← Search

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ། ཁ༽

ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།

ཐེག་མཆོག་རིན་པོ་ཆེའི་མཛོད་ལས་རིམ་ཁང་དང་པོ། བྱུང་ཚུལ་གཏན་ལ་དབབ་པ།

p. 1

ཐེག་མཆོག་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས།

p. 2

རྒྱ་གར་སྐད་དུ། ཡཱ་ན་ཨ་གྲ་རཏྣ་ཀོ་ཥ་ནཱ་མ། བོད་སྐད་དུ། ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཕུན་སུམ་ཚོགས་ལྔ་མངའ་དབང་རྫོགས་པའི་ཀུན་ཏུ་བཟང་། །རྒྱལ་ཚབ་རིགས་ལྔ་གང་ཆེན་མཚོ་དེ་དེད་དཔོན་དམ་པའི་སྟོན་པར་བཅས། །རིག་འཛིན་རྣམ་ལྔ་སྙན་བརྒྱུད་ཚོགས་གང་ལྷར་བཅས་འཇིག་རྟེན་གསུམ་གྱི་རྒྱན། །དཔལ་ལྡན་བཀྲ་ཤིས་བདེ་ལེགས་མཛད་དེ་ཀུན་ནས་དགའ་བའི་གཙུག་གིས་མཆོད། །གདོད་ནས་རྣམ་དག་སྤྲོས་ཀུན་ཞི་བའི་མཁའ་ལ་ཉེ་བར་མཛེས་པ་གང་། །རང་བཞིན་རྟག་བཞུགས་འོད་གསལ་རྟ་བདུན་སྐུ་གསུམ་ཡོན་ཏན་རྣམ་འགྲོས་ཅན། །སྲིད་ཞིར་མི་གནས་ཀུན་ལ་རྗེས་ཞུགས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །རྣམ་ཀུན་མཆོག་ལྡན་རྡོ་རྗེ་རྩེ་མོ་བདེ་གཤེགས་སྙིང་པོ་དེ་ལ་འདུད། །ཆོས་ཚུལ་ཉི་མ་དྲི་མེད་རྒྱ་ཆེ་དཔག་ཡས་ནམ་མཁའི་རྒྱན་གྱུར་ལས། །བླ་མེད་རབ་གསང་རྡོ་རྗེའི་ཐེག་པ་ཀུན་ལས་འཕགས་

p. 3

སོ་ནོར་བུའི་དཔལ། །དེ་དག་ནང་ནས་ཆེས་མཆོག་དམ་པ་རང་བཞིན་རྫོགས་པ་ཆེན་པོའི་རྩེ། །མངོན་སུམ་སྙིང་པོའི་དེ་ཉིད་མཚོན་དེས་དེ་རིང་བདག་བློའི་པད་མཚོར་སྐྱོངས། །བསྟན་པ་རྒྱ་མཚོ་ཆུ་སྲིན་འཛིན་ཁྲིའི་གནས། །ཀུན་ལས་མཆོག་གྱུར་རྡོ་རྗེ་སྙིང་པོའི་དབྱིངས། །ཟབ་ཅིང་རྒྱ་ཆེའི་གནས་རྣམས་གསལ་བྱེད་པ། །ཐེག་མཆོག་རིན་ཆེན་མཛོད་ཀྱི་རྣམ་བཤད་བྱ། །གང་གི་ཚེ་ཆོས་ཀྱི་སྐུའི་བདུད་རྩི་བརྙེས་ནས། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་མངོན་དུ་གྱུར་ཏེ། ཆོས་ཀྱི་ཚུལ་རྒྱ་མཚོ་གསུངས་པ་དག་ཀྱང་སྟོན་པ་དང་། གནས་དང་། བསྟན་པའི་དབང་གིས་རྣམ་པ་གསུམ་དུ་རིགས་བསྡུ་བས་རྣམ་པར་གཞག་པ་ནི། གནས་ཕུན་སུམ་ཚོགས་པ་ཆོས་ཉིད་འོད་གསལ་གྱི་གཞི། སུས་ཀྱང་མངོན་པར་འདུས་མ་བྱས་པའི་ཡོན་ཏན་བཀོད་པ་ལས་རང་སྣང་བ་ལྷུན་གྲུབ་རིན་པོ་ཆེའི་ཞིང་ཁམས་ན། སྟོན་པ་ཕུན་སུམ་ཚོགས་པ་མངའ་དབང་རྫོགས་པའི་རྒྱལ་བ་ཀུན་ཏུ་བཟང་པོ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་དང་ལྷན་ཅིག །སྐུ་དང་ཡེ་ཤེས་འདུ་འབྲལ་

p. 4

མེད་པའི་དགོངས་པ་ལ་བཞུགས་ཏེ། བསྟན་པ་རྒྱུ་འབྲས་བྱ་རྩོལ་ལས་འདས་པ་ཆོས་ཀྱི་སྐུའི་རང་བཞིན། ཆོས་ཉིད་བྱ་རྩོལ་ལས་འདས་པའི་དུས། ནང་གསལ་ཕྲ་བའི་ཡེ་ཤེས་སུ་གདོད་མའི་དབྱིངས་ན་བཞུགས་པའོ། །དེ་ཉིད་ཀྱི་ངང་ངམ་བྱིན་རླབས་ལས་རང་སྣང་སྟུག་པོ་བཀོད་པའི་ཞིང་ཁམས། ཕྱིར་གསལ་འོད་ལྔས་བརྒྱན་པ་ན་རིགས་ལྔ་སོ་སོའི་སྟོན་པ་རང་སྣང་དཀྱིལ་འཁོར་གྱི་རོལ་པར་ཤར་བ་ན། བསྟན་པ་ཆོས་ཉིད་འོད་གསལ་རྫོགས་པ་ཆེན་པོ་རང་སྣང་ལྷུན་གྱིས་གྲུབ་པའི་དུས་ན། རང་ཆས་ཡེ་ཤེས་ཆེན་པོར་བཞུགས་ཏེ། ལས་དག་པའི་གདུལ་བྱ་རྣམས་ཀྱི་ཡང་སྤྱོད་ཡུལ་ལས་འདས་པ་རང་སྣང་བའོ། །དེ་ཉིད་ཀྱི་རྩལ་ལམ་བྱིན་རླབས་ལས་མཚན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་པར་སྟོན་པ་དྲུག་པ་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་སྐུའི་རྣམ་པར་བཞེངས་ཏེ། འཁོར་ཕུན་སུམ་ཚོགས་པ་ས་ལ་གནས་པ་དང་། རིག་པ་འཛིན་པ་དང་། མཁའ་འགྲོ་མ་དང་། གྲུབ་པ་དང་། རང་སྣང་ཡོངས་སུ་བཀོད་པའི་ཚོགས་ལ་བསམ་གྱིས་མི་ཁྱབ་པའི་དུས་ན་ཆོས་ཕུན་སུམ་ཚོགས་པ་འབྲས་བུ་རྡོ་རྗེའི་ཐེག་པ་རྒྱུད་སྡེ་རྒྱ་མཚོ་ཇི་སྙེད་གསུངས་བར་མཛད་པ་དང་། གནས་ཕུན་སུམ་ཚོགས་པ་འགྲོ་དྲུག་རང་སྣང་ལ་སྣང་བ་སོ་སོ་ན། སྟོོན་པ་ཕུན་སུམ་ཚོགས་པ་སྤྲུལ་པའི་སྐུ་གང་ལ་གང་འདུལ་གྱི་རྣམ་པས་དེད་དཔོན་དམ་པའི་རྣམ་པར་ཤར་ཏེ། ལས་དང་སྨོན་ལམ་དག་པའི་དུས་ན་ཆོས་ཕུན་སུམ་ཚོགས་པ་མདོ་སྡེ་དང་། འདུལ་བ་དང་། མངོན་པའི་སྡེ་སྣོད་ཐེག་པ་སྣ་ཚོགས་སུ་སྟོན་པར་སྣང་བའོ། །དེ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་ནི་འབྲས་བུ་རྡོ་རྗེའི་ཐེག་པར་འཇུག་པའི་རྒྱུ་དང་ཐབས་སུ་བསྟན་ཞིང་། གསང་སྔགས་རྡོ་རྗེའི་ཐེག་པ་ཡོངས་སུ་རྫོགས་པའི་རྩེ་མོའམ་འབྲས་བུ་དམ་པ་ནི་རང་བཞིན་རྫོགས་པ་ཆེན་པོ་བླ་ན་མེད་པའི་ཐེག་པ་ཡིན་ལ། དེའི་གནས་ངེས་པ་ནི་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པ་ཆེན་པོ་རྡོ་རྗེའི་གནས་ངོ་མཚར་རྨད་དུ་བྱུང་

p. 5

བའི་བདག་ཉིད་དོ། །དེ་ལྟར་གསང་བ་རྒྱལ་པོའི་མཛོད་ལས། གདོད་མའི་མགོན་པོ་མངོན་པར་བྱང་ཆུབ་ནས་ཞིང་ཁམས་ཇི་ལྟར་བཀོད་པའི་ཚུལ་རྒྱ་མཚོ་དང་། ཞིང་འདིར་རྡོ་རྗེ་འཆང་གི་རྣམ་པར་འཕྲུལ་པས་ཞི་བ་བརྙེས་པའི་ཚུལ་དང་། སྤྲུལ་པའི་སྐུ་སྤྲོས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལས། དང་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་མ་ཕྱེ་མི་འབྱེད་འབྱེད་པ་མེད་པ་ཀུན་གྱི་སྔོན་རོལ་དུ། མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད། དབྱིངས་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་ཏེ། གཞི་ལས་འཕགས་པའི་སྐད་ཅིག་ལ་རང་སྣང་དུ་ངོ་ཤེས་པས་རང་བྱུང་གི་ཆོས་གསུམ་གྱིས་ལྷུན་གྲུབ་རིན་པོ་ཆེའི་སྦུབས། གདོད་མའི་ཟད་ས་ཀ་དག་ཆེན་པོ། གཞོན་ནུ་བུམ་པ་སྐུའི་ཞིང་ལ་བཙན་ས་ཟིན་ཏེ། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ནས་ཆོས་ཀྱི་སྐུའི་རང་བཞིན་དུ་སངས་རྒྱས་ཏེ་ནང་གསལ་དུ་བཞུགས་སོ། །དེའི་རྩལ་ལམ་བྱིན་རླབས་ལས་ཡེ་ཤེས་ལྔས་གདལ་བའི་ཞིང་ཁམས་རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པའི་དཀྱིལ་འཁོར་ནམ་མཁའི་མཐས་ཀླས་པ་རིགས་ལྔ་སོ་སོར་རང་སྣང་དུ་བཀོད་དེ་གདུལ་བྱའི་ཡུལ་ལས་འདས་པར་བཞུགས་སོ། །དེ་ནས་རིང་ཞིག་ན་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་བའི་རྩལ་ལས་འགྲོ་བ་རྨི་ལམ་དང་འདྲ་བ་འཁྲུལ་རྒྱུ་མེད་བཞིན་དུ་འཁྲུལ་པ་ལྟར་སྣང་བ་རྣམས་གཡོ་བར་གཟིགས་ནས། བརྩེ་བའི་ཐུགས་རྗེ་སྐྱེས་ཏེ་འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པ་ནི། རང་སྣང་ལོངས་སྤྱོད་རྫོགས་པ་སྐུའི་སྣང་ཆ་ལས་རིགས་ལྔའི་རྒྱལ་བ་གང་ཆེན་མཚོའི་སྐུ་ནམ་མཁའི་མཐས་ཀླས་པར་བཀོད་པ་རྣམས་ཀྱི། ཕྱག་རྒྱ་རིན་པོ་ཆེའི་འཁོར་ལོ་དང་། རྡོ་རྗེ་དང་། ནོར་བུ་དང་། པདྨ་དང་། རྒྱ་གྲམ་དུ་སྣང་བའི་ཁོང་གསེང་ལས་པདྨ་འཁྲུངས་པའི་སྟེང་གི་ཆ་ལ་ཞིང་ཁམས་ཉི་ཤུ་རྩ་ལྔ་དང་། བ་སྤུའི་ཁུང་རྣམས་ལས་སྤོས་ཆུའི་རྒྱུན་གང་ཆེན་མཚོ་འབབ་པའི་དབྱིངས་ན། ས་དང་། ཆུ་དང་།

p. 6

མེ་དང་། རླུང་གི་རྡུལ་ཕྲ་བ་སྙེད་ཇི་སྙེད་པའི་གོ་ཐམས་ཅད་ན། སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། འགྲོ་བའི་ལས་ཀྱི་ཞིང་ཁམས་ཐ་དད་པ། ཟླུམ་པོ་དང་། གྲུ་བཞི་པ་དང་། ནར་མོ་དང་། ཟླ་གམ་ལ་སོགས་པ་གཟུགས་དང་བཀོད་པ་ཚད་མེད་བསམ་གྱིས་མི་ཁྱབ་པ་སྣང་བར་མཛད་པ་ནི། ནམ་མཁས་གང་དུ་ཁྱབ་པ་དེ་ཙམ་དུ་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་དང་། དེ་དག་ལས་ཤར་བའི་ཞིང་ཁམས་ཀྱིས་ཁྱབ་པར་མཛད་ནས། རྟག་པ་རྒྱུན་གྱི་འཁོར་མོར་འགྲོ་བའི་དོན་མཛད་པ་ནི། ཐོག་མའི་ཀུན་ཏུ་བཟང་པོ་གཅིག་གི་གདུལ་ཞིང་དང་མཛད་པ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་ལྟར་རྒྱ་ཆེ་ཞིང་། ཐོག་མའི་དུས་འདི་ཙམ་ཞིག་ནས་བྱུང་ངོ་ཞེས་ལོ་དང་བསྐལ་པ་ཞིང་གི་རྡུལ་རྒྱ་མཚོས་དཔག་པར་མི་ནུས་ཤིང་། མཐར་གྱིས་མཛད་པ་འདི་ཙམ་ན་རྫོགས་སོ་ཞེས་ཕྱི་མའི་མཐའ་གཞལ་བར་མི་ནུས་པས། མི་གཡོ་ལྷུན་གྲུབ་ཆེན་པོའི་ཞིང་ཁམས་རྒྱ་མཚོའི་སྙིང་པོ་ཅན་ན། རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་འཁོར་འདས་ཀུན་གྱི་བླ་མར་ཐོག་མ་མེད་པའི་དུས་སུ་བྱོན་ནས། སྐུ་གསུམ་གྱི་སྣང་བ་ལ་ཞིང་ཁམས་མི་འདྲ་བ་གསུམ་དུ་བཀོད་པ་ནི། ཆོས་ཀྱི་སྐུའི་དུས་ན། འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ཞེས་བྱ། རང་སྣང་ལོངས་སྤྱོད་རྫོགས་པ་སྐུའི་དུས་ན་ཚངས་པ་རྔ་སྒྲའི་ཞིང་ཁམས་ཞེས་བྱ། སྤྲུལ་པ་སྐུའི་དུས་ན་ཚངས་ཆེན་གྱི་བསྐལ་པའམ་ཞིང་ཁམས་ཞེས་བྱའོ། །འདིའི་གོ་ན་ཀུན་ཏུ་བཟང་པོ་ཉིད་ཀྱིས་སྤྲུལ་པའི་སངས་རྒྱས་དང་། དེས་བྱིན་གྱིས་བརླབས་པས་སངས་རྒྱས་པའི་སྟོན་པ་དུས་གསུམ་དུ་གཤེགས་པ་རྣམས་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོད་དེ། གདུལ་ཞིང་ཤིན་ཏུ་རྒྱ་ཆེ་བ་ཉིད་དོ། །དེའང་ས་ཆུ་མེ་རླུང་ནམ་མཁས་གར་ཁྱབ་ཐམས་ཅད་ཚངས་ཆེན་གྱི་བསྐལ་པའི་ཁོངས་སུ་འདུ་ལ། དེ་ན་སེམས་ཅན་གྱི་འཁྲུལ་སྣང་ལ་རྡུལ་ཕྲན་རེའི་གོ་ནའང་ཞིང་ཁམས་གྲངས་མེད་ཚད་ལས་འདས་པ་སྣང་བ་ན། ལས་དག་པའི་སྣང་བ་ལ་སངས་རྒྱས་ཀྱི་མཛད་པ་

p. 7

ཆེན་པོ་སྣ་ཚོགས་སུ་སྣང་ཞིང་། སླར་མྱ་ངན་ལས་འདས་པ་དང་། བསྟན་པ་གནས་པ་དང་། ལམ་བསྒྲུབ་པ་ལ་སོགས་པ་མཐོ་རིས་དང་ཐར་པའི་བདེ་འབྲས་སྤྱོད་ལ་མ་དག་པ་རྣམས་ལ་བསྟན་པ་ནུབ་པ་དང་། ངན་སོང་དུ་སྣང་བ་དང་། བསྐལ་པ་འཇིག་པ་ལ་སོགས་པ་བདེ་སྡུག་གི་སྣང་བ་སྣ་ཚོགས་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའོ། །དེ་ལྟར་རྡུལ་ཕྲན་རེའི་གོ་ནའང་རི་དང་གླིང་ལ་སོགས་པའི་ཞིང་ཁམས་ཆེན་པོར་སྣང་བ་ནི། འགྲོ་བའི་འཁྲུལ་སྣང་སྟེ་དོན་ལ་མེད་པ་གསལ་སྣང་ཡིན་པས་འཐད་པ་ཡིན་ནོ། །ཇི་སྐད་དུ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། སྐྲ་རྩེའི་ཁྱོན་ལའང་སངས་རྒྱས་མང་པོ་ནི། །གངྒཱའི་ཀླུང་གི་བྱེ་མ་ཅི་ཡོད་སྙེད། །རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་འདྲ་བསྐལ་མི་མཉམ། །སྐྲ་ཡི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་བཞུགས། །འདྲེས་པ་མེད་ཅིང་གནོད་པར་གྱུར་པ་མེད། །དེ་དག་གནས་སུ་མཚོ་དང་རྒྱ་མཚོར་བཅས། །ཆུ་ཀླུང་དེ་བཞིན་མཚོ་དང་ལྟེང་ཀ་རྣམས། །འདྲེས་པ་མེད་ཅིང་གནོད་པར་འགྱུར་མེད་དེ། །དེ་ལྟར་རྒྱལ་བའི་ཆོས་ནི་བསམ་མི་ཁྱབ། །དེ་ཡི་གནས་སུ་རི་བོ་དུ་མ་སྟེ། །ཁོ་ར་ཁོར་ཡུག་ལྷུན་པོ་རབ་ལྷུན་དང་། །བཏང་ཟུང་དང་ནི་བཏང་ཟུང་ཆེན་པོ་དང་། འབིགས་བྱེད་བྱ་རྒོད་ཕུང་པོ་གངས་ཀྱི་རི། །གནས་དེར་སེམས་ཅན་དམྱལ་བ་མི་བཟད་པ། །ཚ་དང་རབ་ཏུ་ཚ་བ་ཉམས་མི་དགའ། །དེ་ན་སེམས་ཅན་དམྱལ་བའི་ཚོར་བ་ནི། །སྡུག་བསྔལ་དེ་དག་རྗེས་སུ་མྱོང་བར་བྱེད། །དེ་ཡི་གནས་ན་ལྷ་ཡི་གཞལ་མེད་ཁང་། །དེ་དག་དཔག་ཚད་བཅུ་གཉིས་ཉམས་དགའ་བ། །ལྷ་རྣམས་སྟོང་ཕྲག་མང་པོ་དག་གིས་ཀྱང་། །ལྷ་ཡི་དགའ་བས་ཤིན་ཏུ་བདེ་བ་མྱོང་། །དེ་ཡི་གནས་སུ་སངས་རྒྱས་རྣམས་བཀྱེ་ཞིང་། །འཇིག་རྟེན་རིག་པའི་བསྟན་པ་འབར་བར་སྣང་། །དེ་ཡི་གནས་ཉིད་ན་ཡང་

p. 8

ཆོས་ནུབ་ཅིང་། །འདྲེན་པ་མྱ་ངན་འདས་པའི་སྒྲ་ཡང་ཐོས། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན། །འདོད་པའི་ཡོན་ཏན་དག་ལ་དགའ་མྱོས་ནས། །ཕྱིར་སད་ནས་ཀྱང་དེ་ཡི་འདོད་མ་མཐོང་། །དེ་ནི་རྨི་ལམ་ཡིན་པ་དེ་ཡིས་ཤེས། །དེ་བཞིན་མཐོང་ཐོས་རིག་དང་བྱེ་བྲག་ཕྱེད། །འདི་དག་ཐམས་ཅད་མི་བདེན་རྨི་ལམ་བཞིན། །ཞེས་སོ། །དེ་ལྟར་རྡུལ་གཅིག་གི་གོ་སའི་འཇིག་རྟེན་དེ་ན་སྣང་བའི་རྡུལ་ཕྲ་བ་ལའང་སེམས་ཅན་གྱི་ཞིང་དང་བཀོད་པ་ཚད་མེད་དེ། སངས་རྒྱས་ཀྱི་ཡུལ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་ནི་ཆེས་ཉུང་གིས། ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་སེམས་ཅན་མཐོང་བ་ནི་དེ་བས་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི་ཉན་ཐོས་རྣམ་པར་ཐར་པ་བརྒྱད་ལས། བསམ་གཏན་པའི་གང་ཟག་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་བརྒྱད་ལས་བསམ་གཏན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི། དེ་བཞིན་གཤེགས་པའི་སྤྱན་གྱིས་ཤིང་རྟའིི་འཕང་ལོ་ཙམ་གྱིས༵་སའི་ཁྱོན་ལ་གཟིགས་པ་ཆེས་མང་ངོ་ཞེས་གསུངས་སོ། །དེ་ལྟར་ན་ནམ་མཁས་གར་ཁྱབ་ཀྱི་གནས་ན་སེམས་ཅན་གྱིས་ཁྱབ་ལ། དེ་དག་ལ་སངས་རྒྱས་ཀྱི་སྤྲུལ་པས་ཁྱབ་ནས་དོན་མཛད་པ་ཐམས་ཅད་ཀྱང་། ལ་ལ་ནི་སྟོན་པ་ཀུན་ཏུ་བཟང་པོའི་སྤྲུལ་པས་དངོས་སུ་དོན་མཛད་ལ། ལ་ལར་རྒྱུད་གཞན་གྱིས་བསྡུས་པའི་སངས་རྒྱས་ཀྱིས་དོན་མཛད་པ་དེ་དག་ཀྱང་། དང་པོ་ཀུན་ཏུ་བཟང་པོས་ལམ་བསྟན་ནས་སེམས་བསྐྱེད་དུ་བཅུག་པ་ལས་བྱུང་བས། ཀུན་ཏུ་བཟང་པོས་བརྒྱུད་ནས་དོན་མཛད་པ་ཞེས་བྱའོ། །འདི་དག་བསྟན་བཅོས་འགའ་ཞིག་ཏུ། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །

p. 9

ཞེས་འབྱུང་བའི་གོ་རིམ་གྱི་དགོངས་པ་ཡིན་ནོ། །གཉིས་པ་ཞིང་འདིར་རྡོ་རྗེ་འཆང་གིས་ཞི་བ་བརྙེས་པའི་ཚུལ་ལ། ཁ་ཅིག་ཐོག་མའི་མགོན་པོ་ལས། རྒྱུད་ཐ་དད་པའི་སེམས་ཅན་གྱིས་སེམས་བསྐྱེད་པ་ཡིན་ནོ་ཞེས་འདོད་པ་ནི་མི་རིགས་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། དང་པོའི་རྒྱལ་བ་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །ཞེས་པ་དང་། འདི་ནི་སྟོན་པ་རྡོ་རྗེ་འཆང་། །སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་ཞིང་འདིའི་འགྲོ་བའི་དོན་དུ་ཐོག་མའི་དུས་སུ་ཀུན་ཏུ་བཟང་པོ་ཉིད་ཀྱི་རྣམ་འཕྲུལ་གྱིས་སོ་སོ་སྐྱེ་བོས་སེམས་བསྐྱེད་པ་ལྟར་བསྟན་ནས་སངས་རྒྱས་པའི་ཚུལ་དང་མཛད་པ་རྒྱ་ཆེན་པོའི་རོལ་པ་བཀྱེ་བ་ཡིན་ནོ། །འདི་ལྟ་བུའི་ཚུལ་ནི་ཐུན་མོང་གི་མདོ་སྡེ་དག་ལས་ཀྱང་གྲགས་ཏེ། ཡབ་སྲས་མཇལ་བ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་པ་དང་། ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་དུས་ཀུན་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་ཐོག་མའི་མགོན་པོས་ཞིང་འདི་གདུལ་བར་དགོངས་ནས་རྣམ་པར་འཕྲུལ་པས་སེམས་བསྐྱེད་པའི་ཚུལ་བསྟན་པ་དེ་ཡང་། བསྐལ་པ་བཟང་པོ་འདི་ལ་ལྟོས་ནས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཞིང་ཁམས་རང་བཞིན་རྣམ་པར་བཀོད་པ་ཞེས་བྱ་བར། སངས་རྒྱས་མེ་ཏོག་མཛེས་པ་ཆེན་པོ་ལ་གསེར་གྱི་རྡོ་རྗེ་ཅིག་ཕུལ་ནས་ཐུགས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དེ་ནས་སྐྱེ་བ་གཉིས་ན་བྱང་ཕྱོགས་རླུང་གི་གཡོ་བ་

p. 10

བཀོད་པ་ཞེས་བྱ་བར་ཁྱིམ་བདག་ལེགས་སྦྱིན་གྱི་སྲས་ནོར་བུའི་ཕྲེང་བ་ཞེས་བྱ་བར་གྱུར་ནས། སངས་རྒྱས་འཁོར་ལོ་ལེགས་པར་སྤྱོད་པའི་ཉེ་དྲུང་དུ་འཁོད་དེ་ཆོས་ཉན་ཏོ། །དེ་ནས་ཤི་འཕོས་ནས་བདེ་བས་མྱོས་པའི་གླིང་དུ་གློག་གི་འོད་ཅེས་བྱ་བའི་སྲས་སུ་འཁྲུངས་ཏེ་བྲམ་ཟེའི་ཁྱེའུ་ལེགས་བྱིན་ཞེས་བྱའོ། །དེའི་ཚེ་སངས་རྒྱས་དགེ་བའི་བློ་གྲོས་ལ་ལོ་ལྔའི་བར་དུ་ཆོས་ཉན་ཅིང་ལོ་བདུན་དུ་ཏིང་ངེ་འཛིན་རྩེ་གཅིག་ལ་མཉམ་པར་བཞག་ནས། ལོ་བདུན་ཅུ་རྩ་ལྔ་ན་ནོར་བུ་རིན་པོ་ཆེའི་ཕུང་པོ་རྣམ་པར་བཀོད་པ་ཞེས་བྱ་བའི་རིའི་རྩེ་མོ་ལ་མངོན་པར་རྫོགས་པར་སངས་རྒྱ་བའི་ཚུལ་བསྟན་ནས། ཆོས་ཀྱི་སྐུའི་དགོངས་པ་ལ་བསྐལ་པ་ཆེན་པོ་གཅིག་ཏུ་བཞུགས་པ་ལས། རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རྒྱན་དང་ཁ་དོག་གི་འཁོར་ལོར་རང་བྱོན་ནོ། །འོད་ཟེར་གྱི་འཕྲོ་འདུ་ལས་མཛད་པ་སུམ་ཅུ་རྩ་དྲུག་གི་རྒྱུད་རང་བྱུང་ཞིང་། གནས་པ་འོད་ཀྱི་ཐིག་ལེ་ལས་གནས་ཕུན་སུམ་ཚོགས་པ་དྲུག་ཅུར་གནས་ཤིང་། སངས་རྒྱས་ཀྱི་སྐུ་འབུམ་ཕྲག་ཁྲག་ཁྲིག་དཔག་ཏུ་མེད་ཅིང་བརྗོད་ཀྱིས་མི་ལང་བ་རྣམས་རང་སྣང་ཞིང་། རིགས་ལྔའི་སངས་རྒྱས་སུ་སྣང་བ་དག་གི་ལྗགས་ཀྱི་དབང་པོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་ཐམས་ཅད་ཀྱང་རང་བྱུང་གི་ཡི་གེ་དྲུག་གི་སྒྲར་གྲགས༵་པས་མཛད་པ་མེད་པའི་ཐུགས་རྗེ་ཕྱོགས་བཅུར་འཕྲོས་སོ། །དེ་ཉིད་ཀྱི་ངང་ལས་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་གཙོ་འཁོར་དང་བཅས་པ་གྲངས་མེད་པ་ཆོས་ཉིད་ཀུན་ཏུ་བཟང་པོའི་ལོངས་སྤྱོད་དུ་འདུས་པ་དང་། རྫོགས་པ་ཆེན་པོའི་སྐུར་འོད་འབར་རོ། །དེ་བཞིན་དུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་ལ་སོགས་པ་སོ་སོའི་དཀྱིལ་འཁོར་དང་བཅས་པ་གྲངས་མེད་བརྗོད་དུ་མེད་པ་དང་བཅས་པ། ཉིད་ཀྱི་ལོངས་སྤྱོད་དུ་འདུས་ཤིང་རྫོགས་པ་ཆེན་པོའི་སྐུར་འོད་འབར་རོ། །དེའི་ཚེ་འོད་ཁྱིམ་རྣམ་པར་དག་པ་ཤིན་ཏུ་བཀོད་ལེགས་པའི་གནས་ཁང་བུ་བརྩེགས་པ་ན། སྟོན་པ་རྣམ་པར་

p. 11

དག་པ་རང་ཤེས་རིག་པའིི་རྒྱལ་པོ་རྣམ་པར་སྣང་མཛད་གང་ཆེན་མཚོ་ཞེས་བྱ་བ། དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཏུ་བྱུང་སྟེ། སྐུ་གསུང་ཐུགས་བྱས་པ་མེད་པའི་བསྟན་པ་རིན་པོ་ཆེའི་ངང་ལས་མི་གཡོ། མི་འབྱུང་། མི་གནས། མི་ལེན། མི་འདོར། མི་བསྐྱོད་པ་ཉིད་དུ་རང་བྱུང་ངོ་། །དེའི་ཚེ་གདུལ་བྱ་མ་ཡིན་འདུལ་བྱེད་རིན་པོ་ཆེ་མཛེས་པའི་འཁོར་ཚོམ་བུ་འབུམ་ཕྲག་གྲངས་མེད་པ་ཡང་། ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་ཉིད་ལས་འཕྲོ་ཞིང་འདུས་སོ། །དེ་ལྟར་སྣང་བ་ཀུན་ཀྱང་སྟེང་དང་། འོག་དང་། ཕྱོགས་བཅུའི་འཇིག་རྟེན་མ་ཡིན་ཞིང་། ཐམས་ཅད་ཀྱང་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་རང་སྣང་རྣམ་པར་དག་པ་རང་ཤར་བའི་སངས་རྒྱས་ཀྱི་ཞིང་ཁམས་དག་པར་གསལ་བར་གྱུར་ཏོ། །དེ་ཉིད་ཀྱི་སྣང་ཆ་ལས་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་སྐུར་བྱུང་བ་ནི། སེམས་བསྐྱེད་པའི་རྟེན་དུ་རྡོ་རྗེ་ཕུལ་བ་ལས་བྱུང་བའོ། །དེ་ཡང་བསོད་ནམས་རྣམ་པར་དག་པས་སྐུ་སྣང་ལ་རང་བཞིན་མེད་པ། བསགས་པ་རྣམ་པར་དག་པས། ཐུགས་ཀྱི་ཤེས་རབ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ལ་སྤྱོད་པའོ། །དེ་ལྟར་ཆོས་ཀྱི་སྐུའི་དུས་ན་གནས་ཆོས་ཀྱི་དབྱིངས་དམིགས་བསམ་རྣམ་པར་དག་པ་ན། སྟོན་པ་ཀུན་ཏུ་བཟང་པོ་རང་བཞིན་གྱི་མཛད་པ་མ་ལུས་པ་རྫོགས་པར་མཛད་ཅིང་བཞུགས་པ་ཡང་། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་དཔག་ཏུ་མེད་པ་རྣམས་དང་ལྷན་ཅིག་བསྟན་པ་དངོས་རང་བཞིན་རྫོགས་པ་ཆེན་པོ་ཆོས་ཉིད་ཀྱི་རྡོ་རྗེ་སུས་ཀྱང་འདུས་མ་བྱས་པ་ཉིད། དུས་ཆོས་ཉིད་ལ་མཐོང་བ་རྣམ་པར་དག་པའི་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ལྔར་བཞུགས་སོ། །འདིའི་དུས་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛད་པ་སུམ་ཅུ་རྩ་དྲུག་ལས། སྐུའི་ཕྱིའི་མཛད་པ་བཞི་ནི། མི་འགྱུར་བ་དང་། མི་འོང་བ་དང་། མི་འགྲོ་བ་དང་། མི་གནས་

p. 12

པ་ཉིད་དོ། །ནང་གི་བཞི་ནི། མི་སྣང་བ་དང་། མི་མཛད་པ་དང་། མི་འཕྲོ་བ་དང་། མི་འདུ་བའོ། །གསང་བའི་བཞི་ནི། ལྷང་ངེ་བ་དང་། ལྷན་ནེ་བ་དང་། ལྷག་གེ་བ་དང་། ཐལ་ལེ་བའོ། །གསུང་གི་ཕྱིའི་མཛད་པ་བཞི་ནི། བརྗོད་དུ་མེད་པ་དང་། བསྟན་དུ་མེད་པ་དང་། བལྟར་མེད་པ་དང་། ཅུང་ཟད་མེད་པའོ། །ནང་གི་བཞི་ནི། རང་བཞིན་དུ་དང་། གྱི་ན་འདའ་དང་། ཡུལ་ཅན་མ་ཡིན་པ་དང་། དུ་མ་མེད་པའོ། །གསང་བའི་བཞི་ནི། སོ་མ་དང་། གཉུག་མ་དང་། རྣལ་མ་དང་། མ་བཅོས་པའོ། །ཐུགས་ཀྱི་ཕྱིའི་མཛད་པ་བཞི་ནི། དྲི་མ་མེད་པའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ཡིད་བཞིན་གྱི་ནོར་བུའི་ཏོག་གི་ཏིང་ངེ་འཛིན་ནོ། །ནང་གི་བཞི་ནི། རྒྱལ་མཚན་གྱི་རྩེ་མོ་རྣམ་པར་རོལ་བ་དང་། གློག་གི་ཕྲེང་བ་དང་། འཁོར་ལོ་ཆེན་པོ་དང་། འོད་འབར་བའི་ཏིང་ངེ་འཛིན་ནོ། །གསང་བའི་བཞི་ནི། ཕྱག་རྒྱ་ཟིལ་གྱིས་གནོན་པ་དང་། འབར་ཆེན་མཉམ་པ་དང་། ཆོས་ཉིད་སྣ་ཚོགས་པ་དང་། རྣམ་པར་བཀོད་པ་རང་སྣང་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །དེ་དག་ཀྱང་དོན་བྱ་བྱེད་ཀྱི་མཛད་པ་ནི་མ་ཡིན་གྱི། ཡོན་ཏན་གྱི་ངོ་བོ་དང་རྩལ་དུ་ཤར་བའི་ཆར་གྱུར་པས་མཛད་པ་ཞེས་བྱའོ། །དེ་ནས་ལོངས་སྤྱོད་རྫོགས་པའི་སྐུར་རང་བྱོན་ཏེ། སྔར་གྱི་སྣང་བ་དང་ཐུགས་རྗེའི་འཆར་ཚུལ་མ་འགགས་པའི་རྩལ་གྱི་རོལ་པ་ལས། གནས་རྣམ་དག་སྟུག་པོ་བཀོད་པར། སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོའི་མཉམ་གཞག་གི་ཕྱག་མཐིལ་ནས་པདྨའི་སྡོང་པོ་འཁྲུངས་པའི་འདབ་མ་དང་ཕྲུམ་ཕྲུམ་རྣམས་ཀྱི་སྟེང་ན་ཞིང་ཁམས་ཉི་ཤུ་རྩ་ལྔ་རེ་བརྩེགས་མར་གནས་པའི་སྣང་བ་རྣམས་ཁ་དོག་དང་རྣམ་པ་ཐ་དད་ཆུ་ཟླ་འདྲ་བ་ལ། བརྩེགས་མ་ཐམས་ཅད་ཀྱང་ཡས་མན་དུ་རྒྱ་ཐེབ་བརྩེགས་པ་ལྟ་བུ་ལ། ཕན་ཚུན་ཟ་འོག་གི་གུར་ཁྱིམ་བཀྲམ་པ་ལྟ་བུ་རྣམས་

p. 13

ན། རིགས་ལྔའི་སངས་རྒྱས་ཀྱི་སྐུ་ཡང་སྣ་ཚོགས་རྣམ་གྲངས་དཔག་ཏུ་མེད་དོ། །ཞབས་སྐྱིལ་ཀྲུང་མན་ཆད་ལ་སྤོས་ཆུའི་རྒྱུན་དཔག་ཏུ་མེད་པ་ན། ཞིང་ཁམས་བཅུ་དྲུག་བཅུ་དྲུག་གནས་པའང་བརྩེགས་མ་སྟེ། ཡས་མན་དུ་རིན་པོ་ཆེའི་གདུགས་བརྩེགས་པ་ལྟ་བུ་ལ། ཕན་ཚུན་འབྲུའི་ཕུང་པོ་བཀྲམ་པ་ལྟ་བུ་ནའང་རིགས་ལྔའི་སངས་རྒྱས་ལ་སོགས་པ་དཔག་ཏུ་མེད་དོ། །གཞན་ཡང་འོད་ཟེར་བ་སྤུའི་ཁུང་བུ་ཐམས་ཅད་ནས་འཕྲོས་པའི་ཀློང་ནའང་ཞིང་དང་སྟོན་པའི་རྣམ་གྲངས་མཐའ་ཡས་ཤིང་ཚད་མེད་པ་དཔག་ཏུ་མེད་དོ། །དེ་ལྟར་ལོངས་སྐུའི་ཞིང་ན། བསྟན་པ་དངོས་གསུང་རང་བྱུང་གི་ཡི་གེ་སུས་ཀྱང་བྱས་པ་མེད་པ་བསྟན་པ་ཐམས་ཅད་ཀྱི་བུ་དང་ལྷན་ཅིག་སྣང་བ་དེ་དག་བཞུགས་པ་ཡང་། ཆོས་ཉིད་ལ་འགྱུར་བ་མེད་པའི་དུས་ཏེ། ལོངས་སྤྱོད་རྫོགས་པ་སྐུའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛད་པ་སུམ་ཅུ་རྩ་དྲུག་ཏུ་རང་ཤར་བ་ལས། སྐུའི་ཕྱིའི་མཛད་པ་བཞི་ནི། སྐུ་སྣང་ལ་རང་བཞིན་མེད་པས་གདོས་བཅས་དག་པར་མཛད། ཡེ་ཤེས་ཀྱི་ཞལ་ཕྱག་རྫོགས་པས་སྐུ་རང་གི་ངོ་བོར་རྫོགས་པར་མཛད། འོད་ཀྱི་ཞལ་ཕྱག་གསལ་བས་རང་སྣང་གྲོལ་བར་མཛད། ཤེས་རབ་ཀྱི་ཞལ་ཕྱག་གསལ་བས་མཁྱེན་པ་རྫོགས་པར་མཛད་དོ། །ནང་གི་བཞི་ནི། མཚན་སུམ་ཅུ་རྩ་གཉིས་འོད་ཀྱི་རྣམ་པར་སྣང་བས་སྐུའི་ཡོན་ཏན་རྫོགས་པར་མཛད། དཔེ་བྱད་བརྒྱད་ཅུ་མངའ་བས་ཆོས་ཉིད་རྫོགས་པར་མཛད། འོད་ཟེར་གྱི་ཚོགས་འཕྲོ་བས་ཁྱད་པར་གྱི་ཡོན་ཏན་རྫོགས་པར་མཛད། ཞལ་ཀུན་ཏུ་ཐལ་ལེར་བཞུགས་པས་ལོངས་སྤྱོད་རྫོགས་པའི་མཚན་ཉིད་རྫོགས་པར་མཛད་དོ། །གསང་བའི་བཞི་ནི། མདུན་དང་རྒྱབ་མེད་པར་བཞུགས་པས་སྣང་ཆ་རྫོགས་པར་མཛད། ནང་ནས་བལྟས་ན་ཕྱི་གསལ་བས་སྟོང་ཆའི་ཡོན་ཏན་རྫོགས་པར་མཛད། ཕྱི་ནས་བལྟས་ན་ནང་གསལ་བས་གཉིས་སུ་མེད་

p. 14

པའི་ཡོན་ཏན་རྫོགས་པར་མཛད། རྩེ་མོ་ཕྱོགས་ཀུན་ཏུ་ཟང་ཐལ་བར་བཞུགས་པས་མི་གནས་འགག་པ་མེད་པའི་ཡོན་ཏན་རྫོགས་པར་མཛད་དོ། །གསུང་གི་ཕྱིའི་མཛད་པ་བཞི་ནི། རང་བྱུང་གི་ཡི་གེ་དྲུག་ལྗགས་ལས་འཕྲོས་པས་དཔག་ཏུ་མེད་པའི་ཆོས་ཉིད་ཀྱི་མཛད་པ་རྫོགས་པར་མཛད། དེ་ཡབ་ཀྱི་ཞལ་དུ་ཞུགས་པས་མཚན་མ་མེད་པའི་ཆོས་ལ་ལོངས་སྤྱོད་པར་མཛད། ཡུམ་གྱི་མཁའ་ལས་འཐོན་པས་གཉིས་སུ་མེད་པའི་ཆོས་ཉིད་ལ་སྤྱོད་པར་མཛད། དེ་ཉིད་འཕྲོ་ཞིང་འདུ་བས་རང་བཞིན་མེད་པའི་མཛད་པ་རྫོགས་པར་མཛད་དོ། །ནང་གི་བཞི་ནི། རང་གི་ངོ་བོས་བཤད་པས་བརྗོད་དུ་མེད་པའི་སྒྲ་ལ་དབང་སྒྱུར་བར་མཛད། ཚིག་མ་ཡིན་པས་སྨྲ་བསམ་ལས་འདས་པའི་ཆོས་ཉིད་ལ་ལོངས་སྤྱོད་པར་མཛད། དོན་གོ་བར་སྣང་བས་འདུ་མི་བྱེད་པའི་ཆོས་ཉིད་ལ་ལོངས་སྤྱོད་པར་མཛད། འོད་ཟེར་དུ་མ་ཞལ་ལས་འཕྲོ་བས་གདུལ་བྱ་དང་འདུལ་བྱེད་ཀྱི་ཆོས་ལ་ལོངས་སྤྱོད་པར་མཛད་དོ། །གསང་བའི་བཞི་ནི། སྐུའི་སྦྱོར་བ་དག་པས་རང་བྱུང་གི་ཆོས་ལ་སྤྱོད་པར་མཛད། གསུང་གི་སྦྱོར་བ་དག་པས་ཟག་པ་མེད་པའི་ཆོས་ལ་སྤྱོད་པར་མཛད། ཐུགས་ཀྱི་སྦྱོར་བ་དག་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ལོངས་སྤྱོད་པར་མཛད། ཞལ་གྱི་སྦྱོར་བ་དག་པས་ཐམས་ཅད་མཁྱེན་པའི་ཆོས་ལ་ལོངས་སྤྱོད་པར་མཛད་དོ། །ཐུགས་ཀྱི་ཕྱིའི་མཛད་པ་བཞི་ནི། མངོན་པར་འདུ་མི་བྱེད་པའི་ཏིང་ངེ་འཛིན་གྱིས་བྱ་བ་དང་རྟོག་པའི་མཛད་པ་མཁྱེན་པར་མཛད། ཡེ་ཤེས་ཀྱི་མཐོང་བ་དག་པའི་ཏིང་ངེ་འཛིན་གྱིས་མཉམ་གཞག་གི་མཁྱེན་པ་རྫོགས་པར་མཛད། ཆོས་ཉིད་རྣམ་པར་དག་པའི་ཏིང་ངེ་འཛིན་གྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་མཁྱེན་པར་མཛད། ཟག་པ་ཟད་པའི་ཏིང་ངེ་འཛིན་གྱིས་རྣམ་པར་དག་པའི་རོལ་པ་རྫོགས་པར་མཛད་དོ། །ནང་གི་བཞི་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་དཔེ་ལ་ལོངས་སྤྱོད་པར་མཛད། མཉམ་པ་ཉིད་ཀྱིས་དོན་ལ་ལོངས་

p. 15

སྤྱོད་པར་མཛད། སོ་སོར་རྟོག་པས་དབང་པོ་ལ་ལོངས་སྤྱོད་པར་མཛད། བྱ་བ་གྲུབ་པས་ཆོས་དང་བྲལ་བ་ལ་ལོངས་སྤྱོད་པར་མཛད་དོ། །གསང་བའི་བཞི་ནི། གསལ་སྟོང་དབྱེར་མེད་དུ་བཞུགས་པས་འཁོར་འདས་གཉིས་མེད་དུ་གསལ་བར་མཛད། སྣང་སྟོང་དབྱེར་མེད་དུ་བཞུགས་པས་ཡུལ་ཤེས་གཉིས་མེད་དུ་མཛད། རིག་སྟོང་དབྱེར་མེད་དུ་བཞུགས་པས་གཟུང་འཛིན་གཉིས་མེད་དུ་མཛད། ཡུལ་སེམས་དབྱེར་མེད་དུ་བཞུགས་པས་གཟུང་འཛིན་གྱི་རྟོག་མཐའ་ཆོད་པར་མཛད་དོ། །གསུམ་པ་སྤྲུལ་པའི་སྐུ་སྤྲོས་པས་འཁོར་ལོ་བསྐོར་བའི་ཚུལ་ནི། དེ་ནས་ལོངས་སྐུའི་སྣང་ཆ་ལས་སྤྲུལ་པའི་སྐུར་བྱོན་པ་ནི་གནས་རིས་བཅུ་གཉིས་སུ་སྟོན་པ་བཅུ་གཉིས་མངོན་པར་སྤྲུལ་ནས་བྱོན་པ་རྣམས་ཏེ། ཕུན་སུམ་ཚོགས་པ་ལྔ་ལྔའི་རང་བཞིན་དང་བཅས་པའོ། །འདི་དག་གི་དུས་ན་སྤྲུལ་པ་ཆེན་པོ་གསུམ་སྣང་བས་ཀྱང་འགྲོ་བ་ལ་ཕན་པ་མཛད་པ་ནི། སྤྲུལ་སྐུས་གདུལ་བའི་གནས་འཛམ་བུའི་གླིང་འདིར། ཆོས་སྐུའི་བསྟན་པ་དངོས་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་རྡོ་རྗེ་ཚེ་ལོ་དཔག་མེད་ནས་ད་ལྟའི་བར་གྱི་མི་རྣམས་ཀྱི་ཕྱག་གང་བ་དང་། ལོངས་སྐུའི་བསྟན་པ་དངོས་རང་བྱུང་བསྟན་པ་བུ་གཅིག་གི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་ཡི་གེ་གླེགས་བམ་སོར་བཞི་པ་ཆོས་ཀྱི་རང་སྒྲ་གྲག་པ་དང་། སྤྲུལ་སྐུ་བཅུ་གཉིས་པོའི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་སུས་ཀྱང་མ་བྱས་པར་འཁྲུངས་པའི་སྐུ་གཟུགས་འགྲོ་བའི་ལུས་བོངས་དང་མཉམ་པ་སྟེ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དེ་གསུམ་ནི་སུས་ཀྱང་མ་བྱས་པས་མི་འཇིག་པ། བྱིན་རླབས་ལས་རང་ཤར་བས་རྫུ་འཕྲུལ་དང་ཡོན་ཏན་དཔག་ཏུ་མེད་ལ། གང་དང་ཕྲད་པ་འབྱུང་བ་རང་དེངས་སུ་གྲོལ་བར་བྱེད་པའི་འཕྲིན་ལས་

p. 16

མངའ་བའོ། །དེ་ཡང་ཐུགས་ཀྱི་རྟེན་རྡོ་རྗེ་དེ་ནི་འགྲོ་བ་གང་དག་ནད་ཞི་བར་འདོད་པ་རྣམས་ཀྱི་ནད་མེད་པ་ནས། འདོད་པ་བསྐང་ཞིང་ཐར་པ་ལ་སྦྱོར་བའོ། །གསུང་གི་རྟེན་རང་བྱུང་གི་ཡི་གེ་དེ་དང་ཕྲད་པ་དེ་ནི། ཕྲད་པ་དང་སྒྲ་ཐོས་པ་ཙམ་གྱིས་གྲོལ་བའོ། །འདིའི་གླེགས་བམ་བྲིས་ནས་འཆང་བའང་འབད་པ་མེད་པར་གྲོལ་བའི་འཕྲིན་ལས་ཡོད་དོ། །སྐུ་དེ་ནི་གང་དང་ཕྲད་པའི་ལུས་འོད་གསལ་དུ་གྲོལ་བའི་འཕྲིན་ལས་བྱེད་པའོ། །འདི་དག་གང་ན་ཡོད་ཅེ་ན། སྐུ་གསུང་ཐུགས་ཀྱི་བསྟན་པའི་དུས་ཀྱིས་གནས་ཐ་དད་པ་ན་གནས་སོ། །དེའང་ཚེ་ལོ་དཔག་མེད་ནས་སྟོང་ཐུབ་པའི་དུས་ཕན་ཆད་ལ་སྐུས་འདུལ་བའི་བསྟན་པ་སྟེ། ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གསུམ་ཡོད་དོ། །དེ་ནས་ཚེ་ལོ་བདུན་ཅུ་པའི་བར་དུ་གསུང་གིས་འདུལ་བའི་བསྟན་པ་སྟེ། ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གཅིག་གོ། དེ་ནས་ཚེ་ལོ་བཅུ་པའི་བར་དུ་ཐུགས་ཀྱིས་འདུལ་བའི་བསྟན་པ་སྟེ། ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གཅིག་གོ། ཚེ་ལོ་དེ་དག་གི་བར་དུ་ལོ་དེ་ཙམ་ཡོད་ཀྱི་དུས་མ་ཡིན་གྱི། བསྟན་པ་དེ་དག་གིས་འདུལ་བའི་ལོ་གྲངས་བཤད་པ་ཡིན་ནོ། །དེའང་སྐུའི་བསྟན་པའི་དུས་ན་རྡོ་རྗེ་དེ་ནི་ཨུ་རྒྱན་གྱི་ཡུལ་རྒྱ་མཚོ་ལན་ཚྭའི་རོ་དང་ལྡན་པའི་གླིང་ན་ཡོད་དེ། སྐབས་སུ་འོད་དང་སྒྲ་དང་དགེ་སློང་རྫུ་འཕྲུལ་དང་ལྡན་པའི་སྤྲུལ་པ་གྲངས་མེད་པ་འབྱུང་བར་བྱེད་དོ། །ཡི་གེ་ནི་རྡོ་རྗེ་གདན་གྱི་དཔག་ཚད་ལྔ་བརྒྱའི་སྟེང་གི་ནམ་མཁའ་ལ་མཁའ་འགྲོ་མ་རྣམས་ཀྱིས་བཟུང་ནས་གནས་སོ། །སྐུ་ནི་དེ་དང་ལྷན་ཅིག་བཞུགས་སོ། །གསུང་གི་བསྟན་པའི་དུས་ན། རྡོ་རྗེ་ནི་རི་མ་ལ་ཡ་ལག་ན་རྡོ་རྗེའི་གནས་ན་གནོད་སྦྱིན་གྱི་རྒྱལ་པོ་རྣམས་ཀྱིས་ཕྱག་བྱེད་དོ། །ཡི་གེ་ནི་རྡོ་རྗེ་གདན་གྱི་སྟེང་གི་ནམ་མཁའ་ན་མཁའ་འགྲོ་མས་བཟུང་ནས་གནས་སོ། །སྐུ་ནི་ས་གཅིག་ཏུ་མ་ངེས་ཏེ་འཛམ་བུའི་གླིང་འཁོར་བར་འཕར་ཞིང་། ལྷ་དང་མིའི་འདུ་བ་ཁྱད་པར་ཅན་གྱི་མཆོད་པའི་ཞིང་བྱེད་ཅིང་།

p. 17

སྐབས་སུ་བསྟན་པ་ལ་གནོད་པ་བྱུང་བའི་ཚེ། སྐུ་ལས་འོད་དང་། ཞལ་ནས་ཧཱུྃ་དང་། སྤྱན་ལས་མེ་བྱུང་བས་ཟློག་པར་བྱེད་དོ། །ཐུགས་ཀྱི་བསྟན་པའི་དུས་ན་རྡོ་རྗེ་ནི་རྡོ་རྗེ་གདན་གྱི་ནམ་མཁའ་ལ་གནས་སོ། །ཡི་གེ་ནི་རབ་ཏུ་ཁྲོས་པ་དྲང་སྲོང་གི་ཕུག་ན་གནས་སོ། །སྐུ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་། ལག་ན་རྡོ་རྗེའི་ཁང་པ་བརྩེགས་པ་ཞེས་བྱ་བའི་ཡང་ཐོག་ན་གནས་སོ། །དེ་ལྟ་བུའི་སྤྲུལ་པ་གསུམ་གནས་པས་འཛམ་བུའི་གླིང་གཞན་ལས་ཆེས་འཕགས་སོ། །གནས་རིས་བཅུ་གཉིས་སུ་སྤྲུལ་སྐུ་བཅུ་གཉིས་བྱོན་པའི་ཚུལ་ནི། རྡོ་རྗེ་འཆང་ཉིད་ལོངས་སྐུ་ལས་སྤྲུལ་པའི་སྐུར་འགྲོ་བ་རྣམས་ཀྱི་ཕུང་པོ་ལྔ་དག་པར་བྱ་བའི་ཕྱིར། ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ལན་བཅུ་གཉིས་སུ་སྣང་བར་མཛད་པའི། དང་པོ། ཡུལ་དགའ་ལྡན་བརྩེགས་པར། གནས་ཕུན་སུམ་ཚོགས་པ་མེ་ཏོག་པད་མའི་ལྟེ་བ་ལ། སྟོན་པ་ཕུན་སུམ་ཚོགས་པ་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་ཉིད་བྱོན་ཏེ། བསྐལ་པ་བཟང་པོ་འདི་སངས་རྒྱས་སྟོང་དང་སེམས་དཔའ་གཉིས་ཀྱིས་འདུལ་བའི་མཚོན་བྱེད་དུ་འོད་ཀྱི་སྣང་བའི་སངས་རྒྱས་སྟོང་དང་རྩ་གཉིས་ཀྱིས་བསྐོར་བའི་འཁོར་ཕུན་སུམ་ཚོགས་པ་ལ། བསྟན་པ་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར་གྱི་རྒྱུད། ཚེ་ལོ་དཔག་མེད་ཀྱི་དུས་སུ་གསུངས་ཏེ། ལྷའི་བུ་དགའ་བྱེད་དབང་ཕྱུག་དང་། ཉི་མ་རབ་ཏུ་སྣང་བྱེད་གཉིས་ཀྱིས་སྡུད་པ་པོ་མཛད་དོ། །གཉིས་པ། གནས་ཕུན་སུམ་ཚོགས་པ་འཇིག་རྟེན་མི་མཇེད་དུ། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་ཉིད་འོད་ལྔའི་སྒོ་ང་ལས་འཁྲུངས་ཏེ། འཁོར་མཁའ་འགྲོ་མ་འབུམ་ཕྲག་གཉིས་ལ། ཆོས་ཕུན་སུམ་ཚོགས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ། ཚེ་ལོ་བྱེ་བ་གཅིག་ཐུབ་པའི་དུས་སུ་གསུངས་སོ། །གསུམ་པ་ནི། གནས་ཕུན་སུམ་ཚོགས་པ་དྲོད་གཤེར་འདུས་པ་འོད་ཀྱིས་སྤུངས་པར། སྟོན་པ་ཕུན་སུམ་

p. 18

ཚོགས་པ་འཇིགས་པ་སྐྱོབ་པའི་ཡིད་ཅེས་བྱ་བ། འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ། ཆོས་ཕུན་སུམ་ཚོགས་པ་འཁོར་བ་དོང་སྤྲུགས། རྨ་བྱ་མཇིང་བསྣོལ། འབྱུང་བཞི་ཟད་པའི་རྒྱུད་རྣམས་ཚེ་ལོ་འབུམ་པའི་དུས་སུ་གསུངས་སོ། །བཞི་པ་ནི། གནས་ཕུན་སུམ་ཚོགས་པ་ཆགས་འབྱུང་མངལ་དུ་སྣང་བར། སྟོན་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བས། འཁོར་གནོད་སྦྱིན་དང་བྲག་སྲིན་སྟོང་ཕྲག་གཅིག་ལ། ཆོས་སེམས་སྡེ་རྩ་བའི་རྒྱུད་ལྔ། ཡན་ལག་གི་རྒྱུད་དྲུག་སྟེ་བཅུ་གཅིག་ཚེ་ལོ་བརྒྱད་ཁྲི་པའི་དུས་སུ་གསུངས་སོ། །ལྔ་པ་ནི། གནས་ཕུན་སུམ་ཚོགས་པ་འཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་དྲུག་པ་རྡོ་རྗེ་འཆང་གིས། འཁོར་སངས་རྒྱས་རབས་བདུན་དུ་སྣང་བ་རང་བཀོད་ནས། ཆོས་ཕ་རོལ་ཏུ་ཕྱིན་པ་དྲུག །ཚེ་ལོ་བདུན་ཁྲི་པའི་དུས་སུ་གསུངས་སོ། །དྲུག་པ་ནི། གནས་ཕུན་སུམ་ཚོགས་པ་རི་རབ་ཀྱི་བྱང་ཕྱོགས་དུར་ཁྲོད་མེ་རི་འབར་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོས། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་དང་། མཁའ་འགྲོ་མ་དང་། ལྷ་དང་ཀླུ་ལ་སོགས་པ་དཔག་ཏུ་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་རིག་པ་རང་ཤར་ཆེན་པོའི་རྒྱུད་ལ་སོགས་པ་མངོན་སུམ་འོད་གསལ་གྱི་རྒྱུད་རྣམས་དང་། གཞན་ཡང་དཔག་ཏུ་མེད་པ་རྣམས་ཚེ་ལོ་དྲུག་ཁྲི་པའི་དུས་ན་གསུངས་སོ། །བདུན་པ་ནི། གནས་ཕུན་སུམ་ཚོགས་པ་སྲིན་པོའི་ཡུལ་རུ་ལུའི་སྒྲ་དང་ལྡན་པའི་ཕུག་ཏུ། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོས། འཁོར་སྲིན་པོ་བྱེ་བ་གཅིག་ལ། ཆོས་རགས་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པ། ཚེ་ལོ་ཁྲི་པའི་དུས་སུ་གསུངས་སོ། །བརྒྱད་པ་ནི། གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་གསེར་འོད་དམ་པས། འཁོར་འཕགས་པ་ཉན་ཐོས་གྲངས་མེད་པ་ལ། ཆོས་འདུལ་བ་ཁྲི་

p. 19

ཕྲག་དཔག་ཏུ་མེད་པ། ཚེ་ལོ་ལྔ་སྟོང་པའི་དུས་སུ་གསུངས་སོ། །དགུ་པ་ནི། གནས་ཕུན་སུམ་ཚོགས་པ་སོག་པོ་གཡུའི་སྨིན་མ་ཅན་གྱི་ཡུལ། བྱང་ཆུབ་ཀྱི་ཤིང་དྲུང་དུ། སྟོན་པ་བརྩེ་བས་རོལ་པའི་བློ་གྲོས་ཀྱིས། འཁོར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ། ཆོས་འཕྲ་རྒྱུད་བདུན་པ་ལ་སོགས་པ། ཚེ་ལོ་སྟོང་གི་དུས་སུ་གསུངས་སོ། །བཅུ་པ་ནི། གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་འོད་སྲུངས་བགྲེས་པོས། འཁོར་ཚེ་དང་ལྡན་པ་སྐར་མ་འོད་བཟང་ལ་སོགས་པ་བདུན་ལ། ཆོས་མདོ་སྡེ་དང་། ཀྲཱི་ཡ་དང་། ལུང་ཨ་ནུ་ལ་སོགས་པ་ཁྲི་ཕྲག་བརྒྱད། ཚེ་ལོ་ལྔ་བརྒྱ་པའི་དུས་སུ་གསུངས་སོ། །བཅུ་གཅིག་པ་ནི། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་གདན་དུ། སྟོན་པ་མངོན་རྫོགས་རྒྱལ་པོས། འཁོར་རིགས་གསུམ་མགོན་པོ་ལ། ཆོས་ངེས་པ་དོན་གྱི་ཐེག་པ་འབའ་ཞིག །ཚེ་ལོ་སུམ་བརྒྱ་པའི་དུས་སུ་གསུངས་སོ། །བཅུ་གཉིས་པ་ནི། གནས་ཕུན་སུམ་ཚོགས་པ་བཱ་རཱ་ཎ་སཱི་ལ་སོགས་པར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། ཆོས་ཕུན་སུམ་ཚོགས་པ་སྡེ་སྣོད་གསུམ་ལ་སོགས་པ། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ཀླུ་ལ་སོགས་པ་ལ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་པའི་དུས་སུ་གསུངས་སོ། །དེ་དག་ཀྱང་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཐོག་མ་མེད་པའི་དུས་ཀྱི་ཚེ། །ང་ཡི་ནོར་བུ་རིན་ཆེན་སྟོར། །ནོར་བུ་སྟོར་བའི་རང་བཞིན་གྱིས། །མུན་སྣང་གཉིས་ཀྱི་མཚམས་ནས་འོངས། །རྐྱེན་བཞི་དམིགས་པ་མ་དག་པས། །དགའ་ལྡན་བརྩེགས་པའི་ཡུལ་དུ་འོངས། །རྟེན་ནི་པདྨ་དག་པ་ཡིན། །གསང་སྔགས་རྒྱུད་ཆེན་བསྟན་པ་བཙུགས། །ཉེ་བའི་འཁོར་ནི་མི་འཁྲུགས་པའོ། །རྒྱུད་ཀྱི་རྒྱལ་པོ་ཐལ་འགྱུར་བཤད། །ཅེས་པ་ལ་སོགས་པ་

p. 20

དང་། ཨ་ཏི་བཀོད་པ་ཆེན་པོ་ལས་གསུངས་པ་གཡུ་ཡིག་ཅན་དུ་དྲངས་པ་ལས་ཀྱང་རྒྱ་ཆེར་འབྱུང་ངོ་། །འདི་དག་གིའང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛད་པ་སུམ་ཅུ་རྩ་དྲུག་ལས། སྐུའི་ཕྱིའི་མཛད་པ་བཞི་ནི། སྡུག་བསྔལ་གྱི་ཆུ་བོ་བཞི་སྤོང་བ་ལ་དགོངས་ནས། བལྟམས་པ་དང་། འཕོང་དང་། སྒྱུ་རྩལ་འགྲན་པ་དང་། མངོན་པར་བྱུང་བ་དང་། བསོད་སྙོམས་ལ་སྤྱོད་པ་རྣམས་སོ། །ནང་གི་བཞི་ནི། འཁོར་དང་ལོངས་སྤྱོད་སྤང་བ་ལ་དགོངས་ནས། རྟ་མཆོག་དང་། ཤིང་རྟ་དོར་བ་དང་། སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་དང་། འོད་ཟེར་བཀྱེ་བ་དང་། མཚོན་ཆའི་ཆར་པ་མེ་ཏོག་ཏུ་སྒྱུར་བ་རྣམས་སོ། །གསང་བའི་བཞི་ནི། བསྟན་པའི་ཐ་མ་ཏིང་ངེ་འཛིན་གྱིས་འདུལ་བ་ལ་དགོངས་ནས། དཀའ་ཐུབ་མཛད་པ་དང་། རི་བོ་གསེར་ལྡན་དུ་ཏིང་ངེ་འཛིན་གྱི་སྒྲ་འབུམ་ཕྲག་བརྒྱ་ཉི་ཤུ་སྐད་ཅིག་ལ་མངོན་དུ་མཛད་པ་དང་། རིན་པོ་ཆེ་ཟ་མ་ཏོག་གི་ཏིང་ངེ་འཛིན་ལ་རྟག་ཏུ་བཞུགས་པ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བྱང་ཆུབ་པ་རྣམས་སོ། །གསུང་གི་ཕྱིའི་མཛད་པ་བཞི་ནི། མདོའི་སྡེ། དབྱངས་སུ་བསྙད་པ། ལུང་བསྟན་པ། ཚིགས་སུ་བཅད་པའི་སྡེ་བཞིའོ། །ནང་གི་བཞི་ནི། ཤིན་ཏུ་རྒྱས་པ། སྐྱེས་པ་རབས། གླེང་གཞི་བརྗོད་པ། དེ་ལྟར་བྱུང་བ་བཞིའོ། །གསང་བའི་བཞི་ནི། ཆེད་དུ་བརྗོད་པ། རྟོགས་པ་བརྗོད་པ། གཏན་ལ་ཕབ་པར་བསྟན་པ། རྨད་དུ་བྱུང་བའི་སྡེ་རྣམས་སོ། །ཐུགས་ཀྱི་ཕྱིའི་མཛད་པ་བཞི་ནི། དཔའ་བར་འགྲོ་བ། རིན་པོ་ཆེའི་ཏོག །རྣམ་པར་རོལ་པ། ཟ་མ་ཏོག་གི་ཏིང་ངེ་འཛིན་ནོ། །ནང་གི་བཞི་ནི། ཡུལ་ཀུན་ལ་འཇུག་པ། མངོན་པར་སྣང་བ། གཙུག་གི་ནོར་བུ། རྒྱལ་མཚན་རྩེ་མོ་ཡོངས་སུ་བཀོད་པའི་ཏིང་ངེ་འཛིན་ནོ། །གསང་བའི་བཞི་ནི། འགྱུ་བ་དག་པ། ཟབ་མོ་སྣང་བ། རིན་ཆེན་སྒྲོན་མེ། མཆོག་ཏུ་ལེགས་པའི་ཏིང་ངེ་འཛིན་ནོ། །དེ་ལྟར་

p. 21

སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། ཆོས་ཀྱི་སྐུ་རྣམས་ལ་བསྡོམས་པས་མཛད་པ་བརྒྱ་རྩ་བརྒྱད་དུ་སྣང་བ་ནི། རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་བདག་ཉིད་གཅིག་གི་མཛད་པ་ཞེས་བྱའོ། །འདི་དག་ནི་རྒྱལ་བ་དགོངས་པས་བརྒྱུད་པའི་རིམ་པ་ཞེས་བྱ་སྟེ། རྡོ་རྗེ་འཆང་གཅིག་དུས་ཐ་དད་པར་བྱོན་པ་ཙམ་ལས། དགོངས་པའམ་རྒྱུད་གཅིག་གི༷་བསྡུས་པ་ཞེས་བྱའོ། །དེ་བཞིན་དུ་སླད་ཀྱིས་འབྱོན་པའི་བསྐལ་བཟང་གི་འདྲེན་པ་རྣམས་རྣམ་འཕྲུལ་ཐ་དད་ཀྱང་ངོ་བོ་རྡོ་རྗེ་འཆང་འདི་ཁོ་ནའི་རང་བཞིན་དུ་གཅིག་པ་ཡིན་ནོ། །ཞར་ལ་རིགས་འཛིན་བརྡས་བརྒྱུད་པ་དང་། གང་ཟག་སྙན་ཁུང་དུ་བརྒྱུད་པའི་རིམ་པ་ནི། སོ་སོའི་ཡི་གེ་དང་ལོ་རྒྱུས་ཆེན་མོ་ཉིད་དུ་རྟོགས་པར་བྱའོ། །དེ་དག་གིས་སྟོན་པ་དང་བསྟན་པའི་བབས་ལུགས་ལེགས་པར་བཤད་པའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། བྱུང་ཚུལ་གཏན་ལ་དབབ་པ་སྟེ་རིམ་ཁང་དང་པོའོ།། །།

རིམ་ཁང་གཉིས་པ། སྣོད་དང་བཅུད་ཀྱི་འཇིག་རྟེན་བསྟན་པ།

p. 22

དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ལྔའི་སྐུ་ལས། ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པདྨ་རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་བརྩེགས་མར་སྣང་བའི་བཅུ་གསུམ་པ་ན་མི་མཇེད་འདི་གནས་ལ། འདིའི་སྟེང་འོག་དང་ཕྱོགས་མཚམས་ན་འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ། །འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་

p. 23

བ་དབྱངས་ཞེས་བྱ་བ་ཡི། །རྒྱ་ཁྱོན་དཔག་དཀའ་རབ་ཏུ་མཛེས། །རྒྱུ་དང་རྐྱེན་དང་རང་བཞིན་དང་། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟེང་དང་འོག་དང་ཕྱོགས་མཚམས་སུ། །ཆུང་ཞིང་ཉམས་དགའ་བཀོད་ལེགས་སྤྲས། །དེ་ནས་འཇིག་རྟེན་དྲུག་འོག་ན། །ཐལ་བ་འཛིན་ཞེས་བྱ་བ་ཡི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྤྲས་ལེགས་བཀོད་པ་གཉིས་པའོ། །འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སྐྱོབ་ཅེས་བྱ་བ་ནི། །མརྒད་དག་གིས་ཡོངས་སྤྲས་པས། །འོད་དང་ཁ་དོག་ངེས་གསལ་ཅིང་། །སྟོན་པའི་བསྟན་པ༵་འདུལ་བའི་ཞིང་། །སོ་སོའི་ལས་དང་མཚན་བཅས་པའོ། །དེ་ནས་འཇིག་རྟེན་དྲུག་གི་སྟེང་། །ཐལ་བ་བརྡལ་ཞེས་བྱ་བ་ཡི། །པདྨ་རྒྱས་པའི་དབྱིབས་འདྲ་བ། །ཤིན་ཏུ་བརྡལ་བ་ཁོད་སྙོམས་པ། །སྣ་ཚོགས་འོད་འབར་ཁ་དོག་ནི། །དཀར་དམར་སྣང་བ་འཁྲུག་པ་ལ། །རགས་པའི་གཟུགས་བརྙན་སྣང་བ་མིན། །སྟོན་པའི་བསྟན་པ་འདུ་མཆེད་རྒྱས། །བསྐལ་པ་རྫོགས་པ་ཐལ་ཞེས་བྱའོ། །འདི་ནས་འཇིག་རྟེན་སྟེང་དུ་ཡང་། །བཅུ་དགུ་འདས་པའི་ཡང་སྟེང་ན། །ཐལ་བའི་བེ་ཅོན་ཞེས་བྱ་བ། །རབ་ཏུ་ལྗོངས་ཏེ་ཉམས་དགའ་བ། །རིན་ཆེན་སིལ་མ་སྣ་ཚོགས་ལས། །ངེས་པར་སྤྲས་ཏེ་སྤུངས་པའི་ཚུལ། །སྟོན་པའི་བསྟན་པ་རྫོགས་གཉིས་ལྡན། །ཐོད་པའི་ཕྲེང་བ་བཀོད་པའོ། །འདི་ནས་འཇིག་རྟེན་བྱང་ཤར་མཚམས། །ཐལ་བའི་རྒྱུན་ཞེས་བྱ་བ་ཡི། །མཆོད་རྟེན་དབྱིབས་འདྲ་བང་རིམ་མཛེས། །བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས། །སྒྲ་དབྱངས་སྣ་ཚོགས་འབྱུང་བའི་གཞི། །སྟོན་པའི་བསྟན་པ་དུས་འབྱུང་དེས། །དེ་སྟེང་ཉི་ཤུ་རྩ་གཅིག་ན། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །དམིགས་པ་དག་པའི་རང་བཞིན་དུ། །ཕྱི་དང་ནང་མེད་ཟང་ཐལ་སྣང་། །སྟོན་པའི་བསྟན་པ་འབྱུང་བ་སྟོན། །བྱེད་པའི་རྒྱུ་རྐྱེན་

p. 24

ཁྱབ་འཇུག་གོ། འདི་ནས་འཇིག་རྟེན་ལྷོ་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྐྱོབ་བྱེད་འཕན་གྱིས་རབ་ཏུ་བཀླུབས། །རྒྱལ་མཚན་གདུགས་ལ་སོགས་པ་བསྒྲེང་། །མེ་ཏོག་སིལ་མའི་ཆར་དང་དྲི། །སྟོན་པ་ཉིད་དང་བསྟན་པ་ལ། །མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར། །བདེ་བའི་རོལ་པ་འབྱུང་བའོ། །འདི་ནས་འཇིག་རྟེན་ལྷོ་ནུབ་གཡས། །དྲུག་འདས་འོག་ནས་ཐལ་བའི་རླུང་། །གཡོ་ཞིང་བསྐྱོད་པས་བར་སྣང་ལ། །ཕན་ཚུན་གཡོ་ཞིང་ལྡིང་བ་དང་། །བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང་། །སྟོན་པའི་བསྟན་པ་རླུང་གིས་གཡོ། །ལྔ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེང་བཅུ་གསུམ་བརྩེགས་པ་ན། །རིན་ཆེན་ཐལ་བ་ཞེས་བྱ་བ། །བཀྲ་ཤིས་ཉི་མ་རྣམས་ཀྱིས་སྤྲས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་ཡི་གེ་རི་མོ་མཛེས། །སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས། །ལྡ་ལྡི་པདྨའི་སྤྱན་གྱིས་མཛེས། །འདི་ནས་ནུབ་བྱང་མཚམས་ཀྱི་སྟེང་། །འཇིག་རྟེན་ཁམས་ནི་དྲུག་པ་ནི། །འདུལ་བའི་ཐལ་བ་ཞེས་བྱ་བ། །མཆོད་པ་རྫོགས་པས་ལྷ་མོར་བཅས། །འོད་ཀྱིས་ཁེངས་དང་ཙནྡན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས། །རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར། །དེ་འོག་འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དད་ཅིང་བསྲུང་བའི་དྲི་ཡིས་མྱོས། །འཁྲུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང་། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། །འདི་ནས་འཇིག་རྟེན་དྲུག་པ་ན། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་ལོ་བརྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡོངས་སུ་བརྩེགས། །འཆར་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན། །འབྲུག་སྒྲ་གློག་དམར་ལྕེ་རྣམས་འབྱིན། །སྟོན་པའི་

p. 25

བསྟན་པ་ལུང་གིས་བསྐོར། །འོད་འབྱུང་ཕྲེང་བ་གླུ་ཡི་གདུང་། །ཕྱོགས་དང་མཚམས་ཀུན་གསལ་བའོ། །ཞེས་སོ། །དེ་ཡང་ཉི་ཤུ་རྩ་ལྔ་བརྩེགས་མ་པདྨ་ལ་གནས་པའི་ཡང་ཕྱོགས་མཚམས་སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་མཚམས་ཁྱབ་པར་ཡོད་དེ། སྐར་མ་བཀྲམ་པ་ལྟ་བུའོ། །དེ་ལྟར་ཞིང་ཁམས་དཔག་ཏུ་མེད་པ་ལས། མི་མཇེད་འདིའི་རིམ་པ་བཤད་པ་ནི། དེ་ཉིད་ལས། ཕྱི་རོལ་འབྱུང་བ་རླུང་ལས་ཡང་། །ནམ་མཁའི་ཁམས་དང་སྦྱར་བ་སྟེ། །དེ་ལ་ཆུ་སྟེ་དེ་སྟེང་ས། །རྒྱ་ཁྱོན་ས་ཡ་སྟུག་ཁོད་སྙོམས། །གྲངས་མེད་བཞི་དང་ས་ཡ་གཅིག །གཅིག་ནི་དེ་ཡི་བཞི་ཆ་སྟོངས། །གླིང་རྣམས་བཀོད་དང་རི་རབ་དང་། །དཔག་བསམ་ཤིང་དང་ནོར་བུར་བཅས། །ཉི་ཟླ་སོ་སོའི་ལྷ་རྣམས་དང་། །རྒྱ་མཚོ་ཆེན་པོའི་ཟབས་ཀྱིས་བསྐོར། །རི་བྲན་རྣམས་དང་ཆུ་བྲན་དང་། །རིན་ཆེན་བདུན་གྱིས་ངེས་པར་བསྐོར། །ནང་སྟེ་གཟུགས་མེད་དང་པོ་ལས། །གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི། །རིང་བར་འདོད་པའི་ཁམས་སུ་ཡང་། །ཟླ་བ་དྲི་མ་མེད་པ་དང་། །ཉི་མ་རབ་ཏུ་སྣང་བྱེད་ལས། །འཇིག་རྟེན་ཁམས་ནི་མཆེད་པ་སྟེ། །གཞན་འཕྲུལ་ལ་སོགས་ཡས་རིམ་བཞིན། །དེ་ནས་ལྷ་མིན་གནས་དག་སྟེ། །གླིང་བཞིའི་མི་རྣམས་རིམ་གྱིས་སོ། །ཉོན་མོངས་བདག་དང་བཅས་པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། །ཞེས་པ་དང་། མུ་ཏིག་ཕྲེང་བའི་རྒྱུད་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས། །འོ་མ་ལས་ནི་སྤྲིས་བྱུང་བཞིན། །ས་ནི་འབུམ་ཕྲག་བཅུ་གཉིས་སོ། །རླུང་གི་གྲངས་ནི་ས་ཡ་ཉིད། །རླུང་ནི་ཆགས་དང་སྡུད་པ་དང་། །འཕེན་པ་དང་ནི་འདེགས་པའོ། །ཆུས་ནི་ཁྱབ་དང་འཛིན་པ་དང་། །སྨིན་བྱེད་དང་ནི་གསུམ་ཡིན་ནོ། །ས་ནི་སྲུབ་བྱེད་ཕྲ་བ་དང་། །རགས་པ་ཉིད་

p. 26

དང་གསུམ་ཡིན་ནོ། །དཀྲོགས་ནས་མར་དུ་གྱུར་པ་བཞིན། །རི་རབ་རི་ཡི་རྒྱལ་པོ་ནི། །བང་རིམ་བཞི་དང་ལྕོག་ཆེན་དང་། །རོལ་མཚོ་དང་ནི་རི་རྣམས་བདུན། །གླིང་རྣམས་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ལ་སོགས་ཁམས་རྣམས་སོ། །འདོད་དང་གཟུགས་དང་གཟུགས་མེད་ཀྱི། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་ཅི་ཡང་མེད་པ་དང་། །རྣམ་ཤེས་ཅུང་ཟད་མེད་པ་ཡི། །གཟུགས་མེད་ཁམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་ལུས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་ནི། །བྱོལ་སོང་ཡི་དྭགས་དམྱལ་བ་དང་། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་དང་ལང་ཚོ་དཔེ་བྱད་ལྡན། །རང་འོད་མདངས་ཀྱིས་ལུས་ཁྱབ་སྟེ། །འདོད་འཇོ་ལ་སོགས་བསོད་ནམས་ཟས། །སྐྱེ་དགུའི་ཚེ་ཡང་བརྒྱད་ཁྲི་ལ། །ཕོ་དང་མོ་ཡི་དབང་པོ་མེད། །དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས། །འདོད་ཆགས་ལ་སོགས་ཉོན་མོངས་ནི། །བགས་ཀྱིས་རགས་པ་ཉིད་དུ་གྱུར། །དབང་པོ་ལ་སོགས་སྒོ་དོད་དེ། །བསོད་ནམས་ཟད་ཕྱིར་འོད་སོགས་བྲི། །དེ་ནས་རིམ་གྱིས་ས་ཚིལ་དང་། །སཱ་ལུ་ལ་སོགས་ཟས་སྤྱོད་དོ། །ཞེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། ཐུན་མོང་པ་མདོ་དང་བསྟན་བཅོས་དག་ལས་གྲགས་པ་དང་། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཚད་དང་རྣམ་པར་གཞག་པ་མང་དུ་གསུངས་ཀྱང་། འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དོ། །ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་དབབ་པ་ནི། ཚངས་ཆེན་གྱི་ཞིང་གི་ཁོངས་སུ་ཆུད་པའི་ནམ་མཁའ་ལ།

p. 27

གང་ཆེན་མཚོའི་ཕྱག་གི་པདྨའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུའི་ཐད་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་གཞག་པ་ལ། བསྐལ་པ་དང་པོ་ཆགས་པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་ལས། དང་པོ་ཆགས་པ་ལའང་སྣོད་དང་། བཅུད་ཀྱི་རིམ་པ་གཉིས་ཀྱི་ཐོག་མ་སྣོད་ཆགས་པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་བའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་བ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་འབྱུང་རུང་གི་དབྱིངས་ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་གཟུང་བའི་ཡུལ་ཅན་འབྱུང་བ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ཕྱོགས་ནས་སྣོད་ཀྱི་རིམ་པ་མཆོད་རྟེན་གྱི་བང་རིམ་ལྟར་མས་འཆགས་པའི་ཚུལ་ནི། སྣོད་བཅུད་ཐོག་མར་ཆགས་པ་དེའི་ཚེ། འོག་གི་གཞིར་རྣམ་པར་ཡིད་དང་བ་ཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་དཀར་བའི་འོད་དང་ལྡན་པ། ཤིན་ཏུ་དཀར་བའི་བར་སྣང་ལ། སྟོང་གསུམ་གྱི་འཇིག་རྟེན་འདི་བརྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དྭངས་པའི་ནམ་མཁའ་ཆགས་སོ། །ནམ་མཁའ་དེ་ལས་རླུང་ཁྱབ་འཇུག་སྐྱོབ་ཅེས་བྱ་བའི་ས་བོན་ཨ་འུམ་ཞེས་བྱ་བའི་སྒྲ་ལན་གསུམ་དུ་གྲག་པ་ལས། རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ། བྱི་བ་ཁྲ་མོའི་ཁ་རླངས་ཙམ་ལངས་ཏེ། ནམ་མཁའ་ལ་ན་བུན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡཾ་གིས་མཚན་ཞིང་། རླུང་གི་ལྷ་མོ་བཞི་རླུང་གི་བ་དན་

p. 28

འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང་། རླུང་གི་ཁམས་ལྗང་གུ་ཨིན་དྲ་ནཱིི་ལའི་རྣམ་པ་འདྲ་བ། རྒྱ་ཆེ་ཞིང་དཔངས་སུ་འཐུག་པ་ཆགས་ཏེ། བསྐལ་པའི་བར་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་རྒྱ་གྲམ་གྱི་རྩེ་མོ་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འཕྱོང་དུ་ཡོད་པ། རླུང་དེའི་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་དྲུག་ཅུ་ཆགས་སོ། །དེ་ནས་ཆུའི་ཆུ་རབ་ཏུ་འཁོད་པ་ཞེས་བྱ་བ་ཆགས་པ་ནི། སྟེང་གི་ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས། ལོ་བདུན་དུ་ཆར་གྱི་རྒྱུན་བབས་པ་ལས། དྭངས་ཤིང་མི་གཡོ་རྙོག་པ་མེད་པའི་ཆུ་དབྱིབས་ཟླུམ་པོ་ཟླ་བ་ཉ་གང་བའི་རྣམ་པ་འདྲ་བ་ལ། ཆུའི་ལྷ་མོ་གར་བྱེད་པ་དཔག་ཏུ་མེད་པ་དང་བཅས་པ་ཆགས་པའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་པ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་རབ་ཏུ་གཟིར་བའི་སྒྲ་དང་ལྡན་པ་ལངས་པ་ལས། འོག་གི་ནམ་མཁའ་ནས་སྟེང་དུ་ལྡེག་ཅིང་འུར་བའི་སྒྲ་བྱུང་སྟེ། རླུང་དང་ཆུ་ལ་སོགས་པ་སྟེང་དུ་གཡོས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། ཆུའི་སྟེང་དུ་འོ་མ་ལ་སྤྲིས་ཆགས་པ་ལྟར་གསེར་གྱི་ས་གཞི་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལས་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལས་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་སའི་མེ་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པས་དཔག་ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། །དེ་ནས་འབྱེད་པར་བྱེད་པའི་རླུང་ཞེས་བྱ་བ། རྒྱ་མཚོ་ལས་རླབས་བྱུང་བ་ལྟར་བྱུང་བ་ལས། སྟེང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབ་གྲངས་མེད་པ་བབས་ཏེ། དཔེར་ན་བར་སྣང་ལ་ཁ་བ་བབས་པ་དང་

p. 29

འདྲའོ། །དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་སོ། །དེའི་སྟེང་དུ་གསེང་བྱེད་སའི་ནམ་མཁའ་ཞེས་བྱ་བ་གཡུའི་མདངས་ལྟར་སྔོ་བ་ནི། ནམ་མཁའ་ནས་ནམ་མཁའི་རྡུལ་ཕྲན་དཔག་ཏུ་མེད་པ་བབས་པས། དེ་དག་གཅིག་ཏུ་འཁྲིགས་ཏེ། རང་བཞིན་གྱི་བྱེད་པའི་ལས་ཀྱིས། རྒྱ་མཚོ་ལ་དར་ཆགས་པ་དང་འདྲ་བ། བརྡལ་ཞིང་ཁོད་སྙོམས་པ། དབྱིབས་གྲུ་བཞི་པ། ཟུར་བཞི་ནས་སའི་ལྷ་མོ་བཞི་གསེར་གྱི་བུམ་པ་བཞི་ཐོགས་པས་འཛིན་ཅིང་། ལོགས་བཞི་ཀླུའི་བུ་སྟོབས་དང་ལྡན་པ་བཞིས་བཟུང་བ། དེ་ཡང་དཔངས་སུ་དཔག་ཚད་འབུམ་ཕྲག་བཞི་དང་ཁྲི་ཕྲག་གཅིག་གོ། འབྱུང་བའི་དཀྱིལ་འཁོར་དེ་དག་ཀྱང་། མཆོད་རྟེན་གྱི་བང་རིམ་དང་འདྲ་བར་གཅིག་ལ་གཅིག་བརྟེན་དུ་ཆགས་སོ། །མདོ་ནས་དེ་དག་གི་བར་བར་གྱི་ནམ་མཁའ་ཡང་གོང་མའི་དཔག་ཚད་ཀྱི་ཚད་དེ་ཙམ་རེས་བར་མཚམས་བཅད་པར་བཤད་དོ། །རྡོ་རྗེ་རྩེ་མོ་འཇིག་རྟེན་བཀོད་པ་ལས། ཆུ་དང་སའི་བར་ན་ཡང་ནམ་མཁའ་ཡིད་སྐྱོབ་ཅེས་བྱ་བ། དཔག་ཚད་ལྔ་སྟོང་གིས་བཏེག་པའི་དབུས་ན་མེའི་དཀྱིལ་འཁོར་རྔམས་སུ་དཔག་ཚད་སྟོང་ཕྲག་གཅིག་དང་། རྒྱར་འབུམ་ཕྲག་ལྔ། ཁ་དོག་དམར་བའི་འོད་ཅན། འབྱུང་བ་སྤྱི་མཐུན་གྱི་སྨིན་པར་བྱེད་པའི་ལས་སུ་ཡོད་པར་གསུངས་སོ། །དེ་ཡང་སའི་ཆུས་ཁྱབ་པའི་ལས་བྱས་པ་ནི། འགྲོ་བའི་ལས་ཀྱི་བྱེ་བྲག་སྟོན་པའོ། །སའི་མེས་སྨིན་པར་བྱས་པ་ནི། འགྲོ་བའི་ལུས་ཀྱི་ཁ་དོག་གསལ་བའོ། །སའི་རླུང་གིས་རྡུལ་ཕྲ་རབ་ཏུ་བྱས་པ་ནི། འགྲོ་བའི་དབང་པོ་རྫོགས་པར་བྱེད་པའོ། །སའི་ནམ་མཁས་གོ་ཕྱེ་བའི་ལས་བྱས་པ་ནི། འགྲོ་བའི་སེམས་གནས་པར་བྱེད་པའོ། །སའི་སས་མནན་པར་བྱས་པ་ནི། འགྲོ་བའི་ལས་དང་བསོད་ནམས་སྟོན་པར་བྱེད་པའོ། །དེ་དག་ནི་སྣོད་ཀྱིས་བཅུད་ལ་ཕན་པ་ཞེས་བྱའོ། །དེ་ནས་ཡང་འོག་ནས་སྨིན་པ་ལས་ཀྱི་རླུང་ཞེས་བྱ་བ། དབྱིབས་དང་ཁ་དོག་ནི་གསེར་གྱི་འཁོར་ལོ་

p. 30

རྩིབས་སྟོང་པ་ལྟ་བུ། རང་བཞིན་གྱིས་བསྐྱོད་པའི་སྟོབས་དང་ལྡན་པ་ལངས་ཏེ། ས་དང་ཆུའི་དཀྱིལ་འཁོར་ཐམས་ཅད་དཀྲུགས་པ་ལས། དཔེར་ན་འོ་མའམ་ཞོ་བསྲུབས་པ་ལས་མར་འབྱུང་བ་ལྟར། རྡུལ་གྱི་སྙིགས་མ་གསེར་དུ་སོང་སྟེེ་ལྕི་བས་གཏིང་དུ་སོང་སྟེ་ས་གཞིར་ཆགས། དྭངས་མ་སྟེང་དུ་འཕར་བ་ལས་དབུས་ཀྱི་རི་རབ་དཔག་ཚད་འབུམ་དང་དྲུག་ཁྲི་གྱེན་དུ་འཕགས་པ། ཐུར་དུ་གསེར་གྱིི་ས་གཞི་ལའང་དེ་ཙམ་ཟུག་པ་སྟེ། བསྡོམས་ན་དཔག་ཚད་སུམ་འབུམ་ཉི་ཁྲིའོ། །རྒྱུད་ཁ་ཅིག་ལས། ཐུར་དུ་དཔག་ཚད་ཁྲི་དང་བཞི་སྟོང་ཟུག་པའོ་ཞེས་ཀྱང་བཤད་དོ། །རི་རབ་དེའི་ཤར་དངུལ་ལས་གྲུབ་པ། ལྷོ་བཻཌཱུཪྱ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པས་ཕྱོགས་ཀྱི་ནམ་མཁའི་མདངས་ཀྱང་དེ་དག་དང་མཐུན་པ་ཡིན་ནོ། །རི་རབ་དེ་ཡང་གསེར་གྱི་ས་གཞི་ནས་ཇི་ཙམ་འཕགས་པའི་ཕྱེད་དཔག་ཚད་བརྒྱད་ཁྲི་མན་ཆད་ཆུས་ནུབ་ལ། ཡན་ཆད་ཀྱི་ཕྱེད་མན་ཆད་ལ་བང་རིམ་བཞི་བརྩེགས་མར་གནས་པའི་འོག་མ་རླུང་གི་བང་རིམ་གཡུའི་རྡོ་རྗེ་ཅན་ཞེས་བྱ་བ་གཡུའི་རྡོ་རྗེས་གཏམས་པའོ། །དེ་ཡང་སྲིད་དུ་དཔག་ཚད་བརྒྱད་ཁྲི་ཆུ་དང་ཁད་མཉམ་ལ། རི་རབ་ལས་ཕྱིར་སྟོང་ཕྲག་བཅུ་དྲུག་འཕགས་པ། ཆུར་སུམ་འགྱུར་ཀུན་ལ་མཚུངས་ཤིང་། གཅིག་ནས་གཅིག་གི་གྱེན་དུ་དཔག་ཚད་སྟོང་ཕྲག་བཅུ་བཅུ་ཡོད་པའོ། །བང་རིམ་གཉིས་པ་ནི། དེའི་སྟེང་དུ་ཆུ་ལས་གྲུབ་པའི་བང་རིམ་པདྨ་རྣམ་པར་སྤུངས་པ་ཞེས་བྱ་བ་སྟེ། ཤེལ་གྱི་རང་བཞིན་འོད་འབར་བ། རི་རབ་ལས་དཔག་ཚད་སྟོང་ཕྲག་བརྒྱད་ཕྱིར་འཕགས་པའོ། །དེའི་སྟེང་ན་བང་རིམ་གསུམ་པ་འཁོར་ལོ་རྣམ་པར་བརྩེགས་པ་ཞེས་བྱ་བ་གསེར་ལས་གྲུབ་པ། རི་རབ་ལས་དཔག་ཚད་སྟོང་ཕྲག་བཞི་ཕྱིར་འཕགས་པའོ། །དེའི་སྟེང་ན་བང་རིམ་བཞི་པ་རིན་པོ་ཆེ་འོད་འབར་བ་ཞེས་བྱ་བ། བྱི་རུ་ལས་གྲུབ་པ་མེའི་འོད་ལྟར་དམར་པོ་འཕྲོ་བས། འགྲོ་བའི་ལས་

p. 31

ཀྱིས་ཆར་འབབ་པ་དང་མི་འབབ་པའི་མཐའ་སྟོན་པར་བྱེད་པའོ། །རི་རབ་ལས་དཔག་ཚད་ཉིས་སྟོང་ཕྱིར་འཕགས་སོ། །དེ་དག་གི་ཕྱི་རོལ་ན་རོལ་པའི་མཚོ་བདུན་དང་གསེར་གྱི་རི་བདུན་གྱིས་ཀུན་ནས་གྲུ་བཞིར་འཁོར་བའི་རི་བདུན་ནི། ནང་ནས་རིམ་པ་ལྟར། གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན་དང་། སེང་ལྡེང་ཅན་དང་། བལྟ་ན་སྡུག་དང་། རྟ་རྣ་དང་། རྣམ་འདུད་དང་། མུ་ཁྱུད་འཛིན་རྣམས་ཆུ་མཚམས་ནས་གྱེན་དུ་འཕགས་པའི་ཆ་ནི། དཔག་ཚད་བཞི་ཁྲི་དང་། ཉི་ཁྲི་དང་། ཁྲི་དང་། ལྔ་སྟོང་དང་། ཉིས་སྟོང་ལྔ་བརྒྱ་དང་། སྟོང་དང་ཕྱེད་དང་སུམ་བརྒྱ་དང་། དྲུག་བརྒྱ་ཉི་ཤུ་རྩ་ལྔའོ། །ཞེང་དུ་ནི། སོ་སོ་ཆུ་ལས་ཇི་ཙམ་འཕགས་པ་དེ་ཙམ་རེ་ཡོད་དོ། །དེ་དག་གི་བར་ན་མཚོ་བརྒྱད་འཁོར་བར་ཡོད་དེ། ཀླུ་ཆེན་པོ་བརྒྱད་བསྐལ་པར་རྩེ་ཞིང་རོལ་པའི་ཕྱིར་རོལ་པའི་མཚོ་ཞེས་བྱའོ། །རོལ་མཚོ་དང་པོའི་ཞེང་དུ་དཔག་ཚད་སྟོང་ཕྲག་བརྒྱད་ཅུ། གཉིས་པ་ལ་སོགས་པ་ནི་ཕྱེད་ཕྱེད་ཕྲི་བ་གང་ཡིན་པ་སྟེ། ཆུར་སུམ་འགྱུར་མཚུངས་པར་ཡོད་དོ། །ཕྱིའི་འཁོར་ཡུག་ཆེན་པོ་ནི། ལྕགས་ལས་གྲུབ་པ་སྟེེ། གཉའ་ཤིང་འཛིན་དང་མཐོ་ཁྱད་མཉམ་པའོ། །ཁ་ཅིག་ལས། མུ་ཁྱུད་འཛིན་རི་དང་མཉམ་ཞེས་བཤད་དོ། །ཕྱིའི་རྒྱ་མཚོའི་ཕྱོགས་བཞི་སོ་སོའི་ཞེང་དུ་དཔག་ཚད་སུམ་འབུམ་ཉིས་སྟོང་ཉི་ཁྲིར་གནས་སོ། །གླིང་རྣམས་ལས་ཤར་གྱི་ལུས་འཕགས་གླིང་ཟླ་ཁམ་སྟེ་འབུར་ངོས་ཕྱིར་བསྟན་པ་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ། ངོས་གཞན་གསུམ་ཉིས་སྟོང་ཉིས་སྟོང་དུ་ཡོད་ཅིང་། ལུས་དང་། ལུས་འཕགས་གཉིས་ཀྱིས་གཡས་དང་གཡོན་དུ་བརྟེན་པ་གཙོ་བོའི་ཕྱེད་ཕྱེད་དོ། །འཛམ་བུའི་གླིང་སོག་ཁར་གནས་པའི་ངོས་རིང་བ་གསུམ་ལ་ཉིས་སྟོང་ཉིས་སྟོང་། ཐུང་བ་ཕྱིར་བསྟན་པ་ལ་དཔག་ཚད་ཕྱེད་དང་བཞིའོ། །གཡས་སུ་རྔ་ཡབ་དང་། གཡོན་དུ་རྔ་ཡབ་གཞན་གཉིས་ནི། གཙོ་བོའི་ཕྱེད་ཕྱེད་དོ། །ནུབ་ཀྱི་བ་གླང་སྤྱོད་ཟླུམ་པོ་འཁོར་

p. 32

ཡུག་ཏུ་དཔག་ཚད་བདུན་སྟོང་ལྔ་བརྒྱ་པའོ། །གཡས་སུ་གཡོ་ལྡན་དང་། གཡོན་དུ་ལམ་མཆོག་འགྲོ་གཉིས་ལའང་དེའི་ཕྱེད་ཕྱེད་དོ། །བྱང་གི་སྒྲ་མི་སྙན་གྲུ་བཞི་པའི་ངོས་བཞི་ལ་ཉིས་སྟོང་ཉིས་སྟོང་ལ། གཡས་སུ་སྒྲ་མི་སྙན་དང་། གཡོན་དུ་སྒྲ་མི་སྙན་གྱི་ཟླ་གཉིས་ནི་དེའི་ཕྱེད་ཕྱེད་དོ། །དེ་དག་གི་གོ་ན་སེམས་ཅན་གྱི་གནས་བྱེ་བྲག་ཏུ་བཤད་ན་བརྗོད་ཀྱིས་མི་ལང་ཡང་། རགས་པ་ཙམ་ཞིག་བསྡུ་ན། ངན་སོང་དང་མཐོ་རིས་གཉིས་ལས། ངན་སོང་གི་དང་པོ་དམྱལ་བ་ནི། གངས་རི་ཏི་སེའི་འོག་ནས་འོག་ཏུ་དཔག་ཚད་ཉི་ཁྲི་ཉི་ཁྲི་གཞལ་བ་ན་ཡང་སོས་ལ་སོགས་པ་ཚ་དམྱལ་བརྒྱད་དང་། ཆུ་བུར་ཅན་ལ་སོགས་པ་གྲང་དམྱལ་བརྒྱད་འདབས་འབྱོར་དུ་ཡོད་དོ། །ཉི་ཚེ་བ་ནི་ས་ཆུ་མེ་རླུང་སྣ་ཚོགས་ན་ངེས་པ་མེད་པར་ཡོད་ལ། ཉེ་འཁོར་བ་ནི་བརྒྱད་ཚན་གཉིས་ཀྱི་འཁོར་ན་ཡོད་དོ། །ཡི་དྭགས་ནི་རྒྱལ་པོའི་ཁབ་ཀྱི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་རྩ་བའི་གནས་ཡོད་ལ། ཡན་ལག་ལྷ་མིའི་འཇིག་རྟེན་ནའང་ཡོད་དོ། །དུད་འགྲོ་ཡང་བྱིངས་ན་གནས་པ་རྒྱ་མཚོ་ཆེན་པོ་ན་ཆང་ངར་བའི་སྦང་མ་ཙམ་ཡོད་ལ། ཁ་འཐོར་བ་ལྷ་མིའི་ཡུལ་ནའང་ཡོད་དོ། །ལྷ་མ་ཡིན་ནི་རི་རབ་ཀྱི་ཆུ་མཚམས་མན་ཆད་ཀྱི་ཁོང་གསེང་ལ་ཡོད་ལ། ལྷ་རྣམས་ནི་རི་རབ་ཀྱི་བང་རིམ་ཡན་ཆད་ན་གོང་ནས་གོང་དུ་ཡོད་དོ། །དེའང་རི་བདུན་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་གྲོང་དང་སྐྱེད་མོས་ཚལ་དཔག་ཏུ་མེད་ལ། ཁྱད་པར་དུ་གནོད་སྦྱིན་ཆེན་པོ་གསེར་རྐང་དང་། སྟོབས་ལྡན་དང་། འཇུག་སྲིད་དང་། གྲགས་པའི་དཔལ་དང་། རི་འདེགས་དང་། མཆོག་སྲིད་དང་བདུན་གྱི་ཁང་བུ་བརྩེགས་མ་སོ་སོའི་འཁོར་གྱི་གྲོང་དང་བཅས་པ་ཡོད་པས། འཛམ་བུའི་གླིང་དུ་མི་ནད་དང་། ཕྱུགས་ནད་དང་། མཚོན་དང་། མུ་གེའི་བསྐལ་པ་གཏོང་ཞིང་ལེགས་ཉེས་སུ་བྱེད་དོ། །དེ་དག་གི་འཁོར་ན་རེངས་བྱེད་ཀྱི་མ་མོ་བདུན་གནས་པས་ལས་སོ་སོ་ལ་དབང་བྱེད་

p. 33

པ་ཡིན་ནོ། །མཚོ་བརྒྱད་ན་ཀླུའི་རྒྱལ་པོ་བརྒྱད་ཀྱི་ཕོ་བྲང་ཡོད་དོ། །ཀླུ་བརྒྱད་ནི། དགའ་བོ་དང་། ཉེ་དགའ་དང་། རྟའི་གཞི་དང་། བཏང་བཟུང་དང་། གཟི་ཅན་དང་། ཡུལ་འཁོར་སྲུང་དང་། ནག་པོ་ཆེན་པོ་དང་། ཨེ་ལའི་འདབ་རྣམས་སོ། །འདི་དག་གིས་འཛམ་བུའི་གླིང་དུ་ཆར་ཆེ་བ་དང་། ཆུང་བ་ལ་སོགས་པའི་ལས་ཉེ་བར་སྟོན་པར་བྱེད་དོ། །རི་རབ་ཀྱི་བང་རིམ་གྱི་གྲྭ་བཞི་ན། འདེགས་དུས་ཀྱི་གནོད་སྦྱིན་རབ་ཏུ་སྟོབས་དང་ལྡན་པ་བཞིའི་ཕོ་བྲང་ཡོད་དེ། འདི་དག་གིས་དུས་བཞི་སོ་སོའི་རིམ་པ་དབྱར་ཆར་འབབ་པ་དང་། སྟོན་འབྲུ་དང་། མེ་ཏོག་སྨིན་པ་དང་། དགུན་བསིལ་ཞིང་གྲང་བ་དང་། དཔྱིད་དྲོ་བར་སྨིན་པའི་ལས་བྱེད་དོ། །དེ་ཡང་རླུང་གི་ལྷ་མོ་བཞི་ལ་སོགས་པའི་འགྲོ་བ་འདི་དག་ནི། བཅུད་ཀྱི་འགྲོ་བ་ཕལ་པ་རྣམས་ལས་ཆེས་འཕགས་པ་ནི། སྤྱི་མཐུན་གྱི་ལས་ལས་གྲུབ་པ་སྟེ། སྲིད་པ་ལས་ཀྱི་འགྲོ་བ་ཞེས་བྱའོ། །དེ་ཡང་དང་པོ་འཇིག་རྟེན་འཆགས་པ་དང་མཉམ་ཞིང་། མཐར་འཇིག་པ་དང་ཡང་མཉམ་པས་ཚེ་བསྐལ་པར་གནས་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་རྩ་བའི་གནས་རི་རབ་ཀྱི་ཁོང་གསེང་ན་ཡོད་པའང་། ལྷ་རྣམས་ལ་འགྲན་པ་ལྟ་བུའི་དཔལ་དང་སྐལ་བ་བཟང་པོས་འབྱོར་པའོ། །དེ་ཡང་གསེར་གྱི་ས་གཞིའི་སྟེང་ན་ལྷ་མ་ཡིན་གྱི་གྲོང་ཁྱེར་གསེར་ལྡན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དབུས་ན། དབང་པོའི་ཁང་བཟང་གདམས་པ་ཅན་དང་། འདུན་ས་ནོར་བཟང་དང་། ཕྱོགས་ཀྱི་སྐྱེད་མོས་ཚལ་བཟང་པོ་དགའ་བ་དང་། རབ་ཏུ་དགའ་བ་དང་། ཀུན་དགའ་ར་བ་དང་། དགའ་བའི་ཀུན་དགའ་ར་བའོ། །ས་གཞིའི་མིང་ཡང་དེ་དང་འདྲ་ཞིང་། ཤིང་གི་མཆོག་ཙི་ཏྲི་པ་དང་། རྡོ་ལེབ་རབ་ཏུ་བཟང་པོ་དང་། གླང་པོའི་མཆོག་ཏི་སེའི་གངས་བརྩེགས་དང་། བཟོད་པར་དེ་དཀའ་བ་དང་། རྟའི་མཆོག་རབ་མྱུར་ཞེས་བྱ་བ་ཡོད་དོ། །ལོངས་སྤྱོད་ཀྱི་དགའ་བ། ཤིང་དང་། ཚལ་དང་། རྟ་དང་། གླང་པོ་ཆེ་དང་།

p. 34

གོས་དང་། ནོར་བུ་དང་། བདུད་རྩིའི་བཏུང་བ་ལ་སོགས་པ་ཡང་དཔག་ཏུ་མེད་དོ། །འདོད་ལྷའི་གནས་ཀྱང་དྲུག་ལས། རྒྱལ་ཆེན་བཞི་ནི་རི་བདུན་འཁོར་ཡུག་དང་བརྒྱད། ཉི་ཟླ་གཟའ་སྐར་དང་དགུ། གླིང་བཞིའི་དབུས་ཀྱི་གངས་རི་དང་། ཚལ་དང་། གྲོང་ལ་སོགས་པ་སྣ་ཚོགས་པའི་གནས་དང་བཅུ་ན་སྤྱོད་པའོ། །བང་རིམ་བཞི་ནའང་ཡོད་དེ། བང་རིམ་དང་པོ་ལ་ལག་ན་ཡོལ་གོ་ཐོགས་པའི་ལྷ་དང་། གཉིས་པ་ལ་མེ་ཏོག་གི་ཕྲེང་བ་ཐོགས་པའི་ལྷ་དང་། གསུམ་པ་ལ་སྦྲང་ཆང་གིས་རྟག་ཏུ་མྱོས་པའི་ལྷ་དང་། བཞི་པ་ལ་ཕྱོགས་བཞིར་འཕགས་སྐྱེས་པོ་དང་། སྤྱན་མི་བཟང་དང་། རྣམ་ཐོས་ཀྱི་བུ་དང་། ཡུལ་འཁོར་སྲུང་སོ་སོའི་འཁོར་དང་བཅས་པ་གནས་སོ། །དེ་དག་གི་ཕོ་བྲང་འཁོར་དང་། སྐྱེད་མོས་ཚལ་བཟང་པོ་རྣམས་ཀྱང་། གསེར་གྱི་ས་གཞི་བརྡལ་བ་ལ་ཙནྡན་གྱི་ཆུས་ཆག་ཆག་བཏབ་ཅིང་། ལྷའི་མེ་ཏོག་མན་དཱ་ར་བས་པུས་ནུབ་ཙམ་དུ་ཁེབས་པ་ལ། རྫིང་བུ་བཟང་པོ་མེ་ཏོག་གིས་གང་བའི་ཆུ་ཁ་ད་ཆད་དུ་ཡོད་པ་ལ་སོགས་པས་མཛེས་པའོ། །ཉི་མའི་གཞལ་མེད་ཁང་དཔག་ཚད་ལྔ་བཅུ་རྩ་གཅིག་གི་འོག་གཞི་མེ་ཤེལ་ལས་གྲུབ་ཅིང་། ཟླ་བ་ཆུ་ཤེལ་ལས་རང་བྱུང་བ། སྟེང་ན་གསེར་དང་དངུལ་གྱི་ར་བས་བསྐོར་ཞིང་། རིན་པོ་ཆེ་སྣ་བཞིའི་ལྕོག་དང་། ལྷའི་གྲོང་གིས་བརྒྱན་པའོ། །ཟླ་བ་ནི་དཔག་ཚད་ལྔ་བཅུ་ལ། སྐར་མ་ཆེ་བ་རྒྱང་གྲགས་བཅོ་བརྒྱད་དང་བཞི་ཆ་གཅིག །འབྲིང་བཅུ་བདུན་ནས་གཉིས་ཀྱི་བར་ལ། ཆུང་བ་རྒྱང་གྲགས་གཅིག་པ་སྟེང་ན་ལྷའི་གྲོང་དང་བཅས་ཤིང་། ཉིན་ཞག་རེ་རེ་ཞིང་གླིང་བཞི་རང་བཞིན་གྱིས་བསྐོར་བའི་རྫུ་འཕྲུལ་ཡོད་པ། གསེར་ཟངས་ཆུ་ཤེལ་འཁར་བ་བཞི་གང་རུང་ལས་གྲུབ་པ། དཔག་ཚད་བཞི་ཁྲིའི་ནམ་མཁའ་ལ་ལྡིང་ཞིང་འོད་ཟེར་དུ་འཕྲོ་བ་ཡིན་ནོ། །དབུས་ཀྱི་རི་དབང་ལྷུན་པོའི་སྟེང་ན་སུམ་ཅུ་རྩ་གསུམ་པའི་གནས་ཡོད་དེ། གྲོང་དང་།

p. 35

ཚལ་དང་། ས་གཞི་དང་། ཤིང་དང་། འདུན་ས་བཟང་པོ་དང་ལྔ་ལས། གྲོང་ལ་དབང་པོའི་ཕོ་བྲང་འཁོར། སྤྱིའི་གྲོང་བལྟ་ན་སྡུག །མཚམས་ཀྱི་གནས་གསུམ་ལས། དབུས་ན་རྣམ་པར་རྒྱལ་བའི་ཁང་བཟང་། ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། བལྟ་ན་སྡུག་ལས་དཔག་ཚད་ཕྱེད་དང་ལྔ་གྱེན་དུ་འཕགས་པ། བ་གམ་བརྒྱད་ལ་ཁང་བུ་བརྩེགས་མ་བདུན་བདུན་ན་གནས་ཁང་བདུན་བདུན་གྱིས་བརྒྱན་པ། དེའི་ཕྱོགས་བཞི་ན་ཤིང་རྟ་སྣ་ཚོགས་ཅན་ཞེས་བྱ་བའི་སྐྱེད་མོས་ཚལ་བཞི་ཡོད་དེ། རེ་རེ་ནའང་རིན་པོ་ཆེའི་ཤིང་དང་། བྱ་དང་། རྫིང་བུ་དུ་མས་མཛེས་པ། ལྷའི་གོས་དང་། རོལ་མོ་དང་། བདུད་རྩི་དང་། ནོར་བུ་སྣ་ཚོགས་ཀྱི་དྲ་བས་སྦྲེལ་ཞིང་། ལྷའི་བུ་དང་བུ་མོ་གླུ་དང་སིལ་སྙན་འཁྲོལ་བས་གང་བ་ཡོད་དོ། །སྤྱིའི་གྲོང་ཁྱེར་བལྟ་ན་སྡུག་ནི་དེའི་ཕྱི་རོལ་ན་འཁོར་བར་རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་བརྩེགས་བཀོད་པ་སྣ་ཚོགས་སུ་མཛེས་པའི་ངོས་རེ་དཔག་ཚད་བཞི་སྟོང་ལྔ་བརྒྱ་པ་དཔངས་སུ་ཕྱེད་དང་གསུམ་འཕགས་པའོ། །ནང་གི་ས་གཞི་དང་ལམ་སྲང་བལྟ་ན་སྡུག་ཅིང་ཡིད་དུ་འོང་བ་དུས་བཞིར་མེ་ཏོག་གི་ཆར་འབབ་པ་དང་བཅས་པའོ། །གྲོང་ཁྱེར་གྱི་ཕྱི་རོལ་རིན་པོ་ཆེ་སྣ་བདུན་གྱི་ར་བ་བདུན་གྱིས་བསྐོར་བའི་བར་ན་འབབ་ཆུས་ཡོངས་སུ་གང་བར། པདྨ་ལ་སོགས་པ་མེ་ཏོག་གི་ཚོགས་རྒྱས་ཤིང་བྱ་སྐད་སྙན་པར་སྒྲོགས་པ་ན། རིན་པོ་ཆེའི་གྲུ་ལྡིང་བ་དང་བཅས་པ་ཡོད་དོ། །མཚམས་ཀྱི་གྲོང་ནི་རི་རབ་ཀྱི་རྩེ་མོའི་མཚམས་བཞི་ན་ཁང་བརྩེགས་ལྔ་བརྒྱ་པ་ལྷའི་གྲོང་གིས་བརྒྱན་པ་བཞི་ཡོད་པའི་བར་གྱི་ཐང་ར་བ་དཔག་ཚད་ལྔ་པས་སྦྲེལ་བ་ན། གནོད་སྦྱིན་ལག་ན་རྡོ་རྗེ་མཆེད་བཞིའི་ལྷ་རིགས་གནས་སོ། །ཚལ་ནི་བལྟ་ན་སྡུག་ནས་ཕྱོགས་བཞིར་དཔག་ཚད་ཉི་ཤུ་ཉི་ཤུ་གཞལ་བ་ན་ཡོད་དོ། །ཤར་ན་ཤིང་རྟ་སྣ་ཚོགས་ཀྱི་སྐྱེད་མོས་ཚལ་རྫིང་དང་གོས་དང་ཤིང་རྟ་ལ་སོགས་པས་བརྒྱན་པའོ། །ལྷོ་ན་རྩུབ་འགྱུར་གྱི་སྐྱེད་མོས་ཚལ་

p. 36

གཡུལ་འགྱེད་པའི་ཚེ་གོ་ཆ་སྲ་བ་སྣ་ཚོགས་སུ་འབྱུང་བའོ། །ནུབ་ན་ལོངས་སྤྱོད་འདྲེས་པའི་སྐྱེད་མོས་ཚལ་ཉེ་བར་སྤྱད་པའི་ལོངས་སྤྱོད་དཔག་ཏུ་མེད་པའོ། །བྱང་ན་ཀུན་ཏུ་དགའ་བའི་སྐྱེད་མོས་ཚལ་མྱ་ངན་ཐམས་ཅད་དང་བྲལ་ཞིང་བཀོད་པ་མདངས་དགའ་བ་མང་པོས་མཛེས་པའོ། །དེ་དག་ཀྱང་ཆུ་ཞེང་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་པའོ། །དེ་དག་གི་ནང་གི་ས་གཞི་ཐམས་ཅད་གསེར་གྱི་བྱེ་མ་བརྡལ་བ་ལ། རིན་པོ་ཆེ་སྣ་ཚོགས་ཀྱི་ལྗོན་ཤིང་གིས་འཁྲིགས་པའི་བར་བར་ན་མཚོ་དང་རྫིང་ལ་སོགས་པས་བརྒྱན་པའོ། །ཚལ་དེ་དག་གི་ཕྱི་རོལ་ན་ས་གཞི་ཡང་དེ་དག་དང་མིང་མཚུངས་པ་མེ་ཏོག་དང་རྫིང་བུ་དུ་མས་བརྒྱན་ཞིང་། ཐད་ཀ་སྙོམས་པར་བྱས་པའི་ཚད་ནི་སྐྱེད་མོས་ཚལ་བཞི་པོ་དང་འདྲ་བ་ཡིན་ནོ། །ཤིང་ནི་བྱང་ཤར་ན་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་རྩ་བ་དཔག་ཚད་ལྔ་ཐུར་དུ་ཟུག་ཅིང་། གྱེན་དུ་བརྒྱ་འཕགས་པའི་ཡལ་ག་གདུགས་ལྟར་གྱེས་པའི་འཁོར་ཡུག་དཔག་ཚད་ལྔ་བཅུར་འཁྱིལ་བ་ལ། ནོར་བུའི་དྲ་བ་དང་། ལྷའི་གོས་དཔྱངས་པའོ། །དེའི་དྲུང་ན་རིན་པོ་ཆེ་ཨར་མོ་ནིག་ལྟ་བུའི་རྡོ་ལེབ་དཀར་པོ་ཆུ་ཞེང་དཔག་ཚད་ལྔ་བཅུའི་སྟེང་ན་དབང་པོའི་ཁྲི་དང་མེ་ཏོག་གི་ཆར་འབབ་པ་ཡོད་པའོ། །བལྟ་ན་སྡུག་ནས་ལྷོ་ནུབ་དཔག་ཚད་ཕྱེད་དང་བཞི་ན། ལྷའི་འདུན་ས་ཆོས་བཟང་སྟེ་ཀུན་ནས་ཟླུམ་པའི་ས་ཕྱོགས་རིན་པོ་ཆེའི་ཤིང་དང་ར་བས་བསྐོར་བ། ཆུ་ཞེང་དུ་སུམ་བརྒྱ་དང་མཐའ་སྐོར་དགུ་བརྒྱ་པའི་དབུས་ན་དབང་པོའི་ཁྲི་དང་ལྷ་རྣམས་ཀྱི་སྟན་བཤམས་པ་ཡོད་དོ། །ནམ་མཁའ་ལ་བརྟེན་པའི་གཞལ་མེད་ཁང་འདོད་པ་དང་གཟུགས་ལ་སྤྱོད་པ་རྣམས་ནི་གོང་ནས་གོང་དུ་གཟའ་སྐར་བཀྲམ་པ་ལྟར་ཡོད་པ་རྣམས་ཀྱི་རྒྱའི་ཚད་ཉིས་འགྱུར་གྱིས་ཆེ་ལ། བར་ཐག་གི་ནམ་མཁའ་རྣམས་ནི་འཛམ་བུའི་གླིང་ནས་འོག་མའི་གནས་ལ་ཐུག་པ་ཙམ་རེ་ཡོད་དེ། འཛམ་བུའི་གླིང་

p. 37

ནས་སུམ་ཅུ་རྩ་གསུམ་གྱི་བར་ལ་དཔག་ཚད་བརྒྱད་ཁྲི་ཡོད་པ་ནི། སུམ་ཅུ་རྩ་གསུམ་ནས་འཐབ་བྲལ་གྱི་བར་གྱི་ནམ་མཁའ་ལ་ཡོད་པ་བཞིན་ཤེས་པར་བྱའོ། །དེ་ལྟར་ཆགས་ནས་ཀྱང་བར་གྱི་བསྐལ་པ་གཅིག་ཏུ་སྣོད་ཀྱི་འཇིག་རྟེན་འདི་སྟོང་པའི་རང་བཞིན་འགྲོ་བས་དབེན་པ་སྟེ། རི་དང་རི་བྲན་རྣམས་ལ་ཤིང་དང་། རྩྭ་དང་། མེ་ཏོག་རིགས་མི་འདྲ་བ་མང་པོ་ཡོད་པ། ལུང་པ་སོ་སོ་རྣམས་ཀྱང་ནགས་དང་། འཇག་མའི་གླིང་དུ་གནས་ཤིང་། ནམ་མཁའ་ནས་ཆར་བབས་པས་རིན་པོ་ཆེའི་ལྗོན་ཤིང་ལ་སོགས་པ་རྒྱས་པར་གྱུར་ཏོ། །དེ་ནས་བཅུད་ཆགས་ཚུལ་ནི་ཡས་རིམ་པ་བཞིན་ཏེ། དེའི་ཚེ་བདུད་རྩིའི་ཆར་བབས་པས་ས་ལ་རླངས་ཕྱུང་སྟེ། རིན་པོ་ཆེའི་ཤིང་སྣ་ཚོགས་པདྨའི་རང་བཞིན་དུ་སྨིན་པར་བྱས་པ་ལ། གོང་གི་འཇིག་རྟེན་སྲིད་པའི་སེམས་ཅན་རླུང་གི་ལྷ་མོ་བཞི་དང་། ཆུའི་ལྷ་མོ་གར་བྱེད་པ་མང་པོ་དང་། ཀླུའི་བུ་སྟོབས་དང་ལྡན་པ་བཞི་རྣམས་ཀྱི་ཡིད་ཞུགས་པ་ལས། པདྨའི་གསུང་སྒྲ་ཕྱོགས་ཀུན་ཏུ་འཕྲོས་པའི་སྒྲས་བསྐུལ་བའི་ཚེ། སྔར་གྱི་གཟུགས་མེད་སྨིན་རུང་རྣམ་ཤེས་བཟུང་བའི་ཆར་གནས་ས་བོན་བག་ལ་ཉལ་དུ་གནས་པ་རྣམས་མངོན་གྱུར་དུ་སད་དེ། རྣམ་པར་ཤེས་པ་ཏིང་ངེ་འཛིན་གྱི་སྤྲུལ་པའི་ལུས་སུ་གྲུབ་སྟེ། རང་གི་སྣང་བ་ཟང་ཐལ་དུ་ཤར་བས་ལུས་ཀྱི་ཆར་མེད་པ་ཡང་མ་ཡིན། ཕྲ་བ་ཡིད་དང་། རགས་པ་ཤ་ཁྲག་དང་། དྭངས་པ་འོད་ཀྱི་ལུས་གསུམ་གང་རུང་དུ་མ་གྲུབ་པས་ཡོད་པ་ཡང་མ་ཡིན་པའི་ཕྱིར། ཡོད་མིན་མེད་མིན་པའི་འགྲོ་བ་དང་ཁམས་ཞེས་བྱའོ། །ཏིང་ངེ་འཛིན་རྣམ་པར་འཕྲུལ་པའི་ལུས་དེ་ཉིད་ཀྱང་རེས་ཡོད་པ་ལྟར་སྣང་ལ། རེས་མེད་པ་ལྟར་སྣང་བའི་ཕྱིར་ཡང་ཡོད་མིན་མེད་མིན་ཞེས་གྲགས་སོ། །འགྲོ་བ་དེ་དག་ཀྱང་ཞིང་འདིའི་རྩེ་མོ་པདྨ་རྣམ་པར་བརྩེགས་པའི་ནམ་མཁའ་ལ་བརྟེན་ནས་གནས་སོ། །དེ་དག་ལས་དཔག་ཏུ་མེད་པར་མཆེད་དེ། ཏིང་ངེ་འཛིན་ཞི་བའི་རང་འོད་དང་དགའ་བདེ་

p. 38

ལ་སྤྱོད་ཅིང་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་གནས་སོ། །དེའི་འོག་ན་ཡིད་རྣམ་པར་རོལ་པའི་འཁོར་ལོ་ཅན་ཞེས་བྱ་བའི་ནམ་མཁའ་ལ་གསེར་གྱི་རྡོ་རྗེ་ཆེན་པོ་གཅིག་གྱེན་ལ་ལངས་ཏེ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བས་ཤིན་ཏུ་མཛེས་ཤིང་དཔའ་བའི་ཉམས་དང་ལྡན་པར་འཁྲུལ་པ་ལས་གོང་མའི་འགྲོ་བ་དེ་དག་ནམ་མཁའ་ལ་ཏིང་ངེ་འཛིན་སྤྲུལ་པའི་ལུས་ཀྱིས་འགྲོ་བས། རྡོ་རྗེ་མཐོང་སྟེ་དེ་ལ་མཛེས་པར་བལྟ་བའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱའོ། །དེའི་ཚེ་སྤྲུལ་པའི་རྡོ་རྗེ་དེ་ཡིད་རབ་ཏུ་གཡོས་པས། འགྲོ་བ་དེ་དག་གི་རྣམ་པ་ལས་སྐྱེས་པའི་འགྲོ་བ་དེ་ལ། འགའ་ཙམ་ཐིགས་པ་ལྟར་ཡས་ཆད་པས། གོང་གི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡལ་ནས། ཅི་ཡང་མེད་དོ་ཞེས་བརྗོད་པ་ལས། གོང་མ་ལས་འདུ་ཤེས་ཙམ་དུ་ཡོད་ལ། གཞན་ཅི་ཡང་མེད་པར་གནས་པ་དེ་ལས། འགྲོ་བ་དཔག་ཏུ་མེད་པ་མཆེད་དེ་ཅི་ཡང་མེད་པ་ཞེས་ཀྱང་བྱ། ཅུང་ཟད་མེད་པ་ཞེས་ཀྱང་བྱའོ། །དེ་ཡང་ཏིང་ངེ་འཛིན་གྱི་སྣང་བ་བཟང་བ་ནི། ཏིང་ངེ་འཛིན་བཟང་བ་ལས་སྐྱེ་དགོས་ན། འོག་མར་ཇེ་ངན་དུ་སོང་བས་དེའི་སྣང་བ་ལས་བྱུང་བའི་ལུས་སྤྲུལ་ཡང་གོང་མ་བས་ལུས་བོངས་ཆུང་ཞིང་། འོད་མདངས་ཀྱང་ཆུང་སྟེ་ཅི་ཡང་མེད་པ་ཞེས་དམན་པ་དགག་པའི་སྒྲར་བཏགས་ལ། གོང་མའི་སྣང་བ་ལས་སྐྱེས་ཤིང་འཕེལ་བས་སྐྱེ་མཆེད་ཅེས་བྱ་སྟེ། ཉོན་མོངས་པ་མངོན་དུ་རྒྱུ་མེད་ལ། ཕྲ་བ་བག་ལ་ཉལ་དུ་གནས་སོ། །འདི་དག་རིན་པོ་ཆེ་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་གནས་སོ། །འདི་ལྟ་བུ་ཐེག་པ་ཐུན་མོང་ལས་རྣམ་གཞག་འཕགས་པའི་གྲུབ་མཐའ་ཉིད་དོ། །སྲིད་པའི་འགྲོ་བའི་ཡིད་ཞུགས་པ་ལས་སེམས་ཅན་མཆེད་པ་དང་སྦྱར་ན། ད་ལྟ་ཡང་དབྱིངས་ཀྱི་རིག་པ་ལུང་མ་བསྟན་དེ་གཡོས་པ་ལས་སེམས་ཅན་གློ་བུར་བའི་འཁྲུལ་པ་འབྱུང་བ་ཡོད་དེ། གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་

p. 39

རྣམ་རྟོག་ལས་ཀྱིས་སྤྲུལ། །ཅེས་པ་དང་། སྡུད་པ་ལས། རྐྱེན་རྣམས་འཚོགས་ན་ལས་ཀྱི་འཁྲུལ་འཁོར་རབ་ཏུ་འབྱུང་། །ཞེས་སོ། །འདི་སེམས་ཅན་གསར་སྐྱེ་འདྲ་ཡང་། གསར་སྐྱེས་མ་ཡིན་ཏེ། རིག་པ་ལ་མཚུངས་ལྡན་མ་རིག་པས་ལྷན་སྐྱེས་སུ་དབྱིངས་ཀྱི་ཆ་དེ་ལ་སྒྲིབ་པ་ཉིད། རྐྱེན་གློ་བུར་བས་དངོས་སུ་གསལ་བར་བྱས་པ་ཙམ་ལས་དང་པོ་དག་པ་ཕྱིས་འཁྲུལ་པ་མ་ཡིན་པ་དང་། དབྱིངས་ཞེས་འབྱུང་བཞིའི་སྒྲ་བརྗོད་པའི་ཕྱིར་རོ། །དེ་ནས་དཔག་ཚད་སྟོང་ཕྲག་སུམ་ཅུའི་འོག་ན། ཡིད་འབྱེད་རྣམ་པར་རོལ་པ་ཞེས་བྱ་བའི་ནམ་མཁའ་ལ། འཁོར་ལོ་དཔག་ཏུ་མེད་པ་འཕྲོ་ཞིང་གཅིག་ལ་གཅིག་ཕྲད་པའི་སྒྲ་རང་འབྱུང་བ་ཡོད་དེ། དེར་གོང་མའི་འགྲོ་བ་དེ་དག་ཏིང་ངེ་འཛིན་ཞི་གནས་ཕྱོགས་གཅིག་ཏུ་སོང་བ་ལས། འོག་ཏུ་འགའ་ཙམ་ལྷུང་ནས། གཅིག་ལ་གཅིག་རྣམ་པར་ཤེས་པ་ཙམ་ལས། འགྲོ་བ་དེ་དག་མང་པོར་མཆེད་པས། རྣམ་ཤེས་མཐའ་ཡས་ཏེ། རྣམ་པ་ཡུལ། འཁོར་ལོ་འཇུག་པ། ཤེས་པ་ཙམ་ལ་བདག་ཏུ་རྟོག་པ་ཙམ་མཐའ་ཤེས་པ་ཡས་ཏེ། སྡུད་པའི་དངོས་པོ་མེད་པ། དེ་དག་ལས་སྐྱེས་ནས་འགྲོ་བའི་གཟུགས་མཐའ་ཡས་པར་མཆེད་པ་ནི། རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་ཅེས་བྱའོ། །དེ་དག་ཀྱང་གོང་མ་ལས་ཚེ་ཚད་ཐུང་ཞིང་། ལུས་བོངས་ཆུང་ལ་འོད་མི་གསལ་བ་ནི། ཏིང་ངེ་འཛིན་དམན་པ་སྟེ། དེ་ཡང་བསོད་ནམས་ཀྱི་སྟོབས་ཉམས་པའི་ཕྱིར་རོ། །དེའི་འོག་དཔག་ཚད་སྟོང་ཕྲག་གཉིས་ན། སྤྲིན་ཆེན་པོ་རྣམ་པར་རོལ་པ་ཞེས་བྱ་བའི་ནམ་མཁའ་ལ། ཏིང་ངེ་འཛིན་རང་སྣང་ལ་ཤར་བ་སྤྲིན་ཁ་དོག་སྣ་ཚོགས་པའི་དུམ་བུས་ལིང་ཚེར་ཁྱབ་ཅིང་། ཤེས་པ་མཆེད་པ་ལས་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །དེ་ནས་ནམ་མཁའ་མཐའ་ཡས་པའི་སྐྱེ་མཆེད་ཅེས་བཏགས་སོ། །དེ་ལྟར་གཟུགས་མེད་བཞི་པོ་ལས། སྲིད་རྩེས་བསྐལ་ཆེན་བརྒྱད་ཁྲི་

p. 40

ཐུབ་བོ། །ཅི་ཡང་མེད་པས་བསྐལ་ཆེན་དྲུག་ཁྲིའོ། །རྣམ་ཤེས་པས་བསྐལ་ཆེན་བཞི་ཁྲིའོ། །ནམ་མཁའ་མཐའ་ཡས་བསྐལ་ཆེན་ཉི་ཁྲི་ཐུབ་པ་ཡིན་ནོ། །ལུས་སུ་སྣང་བས་གཟུགས་མེད་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། བསམ་གཏན་གྱི་ལྷ་ལྟར་སྣང་བ་འོད་ཀྱི་གཟུགས་མེད་པས་རྣམ་པར་ཤེས་པ་ཙམ་དུ་གནས་ལ། འདོད་པའི་ལྷ་མི་ལྟར་འབྱུང་བ་ཤ་ཁྲག་གི་ལུས་སུ་མེད་པས་རྣམ་ཤེས་ཡུལ་ལ་དངོས་སུ་མི་རྟོག་པར་གནས་ཤིང་། ཡི་དྭགས་ལྟར་འགྱུ་བ་ཡིད་ཀྱི་གཟུགས་སུ་མེད་པས། ཤེས་པ་ནང་དུ་གསལ་ལ། དམྱལ་བ་ལྟར་མྱོང་རེག་སྡུག་བསྔལ་གྱི་ལུས་སུ་མེད་པས། ཏིང་ངེ་འཛིན་དགའ་བདེའི་ངང་ལ་གནས་པའི་རྣམ་ཤེས་དེ་ཡང་། བསོད་ནམས་ཆ་མཐུན་གྱི་འབྲས་བུའི་རྩེ་མོ་ཏིང་ངེ་འཛིན་ཆ་བཞི་ལ་རང་ཆས་སྤྲུལ་སྣང་གི་ལུས་སམ་གཟུགས་འོག་མས་བལྟར་མི་མངོན་ལ་རང་ས་དང་གོང་མས་མཐོང་ཙམ་རེ་ཡོད་པ་ཡིན་ཏེ། ཡུམ་བར་མ་ལས་ཀྱང་། དེའི་ཚེ་འདོད་པ་དང་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱང་ལག་ན་མེ་ཏོག་ཐོགས་ནས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱེད་དོ་ཞེས་པ་དང་། འགྲེལ་ཆུང་ལས་ཀྱང་། ལྷའི་རིགས་ཐམས་ཅད་ཉེ་བར་འོང་བ་དང་ཞེས་པས་ཀྱང་གྲུབ་བོ། །དེ་ནས་གཟུགས་ཀྱི་ཁམས་སུ་མཆེད་ཚུལ་ནི། ནམ་མཁའ་མཐའ་ཡས་ལས་འོག་ཏུ་དཔག་ཚད་ཁྲི་ཕྲག་ཉི་ཤུ་འདས་པ་ན། རིན་པོ་ཆེ་མཆིང་བུ་རྣམ་པར་བཀོད་པ་ཞེས་བྱ་བའི་ནམ་མཁའ་ཕྱི་ནང་མེད་པར་འོད་ལྔ་ཟང་ཐལ་དུ་སྣང་བ་ལ་གོང་མའི་ཤེས་པ་དུམ་བུར་མཆེད་པ་ཅིག་ཏུ་གྱུར་པས། འོད་ཀྱི་ཁ་མིག་རྣ་བར་ལྡན་པ་ཀུན་ཏུ་ཟང་ཐལ་བ་དཔག་ཏུ་མེད་པར་མཆེད་དེ། རླུང་གི་སྟོབས་ཀྱིས་འགྲོ་བ་དང་ལྡིང་བ་དང་འཕྱོ་བ་ལ་སོགས་པ་བྱེད་དོ། །དེ་ཡང་གོང་མ་གཟུགས་མེད་ལ་ལྟོས་ནས་འོག་ཡིན་ལ། འོག་མ་འདོད་གཟུགས་ཀུན་གྱི་གོང་ན་ཡོད་ཀྱི་འོག་མ་མིན་པས་འོག་མིན་ཅེས་བྱ་སྟེ་འོག་མིན་པའམ་གཟུགས་ཅན་ཀུན་གྱི་རྩེ་མོ་ན་ཡོད་པས་འོག་མིན་ཞེས་བྱའོ། །དེ་ཡང་སྐྱེ་མཆེད་མུ་

p. 41

བཞི་ཏིང་ངེ་འཛིན་རྣམ་ཤེས་སྤྲུལ་པའི་ལུས་མིག་ཤེས་ཕལ་པས་བལྟར་མེད་པ་ལས་ཁྱད་པར་དུ་ཕྱེ་སྟེ། འདི་ནི་རྣམ་ཤེས་དང་བ་ལ་ཕྱི་འོད་ཀྱི་ལུས་སུ་གྲུབ་པས་རི་མོའི་རྣམ་པའམ་འཇའ་ཚོན་གྱི་གཟུགས་བཞིན་ནོ། །ལུས་དཔག་ཚད་ཁྲི་དྲུག་སྟོང་ལ། ཚེ་ཡང་བར་བསྐལ་ཁྲི་དྲུག་སྟོང་ཐུབ་པའོ། །དེའི་འོག་མ་རྣམས་ཀྱི་ནམ་མཁའི་བར་ཐངས་སྔར་བསྟན་པ་ལྟར་འཛམ་བུའི་གླིང་ནས་འོག་མའི་གནས་སུ་དཔག་ཚད་ཅི་ཡོད་པ་གཞལ་བས་རྟོགས་པར་བྱས་ལ། འོག་མིན་ནས་འོག་གི་ཐངས་སུ་གཞལ་བ་ན། རིན་པོ་ཆེ་མཐོན་མཐིང་གིས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། གོང་མའི་འགྲོ་བའི་ཤེས་པ་བག་ལ་ཉལ་བ་འགའ་ལྷུང་བ་ལས། འགྲོ་བ་དཔག་ཏུ་མེད་པ་མཆེད་པ་ནི། ཤིན་ཏུ་མཐོང་ཞེས་བྱ་སྟེ་གཅིག་གིས་གཅིག་མཐོང་ན་དགའ་བ་ལྷག་པའི་ཕྱིར་རོ། །ལུས་བོངས་དཔག་ཚད་བརྒྱད་སྟོང་ལ། ཚེ་ཡང་བར་བསྐལ་སྟོང་ཕྲག་བརྒྱད་ཐུབ་པའོ། །དེའི་འོག་ན་རིན་པོ་ཆེ་རབ་མཛེས་ཞེས་བྱ་བའི་ནམ་མཁའ་ལ། གོང་མ་ནས་མཆེད་པའི་འགྲོ་བ་དཔག་ཏུ་མེད་པ་སྣང་བ་ལ། གྱ་ནོམ་སྣང་བ་ཞེས་བྱ་སྟེ་འོག་མ་ལས་ཕུལ་དུ་གྱུར་པའི་ཆས་གཞལ་བའི་ཕྱིར་རོ། །འདི་དག་གི་ལུས་དཔག་ཚད་བཞི་སྟོང་ལ་ཚེ་ཡང་བར་བསྐལ་བཞི་སྟོང་ཐུབ་པའོ། །དེའི་འོག་ཏུ་རིན་པོ་ཆེ་ཟེ་བ་སྨུ་གུའི་ནམ་མཁའ་ལ་གོང་མ་ལས་རྣམ་ཤེས་འགའ་ཉེ་བར་མཆེད་པས་འགྲོ་བ་མང་དུ་འཕེལ་བ་ནི་མི་གདུང་བ་ཞེས་བྱ་སྟེ། དགའ་བདེའི་སྣང་བ་ཤར་བ་དེ་དག་ལ་གདུང་བ་མེད་པའི་ཕྱིར་རོ། །ལུས་དཔག་ཚད་ཉིས་སྟོང་ལ། ཚེ་བར་གྱི་བསྐལ་པ་གཉིས་ཐུབ་པའོ། །དེའི་འོག་ཏུ་རིན་པོ་ཆེ་ཤེལ་གྱི་ཁང་བུ་བརྩེགས་པ་ཞེས་བྱ་བའི་ནམ་མཁའ་ལ། མི་ཆེ་བ་ཞེས་བྱ་བའི་འགྲོ་བ་བྱུང་སྟེ། སྣང་བ་ལ་འདོད་སྲེད་མི་ཆེ་བའི་ཕྱིར་རོ། །ཚེ་བར་བསྐལ་གཅིག་ཐུབ་ལ། ལུས་བོངས་དཔག་ཚད་སྟོང་ཡོད་པའོ། །དེ་ལྟར་གནས་རིས་ལྔ་པོ་དེ་ནི་ཉོན་མོངས་པའི་དྲི་ང་བ་འགའ་ཞིག་མེད་པས་གཙང་མ་རིས་ཀྱི་ལྷ་ལྔ་ཞེས་བྱ་སྟེ་འཕགས་པའི་གནས་གཞན་ལྔའོ། །སོ་སོ་སྐྱེ་བོའི་གནས་གཞན་གསུམ་གྱི་གོང་མ་ནི་

p. 42

དེའི་འོག་ཏུ་རིན་པོ་ཆེ་རབ་མཛེས་རྣམ་པར་བརྡལ་བ་ཞེས་བྱ་བའི་ནམ་མཁའ་ལ་མི་ཆེ་བའི་ལྷ་འགའ་ལྷུང་བ་ལས་མཆེད་པ་ནི། འབྲས་བུ་ཆེ་ཞེས་བྱ་སྟེ་བསོད་ནམས་ཆ་མཐུན་གྱི་དགེ་བའི་འབྲས་བུ་ཆེ་བ་ལས་གྲུབ་པའི་ཕྱིར་རོ། །ལུས་བོངས་དཔག་ཚད་ལྔ་བརྒྱ་ལ་ཚེ་བར་བསྐལ་ལྔ་བརྒྱ་ཐུབ་པའོ། །དེའི་འོག་ན་རིན་པོ་ཆེ་ཀ་ལི་མདོག་མཛེས་ཀྱིས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་འགའ་ཐིགས་པའི་ཚུལ་དུ་ཆད་པ་ལས་མཆེད་པ་རྣམས་ལ། བསོད་ནམས་སྐྱེས་ཞེས་གྲགས་ཏེ་སྔར་བསོད་ནམས་མང་དུ་བསོགས་པ་ལས་བྱུང་བའི་ཕྱིར་རོ། །ལུས་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ལ་ཚེ་ཡང་བར་བསྐལ་དེ་སྙེད་དོ། །དེའི་འོག་ན་རིན་པོ་ཆེ་སྤྲིན་རྣམ་པར་སྟུག་པོ་ཞེས་བྱ་བའི་ནམ་མཁའ་ཡོད་དེ། བསོད་ནམས་སྐྱེས་ཀྱི་འགྲོ་བ་རྣམས་ཆད་པ་ལས་སྤྲིན་མེད་འོད་ཅེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །དེ་ཡང་དལ་འཇམ་དྲོ་བའི་ཚད་དང་ལྡན་པ། སྤྲིན་མེད་པའི་ཉི་མའི་རྣམ་པ་འདྲ་བས་ན་དེ་སྐད་ཅེས་གྲགས་སོ། །ལུས་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ་ལ་ཚེ་ཡང་བར་བསྐལ་དེ་སྙེད་ཐུབ་པའོ། །དེའི་འོག་ན་རིན་པོ་ཆེ་འོད་རྣམ་པར་འབྱིན་པ་ཞེས་བྱ་བའི་ནམ་མཁའ་ལ་སྤྲིན་མེད་ལས་ཆད་པ་དགེ་རྒྱས་ཞེས་བྱ་བའི་འགྲོ་བ་རྣམས་ཏེ། དགེ་རྩ་རྒྱས་པ་ལས་བྱུང་བས་སོ། །ལུས་དཔག་ཚད་དྲུག་ཅུ་རྩ་བཞི་པ་ཚེ་ཡང་བར་བསྐལ་དེ་སྙེད་ཐུབ་པའོ། །དེའི་འོག་ན་རིན་པོ་ཆེ་ཨིན་དྲ་ནཱི་ལས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། གོང་མ་ལས་ཆད་པའི་འགྲོ་བ་ལ་ཚད་མེད་དགེ་ཞེས་བྱ་སྟེ། དགེ་རྩ་ཚད་མེད་ལས་གྲུབ་པའི་ཕྱིར་རོ། །ལུས་དཔག་ཚད་སུམ་ཅུ་རྩ་གཉིས་ལ་ཚེ་ཡང་བར་བསྐལ་དེ་སྙེད་དོ། །ལ་ལ་ནས་དགེ་རྒྱས་ཀྱི་གོང་དུ་ཚད་མེད་དགེ་གསུངས་པའང་ཡོད་དོ། །དེའི་འོག་ན་རིན་པོ་ཆེ་པ་ཏང་ཀ་ལིང་གིས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། གོང་མ་ལས་མཆེད་པ་དགེ་ཆུང་ཞེས་བྱ་བའི་ལྷ་རྣམས་སོ། །དེ་ཡང་གོང་མ་བས་དགེ་བའི་འབྲས་བུ་ཆུང་བ་ལ་སྤྱོད་པས་དེ་སྐད་ཅེས་བྱའོ། །ལུས་

p. 43

དཔག་ཚད་བཅུ་དྲུག་པ་ཚེ་ཡང་བར་བསྐལ་དེ་སྙེད་པའོ། །དེའི་འོག་ན་ནོར་བུ་རིན་པོ་ཆེ་ཀེ་ཀེ་རུ་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། གོང་མ་ལས་མཆེད་པ་འོད་གསལ་ཏེ་ལུས་ལ་འོད་གསལ་བའི་ཕྱིར་རོ། །ལུས་དཔག་ཚད་བརྒྱད་པ་ཚེ་ཡང་བར་བསྐལ་བརྒྱད་དོ། །དེའི་འོག་ན་རིན་པོ་ཆེ་དཔལ་བརྩེགས་ཞེས་བྱ་བའི་ནམ་མཁའ་ལ། གོང་མ་ལས་མཆེད་པ་ཚད་མེད་འོད་དེ་ལུས་ཀྱི་འོད་ལ་ཚད་མེད་པས་དེ་སྐད་ཅེས་སོ། །ལུས་དཔག་ཚད་བཞི་པ་ཚེ་ཡང་བར་བསྐལ་བཞིའོ། །དེའི་འོག་ན་རིན་པོ་ཆེ་དཔའ་བའི་འོད་ཅེས་བྱ་བའི་ནམ་མཁའ་ལ། གོང་མ་ལས་མཆེད་པ་ནི་འོད་ཆུང་ཞེས་བྱའོ། །ལུས་ཀྱི་འོད་གོང་མ་ལས་ཆུང་བའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །ལུས་དཔག་ཚད་གཉིས་ལ་ཚེ་ཡང་བར་བསྐལ་གཉིས་ཐུབ་པའོ། །དེའི་འོག་ན་རིན་པོ་ཆེ་ཀེ་རུ་ཛ་ཞེས་བྱ་བའི་ནམ་མཁའ་ལ་གོང་མ་ལས་མཆེད་པ་ཚངས་ཆེན་པའི་འགྲོ་བ་ཡོད་དོ། །དེའང་འདོད་པའི་སྐྱོན་ལས་ཚངས་པས་དེ་སྐད་ཅེས་བྱའོ། །ལུས་དཔག་ཚད་ཕྱེད་དང་གཉིས་ལ་ཚེ་ཡང་བར་བསྐལ་དེ་སྙེད་ཐུབ་པའོ། །དེའི་འོག་ན་རིན་པོ་ཆེ་ས་མི་ཀ་ཞེས་བྱ་བའི་ནམ་མཁའ་ལ་ཚངས་ཆེན་ལས་འགའ་ཞིག་ཆད་པ་ནི། ཚངས་པ་མདུན་ན་འདོན་ཏེ། དེ་དག་གི་མདུན་ན་ཁ་ཏོན་བྱེད་པ་རེ་ཡོད་པས་དེ་སྐད་ཅེས་བྱའོ། །ལུས་དཔག་ཚད་གཅིག་ལ་ཚེ་ཡང་བར་བསྐལ་གཅིག་ཐུབ་པའོ། །དེའི་འོག་ན་རིན་པོ་ཆེ་སི་ཀ་ཏ་ཞེས་བྱ་བའི་ནམ་མཁའ་ལ་གོང་མ་ལས་ཆད་པས་ཚངས་པ་ཞེས་བྱའོ། །དེའང་དགེ་བའི་ལས་ལ་ཚངས་པར་སྤྱོད་པས་ན་དེ་སྐད་ཅེས་བྱའོ། །ལུས་དཔག་ཚད་ཕྱེད་ལ་ཚེ་ཡང་བར་གྱི་བསྐལ་པ་ཕྱེད་ཐུབ་པའོ། །དེ་ནས་འདོད་པའི་ཁམས་ལ་གཉིས་ལས། ལྷ་རིགས་དྲུག་གི་དང་པོ་ནི། དེའི་འོག་ན་དཔག་བསམ་གྱི་ཤིང་རིན་པོ་ཆེ་རབ་ཏུ་རྒྱས་པ་ཞེས་བྱ་བའི་ནམ་མཁའ་ལ་ཚངས་པའི་འགྲོ་བ་འགའ་མཆེད་པ་ནི། སྔོན་གྱི་བསགས་པའི་ཁྱད་ཀྱིས་ལྷུང་བ་ལས་གཞན་འཕྲུལ་དབང་བྱེད་ཅེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །དེའང་ལུས་དང་ལོངས་སྤྱོད་ཀྱི་

p. 44

འབྱོར་བ་གཞན་ལས་སྤྲུལ་པར་སྣང་བ་ལ་དབང་བས་དེ་སྐད་དོ། །གཞན་གང་གིས་ཤེ་ན་ལྷའི་དཔག་བསམ་དང་རང་གི་རྣམ་འཕྲུལ་གཞན་དུ་སྣང་བས་སོ། །ལུས་རྒྱང་གྲགས་ཕྱེད་དང་གཉིས་ལ་ཚེ་མི་ལོ་སྟོང་དྲུག་བརྒྱ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་པའོ། །དེའི་འོག་ཏུ་དཔག་བསམ་གྱི་ཤིང་མཐོང་མཛེས་ཞེས་བྱ་བའི་ནམ་མཁའ་ལ། གོང་མ་ལས་ལྷུང་བ་ནི་འཕྲུལ་དགའ་སྟེ། དེའང་ལུས་ཀྱི་འོད་ལས་བུ་བརྒྱའམ་སྟོང་ངམ་དཔག་ཏུ་མེད་པར་སྤྲུལ་ནས་རྩེ་དགའ་བྱེད་པས་དེ་སྐད་དོ། །ལུས་རྒྱང་གྲགས་གཅིག་དང་བཞི་ཆ་སྟེ་གཞུ་འདོམ་ལྔ་བརྒྱ་དང་བརྒྱ་ཉི་ཤུ་རྩ་ལྔའོ། །ཚེ་མི་ལོ་བརྒྱད་བརྒྱ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ཕྲག་བརྒྱད་ཐུབ་པའོ། །དེའི་འོག་ན་དཔག་བསམ་གྱི་ཤིང་མིག་མཛེས་ཞེས་བྱ་བའི་ནམ་མཁའ་ལ། འཕྲུལ་དགའ་ལས་མཆེད་པ་དགའ་ལྡན་ཏེ་དགའ་བདེ་དམ་པའི་ཆོས་ལ་སྤྱོད་པའི་ཕྱིར་རོ། །ལུས་རྒྱང་གྲགས་གཅིག་སྟེ་གཞུ་འདོམ་ལྔ་བརྒྱ་པ། ཚེ་མི་ལོ་བཞི་བརྒྱ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་བཞི་སྟོང་ཐུབ་པའོ། །དེའི་འོག་ན་དཔག་བསམ་གྱི་ཤིང་ཡིད་འགྱུར་ཞེས་བྱ་བའི་ནམ་མཁའ་ལ། གོང་མ་ལས་ལྷུང་བས་འཐབ་བྲལ་ཞེས་བྱ་སྟེ། ལྷ་མ་ཡིན་དང་རྩོད་པ་བྲལ་བའི་ཕྱིར་རོ། །ལུས་རྒྱང་གྲགས་བཞི་གསུམ་སྟེ་གཞུ་འདོམ་སུམ་བརྒྱ་བདུན་ཅུ་རྩ་ལྔའོ། །ཚེ་མི་ལོ་ཉིས་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཉིས་སྟོང་ཐུབ་བོ། །དེའི་འོག་ན་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་གྱིས་བརྒྱན་པའི་ས་གཞི་ལ། འཐབ་བྲལ་ལས་ལྷུང་བའི་འགྲོ་བ་མཆེད་པས་སུམ་ཅུ་རྩ་གསུམ་སྟེ། གླང་པོ་ཆེ་རབ་བརྟན་ལ་གསེར་གྱི་མགོ་སུམ་ཅུ་རྩ་གཉིས་གཡུའི་མགོ་གཅིག་དང་རྩ་གསུམ་ལ་ལྷ་དབང་དང་ཉེ་དབང་སྤྱོད་པས་སམ། མ་འདྲེས་དང་ཕྲེང་འབར་ལ་སོགས་པའི་གནས་སུམ་ཅུ་རྩ་གསུམ་ན། དབང་པོ་སུམ་ཅུ་རྩ་གསུམ་གྱིས་བྱེད་པས་དེ་སྐད་ཅེས་བྱའོ། །ལུས་རྒྱང་གྲགས་ཀྱི་བཞི་ཆ་གཉིས་ཏེ་གཞུ་འདོམ་ཉིས་བརྒྱ་ལྔ་བཅུའོ། །ཚེ་མི་ལོ་བརྒྱ་ལ་ཞག་

p. 45

གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ཕྲག་གཅིག་ཐུབ་པའོ། །དེའི་འོག་ན་ཉི་ཟླ་གཟའ་སྐར་འཆར་བའི་གནས་བང་རིམ་རྩེ་མོ་དང་གཉའ་ཤིང་འཛིན་ལ་སོགས་པའི་གཞི་ལ་སུམ་ཅུ་རྩ་གསུམ་ལས་མཆེད་པའི་འགྲོ་བ་རྣམས་ལ་རྒྱལ་ཆེན་རིས་བཞི་ཞེས་བྱ་སྟེ། གླིང་བཞི་སོ་སོའི་བདག་པོར་སྐྱེས་ཤིང་དབང་བསྒྱུར་ལ་བསྲུང་བའི་ཕྱིར་རོ། །ལུས་རྒྱང་གྲགས་བཞི་ཆ་གཅིག་སྟེ། གཞུ་འདོམ་བརྒྱ་ཉི་ཤུ་རྩ་ལྔ་ཡོད་ལ། ཚེ་མི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་པའོ། །དེ་དག་ནི་འདོད་ལྷ་རིགས་དྲུག་གོ། ལྷ་མིན་ལ་རིས་བཞི་ལས། ཚེ་དཔལ་ལྷའི་རིས་ནི་སུམ་ཅུ་རྩ་གསུམ་པ་དང་ལུས་དང་ཚེ་མཉམ་ལ། སྟོབས་ཆེན་གནོད་སྦྱིན་གྱི་རིས་ནི་རྒྱལ་ཆེན་བཞིའི་ལུས་དང་ཚེ་དང་ལོངས་སྤྱོད་འདྲ་ཞིང་། གདུག་པ་ཀླུའི་རིས་ནི་ཀླུ་རྣམས་དང་མཚུངས་ལ། གསོད་བྱེད་སྲིན་པོའི་རིས་ནི་ཡི་དྭགས་རྣམས་དང་མཐུན་ཞིང་། རྩུབ་འགྱུར་བདུད་ཀྱི་རིས་ཐགས་བཟང་རིས་ལ་སོགས་པ་རྣམས་ནི། གཞན་འཕྲུལ་དབང་བྱེད་པ་རྣམས་དང་ལོངས་སྤྱོད་ཀྱི་རྣམ་པ་འདྲ་ལ། ཚེ་སུམ་ཅུ་རྩ་གསུམ་པ་བཞིན་ནོ། །དེས་ན་བདུད་རིས་ཀྱང་ལྷ་རིས་སུ་བསྡུས་ནས་ལྷ་མིན་རིས་བཞི་ཁོ་ནའོ། །དེ་ནས་མིར་མཆེད་པ་ནི། ཐོག་མར་འཛམ་བུའི་གླིང་བསོད་ནམས་ཁྱད་པར་ཅན་གྱི་ས་པ་འདིར་འོད་གསལ་ལས་ལྷའི་བུ་གཉིས་པདྨ་ལ་རྫུས་སྐྱེས་སུ་མཆེད་པར་བཤད་དེ། དེ་ཡང་རྒྱལ་ཆེན་བཞི་ཡན་ཆད་ཀྱི་འགྲོ་བ་ཆགས་པ་དེའི་འོག་ཏུ་འོད་གསལ་ནས་ལྷའི་བུ་གཉིས་འཛམ་བུའི་གླིང་འདིར་ལྷུང་བ་ནི་ཉི་མ་རབ་ཏུ་སྣང་བྱེད་དང་། ཟླ་བ་དྲི་མེད་དོ། །དེ་ནས་སྣང་བ་ཐམས་ཅད་རབ་ཏུ་མཛེས་པའི་འོད་ཀྱི་པདྨ་དཔག་ཏུ་མེད་པ་ལ། དེ་གཉིས་ཀྱི་ཡིད་རབ་ཏུ་གཡོས་པ་ལས། དབྱིངས་ཀྱི་ས་བོན་གྱི་ཆ་མངོན་དུ་གྱུར་པའི་རྐྱེན་དུ་ཤར་བས། རྫུས་སྐྱེས་ཀྱི་ལྷའི་བུ་འགའ་ཙམ་མཆེད་དེ། དེ་དག་ཀྱང་ཕན་ཚུན་མཐོང་ན་དགའ་བ་དང་འོད་ཀྱི་སྣང་བ་རབ་ཏུ་གསལ་བ་ལ་རྫུ་འཕྲུལ་གྱིས་སྤྱོད་པ་ནི། འགྲོ་བ་དེ་དག་འགྲོ་ན་ཡང་ནམ་མཁའ་ལ་འགྲོ། འདུག་ན་ཡང་ནམ་མཁའ་ལ་འདུག །

p. 46

ཟས་སུ་བསམ་གཏན་གྱིི་དགའ་བདེ་ལ་སྤྱོད། ལུས་ལ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་ཞིང་འགྲོ་བར་འདོད་པ་ཙམ་གྱིས་གང་དུ་བསམས་པ་དེར་ཕྱིན་ལ། ཚེ་ལོ་ཡང་དཔག་མེད་ཐུབ་སྟེ། ཉོན་མོངས་པ་མངོན་དུ་རྒྱུ་གང་ཡང་མེད་པའོ། །རྒྱུད་འགའ་ལས་དགའ་ལྡན་ནས་མཆེད་པར་བཤད་ལ། ལ་ལ་ནས་རྒྱལ་ཆེན་བཞི་ལས་མཆེད་པར་བཤད་དེ། དགོངས་པ་ནི་ཐོག་མའི་གཙོ་བོ་དེ་གཉིས་འོད་གསལ་ལས་ལྷུང་བ་ཡིན་ལ། དེའི་འོག་ཏུ་དགའ་ལྡན་དང་། རྒྱལ་ཆེན་བཞི་དང་། གོང་མ་གཞན་ལས་ཀྱང་ལྷུང་ནས་འདིར་རྫུས་ཏེ་སྐྱེས་པ་ཡིན་པས་ཐམས་ཅད་ཀྱི་ལྟར་འགལ་བ་མེད་པར་ཤེས་པར་བྱའོ། །དེའི་ཚེ་བསྐལ་པ་དང་པོ་དེའི་ཡུལ་གྱི་མིང་ནི་དགའ་ལྡན་བརྩེགས་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། སྣང་བ་འོད་ཀྱི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་། རིག་པ་ཏིང་ངེ་འཛིན་གྱི་དགའ་བདེ་དཔག་ཏུ་མེད་པའི་ཕྱིར་རོ། །དེའི་ཚེ་འགྲོ་བ་དེ་དག་འདུལ་བའི་སྟོན་པ་དྲུག་པ་རྡོ་རྗེ་འཆང་ཉིད། འོད་ཀྱི་པདྨ་རབ་ཏུ་མཛེས་པ་འདབ་མ་སྟོང་དང་ལྡན་པའི་སྦུབས་ཡངས་ཤིང་རྒྱ་ཆེ་བ་ལ་རྫུས་ནས་སྐྱེ་བའི་ཚུལ་དུ་བྱོན་ནོ། །དེ་ཡང་གཟིགས་སྟངས་རྣམ་པ་གསུམ་གྱིས་འགྲོ་བ་ལ་གཟིགས་པས་གོང་ནས་མཆེད་པ་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང་། ཟླ་བ་དྲི་མ་མེད་པར་བྱུང་བ་ནི། ཐབས་དང་ཤེས་རབ་ལ་བརྟེན་ནས་འགྲོ་བ་འདུལ་བའི་སྟོན་པར་བྱུང་བའི་རྟགས་སོ། །དེའི་ཚེ་པདྨའི་འདབ་མ་རེ་རེའི་སྟེང་ན་སངས་རྒྱས་ཉིད་དང་རྒྱུ་མཐུན་པ་རེ་རེ་བྱོན་པ་ནི། བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བའི་རྟགས་སོ། །དེ་ནས་སྣང་བ་འདུལ་བྱེད་ཀྱི་སྤྱན་གྱིས་པདྨ་ལ་གཟིགས་པས་ནམ་མཁའ་ནས་འབྱུང་བ་ཚ་གྲང་གི་རང་སྒྲ་གྲག་སྟེ། མི་སྣང་ངོ་ཞེས་བྱ་བའི་སྒྲ་ལན་གསུམ་དུ་བྱུང་བ་ལས། འགྲོ་བ་དེ་དག་ཀྱང་མི་ཞེས་བྱ་བར་ཐོགས་སོ། །དེའི་ཚེ་ལུས་གདོས་བཅས་ཤ་ཁྲག་ཏུ་གྲུབ་པ་ནི་མེད་ལ། སྐབས་སུ་གོང་མའི་འོད་ལ་བརྟེན་པས་ཟང་ཐལ་དུ་སྣང་ཞིང་དབང་པོ་

p. 47

ལྔ་དང་ཡན་ལག་དང་ཁ་དོག་དང་སྐྱེ་མཆེད་ལ་སོགས་པ་རབ་ཏུ་མཛེས་པར་ཡོད་ཀྱང་། ཕོ་དང་མོ་ཞེས་ཐ་དད་པ་ནི་མེད་དོ། །དེའི་ཚེ་ནམ་མཁའ་ལ་འོད་ཀྱི་སྐར་མ་འབུམ་ཕྲག་དྲུག་ཅུ་རྩ་བཞི་སྣང་བ་ནི་རྫོགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འབུམ་ཕྲག་དྲུག་ཅུ་རྩ་བཞི་འབྱུང་བའི་སྔ་ལྟས་སུ་ཤར་ལ། དེའི་ནང་ནས་ཀྱང་མཛེས་ཤིང་བཀྲ་བ་བཅུ་བདུན་ནི། ཡང་གསང་བླ་ན་མེད་པའི་རྒྱུད་བཅུ་བདུན་འབྱུང་བའི་ལྟས་སོ། །དེ་ནས་སྟོན་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་གྱིས་བསྟན་པ་དང་གདུལ་བྱ་ལ་གཟིགས་ནས། བསྟན་པ་ཀུན་ལ་སྔ་བ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཆེན་པོ་གསུངས་སོ། །འདིའི་དུས་ན་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་ཅིང་ལུས་ལ་ཁྲུ་སུམ་ཅུ་རྩ་གཉིས་ཡོད་དེ། དེ་ནས་རིམ་གྱིས་བྲི་བ་ཡིན་ནོ། །དེ་ནས་འགྲོ་བ་ཡང་མང་དུ་འཕེལ། ཚེ་ཡང་བགས་ཀྱིས་བྲི། ལུས་ཀྱི་འོད་ལ་སོགས་པ་ཡང་ཡལ། བསོད་ནམས་ཀྱང་ཆུང་དུ་སོང་ཞིང་། སྔོན་གྱི་ལས་ཀྱི་དབང་གིས་ཉོན་མོངས་པ་བག་ལ་ཉལ་ལངས་ཏེ་དཔལ་དང་གཟི་བརྗིད་དམན་པར་གྱུར་ཏོ། །འདིའི་དུས་ན་ཤར་གྱི་ལུས་འཕགས་གླིང་དུའང་ལྷ་ལས་མིར་མཆེད་དེ། རྫུས་སྐྱེས་ལས་མང་དུ་འཕེལ་ལོ། །དེ་ནས་བྱང་གི་སྒྲ་མི་སྙན་དུའང་མི་མཆེད་ཅིང་། ནུབ་ཀྱི་བ་གླང་སྤྱོད་དུ་ཡང་མི་མཆེད་དོ། །དེའི་ཕྱིར་མི་རྣམས་ཀྱི་རིམ་པ་ནི་ཐོག་མར་འཛམ་བུའི་གླིང་དུ་བྱུང་བས་ལས་ཀྱི་ས་པའོ་ཞེས་གྲགས་སོ། །དེ་ནས་འགྲོ་བ་དེ་དག་དགའ་བདེའི་བག་ལ་ཡེངས་པས་ཚེ་ལོ་ཡང་བྱེ་བ་ལ་ཐུག་པར་སོང་བ་ན་ཡུལ་གྱི་མིང་འཇིག་རྟེན་མི་མཇེད་ཅེས་བྱའོ། །དེའི་ཚེ་འགྲོ་བ་དེ་དག་ཀྱང་འོད་ཀྱི་སྒོ་ང་ལས་སྐྱེ་ཞིང་། འོད་ནི་མིའི་འདོམ་བདུན་དུ་གསལ་བས་ནམ་མཁའ་ལ་འགྲོ་ཞིང་། ཟས་སུ་ནི་འབྱུང་བའི་དྭངས་མ་ཟ་ལ། གོས་མེད་གཅེར་བུར་གྱུར་པས་དྲི་མ་ཆགས་པ་འཁྲུད་པའི་རྫིང་བུ་བཟང་པོའང་ཡོད་པར་གྱུར་ཏོ། །དེ་དག་ཀྱང་རང་བཞིན་གྱིས་དགེ་བ་བཅུ་ལ་སྤྱོད་པ་ཤ་སྟག་གོ། དེ་ནས་སྔོན་གྱི་ལས་ཀྱི་སྟོབས་ཀྱིས་ཚེ་ཡང་བགས་ཀྱིས་བྲི། འོད་དང་བསོད་

p. 48

ནམས་ཀྱང་ཉམས་པར་གྱུར་པ་ན། ཡུལ་གྱི་མིང་དྲོད་གཤེར་འདུས་པ་འོད་ཀྱིས་སྤུངས་པ་ཞེས་བྱའོ། །དེའི་དུས་ན་འབྱུང་བ་ཚ་བས་དྲོད་བྱས་གྲང་བས་རྒྱུ་དང་རྐྱེན་དུ་གྱུར་ནས་འགྲོ་བ་ཐམས་ཅད་ཤིང་གི་ཟིལ་པ་ལས་དྲོད་གཤེར་སྐྱེས་སུ་གྱུར་ཏོ། །འདིའི་དུས་སུ་ཚེ་ལོ་ཡང་འབུམ་ལ་ཐུག་ཅིང་ཟས་སུ་ལྗོན་ཤིང་གི་འབྲས་བུ་ཟ། གོས་སུ་ཤིང་ལོ་བཟང་པོ་གྱོན་ཞིང་། མི་རེ་སྐྱེ་བ་དང་ཤིང་རེ་འབྱུང་ངོ་། །ཕོ་མོའི་དབང་པོ་ནི་མ་དོད། གཅིག་ལ་གཅིག་མཐོང་ན་དགའ་ཞིང་རེག་ན་བདེ་བ་ཙམ་མོ། །དེ་ནས་བསོད་ནམས་བགས་ཀྱིས་བྲི་སྟེ། ཚེ་ལོ་ཡང་བརྒྱད་ཁྲི་ལ་ཐུག་པ་ན། ཡུལ་གྱི་མིང་ནི་ཆགས་འབྱུང་མངལ་དུ་སྣང་བ་ཞེས་བྱའོ། །འགྲོ་བ་དེ་དག་ཉོན་མོངས་པ་མངོན་དུ་རྒྱུ་ལངས་པའི་མགོ་བཙུགས་ཏེ། ལས་ཀྱི་དབང་གིས་ཕོ་མོའི་དབང་པོའི་སྒོ་དོད་པ་ཙམ་དུ་གྱུར། གཅིག་ལ་གཅིག་བལྟ་བ་དང་རེག་པ་དང་དགོད་པའི་འདོད་ཆགས་བྱུང་ཞིང་འགྲོ་བ་ཡང་མངལ་ནས་སྐྱེས་པ་ལས་མང་དུ་འཕེལ་ལོ། །འདིའི་དུས་ན་འོད་རང་གསལ་ཙམ་ལ་ཟས་གོས་ཤིང་ལ་སྤྱོད་ཅིང་འདོད་འཇོའི་བ་དང་ཅང་ཤེས་ཀྱི་རྟ་ཡང་ཡོད་དོ། །དེ་ནས་བསོད་ནམས་བྲི་སྟེ། ཉོན་མོངས་པ་ཞེ་སྡང་བྱུང་བས་གཅིག་གིས་གཅིག་གསོད་པའི་ལས་ཀྱིས་སྔར་གྱི་ཡོན་ཏན་རྣམས་ནུབ་ཅིང་། བལྟ་བ་དང་དགོད་པ་དང་རེག་པ་ལས་མང་དུ་མཆེད་པ་ཐམས་ཅད་ཀྱང་ས་ལ་སོར་བཞིས་མ་རེག་པར་འགྲོ་ལ། ཟས་སུ་སའི་ཚིལ་ཞག་བཟང་པོ་སྦྲང་རྩིའི་རོ་འདྲ་བ་ཟ་ཞིང་ཤིང་བལ་འཇམ་པོ་དག་གོས་སུ་གྱོན་ནོ། །འདིའི་དུས་སུ་འོད་ཀྱང་མོག་མོག་པོར་སོང་ནས་རབ་ཏུ་མི་གསལ་ཞིང་། གཟུགས་དང་ལང་ཚོ་ཡང་སྔོན་བས་མི་མཛེས་སོ། །དེ་ནས་རིང་ཞིག་ན་མི་འགའ་ཞིག་གིས་ས་ཞག་དེ་ནམ་འདོད་ཙམ་ན་མ་བླངས་པར་ཞག་དང་ཟླ་བ་དང་ལོའི་གསོག་འཇོག་བྱས་པས་ཐམས་ཅད་ཀྱིས་དེ་ལེགས་སོ་ཞེས་རྗེས་སུ་བསླབས་པས་ནུབ་ནས། བར་དེར་མུ་གེ་དང་མུན་པའི་དུས་ལོ་མང་ཞིག་བྱུང་ངོ་། །དེ་ནས་འགྲོ་བ་སྤྱི་མཐུན་གྱི་བསོད་ནམས་ལས་ནམ་

p. 49

མཁའ་ལ་ཉི་མ་ཤར་བའི་སྣང་བ་འ༵བྱུང་སྟེ། འདི་ན་ཉེ་འདི་ན་རིང་ཞེས་པ་མི་འདུག་པས། ཉི་མ་ཞེས་ཉེ་བར་ཕན་འདོགས་པའི་མིང་དུ་གྲགས་སོ། །དེ་ནས་དེ་ནུབ་པ་དང་མཚན་མོ་ཞེས་བཏགས་ཤིང་། མུན་པ་སངས་པར་སྨོན་པ་ལས། ཟླ་བ་ཡང་དེ་དང་འདྲ་བར་ཤར་བ་ལས། འདི་ཡང་དེའི་ཟླ་བོར་འདུག་ཅེས་ཟླ་བར་གྲགས་སོ། །དེའི་དུས་ན་ཟླ་བ་ཡང་མཚན་མོ་རིལ་གྱིས་དྲོད་དང་ལྡན་པར་འཆར་བ་ལ། འགྲོ་བ་ཕལ་མོ་ཆེས་འདི་ནི་བསིལ་བར་གྱུར་ཅིག་ཅེས་སྨོན་པས། དྲོ་བ་མེད་དེ་བསིལ་བར་གྱུར་ཏོ། །ཡང་ལ་ལས་ཧ་ཅང་བསིལ་བས་གདུངས་པ་མ་བཟོད་དེ། འདི་བས་མི་བསིལ་བར་གྱུར་ཅིག་ཅེས་བརྗོད་པས་ཟླ་བ་དེ་ཡར་སྐྱེ་མར་འགྲིབ་ཏུ་གྱུར་ཏོ། །དེའི་དུས་ན་མ་རྨོས་རང་འཁྲུངས་ཀྱི་འབྲས་སཱ་ལུའི་ཞིང་ནང་རྔས་ནང་སྐྱེ་ལ་ནུབ་རྔས་ནུབ་སྐྱེ་བ་ཟས་སུ་བྱུང་བ་ལོངས་སྤྱད་པས། ལུས་མདངས་སྟོབས་དང་ལྡན་ནས་དབང་པོ་སྒོ་སྦྱོར་པའི་འདོད་ཆགས་ལ་སྤྱོད་པ་ན། ལ་ལས་དབྱུག་པ་དང་བོང་བ་དང་རྡོ་བ་དག་འཕངས་པ་ལ་ངོ་ཚ་ནས། ཤིང་དང་རྡོ་ལ་སོགས་པས་སྐྱོར་བ་ན། བདུད་རྩིའི་ཆར་བབས་པ་ལས་འཇག་མ་བཀབ་པས། ཁྱིམ་ལ་སྔ་བ་འཇག་ཁྱིམ་སྐྱིལ་པོ་ཞེས་བྱ་བ་བྱུང་ངོ་། །དེ་ནས་འབྲས་ཀྱི་ཞིང་ལ་གསོག་འཇོག་ཏུ་བྱས་པས་ཉུང་དུ་སོང་སྟེ་མ་སྐྱེས་པ་ན། ང་རྒྱལ་ཅན་ཅིག་གིས་འདི་ཚུན་ཆད་ང་དབང་ངོ་ཞེས་རིས་སུ་བཅད་པ་ན། ཐམས་ཅད་ཀྱིས་དེ་ལྟར་བྱས་པས་བསོད་ནམས་ཆུང་པ་རྣམས་ཀྱི་ཞིང་ངན་པས་མ་སོས་ནས། གཞན་ལ་བརྐུས་པས་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་ཀུན་ཚང་སྟེ། ལས་ཀྱི་དབང་གིས་དེ་ཡང་ནུབ་བོ། །འདིའི་དུས་ན་རིགས་བཟང་བ་ཅིག་གིས་འབྲས་ལྷག་མ་ཆ་བགོས་ནས་བཀྱེ་བས། རང་གི་སྐལ་བ་ཆད་པ་ལ་ཐམས་ཅད་མགུ་ནས། རྒྱལ་པོར་བསྐོས་པས་མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱ་བ་བྱུང་ངོ་། །དེ་ནས་ཤིང་གི་ཐོང་པས་རི་ལ་བརྐོས་ཏེ་གཟེ་ཀ་ཅུང་ཟད་བཏབ་པ་ལས་འབྲུ་ལ་སྔ་བ་སོག་བྱུང་ངོ་། །དེ་ནས་ཞིང་གི་ལས་ཆེར་བྱས་ཏེ། གྲོང་དང་ལྗོངས་དང་།

p. 50

གྲོང་ཁྱེར་དཔག་ཏུ་མེད་པ་བྱུང་སྟེ། འཛམ་བུའི་གླིང་འདི་བྱ་གག་སྤར་བའི་ཚོད་ཙམ་ན་གྲོང་ཁྱེར་གྱིས་གང་བས་འབྱོར་པ་རྒྱས་པ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་བྱུང་ངོ་། །དེ་ནས་ངན་སོང་ཇི་ལྟར་ཆགས་པའི་ཚུལ་ནི། མིའི་རྟེན་ལ་དུག་གསུམ་གྱི་ལས་བསགས་པའི་དབང་གིས་བྱུང་སྟེ། ཞེ་སྡང་གི་ལས་ལྷག་པར་བསགས་ཤིང་དམྱལ་བའི་བདག་པོར་སྐྱེ་བའི་སྐྱེས་བུ་ཞིག་ཐོག་མར་མནར་མེད་པའི་གནས་སུ་གཤིན་རྗེའི་རྒྱལ་པོར་སྐྱེས་པ་ན། དེའི་འཁོར་གྱི་ལས་བསགས་པའི་བྱ་དང་ཁྱི་དང་དམྱལ་སྲུངས་མང་པོ་དང་། དམྱལ་བའི་སྡུག་བསྔལ་ལ་དངོས་སུ་སྤྱོད་པའི་སེམས་ཅན་མང་པོ་ཡང་བྱུང་ངོ་། །དེ་ནས་ཚ་བའི་དམྱལ་བ་བརྒྱད་པོ་ཀུན་དང་། དེའི་འདབས་འབྱོར་ན་གྲང་བའི་དམྱལ་བ་བརྒྱད། ཉི་ཚེ་ཉེ་འཁོར་བ་དང་བཅས་པ་ཡང་བྱུང་ངོ་། །དེ་ནས་འདོད་ཆགས་ལྷག་པའི་ལས་ཀྱིས་ཡི་དྭགས་དང་། གཏི་མུག་ལྷག་པས་དུད་འགྲོ་རྣམས་སུ་སོ་སོར་སྨིན་ཞིང་ཆགས་སོ། །འདི་དག་གི་ཚེ་ཚད་ཀྱང་རྣམ་པ་ཐ་དད་པ་ལས། དང་པོ་ཚ་དམྱལ་བརྒྱད་ཀྱི་ཡང་སོས་ཀྱིས་མི་ལོ་ལྔ་བཅུ་རྒྱལ་ཆེན་བཞིའི་ཞག་གཅིག་ཏུ་བྱས་པའི་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་ལྔ་བརྒྱ་རིལ་པོ་ཡང་སོས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་བོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་པའི་ལོ་སྟོང་ཐིག་ནག་གི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་དང་། མཚེ་མའི་ཉིས་སྟོང་བསྡུས་འཇོམས་ཀྱི་ཞག་གཅིག་ཏུ་བྱས་ཏེ་རང་ལོ་ཉིས་སྟོང་དང་། དགའ་ལྡན་གྱི་བཞི་སྟོང་ངུ་འབོད་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་བཞི་སྟོང་དང་། འཕྲུལ་དགའི་བརྒྱད་སྟོང་ངུ་འབོད་ཆེན་པོའི་ཞག་གཅིག་ཏུ་བྱས་པའི་རང་ལོ་བརྒྱད་སྟོང་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལོ་ཁྲི་དྲུག་སྟོང་ཚ་བའི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཁྲི་དྲུག་སྟོང་དང་། རབ་ཏུ་ཚ་བ་བར་གྱི་བསྐལ་པ་ཕྱེད་དང་། མནར་མེད་བར་བསྐལ་གཅིག་སྟེ་སྡུག་བསྔལ་རྒྱུན་རིང་པོ་

p. 51

ལ་སྤྱོད་དོ། །ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཅན་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། པདྨ་ལྟར་གས་པ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་སྟེ། གྲང་དམྱལ་བརྒྱད་ཀྱི་ཚེ་ཚད་ལ། ཀོ་ས་ལའི་ཁལ་བརྒྱ་ཤོང་བའི་ཏིལ་སྦྱང་ནས་ཏིལ་ཉག་མ་རེ་ཕྱིར་བྱུང་བ་དང་། མི་ལོ་བརྒྱ་སོང་བ་སྤེལ་བས་ཏིལ་སྦྱང་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་ཟད་པར་འགྱུར་ལ། ལྷག་མ་རྣམས་ནི་ཉི་ཤུ་འགྱུར་གྱིས་རིང་བ་ཡིན་པར་ཤེས་པར་བྱའོ། །ཡི་དྭགས་ཀྱི་ཚེ་ནི་མི་ལོ་བརྒྱ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་ལ། དུད་འགྲོ་རྣམས་ནི་གཅིག་ཏུ་མ་ངེས་ཏེ། ཀླུ་ཆེན་པོ་བརྒྱད་ལ་སོགས་པ་བར་བསྐལ་རེ་ཐུབ་པའང་ཡོད་ལ། སྦྲང་མ་ལ་སོགས་པ་སྐད་ཅིག་དར་རེ་ཉིན་རེ་ཙམ་ལས་མི་ཐུབ་པ་ཡང་ཡོད་དོ། །དེ་ལྟར་ན་བསྐལ་པ་དང་པོ་ཆགས་པར་རྩོམ་པ་ནས། མནར་མེད་དུ་སེམས་ཅན་གཅིག་དམྱལ་བའི་སྡུག་བསྔལ་མྱོང་བ་ལ་སྐྱེས་པའི་བར་ལ་ཆགས་པའི་བསྐལ་པ་ཞེས་བྱ་སྟེ། སྣོད་བཅུད་ཀྱི་རིམ་པས་སྟོང་གསུམ་པོ་འདི་མཉམ་དུ་ཆགས་སོ། །དེ་ཡང་གླིང་བཞི་རི་རབ་ཚངས་པའི་བར་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ནོ། །འདི་ན་རི་རབ་ལ་སོགས་པ་བྱེ་བ་ཕྲག་བརྒྱ་བརྒྱ་གནས་སོ། །འདི་དག་འཆགས་པའི་ཡུན་ལ་བར་བསྐལ་ཉི་ཤུ་ཡོད་དོ། །དེ་ནས་གནས་པའི་བར་བསྐལ་ཉི་ཤུ་ནི། འགྲིབ་པ་གཅིག་དང་། འཕེལ་འགྲིབ་བཅོ་བརྒྱད་དང་། འཕེལ་བ་གཅིག་སྟེ་རྣམ་པ་གསུམ་ལས་དང་པོ་ནི། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་དུ་ལོ་ཉིས་བརྒྱ་ན་རེ་རེ་འབྲིའོ། །བརྒྱད་ཁྲི་པ་ནས་བཅུ་པའི་བར་དུ་བརྒྱ་བརྒྱས་ལོ་རེ་འབྲིའོ། །གཉིས་པ་ནི། བཅུ་པ་རྫོགས་ནས་འགའ་ཞིག་གིས་སྲོག་གཅོད་པ་སྤངས་པས་དེའི་ཚེ་ཚེ་ལོ་ཉི་ཤུ་པར་འཕེལ་ལོ། །དེ་བཞིན་མ་བྱིན་པར་ལེན་པ་སྤངས་པས་བཞི་བཅུ་པ་དང་། ལོག་

p. 52

པར་གཡེམ་པ་སྤངས་པས་བརྒྱ་པ་དང་། ཕྲ་མ་སྤངས་པས་ཉིས་བརྒྱ་དང་། ངག་འཁྱལ་པ་སྤངས་པས་ལྔ་བརྒྱ་དང་། ཚིག་རྩུབ་མོ་སྤངས་པས་སྟོང་དང་། བརྣབ་སེམས་སྤངས་པས་ཉིས་སྟོང་དང་། གནོད་སེམས་སྤངས་པས་ཁྲི་དང་། ལོག་པར་ལྟ་བ་སྤངས་པས་ཉི་ཁྲི་དང་། མི་རིགས་པའི་འདོད་པ་ལ་ཆགས་པ་སྤངས་པས་བཞི་ཁྲི་དང་། ལོག་པའི་ཆོས་སྤྱོད་པ་སྤངས་པས་བརྒྱད་ཁྲི་པར་གྱུར་ཏོ། །ཚེ་འཕེལ་བ་ལྟར་གཟུགས་དང་ལོངས་སྤྱོད་ཀྱང་འཕེལ་ཏེ། འབྱོར་ཞིང་རྒྱས་པའོ། །དེ་ནས་ཡང་སྡེ་ཚན་རེས་འགྲིབས་ཤིང་འཕེལ་བ་བཅོ་བརྒྱད་ལ་བར་གྱི་ཁུག་པ་བཅོ་བརྒྱད་ཅེས་བྱའོ། །གསུམ་པ་ཡར་འཕེལ་བ་གཅིག་ནི། བར་ཁུག་རྫོགས་པའི་རྗེས་ལ་བརྩི་ལུགས་འདྲ་བ་ལས། གྲངས་མེད་ཐུབ་པར་སོང་ནས་ཡ་ཐོག་ལྟར་འགྲིབ་པ་ནི་མ་ཐོག་རིང་མོ་ཞེས་བྱའོ། །དེ་དག་གི་བར་ལ་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་སྣང་བ་ལས་བདེ་བ་དང་། དགེ་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། རྣམ་པར་དཀར་བའི་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་གནས་པ་དང་། བསོད་ནམས་མ་ཡིན་པ་ལས། སྡུག་བསྔལ་དང་ལོག་པར་འགྲོ་བ་དང་། ཕྱིན་ཅི་ལོག་གི་སྟོན་པ་དང་། གྲུབ་མཐའི་རྣམ་གྲངས་དང་། ལས་དང་ཉོན་མོངས་པ་ལ་སོགས་པ་དང་། འགྲོ་བ་དྲུག་དང་། སྐྱེ་བ་བཞི་དང་། སོ་སོའི་སྣང་བའི་ཡུལ་དང་། ལོངས་སྤྱོད་དང་། བདེ་སྡུག་སྣ་ཚོགས་པར་སྣང་བ་ལ་སྤྱོད་པ་ཡིན་ནོ། །དེ་ནས་འཇིག་པའི་བར་བསྐལ་ཉི་ཤུ་ནི། གནས་པ་རྫོགས་ནས་འཕོ་འགྱུར་གྱི་སྣང་བ་འབྱུང་བ་སྟེ། དེའང་བཅུད་འཇིག་པ་ལ་བར་བསྐལ་བཅུ་དགུ། སྣོད་འཇིག་པ་ལ་གཅིག་སྟེ་ཉི་ཤུ་འདའོ། །སེམས་ཅན་འཇིག་ཚུལ་ནི། དམྱལ་བའི་གནས་འདི་ན་གསར་དུ་སྐྱེ་བར་མི་འགྱུར་བ་ནས་མགོ་རྩོམ་སྟེ། ཞིང་འདིའི་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་རྣམས་ཀྱི་རྙིང་པ་རྣམས་ཚེ་འཕོས་ལ། གསར་པ་མ་སྐྱེས་པས་སྟོངས་པ་ན་ངན་སོང་ཞིག་པའོ། །དེའང་

p. 53

སྡིག་པ་སྤྱད་པས་གསར་དུ་ངན་སོང་དུ་སྐྱེ་ངེས་འདི་ན་ཡོད་པ་དེ་དག་ཞིང་གཞན་གྱི་ངན་སོང་དུ་འགྲོ་ལ་འདིར་མི་སྐྱེ་བས་སྟོང་པ་ཡིན་ནོ། །དེ་ནས་མི་རྣམས་འཇིག་པ་ནི་ཚེ་ལོ་ཡང་རིམ་གྱིས་བྲི་ནས་ཚེ་ལོ་བཅུ་པ་ལ་ནད་ཀྱི་བསྐལ་པས་འཆི་བ་དང་། མཚོན་དང་མུ་གེས་གནོད་པའི་བསྐལ་ཆུང་གསུམ་འདས་ནས། འཛམ་བུའི་གླིང་འདིར་མི་གཅིག་གིས་སུ་ལ་ཡང་མ་བསླབས་པར་བསམ་གཏན་གཉིས་པ་ཐོབ་སྟེ། དེ་ལས་ལངས་ནས་དབེན་པ་ལས་སྐྱེས་པའི་དགའ་བ་འདི་ནི་རབ་ཏུ་བདེའོ་ཞེས་བརྗོད་པ་ལས། ཚེགས་མེད་པར་ཐམས་ཅད་ཀྱིས་ཐོས་ཏེ་མཉམ་པར་བཞག་པས་གྲུབ་ནས་འོད་གསལ་གྱི་ལྷར་སྐྱེས་ཏེ། འཛམ་བུའི་གླིང་སྟོངས་པ་བཞིན་དུ། ལུས་འཕགས་གླིང་དང་བ་གླང་སྤྱོད་ཀྱང་དེ་ལྟར་གྱུར་ཏོ། །སྒྲ་མི་སྙན་པ་རྣམས་སུམ་ཅུ་རྩ་གསུམ་དུ་སྐྱེས་ཏེ། དེ་ནས་རྒྱལ་ཆེན་བཞི་ནས་ཚངས་ཆེན་གྱི་བར་དུ་དེ་བཞིན་ནོ། །སྣོད་འཇིག་པ་ནི་ནམ་མཁའ་ལ་ཉི་མ་གཅིག་པོ་དེ་རབ་ཏུ་ཚ་བར་ཤར་བས་རྩྭ་ཤིང་རྣམས་བསྲེགས་སོ། །གཉིས་ཤར་བས་ཆུ་ཀླུང་དང་ལྟེང་ཀ་རྣམས་བསྐམས་སོ། །གསུམ་ཤར་བས་ཆུ་ཀླུང་ཆེན་པོ་རྣམས་བསྐམས་སོ། །བཞི་ཤར་བས་མཚོ་མ་དྲོས་པ་བསྐམས་སོ། །ལྔ་ཤར་བས་རྒྱ་མཚོ་ཆེན་པོ་བསྐམས་སོ། །དྲུག་ཤར་བས་ས་ཆེན་པོ་གངས་རི་དང་བཅས་པ་བསྐམས་སོ། །བདུན་ཤར་བས་ལྷུན་པོ་རི་བདུན་ལ་སོགས་པ་བྱེ་བ་ཕྲག་བརྒྱ་ཐམས་ཅད་བསྲེགས་ཏེ། འབར་བའི་མེ་ལྕེ་འཁྱིལ་བ་ལས། མར་གསེར་གྱི་ས་གཞི་དམྱལ་བའི་གནས་ལ་ཐུག་པ། ཡར་ཚངས་པའི་འཇིག་རྟེན་གྱི་བར་འབར་རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་བས་ཐལ་བ་ཙམ་ཡང་མེད་པར་ལན་བདུན་དུ་ཚིག་གོ། ཉི་མ་བདུན་དང་འབར་བ་བདུན་ནི་མེ་བདུན་ནོ། །དེ་ནས་འོག་གི་ཞི་བ་གསལ་དག་གི་ཆུ་འཁྲུགས་ཤིང་འཐོར་བས་བསམ་གཏན་གཉིས་པའི་བར་ལན་བདུན་ཁྱབ་པས། ལན་ཚྭ་ཆུར་ཐིམ་པ་ལྟར་གཞལ་མེད་ཁང་དང་བཅས་པ་ཞིག་གོ། དེ་ནི་ཆུ་བདུན་ནོ། །དེ་ནས་འོག་གཞིའི་རླུང་རྡོ་རྗེ་རྒྱ་གྲམ་ལངས་ཏེ་ཐམས་ཅད་ཀུན་ཏུ་འཐོར་བས་བསམ་གཏན་གསུམ་པ་མན་

p. 54

ཆད་ཞིག་སྟེ་ནམ་མཁའ་གཅིག་ཏུ་གྱུར་ཏོ། །དེ་ལྟར་ཆགས་གནས་འཇིག་པའི་རྗེས་ལ་ནམ་མཁའི་རང་བཞིན་གཅིག་ཏུ་སྟོངས་པའོ། །དེའང་ཐུན་མོང་གི་ཐེག་པ་ལས་དེ་བཞི་མཚུངས་པར་བར་བསྐལ་ཉི་ཤུ་ཉི་ཤུ་བརྒྱད་ཅུ་ལ་བསྐལ་ཆེན་གཅིག་ཏུ་འདོད་དོ། །དག་པ་ནི་སྐྱེ་རྒ་ན་འཆི་བཞི་ནང་གི་ཆགས་འཇིག་སྟོངས་པ་དང་སྦྱོར་ཏེ། ཐལ་འགྱུར་ལས། དོན་ནི་འཇིག་དང་ཆགས་པ་དང་། །གནས་པ་ཉིད་དང་སྟོངས་པ་དག །སྐྱེ་དང་རྒ་དང་ན་དང་འཆི། །སྲིད་པའི་འཁྲུལ་འཁོར་ཉིད་དུའོ། །ཞེས་པ་དང་སྦྱར་རོ། །དེ་ཡང་ཐོག་མ་དཔག་མེད་ནས་མཐར་བཅུ་པའི་བར་ཡ་ཐོག་མ་ཐོག་བར་ཁུག་དང་བཅས་པ་ཉི་ཤུ་ལ། ཡར་སྐྱེ་མར་འགྲིབ་དེ་ཙམ་ཞིག་གི་མར་འགྲིབ་ཀྱི་ཐ་མ་བཅུ་པ་ལ། ནད་དང་མཚོན་དང་མུ་གེའི་བསྐལ་ཆུང་རེ་ཡོད་ལ། ཐ་མ་ནི། དེ་ནས་སྣོད་བཅུད་ཀུན་འཇིག་སྟེ། །དེའང་གནས་འཇིག་སྟོངས་གསུམ་ལ། །ཐུན་མོང་མ་ཡིན་པའི་ཐེག་པ་འདིར་བར་བསྐལ་དྲུག་ཅུ་དྲུག་ཅུ་མཚུངས་པར་མཉམ་པས་བརྒྱ་དང་བརྒྱད་ཅུ་ལ་ཡུན་གྱི་བསྐལ་པ་དང་པོ་ཞེས་བྱ་ལ། ཡུན་གྱི་བསྐལ་པ་བརྒྱ་དང་བརྒྱད་ཅུ་ལ་བར་གྱི་བསྐལ་པ་གཉིས་པ་ཞེས་བྱ་ཞིང་། བར་གྱི་བསྐལ་པ་བརྒྱ་དང་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་ཅེས་བྱ་བར་འདོད་པ་ཡིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། དུས་ཀྱི་འཕོ་བ་འདི་ལྟ་སྟེ། །ཐོག་མ་དཔག་ཏུ་མེད་པ་ནས། །ཐ་མ་བཅུ་ཡི་བར་དག་ལ། །ཡར་སྐྱེ་བ་དང་མར་འགྲིབ་པ། །ནད་དང་མུ་གེ་མཚོན་དང་ནི། །བསྐལ་ཆུང་གསུམ་གྱིས་མཚམས་སྦྱར་ནས། །དྲུག་ཅུ་དག་ནི་ཐལ་ནས་ཡང་། །མེ་ཡིས་བདུན་དང་ཆུ་ཡིས་བདུན། །དེ་ལྟར་བཅུ་བཞི་རྫོགས་ནས་ནི། །ལྷག་མ་རླུང་གིས་འཇིག་པ་ཡིན། །དེ་ལྟར་དྲུག་ཅུར་གནས་པ་དང་། །འཇིག་པའི་ཡུན་ཀྱང་དེ་ཙམ་ལས། །དྲུག་ཅུའི་བར་ལ་སྟོངས་པར་གནས། །དེ་ལྟར་བརྒྱ་དང་བརྒྱད་ཅུ་ལས། །ཡུན་གྱི་བསྐལ་པ་དང་པོར་འདོད། །དེ་ལྟར་བརྒྱ་དང་བརྒྱད་ཅུ་ལ། །བར་གྱི་བསྐལ་

p. 55

པ་གཉིས་པའོ། །དེ་ལྟར་སྦྲགས་པ་དེ་ཙམ་ལས། །བསྐལ་པ་ཆེན་པོ་གཅིག་ཡིན་ནོ། །ཞེས་སོ། །འདི་དག་གི་ཚུལ་རྒྱས་པའི་ངེས་པ་དང་བཅས་པ་ནི། དཔག་བསམ་གྱི་ལྗོན་ཤིང་རྒྱས་པའི་རྒྱུད་ལས་རྒྱ་ཆེར་གསུངས་པ་བཞིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། སྣོད་དང་བཅུད་ཀྱི་འཇིག་རྟེན་བསྟན་པ་སྟེ་རིམ་ཁང་གཉིས་པའོ།། །།

རིམ་ཁང་གསུམ་པ། འཁོར་བའི་ཆོས་རབ་ཏུ་དབྱེ་བ།

p. 56

དེ་ལྟར་གདུལ་ཞིང་སྣོད་བཅུད་ཀྱི་རིམ་པ་བསྟན་ནས། ད་ནི་རྡོ་རྗེའི་གནས་གསུམ་པོ་དེ་དག་གི་ཁམས་ལ་ཡོད་པའི་ཆོས་ཀྱི་ཕུང་པོ་ལ་སོགས་པའི་རྣམ་གྲངས་དབྱེ་བ་ནི། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། ཁམས་རྣམས་དང་ནི་ཕུང་པོ་དང་། །སྐྱེ་མཆེད་རྣམས་དང་དབང་པོ་དང་། །ཡུལ་དང་ཡུལ་ཅན་ཤེས་པ་རྣམས། །ཇི་ལྟར་གནས་པ་གཏན་ལ་དབབ། །ཅེས་གསུངས་པའི་དོན་ལ་ལྔ་སྟེ། ཡུལ་ཁམས་ཀྱི་དབྱེ་བ། རྟེན་ཕུང་པོའི་རང་བཞིན། རྣམ་པ་སྐྱེ་མཆེད་ཀྱི་ཁྱད་པར། འཛིན་བྱེད་དབང་པོའི་ངོ་བོ། ཡུལ་དང་ཡུལ་ཅན་གྱི་རྣམ་པའོ། །དང་པོ་ནི། མང་ཞིང་རྒྱ་ཆེ་བའི་དོན་གྱིས་ན་ཁམས་ཞེས་བྱ་སྟེ། དབྱེ་ན། ཕྱི་ཡུལ་གྱིས་བསྡུས་པ་དང་། ནང་སེམས་ཀྱིས་བསྡུས་པ་གཉིས་ལས། དང་པོ་ནི། འབྱུང་བ་ལྔ་སྟེ། གཟུགས་ཅན་སྐྱེད་ཅིང་གནས་པ་དང་། འཇིག་པའི་རྒྱུ་རྐྱེན་དང་རྟེན་དང་ངོ་བོ་བྱེད་པ་ཡིན་ནོ། །དེ་ཡང་སའི་མཚན་ཉིད་སྲ་ཞིང་འཐས་པ། ཆུའི་མཚན་ཉིད་རླན་ཞིང་གཤེར་བ། མེའི་མཚན་ཉིད་ཚ་ཞིང་བསྲེག་པ། རླུང་གི་མཚན་ཉིད་གཡོ་ཞིང་འདེགས་པ། ནམ་མཁའི་མཚན་ཉིད་ཡངས་ཤིང་གོ་འབྱེད་པའོ། །དེ་དག་གིས་སྣོད་བཅུད་སྐྱེད་ཅིང་འཛིན་པ་སྟེ། དེ་ཉིད་ལས་ཕྱི་ཡུལ་གྱིས་བསྡུས་པའི་ཁམས་ནི་ལྔ་སྟེ། སའི་ཁམས་ཀྱིས་ལུས་ཀྱི་གཞི་སྐྱེད་པས་ན་ཁམས་སོ། །ཆུའི་ཁམས་ཀྱིས་མིང་དུ་འཛིན་པས་ན་ཁམས་སོ། །མེའི་ཁམས་ཀྱིས་ཡུལ་རྣམས་སྨིན་པར་བྱེད་པས་ན་ཁམས་སོ། །རླུང་གི་ཁམས་ཀྱིས་གཡོ་བའི་འཇིག་རྟེན་ཐམས་ཅད་བརྟེན་པས་ན་ཁམས་སོ། །ནམ་མཁའི་ཁམས་ཀྱིས་དབང་པོ་རྣམས་འཛིན་པར་བྱེད་པས་ན་

p. 57

ཁམས་སོ་ཞེས་སོ། །ནང་སེམས་ཀྱིས་བསྡུས་པའི་ཁམས་ནི་སྣོད་དང་བཅུད་དུ་སྣང་བ་གཉིས་ལས། སྣོད་ནི་ལས་ཀྱིས་བསགས་པས་ཡུལ་ལྟར་སྣང་བ་སྟེ། དབྱེ་ན། ཕྱི་ཡུལ་སྣང་སེམས་ཀྱི་འཁྲུལ་པ་ལས་བྱུང་བ་དང་། ནང་སེམས་སྣང་རྩལ་ལས་རང་བཞིན་དུ་ཤར་བ་གཉིས་སོ། །དང་པོ་ནི་ཡུལ་སྣང་སེམས་ཀྱི་བག་ཆགས་ཏེ་རྨི་ལམ་བཞིན་ནོ། །དབྱེ་ན། འདོད་པའི་ཡུལ་གླིང་བཞི་ལ་སོགས་པ་དང་། གཟུགས་ཀྱི་ཡུལ་འོད་ལྔ་རང་གསལ་འཇའ་ཚོན་ལྟ་བུ་དང་། གཟུགས་མེད་པའི་ཡུལ་ཏིང་ངེ་འཛིན་རང་སྤྲུལ་གཞན་ལ་མི་སྣང་བ་རྣམས་ཏེ། ཉི་ཟླ་ཁ་སྦྱོར་ལས། ནང་སེམས་ཀྱིས་བསྡུས་པའི་ཁམས་ལ་གཉིས་ཏེ། སེམས་ཅན་སྡུད་པར་བྱེད་པའི་སྣོད་ཀྱི་ཁམས་དང་། སེམས་ཉིད་ལས་བྱུང་བའི་ཁམས་ཉིད་དོ། །སྣོད་ཀྱི་ཁམས་ནི། སེམས་ཅན་དྲན་པ་གཞི་ཆེ་བ་ལས་བྱུང་བའི་གཟུགས་ཀྱི་ཁམས་དང་། དྲན་པ་ཡས་པ་ལས་བྱུང་བའི་གཟུགས་མེད་པའི་ཁམས་དང་། དྲན་པ་གུད་དུ་འཛིན་པ་ལས་བྱུང་བའི་འདོད་པའི་ཁམས་སོ་ཞེས་སོ། །གཉིས་པ་ནང་སེམས་སྣང་རྩལ་ལས་རང་བཞིན་དུ་ཤར་བ་ནི། རིག་པ་ཡོད་པས་དེ་ལ་སྒྲིབ་བྱེད་ཀྱི་རང་རྩལ་མ་རིག་པ་ཀུན་གཞི་དང་། དེ་ལ་བརྟེན་པ་ཀུན་གཞི་རྣམ་པར་ཤེས་པའི་སེམས་དང་། ཡིད་དང་དབང་པོ་སྒོ་ལྔའི་ཤེས་པར་བྱུང་བ་ནི། གསེར་གྱི་ས་གཞིར་ཏ་ལའི་ལྗོན་ཤིང་ཆགས་ཏེ་ཡལ་ག་དང་མེ་ཏོག་དང་འདབ་མ་བྱུང་བ་བཞིན་ནོ། །འདི་ལ་དབྱེ་ན། ཡུལ་དང་། དབང་ཤེས། ཚོར་བ་གསུམ་ལས། ཡུལ་ནི་སྐབས་འདིར་ཤེས་པ་དྲུག་གི་སྔ་ལོགས་པའི་ཤེས་པ་ཙམ་པོ་ད་ལྟར་བའི་ཡུལ་དུ་བཏགས་པས་ན་དབང་རྟེན་དྲུག་གི་མིང་ནས་བརྗོད་པ་ཡིན་ཏེ། དབང་རྟེན་ཡང་མིག་ལ་སོགས་པའི་རྟེན་གྱི་སྒྲས་གོ་བར་བརྗོད་པས་ཤེས་པ་ལ་མིག་ལ་སོགས་པའི་ཁམས་སུ་བཏགས་པ་དྲུག་གོ། དབང་ཤེས་ནི། མིག་ལ་སོགས་པའི་ད་ལྟར་བའི་ཤེས་པ་དྲུག་གོ། ཚོར་བ་ནི། མ་འོངས་པའི་ཆ་སྟེ་རྣམ་པ་དྲུག་གོ། ཡུལ་གང་ལ་རྣམ་ཤེས་འཇུག་ཀྱང་། སྔ་ལོགས་པའི་

p. 58

ཤེས་པ་དྲུག་གང་རུང་གི་རྒྱུན་ཡོད་པ་ནི་ཡུལ་ཞེས་བྱའོ། །དེ་ཉིད་སྐད་ཅིག་གིས་དེའི་རྣམ་པར་འཛིན་པ་ནི་ད་ལྟའི་ཤེས་པའོ། །དེའི་རྗེས་ལ་བདེ་སྡུག་བར་མ་གསུམ་གང་རུང་དུ་ཚོར་བ་ནི་འདུས་ཏེ་རེག་པའི་ཚོར་བ་ཞེས་བྱའོ། །དེའང་ཡུལ་དང་ཤེས་པ་འདུས་པ་ལས་དེའི་རྣམ་པར་ཚོར་བའི་ཕྱིར་རོ། །དེ་ལྟར་དྲུག་ཚན་གསུམ་ལ་རྣམ་གྲངས་བཅོ་བརྒྱད་དུ་དབྱེ་བ་ནི། དེ་ཉིད་ལས། སེམས་ཉིད་ལས་བྱུང་བའི་ཁམས་ནི། ཤེས་པ་རང་གསལ་གྱི་ཆ་ལས་བྱུང་བའི་མིག་གི་ཁམས་དང་། ཤེས་པ་རྩེ་གཅིག་པ་ལས་བྱུང་བའི་རྣ་བའི་ཁམས་དང་། ཤེས་པ་མཐའ་ཡས་པ་ལས་བྱུང་བའི་སྣའི་ཁམས་དང་། ཤེས་པ་རྣམས་གཅིག་ཏུ་འདུས་པ་ལས་བྱུང་བའི་ལྕེའི་ཁམས་དང་། ཤེས་པ་ཀུན་ཏུ་འཇུག་པ་ལས་བྱུང་བའི་ཡིད་ཀྱི་ཁམས་དང་། ཤེས་པ་རྣམས་ཀྱི་རྟེན་བྱེད་པ་ལས་བྱུང་བའི་ལུས་ཀྱི་ཁམས་དང་། མིང་དང་ཁ་དོག་འཛིན་པས་ན་མིག་གི་རྣམ་པར་ཤེས་པའི་ཁམས་དང་། གྲུབ་པའི་ལས་འཛིན་པར་བྱེད་པའི་རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། གཞན་རྗེས་སུ་འཛིན་པར་བྱེད་པའི་སྣའི་རྣམ་པར་ཤེས་པའི་ཁམས་དང་། དངོས་པོ་ཉམས་སུ་མྱོང་བར་བྱེད་པའི་ལྕེའི་རྣམ་པར་ཤེས་པའི་ཁམས་དང་། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཐམས་ཅད་ཀྱི་དོན་སྡུད་པར་བྱེད་པས་ན་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། དངོས་པོ་རྣམས་ལ་ལོག་པར་རྟོག་པ་འཛིན་ཅིང་ཡུལ་སྒྲུབ་པས་ན་མིག་གི་འདུས་ཏེ་རེག་པའི་ཁམས་དང་། རྣ་བའི་ཡིད་འཛིན་ཅིང་འཕྲོ་བ་སྒྲུབ་པར་བྱེད་པས་ན་རྣ་བའི་འདུས་ཏེ་རེག་པའི་ཁམས་དང་། ཡས་པའི་ཤེས་པ་རྣམས་གཅིག་ཏུ་སྡུད་ཅིང་གཞན་གྱིས་ཡིད་འཕྲོག་པར་བྱེད་པས་ན་སྣའི་འདུས་ཏེ་རེག་པའི་ཁམས་དང་། གང་གིས་དངོས་པོ་རྣམས་རྗེས་སུ་འཛིན་ཅིང་ཉེ་བར་ལེན་པས་ན་ལྕེའི་འདུས་ཏེ་རེག་པའི་ཁམས་དང་། དྲན་པ་ཐམས་ཅད་གཅིག་ཏུ་སྡུད་ཅིང་ཡུལ་ཀུན་ལ་འཇུག་པས་ན་ཡིད་ཀྱི་འདུས་ཏེ་རེག་པའི་ཁམས་དང་། རགས་པ་དུ་མ་རྣམས་འཛིན་ཅིང་འབྱུང་བ་རྣམས་འདུས་

p. 59

པས་ན་ལུས་ཀྱི་འདུས་ཏེ་རེག་པའི་ཁམས་སོ། །དེའི་ཕྱིར་ན་ཁམས་དེ་དག་རྣམས་ཀྱང་ཡུལ་འཛིན་པར་བྱེད་པ་ཡིན་ནོ། །དེ་ཡང་འཁྲུལ་པ་ཉིད་ནང་དུ་འཛིན་པའི་ཆ་ལས་བྱུང་བའོ་ཞེས་སོ། །གཉིས་པ་རྟེན་ཕུང་པོའི་རང་བཞིན་འདུས་ཤིང་འཕུངས་པ་ལྟར་འཚོགས་པ་གཅིག་ཏུ་གྱུར་པའི་ཆ་ནས་ཕུང་པོ་ཞེས་བྱ་སྟེ། དབྱེ་ན། རྟོག་པ་དང་བཅས་པའི་ཕུང་པོ་དང་། རྟོག་པ་མེད་པའི་ཕུང་པོ་གཉིས་ལས། དང་པོ་ནི། ཟག་བཅས་འཇིག་རྟེན་པ་སོ་སོའི་སྐྱེ་བོའི་ཕུང་པོ་ལྔ་སྟེ། གཞིག་ཅིང་གཞོམ་དུ་རུང་བ་གཟུགས་ཀྱི་ཕུང་པོ་དང་། མྱོང་ཞིང་སྲེད་པར་གྱུར་པ་ཚོར་བའི་ཕུང་པོ་དང་། གཡོ་ཞིང་ཡུལ་ལ་འཇུག་པ་འདུ་ཤེས་ཀྱི་ཕུང་པོ་དང་། བྱེད་ཅིང་བག་ཆགས་སོགས་པ་འདུ་བྱེད་ཀྱི་ཕུང་པོ་དང་། རིག་ཅིང་ཡུལ་དུ་བྱེད་པ་རྣམ་པར་ཤེས་པའི་ཕུང་པོའོ། །རྟོག་པ་མེད་པའི་ཕུང་པོ་ནི། འཕགས་པ་འཇིག་རྟེན་ལས་འདས་པ་རྣམས་ཀྱི་སོ་སོ་རང་གི་རིག་པའི་ཆ་ལ་གནས་པ་ལྔ་སྟེ། ཞི་གནས་དང་ལྷག་མཐོང་གི་རང་བཞིན་ཏིང་ངེ་འཛིན་གྱི་ཕུང་པོ་དང་། རང་རང་གི་ཉོན་མོངས་པ་ལས་གྲོལ་བ་ཡེ་ཤེས་ཀྱི་ཕུང་པོ་དང་། རང་དང་སྤྱིའི་རང་བཞིན་གཟིགས་པ་ཤེས་རབ་ཀྱི་ཕུང་པོ་དང་། དྲི་མའི་ཕྱོགས་ལས་རྣམ་པར་དག་པ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། སྤྲོས་པ་དང་རྟོག་པ་ལས་གྲོལ་བ་རྣམ་པར་གྲོལ་བའི་ཕུང་པོའོ། །འདི་དག་གིའང་སློབ་ལམ་གྱིས་བསྡུས་པའི་ཆ་རྣམས་དོར་ནས་གོང་དུ་བགྲོད་པ་ཙམ་གྱི་ཆ་ནས་སྤང་བྱའི་ཕྱོགས་སུ་བརླན་པའོ། །མི་སློབ་པའི་དུས་ཀྱི་ཡོན་ཏན་ནི་དེ་ལྟར་མ་ཡིན་ནོ། །གཅིག་ཏུ་ན་གྲོལ་བའི་ཚེ་ཕུང་པོ་ཞེས་པའི་མིང་དུའང་མི་གནས་ཏེ། ཕུང་པོ་དག་ལས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་འབྱུང་བའི་ཕྱིར་ཕྱོགས་གཅིག་ཏུ་བརྗོད་ཀྱང་འགལ་བ་མེད་པར་ཤེས་པར་བྱའོ། །ཇི་སྐད་དུ་ཉི་ཟླ་ཁ་སྦྱོར་ལས། ཕུང་པོ་རྣམས་ནི་འདི་ལྟ་སྟེ། །རྟོག་པས་སྦགས་པའི་ཕུང་པོ་དང་། །རྟོག་པ་རྣམས་རང་བཞིན་གྱིས་མེད་པའི་ཕུང་པོའོ། །རྟོག་པས་སྦགས་པའི་ཕུང་པོ་ནི། འདི་ལྟ་སྟེ། དངོས་པོ་ཐམས་ཅད་གཅིག་ཏུ་འདུས་ཏེ་གྲུབ་པས་ན་གཟུགས་ཀྱི་

p. 60

ཕུང་པོ་དང་། ཉམས་སུ་མྱོང་བ་ཐམས་ཅད་གཅིག་ཏུ་འདུས་པས་ན་ཚོར་བའི་ཕུང་པོ་དང་། དབང་པོ་རྣམས་ཀྱི་འཛིན་པ་གཅིག་ཏུ་འདུས་པས་ན་འདུ་ཤེས་ཀྱི་ཕུང་པོ་དང་། ཕྲ་བའི་ཉོན་མོངས་པ་རྣམས་འདུས་པས་ན་འདུ་བྱེད་ཀྱི་ཕུང་པོ་དང་། ཤེས་པ་ཐམས་ཅད་འདུས་པས་ན་རྣམ་པར་ཤེས་པའི་ཕུང་པོའོ། །མི་རྟོག་པའི་ཕུང་པོ་ནི་འདི་ལྟ་སྟེ། བསམ་གཏན་ཐམས་ཅད་འདུས་པས་ན་ཏིང་ངེ་འཛིན་གྱི་ཕུང་པོ་དང་། རིག་པ་ཉིད་ཟག་པ་ཟད་པའི་ཕྱིར་རྣམ་པར་གྲོལ་བ་ཡེ་ཤེས་ཀྱི་ཕུང་པོ་དང་། དེ་ཉིད་ཀྱི་དོན་སྐྱེ་མེད་དུ་སྣང་བས་ན་ཤེས་རབ་ཀྱི་ཕུང་པོ་དང་། དྲི་མ་རྣམས་མངོན་དུ་དག་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར་རྣམ་པར་གྲོལ་བའི་ཕུང་པོའོ་ཞེས་སོ། །གསུམ་པ་རྣམ་པ་སྐྱེ་མཆེད་ཀྱི་ཁྱད་པར་ནི། གང་ཞིག་གང་ལས་སྐྱེ་ཞིང་མཆེད་པར་གྱུར་པས་སྐྱེ་མཆེད་ཅེས་བྱ་སྟེ། དབྱེ་ན། ཡུལ་གྱི་རྣམ་པ་ལས་རང་གི་སྐད་ཅིག་ཕྱི་ལོགས་ཀྱི་རྒྱུན་དང་དེ་འཛིན་བྱེད་ཀྱི་ཤེས་པ་གཉིས་སྐྱེ་ཞིང་མཆེད་པར་བྱེད་པ་མིག་གི་གཟུང་ཡུལ་གཟུགས་ལ་སོགས་པ་དྲུག་དང་། ཤེས་པའི་རྣམ་པ་ལས་སྐད་ཅིག་ཕྱི་ལོགས་སུ་སྐྱེ་ཞིང་ཡུལ་ལ་མཆེད་རུང་དུ་སྐྱེས་པ་གཟུགས་ལ་གཟུགས་སུ་ཤེས་པ་མིག་གི་རྣམ་ཤེས་ལ་སོགས་པ་དྲུག་སྟེ། སྐྱེ་མཆེད་བཅུ་གཉིས་སུ་གནས་པ་ནི། ཡང་དེ་ཉིད་ལས། སྐྱེ་མཆེད་ནི་གཉིས་ཏེ། གཟུང་བའི་སྐྱེ་མཆེད་དང་། འཛིན་པའི་སྐྱེ་མཆེད་དོ། །དེ་ཡང་གཟུགས་ལ་འདུ་ཤེས་སུ་སེམས་པ་དང་། སྒྲ་ལ་འདུ་ཤེས་སུ་སེམས་པ་དང་། དྲི་ལ་འདུ་ཤེས་སུ་སེམས་པ་དང་། རོ་ལ་འདུ་ཤེས་སུ་སེམས་པ་དང་། ཆོས་ལ་འདུ་ཤེས་སུ་སེམས་པ་དང་། རེག་ལ་འདུ་ཤེས་སུ་སེམས་པ་དང་། མིག་གི་གཟུང་བའི་ཆ་དང་། རྣ་བའི་གཟུང་བའི་ཆ་དང་། སྣའི་གཟུང་བའི་ཆ་དང་། ལྕེའི་གཟུང་བའི་ཆ་དང་། ཡིད་ཀྱི་གཟུང་བའི་ཆ་དང་། ལུས་ཀྱི་གཟུང་བའི་ཆ་སྟེ་བཅུ་གཉིས་སོ་ཞེས་སོ། །བཞི་པ་འཛིན་བྱེད་དབང་པོའི་ངོ་བོ་ནི། ཡུལ་འཛིན་པ་ལ་དབང་བྱེད་པས་ན་དབང་པོ་ཞེས་བྱ་སྟེ། དབྱེ་ན་གཟུགས་ཅན་དང་

p. 61

པོའི་ཆ་ལས་བྱུང་བ་དང་། ཤེས་རབ་ཀྱི་ཆ་ལས་བྱུང་བ་གཉིས་ལས། དང་པོ་ནི། རགས་པ་ཕུང་པོ་གཟུགས་ཅན་དང་པོའི་བདག་རྐྱེན་ལས་བྱུང་བ། གཟུགས་ལ་འཛིན་ནུས་སུ་སྐྱེད་པ་མིག་གི་དབང་པོ་ལ་སོགས་པ་ལྔ། རྣམ་པར་རིག་བྱེེད་ཤེས་པ་དང་པོའི་གཟུགས་ཅན་གྱི་བདག་རྐྱེན་ལས་བྱུང་བ་ཡིད་ཀྱི་དབང་པོ་དང་དྲུག་གོ། གཉིས་པ་ནི། ཡུལ་ལ་སྤྱོད་ནུས་སུ་སྐྱེས་པའི་ཤེས་པའི་ཆ་སྟེ། དད་པ་ལ་སོགས་པ་རྣམ་པ་དྲུག་གོ། ཡང་ཉི་ཟླ་ཁ་སྦྱོར་ལས། དབང་པོ་ནི་གཉིས་ཏེ། གཟུགས་ཀྱི་ཆ་ལས་བྱུང་བའི་དབང་པོ་དང་། ཤེས་རབ་ཀྱི་ཆ་ལས་བྱུང་བའི་དབང་པོའོ། །གཟུགས་ཀྱི་ཆ་ལས་བྱུང་བའི་དབང་པོ་ནི་དྲུག་སྟེ། རགས་པ་སའི་ཆ་འཛིན་པ་མིག་གི་དབང་པོ་དང་། བསྐྱོད་པ་རླུང་གི་ཆ་འཛིན་པ་རྣ་བའི་དབང་པོ་དང་། སྡུད་པ་ཆུའི་ཆ་འཛིན་པ་སྣའི་དབང་པོ་དང་། སྨིན་པ་མེའི་ཆ་འཛིན་པ་ལྕེའི་དབང་པོ་དང་། ཁྱབ་པ་ནམ་མཁའི་ཆ་འཛིན་པ་ཡིད་ཀྱི་དབང་པོ་དང་། འདུས་པ་སྣ་ཚོགས་པའི་ཆ་འཛིན་པ་ལུས་ཀྱི་དབང་པོའོ། །ཤེས་རབ་ཀྱི་ཆ་ལས་བྱུང་བའི་དབང་པོ་ནི་དྲུག་སྟེ། སེམས་རྣམ་པར་གདུང་བ་དད་པའི་དབང་པོ་དང་། སེམས་རྣམ་པར་རྣོ་བའི་ཆ་ལས་བྱུང་བ་བརྩོན་འགྲུས་ཀྱི་དབང་པོ་དང་། བར་མ་ཆད་པར་ཚིག་དོན་འཛིན་པ་དྲན་པའི་དབང་པོ་དང་། ཆོས་ཉིད་སྟོང་པ་མངོན་དུ་སློང་བ་ཉེ་བར་ལེན་པའི་དབང་པོ་དང་། ལྟ་བའི་དོན་ཉེ་བར་ལེན་པ་ཤེས་རབ་ཀྱི་དབང་པོ་དང་། མི་རྟོག་པའི་དོན་ཉེ་བར་སྐྱེད་པར་བྱེད་པ་སེམས་རྣམ་པར་ཞི་བའི་དབང་པོའོ་ཞེས་སོ། །ལྔ་པ་ཡུལ་དང་ཡུལ་ཅན་གྱི་རྣམ་པ་ནི། གཟུང་བ་དང་འཛིན་པའི་རྣམ་པར་སྐྱེས་པ་སྟེ། དབྱེ་ན་གཟུང་ཡུལ་དངོས་པོར་སྣང་བ་ཆོས་ཅན་གྱི་ཆ་དང་། དེའི་རང་བཞིན་སྟོང་པ་ཆོས་ཉིད་ཀྱི་ཆ་སྟེ། ཡུལ་དང་ཡུལ་མ་ཡིན་པ་ཡུལ་ཅན་ཤེས་པ་སྟེ། དེ་ཡང་ཡུལ་ལ་འཆར་ཡང་མཐར་འཛིན་ཐམས་ཅད་དང་བྲལ་བ་དང་། ཡུལ་ལ་འཆར་བ་མ་ཡིན་ཞིང་བརྗོད་པ་ལས་འདས་པའི་བློ་དམ་པ་སྟེ། སྔ་མ་དེ་ཉིད་ལས། ཡུལ་ནི་གཉིས་ཏེ། དངོས་པོའི་ཡུལ་དང་། སྟོང་

p. 62

པ་ཉིད་ཀྱི་ཡུལ་ལོ། །དངོས་པོའི་ཡུལ་ནི་འདི་ལྟ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། ཆོས་དང་། རེག་ཏུ་སྣང་བ་དང་། འབྱུང་བ་ཆེན་པོ་བཞིར་སྣང་བ་དང་། འཇུག་པའི་རྐྱེན་ཐ་དད་དུ་སྣང་བ་རྣམས་སོ། །སྟོང་པའི་ཡུལ་ནི། སྟོང་པ་ཉིད་ཐམས་ཅད་དང་། མཐར་འཛིན་པའི་ཤེས་པ་ཐམས་ཅད་དང་བྲལ་བའོ། །ཡུལ་མ་ཡིན་པ་ནི་གཉིས་ཏེ། མཐའ་ལས་འདས་པ་རྣམས་དང་། ལྟ་བ་ལས་འདས་པའོ། །མཐའ་ལས་འདས་པ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ལ་བདག་ཏུ་མི་འཛིན་པའོ། །ལྟ་བ་ལས་འདས་པ་ཞེས་བྱ་བ་ནི། བརྗོད་དུ་མེད་པ་ཞེས་བྱའོ་ཞེས་སོ། །དེ་ལྟར་རྣམ་པར་དབྱེ་བ་རྣམས་ནི། སྒྱུ་མ་དང་རྨི་ལམ་ལྟར་དོན་དུ་སྣང་བ་ཉིད་ནས་མ་གྲུབ་ལ། ངོ་བོ་ཉིད་ཀྱིས་སྟོང་ཞིང་མེད་པ་གསལ་སྣང་གི་འཁྲུལ་སྣང་ཙམ་སྟེ། སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་མ་རིག་པ་ལས་བྱུང་ཞིང་། ངོ་བོ་སྒྲིབ་བྱེད་དུ་སྐྱེས་ལ། འདི་དག་གི་འཁྲུལ་སྣང་སངས་པ་ན། དྲི་མ་མེད་པའི་འོད་གསལ་མངོན་དུ་གྱུར་པ་ཞེས་བྱའོ། །ད་ལྟ་ནི་འདི་དག་ལས་དང་ཉོན་མོངས་པས་སྐྱེད་པའི་རང་བཞིན་ལས་དང་ཉོན་མོངས་ཉིད་ཀྱི་ངོ་ཁ་ལ་བརྟེན་ཞིང་གནས་ལ། དེ་ཡང་ཚུལ་བཞིན་མ་ཡིན་པའི་ཀུན་ཏུ་རྟོག་པ་རྣམ་ཤེས་ཚོགས་དྲུག་གམ་བདུན་ཀུན་གཞི་དང་བཅས་པ་ལ་བརྟེན་ཞིང་དེ་ཉིད་རང་བྱུང་གི་ཡེ་ཤེས་སེམས་ཀྱི་དེ་ཁོ་ན་ཉིད་རང་བཞིན་རྣམ་དག་ལ་གནས་ལ། དེ་ནི་གང་ལའང་མི་གནས་པས་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཅེས་སོ། །དེ་ལ་ལས་ནི་རྣམ་པར་

p. 63

དཀར་བ་དང་། གནག་པ་དང་། འདྲེས་མ་གསུམ་མམ། བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་གསུམ་མོ། །བསོད་ནམས་ཀྱི་ལས་ནི། སྐབས་འདིར་འཁོར་བའི་བདེ་འབྲས་སྐྱེད་པ་དགེ་བ་བཅུ་ལ་སོགས་པ་བསོད་ནམས་ཆ་མཐུན་པ་རྣམས་སོ། །བསོད་ནམས་མ་ཡིན་པ་ནི། མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པའོ། །མི་གཡོ་བ་ནི། ཁམས་གོང་མའི་སར་སྐྱེད་པའི་ལས་ཏེ་གཞན་དུ་མི་གཡོ་བར་འབྲས་བུ་འབྱིན་པའི་ཕྱིར་རོ། །ཉོན་མོངས་པ་ནི་དྲུག་སྟེ། ཉི་ཟླ་ཁ་སྦྱོར་ལས། ཉོན་མོངས་པ་ནི་དྲུག་སྟེ། མ་རིག་པ་ཞེས་པ་ནི་གཞི་འཁྲུལ་རྟོག་གི་ཆ་འཛིན་པའོ། །གཏི་མུག་ནི་ཤེས་རབ་ཀྱི་ཆ་ལས་འཁྲུལ་པའོ། །ཞེ་སྡང་ནི་སྐྱེད་པའི་རིམ་པའི་ཆ་ལས་འཁྲུལ་པའོ། །ང་རྒྱལ་ནི་ལྟ་བའི་ཆ་ལས་འཁྲུལ་པའོ། །འདོད་ཆགས་ནི་སྣང་བའི་ཆ་ལས་འཁྲུལ་པའོ། །ཕྲག་དོག་ནི་མ་རྟོགས་པའི་ཆ་ལས་འཁྲུལ་པའོ། །དེ་དག་ལ་སོགས་ཏེ། ཉོན་མོངས་པ་ནི་བསམ་པ་རྣམས་རྗེས་སུ་འཛིན་པའི་སེམས་དང་། དྲན་པ་རྣམས་རྗེས་སུ་འཛིན་པའི་ཡིད་དང་། མཚམས་སྦྱོར་བའི་བག་ཆགས་དང་ཐེ་ཚོམ་ཐམས་ཅད་ཀྱི་གཞིར་གྱུར་པའི་རྟོག་པ་དང་། ཡུལ་དང་དངོས་པོ་འཛིན་པའི་ཆ་ལ་སོགས་ཏེ་དཔག་ཏུ་མེད་དོ་ཞེས་སོ། །རྣམ་པར་དབྱེ་ན་རྟོག་ཚོགས་ཀྱི་རིམ་པས་བརྒྱད་ཁྲི་བཞི་སྟོང་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དེ་དག་ཆ་མཉམ་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་ཡོད་དོ། །དེ་ཐམས་ཅད་ཀྱང་མེད་པ་ལ་བདག་ཏུ་འཛིན་པ་སྨིག་རྒྱུ་ལ་ཆུར་འཁྲུལ་པ་ལྟ་བུ་ལས་བྱུང་ཞིང་ཐག་པ་ལ་སྦྲུལ་འཛིན་འདྲ་སྟེ། སྣོད་བཅུད་དང་ཉོན་མོངས་པ་ཐམས་ཅད་མེད་པ་གསལ་སྣང་གི་སྣང་བར་ཤར་བ་ཉིད། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་

p. 64

གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོ་ལ་བྱ་གནས་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་པ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལས་ནི། །དེ་ཡི་ངོ་བོ་ཐམས་ཅད་གྲོལ། །ཅེས་པ་དང་། སྔ་མ་ལས། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །དེ་ལྟར་སྣོད་དང་བཅུད་ཀྱི་ཁམས་ཕུང་པོ་ལ་སོགས་པ་འདི་དག་ལ་འཁོར་བའི་ཆོས་སུ་བརྗོད་པས་ན། རང་བཞིན་ཤེས་ནས་མྱ་ངན་ལས་འདས་པ་སོ་སོ་ཡང་དག་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་ལ་འཇུག་པར་བྱེད་དོ། །འདིར་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ཀུན་འཁོར་བའི་རྒྱུ་འབའ་ཞིག་ལགས་པས་ཞེས་འབྱུང་བ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁོར་བའི་ཆོས་རབ་ཏུ་དབྱེ་བ་སྟེ་རིམ་ཁང་གསུམ་པའོ།། །།

