་སྡོམ་མི་ལྡན་གཞན་གྱི་བཀུར་སྟི་སྤང་། །དབང་པོ་མ་བསྡམས་བུད་མེད་ལྟ་བ་སྤང་། །མཉམ་པར་མ་བཞག་དབང་པོའི་འཇུག་པ་སྤང་། །ལུས་སེམས་རྩུབ་པས་མི་མཐུན་གནས་པ་སྤོང་། །འཚོ་བ་མ་དག་ཚུལ་འཆོས་བཅོས་མ་སྤང་། །དེ་དག་མ་སྤངས་བདུད་ཀྱིས་བསླུས་པར་འགྱུར། །ངན་པའི་གྲོགས་དྲུག་སྤང་བར་གདམས་པ་ནི། །འཇིག་རྟེན་རྒྱང་ཕན་མུ་སྟེགས་ཅན་མི་འགྲོགས། །
སོ་སོ་སྐྱེ་བོ་འདི་དོན་གཉེར་མི་འགྲོགས། །བརྩེ་མེད་རང་དོན་ཉན་ཐོས་རྣམས་མི་འགྲོགས། །གཞན་ཕན་བློ་བྲལ་རང་རྒྱལ་འདོད་མི་འགྲོགས། །ཟང་ཟིང་རྙེད་སྡུད་གཡེང་བར་གྱུར་མི་འགྲོགས། །རྙེད་བཀུར་གྲགས་འདོད་འཁོར་མང་བསྟེན་མི་འགྲོགས། །ངན་པ་འགྲོགས་ན་དེ་བས་ཆེས་ངན་འགྱུར། །གཅེས་པའི་ཡོན་ཏན་རྣམ་དྲུག་བསྟན་པ་ནི། །བདག་མེད་རྟོགས་ལ་སེམས་ཅན་སྙིང་རྗེ་གཅེས། །སྟོང་ཉིད་མོས་ལ་ལས་འབྲས་ཡིད་ཆེས་གཅེས། །ཞི་བར་གནས་ལ་སྲིད་པར་མི་གནས་གཅེས། །སྦྱིན་པ་གཏོང་ལ་རྣམ་སྨིན་མི་རེ་གཅེས། །ཚུལ་ཁྲིམས་སྲུང་ལ་རློམ་སེམས་སྤང་བ་གཅེས། །དགོན་པར་གནས་ལ་ཡོ་བྱད་སྐྱུང་བ་གཅེས། །འདི་དྲུག་ལྡན་ན་དམ་ཆོས་ཚུལ་བཞིན་འགྲུབ། །དམ་ཆོས་བསྟེན་པའི་དགོས་པ་རྣམ་དྲུག་ནི། །རང་གཞན་ཀུན་གྱི་ཤེས་རབ་སྦྱང་བ་དང་། །འཁོར་དུ་འདུས་པའི་ཐེ་ཚོམ་བཅད་པ་དང་། །བསྟན་པ་སྐྱོང་ཞིང་དམ་ཆོས་འཛིན་པ་དང་། །བླང་དོར་དམིགས་ཤེས་ལོག་པའི་ལམ་ལྡོག་དང་། །མཐོ་དམན་ཁྱད་ཤེས་ཟབ་མོའི་ལམ་འཇུག་དང་། །གྲུབ་པའི་མཐའ་ཤེས་གོལ་སྒྲིབ་ཆོད་པ་སྟེ། །ཆོས་སྨྲ་རྣམས་ཀྱིས་བརྩོན་པའི་དགོས་པ་ཡིན། །སངས་རྒྱས་རྣམས་དང་ཕྲད་པའི་ཆོས་དྲུག་ནི། །བསླབ་གསུམ་ཚུལ་ཁྲིམས་རྣམ་དག་བསྲུང་བ་དེ། །རྩེ་གཅིག་ཏིང་འཛིན་རྒྱལ་བའི་སྐུར་བསྒོམ་དང་། །མོས་གུས་མཆོད་བསྟོད་བཟླས་པ་རྟག་བརྩོན་དང་། །བྱ་བྱེད་གཡེང་བོར་སེམས་ཉིད་བལྟ་བ་དང་། །ཉོན་མོངས་མེད་ཀྱང་སྲིད་ན་སྐྱེ་བ་ལེན། །གཡེལ་མེད་བརྩོན་པར་དགེ་བའི་ཕྱོགས་ལ་འབད། །ལྷག་བསམ་རྣམ་དག་བཟང་པོའི་སྨོན་ལམ་འདེབས། །འདི་དྲུག་བརྩོན་ན་རྒྱལ་བས་རྗེས་སུ་འཛིན། །སྲོག་ལ་བབས་ཀྱང་མི་གཏོང་རྣམ་དྲུག་ནི། །གཞན་དོན་རྫོགས་པའི་བྱང་ཆུབ་སེམས་མི་གཏོང་། །ཐུབ་པའི་བསྟན་པ་དམ་པའི་ཆོས་མི་གཏོང་། །འཁོར་བར་འཁྱམས་པའི་སེམས་ཅན་བློས་མི་གཏོང་། །སྒྲིབ་སྦྱོང་སྙིང་པོ་དགེ་བའི་རྩ་མི་གཏོང་། །ལམ་འདྲེན་བླ་མ་ཡི་དམ་ལྷ་མི་གཏོང་། །འཕགས་
ལམ་ས་སྦྱོང་མཐོན་པོའི་ལམ་མི་གཏོང་། །གཉེན་པོ་སྟོབས་སུ་གྱུར་པའི་ཆོས་དྲུག་ནི། །ཇི་ལྟར་ཕོངས་ཀྱང་དགེ་སྦྱོར་མི་འདོར་དང་། །ཇི་ལྟར་བཟང་ཡང་ངན་པ་མི་བརྙས་དང་། །བསྐུལ་མཁན་མེད་ཀྱང་གཞན་གྱི་ཐར་ལམ་འདྲེན། །ཕན་པ་བཏགས་ཀྱང་ལན་ལ་རེ་བ་མེད། །གནོད་པ་བསྐྱལ་ཡང་གནོད་ལན་ཁོང་ཁྲོ་མེད། །དྲན་དང་ཤེས་བཞིན་གཉེན་པོ་སྤྱོད་པའོ། །བྱང་ཆུབ་ཆོས་འགྲུབ་ཐབས་མཁས་རྣམ་དྲུག་ནི། །སེམས་ཅན་ཀུན་ལ་བྱམས་དང་སྙིང་རྗེ་ལྟ། །འདུ་བྱེད་ཐམས་ཅད་ཇི་ལྟར་ཤེས་པ་དང་། །ཉོན་མོངས་མེད་ཀྱང་སྲིད་ན་སྐྱེ་བ་ལེན། །དེ་ཡང་འགྲོ་ལ་ཕན་པ་མི་འདོར་དང། །སངས་རྒྱས་ཡེ་ཤེས་འདོད་ལ་རབ་ཏུ་བརྩོན། །ཐམས་ཅད་དམིགས་མེད་མཁའ་ལྟར་ཤེས་པ་དང་། །བྱང་ཆུབ་བསྔོ་བ་ཐབས་མཁས་སྤྱོད་པ་ཡིན། །ཐབས་ཆེན་དྲུག་གི་རིམ་པ་བསྟན་པ་ནི། །དགེ་བ་ཆུང་ངུ་ཆེན་པོར་བསྒྱུར་བའི་ཐབས། །ཅུང་ཟད་བསྔོ་དང་རྗེས་སུ་ཡི་རང་བྱེད། །ཚེགས་ཆུང་བསོད་ནམས་ཆེན་པོ་བསྒྲུབ་པའི་ཐབས། །འཕགས་པའི་གཉེན་གནས་གཞན་དག་ལམ་དུ་འཇུག །གཞན་གྱི་ཞེ་འགྲས་ཁོང་ཁྲོ་སེལ་བའི་ཐབས། །སེམས་ཅན་མཐུན་འཇུག་ལས་བཞིས་ཕན་འདོགས་བྱེད། །ཐ་མལ་འགྲོ་བ་བསྟན་ལ་དྲང་བའི་ཐབས། །མཐུན་པའི་གཏམ་སྨྲ་ཟས་གོས་ལོངས་སྤྱོད་སྦྱིན། །ལམ་ཞུགས་སྐྱེ་བོ་སྨིན་པར་བྱེད་པའི་ཐབས། །གང་མོས་བློ་ཁྲིད་ཐེག་ཆེན་བསྔགས་པ་བརྗོད། །སྨིན་པ་དེ་དག་གྲོལ་བར་བྱེད་པའི་ཐབས། །ཟབ་ཅིང་རྒྱ་ཆེན་གནད་འགྲོའི་ཆོས་རབ་བསྟན། །དེ་དག་དང་ལྡན་གཞན་དོན་དཀའ་བ་མེད། །མི་མཐུན་ལམ་དུ་འཇུག་པའི་ཐབས་དྲུག་ནི། །མཐུན་པར་འཇུག་ཐབས་རང་སྤྱོད་ཞི་དུལ་གྱིས། །གཞན་བསྟོད་ཡི་རང་མཐུན་པས་དེ་ནས་འཇུག །བསྒྲག་ཅིང་འགེང་ཐབས་ཚུལ་བཞིན་ཁྱེད་བསྒྲུབས་ན། །མཐུན་རྐྱེན་སྒྲུབ་ཅེས་དམ་པའི་ཆོས་ལ་འཇུག །མི་མཐུན་འཁྲུག་ཐབས་རེ་ཞིག་ཁྲོ་ཚུལ་དང་། །ཅུང་ཟད་གནོད་བྱ་དམ་པའི་ཆོས་ལ་གཞུག །སྡིག་པའི་ངན་ཐབས་ཕན་སེམས་སྡིགས་མོ་ཡིས། །ཚོམ་རྔམས་བྱ་ཞིང་ཚུལ་བཞིན་ལམ་དུ་གཞུག །ལེན་འདོད་ཐབས་