རིམ་ཁང་བཞི་པ། གྲུབ་པའི་མཐའ་རབ་ཏུ་དབྱེ་བ།

p. 65

དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཞེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལའང་ཐེག་པའི་ངོ་བོ། ངེས་ཚིག །དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ལས། ངོ་བོ་ནི་འཁོར་བ་ལས་མི་འཕགས་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པར་ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་བཞག་དང་ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་

p. 66

གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ནི། དགེ་བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་རྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་ལ་སྔ་བ་ལྷ་དང་མིའི་ཐེག་པའོ་ཞེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བའོ། །དང་པོ་ནི་ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང་། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ་མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི་བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་བོངས་དང་འཚམས་པའི་གཟུགས་ཅན། ཆེ་བ་རྣམས་ལ་མཐེ་བོང་ཙམ་ལ། ཆུང་བ་ནས་དང་སྲན་མའི་གའུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང་། དཀར་བ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ལྐོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པ་སྙིང་སྟོབས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། བལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་བར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟ་བ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་

p. 67

གྲོལ་ཞིང་གནས་སྐབས་འདིར་ཡང་མཆོད་སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང་། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ན་བག་ལ་ཞ་རང་བཞིན་གྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་པ་ཡིན་ཞིང་། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང་། རྡེའུ་དང་། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་དང་། འཕངས་ན་འགྲོ་བའི་ཕྱིར་དང་། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང་། པགས་པ་བཤུས་ན་སྐམ་པ་དང་། སོས་སྐྱེ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་གློ་

p. 68

བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཛོམས་པ་ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང་། གྲོག་མ་དང་། འབུ་ལས་སྦྲང་བུར་འགྱུར་ཞིང་། འཛོང་མོ་སྦལ་བར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་མའི་ཚང་དུ་སོང་བའི་ཤིང་བུ་རྡེའུ་དང་། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་གློ་བུར་བ་དང་རྐྱེན་གློ་བུར་བ་འཛོམ་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུའང་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ་ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང་། མི་འཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་བ༵ཞོགས་མཁན་སུ་ཡང་མེད་དེ་རྣོ་ལ་གཟིང་རིང་བར་བྱུང་བ་དང་། ཉི་མ་ཤར་ནས་འཆར་བ་དང་། ཆུ་འཐུར་ལ་འབབ་པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ་ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟིང་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །འཇིག་པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་བརྟགས་གློ་བུར་འཁྲུལ་པ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ་ཞེས་རྒལ་བ་ན། ལན་ཡང་འདི་སྐད་དུ་སྨྲ་སྟེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་

p. 69

བ་སོ་སོ་བའི་སེམས་ཡོད་པས་དེས་སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ན་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང་། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་རླག་པར་བྱེད་དོ་ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། དེས་དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་ཀའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་དབྱིངས་ནས་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང་། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང་། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང་། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང་། གྲོལ་བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་བསྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ནས་གློ་བུར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་གློ་བུར་དུ་གནས་ཤིང་། ཐ་མ་ཡང་དབྱིངས་སུ་གློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །

p. 70

གྲངས་ཅན་ལོག་པར་སྨྲ་བ་དང་། །བྱེ་བྲག་རང་གི་རྒྱུ་སྨྲ་དང་། །ཀུ་མཱ་ར་ལ་ཆེན་པོ་དང་། །རྣ་མ་ཕུག་པའི་གཞུང་འཛིན་དང་། །གསང་བ་མེ་ལྔ་བསྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང་། །མཆོང་དང་འཚོག་པའི་དཀའ་ཐུབ་དང་། །ཤ་ཀོར་ལུས་ལ་བྱས་འཐོག་དང་། །ཁྱི་ཡི་ཆ་བྱད་སྤྱོད་པ་དང་། །དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང་། །བྱེད་པ་ལམ་དུ་འཁྱེར་བ་དང་། །རྟག་པ་དོན་མཚོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་སྨྲ་བ་དང་། །གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། །འབྲས་བུ་རྟག་པར་སྨྲ་བ་དང་། །རྟག་པ་ཉིད་ལ་ལམ་ལྟོས་དང་། །སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆད་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སྔགས་གཙོར་བྱེད་དང་། །མོ་དང་པྲ་ལ་གཙོར་བྱེད་དང་། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་འགྱུར་བ་དང་། །མི་འཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང་། །རིགས་པས་ཕ་རོལ་སུན་འབྱིན་དང་། །རྒྱུ་མེད་ཆད་པར་སྨྲ་བ་དང་། །ཕྱམ་ཆད་སྟོང་པར་སྨྲ་བ་དང་། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང་། །ལམ་ཆད་ཡེ་ཤེས་ཆད་ལྟ་དང་། །ཆད་པ་ཐེར་ཟུག་ཆེན་པོ་དང་། །ལམ་ཆད་འབྲས་བུ་གཏན་ཆད་དང་། །ལོག་པའི་སེམས་ཀྱིས་ཆད་ལྟ་དང་། །ཆད་པ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང་། །ཆ་མཐུན་གོལ་བའི་མུ་སྟེགས་དང་། །མངོན་སྣང་སེམས་ཀྱི་མུ་སྟེགས་དང་། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང་། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང་། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང་། །འཛིན་པ་དོན་མེད་མུ་སྟེགས་དང་། །ཁ་ཚིག་གོལ་བའི་མུ་

p. 71

སྟེགས་དང་། །རྟག་པ་དོན་མེད་མུ་སྟེགས་དང་། །ཀ་ནི་དང་ནི་སེར་སྣ་དང་། །བྷ་སི་ར་དང་ཀྲ་བྷི་ཤ། སིན་དྷ་ར་དང་དྷ་སིང་དང་། །ཀ་ཏི་དང་ནི་སང་གྷ་དང་། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་རྒྱས་པར་བཤད་པ་དང་། དེ་དག་གི་གྱེས་མདོ་དྲུག་ཅུ་རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང་། འཛིན་པ་མེད་པ་དང་། འཚོ་བ་པ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། ཁྱབ་འཇུག་དང་། ཁྱབ་འཇུག་སེམས་དང་། དབྱུ་གུ་གསུམ་པ་དང་། ཀོ་ལྤགས་ཅན་དང་། མཉམ་པར་སྤྱོད་པ་སྟེ་བཅུ་དང་། ལྷ་མཆོད་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་བ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མི་གཡོ་ཨུ་ཏ་རི་དང་། རིགས་དང་རྗེས་སུ་མཐུན་པ་དང་། བཅིངས་ནས་འདུག་པ་དང་། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང་། རི་ལ་གནས་པ་དང་། རྒྱལ་པོའི་བསོད་སྙོམས་ཅན་དང་། རྒྱལ་པོའི་རྒྱལ་མཚན་ཅན་དང་། གློག་ཅན་དང་། ནང་ཅན་དང་། རྟ་འདུལ་དང་། ཀ་ལན་དྷ་ཀ་པ་དང་། སྣོད་རྩ་ཅན་དང་། སློང་མོས་རྒྱུ་བ་དང་། ཡན་ལག་རལ་ཀའི་ནང་དུ་གཏུམ་བ་པ་སྟེ་སུམ་ཅུ་དང་། སྒྲོན་མེའི་ལག་པ་ཅན་དང་། གསེར་ཅན་དང་། གྲུབ་པར་སྨྲ་དང་། དབང་པོ་དང་། ཞྭ་ཉེ་ཅན་དང་། ནམ་མཁའ་འབྱུང་བ་དང་། ཤིང་རྟ་མང་པོ་ཅན་དང་། དོན་ཐམས་ཅད་པ་དང་། བསམ་གཏན་ལ་དགའ་བ་དང་། ཆོས་ཅན་པ་སྟེ་བཞི་བཅུ་དང་། ཟས་གྲང་མོ་ཅན་དང་། ཕྲག་པའི་གོས་ཅན་དང་། ཕྲུ་བ་གཅིག་པ་དང་། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། ལྷོ་ཕྱོགས་ཀྱི་འགྲམ་

p. 72

ན་གནས་པ་དང་། དུང་སྒྲ་ཅན་དང་། ལྷ་རྟེན་སྦྱིན་མའི་བུ་དང་། ལུས་ལ་གནོད་པ་བྱེད་པ་དང་། ཀུན་ཏུ་གནོད་པ་བྱེད་པ་དང་། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང་། ཀ་ཀ་ན་དྷ་པ་དང་། གཅོད་པ་དང་། ལྷའི་གྲོང་པ་དང་། གོས་མེད་པ་དང་། ས་ཁོང་ན་གནས་པ་དང་། ཟླ་བ་ཕྱེད་པ་དང་། ཆོས་སེམས་པ་དང་། མ་ལ་གུས་པ་དང་། ཕ་ལ་གུས་པ་དང་། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང་། ཉི་མ་ཤར་བ་པ་དང་། ལག་པ་ཟ་བ་པ་དང་། སྙིང་གི་འཚོ་བ་པ་དང་། འདས་པར་འགྱུར་བ་པ་དང་། འདས་པར་མ་གྱུར་པ་དང་། ཕུང་པོ་གསུམ་པ་དང་། གཉིས་གསུམ་གྱིས་འཚོ་བ་དང་། འཇུག་པ་དང་གྲངས་ཅན་གྱི་རྣལ་འབྱོར་ཅན་དང་། འུག་པ་པ་སྟེ་བདུན་ཅུ་དང་། ནགས་ན་གནས་པ་དང་། བྷའི་ཁན་པ་དང་། བྷ་ལ་ཁྱི་ལྔ་པ་དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་པ་དང་། ཕྱུགས་བདག་པ་དང་། གོའུ་མ་དང་། ཞི་བ་ཅན་མ་དང་། ཤིན་ཏུ་ཁྲུས་མ་དང་། མཚེའུའི་འགྲམ་ན་གནས་མ་སྟེ་བརྒྱད་ཅུ་དང་། འཚེ་བ་པ་དང་། འཁོར་བ་ལས་གྲོལ་བ་པ་དང་། འཐོར་བྱེད་པ་དང་། ཐོག་མ་པ་དང་། བྷ་ར་དྷྭ་ཛ་པ་དང་། བྷར་ཤའི་གྲངས་ཅན་དང་། བཏན་ཛ་པ་དང་། ལྷ་མཆོད་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང་། འུག་པའི་གཤོག་པ་ཅན་དང་། ལན་གསུམ་ཆུར་འཇུག་པ་དང་། འགལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་བ་དང་། ཁྱིམ་གྱི་ར་བ་ན་གནས་པ་དང་། འཕགས་མཆོག་པ་དང་། གཉེན་གྱི་བུ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི་ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། །རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུན་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་

p. 73

པ་ཐེར་ཟུག་གྲུབ་མཐའོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང་། །མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཆེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲིལ་ལ་དཀར་ལ་དྭངས། །དེ་བཞིན་རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱྭའམ་དབང་ཕྱུག་ཆེན་པོ་ཉིད། །བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང་། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱྭའམ་དབང་ཕྱུག་ཆེན་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཞེས་སོ། །གཉིས་པ་དེ་དག་གི་གྱེས་མདོ་དྲུག་ཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང་། མུན་པ་དང་། སྙིང་སྟོབས་གསུམ་རྟག་པར་འདོད་པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ་། །བྱེ་བྲག་པའི་ལྟ་བ་འདི་ལྟ་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་རབ་ཏུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་རྐྱེན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་རྐྱེན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་བའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད་དེ་སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣ་མ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། །

p. 74

ཕྱི་མའི་སྣང་བ་ལ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣ་མ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། །གསང་བ་མེ་ལྔ་བརྟེན་པ་འདི་ལྟ་སྟེ། སངས་རྒྱས་ཀྱིས་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གིས་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཙོས་ཏེ། མེའི་ཕུང་པོ་ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཙོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདི་སའི་དོང་དུ་བཅུགས་ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ཟར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ། །བྱེད་པ་པོར་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ནས་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་པའི་བྱ་བ་བྱས་པས། ཕྱི་མར་རང་གི་ལུས་བོར་བ་དང་། ཕྱྭའམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ལ་ཆད་པ་ཕྱམ་ཆད་དུ་སྟོན་པའོ། །རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་

p. 75

ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང་། མའི་རྐྱེན་གྱིས་མ་བསྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱྭའམ་དབང་ཕྱུག་ཡོད་ངེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་དང་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱེད་པ་ནི། ངན་སྔགས་ལ་གཙོ་བོར་བྱས་ནས་ཕུང་བའི་ལས་དྲག་པོ་བྱེད་ཅིང་། ནག་པོ་ཆིག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས།

p. 76

གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། །རས་རྐྱང་པ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ། །ཕྱམ་ཆད་དེ་རང་གི་ལུས་ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་གཟུང་དུ་མེད། འབྲས་བུ་ཆད་དེ་ཕྱྭ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོད་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་ང་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། །དབང་པོ་ལ་སྣང་དུ་རུང་བ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་མཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ། མངོན་པར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཞེས་རྟོགས་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་

p. 77

ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ། །ཆ་བྱད་དུ་སེམས་འདི་རང་སངས་རྒྱས་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྐུ་སྒོམ་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཁ་ཅིག་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད་དོ། །ཀ་ནི་པ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། །སེར་སྣ་པ་ཞེས་བྱ་སྟེ། སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པར་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། །སིན་དྷ་ར་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ། །དྷ་སིང་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱྭའམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱྭ་དང་དབང་ཕྱུག་ལ་འདུས་པའོ། །ཕྱྭ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པ་འཕྲོས་སོ་ཞེས་སོ། །དེ་ལྟར་བསྟན་པ་ཐམས་ཅད་མུར་ལྟ་དང་། མུར་ཐུག་དང་། རྒྱང་ཕན་དང་། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །

p. 78

རྒྱང་ཕན་ནི་རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་པ་ནི་ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་མུར་ཐུག་དང་། །རྒྱང་ཕན་དང་ནི་ཕྱལ་པའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ། མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་པ་ཆད་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང་། །རྣམ་པ་བཞིར་ནི་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཞེས་སོ། །འདི་དག་བསྟན་པའི་དགོས་པ་ནི། ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ་ཞེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱི་རོལ་པ་ལས་འཕགས་པའི་ཚུལ། རྣམ་གྲངས་སྤྱིར་བསྟན་པ། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག །དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི་གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་བ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཞེས་

p. 79

སོ། །དབྱེ་ན། ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། །དབྱེ་བ་རྣམ་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང་། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང་། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ལ། རྒྱས་པར་བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང་། འབྲིང་པོ་གསུམ་ལ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་དང་། རྣོན་པོ་གསུམ་ལ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ།

p. 80

རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྟོག་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་། དེ་གསུམ་ཆ་སྙོམས་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་གཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི་སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་ཐོབ་པའོ། །དབྱེ་ན་མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་

p. 81

ཚོགས་པ་གཅིག་ཏུ་སྣང་བ་ཡང་། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང་། སྡུག་བསྔལ་བས་སྤང་བྱ་དང་། སྟོང་པ་དང་། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བོས་ཁེགས་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཕྱེད་གཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་བས་བརྩམས་པ་དེ་ཡང་། ཆ་མེད་དུ་

p. 82

རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་བསྒོམས༵་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་རུས་བསྒོམས༵་ལ། ཞེ་སྡང་ལ་བྱམས་པ་དང་གཏི་མུག་ལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་བསྒོམ་མོ། །བདག་མེད་བསྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང་། བྱིང་ན་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་རྟུལ་པོ་དང་འབྲིང་བརྩོན་འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང་། འབྲིང་དང་། ཆེ་བས་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་

p. 83

སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་ཏོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། །བསམ་གཏན་མི་རྟོག་ཆིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་

p. 84

བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མེ་དམར་གསལ་ལ་གདངས་པ་ཅིག །བསྒོམས་པས་ཤེས་པ་གསལ་བ་དང་། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང་། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་བསྒོམ་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམ་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི༵་རླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ། །དགོས་པ་ནི་འཁོར་བ་ལས་ཐར་པའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཚོ་ལྟར་ཁྱུས་ལྡིང་པ་དང་། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང་། ལྟ་བ་གང་ཟག་གི་བདག་དང་། ཆོས་བདག་གི་ཕྱེད་ཕྱི་གཟུང་བ་རྡུལ་

p. 85

ཕྲན་ཆ་བཅས་དང་ཆ་མེད་གཉིས་ཀ་མེད་པར། གཟུགས་བརྙན་ལྟར་རང་བཞིན་གྱིས་ངོ་བོ་མེད་ཅིང་མ་སྐྱེས་པར་རྟོགས་པའོ། །དེ་ཡང་ཆོས་བདག་ལ་ཕྱི་གཟུང་བ་དང་། ནང་གཉེན་པོར་འཛིན་པའི་ཤེས་པ་གཉིས་བདེན་པར་སྒྲོ་བཏགས་པ་ཡིན་ལ། གང་ཟག་གི་བདག་ནི་ཕུང་པོ་ལྔ་བསྡུས་ཀྱི་ཆོས་ལ་སྤང་བྱའི་ཤེས་པ་ང་དང་ང་ཡིར་འཛིན་པ་སྟེ། གང་ཟག་དང་ཆོས་ཀྱི་བདག་ཅེས་བྱའོ། །འཕགས་པ་ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་རྟོགས་ཀྱང་ཆོས་ཀྱི་མ་རྟོགས། རང་སངས་རྒྱས་ཀྱིས་དེའི་སྟེང་དུ་ཆོས་ཀྱི་ཕྱེད་ཕྱི་གཟུང་བ་མེད་པར་རྟོགས་ཀྱང་ནང་འཛིན་པ་མེད་པར་མ་རྟོགས་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པས་ཤེས་པར་བྱ། །ཞེས་སོ། །དུས་ནི་བསྐལ་པ་ཆེན་པོ་བརྒྱར་ཚོགས་ལམ་གྱིས་བསྡུས་པའི་ཚོགས་བསགས་པ་ལས་བྱུང་སྟེ། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་བཤད་པ་ཡིན་ནོ། །ནེ་ཚོ་ལྟ་བུ་ནི། རྟེན་འབྲེལ་ལུགས་བཟློག་ཏུ་སྒོམ་སྟེ། དུར་ཁྲོད་དུ་སོང་ནས་རོ་འདི་ཅི་ལས་བྱུང་། ཤི་བ་ལས་བྱུང་ཞེས་པ་ནས་མ་རིག་པའི་བར་དུ་བརྟགས་ནས། བདག་མེད་ཕྱེད་དང་གཉིས་རྟོགས་པ་གཞིར་བྱས་ཏེ། ལམ་ལྔ་བསྒོམས་པས་ཟད་པ་དང་མི་སྐྱེ་བ་ཤེས་པའི་བྱང་ཆུབ་མངོན་དུ་བྱེད་དོ། །དེ་གཉིས་ཀ་ཡང་ལུས་ཀྱི་བརྡའི་སྒོ་ནས་ཆོས་སྟོན་གྱི་ངག་གི་སྒོ་ནས་མི་སྟོན་པ་ཡིན་ནོ། །ཚུལ་འདི་དག་ཀྱང་རིག་པ་རང་ཤར་ལས། ཨ་ཧོ་གསང་བའི་བདག་པོ་ཉོན། །རང་རྒྱལ་མདོ་སྡེའི་ཐེག་པ་ནི། །འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་སོ། །རྟོགས་པའི་ལྟ་བ་གང་ཟག་བདག་མེད་ལ། །ཆོས་ཀྱི་བདག་ཕྱེད་ཡོད་པར་ལྟ་བའོ། །བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་། །བསྒོམ་པའི་རིམ་པ་མི་རྟོག་ཆོས་ཉིད་བསྒོམ། །ཕྱི་དང་ནང་གི་རྟེན་འབྲེལ་རྣམས། །གོམས་ནས་སྟོབས་སུ་གྱུར་པ་དང་། །འབྲས་བུ་མཐར་ཕྱིན་ཚད་དུ་འདོད། །དེ་ཡང་དཔེ་མཚོན་འདི་ལྟ་སྟེ། །དཔེར་ན་དུར་ཁྲོད་རོ་བཞིན་ཏེ། །དུར་ཁྲོད་

p. 86

དག་ཏུ་སོང་ནས་ནི། །རོ་འདི་དང་པོ་གང་ནས་བྱུང་། །ད་ལྟ་འདི་ཡི་དངོས་པོ་ཅི། །སྙམ་དུ་དཔེ་ཡིས་མཚོན་པར་བྱེད། །དེ་ཡང་མ་རིག་པ་ལས་བྱུང་། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང་། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང་། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང་། །སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་། །རེག་ལས་ཚོར་བ་འབྱུང་བར་འགྱུར། །ཚོར་ལས་སྲེད་པ་འབྱུར་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང་། །ལེན་པ་ལས་ནི་སྲིད་པ་འབྱུང་། །སྲིད་པ་ལས་ནི་སྐྱེ་བ་འབྱུང་། །སྐྱེ་བ་ལས་ནི་རྒས་པ་འབྱུང་། །རྒས་པ་ལས་ནི་ན་བ་འབྱུང་། །ན་བ་ལས་ནི་ཤི་བ་འབྱུང་། །དེ་བཞིན་རྟེན་འབྲེལ་བཅུ་གཉིས་བསྒོམ། །དེ་ལྟར་བསྒོམ་པའི་ཡོན་ཏན་གྱིས། །ས་བཅུ་གཉིས་ཀྱི་འབྲས་བུ་འཐོབ། །མི་སྡུག་རྣམ་པ་བརྒྱད་བསྒོམ་སྟེ། །དུར་ཁྲོད་ཕྱོགས་སུ་ཕྱིན་ནས་ནི། །རང་གི་ལུས་ལ་འདི་ལྟར་རྟོག །།དང་པོ་རྣམ་པར་སྔོ་བར་འདོད། །དེ་ནས་རྣམ་པར་དམར་བ་དང་། །རྣམ་པར་གནག་པ་དག་དང་ནི། །དེ་བཞིན་རྣམ་པར་བམ་པ་དང་། །དེ་བཞིན་རྣམ་པར་འབུ་ཞུགས་དང་། །རྣམ་པར་འཐོར་བ་དག་ཏུ་འདོད། །དེ་བཞིན་རྣམ་པར་དཀར་བའོ། །དེ་ནི་འདོད་ཆགས་གཉེན་པོ་རུ། །མི་སྡུག་རྣམ་བརྒྱད་བསྒོམ་པའོ། །ཉན་དང་ཐོས་པ་མེད་པ་སྟེ། །དེ་ཕྱིར་རང་རྒྱལ་ཐེག་པར་འདོད། །ཅེས་སོ། །གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པ་གཏན་ལ་དབབ་པ་ལ་གཉིས་ཏེ། ཐེག་དམན་ལས་ཇི་ལྟར་འཕགས་པའི་ཚུལ་དང་། ཁྱད་པར་འཕགས་པའི་ཐེག་པ་ཉིད་བཤད་པའོ། །དང་པོ་ནི། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་བདག་མེད་གཉིས་རྟོགས་པས་ཁྱད་པར་དུ་བྱས་ཏེ། རིན་ཆེན་ཕྲེང་བ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་བསྒྲུབ་པ་ཁ་ཅིག་ལའོ། །ཞེས་པ་དང་། དེ་ནི་སྙིང་རྗེ་འབའ་ཞིག་གིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་

p. 87

མ་བཤད་དེས། །ཐེག་པ་ཆེན་པོར་ག་ལ་འགྱུར། །ཞེས་པ་དང་། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་ལ་ལྔ་ལས། བྱང་ཆུབ་སེམས་དཔའི་ཐེག་པའི་ངོ་བོ་ནི། ཆོས་ཐམས་ཅད་ནམ་མཁའ་ལྟར་རྟོགས་ཤིང་སྙིང་རྗེ་ཆེན་པོས་གཞན་དོན་རླབས་པོ་ཆེ་སྤྱོད་པའི་རྒྱུའམ་ཐབས་དམ་པར་གྱུར་པ་སྟེ། དེ་ཉིད་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །རྒྱུ་དེས་དེ་ནི་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །ཞེས་སོ། །ངེས་ཚིག་ནི་ཐབས་གང་ལ་བརྟེན་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་དམ་པར་ཁྲིད་པས་ན་ཐེག་པ་ཆེན་པོའོ། །དགོས་པ་ནི། བློ་མཆོག་ཏུ་གྱུར་པ་རྣམས་སངས་རྒྱས་ཐོབ་པར་བྱེད་པའོ། །འབྲས་བུ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་འགྲུབ་པའོ། །དབྱེ་ན་མང་ཡང་། སྐབས་འདིར་ལམ་སྤྱིའི་ངོ་བོ་མདོར་བསྟན་པ་དང་། གྲུབ་པའི་མཐའ་སོ་སོ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་མཚན་ཉིད་ཀྱི་ཐེག་པའི་ལུགས་ཀྱིས་དབང་པོ་རྣོན་པོ་སེམས་སྟོབས་ཆེན་པོ་དག་གི་ལམ་སྟེ། དེ་ཡང་གཞི་བདེན་པ་གཉིས་ཀྱི་རང་བཞིན་ཤེས་པར་བྱ་བ། ཤེས་ནས་ཇི་ལྟར་ཉམས་སུ་བླང་བ། ལམ་མཐར་ཕྱིན་པའི་འབྲས་བུ་བསྟན་པ་དང་གསུམ་ལས། དང་པོ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་རང་བཞིན་དུ་འདུས་ཏེ། རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་པ་དང་། སྒྱུ་འཕྲུལ་ལས། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་སོ། །དེ་ལ་ཆོས་ཅན་མཚན་མར་སྣང་བ་བློའི་ཡུལ་དུ་སྣང་རུང་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དབྱེ་ན་ལོག་པ་དང་ཡང་དག་ཀུན་རྫོབ་གཉིས་ལས། དང་པོ་ནི་སྣང་སྲིད་སྣོད་བཅུད་བློས་བཀོད་པའི་ཆོས་སོ་ཅོག་དང་བཅས་པ་ཐམས་ཅད་ལོག་པའི་ཀུན་རྫོབ་ཡིན་ཏེ།

p. 88

ཡུལ་འཁྲུལ་སྣང་བློ་རྫུན་པའི་ངོ་བོ་ལ་སྣང་བ་ཡིན་པའི་ཕྱིར་རོ། །དེ་ཡང་བཏགས་པར་སྣང་བ་འདི་དག་བློ་འཁྲུལ་དོན་མཐུན་པར་སྣང་བ། དོན་བྱེད་ནུས་པ། བརྟགས་ན་ངོ་བོ་ཉིད་ཀྱིས་དབེན་པ། སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་ཏེ། མེད་པ་གསལ་སྣང་ཅན་དུ་ཤར་བ་ནི། སྔ་མ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པ་གསུངས། །ཞེས་སོ། །ཡང་དག་ཀུན་རྫོབ་ནི། འཁྲུལ་པར་སྣང་ཡང་བདེ་འགྲོ་དང་ཐར་པའི་རྒྱུ་བྱེད་པ། དགེ་བ་བཅུའི་ལས་རྣམ་པར་དཀར་བ། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་དང་། ཚོགས་སྦྱོར་མཐོང་སྒོམ་བཞིའི་སེམས་ཀྱི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་རྒྱུར་རུང་བློའི་སྤྱོད་ཡུལ་ལམ་བདེན་གྱིས་བསྡུས་པ་རྣམས་ཏེ། རྒྱུད་བླ་མའི་འགྲེལ་པར། ལམ་བདེན་ཐམས་ཅད་ནི་འདུས་བྱས། འདུས་བྱས་ཐམས་ཅད་ནི་ཀུན་རྫོབ་སྟེ་ཞེས་སོ། །ཆོས་ཉིད་རང་བཞིན་དུ་གནས་པ་སྟོང་པ་ཉིད་ཀྱི་ངོ་བོ་དང་རྗེས་སུ་འཇལ་བའི་ཤེས་རབ་སྤྲོས་པ་ཞི་བའི་རྣམ་པ་དང་བཅས་པ་ནི་དོན་དམ་བདེན་པ་སྟེ། དབྱེ་ན་རྣམ་གྲངས་པ་མཚན་མ་ཚིག་གི་དོན་དམ་དང་། རྣམ་གྲངས་པ་མ་ཡིན་པ་ཡང་དག་གཤིས་ཀྱི་དོན་དམ་གཉིས་ལས། དང་པོ་ནི་རིགས་པས་ཕྱེ་ཞིང་གཞིགས་ན་གང་དུའང་མ་གྲུབ་པའི་ཆོས་ཉིད་དུ་ཐམས་ཅད་ཡེ་ནས་གནས་པར་རྟོགས་པའི་ཤེས་རབ་གཤིས་དང་མཐུན་པར་སྐྱེས་པ་སྟེ། བདེན་གཉིས་ལས། སྐྱེ་སོགས་བཀག་པ་དོན་དམ་དང་། །མཐུན་པའི་ཕྱིར་ཡང་འདོད་པ་ཡིན། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་ཞེས་པའི་བརྡ་མཛད་དོ། །ཞེས་སོ། །གཉིས་པ་ནི། ཆོས་རྣམས་གདོད་མ་ཉིད་ནས་ཡོད་མེད་ཀྱི་སྤྲོས་པ་ལས་འདས་པའི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྟེ། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །རྣམ་རྟོག་མེད་དོན་ཐ་དད་མིན། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ། །གཉིས་པ་ཤེས་ནས་ཉམས་སུ་བླང་བའི་རིམ་པ་ནི། བྱང་ཆུབ་སེམས་དཔའ་ཁྱིམ་པ་ཡིན་ན་དགེ་བསྙེན་གྱི་སྡོམ་

p. 89

པ་བླངས་པའམ་མ་བླངས་ཀྱང་རུང་ལ། རབ་ཏུ་བྱུང་བ་ཡིན་ན་དགེ་ཚུལ་གྱི་བསླབ་པའི་གནས་བཅུ། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ། དགེ་སློང་མའི་སུམ་བརྒྱ་དྲུག་ཅུ་རྩ་གསུམ་གྱིས་གཞི་བྱས་པའི་སྟེང་དུ། ཐེག་ཆེན་སྨོན་འཇུག་གི་སེམས་བསྐྱེད་ནས། བསླབ་མདོ་བརྒྱད་ཅུ་རྩ་ལྔ་ལ་གནས་པས། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་བཞི། འབྲིང་དུ་ཡང་དག་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་ལམ་དྲོད་རྩེར་དབང་པོ་ལྔ། བཟོད་པ་ཆོས་མཆོག་ཏུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན། སྒོམ་ལམ་ས་དགུར་འཕགས་ལམ་བརྒྱད་བསྒོམས་པས། རབ་ཏུ་དགའ་བ་ལ་སོགས་པའི་ས་ལམ་གྱི་དྲོད་ཚད་རྟགས་དང་བཅས་པ་རྫོགས་ཏེ། མི་སློབ་པའི་ལམ་མངོན་དུ་བྱེད་པའོ། །གསུམ་པ་མཐར་ཕྱིན་པའི་འབྲས་བུ་ནི། ཀུན་ཏུ་འོད་ཀྱི་ས་ལ་རང་དོན་དུ་ཆོས་སྐུ་དང་། གཞན་དོན་དུ་གཟུགས་སྐུ་དམ་པ་གཉིས་ཐོབ་ནས། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཀྱིས་གཟིགས་ཏེ། སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་དེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་གསུངས་སོ། །འདི་དག་གི་ཚུལ་རྒྱས་པར་ནི། རིག་པ་རང་ཤར་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཇུག་པའི་སྒོ་ནི་བདེན་པ་གཉིས། །དོན་དམ་དང་ནི་ཀུན་རྫོབ་བོ། །བསྲུང་བའི་ཚུལ་ཁྲིམས་ཡན་ལག་ནི། །སྡོམ་པ་བརྒྱད་ཅུ་རྩ་ལྔའོ། །ལྟ་བ་སྟོང་ཉིད་ཡེ་ཤེས་སོ། །དོན་དམ་ཀུན་རྫོབ་འདི་ལྟ་སྟེ། །ཀུན་རྫོབ་རྣམ་པ་གཉིས་སུ་འདོད། །ལོག་པ་དང་ནི་ཡང་དག་གོ། ལོག་པའི་ཀུན་རྫོབ་འདི་ལྟ་སྟེ། །བཏགས་པར་སྣང་བ་ཐམས་ཅད་ཀུན། །མཐུན་པར་སྣང་ལ་དོན་བྱེད་ནུས། །བརྟགས་ན་ངོ་བོ་ཉིད་ཀྱིས་དབེན། །དོན་ནི་མེད་པ་ལྟར་སྣང་ངོ་། །དེ་ནི་ལོག་པའི་ཀུན་རྫོབ་བོ། །ཡང་དག་ཀུན་རྫོབ་འདི་ལྟ་སྟེ། །དགེ་བ་བཅུ་ཡི་ལས་རྣམས་དང་། །དཀར་

p. 90

པོར་གྱུར་པའི་བསམ་པ་དང་། །མོས་པའི་བསམ་པ་ཇི་སྙེད་པ། །ཡང་དག་ཀུན་རྫོབ་ཆེན་པོར་འདོད། །སྦྱིན་པ་ལ་སོགས་ཚུལ་ཁྲིམས་དང་། །དེ་བཞིན་ཏིང་འཛིན་ལ་སོགས་རྣམས། །ཡང་དག་ཀུན་རྫོབ་ཆེན་པོའོ། །དོན་དམ་ལ་ཡང་རྣམ་པ་གཉིས། །མཚན་མ་ཚིག་གི་དོན་དམ་དང་། །ཡང་དག་སེམས་ཀྱི་དོན་དམ་མོ། །མཚན་མ་ཚིག་གི་དོན་དམ་གྱིས། །ཐམས་ཅད་སུན་འབྱིན་རྩོད་པའོ། །དེ་ཡང་ཚད་མའི་རིགས་པ་ནི། །གང་དེ་ཉིད་ལ་དེ་ལྟར་སྣང་། །ཚིག་གི་སྟོང་པ་ཆེན་པོ་ལ། །དོན་ལ་སྟོང་ཞིང་མ་རྟོགས་པའོ། །མཚན་མ་ཚིག་གི་དོན་དམ་མོ། །ཡང་དག་སེམས་ཀྱི་དོན་དམ་ནི། །སྟོང་པ་ཅང་མེད་སྒོམ་པར་འདོད། །དཔེར་ན་ནམ་མཁའ་སྟོང་པ་བཞིན། །སྟོང་པའི་དོན་ཉིད་དེ་བཞིན་ཉིད། །སྟོང་ཉིད་ཕྱམ་ཆད་མུ་མེད་དོ། །ཞེས་ནི་སྤྱོད་ཅིང་ཆགས་པའོ། །ལམ་ནི་འདི་ལྟར་འདོད་པའོ། །ས་ལ་སྦྱང་བར་འདོད་པའོ། །དེ་ཡང་དྲོད་སྐྱེ་བཟོད་པ་དང་། །རྩེ་མོ་འཇིག་རྟེན་ཆོས་མཆོག་གོ། དྲོད་ལ་རྣམ་པ་གསུམ་གྱིས་བསྟན། །ཕྱི་དང་ནང་དང་གཉིས་ཀའོ། །ཕྱི་ཡི་དྲོད་སྐྱེ་འདི་ལྟ་སྟེ། །གཉིས་པོ་དྲི་མ་མེད་པ་ལ། །དངོས་པོར་སྣང་བ་སྟོང་པ་སྐྱེ། །དེ་ནི་ཏིང་འཛིན་ཉམས་ལེན་ཏེ། །ས་གཉིས་དག་ལ་སྐྱེ་བར་གསུངས། །ནང་གི་དྲོད་ནི་དྲུག་པ་ལ། །སྟོང་པ་རིག་བྱེད་དག་ཏུ་རྟོགས། །གཉིས་ཀའི་དྲོད་ནི་འདི་ལྟ་སྟེ། །བདུན་པ་དག་ལས་སྐྱེ་བར་གསུངས། །བརྒྱད་པ་བཟོད་པ་ཐོབ་པ་སྟེ། །དགུ་པ་རྩེ་མོ་མཐར་ཕྱིན་ནོ། །བཅུ་པ་འཇིག་རྟེན་ཆོས་ཀྱི་མཆོག །དེ་བཞིན་ས་བཅུ་ཐོབ་པར་འདོད། །དེ་ནི་བྱང་ཆུབ་ཐེག་པ་སྟེ། །སྟོང་པའི་ཚིག་མེད་ཡི་གེ་མེད། །ཅང་མེད་སྟོང་པར་འདོད་པའོ། །ཞེས་གསུངས་སོ། །དོན་གཉིས་པ་གྲུབ་པའི་མཐའ་རྒྱས་པར་བཤད་པ་ལ་གཉིས་ཏེ། སེམས་ཙམ་པ་དང་དབུ་མ་པའི་ལུགས་རྒྱས་པར་བཤད་པའོ། །དང་པོ་ལའང་དཀར་དམར་སྣ་ཚོགས་སུ་སྣང་བ་ཤེས་པ་དང་བཅས་པ་འདི་ཐམས་ཅད་རང་གི་སེམས་ཀྱི་རྣམ་པར་བདེན་པར་འདོད་པ་སེམས་ཙམ་རྣམ་བདེན་པ་དང་། ཤེས་པའི་རྣམ་པར་རྫུན་པར་འདོད་པ་སེམས་ཙམ་རྣམ་བརྫུན་པ་

p. 91

གཉིས་ལས། དང་པོ་ནི་དོན་དུ་སྣང་བ་རང་གི་ཤེས་པའི་རྣམ་པ་ཕྱིར་ཤར་བ་ཙམ་སྟེ། རྫིང་འགྲམ་གྱི་ནོར་བུའི་ཤིང་གི་ཡལ་ག་ལ་བཏགས་པའི་ནོར་བུ་ཀེ་ཀེ་རུའི་གཟུགས་བརྙན་ཆུ་ནང་དུ་ཤར་བ་ན་ནོར་བུའི་རྣམ་པ་ཕྱི་རོལ་ཏུ་ཤར་བ་བཞིན་ནོ་ཞེས་འདོད་དོ། །འདི་ལ་དབྱེ་ན། རྣམ་པའི་གྲངས་དེ་ཉིད་ལ་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་འདོད་པ་དང་། རྣམ་པ་དང་ཤེས་པ་སྒོ་ང་བཀས་པ་ལྟར་འདོད་པ་དང་། རྣམ་པ་དང་ཤེས་པ་སྣ་ཚོགས་གཉིས་མེད་དུ་འདོད་པ་གསུམ་ལས། དང་པོ་ནི་སྒྲ་ཐོས་པའི་དུས་ན་སྒྲ་འཛིན་གྱི་ཤེས་པ་གཅིག་པུ་སྐྱེའི། གཟུགས་ལ་སོགས་པ་འཛིན་པའི་ཤེས་པ་མི་སྐྱེ་བ་ལྟར། ཡུལ་གང་ལ་འཇུག་པ་དེའི་ཤེས་པ་སྐྱེའི་གཞན་མི་སྐྱེ་བས། རྣམ་པའི་གྲངས་ཇི་སྙེད་པའི་ཤེས་པ་འདོད་པའོ། །གཉིས་པ་ནི་ཕྱི་རོལ་སྣ་ཚོགས་སུ་སྣང་བའང་ཤེས་པ་ལས་བྱུང་ལ། དེ་འཛིན་པའི་ཤེས་པའང་སེམས་ལས་བྱུང་བས། སྒོ་ང་བཀས་པ་ལྟར་རྣམ་པ་དང་ཤེས་པ་ཡུལ་ཡུལ་ཅན་སེམས་གཅིག་ལ་ཤར་བ་སྟེ། ད་ལྟ་ཡུལ་འཛིན་པ་ན་ཕྱི་རྣམ་པའི་ཤེས་པ་གཅིག་ལ་ནང་འཛིན་བྱེད་ཀྱི་ཤེས་པ་གཅིག་ཤར་བ་ཡང་། ཐོག་མ་མེད་པའི་བག་ཆགས་ཀྱིས་དེ་ལྟར་གཉིས་སུ་སྣང་ཡང་། རང་རིག་པ་གཅིག་པུ་ལས་གཞན་དུ་གྲུབ་པ་མེད་པས་སྒོ་ང་བཀས་པ་ལྟ་བུའོ། །འོ་ན་ཕྱི་རྣམ་པའི་ཤེས་པ་གཅིག་ལ་དེའི་ཚེ་འཛིན་པའི་ཤེས་པ་གཅིག་བྱུང་དུས་རྟོག་གཉིས་ཅིག་ཅར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། རྣམ་པའི་ཤེས་པ་དེ་རྟོག་མེད་ཡིན་པའི་ཕྱིར་རོ་ཞེས་འདོད་དོ། །གསུམ་པ་ནི་ཕྱི་ཡུལ་གྱི་རྣམ་པ་སྣ་ཚོགས་སུ་སྣང་ཡང་། ནང་འཛིན་བྱེད་ཀྱི་ཤེས་པ་གཅིག་གིས་ཤེས་ཏེ། མཁར་གྱི་ནང་ན་སྤྲེའུ་ཅིག་འཇུག་པ་མྱུར་བས། གློ་སྐར་བཞིར་སྐེ་རིབ་རིབ་བྱུང་ནས་བལྟ་བ་ལྟར། སྒོ་ལྔ་ལ་ཤེས་པ་གཅིག་གིས་ཞུགས་ནས་ཡུལ་རིག་པའོ། །རིག་དུས་ནའང་རྣམ་པ་དང་ཤེས་པ་གཉིས་ཀ་སེམས་གཅིག་གི་རང་བཞིན་དུ་ཐ་མི་དད་དེ། རྨི་ལམ་གྱི་སྣང་བ་དང་འཛིན་བྱེད་རང་དུ་སྣང་བ་གཉིས་ཀ་ཡང་གཉིད་གཅིག་གི་ཤེས་པར་ཐ་མི་དད་པ་བཞིན་ནོ་ཞེས་འདོད་དོ། །གཉིས་པ་རྣམ་རྫུན་པ་ནི། ཕྱི་དོན་གྱི་རྣམ་པར་ཤེས་པ་ལ་འཁྲུལ་པར་སྣང་བའི་

p. 92

བག་ཆགས་རྫུན་པ་བ་ཡིན་གྱི། ཤེས་པར་བདེན་པ་མ་ཡིན་ལ། དེ་འཇལ་བྱེད་ཀྱི་ཤེས་པ་ཡང་རྫུན་པ་བས་གཞལ་གྱི། མྱོང་བ་བདེན་པ་བས་གཞལ་བ་ནི་མེད་དེ། ཡུལ་ཤེས་གཉིས་ཀ་ཡང་འཁྲུལ་སྣང་རྫུན་པ་བའི་རང་བཞིན་ཙམ་དུ་འདོད་དོ། །འདི་ལ་དབྱེ་ན་དྲི་བཅས་རྫུན་པ་བར་འདོད་པ་དང་། དྲི་མེད་དག་པ་བར་འདོད་པ་གཉིས་ལས། དང་པོ་ནི་ད་ལྟའི་རྣམ་པ་སྣ་ཚོགས་སུ་སྣང་བ་དང་། དེ་འཇལ་བའི་ཤེས་པ་གཉིས་ཀ་བློའི་དྲི་མ་ཉིད་སྣང་བ་ཙམ་ལས། དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་ཁམས་ཀྱི་ཡོན་ཏན་དང་བཅས་པ་ཙམ་ཞིག་ཡོད་ཀྱི། རྣམ་ཤེས་སུ་གྲུབ་པ་ནི་ཅི་ཡང་མེད་དོ། །སངས་རྒྱས་ཀྱི་ཆོས་སྐུ་ལྷག་མ་མེད་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཉིད་དེ། དྲི་མ་མེད་པའི་དེ་བཞིན་ཉིད་ཡིན་ལ། ལྷག་བཅས་ཀྱི་གནས་སྐབས་ན་བག་ལ་ཉལ་གྱི་དྲི་མ་ཅུང་ཟད་ཡོད་པས་འཁྲུལ་པར་སྣང་བ་གཟིགས་པ་དང་། རོ་རྒྱབ་སྙུང་བ་ལ་སོགས་པ་ཡོད་དོ་ཞེས་པ་དང་། ད་ལྟ་སེམས་ལ་ཉོན་མོངས་པ་དང་ཡེ་ཤེས་འདྲེས་པར་གནས་པའི་དྲི་མ་ཉོན་མོངས་པའི་ཆ་རྫུན་པ་བ་བསལ་བས། ལྷག་མ་མེད་པའི་ཡེ་ཤེས་དག་པ་མངོན་དུ་བྱེད་པའོ་ཞེས་འདོད་དོ། །དག་པ་བ་ནི་རྣམ་པ་དང་རྣམ་ཤེས་བརྫུན་པ་ཙམ་དུའང་གྲུབ་པ་མེད་དེ། མངོན་པར་ཆགས་པ་དག་གིས་ན་ཆུང་ཡིད་ལ་བྱེད་པ་གོམས་པ་ལས། ཇི་ཞིག་ན་བསམ་མ་དགོས་པར། དེའི་བྱད་བཞིན་གྱི་སྣང་བ་མེད་པ་གསལ་སྣང་དུ་ཤར་བ་བཞིན་ནོ། །དེས་ན་ཡུལ་གྱི་རྣམ་པ་དཀར་དམར་སྣ་ཚོགས་སུ་སྣང་བ་དང་། འཇལ་བྱེད་ཀྱི་བློ་གཉིས་ཀ་མེད་བཞིན་སྣང་བ་གཟུགས་བརྙན་ལྟ་བུ་སྟེ། དེའི་དོན་ཉམས་སུ་མྱོང་བའི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཙམ་ཞིག་དོན་དམ་པར་ཡོད་དོ་ཞེས་འདོད་དོ། །གཉིས་པ་དབུ་མ་པ་ལ་རང་རྒྱུད་པ་དང་། ཐལ་འགྱུར་པ་གཉིས་ལས། དང་པོ་ནི་འདི་ལྟར་སྣ་ཚོགས་སུ་སྣང་བའི་རྣམ་པ་དང་འཇལ་བྱེད་མེད་པ་གསལ་སྣང་ཙམ་དུ་མ་ཟད་དོན་དམ་པར་སོ་སོ་རང་གི་རིག་པའི་ཡེ་ཤེས་དེ་ཡང་རང་བཞིན་གྱིས་ངོ་བོ་ཉིད་མེད་པའོ་ཞེས་འདོད་དོ། །འདི་ལ་དབྱེ་ན་སྒྱུ་མ་དོན་དམ་དུ་འདོད་པ་དང་། རབ་ཏུ་མི་གནས་པ་གཉིས་ལས།

p. 93

དང་པོ་ནི། ཡུལ་ཡུལ་ཅན་དུ་གྲུབ་པ་མེད་ལ། མ་གྲུབ་པ་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་མེད་ཙམ་ཞིག་དོན་དམ་པར་སྒྱུ་མའི་ཚུལ་དུ་ཡོད་པས། བསྒོམས་པའི་ཡོན་ཏན་ས་ལམ་དང་། མཐར་ཕྱིན་པའི་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུ་ཐོབ་ནས་ཆོས་ཀྱི་སྐུའི་ངང་ནས་སྒྱུ་མ་ལྟ་བུས་དོན་མཛད་པ་ཡིན་ཏེ། ཡུམ་བར་མ་ལས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་བས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན། དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་སོ། །ཆོས་ཐམས་ཅད་ནི་ཡུལ་ཤེས་སྣ་ཚོགས་པ་ཐམས་ཅད་དོ། །མྱ་ངན་ལས་འདས་པ་ནི་གཟུགས་སྐུ་བརྙེས་ནས་དོན་མཛད་པའོ། །དེ་བས་ལྷག་པའི་ཆོས་ནི་སོ་སོ་རང་གི་རིག་པའི་དེ་བཞིན་ཉིད་དང་ཆོས་སྐུ་དམ་པའོ་ཞེས་འདོད་དོ། །འདི་ལའང་སྒྱུ་མ་རིགས་གྲུབ་ཏུ་འདོད་པ་དང་། སྒྱུ་མ་ལྟར་སྣང་དུ་འདོད་པ་དང་། སྒྱུ་མ་ཙམ་པོར་འདོད་པ་ལ་སོགས་པ་རྣམ་གྲངས་རབ་ཏུ་མང་སྟེ། རང་རྒྱུད་འོག་མ་བ་ཞེས་གྲགས་པ་ཡིན་ནོ། །གཉིས་པ་ནི་དོན་དམ་པར་སྒྱུ་མ་ཙམ་དུའང་མི་གནས་ཏེ། ཡུལ་དང་རྣམ་པ་མེད་པས་དེ་མེད་པར་མྱོང་བའི་སོ་སོ་རང་རིག་ཀྱང་མེད་པ་ནི། མོ་གཤམ་གྱི་བུ་མེད་པས་དེ་འཇལ་བྱེད་ཀྱི་ཤེས་པ་མེད་པ་བཞིན་ནོ། །ཀུན་རྫོབ་ལ་བདེན་པར་མེད་པས་དོན་དམ་ལ་གང་ཡང་མི་གནས་ཏེ། རྨི་ལམ་སད་པའི་དུས་ན་རྟ་གླང་གི་སྣང་བ་འགགས་ཀྱང་། དང་པོ་མེད་པས་དོན་ལ་འགག་རྒྱུར་མ་གྲུབ་པ་བཞིན་ནོ། །ཡུམ་བར་མ་ལས། དོན་དམ་པར་ནི་འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད། སྟོང་པ་ཉིད་ཀྱང་མེད་དེ། ཚིག་གི་བླ་དྭགས་ཙམ་དུ་བས་ལགས་སོ་ཞེས་གསུངས་པ་ལྟ་བུའོ་ཞེས་འདོད་དོ། །འདི་ལ་ཀུན་རྫོབ་རབ་ཏུ་མི་གནས་པ་དང་། རྒྱུ་མཚན་མི་གནས་པ་དང་། ལྡོག་ཆ་མི་གནས་པ་དང་། ལྡོག་བྱེད་མི་གནས་པ་དང་། གཅིག་མི་གནས་པ་དང་། དུ་མ་མི་གནས་པ་དང་། གཅིག་དང་དུ་མ་དང་བྲལ་བ་མི་གནས་པ་དང་། སྣང་ཙམ་རབ་ཏུ་མི་གནས་པ་ལ་སོགས་པ་རྣམ་གྲངས་དཔག་ཏུ་མེད་པ་ཡོད་དེ། དབུ་མ་རང་རྒྱུད་གོང་མ་བ་ཞེས་

p. 94

གྲགས་སོ། །དབུ་མ་ཐལ་འགྱུར་བ་ནི། དེ་ལྟར་དོན་དམ་པར་མ་གྲུབ་པ་དང་། ཀུན་རྫོབ་ཏུ་སྣང་ཙམ་སྒྱུ་མར་གྲུབ་པ་ལ་སོགས་པ་ཐམས་ཅད་བཀག་ནས། ཡོད་མེད་ཀྱི་མཐའ་ལས་འདས་པའི་རང་བཞིན་ཁས་ལེན་ཐམས་ཅད་དང་བྲལ་བར་འདོད་དེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། རྟག་དང་མི་རྟག་འདི་ཡང་མཐའ་ཡིན་ཏེ། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པར་མི་བྱེད་དོ། །ཞེས་པ་དང་། དཀོན་མཆོག་ཏ་ལའི་མདོ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པས་སྐྱེ་མེད་པ། །ཆད་པ་མེད་པས་རྟག་མེད་པ། །འོང་བ་མེད་པས་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཅེས་པ་དང་། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ། དེ་ཕྱིར་དགག་པ་བྱེད་དོ་ཞེས། །སྐུར་པ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་སོ། །དེའང་བློས་བཀོད་པའི་གྲུབ་མཐའ་གང་ཡང་མེད་དེ་སྤྲོས་པ་ཞི་བའི་ཕྱིར་རོ་ཞེས་འདོད་ཅིང་། སྣ་ཚོགས་སུ་སྣང་ཙམ་འཇིག་རྟེན་པ་ཇི་ལྟར་འཇོག་པ་ལྟར་བརྡ་ཤེས་པའི་ཡན་ལག་ཏུ་བཞག་ཀྱང་། དེ་ཡང་ཁས་ལེན་མེད་པས། ཆོས་སུ་སྣང་བ་བདེན་རྫུན་ལས་འདས་པས་ཡོད་མེད་ཀྱི་མཐའ་དང་ད་ལྟའི་དུས་ནས་བྲལ་བར་འདོད་དོ། །འདི་ནི་སངས་རྒྱས་པ་རྣམས་ཀྱི་གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱི་རྩེ་མོ་ཡིན་ནོ། །འདིའི་གཞུང་ཆེན་པོ་དབུ་མ་རིགས་པའི་ཚོགས་དྲུག་སྟེ། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་

p. 95

ཅུ་པ། ཞིབ་མོ་རྣམ་འཐག །རྩོད་པ་བཟློག་པ། ཐ་སྙད་བསྒྲུབ་པའོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོའི་འགྲེལ་པར་གཏམ་གྱི་ཚོགས་མཛད་དོ། །བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོའི་འགྲེལ་པར་རིགས་པའི་ཚོགས་མཛད་དོ། །ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོའི་འགྲེལ་པར་བསྟོད་པའི་ཚོགས་མཛད་དོ། །དེའི་ཕྱིར་སློབ་དཔོན་འདི་ནི་སངས་རྒྱས་གཉིས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། འདིའི་བསྟན་བཅོས་རྣམས་ཀྱང་བཀའ་དང་ཁྱད་པར་མེད་པ་ཡིན་ནོ། །དོན་བཞི་པ་བྱ་བ་རྒྱུད་ཀྱི་ཐེག་པ་གཏན་ལ་དབབ་པ་ལ་གཉིས་ཏེ། རྒྱུའི་ཐེག་པ་ལས་ཁྱད་པར་དུ་འཕགས་ཚུལ་བསྟན་པ་དང་། ཁྱད་པར་ཅན་གྱི་ཐེག་པ་ཉིད་བཤད་པའོ། །དང་པོ་ནི་མཚན་ཉིད་ཀྱི་ཐེག་པ་རྒྱུ་ལ་འབད་པ་ཆེར་བྱས་ནས་ཚེགས་ཆེན་པོས་བསྒྲུབ་དགོས་པ་ལས། སྔགས་ནི་རྒྱུ་ལ་ལྟོས་ནས་འབྲས་བུ་སྨིན་ཟིན་པས་འབད་རྩོལ་ཆུང་ངུས་སངས་རྒྱས་ཐོབ་པས་འཕགས་པ་དང་། རྒྱུ་ནས་ལམ་ལྔ་ས་བཅུ་དཀའ་བ་ཆེན་པོས་བསྐལ་པ་གྲངས་མེད་མང་པོ་ན་སངས་རྒྱ་ལ། སྔགས་ནི་རབ་ཚེ་གཅིག །འབྲིང་བར་དོ། །ཐ་མས་ཀྱང་སྐྱེ་བ་བརྒྱུད་ནས་སངས་རྒྱ་བས་དུས་མྱུར་བས་ཀྱང་འཕགས་པ་དང་། རྒྱུ་ས་དང་པོ་བདེན་པ་མཐོང་བ་ལའང་ཚོགས་དཔག་མེད་སོགས་དགོས་ལ། སྔགས་ཀྱི་དཀྱིལ་འཁོར་ཚོགས་མཆོད་ལ་སོགས་པ་ཕྲ་མོས་འགྲུབ་པས་ཀྱང་འཕགས་པ་དང་། རྒྱུས་ལམ་ཐད་དྲང་དུ་སྟོན་པར་མི་བྱེད་དེ། དྲང་དོན་དང་ངེས་དོན། དགོངས་པ་དང་ལྡེམ་དགོངས་སུ་བསྟན་ནས་རྣམ་པར་འཇོག་ལ། སྔགས་ནི་ལམ་ཅིག་ཅར་ཐད་དྲང་དུ་བསྟན་པས་ཉེ་ཞོ་དང་བར་ཆད་མེད་པའི་ཕྱིར་འཕགས་པ་ཡིན་ནོ། །མདོར་བསྡུ་ན། རྒྱུའི་ཐེག་པ་བས་སྔགས་ཀྱི་ཐེག་པ་འདོད་པའི་དོན་བསྒྲུབ་པ་ལ། ཐབས་མང་བ་དང་། དཀའ་བ་མེད་པ་དང་། མ་རྨོངས་པ་དང་། དབང་པོ་རྣོན་པོས་མྱུར་དུ་འགྲུབ་པའི་ཚུལ་གྱིས་འཕགས་ཏེ། ཚུལ་གསུམ་པའི་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་

p. 96

རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །གཉིས་པ་ལ་ལྔ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་དབྱིངས་འོད་གསལ་གྱི་བདེན་པ་ཐད་དྲང་དུ་རྟོགས་པའི་ཐབས་མཆོག་ཏུ་གསང་བ། བསྐྱེད་རྫོགས་ལྷུན་གྲུབ་ཀྱི་དབྱིངས་ལ་འཇལ་བའི་རྣམ་གྲངས་སོ། །ངེས་ཚིག་ནི་ཉོན་མོངས་པ་ལས་སྐྱོབ་པ་དང་བྱང་ཆུབ་མྱུར་དུ་འགྲུབ་པ་ལ་མཆོག་ཏུ་བསྔགས་པས་ན་སྔགས་སོ། །དགོས་པ་ནི་དབང་པོ་རྣོན་པོའི་རྣོན་པོ་མྱུར་དུ་གྲོལ་བར་བྱེད་པའོ། །འབྲས་བུ་ནི་ཚེ་གཅིག་གམ་བར་དོའམ་བརྒྱུད་ནས་མགོན་པོ་རྡོ་རྗེ་འཆང་གི་ས་མཆོག་འགྲུབ་པའོ། །དབྱེ་ན་གཉིས་ཏེ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དེ་སྐད་དུ་ཡང་། རིག་པ་རང་ཤར་ལས། རྡོ་རྗེའི་ཐེག་པ་རྣམ་པ་གཉིས། །ཕྱི་པ་ཐུབ་པ་རྒྱུད་དང་ནི། །ནང་པ་ཐབས་ཀྱི་རྒྱུད་དུ་གསུངས། །ཞེས་སོ། །སྔགས་ལ་རྒྱུད་དུ་འཇོག་པ་ཅི་ཡིན་ཞེ་ན། གཙོ་བོར་གང་ཟག་གི་རྒྱུད་དབྱིངས་ཀྱི་འོད་གསལ་འཇལ་བས་ན་དེ་སྐད་ཅེས་བརྗོད་པ་ཡིན་ནོ། །དང་པོ་ལའང་དབྱེ་ན་གསུམ་སྟེ། བྱ་བ་རྒྱུད་ཀྱི་ཐེག་པ་ཀྲཱི་ཡ་དང་། གཉིས་ཀ་རྒྱུད་ཀྱི་ཐེག་པ་ཨུ་པ་ཡ་དང་། རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ཡོ་གའོ། །དེ་སྐད་དུ། དེ་ཉིད་ལས། ཕྱི་པ་རྒྱུད་ལ་རྣམ་གསུམ་སྟེ། །ཀྲཱི་ཡ་ཨུ་པ་ཡོ་གའོ། །ཞེས་སོ། །དང་པོ་ནི། དག་པ་གསུམ་དང་གཙང་སྦྲ་སྤྱོད་པས་བདག་དང་ལྷ་གཉིས་རྗེ་དང་འབངས་ཀྱི་ཚུལ་དུ་བསྒྲུབ་པས་དངོས་གྲུབ་ཐོབ་པར་འདོད་པའོ། །འདི་ལ་དབྱེ་ན་གཉིས་ཏེ། དག་པ་གཙོ་བོར་བྱེད་པ་དང་། དམིགས་པ་གཙོ་བོར་བྱེད་པའོ། །དང་པོ་ནི་ཁྲུས་དང་གཙང་སྦྲ་ལ་ཞུགས་ནས་ལུས་དག་པ་ལྷའི་སྐུར་སྒོམ་པ་སྟེ། ཁྲུས་གསུམ་བྱེད་པ་དང་། གོས་གསུམ་བརྗེ་བ་དང་། དཀར་གསུམ་བསྟེན་པ་དང་། དངར་གསུམ་བསྟེན་པ་ལ་སོགས་པའོ། །འོག་མ་ལས་འདི་འཕགས་ཚུལ་ནི། ཀུན་རྫོབ་སྣང་ཚོད་དུ་བདེན་པར་མི་འཇོག་པར། དམིགས་པ་གསུམ་སྟེ་སྐུ་གཟུགས་བརྙན་ལ་དམིགས་པས་སྣང་བ་ཐམས་ཅད་གཟུགས་ཀྱི་ལྷར་གསལ་ཐེབས་ཏེ། གཟུགས་མ་སྤངས་པས་

p. 97

གཅིག་དང་དུ་མའི་མཐའ་ལ་མི་གནས། གསུང་ཡིག་འབྲུ་ལ་དམིགས་པས་གྲག་པ་ཐམས་ཅད་སྒྲའི་ལྷར་གསལ་བས་སྒྲ་ཚིག་བཟླས་པར་འགྱུར་ཏེ། མུ་བཞིའི་སྐྱེ་བ་འགག་པ་ལ་མི་གནས་ཏེ། གྲག་ཚད་སྒྲའི་ལྷ་ལས་གཞན་མ་ཡིན། ཐུགས་ཕྱག་མཚན་ལ་དམིགས་པས་དྲན་བསམ་ཐམས་ཅད་ཏིང་ངེ་འཛིན་གྱི་ལྷར་གསལ་བས། རྟོག་པ་ཐམས་ཅད་བསམ་གཏན་ལས་མི་འདའ་བས་རྟེན་འབྲེལ་ཆེན་པོ་ལ་མི་གནས་པས། ཀུན་རྫོབ་ཙམ་དུ་ཡང་མ་བྱུང་མ་སྐྱེས་པའོ། །དོན་དམ་པར་ཡི་དམ་གྱི་ལྷ་ཡེ་ཤེས་སེམས་དཔའ་དང་། བདག་དམ་ཚིག་སེམས་དཔའ་གཉིས་རྗེ་ཁོལ་གྱི་རྣམ་པ་ལྟར་བལྟས་པས་བར་ཆད་ཞི་ཞིང་དངོས་གྲུབ་ཐོབ་སྟེ། ཐུན་མོང་གི་དངོས་གྲུབ་ལ་བརྟེན་ནས་ཀུན་རྫོབ་མི་སྤོང་། མཆོག་གི་དངོས་གྲུབ་ལ་བརྟེན་ནས་དོན་དམ་པ་མི་བསྒྲུབ་པས་ཁྱད་པར་དུ་འཕགས་སོ། །དམིགས་པ་གཙོ་བོར་བྱེད་པ་ནི་བསྐྱེད་རིམ་དང་རྫོགས་རིམ་ཕྲ་མོས་འཕྲོ་འདུ་དམིགས་པའི་ལྷ་སྒོམ་པ་སྟེ། གཟུགས་དང་སྒྲ་དང་རྟོག་ཚོགས་ལྷའི་སྐུ་གསུང་ཐུགས་སུ་དམིགས་པའོ། །དག་པས་ལུས་ངག་གི་གཙང་སྦྲ་གཙོ་བོར་བྱེད་པས། དམིགས་པས་སེམས་ཀྱི་སྒོམ་པ་གཙོ་བོར་བྱེད་པ་ཡིན་ནོ། །དེ་སྐད་དུ་ཡང་། རིག་པ་རང་ཤར་ལས། ཀྲཱི་ཡའི་ཐེག་པའི་གྲུབ་མཐའ་ནི། །འཇུག་པའི་སྒོ་ནི་དག་པ་གསུམ། །ཁྲུས་དང་གཙང་སྦྲས་འཇུག་པའོ། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །ལུང་གཅིག་ཆུ་ལ་མི་བཏུང་ཞིང་། །མ་ཡེངས་ངང་ལ་སྤྱོད་པའོ། །བྱ་བ་དག་པ་རྣམ་གསུམ་བྱེད། །དག་པ་རྣམ་གསུམ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ལོངས་སྤྱོད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པའོ། །རྟོགས་པའི་ལྟ་བ་འདི་ལྟ་སྟེ། །ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་ལྟ། །སྤང་བའི་རིམ་པ་འདི་ལྟ་སྟེ། །ཤ་དང་ཉ་དང་སྒོག་པ་དང་། །དེ་བཞིན་ཆང་ལ་སོགས་པ་སྤོང་། །ཏིང་ངེ་འཛིན་ལ་ཞེན་པའོ། །ཀྲཱི་ཡའི་ཐེག་པ་དེ་བཞིན་ནོ། །ཞེས་སོ། །དོན་ལྔ་པ་གཉིས་ཀ་རྒྱུད་ཀྱི་ཐེག་པ་ཨུ་པ་ཡ་ནི། སྤྱོད་པ་ཀྲཱི་ཡ་ལྟར་བྱེད་ལ་ལྟ་བ་ཡོ་ག་ལྟར་འདོད་པས་ན། མ་ནིང་གི་ཐེག་པ་ཞེས་བྱའོ། །

p. 98

དེ་ཡང་ཁྲུས་དང་གཙང་སྦྲ་ལ་གནས་པས་སྒོ་གསུམ་དག་པར་བྱས་ནས། དམིགས་པ་མངོན་བྱང་ལྔ་ལ་སོགས་པས་དཀྱིལ་འཁོར་རྒྱལ་མཆོག་ལ་སོགས་པ་བསྒྲུབ་པའོ། །དེ་ཡང་རིག་པ་རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲཱི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་སོ། །དོན་དྲུག་པ་རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ཡོ་ག་ནི། མངོན་བྱང་ལྔའི་སྒོ་ནས་བདག་དང་ལྷ་གཉིས་སྤུན་དང་གྲོགས་ལྟར་ལྟ་བས་དམ་ཚིག་དང་གཙང་སྦྲ་སྤྱོད་པ་སྟེ། འབྲས་བུ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པར་འདོད་པའོ། །དབྱེ་ན། ལས་གཙོ་བོར་བྱེད་པ་དང་། ཏིང་ངེ་འཛིན་གཙོ་བོར་བྱེད་པའོ། །དང་པོ་ནི་ཆོ་ག་བྱ་བའི་ལས་བྱེད་པ་སྟེ། ལས་རྒྱལ་མཆོག་དང་། དཀྱིལ་འཁོར་རྒྱལ་མཆོག་གཉིས་ལས། ལས་ལ་ལས་ཐོར་བུ་བ་དང་། ལས་རྒྱལ་མཆོག་ལ་བརྟེན་པ་གཉིས་ལས། ཐོར་བུ་བ་ནི་ཆོ་གའི་ཡན་ལག་གང་རུང་ཅིག་ལ་བརྟེན་ནས་བྱང་ཆུབ་འདོད་པ་སྟེ། མཆོད་པ་དང་། གཏོར་མ་དང་། སྦྱིན་སྲེག་དང་། བསྙེན་པ་ལྟ་བུ་ཅིག་ལ་རྒྱུན་དུ་འབད་པའོ། །ལས་རྒྱལ་མཆོག་ནི་དེ་ཐམས་ཅད་དཀྱིལ་འཁོར་བསྒྲུབ་པའི་ཡན་ལག་ཏུ་ཉམས་སུ་ལེན་པ་སྟེ། གཏོར་མ་དང་སྦྱིན་སྲེག་ལ་སོགས་པ་ལྔའམ་དྲུག་གིས་བྱང་ཆུབ་ཐོབ་པར་འདོད་པའོ། །དཀྱིལ་འཁོར་རྒྱལ་མཆོག་ནི། སའི་ཆོ་ག་ནས་དབང་བསྐུར་བ་ཡན་ཆོད་ལ་བརྟེན་ནས་གང་ཟག་གཅིག་སངས་རྒྱ་བར་འདོད་པའོ། །ཏིང་ངེ་འཛིན་གཙོ་བོར་བྱེད་པ་ནི། སྦྱོར་བ་དང་པོའི་ཏིང་ངེ་འཛིན་དང་། ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས། ལྷ་གཅིག་སྒོམ་ཡང་རུང་། དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་ཡང་རུང་སྟེ། མངོན་བྱང་ལྔས་བསྐྱེད་པ་ནི། གདན་ཉི་མ་དང་ཟླ་བ་ལ་བརྟེན་ནས་ཐབས་དང་ཤེས་རབ་མངོན་པར་བྱང་ཆུབ་པ་ནི་པདྨའི་སྟེང་དུ་བརྩེགས་མར་བསྒོམས་པ་ལས་བྱུང་བ་དང་། སྐུ་ཡོངས་སུ་རྫོགས་པར་རྒྱན་ཆའི་སྒོ་ནས་སྐྱེ་མཆེད་རྣམ་པར་དག་པར་མངོན་པར་བྱང་ཆུབ་པ་དང་། གསུང་ཡིག་འབྲུ་ཨཱ་ལི་ཀཱ་ལིའི་འཁོར་ལོ་ལ་བརྟེན་ནས་སྒྲ་ཚིག་མིང་གི་རྣམ་པ་རྣམས་

p. 99

མངོན་པར་བྱང་ཆུབ་པ་དང་། ཐུགས་ཕྱག་མཚན་རྡོ་རྗེ་དང་། འཁོར་ལོ་དང་རིན་པོ་ཆེ་ལ་སོགས་པའི་སྒོ་ནས་སོ་སོའི་རིགས་ཀྱི་སངས་རྒྱས་སུ་མངོན་པར་བྱང་ཆུབ་པ་དང་། རྣམ་དག་ཡེ་ཤེས་སེམས་དཔའི་སྒོ་ནས་ཆོས་ཉིད་རྣམ་པར་དག་པ་མངོན་པར་བྱང་ཆུབ་པ་དང་ལྔ་བསྒོམས་པ་ལས། ཕྱི་ཕུང་པོ་དང་འབྱུང་བ་ལྔ་རྣམ་པར་དག་པ་དང་། ནང་དུ་ལས་དང་ཉོན་མོངས་པ་ལྔ་རྣམ་པར་དག་པ་དང་། གསང་བར་ཡུལ་དང་དབང་པོ་ལྔ་རྣམ་པར་དག་ནས། རིགས་ལྔའི་སངས་རྒྱས་སུ་བདག་ཉིད་གྱུར་པ་ནི། ཡི་དམ་གྱི་ལྷ་དང་བདག་གཉིས་སྤུན་དང་གྲོགས་ལྟར་བསྒོམས་པས། ལྷ་ལ་བཟང་རྒྱུ་མེད་པར་ཤེས་ཏེ། དངོས་གྲུབ་རང་ལས་འབྱུང་བ་དང་། བདག་ལ་ངན་རྒྱུ་མེད་པར་རྟོགས་པས་ད་ལྟ་ཉིད་དུ་སྒྱུ་ལུས་ལྷའི་སྐུར་གསལ་བར་ནུས་པས་འོག་མ་ལས་ཁྱད་པར་དུ་འཕགས་སོ། །དེ་ཡང་བསྐྱེད་རྒྱུའི་ལྷ་དང་བདག་གཉིས་གཉིས་སུ་མེད་པར་རྟོགས་པས། དོན་དམ་དང་ཀུན་རྫོབ་ཀྱི་མིང་མེད་པའོ། །འདི་དག་ཀྱང་། རང་ཤར་ལས། ཡོ་གའི་གྲུབ་མཐའ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་མངོན་པར་བྱང་ཆུབ་ལྔ། །རྟོགས་པའི་ལྟ་བ་ལྷ་དང་གྲོགས་པོའི་ཚུལ། །བསྲུང་བའི་དམ་ཚིག་མ་ཁྲེལ་རྣམ་གསུམ་བསྲུང་། །སྤྱོད་པ་དག་ནི་དགག་སྒྲུབ་མེད་པའོ། །བྱང་ཆུབ་ལྔ་པོ་འདི་ལྟ་སྟེ། །གདན་གྱི་སྒོ་ནས་བྱང་ཆུབ་དང་། །སྐུ་ཡི་སྒོ་ནས་བྱང་ཆུབ་དང་། །ཕྱག་མཚན་སྒོ་ནས་བྱང་ཆུབ་དང་། །བསྐྱེད་པའི་སྒོ་ནས་བྱང་ཆུབ་དང་། །ཡིག་འབྲུའི་སྒོ་ནས་བྱང་ཆུབ་བོ། །དེ་ལྟར་བྱང་ཆུབ་ལྔ་པོ་སྤྱོད། །མ་ཁྲེལ་གསུམ་པོ་གང་ཞེ་ན། །ཡི་དམ་ལྷ་ཡིས་མ་ཁྲེལ་དང་། །དཔོན་སློབ་མཆེད་ཀྱིས་མ་ཁྲེལ་དང་། །རང་གི་སེམས་ཀྱིས་མ་ཁྲེལ་བའོ། །ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའི་ཚུལ་དུ་འདོད། །ལྷ་ཡི་དཀྱིལ་འཁོར་བདག་དང་གཉིས་མེད་བསྒོམ། །ལྷ་ཡང་བདག་ལས་བྱུང་ཞིང་ཐིམ་པར་འདོད། །བདག་དང་ལྷ་ཡི་འཕྲོ་འདུ་འདོད་པའོ། །ཞེས་སོ། །དོན་བདུན་པ་རྒྱུད་མ་ཧཱ་ཡོ་གའི་ཐེག་པ་བསྟན་པ་ལའང་འོག་མ་ལས་འཕགས་ཚུལ་དང་། འཕགས་མཆོག་གི་ཐེག་པ་ཉིད་བཤད་པ་གཉིས་ལས།

p. 100

དང་པོ་ནི། ཕྱི་པ་གསུམ་གྱིས་དཀར་གསུམ་ལ་སོགས་པ་བསྟེན་ཞིང་། ཁྲུས་དང་གཙང་སྦྲ་སྤྱོད་ཅིང་བསྙུང་བར་གནས་པ་ལ་སོགས་པས་གདུངས་ལ། ནང་པས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་སྤྱོད་ཅིང་། རིག་མ་བསྟེན་པ་ལ་སོགས་པ་བླང་དོར་དང་གཙང་སྨེ་མེད་པས་འཕགས་པ་དང་། འོག་མས་ལྷ་ཞལ་སྦྱོར་དུ་སྒོམ་པར་མི་ནུས་ལ། ནང་པས་ནུས་པས་ཀྱང་འཕགས་པ་དང་། ཕྱི་པས་ལྟ་བ་བདེན་པ་དབྱེར་མེད་མ་རྟོགས་ལ། ནང་པས་རྟོགས་པས་ཀྱང་འཕགས་པ་ཡིན་ནོ། །གཉིས་པ་ལ་ལྔ་ལས། ངོ་བོ་ནི། བདེན་པ་དབྱེར་མེད་དག་མཉམ་ཉིད་ཡེ་ཤེས་ཀྱི་རོལ་པས་ཚེ་གཅིག་གིས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །ངེས་ཚིག་ནི་ཚེགས་ཆུང་ངུའི་ཐབས་ཀྱིས་དོན་ཆེན་པོ་འགྲུབ་པའི་ཕྱིར་ནང་པ་ཐབས་ཀྱི་ཐེག་པའོ། །དགོས་པ་ནི་ཚེ་གཅིག་གིས་དངོས་གྲུབ་གཉིས་ཐོབ་པར་བྱེད་པའོ། །འབྲས་བུ་ནི་ཚེ་འདི་ཉིད་དུ་རྡོ་རྗེ་འཆང་གི་སར་བགྲོད་པའོ། །དབྱེ་ན་རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་གསུམ་སྟེ། རང་ཤར་ལས། ནང་པ་ལ་ནི་གསུམ་དུ་འདོད། །མ་ཧཱ་ཨ་ནུ་ཨ་ཏིའོ། །ཞེས་སོ། །དེ་ལ་རྒྱུད་མ་ཧཱ་ཡོ་གའི་ཐེག་པ་ནི། ཐབས་བསྐྱེད་པའི་རིམ་པ་གཙོ་བས་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་བདེན་པ་དབྱེར་མེད་ཆེན་པོས་གསལ་སྟོང་འོད་གསལ་གྱི་ཡེ་ཤེས་སྒོམ་པའོ། །དབྱེ་ན། གཞི་ལམ་འབྲས་བུ་གཙོ་བ་དང་། སྒྲུབ་པ་གཙོ་བ་དང་། སྣ་ཚོགས་ལམ་འགྱུར་དུ་འདོད་པའི་ལུགས་གསུམ་ལས། དང་པོ་ནི། གཞི་གསལ་བར་བྱ་བའི་རྒྱུ་ཡིན་པས། སེམས་ཉིད་དོན་དམ་སྤྲོས་བྲལ་ཆེན་པོས་ཁྱད་པར་དུ་བྱས་པས་འབད་རྩོལ་བྱར་མེད་པས་ཆེ་བ་ཉིད་དོ། །དེ་ཡང་ངོ་བོའི་གཞི་སེམས་དང་གཉིས་སུ་མེད་པ་གསེར་དང་དེའི་སེར་པོ་གཉིས་སུ་མེད་པ་བཞིན་ནོ། །བརྟག་གཞི་མིང་གི་རྣམ་གྲངས་ལ་བརྟེན་ནས་གནས་སྐབས་གཏན་ལ་འབེབས་པར་བྱེད་པའོ། །གཞི་བསྒྲུབ་བྱ་སྟེ་བསྒྲུབས་པས་སེམས་ཀྱི་མཚན་ཉིད་ཉེ་བར་རྟོགས་པའོ། །དེ་ཡང་གཞི་གནས་དང་རང་གྲོལ་གྱི་ཏིང་ངེ་འཛིན་གྱིས་ཁྱད་པར་དུ་བྱས་པའོ། །ལམ་གསལ་བར་བྱེད་པ་སྟེ། མངོན་

p. 101

པར་རྟོགས་པ་བིན་དྷ་ར་ཐའི་ལམ་གནས་པས་གྲུབ་ལ། གྲུབ་པས་བསྒྲུབ་པ་སྟེ། ཏིང་ངེ་འཛིན་རྣམ་འགྱུར་གྱི་ལམ་ཞེས་བྱའོ། །གོ་རིམ་འཇུག་པ་རྣམ་གྲོལ་གྱི་ལམ་ནི། མཐུན་བྱ་རྣལ་འབྱོར་གྱི་ལམ་སྐྱེ་བའི་རིམ་པ་ལ་བརྟེན་ནས། རྣལ་འབྱོར་ཆེན་པོའི་ལུས་སུ་འཇུག་པ་དང་། རྟོགས་པ་རང་གྲོལ་བར་འདོད་པའོ། །འབྲས་བུ་གསལ་བར་བྱས་པ་སྟེ། སྨིན་པ་སེམས་ཀྱི་འབྲས་བུ་སྣ་ཚོགས་སུ་སྣང་ལ་སྣ་ཚོགས་སུ་གྲོལ་བས། རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །སྨིན་པ་ཆོས་ཉིད་ཀྱི་འབྲས་བུ་འབད་རྩོལ་གྱིས་བསྒྲུབ་ཏུ་མེད་པས། སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་གཞི་བསྒྲུབ་བྱ་ལ་བརྟེན་ནས་བསྒྲུབས་པས་ལམ་སྒྲུབ་བྱེད་མངོན་དུ་གྱུར་པས་ན་རྟོགས་པ་ཆེན་པོའི་རྣལ་འབྱོར་ཞེས་བྱ་ལ། འབྲས་བུ་རང་བསྒྲུབས་པས་སངས་རྒྱས་ཀྱི་ཐུགས་རྣམ་པར་དག་པའི་ཡེ་ཤེས་ཞེས་བྱའོ། །སྒྲུབ་པ་གཙོ་བོར་འདོད་པའི་ལུགས་ནི། དབྱེ་བ་སྐུའི་སྒྲུབ་པས་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ལམ་དུ་འཁྱེར་བ་དང་། གསུང་གི་སྒྲུབ་པས་པདྨ་རིགས་ཀྱི་སངས་རྒྱས་སུ་བྱེད་པ་དང་། ཐུགས་ཀྱི་སྒྲུབ་པས་ཁྲག་འཐུང་རྡོ་རྗེ་རིགས་ཀྱི་སངས་རྒྱས་སུ་བྱེད་པ་དང་། ཡོན་ཏན་གྱི་སྒྲུབ་པས་རིན་པོ་ཆེའི་རིགས་ཀྱི་སངས་རྒྱས་སུ་བྱེད་པ་དང་། འཕྲིན་ལས་ཀྱི་སྒྲུབ་པས་ལས་ཀྱི་རིགས་ཀྱི་སངས་རྒྱས་སུ་བསྒྲུབ་པའོ། །དེ་དག་གི་ངོ་བོ། སྒྲུབ་པ་སོ་སོའི་ལྷ་དང་གཉིས་སུ་མེད་པར་ཏིང་ངེ་འཛིན་གསུམ་གྱིས་འཇུག་པར་བྱེད་པའོ། །ངེས་ཚིག །སྒྲུབ་པ་ལ་བརྟེན་ནས་དཔའ་བོ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་པར་སྒྲུབ་པར་བྱེད་ལ། དགོས་པ། ལམ་བསྒྲུབས་པས་འབྲས་བུ་མངོན་དུ་བྱེད་པའོ། །འབྲས་བུ། སོ་སོའི་རིགས་ཀྱི་སངས་རྒྱས་སུ་འགྱུར་བའོ། །སྣ་ཚོགས་ལམ་འགྱུར་དུ་འདོད་པ་ནི། ཐོར་བུ་བ་དང་། ཕྲ་མོ་དང་དྲ་བ་ལ་བརྟེན་པའི་ལུགས་མང་ཡང་། རྒྱུད་དང་ནོ་པི་ཀ་གཉིས་སུ་འདུ་བ་ཡིན་ནོ། །རྒྱུད་ལ་བསྐྱེད་པའི་རིམ་པ་གཙོ་བ་དང་། རྫོགས་རིམ་གཙོ་བ་དང་། ཟུང་འཇུག་གཙོ་བར་འདོད་པ་སྟེ། ཆ་རྫོགས་སུ་འདོད་པ་དང་། ཆ་ཤས་དུམ་བུར་འདོད་

p. 102

པ་ལ་སོགས་པ་མང་ངོ་། །ནོ་པི་ཀ་ལ་གཉིས་ལས། སྭ་ཏྭ་ནོ་པི་ཀ་སེམས་གཙོ་བ་ཡན་ལག་དང་བཅས་ནས་བསྒྲུབ་པ་དང་། མ་དྷ་ལ་ནོ་པི་ཀ་དཀྱིལ་འཁོར་གྱི་འཇུག་པ་དང་བཅས་ནས་བསྒྲུབ་པའོ། །དེ་ཡང་པིན་དྷ་ར་ཐ་དང་། མངོན་པར་རྟོགས་པའི་ལྷའི་བྱེ་བྲག་ལ་བརྟེན་པའོ། །དེ་དག་གི་ངོ་བོ་ཀུན་རྫོབ་ཙམ་དུ་ཡང་དག་པའི་ཀུན་རྫོབ་ཀྱི་གནས་སྐབས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་ལྟ་ལ། བརྟེན་པ་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བལྟས་པས། འགྲོ་བ་ཐམས་ཅད་ལྷ་དང་ལྷ་མོའི་གཟུགས་སུ་མཐོང་ནས། ཡི་དམ་གྱི་ལྷ་ལ་སྲོག་གཅོད་པ་དང་། རྫུན་ལ་སོགས་པ་མི་དགེ་བ་མི་བྱེད་པའི་དགོས་པ་ཡོད་པ་དང་། ཆེད་དུ་ཡིད་ལ་བྱ་བའི་ཆོས་མེད་པ་དང་། དོན་དམ་པར་ཅིའི་ངོ་བོར་ཡང་མ་གྲུབ་པ་དང་། བདེན་པ་ཡ་བྲལ་དུ་མ་སོང་བ་དང་། ཟུང་འཇུག་དབྱེར་མེད་དུ་རྟོགས་པས། ཕྱི་པ་ལས་འཕགས་ཏེ། དོན་དམ་པར་ལྷ་ཡང་མེད་པས་དངོས་པོ་དང་མཚན་མ་མེད་ལ། ཀུན་རྫོབ་ཙམ་དུ་སྦྱང་བྱ་ཕུང་པོ་དང་ཁམས་ལ་སོགས་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གནས་པས། ཕུང་པོ་ལྔ་དང་། འབྱུང་བ་ལྔ་དང་། ཡུལ་ལྔ་དང་། དབང་པོ་ལྔ་དང་། ཉོན་མོངས་པ་ལྔ་ལ་སོགས་པ་སྦྱོང་ལ། དོན་ལ་སྦྱང་གཞི་དབྱིངས་རང་བཞིན་རྣམ་དག་གི་སྟེང་ན། སྦྱང་བྱ་ཕུང་པོ་ཁམས་དང་གཟུང་འཛིན་ལ་སོགས་པ། སྦྱོང་བྱེད་བསྐྱེད་རྫོགས་ཐབས་ཀྱི་རིམ་པས། སྦྱངས་འབྲས་སྐུ་དང་ཡེ་ཤེས་སུ་གྲུབ་པ་ཙམ་ཡང་མེད་པར་རྟོགས་པ་ཡིན་ནོ། །དེ་དག་ཀྱང་། རང་ཤར་ལས། ཀྱེ་མ་གསང་བདག་ངེས་པར་གཟུང་། །མ་ཧཱའི་གྲུབ་མཐའ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། །རྟོགས་པའི་ལྟ་བ་ཅི་སྣང་ལྷ་རུ་རྟོགས། །བསྲུང་བའི་དམ་ཚིག་རྩ་བ་སྐུ་གསུང་ཐུགས། །འབྲས་བུ་ཐབས་དང་ཤེས་རབ་འདུ་འབྲལ་མེད། །ཏིང་འཛིན་རྣམ་གསུམ་འདི་ལྟ་སྟེ། །དེ་བཞིིན་ཉིད་ཀྱི་ཏིང་ངེ་འཛིན། །རྟོག་མེད་ས་ལེ་སང་ངེའོ། །ཀུན་ཏུ་སྣང་གི་ཏིང་ངེ་འཛིན། །གསལ་ལ་མ་ཡེངས་ཚུལ་དུ་བསྒོམ། །དེ་བཞིན་རྒྱུ་ཡི་ཏིང་ངེ་འཛིན། །

p. 103

ཧཱུྃ་ལས་སེམས་དཔའ་སུམ་བརྩེགས་བསྒོམ། །བདག་ཉིད་དམ་ཚིག་སེམས་དཔའ་ལ། །ཕུན་སུམ་ཚོགས་པ་བཞི་དང་ལྡན། །ཏིང་འཛིན་ཡིག་འབྲུའི་སེམས་དཔའ་ལ། །གསལ་བ་རྣམ་པ་གསུམ་དང་ལྡན། །ཡེ་ཤེས་སེམས་དཔའ་རྣམ་གཉིས་ཏེ། །ཞི་བ་དང་ནི་ཁྲོ་བོའོ། །རྒྱུ་ཡི་ཏིང་འཛིན་འདི་ལྟ་སྟེ། །ཡཾ་དང་རཾ་དང་ཁཾ་དང་ནི། །ར་དང་སུཾ་དང་ཀཾ་དང་ནི། །པཾ་དང་ཨ་དང་མ་དང་ནི། །ཧཱུྃ་དང་ཕཊ་ལ་སོགས་པ་ཡི། །ཡིག་འབྲུའི་འོད་ཟེར་བསམ་མི་ཁྱབ། །རབ་ཏུ་སྤྲུལ་ནས་ང་རྒྱལ་ལྡན། །རྣམ་པའི་ལྷ་དང་སྟོང་པའོ། །དེ་ནི་ཏིང་འཛིན་གསུམ་དུ་འདོད། །དམ་ཚིག་རྣམ་གསུམ་འདི་ལྟ་སྟེ། །སྐུ་ཡི་སྒོ་ནས་སྲོག་གཅོད་སྤང་བར་བྱ། །མ་བྱིན་ལེན་དང་མི་ཚངས་སྤྱོད་པ་སྤང་། །གསུང་གི་སྒོ་ནས་རྫུན་དང་ཕྲ་མ་སྤང་། །ཚིག་རྩུབ་དང་ནི་དེ་བཞིན་ཀྱལ་པ་སྤང་། །ཐུགས་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་སྤང་། །ལོག་པར་ལྟ་བ་རབ་ཏུ་སྤང་བར་བྱ། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་རྟོགས། །མ་ཧཱ་ཡོ་གའི་གྲུབ་མཐའ་དེ་བཞིན་འདོད། །ཅེས་སོ། །བརྒྱད་པ་ལུང་ཨ་ནུ་ཡོ་གའི་ཐེག་པ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྤྲོས་བྲལ་མཐའ་གང་དུ་ཡང་མི་གནས་པས། རྫོགས་རིམ་ཤེས་རབ་གཙོ་བའི་སྒོ་ནས་བསྒྲུབ་པའོ། །དབྱེ་ན། ལུང་དང་མདོ་གཉིས་ལས། ལུང་ལ་བརྟེན་པའི་ལུང་། སེམས་དང་མས་ལས་བྱུང་བར་འདོད་པ་དང་། བརྗོད་པའི་ལུང་། ཚིག་དང་ཐ་སྙད་ཀྱི་གཞི་མར་འདོད་པའོ། །མདོ་ནི། སྒྱུ་འཕྲུལ་གཞི་ལམ་ལས་ཁྱད་པར་དུ་གྱུར་པ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལྔ་པ་གཞི་ལམ་རྣམ་དག་ཏུ་སྨྲ་བ་དང་། ཕུར་བུ་ཐལ་འབྱིན་གྱི་དོན་ངེས་པར་མཚོན་པ་དུར་ཁྲོད་ཁུ་བྱུག་རོལ་པ་ཡེ་ཤེས་ཐོད་རྒལ་དུ་སྨྲ་བ་དང་། དཔལ་ཆེན་པོ་ཕྱག་རྒྱ་ཡང་དག་པ་ལས་ཁྱད་པར་དུ་འཕགས་པ་ཀུན་འདུས་རིག་པའི་མདོ་ཡང་དག་པ་ལམ་གྱུར་དབྱིངས་སུ་སྨྲ་བ་དང་། ཨ་ནུའི་རང་གཞུང་མངོན་པར་རྟོགས་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་དབྱིངས་ཡེ་ཤེས་གཉིས་མེད་དུ་སྨྲ་བ་དང་། སེམས་དང་ཡེ་ཤེས་ཀྱི་མཚན་ལས་ཁྱད་པར་དུ། སེམས་ལུང་ཆེན་

p. 104

པོ་ཡི་གེ་རྣམ་དག་གི་མདོ། དབྱིངས་དང་ཡེ་ཤེས་ཅིག་ཆར་དང་། རིམ་གྱིས་དང་། ཐར་ཆགས་དང་། ཐོད་རྒལ་དུ་སྨྲ་བ་དང་ལྔའོ། །དེ་ལྟར་ན་བློ་བྲལ་ཕྱག་རྒྱ་ཆེན་པོ་དབྱིངས་དང་ཡེ་ཤེས་བདེ་སྟོང་བྱང་ཆུབ་སེམས་ཀྱི་ཐེག་པའོ། །དེ་ཡང་རང་ཤར་ལས། ཀྱེ་མ་རྡོ་རྗེ་འཛིན་པ་ཉོན། །ལུང་ཆེན་ཨ་ནུའི་ཐེག་པ་ནི། །དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །འདུ་འབྲལ་མེད་པའི་རྡོ་རྗེར་འདོད། །འཇུག་པའི་སྒོ་ནི་ཅིག་ཅར་རིམ་གྱིས་སོ། །རྟོགས་པའི་ལྟ་བ་འདུ་འབྲལ་མེད་པའོ། །ཅིག་ཅར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་བཞིན་ཞུགས་ནས་ནི། །རྡོ་རྗེ་འཛིན་གྱི་ས་ལ་འབྲས་བུ་འཐོབ། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །གསང་སྔགས་དོན་སྟོན་རྟག་ཏུ་བཀུར་བར་བྱ། །གསང་སྔགས་སྟོན་པའི་སློབ་དཔོན་ལ། །ཅི་འབྱོར་པ་ཡིས་མཆོད་པ་དབུལ། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ངོ་བོར་བསྟེན། །མདོར་བསྡུས་དབྱིངས་དང་ཡེ་ཤེས་སོ། །ལུང་ཆེན་ཨ་ནུའི་གྲུབ་མཐའོ། །ཞེས་སོ། །དེ་ཡང་ཨ་ནུའི་ཐེག་པས་འབྲས་བུ་སྐྱེ་བ་གཅིག་ལ་སངས་རྒྱ་བ་དང་། བར་མ་དོ་ལ་སངས་རྒྱ་བར་ངེས་པ་དང་། ཐ་ན་ཡང་སྐྱེ་བ་བརྒྱུད་ནས་སངས་རྒྱ་བ་ཞེས་འདོད་དོ། །དེ་ཡང་རྣམ་པར་གྲོལ་བའི་གཞི་དབྱིངས་དང་ཡེ་ཤེས་ལ། བྱས་ཆོས་དང་། རྩོལ་སྒྲུབ་དང་། འཕོ་ལྡོག་མེད་པས་སྟོང་ཉིད་བསམ་ངོ་དང་བྲལ་བའི་དབྱིངས་ལ། གནས་པ་རང་བྱུང་གི་ཡེ་ཤེས་ཤར་བས། ཆོས་ཐམས་ཅད་གཞི་གཞག་རང་གྲོལ་ཆེན་པོར་རྟོགས་པས། འབད་མེད་རང་གྲོལ་གྱི་དབྱིངས་དང་ཡེ་ཤེས་ཞེས་བྱའོ། །སྣ་ཚོགས་སྣང་བ་ལམ་གྱི་དབྱིངས་དང་ཡེ་ཤེས་ལ། སྣ་ཚོགས་སུ་སྣང་བ་ཐམས་ཅད་རོལ་པ་ཕྱོགས་མེད་དུ་ཤར་བས། སྣ་ཚོགས་འགག་མེད་དུ་གྲོལ་བས་ལྷུན་གྲུབ་ཕྱོགས་ཙམ་འཛིན་པའི་དབྱིངས་ལ། སྒྱུ་མ་རྣམ་དག་ཕྱོགས་མེད་ཀྱི་ཡེ་ཤེས་ཤར་བས་ཆོས་ཐམས་ཅད་སྤང་བླང་དང་དགག་སྒྲུབ་དང་། འདོད་པ་མེད་པར་རྟོགས་པས། ལྷུན་གྲུབ་རྫོགས་ཚུལ་གྱི་

p. 105

དབྱིངས་དང་ཡེ་ཤེས་ཞེས་བྱའོ། །རང་གྲོལ་ཆེན་པོ་བྱ་བ་དང་བྲལ་བ་འབྲས་བུའི་དབྱིངས་དང་ཡེ་ཤེས་ལ། འཁོར་འདས་སུ་མི་གནས་པས་རྩོལ་བྲལ་ཉག་གཅིག་བསྐྱར་གཞི་དང་བྲལ་བའི་དབྱིངས་ལ། མཐའ་བྲལ་སྟོང་པ་ལྟ་སྒོམ་ལས་འདས་པའི་ཡེ་ཤེས་ཤར་བས། ཆོས་ཐམས་ཅད་བདེ་སྡུག་ངོ་མཉམ་དུ་རྟོགས་པས། ཆོས་ཉིད་བྱ་བ་ལས་འདས་པའི་དབྱིངས་དང་ཡེ་ཤེས་ཞེས་བྱའོ། །དེ་དག་ཀྱང་དབྱིངས་ལ་ཡེ་ཤེས་རིམ་གྱིས་ཞུགས་པས། གནས་པ། སྟོང་པ། བདེ་བ་ཟུང་འཇུག་ཏུ་གོ་བས། བླང་བ་མེད་ཅིང་སྤང་དུ་མེད་པའི་ཟུང་འཇུག་ཅེས་བྱའོ། །དབྱིངས་ལ་ཡེ་ཤེས་ཅིག་ཅར་དུ་ཞུགས་པས་རང་བྱུང་གི་ཆོས་ཉིད་ལ་ལྟ་བ་དང་བྲལ་བར་གོ་བས་ཆོས་ཟད་པས་གྲོལ་རྒྱུ་མེད་པའི་ཅིག་ཅར་ཞེས་བྱའོ། །ཐར་ཆགས་སུ་ཞུགས་པས་ཀུན་ཡིན་ལ་གང་ཡང་མ་ཡིན་པར་གོ་བས་ཀུན་མི་སྤོང་ལ། ཐོབ་རྒྱུ་གང་ཡང་མེད་པའི་ཐར་ཆགས་ཞེས་བྱའོ། །ཐོད་རྒལ་དུ་ཞུགས་པས་མཐོང་སྣང་དང་གྲོལ་བས་བྱ་བ་དང་འབད་མི་དགོས་པར་གྲོལ་བས། ཆོས་ཉིད་མཐོང་བ་ཐོད་རྒལ་དུ་སྐྱེ་བའི་ཨ་ནུ་ཡོ་ག་ཞེས་བྱའོ། །དེ་ཡང་དབྱིངས་ཡེ་ཤེས་གཉིས་པོ་ཐ་དད་མེད་པས་གཉིས་མེད་ངོ་མཉམ་གྱི་ལྟ་བ་ཡིན་ལ། དབྱིངས་དང་ཡེ་ཤེས་ལ་འགྲོ་འོང་མེད་པས། གནས་པ་ལས་གཞན་དུ་འགྱུར་བ་མེད་པའི་ལྟ་བ་ཡིན་ལ། དབྱིངས་དང་ཡེ་ཤེས་གཉིས་ལ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པས། ཡེ་གདོད་མ་ནས་གནས་པའི་ལྟ་བ་ཡིན་ལ། མཚོན་པ་ཚིག་ཙམ་ལས་མ་རྟོགས་པ་གཅིག་ལ་གཅིག་བརྟེན་པ་མེད་པས་ལྟོས་གཞི་དང་བྲལ་བའི་ལྟ་བ་ཞེས་བྱའོ། །དོན་གྱི་དབྱིངས་གཞི་ཡིན་ལ། ཡེ་ཤེས་ལམ་ཡིན་པས་གང་ཟག་ལམ་པ་རྣམས་ཀྱིས་འབད་པས་གྲོལ་བའོ། །དབྱིངས་རྒྱུ་ཡིན་པ་ཡེ་ཤེས་འབྲས་བུ་ཡིན་པས། དབང་པོ་རྣོན་པོ་འདི་ཉིད་ལ་ཕྱི་རོལ་གྱི་ལས་རྒྱུ་འབྲས་ལ་མ་ལྟོས་པར་གྲོལ་བས་འོག་མ་ལས་ཁྱད་པར་དུ་འཕགས་པའོ། །འདི་ནི་རྟོགས་དཀའ་བས་རྒྱས་པར་བཤད་པ་ཡིན་ནོ། །དགུ་པ་མན་ངག་རྫོགས་པ་ཆེན་པོ་ནི། རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་སུ་གྲུབ་པ་མེད་པས། ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་

p. 106

པའོ། །འདི་ཉིད་གང་དུའང་མ་གྲུབ་ལ། ཐམས་ཅད་གྲོལ་བའི་ཡེ་ཤེས་སུ་མི་འགག་པས། སྐྱོན་ཀ་ནས་དག་ལ། ཡོན་ཏན་ལྷུན་གྱིས་གྲུབ་པ་ནི་རྟོགས་བྱའི་གཞིར་གཏན་ལ་ཕབ་ནས། སྒོམ་པ་རང་བྱུང་གི་ཡེ་ཤེས་ལ་གང་བྱུང་ཆོས་ཉིད་ཀྱི་རོལ་པར་ཤར་བས། ཆེད་དུ་དམིགས་པའི་སྒོམ་པ་གང་ཡང་མེད་དེ། རྒྱ་ཡན་རང་གྲོལ་ཆེན་པོའི་སྒོམ་པ་མ་བསྒོམས་ཆུ་བོ་རྒྱུན་གྱི་ཡེ་ཤེས་སུ་བབས་ཀྱིས་ཤར་བས། རང་ཐོག་ཏུ་རང་གྲོལ་བ་ཆུའི་དབའ་རླབས་ལྟ་བུ། རང་དབྱིངས་སུ་རང་སངས་པ་ནམ་མཁའི་ཁུ་རླངས་ལྟ་བུ། རང་དང་ན་རང་འབྱམས་པ་རྒྱ་མཚོའི་ཀློང་ལྟ་བུ། རང་སྣང་ལ་རང་གནས་པ་མར་མེའི་འོད་ལྟ་བུར་ཕྱམ་གདལ་ཏེ། མེད་པ་དང་། ཕྱལ་བ་དང་། ལྷུན་གྲུབ་དང་། གཅིག་པུའི་དམ་ཚིག་ལས་མི་འདའ་བ་ནི། རྡོ་རྗེ་ཐེག་པའི་རྩེ་མོ་ཞེས་བྱ་སྟེ། ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་ཆེན་པོ་བསགས་པ་རབ་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཨེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་གཟུང་། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །གཅིག་འབྱུང་གཉིས་འབྱུང་ཐམས་ཅད་འབྱུང་། །གཅིག་སྐྱེས་གཉིས་སྐྱེས་ཐམས་ཅད་སྐྱེ། །གཅིག་མེད་གཉིས་མེད་ཐམས་ཅད་མེད། །དེ་བཞིན་རྫོགས་ཆེན་ཨ་ཏི་ལ། །བྱས་པའི་ཆོས་ནི་ཀ་ནས་མེད། །བྱས་དང་བྱེད་པ་མེད་པའོ། །རྫོགས་པ་ཆེན་པོའི་དོན་ཉིད་ལ། །དམ་ཚིག་བསྲུང་དུ་མེད་པས་ཡེ་ནས་བསྲུང་དང་བྲལ། །མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པུ་ཉིད། །གསང་སྔགས་ཀུན་གྱི་དགོངས་པ་ཆེན་པོ་ཡིན། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །དཔེར་ན་གཅན་གཟན་སེང་གེ་བཞིན། །གསང་བ་ཨ་ཏི་ཡོ་ག་ནི། །རང་རིག་གཏན་ལ་འབེབས་ཤིང་ཐེག་དམན་ཟིལ་གྱིས་གནོན། །རང་བྱུང་རང་ལ་ཐིམ་པའི་སྐུ་གསུམ་དོན། །སྐྱེ་མེད་དབྱིངས་ལས་སྒོམ་མེད་ཆེན་པོ་ཡིན། །བསྒོམ་བྱ་སྒོམ་བྱེད་གཉིས་དང་བྲལ། །འཛིན་པ་མེད་པའི་རང་གྲོལ་ནི། །དཔེར་ན་སྦྲུལ་གྱི་མདུད་པ་བཞིན། །རང་གྲོལ་རང་སངས་ཆེན་པོ་ཡིན། །

p. 107

དེ་བཞིན་མཚན་མའི་བསམ་པ་རྣམས། །རང་གྲོལ་རང་སངས་ཆེན་པོའོ། །རྫོགས་ཆེན་ཨ་ཏིའི་ཐེག་པ་ལ། །རེ་དང་དོགས་པ་ག་ལ་ཡོད། །རེ་དོགས་ཡོད་ན་ལྷུང་བའི་རྒྱུ། །དེ་བཞིན་འཛིན་མེད་རང་གྲོལ་ལོ། །ཆོས་ཅན་མཚན་མར་སྣང་བ་ཡང་། །རང་ལས་བྱུང་ཞིང་རང་ལ་ཐིམ། །དེ་བཞིན་རྫོགས་ཆེན་ཨ་ཏི་ལ། །སྒྲུབ་མེད་བསྒྲུབ་དང་བྲལ་བའོ། །བྱས་མེད་བྱུང་བ་མེད་པའོ། །འགག་མེད་ཁྱབ་གདལ་འུབ་ཆུབ་བོ། །འགྱུར་མེད་ཀློང་ཡངས་ཆེན་པོའོ། །ཆོས་མེད་སངས་རྒྱས་ཆེན་པོའོ། །གནས་མེད་ཡེ་ཤེས་མེད་པའོ། །སེམས་མེད་ཡིད་མེད་སངས་རྒྱས་མེད། །ཅེས་སོ། །དེ་ལྟར་ཀུན་གྱི་རྩེ་མོ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྷུན་གྱིས་གྲུབ་པའི་ཐེག་པ་འདི་ལ་སྡེ་ཚན་གྱི་རྣམ་གྲངས་གསུམ་ཡོད་དེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ། ཞེས་པས། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་དང་གསུམ་མོ། །དེ་ཡང་རང་སེམས་མ་ཡིན་པའི་ཆོས་ལོགས་ན་མེད་པས་སྣ་ཚོགས་སེམས་ཀྱི་སྡེའོ། །འདི་དག་ནི་སེམས་རང་བྱུང་གི་ཡེ་ཤེས་ལས་གཞན་དུ་གྱུར་པ་འགོག་པ་ལ་དགོངས་པ་ཙམ་མོ། །ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་སྨྲ་བ་ཀློང་གི་སྡེའོ། །འདི་དག་ནི་བརྗོད་བྱ་ཆོས་ཉིད་ཀྱི་ཀློང་ལས་གཞན་འབྱུང་འགོག་པ་ལ་དགོངས་པ་ཙམ་མོ། །ཡིན་ལུགས་གནད་ཐོག་ཏུ་འབེབས་པ་མན་ངག་གི་སྡེའོ། །འདི་དག་ནི་གནད་མ་ཡིན་པ་གཞན་དུ་ཁ་འབྱམས་དོན་ལས་འགྱངས་པ་འགོག་པ་ལ་དགོངས་པས་ཀུན་གྱི་རྩེ་མོར་ཕྱིན་པའོ། །འདི་དག་ལ་ཞེའི་འདོད་པ་གསུམ་ལས་མི་འདའ་སྟེ། དོན་གྱིས་དྲིལ་ན་གཞི་ལམ་འབྲས་བུ་རྣམ་གྲོལ་གྱི་རྫོགས་པ་ཆེན་པོ་ཞེས་བྱའོ། །དེ་ལ་སེམས་ཀྱི་སྡེ་ནི། གཞི་མདུང་གྱུར་དུ་སྨྲ་བའི་རྫོགས་པ་ཆེན་པོ་ཞེས་བྱའོ། །དབྱེ་ན། སྣ་ཚོགས་སེམས་ཡིན་དུ་སྨྲ་བའི་རྫོགས་པ་ཆེན་པོ་དང་། སེམས་ཀྱི་ཕྱོགས་ཡིན་དུ་སྨྲ་བའི་རྫོགས་པ་ཆེན་པོ་གཉིས་ལས། སེམས་ཡིན་པ་ནི། སེམས་ཙམ་དོན་ཡོད་པ་དང་། མེད་པ་འགོག་པ་སྟེ།

p. 108

དོན་ཞེས་སེམས་ཙམ་དུ་མ་གྲུབ་ལ། སེམས་ལ་དོན་ཙམ་དུ་ཡང་མ་གྲུབ་པ་སྟེ། སྣ་ཚོགས་སེམས་ཡིན་ཡང་མི་ལྟོ་ལ། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པས་སྣ་ཚོགས་སེམས་མ་ཡིན་ཞེས་བྱ་བ་ཙམ་དུ་ཡང་གྲུབ་པ་མེད་པས། ཕྱི་རོལ་གྱི་དོན་མེད་པ་ཞེས་བྱ་བ་ཙམ་དུ་ཡང་ཐ་སྙད་བློ་བརྟགས་སུ་གྲུབ་པ་མེད་དོ། །དེ་ཡང་སྣ་ཚོགས་ཡིན་པས་གང་ཡང་མི་འགེགས་ལ། སེམས་ཡིན་པས་སྣ་ཚོགས་ཙམ་ཡང་མ་གྲུབ་པས་ན། རྫོགས་པ་ཆེན་པོ་སྤང་བླང་ལས་འདས་པ་ཞེས་བྱ་ལ། དེ་ཡང་སྣང་བ་སྣ་ཚོགས་སུ་སྣང་ཡང་སེམས་གཅིག་གི་འཁོར་ལོ་ལས་མ་འདས་པས་སྣ་ཚོགས་སུ་གོ་ལ། སེམས་ཉིད་སྣ་ཚོགས་སུ་གོ་བ་ཞེས་བྱའོ། །གཉིས་པ་སེམས་ཀྱི་ཕྱོགས་ཡིན་དུ་སྨྲ་བའི་སེམས་ཀྱི་སྡེ་ནི། དེ་ཡང་ངོ་བོ་སྣང་ཕྱོགས་སེམས་ཡིན་ལ། སེམས་ཕྱོགས་སྣང་ཡིན་པས། ཅིར་སྣང་སེམས་ཡིན་ལ། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཤར་བས་སེམས་ཀྱི་ཕྱོགས་ཀྱི་རོལ་པ་ལ་འགག་པ་མེད་པ་རང་ཤར་བ་ཞེས་བྱའོ། །དེ་ལ་དབྱེ་ན་དྲུག་སྟེ། འབྲས་བུ་སེམས་ཀྱི་བྱུང་སར་འདོད་པའི་སེམས་ཕྱོགས་དང་། གོལ་སྒྲིབ་ལས་འདས་པའི་སེམས་ཕྱོགས་དང་། གཏན་ཚིགས་འཁྲུགས་བསྡེབས་ཀྱི་སེམས་ཕྱོགས་དང་། རྒྱ་ཆད་ཕྱོགས་ལྷུང་མེད་པར་རང་བྱུང་ཡེ་ཤེས་ཀྱི་སེམས་ཕྱོགས་དང་། ཕྱོགས་འཛིན་དངོས་པོ་རང་གྲུབ་པའི་སེམས་ཕྱོགས་དང་། གྲུབ་མཐའ་བློ་བྲལ་ཤན་འབྱེད་ཀྱི་སེམས་ཕྱོགས་སོ། །དང་པོ་ནི། ཆོས་ཉིད་ལ་འགྱུར་བ་མེད་པས་སེམས་ལ་འཕོ་འགྱུར་མེད་པ། ཆོས་ཅན་རང་གྲོལ་བར་འདོད་པས་བྱས་པས་མ་བྱུང་བའི་ལྷུན་གྲུབ་ཅེས་འདུས་མ་བྱས་པ་ཁམས་གསུམ་གཞི་བཞེངས་པས་འཁོར་བ་ལ་ཐོག་མ་མེད་ལ། ཐ་མ་སྐྱེ་མེད་ལྷུན་གྲུབ་གཞི་གཞག་པ་ཞེས་བྱ་ལ། དེ་ཡང་ཡེ་གཞག་ཡིན་པས་བསྐྱར་དུ་མེད་ལ། རང་གཞག་ཡིན་པས་གཉེན་པོ་མེད་ལ། འབད་རྩོལ་མེད་པས་སྣ་ཚོགས་མུ་མཐའ་དང་བྲལ་བའི་ལྷུན་གྲུབ་ཅེས་བྱ་བར་འདོད་དོ། །གཉིས་པ་ནི། རིམ་པ་བརྒྱད་པོ་བློས་བརྟག་གཞི་ལས་གོལ་བའི་ཆོས་ཞེས་བྱ་

p. 109

སྟེ། མེད་པ་ཕྱོགས་ཉལ་གྱི་ལྷུན་གྲུབ་ལ་བརྟེན་ནས། ཡོད་ཕྱོགས་འཛིན་མཐའ་དང་བཅས་པར་གོལ་ལ། མེད་རྒྱུ་མེད་རང་བྱུང་བར་གོལ་བས། འདིས་ནི་འདོད་པ་ཚིག་ཙམ་དུ་གྲུབ་པས་ངོ་བོ་བློ་དང་བྲལ། རྒྱུ་རྐྱེན་ལ་བཟླ་བའི་གནད་ཀྱིས་བྱས་མེད་རང་ཤར་ལ། མ་བྱས་རྒྱུ་མེད་ཡེ་དག་པས་སྒྲིབ་བྱེད་དང་བྲལ་བའི་ཆོས་ཉིད་ཅེས་བྱ་བར་འདོད་དོ། །དེ་ཡང་གོལ་དུ་ཆོས་ཉིད་ལས་འཕོས་ས་མེད། རྒྱུ་མེད་འབྲས་ལས་འདས་པའི་གཞི་ཡིན་ལ། སྒྲིབ་པ་ལམ་ལས་འདས་པས་ལས་དགེ་སྡིག་གང་གིས་ཀྱང་གོས་པ་མེད་པའི་གཞི་ཞེས་བྱའོ། །གསུམ་པ་ནི། སེམས་ཀྱི་ཕྱོགས་ངེས་པར་ཤེས་པས་འཁོར་འདས་ཁུངས་བརྡིབ་པ་ཞེས་བྱ་སྟེ། གཞི་གནས་ལུགས་ལ་བཅོས་སུ་མེད་པས། སེམས་རང་བྱུང་གི་ཡེ་ཤེས་ཕྱོགས་ཀུན་ཏུ་ཤར་བའི་རང་བཞིན་དེ་ལས་སྐྱེ་བ་མེད་པ་ལས། ལས་དགེ་སྡིག་མེད་པར་ངོ་ཤེས། དེ་ལྟར་སྐྱེ་བ་མེད་པའི་སེམས་ལས་སྣང་བ་སྣ་ཚོགས་སུ་སྣང་བའི་ཕྱིར། རོལ་པ་ལ་འགག་པ་མེད་པས་འཁོར་འདས་ཀྱི་ཆོས་སྤང་བླང་མེད་པར་ངོ་ཤེས། དེ་ལྟར་རོལ་གཞིའི་མཚན་ཉིད་ལ་གཉིས་སུ་མེད་པའི་གཏན་ཚིགས་ཀྱིས་ངོ་བོ་ལ་ཐ་དད་མེད་པར་ངོ་ཤེས། དེ་ལྟར་གཉིས་སུ་མེད་པའི་ཆོས་དེ་བློས་བརྟགས་པ་མ་ཡིན་པའི་ཕྱིར། ངོ་བོ་ཉིད་དུ་གྲོལ་བའི་གཏན་ཚིགས་ཀྱིས་ཐམས་ཅད་ཆོས་ཉིད་ལས་འདའ་ས་མེད་པའོ། །དེ་ཡང་གཞི་སེམས་ཉིད་ལ་བཅོས་སུ་མེད་པ་གཏན་ཚིགས་ཀྱིས་འཁྲུལ་པར་འདོད་པའོ། །བཞི་པ་ནི། རང་བྱུང་གི་ཡེ་ཤེས་ཀྱི་རོལ་པ་གཅིག་གིས་འཁོར་འདས་ཀུན་ལ་ཕྱོགས་ལྷུང་མེད་པར་ཁྱབ་པས། སྣང་བརྟགས་ཤུགས་བྱུང་འགག་པ་མེད་པ་ལ་འཁོར་བ་ངན་སོང་གྲུབ་པ་མེད་པས། སྣང་ངོ་ཐ་དད་པ་རང་བཞིན་ཕྱོགས་ཉལ་གྱི་གཏན་ཚིགས་ལས་མ་འདས་པས་རང་བཞིན་རྣམ་དག །འཁོར་བ་དོང་སྤྲུགས། ཁྱབ་པ་ཡེ་རྫོགས་ཀྱི་ལྟ་བ་ལས་མ་འདས་པའོ། །དེ་ཡང་ཡོད་མེད་སྣང་སྟོང་གི་ཕྱོགས་སུ་མ་ལྷུང་བས། བྱ་བྲལ་བདེ་སྡུག་ལས་འདས་པའི་ཆོས་ཉིད་དུ་འདོད་པའོ། །ལྔ་པ་ནི། སེམས་ཀྱི་ཕྱོགས་ལ་མཐོང་བ་མེད་པས་སྣང་བ་འཁོར་འདས་སུ་མ་ཕྱེ་

p. 110

ལ། དངོས་པོ་ཀུན་གྱི་དངོས་གཞི་ལ་ཕྱོགས་འཛིན་གང་ཡང་མི་སྤོང་བས། ལྟ་བ་བྱ་རྩོལ་དང་བྲལ་བའི་ཀློང་ལ་གནས་པས། ཡིན་གང་ཡང་མ་ཡིན་ལ་སྣང་སྣ་ཚོགས་སུ་སྣང་བ་སྟེ། སྣང་བ་རྒྱ་ཡན་ཕྱོགས་མེད་དུ་རང་གྲོལ་བས་བྱ་བ་དང་སྤྱོད་པ་ལས་འདས་པའི་རང་གྲོལ་དུ་འདོད་པའོ། །དྲུག་པ་ནི། བློ་དང་བྲལ་བས་དངོས་པོར་མ་གྲུབ་ལ། དངོས་སྣང་རང་ཤར་བས་བློ་རྟོག་རང་གྲོལ་ཏེ། སྣང་ངོ་བདེན་རྫུན་དུ་མ་གྲུབ་པས། ཡོད་མེད་མཐའ་བྲལ་དུ་གནས་པས་བདེན་རྫུན་ཅིར་ཡང་མ་གྲུབ་པར་འདོད་པའོ། །དེ་ལྟར་ན་སེམས་ཀྱི་སྡེ་ལ་ཤློ་ཀ་འབུམ་ཕྲག་ཉེར་གཅིག །ཀློང་ནི་གསུམ་སྟེ། ཆོས་ཉིད་ལ་བརྗོད་དུ་མེད་པའི་ཀློང་དང་། ལྟ་བ་ལ་མིན་པ་མེད་པའི་ཀློང་དང་། སྤྱོད་པ་ལ་ཡིན་པ་མེད་པའི་ཀློང་ངོ་། །བམ་པོ་སྟོང་ཕྲག་དྲུག་དང་སུམ་བརྒྱ། འཕྱོང་གསུམ་སྟེ། གནས་པ་གཞི་ཐོག་ཏུ་འདེབས་པའི་འཕྱོང་དང་། སྣང་བ་རང་སར་གྲོལ་བའི་འཕྱོང་དང་། ཆོས་ཉིད་ངོ་མཉམ་ཐ་དད་མེད་པའི་འཕྱོང་ངོ་། །ཆོས་ཉིད་ལ་འཆུགས་པ་མེད་པའི་གཟེར་བུ་ལྔ་བཅུ་དང་། ཡུལ་སེམས་ལ་བཟླ་བའི་གགས་བརྒྱ་དང་བཅུ་གཅིག །སྣང་སེམས་ཅིག་ཅར་དུ་ཤན་འབྱེད་པའི་གནད་ཁྲི་ཕྲག་གཉིས། ལྟ་བ་ཐོད་རྒལ་དུ་ལ་བཟླ་བ་ཁྲི་ཕྲག་ལྔ། སྒོམ་ཡོད་རྟོག་པ་གཅོད་པའི་གནད་སྟོང་ཕྲག་གཅིག་རྣམས་ལ་མིང་ཐོགས་ཀྱི་རྒྱུད་སྟོང་དང་གསུམ་དུ་བཞུགས་པ་ཡང་། སེམས་ཀྱི་ཕྱོགས་འཛིན་པ་དང་། སེམས་ཀྱི་སྡེ་འཛིན་པ་དང་། སེམས་ཀྱི་གནད་འཛིན་པ་དང་གསུམ་དུ་འདུས་སོ། །གཉིས་པ་འབྲས་བུ་ཡེ་གྲོལ་དུ་སྨྲ་བའི་རྫོགས་པ་ཆེན་པོ་ཀློང་གི་སྡེའི་ངོ་བོ་ནི། ཡོད་སྣ་ཚོགས་སུ་ཤར་བ་ལ་མེད་འབྲས་བུ་ཡེ་དག་པར་འདོད་དོ། །འདི་ལ་དབྱེ་ན་བཞི་སྟེ། ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བ་དང་། ཁྲ་བོ་སྣ་ཚོགས་སུ་སྨྲ་བ་དང་། དཀར་པོ་སེམས་སུ་སྨྲ་བ་དང་། རབ་འབྱམས་རྒྱུ་འབྲས་ལ་བཟླ་བའི་སྡེའོ། །ཀློང་ནག་པོའི་ངོ་བོ་ནི། འགྱུར་མེད་རང་རྫོགས་ཕྱོགས་མེད་དུ་ཤར་བས་ཆོས་ཅན་ཆོས་ཉིད་ལ་མི་ལྟོས་པའོ། །དབྱེ་ན་མཛད་པ་ཀློང་ནག་གི་སྡེ། ཐུགས་རྗེ་ཀློང་ནག་གི་སྡེ། སྤྲུལ་པ་ཀློང་ནག་གི་སྡེ་དང་གསུམ་ལས། དང་

p. 111

པོ་ནི། ཤར་སྣ་ཚོགས་རྒྱུ་མེད་དུ་ཤར་བས་སྣང་ངོ་རིས་མེད་དུ་སྣང་བའོ། །དེ་ཡང་ཤར་ས་ནས་སྟོང་ལ་སྣང་ས་ནས་གྲོལ་བས་འཁོར་འདས་མིང་མེད་པའོ། །དེ་ཡང་ཡིན་མིན་ཕྱོགས་ཉལ་གྱི་གཏན་ཚིགས་ཀྱིས་རྫོགས་པ་ཆེན་པོ་མུ་མཐའ་དང་བྲལ་བའི་ལྟ་བ་བསྒྲུབ་པའོ། །གཉིས་པ་ནི། ཤར་བ་ཡེ་ཤེས་ཡིན་པས་མཁྱེན་པ་གཞན་ལ་མི་ལྟོས་ལ། གྲོལ་བ་སེམས་ཡིན་པས་རྒྱུ་རྐྱེན་ལ་བཟླ་བ་སྟེ། ཤར་གྲོལ་གཉིས་མེད་དུ་གནས་པས་འབྲས་བུ་ཡེ་ནས་གྲོལ་བའོ། །དེ་ཡང་མཐུན་སྣང་རང་དག་པའི་གཏན་ཚིགས་ཀྱིས་རྫོགས་པ་ཆེན་པོ་སྣང་ས་ནས་གྲོལ་བར་འདོད་པའོ། །གསུམ་པ་ནི། ཡིན་མིན་ཕྱོགས་གཏད་དང་བྲལ་བས། རང་བཞིན་གྱི་ལྟོས་པ་མེད་དེ་རྒྱུ་མེད་ཡེ་དག །བྱས་བཅོས་ལྟོས་པ་མེད་པས་ཡེ་གྲོལ་ཕྱོགས་ཉལ་གྱི་རྒྱས་བཏབ་པས། རང་དག་མི་གནས་པའི་ཡེ་ཤེས་ཆེན་པོ་ཡེ་ནས་གྲོལ་བ་ལ་ལྟོས་གཞི་རང་ཟད་པ་ཞེས་བྱའོ། །དེ་ཡང་འཁྲུལ་སེམས་ལ་བཟླ་བའི་གཏན་ཚིགས་ཀྱིས་བརྟགས་པ་རང་སར་གྲོལ་བར་འདོད་པའོ། །ཁྲ་བོའི་ངོ་བོ། ཡིན་སྣ་ཚོགས་སུ་སྨྲ་བ་ལ། མིན་ཕྱོགས་མེད་ཀུན་ཏུ་རང་ཤར་བས། རོལ་པ་ལ་དགག་སྒྲུབ་མེད་པར་འདོད་པའོ། །དེ་ལ་དབྱེ་ན་གསུམ་སྟེ། ཡོད་པར་སྨྲ་བ་སེམས་སྡེ་དང་མཐུན་པ་ཁྲ་བོའི་སྡེ། མེད་པར་སྨྲ་བ་རང་གནད་དང་མཐུན་པ་ཁྲ་བོའི་སྡེ། ཡོད་མེད་མན་ངག་དང་མཐུན་པར་སྨྲ་བ་ཁྲ་བོའི་སྡེའོ། །དང་པོ་ནི། ངོ་བོ་རང་དག་གནས་གྲོལ་གང་དུ་ཡང་མ་ཕྱེ་བས་རང་བཞིན་ལ་དགག་སྒྲུབ་ཏུ་མ་གྲུབ་པས་ཐ་སྙད་བྱ་རྩོལ་ལས་འདས་པའོ། །མཚན་ཉིད་ལ་གཉིས་སུ་མེད་པས་སེམས་ཡོད་པ་གཅིག་གི་འཁོར་ལོ་ལས་མ་འདས་པའོ། །དེ་ཉིད་ཀྱི་རོལ་པ་འགག་མེད་དུ་ཤར་བས། སྣང་སེམས་གཉིས་མེད་དུ་གྲོལ་བ་ཞེས་བྱའོ། །དེ་ཡང་བློ་བྲལ་ངོ་བོ་ཉིད་ཀྱི་གཏན་

p. 112

ཚིགས་ཀྱིས་བྱས་ཆོས་ཡེ་གྲོལ་འཁོར་འདས་རང་ས་ནས་གྲོལ་བར་འདོད་པའོ། །གཉིས་པ་ནི། ངོ་བོ་མཐོང་སྣང་རང་ས་ནས་གྲོལ་བས་ཡིད་ཆོས་ཉིད་སྣ་ཚོགས་སུ་ཤར་བ་ལ། མེད་སྣང་ལ་རང་ས་ནས་གྲོལ་བས་ལས་དགེ་སྡིག་མེད་པར་འདོད་པའོ། །དེ་ཡང་འགྱུར་བ་སྟོང་ཡལ་གྱི་གཏན་ཚིགས་ཀྱིས་མེད་སྣང་རང་དག་པར་བསྒྲུབ་པའོ། །གསུམ་པ་ནི། ངོ་བོ་སྟོང་པ་ཡེ་དག་པས་ལས་རྒྱུ་འབྲས་ལ་མི་ལྟོས། བྱས་པས་བྱུང་ལ། བྱུང་སར་སྟོང་པས་འཁོར་འདས་ཕྱོགས་ཡན་དུ་གྲོལ་ལ། སྣང་བརྟགས་གཞི་ཡིན་པས་འཁོར་འདས་གྲུབ་པ་མེད་པའི་གཏན་ཚིགས་སུ་ཤར། བརྗོད་དུ་མེད་པས་བློ་ལས་འདས་པའི་གནད་དང་། བལྟར་མེད་པས་གོམས་སུ་མེད་པའི་གནད་དང་། གནས་འགྱུར་གཉིས་མེད་དུ་གྲོལ་བས་སེམས་ལ་འགྱུར་བ་མེད་པའི་གནད་དང་གསུམ་གྱིས་འཁོར་འདས་ཀྱི་དབྱིབས་འབྱིན་པར་འདོད་པའོ། །ཀློང་དཀར་པོའི་ངོ་བོ་སྣང་རྐྱེན་རང་གྲོལ་བས་བྱར་མེད་རྒྱུ་དག་སྟེ་གནས་ལུགས་ལ་བསྒྲུབ་ཏུ་མེད་པའོ། །དབྱེ་ན། ལས་རྒྱ་ཆེ་བ་བརྗོད་མེད་དུ་བཤད་པའི་ཀློང་དཀར་པོ་དང་། ལྟ་སྒོམ་ཁ་སྦྱར་གྱི་ཀློང་དཀར་པོ་གཉིས་ལས། དང་པོ་ནི། ངོ་བོ་མཐོང་བ་ཅེར་གྲོལ། གནས་པ་རང་དག་པའོ། །དབྱེ་ན། རྒྱ་མཚོའི་ཀློང་དང་། ནམ་མཁའི་ཀློང་གཉིས་ལས། རྒྱ་མཚོའི་ཀློང་གི་ངོ་བོ་རྟག་མཐའ་རང་གྲོལ་བས། བྱ་བ་མེད་པས་གྲོལ་བས་གྲོལ། སྣ་ཚོགས་གཉིས་སུ་མེད་པའོ། །དབྱེ་ན་གཉིས་ཏེ། རྒྱ་མཚོའི་ཀློང་ཆེ་བ་དང་ཆུང་བའོ། །དང་པོ་ནི། སེམས་རང་གནས་སྟོང་པ་ཡེ་གྲོལ་བས། སེམས་ཉིད་སྟོང་པ་ལ་ལྟོས་པ་ཡོངས་སུ་དག་ལ། མཐོང་སྣང་རང་དག་པའི་ཆོས་ཉིད་ལ་ཡེ་ནས་བརྗོད་དུ་མེད་པས། ཡིན་རང་འདས་ཆེན་པོའི་འཁོར་ལོ་གཅིག་ལ་གནས་པས་སྟོང་ལ། སྟོང་པས་གང་དུ་ཡང་གྲུབ་པ་མེད་པར་འདོད་པའོ། །རྒྱ་མཚོའི་ཀློང་ཆུང་བ་ནི། ལྟོས་པ་རང་དག་པས་སེམས་ལ་དྲི་མ་མེད་ལ། ཁྱབ་པར་གནས་སུ་དག་པས་འཁོར་རྐྱེན་ཡེ་ནས་བརྗོད་དུ་མེད་པར་འདོད་པའོ། །ནམ་མཁའི་ཀློང་གི་ངོ་བོ། ཆོས་ཉིད་ལ་བཅོས་སུ་མེད་པས་སེམས་ཉིད་རང་གྲོལ་བའོ། །དབྱེ་ན། ཉི་ཟླའི་ཀློང་དང་། རིན་པོ་ཆེའི་ཀློང་དཀར་པོ་གཉིས་སོ། །དང་པོ་ནི། ངོ་བོ་རྣམ་དག་སྟོང་པ། རང་བཞིན་སྐྱེ་མེད་ཡེ་གྲོལ་ལོ། །གཉིས་པ་ནི། ཡོན་ཏན་ཡོངས་སུ་རྫོགས་པས་རྒྱུ་རྐྱེན་རང་དག །སེམས་ལ་བྱ་བ་མེད་པས་ཆོས་ཉིད་ལྷུན་གྲུབ་རྒྱུ་རྐྱེན་རང་དག་པར་འདོད་པའོ། །

p. 113

ཀློང་རབ་འབྱམས་ཀྱི་སྡེའི་ངོ་བོ་སྣང་བར་སེམས་ཀྱིས་ཤེས་ལ། མི་སྣང་བར་གནས་ལུགས་ཀྱིས་ཤེས་པའོ། །དབྱེ་ན་གསུམ་སྟེ། བྱ་བ་དང་བྲལ་བ་ཕྱིའི་རབ་འབྱམས། གྲུབ་མཐའ་རང་གཞུང་དུ་སྨྲ་བ་ནང་གི་རབ་འབྱམས། གགས་བསལ་བ་གསང་བའི་རབ་འབྱམས། གནད་སྤྲོ་བ་དེ་ཁོ་ན་ཉིད་ཀྱི་རབ་འབྱམས་སོ། །དང་པོ་ནི། རྒྱུ་མེད་པས་ཟློག་པ་མེད་པའི་གནད་དང་། རྐྱེན་མེད་པས་འདི་ལྟར་སྣང་བ་གང་གིས་ཀྱང་མི་གནོད་པའི་གནད་དང་། རྒྱུ་རྐྱེན་གཉིས་ཀ་མེད་པས་འཁོར་འདས་གང་ཡང་མ་གྲུབ་པའི་གནད་དོ། །དེ་ཡང་སེམས་ལ་བྱར་མེད་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བའི་གནད་དང་། སེམས་ལ་རྒྱུ་མཚན་མེད་པས་ཐ་དད་པ་མ་ཡིན་པའི་གནད་དུ་འདོད་པའོ། །གཉིས་པ་ནི། ཐེག་པ་བརྒྱད་ལ་ལྟོས་པ་མེད་པས་རིམ་རྩོལ་བློར་གོལ་བས། སྣང་སྣ་ཚོགས་སུ་སྣང་ཡང་གྲོལ་བ་གཅིག་ལས་མ་འདས་པའི་རང་བཞིན་ཤར་བ་ཞེས་བྱའོ། །དེ་ཡང་གནས་ལུགས་ཡེ་རྫོགས་ཀྱི་རྫོགས་པ་ཆེན་པོའི་གྲུབ་པའི་མཐའ་ནི། རང་སྣང་ཕྱོགས་མེད་ཀུན་ཏུ་རང་ཤར་བས། གང་ཡང་མ་སྤངས་པར་ཡོངས་སུ་རྫོགསལ། དངོས་པོ་ཀུན་གྱི་དངོས་གཞི་ཕྱོགས་གང་དུའང་མ་ལྷུང་བའོ། །ཆོས་ཉིད་སྣ་ཚོགས་སུ་ཤར་བས་རྒྱ་གར་ཡང་མ་ཆད་པའོ། །གསུམ་པ་ནི། སྣང་བ་སེམས་སུ་གོལ་བའི་གགས་རང་ངོ་ཡེ་དག་ཏུ་བསལ་བས། སྣང་བ་མ་སྤངས་ལ་ཡོངས་སུ་རྫོགས་ཤིང་། འགྱུ་བ་བློའི་གེགས་དྲན་བསམ་རང་དག་ཏུ་བསལ་བས་དྲན་བསམ་ཆོས་ཉིད་དུ་རྫོགས་ནས་འགྱུ་བ་སྟོང་པར་དག་པ་ཞེས་བྱའོ། །སྣང་ཤེས་འཇུག་པ་ཐ་དད་པའི་འབྲེལ་དང་བྲལ་བས་འཁོར་བ་ཉིད་མྱང་འདས་སུ་ཤར་བ་ཞེས་བྱའོ། །འདོད་པ་རང་ཤར་བའི་རྫོགས་པ་ཆེན་པོ་ལ། ལྟ་བ་ལ་ཡིན་པ་མེད་པས་ཐ་སྙད་ལས་འདས་པ་དང་། སྒོམ་པ་ལ་མིན་པ་མེད་པས་སྤང་བླང་དགག་སྒྲུབ་མེད་པ་དང་། སྤྱོད་པ་ལ་ཡིན་མིན་མེད་པས་བྱ་སྤྱོད་ཆོས་ཉིད་དུ་གྲོལ་བ་དང་། འབྲས་བུ་ལ་ཐོབ་པ་མེད་པས་མ་ཐོབ་པ་རང་ལ་གཞག་པའོ། །དེ་དག་ལ་དབྱེ་ན། རྣམ་གྲངས་དཔག་ཏུ་མེད་དོ། །གནད་སྤྲོ་བ་དེ་ཁོ་ན་ཉིད་ཀྱི་རབ་

p. 114

འབྱམས་ནི། འཁོར་འདས་ཀྱི་ཆོས་རྣམས་སྣང་ཤེས་སྐུ་དང་ཡེ་ཤེས་སུ་ཤར་བས་འཁོར་འདས་གང་དུའང་མ་ཕྱེ་བའི་ཆོས་ཉིད་ཅེས་བྱའོ། །དེ་ཡང་གནད་མི་འགྱུར་བའི་གཟེར་སྣང་ཤེས་གཉིས་སུ་སྤྲོས་པས་འཁོར་བ་ལ་བཟླ། རང་ངོ་ཅེར་མཐོང་གི་གནད་དྲན་བསམ་རང་གཞག་སར་སྤྲོས་པས་བསམ་པ་ཁོང་དག་པ་ཞེས་བྱའོ། །ཕྱི་ནང་ཡུལ་དུ་མེད་པས་བདེ་བ་རྟོག་མེད་དུ་སངས་པ་ཞེས་བྱའོ། །བྱ་བ་དང་བྲལ་བས་བློ་ལས་འདས་ཤིང་། བརྟགས་པ་རང་སར་ཤེས་པས་བདེ་སྡུག་ངོ་མཉམ་པ་ཞེས་བྱའོ། །དེ་དག་ཀྱང་བསྡུ་ན་གསུམ་དུ་འདུས་ཏེ། བྱ་བ་དང་བྲལ་བའི་ཀློང་ནི་མ་བྱས་རང་གྲོལ་བའི་ཆོས་ཉིད་དུ་གྲོལ་བས་ན། བྱ་བ་མེད་པས་གྲོལ་བས་གྲོལ། །ཞེས་སོ། །རྒྱན་གྱི་ཀློང་ནི། སྣང་བ་སེམས་ཀྱི་རྒྱན་ཡིན་ལ། །སེམས་སྟོང་པ་ངོས་གཟུང་དང་བྲལ་བའི་རྒྱན་ཞེས་བྱའོ། །དེ་ལྟར་ཡང་། མི་སྐྱེ་མི་འགག་ཅིར་མི་དགོངས། །ཞེས་སོ། །རོལ་པའི་ཀློང་ནི། ཡིན་ཕྱོགས་མེད་ཀྱི་རོལ་པ་འགག་མེད་དུ་ཤར་བས། སྣང་སེམས་ལ་འགྱུར་བ་མེད་པ་ཞེས་བྱའོ། །དེ་ལྟར་ཡང་། རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །ཞེས་སོ། །ཆོས་ཉིད་ཀྱི་ཀློང་ནི། མ་བཅོས་རང་སར་བཞག་པས་གང་ནས་ཀྱང་མ་ཡིན་ལ། སྟོང་ཉིད་མ་བཅོས་པའི་གཞི་ཡིན་པས་མཐོང་ཤེས་གཉིས་སུ་མེད་པའོ། །དེ་ལྟར་ཡང་། སྟོང་ངོ་ཀུན་ཏུ་བཟང་ལས་འདས། །ཞེས་སོ། །དོན་གསུམ་པ་དེ་དག་ལས་ཁྱད་པར་དུ་འཕགས་པ་ལམ་དྲང་ཐད་དུ་སྨྲ་བ་རྫོགས་པ་ཆེན་པོ་མན་ངག་གི་སྡེ་ནི། ངོ་བོ་གནད་དུ་འགྲོ་བ་གནད་ལ་ཐེབས་པའི་མེ་བཙའ་དང་འདྲའོ། །འདི་ལ་དབྱེ་ན་གསུམ་སྟེ། ཁ་འཐོར་བའི་ཚུལ་དུ་གསུངས་པ། ཁ་གཏམ་པའི་ཚུལ་དུ་གསུངས་པ། རྒྱུད་རང་གཞུང་གི་ཚུལ་དུ་བཀའ་སྩལ་པའོ། །དེ་ལ་ཁ་འཐོར་བའི་ངོ་བོ། བྱ་བྱེད་བློ་ལས་འདས་པ་ལམ་དུ་བྱེད་པའོ། །དབྱེ་ན། གཞག་པ་ལམ་གྱི་མཐའ་གཅོད་པའི་མན་ངག་དང་། གྲོལ་བ་སྟོབས་དག་པའི་ལམ་མངོན་དུ་གྱུར་པའི་མན་ངག་གཉིས་ལས། དང་པོ་ནི། སྟོང་པ་ཁྱབ་ཆེ་བས་བྱ་བ་ཀུན་ཏུ་གྲོལ་བའི་

p. 115

ལམ་ལ་ལྟོས་པ་མེད་པས་གཞི་ལས་ཁྱད་པར་དུ་འཇོག་པའི་དུས་ན། སྤྲོས་གཞིའི་ཚིག་ཙམ་དུ་ཡང་མ་གྲུབ་པས། སྤྲོ་བྱེད་མིང་དུ་མི་སྲིད་ཅིང་། བརྗོད་དུ་མེད་པའི་ཆོས་ཉིད་ལ་ཡི་གེ་མེད་པ་ཞེས་བྱ་སྟེ། བྱ་བ་རྒྱུ་མེད་པའི་གཏན་ཚིགས་ཀྱིས་འཁོར་བ་དོང་སྤྲུག་པ་དང་། འདས་པའི་ཁོང་འདོན་པའོ། །གཉིས་པ་ནི། ཆོས་ཉིད་གནས་པའི་ཆ་ནས་སེམས་ལ་འགྱུར་བ་མེད་ལ། སྐུ་གསུམ་ལམ་ལ་སྣང་བའི་དུས་ན། མ་གྲོལ་བ་གང་ཡང་མེད་ལ། འབྲས་བུ་གནད་ལ་ཕེབས་པའི་དུས་ན་ཆོས་ཉིད་མ་དང་ཕྲད་པར་འདོད་པའོ། །ཁ་གཏམ་གྱི་ངོ་བོ་བློ་བྲལ་མ་འཁྲུལ་བ། རང་བཞིན་རྣམ་རྟོག་ཁུངས་ཟད་པ། མཚན་ཉིད་གཉིས་མེད་ངོས་གཟུང་དང་བྲལ་བའོ། །དབྱེ་ན་གཉིས་ཏེ། གླེན་པ་ཡེངས་ལ་བོར་བའི་ཁ་གཏམ་དང་། ཁར་ཕོག་དུས་མེད་པའི་ཁ་གཏམ་མོ། །དང་པོ་ནི། རྩའི་གནད་ཀྱིས་རླུང་གནད་ལ་ཕབ་པས་རང་སེམས་བཙོན་དུ་ཟིན་པའི་མན་ངག་གིས་ཆོས་ཉིད་ཁུངས་ནས་གདོན་པ་དང་། དེ་ཉིད་དབྱིབས་ཕྱིན་པས་སངས་རྒྱས་དང་སེམས་ཅན་གླེང་བ་འཆད་པའི་གནད་དང་། རླུང་གནད་ལུས་ལ་ཕབ་པས་ལུས་སེམས་ཀྱི་འབྲེལ་ཆད་པའི་གནད་དང་། རྩ་རླུང་ཡེངས་ལ་བོར་བས་འགྱུ་བ་རང་སར་གྲོལ་བའི་གནད་དོ། །གཉིས་པ་ནི། དབྱིངས་རྒྱ་ཆེ་བའི་ངོས་ནས་གང་ཡང་མ་ཤོང་བ་མེད་པས་འཁོར་འདས་ཀྱི་ཁྱབ་བརྩི་བ་དང་། ཆོས་དབྱིངས་སྟོང་ཉིད་ལ་ངོས་གཟུང་མེད་པས་དངོས་པོའི་འགྱུར་བརྩི་བ་དང་། དབྱིངས་ལ་བྱས་པ་མེད་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །རྒྱུད་རང་གཞུང་གི་མན་ངག་གི་ངོ་བོ་བཀའ་ཐམས་ཅད་ཀྱི་བྱུང་ཁུངས་སུ་གསལ་ལ། ཁྱད་པར་ཆོས་ཉིད་ཀྱིས་བཅད་པའོ། །རང་བཞིན་ལ་ཐ་དད་མེད་པས་འཁོར་བའི་ལྟོས་ཆད་པ་དང་། མཚན་ཉིད་སྒྲ་ཚིག་ཏུ་མ་གྲུབ་པས། སྟོང་ཉིད་རྩོད་གཞི་དང་བྲལ་བའོ། །དབྱེ་ན་བཞི་སྟེ། ལྟ་བ་སྒང་དྲིལ་བའི་ཚུལ་དུ་བཀའ་སྩལ་པ་དང་། གཏར་ཀ་གགས་བསལ་བའི་ཚུལ་དུ་བཀའ་སྩལ་པ་དང་། གབ་པ་མངོན་དུ་ཕྱུང་བའི་ཚུལ་དུ་བཀའ་སྩལ་པ་དང་། བཤད་པ་རང་གསལ་བའི་ཚུལ་དུ་བཀའ་སྩལ་པའོ། །དང་པོ་ནི། ངོ་བོ་

p. 116

སྤྲོས་མེད་གཞི་ལ་ཁྱབ་པས། ལས་ལ་བཟང་ངན་མེད་དེ་ཁམས་གསུམ་ཡོངས་སུ་གྲོལ་བ་དང་། རང་བཞིན་སྟོང་ཉིད་སྣ་ཚོགས་སུ་ཤར་བས་ལས་དགེ་སྡིག་གིས་ཕན་གནོད་མ་སྐྱེལ་ཏེ་སངས་རྒྱས་དང་སེམས་ཅན་མེད་པའོ། །མཚན་ཉིད་ཚིག་དང་ཡི་གེར་མེད་པས་ཐེག་པ་སྣ་ཚོགས་ཀྱི་ཆོས་ཀྱིས་སངས་མི་རྒྱ་བས་དབང་པོ་ཅིག་ཅར་དུ་བགྲོད་པའི་གནད་དོ། །དབྱེ་ན་སྣང་བརྟགས་ལྟ་བར་འདོད་པ་བྱར་མེད་པ་དང་། སེམས་རྟོགས་ལྟ་བར་དྲིལ་བ་ཀུན་ནས་སློང་བ་གཉིས་སོ། །དང་པོ་ནི། ངོ་བོ་ལ་ཆོས་མེད་པས་སངས་རྒྱས་ཀྱི་མིང་ཡང་མེད་པ་དང་། རང་བཞིན་རྩལ་དུ་ཤར་བས་འཁོར་འདས་ལྟ་བར་ཤར་བ་དང་། མཚན་ཉིད་གཅིག་ཏུ་མ་ངེས་པས་ལྟ་སྒོམ་ལ་ཚད་མེད་པའོ། །གཉིས་པ་ནི། ངོ་བོ་སྐྱེ་མེད་ཡོངས་སུ་དག་པས་ཉོན་མོངས་པ་རང་སར་གྲོལ་བ་དང་། རང་བཞིན་འགག་མེད་ཀུན་ཏུ་ཤར་བས་སྤང་བླང་གང་ཡང་མེད་པ་དང་། མཚན་ཉིད་རྒྱུ་མེད་ཡེ་གྲོལ་བས་འཁོར་འདས་ཀྱི་ལམ་ཟད་པའོ། །གཏར་ཀ་གགས་བསལ་བའི་ངོ་བོ་ཆོས་ཉིད་ཀྱི་གནད་བསལ་བས། འཁོར་འདས་ཀྱི་མཚམས་ཕྱེད་ལ། རང་བཞིན་འཆུགས་མེད་ཀྱི་གཞི་ཐེངས་པས་བློ་མ་བུའི་བསྡེབས་མེད་ལ། མཚན་ཉིད་རྒྱུ་མེད་གཞི་དག་པས་འཁྲུལ་པ་རང་ཐོག་ཏུ་བསལ་བའོ། །དབྱེ་ན་གཉིས་ཏེ། ལྟ་སྒོམ་དྲོད་ཚད་ཀྱི་གེགས་བསལ་བ་དང་། དངོས་པོ་འདུག་ཚུལ་གྱི་གེགས་བསལ་བའོ། །དང་པོ་ནི། ལྟ་བའི་དྲོད་འཁོར་འདས་གཉིས་འབྲེལ་བ་སྟེ། དེ་ཡང་ལྟ་བ་གཡོ་བའི་དུས་འཁོར་བའི་ཆོས་ཉིད་ངོས་ཟིན་པ་འདྲེ་རྐུན་ངོས་ཟིན་པ་ལྟ་བུའོ། །ལྟ་བ་ཐོབ་པའི་དུས་སུ་ལུས་ངག་ལ་དྲོད་སྐྱེས་པ་སྟེ། མེ་འབར་བ་ལ་ཤིང་བསྣན་པ་ལྟ་བུའོ། །ལྟ་བ་བརྟན་པའི་དུས་ན་འཁོར་འདས་ཀྱི་ཤན་ཕྱེད་པ་སྟེ། དཔེར་ན་དཔུང་གི་ཚོགས་གཡུལ་ལས་རྒྱལ་བ་ལྟ་བུའོ། །སྒོམ་པ་གཡོ་བའི་དུས་ན་རླུང་སེམས་ལ་བྱན་ཚུད་པ་སྟེ། ཕྱུག་པོའི་བང་མཛོད་ཀྱི་ནང་དུ་ཚུད་པ་ལྟ་བུའོ། །སྒོམ་པ་ཐོབ་པའི་དུས་ན་སེམས་ལམ་དུ་ཚུད་པ་སྟེ། དཔེར་ན་ཕག་གྱང་རར་བླུགས་པ་ལྟ་བུའོ། །སྒོམ་པ་བརྟན་པའི་དུས་ན་རིག་

p. 117

པའི་སྟོབས་རྙེད་པ་སྟེ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལྟ་བུའོ། །སྤྱོད་པ་གཡོ་བའི་དུས་ན་ཤེས་པའི་གཏད་ཡལ་བ་སྙིང་རླུང་ཅན་ཁྲོག་ལངས་པ་ལྟ་བུའོ། །སྤྱོད་པ་ཐོབ་པའི་དུས་ན་འཁྲུལ་སྣང་ཟིལ་གྱིས་གནོན་པ་སྟེ། ཁྱུང་གཤོག་རྫོགས་པ་ངམ་གྲོག་དང་གཡང་སར་ལྡིང་བ་ལྟ་བུའོ། །སྤྱོད་པ་བརྟན་པའི་དུས་ན་སྐུ་གསུམ་གྱི་དྲོད་ཚད་ཟིན་པ་སྟེ། བྲམ་ཟེ་མོ་ལས་ཟིན་པ་ལྟ་བུའོ། །དེ་ཡང་སྤྱོད་པས་སྣང་བ་བསལ་བས་སྣང་རྐྱེན་ཆོས་ཉིད་ལས་འགྲོ་ས་མེད་དོ། །སྒོམ་པ་འགྱུ་བའི་གེགས་བསལ་བས་དྲན་བསམ་ཏིང་ངེ་འཛིན་ལས་འགྲོ་ས་མེད་དོ། །ལྟ་བ་ཆོས་ཉིད་ཀྱི་གེགས་བསལ་བས་ཆོས་ལ་མ་བརྟེན་པར་སངས་རྒྱ་བ་ལས་འགྲོ་ས་མེད་དོ། །དངོས་པོ་འདུག་ཚུལ་གྱིས་གེགས་བསལ་བའི་ངོ་བོ་ཆོས་ཉིད་ལ་བཅོས་སུ་མེད་པས་ཅིར་སྣང་སེམས་མ་ཡིན་པ་མེད། རང་བཞིན་ལ་རྒྱུ་འབྲས་མེད་པས་རང་འདོད་མེད་པ་ལས་འགྲོ་ས་མེད། མཚན་ཉིད་ལ་གོམས་མི་དགོས་པས་ཤེས་བྱ་གཞན་ལ་མི་ལྟོས་པའོ། །གབ་པ་མངོན་ཕྱུང་གི་ངོ་བོ་ལ་ཐོབ་ཏུ་མེད་པས། རེ་བ་གང་ལ་ཡང་མི་འཆའ། རང་བཞིན་ལ་ཕྱོགས་མེད་པས་དོགས་པ་གང་ལ་ཡང་མེད། མཚན་ཉིད་བརྟགས་ན་མི་རྙེད་པས་འཁོར་འདས་ཀྱི་རྩ་བ་རུལ་བ་ཞེས་བྱའོ། །དབྱེ་ན་གཉིས་ཏེ། གཅིག་གསངས་ནས་གཉིས་མངོན་དུ་ཕྱུང་བ་དང་། གཉིས་གསངས་ནས་གཅིག་མངོན་དུ་ཕྱུང་བའོ། །དང་པོ་ནི། ལྟ་སྤྱོད་གཉིས་མངོན་དུ་ཕྱུང་ནས་སྒོམ་པ་གསངས་ན། དེའི་ངོ་བོ་ཟུང་འཇུག་ལ་ཐོག་མཐའ་མེད་པས་འཁོར་འདས་ཀྱི་ཐོག་མཐའ་ཆོད་པའོ། །དེའི་རང་བཞིན་གཉིས་ཐ་དད་པ་མ་ཡིན་པས་ཐིག་ལེ་ལ་ཕྱི་ནང་མེད་པ་དང་། མཚན་ཉིད་ལ་ལྟོས་པ་མེད་པས་རྒྱུ་མེད་ཟང་ཐལ་བའོ། །གལ་ཏེ་སྤྱོད་པ་གསངས་ནས་གཞན་གཉིས་མངོན་དུ་ཕྱུང་ན། གནས་པས་སྟོང་ལ་སྟོང་པས་དག་པ་ཞེས་བྱའོ། །གལ་ཏེ་ལྟ་བ་གསངས་ནས་གཞན་གཉིས་མངོན་དུ་ཕྱུང་ན་འཛིན་མེད་ཀྱི་ཤེས་པ་ཕྱོགས་མེད་དུ་ཤར་བས། ཡུལ་མེད་ཀྱི་རིག་པ་རྟོག་མེད་དུ་གྲོལ་བ་ཞེས་བྱའོ། །གཉིས་པ་གཉིས་གབ་ནས་གཅིག་མངོན་དུ་ཕྱུང་བ་ནི། སྒོམ་

p. 118

པ་མངོན་དུ་ཕྱུང་ན་གཏད་མེད་ཀྱི་རིག་པ་གཏོད་མེད་དུ་བྱུང་བས་རྒྱུ་མེད་ཀྱི་འབྲས་བུ་རང་ལ་གནས་པ་ཞེས་བྱའོ། །སྤྱོད་པ་མངོན་དུ་ཕྱུང་ན་ལུས་གཡང་སར་བོར་ནས་སེམས་ཆོས་ཉིད་དུ་སློང་བ་ཞེས་བྱའོ། །ལྟ་བ་མངོན་དུ་ཕྱུང་ན་སེམས་སྟོང་ཉིད་ལ་སྐྱེལ་ནས་ལུས་ངག་གནད་ལ་འབེབས་པ་ཞེས་བྱའོ། །བཞི་པ་བཤད་པ་རང་གསལ་བའི་ངོ་བོ་ཚིག་ཞེན་རྒྱུན་ཆད་པས་གྲུབ་པའི་མཐའ་མི་གནས་པས་གྲུབ་པ་ཁྱད་པར་འཕགས་པ་དང་། རང་བཞིན་མ་དམིགས་ལ་ཡོངས་སུ་དག་པས་ཀ་ནས་དག་པའི་ཆོས་ཉིད་དེ་ཕྱོགས་མེད་དུ་ཤར་བ་ཞེས་བྱ་ལ། མཚན་ཉིད་བློ་མ་ཡིན་པས་འགྱུ་བྱེད་རང་དག་དངོས་གཞི་ལ་བྱས་པ་མེད་པ་ཞེས་བྱའོ། །དེ་ལ་དབྱེ་ན་གསུམ་སྟེ། འཁྲུལ་པ་བ་ངེད་ཀྱི་ལུགས་སུ་སྨྲ་བ་དང་། འཁྲུལ་པ་གཞི་ལ་ཟློག་པའི་ཚུལ་དུ་གསུངས་པ་དང་། ཐིག་ལེ་རང་གནས་ལ་ཕབ་སྟེ་གསུངས་པའོ། །དང་པོའི་ངོ་བོ་འཁྲུལ་པ་མ་རིག་པའི་རྩ་བ་ཁམས་གསུམ་འཁོར་བའི་གཞི་བཏིང་བས། དེ་ཉིད་རང་དུ་དེད་པས་མ་རིག་པ་རྩད་བཅད། རང་རིག་པ་དང་པོ་ཞེས་བྱ་ལ། རང་བཞིན་སྣ་ཚོགས་སུ་བྱུང་བས་རྒྱུ་རྐྱེན་གྱི་བ་དེད་པས། དམིགས་པའི་གདར་ཤ་ཆོད་དེ་འཁོར་བ་འཁྲུལ་པའི་ལྟོས་ཟད་ནས་རྒྱུ་མེད་སྟོང་པར་ཡེ་དག་པ་ཞེས་བྱའོ། །མཚན་ཉིད་འཁྲུལ་པ་རང་དག་པས་ཤེས་པ་འཁྲུལ་པའི་ལམ་ཟད་པ་ཞེས་བྱའོ། །དེ་ལ་དབྱེ་ན་གསུམ་སྟེ། འཁྲུལ་པ་རྩད་ནས་བཅད་པས་འཁོར་འདས་ལྟོ་བཟློག་པའི་ལུགས། འཁྲུལ་པ་རང་སོ་ལ་བཞག་པས་མ་འཁྲུལ་པའི་ཆོས་ཉིད་ངོས་ཟིན་པའི་ལུགས། འཁྲུལ་གཞི་ཁོག་བསྐོར་བས་འཁྲུལ་འཁོར་རྒྱུན་ཆད་པའི་ལུགས་སོ། །དང་པོའི་ངོ་བོ་ནི། འཁྲུལ་པའི་རྩ་བ་རིག་པ་དེ་ཉིད་རང་གྲོལ་བར་ཤེས་པས་ཡེ་ནས་འཁྲུལ་མ་མྱོང་བའི་རྒྱས་ཐེབས་ཏེ་འཁྲུལ་མ་འཁྲུལ་ལས་འདས་པ་དང་། རང་བཞིན་ཐ་དད་དུ་འཁྲུལ་བས་ཀུན་ཏུ་བརྟགས་པའི་ཚད་ཟིན་ཏེ་ཡུལ་དང་ཡུལ་ཅན་ལས་འདས་པའོ། །མཚན་ཉིད་འཁྲུལ་པ་ལ་འཁྲུལ་པར་ཤེས་པས་མ་འཁྲུལ་པའི་དྲོད་ཚད་ཟིན་པའོ། །གཉིས་པའི་ངོ་བོ་ནི། དང་པོ་འཁྲུལ་པ་མ་མྱོང་བས་མ་རིག་པའི་རྒྱུ་

p. 119

དག་ལ། ད་ལྟ་འཁྲུལ་པ་ལ་མི་གནས་པས་ལས་དང་ཉོན་མོངས་པའི་གཞི་སྟོངས་ཤིང་། ཕྱིས་འཁྲུལ་མི་སྲིད་པས་ལས་དགེ་སྡིག་གི་ཐག་ཆོད་པའོ། །རང་བཞིན་ལ་དབྱེར་མེད་པས་འཁོར་འདས་གཞི་གཅིག་སྟེ། འཁྲུལ་པ་ཡོངས་སུ་དག་ལ། མཚན་ཉིད་ལ་འཁྲུལ་རྒྱུ་མེད་པས་ཁམས་གསུམ་དོང་སྤྲུགས་པའོ། །གསུམ་པའི་ངོ་བོ་ནི། ལྟུང་བྱེད་གཞི་སྟོངས་པས་བྱས་པས་མ་རྙེད་པའི་གཞི་འཆོས་པ་དང་། རང་བཞིན་རྩིས་ལས་འདས་པས་འཁྲུལ་མ་འཁྲུལ་ཙམ་དུ་ཡང་གྲུབ་པ་མེད་པ་དང་། མཚན་ཉིད་ལ་གཉིས་མ་གྲུབ་པས་འཁྲུལ་མ་འཁྲུལ་གྱི་ཟླ་དང་བྲལ་བའོ། །གསུམ་པ་ཐིག་ལེ་རང་གནད་ལ་ཕབ་པའི་ངོ་བོ་ཉག་གཅིག་སྤྲོས་པ་དང་བྲལ་བས་དུ་མ་ཆ་ཤས་མེད་པ་དང་། རང་བཞིན་ལ་དུ་མ་མེད་པས་ཐ་སྙད་སྤྲོས་པའི་ཚིག་ལས་འདས་པའི་ཆོས་ཉིད་ཀུན་ཏུ་ཁྱབ་པའོ། །མཚན་ཉིད་ལ་ངོ་སྤྲད་པས་ཡིད་ཆེས་ཐག་ཆོད་པའོ། །འདི་ལ་དབྱེ་ན་གཉིས་ཏེ། སྙན་རྒྱུད་དང་། བཤད་རྒྱུད་དོ། །སྙན་རྒྱུད་ཀྱི་ངོ་བོ་གཅིག་ནས་གཅིག་ཏུ་འབྲེལ་བས་ཁྱད་པར་ཉེ་བ་ཉིད་དོ། །དེ་ཡང་རང་བཞིན་ནི་རྣ་བའི་དབང་པོ་དང་འབྲེལ་བས་གཞན་གྱིས་བར་དུ་བཅད་པ་མེད་པ་དང་། མཚན་ཉིད་ལ་དཀྲིར་མེད་པས་ཡིད་ཆེས་ཤིང་གྲོལ་བའི་གདེང་དང་བཅས་པའོ། །དབྱེ་ན་མང་ཡང་ཡི་གེ་དང་བཅས་པ་དང་། ཡི་གེ་མེད་པའི་སྙན་རྒྱུད་ཆོས་ཉིད་དོན་གྱི་མན་ངག་གོ། བཤད་རྒྱུད་ཀྱི་ངོ་བོ། བྱ་བ་མེད་པའི་ཆོས་ཉིད་ལ་རྒྱུ་མེད་པས་ཁམས་གསུམ་དུ་བཟློག་པའི་གཞི་མེད། རང་བཞིན་འོད་གསལ་ལ་དྲི་མ་མེད་པས་ཡེ་ཤེས་ལྔའི་མཚན་ཉིད་ཤེས། མཚན་ཉིད་རྟོག་དཔྱོད་ལས་འདས་པས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་དགོངས་པ་ལ་གནས་པའོ། །དབྱེ་ན་བཞི་སྟེ། ཕྱིའི་སྐོར། ནང་གི་སྐོར། གསང་བའི་སྐོར། གསང་བ་བླ་ན་མེད་པའི་སྐོར་རོ། །ཕྱི་སྐོར་གྱི་ངོ་བོ། ཉོན་མོངས་པ་སྤང་དུ་མེད་པས་དུག་ལྔ་ལམ་ཁྱེར་ལ་གནས། རང་བཞིན་ལ་རྩོལ་སྒྲུབ་མེད་པས་ཅིར་སྣང་ཆོས་ཉིད་དུ་འཆར། མཚན་ཉིད་ལ་ཆ་ཤས་མེད་པས་སྟོང་ཉིད་གང་དུའང་མ་ཕྱེ་བའོ། །ནང་སྐོར་གྱི་ངོ་བོ་གཟུགས་ཅན་མ་ཡིན་པས་མཚན་མ་མེད་པའི་

p. 120

ཆོས་ཉིད། རང་བཞིན་འགྲོ་འོང་མེད་པས་དུས་ཐམས་ཅད་དུ་རྟག་པར་བཞུགས་པའི་ཡེ་ཤེས། མཚན་ཉིད་ཟུག་པའི་ངོས་ནས་རྩ་བ་ལྟར་བྱུང་ལ། འདྲིལ་བའི་ངོས་ནས་སྡོང་པོ་ལྟར་བྱུང་ཞིང་གསལ་བའི་ངོས་ནས་མེ་ཏོག་ལྟར་བྱུང་ལ། སྨིན་པའི་ངོས་ནས་འབྲས་བུ་ལྟར་བྱུང་བའོ། །གསང་སྐོར་གྱི་ངོ་བོ་ངོ་སྤྲད་པ་དང་། རྟོགས་པ་ཐོབ་པ་དུས་མཉམ་པས་ཐོས་བསམ་སྒོམ་གསུམ་ལ་རག་མ་ལུས། རང་བཞིན་དབུགས་ཆད་པ་དང་སངས་རྒྱས་པ་དུས་མཉམ་པས་རྩོལ་སྒྲུབ་དང་གོམས་སྟོབས་ལ་རག་མ་ལུས། མཚན་ཉིད་སངས་རྒྱས་པ་དང་ཐུགས་རྗེ་འབྱུང་བ་དུས་མཉམ་པས་ཚོགས་དང་བསོད་ནམས་ལ་རག་མ་ལུས་པའོ། །གསང་བ་བླ་ན་མེད་པའི་སྐོར་གྱི་ངོ་བོ། ཚིག་ལ་མ་བསྟེན་པས་ཤེས་རབ་ལ་རག་མ་ལུས། རང་བཞིན། མངོན་སུམ་དུ་མཐོང་བས་ཡིད་དཔྱོད་འཛིན་པའི་ལྟ་བ་ལ་མི་གནས། མཚན་ཉིད་སྣང་བ་བཞི་ཚད་ལ་ཕེབས་པས་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལ་ལྟོས་མི་འཆའ་བའོ། །དེ་ལས་འདི་ཉིད་གསང་བ་བླ་ན་མེད་པ་སྟེ། མན་ཆད་ཀྱིས་ཆོས་ཉིད་ཡིད་དཔྱོད་དུ་གདེང་འཆའ་བ་ལས། འདིར་མངོན་སུམ་དབང་པོའི་ཡུལ་དུ་བླ་མའི་མཐུས་བལྟར་ཡོད་པས་ཁྱད་པར་དུ་འཕགས་སོ། །དེ་ལྟར་བསྟན་པའི་སྐོར་ཐམས་ཅད་མདོ་གཅིག་ཏུ་དྲིལ་ནས་དབྱེ་བ་དང་བསྡུ་བའི་རིམ་པ་ངེས་པ་ནི། རྫོགས་པ་ཆེན་པོ་དེ་དག་ལ་ཀློང་ནི་དགུ། བམ་པོ་ནི་ཉི་ཁྲི་དང་ཆིག་སྟོང་། སྡེ་ནི་གསུམ། ལེའུ་ནི་སྟོང་ཕྲག་སུམ་ཅུ་རྩ་ལྔ། འཕྱོང་ཆེན་པོ་བརྒྱད། གཟེར་བུ་བརྒྱ་དང་བརྒྱད་ཅུ། གེགས་ནི་སྟོང་དང་དང་ལྔ་བརྒྱ། ཤན་འབྱེད་ཁྲི་ཕྲག་བདུན། ལ་བཟླ་བ་འབུམ་ཕྲག་ཕྱེད་དང་གཉིས། གནད་སྟོང་ཕྲག་ལྔ། ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། མིང་དུ་ཐོགས་པའི་རྒྱུད་ཁྲི་ཕྲག་གཉིས་ཀྱི་བདག་ཉིད་དུ་བཞུགས་པ་རྣམས། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོ་ལས། །ཚིག་གི་བྱེ་བྲག་རྣམས་འཕྲོས་པས། །སྡེ་གསུམ་ལས་ནི་ཀློང་དགུར་འགྱུར། །ཚིག་སྡུད་པ་ལས་ཤློ་ཀ། འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས། །ལེའུ་སྟོང་ཕྲག་སུམ་ཅུ་ལྔ། །བམ་པོ་ཉི་ཁྲི་སྟོང་ཕྲག་གཅིག །བརྗོད་བྱ་ནམ་མཁའི་མཐའ་དང་

p. 121

མཉམ། །གདུལ་བྱའི་སེམས་ཅན་རྟོག་པ་གཅོད། །འདི་ལས་བརྗོད་བྱ་ཉེར་བསྡུས་པ། །གཟེར་བུ་བརྒྱ་དང་བརྒྱད་ཅུ་ལ། །གེགས་ནི་སྟོང་ཕྲག་ཕྱེད་དང་གཉིས། །གནད་ཆེན་འདུས་པ་སྟོང་ཕྲག་གསུམ། །གོལ་སྒྲིབ་ཁྲི་ཕྲག་བཞི་བཅུ་ལ། །མིང་ཐོགས་རྒྱུད་ནི་ཁྲི་ཕྲག་གཉིས། །ཚིག་བརྗོད་རིམ་པ་གསལ་བཀོད་དོ། །ཞེས་སོ། །དེ་དག་ཀྱང་བསྡུ་ན། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་དུ་འདུས་པའོ། །དེ་ལ་སེམས་སྡེ་ཐམས་ཅད་ཆོས་ཉིད་ལ་བརྗོད་དུ་མེད་པའི་ཀློང་དང་། ལྟ་བ་ལ་མིན་པ་མེད་པའི་ཀློང་དང་། སྤྱོད་པ་ལ་ཡིན་པ་མེད་པའི་ཀློང་གསུམ་དུ་འདུས་སོ། །དེ་ཡང་མིང་ཐོགས་ཀྱི་རྒྱུད་སྟོང་ཕྲག་ལྔར་འདུས། དེ་ཡང་ལེའུ་ཁྲི་ཕྲག་གཅིག་དང་སྟོང་དུ་འདུས། དེ་ཡང་ཤློ་ཀ་འབུམ་ཉི་ཤུ་རྩ་གཉིས་སུ་བསྡུས། དེ་ཡང་ལ་བཟླ་བ་ཁྲི་ཕྲག་གཅིག་ཏུ་བསྡུས། དེ་ཡང་ཤན་འབྱེད་ཁྲི་ཕྲག་གཉིས་སུ་བསྡུས། དེ་ཡང་གེགས་ལྔ་བརྒྱར་བསྡུས། དེ་ཡང་གནད་སྟོང་དུ་བསྡུས། དེ་ཡང་གཟེར་བུ་ལྔ་བཅུ་རྩ་གཅིག་ཏུ་བསྡུས། དེ་ཡང་སྒོམ་ཡོད་དང་སྒོམ་མེད་ཀྱི་འཕྱོང་གཉིས་སུ་བསྡུས་སོ། །དེ་ཡང་སྡེ་སྣོད་ཀྱི་དབང་དུ་བྱས་ན། མངོན་པ་ཆེན་པོའི་སྡེ་སྣོད་ཅེས་བྱ་བར་སྡེ་གསུམ་ཀ་བསྡུས་སོ། །དེ་ཡང་བཀའ་དང་བསྟན་བཅོས་གཉིས་སུ་བསྡུས་སོ། །དེ་དག་ཀྱང་སེམས་ཀྱི་སྡེ་ཞེས་བྱ་བར་བསྡུས་སོ། །ཀློང་གི་སྡེ་རྣམས་ཀློང་གསུམ་དུ་བསྡུས་པ་ནི། སྒོམ་པ་ལ་ཡིན་པ་མེད་པའི་ཀློང་དང་། རང་བཞིན་ལ་བཙལ་དུ་མེད་པའི་ཀློང་དང་། མཚན་ཉིད་ཐ་དད་མེད་པའི་ཀློང་དང་གསུམ་དུ་བསྡུས་སོ། །དེ་ཡང་མིང་དུ་ཐོགས་པའི་རྒྱུད་སྟོང་ཕྲག་གསུམ་དུ་བསྡུས་སོ། །དེ་ཡང་ལེའུ་ཁྲི་ཕྲག་གཅིག་དང་སྟོང་དུ་བསྡུས། དེ་དག་ཀྱང་ཤློ་ཀ་འབུམ་ཕྲག་ཉི་ཤུ་རྩ་གཉིས་སུ་བསྡུས། དེ་དག་ཀྱང་ལ་བཟླ་བ་ཁྲི་ཕྲག་བརྒྱད་དུ་བསྡུས། དེ་ཡང་ཤན་འབྱེད་ཁྲི་ཕྲག་གཉིས་སུ་བསྡུས། དེ་དག་ཀྱང་གེགས་དགུ་བརྒྱར་བསྡུས། དེ་ཡང་གནད་སྟོང་ཕྲག་གཉིས་སུ་བསྡུས། དེ་དག་ཀྱང་གཟེར་བུ་ལྔ་བཅུར་བསྡུས། དེ་དག་ཀྱང་བྱས་གྲོལ་དང་། བཞག་གྲོལ་དང་། ཅེར་གྲོལ་

p. 122

གྱི་འཕྱོང་གསུམ་དུ་བསྡུས། དེ་ཡང་ཀློང་གི་སྡེར་བསྡུས་སོ། །མན་ངག་གི་སྡེ་ཐམས་ཅད་ཀྱང་ཀློང་གསུམ་དུ་བསྡུས་ཏེ། རོལ་པ་འགག་པ་མེད་པའི་ཀློང་དང་། བློ་ལ་མ་གྲོལ་བ་མེད་པའི་ཀློང་དང་། ངོ་བོ་ལ་བཟང་ངན་མེད་པའི་ཀློང་ངོ་། །དེ་དག་ཀྱང་མིང་དུ་བཏགས་པའི་རྒྱུད་སྟོང་ཕྲག་གཉིས་དང་བཅུ་གཉིས་སུ་བསྡུས་སོ། །དེ་དག་ཀྱང་ལེའུ་ཁྲི་ཕྲག་གཅིག་དང་སྟོང་ཕྲག་བཞིར་བསྡུས། དེ་ཡང་ཤློ་ཀ་འབུམ་དང་ཉི་ཤུ་རྩ་གཅིག་ཏུ་བསྡུས་སོ། །དེ་དག་ཀྱང་ལ་བཟླ་བ་ཁྲི་ཕྲག་གཅིག་ཏུ་བསྡུས། དེ་དག་ཀྱང་ཤན་འབྱེད་པ་ཁྲི་ཕྲག་བཞིར་བསྡུས། དེ་དག་ཀྱང་གེགས་ལྔ་བརྒྱ་དང་སྟོང་ཕྲག་གཉིས་སུ་བསྡུས། དེ་ཡང་གཟེར་བུ་བརྒྱད་ཅུ་རྩ་བདུན་དུ་བསྡུས། དེ་དག་ཀྱང་གནད་བསྡུས་པ་དང་། གནད་མཐོང་བ་དང་། གནད་ཤེས་ཀྱི་འཕྱོང་གསུམ་དུ་བསྡུས། དེ་ཡང་བཀའ་དང་བསྟན་བཅོས་གཉིས་སུ་བསྡུས། བསྟན་བཅོས་ལ་མང་ཡང་། རྒྱུད་དང་། ལུང་དང་། མན་ངག་གི་བསྟན་བཅོས་གསུམ་དུ་བསྡུས། མན་ངག་གི་བསྟན་བཅོས་ལའང་ཤིན་ཏུ་མང་ཡང་། རྩོད་པ་དང་། བསྒྲུབ་པ་དང་། དགོངས་པ་དང་། ལ་བཟླ་བ་ལྷུར་ལེན་པའི་བསྟན་བཅོས་དང་བཞིར་བསྡུས། ལ་བཟླ་བ་ལ་ཡང་། དགོངས་དོན་མན་ངག་གི་ལ་བཟླ་དང་། གནས་ལུགས་གཤིས་ཀྱི་ལ་བཟླ་དང་། གྲུབ་མཐའ་ཚིག་གི་ལ་བཟླ་དང་། འཁོར་འདས་གཉིས་མེད་དུ་ལ་བཟླ་དང་བཞིར་བསྡུས་སོ། །དེ་དག་ཐམས་ཅད་ཀྱང་གནད་སྤྲོ་བ་དང་། གེགས་བསྡམ་པ་དང་། ངོ་སྤྲད་པ་དང་། མངོན་སུམ་རང་གནད་ལ་དབབ་པ་དང་གསུམ་དུ་བསྡུས་སོ། །དེ་དག་གཅིག་ཏུ་བསྡོམས་པས་ཆོས་ཀྱི་སྤྱི་ཆིངས་གལ་པོ་ཆེ་ལེགས་པར་བཤད་ཟིན་ཏོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གྲུབ་པའི་མཐའ་རབ་ཏུ་དབྱེ་བ་སྟེ་རིམ་ཁང་བཞི་པའོ།། །།

རིམ་ཁང་ལྔ་པ། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ།

p. 123

དེ་ལྟར་ཆོས་ཀྱི་རྣམ་གྲངས་སྤྱིའི་ཚུལ་གཏན་ལ་ཕབ་ནས། ད་ནི་བླ་ན་མེད་པའི་ཐེག་པ་བྱེ་བྲག་ཏུ་བཤད་པ་ལ། ཤེས་བྱེད་རྒྱུད་སྡེའི་རང་བཞིན་དང་། དེ་ལས་བྱུང་བའི་གནས་ངེས་པ་གཉིས་ཀྱིས་རྟོགས་པར་

p. 124

བྱ་བ་ལས། རྒྱུད་སྡེའི་རང་བཞིན་ལ་གསུམ་སྟེ། རྒྱུད་ཀྱི་ཆིངས་མདོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པ། བཤད་ཐབས་ཀྱི་ཡན་ལག་ངེས་པའོ། །དང་པོ་ལ་དྲུག་སྟེ། རྒྱུད་ཀྱི་ངོ་བོ། ངེས་ཚིག །དབྱེ་བ། ལྡང་ཚད། དཔེ། འཐད་པའོ། །དང་པོ་རྒྱུད་ཀྱི་ངོ་བོ་ནི། རིག་པ་དང་དེ་གཏན་ལ་འབེབས་པའི་གནས་གསང་བ་ཆེན་པོ་བསྣན་དབྲི་མི་བཏུབ་ཅིང་ཐང་ཆོད་པའོ། །ངེས་ཚིག་ནི། རིགས་མཚོན་པའི་ཕྱིར་ན་རྒྱུད་དེ། གང་དང་གང་གི་རིགས་སུ་སྐྱེ་བར་བྱེད་པས་ན་རྒྱུད། ཐང་ཆོད་ཅིང་བར་མ་ཆད་ལ་བྲེང་ཆགས་པས་ན་རྒྱུད་དོ། །དབྱེ་ན་རང་བཞིན་དོན་གྱི་རྒྱུད་དང་། མཚོན་བྱེད་ཚིག་གི་རྒྱུད་གཉིས་ལས། དོན་གྱི་རྒྱུད་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བ་སྟེ། ཀུན་ལ་རྟག་པར་གནས་པས་ཀྱང་རྒྱུད་ལ། སངས་རྒྱས་ཀྱི་རིགས་ཡིན་པས་ཀྱང་རྒྱུད་ལ། སངས་རྒྱ་བའི་མཚན་ཉིད་འཛིན་པས་ཀྱང་རྒྱུད་དུ་གཞག་པའོ། །ཚིག་གི་རྒྱུད་ནི། དེ་ཉིད་མཚོན་པའི་གནས་མིང་ཚིག་ཡི་གེའི་རང་བཞིན་ལེའུ་ལ་སོགས་པས་བཅད་པ་སྟེ། བསྐྱེད་པའི་རིམ་པ་གཙོ་བོ་ཐབས་དང་། རྫོགས་རིམ་གཙོ་བོ་ཤེས་རབ་དང་། གཉིས་ཀ་ཆ་མཉམ་པ་གཉིས་སུ་མེད་པ་ཟུང་འཇུག་དང་། ཐམས་ཅད་ལས་འདས་པར་སྟོན་པ་རྫོགས་པ་ཆེན་པོའི་གནད་སྟོན་པ་རྣམས་སོ། །ལྡང་ཚད་ནི་བསྐྱེད་རིམ་གཙོ་ཆེ་བ་ལ་བཅུ་སྟེ། ཐོག་མ་གཞི་དབང་དང་དམ་ཚིག་གཉིས། ལྷ་དང་སྔགས་གཉིས། དཀྱིལ་འཁོར་དང་མཆོད་པ་གཉིས། ཏིང་ངེ་འཛིན་དང་སྤྱོད་པ་གཉིས། འཕྲིན་ལས་དང་ལྟ་བ་གཉིས་ཏེ་བཅུ་ཚང་ན་བསྐྱེད་པའི་རིམ་པ་གཙོ་བའི་རྒྱུད་དོ། །རྫོགས་རིམ་གྱི་ལྡང་ཚད་ལ། ལྟ་བ་དང་འབྲས་བུ་གཉིས། སྤྱོད་པ་དང་སྒོམ་པ་གཉིས། སེམས་དང་ཡེ་ཤེས་གཉིས། ཉམས་དང་གདམས་པ་གཉིས་ཏེ་བརྒྱད་པོ་དེ་ཚང་ན་རྫོགས་རིམ་གཙོ་བའི་ལྡང་ཚད་དོ། །ཟུང་འཇུག་གཉིས་སུ་མེད་པ་ལ། དེ་གཉིས་ཀ་ཚང་བར་དགོས་པས་བཅོ་བརྒྱད་དོ། །ཡོངས་སུ་རྫོགས་པ་ཆེན་པོ་ནི། བསྐྱེད་རྫོགས་གཉིས་ལས་རྫོགས་རིམ། རྫོགས་རིམ་ལ་ཆུང་ངུ་སྤྲོས་བཅས་རྩ་རླུང་ཐིག་ལེའི་

p. 125

རིམ་པ་སྟོན་པ་དང་། ཆེན་པོ་འོད་གསལ་ཡེ་ཤེས་ཀྱི་རིམ་པ་སྟོན་པ་གཉིས་ལས། ཆེན་པོ་སྟེ་དེའི་ལྡང་ཚད་འཇུག་པའི་སྒོ་དབང་དང་དམ་ཚིག་གཉིས། ལམ་དང་ལ་བཟླ་གཉིས། འབྲས་བུ་དང་ལྔ་ཚང་བའོ། །དཔེ་ནི་ཐགས་དང་འདྲ་སྟེ། རྒྱུ་སྤུན་མང་པོ་ལ་བརྟེན་ནས་རས་ཡུག་ཏུ་ལོངས་པ་ལྟར། ཚིག་ཐ་དད་པ་ལ་བརྟེན་ནས་དོན་གཅིག་ཏུ་སློངས་པའོ། །འཐད་པ་ནི་རང་ལ་གནས་པའི་རྒྱུད་དེ་མཚོན་པར་བྱེད་པས་ན། རྒྱུད་དུ་འཐད་པའོ། །དེ་ཡང་ཚིག་གི་གནད་ལ་བརྟེན་ནས་དོན་གྱི་གནས་ཕྱིན་ཅི་མ་ལོག་པ་གཏན་ལ་འབེབས་ཤིང་རྟོགས་པར་བྱེད་པས་ན་རྒྱུད་དུ་གཞག་པའོ། །གཉིས་པ་དེའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། དོན་གྱི་རྒྱུད་དང་ཚིག་གི་རྒྱུད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཐབས་ཀྱི་རྒྱུད་དང་། རང་བཞིན་གྱི་རྒྱུད་དོ། །དང་པོ་ནི། རིག་པ་དང་དེའི་དོན་ཉམས་སུ་ལེན་པའི་མན་ངག་རྣམས་སོ། །དབྱེ་ན་མཚོན་བྱ་ཐབས་ཀྱི་རྒྱུད་དང་། མཚོན་བྱེད་ཐབས་ཀྱི་རྒྱུད་གཉིས་ལས། དང་པོ་ལ་ངོ་བོ་ནི། འགྲོ་བ་ཀུན་ལ་ཁྱབ་པའི་རིག་པ་བྱང་ཆུབ་ཀྱི་སེམས་སོ། །ངེས་ཚིག་ནི་དེ་ཉིད་མཚོན་བྱའི་དོན་དང་རྟོགས་པའི་གཞི་དང་གྲོལ་བའི་ཐབས་ཡིན་པས། མཚོན་བྱ་ཐབས་ཀྱི་རྒྱུད་ཅེས་བྱའོ། །དབྱེ་ན། སྟོང་པ་དང་། གསལ་བ་གཉིས་ལས། སྟོང་པ་ནི་རིག་པའི་ངོ་བོ་ཐམས་ཅད་ལ་དངོས་པོ་དང་མཚན་མའི་ཆོས་ཀྱིས་སྟོང་པས་སྤྲོས་པའི་མཐའ་གྲོལ་ཆེན་པོར་ཡེ་ནས་གནས་པའོ། །གསལ་བ་ནི། དེ་ཡང་སྟོང་པ་ཕྱམ་ཆད་དུ་མ་སོང་བར་རང་འོད་ཡེ་ཤེས་ལྔའི་སྣང་བ་གསལ་བ་དང་། དྲོ་བ་དང་བསིལ་བ་དང་ཡང་བ་དང་། ཡངས་པའི་རང་བཞིན་གཙོ་ཆེན་གྱི་འབྱུང་བ་ལྔར་ཡེ་ནས་ལྷུན་གྱིས་གྲུབ་པ་དང་། ཐུགས་རྗེའི་གདངས་མ་འགགས་རྩལ་དུ་འཆར་བས་རིག་པ་ལ་ཡེ་ནས་ཁྱབ་པའོ། །དེ་ཡང་རིག་པ་གསལ་སྟོང་ཡེ་ཤེས་ཆེན་པོས་འགྲོ་བ་ཀུན་ལ་ཁྱབ་པ་ནི། མཚོན་བྱ་ཐབས་ཀྱི་རྒྱུད་ཅེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། སངས་རྒྱས་ཀུན་གྱི་ཐབས་ཀྱི་རྒྱུད། །གཞི་གཅིག་ངོ་བོའི་ཁྱད་པར་ལས། །མཚོན་

p. 126

བྱ་དང་ནི་མཚོན་བྱེད་དོ། །མཚོན་བྱ་རྒྱུད་གཅིག་ཀུན་ཁྱབ་པས། །ཐམས་ཅད་དེ་ཡི་རྗེས་སུ་འབྲེལ། །ཁྱབ་པ་རྣམ་པ་གཉིས་ཡིན་ཏེ། །སྟོང་པས་ཁྱབ་དང་གསལ་བས་ཁྱབ། །སྟོང་པ་རྒྱུ་གཅིག་དངོས་མེད་ཕྱིར། །དངོས་པོ་ཀུན་གྱི་ཆོས་ལས་འདས། །དངོས་ཏེ་སྣང་མེད་ཁྱབ་གཅིག་པས། །ཀུན་གྱི་གཞིར་གྱུར་ངོ་བོ་གཅིག །ཁྱབ་བདག་ཉིད་དུ་འུབ་ཆུབ་བོ། །སྐྱེ་མེད་དྲན་པ་ཟད་པ་ཡིས། །ངོ་བོ་ཉིད་ཀྱི་ཁྱད་པར་ལས། །སྟོང་ཞིང་སྣང་ལ་སྣང་ཞིང་སྟོང་། །དངོས་ཏེ་དངོས་མེད་ཉིད་ཀྱང་ཡིན། །ཟད་ཕྱིར་ཡེ་ནས་སྟོང་པར་གནས། །རྒྱུ་རྐྱེན་བྲལ་བས་སྟོང་པའི་ཡུལ། །ཁྱབ་གདལ་དངོས་མེད་ངོ་བོས་སྟོང་། །དྲི་མ་མེད་ཅིང་མ་འདྲེས་རྫོགས། །རྟོག་མེད་སྟོང་པའི་རང་བཞིན་ཏེ། །སྟོང་པས་ཁྱབ་ཕྱིར་རྒྱུད་ཅེས་སོ། །གསལ་ཏེ་རང་བཞིན་མ་འགགས་པ། །སྒྲོན་བྱེད་སྣང་དང་ཀུན་ཁྱབ་པས། །གསལ་དང་དྲོ་དང་བསིལ་བ་དང་། །ཡངས་ཤིང་གཡོ་བའི་བདག་ཉིད་འཛིན། །ཁྱབ་དང་ཡེ་གདངས་རང་གསལ་དང་། །གྲོལ་བྱེད་སྨིན་པའི་ས་བོན་ཉིད། །སྟོང་ལས་ལོག་ཕྱིར་གསལ་བས་ཁྱབ། །ཅིག་ཅར་བ་དང་རང་གྲོལ་དང་། །རང་ཤར་གསལ་བས་ལུས་དང་འབྲེལ། །དྲི་མ་མེད་དང་སོ་སོར་དངས། །འཛིན་མེད་གསལ་བའི་ཡུལ་སྣང་ལ། །སྒོ་ལྔའི་ཤེས་པ་རང་གསལ་རྫོགས། །ལུས་ལ་གསལ་བས་ཁྱབ་ཕྱིར་རྒྱུད། །ཅེས་སོ། །གཉིས་པ་མཚོན་བྱེད་ཐབས་ཀྱི་རྒྱུད་ལ་གསུམ་ལས། ངོ་བོ་ནི། མཚོན་བྱའི་དོན་རིག་པ་རྟོགས་པའི་ཐབས་ཀྱི་མན་ངག་དམ་པའོ། །ངེས་ཚིག་ནི། རང་ལ་གནས་པའི་རིག་པའི་ཡེ་ཤེས་མཚོན་པ་སྟེ། རྟོགས་པའི་ཐབས་སུ་ཉམས་ལེན་གྱི་གནད་དྲིལ་ནས་ཕྱོགས་གཅིག་ཏུ་བསྟན་པས་ན་མཚོན་བྱ་ཐབས་ཀྱི་རྒྱུད་ཅེས་བྱའོ། །སྤྱིར་བཤད་རྒྱུད་རྣམས་ཚིག་བརླིང་ལ་གོ་དཀའ་བ་ཡིན་ལ། མན་ངག་གི་རྒྱུད་རྣམས་ཚིག་གསལ་ལ་གོ་བར་སླ་བ་ལས། རྫོགས་པ་ཆེན་པོའི་རྒྱུད་རྣམས་མན་ངག་གི་རྒྱུད་ཅེས་བྱ་བ་ཡིན་ནོ། །དབྱེ་ན། འབད་མེད་ཡེ་གྲོལ་དུ་བསྟན་པ་དང་། འབད་བཅས་རིམ་པས་བསྟན་

p. 127

པ་གཉིས་ལས། དང་པོ་ནི། གཞི་ཁྲེགས་ཆོད་དེ། དབང་པོ་ཅིག་ཅར་བ་རྣམས་ཀྱི་རིམ་པས། ཡེ་ནས་གྲོལ་བས་བསྐྱར་གཞི་མེད་པ་ལ་སོགས་པའོ། །གཉིས་པ་ནི་ལམ་ཐོད་རྒལ་ཏེ་དབང་པོ་རིམ་གྱིས་པ་རྣམས་རྩ་རླུང་གི་གནད་བསྟུན་ནས་གྲོལ་བར་བྱེད་པ་སྟེ། སྔོན་འགྲོ་གསུམ་དང་རྣལ་དུ་དབབ་པ་ལ་སོགས་པས་མངོན་སུམ་རང་གནད་ལ་འབེབས་པའི་བར་དུ་བྱས་ཏེ། ལུས་གནད་དང་། སྒོའི་གནད་དང་། ཡུལ་གྱི་གནད་དང་། རླུང་རིག་གི་གནད་བསྟུན་ནས་ཉམས་སུ་བླངས་པས། སྣང་བ་བཞི་ཚད་དུ་ཕྱིན་ཏེ་གྲོལ་བར་བསྟན་པ་ནི། ཡང་དེ་ཉིད་ལས། དེ་དག་མངོན་པར་རྟོགས་པ་ནི། །ཐབས་ཞེས་ཁྱད་པར་ཉིད་ཀྱང་ངོ་། །གང་ཟག་བློ་ཡི་བྱེ་བྲག་གིས། །རིམ་པ་ཇི་ལྟར་བཤད་པར་བྱ། །འབད་རྩོལ་མེད་པས་རང་གྲོལ་དང་། །འབད་བཅས་ཉམས་སུ་བླང་བྱའོ། །འབད་མེད་རྣམས་ནི་རང་དག་ཡིན། །གནད་ནི་རྣམ་པ་གསུམ་དག་གིས། །དེ་ཡི་དོན་ནི་ཉམས་སུ་བླང་། །ལུས་དང་སྒོ་དང་ཡུལ་ཉིད་དོ། །ལུས་ཀྱི་གནད་ནི་འདི་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་ཚུལ། །དྲང་སྲོང་ལྟ་བུར་ཤེས་པར་བྱ། །སྒོ་ནི་དེ་ཉིད་མ་འགུལ་དང་། །གསལ་བྱེད་རྣམ་གཉིས་མ་འགུལ་བས། །ནམ་མཁའ་ཉིད་ཀྱང་འགུལ་བ་མེད། །ཡུལ་གྱི་གནད་ཀྱང་རྣམ་པ་གསུམ། །དག་པའི་དབྱིངས་ནི་སྡོད་པ་དང་། །དེ་བཞིན་རིག་པའི་ངོ་བོ་སྡོད། །སྣང་བ་ཐམས་ཅད་སྡོད་པའོ། །ཡིད་ནི་འགྱུར་མེད་རང་སར་གནས། །སེམས་ནི་འགྱུར་མེད་དྲན་སངས་ལ། །རིག་པ་མི་འགྱུར་སྐུ་གསུམ་གསལ། །ཡིད་སེམས་དལ་བས་དྲན་རྒྱུན་འགག །ལུས་ངག་དལ་བས་སྡུག་བསྔལ་བྲལ། །རིག་པ་དལ་བས་སྐུ་ལྔ་ཤར། །རིག་པ་ཤར་བས་འབྱུང་རྐྱེན་འགགས། །དབྱིངས་རིག་ཤར་བས་ཡུལ་སེམས་འགགས། །དེ་ལྟར་མཚོན་བྱེད་ཐབས་ཀྱི་རྒྱུད། །རང་གི་རྒྱུད་ལ་མ་བསྐྱེད་རྫོགས། །མཚོན་པར་བྱེད་པས་ཐབས་ཡིན་ཏེ། །རྒྱུན་དུ་གནས་པས་རྒྱུད་ཅེས་བྱ། །ཞེས་སོ། །གཉིས་པ་རང་བཞིན་གྱི་རྒྱུད་ནི། གཞི་ལམ་འབྲས་

p. 128

བུའི་དོན་ཏེ། དེ་ཉིད་ལས། གཞི་དང་ལམ་དང་འབྲས་བུ་ཡིས། །གཟུང་བར་ངེས་པས་རང་བཞིན་རྒྱུད། །ཅེས་སོ། །འདི་ལ་ངོ་བོ་ནི། སྟོང་གསལ་རིག་པའི་ངོ་བོ་གཞི་ལམ་འབྲས་བུས་བསྡུས་པའོ། །ངེས་ཚིག་ནི་ཀུན་ལ་ཁྱབ་པ་དང་སངས་རྒྱས་བསྒྲུབ་པའི་རང་བཞིན་ཡིན་པས་རང་བཞིན་གྱི་རྒྱུད་ཅེས་བྱའོ། །དབྱེ་ན། གཞི་དང་། སྙིང་པོ་དང་། བཅུད་རང་བཞིན་གྱི་རྒྱུད་དང་གསུམ་མོ། །གཞི་རང་བཞིན་གྱི་རྒྱུད་ནི་ཐོག་མའི་ཀ་དག་གི་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །དེ་ཡང་ངོ་བོ་ཀ་ནས་དག་པས་མ་རིག་པའི་མིང་མེད་དེ། འཁྲུལ་པ་བཏགས་པ་ཙམ་དུ་ཡང་ཡོད་མ་མྱོང་། རང་བཞིན་ལྷུན་གྱིས་གྲུབ་པས་རིག་པ་འོད་དུ་གསལ། ཐུགས་རྗེ་ཀུན་ལ་ཁྱབ་པས་འཆར་བྱེད་གོ་མ་འགགས་ཤིང་། འཁོར་འདས་གང་ཡང་འབྱུང་བའི་དབྱིངས་སུ་གནས་པའོ། །སྙིང་པོ་རང་བཞིན་གྱི་རྒྱུད་ནི། ཡེ་ཤེས་སུམ་བརྩེགས་སྙིང་གར་སྙིང་པོའི་ཚུལ་དུ་བྱུང་བ་གཞི་རང་བཞིན་རྒྱུད་དེའི་རྩལ་གཞི་སྣང་མིག་ནས་སྒྲོན་མ་བཞིར་ཤར་བས། ལམ་སྣང་བ་བཞི་དངོས་སུ་མཐོང་བའོ། །བཅུད་རང་བཞིན་གྱི་རྒྱུད་ནི། རིག་པའི་སྣང་བ་ཉམས་སུ་བླངས་པའི་འབྲས་བུ་སྨིན་པའོ། །དེ་ཡང་ངོ་བོ་སྟོང་པ་ཡིན་པས་མཚན་མ་རིས་ཅན་དུ་མ་སོང་། རྟག་པ་མཐར་འཛིན་མ་ཡིན་པས་དངོས་པོ་རྫས་སུ་གྲུབ་པ་མེད། སྟོང་པ་རང་སྣང་དུ་ཤར་བས་ཆད་པ་ཕྱམ་ཆད་མ་ཡིན། སྟོང་གསལ་དབྱེར་མི་ཕྱེད་དེ་ཉིད་རིག་པའི་བཅུད་ཡིན་ལ། དེ་ཡང་ཚད་དུ་སྨིན་པས་བཅུད་དུ་འདྲིལ་བ་ཞེས་བྱའོ། །དྭངས་མ་གསུམ་དང་། གསལ་བ་གསུམ་ལ་སོགས་པ་སྐུ་གསུམ་ལམ་སྣང་གི་ཆོས་མཐར་ཕྱིན་པ་རྣམས་ཏེ། མཁྱེན་པ་ཕྱོགས་མེད་དུ་གསལ་བས་སྟོང་པ་ཕྱམ་ཆད་མ་ཡིན། དངོས་པོ་མཚན་མར་མེད་པས་གསལ་བ་རིས་ཅན་མ་ཡིན། རང་རིག་དོན་དམ་ཡིན་པས་དེ་གསུམ་དབྱེར་མེད། རྟག་ཆད་མུ་བཞི་ལས་གྲོལ་བས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །དེ་ལ་གསལ་བ་གསུམ་ནི། ཕྱི་ཡུལ་ལ་སྣང་བའི་དུས་ན། རིག་པ་ལས་སྐུར་གསལ་

p. 129

དབྱིངས་ལས་ཁ་དོག་ཏུ་གསལ། ནམ་མཁའ་ལ་དབྱིངས་རིག་འདུ་འབྲལ་མེད་པར་གསལ་བའོ། །གདང་གསུམ་ནི། དེ་ལྟར་ཤར་བ་ལ་ཡིད་ཆེས་པ་ལྟ་བའི་གདང་། སྣ་ཟིན་པ་ཡུལ་གྱི་གདང་། འཁྲུལ་པ་འགགས་པ་ཐག་ཆོད་པའི་གདང་ངོ་། །མི་ལྡོག་པ་གསུམ་ནི། དེའི་ཚེ་འཁོར་བ་ཉིད་ཡེ་ནས་སངས་རྒྱས་སུ་ཤེས་པས། རིག་པ་ལ་རྒྱུ་མེད་པས་མི་ལྡོག །རིག་པའི་སྐུ་མངོན་པར་སྣང་བས་འཁྲུལ་སྣང་དག་སྣང་དུ་གྲོལ་བས་སྣང་བ་མི་ལྡོག །ཆོས་ཉིད་དེ་སྣ་ཚོགས་སུ་སྣང་བས། དེ་ལ་རྟོགས་པའི་གདེང་རྙེད་དེ་མི་ལྡོག་པའོ། །སྣང་བ་གསུམ་ནི། དབྱིངས་ལ་ཉིན་མཚན་མེད་པར་སྣང་བ། རིག་པ་གསལ་འགྲིབ་མེད་པར་སྣང་བ། ཆོས་ཉིད་ལ་འཕོ་འགྱུར་མེད་པར་སྣང་བའོ། །དེ་ལྟར་གྲོལ་བས་འཁྲུལ་པའི་སྣང་བ་རང་དག་པས་འཁོར་རྒྱུ་མེད། དེ་ཉིད་དག་པའི་སྣང་བར་རང་ཤར་བས་འཁོར་རྐྱེན་རང་འགགས། འདིར་མ་ཆོད་ཀྱང་ཆོས་ཉིད་བར་དོའི་སྣང་བར་ཆོད་པས་འཁོར་བའི་འབྲས་བུ་རང་ཡལ་བའོ། །སྟོང་པ་གསུམ་ནི་འདིའི་དུས་ན། རིག་པ་ལ་བཟླ་མེད་པས་འཁྲུལ་པ་སྟོངས། སེམས་ལ་རྐྱེན་མེད་པས་རྣམ་རྟོག་གི་དྲི་མ་སྟོང་། འོད་ལ་འགྲོ་འོང་མེད་པས་འབྱུང་བའི་རྐྱེན་སྟོངས་པའོ། །དེ་ལྟར་ན་གཞི་དང་སྙིང་པོ་མེ་ཏོག་གི་རྒྱུད་ཅེས་སོ་སོར་བསྟན་ཡང་། ལྡོག་པའི་དབྱེ་བ་ཙམ་ལས་ངོ་བོ་གཅིག་པའོ། །འདི་གསུམ་རྒྱུད་དུ་ཅིས་འགྲོ་ན། དངོས་པོའི་གནས་ལུགས་ལ་གཞིའི་རྒྱུད་དུ་བསྟན་པ་ནི། སངས་རྒྱས་སེམས་ཅན་ཐམས་ཅད་དེ་ལས་སྐྱེས་པས་ན་ཕྱི་མོའི་རྒྱུད་ཅེས་པའམ་གཞིའི་རྒྱུད་ཅེས་འཐད་དེ། རྟོགས་པས་སངས་རྒྱས་ཀྱི་རྒྱུད་དུ་བསྙེགས་ལ། མ་རྟོགས་པས་སེམས་ཅན་གྱི་རྒྱུད་དུ་བསྙེགས་པའི་ཕྱིར་ཡང་རྒྱུད་དེ་ཉིད་གཞིར་བྱས་པས་གཞིའི་རྒྱུད་དུ་འཐད་དོ། །ཐབས་ཀྱི་རྒྱུད་ཀྱང་འདིའི་ཆ་ཡིན་ཏེ། དོན་དེ་ཉིད་མཚོན་བྱའི་གཞི་ཡིན་པས་མཚོན་བྱ་ཐབས་ཀྱི་རྒྱུད་དུ་བྱུང་སྟེ། གཞི་རིག་པ་ལ་མ་བརྟེན་པའི་སངས་རྒྱས་སེམས་ཅན་གང་ཡང་མེད་པས།

p. 130

དེ་གཉིས་ཀྱི་རྒྱུད་འཛིན་པས་རྒྱུད་ལ། དེ་ཉིད་ཁོང་དུ་ཆུད་པ་ལ་བརྟེན་ནས་དོན་རྟོགས་པ་ནི་དེའི་དགོས་པ་ཡིན་ལ། རྟོགས་ནས་གྲོལ་བ་ནི་དེའི་ཉིང་དགོས་འབྲས་བུ་ཡིན་ནོ། །དེ་ལྟ་བུའི་དོན་དེ་མཚོན་བྱེད་བླ་མའི་མན་ངག་གིས་མ་མཚོན་ན་མི་རྟོགས། མཚོན་ན་རྟོགས་པས་མཚོན་ཚུལ་དེ་ལ་མཚོན་བྱེད་ཐབས་ཀྱི་རྒྱུད་ཅེས་བྱ་སྟེ། ཐབས་དེ་གཅིག་ནས་གཅིག་ཏུ་བརྒྱུད་པས་ཐབས་མཚོན་བྱེད་ཅེས་བྱའོ། །མཚོན་པས་རིག་པ་མཐོང་བ་དགོས་པ་ལ་གྲོལ་བ་ཉིང་དགོས་སོ། །དོན་དེ་གང་དུའང་མ་གྲུབ་པའི་ཕྱིར་རྒྱུད་མེད་དོ་སྙམ་ན་མ་ཡིན་ཏེ། དེ་ལས་ལོགས་པའི་རིག་པའི་རྒྱུད་མེད་པས་ན་དོན་གྱི་རྒྱུད་ཅེས་བཏགས་ནས་བཞག་པ་འཐད་པ་ཡིན་ནོ། །སྙིང་པོ་རང་བཞིན་གྱི་རྒྱུད་ནི་རིག་པ་སྟེ། རིག་པའི་ཆོས་ཉིད་མངོན་སུམ་དུ་མཐོང་བས་འདས་པའི་རྒྱུད་འཛིན་པས་རྒྱུད་ལ། བླ་མའི་མན་ངག་མེད་ན་མི་མཐོང་བས་འཁོར་བར་བརྒྱུད་པའི་ཕྱིར་རྒྱུད་དོ། །མེ་ཏོག་རང་བཞིན་གྱི་རྒྱུད་ནི། སྒྲོན་མ་བཞི་པོ་སུས་མཐོང་ཞིང་རྟོགས་པ་ཆོས་ཉིད་མངོན་སུམ་གྱི་རིགས་ཡིན་པས་ན་མེ་ཏོག་གི་རྒྱུད་ཡིན་ལ། དེ་མ་མཐོང་བས་ལས་དང་ཉོན་མོངས་པའི་རིགས་སུ་བརྒྱུད་པས་ཀྱང་རྒྱུད་དོ། །བཅུད་རང་བཞིན་གྱི་རྒྱུད་ནི། དེ་ཉིད་ཉམས་སུ་བླངས་པ་ལས་སྙིང་པོ་བཅུད་དུ་འདྲིལ་བ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་སྣང་བ་མཐོང་བས་ཁམས་གསུམ་དུ་མི་འཇུག་པའི་ཕྱིར་ན་རྒྱུད་དོ། །དེ་ཡང་དབྱིངས་རིག་འདུ་འབྲལ་མེད་པའི་བཅུད་འདི་ནི་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་ལས་གཞན་ནས་ཀྱང་བཤད་པ་ཡོད་དེ། གསེར་གྱི་མེ་ཏོག་གི་སྙིང་པོའི་རྒྱུད་ལས། སངས་རྒྱས་རྣམས་ཀྱི་བཅུད་བསྡུས་ནས། །འགྲོ་བ་ཀུན་གྱི་སྙིང་ལ་བཅུག །དེ་ཡི་སྙིང་པོ་ལུ་གུ་རྒྱུད། །དྭངས་མ་བསྡུས་པས་བཅུད་ཅེས་བྱ། །ཞེས་པ་དང་། བརྩོན་པ་དོན་ལྡན་གྱི་རྒྱུད་ལས། བསྟན་པ་ཀུན་གྱི་ཡང་བཅུད་ནི། །ཆོས་ཉིད་མངོན་སུམ་ལམ་ཞེས་བྱ། །ཞེས་པ་དང་། རྡོ་རྗེ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་དང་སྙིང་པོ་མེ་ཏོག་ནི། །སངས་རྒྱས་ཀུན་གྱི་རང་བཞིན་རྒྱུད། །ཁྱད་པར་

p. 131

གསང་མཆོག་བཅུད་དུ་དྲིལ། །འདིས་ནི་འཁོར་བའི་ཕ་རོལ་ཏུ། །སྐྱེས་བུས་མདའ་འཕངས་ཇི་བཞིན་ནོ། །ཞེས་པ་དང་། གསེར་འོད་དམ་པ་ལས། གཞི་དང་རང་བཞིན་ཐབས་དག་ལ། །བརྟེན་ནས་སངས་རྒྱས་ཞིང་དུ་ཡང་། །ཚེགས་མེད་སླ་ཕྱིར་རྒྱུད་དུ་གཞག །ཅེས་སོ། །དེ་ལྟར་ན་འདི་དག་གི་དོན་ངེས་པ་ནི། མུ་ཏིག་ཕྲེང་བ་ལས། རང་བཞིན་རྒྱུད་ནི་འདི་ལྟ་སྟེ། །གཞི་དང་སྙིང་པོ་བཅུད་ཉིད་དོ། །གཞི་ནི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་ཀུན་ལ་ཁྱབ་ཅིང་འཆར། །ཡེ་ཤེས་གསུམ་གྱི་བདག་ཉིད་ཅན། །ཡེ་ནས་དྲི་མ་ཀ་ནས་དག །འདུ་འབྲལ་མེད་པའི་ཉག་གཅིག་ཉིད། །སངས་རྒྱས་རྣམས་ཀྱི་གསང་ཆེན་ཡིན། །སྐུ་ནི་སྙིང་པོ་རྫོགས་པའི་རིག །སྐུ་ཡི་རྒྱུད་ནི་སྟོང་པས་ཁྱབ། །གསལ་བ་ཉིད་ཀྱང་རང་སྣང་ངོ་། །མི་སྣང་གསལ་བའི་རང་བཞིན་ཅན། །སྙིང་པོ་རྫོགས་པའི་རང་བཞིན་རྒྱུད། །སྣང་བ་ཐམས་ཅད་རྒྱུད་ཡིན་ཏེ། །ཐམས་ཅད་ཐམས་ཅད་འབྲེལ་ཞིང་ཆགས། །རང་བཞིན་ཙིཏྟའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པས་སྙིང་པོ་ཆེ། །དེ་ཕྱིར་དྲིལ་བས་སྙིང་པོ་སྟེ། །ཀུན་གྱི་སྲོག་ཏུ་གྱུར་པའི་ཕྱིར། །སྙིང་པོའི་རྒྱུད་ཅེས་རྣམ་པར་བཤད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །ངོ་བོ་ཐམས་ཅད་བཅུད་ཕྱུང་བའི། །སྙིང་པོ་བསྡུས་པས་བཅུད་ཅེས་ཏེ། །སྟོང་གསལ་རིག་པའི་བཅུད་དུ་དྲིལ། །སངས་རྒྱས་ཀུན་གྱི་བདེ་གསང་ཆེ། །གཞི་དང་སྙིང་པོ་མེ་ཏོག་ཅན། །རང་རིག་རྣམས་ཀྱི་ངོ་བོ་ཉིད། །རྫོགས་པ་ཆེན་པོའི་བཅུད་ཅེས་ནི། །རྒྱུད་གཞན་ལས་ཀྱང་རབ་ཏུ་གྲགས། །གསང་བའི་རྒྱུད་ནི་རྣམ་བཤད་པ། །ངེས་པས་གཟུང་དུ་ཡོད་པའི་ལུང་། །རང་བཞིན་སྟོང་པས་ཀུན་ཁྱབ་བོ། །དེ་ཡང་བཅུད་ཀྱི་རང་བཞིན་ནི། །སྙིང་པོ་བསྡུས་པས་དྭངས་མ་གསུམ། །གསལ་བ་གསུམ་དང་ཤེས་པས་ཁྱབ། །གདེང་གསུམ་མི་ལྡོག་གསུམ་གྱིས་ནི། །བཅུད་མི་འགྱུར་བའི་ངེས་པ་ཐོབ། །སྣང་བ་གསུམ་དང་སྟོངས་པ་གསུམ། །བཅུད་ནི་རང་བཞིན་དག་པ་ཡི། །རྒྱུད་

p. 132

དུ་གཏན་ལ་ཕབ་པའོ། །གཞི་དང་ལམ་དང་འབྲས་བུ་ཡིས། །གཟུང་བར་ངེས་པས་རང་བཞིན་རྒྱུད། །དེ་ཕྱིར་རྒྱུད་ཅེས་འགྲེལ་པས་གྲུབ། །རང་བཞིན་བབས་ཀྱིས་གྲུབ་པས་ན། །རང་བཞིན་ཉིད་ཀྱི་རྒྱུད་ཅེས་བྱའོ། །ཞེས་སོ། །དེ་ལྟར་གཞི་རིག་པ་གཅིག་གི་རང་བཞིན་ལས། མཚོན་བྱ་དང་མཆོན་བྱེད་ཐབས་ཀྱི་རྒྱུད་གཉིས། རང་བཞིན་ལས་གཞི་དང་སྙིང་པོ། བཅུད་གསུམ་སྟེ་མིང་ཐ་དད་པ་ལྔར་བརྗོད་ཀྱང་། དོན་ངོ་བོ་གཅིག་ལས་མ་འདས་ཏེ། དེ་ཉིད་ལས། གཞི་གཅིག་ངོ་བོའི་ཁྱད་པར་ལས། །ཐབས་དང་རང་བཞིན་རྒྱུད་ཅེས་ནི། །བཏགས་པ་ཙམ་དུ་དེ་སྣང་ཡང་། །ངོ་བོ་གཞི་གཅིག་རང་བཞིན་སྟོང་། །ཐ་དད་མ་ཡིན་འགྱུར་བ་མེད། །དཔེར་ན་སྐྱེས་བུ་གང་ཞིག་ལ། །མིང་ནི་མང་པོ་ཡོད་གྱུར་ན། །གང་ནས་བོས་ཀྱང་དེ་ལྟར་སྣང་། །འགྱུར་མེད་དོན་ཀྱང་དེ་བཞིན་ནོ། །ཞེས་སོ། །གཉིས་པ་ཚིག་གི་རྒྱུད་རྒྱས་པར་བཤད་པ་ལ་གསུམ་སྟེ། རྣམ་གྲངས་མདོར་བསྟན་པ། དགོས་ཆེད་རྒྱས་པར་བཤད་པ། གོ་རིམ་ངེས་པས་མཇུག་བསྡུ་བའོ། །དང་པོ་ནི། བརྗོད་བྱ་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བར་སྟོན་པ་རིག་པ་རང་ཤར་གྱི་རྒྱུད། ཉི་མ་ལྟར་གསལ་བར་སྟོན་པ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད། ཐེག་པ་འོག་མ་རྣམས་ཟིལ་གྱིས་གནོན་པར་སྟོན་པ་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད། མི་འགྱུར་བའི་ཆོས་ཉིད་སྟོན་པ་རི་རྒྱལ་ལྟ་བུའི་རྒྱུད་དཔལ་ཡི་གེ་མེད་པ། འཁྲུལ་པའི་འཁོར་ལོ་གཅོད་པར་སྟོན་པ་འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། སྡེ་སྣོད་ཀུན་གྱི་སྒོ་འབྱེད་པར་སྟོན་པས་ལྡེ་མིག་ལྟ་བུའི་རྒྱུད་སྒྲ་ཐལ་འགྱུར། གོལ་ས་གཅོད་པར་སྟོན་པ་རལ་གྲི་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། སྒྲོན་མའི་སྣང་བ་སྟོན་པར་བྱེད་པས་གསལ་ཤིང་ལྟ་བུའི་རྒྱུད་སྒྲོན་མ་འབར་བ། ཚིག་དོན་གསེར་ལ་གཡུས་སྤྲས་པ་ལྟར་སྟོན་པས་གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་འཕྲ་བཀོད། ཡིད་ཆེས་ངེས་པའི་ཚིག་གིས་བར་མ་དོ་ལ་གསལ་འདེབས་པས་མ་བུ་འབྲེལ་པ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། མེ་ལོང་གི་ནང་དུ་

p. 133

གཟུགས་བརྙན་བསྟན་པ་ལྟ་བུར་དཔེ་དོན་སྦྱར་ཏེ་སྟོན་པས་མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ། མུ་ཏིག་གི་ཕྲེང་བ་རྒྱུད་ལེགས་པ་ལྟར་མན་ངག་ཁྲིགས་ཆགས་སུ་སྟོན་པ་མུ་ཏིག་ཕྲེང་བའི་རྒྱུད། སྦྲུལ་གྱི་མདུད་པ་ལྟར་གཞུང་ཚིག་རང་གྲོལ་དུ་སྟོན་པ་སྦྲུལ་མདུད་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ཁྱུང་ཆེན་པོ་ནམ་མཁའ་ལ་རྩོལ་སྒྲུབ་མེད་པར་འགྲོ་བ་ལྟ་བུ་ལྟ་བའི་རྒྱུད། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། དབང་དང་བྱིན་རླབས་ཆུ་བོའི་རྒྱུན་བཞིན་སྟོན་པས་ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་། རྒྱལ་པོའི་གདུང་མི་འགྱུར་བས་རྒྱལ་ས་ཟིན་པ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ། ཕྱུག་པོའི་བང་མཛོད་གང་འདོད་འབྱུང་བ་ལྟ་བུའི་རྒྱུད་རིན་པོ་ཆེ་སྤུངས་པ། སྤུ་གྲི་ངར་མས་གང་ལ་རེག་པ་གཅོད་པ་ལྟར་འགལ་བྱེད་ཆམ་ལ་འབེབས་པས་སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ་དང་བཅོ་བརྒྱད་དོ། །དེའང་ནག་མོ་ཁྲོས་མ་ནི་བསྟན་པ་བསྲུང་བའི་ཕྱིར་རྒྱུད་ནས་འཕྲོས་པ་ཡིན་ལ། གཞན་བཅུ་དྲུག་སྒྲ་ཐལ་འགྱུར་གྱི་རྩ་བ་ལས་འཕྲོས་པ་ཡིན་ཏེ། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། འོད་ཀྱི་ཡང་ཞུན་བཅུ་བདུན་བཤད། །རང་ཤར་བ་དང་རང་གྲོལ་དང་། །རང་བྱུང་ཉིད་དང་རྩལ་རྫོགས་དང་། །མཛེས་ལྡན་དག་དང་འཕྲ་བཀོད་དང་། །མུ་ཏིག་ཕྲེང་དང་ཡི་གེ་མེད། །དབྱིངས་དང་ཐུགས་ཀྱི་མེ་ལོང་དང་། །ཉི་ཟླ་ཁ་སྦྱོར་ངོ་སྤྲོད་སྤྲས། །སྐུ་གདུང་འབར་དང་རིན་ཆེན་སྤུངས། །སྒྲོན་མ་འབར་དང་ཀློང་ཆེན་དྲུག །དེ་ལྟར་བཅུ་དྲུག་རིམ་པ་རྣམས། །ཐལ་འགྱུར་ལས་ནི་ངེས་འཕྲོས་ནས། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །དེ་དག་གི་གནས་ངེས་པ་ནི། མུ་ཏིག་ཕྲེང་བ་ལས། ཚིག་རྒྱུད་རིམ་པས་གསལ་བར་དབྱེ། །སྤྲོས་པ་གཅོད་ཕྱིར་འཁོར་བ་ཡི། །དོན་རྣམས་རྒྱུད་ཀྱིས་གྲོལ་བར་འགྱུར། །རྒྱ་མཚོ་དང་ནི་ཉི་མ་དང་། །སེང་གེ་དང་ནི་རི་རྒྱལ་དང་། །འཁོར་ལོ་དང་ནི་ལྡེ་མིག་དང་། །རལ་གྲི་དང་ནི་གསལ་ཤིང་དང་། །གསེར་ཞུན་དང་ནི་མ་བུ་འབྲེལ། །མེ་ལོང་དང་ནི་མུ་ཏིག་རྒྱུས། །སྦྲུལ་མདུད་དང་ནི་ཁྱུང་ཆེན་དང་། །ཆུ་རྒྱུན་དང་

p. 134

ནི་སྤུ་གྲི་དང་། །རྒྱལ་པོ་དང་ནི་བང་མཛོད་དང་། །དེ་ལྟར་རྣམ་པར་ཕྱེ་བས་ནི། །ཚིག་རྒྱུད་གསལ་བར་ཕྱེ་བའོ། །ཞེས་སོ། །གཉིས་པ་དགོས་ཆེད་རྒྱས་པར་བཤད་པ་ལ་སྡེ་ཚན་བཅུ་གཅིག་ལས། སྡེ་ཚན་དང་པོ་རྒྱུད་ཀྱི་སྙིང་པོ་གསུམ་ནི། རིག་པ་རང་ཤར། རང་གྲོལ། ཡི་གེ་མེད་པ་གསུམ་སྟེ། འདི་དག་གསུམ་ཤེས་ན་རྒྱལ་པོ་དམངས་ལ་དབང་བསྒྱུར་བ་ལྟར། རྒྱུད་སྤྱིའི་དོན་ལ་དབང་བསྒྱུར་བའོ། །དེ་ཡང་ཡི་གེ་མེད་པས་རྒྱུད་སྤྱིའི་མན་ངག་སྟོན། དེ་ལ་བློན་པོས་ཁ་ལོ་བསྒྱུར་བ་དང་འདྲ་བ། རང་ཤར་གྱིས་ལྟ་སྒོམ་སྤྱོད་པའི་གཞི་འཛིན། འབངས་ཀྱིས་གཡོག་དང་དཔྱ་ལ་སོགས་བྱེད་པ་ལྟར། རང་གྲོལ་གྱིས་དེ་ཉིད་ཀྱི་དོན་འགྲོལ་བའོ། །དེ་གསུམ་འཛོམ་པས་རྒྱལ་ཁམས་ལ་མངའ་བསྒྱུར་བ་ལྟར། རྒྱུད་སྡེ་ཀུན་ལ་དབང་བསྒྱུར་བའོ། །གཉིས་པ་རྒྱུད་ཀྱི་དྭངས་མ་གསུམ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། ནོར་བུ་འཕྲ་བཀོད་གསུམ་སྟེ། འདི་གསུམ་ཤེས་ན་རི་གསུམ་གྱི་རྩེར་ཕྱིན་པས། དམའ་བའི་ལུང་པ་རྣམས་མཐོང་བ་ལྟར་རྒྱུད་སྡེ་ཀུན་གྱི་ཁོང་དོན་ཤེས་པའི་དགོས་པ་ཡོད་དོ། །གསུམ་པ་རྒྱུད་ཀྱི་མེ་ཏོག་གསུམ་ནི། མུ་ཏིག་ཕྲེང་བ། བཀྲ་ཤིས་མཛེས་ལྡན། སེང་གེ་རྩལ་རྫོགས་ཏེ། འདི་གསུམ་ཤེས་ན་ནམ་མཁའ་ལ་ཉི་མ་གསུམ་ཤར་བས་འཇིག་རྟེན་གྱི་མུན་པ་སངས་པ་ལྟར། རྒྱུད་ཀྱི་དོན་དང་ཚིག་ལ་རྨོངས་པ་མེད་པར་རྟོགས་པའི་དགོས་པ་ཡོད་དོ། །བཞི་པ་རྒྱུད་ཀུན་གྱི་སྡོམ་ནི། རྫོགས་པ་རང་བྱུང་སྟེ། མཁར་གྱི་རྨང་འགྲམ་ལེགས་པར་ཚུད་ན་སྟེང་དུ་ཐོག་རིམ་པ་མང་པོ་བརྩིགས་བཏུབ་པ་ལྟར། དབང་དང་ལྡན་པས་ཐར་པའི་གཞི་ཐིངས་པར་ཤེས་པའི་དགོས་པ་ཡོད་དོ། །ལྔ་པ་རྒྱུད་ཀྱི་སྣང་བ་གཏིང་རྫོགས་ནི། ངོ་སྤྲོད་སྤྲས་པ་སྟེ་མཁར་རྩེ་མོར་འབྱངས་ནས་དམག་གིས་མི་ཚུགས་པ་ལྟར་འཁོར་བའི་གནས་ལ་མི་འཇིགས་པའི་དགོས་པ་ཡོད་དོ། །དྲུག་པ་ཡེ་ཤེས་གཡུལ་ལྡོག་གི་རྒྱུད་ནི། ཉི་ཟླ་ཁ་སྦྱོར་ཏེ། བར་དོར་འཁྲུལ་པ་ལྡོག་པའི་དགོས་པ་ཡོད་དོ། །བདུན་པ་ཡན་ལག་གི་རྒྱུད་གཉིས་ནི། རིན་པོ་ཆེ་སྤུངས་པ་དང་། སྐུ་གདུང་

p. 135

འབར་བ་སྟེ། མཁར་ལ་བ་གམ་བཏགས་པ་ལྟར། ཡེ་ཤེས་རང་སྣང་དུ་རྟོགས་པས་རབ་ཏུ་མཛེས་པའི་དགོས་པ་ཡོད་དོ། །བརྒྱད་པ་རྣལ་འབྱོར་གྲོལ་བའི་རྒྱུད་ནི། སྒྲོན་མ་འབར་བ་སྟེ། རྒྱལ་པོ་ཕོ་བྲང་གི་རྩེར་བཞུགས་ན་འདོད་དགུ་འགྲུབ་པ་ལྟར། འདི་ཤེས་པས་དོན་རྣམས་འགྲུབ་པའི་དགོས་པ་ཡོད་དོ། །དགུ་པ་སྙིང་དང་འདྲ་བ་ནི། ཀློང་དྲུག་པ་སྟེ། སྒོ་བསྡམས་པས་དགྲ་རྐུན་གྱིས་གླགས་མི་ཐོང་བ་ལྟར། ལྟ་བ་རྟོགས་པས་གོལ་སྒྲིབ་དང་བར་ཆོད་མེད་པའི་དགོས་པ་ཡོད་དོ། །བཅུ་པ་གསང་བ་རང་གཞུང་ནི། ཐ་མ་ལྕགས་རིས་བསྐོར་བ་ལྟར་དོགས་པ་ཐམས་ཅད་གཅོད་པ་སྒྲ་ཐལ་འགྱུར་རོ། །བཅུ་གཅིག་པ་མཚོན་ཆ་ལྟ་བུ་ནི། ནག་མོ་ཁྲོས་མ་སྟེ། སྒོ་སྲུངས་བཟང་བས་གནོད་བྱེད་ནང་དུ་མི་གཏོང་བ་ལྟར། འགལ་བྱེད་ཆམ་ལ་འབེབས་ཤིང་བར་ཆོད་ཐམས་ཅད་བསྲུང་བའོ། །དེ་དག་ཀྱང་མུ་ཏིག་ཕྲེང་བ་ལས། རྡོ་རྗེ་འཛིན་པ་ངེས་ཟུང་ཅིག །རྒྱུད་ཀྱི་སྙིང་པོ་གསུམ་ཤེས་ན། །རྒྱལ་བློན་འབངས་གསུམ་འཛོམ་པ་འདྲ། །རྒྱུད་ཀྱི་དྭངས་མ་གསུམ་ཤེས་ན། །རི་གསུམ་རྩེ་མོར་ཕྱིན་པ་འདྲ། །རྒྱུད་ཀྱི་མེ་ཏོག་གསུམ་ཤེས་ན། །མཁའ་ལ་ཉི་མ་གསུམ་ཤར་འདྲ། །རྒྱུད་ཀུན་སྡོམ་གཅིག་ཤེས་པ་ནི། །མཁར་གྱི་འགྲམ་རྡོ་ལེགས་བཙུད་འདྲ། །སྣང་བ་གཏིང་རྫོགས་རྒྱུད་ཤེས་ན། །རྩེ་མོར་འབྱོངས་པའི་མཁར་དང་འདྲ། །ཡེ་ཤེས་གཡུལ་ལྡོག་རྒྱུད་ཤེས་ན། །ཕྱོགས་བཞིར་སྐར་ཁུང་བཏོད་པ་འདྲ། །ཡན་ལག་རྒྱུད་ཆེན་གཉིས་ཤེས་ན། །ཕྱོགས་བཞིར་བ་གམ་བཏགས་པ་འདྲ། །རྣལ་འབྱོར་གྲོལ་བའི་རྒྱུད་ཤེས་ན། །རྒྱལ་པོ་མཁར་གྱི་རྩེར་བཞག་འདྲ། །སྙིང་དང་འདྲ་བའི་རྒྱུད་ཤེས་ན། །དེ་ལ་སྒོ་མོ་དམ་དཀྲིགས་འདྲ། །གསང་བ་རང་གཞུང་རྒྱུད་ཤེས་ན། །ཐ་མ་ལྕགས་རིས་བསྐོར་བ་འདྲ། །མཚོན་ཆ་ལྟ་བུའི་རྒྱུད་ཤེས་ན། །གོ་ཞུབ་ལྡན་པས་སྒོ་བསྲུངས་འདྲ། །ཞེས་སོ། །གསུམ་པ་གོ་རིམ་ངེས་པས་མཇུག་བསྡུ་བ་ལ། གོ་རིམ་གྱི་སྡེ་ཚན་བརྒྱད་ལས། དང་པོ་རྩ་བའི་རྒྱུད་གཉིས་

p. 136

ནི། རྫོགས་པ་རང་བྱུང་རྩ་བའི་ལུང་བརྒྱད་ལ་བརྟེན་ནས། ཕྱི་སྤྲོས་བཅས་ཀྱི་དབང་གིས་འགྲོ་བ་སྤྲོས་པ་ལ་དགའ་བ་རྣམས་སྨིན་པར་བྱེད་པ་དང་། ཡི་གེ་མེད་པའི་རྒྱུད་ལེའུ་དྲུག་པ་ལ་བརྟེན་ནས་སྨིན་པ་དེ་གྲོལ་བར་བྱེད་པའི་མན་ངག་གི་གནད་རྫོགས་པར་བསྟན་པའོ། །གཉིས་པ་བཤད་རྒྱུད་མ་བུ་གཉིས་ནི། བཤད་པའི་རྒྱུད་རིག་པ་རང་ཤར་ལེའུ་བརྒྱད་ཅུ་རྩ་དྲུག་པ་ལ་བརྟེན་ནས། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིའི་བརྗོད་བྱ་ཁྱད་པར་དུ་གསལ་བ་དང་། རིག་པ་རང་གྲོལ་ལེའུ་དགུ་པ་ལ་བརྟེན་ནས་མའི་ས་གཅོད་ཀྱི་དམིགས་བསལ་བར་བྱེད་པའོ། །གསུམ་པ་ཡན་ལག་གི་རྒྱུད་གཉིས་ནི། རིན་པོ་ཆེ་སྤུངས་པ་ལེའུ་ལྔ་པ་ལ་བརྟེན་ནས། ཡོན་ཏན་རང་ལ་རྫོགས་པར་བསྟན་པ་དང་། སྐུ་གདུང་འབར་བ་ལེའུ་གསུམ་པ་ལ་བརྟེན་ནས་སྔ་ཕྱི་ལུས་ངག་ཡིད་ཀྱི་རྟགས་བསྟན་པའོ། །བཞི་པ་ལུང་རིགས་གསལ་བའི་རྒྱུད་གཉིས་ནི། སྒྲ་ཐལ་འགྱུར་ལེའུ་དྲུག་པ་ལ་བརྟེན་ནས་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་བསྟན་པ་དང་། བཀྲ་ཤིས་མཛེས་ལྡན་ལེའུ་བདུན་པ་ལ་བརྟེན་ནས་འཁྲུལ་པའི་དུས་ལ་སོགས་པ་ངོས་གཟུང་བའོ། །ལྔ་པ་མན་ངག་གི་རྒྱུད་སྡེ་བཞི་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལེའུ་བརྒྱད་པ་ལ་བརྟེན་ནས། ངོ་སྤྲད་པ་དང་ཕྲད་པ་དང་། དབང་དང་དམ་ཚིག་ལ་སོགས་པ་བསྟན་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལེའུ་བདུན་པ་ལ་བརྟེན་ནས་གོལ་སྒྲིབ་ཤན་ཕྱེད་པར་བསྟན་པ་དང་། ངོ་སྤྲོད་སྤྲས་པ་ལེའུ་གསུམ་པ་ལ་བརྟེན་ནས་དཔེ་དོན་རྟགས་ལ་ཡིད་ཆེས་པར་བསྟན་པ་དང་། མུ་ཏིག་ཕྲེང་བ་ལེའུ་བརྒྱད་པ་ལ་བརྟེན་ནས་མན་ངག་ཁྲིགས་ཆགས་སུ་བསྟན་པས་སངས་རྒྱ་བར་བྱེད་པའོ། །དྲུག་པ་དགོངས་པ་རང་གནས་ཀྱི་རྒྱུད་གསུམ་ནི། ཀློང་དྲུག་པ་ལེའུ་དྲུག་ལ་བརྟེན་ནས་རིགས་དྲུག་གི་སྐྱེ་གནས་དག་པར་བྱས་པས་ཁམས་གསུམ་དོང་སྤྲུགས་པར་བསྟན་པ་དང་། སྒྲོན་མ་འབར་བ་ལེའུ་བཞི་པ་ལ་བརྟེན་ནས་སྒྲོན་མ་བཞི་དངོས་སུ་བསྟན་པ་དང་། ཉི་ཟླ་ཁ་སྦྱོར་ལེའུ་བཞི་པ་ལ་བརྟེན་ནས་བར་དོ་བཞི་ལམ་དུ་འཁྱེར་བར་བསྟན་པའོ། །བདུན་པ་འཇུག་པ་རང་

p. 137

གྲོལ་གྱི་རྒྱུད་གཉིས་ནི། སེང་གེ་རྩལ་རྫོགས་ལེའུ་བཅུ་གསུམ་པ་ལ་བརྟེན་ནས་ལྟ་བ་དབྱིབས་དབྱུང་བར་བསྟན་པ་དང་། ནོར་བུ་འཕྲ་བཀོད་ལེའུ་བཅུ་བཞི་པ་ལ་བརྟེན་ནས་རྣལ་འབྱོར་པའི་ལམ་སྲོལ་དུ་འཇུག་པར་བསྟན་པའོ། །བརྒྱད་པ་མཁས་པ་ཆོ་གའི་རྒྱུད་ནི། དཔལ་ནག་མོ་ཁྲོས་མའི་རྒྱུད་ལེའུ་བརྒྱ་རྩ་བརྒྱད་ལ་བརྟེན་ནས་བསྟན་པ་དམ་པ་བསྲུང་བའོ། །དེ་དག་ཀྱང་མུ་ཏིག་ཕྲེང་བ་ལས། ཨེ་མ་དེ་ལྟར་རྒྱུད་ཀུན་ནི། །ངོ་མཚར་མཆོག་ཏུ་ཆེ་བས་ན། །དེ་ཡི་དོན་ཀུན་རྣམ་བཤད་བྱ། །དེ་ཡང་རྒྱུད་ཀྱི་རིམ་པ་ནི། །རྩ་བའི་རྒྱུད་ཆེན་རྣམ་གཉིས་ཀྱིས། །ཆོས་ཀུན་ངོ་བོ་གཅིག་པར་བཤད། །བཤད་རྒྱུད་མ་བུ་གཉིས་ཀྱིས་ནི། །ལོ་འདབ་རྒྱས་པའི་ཚུལ་དུ་བཤད། །ཡན་ལག་རྒྱུད་ནི་གཉིས་དག་གིས། །རྒྱ་མཚོར་གཟའ་སྐར་ཤར་བཞིན་བཤད། །ལུང་རིགས་གསལ་བའི་རྒྱུད་གཉིས་ཀྱིས། །མེ་ཏོག་ཁ་བྱེའི་ཚུལ་དུ་བཤད། །མན་ངག་རྒྱུད་སྡེ་བཞི་ཡིས་ནི། །འབྲས་བུ་སྨིན་པའི་ཚུལ་དུ་བཤད། །དགོངས་པ་རང་གནས་རྒྱུད་གསུམ་གྱིས། །མཐོང་བྱེད་མིག་གི་ཚུལ་དུ་བཤད། །འཇུག་པ་རང་གྲོལ་རྒྱུད་གཉིས་ཀྱིས། །དྲན་གཞི་སྙིང་གི་ཚུལ་དུ་བཤད། །མཁས་པ་ཆོ་གའི་རྒྱུད་ཀྱིས་ནི། །མེལ་ཚེ་བྱེད་པའི་ཁྱི་ལྟར་བཤད། །ཅེས་སོ། །དེ་ལྟར་སྡེ་ཚན་བརྒྱད་དུ་འཇོག་པའི་འཐད་པ་ནི། དེ་ཡང་རྩ་བའི་རྒྱུད་གཉིས་མེད་ན། སྡོང་པོ་རྩ་བ་རུལ་བས་ཡལ་ག་འབྱུང་མི་སྲིད་པ་དང་འདྲའོ། །བཤད་རྒྱུད་མ་བུ་གཉིས་མེད་ན། དེ་ལས་ལོ་འདབ་མེད་པས་མེ་ཏོག་མི་འབྱུང་བ་དང་འདྲའོ། །ཡན་ལག་གི་རྒྱུད་གཉིས་མེད་ན། ཡན་ལག་མེད་པའི་ལག་རྡུམ་བྲག་ལ་འཛེགས་ཀྱང་ལྟུང་བ་དང་འདྲའོ། །འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་མེད་ན། སྙིང་མེད་པའི་རོས་གཞན་གྱི་དོན་བྱེད་མི་ནུས་པ་དང་འདྲའོ། །ལུང་རིགས་གསལ་བའི་རྒྱུད་གཉིས་མེད་ན། མེ་ཏོག་མེད་པས་འབྲས་བུ་དུས་སུ་མི་སྨིན་པ་དང་འདྲའོ། །མན་ངག་གི་རྒྱུད་སྡེ་བཞི་མེད་ན། འབྲས་བུ་མེད་པས་སོ་ནམ་བྱས་པ་དོན་

p. 138

མེད་པ་དང་འདྲའོ། །དགོངས་པ་རང་གནས་ཀྱི་རྒྱུད་གསུམ་མེད་ན། མིག་མེད་པའི་མིས་ལམ་མི་ཤེས་པས་གྲོང་ཁྱེར་དུ་འཇུག་མི་ནུས་པ་དང་འདྲའོ། །མཁས་པ་ཆོ་གའི་རྒྱུད་མེད་ན་མེལ་ཚེ་བྱེད་པའི་ཁྱི་མེད་ན་ནོར་ལ་དགྲ་རྐུན་འཆོར་བ་དང་འདྲའོ། །དེ་ལྟར་བརྒྱད་པོ་དེ་མེད་ན་བསྟན་པ་གཅིག་གི་ཆ་རྐྱེན་མ་རྫོགས་ལ། ཡོད་ན་རྫོགས་པས་བརྒྱད་དུ་འཐད་ཅིང་བརྒྱད་དུ་ངེས་ལ། དེ་ལས་མང་ན་མི་དགོས་སོ། །དེ་ཡང་རྩ་བའི་རྒྱུད་ལ་སོགས་པ་སྡེ་ཚན་བརྒྱད་ཀྱི་མིང་དོན་བཤད་ན། རྩ་བ་ནི་ཟུག་པ་རྩ་བ་ལྟར་བཤད་པས་རྩ་བ་རིག་པར་འདུ་བ་ལ་དགོངས། བཤད་པ་ནི་རྒྱས་པ་ལོ་འདབ་ལྟར་བཤད་པས་ཚིག་དོན་བསྲེ་བ་ལ་དགོངས། ཡན་ལག་ནི་འདྲིལ་བ་སྡོང་པོ་ལྟར་བཤད་པས་དབྱིངས་རིག་གཉིས་སུ་མེད་པ་ལ་དགོངས། ལུང་རིགས་ནི། གསལ་བ་མེ་ཏོག་ལྟར་བཤད་པས་སྒྲོན་མེའི་རང་ངོར་འཛིན་ཅིང་བསྟན་དུ་ཡོད་པ་ལ་དགོངས། མན་ངག་ནི་སྨིན་པ་འབྲས་བུ་ལྟར་བཤད་པས་སྐུ་གསུམ་ལམ་དུ་བྱེད་པ་ལ་དགོངས། དགོངས་པ་རང་གནས་ནི་གྲོལ་ལམ་མཐོང་བྱེད་ལྟར་བཤད་པས་འབྲས་བུ་ལམ་དུ་བྱེད་པ་ལ་དགོངས། འཇུག་པ་རང་གྲོལ་ནི་དྲན་རིག་ལམ་དུ་སློང་བ་སྐྱེས་བུ་སྙིང་སྟོབས་དང་ལྡན་པ་ལྟར་བཤད་པས་སྒྲོན་མ་ཉིད་རང་ངོ་སྤྲད་པ་ལ་དགོངས། མཁས་པ་ཆོ་ག་ནི་མན་ངག་གི་ལུང་རྫོགས་པ་ལྟར་བཤད་པས་བསྟན་པ་དམ་པ་བསྲུངས་ནས་ཡུན་རིང་དུ་གནས་པ་ལ་དགོངས་པའོ། །དེ་དག་གི་ཡིག་འབྲུ་གཉེར་ན་རྩ་བ་ཞེས་ཆོས་ཀྱི་རྩ་བ་རིག་པར་འདུས་ལ། རིག་པའི་རྩ་བ་སྟོང་པ་ངོས་གཟུང་དང་བྲལ་བའོ། །རྒྱུད་དེ་བཟུང་བས་རིག་པ་རང་ངོ་འཕྲོད། བཅངས་པས་ཏིང་ངེ་འཛིན་རང་ལ་གནས། བཀླགས་པས་བརྗོད་བྱའི་དོན་སེམས་ལ་འཆར། བཤད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་འཐོབ། བསྒོམས་པས་འཁོར་བ་དོང་སྤྲུགས། མཉན་པས་གནས་སྐབས་ཀྱི་ཡེ་ཤེས་ལ་སྤྱོད་པའོ། །མན་ངག་ནི་སྤྲོས་པ་ཚིག་གི་མན་ངག་ཚིག་ཏུ་འཆོར་བས་དོན་རང་ཐོག་ཏུ་མི་ཕེབས། གནད་འདུས་དོན་གྱི་མན་ངག་གིས་ཚིག་ལ་མ་བརྟེན་པར་སངས་རྒྱ་བའོ། །མན་

p. 139

ངག་རྗོད་བྱེད་ལ་བརྟེན་ནས། བརྗོད་དུ་མེད་པ་རིག་པའི་དོན་རྒྱུད་ལ་སྐྱེ་བའོ། །བཤད་པའི་ཚིག་ནི། ཚིག་གི་སྤྲོས་པ་ལ་བརྟེན་ནས་དོན་སྤྲོས་མེད་ཀྱི་ཡེ་ཤེས་མཚོན་པའོ། །དགོངས་པ་ནི། ཐུན་མཚམས་ལས་འདས་པའི་ཆོས་ཉིད་ལ་བར་མེད་པ། དེ་ཡང་རང་ལ་གནས་པ་ལས། གཞན་ལས་བྱུང་བ་མེད་པའོ། །ལུང་ནི་མི་འགྱུར་ཞིང་བརྟན་པ་ལ་ཡིད་ཆེས་སྐྱེ་བའོ། །རིགས་པ་ནི། དོན་དེ་ལ་བརྟེན་ནས་རིག་པ་སངས་རྒྱས་ཀྱི་སར་གྲོལ་བར་བྱེད་པའོ། །གསལ་བ་ནི། ཤེས་པ་གསལ་བས་གང་དུ་ཡང་མི་གནས། དབང་པོ་གསལ་བས་ཆོས་དང་ཆོས་མ་ཡིན་པ་རྣམ་པར་ཕྱེད་པའོ། །ཡན་དབང་པོ་ལྔ་རང་ཡན་དུ་བཞག་པས་ཚོགས་དྲུག་གྱིན་འདར་གྱུར། ལག་དེ་བཟུང་བས་ཁམས་གསུམ་ལས་འདའ་བའོ། །འཇུག་པ་སྟོང་པས་སྣང་བ་ལ་འཇུག་པས་སྣང་སེམས་ཁ་སྦྱོར། སྣང་བ་སྟོང་པ་ལ་ཞུགས་པས་ཡུལ་སེམས་གཉིས་སུ་མེད་དེ། རང་གྲོལ་བས་བཅོས་སུ་མེད་པའོ། །མཁས་པ་ནི། མ་མོའི་དུས་དང་གནད་ལ་མཁས་པས་བསམས་པ་ཙམ་གྱིས་བསྒྲུབ་བྱ་ཉམས་པར་བྱེད་པ་དང་། ལས་དང་དེའི་ཁ་ཚར་ལ་མཁས་པས་ཡིད་ལ་བརྣག་པ་ཙམ་གྱིས་སྔགས་དང་ཏིང་ངེ་འཛིན་མི་དགོས་པར་བསྒྲུབ་བྱའི་ཚེ་སྲོག་ཆོམས་པ་དང་། མ་མོའི་སྔགས་དང་ཏིང་ངེ་འཛིན་ལ་མཁས་པས་ལྷ་ཉེ་ཞིང་དངོས་གྲུབ་འབྱུང་བ་དང་། མ་མོའི་བསྙེན་སྒྲུབ་ལས་སྦྱོར་ལ་མཁས་པས་རང་གི་འདོད་པའི་དོན་འགྲུབ་པ་དང་། རྫས་དང་མཆོད་པ་ལ་མཁས་པས་འབྱོར་པ་འཕེལ་ཞིང་བྱ་བ་འགྲུབ་པའོ། །དེ་ལྟར་གཏན་ལ་ཕབ་པ་རྣམས་ལས། བློ་སྤྲོས་པ་ལ་དགའ་བ་རྣམས་ལ་ཐམས་ཅད་བསྟན་ལ། འབྲིང་པོ་རྣམས་ལ་དེ་རྣམས་སྡེ་ཚན་བརྒྱད་དུ་བསྡུས་པའི་རྒྱུད་བརྒྱད་ཀྱིས་འགྲུབ་ཅིང་རབ་ཏུ་གྱུར་པ་རྣམས་ལ་རྒྱུད་ཀྱི་དོན་བསྡུས་པ། ཐབས་ལས་ཕྱེ་བ་གཉིས། རང་བཞིན་ལས་ཕྱེ་བ་གསུམ་སྟེ་ལྔས་ཆོག་ལ། ཡང་རབ་རྣམས་ལ་དོན་དང་ཚིག་གི་རྒྱུད་གཉིས་བསྟན་ཞིང་། ཤིན་ཏུ་ཡང་རབ་སྤྲོས་པ་དང་བྲལ་བ་ལ་གཞིའི་རྒྱུད་རིག་པ་གཅིག་པུས་འགྲུབ་

p. 140

པ་ཡིན་ཏེ། རིག་པ་ལ་རྒྱུད་ཐམས་ཅད་ཚང་བའི་ཕྱིར་རོ། །ཐལ་འགྱུར་ལས། གཞན་ཡང་རྒྱུད་ཀྱི་ཆོས་ཉིད་བཤད། །ཡང་དག་ཆོས་ཉིད་སྒྲ་ལས་ཐལ། །རང་གི་ངོ་བོ་ཡི་གེ་མེད། །རང་རིག་ཡེ་ཤེས་སྒྲོན་འོད་འབར། །ཆོས་ཉིད་དག་པས་བཀྲ་ཤིས་མཛེས། །ལྟ་བ་འཇིགས་བྲལ་སེང་རྩལ་རྫོགས། །རང་རིག་སྨིན་པས་རྫོགས་རང་བྱུང་། །ལུ་གུ་རྒྱུད་འབྲེལ་མུ་ཏིག་ཕྲེང་། །ཉམས་ཀྱི་སྣང་བ་ནོར་འཕྲ་བཀོད། །རང་གནས་སྟོང་པ་སྙིང་མེ་ལོང་། །གོལ་ས་རང་ཆོད་ཐུགས་མེ་ལོང་། །གཞན་ལས་མ་བྱུང་རང་ཤར་ཉིད། །རང་བྱུང་ཡིན་པས་རང་གྲོལ་ལ། །དབྱིངས་སུ་གཅིག་པས་ཀློང་ཡང་དྲུག །ཡོན་ཏན་རྫོགས་པས་རིན་ཆེན་སྤུངས། །རང་རིག་བསྟན་པས་ངོ་སྤྲོད་སྤྲས། །སྣང་བ་དག་པས་ཉི་ཟླ་སྦྱོར། །རིག་པ་སྨིན་ཕྱིར་སྐུ་གདུང་འབར། །འདི་དག་རྣམས་ཀྱང་གཞི་ལས་ཤར། །ཞེས་གསུངས་སོ། །ཡང་ན་སྤྲོས་བཅས་རྣམས་ལ་གཞི་དང་སྙིང་པོའི་རྒྱུད་ཐིག་ལེ་སྐོར་ཐམས་ཅད་དོ། །འབྲིང་ལ་བཅུ་བདུན་ནོ། །རབ་ལ་རང་བྱུང་ས་བོན་གྱི་རྒྱུད་གཅིག་པུའོ། །རྩེ་མོ་རྣམས་ལ་འདས་རྗེས་གསུམ་གྱིས་གྲོལ་བར་བཤད་དེ། ཨ་ཏི་བཀོད་པ་ཆེན་པོ་ལས། དེ་ཡི་དོན་ཚིག་རྣམ་སྤྲོས་པས། །སྤྲོས་བཅས་རྣམས་ལ་གཞི་སྙིང་དུའོ། །སྤྲོས་མེད་རྣམ་གྲངས་བཅུ་བདུན་ནོ། །ཤིན་ཏུ་སྤྲོས་པ་མེད་ཉིད་ན། །རྡོ་རྗེ་བཀོད་པ་ཉིད་ཡིན་ནོ། །རབ་ཏུ་སྤྲོས་དང་བྲལ་བ་ལ། །འདས་རྗེས་གསུམ་གྱིས་གྲོལ་བ་ཡིན། །ཅེས་པ་བཞིན་ནོ། །སྤྱི་དོན་གཉིས་པ་བཤད་ཐབས་ཀྱི་ཡན་ལག་ངེས་པ་ལ་གསུམ་སྟེ། ཇི་ལྟར་བཤད་པའི་ཚུལ། གླེང་གཞི་ངེས་པའི་རྣམ་གྲངས། དམ་པ་ངེས་པའི་ལུང་བསྟན་ནོ། །དང་པོ་ལ་གསུམ་སྟེ། བཤད་ཐབས་ཀྱི་ཁོག་དབུབ་པ། ཇི་ལྟར་བཤད་པའི་ཚུལ་ངེས་པ། འཕྲོ་གཞི་ཡི་གེའི་སྒྲ་དོན་བཤད་པའོ། །དང་པོ་ནི། སྤྱིར་བཤད་ལུགས་མང་ཡང་བསྡུ་ན་གསུམ་དུ་ངེས་ཏེ། རིག་པ་རང་གྲོལ་ལས། བསྟན་པའི་རྒྱལ་པོའི་བཤད་ལུགས་ཀྱང་། །གནས་སྐབས་འདི་ལྟར་བཤད་པའོ། །ལུང་ལྟར་བཤད་དང་རྒྱུད་ལྟར་བཤད། །

p. 141

མན་ངག་ལྟར་དུ་བཤད་པ་གསུམ། །འཇུག་པའི་སྒོ་ལས་ཤེས་པར་བྱ། །ཞེས་སོ། །དེ་ལ་ལུང་ལྟར་བཤད་ན་ཕུན་སུམ་ཚོགས་པ་ལྔས་སྟོན་པའོ། །རྒྱུད་ལྟར་བཤད་ན་གནས་ངེས་པ་གསུམ་གྱིས་བཤད་པའོ། །མན་ངག་རྣམས་ནི་གཞི་ལམ་འབྲས་བུ་གསུམ་གྱིས་འཆད་པ་ལས། སྐབས་འདིར་གཙོ་བོ་རྒྱུད་ལྟར་བཤད་པ་ལ་གནས་གསུམ་སྟེ། དབང་པོ་རྣོན་པོ་མཚན་སྨོས་པས་རྟོགས་པའི་ངོར་རྒྱུད་ཀྱི་མཚན་གྱི་དོན་བརྗོད་པ། འབྲིང་པོ་རྣམ་གྲངས་ཙམ་སྨོས་པས་རྟོགས་པའི་ངོར་གླེང་གཞི་ཕུན་སུམ་ཚོགས་པ་ལྔས་བསྟན་པ་དང་། རྟུལ་པོ་དཔེ་དོན་དང་བཅས་པས་རྟོགས་པའི་ངོར་ལུས་དངོས་རྒྱ་ཆེར་བཤད་པའོ། །དང་པོ་ནི། དེ་ཉིད་ལས། དེ་ཡང་མཚན་བཤད་འདི་ལྟ་སྟེ། །མཚན་དང་ཕྱག་དང་དམ་བཅའོ། །ཞེས་སོ། །གཉིས་པ་ནི། ཡང་དེ་ཉིད་ལས། གླེང་གཞི་བསྟན་པ་འདི་ལྟ་སྟེ། །སྟོན་པ་ཡུམ་དང་འཁོར་རྣམས་དང་། །ཡབ་ཀྱི་གླེང་བསླང་ཀུན་ཏུ་ཤེས། །ཞེས་སོ། །གསུམ་པ་ལ། ལུས་དངོས་མདོར་རྒྱས་ཤིན་ཏུ་རྒྱས་པས་བསྟན་ལ། མཇུག་ཁོང་དོན་རྗེས་སུ་ཡི་རང་དང་བཅས་པ་སྟེ། རང་གྲོལ་ལས། གཞུང་ལ་བསྟན་པ་འདི་ལྟ་སྟེ། །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུའང་རྒྱས་པ་ཆེན་པོར་བཤད། །དེ་ནི་གཞུང་གི་ཚིག་ཏུ་བསྟན། །མཇུག་གི་དོན་ནི་འདི་ལྟ་སྟེ། །མན་ངག་དོན་གྱིས་བཀྲོལ་ཏེ་བཤད། །རྒྱུད་ཆེན་དེ་ལ་ངེས་བསྟན་ནོ། །གསང་སྔགས་ཀུན་གྱི་བཤད་ལུགས་ནི། །དེ་བཞིན་ཀུན་ལ་ཤེས་པར་བྱ། །ཞེས་སོ། །དེ་ཡང་བཤད་ཐབས་ཀྱི་ཡན་ལག་ངེས་པ་གཉིས་ཀྱི་ཚུལ་ལས། དང་པོ་རྣམ་གྲངས་ལྔས་ས་བཅིངས་ཏེ་བཤད་པ་ནི། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། རྩ་བའི་དོན་གྱིས་མཚན་ངོས་བཟུང་། །ཡོ་ག་དོན་གྱིས་མ༵ཇུག་སྒོ་བསྟན། །དགོས་ཆེད་དོན་གྱིས་རང་སར་བཞག །ཚིག་གི་དོན་གྱིས་དཀྱུས་ཉིད་སྤྲད། །ལོ་རྒྱུས་དོན་གྱིས་ཡིད་རྣམས་ཚིམ། །ཞེས་སོ། །དེ་ལྟར་མ་བཤད་པའི་སྐྱོན་ནི། དེ་ཉིད་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་

p. 142

ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །རྩ་བ་དོན་གྱིས་མ་བཤད་ན། །ཆོས་རྣམས་རིག་པར་མི་འདུས་པས། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་ག་དོན་གྱིས་མ་བཤད་ན། །ཐེག་པའི་རུ་ཤན་མི་ཕྱེད་པས། །ཆེ་ཆུང་རིམ་པ་དོན་མེད་འགྱུར། །དགོས་ཆེད་དོན་གྱིས་མ་བཤད་ན། །རྫོགས་ཆེན་འབད་རྩོལ་མེད་པ་ལ། །དོན་མེད་པ་ཡི་སྐྱོན་དུ་འགྱུར། །ཚིག་གི་དོན་གྱིས་མ་བཤད་ན། །རྒྱུད་རྣམས་རིམ་པར་གསལ་བའི་ཚིག །འབྲུ་མི་ཆོམས་པའི་སྐྱོན་དུ་འགྱུར། །ཞེས་སོ། །ལེགས་པར་བཤད་པའི་ཕན་ཡོན་ནི། དེ་ཉིད་ལས། དེ་ལྟར་སྐྱོན་རྣམས་སྤངས་པས་ནི། །ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར། །ཞེས་སོ། །དགོས་པ་ནི། རིག་པ་རང་གྲོལ་ལས། རང་གི་གྲུབ་མཐའ་སྐྱོབ་པ་དང་། །གཞན་གྱི་གྲུབ་མཐའ་སུན་འབྱིན་ཕྱིར། །བཤད་བྱ་ཞེས་ཀྱང་དེ་ལ་བྱ། །ཞེས་སོ། །རྣམ་གྲངས་རྒྱ་ཆེར་ངེས་པས་བཤད་ན། སྣ་ཚོགས་རིན་པོ་ཆེའི་དཔེ་ཉི་ཤུ་རྩ་གསུམ། དཔག་བསམ་ལྗོན་པའི་ཆིངས་ལྔ་སྟེ། ཉི་ཤུ་རྩ་བརྒྱད་ཀྱི་ཚུལ་དུ་བཤད་པ་ནི། ཡང་དེ་ཉིད་ལས། སྟག་མོའི་མཆོངས་སྟབས་ཤེས་རབ་ཀྱིས། །དོན་གྱི་ས་ཆེན་བཅད་དེ་བཤད། །ཁྱུང་ཆེན་མཁའ་ལྡིང་ལྟ་བུའི་བློས། །དོན་གྱི་ཁོག་རྣམས་ཕུབ་སྟེ་བཤད། །སེང་གེའི་གདངས་སྐད་ལྟ་བུའི་བློས། །ཐེག་དམན་ཟིལ་གྱིས་མནན་ཏེ་བཤད། །རུས་སྦལ་ནུར་འགྲོས་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་ཆོམས་པར་བཤད། །ཕོ་རོག་སོ་ཏོག་ལྟ་བུའི་བློས། །གོལ་སྒྲིབ་གདར་ཤ་བཅད་དེ་བཤད། །གྱད་ཀྱི་དོར་ཐབས་ལྟ་བུའི་བློས། །རྒྱས་པ་དོན་ལ་བསྡུས་ཏེ་བཤད། །གླང་ཆེན་ཉལ་བ་ལྟ་བུའི་བློས། །ལྟ་བ་དམིགས་ལ་བཙུད་དེ་བཤད། །མཁའ་ལྡིང་རྒུམ་མཐུན་ལྟ་བུའི་བློས། །དོན་གྱི་དམིགས་རྣམས་བཙལ་ཏེ་བཤད། །གླག་མོ་གཟན་འཇུམས་ལྟ་བུའི་བློས། །དོན་ལ་ཐེ་ཚོམ་མེད་པར་བཤད། །གནའ་ཕྲུག་བྲག་འཛེག་ལྟ་བུའི་བློས། །མི་འཚམས་པ་དང་འཚམས་པར་བཤད། །མུ་ཏིག་བསྟར་བརྒྱུས་ལྟ་བུའི་བློས། །མན་ངག་དོན་དུ་བསྡེབས་ཏེ་བཤད། །དུས་ཀྱི་འབྲུག་ཆར་ལྟ་བུའི་བློས། །ཕ་རོལ་

p. 143

སུན་རྣམས་ཕྱུང་སྟེ་བཤད། །མཚན་མ་བུད་པ་ལྟ་བུའི་བློས། །སྒོ་མོ་ཀུན་ནས་བསྡུར་ཏེ་བཤད། །དཔག་བསམ་ལྗོན་ཤིང་ལྟ་བུའི་བློས། །ཤིན་ཏུ་རྒྱས་པ་ཆེན་པོར་བཤད། །མཁའ་གསལ་ཉི་མ་ལྟ་བུའི་བློས། །ཐམས་ཅད་ཡོངས་ལ་ཁྱབ་པར་བཤད། །གཏིང་གསལ་ཟླ་བ་ལྟ་བུའི་བློས། །འཁོར་བ་མྱ་ངན་འདས་པར་བཤད། །སེང་གེ་བཞུགས་ཚུལ་ལྟ་བུའི་བློས། །སྒོམ་པའི་དོན་དང་བསྟུན་ཏེ་བཤད། །ངང་མོ་མཐུན་འགྲོས་ལྟ་བུའི་བློས། །དོན་གྱི་ཁོག་ཕུབ་བསྡེབས་ཏེ་བཤད། །བར་སྣང་འཇའ་ཚོན་ལྟ་བུའི་བློས། །ཆོས་དབྱིངས་རྒྱན་དང་བཅས་པར་བཤད། །སྤྲུ་གྲི་སོ་འདེབས་ལྟ་བུའི་བློས། །ལྟ་བ་ལ་ཤན་ཕྱེ་སྟེ་བཤད། །མེ་ལོང་དཀྱིལ་འཁོར་ལྟ་བུའི་བློས། །རྒྱུ་རྐྱེན་གཉིས་དང་བཅས་ཏེ་བཤད། །བར་སྣང་གློག་འགྱུ་ལྟ་བུའི་བློས། །ཚིག་རེ་དོན་རེས་མྱུར་བར་བཤད། །ནམ་མཁའ་སྟོང་པ་ལྟ་བུའི་བློས། །རྒྱ་ཆེ་ཐུག་པ་མེད་པར་བཤད། །ཟུག་པ་རྩ་བ་ལྟ་བུའི་བློས། །རིག་པའི་དངོས་པོ་བསྟན་ཏེ་བཤད། །འདྲིལ་བ་སྡོང་པོ་ལྟ་བུའི་བློས། །ཆོས་རྣམས་དོན་ལ་དྲིལ་ཏེ་བཤད། །གྱེས་པ་ཡལ་ག་ལྟ་བུའི་བློས། །གདམས་ངག་དོན་གྱིས་བཏབ་སྟེེ་བཤད། །རྒྱས་པ་ལོ་འདབ་ལྟ་བུའི་བློས། །ཉི་ཤུ་རྩ་གཅིག་ལྟ་བུར་བཤད། །གསལ་བ་མེ་ཏོག་ལྟ་བུའི་བློས། །སྒྲོན་མ་རྣམ་པ་གཉིས་ལྟར་བཤད། །སྨིན་པ་འབྲས་བུ་ལྟ་བུའི་བློས། །འབྲས་བུ་རྒྱུར་མི་ལྡོག་པར་བཤད། །དེ་ལ་སོགས་པའི་བཤད་ཐབས་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །ཞེས་སོ། །དེ་ལྟར་བཤད་ཅིང་ཉན་པའི་དུས་ན། འཆད་པ་པོ་སྟོན་པ་ཀུན་ཏུ་བཟང་པོའམ། རྡོ་རྗེ་འཆང་ངམ། རྡོ་རྗེ་སེམས་དཔར་བསྒོམས་ལ། ཆོས་ཀྱི་འོད་ཟེར་ནམ་མཁའ་ཁྱབ་པར་སྤྲོས་པས། ཞིང་གི་རྡུལ་སྙེད་ཀྱི་འགྲོ་བ་རྣམས་ཀྱིས་ཐོས་ཏེ། མ་རིག་པའི་གཉིད་སངས། ཡེ་ཤེས་ཀྱི་དོན་རྙེད། ཐར་པའི་ལམ་ལ་འཁོད། ཚིག་དོན་གྱི་གནས་རྟོགས་པར་བསམ་ཞིང་། ཉན་པ་པོ་རིགས་ཀྱི་སེམས་དཔའ་དང་། སེམས་མ་དང་། མཁའ་འགྲོའི་སྣང་བར་ཤེས་

p. 144

པས། སྦྱོར་བ་སེམས་ཀྱི་དམ་པ་འོད་གསལ་རྟོགས་པ་ལ་དམིགས་ནས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་དང་། དངོས་གཞི་འོག་མིན་གྱི་ཞིང་ན་སྣང་ལ་རང་བཞིན་མེད་པའི་དཀྱིལ་འཁོར་ཕུན་སུམ་ཚོགས་པ་ལྔའི་ཆོས་ཀྱི་འཁོར་ལོ་འབྱུང་བ་དང་། རྗེས་ལ་སེམས་ཅན་དང་བསྟན་པ་ཡུན་དུ་གནས་པའི་ཕྱིར་བསྔོ་བ་སྟེ། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་བརྗོད་པར་བྱའོ། །དོན་གསུམ་པ་འཕྲོ་གཞི་ཡི་གེའི་སྒྲ་དོན་བཤད་པ་ལ་གཉིས་ཏེ། ཡི་གེ་སྤྲིན་གྱི་ངོ་བོ་སྤྱིར་བསྟན་པ་དང་། གནས་ངེས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི་སྟེ། གནས་ལུགས་དོན་གྱི་ཡི་གེ། ལུས་གནས་རྩའི་ཡི་གེ། བརྗོད་པ་སྒྲའི་ཡི་གེ། མཐར་ཕྱིན་འབྲས་བུའི་ཡི་གེའོ། །དང་པོ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་རང་བྱུང་གི་ཡེ་ཤེས་རྟག་ཆད་འགྲོ་འོང་ལས་འདས་པའི་ངོ་བོ་ནི། དབྱིངས་དོན་དམ་པ་ཆོས་ཉིད་ཀྱི་ཡི་གེ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྩ་འཁོར་ལོ་བཞིའི་དབུས་ན་རོ་རྐྱང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་ཡོད་པའི་ནང་ན། ་ཨཱཿཧཱུྃ་སྟེ་རང་བྱུང་གི་ཡི་གེ་གསུམ་ཁ་དོག་དཀར་དམར་མཐིང་ག་གསུམ་དུ་གནས་པས། ཕྱིར་ལུས་ངག་ཡིད་གསུམ། ནང་དུ་ཉོན་མོངས་པ་དུག་གསུམ། གསང་བར་སྐུ་གསུང་ཐུགས་གསུམ་གྱི་རྟེན་བྱེད་པ། འོད་ཟེར་ལྔའི་མདངས་དང་བཅས་པ་ཡོད་ལ། འཁོར་ལོ་བཞིའི་རྩ་འདབ་རྣམས་ན་ཡབ་དང་ཡུམ་ཐབས་དང་ཤེས་རབ་ཀྱི་ཡི་གེ་དབྱངས་ཡིག་བཅུ་དྲུག་དང་། གསལ་བྱེད་སུམ་ཅུ་རྩ་བཞི་ལ། རྐྱང་པ་དང་། ཉིས་བརྩེགས་དང་། འདོགས་དང་། ཡན་ལག་ཏུ་ཕྱེ་བས་བརྒྱད་ཁྲི་བཞི་

p. 145

སྟོང་གནས་པ་ཀུན་གྱིས། ཕྱིར་ལུས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རྟེན་བྱེད་པས། སྨྲ་བ་དང་བརྗོད་པ་འབྱུང་བའི་རྒྱུ་བྱེད་ལ། ནང་དུ་ཉོན་མོངས་པ་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་གི་རྟེན་བྱེད་པས། ཉིན་མཚན་དུ་རྣམ་རྟོག་དུ་མ་འཕྲོ་བའི་རྟེན་བྱེད་ཅིང་། གསང་བར་དེ་ཉིད་དག་དུས་ཆོས་ཀྱི་སྒོ་དེ་སྙེད་འབྱུང་བའི་རྟེན་བྱེད་པའོ། །དེ་ཡང་གསལ་བྱེད་རེ་རེ་ལ་དབྱངས་ཡིག་བཅུ་དྲུག་གི་སྒྲ་ཉེ་བར་གནས་པས། ཡི་གེའི་གཟུགས་ཀྱང་དེ་ཉིད་ཀྱི་སྒྲ་གང་བྱུང་བརྩེགས་མར་ཡོད་དེ་དཔེར་ན། ཀ་ཀཱ་ཞེས་པ་ནི། ཁོང་ན་སྲོག་ཨ་ཡོད་པས་ཨ་ཨཱ་ཞེས་བྱ་བ་ཡིན་ཏེ། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་སོ། །ཀི་ཀཱི་ནི་ཨི་ཨཱིའོ། །ཀུ་ཀཱུ་ནི་ཨུ་ཨཱུའོ། །ཀེ་ཀཻ་ནི་ཨེ་ཨཻའོ། །ཀོ་ཀཽ་ནི་ཨོ་ཨཽའོ། །ཀྲ་ཀྲ་ནི་ར་རའོ། །རི་རཱི་དང་ལི་ལཱི་ནི་སྲོག་ཨ་ཡོད་པས་ཀི་ཀཱིར་བསྡུས་ལ། ཨཾ་ཨཿནི་ཀཾ་ཀཿཞེས་བྱ་བའོ། །དེ་དག་གི་རྩ་ཡིག་ལ་ཡི་གེ་ཉིས་བརྩེགས་ཀྐ་ཞེས་པ་ནི་ཆེན་པོ་ཡིན་ལ། གྷ་ཛྷ་དྷ་བྷ་ཞེས་པ་ལྟ་བུ་ནི་མཐུག་པོའོ། །སུམ་བརྩེགས་དང་ལྔ་བརྩེགས་ལ་སོགས་པ་ནི། དབྱིངས་གཅིག་པའི་ཡི་གེ་ཞེས་བྱ་སྟེ། མཐུན་པ་རྣམས་གཅིག་ཏུ་བཀླག་ལ། མི་མཐུན་པ་སོ་སོར་ཕྲལ་ནས་ཀློག་པའོ། །རྩ་རྣམས་ན་དེ་ལྟར་ཡོད་དེ་སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ་ལ་སོགས་ཐ་དད་པའི་དབྱིངས་ལ། ཡི་གེ་ཡང་དེ་དང་མཚུངས་པ་འོད་ལྔའི་སྣང་བ་ཅན་སྤུས་བྲིས་པ་ཙམ་རེ། དྭངས་མ་དཀར་དམར་དང་རླུང་གི་དབུས་ན་རང་གསལ་དུ་ཡོད་དོ། །ད་ལྟ་རྩ་ཡིག་གསལ་བ་རྣམས་ནི། དྲན་པ་གསལ་ཞིང་ཤེས་རབ་ཆེ་བ་དང་། སྐྱེ་མཆེད་དྭངས་ལ་མི་གསལ་བ་རྣམས་དེ་ལས་ལྡོག་པའོ། །ན་སོ་གཞོན་དུས་རྩ་ཡིག་གསལ་བས་བློ་རྣོ་ཞིང་སྐྱེ་མཆེད་དྭངས་ལ། རྒན་དུ་སོང་ནས་རྩ་ཡིག་མི་གསལ་དུ་སོང་བས་འགྲིབ་པ་ཡིན་ནོ། །གསུམ་པ་སྒྲའི་ཡི་གེ་ནི། ངག་གི་སྨྲ་བ་རྣམས་ཏེ། རྒྱུ་ནི་རྩ་ཡིག་རླུང་གིས་བསྐྱོད་པ་ལས་འབྱུང་ལ། རྐྱེན་ནིི་ལྕེ་དང་རྐན་གྱི་བྱེད་པ་ལས་འབྱུང་ངོ་། །དེ་ཡང་ཁོང་ནས་འབྱུང་བ་ཨ་

p. 146

ལྟ་བུ་དང་། མགྲིན་པ་ནས་འབྱུང་བ་ཀ་ལ་སོགས་པ་ལྟ་བུ་དང་། ལྕེའི་རྩེ་ལས་འབྱུང་བ་ཏ་ཐ་ལ་སོགས་པ་དང་། ལྕེ་རྩེ་དང་རྐན་གཉིས་ཕྲད་པ་ལས་འབྱུང་བ་ལ་སྤྱི་བོ་ལས་འབྱུང་བ་ཞེས་བཤད་དེ། ར་ལ་ལྟ་བུ་དང་ལྕེ་རྐན་ལ་དྲག་ཏུ་སྦྱར་བ་ལས་འབྱུང་བ་ཊ་ཋ་ལྟ་བུ་དང་། མཆུ་ལས་འབྱུང་བ་པ་ཕ་བ་བྷ་མ་ཞེས་པ་ལྟ་བུ་སྟེ། འདི་རྣམས་ཀྱི་སྒྲ་གང་བརྗོད་ཀྱང་གནས་དེ་དག་ལ་ལྟོས་ནས་འབྱུང་བ་ཡིན་ནོ། །བཞི་པ་མཐར་ཐུག་འབྲས་བུའི་ཡི་གེ་ནི། སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུའི་དབྱངས་སུ་སྣང་བ་དང་། ལོངས་སྤྱོད་རྫོགས་པ་སྐུའི་རྩ་གནས་དག་པའི་ཡི་གེ་ལས། ཡི་གེ་འཕྲོས་ནས་ནམ་མཁའ་ལ་ཆོས་ཀྱི་དབྱངས་སུ་གྲགས་པ་དང་། ཡི་གེ་འཕྲོས་པ་ལ་སངས་རྒྱས་ཀྱི་སྐུ་ལ་སོགས་པར་གྱུར་ནས་སེམས་ཅན་གྱི་དོན་མཛད་པ་དང་། ལོངས་སྐུ་དང་སྤྲུལ་སྐུའི་རྩ་ཡིག་ཡེ་ཤེས་ལྔའི་སྣང་བས་བརྒྱན་པ་རྣམས་སོ། །འདི་ཡོད་པ་ལ་བརྟེན་ནས་སངས་རྒྱས་པའི་ཚེ་མདོ་དང་རྒྱུད་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་འགྲོ་བ་ལ་སྣང་བ་དང་། སྤྲུལ་པས་སེམས་ཅན་གྱི་དོན་འབྱུང་བ་ཡིན་ནོ། །གཉིས་པ་གནས་ངེས་པ་བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། རྩ་བའི་ཡི་གེ་མདོར་བསྟན་པ། ཡན་ལག་གི་འདོགས་བཤད་རྒྱས་པར་དབྱེ་བ། འཁོར་འདས་ཀྱི་བཤད་ཚུལ་ངེས་པ། གནས་དང་ལོངས་སྤྱོད་བཤད་པ། དེ་དག་གི་བརྗོད་ཚུལ་བསྟན་པའོ། །དང་པོ་ནི། ཀ་ཨ་ཁ་ག་ང་། ཙ་ཚ་ཛ་ཝ། ཊ་ཋ་ཌ་ཎ། ཏ་ཐ་ད་ན། པ་ཕ་བ་མ། ཡ་ར་ལ། ཤ་ཥ་ས་ཧ་ཀྵ༔། ཌྷ་དྷ་བྷ་སྟེ། གནས་སུམ་ཅུ་རྩ་བཞི་ལ་ཡི་གེ་ཐམས་ཅད་འདུས་པར་བསྟན་པའོ། །དེ་དག་གི་དོན་སྦྱར་ངེས་པ་ནི། རིག་པ་རང་ཤར་ལས། ཨ་ཧོ་ཉེ་བའི་འཁོར་རྣམས་ཉོན། །ངས་བསྟན་ལེགས་པར་ཡིད་ལ་གཟུང་། །སངས་རྒྱས་ཐམས་ཅད་དགོངས་པ་ནི། །ཚིག་དང་ཡི་གེར་མེད་པ་ལ། །ཚིག་དང་ཡི་གེ་ལྟར་སྣང་སྟེ། །འོན་ཀྱང་ཚིག་གི་དོན་ཆེན་འགྲོལ། །དེ་ཡང་ཡི་གེའི་འབྲུ་ལ་འདུས། །དེ་རྣམས་དོན་བཤད་འདི་ལྟ་སྟེ། །ཡི་གེ་ཐམས་ཅད་བསྐྱེད་པའི་རྒྱུ། །ཀ་ལ་ཡང་དག་རྫོགས་

p. 147

པར་གྲགས། །ཆོས་རྣམས་ཀུན་གྱི་མཐའ་སྡུད་ནི། །ཡི་གེ་ཨ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ནམ་མཁའ་ནི། །ཡི་གེ་ཁ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་དྲི་མེད་ནི། །ཡི་གེ་ག་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་རིག་པ་ནི། །ཡི་གེ་ང་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་རོལ་པ་ནི། །ཡི་གེ་ཙ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་དྲི་མེད་ནི། །ཡི་གེ་ཚ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་སྣང་བ་ནི། །ཡི་གེ་ཛ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ཉམས་མྱོང་ནི། །ཡི་གེ་ཝ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་རྟག་པ་ནི། །ཡི་གེ་ཊ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་དཀྱིལ་འཁོར་ནི། །ཡི་གེ་ཋ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ཆད་པ་ནི། །ཡི་གེ་ཌ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་རང་ལུས་ནི། །ཡི་གེ་ཎ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་བསྟན་པ་ནི། །ཡི་གེ་ཏ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་སྟོང་པ་ནི། །ཡི་གེ་ཐ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་རིག་པ་ནི། །ཡི་གེ་ད་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་མ་རིག་ནི། །ཡི་གེ་ན་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་གཞི་མ་ནི། །ཡི་གེ་པ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ཆོས་སྐུ་ནི། །ཡི་གེ་ཕ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ལོངས་སྐུ་ནི། །ཡི་གེ་བ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་སྤྲུལ་སྐུ་ནི། །ཡི་གེ་མ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་སྟོང་ལམ་ནི། །ཡི་གེ་ཡ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་བཞག་ཐབས་ནི། །ཡི་གེ་ར་ལ་རྫོགས་པའོ། །ཆོས་ཀྱི་སྐད་ཅིག་གསུམ་རྣམས་ནི། །ཡི་གེ་ལ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་འགག་མེད་ནི། །ཡི་གེ་ཤ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ཡེ་ཤེས་ནི། །ཡི་གེ་ཥ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་འཆར་ལུགས་ནི། །ཡི་གེ་ས་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ལ་གཅོད་ནི། །ཡི་གེ་ཧ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ཤེས་

p. 148

རབ་ནི། ཡི་གེ་ཀྵཿལ་རྫོགས་པའོ། ཆོས་རྣམས་ཀུན་གྱི་ཐུགས་རྗེ་ནི། ཡི་གེ་ཀླྒ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །ཡི་གེ་གྷ྄་ཌྷ་དྷ་བྷ་ལ་རྫོགས་པའོ། །དེ་བཞིན་ཡི་གེའི་དོན་སྦྱར་རྣམས། །ཀུན་ལ་དེ་བཞིན་ཤེས་པར་བྱ། །ཞེས་སོ། །གཉིས་པ་ཡན་ལག་གི་འདོགས་བཤད་དབྱེ་བ་ལ་གཉིས་ཏེ། རྩ་བའི་འདོགས་བཤད་དང་། ཡན་ལག་གི་འདོགས་བཤད་དོ། །དང་པོ་ནི། རྩ་བའི་ཡི་གེ་སུམ་ཅུ་རྩ་བཞིའི་དབང་དུ་བྱས་ཏེ། ཉ་དང་ཝ་གཉིས་སྲོག་གཅིག་པས་འདིར་གཅིག་ཏུ་བྱས་ཏེ། འདོགས་ལ་ཉ་དང་རྐྱང་པ་ལ་ཝ་བཀོད་པས་ན། འདི་དག་ལ་རིང་ཆའི་འ་དང་། མི་གཅིག་པ་ཉིས་བརྩེགས་དང་། རྐྱང་བར་སྣང་བའང་སྲོག་ཆེ་བ་ཁོང་ན་ཡོད་པས་དོན་གྱིས་ཉིས་བརྩེགས་སུ་གནས་ཏེ། སོ་སོར་བཀོད་ན་འདི་ལྟ་སྟེ། ཨ་ཀྵ་ཁ་ག་གྷ་དྷ། །ཙྐ་ཛྷ་ཉཱ། །ཊཱ་ཋཱ་ཌྷ་ཎཱ། །ཏ་ཐ་ད་དྷ་ནཱ། བཱ་བྷ་། །རླ་ལྨ་ཤྚ་བྷ་ཧྨ། །ཀྵཿའདི་རྣམས་འདོགས་དང་བཅས་པས་ཆོས་ཉིད་དང་སྦྱར་ན། སྣང་བ་དང་སྟོང་པ། ཐབས་དང་ཤེས་རབ། ཡབ་དང་ཡུམ། དབྱིངས་དང་ཡེ་ཤེས། ཀ་དག་དང་ལྷུན་གྲུབ་ཏུ་སོ་སོ་ལ་སྦྱར་ནས་བཤད་དུ་ཡོད་དེ། རང་ཤར་ལས། དེ་ལྟར་ཡི་གེའི་དོན་སྦྱར་ནས། །ཆོས་ཉིད་གཞི་ལ་དེ་བཞིན་སྦྱོར། །དེ་ནི་འདོགས་ཀྱི་དབང་བཤད་པའོ། །ཞེས་སོ། །གཉིས་པ་ནི། རྩ་བའི་ཡི་གེ་དེ་རྣམས་ལ། ན་རོ་དང་། གུ་གུ་དང་། འགྲེང་བུ་དང་། ཡ་བཏགས་དང་། ར་བཏགས་རྣམས་ཏེ་ལྔ་བཏགས་ན། རིག་པ་ལ་ཡེ་ཤེས་ལྔའི་རང་འོད་ལ་སོགས་པ་མཚོན་པ་སྟེ། རྣམ་པ་འདི་ལྟ་བུའོ། །༼བརྡ་ཡིག་ཡོད༽དེ་དག་རྣམས་ལ་ཡི་གེའི་ངོ་བོ་ཉིས་བརྩེགས་ནི་འདོགས་ཡིན་པས་རྩ་བའི་འདོགས་ལ། ན་རོ་ལ་སོགས་པ་ནི་ཡན་ལག་ཅེས་བྱ། འདོགས་ཀྱི་འདོགས་ཞེས་བྱའོ། །དེའང་བཤད་ལུགས་རྩ་བ་རྣམས་སྔར་འབྲུ་སྦྱར་ལྟར་བཤད་ཅིང་། ཡི་གེ་ར་དང་ལ་གཉིས་ལ་ཙ་བཏགས་པ་མེད་ལ།

p. 149

གཞན་ཀུན་ལ་ཐོབ་པར་བཤད་དོ། །དེའང་རང་ཤར་ལས། ཡན་ལག་ཐམས་ཅད་དེ་བཞིན་ནོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །འདོགས་དང་ཡན་ལག་འབྲེལ་བ་ལ། །བཤད་ལུགས་འདོགས་ཀྱིས་བཤད་པའོ། །ཡི་གེའི་འབྲུ་ནི་དོན་ལ་སྦྱོར། །ཡི་གེའི་བཤད་ལུགས་སྒྲ་ལྟར་བཤད། །ཡི་གེ་ར་ལ་ཙ་མེད་པའོ། །ཡི་གེའི་དཔེ་མཚོན་དོན་སྦྱར་ནི། །དེ་བཞིན་ཀུན་ལ་གནས་པའོ། །ཞེས་སོ། །གསུམ་པ་འཁོར་འདས་ཀྱི་བཤད་ཚུལ་ངེས་པ་ནི་གཉིས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་བཤད་ལུགས་སོ། །དང་པོ་ནི། རྒྱུད་ཀྱི་སྐབས་སུ་འདོགས་མེད་པའི་ཡི་གེ་རྣམས་འཁོར་བའི་ཆོས་དང་རང་གི་རིག་པ་སྦྱར་ཏེ་བཤད་པའོ། །དེ་ཡང་ཀ་ལྟ་བུ་ལ་འཁོར་བ་གདོད་མའི་དབྱིངས་ནས་འཁྲུལ་ནས་གྲུབ་ལ། མ་རིག་པ་ལ་སོགས་པའི་ཉོན་མོངས་པའི་ཚོགས་དང་བཅས་པའོ་ཞེས་བྱ་བ་ལ་སོགས་པར་བཤད་དོ། །འདོགས་དང་ཡན་ལག་གང་བྱུང་ཡང་མྱ་ངན་ལས་འདས་པར་བཤད་དོ། །དེ་ཡང་འདོགས་བྱུང་ན་སྣང་སྟོང་ལ་སོགས་པ་གཉིས་ཚན་དུ་བཤད་ལ། ཡན་ལག་བྱུང་ན་སྐུ་ལྔ་ལ་སོགས་པ་ལྔ་ཚན་དང་གསུམ་ཚན་དང་དྲུག་ཚན་ལ་སོགས་པ་ཡན་ལག་གི་གྲངས་དང་བསྟུན་ལ་བཤད་དོ། །དེའང་རང་ཤར་ལས། དེ་ལ་ཡི་གེ་ཐམས་ཅད་ཀྱི། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །མྱ་ངན་འདས་ཡིག་བཤད་ལུགས་དང་། །འཁོར་བའི་ཡི་གེའི་བཤད་ལུགས་སོ། །མྱ་ངན་འདས་པའི་ཡི་གེ་ནི། །འདོགས་དང་ཡན་ལག་བཤད་པའོ། །མ་དག་འཁོར་བའི་ཡི་གེ་ནི། །དང་པོའི་མ་ལ་བཤད་པའོ། །དེ་ལྟར་བཤད་ལུགས་རྣམ་གཉིས་ཀྱིས། །ཡི་གེ་ཀུན་གྱི་དོན་འགྲོལ་ལོ། །ཞེས་སོ། །བཞི་པ་ཡི་གེའི་གནས་དང་ལོངས་སྤྱོད་བཤད་པ་ནི། འདོགས་དང་ཡན་ལག་ཀུན་ཚང་བའི་དུས་ན། རྩ་བའི་ཡི་གེ་དང་པོའི་མ་འཁོར་བའི་ཆ་ལ་བཤད་ལ། དེ་ལ་འདོགས་གང་བྱུང་བ་དེ་ཕན་ཆད་མྱ་ངན་ལས་འདས་པའི་གནས་ཡིན་པས། བརྗོད་པ་ནའང་འདོགས་མ་དེ་ལ་སྦྱར་ཏེ་མཉམ་དུ་ཀློག་པའོ། །ཡི་གེའི་ངོ་བོ་དང་འདོགས་ཡན་ལག་འཁོར་འདས་ཀྱི་

p. 150

གནས་སོ། །ཡང་མ་མོའི་ཡི་གེའི་ལོངས་སྤྱོད་དུ་འདོགས་དང་ཡན་ལག་རྣམས་བྱུང་བའོ། །དེ་ལ་མ་མོའི་གོང་ན་ཡོད་པའི་འདོགས་ཀྱི་གུ་གུ་འོད་ཀྱི་ཡི་གེའོ། །འགྲེང་བུ་ལམ་མོ། །ན་རོ་དབྱིངས་སོ། །ཀླད་ཀོར་ཆོས་ཉིད་ཀྱི་ཡི་གེའོ། །དེ་ལྟར་གོང་ན་ཡོད་པ་བཞི་པོ་དེ་ལ་སྒྲོན་མའི་ཡི་གེ་ཞེས་བྱ་སྟེ། སྒྲོན་མ་བཞི་ལུས་ཀྱི་གོང་མགོའི་མིག་ནས་འཆར་བ་དང་འདྲའོ། །འོག་གི་འདོགས་ནི་གཞིའི་ཡི་གེའོ། །ཡ་བཏགས་ཁྱབ་པའི་ཡི་གེའོ། །ར་བཏགས་འཆར་བའི་ཡི་གེའོ། །ཞབས་ཀྱུ་ཐུགས་རྗེའི་ཡི་གེའོ། །དེ་དག་ཀྱང་རང་ཤར་ལས། ཡི་གེའི་གནས་དང་ལོངས་སྤྱོད་ཀྱང་། །འདི་ལྟར་ཀུན་ལ་ཤེས་པར་བྱ། །དེ་ལ་འདོགས་དང་ཡན་ལག་ནི། །གུ་གུ་འོད་ཀྱི་ཡི་གེར་བཤད། །འགྲེང་བུ་ལམ་གྱི་ཡི་གེར་བཤད། །ན་རོ་དབྱིངས་ཀྱི་ཡི་གེར་བཤད། །ཀླད་ཀོར་ཆོས་ཉིད་ཡི་གེར་བཤད། །དེ་ནི་གོང་གི་ཡི་གེ་བཞི། །སྒྲོན་མའི་ཡི་གེར་འདོད་པའོ། །ཞབས་ཀྱུ་ཐུགས་རྗེའི་ཡི་གེར་བཤད། །ཡ་བཏགས་ཁྱབ་པའི་ཡི་གེར་བཤད། །ར་བཏགས་འཆར་བའི་ཡི་གེར་བཤད། །དེ་ལ་འདོགས་ནི་གང་བྱུང་བ། །འདོགས་དང་སྦྱར་ཏེ་བཤད་པའོ། །ཞེས་སོ། །དེ་ཡང་ཡི་གེ་དེ་ལྟ་བུའི་ཚོགས་པ་ནི་བརྡ་ཡིན་ཏེ། དཔེར་ན་མི་འགའ་ཞིག་གི་འཕྲིན་རིམ་པ་མང་པོ་ལ་སོར་མོ་རྣམས་ལ་སྐུད་པ་མང་པོ་བཏགས་པ་དང་འདྲ་ལ། དོན་ནི་འཁོར་འདས་ཀྱི་ཆོས་གཞི་ལམ་འབྲས་བུ་དབྱིངས་དང་ཡེ་ཤེས་ལ་སོགས་པ་མཚོན་པ་ཡིན་ནོ། །ལྔ་པ་དེ་དག་གི་བརྗོད་ཚུལ་བསྟན་པ་ལ་གཉིས་ཏེ། གནས་དང་བརྗོད་ཚུལ་སྤྱིར་བསྟན་པ་དང་། སྒྲ་ཉེ་བར་བརྗོད་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཐུན་མོང་གི་གནས་དགོད་པ་དང་། རིང་ཐུང་དང་ལྕི་ཡང་གི་རིམ་པ་བཤད་པའོ། །དང་པོ་ནི། རྒྱུད་གང་དུ་ཡི་གེའི་སྔགས་བརྩེགས་མའམ་རྐྱང་པ་ཇི་ལྟ་བུ་བྱུང་ཡང་། ལོག་པ་རང་སོ་ལ་བཞག་པ་གང་རུང་རྩ་བ་ལ། དེ་ལ་འདོགས་གང་བྱུང་གི་ལོག་པ་ཀུན་ལྕེ་རྩེ་རྐན་ལ་སྦྱར་ནས་མ་ལོག་པ་ཐད་སོའི་ལྟར་བརྗོད་ཅིག་ཅེས་བྱ་བ་ཡིན་ཏེ། ཊ་ལ་ཏ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །

p. 151

ཡན་ལག་རྣམས་ཀྱང་མ་ལ་གང་འཚམས་སུ་བྱིན་ལ་བརྗོད་པའོ། །དེ་ཡང་སྲོག་གཅིག་པ་དང་རིགས་མཐུན་པ་ཀུན་བསྡེབས་ནས་བཀླག་སྟེ། ཀྐ་ཞེས་པ་ལྟ་བུ་དང་། ཀཱཽ་ཞེས་པ་བཞིན་ནོ། །མི་གཅིག་པ་སོ་སོར་བརྗོད་དེ། ཞེས་པ་ལ་སོགས་པ་བཞིན་ནོ། །དེ་དག་ཀྱང་རིག་པ་རང་གྲོལ་ལས། ཡི་གེའི་སྔགས་ལ་འདི་ལྟ་སྟེ། །ལོག་དང་འདོགས་དང་ཡན་ལག་རྣམས། །གང་ཡིན་པ་ཡང་འདིར་བརྗོད་ཅིང་། །གང་ལ་གང་གིས་འཚམས་པར་བོད། །ལོག་པར་བཏགས་ལ་མངོན་གྱུར་ཏེ། །མ་ཉིད་སོ་ལ་བཞག་པའོ། །ཡན་ལག་མྱ་ངན་འདས་ཡིག་ཡིན། །འདོགས་ནི་འཁོར་བ་ཁོ་ནའོ། །དེ་བཞིན་སྔགས་དང་ཡི་གེ་རྣམས། །གང་ལ་གང་འཚམས་དེས་བོད་དོ། །ཞེས་སོ། །དེའང་རང་ཤར་ལས། མ་འཁོར་བར་བཤད་ལ། འདོགས་དང་ཡན་ལག་མྱང་འདས་ཀྱི་ཡི་གེར་བཤད་ཅིང་། རང་གྲོལ་ལས་མ་སོར་བཞག་ནས་འདོགས་འཁོར་བ་དང་། ཡན་ལག་མྱང་འདས་སུ་བཤད་པ་གཉིས་མི་འགལ་ཏེ། སྐབས་ཀྱིས་གོ་བར་བྱ་བ་ལ་དགོངས་པའོ། །དེ་ཡང་འཁོར་བ་བའི་དུས་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོས་ཁྱབ་པར་འཆད་དུས། སེམས་ཅན་གཞིར་བྱས་པས་ཡི་གེའི་ཡང་མ་དེ་འཁོར་བར་བྱས་ནས། འདོགས་དང་ཡན་ལག་མྱང་འདས་སུ་གོ་བར་བྱའོ། །གཤིས་རིག་པ་ལས་འཁོར་འདས་གྱེས་ཚུལ་དང་ཚང་ཚུལ་བརྗོད་དུས། མ་དེ་རིག་པ་མཚོན་པས་སོར་བཞག་ལ། འདོགས་འཁོར་བར་བཤད་ཅིང་། ཡན་ལག་མྱ་ངན་ལས་འདས་པའི་ཆོས་སུ་བརྗོད་པར་བྱའོ། །རང་བཞིན་དུ་གང་དུ་ཡང་སྦྱར་དུ་ཡོད་དེ་བརྡ་ཆད་ཡིན་པའི་ཕྱིར་རོ། །དེའང་མ་དག་པ་འཁོར་བ་མཚོན་དུས། རྩ་བ་དེ་རང་གི་སེམས་སུ་བྱས་ལ། འདོགས་དང་ཡན་ལག་དེའི་སྟེང་ན་ཡོད་པའི་ལས་དང་ཉོན་མོངས་པ་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་འབྱུང་བ་དང་གཟུང་འཛིན་ལ་སོགས་པར་ཡང་བཤད་དོ། །དག་པ་མྱ་ངན་ལས་འདས་པ་འཆད་དུས། མ་ཡིག་དེ་རང་བྱུང་གི་ཡེ་ཤེས་ལ། འདོགས་དང་ཡན་ལག་སྐུ་གསུམ་དང་ཡེ་ཤེས་ལྔ་དང་

p. 152

འོད་ལྔ་དང་སྟོབས་བཅུ་ལ་སོགས་པར་ཡང་བཤད་དོ། །འཁོར་འདས་གཉིས་ཀ་གཞི་གཅིག་ལ་བཤད་དུས། མ་ཡིག་དེ་རིག་པ་ལ། འདོགས་ཡན་ལག་འཁོར་འདས་ཀྱི་ཆོས་སུ་བཤད་དོ། །དེ་བཞིན་དུ་གཞི་བཤད་དུས་མ་དེ་རིག་པ་ལ། འདོགས་དང་ཡན་ལག་ངོ་བོ་རང་བཞིན་ཐུགས་རྗེ་དང་། རླུང་ལྔ་ལ་སོགས་པར་ཡང་བཤད་དོ། །ལམ་བཤད་དུས་མ་དེ་སྙིང་གའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་རང་བཞིན་གཞི་ཡིན་ལ། འདོགས་དང་ཡན་ལག་གཞི་སྣང་སྒྲོན་མ་བཞི་དང་སྣང་བ་བཞི་ལ་སོགས་པར་ཡང་བཤད་དོ། །འབྲས་བུ་བཤད་དུས། མ་ཡིག་དེ་སངས་རྒྱས་ཀྱི་ཐུགས་རང་བྱུང་གི་ཡེ་ཤེས་ཡིན་ལ། འདོགས་ཡན་ལག་སྐུ་དང་ཡེ་ཤེས་དང་ཡོན་ཏན་དང་ཕྲིན་ལས་ལ་སོགས་པར་ཡང་བཤད་དོ། །མདོར་ན་དོན་གང་མཚོན་ནས་བཤད་པའི་དུས་ཀྱི་གཙོ་བོ་མ་ཡིག་ལ། དེའི་འཁོར་འདོགས་དང་ཡན་ལག་ཏུ་བཤད་པར་བྱའོ། །གཉིས་པ་རིང་ཐུང་དང་ལྕི་ཡང་གི་རིམ་པ་བཤད་པ་ནི། རང་གྲོལ་ལས། སྒྲ་ལ་རྣམ་པ་བཞི་ཡིས་བསྟན། །རིང་དང་ཐུང་དང་ཆེ་བ་དང་། །དེ་བཞིན་གཞི་ཡི་སྒྲ་ཞེས་བྱའོ། །ཞེས་གསུངས་པས། ཐུང་ངུ་དང་རིང་པོ་དང་། ཤིན་ཏུ་རིང་ཞིང་ཆེ་བ་དང་། གཞིའི་སྒྲ་དང་བཞི་ལས། ཐུང་ངུ་ནི་ཡི་གེ་གཅིག་སྟེ། བརྗོད་དུས་གཅིག་བརྗོད་པའི་ཡུན་དུ་བཀླག་པའོ། །རིང་པོ་ནི་གཉིས་དང་མཉམ་པ་སྟེ། སྐབས་ལ་ལར་རིགས་མཐུན་དང་། སྲོག་མཐུན་ན་རིགས་མི་མཐུན་ཀྱང་བརྩེགས་པ་དང་རིང་ཆ་ཡོད་པ་རྣམས་སོ། །ཆེ་བ་ནི་ཤིན་ཏུ་རིང་པོ་སྟེ་གསུམ་གྱི་ཡུན་ཙམ་དུ་འབྱུང་བའོ། །གཞིའི་སྒྲ་ནི། ཡི་གེའི་དབྱིངས་ཏེ་མ་དང་ཡན་ལག་འདོགས་དང་བཅས་པ་རྣམས་སོ། །དེ་དག་སྲོག་མཐུན་ན་གཅིག་ཏུ་བཀླག་ལ། མི་མཐུན་ན་སོ་སོར་བཀླག་པའོ། །ཡང་སྐབས་ཁ་ཅིག་ཏུ་ཐུང་ངུ་འདོགས་དང་ཡན་ལག་དང་། རིང་ཆ་གང་ཡང་མེད་པའི་རྐྱང་པ་ལ་བརྗོད་དོ། །རིང་པོ་ནི་འའི་རིང་ཆ་ཡོད་པ་ལ་ཟེར་རོ། །ཆེན་པོ་ནི་ཀྐ་ལྟ་བུ་རིགས་མཐུན་བརྩེགས་པ་ལ་འདོད་དོ། །གཞིའི་སྒྲ་ནི། ཀ་ལ་ཙ་བཏགས་ལ་སོགས་པ་

p. 153

མ༵ཐུག་པོ་རྣམས་ལ་གྲགས་སོ། །དེ་ཡང་སྒྲ་པ་དང་སྦྱར་ན་སྔ་མ་ལྟར་ཡི་གེས་ཡུན་བརྩི་བ་ཡིན་ཏེ། བོད་པའི་ཚེ་དེ་ལྟར་ཤེས་པར་བྱའོ། །རྒྱུད་རང་གཞུང་དང་སྦྱར་ཏེ་དག་པ་དང་གནས་ལ་ལྟོས་ནས་ཕྱི་མ་ལྟར་སྦྱར་ཏེ་དོན་དེ་བཞིན་དུ་བཤད་དོ། །འདི་དག་གི་ལྕི་ཡང་དང་རིང་ཐུང་ངེས་པ་ལ། མཐུག་པོ་རྣམས་ནི་ལྕི་བ་ཡིན་ལ། ཐུང་ངུ་རྣམས་ནི་ཡང་བར་འདོད་པའོ། །གནས་སོ་སོར་ཕྱེ་ན། རང་གྲོལ་ལས། སྒྲ་ལ་རིང་དང་ཐུང་བ་རྣམས། །བསྟན་པ་འདི་ལྟར་ཡིན་པར་གསུངས། །ཨྸ་ལ་ཨ་བརྩེགས་རིང་བ་དང་། །ཀ་ལ་ཀ་བཏགས་རིང་བར་བཤད། །བ་ལ་བ་བཏགས་ཆེ་བར་བོད། །ཛ་ལ་ཛ་བཏགས་མཐུག་པོར་བཤད། །ཉ་ལ་ཉ་བཏགས་རིང་པོར་བོད། །ས་ལ་ས་བཏགས་ཐུང་ངུར་བཤད། །ཡ་ལ་ཡ་བཏགས་ཆེན་པོའོ། །མ་ལ་མ་བཏགས་མཐུག་པོར་བཤད། །ག་ལ་ག་བཏགས་རིང་བར་བཤད། །ཚ་ལ་ཚ་བཏགས་ཐུང་ངུར་བཤད། །ཧ་ལ་ཧ་བཏགས་ཆེན་པོར་བོད། །ཐ་ལ་ཙ་བཏགས་མཐུག་པའོ། །ཁ་ལ་ཁ་བཏགས་རིང་པོར་བསྟན། །ང་ལ་ང་བཏགས་ཐུང་ངུ་ཡིན། །པ་ལ་པ་བཏགས་ཆེན་པོར་བོད། །ཐ་ལ་ཐ་བཏགས་མཐུག་པོ་ཡིན། །དེ་ལ་སོགས་པའི་ཡི་གེ་རྣམས། །འབྲུ་སྦྱར་དོན་ལ་ཤེས་པར་བྱའོ། །དེ་ཡང་དཀྲུགས་པ་འདི་ལྟ་སྟེ། །ཀ་ལ་ཙ་བཏགས་མཐུག་པོ་ཡིན། །ཐ་ལ་ན་བཏགས་མཐུག་པོར་བཤད། །ཛ་ལ་བ་བཏགས་མཐུག་པོར་བོད། །མ་ལ་ཤ་བཏགས་མཐུག་པོར་བཤད། །བ་ལ་ཨ་བཏགས་མཐུག་པོའི་དོན། །ན་ལ་ཏ་བཏགས་མཐུག་པོར་བཤད། །དེ་རྣམས་མཐུག་པོ་དག་ཏུ་བོད། །རིང་བའི་ཡི་གེ་འདི་ལྟ་སྟེ། །ཡ་ལ་ང་བཏགས་རིང་བར་བཤད། །ག་ལ་ཧ་བཏགས་རིང་བར་བོད། །ཐ་ལ་ད་བཏགས་རིང་བར་བཤད། །འ་ལ་ཁ་བཏགས་རིང་བར་བོད། །ཏ་ལ་ན་བཏགས་རིང་བར་བཤད། །ཤ་ལ་ཞ་བཏགས་རིང་བའོ། །དེ་རྣམས་རིང་བ་དག་ཏུ་བཤད། །འདི་རྣམས་ཆེ་བར་བོད་པའོ། །སྭ་ལ་ལ་བཏགས་ཆེ་བ་ཉིད། །ཡ་ལ་དུ་བཏགས་ཆེ་བའོ། །ཀ་ལ་སྐྲེ་བཏགས་ཆེ་བར་བོད། །

p. 154

ཧྲ་ལ་ཧ་བཏགས་ཆེ་བ་ཉིད། །ཉ་ལ་ར་བཏགས་ཆེ་བའོ། །ང་ལ་ཏེ་བཏགས་ཆེ་བའོ། །ཡ་ལ་ལ་བཏགས་ཆེ་བ་ཉིད། །སྨ་ལ་ཁྲུ་བཏགས་ཆེ་བ་ཉིད། །དེ་རྣམས་ཆེ་བའི་ཡི་གེར་བཤད། །ཐུང་བའི་དོན་ཉིད་འདི་ལྟ་སྟེ། །ང་ལ་ཡ་བཏགས་ཐུང་ངུར་བོད། །ག་ལ་ང་བཏགས་ཐུང་ངུར་བཤད། །ད་ལ་ང་བཏགས་ཐུང་ངུར་བོད། །ཀ་ལ་ཞ་བཏགས་ཐུང་བར་བཤད། །ཇ་ལ་ས་བཏགས་ཐུང་བའོ། །ཡ་ལ་ནི་བཏགས་ཐུང་ངུར་བཤད། །ཁ་ལ་ཨུ་བཏགས་ཐུང་བའོ། །ས་ལ་ང་བཏགས་ཐུང་བ་ཉིད། །ད་ལ་ན་བཏགས་ཐུང་བར་བཤད། །དེ་ལ་ཡན་ལག་གང་བྱུང་བ། །དེ་དང་མཐུན་པར་བོད་པའོ། །ཞེས་སོ། །དེའང་ཅ་དང་ཇ་དང་། ཟ་དང་ཞ་དང་ཆ་རྣམས་བྱུང་བས་རྒྱ་གར་ལ་མེད་པས་སྙམ་དུ་དོགས་པར་མི་བྱ་སྟེ། སཾ་སྐྲྀ་ཏ་ལེགས་སྦྱར་གྱི་ཡི་གེ་ལ་མེད་ཀྱང་། ཨུ་རྒྱན་མཁའ་འགྲོའི་ཡི་གེ་ལ་སྒྲ་དེ་དག་ཡོད་པས། གཟུགས་འདི་དག་བྱུང་ལ། རྒྱུད་འདི་དག་ཨུ་རྒྱན་གྱི་ཡི་གེ་ལ་མཁའ་འགྲོ་མས་བཟུང་བ་ཡིན་ནོ། །གཉིས་པ་སྒྲ་ཉེ་བར་བརྗོད་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྐྱང་པ་དང་། དབྱིངས་ཀྱི་གནས་བརྗོད་པའོ། །རྐྱང་པའི་གནས་ནི། ཨ་ག་ཤ་ས་ཞེས་པ་ལྟ་བུ་སྟེ་འཁོར་འདས་གང་རུང་གི་རྩ་བ་ལ་སྦྱར་ཏེ་བཤད་ཅིང་། བོད་པའང་ག་ཛ་ད་པ་རྣམས་ལ་འས་འཕུལ་སྦྱར་བ་ལྟར་བཀླག་ཅིང་། ཡི་གེ་གཞན་རྣམས་སོ་སོར་བཀླག་གོ། དེའང་ཀརྨ་དང་སརྦ་ལ་སོགས་པ་ནི་འདོགས་ཀྱི་སྒྲས་རྨ་དང་རྦ་ཞེས་བྱ་ལ། རྐྱང་པར་བྱུང་ན་མ་དང་འབའ་ཞེས་བྱའོ། །དབྱིངས་ཀྱི་གནས་བརྗོད་པ་ལ་གསུམ་སྟེ། འདོགས་དང་། ཡན་ལག་དང་། བརྩེགས་མའོ། །དང་པོ་ནི། གཉིས་བརྩེགས་ན་འདོགས་ཞེས་བྱ་སྟེ། སྲོག་མཐུན་ན་གཅིག་ཏུ་བཀླག་པ་བྷ་དྷ་གྷ་ཛྷ་ཞེས་པ་ལྟ་བུའོ། །དེ་ཡང་ཡི་གེ་མ་མོའི་སྒྲའི་བག་ལ་ཞའི་ཚུལ་དུ་ཧའི་སྒྲ་ཅུང་ཟད་ཐོན་པར་བོད་དོ། །སྲོག་མི་མཐུན་ན་ཕྲལ་ནས་སོ་སོར་བརྗོད་དེ་ཞེས་པ་ལ་ཨ་ཊ་ཙ་ཊ་ཙ་རི་ཞེས་བོད་དོ། །བརྩེགས་མའི་རིགས་ཀུན་དེ་བཞིན་ནོ། །གཉིས་པ་ལའང་སྲོག་མཐུན་པ་དང་མི་མཐུན་པའི་

p. 155

རིམ་པ་དེ་དང་འདྲ་བ་ལས། སོ་སོར་བོད་ལུགས་ཀག་ཆེན་ལྟ་བུ་སྟེ། ཀ་ལྟ་བུའི་གོང་དུ་ན་རོ་གཉིས། འགྲེང་བུ་གཉིས། གུ་གུ་གཉིས། ཀླད་ཀོར་གཅིག །ཞབས་ཀྱུ་གཉིས། ཡ་བཏགས་གཉིས། ར་བཏགས་གཉིས། རིང་ཆ་གཅིག་རྣམས་བྱུང་ན། མ་མོ་ལན་བཅུ་བཞིར་འབྱུང་སྟེ། ཀོ་ཀཱོ། ཀེ་ཀཱེ། ཀི་ཀཱི། ཀུ་ཀཱུ། ཀྱ་ཀྱཱ། ཀྲ་ཀྲཱ། ཀཾ་ཀཱ་ཞེས་པའོ། །དེ་ཡང་རྩ་བའི་ཀ་ནི་ཀ་རྐྱང་ལ། ཀླད་ཀོར་ནི་ཀཾ་དུ་བོད་པའོ། །ན་རོ་ལ་སོགས་པ་ནི་རེ་རེ་ལ་ཕྱི་མ་རྣམས་རིང་ཆ་དང་བཅས་པར་བཀླག་གོ། དེ་ནི་རྐྱང་པ་ལ་ཡན་ལག་བཏགས་པའི་དབང་དུ་བྱས་པའོ། །འདོགས་ལ་ཡན་ལག་བཏགས་པ་ལ་ནི། ཀ་ལྟ་བུ་གཅིག་ལ་ན་རོ་གཉིས། གུ་གུ་གཉིས། འགྲེང་བུ་གཉིས། ཞབས་ཀྱུ་གཉིས། ཡ་བཏགས་གཉིས། ར་བཏགས་གཉིས། འདོགས་ཀྱི་ལ་གཅིག་ཀླད་ཀོར་དང་རིང་ཆ་གཅིག་ཡོད་ན། རྩ་བའི་ཀ་དང་། འདོགས་ཀྱི་ལ་གཉིས་ལ་གོང་འོག་གི་ན་རོ་ལ་སོགས་པ་ཕྱེད་མར་བྱིན་ནས། ཀླད་ཀོར་ལ་ལ་བྱིན་ཞིང་། རིང་ཆའི་འ་གཉིས་ཀ་ལ་ཕན་པའི་རྐྱེན་དུ་སྟེར་བ་ཡིན་ཏེ། དཔེར་ན། ཀཱི་ལཱི་ཀཱོ་ལཱོ་ཀཱེ་ལཱེ་ཀཱུ་ལཱུ་ཀྱཱ་ལཱ་ཡ་ཀྲཱ་ལཱ་ར་ལཾ། ཞེས་ལ་དང་ར་སྲོག་མི་མཐུན་པས་ལའི་ཐོབ་མལ་གྱི་ལ་བཏགས་དང་ར་བཏགས་གྲལ་ལ་བཅུག་ལ་བོད་པའོ། །གོང་འོག་གི་ཡན་ལག་ལ་མང་ཉུང་བྱུང་ན། མཉམ་པའི་ལྷག་གང་ཡིན་འདོགས་ཀྱི་ཡི་གེ་ལ་སྦྱིན་ནས་བཀླག་གོ། ཀླད་ཀོར་འདོགས་ལ་དབང་བའོ། །གོང་གི་ན་རོ་ལ་སོགས་པ་གཅིག་ལས་མེད་ན་རྩ་བ་རྐྱང་པར་བོད་ཅིང་། ན་རོ་ལ་སོགས་རྒྱན་གྱི་ཡི་གེ་བཞི་འདོགས་ལ་སྦྱིན་ནོ། །འོག་གི་མཐའ་རྟེན་ཞབས་ཀྱུ་ལ་སོགས་པ་ཚན་པ་རེ་རེ་ལས་མེད་ན། རྩ་བ་ལ་བྱིན་ལ་འདོགས་རྐྱང་པར་བོད་པའོ། །དེ་གཉིས་ཀྱི་དཔེར་བརྗོད་ན། རིམ་པ་བཞིན་ཞེས་པ་ལ། ཀ་མོ་ཀ་མི་ཀ་མེ་མཾ་ཞེས་བཀླག་གོ། ཞེས་པ་ལ། ཀྲ་ཙ་ཀྱ་ཙ་ཀུ་ཙ་ཞེས་བོད་དོ། །དེའང་རྩ་བའི་ཡི་གེ་ཐོག་མར་སྣ་འདྲེན་པས་འདོགས་ཀྱི་སྔོན་ལ་བོད་པ་ཡིན་ནོ། །ན་རོ་གུ་གུ་འགྲེང་བུ་ཀླད་ཀོར་བཞི་ལ་རྒྱན་གྱི་ཡི་

p. 156

གེ་བཞི་ཞེས་བྱའོ། །ཡ་བཏགས་ར་བཏགས་ཞབས་ཀྱུ་གསུམ་ལ་མཐར་རྟེན་ནམ། རྟེན་གྱི་ཡི་གེ་བཞི་ཞེས་བྱའོ། །རྐྱང་པ་རྣམས་ལ་གུ་གུ་ཉིས་བརྩེགས་བྱུང་ན་དྲང་པོར་གཞག་པ་ཞེས་བྱ་སྟེ། ཀཱི་ཞེས་གུ་གུ་གཅིག་རིང་ཆར་བོད་དོ། །ན་རོ་ཉིས་བརྩེགས་བྱུང་ན་སྟོད་དེ་སྨད་པ་ཞེས་བྱ་སྟེ། ཀོའུ་ཞེས་གཅིག་ཞབས་ཀྱུར་བོད་དོ། །འགྲེང་བུ་ཉིས་བརྩེགས་བྱུང་ན་འགྲེང་སྟེ་བཀུག་པ་ཞེས་བྱ་སྟེ། ཀེའི་ཞེས་གཅིག་གུ་གུར་བོད་དོ། །གསུམ་པ་བརྩེགས་མའི་བརྗོད་ལུགས་ནི། སྲོག་མཐུན་པ་ལ་སོགས་འདྲ་ལ་སྒྲ་བརྗོད་ན། ཞེས་པ་ནི། ཨོ་ཀོ་ཤོ་མི་ཏྲྀ་ཊཾ་ཞེས་པའོ། །དེའི་དོན་ནི། སྐྱེ་བ་མེད་པ་དག་པ་ཆོས་ཀྱི་སྐུ། ཤེས་རབ་ཀྱི་བདག་ཉིད་ཆོས་ཐམས་ཅད་གཉིས་སུ་མེད་པ། རྟག་པའི་ཡེ་ཤེས་སྟོང་པ་འགག་པ་མེད་པ། དབྱིངས་ལས་དབྱིངས་བྱུང་བ། ཡེ་ཤེས་གཉིས་མེད་ཀྱིས་བརྒྱན་པ། དེའི་ཕྱིར་ན་དབྱིངས་ཡེ་ཤེས་སུམ་བརྩེགས་ཀྱི་བདག་ཉིད་དོ། །དེའང་ཆོས་ཉིད་མཉམ་པ་ཉིད་ལས་མ་འདས་པའི་རིག་པའི་ཡེ་ཤེས་སོ། །འོད་ལ་གཉིས་ཏེ་རྟོགས་པའི་གང་ཟག་གི་འོད་དང་། མ་རྟོགས་པ་སེམས་ཅན་གྱི་འོད་དོ། །དེ་ཡང་རྟོགས་པ་དང་ལྡན་པ་རྣམས་ལ་སྣང་བ་འདི་ཉིད་ལ་ཡེ་ཤེས་ལྷུག་པར་འཆར་རོ། །མ་རྟོགས་པ་ལ་འོད་ལྔ་ཡོད་ཀྱང་མི་མཐོང་བས་མཚོན་དུ་མེད་དོ། །དེ་བཞིན་དུ་བརྩེགས་མའི་གནས་གཞན་ཡང་ནཞེས་པ་ནི། ནི་ཙི་ཛི་མེ་ཏཾ་ཤུ་མ་ནུ་སརྦ་དྷརྨ་ཀཱ་ཡ་སི་ཏི་སཾ་བྷ་རཿཞེས་པའོ། འདི་དག་སྒྲ་བསྒྲུབས་པའི་ཁོང་ན་དྷརྨ་ཀཱ་ཡ་སིདྡྷི་བྷ་ར་རྣམས་ཡོད་པའོ། །དེ་དག་གི་དོན་ནི། དག་པའི་ལུས་སྒྲ་དངོས་ཀྱིས་བསྟན་ལ། མ་དག་པའི་ལུས་བསྒྲུབས་པས་བསྟན་ཏོ། །དེ་ལ་དག་པ་ཡེ་ཤེས་ཀྱི་ལུས་ནི། སྣང་བ་འདི་འགགས་མ་ཐག་ཏུ་འཆར་རོ། །མ་དག་པ་སེམས་ཅན་གྱི་ལུས་ནི་དངོས་པོར་སྣང་བ་འདི་ཉིད་དོ། །ཡེ་ཤེས་ཀྱི་ལུས་སྙིང་གའི་རིག་པ་སྟོང་རིག་དོན་གྱི་ཡེ་ཤེས་ཏེ། ཆོས་ཉིད་རྟག་པ་མི་འགྱུར་བ་འཁྲུལ་པ་ལས་ལོག་པའོ། །རིག་པའི་ཤེས་རབ་འཇིག་རྟེན་ལས་ལོག་པའོ། །རིག་པའི་ཐུགས་རྗེས་

p. 157

འཆར་ནུབ་མེད་པར་འགྲོ་བའི་དོན་བྱེད་པའོ། །ཡང་བརྩེགས་མའི་རྣམ་གྲངས་བསྟན་པ་ནི། ཞེས་པ་སྟེ། འེ་དེ་གེ་མཾ་ལྷ་ཧ། ཨད་མ་ཀོ་ཙཀ་ཏྲ་པ་ལོ་ཀི་ཞེས་པའོ། །དེའི་དོན་འོད་ལ་འཇུག་སྟེ། རིག་པའི་འོད། སྐུའི་འོད། ཡེ་ཤེས་ཀྱི་འོད་གསུམ་ཆོས་ཀྱི་དབྱིངས་སུ་འདུས་པའོ། །དེའང་ཆོས་ཉིད་མཉམ་པ་ལས་མ་འདས་པའོ། །གཉིས་སུ་མེད་པའི་དོན་ཡེ་ཤེས་ཀྱི་བདག་ཉིད་ལ། སྟོང་པ་བརྩེགས་པ་སྟོང་པ་ལོངས་སྤྱོད་རྫོགས་པའི་སྐུ་མཉམ་པ་ཉིད་ཀྱི་དོན། ཚིག་ལས་འདས་པའི་སྐུ། གསལ་བའི་འོད་ཀྱིས་ཁྱབ་པ། ཆ་གང་ལ་ཡང་རག་མ་ལུས་པའོ། །ལམ་ལ་གསུམ་སྟེ། སྟོང་པ་ཡེ་ཤེས་ཀྱི་ལམ། གསལ་བ་འོད་ཀྱི་ལམ། མི་འགྱུར་བ་རིག་པའི་སྟོང་ལམ་མོ། །དང་པོ་ནི། བྱང་ཆུབ་ལམ་གྱི་སྒྲོན་མའོ། །གཉིས་པ་ནི། ཡེ་ཤེས་ཀྱི་སྒྱུ་ལུས་སོ། །གསུམ་པ་ནི། རིན་པོ་ཆེའི་ལུས་སོ། །དེ་གསུམ་ཡང་ཆོས་ཀྱི་དབྱིངས་ཀྱི་ངང་དུ་རོ་གཅིག་པ་སྟེ། ཆོས་ཉིད་མཉམ་པ་ཆེན་པོའི་དབྱིངས་མཆོག་མི་འགྱུར་ལས་མ་འདས་པའོ། །བརྩེགས་མ་གཞན་ཡང་། ཤཾ་བཛྲ་མུ་ཏད་ཡ་བྱ་ཉ་པྲ་པ་ར་དུས་སྟན་ཀ་ཧིཿཞེས་པའི་དོན་ནི། ཤེས་རབ་ཀྱི་དོན་གྱིས་རྟོགས་པ། དུས་ལས་མི་འགྱུར་བའི་ཡེ་ཤེས། མ་རིག་པ་ངང་གིས་བཅོམ་པ། ཆོས་ཀྱི་དབྱིངས་མཉམ་པའི་མུ་ཁྱུད་དང་ལྡན་པ། རང་ལ་རྟག་པར་ཡོད་པས་ཁྱབ་པ་གསུམ་དང་ལྡན་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་རང་ཤར་བའོ། །གཞན་ཡང་། མཾ་གཾ་ཧ་ས་ཧུཾ་སྟེ་བསྒྲུབས་པས་མ་ལ་མ་ལ་དྷ་ཐིམ་དྷ་ཐིམཿཞེས་པའི་དོན་ནི། རང་གི་རིག་པ་མཉམ་ཉིད་དག་པའི་སྐུར་རྟོགས་པ། དེ་ཡང་སྟོང་པ་རང་བྱུང་གི་ཡེ་ཤེས་ཀྱིས་ཁྱབ་པར་རྟོགས་པ། དེ་ཡང་རང་གི་དངོས་པོའི་ས་ལ་ཡོངས་སུ་མྱ་ངན་ལས་འདས་པའི་རྟོགས་པ། སྐུ་གསུམ་འདུ་འབྲལ་མེད་པའི་དོན་རྟོགས་པ། ཆོས་ཐམས་ཅད་མཉམ་པ་ཉིད་གཉིས་སུ་མེད་པར་རྟོགས་པའོ། །དེ་ལས་ཐུགས་རྗེ་འགག་པ་མེད་པ་ཉི་མའི་ཟེར་ལྟ་བུར་འཆར་བའོ། །རྟོགས་པའི་

p. 158

ཡེ་ཤེས་རང་ས་ཟིན་པའོ། །གཞན་ཡང་ཏ་ཀ་ཡུ་མུ་ཤ་སུ་མ་ཧ་བུ་བྷ་རི་ཀེ་ཧ་ཀེ་ཧ་སྟེ། འགྱུར་མེད་སྐུ་གསུམ་གྱི་ས་ནོན་པའོ། །དུས་ཐམས་ཅད་པའི་ཡེ་ཤེས་རྟག་པར་བཞུགས་པ་ཆོས་ཀྱི་དག་པ་ཡེ་ཤེས་ཀྱི་སྙིང་པོ་ཅན། མཉམ་པ་ཉིད་ཤེས་རབ་ཀྱི་བདག་ཉིད་དུ་གྱུར་པ། སྟོང་པ་ལ་ཐུགས་རྗེ་གསུམ་དུས་གཅིག་ཏུ་འཆར་བ་དེ་ཡང་མ་འགགས་པའི་ཚུལ་གྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུ་ལས་མ་འདས་པ། འགྱུར་མེད་ཀྱི་ཡེ་ཤེས་རང་ཆས་སུ་བཤད་པའོ། །སྒྲའི་གནས་ཡི་གེ་མང་པོ་བརྩེགས་མ་རྣམས་ཀྱི། འགྲེང་བུ་དང་ན་རོ་ཡས་མར་རིམ་པ་བཞིན་བྱིན་ནས་གུ་གུ་དང་བཅས་པ་དེ་བཞིན་བཀླག་ཅིང་། ཀླད་ཀོར་འོག་མའི་སྟེང་དུ་ཐོབ་པ་ཡིན་ནོ། །ཡི་གེའི་གནས་འདིས་རྒྱུད་བཅུ་བདུན་གྱི་ཁོག་བཅིངས་པ་ཡིན་པས། རྒྱུད་ཀྱི་གནས་གང་དུ་བྱུང་ཡང་དེ་ལྟར་གོ་བར་བྱའོ། །ཡི་གེ་བརྩེགས་མའི་དཔེར་བརྗོད་འདི་དག་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་བྱུང་བ་བཞིན་ནོ། །ཡི་གེ་འཁོར་ལོའི་རིམ་པ་འདི་རྒྱུད་ཀྱི་དཀའ་བའི་གནས་ཡིན་ཏེ། ཤེས་ན་དོན་ཆེན་པོ་ཁོང་ཁྲོལ་བ་ལ་བསམས་ནས་འདིར་ལེགས་པར་གཏན་ལ་ཕབ་པ་ཡིན་ནོ། །དོན་གཉིས་པ་གླེང་གཞི་ངེས་པའི་རྣམ་གྲངས་བཤད་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གསང་བ་བླ་ན་མེད་པའི་རྒྱུད་རྣམས་ཀྱི་དོན་དགོངས་པ་རྣམ་པ་གཉིས་ཀྱིས་བཅིངས་ནས་འཆད་དེ། རིག་པ་རང་སྣང་གི་བློ་ཅན་ལ་དགོངས་ནས། རྒྱུད་ཀྱི་མཚན་དོན་དབྱེ་བ་དང་། དམིགས་པ་ཡུལ་གྱི་བློ་ཅན་རྣམས་ལ་དགོངས་ནས་རྒྱུད་ཀྱི་གཞུང་ངེས་པར་བསྟན་པའོ། །དེ་སྐད་དུ་ཡང་ཐལ་འགྱུར་ལས། ཨེ་མ་རྒྱུད་དག་ངེས་འབྱུང་བ། །དགོངས་པ་རྣམ་པ་གཉིས་ཡིན་ཏེ། །རིག་པ་རང་སྣང་བློ་ཅན་ལ། །རྒྱུད་ཀྱི་མཚན་དོན་རྣམས་ཕྱེ་སྟེ། །བརྡ་དང་སྒྲ་དང་དོན་གསུམ་གྱིས། །ཆོས་ཉིད་མངོན་སུམ་ལམ་བྱས་ཏེ། །ཁམས་གསུམ་འཁོར་བ་རྒྱུན་བཅད་ནས། །ཕྱི་ཕྱིར་བཟློག་པ་མེད་པ་ཡིས། །ཟད་པའི་མཚན་ཉིད་ཤེས་པའོ། །དམིགས་

p. 159

པ་ཡུལ་གྱི་བློ་རྣམས་ལ། །རྒྱུད་ཀྱི་གཞུང་དོན་རྣམ་ཕྱེ་སྟེ། །གང་ལ་གང་མོས་ངེས་པའི་གནད། །རེ་རེ་དག་ལ་གནད་བཙུགས་ནས། །འབྲལ་བ་མེད་པར་ཡོངས་རྟོགས་ཏེ། །འཁོར་བ་དག་ལ་གནས་པ་མིན། །སྤྲོས་པ་དག་ལ་དགའ་བའི་མི། །སྣ་ཚོགས་ཐབས་ལ་བསླབས་གྱུར་ན། །དེས་ཀྱང་སོ་སོའི་དངོས་གྲུབ་བརྙེས། །དགོངས་པའི་གནད་དོན་མན་ངག་ནི། །སོ་སོའི་སྐབས་ནས་ཤེས་པར་བྱའོ། །ཞེས་སོ། །འདི་ལ་བཤད་ཚུལ་བཞིས་གང་ཟག་གི་བློ་རིགས་རྣམས་གྲོལ་བར་རྣམ་པར་དབྱེ་ན། བློ་སྤྲོས་པ་དང་བཅས་པ་རྣམས་ཀྱི་དོན་དུ་གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཕྱི་ལྟར་བཤད་པ་དང་། བློ་སྤྲོས་པ་མེད་པ་རྣམས་ཀྱི་དོན་དུ་གཞུང་གི་དོན་མན་ངག་ངེས་པ་ནང་ལྟར་བཤད་པ་དང་། བློ་ཤིན་ཏུ་སྤྲོས་པ་མེད་པ་རྣམས་ཀྱི་དོན་དུ་མཚན་རང་གཞུང་དུ་རྟོགས་པར་བྱ་བའི་ཕྱིར་གསང་བ་ལྟར་བཤད་པ་དང་། བློ་རབ་ཏུ་སྤྲོས་པ་མེད་པ་རྣམས་ཀྱི་དོན་དུ་རྒྱུད་ཀྱི་དོན་བསྡུས་པ་གསང་བ་བླ་ན་མེད་པ་རྫོགས་པ་ཆེན་པོ་ལྟར་བཤད་པའོ། །དང་པོ་ནི། རྒྱུད་ཀྱི་ལུས་དྲིལ་བ་གླེང་གཞི་ཡིན་ལ། གླེང་གཞི་ལས་ལུས་འཕྲོས་པའི་ཕྱིར་གླེང་གཞི་གཉིས་ཀྱི་དོན་བཤད་པའོ། །གཉིས་པ་ནི་དེ་རྣམས་ཀྱི་དོན་བསྡུས་ན་ཚིག་གི་དོན་བཅུ་གཅིག་ཏུ་ངེས་པས་མན་ངག་ཚིག་དོན་རྣམ་པ་བཅུ་གཅིག་ཏུ་གཏན་ལ་འབེབས་པའོ། །གསུམ་པ་ནི། དེ་ལྟར་བཅུ་གཅིག་ཀྱང་ཁྲེགས་ཆོད་དང་ཐོད་རྒལ་གཉིས་སུ་འདུས་པས་ཉམས་ལེན་གྱི་འགག་གཉིས་སུ་བཅིངས་ནས་འཆད་པའོ། །བཞི་པ་ནི། དེ་ཡང་རིག་པ་མངོན་སུམ་གྱི་དོན་ལ་འདུས་པས་ཐམས་ཅད་རིག་པ་གཅིག་པུའི་དོན་ལ་སྦྱར་ནས་གཅིག་ཏུ་བསྡུས་ཤིང་འཆད་པའོ། །དེ་ལྟར་རྣམ་པ་བཞིས་གསང་ཆེན་ངེས་པའི་དོན་གཏན་ལ་འབེབས་པ་ནི། རྩ་བ་རྡོ་རྗེའི་ཆིངས་བཞི་ཞེས་བྱ་སྟེ། པཎྜི་ཏ་ཆེན་པོ་དྲི་མེད་བཤེས་གཉེན་གྱི་བཞེད་པ་དམ་པའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། གླེང་གཞི་གཉིས་ཀྱི་འབྲེལ་དགོད། སོ་སོའི་

p. 160

དོན་རྒྱས་པར་བཤད། ཕྱིན་ཅི་ལོག་གི་རྩོད་པ་སྤང་བའོ། །དང་པོ་ནི། རྒྱུད་ཀྱི་དོན་བསྡུ་ན། མཚན་བསྟན་པ་དང་། གཞུང་གཉིས་ཏེ། གཞུང་ལ་ལུས་རྣམ་པར་གཞག་པ་དང་། ཡན་ལག་རྒྱས་པར་བཤད་པ་གཉིས་སུ་འདུ་ལ། ལུས་རྒྱས་པར་བཤད་པ་མདོར་བསྟན་དུ་འདུ་བའི་ཕྱིར། གླེང་གཞི་བཤད་པས་རྒྱུད་ཀུན་འབྱུང་བར་བསྟན་པ་ནི། ཐལ་འགྱུར་ལས། ཚིག་བརྗོད་གསལ་བའི་རིམ་པར་ནི། །མཚན་བསྟན་པ་དང་གཞུང་གིས་ཀྱང་། །རིམ་དང་ཅིག་ཅར་བློ་རྣམས་ཀྱིས། །རྟོགས་པར་བྱ་ཕྱིར་རྣམ་བཤད་པའོ། །གཞུང་ལ་རྣམ་པ་གཉིས་སུ་བརྟག །ལུས་ཉིད་རྣམ་པར་གཞག་པ་དང་། །ཡན་ལག་དོན་གྱིས་རྒྱས་པར་དབྱེ། །ལུས་ནི་གླེང་གཞི་རྣམ་པ་གཉིས། །ཞེས་སོ། །གླེང་གཞི་གཉིས་པོ་རེ་རེ་ཡང་། སྟོན་པ་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པ། ཆོས་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པ་དང་ལྔ་ལྔར་གནས་ཏེ། ཉི་ཟླ་ཁ་སྦྱོར་ལས། གསང་བ་ཆེན་པོའི་རྒྱུད་རྣམས་ནི། །ཕུན་སུམ་ཚོགས་པ་ལྔར་ལྡན་པས། །ཐུན་མོང་ཉིད་དང་ཐུན་མོང་མིན། །གླེང་གཞི་རྣམས་ཀྱི་ས་བོན་ནོ། །ཞེས་པ་དང་། ཐལ་འགྱུར་ལས། རྒྱུད་འབྱུང་གླེང་གཞི་དང་པོ་ལ། །ལྔ་པོ་རྣམས་ཀྱི་ས་བོན་འཛིན། །ཞེས་སོ། །དེ་གཉིས་ལ་ཕུན་སུམ་ཚོགས་པ་ལྔ་ལྔར་འབྱུང་བའི་འཐད་པ་ནི་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཐད་པའོ། །དང་པོ་ནི། རྒྱུད་གང་ཞིག་འབྱུང་བ་དེ་ན་སྟོན་པ་དེས་འཁོར་ལ་གསུངས་ངེས་ལ། དེའི་ཚེ་གནས་ཅིག་ཡོད་པར་ངེས་ཤིང་། དེ་རྣམས་ཚོགས་ན་དུས་ཞར་ལ་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། བེམ་རིག་ཚོགས་པའི་དུས་ན་ལུས་རྟེན་ཡིན་པས་གནས་སུ་བཞག་ལ། གཟུགས་ཀྱི་ཕུང་པོའི་ཞིང་ཁམས་ན། རྣམ་ཤེས་སྟོན་པ་ལ། འདུ་ཤེས་འཁོར་དུ་ཚོགས་པས། ཚོར་བའི་བསྟན་པ་ཤར་ཏེ། འདུ་བྱེད་ཀྱི་དུས་ལྔར་ངེས་པའི་ཕྱིར་རོ། །དེ་ཡང་གདུལ་གཞི་མ་དག་པ་ཕུང་པོ་ལྔ་ལ། འདུལ་བྱེད་གླེང་གཞི་ཕུན་སུམ་

p. 161

ཚོགས་པ་ལྔས་འདུལ་བའི་ཕྱིར། གདུལ་བྱ་དང་འདུལ་བྱེད་དུ་འཐད་དེ། དེ་ཉིད་ལས། གདུལ་བྱའི་གང་ཟག་སོ་སོ་ལ། །གདུལ་གཞི་ཕུང་པོ་རྣམ་པ་ལྔ། །དེ་ཡི་གདུལ་བྱེད་གླེང་གཞི་སྟེ། །ཞེས་སོ། །དེ་ཡང་གླེང་གཞི་ཕུན་སུམ་ཚོགས་པ་ཞེས་པའི་གླེང་བ་ཚིག་ཡིན་ལ། གཞི་ནི། གནས། དུས། སྟོན་པ། འཁོར། ཆོས་ལྔ་ཡིན་ནོ། །དེ་རེ་རེའང་རྣམ་གྲངས་གསུམ་གསུམ་དུ་འགྱུར་ཏེ། ཐལ་འགྱུར་ལས། གླེང་པ་ཚིག་སྟེ་བརྗོད་པའི་གསུང་། །གཞི་ནི་རྣམ་པ་ལྔ་ཡིན་ཏེ། །གནས་ནི་རྣམ་པ་གསུམ་དུ་འདོད། །ཕུན་ཞེས་བྱ་བ་འདུས་པ་ལ། །གསུམ་ནི་གྲངས་ཏེ་འཆར་བྱེད་དོ། །ཚོགས་པ་ཡོན་ཏན་རྫོགས་པའོ། །སྟོན་པ་ཉིད་ཀྱང་གསུམ་ཡིན་ཏེ། །ཕུན་ཞེས་བྱ་བ་སྐུར་རྫོགས་པ། །གསུམ་ནི་སྐུ་གསུམ་འཆར་བྱེད་ལ། །ཚོགས་པ་འཁོར་རྣམས་སྡུད་པའོ། །འཁོར་ཀྱང་རྣམ་པ་གསུམ་ཡིན་ཏེ། །ཕུན་ཞེས་བྱ་བ་གཟུགས་སུ་བཀོད། །གསུམ་ནི་གྲངས་ཏེ་སྣ་ཚོགས་འདུས། །ཚོགས་པ་དད་ཅིང་འདུན་པའོ། །བསྟན་པ་ཉིད་ཀྱང་གསུམ་ཡིན་ཏེ། །ཕུན་ཞེས་བྱ་བ་ཡང་སྙིང་བཅུད། །གསུམ་ནི་སྡེ་སྣོད་རིན་པོ་ཆེ། །ཚོགས་པ་གང་ཟག་གྲོལ་བའོ། །དུས་ཀྱང་གསུམ་ལ་བཞི་འདུས་པ། །ཕུན་ཞེས་ཐེག་པ་ཀུན་རྫོགས་ཏེ། །གསུམ་ནི་འདས་དང་ད་ལྟར་ཕྱིས། །ཚོགས་པ་ངེས་པ་རྫོགས་པའོ། །ཞེས་སོ། །གཉིས་པ་སོ་སོའི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་གླེང་གཞི་དང་། ཐུན་མོང་གི་གླེང་གཞི་རྒྱས་པར་བཤད་པའོ། །དང་པོ་ནི། རིག་པ་ཡེ་ཤེས་ཀྱི་འདུག་ཚུལ་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་གནས་པ་ལ། ཐུན་མོང་མ་ཡིན་པའི་གླེང་གཞི་བརྗོད་པས་བསྟན་ཏོ། །དེ་ཡང་འོད་གསལ་གྱི་རྒྱུད་རྣམས་ཀྱི་ཐོག་མ་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་འབྱུང་བ་ཡིན་ནོ། །ཚུལ་འདིས་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་སྟོན་པས།

p. 162

ཐེག་པ་ཐུན་མོང་བའི་མདོ་དང་རྒྱུད་ལས་ཁྱད་པར་དུ་འཕགས་ཏེ། ཐལ་འགྱུར་ལས། ཐུན་མོང་མིན་པས་ཁྱད་པར་ཏེ། །ཐེག་པ་ཀུན་ལས་འཕགས་པའི་རྟགས། །ཞེས་སོ། །འདི་ལ་དབྱེ་ན་གཉིས་ཏེ། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་བསྟན་པ་དང་། དེ་ཉིད་བཀོད་པ་ལུས་ལ་ཇི་ལྟར་གནས་པའི་ཕུན་སུམ་ཚོགས་པ་ལྔའོ། །དང་པོ་ནི། གནས་ཕུན་སུམ་ཚོགས་པ། ཆོས་ཉིད་སྤྲོས་པ་དང་བྲལ་བ་མཚན་ཉིད་གང་དུ་ཡང་མ་གྲུབ་པ། ཚིག་དང་ཡི་གེའི་སྤྱོད་ཡུལ་མ་ཡིན་པའོ། །དངོས་པོ་འདུག་ཚུལ་གྱི་སྟོན་པ་ཕུན་སུམ་ཚོགས་པ་ནི། སྤྲོས་གཞི་ཚིག་ཙམ་དུ་མེད་པས་དངོས་པོ་དང་མཚན་མར་མ་གྲུབ་པ་རང་བྱུང་གི་རིག་པའོ། །སྟོན་པ་དེའི་འཁོར་ཕུན་སུམ་ཚོགས་པ་ནི། ཆོས་ཉིད་ཀྱི་རོལ་པ་ཡེ་ཤེས་རྒྱ་མཚོའི་ཚོགས་སོ། །བསྟན་པ་ཕུན་སུམ་ཚོགས་པ། རང་བཞིན་མཉམ་པ་ཉིད་ཆོས་ཀྱི་དབྱིངས་དོན་དམ་པའི་གནས་ལུགས་རྫོགས་པ་ཆེན་པོའི་དེ་བཞིན་ཉིད་དོ། །དུས་ཕུན་སུམ་ཚོགས་པ། དེ་ཐམས་ཅད་སོ་སོ་མ་ཡིན་གཅིག་དང་དུ་མ་གཉིས་སུ་མེད་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་འོད་གསལ་ཆེན་པོའི་དུས་སོ། །དེ་སྐད་དུ་ཡང་། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། མེད་པ་སྟོང་པའི་ཆོས་འབྱུང་ནས། །ཡེ་ཐོག་དང་པོའི་སངས་རྒྱས་ཀྱིས། །རིག་དང་ཡེ་ཤེས་ཁྱད་པར་ལས། །ཆོས་ཉིད་སྟོང་པའི་རང་སྒྲར་ནི། །ཡེ་ནས་ཆོས་ཀྱི་འཁོར་ལོ་བསྐོར། །ཐོག་མ་བར་དང་མཐའ་མེད་པར། །ཞེས་པ་དང་། གསང་བ་ཆེན་པོའི་རང་དབྱིངས་སུ། །ཡེ་ཉིད་ནས་ནི་གནས་པ་ལས། །མ་བཟུང་གནས་ཀྱི་ཚུལ་ཅན་དུ། །རོལ་པ་ཆེན་པོར་ཐོག་མར་བྱུང་། །ཞེས་སོ། །གཉིས་པ་ལུས་ཀྱི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ། ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་རྩའི་དྭངས་མ་ཆེན་པོའི་དབུས་ན། སྟོན་པ་ཕུན་སུམ་ཚོགས་པ། རང་བྱུང་གི་རིག་པ་འོད་གསལ་མཆོག་ཏུ་མི་འགྱུར་བ་ངོ་བོ་རང་བཞིན་ཐུགས་

p. 163

རྗེ་གསུམ་གྱི་བདག་ཉིད། སྐུ་ལྔ། ཡེ་ཤེས་ལྔ། འོད་ལྔ། ཤེས་རབ་ལྔ། རླུང་ལྔ། ཐིག་ལེ་ཐིག་ཕྲན་ལ་སོགས་པའི་འཁོར་ཕུན་སུམ་ཚོགས་པས་བསྐོར་བ་ལ། ཆོས་ཕུན་སུམ་ཚོགས་པ། རྩ་རླུང་ཐིག་ལེའི་གནད་དང་། གནད་ལས་ཤར་བའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་གདམས་པ་ཉམས་ལེན་མྱོང་བ་དང་བཅས་པ། དུས་ཕུན་སུམ་ཚོགས་པ། རིག་པའི་དོན་ལ་གོམས་པ་ན་རང་བྱུང་དུ་རང་ལས་ཤར་བ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །རང་རིག་ཡེ་ཤེས་མངོན་བྱུང་བས། །ཤེས་རབ་རང་བྱུང་སྟོན་པ་ཆེ། །སྐུ་དང་ཡེ་ཤེས་ཐིག་ལེ་རྣམས། །མི་རྟོག་རྣམ་གྲངས་འཁོར་དུ་བྱུང་། །གདམས་པ་ཉམས་ལེན་བསྟན་པའི་ཚུལ། །དེ་ཉིད་གོམས་པས་དུས་ཀྱང་ཡིན། །ཅེས་དང་། ཐལ་འགྱུར་ལས། འཁོར་དང་འདས་པའི་ཐོག་མར་ནི། །རང་བྱུང་བྱས་པ་མེད་པ་ལས། །འབྱུང་བ་འདུས་པའི་ཕུང་པོར་ཤར། །ས་ཆུ་མེ་རླུང་རིན་ཆེན་བཞི། །དབུས་སུ་རླུང་སེམས་རྒྱུ་དང་རྐྱེན། །འདུས་ཤིང་བསྐྱེད་པའི་གཞལ་མེད་ན། །རང་བྱུང་རིག་པ་བཅོས་པ་མེད། །འཁྲུལ་པ་ཡོངས་སུ་དག་པ་ལ། །བདེ་ཆེན་འདུས་པ་ཐབས་ཀྱི་འཁོར། །སྐུ་དང་ཡེ་ཤེས་ཤེས་རབ་རླུང་། །མི་འབྱེད་སྣ་ཚོགས་དམིགས་མེད་པ། །རྩ་རླུང་ཐབས་ཀྱི་བདེ་ཆེན་ཆོས། །སོ་སོའི་ཉམས་དང་མཐུན་པར་བཤད། །འདས་དང་མ་འོངས་ད་ལྟར་མེད། །མ་ཕྱེ་འབྱེད་པ་ཡོངས་སུ་མེད། །ཐམས་ཅད་རང་བྱུང་ཡེ་ཤེས་སོ། །ཞེས་སོ། །ཞར་ལ་སེམས་ཚོགས་པ་གཅིག་གིས་བསྡུས་པའི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ། དབྱིངས་གོ་སྐབས་ཡངས་པའི་ནམ་མཁའ་ལ། སྟོན་པ་ཕུན་སུམ་ཚོགས་པ། རང་སེམས་འཁྲུལ་སྣང་གི་ཚོགས་པ་སྡུད་པ། འཁོར་ཕུན་སུམ་ཚོགས་པ། ཕྱི་ཡུལ་ལྔ། ནང་རྟོག་ཚོགས་ཏེ་ཚོགས་དྲུག་བག་ཆགས་ཀྱི་འཁྲུལ་སྣང་། བསྟན་པ་ཕུན་སུམ་ཚོགས་པ། གཟུང་འཛིན་ང་བདག་ལས་དང་ཉོན་མོངས་འཁོར་བའི་

p. 164

ཆོས་རྣམས། དུས་ཕུན་སུམ་ཚོགས་པ། ཐོག་མཐའ་མེད་པ་ནས་སྣང་བ་ལ་ཤེས་པ་འཛིན་པས་རྟོག་དཔྱོད་དང་ཏིང་ངེ་འཛིན་ཁམས་གོང་མའི་བག་ཆགས་སོག་པའི་དུས་སོ། །བསྡུ་ན་སེམས་ལ་འཁྲུལ་སྣང་ཤར་བ་རང་སེམས་འཁོར་བའི་ཆོས་ལྔ་ཕུན་སུམ་ཚོགས་པའི་མིང་གིས་བསྡུས་ནས་བསྟན་པ་སྟེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། སྣང་བྱེད་འཛིན་པའི་ཆ་དག་ལས། །ཕྱི་ཡི་ཡུལ་རྣམས་འཁོར་ལྟར་སྣང་། །ཞེས་སོ། །གཉིས་པ་ཐུན་མོང་གི་གླེང་གཞི་རྒྱས་པར་བཤད་པ་ནི། ཐལ་འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ངོ་མཚར་མཆོག་འདུས་བསྟན་པའི་གཙོ། །ཐུན་མོང་གླེང་གཞི་རྒྱུ་དང་རྐྱེན། །གཞན་དང་ལུང་ཙམ་སྒོ་བསྟུན་ཕྱིར། །ཐུན་མོང་པ་ཞེས་གྲགས་པའོ། །ཞེས་པས། ཐེག་པ་ཐུན་མོང་པ་རྣམས་ཀྱི་མདོ་དང་རྒྱུད་དུ་འབྱུང་བ་བཞིན། གསང་ཆེན་ངེས་པའི་རྒྱུད་འདིར་ཡང་། ཐུན་མོང་མ་ཡིན་པའི་གླེང་གཞིའི་རྗེས་ལ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ཡང་ཐེག་པ་ཀུན་མདོ་མཐུན་པར་བསྟན་པ་དང་། ཐུན་མོང་མ་ཡིན་པ་དོན་ཡིན་པས། དེའི་དོན་འགྲེལ་དུ་བསྟན་པ་དང་། གནས་གང་དུ་དུས་ཇི་ཙམ་ན་སྟོན་པ་གང་གིས་འཁོར་གང་ལ་ཆོས་འདི་བསྟན་སྙམ་པའི་ཐེ་ཚོམ་སྤང་བ་རྣམས་ལ་དགོངས་ནས་ཐུན་མོང་གི་གླེང་གཞི་གསུངས་སོ། །ཇི་ལྟར་གསུངས་ན་གནས་གང་དུ་རྒྱུད་འབྱུང་ཡང་དེའི་ཚེ། སྟོན་པ་དེའི་སྐུ་གསུམ་ངོ་བོ་གཅིག་པས་གསུང་དགོས་ལ། ཚུལ་ནི། ཆོས་སྐུས་དོན་གྱི་ངོ་བོ་བྱིན་གྱིས་བརླབས་ཀྱིས་གསུངས། ལོངས་སྐུས་རང་བཞིན་གསལ་དག་ཕྱེད་པར་གསུངས། སྤྲུལ་སྐུས་དེ་ཉིད་ཚིག་སྡེབ་སྦྱོར་ལེགས་པ་གསུང་དབྱངས་དྲུག་ཅུའི་རྣམ་པ་ལྟར་གསུངས་སོ། །ཚིག་དེ་ཡང་ཉན་པ་པོའི་རྣམ་རིག་ལས། དོན་ལ་སྒྲ་དང་ཡི་གེ་མེད་དེ། རྒྱུད་བླ་མ་ལས། བྲག་ཅ་བཞིན་ཏེ་ཡི་གེ་མེད། །ཅེས་པ་དང་། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་

p. 165

ཅིང་བཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །ཕྱི་དང་ནང་ནའང་གནས་མ་ཡིན། །ཅེས་པའི་ཚུལ་གྱིས་སོ། །དེ་ལ་རྒྱུད་འབྱུང་བའི་གནས་རིས་གསུམ་སྟེ། ཆོས་ཀྱི་སྐུའི་གནས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོར། སྟོན་པ་ཀུན་ཏུ་བཟང་པོས། འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། ཆོས་རང་བཞིན་རྫོགས་པ་ཆེན་པོ། དུས་ཆོས་ཉིད་བརྗོད་པ་ལས་འདས་པའི་ཚེ། ཚིག་དང་ཡི་གེ་མེད་པར་གསུངས་སོ། །ལོངས་སྤྱོད་རྫོགས་པ་སྐུའི་གནས། རྣམ་དག་སྟུག་པོ་བཀོད་པར། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་ཀྱིས་འཁོར་རིགས་ལྔའི་སངས་རྒྱས་དང་། ནམ་མཁའ་དབྱིངས་ཕྱུག་མ་ལ་སོགས་པའི་ཡུམ་ལྔ་དང་། སའི་སྙིང་པོ་ལ་སོགས་པའི་སེམས་དཔའ་དང་། སྒེག་མོ་ལ་སོགས་པའི་སེམས་མ་དང་། རང་སྣང་བའི་དཀྱིལ་འཁོར་ནམ་མཁའི་དབྱིངས་གང་བ་ལ། ཆོས་ཐེག་པ་ཆེན་པོ་བླ་ན་མེད་པའི་རྣམ་གྲངས། ཡི་གེ་དྲུག་གི་རང་སྒྲའི་དབྱངས་ལྗགས་ལས་མ་གསུངས་བཞིན་དུ་གོ་བར་མཛད་པ་ནི། ཡེ་ཤེས་རང་སྣང་བའི་དུས་ནའོ། །སྤྲུལ་སྐུའི་གནས་དགའ་ལྡན་བརྩེགས་པ་ལ་སོགས་པར། སྟོན་པ་རྡོ་རྗེ་འཆང་རྡོ་རྗེ་སེམས་དཔའ་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ཏེ། འཁོར་འཇིག་རྟེན་ལས་འདས་པ་སྐལ་བཟང་གི་འདྲེན་པར་སྣང་བ་དང་། བྱང་ཆུབ་སེམས་དཔའ་དང་། གྲུབ་པ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་དང་། འཇིག་རྟེན་པའི་འཁོར་ལྷ་དང་། མི་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། ཀླུ་ལ་སོགས་པ་གྲངས་མེད་པ་ལ། ཆོས་མདོ་རྒྱུད་བསམ་གྱིས་མི་ཁྱབ་པ། དུས་ཚེ་ལོ་དཔག་མེད་ནས་བརྒྱ་པའི་བར་དུ་གསུངས་སོ། །འདི་དག་ནི་གནས་སྐབས་དུས་ཀྱི་ཕུན་སུམ་ཚོགས་པ་ཞེས་བྱ་སྟེ། ཐལ་འགྱུར་ལས། གཞི་ནི་རྣམ་པ་ལྔ་ཡིན་ཏེ། །གནས་ནི་རྣམ་པ་གསུམ་དུ་འདོད། །ཅེས་པའི་དོན་ཏོ། །རིན་པོ་ཆེ་སྤུངས་པ་ལས་ཀྱང་། འཛིན་པ་རང་

p. 166

དག་ཆོས་སྐུ་ཡིས། །སྤྲོས་མེད་རང་དག་གཞལ་ཡས་སུ། །ཉིད་དང་དབྱེར་མེད་སྣང་འཁོར་ལ། །མཚན་མ་མེད་པའི་གསུང་གིས་ནི། །སྤྲོས་པ་མེད་པའི་ཆོས་རྣམས་ནི། །མི་གནས་རང་ཟད་ཐུགས་ལས་བྱུང་། །མ་གསུངས་གསུངས་པ་མེད་པར་ནི། །མཉམ་པ་ཆེན་པོའི་ངང་དུ་བསྟན། །རང་གསལ་དག་པའི་ལོངས་སྐུ་ཡིས། །འོད་ལྔ་རྣམ་དག་གཞལ་ཡས་ནས། །སྤྲོས་མེད་བདེ་ཆེན་གསུང་གིས་ནི། །སྐུ་ལྔ་རིགས་ཀྱི་འཁོར་རྣམས་ལ། །དངོས་མེད་དག་པའི་ཆོས་རྣམས་ནི། །ཡེ་ཤེས་ལྔ་འདུས་ཐུགས་ནས་བྱུང་། །རྣམ་དག་འོད་ཟེར་ལྗགས་བཀྲམ་ནས། །རང་བྱུང་ཡི་གེ་དྲུག་ཏུ་ཡང་། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང་། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་སྐོང་། །ཞེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་གོ་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས་འཁོར་ལ་བདག་གིས་བསྟན་ཏོ་ཞེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་། རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཞེས་པ་དང་། སྦྱོང་རྒྱུད་ལས།

p. 167

སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན་ཞེས་པས། སྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང་། བརྒྱུད་པ་བར་མ་ཆད་པ་དང་། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང་། འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །སྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ། །གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་རྣམ་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཀྱིས། བསྟན་ཅེས་པ་འདི་མི་འབྱུང་བས་བཅོས་མའོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཞེས་གསུངས་པས། དེ་ཡང་བཅོས་མར་ཐལ་བའི་སྐྱོན་ཡོད་དོ། །ཡང་ལན་གཉིས་བསྟན་པ་འདི་མི་འཐད་དོ་ཞེ་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་འཐད་པར་ཐལ་ཏེ། ལྷུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང་། མཚན་ལན་གཉིས་བསྟན་པའང་མི་འཐད་པར་ཐལ་ལོ། །དེས་ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་ཏུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླེང་གཞི་ངེས་

p. 168

པའི་དོན་བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ། །དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང་། བསྟན་པའི་བཙས་སྐུ་དང་། རང་བྱུང་གི་ཡི་གེ་དང་། རྡོ་རྗེ་གསུམ་དང་། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་བའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ཏུ་བཟང་པོས་ཚངས་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་རླབས་ལས་རྡོ་རྗེ་འཆང་གིས་སངས་རྒྱས་སྤྲུལ་པ་དེས་ཀྱང་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་གོ་ན་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང་། ལོངས་སྐུའི་བསྟན་བུ་རང་གྲག་དང་། སྤྲུལ་སྐུའི་སྐུ་མངོན་པར་སྣང་བས་དོན་མཛད་པ་དང་། དེའི་བྱིན་རླབས་ལས་ཤར་བའི་རྡོ་རྗེ་དང་། གླེགས་བམ་དང་། སྐུ་གཟུགས་རྣམས་རིམ་པས་བབས་ཤིང་། དངོས་དང་གཟུགས་བརྙན་གྱི་བསྟན་པ་བཟུང་བས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས། དེའི་གོ་ན་ཞིང་འདི་མ་ཆགས་པའི་གོང་དུ་ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང་། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང་། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་གཟུང་བས་རིགས་ལྔར་

p. 169

སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང་། །བརྫུས་དང་སྒོ་ང་ལས་སྐྱེས་དང་། །དྲོད་དང་མངལ་ནས་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང་། །འདི་ཡིས་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ། ཞིང་འདི་འཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མི་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང་། རྫོགས་ལྡན་དང་། རྫོགས་ལྡན་ཆེན་པོ་དང་། ཉིས་ལྡན་དང་། སུམ་ལྡན་དང་། རྩོད་ལྡན་དང་། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བར་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་

p. 170

གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི། །དྲུག་ཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཅེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུར་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང་། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སཱུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛཱ་ཡ་ཨཱ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང་། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང་། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གིས་ཀྱང་། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག །གདོལ་པའི་རིགས་ཀྱིས་ལོ་སྟོང་པར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། །དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་

p. 171

དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ་། །ཞེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་ཙམ་ཞིག་མི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་མི་མ་ཡིན་པ་མཁའ་འགྲོ་མའི་གནས་སུ་དོན་བྱེད་པའོ། །གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་ཉོན་ཅིག་རིགས་ལྡན་ཤཱ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་སྣང་། །སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང་། །བསགས་པའི་ཚོགས་ཡལ་ས་ཡི་བཅུད་རྣམས་ཟད། །མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང་། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་ཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་གནས། །དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང་། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་དུས་ན་ནི། །གསང་མཆོག་འདི་ནུབ་རྒྱང་ཕན་ལོ་བརྒྱ་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང་། །ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་

p. 172

འདི་བྱུང་ནས། །འདི་དང་གང་འཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང་། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དག་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང་། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་

p. 173

དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒཱའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་པ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་བྱུང་ལ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་ཁང་། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདི་ནི་ལོ་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་སེང་གེའི་མགོ། འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང་། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་ཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི། དབུས་ནས་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཛཱི་ཀ་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་བར་ཁུག་མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབེབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་དེ་བྱང་ཕྱོགས་ཡངས་པ་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུཏྤལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་གིས་བཟུང་ནས་ལོ་

p. 174

འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱིས་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་ཅུ་རྩ་ལྔར་གནས་སོ། །བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ་། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་ཏུ་བཟང་པོའི་བྱིན་རླབས་ལས། བསྟན་པའི་བཙས་གསུམ་རང་གར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་དེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ་། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་ལ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟང་དུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང་། །སྟོན་པ་དེ་ཉིད་བྱོན་པ་དང་། །ལོག་སྲེད་ཅན་རྣམས་དེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག །འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་

p. 175

ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་ནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཞེས་སོ། །དེའང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང་། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་རླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་སྐུ་དང་ལོངས་སྐུའི་བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་ཁོར་མོར་ཡོད་ཅིང་། སྤྲུལ་པ་སྐུའི་བསྟན་པ་ལ་ཐུན་མོང་བ་མདོ་དང་རྒྱུད་ཀྱི་རིམ་པ་དང་། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མིའི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་པོ་དངོས་དང་ཕྲད་པ་རྣམས་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང་། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ནས་དུས་དུས་སུ་ཀློག་པ་དང་། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང་། ནད་མེད་པ་དང་། བསམ་པ་ཐམས་ཅད་འགྲུབ་པ་དང་། གདོན་བགེགས་ལོག་པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང་། འཆི་ཁའི་ཚེ་ནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་

p. 176

དུས་བྱེད་པ་དང་། འདིར་ངོ་སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བཙན་ས་ཟིན་པ་དང་། ཡིད་དཔྱོད་འཛིན་པའི་ཐེག་པ་ཅན་ཡིན་ཡང་། ཡང་དག་པའི་ཞིང་ཁམས་སུ་སྐྱེ་བ་དང་། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་ཕྲད་དེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད། །སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱི་རླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང་། །བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་དུ་བཏགས་བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་བཀླགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང་། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པའོ། །དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ཀུན་ཏུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང་། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་ཉིད་ཀྱིས་བཀོད་པ་དང་། དེས་བྱིན་

p. 177

གྱིས་བརླབས་པ་ལས་སངས་རྒྱས་པ་གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི་ལ་ལ་སྟོངས་པ་དང་། ལ་ལ་གནས་པ་དང་། ལ་ལ་འཇིག་པ་དང་། ལ་ལ་ཆགས་ནས་གནས་པ་ལས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་འོད་གསལ་སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་འཇིག་རྟེན་མགོན་གྱི་རྒྱལ་བ་དང་། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིད་མགོན་དང་། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང་། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང་། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང་། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བར་གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། །འདི་དག་གི་རིམ་པ་རྒྱས་པར་ནི། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་པ་དྲུག་ཅུ་རྩ་དྲུག་བརྗོད་མི་ལང་གི་ཁོངས་ནས་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་

p. 178

མར་བྱུང་། །འདི་དུས་ཕྲག་ཁྲིག་བདུན་ཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་ནས། དྲན་པ་ཟད་པའི་ཡེ་ཤེས་མགོན། །སྙིང་པོ་རང་ཚིག་གསང་བར་གོ། བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་རྒྱ་དམ་པར་བཟུང་། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རང་བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། །བབས་ལས་འདི་ཀུན་རང་བྱུང་ཤར། །བྱིན་རླབས་རིམ་པ་འདི་ཀུན་ཡང་། །ཐོག་མ་བབས་ལས་རང་བསྟན་ནོ། །ཞེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང་། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོག་དང་པོའི་སངས་རྒྱས་དང་། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། །སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། །བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། །དེ་ནས་བསྟན་པ་བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང་། །སངས་རྒྱས་སྟོང་གིས་མངའ་དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། །འཇིག་རྟེན་ར་བ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། །ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང་། །དེ་ལྟ་དེ་ལྟར་བསྟན་པ་ནི། །འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་བའོ། །ཞེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནི། ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་

p. 179

དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པདྨའི་ཕྲུམ་ཕྲུམ་དབུས་མའི་སྟེང་གི་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང་། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང་། ཡོན་ཏན་དང་ཕྲིན་ལས་དང་། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང་། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང་། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སྦྱོང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་

p. 180

གཟུགས་ནི་དེ་ཡི་ཕྱེད། ལྷག་མ་བྱང་ཆུབ་སེམས་དཔའོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཞེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་པ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་གདོད་ཕྲད་ནས། རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་འོ་སྐོལ་དཔོན་སློབ་ཆོས་ཅན། སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་

p. 181

འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང་། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །བར་དོར་གྲོལ་བའི་རྣམ་གྲངས་ནི། ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ། སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། །ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སླའི། །འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཞེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་མ་རྙེད་ཀྱང་། སྐྱེས་པ་དང་བུད་མེད་དང་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །གསུམ་པ་རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤི་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སིདྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སཱུ་ཏྲས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་

p. 182

པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་སོ། །དེ་རྗེས་སིདྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་པོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་སའོ། །ཞེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མཱ་རཱ་ཛ་ཡན་ཆད་སྤྲུལ་པ་འབྱུང་བར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་དུ་ལོ་བརྒྱ་བརྒྱ་ན། བོད་འདིར་བི་མ་ལའི་སྤྲུལ་པ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང་། མན་ངག་གི་གནད་ངེས་པ་གཞན་ལས་འཕགས་པ་དང་། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང་། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང་། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་རོ། །འདི་དང་སུ་འཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང་། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་པ་ཡིས། །ངོ་མཚར་འཇིག་

p. 183

རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། །ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་རླབས་ཐུགས་རྗེ་རྨད་བྱུང་གང་། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ། །གང་དུ་མགོན་པོ་མྱ་ངན་འདས་གྱུར་པ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། །མཁའ་འགྲོའི་མཆོད་སྤྲིན་རོལ་མོས་བརྒྱན་གྱུར་ཅིང་། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་པ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབས་འགྲོ་བའི་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་བྱོན་གྱུར་ཅིང་། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་བརྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང་། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ནའང་། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མཱ་རཱ་ཛར་སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིགས་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་དར་བའི་རབས་བདུན་འདས་ཏེ། ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་

p. 184

ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། །བསྐལ་པ་བཟང་པོ་འདི་སྟོངས་ནས་བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་མཛད་ནས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་བ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ། བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་ཏུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང་། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང་། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང་། །སྟོན་པ་དེ་ཡི་འཁོར་དུ་ཡང་། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང་། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་

p. 185

པ་དྲུག །དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲང་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་ལ་དབང་བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། །མཆོག་ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཅེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང་། །བག་ལ་ཉལ་བ་ལངས་པའི་དབང་། །ཤིན་ཏུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །ཞེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། ཀུན་ཏུ་བཟང་པོའི་གོ་ན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བ་ལ་དགོངས་པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་ཁྱབ། །ཅེས་པས་ཀུན་ཏུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཅེས་བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་ཏུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ། །ཐེག་པའི་མཆོག་རིན་པོ་

p. 186

ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ་སྟེ་རིམ་ཁང་ལྔ་པའོ།། །།

རིམ་ཁང་དྲུག་པ། གཞིའི་དོན་སྨིན་པར་བྱེད་པ་དབང་གི་རྣམ་པར་གཞག་པ།

p. 187

དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་

p. 188

ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །ཡན་ལག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་

p. 189

པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་

p. 190

ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཞེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ཆོས། བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། །མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱ་བའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་

p. 191

དང་སྡིག་སྒྲིབ་སྦྱོང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ། དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང་། །རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང་། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་

p. 192

ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྔངས་པ་ལ་སོགས་པ་མི་འོང་ངོ་། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང་། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་

p. 193

པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང་། སྔངས་པ་དང་། རྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ་། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང་། བསོད་ནམས་ཆུང་བ་དང་། ཚེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ་། །བྱ་བ་ཐམས་ཅད་མི་འགྲུབ་བོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ཞེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོ་གདངས་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་

p. 194

སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ་། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་གནས་པ་དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྤྱང་ཀི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང་། །མདུན་ན་གཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །ཞེས་སོ། །བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དཔྱིད་ཐར་པའི་ས་

p. 195

བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ་། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ་། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་མདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །དམེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤི་ན་བར་ཆད་འབྱུང་། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་ཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་

p. 196

བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ། སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་

p. 197

པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་བར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི། བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུྃ་དང་ཕཊ་དང་ༀ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་

p. 198

བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། སོ་སོའི་ངོས་གཟུང་མཁས་པས་བརྟག །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །

p. 199

སྐལ་ལྡན་གཅིག་ལས་མང་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོང་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་པའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་ཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་

p. 200

པོ་དགའ་སྟོན་ཆེ། །ཞེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ་། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་

p. 201

འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ། དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་པ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་ཕ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་

p. 202

སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་བརྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་

p. 203

པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་སྒྱུར་བའི་བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང་། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་

p. 204

དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང་། །བཅིང་དང་རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་བཅའ་དང་མྱང་བ་དང་། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང་། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ཞག་

p. 205

གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ཞུགས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང་། །དེ་བཞིན་དགའ་བས་གར་ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་ཀྱང་ཉིས་བརྒྱས་མཆན་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་

p. 206

འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མེན་དྲི་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང་། །བླ་མའི་ཉེ་གནས་ཉེ་འཁོར་དང་། །དགེ་སློང་ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག །ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜ་ལ་ཞེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། །གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི།

p. 207

འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །

p. 208

ཟ་རང་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་

p. 209

རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པར་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོ་མ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་བརྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུལ་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ། ལྷོ་རུ་རཏྣ་ཧེ་རུ་ཀ། ནུབ་ཏུ་པདྨ་ཧེ་རུ་ཀ། བྱང་དུ་ཀརྨ་ཧེ་རུ་ཀ། དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟང་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་

p. 210

དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ། དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང་། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེ་ཡང་ཕྱིར། དཔྱིིད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་བར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་

p. 211

གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་གཟུང་བའི་དབང་། །མ་འོངས་གནད་ལ་བསྒེར་པའི་དབང་། །ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་། །ཐམས་ཅད་ཟློག་པར་བྱེད་པའི་དབང་། །གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང་། །ཐལ་བྱེད་རོ་སྲེག་འཁོར་ལོའི་དབང་། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང་། ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ལ་གནས་

p. 212

པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང་། ཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་པའི་རིམ་པ་ལ་ཕྱི་དང་། ནང་དང་། གསང་བ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོད་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་། དགེ་ཚུལ་གྱི་སྡོམ་པ་སྦྱིན་པ་དང་། དེ་ནས་དགེ་སློང་གི་སྡོམ་པ་སྦྱིན་པ་དང་། བསིལ་བྱེད་དང་ལྷུང་བཟེད་སྦྱིན་པ་ལ་སོགས་པ་ནི་ཕྱིའོ། །དེ་ནས་ནང་རང་སངས་རྒྱས་དང་། གསང་བ་བྱང་ཆུབ་སེམས་དཔའ་སྟེ། ཕྱིས་ཕྱི་ནང་གསང་བ་གསུམ་གྱིས། རྒྱུའི་ཐེག་པ་གསུམ་གྱི་དབང་རྫོགས་པས་རྒྱུ་བྱང་ཆུབ་ཀྱི་སེམས་བརྟན་པ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་སུ་རུང་བ་དང་། ཆོས་ཀྱི་བྱ་བ་རྒྱུའི་ས་བོན་རྣམས་ལ་འཇུག་ཏུ་རུང་བའི་རྣམ་པ་ལ་དབང་བར་གྱུར་པས་ན་དབང་ཞེས་བྱའོ། །དེ་རེ་རེ་ལའང་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞི་བཞི་སྟེ་བཅུ་གཉིས་སུ་བཤད་དོ། །དེ་ནས་ནང་གསང་སྔགས་ཀྱི་ཐེག་པ་གསུམ་གྱི་དབང་རྫོགས་པར་བྱས་པས། ལམ་གྱི་བྱང་ཆུབ་ཀྱི་སེམས་ཐམས་ཅད་ལ་དབང་བས་ན་དབང་སྟེ། འདིའི་དུས་སུ་ཆུ་དང་། ཅོད་པན་དང་། རྡོ་རྗེ་དང་། དྲིལ་བུ་ལ་ནན་ཏན་དུ་བསྐུར་བའོ། །འདིས་ནི་འབྲས་བུ་བྱང་ཆུབ་ཀྱི་སེམས་ལ་དབང་བས་ན་དབང་ཞེས་བྱའོ། །འདི་དག་ལའང་ཕྱི་ནང་གསང་བ་ཡོངས་རྫོགས་ཏེ་བཞི་བཞི་ཡོད་པས་བཅུ་གཉིས་སོ། །དེའང་མ་ཧཱ་ཡོ་གའི་དུས་སུ་བུམ་པའི་

p. 213

དབང་ལ་ནན་ཏན་དུ་བྱས་པས། ཕན་པ་དང་ནུས་པ་འཇོག་པའི་བྱེ་བྲག་ཁྱད་པར་དུ་སྐྱེ་བ་ལ་དགོངས་པའོ། །ཨ་ནུའི་སྐབས་སུ་གསང་བའི་དབང་ཞེས་བྱ། ནང་གི་དབང་ཞེས་ཀྱང་བྱ་སྟེ། རིག་མ་ལ་ནན་ཏན་དུ་བྱས་ཏེ་བསྐུར་བས། ཀུན་རྫོབ་བྱང་ཆུབ་སེམས་ལ་ལོངས་སྤྱོད་ཅིང་དེ་ཉིད་ལ་དབང་བས་ན་དབང་ཞེས་བྱའོ། །གསང་བ་རྫོགས་པ་ཆེན་པོའི་སྤྲོས་བཅས་ཀྱི་དབང་གི་དུས་སུ་ནི། ཕྱི་བུམ་པ་ལ་བརྟེན་པ་ལ། རྨ་བྱ་དང་། མེ་ལོང་དང་། མདའ་དང་། རལ་གྲི་དང་། སྐུ་ཙ་ཀ་ལི་དང་། གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་ལ་བརྟེན་ནས་བསྐུར་བ་ལ། ཁྱད་པར་གྱི་རྫས་བདུན་གྱིས་སྲིད་པ་བདུན་འགགས་པར་བྱེད་པའོ། །ཐུགས་ཕྱག་མཚན་ལ་ཕྱི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་བརྟེན་ནས་བསྐུར་བས་འདུ་བ་ཕུན་སུམ་ཚོགས་པ་དང་། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་དབང་བས་ན་དབང་ངོ་། །ནང་བཀྲ་ཤིས་པའི་རྫས་བརྒྱད་ལ་བརྟེན་ནས་བསྐུར་བས་འདོད་པའི་དོན་ཕུན་སུམ་ཚོགས་པ་ལ་དབང་བས་ན་དབང་ངོ་། །རིན་པོ་ཆེ་སྣ་བདུན་ལ། ཕྱི་རྒྱལ་ཐབས་སྤྱི་བླུགས་སུ་བསྐུར་བས་སྟོང་གསུམ་གྱི་འཇིག་རྟེན་གླིང་བཞི་རི་རབ་དང་བཅས་པ་ལ་དབང་ཐོབ། ནང་ཡེ་ཤེས་སྤྱི་བླུགས་ལ་བརྟེན་ནས་བསྐུར་བས་སེམས་དང་ཡེ་ཤེས་ལ་དབང་ཐོབ་པའོ། །བཀྲ་ཤིས་རྫས་བརྒྱད་ཀྱི་སྐབས་སུ། ཕྱི་རིགས་ལྔ་ཁ་དོག་ཏུ་བསྐུར་བས་རིགས་ལྔའི་ཞིང་ཁམས་ལ་དབང་ཐོབ། ནང་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་དུ་བསྐུར་བས་ཆོས་ཀྱི་དབྱིངས་ལ་དབང་ཐོབ་པའོ། །དེ་དག་ནི་བུམ་པའི་བྱེད་པ་སྔོན་དུ་འགྲོ་བས་བསྡུས་པའི་ཕྱིར་བུམ་པའི་དབང་ངོ་། །སྤྲོས་མེད་གསང་བ་ལ་བརྟེན་ནས་བསྐུར་བ་ནི། བདུད་རྩི་ལྔ་དང་། བྷན་དྷ་དང་། རྔེའུ་ཆུང་དང་། ཐོད་པ་དང་། ཤ་ལྔ་དང་། རིན་པོ་ཆེ་ལྔ་དང་། ཁྱད་པར་དབང་ཆེན་གྱི་སྐུ་དང་། མཆོག་གི་རྫས་བདུན་ལ་བརྟེན་ནས་བསྐུར་བས། ནང་སྲིད་པའི་འཁོར་ལོ་བདུན་རྒྱུན་ཆད་པར་བྱེད་པའོ། །ཁྱད་པར་དབང་ཆེན་གྱི་སྐུ་ནི་འབུར་དུ་བཏོད་པ་དང་། ལུགས་སུ་བླུགས་པ་དང་། རིས་སུ་བྲིས་པ་གསུམ་མོ། །དེའང་རིས་སུ་བྲིས་

p. 214

པས་ཐུན་མོང་དང་། འབུར་གྱིས་མཆོག་དང་། ལུགས་ཀྱིས་གཉིས་ཀའི་དངོས་གྲུབ་ཀྱི་རྒྱུ་བྱེད་པའོ། །དེ་ཡང་སྐུ་སྣང་བ་མཐའ་ཡས་ལ་བརྟེན་ནས་བསྐུར་བས་ལུས་ཡི་དམ་གྱི་སྐུར་གསལ་བའི་དབང་ཐོབ། གསུང་སྤྱན་རས་གཟིགས་ཀྱི་སྐུ་ལ་བརྟེན་ནས་བསྐུར་བས། ངག་ཡི་གེ་སྒྲའི་འཁོར་ལོ་ལ་དབང་ཐོབ། ཐུགས་དབང་ཆེན་འདུས་པ་དཔལ་གྱི་སྐུ་ལ་བརྟེན་ནས་བསྐུར་བས་བསྐྱེད་རྫོགས་ཟུང་འཇུག་གཉིས་སུ་མེད་པའི་དབང་ཐོབ་བོ། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་རིག་མ་ལ་བརྟེན་པ་ལ། སིནྡྷུ་ར་དང་། མེ་ལོང་ཡུ་བ་ཅན་དང་། དུང་གཡས་སུ་འཁྱིལ་བ་དང་། ཐོད་པ་སྲུབས་མེད་པ་དང་། རུས་པའི་རྒྱན་ཆ་ལྔ། ཐལ་ཆེན། ཞག་གི་ཟོ་རིས་དང་། བྱང་སེམས་གཉིས་ཏེ། གསང་བ་སྙིང་པོའི་རྫས་བདུན་ལ་བརྟེན་ནས་བསྐུར་བས། གསང་བ་སེམས་འཇུག་པའི་ལས་བདུན་རྒྱུན་ཆད་པའོ། །བྱང་སེམས་གཉིས་མེ་ལོང་ལ་བརྟེན་ནས་སྤྱི་བོར་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེར་དབང་ཐོབ་པའོ། །ལྕེ་ལ་སྲིན་མཐེབ་ཀྱིས་བསྐུར་བས་གསུང་རྡོ་རྗེ་བརྟན་པ་ཐོབ་བོ། །རྡོ་རྗེ་ལ་བརྟེན་ནས་གསང་བར་བསྐུར་བས་ཐུགས་རྡོ་རྗེའི་བརྟན་པ་ཐོབ་བོ། །དེ་ནས་མཁའ་གསང་བྱང་ཆུབ་སེམས་སུ་དབང་བསྐུར་བས་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོར་དབང་ཐོབ་བོ། །སྐབས་འདིར་གསང་བ་དང་ཤེས་རབ་ཡེ་ཤེས་གཉིས་རྒྱུ་འབྲས་སུ་བསྟན་ནས་གསུམ་པར་གཞག་གོ། རང་བཞིན་དུ་སྐུ་གསུང་ཐུགས་ཡན་ཆད་བུམ་པར་སྡུད་ལ། འདི་གཉིས་སོ་སོར་བྱེད་དོ། །སྤྲོས་བཅས་ཀྱི་ཡོངས་སུ་རྫོགས་པ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་ལ་སྤངས་པ་དང་། རྟོགས་པ་དང་། དད་པ་དང་། བརྩོན་འགྲུས་དང་། སྙིང་རྗེ་དང་། ཤེས་རབ་དང་། དམིགས་པ་དག་པའི་རྫས་བདུན་ལ་བརྟེན་ནས་བསྐུར་བས། ཁམས་གསུམ་དུ་འཇུག་པའི་སྦྱོར་བ་བདུན་རྒྱུན་ཆད་པའོ། །དེ་ཡང་ཚིགས་སུ་བཅད་པ་ལ་བརྟེན་ནས་ཡིད་དཔྱོད་འཛིན་པའི་ལྟ་བ་ལས་ལོག་པའི་དབང་ཐོབ་པའོ། །ཚིགས་བཅད་ནི་བརྡ་ཆེན་པོ་

p. 215

བཞི་པོ་དག་སྟེ་ཆོ་ག་བཞིན་ནོ། །བླ་ན་མེད་པ་ཡོངས་སུ་རྫོགས་པའི་ཕྱི་ནང་གསང་བ་ཡོངས་རྫོོགས་བཞི་ནི། སྐབས་འདིར་བརྡ་བཞིའི་དོན་ལ་ངོས་བཟུང་བ་སྟེ། དེ་ལྟར་སུམ་ཅུ་རྩ་དྲུག་ནི་སྤྲོས་བཅས་ཆེན་པོའི་དབང་རྣམ་པར་གཞག་པའོ། །སྤྲོས་བཅས་འབྲིང་ནི། དེ་དག་ལས་ཉུང་ངུ་བསྡུས་པ་སྟེ། རིག་པ་རང་ཤར་ལས། དབང་ལ་རྣམ་པ་གཉིས་ཀྱིས་བསྟན། །རྟོགས་པ་ཡེ་ཤེས་དབང་བསྐུར་དང་། །མ་རྟོགས་རྒྱུ་མཚོན་དབང་བསྐུར་རོ། །ཞེས་གསུངས་པས། འདི་ལ་རྣམ་པ་གཉིས་ཡིན་ཏེ། མཚན་བཅས་རྒྱུ་མཚོན་གྱི་དབང་དང་། མཚན་མེད་ཡེ་ཤེས་ཀྱི་དབང་ངོ་། །དང་པོ་ནི། དོན་གྱི་ཡེ་ཤེས་མཚོན་བྱེད་ཀྱི་ཐབས་སུ་བྱུང་བ་སྟེ། འདི་ལ་མཚན་མ་རྫས་ལ་བརྟེན་པ་དང་། བྲིས་པ་རྡུལ་ཚོན་ལ་བརྟེན་པ་དང་། ཡུམ་གྱི་བྷ་ག་ལ་བརྟེན་པ་གསུམ་ལས། རྫས་ནི་བཀྲ་ཤིས་བརྒྱད་དང་། རིན་ཆེན་བདུན་དང་། གཏོར་མ་གསུམ། རྡུལ་ཚོན་ནི་དཀྱིལ་འཁོར་དེར་བཞུགས་ནས་བུམ་པའི་བྱེད་པ་སྔོན་དུ་འགྲོ་བ་ཞི་ཁྲོ་གཙོ་འཁོར་གྱི་སྐུ་གསུང་ཐུགས་ལ་བརྟེན་ནས་བསྐུར་བའོ། །ཡུམ་ནི་མཁའ་གསང་བདེ་བ་ཆེན་པོའི་དབང་དང་། གསང་བ་དྭངས་མ་རྣམ་གཉིས་ཀྱི་དབང་ངོ་། །དེ་དག་ཀྱང་། རང་ཤར་ལས། མ་རྟོགས་རྒྱུ་མཚོན་དབང་བསྐུར་ནི། །མཚན་མའི་རྫས་ལ་བརྟེན་པ་དང་། །རྡུལ་ཚོན་དཀྱིལ་འཁོར་བརྟེན་པ་དང་། །ཡུམ་གྱི་བྷ་གས་དབང་བསྐུར་རོ། །མཚན་མ་རྫས་ལ་རྣམ་གསུམ་སྟེ། །བཀྲ་ཤིས་རྫས་བརྒྱད་བསྐུར་ཐབས་དང་། །རིན་ཆེན་བུམ་པའི་དབང་བསྐུར་དང་། །ཤ་ཁྲག་གཏོར་མའི་བསྐུར་ཐབས་སོ། །དཀྱིལ་འཁོར་བསྐུར་ཐབས་རྣམ་གསུམ་སྟེ། །འཁོར་གྱི་དཀྱིལ་འཁོར་བསྐུར་ཐབས་དང་། །ཙ་ཀ་ལི་ཡི་བསྐུར་ཐབས་དང་། །དབུས་ཀྱི་ཕོ་བྲང་བསྐུར་ཐབས་སོ། །ཡུམ་ལ་རྣམ་པ་གསུམ་དུ་གསུངས། །ཕྱག་རྒྱའི་སྒོ་ནས་དབང་བསྐུར་དང་། །བྷ་ག་དང་ནི་རྡོ་རྗེ་ཡི། །དབང་བསྐུར་དམ་པ་མཆོག་ཡིན་ནོ། །བྱང་སེམས་དཀར་

p. 216

དམར་བསྐུར་ཐབས་སོ། །མ་རྟོགས་རྒྱུ་མཚོན་དབང་བསྐུར་རོ། །ཞེས་པ་དང་། ཡང་། མ་རྟོགས་པ་ཡི་ཚིག་སྒོ་ནས། །རྫས་རེས་དོན་རེ་བསྟན་པར་བྱ། །བསྐྱེད་པ་ཞི་བའི་དབང་དང་ནི། །རྫོགས་པ་ཁྲོ་བོའི་དབང་བསྐུར་རོ། །གསང་མཚན་རྡོ་རྗེར་དབང་ཡང་བསྐུར། །བཀའ་རྟགས་པོ་ཏིའི་དབང་བསྐུར་ཞིང་། །དེ་ལ་སོགས་པའི་རྫས་རྣམས་ཀུན། །རིམ་པ་བཞིན་དུ་བསྐུར་བར་བྱ། །ཞེས་སོ། །གཉིས་པ་མཚན་མེད་ཡེ་ཤེས་ཀྱི་དབང་ནི། ཕྱི་སྣང་བ་སེམས་ཀྱི་རོལ་པར་བསྐུར་བ། ནང་སྒོམ་པ་སེམས་ཀྱི་བཞག་ཐབས་སུ་བསྐུར་བ། གསང་བ་རིག་པ་ཡེ་ཤེས་ཀྱི་རང་ངོར་བསྐུར་བའོ། །རིག་པ་ལའང་ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་དབང་པོ་དང་སྦྱར་ཏེ་དཔེ་དོན་རྟགས་གསུམ་དུ་བསྐུར་བ་དང་། རིག་པ་རྐྱང་པ་འོད་ལྔ་རང་གསལ་དུ་བསྐུར་བ་དང་། ཤར་གྲོལ་རིས་མེད་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པར་བསྐུར་བ་སྟེ་གསུམ་དུ་གསུངས་པ་ཡང་། དེ་ཉིད་ལས། རྟོགས་པའི་ཡེ་ཤེས་དབང་བསྐུར་ནི། །རྣམ་པ་གསུམ་དུ་ཤེས་པར་བྱ། །སེམས་ཅན་སྣང་བ་ཕྱི་ལྟར་བསྐུར། །སྒོམ་པ་སེམས་འཛིན་ནང་ལྟར་བསྐུར། །ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས། །གསང་བའི་དབང་དུ་བསྐུར་བར་བྱ། །ངོ་སྤྲོད་ལ་ཡང་རྣམ་གསུམ་སྟེ། །དཔེ་དོན་རྟགས་གསུམ་ཚོགས་པ་ཡིས། །མཚོན་པའི་དབང་ཆེན་བསྐུར་བར་བྱ། །རིག་པའི་ཡེ་ཤེས་ངོ་སྤྲོད་བྱ། །གསང་བའི་ཡེ་ཤེས་དབང་བསྐུར་རོ། །རིག་པ་རྐྱང་པའི་ངོ་སྤྲོད་ཀྱིས། །གཟུགས་སྐུའི་ཞིང་ཁམས་དབང་བསྐུར་བྱ། །རྟོགས་པའི་ཡེ་ཤེས་དབང་མཆོག་ནི། །ཅིར་སྣང་རིག་པར་ཤེས་པའོ། །རིག་པ་དགག་སྒྲུབ་མེད་པ་ཡི། །དབང་རྣམས་དུས་གཅིག་རྫོགས་པའོ། །དབང་རྣམས་གྲོལ་བྱེད་གདམས་ངག་གོ། དམིགས་མེད་དཀྱིལ་འཁོར་ཆེན་པོ་ཡི། །དབང་ནི་རང་ལ་ཡོད་པའོ། །དེ་ཡང་དོན་ལ་བཀྲོལ་ཏེ་གསུངས། །གཅིག་བཀྲོལ་གཉིས་བཀྲོལ་ཐམས་ཅད་བཀྲོལ། །གྲོལ་བ་རང་བྱུང་གཞན་ལས་མེད། །རང་

p. 217

བྱུང་དབང་ཆེན་དེ་བཞིན་ནོ། །དོན་གྱི་དབང་མཆོག་དཀྱིལ་འཁོར་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །དོན་དབང་ཡེ་ཤེས་མཚོན་པ་ལ། །གཅིག་མེད་གཉིས་མེད་ཐམས་ཅད་མེད། །རྡོ་རྗེའི་དོན་རྟོགས་དབང་ཆེན་ལ། །གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང་། །སྟོང་པ་ཡེ་ཤེས་དབང་ཆེན་ལ། །གཅིག་སྐྱེ་གཉིས་སྐྱེ་ཐམས་ཅད་སྐྱེ། །རྟོགས་ན་དབང་མཆོག་དེ་ལྟར་བསྐུར། །ཅེས་སོ། །དེ་ཡང་རང་ལ་ཡེ་ནས་ཡོད་པའི་དབང་བླ་མས་ངོ་སྤྲོད་པ་ལ་བསྐུར་བའི་ཐ་སྙད་དུ་བརྗོད་པ་ཡིན་ནོ། །དེ་དག་གི་དོན་གྱི་མངོན་པར་རྟོགས་པ་ལག་ལེན་ལ་བསྐུར་ན། བླ་མ་གྲུབ་པ་ཐོབ་པ་རྣམས་ཀྱིས་སིལ་བུ་དུམ་བུ་གང་རུང་རེ་རེས་ཀྱང་སློབ་མ་ལ་དབང་རྫོགས་པར་འཐོབ་པས། ཇི་སྐད་གསུངས་པ་དེས་འགྲུབ་ལ། གྲུབ་པ་མ་ཐོབ་པ་རྣམས་ཀྱིས་དེ་ཐམས་ཅད་དྲིལ་ནས་བསྐུར་བས་དོན་འགྲུབ་པའི་ཕྱིར། དེའི་རྣམ་པར་གཞག་པ་ལ་དབང་བཞི་ལས། དང་པོ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་དུ་བྱ་བ་རྫོགས་ནས། བུམ་པའི་བྱེད་པ་སྔོན་དུ་འགྲོ་བས་བཀྲ་ཤིས་རྫས་བརྒྱད། རྒྱལ་སྲིད་སྣ་བདུན། ཞི་བ་དང་ཁྲོ་བོའི་སྐུ་ཙ་ཀ་ལིའམ་འབུར་རམ་ལུགས་མས་དབང་བསྐུར་ཞིང་རྡོ་རྗེ་བྱིན་ལ་མིང་གི་དབང་བསྐུར་ཏེ། བཀའ་རྟགས་ཕྱག་རྒྱའི་དབང་པོ་ཏིས་བསྐུར་ནས། དཔལ་གྱི་གཏོར་མའི་དབང་གིས་འཕྲིན་ལས་རྫོགས་པར་བྱེད་པ་ཡན་ཆད་བུམ་དབང་ཞེས་བྱའོ། །དེ་ནས་བྱང་སེམས་གཉིས་སྦྱིན་པ་ནི་གསང་དབང་ངོ་། །དེ་ནས་ཆགས་བྲལ་ལ་ཕྱག་རྒྱའི་དམིགས་པ་དང་། ཕྱག་རྒྱ་འཆའ་བ་ཙམ་གྱིས་བསྐུར་ལ། ཆགས་ཅན་ལས་ཀྱི་མུ་ཏྲ་དངོས་ལ་བསྐུར་བ་གཉིས་ནི། ཤེས་རབ་ཡེ་ཤེས་སོ། །དེ་ཡན་ཆད་མ་རྟོགས་རྒྱུ་མཚོན་གྱི་དབང་ཞེས་བྱའོ། །དེ་ནས་བཞི་པ་ཚིག་དབང་ནི། རྟོགས་པ་ཡེ་ཤེས་ཀྱི་དབང་སྟེ། ཕྱི་ལྟ་བ། ནང་སྒོམ་པ། གསང་བ་རིག་པ་གསུམ་གྱིས་བསྐུར་བའོ། །རིག་པ་ལའང་ངོ་སྤྲོད་ཀྱིས་རང་ངོ་སྤྲད་པ། མངོན་སུམ་གྱིས་དོན་ལ་ལྟ་བ།

p. 218

ཤར་གྲོལ་གྱིས་གནད་ལ་བསྒེར་བ་དང་གསུམ་དུ་ཕྱེ་ནས་ངོ་འཕྲོད་ངོ་ཤེས་པར་སྤྲད་པ་ནི་རིག་པ་རྩལ་གྱི་དབང་ཞེས་བྱའོ། །དེ་ལྟར་དབང་བཞི་ངེས་པ་ནི། སྤྲོས་བཅས་འབྲིང་གི་རྣམ་པར་གཞག་པའོ། །སྤྲོས་བཅས་བསྡུས་པ་ནི། དོན་སྤྲོས་ཞེས་བྱ་སྟེ། དང་པོ་རིག་པའི་ཡེ་ཤེས་ལྔ་མཚོན་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བདག་དང་སློབ་མ་ཞུགས་ནས། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རྫོགས་པ་ཆེན་པོ་བརྡ་བཞིས་བསྐུར་ནས་དགའ་སྟོན་གྱི་བར་དུ་བྱེད་པའོ། །འདི་ནི་བི་མ་ལས་ལྕེ་བཙུན་ལ་དངོས་སུ་བསྐུར་བའི་རིམ་པ་སྟེ། དེང་སང་ཡང་ཕྱག་ལེན་དུ་མཛད་ལ། གཞན་གཉིས་གུ་རུ་ཇོ་འབེར་ནས་ཆད་པ་ཡིན་ཞེས་ཀྱང་གྲགས་ལ། དེའི་གོང་ནས་བརྡ་ཙམ་ལས། ཕྱག་ལེན་དུ་མེད་དོ་ཞེས་ཀྱང་གྲགས་སྟེ། གཏེར་ནས་བྱོན་ནས་ཕྱག་བཞེས་སུ་འདེབས་དཀའ་བས་མ་བཏབ་པར་མངོན་ལ། དོན་སྤྲོས་ཀྱིས་ཆོག་པ་དང་། ལག་ལེན་དུ་འདེབས་ནའང་དབང་གི་རྩ་བ་ཡོད་པས་དཀའ་བ་མེད་ལ། བཏབ་ཀྱང་འགལ་བ་མེད་དོ་ཞེས་བླ་མས་གསུང་ངོ་། །དེ་དག་གིས་དབང་བཞིའི་ལས་རིམ་བསྟན་ཟིན་ཏོ། །དོན་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་རྟོགས་དཀའ་བའི་ནང་དོན་ཕྱག་རྒྱའི་རྣམ་པར་གཞག་པ་བསྟན་པ་ལ་བཅུ་བདུན་ཏེ། རིག་མ་བརྟག་ཅིང་བཙལ་བ་དང་། དེ་ཇི་ལྟར་དགུག་པ་དང་། རྩའི་མཚན་ཉིད་བརྟག་པ་དང་། བྱང་ཆུབ་ཀྱི་སེམས་རྒྱས་པར་བྱ་བ་དང་། གཟུངས་མ་ལ་བསླབ་པར་བྱ་བས་སྔགས་ཀྱི་ལམ་དུ་ངེས་པར་གཟུང་བ་དང་། དེ་ལ་བདེ་བ་བསྐྱེད་པའི་ཐབས་ཀྱི་མན་ངག་དང་། སྦྱོར་བ་ཁྱད་པར་ཅན་གྱི་གནད་ཀྱིས་རྩ་བཙལ་ཞིང་གཟུང་བ་དང་། ཀུན་རྫོབ་ཀྱི་ཐིག་ལེ་ལུས་ཀྱི་གནད་ལ་བརྟེན་ནས་དབབ་པ་དང་། ལུས་ཀྱི་འདུག་སྟངས་དང་། རླུང་གི་གནད་ཀྱིས་གཟུང་བ་དང་། ཐིག་ལེ་ཇི་ལྟར་སྦྱང་བ་བདེ་ཆེན་གྱི་ཕྱག་རྒྱ་ལ་སྦྱར་བ་དང་། དེ་ལ་བདེ་བ་སྐྱེ་བའི་གོ་རིམས་ངེས་པར་སྦྱར་བ་དང་། དེ་ཉིད་ལྟ་བ་དང་སྦྱར་ཞིང་འགྱུར་བརྩི་བ་དང་། ཐིག་ལེ་རྩའི་དམིགས་

p. 219

སུ་དགྲམ་ཞིང་རླུང་དང་བསྲེས་པས་ལུས་ཀྱི་སྟོབས་རྒྱས་པར་བྱ་ཞིང་དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་སྦྱར་བ་དང་། སློབ་མའི་དོན་དུ་ལན་གསུམ་དུ་བཟློག་ནས་སླར་ཕབ་སྟེ་དབང་བསྐུར་བ་ཁྱད་པར་ཅན་གྱི་ངེས་ཤེས་དང་སྦྱར་བ་དང་། སློབ་མ་ལ་བདེ་ཆེན་གཟུང་ཡུལ་དུ་བྲལ་བའི་ཉམས་སྐྱེས་པའི་ཚད་གཟུང་བ་དང་། རྒྱུན་དུ་བསྟེན་ན་མི་མཐོང་བར་བྱ་བ་དང་། དབང་གི་དུས་ལས་གཞན་དུ་མི་བསྟེན་ན་ཡོན་ཕུལ་ལ་རང་གི་གནས་སུ་ཅི་བདེར་གཏང་བའོ། །དང་པོ་ནི། རིགས་དང་། དབྱིབས་དང་། ཁ་དོག་དང་། སྤྱོད་ལམ་གྱི་སྒོ་ནས་བརྟག་པ་བཞི་ལས། རིགས་ཀྱི་སྒོ་ནས་བརྟག་པ་ལ་གསུམ་ལས། ཕྱིའི་རིགས་ནི་རྒྱལ་རིགས་ཀྱིས་བདེ་བར་གཤེགས་པའི་རིགས་ཀྱི་སངས་རྒྱས་འགྲུབ་ལ། རྗེའུའི་རིགས་ཀྱིས་རྡོ་རྗེ་དང་། དམངས་རིགས་ཀྱིས་རིན་པོ་ཆེ་དང་། བྲམ་ཟེས་པདྨ་དང་། གདོལ་པའི་རིགས་ཀྱིས་ལས་ཀྱི་རིགས་ཀྱི་སངས་རྒྱས་འགྲུབ་པའོ། །སངས་རྒྱས་གང་རུང་གཅིག་གིས་འགྲུབ་བོ་སྙམ་ན་མ་ཡིན་ཏེ། རིགས་སོ་སོ་ལ་རིག་མ་ཡང་སོ་སོ་མེད་ན་མི་འགྲུབ་བོ། །སངས་རྒྱས་རིགས་ལྔར་བྱུང་བ་ལྟར་རིག་མ་ཡང་ལྔར་ངེས་སོ། །དེ་ལྟར་ཡང་། དབང་བཀོད་ཆེན་པོ་ལས། སངས་རྒྱས་རིགས་ཀྱང་བྱེ་བྲག་ལས། །རིག་མའང་དེ་བཞིན་བྱེ་བྲག་འགྱུར། །ཞེས་སོ། །ནང་གི་རིགས་ནི་གནོད་སྦྱིན་གྱི་བུ་མོ་དང་། ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། ཚངས་པའི་བུ་མོ་དང་། བརྒྱ་བྱིན་གྱི་བུ་མོ་ལྔ་ནི་ལས་རྒྱའི་རིགས་ཏེ། རྡོ་རྗེ་མཁའ་འགྲོ་སྡོམ་པ་ལས། ལྷ་དང་ལྷ་མིན་གནོད་སྦྱིན་ནམ། །ཀླུ་དང་བརྒྱ་བྱིན་ཚངས་པ་དང་། །རིགས་ལས་ལྷག་པར་ཕྱག་རྒྱས་ཤིས། །བཀུག་ལ་རང་གིས་ལེགས་པར་སྦྱར། །ཅེས་སོ། །སྔོན་ཀོ་ས་ལའི་སློབ་དཔོན་དཔལ་ལྡན་བདེ་བ་ཆེན་པོས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་བུ་མོ་བཀུག་ནས་དབང་བསྐུར་བས་དངོས་གྲུབ་བརྙེས་པ་བཞིན་ནོ། །གསང་བའི་རིགས་ནི་བཞི་སྟེ། རིགས་ཅན་བཞིའི་རྩ་ལས་བུད་མེད་རྣམས་མི་འདའོ། །

p. 220

དེའང་དུང་ཅན་མ་དང་། གླང་སྣ་ཅན་མ་དང་། པདྨ་ཅན་དང་། རི་དྭགས་ཅན་དང་། བ་གླང་ཅན་མའོ། །དུང་ཅན་མ་ནི། སྐྲ་ནག་ལ་སོ་ལེགས་ཤིང་ཐགས་བཟང་། གླང་སྣ་མ་སྐྲ་ངན་ལ་མདུན་ན་སོ་ལྷག་ཡོད། པདྨ་ཅན་ནི། སྐྲ་སེར་ལ་གཡས་སུ་ལི། རི་དྭགས་ཅན། སྐྲ་ངན་ལ་དཔྲལ་གདེངས་ཆེ། བ་གླང་ཅན། སྐྲ་བཟང་ལ་དཔྲལ་བ་ན་གཉེར་མ་གྱེན་དུ་འགྲེང་བ་ཡོད་པའོ། །དེའང་པདྨ་ཅན་གྱིས་བདེ་བ་ལྷག་པར་སྐྱེ་བར་བྱེད་ཅིང་ཆོས་ཉིད་གསལ་བའི་གྲོགས་ཏེ། དཔེར་ན་པདྨ་རྒྱས་པ་དང་མ་རྒྱས་པ་ལྟ་བུའི་རྩ་ཡོད་པས། རྩའི་ཁ་འབྱེད་པའི་གདམས་ངག་གཙོ་ཆེའོ། །རི་དྭགས་ཅན་ནི། རི་དྭགས་ཀྱི་རྒྱལ་པོ་ཨེ་ན་ཡའི་བྱིན་པ་ལྟ་བུར་རྩ་མཇུག་ཕྲ་བ་སྟེ། འདི་ལ་ཨེ་ན་ཡའི་བྱིན་པ་ལྟར་ཕྲ་བ་ལ་འཕྲིམ་པ་སྟེ། རྩ་སློང་བའི་མན་ངག་གལ་ཆེའོ། །གླང་སྣ་མ་ནི། གླང་པོའི་སྣ་ལྟར་གྱེན་ལ་ལོག་ནས་ཡོད་པས་ཏེ། འདི་ལ་འགུགས་པའི་མན་ངག་གཙོ་ཆེའོ། །བ་གླང་ཅན་ནི། རྩ་བག་ལ་ཉལ་ནས་ཤེས་པ་ལ་སྒྲིན་མེད་པ་སྟེ། འདི་ལ་རྩ་སྦྱང་བའི་མན་ངག་གཙོ་ཆེའོ། །དུང་ཅན་མ་ནི། དུང་གཡས་སུ་འཁྱིལ་པ་དང་འདྲ་སྟེ། འདི་ལ་རྩ་གཅུད་པའི་མན་ངག་གཙོ་ཆེའོ། །དེ་དག་ལྔ་ཡང་ཡེ་ཤེས་ལྔའི་རིགས་འཛིན་པར་བྱེད་པས་ན་ལྔར་ངེས་ལ། བདེ་བ་ལམ་དུ་བྱེད་པ་ལ་པདྨ་ཅན་ལས་ལྷག་པ་མེད་དོ། །དེ་ཡང་རིགས་ཅན་ལྔས་གཏུམས་པས་བྱང་སེམས་དངོས་སུ་བུད་མེད་རྣམས་ལ་མི་འབྱུང་ལ། སྐྱེས་པ་རྣམས་ལ་ཐིག་ལེ་འབྱུང་བ་ནི་རིགས་ལྔའི་རྩ་མེད་པས་དངོས་སུ་འབྱིན་པར་ནུས་ལ། བྱང་སེམས་དམར་པོ་དངོས་སུ་མི་འབྱུང་བ་ནི་རིགས་ཅན་ལྔ་མེད་པས། རྩ་ཁ་ཁྱད་པར་གྱི་གནས་འགྱུར་བ་མེད་པའི་ཕྱིར་རོ། །རྩ་གྱེན་རྒྱུག་ཏུ་ཡོད་པས་སྣ་བུག་གཡས་པ་ནས་སྣ་ཁྲག་འབབ་སྟེ། སྐྱེས་པ་ན་ཚོད་དར་ལ་བབ་པ། ལུས་ལ་འབྱུང་བའི་ནད་མེད་པ་རྣམས་སོ། །དེ་ཡང་རི་དྭགས་ཅན་གྱིས་ལུས་སྤེལ་བའི་ལས་འགྲུབ། དུང་ཅན་མས་ངག་སྤེལ་བའི་ལས་འགྲུབ། གླང་སྣ་མས་ཡིད་སྤེལ་བའི་ལས་

p. 221

འགྲུབ། བ་གླང་ཅན་མས་སེམས་སྤེལ་བའི་ལས་འགྲུབ། པདྨ་ཅན་གྱིས་བདེ་བ་ལུས་ལ་རྒྱས་པའི་ལས་འགྲུབ་སྟེ། དབང་བཀོད་ཆེན་པོ་ལས། བུད་མེད་ཐམས་ཅད་རིགས་ཅན་ལྔ། །དེ་ཡི་བཀོད་པ་བདེ་བ་ཆེ། །རྣལ་འབྱོར་དངོས་གྲུབ་རྫོགས་པའོ། །ཞེས་སོ། །ཡོངས་སུ་རྫོགས་པའི་རིགས་ནི། ཐུན་མོང་གི་དངོས་གྲུབ་འབྱུང་བའི་རིགས་ཕལ་པ་མ་དང་། མཆོག་གི་དངོས་གྲུབ་འབྱུང་བའི་རིགས་མཁའ་འགྲོ་མ་གཉིས་སོ། །ཕལ་པ་མ་ནི། མིག་ཡངས་པ། སྐྲ་གཡས་སུ་འཁྱིལ་པ་ལ། ཡ་སོ་ལ་ལྷག་ཡོད་པ། གཡོན་ནས་བལྟས་ན་དགྱེ་བ་ལ། གཡས་ནས་བལྟས་ན་དགུ་བར་མངོན་པ། ཐད་ཀ་ནས་བལྟས་ན་རབ་ཏུ་དྲང་བའོ། །མཁའ་འགྲོ་མ་ནི། སྐྲ་གྱེན་ལ་གཟེངས་པ། འགྲམ་ཡངས་ལ་ཡན་ལག་ཕྲ་བ། མིག་དཀྱུས་རིང་བའོ། །དེ་ཡང་དབང་བསྐུར་རྫོགས་པ་ལས། ཁྱད་པར་མཆོག་གི་རིགས་ནི་གཉིས་སུ་བརྟག །ཐབས་དང་ཤེས་རབ་འབྲེལ་བས་བདེ་བ་འཐོབ། །འདིས་ནི་ངེས་པའི་ལུང་རབ་སྟེར་བར་འགྱུར། །ཞེས་སོ། །དེ་ཡང་རིག་མའི་ངོ་བོ་ཐུན་མོང་ལས་ཁྱད་པར་གྱི་ཡེ་ཤེས་རྫོགས་པར་བྱེད་པའོ། །ངེས་ཚིག་ནི། རིག་པའི་ཡེ་ཤེས་མངོན་སུམ་དུ་རིག་པར་ནི་རིག་པའོ། །མ་ཞེས་པ་འཇིག་རྟེན་ན་ཡང་མ་ལ་མ་བརྟེན་པ་མེད་ལ། ས་གཞི་དང་འདྲ་བའི་རིག་མ་ལ་མ་བརྟེན་པའི་སངས་རྒྱས་མི་འབྱུང་བས་སོ། །ཡང་ན་ལ་ལ་ནས་གཟུངས་མ་ཞེས་བཤད་དེ། སེམས་ཀྱི་བདེ་བའི་གཟུངས་ལུས་ལ་བརྟེན་ནས་སྐྱེ་བས་ན་གཟུངས་ཞེས་བྱ་ལ། འདི་ཉིད་འབྱོངས་པས་ལུས་གཟུངས་འཕེལ་བར་བྱེད་པའོ། །མ་ནི་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ལ་མ་བརྟེན་པའི་འཇིག་རྟེན་གྱི་ཁམས་མེད་པ་བཞིན་ནོ། །ལ་ལ་ནས་ཕྱག་རྒྱ་མ་ཞེས་བཏགས་ཏེ། ཕྱག་ནི་འཛིན་པ་སྟེ། འཁོར་བ་ལས་སངས་རྒྱས་ཀྱི་སར་འཛིན་པའོ། །རྒྱ་ནི་རྒྱས་འདེབས་པ་སྟེ་འཁོར་བ་བྱང་ཆུབ་ཀྱི་རྒྱས་འདེབས་པའོ། །མ་ནི་འཚོ་བའི་ཟས་དང་འདྲ་སྟེ། ཟས་མེད་ན་འཆི་བ་ལྟར།

p. 222

ཕྱག་རྒྱ་མ་ལ་མ་བརྟེན་པའི་རྟོགས་པ་མི་སྐྱེ་བས་ན། དེ་མ་སྐྱེས་ན་ཁམས་གསུམ་དུ་འཆིང་བར་བྱེད་པའོ། །དེ་ལ་དབྱེ་ན། ཕྱིའི་རིགས་ལྔ་དང་། ནང་གི་ལྔ་དང་། གསང་བའི་ལྔ་དང་། ཡོངས་རྫོགས་ཀྱི་གཉིས་ཏེ་བཅུ་བདུན་ནི། དེ་ཉིད་ལས། རིགས་ཀྱི་བརྟག་པ་བཅུ་བདུན་དང་། །ཡེ་ཤེས་གོ་རིམ་ཡང་དེར་མཚུངས། །ཞེས་སོ། །གཉིས་པ་དབྱིབས་ལ་བརྟག་པ་ནི། རྐེད་པ་ཕྲ་ལ་ལུས་པོ་ལྡེམ་པ། ཡན་ལག་ཕྲ་ལ་སེན་མོའི་བཀྲག་དང་ལྡན་པ། ལུས་དྲང་པོར་གནས་པ། ལུས་བོངས་ཆུང་བ་ནི་བདེ་བས་ལུས་རྒྱས་པའི་རྟགས་སོ། །དེ་ཉིད་ལས། རིང་བ་མ་ཡིན་ཐུང་བ་མིན། །དགྱེ་བ་མ་ཡིན་དགུ་པ་མིན། །ཅེས་སོ། །གསུམ་པ་ཁ་དོག་ལ་བརྟག་པ་ནི། ཧ་ཅང་དཀར་བ་མ་ཡིན། གནག་པ་མ་ཡིན། ཧ་ཅང་སེར་བ་མ་ཡིན། དམར་བ་མ་ཡིན། དེ་དག་ལས་ཐལ་དྲགས་པ་མ་ཡིན་པར་སྔོ་བསངས་སུ་འདུག་པ་ནི་གཙོ་བོའི་རིགས་ངེས་པར་འགྲུབ་པ་སྟེ། མིག་ཡངས་པ་སྨིན་མཚམས་ཀྱི་བར་མ་ཆད་པ། སོ་དཀར་ལ་ཐགས་དམ་པ་སྟེ། འདི་ནི་བདེ་བ་སྟེར་བས་པདྨ་ཅན་ཞེས་བཤད་དོ། །སྔ་མ་ལས། དཀར་བ་མ་ཡིན་གནག་མིན་ཞིང་། །ཞེས་སོ། །བཞི་པ་སྤྱོད་ལམ་གྱི་སྒོ་ནས་བརྟག་པ་ནི། ཅི་བྱེད་པ་དལ་བ་དང་། འགྲོ་ན་ངང་པའི་འགྲོས་དང་འདྲ་བ་དང་། ངག་སྙན་ལ་སེང་བག་དང་ལྡན་པ་དང་། སྨྲ་བ་སོས་དལ་བ་དང་། འགྲོ་བའི་ཚེ་གཡས་སུ་འགྲོ་བའོ། །ངང་རྒྱུད་རིང་ཞིང་སྤྱོད་པ་འཇམ་པ་དང་། སེམས་བཟང་ལ་སྤྲོ་རིང་བ་དང་། ངོ་ཚ་ཆེ་བ་སྟེ། སྔ་མ་ལས། ལུས་སེམས་སྤྱོད་ལམ་ཡངས་པ་དང་། །ཇི་ལྟར་བྱེད་པ་དལ་བ་ཉིད། །འདིས་ནི་བདེ་ཆེན་འཕེལ་པའོ། །ཞེས་སོ། །འདི་དག་གི་ངེས་པ་རྒྱས་པར་ནི། རྫོགས་པ་རང་བྱུང་ལས། དེ་ལྟར་གསང་ཐུབ་བུ་རྣམས་ལ། །གསང་བའི་དབང་ཉིད་བྱེད་འདོད་ན། །གཟུངས་མ་ཡིད་དང་འཐད་པ་བཙལ། །དེ་ཡང་མཚན་ཉིད་བརྟག་པ་གཅེས། །དེ་ཡི་མཚན་ཉིད་བརྟག་པ་ནི། །རིགས་ནི་རྣམ་པ་བཞིར་

p. 223

བཤད་དེ། །འབྲས་བུ་སྐུ་བཞི་ཐོབ་པར་ངེས། །རིགས་ནི་རེ་རེ་དག་ལ་ཡང་། །ཁ་དོག་མང་ཞིང་བརྟག་པར་དཀའ། །རིགས་ནི་འདི་ལྟར་ཤེས་པར་བྱ། །པདྨའི་རིགས་དང་དུང་ཅན་ཏེ། །རི་མོ་ཅན་དང་ཧར་ཏིའོ། །རིགས་ནི་དེ་དག་བརྟག་པ་སྟེ། །ཁ་དོག་འགྲོས་དང་སྐད་ཀྱིས་བརྟག །ཁ་དོག་བརྟག་པ་འདི་ལྟ་སྟེ། །པདྨའི་རིགས་སུ་གང་འདོད་པ། །བྱད་ནི་བཟླུམ་ཞིང་ཤ་མདོག་སྨུག །སྐད་ཕྲ་ཡིད་དུ་འོང་སྨྲ་ཞིང་། །གཟུགས་དང་བོངས་ནི་ཆུང་ཞིང་སྦོམ། །ཡིད་དུ་འོང་ཞིང་ཆགས་པ་སྐྱེ། །སྐྲ་ཡི་མདོག་སེར་ལི་ལ་འཇམ། །སེན་མོའི་འོད་ཀྱང་དམར་ལ་དྭངས། །སྨིན་མཚམས་བར་ཡང་མ་ཆད་དེ། །ལོ་ནིི་བཅོ་ལྔ་ཉིད་ལོན་པ། །པདྨའི་མཚན་ཉིད་ཡིན་པར་འདོད། །དུང་ཅན་དག་གི་མཚན་ཉིད་ནི། །བྱད་ཉིད་ཆ་ཆུང་སྙོམས་པ་སྟེ། ཁ་དོག་དཀར་ཞིང་སོ་ཡང་དཀར། །ལུས་ནི་རགས་ཤིང་དཔའ་རྟུལ་ཆེ། །གཟུགས་བཟང་ཡིད་དུ་འོང་བ་སྟེ། །མིག་རྩ་ཡིད་ཙམ་དམར་བ་ལ། །སྐྲ་ཡང་གནག་ཅིང་འཛུམ་ཁ་སྙི། །སོར་མོ་ཕྲ་ཞིང་མཉེན་ལྕུག་ཆེ། །སེང་གེ་ལྟ་བུའི་འགྲོས་དང་ལྡན། །སྐད་ནི་ཚངས་པའི་དབྱངས་དང་མཚུངས། །བཅུ་དྲུག་ལོ་དང་ལྡན་པ་ན། །དུང་ཅན་ཡིན་པར་རབ་ཏུ་བཤད། །རི་མོ་ཅན་གྱི་མཚན་ཉིད་ནི། ཁ་ཉིད་ཆུང་ཞིང་ཤ་ཡང་སེར། །བྱད་ཀྱི་དཀྱུས་ཀྱང་རིང་བ་སྟེ། །གཟུགས་ཉིད་ཕྲ་ཞིང་སྨྲ་ཉུང་བ། །དཔའ་རྟུལ་ཆེ་ཞིང་ཞུམ་པ་ལྟར། །མིག་གི་འབྲས་བུ་དཀར་ནག་བྱེད། །སྐད་ཀྱི་ང་རོ་ཆུང་བ་སྟེ། །ཤ་སྲབ་མཚོན་སྤུ་གསལ་བ་དང་། །ཡིད་དུ་འོང་ཞིང་གླང་ཆེན་འགྲོས། །བཅུ་བཞི་ལོ་དང་ལྡན་པ་སྟེ། །རི་མོ་ཅན་དུ་ཡང་དག་འདོད། །ཧར་ཏི་མ་ཡི་མཚན་ཉིད་ནི། །བྱད་དཀྱུས་དག་ནི་རིང་བ་ལ། །ཤ་ཡི་མདོག་ནི་ཡིད་ཙམ་སྔོ། །སོ་དཀར་མིག་གི་འབྲས་བུ་གནག །གཟུགས་ཆེ་རྐེད་སྐབས་ཕྱེད་པ་སྟེ། །སྣ་རྒྱུད་བཟང་ཞིང་སྨིན་མ་བཟང་། །སྐབས་སྐབས་སྐད་ཀྱང་འཛོར་བར་བྱེད། །སྤྱོད་པ་དལ་ལ་ཚིག་འཇམ་སྨྲ། །

p. 224

བ་གླང་འགྲོས་འདྲ་བརྟུལ་ཞུགས་ཆེ། །སུམ་ཅུ་མན་ཆད་ལོ་རྣམས་སོ། །དེ་ལྟར་མཚན་དང་ལྡན་པས་ན། །ཧར་ཏིའི་རིགས་སུ་ཡང་དག་འདོད། །གསང་བའི་ཡུམ་དེ་རེ་རེ་ཡིས། །འབྲས་བུ་རེ་རེ་ཐོབ་པ་སྟེ། །རི་མོ་ཅན་དང་ཧར་ཏི་མཆོག །ཡང་ན་བུ་མང་ལོངས་སྤྱོད་ལྡན། །ལོ་ཚད་ངེས་པ་མེད་པར་བསྟན། །ཡང་ནི་ཡིད་འོང་གཞོན་ནུ་མ། །སྐྱེས་པས་མ་རྩེས་བརྟུལ་ཞུགས་ལྡན། །བཅུ་བཞི་ལོ་དང་ལྡན་པའོ། །དེ་ལྟར་བསྟེན་པའི་ཡུམ་ལ་ཡང་། །སྦྱར་བས་འགྲུབ་དང་བསྟེན་པས་འགྲུབ། །བསམ་པས་འགྲུབ་དང་མཐོང་བའོ། །རི་མོ་ཅན་ལ་སྦྱར་བ་སྟེ། །དུང་ཅན་བསྟེན་པའི་སྟོབས་ཀྱིས་འགྲུབ། །པདྨའི་རིགས་ནི་བསམ་པར་བྱ། །ཧར་ཏི་མཐོང་ཞིང་རེག་པས་སོ། །དབང་ཉིད་རྒྱས་པར་བྱེད་པ་ནི། །རིགས་ནི་བཞི་ཀ་ཚང་བར་བྱ། །དེ་མེད་ན་ཡང་སོ་སོ་བཤད། །སྦྱར་བར་བྱས་ན་དངོས་གྲུབ་རབ། །བསྟེན་པས་དངོས་གྲུབ་འབྲིང་དུའོ། །བསམས་པས་གྲུབ་པ་ཐ་མའོ། །མཐོང་བས་གསུམ་ཀའི་གྲོགས་སུ་བསྟེན། །དེ་ལྟར་གཟུངས་མ་ལྡན་པར་བྱ། །ཞེས་གསུངས་སོ། །གཉིས་པ་བརྟགས་པ་དེ་དགུག་པའི་མན་ངག་ནི། སྔགས་དང་རྟེན་འབྲེལ་གཉིས་ལས་སྔགས་ནི། ཨཱོཾ་ལྷེང་ལྷེང་བསྡུས་བསྡུས་རྡོ་རྗེ་སེམས་དཔའ་སྙིང་ལ་བྲེང་བྲེང་མངལ་གྱི་སྲིན་བུ་སློང་ཆེ་གེ་མོ་བྷ་ཤི་ཀུ་རུ་ཧོཿ། ཞེས་སྟོང་བཟླས་ལ། ལས་ལ་སྦྱོར་བ་ན། རང་གི་ལག་མཐིལ་གཡོན་པར་རྒྱ་སྐྱེགས་ཀྱི་ཁུ་བས་འཁོར་ལོ་རྩིབས་བརྒྱད་པ་བྲིས་ཏེ། ལྟེ་བ་ལ་ཨཱོཾ་ཆེ་གེ་མོ་དབང་དུ་གྱུར་ཅིག་ཅེས་པ་བྲིས་ཤིང་། རྩིབས་ལ་ཧྲཱིཿབརྒྱད་བྲིས་པ་དེ་བསྒྲུབ་བྱ་ལ་བསྟན་པས་དབང་དུ་འགྱུར་རོ། །རྟེན་འབྲེལ་ནི། ཁྱི་ནག་པོའི་སྙིང་ཁྲག །པདྨའི་རཀྟ། བོང་བུའི་ས་བོན། ཤིང་མ་ལེ་གེ་རྒྱས་ཀྱི་འདབ་མ་གཡས་སུ་འཁྱིལ་བའི་ཁུ་བ། སྐྱེས་པ་དར་མའི་སྲིན་ལག་གི་ཁྲག་རྣམས་བསྲེས་ལ་རང་གི་སྲིན་ལག་གིས་གཏོར་ཞིང་རང་གི་དཔྲལ་བར་ཐིག་ལེ་བྱས་ལ། ཨཱོཾ་ཆེ་གེ་མོ་ཤོག་ཤོག་སྭཱ་ཧཱ་ཞེས་བརྗོད་པས་འོང་ངེས་སོ། །

p. 225

གསུམ་པ་རིགས་ཅན་རྩའི་མཚན་ཉིད་བརྟག་པ་ནི། རིགས་ཅན་ལྔ་ལ་རྩ་སྣ་རིང་བ་དང་། ཐུང་བ་དང་། འབྲིང་པོ་གསུམ་དུ་ཤེས་པར་བྱའོ། །དེ་ལ་རིང་བ་ནི་བདེ་བ་ཁ་སྲ་ལ་ཕྱི་ནས་བདེ་བ་ལྷག་ཏུ་སྐྱེ་བའོ། །ཐུང་བ་ནི་ཁ་སྙི་ལ་བདེ་བ་ཡུན་ཐུང་བའོ། །འབྲིང་པོ་ནི་རོའི་རྣམ་པ་དང་འདྲ་བར་ཤེས་པར་བྱའོ། །བཞི་པ་རང་དང་མུ་དྲའི་བྱང་ཆུབ་ཀྱི་སེམས་རྒྱས་པར་བྱ་བ་ནི། རྩ་བ་ལྔའི་སྦྱོར་བ་དང་། ལུག་ཐུག་གི་ཚང་ར་དང་། བྱེའུ་རྒྱ་མཆིལ་གྱི་ཤ་དང་། ད་བྱིད་དང་། བུ་རམ་སྦྱར་ལ་ཚ་གོང་དུ་ནང་མ་བདུན་ཟོས་ན་རྒྱས་སོ། །ཡང་ར་མཉེ་བ་དང་། མུ་ཟི་དང་། ལྡོང་རོས་རྣམས་ཆང་གིས་སྦྲུས་པའི་རི་ལུས་ཀྱང་རྒྱས་པར་བྱེད་དོ། །ལྔ་པ་གཟུངས་མ་ལ་བསླབ་པར་བྱ་བའི་རིམ་པ་ནི། ལས་རྒྱུ་འབྲས་ཀྱི་ཆོས་བཤད་པ་དང་། འཁོར་འདས་ཀྱི་བདེ་སྡུག་བསྟན་པ་དང་། དབང་བསྐུར་ཞིང་དམ་ཚིག་ལ་གནས་པར་བྱའོ། །དྲུག་པ་དེ་ལ་བདེ་བ་བསྐྱེད་པའི་ཐབས་ནི། ཉི་མ་འགར་དལ་བར་བྱས་ཏེ། གཅེར་བུར་བྱས་པ་ལ་དྲི་ཞིམ་པོའི་ཆུས་ཁྲུས་བྱས་ལ་གནས་གསུམ་དུ་དྲིའི་ཐིག་ལེ་གདབ་ཅིང་རེག་པ་དང་། རྣ་བ་ལ་སེན་མོས་བཟེད་པ་དང་། སྒལ་ཚིགས་བཅུ་གསུམ་པའི་རྩ་མཉེ་བ་དང་། དངོས་སུ་མི་སྦྱར་བར་འཁྱུད་པ་དང་། འོ་བྱ་བ་དང་། སིད་ཅེས་པའི་སྒྲས་བསྐུལ་བ་དང་། དེའི་ལུས་ལ་རུས་པའི་རྒྱན་བཏབ་ལ་པདྨའི་གླུ་ལེན་དུ་གཞུག་པ་དང་། པདྨའི་རྩ་འབྲུ་ལ་ཐིག་ལེའི་དྲ་བར་གཞུག་པར་བྱའོ། །དེ་ལས་གཞན་པའི་གནས་དྲུག་ཏུ་ཡང་ཐིག་ལེ་གདབ་པར་བྱའོ། །སྔ་མ་ལས། དེ་ལྟར་དེ་ནས་སྐྱེ་བོ་མེད་ཁྱིམ་དུ། །གཅེར་བུ་གོས་དང་བྲལ་བར་བྱས་ལ་བརྟག །ཅེས་སོ། །བདུན་པ་སྦྱོར་བ་ཁྱད་པར་ཅན་གྱི་གནད་ཀྱིས་རྩ་བཙལ་ཞིང་གཟུང་བ་ནི། རྩ་བསླང་བའི་ཐབས་ཀྱི་མན་ངག་ནུ་མ་མཉེ་བ་དང་། མགྲིན་པ་ལ་བྱང་ཆུབ་སེམས་ཀྱི་ཐིག་ལེས་དྲ་བར་གཞུག་པ་དང་། ཧ་ཧ་ཧི་ཧི་ཧོ་ཧོ་ཞེས་བརྗོད་པ་དང་། སྤྱི་བོར་མཁྲིས་པ་སྣ་ཚོགས་པའི་ཐིག་ལེ་གདབ་པ་དང་། རྒྱུ་ཞབས་ཀྱི་གཉེར་མ་གསུམ་པ་ལ་

p. 226

ཛཱ་ཏི་དང་གུར་གུམ་གྱི་ཐིག་ལེས་གདབ་པ་དང་། གཡོན་པའི་རྩིབ་མ་བདུན་པ་ལ་རང་གི་སྲིན་ལག་གིས་མཉེ་བའི་ལས་བྱས་པས་རྩ་ཐམས་ཅད་ལྡང་བར་བྱེད་པའོ། །དེ་ནས་གཟུང་བའི་གནད་ནི། རྡོ་རྗེའི་རྩེ་མོ་ལ་ཁྱི་སྒོག་ལང་ལིང་དང་། ཛཱ་ཏིའི་ཕྱེ་མ་དང་། སིནྡྷུ་ར་བྱུགས་ཏེ། སྦྱར་བས་རྩ་འཆོར་མི་སྲིད་པའོ། །དེ་ཡང་རང་གི་ཡི་དམ་ཡབ་ཡུམ་དུ་བསྒོམས་པའི་ངང་ལས་རྡོ་རྗེ་དང་པདྨ་སྦྱར་རོ། །ཧེ་བཛྲ་ལས། །བོལླ་ཀཀྐོ་ལ་སྦྱར་བས། །དེ་ཡི་བདེ་བ་ཁྱད་པར་འཕགས། །ཞེས་པ་དང་། སྔ་མ་ལས། ཡེ་ཤེས་གནས་ཕྱིར་རྩ་བསླངས་ལ། །བྱང་ཆུབ་སེམས་ཕྱིར་རྩ་གཟུང་བྱ། །ཞེས་སོ། །བརྒྱད་པ་ཀུན་རྫོབ་ཀྱི་ཐིག་ལེ་ལུས་ཀྱི་གནད་ལ་བརྟེན་ནས་དབབ་པ་ནི། སྤྱི་བོར་ཧཾ་མགོ་ཐུར་ལ་བསྟན་པ་ལ་ཤེས་པ་གཏད་ལ། ལུས་གནད་རྐང་ལག་གི་སོར་མོ་རྣམས་ནང་དུ་བསྐུམ་པ་ནི། ཉོན་མོངས་པ་ལྔའི་ལོ་འདབ་གཅད་པའོ། །རྒྱུ་མ་གྱེན་ལ་བཟེད་པ་ནི། སྲིད་པའི་ཁ་ལོ་གྱེན་དུ་བསྒྱུར་བའི་གནད་དོ། །ལྕེ་རྐན་ལ་སྦྱར་བ་ནི་བདེ་བའི་རོས་རྒྱས་པར་བྱེད་པའོ། །མིག་གྱེན་ལ་བཟློག་པ་ནི་སྐུ་གསུམ་ཐོབ་པའི་གནད་དོ། །ཧཱུྃ་བརྗོད་པ་ནི། སྣང་སྲིད་བདེ་ཆེན་དུ་སྡུད་པའོ། །རླུང་གྱེན་ལ་འཐེན་པ་ནི། ཁམས་གསུམ་གྱི་དམིགས་པ་དག་པར་བྱེད་པའི་གནད་དོ། །ལུས་གནད་དྲུག་པོ་དེས་འགྲོ་དྲུག་གི་སྐྱེ་གནས་རྒྱུན་གཅོད་པའོ། །གནད་དྲུག་ལས་མང་མི་དགོས། ཉུང་ན་མི་འགྲུབ་པས་དྲུག་ཏུ་ངེས་སོ། །སྔ་མ་ལས། ལུས་ཀྱི་གནད་དྲུག་ངག་གིས་ཧཱུྃ། །སངས་རྒྱས་རྣམས་ཀྱི་བདེ་ཆེན་འདུས། །བདེ་བ་ཆེན་པོ་གཞན་དུ་མིན། །ཅེས་སོ། །དགུ་པ་དེ་ལྟར་ཕབ་པའི་ཐིག་ལེ་རྡོ་རྗེའི་བུམ་པར་གཟུང་བའི་གནད་ནི། ལུས་གནད་སེང་གེའི་མཆོངས་སྟབས་བྱ་སྟེ། རྐང་ལག་གི་ཚིགས་བསྐུམ་པ་ནི་འཁོར་བའི་རྩ་བ་གཅོད་པའི་གནད་དོ། །རོ་སྟོད་གསེང་ལ་བོར་བ་ནི། རླུང་སེམས་ཁ་སྦྱོར་བའི་གནད་དོ། །མིག་གིས་ཧུར་གདོན་པ་ནི།

p. 227

ཡེ་ཤེས་ཀྱི་སྒོ་སེལ་བའི་གནད་དོ། །རྒྱུ་མ་སྒལ་པ་ལ་བཟེད་པ་ནི། ལུས་ཀྱི་བདེ་བ་ངེས་པར་གྲོལ་བའི་གནད་དོ། །ཧཱུྃ་རིང་བརྗོད་པ་ནི། རླུང་སེམས་ཆོས་ཉིད་དུ་བསྲེ་བའི་གནད་དོ། །སྐབས་སུ་ཨིག་གི་སྒྲ་གདོན་པ་ནི། ཆོས་ཉིད་རྣམ་དག་གི་འབྲས་བུ་བསྐྱེད་པའི་གནད་དོ། །བཅུ་པ་དེ་ལྟར་གཟུང་བའི་ཐིག་ལེ་དེ་སྦྱངས་པས་བདེ་ཆེན་གྱི་ཕྱག་རྒྱ་ལ་སྦྱར་བ་ནི། དེ་ལྟར་ཐིག་ལེ་རྡོ་རྗེ་ནོར་བུའི་རྩ་བར་བཟུང་བས་ཆོས་སྐུའི་བདེ་བ་ཉམས་སུ་མྱོང་ལ། རྐེད་པར་བཟུང་བས་ལོངས་སྐུའི་བདེ་བ་ཉམས་སུ་མྱོང་། རྩེ་མོར་བཟུང་བས་སྤྲུལ་སྐུའི་བདེ་བ་ཉམས་སུ་མྱོང་བའོ། །དེ་ཡང་ༀ་གྱིས་རྡོ་རྗེར་བསྐྱེད་པ་ནི། སྐུ་རྡོ་རྗེར་བྱས་པས་སྐུ་གསུམ་གཅིག་ཏུ་འདྲིལ་བའི་གནད་དོ། །ཨཱཿས་བྱང་སེམས་བསྐྱེད་པ་ནི། གསུང་རྡོ་རྗེར་བྱས་པས་བརྗོད་དུ་མེད་པའི་གསུང་དང་བལྟར་མེད་པ་དང་། བསམ་དུ་མེད་པའི་གསུང་དང་གསུམ་གཅིག་ཏུ་འདྲིལ་བས་ཐོས་བསམ་སྒོམ་པའི་ཚད་དུ་ཕྱིན་པའོ། །ཧཱུྃ་གིས་བུམ་པ་བསྐྱེད་པ་ནི། ཐུགས་རྡོ་རྗེར་བྱས་པས་ཆོས་སྐུའི་ཐུགས་མི་རྟོག་ཅིང་མི་སེམས་པ་དང་། ལོངས་སྐུའི་མ་ཡེངས་ཡེངས་པ་མེད་པ་དང་། སྤྲུལ་སྐུའི་མཁྱེན་པ་སྣ་ཚོགས་སུ་ཤར་བ་དང་གསུམ་གཅིག་ཏུ་འདྲིལ་བས་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་མི་འདའ་བའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གྱིས་རྡོ་རྗེ་བསྐྱེད་པ་ནི། བདེ་བ་གསུམ་གྱི་འབྲས་བུ་རིམ་དང་ཅིག་ཅར་གྱིས་བྱེད་པའོ། །ཡུམ་གྱི་ཨེས་པདྨ་བསྐྱེད་པ་ནི། བདེ་བ་ཆེན་པོའི་སྐུའི་རྒྱའོ། །ཧྲཱིཿས་པདྨའི་དྲིལ་བུ་བསྐྱེད་པ་ནི། བདེ་ཆེན་གྱི་གསུང་གི་རྒྱའོ། །ཧས་པདྨའི་ཟེའུ་འབྲུ་བསྐྱེད་པ་ནི། བདེ་ཆེན་གྱི་ཐུགས་ཀྱི་རྒྱའོ། །དེ་ལྟར་རྒྱ་གསུམ་བཏབ་པས་ཕྱག་རྒྱ་ཆེན་པོ་ལུས་ངག་ཡིད་གསུམ་གྱི་འཆིང་བྱེད་ལས་གྲོལ་བས་ན་རང་གྲོལ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །པདྨའི་བུ་ག་ཕཊ་ཀྱིས་བཀག་པ་ནི། བདེ་ཆེན་གྱི་རླུང་ཡེ་ཡལ་ལ་བོར་བའི་གནད་དོ། །ཡབ་ཀྱི་རྡོ་རྗེའི་བུ་ག་ཧྲཱིཿས་བཀག་པ་ནི། བདེ་ཆེན་གྱི་སྙིང་པོ་ལ་ལོངས་སྤྱོད་པའོ། །སྔ་མ་

p. 228

ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྒྱ་གསུམ་ལྡན་པའི་པདྨའི་དབུས། །བྱང་སེམས་རབ་ཏུ་སྦྱང་བའི་ཕྱིར། །ཧྲཱིཿཡིས་དགག་པ་མཁས་པས་སྦྱར། །ཡེ་ཤེས་རབ་ཏུ་མི་གཏོང་ཕྱིར། །ཕཊ་ཀྱིས་བུ་ག་དགག་པར་བྱ། །ཞེས་སོ། །དེའང་སྐུ་གསུང་ཐུགས་ཀྱི་སྦྱང་བ་གསུམ་གྱིས་རྡོ་རྗེའི་རྩེ་མོ་ནས་རྐེད་པར་དྲངས་པས་ལུས་ཟུངས་རྒྱས་པའི་ལས་བྱེད། དེ་ནས་རྩ་བར་དྲངས་པས་སེམས་བདེ་ཆེན་དུ་རྒྱས་པའི་ལས་བྱེད། དེ་ནས་ལྟེ་བར་དྲངས་པས་ལུས་སེམས་གཉིས་མེད་ཀྱི་བདེ་བ་རྒྱས་པའི་ལས་བྱེད་དོ། །དེ་ལ་པདྨའི་རྒྱ་གསུམ་གྱིས་བཏབ་པས་བདེ་བ་དང་། གསལ་བ་དང་། སྟོང་པ་གསུམ་ཉམས་སུ་མྱོང་བ་དང་། ལས་ཀྱི་ཕྱག་རྒྱ་མ་ཞེས་བྱའོ། །དེ་ཡང་ལུས་སྤྱི་ནས་རྡོ་རྗེའི་རྩ་བའི་བར་དུ་ཕབ་པས། ལས་ཀྱི་ཕྱག་རྒྱའི་བདེ་བ་ཉམས་སུ་མྱོང་བས་འཕྲིན་ལས་བཞི་ལ་ཐོགས་པ་མེད་པར་བྱེད་དོ། །དེ་ནས་རྐེད་པར་ཕབ་པས་དམ་ཚིག་གི་ཕྱག་རྒྱའི་བདེ་བ་ཉམས་སུ་མྱོང་བས་དྲི་མེད་དག་པའི་ཡེ་ཤེས་བཞིའི་དམ་ཚིག་དང་འདུ་འབྲལ་མེད་པར་བྱེད་དོ། །དེ་ནས་རྩེ་མོར་ཕབ་པས་ཆོས་ཀྱི་ཕྱག་རྒྱའི་བདེ་བ་ཉམས་སུ་མྱོང་བས། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་ལོངས་སྤྱོད་པར་བྱེད་དོ། །ཐིག་ལེ་དེ་ཉིད་དུ་བཟུང་བས་ཕྱག་རྒྱ་ཆེན་པོའི་བདེ་བ་ཉམས་སུ་མྱོང་བས་བདེ་བ་དང་སྟོང་པ་ཟུང་འཇུག་རབ་ཏུ་མི་གནས་པར་བྱེད་པའོ། །དེ་ལྟར་སྦྱངས་པས་ཡུམ་གྱི་རྩ་འབྱོངས་པ་དང་། ཡབ་ཀྱི་བྱང་སེམས་འབྱོངས་པ་གཉིས་དུས་གཅིག་ལ་འབྱུང་སྟེ། རྩ་འབྱོངས་པས་སྙོམས་འཇུག་བྱས་མ་བྱས་འདྲ་བར་བདེ་བ་དང་མི་འབྲལ་བ་ནི་རྩ་འབྱོངས་པའི་ཚད་དོ། །རྩ་བྱང་དུས་རྩ་ནང་ནས་ཁྲག་དང་ཆུ་སེར་མི་རྒྱུ་བས། ལུས་ཀྱི་ན་ཚ་དང་སྡུག་བསྔལ་གྲོལ་བར་ངེས་སོ། །རྩའི་ནང་སྟོངས་ཏེ་ཁ་བྱེ་བས་སྟོང་པ་ཉིད་ཀྱི་ངང་ལ་གནས་པའོ། །རྩ་ནང་ནས་ཡེ་ཤེས་ཀྱི་རླུང་རྒྱུ་བས་མི་རྟོག་པའི་ཡེ་ཤེས་ལ་རྒྱུན་དུ་གནས་སོ། །ཡབ་ཀྱི་ཐིག་ལེ་འབྱོངས་པའི་ཚད་ནི། བྷ་གའི་ནང་ནས་ཐིག་ལེ་ཚུར་འདྲེན་པའི་སྟོབས་རྙེད་པ་དང་། དེ་ཀུན་དྷ་

p. 229

ཆུའི་རྣམ་པ་ལྟར་སླ་ཞིང་གསལ་ལ་དག་ཅིང་མཆེད་པར་འགྱུར་ཏེ། དེ་གང་དུ་བཞག་སར་སྡོད་པས་ལུས་ཀྱི་ནང་འབྱོངས་པ་དང་། དེ་འབྱོངས་པས་ཐིག་ལེ་དངོས་སུ་བྱུང་ཡང་དངོས་པོ་མཐོང་བ་མེད་པས་འཁོར་བའི་རྩ་བ་བཅད་པའི་སྦྱོར་བ་བྱ་མི་དགོས་པར་འཆད་ཅིང་། དེ་ཉིད་ལས་བདེ་བ་ལྷག་པར་སྐྱེས་པས་ནང་དུ་སེམས་འབྱོངས་ཏེ་རྣམ་རྟོག་ནུབ་ནས་ལས་དང་བག་ཆགས་ཀྱི་མཐའ་སྟོངས་པ་དང་། ཕྱིར་ལུས་འབྱོངས་པས་སྐྲ་དཀར་དང་གཉེར་མ་མེད་པ་དང་། ལུས་ཀྱི་རིམ་པ་དགུ་བརྗེ་བ་དང་། གཞོན་ཤ་ཆགས་ཤིང་དར་ལ་བབ་པར་འགྱུར་བ་དང་། རླུང་མཁྲིས་ལ་སོགས་པའི་ནད་ཞི་ནས་ཚེ་ཉི་ཟླ་དང་མཉམ་པར་འགྱུར་བའོ། །དེ་ཡང་དངོས་སུ་བྱང་སེམས་འབྱོངས་པ་ལས། ཕྱིར་ལུས་འབྱོངས་པ་དང་། ནང་དུ་སེམས་འབྱོངས་པ་གསུམ་དུས་གཅིག་ལ་འབྱུང་བས་ན། སྐུ་གསུམ་བདག་ཏུ་མེད་པའི་ལྟ་བ་ལ་སེམས་གནས་པ་ཞེས་བྱ་བའོ། །དེ་ཡང་འཁོར་བའི་རྩ་བ་ཀུན་རྫོབ་ཡིན་པས་དེའི་གཞི་སྟོངས་པར་བྱེད་པ་ལ་ཐིག་ལེ་མ་འབྱོངས་ན་འཁོར་བའི་རྩ་བ་མི་སྟོངས་པས་སངས་རྒྱས་ལ་རེ་བ་མེད་དོ། །དེ་ཡང་ཐིག་ལེ་རྩ་རོ་མ་ལ་བཏབ་ན་ཟས་ཀྱི་འདུ་ཤེས་དང་འབྲལ་ལ། རྐྱང་མ་ལ་བཏབ་པས་གོས་མི་དགོས་ཤིང་དྲོད་སྐྱེའོ། །ཀུན་འདར་མ་ལ་བཏབ་ན་རི་བྲག་རྣམས་ལ་ཟང་ཐལ་དུ་རྒྱུ་བར་ནུས་སོ། །དེ་ནི་བྱང་སེམས་ཐོག་མ་ལུས་ཀྱིས་བསྐྱེད་པས་ལུས་ལས་སུ་རུང་བའི་ཚད་དོ། །དེ་ནས་ལུས་ཀྱིས་སེམས་འཆིང་བར་བྱེད་པས་ལས། བྱང་སེམས་འབྱོངས་པས་སེམས་འབྱོངས། དེས་སྙིང་རྗེ་ཆེན་པོ་སྐྱེ་ཞིང་སེམས་བཞག་སར་སྡོད་ལ་བཏང་སར་འགྲོ་བ་འབྱུང་ངོ་། །སྔ་མ་ལས། འདི་ཡི་ཡོན་ཏན་བརྗོད་མི་ལང་། །རྒས་དང་ཤི་བ་མེད་པ་དང་། །གཞོན་ཤ་ཆགས་ཤིང་བཟང་བ་དང་། །བཅུད་ཀྱིས་ལེན་པ་ཆེན་པོར་འགྱུར། །ཅེས་སོ། །ཀུན་རྫོབ་ཀྱི་ཐིག་ལེ་དེ་ལུས་ཀྱི་འདུག་སྟངས་དང་། རླུང་གི་གནད་ཀྱིས་གཟུང་བ་ནི། དེ་ཡང་སྔོན་དུ་ཁྱིའི་འབྲས་བུ་གྲིབ་མ་ལ་བསྐམས་པའི་ཕྱེ་མ་དང་། བོང་བུའི་ཨརྒྷཾ་དང་། ཁྱིའི་རྡོ་རྗེའི་རྩ་རྣམས་ཞིབ་པར་བྱས་ཏེ།

p. 230

རང་གི་རྡོ་རྗེ་ལ་བྱུགས་ནས་སྦྱོར་བ་བྱས་ན། ཐིག་ལེ་མི་འཛག་ཅིང་ཡུམ་ལ་བདེ་བ་ཁྱད་པར་ཅན་དངོས་སུ་སྐྱེའོ། །ཡང་པདྨ་དཀར་པོའི་ནང་ནས་དཀར་པོ་ནལ་ནལ་པོ་འོང་བ་དེ་ཕྱུང་ལ་སུམ་སྒྲིལ་བྱས་ཏེ་རྐེད་པ་ལ་བཅིངས་ནས་སྤྱད་ན་ཐིག་ལེ་ཕྱིར་མི་འབྱུང་ངོ་། །ཡང་ནེ་ལེའི་རྐང་ལག་གཡས་པའི་རྒྱུས་པས་རང་གི་སྲིན་ལག་གཡོན་པའི་རྩ་བ་བཀྱིག་ནས་སྤྱད་ན་ཕྱིར་ཐིག་ལེ་མི་འབྱུང་ངོ་། །དེ་ནི་རྟེན་འབྲེལ་གྱི་གནད་ཟབ་མོས་བྱང་སེམས་གཟུང་བའོ། །ལུས་ཀྱི་འདུག་སྟངས་ཀྱིས་གཟུང་བ་ནི། སྟག་མོའི་འགྱུར་སྟངས་ཀྱིས་གཟུང་བ་དང་། སེང་གེའི་འགྱིང་ཚུགས་ཀྱིས་གཟུང་བ་དང་། འཇག་མའི་འཕྱུར་སྟངས་ཀྱིས་གཟུང་བ་དང་། རྩ་གནད་ཀྱི་འཁོར་ལོས་གཟུང་བའོ། །སྟག་མོ་ནི་བཤང་ལམ་དྲག་ཏུ་བསྡམས་པས་ཟག་པའི་འབྱུང་ས་རྒྱུན་ཆད་ནས་ཟག་མེད་ཀྱི་ཡེ་ཤེས་སྐྱེ་བའི་གནད་དོ། །རྒྱུ་མ་ཕོ་ཁར་འཐེན་པས་རྣམ་རྟོག་ངན་པའི་གསང་ལམ་ཁེགས་སོ། །ལྕེ་རྩེ་ཐུར་ལ་བཟློག་སྟེ་ལྕེ་ཆུང་ལ་རེག་པས། ལྷན་ཅིག་སྐྱེས་པ་གཉིས་རོ་གཅིག་ཏུ་གྱུར་ནས་རྣམ་དག་འཁོར་ལོས་སྒྱུར་བའོ། །སྨིན་མཚམས་སུ་ཐིག་ལེ་དཀར་དམར་ལ་སེམས་གཏད་པས་ཐབས་ཤེས་ཟུང་དུ་ཚུད་པའོ། །ལས་རྒྱའི་སྒྱིད་ཁུང་དུ་རང་གི་ལག་པའི་གྲི་ཁུག་དང་སྦྱར་བ་ནི་སྤྲོ་བྱེད་ལས་ཀྱི་རླུང་བཟློག་པའི་དགོས་པ་ཡོད། ངག་ཏུ་ཧཱུྃ་གིས་འདྲེན་པས་སེམས་དང་བདེ་བ་གཉིས་འདྲེ་བའོ། །སེང་གེའི་འགྱིང་ཚུགས་ནི་རྐང་པའི་མཐེ་བོང་ས་ལ་བཙུགས་ཏེ་ཕྱིར་ཕུལ་བས། ལས་དང་བག་ཆགས་ཀྱི་འབྲེལ་ཆོད། སྨད་བསྐུམས་ལ་སྟོད་གསེང་ལ་བོར་བས་ལུས་སྟོབས་རྒྱས་ཤིང་བྱང་སེམས་རྒྱས་སོ། །མིག་མི་འགུལ་བས་བདེ་བ་ཆེན་པོའི་ཡེ་ཤེས་ལ་སྤྱོད་པའོ། །རླུང་ནང་དུ་འཐེན་པས་སྣང་བའི་སྐྱེ་ཚུལ་མཚོན་པའོ། །རླུང་གི་རྡོ་རྗེ་སྔོན་པོ་ནས་ཙམ་བསྒོམས་པས་རང་སེམས་སྐྱེ་འཇིག་མེད་པའི་དོན་མཐོང་བའོ། །འཇག་མའི་འཕྱུར་སྟངས་ནི། ལུས་སྤྱི་འདར་ལ་བསྐུར་བས་རྩ་མི་གནས་བྱང་སེམས་ཀྱི་བདེ་བ་འབེབས་པའི་གནད་དོ། །

p. 231

རླུང་སྤུར་ནས་མགོ་འདར་བ་ནི་རྣམ་རྟོག་རང་འགག་པའོ། །ལུས་ཀྱི་རྩ་གཞི་བསྐུམ་པ་ནི་འགྱུ་བྱེད་ཀྱི་སྒོ་ཁེགས་པའོ། །རྩ་གནད་ནི་གཅུད་ཕུར་དང་། གཟེར་བུ་དང་བ་ཐག་ལྟ་བུའི་གནད་དོ། །རླུང་ཡར་འཐེན་མར་ཕུལ་བའི་གནད་ཀྱིས་ཚོད་བཟུང་། ལུས་ལ་བདེ་བ་རྒྱས་པས་རྟག་ཏུ་ཟག་མེད་ཀྱི་བདེ་བ་མྱོང་བ་དང་། སེམས་ལ་སྟོང་པ་རྒྱས་པས་ཕྱིར་རིག་མའི་རྩ་འབྱོངས། ནང་དུ་བྱང་ཆུབ་ཀྱི་སེམས་འབྱོངས་པས་ཚེ་རིང་ཞིང་ལུས་གཟུངས་རྒྱས་པའོ། །དེ་ལྟར་རྡོ་རྗེའི་རྩེ་མོར་བཟུང་བ་དེ་ཇི་ལྟར་སྦྱང་བ་ནི་རླུང་གི་གནད་དེ། འཁོར་ལོ་བཞི་ལ་དབབ་པ་དང་། རླུང་རང་གི་འགྱུར་ཚད་ལ་བསླབ་པའི་ལུགས་གཉིས་ཡིན་ནོ། །བྱང་ཆུབ་ཀྱི་སེམས་སྦྱངས་པའི་དགོས་པ་ནི། རྩ་འབྱོངས་པས་ནད་མི་འབྱུང་། རླུང་འབྱོངས་པས་ཏིང་ངེ་འཛིན་སྐྱེ། རྐང་པ་ས་ལ་མ་རེག་པར་འགྲོ་ནུས། ལུས་ཀྱི་རྡུལ་ཕྲན་ཟང་ཐལ་དུ་མཐོང་། ནམ་མཁའ་ལ་འཕུར་བར་ནུས། ཚེ་ཉི་ཟླ་དང་མཉམ། ཟས་གོས་ཀྱི་ཞེན་པ་དང་བྲལ་བ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འབྱོངས་པའི་ནུས་པའོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་འབྱོངས་པས། འཕོ་བ་ཁྱད་པར་ཅན་གྱི་སྦྱོར་བ་དང་། རྣམ་ཤེས་གཞན་གྱི་གྲོང་ཁྱེར་ལ་འཇུག་པ་འགྲུབ་བོ། །དེ་སྐད་དུ་ཡང་། དུར་ཁྲོད་ཁང་བུ་བརྩེགས་པའི་རྒྱུད་ལས། བྱང་སེམས་ཐིག་ལེ་ལ་སྦྱངས་པས། །མཆོག་དང་ཐུན་མོང་ཡོན་ཏན་རྣམས། །རང་གི་སེམས་ལ་གང་འདོད་པ། །འདི་ཡིས་ངེས་པར་འགྲུབ་པར་འགྱུར། །ཅེས་སོ། །དེ་ལྟར་འབྱོངས་པས་བྱང་སེམས་བྷ་གར་ལྷུང་མི་སྲིད་ལ། བདེ་བ་གང་དང་ཡང་མི་འདྲ་བ་སྐྱེ་བ་ནི་ཚད་ཡིན་ནོ། །དེ་ལ་བྷ་གར་ལྷུང་ཡང་རླུང་གི་སྟོབས་ཀྱིས་ཚུར་ཡུམ་གྱི་ཐིག་ལེ་དང་གཉིས་འདྲོངས་པ་ནི་ཚད་ཡིན་ནོ། །བཅུ་གཅིག་པ་དེ་ལྟ་བུའི་བདེ་བ་སྐྱེ་བའི་གོ་རིམ་ནི། དང་པོ་དགའ་བ་སྟེ། འཇུག་པའི་ཡེ་ཤེས་རླུང་གི་འཕེན་པ་དང་སྡུད་པ་ལ་སྤྱོད། གཉིས་པ་ཚོར་བ་སྟེ་མྱོང་བའི་དངོས་རྗེས་ལ་སྤྱོད། གསུམ་པ་བདེ་བ་སྟེ་སེམས་དང་ཡེ་ཤེས་འཁྲུག་པའི་དུས། བཞི་པ་མྱོང་བ་སྟེ་སེམས་དང་ཡེ་ཤེས་གཉིས་དབྱེར་

p. 232

མི་ཕྱེད་པའི་དུས། ལྔ་པ་སྟོང་པ་སྟེ་སེམས་དང་ཡེ་ཤེས་གཉིས་གང་དུ་ཡང་མ་ཕྱེ་མི་འབྱེད་ལ་མཐའ་གཉིས་དང་བྱེ་བྲག་ལས་མ་འདས་པའོ། །དེ་སྐད་དུ། སྔ་མ་ལས། དང་པོ་དགའ་བ་ཙམ་ཉིད་ལས། །གཉིས་པ་ཚོར་བ་མྱོང་རེག་ལ། །གསུམ་པ་བདེ་བ་ཉིད་ཅེས་བྱ། །བཞི་པ་མྱོང་བས་ལྷན་ཅིག་སྐྱེས། །ལྔ་པ་སྟོང་པ་ཉིད་ཅེས་སོ། །ཞེས་སོ། །བཅུ་གཉིས་པ་དེ་ཉིད་ལྟ་བ་དང་སྦྱར་ཞིང་འགྱུར་རྩི་བ་ནི། དང་པོ་རིག་མ་ལ་དངོས་སུ་ནི་མ་སྤྱད་རྩ་བསྐྱེད་པའི་ཐབས་ལ་སོགས་པ་བྱེད་པའི་དུས་ནི་མ་ཡིན། ཐ་མལ་པའི་འདོད་པ་རང་རྒྱུད་པ་མེད་པས་ལྟ་བ་གཡོ་བའི་དུས་ཞེས་བྱ་སྟེ། རང་གི་ལུས་ལ་བརྟེན་པའི་བདེ་བ་སེམས་ལ་དབང་མེད་པར་བསྐྱེད་པའོ། །དེ་ནས་དངོས་ཀྱི་ལུས་འབྱོངས་པས་བྱང་སེམས་བཟུང་ནས་སྦྱངས་ནི་མ་སྦྱངས་པའི་དུས་ན་བདེ་བ་ཁྱད་པར་ཅན་སྐྱེས་ནས་མྱོང་བ་རང་རྒྱུད་དང་ནི་མ་འདྲེས་པས་སྟོང་ཉིད་སེམས་སུ་ངོས་མ་ཟིན་ལ། སེམས་ཉིད་སྟོང་པ་ཙམ་དུ་ནི་ཤེས་ལ། ཐ་མལ་པའི་རྟོག་པ་རང་གི་སེམས་ལ་གང་ཡང་མེད་པའི་ཚེ་ལྟ་བ་ཐོབ་པའི་དུས་ཞེས་བྱའོ། །དེ་ནས་བྱང་སེམས་སྦྱངས་ནས་འབྱོངས་པའི་ཚད་ལ་ཕེབས་པའི་ཚེ། རྩ་རྣམས་ལ་བཀྲམ་ནས་ལུས་སེམས་གཉིས་མེད་ཀྱི་ཕྱག་རྒྱ་ཆེན་པོ་བློ་ལས་འདས་པའི་དོན་ཉམས་སུ་མྱོང་བའི་དུས་ན་ལྟ་བ་བརྟན་པའི་དུས་ཞེས་བྱ་སྟེ། ཇི་ལྟར་བྱས་ཀྱང་བྱང་ཆུབ་ཀྱི་སེམས་ལ་དབང་ཐོབ་པས་འཕོ་འགྱུར་མེད་པ་ཉིད་དོ། །ཡང་སྔ་མ་ལས། གཡོ་དང་ཐོབ་དང་བརྟན་པ་ནི། །སྐུ་གསུམ་པོ་ཡི་ས་ལ་གཤེགས། །ཞེས་སོ། །བཅུ་གསུམ་པ་དེ་ལྟར་ལྟ་བ་ངོས་ཟིན་ནས་རྩ་མིག་ཏུ་དགྲམ་ཞིང་རླུང་དང་བསྲེ་བས་ལུས་སྟོབས་རྒྱས་ཤིང་དོན་དམ་བྱང་ཆུབ་ཀྱི་སེམས་ལ་སྦྱར་བ་ནི། སྙོམས་འཇུག་དེ་ལ་སྐྱོ་ན་གྱེན་ལ་དྲངས་ཏེ། ཨིག་ཅེས་ཁུ་ཚུར་བཅངས་ནས་མིག་གྱེན་ལ་བཟློག་སྟེ་རླུང་ནང་དུ་བརྡིགས་པས་རྩ་མིག་ཏུ་ཁྲེམས་པར་ངེས་ཏེ། རླུང་ཐུབ་ཐང་ནང་དུ་བཟུང་བས་རླུང་དང་འདྲེས་ཏེ་ནང་དུ་མི་འགྲོ་བ་དང་ལུས་སྟོབས་རྒྱས་པ་ལ་སོགས་པ་འབྱུང་ངོ་། །དྲི་ཆུ་དང་འདྲེས་

p. 233

ནས་ཕྱིར་བྱུང་ན་མ་འབྱོངས་པའི་རྟགས་ཡིན་པས། སེང་ལྡེང་བརྡུངས་པའི་ཁུ་བ་དང་། ཏིལ་མར་གྱིས་བྱུགས་པས་མི་འབྱུང་ངོ་། །དེ་ལ་རྗེས་ཤེས་བཙལ་བ་ནི། དོན་དམ་པ་བྱང་ཆུབ་སེམས་དང་སྦྱར་བའོ། །གལ་ཏེ་གནད་འདི་དག་མི་ཤེས་པས་ལས་རྒྱ་བསྟེན་ནས་བདེ་བ་ལམ་དུ་བྱས་ན། ལུས་ལ་ཐིག་ལེ་གོར་ནས་ནད་དུ་འགྲོ་སྟེ་སྐྱུག་ལོག་ཅིང་སྐྱུག་ཏུ་མི་བཏུབ། མ་འབྱོངས་པའི་རྟགས་སུ་གྱེན་ལ་དྲངས་རྟིང་ལ་སྐྱུག་མེར་གྱིས་འགྲོ་ཞིང་ཕོ་བ་མི་བདེ་བ་སྙམ་པ་འོང་ངོ་། །འདིའི་གེགས་ནི་ཡི་ག་འཆུས་ནས་སྒྲེག་ཅིང་སྟོང་སྐྱུགས་བྱེད། ཕོ་ཁ་མི་བདེ་ལ་ནད་དུ་འགྱུར། སྐབས་སུ་སོག་པ་དང་ནུ་མ་གཡས་པ་དང་རྩིབ་ལོགས་སུ་གཟེར་དྲི་ཆེན་སྐམ་ཞིང་འདོན་པར་དཀའ། སྟོང་སྐྱུགས་བྱེད་པའི་ཞོར་ལ་ཁ་ནས་ཆུ་སྔོན་མོ་འཛག་པར་བྱེད་དོ། །དེའི་སེལ་ལུགས་ནི། ལུས་མགལ་མེ་ལྟར་བསྐོར་ཞིང་ངག་ཏུ་ཧྲིང་ཧྲིང་ཞེས་བརྗོད། སེམས་མེའི་དཀྱིལ་དུ་གཏད། ཆང་སྤངས་ལ་རྒྱམ་ཚྭའི་ཐང་བཏང་། ཟས་དཀར་གསུམ་ཟོས་པས་གྲོལ་ངེས་སོ། །བཅུ་བཞི་པ་སློབ་མའི་དོན་དུ་བྷ་ག་ནས་ལན་གསུམ་གྱེན་ལ་བཟློག་སྟེ། འདིའི་དུས་ན་ཨཱོཾ་ཨཱཿ་ཧཱུྃ་གི་སྒྲ་འབྱིན་པ་ནི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པའི་གནད་དོ། །དེ་ཡང་དང་པོ་བླ་མའི་ལུས་དང་བསྲེས་པས་སློབ་མའི་ལུས་སྐུའི་བདག་ཉིད་དུ་འགྱུར། གཉིས་པ་ངག་དང་འདྲེས་པས་གསུང་གི་བདག་ཉིད་དུ་འགྱུར། གསུམ་པ་སེམས་དང་འདྲེས་པས་ཐུགས་ཀྱི་བདག་ཉིད་དུ་འགྱུར་རོ། །ལུས་དང་བསྲེ་བ་ནི་ལུས་ཀྱི་འཕྲུལ་འཁོར་ལ་བརྟེན་པས་སོ། །ངག་ནི་ཡིག་འབྲུ་གསུམ། སེམས་ནི་རླུང་གི་འཕེན་སྡུད་དོ། །དེ་ལྟར་ཕབ་པ་དེ་མེ་ལོང་ཡུ་བ་ཅན་དུ་བླངས་ནས་སྲིན་མཐེབ་ཀྱིས་སློབ་མའི་ཁར་ལྷུང་བར་བྱ་བ་ནི་དོན་དམ་ཀུན་རྫོབ་དབྱེར་མི་ཕྱེད་པར་བྱེད་པའོ། །ཡང་སྔ་མ་ལས། སློབ་མའི་ཁར་ནི་བཏུང་བར་བྱ། །མི་འཆི་ལྕེ་ཡིས་བླང་བར་བྱ། །ཞེས་སོ། །བཅོ་ལྔ་པ་དེ་ལྟར་བསྐུར་བས་སློབ་མ་ལ་བདེ་ཆེན་གཟུང་ཡུལ་དང་བྲལ་བའི་ཉམས་སྐྱེ་བའི་ཚད་གཟུང་བ་ནི། རྩ་རིག་བྱེད་

p. 234

ཀྱི་ཡལ་ག་གཉིས་བཙིར་བས་སྐྱེ་མེད་ངོས་གཟུང་དང་བྲལ་བའི་ཉམས་སྐྱེ་སྟེ་ཅིར་ཡང་བརྗོད་མི་ཤེས་པ་ལྐུགས་པའི་རྨི་ལམ་དང་འདྲ་བའི་ཉམས་སྐྱེ་བ་ནི། དེ་ཉིད་ལས། འདི་ལ་བརྗོད་པར་མི་ཤེས་པ། །ལྐུགས་པའི་རྨི་ལམ་ཇི་བཞིན་ནོ། །ཞེས་སོ། །བཅུ་དྲུག་པ་རིག་མ་དེ་མི་མཐོང་བར་བྱ་བ་རྟེན་འབྲེལ་གྱི་གནད་ནི། ཁྱི་ནག་པོའི་མིག་གཡས་པ་དང་། ཅེ་སྤྱང་ནག་མོའི་མིག་གཡོན་པ་དང་། འུག་པའི་གཡས་པ་དང་། ལིང་དུའི་གཡོན་པ་དང་། ཁྭ་དའི་གཤོག་རྩེ་གཡས་པ་རྣམས་ལེགས་པར་སྦྱར་བའི་རི་ལུ་གསེར་གྱིས་གཏུམས་ནས་རིག་མའི་ཁར་བཅུག་སྟེ། ལག་ཏུ་ཌ་མ་རུ་ལ་སོགས་པ་བཟུང་བ་དེ་ཉིད་དུ་མཐོང་ནས་ལུས་མི་མཐོང་ངོ་། །ཡང་སྔ་མ་ལས། ཕྱག་རྒྱ་མཐོང་ན་དངོས་གྲུབ་མེད། །དེས་ན་མཐོང་བ་མེད་པར་བསྟེན། །ཅེས་སོ། །བཅུ་བདུན་པ་དབང་གི་དུས་མ་ཡིན་པའམ་གཞན་དུ་བདེ་བ་མི་བསྟེན་ན་ཡོན་ཕུལ་ལ་རང་གི་ཡུལ་ལ་སོགས་པར་བཏང་བ་ནི་གསེར་ལ་སོགས་པའི་ཡོ་བྱད་ཀྱིས་མགུ་བར་བྱས་ལ། རང་གི་གནས་སུ་གཤེགས་པར་བྱའོ། །དེ་དག་གིས་དབང་གསུམ་པའི་རྟོགས་དཀའ་བའི་གནས་བཤད་པ་སྟེ་ཤིན་ཏུ་གསང་བ་ཆེན་པོའི་དོན་ཏོ། །དོན་གཉིས་པ་དཀྱིལ་འཁོར་སྤྲོས་པ་མེད་པའི་དབང་རྣམ་པར་གཞག་པ་ནི་མཎྜལ་དང་བུམ་པ་ལ་བརྟེན་ནས་ཡི་གེ་འཁོར་ལོ་དང་ཚིགས་སུ་བཅད་པས་བསྐུར་བའོ། །འདི་སྤྲོས་མེད་གསང་དབང་སྟེ། ངག་གི་གནས་དག་པ་ཡི་གེ་དང་རྩ་འཚིར་བའི་བདེ་བས་ངོ་སྤྲོད་པའོ། །འདི་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལས། སྤྲོས་མེད་ཀྱི་ཕྱི་ནི་སྐུ་གསུང་ཐུགས་ཀྱི་ཡི་གེས་དག་པར་བྱེད་པའོ། །ནང་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་སོགས་པ་བུམ་པའི་གནས་ངེས་པའོ། །གསང་བ་ནི་དངོས་པོ་གང་ལའང་རང་བཞིན་མེད་པ་ལ་སོགས་པ་ཤར་གྲོལ་རིས་མེད་མཚོན་པའོ། །ཡོངས་སུ་རྫོགས་པ་ནི་ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ལ་ཞེས་པ་ལ་སོགས་པ་རྟོགས་པ་ཁྱད་པར་ཅན་ལ་བཟླ་བའི་ཚིག་དབང་རིན་པོ་

p. 235

ཆེའོ། །དེ་དག་ཀྱང་ཐལ་འགྱུར་ལས། སྤྲོས་མེད་དད་ལྡན་འཇུག་སྨིན་ཕྱིར། །སྤྲོས་པ་མེད་པའི་དབང་མཆོག་ནི། །མཎྜལ་བུམ་པ་ལ་བརྟེན་ནས། །ཚིགས་སུ་བཅད་པས་དབང་སྦྱིན་བྱ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་པ་མེད་པའི་དབང་ནི་འཁོར་འདས་རུ་ཤན་ཕྱེ་ནས་བརྡ་དབང་གིས་རང་རིག་ཡེ་སྟོང་ནམ་མཁའ་ལྟ་བུ་ཀ་དག་གི་ངོ་བོ་ངོ་སྤྲད་པས་དབང་བསྐུར་བའོ། །འདི་ལའང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལས། དང་པོ་ཕྱི་ནི། འཁོར་འདས་རུ་ཤན་འབྱེད་པའོ། །ནང་ནི་ཡེ་ཤེས་ཉི་ཤུ་རྩ་ལྔ་ལ་སྤྱོད་པའི་ཕྱིར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་རྣམས་སོ། །གསང་བ་ནི་ནམ་མཁའི་ཕྱོགས་བཞིའི་སྒོ་ནས་སེམས་ཉིད་ཀྱི་སྒོར་འཇུག་པའོ། །ཡོངས་སུ་རྫོགས་པ་ནི་ནམ་མཁའ་རྒྱ་ཆེ་ཞེས་རིག་པ་ཀ་དག་བསམ་ངོ་ལས་འདས་པ་མཚོན་པའོ། །དེ་དག་ཀྱང་ཐལ་འགྱུར་ལས། ཤིན་ཏུ་སྤྲོས་པ་མེད་པ་ལས། །འཁོར་འདས་རུ་ཤན་འོག་བཞིན་དབྱེ། །དེ་ཚེ་ནམ་མཁའི་མཚན་ཉིད་ལས། །ལུས་ངག་ཡིད་ཀྱི་སྒྲིབ་པ་ཡང་། །མཚན་ཉིད་ཀྱིས་ནི་ངེས་པར་བརྟག །གལ་ཏེ་སྤྱོད་པ་མ་དག་ན། །རང་རང་མཐུན་པའི་དགེ་བས་སྦྱང་། །དབང་ནི་བརྡ་ལ་བརྟེན་པ་ཡིས། །རང་རིག་གསལ་བའི་རང་ངོ་སྤྲོད། །བརྡ་དགྲོལ་མན་ངག་མཁས་པས་སྦྱར། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་པ་མེད་པའི་དབང་ནི། ལུས་ཀྱི་འདུག་སྟངས་གཟིགས་སྟངས་བསྟུན་ནས་རིག་པའི་རང་བཞིན་ལྷུན་གྲུབ་ཀྱི་རང་ངོ་སྤྲད་པའི་དབང་བསྐུར་བ་སྟེ། ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལས། ཕྱི་ནི་འདུག་སྟངས་སྟོན་པའོ། །ནང་ནི་ལྟ་སྟངས་སྟོན་པའོ། །གསང་བ་ནི་ཕྱོགས་བཞི་ལ་འདུག་སྟངས་དང་། གཟིགས་སྟངས་བསྟུན་པས་སངས་རྒྱས་ཀྱི་ཞིང་དུ་སྤྱོད་པའོ། །ཡོངས་སུ་རྫོགས་པ་ནི་སོང་ཞིག་ལ་སོགས་པ་ཚིག་གི་བརྡ་དོན་སྤྲད་པ་རྣམས་སོ། །དེ་ལྟར་ཡང་ཐལ་འགྱུར་ལས། རབ་ཏུ་སྤྲོས་པ་མེད་པ་ལ། །སེམས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ལ། །ལུས་ཀྱི་འདུག་སྟངས་ངེས་པར་བརྩམ། །དེ་ལ་གོམས་ཏེ་གཟིགས་སྟངས་སྦྱར། །མངོན་སུམ་རིག་པ་ལུང་

p. 236

གི་བརྡའོ། །ཞེས་སོ། །དོན་གསུམ་པ་དེ་ལྟར་བསྐུར་བའི་དབང་གི་དབྱེ་བ་ལ་གསུམ་སྟེ། དབང་བཞི་ངེས་པའི་དབྱེ་བས་མདོར་བསྟན། རང་ངོའི་དབྱེ་བས་རྒྱས་པར་བཤད། རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱ་ཆེར་སྤྲོས་པའོ། །དང་པོ་ལའང་། དབང་བཞི་ངེས་པའི་འཐད་པ། སྨིན་སོ་བཞིའི་དཔེ་མཚོན། སོ་སོའི་རང་བཞིན་བཤད་པ་གསུམ་ལས། དང་པོ་ནི་སྤྲོས་བཅས་ཀྱི་དབང་། དེ་ནས་སྤྲོས་མེད། དེ་ནས་ཤིན་ཏུ་སྤྲོས་མེད། དེ་ནས་རབ་ཏུ་སྤྲོས་མེད་བཞིར་ངེས་ཤིང་འཐད་པ་ནི། གང་ཟག་སྐལ་ལྡན་ཞིག་འདིར་འཇུག་པ་ལ་ཐོག་མ་ཕྱི་སྤྲོས་པ་མ་བཅད་ན་སྣང་ཤེས་ཚོགས་པའི་སྤྲོས་པ་མི་ཆོད། ནང་སྤྲོས་པ་མེད་པར་མ་བསྡུས་ན་སེམས་ལམ་དུ་མི་ཆུད། གསང་བ་ཤིན་ཏུ་སྤྲོས་པ་མེད་པས་མ་བཅད་ན་སྒྲོན་མས་ལམ་དུ་མི་ལོངས། བླ་ན་མེད་པ་རབ་ཏུ་སྤྲོས་པ་མེད་པས་ངོ་མ་སྤྲད་ན་མཐོང་བྱེད་ཀྱི་ལམ་མི་གསལ་བས་བཞིར་ངེས་ལ། ཕྱིར་རླུང་སེམས་གཉིས་ཕ་དང་མའི་རྒྱུ་རྐྱེན་གཉིས་ཏེ་བཞི་དག་པས་ཀྱང་བཞིར་ངེས་ལ། ནང་ལུས་ཀྱི་འཁོར་ལོ་བཞི་རྩའི་ཁྱད་པར་བཞི་ལ་འཇུག་པས་ཀྱང་བཞིར་ངེས་ལ། གསང་བར་སྒྲོན་མ་བཞིའི་སྣང་བ་བཞི་སྟོན་པས་ཀྱང་བཞིར་ངེས། བླ་ན་མེད་པར་རྟགས་བཞི་ངེས་པ་ལས། ཚད་བཞི་ངེས་པའི་འབྲས་བུ་སྐུ་བཞིར་འབྱུང་བས་ཀྱང་བཞིར་ངེས་སོ། །གཉིས་པ་སྨིན་སོ་བཞི་ཡི་དཔེ་མཚོན་བསྟན་པ་ནི། དབང་བཞི་འཇུག་པའི་དུས་ཀྱི་སྨིན་སོ་སྣང་བ་མ་དག་པ་དང་དག་པ་གཉིས་ཀྱིས་བསྡུས་པ་ཡང་། མཁའ་དང་དབྱིངས་གཉིས་སུ་འདུས་ལ། ཆགས་འཇིག་གནས་གསུམ་དུས་གསུམ་དུ་འདུས་པས། ལུས་ངག་ཡིད་གསུམ་སྨིན་པའི་ལས་སུ་གྲོལ་བའོ། །འཁོར་འདས་ཀྱི་ཆོས་ཟག་བཅས་ཟག་མེད་གཉིས་ལ་དབང་བསྒྱུར་བས་གཉིས་སུ་བྱུང་སྟེ། སྣང་བ་ལ་དབང་བས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དག་པར་བྱེད་པ་དང་། སྲིད་པ་ལ་དབང་བས་ཉོན་མོངས་པ་དག་པར་བྱེད་པའོ། །དེ་ལ་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་

p. 237

བཞིའི་འཇུག་པའི་ལས་མཚོན་ལ། སྤྲོས་མེད་ཀྱིས་ཐོབ་པ་དང་གནས་པ་དང་བརྟན་པ་དང་ཉེ་བར་རྟོགས་པ་བཞི་མཚོན་ཞིང་། ཤིན་ཏུ་སྤྲོས་མེད་ཀྱིས་ལུས་ངག་ཡིད་སེམས་བཞི་སྨིན་པའི་རྒྱུ་རྐྱེན་བྱེད་པ་འབྲས་བུ་བཞི་མཚོན་ལ། རབ་ཏུ་སྤྲོས་མེད་ཀྱིས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་སྨིན་པ་དང་བརྗོད་དུ་མེད་པའི་དོན་ལ་སྤྱོད་པ་བཞི་མཚོན་པའོ། །དབང་བཞི་སྨིན་པ་སོ་སོའི་དཔེ་ནི། དཔེར་ན་ཞིང་ས་བཟང་པོ་ལ་ས་བོན་སྐྱོན་མེད་བཏབ་པས་འབྲས་བུ་སྨིན་པ་ལྟར། རིག་པའི་ཞིང་ལ་དང་པོར་སྤྲོས་བཅས་བསྐུར་བས་ས་བོན་བཏབ། སྤྲོས་མེད་ཀྱིས་མྱུ་གུ་འཐོན་ནས་ལོ་འདབ་རྒྱས། ཤིན་ཏུ་སྤྲོས་མེད་ཀྱིས་མེ་ཏོག་ཤར། རབ་ཏུ་སྤྲོས་མེད་ཀྱིས་སྐུ་བཞི་ངེས་པའི་འབྲས་བུར་སྨིན་པའོ། །གསུམ་པ་སོ་སོའི་རང་བཞིན་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་ནུས་པའི་རྣམ་གཞག་ནི། སྤྲོས་བཅས་ཀྱིས་ལུས་ལ་སོགས་པའི་ཚོགས་པ་དག་ནས་སྐུ་རྡོ་རྗེ་ལ་སྦྱོར་བའོ། །དེའང་སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱིས་ལུས་ལྷར་དག །ངག་སྔགས་སུ་དག །ཡིད་ཏིང་ངེ་འཛིན་དུ་དག །སེམས་ཆོས་ཉིད་དུ་དག་པའོ། །དེའི་སྤྲོས་མེད་ཀྱིས་སྣང་བ་ཕྱི་རོལ་གྱི་དངོས་པོ་འཁྲུལ་པ་སྟོངས་པར་བྱེད། དེའི་ཤིན་ཏུ་སྤྲོས་མེད་ཀྱིས་འཕྲིན་ལས་བཞི་ལ་སྦྱོར། དེའི་རབ་ཏུ་སྤྲོས་མེད་ཀྱིས་ལུས་བདེ་བ། ངག་གསལ་བ། ཡིད་མི་རྟོག་པ། སེམས་ཟུང་འཇུག་གི་ནུས་པ་དང་ལྡན་པར་བྱེད་པའོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞིའི་འགྱུར་བརྩི་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་སྐལ་ལྡན་གྱི་ཡིད་འགྱུར། དེའི་སྤྲོས་མེད་ཀྱིས་ནང་དུ་འཇུག་པའི་ཐབས་སྟོན། དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་འགྱུར་བས་རྟོག་པ་དག་པ་ལ་སྦྱོར། རབ་ཏུ་སྤྲོས་མེད་ཀྱིས་གཉིས་སུ་མེད་པའི་དོན་ཐོབ་པར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དབང་བཞིས་ལས་ཀྱི་མཐའ་གྲོལ་བར་བྱེད་པ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལས་དང་། ཚིག་དང་། ཡི་གེ་དང་། རྟོག་པ་དག་ཅིང་ལུས་ངག་ཡིད་སེམས་བཞི་ལ་བདེ་བ་སྟེར་བའོ། །དེ་

p. 238

ཡང་རུ་ཤན་འབྱེད་པའི་སྤྱོད་པ་ལས་བྱུང་བའོ། །དེའི་སྤྲོས་མེད་ཀྱིས་དོན་རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྤྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ། །གཉིས་པ་རང་ངོའི་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་མནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ་། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་བའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྷར་བསྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང་ཤེས་པར་བྱའོ། །དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་འཇིག་པ་སྟེ། འབྱུང་

p. 239

བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་གེའི་གནས་བཞིའི་སྦྱོང་བ་ནི་ཕྱིའོ། །དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་རྩོལ་ལས་འདས་པར་མཚོན་པས་ནང་ངོ་། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླངས་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་དང་། རྗོད་བྱེད་དང་། བརྗོད་བྱ་དང་། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ནང་ངོ་། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང་། འགྱུ་བྱེད་དང་། འགྱུ་བྱ་དང་། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟུན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ་། །དེའི་ཤིན་ཏུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཞིག་ལ་སོགས་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་སེམས་བསམ་པ་དང་། དྲན་པ་དང་། རྟོག་པ་དང་། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་སྣང་ཡུལ་དངོས་པོ་འཛིན་པ་དང་། དངོས་མེད་འཛིན་པ་སྟེ། གསལ་བ་དང་མི་གསལ་བ་འཛིན་པས་

p. 240

ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ། །གསུམ་པ་རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་དག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བཅས་པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ། གསང་བར་རླུང་གི་འཕེན་སྡུད་བཅུ་དྲུག་དག་པར་བྱེད་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་གཞག་གོ། དེའང་ལུས་ལ་ཆུས་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང་། མེས་དེ་དག་སྨིན་ཅིང་གསལ་བར་བྱས་པས་དངོས་པོར་གྲུབ་པའི་དྲི་མར་སོང་། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང་། སྨྲ་བྱེད་ལུས་ཀྱི་དྲི་མ་དང་། སྨྲ་བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང་། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང་། ཡང་ཡིད་འགྱུ་བ་ལའང་། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང་། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང་། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་མ་དང་། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང་། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང་། བསམ་པས་དགེ་མི་དགེ་ལུང་དུ་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང་། རྟོག་པས་སྙམ་བྱེད་དང་། ཡིད་གཉིས་དང་། ཐེ་ཚོམ་དང་། ཡིད་དཔྱོད་ཀྱི་དྲི་མ་དང་། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ།

p. 241

སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ། དེ་དག་གིས་ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་བརྡའི་སྤྲོས་བཅས་དང་། དོན་གྱི་སྤྲོས་བཅས་ཏེ་གཉིས། དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉིས་ཏེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་པ་ལའང་། དེ་ལྟར་ཕྱེ་བས་སུམ་ཅུ་རྩ་གཉིས་དག་པར་བྱེད་པ་ནི། བསྐྱེད་རིམ་གྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་དང་། དག་བྱེད་དབང་སུམ་ཅུ་རྩ་གཉིས་བསྡོམས་ན། དྲུག་ཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ། །གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང་། བྱེར་བ་དང་། སྙོམས་པ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཀྱིས་དག་པར་བྱེད་དོ། །ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང་། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་ནི། ཚ་བ་དང་གྲང་བ་གཉིས་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིར་འགྱུར་ཏེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་ཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་

p. 242

པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་ཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང་། རང་གི་མཚན་ཉིད་འཛིན་པ་དངོས་ཀྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་མེ་དང་། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ཕྱིར་ལུས་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང་། འདོད་ཆགས་ལ་བལྟས་པ་དང་། བགད་པ་དང་། བཅངས་པ་དང་། འཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག །གཏི་མུག་ལ་རྨུགས་པས་མ་ཤེས་པ་དང་། འཐིབས་པ་དང་། མྱོས་པ་དང་། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལུས་བཞི་ལ་ཕྱེ་བས་བཅུ་དྲུག །ཞེ་སྡང་ལ་སྡང་བ་དང་། སྡང་བ་ཆེན་པོ་དང་། ཆེར་སྡང་བ་དང་། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །ང་རྒྱལ་ལ་ཕྲ་བ་དང་། རགས་པ་དང་། འགྱུར་བ་དང་། མཆེད་པ་དང་། འཕྲོ་བ་བཞི་ཡང་བཅུ་དྲུག །ཕྲག་དོག་ལ་ཡང་བ་དང་། ལྕི་བ་དང་། རྒོད་པ་དང་། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱད་ཅུ་ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམས་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅིག་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ། །གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་གཞིར་བྱས་པའི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་

p. 243

ཤིང་ཀུ་ཤ་སྦྱིན་པ། ཡོངས་སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་མནའ་ཆུ་བླུད་པ། འཁོར་བ་སྤོང་བའི་མནའ། མྱང་འདས་ལེན་པའི་མནའ། སེམས་ཅན་གྱི་དོན་མི་བྱེད་རེའི་མནའ་བཞིའོ། །དེའི་གསང་བ་དམ་ཚིག་དང་། སྡོམ་པ་དབོག་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ་། །དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོད་གཡོགས་དང་སྨད་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིགས་ལ་སོགས་པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། སྒོམ་པ་སྦྱིན་པ། ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་བསྐྱེད་པ་དང་། སྡོམ་པ་སྦྱིན་པ་དང་། ཁྱད་པར་གྱི་སེམས་གཟུང་ལ་སོགས་པའོ། །དེའི་ནང་གི་དབང་ཀྲཱི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་དང་། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་པ་དང་། མིང་གི་དབང་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། དབུགས་དབྱུང་བ་དང་། དབང་བསྐུར་བའོ། །དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ལྷ་ངོ་བསྟན་པ་དང་། མེ་ཏོག་དོར་བ་དང་། མིང་གི་དབང་དང་། ཉན་པ་དང་། འཆད་པ་དང་། ཕན་པ་དང་། ནུས་པ་དང་། རིག་པའི་དབང་དང་། ཡན་ལག་གི་དང་། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང་། བརྡ་ངེས་པར་མཚོན་པ་དང་། དབུགས་དབྱུང་བ་དང་། ཕྱག་རྒྱ་བསྒྱུར་བ་དང་། ལས་

p. 244

སུ་བྱ་བ་དང་། འཇུག་པ་ངེས་པ་དང་དྲུག་གོ། དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པ་དང་། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང་། ལྷ་ངོ་བསྟན་ཞིང་དབང་བསྐུར་བ་དང་། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་སྟེ། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སློང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་བ། བཟློག་ཅིང་སྦྱང་བ་དང་དྲུག་གོ། འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་བ། དེ་རྡོ་རྗེ། པདྨ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ། དེའི་གསང་བ་བདེ་བ་དང་བྱང་སེམས་དངོས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་གསང་བར་འོས་པ་དང་། གསང་བར་གཉེར་གཏད་པ་གསུམ་སྟེ་དྲུག་གོ། དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང་། དོན་གྱི་ཚིག་དང་། བརྡ་དོན་དབྱེར་མི་ཕྱེད་པའི་ཚིག་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག །དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག །དེའི་ནང་ལ་མཎྜལ་འབུལ་བ་དང་གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང་། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ། དེའི་སྤྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུདེའི་ནང་ལ་བཞི་སྟེ་བཅུ་གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག །སྤྲོས་པ་མེད་པའི་ཤིན་ཏུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག །རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག །བྱང་སེམས་

p. 245

ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲཱི་ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མ་ཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་ཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་དྲུག་ཅུ་རྩ་བཞི་སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་དྲུག་སྟེ་ཉེར་གསུམ། དེའི་གསང་བ་ལ་དྲུག་སྟེ་ཉེར་དགུདེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་ཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་ཅུ་རྩ་བཞི་སྟེ་དགུ་བཅུ་རྩ་བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱ་དང་བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་བསྐྱེད་པ་གཉིས་ཏེ་བཅུ་དྲུག་གོ། སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་བ་དང་། ཨའི་སྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང་། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་གནད་དང་། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང་། མིང་གི་དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང་། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང་། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་བས་སྐྱེ་མེད་

p. 246

ངོས་གཟུང་དང་བྲལ་བའི་དབང་དང་། གསང་བ་ཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང་། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང་། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་རིགས་འབྱེད་པ་དང་། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག །དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང་། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང་། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང་། གསང་བ་དབུགས་དབྱུང་བ་གཉིས་ཏེ་དྲུག །དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང་། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ལ་བཅུ་དྲུག །དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དོ། །བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང་། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང་། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་གཟུང་བ་དང་། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང་། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་

p. 247

ཡུལ། ཐབས་དགོས་པ་གསུམ། དེའི་ནང་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང་། ངག་དང་། སེམས་ཀྱི་མ་དག་ན་བཤགས་པའི་ཐབས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང་། དྲིས་ཁམས་རྒྱས་པ་དང་། མེ་ཏོག་གིས་དབང་པོ་གསལ་བ་དང་། རིན་པོ་ཆེས་འབྱོར་བ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་བྲིས་པས་བདེ་བ་ཉམས་སུ་མྱོང་བ་དང་། ཡིན་པར་བརྗོད་པས་སྤྲོ་བ་བསྐྱེད་པ་གཉིས་ཏེ་དྲུག །དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང་། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་སེམས་ཉིད་དུ་ཐིམ་པའི་གནད་དང་། དེ་ལས་དབུགས་དབྱུང་བ་དང་། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་ལུས་གནད་སྐྱིལ་ཀྲུང་གིས་གཞི་བཅའ་བ་དང་། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང་། དེའི་འོད་འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་རྟོག་པ་མེད་པའི་ལམ་བཙལ་བ་དང་། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང་། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་དབྱེར་མེད་པ་དང་གསུམ་སྟེ་དྲུག །དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང་། ཨ་ཨ་ཞེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང་། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་

p. 248

དབྱིངས་ལ་འདྲིས་པར་བྱ་བ་དང་། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང་། འགྲོ་ན་འགྲོ་ས་འདུག་གམ། འདུག་ན་འདུག་ས་འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ། བཅུ་བཞིའོ། །རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་། སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང་། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང་། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་བ་རྣམས་ཀྱིས་གནད་བསྟུན་པ་དང་། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང་། ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་གནད་བསྟུན་པ་དང་བདུན་ཏེ་དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག །དེའི་གསང་བ་ལ་དེར་གནས་པ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་ས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག །དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག །དེའི་གསང་བ་ལ་སེམས་ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང་། དེའི་ནང་ལ་སེམས་ཀྱིས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་

p. 249

གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་མ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང་། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་གཅིག་དང་བསྡོམས་པས་ཞེ་གཅིག་གོ། དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་ཅུ་རྩ་གསུམ་མོ། །ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་དེ་བརྒྱ་སུམ་ཅུ་སོ་གཅིག །སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་དྲུག །སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་ཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་ཅུ་རྩ་དགུ་པོ་དེ་བཞིར་འབྲེལ་བས་ཕྱེ་ན། ཁྲི་ཆིག་སྟོང་ཆིག་བརྒྱ་དང་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང་། སྟོང་ཕྲག་གསུམ་དང་། དྲུག་བརྒྱ་སུམ་ཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་ཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་སྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས།

p. 250

རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག །སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་དྲུག་ཅུ་རྩ་བཞིས་ནི། རླུང་ལས་རླུང་། ཆུ་རླུང་། མེ་རླུང་། རླུང་གི་རླུང་བཞི་ལ། བྱེར་བ། ཟུག་པ། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག །དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ་རྩ་དྲུག་གི་ཕྱེད་པའི་ལས་དག་པར་བྱེད་པའོ། །སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང་། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ། །དེ་བཞིན་དུ་མོས་པའི་ས་དང་འཇུག་པའི་ས་དང་བསྒྱུར་བའི་ས་དང་ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱོར་ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་

p. 251

པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་གཞག་གི་རྟོགས་པ་ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་བསྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམས་པས་བསམ་གཏན་ལ་གནས་པ། དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་དབང་གི་ངོ་བོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་ཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་ཅུ་རྩ་བཞི་ནི་རྡོ་རྗེ་འཆང་གི་ས་མཆོག་རྫོགས་པར་བྱེད་པའོ། །དབང་གི་ངོ་བོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིགས་འཛིན་གྱི་ས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱི་ས་བཞི་སྟེ། རྣལ་འབྱོར་གྱི་ས་དང་། རྣལ་འབྱོར་ཆེན་པོའི་ས་དང་། འབྱེད་པའི་རྣལ་འབྱོར་གྱི་ས་དང་། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལས། དབང་དུ་བསྒྱུར་བ་དང་མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱིས་བཞི་བཞིར་ཕྱེ་ན། རྣལ་འབྱོར་གྱི་ས་ལའང་། རྣལ་འབྱོར་དང་། བྱ་བའི་རྣལ་འབྱོར་དང་། སྤྱོད་པའི་རྣལ་འབྱོར་དང་། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང་། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང་། སྤྲོས་པའི་རྣལ་འབྱོར་གྱི་ས་དང་། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང་། དོན་གྱི་ས་དང་། བརྡ་དོན་དབྱེར་མེད་ཀྱི་ས་དང་། མ་འདྲེས་པའི་

p. 252

ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་པའི་ས་དང་། ཁྱད་པར་རྟོགས་པའི་ས་དང་། མངོན་པར་འབྱུང་བའི་ས་དང་། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡོམས་པས་ས་བཅུ་དྲུག་གོ། དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང་། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་སྤྲུལ་པ་དང་། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང་། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང་། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང་། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་པ་དང་དྲུག །སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་བའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱེ་ནས་གློ་སྙིང་རྣམས་གཞན་ལ་སྟོན་པར་ནུས་པ་དང་། ལུས་ཀྱི་སྟོད་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུག་པར་ནུས་པ་དང་། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང་། ལུས་ཀྱི་སྟོབས་ཀྱིས་རི་བོ་འཕེན་པར་ནུས་པ་དང་། ཕྱིའི་རྒྱ་མཚོ་ཆེན་པོ་ནམ་མཁའ་ལ་སྤར་བར་ནུས་པ་དང་། གཟའ་སྐར་རྣམས་ཐང་ལ་ལྷུང་བར་ནུས་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པར་འཆིང་བར་ནུས་པ་དང་། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་བ་དང་། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང་། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང་། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་རྣམས་གསོ་བར་ནུས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་པར་ནུས་པ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང་།

p. 253

མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར། ས་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་བྱུང་བའོ། །ས་ལྔ་པས་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་བའོ། །ས་དྲུག་པས་མེ་བདུན་ལ་དབང་བསྒྱུར་བ་ནི། སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ། །ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ། །ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། །ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་ནི་དམ་ཚིག་དང་སྡོམ་པ་ལ་གནས་པ་ལས་བྱུང་བའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་བའོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱི་ས་ཞེས་བྱའོ། །མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་

p. 254

དང་། རྣལ་འབྱོར་ཆེན་པོ་དང་། འབྱེད་པའི་རྣལ་འབྱོར་དང་། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིགས་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པས་བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལ་ས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་བུ་ཐོབ་པའོ། །ཚེ་དབང་ནི་བསྐལ་པ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས་རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱ་ན་རྡོ་རྗེ་འཆང་གི་ས་འཐོབ་བོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོབ་སྟེ་འཕྲིན་ལས་བཞིས་དོན་གཉིས་མཛད་པའི་ཕྱིར་རོ། །འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང་། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས་ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང་། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ཤེས་པ་དང་རླུང་། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ། །སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་བོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་གི་འཕྲིན་ལས་འགྲུབ་བོ། །དབྱེ་ན་དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མི་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ། །རབ་ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་

p. 255

དྲག་པོའི་ཞི་བ་དགུག་པ་དང་བཅིང་བའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ། དྲག་པོའི་དབང་ཚུར་ལ་ཀླན་ཀ་མི་རྙེད་པ། དྲག་པོའི་དྲག་པོ་སྤ་བཀོང་བ་དང་བསད་པ་ལ་སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། །གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས་ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང་། ནད་མེད་པ་དང་། འགྲོ་བ་བྱམས་པ་དང་། བསོད་ནམས་དང་ལྡན་པ་དང་། རྫུ་འཕྲུལ་འགྲུབ་པ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞན་གྱི་རྣར་སྙན་པ་དང་། བསྒོ་བ་བཞིན་ཉན་པ་དང་། བཀའ་བསྟན་བཅོས་ལ་དབང་བ་དང་། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་པ་དང་། ཏིང་ངེ་འཛིན་དང་། རིག་པ་དང་། གང་བསམས་ཆོས་ཉིད་དུ་འཆར་བ་དང་། དུས་བཞི་དུས་གཅིག་ཏུ་རྟོགས་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང་། མངོན་པར་ཤེས་པ་དང་། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབས་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང་། ནང་ཉམས་ཏིང་ངེ་འཛིན་རེ་དང་། གསང་བ་ལྟ་དགོངས་ཁྱད་པར་ཅན་རེ་དང་། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་

p. 256

མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གི་ས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི་དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ། བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག །ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། ལམ་དུ་དབང་སུམ་ཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཞི་བཞི་བརྩིས་པས་བཅུ་དྲུག །ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་ནི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གི་ས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་ཞིང་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ལྗང་གུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པདྨ་བརྩེགས་པ། བྱང་

p. 257

ལས་རབ་རྫོགས་པ་བཞིའི་འགྲོ་བ་སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས། བསྟན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་བརྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་སུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང་། ལྷུན་གྱིས་གྲུབ་པ་གཉིས་ཏེ་བརྒྱད་ནི། དབང་བཞིའི་ས་བོན་བཞི་དང་། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གངས་ཆེན་མཚོ། གནས་རྣམ་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིགའཁོར་ཉིད་ལས་མི་གཞན་པ་རིགས་བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་བརྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་ཀྲུང་མན་ཆད་ལ་བཅུ་དྲུག །དེ་དག་ཀྱང་ཡས་མན་དུ་བལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣམ་དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་མཚོས་བར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་པའོ། །འཐད་པ་ནི་འོད་དང་ཁ་དོག་སྐུ་དང་ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་གྱི་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་གཉིས་ཏེ་བརྒྱད་དོ། །དེ་ཡང་

p. 258

དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང་། གནས་ལྕང་ལོ་ཅན་ཏེ་འོག་མིན་གྱི་མིང་གི་བྱེ་བྲག་གོ། བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། དུས་སྐུས་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུ་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་སྤྲུལ་པས་ན་སྤྲུལ་སྐུའོ། །རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག །ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག །འཁོར་རང་བཞིན་ཡོངས་དག །དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐད་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། །གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་ཏུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་བཞིའི་ཚིག་ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་བལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ། །ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ། །དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་

p. 259

གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང་། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག །འཁོར་ཡེ་ཤེས་ལྔ་དང་། རླུང་ལྔ་དང་། ཤེས་རབ་ལྔ་དང་། འོད་ལྔ་དང་། སྐུ་ལྔ་དང་། རིགས་ལྔའོ། །དུས་ལུས་དང་སེམས་འཛོམ་པའོ། །ཞིང་ཁམས་འགྲོ་བ་འདུལ་བ། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་བརྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། །ལས་ཁམས་གསུམ་ལས་གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བྷན་དྷ་འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག །འཁོར་སྒྲོན་མ་རྣམ་པ་བཞི། དུས་ཡེ་ཤེས་རང་འཁྱིལ་བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་ཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་སྐབས་འདིར་འབྲས་བུར་གཞག་པ་ནི་གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང་། གདུལ་གཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་གློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས་དབང་དང་འབྲས་བུ་ལ་བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་སུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་གྱི་ཆ་ལས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་པྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་

p. 260

ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །སྣའི་དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་ཅད་ཤེས་སོ། །དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་ཅུས་སྲིད་པ་ཡན་ལག་སུམ་ཅུ་ཤེས་ཤིང་། མཚན་སུམ་ཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ། །བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ། །བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་མཆེད་རྟོགས་སོ། །སྒོམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་འགྱུར་བྱེད་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ། །སོ་སོར་རྟོག་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་

p. 261

སོ། །བྱ་བ་གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་ལའང་མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་ཅུ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གིས་ཡིད་ཀྱི་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། །ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། །སུམ་ཅུ་པོ་དེ་དག་གིས་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་ཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། །ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་ཅུ་པོ་ནི་དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ་། །དེ་ནས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་

p. 262

ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་སྦྱང་བའི་དྲུག་གིས་རྩ་བ་ཤེས་སོ། །སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ། །སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། །སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། །སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་རྣམ་པར་འཕྲུལ་པའི་དབྱེ་བ་ཤེས་པ་ལས་བྱུང་ངོ་། །དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་ཅུ་ནི་མོས་པའི་མཐོང་བ་ཙམ་ལས་བྱུང་བའོ། །དེ་ཡང་ཕྱེ་ན་མོས་པའི་བཞི་ལ་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་དུ་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ། །དེའི་འགྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱད་ཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ། །འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །བསམ་བྱ་དག་པའི་བརྒྱ་དང་བརྒྱད་ཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་སུ་དག་པ་དང་། མྱོང་བྱེད་དག་པའི་བརྒྱ་བརྒྱད་ཅུ་ཆོད་པའི་རང་བཞིན་ཤེས་པ་ལས་བྱུང་བ་དང་། རིག་བྱེད་དག་པའི་བརྒྱ་བརྒྱད་ཅུ་པ་མདོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །ཆོས་དག་པའི་མངོན་ཤེས་བརྒྱ་བརྒྱད་ཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་བྱུང་བའོ། །དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་ཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་ཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣམ་པར་འཕྲུལ་པའི་དབྱེ་བ་ཆེན་པོའོ། །འདི་དག་ནི་དབང་གི་རྣམ་པར་གཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་

p. 263

མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དབང་གི་རྣམ་པར་གཞག་པ་སྟེ་རིམ་ཁང་དྲུག་པའོ།། །།

རིམ་ཁང་བདུན་པ། དམ་ཚིག་རྣམ་པར་བཀོད་པ།

p. 264

དེ་ལྟར་དབང་གི་སྒོ་ལེགས་པར་བརྗོད་པའི་འོག་ཏུ། དེའི་གནས་ངེས་པ་དམ་ཚིག་ཡིན་པས། དེ་བསྟན་པ་ནི་བླ་ན་མེད་པ་གསང་སྔགས་ཀྱི་སྒོར་ཞུགས་སོ་ཅོག་ལ་དམ་ཚིག་ཁོ་ན་གལ་ཆེ་བས། འདིར་གཏན་ལ་དབབ་པར་བྱ་བ་ལ་གསུམ་སྟེ། དམ་ཚིག་གི་རང་བཞིན་སྤྱིར་བསྟན་པ། སྐུ་གསུང་ཐུགས་ཀྱི་དམ་ཚིག་བྱེ་བྲག་ཏུ་བཤད་པ། བླ་ན་མེད་པའི་དམ་ཚིག་མཆོག་ཏུ་བསྟན་པའོ། །དང་པོ་ལ་དམ་ཚིག་གི་ངོ་བོ། ངེས་ཚིག །དབྱེ་བ། རྟེན། ཕན་ཡོན། ཉེས་དམིགས། བསྐང་ཐབས། བསྲུང་ཐབས་དང་བརྒྱད་ལས། དང་པོ་ངོ་བོ་ནི་སྔགས་ཀྱི་སྡོམ་པས་རྒྱུད་བསྡམས་པའི་གཉེན་པོའི་དཔུང་དམ་བཅས་པ་ལས་མི་འདའ་བར་བྱེད་པ་སྟེ། དམ་ཚིག་མཆོག་གི་རྒྱུད་ལས། དམ་ཞེས་བྱ་བ་བཅིངས་པ་སྟེ། །རྡོ་རྗེ་འདའ་དཀའ་གཏན་གྱི་གཉེར། །ཅེས་སོ། །ངེས་ཚིག་ནི། དེ་ཉིད་ལས། སྤྱིར་ན་དམ་ཚིག་ཅེས་བྱ་བ། །རང་སེམས་ཚིག་པ་མེད་པ་ལ། །གཡོ་སྒྱུ་རྣམས་དང་བྲལ་བའོ། །ཞེས་སོ། །དབྱེ་ན་སྔགས་སྤྱིིའི་ལུགས་ཀྱིས། རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་སོ། །དེ་ཡང་རྩ་བ་སྐུ་གསུང་ཐུགས་གསུམ་མོ། །ཡན་ལག་ཉི་ཤུ་རྩ་ལྔ་སྟེ། ཤེས་པར་བྱ་བ། དང་དུ་བླང་བ། མི་སྤང་བ། སྤྱད་པར་བྱ་བ། བསྒྲུབ་པར་བྱ་བ་རྣམས་ལ་ལྔ་ལྔའོ། །འདིར་བྱེ་བྲག་གིས་དབྱེ་ན། ལྟ་བ། སྤྱོད་པ། བསྒྲུབ་པ། ཐུན་མོང་བ། ཁྱད་པར་སྐུ་གསུང་ཐུགས། ཡན་ལག །གལ་མདོ་ངེས་པའི་དམ་ཚིག་དང་བདུན་ཏེ། རང་ཤར་ལས། འབུམ་སྡེར་གསུངས་པའི་དམ་ཚིག་རྣམས། །མདོར་བསྟན་ལེགས་པར་ཡིད་ལ་ཟུང་། །དེ་ཡང་མདོར་བསྟན་འདི་ལྟ་སྟེ། །རྟོགས་བྱེད་ལྟ་བའི་དམ་ཚིག་དང་། །སྤྱོད་པ་རྒྱུད་ཀྱི་དམ་ཚིག་དང་། །བསྒྲུབ་པ་སྤྱི་ཡི་དམ་ཚིག་དང་། །ཐུན་མོང་སྤྱིི་ཡི་དམ་ཚིག་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །ཡན་ལག་གྲངས་ཀྱི་དམ་ཚིག་དང་། །གལ་མདོ་ངེས་པའི་དམ་ཚིག་གོ། དེ་ལ་སོགས་པའི་

p. 265

དམ་ཚིག་རྣམས། །མདོ་དང་རྒྱས་པ་ཆེན་པོའོ། །ཞེས་སོ། །རྟེན་ནི་སློབ་དཔོན་དང་སློབ་མ་མཆེད་ལྕམ་སྟེ། དེ་ཉིད་ལས། བསམ་གྱིས་མི་ཁྱབ་དམ་ཚིག་རྣམས། །རྣམ་པ་གཉིས་སུ་འདུས་པར་གསུངས། །སློབ་དཔོན་དང་ནི་སློབ་མ་གཉིས། །བསྲུང་བའི་རྒྱུ་ཞེས་ཀུན་ཏུ་གྲགས། །བསྲུང་བའི་རྒྱུ་ནི་སློབ་དཔོན་ཏེ། །སྲུང་བར་བྱེད་པ་སློབ་མའོ། །ཞེས་སོ། །མཆེད་ལྕམ་ལ་བཞིར་ངེས་པ་ཡང་། དེ་ཉིད་ལས། རྡོ་རྗེའི་སྤུན་ལ་དོན་བཞིས་བསྟན། །སྤྱི་དང་ཉེ་དང་འདྲེས་པ་དང་། །དཀྱིལ་འཁོར་བུམ་པ་འདྲེས་པའོ། །ཞེས་སོ། །དེའང་བསྟན་པར་ཞུགས་སོ་ཅོག་དང་ཁྱད་པར་གསང་སྔགས་ལ་ཞུགས་པ་ཐམས་ཅད་སྤྱིའི་མཆེད་དོ། །ཆོས་རིགས་གཅིག་པ་རྣམས་ཉེ་བའི་མཆེད་དོ། །བླ་མ་གཅིག་གིས་བསྡུས་པ་རྣམས་འདྲེས་པའི་མཆེད་དོ། །དཀྱིལ་འཁོར་གཅིག་ཏུ་མར་མེ་གཅིག་བུམ་པ་གཅིག་གིས་དབང་དུས་གཅིག་ལ་བསྐུར་བ་རྣམས་ནིི་ཤིན་ཏུ་འདྲེས་པའི་མཆེད་དོ། །འདི་དག་ཀྱང་ཡུལ་བདུན་འགྱུར་གྱིས་གཉན་པར་ཤེས་པར་བྱའོ། །སློབ་དཔོན་ལའང་ཐམས་ཅད་ཀྱིས་སློབ་དཔོན་དུ་བཀུར་བ་སྤྱིའི་སློབ་དཔོན་དང་། རང་ཉིད་ཆོས་ལ་སྦྱོར་བ་འདྲེན་པའི་སློབ་དཔོན་དང་། དམ་ཚིག་དང་སྡོམ་པ་སྦྱིན་པ་དབང་གི་སློབ་དཔོན་དང་། གདམས་ངག་འབོགས་པ་ལུང་གི་སློབ་དཔོན་ཏེ་བཞིའོ། །དེ་ཉིད་ལས། སློབ་དཔོན་ལ་ཡང་དོན་བཞི་སྟེ། །སྤྱི་དང་འདྲེན་དང་དམ་ཚིག་དབང་། །མན་ངག་ལུང་གི་སློབ་དཔོན་ནོ། །ཞེས་སོ། །སློབ་དཔོན་དང་སློབ་མའི་ངེས་ཚིག་ཀྱང་། དེ་ཉིད་ལས། དེ་ཡང་ངེས་ཚིག་འདི་ལྟ་སྟེ། །མི་ཤེས་ཤེས་པར་འགྲོལ་ཕྱིར་སློབ། །རྫོགས་ཆེན་དོན་ལ་སྦྱོར་བས་དཔོན། །སློབ་མའི་ངེས་ཚིག་འདི་ལྟ་སྟེ། །མ་ཡེངས་ཚུལ་གྱིས་ཉན་པས་སློབ། །མན་ངག་སྣོད་དུ་གྱུར་པས་མ། །དེ་ལྟར་དོན་ལྡན་དཔོན་སློབ་ནི། །ཡང་དག་ས་ལ་མཉམ་པོར་གནས། །དམ་ཚིག་ལྡན་ན་དེ་བཞིན་ནོ། །ཞེས་སོ། །དམ་ཚིག་བསྲུངས་པའི་ཕན་ཡོན་ནི། དེ་ཉིད་ལས། དམ་ཚིག་སྡོམ་པ་ཇི་བཞིན་

p. 266

གནས། །དམ་ཚིག་ལ་ནི་གང་གནས་པ། །བསམས་པ་ཐམས་ཅད་མཐར་ཕྱིན་འགྱུར། །ཅེས་པ་དང་། སྒྱུ་འཕྲུལ་ལས། དམ་ཚིག་མཆོག་ལ་གང་གནས་པ། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །ཅེས་སོ། །དམ་ཚིག་ཉམས་པའི་ཉེས་དམིགས་ནི། རང་ཤར་ལས། ཉམས་ན་གཉིས་ཀ་འཚིག་པར་འགྱུར། །སྐུ་ཡི་དམ་ཚིག་ཉམས་གྱུར་ན། །རྡོ་རྗེ་དམྱལ་བ་ཆེན་པོར་འཚེད། །འོ་དོད་འབོད་པའི་གནས་སུ་སྐྱེ། །དཔོན་གྱིས་ཉམས་ན་སྦྱང་ཐབས་མེད། །གཉིས་ཀ་ངུ་འབོད་ཆེན་པོར་སྐྱེ། །སློབ་མས་ཉམས་ན་སྦྱང་ཐབས་ཡོད། །གསང་བའི་དམ་ཚིག་ཉམས་གྱུར་ན། །སྣང་བ་འགགས་པར་འགྱུར་བ་དང་། །མུན་རྡུལ་ཆེན་པོའི་གནས་སུ་སྐྱེ། །དེ་ནས་འཐོན་པར་གྱུར་ནས་ཀྱང་། །ལྐུགས་པ་དག་ཏུ་སྐྱེ་བར་འགྱུར། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །ཡིད་འཁྲུགས་ཆེན་པོའི་གནས་སུ་སྐྱེ། །རྟག་ཏུ་རྩོད་པ་རྒྱུན་མི་འཆད། །འཐབ་དང་སྡུག་བསྔལ་ཆེན་པོ་དང་། །ཡང་ན་དྲན་པ་མེད་པར་འགྱུར། །ཡང་ན་དྲན་པ་རེངས་པར་འགྱུར། །སྨྱོ་འབོག་ནད་ཀྱིས་ཐེབས་པར་འགྱུར། །ཐ་མ་ངུ་འབོད་གནས་སུ་སྐྱེ། །ཞེས་པ་དང་། དམ་ཚིག་ཉམས་པའི་སྔ་ལྟས་སུ། །མི་བདེ་རྣམ་པ་སྣ་ཚོགས་འབྱུང་། །ཡམས་དང་འཚེ་བའི་ནད་རྣམས་དང་། །རིམས་ནད་སྣ་ཚོགས་འབྱུང་བར་འགྱུར། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །མིག་གིས་གཟུགས་མི་མཐོང་བར་འགྱུར། །རྣ་བ་འོན་ཅིང་ལས་མི་འགྲུབ། །མཛེ་དང་ཤུ་བའི་ནད་རྣམས་འབྱུང་། །ཆོམ་རྐུན་རྒྱལ་པོའི་ཆད་པ་འབྱུང་། །གཞན་ལ་མེད་པའི་རིམས་ནད་འབྱུང་། །བུ་དང་ཆུང་མ་འཆི་བར་སྟོན། །ཡུལ་རྣམས་ཐམས་ཅད་དགྲར་ལྡང་ཞིང་། །བྱས་པ་དོན་མེད་ཆེན་པོར་འགྱུར། །ཅེས་སོ། །ཉམས་ན་བསྐང་ཐབས་ལ་གསུམ་ལས། དང་པོའི་སྐུའི་ཉམས་ན་བསྐང་བའི་ཐབས་ནི། ཡང་དེ་ཉིད་ལས། གསུང་རབ་རྒྱ་ཆེན་བཀླག་པ་དང་། །

p. 267

ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །འཁོར་གསུམ་ཡང་དག་བྱ་བར་གསུངས། །ཞེས་སོ། །གསུང་ཡང་དེ་ལས། དེ་ཡང་སྦྱང་ཐབས་འདི་ལྟ་སྟེ། །མར་མེ་བརྒྱ་རྩའི་ཆོ་ག་དང་། །སྤང་སྐོང་བརྒྱ་རྩ་གདོན་པ་དང་། །བཤགས་པ་རྣམ་པ་སྣ་ཚོགས་བྱ། །དེས་ནི་བྱང་བའི་ཡོན་ཏན་མཐོང་། །ཞེས་སོ། །སྤང་སྐོང་ནི་ན་རག་རྒྱུན་བཤགས་སོ། །ཐུགས་ཀྱང་དེ་ཉིད་ལས། དེ་ཡང་སྦྱང་ཐབས་འདི་ལྟ་སྟེ། །སློབ་དཔོན་མཉེས་པའི་རྫས་ཀྱིས་མཆོད། །འབྱོར་ཚོགས་ཅི་ཡོད་འཕགས་པ་མཆོད། །དེ་ལྟར་བཤགས་པ་བྱས་གྱུར་ན། །བསམ་པ་ཐམས་ཅད་འགྲུབ་པར་འགྱུར། །འདོད་པ་ཐམས་ཅད་སྐོང་བར་འགྱུར། །བྱ་བ་ཐམས་ཅད་རྫོགས་པར་འགྱུར། །ཅེས་སོ། །བསྲུང་ཐབས་ནི། སྐྱོན་ཡོན་མཐོང་ནས་དྲན་པ་དང་ཤེས་བཞིན་དག་པས་རྒྱུད་སྡོམ་པ་སྟེ། དེ་ཉིད་ལས། དམ་ཚིག་ལ་ནི་ཇི་བཞིན་གནས། །བསྐལ་པ་ཞིག་ཀྱང་མི་གཏོང་ན། །དམ་ཚིག་ཆེན་པོའི་བསྲུང་ཐབས་སོ། །ཞེས་སོ། །དེའང་སློབ་དཔོན་གྱིས་རྒྱུད་དང་དམ་ཚིག་གི་རིམ་པ་ཤེས་པས་ཤེས་པ་བཅུས་བསྲུངས་ལ་སློབ་མས་མི་ཤེས་པས་སློབ་དཔོན་གྱི་བཀའ་བཞིན་བསྲུང་བའོ། །ཤེས་པ་བཅུ་ནི། ཚིག་དོན་གྱི་གནས་ཤེས་པ་དང་། དྲིས་པའི་ལན་ལྡོན་པར་ཤེས་པ་དང་། དབང་དང་མན་ངག་གི་སྐབས་ཤེས་པ་དང་། ལྟ་བ་ཡངས་པར་ཤེས་པ་དང་། སྒོམ་པའི་ངང་ཆེ་བར་ཤེས་པ་དང་། ཆོས་ཉིད་ཟབ་པར་ཤེས་པ་དང་། འཁོར་བ་དང་མ་འདྲེས་པར་ཤེས་པ་དང་། འདས་པའི་ས་ལ་གནས་པར་ཤེས་པ་དང་། རང་དང་སྤྱིའི་ཆོས་དང་ཆོས་ཅན་གྱི་མཚན་ཉིད་ཤེས་པའོ། །ཡང་དེ་ཉིད་ལས། དེ་ཡང་བསྲུང་ཐབས་འདི་ལྟ་སྟེ། །ཤེས་པ་གཅིག་གི་ཁྱད་པར་གྱིས། །ཁྱད་པར་བཅུ་ཡིས་བསྲུང་ཐབས་འཕགས། །གཅིག་ལ་དེ་བས་ཉུང་བའོ། །དམ་ཚིག་རྒྱལ་པོ་དེ་བཞིན་སྤྱོད། །ཅེས་སོ། །གཉིས་པ་སྐུ་གསུང་ཐུགས་ཀྱི་དམ་ཚིག་བྱེ་བྲག་ཏུ་བཤད་པ་ནི། ཐལ་འགྱུར་ལས། དབང་ལ་བརྟེན་

p. 268

པའི་དམ་ཚིག་བཤད། །བྱེ་བྲག་བརྗོད་ཀྱིས་མི་ལང་ཡང་། །མདོར་བསྡུས་སྐུ་དང་གསུང་དང་ཐུགས། །རྣལ་འབྱོར་ལུས་ངག་ཡིད་ལ་སྦྱར། །དམིགས་པ་བླ་མ་རྡོ་རྗེ་མཆེད། །བསྲུང་བའི་ཡུལ་གྱིས་རྣམ་པར་དབྱེ། །སྡོམ་པ་ལུས་དང་དབང་དུ་འདུས། །རྡོ་རྗེ་གསང་བའི་གནས་གཟུང་བྱའོ། །ཞེས་གསུངས་པའི་དོན་བསྟན་པ་ལ་སྐུའི་དམ་ཚིག་དང་། གསུང་གི་དམ་ཚིག་དང་། ཐུགས་ཀྱི་དམ་ཚིག་གསུམ་ལས། དང་པོ་སྐུ་ལ་ཕྱི་དང་། ནང་དང་། གསང་བ་གསུམ་པོ་རེ་རེ་ལ་ཡང་ཕྱིའི་ཕྱི་ལ་སོགས་པ་གསུམ་གསུམ་དུ་ཕྱེ་བས་དགུར་བསྟན་པའི་དང་པོ་གསུམ་ནི། དམ་ཚིག་རིན་པོ་ཆེ་རྣམ་པར་སྤུངས་པའི་རྒྱུད་ལས། སྐུ་ཡི་ཕྱི་ཡི་དམ་ཚིག་ལ། །རྣམ་པ་གསུམ་དུ་བརྟག་ཕྱེ་སྟེ། །མ་བྱིན་བླངས་པས་ཕྱི་ཡི་ཡང་། །སྐུ་ཡི་དམ་ཚིག་ཉམས་པར་འགྱུར། །དེ་ཡི་རྟགས་སུ་ཡན་ལག་ནད། །མི་བཟད་སྣ་ཚོགས་ལུས་ལ་འབྱུང་། །མི་ཚངས་སྤྱད་པ་ནང་ཡིན་ཏེ། །རྟགས་སུ་དབང་པོའི་ནད་རྣམས་སོ། །སྲོག་གཅོད་པ་ནི་གསང་བ་སྟེ། །དེ་ཡི་རྟགས་སུ་དོན་སྣོད་ནད། །རྣལ་འབྱོར་པ་ཡིས་མྱོང་བའོ། །ཞེས་སོ། །དེ་བསྐང་བའི་ཆོ་ག་ནི་དམ་ཚིག་མཆོག་གི་རྒྱུད་ལས། རྟགས་དང་སྦྱར་བའི་རྣལ་འབྱོར་པས། །ཕྱི་ཡི་ཕྱི་ལ་ལྡེར་སོ་དང་། །རི་མོའི་ལས་ནི་ལན་བདུན་གྱིས། །དེ་ཡི་སྡིག་པ་ལས་གྲོལ་བའོ། །ཞེས་སོ། །དེ་ཡང་སྔགས་ཕྱིའི་ལྷ་རྣམས་ཀྱི་བྲིས་སྐུའམ་ལྡེར་སོ་བདུན་བཞེངས་པས་བདག་གོ། དེ་བཞིན་དུ་ནང་གི་ཉམས་ན་ནང་གི་ལྷའི་ལུགས་སྐུ་བདུན་ནོ། །གསང་བ་ལ་རྡོ་རྗེ་དྲིལ་བུ་བདུན་ནམ་བཅུ་གཅིག་བླ་མ་ལ་ཕུལ་བས་བསྐངས་ཏེ། དེ་ཉིད་ལས། ཕྱི་ཡི་ནང་ལ་ལུགས་སྐུ་བདུན། །རབ་ཏུ་གནས་པས་རྩོལ་བས་བཞེངས། །བླ་མ་མཆོག་ལ་དབུལ་བར་བྱ། །ཕྱི་ཡི་གསང་བའི་རྟགས་བྱུང་ན། །རྡོ་རྗེ་དང་ནི་དྲིལ་བུ་ཉིད། །དགུའམ་བཅུ་གཅིག་བླ་མ་ལའོ། །དེས་ནི་ནད་ལས་གྲོལ་བ་དང་། །འདོད་པ་ཕུན་སུམ་ཚོགས་པ་དང་། །དགེ་དང་ཞི་བའི་ལས་འགྲུབ་དང་། །འགྲོ་བ་རྣམས་ནི་

p. 269

བྱམས་པར་འགྱུར། །ཅེས་སོ། །སྐུའི་ནང་ལ་ཡང་ཕྱི་ནང་གསང་བ་གསུམ་ནི། གསེར་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། ནང་གི་ཕྱི་ནི་སྤུན་དང་ཡང་། །གང་གིས་ཕ་དང་མ་ཉིད་དང་། །རང་གི་ལུས་ལ་མི་སྨད་དོ། །ནང་གི་ནང་ཉིད་སྤྱིར་ན་ཡང་། །ཐེག་པ་ཆེ་ཆུང་ཆོས་རྣམས་ལ། །འཇུག་པར་འདོད་དང་ཞུགས་པ་དང་། །ཞུགས་ཏེ་གཟུགས་བརྙན་འཛིན་པའི་ལུས། །སྨད་ཅིང་མཐོ་བཙམས་རྒྱན་སྨད་ན། །སངས་རྒྱས་སྐུ་ནི་བརྒྱ་ཕྲག་བསླུས། །ནང་གི་གསང་བ་རང་གི་ལུས། །ལྷ་ཡི་དཀྱིལ་འཁོར་ཡིན་པའི་ཕྱིར། །སྨན་དང་ཟས་ལ་དུག་འདྲེས་ཟོས། །གལ་ཏེ་མཚོན་གྱིས་བཏབ་ན་ཡང་། །ཟག་པའི་ལམ་མེད་ལུས་བརྒྱ་བླངས། །དེ་འོག་ཚ་བའི་དམྱལ་བ་མྱོང་། །ཞེས་སོ། །སྐུའི་གསང་བའི་ཕྱི་ནང་གསང་བ་གསུམ་ཡང་། དེ་ཉིད་ལས། སྐུ་ཡི་གསང་བའི་ཕྱི་ལ་ཡང་། །རྡོ་རྗེའི་སྤུན་ནམ་སྲིང་མོ་ཡི། །ལུས་ཀྱི་རྒྱུན་ལ་དཔྱས་པ་དང་། །མཐོ་བཙམས་ལག་གིས་བརྡེག་པའི་ཚུལ། །གལ་ཏེ་གཞན་གྱིས་བྱེད་བཅུག་ན། །འདི་ཡང་མནར་མེད་རྒྱུད་འཕེལ་འགྱུར། །ནང་གི་ཤིན་ཏུ་འདྲེས་པའི་མཆེད། །ཀུ་རེ་རྩེད་མོའི་ཚུལ་ཙམ་དུའང་། །བརྡེག་གམ་བརྡེག་པར་བརྩམས་པའམ། །རྨི་ལམ་ན་ཡང་ཡུམ་ལ་རྩེས། །དེ་མ་ཐག་ཏུ་མ་བཤགས་ན། །འདི་ཡང་སྔར་དང་སྡིག་མཉམ་མོ། །གསང་བའི་གསང་བ་བླ་མ་ཡི། །སྐུ་ཡི་གྲིབ་མ་མི་འགོང་ལ། །བླ་མའི་སྤྱན་ལམ་དག་ཏུ་ཡང་། །མཚོན་ཆ་གཟུང་བར་མི་བྱའོ། །རྐང་ལག་བརྐྱང་དང་ཉལ་མི་བྱ། །སྐྱིལ་ཀྲུང་འདུག་དང་རྒྱབ་མི་བསྟན། །ལྷམ་དང་སྟན་དང་བཞོན་པ་དང་། །གདུགས་སོགས་སྒེག་པའི་རྒྱན་རྣམས་སྤང་། །བླ་མའི་གཟིམས་ཁང་དག་ལ་ཡང་། །ལག་པས་མཚོན་ནམ་རྡོ་དག་གིས། །བརྩམ་པར་བྱ་བ་མ་ཡིན་ནོ། །དེ་དག་ལས་ནི་འབུམ་འགྱུར་དུ། །བླ་མའི་གནས་ཁང་བཤིག་པ་དང་། །སྐུ་ལ་བརྩམས་ཤིང་བསྡིགས་བྱས་པ། །འདི་ཡི་སྡིག་པ་ཕ་མཐའ་ཡས། །གལ་ཏེ་བླ་མ་བག་

p. 270

མེད་པས། །མ་སྤྱད་སྟོངས་ནའང་ཕ་མཐའ་ཡས། །མཆེད་སྤུན་སྐུ་ལ་བརྙས་བྱས་ན། །འདི་ཡི་རྣམ་སྨིན་བརྗོད་མི་ནུས། །ཞེས་སོ། །དེ་ལྟར་ན་སྐུའི་དམ་ཚིག་ལ་ཕྱི་ནང་གསང་བ་གསུམ་དུ་ཕྱེ་བས་དགུ་ཡོད་དོ། །གཉིས་པ་གསུང་གི་དམ་ཚིག་ལའང་གསུམ་ལས། དང་པོ་ཕྱིའི་ཕྱི་རྫུན་སྤོང་བ་སྟེ། འཁོར་ལོ་བརྩེགས་པའི་རྒྱུད་ལས། སྔགས་ཀྱི་མོས་པ་སྤྱོད་པ་ཡིས། །འགྲོ་བ་ཕལ་པ་དག་ལ་ཡང་། །བརྫུན་པའི་ཚིག་ནི་རང་འདོད་ཀྱིས། །སྨྲ་ལ་རྟག་ཏུ་དགའ་བ་ལ། །སྔགས་བཟླས་ནུས་པ་མི་འབྱུང་ཞིང་། །གཞན་ལ་སྨྲས་པའང་བཙུན་པ་མིན། །རང་གི་ངག་ཉིད་ཉམས་པ་ཡིས། །འགྲོ་བ་གཞན་གྱི་ལྕེ་འབབ་འགྱུར། །མ་འོངས་དུས་ན་རྨེ་ཀའི་ལུས། །བྱང་གི་ཕྱོགས་སུ་མྱོང་བར་འགྱུར། །དེ་འོག་ངན་སོང་སྡུག་བསྔལ་ཡང་། །རྣམ་པ་སྣ་ཚོགས་མྱོང་བར་འགྱུར། །ཅེས་སོ། །གསུང་གི་ཕྱིའི་ནང་གི་དམ་ཚིག་ཏུ་ཕྲ་མ་མི་སྨྲ་སྟེ། ཡང་དེ་ཉིད་ལས། སྔགས་ལ་ཞུགས་པའི་གང་ཟག་གང་། །གཞན་གཉིས་དབྱེ་འཇུག་ཕྲ་མ་སྨྲ། །ཆོས་སྨྲས་འཁོར་རྣམས་མི་འདུ་དང་། །ཅི་བྱས་ལོག་པར་འགྱུར་བ་དང་། །མ་སྤྱད་པ་ཡང་དགྲར་འགྱུར་དང་། །ལུས་ལ་མཚོན་གྱིས་འདེབས་པ་དང་། །ཤི་འཕོས་ནས་ནི་སྡེར་ཅན་ལུས། །དེ་ནས་ངན་སོང་རིམ་གྱིས་མྱོང་། །ཞེས་སོ། །ཕྱིའི་གསང་བ་གཞན་གྱི་ཞེ་གཅོད་པ་སྤོང་བ་སྟེ། ཡང་དེ་ཉིད་ལས། རྟག་ཏུ་ཞེ་གཅོད་ཚིག་སྨྲ་བ། །སྔ་མའི་ལས་དང་ཕྱི་མའི་རྟགས། །འགྲོ་བ་བྱམས་བྲལ་བཤེས་ཀྱང་སྡང་། །ཆོས་ཀྱི་ཚིག་ཀྱང་འཚོལ་བར་འགྱུར། །ཤི་འཕོས་རབ་ཏུ་དྲེགས་པའི་ལུས། །དེ་ནས་ངན་སོང་གསུམ་དུ་འཁོར། །ཅེས་སོ། །གསུང་གི་ནང་གི་གསུམ་ནི། ཆོས་སྨྲ་བ་ཕྱི། བསྒྲུབ་པ་ནང་། བསྒོམ་པ་གསང་བ་སྟེ། དམ་ཚིག་རྣམ་པར་བཀོད་པའི་རྒྱུད་ལས། སྔགས་པ་སྡོམ་ལ་གནས་པ་ཡིས། །ཆོས་སྨྲ་རྣམས་དང་ཆོས་བསྒྲུབ་དང་། །ཆོས་ནི་བསྒོས་པའི་གང་ཟག་ལ། །སྨྲེ་ཞིང་སྐུར་པ་བཏབ་པ་དང་། །གཤེ་

p. 271

ཞིང་སྨད་པའི་ཚིག་སྨྲས་ན། །གཞན་གྱི་མོས་པ་ཉམས་པ་དང་། །རང་གི་བདོག་པ་ཉམས་པ་དང་། །རང་གི་ཆོས་རྣམས་བརྗེད་ངས་ཏེ། །ཡིད་དཔྱོད་འདྲ་མིན་འཆོལ་བར་འགྱུར། །ཅེས་སོ། །གསང་བའི་གསུམ་ནི། ཕྱི་རྡོ་རྗེའི་སྤུན་སྲིང་ལ་སྨད་པ། ནང་བླ་མའི་ཕྱག་རྒྱ་དང་ཉེ་འཁོར། གསང་བ་བླ་མ་ལ་སྨོད་པ་སྟེ། ཕྱག་རྒྱ་གཉིས་སྦྱོར་གྱི་རྒྱུད་ལས། རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ཚིག་གིས་སྨྲས་དང་ངག་བཅག་ན། །བསྐལ་པ་བརྒྱ་ཕྲག་བྱེ་བར་ནི། །ངན་སོང་སྡུག་བསྔལ་མི་བཟད་ཉིད། །གང་ཟག་འདི་ཡིས་མྱོང་བ་དང་། །སྔར་མ་བྱས་དང་ད་ལྟའི་རྟགས། །རིམ་པར་མྱོང་བར་འགྱུར་བ་སྟེ། །སྔ་མ་བྱས་པས་ཚེ་འདི་ལ། །བར་ནས་ཐ་མར་མྱོང་བ་ལ། །ཡང་སྔ་ཚེ་ཡི་སྟོད་ལའོ། །འདི་ལ་བྱས་པའི་ལས་མཐའ་ནི། །ཚེ་ཡི་ཞབས་ལ་ངག་གི་ལས། །འཁོར་དང་གཞན་གྱི་ལྕེ་འབབ་དང་། །གློ་བུར་དག་ཏུ་སྨྲ་རྒྱུན་འགག །བླ་མའི་བུ་དང་ཆུང་མ་དང་། །གང་དག་ཉེ་གནས་དག་ཀྱང་རུང་། །བཀའ་ལས་འདས་ཤིང་དམ་འདས་ན། །སྔ་མ་ལས་ནི་ཉིས་འགྱུར་རོ། །ཡང་ན་བླ་མའི་བྱེ་བྲག་གིས། །རྩ་བ་དང་ནི་ཡན་ལག་གིས། །ངག་འདས་ངག་ཏུ་སྨྲས་པ་དང་། །སྒྲོ་སྐུར་འདོད་ཚིག་སྨྲ་བྱས་ན། །སྔ་མ་ལས་ནི་སྟོང་ཕྲག་འགྱུར། །རྣམ་པར་སྨིན་པ་མི་བཟད་པ། །རིམ་པས་བླ་མའི་ཁྱད་ཀྱིས་ཀྱང་། །དེ་མ་ཐག་ཏུ་མྱོང་བར་འགྱུར། །ཅེས་སོ། །བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་དང་ནི་ཉེ་བའི་འཁོར། །རྡོ་རྗེའི་སྤུན་དང་སྲིང་མོ་ལ། །ངན་སྨྲས་ཚིག་གིས་ཟུར་ཙམ་ཡང་། །བརྡའམ་དངོས་པོར་བརྗོད་མི་བྱ། །གལ་ཏེ་རྨི་ལམ་དག་ཏུ་ཡང་། །བྱུང་ན་ཡིད་ཀྱིས་བཤགས་པར་བྱ། །དངོས་དང་ཞེ་ཡིས་བྱས་པ་དང་། །གལ་ཏེ་དྲན་པས་མ་ཟིན་པར། །ཐལ་བར་གྱུར་ཀྱང་མ་བཤགས་ན། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་སོ། །དེ་ལྟར་གསུང་གི་དམ་ཚིག་ལ་ཕྱེ་བས་དགུའོ། །གསུམ་པ་ཐུགས་ཀྱི་དམ་ཚིག་ཕྱི་ནང་གསང་བ་གསུམ་ལས། དང་པོ་

p. 272

ཕྱིའི་ཕྱི་གནོད་སེམས་སྤང་བ་སྟེ། སྙིང་པོའི་དོན་རྣམ་པར་ལེན་པའི་རྒྱུད་ལས། གང་དག་སྔགས་པ་རྡོ་རྗེ་འཛིན། །སེམས་ཅན་གཞན་ནམ་རང་ཡང་རུང་། །གནོད་པར་བྱ་བའི་སེམས་འཆང་ན། །འདི་ནི་ཤུ་བ་ཅན་གྱི་ལུས། །གྲང་བའི་རེག་པར་ལྡན་པ་ཡིན། །ལུས་ནི་སྟོང་ཕྲག་ལྔ་བླངས་ནས། །གྲང་བའི་དམྱལ་བར་ངེས་པར་འགྱུར། །མཆོག་ཏུ་སྔགས་ལ་ཞུགས་པ་ལ། །གནོད་པར་བྱ་བའི་སེམས་བྱས་ན། །གོང་མའི་སྡུག་བསྔལ་མྱོང་བར་འགྱུར། །ཅེས་སོ། །ཕྱིའི་ནང་བླ་མ་དང་མཆེད་ལྕམ་ལ་གནོད་སེམས་སྤང་སྟེ། གནམ་ལྕགས་མེ་འབར་བའི་རྒྱུད་ལས། གལ་ཏེ་སེམས་ཅན་ཕལ་པ་ལ། །ཡུལ་གྱུར་གནོད་པའི་སེམས་སྐྱེས་ན། །འགྲོ་བ་ཐུན་མོང་ལུས་ཅན་ནི། །བརྒྱ་ཕྲག་གསུམ་གྱི་སྲོག་བཅད་པས། །འདི་ཡི་སྡིག་པའི་ཆ་དང་མཉམ། །གལ་ཏེ་བསྟན་པའི་རྟགས་འཛིན་པའི། །གཟུགས་ཅན་རྣམས་ལ་ལོག་འགྱུར་རོ། །སྔགས་ལ་ཞུགས་པས་ཕྲག་འགྱུར་རོ། །རྡོ་རྗེའི་སྤུན་སྲིང་བདུན་ཕྲག་གོ། བརྒྱུད་པའི་བླ་མ་བརྒྱ་ཕྲག་གོ། རྩ་བའི་བླ་མ་དེ་ཡི་བརྒྱ། །སྔགས་ཀྱི་སྒོར་ཞུགས་དབང་ཐོབ་པས། །མཆོག་ཏུ་རྣམ་སྨིན་དེ་ལྟར་རོ། །ཞེས་སོ། །ཕྱིའི་གསང་བ་རང་གཞན་གྱི་གྲུབ་མཐའ་ལ་ལོག་ལྟ་སྐྱེས་པ་སྤང་བ་སྟེ། བཀོད་པ་ཆེན་པོ་ལས། རང་ངམ་གཞན་གྱི་གྲུབ་པ་ཡི། །ཆོས་ལ་སྨོད་པ་ལོག་པའི་ལམ། །རྩ་བའི་དམ་ཚིག་ལས་འདས་ནས། །ས་སྤྱོད་མི་ཡི་སྡུག་བསྔལ་ལ། །ཡུན་རིང་བར་དུ་གནས་པའོ། །རང་གི་གྲུབ་མཐར་ལོག་ལྟ་སྐྱེས། །དམྱལ་བ་ཉིད་ལས་ཐར་སྐབས་མེད། །ཅེས་སོ། །ཐུགས་ཀྱི་ནང་གི་ཕྱི་སྤྱོད་པ་དང་། ནང་སྒོམ་པ་དང་། གསང་བ་ལྟ་བ་ལོག་པ་སྤང་བ་སྟེ། ཤེལ་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། ལྟ་དང་སྒོམ་དང་སྤྱོད་པ་ལོག །འདི་ནི་ལམ་ལོག་ཆེན་པོ་སྟེ། །སེམས་ཅན་ཀུན་གྱི་སྡུག་བསྔལ་གང་། །འདི་ཡི་སེམས་ལ་སྨིན་པར་ངེས། །ཞེས་སོ། །གསང་བའི་

p. 273

གསུམ་གྱི་ཕྱི་ལྟ་སྒོམ་སྤྱོད་པ། ནང་ཡི་དམ་གྱི་ལྷ། གསང་བ་བླ་མ་དང་མཆེད་ལྕམ་ཉིན་ཞག་ཏུ་ཡིད་ལ་མ་བྱས་པ་སྟེ། པདྨ་ཀློང་ཡངས་ཀྱི་རྒྱུད་ལས། སུ་ཡི་ཡིད་ཀྱི་ལས་འཁྱལ་ཏེ། །ཡིད་ལ་བྱ་བའི་ཆོས་རྣམས་ལ། །ཡིད་ལ་མ་བྱས་ཉམས་པ་དང་། །འདས་དང་ཞིག་པའི་ལས་ཀྱི་མཐའ། །མནར་མེད་སྡུག་བསྔལ་མྱོང་བའོ། །ཞེས་པ་དང་། ལྷན་ཅིག་སྐྱེས་པ་ཉེ་བར་ལེན་པའི་རྒྱུད་ལས། དངོས་གྲུབ་མཆོག་ནི་འདོད་པ་ཡིས། །ཡི་དམ་སྤང་བར་མི་བྱ་ཞིང་། །བླ་མ་སྤངས་ན་དངོས་གྲུབ་བརླག །གཞན་དུ་བསྒྲུབས་ཀྱང་མི་རྙེད་དོ། །དེ་ཕྱིར་ཆོས་ཕྱིར་ཁས་བླངས་དང་། །བླ་མའི་མདུན་དུ་དམ་བཅས་པ། །ཡིད་ལ་བསམས་པའི་དགེ་བའི་ལས། །དེ་ཉིད་སྤངས་ན་དངོས་གྲུབ་ཉམས། །ཞེས་པ་དང་། དམ་ཚིག་རྣམ་པར་བཀོད་པ་མཆོག་གི་སྡོང་པོའི་རྒྱུད་ལས། དམ་བཅས་འདའ་བར་མི་བྱ་ཞིང་། །བླ་མའི་ཁས་བླངས་མི་བཅག་ལ། །བླ་མའི་བྱ་བ་མ་ལོག་དང་། །རང་གི་ལུས་ངག་སེམས་རྣམས་ཀུན། །ཆོས་ལས་གཞན་པར་མི་བྱའོ། །སེམས་ཅན་ཀུན་གྱི་དོན་བྱ་ཞིང་། །རྟག་ཏུ་བླ་མ་ལ་གུས་དང་། །དམ་ཚིག་མཆོག་ལས་འདའ་མི་བྱ། །རྡོ་རྗེ་དྲིལ་བུ་གཟུང་བ་དང་། །སྔགས་ལ་འོས་པའི་རྫས་རྣམས་གཟུང་། །སྤྱིར་ཡང་རྩ་བའི་དམ་ཚིག་ལས། །གསང་བར་འོས་དང་གཉེར་གཏད་དང་། །གསང་བར་ཁས་བླངས་དམ་བཅས་དང་། །སྨྲས་དང་ཡིད་ཀྱིས་ལོག་སྤྱད་ན། །འདི་ཡང་མནར་མེད་རྒྱུད་འཕེལ་འགྱུར། །དབང་ལས་བྱུང་བའི་ཁྱར་པར་ཆོས། །གཞན་ལ་མི་བསྒྲག་སེམས་ལ་སྦྱར། །བླ་མའི་ཐུགས་ལ་གནོད་པ་ཡི། །ལུས་སམ་ངག་གམ་ཡིད་དག་གིས། །བྱ་བ་ལོག་པ་མི་བྱའོ། །དེ་བཞིན་རྡོ་རྗེའི་སྤུན་སྲིང་ལ། །གནོད་ཅིང་འཚེ་བར་མི་བྱའོ། །ཞེས་སོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་དབྱེ་བས་ཉི་ཤུ་རྩ་བདུན་གྱི་དམ་ཚིག་བསྲུང་བ་ནི་འདིའི་ཁྱད་པར་གྱི་ཆོས་སོ། །གཞན་ཡང་ཐལ་འགྱུར་ལས། གཞན་

p. 274

ཡང་དམ་ཚིག་སྡོམ་པ་བཤད། །བླ་མ་སངས་རྒྱས་མཆོད་པའི་རྟེན། །ཆོས་དང་དགེ་འདུན་ཡི་དམ་ལྷ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ལ། །ཚོགས་དང་མཆོད་པ་རྒྱུན་མི་བཅད། །བླ་མ་མཚན་ཉིད་ལྡན་མཐོང་ན། །བསྟོད་དང་མཆོད་པ་རྫོགས་པར་བྱ། །བུད་མེད་མི་སྨད་ཁྲོ་མི་བྱ། །ཕུང་པོ་མི་སྨད་ཡིི་དམ་བསྟེན། །དཀྱིལ་འཁོར་དང་ནི་སྔགས་དང་ལྷ། །ཕྱག་རྒྱ་བསྟེན་པ་ཡང་དག་ཉིད། །དད་ཅན་ཚོགས་ཉིད་མི་བཅག་ལ། །དགེ་ལྡན་སེམས་ནི་མི་དཀྲུགས་ཏེ། །སྡོམ་ལྡན་དམ་ཚིག་གནས་པར་བྱ། །གཞན་ཡང་བསླབ་པའི་རིམ་པ་ནི། །ལུས་ཀྱི་སྤྱོད་པ་རྫོགས་བྱ་སྟེ། །ངག་ནི་རབ་ཏུ་གཅད་པར་བྱ། །སེམས་ནི་གནས་དང་བརྟག་ཅིང་དཔྱད། །རིམ་འཇུག་ལས་ཀྱི་རིམ་པ་བྱ། །རྟག་ཏུ་བྱུག་དང་རི་ལུའི་ལས། །རྩ་རྣམས་ཐིག་ལེའི་དྲྭ་བར་གཞུག །ཕྲེང་བ་དོ་ཤལ་ཕྱེད་པ་ཡང་། །མཛེས་ཤིང་འཁོར་ལོ་སྒྲེལ་བར་བྱ། །དངོས་གྲུབ་མཆོག་གི་གཙོ་བོ་བླང་། །གནས་དྲུག་རྒྱན་གྱི་འཁོར་ལོས་བྱའོ། །ཞེས་པ་རྣམས་ལའང་འདའ་ཉམས་མེད་པས་ནན་ཏན་བྱའོ། །འདི་དག་ལས་འདས་ན་ཉེས་པ་ཚད་མེད་དེ། འཁོར་ལོ་རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། སྐུ་ཡི་དམ་ཚིག་ལས་འདས་ན། །སངས་རྒྱས་སྐུ་ཞེས་ཚིག་དང་འབྲལ། །འདི་ལྟར་ཁམས་གསུམ་སེམས་ཅན་རྣམས། །སྲོག་ནི་དུས་གཅིག་བཅད་པ་བས། །ཕས་ཕམ་པས་ནི་སྡིག་མཐའ་ཡས། །དེ་བཞིན་གསུང་གི་ཞིག་པ་ན། །སངས་རྒྱས་གསུང་གི་ཚིག་མི་གནས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །ལྕེ་ཡི་དབང་པོ་དུས་གཅིག་ལ། །བཅད་པའི་སྡིག་པས་འདི་མཐའ་ཡས། །གལ་ཏེ་ཐུགས་ཉམས་གྱུར་པ་ཡང་། །ཁམས་གསུམ་གང་བའི་བསམ་གཏན་པའི། །དགེ་ལ་གནས་པའི་དགེ་སློང་རྣམས། །དུས་གཅིག་སེམས་དཀྲུགས་སེམས་སུན་ཕྱུང་། །འདི་བས་སྡིག་པ་ཆེ་འཕེལ་འགྱུར། །ཅེས་སོ། །ཁྱད་པར་དུ་བླ་མ་ལ་བརྟེན་པའི་ཉམས་ཆག་ལྕི་སྟེ། དཔལ་ནམ་མཁའ་མི་ཟད་

p. 275

པའི་རྒྱུད་ལས། གལ་ཏེ་ངན་པའི་སེམས་མེད་པར། །དྲན་པ་ཉམས་པས་རྨི་ལམ་མམ། །བག་མེད་གྱུར་པའི་མི་དགེ་རྣམས། །བླ་མ་ལ་དམིགས་བཤགས་པར་བྱ། །ལུས་ཀྱི་ཉེས་པ་ལུས་ཀྱིས་ཏེ། །དེ་བཞིན་ངག་དང་སེམས་ཀྱང་ངོ་། །དེ་མ་ཐག་ཏུ་མ་བཤགས་ན། །འདིས་ཀྱང་མནར་མེད་སྡུག་བསྔལ་མྱོང་། །ཞེས་སོ། །དེའང་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་ལ། བདག་ལ་བླ་ན་མེད་པའི་ཆོས་ད་རེས་ཀྱིས་འཁོར་བ་ལས་སྒྲོལ་བ་སྟོན་པས་ཡུལ་གཉན་པའི་ཕྱིར། ཇི་སྐད་གསུངས་པ་བཞིན་བསྒྲུབ་ཅིང་། མ་དད་པ་དང་། ལོག་པར་སེམས་པ་དང་། འཚེ་བ་དང་། སྨྲ་བ་ལ་སོགས་པ་སྤང་དགོས་ཏེ། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་ཞལ་སྔ་ནས། བླ་མ་མཆོག་གིས་བཀའ་སྩལ་པ། །གལ་ཏེ་ཉེས་པའི་སྐྱོན་རིག་ཀྱང་། །ཇི་སྐད་སྨྲས་པ་དེ་བཞིན་བྱ། །དེ་བཞིན་བླ་མའི་བྱ་བ་ལ། །ལུས་ཀྱི་སྡུག་བསྔལ་མཆོག་གྱུར་ཀྱང་། །རང་གི་ནུས་པས་འབད་དེ་བྱ། །བླ་མའི་ཐུགས་ནི་སྐད་ཅིག་ཀྱང་། །དཀྲུག་པར་བྱ་བ་མ་ཡིན་ནོ། །བླ་མའི་ཟས་དང་ནོར་རྣམས་ལ། །རང་གི་སྲོག་བས་ཕངས་པ་བཞིན། །རྣལ་འབྱོར་པས་ནི་རྟག་ཏུ་བྱ། །གལ་ཏེ་བླ་མའི་ཞིང་ཁམས་སུ། །ཆོས་བཤད་དབང་བསྐུར་རབ་གནས་དང་། །བསམ་གཏན་བསྒོམ་པར་བྱ་བ་རྣམས། །རྗེས་མ་གནང་བར་མི་བྱའོ། །མདོར་ན་ལུས་དང་ངག་ཡིད་ཀྱིས། །བྱ་བའི་རྣམ་པ་གང་བྱེད་ཀྱང་། །བླ་མར་མ་ཞུས་མ་གནང་བར། །ཅུང་ཟད་ཙམ་ཡང་མི་བྱའོ། །གཞན་ཡང་དགེ་བའི་ལས་གང་ཡང་། །བླ་མ་ལ་ཞུས་བརྩམ་པར་བྱ། །རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ། །བླ་མ་མཆོག་དང་འབྲལ་མི་བྱ། །དུས་གསུམ་ཟས་ནི་ནམ་ཟ་ཡང་། །སུམ་ཆར་བཅད་པའི་ཕུད་རྣམས་ཀྱིས། །བླ་མ་མཆོག་ལ་དབུལ་བར་བྱ། །ནོར་དང་དཀོན་པའི་རིན་པོ་ཆེས། །བླ་མ་རྡོ་རྗེ་འཛིན་པ་ལ། །འདོད་པ་མེད་ཀྱང་ཕྱོགས་སུ་དབུལ། །ཅི་དང་ཅི་ཡི་ཕུད་རྣམས་ཀྱིས། །བླ་མ་མཆོག་

p. 276

ལ་བསྔོས་ཏེ་དབུལ། །མདོར་ན་བདག་གི་བསམ་པ་ཀུན། །རྣམ་པར་དག་པ་ཟོལ་མེད་པར། །བླ་མའི་ཕྱོགས་སུ་དམིགས་པར་བྱ། །ལེགས་པའི་ཡོན་ཏན་ཐམས་ཅད་འགྲུབ། །ཅེས་སོ། །དགོས་པ་ནི་ཐལ་འགྱུར་ལས། བླ་མ་བསྟེན་པས་འཁོར་རྒྱུན་འགག །དབང་བསྐུར་བསྟེན་པས་ལུས་ངག་སྨིན། །དམ་ཚིག་བསྟེན་པས་དངོས་གྲུབ་འབྱུང། །ལྟ་བ་བསྟེན་པས་ཁམས་གསུམ་འཆད། །སྒོམ་པ་བསྟེན་པས་འཁྲུལ་པ་འགག །སྤྱོད་པ་བསྟེན་པས་ལུས་སྦྱངས་འགྱུར། །བསྟེན་བྱ་འདི་ལས་གང་བྱུང་བ། །འདི་ཉིད་དམ་ཚིག་སྡོམ་པའོ། །ཞེས་སོ། །དེ་ཡང་དམ་ཚིག་གི་རིམ་པ་ལས་འདས་ན་བསྐང་བའི་ཆོ་ག་ལ་འབད་ཅིང་། སོ་སོའི་འདའ་ཉམས་ཀྱི་ཁྱད་ཤེས་པས་བཤགས་པར་བྱའོ། །ངོ་བོའི་འདའ་ཉམས་ནི་བཤད་པ་རྣམས་ཡིན་ལ། དུས་ཀྱི་འདའ་ཉམས་ནི་དམ་ཚིག་ཉམས་པ་གཅིག་ལའང་། དུས་རིང་དུ་སོང་ཞིང་ལྕིར་སོང་བས། ཉམས་པའི་འགལ་བ། ཉམས་པ། འདས་པ། རལ་བ་དང་བཞིར་ཤེས་པར་བྱའོ། །དེ་ལ་དམ་ཚིག་ལས་འགལ་བ་ནི་ཕྱོགས་མཐུན་གྱི་ཉེས་པས་གོས་པ་ཡིན་མོད་ཀྱི། སྐབས་འདིར་ཉམས་པའི་འགལ་བ་ལ་སྦྱར་ན། དམ་ཚིག་ཉམས་པའི་ཉེས་པ་ཞག་གིས་བར་མ་ཆོད་པ་ལ་དམ་ཚིག་ལས་འགལ་བ་ཞེས་བརྗོད་དོ། །ཟླ་བས་བར་མ་ཆོད་པ་ནི་ཉམས་པའོ། །ལོས་བར་མ་ཆོད་པ་ནི་འདས་པའོ། །ལོ་གཉིས་དང་གསུམ་སོང་བ་ནི་རལ་བའོ། །དེ་དག་ལ་སོ་སོའི་བསྐང་ཐབས་ཀྱང་ཤེས་པས་བསྐང་བར་བྱ་སྟེ། རྡོ་རྗེ་ཉི་མ་དམ་ཚིག་བཀོད་པའི་རྒྱུད་ལས། སྤྱིར་ན་དམ་ཚིག་ཁྱད་པར་ལས། །དུས་ལས་ཁྱད་པར་ངེས་ཕྱེ་བ། །དམ་ལས་འགལ་ཞེས་ཉེས་བྱས་གང་། །ཞག་གིས་བར་མ་ཆོད་པར་ནི། །དམིགས་པའི་ཡུལ་ལ་བཤགས་བྱས་ན། །དེས་ནི་སོར་ཡང་ཆུད་པའོ། །ཉམས་ཞེས་ཟླ་བས་མ་ཆོད་པར། །འགྱོད་པ་དྲག་པོས་བཤགས་པས་སོ། །

p. 277

དམ་ལས་འདས་ན་ལོ་དག་གིས། །བར་དུ་མ་ཆོད་བཤགས་པས་སོ། །ལོ་ནི་གཉིས་དང་གསུམ་དག་ལས། །དམ་ཚིག་རལ་བ་ཞེས་བྱ་བ། །མཆོག་ཏུ་དྲག་ན་གསོ་རུ་རུང་། །ལོ་གསུམ་དག་ལས་འདས་ནས་ནི། །དེ་ནི་གསོར་ཡང་མི་རུང་སྟེ། །གལ་ཏེ་བླངས་ན་གཉིས་ཀ་འཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལ། །རྒྱུན་དུ་སྤྱོད་པ་ཁོ་ནའོ། །འགལ་ན་ཚོགས་ཀྱི་འཁོར་ལོས་བཤགས། །ཉམས་ན་རང་གི་བདོག་པས་བསྐང་། །འདས་པ་བུ་དང་ཆུང་མ་དང་། །ཉེ་འཁོར་ལུས་དང་ངག་དག་དང་། །ཡིད་དང་བདོག་པར་བཅས་པས་བསྐང་། །རལ་བ་རང་གི་སྲོག་གིས་བསྐང་། །དེ་ལས་ཕྱིར་ཡང་གྱུར་པ་ན། །ཉམས་པ་ཆེན་པོ་ཞེས་བྱ་སྟེ། །གསོ་བར་རུང་བ་མ་ཡིན་ནོ། །ཞེས་སོ། །གསུམ་པ་བླ་ན་མེད་པའི་དམ་ཚིག་བཤད་པ་ནི། ཡི་གེ་མེད་པ་ལས། དེ་དུས་བསྲུང་བའི་མཚམས་འདས་པའི། །མེད་དང་གཅིག་པུ་ཕྱལ་བ་ཡིས། །དེ་ཡི་གྲོགས་སུ་དེ་འགྱུར་རོ། །ཞེས་གསུངས་པའི་དོན་ཅུང་ཟད་བཤད་ན། རང་གི་རྟོགས་པའི་སྟེང་ནས་ཐག་ཆོད་པར་དྲང་ཐད་དུ་བརྗོད་དེ། །འདི་ལྟར་རང་བཞིན་རྫོགས་པ་ཆེན་པོའི་དམ་ཚིག་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་བསྲུང་མཚམས་ལས་འདས་པའི་ངོ་བོ་ལས་མི་གཡོ་བར་བྱེད་པའོ། །དེ་ཡང་ངོ་བོ་ཀ་དག་ལ་ལྟོས་ནས་ཁྲེགས་ཆོད་ཀྱི་དམ་ཚིག་ཏུ་འཁོར་བའི་ཆོས་སུ་སྣང་ངོ་ཅོག་སྣང་སྲིད་སྣོད་བཅུད་ཕྱི་ནང་ཐམས་ཅད་ཡེ་ནས་མེད་པ་སྨིག་རྒྱུའི་ཆུ་ལ་སོགས་པ་སྒྱུ་མའི་དཔེ་བརྒྱད་དུ་ཤེས་པས་སྣང་བ་ལ་བདེན་ཞེན་གྲོལ་བའི་དགོས་པ་ཡོད་དོ། །ཕྱི་ནང་ཡུལ་མེད་དུ་རྟོགས་པའི་ངང་ལ་སེམས་འཛིན་གྱི་འཇུར་བུས་མ་བཅིངས་པའི་རིག་པ་ཕྱལ་བ་བར་མེད་ཆེན་པོར་སྐྱོང་ཞིང་། ཞེན་འཛིན་གང་ཡང་མི་བྱ་བར་སྒོ་ལྔ་ཧར་སངས་ཡུལ་མེད་ཀྱི་རིག་པ་རྟེན་མེད་དུ་རྗེན་ལ་ཕུད་ནས་ཕྱལ་ཕྱལ་གཏོང་བ་ནི་ཕྱལ་བ་ཞེས་བྱ་སྟེ། སྣང་བཏགས་ཆོས་ཉིད་དུ་གྲོལ་བའི་དགོས་པ་ཡོད་དོ། །རང་བཞིན་ལྷུན་གྲུབ་ལ་

p. 278

ལྟོས་ནས་ཐོད་རྒལ་གྱི་དམ་ཚིག་ཏུ། རང་བྱུང་གི་ཡེ་ཤེས་ལ་ཡོན་ཏན་ལྷུན་གྱིས་གྲུབ་པས་ཚོགས་ལ་མ་ལྟོས་པར་རང་ངོ་ཤེས་པས་འགྲུབ་པར་ཐག་བཅད་ནས། འོད་ལྔ་རང་གསལ་ལྷུན་གྲུབ་ཀྱི་ངོ་བོ་སྣང་བ་བཞིའི་ཉམས་ལེན་དང་མི་འབྲལ་བར་བྱས་པས། སངས་རྒྱས་རང་ཆས་སུ་གྲུབ་སྟེ། གཞན་ནས་ཚོལ་མི་དགོས་པའི་དགོས་པ་ཡོད་དོ། །རྐྱེན་སྣང་དང་བདེ་སྡུག་བྱུང་ཚོར་དང་རྣམ་རྟོག །སྣང་བ་དང་རིག་པ་ཅི་ཤར། ཅི་སྣང་། ཅི་རིག་ཀྱང་རང་བྱུང་གི་ཡེ་ཤེས་གཅིག་པུར་ཐག་ཆོད་པས། ཐམས་ཅད་རང་གྲོལ་ལྷུན་མཉམ་ཆེན་པོའི་དགོངས་པ་ལས་མི་འདའ་ཞིང་། ངོ་བོ་ཆོས་ཀྱི་སྐུ་ཀ་དག་དང་ལྷུན་གྲུབ་ཁྲེགས་ཆོད་དང་ཐོད་རྒལ་གཉིས་སུ་མེད་པར། ཆོས་ཉིད་ཟད་ས་ལ་ཤ་ར་ར་འོལ་ལ་ལ། ཡེ་རེ་རེ་སངས་སངས་སངས་གཏན་སྲིད་ཟིན་པའི་དགོས་པ་ཡོད་དོ། །དེ་ཐམས་ཅད་ཀྱང་རང་གསལ་ཟང་མ་རང་ཟད། རང་སངས་རང་གྲོལ། རྗེས་མེད་དུ་བུ་ནུ་ནུ། ཕྱོད་དོ་དོ། གཏད་མེད་ཡེ་སངས་ཀུན་ཏུ་བཟང་པོའི་དགོངས་པ་ལ་སླེབ་པས། ཆོས་ཟད་བློ་ཟད་ཡེ་ཟད་ཆེན་པོ། སུ་ཡང་འཁོར་མ་མྱོང་སྟེ། འཁོར་བ་ཡེ་ཟད། སུ་ཡང་འདའ་མ་མྱོང་སྟེ། མྱང་འདས་ཡེ་གྲོལ། རིག་པས་ཆོག །མ་རིག་པས་ཆོག །ཡོད་པས་ཆོག །མེད་པས་ཆོག །འཁོར་བས་ཆོག །འདས་པས་ཆོག །བཟང་བས་ཆོག །ངན་པས་ཆོག །རྟོགས་པས་ཆོག །མ་རྟོགས་པས་ཆོག །ཆོས་ཡོད་མ་མྱོང་། སུས་ཀྱང་བྱས་པ་མེད། བྱས་པ་ལ་དགོས་པ་མེད། མེད་པ་ལ་བློ་གཏད་མི་འཆའ་བར་རང་ཤར་ཏེ། སྐྱ་སང་སང་སངས། རྗེས་ཡལ་ལ་ལ། རང་རྗེན་ནེ་ནེ། ཟང་ཐ་ལ་ལ། ཕྱད་མ་ཕྱོད། ཡལ་མ་ཡོལ། བན་མ་བུན། སང་མ་སེང་། ཁྲལ་མ་ཁྲོལ་དུ་ཤར་བ་ནི། རྫོགས་པ་ཆེན་པོ་ཡེ་གྲོལ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་པ་ཞེས་བྱའོ། །འདི་ལྟ་བུའི་དམ་ཚིག་ལ་གནས་པ་ནི་སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པ་སྟེ། མ་བྱས་པར་ཟིན། མ་ཕྱིན་པར་སླེབ། མ་བཙལ་བར་རྙེད།

p. 279

མ་བསྒྲུབས་པར་གྲུབ། མ་སྤངས་པར་དག །ཕྱ་སངས་སངས་སངས། བླ་མ་དམ་པའི་དགོངས་པ་དང་མཉམ་མོ། །རྗེས་སྙོགས་སོ། །ལས་ཟིན་ནོ། །བྱ་བྲལ་ལྷུན་གྱིས་གྲུབ་པའི་དགོངས་པ་ལ་སླེབས་སོ། །ཀློང་ཆེན་རབ་འབྱམས་བཟང་པོར་ད་རེས་གྱུར་ཏོ། །ཨ་ལ་ལ། གནད་ཡིན་ཏེ་མ་གོ། རྟོགས་པས་ཆོག་སྟེ་འབད་དགོས། བཞག་པས་ཆོག་སྟེ་སུ་ལས་བྲེལ། ཐོས་ཀྱང་ཚིག་རོ། གོ་ཡང་རྣམ་རྟོག །རྟོགས་ཀྱང་ཕོ་ཚོད། བསྒོམས་ཀྱང་བློས་བྱས། དཔྱད་ཀྱང་གཉིས་འཛིན། བསྒྲུབས་ཀྱང་འཁོར་བ། ད་རུང་ཆོས་ཉིད་ཀྱི་རྒྱ་འབྱམས་རང་ག་ན་ཡོད་དེ། འཁོར་བ་ལས་སྔ་འདྲེས་གཅིག་གིས་མ་འཕགས་པའི་སློབ་མ་ལ། རང་བཞིན་རྫོགས་པ་ཆེན་པོའི་ལས་འབྲེལ་གཅིག་ཀ་འོང་གི། ཆོས་ཟད་པོ་བདག་གི་སྣང་བ་ལ་བལྟས་པས། བློ་ཟད་པོ་གཅིག་པུར་དགོད་མོ་ཤོར་ནས། བྱར་མེད་པོ་ཆོས་ཉིད་ཀྱི་གཏན་སྲིད་ཟིན་པས། རེ་དོགས་གཉིས་འཛིན་གྱི་འཕྲང་ལས་གྲོལ་ཏེ། བསྒོམས་པས་ཆོག །བཞག་པས་ཆོག །བྱས་པས་ཆོག །བོར་བས་ཆོག །འདི་ཡིན་གཏད་སོའི་ཆོས་མེད་པོ་བདག་ལ། རང་བབས་ལྷུན་གྲུབ་ཀྱི་དགོངས་པ་ཆུ་འོ་དང་འདྲ་ཡང་། གཅིག་གིས་ཀྱང་ཁོ་བོའི་དགོངས་པ་མ་ལོན་པ་ཡ་ཆ། ཐམས་ཅད་ཡེ་ཟིན་དུ་འདུག་སྟེ་ཡང་བྱེད། ཡེ་གྲོལ་དུ་འདུག་སྟེ་ཡང་འགྲོལ། ཡེ་བཞག་ཏུ་འདུག་སྟེ་ཡང་འཇོག །ཡེ་བསྒོམས་སུ་འདུག་སྟེ་ཡང་བསྒོམ། ཡེ་ལྟས་སུ་འདུག་སྟེ་ཡང་ལྟ། ཡེ་བགྲོད་དུ་འདུག་སྟེ་ཡང་བགྲོད། བྱར་མི་འདུག །བྱེད་མི་དགོས། བྱས་པས་ཟིན་པ་མེད། བྱ་བ་ལས་འདས། བྱ་མི་བྱའི་རྩིས་མེད། བསྒོམ་མི་དགོས། བསྒོམ་དུ་མེད། བསྒོམ་པ་ལས་འདས། བསྒོམས་ཤིང་ཕུང་། བལྟ་མི་དགོས། བལྟར་མེད། བལྟ་བྱ་ལས་འདས། གང་ལ་བལྟ། བཙལ་མི་དགོས། བཙལ་དུ་མེད། ཚོལ་བ་ལས་འདས། རྙེད་པ་མེད། འདི་

p. 280

ལྟར་ཟང་མ་ཐལ་བྱུང་དུ་འདུག་སྟེ། བཤད་ཀྱང་མི་གོ་བའི་མི་ལ་རྟོགས་པའི་ལས་འབྲེལ་མེད་པ་དགོད་བྲོ། །ཡེ་གཞག་ཆོས་ཟད་པོའི་སློབ་མ་རྣམས་དགོངས་པ་མ་རྙེད་པ་པྲ་ཡས། གང་ལ་བལྟས་ཀྱང་མཁའ་དག་ཀློང་ཆེན་གྱི་དགོངས་པར་ཤར་བས་ཉམས་དགའ། ཟད་པའི་ས་ལ་རྟག་ཏུ་སྐྱོལ་བས་འཁོར་འདས་རིས་མེད་དུ་སངས་པའི་རྣལ་འབྱོར་པ་ལགས་སོ། །དོན་འདི་འདྲའི་དགོངས་པ་ཚིག་ཏུ་བརྗོད་པས། མ་འོངས་པའི་སྐལ་ལྡན་རྣམས་ལ། ཁོ་བོ་དང་དངོས་སུ་ཕྲད་པའི་འདྲ་འབག་བཞེངས་པས་རྟོགས་པ་རང་འཁྲུངས་སུ་འཆར་བའི་མོས་རྟེན་མཛོད་ཅིག །དེ་ལྟར་རྟོགས་པ་ལྟ་བའི་དམ་ཚིག་ཆེན་པོ་བཞི་ལ་རྟག་ཏུ་གནས་པར་བསྟན་པ་ནི། རིག་པ་རང་ཤར་ལས། དམ་ཚིག་བསྲུང་དུ་མེད་པས་ཡེ་ནས་བསྲུང་དང་བྲལ། །མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པུ་ཉིད། །གསང་སྔགས་ཀུན་གྱི་དགོངས་པ་ཆེན་པོ་ཡིན། །ཅེས་གསུངས་སོ། །འདི་དག་ནི་གནད་གལ་པོ་ཆེའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། དམ་ཚིག་རྣམ་པར་བཀོད་པ་སྟེ་རིམ་ཁང་བདུན་པའོ།། །།