ནི་དྲིན་འོག་བཙུད་ལ་གཞུག །རྣམ་དག་ཐབས་ནི་རྣམ་འཕྲུལ་འགྲོ་དོན་ཏེ། །རྒྱལ་སྲས་རྣམས་ཀྱིས་ཐབས་མཁས་གཞན་ཕན་བྱ། །རྒྱ་ཆེན་དོན་ལ་བསླབ་པའི་ཆོས་དྲུག་ནི། །འཁོར་བ་ཇི་སྲིད་འགྲོ་ལ་ཕན་འདོད་དང་། །ཞེ་སྡང་འཚེ་མེད་ཀུན་ལ་བྱམས་སེམས་དང་། །རྨོངས་མེད་ཐབས་ཀྱིས་འགྲོ་བ་བསྒྲལ་འདོད་དང་། །ཕྲག་དོག་མེད་བློས་མཉམ་ཉིད་བདེ་འགོད་དང་། །ང་རྒྱལ་རློམ་མེད་གཞན་དོན་འབའ་ཞིག་དང་། །སེར་སྣའི་འཁྲེས་མེད་དགེ་ཚོགས་བཏང་བློ་དང་། །ལྡན་པས་ཕན་བདེ་བྱེད་པ་བསླབ་པ་གཅེས། །བདག་འཛིན་རྩད་ནས་གཅོད་པའི་ཆོས་དྲུག་ནི། །རྒྱལ་རྣམས་བདག་གི་མགོན་སྐྱབས་བྱེད་པ་བཞིན། །བདག་གིས་དེ་དག་གྲོགས་སུ་ཅི་འགྲོ་བྱ། །རྒྱལ་སྲས་ཚོགས་རྣམས་མགོན་སྐྱབས་བྱེད་པ་བཞིན། །བདག་གིས་དེ་དག་གྲོགས་སུ་གཞན་ཕན་སྒྲུབ། །དམ་ཅན་རྣམས་ཀྱིས་བདག་གི་གྲོགས་བྱེད་བཞིན། །བདག་གིས་དེ་དག་དམ་ཚིག་སྟོང་གྲོགས་བྱ། །སངས་རྒྱས་ཆོས་རྣམས་མགོན་སྐྱབས་གྱུར་པ་བཞིན། །བདག་གིས་ཆོས་ཀྱི་གྲོགས་གྱུར་ལེགས་བསྒྲུབ་བྱ། །བརྩེ་བའི་རང་བཞིན་བདག་གི་གྲོགས་གྱུར་བཞིན། །བདག་གིས་དེ་དག་གྲོགས་གྱུར་དགེ་ལ་འབད། །དམ་པའི་བླ་མ་བདག་གི་མགོན་གྱུར་བཞིན། །བདག་གིས་སེམས་ཅན་མགོན་གྱུར་ཕན་བྱེད་བྱ། །སྙམ་དུ་བསམ་ཞིང་གུས་པས་བསྒྲུབ་པར་བྱ། །རྣམ་དག་དྲུག་གི་རང་བཞིན་བསྟན་པ་ནི། །ཐོས་བསམ་རྣམ་དག་ཕྱོགས་མེད་དགོངས་པ་རྟོགས། །ལྟ་བ་རྣམ་དག་ཟུང་འཇུག་དོན་ལ་མཁས། །སྒོམ་པ་རྣམ་དག་གཉིས་འཛིན་རང་སར་སངས། །སྤྱོད་པ་རྣམ་དག་རང་རྒྱུད་དྲི་མ་མེད། །ཉམས་རྟོགས་རྣམ་དག་འགག་མེད་རྩལ་དུ་འབྱོངས། །དངོས་གྲུབ་རྣམ་དག་ཆོས་ཉིད་ཀློང་དུ་གྱུར། །དེ་ལྟར་ལྡན་ན་ཐེག་ཆེན་དོན་ལ་མཁས། །བདག་ལས་གཞན་གཅེས་བསྒྲུབ་པའི་ཆོས་དྲུག་ནི། །བདག་གཞན་བླང་དོར་མཐོང་ཚོར་འདི་ལྟར་བྱ། །བདག་གི་སྡུག་བསྔལ་ཁྱད་དུ་བསད་བྱས་ལ། །གཞན་གྱི་སྡུག་བསྔལ་ཞི་ལ་བརྩོན་པ་
བསྐྱེད། །བདག་གི་བདེ་བ་ཁྱད་དུ་བསད་བྱས་ལ། །གཞན་གྱི་བདེ་བ་བསྒྲུབ་ལ་བརྩོན་པ་བསྐྱེད། །བདག་གི་དུག་ལྔ་རྣམ་རྟོག་ཁྱད་བསད་ལ། །གཞན་གྱི་ཉོན་མོངས་འཇོམས་ཕྱིར་བརྩོན་པ་བསྐྱེད། །བདག་གི་ཡེ་ཤེས་སྐྱེ་བ་ཁྱད་བསད་ལ། །གཞན་གྱི་ཡེ་ཤེས་བསྐྱེད་ལ་བརྩོན་པ་བསྐྱེད། །བདག་གི་སྒྲིབ་གཉིས་སྦྱོང་བ་ཁྱད་བསད་ལ། །གཞན་གྱི་སྒྲིབ་གཉིས་སྦྱོང་ཕྱིར་བརྩོན་པ་བསྐྱེད། །བདག་གི་ཚོགས་གཉིས་བསག་པ་ཁྱད་བསད་ལ། །གཞན་གྱི་ཚོགས་གཉིས་བསག་ཕྱིར་བརྩོན་པ་བསྐྱེད། །དེ་ལྟར་སུ་བྱེད་མྱུར་དུ་རང་དོན་འགྲུབ། །དགོངས་པ་དཔག་པར་དཀའ་བའི་ཆོས་དྲུག་ནི། །རྒྱལ་སྲས་ཀུན་གྱི་སྤྱོད་པ་མ་ལུས་པ། །གཅིག་ཏུ་བསྡོམས་པ་བདག་གིས་སྤྱད་སྙམ་དང་། །བདག་གིས་བྱང་ཆུབ་ཐོབ་ཚེ་བདེ་གཤེགས་རྣམས། །ཀུན་མཉམ་འཕྲིན་ལས་བདག་གིས་བསྒྲུབ་སྙམ་དང་། །སེམས་ཅན་རེ་རེའི་ཕྱིར་ཡང་བདག་གིས་ནི། །བསྐལ་པ་གྲངས་མེད་སྡུག་བསྔལ་བཟོད་སྙམ་དང་། །རྒྱལ་སྲས་རྣམས་ཀྱིས་སྤྱད་པར་མ་ནུས་པའི། །སེམས་ཅན་དོན་རབ་དཀའ་བ་སྤྱད་སྙམ་དང་། །དཔག་ཏུ་མེད་པའི་ཞིང་ཁམས་རེ་རེར་ཡང་། །སངས་རྒྱས་མཛད་པ་བསམ་ཡས་བསྒྲུབ་སྙམ་དང་། །དེ་དག་བདག་གིས་རྫོགས་པར་མ་བྱས་ན། །རྒྱལ་བ་སྲས་བཅས་བསླུས་པར་འགྱུར་སྙམ་པའི། །གོ་ཆ་ཆེན་པོ་དྲུག་ནི་རྟག་ཏུ་བགོ །བདུད་ཀྱིས་མི་ཐུབ་གོ་ཆ་རྣམ་དྲུག་ནི། །ཉ་པ་ཤན་པ་ཞིང་པ་དམག་མི་དང་། །ཚོང་པ་བྲན་ཁོལ་འཚོ་བ་ཙམ་གྱི་ཕྱིར། །ཚ་གྲང་བཀྲེས་སྐོམ་གཅེས་པའི་སྲོག་དོར་ནས། །སྙོམ་ལས་མེད་པར་རྟག་ཏུ་སྒྲུབ་བྱེད་ན། །དཔེ་དྲུག་མཐོང་ནས་ཚད་མེད་འགྲོ་བའི་ཕྱིར། །རྙེད་དཀའི་བྱང་ཆུབ་སྒྲུབ་ལ་ནན་ཏན་བསྐྱེད། །བདུད་དྲུག་སྤང་བར་གདམས་པའི་ཆོས་དྲུག་ནི། །ཐར་ལམ་སེམས་བསྐྱེད་གཞན་དོན་སྒོམ་སྒྲུབ་བོར། །རང་དོན་སྙན་གྲགས་བསྒྲུབས་ན་ཁེ་གྲགས་བདུད། །རང་རྒྱུད་ཐ་མལ་གནས་ལས་མ་འཕགས་པར། །འཕགས་པའི་སྤངས་རྟོགས་ཚིག་རྩོད་དྲེད་པོའི་བདུད། །རྩེ་གཅིག་བསམ་གཏན་ཕྱི་དུས་
རབ་བཞག་ནས། །འབྲས་བུ་ཡིད་སྨོན་རེ་བ་ལེ་ལོའི་བདུད། །རི་ངོགས་དབེན་པ་བསྟེན་པ་རབ་སྤངས་ནས། །ཁེ་སྤོགས་སོ་ནམ་འབུན་སྐྱེད་འདོད་པའི་བདུད། །ལུང་རིགས་མན་ངག་ཐོས་བསམ་རབ་སྤངས་ནས། །བླུན་སྒོམ་ཡིད་དཔྱོད་སྤོམ་ཡོར་རྨོངས་པའི་བདུད། །རང་སྐྱོན་ཁོང་དུ་སྦས་ནས་གཞན་གྱི་སྐྱོན། །མེད་ཀྱང་སྒྲོ་འདོགས་གཤེ་བ་ཕྲག་དོག་བདུད། །རང་རྒྱུད་བདུད་ཀྱིས་མ་ཟིན་ཤིན་ཏུ་གཅེས། །མི་བསྐྱོད་སྐྱོན་ལས་ཐར་བའི་ཆོས་དྲུག་ནི། །ཉན་རང་སེམས་ཀྱིས་མི་བསྐྱོད་རི་རྒྱལ་འདྲ། །ཉོན་མོངས་རྣམ་རྟོག་མི་བསྐྱོད་ནམ་མཁའ་འདྲ། །རྙེད་བཀུར་འཆིང་བས་མི་བསྐྱོད་འཕགས་པ་འདྲ། །ན་ཚ་སྡུག་བསྔལ་མི་བསྐྱོད་ས་གཞི་འདྲ། །བཀྲེས་སྐོམ་ཚ་གྲང་མི་བསྐྱོད་རྒྱ་མཚོ་འདྲ། །གདོན་བགེགས་འཚེ་བས་མི་བསྐྱོད་མེ་དཔུང་འདྲ། །དེ་དང་སུ་ལྡན་ཐེག་མཆོག་དོན་ལ་གནས། །ཤིན་ཏུ་གཅེས་པའི་ཆོས་དྲུག་བསྟན་པ་ནི། །རང་བདེ་གཞན་བདེ་བྱེད་པ་ཤིན་ཏུ་གཅེས། །གོང་མས་དམན་པའི་དོན་བྱེད་ཤིན་ཏུ་གཅེས། །བདེ་ལེགས་སེམས་ཅན་དྲིན་ཤེས་ཤིན་ཏུ་གཅེས། །གནོད་ལན་ཕན་བདེ་བྱེད་པ་ཤིན་ཏུ་གཅེས། །རྒྱལ་བ་མཆོད་པས་སེམས་ཅན་དོན་བྱེད་གཅེས། །རང་བདེ་བོར་ནས་གཞན་སྡུག་བསལ་བ་གཅེས། །འདི་དག་ཐེག་ཆེན་གཞུང་སྲོལ་ཆེན་པོ་ཡིན། །བཀའ་དྲིན་ཆེ་བའི་གདམས་པ་རྣམ་དྲུག་ནི། །འཚེ་བས་ཉེན་ནས་ཆོས་དང་ཕྲད་པ་སྟེ། །ཐར་ལམ་རྙེད་པས་གནོད་བྱེད་བཀའ་དྲིན་ཆེ། །སྡུག་བསྔལ་ཡིད་དབྱུང་ཆོས་དང་ཕྲད་པ་དེ། །གཏན་བདེ་རྙེད་པས་སྡུག་བསྔལ་བཀའ་དྲིན་ཆེ། །མི་མིན་གནོད་པས་ཆོས་དང་འཕྲད་པ་དེ། །འཇིགས་མེད་རྙེད་པས་འདྲེ་གདོན་བཀའ་དྲིན་ཆེ། །མི་སོགས་སྡང་བས་ཆོས་དང་འཕྲད་པ་དེ། །ཕན་བདེ་རྙེད་པས་སྡང་བྱེད་བཀའ་དྲིན་ཆེ། །རྐྱེན་ངན་དྲག་པོས་ཆོས་དང་འཕྲད་པ་དེ། །འགྱུར་མེད་ལམ་རྙེད་རྐྱེན་ངན་བཀའ་དྲིན་ཆེ། །གཞན་གྱིས་བསྐུལ་བས་ཆོས་དང་འཕྲད་པ་དེ། །སྙིང་པོའི་དོན་རྙེད་བསྐུལ་མཁན་བཀའ་དྲིན་ཆེ། །མཉམ་དུ་དྲིན་གཟོ་དགེ་བ་དེ་ལ་བསྔོ། །འཚེ་བ་ལམ་སློང་གཏན་ཚིགས་རྣམ་དྲུག་ནི། །གནོད་པའི་སྐྱབས་གནས་བླ་མ་ཕྲད་
ཕྱིར་དང་། །སྡུག་བསྔལ་སྐྲག་ནས་ཆོས་ལ་འཇུག་ཕྱིར་དང་། །ཚད་མེད་གཅིག་སྐྱེས་སེམས་བསྐྱེད་འཕེལ་ཕྱིར་དང། །སེམས་ཅན་དོན་སྦྱངས་བསག་སྦྱོང་བརྩོན་ཕྱིར་དང་། །རང་ངོ་བལྟས་པས་རྟོགས་པ་བསྐྱེད་ཕྱིར་དང་། །ས་ལམ་ཡོན་ཏན་གོང་དུ་འཕེལ་ཕྱིར་དང་། །དགེ་ལ་བསྐུལ་ཕྱིར་གནོད་འཚེ་དང་དུ་བླང་། །གཞན་དོན་བསྒྲུབས་པའི་ཕན་ཡོན་རྣམ་དྲུག་ནི། །འཇིགས་ཀུན་བསྐྱབ་པའི་སྐྱེལ་མ་བྱེད་པ་དང་། །གདོན་བགེགས་རྣམས་ཀྱི་སྲུང་བ་བྱེད་པ་དང་། །འདུ་བའི་ནད་སེལ་སྨན་པ་བྱེད་པ་དང་། །བར་ཆད་བདུད་སེལ་དཔའ་བོ་བྱེད་པ་དང་། །ལས་དང་ཉོན་མོངས་རྩད་ནས་གཅོད་པ་དང་། །ཚོགས་གཉིས་རྫོགས་ནས་བྱང་ཆུབ་ཐོབ་པ་སྟེ། །དཔག་མེད་ཕན་ཡོན་ནམ་མཁའི་དབྱིངས་བཞིན་ནོ། །རབ་ཏུ་བསྔགས་པའི་ཕན་ཡོན་རྣམ་དྲུག་ནི། །སྡིག་ཆེན་མ་ལུས་འཇོམས་པར་བྱེད་པ་དང་། །སངས་རྒྱས་ཅན་གྱིས་བསྔགས་པར་འགྱུར་བ་དང་། །འཁོར་བ་སྤང་ཞིང་ཕན་བདེ་འགྲུབ་པ་དང། །རྒྱལ་སྲས་ས་ཐོབ་མཆོད་སྡོང་འགྱུར་བ་དང་། །ཚད་མེད་འགྲོ་བའི་དེད་དཔོན་འགྱུར་བ་དང་། །གནས་སྐབས་མཐར་ཐུག་དོན་གཉིས་ཕུན་སུམ་ཚོགས། །གནས་ལུགས་གཏན་ལ་དབབ་པའི་ཆོས་དྲུག་ནི། །གནས་ལུགས་འགྱུར་མེད་ནམ་མཁའ་ལྟ་བུ་དང་། །མི་གཡོ་འགག་མེད་རྒྱ་མཚོ་ལྟ་བུ་དང་། །རྟོག་མེད་འདོད་འབྱུང་ནོར་བུ་ལྟ་བུ་དང་། །རྐྱེན་གྱིས་ཐ་དད་ག་བུར་ལྟ་བུ་དང་། །གསལ་སྟོང་རྙོག་མེད་མེ་ལོང་ལྟ་བུ་དང་། །ཀུན་ཁྱབ་ཕྱོགས་མེད་ཏིལ་མར་ལྟ་བུ་དང་། །རྣམ་པ་དྲུག་ཏུ་གཏན་ལ་དབབ་པ་གཅེས། །དང་པོ་ནམ་མཁའ་ལྟ་བུའི་ཆོས་དྲུག་ནི། །ཕྱོགས་ལྷུང་མེད་པས་ནམ་མཁའ་ལྟ་བུ་དང་། །རྒྱ་ཆད་མེད་པས་ནམ་མཁའ་ལྟ་བུ་དང་། །ཡངས་དོག་མེད་པས་ནམ་མཁའ་ལྟ་བུ་དང་། །མཐོ་དམན་མེད་པས་ནམ་མཁའ་ལྟ་བུ་དང་། །ཁ་དོག་དབྱིབས་མེད་ནམ་མཁའ་ལྟ་བུ་དང་། །འཁོར་འདས་ཀུན་འབྱུང་ནམ་མཁའ་ལྟ་བུའོ། །གཉིས་པ་རྒྱ་མཚོ་འདྲ་བའི་ཆོས་དྲུག་ནི། །གནས་ལུགས་ཡངས་ཤིང་རྒྱ་ཆེ་རྒྱ་མཚོ་འདྲ། །དངོས་མེད་ཟང་ཐལ་གཏིང་ཟབ་
རྒྱ་མཚོ་འདྲ། །བློ་ཡིས་དཔག་དཀའ་ཚད་མེད་རྒྱ་མཚོ་འདྲ། །མཐའ་གཉིས་མི་གཡོ་དངས་པ་རྒྱ་མཚོ་འདྲ། །ཀློང་ཡངས་མ་འགག་རང་གསལ་རྒྱ་མཚོ་འདྲ། །རྟོག་པའི་རྦ་རླབས་རང་གྲོལ་རྒྱ་མཚོ་འདྲ། །གསུམ་པ་ནོར་བུ་འདྲ་བའི་ཆོས་དྲུག་ནི། །རྟོག་མེད་དགོས་འདོད་འབྱུང་བས་ནོར་བུ་འདྲ། །བྱུང་ཡང་ཕྱོགས་ལྷུང་མེད་པས་ནོར་བུ་འདྲ། །གནས་ལུགས་རང་བཞིན་དག་པས་ནོར་བུ་འདྲ། །རྩལ་ལས་རྒྱན་དུ་ཤར་བས་ནོར་བུ་འདྲ། །དངས་གསལ་སྤྲོས་པ་མེད་པས་ནོར་བུ་འདྲ། །ཐམས་ཅད་དབྱིངས་གཅིག་རང་བཞིན་ནོར་བུ་འདྲ། །བཞི་པ་ག་བུར་འདྲ་བའི་ཆོས་དྲུག་ནི། །མ་རྟོགས་འཁོར་བ་འབྱུང་བས་ག་བུར་འདྲ། །རིགས་དྲུག་སྡུག་བསྔལ་མྱོང་བས་ག་བུར་འདྲ། །རྟོགས་ནས་སངས་རྒྱས་འབྱུང་བས་ག་བུར་འདྲ། །སྐུ་གསུམ་ཞི་བདེ་འགྲུབ་པས་ག་བུར་འདྲ། །གཞི་ལ་གཉིས་ཀ་མེད་པས་ག་བུར་འདྲ། །རྐྱེན་གྱིས་ཐ་དད་སྣང་བས་ག་བུར་འདྲ། །ལྔ་པ་མེ་ལོང་ལྟ་བུའི་ཆོས་དྲུག་ནི། །གནས་ལུགས་གཞི་ནས་གསལ་བས་མེ་ལོང་འདྲ། །སྒྲིབ་གཡོགས་གཡའ་དང་བྲལ་བས་མེ་ལོང་འདྲ། །རོལ་པ་འགག་མེད་འཆར་བས་མེ་ལོང་འདྲ། །མཚན་ཉིད་གཉིས་སུ་མེད་པས་མེ་ལོང་འདྲ། །རྟོག་མེད་ངང་དངས་གནས་པས་མེ་ལོང་འདྲ། །རང་གསལ་ཡེ་ནས་དག་པས་མེ་ལོང་འདྲ། །དྲུག་པ་ཏིལ་མར་འདྲ་བའི་ཆོས་དྲུག་ནི། །སེམས་ཅན་སངས་རྒྱས་ཁྱབ་པས་ཏིལ་མར་འདྲ། །རྒྱུ་འབྲས་སྐྱེ་ཤི་སྣང་བས་ཏིལ་མར་འདྲ། །སེམས་ཉིད་ཡུལ་ལ་སྣང་བས་ཏིལ་མར་འདྲ། །ཡུལ་རྟོག་སེམས་ཉིད་གྲོལ་བས་ཏིལ་མར་འདྲ། །བསྒོམས་ན་ཆོས་སྐུར་འཆར་བས་ཏིལ་མར་འདྲ། །འབྲས་བུ་རྒྱུར་མི་ལྡོག་པས་ཏིལ་མར་འདྲ། །དེ་ལྟར་རྟོགས་ན་གནས་ལུགས་དོན་ལ་མཁས། །གཉིས་སྣང་ཞེན་པ་གཅོད་པའི་ཆོས་དྲུག་ནི། །རྨི་ལམ་དཔེས་མཚོན་སྣང་བ་སེམས་སུ་སྤྲད། །རྨི་ལམ་སད་པས་སྟོང་ལྟར་སྣང་བ་ཡང་། །རང་བཞིན་གྱིས་སྟོང་མ་རིག་སངས་
ཚེ་དག །ཕྱི་རོལ་ཡུལ་གྱི་བདེན་འཛིན་འཇིག་པ་ཡིན། །སྒྱུ་མའི་དཔེས་མཚོན་སྣང་སེམས་ནུས་མཐུར་སྤྲད། །གང་སྣང་གིས་སྟོང་བག་ཆགས་འཁྲུལ་པར་ཤེས། །གཟུགས་བརྙན་དཔེས་མཚོན་སེམས་ཉིད་རང་བཞིན་སྤྲད། །སྣང་བས་སྟོང་སྟེ་གཟུང་འཛིན་བྲལ་བར་ཤེས། །ན་བུན་དཔེས་མཚོན་སེམས་ཀྱི་རོལ་པར་སྤྲད། །ཡུལ་སྣང་རང་ཡལ་སྟོང་པར་རྟོགས་པ་ཡིན། །འཇའ་ཚོན་དཔེས་མཚོན་སེམས་ཀྱི་རྒྱན་དུ་སྤྲད། །མཁའ་ལ་ཐིམ་ལྟར་རང་སྣང་ཡེ་ཤེས་གྲོལ། །མན་ཤེལ་དཔེས་མཚོན་སེམས་ཀྱི་རང་གདངས་སྤྲད། །རང་ངོ་རང་གདངས་གཉིས་མེད་ཡེ་ཤེས་གྲོལ། །ངོ་སྤྲོད་དྲུག་གི་བསྡུ་བའི་ཆོས་དྲུག་ནི། །དོན་གྱི་ཀུན་གཞི་གཉིས་མེད་རིས་བྲལ་དང་། །དེ་ལ་འཁྲུལ་སྣང་འཁོར་བའི་རང་བཞིན་དང་། །འཁྲུལ་སྣང་འཁྲུལ་འཛིན་རང་སེམས་ཆོ་འཕྲུལ་དང་། །དེ་ལས་བཟློག་པ་གཞི་མེད་རྩལ་སྦྱོང་དང་། །སྣང་སེམས་རང་ལོག་ཡེ་ཤེས་གྲོལ་བ་དང་། །ཡེ་ཤེས་རང་དངས་གདོད་མར་བཙན་ས་ཟིན། །འདི་དྲུག་ཆོས་ཀྱི་སྤྱི་ཆིངས་གལ་པོ་ཆེ། །རྟོགས་པ་ཙམ་གྱིས་རང་བཞིན་འཚེངས་པ་ཡིན། །ཟབ་དོན་མཐར་ཐུག་སྐུ་གསུམ་ངོ་སྤྲོད་ནི། །རྣམ་པ་དྲུག་ལས་དང་པོ་ལྷུན་གྲུབ་ནི། །ཤེལ་གོང་མེ་ལོང་ཉི་ཟེར་རྣམ་པ་དང་། །ངང་དངས་རང་བཞིན་བདག་ཉིད་གསུམ་ཉིད་དོ། །ཆོས་སྐུ་རང་བཞིན་རྣམ་པར་དག་པའི་ངང་། །ཤེལ་གོང་དྲི་མེད་གདོད་ནས་དག་པ་འདྲ། །ལོངས་སྐུ་འདུག་ཚུལ་འོད་གསལ་རང་བཞིན་ཏེ། །མེ་ལོང་དག་པའི་ནང་ན་གཟུགས་བརྙན་འདྲ། །སྤྲུལ་སྐུ་སྣང་ཚུལ་ཕྱི་ནང་མེད་བདག་ཉིད། །ཉི་ཟླའི་ཟེར་བཞིན་ཕྱོགས་བཅུར་འཕྲོ་བ་ཡིན། །འདི་དག་རང་ལ་ཡེ་ནས་ལྷུན་གྲུབ་པས། །གཞན་ནས་མ་ཚོལ་རང་ཆས་ཤེས་པར་གྱིས། །གཉིས་པ་ནོར་བུ་འགག་མེད་ངོ་སྤྲད་པ། །རང་བཞིན་གྱིས་དག་ངོ་བོ་ཆོས་ཀྱི་སྐུ། །འོད་གསལ་མ་འགག་རང་བཞིན་ལོངས་སྤྱོད་རྫོགས། །ཡེ་ཤེས་མ་འགག་ཐུགས་རྗེ་སྤྲུལ་པའི་སྐུ། །རང་ཆས་ཉིད་དེ་གྱད་ཀྱི་ནོར་བུ་བཞིན། །གསུམ་པ་ཉི་མ་རང་ཤར་ངོ་སྤྲད་པ། །ཉི་མའི་སྙིང་པོ་ཟང་ཐལ་མི་རྟོག་
ལྟར། །རིག་པའི་ཡེ་ཤེས་མི་རྟོག་ཆོས་ཀྱི་སྐུ། །སྤྲིན་གྱིས་མ་བསྒྲིབས་རང་གསལ་དག་པ་བཞིན། །སྒོ་ལྔ་ཧར་སངས་གསལ་བ་ལོངས་སྤྱོད་རྫོགས། །ཟེར་རྣམས་ཀུན་ཏུ་འཆར་ཞིང་སྣང་བ་ལྟར། །ཡུལ་དྲུག་འཆར་བ་མ་འགགས་སྤྲུལ་པའི་སྐུ། །ནམ་ལངས་ཉི་ཤར་འདྲ་བའི་རང་རིག་ལ། །སྐུ་གསུམ་རང་ཆས་རང་ངོ་ཤེས་པར་གྱིས། །བཞི་པ་དབྱིངས་ཤར་ཉི་མས་ངོ་སྤྲད་པ། །མཁའ་ལྟར་རྣམ་དག་ཆོས་ཉིད་ཆོས་སྐུ་ལ། །ཉི་ལྟར་རང་བྱུང་འོད་གསལ་ལོངས་སྤྱོད་རྫོགས། །རང་བཞིན་གཉིས་མེད་རིག་སྟོང་སྤྲུལ་པའི་སྐུ། །རང་ལ་ཡོད་པ་རང་ངོ་ཤེས་པར་གྱིས། །ལྔ་པ་དཔེ་དོན་རྟགས་གསུམ་ངོ་སྤྲད་པ། །དཔེ་ནི་མཁའ་ལྟར་རྣམ་དག་ཆོས་ཀྱི་སྐུ། །རྒྱ་ཆད་ཕྱོགས་ལྷུང་ཀུན་ལས་འདས་པ་ཡིན། །དོན་ནི་འོད་གསལ་རང་དག་ལོངས་སྤྱོད་རྫོགས། །ཡེ་ནས་ལྷུན་གྲུབ་འདུས་མ་བྱས་པ་ཡིན། །རྟགས་ནི་རང་འོད་ངོས་སྣང་སྤྲུལ་པའི་སྐུ། །སྒྲོན་མ་རང་གསལ་ཡིད་ཆེས་བསྐྱེད་པ་ཡིན། །དྲུག་པ་དབྱིངས་རིག་མཐར་ཐུག་སྤྲད་པ་ནི། །མཁའ་ལྟར་ཆོས་དབྱིངས་ཀ་དག་ཆོས་ཀྱི་སྐུ། །དབྱིངས་ལྟར་འདུག་ཚུལ་འོད་གསལ་ལོངས་སྤྱོད་རྫོགས། །ཕྱོགས་དང་བྲལ་ལྟར་རིག་སྟོང་སྤྲུལ་པའི་སྐུ། །རང་རིག་ངང་འདིར་ཡེ་ནས་གྲུབ་ཟིན་པས། །གཞན་དུ་མ་ཚོལ་རྙེད་པའི་དུས་མེད་དོ། །དེ་ལྟར་མ་ཤེས་རྡོ་བ་གསེར་སྒྲུབ་དང་། །དམུས་ལོང་གསེར་ཚོལ་ཉི་མ་སྤྲིན་བསྒྲིབས་དང་། །རྐང་མེད་རྐས་འཛེག་ལོང་བས་ལྷ་ཁང་ཕྱིན། །མུན་ནག་ཟླ་ཤར་ལྟ་བུར་འགྲོ་བ་སྟེ། །གསལ་གསལ་འདྲ་ཡང་མ་རིག་བག་ཞར་ཡོད། །དེ་བས་མ་ནོར་ལེགས་པར་ཐག་བཅད་ནས། །སེམས་ཉིད་དོན་ལ་བརྟན་པ་ཐོབ་པ་གཅེས། །མཉམ་རྗེས་འབྲལ་མེད་དགོངས་པ་རྣམ་དྲུག་ནི། །དཔེ་རྣམས་དྲུག་གིས་ཤེས་པར་བྱ་བ་ལས། །དང་པོ་བར་སྣང་སེར་བུའི་དཔེས་མཚོན་ནས། །གསལ་དག་ཡེ་ཤེས་ནམ་མཁའ་ལྟ་བུའི་ངང་། །འགྱུ་བ་དག་གྲོལ་རང་དངས་ཉམས་སུ་བླང་། །ཟང་ཐལ་འཛིན་མེད་ཉམས་སུ་མྱོང་བ་ཡིན། །དེ་ལྟར་མ་ཤེས་རྩེ་གཅིག་ཏིང་འཛིན་ནི། །མར་མེ་རླུང་
གིས་བསྐྱོད་བཞིན་རྐྱེན་མི་ཐུབ། །གཉིས་པ་ནམ་ལངས་ཉི་ཤར་དཔེས་མཚོན་ནས། །ངང་དངས་གསལ་འགྲིབ་མཐའ་བྲལ་ཉམས་སུ་བླང་། །རང་དག་གསལ་དངས་ཡེ་ཤེས་མྱོང་བ་ཡིན། །དེ་ལྟར་མ་ཤེས་རིམས་ནད་ཐེབས་པ་ལྟར། །བྱིང་རྨུགས་འཕྲོ་རྒོད་གནས་ལུགས་དོན་ལ་སྒྲིབ། །གསུམ་པ་རླུང་མེད་མར་མེའི་དཔེས་མཚོན་ནས། །སྣང་སེམས་གཡོ་འགུལ་མེད་པར་ཉམས་སུ་བླང་། །མ་བཅོས་མཉམ་པ་ཆེན་པོ་མྱོང་བ་ཡིན། །དེ་ལྟར་མ་ཤེས་བུ་ཆུང་ངན་པ་ལྟར། །ཐུན་མཚམས་བསྒོམས་པས་དགོས་དུས་མི་བསྟོངས་ཉིད། །བཞི་པ་ནམ་མཁའ་ཀློང་ཡངས་དཔེས་མཚོན་ནས། །གསལ་ཁྱབ་མཐའ་སྟོང་ཕྱམ་གདལ་ཉམས་སུ་བླང་། །རེ་དོགས་འཛིན་གྲོལ་དགོངས་པ་ཉམས་སུ་མྱོང་། །དེ་ལྟར་མ་ཤེས་བྱ་བྲན་གཤོག་ཆག་གིས། །མཁའ་ལ་འཕུར་བཞིན་བརྩོན་འགྲུས་གཡང་སར་ལྷུང་། །ལྔ་པ་རྒྱ་མཚོ་རྦ་རླབས་དཔེས་མཚོན་ནས། །རང་བྱུང་ཀློང་ཐིམ་ངང་དུ་ཉམས་སུ་བླང་། །སྐྱེ་འགག་གནས་གསུམ་ཆོས་ཉིད་ཀློང་འདྲེས་མྱོང་། །དེ་ལྟར་མ་ཤེས་གཞི་ལ་གཉིས་བཟུང་ན། །དགག་སྒྲུབ་གཟུང་འཛིན་ཡུལ་དང་འབྲལ་མི་ནུས། །དྲུག་པ་ཆུ་ཕྲན་རྒྱ་མཚོ་དཔེས་མཚོན་ནས། །རྟོག་ཚོགས་སེམས་ཉིད་ངང་འདུས་ཉམས་སུ་བླང་། །དུ་མ་རོ་གཅིག་ཐིག་ལེ་ཉག་གཅིག་མྱོང་། །དེ་ལྟར་མ་ཤེས་ཡུངས་ཀར་བང་འཐོར་ལྟར། །རྟོག་པའི་རྣམ་གྲངས་སྙིང་པོས་འདུལ་མི་ནུས། །དེ་འདྲའི་མན་ངག་གནད་དུ་བསྣུན་ཤེས་ན། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཆེན་པོ་ཡིན། །དེ་ལྟར་མ་ཤེས་ཆུ་ཕྲན་སྐམས་པ་ལྟར། །ལྟ་སྒོམ་སྤྱོད་པས་རྐྱེན་མི་ཐུབ་པ་ཡིན། །ལྟ་བའི་རང་ས་གཟུང་བའི་གནད་དྲུག་ལས། །དང་པོ་གཟུང་འཛིན་མེད་པའི་ལྟ་བ་ལ། །རང་རིག་གཉིས་མེད་རང་ས་གཟུང་བ་ནི། །ཡུལ་དྲུག་སྟོང་པས་གཟུང་བའི་མཐའ་ལས་གྲོལ། །རང་གསལ་ཡེ་ཤེས་འཛིན་པའི་མཐའ་ལས་གྲོལ། །གཟུང་འཛིན་གཉིས་མེད་གཉིས་ཀའི་མཐའ་