རིམ་ཁང་བརྒྱད་པ། གདོད་མ་གཞིའི་གནས་ལུགས་བསྟན་པ།

p. 281

དེ་ལྟར་དབང་དང་དམ་ཚིག་གི་རྒྱལ་པོ་རྒྱ་ཆེར་བསྟན་ནས། ད་ནི་སྙིང་པོ་དོན་གྱི་རང་བཞིན་གཏན་ལ་དབབ་པ་ལས། དང་པོ་གཞི་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དོན་དམ་པའི་བདེན་པ་གསང་སྔགས་རྡོ་རྗེའི་གནས་དཀའ་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ངོ་བོ་བསྟན་པ་ལ་གཉིས་ཏེ། གཞི་བདུན་གྱི་རང་བཞིན་སྤྱིར་བསྟན་པ་དང་། བླ་ན་མེད་པའི་གཞི་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། གཞི་བདུན་གྱི་ངོ་བོ་མདོར་བསྟན་པ། མཐར་འཛིན་གྱི་གཞི་བདུན་སྐྱོན་ཅན་དུ་བསྟན་པ། ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་གཞི་རང་གཞུང་དུ་དགོད་པའོ། །དང་པོ་ནི་སྤྱིར་རྫོགས་པ་ཆེན་པོའི་ལུགས་ཀྱིས་གཞིའི་འདོད་ལུགས་བདུན་དུ་བསྟན་པ་ནི། གྲུབ་པའི་མཐའ་སྨྲ་བའི་རང་གཞུང་སོ་སོས་འཛིན་པ་སྟེ། དེ་ཡང་གཞི་ཀ་དག་ཏུ་འདོད་པ། གཞི་ལྷུན་གྲུབ་ཏུ་

p. 282

འདོད་པ། གཞི་མ་ངེས་པར་འདོད་པ། གཞི་ངེས་པ་དོན་གྱི་དངོས་གཞི་པར་འདོད་པ། གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ། གཞི་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པ། གཞི་སྣ་ཚོགས་སུ་འདོད་པ་དང་བདུན་ནོ། །དེ་དག་ཀྱང་ངོ་བོ་ཀ་དག་གི་ཕྱོགས་རེ་ལ་བཏགས་ནས་སོ་སོར་ཁས་བླངས་ཏེ། རང་བྱུང་གི་ཡེ་ཤེས་འདི་ལ། གང་ཡང་ཡོད་མེད་ཀྱི་ཁས་ལེན་མེད་ཅིང་། སྤྲོས་བྲལ་ཐིག་ལེ་ཆེན་པོའི་ཆ་ནས་གཞི་ཀ་དག་ཏུ་འདོད་པའོ། །རིག་པའི་ངོ་བོ་ལ་ཡོན་ཏན་རང་ཆས་སུ་ཡེ་ནས་གནས་པ་ཉི་མ་དང་ཟེར་གྱི་ཚུལ་དུ་ལྡན་ཞིང་དྲི་མ་མེད་པར་འདོད་པ་ལྷུན་གྲུབ་བོ། །རིག་པའི་ངོ་བོ་ལ་འདི་ཡིན་གཅིག་ཏུ་མ་གྲུབ་པས་ཕྱོགས་ཡན་སྤྲོས་མེད་ཆེན་པོར་འདོད་པ་མ་ངེས་པའོ། །རིག་པའི་ངོ་བོ་འཕོ་འགྱུར་མེད་པར་འདོད་པ་ངེས་པ་ཅན་ནོ། །རིག་པའི་ངོ་བོ་ལ་ཅིར་ཡང་འཆར་བར་འདོད་པས་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པའོ། །རིག་པའི་ངོ་བོ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བར་འདོད་པས་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པའོ། །རིག་པའི་ངོ་བོ་ལ་སྣང་ཚུལ་གོ་མ་འགགས་པར་སྣང་བར་འདོད་པས་སྣ་ཚོགས་སུ་འདོད་དེ་ཁྲ་བོ་ཞེས་བྱའོ། །འདི་དག་ཀྱང་རིག་པ་གཅིག་ལ་སོ་སོའི་འཐད་གཞུང་ཕྱོགས་རེ་མཐོང་ནས་བཞག་པ་ཡིན་ཏེ། ཐལ་འགྱུར་ལས། བབས་ལས་གྲུབ་པའི་གནས་ལུགས་ནི། །གནས་པ་བདུན་གྱི་ཚུལ་ལས་ཀྱང་། །སྣ་ཚོགས་ངོས་ནས་ལྷུན་གྲུབ་ལ། །འགྱུ་ཚད་ཆ་ནས་ངེས་མེད་དོ། །མི་འགྱུ་བ་ལས་ངེས་པ་ཅན། །སྣང་བའི་ཚད་ནི་ཅིར་ཡང་བསྒྱུར། །ཐམས་ཅད་འབྱུང་ཕྱིར་ཁས་ལེན་བཅས། །འཁྲུལ་པ་དག་ཕྱིར་ཀ་དག་ལ། །སྣང་ཚུལ་མཐའ་དག་ཁྲ་བོར་འདོད། །ཅེས་པ་དང་། ཀློང་དྲུག་པ་ལས། ཐོག་མ་བབས་ཀྱིས་གྲུབ་པའི་གཞི། །ཡོད་ནི་གཅིག་ལས་མེད་པ་ལ། །འཁྲུལ་པར་སྣང་བའི་ཕྱོགས་དག་ནས། །རྟོགས་

p. 283

པ་རྣམས་ཀྱིས་གཏན་ཕབ་ན། །རིམ་པ་བདུན་གྱི་ཚུལ་དུ་སྣང་། །རིམ་པ་བདུན་གྱི་སྣང་བ་ཡང་། །ངོ་བོ་གཅིག་གི་སྣང་ཚུལ་ལས། །གཅིག་མ་ཤེས་པས་དེ་ལྟར་སྣང་། །འོན་ཀྱང་དེ་དོན་འདི་ལྟ་སྟེ། །ལྷུན་གྲུབ་ཉིད་དུ་གནས་པ་ལ། །སྣ་ཚོགས་འདུས་པས་སྙིང་པོར་སྣང་། །ངེས་པ་མེད་པར་གནས་པ་ལ། །འགྱུར་བྱེད་ཡིད་བཅས་རྣམ་པར་སྣང་། །ངེས་པ་རང་ངོར་གནས་པ་ལ། །དྲན་བྱེད་འཕོ་བ་མེད་པར་སྣང་། །བསྒྱུར་དུ་བཏུབ་པར་གནས་པ་ལ། །འབད་དེ་བློ་ཡི་རྣམ་པར་སྣང་། །ཅི་ཡི་ངོ་བོར་གནས་པ་ལ། །གང་སྣང་རང་གི་ངོ་བོར་སྣང་། །ཁྲ་བོ་དག་ཏུ་གནས་པ་ལ། །སྣ་ཚོགས་སོ་སོའི་ཚུལ་དུ་སྣང་། །ཀ་ནས་དག་པར་གནས་པ་ལ། །དྲི་མ་ཡེ་ནས་མེད་པར་སྣང་། །འདི་ཀུན་བློ་ཡི་རིམ་པ་ལས། །རང་ངོ་ཀ་ནས་དག་པའོ། །ཞེས་སོ། །གཉིས་པ་མཐར་འཛིན་གྱི་གཞི་བདུན་སྐྱོན་ཅན་དུ་བསྟན་པ་ནི། ལོང་བ་བདུན་གྱིས་གླང་པོ་ཆེ་བརྗོད་པ་ལྟར། རིག་པའི་ཕྱོགས་རེ་རྟོགས་པའི་ཆ་ལ་ཞེན་པའི་ཁས་ལེན་གཏིང་ཚུགས་པ་རེ་བཅས་ནས་འདོད་པས། དེ་དག་དགག་པ་ལ་དོན་བདུན་ལས། དང་པོ་ལྷུན་གྲུབ་ཏུ་འདོད་པ་དགག་པ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི་ལྷུན་གྱིས་གྲུབ་པའི་གནས་ལུགས། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་བར་འདོད་དོ། །གཉིས་པ་ནི་དང་པོ་ནས་ལྷུན་གྱིས་གྲུབ་ན་འཁོར་བ་རྟག་ཏུ་འཁོར་བས་གྲོལ་བར་མི་རིགས་ཏེ་ལྷུན་གྲུབ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པའང་རང་ངོ་ཤེས་པ་ལ་སོགས་པའི་རྐྱེན་ལ་མི་ལྟོས་པར་ཐལ་ཏེ། དང་པོ་ནས་མྱང་འདས་སུ་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །དེ་གཉིས་ཀྱི་གཞི་ལྷུན་གྲུབ་ཡིན་ནོ་ཞེས་པའང་མི་རིགས་ཏེ། ལྷུན་གྲུབ་ཡིན་ན་མི་འགྱུར་བས་འཁོར་འདས་འབྱུང་བར་མི་རིགས་སོ། །ཡང་ན་སུ་ཡང་འབད་མེད་དུ་གྲོལ་བར་འགྱུར་ཏེ། རྒྱུ་འབྲས་ཡེ་ནས་ལྷུན་གྲུབ་

p. 284

ཡིན་པའི་ཕྱིར་རོ། །དེ་ལྟ་ན་རྒྱུ་འབྲས་དུས་མཉམ་པར་ཐལ་ལ། འདོད་ན་རྒྱུ་འཁོར་བ་ཡིན་དུས། འབྲས་བུ་མྱ་ངན་ལས་འདས་པ་མ་ཡིན་པས་གསལ་ལ། དེ་གཉིས་གཅིག་ན་འཁོར་བ་མྱང་འདས་སུ་ཐལ་ལ། མྱང་འདས་འཁོར་བར་ཐལ་ཏེ་དེ་གཉིས་གཅིག་ཡིན་པའི་ཕྱིར་རོ། །འདོད་ན་ཐ་དད་པར་མི་རུང་ལ། དག་མ་དག་འདུག་པས་གསལ་ལོ། །དེ་དག་དང་གཞན་ཡང་སྐྱོན་དུ་མ་གནས་ཏེ། ཀློང་དྲུག་པ་ལས། ལྷུན་གྲུབ་སྣ་ཚོགས་གཞི་དེ་ཡང་། །ཡང་དག་གཞི་ཉིད་མ་ལགས་ཏེ། །གལ་ཏེ་ཡིན་ན་འདི་ལྟར་འགྱུར། །འདི་དག་སེམས་ཅན་འབད་པས་ནི། །གྲོལ་བ་ཉིད་དུ་མི་འགྱུར་ཏེ། །མ་རིག་ཉིད་ཀྱིས་སྦགས་པའི་ཕྱིར། །རིག་པ་ཡོད་པས་གྲོལ་གསུངས་ན། །འབྲས་བུའང་གྲོལ་ཉིད་མི་འགྱུར་རམ། །དཔེར་ན་སོལ་བ་ནག་པོ་ལ། །བྱི་དོར་དག་གིས་དཀར་པོ་ཡི། །མདོག་ཏུ་བསྒྱུར་བར་མི་ནུས་བཞིན། །རྒྱུ་དང་འབྲས་བུ་ཐ་དད་པས། །ཡང་ན་ལྷུན་གྲུབ་མ་ལགས་སོ། །དེ་བཞིན་རྒྱུ་དང་འབྲས་གཅིག་ན། །འབད་པ་རྣམས་ལ་དགོས་མེད་འགྱུར། །དེ་ཕྱིར་ལྷུན་གྲུབ་ཅེས་པའི་གཞི། །དོན་ངོ་བཏུབ་པ་ལགས་མ་ལགས། །ཀུན་ཏུ་བཟང་པོས་བདག་ལ་གསུངས། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །ཇི་ལྟར་ཁྱོད་ཀྱིས་གོ་བ་བཞིན། །འདི་ཉིད་ཤེས་བྱའི་ཆོས་ཙམ་ལས། །ཡང་དག་ངོ་བོ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ལའང་འདོད་པ་དགོད་པ་ནི། གཤིས་མ་གྲུབ་པས་མ་ངེས་ལ། རྐྱེན་གྱིས་བསྒྱུར་བས་མ་ངེས་ཏེ། སེམས་སྡེ་ལས། ངེས་མེད་མིང་གི་སྣ་ཚོགས་ལས། །དོན་ཀྱང་བཏགས་པ་ཙམ་གྱིས་སྟོང་། །རང་བཞིན་གཅིག་ཏུ་མ་ངེས་པས། །གང་ལྟར་བཏགས་པ་དེ་ལྟར་སྣང་། །ཞེས་སོ། །གཉིས་པ་དེ་དགག་པ་ནི། གཅིག་ཡིན་ན་གཅིག་མ་ཡིན་པ་དངོས་འགལ་རྫས་ཐ་དད་པའི་རིགས་པས་གནོད་དེ། གཞི་མ་ངེས་པ་དེ་འཁོར་བའི་འབྱུང་གཞི་ཡིན་

p. 285

ན་དེ་ཉིད་དུ་ངེས་པའི་ཕྱིར་རང་ཚིག་གིས་གསལ་ལ། མྱང་འདས་ཀྱི་གཞི་ཡིན་ནའང་གསལ་ལོ། །ཡང་གཞི་དེ་དག་པ་ཡིན་དུས་མ་དག་པ་མ་ཡིན་པས་རེས་འཇོག་མ་ངེས་པར་འདོད་པ་དང་འགལ་ལ། ཡང་དྲི་མ་དག་ནས་ཀྱང་མ་དག་པར་ལྡོག་པར་ཐལ་ཏེ། གཞི་ལ་མ་ངེས་ས་ཟིན་མེད་པའི་ཕྱིར་རོ། །ཡང་འཁོར་འདས་ཕན་ཚུན་འཆོལ་བར་ཐལ་ཏེ། གཞི་མ་ངེས་པས་གང་དུའང་འགྱུར་བ་ཡིན་པའི་ཕྱིར་རོ། །འདོད་ན་སེམས་ཅན་འབད་མེད་དུ་གྲོལ་ལ། སངས་རྒྱས་མ་དག་པར་ལོག་ནས་སྡུག་བསྔལ་ལ་སྤྱོད་པར་ཐལ་ལོ། །ཡང་གཞི་དེ་ངེས་པ་ཅན་དུ་ཐལ་ཏེ་མ་ངེས་པའོ་ཞེས་གཅིག་ཏུ་དམ་འཆའ་བར་ངེས་པའི་ཕྱིར་རོ། །དེ་དག་ལ་སོགས་པའི་སྐྱོན་དུ་མ་ཡོད་དེ། ཀློང་དྲུག་པ་ལས། མ་ངེས་པ་ཡི་གཞི་གསུངས་པ། །འདི་ཡང་གཞི་ཉིད་མི་བཏུབ་པར། །བདག་གིས་བློ་རིམ་འདི་ལྟར་གོ། འབྲས་བུ་རེས་འཇོག་ཅན་ཉིད་དམ། །ཡང་ན་ལྡོག་བཅས་ཉིད་དུ་འགྱུར། །མ་ངེས་ངེས་པ་ཅན་འགྱུར་ཞིང་། །མ་ངེས་པ་ནི་ངེས་ཅན་འགྱུར། །རང་གི་མ་ངེས་རང་ཡོད་པས། །ངེས་པ་ཡིན་ན་ལས་མཐའ་བཞིན། །འདི་ཀུན་ཤེས་བྱ་མ་ལགས་སམ། །སྟོན་པས་གསུངས་པ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ལའང་འདོད་པ་བརྗོད་པ་ནི། ངོ་བོ་ལ་འགྱུར་བ་མེད་པས་ནམ་མཁའ་ལྟ་བུ། སྣང་ཚུལ་བསྒྱུར་དུ་མི་བཏུབ་པ་མེ་དང་ཆུ་ལྟ་བུར་ངེས་པར་འདོད་དོ། །གཉིས་པ་དེ་དགག་པ་ནི། ངོ་བོ་ལ་མེད་སྣང་ཚུལ་བསྒྱུར་དུ་མི་བཏུབ་པས། གཞི་དེ་ལས་འཁོར་བ་འབྱུང་བར་མི་འཐད་ཅིང་། སུ་ཡང་གྲོལ་བར་མི་རུང་ངོ་། །མྱང་འདས་ཐོག་མ་ནས་ཡོད་ན་མུ་སྟེགས་རྟག་པ་པ་དང་ཁྱད་མེད་ལ་རྒྱུ་རྐྱེན་ལས་གྲོལ་བར་འདོད་པ་དང་འགལ་ལོ། །འཁོར་བའི་ངོ་བོ་མྱང་འདས་ཡིན་པས་མི་འགྱུར་ཅེས་འདོད་ནའང་། ངོ་བོ་མྱང་འདས་ཡིན་ན་གཟོད་གྲོལ་མི་དགོས་ཏེ། མེ་ཚ་བར་ད་གཟོད་བསྒྱུར་

p. 286

མི་དགོས་པ་བཞིན་ནོ། །བློ་སྣང་ལ་དགོས་སོ་ཞེ་ན། སྣང་ཚུལ་བསྒྱུར་མི་བཏུབ་པ་དང་འགལ་ལོ། །འཁོར་བའི་སྣང་ཚུལ་ཡིན་གྱི། གཞིའི་སྣང་ཚུལ་མིན་ནོ་ཞེ་ན། གཞི་དེ་གཉིས་བཅས་སུ་ཐལ་ཏེ། གཞི་ལས་ལོགས་ན་འཁོར་བའི་སྣང་ཚུལ་ཡོད་པའི་ཕྱིར་རོ། །ཡང་གཞི་དེ་རྟོགས་ནས་ངེས་པར་འདོད་ན་གཞིར་མི་རུང་སྟེ། རྟོགས་པའི་སྔོན་དུ་རྟོགས་གཞི་ཡོད་ལ། དེ་ནས་རྟོག་པའི་བློ་བྱུང་བའི་ཕྱིར་རྟོགས་པ་ལ་གཞི་མི་ལྟོས། གཞི་ལ་རྟོགས་པའི་བློ་ལྟོས་ཀྱང་། རྟོགས་པའི་སྔོན་ནས་ཡོད་དགོས་པས་ཁྱབ་བོ། །མ་རྟོགས་ཀྱང་གཞི་ཡིན་ན་གཞི་ཡིན་པར་གང་གིས་ཤེས། བློས་ཤེས་ན་མ་རྟོགས་ཀྱང་གཞི་ཡིན་པ་བུད་དོ། །དེ་དག་ལ་སོགས་པའི་སྐྱོན་དམིགས་པ་ཡང་། ཀློང་དྲུག་ལས། ངེས་པའི་གཞི་ཞེས་བསྟན་པ་ལ། །འདི་ཡང་ཡང་དག་སྙིང་པོ་མིན། །དཔེར་ན་མིག་སེར་ཅན་དག་ལ། །དུང་ལ་སེར་པོར་སྣང་བ་བཞིན། །རང་ལ་ལྡོག་པའི་ཁྱད་ཀྱིས་ནི། །རང་གཞན་གཉིས་མེད་ངེས་མཐའ་བྲལ། །དེ་ཕྱིར་དེ་ཡང་ཡང་དག་མིན། །ཡང་ན་རྒྱུར་ངེས་འབྲས་ངེས་པས། །བདག་རྟག་པ་དང་ཁྱད་མེད་འགྱུར། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་གོང་དང་མཚུངས། །ཞེས་སོ། །བཞི་པ་ལའང་འདོད་པ་བརྗོད་པ་ནི། ངོ་བོ་ཕྱོགས་དང་རིས་སུ་མ་ཆད་ལ། །སྣང་ཚུལ་ཅིར་ཡང་བསྒྱུར་དུ་བཏུབ་པའོ། །གཉིས་པ་དེ་དགག་པ་ནི། གཞི་བསྒྱུར་དུ་བཏུབ་ན་དག་པ་སངས་རྒྱས་ཀྱང་མ་དག་པ་འཁྲུལ་པར་འགྱུར་ལ། སུས་ཀྱང་མ་འབད་པར་སེམས་ཅན་སངས་རྒྱས་སུ་བསྒྱུར་ནས་གྲོལ་བར་ཐལ་ལོ། །ཡང་འབྲས་བུ་རྒྱུར་ལྡོག་པར་ཐལ་ཏེ། འགྱུར་བའི་གཞི་ཡིན་པའི་ཕྱིར་རོ། །ཡང་ས་སོགས་བེམ་པོའང་རིག་པར་འགྱུར་ལ། རིག་པའང་བེམ་པོར་འགྱུར་བར་ཐལ་ལོ། །ཡང་ངོ་བོ་རིས་སུ་མ་ཆད་པ་དེ་བསྒྱུར་རམ། གཞན་

p. 287

བསྒྱུར། ངོ་བོ་བསྒྱུར་ན་ངོ་བོ་གཞིར་མི་རུང་སྟེ། གཞི་ལས་གཞན་པའི་ཆོས་སུ་བསྒྱུར་བའི་ཕྱིར་རོ། །གཞན་བསྒྱུར་ན་ངོ་བོ་གང་དུ་ཡང་བསྒྱུར་བའི་དམ་བཅའ་ཉམས་སོ། །ཡང་རྟག་པ་བསྒྱུར་རམ། མི་རྟག་པ་བསྒྱུར། རྟག་པ་བསྒྱུར་དུ་མི་རུང་སྟེ་ནམ་མཁའ་བཞིན། མི་རྟག་པ་བསྒྱུར་མི་དགོས་ཏེ་འགྱུར་ཟིན་པའི་ཕྱིར། ཡང་དུས་གསུམ་གྱི་རིགས་པས་འདས་མ་འོངས་བསྒྱུར་རྒྱུར་མེད་དེ་དངོས་མེད་ཡིན་ལ། ད་ལྟའི་སྔ་ཆ་འགགས། ཕྱི་ཆ་མ་སྐྱེས་པས་མེད་པའི་ཕྱིར། བསྒྱུར་རྒྱུ་མ་དམིགས་པས་གཞི་ཅིར་ཡང་བསྒྱུར་དུ་བཏུབ་པ་དེ་མི་འཐད་དེ། དེ་ཉིད་ལས། བསྒྱུར་དུ་བཏུབ་ཅེས་སྔར་གསུངས་པ། །རང་གི་གནས་ལུགས་བསྒྱུར་བཏུབ་ན། །འདི་ཡང་ངེས་པ་མེད་པར་མཚུངས། །འབྲས་བུ་ཉིད་ནི་རྒྱུར་ལྡོག་ཕྱིར། །འབད་པ་རྣམས་ལ་དགོས་མེད་པས། །ཡང་དང་ཡང་དུ་ལྡོག་པས་ན། །བེམ་པོ་རྣམས་ནི་རིག་པས་སུ། །འགྱུར་བར་བཏུབ་པ་མ་ཡིན་བཞིན། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །ལྔ་པ་ལའང་འདོད་པ་བརྗོད་པ་ནི། རིག་པའི་ངོ་བོ་ལ་ཕྱོགས་མེད་ཀུན་ཏུ་ཤར་བས་ཅིར་ཡང་ཁས་ལེན་པའོ། །གཉིས་པ་དེ་དགག་པ་ནི། ཅིར་ཡང་ཁས་ལེན་པ་དེ། གཞི་དེ་ལས་གནས་པ་ཁས་ལེན་ནམ། མི་གནས་པ་ཁས་ལེན། དང་པོ་ལྟར་ན་རྟག་དངོས་མི་རྟག་དངོས་གཉིས་ལྷན་ཅིག་གྲུབ་པར་ཐལ་ཏེ། མི་རྟག་པ་སྣང་ཙམ་དུ་གནས་པའི་ཕྱིར་རོ། །མི་རྟག་པ་གྲུབ་ཀྱང་རྟག་དངོས་མ་གྲུབ་ཅེ་ན། ཅིར་ཡང་ཁས་ལེན་དུ་བཏུབ་པ་ཉམས་སོ། །དེ་བཞིན་དུ་འཁོར་བ་འབད་མེད་དུ་གྲོལ་བ་དང་། གྲོལ་བ་རྣམས་ལྡོག་པར་ཐལ་ཏེ། ཅིར་ཡང་ཁས་ལེན་པའི་ཕྱིར་རོ། །གཉིས་པ་ལྟར་ན་རི་བོང་གི་རྭ་དང་མོ་གཤམ་གྱི་བུས་འཁོར་འདས་བྱས་པ་ཡང་ཁས་ལེན་པ་ལ་སོགས་པ་ཐུག་པ་མེད་པའི་སྐྱོན་དམིགས་ཏེ། དེ་ལས། ཁས་ལེན་རྣམས་དང་ལྡན་པར་ནི། །སྟོན་

p. 288

པ་ཉིད་ཀྱིས་སྔར་གསུངས་པ། །འདི་ཀུན་ཕྱོགས་ཀྱི་འཕེན་པ་ཙམ། །ཐམས་ཅད་ཡིན་ངོར་བསྒྲུབ་པའི་ཕྱིར། །ཐུག་པ་མེད་པའི་སྐྱོན་འགྱུར་བས། །འདི་ཡང་ཤེས་བྱ་མ་ལགས་སམ། །སྟོན་པས་གསུངས་པ་སྔར་དང་མཚུངས། །ཞེས་སོ། །དྲུག་པ་ལའང་ཁས་བླངས་བརྗོད་པ་ནི། ངོ་བོ་ཀུན་ཏུ་ཤར་བས་སྣང་ཚུལ་ཁྲ་བོ་སྣ་ཚོགས་ཤར་བར་འདོད་པའོ། །གཉིས་པ་དེ་དགག་པ་ནི། སྣ་ཚོགས་དེ་ཕྱི་སྣང་བ་ལ་འདོད་དམ། ནང་ཤེས་པ་ལ་འདོད་དམ། དེ་གཉིས་ཚོགས་པ་ལ་འདོད། དང་པོ་ལྟར་ན། སྣང་བ་སྣ་ཚོགས་པ་ལྟར་གཞི་གཅིག་པོ་དེ་ཡང་སྣ་ཚོགས་སུ་ཕྱིར་ཤར་བའི་སྐྱོན་ཡོད་ལ། གཉིས་པ་ལྟར་ན་ཤེས་པ་སྐད་ཅིག་མ་བཞིན་དུ་གཞི་སྐད་ཅིག་མར་ཐལ་བ་དང་། ཤེས་པ་སྙམ་བྱེད་རྟོག་པ་དུ་མ་ལྟར་གཞི་ཡང་དེར་ཐལ་བ་དང་། ཤེས་པ་ཉོན་མོངས་རྐྱེན་དབང་ཅན་ལྟར་གཞི་ཡང་དེར་ཐལ་ལོ། །གསུམ་པ་ལྟར་ན་གཞི་ཕྱི་ནང་དུ་ཐལ་བ་དང་། གཞི་གཟུང་འཛིན་དུ་ཐལ་བ་དང་། གཞི་ཚོགས་དྲུག་སྤང་བྱ་ཕྱོགས་གཅིག་པར་ཐལ་ལོ། །ཡང་གཞི་ཞེས་དབྱིངས་གཅིག་ཏུ་མི་འཐད་ཏེ། མང་པོ་ཚོགས་པ་ཡིན་པའི་ཕྱིར་རོ། །དེ་དག་ལ་སོགས་པའི་སྐྱོན་ནི། ཀློང་དྲུག་ལས། སྟོན་པས་གོང་དུ་ཁྲ་བོར་གསུངས། །འདི་ཡང་ཕྱོགས་དང་མི་འཐད་པས། །གང་གི་ངོ་བོ་དེ་སྣང་བ། །འབྲས་བུ་ཐ་དད་དོན་དེ་མཚུངས། །མང་བའི་སྒྲ་ཡིས་ཉམས་པའི་ཕྱིར། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །བདུན་པ་ལའང་འདོད་པ་བརྗོད་པ་ནི། རིག་པ་རང་བྱུང་གི་ཡེ་ཤེས་ནི་ཡོད་མེད་ཀྱི་མཐའ་དང་བྲལ་བས་ཡེ་ཤེས་ཙམ་དུའང་གྲུབ་པ་མེད་དེ། སྤྲོས་བྲལ་ཐིག་ལེ་ཆེན་པོའི་ཆ་ནས་གང་དུའང་མ་གྲུབ་པར་འདོད་དོ། །གཉིས་པ་དེ་དགག་པ་ནི། དེ་ལྟར་ཅིར་ཡང་མ་གྲུབ་ཡེ་ཤེས་ཙམ་དུའང་མེད་ཀ་ནས་དག་པས་གང་དུའང་བཞག་ཏུ་མེད་པའི་གནས་ལུགས་ཅི་ཡང་མེད་ན་འཁོར་འདས་འབྱུང་བའི་དབྱིངས་

p. 289

སུ་འགལ་ལ། ཡེ་ཤེས་མེད་ན་སངས་རྒྱས་དང་སེམས་ཅན་གྱི་རྣམ་གྲོལ་མེད་པས་གཞི་རྟོགས་ནས་གྲོལ་བ་ཡང་མི་རིགས་ལ། ཕྲ་བའི་འོད་ལྔ་མེད་ན་གཞི་སྣང་འཆར་བའི་རྒྱུ་མེད་པས་དེའི་ངང་ལས་གཞི་སྣང་མི་རིགས་པའི་ཕྱིར། མ་རྟོགས་འཁྲུལ་པའི་སེམས་ཅན་མི་རིགས་ཏེ། ཀློང་དྲུག་པ་ལས། ངོ་བོ་ཉིད་ལ་ཡེ་དག་པས། །སེམས་ཅན་འཁོར་བ་འདི་མི་རིགས། །མ་རིག་དྲི་མ་ཡེ་ཟད་ཕྱིར། །ཅེས་པས་སྔར་གྱི་གཞི་དྲུག་དང་མཚུངས་སོ། །གསུམ་པ་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་གཞི་རང་གཞུང་དུ་འགོད་པ་ལ་དོན་དངོས་དང་། དེ་ལ་རྩོད་པ་སྤང་བ་གཉིས་ལས། དང་པོ་ནི་ངོ་བོ་ཀ་དག་ལ་ལྷུན་གྲུབ་གཏིང་གསལ་དུ་ཡོད་པས་དབྱེར་མེད་ཀྱི་ཆའི་ངོ་བོ་ཀ་དག་གི་རིག་པ་དངོས་པོ་དང་མཚན་མར་མ་གྲུབ་ལ། རང་བཞིན་ལྷུན་གྲུབ་ཀྱི་འོད་གསལ་ཕྲ་བ་ནང་གསལ་དུ་གནས་པ་སྟེ། སྣང་བའི་ངོ་བོ་སྟོང་ལ་སྟོང་པའི་རང་བཞིན་གསལ་བ་གསལ་བའི་སྙིང་པོ་རིག་པ་སྟེ་སྐུ་དང་ཡེ་ཤེས་ཡེ་ནས་འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་ལྟར་གནས་ཏེ་ངོ་བོ་ཀ་ནས་དག་ལ་རང་བཞིན་ལྷུན་གྱིས་གྲུབ་པ་དབྱེར་མེད་དུ་འདོད་དེ། རང་ཤར་ལས། གཞི་ལ་རྣམ་པ་གཉིས་སུ་གསུངས། །ཀ་དག་ཆེན་པོའི་གཞི་དང་ནི། །ལྷུན་གྲུབ་སྣ་ཚོགས་གཞི་རུ་འདོད། །ཅེས་པ་དང་། ཀློང་དྲུག་པ་ལས། ངོ་བོ་ཉིད་ལ་ཀ་དག་ལས། །རང་བཞིན་དུ་ནི་ལྷུན་གྲུབ་བོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ངོ་བོ་ཀ་དག་བརྗོད་གཞི་བྲལ། །རང་བཞི་ལྷུན་གྲུབ་ཅིར་སྣང་རྫོགས། །ཞེས་སོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གྲངས་དང་རང་ངོ་གཉིས་ལས། དང་པོ་ལ་རྩོད་ལན་གཉིས་ལས། རྩོད་པ་ནི། གཞི་བརྒྱད་དུ་ཐལ་ཅེས་པའི་ལན་ནི་ཀ་དག་དང་ལྷུན་གྲུབ་དབྱེར་མེད་དུ་འདོད་ཀྱི་དེ་ནི་གཞི་བདུན་དུ་འདུ་བས་དེ་ལས་ལོགས་པ་མི་འདོད་པའི་ཕྱིར། གཞི་བརྒྱད་དུ་ཐལ་བའི་སྐྱོན་མེད་དོ། །ཡང་རང་ངོ་ཀ་ནས་དག་པའོ་ཞེས་པ་དང་མི་འགལ་ཏེ། ངོ་བོ་ཀ་དག་ཏུ་འདོད་

p. 290

པས་འབྲེལ་པ་ཡིན་ནོ། །གཉིས་པ་རང་ངོ་ཀ་དག་དང་ལྷུན་གྲུབ་དབྱེར་མེད་ལ་རྩོད་པ་དང་ལན་གཉིས་ལས། དང་པོ་རྩོད་པ་འགོད་པ་ནི། ཀ་དག་དང་ལྷུན་གྲུབ་སོ་སོ་ལ་སྐྱོན་ཡོད་པས་རང་གི་ངོ་བོ་ཀ་དག་ཡིན་ན་འཁོར་བ་ཡོད་མ་མྱོང་བས་སེམས་ཅན་འཁྲུལ་པ་འབྱུང་བ་མི་རིགས་པར་ཐལ་ཞིང་། རང་བཞིན་ལྷུན་གྲུབ་ཡིན་པས་སུ་ཡང་འབད་མེད་དུ་ཡེ་གྲོལ་བར་ཐལ་བ་དང་། ཀ་དག་དང་ལྷུན་གྲུབ་གཞི་གཅིག་ལ་རྫས་འགལ་བར་ཐལ་བའོ། །ལན་ནི་ངོ་བོ་ཀ་ནས་དག་པས་སེམས་ཅན་འཁོར་བ་མེད་ཀྱང་། ལྷུན་གྲུབ་ཀྱི་རྩལ་ལམ་རོལ་པ་ཙམ་ལས་དེ་ལྟར་སྣང་བ་མི་འགལ་ཏེ། གཉིད་དུ་འགྲོ་ཁ་དང་གཉིད་དུས་ཀྱི་ཤེས་པའི་རང་ངོ་ལ་རྨི་ལམ་མེད་ཀྱང་། སྣང་ངོ་ལ་རྟ་གླང་དུ་སྣང་བ་མི་འགལ་བ་བཞིན་ནོ། །ཡང་སེམས་ཅན་དུ་སྣང་བའང་སྒྱུ་མའི་རོལ་པ་ཙམ་ལས་དོན་གྱི་ངོ་བོ་ལ་མ་གྲུབ་པས་ཡེ་གྲོལ་ཟིན་ལ། ཀུན་རྫོབ་སྣང་ཚོད་དུ་མིག་སྔགས་ཀྱི་ནུས་པས་རྟ་གླང་དུ་སྣང་བ་གྲོལ་བ་ལ། འབད་མེད་རང་སར་བཞག་པས་ངང་གིས་རང་གནས་ཤིང་བུ་རྡེའུར་ལོག་པ་ལྟར། དབྱིངས་སུ་གྲོལ་བར་སྣང་དུས་ནས་ལོག་པར་སྣང་བ་ལོག་པ་ཙམ་ལས། གྲོལ་གྲོལ་པོ་གསར་བྱུང་ཅི་ཡང་མེད་དེ་འཆིང་བ་མ་གྲུབ་པའི་ཕྱིར་རོ། །ཡང་སྣང་ངོ་ཀུན་རྫོབ་ཀྱི་ཆ་ནས་ལྷུན་གྲུབ་ལ། སྟོང་ངོ་དོན་དམ་གྱི་ཆ་ནས་ཀ་དག་ཏུ་ཚིག་གིས་བརྗོད་པ་ཙམ་ལས། དེ་གཉིས་རྫས་ཐ་དད་དུ་མེད་པས་སོ་སོར་མི་འགྱུར་ཏེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་བྲམ་ཟེ་ཡིན་པས་མི་ཡིན་ལ། སྡོམ་ལྡན་ཡིན་པས་རབ་ཏུ་བྱུང་བ་ཡིན་པ་གཉིས་མི་འགལ་བ་བཞིན་ནོ། །དེ་དག་གི་རྩོད་ལན་ཡང་། ཀློང་དྲུག་པ་ལས། ངོ་བོ་ཉིད་ལ་ཀ་དག་པས། །སེམས་ཅན་འཁོར་བ་འདི་མི་རིགས། །མ་རིག་དྲི་མ་ཡེ་ཟད་ཕྱིར། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །དེ་ཡང་མ་འགགས་རོལ་པར་སྣང་། །སེམས་དཔའ་ཉིད་ཀྱིས་ཡང་གསོལ་བ། །

p. 291

རང་བཞིན་ཉིད་ལ་ལྷུན་གྲུབ་ན། །སེམས་ཅན་འདི་དག་རང་གྲོལ་རིགས། །ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །གསུངས་པ་སེམས་ཅན་འདི་དག་ནི། །ངོ་བོ་ཀ་ནས་དག་པའི་ཕྱིར། །གྲོལ་བ་རྣམས་ཀྱང་རོལ་པར་སྣང་། །བྱང་ཆུབ་སེམས་དཔའ་ཡང་གསོལ་བ། །ངོ་བོ་ཉིད་ནི་ཀ་དག་པས། །ལྷུན་གྲུབ་ལ་ཡང་དགོས་མེད་འགྱུར། །ཡང་ན་ལྷུན་གྱིས་གྲུབ་པའི་ཕྱིར། །ཀ་ནས་དག་པ་མེད་པར་འགྱུར། །སྟོན་པས་གསུངས་པ་འདུག་ཚུལ་ལ། །གང་གིས་བརྗོད་པའི་ཚིག་མེད་པས། །བརྗོད་པའི་སྒྲ་ཚིག་དང་བྲལ་བས། །ཅི་ཡི་ངོ་བོར་གྲུབ་མེད་ཕྱིར། །ཚིག་གིས་འདི་ལ་གནོད་པ་བྲལ། །སེམས་ཅན་བདག་འཛིན་བློ་ཡུལ་ལ། །སྣ་ཚོགས་དྲན་བསམ་མ་འགགས་པས། །ཚིག་གནོད་ངོ་བོ་ཁྱད་པར་མེད། །དོན་དམ་ཀུན་རྫོབ་ཐ་སྙད་ཕྱིར། །ཅེས་སོ། །དོན་གཉིས་པ་བླ་ན་མེད་པའི་གཞི་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཐུན་མོང་དུ་མདོར་བསྟན། སོ་སོའི་ཆ་ལས་རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། ཐོག་མའི་གཞི་ངོ་བོ་ཀ་ནས་དག་པ་ཤེལ་གོང་དྲི་མ་མེད་པ་ལྟར་དངོས་པོ་དང་མཚན་མར་མ་གྲུབ་པའི་རང་བཞིན་ལྷུན་གྱིས་གྲུབ་པ་དཀར་པོའི་ནང་ན་ཕྲ་བའི་རང་འོད་གཏིང་གསལ་དུ་ཡོད་ཀྱང་རྐྱེན་མེད་པས་ཕྱིར་མི་སྣང་བའི་ཕྱིར། ཕྱི་རྒྱ་མ་རལ་བ་གཞོན་ནུ་བུམ་པ་སྐུའི་གནས་ལུགས་སུ་བཞུགས་ཏེ། ངོ་བོ་ཀ་ནས་དག་པས་སྟོང་ལ། དངོས་པོ་མེད་ཀྱང་ཕྲ་བའི་རིག་པ་ཡེ་གདངས་ཀྱི་རང་འོད་ནི་མ་བཀག་པར་རང་ཆས། རང་བཞིན་ལྷུན་གྱིས་གྲུབ་པས་སྣང་བ་ཐམས་ཅད་ཀྱི་འཆར་གཞིར་གནས་ཀྱང་། རང་ངོ་ཕྱིར་གསལ་དུ་མཚན་མ་རིས་ཅན་གྱི་འོད་དང་སྐུ་དང་ཁ་དོག་ནི་མི་སྣང་བ་སྟེ། ངོ་བོ་ཀ་དག་གི་ཀློང་ན་རང་བཞིན་ལྷུན་གྲུབ་ཀྱི་ཡེ་གདངས་གཏིང་གསལ་ཕྲ་བའི་རང་འོད་ཡེ་ཤེས་དང་བཅས་པ། གཅིག་དང་། ཐ་དད་དང་། སོ་སོ་མ་ཡིན་པའི་ཚུལ་གྱིས་འོད་གསལ་བའི་དམ་པ་ལྷུན་གྲུབ་རིན་པོ་ཆེའི་སྦུབས། གཞོན་ནུ་བུམ་

p. 292

པ་སྐུའི་ཞིང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དམ་པར་བཞུགས་སོ། །ངོ་བོ་སྟོང་པས་དངོས་པོ་དང་མཚན་མར་མ་གྲུབ། རང་བཞིན་གསལ་བས་ཡེ་གདངས་སྣང་བའི་རང་ངོ་མ་དོར། ཐུགས་རྗེ་རིག་པས་མཁྱེན་པ་ཡེ་ཤེས་སུ་རྒྱས་པའི་འཆར་གཞི་མ་འགགས་པར་གནས་ཏེ། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། རྟོགས་པའི་སངས་རྒྱས་མ་བྱུང་། མ་རྟོགས་པའི་སེམས་ཅན་མ་བྱུང་བའི་སྔ་རོལ་ན། རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལས་མ་གཡོས་ཏེ། རྐྱེན་མེད་པའི་སྣང་བ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཡང་རིག་པའི་ཡེ་ཤེས་ཉིད་ཀྱིས། རང་གི་འདུག་ཚུལ་གྱི་གནས་ལུགས་འདི་གསུངས་སོ། །ཀྱེ་སྣང་བ་ཆེན་པོ་ཡངས་པའི་ཀློང་འདི་ནི་མ་གཡོས་པའི་ཆོས་ཀྱི་སྐུ་ཆེན་པོ་ལས། མ་འཁྲུལ་པའི་སངས་རྒྱས་ཆེན་པོར་བཞུགས་སོ། །ངོ་བོའི་སྐུ་མ་འགགས་པར་གནས་ཏེ། ངོ་བོ་མི་འགྱུར། ཐབས་གསང་བ། མ་གཡོས། མི་གཡོ། མ་བསྐྱོད་པ། སྣང་བ་ཐམས་ཅད་དུས་གཅིག་ལ་རྫོགས་པ། ཡེ་ཤེས་ཐམས་ཅད་སྐད་ཅིག་ལ་རྫོགས་པ། སྐུ་ཐམས་ཅད་སྨིན་པར་གནས་པ། འོད་ཀྱི་སྣང་བ་ཐམས་ཅད་མ་བསྒྲིབས་པར་གསལ་བ། གནས་ལུགས་ཀྱི་སྣང་བ་ལ། སྣང་ཐབས་ཀྱིས་མ་བསྒྲིབས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྒྱ་མ་ཆད་པར་ཡོངས་སུ་རྫོགས་པ་ཆེན་པོའོ། །ངོ་བོའི་གནས་ལུགས་ཆེན་པོ་དེ་ཡང་སྐུ་ལྟར་གནས་ལ། ཁ་མིག་རྣ་བར་དོད་པ་ནི་ཅང་མི་བཞུགས། སྟོང་པ་ལྟར་གནས་པ་ལ་བེམ་སྟོང་ལྟར་ཅང་མི་བཞུགས། འོད་ལྔ་ལྟར་སྣང་བ་ཆེན་པོ་ལ། ཁ་དོག་ཏུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱ་མ་ཆད་པར་སྣང་བ་ལ་འབྲེལ་པ་ལྟར་ཅང་མི་བཞུགས། མཐའ་དབུས་མེད་པ་ལྟར་དམིགས་ལ། ཕྱོགས་སུ་དམིགས་པ་ནི་ཅང་མི་བཞུགས། ཆ་ཡིས་མ་གོས་པ་ལྟར་སྣང་བ་ལ། རིས་སུ་ཕྱེ་

p. 293

བ་ནི་ཅང་མི་བཞུགས། རྒྱན་མ་འགགས་པ་ལྟར་སྣང་ཞིང་། དཔངས་མཐོ་བ་ལ་སྟེང་འོག་ཏུ་སྣང་བ་ནི་གང་ཡང་མེད་དོ། །རང་བཞིན་གྱི་སྣང་བ་ནི། ཡངས་པ་ལྟར་སྣང་བ་ལ་ཕྱོགས་ལྷུང་མེད་པ། གསལ་བ་ལྟར་སྣང་བ་ལ་དངོས་པོ་མེད་པ། མཐིང་ག་ལྟར་སྣང་བ་ལ་ཆ་མ་ཕྱེ་བ། དཀར་བ་ལྟར་སྣང་བ་ལ་རིས་མི་འཛིན་པ། སེར་པོ་ལྟར་སྣང་བ་ལ་ཡོན་ཏན་རྫོགས་པ། དམར་པོ་ལྟར་སྣང་བ་ལ་གོ་མ་འགགས་པ། ལྗང་གུ་ལྟར་སྣང་བ་ལ་ཡོན་ཏན་རྫོགས་པ། སྣ་ལྔ་ཉིད་དུ་གནས་པ་ལ་ཁ་དོག་མི་འཛིན་པ་ཆེན་པོ། བཟླུམ་པ་ལ་དབྱིབས་མེད་པ། མ་འགགས་པ་ལ་རྐྱེན་མེད་པ། ཁྱབ་པ་མེད་པ་ལ་རང་གདངས་ཆེན་པོ། རང་གསལ་བ་ལ་ཕྱི་ནང་དང་བཅས་པ། རྩོལ་སྒྲུབ་མེད་པ་ལ་བབས་ཀྱིས་གྲུབ་པའོ། །ཐུགས་རྗེའི་སྣང་བ་ནི། སྟོང་པ་ལྟར་སྣང་བ་ལ་གསལ་བ་མ་འགགས་པ། སྤྲོས་པ་མེད་པ་ལ་སྤྲོས་པ་ཆེན་པོ། རང་བཞིན་མ་འགགས་པ་ལ་སྣ་ཚོགས་མ་ངེས་པ་ཆེན་པོ། གསལ་བ་ལ་མུན་པ་མེད་པ། མ་འགགས་པས་མེད་པ་ཆེན་པོ། བབས་ཀྱིས་སྟོང་པ་ལ་ཀུན་ཏུ་འཆར་བ་ཆེན་པོ། མ་འདྲེས་པ་ལ་ཡོངས་སུ་སྣང་བ་ཆེན་པོ། ཀུན་ལ་ཁྱབ་པ་ལ་གཅིག་ཏུ་འདུས་པ་ཆེན་པོ། དག་པ་ལ་འཁྲུལ་པ་མ་འགགས་པ་ཆེན་པོ། རྫོགས་པ་ལ་གཅིག་སྣང་བ་ཆེན་པོ། ཐུགས་རྗེ་གོ་མ་འགགས་པར་བཞུགས་སོ་ཞེས་པ་དང་། ཐལ་འགྱུར་ལས། ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །དེ་ཡང་ངོ་བོ་སྐུར་གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེ་འབྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལ་ཡང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ནི། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལས་གྲུབ། །ཐུགས་རྗེ་འཆར་བ་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་

p. 294

མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །ཞེས་སོ། །དེ་ཡང་ངོ་བོ་ཀ་དག་གི་ལྡོག་པ་ནས་གཞལ་ན་གང་ཡང་མ་གྲུབ་པས་ཕྱིར་གསལ་གྱི་ཆ་ལ་འོད་དང་སྐུ་མདོག་ལ་སོགས་པ་རིས་ཅན་དུ་མ་གྲུབ་ཀྱང་། དེའི་རང་བཞིན་ལྷུན་གྲུབ་ཀྱི་དབྱིངས་ན་ཡེ་གདངས་འོད་ལྔ་སྐུ་དང་ཟེར་དང་ཐིག་ལེར་སྣང་བ་ཆེས་ཕྲ་བའི་བདག་ཉིད། དབྱིངས་ན་འཁྱིལ་བས་ནང་གསལ་ལ་ཕྲ་བའི་ཡེ་ཤེས་སུ་ཡོད་པའོ། །དེ་ཡང་ཀ་དག་རྐྱང་ཆའི་ཕྱོགས་སུ་ཆད་ན། སྐུ་དང་ཡེ་ཤེས་འཆར་བའི་ཆ་གང་ཡིན། གཞི་ལ་ནི་ཀ་དག་ཅི་ཡང་མེད་པ་ཡིན། དེའི་དབྱིངས་ནས་འབྱུང་སྙམ་ན། ཡོད་དམ་མེད། མེད་ན་འབྱུང་བར་མི་འཐད་དེ། དངོས་མེད་ལས་དངོས་པོ་འབྱུང་བ་མི་འཐད་པ་བཞིན། ཡོད་ན་ཅི་ཡང་མེད་ཅེས་འདོད་པ་དང་འགལ་ལོ། །དེས་ན་ཀ་དག་གི་རང་བཞིན་ལྷུན་གྲུབ་ཡིན་ལ། དེའི་དབྱིངས་ནང་གསལ་དུ་ཕྲ་བའི་ཡེ་ཤེས་ཡེ་གདངས་འོད་གསལ་གྱི་སྣང་བ་ཕྲ་བར་ཡོད་དོ། །དེ་ཡང་ཕྱིར་གསལ་རགས་པར་ཁས་མ་བླངས་པས་རྟག་པའི་མཐའ་ལས་གྲོལ། ནང་གསལ་ཕྲ་བར་འདོད་པས་ཆད་པའི་མཐའ་ལས་གྲོལ་ལོ། །དེ་ལྟར་མཐའ་བྲལ་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པས་གང་དུའང་མ་གྲུབ། རང་བཞིན་གསལ་བར་སྣང་ཚུལ་མ་འགགས། ཐུགས་རྗེ་གོ་མ་འགགས་པས་གང་ལྟར་ཡང་འཆར་བའི་གཞི་བྱེད་པ་ནི། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཡིན་ནོ། །གཉིས་པ་སོ་སོའི་ཆ་ལས་རྒྱས་པར་བཤད་པ་ལ་གཉིས་ཏེ། ངོ་བོ་སྟོང་ཆའི་ལྡོག་པ་ནས་རྒྱས་པར་བཤད་པ་དང་། རང་བཞིན་སྣང་ཆའི་ལྡོག་པ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། ཀ་དག་དངོས་པོ་དང་མཚན་མར་མ་གྲུབ་པའི་ལྡོག་པ་ལ་ལྟོས་ཏེ། རིག་པ་མེད། མ་རིག་པ་མེད། སངས་རྒྱས་མེད། སེམས་ཅན་མེད། འཁོར་བ་མེད། འདས་པ་མེད། འོད་མེད། ཁ་དོག་མེད། སྐུ་མེད། ཡེ་ཤེས་མེད། གཞི་མེད། ལམ་མེད། འབྲས་བུ་མེད། སུ་ཡང་འཁྲུལ་པ་མེད། གྲོལ་བ་མེད། བཅིངས་པ་

p. 295

མེད། ཐར་པ་མེད། ལས་མེད། ཉོན་མོངས་མེད། རླུང་མེད། འབྱུང་བ་མེད། ཡིན་པ་མེད། མིན་པ་མེད། གང་མེད། ཅི་མེད། ཅི་ཡང་གྲུབ་པ་དང་དམིགས་སུ་མེད་པ་སྟེ། དགག་ཆོས་འབའ་ཞིག་གིས་བསྒྲུབ་ཆོས་དོར་བར་བསྟན་པ་ནི། བཀྲ་ཤིས་མཛེས་ལྡན་ལས། ཀ་དག་ཆེན་པོ་ཞེས་བྱ་སྟེ། ཡང་དག་པའི་སངས་རྒྱས་མ་བྱུང་། མ་དག་པའི་སེམས་ཅན་མ་བྱུང་བའི་གནས། རིག་པ་མ་གཡོས་པའི་ཡེ་གདངས་ཆེན་པོ་ཞེས་བྱའོ། །དེ་ལ་བརྗོད་དུ་མེད་དོ། །དཔག་ཏུ་མེད་དོ། །དམིགས་སུ་མེད་དོ། །གཞལ་དུ་མེད་དོ། །བརྩིར་མེད་དོ། །གང་གིས་ཀྱང་གཏན་ལ་མི་ཕེབས་སོ། །མཚོན་དུ་མེད་དོ། །ཤེས་པའི་ཡུལ་དུ་བྱར་མེད་དོ། །དེས་ནི་འཁོར་བ་མི་མཐོང་། འཁོར་བས་དེ་ཉིད་མི་མཐོང་ངོ་། །དེ་ནི་ཆོས་མི་སྤྱོད་དོ། །ཆོས་ཀྱིས་དེའི་དོན་མི་རྟོགས་སོ། །དེ་ནི་འཁོར་བ་མིན་ནོ། །མྱ་ངན་ལས་འདས་པ་མིན་ནོ། །གཞི་མིན་ནོ། །སྣང་བ་མིན་ནོ། །མུན་པ་མིན་ནོ། །ལམ་མ་ཡིན་ནོ། །བགྲོད་པ་མེད་དོ། །མི་བགྲོད་པ་མ་ཡིན་ནོ། །འབྲས་བུ་མ་ཡིན་ནོ། །སྤངས་པ་མ་ཡིན་ནོ། །ཐོབ་པ་མ་ཡིན་ནོ། །དེ་ནི་རིག་པའི་དབྱིངས་ཆེན་མོ་ཞེས་བྱའོ་ཞེས་པ་དང་། ཡི་གེ་མེད་པའི་རྒྱུད་ལས། ང་རང་བྱུང་གི་ཡེ་ཤེས་ལ། དཔྱད་པའི་ཡུལ་མེད་དོ། །སྔར་འདས་པ་མེད་དོ། །ཕྱིས་འབྱུང་བ་མེད་དོ། །ད་ལྟར་སྣང་བ་གང་ཡང་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཡིད་མེད་དོ། །ཤེས་རབ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ་ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་བཞིན་གནས་པའི་ངོ་བོ་ལ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མ་རིག་མེད་ཅིང་འཁྲུལ་པ་མེད། །སེམས་མེད་ཡིད་ཀྱང་ཡོད་པ་མིན། །དགྲ་མེད་བཤེས་མེད་གཉེན་ཡང་མེད། །ཉོན་མོངས་མེད་ཅིང་ངར་འཛིན་

p. 296

མེད། །འགྲོ་བ་མེད་ཅིང་འོང་བ་མེད། །ཆོས་མེད་ཆོས་སུ་སྣང་བ་མེད། །ཐབས་མེད་ཤེས་རབ་ཉིད་ཀྱང་མེད། །ཕུང་པོ་མེད་ཅིང་ཁམས་ཀྱང་མེད། །ཡུལ་མེད་འཛིན་པར་བྱ་བ་མེད། །དབང་པོ་མེད་ཅིང་ཡུལ་ཀྱང་མེད། །གཟུང་བར་བྱ་དང་འཛིན་པ་མེད། །སྐུ་མེད་ཡེ་ཤེས་ཉིད་ཀྱང་མེད། །ཤེས་དང་ཤེས་བྱའི་བདག་པོ་མེད། །འོད་མེད་ཁ་དོག་ཡོད་མ་ཡིན། །སྒྲ་མེད་དྲི་ལ་སོགས་པ་མེད། །འདོད་པ་མེད་ཅིང་ཞེན་པ་མེད། །དབྱིངས་མེད་གཞལ་ཡས་ཁང་ཡང་མེད། །ལྷ་མེད་མཆོད་པའི་ཡུལ་ལས་འདས། །ཞེས་པ་དང་། ཀློང་དྲུག་པ་ལས། སྤྲོས་བྲལ་ཆོས་ཉིད་ཀ་དག་ནི། །རང་ངོ་རྣམ་དག་སྙིང་པོའི་གཞི། །དེ་ལ་ཚིག་དང་ཡི་གེ་བྲལ། །བརྗོད་པས་གཏན་ལ་དབབ་ཏུ་མེད། །སྒྲོ་འདོགས་ཐ་སྙད་ཀུན་བྲལ་ཏེ། །གཟུང་དང་འཛིན་པའི་རྣམ་རྟོག་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཆོས་མེད་ཆོས་ཀྱི་འདུ་ཤེས་མེད། །གང་མེད་ཅི་མེད་ཅི་ཡང་མེད། །དེ་ལྟར་མེད་པའི་སྙིང་པོ་ལ། །ཞེས་པ་དང་། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས། །འགག་མེད་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱིན་པའི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ལ་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ཞེས་པ་དང་། རང་ཤར་ལས། དང་པོའི་གཞི་ཀ་དག་ཆེན་པོ་དེ་ལ། བསམ་པ་མེད། མ་རིག་པ་མེད། སེམས་

p. 297

མེད། ཡིད་མེད། འཛིན་པ་མེད་དོ། །དེ་ཡང་འདི་ལྟ་སྟེ། རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་སངས་རྒྱས། སྤྲོས་པ་དང་བྲལ་བའི་ཆོས་ཉིད། མཐའ་དང་བྲལ་བའི་རིག་པ། དག་པ་ཆེན་པོའི་སྣང་བ། ཕྱོགས་ལྷུང་མེད་པའི་ལྟ་བ་བཞུགས་སོ། །དེ་ཡང་ཡངས་པ། གསལ་བ། མི་འགྱུར་བ། ཡེ་ཤེས་མི་འགག་པ། ཐིག་ལེ་སྣ་ཚོགས་སུ་འཕྲོ་བ། མ་གྲུབ་པའི་ཆོས་ཉིད། ཕྱི་རྒྱ་མ་རལ་པ། ནང་ཡེ་ཤེས་ཀྱི་འོད་ལྔ་མ་འགག་པར་གསལ་བ། སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་སོ་ཞེས་སོ། །འདིས་ནི་ཀ་དག་ལ་ཡེ་ཤེས་དང་འོད་སྣང་བ་བསྟན་པས། ཀ་དག་ཀྱང་མེད་པ་བཀག་པ་ཡིན་ནོ། །གཉིས་པ་རང་བཞིན་སྣང་ཆའི་ལྡོག་པ་ནས་རྒྱས་པར་བཤད་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ལུགས། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང་། སྐུ་དང་ཡེ་ཤེས་འཆར་བའི་གནས། ནང་གསལ་ཕྲ་བར་ཡོད་ལ་ཕྱི་རྒྱ་མ་རལ་བ། རིན་པོ་ཆེ་གའུའི་དགོངས་པ། ལྷུན་གྲུབ་རིན་པོ་ཆེའི་སྦུབས། གཞོན་ནུ་བུམ་པ་སྐུའི་ཞིང་འོད་གསལ་སྟུག་པོ་བཀོད་པའི་ཀློང་། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། རྩ་བ་སྲོག་རླུང་ལྔ་དང་། དེ་ལ་སྐུ་ལྔ་དང་། གསུང་ལྔ་དང་། ཐུགས་ལྔ་དང་། ཡོན་ཏན་ལྔ་དང་། འཕྲིན་ལས་ལྔ་དང་། ཡེ་ཤེས་ལྔ་དང་། འོད་ལྔ་ལ་སོགས་པ་འཆར་བའི་གཞི། འབྱུང་བའི་གནས། བརྟེན་པའི་ཡུལ། མེད་པ་ལས་འདས་པའི་ཡོད་པ། ཕྱིར་མེད་ལ་ནང་དུ་གསལ་བ། ཆ་ཕྲ་ལ་བརྟག་པར་དཀའ་བ། གཞི་སྣང་འཆར་བའི་སྐུ། ལམ་སྣང་འཆར་བའི་གཞི། འབྲས་བུའི་སྣང་བ་འཆར་བའི་དབྱིངས། གཟུགས་སྐུ་དང་རིག་པ་འཆར་བའི་ཀློང་ཆེན་པོར་གནས་ཏེ། རང་ཤར་ལས། དབྱིངས་དེ་ཡང་རྒྱ་མ་ཆད་པ། ཕྱོགས་སུ་མ་ལྷུང་བ། འགྲིབ་པ་མེད་པ། འཕེལ་བ་མེད་པ། སྟོངས་པ་མེད་པ། གང་བ་མེད་པ། གསལ་ཆ་དང་བཅས་པ། སྐུ་མང་པོ་འཆར་བའི་གནས། ཡངས་པ་ཀུན་གྱི་བདག་ཉིད་ཅེས་པ་དང་། ཀློང་དྲུག་པ་ལས། རང་བཞིན་ཉིད་ཀྱི་སྣང་བ་ལ། །མཚན་མར་འཛིན་པ་ཡེ་མེད་དེ། །ཁ་དོག་མ་ཡིན་རང་གསལ་བས། །ཤེས་ཤིང་

p. 298

རིག་པའི་ཆ་རྣམས་ཙམ། །འཛིན་པའི་གཟུང་ཡུལ་གང་མེད་ཕྱིར། །རྣམ་པར་རྟོག་པའི་འཛིན་ཆ་མེད། །འོད་ལས་འདས་པའི་ཡེ་གདངས་སུ། །ཡེ་ཉིད་ནས་ནི་ཁྱབ་པར་གནས། །སྐུ་ལས་འདས་པའི་རང་གདངས་སུ། །རྣམ་དག་ཕྱག་རྒྱ་ཆེན་པོར་གནས། །འོན་ཏེ་རང་བཞིན་སྣང་བ་ལ། །མཚན་མ་དམིགས་པར་ཡེ་མེད་དོ། །དོན་གྱི་ཆ་ལ་འདི་ལྟར་གནས། །རང་གདངས་བསྐྱེད་པ་དཀར་པོའི་ཆ། །གཏིང་གསལ་ཆེན་པོ་ཉིད་དུ་གནས། །གཏིང་གསལ་ངོ་བོ་བཀྲག་བསྐྱེད་པ། །སྣང་བ་རང་ཟད་སེར་པོའི་ཆ། །མི་མངོན་གཏིང་ནས་རང་ངོ་གསལ། །རང་ངོ་ཆགས་མེད་གདངས་བསྐྱེད་པ། །རང་གིས་བཅིངས་པ་བྲལ་བ་ཡི། །ཆགས་པ་རང་ཟད་དམར་པོའི་ཆ། །གཏིང་གདངས་མ་འདྲེས་ཆེན་པོར་གནས། །མ་འདྲེས་སོ་སོའི་ཆ་འཛིན་པ། །བྱ་རྩོལ་བསྐྱོད་པ་རང་བྲལ་བའི། །མཛད་པ་མེད་པའི་ལྗང་གུར་ནི། །ཐོག་མ་རྣམས་ཀྱི་ཟེར་དུ་ཡང་། །མི་མངོན་གཏིང་ནས་གསལ་བའི་ཆ། །གཏིང་གསལ་ཁྱབ་པ་འབྲེལ་མེད་པ། །འགྱུར་མེད་རྫོགས་པའི་མཐིང་གར་ནི། །ཡེ་རྫོགས་བྱས་པ་མེད་པར་གནས། །དེ་ལྟར་དེ་ཡི་རང་བཞིན་ལ། །སྐུ་ནི་སྣང་བ་མཚན་ཉིད་བྲལ། །ཡེ་ནས་རང་དག་ཆེན་པོ་ལ། །རྫོགས་པ་རྣམས་ཀྱི་རྩེ་མོར་གནས། །འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཞེས་པ་དང་། སྔ་མ་ལས། རང་བཞིན་ལྷུན་གྱིས་གྲུབ་པའི་སྣང་བ། རིན་པོ་ཆེ་གའུའི་དགོངས་པ། ནང་ཡེ་ཤེས་རིན་པོ་ཆེའི་སྣང་བར་གསལ་བ་ལ། ཕྱི་རྒྱ་མ་རལ་བ། གཞོན་ནུ་བུམ་པ་སྐུའི་གནས་ལུགས་ཞེས་བྱ་སྟེ་ཞེས་སོ། །གསུམ་པ་དོན་བསྡུ་བ་ནི། ངོ་བོ་ཀ་ནས་དག་པ་དངོས་

p. 299

པོ་དང་མཚན་མ་མེད་པ། རང་བཞིན་ལྷུན་གྱིས་གྲུབ་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པར་གནས་པ། དེ་གཉིས་ངོ་བོ་གཅིག་པས་སྣང་སྟོང་གཉིས་སུ་མེད་པའོ། །དེའི་གནས་ལུགས་ངོ་བོ་སྟོང་པ་མི་འགྱུར་བ་སྐུའི་བདག་ཉིད་དེ། སྐུ་གསུམ་འདུ་འབྲལ་མེད་པ་ཉི་མའི་དཀྱིལ་འཁོར་ལྟར་ནང་དུ་གསལ་ཡང་དངོས་པོ་དང་མཚན་མར་མ་གྲུབ་པ། རང་བཞིན་ཡེ་གདངས་འོད་དུ་གསལ་ཡང་ཕྱིར་སྣང་ཁ་དོག་རིས་ཅན་དུ་མེད་པ། ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཞུགས་ཀྱང་རྣམ་པ་ཕྱི་རོལ་ཡུལ་ལ་མི་དཔྱོད་པ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་པའོ། །དེ་སྐད་དུ་ཡང་། རང་ཤར་ལས། ང་མེད་པའི་སྔོན་རོལ་ན་གཞི་འདི་ལྟར་གནས་ཏེ། གཞི་ཀ་དག་ཆེན་པོ་ཞེས་བྱ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ་དུ་གནས་སོ། །ངོ་བོ་དེ་མི་འགྱུར་བའི་ཡེ་ཤེས་མ་འགགས་པར་གསལ་བ། གཞོན་ནུ་བུམ་པ་སྐུའི་གནས་ལུགས་ཞེས་བྱའོ། །རང་བཞིན་འོད་ལྔའི་སྣང་བ་མ་འགགས་སོ། །ཐུགས་རྗེའི་སྣང་བ་ནི་དཔེར་ན་ནམ་མཁའ་སྤྲིན་མེད་པ་ལྟ་བུའོ་ཞེས་པ་དང་། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གང་དུ་མ་ཕྱེའི་ཆོས་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པ་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་ཅན་རགས་པ་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མ་མཛད། །མ་སྐྱེས་པས་ན་འགགས་སྟོང་ངོ་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དང་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །

p. 300

མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བརྟགས་པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །མཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །དེ་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལས་སུ་མེད་ལ་གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །དེ་ལས་མཚན་ཉིད་འཛིན་པ་ཡི། །ལོངས་སྐུའི་ཡེ་ཤེས་ལྔ་རྣམས་འབྱུང་། །མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། །དབྱིབས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་འོད། །རང་ཆས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །གསལ་ཞིང་སྟོང་ལ་སྟོང་པས་གྲོལ། །གྲོལ་འཛིན་མཐའ་ཡི་རྟོག་པ་ཟད། །བཞག་མེད་གྲོལ་གཞིར་རྫོགས་པའོ། །མཉམ་པ་ཉིད་ཅེས་བྱ་བ་ནི། །མཉམ་རྒྱུ་གཉིས་ལ་མཉམ་རྐྱེན་གསུམ། །མཉམ་པའི་དུས་དང་ཚད་ཀྱིས་སོ། །འདི་ལ་གཉིས་མེད་རིས་དང་བྲལ། །མ་ཕྱེ་མི་འབྱེད་རང་གནས་གཉིས། །མཉམ་པ་ཞེས་བྱ་ཆོས་ཉིད་ལ། །ཟུག་རྔུ་སྤྲོས་དང་བྲལ་བའོ། །ཉིད་ཅེས་བཅོས་ཤིང་རྩོལ་སྒྲུབ་མེད། །རང་བཞིན་གནས་པ་ངོ་བོས་སྟོང་། །སེམས་ཉིད་རྟོག་པ་ཀུན་ཟད་པའོ། །ཡེ་ཤེས་ཞེས་བྱ་གནས་པ་ལས། །དེ་ཡི་མཚན་ཉིད་རྟོགས་པ་ཡིས། །འཁོར་འདས་གཉིས་

p. 301

ལ་མི་གནས་པའོ། །སོ་སོ་རྟོག་པ་དབང་པོའི་རིགས། །གང་ལ་གང་སྣང་དེ་ཡི་ཆོས། །རིམ་པ་སོ་སོར་གསལ་བའོ། །བརྟགས་པས་རང་སྣང་དག་ནས་ནི། །རིག་པ་ཡུལ་དུ་གྱུར་པ་ཉིད། །སོ་སོ་ཞེས་བྱ་བྱེ་བྲག་ལ། །གཉེན་པོའི་ཚུལ་དུ་བྱུང་བ་སྟེ། །རྟོགས་པ་ཞེས་ནི་མཚན་ཉིད་མཐོང་། །རང་སྣང་འཕེལ་དང་བཅས་པའོ། །ཡེ་ཞེས་ཐོག་མར་བྱུང་བ་ལ། །ཤེས་པས་ཉོན་མོངས་སྐྱོན་དག་གོ། བྱ་བ་གྲུབ་པ་ཞེས་བྱ་བ། །འབད་ཅིང་རྩོལ་བ་རང་འགགས་ནས། །ཆོས་ཀུན་རང་གཞག་རང་གྲོལ་ལོ། །རང་གྲོལ་རྫོགས་པའི་གཞི་སྣང་ལས། །ཆ་ཕྲ་རྡུལ་བྲལ་དྲི་མེད་ཐོབ། །རྟོག་དཔྱོད་ཡུལ་ལས་འདས་པ་སྟེ། །གང་གིས་མ་ཕྱེའི་ཆོས་ཉིད་དོ། །རང་བཞིན་རྫོགས་པས་སྣང་མཐའ་ཟད། །ཅིག་ཅར་རྟོགས་པར་བྱ་བའོ། །གྲུབ་པས་འདོད་པ་བྲལ་བ་ལ། །བསྐྱར་དང་ལྡོག་པ་མེད་པའོ། །ཡེ་ནི་གནས་པའི་དོན་ཉིད་ལ། །ཤེས་པས་མངོན་དུ་གྱུར་ནས་ནི། །ཆོས་རྣམས་ཟད་པའི་སར་ཕྱིན་པའོ། །ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མ་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཆོས་ནི་སྤྱོད་པར་བྱེད་པ་ལ། །འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་གདངས་པའོ། །དབྱིངས་ཀྱིས་གོ་སྐབས་མེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ཉིད་ནས་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། །དེ་ལྟར་གཞིའི་དོན་ཀ་དག་དང་ལྷུན་གྲུབ་དབྱེར་མེད་ཆེན་པོ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ། ཐོག་མ་མེད་པའི་དེ་བཞིན་ཉིད། རང་བྱུང་གི་ཡེ་ཤེས་འགྲན་ཟླ་མེད་པའི་ཉག་གཅིག །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཆེན་པོ་ནི། གདོད་མའི་སངས་རྒྱས་ཞེས་བྱ། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ་གཞིའི་གནས་ལུགས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས་གདོད་མ་གཞིའི་གནས་ལུགས་བསྟན་པ་སྟེ་རིམ་ཁང་བརྒྱད་པའོ།། །།

རིམ་ཁང་དགུ་པ། ལྷུན་གྲུབ་སྣང་ཚུལ་གྱི་སྒོ་ལས་འཁོར་འདས་ཀྱི་གྱེས་མདོ་བསྟན་པ།

p. 302

དེ་ལྟར་གཞིའི་དོན་བསྟན་ནས། ད་ནི་དེ་ལས་གཞི་སྣང་གི་ཤར་ཚུལ་ལ་གསུམ་སྟེ། ལྷུན་གྲུབ་གཞི་སྣང་གི་ཤར་ཚུལ། ཀུན་ཏུ་བཟང་པོའི་གྲོལ་ཚུལ། མ་རིག་སེམས་ཅན་གྱི་འཁྲུལ་ཚུལ་ལོ། །དང་པོ་ལའང་། སྣང་བའི་ཤར་ཚུལ་སྤྱིར་བསྟན་པ། སྐྱོན་ཡོན་གྱི་འཐད་པ་བྱེ་བྲག་ཏུ་བཤད་པ། དང་པོའི་གཞི་ལ་ཐིམ་ཚུལ་བསྟན་པ་གསུམ་ལས། དང་པོ་ནི། རང་ཤར་ལས། དེ་དག་ནི་ངོ་བོ་ཀ་དག་གི་གནས་ལུགས་ཞེས་བྱ་སྟེ། རྒྱ་གར་ཡང་མ་ཆད་ཕྱོགས་གང་དུ་ཡང་མ་ལྷུང་བའོ། །དེའི་འོག་ན་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ་བ་ཡོད་དེ། དེ་ལ་འཆར་ལུགས་རྣམ་པ་དྲུག་ཡོད་དོ། །སྒོ་རྣམ་པ་གཉིས་ཡོད་དོ། །དེ་ནི་གཞི་ལྷུན་གྲུབ་ཅེས་བྱའོ། །གཞི་མ་ངེས་པ་ཞེས་བྱ། གཞི་སྣ་ཚོགས་སུ་འཆར་བ་ཞེས་ཀྱང་བྱའོ། །དེ་མན་ཆད་ན་བཟློག་པའི་ས་ཡོད་དོ། །དེའི་འོག་ན་གཞི་སྣང་ཆེན་པོ་ཞེས་བྱ་བ་ཡོད་དོ། །དེའི་འོག་ན་ལོངས་སྐུའི་སྣང་བ་ཡོད་དོ་ཞེས་གསུངས་པས། འདིར་དེའི་དོན་རྒྱས་པར་བཤད་ན། ཐོག་མའི་དབྱིངས་གཞོན་ནུ་བུམ་པ་སྐུའི་ནང་ན་ངོ་བོ་སྐུར་གནས་པ། རང་བཞིན་གསུང་དུ་གནས་པ། ཐུགས་རྗེ་ཐུགས་སུ་གནས་པ། དེའང་སྲོག་རླུང་ཡན་ལག་བཞི་ལྡན་ཡེ་ཤེས་ཀྱི་རླུང་ལྔའི་སྙིང་པོ་རིག་པར་གནས་པའི་གདངས་ཕྱིར་ཤར་བས། གཞོན་ནུ་བུམ་པ་སྐུའི་རྒྱ་རལ་ཏེ། ལྷུན་གྲུབ་ཀྱི་གདངས་ལས་འོད་ལྔའི་སྣང་བ་མེ་རེ་རེ་ཤར་བ་དང་མཉམ་དུ། ཐུགས་རྗེ་རིག་པའི་གདངས་རྣམ་པ་ལ་དཔྱོད་པའི་ཤེས་པ་ཤར་བ་དེ་ཡང་། རང་ངོ་མ་ཤེས་པ་ཙམ་གྱི་ཆ་ནས་རིག་པ་ལ་ལྟོས་པའི་མ་རིག་པ་ཞེས་བྱ་བར་གནས་སོ། །དེའི་ཚེ་གཞི་མ་འགྱུར་ཡང་གཞི་སྣང་ཤར་བས་འགྱུར་འགྱུར་འདྲ་བར་སོང་བ་ནི་རིག་པ་ལ་སྣང་བ་འགྱུར་བ་ཞེས་བྱའོ། །དེའི་ཚེ་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་ངང་ལས། ལྷུན་གྲུབ་ཀྱི་འཆར་ཚུལ་བརྒྱད་རང་སྣང་དུ་ཤར་ཏེ། རིན་པོ་ཆེ་གའུའི་གནས་ལུགས་ཆེན་པོ་སྣང་བ་ནི། ཐུགས་རྗེ་ལྟར་འཆར་བའི་གོ་མ་འགགས་པས་སེམས་ཅན་ལ་སྙིང་རྗེ་འབྱུང་བ། འོད་ལྟར་འཆར་བའི་གོ་མ་འགགས་པས་ཡེ་

p. 303

ཤེས་ལྔའི་རང་འོད་འཇའ་ཚོན་ལྟ་བུས་སྣང་བ་ཁེངས་པ། ཡེ་ཤེས་ལྟར་འཆར་བའི་གོ་མ་འགགས་པས་མི་རྟོག་པའི་ངང་ལ་གནས་པ། སྐུ་ལྟར་འཆར་བའི་གོ་མ་འགགས་པས་ཞི་ཁྲོ་འོད་གསལ་གྱི་སྐུས་ནམ་མཁའ་ཁེངས་པ། གཉིས་མེད་ལྟར་འཆར་བའི་གོ་མ་འགགས་པས་གཅིག་དང་དུ་མར་མི་དཔྱོད་པ། མཐའ་གྲོལ་ལྟར་འཆར་བའི་གོ་མ་འགགས་པས་ལྷུན་གྲུབ་རང་དོན་གསལ་བ། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་འཆར་བའི་གོ་མ་འགགས་པས་ངོ་བོ་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་སྣང་བ་གོང་ན་མཐོང་བ། མ་དག་པ་འཁོར་བའི་སྒོ་ལྟར་འཆར་བའི་གོ་མ་འགགས་པས་འོག་ན་རིགས་དྲུག་གི་སྣང་ཆ་སྣང་བ་སྟེ། འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། །ཞེས་པའི་ཚུལ་ལོ། །དེ་ལྟར་ལྷུན་གྲུབ་ཀྱི་སྣང་བའི་རྩལ་ལས་ཡེ་ཤེས་ལྔའི་ཞིང་ན་ལོངས་སྐུའི་སྣང་བ་ཚད་མེད་པ་ཡང་ཐད་ཀ་ན་རང་གསལ་ལོ། །ཡོན་ཏན་གྱི་རྩལ་ལས་ཕྱོགས་མཚམས་ན་རང་བཞིན་སྤྲུལ་པ་སྐུའི་ཞིང་སྣང་ཡང་དཔག་ཏུ་མེད་པ་རང་ཤར་རོ། །ཐུགས་རྗེའི་རྩལ་ལས་འོག་གི་སེམས་ཅན་དུ་སྣང་བ་ཡང་ཚད་མེད་པ་རང་ཤར་དུ་སྣང་ངོ་། །འདི་ལྟ་བུའི་གཞི་སྣང་གསལ་ལ་མངོན་དུ་སྣང་བ་མེ་ལོང་དུ་གཟུགས་བརྙན་ཤར་བ་འདྲ་ལ། རང་ལ་སྣང་ལ་གཞན་ལ་མི་སྣང་ལ་རང་སྣང་དུ་མི་ཤེས་པ་རྨི་ལམ་གྱི་སྣང་བ་ལྟར། ཡད་ཡུད་འལ་འོལ་སང་སེང་དུ་ཤར་ཏེ། རང་ངོས་མ་ཟིན་པས་དར་ཅིག་ཡུད་ཙམ་མོ། །དེ་ཡང་ཀ་དག་གི་འོག་ན་ལྷུན་གྲུབ་ཀྱི་སྣང་བའོ། །དེའི་འོག་ན་འོད་གསལ་ལྔའི་ཐིག་ལེ་དང་ཟེར་གདངས་སུ་སྣང་བ་གཞི་སྣང་ཆེན་པོ་ཡོད་དོ། །དེའི་འོག་ན་ལོངས་སྐུའི་སྣང་བའོ། །དེའི་འོག་ན་རང་བཞིན་སྤྲུལ་སྐུའི་སྣང་བ་ཡོད་དོ། །དེའི་འོག་ན་འགྲོ་དྲུག་གི་སྣང་བ་དང་། དེ་འདུལ་བ་འགྲོ་འདུལ་སྤྲུལ་སྐུ་ཐུབ་པ་དྲུག་དང་། མ་དག་པ་སྤྲུལ་པའི་སྐུ་སྐྱེ་རྒ་ན་འཆིས་འདུལ་བའི་ཞིང་སྣང་ཡོད་དོ། །དེའང་ལྷུན་གྲུབ་ཀྱི་འཆར་ཚུལ་བརྒྱད་ནི་དེ་རྣམས་འབྱུང་བའི་གནས་ཏེ། གྲོ་བའི་འབག་སྐོང་ལྟ་བུའོ། །དེས་ན་གའུའི་སྒྲ་བརྗོད་པའོ། །དེ་དག་ཀྱང་བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། ཀྱེ་མ་ང་ལ་འཁྲུལ་པ་མེད་ཀྱང་ངའི་རྩལ་ལས་འཁྲུལ་པ་བྱུང་སྟེ། གཞི་མི་འགྱུར་བ་

p. 304

ལས། རང་བཞིན་མ་འགགས་པར་ཤར་ནས། ཐུགས་རྗེ་མ་ངེས་པ་ལས་མ་རིག་པ་རང་བྱུང་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་ཡང་དག་པར་ཡོད་པ་མ་ཡིན་ཏེ་གློ་བུར་དུ་སྤྲིན་བྱུང་བ་དང་འདྲ་བར། གཞི་ལ་མ་རིག་པ་ཡོད་པ་ཅང་མ་ཡིན་ཏེ། ཐུགས་རྗེ་ལྟར་ཤར་བ་ལས་མ་རིག་པ་བྱུང་སྟེ། གཞི་ལྷུན་གྲུབ་ཀྱི་གནས་ལུགས་ཞེས་བྱ་བ་ཆགས་སོ། །དེ་ཡང་མ་ངེས་པའི་སྣང་བ་ཆེན་པོ་ཞིག་ཏུ་གནས་སོ། །དེ་ཡང་འཆར་ལུགས་རྣམ་པ་བརྒྱད་དང་ལྡན་པ། རིན་པོ་ཆེ་གའུའི་གནས་ལུགས་ཞེས་བྱ་སྟེ། འདོད་ཡོན་གྱི་གོ་མ་འགགས་པའོ། །མ་གྲུབ་པའི་གྲུབ་པ་ཆེན་པོར་གནས་པ། ཐུགས་རྗེ་ལྟར་འཆར་བའི་གོ་མ་འགགས་པ། ཡེ་ཤེས་ལྟར་འཆར་བའི་ལོངས་སྤྱོད་མ་འགགས་པ། སྐུ་ལྟར་འཆར་བའི་ངོ་བོ་མ་འགགས་པ། གཉིས་མེད་ལྟར་འཆར་བའི་ལྟ་བ་མ་ངེས་པ། མཐའ་གྲོལ་ལྟར་འཆར་བའི་ཐབས་མ་འགགས་པ། དག་པ་ཡེ་ཤེས་ཀྱི་སྒོ་མཐར་ཕྱིར་པ། མ་དག་པ་ལྟར་འཆར་བའི་ཐུགས་རྗེ་མ་འགགས་པ། འདོད་ཡོན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། དེ་ལྟ་བུ་ངའི་སྐུ་ལ་ཆགས་ཏེ། ནང་གཞོན་ནུ་བུམ་པའི་སྐུ་ཞེས་བྱ་བ་རྒྱ་ཁ་རལ་ཏེ། ཕྱི་ལྷུན་གྲུབ་ཀྱི་གནས་ལུགས་སུ་གནས་སོ། །དུས་དེ་ཙམ་ན་ངའི་སྣང་བ་ཕྱིར་རལ་ཏེ། སང་མ་སེང་མ། ཤག་མ་ཤིག་མ། ཁྲལ་མ་ཁྲོལ་མ། ཡང་མ་ཡེང་མ། འགུལ་བ། འཕྲིག་པ། སྣ་ཚོགས་སུ་འཕྲོ་བ་བྱུང་ངོ་། །དེ་ནས་ལྷུན་གྲུབ་ཀྱི་གནས་ལུགས་ཆེན་པོ་ཆགས་སོ། །དེའི་ཡེ་ཤེས་ཀྱི་གོ་མ་འགགས་པ་ལས་ལོངས་སྤྱོད་རྫོགས་པའི་སྣང་ལུགས་ཆགས་སོ། །ཡོན་ཏན་གྱི་གོ་མ་འགགས་པ་ལས་རང་བཞིན་སྤྲུལ་པ་སྐུའི་སྣང་ལུགས་སྲིད་དོ། །དེའི་ཐུགས་རྗེ་གོ་མ་འགགས་པ་ལས་མ་དག་པའི་སྣང་ལུགས་བྱུང་ངོ་ཞེས་སོ། །དེ་ལྟ་བུའི་སྣང་བ་ནི་ཚད་མེད་བསམ་གྱིས་མི་ཁྱབ་པའི་ཆོས་ཆེན་པོ་སྟེ། འོད་དང་སྐུར་གསལ་བ་ཐམས་ཅད་ལྷུན་སྟུག་ལ་བཀོད་ལེགས་པ། འཁོར་འདས་འབྱུང་བའི་སྒོ་ཡངས་པ། ཐམས་ཅད་ཤོང་བས་སྦུབས་ཆེ་བ་སྟེ། མུ་ཏིག་ཕྲེང་བ་ལས། གསལ་བ་མངོན་སྣང་བརྗིད་

p. 305

རེ་ཆེ། །སྣང་བ་ཉིད་ནི་ལྷུན་རེ་སྡུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་སྦུབས་རེ་ཡངས། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །ཐུགས་རྗེ་ཀུན་འབྱུང་སྐྱེད་རེ་ཆེ། །ཁྱབ་པ་ཡེ་གདངས་བཀྲག་རེ་གསལ། །གནས་པ་ཐོགས་མེད་བང་རེ་མགྱོགས། །རིག་པའི་རང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་མཚར། །མ་བཙལ་བཞག་པ་རྒྱུན་རེ་རིང་། །མ་བཀག་རང་བྱུང་གདལ་རེ་ཆགས། །སྣང་སྲིད་གཞི་བཞེངས་དཔངས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་རེ་ཆེ། །ཡེ་རྟོགས་ཆེན་པོ་འཁོར་རེ་མཁས། ཁ་དོག་ལྔ་ལྡན་བྲི་རེ་ལེགས། །སྣང་སྲིད་རྣམ་དག་ཁོད་རེ་སྙོམས། །རང་བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཤོང་རེ་ཆེ། །འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། །ཞེས་སོ། །དེ་ལྟ་བུའི་སྣང་བ་ལས། ལྷུན་གྲུབ་ཀྱི་འཆར་ཚུལ་བརྒྱད་བྱེ་བྲག་ཏུ་བཤད་ན། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། ཀྱེ་མ་སྟོན་པ་ཀུན་ཏུ་བཟང་། །གཞི་ཞེས་འཆར་ཚུལ་ཇི་ལྟ་བུ། །ཡོན་ཏན་འཆར་སྒོ་གང་ཙམ་ལགས། །སྟོང་པ་ཉིད་ལས་ཇི་ལྟ་བུ། །ཡོན་ཏན་རྫོགས་ཚུལ་བདག་ལ་གསུངས། །དེ་ནས་ཉིད་ཀྱིས་བཀའ་སྩལ་པ། །སྐྱེ་བ་མེད་པའི་ཆོ་འཕྲུལ་ལས། །སངས་རྒྱས་རྣམས་ཀྱི་མཛད་པ་རུ། །ཡེ་ནས་འབྱེད་པ་མེད་པར་ནི། །མ་འགགས་འགག་པ་མེད་པར་ཡང་། །སྣང་བ་ཉིད་ནི་ཡེ་དག་པར། །རང་གི་ངོ་ལ་གནས་པ་སྟེ། །མི་འབྱེད་ཐུགས་རྗེ་ཆེན་པོ་ལས། །ལྷུན་གྲུབ་གདགས་པ་མ་ངེས་པར། །འཆར་བྱེད་བརྒྱད་ཀྱི་ཚུལ་དུ་བྱུང་། །དེ་ཡི་སྣང་ཚུལ་མ་འགགས་པས། །ཐུགས་རྗེ་ལྟ་བུའི་འཆར་ཚུལ་ལས། །སེམས་ཅན་ཀུན་གྱི་སྐྱོབ་པའི་གནས། །སྣང་བ་རང་གསལ་འགག་མེད་ལས། །འོད་ལྔའི་འཆར་བྱེད་ཚུལ་དུ་སྣང་། །མཁྱེན་པའི་སྣང་ཆ་མ་འགགས་པས། །ཡེ་ཤེས་དག་པའི་སྒོ་ཉིད་དུ། །སྣང་བ་འགག་མེད་ལམ་ལྟར་ཤར། །རང་སྣང་ལུས་ཀུན་མཐའ་རྫོགས་ཕྱིར། །ཆོས་རྣམས་ཀུན་གྱི་སྐུ་ལྟར་སྣང་། །ཤེས་པའི་ངོ་བོ་གཅིག་ཡིན་པས། །གཉིས་སུ་མེད་པ་ལྟར་ཀྱང་ཤར། །དེ་ཉིད་རང་སར་གནས་མེད་

p. 306

པས། །མཐའ་གྲོལ་ཆེན་པོའི་སྣང་བར་ནི། །ངེས་མེད་ལྷུན་གྲུབ་གཞི་ལ་སྣང་། །རིག་པ་ཟང་ཐལ་གཅིག་རྫོགས་ཕྱིར། །དག་པ་ཡེ་ཤེས་ཉིད་ཀྱི་སྒོར། །ངོ་བོ་ཉིད་དང་འབྲེལ་པའོ། །བྱུང་ཚུལ་འགག་པ་མེད་པའི་ཕྱིར། །སེམས་ཅན་ཀུན་གྱིི་བྱུང་ཁུངས་སུ། །མ་དག་འཁོར་བའི་སྒོ་ལྟར་ཡང་། །ཁྱབ་བྱེད་སྣང་བའི་ཆ་ལས་ཤར། །འདི་ཀུན་འཆར་བྱེད་བརྒྱད་དུ་སྣང་། །འབྱུང་བའི་ཚུལ་དུ་རང་ཤར་བས། །ལྷུན་གྱིས་གྲུབ་པའི་སྣང་བ་ཞེས། །རིན་པོ་ཆེ་ཡི་ཚུལ་དུ་སྣང་། །དེ་ལྟར་སྟོང་གསལ་ཆེན་པོ་ལས། །ཅི་མེད་ཅིར་ཡང་སྣང་བའི་ཚུལ། །འབྱུང་ཚུལ་ཡོན་ཏན་མ་འགགས་ཏེ། །ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་རང་བཞིན་དུ། །ཡོན་ཏན་ཆེན་པོ་རྣམས་སུ་སྣང་། །འཆར་བྱེད་སྒོ་རྣམ་བརྒྱད་ལས་ཀྱང་། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །ཅེས་སོ། །ཕྱིར་ཤར་བའི་འཆར་ཚུལ་བརྒྱད་ཀྱི་སྣང་བའི་གནས་ལ་གཞི་སྣང་གི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཟེར་ལ། ཐོག་མའི་གཞི་ལ་མཐར་ཕྱིན་པ་དང་། གཞི་རང་མལ་གཉིས་ལ་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་དང་། མཐར་ཕྱིན་པ་འབྲས་བུ་ལྷུན་གྲུབ་རིན་པོ་ཆེ་གསང་བའི་སྦུབས་ཞེས། ལྷུན་གྲུབ་ཀྱི་སྦུབས་གསུམ་དུ་བཤད་ལ། གཞིར་སྣང་ལ་ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་གསུངས་ཏེ། ཉམས་སུ་བླངས་དུས་སྣང་བ་བཞིའི་ཡེ་ཤེས་དང་ལམ་སྣང་ཐམས་ཅད་འདི་ལས་འཆར་བ་ཡིན་ནོ། །ལྷུན་གྲུབ་ཀྱི་འཆར་སྒོ་བརྒྱད་ལས་འཁོར་འདས་ཀྱི་ཆོས་སོ་ཅོག་ཐམས་ཅད་འབྱུང་བའི་གོ་མ་འགགས་པར་འཆར་ཞིང་། ཁྱད་པར་དུ་སྐུ་དང་ཡེ་ཤེས་ཀྱི་རང་འོད་ལས་ལམ་མངོན་པར་སྣང་བའི་གཞི་ལོངས་སྤྱོད་རྫོགས་པའི་སྐུ་འོད་གསལ་དག་པའི་འབྱུང་ལྔ་ཡེ་ཤར་དུ་གསལ་བ་སྟེ། ཡེ་ཤེས་ཀྱི་དྲོད་མེའི་ཆ་དྲོ་བ་དང་། ཐུགས་རྗེས་སྡུད་པའི་ཆུ་བསིལ་བ་དང་། དབྱིངས་ན་བརྟན་པའི་ས་ཡང་བ་དང་། རྣམ་ལྔ་རང་རྩལ་གྱི་རླུང་གཡོ་བའི་ཆར་གནས་པའི་དཀྱིལ་འཁོར་སྣང་བའོ། །སྣང་བ་དེའི་གདངས་སམ་རྩལ་ལས་རང་བཞིན་སྤྲུལ་སྐུའི་ཞིང་འབྱོར་པ་ཚད་མེད་པས་བརྒྱན་

p. 307

པ་དང་། དེའི་གདངས་ལས་འགྲོ་འདུལ་སྤྲུལ་སྐུ་འགྲོ་བའི་སྣང་བ་ལ་ཕན་པ་མཛད་པ་དང་། མ་དག་པ་སྤྲུལ་སྐུའི་སྣང་བ་མཆེད་ཅིང་ཆགས་ཏེ། འདི་དག་གོང་དུ་བསྟན་ཡང་། ཆ་ཤས་རྒྱས་པར་བཤད་པས། རྟོགས་པར་སླ་བའི་ཕྱིར་ཡང་བཤད་དེ། བཀྲ་ཤིས་མཛེས་ལྡན་ལས། དེ་ལས་ལྷུན་གྲུབ་རིན་པོ་ཆེའི་སྣང་ལུགས་འབྱུང་སྟེ། དེ་ནི་སངས་རྒྱས་ལས་ཆོས་ཐམས་ཅད་འབྱུང་བའི་གཞི་ཞེས་བྱའོ། །དེ་ལས་ནི་སངས་རྒྱས་འབྱུང་ངོ་། །སེམས་ཅན་འབྱུང་ངོ་། །ཡེ་ཤེས་འབྱུང་ངོ་། །འོད་འབྱུང་ངོ་། །རིག་པ་འབྱུང་ངོ་། །མ་རིག་པ་འབྱུང་ངོ་། །ལས་ཐམས་ཅད་འབྱུང་ངོ་། །ཐུགས་རྗེ་འབྱུང་ངོ་། །ཡོད་པ་ལྟར་སྣང་བ་འབྱུང་ངོ་། །དེ་ལ་ནི་ངོ་བོ་ཡོད་དོ། །རང་བཞིན་ལྟར་སྣང་བ་ཡོད་དོ། །ཐུགས་རྗེ་ལྟར་སྣང་བ་ཡོད་དོ། །རྩལ་ཡོད་དོ། །སྣང་བ་ཡོད་དོ། །སེམས་ཡོད་དོ། །ཡིད་ཡོད་དོ། །འཁྲུལ་པ་ཡོད་དོ། །མ་འཁྲུལ་པ་ཡང་ཡོད་དོ། །ཐམས་ཅད་འབྱུང་བ་ཆེན་པོའོ། །དེ་ནི་སངས་རྒྱས་དང་སེམས་ཅན་གྱི་དབྱིངས་ཆེན་མོ་ཞེས་བྱའོ། །དེ་ལས་ལོངས་སྐུའི་སྣང་ལུགས་འབྱུང་སྟེ། དེ་ནི་ལམ་མངོན་པར་སྣང་བའི་གཞི་ཞེས་བྱའོ། །དེ་ཡང་གསལ་བ། དྲོ་བ། བསིལ་བ། ཡང་བ། གཡོ་བའི་བདག་ཉིད་འཛིན་པ། སྐུ་ལྔ་དང་ལྡན་པ། ཡེ་ཤེས་ལྔ་དང་ལྡན་པ། རིགས་ལྔ་དང་། ཁ་དོག་ལྔ་དང་། འོད་ལྔ་དང་། ཡབ་ལྔ་དང་། ཡུམ་ལྔ་དང་། གཟུགས་ལྔ་དང་། སྒྲ་ལྔ་དང་། དྲི་ལྔ་དང་། རོ་ལྔ་དང་། རེག་ལྔ་དང་། ཆོས་ལྔ་དང་། སྣང་བ་ལྔ་དང་། གཙོ་བོ་ལྔ་དང་། འཁོར་ལྔ་དང་ལྡན་པའོ། །དེ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། ཡངས་པའི་ཆོས་དྲུག་དང་ལྡན་པའོ། །དེ་ནི་ལོངས་སྐུའི་སྣང་ལུགས་ཏེ། དེ་དང་དེ་ལས་བྱུང་བའི་འབྲེལ་བའོ། །དེའི་སྣང་བ་ལས་རང་བཞིན་སྤྲུལ་པ་སྐུའི་སྣང་བ་དང་། འགྲོ་བ་འདུལ་བ་སྤྲུལ་པ་སྐུའི་སྣང་ལུགས་དང་། མ་དག་པ་སྤྲུལ་པ་སྐུའི་སྣང་ལུགས་ཆགས་སོ། །དེ་ཡང་རང་བཞིན་སྤྲུལ་པའི་སྐུ་ནི། ངོ་བོ་ལྷུན་གྲུབ་ལས་ཤར་བའོ། །རང་བཞིན་སྤྲུལ་པའི་སྐུ་དེའི་སྣང་ལུགས་ནི། ལོངས་སྤྱོད་མི་

p. 308

ཟད་པ། འཁོར་མི་ཟད་པ། ཡོན་ཏན་ཟད་མི་ཤེས་པ། སྟོབས་ཟད་མི་ཤེས་པ། རྩལ་ཟད་མི་ཤེས་པ། ཆོ་འཕྲུལ་ཟད་མི་ཤེས་པ། ཚེའི་ཚད་གྲངས་མེད་པ། ནད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བ། གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པ། ཆོས་བསམ་གྱིས་མི་ཁྱབ་པ་སྒྲོགས་པའོ། །དེ་ནི་རང་བཞིན་སྤྲུལ་པ་སྐུའི་སྣང་ལུགས་ཞེས་བྱའོ། །དེ་ལས་འགྲོ་བ་འདུལ་བ་སྤྲུལ་པའི་སྐུ་འབྱུང་ངོ་། །དེ་ཡང་སྣ་ཚོགས་སུ་སྣང་བ་ལ་སྣ་ཚོགས་ཀྱི་དོན་ཤེས་པ། སྣང་ཡང་རྗེས་སུ་མ་ཆད་པའོ། །སྣང་བ་ལ་རྗེས་སུ་མི་ཞེན་པ། མིག་རྣམ་པར་དག་པ་མངའ་བ། སྙན་རྣམ་པར་དག་པ་མངའ་བ། ཤངས་རྣམ་པར་དག་པ་མངའ་བ། ལྗགས་རྣམ་པར་དག་པ་མངའ་བ། སྐུ་རྣམ་པར་དག་པ་མངའ་བ། ཐུགས་རྣམ་པར་དག་པ་མངའ་བ། ཐུགས་རྗེའི་མཛད་པ་སྣ་ཚོགས་སྟོན་པ། ཡེ་ཤེས་ཁྱད་པར་ཅན་མངའ་བ། མཁྱེན་པ་མ་འགགས་པར་ཀུན་ཏུ་སྣང་བའོ། །དེ་ནི་འགྲོ་བ་འདུལ་བ་སྤྲུལ་པའི་སྐུའོ། །དེ་ལས་མ་དག་པའི་འཇིག་རྟེན་གྱི་ཁམས་ཆགས་སོ། །དེ་ཡང་འདི་ལྟར་སྣང་བ་ཆེན་པོ་སྟེ། ཕྱི་སྣོད་འབྱུང་བ་ལྔའི་དཀྱིལ་འཁོར་ཆགས་པ་ལས། ས་དང་། ཆུ་དང་། མེ་དང་། རླུང་དང་། འབྱུང་བ་ཆེན་པོ་ནམ་མཁའ་སྲིད་དོ། །དེ་ལ་འཛིན་པའི་བསམ་པ་བརྗོད་ཀྱིས་མི་ལོང་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་དང་། ཁོང་ཁྲོ་དང་དྲུག་གོ། དེ་ལས་འགྲོ་བ་རིགས་དྲུག་བྱུང་ངོ་། །ཕྲག་དོག་ལས་མི་རུ་ཆགས། ཁོང་ཁྲོ་ལས་ལྷ་རུ་ཆགས། ང་རྒྱལ་ལས་ལྷ་མ་ཡིན་དུ་ཆགས། འདོད་ཆགས་ལས་ཡི་དྭགས་སུ་ཆགས། གཏི་མུག་ལས་བྱོལ་སོང་ཏུ་ཆགས། ཞེ་སྡང་གནག་པ་ལས་དམྱལ་བར་ཆགས་སོ། །དེ་བཞིན་དུ་རིགས་དྲུག་གི་སྣང་བར་ཆགས་སོ། །དེ་ནི་འཁོར་བའི་གནས་སོ། །དེ་ཡང་གནས་ལུགས་ཆེན་པོ་གཅིག་ལས་སྣང་ལུགས་བཞི་ལྟར་བྱུང་ངོ་། །གནས་ལུགས་བཞི་ལས་སྣང་ཐབས་བཞི་ལྟར་ཤར་རོ། །སྣང་བ་ཆེན་པོ་བཞི་ནི། ལྷུན་གྲུབ་ལ་སྣ་ཚོགས་སུ་སྣང་བའོ། །ལོངས་སྐུ་ལ་ཁ་མིག་རྣ་བ་ཅན་འོད་

p. 309

ཀྱི་རང་བཞིན་སྒྱུ་མའི་སྐུར་གནས་པའོ། །སྤྲུལ་སྐུ་ལ་གཟུགས་ལྟར་སྣང་བའོ། །སེམས་ཅན་ལ་སྣང་བ་ཐ་དད་དུ་སྣང་བའོ། །དེ་ཡང་སེམས་ཅན་ལ་སྣང་ཐབས་ཀྱིས་སྒྲིབ་པའོ་ཞེས་གསུངས་སོ། །དེ་ཐམས་ཅད་དྲིལ་ན། ཀ་དག་ལས་སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་བའི་འོག་ཏུ། ལྷུན་གྲུབ་ཀྱི་སྒོ་བརྒྱད་ཀྱི་འཆར་ཚུལ་ལས་ཡེ་ཤེས་ཀྱི་སྣང་བ་ལོངས་སྐུ་དང་། དེའི་རྩལ་ལས་ཐད་ཀར་རིགས་ལྔའི་སྣང་བ་ཚད་མེད་པ་ལས། རང་བཞིན་སྤྲུལ་སྐུ་སྣང་ལ། མར་འགྲོ་དྲུག་གི་ཞིང་ཁམས་སྟོན་པ་དང་བཅས་པ་སྟེ། སྐུ་གསུམ་གྱི་སྣང་བ་སུམ་བརྩེགས་སུ་ཤར་བ་ནི་གཞི་ལྷུན་གྲུབ་ཀྱི་སྣང་བའོ། །རང་ངོར་སྣང་བའི་ལོངས་སྐུ་འགྲོ་འདུལ་རང་བཞིན་སྤྲུལ་པའི་སངས་རྒྱས་རྣམས་རང་གི་གཞིར་སྣང་གི་རྩལ་ཡིན་གྱི། ད་ལྟ་ཕྱོགས་ག་ཤེད་ན་མེད་དེ། རང་རིག་གི་སྣང་བ་ཡིན་པས་རང་རིག་དང་ལྷན་ཅིག་གནས་སོ། །རང་སྣང་གི་འགྲོ་དྲུག་གི་སྣང་བའང་གཞན་ན་མེད་དེ་མ་དག་པ་འཁོར་བའི་སྒོ་ལྟར་འཆར་ཚུལ་མ་འགགས་པ་ལས་རང་ཤར་བས། ད་ལྟ་རང་རང་ལ་སྣང་བ་འདི་ཡིན་ནའང་། ཐུན་མོང་མཐུན་པའི་འཇིག་རྟེན་གྱི་ཆ་ནི་སྤྱི་མཐུན་གྱི་ལས་དང་། སྟོན་པའི་མཛད་པས་བཀོད་ལ། རང་ལ་སྣང་རུང་འཁྲུལ་པར་སྣང་བའི་ཆ་ནི་རང་སྣང་འཁོར་བའི་སྒོས་བཀོད་དེ། རང་སྣང་གི་ཆ་ནི་སྦུབས་འཕོ་དུས་རང་ལོག་ལ་འགྲོ་ལ། ཐུན་མོང་པ་ནི་གཞན་ངོར་ད་དུང་ཤོལ་ན་ཡོད་པའོ། །འདི་གཉིས་ཕྱེད་པ་ཤིན་ཏུ་གལ་ཆེའོ། །རང་བཞིན་དུ་རིག་པ་ལ་རང་འཁྲུངས་སུ་ལྷུན་གྲུབ་ཀྱི་སྒོ་ལས་འགྲོ་དྲུག་གི་སྣང་བ་ཡོད་པས། འཁྲུལ་སྣང་རྨི་ལམ་འདྲ་བ་ཀ་དག་གི་ས་ལ་སྣང་མེད་དུ་རང་ལོག་ལ་གཏོང་དགོས་པའི་གནད་དེ་ཡིན་ལ། བར་དོར་ཡང་རང་ངོའི་འགྲོ་དྲུག་ཏུ་རང་སྣང་གི་སྤྲུལ་པས་དོན་བྱེད་པ་དང་། མི་བྱེད་པ་ཆ་གཉིས་སུ་བཤད་པ་ནི། མ་དག་པ་འཁོར་བའི་སྒོ་མ་ཤར་བའི་གོང་དུ་རང་སྣང་རང་ངོ་ཤེས་ན་དོན་མི་བྱེད་དེ། བྱ་བའི་ཡུལ་མི་སྣང་བའི་ཕྱིར་རོ། །ཤར་ནས་དོན་བྱེད་དགོས་ཏེ། འཁྲུལ་སྣང་མ་སྟོངས་ན་གྲོལ་བར་མི་ནུས་པའི་ཕྱིར་རོ། །གནད་འདི་ཡང་ཕྲ་ལ་གལ་པོ་ཆེ་ཅིག་ཡིན་ནོ། །གཉིས་པ་སྐྱོན་ཡོན་གྱི་འཐད་པ་བྱེ་བྲག་ཏུ་བཤད་པ་

p. 310

ལ་གསུམ་སྟེ། ཡོན་ཏན་གྱི་ཆ་བརྒྱད་སྤྱིར་བསྟན་པ། རྐྱེན་གྱིས་སྐྱོན་ཡོན་གྱི་ཆར་དབྱེ་བ། འཆར་ནུབ་སྣང་ཚུལ་གྱི་འཐད་པ་དགོད་པའོ། །དང་པོ་ནི། ཐོག་མའི་གཞི་ལ་ལྷུན་གྱིས་མ་གྲུབ་ན། གཞིར་སྣང་འཆར་བའི་དོན་མ་མཆིས་ལ། གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་མེད་ན། འཁོར་འདས་འབྱུང་བའི་དོན་མེད་པས། གཞི་དང་གཞི་སྣང་ལ་ནང་དབྱིངས་ཕྲ་བ་དང་། ཕྱི་དབྱིངས་རགས་པར་འཆར་སྒོ་བསྟན་པའོ། །དེ་ཡང་སེམས་ཉིད་འོད་གསལ་གྱི་དབྱིངས། ལྷུན་གྲུབ་ཀྱི་རང་གདངས་ལ་ཐུགས་རྗེ་འབྱུང་བྱེད་དུ་མེད་ན། འཁོར་འདས་གཉིས་སྡེ་ཆད་དེ་གཅིག་གིས་གཅིག་གདུལ་བྱ་དང་འདུལ་བྱེད་དུ་མི་འཐད་དོ། །སེམས་ཅན་གྱི་རང་སྣང་འཁྲུལ་བ། སངས་རྒྱས་ཀྱི་རང་ངོ་རྣམ་དག་ཡིན་པས། སྣང་བ་མི་གཅིག་པའི་ཕྱིར་རོ། །སྣང་བ་མི་གཅིག་ཀྱང་སེམས་ཅན་གྱི་དོན་འབྱུང་བ་ནི་གཞི་ལ་ཐུགས་རྗེ་ཡོད་པ་གཞི་སྣང་ནས་ཤར་ཏེ། གདུལ་བྱ་དང་འདུལ་བྱེད་དུ་འབྲེལ་པ་ཡིན་ཏེ། གསང་སྙིང་ལས། ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་སོ། །དེ་བཞིན་དུ་འོད་གདངས་རིག་པའི་གཞི་དང་སྣང་ཆར་མེད་ན་འབྱུང་ལྔ་སོ་སོར་གསལ་བའི་དོན་མེད་ལ། དེ་མེད་ན་རིག་པ་ནང་དུ་རྒྱ་ཆད། འབྱུང་བ་གང་ཡང་མེད་པས་སྣོད་བཅུད་ཀྱི་སྣང་བ་མི་འབྱུང་ན། འོད་ལྟར་སྣང་བ་ཡོད་པས་དེའི་ཡོན་ཏན་ནོ། །གཉིས་མེད་ལྟར་མེད་ན་སྒོ་གསུམ་གཅིག་ཏུ་འབྲེལ་མི་ནུས་ན། སེམས་ཅན་གྱི་ལུས་ངག་ཡིད་གསུམ། སངས་རྒྱས་ཀྱི་སྐུ་གསུམ་འདུ་འབྲལ་མེད་པ་དེའི་ཡོན་ཏན་ནོ། །སྐུ་ལྟར་སྣང་བ་མེད་ན་ལུས་སུ་སྣང་བ་འོང་དོན་མེད་ན་འགྲོ་བའི་ལུས་དང་རྒྱལ་བའི་སྐུར་སྣང་བ་དེ་ཡོད་པའི་ཡོན་ཏན་ནོ། །ཡེ་ཤེས་ལྟར་སྣང་བ་མེད་ན་འཁོར་བ་ལས་འདས་པར་འགྲོ་བའི་མཚམས་སྦྱོར་ལམ་ཡེ་ཤེས་ཀྱི་སྣང་བ་མེད་པའི་སྐྱོན་ཡོད་ན། འདི་ཡོད་པས་ལམ་དང་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཡོད་པ་དེའི་ཡོན་ཏན་ནོ། །མཐའ་གྲོལ་ལྟར་སྣང་བ་ཡོད་པས་སངས་རྒྱས་ནས་ཕྱིར་མི་ལྡོག་པ་འབྱུང་སྟེ། དེ་མེད་ན་མི་འབྱུང་བའི་ཕྱིར་ཡང་དེའི་ཡོན་ཏན་ནོ། །

p. 311

མ་དག་པའི་སྒོ་ལྟར་སྣང་བ་ཡེ་ཤར་ལྷུན་གྲུབ་ལ་མེད་ན། སེམས་ཅན་འཁོར་བར་སྣང་བ་རིག་ངོ་འདིར་འོང་དོན་མེད་ན། དེ་ཡོད་པས་འགྲོ་དྲུག་སོ་སོའི་སྣང་བར་ཤར་བ་ཡང་དེའི་ཡོན་ཏན་ཏེ། དབང་རྣམ་པར་ཆེ་བ་ལས། འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། །ཞེས་སོ། །དག་པ་ཡེ་ཤེས་ཀྱི་སྒོ་མེད་ན་མྱ་ངན་ལས་འདས་པའི་སྣང་བ་འོང་དོན་མེད་པ་ལ། དེ་ཡོད་པས་རིག་ངོར་སངས་རྒྱས་པའི་སྣང་བ་ཡོད་པ་དེ་ཡོད་པའི་ཡོན་ཏན་ནོ། །དེ་ཡང་ལྷུན་གྲུབ་ལ་དག་མ་དག་འཆར་རུང་མཐོང་བའི་སྒོ་ཡོད་པ་སྐར་ཁུང་ལྟར་ཡོད་ཀྱི། གཞི་ལ་དག་མ་དག་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་ན་ལྷུན་གྲུབ་ཀྱི་འཆར་ཚུལ་བརྒྱད་ལ་ཡོན་ཏན་གྱི་ཆ་བརྒྱད་བརྩིས་པ་ནི་འཐད་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། འཆར་བྱེད་སྒོ་རྣམས་བརྒྱད་ལ་ཡང་། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །རིགས་དྲུག་འབྲོས་ཁུང་རང་བཅད་ནས། །འཁོར་བར་དཔྱང་ཐག་ཆད་པ་རྣམས། །སྙིང་རྗེའི་ཞགས་པས་གཟུང་བའི་ཕྱིར། །སྐྱེ་བཞིའི་གཟུགས་ཀྱི་སེམས་ཅན་ལ། །ཐུགས་རྗེ་ཆེན་པོ་ཉིད་དུ་སྣང་། །འཁོར་འདས་རང་འབྲེལ་ཡོན་ཏན་དུ། །གཉིས་ཆ་འདྲེས་པའི་ཚུལ་དུ་སྣང་། །འདི་མེད་འཁོར་འདས་སྡེ་ཆད་པས། །རྟོགས་པ་མེད་པའི་སྐྱོན་དུ་འགྱུར། །ཡོན་ཏན་འབྱུང་ཚུལ་འདི་ཙམ་མོ། །སངས་རྒྱས་ཀུན་གྱི་རང་ཡུལ་ལ། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར། །ནང་གི་སྣང་ཆ་རང་གསལ་བར། །འོད་ལྔའི་ཚུལ་གྱི་འཆར་སྒོ་ལས། །ཡོན་ཏན་གསལ་བྱེད་ཕྱིར་མ་ཤོར། །འདི་མེད་སེམས་ཅན་རང་འོད་དང་། །རྒྱ་ཆད་གུད་དུ་བཅད་པར་འགྱུར། །ཟུང་འཇུག་འཆར་བྱེད་འབྲེལ་བའི་ཕྱིར། །རང་སྣང་ཡོན་ཏན་ཆེན་པོར་བྱུང་། །ལུས་ཀུན་གཅིག་ཏུ་དྲིལ་བའི་ཕྱིར། །སྐུ་གསུམ་གཅིག་ཏུ་གནས་པས་ན། །ངོ་བོ་སྐུ་ཡི་རང་བཞིན་དུ། །རང་སྣང་ནང་དུ་མི་འབྱེད་པར། །ངོ་བོ་གསལ་བྱེད་སྐུ་ལྔར་ཤར། །འདི་མེད་ངོ་བོ་མི་རྙེད་པས། །ལུས་ཀུན་རྫོགས་པའི་སྐུ་ལྟར་སྣང་། །དེ་ཀུན་ཐ་དད་མ་ཡིན་པར། །གཉིས་མེད་མཉམ་པར་གནས་པས་ན། །འབྱེད་མེད་གཉིས་སུ་མེད་པ་ཡི། །སྣང་བས་ཕྱི་དང་ནང་ཀུན་ཏུ། །ཁྱབ་བྱེད་ཆེན་པོའི་ཚུལ་དུ་ཤར། །

p. 312

འདི་མེད་རང་ངོ་ཐ་དད་པས། །འཁོར་འདས་འདྲེས་པའི་མཚམས་མི་འབྱོར། །རང་ས་ཉིད་ལས་མི་གྲོལ་བས། །སྒྱུར་ལྡོག་མེད་པའི་སྐྱོན་དུ་འགྱུར། །སྣང་བྱེད་ཡོན་ཏན་ཚུལ་དུ་ཤར། །ཤེས་བྱ་ཀུན་ལ་རང་ཁྱབ་པས། །གཞི་སྦྱོར་ཆེན་པོའི་སྣང་བ་ནི། །འཁོར་འདས་འབྲེལ་པའི་ལམ་དུ་སྣང་། །འདི་མེད་གཞི་ལམ་མི་འབྱོར་བས། །ཡེ་ཤེས་གཞི་ཡི་ལམ་ཉིད་དུ། །སེམས་ཅན་རྣམས་ཀྱི་གསང་ལམ་དུ། །སྣང་བ་བཞི་ཡི་ཚུལ་དུ་ཡང་། །ཅིག་ཅར་བ་དང་རིམ་གྱིས་སུ། །དབང་པོའི་སྒོ་རྣམས་ཡོད་བཞིན་སྣང་། །མཐའ་བཞིིའི་དྲི་མ་ལས་འདས་པའི། །འཆར་བྱེད་ཡོན་ཏན་མ་འགགས་པར། །མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ། །ལྷུན་གྲུབ་རང་རྫོགས་ཆེན་པོ་ལས། །ངེས་པའི་ཀ་དག་ལ་སྤྱོད་ཕྱིར། །མཐའ་དང་བྲལ་བའི་ཡེ་ཤེས་སུ། །འདི་ཉིད་རང་བྱུང་རང་ཤར་བས། །མཐའ་ལས་གྲོལ་བའི་སྣང་བར་ནི། །ངོ་བོ་ཉིད་དང་འབྲེལ་པར་སྣང་། །འདི་མེད་ངེས་པ་མི་འཐོབ་པས། །རྒྱུ་འབྲས་ལྡོག་པའི་སྐྱོན་འགྱུར་བས། །མཐའ་གྲོལ་ཉིད་དུ་ཡང་དག་སྣང་། །ཡོན་ཏན་འཆར་ཚུལ་མ་འགགས་པས། །འཁོར་བ་བསྐྱེད་པའི་བྱུང་ཁུངས་སུ། །མ་དག་པ་ཡི་འཆར་སྒོ་ལྟར། །འབྱུང་ཚུལ་འགག་པ་མེད་པར་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །དེ་ཕྱིར་མ་དག་འཁོར་བའི་སྒོ། །སྲིད་པ་རྣམས་ཀྱི་རྒྱུ་སྲང་དུ། །སྣང་བ་འགགས་མེད་ཚུལ་དུ་ཤར། །མ་དག་འཁོར་བའི་སྒོ་ཞེས་བསྟན། །ཐོད་རྒལ་ཡེ་ཤེས་ཡོད་པས་ན། །དག་པ་ཉིད་ཀྱིས་དག་པ་མཚོན། །འཆར་བྱེད་སྣང་བ་སོ་སོའི་ལམ། །དག་པ་ཡེ་ཤེས་ཆེན་པོའི་སྒོར། །ཟང་ཐལ་རྣམ་པ་གསུམ་དུ་ཤར། །འདི་མེད་རང་རྩལ་མི་རྫོགས་པས། །དག་པ་ཡེ་ཤེས་ཆེན་པོའི་སྒོར། །ངོ་བོ་ཀ་དག་རྟོགས་ཕྱིར་ཤར། །ཅེས་སོ། །གཉིས་པ་རྐྱེན་གྱིས་སྐྱོན་ཡོན་གྱི་ཆར་དབྱེ་བ་ནི། ག་བུར་དེ་ཚད་ནད་ལ་ཡོན་ཏན་དུ་སྣང་ལ། གྲང་ནད་ལ་སྐྱོན་དུ་ཤར་ཡང་། ག་བུར་གྱི་ངོ་བོ་ལ་སྐྱོན་དང་ཡོན་ཏན་མ་གྲུབ་པ་བཞིན་དུ། གཞི་དང་གཞི་སྣང་གི་འཆར་ཚུལ་དེ་ཡང་རང་ངོ་ཤེས་པ་རྣམས་ལ་གྲོལ་རྐྱེན་དུ་སྣང་བས་ཡོན་ཏན་ལྟར་ཤར་

p. 313

ལ། མ་ཤེས་ན་ཆ་རེས་འཁྲུལ་པའི་གཞི་རེ་བྱེད་པས་སྐྱོན་ལྟར་སྣང་ཡང་། གཞི་དང་དེའི་སྣང་བ་སྐྱོན་ཡོན་དུ་གྲུབ་པ་མེད་དོ། །དེ་ཡང་ལྷུན་གྲུབ་ཀྱི་ས་ལ་འཁྲུལ་པ་ལྡོག་ཚུལ་གྱི་ཆ་ནས། འགྲོ་བ་ཡེ་སངས་རྒྱས་པས། སྐྱོན་ཉིད་ཡོན་ཏན་དུ་ཤར་བས་རྐྱེན་ངན་གྲོགས་སུ་ཤར་ཏེ། ཡེ་ནས་སྐྱོན་རང་དག་ཏུ་གྲོལ་བའོ། །ལྷུན་གྲུབ་རྩལ་སྣང་གི་ངོ་ནས། ཡེ་ཤེས་ལྟར་ཤར་བས། འཁྲུལ་པ་འཇུག་ཚུལ་ལྟར་ན་ཉོན་མོངས་པས་སྐྱོན་གྱི་རྣམ་པར་འཁྲུལ་ལ། ལྷུན་གྲུབ་ཅིག་ཅར་དུ་འདོད་པ་འཁྲུལ་པ་ལྡོག་པའི་རྩལ་ལས། རང་ཀ་མ་རང་གཞག་ཏུ་སྣང་བས་སྐྱོན་ཡོན་ཏན་དུ་གྱུར་པས་ན། བར་ཆད་དངོས་གྲུབ་ཏུ་གྱུར་པས། བར་དུ་གཅོད་པའི་བདུད་དང་ཉོན་མོངས་པ་མ་རྙེད་དེ། ཡོན་ཏན་ཡང་མ་དམིགས་པར་ཡེ་ཤེས་བཞི་སྦྱོར་དུ་ཟང་ཐལ་ལོ། །ལྷུན་གྲུབ་སྣང་ཚུལ་གྱི་ཆ་ལས་གཉིས་མེད་དུ་ཤར་བ་ལ། འཁྲུལ་པ་འཇུག་ཚུལ་ལྟར་ན་བདག་གཞན་གཉིས་སུ་བྱུང་ལ། འཁྲུལ་པ་ལྡོག་ཚུལ་ལྟར་ན་བདག་གཞན་གཉིས་སུ་མ་ཕྱེ་བར། མ་བཅོས་པར་རང་གཞག་ཏུ་བཞག་པས། བདག་མེད་སྟོང་པ་ཡོན་ཏན་དུ་གྲུབ་པས་སྐྱོན་བཙལ་དུ་མ་རྙེད་དེ། འཁོར་འདས་གཉིས་མེད་དུ་བུདྡྷའོ། །ཡང་ལྷུན་གྲུབ་སྣང་ཚུལ་ལས་མཐའ་གྲོལ་ལྟར་ཤར་ལ། འཁོར་བ་འཇུག་ཚུལ་ལྟར་ན་རྟོག་ཚོགས་སྐྱོན་དུ་མར་འཁྲུལ་པས། འཁྲུལ་པ་ལྡོག་ཚུལ་ལྟར་ན། མཐའ་གཉིས་དབུས་སུ་གྱུར་པས་མཐའི་འཁྲུལ་པ་རང་གྲོལ་བས་འཁྲུལ་པ་ཡེ་ཤེས་སུ་ཤར་ནས་བུདྡྷའོ། །ཡང་ལྷུན་གྲུབ་ཡོན་ཏན་གྱི་ཆ་ནས་དག་པའི་ཡེ་ཤེས་ཀྱི་སྒོར་བྱུང་ལ། འཁོར་བ་འཇུག་ཚུལ་ལྟར་ན་མ་དག་པ་འཁྲུལ་པར་སྣང་སྟེ། འཁྲུལ་པ་ལྡོག་ཚུལ་ལྟར་ན་ཡེ་དག་རྩལ་རྫོགས་སུ་གྲོལ་ནས་སངས་རྒྱའོ། །ཡང་ལྷུན་གྲུབ་སྣང་ཚུལ་གྱི་ཆ་ནས་མ་དག་པ་འཁོར་བའི་སྒོར་བྱུང་ལ། འཁོར་ཚུལ་ལ་གཉིས་ཏེ། འདི་ཀ་ལྟར་མར་ལ་འཁྲུལ་པ་དང་། བར་དོ་ཐ་མ་ལྷུན་གྲུབ་རིན་པོ་ཆེ་ལ་ངེས་པའི་གདེང་མ་སྐྱེས་པས་སྲིད་པའི་བར་དོར་འཁྲུལ་པའོ། །འཁྲུལ་པ་ལྡོག་ཚུལ་ལྟར་ན་མ་ཡེངས་གནས་དག་ཏུ་གྲོལ་ནས་སངས་རྒྱའོ། །དེ་ཡང་ངོ་བོ་ཀ་དག་སྤྲོས་པ་དང་བྲལ་བ་ལ།

p. 314

རང་བཞིན་ལྷུན་གྲུབ་ཡོན་ཏན་རྫོགས་ཚུལ་དུ་བྱུང་ཞིང་། གཞི་མ་རྟོགས་པ་རྣམས་ལ་སྐྱོན་ལྷུན་གྲུབ་ཏུ་བྱུང་བའོ། །དེ་དག་དངོས་གཞི་དྲུག་པོ་རེ་རེའི་སྟེང་ནས་དབང་པོ་རྣོན་པོས་གྲོལ་ཡང་སྲིད་པ་མ་འགགས་གྲོལ་ལུགས་དྲུག་པོའི་སྟེང་དུ་གྲོལ་བའི་སྒོ་དང་བདུན་ནོ། །ཡང་འཁྲུལ་ནས་འཁྲུལ་པ་ལྡོག་མ་ཤེས་པས་རིམ་པ་དྲུག་པོ་བཞིན་དུ་རིམ་པས་འཁྲུལ་ཏེ། མ་དག་པའི་སྒོ་ཞེས་བྱ་སྟེ། འཁྲུལ་པ་རགས་པར་སོང་བ་ལས། རྫུས་སྐྱེས་དང་འོད་ཀྱི་སྒོ་ང་ལས་སྐྱེས་ཏེ་ལུས་གྲུབ་བོ། །རིམ་གྱིས་པ་བར་དོ་ནས་གྲོལ་བ་ཡང་བརྟན་པ་ཐོབ་ཅིང་ཤེས་རབ་ཀྱི་རྩལ་རྫོགས་ནས་གྲོལ་ལུགས་བདུན་པོ་དེར་ངེས་ལ། དེར་རྟོགས་པ་མ་སྐྱེས་ཤིང་གོམས་པ་ཡུན་ཐུང་བའི་དབང་པོ་ཐ་མ་ནི། དེར་ས་མ་ཟིན་པས་སྲིད་པའི་བར་དོ་ཤར་ཏེ། ཕྱི་མའི་སྣང་བ་ལ་ཐུག་པའོ། །དེས་ན་འཁྲུལ་གཞི་དང་། གྲོལ་གཞི་གཉིས་ཀ་ལྷུན་གྲུབ་ཀྱི་སྒོ་ལ་ཐུགས་པས་ལེགས་པར་རྟོགས་པར་བྱའོ། །གསུམ་པ་འཆར་ནུབ་སྣང་ཚུལ་གྱི་འཐད་པ་དགོད་པ་ལ་གཉིས་ཏེ། འདི་དང་། བར་དོའོ། །ཚེ་འདིར་གང་ཟག་བརྩོན་འགྲུས་ཅན་གྱིས་ཉམས་སུ་བླང་དུས་ན། གཞི་དེ་སྙིང་ག་ན་གནས་པའི་ནང་གདངས་གཞི་སྣང་གི་ཆ་འོད་རྩ་དང་ཕྱིའི་ནམ་མཁའ་ལ་སྣང་སྟེ་མ་དག་པ་འཁོར་བའི་སྒོ་ཆོས་ཉིད་མངོན་སུམ་གྱི་དུས་ན་གཙོ་ཆེར་སྣང་སྟེ། འོད་སྣང་དང་། ཕྱིའི་ས་རྡོ་ནང་གི་རྟོག་ཚོགས་ལ་སོགས་པ་དབང་པོ་ལ་ཤར་བའོ། །ཡེ་ཤེས་ཀྱི་སྒོ་ལམ་ཉམས་སུ་ལེན་དུས་ཀྱི་སྣང་བ་དང་ཤེས་པའི་ཉམས་རྣམས་སོ། །འོད་ལྟར་ཤར་བ་ཉམས་གོང་འཕེལ་དུ་སྣང་བའོ། །སྐུ་ལྟར་ཤར་བ་རིག་པ་ཚད་ཕེབས་སོ། །ཆོས་ཉིད་ཟད་པའི་དུས་ན་གཉིས་མེད་དང་མཐའ་གྲོལ་ལྟར་ཤར་བའོ། །ཐུགས་རྗེ་ལྟར་ཤར་བ་དེ་ཐམས་ཅད་ཀྱི་དུས་ན་ནང་གི་ཤེས་རབ་དང་སྙིང་རྗེ་འཆར་བ་རྣམས་སོ། །དེ་དག་རྫོགས་ནས་ཕྱིའི་གཞི་སྣང་ངོ་བོ་ལ་ཐིམ་པས་མ་གཞི་ཐོག་ཏུ་གྲོལ་བའོ། །བར་དོ་ལ་དང་པོ་གཞི་དེ་ཀ་དག་གི་སྣང་བར་ཤར་ནས། གཞི་སྣང་གི་ཆ་འོད་གསལ་དུ་ཤར་ནས། ལྷུན་གྲུབ་ཀྱི་སྣང་བ་ལས་སྐུ་ལྟར་ཤར་བ་ཚོམ་བུའོ། །ཡེ་ཤེས་དང་འོད་ལྟར་ཤར་བ་བཞི་སྦྱོར་རོ། །ལྷུན་གྲུབ་རིན་

p. 315

པོ་ཆེའི་སྣང་བ་ལ་དག་པ་ཡེ་ཤེས་དང་། མ་དག་པ་འཁོར་བའི་སྒོ་གཉིས་སོ། །རང་ངོ་ཤེས་ན་ཐུགས་རྗེ་དང་། གཉིས་མེད་དང་། མཐའ་གྲོལ་ལྟར་ཤར་ནས། རྩལ་གཞི་ལ་ཐིམ་སྟེ་གྲོལ་བའོ། །དེ་ལྟར་གཞི་ལ་གཞི་སྣང་ཡོད་པས་ཉམས་སུ་ལེན་དུས་དང་། བར་དོ་དང་། ཐོག་མ་སེམས་ཅན་དུ་འཁྲུལ་དུས་གང་ཡིན་ཡང་འཆར་ཚུལ་བརྒྱད་ཀྱི་སྣང་བ་འབྱུང་བའི་གནད་དེ་ཡིན་ནོ། །སངས་རྒྱས་དང་སེམས་ཅན་ཡང་སྣང་བ་རང་ངོ་ཤེས་མ་ཤེས་ཙམ་སྟེ། འཁོར་འདས་རིག་པར་རྒྱུ་གཅིག་པ་ལག་པའི་ལྟོ་རྒྱབ་བཞིན་ནོ། །ད་ལྟའི་སྣང་བ་འདི་ཡང་མ་དག་པའི་སྒོ་ལ་སྣང་བ་སྒྱུ་མའི་དཔེ་བརྒྱད་ཙམ་ལས། ཕྱི་ནང་ཡུལ་མེད་གཞི་བྲལ་མཉམ་པ་ཕྱལ་ཕྱལ་བ་ཅིག་ལས། སྤང་མི་དགོས། བླང་མི་དགོས་སྣང་བ་གཞན་ཤར་དུས་རྗེས་མེད་རང་ལོག་ཆེན་པོ། གཉིད་སངས་པས་རྨི་ལམ་ལོག་པ་ལྟར། གཞི་གྲོལ་ལ་རང་ལོག་སྟེ་ཡེ་སྟོངས་ལ་ཡང་སྟོངས་ཅིག་ཏུ་འགྲོ་བས་གནད་གཅིག་ལེགས་པར་རྟོགས་ནས་ཚེགས་མེད་པར་རྒྱ་གྲོལ་ལ་འགྲོ་བ་ཡིན་ནོ། །གསུམ་པ་དང་པོའི་གཞི་ལ་ཐིམ་ཚུལ་བསྟན་པ་ནི། དེ་ལྟར་གཞི་ལས་ཤར་བའི་སྣང་བ་ཆེན་པོ་དེ་དག་རང་ངོ་ཤེས་སམ་མ་ཤེས་ཀྱང་རུང་སྟེ། ཤེལ་འོད་ནང་དུ་ཐིམ་པའམ། རྨི་ལམ་ཕྱི་མ་ཤར་དུས་སྔ་མ་ནུབ་པ་ལྟར་ཡོལ་གྱིས་སོང་སྟེ། སྣང་བ་གང་ཡང་མེད་པར་སོང་བ་ནི། ཡེ་གདངས་ནང་དུ་ལོག་པ་ལས། གཞན་དུ་སོང་བ་མེད་དེ། རྨི་ལམ་གཉིད་ཀྱི་ངང་དུ་ཡལ་བ་ལས་གཞན་དུ་མ་སོང་བ་བཞིན་ནོ། །ལྷག་པར་སད་དུས་རྨི་ལམ་ཤར་བ་ཤེས་པའི་ནང་དུ་ནུབ་པ་ལས་གཞན་གར་ཡང་མ་སོང་བ་བཞིན་ནོ། །ཐིམ་ལུགས་ཇི་ལྟ་བུ་སྙམ་ན། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། ཀྱེ་མ་གསུང་གི་རྡོ་རྗེ་ཉོན། །དེ་ཀུན་སྐྱོན་ཡོན་འཆར་ཚུལ་ཏེ། །རིག་པ་ཉིད་ཀྱི་ཡོན་ཏན་ནམ། །རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོ་རང་ཐིམ་པས། །མ་བཞག་ཐོབ་པའི་ཚུལ་གྱིས་ནི། །མཛད་པ་མེད་པའི་ཀློང་དུ་འདས། །མི་མཛད་ཅི་ཡང་མ་ཡིན་པས། །བྱེད་སྤྱོད་ཐམས་ཅད་མྱ་ངན་འདས། །མ་བྱས་བྱེད་པར་སྣང་མེད་

p. 316

པས། །འདུས་བྱས་རྣམས་ནི་དག་པའི་ཀློང་། །དེ་ཉིད་རང་ལ་རང་ཐིམ་པས། །གཞན་དུ་སོང་བ་མ་ཡིན་ནོ། །དཔེར་ན་ཉི་མའི་སྙིང་པོ་ལ། །རང་གི་ཟེར་རྣམས་རང་ཐིམ་ལྟར། །རང་གི་གདངས་དང་བཅས་པ་ཡིས། །གཟིགས་སྣང་ཐམས་ཅད་མྱ་ངན་འདས། །འདི་ཀུན་ཡོན་ཏན་རིན་པོ་ཆེ། །སྐྱོན་ལ་མི་གནས་རང་སའོ། །རང་འོད་རང་ལ་ཐིམ་པས་ནི། །འདི་ཡང་ཡོན་ཏན་ཆེན་པོར་ཤར། །རང་གི་ངོ་བོ་རྣམ་དག་པར། །མཚན་མར་འཛིན་པའི་ཞེན་ཡུལ་འགགས། །ཕྱི་རོལ་འབྱུང་བཞི་རགས་པར་ཡང་། །འདིར་མི་སྣང་སྟེ་ཞེན་པ་ལྡོག །རང་དག་སྟོང་པ་ཆེན་པོ་ལས། །ཁ་དོག་བདག་འཛིན་མྱ་ངན་འདས། །འདི་ཡང་གཞན་དུ་སོང་བ་མེད། །རང་གི་ངོ་བོར་རང་ཐིམ་པས། །སྣང་བ་ཐམས་ཅད་མྱ་ངན་འདས། །འོད་ཀྱི་དཀྱིལ་འཁོར་རང་ཐིམ་པས། །དཔེར་ན་ནམ་མཁའི་འཇའ་ཚོན་ཉིད། །ནམ་མཁའ་ཉིད་ལ་རང་ཡལ་ལྟར། །མི་འབྱེད་ཆེན་པོའི་ཀློང་དུ་ནི། །འཛིན་ཆགས་ཐམས་ཅད་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡོན་ཏན་འཆར་ཚུལ་འདི་ལྟ་བུ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད། །རང་གི་ངོ་བོར་རང་ཐིམ་པས། །ཤེས་པའི་འཛིན་རྟོག་དྲན་བསམ་ནི། །རང་གནས་མཉམ་པར་ཉིད་ཀློང་དུ། །ཐམས་ཅད་གཉིས་མེད་མྱ་ངན་འདས། །སོ་སོའི་ཡེ་ཤེས་སྣང་ཆ་ཡང་། །བྱས་པ་མེད་པའི་ཀློང་དཀྱིལ་དུ། །ནུབ་པ་མེད་པར་མྱ་ངན་འདས། །དེ་ཉིད་རང་ལ་རང་ཐིམ་པས། །ཡེ་ཤེས་རོལ་པ་སྣ་ཚོགས་ཀུན། །རང་ངོ་མ་ལ་ཐིམ་པ་ནི། །དཔེར་ན་མ་པང་བུ་འཇུག་བཞིན། །རང་གི་ཡེ་ཤེས་རང་ཡིད་ཆེས། །རང་གི་རང་བཞིན་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་ཐིམ་པའི་ཚུལ། །སྐུ་ཉིད་སྐུ་ལ་རང་ཐིམ་པས། །གཟུགས་ཀུན་མི་རྟོག་ཆེན་པོར་ནི། །སྣང་བ་མེད་པར་མྱ་ངན་འདས། །རགས་པས་བསྡུས་པའི་འབྱུང་བ་དང་། །ཕྲ་བས་བཟུང་བའི་མ་རིག་སོགས། །འབྱེད་པ་མེད་པར་མྱ་ངན་འདས། །སྐུ་རྣམས་རང་ངོར་ཐིམ་པས་ནི། །ཤེས་པའི་འབྱུང་ཆ་ཕྱིར་མ་ཤོར། །དཔེར་ན་བུམ་པའི་སྐུ་གཟུགས་བཞིན། །ནང་གསལ་ཕྱི་ཡི་རྒྱུ་བ་རྣམས། །རང་བཞིན་མེད་པར་གནས་

p. 317

སུ་དག །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་འདི་ལྟ་བུ། །གཉིས་མེད་གཉིས་མེད་རང་ཐིམ་པས། །གྲངས་སུ་འཛིན་པའི་ཞེན་པ་རྣམས། །ཉག་གཅིག་སྤྲོས་དང་བྲལ་བར་ནི། །མི་གཉིས་གཅིག་པའི་ཚུལ་དུ་ཡང་། །རང་ཐིམ་ཉིད་དུ་མྱ་ངན་འདས། །གཉིས་སུ་སྣང་བ་རང་ཐིམ་པས། །དཔེར་ན་ཆུ་བོ་ཆུ་བོ་ལ། །ཐིམ་པ་བཞིན་ཏེ་དབྱེར་མི་ཕྱེད། །དབྱེར་མེད་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །མ་འགགས་ཡོན་ཏན་འདི་ལྟ་བུ། །མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ། །རང་གི་ངོ་བོ་རང་ཐིམ་པས། །སྐུ་གསུམ་འཛིན་པའི་རང་རྒྱུད་ཀུན། །ལུས་རྣམས་ཟད་པར་མྱ་ངན་འདས། །མཐའ་ཉིད་རང་དག་རང་ཐིམ་པས། །དཔེར་ན་ནམ་མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་ཏེ་ངོས་གཟུང་མེད། །མུ་བཞིའི་རྟོག་ཞེན་རང་འགགས་ནས། །མི་གནས་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །སྣང་བའི་ཡོན་ཏན་འདི་ལྟ་བུ། །མ་དག་འཁོར་བར་རང་འཇུག་སྒོ། །ངོ་བོ་ཉིད་ཀྱི་དག་སྒོ་ལ། །སོང་བ་མེད་པའི་ཚུལ་དུ་ཐིམ། །དཔེར་ན་སྦྲ་ཡི་ཆོན་ཐག་རྣམས། །བརྟུལ་བས་དབུས་སུ་རང་འདུས་ལྟར། །དབང་པོའི་སྤྱོད་ཡུལ་མྱ་ངན་འདས། །འདི་ཉིད་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་ཆ་རྫོགས་པ། །དག་པའི་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་ལ་རང་ཐིམ་པས། །སྐུ་དང་ཡེ་ཤེས་མྱ་ངན་འདས། །དཔེར་ན་སེང་གེ་གངས་ཟིན་བཞིན། །མི་ལྡོག་འཇིགས་མེད་གདེང་རྣམས་རྙེད། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱི། །གཅིག་པར་གནས་པའི་ཡེ་ཤེས་ས། །མ་བཙལ་རང་གིས་རང་རྙེད་པར། །སྔོན་ནས་དེ་ཡི་རང་བཞིན་ནོ། །ཞེས་སོ། །ཚུལ་འདི་གསང་བ་སྙིང་ཐིག་གི་དཀའ་བའི་གནས་ཏེ། རྒྱུད་དང་མན་ངག་ན་གསལ་བར་གསུངས་ཀྱང་། བོད་འདིར་སྔོན་ཆད་སློང་ནུས་པ་ཙམ་མ་བྱུང་བས། ཁོ་བོས་ཤིན་ཏུ་གསལ་བར་ཕྱེ་ནས་བསྟན་པས། ཕྱིན་ཆད་གནད་འདི་ཤེས་པ་བྱུང་ན་ཡི་གེ་འདིའི་མཐུར་ཤེས་པར་བྱའོ། །གཉིས་པ་ཀུན་ཏུ་བཟང་པོའི་གྲོལ་ཚུལ་ལ་གསུམ་སྟེ། གཞི་སྣང་མཐོང་བའི་སྐད་ཅིག་ལ་གྲོལ་བའི་ཚུལ། གྲོལ་ནས་དབྱིངས་ན་བཞུགས་པའི་ཚུལ། དེ་ལས་

p. 318

གཞན་དོན་མཛད་པའི་ཚུལ་ལོ། །དང་པོ་ནི། ཐོག་མའི་དབྱིངས་ལས། ནང་གདངས་ཕྱིར་ཤར་ཏེ། ཐུགས་རྗེ་རིག་པ་རང་མ་རིག་པའི་ཆར་སྐྱེས་ཙམ་དེ་གཞི་སྣང་ལ་ཁ་ཕར་བལྟས་པས། རང་གི་སྣང་བ་ཡིན་པར་ཚུར་རིག་པའི་སྐད་ཅིག་ལ། མ་རིག་པ་རང་དག་ནས་གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་ནང་ཐིམ་ཀ་དག་གི་ས་ལ་རང་སར་གནས་སོ། །དེ་ཡང་སྐད་ཅིག་ལ་རང་སྣང་དུ་བྱེ་བྲག་ཕྱེེད་པས། སྐད་ཅིག་ལ་སངས་རྒྱས་ཏེ། སྔོན་རོལ་པའི་སྟོན་པར་བྱོན་པ་ནི། ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་པར་མ་གྱུར་པས། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐག་ཆོད་པའོ། །ཞེས་པ་དང་། དགོངས་པ་བཀའ་བགྲོས་རྒྱུ་ལས། དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །གཞི་ཤེས་མ་རིག་དྲུག་བཅོམ་ནས། །ཉུག་ཙམ་ལས་ནི་ཡིད་ཙམ་སྟོངས། །རིག་ཙམ་བྱུང་བས་རིག་འགྲིབས་རླག །སལ་གྱིས་གསལ་བས་མུན་སོང་སངས། །ཝལ་གྱིས་བྱུང་བས་འཐིབས་པ་མེད། །སྒྲོ་སྐུར་བྲལ་བས་མ་རིག་དག །འགྱུར་བ་མེད་པས་ནམ་མཁའ་འདྲ། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །འཁྲུལ་པ་མ་རིག་ལོག་བཅོམ་པས། །ལུང་མ་བསྟན་པ་རང་རླག་སྟོངས། །བེམ་རིག་ཕྱེད་པས་གཞི་དང་ཕྲད། །དེ་ཕྱིར་མ་རིག་མུན་པ་སངས། །རི་བོ་ཏ་ལར་ཉི་ཤར་འདྲ། །ཞེས་པ་དང་། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཉུག་ཙམ་ལས་ནི་རིག་བྱུང་ནས། །ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ། །ཞེས་པ་དང་། སྒྱུ་འཕྲུལ་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེའང་ཀུན་ཏུ་བཟང་པོས་དགེ་བ་རྡུལ་ཙམ་ཅིག་མ་བྱས་པར་གཞི་ཐོག་ནས་སངས་རྒྱས་པའོ་ཞེས་གྲགས་ཀྱང་། དཔྱད་ན་རང་ངོ་ཤེས་པ་དེ་ཟག་མེད་རང་བྱུང་གི་དགེ་བ་རྒྱ་མཚོ་ཡིན་པས། ཚོགས་ཆེན་ཡེར་རྫོགས་པ་དང་། ལུང་མ་བསྟན་གྱི་མ་རིག་པ་སངས་པས་སྒྲིབ་པ་ཡེའི་དུས་སུ་བཅོམ་སྟེ། རང་སྣང་དུ་ཤེས་པས་མ་རིག་སངས་ལ།

p. 319

དེ་སངས་པས་ཉོན་མོངས་ཐམས་ཅད་སངས་ཏེ། མ་རིག་པ་སངས་པ་ལས་བྱུང་བའི་ཕྱིར་རོ། །དེ་ཙམ་ན་རང་གནས་ཀྱི་ཡོན་ཏན་མངོན་དུ་གྱུར་པས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པའོ། །གཞི་ཐོག་ནས་གྲོལ་ཟེར་བ་རྩིངས་ཏེ། གཞི་ལས་གཞི་སྣང་དུ་ཤར་དུས་གྲོལ་བས། གཞི་ལས་འཕགས་པའི་སྐད་ཅིག་ལ་གྲོལ་བའོ། །གང་དུ་གྲོལ་ན། གཞི་ཐོག་ཏུ་གྲོལ་ཟེར་བ་ཡང་རྩིངས་ཏེ། མཐར་ཕྱིན་ལྷུན་གྲུབ་ཀྱི་ས་ལ་གྲོལ་བའོ། །གལ་ཏེ་གཞི་ཐོག་ཏུ་གྲོལ་ན་ཡང་ལྡོག་པར་འགྱུར་ཏེ། གཞི་དེ་འཁྲུལ་པ་འབྱུང་རུང་གི་ཆ་ནས་གཞག་པའི་ཕྱིར་ཏེ། འཁོར་འདས་ཀྱི་གཞི་ཡིན་པའི་ཕྱིར་རོ། །གྲོལ་ས་ཉིད་ནི་ཐོག་མའོ་ཞེས། གཞི་ཐོག་མ་ཡིན་ནམ་ཞེ་ན། གནས་ལུགས་ལ་ཐོག་མེད་བཤད་པ་ཡིན་གྱི། དང་པོའི་གཞི་མ་ཡིན་ནོ། །མདོར་ན་རང་ངོ་ཤེས་དུས་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་ཏེ། སྒྲིབ་པ་དང་བྲལ་བས་འབྲས་བུར་གྲོལ་བ་ཞེས་བྱའོ། །དེས་ན་སྐུ་དང་ཡེ་ཤེས་ལ་སོགས་པའི་ཡོན་ཏན་འཆར་གཞིར་གནས་ཚད་ལ་དབྱིངས་ཀྱི་ཡོན་ཏན་ཞེས་བྱ་སྟེ། རིག་པ་ལ་ཡོད་ནི་ཡོད་ལ། མ་མངོན་པའི་ཕྱིར་རོ། །མཐར་ཕྱིན་དུས་སངས་རྒྱས་ཀྱི་ཡོན་ཏན་ཞེས་བྱ་སྟེ། མ་རིག་པ་སངས་ཤིང་སངས་སྟོབས་ཀྱིས་རང་ལ་ཡོད་པའི་ཡོན་ཏན་སྣང་བས་རྒྱས་པའི་ཕྱིར་རོ། །ཡང་ན་གཞི་ལྷུན་གྲུབ་ཀྱི་སངས་རྒྱས་ཀྱི་ཡོན་ཏན་དང་། འབྲས་བུ་མངོན་གྱུར་གྱི་སངས་རྒྱས་ཀྱི་ཡོན་ཏན་ཞེས་ཁས་ལེན་པ་ཡིན་ནོ། །དེ་ལྟར་ཀུན་ཏུ་བཟང་པོ་སངས་རྒྱས་པ་དེ་ཡང་། ཆོས་དྲུག་སྟེ། གཞི་ལས་འཕགས་པ། རང་ངོར་སྣང་བ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པའོ། །དེ་དག་ཀྱང་རྒྱུ་ལས་མ་བྱུང་བའི་འབྲས་བུ། སེམས་ལས་མ་བྱུང་བའི་སངས་རྒྱས། ལུང་ལས་མ་བྱུང་བའི་མན་ངག་རང་ལས་བྱུང་སྟེ་སངས་རྒྱས་པའོ། །གདོད་མའི་གཞི་དང་གཞི་སྣང་འབྲས་བུར་གྲོལ་བ་ནི། རྟོགས་པའི་ཤེས་རབ་ཀྱིས་བྱེད་པ་སྟེ། སྒྲོན་མ་འབར་བའི་རྒྱུད་ལས། གཞི་ཉིད་འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡིས། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡིས་ཡེ་

p. 320

ཤེས་རྒྱུན་མ་ཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དེའི་དུས་སུ་ཤེས་བྱ་ཡུལ་སྣང་དུ་ཤར་བའི་རྣམ་པ་རང་ངོར་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན་ལ། རང་ངོ་ནང་གསལ་དུ་བཞུགས་ཏེ་ཆོས་ཉིད་ཀྱི་ངང་ལས། དཔྱོད་བྱེད་ཀྱི་སྤྲོས་པ་ཞི་བ་ནི་ཐམས་ཅད་མཁྱེན་པའི་སངས་རྒྱས་སོ། །དེ་ཡང་ཐམས་ཅད་ཤེས་ཀྱང་རང་ངོ་ཆོས་ཉིད་ལས་མི་གཡོ་བས། ནང་བཞུགས་ཀྱི་ཤེས་པ་དང་། ཕྱིར་གཟིགས་ཀྱི་ཤེས་པའི་ཆ་ལ། རྣམ་པ་སྣང་མི་སྣང་གི་ཁྱད་ཀྱིས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བརྗོད་དོ། །དེ་གཉིས་ལྡོག་པ་ཐ་དད་ངོ་བོ་གཅིག་པས་ནང་བཞུགས་ལ་ཐམས་ཅད་མཁྱེན་པར་བརྗོད་པ་ཉིད་དོ། །གཉིས་པ་གྲོལ་ནས་དབྱིངས་ན་བཞུགས་པའི་ཚུལ་ནི། ཀ་དག་ལྷུན་གྲུབ་ཀྱི་ཡོན་ཏན་མངོན་དུ་གྱུར་པས་ཤེལ་འོད་ནང་དུ་བསྡུས་པ་ལྟར། རང་ངོ་ནང་གསལ་གཞོན་ནུ་བུམ་པའི་སྐུར་བཞུགས་ཏེ། ཆོས་སྐུ་ཀ་དག་གི་ངོ་བོ་མཐའ་དབུས་མེད་པའི་དབྱིངས་དཔངས་མཐོ་བའི་ཀློང་ན། ལྷུན་གྲུབ་གཏིང་གསལ་གྱི་འོད་ལྔ་གཞལ་ཡས་ཁང་གི་བཀོད་པའི་ནང་ན། རིག་པའི་སྟོང་ཆ་ཆོས་ཉིད་ཀུན་ཏུ་བཟང་མོ་ནང་ཆ་ཆོས་སྐུ་ཀུན་ཏུ་བཟང་པོའི་བཙུན་མོར་རང་གསལ་བ་ལ། ཐབས་དང་ཤེས་རབ་ཀྱི་དྲ་བས་རང་འབྲེལ་ཞིང་། ཤེས་རབ་སྲོག་ཏུ་གྱུར་པའི་རྟ་ཤེས་བྱ་ཐམས་ཅད་ཤེས་བྱེད་དུ་གྲུབ་པས་བང་མགྱོགས་ཤིང་། འོད་གསལ་ལྔའི་ནང་གདངས་མ་འདྲེས་ལ་མཉམ་པའི་རང་བཞིན་ཐང་ཡངས་ཏེ། དེ་ཉིད་ནུབ་པ་མེད་པས་གསང་བའི་ཉི་མ་དབྱིངས་ན་ཤར་རོ། །དེའི་ཚེ་དབྱིངས་ཀྱི་འབྱུང་ལྔ་རང་ས་ན་བཀོད་པའི་སྣང་བ་དང་འོད་ཀྱི་རང་གདངས་སུ་གསལ་ལ། གཏིང་གསལ་གྱི་གདངས་ནུབ་པ་མེད་ཅིང་། ཡེ་ཤེས་ཀྱི་འོད་ལྔ་དབྱིངས་ན་ཟར་ཚགས་སུ་འཁྱིལ་ཏེ། དངོས་པོ་དང་མཚན་མ་ལྟར་མ་གྲུབ་པས་སྟོང་ལ། མེད་པ་ཕྱམ་ཆད་དུ་མ་སོང་བས་འདྲི་ལེགས་པ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་རྒྱ་མདུད་གཅིག་ཏུ་འདྲིལ་ཞིང་། རིག་པ་འོད་ཀྱི་ཁང་པ་ཅན། འོད་མཐའ་མེད་པའི་སྣང་བ་ལྷུན་སྟུག་པ། རྣམ་པར་གྲོལ་

p. 321

བའི་ཡེ་ཤེས་མཐའ་ཡས་པ་རྒྱལ་མཚན་གྱི་རྩེ་མོ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་རིག་པ་དང་། མཚན་དང་། དཔེ་བྱད་ལ་སོགས་པ་རྟག་ཏུ་མི་ནུབ་པའི་རང་བཞིན། འོད་ཟེར་མཐའ་ཡས་པའི་སྒྲོན་མར་གསལ་བ། ཡེ་ཤེས་ཀྱི་རང་སྣང་ལ་འཕེལ་འགྲིབ་མེད་པ། ཐུགས་རྗེ་ཆེན་པོའི་ཕན་པར་བཞེད་པའི་ལམ་གཞན་དུ་མི་བགྲོད་དེ་རང་དོན་གསལ་བ། སྐུ་ལྔའི་མཆོད་རྟེན་ཡེ་ཤེས་ལྔའི་བང་རིམ་དང་བཅས་པ། དབྱིངས་ཆོས་ཉིད་ཀྱི་གདན་ལས་མི་གཡོ་ཞིང་། ཐབས་ལ་མཁས་པའི་ཐུགས་རྗེ་ཆེན་པོའི་སྟོང་ལམ་ཕྱོགས་མཐའ་གཏུགས་པ་ཀུན་ཏུ་འཕྲོ་བས། སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་བླ་མར་སྤྱི་ཕུད་སྔོན་གྱི་ཐོག་མར་བཞུགས་སོ། །དེ་ཡང་རང་ཤར་ལས། ཀྱེེ་སྐྱེས་བུ་དམ་པ་སྨྲ་བའི་སེང་གེ་ཁྱོད་ཉོན་ཅིག །རིན་པོ་ཆེ་རྣམ་པར་བཀོད་པའི་ཕུང་པོ་ནི་དཔངས་མཐོ། རིན་པོ་ཆེའི་གཞལ་ཡས་ཁང་ནི་བཀོད་ལེགས། རིན་པོ་ཆེ་རྣམ་པར་སྤྲས་པའི་བཙུན་མོ་ནི་རྒྱན་བཟང་། རིན་པོ་ཆེ་རྣམ་པར་བཀོད་པའི་དྲ་བ་ནི་ཆ་སྙོམས། རིན་པོ་ཆེ་མཛེས་པའི་རྟ་ནི་བང་མགྱོགས། རིན་པོ་ཆེ་སྣ་ཚོགས་ཀྱི་བང་ལ་ཟད་པ་མེད། རིན་པོ་ཆེ་སྣ་ལྔའི་ཐང་ནི་ཀུན་སྙོམས། རིན་པོ་ཆེ་གསང་བའི་ཉི་མ་ལ་འཆར་ནུབ་མེད། རིན་པོ་ཆེ་ཆུའི་པདྨ་ལ་གོས་པ་མེད། རིན་པོ་ཆེ་མེའི་དཀྱིལ་འཁོར་བརྩེགས་ལེགས། རིན་པོ་ཆེ་རླུང་གིས་ཤེས་རབ་ལ་རྟོག་པ་མེད། རིན་པོ་ཆེ་སའི་དཀྱིལ་འཁོར་ཐེག་པ་ཆེ། རིན་པོ་ཆེའི་ནམ་མཁའ་ནི་མཐའ་དང་དབུས་མེད། རིན་པོ་ཆེ་འབར་བའི་འོད་ལ་འཆར་ནུབ་མེད། རིན་པོ་ཆེ་ཟེར་གྱི་འཕྲེང་བ་རྩར་ལེགས། རིན་པོ་ཆེ་སྟོང་པའི་དཀྱིལ་འཁོར་བྲི་ལེགས། རིན་པོ་ཆེ་མཐའི་རྒྱ་མདུད་གསུམ་པོ་ནི་འདྲིལ་ལེགས། རིན་པོ་ཆེ་གཏིང་གི་མུན་སེལ་ནི་ཡངས་ལ་ལྷུན་སྟུག །རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་ནུབ་པ་མེད། རིན་པོ་ཆེའི་སྒྲོན་མ་འབར་བ་ནི་འོད་གསལ། རིན་པོ་ཆེ་གསང་བའི་ཡེ་ཤེས་ལ་འཕེལ་འགྲིབ་མེད། རིན་པོ་ཆེ་རྣམ་པར་འབྲེལ་བའི་ལམ་ལ་བགྲོད་དུ་མེད། རིན་པོ་ཆེ་སྐུ་གདུང་འབར་བའི་མཆོད་རྟེན་ནི་བརྩེགས་ལེགས། རིན་པོ་ཆེ་རྡོ་རྗེ་གདན་ལ་འགྱུར་བ་མེད། རིན་པོ་ཆེ་སྟོང་པའི་

p. 322

ལམ་ལ་ཐུག་པ་མེད། དགོངས་པ་རང་གནས་ཀྱི་མན་ངག་ཏུ་བསྟན་པའོ་ཞེས་སོ། །འདི་དག་ཐིག་ལེ་གསང་སྐོར་དུ། ས་རིན་པོ་ཆེ་སྣ་ལྔའི་མཆོད་རྟེན་ནི་བརྩེགས་ལེགས་ཞེས་པ་ལ་སོགས་དང་མཐུན་ནོ། །གསུམ་པ་དེ་ལས་གཞན་དོན་མཛད་པ་ནི། དབྱིངས་ཀ་དག་ཆེན་པོ་ཆོས་ཀྱི་སྐུའི་ཞིང་དེ་ལས་མ་གཡོས་བཞིན་དུ། ལྷུན་གྲུབ་ཀྱི་སྒོ་ལས་སེམས་ཅན་གྱི་སྣང་ཚུལ་དང་བསྟུན་ནས་དོན་མཛད་དེ། ལྷུན་གྲུབ་ཀྱི་འོད་དང་སྐུའི་རྩལ་ལས་ལོངས་སྐུའི་སྣང་བ་བཀོད་ནས། དེ་ལས་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། རང་བཞིན་སྤྲུལ་སྐུའི་སྣང་བ་དང་། མ་དག་པ་འཁོར་བའི་སྒོ་ལས་འགྲོ་བའི་སྣང་བ་དང་མཐུན་པའི་སྟོན་པ་སེམས་ཅན་གྱི་གནས་རིས་ཁྱབ་པར་བསྟན་ནས་འཁོར་བ་སྟོང་པར་མཛད་དོ། །འདི་དག་ཐུན་མོང་གི་ཐེག་པར་ཡང་འབྱུང་སྟེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་དང་། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པས་སངས་རྒྱས་ཉིད། །ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོ་སོ་རང་གིས་རྟོག་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ། །དང་པོ་གསུམ་གྱིས་རང་དོན་ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །ཅེས་པ་དང་། དེའི་འགྲེལ་པར། དེ་ལྟར་ཤིན་ཏུ་རྨད་དུ་བྱུང་ཞིང་བསམ་དུ་མེད་པའི་ཡུལ་སངས་རྒྱས་ཉིད་དེ། གཞན་ལས་མ་ཐོས་པར་རང་ཉིད་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་ཀྱིས་བརྗོད་དུ་མེད་པའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་རྗེས་སུ་རྟོགས་པ་ལ་རྟོགས་པ་དང་མི་ལྡན་པ་དམུན་ལོང་དུ་གྱུར་པ་གཞན་དག་ཀྱང་རྟོགས་པར་བྱ་བའི་ཕྱིར། དེ་རྟོགས་པར་ལམ་སྟོན་པར་མཛད་པའི་ཕྱིར། བླ་ན་མེད་པའི་ཡེ་ཤེས་དང་། ཐུགས་རྗེ་དང་ལྡན་པ་ཉིད་དུ་རིག་པར་བྱའོ་ཞེས་གསུངས་སོ། །དེ་ལྟ་བུའི་སྟོན་པ་ནི་ཀུན་

p. 323

གྱིས་སྔོན་རོལ་དུ་བྱང་ཆུབ་བརྙེས་ནས་དུས་གསུམ་གྱི་སངས་རྒྱས་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ། ཐོག་མ་དང་ཐ་མ་མེད་པར་བཞུགས་པས་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱའོ། །ཞིང་དང་མཛད་པ་ནི་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་སེམས་ཅན་དང་སངས་རྒྱས་ཀྱི་སྣང་བ་ཇི་ཙམ་པ་དེ་ཙམ་ཡིན་ནོ། །དོན་གསུམ་པ་མ་རིག་པ་སེམས་ཅན་གྱི་འཁྲུལ་ཚུལ་ནི། ཐོག་མའི་གཞི་ལ་འཁྲུལ་པ་མེད་ཀྱང་། གཞི་སྣང་དུ་ཤར་དུས་རང་ངོ་མ་རིག་པའི་ཤེས་པ་ལུང་མ་བསྟན་མ་རིག་པའི་རྩ་བ་ཅན་དེས། གཞི་སྣང་ལ་རིས་སུ་བཅད་པས་སེམས་ཅན་དུ་འཁྲུལ་ཏེ། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་ལས། །ཡོད་དང་མེད་པ་གཉིས་བྱུང་སྟེ། །སྤྱི་ས་འཁྲུལ་གཞི་ཞེས་བྱ་སྟེ། །མ་རིག་ཉིད་དང་སྦགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང་། །ཞེས་པ་དང་། ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབ། །མ་འཁྲུལ་པ་ཡི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང་། །རྒྱུ་རྐྱེན་དང་བཅས་སྐད་ཅིག་མ། །ཞེས་པ་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་འདི་དག་ཐམས་ཅད་ནི། གཞི་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ལོ། །གཞི་དེ་ངོ་བོ་སྟོང་པ། རང་བཞིན་གྱིས་གསལ་བ། ཐུགས་རྗེ་སེམས་ཅན་ལ་སྣང་ནུས་པའོ། །དེ་ལ་འཛིན་བྱེད་ཀྱི་ཤེས་པ་མ་རིག་པའི་ཆ་ལས་བྱུང་བ་བྲེང་ཙམ་ཅིག་འགྱུས་པ་ལས། ཤེས་པ་དམུན་པོ་ཕ་གི་ལས་ང་བྱུང་ངམ། ང་ལས་ཕ་གི་བྱུང་སྙམ་པའི་ཤེས་པ་བྱུང་བ་ཙམ་གྱིས་འཁྲུལ་ལོ། །མ་རིག་པ་དེ་གཞི་ལ་མེད་དེ་ཉམས་སམ་རྣམ་པ་ལ་ཡོད་དོ། །རྣམ་པ་ལས་རྐྱེན་རྣམ་པ་བཞི་བྱུང་ངོ་། །དེ་ཡང་གཞི་འོད་ཁྱིམ་གྱི་ཚུལ་དུ་གནས་པ་ལས་རྒྱུའི་རྐྱེན་ཞེས་བྱ་སྟེ། མ་རིག་པ་དངོས་སོ། །དེ་ལ་རྟོག་དཔྱོད་དུ་སོང་བས་བདག་པོའི་རྐྱེན་ཞེས་བྱའོ། །དེ་ལ་ཡུལ་ཅན་དུ་བཟུང་བས་དམིགས་པའི་རྐྱེན་ཞེས་བྱ་སྟེ། དཔེར་ན་མེ་ལོང་ལ་སྐྱེས་བུའི་བྱད་བསྟན་པ་ལྟ་བུའོ། །དེ་གསུམ་དུས་མཚུངས་པས་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །

p. 324

དེ་རང་གིས་གཞི་ཡིན་པ་ལ་རང་གིས་ངོ་མ་ཤེས་ཏེ་འཁྲུལ་ནས་ཁམས་གསུམ་འཁོར་བ་གྲུབ་བོ། །དེ་ལས་ཉོན་མོངས་པ་རགས་སུ་སོང་ནས་སེམས་ཅན་གྱི་གཟུགས་ཐ་དད་དུ་བྱུང་ངོ་། །གཞི་དེ་ལྟ་བུ་ལས་འཁྲུལ་ལོ་ཞེས་སོ། །དེ་ཡང་གཞི་སྣང་ལ་དཔྱོད་བྱེད་ཀྱི་ཤེས་པ་བྱུང་དུས། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་རང་ངོ་མ་ཤེས་པའི་ཆ་ལས། རྐྱེན་བཞིའི་དམིགས་པ་མ་དག་པས་འཁྲུལ་ལོ། །ཚུལ་དེ་དག་བཀྲ་ཤིས་མཛེས་ལྡན་ལས། དེ་ཡང་རྐྱེན་བཞི་ཡིས་འཁྲུལ་ཏེ། ཐ་མ་ཡང་རྐྱེན་བཞི་ལ་ཐུག་གོ། རྒྱུ་དམིགས་པ་ཅན་དུ་འཛིན་པའི་རྐྱེན་ལས། འབྲས་བུ་སྣ་ཚོགས་པའི་རྒྱུར་འཁྲུལ། བདག་པོ་ཡུལ་ཅན་དུ་འཛིན་པའི་རྐྱེན་ལས་མིང་སྣ་ཚོགས་སུ་འཁྲུལ། དམིགས་པ་བློ་ཅན་དུ་འཛིན་པའི་རྐྱེན་ལས་འབྲས་བུ་ལ་ཐུག་པ་མེད་པར་འཁྲུལ་ལོ། །དེ་མ་ཐག་པ་འཛིན་པ་ཅན་གྱི་རྐྱེན་ལས་སྣང་བ་སྣ་ཚོགས་སུ་འཁྲུལ་ལོ། །དེ་ནི་གསང་སྔགས་གཞིའི་འཁྲུལ་ལུགས་ཆེན་པོའོ། །དེ་ཡང་སྣང་ཐབས་ལ་མ་རིག་པའི་རྐྱེན་རང་ཀ་མ་དང་བཅས་ཏེ་སྣང་ངོ་། །མ་རིག་པ་དེ་ཡང་རྩ་བའི་ཉོན་མོངས་པ་ལྔ་དང་བཅས་ཏེ་རྟོག་ཚོགས་དུ་མ་སྡུད་པའོ། །རྐྱེན་སྟོང་ཕྲག་དུ་མ་དང་བཅས་པ། སྣང་ཚུལ་དུ་མ་དང་བཅས་པ། སྣང་ཚུལ་གྱིས་འབྱམས་པའོ། །དེ་ཡང་ལྷུན་གྲུབ་རིན་པོ་ཆེའི་གའུའི་གནས་ལུགས་ཀྱི་སྣང་བ་མ་འགགས་པ་ལས། གཞི་མ་འགྱུར་བར་སྣང་བ་འགྱུར་ཏེ། ཡུལ་དུ་མའི་རྗེས་དུ་འབྲངས་ཏེ། ཐམས་ཅད་ལ་རྟོགས་པའོ། །ཆོས་ཀྱི་སྐུའི་སྣང་བ་མ་འགྱུར་ཀྱང་། འཁྲུལ་པའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་བའོ། །རྡོ་རྗེ་སེམས་དཔའ་ལ་འཁྲུལ་པ་མི་མངའ་ཡང་། སེམས་ཅན་ལ་འཁྲུལ་པའི་ཚུལ་སྟོན་པའོ། །ཐ་མ་རང་གི་སྣང་བ་རང་རྐྱེན་གྱི་གཞི་ལ་བཟློག་པའོ། །གཉིས་སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ། འཁྲུལ་པ་ལ་བདག་པོར་བཟུང་བས་བདག་པོའི་རྐྱེན། རང་རིག་པའི་འབྲས་བུ་རང་ཤར་བར་མ་ཤེས། རྒྱུ་ཉིད་ལྟོས་ཅན་དུ་བཟུང་བས་རྒྱུའི་རྐྱེན་ནོ། །ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས། དམིགས་པ་ལ་ཡུལ་དུ་བཟུང་བས་དམིགས་པ་རང་

p. 325

ངོའི་རྐྱེན། དུས་ལ་ལྟོས་ནས་འོད་རང་བྱུང་བར་མ་ཤེས། དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་བྱུང་ནས། མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ་ཞེས་སོ། །དེ་ཡང་དང་པོ་འཁྲུལ་པའི་རྒྱུ་མ་རིག་པ་གསུམ་སྟེ། རང་ངོ་མ་རིག་པའི་ཆ་ཙམ་ལས། གཟུང་འཛིན་དུ་མ་སྐྱེས་པས་དོན་གྱིས་མ་འཁྲུལ་ཞེས་བྱ་བ་དེ་འཁྲུལ་པར་སོང་སྟེ། མིང་མེད་མིང་དུ་སོང་བ་ལྟ་བུ་ནི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པའོ། །དེ་ཉིད་ངོ་མ་ཤེས་ཙམ་ལྡོག་དེ་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ་འཁོར་འདས་གཉིས་ཀྱི་སྣང་ཆར་བྱུང་བའོ། །དེ་ལྟར་ཡུལ་འོད་སྣང་ལ་བློས་གཉིས་སྣང་ཙམ་དུ་ཕྱེ་བའི་ཆ་ནས་མིང་དོན་བདག་ཏུ་རྟོག་པའི་ཆར་སོང་བས་ཀུན་བརྟགས་པའི་མ་རིག་པ་ཞེས་བྱའོ། །དེ་ལྟ་བུའི་རྒྱུ་དེ་ལ་རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དེ་ལྟར་མ་རིག་པ་གསུམ་འདུས་པས་བྱས་ཏེ། སྐྱེས་བུ་གཟུགས་དང་ཡན་ལག་དང་ལྡན་པ་ལ་བྱད་རང་ཆས་སུ་འབྱུང་བ་ལྟ་བུའོ། །དེ་ལས་དམིགས་པའི་རྐྱེན་མེ་ལོང་དང་འདྲ་བར་ཕྱི་ཡུལ་ལ་ཤར་བ་དང་། དེ་ལ་བཞིན་ཡོད་པས་རྐྱེན་མེ་ལོང་གི་ནང་དུ་ཤར་བ་ལྟར། དམིགས་པའི་ཡུལ་རང་འོད་ཕྱིར་ཤར་བ་ལས། བདག་པོའི་རྐྱེན་མེ་ལོང་དང་། བཞིན་དང་། བདག་དངོས་སུམ་དུ་བཟུང་བས་བཞིན་དང་མེ་ལོང་དུ་རྟོག་པ་ལྟར། འོད་དང་། རིག་པ་དང་། ཆོས་ཉིད་གསུམ་དུ་རྟོག་པ་དང་བཅས་པས་བདག་པོའི་རྐྱེན་ཞེས་བྱའོ། །དེ་ལྟར་རྒྱུ་མ་རིག་པ་གསུམ་དུ་རྐྱེན་གསུམ་དུས་མཚུངས་པས། མཚུངས་པ་དེ་མ་ཐག་པའི་རྐྱེན་ཏེ། འཁྲུལ་པ་དངོས་སུ་བྱུང་བའོ། །རྐྱེན་བཞི་པོ་དེ་ཡང་གང་ཟག་གི་དུས་ན། རྒྱུ་སངས་རྒྱས་དང་སེམས་ཅན་དུ་གཅིག་པས་སྤང་བླང་ལས་འདས་པའི་ཡེ་ཤེས་སུ་ངོས་ཟིན་པས། རྒྱུའི་རྐྱེན་རང་སར་གྲོལ། ཡུལ་སྣ་ཚོགས་སུ་ཤར་བ་ཆོས་ཉིད་རང་སྣང་དུ་གྲོལ་བས། དམིགས་པའི་རྐྱེན་ཡུལ་ཐ་དད་པ་རང་སར་གྲོལ། དེ་ཡང་ངང་རང་བྱུང་གི་ཡེ་ཤེས་སུ་ཤར་ཅིང་གྲོལ་བས། བདག་པོའི་རྐྱེན་རང་སར་གྲོལ་བའོ། །དུས་ལ་ངེས་པ་མེད་པས་དུས་སྔ་ཕྱི་ཕན་ཚུན་གྱིས་འགལ་བས། མཚུངས་པ་དེ་མ་ཐག་པའི་རྐྱེན་རང་སར་གྲོལ་བའོ། །དེ་ལྟར་རྒྱུ་རྐྱེན་གཉིས་སུ་འཁྲུལ་པའི་རང་བཞིན་བྱས་པས། དེ་གཉིས་

p. 326

ཀྱིས་སྨིན་སོ་ལུས་ཀྱིས་བྱས་པས་བསགས་པ་ཐ་དད་པར་འབྱུང་ལ། སེམས་ཀྱིས་རྒྱུ་བྱས་པས་འདུ་ཤེས་ཡུལ་ཐ་དད་པས། ཡུལ་སེམས་ཐ་དད་པར་འཁྲུལ་ཏེ། ལུས་སེམས་དང་བཅས་པ་དེ་ཡང་སྐད་ཅིག་མ་དང་པོ་ལ་འཁྲུལ་ལོ། །འདི་ཉིད་འཁོར་བའི་ཐོག་མ་ཡིན་ཏེ། ཐལ་འགྱུར་ལས། འཁོར་བ་རྣམས་ཀྱི་ཐོག་མ་ནི། །མི་འབྱེད་བྱས་མེད་རང་བཞིན་ལས། །དམིགས་པར་འཛིན་པའི་ཡུལ་ཤར་ཏེ། །རྟོག་འཛིན་ལས་ནི་ཐ་དད་སྣང་། །དམིགས་འཛིན་འབྲེལ་བ་བཅུ་གཉིས་སུ། །འཁོར་བའི་ཐོག་མ་ཉིད་དུའོ། །མ་རིག་གསུམ་གྱིས་འཁྲུལ་ཚུལ་ཏེ། །བརྒྱུད་ཅིང་འབྱེད་མེད་རྩ་བ་སྟེ། །རང་ངོ་ཡིན་པར་མ་ཤེས་པས། །འདི་ཡང་འཁོར་བའི་ཐོག་མའོ། །ཞེས་སོ། །དེའི་དུས་ན་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བྱུང་བ་ནི། ཐུགས་རྗེའི་རྩལ་རང་ངོ་མ་ཤེས་པས་མ་རིག་པ་གསུམ་བྱུང་བ་ནི་མ་རིག་པའོ། །རྐྱེན་བཞི་ནི་འཁོར་བ་འདུ་བྱེད་པའོ། །དེ་ལས་ཤེས་པ་རགས་པར་ཡུལ་གྱི་རྣམ་པ་སྤྱོད་པས་རྣམ་པར་ཤེས་པའོ། །དེ་ལས་ལུས་ཐ་དད་ཀྱི་ལས་དང་མིང་དུ་བྱུང་བ་ནི་མིང་དང་གཟུགས་སོ། །དེའི་ཁྱད་པར་ཁ་དོག་དང་འབྱུང་བ་སོ་སོའི་ཆ་གྲུབ་པ་ནི་སྐྱེ་མཆེད་དྲུག་གོ། དེ་ལས་ཡུལ་ལ་ལོངས་སྤྱོད་པ་ནི་རེག་པའོ། །དེ་ལས་དགའ་གདུང་བར་མ་གསུམ་སྐྱེ་བ་ནི་ཚོར་བའོ། །དེ་ལས་བདེ་བ་ལ་ཆགས་ཤིང་སྡུག་བསྔལ་མི་འདོད་པའི་ཤེས་པ་ནི་སྲེད་པའོ། །དེ་ལས་ཡུལ་དང་དུ་ལེན་པས་ལེན་པའོ། །དེ་ལས་ལས་དང་ཉོན་མོངས་རྒྱས་ཏེ་ཕྱི་མའི་སྐྱེ་བར་འཕེན་པའི་ལས་འགྲུབ་པ་ནི་སྲིད་པའོ། །དེ་ལས་འགྲོ་བ་ཐ་དད་དུ་སྐྱེ་བ་ནི་སྐྱེ་བའོ། །དེ་ལས་དར་ལ་བབ་པ་དང་རྒས་པ་དང་ཤི་བ་ནི་རྒ་ཤིའོ། །དེ་ཡང་དང་པོ་ནས་དེའི་བར་འཁོར་ལོ་བཅུ་གཉིས་ཀྱིས་འཁྲུལ་པའོ། །ཚེ་གཅིག་གིའང་འོད་གསལ་ནུབ་སྟེ་སྲིད་པ་བར་དོ་སྣང་རུང་གི་སྐད་ཅིག་དང་པོ་རང་ངོ་མ་ཤེས་པ་ནི་མ་རིག་པ་སྟེ། ཕྱི་དབུགས་ཆད་དུས་ཤི་བས། དེའི་བར་རྟེན་འབྲེལ་ལུགས་འཇུག་གོ། དེ་ནས་ཕྲ་རགས་ཀྱི་ཐིམ་ཚུལ་སྦུབས་འཕོ་བའི་རིམ་པ་རྣམས་ལུགས་བཟློག་སྟེ། འཁྲུལ་སྣང་སྟོང་ནས་འཁོར་བ་རུ་ལོག་པ་ན། མྱ་ངན་ལས་འདས་

p. 327

པ་རང་བྱུང་གི་གནས་ལུགས་དང་པོ་ཀ་དག་གི་སྣང་བ་ཤར་བ་ནས། ཆོས་ཉིད་བར་དོའི་སྣང་བ་རྣམས་ནི་མྱ་ངན་ལས་འདས་པའི་རྟེན་འབྲེལ་མངོན་དུ་སྣང་བའོ། །དེར་རང་ངོ་མ་ཤེས་ན་ཡང་འཁོར་ལ། ཤེས་ན་གྲོལ་བས་འཁོར་བ་མྱང་འདས་སུ་གྲོལ་བ་ཞེས་བྱའོ། །དེའང་གཞི་དང་གཞི་སྣང་། གཉིས་ཀ་ལ་མ་རིག་པ་མེད་ཀྱང་། སྤྲིན་བཞིན་དུ་གློ་བུར་དུ་བྱུང་བས་རྐྱེན་བྱས། མ་དག་པ་འཁོར་བ་ལྟར་འཆར་བའི་སྒོས་རྒྱུ་བྱས་ཏེ། ཁམས་གསུམ་རིགས་དྲུག་སོ་སོར་འཁྲུལ་ལོ། །མུ་ཏིག་ཕྲེང་བ་ལས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །ཞེས་པ་དང་། གཞི་སྣང་ཆེན་པོ་དེ་ཉིད་ལ། །མ་རིག་པ་ཞེས་བརྟགས་མེད་པས། །འཁྲུལ་པར་གྲུབ་པ་ཡོད་མ་ཡིན། །ཞེས་སོ། །གློ་བུར་དུ་ནན་གྱིས་བརྟགས་པས་མ་དག་པ་འཁོར་བའི་ཆོས་བྱུང་བ་ནི། དེ་ཉིད་ལས། དེ་ལྟར་འཇིག་རྟེན་གསུམ་པོ་ཉིད། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །ཅེས་པ་དང་། ས་ཆུ་མེ་རླུང་ནམ་མཁའ་ཡང་། །འབྱུང་བ་ཆེ་རྣམས་དེ་ལས་བྱུང་། །ལྷ་དང་ལྷ་མིན་མི་རྣམས་དང་། །དམྱལ་བ་བྱོལ་སོང་ཡི་དྭགས་རྣམས། །ཆེན་པོ་དེ་ལས་ཡང་དག་བྱུང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ལ་སོགས་ནི། །དེ་ཉིད་ལས་ནི་ཆོ་འཕྲུལ་འབྱུང་། །མ་རིག་སེམས་ཅན་ཡིད་རྣམས་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །རྣམ་པར་ཤེས་པའི་ཚོགས་དག་དང་། །དབང་པོ་ལྔ་ལ་སོགས་པ་བྱུང་། །སྒྲ་དང་དྲི་དང་རོ་དང་ནི། །རེག་བྱ་ཉིད་དང་འདོད་ཡོན་ནི། །དེ་ཉིད་ལས་ཀྱི་རྒྱུད་དུ་བྱུང་། །གསོག་དང་ཡ་མ་བརླ་དང་ནི། །སྙིང་པོ་མེད་ལ་སོགས་པ་ཡང་། །དེ་ཡི་རྩལ་དང་རོལ་པར་བྱུང་། །ཀུན་གཞི་དང་ནི་ཉེར་ལེན་གྱི། །ཤ་དང་ཁྲག་དང་ཆུ་སེར་དང་། །རུས་དང་པགས་པ་བ་སྤུ་དང་། །བསགས་པའི་ལུས་རྣམས་དེ་ལས་བྱུང་། །ཞེས་སོ། །དེའི་དུས་སུ་མ་རིག་པ་དྲུག་ཀྱང་རང་ཆས་སུ་

p. 328

བྱུང་སྟེ། རང་ཤར་ལས། མ་རིག་པ་འདི་ལྟ་སྟེ། རྩ་བ་སེམས་ཀྱི་མ་རིག་པ་དང་། འཁྲུལ་པ་ཡུལ་གྱི་མ་རིག་པ་དང་། འཁྲུལ་གཞི་གཞིའི་མ་རིག་པ་དང་། འཛིན་པ་རྟོགས་པའི་མ་རིག་པ་དང་། བཅོས་པ་ལམ་གྱི་མ་རིག་པ་དང་། མ་ཤེས་རྨོངས་པའི་མ་རིག་པ་དང་། དེ་ལྟར་མ་རིག་པ་རྣམ་པ་དྲུག་ཏུ་བྱུང་སྟེ། རང་གི་སྣང་བ་མི་མཐོང་ངོ་། །དེ་ཡང་འདི་ལྟ་སྟེ། རྩ་བ་སེམས་ཀྱི་མ་རིག་པ་ནི་ལྷན་ཅིག་སྐྱེས་པ་དངོས་ཡིན་ཏེ། རིག་པའི་ཡེ་ཤེས་ངོ་མ་ཤེས་ནས་འཁྲུལ་ཏེ། ང་ལ་ཡེ་ཤེས་ཀྱི་སྣང་བ་འདི་བྱུང་ངམ། ངའི་སྣང་བ་འདི་མིན་ནམ་སྙམ་པའི་ཤེས་པ་འབྱུང་སྟེ། སྙེམ་བྱེད་བྱུང་བ་དེ་ལྷན་ཅིག་སྐྱེས་པ་རྩ་བའི་མ་རིག་པ་ཡིན་ཏེ། བདག་དུ་རྟོག་པའི་བློ་བྱུང་བས་འཁྲུལ་ལོ། །དེ་ནས་རིག་པ་ཡེ་ཤེས་ཀྱི་སྣང་བ་བསྒྲིབས་སོ། །དེ་ནི་རྩ་བ་སེམས་ཀྱི་མ་རིག་པ་ཞེས་བྱའོ། །ད་ནི་འཁྲུལ་པ་ཡུལ་གྱི་མ་རིག་པ་སྟོན་ཏེ། འཁྲུལ་པ་ནི་གང་གིས་འཁྲུལ་ལོ། །ཡུལ་ནི་སྔོན་འཇིག་རྟེན་མ་ཆགས་ཙམ་ན། དཔག་བསམ་གྱི་ཤིང་རྒྱས་པ་ཞེས་བྱ་བ། སངས་རྒྱས་གཞོན་ནུ་བུམ་པ་སྐུའི་བྱིན་རླབས་ལས་བྱུང་བའི་ཤིང་དང་། སྒོ་ང་ལས་བྱུང་བའི་དྲོད་དང་རླན་ལ་བཙས་པ་ཞིག་ཡོད་པ་ལས། དེ་ལས་ཡིད་རང་བྱུང་གི་ཡེ་ཤེས་ཞེས་བྱ་བ་བསྐྱོད་པ་ལས་མི་མཇེད་ཀྱི་འཇིག་རྟེན་ཆགས་སོ། །དེ་ནི་འཁྲུལ་པ་ཡུལ་གྱི་མ་རིག་པ་ཞེས་བྱའོ། །འཁྲུལ་གཞི་གཞིའི་མ་རིག་པ་ནི། འཁྲུལ་གཞི་རང་གིས་རང་མ་དག་པ་ལས་བྱུང་སྟེ། དང་པོ་རྒྱུའི་རྐྱེན་ཞེས་བྱ་བ་མ་རིག་པ་དངོས་བྱུང་སྟེ། གཞི་མ་ཤེས་མ་རིག་པའོ། །དེ་ལས་དམིགས་པའི་རྐྱ྄ེན་ཞེས་བྱ་བ་འཁྲུལ་པ་ཡུལ་གྱི་མ་རིག་པ་ལྟ་བུའོ། །དེ་ལས་བདག་པོའི་རྐྱེན་ཞེས་པ་ཤེས་པ་ལ་ངར་འཛིན་བྱུང་། དེ་ལས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱ་བ། ཤེས་པ་རགས་སུ་སོང་ནས་འཛིན་པས་གཟུང་བའོ། །དེ་ལས་ཉོན་མོངས་པ་རགས་སུ་སོང་ངོ་། །དེ་ནི་འཁྲུལ་པ་གཞིའི་མ་རིག་པ་ཞེས་བྱའོ། །འཛིན་པ་རྟོག་པའི་མ་རིག་པ་ནི། དེ་ལས་ཉོན་མོངས་པའི་ཚོགས་དཔག་ཏུ་མེད་པ་བྱུང་ངོ་། །དེ་ཡང་འདི་ལྟ་སྟེ། འཛིན་པའི་ཡིད་དྲུག་བྱུང་ངོ་། །

p. 329

མ་རིག་པ་དང་མཚུངས་པའི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་དང་། ཀུན་ཏུ་ཚོལ་བའི་ཡིད་དང་། གཏན་ལ་འབེབ་པའི་ཡིད་དང་། རྣམ་པར་རགས་པའི་ཡིད་དང་། ངེས་པར་འཇོག་པའི་ཡིད་དོ། །དེ་ཡང་འདི་ལྟ་སྟེ། མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་ནི་འདི་ལྟ་སྟེ། རྩ་བ་མ་རིག་པ་དངོས་ཡིན་ལ། ཡིད་ཀྱི་འགྱུ་བ་དང་བཅས་པའོ། །དེ་ནི་མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡུལ་ལ་ངའི་ཡིན་སྙམ་པའི་ཤེས་པས་བཟུང་བས། ང་དང་བདག་ཏུ་བཟུང་བའི་ཉོན་མོངས་པའི་དབང་དུ་སོང་བའི་ཕྱིར་ན་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །གཏན་ལ་འབེབས་པའི་ཡིད་ཀྱིས་ནི། ཡུལ་ངའི་ཡུལ་ཡིན་ནོ་སྙམ་པའི་ཤེས་པས་བཟུང་བས་དེ་ལ་ཆགས་པ་སྐྱེས་པས་གཏན་ལ་འབེབས་པ་ཞེས་བྱའོ། །ཀུན་ཏུ་ཚོལ་བའི་ཡིད་ནི་ཡུལ་གྱི་དབང་དུ་སོང་ནས་ཉོན་མོངས་པ་ཕྲ་བ་ཐམས་ཅད་ཟླ་ལ་སྡུད་པའོ། །དེའི་ཕྱིར་ཀུན་ཏུ་འཚོ་བའི་ཡིད་ཅེས་བྱའོ། །རྣམ་པར་རགས་པའི་ཡིད་ནི་ཉོན་མོངས་པ་རགས་པས་སྲོག་གཅོད་པ་དང་། དམ་ཚིག་ཉམས་པའི་ལས་མང་པོ་བྱེད་པའོ། །ངེས་པར་འཇོག་པའི་ཡིད་ནི། དེ་རྣམས་ཀྱི་སྣང་བ་ལ་ངའི་ཡིན་སྙམ་པ་དང་། གཞན་གྱི་མིན་སྙམ་པ་དེ་ནི་ངེས་པར་འཇོག་པའི་ཡིད་དོ། །དེ་ནི་འཛིན་པ་རྟོག་པའི་མ་རིག་པ་ཞེས་བྱའོ། །བཅོས་པ་ལམ་གྱི་མ་རིག་པ་ནི། ཡིད་དྲུག་འདུས་ནས་ཡེ་ཤེས་ཀྱི་ལམ་བསྒྲིབས་པ་སྟེ། དེ་ཡང་ཡིད་ཀྱིས་ཡེ་ཤེས་མི་མཐོང་ཞིང་གསལ་དུ་མི་སྟེར། ཡེ་ཤེས་ལ་རྟོག་པ་མེད། ཡིད་ལ་འགྱུ་བྱེད་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ལམ་སྒྲིབ་པ་ཡིན་ནོ། །དེ་ནི་བཅོས་མ་ལམ་གྱི་མ་རིག་པ་ཞེས་བྱའོ། །མ་ཤེས་རྨོངས་པའི་མ་རིག་པ་ནི་རང་གི་སྣང་བའི་འོད་དུ་ཡོད་པ་མ་ཤེས་པས་ཡང་ནས་ཡང་དུ་འཁོར་བས་ན་འཁོར་བར་འཁོར་བའོ། །དེ་ནི་མ་ཤེས་རྨོངས་པའི་མ་རིག་པའོ། །དེ་ལྟར་མ་རིག་པ་དྲུག་ཏུ་བྱུང་བས་ཡེ་ཤེས་ཀྱི་སྣང་བ་མ་ཤེས་པའོ་ཞེས་སོ། །དེ་དག་ནི་མ་རིག་སེམས་ཅན་གྱི་འཁྲུལ་ཚུལ་ཏེ། ཐོག་མ་ལྷུན་གྲུབ་ལས་རང་ཤར་ཏེ། རང་ངོ་མ་ཤེས་པའི་རིག་པ་ནས། ཐ་མ་འཁྲུལ་

p. 330

པ་འགག་དུས་ཕྱི་མ་དག་རབས་ཆད་པོའི་དྲི་མ་གང་ཡིན་པ་དེ་འཁོར་བའི་ཐོག་མཐའ་ཡིན་གྱི་སངས་རྒྱས་པ་ཐ་མ་མ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། ལྷུན་གྲུབ་སྣང་ཚུལ་གྱི་སྒོ་ལས་འཁོར་འདས་ཀྱི་གྱེས་མདོ་བསྟན་པ་སྟེ་རིམ་ཁང་དགུ་པའོ།། །།

རིམ་ཁང་བཅུ་པ། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ།

p. 331

དེ་ལྟར་དབྱིངས་སྣང་ལས་གྲོལ་འཁྲུལ་གྱི་རིམ་པ་བསྟན་ནས། ད་ནི་འཁྲུལ་ཚུལ་དང་འཁྲུལ་པ་བཟློག་ཚུལ་གྱི་རིམ་པ་བརྡའི་སྒོ་ནས་རྒྱས་པར་བསྟན་པ་ལ་བརྒྱད་ལས། དང་པོ་ནི་གཞི་ལས་གཞི་སྣང་དུ་ཤར་དུས་མ་རིག་པ་གསུམ་དང་རྐྱེན་བཞིས་འཁྲུལ་ཏེ། རང་ཤར་ལས། ཀྱེ་གྲོགས་པོ་དག །དག་པའི་སངས་རྒྱས་ལ་འཁྲུལ་པ་མི་མངའ་ཡང་། རྡོ་རྗེ་སེམས་དཔའ་གཞི་ཐོགས་ནས་འཁྲུལ་ལུགས་ནི། ཡུལ་ཡངས་པ་ཅན་ཞེས་བྱ་བ་ནས་འཁྲུལ་ལོ། །གནས་མཛེས་ལྡན་ཞེས་བྱ་བ་ནས་འཁྲུལ་ལོ། །དུས་ནམ་སྲོས་པ་དང་འཁྲུལ་ལོ། །ལོ་ཕག་གི་ལོ་ལ་འཁྲུལ་ལོ། །ཉི་མ་སྦྲུལ་གྱི་ཉི་མ་ལ་འཁྲུལ་ལོ། །སྐར་མ་བྱ་ལ་འཁྲུལ་ལོ། །མིའི་མིང་ནི་རྒན་མོ་ལིང་ཏོག་ཅན་ཞེས་བྱ་བ་འཁྲུལ་ལོ། །རུས་ནི་མ་ངེས་པ་ལས་འཁྲུལ་ལོ། །རོགས་མི་བཞིས་བྱས་སོ། །དེ་ནས་མི་རྒོད་པ་ལྔ་བྱུང་ངོ་། །དེ་ནས་རྒྱབ་བརྟེན་པ་མི་གཅིག་བྱུང་ངོ་། །དེ་ནས་རྐུན་མོ་མི་གཅིག་བྱུང་ངོ་། །དེ་ཐམས་ཅད་བསོགས་པས་མི་གཅིག་བྱུང་ངོ་། །དེ་ལ་སོགས་པའི་དམག་གི་ཚོགས་དཔག་ཏུ་མེད་པ་བྱུང་ངོ་། །དེ་དག་ལ་སོགས་པ་དཔག་ཏུ་མེད་པར་འཁྲུལ་ལོ། །དེ་ལ་འཁྲུལ་གཞི་མེད་པ་ལས་བྱུང་བའི་ཕྱིར་ན། སྲིད་པ་ཞེས་བྱ་བར་ཆགས་སོ། །སེམས་ཅན་གྱི་གཟུགས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །འཁྲུལ་པའི་ལམ་དང་བསམ་པ་ཡང་ཇི་ལྟར་བསམ་པའི་རྟོག་པ་ལྟར་རྟོག་པ་བྱུང་ངོ་ཞེས་སོ། །དེ་ལ་རྡོ་རྗེ་སེམས་དཔའ་ནི་རིག་པའོ། །ཡུལ་ཡངས་པ་ཅན་ནི། ཐོག་མའི་གཞིའོ། །གནས་མཛེས་ལྡན་ནི། གཞི་སྣང་ལྷུན་གྲུབ་ཀྱིི་འཆར་སྒོའོ། །དུས་ནམ་སྲོས་པ་ནི། རང་མ་རིག་པར་གཞན་དུ་སྣང་བས་འཁྲུལ་གཞིའི་སྣང་བའོ། །ཕག་གི་ལོ་ནི། མ་རིག་པ་དངོས་སུ་ཀུན་བརྟགས་པའི་ཚེའོ། །སྦྲུལ་གྱི་ཉི་

p. 332

མ་ནི། ཡུལ་སྣང་རགས་པར་བཟུང་བའི་རྟོག་པ་གསལ་བའི་ཆའོ། །སྐར་མ་བྱ་ནི། ཡུལ་ཞེན་པའི་འདོད་ཆགས་སུ་སྐྱེས་པའོ། །རྒན་མོ་ནི། མ་རིག་པའི་ཤེས་པ་འཁྲུལ་འཛིན་དུ་ཤར་བའོ། །རུས་མ་ངེས་པ་ནི། གཞི་སྣང་དེ་གང་དུའང་འཆར་ཞིང་གྲོལ་འཁྲུལ་གཉིས་ཀས་སྤྱི་ས་ཡིན་པ་ནས་འཁྲུལ་པ་ལ་ཟེར་རོ། །རོགས་མི་བཞི་ནི། རྐྱེན་བཞིའོ། །མི་རྒོད་ལྔ་ནི། དུག་ལྔའོ། །རྒྱབ་རྟེན་མི་གཅིག་ནི། ཀུན་རྟོག་པའི་སེམས་སོ། །རྐུན་མོ་གཅིག་ནི། ཁོང་ཁྲོའོ། །ཐམས་ཅད་བསོགས་པའི་མི་གཅིག་ནི། འཁྲུལ་སྣང་གཅིག་ཏུ་གྲུབ་པའོ། །དེ་ཡང་ཡིད་དེ་འཁྲུལ་སྣང་གི་འཛིན་བྱེད་དོ། །དེ་ལས་ཉོན་མོངས་དུ་མ་བྱུང་བ་ནི། དམག་གི་ཚོགས་སོ། །དེ་ལྟར་འཁྲུལ་པ་དེ་དང་པོ་ཀ་དག་འཁོར་གཞི་མེད་པ་ཡོད་མ་ཐང་པ་ཅིག་ལས་བྱུང་བས་འདི་འདྲ་སྲིད་པ་ཞེས་བཏགས་པ་ཡིན་ནོ། །གཉིས་པ་ནི། སྒྲུང་རྒྱུད་ཀྱིས་མཚོན་ནས་འཁྲུལ་པ་དང་། གྲོལ་བ་གཉིས་སྟོན་པ་ནི། ཡང་རང་ཤར་ལས། ཀྱེ་ཀློང་དུ་དག་པ་རྣམས་ཉོན་ཅིག །སངས་རྒྱས་ཀྱི་དགོངས་པའི་ཚད་འདི་རྣམས་ཀྱིས་གཟུང་བར་བྱའོ། །སྔོན་ཡུལ་ཡངས་པ་ཅན་ཞེས་བྱ་བ་ན། སྟོན་པ་འོད་འགྱེད་པ་ཞེས་བྱ་བ་ཡོད་དོ། །དེ་ལ་བུ་སྤུན་གཉིས་ཡོད་དེ། གྲོག་པོ་སྟོང་བར་བཙོན་དུ་བཟུང་ཟེར་ཏེ་ཡ་ཆ། དེ་ནས་དམག་མི་ལྔ་བྱུང་ནས་རྡོའི་མཁར་རྩེ་ནས་བཅོམ་ཟེར་ཏེ་ཡ་ཆ། བུ་གཉིས་དོང་དུ་བསྐྱུར་ནས། རྒན་མོ་ལིང་ཏོག་ཅན་གྱིས་སྒོ་བཅད་ཟེར་ཏེ་ཡ་ཆ། དེ་ནས་མི་བཞིས་དེད་པས་ཟིན་ཏེ། མི་ལྔ་རྟ་དང་ཕྲལ་ཟེར་ཏེ་ཡ་ཆ། བུ་གཉིས་རང་གིས་རང་ཤོར་ནས་བཙོན་སྲུངས་བསད་ཟེར་ཏེ་ཡ་ཆ། བུ་གཉིས་ཆར་ཉི་མ་ཅན་དུ་བྲོས་ནས་འབངས་ལ་དཔྱ་བསྡུས་ནས། བཙུན་མོ་ཉི་ཤུ་རྩ་གཅིག་གིས་གྲོས་བྱས་ནས། བསམ་རྡུགས་ཀྱི་ལྷ་ཁང་དུ་བྲོས་ཏེ། མི་ལྔས་ཕུབ་ལྔ་གོན་ནས་སྒོ་བསྲུངས་པས། སུས་ཀྱང་འོང་མ་ནུས་ཟེར་ཏེ་ཡ་ཆ། དེ་ནས་མེ་ལོང་བཞིས་བྱད་བལྟས་པས། རང་གིས་རང་ངོ་ཤེས་ཟེར་ཏེ་ཡ་ཆ། དེ་ནས་ཁང་པ་ཅིག་ལ་སྒོ་བརྒྱད་ཡོད་པ་མཐོང་བས་རང་ལ་རང་བགད་མོ་ཤོར་ཟེར་ཏེ་ཡ་ཆ། དེ་བཞིན་བརྡ་ཡི་རྣམ་པ་རྣམས། །མཚོན་

p. 333

ནས་ཡེ་ཤེས་དོན་ལ་སྦྱོར། །ཞེས་སོ། །དེ་ལ་སྟོན་པ་འོད་འགྱེད་པ་ནི། རང་བྱུང་གི་ཡེ་ཤེས་སོ། །བུ་གཉིས་ནི། རིག་པ་ཀ་དག་དང་ལྷུན་གྲུབ་ཀྱི་ཡེ་ཤེས་གཉིས་སོ། །གྲོག་པོར་བཙོན་དུ་བཟུང་བ་ནི། ལྷུན་གྲུབ་ཀྱི་སྣང་བ་ལ་ཡེ་ཤེས་མ་བུ་འཛོལ་ཏེ། མ་རིག་པས་འཁོར་བར་བཅིངས་པའོ། །མི་ལྔས་རྡོའི་མཁར་རྩེ་ནས་བཅོམ་པ་ནི། དུག་ལྔས་རིག་པ་རང་གནས་ལས་བསྐྱོད་ནས་འཁྲུལ་དུ་བཅུག་པའོ། །བུ་གཉིས་རྒན་མོས་སྒོ་བཅད་པ་ནི། རིག་པ་འཁོར་བའི་དོང་དུ་ཚུད་དེ། མ་རིག་པས་སྒོ་བཅད་ནས་ཐར་དུ་མི་སྟེར་བའོ། །མི་བཞིས་ཟིན་ནས་མི་ལྔ་རྟ་དང་ཕྲལ་བ་ནི། ཤེས་རབ་བཞིས་ཉོན་མོངས་ལྔའི་རྣམ་རྟོག་རླུང་དང་བཅས་པ་དག་པར་བྱས་པའོ། །ཤེས་རབ་བཞི་ནི། སྒྲོལ་བྱེད་ཀྱི་ཤེས་རབ་ཀྱིས་ཉོན་མོངས་པ་བསྒྲལ། སྡུད་བྱེད་ཀྱི་ཤེས་རབ་ཀྱིས་ཡེ་ཤེས་བསྡུས། འབྱེད་བྱེད་ཀྱི་ཤེས་རབ་ཀྱིས་ཉོན་མོངས་དང་ཡེ་ཤེས་ཕྱེ། སྐྱོད་བྱེད་ཀྱི་ཤེས་རབ་ཀྱིས་དབྱིངས་སུ་བསྐྱོད་པར་བྱས་པའོ། །བུ་གཉིས་ཤོར་ནས་བཙོན་སྲུངས་བསད་པ་ནི། རང་རིག་རང་ངོ་ཤེས་ནས་སྒྲིབ་པའམ་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་པའི་རྣམ་རྟོག་རང་གྲོལ་ལ་སོང་ནས་རྗེས་མེད་པའོ། །བུ་གཉིས་ཉི་མ་ཅན་དུ་བྲོས་ནས་དཔྱ་བསྡུས་པ་ནི། རིག་པ་མིག་ལ་བཅུག་ནས་དབྱིངས་རིག་གི་སྣང་བ་ལ་བལྟས་པས་སྒོ་ལྔ་ཟིལ་གྱིས་ནོན་ནས་ཉམས་སྣ་ཚོགས་རང་ཤར་དུ་འདུས་པའོ། །བཙུན་མོས་གྲོས་བྱས་ཏེ་ལྷ་ཁང་དུ་བྲོས་ནས་མི་ལྔས་ཕུབ་གོན་ནས་བསྲུངས་པ་ནི། རིག་པའི་ཡེ་ཤེས་ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་མཚོན་ནས་རང་སྣང་ལ་སྒོམ་དུས་རྟོག་པའི་འཕྲོ་འདུ་རང་འགགས་པའི་དོན་ནང་དུ་སྐྱེས་པ་དེ། སྤྱིར་ཐིག་ལེ་འོད་ལྔའི་མུ་ཁྱུད་ཅན་མི་འགུལ་བར་གཏད་པ་ལས་འབྱུང་སྟེ། རྟོག་པས་གླགས་མི་རྙེད་པའོ། །མེ་ལོང་བཞིས་བྱད་བལྟས་པས། རང་ངོ་ཤེས་པ་ནི། སྒྲོན་མ་བཞིའི་ཡེ་ཤེས་ལ་བལྟས་པས་རང་རིག་རང་སར་གནས་པའི་དོན་ནང་དུ་ཤར་བའོ། ཁང་པ་སྒོ་བརྒྱད་མཐོང་ནས་དགོད་ཤོར་བ་ནི། ལྷུན་གྲུབ་ཀྱི་སྣང་བ་མཐོང་ནས་ཐོག་མའི་དབྱིངས་སུ་བཙན་ས་ཟིན་པའོ། །གསུམ་པ་ནི། ཡང་དེ་ཉིད་ལས།

p. 334

ཡང་ཡུལ་འཁོར་ཡུག་ཆེན་པོ་ཞེས་བྱ་བ་ན། འདམ་རྫབ་ཆེན་པོ་ཞིག་གི་ནང་ན། མར་མེ་གཅིག་མ་ཤི་བར་འདུག་པ། ཡུལ་མདངས་དང་ལྡན་པ་ཞེས་བྱ་བ་ནས། སྟོན་པ་མེ་ལོང་ཅན་ཞེས་བྱ་བས་མཐོང་སྟེ། དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་མདངས་དང་ལྡན་པ་ཁྱོད་ཉོན་ཅིག །ངས་ཁྱོད་ལ་ལུང་བསྟན་གྱིས་མ་ཡེངས་པར་ཉོན་ཅིག །རི་བོ་ཆེན་པོ་མ་ལ་ཡ་ཞེས་བྱ་བའི་རྩེ་མོ་ན། རྒྱ་མཚོ་མུ་ཁྱུད་ཅན་ཞེས་བྱ་བ་ཅིག་ཡོད་དེ། དེའི་ནང་ན་ཡབ་འོད་སྲུངས་ཞེས་བྱ་བ་དང་། ཡུམ་རྡོ་རྗེ་ཕག་མོ་ཞེས་བྱ་བ་གཉིས་བཤོས་པ་ལས། མིང་སྲིང་གཉིས་བྱུང་སྟེ། དེ་ནས་ཕ་མ་གཉིས་ཀྱིས་མིང་སྲིང་གཉིས་པོ་ལ་འདི་སྐད་ཅེས་ཟེར་རོ། །བུ་ཁྱོད་སོང་ལ་བདུད་ནག་པོའི་ཡུལ་ནས་མེ་ལོང་ལ་ཤོག་ཅིག །བུ་མོ་ཁྱོད་སོང་ལ་སུམ་ཅུ་རྩ་གསུམ་ལྷའི་ཡུལ་རྣམ་པར་རྒྱལ་བའི་ཁང་བཟངས་ནས། མེ་ཏོག་ཐུས་ལ་ཤོག་ཅིག་བྱས་པས། བུ་དེ་ན་རེ་ང་མི་འགྲོ་ཟེར་རོ། །དེ་ནས་ཡང་ཕ་མ་གཉིས་ན་རེ་བུ་ཁྱོད་མི་འགྲོ་བ་ཅི་སྟེ་བྱས་པས། བུ་དེ་ན་རེ་བདུད་ཀྱི་ཡུལ་ན་བདུད་ཧ་ལི་ཀ་ནག་པོ་ཞེས་བྱ་བ་ཡོད་པས། བདག་བཙོན་དུ་བཟུང་ནས་འགྲོ་ཟེར་བས། ཡང་ཕ་མ་ན་རེ་འདི་སྐད་ཅེས་ཟེར་རོ། །བུ་དེ་སྐད་མ་ཟེར། བདུད་ཀྱི་ཡུལ་ན་ཨ་ཕྱི་ལིང་ཏོག་ཅན་ཞེས་བྱ་བ་ཡོད་ཀྱིས། དེ་ཁྱོད་ཀྱི་ཨ་ཕྱི་ཡིན་གྱིས། དེ་ལ་མེ་སློངས་ཤིག་བྱས་པས། བུ་ན་རེ་འདི་སྐད་ཅེས་ཟེར་རོ། །ཀྱེ་ཡབ་ཡུམ་བདག་གི་ཡུལ་དེ་མ་ལགས་ཏེ། ཡུལ་དེར་བདག་མཆི་ཡིས། བདག་ལ་གཡོག་པོ་མི་ལྔ་ཐོངས་ཤིག །ཏིལ་མར་གྱིས་རང་ངར་བཏགས་པའི་རལ་གྲི་གཅིག་སྐུར་ཅིག །མེ་ལོང་ལྔ་སྐུར་ཅིག་བྱས་པས། ཕ་མ་གཉིས་དགའ་བས་དེ་ལྟར་བྱའོ་ཟེར་ནས། མི་ལྔ་གཡོག་ཏུ་བརྫངས་སོ། །མེ་ལོང་ལྔ་བསྐུར་རོ། །དེ་ནས་ཡང་བུ་ན་རེ་འདི་སྐད་ཅེས་ཟེར་རོ། །ཀྱེ་ཡབ་ཡུམ་བདག་ནི་བདུད་ཀྱིས་ཡུལ་ནས་འཐོགས་ན་ཇི་ལྟར་བགྱི་ཞེས་དྲིས་པས། ཕ་མ་གཉིས་ན་རེ། ཡུལ་རིན་པོ་ཆེའི་ཕུང་པོ་ཞེས་བྱ་བ་ན། གདོལ་བ་ཅན་གྱི་མི་བཞི་ཡོད་ཀྱིས་དེ་དག་དམག་ཏུ་སྦྲོན་ལ། མི་གཅིག་གིས་དམག་སྡུས་ཤིག །མི་གཅིག་གིས་ལྕགས་ཁྲོལ་ཞིག །མི་གཉིས་

p. 335

ཀྱིས་སྒོ་ཆོག་ཅིག །དེ་སྐད་ཅེས་ཕ་མ་གཉིས་ཀྱིས་ལུང་བསྟན་པས། བུ་ན་རེ་དེ་ལྟར་བགྱིའོ། །ཨེ་མ་ཧོ་ཟེར་ནས་སོང་བ་ལས། དེ་ནས་བདུད་ཧ་ལི་ཀ་ནག་པོས་མཐོང་སྟེ། འོ་མི་ཤ་བྱུང་བས་འཁོར་རྣམས་ཀྱིས་ཟུང་ལ་འདི་མ་བཏང་ཞིག་བྱས་པས། བདུད་ཀྱི་མི་ལྔས་བཟུང་ངོ་། །ཨ་ཕྱི་ལིང་ཐོག་ཅན་གྱིས་ལྕགས་བཅུག་ནས། འཁོར་རྣམས་ལ་འདིས་ངའི་བུ་བསད་པ་ཡིན་པས། འདི་མ་བཏང་ཞིག་བྱས་པས། འཁོར་རྣམས་ན་རེ་དེ་ལྟར་བགྱིའོ་ཟེར་ནས་འགྲོ་བའི་དབང་མ་བྱུང་ངོ་། །དེ་ནས་ཡང་བུ་དེས་འདི་སྐད་ཅེས་བྱས་སོ། །ཀྱེ་ཨ་ཕྱི་བདག་གིས་ཕ་མ་གཉིས་ཀྱི་ཞལ་ན་རེ། ཁྱོད་ཀྱི་ཨ་ཕྱི་ལིང་ཐོག་ཅན་ཞེས་བྱ་བ་ཞིག་བདུད་ཀྱི་ཡུལ་ན་ཡོད་ཀྱིས། དེ་ནས་མེ་ལོང་ལ་ཤོག་ཟེར་བ་ལགས་ཀྱི། བདག་མ་བཟུང་བར་ཐོང་ཞིག་བྱས་པས་རྒན་མོ་དེ་ན་རེ་ཁྱོད་མི་གཏོང་བ་ཡིན། ངའི་བུ་ཁྱོད་ཀྱི་ཕས་བསད་པ་ཡིན་པས་མི་གཏོང་ཟེར་རོ། །དེ་ནས་ཡང་བུ་དེས་འདི་སྐད་ཅེས་བྱས་སོ། །བདག་མི་གཏོང་ན་དམག་འདྲེན་བྱས་པས། ཁྱོད་རང་དམག་དྲོངས་ཟེར་ནས་མ་ཐར་རོ། །དེ་ནས་བུས་འགྲོན་པོ་མི་གསུམ་ལ་འཕྲིན་བརྫངས་པས། ཀྱེ་གྲོགས་པོ་དག་ཡུལ་རིན་པོ་ཆེ་སྤུངས་པ་ཞེས་བྱ་བ་ན། གདོལ་བའི་རིགས་ཀྱི་མི་བཞི་ཡོད་ཀྱིས། དེར་ཁྱོད་ཀྱིས་སོང་ལ། ཁྱེའུ་རིགས་བྱེད་བཙོན་དུ་བཟུང་བས་དམག་གི་དཔུང་མང་པོ་དང་ཆོས་ལ་ཤོག་གྱིས་ཤིག །ཅེས་སྨྲས་པས། དེ་ལྟར་བགྱིའོ་ཟེར་ནས་སོང་ངོ་། །དེ་ནས་ཞག་གསུམ་གྱི་ནང་པར་ཉི་མ་ཤར་ཙམ་ན། དམག་མང་པོ་བྱུང་ནས་སྒོ་བཅག་ནས། བཙོན་གྱི་ལྕགས་བཅག །རྒན་མོ་མདོར་བཏོན། མི་ལྔ་རྟ་དང་ཕྲལ། ཨ་ཕྱིའི་བུ་བཙོན་དུ་བཟུང་། འཁོར་རྣམས་རལ་གྲིས་མགོ་བཅད་དེ་བསད་དོ། །དེ་ནས་རང་གི་ཡུལ་དུ་བྲོས་སོ། །ཡུལ་དུ་ཕྱིན་པས་སྲིང་མོ་སུམ་ཅུ་རྩ་གསུམ་ལྷའི་ཡུལ་ནས་མེ་ཏོག་མང་པོ་ཁྱེར་ནས་བྱུང་བ་དང་ཕྲད་དོ། །དེ་ནས་ཕ་མ་གཉིས་ཀྱིས་ངོ་ཤེས་ནས་རབ་ཏུ་དགའ་ནས་མིང་སྲིང་གཉིས་ལ་མིང་བཏགས་པས་མིང་པོ་ལ་རྡོ་རྗེ་ལུ་གུ་རྒྱུད་འདྲེན་པ་ཞེས་བྱ་བར་བཏགས་སོ། །སྲིང་མོ་ལ་མུ་ཁྱུད་འཛིན་ཞེས་བཏགས་སོ། །དེ་ནས་མིང་སྲིང་གཉིས་གྲོས་བྱས་པས།

p. 336

སྟོན་པ་མེ་ལོང་ཅན་ཞེས་བྱ་བ་དེ་མཐོང་སྟེ། དེ་གཉིས་ལ་ལུང་བསྟན་པ། ཀྱེ་རིགས་ཀྱི་བུ་ཉོན་ཅིག །ཡུལ་མ་བཀོད་པར་སྣང་བ་ཞེས་བྱ་བ་ན། རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ་ཞིག་ག་ལོགས་རེ་རེ་ལ་མི་ལྔ་ལྔ་འདུན་མ་བྱེད་པ། ཤེལ་གྱི་མཆོད་རྟེན་དེའི་འཁོར་ལོ་ལ། དངུལ་དཀར་གྱི་མེ་ལོང་བཞི་བཏགས་ནས་ཡོད་པས། རི་བོ་མ་ལ་ཡའི་རྩེ་མོ་ནས་བྱ་ར་གྱིས་ལ། མུ་ཁྱུད་ཀྱི་ར་བར་ཆུག་ཅིག །དེ་ལ་རིན་པོ་ཆེའི་སྐས་ཚུགས་ལ། ལག་ཏུ་རིན་པོ་ཆེའི་སྣོད་བཅུད་ཀྱིས་བཀང་བ་ཞིིག་ཐོགས་ལ་འཛེགས་ཤིག །དེ་ནས་མཆོད་རྟེན་གྱི་རྩེ་མོ་ན་སྟོན་པ་འོད་མི་འགྱུར་བ་བྱ་བ་ཞིག་ཡོད་ཀྱིས། དེ་ལས་འོད་ཟེར་གྱི་ཐག་པ་ཞིག་ཞབས་གཡས་པ་ནས་འོང་གིས། དེ་ལ་མ་འཇིགས་པར་འཇུས་ལ་སོང་ཞིག །དེ་ནས་ཁྱོད་རང་གི་སྣང་བའི་ཡབ་ཡིན་གྱིས་དེར་རྒྱུག་ཅིག །དེ་འདས་པའི་གོང་ན་རིན་པོ་ཆེ་ཤེལ་གྱི་ཁང་པ་ཞིག་སྒོ་བརྒྱད་ཡོད་ཀྱིས། དེ་ན་ཁྱོད་ཀྱི་མ་སྣ་ཚོགས་སུ་སྣང་བ་བྱ་བ་ཡོད་ཀྱིས། དེའི་ཚེ་ཁྱོད་ཀྱིས་མ་ངོ་ཤེས་པར་འགྱུར་རོ། །དེའི་གོང་ན་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་ཁང་པ་ཞིག་ཡོད་ཀྱིས། དེ་ཁྱོད་ཀྱི་གནས་ཡིན་པས་དེར་ས་ཟུང་ཞིག །དེ་སྐད་ཅེས་སྟོན་པས་ལུང་བསྟན་པས། ཁྱེའུ་ལུ་གུ་རྒྱུད་འདྲེན་པས་འདི་སྐད་ཅེས་བྱས་སོ། །ཀྱེ་སྟོན་པ་ཆེན་པོ་དེ་ལྟར་བདག་ཅག་གིས་བགྱིའོ་ཟེར་ནས། སྲིང་མོ་ལ་འདི་སྐད་ཅེས་ཟེར་རོ། །སྟོན་པས་ལུང་བསྟན་པ་བཞིན་དུ་བྱའོ་ཟེར་ནས། ཉི་མའི་ཟེར་ལ་ཞོན། འཇའ་ཚོན་གྱི་སྒ་བསྟད་ནས། མུ་ཏིག་གི་ཕྲེང་བས་གློ་བསྡམས། ལག་ཏུ་ཤེལ་གྱི་མདུང་ཐོགས། ནམ་མཁའི་དཀྱིལ་དུ་ལམ་བྱུང་ནས། རིན་པོ་ཆེའི་ཁང་པའི་ནང་དུ་ཐོགས་རྡུགས་མེད་པར་སོང་ཟེར་ཏེ་ཡ་ཆ་ཞེས་སོ། །དེའི་དོན་ལ། ཡུལ་འཁོར་ཡུག་ཆེན་པོ་འཁོར་བའོ། །འདམ་རྫབ། ལུས་ངག་ཡིད་གསུམ་གྱི་ནང་ངོ་། །མར་མེ། རིག་པའི་ཡེ་ཤེས་སོ། །ཡུལ་མདངས་དང་ལྡན་ནི། སྙིང་ནང་ལ། སྟོན་པ་མེ་ལོང་ཅན་ནི། རང་གི་ཤེས་རབ་རང་བྱུང་གི་སྒྲོན་མའོ། །ལུང་བསྟན་པ་ནི། ཉམས་སུ་བླངས་ཚུལ་རང་རིག་ལ་ནང་དུ་གོ་བར་བྱེད་པའོ། །རི་མ་ལ་ཡའི་རྩེའི་རྒྱ་མཚོ་ན་སྟོན་པ་ཡབ་ཡུམ་ལ་བུ་ཚ་མིང་སྲིང་

p. 337

གཉིས་བྱུང་བ་ནི། མགོ་ལ་མིག་ཡོད་པའི་ནང་ན་རིག་པའི་རང་གདངས་སྣང་སྟོང་གཉིས་ཀྱི་ཆ་ལས། དབྱིངས་རྣམ་དག་གི་སྒྲོན་མ་དང་། ཐིག་ལེ་སྟོང་པའི་སྒྲོན་མ་གཉིས་ཤར་བའོ། །ཕ་མས་བུ་ཚ་གཉིས་ཡུལ་གཉིས་སུ་བསྒོ་བ་ནི། དབྱིངས་སྣང་དབང་པོའི་མངོན་སུམ་དུ་ཁྲོམ། ཐིག་ལེ་བཅུད་དུ་སྨིན་པར་གྱིས་ཞེས་པའོ། །བུ་བསྒོ་བ་མི་ཉན་པ་ནི། དབང་པོ་རྟུལ་བ་དང་། ལས་དང་པོ་པ་སྣང་བ་ལ་ཞེན་པ་འཇུག་པས་མ་ཞེན་པ་དགོས་ཞེས་པའོ། །ཞེན་ན་རང་རིག་གཟུང་འཛིན་གྱི་བདུད་ཀྱིས་འཆིང་བའོ། །ཨ་ཕྱི་བསྟན་པ་ནི། རིག་པའི་ཆ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་མཚུངས་ལྡན་དུ་ཡོད་པས་རང་ངོ་ཤེས་པར་བྱའོ་ཞེས་པའོ། །མེ་ལོང་གཅིག་ནི། ཡུལ་རིག་པས་དཔྱད་པའི་ཉམས་སོ། །བུས་ངའི་ཡུལ་དེ་མིན་ཡང་མི་ལྔ་རལ་གྲི་མེ་ལོང་ལྔ་ཆས་པ་ནི། ཤེས་པ་ཡུལ་ཐོག་ཏུ་འཆོོར་བས་ཡུལ་འཁྲུལ་པ་འདི་ཤེས་པའི་རང་ཡུལ་མིན། ད་ལྟ་འཁྲུལ་པ་ལ་ཤོར་བས་རིག་པ་དེར་འཁྱམས་ཏེ། ཡེ་ཤེས་ལྔ་ཤེས་རབ་དང་འོད་ལྔའི་སྣང་བ་རང་ཆས་སུ་གྲོགས་སུ་ཚང་བ་ལ་ཟེར་རོ། །བུས་དེར་ཟིན་ན་ཐབས་དྲིས་པ་ནི། འཁྲུལ་པ་འདི་ལས་གྲོལ་ཐབས་ཏེ། ཡུལ་རིན་པོ་ཆེའི་ཕུང་པོ་ཙིཏྟའོ། །མི་བཞི་སྒྲོན་མ་བཞིའོ། །དམག་ཏུ་སྦྲོན་པ་ནི། ཉམས་སུ་ལེན་པའི་གྲོགས་ཏེ། སྡུད་བྱེད་ཀྱི་ཤེས་རབ་ཀྱིས་དབྱིངས་རིག་གཅིག་ཏུ་སྡུད། འབྱེད་བྱེད་ཀྱི་སེམས་དང་ཡེ་ཤེས་འབྱེད། སྒྲོལ་བྱེད་ཀྱི་ཤེས་རབ་ཀྱིས་འཁོར་བ་དབྱིངས་སུ་སྒྲོལ། སྐྱོད་བྱེད་ཀྱིས་དབྱིངས་ལ་སྦྱོར་བ་སྟེ་བྱེད་ལས་སོ། །བུ་ཡུལ་དེར་སོང་བ་ནི། གཞི་སྣང་ལས་འཁོར་བ་འདི་འཁྲུལ་པའོ། །བདུད་འཁོར་དང་བཅས་པས་བཟུང་བ་ནི། རིག་པ་ཉོན་མོངས་ཀྱི་དབང་དུ་སོང་སྟེ་མ་རིག་པ་ལ་སོགས་པའི་འཆིང་བས་བཅིངས་པའོ། །ཨ་ཕྱི་ལ་གཉེན་མོས་གདུངས་ཀྱང་མི་གཏོང་བ་ནི། འཁོར་བ་དང་ཉོན་མོངས་ཚིག་གིས་སྐྱེ་མེད་ལ་སོགས་པར་གཏན་ལ་ཕབ་ཀྱང་མི་གྲོལ་བའོ། །འཕྲིན་སྐྱེལ་མི་གསུམ་ནི་སྡེ་སྣོད་གསུམ་སྟེ་དེའི་བརྡ་དོན་སྤྲོད་མཁས་པས་རིག་པའི་དོན་དང་འཕྲད་པའོ། །ཁྱེའུ་ནི། རིག་པ་སྟེ་འཁོར་

p. 338

བར་བཅིངས་པ་ལ། སྒྲོན་མ་བཞི་ར་མདར་སྦྲན་ནས་ཉམས་སུ་བླངས་པས་དམག་བྱུང་བ་ཤེས་རབ་དང་རྟོག་པ་དུ་མ་སྐྱེས་ཏེེ། གཟུང་འཛིན་རྡོས་བཅས་ཀྱི་ལྕགས་བཅག །མ་རིག་པའི་རྒན་མོ་ཡུལ་ཕྱུང་། དུག་ལྔའི་མི་ཉོན་མོངས་པའི་རླུང་གི་རྟ་དང་བཅས་པ་སོ་སོར་ཕྲལ། རིག་པས་རང་ངོ་ཤེས་པ་ལས་མི་འདའ་བའི་བཙོན་བཟུང་། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུའི་མགོ་བཅད། ཆོས་ཉིད་རང་ཡུལ་གྱི་སྣང་བ་འོད་གསལ་བལྟས་པས། སྲིང་མོས་མེ་ཏོག་ཁྱེར་བ་སྒྲོན་མ་ཚད་དུ་ཕྱིན་པའོ། །ཕ་མས་མིང་བཏགས་པ་མ་རིག་པ་ཆོད་ནས་རིག་པ་རང་གསལ་དུས་རྡོ་རྗེ་ལུ་གུ་རྒྱུད་རང་ཤར་ཞིང་། ཐིག་ལེ་སྟོང་པའི་སྒྲོན་མ་ཡུལ་ལ་སྣང་བའོ། །མིང་སྲིང་གྲོས་བྱས་པ་དབྱིངས་སུ་རིག་པ་བཅུག་ནས་དབྱིངས་རིག་གཅིག་ཏུ་དྲིལ་ནས་ཉམས་སུ་བླངས་པས་སྟོན་པ་མཐོང་བ། བར་དོ་དང་པོའི་འོད་གསལ་ལོ། །ཡུལ་མ་བཀོད་པར་སྣང་བ། ཆོས་ཉིད་བར་དོའི་སྣང་ཡུལ་ལོ། །མཆོད་རྟེན་ནི། འོད་ལྔ་ཚོམ་བུ་ལྔས་བརྒྱན་པའོ། །འཁོར་ལོ་ལ་མེ་ལོང་བཞི་ཡོད་པ་འོད་ཀྱི་ལམ་ལྔ་དང་ཡེ་ཤེས་བཞི་སྦྱོར་གྱི་སྣང་བའོ། །འདི་དག་བརྩོན་ན་ད་ལྟ་ཡང་སྣང་ནུས་པར་ཤེས་སོ། །མ་ལ་ཡ་ནས་བྱ་ར་བྱེད་པ་ནི། མི་གནས་དེ་ལ་ལྟོས་ལ་དབྱིངས་ཀྱི་ར་བར་རིག་པ་ངོས་ཟུངས་ཤིག་པའོ། །སྐས་དང་སྣོད་དང་རྩེ་མོའི་སྟོན་པ་འོད་ཟེར་དང་བཅས་པ་ནི། རྟོག་པས་རང་ངོ་ཤེས་ཏེ་རང་སྣང་དུ་བལྟས་པས་འོད་ཀྱི་ཟེར་ཐག་སྙིང་གར་འབྲེལ་བ་ལ་རང་ས་འཛིན་པའི་གདམས་ངག་གོ། ཁང་པ་སྒོ་བརྒྱད་ནི། ལྷུན་གྲུབ་ཀྱི་འཆར་སྒོ་བརྒྱད་དོ། །རིན་པོ་ཆེའི་ཁང་པ་ནི། ལྷུན་གྲུབ་རིན་པོ་ཆེའི་གསང་བའི་སྦུབས་ཐོག་མའི་ཀ་དག་ལ་ནང་དབྱིངས་གཅིག་ཏུ་བཙན་ས་ཟིན་པའི་དུས་སོ། །ལུང་བསྟན་པ་བཞིན་སོང་བ་ནི། ཟེར་ཐག་གི་ཉི་ཟེར་ལ་ཤེས་པ་མི་འགྱུར་བས་འོད་ལྔའི་སྣང་བ་སྒ་འདྲ་བ་དང་། རྟོགས་ཚད་ཀྱི་གློ་བསྡམས། ཤེས་རབ་ཀྱི་མདུང་ཁྱེར། རང་སྣང་གི་ནམ་མཁའ་ནས་ལམ་བྱུང་ནས། ཀ་དག་གི་ས་ལ་ཟང་ཐལ་དུ་གྲོལ་བའོ། །བཞི་པ་ནི། ཡང་རང་ཤར་ལས། སྔོན་ཡུལ་དག་པར་སྣང་ཞེས་བྱ་བ་ན། མཁར་སྒོ་བརྒྱད་དང་ལྡན་པའི་

p. 339

མཁར་ཅིག་ཡོད་དེ། མཁར་དེའི་རྩེ་ན་རྗེ་ཁྱེའུ་སྣང་བ་རིག་བྱེད་ཅེས་བྱ་བས་བྱེད། དེ་ལ་མ་རྒན་མོ་ལིང་ཐོག་ཅན་བྱ་བ་ཞིག་ཡོད་དེ་ཡུལ་དེའི་མདའ་ན་སྡིག་སྐྱོང་བའི་རྒྱལ་པོ་གྲགས་པ་དབང་ཕྱུག་བྱ་བ་ཡོད་པས། དེ་ལ་བུ་རྒྱལ་བུ་ལྔ་ཡོད་པས། སྲས་པོ་ལྔ་སྐུ་རྩེད་ལ་སོང་བས། རྒན་མོ་ལིང་ཐོག་ཅན་མདོ་ན་མར་ལ་སྐྱོ་བསངས་ལ་བྱུང་བ། སྲས་རྒྱལ་བུ་མཆེད་ལྔས་བཙོན་དུ་བཟུང་ཟེར་བ་དེ་ཡ་ཆ། དེ་ནས་བུ་མའི་སྙེགས་མ་ལ་སོང་བ་ཡང་བཟུང་ནས་ལྕགས་སུ་བཅུག་ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། ཡུལ་དག་པར་སྣང་རིག་པའི་ཞིང་ཁམས་ན། མཁར་སྒོ་བརྒྱད་པ་ལྷུན་གྲུབ་ཀྱི་འཆར་སྒོ་ཡོད་པའི་རྩེ་མོ་ན་ཁྱེའུ་རང་བྱུང་གི་རིག་པ་དེ། མ་རིག་པ་དང་དུས་མཚུངས་པས་རྒན་མོ་དང་ལྷན་ཅིག་དེར་གནས་པའོ། །རྒྱལ་པོ་ནི། ཉོན་མོངས་པའི་རྩ་བ་བདག་འཛིན་ནོ། །སྲས་ནི། ཉོན་མོངས་པ་དུག་ལྔའོ། །སྐུ་རྩེད་ནི། སྒོ་ལྔ་ལ་དབང་ཤེས་རང་ཡན་ཏེ་ཆགས་སྡང་དུག་ལྔར་སྤྱོད་དུས། རྒན་མོ་བཟུང་བ་ནི། མ་རིག་པ་རང་ཡུལ་ཉོན་མོངས་ལྔས་བཟུང་སྟེ། དུག་ལྔ་མ་རིག་པ་དང་ངོ་བོ་གཅིག་ཏུ་གྱུར་ཏེ་འཇུག་པ་རོ་གཅིག་པའོ། །དེའང་ད་ལྟ་རང་མ་རིག་པའི་ཤེས་པ་སྒོ་སོ་སོ་ལ་ཤར་དུས་དུག་ལྔ་དང་འཕྲད་པ་ལ་ཟེར་རོ། །བུ་མའི་སྙེགས་མ་ལ་སོང་བ་བཟུང་བ་ནི། མ་རིག་པའི་ངོ་བོ་དེ་རིག་པར་ཡོད་པས། རིག་པ་ཡུལ་ཐོག་ཏུ་བཟུང་བ་སྟེ། བློ་གང་དུ་ཆགས་སྡང་སྐྱེས་ནས་བཅིངས་པ་དེའི་ངོ་བོ་རིག་པ། ལྡོག་པ་མ་རིག་པ། ཤེས་ན་རང་གྲོལ་ལོ། །བརྡ་ལྔ་པ་འཁྲུལ་པ་ལྡོག་ཚུལ་ནི། ཡང་དེ་ཉིད་ལས། སྔོན་ཡུལ་རིན་པོ་ཆེ་སྤུངས་པ་ཞེས་བྱ་བ་ན། རྒན་མོ་ཞིག་ལ་ནོར་བུ་རིན་པོ་ཆེ་ཞིག་ཡོད་པས། རྐུན་མོ་མི་ལྔས་ཁྱེར་ནས་རྒན་མོ་སྡུག་བསྔལ་གྱིས་ཟིན་ཟེར་བ་དེ་ཡ་ཆ། དེ་ནས་རྐུན་མོ་རྗེས་བཅད་པས། ཡུལ་ཚེར་མ་ཅན་དུ་སོང་ནས། རྐུན་མོ་མི་ལྔས་བརྐུས་པས་རྒན་མོ་བརྒྱལ་ཟེར་བ་དེ་ཡ་ཆ། དེ་ནས་རྐུན་མོ་ཡུལ་ཚེར་མ་ཅན་ནས་རྗེས་ཆོད་པས། རྒན་མོ་བརྒྱལ་སངས་ཟེར་བ་དེ་ཡ་ཆ། དེ་ནས་རྒན་མོ་དེའི་བུ་མོ་ལྷ་དཀར་པོ་ཞེས་བྱ་བ་འདི་སྐད་ཅེས་ཟེར་ཏོ། །ངའི་ནོར་བུ་མ་རླག་གམ་བྱས་

p. 340

པས། མི་ལྔ་པོ་ན་རེ། ནོར་བུ་མ་རླག་གིས་ཁྱོད་རང་གི་རྒན་མོ་སོད་ཅིག །མ་རྒན་མོ་མ་བསད་ན་ནོར་བུ་མི་སྟེར་རོ་བྱས་པས། ཁོས་ཁོ་རང་གི་མ་བསད་ནས་ཤ་ཟོས། ཁྲག་འཐུངས། རུས་པ་མུར། དངོས་པོ་མེད་པར་བྱས་པས། ནོར་བུ་རྐུན་མོས་བྱིན་ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། ཡུལ་རིན་པོ་ཆེ་སྤུངས་པ་ཙིཏྟའོ། །རྒན་མོ་མ་རིག་པ། ནོར་བུ་རིག་པ། རྐུན་མོ་དུག་ལྔ། མྱ་ངན་གྱིས་ཟིན་པ་རིག་པ་ཆགས་སྡང་གིས་སྦགས་པས་རང་སྡུག་རང་ལ་མྱོང་བ། རྗེས་བཅད་པའི་ཚེར་མ་ཅན་ནས་ཆོད་དེ་རྒན་མོ་བརྒྱལ་བ། ཤེས་རབ་ཀྱིས་རིག་པ་དང་དེའི་ལྷན་སྐྱེས་མ་རིག་པ་དུག་ལྔ་དང་བཅས་པའི་འཁྲུལ་པ་བརྟགས་པས། ད་ལྟ་འཁོར་བ་ན་འཁོར་དུས་ངོས་ཟིན་པས། མ་རིག་པ་དུག་ལྔའི་བག་ལ་ཞར་འདུག་པ་ཙམ་མོ། །དེ་ལྟར་འཁྲུལ་པའི་རྩ་བ་ཆོད་དུས་རིག་པ་རང་ངོ་ཤེས་པས། མ་རིག་པ་རང་སངས་ལ་སོང་བ་ནི། རྗེས་ཆོད་ནས་བརྒྱལ་སངས་པའོ། །མེ་ལྷ་ནི། རང་ངོ་ཤེས་པས་ཡེ་ཤེས་སྐྱེས་པ་སྟེ། ནོར་བུ་མ་རླག་གམ་དྲིས་པས། རྒན་མོ་སོད་དེ་ནས་སྟེར་ཟེར་ནས་བྱིན་པ་ནི། རིག་པས་རང་ཉིད་འཁོར་བར་སོང་དུས་རང་ངོ་ངན་དུ་སོང་ངམ་བལྟས་པས། སྤུ་ཙམ་ཡང་མ་སོང་། གྲ་མ་ཉམས་ཟུར་མ་ཆག་པར་མཐོང་ལ། ལྷན་སྐྱེས་རང་ངོ་མ་རིག་པའི་ཆ་འདི་མ་སྤངས་ན་དེས་མི་ཕན་པར་ད་དུང་འཁོར་བ་ལས་སྔར་འདྲེས་གཅིག་མི་འཕགས། དུག་ལྔ་རང་འཁྲུངས་སུ་རང་ལ་འཆར་བར་རྟོགས་ཏེ། ཁ་ནང་དུ་རང་ངོ་ལ་བལྟས་པས། རང་རིག་དུས་ལྷན་སྐྱེས་ཀྱི་མ་རིག་པ་སངས་ཏེ། ཀུན་རྟོག་རང་གྲོལ་བས་ཤ་ཟོས་ཞེ་སྡང་མ་སྤངས་གནས་སུ་དག །ཆགས་འཛིན་དག་པས་ཁྲག་འཐུངས། མི་ཤེས་པ་དག་པས་རུས་པ་མུར། ཉོན་མོངས་ཐམས་ཅད་དངོས་མེད་ལ་སོང་སྟེ། ནང་རིག་པ་ལ་བལྟས་པས། རང་རིག་དུས། ཕྱི་ཡུལ་ལ་འཆར་བའི་དུག་ལྔ་ལྷན་སྐྱེས་མ་རིག་པ་དང་བཅས་པ་དག་ནས། རང་བྱུང་ཡེ་ཤེས་ཀྱི་ནོར་བུ་རང་ལས་རྙེད་པའི་དུས་སོ། །དྲུག་པ་ནི། རང་ཤར་ལས། ཡུལ་འདུལ་བ་རྣམ་པར་བཀོད་པ་ཞེས་བྱ་བ་ན། རྒྱ་ནག་གི་རྒྱལ་པོ་ལི་གར་ཏ་བྱ་བ་གབ་ཙེ་

p. 341

ཆེན་པོ་ཞིིག་བཏིང་ནས། གཤིན་རྩིས་བྱས་པས། སྟོ་ལོག་ཏུ་བཙུན་མོ་ཉི་ཤུ་རྩ་གཅིག་ལ་མཛེས་པའི་ཆས་སུ་བཅུག་ནས་ལམ་པོ་ཆེའི་བཞི་མདོར་བསྐྱལ་བས་ཤི་ཁ་ཆོད་ཟེར་བ་དེ་ཡ་ཆ། དེ་ནས་རྒྱ་ནག་གི་རྒྱལ་པོ་ལི་གར་ཏ་འཕྲུལ་གྱི་རྒྱལ་པོ་དེས། བཙུན་མོ་ཉི་ཤུ་རྩ་གཅིག་ལ་མཛེས་པའི་ཆས་ཀྱིས་བརྒྱན། མགྱོགས་པའི་རྟ་བསྐྱོན། གསལ་བའི་མིག་ཕྱེ། བརྡེག་པའི་མཚོན་བསྐུར། གཅོད་པའི་སོ་བཏགས། གྱོན་པའི་གོས་བསྐོན། འདུག་པའི་ཡུལ་བཙལ། གནས་པའི་ཁྱིམ་བཙལ། འགྲོ་བའི་ལམ་བཙལ་ནས་བཏང་བས་ཤི་ཁ་ཆོད་ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། འཁོར་བ་སེམས་ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་ཙེ་བཏིང་ནས་རྩིས་བྱས། བཙུན་མོ་བསྐྱལ་བས་ཤི་རྒབ་ཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲོད་དེ། བར་དོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་སུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས། སྣང་བ་བཞིའི་གོས་བསྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡེ་གདངས་ཀྱི་ཁྱིམ་བཙལ། བར་དོའམ་འདི་ཉིད་ལ་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་ལ་བཟླ་བའི་གདམས་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། །ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང་། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཉིད། །བསྒྲལ་ནས་རྒྱ་མཚོར་བསྐྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པ་འགྱུར། །རང་རིག་ཡེ་ཤེས་

p. 342

ཡོད་པའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོང་རོང་དོང་དུ་བསྐྱུར་བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་བསྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྲད་པའི་ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་རྣམས། །ཕྱགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང་། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ཡོད་པའི་ཕྱིར། །སངས་རྒྱས་བསྒྲལ་ཏེ་དུར་བཅུག་ན། །རང་གི་སྣང་བར་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་དོན་ལ་སྤྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །བསྒྲལ་ན་སྣང་བ་སྟོང་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། །སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་བསྐྱེད་རིམ་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ནི། །སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་བཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་རྩད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་སྲོག་དང་བྲལ་བའི་ཕྱིར། །

p. 343

ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཞེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་བསྒྲལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་བཅད་ནས་འགག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྐྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དངས་འབྱིན་པས་མངོན་སུམ་ཤེས་པའོ། །མཆེད་ལྕམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་རྒྱུད་ལ་ལྟ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མའི་དབང་པོའི་ཐད་ལ་བཏོན་ནས་བལྟས་པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོ་བས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པའི་ཕྱིར་སྣང་བའི་ཡེ་ཤེས། ནང་དུ་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འཕྲོད་པའོ། །དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འགྱུ་བ་རྒྱབ་ཕྱོགས་ནས་རིག་པ་ལ་བལྟས་པས། ཆོས་ཉིད་མངོན་སུམ་དང་། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོངས་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ། །སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། །དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ། །དཔེར་ན་ཤེས་པ་ཉོན་མོངས་སུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་ཆེར་གྱིས་བལྟས་པས་རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟང་ངེ་ཐལ་ལེ་གནས་པ་བཞིན་ནོ། །ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་ཏེ། རྟོགས་པ་ཤེས་རབ་ཀྱིས་མེས་གཞི་མེད་ཟད་པར་བསྲེགས་ནས། རང་བབས་

p. 344

བསམ་གཏན་གྱི་ཆུས་དེའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ། །སེམས་ཅན་བསད་པས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། །ཡང་གཅིག་ཏུ་ན་མངོན་སུམ་ལ་བལྟས་པས་བྱུང་ཚོར་འགགས་ཏེ་ས་རྡོའི་སྣང་བ་ལོག་པའོ། །རང་སྲོག་བཅད་པའི་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་བས་རྣམ་རྟོག་ངང་གིས་སྟོངས་ཤིང་། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། །དེ་ཡང་ཕྱི་འོད་སྣང་དབྱིངས་ཀྱི་རང་ཡུལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། །སྐྱེ་དགུ་བསྡུས་པས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནད་བསྡུས་པས་སེམས་ཉིད་རང་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ། །ལྷ་ཚོགས་བཙོན་དུ་བཟུང་བས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ཀྱི་གོ་རར་བཟུང་ན་མྱུར་དུ་རྟགས་ཚད་ཐོབ་པའོ། །སྙིང་པོ་བཅད་པའི་བསྐྱེད་རིམ་གསལ་བ་ནི། དྲན་བསམ་རང་ཀ་མ་ཅོག་གཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ། །ཚོགས་བསག་མེད་ན་སྦྱིན་པ་རྫོགས་པ་ནི། རླུང་སེམས་རྒྱུ་བ་དག་ན་འཆར་སྣང་གི་འཕེལ་ཟད་ས་ལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོད་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ནང་དུ་བསྡུས་པ་བཞིན་ནོ། །སྣང་བའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ། །ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་ལ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ། རིག་པ་ཟང་ཀ་གཅེར་བུ་གཅིག་ཡིན་པའི་ཕྱིར་རོ། །དེ་ཡང་གང་དྲན་ཅོག་གཞག་གི་དུས་སུ་གསལ་ལོ། །རྒྱུ་འབྲས་བཟློག་པའི་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་བཞག་ན་ཟིན་པས་གང་དང་གང་གི་ཚེའང་བྱ་རྩོལ་རང་གཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ལ་འཆར་བ་ནི། འབྲས་བུ་

p. 345

ལམ་དུ་བྱས་པའི་རྒྱུ་རང་འགགས་པ་ཞེས་བྱའོ། །རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ། །ཀུན་གཞི་མ་རིག་པའི་རྩ་བ་རང་ངོ་ལ་བལྟས་དུས་ཆོད་པས་སངས་རྒྱའོ། །བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་ཅོག་གཞག་ལ་ཕྱལ་ཕྱལ་བཏང་བས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ། །ཉི་ཟླ་ཁ་སྦྱོར་ལས། རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོ་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་འཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་དོ་ན་རག་ཀན། །ཅེས་སོ། །བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང་། །ཁ་ནས་སྡེ་སྣོད་ཆོས་བཤད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་ཀློང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །ཞེས་པའི་དོན་ལ། མེ་དཔུང་གིས་མི་མ་ཚིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་བྱུང་ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང་། དེས་མ་གོས་མ་བསླད་མ་ཚིག་ལ། རང་ངོ་རང་གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནད་ལ་ཕོག་པས་

p. 346

དགེ་སྦྱོར་ངང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ཅན་ནི། རང་གི་ལུས་ཙིཏྟའི་ནང་ན་རིག་པ་མ་རིག་པ་དང་ལྷན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམས་ངག་མེད་པས་མ་མཐོང་བའོ། །སོ་སོ་ལ་གསལ་བ་གདམས་ངག་ཅན་ལ་མངོན་སུམ་གྱི་སྣང་བ་ད་ལྟ་མཐོང་བའོ། །མཐོང་བ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ། །འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ། །དེ་དག་ལ་སོགས་པ་བརྡའི་རྣམ་པ་གྲངས་མེད་པ་རྣམས་བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ། །བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་བས་འཚེང་བའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ། །ཚིག་གཞན་རྣམས་བར་དུ་བསླད་པ་དང་འཆོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། བསླད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱོད་ཡུལ་མ་ཡིན་པས་གསང་བ་ཆེན་པོ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ་སྟེ་རིམ་ཁང་བཅུ་པའོ།། །།

རིམ་ཁང་བཅུ་གཅིག་པ། བག་ཆགས་ལུས་ཀྱི་གྲུབ་ཚུལ་བསྟན་པ།

p. 347

དེ་ལྟར་གཞི་ལས་འཁྲུལ་པ་ཇི་ལྟར་བཟློག་པའི་རིམ་པ་དང་བཅས་པ་བསྟན་ནས། ད་ནི་འཁྲུལ་དུས་ལུས་ཀྱི་གྲུབ་ཚུལ་བསྟན་པར་བྱ་སྟེ། སྤྱིར་ཁམས་གསུམ་རིགས་དྲུག་སོ་སོ་ལ་ལུས་ཀྱི་སྣང་ཚུལ་རེ་ཡོད་པ་ལས། སྐབས་འདིར་མི་རྣམས་ཀྱི་དབང་དུ་བྱས་ཏེ། སྐྱེ་བ་བཞི་ལས་མངལ་ནས་བཙའ་བའི་རིམ་པ་དང་སྦྱར་ནས་བཤད་པ་ནི། ཉི་ཟླ་ཁ་སྦྱོར་ལས། ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་གོར་པོ། །མཁྲང་འགྱུར་ཉིད་དང་ཉ་ལྟ་བུ། །རུས་སྦལ་བཞིན་དང་སྦལ་པ་བཞིན། །དེ་བཞིན་ཞག་ནི་བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་འཐོན། །དེ་ལྟར་གཟུགས་ནི་ཐ་དད་དུ། །འཁོར་བ་ཉིད་ནས་འཁོར་བའོ། །ཞེས་གསུངས་པའི་དོན་གཏན་ལ་

p. 348

ཕབ་ན། དང་པོ་དྲི་ཟ་ཉེ་བར་འཇུག་པའི་སེམས་ལུས་འཚོལ་བའི་ཕྱིར་འོངས་པ་དང་། ཕ་མ་འདུ་འཕྲོད་བྱེད་པ་འཛོམ་ནས་མའི་བཤང་ལམ་ནས་ཞུགས་ཏེ། ཕའི་དྭངས་མ་དཀར་པོ་ཡུངས་འབྲུ་ཙམ་མིག་ཆུང་འཚེར་བ་དངུལ་ཆུ་ལྟ་བུ། མའི་རིགས་ཅན་གྱི་རྩའི་དྭངས་མ་དམར་པོ་ལ་ཐིམ་པར། མའི་མངལ་དུ་ཁྲག་དང་འོ་མ་འདྲེས་པ་ལྟར་གཅིག་ཏུ་གྱུར་པ་ལས། ལུས་འགྲུབ་པའི་ཚུལ་བཤད་ན་ཐོག་མ་ལུས་ཆགས་པའི་རྟེན་ནི་འབྱུང་བ་བཞི་ལས་སྟོང་པ་ནམ་མཁའ་ལྟར་གནས་པ་ལས། ཕ་མ་དེ་དག་གི་རང་བཞིན་གྱི་ཉོན་མོངས་པ་དང་རྩ་འདབ་ཀྱི་རླུང་ལས་འདོད་པའི་སེམས་གཡོས་པས། རྩ་གནས་ཀྱི་ཡི་གེའི་རླུང་གི་རང་སྒྲ་ཡཾ་ཞེས་པའི་ངང་ལས་མེའི་འདོད་པ་དངོས་སུ་མཆེད་ནས། རཾ་ཞེས་རང་སྒྲ་གཡོས་པས་འབར་ཞིང་འགྱུར་བའི་ཉམས་ལས། འདོད་པ་དེ་ཆགས་པར་སོང་བས་འདོད་པ་རྒྱུ་དང་ཆགས་པ་རྐྱེན་གཉིས་འཛོམ་སྟེ། དངོས་སུ་འཇུག་པ་ཆུའི་འདོད་པ། གཅིག་ལ་གཅིག་བལྟ་བ་དང་། དགོད་པ་དང་། བཅངས་པ་ལ་སོགས་པའི་ཆགས་པས་ཡི་གེའི་རང་སྒྲ་ཁཾ་ཞེས་གཡོས་ཏེ། འཁྱུད་ཅིང་དབང་པོ་སྦྱོར་བ་ལས། ལུས་ཀྱི་སའི་བརྟན་པས་བདེ་བ་མྱོང་སྟེ། སཾ་གི་རང་སྒྲ་བྱུང་། མའི་རིགས་ཅན་ལྔའི་རྩ་གཏུམས་པ་དེ་ཟླ་མཚན་དང་དུས་ཀྱི་ཞག་བདུན་ཚན་དུ་གྱུར་པ་ལས། དམར་པོ་ལྕགས་ཀྱུ་ལྟ་བུར་འདྲེན་པའི་རླུང་གི་སྟོབས་ཡོད་པ་དེས། ཕའི་དྭངས་མ་རྒྱུའི་རང་བཞིན་སྤྱི་བོ་ནས་དྲངས་ཏེ། རྡོ་ཁབ་ལེན་ལ་ལྕགས་འདུ་བ་ལྟར། ཕའི་སྒལ་ཚིགས་ཉེར་བརྒྱད་ནས་རྟ་བརྒྱུད་དེ་རྒྱུངས་པ་དཀར་པོའི་སྦུབས་ནས་ལམ་བྱུང་བ་ནི། ཞག་བདུན་ཕྲག་བཞི་ན་མའི་མངལ་དུ་ལུས་ཀྱི་གཞི་འཛིན་པ་དང་བུ་ལ་བྱང་སེམས་དཀར་པོ་འབྱུང་བའི་གནད་དོ། །དེ་ནས་རྡོ་རྗེའི་རྩ་བར་བདེ་ཆེན་གྱི་ལམ་སྦྱངས། རྐེད་པར་བདེ་བ་ལུགས་སུ་བླུགས། རྩེ་མོར་བདེ་བ་སྨིན་པར་བྱས་ནས། མཁའ་ལ་དངོས་སུ་འཐོན་ནས་མའི་རིགས་ཅན་གྱི་རྩ་སྣའི་ནང་གི་དྭངས་མ་དམར་པོ་ལ་ཐིམ་ནས། མངལ་དུ་ཁྲག་དང་འོ་མ་འདྲེས་པ་ལྟར་གཅིག་ལ་གཅིག་ཐིམ་སྟེ་གཉིས་ཀྱི་རིགས་ཡོད་པ་ལས། རིགས་ཅན་ལྔའི་ནུས་པས་ཕའི་

p. 349

ཤེས་པ་ཡང་ནང་དུ་འདྲེན་པ་ལྟར་གྱུར་པ་ལས། རྗེས་ལ་ཞེན་པ་དང་བྲལ་ནས་སྐྱུག་མེར་གྱིས་འགྲོ་ཞིང་། མ་ལ་རིགས་ཅན་གང་ཡང་རུང་བའི་འདྲེན་བྱེད་ཡོད་པས་བདེ་བ་ལ་ཆོག་ཤེས་མེད་པ་ནི། འདོད་ཆགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའོ། །འདོད་པ་དང་ཆགས་པ་གཉིས། རྒྱུ་དང་རྐྱེན་གཉིས་སུ་བཟུང་བས་ན། སྲིད་པ་ལུས་ཀྱི་གཞི་རླུང་གིས་འཛིན་ཞིང་། རྒྱུ་རྐྱེན་གཉིས་གཉིས་སུ་མེད་པར་ཤེས་པས་བདེ་བ་དང་བདེ་བ་ཆེན་པོའི་འབྲས་བུ་ལ། སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་འདྲིལ་བར་འགྱུར་རོ། །དེ་ལྟར་མའི་མངལ་ནས་ཞག་གཅིག་གི་ནུབ་མོ་ཕ་མའི་རྒྱུ་རྐྱེན་གཉིས་ཕྱིའི་རྒྱ་གཅིག་ཏུ་གྱུར་ནས། ནང་མ་འདྲེས་པ་སྲན་མའི་གའུ་ལྟར་གནས་པའི་བར་དུ་བུའི་རླུང་སེམས་བཟུང་ནས་གནས་པས་འབྱུང་བ་བཞིའི་འཆིང་བྱེད་ཀྱི་རྒྱ་རིན་པོ་ཆེའི་སྤྲིས་དང་འདྲ་བས་བཅིངས་ནས་འབྲལ་བའི་སྐབས་མེད་པར་བྱས་པ་ནི། ལུས་རྫོགས་པའི་དུས་ན་ཁམ་གྱི་ཟས་མེད་ན་ཚེ་མི་གནས་པ་དེ་ལས་བྱུང་ངོ་། །དེའི་དུས་ན་འབྱུང་བ་རླུང་གིས་ལུས་བཟུང་བ་དེ་ནང་གི་རླུང་འཕར་བའི་སྟོབས་ཀྱིས་གྱེན་ལ་འཕར་ནས་དངུལ་ཆུའི་ཐིགས་པ་ཡར་བ་ལྟར་ཕྲིལ་ཕྲིལ་གནས་ཏེ། ལུས་རྫོགས་པའི་དུས་ན་ལུས་སེམས་ལ་གློ་བུར་གྱི་རྐྱེན་ཅི་བྱུང་ཡང་སྔངས་ཡེད་ལ་ལུས་འདར་བའི་གནད་དེ་ལས་བྱུང་བའོ། །དེ་ནས་ཞག་གཉིས་པ་ལ་སས་གཅིག་ཏུ་བསྲེས་ཏེ་ལྗིད་ཀྱིས་མནན་པས་བུ་དེའི་སྤྱི་གཙུག་ནས་རིས་མནན་པ་ཙམ་གྱི་སྡུག་བསྔལ་ཡོད་དོ། །འདིའི་དུས་ན་ལུས་ཀྱི་རྒྱུ་ཤ་ཙམ་སྨིན་ཙམ་དུ་བཟུང་ལ། རྐྱེན་རྩ་ཙམ་ཆུ་ཙམ་དུ་མཆེད་པས། གཏི་མུག་གི་རྒྱུ་རྐྱེན་གཉིས་སུ་མེད་པ་ལས། མི་རྟོག་པའི་ཡེ་ཤེས་སུ་གྲོལ་བས་རྫོགས་པ་ཆེན་པོ་སྤང་བླང་ལས་འདས་པའི་གནད་དོ། །གོང་མ་ལུས་ཀྱི་རྒྱུ་རླན་ཙམ་ཁྲག་ཙམ་དུ་ཆགས་པས་རྐྱེན་ཆུ་ཙམ་རྒྱུས་ཙམ་དུ་འབབ་པའོ། །དེ་ནས་ཀྱང་ཞག་གསུམ་པ་ལ་རླུང་སེམས་རྒྱུ་རྐྱེན་དང་བཅས་པ་དེ་མེས་རྡུལ་ཕྲ་རབ་ཙམ་དུ་བསྲེགས་པས། མེ་དམར་པོའི་འོབས་སུ་ཚུད་པ་ཙམ་གྱི་སྡུག་བསྔལ་མྱོང་ངོ་། །འདིའི་དུས་ན་ལུས་ཀྱི་རྒྱུ་རླུང་ཙམ་ལྷ་ཙམ་དུ་སྣང་ལ། རྐྱེན་རྐང་ཙམ་མར་ཙམ་དུ་འདྲིལ་བས་སོ། །དེ་ནས་ཞག་བཞི་པ་ལ་དེ་དག་རླུང་

p. 350

གིས་དངུལ་ཆུའི་རྡུལ་ཕྲ་རབ་ཙམ་དུ་གཏོར་བས། གསལ་ཤིང་གིས་ཡན་ལག་དུམ་བུར་འཁྱེར་བའི་སྡུག་བསྔལ་ཙམ་མོ། །དེ་ཡང་ཁོང་ཁྲོ་ལས་བྱུང་བའོ། །དེ་ཡང་གོང་གི་ལུས་ཀྱི་རྒྱུ་རྡུལ་ཕྲ་རབ་ཙམ་དུ་སྨིན་པའི་རྐྱེན་བཀྲག་མདངས་སུ་གསལ་བར་བྱས་པ་ནི། ཕྱིའི་འབྱུང་བ་བཞིའི་བྱེད་པའི་ལས་ཀྱི་གཟིངས་པ། ནང་གི་འབྱུང་བ་བཞིར་བཟུང་བས། ལུས་རྫོགས་པའི་ཚེ་ཕྱིར་ནམ་ཟླ་དུས་བཞི། ནང་དུ་ཉིན་མཚན་ནང་ནུབ་བཞི་ལ་སྤྱོད་པ་དེ་ལས་བྱུང་བའོ། །དེའི་གནད་ཀྱིས་དབང་བཞིའི་འགྱུར་མཚོན་པའོ། །དེ་ནས་ཞག་བཞི་པའི་དུས་ན་ཁྱབ་པ་ཆུའི་རྩ་འཕྲོ་ཞིང་གསལ་བའི་ནང་དུ་ཁམས་ཡང་ཞིང་བསྐྱོད་པ་ཆགས་པ་རླུང་གིས་ཡར་ཕུལ་ལོ། །དེ་ལས་ཕྱོགས་བཞི་ཆུའི་ས་དང་། མེ་དང་། རླུང་གིས་རྩ་འདར་བ་དང་། འཁྱུག་པ་དང་། འཁྲིལ་བའི་ནང་དུ་ཡི་གེ་ཁཾ་ལྗང་བ་དང་། དམར་བ་དང་། སེར་བ་གསུམ་རྩ་དེ་དག་དང་མཐུན་པར་འདར་བ་དང་། འཁྱུག་པ་དང་། འཁྲིལ་བར་གནས་པ་ནི་ལུས་རྫོགས་པ་ན་བློའི་འགྱུ་བ་མང་བ་དེ་ལས་བྱུང་བའོ། །དེ་དག་བཞིའི་དབུས་ན་ཚེ་ཞེས་བྱ་བ་བ་ཐག་བསྒྲེངས་པ་ལྟ་བུར་གནས་སོ། །དེ་ཉིད་ཚེ་ཞེས་བྱ། དུས་ཞེས་བྱ། སྐབས་ཞེས་བྱ། དེ་ལས་གནས་པ་དང་། འཕེལ་འགྲིབ་བྱེད་པའོ། །དེ་ཉིད་དྲང་པོར་གནས་ན་ཚེ་རིང་པས། ལུས་སུ་སྨིན་ནས་ས་ལ་ལྷུང་བའི་ཚེ་སྒྲ་ཨཱ་ཡུ་ཞེས་གྲག་པའོ། །ཚེའི་བ་ཐག་གཡོན་དུ་འཁྱིལ་ན་ཚེ་ལ་བར་ཆོད་འབྱུང་སྟེ། སྐྱེས་མ་ཐག་ཏུ་ཁཾ་ཞེས་པའི་སྒྲ་གྲག་གོ། ཐུར་ལ་འཁྱོག་ན་ཚེ་ཐུང་བ་སྟེ། སྐྱེས་མ་ཐག་ཏུ་སྒྲ་ཨ་ཁྲིམ་ཞེས་འབྱུང་ངོ་། །བསྟན་བཅོས་དག་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་འདི་ལ་བཤད་དོ། །དེ་ནས་ཞག་ལྔ་པ་ལ་ཆུས་དྭངས་པའི་ལུས་འཛིན་པ་དང་། སྐྱེད་པའི་ལས་བྱེད་དོ། །འདིའི་དུས་ན་སའི་རྩ་རབ་ཏུ་བརྟན་ཞིང་འཛིན་པར་ཆགས་ཏེ། དེའི་ནང་དུ་ཡི་གེ་སཾ་སེར་པོ་གསལ་ཞིང་འཚེར་བ་ཆགས་པས། འགྲོ་བའི་སྐད་ཀྱིས་གདངས་དེ་ལ་བརྟེན་ནས་འབྱུང་ངོ་། །དེའི་ཕྱོགས་བཞིར་ས་དང་། ཆུ་དང་། མེ་དང་། རླུང་གི་རྩ་འཛིན་པ་

p. 351

དང་སྡུད་པ་དང་ཡས་པའི་ནང་ན་སུཾ་དཀར་པོ་དང་། དམར་པོ་དང་། ལྗང་གུ་རྩ་དེ་དག་དང་མཐུན་པ་རེ་གནས་པས། འགྲོ་ཉལ་འདུག་སྡོད་སྤྱོད་ལམ་རྣམ་བཞིར་དེ་ལས་འབྱུང་བའོ། །དེ་ནས་ཞག་དྲུག་པ་ལ་མེ་དང་རླུང་གཉིས་འདུས་ནས་ལུས་ཀྱི་ཆགས་པ་དང་འཇིག་པའི་ལས་བྱེད་དེ། འདིའི་དུས་མེའི་རྩ་འབར་ཞིང་མཆེད་པའི་ནང་ན་ཡི་གེ་རཾ་རབ་ཏུ་འཚེག་ཅིང་ལྷབ་པ་གནས་ཏེ་འགྲོ་བ་རྣམས་ཀྱི་ཤེས་པ་རྣོ་བ་དང་རྟུལ་བའི་བྱེ་བྲག་རྣམས་ཡི་གེ་འདི་གསལ་མི་གསལ་གྱིས་འབྱེད་པའོ། །དེའི་ཕྱོགས་བཞི་ན་ནང་ཤས་ཀྱི་འབྱུང་བ་བཞིའི་རྩ་མཆེད་པ་དང་། འབར་བ་དང་། སྲེག་པའི་ནང་ན། རཾ་སྐྱེད་པ་དང་། རུཾ་སྟོང་པ་དང་། རཾ་ཉལ་བའི་བརྡ་ཅན་གནས་པས་འགྲོ་བའི་དྲན་བསམ་གྱི་འཁོར་ལོ་དེ་ལ་བརྟེན་ནས་འབྱུང་ངོ་། །དེ་ལྟར་ཞག་དྲུག་རྫོགས་པས་འབྱུང་བ་རང་ངོའི་བྱེད་ལས་ལུས་སུ་ཆགས་པའི་རྟེན་བྱས་ཏེ་གནས་པའོ། །དེ་ལྟར་བཞིས་མ་བྱས་ན་ཕྱིར་འབྱུང་བ་བཞི་ལ་བརྟེན་པའི་ཟས་གོས་ལ་དབང་བར་མི་ནུས་པ་དང་། ནང་དུ་ཆོས་རྣམས་བཞི་ཚན་དུ་མངོན་པར་མི་འགྱུར་བ་དང་། གསང་བར་དབང་བཞིའི་འབྲས་བུ་མི་སྨིན་པས། བཞི་པོ་ཆགས་པའི་རྟེན་དུ་ངེས་པའོ། །དེ་ནས་ཞག་གཉིས་གཉིས་སུ་འབྱུང་བ་གཉིས་གཉིས་ཀྱི་ལས་ཀྱིས་ལུས་ཀྱི་གཞི་གཟུང་བ་ནི། ཕོ་མོ་གཉིས་འདུས་པས་ས་བོན་གྱི་འཕེལ་བྱུང་བ་དང་འདྲ་བར། འབྱུང་བ་ཕོ་མོ་འདུས་པས་ལུས་ཀྱི་ཚོགས་པ་འཕེལ་བར་རིག་པར་བྱའོ། །དེ་ཡང་ཞག་བདུན་པ་ལ་འབྱུང་བ་བཞི་རོ་གཅིག་ཏུ་གྱུར་པ་ལས། རྒྱུ་རྐྱེན་རླུང་སེམས་བཞི། ཤ་ཁྲག་དྲོད་དབུགས་བཞི། རྩ་བཞི། ཡི་གེ་བཞི་པོ་རྣམས་ནུར་ནུར་པོའི་རྣམ་པ་གཅིག་ཏུ་གྱུར་པ་ནི། ཀུན་འདུས་པའི་ཚོགས་པ་དང་བཅས་པར་བྱས་པས། རླུང་གི་རྩ་འཕར་ཞིང་འགྱུ་བའི་ནང་དུ་ཡཾ་འགྱུ་ཞིང་རྒྱུག་པ་ལྟར་གནས་པས། འགྲོ་བའི་དབུགས་ཀྱིས་འགྲོ་འོངས་དང་གང་སྟོང་དུ་བྱུང་བའོ། །དེ་ལས་སའི་རླུང་རྩ་འཕར་ཡལ་དང་། ཆུའི་སྡུད་མཆེད་དང་། མེའི་བྱེད་སྟངས་གསུམ་གྱི་ནང་དུ་ཡཾ་སྤུངས་འབྱེད། ཡེཾ་འབྱེད་སྡུད། ཡོཾ་འཁྲོལ་བདུད་གནས་སོ། །ཡི་གེ་བཞིའི་

p. 352

དབུས་ན་གཟུགས་ཀྱི་ཕུང་པོའི་གཞི་རྡུལ་ཕྲ་རབ་ཏུ་གནས། འདུ་ཤེས་ཀྱི་ཕུང་པོའི་གཞི་དྲོད་རྟ་རྔ་ལ་སྟོང་དུ་བསིལ་བའི་ཆ་ཙམ་གནས། ཚོར་བའི་ཕུང་པོའི་གཞི་དྲན་པ་བ་ཐག་གི་སུམ་ཆ་འཁྱིལ་བ་ཙམ་གནས། རྣམ་ཤེས་ཀྱི་གཞི་ཤེས་བྱེད་ཁ་དོག་གི་འགྱུ་བ་ཙམ་གནས། འདུ་བྱེད་ཀྱི་གཞི་བྱུང་ཚོར་གྱི་སྒོ་ཕྱེ་བ་ལྟར་གནས་སོ། །དེ་ལྟར་རྒྱུ་འབྱུང་བའི་ལས་དངོས་སུ་བྱུང་བས་ཕུང་པོ་ལྔའི་གཞི་དང་། དེའི་རྐྱེན་འདུས་པ་ལས་འདུ་བྱེད་དུ་བྱུང་བ་སྟེ། དེ་དག་ལྔའི་ཕྱི་ནས་འོད་ཁ་དོག་ལྔའི་སྤྲིས་རྒྱའི་སྒྲོ་འཐུམས་པ་ལྟར། གནས་པའི་ནང་གི་རྟེན་ལྔའི་མགོ་ལ་ཛྲཱིཾ་ཁཾ་ཏཱཾ་མཾ་པྱཾ་ལྔས་བརྒྱན་པ་ནི་ཕུང་པོ་ལྔ་རིགས་ལྔར་སངས་རྒྱས་པའི་གནད། ་ཛྲཱིཾ་ཨཱཾ་ཁཾ་ཧཱུྃ་ཏཱཾ་སྭཱ་མཾ་ཧ་པྱཾ་རྣམས་ཏེ། གནས་པ་བསྒྱུར་བ་ཙམ་ལས་རིགས་ངེས་པའི་སངས་རྒྱས་སུ་འགྱུར་ངེས་པའོ། །དེ་ལྟར་ཆུའི་རྩ་བཞིི་སོ་སོའི་ནང་ན་གཞི་གནས་ཀྱི་ཡེ་ཤེས་གསུམ་གྱི་ངོ་མ་ཕྱེ་མི་འབྱེད་འབྱེད་པ་མེད་པར་སྐུ་ཉུངས་འབྲུ་ལ་སྟོང་ཕྲག་དྲུག་ཏུ་བསིལ་བའི་ཆ་ཙམ་ལ་ཞལ་ཕྱག་ཏུ་གསལ་བ་ལ་འོད་ལྔའི་གོང་བུས་བྲེས་པ་རང་རང་གི་སྲོག་རྣམ་པར་དག་པའི་ཡི་གེ་དང་བཅས་པ་ནི། མྱ་ངན་ལས་འདས་པའི་གཞི་འཛིན་པས་ན་གཞི་གནས་ཀྱི་ཡེ་ཤེས་ཞེས་བྱ་བའོ། །སའི་རྩ་བཞི་ན་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་མ་ཕྱེ་མི་འབྱེད་པར་གནས་པ་ནི། འོད་དཀར་སེར་དམར་ལྗང་མཐིང་ག་ལྔའི་ཐིག་ལེ་ཉུངས་འབྲུ་ལ་སྟོང་དུ་བསིལ་བ་ཙམ་གནས་ལ། དེ་དག་རེ་རེ་ལ་འོད་ལྔ་ལྔའི་སྤྲིས་མཛེས་པར་འཁོར་བ་ན་སངས་རྒྱ་བའི་ལམ་འོད་ལྔ་ལས་བྱུང་བའོ། །དེ་ཡང་སོ་སོའི་རིགས་ཀྱི་ཁ་དོག་གིས་མཚན་ཉིད་འཛིན་པས་ན། མཚན་ཉིད་འཛིན་པའི་ཡེ་ཤེས་ཞེས་བྱའོ། །མེའི་རྩ་བཞིའི་ནང་ན་ཤེས་པས་བསྡུས་པའི་གཞི་གནས་པ་ནི་འོད་ཀྱི་འགྲེང་བུ་འཛིན་པའི་ཤེས་པས་བསྡུས་པ་ལྗང་གུར་གནས་པས་བྱ་བའི་ལས་ཀྱི་དབང་གི་འགྱུར་བའོ། །འདས་པའི་ཤེས་པ་ཡེ་ཤེས་འོད་དཀར་པོའི་འགྲེང་བུ་སྐར་མའི་ཕོད་ལྟ་བུར་གནས་པས། ཆོས་ཉིད་ཀ་དག་ལ་ལས་དང་བག་ཆགས་ཀྱིས་མ་གོས་པའི་གནད་དེ་ལས་བྱུང་བའོ། །དེ་ཡང་འཁོར་འདས་

p. 353

ཀྱི་ཤེས་པ་ཙམ་བསྡུས་ནས་གནས་པས་ན། ཤེས་པས་བསྡུས་པའི་ཡེ་ཤེས་ཞེས་བྱའོ། །རླུང་གི་རྩ་བཞི་ན་ཤེས་བྱའི་ཡེ་ཤེས་གཉིས་སུ་མི་རྟོག་པའི་སེམས་པར་གནས་ཏེ། དེའང་འོད་ཀྱི་དྭངས་མ་འདུས་པ་དམར་བ་རང་དོན་རྟོགས་པར་བཞུགས་ལ། སེར་པོ་གཞན་དོན་རྟོགས་པར་བཞུགས་སོ། །དེའང་ཤེས་བྱ་ཡོད་པ་དང་། མེད་པ་དང་། དངོས་པོ་དང་། དངོས་པོ་མ་ཡིན་པ་ཀུན་ཤེས་བྱ་མཁྱེན་པའི་ཡེ་ཤེས་གཉིས་སུ་འདུས་པས་ན། ཤེས་བྱའི་ཡེ་ཤེས་ཞེས་བྱའོ། །དེའང་ལུས་ཀྱི་རྩས་དོན་དམ་དང་ཀུན་རྫོབ་གཉིས་ཀའི་འགག་པ་དང་། སྐྱེ་བ་དང་། གནས་པ་དང་། བདེ་སྡུག་ཐམས་ཅད་མྱོང་བར་བྱེད་པས་ན་རྣལ་འབྱོར་པའི་ལུས་སྐུ་གསུམ་གྱི་བདག་ཉིད་དུ་གནས་པའོ། །དེའང་ལུས་ཆགས་པའི་མཚན་ཉིད་ཤེས་པས་ཆོས་སྐུའི་ངེས་པ་རྙེད། གནས་པ་ཤེས་པས་ལོངས་སྐུ། འཇིག་པ་ཤེས་པས་སྤྲུལ་སྐུར་གནས་པའི་ངེས་པ་རྙེད་པའོ། །དེ་ལྟར་ཞག་བདུན་གྱིས་ལུས་ཀྱི་གཞི་ཐིངས་པ་ནི། བསྙེན་སྒྲུབ་ལས་ཀྱི་མཐའ་ཐམས་ཅད་ཞག་བདུན་གྱིས་བསྡུ་བ་དང་། འབྱུང་བ་སྡུད་མཆེད་ཀྱི་འཕེལ་ཞག་བདུན་གྱིས་འགྲུབ་པ་ལ་དགོངས་པའོ། །ཡེ་ཤེས་དེ་དག་གི་རྟ་རླུང་ཡིན་པས་ལུས་འཇིག་པ་ན། གཏན་མེད་མ་ཡིན་ཏེ་ཡང་ཞིང་བསྐྱོད་པ་ཙམ་ལ་གནས་སོ། །ཡི་གེ་དང་འོད་དང་སྐུ་རྣམས་རིག་པའི་རང་གདངས་ཕྱིར་ཤར་བ་སླར་རིག་པ་ཉིད་ལ་ཐིམ་པ་ཙམ་མོ། །དེའང་རིག་པ་གཞི་གནས་ཀྱི་དུས་ན་ནང་གསལ་ཕྲ་བ་མཆེད་གཞི་ཙམ་ལས། ཁ་དོག་རིས་ཅན་མ་ཡིན་ལ། ལུས་ལ་ཡོད་དུས་གཞི་ལས་སྣང་བ་ཕྱིར་ཤར་ཡིན་པས་འོད་དང་སྐུ་རིས་ཅན་དུ་གྲུབ་པ་བར་དོར་ཡང་སྣང་ལ། ལྷུན་གྲུབ་ལ་ཐིམ་ནས་རིས་སུ་གྲུབ་པ་གང་ཡང་མེད་པས་ཀ་དག་རང་སོར་གནས་པའོ། །དེས་ན་སྐུ་གསུམ་ལུས་ལ་ཚང་བས་ཡེ་ཤེས་ཀྱི་ལམ་ལུས་ཀྱི་རྩ་ནས་འབྱུང་ངོ་། །དེ་ནས་བདུན་ཚན་གཉིས་པ་ལ་འབྱུང་བའི་བྱེད་ལས་གོང་ལྟར་བྱས་པས། སྐྱེད་བྱེད་དང་པོའི་འཁོར་ལོ་ལ་ཞག་བཅུ་གཅིག་གི་བར་དུ་སྡུད་བྱེད་ཆུའི་རྩ་བརྒྱད་ཀྱི་ནང་དུ། ཡི་གེ་དང་། འོད་དང་། ཀུན་བཟང་ཡབ་ཡུམ་གྱི་སྐུ་དང་

p. 354

བཅས་པ་ནི་རྩའི་འཕེལ་གཞིར་བྱུང་སྟེ། རྩ་དེ་དག་ལས་ཀྱི་རླུང་གིས་འགུལ་ཞིང་འཕྲིལ་བ་ལས། རྩ་བརྒྱད་དུ་བྱུང་བས་འབྱུང་བ་ཕོ་བཞི་མོ་བཞིའི་འཕེན་པས་རྣམ་ཤེས་བརྒྱད་ཀྱི་གཞི། ཚོགས་པ་དུམ་བུར་ངེས་པའི་འགྱུ་བ་མ་འདྲེས་ལ་འགུལ་འཕྲིག་ཡོད་པ་བརྒྱད་དུ་གནས་པའི་ནང་ན། རྣམ་ཤེས་རང་བྱུང་གི་ཡི་གེ་བརྒྱད་བྱུང་བ་ནི། འགྲོ་བ་རྣམས་རྣམ་ཤེས་ཡུལ་ཅན་ལ་ལོངས་སྤྱོད་པ་དེ་ལ་བརྟེན་ནས་བྱུང་ང་ོ། །རྩ་བཞི་པོ་དེ་ལས་འགྱུ་བྱེད་འཐབས་པ་ལས་ཁ་སྤུངས་ཞེས་བྱ་བའི་རླུང་གི་རང་སྒྲ་ཡི་གེའི་འགྱུར་མང་པོར་འཕྲོས་པས། སའི་རྩ་བཞིའི་འཁོར་ལོ་གྱེན་ལ་འཕངས་ཤིང་། དེ་གཉིས་ཀྱི་བར་དུ་ཁ་སྤུངས་ཀྱི་རླུང་ཡུངས་འབྲུ་ཙམ་གྱིས་མ་རེག་པར་བཟུང་ནས་ཕན་ཚུན་སྐར་མའི་ཕོད་ལྟར། འོད་གདངས་ཡི་གེའི་བཀྲག་དང་བཅས་པ་གནས་ལ། ཡས་མན་དུ་པདྨའི་འདབ་མ་རྒྱས་པ་ལྟར་གནས་སོ། །དེ་ནས་ཞག་བཅུ་བཞི་ལ་ཀུན་གཞིའི་རྟེན་བཞི་ཚན་དུ་གནས་པ་དེ་དག་མེར་མེར་པོའི་རྣམ་པ་ཞིག་ཏུ་གྱུར་པའི་དུས་ན། ཆུའི་སྲིན་བུ་སྐྱེས་པར་བྱེད་པའི་གཞི། ཕྲ་བ་དང་། འགྱུར་ཤེས་དང་། བུད་པ་དང་། ལས་ལྡང་གི་སྲིན་བུ་བཞིའི་ལུས་སུ་ཆགས་ཏེ། དེ་དག་གི་ནང་ན་ཡང་། རྩ་ལ་སོགས་པའི་རྟེན་སྔ་མ་དང་འདྲ་བར་ཆགས་པ་ནི། ལུས་གཅིག་ལ་སྲོག་དཔག་ཏུ་མེད་པར་གནས་པའོ། །འདི་དག་ནི་དབང་བསྒྱུར་གྱི་ལུས་ཞེས་བྱ་སྟེ། སངས་རྒྱས་ཀྱི་སྐུ་ཡབ་ཡུམ་གཉིས་གཉིས་ལས་མི་གནས་པས་ན་ལུས་མེད་ཅེས་དངོས་གཟུགས་མ་ཡིན་པས་སོ། །རྡོ་རྗེ་རྩེ་མོ་རོལ་པ་ལས། གཟུགས་གཅིག་ལས་ནི་ལུས་ཀྱི་མཐའ། །གྲུབ་མཐའ་མ་གྲུབ་མཐར་འཛིན་པ། །སྟོང་ཕྲག་གྲངས་ལས་འདས་པ་གནས། །དེ་ཡང་ནམ་མཁའི་ལུས་ཅན་ལས། །ཤོང་བའི་ལས་ནི་སྤངས་པས་ན། །གཟུགས་མཐའ་རྡུལ་ཕྲན་ནམ་མཁའ་ཤེས། །ཞེས་སོ། །དེ་དག་གི་སྲིན་བུ་རེ་རེ་ལ་ཆགས་སྤྱོད་ཀྱི་རླུང་རེ་རེ་གནས་པས་འགྲོ་བ་ཀུན་ལ་འདོད་ཆགས་ཀྱི་ལས་ཉེ་བར་ལེན་པ་དེ་ལས་བྱུང་བའོ། །བཅུ་བཞིས་ལས་ཀྱི་འབྲེལ་མཚོན་པ་ཡང་དེའི་གནད་དོ། །དེ་ནས་ཞག་བདུན་ཚན་

p. 355

གསུམ་པར་གྱུར་ཏེ། ཞག་བཅོ་ལྔ་པ་ལ་སའི་རྩ་ལས་འཕེལ་གཞིའི་འོད་དང་ཡི་གེ་དང་བཅས་པར་བསྐྱེད་དེ། དེ་དག་གི་དབུས་སུ་བཅུ་དྲུག་པ་ལ་དྲན་པའི་གཞི་གསེར་གྱི་རླུངས་ཙམ་བྱུང་བས། བཅུ་བདུན་ན་ནམ་མཁའ་ལ་སྤྲིན་འཁྲིགས་པ་ལྟར་འཁྲིགས་པའི་ནང་དུ་འཕེན་སྡུད་ལས་ཀྱི་འགྱུ་བའི་རླུང་དང་བཅས་པས། བཅོ་བརྒྱད་ལ་འབྱུང་བ་སོ་སོའི་ནུས་པ་རྫོགས་ནས། ཁམས་བཅོ་བརྒྱད་ཀྱི་གཞི་རྩིས་འགྱུར་བའི་རླུངས་ཀྱི་དུམ་བུ་བཅོ་བརྒྱད་ཆགས་སོ། །དེ་ནས་འབྱུང་བ་གཉིས་གཉིས་འདུས་པའི་ལས་ཀྱིས་གོ་སྦྱར་བ་ནི་སྔར་གྱི་ནུས་པ་ཟད་པས་སོོ། །ཁམས་བཅོ་བརྒྱད་པོའི་རླངས་འོ་སྤྲིས་ལྟ་བུ་ལས་ཁམས་འཛིན་ཞེས་བྱ་བའི་རླུང་འདར་བ་དང་འཕྲིག་པ་ལངས་པའི་སྒྲ་དང་བཅས་པས། མེའི་རྩ་འཁོར་ལོ་བཞི་དང་བཅས་པ་གྱེན་ལ་འཕར་ཏེ། རྡུལ་གྱི་ནམ་མཁའ་འཕྲ་སེང་ཞེས་བྱ་བ་ལ་འོག་མས་ཡུངས་འབྲུ་ཉིས་འགྱུར་གྱིས་འཕགས་ཏེ། ཞག་ཉེར་གཅིག་སྤོངས་ཀུན་གཞིའི་རྟེན་གཞི་རྩ་དང་བཅས་པ་དེ་ལྟར་ལྟར་པོའི་རྣམ་པར་གྱུར་པའོ། །དེ་ནི་ལྔ་བརྒྱའི་ཐ་མ་ལ་གསང་སྔགས་ཀུན་གྱི་ལས་མཐའ་ཞག་ཉེར་གཅིག་གིས་བྱེད་དེ། ཀུན་གཞིའི་ཚོགས་པ་འཇིག་པ་ལ་དགོངས་པའོ། །དེ་ནས་སའི་སྲིན་བུ་བཞི་ལས་རླུང་མཁྲིས་བད་ཀན་ལ་སོགས་པའི་ནད་ཀྱི་རྟ་བྱེད་པ་ཅན་ཆགས་པ་སྔར་དང་འདྲའོ། །དེ་ནས་ཞག་ཉེར་གཉིས་ནས་ཉེར་ལྔའི་བར་ལ་འབྱུང་བ་སོ་སོའི་ནུས་པ་དང་ལུས་ཀྱི་གཞི་འགྲུབ་པར་བྱེད་དེ། ཞག་བཞི་པོ་དེ་ལ་འབྱུང་བའི་ནུས་པས་གོང་གི་རྩ་བཞི་ལས་འཕེལ་བ་ཡན་ལག་གི་རྩ་བཞི་སྟེ་བརྒྱད་དུ་ངེས་ལ། སོ་སོའི་འོད་དང་ཡི་གེ་གསལ་བྱེད་དང་བཅས་པར་བསྐྱེད་པ་ནི། རོ་རྣམས་འདུས་པའི་འཁོར་ལོ་སྐར་མའི་འོད་འདྲ་བ་འཚེར་བའི་གདངས་དང་བཅས་པ། འཁོར་ལོ་བརྩེགས་པའི་འདབ་མ་འདྲ་བས་རྩའི་འཁོར་ལོ་ཞེས་བྱའོ། །དེ་དག་བརྒྱད་ཀྱི་དབུས་སུ་འདོད་ཡོན་ལྔ་ལ་བདེ་བ་རེག་བྱེད་ཀྱི་རྟེན་དྲོད་ཀྱི་དྭངས་མ་བསེའི་གཡའ་ཙམ་དུ་གནས་པའི་རླངས་ལས། སྐྱེ་མཆེད་བཅུ་གཉིས་ཀྱི་གཞི་འབྲས་སཱ་ལུ་ལྟར་བུན་པ་དང་ཡལ་བའི་ཚེ་བཅུ་གཉིས་སུ་གནས་པ་ལས། འདུ་

p. 356

བ་དང་མཆེད་པའི་འཁོར་ལོའི་རྣམ་པ་ཀུན་གཞིའི་ལས་ཀྱི་རྟེན་དུ་གནས་སོ། །མཆེད་པའི་གནས་འཁོར་གྱི་ཡི་གེ་དང་བཅས་པའོ། །དེ་ནས་ཡང་ཞག་ཉེར་དགུ་ནས་སུམ་ཅུ་རྩ་གཉིས་ཀྱི་བར་འབྱུང་བ་ཆུས་སྡུད་པ། སས་བརྟན་ཞིང་མནན་པ། མེས་འབར་ཞིང་མཆེད་པ། རླུང་གིས་འབར་ཞིང་བསྐྱོད་པའི་ལས་བྱས་ཏེ། ཞག་སུམ་ཅུ་རྩ་གཉིས་ན་འབྱུང་བ་སོ་སོའི་ནུས་པ་རེ་ཞིག་ཟད་དེ། འདིའི་དུས་ན་སྐྱོད་བྱེད་ལས་རྣམ་པར་རྒོད་པའི་རླུང་ཞེས་བྱ་བ་ལངས་པས། གོང་མའི་རླུང་གི་རྩ་བཞི་ཕྱིར་གྱེན་ལ་ཕུལ་ཏེ། རྡུལ་ཕྲ་རབ་ཀྱི་ནམ་མཁའ་ཡུངས་འབྲུའི་སྟེང་དུ་འཕངས་པ་ལས། གོང་མའི་རྩ་བཞི་ལས་ཡང་རྩ་བཞི་འཕེལ་ཏེ། དེ་དག་གི་དབུས་སུ་རྩེ་མོའི་རླུང་ཤུགས་འཆང་ཞེས་བྱ་བའི་འདབ་མ་ལས་སྐར་མའི་ཕོད་འདྲ་བའི་འོད་འཕྲོ་ཞིང་འདུལ། གོང་མའི་འབྱུང་གཞི་དངོས་ཀྱི་ནུས་པ་ཟད་པས། ཡང་འབྱུང་བ་གཉིས་འདུས་པའི་ལས་ཀྱིས་ཞག་སུམ་ཅུ་རྩ་བཞི་པ་ལས། ཀུན་གཞིའི་རྟེན་བཞི་ཚན་དང་བཅས་པ་དེ་དག་མཁྲང་གྱུར་དུ་གནས་པའི་རྟེན་ལ། ཉོན་མོངས་པ་འདུ་བ་དང་རགས་པའི་རྩ་དུག་གི་རླངས་པ་དུག་གི་བུམ་པ་ལས་འཁྲིགས་པ་ལྟར་གནས་ཏེ། རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་ཞེས་བྱ་བར་གནས་པ་ནི། ཞག་སུམ་ཅུ་རྩ་ལྔ་ན་རྒྱལ་པོའི་ཡིག་ཚང་རྫོགས་པའི་རྒྱུད་དེ་ལས་བྱུང་བའོ། །དེ་ལྟར་བདུན་ཚན་བདུན་དུ་སྲིད་པ་ལུས་ཀྱི་རྩའི་འཁོར་ལོ་བཞི་བསྐྱེད་པས། དེ་རེ་རེ་ལ་རྩའི་འདབ་མ་བརྒྱད་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་ལུས་སྤྱི་ལ་གནས་པ་ནི། སྲིད་པའི་ཆུ་བོ་རྫས་ཡན་ལག་བཅུ་གཉིས་ཀྱི་སྲིད་པ་ལུས་ཀྱི་གཞི་བཟུང་བ་དེ་ལས་བྱུང་བའོ། །དེ་ལྟར་རྩ་སུམ་ཅུ་རྩ་གཉིས་ནས་ཡེ་ཤེས་སུམ་ཅུ་རྩ་གཉིས་ཀྱི་ལས་འབྱུང་སྟེ། དྭངས་མ་ལས་དོན་དམ་པའི་ཐིག་ལེ་སྒྲོན་མ་བཞིའི་སྨིན་སོ་དང་བཅས་པར་བྱུང་སྟེ། དེས་བདེ་བ་ལམ་དུ་བྱས་ན་བཙན་ཐབས་སུ་སངས་རྒྱ་བར་ངེས་སོ། །དེ་དག་གི་སྙིགས་མ་ལས་ཀུན་རྫོབ་ཀྱི་ཐིག་ལེར་གྱུར་ཏེ། འབྱུང་བ་བཞིའི་སྨིན་སོ་དང་བཅས་པར་བྱུང་ཞིང་། དེས་སྡུག་བསྔལ་རང་རྒྱུད་དུ་སོང་བ་ལས་འཁོར་བའི་ས་བོན་འཕེལ་

p. 357

བར་བྱེད་ལ། དེ་ཉིད་རྩའི་གནད་ལ་བརྟེན་ནས་ལམ་དུ་བྱས་ན། བདེ་བ་ཁྱད་པར་ཅན་གྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱེད་དོ། །རྩ་དེ་དག་གིས་ནི་ཡེ་ཤེས་ཀྱི་ལམ་དུ་གྱུར་ལ། ཐིག་ལེའི་ངོ་བོར་སོང་བས། བདེ་སྡུག་ཉམས་སུ་མྱོང་བའི་ལས་བྱེད་པའོ། །དེ་ནས་ཡང་ཞག་སུམ་ཅུ་རྩ་ལྔའི་བར་ལ་སྔ་མ་ལྟར་འབྱུང་བ་སོ་སོའི་ལས་ཀྱི་ནུས་པས་སྐྱེད་བྱེད་དང་པོའི་ལས་ཀྱི་འབྲེལ་རྫོགས་པར་བྱས་པས་གཟུགས་ལས་རྡུལ་ཕྲ་རབ་དཔག་ཏུ་མེད་པའི་ཕུང་པོར་འདུ་ཞིང་མཆེད་པ་དང་། དེ་བཞིན་དུ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཀྱི་ཕུང་པོའི་ཆ་ལས་མཆེད་ཅིང་འདྲུ་བ་དཔག་ཏུ་མེད་པར་བསྐྱེད་པ་ནི། ཕུང་པོ་ལྔའི་རིགས་མངོན་སྣང་དུ་སྤུར་བའོ། །དེ་ནས་ཞག་བཞི་བཅུ་རྩ་གཉིས་ལ་ཐུག་པར་འབྱུང་བ་གཉིས་འདུས་པའི་ལས་ཀྱིས། སྐྱེད་བྱེད་དུ་ཆུའི་སྲིན་བུ་སྟོང་ཕྲག་བརྒྱད་ཅུ་རྩ་གཉིས་ཀྱི་ལུས་འཕེལ་བར་བྱས་སོ། །འཁོར་ལོ་དེ་ལ་རྩ་འདབ་དྲུག་ཅུ་རྩ་གཉིས་སུ་མཚོན་པའི་ལས་བྱས་པ་ནི། བསྐལ་པའི་སྐྱེ་འབྲི་དྲུག་ཅུ་རྩ་གཉིས་སུ་འབྱུང་བའི་རྒྱུའོ། །རྩ་དེ་དག་རེ་རེའི་ནང་དུ་རྩ་གནས་ཁྱད་པར་ཅན་གྱི་ཡི་གེ་རེ་རེ། དེ་རྟེན་པར་བྱེད་པ་འོད་ཀྱི་གོང་བུ་རེ་རེ། འོད་འཛིན་པར་བྱེད་པའི་ཀུན་བཟང་ཡབ་ཡུམ་གཉིས་གཉིས་སུ་གནས་སོ། །དེའང་རྩ་སྣ་དྲུག་ཅུ་རྩ་གཉིས། ཡི་གེ་དྲུག་ཅུ་རྩ་གཉིས་ཏེ་བརྒྱ་ཉེར་བཞི། འོད་དྲུག་ཅུ་རྩ་གཉིས་ཏེ། བརྒྱ་དང་བརྒྱད་ཅུ་རྩ་དྲུག །ཀུན་བཟང་ཡབ་དང་ཡུམ་བསྡོམས་པས་བརྒྱ་ཉེར་བཞི་སྟེ། སྐྱེད་བྱེད་དང་པོའི་འཁོར་ལོ་ན། ཡེ་ཤེས་འགྱུ་བའི་ཁྱད་པར་སུམ་བརྒྱ་དང་བཅུ་ཐམ་པའོ། །དེ་རྣམས་ཡེ་ཤེས་དག་པའི་རླུང་གིས་འཕར་བ་དང་ཤིབ་པ་ལ་སོགས་པས། ཞི་གནས་དང་ལྷག་མཐོང་གི་བྱེད་པ་ངེས་པར་རྟོགས་པར་བྱེད་པས་ན་སྐྱེད་བྱེད་ཅེས་བྱ་སྟེ། སྲིད་པ་ལུས་ཀྱི་གཞི་ཡིན་པས་དང་པོ་ཞེས་བྱའོ། །དེ་ལྟར་ཀུན་གྱི་གཞི་ཡིན་པས་འཁོར་ལོའོ། །འབྱུང་བ་ཁྱད་པར་གྱི་ཆོས་རླུང་ལ་སོགས་པའི་རྣམ་གྲངས་དེ་ཙམ་ཅིག་སོ་སོའི་འབྱུང་བའི་ཕུལ་གྱིས་འགྲོ་བ་དང་འོང་བའི་ཁྱད་པར་དུ་གནས་པའོ། །ཉོན་མོངས་པ་དང་ལས་ཀྱི་བྱེད་པ་དེ་ཙམ་ཅིག་ཏུ་ལས་ཀྱི་རླུང་གི་འཕེན་པ་དང་།

p. 358

རྔུབས་པ་དང་། དགོང་བ་དང་། གཞིལ་བར་བྱེད་པས་ན་ཉིན་མཚན་ངེས་པའོ། །དེ་ལྟར་ན་རྐྱེན་ཚོགས་པ་བྱེ་བྲག་གི་ཆོས་དགུ་བརྒྱ་དང་སུམ་ཅུ་ཐམ་པར་གནས་པ་ནི་དབང་གི་གཞི་ལམ་ངེས་པ་ལས་བྱུང་བའོ། །དེ་ཡང་འབྱུང་བ་ཆུའི་འཁོར་ལོ་རྟེན་འབྲེལ་བཅུ་གཉིས་ཀྱིས་འཁོར་ཞིང་འདུས་པ་ལས། སྲིན་བུ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་གནས། དེ་རེ་རེ་ལ་རྩ་དེ་ཙམ་རེའི་ནང་ན་ཡི་གེ་དེ་ཙམ་རེ་སྟེ། རླུང་གི་འཕེན་པ་རེ་རེ་ལས་མེད། སྐུ་རེ་རེ་གནས་པས་ཚོགས་པའི་ཆོས་དཔག་ཏུ་མེད་པའི་ཕྱིར། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །རྣམ་པར་བྱང་བའི་གཞི་མའང་ཡིན། །ཅེས་པའོ། །དེ་ནས་ཀུན་གཞི་ལུས་ཀྱི་རྟེན་དང་དེ་གཉིས་འདྲེས་པ་ནི་དབང་པོ་ལྔའི་གཞིའི་དོད་དབང་རྟེན་ཙམ་དུ་གནས་པ་ལས། ཞག་བཞི་བཅུ་རྩ་དྲུག་ཏུ་སོང་བའི་བར་ལ་འབྱུང་བ་སོ་སོའི་བྱེད་ལས་ཀྱི་ནུས་པས། དྲན་པ་འདུས་པའི་འཁོར་ལོ་ལ་རྫོགས་ཤིང་འདུས་པས། མེ་རྡུལ་ལ་སོགས་པའི་རྡུལ་རྣམས་འཕེལ་ཞིང་། ཚོར་བ་བདེ་སྡུག་གི་ཉམས་འཕེལ་བ་དང་། འདུ་ཤེས་འདུ་མཆེད་དང་། རྣམ་ཤེས་ཡུལ་དང་འཇུག་པའི་ཁྱད་པར་འཕེལ་ལ། འདུ་བྱེད་ལས་རྩ་བ་དང་ཡན་ལག་གི་ཉོན་མོངས་པ་འཕེལ་ཞིང་། ཁམས་བཅོ་བརྒྱད་ཀྱི་སྤྲོས་འགྱུར་ལས་འཕེལ་ལོ། །དེ་ནས་འབྱུང་བཞི་སོ་སོའི་ནུས་པའི་སྟོབས་ཟད་ནས། འབྱུང་བ་གཉིས་གཉིས་འདུས་པས་དྲན་པ་འདུས་པའི་འཁོར་ལོ་ལ་རྩ་རེ་རེ་ལས་མཆེད་པ་སྐྱོད་པའི་རྩ་རེ་རེ་སྟེ་བཅུ་དྲུག་ཏུ་འཕེལ་བ་ནི་དབང་བཅུ་དྲུག་གི་འཕེལ་སྟོན་པའོ། །དེ་དག་རེ་རེའི་ནང་དུ་རང་བཞིན་རྩ་གནས་ཀྱི་ཡི་གེ་རེ་རེ། དེ་བརྟན་པ་འོད་ལྔའི་གོང་བུ་རེ་རེ། དེ་བརྟེན་པའི་ཀུན་བཟང་ཡབ་ཡུམ་གཉིས་གཉིས་སུ་གནས་སོ། །དེའང་རྩས་ལུས་བརྟེན། ལུས་ཀྱིས་འབྱུང་བ་བརྟེན། ཡི་གེས་འཁོར་ལོའི་ཆོས་བརྟེན། འོད་ཀྱིས་ཡེ་ཤེས་བརྟེན། ཀུན་བཟང་ཡབ་ཡུམ་གྱིས་སྐུ་གསུམ་བརྟེན་པའོ། །ཡེ་ཤེས་དང་། སྐུ་དང་། ཆོས་ཉིད་དང་། འོད་རང་གི་ངོ་བོར་བཞུགས་པ་བཞི་ལ་བརྟེན་ནས་དབང་བཞིའི་འབྲས་བུ་ཚད་དུ་ཕྱིན་པའོ། །དྲན་པ་འདུས་

p. 359

པའི་འཁོར་ལོ་རྩ་བཅུ་དྲུག་གི་ནང་ན། སེམས་བཅུ་དྲུག་བརྟེན་ནས་གནས་པའོ། །དེ་ཡང་སེམས་དང་། སེམས་ཉིད་ཀྱི་དབྱེ་བ་ལས། དང་པོ་སེམས་ལ་སྡུད་པ་ཆུའི་སེམས་ཀྱིས་དྲན་བསམ་གྱི་གཞི་འཛིན། བརྟན་པ་སའི་སེམས་ཀྱིས་ཚོགས་པ་སྡུད། འཕྲོ་བ་མེའི་སེམས་ཀྱིས་ཡུལ་ལ་སྤྲོ། ཡང་བ་རླུང་གི་སེམས་ཀྱིས་སྐྱོད་པར་བྱེད་པའོ། །སེམས་ཉིད་ལ། སྐྱེ་མེད་དོན་གྱི་སེམས་ཉིད། འགག་མེད་དྲན་པའི་སེམས་ཉིད། འགྱུར་མེད་དཔེ་དོན་འདྲེས་པའི་སེམས་ཉིད། རང་རྫོགས་དངོས་དོན་གང་དུ་ཡང་མ་ཕྱེ་བའི་སེམས་ཉིད་དོ། །དྲན་པ་ལ་སེམས་དང་། ཡིད་གཉིས་ལས། སེམས་ཀྱི་དྲན་པ་ནི་བཤད་པ་བཞིན་ནོ། །ཡིད་ཀྱི་དྲན་པ་ལ་དྲུག་སྟེ། ཀུན་ཏུ་ཚོལ་བྱེད་ཀྱི་དྲན་པ་དག་པ་ལྷའི་སྐུར་གསལ་ལ། མ་དག་པ་ལྷའི་འགྲོ་བར་འཕེན་ཞིང་། ཕྱིན་ཅི་ལོག་ན་ལོག་སྲིད་ཅན་གྱི་ལུས་སུ་འཕེན་ནོ། །གཏན་ལ་འབེབས་པའི་ཡིད་ཀྱི་དྲན་པ་དག་པས་རིག་འཛིན་གྱི་ས་ཐོབ། མ་དག་པས་ལྷ་མིན་དུ་སྐྱེ། ཕྱིན་ཅི་ལོག་ན་སྨེ་ཤ་ཅན་གྱི་རིགས་སུའོ། །ངེས་པར་འཇོག་པའི་ཡིད་ཀྱི་དྲན་པ་དག་པས་མཁའ་སྤྱོད། མ་དག་པས་མི། ཕྱིན་ཅི་ལོག་ན་འདོད་སྲེད་ཅན་གྱི་འགྲོ་བར་འཕེན་ནོ། །ཡིད་ཀྱི་རྣམ་ཤེས་ཀྱི་དྲན་པ་དག་པས་ཕྱག་རྒྱའི་རྣལ་འབྱོར། མ་དག་པས་བྱོལ་སོང་། ཕྱིན་ཅི་ལོག་ན་ལོག་ལྟ་ཅན་ནོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་དྲན་པ་དག་པས་ཡི་གེ་གཅིག་པའི་རྣལ་འབྱོར་མ་དག་པས་ཡི་དྭགས། ཕྱིན་ཅི་ལོག་ན་འདོད་སྲེད་ལོག་པའི་འགྲོ་བའོ། །འགྱུ་བྱེད་འཛིན་པའི་ཡིད་ཀྱི་དྲན་པ་དག་པས་འཁོར་ལོ་འཛིན་པའི་རྣལ་འབྱོར། མ་དག་པས་དམྱལ་བ། ཕྱིན་ཅི་ལོག་ན་སྡུག་བསྔལ་ཅན་གྱི་འགྲོ་བའོ། །དེ་ཡང་ཀུན་ཏུ་ཚོལ་བའི་ཡིད་ནི་རླུང་གི་རྟ་དང་བཅས་པའི་དྲན་པ་སྔར་གྱི་དྲན་པ་རྗེས་སུ་འཛིན་པ་ལས་བྱུང་བའོ། །གཏན་ལ་འབེབས་པའི་ཡིད་ནི། སའི་རྟ་དང་བཅས་པ་འདས་པ་ལས་མཆེད་པའི་དྲན་པ་ལས་བྱུང་བའོ། །ངེས་པར་འཛིན་པའི་ཡིད་འབྱུང་བ་ཆུའི་རྟ་དང་བཅས་པའི་དྲན་པ་ལས་བྱུང་སྟེ་ད་ལྟའི་དྲན་པ་རྗེས་སུ་འཛིན་པ་ལས་བྱུང་ངོ་། །ཡིད་ཀྱི་རྣམ་པར་

p. 360

ཤེས་པ་ནི། ཡིད་དྲུག་གི་ཤེས་པའི་ཆ་འདུས་པ་ལས་བྱུང་སྟེ། མེའི་རྟ་དང་བཅས་པ་ལས་བྱུང་ངོ་། །དེ་ལྟའི་དྲན་པ་ཉེ་བར་མཚོན་པ་ལས་བྱུང་བའོ། །ཉོན་མོངས་པ་ཅན་ནི། ཆུ་དང་ས་གཉིིས་འདུས་པའི་རྟ་དང་བཅས་པ་མ་འོངས་པའི་དྲན་པའི་རྗེས་འཛིན་པ་ལས་བྱུང་བའོ། །འགྱུ་བྱེད་འཛིན་པའི་ཡིད་ནི། བག་ཆགས་སྔ་ཕྱིའི་ཚོགས་པ་འདུས་པ་སྟེ་མེ་རླུང་གཉིས་ཀྱི་རྟ་དང་བཅས་པ་མ་འོངས་པའི་དྲན་པ་མཆེད་པ་ལས་བྱུང་བའོ། །དེ་ལྟར་དྲུག་གི་སྨིན་སོས་ནང་དུ་རྣམ་ཤེས་ཚོགས་དྲུག་ཏུ་བྱུང་ངོ་། །དེ་དག་གི་སོ་སོའི་འདུ་བ་ལས་ཁམས་བཅོ་བརྒྱད་འཕེལ་བ་ཐོབ་ལ། ཐོབ་པས་གནས་ཏེ། དེ་དག་གི་རྒྱུ་དང་རྐྱེན་ལས་སའི་སྲིན་བུ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་བྱུང་བ་ནི། ལུས་ཀྱིས་ལུས་བསྐྱེད། ངག་གིས་ངག་བསྐྱེད། སེམས་ཀྱིས་སེམས་བསྐྱེད་པ་སྟེ། བཀོད་པ་ཆེན་པོ་ལས། བསྐྱེད་པ་གསུམ་གྱིས་འགྲོ་བ་རྣམས། །སོ་སོའི་སྨིན་སོ་རྫོགས་པ་སྟེ། །འབྱུང་བ་ལས་ནི་ལུས་དག་དང་། །ཡི་གེ་ལས་ནི་སྒྲ་སྐད་གསུང་། །དྲན་པ་ཚེ་ལས་ཡིད་སོགས་སོ། །ཞེས་སོ། །དེའང་སྲིན་བུ་བརྟེན་པའི་ཡི་གེ་དང་། དེའི་རྟེན་སྐུ། དེ་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་ངེས་པའི་རྟེན་དུ་གནས་པས། དབང་དང་བསྐྱེད་རྫོགས་བསྒོམས་ན་གྲོལ་རུང་གི་གང་ཟག་ཅེས་བྱ་སྟེ། རྣལ་འབྱོར་དུ་འཇུག་པ་ལས། སྐུ་དང་གསུང་དང་ཐུགས་ཉིད་ལས། །རྣལ་འབྱོར་ས་བོན་དེས་རྫོགས་ནས། །འདིར་ནི་དབང་བསྐུར་ངེས་པས་སོ། །ཞེས་སོ། །དེ་ལྟར་དྲན་པ་འདུས་པའི་འཁོར་ལོ་ན་ཚོགས་པའི་ཆོས་བཅུ་དྲུག །ཡེ་ཤེས་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས། ཡི་གེ་བཅུ་དྲུག་སྟེ་ཞེ་བརྒྱད། འོད་ཀྱི་གོང་བུ་བཅུ་དྲུག་སྟེ། དྲུག་ཅུ་རྩ་བཞི། ཡབ་བཅུ་དྲུག་ཡུམ་བཅུ་དྲུག་བསྡོམས་པས་དགུ་བཅུ་རྩ་དྲུག །ཡབ་ཡུམ་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་སྟེ་ལྷ་དགུ་བཅུ་རྩ་དྲུག་དང་བསྡོམས་པས་བརྒྱ་དགུ་བཅུ་རྩ་གཉིས། སེམས་དང་ཡིད་ཀྱི་ཚོགས་པ་ཉི་ཤུ་སྟེ་ཉིས་བརྒྱ་དང་བཅུ་གཉིས། ཡིད་ཀྱི་འགྱུ་བྱེད་ཀྱི་ལས་བཅོ་བརྒྱད་དེ་ཉིས་བརྒྱ་སུམ་ཅུ། ཁམས་

p. 361

བཅོ་བརྒྱད་ལ་འཕེལ་བཅོ་བརྒྱད་དེ། ཉིས་བརྒྱ་དང་དྲུག་ཅུ་རྩ་དྲུག །དབང་པོ་ལྔའི་གཞི་ལྔ། དབང་པོའི་རྟེན་ལྔ། དབང་པོའི་སྒོ་ལྔ་དང་བསྡོམས་པས་ཉིས་བརྒྱ་དང་བརྒྱད་ཅུ་རྩ་གཅིག །ཡིད་ཀྱི་མྱོང་བ་ལ་ཉོན་མོངས་པ་ལྔ་ལྔ་སྟེ་སུམ་ཅུ་དང་བསྡོམས་པས་སུམ་བརྒྱ་དང་བཅུ་གཅིག །དེ་དག་རེ་རེ་ལ་དྲན་པའི་འཕྲོ་བ་དང་། འདུ་བ་གཉིས་གཉིས་ཏེ། དྲུག་བརྒྱ་ཉི་ཤུ་རྩ་གཉིས་སྲིན་བུ་ཁྲི་ཁྲག་བརྒྱད་དང་སྟོང་ཕྲག་ལྔ། དེ་རེ་རེ་ལ་ཡི་གེ་དེ་ཙམ་ཞིག །སྐུ་དེ་ཙམ་ཞིག་སྟེ་འབུམ་ཕྲག་བཞི་དང་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གཅིག་ཏུ་གནས་པ་ནི། ནང་དུ་ནད་ཀྱི་བྱེ་བྲག་རྒྱུ་དང་རྐྱེན་ཉེ་བ་དང་རིང་བར་བྱེད་ལ། ཕྱིར་བ་སྤུ་བྱེ་བ་གཅིག་དང་བཞི་ཁྲི་སྐྱེད་པར་བྱེད་དོ། །དེ་དག་རྣམས་ཀུན་གཞིའི་རྣམ་པར་ཤེས་པ་བཞི་ཚན་འདུས་ཤིང་དེ་དག་ལས་ཀྱི་ཚོགས་པ་ལས། ཁྱབ་འཇུག་རུས་སྦལ་གྱི་རྣམ་པ་དང་འདྲ་བ། དབང་པོའི་སྒོ་གསལ་ལ་འགུལ་བའི་རླུང་མེད་པ། ཡན་ལག་གི་གཞིའི་འཆོས་ལ་བསྐྱོད་པའི་ནུས་པ་མེད་པ་ནི་རླུང་གི་འགྱུར་བྱེད་ལས་སུ་མ་རུང་བའོ། །འདི་ཉིད་འཕེལ་བ་ལས་སྐད་ཅིག་ལ་རྟོག་པ་བརྒྱ་ཉི་ཤུ་འགྱུ་བའི་ཚད་དུ་བྱུང་བའོ། །དེ་ནས་ཡང་ཞག་ལྔ་བཅུར་འགྲོ་བའི་ནུབ་མོ་འབྱུང་བ་ཆུའི་བྱེད་ལས་ཀྱིས། ལུས་ཀྱི་འཁོར་ལོ་གཉིས་བོར་བའི་ཚོགས་པའི་ཆོས་དེ་དག་རླུང་གིས་སོ་སོར་གཏོར་བ་ལས། ཆུའི་སྡུད་བྱེད་ཀྱིས་གཅིག་ཏུ་བསྡུས་པས། སེ་འགྱུར་གྱི་འབྲུ་ལེགས་པར་བལྟམས་པ་ལྟར་གནས་པ་ལས། སའི་ལྗིད་ཀྱིས་དེ་དག་མནན་པས་འགྱུ་ཞིང་འཕྲིག་པ་ཙམ་གྱིས་སྟོབས་ཀྱང་ཉམས་པར་བྱས་སོ། །དེ་ནས་མེའི་ནུས་པས་དྲོད་ཕབས་ཏེ་ཚ་བའི་རེག་པ་མྱོང་ནས། དེ་དག་སྤྲ་བ་མེས་མཆེད་པ་ལྟར་བསྲེགས་ཏེ། རྡུལ་ཕྲན་དུ་བྱས་སོ། །དེ་ནས་རྩ་གསུམ་པའི་ནུབ་མོ་རླུང་གི་ནུས་པས་རྡུལ་ཕྲ་རབ་དེ་ཀུན་གཡོ་འགུལ་འཕྲིག་པ་ཙམ་ལས། རླུང་ནང་འཐབས་པས་ཕྱོགས་ཀུན་ཏུ་གཏོར་ནས་སོ་སོར་ཕྱེའོ། །འདི་དག་གི་དུས་ན་སྡུག་བསྔལ་བཞི་མྱོང་བ་ནི། ཆུས་གྲང་རེག་ཏུ་བྱས་པས་སྡུག་བསྔལ་ཙམ་མོ། །སའི་ལྗིད་ཀྱིས་མནན་པས། སྡུག་བསྔལ་གྱིས་སྡུག་བསྔལ་ལོ། །མེས་

p. 362

བསྲེགས་པས་འགྱུར་བའི་སྡུག་བསྔལ་ལོ། །རླུང་གིས་གཏོར་བས་ལྷུང་གིས་དོགས་པའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །དེ་ལྟར་ཞག་བཞིས་འབྱུང་བ་བཞི་པོ་རང་གི་ནུས་པ་ཟད་ནས། འབྱུང་བ་གཉིས་འདུས་ཀྱི་ནུས་པའི་དུས་ན། རོ་རྣམས་འདུས་པའི་རྩ་འདབ་སུམ་ཅུ་རྩ་གཉིས་སུ་སོ་སོར་སྨིན་ནས་རེ་རེའི་ནང་དུ་ཡེ་ཤེས་དང་། འོད་དང་། རླུང་གི་གདངས་དང་། ཡི་གེ་དང་། འོད་ཀྱི་གོང་བུ་དང་། ཀུན་བཟང་ཡབ་ཡུམ་གྱི་སྐུ་རེ་རེ་སྨིན་པ་ནི། སུས་ཀྱང་བྱས་པ་མེད་པར་བྱུང་བས་རང་བྱུང་ཞེས་བྱའོ། །དེ་ལྟར་འབྱུང་བ་འདུས་པས་རྩ་བསྐྱེད་ལ། རྩའི་ནུས་པས་ལུས་བསྐྱེད་ལ། ལུས་ཀྱི་ནུས་པས་དབང་པོ་བསྐྱེད་ལ། དབང་པོའི་ནུས་པས་ཡན་ལག་རྣམས་བསྐྱེད་ལ། ཡན་ལག་གི་ནུས་པས་ཤ་ཁྲག་དྲོད་དབུགས་རྣམས་བསྐྱེད་ལ། དེ་བཞིས་རུས་པ། རྐང་མར། ཚིལ་རྣམས་བསྐྱེད་ལ། དེ་དག་གིས་པགས་པ་དང་། ཆུ་སེར་དང་། ངར་སྣབས་ལ་སོགས་པ་བསྐྱེད། དེས་ཆུ་བ། རྒྱུས་པ། ལྷ་བ་རྣམས་བསྐྱེད། དེས་རྒྱུངས་པ་བསྐྱེད། དེས་ཀུན་རྫོབ་ཀྱི་ཐིག་ལེ་བསྐྱེད་ལ། དེས་ཡང་ལུས་ཀྱི་རླུང་སེམས་འདུས་པ་བཞི་བསྐྱེད་པས་ན། བསྐྱེད་རིམ་བསྒོམས་པས་ལུས་ཀྱི་ཆགས་བྱེད་ངེས་པའི་ལས་སྦྱོང་བྱེད་དུ་འགྲུབ་པའོ། །དེ་ལྟར་རོ་རྣམས་འདུས་པའི་འཁོར་ལོ་སྐྱེ་མཆེད་བཅུ་གཉིས་ཀྱི་འཕེལ་བ་བསྒྲུབ་པའི་བྱེད་ལས་ཅན་འདིར་མེའི་ལས་གཙོ་བས། ཟས་ལ་སོགས་པའི་རོའི་དྭངས་མས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བསྐྱེད། སྙིགས་མས་དྲི་ཆེན་དང་དྲི་ཆུ་ལ་སོགས་པ་དོར་བར་བྱེད་དོ། །རོ་ནི་མངར་བས་བཀྲག་བསྐྱེད་ལ། ཁ་བས་མདངས་བསྐྱེད། བསྐ་བས་གཟི་བརྗིད་བསྐྱེད། སྐྱུར་བས་སྟོབས་བསྐྱེད། ཀླེག་པས་ཤེད་བསྐྱེད། ལན་ཚྭའི་རོས་བྱང་སེམས་བསྐྱེད་པའི་ཕྱིར་རོ་རྣམས་ཞེས་བྱའོ། །འདུས་པ་ནི། རོ་དྲུག་འདུས་པ་སྟེ་ཟས་ཀྱི་རྣལ་འབྱོར་འགྲུབ་པའོ། །འགྲོ་དྲུག་གི་ཆ་མི་ལ་ཚང་བའི་གནད་དོ། །འཁོར་ནི། ཟས་རོ་ལ་ཚུར་འཁོར་བའོ། །ལོ་ནི། ལོ་

p. 363

གསུམ་བསླབས་ན་བཅུད་ལེན་འགྲུབ་པའོ། །དེའི་ཕྱིར་རོ་རྣམས་འདུས་པའི་འཁོར་ལོ་ཞེས་བྱའོ། །དེ་ནས་ཞག་ལྔ་བཅུ་རྩ་དྲུག་ན་འབྱུང་བ་མེས་དྲོད་གཡོས། རླུང་གིས་དྲོད་སྦར་བས་ལུས་ཀྱི་སྨིན་སོ་སྦལ་པའི་རྣམ་པ་དང་འདྲ་བ་དབང་པོར་གསལ་ལ་དབང་སྟོབས་མ་རྙེད་པ། ཡན་ལག་ཏུ་བྱུང་ལ་བསྐྱོད་པའི་རླུང་མ་རྙེད་པར་བྱུང་ངོ་། །འདིའི་དུས་ན་མེའི་སྲིན་བུ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་ཆགས་པ་ནི། ལུས་ཅན་ལ་ནི་ལུས་ཀྱིས་སྤྲུལ། །ཅེས་པའོ། །དེ་ལྟར་ཚོགས་པའི་ཆོས་ངེས་པར་སྦྱར་ན། རྩ་སུམ་ཅུ་རྩ་གཉིས་ན་ཡི་གེ་སུམ་ཅུ་རྩ་གཉིས་ཏེ་དྲུག་ཅུ་རྩ་བཞི། འོད་ཀྱི་གོང་བུ་སུམ་ཅུ་རྩ་གཉིས་ཏེ་དགུ་ཅུ་རྩ་དྲུག །ཀུན་བཟང་ཡབ་ཡུམ་དྲུག་ཅུ་རྩ་བཞི་སྟེ། བརྒྱ་དྲུག་ཅུ་ཐམ་པ། ཡབ་ཡུམ་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་ལྷ་ཡེ་ཤེས་སེམས་དཔའ་དང་བཞི་བསྣན་པས། བཞི་བརྒྱ་དང་ཉེར་དྲུག །སྐྱེ་མཆེད་ལས་ཀྱི་འབྲེལ་བཅུ་གཉིས་ལས་འགྱུར་རྟོག་པའི་གྲངས་ཉི་ཤུ་ཉི་ཤུ་སྟེ། ཉིས་བརྒྱ་དང་བཞི་བཅུ་སྟེ། བསྡོམས་པས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག །དེ་དག་སྨིན་པའི་ངེས་པའི་ཁྱད་པར་ལས། ཉོན་མོངས་པ་བག་ལ་ཉལ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ། དེའི་འགྱུར་མེའི་སྲིན་བུ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ། དེ་དག་རེ་རེ་ན་ཡི་གེ་རེ་རེ། སྐུ་རེ་རེ། སྐུ་དེ་ནས་སྨིན་པས་ཡེ་ཤེས་སེམས་དཔའ་རེ། ཐུགས་ཀ་ན་གནས་པ་དང་། དེ་ལྟར་ན་སྲིན་བུ་ལུས་ཀྱི་འཕེལ་བྱེད་དང་། ཉོན་མོངས་རྟོག་པའི་གཞི་གཉིས་ལ་འབུམ་ཕྲག་གསུམ་དང་ཁྲི་ཕྲག་ཕྱེད་དང་གསུམ་སྟེ། རོ་རྣམས་ཀྱི་འཁོར་ལོ་ལ་ཚོགས་པའི་ཆོས་འབུམ་ཕྲག་གསུམ་དང་ཁྲི་ཕྲག་གསུམ་དང་། བརྒྱ་དྲུག་ཅུ་རྩ་དྲུག་ཏུ་གནས་སོ། །དེ་ལྟར་ཚོགས་པ་དཔག་ཏུ་མེད་པ་ཡོད་པས་ན་ཀུན་གཞི་ཞེས་བྱའོ། །དེ་ཡང་ཞག་ལྔ་བཅུ་རྩ་བདུན་གྱི་ནུབ་མོ་ཆུས་དེ་དག་གཅིག་ཏུ་བསྡུས། སས་མནན་ཞིང་བརྟན་པར་བྱས། རྩ་དགུ་ལ་མེས་ཚིག་ཅིང་བསྲེགས། རླུང་གིས་སོ་སོར་ཕྱེ་སྟེ། ཟླ་བ་གཉིས་སོང་བའི་དུས་ན་འབྱུང་བཞི་བྱེད་ལས་ཀྱི་ནུས་པ་ཟད་ནས། ཡང་འབྱུང་བ་གཉིས་འདུས་ཀྱིས་བྱེད་དེ། ཟླ་བ་གཉིས་དང་ཞག་གསུམ་ན་རྩེ་མོ་རྣམ་པར་བཀོད་

p. 364

པའི་འཁོར་ལོ་ལ་རྩ་བརྒྱད་ལས་རང་ངོའི་རྩ་དང་བཞི་བཅུ་རྩ་ལྔ་ལྔར་འཕེལ་བས་རྩ་འདབ་སུམ་ཅུ་རྩ་བརྒྱད་དང་དྲུག་ཅུ་ཐམ་པར་འཐོན་ནས་ལུས་ཀྱི་ཕྱི་ནང་ཀུན་ཏུ་འཕྲོས་ཏེ། ཁྱད་པར་གྱི་རྩའི་མཆེད་དང་། ཐུན་མོང་གི་མཆེད་རྣམས་སུ་བྱུང་བའོ། །རྩ་དེ་དག་གི་གྱེན་ལ་རྒྱུ་བ་དང་། ཐུར་དུ་འཕེན་པ་དང་། ལོགས་ལ་ཤར་བ་དང་། འཁྲུག་པ་དང་། སྒྲིལ་བ་དང་། རྐྱང་པ་དང་། སྦོམ་པ་དང་། ཕྲ་བ་དང་། ཡལ་ག་ཅན་རྣམས་ཀྱིས། ཁྲག་དང་། ཆུ་སེར་དང་། དབུགས་ཀྱི་རྟེན་དང་། རྟ་བྱེད་པའོ། །འགྱུར་བྱེད་དང། རིང་ཐུང་དང་། འཕར་བའི་ལས་བྱེད་པ་ནི་བདུན་ཅུ་རྩ་གཉིས་ཏེ་འཕེན་པ་རླུང་གི་ལས་བྱེད་པའོ། །འགྱུར་བ་དང་། འཕྲིག་པ་དང་། འཕེལ་བ་ནི། ནད་ཀྱི་འདུ་མཆེད་སྣ་ཚོགས་སུ་བྱེད་པའོ། །འགྱུར་བ་དང་། འཁྲོོག་པ་དང་། འཛིན་པས་ནི་ཉོན་མོངས་པ་བདག་དང་བཅས་པའི་ལས་བྱེད་པའོ། །གང་བ་དང་། སྟོང་པ་དང་། སེལ་བས་ནི་དྭངས་སྙིགས་འབྱེད་པའི་ལས་བྱེད་པའོ། །འདར་བ་དང་། འཕྲིལ་བ་དང་། གསེང་བས་ནི། བདེ་བ་དང་། སྡུག་བསྔལ་དང་། བཏང་སྙོམས་ཀྱི་ལས་བྱེད་པའོ། །དེ་ལྟར་རྩའི་འཁོར་ལོ་འདུས་པའི་དབུས་སུ་ཡི་གེའི་རང་སྒྲ་དང་། འོད་ཀྱི་གདངས་འཁྲུགས་པ་ལས། སྣ་ཚོགསདཀར་དམར་འོད་ཀྱི་འཁོར་ལོ་འཁྲུགས་པས་དབང་པོ་ལྔ་ལྔ་སོ་སོར་འཛིན་པའི་རྩ་ལས། དབང་པོ་ལྔའི་སྒོ་ལས་རང་རང་གི་ཡི་གེའི་འོད་འཁྲུགས་པས། སྣ་ཚོགས་ཀྱི་བདེ་སྡུག་ཏུ་མཆེད་ཅིང་འབར་བར་འགྱུར་རོ། །རྩ་དེ་དག་ཀུན་གྱི་ནང་ཡེ་ཤེས་ཀྱི་ངོ་བོར་བཞུགས་པའམ་ལམ་དུ་བཞུགས་པ་དངོས་མ་ཡིན་ཏེ། ཡེ་ཤེས་ཀྱི་གདངས་སམ་རྩལ་གྱི་ཁྱབ་པ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པའམ་ཉི་ཟེར་བུ་གར་ཤར་བ་བཞིན་ནོ། །རྩའི་རང་ངོ་ཡེ་ཤེས་ཀྱི་རྩལ་ལས་ལྟ་སྒོམ་སྤྱོད་པའི་རྟེན་དུ་གནས་སོ། །དེ་ལྟར་འབྱུང་བ་གཉིས་འདུས་པའི་ལས་བྱས་པས་ལུས་ཀྱི་དབང་པོ་དང་། ཡན་ལག་དང་། པགས་པ་དང་། བ་སྤུ་ལ་སོགས་པ་

p. 365

ལེགས་པར་བསྐྱེད༥་ལ། དེ་ནས་བདུན་ཚན་དགུ་དང་ཞག་བཞི་ལོན་པའི་དུས་ན། རླུང་གི་སྟོབས་ཀྱིས་འགུལ་བ་དང་། ཡན་ལག་བསྐྱོད་པའི་ལས་སུ་འགྱུར་ཏེ། མའི་ཤ་ཁྲག་གི་དྭངས་མའི་ཟས་ལ་སྤྱོད་པ་འབྱུང་ངོ་། །འདིའི་དུས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ཚོགས་པའི་རྟེན་དག་པའི་ལོངས་སྤྱོད་ཅིང་ཡུལ་དང་དབང་པོ་ཉེ་བར་ལེན་པ་ཙམ་དུ་གྱུར་པའོ། །དེ་ལྟར་ལུས་ཀྱི་རྩེ་མོ་མགོ་ཡིན་ལ་དེ་ན་རྩའི་རྣམ་གྲངས་ཡི་གེའི་སྤྲེལ་ལྟ་བུར་བཀོད་པས་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་ཞེས་བྱའོ། །དེ་དག་སོ་སོའི་བྱེད་ལས་ཚོགས་པ་ལས་རླུང་གི་སྲིན་བུ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ། ཡི་གེའི་སྟོབས་ཀྱིས་འཁྲོག་པ་དང་། རླུང་གི་སྟོབས་ཀྱིས་འགུལ་བ་དང་། ཁ་ཟས་ཉེ་བར་ལེན་པ་དང་། ལུས་སོ་སོ་འགྲོ་འགུལ་དུ་བྱུང་ལ་སྐུ་ཡོད་པའི་སྟོབས་ཀྱིས་སྲིན་བུ་དེ་དག་སོ་སོའི་ཤེས་པ་གསལ་བར་བྱུང་ངོ་། །སྔར་གྱི་སྲིན་བུ་རྣམས་ཀྱང་དེ་བཞིན་ནོ། །སྲིན་བུ་དེ་དག་རླུང་གིས་འགྱུར་བ་དང་། སྟོངས་པ་དང་། འཁུམས་པ་དང་། འཆེས་པ་དང་། འཁྲིལ་བ་ལས། ལུས་ཀྱི་འབྱུང་བ་རྣམས་འཁྲུགས་ཏེ། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པའི་ནད་རྣམས་བསླང་སྟེ། བདེ་སྡུག་ཏུ་སྨིན་པའོ། །དེ་དག་གི་རྣམ་གྲངས་དབྱེ་ན་བཅུ་དྲུག་ཏུ་འགྱུར་ལ། དེ་ཉིད་ཕོ་མོའི་འགྱུར་གྱི་ཕྱེ་བས་མོ་ནད་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། དེ་དག་གི་རྣམ་འགྱུར་གྱི་གྲངས་ལས་ཐུན་མོང་གི་ནད་བཞི་བརྒྱ་དང་རྩ་བཞིར་མཆེད་པར་བྱེད་དོ། །དེ་ལྟར་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་ན་རྩ་སུམ་བརྒྱ་དང་དྲུག་ཅུའི་ནང་ན། ཀ་ཀ་ཀི་ཀི་ལ་སོགས་པའི་ཡི་གེ་བདུན་བརྒྱ་དང་ཉི་ཤུ་གནས་ལ། འོད་ཀྱི་གོང་བུ་སུམ་བརྒྱ་དང་དྲུག་ཅུ་སྟེ་བསྡོམས་པ་སྟོང་ཕྲག་གཅིག་དང་བརྒྱད་ཅུ། ཀུན་བཟང་ཡབ་དང་ཡུམ་གྱི་སྐུ་ཉིས་སྟོང་བརྒྱད་བརྒྱ་པོ་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ། ཐུགས་ཀ་ན་ཡེ་ཤེས་སེམས་དཔའ་སྤུས་བྲིས་པའི་རྣམ་པ་ལྟ་བུ་རེ་རེ་སྟེ། སུམ་སྟོང་ཉིས་བརྒྱ་དང་བཞི་བཅུ་ཐམ་པ། སྲིན་བུ་ཁྲི་ཕྲག་བརྒྱད་དང་སྟོང་ཕྲག་ལྔ། ཡི་གེ་དེ་ཙམ་ཅིག་དེའི་ནང་ན་སོ་སོའི་

p. 366

ཡེ་ཤེས་ཀྱི་ས་བོན་དེ་ཙམ་ཞིག་སྟེ། འབུམ་ཕྲག་གསུམ་དང་ཁྲི་ཕྲག་ཕྱེད་དང་གསུམ། འདིའི་དུས་ན་ལུང་དུ་མ་བསྟན་པའི་ཉོན་མོངས་པ་ཁྲི་ཕྲག་བརྒྱད་དང་སྟོང་ཕྲག་ལྔ་སྟེ། འབུམ་ཕྲག་བཞི་དང་ཁྲི་ཁྲག་གཅིག །གོང་དུ་རྩ་ལས་འཕེལ་བའི་སྟོང་ཕྲག་གསུམ་དང་ཉིས་བརྒྱ་བཞི་བཅུ་སྟེ། འབུམ་ཕྲག་གསུམ་དང་ཁྲི་ཕྲག་གཅིག་དང་སྟོང་ཕྲག་གསུམ་དང་ཉིས་བརྒྱ་བཞི་བཅུ་ཐམ་པར་གནས་སོ། །དབང་པོ་དང་དབང་རྟེན་གྱི་ཆོས་ཏེ་རྣམ་གྲངས་དཔག་ཏུ་མེད་པ་འདུས་པས་ན་ཀུན་གཞི་ཞེས་བྱའོ། །དེ་ལྟར་ལུས་ཀྱི་འཁོར་ལོ་བཞི་པོའི་རྩ་རྣམས་ཀྱི་སྲོག་ཤིང་རོ་རྐྱང་ཀུན་འདར་མ་གསུམ་གྱིས། ཕྱིར་ལུས་ངག་ཡིད་གསུམ་བསྐྱེད། ནང་བུ་སྐུ་གསུང་ཐུགས་གསུམ་བསྐྱེད། གསང་བར་སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ་གསུམ་བསྐྱེད་པས་ན་ཀ་བའི་ཚུལ་དུ་དྲང་པོར་གནས་སོ། །དེ་ཡང་ཡབ་ཀྱི་ཐིག་ལེ་ཡི་གེ་ཨཱོཾ་ཨཱཿཧཱུྃ་གི་སྒྲ་དང་བཅས་པ་འཐོན་ཏེ་ཡུམ་གྱི་མཁར་ཐིམ། མའི་རྐྱེན་ཡང་འབྲུ་གསུམ་གྱི་སྒྲ་དང་བཅས་ཏེ། སྒྲ་དྲུག་པོ་ནང་འཐབས་པས་བུའི་ལུས་ངག་ཡིད་གསུམ་གྱི་གཞི་ཐིངས་ནས་རོ་རྐྱང་དབུ་མ་གསུམ་དུ་གྱུར་པའི་དབུས་མའི་ནང་དུ་ཨཱོཾ་དང་འོད་དང་ཀུན་བཟང་ཡབ་ཡུམ་གྱི་སྐུ་དང་གསུམ་དུ་གྲུབ་ལ། གཡས་སུ་ཨཱཿདང་འོད་དང་སྐུ་གསུམ། གཡོན་དུ་ཧཱུྃ་དང་འོད་དང་སྐུ་གསུམ་གྲུབ་སྟེ། སྐུ་གསུང་ཐུགས་གསུམ་གསུམ་གྱི་རྟེན་དུ་གྲུབ་པའོ། །དེ་ལྟར་འཁོར་ལོ་བཞི་ལས་དང་པོ་ལུས་ལ་སོགས་པའི་ཀུན་གཞི་བསྐྱེད་པས་ལྟེ་བ་དང་། དེ་ནས་ཤེས་པ་འགྲུབ་པས་དྲན་པ་འདུས་པ་སྙིང་ག་དང་། དྲན་པའི་རོ་མྱོང་བ་ངག་གི་སྨྲ་བྱེད་དུ་བྱུང་བའི་རོ་རྣམས་མགྲིན་པ་དང་། ཀུན་གྱི་རྩེ་མོ་རྣམ་བཀོད་སྤྱི་བོ་སྟེ་བཞི་ཚན་དུ་ངེས་པའོ། །དེ་ཡང་རྩའི་ནང་གི་ཡི་གེ་རྣམས་རླུང་གི་སྒྲ་གཡོས་པ་ལས། སྐད་འབྱུང་ལ། ཡི་གེ་གསལ་བ་རྣམས་ནི་སྐད་སྙན་པའོ། །མི་གསལ་ན་མི་སྙན་ཞིང་། རྩ་ཡིག་མ་དག་པ་ལས་སྐད་འདར་བ་དང་། དག་པ་དང་། རྩེ་མོ་ཅན་ལ་སོགས་པར་འབྱུང་ངོ་། །རྩའི་གནད་ལས་སྒྱུར་བས། སྐྱེས་པ་རྣམས་

p. 367

སྐད་སྦོམ་པ་ནི་རིགས་ཅན་གྱི་རྩ་མེད་པ་དང་རྩ་སྦུབས་ཡངས་པས་སྦོམ་པའོ། །དེ་ཡང་ཡངས་པ་དང་། རབ་ཏུ་ཡངས་པ་དང་། ཆེར་ཡངས་པ་ལས་སྐད་སྦོམ་པ་དང་། རབ་ཏུ་སྦོམ་པ་དང་། ཆེར་སྦོམ་པ་ལ་སོགས་པ་འབྱུང་ངོ་། །བུད་མེད་ལ་རིགས་ཅན་ལྔས་རྩ་སྣ་གཏུམས་ཤིང་སྦུག་མ་དོག་པས། སྐད་ཀྱང་འདོད་པའི་ས་བོན་ནམ་གཡོས་པ་ཙམ་ནས་ཕྲ་སྟེ། གསལ་ཞིང་འཇམ་པ་འདོད་ཆགས་ལས་གྲུབ། འཇམ་ཞིང་དེས་པ་མ་རིག་པ་ལས་གྲུབ། འགྱུར་ཞིང་འཕྲོག་པ་ཞེ་སྡང་ལས་གྲུབ། ཕྲ་ཞིང་སྙན་པ་ང་རྒྱལ་ཕྲག་དོག་གཉིས་ལས་གྲུབ་པའོ། །སོས་དལ་ལ་སྨྲ་བ་ཉུང་བ་ནི་བདེ་བ་སྐྱེ་བའི་རིགས་སོ། །བདེ་ཞིང་གནོད་མེད་སྨྲ་བ་བུ་ནོར་འཕེལ་བའི་རིགས་སོ། །དེ་ལྟར་བདུན་ཚན་བཞིར་ལུས་འཆགས་ལ། དགུར་རྫོགས་ཏེ། བར་དོར་ཞག་བཞི་བཅུ་རྩ་དགུའི་བག་ཆགས་སོག་པའི་རྟེན་དུ་བྱུང་བའོ། །དེ་ནས་ཆེར་འཕེལ་ཏེ། བུ་ཁྱེའུ་རྣམས་ནི་མའི་གློ་གཡས་ནས་ཁ་ནང་དུ་ལྟ་ལ། བུ་མོ་རྣམས་ནི་གཡོན་ནས་ཕྱིར་ལྟ་བས་གནས་པ་ནི། རང་གི་ཁྱིམ་འཛིན་པ་དང་། གཞན་གྱི་ཁྱིམ་དུ་འགྲོ་བའི་རྟེན་འབྲེལ་གྱི་བྱེད་པ་དེ་ལས་བྱུང་བའོ། །དེ་ནས་ཁྱེའུ་རྣམས་ཟླ་བ་དགུ་ངོ་དང་བཅུ་ན་བཙའ་ལ། བུ་མོ་རྣམས་ཟླ་བ་དགུ་ན་བཙས་ཏེ། རླུང་ཨ་ཝ་དྷཱུ་ཏཱི་ནས་སྣ་སྦུག་གཡས་གཡོན་ལ་དངོས་སུ་རྒྱུ་བས། ཉོན་མོངས་པ་ཇེ་རགས་ལ་སོང་སྟེ། ལས་དུ་མའི་སོག་བྱེད་ལ་གནས་པའོ། །དེ་ཡང་ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སྨིན་པར་བྱས་པ་ནི། ས་ལས་ཤ་དངོས་སུ་གྲུབ་པར་བྱས། ཆུ་ལས་ཁྲག །མེ་ལས་དྲོད། རླུང་ལས་དབུགས་དངོས་གྲུབ་པའོ། །ཤ་ལས་གཏི་མུག །ཁྲག་ལས་འདོད་ཆགས། དྲོད་ལས་ཞེ་སྡང་། དབུགས་ལས་ང་རྒྱལ། ཕྲག་དོག་ལ་སོགས་པའི་རྣམ་རྟོག་ཐ་དད་པའི་རྒྱུ་རྐྱེན་དུ་ཤར་རོ། །འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་བྱས་པ་ནི། ཐོག་མ་འདོད་ཆགས་ཀྱིས་ཀུན་སློང་བྱས་པ་ལས་བྱུང་ངོ་། །ཞེ་སྡང་ལས་ཁྲག་ཏུ་སྨིན་པ་ནི། ཐོག་མ་ཞེ་སྡང་ལ་བརྟེན་ནས་སྒྲ་བརྗོད་པ་ལས་བྱུང་བའོ། །གཏི་མུག་ལས་ཡིད་སྣ་ཚོགས་པར་སྨིན་པ་ནི། ཐོག་མ་གཞི་མ་རིག་པ་ལས་འཁྲུལ་

p. 368

པ་ལས་བྱུང་ངོ་། །དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོན་ནས་འགྲོ་བས། དུག་གསུམ་གྱི་རྟོག་པ་ཐ་དད་འཆར་བའོ། །དེ་ཡང་གཏི་མུག་གི་སྨིན་སོ་འགྲོ་བ་ལ་གཉིད་དུ་འབྱུང་། འདོད་ཆགས་ཀྱི་སྨིན་སོ་དགོད་པའི་གད་མོར་བྱུང་། ཞེ་སྡང་གི་སྨིན་སོ་རྨི་ལམ་སྣ་ཚོགས་སུ་འབྱུང་བའོ། །ཤ་གཏི་མུག་གིས་བསྐྱེད་པའི་རྟགས་སུ་འགྲོ་བ་ཤ་གང་ཆེ་བ་གཉིད་ཆེ། དྲོད་ཞེ་སྡང་གིས་བསྐྱེད་པའི་རྟགས་སུ་ཕྱིའི་ནམ་ཟླ་ལ་དྲོད་རླན་ཕེབས་པའི་དུས་སུ་རྨི་ལམ་མང་ངོ་། །ཞེ་སྡང་སྐྱེས་དུས་ལུས་ཡང་ལ་དྲོད་སྐྱེ་ཞིང་ངག་སྨྲ་བ་ལ་བརྩོན་པའོ། །ཁྲག་འདོད་ཆགས་ཀྱིས་བསྐྱེད་པའི་རྟགས་སུ་ཁྲག་གི་རྒྱུ་བ་ལ་བརྟེན་ནས་རྒོད་པ་འབྱུང་། འདོད་ཆགས་སྐྱེས་དུས་རླན་དང་རྡུལ་ལ་སོགས་པ་གཤེར་བའི་ཆ་འབྱུང་བའོ། །དེ་ཡང་ཤ་ལ་བརྟེན་ནས་གཟུགས་ཀྱི་ཕུང་པོར་མཆེད། ཁྲག་ལས་འདུ་ཤེས། དྲོད་ལས་རྣམ་ཤེས། དབུགས་ལས་འདུ་བྱེད། རླུང་ཕྱིར་འགྲོ་བ་ལ་བརྟེན་ནས་ཚོར་བར་མཆེད་པའོ། །དེ་ཡང་ཤས་རྩ་བསྐྱེད། རྩས་རླུང་བསྐྱེད། རླུང་གིས་ལས་དང་ཡེ་ཤེས་གཉིས་ཀ་བསྐྱེད་དོ། །ལས་ཀྱིས་འཁོར་བ་སྡུད། ཡེ་ཤེས་ཀྱིས་མྱ་ངན་ལས་འདས་པ་སྡུད་དོ། །དེ་ཡང་ཁྲག་ལ་བརྟེན་ནས་ཆུ་སེར་བསྐྱེད། དེས་ཐིག་ལེ་བསྐྱེད། ཐིག་ལེས་ཀུན་རྫོབ་ཀྱི་སྨིན་སོ་དབང་པོ་ལྔ་བྱུང་། དབང་པོའི་རྒྱུ་ཉོན་མོངས་པ་ལྔ། རྐྱེན་ཡུལ་ལྔ། འདས་མ་འོངས་ད་ལྟའི་རྟོག་ཚོགས་འདུས་པ་ལས་འཁོར་འདས་ཀྱི་རྒྱུར་བྱུང་བའོ། །དེ་ལ་དོན་དམ་པའི་འབྱུང་བ་བཞི་ནི། ཁ་དོག་དཀར་པོ་རབ་ཏུ་ཕྱེད་པ་ལས། རྒྱང་ཞགས་ཆུའི་སྒྲོན་མའི་རྒྱུ་བྱས། སའི་རྩ་ལས་བྱུང་། དམར་པོ་རབ་ཏུ་དམར་བ་ལས་ཐིག་ལེ་སྟོང་པའི་སྒྲོན་མའི་རྒྱུ་བྱས། ཆུའི་རྩ་ལས་བྱུང་། སེར་པོ་རབ་ཏུ་སེར་བ་ལས་དབྱིངས་རྣམ་པར་དག་པའི་སྒྲོན་མའི་རྒྱུ་བྱས། མེའི་རླུང་གི་རྩ་ལས་བྱུང་། ཁ་དོག་ལྗང་གུ་རབ་ཏུ་ལྗང་བ་ལས། ཤེས་རབ་རང་བྱུང་གི་སྒྲོན་མའི་རྒྱུ་བྱས། རླུང་གི་རྩ་ལས་བྱུང་ངོ་། །དེ་ཡང་ཤེས་རབ་རང་བྱུང་གིས་རིག་པ་བསྐྱེད། རྒྱང་ཞགས་ཀྱིས་འོད་བསྐྱེད། ཐིག་ལེས་སྐུ་བསྐྱེད།

p. 369

དབྱིངས་ཀྱིས་ཡེ་ཤེས་བསྐྱེད་དོ། །རྒྱང་ཞགས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་། ཐིག་ལེ་སྟོང་པས་ཉམས་གོང་འཕེལ་མཐོང་། དབྱིངས་ཀྱིས་རིག་པ་ཚད་ཕེབས་མཐོང་། ཤེས་རབ་རང་བྱུང་གི་སྒྲོན་མས་ཆོས་ཉིད་ཟད་པའི་སྣང་བ་ལ་སྤྱོད་པའོ། །དེ་དག་ཀྱང་སྒོ་མིག་ནས་ཡེ་ཤེས་ཤར་བ་ལ་དངོས་སུ་སྤྱོད་པའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། བག་ཆགས་ལུས་ཀྱི་གྲུབ་ཚུལ་བསྟན་པ་སྟེ་རིམ་ཁང་བཅུ་གཅིག་པའོ།། །།

རིམ་ཁང་བཅུ་གཉིས་པ། གནད་ངེས་པ་བྱེ་བྲག་ཏུ་བཤད་པ།

p. 370

དེ་ལྟར་ལུས་གྲུབ་ཚུལ་སྤྱིར་བསྟན་ནས། ད་ནི་དེ་ལ་རྩ་དང་རླུང་དང་ཐིག་ལེའི་གནས་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྟེན་རྩ། བརྟེན་པ་རླུང་། གནས་པ་ཐིག་ལེའི་རབ་ཏུ་དབྱེ་བའོ། །དང་པོ་ལ་གསུམ་སྟེ། རྩའི་རང་བཞིན་སྤྱིར་བསྟན་པ། རྣམ་གྲངས་བྱེ་བྲག་ཏུ་བཤད་པ། ཉམས་སུ་བླངས་ཚུལ་བསྟན་པའོ། །དང་པོ་ནི། མུ་ཏིག་ཕྲེང་བ་ལས། རྩ་རྣམས་ནས་ནི་ཐིག་ལེ་སྟེ། །འཕྲ་དང་འཁྱུག་པའི་བདག་ཉིད་ཅན། །འོད་ཟེར་ཉིད་ཀྱིས་མཛེས་པའོ། །དེ་ཡང་ཆ་ནི་གསུམ་པ་སྟེ། །གཡས་དང་གཡོན་དང་དབུས་མའོ། །ཞེས་པས། འདིར་དེ་དག་གི་དོན་བཤད་ན། རྩའི་གཙོ་མོ་གསུམ་ནི། རོ་མ། རྐྱང་མ། ཀུན་འདར་མའོ། །དེའང་རོ་མ་ནི། ཀུན་གྱི་རོ་ལོན་པར་བྱེད་པས་ལན་ཚྭ་དང་འདྲ་སྟེ། ཐིག་ལེའི་བདེ་བ་ལ་བརྟེན་ནས་ཉམས་སུ་མྱོང་བ་ཐུན་མོང་མ་ཡིན་པ་སྐྱེ་བར་བྱེད་པས་རོ་ཞེས་བྱ་ལ། དེ་ཡང་རྒྱུ་འདོད་ཆགས་ལས་བྱུང་བས་མ་ཞེས་བྱ་སྟེ། འདོད་ཆགས་ཅན་དེ་ལ་བརྟེན་ནས་སངས་རྒྱ་བར་བྱེད་པའོ། །ཡང་ན་རོ་ནི་བྱ་བྱེད་ཉུང་བ་སྟེ་ཐིག་ལེའི་འཁྲུལ་ལ་བརྟེན་ནས་ཉམས་སུ་མྱོང་བ་དེ་བརྗོད་དཀའ་བས་མ་ཞེས་བྱའོ། །དེའི་ནང་ནས་ཀུན་རྫོབ་ཀྱི་ཐིག་ལེ་འགྱུ་བར་བྱེད་པ་སྟེ་ཐབས་ཀྱི་རང་བཞིན་ཅན་ནོ། །རྐྱང་མ་ནི། འཁྱོག་དང་ཡལ་ག་མེད་པས་རྐྱང་བ་རེང་བུ་ཞེས་བྱའོ། །རང་བཞིན་དུ་དོན་དམ་པའི་ཐིག་ལེ་དང་ཀུན་རྫོབ་ཀྱི་ཐིག་ལེ་གཉིས་ཀའི་རྒྱུ་ལས། དོན་དམ་པའི་འབྱུང་བ་དང་། ཀུན་རྫོབ་ཀྱི་འབྱུང་བ་སྨིན་པ་དང་འབྱེད་པར་བྱེད་པའོ། །རྐྱང་བ་ཡིན་པས་མི་འགྱུར་བ་ཡིན་ནོ། །ཀུན་གྱི་གཞི་ཡིན་པས་

p. 371

མ་ཞེས་བྱའོ། །འདི་ལ་བརྟེན་ནས་འབད་རྩོལ་མེད་པར་སངས་རྒྱའོ། །ཀུན་འདར་མ་ཞེས་བྱ་བ་ནི། ཀུན་འདུས་པ་སྟེ། འདི་ལ་བརྟེན་ནས་ཐིག་ལེ་དང་། རྩའི་བདེ་བ་དང་། རླུང་གི་བདེ་བ་ཀུན་སྐྱེ་བས་ཀུན་ཞེས་བྱ་ལ། དེ་སྤྱི་ལ་ཁྱབ་པས་འདར་མ་ཞེས་བྱའོ། །དེ་ཡང་རོ་མ་ནི། ལྟེ་བའི་གཡོན་ནས་འཁྱིལ་ནས་གཡས་ནས་རྒྱུ་ལ། རྐྱང་མ་ནི། སྙིང་གི་རྩེ་མོའི་གཡོན་ནས་འཐོན་ཏེ། མགྲིན་པ་རྩའི་དྲ་བ་ལས་འཐོན་ནས། ཐོད་པའི་ནང་ནས་ཚུར་ཞུགས་ཏེ་མིག་གཡོན་པ་ནས་སྒོ་དོད་པའོ། །རོ་མ་ནི། མིག་གཡས་པ་ནས་སོ། །ཀུན་འདར་མ་ནི། དབུས་ནས་དྲང་པོར་གནས་ཏེ། རྩེ་མོ་གསུམ་དུ་གྱེས་ནས་སྒོ་དབུས་མ་སྤྱི་བོ་ཚངས་པའི་བུ་ག་ལ་སྣང་བར་བྱེད་ལ། དེ་ནས་རིག་པ་རྟོག་པ་མེད་པའི་སྐུར་འཆར་རོ། །རྩེ་མོ་གཡས་པ་རྣ་བ་གཡས་པ་ལ་སྣང་བས། ལས་ཀྱི་རླུང་འགྱུ་སྟེ། འདིའི་ཡལ་ག་ཕྲ་མོ་གཉིས་སྣ་བུག་གཉིས་ལ་ཟུག་པས་ལས་རླུང་བྱེད་པ་དང་བཅས་པ་འགྱུ་ཞིང་། རླུང་ཨ་ཝ་དྷཱུ་ཏཱིར་འཇུག་པ་དང་རླུང་གི་ཏིང་ངེ་འཛིན་སྒོམ་པའི་རྟེན་བྱེད་པའོ། །རྣ་བ་གཡོན་པ་ལ་རྩེ་མོ་གཅིག་ཟུག་པ་དེ་ནས་ཡེ་ཤེས་ཀྱི་རླུང་འཆར་བར་བྱེད་པའོ། །གཡོན་རྩ་ན་རང་བཞིན་གྱི་ཐིག་ལེ། གཡས་ན་ཀུན་རྫོབ་ཀྱི་ཐིག་ལེའོ། །དེའང་གཡས་ཀུན་རྫོབ་ཀྱི་ཐིག་ལེ་ལ་བརྟེན་ནས་ལུས་སྨིན་པར་བྱེད་ལ། དེ་ཉིད་ཀྱིས་ལུས་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་དང་། འབྱུང་བ་འཕེལ་བ་དང་། ཉམས་པ་ལ་སོགས་པའི་ལས་བྱེད་དོ། །དེ་ལ་མདུད་པ་ཕྲ་མོ་བཞི་ཡོད་དེ། ལྟེ་བ་དང་། དྲན་པ་དང་། རོ་རྣམས་དང་། རྩེ་མོ་བཞིན། དང་པོ་རྒྱུས་སྐྱེད་བྱེད་ཀྱི་རྩ་བསྐྱེད་པས་རྩའི་ནང་དུ་ཕའི་རྒྱུ་ཐིག་ལེ་དཀར་བ་ཡུངས་འབྲུ་ལ་བཅུར་བགོས་པའི་ཆ་ཙམ་ཅིག་གནས་སོ། །དེ་ལ་བརྟེན་ནས་ལུས་ཡར་འཕེལ་དུ་སྐྱེད་པས་རྒྱུ་ཞེས་བྱའོ། །དྲན་པ་ན། མའི་རྐྱེན་ཐིག་ལེ་དམར་པོ་ཡུངས་འབྲུའི་བཅུ་ཆ་ཙམ་གནས་པས། དྲན་བསམ་སྣ་ཚོགས་པར་འགྱུ་བའི་རྟེན་དུ་གནས་པས་དྲན་པ་ཞེས་བྱའོ། །རོ་རྣམས་ན་རླུང་གི་ཐིག་ལེ་ཡུངས་འབྲུའི་བཅུ་ཆ་ཙམ་དུ་གནས་ཏེ། དེས་

p. 372

དྭངས་སྙིགས་འབྱེད་པར་བྱེད་ལ། སྙིགས་མ་དྲི་ཆེན་དྲི་ཆུ་ལ་སོགས་པ་ཕྱིར་འདོར་ཞིང་། དྭངས་མས་ལུས་ཀྱི་བཀྲག་དང་གཟི་མདངས་བསྐྱེད་པས་ན་རོ་རྣམས་ཞེས་བྱའོ། །རྩེ་མོ་ན། སེམས་ཀྱི་རང་བཞིན་འོད་ཀྱི་ཐིག་ལེ་ཡུངས་འབྲུའི་བཅུ་ཆ་ཙམ་དུ་གནས་པས་རྩེ་མོ་ཞེས་བྱའོ། །དེ་དག་ནི་ཀུན་རྫོབ་ཀྱི་རྟེན་ཞེས་བྱའོ། །དེ་དག་འཕོས་པས་ནི་ལུས་སེམས་གཉིས་བྲལ་བར་འགྱུར་རོ། །ཀུན་རྫོབ་ཀྱི་རྒྱུ་དེ་ལས་ཁྲག་ཏུ་སྨིན་ལ། ཁྲག་ལས་ཤ། ཤ་ལས་ཆུ་བ། ཆུ་བ་ལས་ཆུ་སེར། ཆུ་སེར་ལས་ཚིལ་བུ། ཚིལ་ལས་རྐང་། རྐང་ལས་རྐང་མར། རྐང་མར་ལས་རྒྱུངས་པ། རྒྱུངས་པ་ལས་ཀུན་རྫོབ་ཀྱི་ཐིག་ལེར་སྨིན་པའོ། །རྐྱང་མའི་མདུད་པ་བཞིན་སྐྱེད་བྱེད་ན། རྒྱང་ཞགས་ཆུའི་སྒྲོན་མའི་ས་བོན་མིག་ཆུང་རབ་ཏུ་འཚེར་བ་གཉིས་གནས་སོ། །དྲན་པ་ན། ཤེས་རབ་རང་བྱུང་གི་སྒྲོན་མའི་རྟེན་མེའི་ཐིག་ལེ་རབ་ཏུ་འཕྲོ་བར་གནས་སོ། །རོ་རྣམས་ན། དབྱིངས་རྣམ་དག་གི་རྟེན་འོད་ལྔའི་ཐིག་ལེ་ཡུངས་འབྲུ་ཙམ་མུ་ཁྱུད་དང་བཅས་པར་གནས་སོ། །རྩེ་མོ་ན། ཐིག་ལེ་སྟོང་པའི་རྟེན་འོད་ཀྱི་ཐིག་ལེ་སོ་སོའི་ཚོན་གང་དུ་གནས་སོ། །དེ་ལ་བརྟེན་ནས་དོན་དམ་ཟག་པ་མེད་པའི་ཡེ་ཤེས་མངོན་དུ་འཆར་བའོ། །དེ་ལ་བརྟེན་ནས་རང་བཞིན་དུ་སངས་རྒྱ་བའོ། །དེའི་ཕྱིར་རང་བཞིན་གྱི་ཐིག་ལེ་ཞེས་བྱ་སྟེ། སྒོ་དག་པས་སྒྲོན་མ་བཞི། མ་དག་པས་འབྱུང་བ་བཞིར་འགྱུར་རོ། །དབུས་མ་ཀུན་འདར་མ་ནི། རྩ་ཐམས་ཅད་ཀྱི་རང་བཞིན་འདུས་པ། དེ་ཡང་རླུང་གི་འཕེན་སྡུད་ཀྱིས་འདར་བ། འཁོར་འདས་ཀྱི་གཞིར་གྱུར་པས་མ་ཞེས་བྱ་ལ། དེ་ནས་དོན་དམ་པ་ཆོས་ཉིད་ཀྱི་ཐིག་ལེ་རྒྱུ་སྟེ། དེའི་མདུད་པ་བཞིན། སྐྱེད་བྱེད་ན། སྐུ་ཐམས་ཅད་ཀྱི་རྟེན་སྐུ་ཡུངས་འབྲུ་ཙམ་ལ་འོད་ཀྱི་ཞལ་ཕྱག་ཏུ་གསལ་བར་གནས་སོ། །དྲན་པ་ན། ཡེ་ཤེས་ཀྱི་རྟེན་གཞལ་ཡས་ཁང་སྒོ་བཞི། རྟ་བབས་བཞི་དང་། ལྷ་སོ་སོའི་སྐུ་མདོག་དང་ཕྱག་མཚན་དུ་གསལ་བ་ཡུངས་འབྲུ་ཙམ་ལ། རང་གང་ལ་ཤིས་པའི་ལྷ་སོ་སོའི་དཀྱིལ་འཁོར་རྫོགས་པར་གནས་སོ། །འདིའི་གནད་ཀྱིས་

p. 373

མེ་ཏོག་ཕོག་པའི་དཀྱིལ་འཁོར་སྒྲུབ་ཐག་ཉེ་བ་ཡིན་ནོ། །རྩེ་མོ་ན། འོད་ཐམས་ཅད་ཀྱི་རྟེན་ཁྲོ་བོའི་དཀྱིལ་འཁོར་གནས་སོ། །དེ་ཡང་དབུས་མ་ནས་ཁྲག་དང་ཆུ་སེར་མེད་པར་སྟོང་པ་ཟང་ཐལ་རླུང་གི་ལས། གཡས་ནས་ཆུ་དང་ཁྲག་དང་བྱང་སེམས་རྒྱུ་བས་ཐིག་ལེའི་ལས། གཡོན་པ་ནས་འབྱུང་བའི་དྭངས་མ་དང་ཡེ་ཤེས་རྒྱུ་བས་རྩ་རང་གི་ལས་སོ། །གཉིས་པ་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྩའི་གཙོ་མོ་གསུམ་གྱི་རང་བཞིན་སྤྱིར་བསྟན་པ་དང་། འཁོར་ལོ་བཞིའི་དབྱེ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཐལ་འགྱུར་ལས། ལུས་ཀྱི་གནད་ནི་རྩ་ཡིན་ཏེ། །གནས་དང་བཀོད་པ་འགྱུར་བ་དང་། །འཁོར་ལོའི་རྟེན་དང་ལུས་ཀྱི་སྲོག །མིང་དང་བྱེ་བྲག་རྒྱུ་དང་རྐྱེན། །བྱེད་པའི་ལས་དང་མཚན་ཉིད་དང་། །ཉོན་མོངས་ལས་དང་ཡེ་ཤེས་ལས། །ལམ་ལ་བརྟེན་ནས་མངོན་སྣང་བ། །ནད་དང་འབྱུང་བའི་བྱེ་བྲག་དང་། །འཁྲུག་མར་གནས་པའི་མཐའ་ཡིས་དབྱེ། །གཏེམས་པས་འགགས་ལ་བཙིར་བས་འཆིང་། །མནན་པས་གནད་ལ་གཅུད་པས་གསལ། །གཅུས་པས་རྒལ་ལ་དྲངས་པས་ཤེས། །འཕུལ་བས་སྟོང་ལ་དྲག་པས་ཟིན། །དེ་ལྟར་རྩ་ཡི་གནད་ཀྱིས་ཀྱང་། །སངས་རྒྱས་གནས་ནི་མཚོན་པའོ། །ཞེས་གསུངས་པས། འདིའི་དོན་བསྟན་པ་ལ་བརྒྱད་དེ། རྩའི་མིང་དང་། དག་བྱེད་དང་། མཚོན་པ་དང་། སྐྱེད་ཚུལ་དང་། ལས་གང་བྱེད་པ་དང་། ངོ་བོ་དང་། ཆོས་ཉིད་དང་། ཇི་ལྟར་སྦྱར་བའི་མན་ངག་གོ། དང་པོ་ནི། སྤྱིར་ལུས་གཅིག་མ་གྲུབ་ན་མ་གྲུབ། གྲུབ་ཕན་ཆད་རྩ་གྲུབ་ལ། རྩ་ལ་རླུང་དང་ཡེ་ཤེས་ལ་སོགས་པ་གྲུབ་སྟེ། དེའི་གནད་ཀྱིས་གྲོལ་བས། རྩ་ངོས་འཛིན་པ་ཡིན་ནོ། །དེ་ལ་སྤྱིར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལུས་ལ་གནས་པ་ལས། ཁྱད་པར་དུ་སྐྱེད་བྱེད་ན་དྲུག་ཅུ་རྩ་བཞི། དྲན་པ་ན་བཅུ་དྲུག་སྟེ་བརྒྱད་ཅུ། རོ་རྣམས་ན། སུམ་ཅུ་རྩ་གཉིས་ཏེ་བརྒྱ་དང་བཅུ་གཉིས། རྩེ་མོ་ན། སུམ་བརྒྱ་དང་དྲུག་ཅུ་སྟེ། འཁོར་ལོ་བཞི་པོ་བསྡོམས་པས་བཞི་བརྒྱ་བདུན་ཅུ་རྩ་གཉིས་སུ་གནས་པ་ནི་ཁྱད་པར་དུ་བསྡུས་

p. 374

པའོ། །འཁོར་ལོ་བཞིའི་དབུས་ན་རྩ་གསུམ་སྲོག་ཤིང་ལྟར་དྲང་ཞིང་འཁྱོག་མེད་པར་འབྱུང་བ་དེས། ཕྱིར་ལུས་ངག་ཡིད་གསུམ་གྱི་རྟེན་བྱེད། ནང་དུ་སྐུ་གསུང་ཐུགས་ཀྱི་མཚམས་སྦྱོར། གསང་བར་སྐུ་གསུམ་གྱི་འཆར་གཞི་བྱེད་པའོ། །རྩ་གསུམ་ནི། རོ་མ། རྐྱང་མ། ཀུན་འདར་མ་སྟེ། དེ་གསུམ་གྱི་ནང་ན་ཨཱོཾ་ཨཱཿཧཱུྃ་གསུམ་གནས་ཏེ། དེ་ཉིད་དག་པས་སྐུ་གསུང་ཐུགས་གསུམ་དུ་སྨིན་པའི་གཞི་བྱེད། མ་དག་པས་ལུས་ངག་ཡིད་གསུམ་དུ་སྨིན་པའི་གཞི་བྱེད། ཕྱིན་ཅི་ལོག་པས་དུག་གསུམ་འཆར་བའི་གོ་འབྱེད་པའོ། །དེ་ཡང་རོ་མ་ཞེས་པ་ནི། གཏེམས་པས་ཟས་མཆོག་དང་འདྲ་བའི་རོ་མྱོང་བར་བྱེད་ལ། རང་བཞིན་དུ་བཞག་པས་ཤི་བའི་རོ་དང་འདྲ་སྟེ་དོན་བྱེད་མི་ནུས་པའོ། །འདི་ཉིད་སྐྱེས་པའི་གཡས་ལ་བུད་མེད་ཀྱི་གཡོན་ན་ཡོད་དོ། །རྒྱུད་འགའ་ཞིག་ལས་གོ་ཟློག་པའང་སྣང་སྟེ་དགོངས་པ་གཞན་དུ་ཟད་དོ། །རྐྱང་མ་ནི། གཅུད་པས་ཆོས་ཉིད་རྟོག་བྲལ་གྱི་ཉམས་སྐྱེ་བའི་ཕྱིར་རྐྱང་མ་ལ། རང་བཞིན་དུ་བཞག་པས་གཞན་དང་མི་འབྲེལ་ཞིང་རེང་བུར་གནས་པའོ། །འདི་ཉིད་སྐྱེས་པའི་གཡོན་བུད་མེད་ཀྱི་གཡས་ན་ཡོད་དོ། །ཀུན་འདར་མ་ནི། སྐྱེས་པ་དང་བུད་མེད་གཉིས་གའི་དབུས་ན་གནས་ཏེ། བཙིར་བས་ཡེ་ཤེས་གསལ་བའི་ཉམས་སྐྱེ་ལ། རང་བཞིན་དུ་བཞག་པས་ལུས་ངག་ཡིད་གསུམ་གྱི་སྐྱོང་བའི་ལས་སུ་བྱེད་པའོ། །རྩ་གསུམ་པོ་དེ་རྩ་ཐམས་ཅད་ཀྱི་གཞི་མ་ཡིན་པས་ན་མ་ཞེས་བཏགས་སོ། །རོ་མ་སྐྱེས་པའི་གཡས་སུ་འོང་བ་ནི། བྱང་སེམས་སྐྱེད་པར་བྱེད་པ་ཡིན་ལ། བུད་མེད་ཀྱི་གཡོན་དུ་བྱུང་བ་ནི། བྱང་སེམས་འཐུམས་ཏེ་འདོད་པ་ལ་ཚིམ་པ་མེད་པའོ། །རྐྱང་མ་སྐྱེས་པའི་གཡོན་དུ་འོང་བ་ནི། ཁྲག་གི་འཕེན་པའི་སྟོབས་འཛིན་པ་སྟེ། སྣ་ནས་ཁྲག་ཏུ་འཛག་པའི་ལས་ཀྱིས་ཡེ་ཤེས་ཀྱི་དུས་འཛིན་པར་བྱེད་པའོ། །བུད་མེད་ཀྱི་གཡས་སུ་འོང་བ་ནི། དེ་ལས་རིགས་ཅན་ལྔའི་རྩར་གྱེས་པས་སྐྱེས་པ་ལ་མེད་པའི་ནད་དང་རིགས་ཀྱི་བྱེ་བྲག་མཚོན་བྱེད་དུ་བྱུང་བའོ། །དེ་ཡང་ཁ་དོག་སྨུག་ཅིང་བོངས་ཐུང་སོ་ལེགས་

p. 375

ལ་བྱད་ཟླུམ་པ་རི་དྭགས་ཅན་གྱི་རྩ་གཙོ་བས། རྩ་དེ་ཡང་དཔེར་ན་རི་དྭགས་ཨེ་ན་ཡའི་བྱིན་པ་ལྟར་རྩ་བ་སྦོམ་པས་འདོད་ཆགས་ལྷག་པར་ཆེ་ལ། རྩེ་མོ་ཕྲ་བས་བྱང་སེམས་དངོས་སུ་འབྱིན་པར་མི་ནུས་པའོ། །འདི་ལ་ཐིག་ལེའི་གནད་ལམ་དུ་བྱེད་ན་རྩ་སྦོ་བའི་མན་ངག་གཙོ་ཆེའོ། །ཡང་ཤ་མདངས་དཀར་ལ་སྐྲ་ལི་ཞིང་སེར་ལ་ལུས་ཕྲ་ཞིང་ལྟེམ། མིག་ཟླུམ་ཞིང་ཡན་ལག་ཕྲ་བ་ནི་གླང་སྣ་མའི་རིགས་ཏེ། རྩ་གླང་པོའི་སྣ་ལྟར་རྩ་སྣ་གྱེན་ལ་ལྟེབས་ནས་ཡོད་པས། བྱང་སེམས་དངོས་སུ་འབབ་པར་མི་ནུས་སོ། །འདོད་ཆགས་ཤས་ཆུང་བ་ནི། རྩ་བྱེར་བ་ལས་བྱུང་ངོ་། །འདི་ལ་རྩ་རྐྱང་བའི་མན་ངག་གཙོ་ཆེའོ། །ཡང་མདོག་ནག་ཅིང་ཡན་ལག་རགས་གདོང་རྩུབ་ལ་བཞིན་མི་སྡུག་པ་ནི། པདྨ་ཅན་ཏེ། རྩ་པདྨ་ཁ་བྱེ་བ་ལྟ་བུ་ཡོད་པས། རྩ་ཁ་ཟླུམ་པས་བྱང་སེམས་དངོས་སུ་མི་འབབ། དེ་ཉིད་རིང་བས་བདེ་བ་ཆེ། འདི་ལ་རྩ་ཁ་འབྱེད་པ་གཙོའོ། །ཡང་མདོག་སྔོ་བསངས། སོ་ཐགས་དམ། མིག་དང་བྱད་དཀྱུས་རིང་། སྐྲ་སེར་ཞིང་ལི་ལ་སྲབ། ཡན་ལག་ཕྲ་ལ་ལྟེམ་ཞིང་སྤྱོད་ལམ་དལ་བ་ནི་རི་མོ་ཅན་ཏེ། རྩ་རི་མོ་བྲིས་པ་ལྟ་བུ་གར་དགའ་དགའ་ན་ཡོད་ཐོག་མ་ནས་བདེ་བའི་རོ་ཆེ། རྩ་སྤྲ་ཡས་པས་བྱང་སེམས་དངོས་སུ་མི་འབྱུང་། རྩའི་ཡལ་ག་མང་བས་གང་ལ་རེག་པ་སྐད་འབྱིན་པར་བྱེད་པའོ། །འདི་ལ་རྩ་སྡུད་པའི་མན་ངག་གཙོ་ཆེའོ། །ཡང་ཁ་དོག་སེར། བོངས་ཆུང་། སོ་སྲབ། སྨིན་མཚམས་གསལ། ཡན་ལག་ཐུང་། སོར་མོ་ཡངས་པ་ནི་དུང་ཅན་མའོ། །རྩ་དུང་གཡས་སུ་འཁྱིལ་པ་འདྲ་བས། བྱང་སེམས་དངོས་སུ་མི་འབབ། རྩ་འཁྱིལ་པས་འདོད་པའི་རོ་མི་རྙེད། འདི་ལ་རྩ་གསེང་བའི་མན་ངག་གཙོ་ཆེའོ། །དེ་ལྟར་བུད་མེད་ལ་རིགས་ཅན་ལྔའི་རྩར་འོང་བ་ནི་དུག་ལྔ་ལྷག་པར་རགས་པ་ལས་བྱུང་ལ། དེ་ལས་གཡོ་སྒྱུ་མི་འདྲ་བ་སུམ་ཅུ་རྩ་གཉིས་བྱུང་བས། ནད་ཀྱི་བྱེ་བྲག་མི་འདྲ་བ་སུམ་ཅུ་རྩ་གཉིས་ཡོད་པ་ནི་རིགས་ཅན་གྱི་རྩ་ལས་བྱུང་བའོ། །དེ་ཡང་རྩ་ཡེ་ཤེས་ཀྱི་རིགས་མི་འདྲ་བ་བརྒྱ་དང་རྩ་

p. 376

གཅིག་ལས། བུད་མེད་ལ་མངལ་ཟ་བ་སྲིན་བུའི་མཛེ་རང་ལའང་རིགས་ལྔ་ཡོད་པ་ནི། རིགས་ཅན་ལྔའི་འདུ་མཆེད་ལས་བྱུང་ལ། དེ་མ་ཡིན་པ་ཟླ་མཚན་རང་ལའང་ནད་ཀྱི་རིགས་མི་འདྲ་བ་བཅུ། ཀུན་ཏུ་འཇུག་པ་སོ་སོའི་ནད་ལྔ། འཛིན་པ་སྣོད་ཀྱི་ནད་ལྔ། གནས་པ་ས་བོན་གྱི་ནད་བདུན་ཏེ། བསྡོམས་པས་སུམ་ཅུ་སོ་གཉིས་ནི་སྐྱེས་པ་ལ་མེད་པ་ལྷག་ཏུ་ཡོད་པའོ། །དེ་ཡང་གནས་སྐབས་སུ་སྐྱེས་པ་བས་བུ་སྣོད་ལྷག་པ་དང་། ས་བོན་མི་འཛག་པ་དང་། སྲིན་བུ་མང་པོ་ལ་སོགས་པའི་བྱེད་པས་བྱུང་ལ། ནད་ཕལ་བུ་སྣོད་ལས་འཇུག་པ་མང་ལ། སྐྱེས་པ་ལ་དེ་མེད་པས་ཉུང་བར་བཤད་དོ། །རིགས་ཅན་གྱི་རྩ་དང་། སྣོད་དང་། འཇུག་པ་བུའི་ལུས་ཀྱིས་བསྐྱེད་པ་ལས་བྱུང་བའོ། །ཀུན་འདར་མ་གཉིས་ཀའི་དབུས་སུ་མི་འགྱུར་བར་གནས་པ་ནི། མ་བཅོས་དོན་གྱི་གཞི་རྫོགས་པ་ཆེན་པོ་ཀུན་ལ་མཚོན་པའོ། །གཉིས་པ་ཁྱད་པར་གྱི་རྩ་གསུམ་པོའི་དག་བྱེད་ནི། རོ་མའི་གནད་ལ་མཁས་ན་ལུས་ཀྱི་ལས་ཐམས་ཅད་དག་པར་བྱེད། རྐྱང་མས་ངག་དང་། ཀུན་འདར་མས་སེམས་ཀྱིས་བྱས་པའི་ལས་དག་པར་བྱེད་པའོ། །གསུམ་པ་རྩ་དེ་དག་གི་མཚོན་པ་ནི། རོ་མས་བདེ་བ་རྟོག་མེད་དུ་མཚོན་པས་དེ་ཉིད་ལ་རྟེན་འབྲེལ་གྱི་འཁོར་ལོ་བསྐོར་བས་དྲན་པ་ཟད་དེ་རོའི་རྣམ་པ་དང་འདྲ་བར་འགྱུར་བས་རོ་མ་ཞེས་བྱའོ། །རྐྱང་མས། གསལ་བ་དུ་མ་རོ་གཅིག་པར་མཚོན་ནས་ཐིག་ལེ་ཉག་གཅིག་གི་དོན་ལ་གནས་པས་རྐྱང་མ་ཞེས་བྱའོ། །ཀུན་འདར་མ་ཟུང་འཇུག་དབྱེར་མེད་དུ་མཚོན་པས་ཐབས་བདེ་བ་དང་ཤེས་རབ་སྟོང་པ་ཟུང་དུ་འཇུག་པ་དང་། ཀུན་རྫོབ་ཡུལ་ཅན་དང་དོན་དམ་ཡུལ་ཅན་མ་ཡིན་པ་གཉིས་ཟུང་དུ་ཞུགས་པས། དབྱེར་མེད་མུ་མཐའ་དང་བྲལ་བ་རྣམ་པར་དག་པའི་ལྟ་བ་ཞེས་བྱའོ། །དེ་ཡང་གཡས་པས་ཐབས་མཚོན་གཡོན་པས་ཤེས་རབ་མཚོན། དབུས་མས་དབྱེར་མེད་མཚོན་པའོ། །བཞི་པ་རྩ་དེ་དག་གི་སྐྱེད་ཚུལ་ནི། རོ་མས་ལུས་སྐྱེད་དེ་ཐོག་མ་ལུས་ཆགས་པ་འབྱུང་བཞིའི་བྱེད་ལས་ལས། ཕའི་རྒྱུ་ལས་བྱུང་བ་ས་དང་ཆུ་གཉིས་སུ་སྨིན་འཇུག་

p. 377

ལས་ཀྱི་འཁྲུལ་འཁོར་ལས་ལུས་ཀྱི་གཞི་བཟུང་། མའི་རྐྱེན་ལས་མེ་དང་རླུང་གི་སྨིན་སོ་ལས་ཀྱི་འཁྲུལ་འཁོར་ལས་ལུས་ཀྱི་དྭངས་སྙིགས་ཕྱེ་བས། ལུས་སྐྱེད་པ་འཁོར་ལོ་བཞིའི་ལྟེ་བ་ནས་ལུས་ཆགས་པའི་རྟེན་ཁུ་བ་དང་ཁྲག་གི་ཐིགས་པ་ཡུངས་འབྲུ་རེ་རེ་གནས་པའོ། །དེ་ལྟར་འཁོར་ལོ་བཞི་ལ་རྒྱུ་རྐྱེན་བརྒྱད་དུ་གནས་པས། རྣམ་ཤེས་བརྒྱད་ཀྱི་ཚོགས་པ་སྡུད་པ་དང་། སྤེལ་བའི་གནས་སྦྱོར་བར་བྱེད་པའོ། །ཀུན་རྫོབ་ཀྱང་སེམས་ཀྱི་སྨིན་སོ་སྐྱེས་པ་རྣམས་ཀྱི་སྒལ་ཚིགས་ཉེར་གཅིག་པ་ལ་ཡོད་ལ། བུད་མེད་ཀྱི་བཅུ་གསུམ་པ་ལ་ཡོད་པས་རྩ་པདྨའི་ཟེའུ་འབྲུའི་རྩེ་མོ་ལ་ཡོད་དོ། །དེའི་ཡལ་ག་ནུ་མའི་རྩེ་མོ་ལ་འདུས་སོ། །དེ་དག་གི་ཡལ་ག་བཅུ་དྲུག་མདོ་འདུས་པ་ན་ཡོད་དོ། །སྐྱེས་པའི་རྩིབ་མའི་བར་ན་ཡོད་དོ། །དེ་དག་གིས་ལུས་ཆགས་པ་དང་གནས་པ་དང་འཇིག་པའི་ལས་ཉེ་བར་ལེན་པར་བྱེད་དོ། །རྐྱང་མས་ནི། ངག་སྐྱེད་དོ། །དེ་ལ་འཁྱོག་མེད་ཅིང་དྲང་ན་ངག་སྙན་ཞིང་བརྡ་གསལ། ཡལ་ག་ཕྲ་བ་ཡོད་ན་སྐད་འཛེར་ལ་ཐུང་བའམ། བརྡ་མི་གསལ་ལ་དིག་པ་ལྟ་བུ་འོང་ངོ་། །རང་བཞིན་དུ་ཡལ་ག་དང་འཁྱོག་མེད་པ་ཡིན་ནོ། །རྩ་དེ་བཅུ་བོར་སོང་བ་ལས་སྐད་གག་སྐད་དུ་སོང་བ་ལ་དོར་བ་འོང་། རྩ་དེ་ཉིད་ལ། སྟོད་སྨད་སྦོམ་ཕྲའི་ཉག་ཡོད་ན་སྐད་ལ་རྩེ་མང་ཅན་དང་། བར་ཆད་པ་འོང་ངོ་། །རྩ་དེ་ལ་ལྟེབས་ཡོད་ན་སྐད་ལྡིབ་པ་དང་འདར་བ་དག་ཏུ་འོང་ངོ་། །རྩ་ཟང་ཐལ་དུ་ཡོད་ན་སྐད་ལྷང་ལྷང་པོ་གཞན་ལ་གཟན་པ་དག་འོང་ངོ་། །རྣལ་འབྱོར་པས་རྩའི་མན་ངག་གིས་དེ་དག་གིས་བསྒྱུར་བ་དང་། གསེང་བ་དང་། མནན་པས་བཅོས་སུ་ཡོད་དོ། །རོ་མའི་རྩ་འཆུས་ན་ལུས་བཅུ་བོར་འོང་བ་ལ་སོགས་པ་གོང་དང་འདྲ་ལ། དྲང་པོར་གནས་པས་ལུས་ཀྱི་མཚན་ཉིད་རྫོགས་ཤིང་གཟུགས་དང་ལང་ཚོར་ལྡན་པ་ནི། རྩ་ལེགས་པས་ལུས་ལའང་ཡོན་ཏན་དང་ལྡན་པའོ། །ཀུན་འདར་མས་ཡིད་སྐྱེད་པས་ན་རྩ་དེ་ལ་འཁྱོག་མང་ན་རྟག་ཏུ་བློ་རྒོད་ལ་གཅིག་ཏུ་མི་ཕེབས། དེ་ལ་ཡལ་ག་ཡོད་ན་བློ་རྣོ་ལ་བརྗེད་སྐྱེན། སྦོམ་ཕྲ་ཡོད་ན་ཤེས་པ་འགྱུར་ལྡོག་མང་ཞིང་གཅིག་ཏུ་མི་གནས། བྱ་བ་མང་པོ་ལ་རྩོམ་ལ་ས་

p. 378

ཟིན་གཅིག་མེད། རྩ་དེ་ཟང་ཐལ་དུ་ཡོད་ན་ཅི་བསམ་དགེ་བར་འགྱུར་ཞིང་ཤེས་རབ་དང་ལྡན་ལ་ཡིད་གཞུངས། རྩ་དེ་ལ་སྦོམ་ཕྲ་མེད་ཅིང་གང་ན་བློ་བརྟན་ལ་འགྱུར་ལྡོག་མེད། གཡས་སུ་ཡོ་ན་རྟོག་པ་མང་། གཡོན་དུ་ཡོ་ན་རྟག་ཏུ་ཐེ་ཚོམ་དང་ཡིད་གཉིས་ལ་གནས། རྩ་དེ་འགྱུར་ན་རྟག་ཏུ་སྡུག་བསྔལ་མང་ཞིང་ཡིད་མི་བདེ། རྩ་དེ་འཕྲིག་ན་རྟག་ཏུ་སེམས་ཡང་ཞིང་དགེ་བ་ལ་བརྩོན། རྩ་དེ་ཁ་ཆེ་ན་རྟག་ཏུ་བརྩོན་འགྲུས་ཆེ་ཞིང་བརྩམས་པ་མཐར་ཕྱིན་ནོ། །དེ་ཡང་ལུས་ཀྱིས་རྩ་བསྐྱེད། རྩས་ངག་སྐྱེད། ངག་གིས་ཡིད་སྐྱེད། ཡིད་ཀྱིས་ཆོས་ཉིད་སྐྱེད། ཆོས་ཉིད་ཀྱིས་རྣལ་འབྱོར་དུ་བསྐྱེད་པས་ན་སྐྱེད་པ་ཞེས་བྱའོ། །ལྔ་པ་རྩ་དེ་དག་གིས་ལས་གང་བྱེད་པ་ནི། རོ་མས་དྭངས་མ་སྒྲོན་མའི་མདངས་སྟོན་པར་བྱེད་ལ། སྙིགས་མས་དྲི་ཆུ་འབབ་པའི་ལས་བྱེད་དོ། །རྐྱང་མས་དངས་མ་ཡར་འཕེན་པས་སྒྲོན་མ་ཉིད་རང་སྣང་དུ་སྟོན་པར་བྱེད་ལ། ཉམས་སུ་མྱོང་བ་དང་འཕེལ་བར་བྱེད་དོ། །དེའི་སྙིགས་མ་མར་ཕྱེ་བས་དྲི་ཆེན་དུ་འདོར་བར་བྱེད་དོ། །ཀུན་འདར་མས་དྭངས་མ་ཡར་འཕེན་པས། དོན་དམ་བྱང་ཆུབ་ཀྱི་སེམས་དངོས་སུ་སྟོན་ལ། སྙིགས་མ་མར་འཛགས་པས། ཀུན་རྫོབ་བྱང་སེམས་ཀྱི་ཐིག་ལེ་འབབ་པར་བྱེད་དོ། །དེའང་སྐྱེས་པ་ལ་དངོས་སུ་འབབ་པས། བདེ་བ་ཕྲད་པས་རེག་འཇོམས་ཞེས་བྱ་སྟེ། ཉམས་སུ་མྱོང་སྟེ་ཐིག་ལེ་ལྷུང་མ་ཐག་བདེ་བ་འཇིག་པར་བྱེད་ལ། བུད་མེད་ནི་རིགས་ཅན་ལྔས་གཏུམས་ཏེ་གནས་པས་རེག་པ་འཕེལ་ཞེས་བྱ་སྟེ་སླར་བདེ་བ་རྒྱས་ཤིང་ཆོག་མི་ཤེས་པའོ། །བུད་མེད་ལ་ཟླ་མཚན་འབབ་པ་ནི། རྩ་སྣ་འགྱུར་བ་ལས་བྱུང་བ་སྟེ། ཁྲག་དངོས་སུ་འབབ་པའོ། །དེའང་འབྱུང་བའི་གནད་ཀྱིས་དུས་མ་ཡིན་པར་ཟླ་མཚན་འབབ་ན་ནད་ཀྱིས་འཁྲུགས་པ་ཡིན་ལ། ཟླ་བ་གཅིག་ལ་ལན་གཉིས་དང་གསུམ་ལ་སོགས་པ་འབབ་ན་བུ་སྣོད་འགྱུར་བ་ཡིན། ཟླ་བའི་སྟོད་ལ་རྟག་ཏུ་འབབ་ན་བུ་ཕོར་འཕེལ་ལ། སྨད་ལ་རྟག་ཏུ་འབབ་ན་བུ་མོར་འཕེལ། བར་ཆད་ཅིང་ཆེ་ཆུང་དུ་བྱེད་ན་བུ་ཚ་མི་འོང་། ཁྲག་གི་སློངས་དང་ཁ་དོག་སེར་ན་བུ་ཚ་ཉུང་། ཁ་དོག་ནག་ལ་དྲི་ཆེ་ན་བུ་དང་བུ་མོ་མང་དུ་འཕེལ་

p. 379

དྲི་མེད་ཅིང་མ་ཚོར་བར་འབབ་ན་ཕོ་མོ་རེ་མོས་སུ་འོང་ངོ་། །དྲུག་པ་རྩ་དེ་དག་གི་ངོ་བོ་ནི། རོ་མའི་ངོ་བོ་བདེ་བ་སྟེ་ཐབས་ཁྱད་པར་ཅན་དང་བཅས་པ་གཟུང་བའི་ཡུལ་ཆོས་ཉིད་རྣམ་པར་དག་པའི་ངོ་བོར་གྲོལ་བར་བྱེད་པའོ། །རྐྱང་མའི་ངོ་བོ་ནི། སྟོང་པ་སྟེ། ཤེས་རབ་རྣམ་པར་དག་པས་འཛིན་པ་སེམས་ཀྱི་རྟོག་པ་ཆོས་ཉིད་དུ་གྲོལ་བར་བྱེད་པའོ། །ཀུན་འདར་མའི་ངོ་བོ་བདེ་སྟོང་གཉིས་སུ་མེད་པ་ཟུང་འཇུག་གཉིས་སུ་མེད་པས་གཟུང་འཛིན་ལས་གྲོལ་བའི་ཡེ་ཤེས་ལྷུག་པར་སྟོན་པར་བྱེད་པའོ། །བདུན་པ་རྩ་དེ་དག་གི་ཆོས་ཉིད་ནི། རོ་མས་ཟས་ལེན་པ་དང་ཟས་ཀྱི་དྭངས་སྙིགས་དང་འཁྲུ་བར་བྱེད་པའི་ཆོས་ཉིད་དོ། །དེའི་སྦུག་མ་ཡངས་ན་མི་དེ་ལྟོ་ཆེ། ཕྲ་ན་ལྟོ་ཆུང་། འཁྱོག་ན་རྟག་ཏུ་སྐྱུག་ཅིང་ཟས་མི་ལེན། གློ་བུར་གྱི་ནད་སྣ་ཚོགས་པ་མང་ངོ་། །རྐྱང་མས། ལུས་ཀྱི་དྲོད་ཀྱི་འཕར་ཤིབ་ཏུ་བྱེད་དོ། །རྩ་འདི་ཕྲ་ན་ལུས་རང་བཞིན་གྱིས་དྲོད་ཆེ། ཡངས་ན་ཆུང་སྟེ་རྟག་ཏུ་གྲང་། འཁྱོག་པ་དང་འགྱུར་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཀུན་འདར་མས་ནི། ལུས་ཀྱི་སྐོམ་པའི་བྱེ་བྲག་དང་མི་སྐོམ་པའི་ཆོས་ཉིད་དུ་སྟོན་པར་བྱེད་དོ། །འདི་ཉིད་ཕྲ་ན་རྟག་ཏུ་མི་སྐོམ། ཡངས་ན་སྐོམ་དད་ཆེ། འཁྱོག་ན་ངེས་མེད་ཀྱི་ལས་སྣ་ཚོགས་སྟོན། འཕྲལ་དུ་ཕྲིལ་ཕྲིལ་འགྱུར་ན་ལུས་ངག་ཡིད་ལ་རང་དབང་མེད་པའི་ནད་སྣ་ཚོགས་པ་འབྱུང་ངོ་། །དེ་ཡང་རོ་མའི་གནད་ལ་མཁས་ན་ཟས་ཀྱི་ཞེན་པ་ཆོད་ནས་བསམ་གཏན་གྱི་ཟས་སུ་འགྱུར། རྐྱང་མས་གོས་ཀྱི་ཞེན་པ་ཆོད་ནས་དྲོད་དང་ལྡན། དབུ་མས་སྐོམ་གྱི་ཞེན་པ་ཆོད་ནས་རྨི་ལམ་རྒྱུན་ཆད་དེ། འོད་གསལ་གྱི་དོན་ལ་སྤྱོད་པས། འདི་གསུམ་གྱི་གནད་ཆེའོ། །བརྒྱད་པ་རྩ་དེ་དག་ཇི་ལྟར་སྦྱར་བའི་མན་ངག་ནི། ལུས་དང་རོ་མས་སྦྱར་བས་ལུས་ཆགས་པ་ལོངས་སྐུ། གནས་པ་སྤྲུལ་སྐུ། འཇིག་པ་ཆོས་སྐུར་གྲོལ་བས་ལུས་སྐུ་གསུམ་གྱི་དཀྱིལ་འཁོར་རོ། །རྐྱང་མས་ངག་གནས་པ་བསམ་གཏན། ངག་བརྗོད་པ་ཏིང་ངེ་འཛིན། ངག་ཟད་པ་དེ་དག་གི་ཆོས་ཉིད་དུ་སྣང་བས། སྒྲ་ཚིག་

p. 380

གསང་སྔགས་ཀྱི་རང་སྒྲའོ། །ཀུན་འདར་མས་ཡིད་ཀྱི་འགྱུ་བ་དྲན་བསམ་དག་པའི་ཆོས་ཉིད་དུ་སྦྱར་བས་རྟོག་པ་སྔ་ཕྱི་རང་འགགས་རང་སངས་རང་བྱུང་གི་ཡེ་ཤེས་དང་སྦྱར་བས་ཡུལ་རྐྱེན་ཆོས་ཉིད་དུ་གྲོལ་ཏེ། དྲན་རྟོག་རང་ཟད་ཆོས་ཉིད་ཀྱི་དགོངས་པར་འཆར་རོ། །དེ་སྐད་དུ། ལུས་ནི་སྐུ་གསུམ་དཀྱིལ་འཁོར་ལུས། །ཇི་སྐད་སྨྲས་པ་སྔགས་ཀྱི་ཚིག །ཇི་ལྟར་བསམ་པ་བསམ་གཏན་ཉིད། །ཅེས་མུ་ཏིག་འཕྲེང་རྒྱུད་ལས་གསུངས་པ་བཞིན་ནོ། །དེ་ཡང་རྩའི་སྨིན་སོ་དེད་པས་རྩ་རང་གི་མཚན་ཉིད་གཏན་ལ་ཕེབས། གནས་ས་བཙལ་བས་རྩ་ལས་བྱུང་བའི་ཆོས་ཉིད་ངོས་ཟིན། རྩའི་འཕར་དུས་ཤེས་པས་འཆི་འཕོ་དང་སྐྱེ་གནས་ངོས་ཟིན། རྩའི་རང་བཞིན་གཏེམས་པས་སེམས་ཏིང་ངེ་འཛིན་གྱི་འཁོར་ལོ་དང་མི་འབྲལ། རྩ་བསྐྱིལ་བའི་དྲོད་ཚད་བཟུང་བས་རྟག་ཏུ་ཟས་ཀྱི་རྣལ་འབྱོར་དུ་འགྱུར། རྩ་འཕོ་བའི་རྩིས་བསྟུན་པས་གོས་ཀྱི་རྣལ་འབྱོར་དུ་འགྱུར། རྩ་འཕུལ་བའི་གནད་བསྟུན་པས་བག་ཆགས་རྒྱུན་འཆད་པའི་ཕྱིར་རྩའི་གནད་རབ་ཏུ་ཟབ་བོ། །གཉིས་པ་འཁོར་ལོ་བཞིའི་དབྱེ་བ་ལ་གཉིས་ཏེ། འཁོར་ལོ་བཞིའི་འཐད་པ་དང་། སོ་སོའི་རྣམ་གྲངས་བཤད་པའོ། །དང་པོ་ནི། འགྲོ་བ་གཅིག་གི་ལུས་ལ་འཁོར་ལོ་ལ་བརྟེན་པ་དང་། འཁོར་ལོ་མ་ཡིན་པ་ལ་བརྟེན་པའི་ཆོས་དུ་མ་ལས་གྲུབ་པ་ཡང་། ཕྱི་སྲིད་པའི་ཆགས་ལུགས་རླུང་ལ་བརྟེན་ནས་ཆུ། ཆུ་ལས་ས་ལ་སོགས་པ་བརྟེན་པ་ལྟར། རླུང་སེམས་དྭངས་མར་འདུས་པ་ཆུས་གཅིག་ཏུ་སྡུད་པ་ལས་ནང་ལུས་སུ་ཆགས་པ་ཡང་། འཁོར་ལོ་དང་པོ་ཆུའི་ལས་ལས་གྲུབ་པས། ཁྲག་དང་ཆུ་སེར་དང་ཁ་ཆུ་མིག་ཆུ་ལ་སོགས་པའི་སྨིན་སོར་བྱུང་བའོ། །ལུས་ཀྱི་འཕེལ་འགྲིབ་ཁྲག་གིས་བྱེད་ལས། འབྱུང་བ་ཚ་བའི་དུས་ན་ཁྲག་སྐམས་པས་ལུས་ཀྱི་ནད་དུ་འགྲོ་ལ། ཁྲག་སྤེལ་བས་ནད་སེལ་ལོ། །གྲང་དུས་ཁྲག་འཁྱགས་པས་ནད་དུ་འགྲོ་ལ། བསྲོས་པས་ནད་གྲོལ་ལོ། །དེ་ལྟ་བུའི་ཆུ་ལས་བརྟན་པས་ན། འཁོར་ལོ་གཉིས་པ་སའི་བྱེད་ལས་གཙོ་བ་ཡིན་ནོ། །སས་ལུས་ཀྱི་གཉན་ཤ་དང་། གྲིམས་ཤ་དང་།

p. 381

ཤ་སྣ་ཚོགས་པ་སྙིང་ནས་མཆེད་ཅིང་བརྟེན་པ་སྟེ། འདི་རྣམས་བཅད་པ་དང་། འཐེམས་པ་དང་། བརྡུངས་པ་དང་། ཕུག་པ་ལས་ཚེའི་དུས་བྱེད་ལ། གཏར་བསྲེག་གི་རྟེན་འབྲེལ་གྱིས་ནད་ལས་ཐར་རོ། །དེ་ལྟར་ས་ལས་ཤིང་ལ་སོགས་པ་སྐྱེད་པ་མེའི་རྒྱུར་སོང་བ་དང་འདྲ་བར། འཁོར་ལོ་གསུམ་པ་མེའི་བྱེད་ལས་གཙོ་བོ། འདིས་ནི་ལུས་ཀྱི་དྲོད་དང་དབང་པོ་དང་ཁ་དོག་སྐྱེད་པས། དྲོད་ཆེས་ན་ཚ་བའི་འབྱུང་བར་གྱུར་པས། ལུས་ཀྱི་ན་བ་དང་འཆི་བའི་རྐྱེན་བྱེད་ལ། དྲོད་ཆུང་ན་གྲང་བའི་ནད་ཀྱི་རྐྱེན་བྱེད་པས་ན་བ་དང་འཆི་བའི་རྐྱེན་བྱེད་ཅིང་འབྱུང་བ་ཆ་མཉམ་པས་ཆོས་ཉིད་ཀྱི་རྟེན་འབྲེལ་བྱས་པས་གྲོལ་ལོ། །དེ་ཡང་མེ་ལས་དྲོད་གཡོས་རླུང་གིས་བསྐྱོད་པས་ཆེར་འབར་བ་དང་འདྲ་བར། འཁོར་ལོ་བཞི་རླུང་གི་བྱེད་པའི་ལས་བྱེད་པས། དབུགས་ཕྱི་ནང་དུ་རྒྱུ་བ་དང་། གྱེན་རྒྱུ་ཐུར་སེལ་གྱི་ལས་བྱེད། ལས་ཀྱི་རླུང་གིས་འཁོར་བའི་རྩ་བ་བྱེད། བག་ལ་ཉལ་བ་དང་ཀུན་ནས་ལྡང་བའི་ལས་ཀྱིས་ལུས་ཀྱི་འབྱུང་བ་སོ་སོའི་ལས་འཁྲུགས་པས་ན་བ་དང་འཆི་བའི་རྐྱེན་བྱེད་པ་སྟེ། འབྱུང་བ་གནད་ལ་བོར་བའི་རྟེན་འབྲེལ་གྱིས་གྲོལ་ལོ། །དེ་ཡང་ཆུ་ལ་བརྟེན་ནས་ཤ་ཆགས་པས་ལུས་ཀྱི་ཤ་རྒྱས་པར་བྱས། སྟོང་པ་ནམ་མཁའི་རང་བཞིན་ལྟ་བུ་ལ་བརྟེན་ནས་ཆུ་ཆགས་པས་ཁྲག་རྒྱས་པར་བྱས། ས་ལ་བརྟེན་ནས་མེར་སྨིན་པས་ལུས་ཀྱི་དྲོད་དང་མདངས་རྒྱས་པར་བྱས། མེ་ལ་བརྟེན་ནས་རླུང་དུ་ཆགས་པས་དབུགས་དང་བཀྲག་དང་གཟི་བརྗིད་དང་སྟོབས་རྒྱས་པར་བྱས་སོ། །དེའང་སྐྱེད་བྱེད་ཀྱིས་ཕོ་མོ་གཉིས་སུ་སྒྱུར་བར་བྱེད། དྲན་པས་ཚེ་རིང་ཐུང་དུ་སྒྱུར་བར་བྱེད། རོ་རྣམས་ཀྱིས་ལོངས་སྤྱོད་ཆེ་ཆུང་དུ་སྒྱུར་བར་བྱེད། རྩེ་མོས་དབང་པོ་དག་པ་དང་མ་དག་པ་དང་འགྲོ་བ་བྱམས་ལྡང་དུ་སྒྱུར་བར་བྱེད་དོ། །སྐྱེད་བྱེད་ཀྱིས་ལུས་ཆེ་ཡན་ལག་རགས་སྟོབས་ཆེ་བར་འཕེན་ལ། དེའི་སྡུད་པ་ལས་གཟུགས་ཆུང་ཞིང་སྟོབས་ཞན་པར་བྱེད། སྡུད་པ་ལས་གཟུགས་ཆེ་ཡང་སྟོབས་ཞན་ཡན་ལག་ཕྲ། སྡུད་པ་འཕར་བ་ལས་གཟུགས་ཆུང་ཡང་སྟོབས་དང་ལྡན་པར་

p. 382

བྱེད་དོ། །དྲན་པའི་འཕེན་པ་ལས་ཡིད་གཞུངས་དབང་པོ་གསལ་རྟོག་པ་རགས་པ་མེད་པར་བྱེད། སྡུད་པ་ལས་རྟོག་པ་ཆེ་ཞིང་བརྗེད་ངས་པར་བྱེད། སྡུད་པ་ལས་དབང་པོ་གསལ་ཞིང་ཡིད་གཞུངས་བརྗེད་ངས་པར་བྱེད། འཕེན་པ་འཕུར་བ་ལས་རྟོག་པ་ཆེ་ཡང་བསམ་གཏན་མྱུར་དུ་སྐྱེ་བར་བྱེད་དོ། །རོ་རྣམས་ཀྱི་འཕེན་པ་དག་པ་ལས་ངག་སྙན་ཚིག་གསལ་སྒྲ་མཁས་པར་བྱེད། སྡུད་པས་ངག་མི་སྙན་ནོ། །འཕེལ་བ་མ་དག་པས་ངག་སྙན་སྤོབས་པ་ཆེ་ཡང་ངག་ལ་ནུས་པ་མེད་པར་བྱེད་དོ། །རྩེ་མོའི་འཕེན་པ་དག་པས་སེམས་དག་བསམ་པ་འགྲུབ་པར་བྱེད། འཕེལ་བ་མ་དག་པས་སེམས་ཀྱི་ལེགས་པ་གྲུབ་ཀྱང་དགེ་བ་མི་འཕེལ་ལོ། །སྡུད་པ་ལས་སེམས་ཀྱི་འདོད་པ་མི་འགྲུབ་དྲན་བསམ་ལོག་པར་བྱེད། དེ་དག་པས་སེམས་ཀྱི་འདོད་པ་མི་འགྲུབ་ཀྱང་དགེ་བ་འཕེལ་བར་བྱེད་དོ། །དེ་ནི་འཕེན་སྡུད་ཀྱི་ངེས་པའོ། །དེའང་འཁོར་ལོ་བཞིར་ངེས་པའི་རྒྱུ་མཚན་ནི། གཅིག་དང་གཉིས་ཀྱིས་དབང་དང་ལམ་དང་མཐར་འགྱུར་གྱི་འབྲས་བུ་མི་སྨིན་ལ་གསུམ་གྱིས་ཀྱང་མི་སྨིན་པས་ལྡོག་ཕྱོགས་ངེས་པས་ཀྱང་བཞིར་ངེས་ལ། སྦྱར་བྱ་དང་སྦྱོར་བྱེད་ཀྱི་རིམ་པས་མཐུན་ཕྱོགས་ངེས་པས་ཀྱང་བཞིར་ངེས་ཏེ། ཕྱི་འབྱུང་བ་བཞི། ནང་ཡེ་ཤེས་བཞི། གསང་བ་སྒྲོན་མ་བཞི། བླ་ན་མེད་པ་སྐུ་བཞིར་ངེས་པས་ཀྱང་འཁོར་ལོ་བཞིར་ངེས་སོ། །ཡང་དག་བྱ་ལུས་ངག་ཡིད་སེམས་བཞི། དག་བྱེད་དབང་བཞི། དག་འབྲས་སྐུ་བཞིར་ངེས་པས་ཀྱང་དེའི་གཞི་འཁོར་ལོ་བཞིར་ངེས་པའོ། །གཉིས་པ་འཁོར་ལོ་བཞི་སོ་སོའི་རྣམ་གྲངས་བཤད་པ་ལ་བཞི་སྟེ། ལྟེ་བ་སྤྲུལ་པའི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོའོ། །དང་པོ་ལ་བཞི་སྟེ། རྣམ་གྲངས་སྤྱིར་བསྟན་པ། ཡན་ལག་སོ་སོར་བཤད་པ། གནད་བྱེ་བྲག་ཏུ་བསྟན་པ། བཅོས་ཐབས་ངེས་པར་བཤད་པའོ། །དང་པོ་ནི། རྩ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་ལས་གྱེས་པའི་འདབ་མ་གྲངས་མེད་ལ། ཁྱད་པར་དུ་ནང་རྩ་ངེས་པ་ནི། འབྱུང་བ་དང་།

p. 383

སེམས་དང་། མ་རིག་པ་དང་། ཡིད་དང་། དལ་བ་ཀུན་བསྡུས་ཀྱི་དབྱེ་བས། འཁོར་ཕྲན་གྱི་འདབ་མ་རེ་རེ་ལ་སུམ་ཅུ་བརྒྱད་བརྒྱད་དུ་འགྱུར་ཏེ། དབྱེ་ན་ཉིས་སྟོང་བཞི་བརྒྱ་དང་སུམ་ཅུ་རྩ་གཉིས་ཡོད་དོ། །དེ་ཡང་རྩ་བ་དང་ཡན་ལག་གི་དབང་དུ་བྱས་ནས། རྩ་གནས་འཁོར་ལོ་ལས། སྤྲུལ་འཁོར་འདབ་མ་དྲུག་ཅུ་བཞི། །འབྱུང་སོགས་རིམ་པས་དབྱེ་བ་ལ། །ས་ཡི་རྩ་ནི་རྣམ་པ་ལྔས། །ལུས་ཀྱི་གཞི་ནི་འཛིན་པར་བྱེད། །ཆུ་ཡི་རྩ་ནི་རྣམ་པ་ལྔས། །ལུས་ཀྱི་དྭངས་མ་སྡུད་པར་བྱེད། །མེ་ཡི་རྩ་ནི་རྣམ་པ་ལྔས། །མེ་ཡི་དྭངས་མ་སྡུད་པར་བྱེད། །རླུང་གི་རྩ་ནི་རྣམ་པ་ལྔས། །རླུང་གི་དྭངས་མ་སྡུད་པར་བྱེད། །སེམས་ཀྱི་རྩ་ནི་རྣམ་པ་ལྔས། །དབུགས་ཀྱི་དྭངས་མ་སྡུད་པར་བྱེད། །མ་རིག་རྩ་ནི་རྣམ་པ་ལྔས། །སོ་སོའི་ལུས་ཟུངས་འབྲེལ་བར་སྟོན། །ནམ་མཁའ་ཡིད་ཀྱི་རྩ་རྣམ་གཉིས། །དབུགས་དང་ཤེས་པའི་དྭངས་མ་སྡུད། །དལ་བ་ཀུན་བསྡུས་རྩ་རྣམས་དྲུག །ཡུལ་དང་མ་རིག་སྡུད་པའོ། །རྩ་ཡི་རྣམ་པ་དེ་དག་ནི། །བཅོ་ལྔ་སྟེང་དུ་འགྲོ་བ་ལ། །བཅོ་ལྔ་ཐུར་ཏུ་འགྲོ་བ་སྟེ། །བརྒྱད་ནི་ཐད་ཀར་འགྱུར་བར་ངེས། །ཞེས་སོ། །གཉིས་པ་ཕྱི་རྩའི་ཡན་ལག་བཤད་པ་ནི། དེ་ཉིད་ལས། སྤྲུལ་པའི་འཁོར་ལོ་འདི་དག་ལས། །རྣམ་པ་ཕྱིར་འགྱུར་བྱེད་པ་ཡི། །རྩ་ཡི་རྣམ་པ་འདི་དག་ནི། །དེ་ཡི་གཡས་གཡོན་འདབ་མ་ལས། །འཕྲེང་བ་ལྟ་བུའི་རྩ་ཆེན་ནི། །ཁ་དོག་ལྡན་པར་རྣམ་པར་འགྱུ། །པུས་མོ་ཡི་ནི་ལྐོག་དག་ན། །ནག་པོ་འོད་ལྡན་རེ་རེའོ། །དེ་གཉིས་ལ་ནི་བཅུ་བཅུའོ། །དེ་ཡི་འདབ་མ་དག་ལས་ནི། །གསེར་གྱི་ཁ་དོག་ལྟ་བུའི་རྩ། །བྱིན་པའི་དཀྱིལ་ན་རེ་རེའོ། །དེ་གཉིས་ལ་ནི་ལྔ་ལྔའོ། །དེ་ནས་འཁོར་ལོའི་འདབ་མ་ལ། །རྣམ་པར་འགྱུ་བའི་རྩ་ཆེན་ནི། །ན་བུན་ལྟ་བུའི་རྩ་གཉིས་ནི། །གླང་མོའི་ནང་དུ་འགྱུ་བར་ངེས། །དེ་གཉིས་ལ་ཡང་ལྔ་ལྔའོ། །འཁོར་ལོ་བདེ་བའི་འདབ་མ་ལ། །ཤིན་ཏུ་ཕྲ་བའི་རྩ་ཆེན་ནི། །ལོང་མོའི་མཆན་གཉིས་རེ་རེའོ། །དེ་གཉིས་ལ་ནི་བཞི་བཞིའོ། །ཞེས་སོ། །

p. 384

དེ་ལྟར་ཕྱི་རྩ་ནང་རྩ་དག་ན་ལས་དང་ཡེ་ཤེས་ལ་སོགས་པའི་རྒྱུ་བ་ནི། དེ་ཉིད་ལས། རྩ་ཡི་རྣམ་པ་དེ་དག་ནི། །འཁོར་ལོའི་ལུས་ལ་གནས་པའོ། །སྤྲུལ་པ་རང་བཞིན་འཁོར་ལོ་ལ། །རྩ་ཆེན་དྲུག་ཅུ་རྩ་བཞི་ལ། །རྩ་བྲན་བསམ་གྱིས་མི་ཁྱབ་བོ། །རྩ་ཡི་རྣམ་པ་དེ་དག་ནི། །འདུ་བའི་རྩ་ནི་བཅུ་གནས་ཏེ། །འཁྲུག་དང་འཛིན་པའི་ལས་རྣམས་བྱེད། །དེ་དག་རྣམས་ཀྱི་ནང་ན་ནི། །འདུ་བའི་དྭངས་མ་རེ་རེ་སྟེ། །དུས་དུས་འབྱུང་བ་འཁྲུག་པར་བྱེད། །དུས་དུས་བག་ལ་ཉལ་བ་སྟེ། །དུས་དུས་རང་སོར་གནས་པའོ། །ཡེ་ཤེས་རྩ་ནི་རྣམ་པ་བརྒྱད། །ཤེས་པའི་ཆ་འཛིན་ཙམ་དུ་གནས། །ལྷག་མ་ལས་དང་ཉོན་མོངས་རྩ། །ལྔ་བཅུ་ཉིད་དུ་གནས་པ་ལས། །ལས་ཀྱི་རྩ་ནི་བཅུ་ཡིན་ནོ། །ལྷག་མ་ཉོན་མོངས་རྩ་རུ་འགྱུར། །ཉོན་མོངས་རྩ་ནི་བཞི་བཅུ་ལས། །མ་རིག་རྩ་ནི་བཅུ་ཡིན་ནོ། །སེམས་ཀྱི་རྩ་ཡང་དེ་སྙེད་དོ། །ཡིད་ཀྱི་རྩ་ཡང་བཅུ་ཡིན་ནོ། །དུག་གསུམ་ལ་ཡང་དེ་ཙམ་མོ། །མ་རིག་རྩ་ནི་བཅུ་དག་གོ། གསུམ་ནི་ལྷན་ཅིག་སྐྱེས་པ་ཡིན། །གསུམ་ནི་རྒྱུ་མཐུན་མ་རིག་གོ། ལྷག་མ་ཀུན་བརྟགས་ཉིད་ཡིན་ནོ། །སེམས་ཀྱི་རྩ་ནི་རྣམ་པ་བཅུ། །གསུམ་ནི་ཡུལ་ལ་འཛིན་པ་སྟེ། །བཞི་ནི་ཡུལ་སྡུད་སེམས་ཡིན་ནོ། །ལྷག་མ་རྟོག་བཅས་སེམས་སུ་བསྟན། །ཡིད་ཀྱི་རྩ་ནི་རྣམ་པ་བཅུ། །གཉིས་ནི་ཀུན་ཏུ་ཚོལ་བྱེད་དོ། །གཉིས་ནི་གཏན་ལ་འབེབས་པའི་ཡིད། །གསུམ་ནི་ངག་ལ་འཇོག་པ་ཡིན། །ལྷག་མའི་ཡིད་ནི་རྣམ་ཤེས་སོ། །དུག་གསུམ་རྩ་ནི་རྣམ་པ་བཅུ། །གསུམ་ནི་སྐྱེད་བྱེད་འདོད་ཆགས་རྩ། །གསུམ་ནི་ཆགས་མེད་གཏི་མུག་རྩ། །བཞི་ནི་སྨིན་བྱེད་ཞེ་སྡང་རྩའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །གནས་པའི་རྩ་ནི་དེ་དག་གོ། འདུ་བའི་རྩ་ནི་དེ་དག་གོ། གཉིས་ནི་བད་ཀན་རྩ་ཡིན་ནོ། །གཉིས་ནི་རླུང་གི་རྩ་ཡིན་ནོ། །གཉིས་ནི་མཁྲིས་པ་ཆུ་སེར་རྩའོ། །ལྷག་མ་འདུས་པའི་རྩ་ཡིན་ནོ། །ཡེ་ཤེས་ཉིད་ནི་རང་གསལ་ལོ། །དེ་ནི་ལྟེ་བའི་རྩ་ཡིན་ནོ། །ཞེས་སོ། །གསུམ་པ་གནད་བྱེ་བྲག་ཏུ་བསྟན་པ་ནི། དུམ་དུམ་

p. 385

ཁྲིགས་ཀྱི་རྩ་མདོ་ལས། སྤྲོས་པའི་རྩ་ནི་དེ་དག་ལས། །སྤྲུལ་པའི་རྩ་འདབ་དྲུག་ཅུ་བརྒྱད། །རྩ་ཡི་རྣམ་པ་དེ་དག་ལས། །གཟུང་དུ་རུང་བའི་རྩ་ལྔ་ཡོད། །མ་གཏེམས་སྐྱོན་འགྱུར་ལྔ་ཡོད་དེ། །གཏེམས་ན་སྐྱོན་འགྱུར་དེ་ཕྲག་གོ། འཕར་བའི་རྩ་ནི་བཅུ་གཉིས་ཡོད། །གཏར་ན་འཆི་བའི་རྩ་བདུན་ཡོད། །མ་གཏར་སྐྱོན་པའི་རྩ་བདུན་ཡོད། །བསྲེག་ཏུ་རུང་བ་ལྔ་ཡོད་དོ། །བསྲེགས་ན་སྐྱོན་འགྱུར་དེ་ཕྲག་གོ། དཀྲུག་ཏུ་རུང་བ་བཞི་ཡིན་ནོ། །དཀྲུགས་ན་སྐྱོན་འགྱུར་དེ་ཙམ་མོ། །ལྷག་མ་རྣམས་ལ་ཕན་གནོད་མེད། །དེ་ནི་ལས་གཞན་འབྲས་བུའོ། །ཞེས་སོ། །དེའང་དྲུག་ཅུ་རྩ་བརྒྱད་དུ་བཤད་ན། རྩ་བའི་རོ་རྐྱང་ཀུན་འདར་མ་གསུམ་འོད་རྩ་ཀ་ཏི་གསེར་གྱི་རྩ་ཆེན་བསྡོམས་པའོ། །རང་བཞིན་དུ་དྲུག་ཅུ་རྩ་བཞི་ཡིན་ནོ། །ཁ་ཅིག་རྩ་བའི་གསུམ་བགྲངས་པས་དེ་ཡིན་ཏེ། འོད་རྩ་བཞི་པོ་དང་བསྡོམས་པའོ་ཞེས་ཀྱང་བཞེད་དོ། །བཞི་པ་ནད་བཅོས་པའི་ཐབས་ངེས་པ་ནི། དུམ་དུམ་ཁྲིགས་ཀྱི་གནད་ཡིག་ལས། བི་མ་ལས་གསུངས་པ། ལྟེ་བ་སྤྲུལ་པའི་འཁོར་ལོའི་གནད་ལ། པུས་མོའི་མར་མཆན་ནས། སོར་བཞིའི་ངར་གདོང་གཡས་ན་ཡི་གེ་སུའི་མགོ་ཡོད་དེ། སྨན་སྐད་དུ་མཆེར་རྩ་ནག་པོ་ཞེས་བྱའོ། །འདི་ནི་སྐད་འགག་ཅིང་རྩིབ་མ་ཟུག་ནས་ན་ན་གཏར་བས་འབྱུང་བ་སྙོམས་པའི་གྲོགས་ཡིན་ནོ། །དེའི་གཡོན་ན་ཡི་གེ་སཱུའི་མགོ་ཡོད་པས། སྨན་སྐད་དུ་མཆེར་བའི་གདོང་ཆུང་ཞེས་བྱ་སྟེ། འདི་ནི་སྒལ་ཚིགས་ཁྲིད་པའི་ནད་བྱུང་ཚེ་གཏར་བས་གྲོལ་ལོ། །དེ་ནས་སོར་བཞིའི་གདོང་གཡས་ན་ཥེའི་མགོ་ཡོད་དེ། སྨན་སྐད་དུ་མཁལ་མའི་རྩ་ནག་ཅེས་བྱའོ། །འདི་འཁུམས་པ་དང་རྐང་པ་གཡས་གཤལ་ནས་ན་ན་གཏར་རོ། །གཡོན་ན་ཥཱེའི་རྩ་མཇུག་ཡོད་དེ། སྨན་སྐད་དུ་ཆུ་སེར་ཀྱིི་རྩ་ནག་ཅེས་བྱའོ། །ལུས་ལ་ཆུ་སེར་དང་མཛེ་ནད་བྱུང་བས་གཏར་ན་ཕན་ནོ། །དེ་ནས་བྱིན་པའི་དཀྱིལ་ཚད་གཡས་ན་ཀྵེའི་མཇུག་མ་ཡོད། སྨན་སྐད་དུ་བྱིན་མཇུག་རིང་པོ་ཞེས་བྱའོ། །མཁལ་མ་འགྲམས་ན་གཏར་བས་ཕན་

p. 386

ནོ། །གཡོན་ན་ཥ་གནས་པས། སྨན་སྐད་དུ་བྱིན་མཇུག་ཐུང་བ་ཞེས་བྱའོ། །འདི་གཏར་བས་སྒུར་བའི་ནད་ལ་ཕན་ནོ། །བོལ་གོང་གཡས་ན་ཥའི་མཇུག་མ་གནས་སོ། །འདི་གཏར་བས་གླང་ཐབས་ཀྱི་ནད་ལ་ཕན་ནོ། །གཡོན་ན་ཀྵ་གནས་ཏེ་སྨན་སྐད་དུ་ཀློང་བུ་གྱ་གྱུ་ཞེས་བྱའོ། །འདི་གཏར་བས་ལོང་གི་ནད་ལ་ཕན་པ་ཡིན་ནོ། །ལོང་མོའི་ཕྱི་མཆན་གཡས་པ་ན་ཁའི་མཇུག་མ་ཡོད་དེ། སྨན་སྐད་དུ་བྱིན་མཇུག་གཡོན་པའོ། །འདི་གཏར་བས་མཁལ་མའི་ནད་ལ་ཕན་ནོ། །གཡོན་ན་ཡི་གེ་ཁི་གནས་ཏེ། སྨན་སྐད་དུ་མཁལ་རྩ་འཁྱུད་མ་ཞེས་བྱའོ། །འདི་གཏར་བས་རྐེད་པ་འཁྱོག་པ་དང་ཞ་གྲུམ་ལ་ཕན་ནོ། །འདི་དག་ནི་ནད་དེ་བྱུང་བའི་དུས་ན་རྣལ་འབྱོར་པས་རང་ལ་འདི་ལྟར་བྱ་བ་མ་ཡིན་ཏེ། ཡི་གེ་འདི་དག་གང་གི་ནད་བྱུང་བའི་ཚེ་ངག་ཏུ་བཟླས་པས། ལྔ་ལྔ་ནི་དབུགས་དང་བཅས་པ་ན་བའི་སར་བཏོན་པས་གྲོལ་ལོ། །ཏི་ཊི་གཉིས་ནི་དཔྱི་མགོ་གཡས་དང་གཡོན། །ལ་ལཱ་གཉིས་ནི་བརླ་ཁུང་གཡས་དང་གཡོན། །ས་སཱ་གཉིས་ནི་མཁལ་ཁུང་གཡས་དང་གཡོན། །ཤ་ཥ་སྤུ་ནག་མཚམས་ན་གནས་པ་ཡིན། །མི་མཱི་གཉིས་ནི་པུས་མོའི་གཡས་དང་གཡོན། །འདི་ཉིད་བསྲེགས་པས་སྦྲིད་དང་འཁུམས་པ་འཚོ། །ཉ་ཨི་གཉིས་ནི་དཔུང་སྟེང་གཡས་གཡོན་ནོ། །འདི་ཉིད་བསྲེགས་པས་མཁལ་མའི་ནད་ལ་ཕན། །ཡི་གེ་ཧཱུྃཿནི་སྤུ་གུ་ཐུང་ན་གནས། །འདི་ཉིད་བསྲེགས་པས་རེངས་པའི་ནད་ལ་ཕན། །རྣལ་འབྱོར་པ་ཡིས་དེ་ལྟར་མི་བྱ་བར། །དབུགས་དང་བཅས་ཏེ་ཕྱི་ནས་ནང་དུ་དྲང་། །ར་རཱ་གཉིས་ནི་མཁལ་མ་གཡས་གཡོན་ན། །གཡས་སུ་གཅུད་ཅིང་གཡོན་དུ་བོར་བར་བྱ། །ང་པ་གཉིས་ནི་ལྟེ་བའི་མདུན་རྒྱབ་ན། །མཐེབ་མཛུབ་མནན་པས་རླུང་ནི་འགག་པར་བྱེད། །རཾ་དང་ཧ་ནི་ལྟེ་ཁུང་འོག་དང་སྟེང་། །ཨུ་དང་ཨེ་གཉིས་བཤང་གཅི་གཉིས་ཀྱི་སྒོ། །ཡི་གེ་ཀྵ་ནི་རྐུབ་ཀྱི་ལུང་ན་གནས། །འདི་དག་རྣམས་ནི་མཛུབ་མོས་མནན་ནས་ནི། །དལ་གྱིས་དབུགས་ཀྱིས་གྱེན་ལ་དྲངས་ནས་ཀྱང་། །ནང་དུ་ཡི་གེ་མང་པོར་སྤེལ་ཏེ་བསྒོམ། །ལྟེ་བ་དག་ནི་

p. 387

ཡི་གེས་ཁེངས་པ་ན། །བསྟིམ་ཞིང་ཡི་གེ་འདི་དག་ཡིད་ཀྱིས་བཟླས། །དེ་ལྟར་གོམས་པའི་རྣལ་འབྱོར་པས། །ཟས་དང་གོས་ཀྱི་འདུ་ཤེས་ནི། །ལོ་གཉིས་ཀྱིས་ནི་ཆོད་པར་ངེས། །ར་དང་ཧཱུ་ནི་བརླ་ནང་གཡས་གཡོན་ན། །འབར་རྩ་འདི་གཉིས་མཐེབ་མོས་བཙིར་ན་ནི། །སེམས་ནི་འཕྲོས་པར་འགྱུར་བ་མ་ཡིན་ནོ། །ཊ་དང་ལ་ནི་རྡོ་རྗེ་སྟེང་འོག་ན། །འདི་གཉིས་གཏེམས་ན་ཐིག་ལེའི་རྒྱུ་འགྲུལ་འཆད། །ཡི་གེ་ཤ་ནི་རྡོ་རྗེའི་རྩེ་མོ་ན། །འདི་གཉིས་མཉེས་པས་འདོད་ཆགས་སྤོང་བར་བྱེད། །རྣལ་འབྱོར་ལུས་ལ་གཅོང་གིས་ཟིན་པ་ན། །འདི་ཀུན་བཟླས་ཤིང་རབ་ཏུ་གཏེམས་པ་ཡིས། །འདུས་པའི་ནད་དེ་རྩ་བ་དྲུངས་ནས་འབྱིན། །ཊྱ་ཊྱ་གཉིས་ནི་རྒྱུ་འོག་གཡས་དང་གཡོན། །ཊ་ཊཱ་གཉིས་ནི་སྒྱིང་ཁུང་གཡས་གཡོན་ན། །ཊོ་ཊཱོ་གཉིས་ནི་རྟིང་བ་གཡས་གཡོན་ན། །ཛ་ཛཱ་གཉིས་ནི་རྒྱུ་འོག་གཡས་གཡོན་ན། །ཊ་ཊཱ་གཉིས་ནི་མཁལ་ཁུང་གཡས་གཡོན་ན། །འདི་ཀུན་ནང་དུ་གཏེམས་པ་མ་ཡིན་པར། །རབ་ཏུ་བཟླས་ཤིང་སྤྱི་རུ་སྤུར་བ་ཡིས། །འབྱུང་བ་རྣམས་ནི་ཆ་སྙོམས་བྱེད་པ་ཡིན། །རྐེད་པ་མན་ཆད་ཇི་ལྟར་ན་ཡང་ནི། །ཡི་གེ་འདི་དག་བཟླས་ཤིང་སྤྲོས་པ་ཡིས། །འབྱུང་བའི་ནད་རྣམས་རང་སར་འཛད་པར་ངེས། །གཡས་དང་གཡོན་ནི་ཡི་གེ་རང་གི་གནད། །ཚ་དང་གྲང་བའི་ཁ་དོག་དཀར་དང་དམར། །ཡི་གེ་རྣམས་ཀྱི་ཁ་དོག་འདི་དག་གོ། དེ་མ་ཡིན་པའི་རྩ་ཡིག་འདི་དག་ལ་ནི་ཕན་གནོད་མེད་དོ་ཞེས་སོ། །གཉིས་པ་སྙིང་ག་ཆོས་ཀྱི་འཁོར་ལོ་ལའང་བཞི་ལས། དང་པོ་རྣམ་གྲངས་སྤྱིར་བསྟན་པ་ནི། རྩ་བའི་འདབ་མ་བརྒྱད་ལས་གྱེས་པ་སུམ་ཅུ་རྩ་གཉིས་ལ་ཡལ་གའི་འདབ་མ་གྲངས་མེད་པ་ཡོད་དེ། རྩ་གནས་འཁོར་ལོ་ལས། ཆོས་ཀྱི་འཁོར་ལོའི་རྩ་རྣམས་ནི། །འདབ་མ་སུམ་ཅུ་རྩ་གཉིས་ལས། །ལས་དང་ཡེ་ཤེས་གནས་པའི་རྩ། །འདི་དག་རྣམས་སུ་ཤེས་པར་བྱ། །སྙིང་ག་ཆོས་ཀྱི་འཁོར་ལོ་ལས། །རྩ་ཆེན་འདབ་མ་སུམ་ཅུ་གཉིས། །རྩ་ཕྲན་སྟོང་དང་དགུ་བརྒྱ་གནས། །དེ་ཡི་རྣམ་པ་དེ་དག་ལས། །འདུས་པའི་རྩ་ནི་བཞི་ཡིན་ནོ། །ཐ་མ་ཉི་ཤུ་

p. 388

བརྒྱད་དུ་འགྱུར། །འདུ་བའི་རྩ་ནི་བཞི་ཡིན་ནོ། །དེ་ལས་ཉི་ཤུ་བརྒྱད་གྱེས་སོ། །རིག་པའི་རྩ་ནི་བཅུ་བཞི་སྟེ། །སྐུ་ཡི་རྩ་ནི་ལྔ་ཡིན་ནོ། །འོད་དང་ཤེས་རབ་རྩ་བཞི་ཡིན། །དེ་ཡི་རྩ་ཆེན་གནས་ལུགས་ལ། །འཁོར་ལོ་རིམ་པ་གསུམ་ལྡན་པས། །འཁོར་ལོ་དང་པོ་གོང་ལྟར་ཏེ། །རིམ་པ་གཉིས་པ་འདིར་བཤད་བྱ། །ཡེ་ཤེས་རྩ་ནི་ཉི་ཤུ་ལྔ། །འདུ་བའི་རྩ་ནི་ལྔ་ཡིན་ནོ། །སེམས་ཀྱི་རྩ་ནི་རྣམ་པ་གཉིས། །རིམ་པ་གསུམ་པ་བཤད་བྱ་བ། །ཐིག་ལེའི་རྩ་ནི་རྣམ་ལྔའོ། །ཤེས་རབ་རྩ་ནི་རྣམ་པ་བརྒྱད། །མ་རིག་རྩ་ནི་གཉིས་ཡིན་ནོ། །འདུ་བའི་རྩ་ནི་བཅོ་ལྔ་ཡིན། །འོད་ཟེར་རྩ་ནི་ལྔ་ཡིན་ནོ། །འབྱུང་བའི་རྩ་ཡང་དེ་ཙམ་མོ། །གཉིས་ནི་སྟོང་པའི་རྩ་ཡིན་ནོ། །འཁོར་ལོ་དང་པོ་རྣམ་བཤད་བྱ། །རིག་པའི་རྩ་ནི་ལྔ་ཡིན་ནོ། །སྐུ་ཡི་རྩ་ནི་རྣམ་པ་ལྔ། །རེ་རེ་དག་ལ་གཉིས་གཉིས་སོ། །འདུ་བའི་རྩ་ནི་རྣམ་པ་བཅུ། །བད་ཀན་རྩ་ནི་གསུམ་ཡིན་ནོ། །རླུང་གི་རྩ་ནི་གཉིས་ཡིན་ནོ། །མཁྲིས་པའི་རྩ་ཡང་རྣམ་གཉིས་སོ། །ལྷག་མ་འདུས་པ་དག་ཡིན་ནོ། །འོད་དང་ཤེས་རབ་རྩ་བཞི་ནི། །དངོས་པོ་ཉིད་དུ་བརྗོད་པའོ། །རིམ་པ་གཉིས་པ་འདི་ལྟ་སྟེ། །ཡེ་ཤེས་རྩ་ནི་ཉི་ཤུ་ལྔ། །ཆོས་དབྱིངས་ཡེ་ཤེས་ལྔ་ཡིན་ནོ། །མེ་ལོང་ཉིད་ཀྱང་དེ་དང་མཚུངས། །ལྔ་ནི་མཉམ་ཉིད་ཡེ་ཤེས་སོ། །དེ་བཞིན་སོ་སོར་རྟོག་པ་ལྔ། །བྱ་བ་གྲུབ་པའི་རྩ་ལྔའོ། །འདུ་བའི་རྩ་ནི་རྣམ་ལྔ་ལ། །འབྱུང་བ་མེ་ལྔ་གནས་པའོ། །སེམས་ཀྱི་རྩ་ནི་རྣམ་གཉིས་ལ། །རླུང་དང་ཤེས་པའི་རྟ་གནས་སོ། །རིམ་པ་གསུམ་པ་བཤད་བྱ་བ། །ཐིག་ལེའི་རྩ་ནི་རྣམ་པ་ལྔ། །ཀུན་རྫོབ་ཐིག་ལེ་གཉིས་ཡིན་ནོ། །རིག་པའི་ཐིག་ལེ་གཉིས་ཡིན་ཏེ། །ཡེ་ཤེས་ཐིག་ལེ་གཅིག་ཡིན་ནོ། །ཤེས་རབ་རྩ་ནི་རྣམ་པ་བརྒྱད། །གཉིས་ནི་འབྱེད་བྱེད་ཤེས་རབ་སྟེ། །གཉིས་ནི་སྡུད་པར་བྱེད་པའོ། །སྒྲོལ་བྱེད་ཤེས་རབ་གཉིས་ཡིན་ནོ། །ལྷག་མ་སྐྱོང་བྱེད་ཤེས་རབ་བོ། །མ་རིག་རྩ་ནི་རྣམ་པ་གཉིས། །རང་སོ་ཙམ་དུ་མནན་པའོ། །འདུ་བའི་རྩ་ནི་བཅོ་ལྔ་སྟེ། །བཞི་ནི་བད་ཀན་སེམས་ཀྱི་རྩ། །ལྔ་ནི་གཏི་མུག་མཁྲིས་པའི་རྩ། །བཞི་

p. 389

ནི་ཞེ་སྡང་རླུང་གི་རྩ། །གཉིས་ནི་འདོད་ཆགས་འདུས་པའི་རྩའོ། །འོད་ཟེར་རྩ་ནི་རྣམ་པ་ལྔ། །གཞི་ཡི་འོད་ཟེར་རྩ་ཡིན་ནོ། །ལམ་གྱི་འོད་ཟེར་གཅིག་ཡིན་ཏེ། །ལྷག་མ་མིག་གི་འོད་ཟེར་རོ། །ཙིཏྟ་རིན་ཆེན་གཞལ་ཡས་ལས། །འཁོར་ལོ་རིམ་པ་གསུམ་ལྡན་ཏེ། །རྩ་འདབ་དགུ་བཅུ་རྩ་དྲུག་གོ། རྩ་ཡི་རྣམ་པ་དེ་དག་ལ། །ལ་ལ་ཆུ་སེར་དྭངས་མ་སྟེ། །ལ་ལ་ཁྲག་གི་དྭངས་མའོ། །ལ་ལ་རླུང་དང་ས་རྣམས་དང་། །འབྱུང་བ་ལྔ་ཡི་དྭངས་མའོ། །རེ་རེ་ལ་ཡང་དྭངས་མ་རྣམས། །རིམ་པ་བཞིན་དུ་གནས་པའོ། །རླུང་དང་ཐིག་ལེའི་གནས་པ་ནི། །རེ་རེ་དག་ལ་རེ་རེའོ། །དེ་དག་རླུང་དུ་འཕྲོ་བ་དང་། །རྣམ་པར་གནས་པ་ཁོ་ནའོ། །ཞེས་སོ། །དེ་དག་གི་བྱེད་པ་དང་རྣམ་གྲངས་ནི། ཡང་དེ་ལས། ཆོས་ཀྱི་འཁོར་ལོའི་འདབ་མ་ལ། །ལྔ་ནི་སྟེང་དུ་འགྲོ་བར་བྱེད། །དྭངས་མའི་བཀྲག་དང་ཡེ་ཤེས་སྤོར། །ལྔ་ནི་གཡོན་དུ་འགྲོ་བ་སྟེ། །ཤེས་རབ་རྒྱུ་དང་དཔང་པོ་འཛིན། །ལྔ་ནི་མཚམས་དང་དབུས་ན་གནས། །གསང་བའི་རྒྱུད་དང་འཛིན་པའི་ས། །ལྔ་ནི་ཕྱོགས་དང་དབུས་ན་གནས། །འཆར་བྱེད་སྤོར་དང་ནུབ་བྱེད་སྡུད། །དེ་ལྟར་རྩ་ཡི་རྣམ་པ་ནི། །གཉིས་སུ་ཡོད་པའི་གསང་རྩ་ནི། །གྱེན་ལ་སྤོར་དང་ཐུར་དུ་སེལ། །སྟེང་འོག་གཉིས་སུ་ཤེས་པར་བྱ། །འགྱུ་བར་བྱེད་པ་བཅུ་དྲུག་སྟེ། །བཅུ་ནི་ལས་ཀྱི་རླུང་ཡིན་ཏེ། །ཉིན་ཞག་རེ་ལ་ཉི་ཁྲི་སྟོང་། །རྣམ་པར་རྒྱུ་བར་བྱེད་པའོ། །ལྷག་མ་དྲུག་བརྒྱ་ཡེ་ཤེས་རླུང་། །སྐད་ཅིག་རེ་རེའི་ཆ་རྣམས་ལ། །འགྱུ་བ་སུམ་ཅུ་སོ་གཉིས་སོ། །སྐྱེས་བུའི་ཞག་ནི་རེ་རེ་ལ། །སྐད་ཅིག་ཁྲི་དང་བཞི་སྟོང་ངོ་། །རླུང་ཡང་དེ་སྙེད་ཙམ་ཡིན་ནོ། །དེ་ཡི་ལྷག་མ་བཅུ་དྲུག་ནི། །འཁྱིལ་དང་བག་ལ་ཉལ་བ་དང་། །ཁོང་ན་གསལ་དང་ནང་ན་འགྱུ། །རེ་རེ་དག་ལ་གནས་པའོ། །དེ་ཡི་ཕྱེད་ནི་རང་སོ་སྟེ། །གནས་ཤིང་རེ་ཐག་བརྐྱངས་པ་བཞིན། །རང་རྒྱུད་བྱང་ཆུབ་སེམས་ཀྱི་རྩ། །ཡེ་ནས་སྤྱོད་དང་བྲལ་བའོ། །འདི་ནི་གནས་པའི་རྩ་ཡི་མཁར། །ལུས་ཀྱི་རྟེན་

p. 390

ཡང་བྱེད་པ་ཡིན། །ཤེས་པའི་དྭངས་མ་དེ་དག་ཀུན། །ཁ་དོག་འོད་དང་ཨ་ཀ་ར། །ཐིག་ལེ་སྐུ་དང་འཛིན་པའི་བརྡའོ། །ཞེས་སོ། །གཉིས་པ་ནང་ལས་གྱེས་པ་ཕྱི་རྩའི་ཡལ་འདབ་ནི། དེ་ཉིད་ལས། དྷརྨ་ཙཀྲའི་གནས་ལུགས་ནི། །དེ་ཡི་གཡས་ནས་འགྱུ་བ་ནི། །མེ་ཏོག་ལྟ་བུའི་རྩ་རེ་སྟེ། །གྲི་མོང་གཡས་གཡོན་གཤོང་ན་གནས། །དེ་ལས་ཤིན་ཏུ་ཕྲ་བའི་རྩ། །རྣམ་པ་ལྔ་ལྔར་གྱེས་པའོ། །དེ་ཡི་ལོགས་ཀྱི་འདབ་མ་ལས། །ཕུར་པ་ལྟ་བུའི་རྩ་རེ་གནས། །དེ་ལས་ཕྱི་ཚད་གྱེས་པ་ན། །ཁྲག་གིས་མྱོས་པའི་རྩ་རེ་སྟེ། །དེ་ཡི་ལོགས་ཀྱི་འདབ་དཀྱིལ་ལས། །མུ་ཏིག་དམར་པོ་འདྲ་བ་ཡི། །རྩ་ནི་རྣམ་པ་གསུམ་གསུམ་མོ། །ལག་ངར་རྩ་ནི་ནང་གི་གནས། །གཉིས་ལ་གསུམ་གསུམ་གྱེས་པ་ལས། །གཅིག་ལ་རྣམ་བཞིར་གནས་པའོ། །དེ་ཡི་ལོགས་ཀྱི་འདབ་མ་ལ། །ཙནྡན་མེ་སྟག་ལྟ་བུ་ཡི། །རྩ་ཡི་རྣམ་པ་རེ་རེ་སྟེ། །ལག་ངར་གྱི་ནི་ཟུར་ལ་འབྱུང་། །དེ་གཉིས་ལ་ནི་གཉིས་གཉིས་སོ། །དེ་ཡི་འདབ་མའི་ལོགས་དག་ལས། །རྡུལ་ཕྲན་ལྟ་བུའི་རྩ་རེ་སྟེ། །ལག་ངར་མཁྲིག་མ་སྦོམ་ཕྲའི་མཚམས། །རྣམ་པར་གནས་ཏེ་འགྱུ་བའོ། །དེ་གཉིས་ལ་ནི་གསུམ་གསུམ་མོ། །དེ་ཡི་རྒྱབ་ཀྱི་འདབ་མ་ལས། །མདུང་རྩེ་ལྟ་བུའི་རྩ་རེ་སྟེ། །ལག་ངར་རྒྱབ་ན་གནས་པའོ། །དེ་ཡི་ཕྱོགས་ཀྱི་འདབ་མ་ལ། །ཤིན་ཏུ་ཕྲ་བའི་རྩ་དྲུག་སྟེ། །མཐེབ་མཛུབ་དང་ནི་དཔུང་མགོ་དང་། །ཐལ་མོའི་ཟུར་ན་གནས་པའོ། །དེ་ཡི་ལྷག་མའི་འདབ་མ་ལས། །བེ་ཅོན་ལྟ་བུའི་རྩ་རེ་སྟེ། །སོར་མོ་བཅུ་ཡི་དཀྱིལ་ན་གནས་། །གཅིག་ལ་གསུམ་དུ་གནས་པའོ། །རྩ་ཡི་རྣམ་པ་དེ་དག་ནི། །ལས་དང་ཡེ་ཤེས་སུམ་ཆའོ། །ཞེས་སོ། །གསུམ་པ་གནད་བྱེ་བྲག་ཏུ་བཤད་པ་ནི། ཡང་དེ་ཉིད་ལས། དྷརྨ་ཙཀྲ་སུམ་ཅུ་གཉིས། །རྩ་ཡི་རྣམ་པ་དེ་དག་དང་། །རླུང་གི་རྣམ་པ་དེ་དག་ལ། །རྣམ་པར་བརྟགས་པར་འདོད་ན་ཡང་། །གཅུན་དུ་རུང་བའི་རྩ་ལྔ་ལ། །གཟུང་དུ་རུང་བའི་རླུང་ལྔ་ཡོད། །གཏེམ་དུ་རུང་བའི་རྩ་ལྔ་ལ། །ཟློག་ཏུ་རུང་བའི་རླུང་ལྔ་ཡོད། །བསྐྱིལ་དུ་རུང་

p. 391

བའི་རྩ་གཉིས་ལ། །གཟུང་དུ་རུང་བའི་རླུང་གཉིས་དང་། །དྲང་བའི་ཐིག་ལེ་གཉིས་ཡོད་དོ། །གཏེམ་དུ་མི་རུང་དྲུག་ཡོད་དོ། །མ་གཏེམས་འཁྲུག་པ་བཞི་ནང་ན། །གཏེམས་པས་གནས་པ་བཞི་ཡིན་ནོ། །ལྷག་མ་རྣམས་ལ་གལ་མེད་དོ། །འཕར་བའི་རྩ་ནི་ཉི་ཤུ་སྟེ། །གསེང་དུ་རུང་བ་བདུན་ཡིན་ནོ། །མི་འཕར་བ་ནི་ལྷག་མའོ། །བསྲེག་ཏུ་རུང་བ་བདུན་ཡིན་ནོ། །མི་རུང་བ་ནི་དེ་བྱེད་དོ། །རྩ་ཡི་རྣམ་པ་དེ་དག་ལ། །རླུང་གི་སྟོབས་དང་འབྱུང་བའི་གདངས། །ཐིག་ལེ་རྟེན་དུ་གནས་པའོ། །ཐིག་ལེའི་རྣམ་པ་དེ་དག་ཀྱང་། །འགྱུ་དང་མི་འགྱུའི་རྣམ་པ་ནི། །རྩ་ཡི་མཚན་ཉིད་དེ་ཡིན་ནོ། །ཤེས་པའི་རྟེན་ནི་རེ་རེ་སྟེ། །འཛིན་པའི་ཡུལ་ཀྱང་དེ་སྙེད་ཡོད། །ཅེས་སོ། །བཞི་པ་བཅོས་ཐབས་ངེས་པ་ནི། གནད་ཡིག་ལས། སྐྱེས་བུའི་ལུས་ཀྱི་གནས་ལས་ནི། །སྙིང་ལས་གྱེས་པའི་རྩ་ཆེན་ནི། །ཕྱི་རོལ་རྣམས་ན་འདི་ལྟར་སྣང་། །ལག་པའི་གྲེ་མོང་གཡས་པའི་གཤོང་། །ཡི་གེ་ཀ་ཡི་འཇུག་པ་གནས། །སྨན་སྐད་འབའ་བསམ་གྲུབ་མགོ་ཡིན། །འདི་གཏར་རིམས་ཀྱི་ནད་ལ་ཕན། །གཡོན་པའི་གཤོང་ན་ཁ་ཡོད་དོ། །འདི་མིང་བྷ་ལ་ཏི་ཏ་ཀ། འདི་གཏར་མཁྲིས་པའི་ནད་ལ་ཕན། །བད་ཀན་ནད་ཀྱང་སེལ་བར་བྱེད། །དེ་ཡི་ཕྱི་རོལ་གཡས་པ་ན། །ག་ནི་གནས་པས་འདི་གཏར་ན། མཆིན་པའི་ནད་ལ་ཕན་པ་ཡིན། །འདི་མིང་རུ་ཐུང་གཡས་པ་ཞེས། །གཡོན་ན་གྷ་ཡིག་གནས་པ་སྟེ། །འདི་མིང་རུ་ཐུང་གཡོན་པ་ཞེས། །འདི་གཏར་ཕོ་བའི་ནད་ལ་ཕན། །ལག་ངར་གྱི་ནི་ནང་རོལ་ན། །ན་གནས་མཁྲིག་མའི་རྒྱལ་མོ་ཡིན། །འདི་གཏར་མཁྲིས་པའི་ནད་ལ་ཕན། །དེ་ཡི་གཡས་ཟུར་རྩ་གནས་ཏེ། །འདི་མིང་མཆིན་རྩ་ཟང་མ་ཞེས། །འདི་གཏར་མཆིན་ནད་ཀུན་ལ་ཕན། །དེ་ཡི་རུ་ཐུང་ནང་རོལ་ན། །ཚ་གནས་རྩ་ཕྲན་ཁ་ཁ་ཞེས། །འདི་གཏར་བད་ཀན་ནད་ལ་ཕན། །ལག་ངར་མཁྲིག་ཟུར་ཛ་གནས་ཏེ། །འདི་མིང་གོང་རྩ་གཡས་པ་ཞེས། །འདི་གཏར་གློ་བའི་ནད་ལ་ཕན། །གཡོན་ནའང་ཛ་གནས་གོང་རྩ་གཡོན། །

p. 392

འདི་གཏར་ལུད་པ་སེར་ལ་ཕན། །མཁྲིག་མའི་རྒྱབ་དཀྱིལ་དྲང་པོ་ན། །རྟག་ནས་རྒྱབ་རྩ་གྲུབ་མགོ་ཞེས། །འདི་གཏར་རོ་སྟོད་ནད་ལ་ཕན། །ལག་པའི་མཐེབ་མཛུབ་གཉིས་ཀྱི་བར། །ཚོན་གང་གཞལ་བའི་གཤོང་བུ་ན། །ཊ་གནས་སྙིང་རྩ་དཀར་མོ་ཞེས། །འདི་གཏར་མཁལ་མཁྲིས་སྙིང་ནད་ཕན། །རྒྱབ་དཀྱིལ་དྲང་པོར་ཐ་གནས་ཏེ། །འདི་མིང་རྒྱབ་རྩ་ཆེན་པོ་ཡིན། །འདི་གཏར་རོ་རྒྱབ་ནད་ལ་ཕན། །མཐེབ་ཆུང་ཕྱི་ཟུར་ཌ་གནས་ཏེ། །འདི་མིང་མཆིན་རྩ་འཁྲོན་བུ་ཞེས། །འདི་གཏར་ལག་པ་ན་ལ་ཕན། །མཐེ་བོང་རྒྱབ་ནི་དྲང་པོ་ན། །དྷ་གནས་མཁྲིས་རྩ་བྷན་དྷེ་ཞེས། །འདི་གཏར་མགོ་ཡི་ནད་ལ་ཕན། །མཛུབ་མོའི་རྒྱབ་ན་ཎ་གནས་ཏེ། །འདི་མིང་ཕོ་བའི་ཡལ་ག་ཞེས། །གཏར་པས་དུག་གི་ནད་ལ་ཕན། །གུང་མོའི་རྒྱབ་ན་ཏ་གནས་ཏེ། །མཆེར་པའི་ཡལ་ག་ཞེས་བྱ་བ། །འདི་གཏར་སྲིན་གྱི་ནད་ལ་ཕན། །སྲིན་ལག་རྒྱབ་ན་ཡི་གེ་ཙ། །མཁལ་རྩ་ཡོན་པོ་ཞེས་བྱ་སྟེ། །འདི་ལྟར་མཁལ་མའི་ནད་ལ་ཕན། །མཐེ་ཆུང་རྒྱབ་ན་ད་ཡིག་ཡོད། །ཕོ་རྩ་ཡོན་པོ་ཞེས་བྱ་བ། །འདི་གཏར་ཕོ་བའི་ནད་ལ་ཕན། །ལག་མཐིལ་དཀྱིལ་ན་དྷ་ཡིག་སྟེ། །མཆིན་པའི་རྩ་ནག་ཅེས་བྱ་བ། །འདི་གཏར་ཕོ་མཆིན་ནད་ལ་ཕན། །མཛུབ་མོའི་ངོས་ན་ན་ཡིག་གོ། སྙིང་རྩ་འཁོར་མ་ཞེས་བྱ་བ། །འདི་གཏར་ཤེས་པ་མི་དགའ་དང་། །སྙིང་རླུང་ལྡང་དུབ་ཉིད་ལ་ཕན། །རྣལ་འབྱོར་པ་ཡིས་བཟླས་ཤིང་གདོན། །པ་ནི་ནུ་མའི་སྟེང་ན་གནས། །ཕ་ནི་དེ་བཞིན་གཡོན་པ་ན། །བ་ནི་མཆན་ཁུང་གཡས་པ་ན། །དེ་བཞིན་བྷ་ནི་གཡོན་པ་ན། །མ་ནི་བྲང་གི་ལྷེང་སྣ་ལ། །ལ་ནི་ཕོ་བའི་སྟེང་ཡིན་ནོ། །ཡ་ནི་རྒྱབ་དཀྱིལ་ཚིགས་པ་ལ། །འདི་ཀུན་ཕྱོགས་ནི་གང་ན་བསྲེག །དེས་ནི་དེ་ཡི་ནད་ལ་ཕན། །རྣལ་འབྱོར་པ་ཡིས་གཏེམས་པས་འགྲུབ། །འདིས་ནི་གནད་ཀྱི་ཡི་གེ་བསྡུས། །ལྷག་མ་རྣམས་ལ་ཕན་གནོད་མེད། །གཏེམས་དང་དཀྲུགས་དང་བསྐྱིལ་བ་ནི། །རྣལ་འབྱོར་པ་ཡིས་ཤེས་པར་བྱ། །ཞེས་སོ། །གསུམ་པ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལའང་བཞི་ལས། དང་པོ་

p. 393

རྣམ་གྲངས་སྤྱིར་བསྟན་པ་ནི། རྩ་བའི་འདབ་མ་བཅུ་དྲུགདེ་ལས་ནང་དང་ཕྱིར་གྱེས་པའི་འདབ་ཕྲན་གྲངས་མེད་པ་ལས། ནང་རྩ་རགས་པ་སུམ་བརྒྱ་བཞི་བཅུ་འཁོར་ལོ་བདུན་གྱི་འཁྱིལ་དུ་གནས་པ་ནི། རྩ་གནས་འཁོར་ལོ་ལས། མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ། །རྩ་ཆེན་སུམ་བརྒྱ་བཞི་བཅུ་གནས། །འཁོར་ལོ་རིམ་པ་བདུན་ལྡན་པའི། །དང་པོའི་རིམ་པའི་འདབ་མ་ནི། །རྣམ་པ་བཅུ་ནི་ཡིན་པའོ། །ལྷག་མ་ཀུན་ཀྱང་དེ་དང་འདྲ། །ཀུན་གྱི་ཐ་མ་ཉི་ཤུའོ། །རྩ་ནི་རྣམ་པ་འདི་དག་གོ། ལས་དང་ཉོན་མོངས་བག་ཆགས་དང་། །ཡེ་ཤེས་འགྱུ་བའི་གནད་འདུ་བའི། །ལམ་ནི་འདི་དག་ཡིན་པའོ། །ཡེ་ཤེས་འགྱུ་བ་བཅུ་དྲུག་སྟེ། །རིག་པ་སྐུ་ཡང་དེ་སྙེད་དོ། །ཤེས་རབ་ཐིག་ལེ་བཅུ་དྲུག་ཡིན། །འབྱུང་བ་ཡང་ནི་བཅུ་དྲུག་གོ། སྟོང་པ་གསལ་བའི་ཐིག་ལེ་ཡི། །རྩ་ནི་རྣམ་པ་བརྒྱད་ཡིན་ཏེ། །འདུ་བའི་རྩ་ནི་བཅུ་བཞིའོ། །ལྷག་མའི་ལས་ནི་ལམ་ཡིན་ནོ། །རིག་པ་སྐུ་ཡི་འཁོར་ལོ་ནི། །རྣམ་པ་བཅུ་དྲུག་ལྡན་པ་རྣམས། །བདུན་ནི་རིག་པ་དངོས་པོ་ཡིན། །ལྷག་མ་རྣམས་ནི་སྐུ་ཡིན་ནོ། །དང་པོ་རྩ་བ་རིག་པའི་སྐུ། །གཉིས་པ་ཡངས་པ་སྐུ་ཡིན་ནོ། །གསུམ་པ་ད་དུ་ཀ་ལ་རྒྱུ། །བཞི་པ་མི་འགྱུར་བཛྲ་སྐུ། །ལྔ་པ་བོ་དྷི་ས་ཏྭའི་སྐུ། །དྲུག་པ་ངོ་བོ་ཉིད་ཡིན་ནོ། །བདུན་པ་མཐོང་བ་རང་གྲོལ་ཡིན། །བརྒྱད་པ་ཡང་དག་བདེ་བའི་སྐུ། །ལྟག་པ་གཅིག་ན་རྒྱུ་བའོ། །རིག་པ་ལ་ནི་གཉིས་གཉིས་སོ། །པྲཛྙཱའི་ཐིག་ལེ་བཅུ་དྲུག་ནི། །བརྒྱད་ནི་ཐིག་ལེ་སྟོང་བས་འགྱུ། །བཞི་ནི་གཞི་ལམ་ཐིག་ལེའོ། །ལྷག་མ་ཤེས་རབ་འགྱུ་བའི་ལམ། །འབྱུང་བའི་འདབ་མ་བཅུ་དྲུག་ནི། །བཞི་ནས་རླུང་གི་དྭངས་མ་སྟེ། །བཞི་ནས་མེ་ཡི་དྭངས་མ་དྲོད། །གསུམ་ནས་ས་ཡི་དྭངས་མ་སེར། །གསུམ་ནས་ཆུ་ཡི་དྭངས་མ་ཁྲག །གཉིས་ནས་ནམ་མཁའི་དྭངས་མ་སེམས། །རེ་ཞིག་དེ་ནས་འགྱུར་བ་ཙམ། །ཁྱབ་པ་ཀུན་ལ་ཁྱབ་པའོ། །སྟོང་པའི་ཐིག་ལེ་བརྒྱད་ཡིན་ཏེ། །གཉིས་ནི་འགྱུ་བའི་ཐིག་ལེའོ། །ལྷག་མ་སྟོང་འགྱུར་ཐིག་

p. 394

ལེའོ། །འདུ་བའི་རྩ་ནི་བཅུ་བཞི་ལས། །བཞི་ནི་བད་ཀན་སེམས་ཀྱི་རྩ། །བཞི་ནི་གཏི་མུག་མཁྲིས་པའི་རྩ། །བཞི་ནི་ཞེ་སྡང་རླུང་གི་རྩ། །གཉིས་ནི་འདོད་ཆགས་ས་ཡི་རྩ། །བཅུ་བཞི་ཉོན་མོངས་ལམ་ཡིན་པས། །བཞི་ནི་མ་རིག་དངོས་པོའོ། །ལྔ་ནི་རྟོག་བཅས་ཡིད་ཡིན་ནོ། །ལྔ་ནི་དུག་གསུམ་ལམ་དུ་བཤད། །དེ་དག་གནས་ནི་རེ་རེ་ལ། །ལས་དང་རླུང་ནི་རེ་རེའོ། །ཞེས་སོ། །རྩ་དེ་དག་གི་འཕོ་འཇུག་དང་བྱེད་པ་ནི། ཡང་དེ་ལས། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ། །བཞི་ནི་སྟེང་དུ་འགྲོ་བ་སྟེ། །སྟོང་པའི་རྩལ་ནི་སྦྱོང་བར་བྱེད། །གཉིས་ནི་ཀུན་ཏུ་ཁྱབ་པ་སྟེ། །རིག་པའི་རང་རྩལ་སྦྱོང་བར་བྱེད། །གཉིས་ནི་འོག་ཏུ་འགྲོ་བ་སྟེ། །འབྱུང་བའི་དྭངས་སྙིགས་འཁྲུག་པར་བྱེད། །བཞི་ནི་གཡས་སུ་འགྲོ་བ་སྟེ། །ཡེ་ཤེས་རྩལ་ནི་སྦྱོང་བར་བྱེད། །བཞི་ནི་གཡོན་དུ་འགྲོ་བ་སྟེ། །ལས་ཀྱི་སྟོབས་ནི་སྐྱེད་པར་བྱེད། །དེ་དག་རྣམས་ཀྱི་མཚན་ཉིད་ནི། །ཕྱོགས་ཀྱི་ཆ་དག་རེ་རེ་ལ། །འགྱུ་བའི་རླུང་ནི་གཉིས་གཉིས་སོ། །ལྷག་མ་འགྱུ་བའི་དྭངས་མའོ། །གཅིག་ནི་གཉིས་ཀ་རྒྱུ་བའོ། །དེ་དག་རྣམས་ཀྱིས་ཤེས་པའི་ཆ། །ཐིམ་དང་ཟློག་དང་གནས་པའོ། །ལས་དང་འབྲས་བུ་རྫོགས་པའོ། །ཤེས་པའི་དྭངས་མ་རེ་རེ་ལ། །འགྱུ་བའི་རྩ་ནི་དྲུག་དྲུག་གོ། ཐིམ་པའི་སྒོ་ནི་གཉིས་གཉིས་ཏེ། །འཇུག་པའི་ས་ཡང་གསུམ་གསུམ་མོ། །ཕྲ་དང་ཕྱེ་དང་ཕྱོགས་ལ་གནས། །འགྱུ་དང་སྟོང་དང་མཐར་ཕྱིན་ནོ། །འཛིན་པའི་དྭངས་མ་ལྔ་ཡི་ཆ། །ཤེས་པས་བཟུང་བ་མ་ཡིན་ཏེ། །གཟུགས་ལ་གཉིས་གཉིས་ཟུང་འཇུག་གོ། འདུས་པས་ཐིག་ལེ་སྟོང་པ་སྟེ། །གྱེས་པས་ས་ལ་རྣམ་པར་གྲོལ། །བསྟན་པའི་ལྷ་མོ་མི་གཡོ་ཞིང་། །ལག་ན་རླུང་གི་བ་དན་འཕྱར། །ཤུགས་འཆང་ལྷ་མོ་གསལ་འཛིན་མ། །ལག་ན་རླུང་གི་བུམ་པ་ཐོགས། །འབྱུང་བར་བྱེད་ཅིང་གནས་པའོ། །ལྷ་མོ་ཆེན་མོ་མི་གཡོ་མ། །ལག་ན་རླུང་གི་ཞགས་པ་འཕེན། །གསལ་བྱེད་ལྷ་མོ་སྐྱོང་བྱེད་མ། །ལག་ན་རླུང་གི་སྒྲོམ་བུ་ཐོགས། །འཕྲོ་ཞིང་འཕེན་པར་བྱེད་པའོ། །ལྷ་མོ་

p. 395

ཆེན་མོ་འདེགས་བྱེད་མ། །ལག་ན་རླུང་གི་གྲུ་བཞུད་མ། །རླུང་གི་ལྷ་མོ་དེ་དག་ནི། །སྤྲོས་དང་སྤྲོས་པའི་ལས་བྱེད་མ། །བསྡུ་དང་འཛིན་དང་སྤྲོ་བའོ། །ཞེས་སོ། །ལྷ་མོ་ལྔ་ནི། ཡེ་ཤེས་དབྱིངས་སུ་འཁྱིལ་པའི་རླུང་ལྔ་དག་པའོ། །གཉིས་པ་ཕྱི་རྩའི་འདབ་མ་སོ་སོར་བཤད་པ་ནི། ཡང་དེ་ལས། མགྲིན་པ་འཁོར་ལོའི་རྩ་རྣམས་ནི། །འདི་ལྟར་ཀུན་ལ་ཤེས་པར་བྱ། །འཁོར་ལོ་དེ་ཡི་མདུན་རྒྱབ་ན། །མེ་སྟག་ལྟ་བུའི་རྩ་རེ་སྟེ། །གཡས་སུ་རྣམ་པར་འཁྱིལ་བ་ནི། །དར་ལྕེ་རླུང་གིས་བསྐྱོད་བཞིན་པའི། །རྩ་ནི་ཆེན་པོ་རེ་རེ་སྟེ། །རྩེ་ཆུང་གཡས་དང་གཡོན་ལ་གནས། །ཡེ་ཤེས་འོད་དང་ཁྲག་དྭངས་སོ། །གཡོན་ན་ལོང་ཁ་ལྟ་བུ་སྟེ། །རྩེ་ཆུང་གཡོན་པ་ཞེས་བྱ་བ། །འདུ་བ་ཉོན་མོངས་རྒྱུ་བའི་རྩའོ། །འཁོར་ལོའི་ལོགས་ནི་གཡས་གཡོན་ན། །སིང་འབྲུ་ལྟ་བུའི་རྩ་རེ་སྟེ། །དཔུང་པའི་མགོ་ནི་གཡས་གཡོན་ནོ། །འཁོར་ལོ་དེ་ཡི་རྩིབས་བཞི་ན། །དུང་ཕོར་ལྟ་བུའི་རྩ་ཡོད་དེ། །སོག་པ་མེ་ལོང་གཡས་གཡོན་ནོ། །དེ་ན་རྩ་ནི་གཉིས་གཉིས་སོ། །འཁོར་ལོའི་ལྷག་མའི་འདབ་མ་ལ། །ཆུ་ཡི་ཐིགས་པ་ལྟ་བུ་ཡི། །རྩ་རེ་རྣམ་པར་གནས་པའོ། །དཔུང་པ་ཡི་ནི་བྱིན་གཞུག་དཀྱིལ། །གཡས་གཡོན་གཉིས་ན་རེ་རེའོ། །དེ་ཡི་ལྟག་མའི་འདབ་མ་ལས། །ཕུར་པ་ལྟ་བུའི་རྩ་གཉིས་ཏེ། །དཔུང་པ་ཡི་ནི་ཉིད་དཀྱིལ་གྱི། །གཡས་གཡོན་གཉིས་ན་གནས་པའོ། །དེ་ཡི་ལྷག་མའི་འདབ་མ་ལས། །ཉི་ཟེར་ལྟ་བུའི་རྩ་རེ་སྟེ། །དཔུང་པ་ཡི་ནི་ཟུར་ལ་གནས། །དེ་གཉིས་ལ་ཡང་གཉིས་གཉིས་སོ། །དེ་དག་ལོངས་སྤྱོད་འཁོར་ལོ་ཡི། །རྩ་ཡི་རྣམ་པ་ཡིན་པར་གྲགས། །ཞེས་སོ། །གསུམ་པ་གནད་བྱེ་བྲག་ཏུ་བཤད་པ་ལ་ཡང་། དེ་ཉིད་ལས། ས་བྷ་ཏ་ཡི་ཙཀྲ་ནི། །འདབ་མ་བཅུ་དྲུག་དང་ལྡན་ཏེ། །རྩ་ཡི་རྣམ་པ་དེ་དག་ན། །འགྱུ་བའི་རླུང་དང་ཐིག་ལེའི་རྟེན། །ཤེས་པའི་ཟུངས་སུ་གནས་པའོ། །གཏེམ་དུ་རུང་བའི་རྩ་བཞི་ན། །བསྐྱིལ་དུ་རུང་བའི་རླུང་བཞི་ཡོད། །གནས་པས་ཐུབ་པའི་

p. 396

ཐིག་ལེ་བཞི། །མ་གཏེམས་འཚོར་བའི་རྩ་བཞི་ན། །རྣམ་པར་ཤེས་པའི་རླུང་བཞི་ཡོད། །སྡུད་པའི་ཐིག་ལེ་བཞི་གནས་སོ། །ཆ་མཉམ་རྩ་ནི་བཞི་དག་ལ། །འཁུ་ལྡོག་མེད་པའི་རླུང་བཞི་ཡོད། །གསང་བའི་ཐིག་ལེ་བཞི་གནས་སོ། །ལྷག་མ་རྣམས་ལ་གལ་མེད་དོ། །འཕར་བའི་རྩ་ནི་བཅུ་གཅིག་གོ། གསེང་དུ་རུང་བ་བརྒྱད་ཡིན་ནོ། །གསེངས་ན་སྐྱོན་འགྱུར་ལྷག་མའོ། །གནས་པའི་ལྷག་མ་དེ་དག་ལས། །བསྲེགས་ན་སྐྱོན་འགྱུར་གཉིས་ཡོད་དོ། །དེ་ནི་གནས་པའི་གནད་ཡིན་ནོ། །ཞེས་སོ། །བཞི་པ་རྩ་གནས་འདིར་ནད་བྱུང་ན་བཅོས་སུ་རུང་བའི་ཐབས་ནི། གནད་ཡིག་ལས། མགྲིན་པ་གཡས་ན་གྱེན་ལ་རྒྱུག །ཨེ་གནས་དེ་མིང་རྩེ་ཆུང་གཡས། །འདི་གཏར་མཇིང་པ་རེངས་ལ་ཕན། །གཡོན་ན་ཨོ་གནས་རྩེ་ཆུང་གཡོན། །འདི་གཏར་སྟོད་ནི་བསྡམས་པ་དང། །མགོ་ཆག་ཁོང་ནད་ཀུན་ལ་ཕན། །དཔུང་པ་གཡས་ན་ཨེ་གནས་ཏེ། །འདི་མིང་གློ་རྩ་ཡོན་པོ་ཞེས། །གཏར་བས་གློ་ནི་ཚ་ལ་ཕན། །གཡོན་ན་ཡི་གེ་ཨ་གནས་ཏེ། །འདི་མིང་སྤྱི་རྩ་ཐེན་པོ་ཞེས། །འདི་གཏར་ནད་རྣམས་ཀུན་ལ་ཕན། །དཔུང་པའི་ཉ་དཀྱིལ་གཡས་པ་ན། །ཨ་གནས་དུག་རྩ་ཡོན་པོ་ཞེས། །འདི་གཏར་དུག་གི་ནད་ལ་ཕན། །གཡོན་ཨ་སྦལ་རྩ་ཆེན་པོ་ཞེས། །འདི་གཏར་སྨྱོ་འབོག་བརྒྱལ་ལ་ཕན། །དཔུང་ཟུར་གཡས་ན་ཡི་གེ་ཨཱི། །འདི་མིང་སྦལ་རྩ་ནག་པོ་ཞེས། །གཏར་བས་རྐེད་ནད་ཀུན་ལ་ཕན། །གཡོན་ན་དེ་བཞིན་ཌཱི་གནས་ཏེ། །གསེང་རྩ་ཐུང་པོ་ཞེས་བྱ་བ། །འདི་གཏར་རྩ་ཡི་ནད་རྣམས་སེལ། །ཨཱོ་ནི་སོག་པའི་མེ་ལོང་དཀྱིལ། །གློ་རྩ་ཆེན་པོ་ཞེས་བྱ་བ། །འདི་བསྲེགས་མགོ་བོ་འཁྱོམ་ལ་ཕན། །དཔུང་པའི་ལུག་འཇུག་དཀྱིལ་ན་ཨཱོ། །གཤེན་ཐག་གཡས་པ་ཞེས་བྱ་བ། །འདི་བསྲེགས་དཔུང་པ་བྱུང་བ་སེལ། །གཡོན་ཨི་གཤེན་ཐག་གཡོན་པ་སྟེ། །འདི་བསྲེགས་ཕོ་བ་ཁེངས་ལ་ཕན། །རཱི་ནི་མགྲིན་འོག་ཁུང་ན་གནས། །ལཱི་ནི་རྩེ་མཚོན་གཡས་པ་ན། །གཡོན་ན་ལི་སྟེ་སྟག་དཀྱིལ་ཨེ། །དེ་བཞིན་མདུན་དཀྱིལ་ཨཱཻ་ཡིན་ནོ། །འདི་ཀུན་གཏེམ་ཞིང་

p. 397

དཀྲུགས་པ་མིན། །རྣལ་འབྱོར་ལུས་ཀྱི་འབྱུང་འཁྲུགས་ན། །ཡི་གེ་འདི་དག་གནས་པ་ཡི། །ཕྱོགས་དང་ཐོ་ཕྱི་དེ་ནས་ནི། །དབུགས་དང་བཅས་ཏེ་བཟླས་པས་འགྲུབ། །ལྷག་མ་རྣམས་ལ་ཕན་གནོད་མེད། །འདི་ཤེས་འབྱུང་བ་འཁྲུགས་མི་སྲིད། །ཅེས་སོ། །བཞི་པ་བདེ་ཆེན་འཁོར་ལོའི་རིམ་པ་སོ་སོར་བཤད་པ་ལའང་བཞི་ལས། དང་པོ་རྣམ་གྲངས་སྤྱིར་བསྟན་པ་ནི། རྩ་འདབ་སུམ་ཅུ་རྩ་གཉིས་ལས་གྱེས་པ་སུམ་བརྒྱ་དྲུག་ཅུ། འདབ་ཕྲན་ཉིས་སྟོང་རྩ་དགུའི་དབྱེ་བ་དང་བཅས་པ་ནི། རྩ་གནས་རིན་པོ་ཆེའི་འཁོར་ལོ་ལས། སྤྱི་གཙུག་བདེ་བའི་འཁོར་ལོ་ལ། །ཤིན་ཏུ་ཆེ་བའི་རྩ་རྣམས་ནི། །སུམ་བརྒྱ་དྲུག་ཅུ་ཐམ་པ་སྟེ། །རྩ་ཕྲན་ཉིས་སྟོང་རྩ་དགུ་གནས། །དེ་དག་རྣམས་ཀྱི་དོན་བཤད་པ། །འདུ་བའི་རྩ་ནི་ཉི་ཤུ་བཞི། །རྣམ་པར་གནས་ཤིང་འཇུ་བའོ། །ཡེ་ཤེས་རྣམ་པར་འཁྱིལ་བ་ཡི། །རྩ་ནི་ལྔ་བཅུ་ཐམ་པའོ། །སྐུ་ལ་སུམ་ཅུ་རྩ་བརྒྱད་དོ། །རིག་པ་ལ་ནི་ཉི་ཤུ་སྟེ། །ཐིག་ལེ་སུམ་ཅུ་གཉིས་ཡིན་ནོ། །འབྱུང་བ་ལ་ནི་ལྔ་བཅུའོ། །ཤེས་རབ་ཉི་ཤུ་རྩ་བརྒྱད་དོ། །བྱང་སེམས་རྩ་ནི་བཅུ་ཡིན་ནོ། །མ་རིག་པ་ཡང་བཅུ་ཡིན་ནོ། །ཡིད་ནི་རྣམ་པ་བཅུ་གཉིས་སོ། །ལྷག་མ་ཉོན་མོངས་རྩ་ཡིན་ནོ། །འདུ་བའི་རྩ་ནི་ཉི་ཤུ་བཞི། །དྲུག་ནི་མ་རིག་འདུས་པའི་རྩ། །དྲུག་ནི་འདོད་ཆགས་བད་ཀན་རྩ། །དྲུག་ནི་གཏི་མུག་མཁྲིས་པའི་རྩ། །དྲུག་ནི་རླུང་གི་རྩ་ཡིན་ནོ། །ཡེ་ཤེས་རྩ་ནི་ལྔ་བཅུ་སྟེ། །ཆོས་དབྱིངས་ཡེ་ཤེས་བཅུ་ཡིན་ནོ། །མེ་ལོང་ཡེ་ཤེས་བཅུ་ཡིན་ནོ། །མཉམ་ཉིད་ཡེ་ཤེས་དེ་ཙམ་མོ། །སོ་སོར་རྟོག་ཀྱང་བཅུར་བཤད་དོ། །བྱ་གྲུབ་ཡེ་ཤེས་དེ་ཉིད་དོ། །སྐུ་ཡི་སུམ་ཅུ་རྩ་བརྒྱད་ནི། །རྩ་ནི་གཉིས་གཉིས་དག་ཏུ་སྟེ། །གཉིས་པ་རྩ་ཡི་སྐུ་ཡིན་ནོ། །གཉིས་ནི་དབྱིངས་ཀྱི་སྐུ་རུ་བཤད། །གཉིས་ནི་ཡངས་པའི་སྐུ་ཡིན་ནོ། །གཉིས་ནི་དག་པའི་སྐུ་ཡིན་ནོ། །དེ་བཞིན་གཉིས་ན་ལོག་པ་གནས། །གཉིས་ན་མི་འགྱུར་རྡོ་རྗེའི་སྐུ། །གཉིས་ན་ངོ་བོ་ཉིད་ཡིན་ནོ། །དེ་བཞིན་གཉིས་ན་མཐོང་བ་གནས། །གཉིས་ན་ཐ་མི་དད་པའི་སྐུ། །

p. 398

ཞེན་མེད་དག་ནི་གཉིས་ནའོ། །གཉིས་ན་གཅིག་པ་ཐིག་ལེ་འོང་། །དེ་བཞིན་ལྷག་མ་རྣམས་སུ་ཡང་། །གཉིས་གཉིས་དག་ཏུ་ཤེས་པར་བྱ། །རིག་པའི་རྩ་ནི་ཉི་ཤུ་ལ། །གཉིས་ན་སེང་གེ་ལྟ་བུ་གནས། །དེ་བཞིན་གཉིས་ན་གླང་ལྟ་བུ། །གཉིས་ན་ཁྱུང་ཆེན་ལྟ་བུ་སྟེ། །གཉིས་ན་འཇའ་ཚོན་ལྟ་བུར་གནས། །གཉིས་ན་སྲེག་བྱེད་མེ་ལྟ་བུ། །ལྷག་མ་རྣམས་ན་རེ་རེའོ། །ཐིག་ལེའི་རྩ་ནི་སུམ་ཅུ་སྟེ། །བཅུ་ན་གཞི་ལམ་ཐིག་ལེ་གནས། །བཅུ་ན་སྟོང་པའི་ཐིག་ལེ་སྟེ། །བཅུ་ན་རྒྱུ་ཡི་ཐིག་ལེའོ། །འབྱུང་བའི་རྩ་ནི་ལྔ་བཅུ་ན། །བཅུ་ན་རླུང་གི་འཛིན་བྱེད་དབུགས། །བཅུ་ན་མེ་ཡི་འཛིན་བྱེད་དྲོད། །བཅུ་ན་ཆུ་ཡི་སྡུད་བྱེད་ཁྲག །བཅུ་ན་ས་ཡི་སྐྱེད་བྱེད་ཤ། བཅུ་ན་ནམ་མཁའི་སྤོར་བྱེད་སེམས། །ཤེས་རབ་རྩ་ནི་ཉི་ཤུ་བརྒྱད། །དགུ་ན་འབྱེད་བྱེད་པྲཛྙཱ་སྟེ། །དགུ་ན་སྡུད་བྱེད་དྭངས་མའོ། །ལྔ་ན་སྒྲོལ་བྱེད་ཤེས་རབ་བོ། །ལྔ་ན་སྐྱོད་པར་བྱེད་པའོ། །སེམས་ཀྱི་རྩ་ནི་བཅུ་རྣམས་ན། །རེ་རེ་དག་ནི་གནས་པའོ། །གཅིག་ན་གཉིས་སུ་གནས་པའོ། །མ་རིག་རྩ་ནི་རྣམ་པ་བཅུ། །གཉིས་ན་རྩ་བའི་མ་རིག་གནས། །གཉིས་ན་འཁྲུལ་པའི་མ་རིག་གནས། །གཉིས་ན་འཁྲུལ་གཞིའི་མ་རིག་གནས། །གཉིས་ན་འཛིན་པ་རྟོག་པའི་གནས། །ལྷག་མ་དག་ན་རེ་རེའོ། །ཡིད་ནི་རྣམ་པ་བཅུ་གཉིས་ཏེ། །ཡིད་རེ་རྩ་ནི་གཉིས་གཉིས་སོ། །ཉོན་མོངས་རྩ་ནི་ཉི་ཤུ་བརྒྱད། །བཅུ་ན་ཞེ་སྡང་གནས་པའོ། །ལྔ་ན་དེ་བཞིན་འདོད་ཆགས་གནས། །ལྔ་ན་གཏི་མུག་རྣམ་པར་གནས། །བཞི་ན་ཕྲག་དོག་དེ་བཞིན་གནས། །བཞི་ན་ང་རྒྱལ་གནས་པའོ། །དེ་ལྟར་རྩ་དང་རླུང་རྣམས་ནི། །རིམ་པར་གནས་ཤིང་འཆར་བའོ། །ཞེས་སོ། །དེ་དག་གི་རྣམ་གྲངས་དང་བྱེད་ལས་བཤད་ན། དེ་ཉིད་ལས། སྤྱི་བོ་བདེ་ཆེན་འཁོར་ལོ་ལ། །རིག་དང་ཡེ་ཤེས་རླུང་དང་ལས། །འདུ་དང་ཁྲག་དང་ཤེས་པ་སྟེ། །གནས་བདུན་པོ་ལ་རེ་རེ་ཞིང་། །རྩ་ནི་ལྔ་བཅུ་ལྔ་བཅུའོ། །རྩ་ཡི་རྣམ་པ་དེ་དག་ནི། །ལྔ་བཅུ་སྟེང་དུ་འགྲོ་བ་སྟེ། །ཤེས་པའི་དྭངས་མ་སྡུད་པར་བྱེད། །ལྔ་བཅུ་གཡོན་དུ་འགྲོ་

p. 399

བ་སྟེ། །སེམས་ཀྱི་དྭངས་མ་སྡུད་པར་བྱེད། །ལྔ་བཅུ་རྩིབས་ལ་གནས་པ་སྟེ། །ཡུལ་གྱི་དྭངས་མ་འཛིན་པར་བྱེད། །ལྔ་བཅུ་དབུས་ན་གནས་པ་སྟེ། །རང་རང་ཤེས་པའི་ཆ་འཛིན་ནོ། །ལྔ་བཅུ་ཀུན་ཏུ་ཁྱབ་པ་སྟེ། །དབུགས་དང་དྭངས་མ་ཡིད་ཀྱི་རྟ། །ལུས་དང་དབང་པོར་བཅས་བཅུའོ། །སྒོ་ལ་མི་དབྱུང་ཉི་ཤུའོ། །དབུགས་ཀྱི་རྟ་བྱེད་སུམ་ཅུའོ། །འཁྲུག་མ་དང་ནི་ལས་རླུང་རྟ། །ལས་ཀྱི་འབྱུང་བ་འཁྲུགས་པ་ཡི། །རྩ་ནི་རྣམ་པ་བཞི་ཡོད་དེ། །གྱེན་དུ་སྐྱུག་དང་ཐུར་དུ་འཁྲུ། །བར་དུ་འཁྲུག་པར་བྱེད་པ་ཡི། །མ་བསྒྲུབས་པ་ཡི་རྩ་ཆེན་བཞི། །ཁྲག་དང་ཆུ་སེར་དྭངས་མ་ལས། །ལུས་དང་ཡན་ལག་ན་གྱུར་ནས། །སྙིང་ཡང་འདར་ཞིང་ལག་པ་འདར། །མཆི་མ་འཛག་ཅིང་མགོ་བོ་འཁོར། །ཡན་ལག་རྣམས་ཀྱང་སྦྲིད་པ་འབྱུང་། །དེས་ནི་ལུས་ཟུངས་འཆོར་བར་བྱེད། །གཞི་ལ་གནས་པ་དྲུག་ཡིན་ཏེ། །གནས་དང་སྟོང་དང་འབྱུང་བ་དང་། །ལས་ནི་སོ་སོར་བྱེད་པའོ། །ཐིག་ལེ་སྡུད་དང་དྭངས་མ་སྤྲོ། །བཞི་བཅུ་སྦྲ་ཡི་རེ་ཐག་བཞིན། །སྤྲིང་དེ་བཞིན་ལ་གནས་པའོ། །དེ་བཞིན་རྩ་ཡི་རྣམ་པ་རྣམས། །རྒྱུ་ནི་སྟོང་རྒྱུ་འཇུ་བ་ཆེ། །ལུས་ཀྱི་དྲོད་དང་ལས་གང་ཀུན། །འདི་རྫོགས་གཅིག་ལ་འབྲས་བུ་ནི། །སྣ་ཚོགས་སྡུད་ཅིང་བསྐྱོད་པའོ། །ཤེས་པའི་དྭངས་མ་རེ་རེ་ལས། །ཡེ་ཤེས་རླུང་ནི་གཉིས་གཉིས་སོ། །འགྱུ་བྱེད་རླུང་ནི་བདུན་ཅུ་གཉིས། །དབུགས་ནི་ཉི་ཁྲི་ཆིག་སྟོང་ལས། །རྩ་ནི་འབུམ་ཁྲི་བཞི་རྣམས་དང་། །བདུན་སྟོང་དག་ནི་རྒྱུ་བར་བྱེད། །སྤྱི་གཙུག་བདེ་འཁོར་རྩ་དེ་རྣམས། །འཁྲིགས་པའི་ཚེ་དང་འཁྲུགས་པའིི་ཚེ། །གནས་པའི་ཚེ་དང་འགྱུ་བའི་ཚེ། །སྟོངས་པ་དང་ནི་འཇུག་པའོ། །འདུས་པས་ཡལ་བའི་ངང་དུ་ཐིམ། །ཞེས་སོ། །གཉིས་པ་དེ་ལས་གྱེས་པ་ཕྱི་རྩའི་འདབ་མ་དང་ཡན་ལག་ནི། ཡང་དེ་ཉིད་ལས། བདེ་བའི་འཁོར་ལོའི་རྩ་རྣམས་ན། །ཕྱི་ཡི་ཡན་ལག་འདི་དག་གོ། འཁོར་ལོའི་རིམ་པ་དང་ལྡན་པས། །ཕྱི་རོལ་རིམ་པ་གཡས་ཕྱོགས་

p. 400

ན། །དུང་དཀར་འཁྱིལ་པའི་མདོག་འདྲ་བའི། །སྤྱི་གཙུག་ཚངས་པའི་བུ་ག་ལ། །པདྨ་ལྟ་བུའི་རྩ་ཆེན་དང་། །བ་མེན་རྭ་འདྲའི་རྩ་ཉིད་དོ། །དེ་དག་གཉིས་ལས་ཡལ་ག་ནི། །རྣམ་པ་དྲུག་ཏུ་གྱེས་པའོ། །ཙཀྲ་དེ་ཡི་གཡོན་ཕྱོགས་ནས། །རྣམ་པར་འགྱུ་བར་བྱེད་པ་ཡི། །པདྨ་ལྟ་བུའི་གཡས་གཡོན་དུ། །རྩ་ནི་རྣམ་པ་གཉིས་ཡོད་དེ། །དེ་ལས་རྣམ་པར་འཕྲོས་པ་ནི། །རྣ་བའི་ལྟག་ནས་སོར་བཞི་ནས། །གཡས་གཡོན་གཉིས་ན་བཞི་བཞིའོ། །ཙཀྲའི་ཕྱི་རིམ་མདུན་མ་ནས། །དཔག་བསམ་ཤིང་གི་དབྱིབས་འདྲ་བའི། །རྩ་བ་སྡོང་པོར་བཅས་པའི་རྩ། །མཚོག་མ་སྤྱི་བོ་ལ་ཉེ་བའི། །མ་ཧེའི་ལྕེ་དང་འདྲ་བ་ཞིག །དེ་ལས་རྩ་ནི་བཞི་བཅུའོ། །དེ་འོག་འཁོར་ལོའི་མུ་ཁྱུད་ལས། །རྣམ་པར་གྱེས་པའི་རྩ་ཆེན་ནི། །ལྟག་པའི་འབུར་ནི་གཡས་གཡོན་ལ། །སྦྲང་བུ་ཏྲེ་ལའི་གཟུགས་འདྲ་བའི། །རྩ་ཡི་སྡོང་པོ་གཉིས་དག་གནས། །འདུས་པའི་རྩ་ནི་བཅུ་བཅུའོ། །འཁོར་ལོ་དེ་ལས་གཡོན་ཕྱོགས་ན། །ཕྱི་དྲིལ་ལྟ་བུའི་རྩ་ཆེན་ནི། །ལྡན་པའི་ཕྱོགས་ནི་ཉེ་བ་ན། །གནས་པའི་རྩ་ནི་རེ་རེའོ། །དེ་གཉིས་ལ་ནི་བཅུ་བཅུའོ། །འཁོར་ལོ་རིམ་པ་གསུམ་པ་ལས། །རྣམ་པར་འཕྲོས་པའི་རྩ་ཆེན་ནི། །གྲོག་མོའི་འཁོར་དང་འདྲ་བའོ། །ལས་བྱེད་རྩ་ནི་གསུམ་ཡོད་དོ། །དཔྲལ་བ་ཡི་ནི་དཀྱིལ་འཁོར་ན། །དབུས་ན་གསེར་གྱི་ཁབ་འདྲ་བའི། །རྣམ་པར་ཕྲ་བའི་རྩ་གནས་པ། །དེ་ལ་ཡལ་ག་བཅུ་ཡོད་དོ། །ཙཀྲ་དེ་ཡི་གཡས་གཡོན་ནས། །འཛིན་བྱེད་རྒྱུ་དང་བཅས་པ་ཡི། །རྩ་ནི་རྣམ་པ་གཉིས་འཆར་ཏེ། །ཙཀྵུ་ལྟ་བྱེད་དཀར་ནག་མཚམས། །གཡས་གཡོན་གཉིས་ན་རེ་རེ་སྟེ། །གཡས་ན་རྣམ་པར་གནས་པ་ནི། །པདྨ་མཛེས་པ་ལྟ་བུ་དང་། །དར་དཀར་སྣལ་མ་ལྟ་བུ་གཉིས། །རྣམ་པར་འཆར་ཞིང་གནས་པའོ། །དེ་གཉིས་ལ་ཡང་ལྔ་ལྔའོ། །གཡོན་གྱི་རྣམ་པར་གནས་པ་ནི། །རྡོ་རྗེ་ལྟ་བུའི་རྩ་ཆེན་དང་། །ལྕགས་ཀྱུ་ལྟ་བུ་གཉིས་གནས་སོ། །དེ་གཉིས་ལ་ཡང་ལྔ་ལྔའོ། །ཙཀྲ་དེ་ཡི་དབུས་ཉིད་ནས། །དཔྲལ་བའི་གཡས་གཡོན་གཉིས་

p. 401

པོ་ལ། །མུ་ཏིག་ལྟ་བུའི་རྩ་གཉིས་ཡོད། །དེ་གཉིས་ལ་ཡང་ལྔ་ལྔའོ། །འཁོར་ལོ་རྣམ་པ་བཞི་པོ་ལས། །ལག་སོར་ལྟ་བུའི་རྩ་རྣམས་ནི། །མིག་གི་ཕུགས་ཀྱི་གཡས་གཡོན་ན། །ཉ་མོ་ལྟ་བུའི་རྩ་རེ་སྟེ། །ཁ་དོག་དམར་པོ་འོད་ཟེར་འབར། །དེ་གཉིས་ལ་ཡང་བཅུ་བཅུའོ། །ཙཀྲ་དེ་ཡི་མདུན་རྒྱབ་ནས། །ཟླ་བ་ལྟ་བུའི་རྩ་རེ་སྟེ། །རྩེ་ལྟག་གཉིས་སུ་རྣམ་པར་འཐོན། །འོད་ཟེར་དཀར་པོ་དྲི་མེད་ཅིང་། །དེ་གཉིས་ལ་ཡང་བཅུ་བཅུའོ། །དེ་ནས་འཁོར་ལོའི་མཚམས་ནས་ནི། །ཉ་མིག་ལྟ་བུའི་རྩ་ཆེན་ན། །རྣམ་པར་འཁྱིལ་བ་རེ་རེ་སྟེ། །སྣ་ཡི་གཡས་གཡོན་ཙཀྵུའི་ཕུགས། །རྣམ་པར་གནས་པ་རེ་རེའོ། །དེ་གཉིས་ལ་ནི་ལྔ་ལྔའོ། །འཁོར་ལོ་རིམ་པ་ལྔ་པ་ལས། །སྒྱུ་མ་ལྟ་བུའི་རྩ་ཆེན་ནི། །རྣམ་པ་འཁྱིལ་བའི་སྡོང་པོ་གཅིག །ཁ་ནི་སྡོང་པོ་གཉིས་སུ་ལྡན། །གཅིག་ནི་པད་མ་ལྟ་བུ་སྟེ། །ལྕེ་ཡི་སྟེང་ན་རྣམ་པར་གནས། །དེ་ལ་ཡང་ནི་གཉིས་གཉིས་སོ། །བྱེ་རུའི་མདོག་དང་ལྡོང་ངོས་མདོག །རྣམ་པ་གཉིས་ནི་གནས་པའོ། །དེ་དག་ལ་ནི་བཅུ་བཅུའོ། །དེ་ཡི་རྩ་ཡི་སྟོང་ཟླ་ནི། །འདབ་མ་ལྡན་པ་གསུམ་ལྡན་ཏེ། །ཁ་དོག་ནག་ཅིང་ལྕགས་ཀྱུའི་དབྱིབས། །རྣམ་པ་གསུམ་ནི་སྒྲིལ་མའོ། །དེ་དག་ལ་ཡང་བཅུ་བཅུའོ། །རྩ་ཡི་རྣམ་པ་དེ་དག་ནི། །འབྱུང་བའི་ཐབས་དང་གནད་ཀྱི་རྒྱུ། །སྒྲུབ་པ་པོས་ནི་ཤེས་པར་བྱ། །རླུང་དང་ཐིག་ལེ་འདུ་གནད་དང་། །ཤེས་པའི་རྟ་དང་དྭངས་མ་ནི། །རྣམ་པ་ལྔ་ལྔར་ཤེས་པར་བྱ། །རླུང་དང་མཁྲིས་པ་བད་ཀན་དང་། །འདུས་པ་དང་ནི་རྣམ་པ་བཞི། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ཁོང་ཁྲོ་ལས་ནི་འགྱུར་བ་སྟེ། །དེ་དག་རྣམས་ཀྱི་མཚན་ཉིད་ནི། །རེ་རེ་ལ་ཡང་གསུམ་གསུམ་མོ། །ཡུལ་དང་དུས་ཚོད་གནས་རྣམས་དང་། །འཇུག་པར་བྱེད་པ་རྣམས་ཡིན་ནོ། །རླུང་ལ་རྣམ་པ་གཉིས་ཡིན་ཏེ། །ཡེ་ཤེས་རླུང་དང་ལས་རླུང་ངོ་། །ཚ་བ་དང་ནི་གྲང་བའོ། །ཡེ་ཤེས་རླུང་ནི་བཞི་ཡིན་ནོ། །རིགས་དང་ཡེ་ཤེས་ཁ་དོག་དང་། །ཐིག་ལེ་དངོས་

p. 402

ཀྱི་རླུང་ཡིན་ནོ། །ཐིག་ལེ་ལ་ཡང་གཉིས་ཡིན་ནོ། །ལས་ཀྱི་རྒྱུ་དང་ཡེ་ཤེས་སོ། །ལས་ལ་རྣམ་པ་གཉིས་ཡིན་ནོ། །འཛིན་པའི་རྒྱུ་དང་སྐྱེད་པའི་རྒྱུ། །ཡེ་ཤེས་ལ་ནི་གཉིས་ཡིན་ནོ། །རླུང་གི་གདངས་དང་འོད་ཀྱི་རྒྱུ། །འདུ་བ་རྣམས་ནི་གཉིས་ཡིན་ཏེ། །ཚ་དང་གྲང་བ་གཉིས་ཡིན་ནོ། །ཤེས་པའི་རྟ་ཡང་དེ་དང་འདྲ། །སྡུད་བྱེད་ཡིད་དང་ཤེས་རབ་བོ། །དྭངས་མ་ཡང་ནི་རྣམ་གཉིས་སོ། །ཁྲག་དང་ཆུ་སེར་ཤ་རྣམས་དང་། །འོད་དང་རླུང་གི་ཁ་དོག་གོ། དེ་ལྟར་ཀུན་ལ་ཤེས་པར་བྱ། །ཞེས་སོ། །གསུམ་པ་གནད་བྱེ་བྲག་ཏུ་བསྟན་པའང་། དེ་ཉིད་ལས། སྤྱི་གཙུག་བདེ་བའི་ཙཀྲ་ལ། །ལྷག་མ་ཁྱབ་ཀྱིས་འདབ་མ་རྣམས། །ཀུན་ལ་སྣང་བ་ཡིན་པ་ལ། །རྩ་ཡི་རྣམ་པ་དེ་དག་ལ། །གནས་པའི་རླུང་དང་ཐིག་ལེ་དང་། །ཤེས་པའི་རྟ་ནི་འདི་ལྟར་ཡོད། །གཏེམ་དུ་རུང་བའི་རྩ་བཞི་ལ། །ཤར་དུ་རུང་བའི་རྩ་བཞི་ཡོད། །སྣང་བའི་ཐིག་ལེ་བཞི་གནས་པའོ། །གཏེམ་དུ་རུང་བའི་རླུང་སྒོ་ནས། །འཇུག་པའི་རྩ་ནི་ལྔ་བཅུའོ། །ཐོབ་པའི་འབྲས་བུ་དེ་ཉིད་དོ། །རབ་ཏུ་བརྟན་པའི་རྩ་ལྔ་ལས། །ཤེས་པའི་དྭངས་མ་རེ་རེའོ། །དེ་གཏེམས་དྲོད་ཀྱི་གདམས་ངག་རྫོགས། །གནས་པའི་རྩ་ནི་སུམ་ཅུ་གཉིས། །གསལ་བའི་རླུང་ནི་སུམ་ཅུ་གཉིས། །ཆ་དང་ཆ་ཡི་སྣང་བ་ལས། །འདི་དག་རྣམས་ནི་རྫོགས་པའོ། །གཏེམས་ན་ཟློག་པར་འགྱུར་བ་ཡི། །རྩ་ནི་ལྔ་བཅུ་འདི་དག་ལས། །རྨུགས་པའི་རླུང་ནི་རེ་རེའོ། །འཇུག་པའི་རླུང་ནི་དེ་དག་ལས། །ལྷག་མ་རྣམས་ནི་གཞི་ལ་གནས། །རྩ་ཡི་རྣམ་པ་དེ་དག་ལ། །འཕར་བའི་རྩ་ནི་སུམ་ཅུ་གཉིས། །རླུང་གི་གདངས་ཀྱང་དེ་ཙམ་མོ། །རྩ་དང་རླུང་གི་ཆ་དང་ནི། །འཁྲུལ་བའི་རླུང་ཡང་དེ་ཙམ་མོ། །གནས་པའི་རླུང་ནི་བདུན་ཕྲག་གཉིས། །ལུས་ལ་གནས་ཤིང་རྫོགས་པའོ། །བདེ་བའི་རྩ་ནི་དེ་དག་ལས། །སྣང་བ་དང་ནི་མི་སྣང་བའི། །འཁྲུལ་པའི་རྟེན་ཡང་དེ་ཙམ་མོ། །གསེངས་ན་སྐྱོན་འགྱུར་ཉི་ཤུ་བརྒྱད། །མ་གསེངས་སྐྱོན་

p. 403

འགྱུར་བཅུ་དགུའོ། །བསྲེགས་ན་སྐྱོན་འགྱུར་བདུན་ཡོད་དོ། །མ་བསྲེགས་སྐྱོན་འགྱུར་ཉི་ཤུའོ། །ཞེས་སོ། །བཞི་པ་རྩའི་འཁོར་ལོ་འདིར་འདུ་བའི་ནད་ཇི་ལྟར་བཅོས་པའི་མན་ངག་ནི། གནད་ཀྱི་ཡི་གེ་ལས། སྤྱི་བོའི་གཙུག་ནི་དྲང་པོ་ན། །ཡི་གེ་ཨ་ནི་གནས་པ་སྟེ། །སྨན་སྐད་གཉན་གྱི་རེ་ཐག་ཡིན། །འདི་གཏར་སྙིང་གི་རིམས་ནད་ཕན། །འདི་ནས་གཡས་ཀྱི་ཚོན་གང་ན། །ཡི་གེ་ཀཱ་ནི་གནས་པ་སྟེ། །འདི་མིང་བོ་དྷི་གཡས་པ་ཞེས། །འདི་གཏར་གཞོགས་གཡས་ན་ལ་ཕན། །དེ་གཡོན་ཚོན་གང་ཀཱི་ཡིག་སྟེ། །འདི་མིང་བོ་དྷི་གཡོན་པ་ཞེས། །འདི་གཏར་གཞོགས་གཡོན་ན་ལ་ཕན། །དེ་ནས་སོར་བཞི་མཚོག་མའི་སྟེང་། །ཀི་གནས་རལ་མིག་ཆེན་མོ་ཞེས། །འདི་གཏར་མཚོག་མ་འཐིབ་ལ་ཕན། །དེ་གཡས་ཚོན་གང་བཅལ་བ་ན། །ཀུ་གནས་དུང་རྩ་འཁོར་མ་ཞེས། །འདི་གཏར་ལྡན་གཡས་ནད་ལ་ཕན། །དེ་འོག་ཚོན་གང་ཀླུ་ཡིག་སྟེ། །དུང་རྩ་འགྲེང་བུ་ཞེས་བྱ་བ། །འདི་གཏར་ལྡན་གཡོན་ནད་ལ་ཕན། །དེ་ནས་ཚོན་གང་མདུན་ངོས་ན། །ཀེཧྱ་གནས་རལ་མིག་ཆུང་ངུ་ཞེས། །འདི་གཏར་མིག་གི་ནད་ལ་ཕན། །དེ་ཡི་གཡས་ཀྱི་ཚོན་གང་ན། །ཀཻཧྱ་གནས་མཁྲིས་རྩ་སེར་པོ་ཞེས། །འདི་གཏར་དང་ག་འགྲིབ་ལ་ཕན། །དེ་ཡི་གཡོན་ནས་ཚོན་གང་ན། །ཀེ་གནས་མཁྲིས་པའི་དོང་བུ་ཞེས། །འདི་གཏར་ཁ་ཁའི་ནད་ལ་ཕན། །དེ་ནས་དཔྲལ་པའི་དབུས་ན་ནི། །ཀཱཻ་གནས་མཁྲིས་རྩ་སེར་མདུང་ཡིན། །འདི་གཏར་ཆང་གི་ནད་ལ་ཕན། །དེ་གཡས་མིག་གི་ཕུགས་ནས་གྱེན། །མཚོན་བྱེད་ཀཱོ་གནས་མིག་རྩ་འགྲེང་། །འདི་གཏར་ལིང་ཐོག་ནད་ལ་ཕན། །གཡོན་པའི་ཕུགས་ན་ཀོ་ཡིག་གནས། །མིག་རྩ་འཕར་མ་ཞེས་བྱ་བ། །འདི་གཏར་ཚད་པའི་ནད་ལ་ཕན། །དེ་ལས་གྱེན་དུ་ཚོན་གང་གཡས། །ཀཱ་གནས་མིག་རྩ་འཕྲེད་ཉལ་ཞེས། །གཡོན་འཕྲེང་ཀཾ་གནས་མི་གཏར་རོ། །དེ་ནས་ཕར་བཅལ་རྩེ་འདང་གཡས། །ཐ་གནས་གཏར་བས་ཀླད་ནད་ཕན། །རྩེ་འདང་གཡོན་ན་ཡི་གེ་ཐཱ། །གཏར་བས་མིག་ནི་ལུག་ལ་ཕན། །མིག་ཕུགས་གཡས་ན་ཐི་གནས་ཏེ། །འདི་མིང་མིག་རྩ་ལྡུམ་བུ་

p. 404

ཡིན། །འདི་གཏར་མིག་རྩའི་ནད་ལ་ཕན། །གཡོན་གྱི་ཕུགས་ན་ཡི་གེ་ཐཱི། །འདི་མིང་མིག་རྩ་གང་པོ་ཞེས། །འདི་གཏར་མིག་ནི་རྣོ་བར་བྱེད། །ལྕེ་སྟེང་གཡས་ཕྱོགས་ཡ་རྐན་ཕྱོགས། །དཀར་བའི་རྩ་ཆེན་གཉིས་ན་ནི། །ཐུ་དང་ཐཱུ་གཉིས་འཁྲལ་མའི་ཚུལ། །འདི་མིང་ལྕེ་རྩ་ནག་པོ་ཞེས། །འདི་གཏར་ལྕེ་ཕུགས་བྲོས་ལ་ཕན། །རྣལ་འབྱོར་པ་ཡིས་གདོན་ཞིང་བཟླས། །འདིས་ནི་འབྱུང་བ་འཁྲུགས་པ་སེལ། །ཅེས་སོ། །གསུམ་པ་ཉམས་སུ་བླང་ཚུལ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ལ་གནད་བཞི་ལས་འདུག་སྟངས་ཀྱི་གནད་ནི། སྐུ་གསུམ་གྱི་འདུག་སྟངས་ལ་གནས་པས་ཆོས་ཉིད་ཀྱི་བདེན་པ་ཁོང་དུ་ཆུད་ནས་འཁོར་བའི་ཆོས་ལས་གྲོལ་བའོ། །ཞིབ་ཏུ་འོག་ཏུ་འཆད་དོ། །རྩའི་གནད་ནི། གཅུ་བ་དང་གཏེམས་པ་དང་དཀྲུགས་པ་ལ་སོགས་པ་མཐོང་བ་བརྒྱུད་པ་བཞིན་ནོ། །སྒོའི་གནད་ནི་གཟིགས་སྟངས་གསུམ་སྟེ། འཁྲུལ་སྣང་འོད་གསལ་དུ་བསྒྱུར་བའོ། །གཉིད་དང་རྨི་ལམ་རྒྱས་འདེབས་པ་ནི་ཉལ་ལུགས་ཀྱི་གནད་ངེས་པས་འགྲུབ་སྟེ། སེང་གེ་ལྟ་བུར་ཉལ་བས་གཉིད་འོད་གསལ་དུ་འཆར་བའི་གཞི་བྱེད། གླང་པོ་ལྟ་བུར་ཉལ་བས་རྨི་ལམ་གྱི་རྩ་བ་སྟོངས་པའི་ལམ་སེལ། དེ་ཡང་གཏི་མུག་གི་ཉལ་ལུགས་སྤངས་པས་འོད་གསལ་མཉམ་པའི་དོན་སྐྱེའོ། །འདོད་ཆགས་ཀྱི་ཉལ་ལུགས་སྤངས་པས་འདོད་ཆགས་སེལ་བའི་གཞི་རྙེད། ཞེ་སྡང་གི་ཉལ་ལུགས་སྤངས་པས་ཆོས་ཉིད་མཉམ་པའི་རོ་སྙོམས་པའོ། །དེའང་རིམ་པ་ལྟར་ཁ་སྦུབ་པ་དང་། གན་རྐྱལ་དང་། གཡས་སྟེང་དུ་གདོན་པ་སྤངས་པའོ། །དེ་ལྟར་སྤྱིའི་དོན་བསྟན་ནས། ད་ནི་བྱེ་བྲག་ཏུ་ཉམས་ལེན་དངོས་ནི། སྔོན་འགྲོ་དང་དངོས་གཞི་གཉིས་ལས། སྔོན་འགྲོ་ནི། ཉི་མ་གསུམ་བཞི་ཙམ་དུ་ལུས་དལ་བར་བྱའོ། །དེ་ནས་ཉི་མ་གསུམ་བཞིར་ལུས་ལ་མར་སྣ་ཚོགས་པའི་བསྐུ་མཉེ་བྱ་ཞིང་ཉི་མ་ལ་བསྲེག །རྐང་མཐིལ་ལ་ཆང་བཟང་པོ་བྱུགས་ནས་དྲག་ཏུ་མཉེ། དེ་ནས་ཞག་གསུམ་དུ་ཡན་ལག་ཐང་ཤ་བཅད་ལ་གན་རྐྱལ་དུ་ཉལ་ལོ། །དེས་

p. 405

རྩ་ཐམས་ཅད་ལངས་ནས་འོང་སྟེ། འཕར་བ་དང་། རྒལ་བར་འགྱུར་རོ། །སྐྱེས་པའི་གཡས་འཕར་དྲག་པ་ལ། ཙནྡན་དང་སེང་ལྡེང་གི་ཐང་ཆུ་བྱུགས་ལ་གྱོ་མོ་འཇམ་པོས་ཕྱི་ནས་བསྲོའོ། །དེ་ལྟར་བྱ་བ་གནད་ཆེའོ། །གཉིས་པ་དངོས་གཞི་ནི། རླུང་ལ་ཤིས་པའི་ཁ་ཟས་དང་ཆང་བཟང་པོ་བག་རེ་བསྟེན་ལ། སྐྱེས་པ་རྣམས་ཀྱིས་གཞོགས་གཡོན་འོག་ཏུ་བཅུག་ནས་ཉལ་ལ། བུད་མེད་རྣམས་ཀྱིས་གཡས་འོག་ཏུ་བཅུག་ནས་ཉལ་བས་རྩ་སོ་སོའི་ལས་འགྱུར་བར་བྱེད་པའི་གནད་དོ། །དེས་རྩ་འཕར་ཞིང་ལངས་ནས་འོང་སྟེ། གང་འཕར་བསྐྱེན་ཅིང་དྲག་པ་རྣམས་ལ་རུ་རྟའི་མེ་རྩ་འཇམ་ཙམ་བྱའོ། །ལག་པའི་སྲིན་ལག་གིས། གཡས་ཀྱི་འཕར་རྩ་གང་དྲག་པ་ཀུན་མནན་ཏེ། ཐོག་མ་ནེམ་ཙམ་པ་ལས་ཇེ་དྲག་ཇེ་དྲག་ལ་མནན་དུས། རླུང་ནང་དུ་བསྟིམས་ལ་རེས་ཕྱི་ལ་དྲག་ཏུ་ཕུལ། རེས་ནང་དུ་རྔུབ་པ་དྲག་ཏུ་བྱའོ། །དེ་ལྟར་བྱས་པས་ཤེས་པ་ཉོགས་ཀྱིས་སོང་དུས་ལངས་ལ་མགྲིན་པ་གཡས་སུ་གཅུས་ལ། ལྐོག་མ་དཔུང་པ་གཡས་པའི་སྟེང་དུ་བཞག་སྟེ། ལག་པ་གཡས་པས་མགྲིན་པའི་ཕྱི་རོལ་ནས། རྩ་འཕར་ཞན་པ་གྱེན་དུ་རྒྱུ་བ་ཅིག་ཡོད་དེ། དེ་ལ་ཐོག་མ་སྲན་མ་བདུན་གྱི་ལྗིད་ཙམ་དུ་མནན་ནོ། །དེ་ནས་བགས་ཀྱིས་ཇེ་དྲག་ལ་བཅུ་བཞི་དང་། ཉེར་གཅིག་གི་ལྗིད་ཀྱིས་མནན་པས། དང་པོ་བན་བུན་དུ་འགྱུར་ཏེ། ལས་དང་ཉོན་མོངས་པའི་རྩ་སྤོང་བར་བྱེད་པའི་ཉམས་སོ། །དེ་ནས་སང་སེང་དུ་སྣང་བ་དག་འོང་བ་ནི་ཡེ་ཤེས་ཀྱི་མཐོང་བ་རང་བཞིན་གྱི་ཡུལ་ལོ། །དེ་ནས་ཁྲལ་ཁྲོལ་དུ་སྣང་བ་ནི། ཡེ་ཤེས་རྣམ་པར་དག་པའི་ལམ་མངོན་དུ་གྱུར་པའི་ཉམས་སོ། །དེ་ལྟར་འགྱུར་བའི་དུས་ན་སྐབས་སུ་བླ་མ་ལ་གསོལ་བ་གདབ་པ་དང་སྤྱོད་ལམ་ཅི་རིགས་སུ་བྱའོ། །དེ་ལྟར་མ་བྱས་ན་རླུང་སྲོག་པ་རྩར་ཤོར་ནས་ཤེས་པ་སྲུར་བ་དག་འོང་སྲིད་དོ། །དེ་ནས་ཐུན་དུ་བཅད་ལ་ཡུན་རིང་དུ་བྱས་པས། འོད་གསལ་ཆེན་པོའི་ཉམས་རེས་འཇོག་དང་བཅས་པ་འཆར་རོ། །དེ་ལྟར་རྟག་ཏུ་བྱས་པས་ལུས་སྦྲིད་ཅིང་རེག་

p. 406

པ་ཉམས་པར་འགྱུར་བ་ནི་རྩའི་ཡུལ་སྟོངས་པ་ལས་བྱུང་བས། མར་ནག་དང་གུ་གུལ་སྦྱར་བའི་བསྐུ་མཉེ་བྱའོ། །སེམས་ཀྱི་རྣམ་རྟོག་སྣ་ཚོགས་ཀུན་འགགས་ནས་འོད་གསལ་ཆེན་པོའི་ཉམས་ལ་གནས་པ་ནི། ཡེ་ཤེས་ཆེན་པོའི་ཐིག་ལེ་གནད་ལ་ཕེབས་པ་ལས་བྱུང་སྟེ། འདིའི་དུས་སེམས་འབྱུང་བ་བཞིའི་དྲ་བར་གཞུག་པར་བྱ་ཞིང་། རླུང་ནང་དུ་དགུག་པ་ནི་མན་ངག་གོ། འདི་ལ་བདེ་བ་སྐྱེ་བ་དང་། སྐྱེས་པ་དང་། བརྟན་པ་དང་། ཁྱད་པར་གྱི་ཡེ་ཤེས་ལམ་དུ་འབྱོར་པ་ལ་སོགས་པར་འབྱུང་བ་ནི། བརྩོན་འགྲུས་ཀྱི་རིམ་པ་ལས་བྱུང་བའོ། །བུད་མེད་རྣམས་ལ་གཡོན་ནས་བྱའོ། །དེ་ཡང་རྩའི་ཡུལ་ལ་བརྟེན་ནས་ཉམས་སུ་བླང་བ་ནི། གཏེམ་པ་དང། མནན་པ་དང་། བསྐྱིལ་བ་དང་། གཟིར་བ་དང་། གཅུན་པ་དང་། གཞིལ་བ་དང་། སྦ་བ་རྣམས་སུ་ཤེས་པར་བྱ་སྟེ། དེ་ལ་སྦ་བ་ནི་རོ་མའི་གནད། གཅུན་པ་ནི་རྐྱང་མའི་གནད། ཀུན་འདར་མ་གཞིལ་པའི་གནད། རྩ་ཕྲན་རྣམས་ལ་གཏེམ་པ་ལུས་ཀྱི་གནད་དུ་བྱ་བ་དང་། མནན་པ་ངག་གི་གནད་དུ་བྱ་བ་དང་། བསྐྱིལ་བ་སེམས་ཀྱི་གནད་དུ་བྱ་བ་དང་། གཟིར་བ་སྣང་བའི་གནད་དུ་བྱ་བ་ཡིན་ནོ། །འདིར་ཡང་ལུས་ཀྱི་གནད་ཀྱིས་རྩའི་ཡུལ་བཙལ་བ་དང་། རླུང་གི་གནད་ཀྱིས་རྩའི་ལམ་བསལ་བ་དང་། རྩའི་འགྱུ་ཚད་ཀྱིས་སྐྱེ་ཤིའི་ཁུངས་བརྟག་པ་དང་། རྩའི་ངོ་བོས་ཆོས་ཉིད་སྐྱེ་བའི་དུས་བཟུང་བ་རྣམས་སུ་ཤེས་པར་བྱའོ། །རྩའི་འཕེན་པ་ནི། སྐྱེས་བུ་ལུས་ལ་འབྱུང་བའི་ནད་མེད་པ་ན་ཚོད་དར་ལ་བབ་པ་ཅིག་ལ། ཉིན་ཞག་ཕྲུགས་གཅིག་ལ། རྩའི་འགྱུ་ཚད་དྲུག་ཁྲི་བཞི་སྟོང་དང་བརྒྱད་བརྒྱ་འགྱུ་ལ། དེ་ཡང་འཕར་བ་དྲག་ཞན་གྱི་སྟོབས་ལས་ནད་དང་གདོན་བརྟག །རྩའི་གྲངས་ལས་ཚེའི་དུས་བརྟག །རྩའི་འགྱུར་བྱེད་ཀྱི་འཕེལ་འགྲིབ་ལས་ནད་དང་སྡུག་བསྔལ་གྱི་བྱེ་བྲག་བརྟག །རྩའི་སྦོམ་ཕྲའི་བྱེ་བྲག་ལས་ལས་དང་ཉོན་མོངས་པའི་དུས་བརྟག །རྩའི་དལ་བ་དང་མྱུར་བ་ལས་ཡེ་ཤེས་སྐྱེ་བའི་དུས་ངོས་བཟུང་། རྩ་སོ་སོའི་ཆག་གན་གྱི་མལ་ལས་ལུས་ངག་

p. 407

ཡིད་ཀྱི་ལས་བརྟག་པའོ། །དེ་དག་ཀྱང་ལུས་དང་། དུས་དང་། ཡུལ་གསུམ་དུ་མ་སྦྱར་ན་གཏན་ལ་མི་ཕེབས་སོ། །གྲངས་མང་བ་དང་། ཉུང་བ་དང་། འཕེལ་འགྲིབ་ཀྱིས་རླུང་མཁྲིས་བད་ཀན་གྱི་ནད་ངོས་གཟུང་བ་དང་། ནམ་གཞག་གཏན་གྱི་ཚེ་དང་། བསོད་ནམས་དང་། ལོངས་སྤྱོད་དང་། དབང་ཐང་དང་། དར་རྒུད་ལ་སོགས་པ་བརྟགས་པས། འབྱུང་བ་རྩིས་སྦྱོར་གྱི་རྟེན་འབྲེལ་ལ་མཁས་པར་བྱའོ། །དེ་ཡང་འཁོར་ལོ་བཞི་དུས་ཀྱི་བྱེ་བྲག་དང་སྦྱར་ལ། དཔྱིད་དུས་སྐྱེད་བྱེད། དབྱར་དྲན་པ། སྟོན་རོ་རྣམས། དགུན་རྩེ་མོའི་འཁོར་ལོ་ལུས་དང་། ངག་དང་། ཡིད་དང་སེམས་ཐ་མི་དད་པར་སྦྱང་ངོ་། །སྐྱེད་བྱེད་དུ་ལུས་ཀྱི་འཁྲུལ་འཁོར། དྲན་པར་ངག །རོ་རྣམས་སུ་ཡིད། རྩེ་མོར་སེམས་ཀྱི་འཁྲུལ་འཁོར་ལ་སྦྱར་རོ། །སྐྱེད་བྱེད་དང་པོའི་འཁོར་ལོའི་ལྟེ་བར་ཡི་གེ་ཨ་ལ་བརྟེན་ནས་བག་ཆགས་ཐ་དད་པ་སྟོངས་པའི་གནས་པ་ཆོས་ཉིད་དུ་སྦྱར། དྲན་པར་ཡི་གེ་ཨཾ་ལ་བརྟེན་ནས་ཆོས་ཉིད་ཀྱི་གནས་པ་དང་སྦྱར། རོ་རྣམས་སུ་ཧཱུྃ་ལ་བརྟེན་ནས་རྨི་ལམ་ཆོས་ཉིད་ཀྱི་གནས་པ་དང་སྦྱར། རྩེ་མོའི་ལྟེ་བ་ལ་ཧ་ལ་བརྟེན་ནས་སྙོམས་འཇུག་ཆོས་ཉིད་ཀྱི་གནས་པ་དང་སྦྱར་རོ། །དེ་ལྟར་སྦྱོར་སོ་བཞིའི་དང་པོར་རྟོག་པ་ཐ་དད་པ་སྦ་བའི་དུས་ལ་མཁས་པས་འགྱུ་བ་རླུང་དང་བསྲེ། གཉིས་པར་གཏི་མུག་དྲན་མེད་དུ་སྦ། གསུམ་པར་བག་ཆགས་སྔ་ཕྱི་རྣམས་རང་དག་ཏུ་སྦ། བཞི་པར་དགའ་བདེ་འཛིན་མེད་རང་གྲོལ་དུ་སྦས་པས་འགྲོ་བ་དྲུག་གི་ལས་དང་བག་ཆགས་རྒྱུན་ཆད་པའོ། །དོན་གཉིས་པ་བརྟེན་པ་རླུང་གི་རབ་ཏུ་དབྱེ་བ་ནི། ཐལ་འགྱུར་ལས། རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་བ་ཆེན་མོའི་རླུང་དུ་འདོད། །དེ་ཡི་བྱེད་ལས་རྣམ་པ་གཉིས། །གྱེན་ལ་རྒྱུ་དང་ཐུར་དུ་སེལ། །བར་ན་མཁས་པས་གནད་ཉིད་བཙལ། །རྩ་ནས་ངེས་པར་འགྱུ་བ་ནི། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་

p. 408

གཉིས། །སྟོང་ཕྲག་དྲུག་དང་བརྒྱ་ཕྲག་དྲུག །རྩ་ནས་ངེས་པར་འབྱུང་བ་སྟེ། །འགྱུ་བ་ཆུང་བའི་རླུང་དུ་འདོད། །ནད་དང་གདོན་དང་ཚེ་ཡི་དུས། །མཁས་པས་ཤེས་པར་བྱ་དེ་ཡང་། །དེ་ཡི་གནད་ཀྱིས་སྦྱོར་ཐབས་འབད། །ཆེན་མོ་ལ་ནི་དུས་བརྩི་སྟེ། །མཆོག་དང་ཐུན་མོང་དངོས་གྲུབ་བརྟག །སོ་སོའི་ལས་ཀྱི་བྱེ་བྲག་གིས། །ལས་དང་ཡེ་ཤེས་གཉིས་པར་དང་། །ཉོན་མོངས་རྣམས་དང་རྟོག་མེད་ལས། སོ་སོའི་གྲངས་དང་ཚད་བཟུང་སྟེ། །སྒོམ་པ་པོས་ནི་རྣམ་པར་སྦྱར། །དེས་ནི་སོ་སོའི་རླུང་ཚད་ཟིན། །ཅེས་གསུངས་པས། དེའི་དོན་གཏན་ལ་དབབ་པ་ལ་གསུམ་སྟེ། འགྱུ་བ་ངེས་པའི་གནས་སྤྱིར་བསྟན་པ། འཕོ་བ་ངེས་པའི་གནས་བྱེ་བྲག་ཏུ་བཤད་པ། ཡེ་ཤེས་དང་ལས་རླུང་ངེས་པས་མཇུག་བསྡུ་བའོ། །དང་པོ་ནི། སྤྱིར་ལུས་ལ་རྩ་གནས། རྩ་ལ་རླུང་གནས་པས། རླུང་ལ་འགྱུ་བ་ཆེ་ཆུང་གཉིས། ཕྱི་དང་ནང་དུ་འགྱུ་བ་ཡིན་ནོ། །དེ་ལ་འགྱུ་བ་ཆེ་བའི་རླུང་ནི་སྐྱེས་བུ་དར་ལ་བབ་པ་ནད་མེད་པ་གཅིག་ལ། ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཕྱི་ནང་དུ་རྒྱུ་བར་ངེས་ལ། ཁྱད་པར་དུ་ཁ་སྣ་མ་གཏོགས་པ་རྩའི་ནང་ན་རྟོག་པ་དང་ཡེ་ཤེས་ཀྱི་རྟེན་དུ་འགྱུ་བ་ཆུང་བའི་རླུང་འཕར་རྩ་ནས་འགྱུ་བ་བསྡོམས་པས། འབུམ་ཉི་ཁྲི་དང་དྲུག་སྟོང་དྲུག་བརྒྱ་ནང་དུ་འགྱུ་བའོ། །འདི་དག་གི་དུས་སུ་སྣ་བུག་གཡས་ནས་རྒྱུ་བ་ཕོ་རླུང་། གཡོན་ནས་རྒྱུ་བ་མོ་རླུང་། ཆ་མཉམ་དུ་རྒྱུ་བ་མ་ནིང་གི་རླུང་དུ་འགྱུར་རོ། །དེའང་འབྱུང་བ་ལྔའི་རླུང་ངེས་པས་དུས་བཞིའི་འཕོ་དུས་ལ་སྦྱར་ཏེ། སྐྱེས་པས་མོ་རླུང་དང་། བུད་མེད་ཀྱིས་ཕོ་རླུང་དང་། གཉིས་ཀས་མ་ནིང་གི་རླུང་ལ་གཙོ་ཆེར་སྦྱངས་ན་ཡེ་ཤེས་ཀྱི་རླུང་འབྱོངས་པར་སླ་བ་ཡིན་ནོ། །དེ་ཡང་གྱེན་རྒྱུ། ཐུར་སེར། མཉམ་གནས་གསུམ་གྱི་གནད་ལས། སྟེང་རླུང་མནན་པ་དང་། འོག་རླུང་བསྡུ་བ་དང་། བར་རླུང་བསྐྱིལ་བ་གསུམ་གྱི་གནད་བྱ་ཞིང་། མདའ་ལྟར་འཕང་བ་དང་། ལྕགས་ཀྱུ་ལྟར་དགུག་པ་དང་། བུམ་པ་ཅན་དུ་བསྐྱིལ་བ་དང་།

p. 409

ཆུ་སྲིན་ཆིངས་སུ་བསྡམ་པ་དང་། རི་བོ་ལྟར་མནན་པ་དང་། སྦུབས་མཆུ་ལྟར་བསྡུ་བ་དང་། རྩ་གནས་སུ་དགྲམ་པ་དང་། རང་གནས་སུ་གཞིལ་བ་དང་། ནམ་མཁའ་ལྟར་ཆོས་ཉིད་དུ་ལ་བཟླ་བའི་གནད་དང་། དགུས་ཉམས་སུ་བླང་བར་བྱའོ། །གཉིས་པ་འཕོ་བ་ངེས་པའི་གནད་བྱེ་བྲག་ཏུ་བཤད་པ་ནི། དུས་བཞིའི་རིམ་པ་ལྟར་སྦྱར་ན། དགུན་གྱི་ཟླ་བ་གསུམ་ལ་ཆབ་རོམ་ལྟ་བུའི་རླུང་སྐྱེ་བའི་གནད་ཀྱིས། དེ་ཉིད་མེ་རླུང་དུ་སོང་ན་ཚེའི་དུས་བྱེད། དཔྱིད་ཀྱི་དུས་ན་ས་བོན་ལྟ་བུའི་རླུང་སྐྱེ་བའི་གནད་ཀྱིས་དེ་ཉིད་ཆུའི་རླུང་དུ་འགྱུར་ན་ཚེའི་དུས་བྱེད། དབྱར་གྱི་དུས་ན་མེ་སྟག་ལྟ་བུའི་རླུང་སྐྱེ་བའི་ལས་ཀྱི་གནད་ཀྱིས། དེ་ཉིད་ས་རླུང་དུ་འགྱུར་ན་ཚེའི་དུས་བྱེད། སྟོན་གྱི་དུས་ན་མེ་ཏོག་ལྟ་བུའི་རླུང་གི་ལས་ཀྱི་གནད་ཀྱིས་རླུང་གི་རླུང་དུ་འགྱུར་ན་ཚེའི་དུས་བྱེད་པའོ། །དེ་དག་གི་རིམ་པ་ནི། ཉིན་དུས་མེ་རླུང་དུ་གནས་པས། དེ་ཆུ་རླུང་དུ་འགྱུར་ན་ལུས་ལ་ནད་དུ་འགྱུར། མཚན་དུས་ཆུ་རླུང་དུ་གནས་པས། དེ་ས་རླུང་དུ་འགྱུ་ན་ནད་བྱེད། ནང་དུས་ས་ཡིན་པས། དེ་རླུང་གི་རླུང་དུ་འགྱུར་ན་ནད་བྱེད། ནུབ་དུས་རླུང་ཡིན་པས་དེ་མེ་རླུང་དུ་གྱུར་ན་ནད་དུ་འགྲོ་བའོ། །དེ་ཡང་མེ་རླུང་དུ་གནས་གྱུར་པས་མཁྲིས་པའི་ནད་དུ་འགྲོ་ལ། ཆུ་ལས་བད་ཀན་དང་། རླུང་ལས་རླུང་ནད་དང་། ས་ལས་ལྡན་པ་དང་འདུས་པར་བྱེད་པའོ། །ལྡན་པ་ནི། ནད་གཉིས་འདུས་ལ། འདུས་པ་ནི། གསུམ་ལ་སོགས་པ་འདུས་པའོ། །དེ་ཡང་ཆུའི་རླུང་གིས་ཆུ་སེར་གྱི་མ་དག་པ་དང་དག་བྱེད་དུ་བྱེད་ལ། ཆུའི་སས་ཁྲག་དང་ཤའི་དག་པ་དང་མ་དག་པར་བྱེད། ཆུའི་མེས་ཆུ་འགེགས་ཀྱི་ལས་སྡུད་པ་དང་འབྱེད་པར་བྱེད། ཆུའི་ཆུས་ཁ་ཆུ་དང་མིག་ཆུའི་རྒྱུ་བ་དང་མི་རྒྱུ་བར་བྱེད་དོ། །སའི་སས་ཤ་སྐྱེད་ལ། དེས་ཚིལ་དང་། རུས་དང་། རྐང་མར་དང་། བྱང་སེམས་རིམ་པ་ལྟར་སྐྱེད་དོ། །སའི་ཆུས་ཐིག་ལེའི་ལས་བྱེད་དེ། དངུལ་ཆུའི་དུམ་བུ་ལྟར་གྱུར་པས་བུ་ཚ་མི་འབྱུང་ལ། རྟ་རྔའི་མདུད་པ་ལྟ་བུས་བུ་མོ་དང་། མིག་ཀ་ཆུང་ལྟ་བུ་ལས་བུ་

p. 410

ཕོར་སྨིན་པའི་ལས་བྱེད་དོ། །སའི་མེས་དྲོད་སྐྱེད་ལ། དེས་སྣོད་དང་། དོན་དང་། འཕར་ཤིབ་ཏུ་བྱེད་པས། སྐྱེ་རྒ་ན་འཆི་བཞིའི་ལས་སུ་བྱེད་དོ། །སའི་རླུང་གིས་སྟོབས་དང་མདངས་དང་། སྒུལ་སྐྱོད་དང་། ཞ་གྲུམ་ལ་སོགས་པ་བྱེད་པའོ། །མེའི་རྩ་རླུང་གིས་རླངས་པར་བྱས་པས་དེའི་སྨིན་སོ་དྲི་ཆུའི་བྱེ་བྲག་ཏུ་བྱུང་སྟེ། དྲི་ཆུ་བསྲི་བ་དང་། འཕྲིམ་པ་དང་། འཐོར་བ་དང་། ཁུགས་པ་བཞི་ལས། སྐྱེས་པ་ལ་དབང་པོ་ལྡང་བའི་ནུས་པ་མེད་པ་དང་། རྟག་ཏུ་རེངས་པ་དང་། དུས་མ་ཡིན་པར་ས་བོན་འཛག་པ་དང་། ཡུལ་དང་མ་ཕྲད་ན་ལྡང་ལ་ཕྲད་ན་མི་ལྡང་བ་དང་། ཕྲད་ན་ལྡང་བར་བྱེད་ལ། བུད་མེད་ལ་ཟླ་མཚན་མི་འབབ་པས་ནད་དུ་འགྲོ་བ་དང་། དུས་མ་ཡིན་པར་འཛག་པ་དང་། ཟླ་བ་གཅིག་ལ་ལན་འགའ་འཛག་པར་བྱེད་དོ། །དེའང་ཟླ་བ་ཡར་ངོའི་ཚེས་གཉིས་དང་གསུམ་ལ་ཟླ་མཚན་དྲི་མ་མེད་པ་འཛག་ན་བུ་ཕོར་འཕེལ་ལ། ཟླ་བའི་དཀྱིལ་བཅོ་ལྔ་ལ་སོགས་པར་འཛག་ན་བུ་མོར་འཕེལ་ལ། མར་ངོ་ལ་རྟག་ཏུ་འཛག་ན་བུ་དང་བུ་མོ་སྤེལ་མར་སྨིན་པར་བྱེད་དོ། །ཟླ་མཚན་དྲི་ང་བ་ཁྲག་མང་བ་ཉི་ཤུ་གཉིས་ལའམ་ལྔ་ལ་རྟག་ཏུ་འབབ་ན་བུ་ཚ་གང་ཡང་མི་འབྱུང་ངོ་། །སའི་རླུང་གིས་དབང་པོ་དང་དབང་རྟེན་སྐྱེད། དེས་ལས་དང་རྟོག་པ་དུ་མ་སྐྱེད་དོ། །རླུང་གི་མེས་ཤེས་པའི་རྩལ་ཡང་བ་དང་ལྕི་བ་དང་མཆེད་པ་དང་འུར་བ་དང་གང་བ་དང་སྟོངས་པ་སྐྱེད་དོ། །རླུང་གི་རླུང་གིས་དབུགས་ཕྱི་ནང་དུ་རྒྱུ་བ་དང་། བུད་མེད་ལ་བུ་ཚ་ཆགས་པའི་ཚེ་ན་སྨིག་ལོའི་ནད་དང་། སྐྱེས་པ་ལ་ཆང་གི་ནད་དུ་བྱེད་དོ། །རླུང་གི་ཆུས་རྟོག་པ་འགག་ཅིང་མི་རྟོག་པར་བྱེད་དོ། །སའི་རླུང་གིས་ཡན་ལག་འཕེན་སྡུད་ལ་སོགས་པ་བྱེད་དོ། །མེའི་རླུང་གིས་ཉོན་མོངས་པའི་རྩལ་སྣ་ཚོགས་སུ་བྱེད་དོ། །རླུང་གི་རླུང་དང་མེ་འདྲེས་པས། ཤེས་རབ་ཀྱི་རྩལ་སྣ་ཚོགས་དང་། དཔེའི་འབྱེད་ངོ་མཚར་ཅན་དང་། ཆོས་ཀྱི་ཚིག་དོན་ལ་མཁས་ལ། བུད་མེད་ལ་སྲི་ཞུ་མཁས་པ་དང་། ལུས་ངག་གི་རྣམ་འགྱུར་མཁས་པའོ། །དེ་ཡང་འབྱུང་བ་བཞིའི་སྐྱེ་བའི་རིམ་པ་ནི། དབྱར་

p. 411

དགུན་སྟོན་དཔྱིད་བཞིར་ལས་འགྱུར་བས། འབྱུང་བའི་གྲལ་འཕོ་སྟེ། ན་བ་དང་། ཚ་བ་དང་། འཆི་བ་དང་། ལུས་ངག་ཡིད་ཀྱི་བྱ་བའི་ཁྱད་པར་རྣམས་སྟོན་པར་བྱེད་དོ། །དེ་ཡང་འབྱུང་བའི་གྲལ་ཉམས་པ་དང་། ལོག་པ་དང་། འགྲུས་པ་དང་། འགྱུར་བས། འགྲོ་བའི་ཚེ་ཉམས་པ་དང་། ལོག་པ་དང་། འགྲུས་པ་དང་། འགྱུར་བ་དག་ཡིན་ནོ། །དེ་ཡང་འདས་པའི་ཚེ་རིང་ན་འགྱུར་བས་སེལ་ལ་གནས་པས་འགྱུར་བ་དག་ཏུ་ངེས་སོ། །མ་འོངས་པའི་ཚེ་རིང་ན་འཕོས་པས་སེལ་ལ་འགྱུས་པས་གནས་པ་ཉིད་དུ་ངེས་སོ། །ད་ལྟའི་ཐུང་ན་སྤུར་བའི་ལས་དང་བརྩི་བའི་འགྱུར་གྱིས་ཤེས་པར་བྱའོ། །ནང་གི་འཕོ་བ་ངེས་པའི་ཚད་ལ། དེ་ཡང་སྐྱེས་བུ་ན་ཚོད་དར་ལ་བབ་པ་གཅིག་ལ་ཞག་གཅིག་ལ་རླུང་གི་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བས། དེ་ཡང་ཆུ་ཚོད་དང་དབྱུ་གུའི་རྩིས་དང་སྦྱར་ན། ཞག་གཅིག་ལ་ཐུན་བརྒྱད། ཐུན་ཚོད་སུམ་ཅུ་རྩ་གཉིས། དབྱུ་གུ་དྲུག་ཅུ་རྩ་བཞི། འཕོ་བ་བཅུ་དྲུག་སྟེ། འཕོ་བ་རེ་རེ་ལ་རླུང་སྟོང་དང་སུམ་བརྒྱ་དང་ལྔ་བཅུའོ། །དབྱུ་གུ་རེ་རེ་ལ་སུམ་བརྒྱ་དང་སུམ་ཅུ་སོ་ཕྱེད་དང་བརྒྱད་བརྒྱད་རྒྱུའོ། །ཐུན་རེ་རེ་ལ་ཉིས་སྟོང་བདུན་བརྒྱ་རྒྱུའོ། །དེ་ལྟར་ཞག་གཅིག་ལ་འབྱུང་བའི་བྱེད་ལས་བཅུ་གཉིས་ཀྱིས་བྱེར་ཟུག་བཅུ་གཉིས་སུ་འགྱུར་ལ། དེས་རླུང་བཅུ་གཉིས་སུ་འཕེལ་བ་དང་འགྲིབ་པ་ལྟར་སྟོན་ཏོ། །དེ་དག་གི་འཕེལ་འགྲིབ་ནི་ཉི་མ་རི་རབ་ལ་བྱང་དུ་འགྲོ་བ་དང་། ལྷོར་འགྲོ་བས་ཉིན་ཞག་ལ་རིང་ཐུང་བྱུང་བའི་གནད་དེ། འགྲེལ་པ་པདྨ་དཀར་པོ་ལས། བྱང་ལྷོར་བགྲོད་ཚེ་སྣོན་འབྲིད་བྱ། །ཞེས་ཀྱང་འབྱུང་ངོ་། །ཉི་མ་བྱང་དུ་འགྲོ་བའི་ཟླ་བ་རེ་རེ་ལ་ཆུ་ཚོད་གཉིས་གཉིས་ཀྱིས་ཉི་མ་རིང་ལ། མཚན་མོ་ཐུང་ཞིང་། ལྷོར་བགྲོད་པའི་ཚེ་དེ་གཉིས་གོ་ལོག་པས་ཉིན་མོ་ཐུང་ལ་མཚན་མོ་རིང་ངོ་། །དེ་ལྟར་ན་རླུང་གི་རྒྱུ་བ་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔས་འཕེལ་འགྲིབ་ཏུ་བྱེད་པ་ནི། ཆུ་ཚོད་རེ་རེའི་དབང་དུ་བརྩིས་པའོ། །དེ་ཡང་ལོ་གཅིག་ལ་ཟླ་བ་བཅུ་གཉིས། ཞག་སུམ་

p. 412

བརྒྱ་དང་དྲུག་ཅུ། ཟ་མ་བདུན་བརྒྱ་དང་ཉི་ཤུར་བརྩིས་པས། ཉིན་ཞག་གཅིག་ལ་དུས་བཅུ་གཉིས་སུ་བརྩིས་པའི་སྟོང་དང་དགུ་བརྒྱ་སུམ་ཅུ་སོ་ཕྱེད་དང་གཉིས་ལ་རྟོག་པ་གློ་བུར་བ་འགྱུ་ལ། སྟོང་དགུ་བརྒྱ་ཉེར་བརྒྱད་ལ་ཡེ་ཤེས་དག་པའི་ཚད་རྒྱུ་བའི་རླུང་བཟུང་སྟེ། དེ་ལྟར་ཉིན་ལྔ། མཚན་ལྔ། ནང་ནུབ་གཉིས་ཏེ་བཅུ་གཉིས་ཀྱི་ཆ་བརྩིས་པས། དེ་ཡང་ཉིན་མཚན་མཉམ་པའི་དུས་ལ་བརྩིས་པ་སྟེ། སྟོན་དཔྱིད་ཀྱི་མཉམ་དུས་གཉིས་པོ་ནས་ངེས་པར་བཟུང་ལ་བྱའོ། །ཟླ་བ་རང་ལ་ཡང་ཞག་འཕེལ་འགྲིབ་ཀྱི་རྩིས་ནི། ཟླ་བ་མོ་དང་ཕོའི་ཁྱད་པར་ཏེ། ཟླ་བ་མོ་དྲུག་ལ་ཞག་ཉེར་དགུ་ལས་མེད། ཕོ་དྲུག་ལ་སུམ་ཅུ་ཐམ་པ་སྟེ། ལོ་གཅིག་ལ་ཞག་དྲུག་གིས་མ་ཚང་བས། དེ་ལྟར་ཟླ་བའི་དབང་བཙན་པར་བྱས་ན། སྟོན་དཔྱིད་གཉིས་ཀྱི་འབྲིང་པོ་ལ་ཉིན་མཚན་མཉམ་པ་ནི་ལྷག་མ་ཕྱེད་དང་གསུམ་ལྷག་པའི་འགྲེས་ཀྱིས་ཤེས་སོ། །འདུལ་བ་ལས་ཀྱང་གསོ་སྦྱོང་ཐུབ་པ་དང་མི་ཐུབ་པར་བརྩི་བ་ཡིན་ནོ། །དེ་ལྟར་རླུང་གི་རྩིས་ངེས་པར་ཟིན་པ་ནི་ཕྱི་རོལ་གྱི་ལོ་དང་ཟླ་བར་སྦྱར་ནས། ཉིན་ཞག་གི་དུས་ཀྱིས་ཕྱེ་བས་ཤེས་ཏེ། དེའི་ཡུལ་དབྱར་དགུན་སྟོན་དཔྱིད་བཞི་ལ་ཟླ་བ་བཅུ་གཉིས་སུ་ཤར་བས་དེའི་འཁྲུལ་འཁོར་མ་ལོག་ན་སྣང་བ་ཐམས་ཅད་གཏན་ལ་ཕེབས་སོ། །དེ་ཡང་ཐལ་འགྱུར་ལས། ཞག་ནི་བཅུ་ཕྲག་གསུམ་ལ་ཡང་། །ཟླ་བ་དག་ནི་གཅིག་ཡིན་ནོ། །དེ་ལྟར་བཅུ་གཉིས་རྫོགས་པ་ལས། །ལོ་ནི་གཅིག་ཏུ་འདོད་པའོ། །ནང་དང་དགོངས་མོ་བདུན་བརྒྱ་དང་། །ཉི་ཤུ་དག་ནི་རྫོགས་པ་ལ། །ཞག་ནི་སུམ་བརྒྱ་དྲུག་ཅུར་འདོད། །དེ་རྣམས་རྫོགས་པས་ལོ་གཅིག་གོ། ཞག་ནི་ཕོ་མོ་ལས་ཀྱིས་དབྱེ། །ཟླ་བ་སྟོན་དཔྱིད་དབྱར་དང་དགུན། །རེ་རེ་དག་ལ་གསུམ་གསུམ་གྱིས། །འཇིག་ཅིང་འབྱུང་བའི་ལས་རྣམས་བྱེད། །བྱི་བ་གླང་དང་སྟག་ཉིད་དང་། །རྣ་རིང་སྦྲུལ་དང་འབྲུག་དང་ཡང་། །རྟ་དང་ལུག་དང་སྤྲེའུ་དང་། །བྱ་དང་ཁྱི་ཕག་བཅུ་གཉིས་ཀྱིས། །འབྱུང་བའི་རྩིས་རྣམས་སྤེལ་བའོ། །ཞེས་སོ། །གསུམ་པ་

p. 413

ཡེ་ཤེས་དང་ལས་རླུང་ངེས་པས་མཇུག་བསྡུ་བ་ལ་གསུམ་སྟེ། འཐད་པ་སྤྱིར་དགོད། བྱེད་ལས་སོ་སོར་བཤད། འགྱུར་ཚད་གཏན་ལ་དབབ་པའོ། །དང་པོ་ལ་འཐད་པ་དངོས་དང་། དེ་ལ་རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། ལུས་ལ་རྩ་གནས། དེ་ལ་རླུང་གནས། རླུང་ལ་ཡེ་ཤེས་དང་ལས་རླུང་གཉིས་སུ་རྒྱུ་བའོ། །ཡེ་ཤེས་ཀྱི་རླུང་གིས་མྱ་ངན་ལས་འདས་པ་སྨིན་པར་བྱེད་ལ། ལས་རླུང་གིས་འཁོར་བ་སྨིན་པར་བྱེད་པའོ། །རྩོད་པ་སྤང་བ་ལ། རྩོད་པ་དགོད་པ་དང་། ལན་གདབ་པ་གཉིས་ལས། དང་པོ་ནི། དེ་ཡང་རྩ་ནས་འགྱུ་བ་ཙམ་དུ་གཅིག་པ་ལས། ལས་དང་ཡེ་ཤེས་གཉིས་སོ་སོར་འགྱུར་བ་ཅི་ཡིན། ཡང་ན་འགྱུ་བ་མི་འདྲ་བ་གཉིས་སུ་རིགས་ལ། གཅིག་ཡིན་ན་གཉིས་སུ་མི་འཐད་ལ། འགྱུ་བ་ཙམ་དུ་ནི་གཅིག་པས། འཁོར་འདས་གང་རུང་གཅིག་ལས་མི་རིགས་སོ་ཞེ་ན། ལན་ནི་འགྱུ་བ་ཙམ་དུ་གཅིག་ཀྱང་རྩ་མ་འཆུས་པའི་འགྱུས་པ་ལས་ཡེ་ཤེས་ཀྱི་རླུང་དུ་སོང་བས་བྱེད་ལས་བདེ་བ་དང་། སྟོང་པ་དང་། གསལ་བར་སྟོན་པས་ཡེ་ཤེས་ཀྱི་རླུང་ཞེས་བྱའོ། །རྩའི་གནས་འགྱུར་འཆུས་པ་ལས་ལས་ཀྱི་རླུང་དུ་སོང་བས་བྱེད་ལས་རྣམ་རྟོག་ཐ་དད་པ་དང་མི་དགེ་བའི་སྦྱོར་བ་སྣ་ཚོགས་པ་དང་། མི་གསལ་བ་དང་། བྱིང་བ་དང་། རྒོད་པ་དང་། རྨུགས་པ་དང་། འཁྱིལ་བ་ལ་སོགས་པ་རླུང་ཉམས་ངན་པ་སྐྱེ་བའོ། །དཔེར་ན་བ་ཐ་རའི་བུ་གཅིག་པོ་ཉིད་ཁྲོས་པས་སྟག་ཏུ་འགྱུར་ལ། མ་ཁྲོས་པས་མིར་འོང་བ་བཞིན་དུ། རིག་པའི་གདངས་དང་ལུས་ཀྱི་རྩ་ནས་འགྱུ་བའི་རླུང་ཙམ་དུ་གཅིག་ཀྱང་། རྩ་འཆུས་མ་འཆུས་ལས། ཤེས་པ་ལས་སུ་རུང་བ་ཡེ་ཤེས་དང་། མ་རུང་བ་ལས་སམ་ཉོན་མོངས་སུ་འགྱུར་བའི་རྟར་བྱུང་བས་སྐྱོན་མེད་དོ། །གཉིས་པ་བྱེད་ལས་སོ་སོར་བཤད་པ་ལ་གཉིས་ཏེ། ཡེ་ཤེས་དང་། ལས་རླུང་གི་བྱེད་ལས་སོ། །དང་པོ་ཡེ་ཤེས་ཀྱི་རླུང་གི་བྱེད་ལས་ཡེ་ཤེས་བཞི་སྟེ། རླུང་དེ་གནས་པའི་ཆ་ནས་གཞི་གནས་ཀྱི་ཡེ་ཤེས་ཀྱི་

p. 414

ལས་བྱེད་ལ། དེ་བྱས་པས་ཅིར་སྣང་ཡང་གནས་ལུགས་ཀྱི་སྟེང་ལས། གཞན་དུ་འགྱུར་མི་སྲིད་དོ། །དེ་སྣང་བའི་ཆ་ནས་མཚན་ཉིད་འཛིན་པའི་ཡེ་ཤེས་སུ་བྱེད་ལ། དེ་བྱས་པས་སོ་སོའི་རིིགས་དང་སྐུ་དང་ཡེ་ཤེས་དང་འོད་དང་ཁ་དོག་ཏུ་གསལ་བ་ལས་འདའ་མི་སྲིད། དེ་ལྟར་གསལ་ཀྱང་དེ་ལ་ཞེན་པ་མེད་པས་ཡེ་ཤེས་ཞེས་བྱའོ། །དེ་སྐྱེ་བའི་ཆ་ནས་ཤེས་བྱས་བསྡུས་པའི་ཡེ་ཤེས་སུ་བྱེད་ལ། དེ་བྱས་པས་རང་གཞན་གྱི་དོན་ཐོགས་པ་མེད་པར་བྱེད་དོ། །དེ་བྱེད་ཀྱང་བྱ་བ་དང་བྱེད་པ་རང་རྒྱུད་དུ་ནི་མ་ཡིན་ནོ། །འགྱུ་བའི་ཆ་ནས་ཤེས་པས་བསྡུས་པའི་ཡེ་ཤེས་སུ་བྱེད་ལ། དེ་བྱས་པས་འཇིག་རྟེན་པ་དང་འདས་པའི་ཤེས་པའི་བྱེ་བྲག་སྣ་ཚོགས་པ་བྱུང་སྟེ། དེ་བྱུང་ཡང་བདག་དང་བདག་གིར་འཛིན་པ་ནི་མ་ཡིན་ནོ། །དེ་ལྟར་བཞིར་ངེས་པ་ནི་རྒྱུའི་དུས་ཡིན་ལ། ལམ་དུས་དོན་དམ་པའི་འབྱུང་བ་བཞིར་བྱེད་ལ། འབྲས་བུའི་དུས་སུ་སྐུ་བཞིའི་ངོ་བོར་སྨིན་པའོ། །དེ་ལྟར་གཞི་ལམ་འབྲས་བུ་གསུམ་ལ་ལྟོས་ནས་བཅུ་གཉིས་སུ་བྱུང་བ་ནི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་སུ་འོང་བའི་རྒྱུ་མཚན་ངེས་པར་བྱེད་པའོ། །གཉིས་པ་ལས་ཀྱི་རླུང་གི་བྱེད་པའི་ལས་བཞི་ནི། གཡས་ནས་རྒྱུ་བས་ཕོ། གཡོན་ནས་རྒྱུ་བས་མོ། ཕྱིར་འོང་བས་སྣང་བ་སྣ་ཚོགས་ལ་འཇུག་ནང་དུ་འགེངས་པས་རྟོག་ཚོགས་སྣ་ཚོགས་སུ་འཕྲོ་བར་བྱེད་པའོ། །གཡས་གཡོན་གྱི་དུས་ངེས་པ་ལས་ཕོ་དང་མོར་སྨིན་པ་ནི་ཕ་དང་མའི་དབང་དུ་བྱས་པའོ། །རང་བཞིན་དུ་གཡས་ནས་རྒྱུ་བས་འཕོ་བའི་ལས་དང་། ལས་ཀྱི་མཐའ་ཉེ་བར་བྱེད་ལ། གཡོན་ནས་རྒྱུ་བའི་དུས་ན་འཛིན་པའི་ལས་སུ་བྱེད་དོ། །ཕྱིར་འགྲོ་བ་དང་ནང་དུ་འགེངས་པ་ནི་འགྲོ་འོང་གི་དབང་དུ་བྱས་པ་སྟེ། ཕྱིར་སོན་པས་དགའ་བའི་ལས་སུ་བྱེད། ནང་དུ་འོང་བས་མི་དགའ་བར་བྱེད་དོ། །དེ་གཉིས་ཀྱང་འཁོར་ལོའི་འཕྲོ་འདུའི་གནད་ལས་ཉིན་མཚན་དུ་བྱུང་བའོ། དེའང་ཕྱིར་འགྲོ་བའི་ཆ་ལས་ཉིན་མོའི་སྣང་བ་བྱུང་། ནང་དུ་འགེངས་པའི་ཆ་ལས་མཚན་མོའི་སྣང་

p. 415

བ་འབྱུང་བའོ། །དེ་ལྟར་གཉིས་ཀྱིས་བྱེད་པའི་ལས་བཞི་པོ་གཉིས་གཉིས་སུ་བགྲངས་པས་བརྒྱད་དུ་འགྱུར་རོ། །དེ་དག་ཀྱང་ཆ་ཤས་ཀྱིས་བགྲངས་ན་ཉི་ཤུ་རྩ་བཞིར་གནས་སོ། །ལས་རླུང་གི་བྱེ་བྲག་གི་ལས་བཅུ་གཉིས་ནི་འགྱུས་པའི་བྱེད་ལས་བཅུ་གཉིས་ཏེ། ལུས་འཕེལ་འགྲིབ་ཀྱི་ལས་བྱེད་དོ། །དེས་ཕྱིར་ལོ་བཅུ་གཉིས། ནང་དུ་ཟླ་བ་བཅུ་གཉིས། གསང་བར་དུས་བཅུ་གཉིས་སུ་བྱུང་བའོ། །དེ་ནས་འཁོར་བའི་ལས་སྣ་ཚོགས་པར་ལས་ཀྱི་རླུང་གིས་བྱེད་དོ། །གསུམ་པ་འགྱུར་ཚད་ནི། དེ་ལྟར་ལུས་སུ་སྨིན་ནས་ན་ཚོད་དར་ལ་བབ་པ་གཅིག་ལ་ཉིན་ཞག་ཕྲུགས་གཅིག་ལ་འབྱུང་བཞི་སོ་སོའི་རླུང་གི་འགྱུར་ཚད་ནི། སའི་རླུང་ལ་སྟོང་ཕྲག་ལྔ་དང་བཞི་བརྒྱ། ཆུ་དང་། མེ་དང་། རླུང་གི་རླུང་རྣམས་ལའང་ལྔ་སྟོང་བཞི་བརྒྱ་བཞི་བརྒྱ་སྟེ་བསྡོམས་པས། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི་དར་ལ་བབ་པ་གཅིག་གི་འགྱུ་ཚད་ངེས་པའོ། །གཞོན་པ་ལ་སོ་གཉིས་ཀྱིས་མ་ཚང་བ་ནི་འབྱུང་བ་མ་རྒྱས་པས་སོ། །རླུང་གི་འབྱུང་བ་བག་ལ་ཉལ་བས་ཚེའི་དུས་བརྩི་ན། རླུང་གི་འཕོ་བ་རིང་ན་ཚེ་མཐར་སྐྱོལ་ལ། ཐུང་ན་མི་སྐྱོལ་བའོ། །དྲག་ན་བསོད་ནམས་དང་ལོངས་སྤྱོད་དང་ལྡན་ལ། ཞན་ན་ནད་མོད་ལ་སྡུག་བསྔལ་ལོ། །དལ་ན་འཁོར་འདུ་ནད་ཉུང་། བུལ་ན་ལུས་ལ་མཚོན་འདུ་ཞིང་དགེ་བའི་སེམས་མི་སྐྱེ། འབྱིལ་ན་རྟག་ཏུ་མི་དགེ་ཞིང་འཚེར་འགྲིབ་ལ་གནས། རྒོད་ན་བློ་རྒོད་ཅིང་འགྲོ་བ་མི་བྱམས་སོ། །ཡང་རྒས་པ་རྣམས་ལ་ལྔ་བཅུ་རྩ་བརྒྱད་ཀྱིས་མ་ཚང་བ་ནི། འབྱུང་བའི་གྲལ་ཉམས་པས་ལན་ཏེ། འདི་ནི་རབ་ཏུ་རྒོད་ན་ཚེའི་དུས་མྱུར་དུ་བྱེད། བྱིང་ན་སྡུག་བསྔལ་ཞིང་མྱ་ངན་དང་སྨྲེ་སྔགས་ལ་སྤྱོད། འཁྱོར་ན་སེམས་གནས་ལུགས་སུ་མི་ཕེབས་ཤིང་མི་དགེ་བ་ལ་སྤྱོད། དལ་ན་ཚེ་མཐར་རྒྱས་ཤིང་རྟག་ཏུ་བདེ། འཁྱིག་ན་རྟག་ཏུ་དགྲ་དང་གླང་ཅོའི་གཞི་མ་འབྱུང་། འཁྱོག་ན་རྟག་ཏུ་བྱ་བ་ལ་དགའ་ཞིང་ཚེ་ཐུང་། འགྱུར་ན་ལོངས་སྤྱོད་ཆེ་ཞིང་ནད་མོད། རྒལ་ན་ལུས་ངག་གི་

p. 416

ལས་མི་འགྲུབ། འཕེལ་ན་ཞི་རྒྱས་ཀྱི་ལས་མྱུར་དུ་འགྲུབ། མདོར་ན་ལུས་ལ་དགྲ་དར་ཞིང་རྟག་ཏུ་སྡུག་བསྔལ། གསེང་ན་ལེགས་ཉེས་སྟོན་པའོ། །དར་ལ་བབ་པ་ལ་སུམ་བརྒྱ་མ་ཚང་ན་ལོ་གཅིག་ལ་ཚེའི་དུས་བྱེད། ལྔ་བཅུ་མ་ཚང་ན་ལོ་གཉིས། སུམ་ཅུ་སོ་གཉིས་མ་ཚང་ན་ལོ་གསུམ། ཉེར་གཅིག་མ་ཚང་ན་ལོ་བཞི། བརྒྱད་ཆ་མ་ཚང་ན་ཟླ་བ་བདུན། དྲུག་ཆ་མ་ཚང་ན་ཟླ་བ་ལྔ། བཞི་ཆ་མ་ཚང་ན་ཟླ་བ་གཅིག །བཅུ་ཆ་མ་ཚང་ན་ཞག་ཉེར་དགུ། ཉི་ཤུ་མ་ཚང་ན་བཅོ་བརྒྱད། སུམ་ཅུ་མ་ཚང་ན་བཅུ། བཞི་བཅུ་མ་ཚང་ན་བདུན། དྲུག་ཅུ་མ་ཚང་ན་ཞག་ལྔ་ནའོ། །དེ་ལྟར་རླུང་གི་རྩིས་སྦྱོར་ལ། འཇིག་རྟེན་པ་དང་། འདས་པ་གཉིས་ལས། འཇིག་རྟེན་པའི་ཚེ་དང་བསོད་ནམས་དང་། བདེ་སྡུག་ལ་སོགས་པའོ། །འདས་པ་ལ། འགྱུར་ཚད་དང་འཕོ་དུས་གཉིས་ལས། འགྱུར་ཚད་ནི། ཉིན་མོའི་ཆ་ལ་བཅུ་གཉིས་སུ་འགྱུར་ལ་མཚན་མོའི་ཆ་ལ་བཅུ་དྲུག་ཏུ་འགྱུར་རོ། །ཉིན་མོ་ནི་འབྱུང་བའི་བྱེད་ལས་སོ་སོས་བདེ་སྡུག་དང་དགེ་མི་དགེའི་རྟོག་ཚོགས་དུ་མའི་རྟ་ལ་རྒྱུ་བའོ། །མཚན་མོ་ཡང་དེ་དང་འདྲ་བ་ལས། ཡེ་ཤེས་ཀྱི་རླུང་འཕེལ་བ་ཅན་དུ་བྱེད་པའོ། །འཕོ་དུས་ནི་བཤད་ཟིན་ཏོ། །དོན་གསུམ་པ་གནས་པ་ཐིག་ལེའི་རབ་ཏུ་དབྱེ་བ་ནི། ཐལ་འགྱུར་ལས། ཐིག་ལེའི་ཆོས་ཉིད་སྟོན་འདོད་པས། །དོན་དམ་དང་ནི་ཀུན་རྫོབ་ལས། །རེ་ཞིག་ཀུན་རྫོབ་ཐིག་ལེ་ལ། །བརྟེན་ནས་སངས་རྒྱས་འདོད་པ་ཡིས། །རིག་མ་མཚན་ཉིད་རྫོགས་པ་ནི། །ལྷ་དང་ལྷ་མིན་ཚངས་པ་དང་། །གལ་ཏེ་རིགས་ངན་མུ་སྟེགས་སམ། །མཚན་ཉིད་རྫོགས་པ་དག་མཐོང་ན། །འགུགས་པའི་སྦྱོར་བ་ངེས་བརྩམས་ནས། །བསྟེན་བྱ་ཉིད་དང་རྩ་རྣམས་དང་། །དམིགས་བྱ་དག་གི་ལུས་རྫོགས་བྱ། །དེ་ནས་ཀུན་རྫོབ་ཐིག་ལེ་ཉིད། །དབབ་ཅིང་གཟུང་དང་བཟློག་པ་དང་། །རྩ་ལ་གདབ་ཅིང་རླུང་ལ་བསྲེ། །སྟོང་ཉིད་བསྟེན་བྱ་བློ་རྗེས་བཅད། །ལུས་དང་སེམས་ཉིད་གོ་བཟློག་བྱ། །དོན་དམ་ཐིག་ལེ་བསྟེན་

p. 417

པ་ཡིས། །ཆོས་སྐུ་སྟོང་པའི་ཡུལ་རྣམས་རྙེད། །ཐིག་ལེ་སྟོང་པའི་སྒྲོན་མ་ཉིད། །གཏེམས་ཏེ་རིག་པའི་རྩལ་རྣམས་སྦྱང་། །ཉིན་མཚན་མེད་པར་གོམས་སྦྱོང་ན། །འདི་ཉིད་རྩོལ་བྲལ་མངོན་དུ་སྣང་། །དེས་ནི་འབྱོངས་པའི་ཚད་ཡིན་ནོ། །ཞེས་གསུངས་ཏེ། གསང་སྔགས་ཀྱི་ཉེ་ལམ་ནི་རྩ་ཐིག་རླུང་གསུམ་གནད་བསྟུན་པ་ཡིན་ལ། འདི་ལ་རྩོལ་བཅས་སྤྲོས་པ་ཅན་གྱི་ལུགས་དང་། རྩོལ་མེད་སྤྲོས་པ་དང་བྲལ་བའི་ལུགས་གཉིས་ཡིན་ནོ། །སྤྲོས་བཅས་རྣམས་ཀྱིས་རྩ་རླུང་རགས་པ་འབད་རྩོལ་གྱིས་ལམ་དུ་བྱེད་པ་ལས། རེ་ཞིག་ཀུན་རྫོབ་ཀྱི་ཐིག་ལེ་རྣལ་འབྱོར་དུ་བྱེད་པས། རིག་མ་བཙལ་བ་དང་། འགུགས་པ་དང་། བསྟེན་པ་དང་། རྩ་བཙལ་བ་དང་། གཟུད་བ་དང་། སྦྱོར་བ་བྱ་བ་དང་། དངོས་གཞི་ཐིག་ལེ་དབབ་པ་དང་། གཟུང་བ་དང་། བཟློག་པ་དང་། རྩལ་གདབ་པ་དང་། རླུང་དང་བསྲེ་བ་དང་། ཆོས་ཉིད་དུ་ལ་བཟླ་བ་དང་། རྗེས་ལ་ཉམས་བརྟག་པ་དང་། ལུས་སེམས་གོ་བཟློག་པའི་ཉམས་བསྟེན་པ་ལ་སོགས་པ་ནི་གོང་དུ་དབང་གསུམ་པའི་སྐབས་སུ་ཞིབ་ཏུ་སྤྲོས་ཟིན་ཏོ། །དེ་ཡང་ལས་རླུང་གི་དུས་ན་ཐིག་ལེ་གཟུང་བ་དང་། ཡེ་ཤེས་ཀྱི་དུས་ན་ཐིག་ལེ་བཟློག་ཅིང་རྩལ་གདབ་པ་ནི་གནད་ཡང་དག་པའོ། །སྤྲོས་པ་མེད་པའི་རྣལ་འབྱོར་པས། འོད་གསལ་གྱི་ཐིག་ལེ་མངོན་སུམ་ལམ་དུ་བྱེད་པས། འདུག་སྟངས་དང་གཟིགས་སྟངས་ངེས་པས། ལས་དང་པོའི་དུས་ན་ཐིག་ལེ་སྟོང་པའི་སྒྲོན་མ་གཏེམས་ལ་བསྒོམས་པས། འོད་གསལ་གྱི་སྣང་བ་ཉིན་མཚན་འདྲེས་པ་ལ་སྤྱོད་དོ། །དེ་ཡང་ཀུན་རྫོབ་ཀྱི་ཐིག་ལེ་རོ་མ་ན་གནས་ལ། དེ་ལམ་དུ་བྱེད་པ་ཟུང་འཇུག་ཡབ་ཡུམ་གྱི་ཐབས་ཡིན་ཞིང་། གཡོན་ན་རང་བཞིན་གྱི་ཐིག་ལེ་དྭངས་མ་ཕྲ་མོའི་གདངས་ལ་འོད་ཀྱི་རང་གདངས་སུ་གནས་པ་ཙམ་སྟེ། ཁ་སྦྱར་གྱི་བདེ་བའི་ངོ་བོ་སྟོང་པར་བསྒྱུར་བའི་དོན་ནོ། །དབུས་ན་ཆོས་སྐུའི་ཐིག་ལེ་སྤྲོས་བྲལ་འོད་གསལ་དག་པ་རང་བྱུང་ཡེ་ཤེས་

p. 418

ཀྱི་སྒྲོན་མ་འབར་བའི་གཞིར་གནས་སོ། །འདི་ཉིད་རྒྱས་པར་འོག་ཏུ་འཆད་དོ། །དེ་ཡང་མུ་ཏིག་འཕྲེང་བ་ལས། རྩ་རྣམས་ནས་ནི་ཐིག་ལེ་སྟེ། །ཕྲ་དང་འཁྱུག་པའི་བདག་ཉིད་ཅན། །འོད་ཟེར་ཉིད་ཀྱིས་མཛེས་པའོ། །དེ་ཡང་ཆ་ནི་གསུམ་པ་སྟེ། །གཡས་དང་གཡོན་དང་དབུས་མའོ། །གཡས་པ་ཀུན་རྫོབ་ཐིག་ལེ་སྟེ། །བདེ་བ་ཆེན་པོའི་ཡན་ལག་ཅན། །བདེ་བ་འདུས་པའི་འབྱུང་གནས་ནི། །སངས་རྒྱས་ཀུན་གྱི་གསང་ཆེན་ཡིན། །ཐབས་ཀྱི་མཚོན་པའི་རང་བཞིན་ནོ། །དོན་དམ་ཆོས་སྐུའི་རང་བཞིན་ཅན། །སྟོང་གསལ་ཐིག་ལེ་ཉག་གཅིག་ནི། །དབུས་ན་གནས་ཤིང་རང་བཞིན་གསལ། །སྤྲོ་བསྡུ་སྨྲ་བསམ་ཡུལ་ལས་འདས། །བགས་ཀྱིས་རྣམ་པར་རྟོག་པ་བྲལ། །ཡོད་མེད་མཐའ་གཉིས་རྣམ་པར་བསལ། །རྟག་ཆད་མུ་ལ་གནས་པ་མེད། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །བརྗོད་པ་མེད་ཅིང་ངང་གིས་སྟོང་། །དོན་དམ་དངོས་པོའི་ཐིག་ལེའོ། །གཡོན་ན་རང་བཞིན་ཐིག་ལེ་གནས། །བདེ་བ་ཟུང་འཇུག་གཉིས་ཁྱབ་སྟེ། །རབ་ཏུ་གནས་པ་མ་ཡིན་པར། ཁ་སྦྱར་ཉིད་ཀྱི་བདེ་བ་འཐོབ། །ཕྱག་རྒྱ་ཆེན་པོ་ཉིད་ཀྱི་རྒྱུ། །བདེ་ཆེན་ཡེ་ཤེས་ཆེན་པོའི་ལམ། །གསང་སྔགས་ཀུན་བདག་དཀྱིལ་འཁོར་ཡིན། །འཁོར་བ་སྐྱོབ་པའི་ཐབས་ཆེན་པོ། །གསང་བའི་ཡེ་གདངས་འབར་བའི་འོད། །དེ་ནི་བདེ་ཆེན་ངོ་བོའོ། །ཞེས་སོ། །དེ་ལྟར་འབད་བཅས་རགས་པ་སྦྱང་བ་དང་། འབད་མེད་རང་གཞག་རྣམ་པ་གཉིས་ཀ་ཐེག་པ་འདིར་གསུངས་ལ། ཁྱད་པར་དུ་བློ་ཡང་རབ་རྣམས་ལ། ལུས་ངག་གི་གནད་གཟིར་བས་སེམས་ཞར་ལ་གྲོལ་ནས། ཡེ་ཤེས་དངོས་སུ་སྣང་བས་སྐུ་གསུམ་ལམ་དུ་བྱེད་པ་ཐིག་ལེ་བླ་ན་མེད་པའི་གནད་གསུངས་པས་ཐེག་པ་ཀུན་གྱིས་འཕགས་པའི་གནད་དོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གནད་ངེས་པ་བྱེ་བྲག་ཏུ་བཤད་པ་སྟེ་རིམ་ཁང་བཅུ་གཉིས་པའོ།། །།