ལས་གྲོལ། །མཐའ་གྲོལ་མིང་ཙམ་གཉིས་མེད་མཐའ་ལས་གྲོལ། །དེ་ལྟར་རྟོགས་པས་གང་ལའང་ཞེན་འཛིན་མེད། །གཉིས་པ་ཡོད་མེད་རྟག་ཆད་ལས་གྲོལ་བའི། །ལྟ་བས་རང་ས་གཟུང་བའི་མན་ངག་ནི། །རང་བྱུང་ཡེ་ཤེས་ཡིན་པས་མེད་པའི་མཐའ་ལས་གྲོལ། །རྟོག་པའི་དྲི་མ་མེད་པས་ཡོད་པའི་མཐའ་ལས་གྲོལ། །ཡུལ་མེད་མིང་དང་བྲལ་བས་གཉིས་ཀའི་མཐའ་ལས་གྲོལ། །རོལ་པ་གཉིས་ཀར་སྣང་བས་གཉིས་མེད་མཐའ་ལས་གྲོལ། །ཡེ་གྲོལ་ཡོངས་གྲོལ་ཆེན་པོར་ཤེས་པར་གྱིས། །གསུམ་པ་སྐྱེ་འགག་གྲོལ་བར་ས་བཟུང་ནི། །མཁའ་ལྟར་སྐྱེ་གཞི་མ་གྲུབ་སྐྱེ་བའི་མཐའ་ལས་གྲོལ། །རོལ་པ་མ་འགགས་འགག་པའི་མཐའ་ལས་གྲོལ། །སྐྱེ་དུས་སྐྱེ་མེད་གཉིས་ཀའི་མཐའ་ལས་གྲོལ། །ལྟ་བྱེད་མ་གྲུབ་གཉིས་མེད་མཐའ་ལས་གྲོལ། །རང་བཞིན་དབྱིངས་གཅིག་དག་པར་རྟོགས་པར་གྱིས། །བཞི་པ་སྣང་སྟོང་ལས་གྲོལ་ས་བཟུང་ནི། །རང་བཞིན་གསལ་བས་སྟོང་པའི་མཐའ་ལས་གྲོལ། །རྣམ་པར་མི་རྟོག་སྣང་བའི་མཐའ་ལས་གྲོལ། །དབྱེ་བསལ་མེད་པས་གཉིས་ཀའི་མཐའ་ལས་གྲོལ། །གཟའ་གཏད་མེད་པས་གཉིས་མེད་མཐའ་ལས་གྲོལ། །རང་གྲོལ་མཉམ་པ་ཆེན་པོར་ཤེས་པར་གྱིས། །ལྔ་པ་རྟག་ཆད་ལས་གྲོལ་ས་བཟུང་ནི། །ཅི་ཤར་ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ། །སྟོང་པ་སྣ་ཚོགས་འཆར་བས་ཆད་པའི་མཐའ་ལས་གྲོལ། །སྣང་སྟོང་འདུ་འབྲལ་མེད་པས་གཉིས་ཀའི་མཐའ་ལས་གྲོལ། །ལྟ་མཁན་རང་ངོ་དག་པས་གཉིས་མེད་མཐའ་ལས་གྲོལ། །ཐམས་ཅད་ཡེ་ནས་མ་སྐྱེས་གདོད་ནས་དག་པར་གཟུང་། །དྲུག་པ་བཟང་ངན་གྲོལ་བར་ས་བཟུང་ནི། །མཐོན་པོར་མ་ཆད་བཟང་པོའི་མཆོག་འཛིན་སངས། །དམའ་མོར་མ་ཆད་ངན་པའི་སྤང་བློ་སངས། །གཉིས་སུ་མ་ཆད་གཉིས་འཛིན་རང་སར་སྟོང་། །གཉིས་མེད་མ་ཆད་མུ་མཐའ་ཀུན་ལས་གྲོལ། །
དེ་ལྟར་ལྟ་བའི་རྫོང་ཆེན་མ་ཤེས་ན། །རང་ཚུགས་མི་ཐུབ་གོལ་སྒྲིབ་ལྡང་བ་དང་། །འོག་མའི་དོན་ལས་བོགས་མི་ཐོན་པར་འགྱུར། །དེས་ན་ས་བཟུང་གནད་ཀྱི་མན་ངག་གཅེས། །རྣམ་རྟོག་གྲོགས་སུ་སློང་བའི་ཆོས་དྲུག་ནི། །རྣམ་ཤེས་རང་ཡལ་སེར་བུ་ལྟ་བུར་ཁྱེར། །རང་བྱུང་ཡེ་ཤེས་ནང་ནས་འཆར་བ་ཡིན། །འགྱུ་བ་རང་དག་བར་སྣང་གློག་ལྟར་སྦྱངས། །ཅི་འགྱུས་རང་གསལ་ཡེ་ཤེས་འཆར་བ་ཡིན། །དྲན་པ་རང་སངས་ཆུ་རྙོག་ལྟ་བུར་ཁྱེར། །ཅི་དྲན་རང་བྱུང་རྒྱལ་བའི་དགོངས་པར་འཆར། །ཅི་རྟོག་ཆོས་ཉིད་ལིངས་པ་གྲོགས་སུ་ཁྱེར། །བླང་དོར་མེད་པའི་དགོངས་པ་ཁོང་ནས་འཆར། །འཛིན་པ་རང་ཟད་ཡུལ་མེད་གྲོགས་སུ་ཁྱེར། །གཞི་མེད་མཐོང་ཡལ་ཡེ་ཤེས་རང་ལ་འཆར། །རང་གདངས་གསལ་དག་ཀློང་གསལ་གྲོགས་སུ་ཁྱེར། །ཝལ་པོ་རྗེས་མེད་ཡེ་ཤེས་ཁོང་ནས་འཆར། །དེ་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་ལ། །རྣམ་རྟོག་ཉིད་ལས་ཡེ་ཤེས་འཆར་བ་ཡིན། །ཤིང་སྐམ་དག་ལས་མེ་ཆེན་འབར་བ་ལྟར། །ཐམས་ཅད་གྲོགས་སུ་འཆར་བ་ཤིན་ཏུ་གཅེས། །ཆོས་ཉིད་ངང་ལ་གནས་པའི་གནད་དྲུག་ནི། །རྩ་རླུང་ཁམས་རྣམས་རང་གནད་དགོད་པའི་གནད། །ལུས་ནི་བསམ་གཏན་ཆོས་དྲུག་བཅའ་བ་དང་། །ཐ་མལ་རང་གའི་འཁྲུལ་སྣང་དགྲོལ་བའི་གནད། །སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་ཤེས་པ་དང་། །བདེ་བ་ཆེན་པོ་རང་ལུགས་འབར་བའི་གནད། །འོག་སྒོ་བསྡམས་ཏེ་སྟེང་རླུང་བསྡུ་བ་དང་། །རྟོག་མེད་ཆོས་ཉིད་ངང་ལ་གནས་པའི་གནད། །ལྕེ་རྩེ་གྱེན་བཟློག་རྐན་གཉིས་མ་རེག་བྱ། །རང་གསལ་ཡེ་ཤེས་མཁའ་ལ་དག་པའི་གནད། །མིག་གཉིས་མཐོ་གང་ནམ་མཁར་གཏད་པ་དང་། །གཉུག་མའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གནད། །སེམས་ཉིད་མ་བཅོས་གློད་ནས་དངས་སངས་བཞག །དེ་ལྟར་ཐབས་ལྡན་ཆོས་ཉིད་ངང་ལ་གནས། །བརྩོན་པས་གནད་དུ་བསྣུན་ཅིག་སྐལ་ལྡན་
ཀུན། །ཆོས་ཉིད་ངང་ལ་བཞག་ཐབས་རྣམ་དྲུག་ནི། །མན་ངག་དྲུག་གིས་ཤེས་པར་བྱ་བ་ལ། །དང་པོ་དུས་གསུམ་དབྱེར་མེད་མན་ངག་གིས། །གཉིས་འཛིན་བློ་ཡི་རྟོག་མཐའ་བསལ་བ་ནི། །འདས་རྗེས་མི་དཔྱད་མ་འོངས་སྔུན་མི་བསུ། །ད་ལྟར་འཛིན་མེད་ངང་དུ་ལྷན་གྱིས་བཞག །ཐི་བྱ་ཚང་དུ་འཇུག་པའི་མན་ངག་གིས། །རེ་དོགས་གཉིས་ཀྱི་རྟོག་མཐའ་བསལ་བ་ནི། །ད་ལྟར་སེམས་ལ་འབྱུང་འཇུག་གཉིས་མེད་པས། །མ་ཡེངས་མཉམ་ཉིད་ངང་ལ་གློད་ལ་ཞོག །སྐྱེས་བུ་བྱ་བ་བཏང་བའི་མན་ངག་གིས། །གཟའ་གཏད་འཛིན་པའི་རྟག་མཐའ་བསལ་བ་ནི། །སེམས་ཉིད་གནས་ལུགས་མ་བཅོས་མཉམ་པའིི་ངང་། །འཛིན་བྲལ་ཆེན་པོར་བོར་ལ་ཕྱམ་གཅིག་བཞག །ཁྱུང་ཆེན་ནམ་མཁར་ལྡིང་བའི་མན་ངག་གིས། །ཐེ་ཚོམ་གཉིས་འཛིན་རྟོག་མཐའ་བསལ་བ་ནི། །ཤེས་པ་མཐར་བཅད་རང་བྱུང་རྣལ་མའི་ངང་། །ཡངས་པ་ཆེན་པོར་བོར་ལ་ཕྱམ་གཅིག་བཞག །ནམ་ལངས་ཉི་ཤར་དག་པའི་མན་ངག་གིས། །ཡུལ་སྣང་སྣ་ཚོགས་རྟོག་མཐའ་བསལ་བ་ནི། །དབང་པོ་མི་བསྡུ་འགྱུ་བ་མི་དགག་པར། །ཚོགས་དྲུག་ལྷུག་པར་བཏང་སྟེ་གློད་ལ་བཞག །མཚན་མ་རང་སར་དངས་པའི་མན་ངག་གིས། །སྣ་ཚོགས་རྣམ་རྟོག་རྟོག་མཐའ་བསལ་བ་ནི། །ཅི་སྣང་ཡུལ་ལ་བླང་དོར་གཉིས་མེད་པར། །མ་བཅོས་སོ་མའི་ངང་ལ་ཇི་བཞིན་བཞག །དེ་ལྟར་བཞག་རྣམས་གཉིས་མེད་ངང་གནས་པས། །མཐའ་གྲོལ་ཀློང་ཡངས་དགོངས་པ་འཆར་བར་ངེས། །བསྒོམ་པའི་སྤྱི་སྐྱོན་རྣམ་དྲུག་བསྟན་པ་ནི། །གསལ་དངས་མ་ཕྱེད་མི་རྟོག་ལྟེང་པོར་སོང། །ཆེད་དུ་གསལ་བསྒོམས་ཡེ་ཤེས་ཕྱོགས་ཆད་སོང། །འཕྲོ་བ་ནང་བསྡུས་སེམས་འཛིན་ཀོལ་ཙེར་སོང་། །གཏིང་གསལ་མ་རྟོགས་ཁ་འབྱམས་ཕྱལ་བར་སོང་། །གཏིང་ཐག་མ་ཆོད་ཐེ་ཚོམ་རྐྱེན་དབང་སོང་། །
སྒོ་གསུམ་བཅོས་མས་རྣམ་རྟོག་ཉིང་འཁྲུལ་སོང་། །དེ་ལྟར་སྐྱོན་དྲུག་གང་བྱུང་སྒྲིབ་པ་སྟེ། །ཡང་དག་དོན་འདོད་རྣམས་ཀྱིས་བསལ་ནས་བསྒོམ། །གོལ་ས་དྲུག་གི་རྣམ་གྲངས་བསྟན་པ་ནི། །སྐྱེ་མཆེད་མུ་བཞིའི་སྒོམ་པ་ཡིད་བྱེད་དང་། །ཀུན་རྫོབ་རྒྱུ་འབྲས་མེད་འཛིན་ཆད་ལྟ་དང་། །གཟུང་འཛིན་མི་འགྱུར་རྟག་པ་ཆེན་པོར་འཛིན། །ཡུལ་སྣང་དགྲ་དང་ཚེར་མར་བལྟས་ནས་སོང་། །ཐམས་ཅད་སེམས་བསྡུས་རང་རིག་རང་གསལ་བསྒོམ། །རྟོག་ཚོགས་ལྷར་འགྱུར་དོན་ལས་འགྱངས་པ་སྟེ། །དེ་དྲུག་མ་སོང་ཆོས་ཉིད་ཕྱོགས་བྲལ་ཀློང་། །མཉམ་པ་ཆེན་པོའི་ངང་ལས་མ་འདས་གཅེས། །སྐྱོན་དྲུག་བྱུང་ན་བཅོས་པའི་ཐབས་དྲུག་ནི། །མཁའ་ལ་སྤྲིན་དེངས་ལྟ་བུར་བཅོས་པ་ནི། །སེམས་ཀྱི་ཆོ་འཕྲུལ་སྣ་ཚོགས་ཅི་ཤར་ཡང་། །ཆོས་ཉིད་མཁའ་ལ་རང་བཞིན་དངས་པས་བཅོས། །ཁང་སྟོང་རྐུན་མས་ཕྱིན་ལྟར་བཅོས་པ་ནི། །རྣམ་རྟོག་ངོ་བོ་རང་བཞིན་མེད་པ་དེ། །ཅི་སྐྱེས་དུས་ནས་མ་སྐྱེས་ངོས་གཟུང་མེད། །གློད་པ་ཙམ་ལས་བསལ་དུ་མེད་པར་བཅོས། །དགུན་གྱི་ནགས་མེ་མཆེད་ལྟར་བཅོས་པ་ནི། །ཡུལ་རྟོག་ཅི་བྱུང་དེ་ཉིད་ངོ་བརྟགས་པས། །ཆོས་ཉིད་གྲོགས་སུ་སྤར་བས་བཅོས་པར་བྱ། །དུག་ལ་སྔགས་ཀྱིས་བཏབ་ལྟར་བཅོས་པ་ནི། །རྣམ་རྟོག་སྐྱེ་མེད་ངང་དུ་བསད་པས་བཅོས། །འབངས་ཀྱིས་རྒྱལ་པོ་མཐོང་ལྟར་བཅོས་པ་ནི། །དུག་ལྔ་སྐྱེ་དུས་ངོས་གཟུང་རང་གློད་པས། །ཆོས་ཉིད་དོན་དང་རང་ངོ་ཕྲད་པར་བཅོས། །གཟིངས་ཀྱི་བྱ་རོག་ལྟ་བུར་བཅོས་པ་ནི། །འཕྲོ་རྒོད་ཅི་བྱུང་ཆོས་ཉིད་ལྡོག་པ་ལས། །གཞན་དུ་འགྲོ་ས་མེད་པའི་ངང་དུ་བཅོས། །དེ་ལྟར་གནད་དྲུག་འགྱུས་དྲན་ཅི་སྐྱེས་ཀུན། །རང་ཐོག་རང་དག་རང་སངས་དགྲོལ་བ་གཅེས། །ཡང་དག་རྟོགས་པའི་གདེང་གི་རྟགས་དྲུག་ནི། །སྐྱོན་ཡོན་གང་ལའང་དཔའ་བཀོང་ཞུམ་པ་མེད། །གདོས་བཅས་ལུས་ལ་རང་སེམས་ཆོས་སྐུར་ཞུགས། །འཁོར་བར་མ་ཆགས་གཞན་དོན་སྐྱོ་དུབ་མེད། །གོལ་
སྒྲིབ་ཕྱོགས་བྲལ་ཐིག་ལེ་ཉག་གཅིག་རྫོགས། །བདུད་རྣམས་ཆོས་ཉིད་བར་ཆད་ཉམ་ང་མེད། །བདེ་སྡུག་མཁའ་ཀློང་སྤང་བླང་རེ་དོགས་མེད། །དེ་ལྟར་རྟོགས་རྣམས་གནས་ལུགས་མཐར་ཕྱིན་འགྱུར། །ཡང་དག་བརྟན་པ་ཐོབ་པའི་ཚད་དྲུག་ནི། །སྣང་སྲིད་ཆོས་རྣམས་སྒྱུ་མའི་རང་སྣང་ཞིང་། །རང་བཞིན་མེད་པའི་རྟགས་ལ་རྒྱུན་དུ་འཆར། །ཉོན་མོངས་ངོ་བོ་ཡེ་ནས་ཀ་དག་པས། །དུག་ལྔ་མི་འཁྲུགས་རང་གསལ་ཡེ་ཤེས་འཆར། །སྐྱོན་ཡོན་ཡེ་ཤེས་ཆེན་པོར་ཡེ་ཤར་བས། །བླང་དོར་གཉིས་ཀྱི་འདུན་པ་རང་སངས་འཆར། །སྙིང་པོའི་དོན་ལ་གཞན་སྣང་མེད་རྟོགས་པས། །དྲན་རྟོག་ཆོས་ཉིད་ངང་དུ་གསལ་བ་དང་། །སེམས་ཉིད་ནོར་བུ་རང་ལ་རྙེད་གྱུར་པས། །འཆི་འཕོའི་འཇིགས་བྲལ་ཉམ་ང་མེད་པ་འཆར། །རང་སེམས་ཆོས་ཉིད་སངས་རྒྱས་དོན་མཐོང་བས། །བརྩོན་འགྲུས་རེ་དོགས་འཆིང་བ་གྲོལ་བ་འཆར། །དེ་འདྲའི་རྣལ་འབྱོར་མངོན་པར་སངས་རྒྱས་ཡིན། །དགོངས་པ་ཀློང་དུ་གྱུར་པའི་གདེང་དྲུག་ནི། །ཆོས་རྣམས་མཐའ་བྲལ་དབུ་མར་རྟོགས་པ་དང་། །ཟུང་འཇུག་འོད་གསལ་ཆེན་པོར་རྟོགས་པ་དང་། །མཉམ་ཉིད་བདེ་བ་ཆེན་པོར་རྟོགས་པ་དང་། །གཉིས་མེད་ཐིག་ལེ་ཉག་གཅིག་རྟོགས་པ་དང་། །ལྷུན་གྲུབ་ཕྱོགས་བྲལ་ཆེན་པོར་རྟོགས་པ་དང་། །ཀ་དག་རྣལ་མར་རྟོགས་པ་མཐར་ཕྱིན་ཡང་། །དེ་དག་རྟོགས་པར་འདོད་པ་པོ་མེད་ཅིང་། །རྟོགས་པ་ཉིད་ལ་རློམ་པའི་སེམས་མེད་པས། །སྒྱུ་མའི་རྣལ་འབྱོར་དཔེ་དང་བྲལ་བ་ཡིན། །དེ་ལྟར་རྟོགས་པའི་གྲོལ་ཚུལ་རྣམ་དྲུག་ནི། །ཕྱི་རོལ་ཡུལ་རྣམས་སྣང་བའི་དུས་ཉིད་ནས། །སྣང་ཐོག་གྲོལ་བ་ཆབ་རོམ་ཆུར་ཞུ་འདྲ། །ནང་དུ་རིག་པའི་ཆོས་རྣམས་རིག་དུས་ནས། །རིག་ཐོག་གྲོལ་བ་ཆུ་བུར་ཆུར་ཐིམ་འདྲ། །བར་དུ་འགྱུ་བའི་ཡིད་གཉིས་འགྱུ་དུས་ནས་། །འགྱུ་ཐོག་གྲོལ་བ་བར་སྣང་གློག་འགྱུ་འདྲ། །སྒྲ་བཏགས་མིང་རྣམས་གྲག་པའི་དུས་ཉིད་
ནས། །མིང་ཐོག་གྲོལ་བ་བྲག་ཅའི་སྒྲ་དབྱངས་འདྲ། །གཟུང་བའི་གྲུབ་མཐའ་འདོད་པའི་དུས་ཉིད་ནས། །འདོད་ཐོག་གྲོལ་བ་མཁའ་ལ་འཇའ་ཡལ་འདྲ། །བསྒྲུབ་པའི་འབྲས་བུ་གྲུབ་ཐོག་ཉིད་གྲོལ་བ། །ནོར་བུའི་རྒྱལ་ལ་དགོས་འདོད་འབྱུང་བཞིན་ཏེ། །རང་བཞིན་རང་གྲོལ་གཉེན་པོ་རང་སར་དེངས། །མིང་མེད་ཡུལ་བྲལ་དགོངས་པར་ལྷུན་གྱིས་གྲུབ། །དེ་ལྟར་རབ་རྣམས་སྐྱེ་ཤི་བར་དོར་གྲོལ། །འབྲིང་རྣམས་ཆོས་ཉིད་བར་དོར་གྲོལ་བ་ནི། །དྲུག་ཚན་གཉིས་ཀྱིས་ཤེས་པར་བྱ་བ་ལས། །ལུས་རྒྱའི་དོར་ལུགས་རྣམ་པ་དྲུག་པོ་ནི། །ཕྱི་ནང་སེམས་སུ་འདུས་པའི་དུས་ཀྱི་ཚེ། །གཟུང་བའི་ཡུལ་དང་བྲལ་བའི་དུས་ཡིན་ལ། །སེམས་ཉིད་ཡེ་ཤེས་དབང་དུ་འདུས་པའི་ཚེ། །འཛིན་པའི་སེམས་དང་རང་བཞིན་བྲལ་བ་ཡིན། །རིག་པའི་ཡེ་ཤེས་བག་ཆགས་སྦུབས་འདུས་ཚེ། །ས་རླུང་ཆུ་ལ་ཐིམ་པས་ལུས་མི་ཐེགས། །འཕོ་བར་བྱ་ཞིང་བཤང་གཅི་དྲི་ངན་འབྱུང་། །ཆུ་རླུང་མེ་རུ་ཐིམ་པས་ལུས་ཀྱི་ཡན་ལག་འཕྲ། །བྱད་ལ་རྡུལ་ཆགས་ཁ་ཆུ་སྣ་ཆུ་འཛག །མེ་རླུང་རླུང་ཐིམ་ཁ་སྣའི་ཆུ་སྐམ་ཞིང་། །ལུས་ཀྱི་དྲོད་ཤོར་ཁ་སྣའི་གཟི་མདངས་སྡུད། །འདི་ཡི་དུས་སུ་རྐང་མཐིལ་དྲོད་འདུས་ན། །དམྱལ་བར་སྐྱེ་ཞིང་གསང་བར་ཡི་དྭགས་དང་། །ལྟེ་བ་བྱོལ་སོང་སྙིང་ག་མི་དང་ནི། །མགྲིན་པ་ལྷ་མིན་མིག་འདུས་ལྷར་སྐྱེ་ལ། །སྤྱི་བོར་དྲོད་ཡལ་བླ་མེད་འབྲས་བུ་འཐོབ། །རླུང་གི་རླུང་རྣམས་རྣམ་ཤེས་ཐིམ་པའི་དུས། །ཕྱི་དབུགས་བརྩེགས་འབྱུང་ནང་དུ་སྡུད་མི་ཤེས། །མིག་གི་རང་འོད་སྒྲོན་མ་ཡལ་འགྱུར་ཞིང་། །ཕྱི་ཡི་དབུགས་འཆད་རྣམ་ཤེས་འོད་གསལ་ཐིམ། །ནང་དབུགས་འཆད་ཅིང་ལུས་སེམས་འབྲལ་བ་སྟེ། །ལུས་དེ་དེར་བཞག་ཡེ་ཤེས་དབྱིངས་ལ་འཆར། །འདི་དག་ཐོག་མར་འབྱུང་བའི་ཐིམ་ཚུལ་ཡིན། །དྲུག་ཚན་གཉིས་པ་དབང་པོའི་གྲོལ་ཚུལ་ལ། །རྣམ་པ་དྲུག་ལས་དང་པོ་བསྟན་པ་ནི། །དབང་པོ་རབ་ཀྱི་རྣོན་པོ་དེ་ཉིད་ལ། །
བར་དོ་མི་འཆར་ལུས་རྒྱ་བྲལ་མ་ཐག །ཆོས་ཉིད་ལྷག་མཐོང་ཆེན་པོར་རང་གསལ་ནས། །སྤྲོས་པའི་མཐའ་དང་བྲལ་བར་གནས་པ་ཡིན། །གཉིས་པ་དབང་པོ་རབ་ཀྱི་རྟུལ་པོ་ནི། །སྐད་ཅིག་གསུམ་པར་གྲོལ་བ་ཐོབ་པ་སྟེ། །ལུས་སེམས་བྲལ་བའི་སྐད་ཅིག་དང་པོ་ལ། །རང་གསལ་ཆོས་སྐུ་རྟོག་བྲལ་ཆེན་པོ་འཆར། །སྐད་ཅིིག་གཉིས་པར་ལོངས་སྐུ་ཟེར་དུ་འཆར། །སྐད་ཅིག་གསུམ་པར་འོད་གསལ་རྣམ་གྲོལ་ནས། །མཁའ་ལྟར་མཉམ་ཉིད་ཆོས་སྐུའི་ངང་དུ་གནས། །གསུམ་པ་འབྲིང་གི་རྣོན་པོ་ཞག་གཅིག་གམ། །གསུམ་དུ་རྟོག་བྲལ་བརྒྱལ་ཐབས་གནས་པ་སྟེ། །དེ་ཉིད་སངས་ནས་ཡེ་ཤེས་འོད་དུ་འཆར། །སྐུ་ཡི་རང་འོད་གསུང་གི་རང་སྒྲ་དང་། །ཐུགས་ཀྱི་ཟེར་གདངས་ཞག་ལྔར་འཆར་དུས་སུ། །སྐུ་གསུང་ཐུགས་སུ་རང་ངོ་ཤེས་པས་གྲོལ། །བཞི་པ་དབང་པོ་འབྲིང་གི་རྟུལ་པོ་ནི། །ཞག་གསུམ་པར་རམ་ལྔ་རུ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་འཕྲོ་འོད་གསལ་ཏེ། །དངངས་སྐྲག་མ་སྐྱེས་འཇིགས་མེད་རང་སྣང་གྲོལ། །ལྔ་པ་དབང་པོ་ཐ་མའི་རྣོན་པོ་ནི། །ཞག་གསུམ་བར་དུ་རིག་པ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་ཡི་འོདགསལ་ཏེ། །ཞག་ལྔ་ལོན་ནས་ཡེ་ཤེས་སྣང་བ་ནུབ། །འོད་ལས་ཡུལ་དང་སྒྲ་ལས་ཟེར་དང་ནི། །ཟེར་ལས་རྟོག་པར་ཤར་དང་དེ་ཡི་ཚེ། །སྔོན་གྱི་ཡུལ་དང་ནོར་དང་མི་རྣམས་ཀྱི། །དྲན་པ་སད་དུས་སྔ་མའི་ཆོས་དྲན་ནས། །གཉེན་པོ་སད་དེ་འཛིན་མེད་རང་གསལ་གྱི། །ཡེ་ཤེས་རང་ཤར་བར་དོའི་སྣང་བ་གྲོལ། །ཆོས་དབྱིངས་ངང་དུ་མངོན་པར་བྱང་ཆུབ་ཡིན། །དྲུག་པ་དབང་པོ་ཐ་མའི་རྟུལ་པོ་ནི། །ཞག་གཅིག་རིག་པ་བརྒྱལ་ཐབས་གནས་པ་ལས། །དེ་སངས་ཡེ་ཤེས་སྣང་བ་ཞག་གཅིག་འཆར། །དེ་ནུབ་སྔ་མའི་གཟུགས་སུ་ཡོད་སྙམ་ཞིང་། །དབང་པོ་ཀུན་ཚང་གར་ཡང་ཐོགས་མེད་རྒྱུ། །རྣམ་ཤེས་རྟེན་བྲལ་ཡུལ་དང་འདུག་ས་ཚོལ། །ལས་ཀྱིས་མངལ་སྒོ་ཐ་དད་འཇུག་པ་ལས། །དེ་ཉིད་
མི་ལུས་ཡོན་ཏན་བདུན་ཐོབ་ནས། །ཟབ་མོའི་ཆོས་ཕྲད་སྐྱེ་བ་དེས་གྲོལ་འགྱུར། །དེ་ཡང་ཤིན་ཏུ་སྡིག་པ་ཅན་རྣམས་ལ། །བར་དོ་མི་སྣང་ལུས་སེམས་བྲལ་མ་ཐག །རང་སྣང་འཁྲུལ་ནས་དམྱལ་བར་སྣང་བ་ཡིན། །སྡིག་པ་འབྲིང་སྤྱད་བར་དོ་ཡུན་ཐུང་གནས། །དེ་ནས་ངན་སོང་གཞན་གཉིས་མྱོང་བ་ཡིན། །དགེ་སྡིག་ཆ་སྙོམས་བར་དོ་ཡུན་རིང་སྟེ། །ཞག་གྲངས་བཞི་བཅུ་རྩ་དགུ་གནས་པ་ལས། །དེ་ནས་ལས་ཀྱི་ལུས་ལེན་འགྱུར་བ་ཡིན། །དེ་ཡང་ཆོས་ཉིད་བར་དོ་ནུབ་པ་ལས། །རྟུལ་པོ་གཉིས་ལ་སྲིད་པའི་བར་དོ་འཆར། །དེ་བས་ད་ལྟ་མི་དགེ་རྣམ་སྤངས་ཏེ། །དགེ་སྒྲུབ་སེམས་ཉིད་གཏན་སྲིད་ཟིན་པ་གཅེས། །ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག །མཐར་ཐུག་འབྲས་བུ་མངོན་དུ་གྱུར་པའི་ཚེ། །མངོན་པར་བྱང་ཆུབ་ཆོས་དྲུག་བསྟན་པ་ནི། །གཟུང་འཛིན་འཁྲུལ་པའི་བག་ཆགས་ཀུན་བྲལ་ནས། །འཁྲུལ་སྣང་འཁྲུལ་འཛིན་དབྱིངས་སུ་ནུབ་པ་ཡིན། །སྤྲིན་དེངས་ཉི་མཁའ་བཞིན་དུ་དག་པའི་ཚེ། །དང་པོ་ཆོས་སྐུ་དག་པ་གཉིས་ལྡན་ནི། །གསལ་བའི་ཡེ་ཤེས་ཆོས་ཉིད་དབྱིངས་སུ་ཤར། །སྤྲོས་བྲལ་འོད་གསལ་ཁྱབ་གདལ་ཆེན་པོ་ཉིད། །ལྷུན་གྲུབ་ཀ་དག་ཕྱོགས་ལ་གྲོལ་བ་ཡིན། །གཉིས་པ་ལོངས་སྤྱོད་རྫོགས་སྐུ་དག་པ་ནི། །དེ་ཉིད་ངང་ལས་ས་བཅུའི་སེམས་དཔའ་ལ། །འཇའ་ཚོན་ལྟ་བུ་རིགས་ལྔ་གང་ཆེན་མཚོ། །མཚན་རྫོགས་དཔེ་བྱད་འབར་བ་སྣང་བ་ཡིན། །གསུམ་པ་སྤྲུལ་སྐུའི་དེ་ཉིད་ཟླ་གཟུགས་བཞིན། །གདུལ་བྱའི་ཆུ་སྣོད་གང་ཡོད་དེར་སྣང་སྟེ། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་སོགས། །གང་ལ་གང་འདུལ་དེ་ལ་དེར་སྣང་བས། །འགྲོ་དྲུག་གནས་ན་སྲིད་པ་ཇི་སྲིད་བར། །སེམས་ཅན་དོན་མཛད་འཕྲིན་ལས་བསམ་མི་ཁྱབ། །སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ལྡན་ནི། །ཆོས་དབྱིངས་ཡེ་ཤེས་ཆོས་ཉིད་འཕོ་འགྱུར་མེད། །མེ་ལོང་ཡེ་ཤེས་རང་གསལ་ཀུན་སྣང་གཞི། །མཉམ་