རིམ་ཁང་བཅུ་གསུམ་པ། སྒྲོན་མ་བཞིའི་རྣམ་གྲངས་བསྟན་པ།

p. 419

དེ་ལྟར་བག་ཆགས་ཀྱི་ལུས་གྲུབ་ཚུལ་དབྱེ་བ་དང་བཅས་པ་བསྟན་ནས།

p. 420

ད་ནི་ཡེ་ཤེས་ཀྱི་རྟེན་སྒྲོན་མ་བཞིའི་རྣམ་པར་དབྱེ་བ་ཆ་དང་བཅས་པ་བརྗོད་པ་ལ་གཉིས་ཏེ། སྒྲོན་མ་བཞིའི་ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ལུས་ཐོག་མ་འཆགས་པའི་དུས་ན་ཆུ་ལ་བརྟེན་ནས་སྔོན་དུ་ཆགས་པའི་སྐྱེད་བྱེད་ཀྱི་རྩའི་མདུད་པའི་ནང་དུ་སྒྲོན་མའི་སྤྱན་དང་། འབྱུང་བའི་སྤྱན་གཉིས་སྔོན་དུ་ཆགས་ནས། འབྱུང་བའི་སྤྱན་ལས་འབྱུང་བཞིའི་ལུས་གྲུབ་ཚུལ་སྔར་བཤད་དོ། །སྒྲོན་མའི་སྤྱན་ལས་ཡེ་ཤེས་ཀྱི་སྣང་བ་འོད་དང་ཐིག་ལེ་དང་སྐུ་ལ་སོགས་པའི་རང་བཞིན་དོན་དམ་པ་མྱ་ངན་ལས་འདས་པའི་གཞིར་མིག་གཉིས་ཀྱི་ཨ་འབྲས་ཀྱི་དཀྱིལ་དུ་རྩ་བ་མེན་གྱི་རྭ་འདྲ་བ་རྩ་བ་ཕྲ་ལ་རྩེ་མོ་ཁ་ཆེ་བ་གཉིས་ཆགས་ཏེ། རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱའོ། །དེ་ལ་བརྟེན་ནས་ཐིག་ལེ་སྟོང་པའི་སྒྲོན་མ་དང་། ཤེས་རབ་རང་བྱུང་གི་སྒྲོན་མ་དང་། དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་བཞིར་བྱུང་སྟེ། མུ་ཏིག་འཕྲེང་བ་ལས། འགྲོ་བའི་ལམ་ནི་འཆར་བྱེད་སྒོ། །དེ་ཉིད་གཡས་གཉིས་གཡོན་གཉིས་དབུས། །སྒྲོན་མ་འབར་བའི་ཚུལ་དུ་གནས། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །དག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་ཉིད་དང་ནི། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི། །མཐོང་བྱེད་ཡུལ་ལ་སྣང་བའོ། །ཞེས་པ་དང་། རང་ཤར་ལས། སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་རྣམས། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་སོ། །དེ་ཡང་དོན་དམ་གྱི་འབྱུང་བཞི་དག་པས་སྒྲོན་མ་བཞིར་སྨིན་ཏེ། ལས་རླུང་དག་ཅིང་ཡེ་ཤེས་ཀྱི་རླུང་གི་ཆ་ལས། རྒྱང་ཞགས་ལ་སོགས་པ་བཞི་བྱུང་བ་ལས། རྒྱང་ཞགས་ཀྱི་རྟེན་ཆུང་ངུར་རི་དང་ཁང་ཁྱིམ་ལ་སོགས་པ་ཆེན་པོ་རྣམས་སྣང་བ་ནི། རླུང་གི་ཆའི་ཕྲ་ཞིབ་ལས་བྱུང་བའོ། །དེ་ལ་རྒྱང་ཞགས་དངོས་ནི། འོད་རྩ་དག་པས་ཡེ་ཤེས་ཀྱི་སྣང་བ་འཛིན་ལ། དེའི་རྟེན་གྱིས་

p. 421

འཁྲུལ་སྣང་གི་སྣང་བ་མཐོང་བས། རྟེན་དང་བརྟེན་པ་སྟེ། ཆ་གཉིས་སུ་ཤེས་རབ་དང་ལྡན་པ་རྣམས་ཀྱིས་དཔྱད་ནས་རྟོགས་པར་བྱའོ། །དེ་ཡང་སྒྲོན་མ་བཞི་ནི། འཁོར་བའི་འཁྲུལ་སྣང་འཁྲུལ་སེམས་དང་ཐ་དད། འདས་པའི་ཆ་འཛིན་པའི་ཕྱིར་རོ། །གནད་འདི་གལ་པོ་ཆེའོ། །ཕྱིན་ཆད་འདི་གཉིས་ཀྱི་ཁྱད་ཤེས་པ་དག་བྱུང་སྲིད་ན་ཁོ་བོའི་གནད་ཡིན་པར་རིག་པར་བྱའོ། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། ཐིག་ལེ་ཟླུམ་པོ་འོད་ལྔའི་མུ་ཁྱུད་ཅན་ཏེ་ལས་རླུང་དག་པའི་ཆ་ལས་བྱུང་བའོ། །དེ་ལས་ཤེས་རབ་རང་བྱུང་གི་སྒྲོན་མ་དང་། དབྱིངས་རྣམ་དག་གི་སྒྲོན་མ་གཉིས་བྱུང་སྟེ། ཤེས་རབ་ལ་ངོ་བོ་དང་། རྩལ་དང་། གདངས་གསུམ་ལས། ངོ་བོ་ནི། རྒྱང་ཞགས་གཟིགས་སྟངས་ཀྱི་གནད་ལས་ཐིག་ལེ་སྟོང་པའི་སྒྲོན་མ་ལ་གཏད་དུས་ནང་གི་རིག་པ་དངས་སངས་རང་གསལ་དུ་མྱོང་བ་དེ་ཡིན་ནོ། །རྩལ་ལས་ཕྱིར་གསལ་ཡུལ་ཤེས་ཀྱི་ཤེས་རབ་རྣོ་བ་མྱུར་བ། ཚིག་དོན་ཀློང་རྡོལ་དུ་འཆར་བ་རྣམས་སོ། །གདངས་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུའོ། །འདི་དག་མ་ཕྱེད་ན། རེས་ཤེས་པ་ལ་ཤེས་རབ་རང་བྱུང་གི་སྒྲོན་མར་བཏགས། རེས་ནང་གི་གདངས་ལ་བཏགས། རེས་ལུ་གུ་རྒྱུད་ལ་བཏགས་པས་མགོ་རྨོངས་པར་ཟད་དོ། །དབྱིངས་ཀྱི་སྒྲོན་མ་ལ་ཕྱི་ནང་གཉིས་ལས། ཕྱི་ནམ་མཁའ་དག་པའི་དཀྱིལ་ན་འོད་གདངས་སྔོ་རི་བ་ཅིག་ཐོག་མར་སྣང་བའོ། །ནང་དེ་ལས་མཆེད་པ་ལྟར་ཤར་ཏེ། འོད་ལྔའི་མདངས་ཁ་དོག་ལྔར་གསལ་བའོ། །དེའང་། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་བཤད་དོ། །འདི་ལའང་ཁ་ཅིག་ཕྱི་ནམ་མཁའ་སྤྲིན་མེད་རྐྱང་པ་དེ་ལ་ངོས་འཛིན་པ་ནི་ཤིན་ཏུ་མི་རིགས་ཏེ། ནམ་མཁའ་དེ་སྐྱེས་བུ་དང་འབྲེལ་བ་མ་གྲུབ་ལ། སྒྲོན་མ་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །འདིར་ནང་གི་ནམ་མཁའི་གདངས་སྔོ་བ་དེ་ཕྱིར་ཤར་བ་ལ་ཕྱིའི་དབྱིངས་ཞེས་བྱའོ། །དེས་ན་ནམ་མཁའ་གོ་འབྱེད་འཆར་

p. 422

གཞིའི་ས་ཆ་ཙམ་ལས་དབྱིངས་དངོས་མ་ཡིན་ནོ། །དངོས་ནི་མཐིང་ག་ཡིན་ལ། དབྱིངས་ནང་གི་ནང་དབྱིངས་ཏེ། དེ་ལྟར་ན་དབྱིངས་དེ་ལས་སྣང་བ་དེ་བྱུང་བར་སྣང་བས་འདི་གཉིས་ལ་ཕྱི་དབྱིངས་ནང་དབྱིངས་ཞེས་སོ་སོར་བརྗོད་ཀྱང་འཇའ་འོད་ཀྱི་གུར་ཁྱིམ་དུ་མི་གསལ་བ་གསལ་བར་གོ་འཕོས་པ་ཙམ་དུ་ཤེས་པར་བྱའོ། །ནང་ཚུར་ལ་བྱས་ཕྱི་ཕར་ལ་བྱས་པ་ལྟ་བུ་མ་ཡིན་གྱི། དེ་ལས་དེ་བྱུང་བར་སྣང་བའི་ཕྱི་ནང་དུ་ཤེས་སོ། །འོད་ལྔར་གསལ་བ་ཡང་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་རང་གདངས་ཤར་བ་སྟེ། དེ་ཉིད་ལ་དངོས་པོའི་དྲི་མ་དང་ཡིད་དཔྱོད་ཤེས་རབ་ཀྱི་དྲི་མ་དང་། ངན་རྟོག་སེམས་ཀྱི་དྲི་མས་རྣམ་པར་དག་པའོ། །སྒྲོན་མ་ནི། སྣང་བ་དེ་མཐོང་དུས། ལས་དང་བག་ཆགས་ཀྱི་མུན་པ་སེལ་བའི་ཆ་ནས་བརྗོད་དོ། །དེ་ལ་སྒྲོན་མ་བཞིའི་དང་པོ་འཁོར་ལོ་བཞི་ལས་དྭངས་མར་འདུས་པ་ནི། སྐྱེད་བྱེད་ཐོག་མ་རླུང་གིས་གོང་ནས་གོང་དུ་མའི་མངལ་དུ་འཕེན་པས་ན་རྒྱང་ཞེས་བྱ་སྟེ་རིང་མོ་ཞིག་ནས་མའི་མངལ་དུ་རྒྱུ་རྐྱེན་གྱི་དྭངས་མའི་དབུས་སུ་འཇུག་པ་མཚོན་ལ། དྲན་པས་རླུང་སེམས་རྒྱུ་རྐྱེན་དང་བཅས་པ་བཞི་གཅིག་ཏུ་བསྡུས་ཏེ་འཆིང་བར་བྱེད་པས་ཞགས་ཞེས་བྱའོ། །རོ་རྣམས་སུ་རོ་དྲུག་གི་བདེ་བས་འཕེལ་ཞིང་དྭངས་མའི་སྤྱན་རྒྱས་པར་བྱེད་པས་ཆུའི་ཞེས་བྱ་ལ། རྩེ་མོར་དབང་པོ་ལྔའི་ལས་ཀྱི་བྱེ་བྲག་དང་ཡེ་ཤེས་ལྔའི་བྱེ་བྲག་ལ་མངོན་པར་རྟོགས་ཏེ་ཆོས་ཉིད་དབང་པོའི་ཡུལ་ལ་དངོས་སུ་ཤར་བས་འཁོར་བའི་མུན་པ་སེལ་བའི་ཕྱིར་སྒྲོན་མ་ཞེས་བྱའོ། །ཐིག་ལེ་སྟོང་པའི་སྒྲོན་མ་ལས། ཀུན་རྫོབ་རྒྱུའི་ཐིག་ལེ་དང་སྦྱར་ན། ཐིག་ནི་འདུག་སྟངས་ཀྱིས་དྭངས་མ་འབེབས་པའོ། །ལེ་ནི་ངག་གི་ཧཱུྃ་ལ་སོགས་པས་གསང་བར་བཟུང་ནས་ཡེ་ཤེས་ངོས་འཛིན་པའོ། །སྟོང་པ་ནི་ཐིག་ལེ་བཟློག་ནས་རྩལ་གདབ་པ་དང་རླུང་དང་བསྲེ་བས་བདེ་བ་སྟོང་པར་ལ་བཟླ་བ་སེམས་ཀྱི་ལས་སོ། །སྒྲོན་མ་ནི་དེའི་དོན་གྱིས་མུན་པ་སེལ་བའོ། །དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་དང་སྦྱར་ན་ཐིག་ནི་ལྟ་སྟངས་གཟིགས་སྟངས་རིག་པ་རང་གི་ངོ་བོ་མི་འགྱུར་

p. 423

བ་གསུམ་མོ། །ལེ་ནི། སྣང་བ་འོད་ཀྱི་མུ་ཁྱུད་ཟླུམ་པོར་ཤར་བའོ། །སྟོང་པ་ནི། སྣང་བ་དེ་དངོས་པོ་དང་མཚན་མར་མ་གྲུབ་པས་འབྱུང་བཞིའི་གནོད་པ་མེད། རང་སྣང་ཡིན་པས་བསྟན་ཡང་མི་གཞན་གྱིས་མི་མཐོང་། འོད་གསལ་ཡིན་པས་སྤྲོས་པའི་མཐའ་དང་བྲལ་ཞིང་མ་རིག་གི་མུན་པ་སེལ་བའོ། །སྒྲོན་མ་ནི། འཁོར་བའི་མུན་པ་སེལ་བའོ། །ཤེས་རབ་རང་བྱུང་གི་སྒྲོན་མ་ལས། ངོ་བོ་རྟོགས་ཚད་དང་སྦྱར་ན། རླུང་གནས་པ་རྩའི་གནད་གཙོ་བས་ན་ཤེས་ཞེས་བྱའོ། །རླུང་གི་འཕེན་སྡུད་གྲངས་ཀྱི་གནད་གཙོ་བས་རབ་ཅེས་བྱའོ། །ཆོས་ཉིད་ལས་བྱུང་ཞིང་ཆོས་ཉིད་ལ་གནས་པས། དབང་པོ་རབ་སྐད་ཅིག་གསུམ་ལ་གྲོལ་བའི་ཆར་བྱུང་བས་རང་བྱུང་ཞེས་བྱའོ། །རླུང་ཟད་དེ་དབྱིངས་སུ་གྲོལ་བས་སྒྲོན་མ་ཞེས་བྱའོ། །སྣང་བ་འོད་གསལ་དང་སྦྱར་ན། ནང་ཡེ་ཤེས་ཀྱིས་རང་གདངས་རང་རིག་དབང་པོའི་ཡུལ་ལ་ཤར་བས་ཤེས་ཞེས་པའོ། །ཤར་སྣང་ལུ་གུ་རྒྱུད་ཐིག་ལེ་ཐིག་ཕྲན་དང་བཅས་པ་དེ་འཁྲུལ་སྣང་ཐམས་ཅད་ཟད་པར་གྱི་སྐྱེ་མཆེད་དུ་ཆེས་འཕགས་པས་རབ་ཅེས་བྱའོ། །འདིའི་ནང་དུ་ཟད་པར་ཡི་གེ་དང་། ཕྱག་མཚན་དང་། སྐུ་ལ་སོགས་པ་སྣང་ལ། ས་ལ་སོགས་པ་བཅུ་ཟད་དུས་མངོན་པར་སྣང་སྟེ། འཁྲུལ་པ་དང་ལྷན་ཅིག་དབང་པོ་ལ་སྣང་དུ་མི་རུང་བས་ཟད་པར་གྱི་ཡེ་ཤེས་ཞེས་གསུངས་པ་ཡིན་ནོ། །སྣང་བ་དེ་དང་དེའི་དུས་ཀྱི་རིག་པའི་གཞི་སྣང་ཤེས་རབ་དང་བཅས་པ་གཞན་ནས་མ་བྱུང་བར་རང་ལས་ཤར་བས་རང་ཞེས་བྱའོ། །བྱུང་བ་ནི་དེ་དང་འབྲེལ་པ་གྲུབ་པ་སྟེ། རིག་པ་ལས་རང་སྣང་རང་ཤར་དུ་བྱུང་བའོ། །སྒྲོན་མ་ནི། སེམས་སེམས་བྱུང་གི་མུན་པ་སེལ་བ་ལས་དེ་སྐད་བརྗོད་པའོ། །དབྱིངས་རྣམ་དག་གི་སྒྲོན་མ་ནི་མངོན་སུམ་གྱི་གནད་མཐོང་བ་ལས་བྱུང་བ་སྟེ། དེ་ཡང་འོད་ལྔའི་འཆར་གཞི་ཡིན་པས་དབྱིངས་ཞེས་བྱའོ། །སྣང་བ་འོད་དུ་ཤར་དུས་འབྱུང་བ་རྡོས་བཅས་དག་པས་རྣམ་པར་དག་པ་ཞེས་བྱའོ། །དེ་ཉིད་མཐོང་བས་རྡོས་བཅས་འོད་ལུས་སུ་བསྒྱུར་ཏེ་འཁོར་བའི་མུན་པ་སེལ་བས་སྒྲོན་

p. 424

མ་ཞེས་བྱའོ། །རིམ་པས་ཉམས་ལེན་དང་སྦྱར་ན། སྔོན་དུ་ལུས་ངག་ཡིད་གསུམ་གཞི་འཆོས་པས་ན་དབྱིངས་ཞེས་བྱ་སྟེ། དང་པོ་ལུས་ཀྱི་གནད་མ་གཟིར་ན་ཡེ་ཤེས་དབང་དུ་མི་འདུས། ངག་གི་གནད་མ་གཟིར་ན་བརྗོད་དུ་མེད་པའི་དོན་མི་རྙེད། ཡིད་ཀྱི་གནད་མ་གཟིར་ན་འགྱུ་བ་རང་རྒྱུད་མི་ཆོད་ལ། གཟིར་ན་དེ་དག་འགྲུབ་པའོ། །མངོན་སུམ་རང་ཐོག་གི་ལམ་གཙོ་ཆེ་བས་རྣམ་པར་ཞེས་བྱའོ། །སྒོའི་གནད་ཀྱིས་དབྱིངས་མཐོང་ཞིང་འཁྲུལ་སྣང་འགག་པར་བྱེད་པས་དག་པ་ཞེས་བྱའོ། །དེ་ཡང་འཆར་བྱེད་སྒོའི་གནད་ཀྱིས་ཆོས་ཉིད་ཀྱི་དབྱིངས་མཐོང་ཞིང་གཏན་ལ་ཕེབས། སྣང་བ་ཡུལ་གྱི་གནད་ཀྱིས་ཅིར་སྣང་ཆོས་ཉིད་ལས་འཆུགས་ས་མེད། གཟེར་གདབ་པ་རླུང་གི་གནད་ཀྱིས་རྣམ་རྟོག་ཐ་དད་པ་འགག །འཆར་བྱེད་འོད་གསལ་གྱི་གནད་ཀྱིས་ཕྲ་རགས་ཀྱི་འབྱུང་བ་ལོག །ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བའི་གནད་ཀྱིས་ཡིད་དཔྱོད་ཚིག་གིས་ཆོས་ཉིད་ཀྱི་དོན་མཇལ་བའི་ལྟ་སྒོམ་སྤྱོད་འབྲས་ཀྱི་འཕྲེང་ཐག་ཆད། ཉམས་གོང་འཕེལ་གྱི་སྣང་བ་མཐོང་བས་འཁྲུལ་སྣང་མ་དག་པའི་བེམས་རིག་རང་འགག །རིག་པ་ཚད་ཕེབས་ཀྱི་སྣང་བ་མཐོང་བས་གཟུགས་སྐུ་གཉིས་ལ་ལོངས་སྤྱོད། ཆོས་ཉིད་ཟད་པའི་སྣང་བ་མཐོང་བས་སྐུ་གསུམ་རང་རྒྱུད་ཀྱི་བཅིངས་པ་ལས་གྲོལ། དེ་ལྟར་འབྲས་བུ་ལམ་དུ་བྱས་པས་རྒྱུ་འབྲས་གདོད་ཀྱིས་རྩོལ་སྒྲུབ་ཏུ་བྱེད་པའི་ཐེག་པ་ཀུན་ལས་འཕགས་པ་ཡིན་ནོ། །སྒྲོན་མ་ནི་ཁ་ཁྱེར་སྒྲོན་པ་དང་འདྲ་སྟེ་ཉམས་སུ་ལེན་པའི་གནད་ཀྱི་ཆ་ལག་ཏུ་མཐར་རྟེན་གྱི་མན་ངག་བཞིར་བསྟན་པའོ། །དེའང་མི་འགྱུར་བ་གསུམ་ལ་གཞི་བཅས་པས་རྟོག་པའི་འཕེལ་ཟད་དེ་ཆོས་ཉིད་རང་གི་སྣང་བ་ལས་འགྲོ་ས་མེད། སྡོད་པ་གསུམ་གྱི་ཚད་བཟུང་བས་ལུས་ངག་ཡིད་གསུམ་ཁམས་གསུམ་དུ་མི་ལྡོག་པར་ངོ་ཤེས། ཐོབ་པ་གསུམ་གྱི་གཟེར་ཐེབས་པས་རྒྱུ་རྐྱེན་རླུང་སེམས་བཞིའི་འབྲེལ་ཐག་བཅད་དེ་ཕྱིན་ཆད་དེ་བཞི་ལྷན་ཅིག་འཚོག་མི་སྲིད། གདེང་

p. 425

བཞིས་གྲོལ་ཚད་ཟིན་པས་འཁོར་འདས་ལ་རེ་དོགས་མེད་དེ་གཏན་ཡུལ་ཆོས་ཉིད་ཀྱི་དབྱིངས་སུ་ཕྱིན་པའོ། །དེ་ལྟར་སྒྲོན་མ་བཞི་མེད་ན་འཁོར་འདས་ཀྱི་འབྲེལ་པ་མི་ཆོད་ལ། ལུས་ངག་ཡིད་སེམས་བཞི་རྟག་ཏུ་འཁོར་བ་ན་འཁྱམས་པ་ལས་སྒྲོན་མ་བཞི་ཡོད་པར་ངོ་ཤེས་ཐག་ཆོད་ཉམས་སུ་བླངས་པས་ཐར་པའི་བྱང་ཆུབ་ཐོབ་པའོ། །དེ་ཡང་སྒྲོན་མ་བཞི་ཡོད་པས། གཞི་སྨིན་བྱེད་དབང་བཞིས་རང་རྒྱུད་སྦྱངས་ནས། ལམ་སྣང་བ་བཞི་ཚད་དུ་ཕྱིན་ཏེ། འབྲས་བུ་སྐུ་བཞི་དབྱིངས་སུ་འཁྱིལ་བ་དེའི་གནད་ལས་བྱུང་བའོ། །དེའང་རིན་པོ་ཆེ་བུམ་པའི་དགོངས་པ་ཙིཏྟ་རིན་པོ་ཆེ་སྙིང་གི་བུམ་པ་ན་རང་བྱུང་གི་སྒྲོན་མེ་ནམ་མཁའ་ལྟར་གནས་པ། བར་གྱི་ཁའི་འབྲེལ་ཐག་གི་ནམ་མཁའ་ལྟར་སྒྲོན་མ་བཞིས་མཚམས་སྦྱར་བས། ཕྱིའི་ནམ་མཁའ་ཆེན་པོ་ལྟར་ཀ་དག་དབྱིངས་ཀྱི་གྲོལ་སར་མ་བུ་སྤྲད་དེ། ཚད་ལ་ཕེབས་སམ་བར་དོ་རང་གསལ་གྱི་ཆོས་ཉིད་ཤར་དུས་རྡོས་བཅས་ལུས་ཀྱི་བུམ་པ་ཆག་པས། ལྷུན་གྲུབ་རིན་པོ་ཆེ་གསང་བའི་སྦུབས་ལ་ཟང་ཐལ་བ་ནི་སྒྲོན་མ་བཞིའི་ཆོས་ཉིད་ཉམས་སུ་བླངས་པ་ལས་བྱུང་བའོ། །འདིར་ཡང་བསྡུ་བས་སྒྲོན་མ་བཞིའི་རྣམ་གྲངས་བཤད་ན། སྒྲོན་མ་བཞི་པོ་དེ་དོན་དམ་གྱི་འབྱུང་བར་འདུས་པ་ལས། རྒྱང་ཞགས་སུ་སྨིན་པ་སྟེ། གཟུགས་ཀྱི་རྣམ་པ་རྒྱང་རིང་པོ་ནས་མཐོང་བས་ན་རྒྱང་ཞེས་བྱ་ལ། དེ་ཉིད་འབྱུང་བ་རླུང་ལས་བྱུང་བས་ན་སྐྱོད་པ་ཐོགས་པ་མེད་པར་བྱེད་པའོ། །རྒྱང་རིང་པོའི་གཟུགས་འཛིན་པས་ཞགས་ཞེས་བྱའོ། །ཁ་དོག་དང་དབྱིབས་ལ་སོགས་པ་ལ་འཇུག་པ་འབྱུང་བ་ཆུའི་ཆ་ལ་ཆུའི་ཞེས་བྱའོ། །དབང་པོ་དང་རིགས་དང་ལོངས་སྤྱོད་ལ་སོགས་པའི་ཡུལ་ལ་མཆེད་པས་མེ་དང་ཆོས་མཐུན་པའི་ཕྱིར་སྒྲོན་མ་ཞེས་བྱའོ། །ཐིག་ལེ་ནི། གཞི་གནས་ཀྱི་ཡེ་ཤེས་ཏེ། དེ་ཉིད་མངོན་དུ་སྣང་ཡང་ཀ་དག་གི་ཡེ་ཤེས་སུ་གནས་པས་རང་བཞིན་ལྷུན་གྲུབ་སྤྲོས་བྲལ་ཕྱོགས་རིས་ལས་འདས་ཏེ། ཀུན་ཁྱབ་ཀྱི་ཡེ་ཤེས་སུ་གནས་པས་མི་འགྱུར་བའི་གཞིའོ། །སྟོང་པ་ནི། མཚན་ཉིད་འཛིན་པའི་

p. 426

ཡེ་ཤེས་སུ་སྣང་བས་དངོས་པོ་རང་རྒྱུད་དུ་འཛིན་པའི་ཆོས་ཀྱིས་སྟོང་སྟེ། སྟོང་ཉིད་འོད་གསལ་གྱི་འཆར་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གསལ་ལ། ཕྱོགས་དང་རིས་དང་དབུས་དང་མཐའ་མི་དམིགས་པར་སྟོང་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་ལ། སྟོང་ཉིད་ཕྱོགས་རིས་མེད་པའི་ངང་ལ་བློ་རྟོག་ཐ་དད་ཀུན་ནུབ་ནས་སོ་སོར་རྟོག་པའི་ཡེ་ཤེས་སུ་མ་འགགས་ཤིང་། སྟོང་པ་འབད་རྩོལ་ལས་འདས་པས་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ། སྟོང་ཉིད་གཅིག་གི་དཀྱིལ་འཁོར་ལས་མ་གཡོས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འདུས་པས། སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཞེས་བྱའོ། །སྒྲོན་མ་ནི། ཤེས་པས་བསྡུས་པའི་ཡེ་ཤེས་ཏེ། དེའང་སྤང་དུ་མེད་པའི་ཆོས་ཉིད་ལ་མུ་མཐའ་དང་བྲལ་བ་འཇིག་རྟེན་པའི་ཤེས་པས་བསྡུས་པའི་ཡེ་ཤེས་དང་། གཞི་ལ་གང་ཡང་སྤོང་མི་དགོས་ཡེ་ནས་ཡང་དག་པའི་ཆོས་ཉིད་ལ་བསྒྲུབ་ཏུ་མེད་པ་འདས་པས་བསྡུས་པའི་ཤེས་པའི་ཡེ་ཤེས་དང་། མ་བཅོས་ལྷུག་པའི་རྩ་བ་མཐོང་བས་ཤེས་བྱས་བསྡུས་པའི་ཡེ་ཤེས་དང་། འོད་གསལ་དབང་པོའི་མངོན་སུམ་དུ་མཐོང་བ་ལྟ་བས་བསྡུས་པའི་ཡེ་ཤེས་དང་། ཡུལ་དང་རྣམ་པ་ཇི་ལྟ་བ་དང་ཇི་སྙེད་པ་མཐོང་བ་མཁྱེན་པས་བསྡུས་པའི་ཡེ་ཤེས་རྣམས་སོ། །ཤེས་རབ་རང་བྱུང་གི་སྒྲོན་མའི་ཤེས་པ་ནི། འགྱུ་བ་དང་། དྲན་པ་དང་། རྟོག་པ་དང་། བསམ་པ་རྣམས་སོ། །འགྱུ་བ་ལས་རླུང་དང་ཡིད་ཀྱི་འགྱུ་བ་གཉིས་ལས། རླུང་ནི་སྔར་བསྟན་ཟིན་ལ། ཡིད་ཀྱི་འགྱུ་བ་ནི་དྲུག་སྟེ། ཀུན་ཏུ་ཚོལ་བའི་ཡིད་ཀྱི་འགྱུ་བས། ལས་དང་ཉོན་མོངས་པ་ཐ་དད་པའི་རྒྱུ་དང་། རྐྱེན་དང་། བྱེད་པ་དང་འབྲས་བུ་རྣམས་སུ་བྱུང་བའོ། །གཏན་ལ་འབེབས་པའི་ཡིད་ཀྱི་འགྱུ་བས། ཕྱི་ནང་ཀུན་ལ་འགྱུས་པས་ང་དང་། བདག་དང་། གཞན་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་བྱུང་བའོ། །ངེས་པར་འཇོག་པའི་ཡིད་ཀྱི་འགྱུ་བས། གཅིག་དང་གཉིས་ལ་སོགས་པ་ལ་སེམས་ཏེ་འགྱུས་པས། རང་

p. 427

དང་། གཞན་དང་། སྣང་སྟོང་དང་། སོ་སོའི་བྱེ་བྲག་མ་འདྲེས་པ་ཐམས་ཅད་ལ་འཇུག་ཅིང་འཛིན་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་འགྱུ་བས་ཡུལ་མི་འདྲ་བ་ཐ་དད་པ་ལ་ཤེས་པ་གཅིག་གིས་སྣང་ཚུལ་སྣ་ཚོགས་པར་སྙམ་བྱེད་དང་ཡིད་གཉིས་ལ་སོགས་པར་བྱེད་དོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འགྱུ་བས། འདོད་པ་དང་། རྨུགས་པ་དང་། སྡང་བ་དང་། ཆགས་པ་དང་། ཞེན་པ་དང་། མི་ཤེས་པ་ལ་སོགས་པའི་རྒྱུ་དང་། རྐྱེན་དང་། ངོ་བོ་དང་། བྱེ་བྲག་ཏུ་བྱུང་བའོ། །འགྱུ་བྱེད་འཛིན་པའི་ཡིད་ཀྱི་འགྱུ་བས། འདས་པ་དང་། མ་འོངས་པ་དང་། ད་ལྟའི་དངོས་པོ་དང་། རྗེས་སུ་འགྱུས་པས་འཁོར་བའི་ལས་དང་། རྣམ་སྨིན་སྣ་ཚོགས་སོག་པའོ། །དྲན་པ་དང་། བག་ལ་ཉལ་སྣ་ཚོགས་པའི་རྒྱུ་རྐྱེན་དང་བྱེད་པ་དུ་མ་ལས་དེ་ལྟར་བཏགས་སོ། །ཁ་ཅིག་ཡིད་ཅེས་གཅིག་བརྗོད་པས་ཆོག་མོད། དབྱེ་བ་དུ་མས་མི་རིགས་སོ་སྙམ་ན། སེམས་བྱུང་ཞེས་གཅིག་ཏུ་བསྡུས་པས་ཆོག་མོད། ལྔ་བཅུ་རྩ་གཅིག་ཏུ་དབྱེ་བར་མི་རིགས་སོ་ཞེས་མཚུངས་སོ། །དེས་ན་དབྱེ་བསྡུ་ཇི་ཙམ་ཡང་ཆ་ཤས་ལ་ལྟོས་ནས་འགལ་བ་མེད་དོ། །དབྱིངས་རྣམ་པར་དག་པའི་སྒྲོན་མ་ནི། འོད་དང་སྐུའི་འཆར་བྱེད་འདུས་པ་སྟེ། དེ་ཡང་ཁ་དོག་རྣམ་ལྔ་འདུས་པའི་ཁྱབ་བྱེད་མཐིང་ག་འགྱུར་བ་མེད་པ་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བས་རྡོ་རྗེ་ལུ་གུ་རྒྱུད་ལ་འཆུགས་ས་མེད་པའོ། །དེའི་ནང་དུ་འོད་ཀྱི་སྐུ་འོད་ཟེར་འཕྲོ་བ་སྣང་བས། ཆོས་ཉིད་ཀྱི་བར་དོ་འདིར་ཆོད་དེ་མངོན་པར་རྫོགས་པར་སངས་རྒྱའོ། །འོད་ཀྱི་སྣང་བ་གྱེན་འགྲེང་དང་རྩིབས་ཤར་དང་མུ་ཁྱུད་དུ་སྣང་བས་འཁྲུལ་སྣང་རང་འགགས་ཏེ་ཡེ་ཤེས་སུ་གསལ་བའོ། །དེ་དག་ལས་འོད་ཀྱི་སྣང་བ་དུམ་བུ་དང་། སྣམ་བུ་དང་། གྲུ་ཆད་དུ་སྣང་སྟེ་དབྱིངས་ཕྱི་ནང་འདྲེས་པས་ཡེ་ཤེས་ལ་བར་མཚམས་མེད་པའོ། །དེ་ལས་མིག་ཚགས་དང་། མིག་མངས་དང་། མིག་མངས་རིས་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། མེ་ཏོག་དང་། པདྨ་སྟོང་

p. 428

ལྡན་དང་། མཁར་ཐབ་དང་། ཟ་འོག་གི་གུར་ཁྱིམ་ལྟར་ཤར་བས་ཆོས་ཉིད་ཀྱི་སྣང་བ་ལམ་དུ་བྱེད་པའོ། །དེ་ཡང་སྒྲོན་མ་བཞིས་ལམ་གྱི་སྣང་བ་བཞིའི་རྟགས་ཚད་ངེས་པར་བྱེད་དེ། །རྒྱང་ཞགས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བས་གྲུབ་མཐའ་འདོད་རྒྱལ་དུ་འཛིན་པ་ལས་བློ་ལྡོག །ཐིག་ལེ་སྟོང་པས་ཉམས་གོང་འཕེལ་དུ་མཐོང་བས་བདེ་བ་རང་རྒྱུད་དུ་འཛིན་པའི་སྣང་བ་ལས་བློ་ལྡོག །དབྱིངས་རྣམ་པར་དག་པས་རིག་པ་ཚད་ཕེབས་སུ་མཐོང་བས་མ་དག་པ་འཁྲུལ་པའི་སྣང་བ་ལས་བློ་ལྡོག །ཤེས་རབ་རང་བྱུང་གིས་ཟད་པའི་སྣང་བ་མཐོང་བས་སྐུ་དང་ཡེ་ཤེས་སུ་ཞེན་པ་ལས་བློ་ལྡོག་པའོ། །དོན་གཉིས་པ་སྒྲོན་མ་བཞི་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། རྒྱང་ཞགས་ཆུའི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། དབྱིངས་རྣམ་པར་དག་པའི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མའོ། །དང་པོ་ལའང་། ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད། དེའི་གནས། གང་གིས་སྐྱེད་ཚུལ། འཆར་སྒོའི་སྣང་བ། མཐུན་དཔེ། ཚད་ངེས་པ་དང་དགུ་ལས། དང་པོ་ཆུའི་སྒྲོན་མའི་ངོ་བོ་ནི། འཁོར་འདས་གཉིས་ཀའི་ཆ་འཛིན་པས་དག་སྣང་དང་འཁྲུལ་སྣང་མཐོང་བྱེད་དུ་སྐྱེས་པའི་དབང་རྟེན་དྭངས་པ་དང་དེ་ལ་བརྟེན་པའི་འོད་རྩ་དྭངས་པ་སྟེ། གསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེའི་སྒྲོན་མ་འབར་བའི་རྒྱུད་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡི། །ངོ་བོས་སྣང་བ་གཉིས་ཀ་སྡུད། །མཐོང་བྱེད་འཛིན་ཆ་མ་འགགས་ཕྱིར། །གཉིས་ཀའི་ཆ་འཛིན་ལྟ་བས་ན། །འཁོར་འདས་མཐུན་པའི་ལྟ་བའོ། །ཞེས་སོ། །གཉིས་པ་ངེས་ཚིག་ནི། འོད་གསལ་དྭངས་པའི་གཟུགས་བརྙན་དང་འཁྲུལ་སྣང་ས་རྡོའི་སྣང་བ་རྒྱང་རིང་པོ་ན་འདུག་པ་འཛིན་ཞིང་། འཁོར་བའི་འཁྲུལ་སྣང་འཁྲུལ་རྟོག་དང་བཅས་པ་རིང་དུ་འཕེན་པས་རྒྱང་ཞེས་བྱ་ལ། མ་རྟོགས་ན་མྱང་འདས་རྒྱང་དུ་འཕེན་པས་ཀྱང་རྒྱང་ཞེས་པའོ། །རང་སྣང་མཐོང་དུས་མ་དག་པ་འཆིང་བས་ཞགས་ལ། མ་རྟོགས་ན་འཁྲུལ་

p. 429

སྣང་ལ་ཞེན་ནས་རང་རིག་འཆིང་བས་ཀྱང་ཞགས་ཏེ། ཐག་པ་དང་ཆོས་མཐུན་པའོ། །ཐག་པ་ཡང་བརྟགས་ན་སྤུ་ཉག་མ་རེ་རེ་བ་འཆིང་བའི་དོན་བྱེད་མི་ནུས་པ་འདྲ་བ་ལ། མ་བརྟགས་ན་ཚོགས་པ་འཆིང་བྱེད་དུ་གྲུབ་པ་ལྟར། འཁྲུལ་སྣང་དང་འཁྲུལ་འཛིན་གཉིས་པོ་དཔྱད་ན་གཞི་མེད་ངོ་བོ་ཉིད་ཀྱིས་སྟོང་ཡང་། མ་བརྟགས་ན་བློ་དང་སྣང་ཡུལ་འཁྲུལ་པ་རང་རིག་འཆིང་བྱེད་ལྟར་སྣང་བའོ། །བཅིངས་པར་སྣང་དུས་ནས་བཅིངས་པ་མེད་ལ། གྲོལ་བར་སྣང་དུས་ནས་འཆིང་བྱེད་རང་མཚན་པ་མེད་པས་གྲོལ་བ་མེད་དེ། སྒྱུ་འཕྲུལ་ལས། སུས་ཀྱང་མ་བཅིངས་བཅིངས་མེད་དེ། །འཆིང་བར་བྱ་བ་ཡོད་མ་ཡིན། །བཅིང་མེད་རྣམ་པར་བཀྲོལ་མེད་པ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་གསུངས་པ་བཞིན་ནོ། །ཡང་རང་སྣང་ཡས་སུ་མི་འཇུག་པར་འཆིང་བས་ཀྱང་ཞགས་པའོ། །སྣང་བ་ལ་ཞེན་པ་མེད་པར་ནང་ཏིང་ངེ་འཛིན་གྱི་དགའ་བདེས་རླན་པར་བྱེད་པས་ཆུ་ཞེས་བྱའོ། །ཆུའི་དྭངས་མ་འདུས་པ་ལ་བརྟེན་པས་ཀྱང་ཆུ་ཞེས་བྱའོ། །གཟུགས་སྣང་དབང་ཤེས་ལ་གསལ་བ་དང་། འོད་སྣང་གོང་འཕེལ་དུ་ཤར་བས་སྒྲོན་ཞེས་པའོ། །དབྱིངས་རིག་གི་སྣང་བ་སྐྱེད་པའི་གཞི་མ་ཡིན་པས་མ་ཞེས་བྱའོ། །དྭངས་མའི་དབང་པོ་གཟུགས་ཅན་ལྟ་བའི་རྟེན་གཞི་བྱེད་པས་ཀྱང་མ་ཞེས་བྱའོ། །དེ་སྐད་དུ་ཡང་སྒྲོན་མ་འབར་བ་ལས། ངེས་པའི་ཚིག་ནི་འདི་ལྟ་བུ། །རྒྱང་ནི་རིང་པའི་རྒྱུད་འཛིན་པས། །གཟུགས་སུ་སྣང་བ་འཛིན་པ་དང་། །ཁ་དོག་ལ་སོགས་སྡུད་པ་དང་། །རིག་པའི་སྐུ་ཡང་རྒྱང་རིང་ནས། །མཐོང་བྱེད་འཛིན་པར་བྱེད་པ་དང་། །འཁོར་བ་རྟོག་པའི་ཕྱོགས་ནས་ནི། །རྒྱང་དུ་འཕེན་པས་རྒྱང་ཞེས་བྱ། །དེ་བཞིན་མ་རྟོགས་ཕྱོགས་ནས་ཀྱང་། །མྱང་འདས་འཕེན་པས་རྒྱང་ཡིན་ནོ། །དེ་བཞིན་འཁོར་བའི་སྣང་ཆ་ནས། །གཟུགས་དང་འདོད་ཡོན་ལྔ་རྣམས་ནི། །འདི་ཡིས་འཆིང་བས་ཞགས་པ་ཡིན། །དབང་པོའི་ཡུལ་ལ་སྣང་བ་

p. 430

ཡི། །དྲན་བསམ་བདག་ཏུ་འདིས་འཛིན་པས། །ཞགས་པ་ཞེས་ནི་རྒྱང་ནས་འཛིན། །དེ་བཞིན་ནམ་མཁའ་སྤྲིན་བྲལ་ལ། །རིག་པ་བདག་མེད་སྐུར་སྣང་བ། །སྣང་བ་ཡས་སུ་མི་འཇུག་པར། །འདི་ཡིས་འཛིན་པས་ཞགས་ཞེས་བྱ། །ཆུ་ནི་སྣང་བ་དེ་དག་ལ། །ཞེན་པ་རང་སར་ལྡོག་ནས་ནི། །ཀུན་ལ་ཆགས་པའི་སེམས་མེད་པར། །སྣང་བ་རང་སར་བཞག་པས་ནི། །བདག་འཛིན་བྲལ་བས་ཆུ་ཞེས་བྱ། །སྒྲོན་ནི་རང་གི་སྣང་བ་ཀུན། །གོང་ནས་གོང་དུ་འཕེལ་བ་ཡིས། །རིག་པའི་ཡེ་ཤེས་གསལ་བས་སྒྲོན། །འབྱུང་བ་རགས་པའི་སྣང་བ་ཀུན། །རང་ཤེས་སྤྱོད་པ་འགག་མེད་ཅིང་། །དབང་པོའི་རང་སྒོར་གསལ་བས་སྒྲོན། །རིག་པ་ཕྱི་ཡི་དབྱིངས་བཞག་པས། །ནང་དབྱིངས་རང་སར་དག་སྟེ་སྣང་། །ཉམས་ཀྱི་སྣང་བ་འདིས་བསྐྱེད་པས། །དབྱིངས་རིག་འདྲེས་པས་མ་ཡང་ཡིན། །དབང་པོ་ཀུན་གྱི་དྭངས་མ་ཡང་། །འཆར་བྱེད་སྒོ་ནི་མིག་ཡིན་པས། །ཀུན་གྱི་གཞི་འཛིན་མ་ཞེས་བྱ། །ཞེས་སོ། །གསུམ་པ་དབྱེ་ན་གསུམ་སྟེ། འབྱུང་བ་འདུས་པའི་རྒྱང་ཞགས་ཆུའི་སྒྲོན་མ་རླུང་གི་དྭངས་མ་ལས་རྩ་བ་མེན་གྱི་རྭ་འདྲ་བའོ། །ཡེ་ཤེས་འདུས་པའི་རྒྱང་ཞགས་ཆུའི་སྒྲོན་མ་འོད་རྩ་དྭངས་པ་ཡེ་ཤེས་ཀྱི་ཁ་དོག་འཛིན། འཁྲུལ་སྣང་མི་འཛིན་པའོ། །དབང་པོ་འདུས་པའི་རྒྱང་ཞགས་ཆུའི་སྒྲོན་མ་དབང་པོ་ལྔའི་དྭངས་མ་མིག་གི་ཨ་འབྲས་དཀྱིལ་ན་དབང་རྟེན་དྭངས་པ་གཟུགས་མཐོང་བྱེད་དུ་སྐྱེད་པ་འཁྲུལ་སྣང་མཐོང་ཡེ་ཤེས་ཀྱི་སྣང་བ་མི་མཐོང་བའོ། །དེའང་ཆུའི་སྒྲོན་མ་དངོས་ནི་ཡེ་ཤེས་འདུས་པ་དེ་ཡིན་ལ། གཞན་གཉིས་དེའི་རྟེན་བྱེད་པའི་ཆ་ནས་བཏགས་པ་ཙམ་ཡིན་ཏེ། སྒྲོན་མ་དངོས་མྱང་འདས་ཀྱི་སྣང་བ་འཛིན་ལ། འཁོར་བ་དང་རྫས་འགལ་བའི་ཕྱིར་རོ། །འདི་ཤེས་པ་གལ་ཆེའོ། །ཡང་དེ་ཉིད་ལས། དབྱེ་བ་རྣམ་པ་གསུམ་ཡིན་ནོ། །འབྱུང་བའི་དྭངས་མ་རང་འདུས་པའི། །རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་། །ཡེ་ཤེས་འདུས་པའི་རྒྱང་ཞགས་དང་། །དབང་པོ་འདུས་པའི་རྒྱང་

p. 431

ཞགས་སོ། །ཞེས་སོ། །བཞི་པ་མཚན་ཉིད་ལ། སྤྱིའི་མཚན་ཉིད་གཟུགས་སྣང་འཛིན་རུང་དུ་སྐྱེས་པས་ཡུལ་སྣང་བའོ། །རང་གི་མཚན་ཉིད་ལ་གསུམ་ལས། འབྱུང་བ་འདུས་པའི་རྒྱང་ཞགས་ཀྱི་མཚན་ཉིད་སྣང་བ་སྡུད་འཛིན་མཆེད་པའི་ཆར་གནས་པ། ཡེ་ཤེས་འདུས་པའི་མཚན་ཉིད་འོད་གསལ་གྱི་རང་སྣང་གསལ་བར་འཛིན་པ། དབང་པོ་འདུས་པའི་མཚན་ཉིད་སྣང་བ་དང་སྣང་ཡུལ་དང་རང་ཤེས་མིག་གི་རྣམ་ཤེས་འཛིན་པའོ། །དེ་ལ་སྣང་བ་ནི། སྔ་མར་ཡུལ་དུ་སྣང་བ་རི་ལ་སོགས་པར་གཞག་པའོ། །སྣང་ཡུལ་ནི། དོན་རང་མཚན་བྲག་ལ་སོགས་པ་ལྟ་བུའོ། །སྣང་བ་ཤེས་པ་རྟོག་བྲལ་དང་བརྡའི་མིང་གི་རྣམ་པ་ཡིན་ལ། སྣང་ཡུལ་དོན་རང་མཚན་བེམས་པོར་གནས་པ་ལ་སོགས་པའོ། །ཡང་དེ་ཉིད་ལས། འདི་ཡི་མཚན་ཉིད་འདི་ལྟ་བུ། །འཆར་བྱེད་འགག་པ་མེད་པ་ཡི། །དབང་པོའི་དྭངས་མ་མིག་གི་སྒོར། །བསྐྱེད་པས་པདྨའི་སྤྱན་དུ་གནས། །རང་གི་མཚན་ཉིད་དབང་པོ་འཛིན། །འབྱུང་བ་ལས་ནི་འཕེན་པ་དང་། །སྡུད་དང་འཛིན་དང་མཆེད་པར་སྣང་། །ཡེ་ཤེས་ལས་ནི་ལྟ་བ་དང་། །གནས་དང་གོང་མ་འཛིན་པའོ། །དབང་པོས་ཡུལ་དང་ཡུལ་ཅན་དང་། །ཡུལ་མེད་རྣམས་ནི་རང་འཛིན་པའོ། །ཞེས་སོ། །དེ་ལ་ཡུལ་སྣང་རུང་གི་གཟུགས་རྣམས་སོ། །ཡུལ་ཅན་དབང་ཤེས་སོ། །ཡུལ་མེད། མེད་པ་གསལ་སྣང་ཟླ་གཉིས་ཀྱི་རྣམ་པ་ལ་སོགས་པའོ། །ལྔ་པ་གནས་ནི། མིག་གི་ཨ་འབྲས་ཏེ། ཐོག་མ་ལུས་ཆགས་དུས་ལྟེ་བའི་རྩ་མདུད་གྲུ་གསུམ་གྱི་ནང་དུ་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གཉིས་ཆགས་པ་ལས། མིག་གི་དབང་རྟེན་དབང་པོ་དང་། འོད་རྩའི་དྭངས་མ་བྱུང་སྟེ། ལྟེ་བ་ནས་སྙིང་། སྙིང་ནས་སྒལ་ཚིགས་འདབ་ནས། རྣ་བ་གཉིས་ཀྱི་ནང་ངོས་ཀླད་རྒྱའི་སྤྲིས་ནས་མིག་གི་ཨ་འབྲས་གཉིས་ལ་ཟུག་པར། རྩ་ཁྲག་དང་ཆུ་སེར་མེད་པ་བ་མེན་གྱི་རྭ་འདྲ་བ་གཉིས་ནང་འོད་ཀྱི་སྣལ་མས་ཁེངས་ནས་སྒོ་ཆུའི་སྒྲོན་མར་ཟུག་པའོ། །དེའང་རྩ་གཉིས་ཀྱི་ནང་གི་འོད་རྩ་གཉིས་པོ་རྒྱང་ཞགས་ཆུའི་སྒྲོན་མ་

p. 432

དངོས་སུ་གནས་ཏེ། དེ་ཉིད་ལས། འདི་ཡི་གནས་ནི་མིག་ཡིན་ཏེ། །མཐོང་བྱེད་འགག་པ་མེད་པ་ཡི། །ཡུལ་རྣམས་འཛིན་པར་བྱེད་པ་ཡིན། །ཀླད་པ་དུང་ཁང་དཀར་པོ་ནས། །གཡས་སུ་འཁྱིལ་པ་གསུམ་ཡོད་པའི། །རྩ་ནི་བ་མེན་རྭ་ཡི་དབྱིབས། །དབང་པོའི་དྭངས་མ་ཀུན་འདུས་ནས། །དབང་པོའི་ཡུལ་ལ་འཆར་བྱེད་པའི། །རྩ་ཡི་ནང་ན་འདི་ཉིད་གནས། །ཞེས་སོ། །རྩ་དེ་ཡང་རྒྱུངས་པའི་འདབ་ན་ཡར་རྩ་བ་གཅིག་ལ། འགུལ་བའི་ནང་ཐོད་པའི་སྦུབས་སུ་ཚུད་པ་ནས་ཡལ་ག་གསུམ་གྱི་གཡས་གཡོན་གཉིས་མིག་གཉིས་ལ་ཟུག །དབུས་མ་ཚངས་བུག་ལ་ཟུག་པའི་ནང་ནས། རིག་པ་རྟོག་མེད་ཀྱི་སྐུ་རྡོ་རྗེ་ལུ་གུ་རྒྱུད་དང་འོད་ཟླུམ་གྱི་ཐིག་ལེ་བརྩེགས་མ་ལྔ་ལྡན་དགུ་འཆར་ཏེ། སྒྲོན་མ་བཞིའི་ཆ་ཡོད་པའོ། །དེའང་རྩ་སྣ་ཆུའི་སྒྲོན་མའི་ཆའོ། །ཐིག་ལེ་ནི། སྟོང་སྒྲོན་གྱི་ཆའོ། །འོད་ལྔ་ནི། དབྱིངས་ཀྱི་ཆའོ། །ཤེས་པ་མི་རྟོག་པ་ནི། ཤེས་རབ་ཀྱི་སྒྲོན་མའི་ཆའོ། །མུ་ཏིག་འཕྲེང་བ་ལས། རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང་། །ཞེས་སོ། །དྲུག་པ་སྐྱེད་ཚུལ་ནི། ལྟེ་བ་ནས་སྐྱེད་པ་སྟེ། སྒྲོན་མ་འབར་བ་ལས། ཐོག་མ་རང་གི་ལུས་སྐྱེད་པའི་མའི་མངལ་དུ་ཞུགས་པའི་ཚེ། ལུས་ཀུན་གྱི་ནི་དྭངས་མ་རུ། །ལྟེ་བའི་རྩ་མདུད་ཆེན་པོ་ལས། །དབུས་ཀྱི་གྲུ་གསུམ་ཉིད་དུ་ཡང་། །ཕ་མའི་རྒྱུ་རྐྱེན་དྭངས་མ་ལས། །མིག་གི་འབྲས་བུ་ཉིད་དུ་ཆགས། །དེ་ཡང་ཕ་མའི་ཆ་གཉིས་ལས། །དཀར་ནག་འདྲེས་པ་ཉིད་དུའོ། །ཞེས་སོ། །བདུན་པ་སྒོ་ནི། མིག་གི་ཨ་འབྲས་དྭངས་མའི་དཀྱིལ་དྲང་པོ་སྟེ། དེ་ཉིད་ལས། འཆར་བའི་སྒོ་ནི་མིག་གཉིས་རང་། །དབང་པོ་ཡུལ་ལ་འཆར་བྱེད་པའི། །རྩ་ལས་འདི་ཀུན་སྣང་བར་ཤར། །ཅེས་སོ། །བརྒྱད་པ་མཐུན་དཔེ་ནི། ཡུལ་སྣང་འཛིན་པས་ལྕགས་ཀྱུ་ལྟ་བུ་སྟེ། དེ་ལས། དཔེར་ན་འཛིན་བྱེད་ལྕགས་ཀྱུ་ཡིས། །གང་སྣང་སྣ་ནས་འཛིན་པ་བཞིན། །འཁོར་དང་མྱ་ངན་འདས་པ་ཡི། །སྣ་གཉིས་འདི་ཡིས་འཛིན་

p. 433

པར་བྱེད། །ཅེས་སོ། །དགུ་པ་ཚད་ལ་གསུམ་ལས། འབྱུང་བ་འདུས་པའི་རྒྱང་ཞགས་ཀྱི་ཚད་ཡུལ་སྣང་མཆེད་པ་དང་སྡུད་པ་རྫོགས་པའོ། །ཡེ་ཤེས་ཀྱི་ཚད་ལུ་གུ་རྒྱུད་མཐོང་བའོ། །དྭངས་མ་འདུས་པའི་ཚད་གཟུགས་སྣང་བྱེ་བྲག་ཕྱེད་པའོ། །དེ་ཉིད་ལས། སྒྲོན་མ་སྣང་བར་བྱེད་དོན་གྱི། །ཡུལ་གཟུགས་སྣང་སྟེ་རིག་པ་ཡང་། །ལུ་གུ་རྒྱུད་སྣང་ཚད་ཡིན་ནོ། །ཞེས་སོ། །གཉིས་པ་ཐིག་ལེ་སྟོང་པའི་སྒྲོན་མ་ལའང་། ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད། གནས། སྒོ། རང་བཞིན། ཡུལ་སྣང་། ཚད། སྒྲོན་མ་དངོས། དེ་ཉམས་སུ་ལེན་ཐབས། མཐུན་དཔེ་དང་བཅུ་གཉིས་ལས། དང་པོ་ངོ་བོ་ནི། ཐིག་ལེ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ་རང་གསལ་ཁ་དོག་དྭངས་པའོ། །སྒྲོན་མ་འབར་བ་ལས། ཐིག་ལེ་སྟོང་པའི་སྒྲོན་མ་ནི། །ཆོས་རྣམས་ཀུན་གྱི་ཡིད་ཆེས་ས། །འདི་ཉིད་སུ་ཡིས་ཤེས་པ་དེ། །ཐིག་ལེའི་སྐུ་ལ་ལོངས་སྤྱོད་དེ། །གོམས་པ་རྣམ་ཀྱི་སྤྱོད་ཡུལ་འཐོབ། །དེ་ཕྱིར་འདི་ཡི་ངོ་བོ་ནི། །ཉག་གཅིག་ཆ་ཕྲ་སྤྲོས་དང་བྲལ། །སྟོང་པའི་མུ་བྲལ་རང་གསལ་ཆེ། །རང་བཞིན་རང་གསལ་མཉམ་པ་ཉིད། །མི་རྟོག་སྤྲོས་བྲལ་ཟླུམ་པོར་གནས། །མ་བསྐུར་རང་དབང་གཞི་རྫོགས་ཕྱིར། །དམར་པོ་རང་གསལ་ཡེ་ནས་གདངས། །དྲི་མ་མེད་ཅིང་ཀ་དག་པས། །བདག་འཆིང་ཉོན་མོངས་རྣམས་དང་བྲལ། །རང་གིས་རང་གསལ་ངོ་བོས་སྟོང་། །འདི་ནི་དེ་ཡི་ངོ་བོར་འདོད། །ཅེས་སོ། །གཉིས་པ་ངེས་ཚིག་ནི། རང་གནས་འོད་ཟླུམ་དེ་མི་འགྱུར་བས་ཐིག །ཡུལ་ལ་ཁྱབ་པར་གདལ་བས་ལེ། དངོས་པོ་ངོས་གཟུང་དུ་མེད་པས་སྟོང་པ། སྟོང་པའི་རང་འོད་ལྔ་འབར་བས་སྒྲོན་མ་སྟེ། དེ་ཉིད་ལས། ཐིག་ནི་མི་འགྱུར་དྲང་པོ་ལ། །ཡེ་ནས་བཅོས་པ་ཉིད་དང་བྲལ། །ལེ་ནི་གདལ་བ་ཆེན་པོ་ལ། །སྣང་བ་རྣམས་ནི་རང་སར་རྫོགས། །སྟོང་པ་དངོས་པོའི་འཛིན་པ་ནི། །ཡུལ་ལ་ཞེན་པའི་བློ་རྣམས་བཀག །རང་བཞིན་སྟོང་པ་ཆེན་པོ་ཡིས། །གསལ་བར་རང་ཞེན་བློ་མི་སྣང་། །སྒྲོན་མས་འོད་ལྔ་

p. 434

སྣང་བར་ནི། །བྱས་ཏེ་རང་ངོ་གསལ་རིག་བཅས། །འདི་རྣམས་ངེས་པའི་ཚིག་ཡིན་ནོ། །ཞེས་པ་དང་། མུ་ཏིག་འཕྲེང་བ་ལས། དཔེར་ན་རྨ་བྱའི་མདོངས་ལྟ་བུ། །ཐིག་ནི་འགྱུར་བ་ཡོད་མ་ཡིན། །ལེ་ནི་ཁྱབ་ཅིང་ཡུལ་ལ་སྣང་། །སྟོང་པས་དངོས་པོ་མཚན་མར་མེད། །སྒྲོན་མས་མུན་པ་སྣང་བར་འགྱུར། །ཅེས་སོ། །གསུམ་པ་དབྱེ་ན་ལྔ་ལས། གནས་པ་གཞིའི་ཐིག་ལེ། སྙིང་ག་ཡེ་ཤེས་ཀྱི་དཔལ་བེའུ་ན་འཁོར་འདས་ཀུན་གྱི་གྱེས་མདོའམ། འབྱུང་གནས་སམ། ཟད་སར་གནས་སོ། །ལུས་གནས་རྩའི་ཐིག་ལེ། ཁྱད་པར་ཆེན་པོའི་རྩ་བཞི་ན་རང་གསལ་བས་བདེ་སྡུག་རང་གྲོལ་ཡེ་གྲོལ་དུ་གནས་སོ། །ཀུན་རྫོབ་རྒྱུའི་ཐིག་ལེ། རོ་མ་ལ་སོགས་པ་ན་ལུས་ཀྱི་ཟུངས་ཙམ་འཛིན་བྱེད་དུ་གནས་སོ། །དོན་དམ་སྤྲོས་པ་མེད་པའི་ཐིག་ལེ། རིག་པ་ཀ་ནས་དག་པས་དབྱིངས་རིག་ཟད་པའི་དགོངས་པ་ལ་གནས་སོ། །རང་བྱུང་འབྲས་བུའི་ཐིག་ལེ། དབང་པོའི་མངོན་སུམ་དུ་སྣང་བས་ཉིན་མཚན་འོད་གསལ་དུ་འདྲེས་ཏེ། སངས་རྒྱས་ཀྱི་དགོངས་པ་རྒྱ་ཡན་ཡོངས་གྲོལ་ཆེན་པོ་ལ་སྤྱོད་པའོ། །སྒྲོན་མ་འབར་བ་ལས། དབྱེ་བ་ཉིད་ནི་རྣམ་པ་ལྔ། །གཞི་གནས་རང་རིག་ཐིག་ལེ་ཡིས། །སྣང་སྲིད་འཁོར་འདས་གཅིག་ཏུ་བཟླུམས། །ལུས་གནས་རྩ་ཡི་ཐིག་ལེ་ཡིས། །བདེ་དང་སྡུག་བསྔལ་གཅིག་ཏུ་བཟླུམས། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཡིས། །ཕུང་སེམས་སྐྱེད་པའི་རྒྱུ་རྐྱེན་ཏེ། །ཕུང་པོ་ཁམས་སོགས་གཅིག་ཏུ་བཟླུམས། དོན་དམ་སྤྲོས་མེད་ཐིག་ལེ་ཡིས། །དབྱིངས་དང་རིག་པ་གཅིག་ཏུ་བཟླུམས། །རང་བྱུང་འབྲས་བུའི་ཐིག་ལེ་ཡིས། །སངས་རྒྱས་ཀུན་གྱི་དགོངས་པ་རྣམས། །རྩོལ་སྒྲུབ་བྲལ་བའི་དབྱིངས་སུ་བཟླུམས། །འདི་ཀུན་དེ་ཡི་དབྱེ་བས་ན། །མི་འགྱུར་ཐིག་ལེ་སྟོང་པ་ལས། །སྣང་ཆའི་ཡུལ་ལ་རྣམ་པ་ལྔ། །གཅིག་པར་བཟླུམས་པའི་གནས་ན་གསལ། །ཅེས་སོ། །བཞི་པ་མཚན་ཉིད་ནི། ཟླ་དང་བྲལ་བའི་སྟོང་པ་དབང་པོའི་ཡུལ་དུ་ཤར་ན་མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་ལ་གནས་པ་སྟེ།

p. 435

དེ་ཉིད་ལས། རང་གི་མཚན་ཉིད་ངོ་བོས་སྟོང་། །གང་ལ་མངོན་པར་ཞེན་པ་འགགས། །རང་ཞེས་མི་འགྱུར་རྟོག་མེད་དག །མ་བསྒོམ་པར་དང་མཚམས་མེད་པའི། །ཐིག་ལེ་ཟླ་དང་བྲལ་བ་ཉིད། །རང་གནས་ཆེན་པོའི་དགོངས་པ་ལ། །བྱ་བྱེད་བྲལ་བར་རྒྱུན་དུ་གནས། །མཚན་ཉིད་སྟོང་པ་གསལ་བས་ཁྱབ། །ཅེས་སོ། །ལྔ་པ་གནས་ནི། ཁྱད་པར་ཆེན་པོའི་རྩ་བཞི་སྟེ། ཀ་ཏི་གསེར་གྱི་རྩ་ཆེན་ན། གཞིའི་ཐིག་ལེ་བཟང་པོ་རང་བྱུང་དུ་གནས། དར་དཀར་སྣལ་མ་ལྟ་བུ་ན། ལམ་གྱི་ཐིག་ལེ་བཟང་པོ་སྒྲོན་མ་ལ་འཇུག །ཕྲ་ལ་འཁྲིལ་ན། བཟང་པོ་རྩེ་མོའི་ཐིག་ལེ་རང་ཤར་དུ་གསལ། ཤེལ་སྦུག་ཅན་ན་བཟང་པོའི་རྒྱན་དང་ལྡན་པའི་ཐིག་ལེ་འོད་གསལ་དུ་སྣང་བའོ། །ཡང་དེ་ཉིད་ལས། སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ། །ཙིཏྟ་རིན་ཆེན་གཞལ་ཡས་ལས། །རྩ་ནི་སྟོང་ཕྲག་གྲངས་མང་ཡང་། ཁྱད་པར་ཆེན་པོའི་རྩ་བཞི་ལས། །ཀ་ཏི་གསེར་གྱི་རྩ་ཆེན་དང་། །དར་དཀར་སྣལ་མ་ལྟ་བུ་དང་། །ཕྲ་ལ་འཁྲིལ་དང་ཤེལ་སྦུག་ཅན། །འདི་བཞིའི་ནང་དུ་ཁྱད་པར་དུ། །གནས་ཤིང་རླུང་གི་རྟ་ལ་ཞོན། །འབྱུང་དང་འཇུག་དང་རང་ཤར་དང་། སྣང་བ་ཡི་ནི་བདག་ཉིད་དུ། །ཡེ་ནས་སྤྲོས་པ་མེད་པར་ཡང་། །གཞི་ཡི་ཐིག་ལེ་བཟང་པོ་དང་། །ལམ་གྱི་ཐིག་ལེ་དེ་བཞིན་བཟང་། །བཟང་པོ་རྣམས་ཀྱི་རྩེ་མོ་དང་། །བཟང་པོའི་རྒྱན་དང་ལྡན་པར་ཡང་། །རྩ་རྣམས་ཀྱི་ནི་ནང་ན་གནས། །ཞེས་སོ། །དྲུག་པ་སྒོ་ནི། མིག་གི་དྭངས་མའི་དཀྱིལ་ལས་སྤྱིར་སྒྲོན་མ་བཞི་ཀ་སྣང་ལ། ཁྱད་པར་དུ་ཐིག་ལེ་སྟོང་སྒྲོན་རང་འོད་དང་བཅས་པ་སྣང་སྟེ། དེ་ཉིད་ལས། རྐྱེན་གྱིས་མ་བསྒྲིབས་སེམས་ཅན་མིག །ཙཀྵུ་ཞེས་པའི་སྒོ་ནས་ནི། །ཉི་མའི་དཀྱིལ་འཁོར་བཞིན་དུ་ཡང་། །རང་གི་འོད་དང་ཟེར་ཉིད་དུ། །རང་ཆས་རྣམས་སུ་རྣམ་པར་སྣང་། །ཞེས་སོ། །སྤྱིར་མིག་གཡས་ནས་རྒྱང་ཞགས་དང་ཤེས་རབ་གཉིས། གཡོན་ནས་ཐིག་ལེ་དང་དབྱིངས་གཉིས། ཚངས་བུག་ན་རིག་པའི་སྐུ་སྒྲོན་མ་འབར་བའི་ཚུལ་དུ་གནས་ཏེ། མུ་ཏིག་འཕྲེང་བ་ལས། འགྲོ་བའི་ལམ་

p. 436

ནི་མཐོང་བྱེད་སྒོ། །དེ་ཉིད་གཡས་གཉིས་གཡོན་གཉིས་དབུས། །སྒྲོན་མ་འབར་བའི་ཚུལ་དུ་གནས། །ཞེས་སོ། །བདུན་པ་རང་བཞིན་ནི། ཐོག་མའི་ཀ་དག་གི་རང་བཞིན་ལས་འོད་གསལ་ལྷུན་གྲུབ་ཀྱི་ཐིག་ལེ་སྟོང་པ་ཆུ་ཟླ་ལྟ་བུར་ཤར་བ་སྟེ། དབང་རྣམ་པར་ཕྱེ་བ་ལས། མ་རིག་མུན་སེལ་ཐིག་ལེ་སྟོང་པ་ཉིད། །དབང་པོའི་ཡུལ་ལ་སྣང་བ་ངོ་མཚར་ཆེ། །ཞེས་པ་དང་། སྒྲོན་མ་འབར་བ་ལས། སྟོང་པ་ཉིད་ལས་རང་ལོག་པའི། །མྱོང་བྱེད་གསལ་བའི་སྣང་བར་ནི། །ཡེ་གདངས་ལྔ་དང་བཅས་པར་ཡང་། །རང་བཞིན་བབས་ཀྱིས་གནས་པ་ལས། །གསལ་བྱེད་རྣམས་ཀྱི་ངོ་བོར་ཡང་། །དངོས་པོ་ལས་ནི་ལོག་པར་ཞུགས། །སྟོང་པ་ཉིད་དུ་མ་ཡིན་ཏེ། །རང་གསལ་ཤེས་པའི་ཐོག་མར་ནི། །ཡེ་ནས་རང་གི་མཚན་ཉིད་དུ། །ཐོག་མའི་ཀ་དག་ཆེན་པོ་ལས། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་བར། །ཡེ་ཉིད་ནས་ནི་རང་བཞིན་ནོ། །ཞེས་སོ། །ཐོག་མ་ནས་གནས་ཚུལ་ལ། གཞི་ཀ་དག་གི་དུས་ན་སྒྲོན་མ་བཞི་ལྷུན་གྲུབ་ཀྱི་ཆ་ལ་ནང་གསལ་ཕྲ་བར་ཡོད་ལ། གཞི་སྣང་དུ་ཤར་དུས། དབྱིངས་ཀྱི་འོད་ཟེར་ལྔའི་སྣང་བར་ཤར། ཐིག་ལེས་སོ་སོས་འོད་ཁྱིམ་ན་སྐུའི་ཆར་ཤར། རྒྱང་ཞགས་རང་གསལ་འོད་ཟེར་གྱི་སྦྲེལ་ཐག་ཏུ་ཤར། ཤེས་རབ་རིག་པར་ཤར་བས་གྲོལ་འཁྲུལ་གཉིས་ཀྱི་རིག་མ་རིག་ཙམ་དུ་གནས་པའོ། །ལུས་ལ་གནས་དུས། སྙིང་ནང་ནས་མིག་ཏུ་འོད་རྩ་ལ་ལམ་བྱས་ཏེ་སྣང་བ་ལ། ཐིག་ལེ་འདི་སྙིང་ན་འོད་ལྔའི་ཕོ་བྲང་ཟླུམ་པོ་མུ་ཁྱུད་ལྔ་པར་གནས་པའི་རང་གདངས་རྒྱང་ཞགས་ན་སྒྲོན་མར་གསལ་བའི། བར་གདངས་ནམ་མཁའ་ལ་འོད་ལྔའི་ཟླུམ་འཁྲིགས་འགུལ་འཕྲིག་ཤས་ཆུང་ཙམ་དུ་སྣང་ལ། སྒྲོན་མ་ཉིད་ཕྱིར་སྣང་དུས་དེ་ལས་མཆེད་པའི་རང་གདངས་དཔག་ཏུ་མེད་པ་འཆར་རོ། །དེའང་ཚང་སྙིང་ནང་གི་ཐིག་ལེ་ལས་བཅས་ནས། སྒྲོན་མ་དངོས་སྒྲོན་གསལ་བ་སྟེ། །ཚང་ན་མི་གནས་སྒོར་གནས་པ། །བྱ་ཁྲ་བཞིན་ཏེ་རང་བཞིན་གསལ། །ཅེས་པའི་དོན་ཏོ། །བརྒྱད་པ་

p. 437

ཡུལ་གང་ལ་སྣང་ན། བར་སྣང་དག་པ་ལ་རང་གདངས་འོད་དང་བཅས་པ་སྣང་སྟེ། དེ་ཉིད་ལས། བར་སྣང་ཉིད་ནི་སྟོང་པ་ལ། །སྣང་བ་རང་ངོ་མ་འགགས་པས། །རང་བྱུང་ཐིག་ལེ་ཆེན་པོར་གནས། །བརྗོད་མེད་རང་གནས་ངོ་བོར་ཡང་། །ཡེ་ནས་ནམ་མཁའི་ཁམས་སུ་སྣང་། །ཞེས་སོ། །དགུ་པ་ཚད་ནི། སྒྲོན་མ་དངོས་བར་སྣང་ལ་སྣང་དུས་དབྱིངས་རིག་ཉིན་མཚན་མེད་པར་སྣང་བས་འཁོར་བ་མྱང་འདས་སུ་གྲོལ་བའི་ཚད་དེ། དེ་ཉིད་ལས། ཐིག་ལེ་སྤྲོ་དང་བསྡུ་མེད་པར། །བར་སྣང་ཉིད་དུ་སུས་ཟིན་པ། །དེ་ཡི་ཚད་དུ་དེ་གྱུར་ཏོ། །རྩོལ་མེད་གྲོལ་བའི་རྟགས་སུ་སྣང་། །རྩོལ་བཅས་ལ་ནི་འབད་ཚད་དོ། །ཞེས་སོ། །བཅུ་པ་སྒྲོན་མ་དངོས་ངོས་གཟུང་བ་ནི། འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བའི་ཐིག་ལེ་རིགས་དྲུག་སོ་སོའི་སྣང་བ་ཅན་ནི། ལྷ་ལ་རང་མཐོ་གང་བ་དཀར་པོ་ཤས་ཆེ་བའོ། །ལྷ་མིན་ལ་རང་གི་ཕྱག་གང་ལྗང་གུའོ། །མི་ལ་རང་གི་མཐེབ་གང་བ་དམར་གསལ་ལོ། །བྱོལ་སོང་ལ་བལྟར་རུང་དུ་མེད་ལ་རང་བཞིན་དུ་མཐིང་གར་ཡོད་དོ། །ཡི་དྭགས་ལའང་ཕྱིར་མེད་པ་སེར་པོའོ། །དམྱལ་བ་ལ་ཕྱིར་མི་སྣང་ཡང་རང་བཞིན་དུ་ཁ་དོག་ལྔར་ཡོད་དོ། །ངན་སོང་ནི་དགེ་བ་ཤས་ཆུང་བས་ཕྱིར་མི་སྣང་ལ། ནང་ནའང་ཆ་ཕྲ་བ་ཙམ་དུ་རང་རྫོགས་སུ་ཡོད་དེ། ཐལ་འགྱུར་ལས། སངས་རྒྱས་སེམས་ཅན་ཐམས་ཅད་ལ། །དབྱེར་མེད་རང་བཞིན་མེད་པས་ཁྱབ། །དེ་དང་སངས་རྒྱས་རྣམ་དག་རྫོགས། །དྲི་མེད་རྡུལ་དང་བྲལ་བར་གནས། །སེམས་ཅན་རིགས་དྲུག་སྣང་ཆ་ལས། །སོ་སོའི་རྒྱུད་ལ་གནས་པ་སྟེ། །ལྷ་རྣམས་རང་གསལ་རྫོགས་པ་སྟེ། །ལྷ་མིན་རྣམས་ལ་ཕྲ་ཞིང་འཁྱུག །མི་རྣམས་རང་གསལ་ཟླུམ་པོ་ཉིད། །བྱོལ་སོང་རྣམས་ལ་ནང་དུ་གསལ། །ཡི་དྭགས་རྣམས་ལ་ཕྲ་བ་ལས། །དམྱལ་བ་རང་སྣང་རྫོགས་པའོ། །ཞེས་པ་དང་། སྒྲོན་མ་འབར་བ་ལས། འོད་ལྔ་འདུས་པའི་ཐིག་ལེ་ནི། །ལྷ་རྣམས་ལ་ནི་རང་མཐོ་གང་། །ཟླུམ་པོ་རང་གསལ་ཆེན་པོར་ཡོད། །ལྷ་མིན་རང་གི་ཕྱག་གང་ངོ་། །མི་རྣམས་རང་གི་མཐེབ་

p. 438

གང་ལ། །ཟླུམ་པོ་ཟག་པ་མེད་པར་ཡོད། །བྱོལ་སོང་ལ་ནི་ཕྱིར་མི་སྣང་། །ཡི་དྭགས་རང་ངོ་ཕྲ་བར་ཡོད། །དམྱལ་བ་རྣམས་ལ་རང་གསལ་ཙམ། །ལྷ་ལ་དཀར་པོ་ཤས་ཆེར་སྣང་། །ལྷ་མིན་དེ་བཞིན་ལྗང་གུ་ཆེ། །མི་ལ་དམར་གསལ་རང་ཆགས་བྲལ། །བྱོལ་སོང་ཉིད་ལ་མཐིང་ཤས་ཆེ། །ཡི་དྭགས་སེར་པོ་དེ་བཞིན་ནོ། །དམྱལ་བ་རྣམས་ལ་ཁ་དོག་ལྔ། །རང་གསལ་ཤེས་པའི་ཆར་གནས་པ། །སྒྲོན་མ་དངོས་ནི་དེ་བཞིན་ནོ། །ཞེས་སོ། །བཅུ་གཅིག་པ་དེ་ཉམས་སུ་བླང་ཐབས་ནི་བུ་ག་མེད་པའི་གནས་སུ་མཐེབ་མཛུབ་ཀྱིས་དལ་བུས་མནན་པས་སྒྲོན་མ་དང་འོད་དང་ཐིག་ལེ་མང་པོ་སྣང་སྟེ། རྩོལ་བ་བཏང་ལ་སྣང་བ་མ་ཡལ་གྱི་བར་དུ་བལྟ་ཞིང་། ཡང་དེ་ལྟར་ཉམས་སུ་བླངས་པས་མཚན་མོ་འོད་གསལ་དུ་སྣང་སྟེ། སྣང་མུན་འདྲེས་པ་ནི་འཁོར་བ་མྱང་འདས་སུ་གྲོལ་བའོ། །དེ་ཡང་ཁ་དོག་དམར་པོ་མེད་པར་ལྔ་ལྡན་དུ་རང་གསལ་བ་ནི་རྩོལ་མེད་ཀྱི་ལེན་ལུགས་སོ། །རྩོལ་བཅས་སུ་ལེན་ན་རྩེ་ཆུང་ཕྱི་མ་གཉིས་དལ་བུས་མནན་ལ་མིག་སྔར་བཞིན་གཏེམས་པས་འོད་ཟེར་མཆེད་པ་སྟེ། དེ་ཉིད་ལས། རང་གི་མཐེབ་དང་མཛུབ་མོ་ཡིས། །ཙཀྵུའི་ཕུགས་དང་འགྲམ་བཙིར་ནས། །སྔོན་དུ་སྣང་སྟེ་ཡིད་ཆེས་ཀྱིས། །གོམས་པར་གྱུར་པའི་གནད་ཀྱིས་ནི། །དམར་པོའི་ཤས་མེད་ལྔ་ལྡན་པར། །གྱུར་ཏེ་ནམ་མཁར་སྣང་བའི་མི། །འདིས་ནི་རིག་པའི་རང་དབང་ཐོབ། །དེ་ནི་རྩོལ་མེད་རང་གྲོལ་ལོ། །རྩོལ་བ་ཅན་དེ་ཡང་འདི་ལྟར། །རང་གི་མཇིང་པའི་ཕྱི་རོལ་རྩ། །འཕྲིག་ཅིང་འཕར་བ་དྲག་པ་ལ། །སོར་དང་མཛུབ་ཀྱིས་ཡང་བཙིར་ནས། །མིག་གི་འདུག་སྟངས་མཁས་པས་བྱ། །འོད་ནི་མདའ་གང་ཚུན་ཆོད་གསལ། །དེ་ལ་མཆེད་པའི་དུས་རྣམས་བཟུང་། །དེ་ཡི་ཐབས་ཀྱི་མན་ངག་ཏུ། །འདི་ཀུན་དེ་ཡི་དེར་འགྱུར་རོ། །ཞེས་སོ། །རྩེ་ཆུང་གི་ནང་དུ་རྩ་གཉིས་ཁམས་དྭངས་མ་འབབ་པའི་རྩ་ཁྲག་དྭངས་མ་དང་འདྲེས་པ་སྟེ། མནན་དུས་སྲོག་རྩར་ཐིགས་པ་ལྷུང་བས་བརྒྱལ་བར་བྱེད་ལ། ཕྱིར་རྩ་གཉིས་རླུང་དང་འོད་ཟེར་འདྲེས་པ་རྒྱུ་བས་མནན་དུས་

p. 439

རིག་པ་གསལ་ལ་འོད་ལྔ་འཆར་བའོ། །བཅུ་གཉིས་པ་མཐུན་དཔེ་ནི། རང་གདངས་ཟླུམ་པོ་རྨ་བྱའི་མདོངས་འདྲ་ལ། དྭངས་ཆ་དང་དེའི་གདངས་ཀྱི་ཆ་སྣང་བ་ཁྲའི་མིག་འདྲ་ཞིང་། གསལ་བ་དང་ཐིག་ཕྲན་གཞན་ཡང་སྣང་བ་ཉའི་མིག་ལྟ་བུ་ལ། འཚེར་བའི་བཀྲག་དང་འོད་ཟེར་བྱི་ལའི་མིག་འདྲ་བ་སྟེ། དེ་ཉིད་ལས། དཔེར་ན་རྨ་བྱའི་མདོངས་དང་མཚུངས། །དེ་བཞིན་ཁྲ་ཡི་མིག་གམ་ནི། །ཡང་ན་དེ་བཞིན་ཉ་ཡི་མིག །དེ་བཞིན་སྲོག་ཆགས་རྐུན་མོའི་མིག །འདི་རྣམས་བཞིན་དུ་གནས་པའོ། །ཞེས་སོ། །གསུམ་པ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལའང་། ངོ་བོ། ངེས་ཚིག །དབྱེ་བ། རང་བཞིན། མཚན་ཉིད། གོམས་ཚུལ། ཚད། གནས། སྒོ། དངོས། མཐུན་དཔེ་དང་བཅུ་གཅིག་ལས། དང་པོ་ངོ་བོ་ནི། མཐིང་ག་ལས། ལྔ་ལྡན་དུ་མཆེད་དེ་འོད་ལྔའི་མུ་ཁྱུད་ཟླུམ་པོ་ནང་ན་པད་འདབ་དང་བཅས་པ་ཟ་འོག་བེར་ཁྱིམ་ལྟར་སྣང་བ་སྟེ། རིག་པ་ལུ་གུ་རྒྱུད་གཟེར་འདེབས་པའི་ར་བར་བྱུང་བའོ། །འདི་ཐིག་ལེའི་འོད་ཁྱིམ་ཡིན་པས་འགུལ་འཕྲིག་ཤས་ཆུང་ངོ་། །སྒྲོན་མ་འབར་བ་ལས། རྣམ་དག་དབྱིངས་ཀྱི་སྒྲོན་མས་ནི། །རིག་པ་ཡི་ནི་ངོ་བོ་སྡུད། །ལུ་གུ་རྒྱུད་ཀྱི་ར་བར་སྣང་། །འདི་ལ་སུས་གོམས་དོན་དེ་ཉིད། །མཐིང་ག་མི་འགྱུར་རང་གསལ་བ། །མུ་ཁྱུད་ཀྱི་ནི་ར་བར་གནས། །རང་གསལ་ཕྱི་ཡི་ཡུལ་དུ་སྣང་། །ངོ་བོ་ཉིད་ནི་མ་བཅོས་པའོ། །ཞེས་སོ། །དེའང་ནམ་མཁར་གཏད་དུས་དང་པོ་མཛོད་སྤུའི་ཐད་དྲང་གི་ནམ་མཁར་མཐིང་ག་ཁྱབ་པ་ཆེན་པོའི་འོད་དུ་འཆར་ལ། དེའི་ནང་ནས་ཁ་དོག་ལྔ་འཆར་རོ། །དེ་ཡང་མིག་ཟུར་གཉིས་ལས་འཇའ་འམ་ན་རོ་ལྟར་འཆར་ཏེ། མུ་ཏིག་ཕྲེང་བ་ལས། དཔེར་ན་ནམ་མཁའི་འཇའ་ཚོན་ལྟར། །དག་པ་ཉོན་མོངས་དྲི་མ་ཟད། །དབྱིངས་ནི་ཡངས་ཤིང་རྒྱ་མ་ཆད། །ཆོས་ཉིད་ཡུལ་ལ་རྣམ་དག་པས། །གཉིས་ཀའི་ཟུར་ནས་འཆར་བར་བྱེད། །ཁྱབ་ཆེན་མཐིང་ཀ་འགྱུར་བ་མེད། །སྣང་བ་དག་པའི་རྐྱེན་ཕྲད་ན། །ཁ་དོག་ལྔ་དང་ལྡན་པར་འགྱུར། །ཅེས་སོ། །གཉིས་པ་ངེས་ཚིག་ནི།

p. 440

རིག་པའི་རང་ཡུལ་དང་སྣང་བའི་འཆར་གཞི་བྱེད་པས་དབྱིངས། ཡུལ་དུ་སྣང་བ་ལ་དྲི་མ་མེད་པས་རྣམ་པར་དག་པ། ལུ་གུ་རྒྱུད་གོ་རར་བཟུང་ནས་སྣང་རིག་གསལ་བར་བྱེད་པས་སྒྲོན་མ་སྟེ། སྔ་མ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་འཇུག་པར་བྱ། །རང་གི་ངོ་བོ་རྟོག་མེད་དུ། །ནང་གི་དབྱིངས་ཀྱི་གོ་རར་ཡང་། །མ་བཟུང་མི་གནས་ཚུལ་གྱིས་ནི། །འབྲལ་བ་མེད་པར་རྒྱུན་དུ་སྣང་། །རྣམ་པ་ཡུལ་དུ་སྣང་བ་ལ། །དག་པ་དྲི་མའི་གྲངས་མཐའ་ཟད། །སྒྲོན་གྱིས་རྡོ་རྗེ་ལུ་གུ་རྒྱུད། །ནམ་མཁའ་ཉིད་ལ་ཅེར་བཏོན་ཏེ། །རང་བཞིན་མེད་པར་སྣང་བར་བྱེད། །མས་ནི་དེ་ཡི་དོན་འཛིན་པས། །རང་བཞིན་ཉིད་ཀྱི་ངེས་ཚིག་ཏུ། །ཡེ་ནས་འདུ་འབྲལ་མེད་པར་གནས། །ཞེས་སོ། །གསུམ་པ་དབྱེ་ན་གསུམ་ལས། གཞི་ལ་གནས་པའི་དབྱིངས་རྣམ་དག་གི་སྒྲོན་མ་ཙིཏྟའི་ནང་ན་ཡེ་ཤེས་དང་འོད་ཀྱི་སྐུ་ལྷུན་གྲུབ་ནང་གསལ་དུ་གནས་པའོ། །ལམ་ལ་སྣང་བའི་དབྱིངས་རྣམ་དག་གི་སྒྲོན་མ་མུ་ཁྱུད་ལྔའི་ར་བས་བསྐོར་བ་དབུས་ན་པདྨའི་འདབ་མ་ཅན་གྱི་ཐིག་ལེའི་དྭངས་མ་སྡུད་པའོ། །འབྲས་བུ་ཡུལ་ལ་སྣང་བའི་དབྱིངས་རྣམ་དག་གི་སྒྲོན་མས་ལུ་གུ་རྒྱུད་བཙོན་དུ་འཛིན་པ་སྟེ་འོད་ལྔའི་དྲ་བ་དང་དྲ་ཕྱེད་དང་། ཟ་འོག་རིས་ལ་སོགས་པའོ། །ཡང་སྒྲོན་མ་འབར་བ་ལས། དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །གཞི་ལ་གནས་པའི་དག་དབྱིངས་ཀྱི། །རིག་པའི་ཡེ་ཤེས་སྐུ་རུ་འཛིན། །ལམ་ལ་སྣང་བའི་དབྱིངས་ཀྱིས་ནི། །རིག་པའི་ཐིག་ལེའི་དྭངས་མ་སྡུད། །ཡུལ་ལ་སྣང་བའི་དབྱིངས་ཀྱིས་ནི། །ལུ་གུ་རྒྱུད་དེ་བཙོན་དུ་འཛིན། །འདི་ཀུན་དེ་ཡི་དབྱེ་བའོ། །ཞེས་སོ། །བཞི་པ་རང་བཞིན་ནི། རང་ངོ་ཀ་དག་ཏུ་གནས་པས་དབྱིངས་ཀྱི་ར་བར་རིག་པ་བཅུག་དུས་ཟང་ཐལ་མཉམ་པའི་དགོངས་པ་རང་དལ་ཆེན་པོའི་བསམ་གཏན་ངང་གིས་འབེབས་ལ། ལྷུན་གྲུབ་ཡེ་གདངས་ཀྱི་སྣང་བ་ལས་ནམ་མཁར་ཟ་འོག་བེར་ཁྱིམ་ལ་སོགས་པའི་སྣང་བ་དུ་མར་འཆར་བ་ནི། དགོངས་པ་ཀ་དག་དང་ལྷུན་

p. 441

གྲུབ་གཉིས་སུ་མེད་པ་འདིའི་རང་བཞིན་ཏེ། དེ་ཉིད་ལས། རང་བཞིན་སྣང་བ་མ་འགགས་པས། །བློ་དངོས་དྲན་པ་ཀུན་ཟད་དེ། །སྣང་བ་རང་དག་དབྱིངས་སུ་ནི། །རྟོག་པ་མེད་པའི་རིག་པར་ཡང་། །མི་གཡོ་མཉམ་པ་ཉིད་ཤེས་པས། །ཐམས་ཅད་མཉམ་པའི་དབྱིངས་སུ་ཡང་། །ཡེ་ནས་རྣམ་རྟོག་ཟད་པར་ནི། །རང་བཞིན་རྣམ་དག་དབྱིངས་སུ་གནས། །བརྗོད་ཅིང་སྣང་ཚིག་གཉིས་མེད་པས། །ཕྱི་དང་ནང་མེད་དབྱིངས་སུ་ཡང་། །རང་དལ་ཆེན་པོའི་ངང་དུ་གནས། །ཞེས་སོ། །ལྔ་པ་མཚན་ཉིད་ནི། ཕྱི་འོད་ཀྱི་དབྱིངས་སྟོང་གསལ་ཟང་མ་དང་། རང་རིག་པའི་དབྱིངས་ཀ་དག་ཟང་མར་ཡེ་ནས་གནས་པ་སྟེ། དེ་ཉིད་ལས། ཕྱི་ནང་མེད་པར་ཟང་ཐལ་བས། །མ་བསྒྲིབས་དྲི་མ་མེད་པར་ནི། །ཡེ་ནས་ཀ་དག་ཆེན་པོར་ཡང་། །རྣམ་པར་དག་པས་དབྱིངས་ཀྱི་ནི། །མཚན་ཉིད་དུ་ནི་ཡེ་ནས་བཞུགས། །འདི་མེད་རིག་པའི་ཡུལ་མེད་པས། །སྣང་བ་འགག་པ་མེད་པ་ཡི། །ཆར་ནི་དབྱིངས་ཀྱི་སྒྲོན་མའོ། །ཞེས་སོ། །དྲུག་པ་གོམས་ཚུལ་ནི། འཁོར་འདས་རུ་ཤན་ཕྱེ་ནས་ལུས་ངག་རྣལ་དུ་ཕབ་སྟེ། མངོན་སུམ་ངོ་སྤྲོད་དབྱིངས་ཀྱི་ར་བར་རིག་པ་བཅུག་ནས་ཉིན་མཚན་མེད་པར་ཉམས་སུ་བླངས་པས། དང་པོ་འོད་མེ་ལོང་ཙམ་ལས། དེ་ནས་དུམ་བུ་དང་། ཡུལ་གྲུ་ཙམ་དང་། ནམ་མཁའ་གང་བ་ནས། ཅི་སྣང་དབྱིངས་ཀྱི་སྣང་བར་ཤར་ནས་སྐུའི་བར་མཐོང་སྟེ་ཟད་པའི་སྣང་བ་ལ་ཐུག་པ་ནི་འདིའི་གོམས་ཚུལ་ཏེ། དེ་ཉིད་ལས། འཁོར་འདས་རུ་ཤན་ཕྱེད་ནས་ནི། །ལུས་ངག་རྣམས་ནི་རྣལ་དུ་དབབ། །དེ་ནས་དབྱིངས་རིག་སྣང་བ་བརྟག །འདི་ལ་གོམས་པའི་ཚད་རྙེད་ནས། །ཕྱི་རོལ་ཉིད་ཀྱི་སྣང་བ་ནི། །གོང་ནས་གོང་དུ་ཡང་འཕེལ་བས། །རིམ་གྱིས་རང་གོམས་ཆེན་པོ་འཐོབ། །འདི་ལ་བརྟན་པའི་ཚད་རྙེད་ནས། །ཆོས་རྣམས་ཟད་པར་གྱུར་པ་ནི། །དེ་ཉིད་གོམས་པར་བྱ་བ་ཡི། །ཡན་ལག་ཏུ་ནི་ངས་བཤད་དོ། །ཞེས་པ་དང་། རང་ཤར་ལས། མཐོང་དང་གོམས་པའི་ཡེ་ཤེས་ནི། །གང་ལ་འཛིན་པའི་སེམས་མེད་

p. 442

པའི། །མཐོང་བའི་ཚད་ནི་འདི་ཡིས་བཟུང་། །ནམ་མཁའ་རྣམ་པར་དག་པ་ལ། །མིག་གི་དབང་པོ་མ་འགགས་པས། །ནམ་མཁའི་དཀྱིལ་དུ་དེ་བཞིན་ཉིད། །དབྱིངས་ཀྱི་སྒྲོན་མ་དག་པ་དེ། །ཤེས་རིག་རྒྱལ་པོས་མཐོང་བ་དེ། །དེ་ལ་གོམས་པར་གྱུར་པ་ནི། །རང་གི་ལྟ་བ་མཐོང་བ་ཡིན། །དེ་ལ་རབ་ཏུ་གོམས་པ་གཅེས། །ཞེས་སོ། །བདུན་པ་ཚད་ནི། ཉམས་སུ་བླངས་པས་སྣ་རྩེ་ལས་སྨིན་མཚམས་ཀྱི་ཡར་མཚམས་སུ་མཐིང་ག་ལས་མཆེད་པའི་འོད་ཟ་འོག་རིས་ལིང་ཚེར་སྣང་བ་ནས། མེ་ལོང་ཙམ་དང་། དུམ་བུ་དང་། བལྟས་ཚད་ཁྱབ་པའི་ནང་ན་སྐུ་ཤར་བ་ནི་འདིའི་ཚད་དེ། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁར་བལྟ། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་བཞག་ཅིང་འབྲལ་མི་བྱ། །འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །དེ་ནས་ཐིག་ལེ་མཐོང་བ་ཡིན། །དེར་གཏད་སྣང་བ་གོང་འཕེལ་བས། །རང་ངོ་མཐོང་ལས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་པ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །མ་སྨིན་ལ་སོགས་ཐིག་ལེ་དང་། །དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ནང་ལུས་ཟད་པའི་སར་ཕྱིན་ཚེ། །སོར་མོ་ལ་སོགས་དེ་བཞིན་སྣང་། །འདིར་གཏད་འབྱུང་བ་རང་དེངས་སོ། །སྐྱེ་དང་འཇུག་པའི་ཁྱད་པར་གྱིས། །ཆོས་ཀུན་ཟད་པའི་རང་ས་ལ། །ཅི་ཡང་འཛིན་པ་མེད་པར་ནི། །གནས་པ་ཡིན་ནོ་སྤྲུལ་པའི་སྐུ། །འདི་ནི་འཇུག་པའི་ཤུགས་ཀྱིས་དབང་། །སྐྱེ་བའི་རང་དབང་

p. 443

སུས་ཐོབ་པ། །དེ་ཡང་དེ་ལ་གཏད་ནས་ནི། །ཡང་དུས་འདི་ལྟར་བྱས་པ་ན། །སྣང་བའི་རང་སྒྲ་སིལ་སྐད་དེ། །མངོན་དུ་ལོག་སྟེ་འཁྲུལ་པར་སྣང་། །འདིས་ནི་སེམས་ཅན་དོན་ཀུན་བྱེད། །རིག་པ་མཉམ་པར་གཅིག་པའི་ཕྱིར། །སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི། །འཕོ་བ་ཆེན་པོ་འདིས་འགྲུབ་བོ། །དེ་བཞིན་རིམ་དང་ཅིག་ཅར་གྱི། །ལུས་ནི་འདི་ཡིས་འགྲུབ་པ་ཡིན། །དེ་ཀུན་ལུས་ཟད་ཚད་ལས་གྲོལ། །འདི་ཀུན་འབྲས་བུ་ངེས་པ་ཡི། །ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ། །ཅེས་པ་དང་། སྒྲོན་མ་འབར་བ་ལས། མཐིང་ག་མི་འགྱུར་སྣང་བ་ལས། །ཁ་དོག་གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་། །རང་གི་མདུན་གྱི་ཡར་མཚམས་སུ། །སོར་བཞིའམ་ནི་མཐོ་གང་ལས། །འཕགས་ཏེ་ལུས་དང་བྲལ་བ་ནི། །དེ་ཡི་ཚད་དུ་དེ་འགྱུར་རོ། །ཞེས་པ་དང་། རང་ཤར་ལས། དེ་ནས་སྣང་བ་ཤར་བ་དང་། །རང་གི་ཤེས་རབ་ཆེན་པོ་ཡིས། །བརྟགས་ན་ཡེ་ཤེས་སྣང་བ་ལ། །སྐུ་དང་ཡེ་ཤེས་ཕྱོགས་མེད་ཤར། །དེ་ཡང་འཆར་ལུགས་འདི་ལྟ་སྟེ། །དང་པོ་མེ་ལོང་དཀྱིལ་འཁོར་ཙམ། །དེ་ལས་སྣང་བ་དུམ་བུར་འཆར། །དེ་ལས་ཡུལ་གྲུ་ཙམ་དུ་འཆར། །དེ་ལས་ནམ་མཁའ་གང་བར་འཆར། །ཅི་སྣང་འོད་ཀྱི་དཀྱིལ་འཁོར་དུ། །ཤར་ནས་གཟུགས་སྐུ་མཐོང་བའི་ཚེ། །སྐུ་ཡི་དཀྱིལ་འཁོར་ཐམས་ཅད་ནི། །རང་ལས་བྱུང་ཞིང་རང་ལས་སྤྲུལ། །ནམ་མཁའ་གང་བའི་སྣང་བ་རྣམས། །མཐོང་བའི་ཆོས་ཉིད་མ་འགགས་པའི། །ཡེ་ཤེས་མཁའ་ལ་གཤེགས་པའི་རྟགས། །རང་བཞིན་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་བ། །ཤར་བ་དེ་ཉིད་རང་ཉིད་ཡིན། །སངས་རྒྱས་དགོངས་པ་ཚད་མའི་ཆོས། །ཡང་དག་དོན་ལ་དེ་བཞིན་གཤེགས། །དེ་ནི་གོམས་པའི་ཚད་དུ་བསྟན། །ཅེས་སོ། །བརྒྱད་པ་གནས་ནི། གཞིའི་དབྱིངས་ཙིཏྟ། ལམ་གྱི་དབྱིངས་འབྲི་གུ་ཏ། འབྲས་བུ་རང་ཤར་གྱི་དབྱིངས་ཀྱི་གནས་ནམ་མཁའ་སྤྲིན་བྲལ་ཏེ། སྒྲོན་མ་འབར་བ་

p. 444

ལས། མིག་ནི་འབྱུང་བའི་རྐྱེན་མེད་ལ། །གནས་པས་རང་གི་རིག་པ་ཉིད། །ལུ་གུ་རྒྱུད་དུ་སྣང་བ་སྟེ། །སྤྲིན་བྲལ་མཁའ་ལ་འཛིན་པར་བྱེད། །རང་ཤེས་ནང་དུ་གསལ་བའི་ཚེ། །ཙིཏྟའི་དཀྱིལ་དུ་གནས་པ་ཡིན། །ཕྱིར་འཕྲོས་སྤྲིན་བྲལ་ནམ་མཁའ་འོ། །མིག་གི་རྣམ་ཤེས་དག་པ་ལ། །གསལ་བྱེད་འབར་བའི་འོད་ཟེར་ལྔ། །མི་འགྱུར་ཁྱབ་པའི་ཚུལ་དུ་ཡང་། །མཐིང་གའི་རང་གདངས་ཆེན་པོར་གནས། །ཞེས་སོ། །དགུ་པ་སྒོ་ནི། མིག་ནས་འཆར་ཏེ། དེ་ཉིད་ལས། འདི་ཡི་འཆར་སྒོ་མིག་ནས་ཡང་། །འགྱུར་མེད་ཁྱབ་པའི་ཚུལ་དུ་སྣང་། །འདི་ཡི་སྣང་བ་རང་དག་པས། །དབྱིངས་དང་རིག་པའི་ཟུང་འཇུག་སར། །ཡེ་ནས་གནས་ཏེ་ཅོག་གཞག་གོ། རང་ཤར་རང་གི་སྤྱོད་ཡུལ་ལོ། །སྣང་བ་མིག་དང་རང་འབྲེལ་བས། །དེ་ཉིད་རྐྱེན་བྲལ་ནམ་མཁར་འཆར། །དེ་ལྟར་འཆར་སྒོ་མ་འགགས་པའོ། །ཞེས་སོ། །བཅུ་པ་དབྱིངས་ཀྱི་སྒྲོན་མ་དངོས་ནི། མིག་གི་ཟུར་གཉིས་ལས་ཤར་ཏེ་མཐིང་ག་ཁྱབ་པ་ཆེན་པོའི་འོད་མཐའ་མེད་པ་སྟེ། ནང་དུ་རིག་པ་འོད་དེའི་ཁང་པ་ན་བཞུགས་ལ། ཕྱིར་ལུ་གུ་རྒྱུད་ཐིག་ལེ་སྟོང་པ་དང་བཅས་པ་དེའི་ར་བ་ན་བཞུགས་ཏེ། འོད་ལྔའི་སྣང་བ་དང་མུ་ཁྱུད་ཀྱི་ར་བ་གཉིས་དབྱིངས་དངོས་ཡིན་ནོ། །དེ་ཡང་དངོས་པོ་རགས་པར་མེད་པས་གཟུང་ཡུལ་དུ་མ་གྲུབ། ཆད་པ་ཕྱང་ཆད་མ་ཡིན་པས་རང་གསལ་འཇའ་ཚོན་ལྟ་བུ། འབྱུང་བའི་གནོད་པས་མི་ཤིགས་པས་འདུས་བྱས་འཁོར་བ་མ་ཡིན་པ། གནད་དང་ལྡན་པས་མཐོང་ནས་གོམས་ན་ཡེ་སངས་ལ། ཡང་སངས་རྒྱ་བ་སྟེ། དེ་ཉིད་ལས། འདི་ལྟར་གནད་གསུམ་མན་ངག་དང་། །སུ་ལ་འཛོམ་པའི་སྐྱེས་བུ་ནི། །དབྱིངས་ལ་གོམས་ཏེ་མངོན་དུའོ། །སྲིད་པ་ཡི་ནི་ཡར་མཚམས་ན། །འདི་ཉིད་གཉིས་འཇུག་ཟུར་ལས་ནི། །ཐབས་དང་ཤེས་རབ་རང་བཞིན་ལས། །གཉིས་ནི་འཁྲིལ་ཏེ་གཅིག་པར་ཡང་། །སོར་གཅིག་གིས་ནི་མ་རེག་པར། །ཉིན་དུས་འབྱུང་བའི་རྐྱེན་ལྡན་པས། །སྣང་བར་འགྱུར་ཏེ་མཚན་མོ་

p. 445

ཡང་། །མཐིང་ག་རང་ངོ་ཉིད་དང་འབྱར། །དབྱིངས་ཀྱི་རང་བཞིན་འོད་ཀྱི་ཁྱིམ། །འགྱུར་མེད་ཡེ་གདངས་ཆེན་པོར་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །སུས་ཀྱང་བྱས་པ་མེད་པར་ནི། །ཡེ་ནས་གཉིས་མེད་མཉམ་པར་གནས། །འདི་ནི་ཁྱབ་ཆེ་ཕྲ་བ་ལས། །རང་གི་ཤེས་པའི་ཆར་ཤར་ནས། །མངོན་སུམ་ཉིད་དེ་རབ་ཏུ་གསལ། །གསང་བ་ཆེན་པོ་འདི་ཉིད་ལ། །གང་སུ་སྤྱོད་པར་འདོད་པ་དེས། །ཡེ་སངས་ཉིད་ལ་ཡང་སངས་རྒྱས། །ཞེས་སོ། །བཅུ་གཅིག་པ་འདིའི་མཐུན་དཔེ་ནི། ཡི་གེ་ན་རོ་བཞིན་དུ་གཤོག་པ་གཉིས་བསྡོམས་པས་ན་རོ་གཅིག་འགྲུབ་པ་ལྟར། ཕྱིའི་དབྱིངས་མཐིང་ག་དང་དེ་ལས་ཤར་བའི་སྣང་བ་གཉིས་བསྡོམས་པས་དབྱིངས་ཀྱི་སྒྲོན་མ་ཞེས་གཅིག་ཏུ་བཏགས་ཤིང་། ན་རོའི་གཟུགས་ལྟར་མཐིང་ག་ཁྱབ་ཆེན་ཡང་དང་པོ་སྨིན་མཚམས་སུ་སྣང་དུས་རེ་ག་ནག་པོའི་རྣམ་པ་དྲེང་ཙམ་འཁྱོག་དང་བཅས་པ་ལས། དེ་ཉིད་ལ་གཏད་དུས་ཕྱིས་འཇའ་ཚོན་སྣ་ལྔ་ལྟར་བར་སྣང་ལ་སྣང་བ་སྟེ། དེ་ཉིད་ལས། དཔེར་ན་ཡི་གེ་ན་རོ་བཞིན། །གཉིས་ཀྱིས་བཟུང་སྟེ་བསྡོམས་པས་གཅིག །ནག་པོ་བསྒྱུར་དུ་བཏུབ་པ་མིན། །དེ་ལ་གོམས་པའི་གདེང་རྙེད་ནས། །བར་སྣང་འཇའ་ཚོན་ཇི་བཞིན་དུ། །ཁ་དོག་མ་འདྲེས་ཡོངས་སུ་རྫོགས། །དེ་ནས་ཡང་ནི་གོམས་སྟོབས་ཀྱིས། །དེ་ཡི་རྟགས་དང་ལྡན་པ་ལ། །བར་སྣང་ཁམས་ཀྱང་དེ་བཞིན་ནོ། །ཞེས་སོ། །བཞི་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ལའང་། ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད། སྒོ། གནས། ཚད། མཐུན་དཔེ་དང་བརྒྱད་ལས། དང་པོ་ངོ་བོ་ནི། སྒྲོན་མ་ཀུན་གྱི་ཤེས་བྱེད་དགོངས་པ་ཆོས་ཉིད་སྟོང་གསལ་རང་གནས་ཤེས་པའི་རྩལ་དང་བཅས་པ་སྟེ། ཐབས་སུ་རྒྱང་ཞགས། ཐིག་ལེ། དབྱིངས་གསུམ་མ་འགུལ་བར་གཏད་པས། ནང་དུ་རང་རིག་དྭངས་སངས་ཕྱེད་པ་རང་གནས་ཀྱི་དགོངས་པ་ཀློང་རྡོལ་གྱི་ཤེས་རབ་དང་བཅས་པ་ནི། སྒྲོན་མ་འབར་བ་ལས། ཤེས་རབ་རང་བྱུང་སྒྲོན་མ་ནི། །འདི་

p. 446

ལྟར་སྒྲོན་མ་ཐམས་ཅད་ཀྱི། །ཤེས་བྱེད་ཉིད་དུ་གནས་པས་ན། །ཀུན་གྱི་ཆ་ལ་འདི་ཉིད་པས། །འབྱེད་པའི་ཤེས་རབ་ཉིད་པས་ནི། །འབྱེད་པ་མེད་པའི་ཚུལ་དུ་གནས། །ཆ་ཕྲ་སྐྱེད་པའི་ངོ་བོར་ནི། །ཡེ་ཐོག་ཉིད་ནས་གནས་པའོ། །ཞེས་སོ། །གཉིས་པ་ངེས་ཚིག་ནི། ནང་དུ་རང་གནས་ལྷུན་གྲུབ་ཀྱི་དགོངས་པ་ཤེས་དུས་ཕྱིར་སྣང་བ་རང་སྣང་ཟང་ཐལ་དུ་ཤེས་ཏེ། ཆོས་ཐམས་ཅད་ཀྱི་སྤྱི་སྟོང་ཞིང་བདག་མེད་པར་ཤེས་ལ། རང་གི་ཡེ་ཤེས་ཀྱི་ཚད་རྣམས་ཤེས་པས་ཤེས་ཞེས་བྱའོ། །རབ་ནི་ཀུན་གྱིས་རྟོགས་དཀའ་བའི་དགོངས་པ་མ་བཙལ་རང་ལས་རྙེད་པས་ཆེས་འཕགས་རྩེ་མོར་གྱུར་ཞེས་པའོ། །ཡེ་ནས་རང་ལ་ཡོད་པའི་ནོར་བུ་རྙེད་པས་རང་ཞེས་བྱ། རང་ཤར་འགག་མེད་དུ་བྱུང་བས་བྱུང་ཞེས་བྱ། ཆོས་རྣམས་གསལ་བར་ཤེས་པས་སྒྲོན་ཞེས་བྱ། རང་སྣང་རང་ངོར་རིག་པས་ཁྱབ་ཅིང་ཤེས་པས་མ་ཞེས་བྱའོ། །ཡང་དེ་ཉིད་ལས། ཤེས་པས་དངོས་དང་དངོས་མེད་པའི། །སྣང་བ་ཀུན་ལ་རབ་ཞུགས་ནས། །སྤྱི་ཡི་དོན་རྣམས་ཤེས་པ་དང་། །མ་བཙལ་བཞག་པའི་གདེང་རྙེད་དེ། །རང་གི་ཡེ་ཤེས་ཚད་རྣམས་ཤེས། །རང་བཞིན་དག་པའི་ཆོས་སྐུ་ནི། །སུས་མ་རྙེད་པ་རང་རིག་པས། །ཀུན་ལས་ཁྱད་འཕགས་རབ་ཏུ་སྣང་། །གཞན་གྱིས་དཔྱད་པའི་གནས་མེད་པས། །རང་ཤར་ཡེ་ནས་དག་པའི་ཡུམ། །གཞན་གྱི་ཡུལ་མིན་རང་ཞེས་བྱ། །བྱས་པས་འདི་དོན་རྙེད་པ་མེད། །སུ་ལ་རེ་བ་མེད་པའི་ཕྱིར། །ཡེ་ནས་རང་སྣང་བྱུང་ཞེས་བྱ། །སྒྲོན་མས་ཆོས་ཉིད་ཐམས་ཅད་ཀུན། །གཉིས་སུ་མེད་པར་སྣང་བར་བྱེད། །མས་ནི་རང་ངོ་ཁྱབ་པས་སོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། དཔེར་ན་སྲེག་བྱེད་སྒྲོན་མེ་ལྟར། །ཤེས་པས་ཆོས་རྣམས་ཅིག་ཅར་རྟོགས། །རབ་ནི་ཀུན་གྱི་རྩེ་མོར་གྱུར། །རང་ནི་གཞན་ལྟོས་ཆོས་དང་བྲལ། །བྱུང་བས་མ་བཀག་ལྷུག་པར་སྣང་། །ཞེས་གསུངས་སོ། །གསུམ་པ་དབྱེ་ན་ལྔ་ལས། གཞི་གནས་རང་བྱུང་གི་ཤེས་རབ་ནི། ནང་

p. 447

གནས་རིག་པའི་མཁྱེན་ཆ་སྟེ་འཆར་གཞི་དང་རྟེན་དུ་གནས་པའོ། སྣང་བ་ཅེར་འཛིན་གྱི་ཤེས་རབ་ནི། །དབྱིངས་རིག་གཉིས་མེད་ཟུང་འཇུག་གི་རང་དུས་རང་གསལ་དྲི་མེད་དག་པས་དགོངས་པ་ཆོས་ཉིད་དུ་སྐྱེལ་བར་བྱེད་པའོ། །དྲན་པ་འགག་མེད་ཀྱི་ཤེས་རབ་ནི། ཤར་རིས་མེད་དུ་མར་ཤར་ཡང་། གྲོལ་རང་ངོ་ཆོས་ཉིད་གཅིག་ཏུ་སྡུད་པའོ། །སོ་སོར་རྟོག་པའི་ཤེས་རབ་ནི། ཆོས་དང་ཆོས་ཅན་རང་དང་སྤྱིའི་རྣམ་པ་དང་། མཚན་ཉིད་ལ་སོགས་པ་ཇི་ལྟར་སྣང་བ་མ་འདྲེས་པར་ཤེས་པའོ། །འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ནི། རང་བཞིན་གྱི་བར་དོ་འདིར་ཐོས་པས་གཏན་ལ་འབེབས། བསམ་པས་ངེས་པར་བྱེད། སྒོམ་པས་རོ་མྱོང་བས་འཁོར་བ་ལས་ངེས་པར་འབྱིན་པ་སྟེ། ཚིག་དོན་རྟོགས་པར་བྱེད་པའོ། །ཡང་དེ་ཉིད་ལས། དབྱེ་བ་རྣམ་པ་ལྔ་ཡིན་ཏེ། །གཞི་གནས་རང་བྱུང་ཤེས་རབ་ཀྱིིས། །ལུས་སོགས་ཆོས་ཀྱི་རྟེན་རྣམས་བྱེད། །སྣང་བ་ཅེར་འཛིན་ཤེས་རབ་ཀྱིས། །དབྱིངས་དང་རིག་པའི་འདུན་ས་འཛིན། །དྲན་པ་འགག་མེད་ཤེས་རབ་ཀྱིས། །ཤེས་པ་རྩེ་གཅིག་ཡུལ་རྣམས་སྡུད། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །སྤྱི་དང་རང་གི་མཚན་ཉིད་འབྱེད། །འཇུག་བྱེད་རྣམ་གསུམ་ཤེས་རབ་ཀྱིས། །རང་བཞིན་བར་དོར་གཏན་ལ་འབེབས། །ཞེས་སོ། །བཞི་པ་མཚན་ཉིད་ནི། ཡུལ་སྣང་བས་བསྡུས་པའི་ཆོས་དང་། ཡུལ་ཅན་རིག་པས་བསྡུས་པའི་ཆོས་རྣམས་རང་བཞིན་མེད་པར་ཤེས་པ་ནི་འདིའི་མཚན་ཉིད་ཡིན་ཏེ། དེ་ཉིད་ལས། སྣང་དང་མི་སྣང་ཆོས་རྣམས་ཀུན། །རང་བཞིན་མེད་པར་སུས་ཤེས་པ། །འདི་ནི་དེ་ཡི་མཚན་ཉིད་དོ། །ཞེས་པ་དང་། སྡུད་པར། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ཅེས་བརྗོད། །ཅེས་གསུངས་པ་བཞིན་ནོ། །ལྔ་པ་འཆར་བྱེད་ཀྱི་སྒོ་ནི། དབང་པོ་ལྔ་སྟེ་དབང་ཤེས་ཀྱིས་ཡུལ་འཇལ་བ་ནི་ཤེས་རབ་ཡིན་ལ་དེའི་སྒོ་ཡིན་པའི་ཕྱིར་རོ། །ཁྱད་པར་དུ་སྣ་ནས་དྲན་པ་ཤེས་རབ་ཀྱི་

p. 448

རྟ་མེ་རླུང་རྒྱུ་བས་དེ་ཉིད་ཡིན་ཏེ། མེ་རླུང་ཤེས་རབ་ཀྱི་གདངས་མེ་སྟག་ལྟ་བུ་མཚན་མོ་སྦྲིད་པ་བྱུང་དུས་འཆར་བས་ཤེས་སོ། །ཡང་དེ་ཉིད་ལས། འཆར་བྱེད་སྒོ་ནི་དབང་པོ་ལྔ། །ཁྱད་པར་སྣ་ནས་འཆར་བར་བྱེད། །དེ་རྟགས་མཚན་མོའི་དུས་ཉིད་དུ། །གློ་དང་སྦྲིད་པ་དྲག་པོ་དང་། །ཤིན་ཏུ་གློ་དྲག་ལུས་པའི་ཚེ། །དམར་ལ་གདང་བའི་འོད་ཟེར་ནི། །མེ་སྟག་བཞིན་དུ་རྣམ་འཕྲོས་པས། །དེ་ཡི་ཚད་དང་རྟགས་དེ་ཡིས། །འཆར་བར་བྱེད་པའི་སྒོ་ངོས་ཟིན། །ཅེས་སོ། །དྲུག་པ་གནས་ནི། ཙིཏྟ་ན་ཁྱད་པར་ཆེན་པོའི་རྩ་བཞི་ལ་རིག་པའི་ཡེ་གདངས་རླུང་གིས་བཟུང་ནས་ཕྱིར་མ་འཕྲོས་ནང་ན་རང་གནས་མི་གསལ་བ་ཙམ་ལས། ལས་རླུང་གིས་ཕྱིར་རྩ་ལ་བསྐྱོད་པས་ཡུལ་རིག་པར་ཤར་རོ། །དེའང་མིང་གཞི་འདུས་པའི་ཡེ་གདངས་ལ་གནས་པ་ནི། འབྱུང་བ། ཤེས་པ། ཡེ་ཤེས་རིག་པ་བཞིའི་ཡེ་གདངས་སུ་གནས་པ་སྟེ། དེ་ཉིད་ལས། སྐྱེད་པར་བྱེད་པའི་རྩ་བཞི་ནས། །འགྱུ་དང་འགུལ་དང་འཕྲིག་པ་དང་། །མེ་སྟག་ཡར་བའི་མཚན་ཉིད་དུ། །ལྔ་ཤེས་རབ་བཞི་རྩ་ལས་ནས་ཀྱི་རླུང་དང་བཅས། །ཤེས་པ་གསལ་གསལ་རིག་རིག་པོ། །ཤེས་རབ་རྣམས་ཀྱི་རང་བཞིན་དུ། །རོ་མ་རྐྱང་མ་ཀུན་འདར་མ། །ཤེལ་སྦུག་ཁོང་པ་སྟོང་པའི་ནང་། །གསལ་བ་ཤེས་རབ་ཆེན་པོར་བཞུགས། །མིང་གཞི་འདུས་པའི་ཡེ་གདངས་སུ། །ཐམས་ཅད་འབྱེད་པའི་ངོ་བོར་ནི། །ཡེ་ནས་ལུས་ཀྱི་ཆ་ལ་གནས། །སྐབས་སུ་རླུང་གིས་རང་བཟུང་བས། །ཤེས་པ་དྲན་མེད་རྨུགས་པར་ཡང་། །ཤེས་རབ་རྩལ་རྣམས་རྒྱས་འཐུམས་པས། །གསལ་བའི་ཆ་མེད་རྨུགས་པར་འགྱུར། །རང་གི་ཤེས་རབ་རྩལ་བསྐྱོད་ཚེ། །སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་། །ཡིད་ལ་དྲན་ཞིང་གསལ་བར་འཆར། །གསལ་དང་མི་གསལ་རྩལ་རྣམས་ནི། །རླུང་གི་གཡོ་འགུལ་ཉིད་ལས་བྱུང་། །ལུས་དཀྱིལ་རྩ་ནངགནས་པའོ། །ཞེས་སོ། །བདུན་པ་ཚད་ནི། གཞི་གནས་ཀྱི་ཤེས་རབ་ཀྱི་

p. 449

ཚད་དགོངས་པ་མཉམ་པའི་དྲོད་ཚད་ལ་གནས་པའོ། །སྣང་བ་ཅེར་འཛིན་གྱི་ཤེས་རབ་ཀྱི་ཚད། དབྱིངས་རིག་འདྲེས་ཏེ་ཤེས་པ་རང་དབང་ཐོབ་པའོ། །དྲན་པ་འགག་མེད་ཀྱི་ཤེས་རབ་ཀྱི་ཚད། ཤར་གྲོལ་རིས་མེད་པས་འདུ་འཕྲོ་ཟད་དེ་རང་དལ་ལྷུན་གྲུབ་ཀྱི་དགོངས་པ་ལ་གནས་པས་རྐྱེན་གྱིས་རིག་པ་མི་འཕྲོགས་པའོ། །སོ་སོར་རྟོགས་པའི་ཤེས་རབ་ཀྱི་ཚད། གཉིས་བཅས་ཀྱི་ཆོས་རྣམས་སོ་སོར་ཕྱེད་དེ་གཏན་ལ་ཕེབས་པའོ། །འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ཀྱི་ཚད། ཚིག་དོན་རྟོགས་ནས་དོན་རང་ངོ་ལ་གནས་པའོ། །དེ་སྐད་དུ་ཡང་སྒྲོན་མ་འབར་བ་ལས། གཞི་གནས་ཤེས་རབ་རང་བྱུང་ཚད། །ཆོས་ཀུན་མཉམ་པའི་ཉམས་སྐྱེས་ནས། །ཤེས་པ་བརྟན་པའི་གདེང་རྙེད་ཡིན། །དེ་ཉིད་འགྱུར་བ་མ་ཡིན་པར། །རྟག་ཏུ་རྒྱུད་ལ་གནས་པས་ན། །འདིས་ནི་གཞི་གནས་ཤེས་རབ་ཟིན། །འདི་ཡི་ལུས་ཀྱང་ཡང་བ་དང་། །ཤེས་པ་རྣམས་ནི་གསལ་བའོ། །སྣང་བ་ཅེར་འཛིན་ཤེས་རབ་ཚད། །ཅོག་གཞག་ཉམས་སུ་མྱོང་བའི་རྟགས། །ལུས་དཀྱིལ་ཁ་དོག་ལྔ་ཡི་འོད། །རྩོལ་བ་མེད་པར་ཕྱིར་ཤར་ནས། །འདི་ལ་ཤེས་པ་རང་ས་ཟིན། །ལུས་ཀྱང་ས་ལ་རེག་པ་མེད། །འདི་ཡིས་ཤེས་པ་གར་གཏད་པའི། །བེམས་པོ་རྣམས་ཀྱང་འཇུ་བར་ནུས། །རང་རྩལ་འབྱོངས་པའི་ཚད་ཡིན་ནོ། །དྲན་པ་འགག་མེད་ཤེས་རབ་ཚད། །ཤེས་པ་གཞན་ལ་འཇུག་པ་མེད། །གཅིག་པུར་འདུག་པར་དགའ་བ་དང་། །དབེན་པའི་ས་ལ་རྟག་ཏུ་དད། །མི་དང་འགྲོགས་སྙིང་མི་འདོད་པར། །ཤེས་པ་རྩེ་གཅིག་འགྱུར་བ་མེད། །གཞན་གྱིས་བརྗོད་པའི་གཏམ་ལ་ཡང་། །ཟུངས་སུ་འཛིན་པ་ཉིད་དང་བྲལ། །ལྟ་བ་མི་འགྱུར་གདེང་ཉིད་དུ། །ནམ་མཁའ་དག་ལ་འགྲོ་བ་སྙམ། །སེམས་དེ་གར་གཏད་ས་དེར་འགག །ཕ་རོལ་རྣམས་ཀྱི་རྐྱེན་གྱིས་ཀྱང་། །འདི་ལ་བསྒྱུར་དུ་ག་ལ་ནུས། །བག་མེད་ཤེས་པ་བདེ་ཡངས་པ། །འདི་ལ་སྐྱེས་པའི་མི་དེ་ནི། །དྲན་པ་འགག་མེད་ཤེས་རབ་ཟིན། །སོ་སོར་རྟོགས་པའི་ཤེས་རབ་ཚད། །ཀུན་གཞི་

p. 450

དང་ནི་ཆོས་སྐུ་ཡང་། །འདི་ལྟར་ཕྱེད་རྟགས་འདི་ལྟ་བུ། །ལུས་ལ་ཞེན་པའི་བློ་བྲལ་ནས། །རིག་པ་གར་གཏད་སར་གནས་ཏེ། །ལུས་ནི་བེམས་པོ་བཞིན་དུ་འགྱུར། །སེམས་དང་ཡེ་ཤེས་ཕྱེད་པས་ནི། །འགྱུ་བྱེད་རྣམས་ཀྱི་སྒོ་ཡང་འགག །འབྱུང་བ་དྭངས་བརྙིགས་སུས་ཕྱེད་པ། །རགས་པའི་སྣང་བ་རང་འགགས་ཏེ། །ལུ་གུ་རྒྱུད་ལ་བདེ་བར་སྤྱོད། །དེ་བཞིན་འཁོར་འདས་སུས་ཕྱེད་པ། །འཁྲུལ་པའི་བློ་རྣམས་སྐྱེ་མི་སྲིད། །གལ་ཏེ་སྐྱེས་ཀྱང་ཕན་གནོད་བྲལ། །དེ་ལ་སོགས་པའི་རང་ཤེས་ཀྱིས། །འཁོར་འདས་གཏན་ལ་ཕེབས་པ་ནི། །སོ་སོར་རྟོགས་པའི་ཤེས་རབ་བོ། །འཇུག་བྱེད་རྣམ་གསུམ་ཤེས་རབ་ཚད། །ཆོས་ཀུན་ཚིག་གཅིག་སྨོས་པས་ནི། །དེ་ཡི་གཞུང་ཀུན་ཤེས་པ་ནི། །ཐོས་པའི་ཤེས་རབ་ཚད་དུ་ཕྱིན། །ཤེས་པས་གང་ལ་བསམས་པ་ཡི། །ཟུངས་དེ་རྒྱུད་ལ་བདེ་ཤར་ནས། །བསམ་པ་ཡང་ནི་དེ་བཞིན་འབྱོངས། །གང་བྱུང་རྐྱེན་གྱིས་མི་གནོད་པར། །འཁྲུལ་རྟོག་ཞེན་པ་རང་འགགས་པ། །འདིས་ནི་བསྒོམ་པའི་ཤེས་རབ་རྙེད། །ཅེས་སོ། །བརྒྱད་པ་མཐུན་དཔེ་ནི། གང་ལ་བལྟས་པའི་ཡུལ་རིག་ཅིང་རྟོགས་ལ། ཉོན་མོངས་པ་ཐམས་ཅད་བསྲེགས་པས་སྤྲ་བ་ལ་མེ་མཆེད་པ་ལྟ་བུ་སྟེ། སྒྲོན་མ་འབར་བ་ལས། དཔེར་ན་སྤྲ་བ་རླན་མེད་ལ། །མེ་སྟག་ཕྲ་བ་ཉིད་ཕྲད་ཀྱང་། །སྤྲ་བ་ཀུན་མཆེད་མེས་བསྲེགས་བཞིན། །ཤེས་རབ་ཀྱིས་ནི་བག་ཆགས་བསྲེགས། །འདི་ཀུན་ཤེས་རབ་སྒྲོན་མའོ། །ཞེས་པ་དང་། སྡུད་པར། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཅེས་གསུངས་པ་བཞིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། སྒྲོན་མ་བཞིའི་རྣམ་གྲངས་བསྟན་པ་སྟེ་རིམ་ཁང་བཅུ་གསུམ་པའོ།། །།

རིམ་ཁང་བཅུ་བཞི་པ། བརྟེན་པ་ཤེས་པའི་གནས་རྣམ་པར་གཞག་པ།

p. 451

དེ་ལྟར་རྟེན་ལུས་དང་དེའི་ཆོས་ཚོགས་པ་གཞན་ཡང་རྣམ་པར་བཤད་ནས། ད་ནི་དེ་ལ་བརྟེན་པ་ཤེས་པའི་རང་བཞིན་གཏན་ལ་དབབ་པ་

p. 452

ལ་གསུམ་སྟེ། ཀུན་གཞི་དང་ཆོས་སྐུའི་ཁྱད་པར། སེམས་དང་ཡེ་ཤེས་ཀྱི་ཁྱད་པར། ཁྱད་པར་ཅན་གྱི་ཆོས་གཞན་རྣམ་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སེམས་ཅན་གྱི་གཞི་དང་སངས་རྒྱས་ཀྱི་གཞི་ལ་ལྟོས་ནས་རིག་པའི་ངོ་བོ་ཡིན་ཚུལ་ཀ་དག་དྲི་མ་མེད་པ་དང་། དྲི་བཅས་མ་རིག་པ་རྟོག་ཚོགས་དང་བཅས་པས་སྦགས་པ་འཁྲུལ་སྣང་འཁྲུལ་འཛིན་ཀུན་གྱི་གཞིར་གྱུར་པའི་ཆ་ནས། ཀུན་གཞི་དང་ཆོས་སྐུ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཐལ་འགྱུར་ལས། ཀུན་གཞི་དང་ནི་ཆོས་སྐུའི་གནད། །ཅེས་སོ། །དེ་ལ་ཀུན་གཞི་ནི་མ་རིག་པས་ཁྱད་པར་དུ་བྱས་པ་སེམས་དང་སེམས་བྱུང་ཐམས་ཅད་ཀྱི་དང་པོའི་རྟེན། བར་གྱི་གནས། ཐ་མའི་ཁྱིམ། བག་ཆགས་ཀྱི་སྣོད་དུ་གྱུར་པས་རྫིང་དང་འདྲ་ལ། ཆོས་སྐུ་ནི། མ་རིག་པ་ལོག་པས་ཁྱད་པར་དུ་བྱས་པ། སེམས་དང་སེམས་བྱུང་གི་ཡུལ་ལས་འདས་པ། ལས་དང་བག་ཆགས་ཐམས་ཅད་ལས་རྣམ་པར་དག་པའོ། །ཀུན་གཞི་ནི། ཟ་འོག་གི་བར་གདིང་ལྟར་དུ་མར་སྣང་བའི་གཞིར་གྱུར་པ། ཡུལ་སྣ་ཚོགས་སྣོད་དུ་སྣང་བ་དང་། ཡུལ་ཅན་དུ་མ་རིགས་དྲུག་ཁམས་གསུམ་བཅུད་དུ་སྣང་བ་དང་དེའི་ལུས་དང་། བདེ་སྡུག་དང་། སེམས་ཀྱི་འཁྲུལ་པའི་ཆ་ཤས་མང་པོ་འཛིན་ལ། ཆོས་སྐུ་ནི། དེ་ཐམས་ཅད་མེད་པ། ཡིད་ལ་སོགས་པ་དང་ལྷན་ཅིག་མི་གནས་པ་སྟེ། རང་ཤར་ལས། ཀུན་གཞི་རྣམ་རྟོག་འཛིན་པ་ལ། །སྣ་ཚོགས་འཁྲུལ་པའི་ཤེས་པས་བསླད། །ཀུན་གཞི་མ་རིག་དངོས་པོ་ཡིན། །ཀུན་གཞི་ཞེས་ཀྱིས་དེ་ལ་བྱ། །ཞེས་པ་དང་། ཡང་། སེམས་ཅན་གཞི་དང་སངས་རྒྱས་གཞི། །ཁྱད་པར་གཅིག་གིས་ཕྱེ་བར་ངེས། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཉིད་ནི་བསགས་པའི་ཕྱིར། །ཆོས་ཀྱི་སྐུ་ནི་ཟག་པ་ཟད། །སྟོང་ཞིང་གསལ་ལ་གསལ་ཞིང་ཁྱབ། །བསམས་པས་མ་སྦགས་དྲན་པ་སངས། །སྤྲོས་པ་ཉིད་དང་བྲལ་བ་སྟེ། །ནམ་མཁའ་

p. 453

ལྟ་བུར་ཁྱབ་ཅིང་སྟོང་། །རང་དག་མཚོན་པ་ཀུན་དང་བྲལ། །རྒྱུ་དང་རྐྱེན་བཅས་ཀུན་གཞི་ལ། །བག་ཆགས་སོག་ཕྱིར་རྫིང་དང་འདྲ། །ཆོས་ཀྱི་སྐུ་ནི་བག་ཆགས་བྲལ། །ཡིད་དང་སེམས་སོགས་འདུས་པ་ལས། །ལུས་ཅན་ཀུན་གཞི་དུ་མར་སྣང་། །ཆོས་སྐུའི་ཡིད་སོགས་བྲལ་བས་ན། །དུ་མ་གཟུགས་སྣང་ལུས་མེད་པའོ། །ཞེས་སོ། །དེ་ཡང་ཀུན་གཞི་ནི། སེམས་ཀྱི་གནས་ཡིན་ལ། ཆོས་སྐུ་ནི་ཡེ་ཤེས་ཀྱི་གནས་ཡིན་ཏེ། ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ཀྱི་གནས་ནི། ཀུན་གཞི་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་གཞི་ནི་བསམ་པའི་ཡུལ་ཐམས་ཅད་སྡུད་ཅིང་། སེམས་སུ་ཤེས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་གནས་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྐུ་ནི་དྲན་རྟོག་ཐམས་ཅད་མི་མངའ་ཞིང་། ཡུལ་ཐ་དད་དུ་འཛིན་པའི་ཤེས་པ་མེད་པའི་ཕྱིར་རོ། །ཞེས་སོ། །དེ་ལ་མངོན་པའི་ང་རྒྱལ་ཅན་ཁ་ཅིག་ནི། ཀུན་གཞི་ཆོས་སྐུར་འདོད་དེ། འདི་ལ་ཐུན་མོང་གི་བསྟན་བཅོས་ལས་ཀྱང་། ཀུན་གཞི་དག་མ་དག་ཐམས་ཅད་ཀྱི་རྟེན་དུ་འདོད་ལ། ཆོས་སྐུ་དག་པའི་ནང་ནས་ཀྱང་དྲི་མ་མེད་པའི་དེ་བཞིན་ཉིད་དུ་འདོད་ཅིང་། སྔགས་ཁ་ཅིག་ལས་ཀྱང་། ཀུན་གཞི་གནས་གྱུར་ཏེ་དག་པའི་ཆ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ངོ་བོ་ཉིད་ཀྱི་སྐུར་འདོད་དེ། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །མྱ་ངན་འདས་པའི་གཞི་མའང་ཡིན། །ཅེས་པ་དང་། ཀུན་གཞི་གནས་གྱུར་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུའོ་ཞེས་བཤད་པས་ཐ་དད་ཀྱི་ནང་ནས་ཀྱང་རྫས་འགལ་བར་བཤད་དོ། །འདི་ལ་གནོད་པ་ཡོད་དེ། གལ་ཏེ་ཀུན་གཞི་ཆོས་སྐུ་ཡིན་ན་ཆོས་སྐུ་དྲི་མ་ཅན་དུ་ཐལ་བ་དང་། ཀུན་གཞིས་སྣོད་བཅུད་ཀྱི་འཁྲུལ་པ་བསྐྱེད་པ་ལྟར་ཆོས་སྐུས་འཁྲུལ་པ་བསྐྱེད་པར་ཐལ་ལ། འདོད་ན། སངས་རྒྱས་ནས་སླར་སེམས་ཅན་དུ་འཁྲུལ་པར་ཐལ་བ་ལ་སོགས་པའི་རིགས་པས་གནོད་ཅིང་། བླ་ན་མེད་པའི་ལུང་གིས་ཀྱང་གནོད་དེ། ཀུན་ཏུ་

p. 454

བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཀུན་གཞི་ཆོས་སྐུར་འདོད་པ་ང་ལས་གོལ་བ་ཡིན། །ཅེས་པ་དང་། རིག་པ་རང་ཤར་ལས། ལ་ལ་ཀུན་གཞི་ཆོས་སྐུར་འདོད། །དེ་ལ་ལན་གདབ་བསྟན་པའི་ཕྱིར། །ཀུན་གཞིའི་མཚན་ཉིད་འདི་ལྟར་ཡིན། །དེ་ནས་དེ་ཡིས་ལན་སྨྲས་པ། །ཐམས་ཅད་རྫོགས་ཕྱིར་ཀུན་གཞི་ཡིན། །དེ་ནས་དྲིས་པའི་ཚིག་གིས་བཟློག །སངས་རྒྱས་འགྱུར་བ་ཡོད་པར་རིགས། །ཀུན་གཞི་སྣ་ཚོགས་འཆར་བའི་ཕྱིར། །དེ་ལས་ཐམས་ཅད་རྫོགས་པའི་ཕྱིར། །སངས་རྒྱས་ཉིད་དུ་སེམས་ཅན་རིགས། །ཅི་ཕྱིར་ཐམས་ཅད་རྫོགས་པའི་ཕྱིར། །ཡང་ན་རེས་འཇོག་ཅན་དུ་འགྱུར། །ཅི་ཕྱིར་སྣ་ཚོགས་འཆར་བའི་ཕྱིར། །རེས་འགའ་སངས་རྒྱས་ཡིན་པར་འགྱུར། །རེས་འགའ་སེམས་ཅན་ཡིན་པར་འགྱུར། །ཅི་ཕྱིར་རེས་འཇོག་ཡོད་པའི་ཕྱིར། །དེ་ནས་དྲིས་པ་བཟློག་སྟེ་སྨྲས། །འོ་ན་ཀུན་གཞི་མེད་དམ་ཅི། །དེ་ནས་དྲིས་པའི་ལན་བཏབ་པ། །ཀུན་གཞི་རྣམ་རྟོག་འཛིན་པ་ལ། །སྣ་ཚོགས་འཁྲུལ་པའི་ཤེས་པས་བསླད། །ཀུན་གཞི་མ་རིག་དངོས་པོ་ཡིན། །ཅེས་སོ། །དེས་ན་ཀུན་གཞི་དང་ཆོས་སྐུ་ཕྱེད་པ་གཅེས་ཏེ། ཀློང་དྲུག་པ་ལས། དེའི་ཕྱིར་ན་ཀུན་གཞི་དང་ཆོས་སྐུ་མ་ཕྱེད་ན་གཟུགས་གཅིག་ལ་ཐ་དད་དུ་འཛིན་པའི་ཤེས་པ་དང་འདྲ་སྟེ། དོན་སོ་སོར་སྣང་བར་མི་ནུས་སོ་ཞེས་སོ། །འདི་གཉིས་ཀྱི་དཔེར་བརྗོད་ནི། རྒྱ་མཚོ་དང་གྲུ་པའི་རྣམ་པ་འདྲ་སྟེ། ཆོས་སྐུ་ཀ་དག་གི་རིག་པ་དྲི་མ་ཡོད་མ་མྱོང་བ་དབྱིངས་རྒྱ་མཚོ་དྭངས་པ་འདྲ་བ། གང་དུའང་མ་གྲུབ་ལ་གང་དུའང་འཆར་བའི་གོ་མ་འགགས་པ། ཐོག་མའི་གཞི་རང་བཞིན་རྣམ་དག་དང་། རྐྱེན་གློ་བུར་གྱི་དྲི་མ་བྲལ་བས་དབྱིངས་དེར་བཙན་ས་ཟིན་པ་དག་པ་གཉིས་ལྡན་གྱི་ཆ་ཡིན་ལ། ཀུན་གཞི་མཚོའི་སྟེང་ན་གྲུར་མི་ཞུགས་པ་ལྟར། ཐོག་མའི་དབྱིངས་ལས་འཁྲུལ་དུས་གཞིའི་མ་རིག་པ་ཐམས་ཅད་ཀྱི་རྟེན་དང་། ཁྱབ་བྱེད་དང་། ངོ་བོར་གནས་པ་གྲུ་ལྟ་བུ། སེམས་སེམས་བྱུང་ལས་དང་བག་ཆགས་འཁྲུལ་པའི་

p. 455

མི་མང་པོས་གང་བ་སྟེ། རང་ཤར་ལས། ཀུན་གཞི་དང་ཆོས་སྐུའི་དཔེ་ནི། རྒྱ་མཚོ་དང་གྲུ་པའི་ཚུལ་ཏེ་ལམ་བྱུང་། གཉིད་ལོག་པ་དང་སད་པའི་ཚུལ་ཏེ། དབང་པོའི་ཁྱད་ཡོད་པའི་ཕྱིར་ཞེས་སོ། །དེའང་རིག་པ་དྲི་མ་མེད་པ་ཆོས་སྐུའི་ངོ་བོ་དུས་ཐམས་ཅད་དུ་ལྡོག་བྱ་མ་ཡིན་ཞིང་མཐར་ཐུག་གྲོལ་གཞིར་ཡོད་ལ། ཀུན་གཞི་གཉིད་ལྟ་བུ་འཁྲུལ་སྣང་གི་རྨི་ལམ་ཐམས་ཅད་འཆར་བའི་རྟེན་དུ་གྱུར་པ་ལས་སངས་པར་བྱེད་དགོས་པས་ཁྱད་ཤིན་ཏུ་ཆེའོ། །དེའང་གཉིད་དང་རྨི་ལམ་ལྡོག་དགོས་ཀྱང་། རང་གི་རིག་པ་ལྡོག་མི་དགོས་པས། ཆོས་སྐུ་གཞི་རྟོགས་བྱ་ཡིན་ལ། དེའི་ངང་གོམས་བྱར་གྱུར་ཞིང་། འབྲས་བུ་གྲོལ་སར་ངོས་གཟུང་ངོ་། །ཀུན་གཞི་དང་དེ་ལ་བརྟེན་པའི་ཆོས་རྣམས་དག་བྱ་དྲི་མར་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཀུན་གཞི་དང་། ཆོས་སྐུ་རྒྱས་པར་བཤད་པའོ། །དང་པོ་ནི། ཐལ་འགྱུར་ལས། ཀུན་གཞི་དང་ནི་ཆོས་སྐུའི་གནད། །དེ་ལ་ཀུན་གཞི་རེ་ཞིག་བཤད། །ཆོས་དང་ཆོས་མིན་ཀུན་གྱི་གཞི། །ངོ་བོ་ངེས་ཚིག་དབྱེ་བར་བཅས། །ངོ་བོ་བག་ཆགས་རྣམས་ཀྱི་སྣོད། །དབྱེ་བ་ལུས་དང་སྦྱོར་བ་དང་། །སྣ་ཚོགས་པ་དང་ཡེ་གཞིའོ། །ངེས་ཚིག་ཀུན་ནི་འདུས་པ་ལ། །གཞི་ནི་ཚོགས་ཤིང་སོགས་པའོ། །ཞེས་གསུངས་པས། ཀུན་གཞིའི་ངོ་བོ། ངེས་ཚིག །དབྱེ་བ། བྱེད་ལས། སྒྲ་འཇུག་པའི་རྒྱུ་མཚན་དང་ལྔ་ལས། དང་པོ་ངོ་བོ་ནི། འདུས་བྱས་དགེ་བ་རྣམ་བྱང་དང་འཁོར་བའི་ཆོས་སོ་ཅོག་བག་ཆགས་དང་བཅས་པའི་སྣོད་དུ་གྱུར་པའོ། །ངེས་ཚིག་ནི། ཀུན་མང་བ་ལ། གཞི་ཚོགས་པ་དུ་མའི་འདུ་སའམ་རྟེན་གཞིར་གནས་པའོ། །དབྱེ་ན། ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་ལུས་ཀྱི་ཀུན་གཞི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང་བཞིའོ། །དང་པོ་ནི། འཁོར་བའི་ཆོས་ཐམས་ཅད་ཀྱི་དབྱིངས་དང་པོའི་གཞི། དཔྱོད་བྱེད་ཐོག་མའི་འགྱུ་བ་རིག་པ་ལ་ལྟོས་པའི་མ་རིག་པ་མཚུངས་ལྡན་དུ་

p. 456

ཡོད་པའི་ཟློག་པ་ནས་བརྗོད་པའོ། །གཉིས་པ་ནི། ཤེས་པ་དེ་ཉིད་ལ་རང་མ་རིག་ན་འཁོར་བར་སྦྱོར་ལ། རིག་ན་མྱང་འདས་སུ་སྦྱོར་བའི་ཆ་ནས་བརྗོད་པའོ། །གསུམ་པ་ནི། རྩ་བའི་ཤེས་པ་དེ་ཉིད་ལ། ལུས་ཀྱི་བག་ཆགས་ཡོད་པས། ཤ། ཁྲག །འོད། ཡིད་ལུས་འཆར་བའི་ཆ་ནས་བརྗོད་པའོ། །བཞི་པ་ནི། ཤེས་པ་དེ་ཉིད་ལ་མ་དག་པའི་ལས་དང་བག་ཆགས་ཀྱི་འབྱུང་ཁུངས་ཀུན་གྱི་གཞི་བྱེད་པའི་ཆ་ནས་བརྗོད་པའོ། །དེ་ལྟར་མིང་བཞིར་བརྗོད་ཀྱང་། དོན་ཤེས་པ་གཅིག་གི་ཆ་ལ་ལྡོག་པ་བཞིར་དབྱེར་ཡོད་པ་ལ་བཏགས་པ་ཡིན་ནོ། །དེ་ལྟར་དང་པོའི་འགྱུ་ཆ་ནས་བཟུང་སྟེ་ད་ལྟའི་བར་དུ་ཤེས་པ་ཐམས་ཅད་ཀྱི་རྟེན་ཀུན་གཞི་དང་དེ་ལ་བརྟེན་པ་ཚོགས་བརྒྱད་དུ་གནས་པའང་ཆ་སོ་སོར་དབྱེ་ན་རྩ་བ་འཁོར་བའི་གོ་འབྱེད་འཆར་བའི་གཞིས་ཡེ་དོན་དང་འཁོར་འདས་སུ་སྦྱོར་བས་སྦྱོར་བ་དོན་དང་ལུས་སུ་སྣང་བས་ལུས་དང་སེམས་ཀྱི་བག་ཆགས་བརྟེན་པས་ཀུན་གཞི་བཞིར་བཞག་ལ་དེ་དུས་ཤེས་པའི་རྣམ་པར་ཡོད་ཕྱི་ནང་ལ་མ་ཆད་པས་ཀུན་གཞི་རྣམ་ཤེས་སུ་བཏགས་སོ། །དེ་ལས་དབང་ཤེས་ལྔ་ལ་རང་རང་གི་ཤེས་པ་རྟོག་མེད་ཡུལ་ལྔ་འཛིན་པའི་ཆ་ནས་སྒོ་ལྔའི་རྣམ་ཤེས་སུ་བཏགས་སོ། །དེ་དུས་རྟོག་དཔྱོད་ཁ་ནང་བལྟས་ཀྱི་རྟོག་པས་དང་པོ་དེར་མཇལ་བས་ཡིད་ཤེས་དཔྱོད་པས་ཁྱད་པར་སོ་སོར་འཛིན་པ་ལ་དོན་ཉིད་དུ་འདོད་དེ། སེམས་གཅིག་ལ་ལྡོག་པས་ཐ་དད་དུ་ཤེས་པར་བྱའོ། །བྱེད་པས་ནི། ཡེས་འཁྲུལ་གཞི་བྱེད། སྦྱོར་བས་ལུས་སེམས་འབྲེལ་ནས་བདེ་སྡུག་གི་ཀུན་སྦྱོར་བྱེད། ལུས་ཀྱིས་ལུས་དང་དེའི་ཆོས་ཚོགས་པ་དུ་མའི་རྐྱེན་བྱེད། བག་ཆགས་ཀྱིས་ལས་དང་ཉོན་མོངས་པའི་སོག་བྱེད་དང་རྒྱུ་རྐྱེན་བྱེད་པའོ། །སྒྲས་འཇུག་པའི་རྒྱུ་མཚན་ནི། བག་ཆགས་སྔ་ཕྱིའི་ཉིང་མཚམས་དང་། ལས་ཀྱི་རྣམ་སྨིན་སྔ་ཕྱིའི་འབྲེལ་དང་། རྒྱུ་འབྲས་ཀྱི་སྡེབས་དང་། ཀུན་ཏུ་སྦྱོར་བའི་འཆིང་བ་བྱེད་པས། ཀུན་གཞི་ཞེས་བྱ་བའི་སྒྲ་འཇུག་པའོ། །གཉིས་པ་ཆོས་སྐུ་རྒྱས་པར་

p. 457

བཤད་པ་ནི། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ཏེ། །རང་ཀར་འཛིན་པའི་མཚན་མ་མེད། །ངོ་བོ་སྟོང་གསལ་དབྱེར་མེད་ལ། །དབྱེ་བ་ཆོས་དང་ལོངས་སྤྲུལ་སྐུ། །གསུམ་གྱིས་ཕྱེ་བས་ཁྱད་པར་འཇུག །ངེས་ཚིག་ཆོས་ནི་ཡང་དག་ལམ། །སྐུ་ནི་དེ་ལས་འགྲུབ་པའོ། །ཞེས་གསུངས་པས། ཆོས་སྐུའི་ངོ་བོ། ངེས་ཚིག །དབྱེ་བ། བྱེད་ལས། སྒྲ་འཇུག་པའི་རྒྱུ་མཚན་དང་ལྔ་ལས། དང་པོ་ངོ་བོ་ནི། ཐོག་མའི་ཀ་དག་ཆེན་པོ་ནང་གསལ་རང་བཞིན་ལྷུན་གྲུབ་ཀྱི་འཆར་གཞི་ཕྲ་བའི་ཡེ་ཤེས་སུ་གནས་པ་དང་། འཁྲུལ་དུས་དེའི་གདངས་ལ་བཞག་པས་བློ་དངོས་སྤྲོས་བྲལ་ཉག་གཅིག་ཏུ་རྟོགས་ནས་ཉམས་སུ་མྱོང་ཆ་དང་བཅས་པ་སྟེ། དེ་ཉིད་ལས། བཞུགས་ཚུལ་གནས་ལུགས་རྣམ་པ་གཉིས། །ཐོག་མའི་གཞི་ལ་གནས་པ་དང་། །འཁྲུལ་པའི་ཡུལ་ལ་གནས་པའོ། །ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །དེ་ཡང་ངོ་བོ་སྐུར་གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེ་འབྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལས་ཀྱང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ནི། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལས་གྲུབ། །ཐུགས་རྗེ་འཆར་བ་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །འཁྲུལ་པའི་ཡུལ་ལ་རང་གཞག་དང་། །ཅོག་གཞག་རང་གྲོལ་རྒྱས་གདབ་བོ། །ཞེས་པ་དང་། རང་ཤར་ལས། ཆོས་སྐུ་ཡེ་ཤེས་ཆེན་པོའི་ལུང་། །མཚན་ཉིད་རྣམ་པ་གསུམ་དང་ལྡན། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན། །ཅེས་སོ། །དེ་ད་ལྟ་གང་ན་ཡོད་ཅེ་ན། སྙིང་ག་དཔལ་གྱི་བེའུ་རིན་པོ་ཆེ་གསང་བའི་མཛོད་ན་ཡོད་པར། དེ་ཉིད་ལས། ཆོས་ཀྱི་སྐུ་ཡི་ཕོ་བྲང་འགྱུར་མེད་འདི། །རང་རང་

p. 458

ཙིཏྟའི་དཀྱིལ་ན་གསལ་བར་གནས། །སྟོང་པ་ཡེ་ཤེས་སྙིང་པོའོ། །གསལ་བ་འོད་ཀྱི་སྙིང་པོའོ། །རང་བྱུང་རིག་པའི་སྙིང་པོའོ། །སྙིང་པོ་གསུམ་ལྡན་ཆོས་ཀྱི་སྐུ། །ཡེ་ཤེས་དོན་རྟོགས་ས་ལམ་བགྲོད་དུ་མེད། །བརྗོད་པའི་མཐའ་བྲལ་ཆོས་སྐུ་ཆེན་པོ་འདི། །ཀུན་ལ་གནས་ཏེ་ཀུན་གྱིས་རྟོགས་པ་མེད། །ཡིད་མེད་སེམས་མེད་མ་རིག་འཁྲུལ་པ་མེད། །ཅེས་སོ། །འདི་ལ་རེས་གཞི་གནས་ཀྱི་ཡེ་ཤེས་སུ་བཏགས། རེས་ཆོས་སྐུར་བཏགས། རེས་གྲོལ་གཞིར་བཏགས་པ་རྣམས། ངོ་བོ་གཅིག་ལ་ལྡོག་པའི་ཆ་ནས་བརྗོད་དེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ངེས་ཚིག་ནི། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྙིང་པོ་འདུས་པས་ཆོས་སྐུ་ཞེས་བྱའོ། །གསུམ་པ་དབྱེ་ན། གཞི་ཀ་དག་ཆེན་པོའི་དོན་རང་བཞིན་རྣམ་དག་དང་། དེ་ལུས་ལ་ཡོད་པ་དང་། གློ་བུར་དྲི་བྲལ་གྱི་ཆོས་སྐུ་དམ་པ་དང་གསུམ་ལ་ལྟོས་ནས། སྐུ་གསུམ་དང་དེ་ལས་ཕྱེ་བས་དགུར་འགྱུར་ཏེ། རང་ཤར་ལས། སྐུ་ལ་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་གསུམ་དུ་འདུས་སོ། །གང་ཞེ་ན། ཆོས་ཀྱི་སྐུ་མཚན་མའི་ཡུལ་ལས་འདས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་གཟུང་བའི་ཡུལ་ལས་འདས་པ་དང་། སྤྲུལ་པའི་སྐུ་ཆགས་པའི་ཡུལ་ལས་འདས་པའོ། །དེ་ཡང་ཆོས་ཀྱི་སྐུ་ལ་གསུམ་སྟེ། ཆོས་ཀྱི་སྐུའི་ཆོས་སྐུ་དང་། ཆོས་ཀྱི་སྐུའི་ལོངས་སྐུ་དང་། ཆོས་ཀྱི་སྐུའི་སྤྲུལ་པའི་སྐུའོ། །དེ་ཡང་ཆོས་ཀྱི་སྐུའི་ཆོས་སྐུ་ནི་རིག་པ་སྟེ། ཆོས་ནི་ཡུལ་དུ་སྣང་བ། སྐུ་ནི་རིག་པའི་ངོ་བོ་མ་འགགས་པའོ། །ཆོས་ཀྱི་སྐུའི་ལོངས་སྐུ་ནི། འོད་ལྔ། ཆོས་ཀྱི་སྐུའི་སྤྲུལ་སྐུ་ནི། མིག་གི་དབང་པོ་ལ་མཐོང་བ་མ་འགགས་པའོ། །ཆོས་ཀྱི་སྐུའི་ཡུལ་ནི། ནམ་མཁའ་རྣམ་པར་དག་པ། ཆོས་ཀྱི་སྐུའི་གནས་ཙིཏྟ། ཆོས་ཀྱི་སྐུའི་ལམ། རིན་པོ་ཆེ་ཤེལ་གྱི་སྦུ་གུ་ཅན་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡང་གསུམ་སྟེ། ལོངས་སྤྱོད་རྫོགས་པ་སྐུའི་ཆོས་སྐུ་དང་། ལོངས་སྐུའི་

p. 459

ལོངས་སྐུ་དང་། ལོངས་སྐུའི་སྤྲུལ་སྐུའོ། །དེའང་ལོངས་སྤྱོད་རྫོགས་པ་སྐུའི་ཆོས་སྐུ་ནི། ཡེ་ཤེས་ལྔའི་སྣང་བ་མ་འགགས་པར་སང་ངེ་གནས་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པ་སྐུའི་ལོངས་སྐུ་ནི། ཐིག་ལེ་རྣམ་པ་ལྔའི་ལམ་དང་བཅས་པའོ། །ལོངས་སྤྱོད་རྫོགས་པ་སྐུའི་སྤྲུལ་སྐུ་ནི། སྒོ་ལྔའི་རྣམ་ཤེས་ཡུལ་ལ་ཤར་བའི་རིག་པའོ། །ལོངས་སྤྱོད་རྫོགས་པ་སྐུའི་གནས་ནི། ཨ་ཝ་དྷུ་ཏཱིའོ། །ལོངས་སྤྱོད་རྫོགས་པ་སྐུའི་ལམ་ནི་རྩེ་ཆུང་གཡས་པའོ། །སྤྲུལ་པའི་སྐུ་ལ་གསུམ་སྟེ། སྤྲུལ་པ་སྐུའི་ཆོས་སྐུ་དང་། སྤྲུལ་པ་སྐུའི་ལོངས་སྐུ་དང་། སྤྲུལ་པ་སྐུའི་སྤྲུལ་སྐུའོ། །དེ་ཡང་འདི་ལྟ་སྟེ། སྤྲུལ་པ་སྐུའི་ཆོས་སྐུ་ནི། སྒྲོན་མ་གཉིས་སོ། །སྤྲུལ་པ་སྐུའི་ལོངས་སྐུ་ནི། འོད་ལྔ་མཐོང་བའོ། །སྤྲུལ་པ་སྐུའི་སྤྲུལ་སྐུ་ནི། ཉོན་མོངས་པ་ལྔ་ཤར་བའི་སོ་སོ་རང་གི་རིག་པའོ། །སྤྲུལ་པ་སྐུའི་གནས། ཀླད་པའོ། །སྤྲུལ་པ་སྐུའི་ལམ་མིག་གོ། སྤྲུལ་པ་སྐུའི་ཡུལ་འཁྲུལ་སྣང་ཡིན་ནོ་ཞེས་སོ། །དེའང་ཆོས་སྐུ་སེམས་དང་ཉོན་མོངས་སུ་མེད་ལ། དེའི་དབྱེ་བ་སྐུ་གསུམ་གྱི་ལོངས་སྐུའི་སྤྲུལ་སྐུ་དང་། སྤྲུལ་སྐུའི་སྤྲུལ་སྐུ་གཉིས་སྒོ་ལྔའི་ཤེས་པ་དང་ཉོན་མོངས་སུ་བརྗོད་པ་འགལ་ལོ་སྙམ་ན། མི་འགལ་ཏེ། རྣམ་ཤེས་དང་ཉོན་མོངས་ཀྱི་རང་དུས་ན་རིག་པའི་རང་གདངས་ཡོད་པས་དེ་ལ་བརྗོད་ཀྱི། རྣམ་ཤེས་དང་ཉོན་མོངས་དངོས་སྤྲུལ་སྐུ་མ་ཡིན་ནོ། །བཞི་པ་བྱེད་ལས་ནི། ངོ་བོ་ཀ་དག་གི་ཆོས་སྐུ་དེས་གྲོལ་གཞི་བྱེད་ལ། ལམ་དུས་ངང་དྭངས་ཀྱི་ཆོས་སྐུས་གྲོལ་བྱེད་ཀྱི་ལས་བྱེད་ལ། སྐུ་གསུམ་པོ་དེས་དག་བྱེད་དང་དག་གཞིའི་བྱ་བ་བྱེད་དོ། །ལྔ་པ་སྒྲ་འཇུག་པའི་རྒྱུ་མཚན་ནི། ཡེ་ནས་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་དང་། གནས་སྐབས་རང་ལ་ཡོད་ཀྱང་ངོ་མ་ཤེས་པས་གསང་བའི་ཆོས་སུ་ཡོད་པ་དང་། མཐར་ཕྱིན་དོན་དུ་གཉེར་བྱའི་འབྲས་བུར་ཡོད་པའི་ཆོས་ཡིན་པས་ཆོས་ཀྱི་སྐུའི་སྒྲ་བརྗོད་པ་ཉིད་དོ། །དོན་གཉིས་པ་སེམས་དང་ཡེ་ཤེས་ཀྱི་ཁྱད་པར་ལ་གཉིས་

p. 460

ཏེ། ངོ་བོ་མདོར་བསྟན་པ་དང་། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། མུ་ཏིག་ཕྲེང་བ་ལས། སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །ཞེས་འབྱུང་བས། སེམས་ནི། རྩ་བ་མ་རིག་པ་དང་མཚུངས་པར་ལྡན་པ་དྲི་མ་དང་བཅས་པའི་ཆོས་འཁོར་བ་རང་ཀ་མ་ཡེ་ཤེས་ཀྱི་ཉི་མ་སྒྲིབ་པས་སྤྲིན་དང་འདྲ་ལ། ཡེ་ཤེས་ནི། ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པ་དྲི་མ་མེད་ཅིང་སེམས་ཀྱི་དྲན་བསམ་དང་ལྷན་ཅིག་མི་གནས་པ་ཉི་མ་ལྟ་བུ་སྟེ། དེ་ཉིད་ལས། སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །ཞེས་པ་དང་། ཡང་། ཡེ་ཤེས་དྲན་གཞི་ཉིད་དང་བྲལ། །ཅེས་སོ། །ཀློང་དྲུག་པ་ལས་ཀྱང་། སེམས་དང་ཡེ་ཤེས་རང་གི་ངོ་བོ་མ་ཕྱེད་ན། ཉི་མ་སྤྲིན་ཕུང་གིས་བསྒྲིབས་པ་དང་འདྲ་སྟེ་ཕྱིར་སྣང་བའི་དོན་བྱེད་མི་ནུས་སོ་ཞེས་སོ། །དེའང་སེམས་ནི། ལས་དང་ཉོན་མོངས་པ་དང་བག་ཆགས་ཐམས་ཅད་ཀྱི་གཞི་དང་འབྱུང་ཁུངས་དང་སོག་བྱེད་དང་ཀུན་ནས་སློང་བ་དང་། མ་རིག་པའི་ཁྱིམ་ན་རྟག་ཏུ་གནས་པས་ཡེ་ཤེས་ཀྱི་ཉི་མ་དང་འགལ་ཞིང་སྒྲིབ་པ་སྟེ། རང་ཤར་ལས། སེམས་ནི་བག་ཆགས་ཐམས་ཅད་སྡུད་པའོ། །སེམས་ནི་བག་ཆགས་ཐམས་ཅད་སློང་བའོ། །སེམས་ནི་ཉོན་མོངས་པ་ཐམས་ཅད་སོག་པའོ། །སེམས་ནི་བག་ཆགས་ཐམས་ཅད་ཀྱི་གཞི་ཡིན་ཏེ། བག་ཆགས་དེ་ཡང་འགེགས་པར་དཀའ་བས། རང་གི་སྣང་བ་སྒྲིབ་པར་བྱེད་པ། མ་རིག་པ་མཉམ་དུ་གནས་པས། ཞེས་དང་། མུ་ཏིག་ཕྲེང་བ་ལས། སེམས་ནི་འདུས་ཚོགས་འབྱུང་བའི་ཕྱིར། །དྲི་མ་ཉིད་དང་ཡང་སྦགས་པས། །ཀུན་གཞི་སྡུད་པའི་སེམས་ལ་སོགས། །དྲི་མའི་གྲངས་སུ་གྱུར་པས་ན། །ཞེས་སོ། །དེའང་རིག་པ་ལ་སྒྲིབ་བྱེད་སེམས་དེ་ཡོད་པར་ལྡན་པས་སེམས་ཅན་ཞེས་བྱ་ལ། སེམས་དེས་ལས་བསགས་པས་འཁྲུལ་པ་ཉིང་འཁྲུལ་གཅིག་ནས་

p. 461

གཅིག་ཏུ་འཁོར་བའི་ལས་བྱེད་དོ། །སེམས་དེ་རིག་པ་ལས་གྲོལ། དག་ཟད་བྱུང་ན་སངས་རྒྱས་ཞེས་བྱ་སྟེ། རིག་པ་དྲི་མ་དང་བྲལ་བའི་ཕྱིར་རོ། །དེས་ན་བྲལ་བྱ་དྲི་མའི་ཆོས་ཡང་དག་པ་ནི། སེམས་ཁོ་ན་ཡིན་ཏེ། དེ་ཉིད་ལས། སེམས་དེ་བྲལ་ན་སངས་རྒྱས་ས། །ལུས་ཅན་ཀུན་གྱི་དྲི་མ་ཟད། །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །ཅེས་སོ། །སེམས་དེ་ཡང་ཡུལ་སྣང་འདི་དང་འདིའོ་ཞེས་བརྡ་དང་མིང་དང་སྤྱི་འཛིན་པ་གཟུང་བ་ཡུལ་གྱི་སེམས་དང་། དེའི་ཁྱད་པར་ལ་དཔྱོད་ཅིང་ཞིབ་མོར་འབྱེད་པ་འཛིན་པ་ཡུལ་ཅན་གྱི་སེམས་གཉིས་སུ་འདུས་པ་ཡིན་པས། གཟུང་བ་ཡུལ་ལ་འཛིན་པ་སེམས་ཞེས་བཤད་པ་ཡིན་ནོ། །འདི་དག་དགོས་པར་ཐུན་མོང་གི་གཞུང་ལས་ཀྱང་། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་དང་། ཚིག་གསལ་དུ། སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཡང་རྒྱུན་ཆད་དང་ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ་ཞེས་གསུངས་པ་ཡིན་ནོ། །ཡེ་ཤེས་ནི། ནམ་མཁའ་ལྟར་སྤྲོས་པ་ཞི་ཞིང་སངས་རྒྱས་ཀྱི་ཆོས་ཚད་མེད་པའི་གཞི་དང་འབྱུང་ཁུངས་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་དང་ལྷན་ཅིག་ཆོས་སྐུའི་ཁྱིམ་ན་རྟག་ཏུ་གནས་པས་ཉོན་མོངས་པ་དང་བག་ཆགས་ཀྱི་ཚང་ཚིང་ཐམས་ཅད་བསྲེགས་པས་མེ་ལྟར་གནས་པ་སྟེ། མུ་ཏིག་ཕྲེང་བ་ལས། རྣམ་པར་རྟོག་པ་ཀུན་བསྲེགས་པས། །ཡེ་ཤེས་ཉིད་ནི་མེ་བཞིན་ཟ། །ནམ་མཁའ་ཉིད་དང་མཚུངས་པ་ཡིན། །སྟོང་གསལ་རིག་བཅས་ཉིད་ཡིན་ནོ། །ཞེས་སོ། །འདིར་མི་ཤེས་པ་ཁ་ཅིག །སེམས་མེད་ན་བེམས་པོའམ་མུན་པ་ལྟར་འགྱུར་རོ་ཞེས་པའང་ཐོས་པ་ཆུང་བ་ཡིན་ཏེ། སེམས་མེད་ཀྱང་ཡེ་ཤེས་ཡོད་པས་རིག་པ་འགག་

p. 462

པ་མ་ཡིན་པའི་ཕྱིར་རོ། །དེའང་མ་རིག་པ་འཁྲུལ་པའི་སེམས་འགགས་པས། ཡེ་ཤེས་གསལ་བའི་ཉི་མ་འཆར་ཏེ། མཚན་མོ་སངས་པས་ཉིན་མོ་ཤར་བ་བཞིན་ནོ། །ཁ་ཅིག་ནི། མ་རིག་པ་རིག་པའི་ཁྱབ་བྱེད་ཡིན་པས། སེམས་འགགས་དུས་རིག་པ་འགག་པར་འདོད་པའང་ཤིན་ཏུ་ནོར་བ་ཆེན་པོ་སྟེ། རིག་པས་མ་རིག་པ་ལ་ཕར་ཁྱབ་ཀྱང་། མ་རིག་པས་རིག་པ་ལ་ཚུར་མ་ཁྱབ་སྟེ་སངས་རྒྱས་ཀྱི་ཡེ་ཤེས་བཞིན་ནོ། །སེམས་ལ་མ་རིག་པས་ཁྱབ་པས། སེམས་ཀྱི་ཁྱབ་བྱེད་དུ་འཐད་ཀྱི། རིག་པ་ལ་མ་ཁྱབ་པས། མ་རིག་པ་རིག་པའི་དབྱིངས་ནས་ལྡོག་པའམ་རྒྱུན་འཆད་པར་འདོད་དོ། །དེས་ན་སེམས་འགགས་དུས་གཞི་མ་རིག་པ་ཆ་དང་བཅས་པ་འགགས་ཀྱང་། རིག་པ་མ་འགགས་ཏེ་འགག་གཞི་རིག་པ་ཡིན་པའི་ཕྱིར་རོ། །རིག་པའང་མེད་ན་གང་གི་སྟེང་དུ་འགག་པ་བསམ་པར་འོས་སོ། །འདིར་མ་རིག་པ་སེམས་ཀྱི་ཆ་དང་བཅས་པ་འགགས་པས་རིག་པ་ཡེ་ཤེས་སུ་རྒྱས་ཏེ་མཁྱེན་པ་གཉིས་ལ་ལོངས་སྤྱོད་པ་ནི། མུ་ཏིག་ཕྲེང་བ་ལས། ཐུགས་ནི་བསྐྱོད་པ་ཀུན་བྲལ་བས། །བེམས་པོ་ལྟ་བུ་མ་ཡིན་ཏེ། །ཤེས་ཤིང་རིག་ལ་གསལ་བྱེད་སྣང་། །ཞེས་གསུངས་པ་ཡིན་ནོ། །དེས་ན་སེམས་དང་ཡེ་ཤེས་སོ་སོ་ཡིན་ཏེ། ཐུན་མོང་གི་ལུང་ལས་ཀྱང་། སེམས་དང་སེམས་ཉིད་རང་བཞིན་གྱིས་དག་པ་གཉིས་སུ་འབྱེད་དོ། །དེ་ལ་སེམས་ནི་ཀུན་རྟོག་པ་འཁོར་བའི་ཆོས། སེམས་ཉིད་ནི་སྤྲོས་པ་དང་བྲལ་བ་མྱ་ངན་ལས་འདས་པའི་ཆོས་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱད་པ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་གསུངས་སོ། །སེམས་ལ་ཞེས་པ་ནི་གཞི་བསྡུ་བ་སྟེ་ངོ་བོའི་གནས་ལུགས་སུ་མཚོན་ནས། སེམས་སྤྲོས་པ་ཅན་ཀུན་རྟོག་པ་དྲི་མའི་ཆོས་འཕྲོ་འདུ་དང་རྩེ་གཅིག་པ་ཁམས་གོང་མའི་འཇུག་པ་ལྟ་བུ་རྣམས་རང་བཞིན་མེད་དེ། སེམས་ཀྱི་རང་བཞིན། སེམས་ཀྱི་གནས་ལུགས། སེམས་ཉིད་

p. 463

ཅེས་པ་མིང་གི་རྣམ་གྲངས་ཏེ་དེ་ཉིད་ཀྱི་གཤིས་འོད་གསལ་བའི་ཡེ་ཤེས་སུ་གནས་སོ་ཞེས་འབྱུང་ངོ་། །སེམས་དང་སེམས་ཉིད་འབྱེད་པར་མི་ཤེས་པའི་བླུན་པོས་ཀྱང་སྡེ་སྣོད་ཤེས་པར་རློམ་པ་རྣམས་མངོན་པའི་ང་རྒྱལ་ཅན་དུ་ཟད་དོ། །དེ་ལྟར་སེམས་དང་ཡེ་ཤེས་ལེགས་པར་ཕྱེ་ནས་ཐུན་མོང་བ་དམིགས་བཅས་ཀྱི་ཐེག་པར་སེམས་ལ་གཞི་ལམ་འབྲས་བུར་བྱེད་ཀྱང་། དེ་ཐམས་ཅད་དོན་ཐོག་ཏུ་མ་ཕེབས་པས། ཐེག་པ་འདིར་ཡེ་ཤེས་ལ་སངས་རྒྱས་ཀྱི་གཞི་ལམ་འབྲས་བུར་རྣམ་པར་འཇོག་པས། མྱུར་བོར་འཁོར་བ་ལས་གྲོལ་ལ། གཞན་དག་འཁོར་བའི་རྩ་བ་ལ་བྱང་ཆུབ་རེ་བས་རིང་མོ་ཞིག་ནའང་དེ་ཐོབ་པ་དཀའ་སྟེ། གཞི་འཆའ་ལུགས་འཛོལ་བའི་ཕྱིར་རོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སེམས་ལས་སངས་རྒྱས་འདོད་པ་ང་ལས་གོལ་བ་ཡིན། །ཅེས་གསུངས་སོ། །གོལ་ལུགས་ནི། རིགས་པ་དང་ལུང་གཉིས་ཀས་གནོད་པ་ཅན་ཞིག་སྟེ། འདི་ལྟར་སེམས་ལས་སངས་རྒྱས་དང་ལམ་དང་། གཞི་གསུམ་འཆའ་ན། འཆའ་གཞི་སེམས་དེ་ཉིད་གཟུང་འཛིན་དང་བཅས་པའི་ཕྱིར་ཁྱེད་ཀྱི་གཞི་ལམ་འབྲས་བུ་རིལ་བོར་གཟུང་འཛིན་དང་བཅས་པར་ཐལ་ལོ། །འདོད་ན་སངས་རྒྱས་མི་འགྲུབ་པ་དང་གྲུབ་ཀྱང་ཕྱིན་ཅི་ལོག་ཏུ་ཐལ་ཏེ། གཟུང་འཛིན་ལས་མ་གྲོལ་བའི་ཕྱིར་རོ། །ཡང་སེམས་བག་ཆགས་དང་ལས་སྣ་ཚོགས་སྡུད་པ་ལྟར། གཞི་ལམ་འབྲས་བུ་ཡང་དེར་ཐལ་ལ། འདོད་ན་འཁྲུལ་པར་ཐལ་བའི་སྐྱོན་ཡོད་དོ། །ཚུར་རྒོལ་བས་འདི་སྐད་དུ། སེམས་མེད་ན་དེས་ཀྱང་སངས་རྒྱས་མི་རིགས་ལ། སངས་རྒྱས་དེ་དག་བྱ་སེམས་ཀྱི་ཁྱད་པར་དུ་བྱས་པར་ཁྱེད་ཀྱང་འདོད་པའི་ཕྱིར་རོ་ཞེ་ན། ལན་སྨྲས་པ། སེམས་མེད་པ་དང་ཡོད་པས་སངས་རྒྱས་པ་མ་ཡིན་གྱི། ཆོས་སྐུའི་ཡེ་ཤེས་ཡོད་མེད་ཀྱིས་དེ་ལྟར་བྱུང་བའོ། །སེམས་ཀྱི་འཁྲུལ་པ་སངས་པས་སངས་རྒྱས་ཁྱད་པར་བྱས་པ་བདེན་དུ་ཆུག་ཀྱང་ད་དུང་གཞི་ལྷུན་གྲུབ་ཀྱི་སངས་རྒྱས་ཀྱིས་མ་ངེས་པས་བདེན་པོ་དངོས་ཀྱང་མ་ཡིན་ལ། དག་བྱར་

p. 464

སངས་ཀྱང་སངས་པའི་དག་བྱ་དེ་སངས་རྒྱས་མ་ཡིན་པས། སངས་རྒྱས་སེམས་ལས་བྱུང་བ་མ་ཡིན་ནོ། །འདིར་ལུང་གིས་ཀྱང་གནོད་དེ། ཐུན་མོང་གི་ལུང་། དབུ་མ་འཇུག་པ་ལས་ཀྱང་། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་དང་། ཐུན་མོང་མ་ཡིན་པའི་ལུང་། རྡོ་རྗེ་རྩེ་མོ་ལས་ཀྱང་། རྣམ་པར་ཤེས་པའི་ཁམས་ལྔ་དག་པ་ནི་ཡེ་ཤེས་ལྔའི་རང་བཞིན་ནོ་ཞེས་པ་ལ་སོགས་པ་གནས་འགྱུར་བཤད་དེ། སེམས་དངོས་ལས་སངས་རྒྱས་འགྲུབ་ན། དག་བྱ་དང་གནས་གྱུར་དོན་མེད་དོ། །བླ་ན་མེད་པའི་ལུང་། རིག་པ་རང་ཤར་གྱི་རྒྱུད་ལེའུ་བརྒྱད་ཅུ་རྩ་དྲུག་པའི་ཕྱིར་རྒོལ་བ་ཐམས་ཅད་སུན་དབྱུང་བའི་ལེའུ་ལས། ལ་ལ་དག་གི་འདོད་པ་ནི། །སེམས་ལ་འབྲས་བུ་ཚོལ་བར་འདོད། །དེ་ལ་ལྡོག་པ་འདི་ལྟ་སྟེ། །སེམས་ཀྱི་དངོས་པོ་ཅི་ཙམ་ལགས། །དྲིས་ལན་རྒྱས་པར་བཏབ་པ་ནི། །སེམས་ལ་དངོས་པོ་མེད་པའི་ཕྱིར། །འོ་ན་སེམས་ཀྱི་མཚན་ཉིད་ཅི། །དྲིས་ལན་རྒྱས་པར་གདབ་པ་ནི། །སེམས་ལ་དངོས་པོ་མེད་པའི་ཕྱིར། །ཆོས་ཉིད་གཟུང་འཛིན་ག་ལ་ཡོད། །དཔེར་ན་ནམ་མཁའི་མཚན་ཉིད་བཞིན། །གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ལ་ལྡོག་པའི་ཚིག་སྨྲས་པ། །སེམས་ལ་གཟུང་འཛིན་ཡོད་དམ་མེད། །དྲིས་ལན་རྒྱས་པར་གདབ་པ་ནི། །སེམས་ལ་གཟུང་དང་འཛིན་ཡོད་ཀྱང་། །ཆོས་ཉིད་གཟུང་འཛིན་མེད་པའི་ཕྱིར། །དེ་ལ་ལྡོག་པ་ཡང་སྨྲས་པ། །གང་གི་དམ་བཅའ་ཉམས་པར་འགྱུར། །སེམས་དང་ཆོས་ཉིད་གཅིག་པའི་ཕྱིར། །སེམས་ལ་གཟུང་འཛིན་བྱུང་གྱུར་ན། །སངས་རྒྱས་འབད་པས་རྙེད་མི་འགྱུར། །སེམས་ལ་གཟུང་འཛིན་ཡོད་པའི་ཕྱིར། །དྲིས་ལན་བཟློག་སྟེ་སྨྲས་པ་ནི། །གལ་ཏེ་སེམས་མེད་སངས་རྒྱས་ཉིད། །ཁྱོད་ཀྱིས་རྙེད་དམ་གང་གི་ཕྱིར། །དེ་ལ་དྲིས་ལན་རྒྱས་བཏབ་པ། །སེམས་ལ་འབྲས་བུ་མི་འཚོལ་ཏེ། །སེམས་ལས་སྣ་ཚོགས་འབྱུང་བའི་ཕྱིར། །སེམས་ནི་བག་ཆགས་སྡུད་པ་ཡིན། །འཛིན་པ་ཡུལ་ལ་འགྱུ་བའི་ཕྱིར། །སེམས་ནི་

p. 465

འཁོར་བའི་རྩ་བ་ཡིན། །སེམས་ནི་སྤང་བའི་རིམ་པ་ཡིན། །ཅི་ཕྱིར་སེམས་སུ་ཡོད་པའི་ཕྱིར། །སེམས་ནི་འཁྲུལ་པའི་རྩ་བ་སྟེ། །ཐམས་ཅད་དེ་ལས་གྱེས་པ་ཡིན། །འདྲ་གཞི་དག་ལས་གོལ་བའི་ཕྱིར། །སེམས་ནི་དྲི་མ་ཅན་དུ་བསྟན། །ཅི་ཕྱིར་རྣམ་རྟོག་ཡོད་པའི་ཕྱིར། །སེམས་ནི་བྱ་སྒྲོ་ལྟ་བུ་ཡིན། །ཅི་ཕྱིར་སེམས་པ་མེད་པའི་ཕྱིར། །དེ་ནས་བཟློག་པའི་ཚིག་སྨྲས་པ། །འོ་ན་ཇི་ལྟར་སེམས་ཉིད་འདོད། །དེ་ནས་དྲིས་ལན་རྒྱས་གནང་བ། །སེམས་ལ་འབྲས་བུ་མི་འདོད་དེ། །རིག་པའི་ཡེ་ཤེས་ཡོད་པའི་ཕྱིར། །འོ་ན་རིག་པ་འདི་ཉིད་ལ། །མཚན་ཉིད་རྣམ་པ་དུ་དང་ལྡན། །དེ་ནས་དྲིས་ལན་འདི་ལྟར་བྱ། །རིག་པའི་ཡེ་ཤེས་མཚན་ཉིད་ནི། །སྟོང་དང་གསལ་དང་ཁྱབ་པ་ཡིན། །ཅེས་སོ། །རིག་པ་ལ་གཞི་བྱེད་ལམ་བྱེད་འབྲས་བུ་བྱེད་ན། རིག་པ་དེ་ཉིད་དངོས་པོ་མཚན་མར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། སྟོང་པ་དང་གསལ་བ་དང་འཛིན་ཞེན་གང་ཡང་མེད་པའི་ཕྱིར་རོ། །ཡང་དེ་ཉིད་ལས། ཤེས་རིག་གསལ་བ་ཉིད་དུ་ཡོད། །ཅི་ཕྱིར་གསལ་བར་ཡོད་གྱུར་ན། །མཚན་མ་ཅན་དུ་མི་འགྱུར་རམ། །ཅི་ཕྱིར་གསལ་བས་མཛེས་པའི་ཕྱིར། །དེ་ལ་དྲིས་ལན་འདི་ལྟར་བྱ། །མཚན་མ་ཅན་དུ་མི་འགྱུར་ཏེ། །དེ་ལ་ཆགས་པ་མེད་པའི་ཕྱིར། །དེ་ཡང་འདི་ལྟར་ཤེས་པར་བྱའོ། །དཔེར་ན་ཉི་མའི་དཀྱིལ་འཁོར་བཞིན། །གསལ་ཡང་ཕྱོགས་སུ་མ་ལྷུང་བའོ། །ཅི་ཕྱིར་ཞེ་འདོད་མེད་པའི་ཕྱིར། །ཅེས་སོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། སེམས་དང་ཡེ་ཤེས་ཀྱི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ཐལ་འགྱུར་ལས། སེམས་དང་ཡེ་ཤེས་གནད་ཉིད་ནི། །སེམས་ཞེས་བྱ་བ་འཁྲུལ་རྟོག་ལ། །ངོ་བོ་འཇུག་ཅིང་ཁྱབ་པ་སྟེ། །དྲན་བསམ་རྣམས་ཀྱི་གཞི་མའོ། །དབྱེ་བ་དག་དང་མ་དག་པའོ། །ངེས་ཚིག་བསམས་པས་དྲན་ཡུལ་བསྐྱེད། །གང་ལ་སེམས་དང་གང་གིས་སེམས། །གང་

p. 466

སེམས་པ་དང་གང་ཕྱིར་སེམས། །ཞེས་གསུངས་པས། འདི་ལ་ངོ་བོ། ངེས་ཚིག །དབྱེ་བ། སོ་སོའི་དོན་དང་བཞི་ལས། དང་པོ་ངོ་བོ་ནི། ཡུལ་ཡུལ་ཅན་གཟུང་འཛིན་དུ་སྐྱེས་པའི་ཤེས་པ་གང་ཞིག་མ་རིག་པ་ཁྱབ་བྱེད་དུ་ཡོད་པ། ངེས་ཚིག་ནི། གཟུང་འཛིན་དུ་སྐྱེས་པས་ཡུལ་དང་ཡུལ་ཅན་དུ་སེམས་པས་སེམས་ཞེས་བྱའོ། །གོང་མ་གཉིས་ཀྱི་སེམས་ཀྱང་ཏིང་ངེ་འཛིན་རྩེ་གཅིག་ལ་ཆགས་པའི་གཟུང་འཛིན་ནོ། །འདོད་པ་ན་ཀུན་རྟོག་རགས་པའོ། །དབྱེ་ན། དག་པ་དང་མ་དག་པ་གཉིས་སོ། །དག་པ་ལ་སེམས་ཉིད་དག་པ་དང་། སེམས་དག་པ་གཉིས་ལས། སེམས་ཉིད་དག་པ་ནི། སེམས་སེམས་བྱུང་དང་དངོས་པོ་མཚན་མར་འཛིན་པས་སྟོང་པའི་ཆོས་ཉིད་དེ་བཞིན་ཉིད་སོ་སོ་རང་གི་རིག་པ་སྟེ། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་བཞིན་ནོ། །སེམས་དག་པ་ནི། ལམ་དུས་ཀྱི་སེམས་རྟོག་པས་མ་བསླད་པ་ཐར་པའི་རྒྱུར་རུང་ཏིང་ངེ་འཛིན་དུ་སྐྱེས་པ་དང་། རྟོག་བཅས་སྙིང་རྗེ་སེམས་བསྐྱེད་ལ་སོགས་པ་ཐར་པའི་རྒྱུ་རུང་རྣམས་ཏེ། རིན་ཆེན་ཕྲེང་བ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་བསྒྲུབ་པ་ཁ་ཅིག་ལའོ། །ཞེས་པ་དང་། མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་པ་ལྟ་བུ་རྣམས་སོ། །འདི་དག་ཀྱང་རང་བྱུང་གི་དོན་དམ་དོན་སྤྱི་འཛིན་པ་ལས་དངོས་སུ་དམིགས་པར་མི་ནུས་པས། འཁོར་བའི་ཆར་གཏོགས་པའི་སེམས་སུ་སྡུད་པ་སྟེ། རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ལ། །ཉི་མའི་དཀྱིལ་འཁོར་འོད་གསལ་ཡང་། མི་མེད་པས་ནི་མཐོང་བ་མེད། །ཅེས་གསུངས་པ་བཞིན་ནོ། །མ་དག་པའི་སེམས་ལ་དབྱེ་ན་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །

p. 467

དང་པོ་ནི་དབྱིངས་ལ་མ་དག་པ་མེད་ཀྱང་། དེ་ལས་གཡོས་དུས་གཞི་སྣང་ལས་གོ་མ་འགགས་པར་གང་ཡང་ཤར་ཏེ། མ་རིག་པའི་རོལ་པ་ལས་སེམས། སེམས་ཀྱི་རྒྱན་ལས་ཡིད། ཡིད་ལས་ཉོན་མོངས་སུ་ཤར་བའོ། །དེ་ཡང་རོལ་པ་ནི་ནུས་པའམ་རྩལ་ལམ་ཟེར་ལྟར་དེ་ལས་བྱུང་བའི་གདངས་ཙམ་སྟེ། ས་བོན་ལས་མྱུ་གུ་དང་། བྱད་ཀྱི་རྣམ་པ་ལས་དེའི་གཟུགས་བརྙན་མེ་ལོང་དུ་ཤར་བ་བཞིན་ནོ། །རྒྱན་ནི་དེ་ལས་སྨིན་སོར་ཤར་བ་འབྲུའི་ཆ་ཙམ་སྟེ་ས་བོན་ལས་མེ་ཏོག་དང་རྒྱའི་འབུར་བཞིན་ནོ། །དེ་ལྟར་ཡང་རང་ཤར་ལས། ཡང་དག་པར་ཀ་དག་གི་སྣང་བ་ལ་མ་རིག་པ་མེད། སེམས་མེད། ཡིད་མེད་ཀྱང་། ལྷུན་གྲུབ་གྱི་རྩལ་ལས། མ་རིག་པ་བྱུང་། མ་རིག་པའི་རོལ་པ་ལས་སེམས་བྱུང་། སེམས་ཀྱི་རྒྱན་ལས་ཡིད་བྱུང་། ཡིད་ཀྱི་ཡུལ་ལས་དུག་ལྔ་བྱུང་། དུག་ལྔ་ལས་ཉོན་མོངས་པ་བཅུ་དྲུག་བྱུང་། བཅུ་དྲུག་ལས་ཉི་ཤུ་རྩ་ལྔ་བྱུང་། དེ་ལས་ལྔ་བཅུ་རྩ་གཅིག་བྱུང་། དེ་ལས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་ངོ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རྩ་བ་མ་རིག་པའི་དབྱེ་བ། དེ་ལས་བྱུང་བ་སེམས་གྱི་དབྱེ་བ། དེ་ལས་བྱུང་བ་ཉོན་མོངས་པའི་དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི་ཡང་དེ་ཉིད་ལས། མ་རིག་པ་འདི་ལྟ་སྟེ། རྩ་བ་སེམས་ཀྱི་མ་རིག་པ་དང་། འཁྲུལ་པ་ཡུལ་གྱི་མ་རིག་པ་དང་། འཁྲུལ་གཞི་གཞིའི་མ་རིག་པ་དང་། འཛིན་པ་རྟོག་པའི་མ་རིག་པ་དང་། བཅོས་མ་ལམ་གྱི་མ་རིག་པ་དང་། མི་ཤེས་རྨོངས་པའི་མ་རིག་པ་དང་། དེ་ལྟར་མ་རིག་པ་རྣམ་པ་དྲུག་ཏུ་བྱུང་སྟེ་རང་གི་སྣང་བ་མི་མཐོང་ངོ་ཞེས་སོ། །དེ་ཡང་རིམ་པ་ལྟར། ཐོག་མའི་རིག་པ་རང་ངོ་མ་ཤེས་པས་རང་ལ་གཞན་དུ་འཁྲུལ་པའི་རྨོངས་པ་དང་། སྣང་ཡུལ་གྱི་ངོ་བོ་རང་བཞིན་མེད་པར་མ་ཤེས་པའི་རྨོངས་པ་དང་། རྐྱེན་ལས་འཁྲུལ་པ་ཐོ་ཡོར་མིར་འཁྲུལ་པ་ལྟ་བུའི་རྨོངས་པ་དང་། རིག་པའི་ངོ་བོ་ལ་བདག་མེད་བཞིན་དུ་རྣམ་པ་ལ་བདག་ཏུ་རྨོངས་པ་བདག་གི་ཁྱིམ་ཞེས་པ་ལྟ་བུའི་རྨོངས་པ་དང་། ལམ་ལྟར་བཅོས་པ་དང་།

p. 468

གཉེན་པོ་དུག་ཏུ་སོང་ནས་གྲོལ་དུ་མི་སྟེར་བའི་རྨོངས་པ་དང་། རང་བཞིན་གྱིས་འོད་གསལ་བའི་དོན་མ་ཤེས་པས་རྟག་ཏུ་འཁོར་བ་ན་རྨོངས་པའོ། །གཉིས་པ་དེ་ལས་བྱུང་བའི་སེམས་གྱི་དབྱེ་བ་ནི། རང་ཤར་ལས། སེམས་ཀྱི་དབྱེ་བ་འདི་ལྟ་སྟེ། སྣ་ཚོགས་སྡུད་པ་ཆུ་ལྟ་བུའི་སེམས་དང་། གཙང་བཙོག་མེད་པ་ཕག་ལྟ་བུའི་སེམས་དང་། དཔའ་རྟུལ་ཆེ་བ་སྟག་ལྟ་བུའི་སེམས་དང་། ཡང་བ་སྒྲོ་ལྟ་བུའི་སེམས་དང་། བསྐྱོད་པ་རླུང་ལྟ་བུའི་སེམས་དང་། རབ་ཏུ་མྱོས་པ་འདམ་རྫབ་ལྟ་བུའི་སེམས་དང་། མཆེད་པ་མེ་སྟག་ལྟ་བུའི་སེམས་དང་། འདོད་པ་བྱ་ལྟ་བུའི་སེམས་དང་། རྒྱས་པ་ཡལ་ག་ལྟ་བུའི་སེམས་དང་། འགོག་པར་དཀའ་བ་གར་སྦྱིན་ལྟ་བུའི་སེམས་དང་། གཟའ་གཏད་མེད་པ་སྨྱོན་པ་ལྟ་བུའི་སེམས་དང་བཅུ་གཅིག་གོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར་ཡུལ་དང་བག་ཆགས་སྣ་ཚོགས་སྡུད་པས་ཆུ་དང་། བླང་དོར་ལ་རྨོངས་པས་ཕག་དང་། ཞེ་སྡང་དང་ང་རྒྱལ་རགས་པས་སྟག་དང་། ཡུལ་དུ་མ་ལ་འཇུག་ལ་ས་ཟིན་གཅིག་ཏུ་མ་ངེས་པ་བྱ་སྒྲོ་དང་། འགྱུ་བ་ལ་ཐོགས་པ་མེད་པ་རླུང་དང་། ཡུལ་ལ་སྲེད་པས་མྱོས་པ་རྫབ་དང་། གཅིག་ནས་དུ་མར་རྣམ་རྟོག་མཆེད་པ་མེ་དང་། ཡུལ་དང་དུ་ལེན་པར་འདོད་པ་བྱ་དང་། ཤེས་པའི་རྩལ་རྒྱས་པས་དོན་ལ་དཔྱོད་པ་ཡལ་ག་དང་། ཡུལ་གྱིས་རིག་པ་བཟུང་ནས་དེའི་དབང་དུ་སོང་བ་གར་སྦྱིན་དང་། ཡལ་མ་ཡུལ་གྱི་ཤེས་པ་གཏད་མེད་དུ་འཕྱོ་བ་སྨྱོན་པ་ལྟ་བུའི་སེམས་སོ། །འདི་དག་ཀྱང་ཡུལ་དང་རྐྱེན་གྱིས་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་གསུམ་དུ་འདུས་སོ། །སེམས་ལས་ཡིད་བྱུང་སྟེ། ཀུན་ཏུ་ཚོལ་བའི་ཡིད་ལ་སེམས་པ་དྲུག་གོ། གསུམ་པ་དེ་ལས་བྱུང་བ་ཉོན་མོངས་པའི་དབྱེ་བ་ལ་གསུམ་སྟེ། དྲུག་རྩ་བའི་ཉོན་མོངས་པ། བཅུ་དྲུག་ཉེ་བའི་ཉོན་མོངས་པ། ཕྲ་རྒྱས་གསལ་བ་མཐའ་ཡས་པའི་ཉོན་མོངས་པའོ། །དང་པོ་ནི་ཉི་ཟླ་ཁ་སྦྱོར་ལས། ཉོན་མོངས་པ་ནི་དྲུག་སྟེ། མ་རིག་པ་ཞེས་བྱ་བ་ནི་གཞི་འཁྲུལ་རྟོག་གི་ཆ་འཛིན་པའོ། །གཏི་མུག་ནི་ཤེས་རབ་ཀྱི་ཆ་ལས་འཁྲུལ་

p. 469

པའོ། །ཞེ་སྡང་ནི་བསྐྱེད་པའི་རིམ་པ་ལས་འཁྲུལ་པའོ། །ང་རྒྱལ་ནི་ལྟ་བའི་ཆ་ལས་འཁྲུལ་པའོ། །འདོད་ཆགས་ནི་སྣང་བའི་ཆ་ལས་འཁྲུལ་པའོ། །ཕྲག་དོག་ནི་མ་རྟོགས་པའི་ཆ་ལས་འཁྲུལ་པའོ་ཞེས་སོ། །དེའང་རིམ་པ་ལྟར་ཡུལ་ཡུལ་ཅན་འཁྲུལ་རྟོག་གི་ཆའི་རྨོངས་པ་དང་། ཤེས་རབ་རིག་པ་ལས་ལོག་ཙམ་གྱི་མི་ཤེས་པ་དང་། ཡུལ་ལ་སྡང་བའི་ཆ་ཅན་དང་། ངའོ་སྙམ་པའི་ཁེངས་པ་དང་། ཡུལ་ལ་སྲེད་པ་དང་། དོན་མ་རྟོགས་པས་གཞན་ལ་ཁྲོ་བ་རྣམས་སོ། །གཉིས་པ་བཅུ་དྲུག་ཉེ་བའི་ཉོན་མོངས་པ་ནི། རང་ཤར་ལས། བཅུ་དྲུག་པོ་གང་ཞེ་ན། མ་རིག་པ་དང་། སེམས་དང་། ཡིད་དང་། འཛིན་པ་དང་། རྟོག་པ་དང་། མ་ཤེས་པ་དང་། མ་མཐོང་བ་དང་། མ་རྟོགས་པ་དང་། མ་གོ་བ་དང་། རང་གི་དེ་མ་དག་པ་དང་། ང་ཡིར་བཟུང་བ་དང་། གཞན་ལ་སེར་སྣ་བྱེད་པ་དང་། འདོད་པ་དང་། ཆགས་པ་དང་། ཁེངས་པ་དང་། འཕྲོ་བ་དང་བཅུ་དྲུག་གོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། དེ་ཁོ་ན་ཉིད་མ་ཤེས་པའི་རྨོངས་པས་ཀུན་ནས་ཉོན་མོངས་པར་བྱས་པ་དང་། ཡུལ་ལ་སེམས་པ་བཟུང་བ་དང་། ཡུལ་ཅན་ལ་འཛིན་པ་ཡིད་དང་། གཉིས་ཀ་ལ་བདག་ཏུ་འཛིན་པ་དང་། ཀུན་ཏུ་རྟོག་པ་དང་། དོན་མ་རིག་པ་དང་། གནས་ལུགས་གཉེར་བྱ་མ་མཐོང་བ་དང་། ཚིག་དོན་མ་རྟོགས་པ་དང་། རྣམ་སྤྱི་མ་གོ་བ་དང་། འཁྲུལ་པར་ཤེས་ནས་དམ་བཅས་པའི་དོན་སྔ་མ་ནོར་བའི་རྣམ་པ་དང་། ཡུལ་ང་ཡིར་འཛིན་པ་དང་། གཞན་ཕུན་སུམ་ཚོགས་པ་ལ་མི་དགའ་བ་དང་། ཡུལ་དང་དུ་ལེན་པ་དང་། ཡུལ་ལ་ལྷག་པར་སྲེད་པ་དང་། ཅུང་ཟད་ཀྱིས་རློམ་ཞིང་ཁེངས་པ་དང་། ཡུལ་ལ་འཕྲོ་ཞིང་ཁྲོ་བ་རྣམས་སོ། །གསུམ་པ་ཕྲ་རྒྱས་གསལ་བ་མཐའ་ཡས་པའི་ཉོན་མོངས་པ་ལ་གསུམ་སྟེ། ཉི་ཤུ་རྩ་ལྔ། ལྔ་བཅུ་རྩ་གཅིག །སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། །དང་པོ་ནི་རྩ་བའི་མ་རིག་པ་ཁྱབ་བྱེད་དུ་ཡོད་པས་ལོགས་སུ་མ་བགྲངས་པར། ཁྱབ་བྱ་དུག་ལྔ་ལ་ལྔ་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔ་སྟེ། རང་ཤར་

p. 470

ལས། གཏི་མུག་ལ་ལྔ་སྟེ། རབ་ཏུ་རྨུགས་པའི་གཏི་མུག་དང་། མ་ཤེས་པའི་གཏི་མུག་དང་། མ་མཐོང་བའི་གཏི་མུག་དང་། ཤིན་ཏུ་འཐིབས་པའི་གཏི་མུག་དང་། རབ་ཏུ་མྱོས་པའི་གཏི་མུག་དང་ལྔའོ། །འདོད་ཆགས་ལའང་ལྔ་སྟེ། ཞེ་ལ་འདོད་པའི་འདོད་ཆགས་དང་། ཤིན་ཏུ་གདུང་བའི་འདོད་ཆགས་དང་། སྲོག་ལ་མི་ལྟ་བའི་འདོད་ཆགས་དང་། ཞེ་སྡང་དང་བཅས་པའི་འདོད་ཆགས་དང་། མཁའ་ལ་སྤྱོད་པའི་འདོད་ཆགས་དང་ལྔའོ། །ཞེ་སྡང་ལ་ཡང་ལྔ་སྟེ། འདོད་པ་ཤས་ཆེ་བའི་ཞེ་སྡང་དང་། ཁྲོ་བ་དང་བཅས་པའི་ཞེ་སྡང་དང་། ཤིན་ཏུ་རགས་པའི་ཞེ་སྡང་དང་། གཏི་མུག་དང་བཅས་པའི་ཞེ་སྡང་དང་། དུས་ཀྱི་འབྲུག་ཆར་ལྟ་བུའི་ཞེ་སྡང་དང་ལྔའོ། །ང་རྒྱལ་ལ་ཡང་ལྔ་སྟེ། ཟིལ་གྱིས་གནོན་པ་སེང་གེ་ལྟ་བུའི་ང་རྒྱལ་དང་། གོང་ན་མེད་པ་ནམ་མཁའ་ལྟ་བུའི་ང་རྒྱལ་དང་། དཔའ་རྟུལ་ཆེ་བ་སྟག་ལྟ་བུའི་ང་རྒྱལ་དང་། ངའོ་སྙམ་པ་དུར་བྱ་ལྟ་བུའི་ང་རྒྱལ་དང་། མི་མཉམ་པ་སྙོམས་པ་གླང་པོ་ཆེ་ལྟ་བུའི་ང་རྒྱལ་དང་ལྔའོ། །ཕྲག་དོག་ལ་ཡང་ལྔ་སྟེ། ཕྲ་བའི་ཕྲག་དོག་དང་། ང་ལས་བྱུང་བའི་ཕྲག་དོག་དང་། ཤིན་ཏུ་རྩུབ་པའི་ཕྲག་དོག་དང་། རགས་པའི་ཕྲག་དོག་དང་། ལྟ་བའི་ཕྲག་དོག་དང་ལྔའོ། །དེ་ནི་ཉོན་མོངས་པ་ཉི་ཤུ་རྩ་ལྔའོ་ཞེས་སོ། །གཉིས་པ་ལྔ་བཅུ་རྩ་གཅིག་ནི་དེ་ལྟར་ཉི་ཤུ་རྩ་ལྔ་ལ་ཡུལ་གཟུང་བའི་ཉོན་མོངས་པ་ཉི་ཤུ་རྩ་ལྔ། ཡུལ་ཅན་འཛིན་པའི་ཉོན་མོངས་པ་ཉི་ཤུ་རྩ་ལྔ་སྟེ་ལྔ་བཅུ། རྩ་བ་མ་རིག་པ་དང་རྩ་གཅིག་འབྱུང་ངོ་། །གསུམ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི། འདོད་ཆགས་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་། གཏི་མུག་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་། ཆ་མཉམ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་སྟེ། བསྡོམས་པས་སྟོང་ཕྲག་བརྒྱད་དང་བཞིའོ། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡང་གསལ་བ་མཐའ་ཡས་པར་ཕྱེ་ན་དཔག་ཏུ་མེད་དེ་བསམ་གྱིས་མི་ཁྱབ་བོ། །དེའང་རང་ཤར་ལས། དེ་ལས་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་། བགྲང་དུ་མེད་པ་བྱུང་ངོ་ཞེས་སོ། །

p. 471

དེ་དག་ཀྱང་སེམས་དང་། ཡིད་དང་། དྲན་པ་དང་། བག་ཆགས་དང་། ཐེ་ཚོམ་གྱིས་སྐྱེད་ཅིང་ཀུན་ནས་ལྡང་བ་དང་ཉོན་མོངས་པའི་དྲི་ང་བས་བསྒོས་པས་འཁོར་བར་ཉོན་མོངས་པར་བྱེད་པའི་ལས་ཅན་ཏེ། ཉི་ཟླ་ཁ་སྦྱོར་ལས། དེ་དག་ལ་སོགས་ཏེ་ཉོན་མོངས་པ་ནི་བསམ་པ་རྣམས་རྗེས་སུ་འཛིན་པའི་སེམས་དང་། དྲན་པ་རྣམས་རྗེས་སུ་འཛིན་པའི་ཡིད་དང་། མཚམས་སྦྱོར་བའི་བག་ཆགས་དང་། ཐེ་ཚོམ་ཐམས་ཅད་ཀྱི་གཞིར་གྱུར་པའི་རྟོག་པ་དང་། ཡུལ་དང་དངོས་པོ་འཛིན་པའི་ཆ་ལ་སོགས་ཏེ་དཔག་ཏུ་མེད་དོ་ཞེས་སོ། །དེ་ལྟར་ལས་དང་ཉོན་མོངས་པ་ཐམས་ཅད་ཁམས་གསུམ་པའི་སེམས་སེམས་བྱུང་ལ་བརྟེན་པས། དེ་ཡང་རྣམ་པར་ཤེས་པའི་ཚོགས་བརྒྱད་དོ། །ཀུན་གཞིའི་རྣམ་པར་ཤེས་པ་ཡུལ་དུ་མི་རྟོག་རྣམ་པ་འཆར་བའི་རྒྱུར་གྱུར་པའི་རྣམ་ཤེས་རྟོག་མེད་དྭངས་པ་དང་། དེ་ལས་མཆེད་པ་སྒོ་ལྔའི་ཤེས་པ་ལས། མིག་གི་རྣམ་ཤེས་གཟུགས་འཛིན་རྟོག་མེད། རྣ་བའི་རྣམ་ཤེས་སྒྲ་འཛིན་རྟོག་མེད། སྣའི་རྣམ་ཤེས་དྲི་འཛིན་རྟོག་མེད། ལྕེའི་རྣམ་ཤེས་རོ་འཛིན་རྟོག་མེད། ལུས་ཀྱི་རྣམ་ཤེས་རེག་འཛིན་རྟོག་མེད་དོ། །དེ་ལས་གཟུང་འཛིན་གྱི་ཡིད་ཤེས་གཉིས་ཏེ། ཡུལ་དང་པོར་སྤྱི་འཛིན་པ་ཡིད་ཤེས་དང་། རྗེས་ལ་བྱེ་བྲག་འཛིན་པ་ཉོན་ཡིད་དེ། གཟུང་བ་དང་། འཛིན་པའོ། །ཡིད་ཤེས་འདི་གཉིས་ལ། དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་ལ། རྟོག་བཅས་རྟོག་མེད་ཅི་རིགས་སུ་ཡོད་དོ། །སྒོ་ལྔ་དང་ཀུན་གཞིའི་རྣམ་ཤེས་རྟོག་མེད་ཡིན་ནོ། །འདི་ལྟར་ཁམས་གསུམ་པའི་སེམས་དང་སེམས་བྱུང་ལྔ་བཅུ་རྩ་གཅིག་ཐམས་ཅད་སྤང་བྱ་སྒྲོ་བཏགས་ཁོ་ན་ཡིན་ཏེ། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཅེས་སོ། །དེ་དག་སྤང་བྱ་ཡིན་ཏེ། མ་རིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདིར་སེམས་ལམ་དུ་བྱས་ཏེ་སངས་རྒྱས་འདོད་པའི་གཞུང་ཆེན་པོ་དབུ་མ་ལ་སོགས་པའི་ལུགས་ཀྱིས་ཀྱང་། སེམས་དང་སེམས་ཉིད་གཉིས་སུ་ཕྱེ་ནས་སེམས་ཚོགས་བརྒྱད་

p. 472

དམ་བདུན་ནམ་དྲུག་གི་རང་བཞིན་སྤང་བྱར་བསྡུས་ནས། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་བླང་བྱར་རྟོགས་པས་ལམ་སྒོམ་པ་ལ་འཇུག་པར་བྱེད་དོ། །འདིར་ཡང་དེ་དང་ཆ་ཙམ་མཚུངས་པར། རིག་པ་དང་རིག་པ་ལས་བྱུང་བའི་སེམས་ཉིད་དང་། རང་གི་མཚན་ཉིད་འཛིན་པའི་སེམས་ཞེས་བཤད་དེ། ཀློང་དྲུག་པ་ལས། ཀྱེ་སེམས་དཔའ་ཆེན་པོ། རིག་པ་དང་རིག་པ་ལས་བྱུང་བའི་སེམས་ཉིད་ནི་དྲི་མ་དང་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པ་སྟེ། མདོར་ན་མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུ་ཐམས་ཅད་དེ། རིག་པ་རང་སྣང་མཐོང་བའི་སྐྱེས་བུ་རྣམས་ཀྱི་སྤྱོད་ཡུལ་ལོ། །རང་གི་མཚན་ཉིད་འཛིན་པའི་སེམས་ནི་འདི་ལྟར་བཏགས་པར་སྣང་བ་ཐམས་ཅད་དང་། ཡོད་པར་སྣང་བ་དང་། མེད་པར་སྣང་བ་ཐམས་ཅད་དང་། སྣང་བ་དང་། གྲགས་པ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པར་སྣང་བ་ཐམས་ཅད་དང་། འཛིན་པ་དང་། རྟོག་པ་དང་། ཉོན་མོངས་པ་རྣམས་ཏེ། བསམ་པའི་ཡུལ་དུ་སྣང་བ་ཐམས་ཅད་ཡིན་ནོ། །མདོར་ན་འཁོར་བའི་ཆོས་ཐམས་ཅད་ནི་རང་གི་མཚན་ཉིད་འཛིན་པའི་སེམས་ཏེ། འགྲོ་བ་རིགས་དྲུག་གི་རང་ཀ་མའི་སྣང་བ་ཐམས་ཅད་དོ་ཞེས་གསུངས་པ་ཡིན་ནོ། །འོ་ན་འདི་གཉིས་མཚུངས་སམ་སྙམ་ན། ཁྱད་པར་ཆེ་སྟེ། ཐུན་མོང་གི་ཐེག་པས་ལྟ་སྒོམ་སྤྱོད་པ་གང་བྱེད་ཀྱང་སེམས་ལས་འདའ་མི་ནུས་ལ། འདིར་སེམས་མ་འདྲེས་པ་རིག་པ་མངོན་སུམ་གྱི་གནད་ཀྱིས་ཆེས་འཕགས་པ་ལ་སོགས་པ་མང་ངོ་། །བཞི་པ་སོ་སོའི་དོན་ལ་སེམས་ཀྱི་རྟེན་དང་། གནས་དང་། ལམ་དང་། སྒོ་དང་། ངོ་བོ་དང་། རྩལ་དང་། བྱེད་ལས་དང་། འབྲས་བུ་སྟེ་བརྒྱད་ལས། རྟེན་ནི་གཟུགས་ཀྱི་ཕུང་པོ་བྱང་ཁོག་སྟོད་ཡིན་ནོ། །གནས་ནི་སྙིང་ནས་གློ་བར་འབྲེལ་པའི་བར་ན་རྩ་སོག་མའི་སྦུ་གུ་ཙམ་ནས་རླུང་གི་རྟ་ལ་རིག་པའི་གདངས་ཞོན་ནས་གནས་ཏེ། རླུང་ནི་རྟ་ལོང་བ་རྐང་ཅན་འདྲ་ལ། རིག་གདངས་ནི་མི་འཕྱེ་བོ་མིག་ཅན་འདྲའོ། །དེ་གཉིས་གཅིག་ཏུ་མ་འདྲེས་ན་མི་འགྱུ་དགུ་འགྱུའི་རྟོག་པ་

p. 473

མི་འབྱུང་བར། གདངས་རིག་པ་རང་ལ་རང་ཆས་སུ་གནས་པས། ཡུལ་སྣང་ཡང་དེ་ལ་མི་རྟོག་པར་ཤེས་པ་དྭངས་སངས་ཕྱེད་པ་འབྱུང་བས། རླུང་གནད་ཀྱིས། རླུང་དང་རིག་པ་འབྱེད་པའི་རྒྱུ་མཚན་དེ་ཡིན་ནོ། །དེ་གཉིས་འདྲེས་པས་རྟོག་པ་མི་བཀྲ་དགུ་བཀྲར་བྱུང་བའི། འགྱུ་ཆ་རླུང་ཡིན་ལ། རིག་ཆ་རིག་གདངས་ཡིན་ནོ། །དེའང་སྙིང་ནང་གི་རིག་པ་དངོས་ཆུ་དང་འདྲ་ལ། དེ་ལས་རྩལ་གདངས་རྩ་སྦུབས་སུ་སོང་བས་རླུང་དང་འདྲེས་པའི་སེམས་དེ་ཆུའི་ལྦུ་བ་དང་འདྲ་སྟེ། སེམས་དེ་རིག་པའི་རྩལ་ལམ་གདངས་ཡིན་ནོ། །དེའང་སེམས་ནི་རིག་པ་ཡོད་མེད་ཀྱི་རྗེས་སུ་བྱེད་ལ། རིག་པ་ནི་སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པས། ངོ་བོ་ལ་སེམས་ཀྱི་དབང་དུ་རིག་པ་མ་གྱུར་ལ། རྩལ་ཡིན་པས་རིག་པའི་དབང་དུ་སེམས་གྱུར་པ་ཡིན་ཏེ། རིག་པ་མི་གཡོ་ན་སེམས་རྟོག་མི་སྲིད་དེ། ཆུ་མི་གཡོ་ན་རྦ་རླབས་འབྱུང་མི་སྲིད་པ་བཞིན་ནོ། །རང་ཤར་ལས། སེམས་དང་རིག་པའི་དཔེ་ནི་ཆུ་དང་ལྦུ་བའི་ཚུལ། །སེམས་ཀྱི་དབང་དུ་མ་གྱུར་ཅེས་སོ། །ལམ་ནི་སྲོག་རྩ་ནས་འགྱུ་སྟེ། དེ་ནས་སེམས་ཀྱི་རྟ་སྲོག་རླུང་འགྱུ་བའི་ཕྱིར་རོ། །སྒོ་ནི། ཁ་སྣ་གཉིས་ཏེ་རླུང་དེ་ནས་འཐོན་པའི་སྒོ་ཡིན་པའི་ཕྱིར་རོ། །ངོ་བོ་ནི་འཁོར་བའི་རང་བཞིན་གཟུང་འཛིན་ནོ། །རྩལ་ནི་ཡུལ་ལ་འཛིན་ཞིང་ང་བདག་ཏུ་ཞེན་པའོ། །བྱེད་ལས་ནི་འཁོར་བའི་བདེ་སྡུག་སྣ་ཚོགས་བྱེད་དོ། །འབྲས་བུ་ནི་འཁོར་བ་དང་ངན་སོང་མུ་མཐའ་མེད་པའོ། །དེ་སྐད་དུའང་རང་ཤར་ལས། མ་དག་པ་ཡི་གནས་ལུགས་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །མ་དག་སུམ་བརྩེགས་གནས་པའོ། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །སྙིང་དང་གློ་བའི་བར་ན་ཡང་། །བརྩེགས་མ་གསུམ་དུ་གནས་པའོ། །དེ་ནས་རྩ་ནས་འགྱུ་བའོ། །སྲོག་པ་རྩ་ནས་ལམ་བྱུང་ངོ་། །སྒོ་ནི་ཁ་དང་སྣ་ནས་བྱུང་། །དེ་ལས་སྟོང་ཕྲག་བརྒྱད་ཅུའོ། །དེ་ལ་སོགས་པའི་ཉོན་མོངས་རྣམས། །སྣ་ཚོགས་དུ་མར་འབྱུང་བའོ། །ཞེས་པ་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། སྐྱེ་འགྲོ་སྲོག་

p. 474

གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཉོན་མོངས་པ་མ་རིག་པ་ཞེས་བྱ་བ་ཤས་ཆེར་གནས་སོ། །དེ་ཡང་རྟེན་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནས་སྙིང་དང་གློ་བའི་བར་ན་གནས་སོ། །དེ་ཡང་མ་རིག་པ་རྐྱང་པར་མེད་དེ། སེམས་ཞེས་བྱ་བ་བག་ཆགས་ཐམས་ཅད་སྡུད་པས་བརྒྱན་ནས་གནས་སོ། །དེ་ལ་ཡིད་ཅེས་བྱ་བ་ཡུལ་ལ་རྟོག་པ་དང་ལྷན་ཅིག་ཏུ་གནས་སོ། །དེ་གསུམ་གཅིག་ཏུ་འདུས་པ་ལས་མ་རིག་པ་ཞེས་བྱ་སྟེ་འཁོར་བ་ཁོ་ནའོ། །དེ་ལས་དུག་ལྔ་ཁོང་ཁྲོ་དང་དྲུག་བྱུང་ངོ་། །དེ་ལས་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་བྱུང་ངོ་། །དེ་རྣམས་ལམ་གང་ལས་འབྱུང་ཞེ་ན། གློ་བ་དང་སྙིང་དུ་འབྲེལ་བའི་བར་ན་སྲོག་རྩ་དམར་པོ་ཞེས་བྱ་བ། སོག་སྦུབས་ཙམ་གྱི་ནང་ན་ཡར་རྒྱུ་སྟེ། དེ་ཡང་སྒལ་ཚིགས་ཀྱི་འདབ་ན་ཡར་རྒྱུའོ། །དེ་ཡང་རྩེ་ཆུང་གཡོན་པ་དང་འབྲེལ་ལོ། །དེ་རྣམས་དབུགས་ཀྱི་རྟ་ལ་ཞོན་ནས་རྒྱུའོ། །དེ་ཡང་ཁ་དང་སྣ་ནས་རྒྱུ་སྟེ། དེ་ལས་ལས་དང་ཉོན་མོངས་པ་སྣ་ཚོགས་བྱུང་ངོ་ཞེས་སོ། །སྙིང་དང་གློ་བའི་བར་རྩེ་ན། གློ་བ་ནས་རླུང་གི་རྟ་རྩ་དེར་འཇུག་ལ། སྙིང་ནས་རིག་གདངས་རྩ་དེར་འཇུག་པ་གཉིས་འཛོམ་པ་སྟེ། རླུང་དང་རིག་གདངས་འདྲེས་པ་ལས། བག་ཆགས་ཀྱི་སྡུད་བྱེད་སེམས། ཡུལ་ལ་རྟོག་པ་ཡིད་རིག་པ་ལ་ལྟོས་པའི་མ་རིག་པ་སྟེ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་སུམ་བརྩེགས་རླུང་གི་རྟ་ལ་གནས་པས། གཟུང་འཛིན་ཉོན་མོངས་ཀྱི་རྣམ་རྟོག་འཁོར་བ་ཞེས་བྱ་བར་གྲུབ་བོ། །འདི་རྟོགས་ན་གློ་བུར་བ་ཡིན་པས་གཞོམ་པར་སླ་ལ། མ་རྟོགས་ན་ཐོག་མ་མེད་པ་ནས་གོམས་པ་ཚན་ཆེ་བས་དབྲལ་དཀའ་བ་ཡིན་ནོ། །གློ་བུར་བ་ཡིན་པར། ཧེ་བཛྲ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་པ་དང་། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་སོ། །རྣམ་རྟོག་མ་རིག་པ་ཡིན་པས་བསྙགས་རིང་ཞིང་འཁོར་བའི་རྒྱུ་ཡིན་པར། འཇམ་དཔལ་ལ་བསྟོད་པ་ལས། རྣམ་

p. 475

རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ཉིད་རྟག་ཏུ་མྱ་ངན་འདས། །ཞེས་སོ། །དོན་གཉིས་པ་ཡེ་ཤེས་ཀྱི་རང་བཞིན་རྒྱས་པར་བཤད་པ་ནི། ཐལ་འགྱུར་ལས། ཡེ་ཤེས་རྟོག་པ་མ་ཡིན་ཏེ། །ངོ་བོ་རང་གསལ་སྙིང་པོའི་དོན། །དབྱེ་བ་དག་ནི་གསུམ་དུ་འདོད། །ངེས་ཚིག་ཡེ་ནས་གནས་པའི་དོན། །ད་ལྟར་ཤེས་པས་ཡེ་ཤེས་སོ། །ཞེས་གསུངས་པས། འདི་ལ་ངོ་བོ། ངེས་ཚིག །དབྱེ་བ། སོ་སོའི་དོན་དང་བཞི་ལས། དང་པོ་ཡེ་ཤེས་ཀྱི་ངོ་བོ་ནི་སོ་སོ་རང་གི་རིག་པ་ཡེ་ནས་མཁྱེན་ཆར་གནས་པ་སྟེ། དེ་ཉིད་ལས། ཡེ་ཤེས་ཞེས་བྱ་གནས་པ་ལས། །དེ་ཡི་མཚན་ཉིད་རྟོགས་པ་ཡིས། །འཁོར་འདས་གཉིས་ལ་མི་གནས་པའོ། །ཞེས་སོ། །ངེས་ཚིག་ནི་ཡེ་ནས་གནས་པའི་དོན་རྟོགས་ཤིང་ཤེས་པ་སྟེ། རང་ཤར་ལས། ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ། །དེ་ནས་རྟོགས་པ་མངོན་དུ་གྱུར། །ཡེ་ཤེས་ངེས་ཚིག་དེ་བཞིན་ནོ། །ཞེས་སོ། །དབྱེ་ན་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཡུལ་ལ་ཁྱབ་པའི་ཡེ་ཤེས་དང་གསུམ་སྟེ། མུ་ཏིག་ཕྲེང་བ་ལས། ཡེ་ཤེས་ཉིད་ནི་འདི་ལྟ་སྟེ། །གཞི་གནས་དག་པའི་ཡེ་ཤེས་དང་། །མཚན་ཉིད་འཛིན་དང་ཡུལ་ཁྱབ་བོ། །ཞེས་སོ། །དང་པོ་གཞི་གནས་ཀྱི་ཡེ་ཤེས་ལ་གསུམ་ལས། ངོ་བོ་ཀ་དག་གི་ཡེ་ཤེས་ནི་ཡོད་མེད་ཀྱི་མཐའ་ལས་འདས་པ་ནམ་མཁའ་ལྟ་བུ་སྟེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གང་དུ་མ་ཕྱེའི་ཆོས་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། །

p. 476

ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མི་མཛད། །མ་སྐྱེས་པས་ན་འགག་སྟོང་ངོ་། །ཞེས་སོ། །རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ནི་ཡེ་ནས་ཡོན་ཏན་རྫོགས་པས་རྩལ་དང་འཆར་གཞིར་གྲུབ་པ་འདོད་འབྱུང་གི་ནོར་བུ་ལྟ་བུར་སྣང་བཞིན་པའི་ངོ་བོ་དངོས་པོ་དང་མཚན་མས་སྟོང་པ་སྟེ། ཡང་དེ་ཉིད་ལས། རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བརྟགས་པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཞེས་སོ། །ཐུགས་རྗེ་ཀུན་ཁྱབ་གྱི་ཡེ་ཤེས་ནི་རང་ངོར་མེད་ལ་འཆར་གཞིར་འཕྲོ་བའི་རྩ་བ་བྱེད་པ་སྟེ། ཡང་དེ་ཉིད་ལས། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས། །མི་འཛད་སྣ་ཚོགས་འཆར་བའི་སྒོ། །འཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །འདི་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལས་སུ་མེད་ལ་གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཞེས་སོ། །གཉིས་པ་མཚན་ཉིད་འཛིན་པའི་ཡེ་ཤེས་ནི་རྩ་བ་ལྔ་དང་དབྱེ་ན་ཉི་ཤུ་རྩ་ལྔའི་བདག་ཉིད་དོ། །རྩ་བ་ལྔ་ནི་རང་ཤར་ལས། ཆོས་དབྱིངས་ཡེ་ཤེས་རྟོག་མེད་དང་། །མེ་ལོང་ཡེ་ཤེས་འགག་མེད་

p. 477

གསལ། །མཉམ་ཉིད་ཡེ་ཤེས་མ་འདྲེས་རྫོགས། །སོར་རྟོག་ཡེ་ཤེས་གོང་བཞིན་རྟོགས། །བྱ་གྲུབ་ཡེ་ཤེས་ཆོས་རྣམས་རྫོགས། །དེ་ལྟར་རྣམ་པ་ལྔར་འདོད་དོ། །ཞེས་སོ། །དེ་དག་གི་དོན་སྦྱར་རྒྱས་པར་བཤད་ན། ཐལ་འགྱུར་ལས། །དེ་ལས་མཚན་ཉིད་འཛིན་པ་ཡི། །ལོངས་སྐུའི་ཡེ་ཤེས་བཤད་པར་བྱ། །མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། །དབྱིབས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་འོད། །རང་ཆས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །གསལ་ཞིང་སྟོང་ལ་སྟོང་པས་གྲོལ། །གྲོལ་འཛིན་མཐའ་ཡི་རྟོག་པ་ཟད། །བཞག་མེད་གྲོལ་གཞི་རྫོགས་པའོ། །མཉམ་པ་ཉིད་ཅེས་བྱ་བ་ནི། །མཉམ་རྒྱུ་གཉིས་ལས་མཉམ་རྐྱེན་གསུམ། །མཉམ་པའི་དུས་དང་ཚད་ཀྱིས་སོ། །འདི་ལ་གཉིས་མེད་རིས་དང་བྲལ། །མ་ཕྱེ་མི་འབྱེད་རང་གནས་གཉིས། །མཉམ་པ་ཞེས་བྱ་ཆོས་ཉིད་ལ། །ཟུག་རྔུའི་སྤྲོས་པ་བྲལ་བའོ། །ཉིད་ཅེས་བཅོས་ཤིང་རྩོལ་སྒྲུབ་མེད། །རང་བཞིན་གནས་པ་ངོ་བོས་སྟོང་། །སེམས་ཉིད་རྟོག་པ་ཀུན་ཟད་པའོ། །ཡེ་ཤེས་ཞེས་བྱ་གནས་པ་ལས། །དེ་ཡི་མཚན་ཉིད་རྟོགས་པ་ཡིས། །འཁོར་འདས་གཉིས་ལ་མི་གནས་པའོ། །སོ་སོར་རྟོགས་པ་དབང་པོའི་རིགས། །གང་ལ་གང་སྣང་དེ་ཡི་ཆོས། །རིམ་པ་སོ་སོར་གསལ་བའོ། །བརྟགས་པས་རང་སྣང་དག་ནས་ནི། །རིག་པ་ཡུལ་དུ་གྱུར་པ་ཉིད། །སོ་སོ་ཞེས་བྱ་བྱེ་བྲག་ལ། །གཉེན་པོའི་ཚུལ་དུ་བྱུང་བ་སྟེ། །རྟོགས་པ་ཞེས་ནི་མཚན་ཉིད་མཐོང་། །རང་སྣང་འཕེལ་དང་བཅས་པའོ། །ཡེ་ཤེས་ཐོག་མར་བྱུང་བ་ལ། །ཤེས་པས་ཉོན་མོངས་སྐྱོན་དག་གོ། བྱ་བ་གྲུབ་པ་ཞེས་བྱ་བ། །འབད་ཅིང་རྩོལ་བ་རང་འགགས་ནས། །ཆོས་ཀུན་རང་གཞག་རང་གྲོལ་ལོ། །རང་གྲོལ་རྫོགས་པའི་གཞི་སྣང་ལས། །ཆ་ཕྲ་རྡུལ་བྲལ་དྲི་མེད་ཐོབ། །རྟོག་དཔྱོད་ཡུལ་ལས་འདས་པ་སྟེ། །གང་གིས་མ་ཕྱེའི་ཆོས་ཉིད་དོ། །རང་བཞིན་

p. 478

རྫོོགས་པས་སྣང་མཐའ་ཟད། །ཅིག་ཅར་རྟོགས་པར་བྱ་བའོ། །གྲུབ་པས་འདོད་པ་བྲལ་བ་ལ། །བསྐྱར་དང་ལྡོག་པ་མེད་པའོ། །ཡེ་ནི་གནས་པའི་དོན་ཉིད་ལ། །ཤེས་པས་མངོན་དུ་གྱུར་ནས་ནི། །ཆོས་རྣམས་ཟད་པའི་སར་ཕྱིན་པའོ། །ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མ་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཆོས་ནི་སྤྱོད་པར་བྱེད་པ་ལ། །འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དྭངས་པའོ། །དབྱིངས་ཀྱིས་གོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། །དེ་ཡང་ཐུགས་རྗེའི་ཆ་ལ་ཤེས་པས་བསྡུས་པའི་ཡེ་ཤེས་དང་། ཤེས་བྱས་བསྡུས་པའི་ཡེ་ཤེས་གཉིས་སུའང་གནས་སོ། །ཤེས་པས་བསྡུས་པ་ནི་སངས་རྒྱས་ལ་སྐུ་དང་ཡེ་ཤེས་ཀྱི་དགོངས་པ་རང་གསལ་མངོན་གྱུར་དུ་གནས་ལ། སེམས་ཅན་ལ་ཕྲ་བ་སྙིང་པོར་གནས་ཏེ། དེ་ཉིད་ལས། ཤེས་པས་བསྡུས་པའི་ཡེ་ཤེས་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །དབྱེར་མེད་རང་བཞིན་མེད་པས་ཁྱབ། །དེ་དང་སངས་རྒྱས་རྣམ་དག་རྫོགས། །དྲི་མེད་རྡུལ་དང་བྲལ་བར་གནས། །སེམས་ཅན་རིགས་དྲུག་སྣང་ཆ་ལས། །སོ་སོའི་རྒྱུད་ལ་གནས་པ་སྟེ། །ཞེས་སོ། །ཤེས་བྱས་བསྡུས་པའི་ཡེ་ཤེས་ལ་གཉིས་ལས། ཇི་སྙེད་པ་ཤེས་བྱའི་རྣམ་པ་ལ་ཅི་སྣང་བ་ཐམས་ཅད་སོ་སོར་མ་འདྲེས་པར་མཁྱེན་ལ། ཇི་ལྟ་བ་ཤེས་བྱའི་གནས་ལུགས་སྤྲོས་བྲལ་ནམ་མཁའ་ལྟ་བུར་མཁྱེན་པ་སྟེ། ཡང་ཐལ་འགྱུར་ལས། ཤེས་བྱས་བསྡུས་པའི་ཡེ་ཤེས་ནི། །རྣམ་པ་གཉིས་སུ་ཤེས་པར་བྱ། །དེ་ལ་ཤེས་བྱ་ཇི་སྙེད་བཤད། །འདིས་ནི་གདུལ་བྱའི་བསམ་པ་མཁྱེན། །གཞན་དོན་ཁོང་དུ་ཆུད་པ་ཡིས། །ཆོས་རྣམས་རང་བཞིན་ཤེས་པའོ། །

p. 479

ཇི་ཞེས་བྱ་བ་གནས་ལུགས་ལ། །སྙེད་པས་མ་ལུས་རྫོགས་པར་བྱས། །ཡེ་ནི་སེམས་ཅན་ཀུན་དོན་ལ། །ཤེས་པས་ཁམས་གསུམ་དོང་ནས་འབྱིན། །སྤྲུལ་པ་སྐུ་ཡི་མཁྱེན་པའི་ཆ། །རང་སྣང་ངོ་ལ་རྫོགས་པའོ། །ཇི་ལྟ་མཁྱེན་པའི་ཡེ་ཤེས་བཤད། །སྣང་ཆས་བརྗོད་གཞི་བྲལ་བ་ལ། །རང་སྣང་དག་པའི་གཟུགས་བརྙན་གསལ། །དངོས་པོའི་གནས་ལུགས་མཁྱེན་པ་ལ། །རང་དོན་རྟོགས་པས་འཁྲུལ་རྒྱུན་ཟད། །ཇི་ཞེས་བྱ་བ་གནས་ལུགས་ལ། །ལྟ་བ་ཡེངས་པ་མེད་པར་སྤྱོད། མཁྱེན་པ་འགག་པ་མེད་ཕྱིར་རྫོགས། །ཡེ་ནི་ལམ་དུ་གྱུར་པ་ལ། །ཤེས་པ་ཚད་དུ་ཕྱིན་པའོ། །མ་བཅོས་རང་གྲོལ་ཆེན་པོ་ཡི། །གཞི་ལས་གཡོས་པ་མེད་པའོ། །ཞེས་སོ། །ཡེ་ཤེས་ཉི་ཤུ་རྩ་ལྔར་དབྱེ་བ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཀྱེ་ཧོ་གསང་བའི་བདག་པོ་ཉོན། །ཡེ་ཤེས་རྣམ་པ་ལྔ་པོ་ལ། །ལྔ་ལྔ་ཉི་ཤུ་ལྔར་ཤེས་བྱ། །དེ་ཡི་དབྱེ་བ་འདི་ལྟ་སྟེ། །དབྱིངས་ཀྱ ི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་། དབྱིངས་ཆེན་པོའི་ཡེ་ཤེས་དང་། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། མེ་ལོང་ཆེན་པོའི་ཡེ་ཤེས་དང་། རྟོག་མེད་གསལ་བའི་ཡེ་ཤེས་དང་། རྟོག་མེད་དྭངས་པའི་ཡེ་ཤེས་དང་། གསལ་ལ་འཛིན་པ་མེད་པའི་ཡེ་ཤེས་དང་ལྔའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མཉམ་པ་ཉིད་མ་འགགས་པའི་ཡེ་ཤེས་དང་། མི་གཡོ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མི་འགག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཅི་ལའང་མི་གནས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྔའོ། །སོ་སོར་རྟོག་པའི་ཡེ་ཤེས་དང་། དོན་ཐམས་ཅད་རབ་ཏུ་འབྱེད་པའི་ཡེ་ཤེས་དང་། རྟོགས་པ་སྐད་ཅིག་མ་ལ་སྐྱེ་བའི་ཡེ་ཤེས་དང་། སྒྲ་ཐམས་ཅད་རྣམ་པར་སེལ་བའི་ཡེ་ཤེས་དང་། སྒྲ་

p. 480

དང་ཚིག་ལ་མི་གནས་པར་གོ་བའི་ཡེ་ཤེས་དང་ལྔའོ། །བྱ་བ་གྲུབ་པའི་ཡེ་ཤེས་དང་། བྱ་བ་ཐམས་ཅད་བྱེད་པའི་ཡེ་ཤེས་དང་། བྱ་བ་ལ་མི་གནས་པའི་ཡེ་ཤེས་དང་། བྱ་བ་བྲལ་བའི་ཡེ་ཤེས་དང་། སྒྲོ་འདོགས་ཐམས་ཅད་ཆོད་པའི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་དོན་བཤད་པ་ནི། རིག་པ་རང་ཤར་གྱི་རྒྱུད་ལས། རྣམ་དག་ཆོས་ཉིད་གདལ་བའི་ཀློང་། །རྣམ་པར་དག་པའི་དབྱིངས་སུ་བཤད། །རྟོག་མེད་བསམ་པ་ཀུན་སྤངས་ཤིང་། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན། །ཕྱི་ནང་སྟོང་པ་རིག་མེད་ནི། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན། །ཕྱི་ནང་སྟོང་པ་གཉིས་མེད་ནི། །དབྱིངས་ཀྱི་ཡེ་ཤེས་ཆེན་པོར་འདོད། །ཕྱི་ནང་གསང་བའི་ཚིག་རྣམས་རྫོགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །གཉིས་མེད་དོན་ལྡན་རྡོ་རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། །འགག་མེད་གསལ་དྭངས་ཆེན་པོའི་དོན། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དག་པ་གསལ་དྭངས་ངོ་བོ་ལ། །དག་པའི་སྣང་བ་དུས་གཅིག་རྫོགས། །མེ་ལོང་ཡེ་ཤེས་ཆེན་པོ་ཡིན། །རྣམ་རྟོག་ཡིད་མེད་སེམས་མེད་ལ། །ཆགས་པའི་འཛིན་པ་མ་ཞུགས་པས། །རྟོག་མེད་གསལ་བའི་ཡེ་ཤེས་ཡིན། །འོད་སྣང་མ་འགགས་གསལ་བ་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་པ། །རྟོག་མེད་དྭངས་པའི་ཡེ་ཤེས་ཡིན། །གསལ་བྱ་གསལ་བྱེད་ཆོས་དང་བྲལ། །དེ་ལ་རྣམ་རྟོག་མ་འགྱུས་ན། །གསལ་བ་འཛིན་མེད་ཡེ་ཤེས་ཡིན། །ཆོས་ཉིད་མཉམ་དང་མ་འདྲེས་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །མ་འགགས་སོ་སོའི་མཚན་ཉིད་འཛིན། །མཉམ་ཉིད་མ་འགགས་ཡེ་ཤེས་ཡིན། །མི་གཡོ་བ་ནི་སྐུ་ཡི་རྒྱ། །རྒྱ་ཆད་ཕྱོགས་ལྷུང་མེད་པ་ནི། །མི་གཡོ་མཉམ་ཉིད་ཡེ་ཤེས་ཡིན། །མི་འགག་གསལ་དྭངས་ཆེན་པོ་ལ། །ཡིད་ཀྱིས་མི་རྟོག་གསལ་བ་ནི། །མཉམ་ཉིད་མི་འགག་ཡེ་ཤེས་ཡིན། །ཅི་ལའང་མི་གནས་

p. 481

ཡེ་ཤེས་ཀུན་གྱི་རྩེ། །མཚན་མའི་དངོས་པོ་རང་སར་གྲོལ་བ་ནི། །ཅི་ལ་མི་གནས་མཉམ་ཉིད་ཡེ་ཤེས་ཡིན། །བློ་ལ་སྣང་བའི་ཐེ་ཚོམ་ངོ་བོར་གྲོལ། །སོ་སོར་རྟོག་པའི་ཡེ་ཤེས་ཆེན་པོ་ཡིན། །སྣ་ཚོགས་གཅིག་ཏུ་སྡུད་པ་སྟེ། །དེ་ལ་ཕྱེ་ནས་དོན་རྣམས་འབྱུང་། །དོན་རྣམས་འབྱེད་པའི་ཡེ་ཤེས་ཡིན། །རྟོག་པའི་དོན་ལས་མི་འདའ་ཞིང་། །སྐད་ཅིག་གསུམ་ལ་གྲོལ་བྱེད་པ། །སྐད་ཅིག་སྐྱེ་བའི་ཡེ་ཤེས་ཡིན། །སྒྲ་ཚིག་རིག་པའི་ངོ་བོར་འདས། །ཐ་སྙད་གཅིག་ལ་རྫོགས་པའི་ཕྱིར། །སྒྲ་རྣམས་སེལ་བའི་ཡེ་ཤེས་ཡིན། །སྒྲ་ཚིག་ཐམས་ཅད་ངང་ལ་རྫོགས། །རིག་པའི་ཀློོང་དུ་ཚིག་རྣམས་འདས། །ཚིག་ལ་མི་གནས་ཡེ་ཤེས་ཡིན། །རང་རིག་འཛིན་པའི་ཆོས་ལས་གྲོལ། །ཐ་སྙད་བཏགས་པའི་མིང་སྤངས་ཤིང་། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །སྤྲུལ་པས་འགྲོ་བའི་དོན་བྱེད་ཕྱིར། །བྱ་བ་བྱེད་པའི་ཡེ་ཤེས་ཡིན། །ཡེ་ཤེས་འགྱུར་མེད་ངང་ལ་བྱ་བ་བཏང་། །དངོས་པོ་མཚན་མའི་ཆོས་ལས་འདས་པ་ནི། །བྱ་བ་མི་གནས་ཡེ་ཤེས་ཡིན། །རིག་པ་རྟོག་མེད་གསལ་བ་ལ། །ཤེས་པ་ངང་གིས་དལ་བ་ནི། །བྱ་བ་བཏང་བའི་ཡེ་ཤེས་ཡིན། །ཕྱི་ནང་གསང་བའི་ཆོས་རྣམས་ཀུན། །རིག་པའི་ཀློང་དུ་ཀུན་འདུས་པས། །སྒྲོ་འདོགས་ཆོད་པའི་ཡེ་ཤེས་ཡིན། །དེ་ལྟར་ཡེ་ཤེས་དོན་སྦྱར་ནི། །གང་ཞིག་མྱ་ངན་འདས་འདོད་པས། །འདི་ལ་གནས་ན་གཉིས་མེད་འཐོབ། །སྐུ་གསུམ་ས་ལས་ཕྱིར་མི་ལྡོག །ཡེ་ཤེས་མཚོན་དཔེ་དེ་བཞིན་ནོ། །ཞེས་གསུངས་སོ། །གསུམ་པ་ཡུལ་ལ་ཁྱབ་པའི་ཡེ་ཤེས་ནི་ནང་གི་རང་གདངས་འོད་ལྔ་དང་དེ་ལས་ཁ་དོག་ལྔའི་སྣང་བ་ཕྱིར་འཆར་བ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཡེ་ཤེས་ལས་ཟེར་འབྱུང་སྟེ། ཉི་མ་ལྟ་བུའི་ཟེར་དང་། སྲིན་བུ་མེ་ཁྱེར་ལྟ་བུའི་ཟེར་དང་། མེ་མར་ལྟ་བུའི་

p. 482

ཟེར་དང་། སྣང་བ་ཟེར་དང་བཅས་པར་སྣང་ངོ་ཞེས་པ་དང་། ཐལ་འགྱུར་ལས། རྟོག་བྲལ་ཆོས་ཉིད་རང་གདངས་ལས། །དམིགས་མེད་ཡེ་ཤེས་སྣང་བ་འབྱུང་། །དེ་ལས་རྣལ་འབྱོར་ཡེ་ཤེས་རྫོགས། །ཡང་དག་འདུས་པའི་ཡན་ལག་ཏུ། །ཡེ་ཤེས་གནད་ནི་མིག་ལས་འབྱུང་། །མིག་གི་གཟིགས་སྟངས་ཤེས་པ་ཡིས། །ཆོས་ཀྱི་དབྱིངས་དང་ལྷན་ཅིག་སྤྱོད། །ཁམས་གསུམ་པོ་ནི་ཟད་བྱའི་ཕྱིར། །མིག་གི་ཕུགས་ནས་འཕར་བའི་རྩ། །གྱེན་ལ་བཟློག་པས་ཡེ་ཤེས་འབེབས། །གནད་ལས་བྱུང་བའི་ཡེ་ཤེས་གང་། །རིམ་ལྡན་ཆོས་ཉིད་ཇི་བཞིན་དུ། །རྟོག་པ་ཀུན་ལས་ངེས་གྲོལ་བས། །དབྱིངས་ལས་བྱུང་བའི་ཡེ་ཤེས་སོ། །མིག་གི་གནད་ནི་སྟེང་དང་འོག །མཁས་པས་རྩོལ་བའི་སྣ་གར་བྱུང་། །ཀུན་འདུས་ཡེ་ཤེས་སྣང་བའོ། །ཡང་ནི་མིག་གི་ཡེ་ཤེས་ལས། །ཁ་དོག་ལྔ་ཡིས་རབ་ཕྱེ་བས། །དཀྱིལ་འཁོར་རྫོགས་པའི་གཟུགས་འདྲ་བ། །འདི་ལས་བྱུང་བའི་ཉམས་མྱོང་ནི། །གང་གིས་བརྗོད་པར་མི་ནུས་པས། །ཨེ་མ་ངོ་མཚར་ཆེ་བ་ཉིད། །ཡོན་ཏན་རྫོགས་པའི་སྣང་བའོ། །ཁྱབ་ཆེ་ཆ་ཕྲ་ཡེ་ཤེས་ལས། །མངོན་སུམ་པ་དང་ལམ་དུའོ། །ཞེས་སོ། །དེས་མཚོན་ནས་ཡུལ་སྣང་ལ་སྣང་ཐོག་ནས་རང་གྲོལ་བ་སྣང་བའི་ཡེ་ཤེས་དང་། སྟོང་པའི་ཡེ་ཤེས་དང་། ཡུལ་གྱི་ཡེ་ཤེས་དང་གསུམ་ལས། དང་པོ་ནི་ཐལ་འགྱུར་ལས། གཞན་ཡང་སྣང་བའི་ཡེ་ཤེས་བཤད། །ས་ཆུ་མེ་རླུང་ནམ་མཁའ་ལས། །ཡེ་ཤེས་སྣང་བ་ངོ་མཚར་བས། །བཅོམ་ལྡན་མགོན་པོ་རིག་མེད་པའོ། །ཞེས་སོ། །སྟོང་པ་ཉིད་ནི་དེ་ཉིད་ལས། བརྟགས་པས་མ་རྙེད་ཡེ་ཤེས་ནི། །ཁམས་གསུམ་གདར་ཤ་ཆོད་པ་ལས། །སྒོ་ལྔའི་ཞེན་ཡུལ་རྒྱུན་ཆད་པའོ། །ཟླ་དང་ནོར་བུ་མརྒད་འོད། །གང་གིས་འབྱིན་པར་འདོད་པ་ཡིས། །འཛིན་བྱུང་སྐུ་ཡི་སྣང་བ་བཟུང་། །ཡང་ནི་རྫོགས་པ་ཆེན་པོ་ཡི། །གནད་ཤེས་པ་ལས་ཡེ་ཤེས་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་དུ། །

p. 483

ཀུན་ཏུ་རྟོག་པ་བསྔོ་དང་བྲལ། །ངོ་མཚར་རྨད་བྱུང་ཡེ་ཤེས་ནི། །སྔོན་མེད་ཕྱིས་མེད་གདོད་ནས་མེད། །ད་ལྟ་རྣམ་རྟོག་ཡུལ་ལས་འདས། །མཐའ་བྲལ་སྟོང་པའི་རང་བཞིན་ནོ། །ཚིག་འདས་བློ་བྲལ་ངོ་བོས་སྟོང་། །རང་བཞིན་གང་དུ་མ་ཕྱེ་བས། །ཐུགས་རྗེ་མཛད་པ་མི་སྣང་ངོ་། །ཡེ་ཤེས་སྣང་བ་གསུམ་པ་ལས། །ཡིད་འབྱུང་ཤེས་རབ་འཁྲུལ་ཆར་བཟུང་། །འདི་ལ་རྣམ་པར་དམིགས་མཐའ་མེད། །མེད་པ་རྨད་བྱུང་རོལ་པ་ལས། །སངས་རྒྱས་རྣམས་ཀྱིས་འབྲས་བུ་རྙེད། །ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །འདི་ལ་གང་ཡང་མི་སྣང་ངོ་། །ཞེས་སོ། །གསུམ་པ་ཡུལ་གྱི་ཡེ་ཤེས་ནི་གཟུགས་སོགས་ཡུལ་ལྔ་རང་གྲོལ་དུ་སོང་ནས། སྣང་བ་བཞིའི་ཆོས་ཉིད་གོང་འཕེལ་དུ་ཐོབ་པ་སྟེ། ཡང་དེ་ཉིད་ལས། གཞན་ཡང་ཡུལ་གྱི་ཡེ་ཤེས་བཤད། །གཟུགས་དང་སྒྲ་ཡི་བྱེ་བྲག་ལས། །བསླབ་བྱའི་ཉམས་ཀྱང་ལྔར་འགྱུར་རོ། །ཤེས་པའི་ཉམས་ཟད་སྣང་བ་སྟེ། །འཕེལ་སྟོན་ཟླ་བ་ཡར་ངོ་བཞིན། །སྣང་བ་རེ་ལ་ཉམས་རེའོ། །གཞན་ཡང་ཡུལ་གྱི་ཡེ་ཤེས་བཤད། །དྲོད་དང་ཚད་དང་རྟགས་ལས་ནི། །བདེན་གཉིས་ཟུང་འཇུག་རྟོག་མཐའ་ཟད། །བྱ་བ་མེད་པས་མཚན་ཉིད་སྟོང་། །བརྗོད་གཞི་འགགས་པས་མཐའ་མི་གནས། །ཟག་པ་ཟད་ཕྱིར་རྡོས་བཅས་མིན། །དྲན་པའི་ཁུངས་འགགས་ངོ་བོ་གསལ། །གསལ་རིག་ཡུལ་གྱི་མཐའ་མི་རྟོག །སྒྲ་བྲལ་ཡང་དག་ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། །ཞེས་སོ། །དོན་བཞི་པ་སོ་སོའི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་གཞི་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་གནས་ལུགས་དོན་གྱི་ཡེ་ཤེས་ཆེན་པོ་དེས་སེམས་ཅན་ཐམས་ཅད་ལ་དབྲི་བསྣན་དང་ཆེ་ཆུང་དང་བཟང་ངན་མེད་པར་ཁྱབ་སྟེ། ཐུན་མོང་གི་ལུང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་ལུས་