ཉིད་ཡེ་ཤེས་རོ་གཅིག་འབྱེད་པ་མེད། །ཀུན་རྟོག་ཡེ་ཤེས་ཇི་སྙེད་ཇི་བཞིན་གཟིགས། །བྱ་གྲུབ་ཡེ་ཤེས་མཛད་པ་བསམ་མི་ཁྱབ། །ལྷུན་གྲུབ་ཡེ་ཤེས་འདུས་མ་བྱས་ཉིད་ནི། །དཔེ་བྲལ་རྒྱལ་བའི་ཡེ་ཤེས་ཀུན་གྱི་བདག །ནོར་བུ་བཞིན་དུ་མི་རྟོག་དོན་ཀུན་འབྱུང་། །བཞི་པ་ཐུགས་རྗེ་འགྲོ་ལ་འབྱུང་ཚུལ་ནི། །སེམས་བསྐྱེད་སྨོན་ལམ་ཚོགས་གཉིས་བསགས་པ་དང་། །ལྷུན་གྲུབ་ངང་ལས་ཡེ་ཤེས་སྟོབས་ཀྱིས་འབྱུང་། །ལྔ་པ་ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ་ནི། །རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་དང་། །ཡུལ་དང་ཕྲད་པའི་ཐུགས་རྗེ་སྐྱེ་བ་དང་། །བསྐུལ་ཞིང་གསོལ་བ་གདབ་ལས་སྐྱེ་བའོ། །དྲུག་པ་དེ་ལས་འགྲོ་དོན་མཛད་ཚུལ་ནི། །རྟེན་ཅན་རྟེན་མེད་ངོ་བོ་ཉིད་གསུམ་སྟེ། །ཕྱོགས་ཆར་ཆད་རྣམས་འདི་བཞི་ངེས་བྱ་བ། །ཆོས་སྐུས་གོ་འབྱེད་རྟེན་མེད་དོན་མཛད་ཅིང་། །སྨོན་ལམ་སེམས་བསྐྱེད་ནུས་པས་སྒྲིབ་སྦྱངས་ཏེ། །འགྲོ་ལ་གཟུགས་སྐུ་སྣང་བར་མཛད་པའོ། །ལོངས་སྐུ་ཡེ་ཤེས་ཐུགས་རྗེ་རང་སྣང་བས། །རྟེན་ཅན་དོན་མཛད་ས་བཅུའི་སྒྲིབ་པ་སྦྱོང་། །ངོ་བོ་ཉིད་ཀྱིས་དོན་མཛད་དབྱིངས་ཀྱི་སྐུ། །ཡོད་མེད་སྒྲོ་སྐུར་ཞི་བའི་ངང་ཉིད་ལས། །གདུལ་བྱ་རྣམས་ལ་གང་འདོད་དེར་སྣང་བས། །སྣ་ཚོགས་སྤྲུལ་པས་དོན་ཀུན་མཛད་པ་ཡིན། །གྲུབ་པའི་མཐའ་ལས་རྟེན་ཅན་དོན་མཛད་པ། །མཐར་ཐུག་རྫོགས་པའི་སངས་རྒྱས་ས་དེ་ན། །སྐུ་དང་ཡེ་ཤེས་གྲུབ་པས་དོན་མཛད་འདོད། །རྟེན་མེད་དེ་ལྟར་གྲུབ་པས་འགག་མེད་དེ། །འོན་ཀྱང་དྲང་སྲོང་མཆོད་སྡོང་བསྒྲུབས་པ་བཞིན། །སྨོན་ལམ་དབང་གིས་དེ་ལྟར་སྣང་བར་འདོད། །ངོ་བོ་ཉིད་ཀྱིས་དོན་གཉིས་མཛད་པ་ཡང་། །དེ་དག་གཉིས་ལྟར་ཡོད་མེད་སྒྲོ་སྐུར་གྲོལ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་དེ་ལས། །ཇི་ལྟར་འཚམས་པར་བཞག་ནས་དོན་བྱེད་འདོད། །འདི་དག་གསུམ་ཡང་དོན་ལ་གཅིག་དགོས་པས། །སྔ་མ་ལྟ་བུར་ཁོང་དུ་ཆུད་
པར་བྱ། །དེ་ཡིས་ཕྱོགས་འཛིན་ཡོད་མེད་གཟེབ་ལས་གྲོལ། །དེ་ལྟར་བླ་མེད་བྱང་ཆུབ་བརྙེས་པ་ནི། །སོ་སོ་སྐྱེ་བོ་མོས་པ་ཕུན་ཚོགས་ལ། །ཐུན་མོང་ཁྱད་པར་མཆོག་གི་ལམ་གསུམ་ལ། །བརྟེན་ནས་འབད་པས་རིམ་གྱིས་གོང་བགྲོད་དེ། །ཡོན་ཏན་ཡིད་བཞིན་ལྷུན་གྱིས་གྲུབ་པས་ན། །ཐར་ལམ་བསྒྲུབ་ལ་རང་བཞིན་འབད་པ་གཅེས། །དེང་སང་དུས་ངན་བསམས་ཤིང་སྐྱོ་བ་འཕེལ། །ཚེ་ལ་ལོང་མེད་ཡེང་མའི་ལམ་ལ་འཛད། །ཤེས་བྱ་ཐུག་མེད་སྤྲོས་ལ་ཟད་པ་མེད། །དེ་བས་ཉིན་མཚན་སྙིང་པོའི་ཆོས་སྒྲུབས་ཤིག །ཚེ་འདིའི་བྱ་བ་ཤི་ཤིར་ཟིན་དུས་མེད། །གཅིག་གིས་གཅིག་ཁྲིད་ཆུ་ཡི་གཉེར་མ་འདྲ། །འཆི་དུས་བསྟོངས་སམ་ལེགས་པར་སེར་ཐོབ་ལ། །དེ་རིང་ཉིད་ནས་ཐར་པའི་བྱང་ཆུབ་སྒྲུབས། །གར་འགྲོ་ཅིར་འགྱུར་བདག་ལ་ཆ་ཡོད་པ། །སུས་བསྟོངས་འདིར་བདེ་མི་འཇིགས་གདེང་ཅི་ཡོད། །དེ་བས་ད་ལྟ་རང་དབང་ཡོད་དུས་སུ། །གཏན་ཡུལ་ཐར་པའི་གནས་སུ་སྙེགས་རེ་རན། །ལུས་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་དང་། །ཚེ་འདིའི་སྣང་བ་མ་ལུས་ཀུན་བོར་ནས། །གཅིག་པུ་སུས་ཀྱང་མི་བསྟོངས་འགྲོ་བ་སོམས། །དེ་དུས་སྐྱབས་དང་དཔུང་གཉེན་ཚོལ་རེ་རན། །ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནམ་ས་འདྲེ་ལྡོག་འཆི་བདག་འབྱུང་བའི་ཚེ། །བདག་གིས་ཅི་བྱ་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་དམ་པའི་ཆོས་སྒྲུབས་ཤིག །མཛངས་དང་གྲོས་འདུན་མཁས་དང་མི་མཁས་དང་། །འཆི་དུས་རག་སྟེ་དགེ་བའི་དཔུང་ཚོགས་བསྐྱེད། །སྙིང་པོའི་སེམས་ཉིད་གཉུག་མའི་དོན་ལ་སྒོམས། །མཐོ་རིས་བདེ་འགྲོའི་དགའ་བདེ་ལྷུན་གྱིས་གྲུབ། །ཐར་བའི་གནས་བཟང་རིན་ཆེན་ཕོ་བྲང་དུ། །རྒྱལ་བས་སྔུན་བསུ་རང་རིག་ཡེ་ཤེས་མཆོག །བྱང་ཆུབ་འབྱོར་པ་ཤིན་ཏུ་མཐའ་ཡས་ཤིང་། །རྟག་ཏུ་མི་འགྱུར་བདེ་ཆེན་དོན་ལ་སྤྱོད། །ཆོས་མེད་སྤྲང་པོ་བདག་གིས་དེ་
སྐད་བསྐུལ། །ཕན་པའི་སྙིང་གཏམ་ལགས་ཀྱིས་སེམས་ལ་ཞོག །དེ་ལྟར་ཆོས་ཚུལ་ཡོན་ཏན་རིན་ཆེན་མཛོད། །དྲུག་ཚན་རེས་ཀྱང་སྙིང་པོའི་དོན་འགྲུབ་པ། །ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ་འདི། །དད་ལྡན་ཐར་བ་བསྒྲུབ་རྣམས་དོན་དུ་སྤྲོས། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་བདེ་གཤེགས་སྙིང་པོའི་སར་གཞོལ་ནས། །སྤངས་དང་རྟོགས་པའི་ཡོན་ཏན་ཕུན་ཚོགས་ཏེ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །སྲིད་ན་མི་སྐྱོ་སེམས་ཅན་དོན་བསྒྲུབ་ཅིང་། །དམ་པ་རྣམས་ལས་ཆོས་ཀྱི་མཛོད་ཐོས་ཏེ། །ཚུལ་བཞིན་བསྒྲུབ་པས་རྒྱལ་བ་མཉེས་པར་ཤོག །བྱང་ཆུབ་ཐོབ་ཀྱང་སེམས་ཅན་མི་འདོར་ཞིང་། །འཁོར་བར་གནས་ཀྱང་ཉེས་པས་ཀྱང་མི་གོས། །མཐོང་ཐོས་དྲན་རེག་ཐར་པའི་ལམ་འདྲེན་པས། །རྒྱལ་བ་སྲས་བཅས་རབ་ཏུ་མཉེས་པར་ཤོག །སྐལ་ལྡན་རྣམས་ལ་ཟབ་མོའི་ཆོས་སྟོན་ཅིང་། །སྐལ་མེད་རྣམས་ལ་ཆོས་ཀྱི་ས་བོན་འདེབས། །སྒྲུབ་པ་ལྷུར་ལེན་ཉམས་ལེན་མཐར་ཕྱིན་པས། །དཔལ་མགོན་བླ་མ་དམ་པ་མཉེས་པར་ཤོག །མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་འབྱོར་ཞིང་། ཟབ་པ་དང་རྒྱ་ཆེ་བའི་དོན་ལ། ཐོས་པ་དང་། བསམ་པ་དང་། སྒོམ་པའི་ཤེས་རབ་ཀྱིས་ལེགས་པར་སྦྱངས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ།། །།དགེའོ། དགེའོ། དགེའོ།