p. 484

ཀྱི་ནང་ན་དེ་བཞིན་གཤེགས་པའི་སྙིང་པོ་ཐོག་མ་ཇི་ལྟ་བ་བཞིན་དུ་གནས་ཏེ་ཞེས་པ་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཅེས་སོ། །ཐུན་མོང་མ་ཡིན་པའི་ལུང་བརྟག་གཉིས་ལས་ཀྱང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་པ་དང་། དོ་ཧ་ལས་ཀྱང་། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །ཞེས་སོ། །བླ་ན་མེད་པའི་ལུང་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་གསང་བ་ལས། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ་ཞེས་གསུངས་སོ། །དེ་ལྟར་གནས་ན་དངོས་སུ་ལྟར་རུང་དུ་མཐོང་བར་རིགས་སོ་སྙམ་ན། སྐུའི་སྣང་བ་འོད་དང་བཅས་པ་རྡོས་བཅས་ལུས་ཀྱིས་གཏུམས་པས་ལྟ་བའི་ཡུལ་ན་མེད། འོན་ཀྱང་ད་ལྟ་དཔེ་ཉི་མ་ལྟར་ལུས་ཀྱི་སྤྲིན་རུམ་ན་གནས་པ། དོན་སྙིང་ནང་དུ་ངོ་སྤྲད་དེ། རྟགས་ཐིག་ལེ་སྟོང་པའི་སྒྲོན་མ་བསྟན་པས་ཡིད་ཆེས་སོ། །གསུང་ལ་ངག་གིས་བསྒྲིབས། ཐུགས་ལ་སེམས་ཀྱིས་བསྒྲིབས་ནས་མི་མཐོང་བ་ཡིན་ལ། སྐྱེས་བུ་བརྩོན་འགྲུས་ཅན་གྱིས་སྣང་བ་བཞི་ཚད་དུ་བསྒོམས་ན་ད་ལྟ་ལྟར་ཡོད་ལ། བར་དོར་རང་སྣང་དག་པ་ཇི་ལྟར་ཡོད་པ་བཞིན་རེ་ཞིག་འཆར་རོ། །ད་ལྟ་ནི་ཁྱུང་སྒོང་རྒྱས་འཐུམས་པ་ལྟར་བག་ཆགས་ཀྱི་རྒྱས་བསྒྲིབས་པ་ཡིན་ཏེ། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེམས་ཅན་ཀུན་གྱི་རང་ལུས་ལ། །ཡེ་ཤེས་དག་པའི་སྣང་བ་གནས། །རྒྱ་ཆེ་སྣང་བར་མ་ནུས་ཏེ། །དཔེར་ན་མངལ་དང་སྒོ་ངའི་རྒྱ། །མངོན་དུ་མི་འབྱུང་བསྒྲིབས་གྱུར་ཀྱང་། །རང་རྩལ་རྫོགས་ནས་འབྱུང་བ་བཞིན། །རྣམ་རྟོག་ལུས་འདི་བོར་མ་ཐག །རང་སྣང་ཡུལ་

p. 485

དང་ཕྲད་པར་འགྱུར། །ཡེ་ནས་གནས་པའི་རང་རིག་ཉིད། །ངོ་བོ་རྟོག་མེད་མཐོང་བར་འགྱུར། །ཡེ་ཤེས་དག་པའི་སྣང་བ་དང་། །སངས་རྒྱས་བདེན་པ་མཐོང་བར་འགྱུར། །ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཡེ་ཤེས་ཆེན་པོའི་རང་སྣང་དེ། །མངོན་སུམ་ཡུལ་དུ་མེད་མོད་ཀྱང་། །རང་བྱུང་སྒྲོན་མ་བསྟན་དུ་ཡོད། །སྒྲོན་མ་ཉིད་ཀྱི་ཡེ་ཤེས་ནི། །སྣང་དང་མི་སྣང་མཐའ་ལས་འདས། །ཞེས་སོ། །བོ་སྐུར་གནས་པས་འོད་ལྔའི་མཚན་དཔེ་རྫོགས། རང་བཞིན་འོད་དུ་གནས་པས་ཡེ་ཤེས་ལྔའི་སྣང་བ་ཚད་མེད། ཐུགས་རྗེ་རིག་པར་གནས་པས་མཁྱེན་པ་ནང་ན་གསལ་བའོ། །དེའི་གདངས་དུང་ཁང་ན་འཕྲོས་པས་ཁྲོོ་བོའི་དཀྱིལ་འཁོར་ཡོངས་རྫོགས་ཆེན་པོར་བཞུགས་ལ། འོད་དང་། ཟེར་དང་། ཐིག་ལེ་དང་། ཐིག་ཕྲན་དུ་སྣང་བའི་གདངས་སྙིང་གི་འོད་རྩ་ལས་གྱེས་པའི་རྩ་ཆེན་བཞི་ན་རང་བཞིན་གྱིས་གནས་ལ། མིག་ན་སྒྲོོན་མ་བཞིའི་ཚུལ་དུ་གནས་སོ། །དེའང་ཙིཏྟ་ན་སྐུ། རྩ་བཞི་ན་ཐིག་ལེ། དུང་ཁང་ན་འོད་ཟེར། མིག་སྟེ་བྷྲི་གུ་ཏ་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བར་གནས་པ་ཉིད། སེང་གེ་རྩལ་རྫོགས་ལས། ཨེ་མ་ཧོ་རིག་པའི་ཡེ་ཤེས་ཉིད། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །འགྱུར་བ་མེད་པའི་ཚུལ་དུ་གནས། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །ཙིཏྟ་རིན་ཆེན་གཞལ་ཡས་དང་། །རིན་ཆེན་རྩ་ཡི་གཞལ་ཡས་དང་། །རྣམ་དག་དུང་ཁང་གཞལ་ཡས་དང་། །བྷྲི་གུ་ཏ་ཡི་གཞལ་ཡས་དང་། །གཞལ་ཡས་ཆེན་པོ་དེ་རྣམས་ན། །རིག་པའི་ངོ་བོ་རྩལ་ལྟར་སྣང་། །དེ་ཡང་བཤད་པ་འདི་ལྟ་སྟེ། །ལ་ལ་དག་ན་སྐུ་རུ་གནས། །ལ་ལ་དག་ན་ཐིག་ལེ་སྟེ། །གཅིག་ན་འོད་ཟེར་ཚུལ་དུ་གནས། །གཅིག་ནས་ལུ་གུ་རྒྱུད་དུ་འབྱུང་། །དེས་ནི་གནས་པའི་མདོ་ཉིད་བསྟན། །

p. 486

སངས་རྒྱས་ཡེ་ནས་གནས་པའི་དོན། །སེམས་ཅན་ཀུན་ལ་གནས་པ་དེ། །རྒྱལ་བ་རྣམས་ཀྱིས་རབ་ཏུ་བཤད། །ཅེས་སོ། །དེའང་སྐུ་དང་ལུ་གུ་རྒྱུད་དང་། དབྱིངས་དང་ཡེ་ཤེས་ཀྱི་དོན་ནི། དེ་ཉ ིད་ལས། རིག་དང་མ་རིག་སྣང་བ་ཉིད། །བྱ་བྱེད་གཉིས་ཀྱི་མཐའ་ལས་འདས། །ཡངས་པ་ཉིད་དང་སྐུ་ལྟར་འཕྲོ། །གསལ་བ་ཉིད་དང་འོད་ལྟར་འབྱུང་། །སྟོང་པ་ཉིད་དང་ཟེར་ལྟར་འཕྲོ། །སངས་རྒྱས་ཉིད་དང་སེམས་ཅན་གཉིས། །རིག་པ་སོ་སོ་མ་ཡིན་ཏེ། །སྣང་བ་སོ་སོ་ཉིད་དུ་བསྟན། །སྐུ་ཡི་མཚན་ཉིད་འདི་ལྟ་སྟེ། །འགྱུར་བ་མེད་དང་གསལ་བ་དང་། །སྟོང་པ་དང་ནི་རྟོག་བྲལ་ལོ། །རིག་པའི་མཚན་ཉིད་འདི་ལྟ་སྟེ། །ཕྲ་བ་ཉིད་དང་འཕྲོ་བ་དང་། །ལུ་གུ་རྒྱུད་དང་འགུལ་བའོ། །དབྱིངས་ཀྱི་མཚན་ཉིད་འདི་ལྟ་སྟེ། །ཡངས་དང་ལྷུན་སྟུག་སྟོང་མཐའ་ཡས། །གསལ་དང་དྲོ་དང་བསིལ་བ་དང་། །ཡང་ཞིང་གཡོ་བའི་བདག་ཉིད་འཛིན། །ཁྱབ་དང་མུ་ཁྱུད་ར་བའོ། །ཡེ་ཤེས་མཚན་ཉིད་འདི་ལྟ་སྟེ། །འབྱུང་དང་འཇུག་དང་རང་གསལ་དང་། །ཡེ་དང་ཤེས་དང་རྟོགས་པའོ། །གསལ་དང་འཚེར་དང་འབྱམས་ཡས་ཉིད། །སྣང་དང་མུན་དང་གོ་འབྱེད་དང་། །སྟོང་དང་གསལ་བའི་ཡེ་ཤེས་མཆོག །གསང་སྔགས་མཚན་ཉིད་དག་ཏུ་འདོད། །ཅེས་སོ། །དེ་ཡང་སྙིང་ན་སྐུ། དུང་ཁང་ན་ཡེ་ཤེས། བྷྲི་གུ་ཏ་ན་རིག་པ། རྩ་བཞི་ན་དབྱིངས་སྣང་གི་འོད་དང་ཐིག་ལེ་འཆར་བ་ཡིན་ནོ། །རྩ་བཞི་ནི་རང་ཤར་ལས། དཀར་འཇམ་སྟོང་པའི་རྩ་དག་དང་། །རིན་ཆེན་འཕྲོ་བའི་རྩ་རྣམས་དང་། །རྣམ་པར་གྲོལ་བྱེད་རྩ་ཆེན་དང་། །ཤེལ་དཀར་རྒྱུ་བའི་རྩ་དག་ནས། །རྣམ་ཤེས་རླུང་ལ་ཞོན་ནས་ནི། །བྷྲི་གུ་ཏ་ཡི་སྒོ་ཆེན་ནས། །ལམ་བྱུང་སྟོང་པའི་ངང་དུ་ཐིམ། །ཐིམ་བྱེད་མེད་པར་ས་ལེ་གསལ། །ཚོམ་བུ་ལྔ་ལྡན་ཡེ་ཤེས་རྫོགས། །ཞེས་སོ། །དེ་ལྟ་བུའི་ཡེ་ཤེས་རང་གནས་སྙིང་གའི་རྩ་ཆེན་ན་གདངས་གསལ་བར་རང་འོད་ཡེ་ཤེས་རང་གདངས་ལ་བཞུགས་པ་ཡང་། རྩ་བཞི་ན་ཡེ་ཤེས་ཀྱི་ལྔའི་

p. 487

རང་གདངས་ལ་བརྟེན་ནས་ཙཀྵུའི་ནང་གི་སྒྲོན་མ་བཞི་ལས་ཇི་ལྟ་བའི་ཡེ་ཤེས་ཐིག་ལེ་སྟོང་པའི་སྒྲོོན་མ་དང་དབྱིངས་རྣམ་དག་གི་སྒྲོན་མར་སྨིན་ལ། ཇི་སྙེད་པའི་ཡེ་ཤེས་རྒྱང་ཞགས་ཆུའི་སྒྲོན་མ་དང་ཤེས་རབ་རང་བྱུང་གི་སྒྲོན་མར་སྨིན་པ་ཡིན་ཏེ་ཐལ་འགྱུར་ལས། ལུས་ཀྱི་དུས་ན་འདི་ལྟ་སྟེ། །འབྱུང་བ་འདུས་པའི་ཕུང་པོ་ཡི། །ཙིཏྟ་རིན་ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །རོ་མ་རྐྱང་མ་ཀུན་འདར་མ། །ཀ་ཏི་ཤེལ་གྱི་སྦུ་གུ་ཅན། །མེ་ལོང་མཉམ་ཉིད་སོ་སོར་རྟོགས། །བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་ནི། །ཐིག་ལེ་རྒྱུ་དང་མི་རྒྱུ་བ། །རང་རྩལ་རྫོགས་པའི་རྟེན་དུ་གནས། །དྭངས་མ་འདུས་པའི་མིག་གཉིས་ནས། །ཐབས་དང་ཤེས་རབ་ཁྱབ་པར་ལས། །ཇི་ལྟ་མཁྱེན་པ་ཐིག་ལེ་དང་། །དག་པ་དབྱིངས་ཀྱི་སྒྲོན་མར་སྨིན། །ཇི་སྙེད་པ་ནི་རྒྱང་ཞགས་དང་། །ཤེས་རབ་སྒྲོན་མར་སྨིན་པ་ཡིས། །འགྲོ་བ་རྣམས་ཀྱི་ལས་དང་ཡང་། །དབང་པོའི་བྱེ་བྲག་ཇི་ལྟ་བར། །དེ་ལ་བསླབས་པས་ཤེས་པར་འགྱུར། །ཅེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཤེས་བྱའི་གནད་སྤྱིར་བསྟན་པ་དང་། བླང་བྱའི་གནད་བྱེ་བྲག་དུ་བཤད་པའོ། །དང་པོ་ལ་བརྒྱད་ལས། རྟེན་ནི་གཟུགས་ཀྱི་ཕུང་པོ་བྱང་ཁོག་སྟོད་དོ། །གནས་ནི་སྙིང་རིན་པོ་ཆེ་ཟུར་བརྒྱད་པའི་དབུས་འོད་རྩའི་དྭངས་ལ་འོད་ལྔའི་དབུས་ཞི་བའི་སྐུ་ཡུངས་འབྲུ་ཙམ་ལ་རིག་པ་གནས་སོ། །ལམ་ནི་རྩ་བཞི་ནས་རྒྱུའོ། །སྒོ་ནི་མིག་གཉིས་སོ། །གདངས་ནི་སྒྲོན་མ་གཉིས་ཏེ་རྨ་བྱའི་མདོངས་དང་ན་རོ་ལྟ་བུའོ། །ཡུལ་ནི་ནམ་མཁའ་སྤྲིན་དང་བྲལ་བ་ལ་ཆོས་ཉིད་སྟོང་པ་བསམ་ངོ་དང་བྲལ་བའོ། །དུས་ནི་འདི་ཉིད་དམ་བར་དོའི་སྣང་བ་ཤར་དུས་སོ། །འགྲོ་ས་ནི་ལྷུན་གྲུབ་ཀྱི་འཆར་སྒོ་བརྒྱད་དེ་ངོ་ཤེས་པ་རྣམས་དབྱིངས་སུ་འགྲོ་ལ་མ་ཤེས་པ་རྣམས་འཁོར་བར་འཁྱམས་པས་ལམ་ཁ་བྲག་བཞིན་ནོ། །གྲོལ་ས་ནི་ཀ་དག་གི་སྣང་བའོ། །དེ་སྐད་དུའང་རང་ཤར་ལས། ཀྱེ་གྲོགས་པོ་དག་ཉོན་ཅིག །ཆོས་ཐམས་

p. 488

ཅད་ཀྱི་དེ་བཞིན་ཉིད་དཔེས་མཚོན་པར་བྱའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ནི། རྟེན་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནོ། །དཔེར་ན་ཁྲ་ཚང་ན་ཉལ་བ་ལྟ་བུའོ། །གནས་ནི་སྙིང་ན་གནས་ཏེ་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །ལམ་ནི་རྩ་བཞི་ནས་འབྱུང་སྟེ་དཔེར་ན་མུ་ཏིག་གི་ཕྲེང་བ་བརྒྱུས་པ་ལྟ་བུའོ། །འཁྱིལ་ནི་དུང་ཁང་དཀར་པོའི་ནང་ན་འཁྱིལ་ཏེ་དཔེར་ན་བུམ་པ་ནང་གི་མར་མེ་བཏང་བ་ལྟ་བུའོ། །སྒོ་ནི་མིག་ནས་འབྱུང་སྟེ་དཔེར་ན་རྒྱ་སྐར་གྱི་ཉི་ཞུར་ལྟ་བུའོ། །ཐིག་ལེ་སྟོང་པའི་སྒྲོན་མ་ནི་དཔེར་ན་རྨ་བྱའི་མདོངས་ལྟ་བུའོ། །དབྱིངས་རིག་པའི་སྒྲོན་མ་ནི་དཔེར་ན་ཡི་གེ་ན་རོ་ལྟ་བུའོ། །ཡུལ་ནི་ནམ་མཁའ་སྟོང་པའོ། །དུས་ནི་བར་དོའི་སྣང་བ་སྟེ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལྟ་བུའོ། །འགྲོ་ས་ནི་རིན་པོ་ཆེའི་ལུས་ཏེ་དཔེར་ན་ཁ་བྲག་གི་ལམ་ལྟ་བུའོ། །གྲོལ་ས་ནི་ཀ་དག་གི་སྣང་བ་སྟེ་དཔེར་ན་བུམ་པའི་སྐུ་ལྟ་བུའོ་ཞེས་པ་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཨ་ཧོ་ཀློང་ཆེན་མོ་རྣམས་ཉོན་ཅིག །འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །དེ་ཡང་རྟེན་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནོ། །གནས་ནི་སྙིང་གི་དཀྱིལ་ན་ཀུན་ཏུ་བཟང་པོ་གའུ་ཁ་སྦྱོར་གྱི་དགོངས་པ་ཞེས་བྱ་སྟེ་དཔེར་ན་བསེའི་གའུ་ཁ་སྦྱོར་བ་བཞིན་དུ་གནས་པའི་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ན་ཞི་བའི་སྐུ་ཡུངས་འབྲུ་ཙམ་འོད་ཁྱིམ་གྱི་ཚུལ་དུ་གནས་སོ། །དེ་ནི་རིག་པའི་གནས་སོ། །དཔེར་ན་བུམ་པའི་སྐུ་ལྟ་བུའོ། །དེ་ལས་བྱུང་བའི་ཡེ་ཤེས་ནི་གནས་ཀླད་པ་དུང་ཁང་ན་གནས་སོ། །དེ་ཡང་ཁྲོ་བོའི་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་གནས་སོ། །དེ་ཡང་འོད་ཟེར་གྱི་ཚུལ་དུ་གནས་སོ། །དེ་ལས་བྱུང་བའི་འོད་ནི་མེ་ལོང་གི་དཀྱིལ་འཁོར་ལྟར་གསལ་ལ་དངས་པའམ་དཔེར་ན་ཉའི་མིག་བཞིན་དུ་འོད་ཟེར་དུ་གནས་སོ། །དེ་དང་རིག་པའི་འབྲེལ་པ་ནི་སྙིང་གི་རྩེ་མོ་ནས་ཡར་རྩ་དར་དཀར་གྱི་སྣལ་མ་ཙམ་སྒལ་ཚིགས་འདབ་ནས་ཡར་ཡོད་དེ་དེ་ནས་ལམ་བྱུང་ནས་མགོའི་ནང་དུ་འཇུག་གོ། རྩ་དེ་ཡང་རྩེ་ཆུང་གཡས་གཡོན་ནས་འཐོན་ནས་ཀླད་

p. 489

པར་འབྲེལ་ལོ། །དེ་ཡང་རྣ་བའི་འདབ་གཡས་གཡོན་ནས་འཐོན་ནས་མིག་དང་འབྲེལ་ལོ། །དེ་ལས་མིག་ནམ་མཁའ་ལ་བཟློག་སྟེ་རྩ་གཅུན་ཏེ་བལྟས་ནས་ཡེ་ཤེས་ཀྱི་འོད་སྣང་གིས་ནམ་མཁའ་གང་བར་འགྱུར་རོ་ཞེས་སོ། །དེའང་སྙིང་གི་དབུས་ཀྱི་འོད་རྩ་ཀ་ཏི་གསེར་གྱི་རྩ་ཆེན་ལས་གྱེས་པའི་ཡར་རྩེ་དར་དཀར་སྣལ་མ་ནི་སྙིང་རྩེ་ནས་སྒལ་ཚིགས་བརྒྱུད་དེ་རྣ་བ་ནས་ཡལ་ག་གསུམ་གྱི་གཉིས་མིག་གི་སྒོར་ཟུག །དབུས་མ་ཚངས་བུག་ལ་ཟུག་གོ། ཕྲ་ལ་འཁྲིལ་ནི་འཁོར་ལོ་བཞིའི་དབུས་སོ་སོ་ལ་སྙིང་ནས་འབྲེལ་ལོ། །ཤེལ་བུག་ཅན་ནི་སྲོག་པ་རྩ་ན་འོད་གསལ་གྱི་རླུང་ལྔའི་གདངས་དང་ལྷན་ཅིག་གནས་སོ། །གཉིས་པ་ཡེ་ཤེས་ཀྱི་བླང་བྱའི་གནད་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ་གནས་པའི་རྟེན་རྩ་སྦྱོང་བ་འཆར་བའི་སྒོ་སྒྲོན་མ་གཟུང་བ། སྣང་བའི་གདངས་འོད་གསལ་བསྟན་པའོ། །དང་པོ་ནི་ལུས་ལ་ཡེ་ཤེས་གནས་པས་གནད་གཉིས་ཀྱིས་ལམ་དུ་གཞུག་པ་སྟེ། དེའང་སྤྱིའི་གནད་རླུང་སེམས་གཅུད་ལ་བོར་ཞིང་སྒྲོན་མ་ཨར་ལ་གཏད་པས་དབྱིངས་རིག་གི་འཕེལ་ཟད་པར་བྱ་བ་ནི་ཐལ་འགྱུར་ལས། རང་རིག་ཡེ་ཤེས་ལུས་ལ་གནས། །ཏིལ་འབྲུ་ལས་ནི་མར་བཞིན་དུ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ལུས་དང་བསྟུན་པས་སྐུ་རྣམས་དང་། །ཡེ་ཤེས་འོད་དང་ཁ་དོག་རྟགས། །ལས་དང་འཇུག་དང་སྐུ་རྣམས་ཀྱིས། །གདངས་དང་བཅས་ཏེ་ཁྱབ་པའོ། །ཤེས་རབ་ཉིད་དང་སྒྲོན་མའི་ལས། །དོན་དམ་ཀུན་རྫོབ་རྟགས་ཕྱེ་བའོ། །སྨིན་བྱེད་ཐིག་ལེ་སོ་སོའི་གནད། །འགྱུར་བྱེད་རྟོག་པ་རགས་འཛིན་པ། །ཡེ་ཤེས་སྣང་བ་བཞི་གཉིས་ཆ། །ལས་འབྱུང་འཇུག་པའི་དབྱེ་བ་ལས། །ཙིཏྟ་རིན་ཆེན་གཞལ་ཡས་སུ། །རིན་ཆེན་འདུས་པ་ཟུར་བརྒྱད་སྒོ། །ཡེ་ཤེས་ལྔ་དང་སྐུ་ལྔ་སྟེ། །རླུང་དང་ཤེས་པའི་རྩལ་ཡང་ལྔ། །ཐམས་ཅད་ལྔ་ལྔའི་རང་བཞིན་ནོ། །སྐུ་ཡི་གནདནི་གདངས་ཀྱིས་སོ། །ཡེ་ཤེས་འདུག་སྟངས་དག་གིས་སོ། །ཐིག་ལེ་བསྐྱིལ་ཞིང་དཀྲུགས་པས་འགྲུབ། །འོད་ནི་ཡས་ཤིང་སྡུད་པའོ། །འབྲེལ་ལྡན་བསྡོམས་པས་རླུང་གི་གནད། །

p. 490

འཇུག་པའི་ལས་ནི་མཐའ་ཡིས་དབྱེ། །དེ་ཡི་འགྱུར་བྱེད་ལས་རླུང་ཟད། །འཁྲུལ་པའི་སྡེབས་དང་སྦྱར་བའོ། །རིག་པའི་གནད་ནི་དབྱུང་བ་དང་། །བསྐྱིལ་ཞིང་མཁའ་ལ་གཏད་པའོ། །དབྱིངས་ཀྱི་གནད་ནི་བསྡུ་བ་དང་། །དགུག་དང་ཁམས་ཀྱི་བྱེར་ཡས་སྦྱར། །སྣང་བའི་གནད་ནི་འཕེལ་དང་ཟད། །སྣ་ཚོགས་རང་སར་གྲོལ་བའོ། །ཞེས་སོ། །བྱེ་བྲག་གི་གནད་འཁོར་ལོ་བཞི་དང་གཙོ་མོ་གསུམ་གྱི་གནད་གཅུན་པས་རླུང་སེམས་ཡེ་ཤེས་ཀྱི་དྲ་བར་གཞུག་པ་ནི་དེ་ཉིད་ལས། རིག་པ་ཡེ་ཤེས་ལམ་ཉིད་ནི། །རང་གི་རྩ་ཡི་འཁོར་ལོ་ལ། །སྐུ་གསུམ་རང་རྫོགས་གནས་པ་ལས། །རོ་མ་རྐྱང་མ་ཀུན་འདར་མ། །མ་གསུམ་དག་གིས་ལུས་བཟུང་སྟེ། །དབུས་མས་འཁོར་ལོ་བཞི་རྟེན་བྱས། །འདི་དག་གཡས་གཡོན་དབུས་གནས་པས། །ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །ལུས་དང་ཡན་ལག་སྐྱེད་པ་དང་། །སྒྲོན་མ་ཉིད་ཀྱང་སྨིན་པར་བྱེད། །རོ་མས་རོ་རྣམས་འཁོར་ལོ་ལ། །རླུང་གིས་བསྐུལ་ཞིང་ཐིག་ལེ་འཕེན། །རོ་ནི་རྩ་ལ་བརྟེན་པ་ཡིས། །བདེ་བས་ལུས་སེམས་རྒྱས་པར་བྱེད། །མས་ནི་དྭངས་མ་སྡུད་པ་དང་། །གོང་འོག་གནས་ཀྱི་གཞི་མ་བྱེད། །འདི་ལ་བསྐྱིལ་ཞིང་གཏེམས་པ་གནད། །འདི་ཡི་ཡན་ལག་དྲུག་པོ་ལ། །གཏར་ཞིང་བསྲེགས་ན་ཡེ་ཤེས་འགག །དྲོད་ཐོབ་འདོད་ན་མཉེ་བ་གནད། །རླུང་དང་ཐིག་ལེ་དགུག་པར་བྱའོ། །རྐྱང་མས་སྐྱེད་བྱེད་འཁོར་ལོ་ལ། །རླུང་གིས་འཕེན་སྡུད་ཐིག་ལེ་འཇུག །རྐྱང་ཞེས་བྱ་བ་ཟླ་མེད་པས། །ཉག་གཅིག་དགོངས་པ་སྟོན་པར་བྱེེད། །མས་ནི་སྙིགས་མ་སེལ་བ་དང་། །ངོ་བོའི་གཟི་མདངས་བསྐྱེད་པའོ། །འདི་ལ་གསེང་ཞིང་མཉེ་བ་གནད། །འདི་ལ་ཡལ་ག་མི་སྣང་བས། །སྨིན་སོ་བཞི་ལ་ཐིག་ལེ་གདབ། །ཟས་ལ་དབང་ཐོབ་འདོད་པས་ནི། །རླུང་ནི་བསྟིམ་ཞིང་ཆུ་མི་འདོར། །དམ་ཚིག་གིས་ནི་རྩ་བརྟག་གོ། ཀུན་འདར་མས་ནི་དྲན་པ་དང་། །རྩེ་མོའི་འཁོར་ལོ་སྡུད་པས་སྨིན། །ལས་རླུང་བཟློག་ཅིང་ཡེ་ཤེས་འཛིན། །ཀུན་ནི་སྤྲུལ་སྐུའི་ཡོན་ཏན་སྟེར། །འདར་བས་ལོངས་སྐུའི་ཡོན་ཏན་ནོ། །མས་ནི་ཆོས་སྐུ་དངོས་སུ་སྟོན། །འདི་ཡི་ཡན་ལག་བཅུ་གཉིས་ལ། །

p. 491

གསེང་ཞིང་འདྲིལ་བ་གནད་ཡིན་ནོ། །ཚེ་ཉིད་སྤེལ་ན་བྱུག་པ་བསྟེན། །ཐིག་ལེ་ལུས་དང་སེམས་ཀྱིས་བྱ། །ཡེ་ཤེས་ལམ་ནི་འདི་དག་ལས། །ཐིག་ལེ་སྐུ་དང་བཅས་པར་འགྱུར། །རླུང་ནི་འགྲོ་འོང་ལས་ཀུན་བྱེད། །སེམས་ཀྱི་བདག་པོ་ཡིད་ཀྱིས་བཟུང་། །ལམ་གྱིས་བཟུང་དང་དགུག་པའོ། །ཞེས་སོ། །གཉིས་པ་འཆར་བའི་སྒོ་སྒྲོན་མ་བཟུང་བ་ལ། སྒོ་དང་སྒྲོན་མ་གཉིས་ལས། སྒོའི་གནད་ནི་སྙིང་ནས་ཀླད་པར་འབྲེལ་བའི་རྩ་སྐྱོན་ཡོན་དབང་པོ་དྭངས་བྱེད་ལ་ཡལ་ག་ལྔ་ཡོད་པའི་མིག་ལ་བ་མེན་རྭ་འདྲའི་རྩའི་དཀྱིལ་ལས་འོད་རྩ་ནས་ཡེ་ཤེས་དངོས་སུ་འབྱུང་བས་མི་འགུལ་བར་ནམ་མཁའི་མཐོངས་སུ་བལྟ་བ་ནི་ཡང་དག་པའི་གནད་དེ་ཐལ་འགྱུར་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵུ་ཞེས་པའི་སྒོ་ལས་འཐོན། །གཉིས་ཀྱི་ཆ་འཛིན་སྣང་བ་སྟོན། །སྐྱེད་བྱེད་རྩ་ལས་འབྲེལ་བྱུང་བའི། །རྩེ་མོ་ལས་ནི་གཅིག་གྱུར་པ། །དབང་པོ་ཡུལ་ལ་འཆར་བྱེད་པའི། །གཅིག་ལ་ཡལ་ག་ལྔ་ཡོད་པའི། །སོ་སོའི་དབང་པོའི་སྒོ་ལ་སྣང་། །ཁྱད་པར་སྐྱོན་ཡོན་དྭངས་འབྱེད་པའི། །བ་མེན་རྭ་འདྲ་འཁྱིལ་བ་ལས། །ཨ་འབྲས་ཞེས་པ་དཀར་ནག་ཕྱེད། །རིག་ཅིང་གཟུགས་རྣམས་འཛིན་པ་དང་། །ཤེས་པའི་རང་རྩལ་རྫོགས་པར་སྟོན། །འདི་ལ་ཡེ་ཤེས་དངོས་འབྱུང་སྟེ། །མངོན་སུམ་པ་དང་རང་གནད་ཀྱིས། །ཆོས་ཉིད་དག་པའི་རང་སྣང་ཡུལ། །རྟོག་བཅས་འགག་པར་གནས་པའོ། །ཞེས་སོ། །སྒྲོན་མའི་གནད་ནི་ལྟ་སྟངས་དང་གཟིགས་སྟངས་གཅུན་ནས་གཏེམས་པ་དང་གཅུད་པ་དང་ཁྲིད་པ་དང་ཉི་ཟླའི་རྟེན་ལ་བསླབ་པ་ཡིན་ཏེ་ཡང་དེ་ཉིད་ལས། དོན་དམ་ཆོས་ཉིད་འབྱུང་བ་ལས། །སྒྲོན་མ་རྣམ་པ་བཞི་ཞེས་ཏེ། །སྨིན་ཅིང་འཇུག་ལ་ཁྱབ་སྟོང་པས། །ཆོས་ཉིད་ཡུལ་སྣང་སྡུད་པའོ། །རྒྱང་ཞགས་ལས་ནི་གཟུགས་བསྡུས་ཏེ། །རླུང་གིས་གཅོད་ཅིང་འཕེན་པར་བྱེད། །འོང་དང་འགྲོ་བའི་འཕེལ་འགྲིབ་ཀྱིས། །ཡེ་ཤེས་དག་ནི་སྡུད་པར་བྱེད། །ཐིག་ལེ་སྟོང་པས་ལས་ཀུན་བྱེད། །འདས་པ་ལམ་གྱི་སྣ་བཟུང་ནས། །རླུང་གིས་བཀྲག་དང་གཟི་མདངས་བསྐྱེད། །བསྒྱུར་

p. 492

ཞིང་ཡེ་ཤེས་སྣང་བ་སྟོན། །ཤེས་རབ་རང་བྱུང་སྒྲོན་མ་ཡིས། །ཆོས་ཀུན་མཉམ་པ་རོ་གཅིག་ཏུ། །བསྡུས་ཏེ་རང་སྣང་འཛིན་པར་བྱེད། །འདིིས་ནི་བག་ཆགས་འབྲེལ་རྒྱུན་གཅོད། །དབྱིངས་ཀྱིས་དྭངས་མ་སྡུད་པ་དང་། །རིག་པའི་སྐུ་རྣམས་འཛིན་པ་དང་། །གནད་གསུམ་བཅུད་དུ་སྨིན་པ་ཡིས། །འཁོར་བ་ཉིད་ནི་སྤོང་བར་བྱེད། །དེ་ལྟར་མིག་ལས་སྒྲོན་ཤར་བས། །སངས་རྒྱས་དགོངས་པའི་གནད་འདུས་པར། །རང་སྣང་ཡུལ་རྣམས་འཛིན་པའོ། །སྒྲོན་མའི་གནད་ནི་ངས་བཤད་ཀྱིས། །ལྷའི་བུ་སྐལ་ལྡན་ཁྱོད་ཉོན་ཅིག །ཡུལ་དང་རིག་པ་རླུང་དག་གིས། །ཆོས་ཉིད་ལམ་དུ་གཟུང་བའི་ཕྱིར། །ཡེ་ཤེས་རྫོགས་པས་ཆོས་ཉིད་དག །འདི་ཡང་སྒྲོན་མའི་གནད་ཡིན་ནོ། །རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཤེས་རབ་སྒྲོན་མ་སྦྱང་བའི་གནད། །ཆོ་ག་གསུམ་གྱིས་སྤེལ་བ་དང་། །བསྒྲུབ་པའི་གནད་ཀྱིས་རྒྱ་ཉིད་བསྐྱེད། །ཐིག་ལེའི་སྒྲོོན་མ་གཏེམས་པ་གནད། །རྩ་དང་མཐེབ་མཛུབ་མ་བྲལ་བས། །ཡེ་ཤེས་གོང་དུ་འཕེལ་བའོ། །དབྱིངས་ཀྱི་གནད་ནི་འཁྲིིད་པ་སྟེ། །ཉི་མའི་བསླབ་ཐབས་རྣལ་འབྱོར་པས། །ལེགས་པར་སྦྱར་ཏེ་ཁྲིད་པར་བྱ། །ཟླ་བ་དག་ལའང་བསླབ་པར་བྱའོ། །འདི་ལྟར་རྒྱུན་དུ་སུས་བྱས་པ། །འཁྲུལ་པའི་སྣང་བ་རྒྱུན་ཆད་དེ། །དག་པ་ཡེ་ཤེས་ལྔ་ཡི་འོད། །ས་རྡོ་རི་བྲག་བགས་སྟོངས་ནས། །གྲུ་ཆད་དམ་ནི་ཡུལ་གྲུ་ཙམ། །འཁྲིད་ལ་མཁས་པས་སྣང་བར་འགྱུར། །འདི་དུས་ཐབས་ཀྱིས་བཅོས་པ་གནད། །རྫོགས་པས་ཆོས་ཉིད་ཐོབ་པའོ། །འདི་ལྟར་གོམས་པས་ཆོས་ཉིད་སྟོབས། །ལུས་འབྱུང་རང་སོར་རྫོགས་པའོ། །དེ་ལྟར་ལུས་འབྱུང་རྒྱུན་ཆད་པས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱའོ། །ཞེས་སོ། །གསུམ་པ་སྣང་བའི་གདངས་འོད་གསལ་བསྟན་པ་ལ་ལྔ་སྟེ་སྐུ་དང་། ཡེ་ཤེས། འོད། ཐིག་ལེ། རིག་པའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི་ཐལ་འགྱུར་ལས། ཙིཏྟའི་ནང་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔས། །སོ་སོའི་རིགས་ཀྱི་མཚན་ཉིད་

p. 493

འཛིན། །ཟེར་གྱི་སྐུ་ནི་དྲུག་གིས་ཀྱང་། །རང་བཞིན་སྣང་བའི་ཆོས་ཉིད་སྡུད། །དག་པའི་སྐུ་ནི་རྣམ་གསུམ་གྱིས། །མྱ་ངན་འདས་པའི་མཚོན་པ་འཛིན། །རྣམ་པའི་སྐུ་ནི་བརྒྱད་ཀྱིས་ཀྱང་། །ས་ལམ་རྫོགས་པའི་བྱ་བ་བྱེེད། །ཅེས་པས། ཙིཏྟ་ན་ངོ་བོ་སྐུའི་འཆར་གཞིར་ཡོད་པས་དེའི་གདངས་རིགས་ལྔའི་སྐུ་མ་འདྲེས་པ་ཚད་ཕེབས་ཀྱི་དུས་སུ་སྣང་བའོ། །སྐུ་ལས་ཟེར་འཕྲོ་བས་རྩ་ནང་ན་ཐིག་ལེ་ཟེར་གདངས་དང་ཕྱིར་གདལ་བ་རང་སྣང་གི་སྐུ་ཕྲ་མོ་རྣམ་པ་དྲུག་སྣང་བའོ། །གཞི་གནས་ཀྱི་ཡེ་ཤེས་གསུམ་གྲོལ་སའི་སྐུ་སྟེ་ནང་དབྱིངས་ཟད་པའི་ཚད་འཛིན་པའོ། །རྣམ་པའི་སྐུ་བརྒྱད་ནི་མཐར་ཕྱིིན་ལྷུན་གྲུབ་ཀྱི་ས་ལ་སྐུ་གསུམ་ལ་དགུར་དབྱེ་བ་ལས། ཆོས་སྐུའི་ཆོས་སྐུ་དབྱིངས་རྣམ་དག་ཀུན་གྱི་འཆར་གཞི་ཡིན་པས་གཞིར་བྱས་ཏེ་ལོགས་སུ་མ་བགྲངས་པས་བརྒྱད་དོ། །གཉིས་པ་སྐུ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐུན་མོང་གི་དབྱེ་བ་དང་། ཁྱད་པར་གྱི་དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། རིག་པ་ཡུལ་སྣང་གི་སྐུ་དང་། དྭངས་མ་འདུས་པའི་སྐུ་སྟེ་ཉི་ཟླ་ཁ་སྦྱོར་ལས། སྐུ་ནི་གཉིས་ཏེ་རིག་པ་ཡུལ་སྣང་གི་སྐུ་དང་། དྭངས་མ་རྣམས་འདུས་པའི་སྐུའོ་ཞེས་སོ། །དང་པོ་ནི་དབང་པོ་ལ་སྣང་ཞིང་དགག་སྒྲུབ་མེད་པ་སྟེ་དབྱེ་ན་དབང་པོ་དང་། ཕུང་པོ་དང་། ཡུལ་དང་ཡུལ་ཅན་རྣམ་པར་དག་པའི་སྐུ་དང་གསུམ་སྟེ། དེ་ཉིད་ལས། རིག་པ་ཡུལ་ལ་སྣང་བའི་སྐུ་ནི་དབང་པོ་རྣམས་རྣམ་པར་དག་པའི་སྐུ་ཆེན་པོ་དང་། ཕུང་པོ་རྣམས་རྣམ་པར་དག་པའི་སྐུ་ཆེན་པོ་དང་། ཁམས་དང་སྐྱེ་མཆེད་དང་ཡུལ་དང་ཡུལ་ཅན་དང་ཉོན་མོངས་པ་རྣམས་རྣམ་པར་དག་པའི་སྐུ་ཆེན་པོའོ་ཞེས་སོ། །གཉིས་པ་དྭངས་མ་འདུས་པའི་སྐུ་ནི་གོམས་པ་སྟོབས་སུ་གྱུར་པ་རྣམས་ལ་སྣང་བ་སྟེ། དབྱེ་ན་ལམ་ཕྱིན་ཅི་མ་ལོག་པ་རང་གི་མཚན་ཉིད་འཛིན་པའི་སྐུ་དང་། འོད་དང་སྐུའི་མཚན་ཉིད་ཁ་དོག་མི་ཕྱེད་པ་ཡེ་ཇི་བཞིན་པའི་སྐུ་གཉིས་ལས་དང་པོ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་ལམ་གྱི་མཚན་ཉིད་འཛིན་པས་འབྲས་བུ་ཚད་ལ་ཕེབས་པར་བྱེད་

p. 494

པས་རོལ་པ་ཆེན་པོའི་སྐུ་དང་། སྤྱི་ཕུད་ཆེན་པོའི་སྐུ་དང་། རིགས་རྗེས་སུ་འཛིན་པའི་སྐུ་ཞེས་གྲགས་ཏེ་ཉི་ཟླ་ཁ་སྦྱོར་ལས་རང་གི་མཚན་ཉིད་འཛིན་པའི་སྐུ་ནི་འདི་ལྟ་སྟེ། རྣམ་པར་མི་འབྱེད་པ་རོལ་པ་ཆེན་པོའི་སྐུ་དང་། དམ་པ་སྤྱི་ཕུད་ཆེན་པོའི་སྐུ་དང་། རིགས་རྗེས་སུ་འཛིན་པའི་སྐུའོ་ཞེས་སོ། །གཉིས་པ་ཡེ་ཇི་བཞིན་པའི་སྐུ་ནི་གཞི་དང་ལམ་དང་འབྲས་བུ་གསུམ་སྟེ། གཞི་རང་བྱུང་གི་ཡེ་ཤེས་ཡེ་ནས་གནས་པའི་སྐུ་དང་། ལམ་འོད་གདངས་དབྱིངས་སྐུ་ཡེ་ཐོག་ལས་ཕྱིར་སྣང་ཙམ་ལས་མི་འགྱུར་བའི་སྐུ་དང་། འབྲས་བུ་སྐུ་གསུམ་ལྷུན་གྲུབ་དབྱིངས་ཟད་སར་ཕྱིན་པའི་སྐུ་གསུམ་སྟེ་ཡང་དེ་ཉིད་ལས། ཡེ་ཇི་བཞིན་པའི་སྐུ་ནི་འདི་ལྟ་སྟེ། ཡེ་གནས་དང་པོའི་སྐུ་དང་། ཡེ་ཐོག་མི་འགྱུར་བའི་སྐུ་དང་། འབྲས་བུ་རང་རྫོགས་པའི་སྐུའོ། །འབྲས་བུ་རང་རྫོགས་པའི་སྐུ་ནི་གསུམ་སྟེ། ཆོས་ཀྱི་སྐུ་སྤྲོས་པ་མེད་པ་ཆེན་པོ་དང་། ལོངས་སྤྱོད་རྫོགས་པའི་སྐུ་འཛིན་པ་མེད་པ་ཆེན་པོ་དང་། སྤྲུལ་པའི་སྐུ་བདག་མེད་པ་ཆེན་པོའོ་ཞེས་སོ། །གཉིས་པ་ཁྱད་པར་གྱི་དབྱེ་བ་རྒྱས་པར་བཤད་པ་ལ་གཉིས་ཏེ་ངོ་བོ་མདོར་བསྟན་པ་དང་། རྣམ་པ་རྒྱས་པར་བཤད་པའོ། །དང་པོ་ནི་རང་ཤར་ལས། དེ་ཡང་སྐུ་གང་ཞེ་ན་རྩ་བ་རིག་པའི་སྐུ་དང་། ཡངས་པ་ཆོས་ཉིད་ཀྱི་སྐུ་དང་། གདལ་བ་དབྱིངས་ཀྱི་སྐུ་དང་། མི་འགྱུར་བ་རྡོ་རྗེའི་སྐུ་དང་། འགྱུར་བ་མེད་པ་ངོ་བོ་ཉིད་ཀྱི་སྐུ་དང་། ཡང་དག་བདེ་བའི་སྐུ་དང་། ལོག་པ་སེམས་ཀྱི་སྐུ་དང་། མཐོང་བ་རང་གྲོལ་གྱི་སྐུ་དང་། གཅིག་པ་ཐིག་ལེའི་སྐུ་དང་། རྒྱ་མ་ཆད་པ་ནམ་མཁའི་སྐུ་དང་། ཕྱོགས་སུ་མ་ལྷུང་བ་ཉི་ཟླའི་སྐུ་དང་། ཐ་མི་དད་པ་ཅིག་ཤོས་ཀྱིི་སྐུ་དང་། ཞེན་པ་མེད་པ་རང་གྲོལ་གྱི་སྐུའོ་ཞེས་སོ། །གཉིས་པ་ནི། སྐུ་བཅུ་གསུམ་པོ་དེ་དག་གི་རྣམ་པ་གང་ཡིན་ཞེ་ན་བཤད་པ་ནི་ཡང་དེ་ཉིད་ལས། དེ་ཡང་འདི་ལྟ་སྟེ། རྩ་བ་རིག་པའི་སྐུ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཡིན་ཏེ་རང་གི་མིག་གི་དབང་པོ་མ་འགགས་པ་ལ་གསལ་ལོ། །དེ་ནི་རྩ་བ་རིག་པའི་སྐུ་ཞེས་བྱའོ། །ཡངས་པ་ཆོས་ཉིད་ཀྱི་སྐུ་ནི་དང་

p. 495

པོའི་གཞི་ཀ་དག་ཆེན་པོའི་དེ་ལ་བསམ་པ་མེད། མ་རིག་པ་མེད། སེམས་མེད། ཡིད་མེད། འཛིན་པ་མེད་དོ། །དེ་ཡང་འདི་ལྟ་སྟེ། རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་སངས་རྒྱས། སྤྲོས་པ་དང་བྲལ་བའི་ཆོས་ཉིད། མཐའ་དང་བྲལ་བའི་རིག་པ། དག་པ་ཆེན་པོའི་སྣང་བ། ཕྱོགས་ལྷུང་མེད་པའི་ལྟ་བར་བཞུགས་སོ། །དེ་ཡང་ཡངས་པ། གསལ་བ། མི་འགྱུར་བ། ཡེ་ཤེས་མི་འགག་པ། ཐིག་ལེ་སྣ་ཚོགས་སུ་འཕྲོ་བ། མི་འགྱུར་བའི་ཆོས་ཉིད། ཕྱི་རྒྱ་མ་རལ་བ། ནང་ཡེ་ཤེས་ཀྱི་འོད་ལྔ་མ་འགགས་པར་གསལ་བ། སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་སོ། །དེ་ནི་ཡངས་པ་ཆོས་ཉིད་ཀྱི་སྐུ་ཞེས་བྱའོ། །གདལ་བ་དབྱིངས་ཀྱི་སྐུ་ནི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡིན་ཏེ། དབྱིངས་དེ་ཡང་རྒྱ་མ་ཆད་པ། ཕྱོགས་སུ་མ་ལྷུང་བ། འགྲིབ་པ་མེད་པ། འཕེལ་བ་མེད་པ། སྟོངས་པ་མེད་པ། གང་བ་མེད་པ། གསལ་ཆ་དང་བཅས་པ། སྐུ་མང་པོ་འཆར་བའི་གནས། ཡངས་པ་ཀུན་གྱི་བདག་ཉིད། ཤིན་ཏུ་ཆེ་བས་གོང་ན་མེད་པ། ལྟ་བ་མཐོང་བའི་སངས་རྒྱས། ངེས་པ་རྙེད་པའི་ས་ཞེས་བྱའོ། །དེ་ནི་གདལ་བ་དབྱིངས་ཀྱི་སྐུ་ཞེས་བྱའོ། །མི་འགྱུར་བ་རྡོ་རྗེའི་སྐུ་ནི་སངས་རྒྱས་མེད་པའི་འབྲས་བུ། སེམས་ཅན་མེད་པའི་འཁོར་བ། སྲོག་བཅད་པའི་སངས་རྒྱས། བྱས་པ་མེད་པའི་བྱུང་བ། མཐོང་མ་མྱོང་པའི་ཡུལ། ཤེས་མ་མྱོང་བའི་གཏམ། ལེན་མ་མྱོང་བའི་ལུས། སྲོག་བཅད་པའི་དགེ་བ། བསྒྲུབས་པ་མེད་པའི་ལྷ། མ་བགྲངས་པའི་སྙིིང་པོ། མ་བསྒོམས་པའི་སྒོམ་པ། མ་བྲིས་པའིི་དཀྱིལ་འཁོར། མ་བསགས་པའི་ཚོགས་སོ། །དེ་ནི་མི་འགྱུར་བ་རྡོ་རྗེ་སྐུའོ། །འགྱུར་བ་མེད་པ་ངོ་བོ་ཉིད་ཀྱི་སྐུ་ནི་གྲུབ་མཐའ་འགྱུར་མེད། གཏན་ཚིགས་ངེས་མེད། མཚན་ཉིད་གཉིས་མེད། ལྟ་བ་ཕྱོགས་མཐོང་། སྒོམ་པ་མཐོང་བ། སྤྱོད་པ་བྱར་མེད། འབྲས་བུ་ཐོབ་མེད། དམ་ཚིག་བསྲུང་མེད། རོལ་པ་འགག་མེད། ངོ་བོ་ཟང་ཐལ།

p. 496

རང་བཞིན་ཀུན་ཁྱབ། ཐུགས་རྗེ་མཁའ་ཁྱབ་བོ། །དེ་ནི་འགྱུར་བ་མེད་པ་ངོ་བོ་ཉིད་ཀྱི་སྐུའོ། །དག་པ་བདེ་བའི་སྐུ་ནི་གསལ་བ་མཁའ་ཁྱབ། སྟོང་པ་ཀུན་ཁྱབ། ཡེ་ཤེས་མིག་ཁྱབ། རིག་པ་ལུས་ཁྱབ། སྒྲོན་མ་ཡུལ་ཁྱབ། ཆོས་སྐུ་གཞི་ཁྱབ། ལོངས་སྐུ་རང་ཁྱབ། སྤྲུལ་སྐུ་ཀུན་ཁྱབ། འོད་ལྔ་གནས་ཁྱབ་བོ། །དེ་ནི་དག་པ་བདེ་བའི་སྐུའོ། །ལོག་པ་སེམས་ཀྱི་སྐུ་ནི་སྣ་ཚོགས་འབྱུང་བ། སྣ་ཚོགས་སྡུད་པ། ཐམས་ཅད་ཀྱི་ལམ། ཐམས་ཅད་ཀྱི་གནས། ཐམས་ཅད་ཀྱི་གཞི། འཁོར་བ་རང་ཀ་མའོ། །དེ་ནི་ལོག་པ་སེམས་ཀྱི་སྐུའོ། །མཐོང་བ་རང་གྲོལ་གྱི་སྐུ་ནིི་མི་འགྱུ་སྟེ་འགྱུ་བ། འགྱུ་སྟེ་མི་འགྱུ་བ། སྲོག་མེད་པའི་སྐུ། སེམས་མེད་པའི་སེམས་ཅན། དབུགས་མེད་པའི་འགྱུ་བ། འགྲོ་འོང་མེད་པའི་སངས་རྒྱས། དུས་ཐམས་ཅད་པའི་ཡེ་ཤེས། རྟག་པར་བཞུགས་པའི་ཆོས་ཉིད། འཛིན་པ་མེད་པའི་རང་གྲོལ། རྟོག་པ་མེད་པའི་སྐུ་ལྔ། མཐོང་བ་མ་འགགས་པའི་ཤེས་རབ། རང་སར་གྲོལ་བའི་ཆོས་ཉིད་དོ། །དེ་ནི་མཐོང་བ་རང་གྲོལ་གྱི་སྐུའོ། །གཅིག་པ་ཐིག་ལེའི་སྐུ་ནི། འབྱུང་བ་ཀུན་ཁྱབ་ཀྱི་ཡེ་ཤེས། འབྱུང་བ་ཀུན་སྣང་གི་ཡེ་ཤེས། འབྱུང་བ་ཀུན་འབྱུང་གི་ཡེ་ཤེས། འབྱུང་བ་ཀུན་གསལ་གྱི་ཡེ་ཤེས། འབྱུང་བ་གཏིང་གསལ་གྱི་ཡེ་ཤེས། འབྱུང་བ་མཁའ་གསལ་གྱི་ཡེ་ཤེས། འབྱུང་བ་རང་འབྱུང་གི་ཡེ་ཤེས་སོ། །དེ་ནི་གཅིག་པ་ཐིག་ལེའི་སྐུའོ། །རྒྱ་མ་ཆད་པ་ནམ་མཁའི་སྐུ་ནི་སྣང་བ་དང་ཡེ་ཤེས་རྒྱ་མ་ཆད། ནམ་མཁའ་དང་དབྱིངས་རྒྱ་མ་ཆད། སེམས་ཅན་དང་སངས་རྒྱས་རྒྱ་མ་ཆད། འབྱུང་བ་དང་འོད་སྣང་རྒྱ་མ་ཆད། མཐོང་བ་དང་རང་ལུས་རྒྱ་མ་ཆད། སྟོང་པ་དང་ཆོས་ཉིད་རྒྱ་མ་ཆད། ལྷུན་གྲུབ་དང་ཀ་དག་རྒྱ་མ་ཆད། ཞིང་ཁམས་དང་ལྷུན་གྲུབ་རྒྱ་མ་ཆད། ཚོམ་བུ་དང་འཁྲུལ་སྣང་རྒྱ་མ་ཆད། སེམས་དང་ཡེ་ཤེས་རྒྱ་མ་ཆད། ཡིད་དང་ཤེས་རབ་རྒྱ་མ་ཆད། མ་རིག་པ་དང་རིག་པ་རྒྱ་མ་ཆད། སྟོང་པ་དང་གསལ་བ་རྒྱ་མ་ཆད་དོ། །དེ་ནི་རྒྱ་མ་ཆད་པ་ནམ་མཁའི་སྐུ་ཞེས་བྱའོ། །ཕྱོགས་སུ་

p. 497

མ་ལྷུང་བ་ཉི་ཟླའི་སྐུ་ནི་འཛིན་པ་མེད་པའི་རང་གྲོལ་རྟོག་པ་མེད་པའི་རང་སངས། འགྱུ་བ་མེད་པའི་རང་དག །གསལ་བ་མེད་པའི་འཚེར་བ། བསྒོམ་པ་མེད་པའི་ཆོས་ཉིད། གཟུང་དུ་མེད་པའི་ཡངས་པ། སངས་རྒྱས་མེད་པའི་སེམས་ཅན་ནོ། །དེ་ནི་ཕྱོགས་སུ་མ་ལྷུང་བ་ཉི་ཟླའི་སྐུའོ། །ཐ་མི་དད་པ་ཅིག་ཤོས་ཀྱི་སྐུ་ནི་སྒྲོན་མ་མཁའ་ཁྱབ། ཡེ་ཤེས་དབྱིངས་ཁྱབ། ཤེས་རབ་ཡུལ་ཁྱབ། ཐབས་ཀྱིས་ལམ་ཁྱབ། དབང་པོས་སེམས་ཁྱབ། དེ་ནི་ཐ་མི་དད་པ་སྒྲོོན་མའི་སྐུའོ། །ཞེན་མེད་རང་གྲོལ་གྱི་སྐུ་ནི། སྣང་བ་ལ་མི་ཞེན། སྟོང་པ་ལ་མི་ཆགས། མེད་པ་མི་བསྒྲུབ། ཡོད་པ་མི་སྤང་། མེད་པ་ལ་ཞེ་འདོད་མི་བྱེད། ཡོད་པ་ལ་མངོན་པར་མི་ཞེན། བྱས་པ་མི་བསྒྲུབ། བྱུང་བ་མི་འགེགས། བྱུང་བ་ལ་སྐྱོན་དུ་མི་ལྟ། མ་བྱུང་བ་ལ་ཡོན་ཏན་དུ་མི་སེམས། ཉོན་མོངས་མི་སྤོང་། སངས་རྒྱས་མི་བསྒྲུབ། སྒོམ་པ་མི་བསྒོམ། ལྟ་བ་མི་ལྟ། འཁྲུལ་སྣང་མི་འགེགས། དག་སྣང་མི་འཚོལ། སེམས་ལ་སངས་རྒྱས་མི་རེ། རིག་པ་ལ་སེམས་ཅན་མི་དོགས། ཀུན་གཞི་ལ་ཆོས་སྐུ་མི་རེ། སྒྲོན་མ་ལ་གཟུགས་སྐུར་མི་དོགས། ལམ་ལ་སྦྱང་དུ་མེད། འབྲས་བུ་ལ་ཐོབ་ཏུ་མེད། གཞི་ལ་བཟང་ངན་མེད། རྟོགས་དང་མ་རྟོགས་གཉིས་སུ་མེད་པའོ། །དེ་ནི་ཞེན་མེད་རང་གྲོལ་གྱི་སྐུའོ་ཞེས་གསུངས་སོ། །འདི་དག་རྒྱས་པར་བཤད་ན་གསལ་བ་མཐས་ཡས་པའི་ཕྱིར་སྤྲོས་པས་ཆོག་གོ། གཉིས་པ་ཡེ་ཤེས་ཀྱི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ་གཞི་གནས་ཀྱི་ཡེ་ཤེས་དང་། མཚན་ཉིད་འཛིན་པའི་ཡེ་ཤེས་སོ། །དང་པོ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། ངོ་བོ་སྐུར་སྣང་། རང་བཞིན་འོད་དུ་སྣང་། ཐུགས་རྗེ་མཛད་པའི་འཕྲིན་ལས་སུ་སྣང་བའོ། །དེ་སྐད་དུའང་ཉི་ཟླ་ཁ་སྦྱོར་ལས། གཞི་གནས་ཀྱི་ཡེ་ཤེས་ནི་གསུམ་སྟེ་ངོ་བོ་ཀ་དག་གི་ཡེ་ཤེས་དང་། རང་བཞིན་ལྷུན་གྲུབ་གྱི་ཡེ་ཤེས་དང་། ཐུགས་རྗེ་རང་སྣང་གི་ཡེ་ཤེས་སོ་ཞེས་སོ། །གཉིས་པ་མཚན་ཉིད་འཛིན་པའི་

p. 498

ཡེ་ཤེས་ལྔ་ནི། སྐུ་ལ་དབྱིངས་ཡོད་པས་དེའི་རྩལ་ལས་ཤར་བ་སྟེ་རང་ཤར་ལས། སྐུ་མི་འགྱུར་བ་ལས་ཡེ་ཤེས་འགག་པ་མེད་པ་འབྱུང་ངོ་། །དེ་ཡང་འདི་ལྟ་སྟེ། སྐུ་ལ་དབྱིངས་ཡོད་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། དབྱིངས་ལ་གསལ་ཆ་ཡོད་པའི་ཕྱིར། མེ་ལོང་ལྟ་བུའི་ཡེ་ཤེས་སུ་བྱུང་། གསལ་བ་ལ་གཉིས་མེད་ཡོད་པའི་ཕྱིིར། མཉམ་པ་ཉིད་ཀྱི་ཡེ་ཤེས་བྱུང་། གཉིས་མེད་ལ་མཐོང་བ་ཡོད་པའི་ཕྱིར། སོ་སོར་རྟོགས་པའི་ཡེ་ཤེས་བྱུང་། མཐོང་བ་ལ་ཚད་ཡོད་པའི་ཕྱིར། བྱ་བ་གྲུབ་པའི་ཡེ་ཤེས་བྱུང་ངོ་ཞེས་སོ། །གསུམ་པ་འོད་ནི་ཡེ་ཤེས་ཀྱི་རང་གདངས་ཏེ། ནང་གསལ་ཕྲ་བ་གཏིང་གསལ་ཁ་དོག་ལས་འདས་པ་དང་། ཕྱིར་གསལ་རགས་པ་ཁ་དོག་འཛིན་པའི་འོད་གཉིས་ལས། དང་པོ་ནི་ཀ་དག་གི་དབྱིངས་ལྷུན་གྲུབ་ཀྱི་རང་གདངས་ཤེལ་གྱི་ནང་འོད་ལྟར་ཡོད་ལ་དངོས་སུ་ཁ་དོག་ཏུ་མི་གསལ་བའི་འོད་ལྔ་སྟེ། གཞི་རང་བྱུང་རིག་པའི་དབྱིངས་རུམ་ན་གནས་པ་ནི་ཉི་ཟླ་ཁ་སྦྱོར་ལས། མི་གནས་པའི་ཡེ་ཤེས་རང་སར་དག་པ་ཁ་དོག་ལས་འདས་པའི་འོད་ནི་དྲི་མ་མེད་པའི་དཀར་པོ་རང་སར་དག་སྟེེ་སྣང་བ་གང་དུ་ཡང་མི་འབྱེད། མ་བཙལ་བཞག་པའི་སེར་པོ་རང་སར་དག་སྟེ་ཡུལ་དུ་མར་མི་སྣང་། ཆགས་པ་མེད་པའི་དམར་པོ་རང་སར་དག་སྟེ་ཤེས་པ་འདི་ཤེས་བྱར་མི་སྣང་། བྱ་རྩོལ་བྲལ་བའི་ལྗང་གུ་རང་སར་དག་སྟེ་བྱ་བྱེད་ཐམས་ཅད་ལས་འདས། མི་འགྱུར་ཡངས་པའི་མཐིང་ག་རང་སར་དག་སྟེ་ཤེས་པ་ཅིའི་ངོ་བོར་ཡང་མ་གྲུབ་པར་གནས་སོ་ཞེས་སོ། །འདི་ཉིད་འོད་རྣམས་ཀྱི་འཆར་གཞི་དང་ཟད་ས་གཉིས་ཀའོ། །དེའང་ཐོག་མའི་དབྱིངས་སྣང་དང་། ད་ལྟའི་ལམ་སྣང་དང་། བར་དོའི་རང་སྣང་རྣམས་ཀྱི་ཚེ་འདི་ལས་འོད་ལྔ་ཕྱིར་འཆར་ལ། ད་ལྟའམ་བར་དོའམ་གཞི་སྣང་གི་ནུབ་དུས་འདི་ལྔའི་དབྱིངས་སུ་རང་ཐིམ་པའོ། །མདོར་ན་ནང་གི་སྐུ་དང་ཡེ་ཤེས་སུ་གནས་པ་དག །ཕྱིར་སྣང་སྐུ་དང་ཡེ་ཤེས་སུ་སྣང་བའི་འཆར་གཞི་དང་ཟད་ས་གཉིས་ཀ་ཡིན་ནོ། །

p. 499

གཉིས་པ་ཁ་དོག་འཛིན་པའི་འོད་ལྔ་ནི། རང་ཤར་ལས། ཡེ་ཤེས་ལས་འོད་བྱུང་སྟེ། ཡེ་ཤེས་མི་འགྱུར་བའི་ཕྱིར་མཐིང་ག་བྱུང་ངོ་། །ཡེ་ཤེས་དག་པའི་ཕྱིར་དཀར་པོ་བྱུང་ངོ་། །ཡེ་ཤེས་ལས་ཡོན་ཏན་འབྱུང་བའི་ཕྱིར་སེར་པོ་བྱུང་ངོ་། །ཡེ་ཤེས་ལ་དབང་རྫོགས་པའི་ཕྱིར་དམར་པོ་བྱུང་ངོ་། །ཡེ་ཤེས་ལ་འཕྲིན་ལས་རྫོགས་པའི་ཕྱིར་ལྗང་གུ་བྱུང་ངོ་། །སེམས་ཅན་ཀུན་ལ་ཡང་དེ་བཞིན་དུ་གནས་སོ་ཞེས་པ་དང་། སྔ་མ་ལས། རང་སྣང་གསལ་བ་ཁ་དོག་འཛིན་པའི་འོད་ནི་ལྔ་སྟེ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་གའོ་ཞེས་སོ། །བཞི་པ་ཐིག་ལེ་ལ་གསུམ་སྟེ། ཉི་ཟླ་ཁ་སྦྱོར་ལས། ཐིག་ལེ་ནི་གསུམ་སྟེ། གཞི་འཛིན་པའི་ཐིག་ལེ་དང་། སྣང་བ་ལམ་གྱི་ཐིག་ལེ་དང་། འབྲས་བུ་རང་སྨིན་པའི་ཐིག་ལེའོ་ཞེས་སོ། །དང་པོ་ནི་སྙིང་དབུས་ན་འོད་ལྔ་ལྷུན་གྲུབ་ཀྱི་ཐིག་ལེ་འོད་རྩ་དྭངས་པའི་ནང་ན་གནས་པ་སྟེ། འོད་ལྔའི་མུ་ཁྱུད་དུ་སྣང་བས་རང་བཞིན་འོད་ཀྱི་ཐིག་ལེ་ཞེས་བྱ། དེ་ལ་ཀ་དག་གི་རིག་པས་བརྒྱན་པས་ཀུན་ཏུ་བཟང་པོའི་ཐིག་ལེ་ཞེས་བྱ་སྟེ། དེ་ཉིད་ལས། གཞི་འཛིན་པའི་ཐིག་ལེ་ནི་གཉིས་ཏེ། རང་བཞིན་འོད་ཀྱི་ཐིག་ལེ་དང་ཀུན་ཏུ་བཟང་པོའི་ཐིག་ལེའོ་ཞེས་སོ། །འདི་ཉིད་གསང་འདུས་སུ་མི་ཤིགས་ཐིག་ལེ་ཟེར་ལ། བདེ་མཆོག་ཏུ་མི་འགྱུར་ཐིག་ལེ་ཞེས་བྱ་སྟེ། རྩ་རྒྱུད་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་མེད་པ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཅེས་བཤད་པ་ཡིན་ནོ། །གཉིས་པ་ལམ་གྱི་ཐིག་ལེ་ལ་གཉིས་ཏེ། ཉི་ཟླ་ཁ་སྦྱོར་ལས། སྣང་བ་ལམ་གྱི་ཐིག་ལེ་ནི་གཉིས་ཏེ། ཀུན་རྫོབ་རྒྱུའི་ཐིག་ལེ་དང་། གནས་པ་དོན་དམ་གྱི་ཐིག་ལེའོ་ཞེས་སོ། །དང་པོ་ནི་སྔར་ཡང་རྒྱས་པར་བསྟན་ལ། ཅུང་ཟད་བཤད་ན། དེ་ཉིད་ལས། ཀུན་རྫོབ་རྒྱུའི་ཐིག་ལེ་ནི་ལུས་ཅན་ཀུན་གྱི་རྩའི་ནང་ན་གནས་ཏེ། ཕའི་རྒྱུ་དང་མའི་རྐྱེན་དུ་སྣང་བའོ། །དེ་ཡང་འབྱུང་བའི་

p. 500

དྭངས་མ་འདུས་པ་མའི་ཐིག་ལེ་དམར་པོར་བྱུང་། བྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱི་སྙིགས་མ་འདུས་པ་ལས་ཕའི་ཐིག་ལེ་དཀར་པོར་བྱུང་། དེའི་ཕྱིར་ན་འབྱུང་བ་འདུས་པ་ལས་གཟུགས་སུ་སྨིན། བྱང་ཆུབ་ཀྱི་སེམས་འདུས་པ་ལས་དྲན་བསམ་དང་བྱུང་ཚོར་དང་རིག་པར་འདུས་པའོ། །དེ་ཡང་རྫུས་སྐྱེས་དང་། སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་སྐྱེས་རྣམས་ལ་ཡང་འབྱུང་བ་འདུས་པའི་ས་བོན་དང་། བྱང་ཆུབ་ཀྱི་སེམས་སུ་འདུས་པའི་ས་བོན་གཉིས་ནི་རང་ཆས་སུ་འཛོམ་པ་ལས་སྐྱེ་བ་ཉིད་ལེན་པའོ། །དེ་ལྟར་ལུས་ཅན་ཐམས་ཅད་ལ་ལུས་སྡུད་པར་བྱེད་པའི་ཐིག་ལེ་དཀར་དམར་གཉིས་ནི་རང་ཆས་སུ་གནས་སོ། །དེ་ཡང་སྐྱེས་པ་རྣམས་ཀྱི་འབྱུང་བའི་ས་བོན་ནི་འབྱུང་བའི་ངང་རྒྱས་འཐུམས་ནས་མངོན་དུ་མི་སྣང་། བུད་མེད་རྣམས་ལ་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ནི་གཞི་མི་འགྱུར་བས་མངོན་དུ་མི་འབྱུང་། དེའི་ཕྱིར་ན་བུད་མེད་རྣམས་ཀྱི་བདེ་བ་བསྒོམ་དུ་རུང་གི། ཐིག་ལེ་དང་རླུང་ཉིད་བསྒོམས་ཀྱང་མི་གྲོལ་བའི་ཕྱིར་རོ། །དེ་ལྟར་ས་བོན་གཉིས་ཀྱིས་ཕུང་པོའི་རྟེན་བྱེད་པས། སྐྱེས་བུ་རྣམས་ཚེའི་འདུ་བྱེད་པ་ཡང་འདི་གཉིས་ཀྱིས་བྱེད་དེ། འབྱུང་བ་རང་རང་གི་དགྲས་ནི་གློ་བུར་དུ་འདུ་བྱེད་དོ། །འབྱུང་བ་ཁད་ཀྱིས་སྟོབས་ཟད་པ་རྣམས་ནི། འདི་གཉིས་གནས་ནས་འཕོས་པས་བྱེད་པ་ཡིན་ནོ་ཞེས་སོ། །དེའང་སྐྱེས་པ་རྣམས་ཀྱི་ཐིག་ལེ་དང་། འབྱུང་བའི་ས་བོན་གཉིས་སོ་སོ་ཡིན་པས། ས་བོན་ནི་དང་པོའི་རྒྱུ་ད་ལྟའི་རྟེན། མཐར་འཕོ་བས་ཚེའི་འདུ་བྱེད་པས་ཏེ། རྩ་གཡས་པའི་ཡར་རྩེ་སྤྱི་གཙུག་ཧཾ་གི་དྭངས་མ་སྟེ་དངོས་སུ་མི་སྣང་ལ། བུད་མེད་རྣམས་ཀྱི་འབྱུང་བའི་དྭངས་མ་རྐྱང་མའི་མར་རྩེ། གསང་གནས་མཁའ་སྐྱོང་གི་འཁོར་ལོའི་དབུས་ན་ཨའི་རྣམ་པར་གནས་པས་མི་སྣང་ངོ་། །ཐིག་ལེ་དངོས་སུ་འབབ་པའི་རྟེན་ཡང་། འདི་གཉིས་ལས་བྱེད་ལ། ཐིག་ལེའི་ས་བོན་ཡིན་ཞིང་འབྱུང་བའི་དྭངས་མ་འདུས་པའི་ས་བོན་ཞེས་བྱའོ། །འདི་གཉིས་ཀྱི་བྱེ་བྲག་ཕྱེད་པ་གལ་ཆེའོ། །གཉིས་

p. 501

པ་གནས་པ་དོན་དམ་གྱི་ཐིག་ལེ་ནི་སྙིང་ནང་གི་འོད་རྩའི་འོད་ལྔ་དང་དེ་ལ་ཕྱིར་ཤར་བའི་གདངས་ཏེ། ཉི་ཟླ་ཁ་སྦྱོར་ལས། གནས་པ་དོན་དམ་གྱི་ཐིག་ལེ་ནི་གཉིས་ཏེ། རང་གནས་རྒྱུའི་ཐིག་ལེ་དང་སྐྱེས་བུས་གོམས་པ་ལས་བྱུང་བའོ། །རང་གནས་རྒྱུའི་ཐིག་ལེ་ནི། ལུས་ཅན་ཀུན་གྱི་སྙིང་ན་འོད་ཀྱི་དྭངས་མ་འདུས་པའི་ཐིག་ལེ། ཚོན་སྣ་ལྔའི་གྲུ་གུ་བསྡོགས་པ་ལྟ་བུའམ། ཉའི་མིག་ལྟ་བུའམ། ཁྲ་ཚང་ན་ཉལ་བའི་མིག་ལྟ་བུའམ། མཁའ་འགྲོ་མ་ཡིད་འགྱུ་བའི་མིག་ལྟ་བུར། སྐབས་སུ་རྩ་རྣམས་ཀྱི་ནང་ན་འགྱུ་ཞིང་གནས་སོ། །སྐྱེས་བུའི་གོམས་པ་ལས་བྱུང་བ་ནི། དང་པོ་འོད་ཀྱི་སྣམ་བུར་སྣང་བ་དང་། གཉིས་པ་འོད་ཀྱི་ཟེར་ཐག་ཏུ་གནས་པ་དང་། གསུམ་པ་ལ་ཐིག་ལེའི་མུ་ཁྱུད་དུ་འཆར་བའོ་ཞེས་སོ། །དེའང་སྙིང་ནང་གི་ཐིག་ལེ་དེ་ཁ་དོག་ལྔར་གསལ་བས་ཚོན་སྣ་ལྔའི་གྲུ་གུ་ལྟ་བུའོ། །ཆེ་ཆུང་ནི་ཉའི་མིག་ལྟ་བུའོ། །འོད་ཀྱི་ཚད་ཁྲ་ཚང་ན་ཉལ་བའི་མིག་ལྟ་བུའོ། །གསལ་བའི་ཚད་མཁའ་འགྲོ་མ་ཡིད་འགྱུ་བའི་མིག་ལྟ་བུའོ། །སྐབས་སུ་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་ནས་རྩ་རོ་རྐྱང་ཀུན་འདར་མ་ཤེལ་སྦུག་ཅན་རྣམས་ཀྱི་ནང་ནས་འགྱུ་ཞིང་གནས་སོ། །གོམས་པ་ལས་བྱུང་བའི་ཐིག་ལེ་ནི་ཉམས་སུ་བླངས་པས། ཡེ་ཤེས་དངོས་ཀྱི་སྣང་བ་དང་། ཡེ་ཤེས་ཀྱི་ཕྱོགས་ཙམ་དག་པའི་སྣང་བ་འཆར་བ་ནི། མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་ཕྱོགས་གཅིག་དག་པ་ལས། དབང་པོའི་སྤྱོད་ཡུལ་དུ་དང་པོ་འོད་ཀྱི་སྣམ་བུར་སྣང་བ་དང་། དེ་ལས་དུམ་བུ་དང་། གྲུ་ཆད་དང་། བན་བུན་དང་། ལང་ལོང་དུ་སྣང་བ་ཡང་འབྱུང་། གཉིས་པ་འོད་ཀྱི་ཟེར་ཐག་ཏུ་སྣང་བ་དང་། དེ་ལས་ཕྲ་བ་དང་། འགུལ་བ་དང་། འཕྲིག་པ་དང་། ལྟེམ་པ་དང་། མེར་བར་ཡང་སྣང་བའོ། །གསུམ་པ་ཐིག་ལེའི་མུ་ཁྱུད་དུ་འཆར་རོ། །དེ་ལས་གྱེན་འགྲེང་དང་། རྩིབས་ཤར་ལ་སོགས་པ་ཡང་འཆར་རོ། །གསུམ་པ་འབྲས་བུ་རང་སྨིན་པའི་ཐིག་

p. 502

ལེ་ལ་གསུམ་སྟེ། ཉི་ཟླ་ཁ་སྦྱོར་ལས། འབྲས་བུ་རང་སྨིན་པའི་ཐིག་ལེ་ནི་གསུམ་སྟེ། འོད་རྣམས་སྨིན་པའི་ཐིག་ལེ་དང་། ཡེ་ཤེས་སྨིན་པའི་ཐིག་ལེ་དང་། རིག་པ་སྨིན་པའི་ཐིག་ལེའོ་ཞེས་སོ། །དང་པོ་འོད་སྨིན་པ་ནི། དེ་ཉིད་ལས། འོད་རྣམས་སྨིན་པའི་ཐིག་ལེ་འགྲེང་པར་གནས། །ཤིན་ཏུ་གསལ་ལ་མ་འདྲེས་འཇའ་ཚོན་བཞིན། །འདི་ལ་གོམས་ན་སྣང་བ་ཡང་མཐོང་ངོ་། །ཞེས་གསུངས་པས། དང་པོ་ཐིག་ལེ་གྱེན་འགྲེང་དུ་ཤར་བ་ན་ཡེ་ཤེས་རང་གི་ངོ་བོ་དག་པའི་སྣང་བས་ཏེ། འདིའི་ཚེ་ཟ་འོག་གི་གུར་ཁྱིམ་ལྟ་བུ་དང་། ཡེ་ཤེས་མཁར་ཐབ་ཏུ་སྣང་བ་སྟེ། སྔ་མ་པས་ཤིན་ཏུ་གསལ་བ་ལ། ཐིག་ལེ་དང་ཕྱིའི་འོད་རྣམས་མ་འདྲེས་པ་དཔེར་ན་བར་སྣང་གི་འཇའ་ཚོན་བཞིན་དུ་སྣང་བའོ། །དེ་ནས་འདི་ཉིད་ཡང་དང་ཡང་དུ་གོམས་པ་ལས། ཉམས་གོང་ནས་གོང་དུ་འཕེལ་བའི་སྣང་བ་བདོ་བའི་དུས་ཡིན་པས། དེ་ལས་མིག་མངས་རིས་དང་། མིག་ཚགས་དང་། དྲ་བ་དང་། དྲ་བ་ཕྱེད་པའི་སྣང་བ་ཡང་མཐོང་ངོ་། །གཉིས་པ་ཡེ་ཤེས་སྨིན་པའི་ཐིག་ལེ་ནི། ཡང་དེ་ཉིད་ལས། ཡེ་ཤེས་སྨིན་པའི་ཐིག་ལེ་རྩིབས་ལ་གནས། །ཁ་དོག་རང་གསལ་ཉི་མའི་དཀྱིལ་འཁོར་འདྲ། །འདི་ལ་གོམས་པས་ཡང་ནི་རང་སྣང་མཐོང་། །ཞེས་པས། འདི་ནི་ཡེ་ཤེས་རང་གི་ངོ་བོ་ཟང་ཐལ་དུ་མཐོང་བའི་སྣང་བ་སྟེ། ཡེ་ཤེས་ལྔ་སྨིན་པའི་ཐིག་ལེ་རྩིབས་སམ་འཕྲེད་ལ་སྣང་སྟེ། ཁ་དོག་ལྔར་གསལ་བ་ཟེར་འཕྲོ་བས་ཉི་མ་དང་འདྲའོ། །འདི་ལ་ཡང་དང་ཡང་དུ་གོམས་པ་ལས་ཡེ་ཤེས་རྣམས་ཀྱི་དབྱིངས་ཀྱི་སྣང་བ་མདུང་རྩེའི་རྣམ་པ་ལྟ་བུ་དང་། མཚོན་རྩེ་གསུམ་པ་དང་། རྩེ་ལྔ་པ་དང་། མཚོན་ཆ་སྣ་ཚོགས་པའི་རྣམ་པ་ལྟ་བུ་དང་། མཆོད་རྟེན་བརྩེགས་པ་དང་། མཆོད་རྟེན་ཆེན་པོ་དང་། པད་མ་དང་། མེ་ཏོག་སྣ་ཚོགས་པ་དང་། པད་མ་སྟོང་ལྡན་གྱི་སྣང་བ་མཐོང་སྟེ། ཉམས་གོང་འཕེལ་གྱི་སྣང་བ་ཚད་དུ་ཕྱིན་པར་ཉེ་བ་ཡིན་ནོ། །གསུམ་པ་རིག་པ་སྨིན་པའི་ཐིག་ལེ་ནི། དེ་ཉིད་ལས། རིག་

p. 503

པ་སྨིན་པའི་ཐིག་ལེ་མུ་ཁྱུད་བཅས། །རང་གསལ་ཟླུམ་པོ་འདི་ལ་གང་གོམས་པ། །དག་པ་ཆེན་པོའི་སྣང་བ་མཐོང་བར་འགྱུར། །དེ་དག་རྣམས་ཀྱི་ཐིག་ལེ་ཕྱི་དབྱིབས་ཟླུམ། །འདི་ལ་གོམས་ན་རྣལ་འབྱོར་འབྲས་བུ་འཐོབ། །ཅེས་པས། མཚན་ཉིད་འཛིན་པའི་རིག་པ་སྨིན་པའི་ཐིག་ལེ་དབྱིབས་ཟླུམ་པོའི་དབུས་ན། དག་པ་ཆེན་པོའི་སྣང་བ་ཕྱེད་སྐུ་དང་། རང་རྐྱང་དང་། ཡབ་ཡུམ་དང་། རིགས་ལྔ་དང་། ཚོམ་བུ་དང་། ཚོམ་བུ་ཆེན་པོ་རྣམས་མཐོང་བར་འགྱུར་ཏེ། དེས་ཉམས་ཟད་དུ་ཉེ་བའོ། །ཐིག་ལེ་སྤྱིའི་དབྱིབས་ཟླུམ་པོ་སྟེ་གོམས་པས་ཆོས་ཉིད་ཟད་པ་ལ་སྤྱོད་པའོ། །མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་ནང་དབྱིངས་ལ་རིགས་ལྔ་ཡོད་པ། འདིར་སྐུར་སྨིན་པས་རིག་པ་སྐུར་སྨིན་པའི་དུས་ཞེས་བྱ། ཤེས་རབ་སྐུར་སྨིན་པ་ཞེས་བྱའོ། །ཐིག་ལེ་འདི་དག་རྩའི་ནང་གདངས་ཕྱིར་སྣང་བ་སྟེ། རིགས་བསྡུ་ན་ནང་དབྱིངས་ལ་ངོ་བོ་སྐུའི་ཐིག་ལེ། རང་བཞིན་འོད་ཀྱི་ཐིག་ལེ། ཐུགས་རྗེ་ཟེར་གྱི་ཐིག་ལེ་སྟེ་འཇུག་པའི་ཐིག་ལེ་གསུམ་དང་། དབྱིངས་སྣང་གི་ཐིག་ལེའི་ཆ། མཚོན་ཆ་དང་། པད་མ་དང་། མཆོད་རྟེན་དང་། དྲ་བ་རིས་དང་། ཡེ་ཤེས་མཁར་ཐབ་ལ་ནི་སྐྱེ་བའི་ཐིག་ལེ་ལྔ་དང་། ཕྱེད་སྐུ་དང་། རང་རྐྱང་དང་། ཟུང་འབྲེལ་དང་། རིགས་ལྔའི་འཁོར་དང་བཅས་པ་དང་། རེ་རེ་ལ་ལྔ་ལྔ་སྟེ་ཚོམ་བུ་དང་། དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཚོམ་བུ་ཆེན་པོའི་སྣང་བ་དང་དྲུག་ནི་བཀོད་པའི་ཐིག་ལེ་དྲུག་ཅེས་བྱ་སྟེ། ཐལ་འགྱུར་ལས། རྩ་ཡི་ནང་ན་ཐིག་ལེ་སྟེ། །འཇུག་པའི་ཐིག་ལེ་རྣམ་གསུམ་གྱིས། །འཁོར་འདས་འབྲེལ་བའི་ས་བོན་འདེབས། །སྐྱེ་བའི་ཐིག་ལེ་ལྔ་ཡིས་ཀྱང་། །རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་འཇོག །བཀོད་པའི་ཐིག་ལེ་དྲུག་གིས་ནི། །ཆོས་ཉིད་དུ་མ་རོ་གཅིག་སྡུད། །དེ་དང་དེ་ལ་བརྟེན་པ་ཡིས། །ཆོས་ཀུན་མཉམ་པའི་བདག་ཉིད་དོ། །ཞེས་སོ། །ཐིག་ལེའི་གནས་ནི། རང་ཤར་ལས།

p. 504

ཨེ་མ་སངས་རྒྱས་ཐིག་ལེ་ནི། །མདོ་དང་རྒྱས་པ་ཉིད་དུ་གསུངས། །སེམས་ཅན་ཀུན་གྱི་ཙིཏྟ་ན། །རྣམ་དག་སྐུ་ཡི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་དྷཱུ་ཏཱི་ན། །སྟོང་ཉིད་རྟགས་ཀྱི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་ཤེལ་དཀར་ན། །སྟོང་གསལ་འབར་བའི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་དར་དཀར་ན། །ལམ་གྱི་ཐིག་ལེ་བཟང་པོ་གནས། །སེམས་ཅན་ཀུན་གྱི་སྟོང་ལམ་ན། །འོད་གསལ་གཉིས་མེད་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་སྒལ་ཚིགས་ན། །འདུ་འབྲལ་མེད་པའི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་དུང་ཁང་ན། །ཡེ་ཤེས་གདངས་ཀྱི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་མིག་ན་ཡང་། །རྣམ་དག་འོད་ཀྱི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་ཡུལ་ཉིད་ན། །སྣ་ཚོགས་འཆར་བའི་ཐིག་ལེ་གནས། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །དབྱེར་མེད་ཚུལ་གྱིས་གནས་པ་ཡིན། །ཅེས་སོ། །དེའང་སྙིང་ནང་གི་འོད་གདངས་ནང་གི་རྩ་དང་། ཕྱིའི་ནམ་མཁའ་ལ་སྣང་བ་རྣམས་ཞིབ་ཏུ་ཕྱེ་ན་དེ་ལྟར་ཡོད་དོ། །ལྔ་པ་རིག་པའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། འབྲེལ་དགོད་པ་དང་། རིག་པ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི་དབྱིངས་ལ་རིག་པ་ཡོད་པས། དེའི་གདངས་རྡོ་རྗེ་ལུ་གུ་རྒྱུད་དང་། ཡོན་ཏན་སྐུ་དང་། སྐུའི་རོལ་པ་ལས་ཡེ་ཤེས་དང་། ཡེ་ཤེས་ཀྱི་རྒྱན་ལས་འོད་དང་། འོད་ཀྱི་རྩེ་མོ་ལས་ཟེར་དུ་བྱུང་བ་སྟེ། རང་ཤར་ལས། དེ་ཡང་ཡང་དག་པར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་ཡོད་དོ། །དངོས་པོ་ལ་རིག་པ་དེ་ལྟར་མེད་ཀྱང་། རྩལ་དུ་སྣང་བ་ལ་དེ་ལྟར་བྱུང་བའོ། །དེའི་ཡོན་ཏན་ལས་སྐུ་བྱུང་ངོ་། །སྐུའི་རོལ་པ་ལས་ཡེ་ཤེས་བྱུང་ངོ་། །ཡེ་ཤེས་ཀྱི་རྒྱན་ལས་འོད་བྱུང་ངོ་། །འོད་ཀྱི་རྩེ་མོ་ལས་ཟེར་བྱུང་ངོ་ཞེས་སོ། །གཉིས་པ་ལ་གཉིས་ཏེ། ཉི་ཟླ་ཁ་སྦྱོར་ལས། རིག་པ་ནི་གཉིས་ཏེ། གཞི་འཛིན་པའི་རིག་པ་དང་། མཚན་ཉིད་འཛིན་པའི་རིག་པའོ་ཞེས་སོ། །དང་པོ་གཞི་

p. 505

འཛིན་པའི་རིག་པ་ནི། །དངོས་རང་བྱུང་གི་ཡེ་ཤེས་ཡིན་ལ། གདངས་རྡ་ོརྗེ་ལུ་གུ་རྒྱུད་ཀྱི་སྣང་བ་ལས་རྣམ་གྲངས་བཅོ་ལྔར་ཕྱེ་བ་རྣམས་སོ། །གཉིས་པ་མཚན་ཉིད་འཛིན་པའི་རིག་པ་ནི། ཡེ་ཤེས་ལྔའི་བདག་ཉིད་སྐུ་གསུམ་གྱི་རང་བཞིན་དབྱིངས་ལྷུན་གྱིས་གྲུབ་པའི་སངས་རྒྱས། འཁོར་འདས་ཐམས་ཅད་ལ་དབྲི་བསྣན་མེད་པར་ཁྱབ་པ་དེ་ཡིན་ནོ། །དེའང་དེ་ཉིད་ལས། གཞི་འཛིན་པའི་རིག་པ་ནི་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བའི་རིག་པ་ཆེན་པོ་སྟེ། རྒྱང་ཞགས་ཆུའི་སྒྲོན་མ་ལས་རིག་པ་གཅེར་བུ་རང་ཐོན་པའོ། །འདི་ནི་རྣལ་འབྱོར་པ་རྣམས་ཀྱི་ཉམས་བརྟན་པའི་ཡེ་ཤེས་སུ་སྣང་བའོ། །མཚན་ཉིད་འཛིན་པའི་རིག་པ་ནི་སེམས་ཅན་ཐམས་ཅད་ལ་རང་ཁྱབ་ཏུ་གནས་པའོ་ཞེས་སོ། །ལུ་གུ་རྒྱུད་ཀྱི་སྣང་བ་ལས་རྣམ་པར་ཕྱེ་བའི་རིག་པ་ནི། རང་ཤར་ལས། དེ་ཡང་འདི་ལྟ་སྟེ། ཟིལ་གྱིས་མི་ནོན་པ་སེང་གེ་ལྟ་བུའི་རིག་པ་དང་། ཁྱད་པར་གླང་པོ་ཆེ་ལྟ་བུའི་རིག་པ་དང་། མཁའ་ལྡིང་ཁྱུང་ལྟ་བུའི་རིག་པ་དང་། མ་འདྲེས་ལ་ཡོངས་སུ་རྫོགས་པ་འཇའ་ཚོན་ལྟ་བུའི་རིག་པ་དང་། ཐམས་ཅད་བསྲེག་པ་མེ་ལྟ་བུའི་རིག་པ་དང་། ཡངས་ཤིང་གོ་སྐབས་འབྱེད་པ་ནམ་མཁའ་ལྟ་བུའི་རིག་པ་དང་། བསྐྱོད་པ་རླུང་ལྟ་བུའི་རིག་པ་དང་། ཐེ་ཚོམ་མེད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་རིག་པ་དང་། ཟབ་པ་རྒྱ་མཚོ་ལྟ་བུའི་རིག་པ་དང་། གཟུང་དུ་མེད་པ་ཆུ་ཟླ་ལྟ་བུའི་རིག་པ་དང་། ཀུན་ཏུ་མཐའ་ཡས་པ་བར་སྣང་ལྟ་བུའི་རིག་པ་དང་། དྲི་མ་མེད་པ་མན་ཤེལ་ལྟ་བུའི་རིག་པ་དང་། གོས་པ་མེད་པ་པདྨ་ལྟ་བུའི་རིག་པ་དང་། རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ལྟ་བུའི་རིག་པ་དང་། འགག་པ་མེད་པ་ལྦུ་བ་ལྟ་བུའི་རིག་པ་དང་རྣམ་པ་བཅོ་ལྔ་སྟེ། དེ་ནི་རིག་པའི་གྲངས་བསྟན་པའོ། །དེ་ཡང་ཡང་དག་པར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་ཡོད་དོ་ཞེས་སོ། །དེ་དག་ཀྱང་མངོན་སུམ་དབང་པོའི་ཡུལ་ལ་གནད་གཟིར་དུས་རྣལ་འབྱོར་པ་གཅིག་ལ་ལྡོག་པས་དབྱེ་ན་ཆ་ཚང་དུ་ཡོད་དེ། རིག་པ་སྟོང་གསལ་རྒྱ་ཕྱམ་གཅིག་

p. 506

ཏུ་འོད་གསལ་ལ་ལྟ་བའི་ངང་དེ་ལ། དངོས་པོ་དང་མཚན་མར་འཛིན་པའི་རྟོག་པས་ཟིལ་གྱིས་མི་ནོན་པས་སེང་གེ་དར་མ་དང་འདྲ་བའི་རིག་པ་ཡིན་ནོ། །ཆོས་ཉིད་ལས་མི་གཡོ་ཞིང་བློའི་སྟོབས་ཆེ་བས་གླང་པོ་ཆེ་ལྟ་བུའི་རིག་པའོ། །རིག་པ་རང་གདངས་ཆོས་ཉིད་ཀྱི་དབྱིངས་ན་ལྡིང་བ་མཁའ་ལྡིང་ལྟ་བུའི་རིག་པའོ། །འོད་སྣང་དང་རིག་གདངས་སོ་སོར་དྭངས་ཕྱེད་པ་འཇའ་ཚོན་ལྟ་བུའི་རིག་པའོ། །ཉོན་མོངས་པ་ཐམས་ཅད་བསྲེག་པས་མེ་ལྟ་བུའོ། །གང་ལའང་མི་རྟོག་པའི་ངང་ཡངས་པ་ནམ་མཁའ་ལྟ་བུའོ། །རིག་པའི་དྭངས་ལས་གློ་བུར་དུ་ཤེས་རབ་ཐོལ་ཐོལ་སྐྱེ་བ་རླུང་ལྟ་བུའོ། །རང་སྣང་ལ་ཡིད་ཆེས་པ་ཐི་བྱ་ལྟ་བུའོ། །ངང་དྭངས་ལྷུན་ཆགས་པར་གནས་ཆ་ཆེ་བས་རྒྱ་མཚོ་མེར་བ་ལྟ་བུའི་རིག་པའོ། །རང་སྣང་གི་འོད་གསལ་གཟུང་དུ་མེད་པ་ཆུ་ཟླ་ལྟ་བུའི་རིག་པའོ། །ཉམས་དང་ངང་དྭངས་ཕྱལ་ཡས་པ་བར་སྣང་ལྟ་བུའོ། །རིག་པ་དྭངས་ལ་བྱིང་རྒོད་ལ་སོགས་པའི་དྲི་མ་མེད་པ་ཤེལ་ལྟ་བུའོ། །སྣང་བ་ལ་ལྟ་ཡང་ཆགས་ཞེན་གྱིས་མི་གོས་པ་པདྨ་ལྟ་བུའོ། །ནང་རིག་པའི་ངང་དྭངས་དང་ཕྱི་སྣང་བའི་འོད་གསལ་རྒྱུན་ཆད་མེད་པ་ཆུ་གཞུང་ལྟ་བུའོ། །རིག་པའི་ངང་ལས་ཉམས་རྟོགས་དང་ཤེས་རབ་ཆུ་བུར་ལྟར་རྡོལ་བས་ལྦུ་བ་ལྟ་བུའི་རིག་པ་སྟེ། རྣམ་པ་བཅོ་ལྔ་འབྱུང་བའོ། །དེ་དག་ཀྱང་སྒྲོན་མ་བཞི་གནད་དུ་གཅུན་པ་ལས་སྣང་བ་བཞིའི་འཕྲིན་ལས་རྫོགས་པར་འབྱུང་སྟེ། ཐལ་འགྱུར་ལས། སྒོ་ནས་ཇི་ལྟར་འབྱུང་བ་ནི། །འཇུག་པའི་རླུང་གིས་བསྐུལ་བ་ཡིས། །སྒྲོན་མ་བཞི་ལས་ལས་བཞིར་འབྱུང་། །ཁྱབ་པའི་རླུང་གིས་བསྐྱོད་པ་ཡིས། །རིག་པ་ཉིད་ལས་ལུ་གུ་རྒྱུད། །སྨིན་པའི་རླུང་གིས་བསྡུས་པ་ཡིས། །ལྔ་ལྔའི་ཟུང་ལས་སྐུར་སྣང་བའོ། །མིག་ལས་རླུང་གཉིས་གཟུང་དང་འཛིན། །གཡས་པ་གཟུང་བས་སྣང་བ་སྤེལ། །གཡོན་པ་འཛིན་པས་ཁ་དོག་རྫོགས། །རྣ་བ་ཁྱབ་དང་འཇུག་རླུང་ལས། །གཡས་པ་ཁྱབ་པས་སྒྲ་ཉམས་སྟོན། །གཡོན་པ་འཇུག་པ་རླུང་གི་ལས། །གང་དང་གང་རྣམས་འཛིན་པར་བྱེད། །

p. 507

སྤྱི་གཙུག་ཁྱབ་པར་རྫོགས་པའི་རླུང་། །ཕྲ་ཞིང་བསྐྱོད་པ་མེད་པ་ལས། །རིག་པའི་སྐུ་ཡང་འཛིན་པའོ། །ཡུལ་ལ་སྣང་བའི་མཚན་ཉིད་ནི། །ནམ་མཁའ་སྔོ་བསངས་རྫི་མེད་ལ། །འོད་དང་ཁ་དོག་དབྱིབས་ཉིད་དང་། །ཡེ་ཤེས་ལྔ་ཡི་རང་སྣང་སྟོན། །དག་པ་དབྱིངས་ཀྱི་སྒྲོན་མ་ལ། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་ཉིད་དང་ངོ་བོ་ཉིད། །གཉིས་མེད་འདུ་འབྲལ་མེད་པར་སྣང་། །འདི་དུས་ཟད་པའི་མཚན་ཉིད་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་ནོ། །དེ་ལ་ཅི་ཡིས་མཐོང་བ་ནི། །གོམས་དང་གནད་ཀྱིས་མཐོང་བ་སྟེ། །གོམས་པ་སྔོན་དུ་འགྲོ་བ་ནས། །བརྩམས་ཏེ་ལུས་ངག་གནད་གཟིར་བས། །རང་སྣང་དག་པའི་གཟུགས་མཐོང་ནས། །འཁྲུལ་པ་ཐམས་ཅད་ནུབ་པའོ། །ཞེས་སོ། །དེ་ལྟར་ཉམས་སུ་ལེན་པའི་གནད་ཀྱི་ལམ་སྒྲོན་མ་བཞིར་འདུས་པས། སྔར་ཡང་རྒྱས་པར་བསྟན་ཟིན་མོད་ཀྱི། འདིར་སྐབས་བསྡུ་བས་ཤིན་ཏུ་གསལ་བར་དབྱེ་ན། མཚན་ཉིད། ཡུལ་རྟེན། ཁྱད་པར་དང་བཞི་ལས། དང་པོ་མཚན་ཉིད་ལ་གཉིས་ལས། སྤྱིའི་མཚན་ཉིད་ཡེ་ཤེས་ཀྱི་རང་སྣང་སྟོན་ཞིང་འོད་གསལ་མ་བུ་སྤྲོད་པས་འཁོར་འདས་གཉིས་ཀྱི་མཚམས་འབྱེད་པ་སྟེ། ཐལ་འགྱུར་ལས། སྒྲོན་མའི་མཚན་ཉིད་འདི་ལྟ་སྟེ། །སྤྱིར་ན་སྣང་བ་སྟོན་པ་དང་། །ཡེ་ཤེས་མ་བུར་སྦྲེལ་བར་བྱེད། །འཁོར་འདས་གཉིས་ཀྱི་མཚམས་སྦྱོར་བའོ། །རང་གདངས་གསལ་བས་འོད་ལུས་ལ། །རྟོག་བྲལ་ཡེ་ཤེས་སྡུད་པར་བྱེད། །རྟོག་བཅས་ཡུལ་གྱི་སྣང་བ་ལ། །མི་རྟོག་ཡེ་ཤེས་གཞི་མ་འཛིན། །ཅེས་སོ། །བྱེ་བྲག་གི་མཚན་ཉིད་ལ་བཞིའི་དང་པོ་རྒྱང་ཞགས་ནི་འབྱུང་བཞིའི་དྭངས་མ་འདུས་པ་གང་ཞིག་ཡུལ་རྣམ་པ་གཉིས་ཀྱི་ཆ་འཛིན་པས་སྣང་བ་མཆེད་པའི་སྒོར་གྱུར་པ་སྟེ། ཐལ་འགྱུར་ལས། རྒྱང་ཞགས་སྒྲོན་མའི་མཚན་ཉིད་ནི། །ཁྱབ་པས་འཇུག་ལ་འཇུག་པས་ཁྱབ། །འབྱུང་བ་བཞི་བདག་བྱེད་པར་གནས། །འཛིན་འཇུག་

p. 508

མཆེད་དང་བྱེད་པའོ། །ཞེས་སོ། །ཤེས་རབ་རང་བྱུང་གི་མཚན་ཉིད་ཕྱིའི་གདངས་ལས་ནང་ཤར་བློའི་རྟོགས་པས་ཆོས་ཉིད་དག་པའི་དགོངས་པ་ལ་གནས་པས་འཁོར་འདས་ལ་བཟླ་བ་སྟེ། དེ་ཉིད་ལས། ཤེས་རབ་དག་གི་མཚན་ཉིད་ནི། །གསལ་བ་ཚིག་འཇུག་གཞི་མ་སྡུད། །ཉོན་མོངས་ལས་དང་བག་ཆགས་བསྲེག །སྨིན་བྱེད་འཁོར་འདས་སྲོག་གཅོད་པའོ། །ཞེས་སོ། །དེའང་གཞི་སྣང་དབང་པོ་ལ་ཤར་བ་དེ་གནས་སྐབས་སུ་སྐུ་དང་ཡེ་ཤེས། མཐར་ཐུག་ཀ་དག་གི་དབྱིངས་ལ་སྦྱོར་བའི་འབྲས་བུར་སྨིན་པ་ནི་ཤེས་རབ་སྒྲོན་མའི་ཆེ་བ་སྟེ། གཞི་ཉིད་འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཤེས་རབ་སྐུ་རུ་སྨིན་པ་ཡིས། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡིས་ཡེ་ཤེས་རྒྱུན་མ་ཆད། །སྐུ་དང་ཡེ་ཤེས་ལྷུབ་གྲུབ་གསལ། །ཅེས་སྒྲོན་མ་འབར་བ་ལས་གསུངས་པ་བཞིན་ནོ། །ཐིག་ལེའི་སྒྲོན་མའི་མཚན་ཉིད་ནི། ཟླུམ་ཁྲིགས་དམར་གསལ་དུ་མིག་ན་སྣང་བས་ཡེ་ཤེས་འཆར་བའི་རྟེན་བྱེད་པ་སྟེ། སྔ་མ་ལས། ཐིག་ལེ་སྟོང་པའི་མཚན་ཉིད་ནི། །ཟླུམ་ཞིང་རང་བཞིན་ཀུན་གསལ་བ། །དམར་དྭངས་ཁ་དོག་གསལ་བའི་འོད། །སྤྲོས་དང་བཅས་ཏེ་མཆེད་པར་བྱེད། །ཅེས་སོ། །དབྱིངས་ཀྱི་སྒྲོན་མའི་མཚན་ཉིད་མཐིང་ག་ཁྱབ་ཆེན་གྱི་འོད་ལས་མཆེད་པའི་རྣམ་ལྔ་མིག་ཟུར་གཉིས་ལས་རང་གསལ་དུ་འབྱུང་བས་སྐུའི་འཆར་གཞི་བྱེད་པ་སྟེ། ཐལ་འགྱུར་ལས། དབྱིངས་ཉིད་དག་པའི་མཚན་ཉིད་ནི། །མཐིང་ག་རང་རྫོགས་གཉིས་ཀྱི་ཆ། །ཐབས་དང་ཤེས་རབ་རྫོགས་པ་ཡིས། །ཟུར་གཉིས་ཆ་ལས་སྐུ་གཉིས་འཛིན། །རབ་ཏུ་སྣང་བ་མཆེད་པར་བྱེད། །འདི་དག་རྣམས་ཀྱང་རང་ཤེས་རྫོགས། །ཁྱབ་བདག་སེམས་དཔའི་གཟུགས་བརྙན་སྟོན། །ལུ་གུ་རྒྱུད་ནི་སྲང་ནས་འདྲེན། །དཀྱིལ་འཁོར་རྫོགས་པའི་གཟུགས་དང་མཚུངས། །ཡེ་ཤེས་རྣམས་ཀྱི་གཟི་མདངས་སྟོན། །འོད་ཀྱི་གཏིང་གདངས་བཀྲག་ཀྱང་

p. 509

སྟོན། །སྐུ་དང་ཐིག་ལེའི་འདུན་སའོ། །དེ་ལྟར་ཡེ་ཤེས་རྫོགས་པའི་སྐུ། །འདི་ཉིད་སུས་མཐོང་སངས་རྒྱས་ཏེ། །སྐུ་གསུམ་ཟད་སར་རང་བཞིན་གྲོལ། །གཟུང་འཛིན་འཕྲང་ལས་བརྒལ་ནས་ནི། །འཁོར་འདས་གདོས་ཐག་ཆོད་པའོ། །ཞེས་སོ། །སྒྲོན་མ་ཕྱི་མ་འདི་གཉིས་གསང་ཆེན་རྡོ་རྗེའི་རྫོང་སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་ཏེ། ནོར་བུ་འཕྲ་བཀོད་ཆེན་པོའི་རྒྱུད་ལས། ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རང་བྱུང་དབྱིངས་གྱི་སྒྲོན་མ་གཉིས། །སྟོང་དང་མི་སྟོང་མཐའ་ལས་འདས། །རྩོལ་བ་མེད་པར་མངོན་གནས་པའི། །སྣང་བ་རྫོགས་ཕྱིར་རང་གནས་པ། །ཆོས་ཉིད་མི་འབྲལ་དབྱིངས་ལས་འདས། །རིག་པའི་ཡེ་ཤེས་སྐུ་མངའ་བ། །རང་སྣང་འོད་ཀྱི་དཀྱིལ་ཡངས་ན། །འཛིན་ཆགས་བྲལ་བའི་རང་སྣང་ཡུལ། །ཆོས་ཀྱི་བསམ་པ་རབ་སྤངས་པས། །རྫོང་དུ་རྡོ་རྗེའི་མཁར་བརྩིགས་པས། །ཅིས་ཀྱང་མི་ཤིགས་རྡོ་རྗེ་ཆེ། །རྡོ་རྗེའི་མཁར་ལ་སྐྱེ་འཇིག་མེད། །སྟོང་པ་དངོས་པོའི་ཡུལ་དང་བྲལ། །ཕྱོགས་མེད་རྣམ་པར་དག་པས་ན། །དོན་དམ་ཀུན་རྫོབ་གཉིས་སུ་མེད། །དོན་ནི་རང་གི་རིག་པ་ལ། །རྟགས་ནི་མངོན་སྣང་སྐུ་དང་བཅས། །གསལ་འཚེར་ལྷུན་སྟུག་འོད་ཟེར་འབར། །ཅེས་སོ། །གཉིས་པ་ཡུལ་ལ་གཉིས་ལས། སྤྱིའི་ཡུལ་ཕྱི་ནམ་མཁའ་སྤྲིན་བྲལ། ནང་ཆོས་ཉིད་རང་དྭངས། བར་འཕེལ་སྣང་འོད་གསལ་ཏེ། ཐལ་འགྱུར་ལས། འདི་ཉིད་ཡུལ་གནད་འདི་ལྟ་སྟེ། །སྤྲིན་བྲལ་ཕྱི་ཡུལ་སྟོང་པ་ལ། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །འདི་དང་མ་བྲལ་ཆོས་ཉིད་དོ། །སྤྱིར་ན་སོ་སོའི་མཚན་ཉིད་དེ། །ཡུལ་ནི་ཐ་དད་གཅིག་རྫོགས་གནད། །ཡེ་ཤེས་འདུས་པས་སེམས་རྒྱུན་འགག །འབྱུང་བ་འདུས་པས་ལུས་རྫོགས་པའོ། །ཁྱད་པར་ཆེན་པོའི་སྣང་བ་ལས། །སྨིན་འཇུག་བསྐྱོད་པའི་ཡུལ་དུ་གནས། །རྟོག་མཐའ་ཟད་ཕྱིར་འཁོར་ལས་གྲོལ། །ཅེས་སོ། །གཉིས་པ་བྱེ་བྲག་གི་ཡུལ་ལ་བཞི་ལས།

p. 510

རྒྱང་ཞགས་ཀྱི་ཡུལ་ནི་འོད་སྣང་གི་སྟོང་གཟུགས་ཏེ་ལུ་གུ་རྒྱུད་བཟུང་བ་དང་སྒོ་མི་འགུལ་བས་རིག་པ་འཕྲོ་འདུ་མེད་པར་འཇོག་པ་གནད་དེ། དེ་ཉིད་ལས། རྒྱང་ཞགས་ཡུལ་ནི་གཟུགས་ལ་སོགས། །སྡུད་ཅིང་འཛིན་ལ་འཕེན་པར་བྱེད། །གནད་ཀྱིས་བཅིང་དང་བཞག་པ་དང་། །དངོས་པོ་བསྒྱུར་དང་རྩ་བ་བཅད། །འདྲེན་ཅིང་གཟུགས་ལ་བསླབ་པར་བྱའོ། །ཞེས་སོ། །དེའང་འོད་གསལ་དང་སྒྲོན་མ་ལ་སོགས་པ་གལ་པོ་ཆེ་ཐམས་ཅད་ཀྱི་གནད་མིག་ལ་འདུས་པས། སྒོ་མི་འགུལ་བ་དང་གཟིགས་སྟངས་གཅུན་པ་གཅེས་ཏེ། ནོར་བུ་འཕྲ་བཀོད་ལས། རིགས་ཀྱི་བུ་རིག་པའི་དེ་ཁོ་ན་ཉིད་མིག་གི་དེ་བཞིན་ཉིད་ཅོག་བཞག་གི་ལྟ་བ་ཤེས་ན་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ཤེས་པར་འགྱུར་རོ་ཞེས་པ་དང་། ཡུམ་བར་མ་ལས། མིག་གི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་སོ། །ཅིའི་ཕྱིར་ཞེ་ན། དེ་ལས་རྡོ་རྗེ་ལུ་གུ་རྒྱུད་སྐུ་དང་ཡེ་ཤེས་ཀྱི་གདངས་དང་བཅས་པས་འཁྲུལ་སྣང་འོད་གསལ་དུ་བསྒྱུར་ཏེ། ཆོས་ཉིད་ཟད་པ་ལས་གདོད་མའི་དབྱིངས་སུ་སྦྱོར་བའི་ཕྱིར་ཏེ། སྒྲོན་མ་འབར་བ་ལས། ཀྱེ་མ་རིགས་ཀྱི་ལྷ་མོ་རང་གི་མིག་གི་དེ་ཁོ་ན་ཉིད་སྙིང་པོ་རྡོ་རྗེའི་སྐུ་ལུ་གུ་རྒྱུད་དུ་བསྟན་པ་ནི། མིག་གི་དེ་བཞིན་ཉིད་སྐུ་གསུམ་འདུ་འབྲལ་མེད་པའི་དོན་རིག་པ་རང་གསལ་གྱི་དགོངས་པ་མ་བཅོས་པའི་ཡེ་ཤེས་མཁས་པས་བལྟ་བར་བྱའོ། །རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་གསལ་ལོ། །དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་གནས་ཏེ། དོན་གྱིས་མ་བསྒྲིབས་པར་རང་སྣང་བས། མིག་གི་དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་ཉིད་ལ་གཟུང་བར་བྱའོ། །དེའི་ཚེ་རིག་པའི་སྣང་བའི་ངོ་བོ་དང་བཅས་པ་དེ་ཉིད་རིག་པ་ཅོག་བཞག་གི་ལྟ་བར་དྲན་པར་བྱའོ། །རིག་པ་དེ་ཉིད་རང་གི་འདུག་ཚུལ་གྱི་དངོས་པོ་ཉིད་ལས་མ་གཡོས་པས། ཡང་དེ་ཉིད་ལ་མིག་གི་ཟུར་གྱིས་བལྟ་བར་བྱའོ། །དེ་ནས་རང་གི་དབྱིངས་ཀྱི་སྣང་བ་སྐུ་དང་

p. 511

བཅས་པ་གསལ་ལོ་ཞེས་སོ། །གཉིས་པ་ཤེས་རབ་སྒྲོན་མའི་ཡུལ་ཚིག་དོན་ཏེ་རྟོགས་པའི་གདེང་གིས་ཆོད་པར་བྱ་བ་ནི། ཐལ་འགྱུར་ལས། ཤེས་རབ་ཡུལ་ནི་ཚིག་དང་དོན། །ཚིག་དོན་འབྲེལ་བར་འདོད་པ་ཡིས། །མཚོན་པས་ཤེས་དང་བརྗོད་པས་སོ། །མཚོན་པ་དཔེ་དང་བརྡ་མཚོན་དང་། །ཚིག་གིས་མཚོན་པ་ཐ་མར་བརྗོད། །བརྗོད་པས་ཤེས་པ་ཐ་སྙད་དང་། །ངོ་སྤྲད་པ་དང་འཁྲིད་པ་དང་། །ལ་ཤན་དབྱེ་བ་དག་གིས་སོ། །ཞེས་སོ། །གསུམ་པ་ཐིག་ལེའི་སྒྲོན་མའི་ཡུལ་ནི། སྣང་བའི་འཕེལ་ཚད་དེ། འོད་ལྔའི་མུ་ཁྱུད་ཀྱི་ར་བ་ན། ཕྱེད་སྐུ་ལ་སོགས་པ་དྲུག་དང་། སྐུ་དང་འོད་དང་ཟེར་གསུམ་དང་། དབྱིངས་ཀྱི་སྐུ་དང་། རིག་པའི་སྐུ་གཉིས་དང་། དོན་དམ་གྱི་འབྱུང་ལྔ་དག་པ་དང་འཆར་གཞི་ཡེ་ཤེས་ཀྱི་རང་བཞིན་བསྡོམས་པས་དྲུག་སྟེ། ཐལ་འགྱུར་ལས། ཐིག་ལེའི་ཡུལ་ནི་ཁ་དོག་སྟེ། །ལྔ་དང་དྲུག་དང་གསུམ་གཉིས་དྲུག །གསལ་དང་དྲོ་དང་བསིལ་བ་དང་། །ཡང་ཞིང་གཡོ་བའི་བདག་ཉིད་འཛིན། །དོན་དམ་ཆོས་ཉིད་འབྱུང་བའོ། །ཞེས་སོ། ཡང་ན་ནམ་མཁའ་ཀློང་གསལ་ལས་འོད་ལྔའི་འབྱུང་གནས་དང་། མེ་ཚ་བ་མེད་པ་ཡེ་ཤེས་དྲུག་གི་རང་བཞིན་དང་། ཆུ་གཤེར་བ་མེད་པ་གཙང་བ། གདངས་པ། བདེ་བ་གསུམ་དང་། ས་སྲ་བ་མེད་པ་དབྱིངས་ཡེ་ཤེས་གཉིས་དང་། རླུང་བསྐྱོད་པ་མེད་པའི་ཡེ་གདངས་གཡོ་བ་སྐུ་ལྔ་ལྷུན་གྲུབ་དང་དྲུག་ཏུའང་བཤད་དོ། །བཞི་པ་དབྱིངས་ཀྱི་སྒྲོན་མའི་ཡུལ་ནི་འོད་ལྔའི་རང་གདངས་ཏེ། དེ་ཉིད་ལས། དབྱིངས་ཀྱི་ཡུལ་ནི་སྟོང་པ་དང་། །གསལ་དང་སྒྲིབ་བྲལ་གདངས་ཕྱིན་པ། །ཁྱབ་ཅིང་ཡངས་པ་གཅིག་འདུས་པ། །བག་རྡུལ་དེངས་པའི་ནམ་མཁའ་ལ། །མཉམ་རྫོགས་ཆོས་ཉིད་དག་པའོ། །གསལ་ཞིང་ཡེ་ཤེས་ལྔ་ཡི་གདངས། །འོད་གསལ་དག་པའི་ལུས་ཉིད་དོ། །ཞེས་སོ། །གསུམ་པ་རྟེན་ལ་གཉིས་ལས། སྒྲོན་མ་སྤྱིའི་རྟེན་ནི་འཁོར་བ་དབྱིངས་སུ་གྲོལ་བའི་རྟེན་བྱེད་དེ། ཐལ་འགྱུར་

p. 512

ལས། ཡེ་ཤེས་དག་པའི་སྒྲོན་མའི་རྟེན། །སྤྱིས་ནི་རྟེན་དང་བརྟེན་པ་ཡིས། །འཁོར་འདས་ས་བོན་འཕེལ་བར་བྱེད། །ཅེས་སོ། །གཉིས་པ་སོ་སོའི་རྟེན་ལ་བཞི་ལས། རྒྱང་ཞགས་ཀྱི་རྟེན་ནི་དག་མ་དག་གཉིས་སྣང་བའི་མ་དག་པ་དག་པར་གྲོལ་ནས་སྐུ་དང་ཡེ་ཤེས་ལ་བརྟེན་པ་སྟེ། དེ་ཉིད་ལས། རྒྱང་ཞགས་རྟེན་ནི་སྣང་བ་ལ། །དག་དང་མ་དག་བྱེ་བྲག་གིས། །ལས་དང་ཚོགས་པ་དག་དང་ནི། སྐུ་དང་ཡེ་ཤེས་ཉིད་ལ་བརྟེན། །ཞེས་སོ། །ཤེས་རབ་ཀྱི་རྟེན་ནི་ཚིག་དོན་ལ་བརྟེན་པ་སྟེ། ཡང་ཐལ་འགྱུར་ལས། ཤེས་རབ་རང་བྱུང་རྟེན་ས་ནི། །ཚིག་དང་ཡིན་མིན་རྟོག་པ་དང་། །གྲུབ་པའི་མཐའ་དང་ལྟ་སྒོམ་དང་། །ཆོས་ཉིད་ལ་ནི་བརྟེན་པའོ། །ཞེས་སོ། །ཐིག་ལེ་ནི་ཕྱི་ནང་གི་སྣང་ཤེས་གཉིས་ལ་བརྟེན་ཏེ། དེ་ཉིད་ལས། ཐིག་ལེ་སྟོང་པའི་རྟེན་ས་ནི། །རྣམ་ཤེས་ཉིད་དང་བར་སྣང་དང་། །རྩ་དང་རླུང་དང་ཐིག་ལེ་དང་། །ཡེ་ཤེས་དག་ལ་བརྟེན་པའོ། །ཞེས་སོ། །དབྱིངས་ནི་ཕྱི་ནང་གི་ཆོས་འོད་དང་སྐུ་ལ་བརྟེན་ཏེ། སྔ་མ་ལས། རྣམ་དག་དབྱིངས་ཀྱི་རྟེན་ས་ནི། །སྨིན་མཚམས་ཉིད་དང་ནམ་མཁའ་དང་། །འོད་དང་ཐིག་ལེ་དག་དང་ཡང་། །སྣ་ཚོགས་སྐུ་ལ་བརྟེན་པའོ། །ཞེས་སོ། །བཞི་པ་རྟེན་དང་ཡུལ་ཀྱི་ཁྱད་པར་ནི། ཚུར་སྒྲོན་མ་ལ་ཚོགས་པར་ལྡན་ཆོས་ཀྱི་ཡོན་ཏན་ལ་རྟེན་དང་བརྟེན་པར་བཞག་ལ། ཕར་དེའི་སྣང་བ་ཤར་ས་ནི་ཡུལ་ཡིན་པའི་ཁྱད་ཡོད་ལ། རྟེན་ས་རྟེན་ཆོས་རྟེན་ཚུལ་གསུམ་ཚོགས་པ་རྟེན་ཡིན་ལ། ཡུལ་ཡུལ་སྣང་། ཚོགས་པ་གསུམ་འདུས་པ་ཡུལ་གྱི་ཆོས་སོ། །ཁྱད་པར་དུ་མིག་རྒྱང་ཞགས་ཀྱི་སྒྲོན་མ་ལ་ཆོས་ཉིད་མངོན་སུམ་སྣང་བ་གོམས་པས་འཁོར་བ་འཇིག་ལ། དེའང་རྟོག་དཔྱོད་ཟད་པ་ཤེས་རབ་ཀྱི་སྒྲོན་མས་རྟོགས་པ་བསྐྱེད། ཐིག་ལེ་སྟོང་སྒྲོན་གྱི་མེ་ཏོག་མཐོང་བས་སྣང་བ་སྤེལ། དབྱིངས་ཀྱི་སྒྲོན་མའི་འོད་གསལ་ཤར་བས་འཁྲུལ་སྣང་སྟོངས་ཏེ། ཆོས་ཉིད་ཟད་པ་ལས་ཀ་དག་གི་ས་ལ་གཤེགས་པ་སྟེ། ཐལ་འགྱུར་ལས། དེ་ཡང་རྟེན་ཡུལ་ཁྱད་པར་ནི། །གསུམ་གྱི་བྱེད་འདུས་ཁྱད་པར་བསྟན། །རྒྱང་

p. 513

ཞགས་ཉིད་ལ་བརྟེན་པས་ནི། །སྐྱོན་མེད་བྱ་བྱེད་རྣམས་སྤངས་པས། །ཆོས་ཉིད་མ་ལ་སྤྱོད་པའོ། །ལས་དང་བག་ཆགས་དག་བྱེད་པས། །ཆོས་ཉིད་མངོན་སུམ་སྣང་བ་ལ། །བརྟེན་པས་འཁོར་བ་དོང་སྤྲུགས་ཏེ། །མྱང་འདས་མཚམས་སུ་རེག་ནུས་པའོ། །རྟོག་དཔྱོད་ཟད་པའི་སེམས་ཉིད་ཀྱིས། །འཁོར་བ་རྒྱང་དུ་འཕངས་པ་ཡིས། །ཡེ་ཤེས་དག་པའི་སྐུ་མཐོང་ནས། །འཁོར་འདས་གཉིས་ཀྱི་འདུན་ས་འཇིག །གང་གིས་མེ་ཏོག་མཛེས་མཐོང་བ། །འདིས་ནི་ཆོས་ཉིད་ཡུར་བར་འདྲོངས། །རིག་པ་སྲང་ལ་བཏབ་ནས་ནི། །ཆོས་རྣམས་ཟད་པའི་སར་སྐྱོལ་ལོ། །དབྱིངས་ལ་གོམས་པར་གྱུར་པའི་མིས། །འཁྲུལ་སྣང་སྟོངས་པར་བྱས་ནས་ནི། །ཆོས་ཉིད་དག་པའི་ཡུལ་མཐོང་བས། །ཞེན་ཡུལ་ཁུངས་ནས་ཕྱུང་བའོ། །ཞེས་སོ། །དེ་ལྟར་སྒྲོན་མ་བཞིའི་དོན་མཐོང་ནས་གོམས་པ་ལས། སྐུ་དང་ཡེ་ཤེས་ཀྱི་སྣང་བས་ནམ་མཁའ་གང་བ་འཆར་ལ། དེ་ཡང་རང་གི་ནང་གདངས་ཏེ། རྩ་བ་ནང་བཞུགས་ཀྱི་ཚུལ་ངེས་པར་བྱ་ན། ནོར་བུ་འཕྲ་བཀོད་ལས། ཨེ་མ་རིག་པའི་གནས་ལུགས་ནི། །རང་གི་ཐུགས་ཀྱི་དཀྱིལ་ན་གནས། །ཡབ་ཡུམ་གཉིས་ཀྱི་ཆ་འཛིན་པའི། །ཐབས་དང་ཤེས་རབ་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་དང་རིག་པས་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །ཞེས་པ་དང་། ཐིག་ལེའི་བཞུགས་ཚུལ་བསྟན་པ་འདི་ལྟ་སྟེ། །རྩ་རྣམས་ནང་ན་ཐིག་ལེ་སྐུ་ལྟར་གནས། །ཆེ་བའི་ཚད་ནི་ནམ་མཁའི་མཐའ་དང་མཉམ། །ཆུང་བའི་ཚད་ནི་རྟ་རྔ་བཅུར་གཤགས་ཙམ། །གསལ་བའི་ཚད་ནི་ཉི་ཟླའི་དཀྱིལ་འཁོར་འདྲ། །དེ་ཡང་གསལ་འཚེར་གཟི་བརྗིད་ལྡན། །འགྲོ་དང་འོང་དང་གནས་པའོ། །བྱ་བ་མེད་པའི་འགྲོ་འོང་ཅན། །རྫོགས་པའི་གཞི་ལ་རང་རྫོགས་ལ། །ཞེས་པ་དང་། ཡང་། རང་རང་དུང་ཁང་ཁྲོ་བོར་གནས། །ཡབ་དང་ཡུམ་

p. 514

དུ་མངོན་པར་སྣང་། །ཁྲོ་དང་ཁྲོ་མོའི་ཚུལ་འཆར་ཞིང་། །ཡེ་ཤེས་ལྔ་ལྔ་དག་དང་ལྡན། །སྐུ་ཡི་ཡེ་ཤེས་རེ་རེ་ལ། །དབུ་ཡི་ཡེ་ཤེས་ལྔ་ལྔའོ། །ཞེས་སོ། །དེ་ལྟར་གནས་པའི་དོན་ཉམས་སུ་གང་གིས་ལེན་ན། ལྟ་སྒོམ་སྤྱོད་འབྲས་བཞིས་ལེན་ནོ། །དེའང་ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་ཡང་ཡེ་ནས་རང་ལ་ཡོད་པ་ཉམས་སུ་ལེན་ཏེ། མེད་པ་བླང་མི་ནུས་པའི་ཕྱིར་རོ། །ཡོད་པར་ནོར་བུ་འཕྲ་བཀོད་ལས། ལྟ་བའི་དངོས་པོ་འགྱུར་མེད་སྐུ་ལྟར་གནས། །སྒོམ་པའི་དངོས་པོ་རྟོག་མེད་འོད་གསལ་གནས། །སྤྱོད་པའི་དངོས་པོ་སྟོང་གསལ་དབྱེར་མེད་གནས། །འབྲས་བུའི་དངོས་པོ་གཞི་རྫོགས་ཀ་དག་གནས། །རང་གསལ་རིག་པ་འོད་གསལ་མཉམ་པའི་ངང་། །འཛིན་ཆགས་བྲལ་བའི་རྫོགས་ཆེན་གསང་སྔགས་ཆེ། །དེ་ནི་གནས་ལུགས་གཞི་ཡི་བཞུགས་ཚུལ་ལོ། །ཞེས་སོ། །དེའང་ལྟ་བའི་ངོ་བོ་འགག་མེད་ཟང་ཐལ། སྒོམ་པའི་ངོ་བོ་རྟོག་མེད་མཉམ་གནས། སྤྱོད་པའི་ངོ་བོ་ཐལ་བྱུང་ཤུགས་གྲོལ། འབྲས་བུའི་ངོ་བོ་དབྱིངས་རིག་རང་གསལ་ཏེ། དེ་ཉིད་ལས། ལྟ་བ་འགག་མེད་ཟང་ཐལ་ལ། །སྒོམ་པ་རྟོག་མེད་མཉམ་པར་གནས། །སྤྱོད་པ་འགག་མེད་རོལ་པར་འཆར། །འབྲས་བུ་དབྱིངས་དང་རིག་པར་ལྡན། །ཞེས་སོ། །ལྟ་བའི་མ་གཞི་རིག་པ་རང་བྱུང་གི་ཡེ་ཤེས་ནི་ཙིཏྟ་ན་གནས་ལ། སྒོམ་པའི་ངང་དྭངས་འོད་གསལ་ཡེ་ཤེས་ཀྱི་ཐིག་ལེ་ནི་རྩ་བཞི་ན་འཕྲོ་ཞིང་། སྤྱོད་པ་རང་རྩལ་གྱི་ཡེ་གདངས་ནི་དུང་ཁང་ན་གསལ་ལ། འབྲས་བུ་རང་སྣང་གི་ཡེ་ཤེས་ནི་མིག་ན་སྣང་སྟེ། དེ་ཉིད་ལས། གསང་སྔགས་ཀུན་གྱི་གནས་ཚུལ་ནི། །རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་། །འགྱུ་བྱེད་རྩ་ཡི་གཞལ་ཡས་དང་། །དུང་ཁང་བྷན་དྷའི་གཞལ་ཡས་དང་། །ལྟ་བྱེད་མིག་གི་གཞལ་ཡས་སོ། །གཞལ་ཡས་ཆེན་པོ་དེ་བཞི་ན། །གསང་སྔགས་ཀུན་གྱི་གསང་ཆེན་གནས། །ཞེས་སོ། །འདི་དག་ལ་རྣལ་འབྱོར་བཞིས་གོམས་པའི་ཚུལ་དང་། དེ་བཞིའི་གོལ་ས་བཅད་ཚུལ། སྒོ་ལ་སྣང་ཚུལ།

p. 515

དུས་ཚད་ངེས་པའི་མན་ངག་དང་བཞི་ལས། དང་པོ་ནི། ལུ་གུ་རྒྱུད་ལ་མིག་གིས་མི་འགུལ་བར་བལྟ་བས་ལྟ་བ། དེའི་ངང་ལ་མ་ཡེངས་པར་བསྒོམས་པས་སྒོམ་པ། ལུ་གུ་རྒྱུད་ཀྱི་སྣང་བ་ལ་སྤྱོད་པས་སྤྱོད་པ། དབྱིངས་རིག་བརྟན་པ་འབྲས་བུ་སྟེ། ནོར་བུ་འཕྲ་བཀོད་ལས། གནས་ཚུལ་ཆེན་པོ་དེ་ཉིད་ལ། །ལྟ་བའི་དོན་ཉིད་ལུ་གུ་རྒྱུད། །ཆོས་ཅན་སྣང་བ་གྲངས་མེད་ཀྱང་། །ཆོས་ཉིད་དོན་ལ་གཅིག་ལས་མེད། །ཨེ་མ་ལྟ་བ་རྒྱུན་གྱི་རྣལ་འབྱོར་གྱིས། །དེ་ཡི་དོན་ལ་འགྱུར་མེད་ལྟ། །དེ་ཡང་ལུ་གུ་རྒྱུད་ཀྱི་སྐུ། །མངོན་དུ་སྣང་ཞིང་གཟུང་བར་དཀའ། །རིག་པའི་ངོ་བོ་དེ་ཉིད་ལ། །འགག་མེད་ཟང་ཐལ་གནས་པའི་དཔེ། །དཔེར་ན་རྒྱ་མཚོ་དྭངས་པ་ལས། །གཟའ་དང་སྐར་མ་ཤར་བ་བཞིན། །བག་ལ་ཉལ་བའི་དུས་མིན་པར། །སྣ་ཚོགས་ཟང་ཐལ་ཆེན་པོར་གནས། །ལྟ་བ་རྒྱུན་གྱི་རྣལ་འབྱོར་གྱིས། །དེ་ཡི་དོན་ལ་མ་ཡེངས་ན། །བག་ལ་ཉལ་དང་མ་ཉལ་མེད། །ཉིན་མོ་སྣང་དང་མཚན་མོ་ནུབ། །གཉིས་སུ་སྣང་བ་ཡོད་མ་ཡིན། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་གྱིས། །ལུ་གུ་རྒྱུད་ཀྱི་ངོ་བོ་དང་། །དུས་བཞི་ཉིད་དུ་མ་བྲལ་ན། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཡིན། །རང་རིག་བསྒོམ་པའི་རྒྱུན་མེད་ཀྱང་། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་འབྱུང་། །དུས་དང་དུས་མིན་ཐམས་ཅད་དུ། །ལུ་གུ་རྒྱུད་དང་མ་བྲལ་ན། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་ཡིན། །ཞེས་སོ། །གཉིས་པ་གོལ་ས་ངོས་གཟུང་བ་ནི། ཡང་དེ་ཉིད་ལས། ཨེ་མ་ཧོ། ལྟ་བ་རྒྱུན་གྱི་རྣལ་འབྱོར་ལ། །གོལ་ས་རྣམ་པ་གསུམ་ཡོད་དེ། །སྟོང་པ་ཉིད་ལ་བལྟས་པ་ན། །གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ། །དངོས་པོ་ཉིད་དུ་བལྟས་པས་ན། །གཟུགས་ཁམས་གནས་རིས་བཅུ་བདུན་དང་། །བེམས་པོ་ཉིད་དུ་གོལ་བར་འགྱུར། །ལུ་གུ་རྒྱུད་ཀྱི་སྣང་བ་ལ། །རྟག་པ་ཉིད་དུ་རབ་བལྟས་ན། །ཆགས་པ་ཆེན་པོས་བཅིངས་གྱུར་ནས། །འགྲོ་དྲུག་གནས་སུ་གོལ་བར་འགྱུར། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ལ། །གོལ་ས་རྣམ་པ་གསུམ་ཡོད་དེ། །འདི་ལྟར་སྣང་བ་

p. 516

ཐམས་ཅད་ལ། །སྨྱོན་པ་ལྟ་བུར་སྤྱད་བྱས་ན། །ལྷ་མ་ཡིན་དུ་གོལ་བར་འགྱུར། །དོན་མེད་ཚིག་རེངས་སྤྱད་བྱས་ན། །འཇིག་ཚོགས་ལྟ་བར་གོལ་བར་འགྱུར། །ཚོགས་དྲུག་ཡུལ་སྣང་ཐམས་ཅད་ལ། །བུ་ཆུང་ལྟ་བུར་སྤྱད་བྱས་ན། །ལུང་མ་བསྟན་པའི་གནས་སུ་གོལ། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་ལ། །གོལ་ས་རྣམ་པ་གསུམ་ཡོད་དེ། །བཏང་སྙོམས་བདག་མེད་བསྒོམས་བྱས་ན། །ལྟེངས་ནས་མུན་སྣང་ཉིད་དུ་གོལ། །ཏིང་འཛིན་ཡིག་འབྲུ་བསྒོམས་བྱས་ན། །ཆགས་པས་འཁོར་བའི་གནས་སུ་གོལ། །མི་རྟོག་སྟོང་པར་བསྒོམས་བྱས་ན། །ཆད་པ་མུ་མེད་ཉིད་དུ་གོལ། །གོལ་བའི་རྒྱུ་ནི་བསམ་ཡས་ཀྱང་། །གོལ་ས་ཆེན་པོ་དེ་ལས་མེད། །ལུ་གུ་རྒྱུད་ལ་གོལ་ས་མེད། །ལམ་པའི་རྒྱུད་ལ་གོལ་བར་སྣང་། །དོན་ལ་གོལ་ས་གཅིག་ཀྱང་མེད། །རྒྱུ་དང་འབྲས་བུར་བཏགས་པ་ཡང་། །གོལ་ས་བཅད་ཕྱིར་གསུངས་པའོ། །ཞེས་སོ། །དེ་ཡང་རིག་པ་མངོན་སུམ་གྱི་སྣང་བ་མ་མཐོང་བའི་རྣལ་འབྱོར་པ་སེམས་ལམ་བྱེད་ཀྱི་ལྟ་སྒོམ་སྤྱོད་འབྲས་དང་། མཐོང་ཡང་དབང་པོ་རྟུལ་བས་མཐར་འཛིན་དུ་བཟུང་བ་རྣམས་ལ་གོལ་ས་ཡོད་ལ། དེ་བཅད་པའང་། རིག་པ་རང་གསལ་གདངས་དང་བཅས་པ་དབང་པོའི་སྒོ་ལ་ལྟ་བར་གཏན་ལ་ཕབ་ནས། ཡོད་མེད་ཀྱི་ཡིད་དཔྱོད་རྟོག་པའི་མཐའ་བྲལ་ནས། རང་དྭངས། རང་སངས་ལྟ་བའི་དགོངས་པ་ནང་དུ་ཐག་བཅད་ལ་གོལ་ས་བཅད་པ་ནི། ཐལ་འགྱུར་ལས། ལྟ་བའི་ངོ་བོ་མཐོང་བ་ལ། །ཡིད་དཔྱོད་ཚིག་གིས་འགྱུས་པ་མེད། །ཅེས་སོ། །རང་སངས་རང་སྣང་གི་ངང་ལ་ས་ལེ་བསྒོམ་ཡང་ཏིས་ཕུར་གཟུང་འཛིན་དུ་མ་སོང་བས་ཡངས་པ་ཁྲོལ་ཆགས་སུ་རྒྱ་བསྐྱེད་དྭངས་ཕྱིན་མ་ཡེངས་གཏིང་གསལ་གྱི་ཡེ་ཤེས་ངོས་བཟུང་ལ་ཕྱལ་ཡས་པར་བསྒོོམས་པས་གོལ་ས་མེད་དེ། དེ་ཉིད་ལས། མ་གོལ་གནས་པའི་སྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱི་རྟོག་པར་མ་འགྱུས་པ། །ཤེས་པ་ཉིད་ལ་དཔྱོད་པའི་ཡིད། །ཕྱིར་ལ་ཤོར་བ་མེད་པ་ཉིད། །རིས་ཅན་གསལ་བ་མ་ཡིན་དང་། །གུད་བཅད་སྟོང་

p. 517

པར་མ་སོང་དང་། །བདེ་བ་རྒྱུན་ཆགས་མ་ཡིན་དང་། །བཏང་སྙོམས་ལྟེངས་པོར་མ་སོང་དང་། །དྲན་རིག་གསལ་བ་ངལ་སོ་དང་། །སྦྱང་བ་ལོག་ཆ་ལམ་སོང་དང་། །འཛིན་ཆ་ནང་དུ་འགྱུ་བདེ་དང་། །ཆ་ལུགས་གསལ་བས་འཛིན་ཆ་དང་། ཁ་དོག་ཡིག་འབྲུ་སྒྱུར་བྱེད་རྣམས། །དེ་རྣམས་ཕྱོགས་སུ་མ་ལྷུང་ན། །མ་གོལ་གནས་པའི་བསྒོམ་པའོ། །ཞེས་སོ། །དེའི་ངང་ལ་རྟོག་པར་འགྱུས་སམ། དབང་པོའི་སྣང་ཡུལ་གཉིས་སྣང་གི་ཆ་ཅི་ཤར་རྣམས་སྤྱོད་པས་གྲོལ་བར་བྱེད་པ་ལས། དེའི་གོལ་ས་བཅད་པ་ནི། ཐལ་བྱུང་དུ་ཤར་ནས་ཐལ་བྱུང་དུ་གྲོལ་ཏེ། བར་དེར་སྤང་གཉེན་གྱི་འཁྲིས་མ་ཞུགས། ངོ་སྤྲོད་ཀྱི་ཕན་ཡོན་མི་བསྒོམ། གང་སྣང་གི་དུས་ན་སྣང་ཐོག་དེར་བཞག་པས་རིག་ཐོག་ཏུ་གྲོལ་ནས། ཧར་སངས་རིས་མེད་ཕྱལ་པར་བུན་བུན་སངས་ནས་གཉིས་བཅས་ཀྱི་ཆོས་ལ་འཛིན་ཆ་མ་ཞུགས་པ་སྟེ། སེང་གེ་རྩལ་རྫོགས་ལས། རྫོགས་ཆེན་འགག་མེད་སྤྱོད་པ་ཉིད། །བྱས་པས་འབྱུང་བར་མི་འགྱུར་ཏེ། །ཆགས་མེད་རང་གྲོལ་གསུམ་ལ་ཐུག །ཅེས་སོ། །འབྲས་བུ་ནི་རང་རྫོགས་ཡེ་ཐོབ་ཆེན་པོ་སྟེ། གདོད་ཀྱིས་མི་བསྒྲུབ་པར། རང་གནས་ཀྱི་རིག་པ་འདི་ཀ་འབྲས་བུར་ཤེས་པས་ཐག་ཆོད་གཅིག་གིས་ས་ཟིན་དུ་བྱས་པས་གོལ་ས་ཆོད་དེ། དེ་ཉིད་ལས། རྫོགས་ཆེན་གོམས་པ་ཡེ་ཡོད་ཉིད། །བསྒོམས་པས་བྱུང་བ་མ་ཡིན་ཏེ། །འགྱུ་མེད་བསམ་བྲལ་བཞི་ལ་ཐུག །རྫོགས་ཆེན་དོན་ཉིད་རྟོགས་དཀའ་བས། །མཚོན་པའི་ཚིག་གིས་མི་རྙེད་དོ། །གདམས་ངག་གསང་བཅུད་གཉིས་ལ་ཐུག །རྫོགས་ཆེན་རིག་པ་རྟོག་མེད་ཉིད། །བསྒོམས་པས་རྟོགས་པར་མི་འགྱུར་ཏེ། །བསྐྱལ་ས་ཆེན་པོ་གཅིག་ལ་ཐུག །རྫོགས་ཆེན་རང་བྱུང་ཡེ་ཤེས་ཉིད། །བསྒྲུབས་པས་འགྲུབ་པར་མི་འགྱུར་ཏེ། །ངེས་པའི་སྙིང་པོ་གཉིས་ལ་ཐུག །རྫོགས་ཆེན་འབྲས་བུ་ཆིག་ཆོད་ཉིད། །བསྐྱེད་པས་རྫོགས་པར་མི་འགྱུར་ཏེ། །ཆགས་བྲལ་མན་ངག་གསུམ་ལ་ཐུག །ཅེས་སོ། །གསུམ་པ་རིག་པ་སྒོ་ལ་སྣང་ཚུལ་

p. 518

ནི། རིག་པ་དང་། སྣང་བ་གཉིས་ལས། རིག་པ་ནི་རང་གདངས་ལ་བལྟས་སམ་རང་ཤར་ལ་ངོས་ཟིན་དུས་སྒོ་ལ་སྣང་བ་ཞེས་བྱ་ལ། དེའི་དུས་སུ་རྩལ་གཞི་ཐོག་ཏུ་ཐིམ་པས་དངས་ལ་འཕྲོ་འདུ་མེད་པར་ཕྱལ་ཕྱམ་ཡངས་པ་ཁྲོོལ་ཆགས་སུ་ཧར་རེ་སང་ངེ་གནས་ཏེ། ནོར་བུ་འཕྲ་བཀོད་ལས། སྒོ་ནས་ལམ་དུ་རབ་བྱུང་ནས། །མཁའ་མཉམ་སྟོང་པའི་ངང་དུ་ཐིམ། །དོན་གྱི་ཡེ་ཤེས་སྤྱིར་སྣང་ཡང་། །ངང་དུ་རྫོགས་ཤིང་ངང་ལས་བྱུང་། །ཞེས་སོ། །སྣང་བ་སྒོ་ལས་ཐོན་ནས་འོད་དང་སྐུ་དང་ཐིག་ལེ་ལ་སོགས་པ་སྟེ། དེ་ཉིད་ལས། དེ་ནས་སྒོ་ལ་ཐོན་པའི་ཚེ། །དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པར་མངོན་སྣང་བ། །མ་འགགས་འགག་མེད་སྙིང་པོ་ཆེ། །བརྗིད་པའི་སྐུ་ལྟར་མི་གནས་ཏེ། །ངོ་བོ་རྣམ་དག་ཡེ་ཤེས་གདལ་བ་ཉིད། །སྟོང་པ་ཆེན་པོའི་ཆོས་ཉིད་ཡུལ་ལ་རོལ། །གསལ་བ་ཟང་ཐལ་ཆོས་སྐུ་ངོ་བོས་སྟོང་། །སྟོང་པའི་དུས་ན་རང་བཞིན་མ་ངེས་ཏེ། །སྐུ་དང་ཡེ་ཤེས་དཀྱིལ་འཁོར་རྟོག་པ་མེད། །ཐབས་དང་ཤེས་རབ་དོན་ལ་འགྱུར་བ་མེད། །སྟོང་པའི་སྒྲོན་མ་བྱ་རྩོོལ་གཉིས་དང་བྲལ། ཐུགས་རྗེ་འབྱུང་བའི་སྒྲོན་མ་ཉི་ཟེར་བཞིན། །སྒྲོན་མའི་འོད་ཟེར་གཏིང་ལ་ཐུག་པ་མེད། །གསང་བའི་འོད་ནི་ཐུགས་མཆོག་ནང་ན་གསལ། །རང་བཞིན་འོད་ནི་ནམ་མཁའི་མཐོངས་སུ་གསལ། །དཀྱིལ་འཁོར་རང་རྫོགས་འོད་ནི་དེ་བཞིན་ནོ། །ཞེས་སོ། །བཞི་པ་དུས་དང་ཚད་ངེས་པས་བསྟན་པ་ལ། གཞི་དབྱིངས་རིག་གི་དབྱེ་བ་བསྟན་པ་དང་། ཚད་དངོས་བསྟན་པ་གཉིས་ལས། དང་པོ་ལ་གསུམ་སྟེ། གཞི་ལམ་འབྲས་བུའོ། །དང་པོ་གཞིའི་དབྱིངས་རིག་ནི་སྙིང་ག་ན་འོད་ལྔའི་ཕུང་པོ་ནི་དབྱིངས་ལ། ལུ་གུ་རྒྱུད་ཀྱི་གདངས་འོད་རྩ་ན་གནས་པ་ནི་རིག་པ་སྟེ། སེང་གེ་རྩལ་རྫོགས་ལས། གཞི་ལ་གནས་པའི་དབྱིངས་རིག་དང་། །ལམ་ལ་སྣང་བའི་དབྱིངས་རིག་དང་། །མཐའ་ལ་སྐྱོལ་བའི་དབྱིངས་རིག་གོ། གཞིའི་དབྱིངས་རིག་རྣམ་གཉིས་ནི། །དབྱིངས་ནི་དབྱིངས་ཀྱི་སྒྲོན་མ་ལ། །རིག་པ་ལུ་གུ་

p. 519

རྒྱུད་དུ་གསལ། །ཞེས་སོ། །ལམ་གྱི་དབྱིངས་ནི་འོད་ལྔའི་ར་བ་ལ། རིག་པ་ནི་དེའི་ནང་དུ་སྐུའི་སྣང་བ་ཤར་བ་སྟེ། དེ་ཉིད་ལས། ལམ་ལ་སྣང་བའི་དབྱིངས་རིག་ནི། །དབྱིངས་ནི་འོད་ཀྱི་མུ་ཁྱུད་ལ། །རིག་པ་སྐུ་ལྔའི་སྣང་བར་བཤད། །ཅེས་སོ། །འབྲས་བུའི་དབྱིངས་ནི་ཀ་དག་གི་རང་སྣང་ནམ་མཁའ་སྤྲིན་མེད་པ་ལྟ་བུ་ལ། རིག་པ་དེའི་དབྱིངས་སུ་ནང་ཐིམ་འཆར་གཞི་ཙམ་དུ་གནས་པ་སྟེ། དེ་ཉིད་ལས། མཐའ་ལ་སྐྱོལ་བའི་དབྱིངས་རིག་ནི། །དབྱིངས་ནི་རང་བཞིན་སྣང་བ་ལ། །རིག་པ་སྐུ་དང་ངོ་བོར་བསྟན། །དེ་ཕྱིར་དབྱིངས་དང་རིག་པར་བཤད། །ཅེས་སོ། །དབྱིངས་རིག་གི་གནད་འདི་ཕྱེད་པ་ཤིན་ཏུ་གཅེས་སོ། །གཉིས་པ་ཚད་དངོས་ནི། ཡང་དེ་ཉིད་ལས། ཡེ་ཤེས་ངེས་པའི་གསང་དོན་ནི། །སྣང་བ་དུམ་བུ་དུམ་བུའི་ཚེ། །མཁས་པས་རབ་ཏུ་བརྟག་པར་བྱ། །ཤིན་ཏུ་ཕྲ་དང་འགྱུ་བའི་ཚེ། །གོམས་པས་རབ་ཏུ་གནས་པར་བྱ། །འཕྲིག་དང་འཕྲ་དང་འགྱུ་བའི་ཚེ། །མཐོང་བས་རབ་ཏུ་གཟུང་བར་བྱ། །ཟླུམ་དང་ཕྲ་དང་འཁྲིལ་བའི་ཚེ། །མཁས་པས་ཡེང་མེད་ཏིང་འཛིན་བརྟན། །གཏེམ་དང་མེར་དང་སྐུར་སྣང་ཚེ། །གོམས་པས་སྣང་བ་མཆེད་པ་གཟུང་། །ཡང་དག་ཀུན་ཏུ་སྣང་བའི་ཚེ། །མཁས་པས་སྣང་བ་བསྡུ་བར་བཤད། ཆགས་དང་ཞེན་པ་མེད་པའི་ཚེ། །མཁས་པས་གཟུང་ཐབས་ཤེས་པར་བྱ། །གསང་སྔགས་གོམས་པའི་མཚན་ཉིད་དོ། །དེ་ནས་ཡེ་ཤེས་བསྐྱོད་པའི་ཚེ། །འབྱུང་བ་རྣམ་ལྔ་ཐིམ་གྱུར་ཏེ། །ཡེ་ཤེས་ཆགས་པ་མེད་པ་དེ། །སྣང་བའི་ཡུལ་དུ་ཕྱིན་པའི་ཚེ། །སྣང་བ་འཁྲུལ་མེད་མཐོང་གྱུར་ནས། །གོམས་པའི་བདེན་པ་མཐོང་བ་ནི། །འོད་སྣང་ཟུང་འཇུག་ལྟ་བུར་བཤད། །ཅེས་སོ། དེའང་ལམ་སྣང་གི་སྣང་བ་དེ་རྣམས་ནང་དབྱིངས་སུ་མ་ལ་ཐིམ་དུས། ཡང་དང་དྲོ་དང་བསིལ་བ་ལ་སོགས་པ་དོན་དམ་གྱི་འབྱུང་བ་ལྔ་ཡང་དབྱིངས་སུ་འཁྱིལ་ཏེ། འབྱུང་བ་མ་ལ་ཞ་བ། ཡེ་ཤེས་དབྱིངས་སུ་འཁྱིལ་བ། ཤེས་རབ་མཁའ་ལ་འཁྱིིལ་བ་ཡེ་ཤེས་དབྱིངས་སུ་བསྐྱོད་པ་ཞེས་བྱ་བའི་དགོངས་པའི་དུས་དང་ཚད་ངེས་

p. 520

པའོ། །དེ་དག་གིས་ཡེ་ཤེས་རང་བཞིན་རྒྱས་པར་བཤད་པའོ། །སྤྱི་དོན་གསུམ་པ་ཁྱད་པར་ཅན་གྱི་ཆོས་གཞན་རྣམ་པར་བཤད་པ་ལ་གཉིས་ཏེ། དཔེ་ངེས་པས་སོ་སོར་དབྱེ་བ་དང་། དོན་ངེས་པས་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི་འདྲ་གཞིའི་གཉིས་ཚན་བཅོ་ལྔ་ལས། དང་པོ་གཞི་རིག་པར་གཅིག་པ་ལ། རྟོག་པ་སངས་རྒྱས་གཞི་ཐོག་ཏུ་རང་གྲོལ་བས་མགོ་འདྲ་ལ། མ་རྟོགས་སེམས་ཅན་འཁྲུལ་པས་རྭ་ལྟ་བུ་སྟེ། རང་ཤར་ལས། རིགས་ཀྱི་བུ་དཔེའི་ངོ་སྤྲོད་འདི་ལྟ་སྟེ། སངས་རྒྱས་དང་སེམས་ཅན་ཀྱི་དཔེ་ནི་མགོ་དང་རྭའི་ཚུལ། གཅིག་ལས་དུ་མར་བྱུང་ཞེས་སོ། །གཉིས་པ་དབྱིངས་གཅིག་ལ་རིག་དུས་རང་སར་གྲོལ་བས་ཆུ་ལ་རི་མོ་བྲིས་པ་ལྟར་གཞི་ཐོག་ཏུ་གྲོལ་ལ། མ་རིག་པས་ཆུ་མེར་བ་ལྟར་འཁྲུལ་རྐྱེན་གྱི་བྱུང་ཁུངས་བྱེད་དེ། ཡང་དེ་ཉིད་ལས། རིག་པ་དང་མ་རིག་པའི་དཔེ་ནི་ཆུ་དང་རི་མོའི་ཚུལ་ཏེ་རྐྱེན་ལ་རག་ལུས་ཞེས་སོ། །གསུམ་པ་ངོ་བོའི་དབྱིངས་གཅིག་ལས་མ་འདས་ཀྱང་། རིག་པ་ཆུ་དང་འདྲ་བའི་རྩལ་ལས་སེམས་ཆུ་ལྦུར་དང་འདྲ་བ་ཤར་དུས། སེམས་ལས་རིག་པ་མ་བྱུང་བས་དབང་དུ་མ་གྱུར་པ་སྟེ། དེ་ལས། སེམས་དང་རིག་པའི་དཔེ་ནི་ཆུ་དང་ལྦུ་བའི་ཚུལ། སེམས་ཀྱི་དབང་དུ་མ་གྱུར་ཞེས་སོ། །བཞི་པ་རིག་པ་གཅིག་ལ། ཤེས་རབ་ནི་རང་རྩལ་ཕྱིན་ཅི་མ་ལོག་པ་གཟུང་འཛིན་ལས་གྲོལ་བ་གསེར་འདྲ་ལ། ཡིད་ནི་རྩལ་ཕྱིན་ཅི་ལོག་གཟུང་འཛིན་དུ་སྐྱེས་པས། ར་གན་ལྟ་བུ་འདྲ་གཞི་རིག་ཙམ་ཡུལ་འཇལ་བར་སྣང་སྟེ། དེ་ལས། ཤེས་རབ་དང་ཡིད་ཀྱི་དཔེ་ནི་གསེར་དང་ར་གན་གྱི་ཚུལ་ཏེ་ཁ་དོག་མི་ཕྱེད་ཅེས་སོ། །ལྔ་པ་དབྱིངས་གཅིག་ལ་ཀུན་གཞི་གྲུ་ལྟ་བུ། ཆོས་སྐུ་རྒྱ་མཚོ་འདྲ་བའི་ངང་ན་ལྡིང་བ་སྟེ། ཆོས་སྐུའི་སྒྲིབ་ཆའམ་ལམ་མམ་རྩལ་གྱི་ཚུལ་དུ་ཤར་ཏེ། དེ་ཉིད་ལས། ཀུན་གཞི་དང་ཆོས་སྐུའི་དཔེ་ནི་རྒྱ་མཚོ་དང་གྲུ་པའི་ཚུལ་ཏེ་ལམ་འབྱུང་ཞེས་སོ། །དྲུག་པ་འཁྲུལ་པ་དང་གྲོལ་བ་གཉིས་གཞི་རིག་པའི་ངང་དུ་གཅིག་ཀྱང་། སྐྱེས་བུ་ཅིག་གཉིད་སོང་བ་དང་སད་པ་འདྲ་སྟེ། དེ་ལས། འཁྲུལ་པ་དང་གྲོལ་བའི་དཔེ་གཉིད་

p. 521

ལོག་པ་དང་སད་པའི་ཚུལ་ཏེ། དབང་པོའི་ཁྱད་ཡོད་པའི་ཕྱིར་ཞེས་སོ། །བདུན་པ་འཁྲུལ་སྣང་དང་གཞི་སྣང་གཉིས་རིག་པའི་ངང་ན་སྣང་མཉམ་ལས། རང་གདངས་ཉིན་མོ་དང་། ལོག་གདངས་མཚན་མོ་ལྟར་གསལ་མི་གསལ་གྱི་ཁྱད་ཡོད་དེ། དེ་ཉིད་ལས། འཁྲུལ་པའི་སྣང་བ་དང་བར་དོའི་དཔེ་ནི་མུན་པ་དང་སྣང་བའི་ཚུལ་ཏེ་དག་པ་དང་མ་དག་པའི་ཁྱད་ཡོད་པའི་ཕྱིིར་ཞེས་སོ། །བརྒྱད་པ་རྟོགས་མ་རྟོགས་གཉིས་རིག་པར་གཅིག་ཀྱང་འཁྲུལ་པའི་ཞེན་འཛིན་སངས་མི་སངས་ཀྱི་ཁྱད་ཡོད་དེ་བ་མོའི་རེག་པ་རང་བཞིན་རྐྱེན་དང་མ་ཕྲད་པ་མ་རྟོགས་པ་འདྲ་ལ། ཉི་མའི་རྐྱེན་དང་ཕྲད་དུས་སངས་པ་རྟོགས་པའི་དཔེ་སྟེ། རང་ཤར་ལས། རྟོགས་པ་དང་མ་རྟོགས་པའི་དཔེ་ནི་བ་མོ་དང་རེག་པའི་ཚུལ་ཏེ། སྣང་བ་ཟིལ་གྱིས་གནོན་པ་དང་མི་གནོན་པའི་ཁྱད་པར་ཡོད་པའི་ཕྱིར་ཞེས་སོ། །དགུ་པ་ཤེས་རབ་དང་བག་ཆགས་གཉིས་རིག་པའི་རྩལ་དུ་འདྲ་ཡང་སྤང་གཉེན་གྱི་ཁྱད་ཡོད་དེ། དེ་ཉིད་ལས། ཤེས་རབ་དང་བག་ཆགས་ཀྱི་དཔེ་ནི་སྦུར་མ་དང་མེའི་ཚུལ་ཏེ་ཉོན་མོངས་པ་བསྲེག་པའི་ཕྱིར་ཞེས་སོ། །བཅུ་པ་རིག་པ་ཡེ་ཤེས་ཀྱི་སྣང་བ་ལ་འཇུག་པའི་དཔེ་དོན་ནི་རིག་པ་མ་འདྲ་ལ། ཡེ་ཤེས་བུ་ལྟ་བུ་གཞི་ཐིམ་ལ་གྲོལ་བ་ནི། དེ་ལས། རིག་པ་ཡེ་ཤེས་ཀྱི་སྣང་བ་ལ་འཇུག་པའི་དཔེ་ནི་མའི་པང་དུ་བུ་འཇུག་པ་ལྟ་བུའོ། །ཡིད་ཆེས་པའི་ཕྱིར་ཞེས་སོ། །བཅུ་གཅིག་པ་རིག་གདངས་སུ་གཅིག་ཀྱང་གཞི་དང་དེ་ལས་ཤར་ཙམ་གྱི་ལྡོག་པ་ནས་ཡེ་ཤེས་དང་འོད་དུ་ཕྱེ་བ་སྟེ། དེ་ལས། ཡེ་ཤེས་དང་འོད་ཀྱི་དཔེ་ནི་གསེར་དང་སེར་པོ་ལྟ་བུའོ། །མིང་དང་ཁ་དོག་མི་ཕྱེད་པའི་ཕྱིར་ཞེས་སོ། །བཅུ་གཉིས་པ་རིག་པ་གཅིག་ལ་གདབ་བྱའི་གདམས་ངག་ཆང་དང་། ཐེབས་པ་བཟི་བ་ལྟ་བུ་སྟེ། དེ་ལས། གདམས་ངག་དང་ཐེབས་པའི་དཔེ་ནི་ཆང་དང་ར་རོ་བ་ལྟ་བུའོ། །ཤེས་པ་ལ་འཇུག་པའི་ཕྱིར་ཞེས་སོ། །བཅུ་གསུམ་པ་ཕྱིར་གསལ་གྱི་ཡེ་ཤེས་ནང་འོད་ལ་ཐིམ་པའི་ཚུལ་ཤེལ་འོད་ནང་དུ་བསྡུས་པའམ་འཇའ་ཚོན་དབྱིངས་སུ་ཡལ་བ་ལྟར་

p. 522

རིས་མེད་དེ། དེ་ཉིད་ལས། ཡེ་ཤེས་འོད་ལ་ཐིམ་པའི་དཔེ་ནི་ནམ་མཁའ་དང་འཇའ་ཚོན་ལྟ་བུའོ། །དངོས་པོ་མེད་པའི་ཕྱིར་ཞེས་སོ། །བཅུ་བཞི་པ་དབྱིངས་རྒྱ་མཚོའི་ངང་དུ་ཡེ་ཤེས་ཆུ་བྲན་ཐིམ་དུས་རང་ངོ་ཐ་དད་མེད་པའི་ཚུལ་ནི། དེ་ལས། ཡེ་ཤེས་དབྱིངས་སུ་ཐིམ་པའི་དཔེ་ནི་རྒྱ་མཚོ་ལ་ཆུ་བྲན་འདུ་བ་ལྟ་བུའོ། །གཉིས་སུ་མེད་པའི་ཕྱིར་ཞེས་སོ། །བཅོ་ལྔ་པ་དབྱིངས་སུ་ཐིམ་ནས་མི་ལྡོག་པ་ནི། དེ་ལས། རིག་པ་ཕྱིར་མི་ལྡོག་པའི་དཔེ་ནི་དཔག་ཆེན་གྱི་མདའ་ལྟ་བུའོ། །ཐོགས་པ་མེད་པའི་ཕྱིར་ཞེས་སོ། །གཉིས་པ་དོན་ངེས་པ་བྱེ་བྲག་ཏུ་དབྱེ་བ་ལ་འདྲ་གཞི་བཅུ་དྲུག་ལས། དང་པོ་སེམས་རྟོག་མེད་དང་རིག་པ་རྟོག་མེད་གཉིས་མི་རྟོག་པར་འདྲ་ཡང་། རིག་པ་ཟང་ཐལ་ལ། སེམས་ལྷན་ནེ་གནས་ཤིང་འཁྱིལ་པའི་ཁྱད་ཡོད་དོ། །གཉིས་པ་རིག་པ་གཏིང་གསལ་ཡུལ་ལ་མ་ཤར་བ་དང་། སེམས་རང་གནས་ལྷན་ནེ་བ་གཉིས་རང་གནས་སུ་འདྲ་ཡང་། རིག་པ་དྭངས་ལ་ཡུལ་མེད། སེམས་ཡུལ་ཅན་འཛིན་པས་བཅིངས་པའི་ཁྱད་ཡོད་དོ། །གསུམ་པ་རིག་པ་རང་གནས་ཀྱི་བསམ་གཏན་དང་། རྩ་རླུང་ངལ་སོའི་བསྒོམ་པ་གཉིས་ཡིད་རྩེ་གཅིག་ཏུ་གནས་པར་འདྲ་ཡང་། རང་བབས་ཀྱི་བསམ་གཏན་རླན་དང་བཅས་པ་དུས་རྟག་ཏུ་ཡོད་ལ། རྩ་རླུང་གི་བསྒོམ་པ་བྱིང་རྒོད་ཤས་ཆེ་བ་རྩོལ་བའི་རྐྱེན་ཁ་ན་ཡོད་པའི་ཁྱད་ཡོད་དོ། །བཞི་པ་རིག་པ་རང་ཤར་ཡུལ་ལ་སྣང་བ་དང་། རྣམ་རྟོག་རང་གར་ཤོར་བ་གཉིས་ཡུལ་ལ་འཕྲོ་བ་འདྲ་འདྲ་འདྲ་ཡང་། རིག་པ་ཐལ་བྱུང་དུ་ཤར་ནས་འཛིན་མེད་དུ་གྲོལ་ལ། རྣམ་རྟོག་གཟུང་འཛིན་དུ་ཞེན་པས་ཡུལ་ཕྱིར་འབྲང་བའི་ཁྱད་ཡོད་དོ། །ལྔ་པ་ཆོས་ཉིད་ཀྱི་བར་དོ་དང་། ཡི་དམ་ལྷའི་སྒྱུ་ལུས་གཉིས་ལྷ་སྐུ་སྣང་ཙམ་དུ་འདྲ་ཡང་། སྣང་བ་རྒྱ་ཆེ་ཆུང་དང་རང་སྣང་དུ་ཤེས་དུས་གྲོལ་མི་གྲོལ་གྱི་ཁྱད་ཡོད་དེ། ཆོས་ཉིད་བར་དོ་རིག་གདངས་སྣང་ལ། ལྷའི་སྒྱུ་ལུས་རྟོག་པ་གོམས་རྗེས་སུ་བྱས་པའི་ཕྱིིར་རོ། །དྲུག་པ་རང་བཞིན་སྤྲུལ་སྐུའི་ཞིང་སྣང་དང་། མས་བགྲོད་སངས་རྒྱས་ནས་དག་པའི་ཞིང་དུ་མཛད་

p. 523

པ་སྟོན་པ་གཉིས། ལོངས་སྐུའི་སྣང་ཆ་དག་པའི་ཞིང་བཅས་སུ་འདྲ་འདྲ་འདྲ་ཡང་། རང་བཞིན་སྤྲུལ་པ་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལས་ཤར་བ་ཡིན་ལ། མས་བགྲོད་ཀྱི་ཞིང་འཁྲུལ་སྣང་རེང་བུ་བ་མཐུན་པར་སྣང་བའི་ཁྱད་ཡོད་དེ། དོན་ལ་རང་སྣང་དང་གཞན་སྣང་གི་ཁྱད་ཡོད་དོ། །བདུན་པ་མཐར་ཐུག་གི་གྲོལ་ས་ཀ་དག་དང་། ངེས་མེད་གཞིའི་ལྷུན་གྲུབ་གཉིས་རིག་པའི་ཡོན་ཏན་ངོ་བོ་རང་བཞིན་ཐུགས་རྗེ་ལ་སོགས་པ་འདྲ་ཡང་། དྲི་མ་དག་མ་དག་དང་འཁྲུལ་གཞི་བྱེད་མི་བྱེད་ཀྱི་ཁྱད་ཡོད་དོ། །རང་གི་སྡེ་བས་ཁྱད་འདི་ཤེས་པ་གལ་ཆེ་བས། འབྲས་བུ་གཞི་ཐོག་ཏུ་གྲོལ་ཟེར་ནས་རྩིང་པོར་མ་སྨྲ་ཅིག །བརྒྱད་པ་འོག་མའི་ཡིད་དཔྱོད་ཀྱི་ལྟ་སྒོམ་དང་། རིག་པ་མངོན་སུམ་གྱི་ལྟ་སྒོམ་གཉིས་མིང་དུ་འདྲ་ཡང་། དབང་པོ་དང་རིག་པ་ལ་སྣང་མི་སྣང་གི་ཁྱད་ཆེའོ། །དགུ་པ་རིག་པའི་སྐུ་དང་། རྟོག་པའི་ལྷ་སྐུ་གཉིས་ལྷ་མཐོང་ཙམ་དུ་འདྲ་ཡང་། རྒྱ་ཆེ་ཆུང་དང་རྟག་མི་རྟག་དང་རྟོག་པ་གོམས་རྗེས་སུ་བྱེད་དགོས་མི་དགོས་ཀྱི་ཁྱད་ཡོད་དོ། །བཅུ་པ་རིག་པའི་སྣང་ཡུལ་རང་ཤར་དང་། འཁྲུལ་སྣང་སྣ་ཚོགས་སུ་ཤར་བ་གཉིས་མ་དག་པའི་དངོས་པོ་འདི་སྣང་ཙམ་དུ་འདྲ་ཡང་། རྣལ་འབྱོར་པ་ལ་ཆུ་ཟླ་དང་རྨི་ལམ་ལྟར་ངང་གིས་བདེན་མེད་དུ་ཤར་བས་མི་འཆིང་ལ། ཕལ་བ་རྣམས་འཆིང་བའི་ཁྱད་ཡོད་དོ། །བཅུ་གཅིག་པ་འོད་གསལ་ཡེ་གདངས་ཀྱི་ཐིག་ལེ་དང་། རླུང་སེམས་བཟུང་བའི་འཇའ་འོད་ཀྱི་ཐིག་ལེ་གཉིས་སྟོང་གཟུགས་ཤར་ཙམ་དུ་འདྲ་ཡང་། རང་བཞིན་རྣམ་དག་གི་ཐིག་ལེ་དབྱིངས་རིག་གི་སྣང་བ་ཡིན་པས་དྭངས་པ་དང་། རེ་ཞིག་གོང་འཕེལ་དུ་དཀྱིལ་འཁོར་གྱི་བར་དུ་འཆར་བ་དང་། རླུང་བཟུང་བ་ལ་མ་ལྟོས་པ་དང་། ཉོན་མོངས་དང་རྟོག་པ་རང་འགགས་པ་དང་། དྭངས་ལ་རང་གནས་ཀྱི་བསམ་གཏན་གྱིས་བརྒྱན་ལ། རྩ་རླུང་གི་རྟགས་བཅུ་རྣམ་དག་ནི་རླུང་གི་རྩོལ་བའི་རྗེས་སུ་བྱེད་པས་འཕེལ་འགྲིབ་མང་ཞིང་མི་བརྟན་པ་དང་། མི་དྭངས་པ་དང་། ཆའི་འགྲིབ་པ་དང་། རྟོག་པ་

p. 524

དང་ཉོན་མོངས་རགས་པ་རྗེས་ལ་གསལ་བོར་སྐྱེ་བ་དང་། གནས་ཆའི་རླན་ཆུང་བ་ལ་སོགས་པ་སྟེ། ཁྱད་ཤིན་ཏུ་ཆེའོ། །འདི་དག་ལམ་འབྲས་དང་། སྦྱོར་དྲུག་དང་། གསང་འདུས་ཀྱི་ཕྲ་ཏིག་ལ་སོགས་པ་བསྒོམ་དུས་འཆར་ཡང་། སྙིང་ཏིག་གི་མངོན་སུམ་དང་གཉིས་གསེར་དང་ར་གན་གྱི་ཁྱད་བཞིན་ཡོད་དོ། །བཅུ་གཉིས་པ་གྲོལ་སའི་དབྱིངས་ཀ་དག་དང་། ཉམས་སུ་ལེན་དུས་ཀྱི་ཕྱི་ནང་གི་དབྱིངས་ཀ་དག་གཉིས་རིག་པ་རྒྱ་ཆད་མེད་པ་དང་། ཡུལ་སྣང་དག་ཙམ་དུ་འདྲ་ཡང་། གྲོལ་ས་ལ་རླུང་སེམས་དག་པས་འཁོར་འདས་ཀ་དག་ཏུ་གནས་ལ། ད་ལྟ་རླུང་སེམས་མ་དག་པས་རྐྱེན་དབང་རེས་འགའ་བ་དང་། མི་གསལ་ལ་དྲི་མ་དང་བཅས་པའི་ཁྱད་ཡོད་དོ། །བཅུ་གསུམ་པ་རིག་པ་ནང་གསལ་རྗེན་ལ་བུད་དུས་སྣ་ཚོགས་སྣང་བ་དང་རིག་པ་མི་འགག་པར་འཆར་བ་དང་། སེམས་བྱུང་སྣ་ཚོགས་རྟོག་ཚོགས་སུ་འཕྲོ་བ་གཉིས་སྣང་སེམས་འཆར་བར་འདྲ་འདྲ་ལ། རིག་པ་རྐྱེན་དབང་དུ་མི་འགྲོ། ངང་དངས་དང་མི་འབྲལ། ཐལ་བྱུང་དུ་ཤར་བ་དང་གྲོལ་བ་དུས་མཉམ་རིས་མེད་དུ་གནས་ལ། བྱུང་ཚོར་རྟོག་པ་ཡུལ་ལ་ཡེངས་ནས་ཐ་མལ་རང་ཀའི་ཁྱད་ཡོད་དོ། །བཅུ་བཞི་པ་ཤེས་རབ་རང་རྩལ་དུ་རྫོགས་པ་དང་། རྣམ་རྟོག་ཡུལ་ལ་འཕྲོ་བ་གཉིས་ཕྱིར་འཆར་བ་ལ་འདྲ་ཡང་། ཤེས་རབ་ཟང་ངེ་ཐལ་ལེ་ཐད་ཀར་ཞིག་ནས་ཕར་ཚུར་འཁོར་རྒྱུ་མེད་ལ། རྟོག་པ་ཕྱིར་ཡུལ་འཛིན། ཚུར་ལོག་ནང་དུ་གཅིག་ཕྱིར་གཅིག་མཐུད་ནས་གཟུང་འཛིན་རང་ཀ་མར་སོང་བའི་ཁྱད་ཡོད་དོ། །བཅོ་ལྔ་པ་སྔགས་ཀྱི་རྩེ་མོ་འདིར་ཐད་དྲང་དུ་བསྟན་པའི་དོན་དམ་མ་སྐྱེས་པ་ལ་སོགས་པ་དང་། འོག་མར་དགོངས་གཞི་རེ་ལ་ལྟོས་ནས་སྐྱེ་མེད་འགག་མེད་ལ་སོགས་པའི་ཚིག་རྣམས། སྟོང་གསལ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སུ་བཤད་ཚུལ་འདྲ་འདྲ་འདྲ་ཡང་། འདིར་མངོན་སུམ་གནད་ལ་ཕབ་པས་དོན་ཁོང་ནས་འཆར་བས་ཡིད་དཔྱོད་རྟོག་པ་ལ་མི་ལྟོས་ཏེ་རྟོག་པ་འགག་པའི་ཕྱིར་རོ། །འོག་མར་དོན་དམ་པར་དེ་ཡིན་སྙམ་ནས་སྙམ་བྱེད་རྟོག་པས་ཡིད་དཔྱོད་བྱེད་

p. 525

པ་མུན་རྡོ་འཕེན་གྱི་ཁྱད་ཡོད་པས། སྟོང་སྒོམ་མུན་རྡོ་དང་བྲལ་ནས་འོད་གསལ་སྙིང་པོ་ལྔ་ལྡན་དུ་བསྟན་པ་ཡིན་ནོ། །བཅུ་དྲུག་པ་ཡུལ་དང་ལུས་དང་རིག་པ་གསུམ་གནད་ལ་གཅུན་ནས་རིག་པ་མངོན་སུམ་དུ་གཞལ་བ་དང་། གསང་སྐོར་དུ་དཔེ་དོན་རྟགས་གསུམ་གྱིས་རིག་པ་གཞལ་བ་གཉིས་འདྲ་འདྲ་འདྲ་ཡང་། འདི་མིག་ཅན་གྱིས་དུང་གཞལ་བ་འདྲ་ལ། གསང་སྐོར་དམུན་ལོང་བཤད་རོལ་ཅན་གྱིས་དུང་གི་ཁ་དོག་བཤད་པ་འདྲ་བའི་ཁྱད་ཡོད་དོ། །དེ་སྐད་དུའང་ཀུན་ཏུ་བཟང་པོ་ཀློང་དྲུག་པ་ལས། རྙོག་པ་མེད་པའི་རང་སེམས་དང་། །རྟོག་པ་མེད་པའི་རང་རིག་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བསྒྲིབས་གཏིང་གསལ་སྣང་བ་དང་། །འགྲོ་བའི་བསམ་རྒྱུད་ཞེན་པ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བཙལ་བཞག་པའི་བསྒོམ་པ་དང་། །རྩ་རླུང་སེམས་ཀྱི་ངལ་སོ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །དྲན་མེད་རིག་པ་ཡུལ་སྣང་དང་། །དྲན་བསམ་འགྲོ་དྲུག་འཁྲུལ་པ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཆོས་ཉིད་དག་པའི་བར་དོ་དང་། །ཡི་དམ་ལྷ་ཡི་སྒྱུ་ལུས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དང་། །ཐེག་པས་བགྲངས་པའི་སངས་རྒྱས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །སྐུ་གསུམ་འབྲས་བུའི་མཐར་ཐུག་དང་། །སྣ་ཚོགས་མ་ངེས་ལྷུན་གྲུབ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཐེག་པ་རྣམས་ཀྱི་ཡིད་དཔྱོད་དང་། རིག་པ་མངོན་སུམ་ལྟ་བ་གཉིས། །ལྟ་བའི་ཕྱོོགས་ནས་འདྲ་གཉིས་པས། །འདྲའོ་འདྲ་སྟེ་ནོར་ར་རེ། །རྩོལ་མེད་རིག་སྐུ་ཡུལ་སྣང་དང་། །མཚན་མ་བསྒོམས་པའི་གཟུགས་བརྙན་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རིག་པའི་མཛད་སྤྱོད་རོལ་པ་དང་། །འགྲོ་དྲུག་འཁྲུལ་པའི་སྣང་བ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རང་བཞིན་རྣམ་དག་ཐིག་ལེ་དང་། །རླུང་བཟུང་མཚན་བཅས་ཐིག་ལེ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཆོས་སྐུ་རྣམ་དག་ཡུལ་དབྱིངས་དང་། །མྱ་ངན་འདས་པའི་གྲོང་ཁྱེར་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རང་རིག་བསམ་པ་བྲལ་བ་

p. 526

དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཤེས་རབ་རང་རྩལ་རྫོགས་པ་དང་། །ཡིད་ཀྱི་དྲན་པ་ཕྱིར་ཤོར་གཉིས། །འདྲའོ་འདྲའོ་ནོར་ར་རེ། །གསང་ཆེན་ངེས་པའི་བདེན་ཚིག་དང་། །ལྡེམ་དགོངས་གཅུད་པའི་གལ་ཚིག་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ངེས་པའི་བཅུད་གསུམ་མན་ངག་དང་། །མཚོན་པ་དཔེ་ཡི་བསླུ་བྲིད་གཉིས། །འདྲའོ་འདྲའོ་ནོར་ར་རེ། ཞེས་གསུངས་སོ། །གནས་འདི་ནི་རང་བཞིན་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་གནད་གལ་པོ་ཆེ་ཡིན་པས། ལེགས་པར་ཁོང་དུ་ཆུད་པར་བྱས་ལ་རྒྱུད་ལ་ཉམས་སུ་བླང་གི། ཕྱོགས་བཅུར་ཐམས་ཅད་ལ་བསྒྲག་ཅིང་བཤད་པའི་གནས་མ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། བརྟེན་པ་ཤེས་པའི་གནས་རྣམ་པར་གཞག་པ་སྟེ་རིམ་ཁང་བཅུ་བཞི་པའོ།། །།

རིམ་ཁང་བཅོ་ལྔ་པ། འབྱུང་བའི་གནས་བསྟན་པ།

p. 527

དེ་ལྟར་ཀུན་གཞི་དང་ཆོས་སྐུ་ལ་སོགས་པའི་དབྱེ་བ་བསྟན་ནས། ད་ནི་རྟེན་འབྱུང་བའི་རང་བཞིན་བཤད་པ་ལ་གཉིས་ཏེ། ཐུན་མོང་གི་དབྱེ་བ་དང་། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ཕྱིའི་འབྱུང་བ་དང་ནང་གི་འབྱུང་བ་རྣམ་པ་གཉིས་ཏེ། རང་ཤར་ལས། འབྱུང་བ་རྣམ་པ་གཉིས་སུ་བསྟན། །ཕྱི་འབྱུང་དང་ནི་ནང་འབྱུང་ངོ་། །ཞེས་སོ། །ཕྱི་འབྱུང་ས་ཆུ་ལ་སོགས་པ་འདི་དག་ནང་འབྱུང་གི་རྟེན་དུ་གནས་པས་རྟེན་དང་བརྟེན་པར་འབྲེལ་བའི་ཕྱིར་འབྱུང་བ་གཉིས་སུ་ངེས་ལ། འདི་གཉིས་ལ་མ་བརྟེན་པའི་སེམས་ཅན་དང་སངས་རྒྱས་གང་ཡང་མེད་དེ། སེམས་ཅན་རྣམས་འབྱུང་ལྔ་འཁྲུལ་པའི་དབྱིངས་ལ་སྤྱོད་ཅིང་། འབྱུང་བ་ཆེན་པོ་རང་ཆས་སུ་ལྡན། སངས་རྒྱས་རྣམས་དོན་དམ་དག་པའི་འབྱུང་ལྔ་ས་སྲ་བ་མེད་པ་ལ་སོགས་པ་ལྔའི་དབྱིངས་ལ་བཞུགས་ཤིང་། འབྱུང་བ་ཆེན་པོ་ལྔའི་དྲི་མ་ཤིན་ཏུ་ཟད་པ་ལ་སྤྱོད་དོ། །དེའང་འབྱུང་བ་ཆེན་པོ་ནི་འོད་གསལ་བའི་ཡེ་ཤེས་ཁ་དོག་ལྔ་ལྡན་ཡིན་ལ། འབྱུང་ཆུང་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔའོ། །དག་པའི་འབྱུང་ལྔ་ནི། གསལ་བ། དྲོ་བ། ཡང་བ། བསིལ་བ། ཡངས་པ།

p. 528

གཡོ་བའི་བདག་ཉིད་འཛིན་པ་སྟེ། འཁྲུལ་འབྱུང་ལྔ་དག་ནས་འོད་གསལ་ལྔ་ཀློང་དུ་ཕེབས་ཏེ་ནང་དབྱིངས་ལ་ཐུག་པ་དང་། ལྷུན་གྲུབ་ཀྱི་སྣང་བའི་འབྱུང་ཆེན་དག་པ་བཞིན་ནོ། །འབྱུང་ཆུང་ལའང་འབྱུང་གཟུགས་དང་། འབྱུང་བ་དངོས་གཉིས་ལས། འབྱུང་གཟུགས་ནི་ད་ལྟ་ཕྱི་ན་སྣང་བའི་ས་ཆུ་མེ་རླུང་ནམ་མཁའ་ལྔའོ། །འབྱུང་བ་དངོས་ནི་ལུས་ཀྱི་ཆོས་སྲ་བ་ས་ལ་སོགས་པ་ལྔ་སྟེ་ནང་འབྱུང་གི་རྟེན་དུ་གྱུར་པ་ལྔའོ། །ནང་འབྱུང་ནི། ཁམས་དག་པས་རྟེན་ཆོས་འབྱུང་ལྔ་སོ་སོ་བ་ཡིན་ནོ། །དེས་ན་འཁོར་འདས་ཐམས་ཅད་འབྱུང་ལྔའི་དབྱིངས་ལས་མ་གཡོས་ཤིང་། འབྱུང་ལྔ་མེད་པའི་སྔོན་དུ་འཁོར་འདས་བྱུང་བ་མེད་དེ། རང་ཤར་ལས། ཀྱེ་ཧོ་གསང་བའི་བདག་པོ་ཉོན། །འབྱུང་བ་ལྔ་ཡི་མཚན་ཉིད་ནི། །ངས་བསྟན་ཁྱོད་ཀྱིས་གོ་བར་གྱིས། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །འབྱུང་བ་ལྔ་ཡི་དབྱིངས་ལ་སྤྱོད། །འབྱུང་བ་མེད་པའི་སྔོན་རོལ་དུ། །སངས་རྒྱས་སེམས་ཅན་མིང་ཡང་མེད། །འབྱུང་བ་ལྔ་ཉིད་མ་ཡི་དབྱིངས། །འབྱུང་བ་ལྔ་ལས་མ་གྲུབ་པའི། །སྐྱེ་འགྲོ་སེམས་ཅན་གཅིག་ཀྱང་མེད། །དེ་ལ་གནས་པའི་སེམས་ཅན་གྱི། །འབྱུང་བ་རྣམ་པ་གཉིས་སུ་བསྟན། །ཅེས་སོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། ཕྱི་འབྱུང་རྒྱས་པར་བཤད་པ་དང་། ནང་འབྱུང་རྒྱས་པར་བཤད་པའོ། །དང་པོ་ལ། ངོ་བོ། ངེས་ཚིག །དགོས་ཆེད། མཚན་ཉིད། ལས་རིམ། ཆོས་ཉིད། དོན་སྦྱར། གྲོལ་ཚུལ། དབྱེ་བ། ཚང་ཚུལ་དང་བཅུ་ལས། དང་པོ་ངོ་བོ་ནི། ཕྱི་འབྱུང་གཟུགས་སུ་སྣང་བ་ནང་འབྱུང་དངོས་ཀྱི་རོལ་པ་ཡིན་པས། ནང་གི་ཁོངས་སུ་འདུ་བས་ན་འབྱུང་བ་ལྔ་སྟེ། རང་ཤར་ལས། ཕྱི་ཡི་འབྱུང་བ་འདི་ལྟ་སྟེ། །ས་དང་ཆུ་དང་མེ་དང་ནི། །དེ་བཞིན་རླུང་དང་ནམ་མཁའོ། །ཞེས་པས། ཕྱི་འབྱུང་གཟུགས་ལྔ་ནི་སེམས་ཅན་གྱི་རྟེན་སྣོད་ཀྱི་སྣང་བར་ཆགས་ལ། ནང་འབྱུང་དངོས་ལྔ་ནི་སེམས་དང་རིག་

p. 529

པའི་རྟེན་དུ་ཆགས་པ་སྟེ། ཐལ་འགྱུར་ལས། འབྱུང་བའི་འདོད་པ་འདི་ལྟ་སྟེ། །སྤྱི་མཐུན་ལས་ཀྱི་བྱེ་བྲག་ལས། །སེམས་ཅན་ལས་ཀྱི་རྟེན་སོ་ཡིས། །ཕྱི་ཡི་འབྱུང་བ་ལ་བརྟེན་ནས། །ལས་དང་གསོ་དང་དབང་པོ་དང་། །འཁོར་དང་སྐྱེ་བ་རྫོགས་པར་འདོད། །ཅེས་སོ། །གཉིས་པ་ངེས་ཚིག་ནི། རང་ཤར་ལས། འབྱུང་བའི་ངེས་ཚིག་འདི་ལྟ་སྟེ། །བྱས་པས་མ་བྱུང་ལྷུན་གྱིས་གྲུབ། །སྐྱེད་པར་བྱེད་པས་འབྱུང་བ་ཡིན། །འགྲོ་བ་ཡོངས་ལ་ཁྱབ་པས་འབྱུང་བ་ཆེན་པོ་ཡིན། །ཅིག་ཅར་སྐྱེ་བས་འབྱུང་བ་ཆེན་པོ་ཡིན། །རང་ལ་ཡོད་པས་འབྱུང་བ་ཆེན་པོ་ཡིན། །འགྱུར་བ་མེད་པས་འབྱུང་བ་ཆེན་པོ་ཡིན། །མཐུན་པར་སྣང་བས་འབྱུང་བ་ཆེན་པོ་ཡིན། །འབྱུང་བ་ཆེན་པོའི་ངེས་ཚིག་དེ་བཞིན་ནོ། །ཞེས་སོ། །གསུམ་པ་དགོས་ཆེད་ནི། ཐལ་འགྱུར་ལས། འབྱུང་བའི་དགོས་པ་འདི་ལྟ་སྟེ། །ཆུས་ནི་དྭངས་མ་སྡུད་པ་དང་། །སྙིགས་མ་རྣམས་ནི་འབྱེད་པའི་ལས། །སོ་སོའི་ལུས་ལ་བྱེད་པས་ན། །དགོས་པ་ཚ་དང་གྲང་ངོ་ཤེས། །སས་ནི་གཞི་མ་འཛིན་པ་དང་། །གྲུབ་ཅིང་ཆགས་པའི་ལས་རྣམས་བྱེད། །སྨིན་པས་རྩ་ལ་སོགས་པ་སྐྱེད། །དགོས་པ་ཀུན་རྫོབ་ཐིག་ལེ་ཤེས། །མེས་ནི་འབྱུང་བ་སྤེལ་བ་དང་། །སྨིན་ཅིང་གསལ་བའི་ལས་རྣམས་བྱེད། །འབར་ཞིང་མཆེད་པས་མིག་སོགས་སྐྱེད། །དགོས་པ་དྲོད་རྣམས་ཤེས་པར་བྱེད། །རླུང་གིས་གཏོར་དང་འདེགས་པ་དང་། །བསྐྱོད་ཅིང་གཡོ་བའི་ལས་རྣམས་བྱེད། །འགུལ་ཞིང་འཕྲིག་པས་ལུས་འཛིན་ཅིང་། །དགོས་པ་སེམས་ཀྱི་གནས་པ་ཤེས། །འབྱུང་བ་བཞི་བདག་དཀྱིལ་འཁོར་ཆེ། །ལུས་སོགས་འགྲུབ་པའི་རྒྱུ་བྱས་ཏེ། །བར་དུ་གནས་ཤིང་འཛིན་པ་བྱས། །ཐ་མ་འཇིག་པའི་ལས་ཀུན་བྱེད། །འབྱུང་བ་ཆེན་པོ་རྒྱུ་གཅིག་པས། །སྣ་ཚོགས་བྱེད་པའི་བདག་པོར་སྣང་། །དེས་ན་དགོས་པ་རང་དང་གཞན། །བྱ་བ་རྫོགས་པའི་དོན་ལ་མཁས། །ཞེས་སོ། །བཞི་པ་མཚན་ཉིད་ནི་ལྔ་ལས། སའི་མཚན་ཉིད་སྲ་བ། ཆུའི་མཚན་ཉིད་གཤེར་བ། མེའི་མཚན་ཉིད་དྲོ་བ། རླུང་གི་མཚན་

p. 530

ཉིད་གཡོ་བ། ནམ་མཁའི་མཚན་ཉིད་གོ་འབྱེད་ལ་ཡངས་པའོ། །ལྔ་པ་ལས་རིམ་ནི། ཐལ་འགྱུར་ལས། ནང་འབྱུང་ལས་ཀྱི་རིམ་པ་ནི། །སས་ནི་ལུས་ཀྱི་གཞི་བྱས་ཏེ། །བསྐྱེད་པས་ཤ་ཡི་སྨིན་སོར་འདོད། །ཆུས་ནི་ལུས་ཀུན་བསྡུས་ནས་ནི། །བསྐྱེད་པས་ཁྲག་ཏུ་སྨིན་པར་འདོད། །མེས་ནི་ལུས་ཀུན་སྨིན་བྱས་ཏེ། །བསྐྱེད་པས་དྲོད་དུ་སྨིན་པར་འདོད། །རླུང་གིས་ལུས་ཀུན་འདེགས་པ་ལ། །བསྐྱེད་པས་དབུགས་སུ་སྨིན་པར་བྱེད། །ཅེས་སོ། །དྲུག་པ་ཆོས་ཉིད་ནི། སྤྱིར་སྟོང་པ་ཡིན་ཡང་འདིར་རང་གི་མཚན་ཉིད་འཛིན་པའི་ཆོས་ཉིད་ཀྱི་དབང་དུ་བྱས་པའི་ཆོས་ཉིད་ནི། རང་ཤར་ལས། འབྱུང་བ་ལྔ་ཡི་ཆོས་ཉིད་ནི། །འབྱུང་བའི་རྒྱུ་ནི་ས་ཡིན་ནོ། །འབྱུང་བའི་ཤེས་རབ་མེ་ཡིན་ནོ། །འབྱུང་བའི་སྤྲུལ་པ་རླུང་ཡིན་ནོ། །འབྱུང་བའི་བདག་པོ་ཆུ་ཡིན་ཏེ། །འབྱུང་བའི་ཆོས་ཉིད་ནམ་མཁའ་འོ། །ཞེས་སོ། །བདུན་པ་དོན་སྦྱར་ལ་གཉིས་ལས། འབྱུང་ལྔ་ངོ་བོའི་དོན་སྦྱར་ནི། དེ་ཉིད་ལས། འབྱུང་བའི་དོན་སྦྱར་འདི་ལྟ་སྟེ། །ཆོས་སྐུ་གདོད་ནས་དག་པའི་རང་བཞིན་ལ། །ངོ་བོ་འགྱུར་བ་མེད་པས་འབྱུང་བ་ས་ཡང་ཡིན། །རིག་པའི་ཡེ་ཤེས་དོན་ལ་སྤྱོད་པས་འབྱུང་བ་མེ་ཡང་ཡིན། །རིག་པའི་ཡེ་ཤེས་མ་བསྐྱོད་དབྱིངས་སུ་གཤེགས་པས་འབྱུང་བ་རླུང་ཡང་ཡིན། །རིག་པའི་ཡེ་ཤེས་སྦུབས་གསུམ་གཅིག་ཏུ་འདྲིལ་བས་འབྱུང་བ་ཆུ་ཡང་ཡིན། །ཡེ་ཤེས་སྟོང་གསལ་གཉིས་མེད་ངང་དུ་ཐིམ་པས་འབྱུང་བ་ནམ་མཁའ་ཡིན། །ཅེས་སོ། །འབྱུང་ལྔ་སོ་སོའི་དོན་ནང་དུ་རིག་པ་དང་སྦྱར་བའི་དོན་སྦྱར་ནི། ནོར་བུ་འཕྲ་བཀོད་ལས། ཕྱི་འབྱུང་བ་ལྔ་ཉིད་ཐུན་མོང་རང་རྒྱུད་ཀྱི་ཆོས་ཡིན་ཏེ། ཕྱིར་སྣང་བའི་འབྱུང་བ་ཐམས་ཅད་རང་གི་རིག་པ་ཉིད་དང་སྦྱོར་བས་ན་ཐུན་མོང་གི་ཆོས་ཡིན་ཏེ། དེ་ཡང་དབྱེ་བ་འདི་ལྟ་སྟེ། སའི་མཚན་ཉིད་སྲ་བར་བྱེད་པ་ཉིད་ཀྱང་། རིག་པའི་ཡེ་ཤེས་སྐྱེ་འཇིག་དང་བྲལ་བར་སྦྱོར་རོ། །རླུང་གི་མཚན་ཉིད་འདེགས་པར་བྱེད་པ་ཉིད་ཀྱང་། རིག་པའི་ཡེ་ཤེས་ཐོགས་པ་མེད་པ་དང་སྦྱོར་རོ། །མེའི་མཚན་

p. 531

ཉིད་སྲེག་པར་བྱེད་པ་ཉིད་ཀྱང་། རིག་པའི་ཡེ་ཤེས་ཉོན་མོངས་པའི་དབང་དུ་མ་སོང་བ་ཉིད་དང་སྦྱོར་རོ། །ཆུའི་མཚན་ཉིད་རླན་པར་བྱེད་པ་ཉིད་ཀྱང་། རིག་པའི་ཡེ་ཤེས་ཡུལ་ཀུན་ལ་འཇུག་པ་དང་སྦྱོར་རོ། །ནམ་མཁའི་མཚན་ཉིད་ཡངས་པ་ཉིད་ཀྱང་། རིག་པའི་མཚན་ཉིད་རྒྱ་མ་ཆད་པ་དང་སྦྱར་བར་བྱའོ་ཞེས་སོ། །བརྒྱད་པ་འབྱུང་ལྔའི་གྲོལ་ཚུལ་ནི། མུ་ཏིག་ཕྲེང་བ་ལས། ནམ་མཁའ་ཉིད་ནི་ཁྱབ་སྟོང་པས། །ནམ་མཁའ་ཉིད་ནི་དངོས་པོར་གྲོལ། །རླུང་ནི་གཟུང་ཡུལ་མེད་སྣང་བས། །དངོས་པོ་སྡུད་པའི་ལས་སུ་གྲོལ། །མེ་ནི་སྨིན་བྱེད་བྱིན་ཟ་བས། །བསྐྱོད་ཅིང་དྭངས་སྙིགས་འབྱེད་པར་གྲོལ། །ས་ནི་སྐྱེད་བྱེད་འདེགས་པས་ན། །དངོས་མེད་མཐའ་ཡས་སྟོང་པར་གྲོལ། །ཆུ་ནི་སྡུད་བྱེད་རླན་པས་ན། །སྲེག་བྱེད་སྨིན་པའི་ལས་སུ་གྲོལ། །ཅེས་སོ། །དགུ་པ་དབྱེ་ན། འབྱུང་བ་ལྔ་པོ་རེ་རེ་ཞིང་སའི་ས་ལ་སོགས་པ་ལྔ་ཚན་ལྔ་སྟེ། རྣམ་གྲངས་ཆ་ཤས་ཉི་ཤུ་རྩ་ལྔ་ནི། ཡང་དེ་ཉིད་ལས། ནམ་མཁའི་རླུང་ནི་དངོས་པོ་ལ། །ནམ་མཁའི་མེས་ནི་སྡུད་པར་བྱེད། །ནམ་མཁའི་ཆུས་ནི་སྲེག་བྱེད་པ། །ནམ་མཁའི་ས་ཡིས་གོ་སྐབས་འབྱེད། །ནམ་མཁའི་ནམ་མཁའ་སྣང་བའོ། །རླུང་གི་རླུང་ནི་བརྟན་པ་ལ། །རླུང་གི་ནམ་མཁའ་ཡེ་གདངས་ཆེ། །རླུང་གི་ཆུ་ནི་མྱུར་མགྱོགས་ཆེ། །རླུང་གི་མེ་ནི་འཕེན་སྡུད་ཆེ། །རླུང་གི་ས་ནི་གཟུགས་བརྙན་གསལ། །ཆུ་ཡི་ཆུ་ནི་སྒྲ་བརྙན་ཡིན། །ཆུ་ཡི་ནམ་མཁའ་ཐོགས་པ་མེད། །ཆུ་ཡི་རླུང་ནི་ཆགས་མེད་རྒྱུག །ཆུ་ཡི་མེ་ནི་སྡུད་པར་བྱེད། །ཆུ་ཡི་སས་ནི་ཁྱབ་པར་བྱེད། །མེ་ཡི་མེས་ནི་སྐྱེད་པར་བྱེད། །མེ་ཡི་ནམ་མཁས་དངོས་པོ་བསྲེག །མེ་ཡི་རླུང་གིས་འབར་བར་བྱེད། །མེ་ཡི་ཆུས་ནི་རླག་པར་བྱེད། །མེ་ཡི་སས་ནི་འཛིན་པའོ། །ས་ཡི་སས་ནི་འགྲོ་བ་ཁྱབ། །ས་ཡི་ནམ་མཁའ་ཐེག་ཆེན་ཏེ། །ས་ཡི་རླུང་གིས་གང་སྟོངས་བྱེད། །ས་ཡི་ཆུས་ནི་དངོས་པོ་བསྐྱེད། །ས་ཡི་མེས་ནི་སྐེམ་པའོ། །ཞེས་སོ། །འདི་དག་གི་ཁྱད་པར་ལ་བསླབས་པས་ཡོན་ཏན་ཁྱད་པར་ཅན་རེ་རེ་འགྲུབ་པར་དེའི་འགྲེལ་པ་ལས་

p. 532

བཤད་ལ། སྒྲ་ཐལ་འགྱུར་ལས་ཀྱང་འབྱུང་བའི་སྒྲ་དོན་ལ་བསླབས་པས་ཐུན་མོང་གི་དངོས་གྲུབ་ཐོབ་པར་གསུངས་ཏེ། དེ་ཡི་སྒྲ་དོན་བྱེ་བྲག་གིས། །སྤྱི་ཡི་རྣམ་པ་ངེས་བསྟན་པ། །གཟུགས་ལ་བསླབས་པས་ལུས་ཟད་འགྱུར། །སྒྲ་ཡིས་སྐད་རྣམས་ཤེས་པར་འགྱུར། །དྲིས་ནི་བཅུད་ཀྱིས་ལེན་པ་འགྲུབ། །རོས་ནི་དངོས་པོ་བདུད་རྩིར་འགྱུར། །ཅེས་པ་དང་། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ས་ཆུ་མེ་རླུང་འབྱུང་བ་བཞིའི། །སྒྲ་དོན་རྣམས་ལ་གོམས་པ་ཡིས། །རིགས་དྲུག་རྣམས་ཀྱི་རང་སྐད་ཀྱི། །མངོན་ཤེས་འཆར་བ་འདིས་འགྲུབ་བོ། །ཞེས་སོ། །དེ་དག་ནི་ཕྱིའི་འབྱུང་བ་རྣམས་ཏེ་སེམས་ཅན་ཀུན་གྱི་རྟེན་དང་གནས་སོ། །བཅུ་པ་དེ་དག་དང་གཞན་ཡང་འཁོར་འདས་ཀྱི་ཆོས་རྣམས་རྣལ་འབྱོར་པའི་ལུས་སེམས་ལ་ཚང་ཚུལ་བསྟན་པ་ལ་གསུམ་སྟེ། ཆ་མཐུན་གྱི་ཚང་ཚུལ་སྤྱིར་བསྟན། ལུས་སེམས་ལ་ཚང་ཚུལ་བྱེ་བྲག་ཏུ་བཤད། བརྡ་ཆེན་ངེས་པའི་རོལ་མོས་གོ་བར་བྱ་བའོ། །དང་པོ་ནི། འགྲོ་བ་རྣམས་ཀྱི་ལུས་སེམས་ཚོགས་པའི་ཆོས་འདི་ལ་ཐམས་ཅད་ཡེ་ནས་ཆ་ཚང་དུ་རང་ཤར་ཏེ། ཐབས་ཤེས་རབ་ཀྱི་ཆར་ཕ་དང་མ། ཆོས་སྐུ་བྱང་ཆུབ་ཀྱི་ཆར་འཕེན་པ་ལས་ཀྱི་རླུང་། རིགས་ལྔ་ཡེ་གདངས་ཀྱི་ཆར་འབྱུང་ལྔའི་ས་བོན། ལམ་ཚོགས་གཉིས་ཐབས་ཤེས་ཟུང་འཇུག་གི་ཆར་སྙོམས་འཇུག་གི་དྭངས་མ་གཉིས། གཞི་དབྱིངས་ན་གནས་པའི་ཆར་མངལ་དུ་གནས་པ། ཁམས་བདུན་རྣམ་དག་གི་ལམ་བདུན་རྫོགས་པའི་ཆར་ཞག་བདུན་ཚན་བདུན་གྱིས་ལུས་ཆགས་ཚུལ། ས་བཅུ་རྫོགས་པའི་ཆར་མངལ་གནས་ཟླ་བ་བཅུ། ལམ་རྫོགས་ནས་སྐུ་གསུམ་དུ་སངས་རྒྱས་པའི་ཆར། བཙས་པ་སྤྲུལ་སྐུ། ལུས་གནས་ཏེ་ཡུལ་ལ་སྤྱོད་པ་ལོངས་སྐུ། ཤི་བ་ཆོས་སྐུ་སྟོང་པའི་ཆར་ཤར་བས། འགྲོ་བ་རྣམས་ཡེ་ནས་གཞི་ལམ་འབྲས་བུ་བགྲོད་ནས་གྲོལ་བའི་ཚུལ་ཏེ། མུ་ཏིག་ཕྲེང་བ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །

p. 533

ཐབས་དང་ཤེས་རབ་སྦྱོར་བ་ལས། །ཕ་དང་མ་ཡི་རྒྱུ་ཉིད་དག །འཕེན་པའི་རླུང་གིས་བསྐྱོད་པ་ནི། །བྱང་ཆུབ་རང་རིག་བདེ་ཆེན་པོ། །འབྱུང་ལྔའི་རྒྱུ་ལས་ས་བོན་ནི། །སྟོང་ཉིད་ཡུལ་ལ་སྣང་བར་ཤར། །གཉིས་ཀྱི་བདེ་བའི་སྙོམས་འཇུག་ནི། །ཐབས་ལས་བྱུང་བའི་ཤེས་རབ་ཉིད། །མངལ་གྱི་ལྷུམས་སུ་ཚུད་པ་ནི། །རང་རིག་གཞི་ནས་སྣང་བར་ཤར། །བདུན་ཚན་བདུན་གྱིས་རྟོགས་ཚད་དོ། །ཟླ་བཅུས་ས་རྣམས་བགྲོད་པ་ཉིད། །བཙས་པ་ཉིད་ནི་སྐུར་བཞེངས་ཏེ། །ལུས་སྐྱེད་པ་ནི་གཞི་སྣང་ཡུལ། །ལུས་སུ་གནས་པ་གཞི་ཡིན་ཏེ། །རྒས་པ་དག་གིས་འཁྲུལ་བ་སངས། །ན་བ་ཉིད་ནི་རྟོགས་པའི་གདེང་། །ཤི་བས་ཆོས་ཉིད་སྟོང་པར་གྲོལ། །དེ་ལྟར་སྣང་བའི་སེམས་ཅན་ཀུན། །འབད་པ་མེད་པར་ཡེ་ནས་གྲོལ། །ཅེས་སོ། །ཁྱད་པར་དུ་འཁྲུལ་པ་ལྡོག་ཚུལ་དང་སྦྱར་ན། བཙས་པ་ནི་རིག་པ་དབྱིངས་ལས་སྤྱོད་པའི་ཆའོ། །ལུས་ནི་གཞི། ཕྱིའི་སྣང་ཆ་གཞི་སྣང་ལྷུན་གྲུབ། ན་བ་ངོ་འཕྲོད་པའི་རྟོགས་པ། རྒས་པ་བདེན་ཞེན་གྱི་འཁྲུལ་པ་སངས་པ། ཤི་བ་རང་ངོ་ཤེས་དུས་ནང་དབྱིངས་ཀ་དག་གི་ས་ལ་མཐར་ཕྱིན་པའི་ཆ་མཚོན་པའོ། །འདི་དག་ཡེ་ནས་ཤར་བས་གདམས་ངག་ངོ་སྤྲོད་པ་དང་། དབང་དང་། བསྒོམས་པས་གྲོལ་བ་འཐད་དོ། །ཆ་མཐུན་དུ་ཡེ་ནས་མ་ཚང་ན་གདམས་ངག་གིས་གྲོལ་མི་ནུས་ལ། ཆ་མཐུན་ཡོད་པ་དེ་གསལ་བར་བསྟན་པས་སངས་རྒྱས་ཀྱི་ཆོས་ཞེས་བྱའོ། །གཞི་ལམ་ཡེ་ཚང་དུ་ཡོད་པ། སངས་རྒྱས་ཀྱིས་གསུངས་པས་བརྡ་དོན་དུ་བསྟན་དུ་བྱུང་བའང་གནད་འདི་ལ་ཐུག་གོ། གཉིས་པ་ལུས་སེམས་ལ་ཚང་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ལུས། སེམས། རིག་པ་ལ་ཚང་བའི་ཚུལ་ལོ། །དང་པོ་ནི། ལུས་འབྱུང་བཞི་འདུས་པའི་ཕུང་པོ་འདི་ལ་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཆ་དང་། ནང་བཅུད་ཀྱི་སྐྱེ་འགྲོའི་ཆ་རྣམས་ཚང་སྟེ། མུ་ཏིག་ཕྲེང་བ་ལས། ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་དང་ནི་ཉི་ཟླ་དང་། །སྐྱེས་པ་བུད་མེད་དག་གི་གཟུགས། །གཟའ་དང་སྐར་མ་སྤྲིན་དང་ནི། །ཤིང་དང་རི་དང་བྲག་རྣམས་དང་། །རྩ་

p. 534

བ་སྡོང་པོ་ཡལ་ག་དང་། །འདབ་མ་མེ་ཏོག་འབྲས་བུ་དང་། །དྲི་དང་རོ་དང་སྒྲ་དང་རེག །རོལ་མོ་རྣམས་དང་འཕན་གདུགས་དང་། །རྒྱལ་མཚན་དང་ནི་བླ་བྲེ་དང་། །དེ་དག་འཁོར་ཏེ་སྣང་བའི་ཆོས། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང་། །ཞེས་སོ། །དེ་དག་གི་ཆ་ཤས་རྒྱས་པར་བཤད་ན། སའི་ཆ་ཤ། ཆུའི་ཆ་ཁྲག །མེའི་ཆ་དྲོད། རླུང་གི་ཆ་དབུགས། ནམ་མཁའི་ཆ་སེམས། ཉི་ཟླའི་ཆ་མིག་གཉིས། སྐྱེས་པའི་ཆ་སྐྱེ་བ། བུད་མེད་ཀྱི་ཆ་འཆི་བ། གཟའི་ཆ་འདོད་པའི་སྒོ་ཁ་དང་སྣ་བུག་གཉིས་སོ། །སྐར་མའི་ཆ་སོ། སྤྲིན་གྱི་ཆ་སྐྲ། ཤིང་གི་ཆ་རྩ། རིའི་ཆ་མཚུངས་ལུས་རིལ་པོ། བྲག་གི་ཆ་རུས་པ། ལྗོན་ཤིང་གི་རྩ་བའི་ཆ་སྙིང་། ཡལ་གའི་ཆ་རྐང་ལག །མེ་ཏོག་གི་ཆ་མིག་ལ་སོགས་པ་དབང་པོ་ལྔ། འབྲས་བུའི་ཆ་ལུས་ཀྱི་བདེ་སྡུག་ཏུ་གྲུབ་པ། སྒྲའི་ཆ་སྐད། གཟུགས་ཀྱི་ཆ་ལུས། དྲིའི་ཆ་བ་སྤུ། རོའི་ཆ་པགས་པ། རེག་གི་ཆ་ནང་། རོལ་མོའི་ཆ་རྒྱུ་མ་ལ་སོགས་པའི་ནང་ཁྲོལ། འཕན་གྱི་ཆ་དྲི་ཆུ། གདུགས་ཀྱི་ཆ་རྐང་པ། རྒྱལ་མཚན་གྱི་ཆ་མིང་། བླ་བྲེའི་ཆ་རླངས་པའོ། །དེ་སྐད་དུའང་མུ་ཏིག་ཕྲེང་བ་ལས། ས་ནི་ཤ་སྟེ་དངོས་པོ་ཉིད། །ཆུ་ནི་ཁྲག་སྟེ་སྡུད་པ་ཉིད། །མེ་ནི་དྲོད་དེ་ལུས་ཀུན་སྨིན། །རླུང་ནི་དབུགས་ཏེ་ལས་ཀྱི་གཟུངས། །ནམ་མཁའ་སེམས་ཏེ་ལུས་ཀྱི་གདངས། །ཉི་ཟླ་མིག་སྟེ་གསལ་བར་བྱེད། །སྐྱེས་པ་དག་ནི་སྐྱེ་བ་ཉིད། །བུད་མེད་དག་ནི་འཆི་བར་སྣང་། །གཟའ་ནི་ཁ་ལ་སྐར་མ་སོ། །སྤྲིན་ནི་སྐྲ་ལ་ཤིང་ནི་རྩ། །རི་ནི་ལུས་ལ་བྲག་ནི་རུས། །རྩ་བ་སྙིང་ལ་སྡོང་པོ་རྐང་། །ཡལ་ག་དག་ནི་ཡན་ལག་ལ། །མེ་ཏོག་ཉིད་ནི་དབང་པོ་ལྔ། །འབྲས་བུ་ལུས་སུ་གྲུབ་པའོ། །དྲི་ནི་བ་སྤུ་རོ་ནི་པགས། །སྒྲ་ནི་སྐད་ལ་རེག་ནི་ནད། །རོལ་མོ་ནང་ཁྲོལ་འཕན་ནི་ཆུ། །གདུགས་ནི་རྐང་པ་རྒྱལ་མཚན་མིང་། །བླ་བྲེ་དག་ནི་རླངས་པའོ། །རྣལ་འབྱོར་ལུས་ལ་དེ་དག་རྫོགས། །ཞེས་སོ། །གཉིས་པ་སེམས་ལ་འཁོར་འདས་གཞི་ལམ་གྱི་ཆོས་ཐམས་ཅད་རྫོགས་པར་གནས་ཏེ། ཡང་

p. 535

དེ་ཉིད་ལས། འདས་པ་དཀར་པོའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཐམས་ཅད་རྫོགས། །འཁོར་བའི་ཆོས་ནི་འདས་སྟོང་ཕྱིར། །དཀྱིལ་འཁོར་ལྷ་དང་མཆོད་པ་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང་། །དབང་བསྐུར་བ་དང་དམ་ཚིག་དང་། །མན་ངག་འབོགས་དང་ཉམས་མྱོང་དང་། །དེ་བཞིན་བསྐྱེད་པའི་རིམ་པ་དང་། །ཐོས་དང་བསམ་དང་སྒོམ་པ་དང་། །ལྟ་བ་སྤྱོད་པ་སྒོམ་པ་དང་། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་དང་། །སྟོབས་དང་སྨོན་ལམ་ཡེ་ཤེས་དང་། །དེ་བཞིན་ཐབས་ཀྱི་ཕ་རོལ་ཕྱིན། །དགེ་བཅུ་སྤྱོད་པ་ལ་སོགས་པ། །ཐབས་དང་ཤེས་རབ་ཉིད་དང་ཡང་། །ཞེས་པ་ལ་སོགས་པ་ནས། མྱང་འདས་མཚོན་པའི་ཆོས་དེ་རྣམས། །ལུས་དང་སེམས་ལ་རྫོགས་པར་གནས། །ཞེས་པའི་བར་དུ་གསུངས་སོ། །གསུམ་པ་རིག་པ་ལ་ཚང་ཚུལ་ནི། ཡང་དེ་ལས། རང་སྣང་རིག་པའི་ངོ་གང་ལ། །ཇི་ལྟར་སྣང་བའི་ཆོས་རྣམས་རྫོགས། །ཞེས་པ་དང་། རིག་པ་ཉིད་ལ་འདི་ལྟ་སྟེ། །ཉི་མ་ཟླ་བ་ཤེས་རབ་ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །གཟའ་ནི་རྟོགས་ཚད་སྐར་མ་ཆོས། །སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཆོས་ཉིད་རྒྱས་པའི་ལམ། །རི་ནི་ལྟ་བ་འགྱུར་བ་མེད། །བྲག་ནི་ཆོས་སྐུ་སྐྱེ་འཇིག་བྲལ། །རྩ་བ་ཆོས་ཀུན་རྒྱུ་གཅིག་པ། །ཡལ་ག་བྱང་ཆུབ་ཡན་ལག་ཉིད། །སྡོང་པོ་སྟོང་པར་རོ་གཅིག་སྟེ། །འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད། །འབྲས་བུ་སྐུ་གསུམ་རང་རྫོགས་སོ། །སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ། །དྲི་ནི་སངས་རྒྱས་གསུང་དུ་གྲགས། །རོ་ནི་ཉམས་མྱོང་བདེ་བའི་རོ། །རེག་ནི་བསམ་གཏན་ཆེན་པོའོ། །རོལ་མོ་འོད་ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་གསལ་བའི་གདངས། །གདུགས་ནི་སྐྱོབ་པ་ཤེས་རབ་སྟེ། །བླ་བྲེ་མན་ངག་ཆེ་བའི་གནད། །རྒྱལ་མཚན་རྟོགས་པ་མངོན་སངས་རྒྱས། །སེམས་ཉིད་ངོ་ལ་ཆོས་རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས། །དེ་ཕྱིར་བློ་དང་

p. 536

དངོས་པོ་ཡི། །ཆོས་རྣམས་ཐམས་ཅད་བཏགས་པ་ཙམ། །ཞེས་སོ། །དོན་གཉིས་པ་ནང་འབྱུང་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐུན་མོང་གི་རབ་ཏུ་དབྱེ་བ་དང་། དབྱེ་བ་སོ་སོའི་རང་བཞིན་ནོ། །དང་པོ་ནི། ལུས་ཀྱི་འབྱུང་ལྔ་རགས་པ་ལ་དྭངས་མའི་འབྱུང་ལྔ་ནང་དུ་བརྟེན་པས་ནང་འབྱུང་སྟེ། རླུང་དང་། མེ་དང་། ས་དང་། ཆུ་དང་། ནམ་མཁའ་ལྔ་པོ་རེ་རེ་ཞིང་ལྔ་ལྔར་གནས་པས་ཡན་ལག་ཉི་ཤུ་རྩ་ལྔའོ། །དེ་ལྟར་ངེས་པའི་འཐད་པ་ནི་བྱེད་ལས་མི་འདྲ་བ་ལྔ་ལ་ལྟོས་ནས་ལྔར་ངེས་ཏེ། རང་ཤར་ལས་འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ་། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ་ཞེས་སོ། །གཉིས་པ་ལ་ལྔ་སྟེ། རླུང་དང་། མེ་དང་། ས་དང་། ཆུ་དང་། ནམ་མཁའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལའང་རྩ་བའི་དབྱེ་བ་དང་། ཡན་ལག་གི་དབྱེ་བ་རྒྱས་པར་བཤད་པ་གཉིས་ལས། རྩ་བའི་དབྱེ་བ་ནི། རང་ཤར་ལས། རླུང་རྣམ་པ་ལྔ་གང་ཞེ་ན། སྲོག་འཛིན་པའི་རླུང་དང་། བཀྲག་དང་གཟི་མདངས་སྐྱེད་པའི་རླུང་དང་། མེ་དང་མཉམ་པའི་རླུང་དང་། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་དང་། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་མགོ་མཇུག་ལ་གནས་པའོ་ཞེས་སོ། །དེའང་སྲོག་འཛིན་གྱི་རླུང་སྲོག་པ་རྩ་ན་གནས་སོ། །བཀྲག་དང་གཟི་མདངས་སྐྱེད་པ་སྨིན་ཕྲག་ན་གནས་སོ། །མེ་མཉམ་ཕོ་བ་ན་གནས་སོ། །ཀུན་ཁྱབ་ལུས་ཀུན་ལ་ཁྱབ་པར་གནས་སོ། །ལས་རླུང་སྙིང་དང་སྙིང་ཤུན་གྱི་བར་ན་གནས་སོ། །དེ་དག་གི་བྱེད་ལས་ཀྱང་། སྲོག་གནས་པ་དང་། མདངས་བསྐྱེད་པ་དང་། ཟས་འཇུ་བ། འགྲོ་འདུག་དང་། ཚེ་འཕོ་བའི་ལས་བྱེད་དེ་རིམ་པ་བཞིན་ནོ། །གཉིས་པ་ཡན་ལག་གི་དབྱེ་བ་ནི། རླུང་ལྔ་པོ་རེ་རེའང་ལྔ་ལྔར་གནས་པ་ལས། དང་པོ་སྲོག་འཛིན་པའི་རླུང་ལྔ་ནི་རང་ཤར་ལས།

p. 537

སྲོག་འཛིན་པའི་རླུང་ལ་ཡང་ལྔ་སྟེ། རྩ་བ་འཛིན་པའི་སྲོག་དང་། སྐྱོབ་བྱེད་ཀྱི་སྲོག་དང་། རྣམ་པར་ཕྲ་བའི་སྲོག་྄དང་། མི་གཙང་བའི་སྲོག་དང་། རྣམ་པར་འདར་བྱེད་ཀྱི་སྲོག་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། རིག་པའི་གདངས་སྐྱེད་པ་དང་། ཐིག་ལེའི་གདངས་སྐྱེད་པ་དང་། འོད་ཀྱི་གདངས་སྐྱེད་པ་དང་། མ་རིག་པའི་རྩ་བ་འཛིན་པ་དང་། ཡིད་ཀྱི་གྲོགས་བྱེད་པའི་ཚུལ་གྱིས་སྲོག་རྩ་ན་ཡོད་ལ། སྲོག་རླུང་གི་གདངས་ལ་རིག་གདངས་བརྟེན་ནས་གནས་པ་ཡིན་ནོ། །གཉིས་པ་མེ་མཉམ་གྱི་རླུང་ལྔ་ནི། ཡང་དེ་ལས། མེ་དང་ལྷན་ཅིག་གནས་པའི་རླུང་ལའང་ལྔ་སྟེ། དྭངས་སྙིགས་འབྱེད་པའི་རླུང་དང་། དྲོད་སྐྱེད་པའི་རླུང་དང་། གསལ་འགྱུར་གྱི་རླུང་དང་། རྣམ་པར་སྡུད་པའི་རླུང་དང་། རྣམ་པར་གཟེངས་བསྟོད་པའི་རླུང་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། སྲོག་དང་གཉིས་སུ་མེད། རིག་པ་དང་གཉིས་སུ་མེད། སྒྲོན་མ་དང་གཉིས་སུ་མེད། ཐིག་ལེ་དང་གཉིས་སུ་མེད། ཤེས་རབ་དང་གཉིས་སུ་མེད་པར་གནས་སོ། །གསུམ་པ་བཀྲག་དང་གཟི་མདངས་སྐྱེད་པའི་རླུང་ལྔ་ཡང་དེ་ལས། བཀྲག་དང་གཟི་མདངས་སྐྱེད་པའི་རླུང་ལའང་ལྔ་སྟེ་རྣམ་པར་ཤེས་པ་སྐྱེད་པའི་རླུང་དང་། རྣམ་པར་ཡིད་འབྱུང་བའི་རླུང་དང་། རྣམ་པར་མདངས་དང་ལྡན་པའི་རླུང་དང་། རྣམ་པར་སྲེག་པའི་རླུང་དང་། རྣམ་པར་རྒོད་པའི་རླུང་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་བཞིན་ཤེས་རབ་ཀྱི་ཡུལ། སྣང་བའི་ཡུལ། སྒྲོན་མའི་ཡུལ། མ་རིག་པའི་ཡུལ། ཡིད་ཀྱི་ཡུལ་གྱི་རྟ་བྱེད་དོ། །བཞི་པ་ཁྱབ་བྱེད་ཀྱི་རླུང་ལྔ་ནི། རང་ཤར་ལས། རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་དང་། འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་དང་། སྔང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་དང་། དྲན་པ་ཁྱབ་བྱེད་ཀྱི་རླུང་དང་། འཛིན་པས་ལུས་ཀུན་ཁྱབ་པའི་རླུང་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། ཡེ་ཤེས་ལ་སྣང་། སྒྲོན་མ་ལ་སྣང་། ཤེས་པ་ལ་སྣང་། བསམ་པ་ལ་སྣང་། སེམས་ལ་སྣང་བའི་རྩལ་བྱེད་པའོ། །ལྔ་པ་སྙིང་རྗེ་མེད་པ་ལས་ཀྱི་རླུང་ལྔ་ནི། ཡང་དེ་ལས། སྙིང་

p. 538

རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་ལྔ་སྟེ། རྣམ་པར་སྐྱོད་བྱེད་ཀྱི་རླུང་དང་། རྣམ་པར་སྒྲོལ་བྱེད་ཀྱི་རླུང་དང་། རྣམ་པར་ཟློག་བྱེད་ཀྱི་རླུང་དང་། རྣམ་པར་མྱུར་བྱེད་ཀྱི་རླུང་དང་། སྐད་ཅིག་མའི་རླུང་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། ཕུང་པོ་ལ་ཁྱབ། སྐད་ཅིག་ལ་ཁྱབ། བར་དོ་ལ་ཁྱབ། རྟོག་པ་ལ་ཁྱབ། སྐད་ཅིག་མ་བྱ་རྫོགས་གསུམ་ལ་ཁྱབ་པའོ། །དེ་ལྟར་ཉི་ཤུ་རྩ་ལྔ་ཡང་རྩ་བ་ལྔར་འདུ་ལ། དེ་དག་གི་སྒྲ་བཤད་ནི། རང་ཤར་ལས། ཡང་དག་པའི་ས་ལ་སྤྱོད་པར་བྱེད་པའི་ཕྱིར་ན་སྐྱོད་བྱེད་ཀྱི་རླུང་ཞེས་བྱའོ། །དག་པ་ཡེ་ཤེས་ཀྱི་སྲོག་འཛིན་པའི་ཕྱིར་ན་སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པའི་ཕྱིར་ན་བཀྲག་དང་གཟི་མདངས་སྐྱེད་པའི་རླུང་ཞེས་བྱའོ། །ཤེས་རབ་ཀྱི་ཡང་དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པར་གནས་པའི་ཕྱིར་ན་མེ་དང་མཉམ་པའི་རླུང་ཞེས་བྱའོ་ཞེས་སོ། །དེ་ལྟར་དྭངས་མའི་རླུང་ལྔ་ལ་རིག་པའི་ཡེ་ཤེས་བརྟེན་ནས་ད་ལྟ་སྙིང་ག་ན་གནས་པས་ཡེ་ཤེས་ཀྱི་རང་གདངས་འོད་ལྔར་གསལ་བའི་གནད་དེ་ཡིན་ནོ། །རིག་པ་རླུང་དང་བྲལ་དུས་ཡེ་ཤེས་དབྱིངས་སུ་འཁྱིལ་བས་ཕྱི་ནང་མི་མངོན་པའང་རླུང་སེམས་དག་པའི་གནད་ལ་ཐུག་གོ། འདིར་ཅུང་ཟུད་བསྡུས་ཏེ་བཤད་ན། ངོ་བོ་ཀ་དག་གི་རིག་པ་རིན་པོ་ཆེ་གསང་བའི་སྦུབས་རང་བཞིན་གྱིས་འོད་གསལ་བའི་ཕོ་བྲང་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ་བཞུགས་སོ། །དེའང་ངོ་བོ་སྐུར་བཞུགས་པས་རང་ངོ་ན་མི་གསལ་ཡང་ཕྱིར་སྣང་སྐུའི་འཆར་གཞི་མ་འགགས་པར་རང་གསལ། རང་བཞིན་འོད་ལྔའི་འཆར་གཞི་སྲོག་རླུང་ཡན་ལག་བཞི་གསུང་གི་སྙིང་པོར་ཡེ་གནས། ཐུགས་རྗེ་ཐུགས་རང་བྱུང་རིག་པའི་སྙིང་པོ་མཁྱེན་པ་གཉིས་ཀྱི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་

p. 539

འཕོ་འགྱུར་མེད་པར་བཞུགས་སོ། །མཁྱེན་པ་གཉིས་ནི། ངོ་བོ་ཆོས་ཉིད་ནང་གསལ་ལ་ལྟོས་ནས་ཐམས་ཅད་མཁྱེན་ལ། རྣམ་པ་ཆོས་ཅན་ཕྱིར་གསལ་ལ་ལྟོས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་སྣང་བའོ། །རླུང་ལྔ་ནི་རྩ་བ་སྲོག་རླུང་ཐུགས་རྗེ་རིག་པའི་ཡེ་ཤེས་ཀྱི་ཆ་ལས་དག་ན་སངས་རྒྱས་ཀྱི་ཡེ་ཤེས་དང་། མ་དག་ན་སེམས་ཅན་གྱི་རྟོག་ཚོགས་སུ་འཆར་བའི་གཞིར་གྱུར་པའོ། །དེ་ལས་འཕྲོས་པ་ཡན་ལག་གི་རླུང་བཞི་ནི་ཐུགས་རྗེའི་རྩལ་ལས་ཉི་མ་ལས་འོད་ཟེར་ལྟ་བུ་སྟེ། གྱེན་དུ་རྒྱུ་ཤེས་རབ་ཀྱི་རྟ་དང་། ཐུར་དུ་སེལ་ཤེས་རབ་ཀྱི་ཟེར་གདངས་འོད་དང་། མེ་དང་མཉམ་སྨིན་པར་བྱེད་པའི་སྟོབས་ཅན་དང་། ཁྱབ་བྱེད་རྫོགས་པར་བྱེད་པའི་སྟོབས་ཅན་བཞི་སྟེ། འདི་དག་ཀྱང་སྲོག་རླུང་ཙམ་གྱི་ཆ་ལ་ཡོད་ཀྱང་། དབྱིངས་སུ་ནི་མ་འཕྲོས། འཕྲོ་གཞི་མ་འགགས་པའི་སྙིང་པོ་ཙམ་དུ་གནས་ཏེ། སྙིང་པོའི་ཡན་ལག་འོད་དུ་གསལ་བའོ། །དེ་སྐད་དུ་ཡང་ཀུན་གསལ་ལས། །དེ་ཡི་སྐུ་ཡི་བཞུགས་ཚུལ་ནི། །སྟོང་གསལ་ཆུ་ལྦུའི་གཟུགས་བརྙན་བཞིན། །དེ་ཡི་གསུང་གི་གནས་ལུགས་ནི། །ཡན་ལག་རླུང་བཞི་མེ་སྟག་ཟེར་བཞིན་དུ། །རིག་པའི་ཀློང་ན་གསལ་བའོ། །དེ་ཡི་ཐུགས་ཀྱི་གསལ་ལུགས་ནི། །སྲོག་རླུང་རང་གི་ངོ་བོ་སྟེ། །ཕྱོགས་ལྷུང་མེད་པའི་ཤེས་རབ་མེ་སྟག་ལྟར། །སྙིང་པོའི་སྙིང་པོ་ཡེ་ཤེས་ལྔར་བཞུགས་སོ། །ཞེས་སོ། །དེའང་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པའི་ཡེ་ཤེས་ཏེ། བཅོས་ཤིང་བསྒྱུར་བ་དང་། ངོས་གཟུང་ཞིང་བརྡར་གདགས་སུ་མི་བཏུབ་པ། ས་གཞི་དང་ནམ་མཁའ་ལྟ་བུ། གསལ་བ་ལ་ཆ་ཕྲ་བས་སླ་ངའི་རྒྱབ་ཀྱི་མེ་སྟག་བཞིན་ཏེ། དབྱིངས་ཀྱི་སྙིང་པོ་ཆོས་སྐུ། དེ་ཉིད་རིག་པར་གནས་པས་ཀུན་གྱི་གཞི་འཛིན་ནོ། །དེའི་བཞུགས་པའི་ཕོ་བྲང་ནི། དེ་ཉིད་ལས། ཆོས་ཀྱི་དབྱིངས་ཏེ་སྟོང་ཁྱབ་ནམ་མཁའ་བཞིན། །ཅེས་པས། ཆོས་ཀྱི་སྐུ་དེ་རིན་པོ་ཆེའི་སྦུབས་ན་བཞུགས་ཙམ་ན། ཆོས་ཉིད་དག་པའི་ཡེ་གདངས་ཞེས་བྱ་སྟེ།

p. 540

རིག་པ་འོད་ཀྱི་ཁང་པ་ཅན། འོད་ཀྱི་སྣང་བ་ལ་བཞུགས་སོ། །དེ་ནི་ཐོག་མའི་སྤྱི་གཞི་རིག་པའི་དབྱིངས་ཞེས་བྱ་སྟེ། རླུང་ལྔ་དང་འབྲེལ་བ་བསྒྲུབ་པའི་དོན་ཏོ། །གཉིས་པ་མེ་ལྔ་རྒྱས་པར་བཤད་པ་ནི་རང་ཤར་ལས། མེ་ལ་ལྔ་སྟེ། ཕྱི་ནང་ཀུན་གྱི་ཁྱབ་བྱེད་ཀྱི་མེ་དང་། ཕྱི་ནང་ཀུན་གསལ་གྱི་མེ་དང་། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་དང་། ཕྱི་ནང་གི་བྱ་བ་རྟོགས་པའི་མེ་དང་། ཕྱི་ནང་གི་བྱ་བ་གྲུབ་པའི་མེ་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་བཞིན། གློ་བ་དང་། མིག་དང་ཡན་ལག་རྣམ་པ་ལྔ་སྟེ་དྲུག་དང་། ཤ་ལྤགས་བར་དང་། རྐང་མཐིལ་གཉིས་དང་། ལག་མཐིལ་གཉིས་ན་གནས་ཤིང་དྲོད་སྐྱེད་དོ། །གསུམ་པ་ས་ལའང་ལྔ་སྟེ། དེ་ཉིད་ལས། ས་ལ་ཡང་ལྔ་སྟེ། ཀུན་ཏུ་སྣང་བའི་ས་དང་། མི་འགྱུར་བ་རྡོ་རྗེའི་ས་དང་། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་དང་། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དང་། སྒྲུབ་པ་མཐར་ཕྱིན་པའི་ས་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་བཞིན། རིག་པ་དང་ལྷན་ཅིག །སྒྲོན་མ་དང་ལྷན་ཅིག །ཐིག་ལེ་དང་ལྷན་ཅིག །ཡེ་ཤེས་དང་ལྷན་ཅིག །ཤེས་རབ་དང་ལྷན་ཅིག་བརྟེན་པར་གནས་སོ། །བཞི་པ་ཆུ་ལྔ་ཡང་རང་ཤར་ལས། ཆུ་རྣམ་པ་ལྔ་ནི། འགྱུར་བ་མེད་པའི་ཆུ་དང་། ཞི་བ་གསལ་དག་གི་ཆུ་དང་། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་དང་། ཆགས་པ་མེད་པའི་ཆུ་དང་། འཛིན་མེད་རྫོགས་པའི་ཆུ་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། རྩ་ཐམས་ཅད་དང་། རུས་པ་ཐམས་ཅད་དང་། ཁྲག་ཐམས་ཅད་དང་། ཆུ་སེར་ཐམས་ཅད་དང་། མིག་གཉིས་ཀྱི་ནང་ན་གནས་པས་བརླན་ཞིང་དྭངས་མ་འཛིན་པའོ། །ལྔ་པ་ནམ་མཁའ་ལྔ་ནི། ཡང་རང་ཤར་ལས་གསུངས་པ། ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་དང་། ཡུལ་མེད་གསལ་གདངས་ཀྱི་ནམ་མཁའ་དང་། མ་འདྲེས་དག་པའི་ནམ་མཁའ་དང་། དོན་མཚོན་བྱེད་ཀྱི་ནམ་མཁའ་དང་། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་འོ་

p. 541

ཞེས་སོ། །དེ་དག་ཀྱང་རིམ་པ་བཞིན་དུ། རིག་པ་དངོས་དང་། འོད་ལྔ་དང་། དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་། རྟགས་ཀྱི་ཡེ་ཤེས་དང་། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་སྤྲད་པའི་དཔེ་དོན་ངེས་པའི་ཡིད་ཆེས་རྣམས་སོ། །དེ་ལྟར་འབྱུང་བ་ལྔའི་རིག་པའི་ཆས་བསྡུས་པ་རྣམས་འབྱུང་བ་ཆེན་པོ་ཡིན་ལ། དེའི་རྟེན་ནི་འབྱུང་བ་ཆུང་བ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འབྱུང་བའི་གནས་བསྟན་པ་སྟེ་རིམ་ཁང་བཅོ་ལྔ་པའོ།། །།

རིམ་ཁང་བཅུ་དྲུག་པ། དབྱིངས་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གནས་བསྟན་པ།

p. 542

དེ་ལྟར་རྟེན་འབྱུང་བའི་རང་བཞིན་གཏན་ལ་ཕབ་ནས། ད་ནི་བརྟེན་པ་དབྱིངས་དང་ཡེ་ཤེས་ཀྱི་གནས་རྣམ་པར་གཞག་པ་ལ་བཞི་སྟེ། རྟེན་སྐུ། གདངས་འོད། བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་རྟེན་སྐུའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། སྐུ་གསུམ་གྱི་དབྱིངས་སྤྱིར་བསྟན་པ་དང་། སྐུ་ལྔའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་སྐུའི་ངེས་བརྗོད་མདོར་བསྟན་པ་དང་། གནས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་ཚུལ་དུ་སྐུ་གསུམ་དབྱིངས་ལ་བཞུགས་ཏེ། རང་ཤར་ལས། སྐུ་གསུམ་ཡེ་ཤེས་སྣང་བ་ནི། །གང་ལ་ཐོགས་པ་མེད་པ་དང་། །དམིགས་པའི་ཡུལ་ནི་གཅིག་པ་ཡི། །ངོ་བོ་སོ་སོར་སྣང་བའོ། །ཞེས་སོ། །དེའང་རིག་པ་གཅིག་གི་སྣང་ཚུལ་ཏེ། དེ་ཉིད་ལས། རིག་པ་རྟོག་མེད་ཆོས་སྐུའི་ངོ་བོ་ཡིན། །རིག་པ་མ་འགགས་གསལ་བ་ལོངས་སྐུ་ཡིན། །རིག་པ་ཅིར་ཡང་སྣང་བ་སྤྲུལ་སྐུ་ཡིན། །ཅེས་སོ། །འདི་ལ་རྫོགས་པ། སངས་པ། རྒྱས་པ་གསུམ་ལས། རྫོགས་པ་ནི། རང་ཤར་ལས། སྐུ་གསུམ་དག་པའི་སྣང་བ་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །ཡེ་ཤེས་སྣང་བ་མ་འགགས་གསལ། །རྣམ་དག་ཡེ་ཤེས་འོད་ཟེར་འཕྲོ། །རྟོག་མེད་དག་པའི་རིག་པ་ལ། །འོད་ཟེར་རྣམ་ལྔ་མ་འགགས་གསལ། །འཛིན་མེད་རང་གྲོལ་ཆེན་པོ་ལ། །ཕྱི་ནང་གསང་བའི་ཆོས་རྣམས་གསལ། །བྱ་བ་བཏང་བའི་རིག་པ་ལ། །བྱ་བྱེད་

p. 543

ཆོས་རྣམས་དུས་གཅིག་རྫོགས། །སེམས་དང་བྲལ་བའི་རིག་པ་ལ། །སྣ་ཚོགས་སྣང་བ་དུས་གཅིག་རྫོགས། །རང་སྣང་གསལ་དག་ཆེན་པོ་ལ། །འཁྲུལ་པའི་སྣང་བ་དུས་གཅིག་རྫོགས། །རང་གྲོལ་རང་སྣང་ཆེན་པོ་ལ། །གཞན་བྱུང་ཆོས་རྣམས་དུས་གཅིག་རྫོགས། །སྐུ་གསུམ་རྫོགས་ལུགས་དེ་བཞིན་ནོ། །ཞེས་སོ། །སངས་པ་ནི་གཉིས་འཛིན་འཁྲུལ་པའི་ཆ་མེད་པ་སྟེ། དེ་ཉིད་ལས། བྱ་བ་མེད་པས་འཁྲུལ་པ་སངས། །རྟོག་པ་མེད་པས་ཉོན་མོངས་སངས། །འཛིན་པ་མེད་པས་རང་བྱུང་སངས། །ཞེན་པ་མེད་པས་རྣམ་རྟོག་སངས། །ཆགས་པ་མེད་པས་མ་རིག་སངས། །སྐུ་གསུམ་སངས་ལུགས་དེ་བཞིན་ནོ། །ཞེས་སོ། །རྒྱས་པས་ནི། ཡོན་ཏན་ཡེ་ནས་ལྷུན་གྲུབ་ཏུ་རྒྱས་པ་སྟེ། རང་ཤར་ལས། རྟོག་པ་མེད་པའི་རིག་པ་ལ། །འོད་ལྔ་གསལ་བས་ཡེ་ཤེས་རྒྱས། །རིག་པ་བྱ་བྱེད་བྲལ་བ་ལ། །དམིགས་པའི་ཡུལ་མེད་སྐུ་གསུམ་རྒྱས། །རིག་པ་ཡུལ་མེད་སྣང་བ་ལ། །འཛིན་པའི་སེམས་མེད་འོད་ལྔ་རྒྱས། །རིག་པ་ཡེ་ཤེས་ཆེན་པོ་ལ། །དོན་ལྡན་རང་སྣང་འབྲས་བུ་རྒྱས། །སྐུ་གསུམ་རྒྱས་ལུགས་དེ་བཞིན་ནོ། །ཞེས་སོ། །གཉིས་པ་གནས་རྒྱས་པར་བཤད་པ་ལ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའི་གནས་རྒྱས་པར་བཤད་པ་གསུམ་ལས། དང་པོ་ལའང་། ངོ་བོ། ངེས་ཚིག །རང་ལུས། མཚོན་དཔེ། རྟགས། སྣང་བ། གནས། མཚན་ཉིད། ཡུལ། དགོངས་པ་དང་བཅུ་ལས། ངོ་བོ་ནི། སྟོང་གསལ་འགག་མེད་རང་དངས་ཏེ། དེ་ཉིད་ལས། འགྱུར་མེད་འགག་མེད་ཁྱབ་པ་གསུམ། །ཆོས་ཀྱི་སྐུ་ཡི་ངོ་བོའོ། །ཞེས་སོ། །ངེས་ཚིག་ནི། དབྱིངས་ཡེ་དག་ལྷུན་གྱིས་གྲུབ་པའི་ཆོས་ཉིད་འོད་གསལ་བའི་སྐུ་ཡིན་པས་ངོ་བོ་ཀ་དག་མི་འགྱུར་བ་འཁྲུལ་མེད་ཀྱི་ཆོས་དང་། རང་བཞིན་ལྷུན་གྲུབ་འོད་གསལ་གྱི་སྐུ་རང་གནས་ཆེན་པོ་སྟེ། དེ་ཉིད་ལས། མི་འཇིགས་སྟོང་དང་གསལ་བ་དང་། །བྱ་བ་ཐམས་ཅད་རྫོགས་པ་ནི། །ཆོས་ཀྱི་སྐུ་ཡི་

p. 544

ངེས་ཚིག་གོ །ཞེས་སོ། །རང་ལུས་ནི། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་གང་དུའང་གྲུབ་པ་མེད་པ་སྟེ། རང་ཤར་ལས། ཕྱི་མེད་ནང་མེད་དབྱིངས་སུ་མེད། །ཆོས་ཀྱི་སྐུ་ཡི་རང་ལུས་ཡིན། །ཅེས་སོ། །མཚོན་དཔེ་ནི། རིག་པ་འོད་གསལ་བས་ཉི་མ་དང་། ཟབ་པས་རྒྱ་མཚོ་དང་། སྐྱོན་གྱིས་གོས་པ་མེད་པས་པདྨ་དང་། མི་འགྱུར་བས་རི་བོ་དང་། ཡངས་ལ་མཐའ་དབུས་མེད་པས་ནམ་མཁའ་དང་། ཐམས་ཅད་ཟིལ་གནོན་གྱི་གདེངས་དང་ཡེ་ནས་ལྡན་པས་སེང་གེ་ལྟ་བུ་སྟེ། དེ་ཉིད་ལས། ཉི་མ་རྒྱ་མཚོ་པདྨ་དང་། །རི་བོ་ནམ་མཁའ་སེང་གེ་གསུམ། །ཆོས་ཀྱི་སྐུ་ཡི་མཚོན་དཔེ་ཡིན། །ཅེས་སོ། །འགྲོ་འོང་ལས་འདས་པ་ནི་རྟགས་ཏེ། རང་ཤར་ལས། འགྲོ་མེད་འོང་མེད་གནས་པ་མེད། །ཆོས་ཀྱི་སྐུ་ཡི་རང་རྟགས་ཡིན། །ཅེས་སོ། །སྣང་བ་ནི་སྟོང་གསལ་ནམ་མཁའི་དབྱིངས་ལྟ་བུ་སྟེ། དེ་ཉིད་ལས། འགག་མེད་གསལ་གདངས་ངོ་བོས་སྟོང་། །ཆོས་ཀྱི་སྐུ་ཡི་སྣང་བ་ཡིན། །ཅེས་སོ། །གནས་ནི་དྲན་བསམ་རྣམ་དག་ཆེན་པོ་སྟེ། དེ་ལས། དཔག་མེད་དམིགས་མེད་འཛིན་པ་མེད། །ཆོས་ཀྱི་སྐུ་ཡི་གནས་ཡིན་ནོ། །ཞེས་སོ། །མཚན་ཉིད་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་སྟེ། དེ་ཉིད་ལས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན། །ཅེས་སོ། །ཡུལ་ནི་སྟོང་པ་ཕྱང་མ་ཆད་པས་རིག་པ་རང་གསལ། ཕྲ་བའི་ནང་འོད་ལྔས་བརྒྱན་པས་ལྷུན་གྲུབ་རང་གདངས། དབྱིངས་རིག་དབྱེར་མེད་ཆེན་པོ་ལ་རྣམ་པ་སོ་སོར་མ་འདྲེས་པ་སྟེ། རང་ཤར་ལས། གསལ་དང་གདངས་དང་མ་འདྲེས་གསུམ། །ཆོས་ཀྱི་སྐུ་ཡི་ཡུལ་ཡིན་ནོ། །ཞེས་སོ། །དགོངས་པ་ནི། ཕྱོགས་དང་རིས་སུ་མ་ཆད་པའི་ལྟ་བ། དངོས་པོ་དང་མཚན་མར་མ་གྲུབ་པའི་སྒོམ་པ། གཟུང་འཛིན་གཉིས་བཅས་ལས་འདས་པའི་སྤྱོད་པ། ལྷུན་གྲུབ་ཡེ་གྲོལ་ཆེན་པོའི་འབྲས་བུ། ཡེ་གྲུབ་དོན་ཀུན་རྫོགས་པའི་འཕྲིན་ལས། མ་བཙལ་རང་ལ་གནས་པའི་ཡོན་ཏན་རྣམས་ཏེ། ཡང་དེ་ཉིད་ལས།

p. 545

འགག་མེད་ཞེན་མེད་ཆགས་པ་མེད། །ཆོས་ཀྱི་སྐུ་ཡི་སྤྱོད་པའོ། །ལྷང་ངེ་ལྷན་ནེ་ཡེང་བ་མེད། །ཆོས་ཀྱི་སྐུ་ཡི་སྒོམ་པ་ཡིན། །བལྟར་མེད་བལྟས་ཟིན་ལྟ་བ་རྫོགས། །ཆོས་ཀྱི་སྐུ་ཡི་ལྟ་བ་ཡིན། །བྱས་མེད་བྱུང་མེད་འབྱུང་བ་མེད། །ཆོས་ཀྱི་སྐུ་ཡི་འབྲས་བུ་ཡིན། །བསྒྲུབ་མེད་བསྒྲུབས་ཟིན་སྒྲུབ་པ་རྫོགས། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་ཡིན། །གཅིག་བྱུང་གཉིས་བྱུང་ཐམས་ཅད་འབྱུང་། །ཆོས་ཀྱི་སྐུ་ཡི་ཡོན་ཏན་ཡིན། །ཅེས་སོ། །གཉིས་པ་ལོངས་སྐུའི་གནས་རྒྱས་པར་བཤད་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག །མཚན་ཉིད། སྣང་ལུགས། གནས་ལུགས་སོ། །དང་པོ་ནི། རང་ཤར་ལས། སྐྱེ་བ་ཡོད་དེ་འཆི་མེད་རྡོ་རྗེར་ལྡན། །འོད་ལྔ་སྐུ་ལྔ་མ་འདྲེས་སོ་སོར་གསལ། །ཡབ་ལྔ་ཡུམ་ལྔ་ཚོམ་བུ་ལྔ་དང་ལྡན། །ཡེ་ལྔ་ཤེས་ལྔ་རྟོགས་པ་ལྔ་དང་ལྡན། །གཞི་ལྔ་ལམ་ལྔ་འབྲས་བུ་ལྔ་དང་ལྡན། །གནས་ལྔ་ཡུལ་ལྔ་ངོ་བོ་ལྔ་དང་ལྡན། །ལོངས་སྤྱོད་རྫོགས་པ་སྐུ་ཡི་ངོ་བོའོ། །ཞེས་སོ། །དེའང་དབྱིངས་ལས་རང་སྣང་དུ་ཤར་བའི་ཆ་ནས་སྐྱེ་བར་བརྗོད་ཀྱང་། དོན་ལ་སྐྱེ་བ་རང་མཚན་པ་མེད་པའི་ཕྱིར་འཆི་བ་མེད་དེ་འཆི་བདག་གི་བདུད་བཅོམ་པའི་ཕྱིར་རོ། །དེའང་སེང་གེ་རྩལ་རྫོགས་ལས། ནད་མེད་ནང་ནས་ནོར་བུ་རིན་ཆེན་མཛོད། །བྱུང་བའི་ཡེ་ཤེས་འབྱུང་བ་ཀུན་ལས་འདས། །རྟོགས་པའི་ཤེས་རབ་དོན་ལ་རྣམ་པར་བསྒྱུར། །ཡངས་པའི་སྐུ་ལ་ཕྱི་ནང་རྣམ་པར་གསལ། །ཅེས་སོ། །འོད་ལྔ་ནི་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའོ། །སྐུ་ལྔ་ནི། དབྱིངས་ངོ་བོ་ཉིད་ཀྱི་སྐུ། མི་འགྱུར་བ་རྡོ་རྗེའི་སྐུ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་ལྔའོ། །ཡབ་ལྔ་ནི། རྣམ་སྣང་། མི་བསྐྱོད། རིན་འབྱུང་། སྣང་མཐའ། དོན་གྲུབ་ལྔའོ། །ཡུམ་ལྔ་ནི། ནམ་མཁའ་དབྱིངས་ཕྱུག་མ། སངས་རྒྱས་སྤྱན། མཱ་མ་ཀཱི། གོས་དཀར་མོ། དམ་ཚིག་སྒྲོལ་མ་ལྔའོ། །ཚོམ་བུ་ལྔ་ནི། མི་བསྐྱོད་ལ་སོགས་པ་ལྔ་ལ་ལྔ་ལྔས་བསྐོར་བའི་

p. 546

མཐའ་འོད་ལྔའི་མུ་ཁྱུད་ཀྱིས་མཛེས་པའོ། །ཡེ་ལྔ་ནི། ལམ་ལྔ་ཡེ་རྫོགས། སྐུ་ལྔ་ཡེ་གྲུབ། རིག་པ་ཡེ་ཤར། འོད་ལྔ་ཡེ་གདངས། དྲི་མ་ཡེ་སངས་སོ། །ཤེས་ལྔ་ནི། རྟོགས་པའི་ཚད་ལས། སྐུ་ལྔར་ཤེས། ཡེ་ཤེས་ལྔར་ཤེས། འོད་ལྔར་ཤེས། རང་སྣང་དུ་ཤེས། གཉིས་མེད་མཐའ་གྲོལ་ཆེན་པོར་ཤེས་པའོ། །རྟོགས་པ་ལྔ་ནི། ཡུལ་དབྱིངས་སུ་རྟོགས། སྐྱེ་འགྲོ་སྐུར་རྟོགས། སྣང་བ་འོད་དུ་རྟོགས། ཤར་གྲོལ་རིས་མེད་དུ་རྟོགས། ཤེས་རབ་རིག་པར་རྟོགས་པའོ། །གཞི་ལྔ་ནི། འོད་གསལ་གྱི་གཞི་རིག་པ། དངོས་པོའི་གཞི་ཀུན་གཞི། འཁྲུལ་པའི་གཞི་སེམས། ལམ་གྱི་གཞི་སྒྲོན་མ། རྟོག་པའི་གཞི་ཤེས་རབ་བོ། །ལམ་ལྔ་ནི། ཐུན་མོང་བ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་དང་ལྔའོ། །ཐུན་མོང་མ་ཡིན་པའི་ལམ་ལྔ་ནི། ཆོས་ཉིད་ཀྱི་ལམ་དབྱིངས། རིག་པའི་ལམ་ཤེས་རབ། འོད་གསལ་གྱི་ལམ་སྒྲོན་མ་གཉིས། ཁྲེགས་ཆོད་ཀྱི་ལམ་ཤར་གྲོལ། ཐོད་རྒལ་གྱི་ལམ་དབྱིངས་རིག་གོ། འབྲས་བུ་ལྔ་ནི། ཡེ་ཤེས་ཀྱི་འབྲས་བུ་རིགས་སུ་གྲོལ་བ། འོད་ཀྱི་འབྲས་བུ་འཁྲུལ་སྣང་ནུབ་པ། རྟོགས་པའི་འབྲས་བུ་འཁྲུལ་རྟོག་སངས་པ། རང་སྣང་གི་འབྲས་བུ་ཟད་སར་སྐྱོལ་བ། མཐར་ཐུག་གི་འབྲས་བུ་དབྱིངས་ལ་ཐིམ་པའོ། །གནས་ལྔ་ནི། ཐིག་ལེའི་གནས་ཙིཏྟ། ཡེ་ཤེས་ཀྱི་གནས་ཀླད་པ། སྒྲོན་མའི་གནས་མིག །དབྱིངས་སྣང་གི་གནས་ནམ་མཁའ། གྲོལ་སའི་གནས་ཀ་དག་གོ། ཡུལ་ལྔ་ནི། རིག་པའི་ཡུལ་དབྱིངས། སྒྲོན་མའི་ཡུལ་ནམ་མཁའ། ཡེ་ཤེས་ཀྱི་ཡུལ་བར་དོ། འོད་ཀྱི་ཡུལ་རང་སྣང་། ལོངས་སྐུའི་ཡུལ་ཚོམ་བུའོ། །ངོ་བོ་ལྔ་ནི། རིག་པའི་ངོ་བོ་ཀ་དག །ཡེ་ཤེས་ཀྱི་ངོ་བོ་ལྷུན་གྲུབ། འོད་ཀྱི་ངོ་བོ་རྣམ་ལྔ། ཤེས་རབ་ཀྱི་ངོ་བོ་རྟོགས་པ། སྒྲོན་མའི་ངོ་བོ་སྟོང་གསལ་ལོ། །དེ་ལྟར་ལྔ་ཚན་དུ་སྣང་བ་ལས་ལ་ལ་ནི་ལོངས་སྐུའི་སྙིང་པོ། ལ་ལ་ཡུལ། ལ་ལ་ཐབས། ལ་ལ་སྣང་བ། ལ་ལ་ཤེས་རབ་ཡིན་པས་ལོངས་སྐུ་ཞེས་

p. 547

ཆུན་གཅིག་ཏུ་བཤད་པ་ཡིན་ནོ། །གཉིས་པ་ངེས་ཚིག་ནི། ཡོན་ཏན་ཚད་དུ་ལོངས་པ་དང་། འོད་གསལ་དག་པ་ལ་སྤྱོད་པ་དང་། དོན་གཉིས་ལྷུན་གྱིས་རྫོགས་པ་དང་། ཡེ་ཤེས་ཚད་དུ་ཕྱིན་པ་དང་། མཚན་དཔེ་འོད་ཟེར་སྣང་བའི་སྐུ་དང་ལྔའི་སྒྲས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བརྗོད་དེ། རང་ཤར་ལས། ཆོས་ཉིད་སྟོང་པའི་ངང་དུ་གནས་པས་ལོངས། །གསལ་ལ་མ་འདྲེས་ཀུན་ལ་ཁྱབ་པས་ལོངས། །ཡེ་ཤེས་ལྔ་ལ་འདུ་འབྲལ་མེད་པར་གནས་པས་ལོངས། །ཀུན་དང་མི་མཉམ་སོ་སོའི་མཚན་དང་ལྡན་པས་ལོངས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་གནས་པས་ལོངས། །སྣང་བ་ལྔ་ཉིད་མཚན་མ་མེད་པར་གནས་པས་སྤྱོད། །འཛིན་པ་མེད་པར་རང་གསལ་ཀུན་ལ་རོལ་པས་སྤྱོད། །སང་ངེ་སལ་ལེ་ཀུན་ལ་སྙོམས་པར་གནས་པས་སྤྱོད། །ལྷང་ངེ་ལྷན་ནེ་ཡུལ་ལ་གནས་ཤིང་སྤྲུལ་པ་འགྱེད་པས་སྤྱོད། །སྐུ་གཉིས་དོན་ལ་དགོངས་པས་མཐར་ཕྱིན་རོལ་པས་སྤྱོད། །འཛིན་མེད་ས་ལ་གནས་ཤིང་སྤྲུལ་པ་ཕྱོགས་བཅུར་མཛད་པས་སྤྱོད། །ཐམས་ཅད་འབྱུང་ཞིང་བསྐྱེད་དང་སྤྱོད་པའི་མཐར་ཕྱིན་ཡིན་པས་སྤྱོད། །ཕྱི་ནང་གསང་བའི་བྱ་བ་ཀུན་ལས་འདས་པས་རྫོགས། །དམིགས་མེད་དོན་ལ་ཅིག་ཅར་སྣང་བས་རྫོགས། །ཕྱོགས་སུ་མ་ལྷུང་འགྲོ་འོང་མེད་པས་རྫོགས། །བྱས་པ་མ་ཡིན་ངང་ལས་བྱུང་བས་རྫོགས། །བྱ་བ་ཐམས་ཅད་ཀུན་ལས་འདས་པས་རྫོགས། །སྟོང་པའི་ཡེ་ཤེས་རང་ལ་ཆས་པས་པ། །སྟོང་ཉིད་མ་འགགས་སོ་སོར་གསལ་བས་པ། །ཡེ་ཤེས་མ་འགགས་ཐབས་ལ་རོལ་པས་པ། །གསལ་ལ་མི་རྟོག་འཛིན་པ་མེད་པས་པ། །རྒྱན་དང་ཆ་ལུགས་མཚན་ཉིད་འཛིན་པས་པ། །འཛིན་མེད་རང་གསལ་ངོ་བོར་གནས་པས་སྐུ། ཁ་དོག་སོ་སོའི་མཚན་ཉིད་འཛིན་པས་སྐུ། །རྡོ་རྗེའི་དོན་ཉིད་དོན་དང་ལྡན་པས་སྐུ། །དོན་རྟགས་རང་རང་མཚན་དང་ལྡན་པས་སྐུ། །ཕྱི་དང་ནང་མེད་ཀུན་ཏུ་གསལ་བས་སྐུ། །ངོ་བོ་འགྱུར་མེད་ཁ་དོག་གསལ་བས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་བཅུར་

p. 548

འཆར་བས་སྐུ། །ཞེས་སོ། །གསུམ་པ་མཚན་ཉིད་ནི། རིགས་ལྔ་སོ་སོའི་དཀྱིལ་འཁོར་མ་འདྲེས་ལ་གདངས་གསལ་བ་སྟེ། རང་ཤར་ལས། ཁ་དོག་མ་འདྲེས་སོ་སོའི་མཚན་འཛིན་པ། །མཚན་དང་དཔེ་བྱད་བཟང་པོ་འོད་ཟེར་འབར། །ཡབ་དང་ཡུམ་དང་སྐུ་ཡི་ཆ་ལུགས་འཛིན། །ལོངས་སྤྱོད་རྫོགས་པ་སྐུ་ཡི་མཚན་ཉིད་དོ། །ཞེས་སོ། །བཞི་པ་སྣང་ལུགས་ནི། རང་བཞིན་རིག་པ་གཅིག་ལས། དབྱིངས་ཀྱི་སྐུ་ལས་ཟེར་གྱི་སྐུ་ཕྱོགས་བཅུར་འཕྲོ་བས་དོན་བྱེད་པ་དང་། རིག་པའི་སྐུ་དབྱིངས་ལས་མི་གཡོ་ཞིང་འཕོ་འགྱུར་མེད་པ་རང་སྣང་འོད་གསལ་གྱི་ཞིང་ན་རྫོགས་པ་གཉིས་ནང་དང་ཕྱིར་སྣང་བའི་ཚུལ་ཏེ། དེ་ཉིད་ལས། རང་བཞིན་གཅིག་ལ་ངོ་བོ་གཉིས། །ལོངས་སྤྱོད་རྫོགས་པའི་སྣང་བ་ཡིན། །ཅེས་སོ། །ལྔ་པ་གནས་ལུགས་ནི་སྤང་བླང་མེད་པའི་དབྱིངས། གཉིས་སུ་མེད་པའི་མཁའ། འོད་ལྔ་རྫོགས་པའི་ཀློང་། སྤྲུལ་པ་འཕྲོ་བའི་རང་བཞིན་ཆེན་པོར་གནས་ཏེ། རང་ཤར་ལས། ཡང་དག་སྐྱེད་དང་དམིགས་པ་མེད། །འཇུག་དང་གྲོལ་བའི་སེམས་ཀྱང་མེད། །འཛིན་དང་སྤྱོད་པ་ག་ལ་ཡོད། །ཆགས་དང་ཞེན་པའི་ཚིག་ལས་འདས། །སྤང་བྱ་སྤོང་བྱེད་གཉིས་ལས་འདས། །ཡུལ་དང་སེམས་དང་ཡིད་ལས་འདས། །ཡུལ་ལ་དམིགས་པ་མེད་པ་ལ། །རང་སྣང་ཆིག་ཆོད་སྣང་བའོ། །འཛིན་མེད་རང་སར་གྲོལ་བ་སྟེ། །སྤྲུལ་པ་ཕྱོགས་བཅུར་མཛད་གྱུར་ཅིང་། །དམིགས་པ་དག་པའི་ཡུལ་སྣང་ལ། །ཡེ་ཤེས་ཆིག་ཆོད་སྐྱེ་བར་འགྱུར། །དམིགས་པ་མེད་པའི་ཡུལ་སྣང་ལ། །མཚན་མ་རང་སར་གྲོལ་བར་འགྱུར། །དེ་ལས་སྤྲུལ་པ་རྒྱ་ཆེར་འབྱུང་། །ཞེས་སོ། །གསུམ་པ་སྤྲུལ་སྐུའི་གནས་རྒྱས་པར་བཤད་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག །མཚན་ཉིད། དབྱེ་བ། བརྟག་ཐབས་སོ། །དང་པོ་སྤྲུལ་སྐུའི་ངོ་བོ་དབྱིངས་དང་རིག་པའི་སྐུ་ལས་ཟེར་གྱི་སྐུ་ལ་སོགས་པར་འཕྲོས་ནས་གཞན་དོན་བྱེད་པའོ། །ངེས་ཚིག་ནི། རང་ཤར་ལས། སྤྲུལ་པ་སྐུའི་ངེས་ཚིག་འདི་རྣམས་ཡིན་པར་ཤེས་པར་གྱིས་ཤིགའཇིག་རྟེན་གྱི་ཁམས་ཀྱི་སེམས་

p. 549

ཅན་རྣམས་ལ་མཐུན་པར་སྣང་བའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །སྤྲུལ་པའི་སྐུའི་དོན་བྱེད་ནུས་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །བྱ་བ་ཐམས་ཅད་བྱེད་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །སེམས་ཅན་གྲངས་ལས་འདས་པ་རྣམས་སྐྱེ་མེད་ཀྱི་དབྱིངས་སུ་སྒྲོལ་བར་ནུས་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །ཞིང་ཁམས་གཅིག་ཏུ་ཡུན་ཐུང་བའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །ཐུགས་རྗེ་ཕྱོགས་མེད་དུ་འཆར་བའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །ཁྲོ་ཞིང་གཏུམ་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །ཞི་ཞིང་ངེས་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །འགྲོ་བ་རྣམས་ཀྱིས་མཛེས་པར་མཐོང་བའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །ཞེས་སོ། །གསུམ་པ་མཚན་ཉིད་ནི། གདུལ་བྱའི་དོན་གཉིས་རྫོགས་པར་བྱེད་པ་སྟེ། དེ་ཉིད་ལས། སྤྲུལ་པ་སྐུ་ཡི་མཚན་ཉིད་ནི། །བྱ་བ་རྫོགས་པར་བྱ་བ་བྱེད། །རྣམ་པ་གཉིས་སུ་འདོད་པའོ། །ཞེས་སོ། །བཞི་པ་དབྱེ་བ་ལ་སྤྱིར་རང་བཞིན་སྤྲུལ་པ་དང་འགྲོ་འདུལ་སྤྲུལ་པ་ལ་སོགས་པར་བཤད་ཀྱང་། སྐབས་འདིར་དོན་གཉིས་རྫོགས་པར་གྲུབ་པ་ལ་ལྟོས་ནས། བྱ་བ་རྫོགས་པའི་སྤྲུལ་སྐུ་དང་། བྱ་བ་བྱེད་པའི་སྤྲུལ་སྐུ་གཉིས་སུ་བཞེད་དོ། །དེའང་རང་དོན་ལྷུན་གྱིས་གྲུབ་པ་བྱ་བ་རྫོགས་པའི་སྤྲུལ་སྐུ་ནི། ཚེ་འདིའམ་བར་དོར་རང་སྣང་ལྷུན་གྲུབ་ཀྱི་སྒོ་རྫོགས་ནས། མ་དག་པའི་སྒོ་ལས་འགྲོ་དྲུག་རང་སྣང་དུ་ཤར་བ་རྣམས་སྦྱོར་བ་གསུམ་གྱི་སྤྲུལ་པས་དོན་བྱས། རང་སྣང་ཙམ་དུ་རིགས་དྲུག་དོང་སྤྲུགས་ནས་དབྱིངས་སུ་ཞི་བའོ། །རང་སྣང་གི་འཁོར་བ་སྟོངས་དགོས་ཏེ། འཁྲུལ་སྣང་སྟོངས་དགོས་པའི་ཕྱིར་རོ། །ཐུན་མོང་དུའང་། ཟད་ཅིང་སྟོངས་པར་གྱུར་ཅིག་འཁོར་བ་ངན་སོང་གསུམ། །ཞེས་པ་དང་། སེམས་ཅན་ཐམས་ཅད་གྲོལ་བར་སེམས་བསྐྱེད་པའི་ཕྱིར་རོ། །ཁྱད་པར་དུ་བར་དོར་སྤྲུལ་པ་འབྱིན་ནུས་མི་ནུས་དང་སྤྲུལ་པ་བཀྱེ་ནས་སངས་རྒྱས་སོ་བྱ་བ་ཀུན། རང་སྣང་ལྷུན་གྲུབ་ཀྱི་སྒོ་ལ་མར་འགྲོ་དྲུག་གི་གནས་རིས་སྣང་དུས། དེར་རང་སྣང་གི་སྟོང་པ་རང་སྣང་བ་དེས་ཆོས་གསུངས་པ་ལ་སོགས་པས་དོན་བྱས། རྒྱུ་དེས་འཁོར་བར་

p. 550

སྣང་བ་དེ་ཐམས་ཅད་སྟོངས་ནས། ལྷུན་གྲུབ་ཀྱི་སྒོ་དག་པ་མྱ་ངན་ལས་འདས་པ་དབྱིངས་སུ་ཐིམ་དུས། སངས་རྒྱས་མྱ་ངན་ལས་འདས་པ་ཞེས་བྱའོ། །འདི་ཤེས་རབ་ཡོད་པ་ཀུན་ལ་གནད་གལ་པོ་ཆེའོ། །དེས་ན་རང་དོན་བསྒྲུབ་པའི་སྟོང་པར་སྣང་བ་དེ་ནི་རང་ཉིད་དབྱིངས་སུ་གྲོལ་བྱེད་རང་ལས་ཤར་བའི་སྤྲུལ་པ་ཡིན་པས་བྱ་བ་རྫོགས་པའི་སྤྲུལ་སྐུ་ཞེས་བྱ་སྟེ། རང་ཤར་ལས། བྱ་བ་རྫོགས་པའི་སྤྲུལ་སྐུ་ནི། །རང་གི་རྒྱུད་འགྲོལ་མངོན་སངས་རྒྱས། །དེ་ནས་སྤྲུལ་པ་འགྱེད་པའོ། །ཕྱི་ནང་བྱ་བ་རྫོགས་པ་སྟེ། །བྱ་བ་རྫོགས་པའི་སྤྲུལ་སྐུར་འདོད། །ཅེས་སོ། །སྤྲུལ་པ་འགྱེད་ལུགས་ནི། བར་དོ་ལྷུན་གྲུབ་ཀྱི་སྒོ་བརྒྱད་རྫོགས་པར་མཐོང་དུས། རང་ངོ་ཤེས་པས་གྲོལ་ནས། མ་དག་པ་འཁོར་བའི་སྒོ་དེར། རང་ཉིད་ལོངས་སྐུ་ཡབ་ཡུམ་གྱི་སྦྱོར་བའི་མཁའ་གསང་ལས་འོད་ཟེར་འཕྲོས་པ་གནས་རིས་སོ་སོར་ཕ་མ་ལས་དག་པའི་མངལ་དུ་ཞུགས་ནས་བཙའ་བར་སྣང་བ་དེས་ཆོས་བསྟན་ནས་གྲོལ་བར་སྟོན་པའོ། །འདི་ནི་དཔེ་རྨི་ལམ་དུ་སྤྲུལ་པ་བཀྱེ་བ་ལྟར། རང་སྣང་འབའ་ཞིག་གིས་བསྡུས་པ་ཡིན་ནོ། །རྩ་ཁམས་དག་ཏུ་ཉེ་བ་ན་ཚེ་འདིར་ཡང་ཐིག་ལེའི་ནང་དུ་འགྲོ་དྲུག་སྣང་བ་ཡོད་ལ། འདི་དག་ནང་གི་གནད་གསུམ་ཆིངས་སུ་བཅིངས་པས་ཟད་ས་ལ་ཐུག་ནས་སྤྲུལ་པ་འགྱེད་པ་ལ་མི་ལྟོས་པ་ཡིན་ནོ། །དཀའ་བའི་གནས་འདི་ནི་དྲང་པོར་བརྗོད་ཤེས་པ་ཕྱིན་ཆད་བྱུང་ན་ཁོ་བོའི་ནུས་པ་ཡིན་ནོ། །གཉིས་པ་བྱ་བ་བྱེད་པའི་སྤྲུལ་སྐུ་ནི། སར་གནས་རྣམས་ལ་ལོངས་སྐུ་དང་། མ་དག་པ་རྣམས་ལ་མཆོག་གི་སྤྲུལ་སྐུ་དང་། ཤིན་ཏུ་མ་དག་པ་རྣམས་ལ་གནས་རིས་སོ་སོ་དང་མཐུན་པའི་འགྲོ་བར་སྤྲུལ་ནས་སེམས་ཅན་སོ་སོའི་དོན་བྱེད་པ་སྟེ། དེ་ཉིད་ལས། བྱ་བ་བྱེད་པའི་སྤྲུལ་སྐུ་ནི། །གང་འདུལ་དེ་ལ་དེར་སྟོན་ཅིང་། །གཞན་དང་མཐུན་པར་སྣང་བ་ལ། །དེ་ནི་གོང་མ་ལྟ་བུའོ། །གཞན་གྱི་དོན་ལ་མ་རྨོངས་ཤིང་། །ཅིར་ཡང་བསྒྱུར་དུ་བཏུབ་པའོ། །གཞན་དང་མཐུན་པར་སྣང་བ་ལ། །འགྲོ་བ་ཟིལ་གྱིས་གནོན་པའོ། །ཉོན་

p. 551

མོངས་ངང་གིས་མེད་པ་དང་། །བག་ཆགས་ལུས་ལྟར་སྣང་བའོ། །དུས་ལ་བབ་པའི་སེམས་ཅན་ལ། །ཡང་དག་དོན་ཆེན་སྟོན་པར་བྱེད། །འགྲོ་བ་གང་དག་འདུལ་བ་ལ། །དེ་དང་མཐུན་པར་སྣང་བའོ། །ཞེས་སོ། །སྤྲུལ་པའི་སྐུ་དེ་ཡང་སོ་སོ་ཡང་དག་པ་རིག་པ་བཞིས་དོན་མཛད་པ་ལས། ཐམས་ཅད་ཀྱི་སྐད་སོ་སོ་ཡང་དག་རིག་གིས་རང་རང་གི་སྐད་དུ་ཆོས་སྟོན་ལ། དེ་ཡང་དབང་པོ་དང་བག་ལ་ཉལ་མཁྱེན་པས་དེའི་བསམ་པ་དང་མཐུན་པར་སྟོན་ལ། དེ་ཡང་ཐེག་པ་ཆེ་བ་དང་། ཆུང་བ་དང་། སྣ་ཚོགས་དང་། གསང་སྔགས་ལའང་བསྐྱེད་རྫོགས་དང་། རེ་རེ་བ་དང་། སེམས་དང་། ཡེ་ཤེས་དང་། ཀུན་གཞི་དང་། ཀུན་གཞི་ཆོས་སྐུར་སྟོན་པ་ལ་སོགས་པ་དུ་མར་སྟོན་ཀྱང་། རང་བཞིན་རྫོགས་པ་ཆེན་པོ་ནི་སྐལ་བ་ཅན་འགའ་ལ་དུས་རྒྱ་ལམ་ན་སྣང་བ་ལས་ཐམས་ཅད་དུ་མ་ཡིན་ཏེ། རང་ཤར་ལས། ཐམས་ཅད་སྐད་ནི་ཤེས་པ་སྟེ། །གང་གི་སྐད་ལ་དེ་སྟོན་པའོ། །མཐུན་པས་མཐུན་པར་འདུལ་བ་ལ། །ལ་ལར་ཚིག་གི་སྒོ་ནས་སྟོན། །ལ་ལར་རྟེན་འབྲེལ་སྒོ་ནས་སྟོན། །ལ་ལར་སྨོན་འཇུག་སྒོ་ནས་སྟོན། །ལ་ལར་བསྐྱེད་པའི་སྒོ་ནས་སྟོན། །ལ་ལར་གཉིས་ཀའི་སྒོ་ནས་སྟོན། །ལ་ལར་བྱང་ཆུབ་ལྔ་ཡིས་སྟོན། །ལ་ལར་ཏིང་འཛིན་གསུམ་གྱིས་སྟོན། །ལ་ལར་དབྱིངས་དང་ཡེ་ཤེས་སྟོན། །རྫོགས་ཆེན་དོན་ནི་འགའ་ལས་མིན། །གང་ཟག་ལས་ཅན་འགའ་ལ་སྣང་། །དེ་ཡང་སྟོན་ལུགས་འདི་ལྟ་སྟེ། །ལ་ལར་རིག་པ་སྟོང་པར་སྟོན། །ལ་ལར་རིག་མེད་སྟོང་པར་སྟོན། །ལ་ལར་རིག་མེད་བེམ་པོར་སྟོན། །ལ་ལར་རིག་པ་རྐྱང་པར་སྟོན། །ལ་ལར་ཀུན་གཞི་ཆོས་སྐུར་སྟོན། །ལ་ལར་དགེ་མེད་སྡིག་མེད་སྟོན། །ལ་ལར་བསྒོམ་པ་ཅན་དུ་སྟོན། །ལ་ལར་བསྒོམ་པ་མེད་པར་སྟོན། །དེ་ལྟར་སྟོན་བྱེད་སྤྲུལ་པའི་སྐུས། །གསང་སྔགས་བླ་ན་མེད་པ་ཡི། །དོན་ནི་འགའ་ལས་མ་གསུངས་སོ། །མ་གསུངས་གསུང་བར་མི་འགྱུར་རོ། །སྐབས་སུ་གསུང་བར་འགྱུར་ན་ཡང་། །དགྲ་བཅོམ་རང་རྒྱལ་མདོ་སྡེ་དང་། །ཐེག་དམན་མིང་

p. 552

ཡང་མེད་ནང་དུ། །བླ་མེད་ཐེག་པ་སྒྲོགས་པར་འགྱུར། །དེས་ན་བློ་དམན་གཞན་ལ་གསང་། །དེ་རྣམས་ལྡན་པའི་སྐྱེས་བུ་དེ། །བྱ་བ་བྱེད་པའི་སྤྲུལ་སྐུར་འདོད། །ཅེས་སོ། །དེའང་རྫོགས་པ་ཆེན་པོ་བྱུང་སྲིད་ནའང་། སེམས་ཀློང་དང་མན་ངག་སྡེའི་ཡང་གསང་སྐོར་མན་ཆད་ལས། སྙིང་ཏིག་བླ་མེད་འདི་རྒྱ་ལམ་སྲིད་པ་ལས་མི་འབྱུང་བས་རབ་ཏུ་དཀོན་པའི་ཆོས་ཀྱི་རྣམ་གྲངས་ཡིན་པར་རིག་པར་བྱའོ། །དེས་ན་ནོར་བུ་དང་འདྲ་བས་གཅེས་སྤྲས་སུ་འཛིན་པར་བྱ་སྟེ། རྒྱུད་བླ་མར། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་ན་རིན་ཆེན་ཉིད། །ཅེས་གསུངས་པ་བཞིན་ནོ། །ལྔ་པ་སྤྲུལ་པ་སྐུའི་བརྟག་ཐབས་ནི། འགྲོ་བ་ཕལ་པ་སེམས་ཅན་ལ་ཕན་བདེས་ཆོས་སྟོན་པ་དང་། སངས་རྒྱས་ཀྱི་སྤྲུལ་པས་དོན་མཛད་པ་གཉིས་འདྲ་འདྲ་ཞིག་ཏུ་སྣང་བས། དེའི་བརྟག་པ་ངེས་པ་ནི། རང་ཤར་ལས། སྤྲུལ་པའི་བརྟག་ཐབས་ནི་འདི་ལྟར་ཤེས་པར་བྱ་སྟེ། བཞུད་པའི་དུས་ན་ཡང་སྤྱན་གཞན་དུ་མ་ཡེངས་པ་དང་། ལྟག་པའི་སྡུད་ཁུང་ན་སྐྲ་གཡས་སུ་འཁྱིལ་པ་ཚོམ་གཅིག་ཡོད་པ་དང་། ཐུགས་ཀ་ན་རྡོ་རྗེའི་གཟུགས་ཡོད་པ་དང་། སྐྱེ་གནས་ནི་རྒྱལ་རིགས་སམ་རིགས་མཐོ་བ་དག་ཏུ་སྐྱེའོ། །སྤྱོད་པ་གང་ལྟར་ཡང་མཐུན་པ་ལྟར་དུ་སྤྱོད་པའོ། །ཇི་སྐད་སྨྲས་ཀྱང་དེ་ལ་རྗེས་སུ་མི་འཛིན་པའོ། །རང་གི་ཞེ་ལ་འདོད་པ་མི་བསྒྲུབ་པའོ། །བྱ་རྩོལ་དང་འཛིན་པ་ངང་གིས་མེད་པའོ། །སེམས་ཅན་གང་གི་འདོད་པའི་གོ་སེལ་བའོ། །དེ་རྣམས་དང་ལྡན་པ་ནི་སྤྲུལ་པའི་སྐུ་ཡིན་པར་ཤེས་པར་བྱའོ་ཞེས་སོ། །དེའང་རྟགས་འདི་རྣམས་ཡོད་པ་དེ་སྤྲུལ་པར་བསྟན་གྱི། གཞན་དག་ཅི་རིགས་སུ་སྤྲུལ་པ་ཡིན་པ་དང་མ་ཡིན་པ་མ་ངེས་པས། དག་པའི་སེམས་བསྐྱེད་ལ་རང་གི་རྒྱུད་གདུལ་བ་ལ་འབད་པར་བྱའོ། །གཉིས་པ་སྐུ་ལྔའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ལ་ངོ་བོ། ངེས་ཚིག །སྣང་བ། དབྱེ་བ། དོན་སྦྱར་དང་ལྔ་ལས། དང་པོ་ངོ་བོ་ནི། མཚན་རྫོགས་དཔེ་བྱད་ཀྱི་དཔལ་དུ་འབར་བ་སྟེ། རང་

p. 553

ཤར་ལས། ངོ་བོ་མཚན་དང་དཔེ་བྱད་ལྡན། །རང་བཞིན་སོ་སོའི་མཚན་འཛིན་པའོ། །ཞེས་སོ། །གཉིས་པ་ངེས་ཚིག་ནི། རིགས་མི་འདྲ་བ་ལྔའི་སྐུར་སྣང་བས་རིགས་ལྔའི་སྐུ་ཞེས་བྱ་སྟེ། དེ་ཉིད་ལས། སྣང་བ་ཡེ་ཤེས་ཆེན་པོ་ལ། །རིགས་ཀྱི་ངེས་ཚིག་དེ་བཞིན་ནོ། །ཞེས་སོ། །གསུམ་པ་སྣང་བ་ནི། ཡབ་ཡུམ་སྐུ་དང་ཡེ་ཤེས་སུ་སྣང་བ་སྟེ། རང་ཤར་ལས། སྐུ་ལྔ་ཡེ་ཤེས་སྣང་བ་ནི། །ཡབ་ཡུམ་གཉིས་ཀྱི་ཚུལ་དུ་སྣང་། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །ཐབས་དང་ཤེས་རབ་གཉིས་ལྟར་སྣང་། །དེ་ཡང་ཐབས་ནི་འགག་པ་མེད། །ཤེས་རབ་འགྱུར་བ་མེད་པའོ། །ཞེས་སོ། །བཞི་པ་དབྱེ་བ་ལ་གཉིས་ལས། རིགས་ལྔར་དབྱེ་བ་ནི། དེ་ཉིད་ལས། དེ་ཡང་རིགས་ནི་ལྔར་སྣང་ཞིང་། །དེ་བཞིན་གཤེགས་པའི་རིགས་དང་ནི། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །དེ་བཞིན་རིགས་ལྔར་འདོད་པའོ། །ཞེས་སོ། །སྐུ་ལྔར་དབྱེ་བ་ནི། ཡང་དེ་ལས། སྐུ་ཡི་ཚིག་དོན་རྣམ་པ་ལྔ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །རྣམ་སྣང་དང་ནི་རྡོ་རྗེ་སེམས། །དེ་བཞིན་རིན་ཆེན་འབྱུང་ལྡན་དང་། །སྣང་མཐའ་དོན་ཡོད་གྲུབ་པའོ། །ཞེས་སོ། །ལྔ་པ་དོན་སྦྱར་ལའང་གཉིས་ལས། དང་པོ་རིགས་ལྔའི་དོན་སྦྱར་ནི། རང་ཤར་ལས། རིག་པའི་དོན་ལ་དེ་བཞིན་གཤེགས་པས་དེ་བཞིན་རིགས་སུ་བཤད། །རིག་པའི་དོན་ལ་སྐྱེ་དང་འཆི་བ་མེད་པས་རྡོ་རྗེའི་རིགས་སུ་བཤད། །རིག་པའི་དོན་ལ་སྣ་ཚོགས་འབྱུང་བས་རིན་ཆེན་རིགས་སུ་བཤད། །རིག་པའི་དོན་ལ་སྐྱོན་མེད་དག་པས་པདྨའི་རིགས་སུ་བཤད། །རིག་པའི་ངང་ལ་བྱ་བ་རྫོགས་པས་ལས་ཀྱི་རིགས་སུ་བཤད། །ཅེས་སོ། །གཉིས་པ་སྐུའི་དོན་སྦྱར་ནི། ཡང་དེ་ལས། རིག་པའི་སྣང་བ་འགག་པ་མེད་པས་རྣམ་པར་སྣང་མཛད་ཡིན། །རིག་པ་བདག་གཞན་དོན་གཉིས་རྟོགས་པས་རྡོ་རྗེ་སེམས་དཔའ་ཡིན། །ཅིག་ཅར་རིག་

p. 554

པས་ཤེས་པས་རིན་ཆེན་འབྱུང་ལྡན་ཡིན། །རང་གི་སྣང་བ་མཐོང་བས་སྣང་བ་མཐའ་ཡས་ཡིན། །རིག་པ་སྐྱེ་མེད་རྟོགས་པས་དོན་ཡོད་གྲུབ་པ་ཡིན། །ཅེས་སོ། །དོན་གཉིས་པ་གདངས་འོད་ཀྱི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། གནས་ལུགས་སྤྱིར་བསྟན་པ་དང་། སྣང་ལུགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གཙོ་ཆེན་གྱི་འོད་ལྔ་ཡེ་ནས་ལྷུན་གྲུབ་ཆེན་པོར་གནས་པ་དེ། ད་ལྟ་སེམས་ཅན་ལ་ཡོད་ཚུལ་ནི། སྙིང་རིན་པོ་ཆེ་ཟེའུ་ཀ་བཙུགས་པ་འདྲ་བའི་ནང་འོད་རྩ་དྭངས་པའི་དབུས་ན། འོད་ལྔའི་གདངས་ལ་རིག་པའི་ཡེ་ཤེས་བཞུགས་སོ། །དེའང་རང་ཤར་ལས། ཡེ་ཤེས་ཆེན་པོའི་སྣང་བ་དེ། །གནས་ནི་ཙིཏྟའི་དཀྱིལ་ན་གནས། །ཞེས་སོ། །གཉིས་པ་སྣང་ལུགས་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ལམ་མ་སྦྱངས་པ་ལ་སྣང་བའི་ཚུལ། སྦྱངས་པ་ལ་སྣང་བའི་ཚུལ། བར་དོ་ལ་སྣང་བའི་ཚུལ་ལོ། །དང་པོ་ནི། རང་ལ་འོད་གསལ་གནས་ཀྱང་ངོ་མ་ཤེས་པའི་འགྲོ་དྲུག་ལ་ད་ལྟ་སྒྲོན་མའི་རང་འོད་ཆ་ཕྲ་བར་ཡོད་དེ། དེ་ཉིད་ལས། མ་རྟོགས་སེམས་ཅན་ཐམས་ཅད་ལ། །མི་ལ་མཚོན་དུ་ཡོད་པའོ། །ལྷ་རྣམས་ལ་ནི་བལྟར་ཡོད་པའོ། །ལྷ་མ་ཡིན་ལ་ཕྲ་བར་ཡོད། །བྱོལ་སོང་རང་གནས་ཙམ་དུ་ཡོད། །ཡི་དྭགས་རྣམས་ལ་འཕྲིག་པར་ཡོད། །དམྱལ་བའི་ཡུལ་ལ་ཏིལ་འབྲུ་ཙམ། །དེ་བཞིན་འོད་དྲུག་གནས་པའོ། །ཞེས་སོ། །འོད་དེ་ཡང་སྙིང་ནང་ན་ཡོད་པའི་གདངས་ཙམ་མོ། །རང་བཞིན་དུ་རྣམ་སྨིན་བག་ཆགས་ཀྱི་འོད་ནི་རྒྱང་གྲགས་ལ་སོགས་པ་ལྷ་རྣམས་ལ་ཡོད་ཀྱང་། དགེ་བ་ཟག་བཅས་རྣམ་སྨིན་སྐྱེས་ཀྱི་འོད་ཡིན་གྱི། སྙིང་པོའི་རང་འོད་མ་ཡིན་ནོ། །གཉིས་པ་ལམ་སྦྱང་བ་ལ་སྣང་ཚུལ་ལ་འོད་ཀྱི་གནས། ལམ། ཡུལ། ལུས། སྤྱན། སྙིང་པོ། མཚོན་དཔེ། དུས། གྲོལ་ས་དང་དགུ་ལས། གནས་སྙིང་ན་ལྷུན་གྲུབ་འོད་ལྔའི་ཐིག་ལེ་ཁ་དོག་ལྔའི་དབུས་ན་སྐུ་ལྔ་ཡབ་ཡུམ་ཚོམ་བུའི་དཀྱིལ་འཁོར་དུ་གནས་པ། འབྱུང་བ་ལྔ་དང་། ཕུང་པོ་ལྔ་དང་། སྐུ་ལྔ་དང་། རིགས་ལྔ་དང་། ཡེ་ཤེས་ལྔ་དང་། ས་ལྔའི་

p. 555

དག་པར་བཞུགས་ལ། སྣང་བ་བཞི་ལས། ཚད་ཕེབས་ཀྱི་ཚེ་མཐོང་བའོ། །ལམ་ནི་རྒྱང་ཞགས་ནས་འབྱུང་བའོ། །ཡུལ་ནི་ནམ་མཁའ་སྟོང་པའོ། །འོད་ཀྱི་ལུས་ནི། སྐུ་ལྔ་དང་ཡེ་ཤེས་བཞི་སྦྱོར་གྱི་སྣང་བའོ། །སྤྱན་ནི། ཤེས་རབ་རང་བྱུང་གི་སྒྲོན་མས་རང་ངོ་ཤེས་ནས་དབྱིངས་ལ་བསྐྱོད་པའོ། །སྙིང་པོ་ནི། ཀུན་གསལ་འགག་མེད་ཀྱི་ཡེ་ཤེས་སོ། །མཚོན་དཔེ་ནི་ཤེལ་དང་འདྲ་སྟེ། གཞི་གནས་རང་ལ་འོད་ལྔ་མི་གསལ་ཡང་འཆར་གཞིར་ཡོད་ལ། རྐྱེན་ཉམས་སུ་བླངས་པ་དང་བར་དོ་དུས་ཀྱི་སྒྲོན་མ་ལ་གཞི་སྣང་འོད་ལྔས་ནམ་མཁའ་གང་བར་སྣང་བའོ། །དུས་ནི་ཉམས་སུ་བླངས་ན་ཚེ་འདིར་ཡང་སྣང་དུ་རུང་ལ། བར་དོ་ལ་རང་བཞིན་གྱིས་འཆར་བའི་དུས་སོ། །གྲོལ་ས་ནི་ཐོག་མའི་ཀ་དག་རིན་པོ་ཆེ་གསང་བའི་སྦུབས་ལ། ཕྱི་འོད་ནང་དུ་བཙན་ས་བཟུང་ནས་ཤེལ་འོད་ནང་དུ་བསྡུས་པ་ལྟར་གསལ་ཆར་མེད་ལ་འཆར་གཞིར་གནས་པའོ། །དེ་སྐད་དུའང་རང་ཤར་ལས། འོད་དང་སྐུ་དང་ཡེ་ཤེས་དང་། །ཡུམ་དང་འབྱུང་བ་ཕུང་པོ་དང་། །ས་དང་རིགས་སུ་བཤད་པའོ། །ཞེས་པ་དང་། སེམས་ཅན་ཀུན་ལ་དེ་བཞིན་ནོ། །རང་རང་ལུས་ལ་གནས་པའོ། །ཞེས་པ་དང་། སྣང་བ་འདི་ལ་སྣང་ལུགས་ནི། །ཡེ་ཤེས་ཆེན་པོའི་སྣང་བ་དེ། །གནས་ནི་ཙིཏྟའི་དཀྱིལ་ན་གནས། །ལམ་ནི་རྒྱ་མཚོའི་ནང་ནས་བྱུང་། །ཡུལ་ནི་ནམ་མཁའ་སྟོང་པའོ། །ལུས་ནི་སྐུ་དང་ཡེ་ཤེས་སོ། །སྤྱན་ནི་ཤེས་རབ་སྒྲོན་མའོ། །སྙིང་པོ་ཀུན་གསལ་མེ་ལོང་ངོ་། །དཔེ་མཚོན་མན་ཤེལ་དྲི་མེད་སྐུ། །དུས་ནི་ཆོས་ཉིད་བར་དོའོ། །རིན་ཆེན་སྦུབས་ལ་མཐར་ཕྱིན་ནོ། །སྣང་བ་འདི་ལ་སྣང་ལུགས་སོ། །ཞེས་སོ། །འདི་ལ་སྣང་བ་འདི་དག་མཐོང་ན་བར་དོ་འདིར་ཆོད་པས་དག་པ་ཆིག་ཆོད་ཀྱི་སྣང་ལུགས་ཞེས་བྱའོ། །དེའང་ཚད་ཕེབས་ཀྱི་ཚེ་ཕུང་པོ་ལྔའི་བཅིངས་པ་ལས་གྲོལ་བའི་ཆ་དང་། ནང་གདངས་ཕྱིར་ཤར་བས་སྟེང་གི་ནམ་མཁར་འོད་ལྔའི་སྣང་བ་ཆེན་པོ་འཆར་བ་ནི། དེ་ཉིད་ལས། དག་པ་ཆིག་ཆོད་སྣང་བ་ནི། །ཡེ་ཤེས་དག་པའི་ནམ་མཁའ་ལ། །

p. 556

འོད་ལྔ་འགྱུར་མེད་གསལ་བ་ནི། །དེ་ཡང་ཚོམ་བུ་ལྔ་ལྔ་དང་། །ཡབ་ཡུམ་ཚུལ་དུ་འཆར་བའོ། །དེ་ཡི་ཁ་དོག་འདི་ལྟ་སྟེ། །མཐིང་ག་རྣམ་པར་སྣང་མཛད་སྐུ། །ཡེ་ཤེས་ཆོས་དབྱིངས་ཡེ་ཤེས་ཏེ། །ཡུམ་ནི་ནམ་མཁའ་དབྱིངས་ཕྱུག་མ། །འབྱུང་བ་སྟོང་པ་ནམ་མཁའ་ཡིན། །ཕུང་པོ་གཟུགས་ཀྱི་ཕུང་པོ་ཡིན། །ས་ནི་བྱ་བ་རྫོགས་པའི་ས། །དེ་བཞིན་གཤེགས་པའི་རིགས་སུ་བཤད། །དཀར་པོ་རྡོ་རྗེ་སེམས་དཔའི་སྐུ། །ཡེ་ཤེས་མེ་ལོང་ཡེ་ཤེས་ཏེ། །ཡུམ་ནི་མཱ་མ་ཀཱི་རུ་འདོད། །འབྱུང་བ་ཆུ་བོ་ཆེན་པོའོ། །ཕུང་པོ་འདུ་ཤེས་ཕུང་པོ་སྟེ། །ས་ནི་བྱ་བ་བཏང་བའི་ས། །རིགས་ནི་རྡོ་རྗེའི་རིགས་སུ་བཤད། །སེར་པོ་རིན་ཆེན་འབྱུང་ལྡན་སྐུ། །ཡེ་ཤེས་མཉམ་ཉིད་ཡེ་ཤེས་སོ། །ཡུམ་ནི་སངས་རྒྱས་སྤྱན་དུ་འདོད། །འབྱུང་བ་སྐྱེད་པའི་ས་ཆེན་ནོ། །ཕུང་པོ་འདུ་བྱེད་ཕུང་པོ་སྟེ། །ས་ནི་སྣ་ཚོགས་འབྱུང་བའི་ས། །རིགས་ནི་རིན་ཆེན་རིགས་སུ་བཤད། །དམར་པོ་སྣང་བ་མཐའ་ཡས་སྐུ། །ཡེ་ཤེས་སོར་རྟོག་ཡེ་ཤེས་ཡིན། །ཡུམ་ནི་གོས་དཀར་ཡུམ་ཆེན་མོ། །འབྱུང་བ་སྲེག་བྱེད་མེ་ཡིན་ནོ། །ཕུང་པོ་རྣམ་ཤེས་ཕུང་པོའོ། །ས་ནི་རྣམ་པར་སྟོན་པའི་ས། །རིགས་ནི་པདྨའི་རིགས་སུ་བཤད། །ལྗང་གུ་དོན་ཡོད་གྲུབ་པའི་སྐུ། །ཡེ་ཤེས་བྱ་གྲུབ་ཡེ་ཤེས་ཡིན། །ཡུམ་ནི་དམ་ཚིག་སྒྲོལ་མར་འདོད། །འབྱུང་བ་འདེགས་བྱེད་རླུང་ཡིན་ནོ། །ཕུང་པོ་ཚོར་བའི་ཕུང་པོའོ། །ས་ནི་བྱ་བ་ཟིན་པའི་ས། །རིགས་ནི་ལས་ཀྱི་རིགས་སུ་བཤད། །དེ་བཞིན་དག་པའི་སྣང་བའོ། །སེམས་ཅན་ཀུན་ལ་དེ་བཞིན་ནོ། །རང་རང་ལུས་ལ་གནས་པའོ། །བར་དོ་ལ་ཡང་དེ་བཞིན་འཆར། །ཅེས་སོ། །གསུམ་པ་བར་དོ་ལ་སྣང་བའི་ཚུལ་ལ། ཆོས་ཉིད་བར་དོ་ལ་དེ་བཞིན་དུ་འོད་ལྔ་ཡེ་ཤེས་ཀྱི་སྣང་བ་འཆར་ལ། དབང་པོ་ཉི་ཤུ་རྩ་གཅིག་གི་ཐ་མ་དེ་ལ་ཆོས་ཉིད་བར་དོ་ནུབ་ནས། སྲིད་པའི་བར་དོར་སྔར་མ་དག་པའི་འོད་རང་ལ་ཡོད་པ་ལ་བརྟེན་ནས། དེར་ཡང་དེའི་གདངས་རིགས་དྲུག་སོ་སོ་ལ་འཆར་ཏེ། རང་ཤར་ལས། མ་དག་འཁྲུལ་པའི་འོད་ལ་དྲུག །

p. 557

དབང་པོ་ཐ་མའི་ཐ་མ་ལ། །དཀར་པོ་འཆར་དང་སེར་པོ་འཆར། །དམར་པོ་འཆར་དང་ལྗང་གུའོ། །དེ་བཞིན་མཐིང་གར་འཆར་བའོ། །བན་བུན་དག་ཏུ་འཆར་བར་འདོད། །དེ་ནི་མ་དག་འཁྲུལ་པའི་འོད། །ཅེས་སོ། །དེ་ལྟར་འོད་རྣམས་ཀྱང་བསྡུ་ན་མ་རྟོགས་སེམས་ཅན་ལ་འཁྲུལ་པའི་འོད་དང་། རྟོགས་པ་ཅན་ལ་ཡེ་ཤེས་ཀྱི་འོད་གཉིས་སུ་འདུས་ཏེ། དེ་ཉིད་ལས། འོད་ལ་དབྱེ་བ་བསམ་འདས་ཏེ། །དེ་ཡང་མདོར་བསྟན་ཡིད་ལ་ཟུངས། །དག་པ་ཡེ་ཤེས་འོད་དང་ནི། །མ་དག་འཁྲུལ་པའི་འོད་དུ་འདོད། །ཅེས་སོ། །དེའང་དབྱིངས་ལ་འོད་ཡོད་པས་སྐུ་དང་ཡེ་ཤེས་སུ་གསལ་ལ། འཁྲུལ་དུས་འདི་ནའང་འབྱུང་བ་ལྔའི་སྣང་བ་ཁ་དོག་ལྔ་ལས་མ་འདས་པར་སེམས་ཅན་ཐམས་ཅད་དེའི་ངང་ལ་གནས་སོ། །སངས་རྒྱས་རྣམས་ཀྱི་ཟད་པར་གྱི་སྐྱེ་མཆེད་དང་འོད་ཟེར་དང་སྐུ་ཚད་མེད་པ་འཕྲོ་བ་ཡང་དེ་ལས་བྱུང་བར་ཤེས་པར་བྱ་སྟེ། དེ་ཉིད་ལས། ཐམས་ཅད་དེ་ཡི་ཀློང་དུ་ཡང་། །ང་ཡིས་བཤད་ཅིང་བསྟན་པའོ། །ཞེས་གསུངས་སོ། །དོན་གསུམ་པ་བརྟེན་པ་ཡེ་ཤེས་ཀྱི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། ངོ་བོ། དབྱེ་བ། དབྱེ་བ་ངེས་པའི་ཚིག་བཤད་པའོ། །དང་པོ་ངོ་བོ་ནི། ཡེ་ནས་འདུས་མ་བྱས་པའི་ཤེས་པ་སྟེ། དེ་ཡང་དབྱིངས་རིག་པ་ཀ་དག་ཆོས་ཉིད་སྟོང་པའི་ངང་ལས་ཤར་བ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་མ་གསང་བདག་ངེས་པར་ཟུངས། །ཆོས་མིན་ཤེས་རབ་རང་བྱུང་བ། །ཆོས་ཀུན་ཁོང་ནས་སྐྱེ་བར་འབྱོར། །དེ་ལས་ཡེ་ཤེས་འབྱུང་བ་སྐྱེ། །ཞེས་སོ། །གཉིས་པ་དབྱེ་ན། ཡེ་ཤེས་ལྔ་པོ་དེ་དྲི་མ་དང་བཅས་དུས་སེམས་ཅན་པའི་རྒྱུད་ཀྱིས་བསྡུས་པ་ན་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཟེར་ལ། དྲི་མ་དག་པ་སངས་རྒྱས་ཀྱི་དུས་ན་རྟོགས་པ་མངོན་གྱུར་འབྲས་བུའི་ཡེ་ཤེས་ཞེས་བྱ་བ་གཉིས་སུ་བཤད་དོ། །དེ་ཉིད་ལས། ཡེ་ཤེས་ཆེན་པོའི་བཤད་ལུགས་ནི། །རྟོགས་པ་མངོན་གྱུར་སངས་རྒྱས་དང་། །རང་བཞིན་ལྷུན་གྲུབ་སངས་རྒྱས་སོ། །ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ། །དེ་ནས་རྟོགས་པ་མངོན་དུ་གྱུར། །ཡེ་ཤེས་ངེས་ཚིག་དེ་བཞིན་ནོ། །

p. 558

ཞེས་སོ། །གསུམ་པ་དབྱེ་བ་ངེས་པའི་ཚིག་ལ་གཉིས་ཏེ། ཐུན་མོང་གི་རབ་ཏུ་དབྱེ་བ་དང་། ངེས་པའི་ཚིག་སོ་སོར་བཤད་པའོ། །དང་པོ་ནི། དེ་ཉིད་ལས། ཆོས་དབྱིངས་ཡེ་ཤེས་རྟོག་མེད་དང་། །མེ་ལོང་ཡེ་ཤེས་འགག་མེད་གསལ། །མཉམ་ཉིད་ཡེ་ཤེས་མ་འདྲེས་རྫོགས། །སོར་རྟོག་ཡེ་ཤེས་གོང་བཞིན་རྟོགས། །བྱ་གྲུབ་ཡེ་ཤེས་ཆོས་རྣམས་རྫོགས། །དེ་ལྟར་རྣམ་པ་ལྔར་འདོད་དོ། །ཞེས་སོ། །གཉིས་པ་ནི། ཡང་དེ་ལས། ཚིག་དོན་སྦྱར་བ་འདི་ལྟ་སྟེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོའི་ཡུལ་ཉིད་དང་། །གསལ་བ་འོད་ཀྱི་སྣང་བ་དང་། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པ་དབྱིངས་ཞེས་བྱའོ། །དེ་ལ་ཡང་ནི་རྣམ་པ་གཉིས། །དག་པ་ཡེ་ཤེས་དབྱིངས་ཉིད་དང་། །མ་དག་སེམས་ཅན་དབྱིངས་སུ་བསྟན། །དག་པ་ཡེ་ཤེས་དབྱིངས་ཉིད་ནི། །སྟོང་གསལ་དབྱེར་མེད་རིག་པའི་ཀློང་། །འགྱུར་མེད་ཆོས་སྐུའི་ཕོ་བྲང་ངོ་། །མ་དག་སེམས་ཅན་ཕྱི་དབྱིངས་ནི། །སྟོང་པ་རིག་མེད་འདུས་མ་བྱས། །དེ་ལས་ས་རྡོའི་སྣང་བར་འགྱུར། །སེམས་ཅན་རྣམས་ཀྱི་ཡུལ་ཡིན་ནོ། །དེ་ནི་ཆོས་དབྱིངས་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ། །ཉོན་མོངས་རྐྱེན་གྱི་དབང་དུ་གྱུར། །དེ་ལས་གྲོལ་བའི་རིག་པ་ནི། །ངོ་སྤྲོད་ནང་དུ་ཤེས་པར་བྱ། །དེ་ལ་མཚན་མའི་གྲོལ་ལུགས་ནི། །སྣ་ཚོགས་སྣང་བ་ཤེས་རིག་ཡུལ། །བློ་ལ་སྣང་བའི་ཐེ་ཚོམ་རྣམས། །རིག་པའི་ངང་དུ་རྫོགས་པའོ། །བློ་དང་དངོས་པོའི་ཆོས་རྣམས་ཀྱང་། །རིག་པ་ཡེ་ཤེས་ངང་དུ་རྫོགས། །དེ་ཡང་ངེས་ཚིག་འདི་ལྟ་སྟེ། །སྣ་ཚོགས་དོན་ལ་སྤྱོད་པས་མེ། །དེ་ལ་རྟོགས་ཤིང་གོམས་པས་ལོང་། །མེ་ལོང་ཡེ་ཤེས་དེ་བཞིན་ནོ། །མཉམ་ཉིད་ཡེ་ཤེས་དོན་སྦྱར་ནི། །ཆོས་རྣམས་མཉམ་པའི་ངོ་བོ་ལ། །གང་གི་ཕྱོགས་སུ་མ་ལྷུང་བའོ། །མཉམ་ཉིད་སངས་རྒྱས་ཀུན་གྱི་རྗེ། །ཆོས་རྣམས་དུས་གཅིག་རྫོགས་པའོ། །མཉམ་ཉིད་ངེས་ཚིག་འདི་ལྟ་སྟེ། །

p. 559

ཆོས་ཉིད་རྒྱ་ཆད་མེད་པས་མཉམ། །རིག་པའི་དོན་དང་ལྡན་པས་ཉིད། །མཉམ་ཉིད་ཡེ་ཤེས་དེ་བཞིན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །བྱ་བྱེད་བྲལ་བའི་རིག་པར་རྟོགས། །དེ་ཡང་རྟོགས་ལུགས་རྣམ་པ་མང་། །འོག་ནས་འབྱུང་བའི་ཚིག་ཏུ་བསྟན། །དེ་ཡང་ངེས་ཚིག་འདི་ལྟ་སྟེ། །དབང་པོ་ཉི་ཤུ་རྩ་གཅིག་ཕྱིར། །སོ་སོར་རྟོགས་ཞེས་དེ་ལ་བྱ། །སོར་རྟོག་ཡེ་ཤེས་དེ་བཞིན་ནོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཅི་སྣང་རིག་པའི་ངང་དུ་རྫོགས། །བྱར་མེད་རྟོག་མེད་ངང་དུ་རྫོགས། །བྱ་བ་བཏང་བའི་རྣལ་འབྱོར་དེ། །ཡང་དག་ས་ལ་དལ་བས་འགྲུབ། །དེ་ལྟར་ཡེ་ཤེས་ཆེན་པོའི་དོན། །རྟོགས་ནས་ཡང་དག་ངེས་པར་གྲོལ། །ཅེས་སོ། །དེའང་མེ་དང་ལོང་དང་ཡེ་དང་ཤེས་ཞེས་པ་ལྟ་བུ་རེ་རེ་ལ་རྒྱུད་ནས་འབྲུ་རེ་རེ་བསྣན་པས་རྒྱུད་ལ་ཐེ་ཚོམ་དུ་ཟ་ན། མདོ་ལས། ཀ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ལ་སོགས་པ་ཚིག་འབྲུ་རེ་རེ་ལ་དོན་སྦྱར་རེ་རེ་བཤད་པ་དང་། གསར་མའི་རྒྱུད་གཞན་དུའང་ཡི་གེ་སྒྲ་བཤད་ལས་དེ་ལྟར་འབྱུང་བ་ལའང་སྐྱོན་དེ་ཡོད་ལ། སྔགས་དང་ལྷུག་པ་སྒྱུར་བའི་ཁྱད་ཡོད་སྙམ་ན། མདོ་བསྟན་བཅོས་ལས། མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ་གསུམ་དུ་སྦྱར་བ་རྣམས་ལའང་སྐྱོན་དེ་དམིགས་སོ། །རང་བཞིན་དུ་རྫོགས་པ་ཆེན་པོའི་རྒྱུད་རྣམས་མན་ངག་གི་རྒྱུད་ཡིན་པས། གོ་སླ་ལ་འབྲུ་སྦྱར་རེ་རེའང་གོ་སླ་བའི་ཕྱིར་གསུངས་པ་དང་། པཎྜི་ཏ་ཆེན་པོ་སྐད་སོ་སོ་ཡང་དག་རིག་ལ་མངའ་བརྙེས་པ་རྣམས་བྱོན་པས། དེ་དག་གིས་རང་འགྱུར་དུ་དབྱིངས་གོ་དཀའ་བའི་ཡི་གེ་རྣམས་སྒྲ་བསྒྲུབས་ནས། གོ་སླ་ཞིང་འཛོལ་བ་མེད་པར་བསྒྱུར་ནས་བཀོད་ཅིང་། ལོ་ཙཱ་བ་ཡང་གཞན་ལས་འཕགས་པ་རྣམས་བྱོན་པའི་བཀའ་དྲིན་ཡིན་ནོ། །དེ་ལྟར་ཡེ་ཤེས་ལྔ་ལས་སོ་སོར་ཕྱེ་ན་ཉི་ཤུ་རྩ་ལྔར་འགྱུར་བའི་རབ་ཏུ་དབྱེ་བ་ཆ་དང་བཅས་པ་རྣམས་སྔར་བཤད་ཟིན་པས་ཡང་འདིར་མི་སྤྲོའོ། །དོན་བཞི་པ་མཛད་པ་འཕྲིན་ལས་ཀྱི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། རྣམ་བཞི་འཕྲིན་ལས་ཀྱི་ངོ་བོ་མདོར་བསྟན་པ། རང་

p. 560

བཞིན་རྫོགས་ཚུལ་གྱི་རིམ་པ་རྒྱས་པར་བཤད་པ། རང་སྣང་འཆར་ཚུལ་གྱི་རྣམ་པས་དོན་བསྡུ་བའོ། །དང་པོ་ལ་ངོ་བོ། ངེས་ཚིགདབྱེ་བ། ཕྱག་རྒྱ། ལྷ་ཚོགས། སྙིང་པོ། དཀྱིལ་འཁོར་དང་བདུན་ལས། འཕྲིན་ལས་ཀྱི་ངོ་བོ་དོན་གཉིས་ལྷུན་གྱིས་རྫོགས་པ་སྟེ། ཡེ་ཤེས་ཀྱི་སྙིང་པོར་གནས་པ་ཉིད། རང་ཤར་ལས། འཕྲིན་ལས་ཀུན་གྱི་ཡེ་ཤེས་ནི། །བྱ་བ་ཐམས་ཅད་བྱེད་པ་ཡིན། །ཅེས་སོ། །ངེས་ཚིག་ནི། དེ་ལས། འཕྲིན་ནི་སངས་རྒྱས་ཉིད་ལ་བརྗོད། །ལས་ནི་ཡེ་ཤེས་ཉམས་སུ་ལེན། །འཕྲིན་ལས་རང་ཉིད་ཡིན་པར་གསུངས། །ང་ལས་བྱུང་ཞིང་ང་ལ་རྫོགས། །རྫོགས་པའི་གཞི་ལ་དེ་བཞིན་ནོ། །ཞེས་སོ། །དབྱེ་ན་བཞི་སྟེ། ཡང་དེ་ལས། ཞི་བ་དང་ནི་རྒྱས་པ་དང་། དེ་བཞིན་དབང་དང་དྲག་པོར་འདོད། །ཅེས་སོ། །དཀྱིལ་འཁོར་ནི། མ་བྲིས་པར་ཡེ་ནས་བཀྲ་བ་རང་རྫོགས་རང་ལ་ཡོད་པའོ། །ཕྱག་རྒྱ་ནི། མ་བསྒྱུར་གཞི་ནས་རྫོགས་པར་བྱང་ཆུབ་མཆོག་ལ་སོགས་པ་སྐུ་ལྔ་ལ་སྣང་བའོ། །ལྷ་ཚོགས་ནི། མ་བསྐྱེད་ཡེ་རྫོགས་ཀྱི་ཞི་ཁྲོ་རང་ལ་གནས་པའོ། །སྔགས་ཀྱི་སྙིང་པོ་ནི། རྩ་གནས་ཡི་གེའི་འཁོར་ལོ་དང་དེའི་དྭངས་མ་སྒྲོན་མ་བཞི་ཡུལ་ལ་ཤར་བའོ། །དེ་ཡང་རང་ཤར་ལས། འཕྲིན་ལས་ཀུན་གྱི་དཀྱིལ་འཁོར་ནི། །མ་བཙལ་རང་ལ་ཡོད་པའོ། །འཕྲིན་ལས་ཀུན་གྱི་ཕྱག་རྒྱ་ནི། །མ་བསྒྱུར་གཞི་ལ་རྫོགས་པའོ། །འཕྲིན་ལས་ཀུན་གྱི་ལྷ་ཚོགས་ནི། །རང་གི་ལུས་ལ་རྫོགས་པའོ། །འཕྲིན་ལས་ཀུན་གྱི་སྙིང་པོ་ནི། །སྒྲོན་མའི་ཡེ་ཤེས་ཆེན་པོར་གསུངས། །ཞེས་སོ། །གཉིས་པ་རང་བཞིན་རྫོགས་ཚུལ་གྱི་རིམ་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གདོད་མའི་གཞི་ལ་རྫོགས་པའི་ཚུལ་དང་། སེམས་ཅན་གྱི་དུས་ན་རྫོགས་པའི་ཚུལ་ལོ། །དང་པོ་ལ་གཉིས་ལས། སྤྱིར་བསྟན་པ་ནི། གཞི་གདོད་མའི་ཀ་དག་ལ་ནང་ཡེ་ཤེས་ཀྱི་འོད་ལྔ་དབྱིངས་རུམ་དུ་གསལ་བའི་མཐིང་ག་ཐམས་ཅད་ཀྱི་དབྱིངས་ཡིན་པས། འཕྲིན་ལས་ཀྱི་འོད་བཞིའི་འཆར་གཞིར་གནས་པས་མི་བགྲང་ཞིང་། དཀར་སེར་དམར་ལྗང་བཞི་དེ་ལས་མཆེད་

p. 561

པའི་འཕྲིན་ལས་སུ་བཤད་དེ། དེ་ལས། དེ་ཡང་འཕྲིན་ལས་བཞི་ཡི་དོན། །མཐིང་ག་ཉིད་ལ་རྫོགས་པ་སྟེ། །འཕྲིན་ལས་རྣམ་བཞི་གཞི་ལ་གྲུབ། །དེ་ཕྱིར་ཁ་དོག་མཐིང་གར་བཤད། །ཅེས་པ་དང་། འཕྲིན་ལས་རྣམ་པ་བཞི་ཡི་དོན། །གཞི་ལ་ལེགས་པར་ཚང་བའོ། །དེ་ཡང་བསྟན་པ་འདི་ལྟ་སྟེ། །ཁ་དོག་དཀར་དམར་སྣ་ཚོགས་འོད། །གཞི་ལ་བབས་ཀྱིས་གྲུབ་པའོ། །དཀར་པོ་ཞི་བའི་དཀྱིལ་འཁོར་ལྡན། །ཁ་དོག་སེར་པོ་རྒྱས་པའི་འོད། །དམར་པོ་དབང་གི་འོད་དུ་འདོད། །ལྗང་གུ་དྲག་པོའི་འོད་དུ་གསུངས། །མཐིང་ག་འཕྲིན་ལས་རྫོགས་པའི་འོད། །ཅེས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བཞི་ལས། དང་པོ་ཞི་བ་ནི། དེ་ལས། དཀར་པོ་ཆོས་ཉིད་ཞི་བའོ། །ཉོན་མོངས་དྲི་མ་ག་ལ་ཡོད། །གོས་པ་མེད་པའི་དཀྱིལ་འཁོར་ནི། །དཔར་ན་ཤེལ་གོང་དག་པ་བཞིན། །དྲི་མའི་སྐྱོན་གྱིས་མ་གོས་པའོ། །དེ་བཞིན་ཞི་བའི་ཆོས་ཉིད་ལ། །ཉོན་མོངས་གོས་པ་མེད་པའོ། །ཞེས་སོ། །གཉིས་པ་རྒྱས་པ་ནི། ཡང་དེ་ལས། སེར་པོ་རྒྱས་པའི་ཆོས་ཉིད་ལ། །ཡོན་ཏན་ཐམས་ཅད་འབྱུང་བ་ནི། །དཔེར་ན་ནོར་བུ་རིན་པོ་ཆེ། །དགོས་འདོད་ཐམས་ཅད་བསྐང་བ་ལྟར། །ཆོས་ཉིད་རྒྱས་པ་ཆེན་པོ་དེས། །ཡོན་ཏན་སྣ་ཚོགས་ཤར་བ་ཡིས། །སེམས་ཅན་ཐམས་ཅད་གྲོལ་བར་བྱེད། །ཡོན་ཏན་རྒྱས་པ་ཆེན་པོར་འདོད། །ཅེས་སོ། །གསུམ་པ་དབང་ནི། ཡང་དེ་ལས། དམར་པོ་དབང་གི་ཆོས་ཉིད་དེ། །མ་བཙལ་གཞི་ལ་གྲུབ་པ་ཡིན། །དབང་ཉིད་ཆོས་སྐུའི་ངོ་བོ་སྟེ། །ཐམས་ཅད་མ་བཙལ་གྲུབ་པ་སྟེ། །དཔེར་ན་རིན་ཆེན་གསེར་ལ་ནི། །སེར་པོ་བཙལ་མི་དགོས་པ་བཞིན། །གཞི་སྣང་ཆེན་པོའི་དཀྱིལ་འཁོར་ལ། །དབང་གི་དཀྱིལ་འཁོར་བཙལ་མི་དགོས། །ཆོས་ཉིད་གཞི་ལ་དབང་རྫོགས་པའོ། །ཞེས་སོ། །བཞི་པ་དྲག་པོ་ནི། ཡང་དེ་ལས། ལྗང་གུ་ཆོས་ཉིད་དྲག་པོ་སྟེ། །ཐམས་ཅད་དྲག་པོའི་ངོ་ལ་རྫོགས། །གཞི་ཉིད་དག་པའི་ཆོས་ཉིད་ལ། །གང་ལ་ཐོགས་

p. 562

མེད་འཆར་བ་ནི། །དཔེར་ན་རླུང་གི་སྤྲུལ་པ་ནི། །གང་ལ་ཐོགས་མེད་སྐྱོད་པར་བྱེད། །དེ་བཞིན་གཞི་སྣང་ཆེན་པོ་ལས། །ཡེ་ཤེས་ཐོགས་པ་མེད་པར་འཆར། །གང་ལ་ཐོགས་མེད་ཡེ་ཤེས་ནི། །འཕྲིན་ལས་དག་པའི་ངོ་བོ་ཡིན། །དེ་བཞིན་གཞི་ཡི་ངོ་བོ་ལ། །འཕྲིན་ལས་དཀྱིལ་འཁོར་རྫོགས་པའོ། །ཞེས་སོ། །གཉིས་པ་སེམས་ཅན་གྱི་དུས་ན་རྫོགས་ཚུལ་ལ་བཞི་ལས། དང་པོ་ཞི་བ་ནི། སེམས་ཅན་ཐམས་ཅད་ལ་ཁམས་རང་བྱུང་གི་ཡེ་ཤེས་སྙིང་ག་ན་གནས་པའི་རང་འོད་དཀར་པོ་ནི་ཞི་བའི་གདངས་ཏེ། རང་ཤར་ལས། ཞི་བ་ཆེན་པོའི་འཕྲིན་ལས་ནི། །རང་གི་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་འཇམ་དང་འདྲིལ་བ་དང་། །དཀར་དང་འོད་ཟེར་འཕྲོ་བ་བཞིན། །སྐུ་དང་གསུང་དང་ཐུགས་ཉིད་ལྟར། །ཀུན་ཁྱབ་ཡེ་ཤེས་དབུ་རྒྱན་ལྡན། །ཞི་བའི་དཀྱིལ་འཁོར་དེ་བཞིན་གནས། །ཞེས་སོ། །གཉིས་པ་རྒྱས་པ་ནི། འོད་གསལ་འགྱུར་མེད་ཀྱི་རྩ་སྙིང་ན་འོད་དང་སྐུར་རྒྱས་པ་སྟེ། དེ་ལས། འཕྲིན་ལས་རྒྱས་པ་ཆེན་པོ་ནི། །རང་གི་འགྱུར་མེད་རྩ་ཆེན་ན། །འཕྲིན་ལས་རྒྱས་པ་ཆེན་པོའི་སྐུ། །འོད་ལྔ་སྐུ་ལྔ་ཉིད་དུ་རྒྱས། །རིག་པ་སྐུ་ཡི་ཀློང་དུ་རྒྱས། །སྐུ་རྣམས་ཡེ་ཤེས་ཀློང་དུ་རྒྱས། །འོད་རྣམས་ཟེར་གྱི་ཀློང་དུ་རྒྱས། །དེ་བཞིན་སྐུ་དང་ཡེ་ཤེས་རྣམས། །མི་གནས་པ་ཡི་དཀྱིལ་འཁོར་དུ། །སངས་རྒྱས་ལམ་ལ་འཇུག་པར་གསུངས། །ཞེས་སོ། །སྙིང་ནས་དུང་ཁང་དུའང་གདངས་ཀྱི་སྐུར་རྒྱས་པ་ཡིན་ནོ། །གསུམ་པ་དབང་ནི་དུང་ཁང་ནས་གཡས་སུ་འཁྱིལ་བའི་རྩ་འདབ་ལས་མིག་ཏུ་ཟུག་པའི་ནང་ནས་སྒྲོན་མ་བཞི་སྣང་བས། འདི་ལ་སྣང་བ་བཞི་དབང་དུ་སྡུད། བར་དོའི་ཆོས་ཉིད་དག་པའི་སྣང་བ་བཞི་དབང་དུ་སྡུད་དོ། །དེའང་རྒྱང་ཞགས་ཀྱིས་མངོན་སུམ་དང་འོད་གསལ་གཉིས་དབང་དུ་སྡུད། དབྱིངས་ཀྱིས་གོང་འཕེལ་དང་ཡེ་ཤེས་བཞི་སྦྱོར་དབང་དུ་སྡུད། ཐིག་ལེས་ཚད་ཕེབས་དང་ཟུང་འཇུག་ཚོམ་བུའི་སྣང་བ་དབང་དུ་སྡུད། ཤེས་རབ་ཀྱིས་ཟད་པ་དང་ལྷུན་གྲུབ་ཀྱི་སྣང་བ་དབང་དུ་སྡུད་པའོ། །ཡང་རང་ཤར་ལས། འཕྲིན་

p. 563

ལས་དབང་གི་དཀྱིལ་འཁོར་ནི། །རང་གི་དུང་ཁང་དཀྱིལ་འཁོར་ན། །སྒྲོན་མ་རྣམ་པ་བཞི་རུ་གསལ། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རིག་པ་དབྱིངས་ཀྱི་སྒྲོན་མ་ཡིས། །སྐུ་དང་ཡེ་ཤེས་དབང་དུ་སྡུད། །ཐིག་ལེ་སྟོང་པའི་སྒྲོན་མ་ཡིས། །ཕྱི་ཡི་འབྱུང་བ་དབང་དུ་སྡུད། །ཤེས་རབ་རང་བྱུང་སྒྲོན་མ་ཡིས། །རང་གི་དེ་ཉིད་དབང་དུ་སྡུད། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །འཁྲུལ་པའི་དེ་ཉིད་དབང་དུ་སྡུད། །རིག་པ་རྟོག་མེད་ཆེན་པོ་ཡིས། །རྣམ་རྟོག་ཉོན་མོངས་དབང་དུ་སྡུད། །འགྱུར་མེད་སངས་རྒྱས་ལམ་ཆེན་ནི། །བར་དོའི་སྣང་བ་དབང་དུ་སྡུད། །དེ་ལྟར་དབང་གི་དཀྱིལ་འཁོར་ཉིད། །རང་གི་ལུས་ལ་རྫོགས་པའོ། །ཞེས་སོ། །བཞི་པ་དྲག་པོ་ནི། རིག་པའི་གདངས་ལས་སེམས་ཀྱི་འཕྲོ་འདུ་རྟོག་ཚོགས་ཉོན་མོངས་དང་བཅས་པ་དབང་པོ་སོ་སོ་ལས་སྒོ་འཐོན་ནས་ཤར་བ་སྟེ། མ་རྟོགས་ན་འཁོར་བ་རང་ཀ་མ་འཁོར་བའི་འཁྲུལ་སྣང་སྐྱེད་ལ། རྟོགས་ན་རྟོགས་པའི་རྩལ་སྦྱོང་དུ་འཆར་བས་ཤར་གྲོལ་རིས་མེད་ཆུའི་རྦ་རླབས་ལྟར་རྩལ་རིག་ཐོག་ཏུ་ཐིམ་པའི་ལས་བྱེད་དོ། །རང་ཤར་ལས། སངས་རྒྱས་འཕྲིན་ལས་དྲག་པོ་ནི། །རང་གི་དབང་པོའི་སྒོ་དག་ལ། །འཕྲིན་ལས་དྲག་པོའི་དཀྱིལ་འཁོར་གནས། །མིག་གི་དབང་པོ་མ་འགགས་པས། །ཡུལ་ལ་འཛིན་ཅིང་རྟོག་པ་ནི། །འཕྲིན་ལས་དྲག་པོ་ཉིད་དུ་བཤད། །རྣམ་ཤེས་ཡུལ་ལ་ཤར་བ་ནི། །དྲག་པོའི་དཀྱིལ་འཁོར་གཅིག་ཏུ་འདོད། །ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་ཉིད། །ཡུལ་ལ་ཤར་ཞིང་སྤྱོད་པ་ནི། །འཕྲིན་ལས་དྲག་པོ་ཉིད་དུ་བསྟན། །དེ་བཞིན་འཕྲིན་ལས་རྣམ་པ་བཞི། །རང་རང་ལུས་ལ་རྫོགས་པར་གསུངས། །ཞེས་སོ། །གསུམ་པ་རང་སྣང་འཆར་ཚུལ་གྱི་རྣམ་པས་དོན་བསྡུ་བ་ལ་བཞི་ལས། ཞི་བ་ནི། བར་དོ་དང་པོ་འོད་གསལ་ལས་ཚོམ་བུའི་སྣང་བ་ཤར་བའོ། །རྒྱས་པ་ནི། བར་དོ་གཉིས་པ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཤར་བའོ། །དབང་ནི། བར་དོ་གསུམ་པ་ལྷུན་གྲུབ་རིན་པོ་ཆེའི་སྒོ་བརྒྱད་མཐོང་བའོ། །དྲག་པོ་ནི། རང་སྣང་

p. 564

དུ་གྲོལ་ཏེ། ཀ་དག་གི་ས་ལ་གཏན་སྲིད་ཟིན་པ་བར་དོ་བཞི་པའི་ཡེ་ཤེས་དབྱིངས་སུ་འཁྱིལ་བ་སྟེ། རང་ཤར་ལས། འཕྲིན་ལས་རྣམ་པ་བཞི་ཡི་དོན། །ལམ་ལ་རྫོགས་ལུགས་འདི་ལྟ་སྟེ། །ཞི་བའི་ལམ་ནི་འདི་ལྟ་སྟེ། །བར་དོ་དང་པོ་ཚོམ་བུ་ལ། །སྐུ་ཡི་སྣང་བ་མཐོང་བ་དེ། །ཞི་བའི་ལམ་དུ་ཡང་དག་འདོད། །བར་དོ་གཉིས་པའི་ཡེ་ཤེས་ལ། །ཡེ་ཤེས་ངོ་བོ་མཐོང་བ་དེ། །རྒྱས་པའི་ལམ་ཉིད་ཡིན་པར་འདོད། །བར་དོ་གསུམ་པ་ལྷུན་གྲུབ་ལ། །རང་གི་དེ་ཉིད་མཐོང་ནས་ནི། །གོམས་པ་ཚད་དུ་ཕྱིན་པ་དང་། །དབང་གི་ཆོས་ཉིད་ཡིན་པར་གསུངས། །ཀ་དག་ཆོས་ཉིད་རྫོགས་པ་ལ། །ཐོགས་པ་མེད་པར་ཕྱིན་པ་དེ། །དྲག་པོའི་ཆོས་ཉིད་ཡིན་པར་གསུངས། །ཞེས་སོ། །དེ་ལྟར་སྐུ་དང་ཡེ་ཤེས་འཕྲིན་ལས་ཐམས་ཅད་ཡེ་ནས་རང་ལ་ཚང་བས། རྫོགས་པ་ཆེན་པོ་རྩོལ་སྒྲུབ་ལས་འདས་པ། བྱ་བྲལ་ལྷུན་གྱིས་གྲུབ་པའི་ངང་དུ་གློད་པ་ཙམ་གྱིས་བྱང་ཆུབ་ཚེ་འདིར་ཐོབ་པའི་གནད་ཐམས་ཅད་འདི་ལ་ཐུག་པའོ། །གཞན་ནས་བཙལ་ཡང་མི་རྙེད་དེ། སྒྱུ་འཕྲུལ་གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །དེས་ན་རང་རྫོགས་ལྷུན་གྲུབ་ཏུ་ཤེས་པར་བྱའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། དབྱིངས་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གནས་བསྟན་པ་སྟེ་རིམ་ཁང་བཅུ་དྲུག་པའོ།། །།

རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།

p. 565

དེ་ལྟར་དབྱིངས་རིག་འདུ་འབྲལ་མེད་པར་བསྟན་པ་ལ་སོགས་པ་ཇི་སྐད་སྨོས་པ་རྣམས་ཀྱིས་རང་བཞིན་རྫོགས་པ་ཆེན་པོའི་གཞིའི་དོན་ངེས་པ་རྣམས་གཏན་ལ་ཕབ་ནས། ད་ནི་ལམ་ངེས་པས་ཉམས་སུ་བླང་བའི་རིམ་པ་བཤད་པ་ལ། དམིགས་པ་ཡུལ་གྱི་བློ་ཅན་རྣམས་ངེས་པར་འཇུག་པས་གོང་དུ་ཁྲིད་པའི་ཐབས་དམ་པ་དང་། རིག་པ་རང་སྣང་གི་བློ་ཅན་རྣམས་ཐད་དྲང་དུ་ཉམས་སུ་བླང་བའི་གནད་ངེས་པ་ལེགས་པར་བརྗོད་པས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་ཚེ་འདི་ཉིད་ལ་བགྲོད་པའི་ཐབས་མཆོག་ཏུ་

p. 566

གསང་བ་ལས། ཐུན་མོང་དུ་དང་པོར་འཇུག་པའི་བློ་རིམ་ངེས་པ་ནས་རྩོམ་པར་སྟོན་པས། གནས་དང་པོའི་དོན་ལ་ཆིངས་རྣམ་པ་གསུམ་སྟེ། གང་གིས་ཉམས་སུ་ལེན་པར་བྱེད་པ་རྣལ་འབྱོར་པའི་དབྱེ་བ་དང་། ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ངེས་པ་དང་། ཉམས་སུ་བླང་བའི་དོན་དངོས་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཐུན་མོང་གི་རབ་ཏུ་དབྱེ་བ། སོ་སོའི་དོན་བཤད་པ། བླ་ན་མེད་པའི་གནས་ངེས་པའོ། །དང་པོ་ནི། རང་ཤར་ལས། ཀྱེ་ཀྱེ་ཉེ་བའི་འཁོར་རྣམས་ཉོན། །མཚན་མ་ཚིག་གི་རྣལ་འབྱོར་དང་། །རྟགས་ཙམ་འཛིན་པའི་རྣལ་འབྱོར་དང་། །རྗེས་སུ་རྣལ་འབྱོར་ཉིད་དང་ནི། །ངང་ཉིད་ངེས་པའི་རྣལ་འབྱོར་དང་། །སྣང་བ་སེམས་ཀྱི་རྣལ་འབྱོར་དང་། །འཇུག་པ་ལས་ཀྱི་རྣལ་འབྱོར་དང་། །བྱ་བ་རྒྱུ་ཡི་རྣལ་འབྱོར་དང་། །བྱེད་པ་རྐྱེན་གྱི་རྣལ་འབྱོར་དང་། །མཐར་ཕྱིན་འབྲས་བུའི་རྣལ་འབྱོར་དང་། །ཡང་དག་དོན་གྱི་རྣལ་འབྱོར་དང་། །མཐར་ཕྱིན་གྲོལ་བའི་རྣལ་འབྱོར་དང་། །བྱས་པ་རྫོགས་པའི་རྣལ་འབྱོར་རོ། །ཞེས་སོ། །གཉིས་པ་སོ་སོའི་དོན་བཤད་པ་ལ་རྣལ་འབྱོར་རྣམ་པ་བཅུ་གཉིས་ལས། དང་པོ་བརྒྱད་ཀྱིས་མི་གྲོལ་ཞིང་། ཕྱི་མ་བཞིས་གྲོལ་བའི་ཚུལ་ངེས་པར་བསྟན་པ་ནི། ཡང་དེ་ཉིད་ལས། མཚན་མ་ཚིག་གི་རྣལ་འབྱོར་ནི། །ཚིག་ལ་ཞེན་ཅིང་ཚིག་ལ་སྤྱོད། །མི་ཤེས་ཚིག་ལ་ལྟོས་གྱུར་ན། །དེ་ཉིད་གྲོལ་བར་ངས་མ་བཤད། །རྟགས་ལ་ལྟོས་པའི་རྣལ་འབྱོར་ནི། །རང་ཉིད་རྟགས་ལ་ལྟོས་གྱུར་ནས། །སྤྱོད་པས་གཞན་ལ་རྔན་སེམས་བྱེད། །རང་གི་རྟོག་པ་ཉིད་ཀྱིས་བཅིངས། །དེ་ཡང་གྲོལ་བར་ངས་མ་བཤད། །རྗེས་སུ་འཇུག་པའི་རྣལ་འབྱོར་ནི། །གང་དག་མོས་པའི་ས་ལ་གནས། །མོས་པའི་སྤྱོད་པ་བྱེད་པ་སྟེ། །དང་པོའི་ས་ལ་རེ་བ་འཇོག །དེ་ཉིད་གྲོལ་བར་ངས་མ་བཤད། །ངང་ཉིད་ངེས་པའི་རྣལ་འབྱོར་ནི། །རྣམ་པར་མི་རྟོག་ཆིག་ཚུགས་བསྒོམ། །མི་རྟོག་པ་ཡི་ངང་ཉིད་ཅན། །དེ་ཡང་གྲོལ་བར་ངས་མ་བཤད། །སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་

p. 567

རྟོགས་ནས་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །འཇུག་པ་ལས་ཀྱི་རྣལ་འབྱོར་ནི། །དོན་ཉིད་བྱ་བས་འགྲུབ་པར་འདོད། །བྱ་བ་ཆེན་པོས་བཅིངས་པ་རྣམས། །དང་པོ་སེམས་བསྐྱེད་བྱ་བ་བྱེད། །དེ་ནས་བཟུང་ནས་བྱ་བ་རྣམས། །ཐམས་ཅད་བྱེད་ཅིང་བསྒྲུབ་པའོ། །དེ་ཡང་གྲོལ་བར་ངས་མ་བཤད། །བྱ་བ་རྒྱུ་ཡི་རྣལ་འབྱོར་ནི། །རྒྱུ་ཉིད་ལམ་དུ་བསླང་བ་སྟེ། །རྒྱུ་ལ་རེ་ཞིང་རྒྱུ་ལ་ལྟོས། །རྒྱུ་ཉིད་མངོན་པར་སྟོན་པ་སྟེ། །དེ་ཡང་གྲོལ་བར་ངས་མ་བཤད། །བྱེད་པ་རྐྱེན་གྱི་རྣལ་འབྱོར་ནི། །སྤྱོད་པས་ཡང་དག་དོན་ཚོལ་བ། །རིགས་མི་མཐུན་པའི་ཕྱོགས་འཛིན་པ། །དེ་ཡང་གྲོལ་བར་ངས་མ་བཤད། །མཐར་ཕྱིན་འབྲས་བུའི་རྣལ་འབྱོར་ནི། །རྟོགས་པ་ལམ་དུ་ཁྱེར་བ་སྟེ། །ས་དང་ལམ་ལ་མི་གནས་པར། །རང་གི་དེ་ཉིད་མཐོང་ནས་ནི། །ཡང་དག་གྲོལ་བ་ཆེན་པོར་འདོད། །ཡང་དག་དོན་གྱི་རྣལ་འབྱོར་ནི། །རང་གི་རྟོགས་པ་རྙེད་ནས་ཀྱང་། །བར་དོའི་སྣང་བ་དག་པ་ལ། །རང་གི་ཡང་དག་ཉིད་མཐོང་ནས། །དེ་ནས་མཐར་ཕྱིན་གྲོལ་བར་འདོད། །མཐར་ཕྱིན་གྲོལ་བའི་རྣལ་འབྱོར་ནི། །ངེས་པ་རྙེད་པའི་ས་ཉིད་ལ། །རང་གི་དེ་ཉིད་རྙེད་མཐོང་ནས། །ཡང་དག་ས་ལས་འདའ་བར་འདོད། །བྱས་པ་རྫོགས་པའི་རྣལ་འབྱོར་ནི། །ཀ་དག་སངས་རྒྱས་ཆེན་པོ་ཡིན། །དེ་ལས་གཤེགས་སུ་མེད་པར་གསུངས། །རྣལ་འབྱོར་ཆེན་པོ་དེ་བཞི་ལ། །ས་ལ་སྦྱང་དུ་མེད་པར་གསུངས། །ལམ་ལ་བགྲོད་དུ་མེད་པར་གསུངས། །ཞེས་སོ། །དེའང་ལམ་བསྒོམ་ཚུལ་ཐ་དད་པས། འདིར་འོད་གསལ་མངོན་སུམ་དུ་བྱེད་པས་འོག་མ་ནས་གདོད་ཞུགས་ཏེ་ས་ལམ་སྦྱང་བགྲོད་མི་དགོས་པར་གསུངས་ཀྱང་། རང་ལམ་དུ་སྒོ་གསུམ་གྱི་དྲི་མ་དང་གདོས་བཅས་ཀྱི་ཕུང་པོ་དང་། འགྱུ་བའི་རྟོག་པ་དང་། རགས་པའི་རླུང་སེམས་རྣམས་དག་དགོས་པས། དེ་དག་དག་དུས་འོག་མའི་ས་ལམ་ཞར་ལ་རྫོགས་པའི་རྟགས་ཤར་ཏེ། གོང་མ་རྫོགས་པས་འོག་མ་ཞར་ལ་རྫོགས་པར་འགྱུར་བ་ལ་དགོངས་ནས་རྫོགས་པ་ཆེན་པོ་ས་གཅིག་པ་ལ། སྦྱང་བགྲོད་མི་དགོས་

p. 568

པར་གསུངས་སོ། །ས་གཅིག་ནི་རིག་པ་ལྷུན་གྲུབ་སྟེ། ཀུན་བྱེད་ལས། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་སོ། །ཞེས་པ་བཞིན་ནོ། །གསུམ་པ་བླ་ན་མེད་པའི་གནས་ངེས་པ་ལ་རྣལ་འབྱོར་གྱི་དབྱེ་བ་སྤྱིར་བསྟན་པ་དང་། སྣོད་ལྡན་གྱི་གང་ཟག་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། རང་ཤར་ལས། བསམ་གྱིས་མི་ཁྱབ་རྣལ་འབྱོར་ཀྱང་། །རྣམ་པ་ལྔ་ཡི་ཁོངས་སུ་འདུས། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རྩལ་ཆེན་རྫོགས་དང་ལུང་ཆེན་ཐོབ། །དབུགས་ཆེན་འབྱིན་དང་ལུས་ཕྱེད་དང་། །བཀའ་སྡོད་ལས་ཀྱི་རྣལ་འབྱོར་རོ། །ཞེས་སོ། །རྣལ་འབྱོར་ཕྱི་མ་བཞི་ཡང་ལྔ་པོ་འདིའི་ཁོངས་སུ་འདུ་བར་བཤད་དེ། དེ་ཉིད་ལས། དེ་ཡང་རྣལ་འབྱོར་ལྔ་ལ་རྫོགས། །ཞེས་སོ། །རྣལ་འབྱོར་ལྔ་པོ་སོ་སོར་བཤད་པ་ནི། ཡང་རང་ཤར་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །བཀའ་སྡོད་ལས་ཀྱི་རྣལ་འབྱོར་ཡིན། །བདེན་པ་མཐོང་བའི་གང་ཟག་དེ། །འཁྲུལ་པའི་སྣང་བ་འགགས་པ་ནི། །ལུས་སེམས་ཕྱེད་པའི་རྣལ་འབྱོར་ཡིན། །ལྷུན་གྲུབ་སྣ་ཚོགས་སྣང་བ་ལ། །ངེས་པ་རྙེད་པར་འགྱུར་བ་ནི། །ལུང་བསྟན་ཐོབ་པའི་རྣལ་འབྱོར་ཡིན། །དབང་པོ་ཐ་མའི་ཐ་མ་དེ། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་དེ་བཞིན་གཤེགས་པ་དེས། །དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཡིན། །ཀ་དག་འགྱུར་མེད་ཆེན་པོ་ལ། །བྱ་རྩོལ་ཐམས་ཅད་བྲལ་བ་དེ། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་ཡིན། །ཅེས་སོ། །གཉིས་པ་སྣོད་ལྡན་གྱི་གང་ཟག་བཤད་པ་ལ། སྤྱིར་རྫོགས་པ་ཆེན་པོའི་ཆོས་བསྟན་དུ་རུང་བའི་སྣོད་ནི་སྔར་བསྟན་པ་བཞིན། བླ་མ་ལ་གུས་ཤིང་གཏོང་ཕོད་ཆེ་བ། དད་པ་དང་ཤེས་རབ་དང་བརྩོན་འགྲུས་ཆེ་བ། མི་དགེ་བ་ལ་འཛེམ་ཞིང་འཁོར་བ་ལ་སྐྱོ་བ། ཁྱད་པར་མཆོག་གསང་རྫོགས་པ་ཆེན་པོ་ལ་མོས་ཤིང་སྤྱོད་པའི་སྐལ་བ་ཡོད་པ་སྟེ་བརྒྱད་ལྡན་གཅིག་ལ་བསྟན་ནོ། །བྱེ་བྲག་ཏུ་ཆོས་འདིའི་བསྟན་པ་རྫོགས་པར་སྦྱིན་ཞིང་། གང་གིས་འཛིན་པའི་སྐྱེས་བུ་རྒྱལ་མཚན་རྩེ་མོ་བསྟན་པའི་སྲོག་ཤིང་དུ་བྱོན་པ་ནི། ཐལ་འགྱུར་ལས།

p. 569

ལྟ་བ་སྒོམ་པ་འཛིན་པ་ནི། །དད་པ་རབ་དང་བརྩོན་འགྲུས་ལྡན། །གཏོང་བར་ནུས་ཤིང་བླ་མར་གུས། །བརྟུལ་ཞུགས་ཅན་ལ་སྡིག་པ་འཛེམ། །འགྱུར་མེད་རབ་ཏུ་བརྟན་པོས་འཛིན། །ཡང་ན་ངང་རིང་ཤུགས་དལ་བ། །ལྷུག་པ་གླེན་པའི་ལྷོད་ཡོད་པ། །རྟོག་པ་ཆུང་ཞིང་རང་བཞིན་དལ། །ལུས་ངག་བྱ་བ་བྲལ་བ་དང་། །ཤེས་རབ་ལྡན་པས་འཛིན་པར་འགྱུར། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ཆེན་པོའི་རྒྱུད་ལས། ཀྱེ་མ་ཉོན་ཅིག་ལྷ་ཡི་རིགས། །ངས་བསྟན་ལེགས་པར་ཡིད་ལ་ཟུངས། །སྣང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་བསྟན་པར་མི་བྱ་སྟེ། །གསང་བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་དམ་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ཐུབ་པར་བྱེད། །གསང་བའི་དོན་ལ་གུས་པ་དང་། །ཤེས་རབ་བློ་རྩལ་ཆེ་བ་དང་། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །དེ་ནས་ཁྱད་པར་འཁོར་རྣམས་ཀྱིས། །རྡོ་རྗེ་འཆང་ལ་ཡང་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རྫོགས་ཆེན་མན་ངག་གསང་དོན་འདི། །རང་གར་བསྟན་པ་མ་ཡིན་ཏེ། །ངེས་པའི་ལུང་རྒྱལ་ཁུ་བྱུག་མཆོག །འདི་ཉིད་བསྟན་པའི་གང་ཟག་གི། རིགས་དང་སྤྱོད་ལམ་ཆེན་པོ་དང་། །ཁ་དོག་མཚན་ཉིད་གསུང་དུ་གསོལ། །དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་། །ཏིང་ངེ་འཛིན་ལས་བཞེངས་ནས་ནི། །ཁྱད་པར་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་ཁྱད་པར་འཁོར་ཚོགས་ཉོན། །ང་ཡིས་བསྟན་གྱིས་ལེགས་པར་ཉོན། །རིགས་ཀྱི་ཁྱད་པར་འདི་ལྟ་སྟེ། །རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང་། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཡང་ན་རིགས་མེད་ཁ་དོག་བརྟག །ཕོ་མོ་གཉིས་ནི་གང་ཡང་རུང་། །ཁ་དོག་འདི་དང་ལྡན་པ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཡན་ལག་རགས་ཤིང་ཁ་དོག་ནག །སོ་ཉིད་ཐགས་བཟང་དཀར་ལ་འདྲིལ། །མིག་རྩ་ཡིད་ཙམ་དམར་བ་དང་། །སྐྲ་ཡི་མཚན་ཉིད་ཆེན་པོ་ཡང་། །གཡས་སུ་འཁྱིལ་ཞིང་

p. 570

ཁམ་ནག་མདོག །ལུས་ལ་བཀུར་སྟི་ཆུང་བ་དང་། །ཕྱི་ཡི་སྤྱོད་ལམ་ཐ་མལ་མདོག །ཚིག་རྣམས་ཤུགས་བྱུང་སྨྲ་བ་དང་། །ཡང་ན་ཚིག་གི་རྣམ་པ་ཀུན། །གཅིག་གིས་གང་ལྟར་སྨྲས་པ་ལྟར། །སྐྱེས་བུ་དེ་ཡང་དེ་ལྟར་སྨྲ། །རྫོགས་ཆེན་གདམས་ངག་བསྟན་པར་གསུངས། །དེ་རྣམས་གཅིག་ལ་ཚང་བ་ན། །ཤན་པའི་རིགས་སམ་སྨད་འཚོང་རིགས། །ཕྱགས་དར་ཁྲོད་པའི་རིགས་ཀྱང་རུང་། །རིགས་ངན་གང་དག་སུ་ཡིན་ཀྱང་། །གསང་བའི་མན་ངག་བཅུད་འདི་གཏད། །རྒྱུ་ཆུང་ཡོ་བྱད་མེད་པ་ན། །རང་གི་ཡོ་བྱད་སྦྱར་ནས་ཀྱང་། །ལྷག་མ་མེད་པར་ཡོངས་སུ་སྦྱིན། །གསང་བའི་བཅུད་གསུམ་མན་ངག་འདི། །རིགས་དང་ཁ་དོག་བརྟག་ཐབས་རྣམས། །ང་ནི་མྱ་ངན་འདས་འོག་ཏུ། །གསང་བའི་མན་ངག་ཡང་བཅུད་འདི། །ངེས་པའི་རྒྱལ་པོ་འདི་ལྟར་བསྟན། །དེ་རྣམས་བསྟན་པའི་སྐྱེས་བུ་ལ། །གོང་གི་གདམས་ངག་བསྟན་པར་བྱ། །ཞེས་གསུངས་སོ། །དོན་གཉིས་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ངེས་པ་ལ་བསྒྲུབ་ལུགས་གཉིས་ཏེ། སྤྲང་པོའི་ཚུལ་གྱིས་བསྒྲུབ་པ་དང་། རི་དྭགས་ཀྱི་ཚུལ་གྱིས་བསྒྲུབ་པའོ། །དང་པོ་ནི། རང་གི་ཡུལ་སྤངས་ནས། གཞན་གྱི་ཡུལ་ལྗོངས་སུ་སོང་སྟེ། སུས་ཀྱང་རང་གི་མིང་དང་བཟང་ངན་དང་། ཅི་ཤེས་པ་དང་མི་ཤེས་པ་ལ་སོགས་པ་ངོ་མི་ཤེས་པར་བྱས་ཏེ། ཐ་མལ་དུ་བརྫུས་ནས། ཟས་གོས་སློང་མོས་འཚོ་ཞིང་། ས་ཕུག་དང་གྲོང་ལས་ཅུང་ཟད་ཕྱིན་པའམ། དབེན་པའམ། འགྲོན་ཁང་ལ་སོགས་པར་མངོན་མཚན་མེད་པས་བསྒྲུབ་སྟེ། འདིའི་དུས་སུ་རང་གི་ཡོན་ཏན་མི་ངོམ་པ་ནི་ཞེ་འདོད་མེད་པའི་རྟགས་ཡིན་ལ། གཞན་གྱི་བླ་མ་དང་ཆོས་ལ་སོགས་པ་དྲི་བརྡ་མི་བྱེད་པ་ནི་རང་གི་མན་ངག་ལ་ཡིད་ཆེས་ཤིང་ཐེ་ཚོམ་མེད་པའི་རྟགས་ཡིན་ནོ། །དེ་སྐད་དུ་ཡང་། མན་ངག་རིན་པོ་ཆེའི་འཁོར་ལོ་ལས། དགྲ་གཉེན་སྤངས་པའི་ས་ཕྱོགས་སུ། །སྤྲང་པོ་ལྟ་བུའི་ཚུལ་གྱིས་བསྒྲུབ། །ཅེས་སོ། །གཉིས་པ་རི་དྭགས་ལྟར་བསྒྲུབ་པ་ནི་རབ་ཏུ་དབེན་པའི་རི་ངོགས་བྲག་གི་བྱ་སྐྱིབས་ཅན་ནམ་

p. 571

ནགས་ཁྲོད་དམ། རི་རྩེའམ། གངས་འདབས་སམ། ལུང་སྟོང་ཆེན་པོར་སོང་ལ་བྱ་བ་གསུམ་སྤངས་ལ་བསྒྲུབ་བོ། །དེའང་ལུས་ཀྱི་བྱ་བ་ཚོང་སོ་ནམ་མཁར་ལེན་སྒུལ་སྐྱོད། ཕྱག་བསྐོར་བ་ལ་སོགས་པ་དང་། ངག་གི་བརྗོད་པ་གང་ཅི་ཡང་རུང་བ་ཐམས་ཅད་དང་། སེམས་ཀྱི་འཕྲོ་འདུ་དྲན་བསམ་ཐ་དད་པ་རང་གི་གདམས་ངག་དང་འགལ་བ་རྣམས་ཐམས་ཅད་སྤངས་ལ། མན་ངག་དམ་པ་གཅིག་པུ་ལ་རྩེ་གཅིག་ཏུ་མ་ཡེངས་པས་བསྒྲུབ་པར་བྱའོ། །དགོས་པ་ནི་ལུས་དལ་བས་རྩ་དལ། རྩ་དལ་བས་རླུང་སེམས་རང་བཞིན་གྱིས་དལ། རླུང་སེམས་དལ་བས་རྣམ་རྟོག་ཤུགས་ཀྱིས་འགག་ཅིང་། མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེའོ། །ངག་དལ་བས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། མ་བརྗོད་ན་བརྗོད་དུ་མེད་པའི་རང་བཞིན་ལ་གནས་པའི་ཕྱིར་རོ། །སེམས་ཀྱི་དྲན་བསམ་འཕྲོ་འདུ་སྤངས་པས་ཏིང་ངེ་འཛིན་རང་ལུགས་སུ་སྐྱེ་བ་ཡིན་ནོ། །དེ་ཡང་ཐལ་འགྱུར་ལས། དད་ལྡན་འཁོར་བའི་ཡིད་བྲལ་བས། །བླ་མ་མཆོད་དང་གཏོང་བར་བྱ། །འཁོར་བའི་འབྲེལ་པ་ཀུན་སྤངས་ནས། །གྲོགས་སྤངས་གཅིག་པུར་གནས་པར་བྱ། །ཞེས་སོ། །གསུམ་པ་ཉམས་སུ་བླང་བའི་དོན་དངོས་བསྟན་པ་ལ་བཞི་སྟེ། སྤྱོད་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར། སྒོམ་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར། ལྟ་བ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར། འབྲས་བུ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་རོ། །ནོར་བུ་འཕྲ་བཀོད་ལས། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་དང་། །ལྟ་བ་རྒྱུན་གྱི་རྣལ་འབྱོར་དང་། །འབྲས་བུ་རྒྱུན་གྱི་རྣལ་འབྱོར་རོ། །ཞེས་སོ། །དེ་ལྟར་བཞི་ལ་དོན་ཉི་ཤུས་ཉམས་སུ་ལེན་པར་བསྟན་པ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་རིམ་བྱེ་བྲག་འདི་ལྟ་བུས། །ཁྲིགས་ཆགས་ཉིད་དུ་ཉམས་སུ་བླང་། །བདག་པོ་བཞི་ཡི་ཚུལ་གྱིས་ནི། །དོན་གྱི་ངོ་བོ་བཞི་ཡང་གཟུང་། །དེ་ཡི་ཡུལ་རིག་རྣམ་བཞི་ཡིས། །འདི་ལྟར་སྣང་བའི་སྐྱེ་རྒྱུན་གཅོད། །བཞག་ཐབས་མན་ངག་རྣམ་བཞི་ཡིས། །སྣང་སྲིད་ཆོས་རྣམས་རང་བྱན་བྱ། །དག་ལུགས་གྲོལ་བའི་གནད་བཞི་ཡིས། །ཉོན་

p. 572

མོངས་རྣམས་ལ་རང་དབང་བསྒྱུར། །དེ་ཡི་རང་གི་ཚད་འབེབས་པའི། །དཔེ་བཞིས་ཡིད་ཆེས་རང་ངོ་བསྟན། །མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་བཟློགས་ཡེ་ཤེས་ཚད་ཀྱང་གཟུང་། །འདི་ལ་གོམས་པར་སུས་བྱས་པ། །རང་བཞིན་རྫོགས་པ་ཆེན་པོ་ལ། །འདི་ཡིས་རེག་གོ་ས་མ་ཡ། །འདི་ལྟར་གང་ལ་སྣང་གྱུར་པ། །ཡེ་ཤེས་ཀུན་ཀྱང་ཕུགས་སུ་ཟིན། །གསང་ཆེན་ཕྱག་རྒྱ་ཆེན་པོ་འཐོབ། །ཅེས་གསུངས་པའི་དོན་ཆ་ཤས་ཀྱི་དབྱེ་བས་ཉམས་སུ་བླང་བའི་རིམ་པ་ལས། དང་པོ་སྤྱོད་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ་བཞིས་ཏེ། སྣང་བ་དབང་བསྒྱུར་གྱི་སྤྱོད་པ། དེའི་མན་ངག་སྣང་བ་ཅེར་བཞག་གི་ཐབས། དེ་ལས་སྣང་སྲིད་གཞི་བཞེངས་ཀྱི་དགོངས་པ། ཉོན་མོངས་པ་གནས་བསྒྱུར་གྱི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། སྤྱོད་པ་སྤྱིའི་ངོ་བོ་མདོར་བསྟན་པ། གསང་ཆེན་ངེས་པའི་སྤྱོད་པ་རྒྱས་པར་བཤད་པ། གོ་རིམ་ངེས་པའི་སྤྱོད་པས་དུས་ཚོད་གཟུང་བའོ། །དང་པོ་ལའང་། མ་ཆགས་འཛིན་པའི་སྤྱོད་པ། དགག་སྒྲུབ་མེད་པའི་སྤྱོད་པ། ཆགས་ལ་ཞེན་མེད་ཀྱི་སྤྱོད་པ་དང་གསུམ་ལས། དང་པོ་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྤྱོད་པ་སྟེ། ལམ་ཐུན་མོང་དུ་ཞུགས་ནས་སྤྱོད་པ་ཙམ་ལས་མྱུར་དུ་གྲོལ་བའི་སྤྱོད་པ་མ་ཡིན་ཏེ། རང་ཤར་ལས། མ་ཆགས་འཛིན་པའི་སྤྱོད་པ་ནི། །མཚན་ཉིད་ཐེག་པའི་སྤྱོད་པ་སྟེ། །དོན་གྱིས་ཆགས་པ་ཆེན་པོས་བཅིངས། །ཐབས་མེད་གྲོལ་བར་ག་ལ་འགྱུར། །ཅེས་སོ། །གཉིས་པ་ནི། གསང་སྔགས་སྤྱིའི་སྤྱོད་པ་སྟེ་ཐབས་ཡོད་ཀྱང་རྩོལ་སྒྲུབ་ལ་གནས་པས་མྱུར་དུ་མི་གྲོལ་ཏེ། ཡང་དེ་ཉིད་ལས། དགག་སྒྲུབ་མེད་པའི་སྤྱོད་པ་ནི། །གསང་སྔགས་ཕྱི་ནང་སྤྱོད་པ་སྟེ། །ཉོན་མོངས་འགེགས་པར་མི་འདོད་ཅིང་། །ཡེ་ཤེས་བསྒྲུབ་པར་མི་འདོད་ལ། །ཚིག་དོན་འབྲེལ་བའི་སྤྱོད་པའོ། །དོན་གྱིས་ཆགས་མེད་མ་ཡིན་ཏེ། །ཐབས་ཡོད་པ་ཡིས་ཁྱད་པར་འཕགས། །ཐབས་ཆེན་འཛིན་སྤྱོད་དེ་བཞིན་ནོ། །དེ་ཉིད་སྤྱོད་པའི་རྣལ་འབྱོར་ཀྱང་། །ཡང་དག་ཉིད་ཀྱི་སྤྱོད་པ་མིན། །ཅེས་སོ། །གསུམ་པ་ནི། རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་

p. 573

པའི་སྤྱོད་པ་སྟེ། གཤིས་ལ་བླང་དོར་འཛིན་རྩོལ་མེད་པ་དེ་ཉིད་དང་མཐུན་པར་སྤྱོད་པས་ནམ་མཁའ་ལྟར་ཕྱོགས་དང་རིས་ལས་འདས་པས་ཡེ་གྲོལ་ཡེ་སྤྱོད་ཆེན་པོར་གནས་པ་ནི། ཡང་རང་ཤར་ལས། ཆགས་ལ་མ་ཞེན་སྤྱོད་པ་ནི། །རྫོགས་ཆེན་ཨ་ཏིའི་སྤྱོད་པ་སྟེ། །བྱར་མེད་བྱས་མེད་བྱུང་ས་མེད། །འགྲོ་མེད་འོང་མེད་གནས་པ་མེད། །ཆགས་པ་མེད་ལ་ཞེན་པ་མེད། །ཅེས་སོ། །གཉིས་པ་གསང་ཆེན་ངེས་པའི་སྤྱོད་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱོད་པ་ཉི་ཤུ་རྩ་གཅིག་གི་རང་བཞིན་རྒྱས་པར་བཤད་པ་དང་། རྡོ་རྗེའི་གླུ་གར་བྱ་བའི་རིམ་པའོ། །དང་པོ་ནི་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་ཀུན་གྱི་ནི་རོ་མྱང་བྱ། །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་རྐྱེན་གྱུར་ཡུལ་རྣམས་སྤངས། །ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་ངག་ནི་རྣམ་པར་སྤངས། །ཐི་བྱ་ལྟ་བུའི་སྤྱོད་པ་ཡིས། །གསང་བའི་སྔགས་ཀྱི་ཐེ་ཚོམ་བཅད། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤང་། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས། །གཙང་དང་སྨེ་བའི་རྣམ་རྟོག་སྤངས། །ལྡོམ་བུ་ལྟ་བུའི་སྤྱོད་པ་ཡིས། །དྲན་བསམ་ཐོག་བབས་ཉིད་དུ་སྤྱད། །བུ་ཆུང་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་ཞེན་པ་རྒྱུན་རིང་སྤང་། །རྔ་མོ་ལྟ་བུའི་སྤྱོད་པ་ཡིས། །འཇིག་རྟེན་མཐུན་པའི་ཚིག་གིས་དྲངས། །གླང་ཆེན་ལྟ་བུའི་སྤྱོད་པ་ཡིས། །འཁོར་བའི་གཡུལ་རྣམས་གཏིང་ནས་བཟློག །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །བུ་དང་དགྲ་ཡི་འདུ་ཤེས་སྤང་། །རྒྱ་མོ་ལྟ་བུའི་སྤྱོད་པ་ཡིས། །འདོད་པའི་ཆོག་ཤེས་དུས་ཚོད་བཅད། །དྲེད་མོ་ལྟ་བུའི་སྤྱོད་པ་ཡིས། །འཁོར་བའི་ས་བོན་སྤེལ་མི་བྱ། །བྲམ་ཟེ་ལྟ་བུའི་སྤྱོད་པ་ཡིས། །གཞན་གྱི་ལོངས་སྤྱོད་ཟས་རྣམས་སྤང་། །དཔའ་མོ་ལྟ་བུའི་སྤྱོད་པ་ཡིས། །འཁོར་འདས་རྣམས་ཀྱི་རུ་ཤན་དབྱེ། །ཆུ་ཡིག་ལྟ་བུའི་སྤྱོད་པ་ཡིས། །དྲན་པའི་རྟེན་ཉིད་རང་སར་གཞག །ནམ་མཁའི་མདུང་སྐོར་སྤྱོད་པ་ཡིས། །དངོས་པོ་རྣམས་ལ་ཟང་ཐལ་

p. 574

སྤྱད། །བར་སྣང་རླུང་འདྲའི་སྤྱོད་པ་ཡིས། །གཟུང་དང་འཛིན་པའི་རྟོག་པ་སྤང་། །བྱ་ཁྱུང་ལྟ་བུའི་སྤྱོད་པ་ཡིས། །གཡང་ས་རྣམས་ནི་རླབས་ཀྱིས་བཅད། །རི་བོ་ལྟ་བུའི་སྤྱོད་པ་ཡིས། །འགྱུར་མེད་རང་དག་སྟེང་དུ་སྤྱད། །ཐོག་ཆེན་ལྟ་བུའི་སྤྱོད་པ་ཡིས། །སྣང་བ་ཕྱིར་མི་ལྡོག་པར་སྤྱད། །ཅེས་སོ། །རྣམ་གྲངས་ཉེར་གཉིས་ཡོད་ཀྱང་རི་དྭགས་ལྟ་བུའི་སྤྱོད་པ་གཉིས་གཅིག་ཏུ་ཕྱོགས་སྡེབས་པས་ཉེར་གཅིག་ཏུ་བཤད་དོ། །གཉིས་པ་རྡོ་རྗེའི་གླུ་གར་བྱ་བའི་རིམ་པ་ལ་གསུམ་སྟེ། གླུ་གར་གྱི་དུས། གླུ་གར་དངོས། གླུ་གར་གྱི་ཕན་ཡོན་ནོ། །དང་པོ་ནི། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པའི་དུས་དང་། ཚོགས་དང་། དབང་བསྐུར་དང་། དཀྱིལ་འཁོར་བསྒྲུབ་པའི་དུས་དང་། ཏིང་ངེ་འཛིན་གོང་དུ་སྤེལ་བའི་དུས་ཏེ་རྣམ་ལྔ་དག་པའི་ཚེ་ཐ་མལ་པས་མ་མཐོང་བར་གསངས་ཏེ་བྱ་བ་ནི། དེ་ཉིད་ལས། རྣལ་འབྱོར་གང་ཞིག་སྐལ་ལྡན་པ། །དུར་ཁྲོད་རྣམས་སུ་རྒྱུ་བའི་ཚེ། །རྡོ་རྗེའི་གླུ་ནི་ཡང་ཡང་བླང་། །མི་རྟོག་བསམ་གཏན་གནས་པའི་གྲོགས། །སྤྱོད་པ་ཀུན་གྱི་སྔོན་དུ་འགྲོ། །དེ་ཕྱིར་རྡོ་རྗེའི་གླུ་ཉིད་བླང་། །ཚོགས་དང་དབང་བསྐུར་དཀྱིལ་འཁོར་འཇུག །དེ་དུས་གླུ་ལ་བརྩོན་པར་བྱ། །མི་རྟོག་རྒྱུད་ལ་བསྟེན་དུས་སུ། །འདི་ཉིད་སྐབས་སུ་བླང་བར་བྱ། །ཞེས་སོ། །ཁྱད་པར་དུ་སེམས་རྣལ་དུ་འབེབས་པ་དང་བྱིང་བ་གསེང་བའི་མཆོག་ཏུ་བཤད་དེ། དེ་ལས། གང་ཞིག་བསམ་གཏན་མ་ཕེབས་པ། །འདིས་ནི་རྣལ་དུ་ཕེབས་པ་ཡིན། །གལ་ཏེ་རྣལ་འབྱོར་བྱིང་བའི་དུས། །འདིས་ནི་གསེང་ན་ཏིང་འཛིན་བཟང་། །རང་རིག་བདེ་ཆེན་རྒྱ་ཡིས་འདེབས། །ཕྱག་རྒྱ་ཆེན་པོ་ཉིད་དང་སྦྱོར། །ཅེས་སོ། །གཉིས་པ་གླུ་གར་དངོས་ལ་ལུས་ཀྱི་ཆོ་ག །སེམས་ཀྱི་བསྒོམ་པ། ངག་གི་བྱ་བ་དང་གསུམ་ལས། ལུས་ཀྱི་ཆོ་ག་ལ་ཆས་དང་བྲོ་གར་གཉིས་ཏེ། དེ་ཡང་ཚོགས་དང་དཀྱིལ་འཁོར་ལ་འཇུག་པ་དང་ཏིང་ངེ་འཛིན་སྤེལ་དུས། ཞི་ཁྲོ་གང་རུང་གི་ཆས་ལས། ཞི་བ་ནི་དར་དང་རིན་པོ་ཆེའི་རྒྱན་ཆས་སྤྲས་ཏེ་གོས་ཀྱི་ལྷབ་ལྷུབ་དང་། ཞི་བའི་དབུ་རྒྱན་དང་། རྡོ་རྗེ་དྲིལ་བུ་འཛིན་པའོ། །ཁྲོ་བོའི་ཆས་ནི།

p. 575

རུས་པའི་རྒྱན་དྲུག་ཐལ་ཆེན་གྱི་བྱུག་པ། ཞག་གི་ཟོ་རིས། བྷནྡྷ་དང་། ཕུར་པ་འཛིན་པའོ། །བྲོ་གར་ནི་ལྷའི་ཕྱག་རྒྱ་འཆའ་བའོ། །ངག་ནི་སྔགས་དང་སྙིང་པོ་བརྗོད་པའོ། །སེམས་ནི་ལྷའི་སྐུ་བསྒོམ་པའོ། །ཁྱད་པར་དུ་འཁོར་འདས་རུ་ཤན་འབྱེད་པའི་ཚེ། ལུས་གཅེར་བུ་ཐ་མལ་དུ་གནས་པས། ཕྱག་རྒྱ་སྣ་ཚོགས་དང་བྲོ་གར་སྣ་ཚོགས་བྱེད་ལ། ངག་དང་སེམས་ཀྱང་དེ་བཞིན་ནོ། །ནགས་དང་མཚོ་གླིང་ལ་སོགས་པར་ཉམས་གོང་དུ་སྤེལ་བའི་ཚེ། ལུས་རྣལ་འབྱོར་པའི་ཆས་ལས། ཌཱ་མ་རུ་དང་། དྲིལ་བུ་དང་། གླིང་བུ་ལ་སོགས་པ་འབུད་ཅིང་མེ་ཏོག་གི་མགོ་རྒྱན་ལ་སོགས་པས་སྤྲས་ལ། སེམས་ལྷའི་སྐུ་བསྒོམ་པ་དང་། རིག་པའི་ངོ་སྤྲོད་ཐོག་ཏུ་སྦྱང་བ་དང་། རང་གནས་ཀྱི་བསམ་གཏན་ལ་གནས་པ་གསུམ་སྤེལ་ཞིང་། རྐང་པའི་བྲོ་དང་གཡས་བརྐྱང་གཡོན་བསྐུམ་ལས། གཡོན་བརྐྱང་གཡས་བསྐུམ་ལ་སོགས་པར་བསྒྱུར་བ་དང་། ངག་གི་བྱ་བ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རིང་པོ་དང་ཐུང་ངུ་དང་། འཁྱོག་པོར་གདངས་སྙན་པོས་བརྗོད་ཅིང་། ༀ་དང་ཨེ་དང་ཧཱུྃ་དང་ཧེ་དང་ལྱཻ་ཤག་ལ་སོགས་པས་སྣ་དྲངས་ཏེ། མཆོག་གསང་བླ་ན་མེད་པ་རྡོ་རྗེའི་ཚིག་བླང་བ་ནི། ཨེ་མ་ཀི་རི་ཀཱི་རཱི། མཥྚ་བཱ་ལི་བཱ་ལི། ས་མི་ཏ་པུ་རུ་པུ་རུ། ཀུ་ཏ་ལི་མ་སུ་མ་སུ། ཨི་ཀ་རཱ་སུ་ལི་བྷ་ཏ་ཡེ། ཙ་ཀི་ར་བྷུ་ལི་ས་ལ་ཡེ། ས་མུནྟ་ཙཪྱ་སུ་བྷ་ཡཻ། བྷེ་ཏ་ས་ན་བྷྱ་ཀུ་ལི་ཡཻ། ས་ཀ་རི་ངྷཱུ་ཀ་ན། མ་ཏ་རི་བཻ་ཏ་ན། བ་ར་ལི་ཧི་སཱ་ན། མ་ཁརྟ་ཀི་ལ་ནཱཾ། སཾ་བྷ་ར་ཏ་མེ་ཀ་ཙངྟ་པ། སུཪྱ་བྷ་ཏ་ར་ཨེ་པ་ཤ་ན་པ། ར་ན་བྷི་ཏི་ས་བྷུ་ར་ལཱ་པ། མ་སྨིན་ས་གུ་ལི་ཏ་ཡ་བ། འགུ་ར་འགུ་རཱ་ས་ག་ཁ་ར་ན་ལཱི། ན་ར་ན་རཱ་ཨི་ཐ་ར་པ་ཏཱ་ལ། སིར་ན་སིར་ཎ་བྷེ་ས་རས་པ་ལཾ། བྷུན་དྷ་བྷུན་དྷ་ཚིཥ་ས་ཀེ་ལཾ། ས་སཱ། རི་རཱི། ལི་ལཱི། ཨི་ཨཱི། མི་མཱི། ར་ར་རཱ། ཞེས་ཉི་ཟླ་ཁ་སྦྱོར་ལས་བཤད་པ་ལྟར་ཆོས་ཉིད་ཀྱི་གླུ་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་བླང་སྟེ། མ་སྐྱེས་པས་ན་མི་འགག་ཅིང་། །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ། །བདེ་ཆེན་ཆོས་མཆོག་མི་གཡོ་བ། །མཁའ་མཉམ་རྣམ་གྲོལ་གོས་པ་མེད། །རྩ་བ་མེད་ཅིང་རྟེན་མེད་ལ། །

p. 576

གནས་མེད་ལེན་མེད་ཆོས་ཆེན་པོ། །ཡེ་གྲོལ་ལྷུན་མཉམ་ཡངས་པ་ཆེ། །བཅིངས་མེད་རྣམ་པར་བཀྲོལ་མེད་པ། །ཁྱབ་གདལ་ཁང་བཟང་ཡེ་ཡོད་ཉིད། ཁྱབ་མཉམ་པ་ལས་རྣམ་འདས་པ། །ཡངས་སོ་ཆེའོ་ནམ་མཁའི་དབྱིངས། །ཆོས་ཆེན་འབར་བ་ཉི་ཟླའི་དཀྱིལ། །ལྷུན་གྱིས་གྲུབ་དང་མངོན་སུམ་པ། །རྡོ་རྗེ་རི་བོ་པདྨ་ཆེ། །ཉི་མ་སེང་གེ་ཡེ་ཤེས་གླུ། །སྒྲ་ཆེན་རོལ་མོ་མཚུངས་པ་མེད། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །སངས་རྒྱས་སངས་རྒྱས་ཀུན་མཉམ་ཞིང་། །ཀུན་བཟང་ཡངས་པ་ཆོས་ཀྱི་རྩེ། །མཁའ་དབྱིངས་བཟང་མོའི་དབྱིངས་རུམ་དུ། །ཀློང་གསལ་ལྷུན་གྲུབ་ཡེ་རྫོགས་ཆེ། །ཅེས་པའི་དོན་ཏེ། སེམས་ཉིད་ཁྱབ་གདལ་ཡངས་པའི་ངང་ནས་བླང་ངོ་། །གསུམ་པ་གླུ་གར་གྱི་ཕན་ཡོན་ནི། ཉི་ཟླ་ཁ་སྦྱོར་ལས། དེ་ཡང་རྣལ་འབྱོར་ཐབས་ཀྱི་གཙོ། །གྲག་པ་མེད་པ་རྡོ་རྗེའི་གླུས། །སངས་རྒྱས་ཀུན་གྱི་ཡིད་ཀྱང་ཚིམ། །རྣལ་འབྱོར་པ་ཡི་ཉམས་ཀྱི་གྲོགས། །མཁའ་འགྲོ་མ་ཡི་ཡིད་རྣམས་འཕྲོག །རིགས་དྲུག་འཁོར་བའི་ཞེན་པ་བཟློག །སྐལ་དང་ལྡན་པའི་ངང་འདུའི་གནས། །སེམས་ཀྱི་རྒྱུད་ཀུན་རང་དལ་འཐོབ། །རང་རིག་བདེ་བའི་གསལ་རྣམས་འདེབས། །ཤེས་པ་གཅིག་པའི་དཔུང་རྣམས་བྱེད། །ཡིད་ཅན་རྣམས་ཀྱི་སྐྱོན་རྣམས་སེལ། །ལུས་ཅན་ཀུན་གྱི་སྒྲིབ་པ་སྦྱོང་། །དབང་དང་དམ་ཚིག་བདེ་བ་སྟེར། །མ་རིག་པ་དག་བཅར་ལ་གནོན། །ཐེག་པ་རྣམས་ཀྱི་ངལ་སོའི་ས། །ལྟ་དང་སྒོམ་པའི་འབྲེལ་པའི་མཚམས། །སྙིང་པོ་རྣམས་ཀྱི་གདུལ་བའི་ཞིང་། །མི་བསྐྱོད་སྣང་བ་རང་སྐྱེད་གནས། །རྡོ་རྗེ་སེམས་དཔའི་སྐུ་ཡང་འཛིན། །ཅེས་པ་དང་། རྡོ་རྗེ་གསང་བའི་གླུ་ཡིས་ནི། །དགོས་པས་ངན་སོང་སྒོ་དགག་ཕྱིར། །སངས་རྒྱས་ཉིད་ཀྱི་མཛད་སྤྱོད་ཡིན། །ཅེས་སོ། །གསུམ་པ་གོ་རིམས་ངེས་པའི་སྤྱོད་པས་དུས་ཚོད་གཟུང་བ་ལ་གསུམ་སྟེ། ལས་དང་པོ་པའི་སྤྱོད་པ་དང་། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་དང་། བརྟུལ་ཞུགས་ལམ་དུ་བསླང་བའི་སྤྱོད་པའོ། །དང་པོ་ནི་ཡི་གེ་འདྲི་མཆོད་

p. 577

ལ་སོགས་པ་བཅུ་སྟེ། དབུས་མཐའ་ལས། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་འདི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པ་ལ་རིམ་པས་བསླབ་པའོ། །གཉིས་པ་ནི་གདམས་ངག་ཟབ་མོ་ཉམས་སུ་ལེན་པ་དང་དབང་གསུམ་པའི་སྔོན་འགྲོར་ལུས་ངག་ཡིད་གསུམ་གྱི་སྤྱོད་པས་འཁོར་འདས་ཕྱེ་ནས། རིག་པ་རྣལ་འབེབས་ཀྱི་སྤྱོད་པ་སོར་ཆུད་པར་བྱེད་པའོ། །གསུམ་པ་ནི་ཉི་ཤུ་རྩ་གཅིག་བཤད་པ་ལས། སྐབས་འདིར་དང་པོ་བདུན་ལ་གཙོ་ཆེར་སྤྱོད་པའོ། །དེ་ཡང་དང་པོ་ཆོས་ཀྱི་སྒོ་མོ་ཀུན་བསྡུར་ནས་རྒྱུད་ཐོག་ཏུ་ཕྱོགས་གཅིག་ཉམས་སུ་ལེན་པའི་དོན་ཚོལ་བ། བུང་བ་ཚང་འཚོལ་བ་ལྟ་བུ་སྟེ། ཐོས་པས་ཆོས་དང་ཆོས་མ་ཡིན་པ་འབྱེད། བསམ་པས་དེའི་དོན་རྟོགས་ནས་ཉོན་མོངས་པ་མགོ་གནོན། སྒོམ་པས་རྟོགས་ཐོག་ཏུ་བཞག་པས་ཉོན་མོངས་པ་རྩ་བ་ནས་ངེས་པར་འབྱིན་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། ཐོས་པའི་ཤེས་རབ་ཀྱིས་ཕྱིའི་སྒྲོ་འདོགས་བཅད་པ་དང་། བསམ་པའི་ཤེས་རབ་ཀྱིས་ནང་གི་སྒྲོ་འདོགས་བཅད་པ་དང་། སྒོམ་པའི་ཤེས་རབ་ཀྱིས་གསང་བའི་སྒྲོ་འདོགས་བཅད་པའོ་ཞེས་སོ། །དེའི་གྲོགས་སུ་ཐེ་ཚོམ་མེད་པ་ཐི་བྱ་ཚང་དུ་འཇུག་པའི་སྔོན་དུ་མིའི་སྒྲོ་འདོགས་བཅད་ཟིན་པས་འཛལ་འཛོལ་མེད་པར་འོང་བ་ལྟར། ཐོས་བསམ་གྱི་སྒྲོ་འདོགས་བཅད་ཟིན་པས་རང་ཡིད་ཆེས་པའི་མན་ངག་ལ་ཉམས་སུ་ལེན་པའོ། །དེའི་གྲོགས་སུ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་རི་དྭགས་ལྟ་བུའི་སྤྱོད་པ་ནི། རྣལ་འབྱོར་པ་དེ་ཡང་འཁོར་བར་ལྷུང་གིས་དོགས་པའི་གནོང་གིས་མི་མི་རྒྱུ་བའི་རི་ལ་གཅིག་པུར་གནས་པས་ཉམས་སུ་ལེན་པ་ནི་རི་དྭགས་རྨའི་གནོང་གིས་གཅིག་པུར་ཡན་གར་བ་ལྟ་བུའོ། །དེའི་གྲོགས་སུ་ལྐུགས་པ་ལྟ་བུའི་སྤྱོད་པ་ནི། ངག་སྨྲ་བ་བཅད་དེ་སུ་དང་ཡང་མི་སྨྲའོ། །དེ་ལྟར་བྱས་དུས་དྲན་པ་རེངས་པས་སྨྱོན་པ་ལྟ་བུའི་སྤྱོད་པ་ནི། ལུས་ངག་སེམས་ཀྱི་སྤྱོད་པ་ལ་གཟའ་གཏད་མེད་པ་སྨྱོན་པ་ལྟ་བུར་ཤུགས་ལས་འབྱུང་ངོ་། །འདིའི་དུས་ན་གཙང་སྨེ་མེད་པ་ཁྱི་ཕག་ལྟ་བུའི་སྤྱོད་པ་ཞར་ལས་འབྱུང་

p. 578

སྟེ། ཟས་གོས་ལ་གང་ཡང་འདེམ་ཁ་མེད་པར་ལོངས་སྤྱོད། དེ་ལྟར་དྲུག་རྫོགས་དུས་གཞན་གྱིས་ཚུར་ལ་ཟིལ་གྱིས་མི་ནོན་ཞིང་ཕར་གནོན་པ་སེང་གེ་ལྟ་བུའི་སྤྱོད་པ་འབྱུང་སྟེ། སེང་གེ་གང་ལའང་འཇིགས་པ་དང་བག་ཚ་བ་མེད་པ་ལྟར། རྣལ་འབྱོར་པ་འདི་ཡང་སྣང་བ་དང་མི་དང་མི་མ་ཡིན་ཐམས་ཅད་ཀྱི་གནོད་པ་དང་བྲལ་ནས་གང་ལའང་དབང་བསྒྱུར་ནུས་པ་འབྱུང་ངོ་། །སྤྱོད་པ་དེ་དག་ལ་མིང་དུ་བཏགས་ན་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་ཞེས་བྱའོ། །དེའང་གཞན་གྱི་མི་དད་བསྒྱུར་ནུས་ཤིང་། བསད་པ་སླར་གསོ་ནུས་པ་དང་། རྫུ་འཕྲུལ་གྲུབ་ཅིང་། ཆོས་ཉིད་ཀྱི་ཉམས་འབར་བ་ཆང་གིས་མྱོས་པ་ལྟར་ཕྱོགས་ཡན་རེ་དོགས་དང་བྲལ་ནས། འབྱུང་བཞི་ལ་དབང་བསྒྱུར་ནུས་པ་འབྱུང་ངོ་། །གཉིས་པ་དེའི་མན་ངག་སྣང་བ་ཅེར་བཞག་གི་ཐབས་སུ་གང་སྣང་སྣང་གི་ཐོག་ཏུ་སེམས་ཉིད་ཅེར་བཞག་ཏུ་བལྟས་པས། རྡོ་ཚན་ལ་ཁ་བ་བབས་པ་ལྟར། སྣང་ཐོག་དེ་ཉིད་དུ་རང་ཞིག་ལ་ལྷན་གྱིས་འགྲོ་སྟེ། དེའང་སྐྱེ་བར་སྣང་བ། འགག་པར་སྣང་བ། འོང་བ་དང་འགྲོ་བར་སྣང་བ་ལ་སོགས་པ་ཆོས་ཅན་ཐ་དད་དུམ་བུ་པ་ལ་བསླབས་པས་འཛིན་ཞེན་གྲོལ་ནས་སྣང་ཡང་བདེན་པས་སྟོང་པ་གཟུགས་བརྙན་དང་། ཆུ་ཟླ་དང་། སྒྲ་བརྙན་དང་། སྤྲུལ་པ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། མིག་ཡོར་དང་། རྨི་ལམ་ལྟར་ཡོངས་སུ་དག་ལ། ཆོས་སྤྱིའི་རྣམ་པའི་ཆོས་ཉིད་མ་སྐྱེས་པ་ལ་བསླབས་པས་ནམ་མཁའ་ལྟར་གདོད་མ་ནས་ཞི་བར་རྟོགས་པ་སྟེ། ཀློང་དྲུག་པ་ལས། སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་སྣང་བ་རང་ཤར་བས། །ཐ་དད་གཟུགས་རྣམས་འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ། །མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ན་རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལྔ་སོ་སོའི་སྣང་བར་ནི། །རང་ས་བཟུང་བའི་ས་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་བློ་རྣམས་

p. 579

རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ། །བྱུང་རྐྱེན་དུ་མ་རང་ཤར་བས། །སྣང་བའི་ཡུལ་ལ་མངོན་པར་ནི། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །ཞེས་སོ། །གསུམ་པ་དེ་ལས་སྣང་སྲིད་གཞི་བཞེངས་ཀྱི་དགོངས་པ་ཤར་བ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་བསླབས་པ་མེད་ཀྱང་བློ་ཐོག་ཏུ་ཕུངས་ཀྱིས་རང་ཤར་ནས་གང་ལའང་ཐོགས་རྡུགས་མེད་པ་འབྱུང་སྟེ། ཡང་དེ་ཉིད་ལས། ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །སྣང་ཆ་མེད་པའི་སེམས་ཉིད་ལ། །ཉག་གཅིག་ཆ་ཕྲའི་སྣང་བ་ནི། །སྤྲོས་བྲལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དེ་ལྟར་དགོངས་པ་དགོངས་པ་རུ། །སེམས་ཀྱང་གཏན་ལ་ཕབ་པ་ཡིས། །རྣལ་འབྱོར་སེམས་ལ་དབང་ཡང་ཐོབ། །དྲི་མས་བཅིངས་པ་ལས་གྲོལ་བའོ། །ཞེས་སོ། །བཞི་པ་དེའི་དུས་སུ་ཕུང་པོ་དང་ཉོན་མོངས་གནས་གྱུར་གྱི་འབྲས་བུ་ནི། མུ་ཏིག་ཕྲེང་བ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ནི། །རིགས་དང་རིགས་ཀྱི་བདག་པོར་གྲོལ། །ཅེས་པ་དང་། རྐྱེན་རྣམས་རྐྱེན་གྱིས་གྲོལ་བས་ན། །དམིགས་པའི་ཆོས་ལ་ང་མི་ལྟོས། །ཡུལ་རྣམས་ཡུལ་གྱིས་གྲོལ་བ་ལ། །གཟུང་འཛིན་གཉིས་ལ་ང་མི་ལྟོས། །རྒྱུ་ཉིད་རྒྱུ་ཡིས་གྲོལ་བ་ལ། །འཁོར་འདས་གཉིས་ལ་ང་མི་ལྟོས། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །ཐ་སྙད་ཚིག་ལ་ང་མི་ལྟོས། །སེམས་ཉིད་སེམས་ཀྱིས་གྲོལ་བ་ལ། །མཚོན་བྱེད་བློ་ལ་ང་མི་ལྟོས། །ཞེས་པ་དང་། ཀློང་དྲུག་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རང་སར་དག །སྒྲ་ཚིག་སྣང་བའི་སེམས་ཉིད་ལ། །ཐ་སྙད་མིང་རྣམས་རང་སར་དག །རགས་པར་སྣང་བའི་སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རྣམ་པར་དག །ཡོད་པར་སྣང་བའི་སེམས་ཉིད་ལ། །དངོས་པོ་རྣམས་ནི་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་

p. 580

དག །ཡོད་དང་མེད་པའི་སེམས་ཉིད་ལ། །གྲུབ་པའི་མཐའ་རྣམས་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །རང་གི་མཚན་ཉིད་རྣམ་པར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་པ་རྣམས་ནི་རང་སར་དག །ཅེས་སོ། །དོན་གཉིས་པ་བསྒོམ་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ་བཞི་སྟེ། ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ། དེའི་མན་ངག་རྒྱ་མཚོ་ཅོག་བཞག་གི་ཐབས། དེའི་དགོངས་པ་སྣང་སྲིད་གཞི་བཞག་གི་ཆོས་ཉིད། དེའི་འབྲས་བུ་ཉོན་མོངས་པ་རང་རྒྱས་བཏབ་པའོ། །དང་པོ་ལ་གསུམ་སྟེ། ཉི་ཟླ་ཁ་སྦྱོར་ལས། སྒོམ་པ་ནི་གསུམ་སྟེ། ལྷ་ལ་སོགས་པའི་སེམས་ཀྱི་སྒོམ་པ་དང་། ཐེག་པ་ཆེན་པོའི་བསམ་གཏན་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉིད་ཡིན་ནོ་ཞེས་པ་དང་། ཐལ་འགྱུར་ལས། རང་བཞིན་བབས་ལས་བྱུང་བ་ནི། །བསམ་གཏན་དག་ཏུ་བརྗོད་པར་བྱ། །རྩ་དང་རླུང་དང་ཐིག་ལེ་དང་། ལུས་གནད་མིག་དང་སྟོང་པ་ནི། །སྒོམ་པ་ཞེས་ནི་འདོད་པ་ཡིན། །ཡི་གེ་འོད་དང་ཁ་དོག་དང་། །རྣམ་པར་འཁྲུལ་པའི་སྤྲོ་བསྡུ་ནི། །ཏིང་ངེ་འཛིན་ཞེས་བཤད་པ་ལ། །མ་བཅོས་རང་བཞག་གནས་ལུགས་ཏེ། །ཇི་ལྟར་དེ་ལས་འགྱུར་མེད་པ། །སངས་རྒྱས་རྣམས་ཀྱི་དགོངས་པའོ། །ཞེས་སོ། །དེ་ལ་དང་པོ་ལྷ་དང་མིའི་སྒོམ་པ་ནི་སེམས་འཛིན་ཉི་ཤུ་རྩ་གཅིག་སྟེ། དེ་ཉིད་ལས། སེམས་འཛིན་བསླབ་རིམ་ཉེར་གཅིག་གིས། །དང་པོ་གནས་སུ་བཞག་པ་དང་། །གཉིས་པ་ལུས་སེམས་དབྲལ་བ་དང་། །གསུམ་པ་ཆོས་ཉིད་མཐོང་བའོ། །འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །འགྱུ་བྱེད་རླུང་གི་རྟ་དང་ཡང་། །བསྲེགས་ཏེ་འཕེན་ཅིང་སྡུད་པ་ཡིས། །གནད་གསུམ་མཁས་པས་བསྟེན་བྱས་ན། །སེམས་ཀྱི་རྟོག་པ་རྒྱུན་འཆད་དོ། །ཞེས་གསུངས་པའི་དོན་ཉམས་སུ་བླང་བ་ལ་གསུམ་སྟེ། བདུན་ཚན་དང་པོས་རང་སེམས་གནས་སུ་བཞུག་པ། གཉིས་པས་ལུས་སེམས་འཛིན་ཞེན་དབྲལ་བ། གསུམ་པས་ཆོས་ཉིད་མཐོང་བ་བསྟན་པའོ། །དང་པོ་ལ་བདུན་གྱི་མཚན་མ་ཨ་དཀར་ལ་

p. 581

སེམས་གཟུང་བ་ནི། གནས་ཡིད་དང་མཐུན་པར་སྟན་བདེ་བ་ལ་ལུས་སྐྱིལ་ཀྲུང་གིས་འདུག་སྟེ། སྣ་རྩེར་ཨ་དཀར་ལ་འཚེར་བ་ཞིག་བསྒོམས་ནས། རླུང་ཕྱིར་འགྲོ་དུས་ཨ་ཡང་ཕར་སོང་། ནང་དུ་འགེངས་དུས་ཨ་ཡང་ཚུར་བྱུང་བར་བསམས་ལ་རླུང་དང་བསྲེས་ཏེ་བསྒོམ་མོ། །དེ་ཡང་ལུས་ལ་ཚད་ནད་ཡོད་ན་ཨ་དེ་གྲང་རེག །གྲང་ནད་ལ་ཚ་རེག་ཏུ་བསམས་ལ་ཉིན་མཚན་དུ་སྦྱངས་པས། སེམས་སྤྲོ་བསྡུ་དང་བྲལ་བའི་ཉམས་མྱོང་ཐུན་མོང་མ་ཡིན་པ་སྐྱེའོ། །ལུས་གནད་རླུང་གནད་ཐམས་ཅད་ལ་འདྲའོ། །དེ་ལ་སྐྱོ་ན་ཡི་གེ་ཕཊ་ལ་སེམས་གཟུང་བ་ནི་དར་ཅིག་ཤེས་པ་ཡེང་དུ་བཅུག་ལ། ཕཊ་ཅེས་དྲག་པོར་བརྗོད་པས་ཤེས་པ་རྟོག་མེད་ཧད་དེ་བ་ཅིག་འོང་བ་ལ་རྟོག་པ་མ་ལངས་ཀྱི་བར་སེམས་བཟུང་ལ་ཡང་ཕཊ་ཅེས་ཉིན་མཚན་དུ་ཉམས་སུ་བླངས་པས་སེམས་སྟོང་གསལ་རང་གདངས་ཀྱི་སྒོམ་པ་སྐྱེའོ། །ཡང་ཁྲོ་བོ་དགྱེས་པའི་གད་མོ་ལ་སེམས་གཟུང་བ་ནི། ཧ་དྲག་ལ་ཐུང་བར་བརྗོད་ལ་སྔ་མ་ལྟར་སེམས་གཏད་པས་རྟོག་མེད་གསལ་གདངས་ཀྱི་ཉམས་སྐྱེའོ། །ལྷ་མ་ཡིན་རྩོད་པ་འགྱེད་པ་ལ་སེམས་གཟུང་བ་ནི། རི་རྩེའམ་བྲག་སྟེང་ལ་སོགས་པར་འདུག་ལ། ལུས་ཙོག་པུས་མགོ་དང་པོར་དལ་བུས་སྒྲིལ། ལུས་སྒུལ་བསྐྱོད་དལ་བར་བྱ། དེ་ལྟར་ཉི་མ་གསུམ་བཞིར་བྱས་ནས། དྲག་ཏུ་ཁམས་ཀྱིས་ཐུབ་ཐང་དུ་སྒྲིལ་ཞིང་སྒུལ་བསྐྱོད་བྱས་པས། ཕྱིའི་སྣང་བ་དམར་ཁྲག་ཁྲུག་དང་། སེར་ལྷང་ལྷེང་དང་། སྔོ་གྱ་གྱུར་འགྱུར་བ་དང་། ཐིམ་ཐིམ་དུ་འགྱུར་བ་དང་། སྐྱ་སང་སེང་དུ་འགྱུར་བའི་རྗེས་ལ། ཕྱིའི་སྣང་བ་རང་འགགས་ནས་ཅིའི་ངོ་བོར་ཡང་གྲུབ་པ་མེད་པར་མཐོང་སྟེ། མཐོང་སྣང་རང་གྲོལ་བའི་ཉམས་སུ་མྱོང་བ་སྐྱེའོ། །འདིའི་དུས་ན་རླུང་ལ་ཤིས་པའི་ཁ་ཟས་བསྟེན་ནོ། །ལྟེ་བར་ཡི་གེ་རཾ་ལ་སེམས་གཏད་དོ། །རྣམ་རྟོག་ཧཱུྃ་གིས་དེད་པ་ལ་སེམས་གཟུང་བ་ནི་ཧཱུྃ་རིངས་དབྱངས་དང་བཅས་པ་རླུང་དང་བསྲེས་ལ་སེམས་དེའི་ངང་ལས་གཞན་དུ་མ་ཡེངས་པར་བཟུང་ལ། སྐབས་སུ་ཧཱུྃ་ཐུང་བ་རེ་བརྗོད་པས་རྣམ་རྟོག་ཆོས་ཉིད་དུ་སངས་པའི་ཉམས་སྐྱེའོ། །དེ་བཞིན་དུ་ལྟེ་བར་རཾ་བསྒོམས་ལ་རླུང་དང་ལུས་གནད་

p. 582

བསྟུན་པ་དང་། ལྷའི་སྐུར་བསྒོམས་ལ། སྣ་རྩེ་དང་བ་སྤུའི་སྒོ་ནས་སྐུ་ཕྲ་མོ་འཕྲོ་འདུ་བྱེད་པ་ལ་སེམས་གཏད་པས་ཤེས་པ་གསལ་དག་ཆེན་པོའི་ཉམས་སྐྱེའོ། །གཉིས་པ་ལུས་སེམས་འཛིན་ཞེན་དབྲལ་བའི་གནད་བདུན་ནི། རླུང་དང་ལུས་གནད་སྔར་བཞིན་ལ། སྨིན་མཚམས་སུ་ཐིག་ལེ་དཀར་དམར་འདྲེས་པ་སྲན་མའི་གའུ་ཙམ་ལ་སེམས་གཟུང་ངོ་། །དེས་རླུང་གི་ཉམས་སྐྱེའོ། །ལུས་ཀྱི་དབུས་ན་རྩ་གསུམ་དབྱུ་གུ་དྲང་པོ་ལྟར་གནས་པའི་རོ་རྐྱང་གི་སྣ་གཉིས་སྣ་བུག་ན་ཡོད་པ་ནས་རླུང་བཟུང་སྟེ། མདའ་ལྟར་འཕངས་པས་ནད་གདོན་སྡིག་སྒྲིབ་དག །ཞགས་པ་ལྟར་ནང་དུ་བཀུག་པས་དབུ་མའི་མ་སྣ་ནས་ཚུད་དེ། རྩ་གསུམ་འཁོར་ལོ་བཞི་ཡེ་ཤེས་ཀྱི་རླུང་གིས་གང་བ་ལ་སེམས་བཟུང་བས་རིག་པ་སྟོང་གསལ་གྱི་ཉམས་སྐྱེའོ། །སྣ་རྩེར་རླུང་དཀར་པོ་མདའ་གང་ནས་དཔག་ཚད་རྒྱང་གྲགས་ཀྱི་བར་དུ་ཁུག་པ་གཉིས་ཕར་སོང་ཚུར་འོང་ལ་སེམས་བཟུང་བས་རྟོག་མེད་གསལ་བའི་ཉམས་སྐྱེའོ། །ལུས་བྱིན་འོད་ལྔའི་ར་བ་འཇའ་ཚོན་ལྟ་བུ་སང་མ་སེང་ཁྲལ་མ་ཁྲོལ་ཤགས་མ་ཤིགས་ལ་མ་ཡེངས་པར་སེམས་བཟུང་བས་འོད་གསལ་དག་པའི་ཉམས་སྐྱེའོ། །རླུང་སེམས་ནམ་མཁའི་མཐོངས་སུ་འཕངས་ནས། ཡི་གེའམ་འོད་ཀྱི་གོང་བུའམ་ཉི་ཟླའི་དཀྱིལ་འཁོར་ཇེ་མཐོ་ཇེ་མཐོ་ལས་མཐར་དབྱིངས་སུ་ནུབ་ནས་བལྟར་མི་མངོན་པའི་ངང་ལ་སེམས་བཟུང་བས་སྟོང་ཉིད་བསམ་ངོ་དང་བྲལ་བའི་ཉམས་སྐྱེའོ། །སེམས་རྣ་བ་ལ་གཏད་དེ་ལྷན་ནེ་བཟུང་བས་སྒྲའི་བསམ་གཏན་གྱི་ཉམས་སྐྱེ་ལ། སྙིང་ནང་དུ་ལྷ་སྐུ་ཕྲ་མོ་ལ་སེམས་བཟུང་བས་འོད་གསལ་དག་པའི་ཉམས་སྐྱེ་ཞིང་བར་དོའི་འོད་གསལ་འབྱོངས་པ་དང་ལྷའི་སྐུ་རིང་བསྲེལ་འཇའ་འོད་རྣམས་འབྱུང་བའོ། །གསུམ་པས་ཆོས་ཉིད་མཐོང་བ་བསྟན་པའི་བདུན་ཚན་ནི། སྟོང་ཉིད་རིམ་གྱིས་པ་ལ་སེམས་གཟུང་བ་ནི། དང་པོར་ལུས་ཀྱི་བྱེ་བྲག་མང་པོར་བསིལ་ལ། མིང་དུ་མ་ལ་སོགས་པས་གཞིགས་ཏེ། མགོ་གཅིག་པུ་ལའང་མིང་དུ་མས་བསིལ་ལ། མིང་དེ་དོན་ལ་བརྟགས་པས་དོན་རྡུལ་ཕྲན་དུ་སོང་དུས་མིང་གང་ན་འདུག་བཙལ་བས། མ་རྙེད་པའི་ཚེ་གང་ཡང་ཡིད་ལ་

p. 583

མི་རྒྱུ་བའི་སྟོང་ཉིད་ཕུགས་རྡུགས་སུ་ཤར་བའི་ངང་ལ་ཚོལ་ཁྲོ་དང་དྲན་བསམ་མེད་པར་ལྷན་ནེ་བཞག་པས་སྟོང་པ་གཉིས་སུ་མེད་པའི་ཉམས་སྐྱེའོ། །ལུས་ཇི་ལྟ་བ་བཞིན་སྣང་བ་ཐམས་ཅད་ལ་སྦྱར་རོ། །སྟོང་ཉིད་ཅིག་ཅར་བ་ལ་སེམས་གཟུང་བ་ནི། ཅི་སྣང་སྣང་ལ་ཆེར་གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ། གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་དང་འདྲ་བ་སྐྱེའོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུས་སྐད་ཅིག་མའི་ཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེར་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང་། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་དང་། སྣང་སེམས་ཐམས་ཅད་ནམ་མཁའི་དབྱིངས་ན་ལྷིང་ངེ་གང་ལའང་རྟེན་མེད་དུ་བསྒོམ་པ་དང་། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུྃ་ལ་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག །རཾ་ལ་སེམས་ནི་སུ་འཛིན་

p. 584

པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང་། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང་། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་སྡུད། །ལུས་རྟེན་རང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུས་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟག་སེམས་ལ་གང་སྦྱོང་བ། །འདིས་ནི་འཁོར་བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང་། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག །གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་སོ། །འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་རེག་ལྔ་ལ་སེམས་གཟུང་བའི་ཐབས་ཀྱང་། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་དབྱིབས་རྣམས་དང་། །བཟོ་དང་སྒྱུ་རྩལ་ཐ་དད་དང་། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུམ་ལྡིར་དང་། །རྒྱུད་མངས་རྫ་རྔ་གླིང་བུ་དང་། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང་། །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་ལྡན་དང་། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེང་འདུག །གཞུང་བསྣོལ་སྦྱོར་བའི་འབྱུང་

p. 585

བ་དང་། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང་། དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི། སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་བོ། །མེ་ཡི་སྒྲ་ནི་རིང་བྱེད་བསླབ། ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉན་པར་སུ་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང་། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ལུས་དང་བསྟུན་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །སེམས་ཀྱིས་འཛིན་པ་མ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང་། །ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །

p. 586

དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་ངང་གིས་ལྷུན་གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པར་ལྟ་བའི་གཉེན་པོ་བསྒོམ་པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། །རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལུས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་སོ། །གཉིས་པ་ཞར་ལས་བྱུང་བའི་བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང་། བཅོས་མའི་བསམ་གཏན་ནོ། །དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ཡེངས་པའི་ཚེ་གྱིན་འདར་ཧད་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྲོང་གི་མིག་ལ་ཡོད་པ་དང་། རི་བོང་དང་ཁྲ་ཚང་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་ཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དོ། །དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་

p. 587

གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང་། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང་། སྨན་དང་། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། །རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་གཞུག །དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེས་བླངས་ནས། །ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང་། །འགྱུར་བར་ཐེ་ཚོམ་མི་ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་སྟེེ། རོ་མའི་རྩ་ནང་དུ་དྲངས་ལ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམ་སྟེ། ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། མགྲིན་པ་དང་རོ་མར་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་བོ། །འདི་དག་ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦས། །ཡང་ན་རླུང་གི་འགྱུར་རྩིས་ཀྱིས། །ཟས་ཀྱི་རྣལ་འབྱོར་དག་

p. 588

ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། །ཞེས་སོ། །དེའང་དཀའ་ཐུབ་དང་། བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་བྱེད་ན་དཀའ་ཐུབ་ཡིན་ལ། རི་ལུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དྭངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང་། རྡོ་སྦྱོར་དང་། སྔོ་སྦྱོར་དང་། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རཾ་ལས་མེ་འབར་བས་སྤྲུལ་པའི་འཁོར་ལོ་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་ཏེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་འགྲུབ་བོ། །རླུང་ལ་བརྟེན་པ་ནི། ཙོག་པུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིགས་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང་། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་དང་། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཅིང་སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང་། །དམིགས་པ་སོ་སོའི་འབྱུང་བ་དང་། །རྣལ་འབྱོར་ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་བའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རི་ལུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང་། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ།

p. 589

ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་ཝ་དྷཱུ་ཏཱིའི་མར་སྣའི་གོང་སྤུ་ན་གུའི་ཐད་ན་དྭངས་མ་དམར་པོ་དང་མེའི་ས་བོན་ཨ་ཤད་དམར་ལ་འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀང་ལ་རྩ་རླུང་ཐིག་ལེ་ཆུན་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང་། མི་བརྟེན་ན་བདེ་ཆེན་ཐིག་ལེའི་འབར་འཛག་དང་། བདེ་བའི་རྩ་གཉིས་དལ་བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། །རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལུས་སེམས་དབྲལ། ཁམས་གསུམ་འབྲོས་ཁུང་བཅད་པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟེར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང་། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང་། འབྱུང་བ་རོ་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྫིས་ལ་ཟོས་པས་དྲི་ང་བ་དང་འབྲལ་ཞིང་། མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཙོས་པའི་དྭངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚད་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང་། །བཤང་གཅི་

p. 590

ལ་སོགས་མེད་པ་དང་། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། ལུས་བཅུད་ལེན་དག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་རྩ་རླུང་དྭངས་མའི་སྦྱོར་བ་སྔར་བཞིན་སྦྱངས་པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིགས་བྲལ་ཏེ། །འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འདིའི་དུས་སུ་ནད་བྱུང་ན་ཡི་གེ་བརྗོད་པས་གདོན་པའམ། ནུས་པས་གཞན་ལ་སྤོ་བའམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ཀུན་ཏུ་མ་བཤད་པའི། །འབྱུང་བའི་ནད་རྣམས་དྲང་དང་བཟློག །ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང་། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡི་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱོར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་བར་གྱི་གནས་སྦྱར་ཏེ། གནད་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང་། །གཅུད་ཅིང་གཅུན་པའི་ལས་མཐའ་ཡིས། །འབྱུང་བའི་ནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གི། ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང་། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང་། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ནི་ས་ཆུ་མེ་རླུང་དང་། །དམིགས་

p. 591

པ་སྣ་ཚོགས་ནད་དང་སྦྱར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང་། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་བོ། །ཞེས་སོ། །དེ་ལ་སྒོ་གསུམ་གྱི་འཕྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་བྱ། །རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང་། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཕྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག །ཝ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཕྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བའི་ནད་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་དང་དེ་སྦྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་གསལ་བས། །རང་བཞིན་རྩ་ལ་གནས་པ་ཡི། །ཡི་གེ་བརྗོད་ཚུལ་དྲུག་གིས་ཀྱང་། །སོ་སོའི་གནས་དང་སྦྱར་བ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་དང་། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང་། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང་། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཀྱང་། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། །འདིའི་དུས་ན་བླ་

p. 592

མའི་ནད་གཞན་ལ་སྤོ་བ་དང་། བེམ་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང་། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་པ་གཉིས། །དངོས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལ་འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱིས་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ཐབས་དང་། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང་། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང་། །འགུགས་པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་འགྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། །སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། ནད་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་གཞན་དང་། ཡུལ་འཁོར་དང་། རི་ལུང་དང་། ནགས་ཚལ་ལ་སོགས་པ་ཡོད་པ་མེད་པར་སྤོ། མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་

p. 593

པས་སྤོ། འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། དངོས་པོ་བེམ་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པདྨས་མང་ཡུལ་གྱི་རི་སྤོས་པ་དང་། བསམ་ཡས་སུ་ནེ་ཐང་དང་ཤིང་ནགས་སྤོས་ནས་དེང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམ་པོའི་འབྱུང་བ་བཞི་དག་ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང་། །རྩྭ་དང་མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང་། །ངེས་པར་བཟུང་སྟེ་སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཞེས་སོ། །གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གསུམ་ལས། སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་ཏོན་དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་བས་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟང་ཟིང་མང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་ནི་དེ་ནས་ཉིན་འགར་རབ་ཏུ་དལ་བས་གྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་གོ་སྙམ་དུ་འདུན་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང་། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་

p. 594

གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་འདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས་ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་ཕོད་པ་རྫི་བ་དང་། སྤྲུལ་ཞིང་བསྒྱུར་བ་དང་། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོས་འཇིགས་དངངས་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པ་འོང་ངོ་། །ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་བགྲོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ་། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང་། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་ཀྱི་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འགྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོས་ཉིད་དོན་གྱི་གནད། ཐབས་དང་། དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ། །དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ཀ་བསྒོམ་ཞིང་། འབྲིང་

p. 595

གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ཡང་། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམས་པས་ལག་ལེན་ལ་ཐམས་ཅད་ལ་སྦྱང་ངོ་། །དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མདང་རྨིས་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་སལ་སལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ། རྨི་ལམ་དུའང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་བསྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་རྟེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང་། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྤྲིན་དེངས་པའམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་ཕྱམ་དུ་ཕྱལ་ཕྱལ་བསྒོམས་པས། རྨི་ལམ་དུའང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། ཕར་སྣང་ཐོག་ཏུ་རིག་པའི་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། སྣང་སེམས་གཉིས་ལ་འབྲེལ་པའི་རྟོག་པས་མི་བསླད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ཇེ་ཉུང་ལ་སོང་ནས་མཐར་ཅི་ཡང་མི་རྨི་བར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་པ།

p. 596

གནད་ལ་བོར་བ་དང་གསུམ་ལས། དང་པོ་ནི་རྨི་ལམ་སྦྱོང་དུས་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་བཞིའི་གནས་སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམ་དཀྲུགས་པས་འགྲུབ་པའོ། །གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུད་ལ་མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་བས་རྨི་ལམ་གཅུད་པའོ། །གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ཉལ་བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེའང་སྦྱང་བ་དང་། དཀྲུགས་པ་དང་། བསྒྱུར་བ་དང་། གཅུད་པ་དང་། བཅད་པ་དང་གནད་ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ། །རྩ་གནས་འཁོར་ལོ་ལས་དཀྲུགས་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་བས་གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་ཀྱི་དུས་སུ་རླུང་དལ་བས་འཕང་ཞིང་སྣང་སྲིད་འཁོར་འདས་ཐམས་ཅད་བདག་གི་སྣ་བུག་ནས་དྲན་པའི་འཁོར་ལོ་ལ་ཐིམ་པར་བསམ་ཞིང་། རླུང་ནང་དུ་བསྐྱིལ་ལ། སྤྱི་བོ་ནས་ཧཾ་ལས་ཐིག་ལེ་བབས་པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲ་ས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར་པ་ལ་སེམས་བཟུང་ལ། རླུང་དང་དྭངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་

p. 597

རོ། །འདིའི་དུས་ན་བརྩོན་འགྲུས་རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང་། ཐ་མས་དགེ་བའི་བག་ཆགས་སུ་འགྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་ངས་པའི་རྨི་ལམ་ར་རི་ཙམ་དང་། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང་། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ་། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང་། །བག་ཆགས་གསུམ་པོ་ངེས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང་། །དཀྲུགས་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང་། །རབ་ལ་བརྗེད་ངས་ཐ་མ་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་གྱི་གནད་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། །འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། །གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང་། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང་། ཕྱི་ནང་གི་ཆོས་འདི་དག་ལ་ཁྱད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་

p. 598

ཅད་སྒྱུ་མ་གཟུགས་བརྙན་གྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང་། ཁྱད་པར་རང་གི་གཟུགས་དེ་མེ་ལོང་དུ་འཆར་བ་ལ། གོས་བསྐོན་པ་དང་། རྒྱན་གདགས་པ་དང་། དེ་དག་བཤུས་ནས་ཕྱིར་འདོར་བ་དང་། བསྟོད་པ་དང་། མི་སྙན་པར་སྨྲ་བ་ལ་སོགས་པ་བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡུག །ན་ཚ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ། །ཇི་སྐད་དུ་ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་བས་

p. 599

ཞེན་པ་ཏིལ་ཙམ་མེད་པའོ། །ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། །དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་མེད་པ་དང་། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། ལུས་ལ་གྲིབ་མ་མེད་པ་དང་། བར་དོའི་སྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང་། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང་། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། །བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ། ནང་དུས་བཞི་མཉམ་སྦྱོར་གྱི་གདམས་པས་ངག་གི་བརྗོད་པ་ཟད་པ། གསང་བ་དུས་བཞི་མཉམ་སྦྱོར་གྱི་གདམས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་གདམས་པས་འོད་གསལ་མ་བུ་སྤྲད་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱངས་ཏེ། །བརྗོད་པའི་རྒྱན་རྣམས་བཅད་པ་གནད། །གསང་བའི་དུས་ནི་བཞི་ཡིས་ཀྱང་། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་དེས་བསྡུས་ནས། །འོད་གསལ་

p. 600

ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཞེས་སོ། །དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནད་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམས་པར་སྙིང་ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་བས་ཉལ་བས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། གཉིད་དུ་སོང་བྱས་ན་ཉེ་འཁོར་གྱི་གཟུགས་སྒྲ་དྲིའི་རྣམ་པ་མ་འགགས་པར་ཤེས་ལ། མ་སོང་བྱས་ན་རྐྱེན་གྱིས་དེའི་ངང་ལས་སད་རྒྱུ་བྱུང་སྟེ། ཉིན་སྣང་ལས་རྟོག་པ་འགགས་པ་ཙམ་ལས་སྣང་ཆ་སོ་ན་གསལ་བའོ། །དེ་ཡང་ཚོགས་དྲུག་གི་ཡིད་ཤེས་འགགས་ལ། སྒོ་ལྔའི་རྣམ་ཤེས་མ་འགགས་པར་གསལ་བའོ། །ཡིད་ཤེས་འོད་གསལ་དུ་ནུབ་དུས་རླུང་དབུ་མར་ཚུད་ལ། སྒོ་ལྔའི་རྣམ་ཤེས་རྟོག་མེད་ཡིན་པས་ཡུལ་སྣང་ཡང་འཛིན་པའི་དབང་དུ་མ་སོང་བ་སྟེ། གསལ་ལ་མི་རྟོག་པའི་འོད་གསལ་ཞེས་བྱའོ། །འདིའི་དུས་སུ་བདེ་བའི་འོད་གསལ་ཏིང་ངེ་འཛིན་གྱི་ངང་ལ་ཡོད། གསལ་བའི་འོད་གསལ་སྣང་ལ་མ་འགགས་པར་ཡོད། མི་རྟོག་པའི་འོད་གསལ་དེའི་ངང་དུ་རྟོག་མེད་རང་ཆས་སུ་ཡོད་པས། གཞི་རང་བཞིན་གྱི་འོད་གསལ་ཀ་དག་ཏུ། བུ་རང་དྭངས་ཀྱི་འོད་གསལ་གཉིས་མེད་འདྲེས་ནས། ཡེ་གསལ་ལ་ཡང་གསལ་ཤར་བས་འོད་གསལ་མ་བུ་འདྲེས་པ་ཞེས་བྱའོ། །ཐལ་འགྱུར་ལས། འོད་གསལ་འཕོ་བ་རབ་ཀྱིས་ཏེ། །གཉིད་ཀྱི་བསམ་གཏན་ལ་

p. 601

སྦྱངས་ནས། །འབྱོངས་པས་ཉིན་དང་མཚན་མེད་པར། །ཕྱི་རོལ་སྣང་བ་གསལ་བ་ན། །འདིས་ནི་འོད་གསལ་ཆེན་པོ་འགྲུབ། །ཅེས་སོ། །རང་བཞིན་དུ་བདེ་བའི་འོད་གསལ་སྙོམས་འཇུག་གི་ལྷན་ཅིག་སྐྱེས་དགའི་དུས་ན་ཡོད། གསལ་བའི་འོད་གསལ་ཏིང་ངེ་འཛིན་ཉིན་མཚན་འདྲེས་པ་ན་ཡོད། མི་རྟོག་པའི་འོད་གསལ་སེམས་ཀྱི་འཛིན་རྟོག་ནུབ་པ་ན་ཡོད། དུས་གཞན་ནའང་ཡོད་དེ་ངོས་གཟུང་བ་དཀའ་ལ། དེའི་དུས་སུ་དཔེ་གསལ་ལ་དོན་ཤེས་པར་སླ་བ་ཡིན་ནོ། །བདེ་བའི་འོད་གསལ་ལས་ཏིང་ངེ་འཛིན་ལས་འབྲལ་མི་ཕོད་པ་དང་སྣང་བ་དགའ་བདེར་འཆར་བའི་ཉམས་སྐྱེའོ། །གསལ་བའི་འོད་གསལ་ལས་དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་དང་། སྤྲིན་དང་། གློག་དང་། འབར་བ་དང་། ཟླ་བ་དང་། སྒྲ་གཅན་དང་། རིན་པོ་ཆེ་ནག་པོའི་རྣམ་པ་དང་། འོད་ལྔའི་སྣང་བ་དང་། ཐིག་ལེ་དང་། ལྷ་སྐུ་དང་། སྐྱེ་འགྲོ་དང་། ཞིང་ཁམས་མང་པོ་མཐོང་ཞིང་། རགས་པས་ཆོད་བཞིན་པའི་ཕྱིའི་གཟུགས་མཐོང་བ་དང་། སྒོམ་ཁང་ནས་རྩིག་པ་དང་ར་བ་ལ་ཐལ་ཕྱིན་དུ་འགྲོ་བར་ནུས་པ་ལ་སོགས་པ་དང་། སྤྱན་དང་མངོན་ཤེས་དུ་མ་འཆར་རོ། །མི་རྟོག་པའི་འོད་གསལ་ལས་ཏིང་ངེ་འཛིན་ཉིན་མཚན་འདྲེས་པ་དང་། གང་སྣང་ལ་བལྟས་དུས་རྟོག་མེད་དུ་ཡལ་ཡལ་འགྲོ་བ་དང་། གཏམ་གང་ལའང་ཟུངས་མེད་པར་རྟོག་མེད་དུ་འགྲོ་བ་དང་། རྟག་ཏུ་ནམ་མཁའི་ངང་ལ་གནས་པ་སྙམ་བྱེད་པའི་ཉམས་དཔག་ཏུ་མེད་པ་འཆར་རོ། །འདི་དག་ནི་མྱོང་བ་ངེས་པའི་ཚད་མས་ཀྱང་གྲུབ་པར་མངོན་པས་གནད་ཟབ་མོའོ། །མཉམ་གཞག་གཉིད་དང་མི་བསྲེ་ན་སྐྱིལ་ཀྲུང་གིས་འདུག་ལ། དར་ཅིག་མིག་བར་སྣང་ལ་གཏད་པས་ཤེས་པ་གསལ་དྭངས་ཕྱེད་དུས། མིག་ཅུང་ཟད་སྨད་ནས་ཐད་དྲང་དུ་བལྟས་པས་ཉམས་སོ་མ་ཅིག་འཆར་ཏེ། དེ་ངོས་བཟུང་ནས་ངང་ལ་བསྒོམས་པས། རིག་པ་རང་གསལ་ནམ་མཁའ་འདྲ་བའི་གསལ་བ་དེ་གསལ་བའི་འོད་གསལ་ཡིན་ལ། དེའི་ངང་གོམས་པས་སྣང་སེམས་ཕྱམ་ཕྱལ་བར་མེད་ནམ་མཁའ་གཅིག་ཏུ་སོང་བ་འདྲ་བ་ནི་དེའི་ཉམས་ཏེ། ནམ་མཁའི་

p. 602

དབྱིངས་ན་ཡོད་པ་སྙམ་པ་དང་། རེས་ལུས་སེམས་བྲལ་བ་སྙམ་པ་ལ་སོགས་པ་དཔག་ཏུ་མེད་པ་འབྱུང་ངོ་། །དེའི་ཚེ་འཇའ་འོད་དང་ཐིག་ལེ་དང་སྐུའི་སྣང་བ་ཡང་གྲངས་མེད་པ་འཆར་ཏེ། རླུང་ལྔ་གསལ་བའི་རང་གདངས་ཕྱི་ཁ་དོག་གི་འོད་གསལ་ཞེས་བྱའོ། །ཁ་དོག་གི་འོད་གསལ་ལས་རང་གི་ལུས་ཀྱི་རྡུལ་ཕྲན་དང་ནང་ཁྲོལ་མཐོང་བ་དང་ཉིན་མཚན་འདྲ་བར་སྣང་བ་དང་། གཞན་གྱི་ལུས་ཀྱི་ནང་དང་ཞིང་ཁམས་དང་ཡུལ་གྲུ་ན་སེམས་ཅན་གྱི་བྱ་བ་ཅི་བྱེད་པ་དང་འཆི་འཕོ་དང་སྐྱེ་བ་ལེན་པ་རྣམས་ཀྱང་མཐོང་བ་ཡིན་ནོ། །གཉིས་པ་རྗེས་ཐོབ་ནི་མཉམ་གཞག་ལས་ལངས་ཞེས་བྱ་སྟེ། དེའི་ངང་ལས་ལངས་ནས་ཕྱིའི་སྣང་བ་འདི་དག་འོད་ལྔའི་རྣམ་པ་སང་སེང་ལ་སྐྱེ་འགྲོ་རྩི་ཤིང་འབྱུང་བ་རྣམས་སྣང་བར་ལྟ་བ་དང་། སྒྱུ་མའི་དཔེ་བརྒྱད་དུ་ལྟ་བ་དང་། ནམ་མཁའ་ལྟར་ལྟ་བ་དང་། ད་ཅིའི་ཉམས་དང་བསྲེས་ཏེ་སྟོང་གསལ་སྣང་ལ་འཛིན་མེད་གཅིག་ཏུ་ཕྱམ་ཕྱམ་སྦྱང་བ་ནི་གནད་ཡང་དག་པའོ། །གཉིས་པ་སྲོད་ལ་དབང་པོ་གནས་སུ་བསྡུ་བ་ནི། སྐྱིལ་ཀྲུང་གིས་འདུག་པའི་གསང་བ་ནས་ཚངས་བུག་གི་བར་དབུ་མའི་ནང་ཨ་དཀར་པོས་དོང་ཚེ་བརྩེགས་པ་ལྟར་གནས་པ་ཀུན་མས་ཡར་ག །ཅིག་ལ་གཅིག་ཐིམ་ཚངས་པའི་བུ་གའི་བར་བསྒོམས་ནས། མཐར་ཐམས་ཅད་ནམ་མཁའི་ངང་དུ་སེམས་འཇོག་པའོ། །གསུམ་པ་ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ་ནི། ཉལ་དུས་སེང་གེའི་ཉལ་ལུགས་ཀྱི་སྙིང་ནང་དུ་འོད་ལྔའི་སྒྲོན་མེ་ལ་གཏད་ནས་ཉལ་བའོ། །བཞི་པ་ཐོ་རངས་ཡེ་ཤེས་གསལ་བར་བྱེད་པ་ནི། སེང་གེའི་ལྟ་སྟངས་ཀྱིས་གྱེན་ལ་གཏད་དེ། སྤྱི་གཙུག་ནས་གཞུ་གང་གི་ནམ་མཁར་ཨ་དཀར་པོ་ཞིག་ལྡིང་ངེ་འདུག་པ་ལ་སེམས་བཟུང་བས། དང་པོ་ཨ་གསལ་བ་ལ་དེ་ནས་དེ་ཡང་མེད་རྟོག་པ་གཞན་ཡང་མ་འགྱུས་པར་གསལ་དྭངས་ཕྱེད་པ་འཆར་བ་དེའི་ངང་ལ་བསྒོམ་པའོ། །འདི་དག་ནི་ཉམས་སུ་མྱོང་བའི་གནད་གལ་པོ་ཆེ་ཡིན་པས་ཤིན་ཏུ་བརྩོན་པར་བྱའོ། །ལྔ་པ་འཕོ་བ་ལ་གསུམ་སྟེ། རབ་འོད་གསལ་ལས་འཕོ་བ། འབྲིང་སྒྱུ་ལུས་ལས་འཕོ་བ། ཐ་མ་ལུས་ངག་ལས་འཕོ་བའོ། །དེའང་འཕོ་སའི་

p. 603

ཡུལ་གསུམ་མ་ཡིན་གྱི། འཕོ་མཁན་གྱི་བློ་རྩལ་གསུམ་ཡིན་ནོ། །ཁ་ཅིག་འཕོ་ས་གསུམ་དུ་སྦྱོར་ཏེ་གཞན་ཡིན་ནོ། །འདིར་རང་གིས་འོད་གསལ་འབྱོངས་ན་འཆི་ཀར་དེའི་ངང་ལས་རིག་པ་ཚངས་བུག་ལ་བཏོན་ནས་ཆོས་ཀྱི་དབྱིངས་སུ་འཕོ་བའོ། །སྒྱུ་ལུས་འབྱོངས་ན་འཆི་ཀར་སྒྱུ་ལུས་ཀྱི་ངང་ནས་ཚངས་བུག་ལ་རིག་པ་འཕངས་ནས་ཆོས་ཉིད་དོན་གྱི་ལྷའི་སྐུ་ལ་འཕོས་པས་བར་དོའི་སྒྱུ་ལུས་ཟིན་ནས་སངས་རྒྱའོ། །དེ་གཉིས་མ་འབྱོངས་ན་ལུས་ངག་སེམས་གསུམ་གྱི་གནད་རྩ་རླུང་དང་བསྟུན་ནས་ཚངས་བུག་ལ་འཕོ་སྟེ། ཐལ་འགྱུར་ལས། འཕོ་བའི་བྱེ་བྲག་རྣམ་པ་གསུམ། །དབང་པོ་དག་གི་དབྱེ་བ་ཡིས། །འོད་གསལ་དང་ནི་སྒྱུ་ལུས་དང་། །ཐ་མ་ལུས་ངག་ཡིད་ལའོ། །ཞེས་སོ། །ལུས་ངག་ཡིད་ལས་འཕོ་བ་ལ་རྟེན་ཅན་རྩ་རླུང་དང་རྟེན་འབྲེལ་འབྱུང་བའི་བྱེད་ལས་བསྟུན་ནས་འཕོ་བ་དང་། རྟེན་མེད་སེམས་ཀྱི་དམིགས་པ་རྐྱང་པས་འཕོ་བ་གཉིས་ལ་དངོས་སུ་འཕོ་བ་དང་དངོས་མེད་ཀྱིས་འཕོ་བ་ཞེས་གསུངས་ཏེ། ཐལ་འགྱུར་ལས། ལུས་ངག་འཕོ་བ་རྣམ་པ་གཉིས། །དངོས་སུ་འཕོ་དང་དངོས་མེད་དོ། །དངོས་ནི་རླུང་གི་སྦྱང་བའི་ཐབས། །སྒྲ་དང་བཟོ་དང་སྒྱུ་རྩལ་དང་། །རྟེན་ཅིང་འབྲེལ་ལ་སྦྱངས་པས་ནི། །སོ་སོའི་འབྱུང་བ་ནང་མཐུན་པས། །ལུས་ངག་ཡིད་ཀྱི་གཏད་པས་འགྲུབ། །དངོས་མེད་སེམས་ཀྱི་གོམས་སྟོབས་སྟེན། །ཞེེས་སོ། །ཚངས་བུག་ནི་འཕོ་བའི་ལམ་སྟེ། རྡོ་རྗེ་གདན་བཞི་ལས། བུ་ག་དགུ་ཡི་སྟེང་རོལ་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ན། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དྲུག་པ་ཟུང་འཇུག་བར་དོའི་གདམས་པ་ལ་གཉིས་ཏེ། ཚེ་འདིར་ཉམས་སུ་བླངས་པ་རྟོགས་པ་ཟུང་འཇུག་གི་གནད་དང་། བར་དོ་དངོས་ཀྱི་གདམས་པའོ། །དང་པོ་ནི། སྤྱིར་བར་དོའི་དབྱེ་བ་མང་ཡང་སྐབས་འདིར་དགོས་པ་ལ་ལྟོས་ནས། སྐྱེ་ཤི་བར་དོ། རྨི་ལམ་བར་དོ། ཆོས་ཉིད་བར་དོ། སྲིད་པ་བར་དོ་དང་ཆོས་ཚན་བཞི་ལས། དང་པོ་གཉིས་སུ་གདམས་པའི་རྩལ་སྦྱོང་སྟེ། ཉིན་དུས་སྒྱུ་ལུས་འོད་གསལ་

p. 604

གྱི་གནད་དང་། བར་དོའི་འཆར་ཚུལ་ལ་གོམས་པས། རྨི་ལམ་དུ་འབྱོངས་པ་ནི་བར་དོའི་གྲོལ་ཚད་ངེས་པ་སྟེ། དེའང་གནད་གཅིག་ཏུ་དྲིལ་ན། ཡོད་པ་ཆེད་དུ་མི་སྤང་། མེད་པ་ཆེད་དུ་མི་བསྒྲུབ། ཡོད་པ་ལ་མངོན་པར་མི་ཞེན། མེད་པ་ལ་སྡུག་རྟོག་མི་བྱ། བྱ་གཞག་དང་ལེགས་ཉེས་དང་སྣང་ཚུལ་དང་། འཛིན་རྟོག་གང་ལའང་། འདས་པའི་རྗེས་མི་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་བག་ཆགས་གཉེན་པོ་དང་བཅས་པ་རྒྱུད་ལ་མི་བསྟེན་པར། ཕྱད་མ་ཕྱོད། བན་མ་བུན། འལ་མ་འོལ། ཤར་སྣང་རྗེས་མེད་ཐུག་ཕྲད་ཀྱི་སྣང་བ་ལ་སྤྱད་པས། སྣང་བ་སྣང་ཐོག་ནས་གྲོལ། དངོས་པོར་འཛིན་པ་དག །དེ་ཡང་སྣང་ཐོག་ནས་གྲོལ་བ། བྱེའུ་ཁྲས་ཁྱེར་བ་ལྟ་བུའོ། །འགྱུ་བ་འགྱུས་ཐོག་ནས་གྲོལ། རང་ཡལ་རྗེས་མེད། དེ་ཡང་བར་སྣང་གི་སེར་བུ་ཡལ་བ་ལྟ་བུའོ། །སྣང་ཤེས་གཉིས་མེད་དུ་གྲོལ། ཕྱི་ནང་རིས་མེད། དེ་ཡང་ཆུ་ལ་ཆུ་ཐིམ་པ་ལྟ་བུའོ། །དེ་ལྟར་རྟོགས་པས་བག་ཆགས་ཀྱི་ཞེན་པ་ཆོད་དེ། ཀློང་དྲུག་པ་ལས། སྐྱེས་བུ་གང་གིས་འདས་པའི་རྗེས་མ་བཅད། མ་འོངས་པའི་སྔུན་མ་བསླངས། ད་ལྟའི་ཤེས་པ་སོ་ལ་བཞག་ན། སྔ་ཕྱི་མེད་པར་འདྲེས་ནས། གཅིག་འདུས་ངོ་བོ་ཉིད་ཅེས་བྱ་སྟེ་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་རོ་ཞེས་སོ། །གཉིས་པ་བར་དོ་དངོས་ཀྱི་གདམས་པ་ནི། ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་གྱིས་ཐིམ་ནས། ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ། དབུ་མའི་ཡར་སྣའི་ཧཾ་དང་མར་སྣའི་ཨ་གཉིས་སྙིང་གར་འདུས་པས་བདེ་གསལ་རྣམ་པར་མི་རྟོག་པའི་འོད་གསལ། སྣང་བ་དང་། མཆེད་པ་དང་། ཐོབ་པ་དང་། ཉེ་བར་ཐོབ་པའི་ཡེ་ཤེས་བཞི་སྐད་ཅིག་གཅིག་དང་། གཉིས་དང་གསུམ་དང་། བཞིར་འཆར་ཏེ། སྔར་འོད་གསལ་ལ་གོམས་པའི་རྣལ་འབྱོར་པས་དེར་ངོས་ཟིན་ནས་འོད་གསལ་མ་བུ་འདྲེས་ཏེ། སྐད་ཅིག་མ་ལ་ཡར་ཀ་དག་ཆོས་སྐུའི་དབྱིངས་སུ་ཟང་ཐལ་ལོ། །དེར་མ་ཟིན་པ་རྣམས་ལ་སྲིད་པའི་བར་དོར་དབང་པོ་འབྲིང་རྣམས་ཡི་དམ་ལྷའི་སྒྱུ་ལུས་ཤར་བས་གྲོལ་ལ། ཐ་མ་རྣམས་

p. 605

ལས་བཟང་པོའི་འཕྲོ་མཐུད་དེ། ཕྱི་མ་ལ་བླ་ན་མེད་པའི་ཆོས་དང་ཕྲད་ནས་གྲོལ་བར་ངེས་སོ། །སྒྱུ་འཕྲུལ་ལས། སྐྱེ་འདིར་གྲོལ་བ་མ་ཐོབ་ཀྱང་། །སྐྱེས་གཞན་སྲིད་པར་གྲོལ་བར་འཐོབ། །ཅེས་སོ། །ཐུན་མོང་གི་ལུགས་ལའང་དེ་ཁོ་ན་ཉིད་ལ་མོས་པ་དག་ཕྱི་མར་གྲོལ་བར་བཤད་དེ། བཞི་བརྒྱ་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེ་དག་གི་འཕྲོས་དང་བཅས་པས་ཐེག་པ་ཆེན་པོའི་བསམ་གཏན་བཤད་ཟིན་ཏོ། །གསུམ་པ་བདེ་བར་གཤེགས་པའི་དགོངས་པ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། དེ་བཞིན་གཤེགས་པའི་དགོངས་པ་ནི། །ནམ་མཁའི་མཐོངས་སུ་ཤེས་པར་བྱ། །དེ་ལ་གོམས་པར་གྱུར་ན་ཡང་། །ཡེ་ཤེས་སྣང་བ་ལྷུག་པར་འཆར། །ཡང་དག་ལམ་ཡང་དེ་བཞིན་ནོ། །ཞེས་སོ། །རྒྱས་པར་བཤད་པ་ནི། ཉི་ཟླ་ཁ་སྦྱོར་ལས། བདེ་གཤེགས་དགོངས་པ་རྣམ་གཉིས་ཏེ། །མ་བཅོས་བཞག་པས་བྱུང་ཚོར་འགག །མ་བསྒོམས་བལྟས་པས་དྲོད་ཚད་རྙེད། །ཅེས་སོ། །དེའང་ཆོས་ཉིད་མའི་སྣང་བ་ལ་རེ་དོགས་སྤྲོ་བསྡུ་མེད་པས་མཉམ་རྗེས་རིས་མེད་ཆེན་པོར་དགོངས་པ་བར་མཚམས་མེད་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར། ནམ་མཁའ་མཐའ་དབུས་མེད་པའི་རང་བཞིན་ལ་ཡེངས་དང་མ་ཡེངས་མེད་པར་ཀློང་གྱུར་གཅིག་ཏུ་འཇོག་པ་ཡིན་ནོ། །འདིའི་དུས་ན་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱ་སྟེ། ཉིན་མོ་འདས་པའི་ཆ། མཚན་མོ་འཁོར་བའི་ཆ། ཉིན་མཚན་ཁྱད་མི་ཕྱེད་པར་ཤར་བས། སྒོམ་ཉམས་ཉིན་མོ་གསལ་རྒྱུ་མེད། མཚན་མོ་མི་གསལ་བ་མེད་པར་ཕྲིལ་གྱིས་སོང་བ་ཡིན་ནོ། །དོན་གཉིས་པ་དེའི་མན་ངག་རྒྱ་མཚོ་ཅོག་གཞག་གི་ཐབས་ནི། མིག་ཆུའི་དྭངས་མ་ལ་རྒྱ་མཚོ་ཟེར་ལ། དེ་མི་འགུལ་བར་འཇོག་པས་རྒྱ་མཚོ་ཅོག་གཞག་ཅེས་བྱའོ། །དེ་ཡང་མི་བསྒོམ་ན་མི་བསྒོམ། སྒོམ་བྱེད་ཕན་ཆད་མིག་མི་འཛུམས་པར་ཧྲིག་གེ་ལྟ་བ་གནད་ཡིན་ནོ། །དེ་ལྟར་བྱས་པས་དཔེར་ན་རྒྱ་མཚོར་གཟའ་སྐར་ལ་སོགས་པའི་གཟུགས་བརྙན་ཅི་སྣང་

p. 606

བ་ཐམས་ཅད་བཀྲ་ཡལ་ལེ་སྣང་ཡུལ་དུ་ཡོད་ལ་གཟུང་ཡུལ་དུ་མེད་པས་རྒྱ་མཚོ་ལ་མ་གོས་པ་བཞིན་དུ། རྣལ་འབྱོར་པའི་མིག་ལམ་དུ་ཕྱིའི་སྣང་བ་ཤར་ཚད་སྣང་ངོར་སྣང་ཡང་། སྣང་ཐོག་ཏུ་ཤེས་པ་མ་ཤོར་བས་གཟུང་ཡུལ་དུ་མེད་དེས་མ་གོས་པས། ཕྱི་སྣང་བས་ཤེས་པ་ལ་མ་གོས། ནང་ཤེས་པས་སྣང་བ་ལ་མ་བཟུང་། སྣང་ཤེས་འབྲེལ་དོན་ཆད་པས་གཟུང་འཛིན་ཡུལ་མེད་དུ་སངས་ཏེ་ཚོགས་དྲུག་ལྷུག་པའི་སྒོམ་པ་ཞེས་བྱའོ། །འདི་ལ་སྒོམ་པ་དངོས་དང་། གོལ་ས་བཅད་པ་གཉིས་ལས། དངོས་ནི་རླུང་སེམས་གནད་ལ་གཅུན་ནས་ཤེས་པ་རང་སོར་བཞག་པ་སྟེེ། ཐལ་འགྱུར་ལས། སྒོམ་པ་ཞེས་ནི་སེམས་གནས་ལ། །འགྱུ་བ་ཕྱི་ནང་གཅོད་པ་སྟེ། །གཟུང་དང་འཛིན་པ་འགག་པའོ། །ཞེས་པ་དང་། ཡི་གེ་མེད་པ་ལས། ཡེ་ནས་མ་བཅོས་རང་བྱུང་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་ཀུན་སྤངས་ཏེ། །འགྱུ་བྱེད་མེད་ན་སྒོམ་པའི་དགོངས་པ་ཡིན། །དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོར་གཟའ་སྐར་ཤར་བ་བཞིན། །འཛིན་མེད་གསལ་ཆ་མ་འགགས་པ། །དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །དེའི་ཚེ་ཆོས་ཉིད་ཡེ་གཞག་གི་དགོངས་པར་རྫོགས་ཏེ། ཀློང་དྲུག་པ་ལས། ངག་ཏུ་ཡོད་པའི་སེམས་ཉིད་ལ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །མ་རྙོག་ཆུ་ནི་དྭངས་པ་བཞིན། །སྣང་བ་རྣམས་ནི་རང་སར་རྫོགས། །ཞེས་སོ། །གཉིས་པ་གོལ་ས་བཅད་པ་ནི། དེ་ཡང་ཚོགས་དྲུག་འགགས་ནས་དྲན་མེད་དུ་སོང་ན། ཞི་གནས་ཕྱོགས་གཅིག་ཏུ་སོང་བས་དེ་གོལ་སའོ། །འཕྲོ་རྒོད་རྒྱ་འབྱམས་ལ་སོང་ན་གོལ་སའོ། །གཏིང་གསལ་རང་གདངས་མ་རྙེད་ན་གོལ་སའོ། །རྩེ་གཅིག་ཐིས་ཕུར་དུ་འཛིན་ན་གོལ་སའོ། །མདོར་ན་རིག་པ་རང་གསལ་རྒྱ་གྲོལ་འཛིན་མེད་རང་གནས་ཀྱི་སྒོམ་པ་ལས་གཞན་རྣམས་གོལ་ས་ཡིན་པར་རིག་པར་བྱའོ། །ཐལ་འགྱུར་ལས། མ་གོལ་གནས་པའི་

p. 607

སྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱི་རྟོག་པར་མ་འགྱུས་པ། །ཤེས་པ་ཉིད་ལ་སྤྱོད་པའི་ཡིད། །ཕྱིར་ལ་ཤོར་བ་མེད་པ་ཉིད། །ཅེས་སོ། །དེའང་ཤེས་པ་ལ་སྣང་བས་མ་གོས། སྣང་བ་ལ་ཤེས་པས་མ་སྤྱད། རང་བཞིན་གསལ་དྭངས་ཕྱེད་ལ་རྩེ་གཅིག་འཛིན་པའི་བརྟོད་ཕུར་མེད་པར། ཡངས་པ་ཁྲོ་ལེ་བ་རྒྱ་ཡན་རང་སངས་ཆེན་པོ་ཕྱལ་ཕྱལ་བ་ནི་རང་བྱུང་ཡེ་ཤེས་ཀྱི་སྒོམ་པ་སྟེ། དེ་ཉིད་ལས། སྒོམ་པའི་མཚན་ཉིད་སྣང་ཚུལ་ནི། །མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །ཞེས་སོ། །ཞར་ལ་མ་བསྒོམས་པའི་སྐྱོན་ནི། དེ་ལས། མ་བསྒོམས་པ་ཡི་སྐྱོན་ཉིད་ནི། །འཁོར་བའི་མཚན་ཉིད་མངོན་སྣང་བས། །བདག་དང་གཞན་ཏེ་ཡུལ་ཤེས་དང་། །ཚིག་དང་བཅས་ཏེ་ལྟ་བ་དང་། །དམིགས་དང་བཅས་པའི་ཡུལ་དག་དང་། །ཉོན་མོངས་བདག་ཏུ་འཆིང་བར་འགྱུར། །སངས་རྒྱས་ལམ་ཡང་སྟོར་བ་དང་། །འབྲས་བུའི་རང་བཞིན་མ་ཤེས་དང་། །ཆོས་ཀུན་མཉམ་པའི་གཞི་མེད་དང་། །རང་རིག་ཁམས་གསུམ་བཅིངས་པ་དང་། །རྟོག་དང་བཅས་པའི་ལྟུང་བར་འགྱུར། །ཅེས་སོ། །དེས་ན་སྒོམ་པ་ལ་བརྩོན་པར་བྱའོ། །གསུམ་པ་དེའི་དགོངས་པ་སྣང་སྲིད་གཞི་གཞག་གི་ཆོས་ཉིད་འཆར་བ་ནི། སྔར་གཞི་བཞེངས་ཞེས་རྟོག་དཔྱོད་ཀྱིས་གང་སྣང་ལམ་དུ་བྱེད་པ་ཀུན། སྐབས་འདིར་སྤྲོས་པ་ཚོད་ཟིན་ནས་རང་གཞག་ལ་གྲོལ་བས། གཞི་དངོས་པོའི་འདུག་ཚུལ་ལས་མི་གཡོ་ཞིང་དེའི་སྟེང་དུ་གནས་ནུས་པའི་ཕྱིར་རོ། །ཀློང་དྲུག་པ་ལས། རྟོག་པ་མེད་པའི་སེམས་ཉིད་ལ། །མ་བཟུང་འགག་མེད་རང་སྣང་བས། །རང་རིག་གསལ་བའི་ཡུལ་ངོ་ཤེས། །གཞི་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བསམ་པ་མེད་པའི་སེམས་ཉིད་ལ། །རང་གནས་ལྷུན་འབྱམས་སྣང་བ་ནི། །སྒྲ་བཞི་རང་ལོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དྲན་པ་མེད་པའི་སེམས་ཉིད་ལ། །འགྱུ་བྱེད་རང་

p. 608

དག་སྣང་བ་ནི། །འཛིན་པ་རང་དག་བསམ་གཏན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་སོ། །བཞི་པ་དེའི་འབྲས་བུ་ནི། ཉོན་མོངས་པ་རང་རྒྱས་བཏབ་པས། ཉོན་མོངས་རང་དག་གི་ཆ་དེ་ཡེ་ཤེས་སུ་ཤར་ནས། སྣང་རྟགས་ཀྱི་ཆོས་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཆོས་སྐུའི་ངང་དུ་རང་གསལ་རྗེན་པར་གྲོལ་བ་ཡིན་ཏེ། ཀློང་དྲུག་པ་ལས། བབས་སུ་གྲུབ་པའི་སེམས་ཉིད་ལ། །གཞི་གཞག་ཆེན་པོ་རང་སར་དག །ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀར་རང་སར་དག །ཡིན་པར་སྣང་བའི་སེམས་ཉིད་ལ། །བརྫུན་གྱི་ཚིག་རྣམས་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །མ་བྱིན་ལེན་པ་རང་སར་དག །ཡིན་དང་མིན་པའི་སེམས་ཉིད་ལ། །མི་ཚངས་སྤྱོད་པ་རང་སར་དག །འཆལ་བ་མེད་པའི་སེམས་ཉིད་ལ། །ངག་འཁྱལ་རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ། །ཕྲ་མའི་ཚིག་རྣམས་རང་སར་དག །འགྱུ་བར་སྣང་བའི་སེམས་ཉིད་ལ། །འདོད་ལོག་རྣམས་ནི་རང་སར་དག །ཀ་ནས་དག་པའི་སེམས་ཉིད་ལ། །སྲོག་གཅོད་པ་ཡང་རང་སར་དག །རྐྱེན་དུ་སྣང་བའི་སེམས་ཉིད་ལ། །བརྣབ་སེམས་རྣམས་ནི་རང་སར་དག །འབྲས་བུར་སྣང་བའི་སེམས་ཉིད་ལ། །གནོད་སེམས་རྣམས་ནི་རང་སར་དག །སྒྲ་རུ་སྣང་བའི་སེམས་ཉིད་ལ། །གྲག་པ་རྣམས་ནི་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འཛིན་པའི་ཆ་རྣམས་རང་སར་དག །དྲི་རུ་སྣང་བའི་སེམས་ཉིད་ལ། །ཤེས་པའི་ཆ་རྣམས་རང་སར་དག །རོ་ཉིད་སྣང་བའི་སེམས་ཉིད་ལ། །མྱོང་བྱེད་ཤེས་པ་རང་སར་དག །རེག་ཏུ་སྣང་བའི་སེམས་ཉིད་ལ། །རེག་བྱའི་ཤེས་པ་རང་སར་དག །ཅེས་སོ། །དོན་གསུམ་པ་ལྟ་བ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ་བཞི་སྟེ། ལྟ་བ་གྲོང་ཁྱེར་རྒྱུན་གཅོད། དེའི་མན་ངག་རི་བོ་ཅོག་གཞག་གི་ཐབས། དེའི་དགོངས་པ་ཁམས་གསུམ་ཡོངས་གྲོལ། དེའི་འབྲས་བུ་ཉོན་མོངས་གནས་དག་གོ། དང་པོ་ལ་གཉིས་ཏེ། ལྟ་བ་སྤྱིའི་རབ་ཏུ་དབྱེ་བ་དང་།

p. 609

རང་གི་དོན་ངོས་གཟུང་བའོ། །དང་པོ་ལ་རང་བཞིན། དབྱེ་བ། ས་མཚམས་གསུམ་ལས། ལྟ་བའི་རང་བཞིན་ནི། སྣང་སྲིད་སྣོད་བཅུད་ཡེ་ནས་གྲོལ་བར་གནས་པ་རྟོགས་པའི་བློ་དང་འབྲེལ་བ་སྟེ། ཐལ་འགྱུར་ལས། ལྟ་བའི་རང་བཞིན་སྣོད་བཅུད་ལ། །མ་ཁྱབ་མེད་པས་གང་ཡང་གྲོལ། །གྲོལ་བའི་ཆོས་ལ་རྣམ་སྨིན་བྲལ། །ཅིར་སྣང་རང་གི་ཆོས་ཉིད་ལས། །བཅོས་མའི་ཆོས་ཉིད་ལོགས་ན་མེད། །ཇི་ལྟར་སྤྱད་ཀྱང་མི་རྟོག་སྐྱེ། །སྤང་དང་བླང་མེད་རང་སྣང་ངོ་། །ཞེས་སོ། །དབྱེ་ན་ཚིག་དོན་ལྟ་བའི་ལྟ་བ། རྣམ་གྲངས་པའི་ལྟ་བ། རང་བཞིན་གྱི་ལྟ་བ་གསུམ་ལས། དང་པོ་ནི་ཚིག་གི་ལྟ་བ་སོ་སོའི་ཡིད་དཔྱོད་ཀྱིས། ཡེ་ནས་བྱ་བྲལ་དུ་འདོད་པ་དང་། འབད་མེད་ཡེ་གྲོལ་དུ་འདོད་པ་དང་། བློ་རིམ་གོང་ནས་གོང་ཁྲིད་ལ་ལྟོས་ནས་རིས་མི་འདྲར་འདོད་པ་དང་། དགེ་སྡིག་ལས་འདས་པར་འདོད་པ་དང་། བྱས་མེད་བྱུང་མེད་ཆེན་པོར་འདོད་པ་དང་། མ་བསྒྱུར་རང་དག་ཆེན་པོར་འདོད་པ་དང་། རང་ཤར་རང་གྲོལ་ཆེན་པོར་འདོད་པ་དང་བདུན་ནོ། །དོན་གྱི་ལྟ་བ་རིག་པ་རང་ཐོག་ཏུ་ལྟ་བ་སྟེ། དེ་ཉིད་ལས། དེ་ལ་ལྟ་བ་རྣམ་པ་གཉིས། །ཚིག་གི་ལྟ་དང་དོན་གྱི་ལྟ། །ཚིག་གི་ལྟ་བ་བདུན་རིམ་ལས། །སོ་སོའི་འདོད་པ་བློར་བྱས་ཏེ། །བྱ་བྲལ་འབད་པ་མེད་པ་དང་། །རིམ་འཇུག་རང་གཞན་ཁྱད་འདོན་དང་། །སྲོག་བཅད་དགེ་སྡིག་བྲལ་བ་དང་། །བྱས་མེད་བྱུང་ས་མེད་པ་དང་། །མ་བསྒྱུར་སྣང་བ་རང་དག་དང་། ཉོན་མོངས་རང་གཞག་གྲོལ་བར་འདོད། །དོན་ནི་ཆོས་ཉིད་མངོན་སུམ་ལ། །ཤེས་རབ་ཀྱིས་ནི་མ་ཡིན་པར། །དབང་པོའི་སྤྱོད་ཡུལ་ཉིད་དུ་ལྟ། །ཞེས་སོ། །ཚིག་གི་ལྟ་བ་ནི་རྫོགས་པ་ཆེན་པོ་སེམས་ཀློང་སྤྱིའི་ལྟ་བ་བསྡུས་པའོ། །གཉིས་པ་རྣམ་གྲངས་པའི་ལྟ་བ་ནི་རིམ་དགུ་སོ་སོའི་ལྟ་བ་རྣམས་ཏེ། ཐལ་འགྱུར་ལས། བརྗོད་ཚིག་མིང་གི་རྣམ་གྲངས་ནི། །ཕྱི་དང་ནང་དང་གསང་བ་དང་། །བླ་ན་མེད་པའི་ལྟ་བ་བཞིའོ། །ཕྱི་ནི་ཆོས་ཅན་ལྟ་བ་ལ། །རིམ་བརྒྱད་བློ་ཡི་འདོད་པ་སྟེ། །ཡིད་དཔྱོད་འཛིན་པ་ཉིད་དུ་འདོད། །ནང་གི་ཆོས་ཉིད་ལ་བལྟས་པས། །

p. 610

ངོ་དང་རང་བཞིན་སྒྱུ་མར་མཐོང་། །གསང་བ་རང་རིག་ལ་བལྟས་པས། །ལུ་གུ་རྒྱུད་དུ་འབྲེལ་ཆགས་མཐོང་། །ཁོ་ན་ཉིད་ནི་དབྱིངས་རིག་གོ། ཞེས་སོ། །གསུམ་པ་རང་བཞིན་གྱི་ལྟ་བ་ལ། གནས་པའི་ལྟ་བ་འཁོར་འདས་གདོད་ནས་མྱ་ངན་ལས་འདས་པ་དང་། མཐོང་དག་གི་ལྟ་བ་རྒྱུ་འབྲས་བྱ་རྩོལ་ལས་འདས་པ་དང་། རང་བཞིན་གྱི་ལྟ་བ་སྣང་སྲིད་ཡེ་གྲོལ་དུ་སྣང་བ་དང་། བཅོས་མེད་ཀྱི་ལྟ་བ་མཐའ་གྲོལ་ཀློང་ཡངས་ཆེན་པོ་སྟེ། དེ་ཉིད་ལས། གཞན་ཡང་ཆོས་ཉིད་འཁོར་ལོ་བཤད། །གནས་པའི་ལྟ་བས་ཆོས་ཀུན་རྟོགས། །རང་བཞིན་དག་པས་འཁོར་འདས་ཕྱེད། །བྱས་པ་མེད་པས་བྱུང་བ་སྟོར། །ཡང་དག་ལམ་དུ་སྟོང་པས་ཁྱབ། །རྫོགས་འབྱུང་ཆོས་ཉིད་སྟོང་པའོ། །བྱ་བ་མེད་པས་བྱུང་མེད་རྫོགས། །འཁོར་བ་དག་པས་འདས་པའོ། །གཞན་ཡང་མཐོང་དག་ལྟ་བ་ནི། །དངོས་མེད་རང་དག་རྫོགས་པ་ཆེ། །ལྷ་ལ་མཆོད་པ་མི་དགོས་ཏེ། །སྔགས་ཀྱི་བཟླས་བརྗོད་དཀའ་ཐུབ་མེད། །བདུག་པ་མར་མེ་ལྷ་བཤོས་ཅི། །ཚོགས་དང་གཏོར་མ་མཆོད་པ་མེད། །གཏོང་དང་སྦྱིན་སྲེག་མཆོད་བྱེད་མེད། །ཕ་རོལ་ཕྱིན་དྲུག་ལས་མཐའ་མེད། །དེ་ལྟར་གཞི་རྩ་གང་མེད་པས། །སྲོག་གཅོད་མ་བྱིན་བླང་དང་མི་ཚངས་སྤྱོད། །ལྟ་བ་མེད་དང་སྒོམ་དང་སྤྱོད་པ་མེད། །བལྟར་མེད་དཔྱད་དུ་མེད་པས་བསྒོམ་པའི་འདོད་པ་གང་། །སྟོང་དང་གསལ་བ་སེམས་ཀྱི་འདོད་པ་གང་། །དེ་བཞིན་ཆོས་དང་སངས་རྒྱས་ཆོས་མེད་པའོ། །གཞན་ཡང་རང་བཞིན་ལྟ་བ་བསྟན་པ་ནི། །ས་ཆུ་མེ་རླུང་འབྱུང་བ་མངོན་སངས་རྒྱས། །བཅོས་པ་མེད་པར་རང་གྲོལ་ཆེན་པོ་ཉིད། །འདོད་ཆགས་ཞེ་སྡང་གཏི་མུག་བྱང་ཆུབ་གཞི། །རྣམ་རྟོག་ལས་ཀྱི་སྤྱོད་པ་རྟོགས་པའི་གདེང་། །འཁོར་བ་མ་སྤངས་སངས་རྒྱས་དགོངས་པའོ། །ལུས་དང་ངག་ཡིད་དང་བས་སྐུ་གསུམ་རྫོགས། །སེམས་དང་མ་རིག་འཁྲུལ་པ་ཆོས་ཉིད་གཞི། །ལས་དང་བག་ཆགས་ཞེན་པ་ལྟ་གནད་དོ། །གཞན་ཡང་བཅོས་མེད་ལྟ་བ་ནི། །ཆོས་ལས་མ་བྱུང་སངས་རྒྱས་པ། །རྒྱུ་ཡིས་མ་བསྐྱེད་

p. 611

འབྲས་བུ་རྫོགས། །རྐྱེན་གྱིས་མི་འཇིག་ལུས་བླངས་ཏེ། །ལུང་ལས་མ་བྱུང་གྲུབ་པའི་མཐའ། །རྒྱུད་ལ་མ་བརྟེན་མན་ངག་གིས། །མྱ་ངན་འདས་པའི་རྩ་བ་བཅད། །འཁོར་བའི་འབྲས་བུ་སྨིན་པར་བྱས། །ཡང་དག་མ་ཡིན་མ་དག་གཞི། །ཉོན་མོངས་དྲུག་གི་གཞི་མ་ལ། །བྱང་ཆུབ་ས་བོན་སྟོངས་པར་བྱས། །ངན་སོང་གསུམ་གྱི་གཟུགས་སྨིན་ཏེ། །སྐུ་གསུམ་པོ་ཡང་ལག་བཅངས་སོ། །ཞེས་སོ། །ཐ་མ་འདི་རང་རིག་ལྷུན་གྲུབ་ཆེན་པོའི་ལྟ་བ་སྟེ། གྲོལ་འཁྲུལ་གཉིས་ཀྱི་རང་བཞིན་ལྟ་བར་གཏན་ལ་ཕབ་པའོ། །བརྗོད་བྱའི་ལྟ་བ་ཞེས་གྲགས་པ་ཡིན་ནོ། །གསུམ་པ་ས་མཚམས་ནི། ལྟ་བ་སྤྱིའི་ས་མཚམས་རང་རང་གི་རྟོགས་པ་དང་འབྲེལ་དུས་ཀློང་དུ་ཕེབས་པ་ཡིན་ལ། ཁྱད་པར་དུ་ཚིག་དོན་གྱི་ལྟ་བའི་ས་མཚམས་ཡིད་དཔྱོད་དང་། དེ་ལས་འདས་པས་འབྱེད་དེ། ཐལ་འགྱུར་ལས། ཚིག་དོན་ལྟ་བའི་ས་མཚམས་ནི། །ཚིག་ནི་བརྗོད་པའི་རྒྱུ་ཡིན་ཏེ། །གང་གིས་བརྗོད་དང་སྤྲུལ་བྱེད་པ། །དེ་ལ་བསམ་པས་ཡིད་དཔྱོད་དོ། །དོན་ནི་རང་ལྟ་རང་གིས་ལྟ། །མངོན་སུམ་ཚད་ནི་གསུམ་དག་གིས། །ལུ་གུ་རྒྱུད་ལ་མངོན་དུ་སྤྱོད། །ཅེས་སོ། །གཉིས་པ་རང་གི་ལྟ་བ་ངོས་གཟུང་བ་ནི། རྫོགས་པ་ཆེན་པོ་བྱ་བྲལ་ལྷུན་གྱིས་གྲུབ་པའི་ལྟ་བ་སྟེ། དབྱེ་ན་གསུམ་ལས། དང་པོ་ཕྱི་ཆོས་ཅན་ལ་བལྟས་པས་ཆོས་ཅན་རང་བཞིན་མེད་པར་མཐོང་། དེ་ཡང་ཆོས་ཅན་དུམ་བུ་པ་ལ་རྡོ་རྗེའི་མིག་གིས་བལྟས་པས་སྣང་བ་སྒྱུ་མའི་དཔེ་བརྒྱད་དུ་མཐོང་སྟེ། འཁྲུལ་པ་ཡང་དག་ཏུ་གྲུབ་པ་མེད་པར་རྟོགས་པས་ཁམས་གསུམ་དུ་ལྡོག་པའི་དོགས་པ་མེད་པས་བློ་བདེ། ཆོས་ཅན་བྱེ་བྲག་པ་ལ་ཤེས་རབ་ཀྱི་མིག་གིས་བལྟས་པས། ཀུན་རྫོབ་ཀྱི་སྣང་བ་གཞི་མེད་ཡེ་དག་ཆེན་པོར་རྟོགས་པས། རིག་པ་ལ་ལས་དང་བག་ཆགས་མེད་པའི་བློ་བདེ་རྙེད་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། ཕྱི་ཡི་ལྟ་བ་འདི་ལྟ་སྟེ། །དམིགས་པར་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་གང་གོམས་པ། །འདིས་ནི་སྣང་སྟོང་གཉིས་སུ་མེད། །ཚོགས་དྲུག་མ་བཀག་ལྷུག་པའོ། །ཞེས་པ་དང་། རང་ཤར་ལས། ཆོས་

p. 612

ཅན་མཚན་མར་སྣང་བ་ལ། །མིག་གི་དབང་པོ་མ་འགགས་པས། །སེམས་ཀྱི་ལྟ་བ་ལེགས་པ་ཡིན། །རང་གི་རིག་པ་གསལ་བ་ཡི། །ཆོ་འཕྲུལ་ཕྱི་ཡི་སྣང་བ་སྟེ། །རྟོག་མེད་གསལ་བའི་ངོ་བོ་ལས། །རང་བྱུང་ཆེན་པོར་ཤེས་གྱུར་ན། །ཆོས་ཅན་ལྟ་བའི་ལྟ་བའོ། །ཞེས་སོ། །གཉིས་པ་ནང་ཆོས་ཉིད་ལ་བལྟས་པས་རང་བཞིན་མེད་པར་ཡེ་ཤེས་ཀྱི་མིག་གིས་མཐོང་སྟེ། རང་རིག་ཏུའང་འཛིན་པའི་སེམས་མེད་པར་རྟོགས་པས། ཆོས་ཟད་ཀྱི་ངང་དུ་བློ་བདེ་བ་ནི། རང་ཤར་ལས། ཆོས་ཉིད་རིག་པ་སྐྱེ་མེད་ལ། །རྣམ་རྟོག་མཚན་མ་ངང་གིས་མེད། །རིག་པ་དགག་སྒྲུབ་མེད་པ་ལ། །ཞེན་པའི་སྤྱོད་པ་ག་ལ་ཡོད། །ཆོས་ཉིད་རྟོགས་པར་བྱེད་པ་ནི། །བྱར་མེད་ངང་དུ་ཤེས་པར་བྱ། །བྱ་བྱེད་བྲལ་བའི་རིག་པ་ནི། །གང་གི་ཕྱོགས་སུ་མ་ལྷུང་ན། །སྒོམ་པ་ཆེན་པོ་ཞེས་བྱའོ། །དེ་ཡང་རྟོགས་བྱེད་འདི་ལྟ་སྟེ། །འདུ་ཤེས་གཅིག་པའི་ཤེས་རབ་ཀྱིས། །བློ་གཏིང་ཡིད་ཆེས་གྱུར་པ་དང་། །ཆོས་ཉིད་སྐྱེ་མེད་རྟོགས་གྱུར་ན། །ཡེ་ཤེས་ཆེན་པོ་སྐྱེ་བར་འགྱུར། །ཅེས་སོ། །གསུམ་པ་གསང་བ་རིག་པ་ལ་བལྟས་པས་དབྱིངས་རིག་གཉིས་སུ་མེད་པར་མཐོང་སྟེ། ཡིད་དཔྱོད་ཚིག་གིས་སངས་རྒྱས་མི་ཐོབ་པར་ཐག་ཆོད། འཁོར་འདས་ཀ་དག་ཆོས་ཟད་དུ་མཐོང་བས་བློ་བདེ་བ་ནི། ཉི་ཟླ་ཁ་སྦྱོར་ལས། དབྱིངས་དང་རིག་པ་སུས་མཐོང་བ། །འདིས་ནི་སངས་རྒྱས་ས་ལ་གོམས། །འདི་ལས་ཐབས་གཞན་གོང་ན་མེད། །ཡིད་དཔྱོད་འཛིན་ལས་ཁྱད་པར་འཕགས། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། སངས་རྒྱས་ཀུན་གྱི་ལྟ་ཕུགས་ནི། །དབྱིངས་རིག་གཉིས་ལས་མ་འདས་པའོ། །ཞེས་སོ། །དེ་ལྟ་བུའི་ལྟ་བ་རྣམས་ལ་མིང་དུ་བཏགས་ན་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། མངལ་གྱི་གྲོང་ཁྱེར་རྒྱུན་ཆོད་ནས་ཁམས་གསུམ་དུ་མི་ལྡོག་པར་ཚེ་འདི་ཉིད་ལ་སངས་རྒྱ་བའོ། །དེའང་དབང་པོའི་ཁྱད་ཀྱིས་རབ་འདི་ཉིད། འབྲིང་བར་དོ། ཐ་མ་རང་བཞིན་སྤྲུལ་སྐུར་སངས་རྒྱ་བས་ཏེ། ཉི་ཟླ་ཁ་སྦྱོར་ལས། རབ་ལ་སྐྱེ་གཉིས་མི་དགོས་ཏེ། །འབྲིང་པོ་སྐྱེ་གཉིས་

p. 613

མཚམས་སུའོ། །ཐ་མ་རྣམས་ནི་དབུགས་ཕྱུང་སྟེ། །སྤྲུལ་པ་པོས་ནི་རང་རྒྱུད་འགྲོལ། །ཅེས་སོ། །གཉིས་པ་དེའི་མན་ངག་ཏུ་རི་བོ་ཅོག་གཞག་གི་ཐབས་ནི། ཐམས་ཅད་ལྟ་བས་ཐག་ཆོད་དུ་བཅོས་བསླད་མེད་པར་སྣང་བ་སྣང་ཐོག །རིག་པ་རིག་ཐོག་ཏུ་བཞག་པས། ཐེག་པ་ཀུན་གྱི་དགོངས་པ་དེར་འདུ་ལ་དེའི་ངང་ནས་ཐམས་ཅད་ཀྱི་དོན་མཐོང་ཞིང་། གཞན་གྱིས་འདིའི་དོན་མི་མཐོང་སྟེ། དཔེར་ན་རི་རྒྱལ་གྱི་རྩེ་ནས་དམའ་བའི་ལུང་པ་རྣམས་དུས་གཅིག་ལ་མཐོང་ཡང་། ཀླུང་ནས་རི་བོའི་རྩེ་མི་མཐོང་བ་བཞིན་དུ། རྫོགས་པ་ཆེན་པོ་ཡེ་གྲོལ་ལྷུན་གྱིས་གྲུབ་པའི་ངོས་ནས་བལྟས་པས་ཐེག་པ་རིམ་དགུའི་འདོད་པ་རང་ལུགས་སུ་རྟོགས་ལ། ཐེག་པ་གཞན་གྱིས་འདིའི་དགོངས་པ་མི་རྟོགས་ཤིང་། ཁམས་གསུམ་ཡོངས་གྲོལ་ཆེན་པོར་རྫོགས་ཏེ། ཀློང་དྲུག་པ་ལས། ལྟ་རུ་ཡོད་པའི་སེམས་ཉིད་ལ། །སྣང་སྲིད་གཅིག་པར་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བར་ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། །གཞག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རང་གཞག་གཞིར་ཤར་བས། །ཅོག་གཞག་ཆེན་པོའི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །ཞེས་སོ། །གསུམ་པ་དེའི་དགོངས་པ་ཁམས་གསུམ་ཡོངས་གྲོལ་ནི། དེ་ལྟར་རྟོགས་པའི་རྣལ་འབྱོར་པས་བལྟས་ན་མ་གྲོལ་བ་གང་ཡང་མེད་དེ་ཡེ་ནས་བཅིངས་གྲོལ་ལས་འདས་པ་གཞི་མེད་རང་སྣང་ཆེན་པོ་རྨི་ལམ་སྒྱུ་མའམ་ནམ་མཁའི་རང་བཞིན་དུ་མཐོང་བས། མཁའ་མཉམ་ཀློང་ཆེན་གྱི་དགོངས་པར་རྫོགས་ཏེ། ཀློང་དྲུག་པ་ལས། བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམས་ལྷག་མཐོང་སྣང་བར་ནི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་སྣང་བ་ཆེན་པོ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་

p. 614

ལ། །བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་སོ། །བཞི་པ་དེའི་འབྲས་བུ་ཉོན་མོངས་གནས་དག་ནི། དེའི་ཚེ་ཉོན་མོངས་པ་མ་སྤངས་ལ་མི་གནས་པར་གནས་སུ་དག་པ་ནམ་མཁའ་ལ་སྤྲིན་དེངས་པའམ། ཆུའི་རྙོག་དྭངས་པ་ལྟར། དང་པོ་འཁྲུལ་མ་མྱོང་། ད་ལྟ་འཁྲུལ་པ་ལ་མི་གནས། ཐ་མ་འཁྲུལ་མི་སྲིད་པའི་གཞི་ཡིན་ཐོག་ཏུ་ཕེབས་པས། ཆོས་བོར་བའི་གང་ཟག་ཅེས་བྱ་སྟེ། ཡང་དེ་ཉིད་ལས། ཆོས་ཉིད་སྣང་བའི་སེམས་ཉིད་ལ། །བདེ་དང་རང་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉིད་ལ། །ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ། །ཆ་དང་བྲལ་བ་རང་སར་དག །ཟག་བཅས་སྣང་བའི་སེམས་ཉིད་ལ། །བསྐྱེད་པའི་འབྱུང་བ་རང་སར་དག །ཟག་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་རྐྱེན་དྲི་མ་རང་སར་དག །ཅེས་སོ། །འདི་ནི་ལྟ་བ་བསྟན་པའི་འབྲས་བུའོ། །དོན་བཞི་པ་འབྲས་བུ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ་བཞི་སྟེ། རང་བཞིན་རྣམ་དག་གི་འབྲས་བུ། དེའི་མན་ངག་ཏུ་རིག་པ་ཅོག་གཞག་གི་ཐབས། སྲིད་གསུམ་ཀ་དག་གི་དགོངས་པ། ཉོན་མོངས་རང་གྲོལ་གྱི་འབྲས་བུའོ། །དང་པོ་ལ། རྒྱལ་པོ་གདན་ས་ཟིན་ཏེ་མི་འགྱུར་བ། དམངས་ཆམ་ལ་ཕབ་སྟེ་མི་འགྱུར་བ། བློན་པོ་བཙོན་དུ་ཟིན་ཏེ་མི་འགྱུར་བ་གསུམ་ལས། དང་པོ་ནི། དཔེར་ན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་རང་གི་རྒྱལ་ས་ཟིན་ཏེ་མི་འགྱུར་བ་དང་འདྲ་བར། རིག་པ་རང་ས་ཟིན་ཏེ་ཆོས་ཉིད་ལས་མི་འགྱུར་བས་རང་ས་ཟིན་པའོ། །གཉིས་པ་ནི་རྒྱལ་པོ་གཅིག་གིས་ཡུལ་ཁམས་ལ་དམག་དྲངས་ནས་འབངས་ཆམ་ལ་

p. 615

ཕབ་དུས་དེའི་རྒྱལ་འབངས་སྐོར་དང་བཅས་པས་འགྱུར་ས་མེད་པ་དང་འདྲ་བར། སྒོ་ལྔའི་རྣམ་ཤེས་འཆར་བའི་གཞི་སྟོངས་པས་འཁོར་བའི་མིང་མེད་པའོ། །གསུམ་པ་ནི་རྒྱལ་པོ་ཞིག་གི་བློན་པོ་དམ་པ་ཡུལ་གཞན་གྱི་རྒྱལ་པོས་བཙོན་དུ་བཟུང་ན། རྒྱལ་པོ་དེ་ཡང་གཞན་གྱི་རྒྱལ་པོས་ཅི་ཟེར་ལ་ཉན་དགོས་པ་དང་འདྲ་བར། ཡིད་ཀྱི་རྣམ་པར་ཤེས་པ་འགྱུ་བ་རྒྱུན་ཆད་པས། དེའི་འཆར་གཞི་རིག་པ་རང་དབང་ཐོབ་པའོ། །དོན་གྱི་འབྲས་བུ་རྒྱུར་མི་ལྡོག་པ་བསེ་ཤིང་གི་འབྲས་བུ་ལྟ་བུ་སྟེ། རྩོལ་བས་བྱས་པས་བྱུང་བ་ལྟ་བུ་མ་ཡིན་ཏེ། ཡེ་ནས་དེ་ལྟར་གནས་པའི་དོན་ཐོག་ཏུ་ངང་གིས་ཕེབས་པས་འབྲས་བུ་ཞེས་ཐ་སྙད་དུ་བརྗོད་པའོ། །གཉིས་པ་དེའི་ཐབས་རིག་པ་ཅོག་གཞག་གི་མན་ངག་ནི་ཐམས་ཅད་རིག་པའི་ངང་དུ་ཡེ་ནས་རང་ཤར་རང་གནས་རང་གྲོལ་བར་ཐག་ཆོད་པས་རིག་པ་གང་ཤར་དེ་ཉིད་ཤར་ས་དེར་བཅོས་བསླད་མེད་པར་ཕྱལ་ཡས་སུ་འཇོག་པ་སྟེ། ཀློང་དྲུག་པ་ལས། ཐོབ་ཏུ་ཡོད་པའི་སེམས་ཉིད་ལ། །རེ་དོགས་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་དང་བྲལ་བར་ནི། །སྐུ་གསུམ་རང་ལ་ཚང་བར་རྫོགས། །བགྲང་དུ་ཡོད་པའི་སེམས་ཉིད་ལ། །ཐེག་པ་སོ་སོར་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །དམིགས་སུ་ཡོད་པའི་སེམས་ཉིད་ལ། །སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་སུ་རྣམ་པ་གཉིས་སུ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཡུལ་ནི་བདེན་ཤར་ཏེ། །གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་རྫོགས། །ཞེས་སོ། །གསུམ་པ་དེའི་དགོངས་པ་སྲིད་གསུམ་ཀ་དག་ནི་སྒོ་གསུམ་གྱི་ཞེན་རྟོག་ལས་དང་བག་ཆགས་ཐམས་ཅད་རང་སངས་ཆེན་པོར་དག་པས་འཁོར་འདས་རེ་དོགས་དང་བྲལ་བའི་དགོངས་པ་རྙེད་པ་སྟེ། དེ་ཉིད་ལས། ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་གཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །སྣང་ཆ་མེད་པའི་སེམས་ཉིད་ལ། །ཉག་གཅིག་ཆ་ཕྲའི་སྣང་

p. 616

བ་ནི། །སྤྲོས་བྲལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་སོ། །བཞི་པ་ཉོན་མོངས་རང་གྲོལ་གྱི་འབྲས་བུ་ནི། དེའི་ཚེ་ཉོན་མོངས་དང་རྟོག་ཚོགས་གང་སྐྱེས་དེ་ཉིད་ཚུགས་མི་ཐུབ་ཟུངས་མེད་པར་ཐད་དྲང་དུ་རང་ཞིག་རང་གྲོལ་ལ་སོང་བ་ནི། དཔེར་ན་ཆུའི་རི་མོའམ་སྦྲུལ་གྱི་མདུད་པ་རང་ཞིག་ལ་སོང་བ་བཞིན་ནོ། །དེའང་འཁོར་འདས་ཀྱི་འཛིན་པ་དང་བྲལ་བས་ཆོས་ལས་འདས་པའི་རྣལ་འབྱོར་པ་ཞེས་བྱ་སྟེ། བྱུང་ཚོར་དང་རྣམ་རྟོག་རང་ཞིག་ལ་སོང་བ་ནི། ཀློང་དྲུག་ལས། དམིགས་པར་སྣང་བའི་སེམས་ཉིད་ལ། །དམིགས་བྱེད་ཆ་རྣམས་རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ། །ཚོར་བ་རྣམས་ནི་རང་སར་དག །ཡིད་དུ་སྣང་བའི་སེམས་ཉིད་ལ། །དཔྱོད་བྱེད་ཆ་རྣམས་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འབྱུང་བ་འདུས་པ་རང་སར་དག །རྣམ་ཤེས་སྣང་བའི་སེམས་ཉིད་ལ། །རྒྱུ་རྐྱེན་རྣམས་ནི་རང་སར་དག །ཚོར་བར་སྣང་བའི་སེམས་ཉིད་ལ། །ཉམས་མྱོང་རྣམས་ནི་རང་སར་དག །འདུ་ཤེས་སྣང་བའི་སེམས་ཉིད་ལ། །ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་བྲལ་བའི་སེམས་ཉིད་ལ། །དྲན་པའི་ཟུངས་རྣམས་རང་སར་དག །ཅེས་གསུངས་སོ། །འདི་དག་ནི་རང་བཞིན་རྫོགས་པ་ཆེན་པོའི་གནད་ལས་བློ་སྤྲོས་པ་ཅན་གྱི་དོན་དུའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ་སྟེ་རིམ་ཁང་བཅུ་བདུན་པའོ།། །།

རིམ་ཁང་བཅོ་བརྒྱད་པ། འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ།

p. 617

དེ་ལྟར་བློ་སྤྲོས་པ་ལ་དགའ་བ་རྣམས་འཇུག་པའི་ལམ་བསྟན་ནས། ད་ནི་ཡང་རབ་སྤྲོས་པ་དང་བྲལ་བ་རྣམས་ཀྱི་དོན་དུ་རིག་པ་རང་སྣང་གི་ལམ་བཟང་རྡོ་རྗེ་སྙིང་པོའི་གསང་བ་ཆེན་པོ་བསྟན་པ་ལ་གཉིས་ཏེ། ཐུན་མོང་གི་ཐེག་པ་ལས་ཁྱད་པར་འཕགས་པའི་ཚུལ་ངེས་པར་བྱ་བ་དང་། ཁྱད་པར་ཅན་གྱི་ལམ་ཉིད་བཤད་པའོ། །དང་པོ་ནི། གནད་རྣམ་པ་བདུན་གྱིས་འཕགས་ཏེ། ལམ་གཞན་རྣམས་ཤེས་རབ་ཆེ་བས་མྱུར་དུ་རྟོགས་ཤིང་གྲོལ་ཆུང་བས་མི་གྲོལ་བ་ལས། འདི་ནི་མཐོང་བ་དབང་

p. 618

པོའི་གནད་ཀྱིས་བརྩོན་འགྲུས་ཆེ་ཆུང་ཙམ་ལས་དབང་པོ་ལ་རྣོ་རྟུལ་མེད་པའི་གནད་དང་། གཞན་རྣམས་རང་རང་གི་ཆོས་ཉིད་ཡིད་དཔྱོད་ལ་གདེང་དུ་འཆའ་བ་སྟོང་སྒོམ་མུན་རྡོ་འཕེན་པ་ལས། འདི་ནི་བློའི་ཡིད་དཔྱོད་ལ་མི་ལྟོས་པར་མངོན་སུམ་ལྟར་ཡོད་པས་ཡིད་དཔྱོད་ལ་མི་ལྟོས་པའི་གནད་དང་། གཞན་རྣམས་རྗོད་བྱེད་ཚིག་གི་རིམ་པ་ལ་ལྟོས་འཆའ་བས་དོན་གདོད་ནས་རྟོགས་སུ་རེ་བ་ལས། འདི་ནི་ཚིག་ལ་འབྲུ་གཅིག་མ་ལྟོས་པར་དོན་མངོན་སུམ་དུ་མཐོང་བས་ཚིག་གིས་སངས་མི་རྒྱ་བའི་གནད་དང་། གཞན་རྣམས་རང་རང་གི་གནས་ལུགས་ཀྱི་དོན་བློས་ཡུལ་དུ་བྱས་པའི་གཞི་ལམ་འབྲས་བུ་རྣམ་དཔྱོད་དུས་ལ་ལྟོས་པ་ལས། འདི་ནི་རང་གསལ་མངོན་དུ་གྱུར་པས་བློས་བྱས་རྟོག་པའི་གཞི་ལམ་ལ་མི་ལྟོས་པར་སངས་རྒྱ་བའི་གནད་དང་། གཞན་རྣམས་རྒྱུ་འབྲས་སྔ་ཕྱིར་ལྟོས་པས་བྱང་ཆུབ་གཞན་ནས་ཚོལ་བ་ལས། འདི་ནི་རྒྱུ་འབྲས་བཟང་ངན་གྱི་ལས་ལ་མི་ལྟོས་པར་བྱང་ཆུབ་རང་ལས་འཆར་བས་འབད་རྩོལ་དང་བླང་དོར་མེད་པའི་གནད་དང་། གཞན་རྣམས་རྩ་རླུང་དང་ཐིག་ལེ་ལ་སོགས་པ་ན་སོ་གཞོན་དུས་དར་བས་བྱང་ཆུབ་འགྲུབ་ལ་རྒན་དུས་འབྱུང་བའི་སྟོབས་ཟད་པས་མི་གྲོལ་བར་འདོད་པ་ལས། འདི་ནི་རང་བྱུང་འོད་གསལ་གྱི་ཉི་ཟླ་ཁོང་ནས་འཆར་བས་བརྩོན་འགྲུས་དང་ལྡན་ན་ན་སོ་ལ་རྒན་གཞོན་མེད་པ་གྲོལ་བའི་གནད་དང་། གཞན་རྣམས་མཐར་ཐུག་གི་འབྲས་བུ་སྐུ་གསུམ་དུ་འདོད་པ་ལ་ལྟོས་འཆའ་བ་ལས། འདི་ནི་སྐུ་གསུམ་ལམ་སྣང་དུ་འཆར་བས་མཐར་ཐུག་འོད་གསལ་ཀ་དག་གི་ཀློང་དུ་ལྷུན་གྲུབ་རིག་པའི་གཏན་སྲིད་ཟིན་པའི་གནད་དང་། དེ་ལྟར་བདུན་གྱི་ཆེ་བས་ཐུན་མོང་གི་ཐེག་པ་ཉན་ཐོས་ནས་གསང་སྔགས་ཕྱི་ནང་རིམ་དགུ་ཀུན་ལས་འཕགས་སོ། །འོ་ན་འདི་ཡང་ཨ་ཏི་ཡིན་ལ། ཨ་ཏི་ལས་འཕགས་སམ་ཞེ་ན། ཨ་ཏི་ལའང་སེམས་ཀློང་མན་ངག་གི་སྡེ་གསུམ་ལས། སེམས་ཀློང་ཁ་འབྱམས་གཞི་བྲལ་ལ་གདེང་དུ་བྱེད་པས་རིག་པ་མངོན་སུམ་དུ་མཐོང་སྟེ། སེམས་དར་ཅིག་རང་གསལ་དུ་འདུག་པ་དང་། མི་འགྱུ་དགུ་འགྱུར་འཆར་བ་མཐར་ཐུག་ཏུ་འདོད་པས། དོན་ལ་དངོས་སུ་

p. 619

བལྟར་མེད་པས་ཡིད་དཔྱོད་ཙམ་ལས། གནད་ངེས་པ་མངོན་དུ་མ་མཐོང་བ་ལས་འཕགས་ལ། མན་ངག་གི་སྡེའི་ཡང་། ཕྱི་ནང་གསང་བའི་སྐོར་གསུམ་བར་དོའི་དུས་ལ་ལྟོས་འཆའ་བ་ལས། འདི་ལ་འོད་ལུས་སུ་གྲོལ་བའི་གནད་ཡོད་པས་འདི་ཁྱད་པར་དུ་འཕགས་པ་ཡིན་ནོ། །མདོར་ན་གནད་བསམ་གྱིས་མི་ཁྱབ་པས་འཕགས་ཀྱང་བརྗོད་ཀྱིས་མི་ལང་བས་འདིར་མ་སྤྲོས་ལ། རྩ་རླུང་གི་གནད་ལ་བརྟེན་ཡང་ཐུན་མོང་བ་རྩ་རླུང་ཀུན་རྫོབ་རགས་པ་ལམ་དུ་བྱེད་པས་ལུས་སྦྱོང་ལ་སོགས་པ་རྩོལ་བཅས་དུ་མ་ལ་བརྟེན་པས་གེགས་དང་གོལ་ས་ཤིན་ཏུ་མང་ལ། འདི་ནི་རགས་པ་སྤང་བྱ་ཡིན་པས་གནད་མི་གཡོ་བ་གསུམ་གྱིས་འཆིང་བ་ཙམ་ལས་དེ་ལམ་དུ་མི་བྱེད་པར། དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་ལས་འདས་པ་ལམ་དུ་བྱེད་པས་ལུས་འོད་དུ་དག་པར་སྦྱོང་ཞིང་། འཁྲུལ་འཁོར་དང་གེགས་སེལ་ལ་སོགས་པ་ཐུན་མོང་བ་ལ་མི་ལྟོས་ཏེ། གེགས་རྣམས་འཁྲུལ་པ་ཡིན་སྡུག་བསྔལ་ཡིན། དེ་འཁྲུལ་པའི་རྩ་རླུང་ལམ་བྱེད་ལ་འབྱུང་བ་ཡིན་ཏེ་འཁྲུལ་པ་ལམ་དུ་བྱས་པའི་ཕྱིར་རོ། །འདི་ནི་དོན་དམ་མ་འཁྲུལ་པ་ལམ་དུ་བྱས་པས་གེགས་དང་གོལ་ས་མེད་པའོ། །གོལ་སའང་བློས་བྱས་ཡིད་དཔྱོད་ལ་བརྟེན་པ་རྣམས་དོན་མ་མཐོང་བས་འདྲ་གཉིས་ཀྱི་ལམ་དང་ཉམས་རྟོགས་ཀྱི་རྣམ་པར་གོལ་ཞིང་ཤེས་ཉམས་གཙོ་བོར་བྱེད་པས་གོལ་སྒྲིབ་ཀྱི་འཕྲང་ལས་མི་འདའ་བ་ཡིན་ནོ། །འདི་ནི་དབང་པོས་མངོན་སུམ་དུ་མཐོང་བས་གོལ་དུ་གོལ་ས་མེད་དེ་དོན་གཏན་ལ་དངོས་སུ་ཕབ་ཟིན་པའི་ཕྱིར་རོ། །གོལ་བ་ནི་དོན་ཚོལ་དུ་ཕྱིན་པའི་ལམ་དེར་འབྱུང་བའི་ཕྱིར་འདི་ལ་མེད་དོ། །འཁྲུལ་ས་འདི་ལ་མེད་དེ་ཤེས་ཉམས་ར་མ་རི་སྐད་ཅིག་འགྱུར་ལྡོག་ཅན་ལ་ལམ་གྱི་ཚད་འཛིན་མི་བྱེད་པར། འོད་གསལ་རང་གི་རང་གདངས་སྣང་ཉམས་བསླུ་བ་མེད་པ་ལ་ཚད་འཛིན་བྱེད་པའི་ཕྱིར་རོ། །སྦྱོར་དྲུག་ལ་སོགས་པ་དང་མི་མཚུངས་ཏེ། རླུང་གདངས་དང་། རིག་གདངས་ཀྱི་ཁྱད་ཡོད་པས་ནོར་བུའི་འོད་དང་། སྒྲོན་མེའི་འོད་ཀྱི་ཁྱད་ཡོད་པའི་ཕྱིར་དང་། འཁྲུལ་སྣང་རིག་རྩལ་མ་

p. 620

དག་པའི་གདངས་ལམ་དུ་བྱས་ཀྱང་མི་གྲོལ་ལ། དག་སྣང་འོད་གསལ་དངོས་ཀྱི་གདངས་ལམ་དུ་བྱས་པས་གྲོལ་བ་སྟེ། འདི་དག་གི་ཁྱད་དཔེས་འབྱེད་པ་ནི། རྣམ་པར་ངེས་འགྲེལ་ལས། ནོར་བུ་སྒྲོན་མེའི་འོད་དག་ལ། །ནོར་བུའི་བློ་ཡིས་མངོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང་། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་ན་ཁྱད་པར་ཆེ་བ་བདུན་ཕྲན་ཚེགས་དཔག་ཏུ་མེད་པ་དང་བཅས་པས་འཕགས་པ་ཡིན་ཏེ། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་གནད་ཀྱིས་ཀྱང་། །ལས་ལ་བཟང་ངན་མེད་པར་རྟོགས། །སྙིང་ཏིག་ངེས་པར་བསྡུས་པ་ཡིས། །དབང་པོ་རྣམས་ལ་རྣོ་རྟུལ་མེད། །ཡིད་དཔྱོད་ཚིག་གི་མཐའ་ཟད་པས། །ཤེས་རབ་མ་ཡིན་དབང་པོས་མཐོང་། །ཚིག་གིས་ཆོས་ཉིད་མི་མཐོང་བས། །ཐུན་མོང་ཐེག་པས་དོན་མི་འགྲུབ། །སྐུ་གསུམ་ལམ་སྣང་ཡིན་པའི་ཕྱིར། །འདི་མཐོང་ཁམས་གསུམ་ལྡོག་པ་མིན། །ཆོས་ཀུན་མཉམ་པར་རོ་གཅིག་པས། །གཞི་དང་འབྲས་བུ་ལྟོས་མིན་པའོ། །ཞེས་སོ། །གཉིས་པ་ཁྱད་པར་ཅན་གྱི་ལམ་ཉིད་བཤད་པ་ལ་གཉིས་ཏེ། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་རྣམ་པར་གཞག་པ་དང་། སྨིན་པ་གྲོལ་བར་བྱེད་པ་གདམས་ངག་གི་རྣམ་པར་གཞག་པའོ། །དང་པོ་ལ་དབང་དང་དེའི་གྲོགས་དམ་ཚིག་གཉིས་ལས། སྔར་ཡང་རྒྱས་པར་བཤད་མོད། འོན་ཀྱང་འདིར་འབྲེལ་ཆེ་བས་བསྡུས་ཏེ་བསྟན་ན། རྟེན་གྱི་གང་ཟག་འཁོར་བ་ལས་བློ་ལོག་ནས་འཇིག་རྟེན་འདི་ལ་ཞེན་པ་དང་བྲལ་བ། ཆོས་ཀྱི་དོན་ཅིག་ཅར་དུ་ཐོབ་པར་འདོད་པ་རྣམས་ཀྱིས། ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་དབང་བསྐུར་རྫོགས་པར་བྱ་སྟེ། དེ་ལ་སྔོན་དུ་ཕྱི་སྤྲོས་བཅས་ཀྱི་དབང་དཀྱིལ་འཁོར་དང་བུམ་པ་ལ་བརྟེན་ནས། ལུས་ལ་དབང་བསྐུར་བས་ལུས་ཡི་དམ་ལྷའི་སྐུར་རང་གིས་དབང་ཐོབ་པས། ཕྱི་སྣོད་གཞལ་ཡས་ཁང་དུ་གསལ་བ་དང་། ནང་ལུས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གསལ་བ་དག་འབྱུང་། དེ་ནི་རྣལ་འབྱོར་པ་ལུས་རྒྱ་རྡོས་བཅས་ལས་གྲོལ་བར་བྱེད་པའི་གནད་ཀྱི་མན་ངག་གོ། དེ་

p. 621

ནས་ནང་སྤྲོས་མེད་ཀྱི་དབང་མཎྜལ་དང་བུམ་པ་ལ་བརྟེན་ནས་ངག་ལ་བསྐུར་བས། ངག་ཡི་དམ་ལྷའི་བཟླས་པར་གསལ་བ་དང་། ནང་དུ་བརྗོད་མེད་ཀྱི་དོན་ཉམས་སུ་མྱོང་བ་སྐྱེ་བ་ནི། ཡི་གེ་ཨའི་བརྗོད་པ་ལ་བརྟེན་ནས་སྐྱེའོ། །དེ་ནས་གསང་བ་ཤིན་ཏུ་སྤྲོས་པ་མེད་པའི་དབང་བརྡ་དང་རྟེན་འབྲེལ་ལ་བརྟེན་ནས་སེམས་ལ་བསྐུར་བས། སེམས་དངོས་པོ་གཤིས་ཀྱི་སྟེང་དུ་ཕེབས་པ་དང་། སེམས་འོད་གསལ་ཆེན་པོའི་དོན་ཉམས་སུ་མྱོང་བའོ། །དེ་ནས་གསང་བ་བླ་ན་མེད་པ་ལུས་ཀྱི་འདུག་སྟངས་དང་། ལྟ་སྟངས་ལ་བརྟེན་ནས་ལུས་ངག་ཡིད་གསུམ་ལ་བསྐུར་བས། ལུས་བཞུགས་སྟངས་ཀྱི་གནད་ལ་བརྟེན་ནས་སྐུ་གསུམ་གྱི་བཞུགས་སྟངས་སུ་གྲོལ་བ་དང་། ངག་སྨྲ་བ་བཅད་པ་ལ་བརྟེན་ནས་སྒྲའི་ནུས་པ་ཉམས་པས། བརྗོད་དུ་མེད་པའི་དོན་ཁོང་དུ་ཆུད་པ་དང་། སེམས་བྱིན་རླབས་བསྐུལ་བ་བརྡའི་གནད་ལ་བརྟེན་ནས། འོད་གསལ་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ནི། སྔགས་ཀྱི་ལམ་སྨིན་པ་ལ་དགོངས་པའོ། །དེ་ལྟར་ལུས་ཀྱི་སྨིན་པ་རྫོགས་པས་བསྐྱེད་རིམ་ཅིག་ཅར་དུ་གསལ་བ་དང་། ངག་གི་སྨིན་པ་རྫོགས་པས་ནུས་པ་ཐུན་མོང་མ་ཡིན་པ་སྐྱེ་བ་དང་། སེམས་ཀྱི་སྨིན་པ་རྫོགས་པས་རྫོགས་པའི་རིམ་པ་རྟགས་ཚད་ལ་ཕེབས་པའོ། །ལུས་ངག་ཡིད་སེམས་ཀྱི་སྨིན་པ་རྫོགས་པས། ཆོས་ཉིད་མངོན་སུམ་གྱི་ལམ་ཉམས་སུ་མྱོང་བ་མངོན་པར་རྫོགས་པའོ། །གཉིས་པ་དེའི་གྲོགས་དམ་ཚིག་གི་རིམ་པ་ནི། དེ་ལྟར་སྨིན་པ་རྫོགས་པའི་རྟེན་དེས་དམ་ཚིག་རྒྱུད་ལ་བརྟེན་པ་ནི། སྤྱིར་དམ་ཚིག་གི་རྩ་བ་བླ་མ་ཡིན་པས་ན། དོན་གྱི་དངོས་གྲུབ་འདོད་པས། བླ་མ་མཉེས་པར་བྱས་པ་ལས་དངོས་གྲུབ་འབྱུང་སྟེ། མཁའ་འགྲོ་མ་དྲ་བ་སྟོང་ལྡན་གྱི་རྒྱུད་ལས། དངོས་གྲུབ་འདོད་པས་བླ་མ་ལ། །དུས་མཐའི་བར་དུ་མཆོད་པར་བྱ། །ཞེས་སོ། །དེའང་ལུས་ངག་ཡིད་གསུམ་ལས་མི་འདའོ། །ལུས་ཀྱི་སྤྱོད་ལམ་ལ་སོགས་པས་བླ་མ་མཉེས་པར་བྱ་བ་ནི། གདན་སྟོབ་པ་དང་། མཎྜལ་དབུལ་བ་དང་། བསྐུ་

p. 622

མཉེ་དང་། དྲིལ་ཕྱིས་དང་། གཟིགས་ཕྱག་དང་། མཐོང་ཕྱག་ལ་སོགས་པ་བྱའོ། །དེའང་གཟིགས་པ་ནི་བླ་མས་རང་ལ་གཟིགས་པའི་དུས་ལ་ཕྱག་འཚལ་བའོ། །མཐོང་བ་ནི་རང་གིས་བླ་མ་མཐོང་བའི་དུས་ལའོ། །ངག་གི་བརྗོད་པས་བླ་མ་མཉེས་པར་བྱ་བ་ནི། བླ་མའི་སྐྱོན་མ་ཡིན་པ། ཡོན་ཏན་ལ་དམིགས་ཤིང་། ཁྱད་པར་གྱི་ཚིག་རྣམས་བརྗོད་པར་བྱའོ། །ཡི་དམ་ཤེས་པས་མཉེས་པར་བྱ་བ་ནི། བླ་མའི་མཛད་སྤྱོད་བསྟེན་པས། བླ་མ་མཉེས་ཏེ་གཞན་འཇུག་པ་ལ་དགོངས་པ་དང་། གཞན་ཅི་ནས་ཀྱང་བླ་མ་ལ་དད་པས་འཇུག་པར་བྱེད་པའོ། །བླ་མའི་གསུང་སྒྲོས་ལ་མཁས་པས། ཚིག་ལ་ལྷག་ཆད་མེད་པར་འགྲོ་བ་གཞན་ལ་བརྗོད་པར་ནུས་པ་དང་། བླ་མའི་ཐུགས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་པ་ལས་མི་འདའ་བའོ། །དམ་ཚིག་ཆེན་པོའི་རྒྱུད་ལས། ཇི་ལྟར་བླ་མའི་བྱ་བ་ལ། །ལུས་དང་ངག་དང་ཡིད་དག་གིས། །བླ་མ་མཆོག་ལ་གུས་པའི་མིས། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །ཅེས་པ་དང་། ཡང་། དངོས་གྲུབ་འདོད་པའི་དད་པ་ཅན། །བླ་མ་མཉེས་པ་ལས་འབྱུང་ངོ་། །གལ་ཏེ་བླ་མ་མ་མཉེས་ན། །རྟག་ཏུ་འཁོར་བའི་ཁ་མཐའ་བརྒྱུད། །ཅེས་སོ། །དེ་ཡང་དབང་བསྐུར་བའི་དུས་སུ་ཡོན་དབུལ་བ་དང་། དགའ་སྟོན་བྱ་བ་ལ་སོགས་པས་བླ་མ་མཉེས་པ་དང་། རྡོ་རྗེའི་སྤུན་སྲིང་དང་། འགྲོ་བ་གཞན་ཡང་མགུ་བར་བྱའོ། །དེ་ལྟར་བྱས་པས་གསང་སྔགས་ཀྱི་དམ་ཚིག་ཏུ་འགྲོ་ཞིང་། བྱིན་རླབས་འཇུག་པའི་རྟེན་ཁྱད་པར་ཅན་དུ་འགྲོ་སྟེ། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་སོ། །དེ་ལྟར་དབང་བསྟེན་པའི་དམ་ཚིག་གི་རིམ་པ་སྔར་བསྟན་པ་བཞིན་བསྲུང་བར་བྱའོ། །གཉིས་པ་སྨིན་པ་དེ་གྲོལ་བར་བྱེད་པ་གདམས་ངག་གི་རྣམ་པར་གཞག་པ་ལ་གཉིས་ཏེ། གདམས་ངག་སྤྱིའི་འབྲེལ་དགོད་པ་དང་། ལག་ལེན་ཉམས་སུ་བླང་བའོ། །དང་པོ་ནི་སྤྱིར་གདམས་ངག་གི་འདེབས་ལུགས་ཐམས་ཅད་བསྡུས་ན་གསུམ་སྟེ། ཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་པ། མགྲོན་པོ་ལ་

p. 623

བརྒལ་བ་ལ་ཚང་སྤྲུགས་སུ་གདབ་པའོ། །དང་པོའི་ནང་དུ་ཕྱི་མ་གཉིས་འདུ་སྟེ། ངོ་སྤྲོད་ཅར་ཕོག་ཏུ་གདབ་པ་ཁྲེགས་ཆོད་ཐོད་རྒལ་ཡིན་ལ། ཚང་སྤྲུགས་སུ་གདབ་པ་བར་དོའི་གདམས་ངག་ཡིན་ནོ། །གཉིས་པ་ལག་ལེན་ཉམས་སུ་བླང་བ་ལ། སྔོན་འགྲོ་དང་། དངོས་གཞི་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོའི་འཐད་པ་དང་། སྔོན་འགྲོ་དངོས་སོ། །དང་པོ་ལ་གསུམ་ལས། སྔོན་འགྲོ་ནི་དཔེར་ན་འཇིགས་བཅས་ཀྱི་ལམ་དུ་འགྲོ་བ་ལ་སྔོན་དུ་འཇིགས་པའི་སྐུང་ས་ཉུལ་ནས་ལམ་དུ་བློ་བདེ་བར་འགྲོ་བ་དང་འདྲ་བར། དངོས་གཞི་ལ་ཡ་ང་དང་བག་ཚ་མེད་པར་འགྲོ་བར་བྱེད་པའོ། །སྔོན་འགྲོ་ནི་དཔེར་ན་སོ་མཚམས་ཀྱི་གྲོང་ལ་འོབས་དང་འཇིགས་ཟོན་བྱས་པས་བཙན་པོར་སོང་ནས་གང་གིས་ཀྱང་གླགས་མི་རྙེད་པ་དང་འདྲ་ལ། དངོས་གཞི་དེ་ལྟར་བྱས་པས་ནང་གི་མི་བློ་བདེ་ཞིང་ཉམ་ང་མེད་པ་དང་འདྲ་བས་ན་སྔོན་འགྲོ་དང་། དངོས་གཞི་གཉིས་སུ་ངེས་ལ། སྔོན་འགྲོ་ནི་འཇིགས་པའི་སྐྱེལ་མ་བཟང་པོ་དང་འདྲ་ལ། དངོས་གཞི་རང་ལ་རྫས་དང་ལྡན་པ་མཐར་ཐོན་པ་དང་འདྲའོ། །དེ་ཡང་སྔོན་འགྲོ་མེད་ན་དངོས་གཞི་ཁྱད་པར་ཅན་གྱི་གནད་ཡོད་ཀྱང་། སྐྱེལ་མ་མེད་པར་འཇིགས་བཅས་ཀྱི་ལམ་དུ་འགྲོ་མི་ནུས་པ་དང་འདྲ་ལ། དངོས་གཞིའི་གནད་མེད་པས་སྔོན་འགྲོའི་མན་ངག་སྤྱད་ཀྱང་འབྲས་བུ་མི་འབྱུང་བས་ན། དེ་གཉིས་ཟུང་དུ་འབྲེལ་བས་དོན་འགྲུབ་པ་ནི་འཇིག་རྟེན་གྱི་སོ་ནམ་ལ་སོགས་བྱེད་པ་ལ་ཕོ་མོ་ཟུང་སྦྲེལ་གྱིས་འགྲུབ་པ་དང་འདྲའོ། །གཉིས་པ་སྔོན་འགྲོ་དངོས་ལ། གང་གི་སྔོན་དུ་འགྲོ་བ། སྔོན་འགྲོ་ཇི་ལྟར་ཡིན་པ། དཔེ་ཅི་དང་འདྲ་བ། སྔོན་འགྲོའི་དགོས་པ། རབ་ཏུ་དབྱེ་བ་དང་ལྔ་ལས། དང་པོ་གང་གི་སྔོན་དུ་འགྲོ་ན་འཇིག་རྟེན་ལས་འདས་པའི་སྔོན་དུ་འགྲོ་སྟེ་ཐབས་དེས་མྱ་ངན་ལས་འདས་པ་ལ་སྦྱོར་བའི་ཕྱིར་རོ། །དེའང་སྒོ་གསུམ་གྱི་ཞེན་པ་མ་གྲོལ་ན་འཁོར་བ་ལས་མི་འདའ་བས། ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་བས་སྲིད་པ་ལས་ངེས་པར་འབྱིན་

p. 624

པའི་ཕྱིར་འདས་པའི་སྔོན་འགྲོ་དམ་པའོ། །གཉིས་པ་སྔོན་འགྲོ་ཇི་ལྟར་ཡིན་ན། སྔོན་བསྐལ་པ་དཔག་ཏུ་མེད་པ་ནས་བསགས་པའི་ལུས་ངག་ཡིད་ཀྱི་སྡིག་པ་ལས་གྲོལ་བར་བྱེད་པས་ན་སྔོན་ཞེས་བྱའོ། །དུ་ཞེས་པ་ལ་སྔོན་བར་སྲིད་ཆགས་དུས་ལུས་ལ་གནས་པའི་སྲོག་ཆགས་འབུམ་ཕྲག་མང་པོའི་ལས་དང་བག་ཆགས་སྦྱོང་བར་བྱེད་པས་ན་སྔོན་དུ་ཞེས་བྱ་ལ། ངག་གི་སྒྲ་སྐད་མ་དག་པ་རྣམས་སྦྱོང་བར་བྱེད་པས་ཀྱང་སྔོན་དུ་ཞེས་བྱ་ལ། ཡིད་ཅན་ལུས་ཀྱི་ཕྱི་ནང་ན་གནས་པའི་སྲིན་བུ་འབུམ་ཕྲག་བཞིའི་ཡིད་ཀྱི་འགྱུ་བ་མ་དག་པ་རྣམས་སྦྱོང་བར་བྱེད་པས་ན་སྔོན་དུ་ཞེས་བྱའོ། །འགྲོ་བ་ནི་དངོས་གཞིའི་གོང་ངམ་ཐོག་མར་མན་ངག་དེ་ལ་སློབ་དགོས་པས་ན་འགྲོ་ལ། སྔོན་ལ་སོང་བ་དེས་དངོས་གཞིའི་དོན་འབད་མེད་དུ་སྐྱེ་བར་བྱེད་པའི་ཕྱིར་མྱང་འདས་སུ་འགྲོ་བར་བྱེད་པས་ཀྱང་འགྲོ་བ་ཞེས་བྱའོ། །གསུམ་པ་དཔེ་ནི་རྒྱལ་པོ་བསོད་ནམས་དང་ལྡན་པས་གཞན་བསྐུལ་ན་བྱ་བ་གང་བྱེད་ཀྱི་སྔོན་དུ་མི་འགྲོ་བའི་དབང་མེད་པར་འགྲོ་དགོས་པའམ། རྟ་བཟང་པོ་འགྲོ་བའི་སྔོན་དུ་ཆས་སུ་བརྒྱན་པ་བསྐུལ་བས་འགྲོ་བ་ལྟར། དངོས་གཞིའི་སྔོན་དུ་འགྲོ་བ་ཡིན་ནོ། །བཞི་པ་དགོས་པ་ནི། དངོས་གཞི་འབྱོངས་སླ་ཞིང་སྐྱེ་ལ་ཡིད་ཆེས་ཤིང་གེགས་མེད་པ་ཡིན་ནོ། །ལྔ་པ་དབྱེ་ན་གསུམ་སྟེ། སྐུ་གསུམ་གྱི་སྣ་འཁྲིད་པར་བྱེད་པ་འབྱུང་བཞིའི་རྣལ་འབྱོར་ལ་བསླབ་པ། རིག་པའི་སྣ་འཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབ་པ། སེམས་ཀྱི་སྣ་འཁྲིད་པར་བྱེད་པ་ལུས་ངག་ཡིད་གསུམ་གྱི་གནས་ལུགས་ལ་བསླབ་པའོ། །དང་པོ་ནི། ཐལ་འགྱུར་ལས། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི། སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཅེས་སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་གསུངས་སོ། །གཉིས་པ་ནི་དེ་ཉིད་ལས། འཁོར་འདས་རུ་ཤན་མ་ཕྱེད་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བ་བཤད། །ཅེས་པ་དང་། བསྟན་བུ་ལས།

p. 625

འདི་ལྟར་ཡང་གསང་དོན་ཉིད་ལ། །འཇུག་པར་འདོད་པ་སྐལ་བ་རབ། །སྔོན་དུ་ལུས་ངག་ཡིད་རྣམས་ཀྱི། །མངོན་པར་ཞེན་པ་བཟློག་པའི་ཕྱིར། །སྔོན་དུ་སྤྱོད་པ་བརྩམ་པར་བྱ། །ཞེས་པ་དང་། སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེ་ནས་ནི། །ལུས་ངག་རྣམས་ནི་རྣལ་དུ་དབབ། །ཅེས་པས། འདི་ལ་གསུམ་ལས། དང་པོ་ལུས་ཀྱི་སྤྱོད་པ་རྣལ་དབབ་དགོས་པ་དང་བཅས་པ་ནི། སངས་རྒྱས་སྲས་གཅིག་ལས། ལུས་ནི་རྒྱུག་དང་ཉལ་བ་དང་། །ལངས་དང་ཡན་ལག་བསྐྱོད་པ་དང་། །བསྐོར་བ་དང་ནི་ཕྱག་བྱ་དང་། །ཡན་ལག་བསྐོར་དང་མགོ་བསྒྲིལ་དང་། །ཇི་ལྟར་དྲན་པའི་ལས་རྣམས་དང་། །གར་དང་ཕྱག་རྒྱ་བསྒྱུར་བ་དང་། །ཇི་ལྟར་དམིགས་པའི་ལས་རྣམས་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །ལུས་ཀྱི་མངོན་ཞེན་རང་ཆོད་ནས། །ལུས་ཀུན་རུ་ཤན་ཕྱེད་པར་ནི། །འདི་ཡིས་འགྱུར་རོ་སྤྲུལ་པའི་སྐུ། །ཞེས་པ་དང་། ཐལ་འགྱུར་ལས། ལུས་ནི་འགྲོ་དང་འདུག་པ་དང་། །གཅུད་ཅིང་འཕྲུལ་འཁོར་སྣ་ཚོགས་དང་། །ཡན་ལག་འཕེན་ཅིང་སྡུད་པ་དང་། །བྱ་བྱེད་རྣམ་པ་སྣ་ཚོགས་བསྟན། །དྲན་པའི་སེམས་ཀྱིས་མངོན་བླང་སྟེ། །འགྲོ་དྲུག་གཟུགས་ཀྱི་སྤྱོད་པ་རྣམས། །སེམས་ཀྱིས་བླངས་ཏེ་ལུས་ཀྱིས་བྱའོ། །དེ་ལྟར་སུ་ཡིས་སྤྱོད་ནུས་པ། །ཇི་ལྟར་བསམས་པས་ཕྱིས་རྒྱུན་འཆད། །འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བརྟག །ཅེས་སོ། །དེའང་འདི་ཉིད་དུ་ཇི་ལྟར་བྱས་པ་ཙམ་གྱིས་མ་འོངས་པའི་དུས་ན་དེ་ཉིད་དུ་སངས་རྒྱ་བར་འགྱུར་ཏེ། བཀོད་པ་ཆེན་པོའི་ལེའུ་སུམ་ཅུ་རྩ་གཉིས་པ་ལས། གང་གིས་རུ་ཤན་འབྱེད་འདོད་པས། །ལུས་ཀྱི་བྱ་བ་རང་ལོག་ཕྱིར། །ད་ལྟ་གང་དུ་སྤྱད་པ་ཡིས། །ཕྱི་ནས་དེ་ལྟ་མ་ཡིན་ཏེ། །དེ་ཉིད་ལྡོག་པས་ལུས་ལ་ཡང་། །གནས་པ་མེད་པར་ཁམས་གསུམ་དུ། །ལུས་ཀྱང་འཇུག་པ་མ་ཡིན་ནོ། །ཞེས་སོ། །དེ་ཡང་ཐོག་མ་ལུས་ཆགས་པའི་དུས་ན་ངག་དང་སེམས་གཉིས་དེ་ལ་བརྟེན་

p. 626

ནས་ཆགས་པས། ཐོག་མར་ལུས་ཀྱི་སྤྱོད་པ་བྱ་དགོས་སོ། །ལུས་ཀྱི་སྤྱོད་པ་བྱས་པས་ཕྱིས་ལུས་ཀྱི་ལས་ཟད་ནས་བྱེད་པ་ལ་མི་སྤྲོ་བ་དང་ལུས་ཀྱི་སྡིག་པ་འདག་པའི་དགོས་པ་ཡོད་དོ། །འཁོར་ལོ་རྣམ་པར་བརྩེགས་པ་ལས། ལུས་ཀྱི་རུ་ཤན་སུས་ཕྱེད་པ། །འདིས་ནི་འཁོར་བའི་བག་ཆགས་འབྱོངས། །ཞེས་སོ། །ལུས་རུ་ཤན་འབྱེད་པ་ལ་ཉི་མ་བདུན་ནམ། བཅུ་གཅིག་གམ། ཟླ་བ་ཕྱེད་དུ་བྱས་ན། ཕྱི་ལུས་ཀྱི་ཞེན་པ་རང་ལོག་པ་དང་། ནང་ལུས་ཞི་དུལ་དང་ལྡན་པ་དང་། གསང་བ་སྒྱུ་ལུས་འོད་གསལ་དུ་གྲོལ་ངེས་སོ། །དེ་ནས་རྣལ་དུ་འབེབས་པ་ལ་ཞག་གསུམ་མམ། བཅུ་གཅིག་གམ། བདུན་དུ་བྱས་པས་ཕུང་པོ་ལ་སོགས་པ་རྒྱས་ཤིང་ལུས་སྤྲུལ་པའི་སྐུ་ལ་སྦྱོར་ཏེ། གསེར་གྱི་སྙིང་པོའི་རྒྱུད་ལས། རྣལ་དུ་འབེབས་པར་འདོད་པ་ཡིས། །ལུས་ཀྱི་བྱ་བྱེད་དལ་བ་བསྟེན། །འདིས་ནི་སངས་རྒྱས་སྐུ་དང་རེག །ཁྱད་པར་མཆོག་ཏུ་གསང་བས་འགྲུབ། །ཅེས་སོ། །གཉིས་པ་ངག་རུ་ཤན་འབྱེད་པའི་སྤྱོད་པ་ནི། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། དེ་འདས་ངག་གི་སྤྱོད་པ་བརྩམ། །སྔགས་དང་ཁ་དོན་ཆོས་ཀྱི་སྒྲ། །ཡོད་དང་མེད་དང་སྣང་བ་དང་། །ཡིད་དཔྱོད་ཚིག་ནི་སྣ་ཚོགས་བརྗོད། །བྱོལ་སོང་སྣ་ཚོགས་བརྡ་སྐད་དང་། །སྐད་ནི་རྣམ་པ་སྣ་ཚོགས་པ། །འདི་ལྟར་སུ་ཡིས་བྱས་པའི་མི། །ངག་གི་མངོན་ཞེན་རང་ཆོད་ནས། །འཁོར་འདས་རུ་ཤན་འདིས་ཕྱེད་དོ། །ཞེས་པ་དང་། ཐལ་འགྱུར་ལས། དེ་ལྟར་རྟགས་དང་ཚད་ཕེབས་ནས། །རྣལ་འབྱོར་པ་ཡིས་ངག་སྤྱོད་བརྩམ། །བརྗོད་པ་རྟོགས་པའི་རང་བཞིན་ཕྱིར། །སྒྲ་སྐད་རྣམ་པ་སྣ་ཚོགས་པ། །ཅི་སྨྲས་བཟློག་པ་མེད་པའི་ཕྱིར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་ཁྱབ་འཇུག་གི། སྐད་ནི་བཟང་ངན་བྱེ་བྲག་བརྗོད། །མདོར་ན་འགྲོ་བ་དྲུག་གི་སྐད། །སེམས་ཀྱི་དྲན་བསམ་ངག་གིས་བརྗོད། །འདིར་ཡང་དགོས་པ་རྣམ་པ་གཉིས། །མཆོག་དང་ཐུན་མོང་མཐས་དབྱེའོ། །ཞེས་སོ། །དེ་ལྟར་ངག་གི་བརྗོད་བྱ་ཐ་དད་པ་ལ་

p. 627

བརྟེན་ནས་ཁམས་གསུམ་དུ་འཁོར་བ་རྒྱུན་ཆད་པར་བྱེད་དེ། དབང་བསྐུར་མཆོག་གི་རྒྱུད་ལས། སྐལ་དང་ལྡན་པས་རིགས་དྲུག་སྐད། །རང་རང་མཐུན་པར་བརྗོད་པ་ཡིས། །འགྲོ་བ་དྲུག་གི་འཁོར་ལོ་འཆད། །ཅེས་སོ། །གོང་དུ་བཤད་པའི་ཞག་ཙམ་དུ་བརྩོན་འགྲུས་བརྩམས་པས། བརྩོན་པ་རབ་ལ་དེ་ཉིད་ལ་ཞེན་པ་ལོག་པ་དང་། ཕལ་པ་ལ་དེ་ཉིད་དང་སྣང་བ་ཐམས་ཅད་འདྲ་བར་གཏད་མེད་དུ་རྟོགས་པ་སྐྱེའོ། །དེའང་ལུས་གཞི་ཡིན་ལ། སེམས་འབྲས་བུ་ཡིན་ཏེ། དེ་གཉིས་ཀྱི་འབྲེལ་ལམ་ངག་ཡིན་པས། ངག་གི་སྤྱོད་པ་བར་དུ་ངེས་ལ། རང་གཞན་གྱི་སྒྲ་ཐ་དད་བརྗོད་པས་འཁྲུལ་པའི་བརྗོད་འབྲེལ་རྒྱུན་འཆད་པ་དང་། ངག་ཏུ་གང་བརྗོད་དེའི་སྐྱེ་བར་ཕྱིས་མི་འཇུག་པ་དང་། ཡི་གེ་འཁོར་ལོ་གྲོལ་བའི་དགོས་པ་ཡོད་དེ། འཁོར་ལོ་བརྩེགས་པ་ལས། ངག་གི་རུ་ཤན་སུས་ཕྱེད་པ། །འཁོར་བའི་བརྗོད་པ་སྟོངས་པར་ངེས། །ཞེས་སོ། །གསུམ་པ་སེམས་ཀྱི་སྤྱོད་པ་ནི། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། དེ་ཉིད་ཀྱི་ནི་འོག་ཏུ་ཡང་། །སེམས་ཀྱི་སྤྱོད་པ་བརྩམ་པར་བྱ། །དགའ་དང་མི་དགའ་བདེ་དང་སྡུག །རྟག་དང་མི་རྟག་ལ་སོགས་པ། །ལྟ་སྒོམ་སྤྱོད་པའི་བསམ་པ་དང་། །ཆོས་དང་ཆོས་མིན་ལ་སོགས་དང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །དགེ་དང་མི་དགེ་ལ་སོགས་པའི། །བསམ་སྤྱོད་རྣམ་པ་སྣ་ཚོགས་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་མངོན་ཞེན་རང་ཆོད་ནས། །འཁོར་འདས་རུ་ཤན་ཕྱེད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། དེ་ལྟར་ཚད་ལ་ཕེབས་ནས་ཀྱང་། །རྣལ་འབྱོར་པ་ཡིས་སེམས་སྤྱོད་བྱ། །འདས་དང་མ་འོངས་ད་ལྟར་གྱི། །དྲན་བསམ་འཕྲོ་འདུའི་འཁོར་ལོ་བསྟེན། །དགའ་དང་མི་དགའ་བཟང་ངན་སེམས། །ཡོད་མེད་སྣ་ཚོགས་ཐམས་ཅད་ལ། །ཕྱི་རུ་བརྟགས་ཏེ་ནང་དུ་བསམ། །ཇི་ལྟར་བསམས་པའི་དྲན་པ་ཉིད། །ཕྱི་ནས་སྐྱེ་རྒྱུན་འཆད་པར་ངེས། །འདི་ཡི་དགོས་པ་གང་གིས་དབྱེ། །ཞེས་སོ། །

p. 628

དེ་ལྟར་ཉི་མ་མང་དུ་བྱས་པས་ཕྱིས་ཁམས་གསུམ་གྱི་འཁོར་ལོར་མི་འཇུག་སྟེ། རྡོ་རྗེ་ཁང་བུ་བརྩེགས་པ་ལས། གང་གིས་བསམས་པའི་འཁོར་ལོ་ཉིད། །སུ་ཡིས་བསྐོར་བར་ནུས་པ་ལ། །ཕྱི་ནས་དེ་ཡི་སེམས་རྒྱུན་འགག །ཅེས་སོ། །དེ་ནས་འཕྲོ་འདུ་མེད་པའི་རྣལ་དབབ་ཀྱིས་དྲན་པའི་ཁུང་སྒོ་རང་འགག་སྟེ། དཔལ་ནམ་མཁའ་འོད་ལྡན་ལས། འདུ་ཤེས་བཅད་པས་ཁུང་སྒོ་འགག །ཅེས་སོ། །དེའང་ལུས་ངག་གཉིས་ལ་ཞེན་པ་མེད་དུས་སེམས་ཀྱི་རྩ་བ་བཅད་པའི་སྤྱོད་པ་རིགས་ཏེ། རང་ཡལ་རྗེས་མེད་དུ་སྦྱངས་པས་ཁམས་གསུམ་ལས་གྲོལ་བ་ནི། འཁོར་ལོ་བརྩེགས་པ་ལས། སེམས་ཀྱི་རུ་ཤན་སུས་ཕྱེད་པ། །འདིས་ནི་སེམས་སུ་ཟློག་པ་མིན། །ཅེས་སོ། །དེ་ལྟར་རུ་ཤན་འབྱེད་པའི་སྤྱོད་པ་གསུམ་གྱིས་ཁམས་གསུམ་དུ་མི་འཇུག་པར་བྱེད་དེ། དབང་ཉེ་བར་རྟོགས་པ་ལས། རུ་ཤན་གང་གིས་ཕྱེ་བ་ཉིད། །ཁམས་གསུམ་དུ་ནི་ལྡོག་པ་མིན། །དེ་ལ་རྣལ་དུ་ཕབ་པ་བསྟན། །འདི་དག་སྔོན་འགྲོའི་ཆོ་གའོ། །ཞེས་སོ། །དེ་ལྟར་སྐྱེས་བུ་བརྩོན་འགྲུས་ཅན་རྣམས་ཀྱིས་ཟླ་བ་གསུམ་དུ་སྤྱོད་པ་བྱས་པས་དེ་ཉིད་དུ་ཡང་རབ་ཁ་ཅིག་གྲོལ་བ་ཡང་ཡོད་ལ། འབྲིང་དང་ཐ་མ་ཀུན་ལ་དེའི་རྗེས་དྲང་པོར་མངོན་སུམ་ངོ་སྤྲོད་དེ། ཐལ་འགྱུར་ལས། དེ་ལྟར་སྤྱོད་པ་རྫོགས་བྱས་ནས། །མངོན་སུམ་གནད་ལ་རྟག་ཏུ་བསྒེར། །ཞེས་སོ། །དེང་སང་སེམས་ཀྱི་སྔོན་འགྲོའི་རྗེས་ལ་ངོ་སྤྲོད་པ་རྣམས་ལེ་ལོ་ཅན་གྱི་དབང་དུ་བྱས་པའོ། །གསུམ་པ་སེམས་ཀྱི་སྣ་ཁྲིད་པ་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་ལ། སྔོན་འགྲོ་དངོས་དང་རྣལ་དབབ་གཉིས་ཏེ། དེ་ཉིད་ལས། སྔོན་དུ་སྦྱང་བའི་རིམ་པ་ནི། །ལུས་ཀྱི་སྔོན་དུ་འགྲོ་བ་ལས། །སོ་སོའི་བྱེད་པའི་རྒྱུ་འགགས་པ། །རྡོ་རྗེ་སྐྱིལ་ཀྲུང་དུ་བྱས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་ཉིད་སྦྱང་། །མཉེན་རྩལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །སེམས་ནི་ཐོག་མ་བྱུང་ས་དང་། །བར་དུ་གནས་

p. 629

ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་པ་དང་། རྣལ་དུ་དབབ་པའི་ཆོ་ག་ཡང་། །འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་སོ། །དེ་དག་གི་དགོས་པ་ལ་གཉིས་ལས། ཐུན་མོང་གི་དགོས་པ་ལུས་ངག་ཡིད་གསུམ་གྱི་བར་ཆད་ཞི་སྡིག་སྒྲིབ་འདག་གོ། མཆོག་གི་དགོས་པ་ནི་སྐུ་གསུང་ཐུགས་གསུམ་དུ་གྲོལ་བ་སྟེ། དེ་ཉིད་ལས། འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བསྟན། །ཅེས་སོ། །དོན་གཉིས་པ་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་བསྟན་པའི་ཐབས་ལ་གཉིས་ཏེ། དངོས་གཞིའི་སྒྲ་བཤད་པ་དང་། དོན་གྱི་འགྲོས་དབྱེ་བའོ། །དང་པོ་ལ་ཚིག་གིས་མཐའ་བཅད་པ་དང་། དོན་གྱི་ཐོག་ཏུ་དབབ་པ་གཉིས་ལས། དང་པོ་ནི། དངོས་གཞི་ཞེས་པ་ལ་མུ་བཞི་ལས། གཞི་ཡིན་ལ་དངོས་མ་ཡིན་པ་ཕོ་བྲང་མཐོང་ནས་རྒྱལ་པོ་མ་མཐོང་བ་ལྟར་རྫོགས་པ་ཆེན་པོ་ཁ་ཅིག་གི་ཆོས་གཞི་ལ་ལས་ནས་ལག་ཏུ་བླང་དུ་མེད་པར་ཆོས་ཉིད་ཁ་འབྱམས་སུ་སོང་བས་འཆི་ཁར་ཐ་མལ་དུ་འཆི་བ་རྣམས་སོ། །དངོས་ཡིན་ལ་གཞི་མ་ཡིན་པ་ནི་རྒྱལ་པོ་མཐོང་ཡང་དེའི་མཚན་ཉིད་གཏན་ལ་མ་ཕེབས་པ་ལྟར། མན་ངག་ཁ་ཅིག་ཐོག་མ་གནད་ཐོག་ཏུ་ཕེབས་ཀྱང་ཐ་མ་ཚིག་གིས་མཐའ་མ་ཆོད་པས་རྗེས་ལ་དེའི་ཐོག་ཏུ་མི་གནས་པར་པྲ་ཡས་པ་རྣམས་སོ། །དངོས་དང་གཞི་གཉིས་ཀ་མ་ཡིན་པ་ནི། རྒྱལ་པོ་དང་ཕོ་བྲང་གང་ཡང་མ་མཐོང་བ་ལྟར། ཐེག་པ་ཐུན་མོང་བ་སྤྱིས་ཚིག་གི་ལྟ་སྒོམ་ཡིད་དཔྱོད་ཀྱི་ལམ་དུ་བྱས་ནས། དོན་ངོ་མ་འཕྲོད་པས་ཐ་མ་གར་འགྲོ་ངོ་མི་ཤེས་པ་རྣམས་སོ། །དངོས་དང་གཞི་གཉིས་ཀ་ཡིན་པ་ནི་རྒྱལ་པོ་ཡང་མཐོང་མཚན་ཉིད་ཀྱང་ལེགས་པར་ཤེས་པ་འདྲ་བར། མངོན་སུམ་སྙིང་ཏིག་གི་གནད་རིག་པ་དངོས་སུ་མཐོང་བས། ལྟ་སྒོམ་ཡིན་སྙམ་ལ་རག་མ་ལས། གཞི་མཐོང་བས་ལྡོག་པའི་ས་མེད་པར་འཁོར་འདས་དུས་གཅིག་ལ་ཆོད་

p. 630

པའི་རྣལ་འབྱོར་པ་ཞེས་བྱའོ། །དེའང་ཆོས་ཉིད་མངོན་སུམ་གྱི་གནད་བླ་མས་བསྟན་པ་མཐོང་ནས་ཡིད་ཆེས་ཀྱང་། བརྩོན་འགྲུས་ཀྱིས་ཉམས་སུ་མ་བླངས་ན་འདི་ཉིད་ལ་ཟག་བཅས་མི་སྣང་བར་སངས་མི་རྒྱ་ལ། ཕྱི་མ་ལའང་འདི་དང་ཕྲད་དཀའ་བས་འཇིག་རྟེན་རྒྱབ་ཏུ་བོར་ནས་ཉམས་སུ་ལེན་པ་གལ་ཆེའོ། །གལ་ཏེ་གནད་ཡོད་ཀྱང་ཉམས་སུ་མ་བླངས་ན་ས་འོག་གི་གཏེར་དང་འདྲ་བས་ཕན་ཐོགས་པ་མ་ཡིན་ནོ། །གཉིས་པ་དོན་གྱི་ཐོག་ཏུ་དབབ་པ་ནི། རིག་པ་རང་ཐོག་ཏུ་ཕབ་ནས་དངོས་སུ་ངོ་སྤྲོད་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་མཐོང་བ་ལ་ཟེར་རོ། །དེའང་དངོས་སུ་བསྟན་དུ་མེད་པར་རིག་པ་ཞེས་ཐུན་མོང་བ་རྣམས་ཀྱིས་བརྗོད་ཀྱང་ཐོག་ཏུ་མི་ཕེབས་ཏེ། རྡོ་རྗེ་གདན་མ་མཐོང་བར་དེའི་ལོ་རྒྱུས་བཤད་པའམ། དམུས་ལོང་བཤད་བཟང་པོས་ཁ་དོག་གཞན་ལ་འཆད་པ་དང་འདྲའོ། །རེས་རིག་པ་སྐྱེ་མེད་སྟོང་པ་ཡིན་སྙམ། རེས་སྣ་ཚོགས་འཆར་བ་ཡིན་སྙམ། དེ་གཉིས་ཚིག་གི་ཁྲིད་ཁ་ལེགས་ལེགས་པོས་ངོ་བོ་སྟོང་པ་ནམ་མཁའ་འདྲ་ལ་འཆར་ཚུལ་མ་འགགས་པ་མེ་ལོང་གི་གཟུགས་བརྙན་འདྲའོ་ཞེས་འཆད་ཀྱང་། ད་ལྟ་ཡོད་ཡོད་པོ། ཕུགས་ན་སྟོང་ཕྱམ་ཅི་ཡང་མེད་པ་ཅིག་ཁོ་ན་ལ་གདེང་འཆའ་བས། ཐེག་པ་རིམ་དགུའི་ལྟ་སྒོམ་སྤྱོད་པས་སངས་མི་རྒྱ་སྟེ། ཡིད་དཔྱོད་ཚིག་གི་འགྲོ་ལྡོག་གིས་ཉམས་རེའི་སྐྱེ་འགྲིབ་ཅུང་ཟད་རེ་བྱུང་དུས། རེས་ཡིན་སྙམ་གྱི་སྟེང་དུ་རྩལ་སྦྱོང་རྟོགས་པ་སོ་མ་ཞིག་འཁྲུངས་སྙམ་ནས་ཡིད་སོས། རེས་མིན་སྙམ་གྱི་དོང་དུ་སེམས་ལྷུང་། མི་དགའ་གདུང་བའི་ལྐོག་གནོགས་ཀྱིས་འཚེར་ཞིང་། ངེས་པར་ཅི་ཡིན། ད་ལྟ་ཤི་ན་ཅི་བྱ་སྙམ་དུ་ཆོས་མེད་པོ་འཁོར་བའི་བཤལ་ཐག་བྱེད་པས་རིག་པའི་དོན་ལ་མཐོང་དུས་མེད་དེ། སློབ་དཔོན་དགའ་རབ་རྡོ་རྗེའི་ཞལ་སྔ་ནས། ཡིད་དཔྱོད་འཛིན་པའི་ལྟ་བ་ཉོན་རེ་མོངས། །དེ་ལ་བརྟེན་པའི་སྒོམ་པ་ཡི་རེ་མུག །དེ་ལས་བྱུང་བའི་སྤྱོད་པ་ཐང་རེ་ཆད། །དེ་ལ་འབྲས་བུ་རེ་བ་ཡོང་རེ་འཁྲུལ། །ཅེས་ལེགས་པར་གསུངས་པ་ཐོག་ཏུ་བབས་སོ། །འདིར་རིག་པ་ལུ་གུ་རྒྱུད་མཐོང་བ་ན་རིག་པའི་རང་

p. 631

བཞིན་ལ་བཟང་ངན་དང་འཕོ་འགྱུར་མེད་པར་ཐམས་ཅད་དེའི་ངང་ལས་འགྲོ་ས་གཞན་མེད་པས་གཞི་ཞེས་བྱ་སྟེ་གཞན་དུ་འཆོར་མི་སྲིད་དོ། །དེ་ཡང་རིག་པ་དེ་རླུང་གནད་གཅུན་པས་གྲོལ་བའི་རྟགས་སུ་འགྲོ་འོང་དུ་ཡོད་ལ། ཐིག་ལེ་ལ་བརྟེན་ནས་གྲོལ་བའི་རྟགས་སུ་ཐིག་ལེ་ཕྲ་མོའི་སྦྲིལ་དུ་ཡོད་ལ། རིག་པ་དེ་རྩའི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་ལུ་གུ་རྒྱུད་ཕྲ་ཞིང་འཁྱོག་པའི་འབྲེལ་ཡོད་པའོ། །དེ་གསུམ་ནི་རིག་པ་དངོས་མ་ཡིན་ཡང་། དེ་ལ་བརྟེན་པའི་ཡོན་ཏན་གྱིས་བཙན་ཐབས་ཀྱི་གནད་ཀྱིས་གྲོལ་བའོ། །རིག་པ་དེ་མཐོང་བས་མི་ཆོག་གོམས་དགོས་པའི་རྟགས་སུ་ལུ་གུ་རྒྱུད་གཅིག་ལ་གཅིག་འབྲེལ་དུ་ཡོད་པའོ། །དེ་ཡང་མངོན་སུམ་དེ་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མིག་གིས་མཐོང་ན་མཐོང་བའི་དུས་དེར་གྲོལ་བ་སྐྱེས་བུའི་སྙིང་ལ་མདས་ཟིན་པ་ལྟ་བུའོ། །ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མིག་གིས་མཐོང་ན། སྐད་ཅིག་དང་པོ་ལ་དེའི་བྱེ་བྲག་ཕྱེད། གཉིས་པ་ལ་དེ་ཉིད་རྟོགས་ནས་གྲོལ་བ། ལྡིང་འཐག་གི་མདུད་པ་བསླབས་པས་ཤེས་ལ། ཤེས་པས་གྲོལ་བ་ལྟ་བུའོ། །ཤེས་རབ་ཀྱི་མིག་གིས་མཐོང་ན་སྐད་ཅིག་དང་པོ་ལ་ཚིག་ལ་རྟོག་པའི་བྱེ་བྲག་ཕྱེད། གཉིས་པ་ལ་ལུ་གུ་རྒྱུད་ཀྱི་མཚན་ཉིད་མངོན་པར་རྟོགས། གསུམ་པ་ལ་མངོན་པར་རྫོགས་པར་སངས་རྒྱའོ། །རྡོ་རྗེའི་མིག་གིས་མཐོང་ན་ཡེ་ཤེས་དག་པའི་སྣང་བ་རྒྱ་ཆེར་མཐོང་ནས་དེ་ཉིད་ལ་ཅུང་ཞིག་གོམས་ནས་གྲོལ་བར་ངེས་སོ། །ཆུ་བུར་གྱི་མིག་གིས་མཐོང་ན་སྣང་བ་བཞི་མཐར་ཕྱིན་དགོས་སོ། །མིག་དེ་དག་ཀྱང་། ལྷུན་གྲུབ་སར་གནས་ཕྱག་རྒྱ་ཆེ། །ཚེ་དབང་མི་རྣམས་རིམ་པ་བཞིན། །ཡེ་ཤེས་ཆོས་ཉིད་ཤེས་རབ་དང་། །རྡོ་རྗེ་ཆུ་བུར་མིག་ཤེས་བྱ། །དེའང་ཆུ་བུར་གྱི་མིག་གིས་མཐོང་བའི་ཚེ་ཕྲ་བ་དང་། འཁྱུག་པ་དང་། འགྲོ་བ་དང་། འོང་བ་དང་། འབྱེད་པ་དང་། འདུ་བ་དང་། འགུལ་འཕྲིག་ཏུ་སྣང་བས། ཉི་མ་དང་། ཟླ་བ་དང་། སྒྲོན་མེའི་རྟེན་གསུམ་གྱི་ཐབས་ལ་བརྟེན་ནས་ཁྲིད་པའི་གནད་རབ་ཏུ་གཅེས་སོ། །

p. 632

གཉིས་པ་དོན་གྱི་འགྲོས་དབྱེ་བ་ལ་དོན་རྣམ་པ་བཞི་སྟེ། དང་པོ་ལུས་ངག་ཡིད་གསུམ་གྱི་གནད་མ་གཟིར་ན་ཡེ་ཤེས་སྐྱེ་བའི་ས་ངོ་མི་ཤེས་པས་སྔོན་དུ་ལུས་ངག་ཡིད་ཀྱི་གནད་གཟིར་བ་དང་། གཉིས་པ་གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་མ་ཕབ་ན་ལྟ་བ་ཚིག་ཕྱིར་འཆོར་བས་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང་། གསུམ་པ་དེ་ལྟར་ཕབ་ཅིང་ཉམས་སུ་བླངས་པ་ལས་སྣང་བ་བཞི་ཇི་ལྟར་འཆར་བའི་རིམ་པ་དང་། བཞི་པ་དེ་དག་གི་གྲོགས་སམ་རྒྱབ་བརྟེན་བཞིས་གནད་མ་གོམས་ན་གོམས་པ་ཚད་དུ་མི་ཕྱིན་པས་མཐར་རྟེན་གྱི་མན་ངག་བསྟན་པ་དང་ཆོས་ཚན་བཞིར་གསུངས་ཏེ། དཔལ་རི་བོ་བརྩེགས་པའི་རྒྱུད་ལས། མངོན་སུམ་གནད་ལ་གོམས་འདོད་པས། །གནད་ནི་བཞི་ཡི་སྡེ་ཡིས་ཕྱེ། །ཞེས་སོ། །ཆོས་ཚན་བཞིས་ལམ་མཐར་ཕྱིན་པའི་ངེས་པ་ཡང་། ཕྱིར་འབྱུང་བཞི་རྡོས་བཅས་ཀྱི་སྣང་བ་ཟད་པར་བྱེད་ལ། ནང་དུ་དུས་བཞིའི་འཕེལ་ཟད་པར་བྱེད། གསང་བར་ནམ་ཟླ་བཞིའི་འགྱུར་ཟད་པར་བྱེད། བླ་ན་མེད་པར་ལུས་ངག་ཡིད་སེམས་བཞིའི་གཞི་སྟོངས་པར་བྱེད་པས་བཞིར་ངེས་ལ། ཡང་ཕྱིར་དབང་བཞིའི་ངེས་པ་སྟོན་པར་བྱེད། ནང་དུ་འཁོར་ལོ་བཞིའི་རྩ་རྒྱས་པར་བྱེད། གསང་བར་ཡེ་ཤེས་བཞི་དངོས་སུ་གསལ་བར་བྱེད། བླ་ན་མེད་པར་སྒྲོན་མ་བཞིའི་འཕེལ་སྟོན་པར་བྱེད་པ་ལ་དགོངས་ནས་ཆོས་ཚན་བཞིར་གསུངས་ཏེ། དེ་ལས་མང་ན་ཁ་འཁྱལ་བས་དགོས་པ་མེད་ལ། ཉུང་ན་རྩ་བ་མེད་པས་འདོད་པའི་དོན་གྱི་འབྲས་བུ་མི་སྨིན་པས་དགོས་པ་ལ་ལྟོས་ནས་བཞིར་བྱུང་བའོ། །དང་པོ་ལུས་ངག་གི་གནད་གཟིར་བ་ནི། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། དེ་ལྟར་སྔོན་དུ་འགྲོ་བྱས་ནས། །མངོན་སུམ་དོན་ལ་བལྟ་བའི་ཕྱིར། །ལུས་ངག་ཡིད་ནི་རབ་ཏུ་གཅུན། །ཅེས་པས། འདི་ལ་གསུམ་སྟེ། ལུས་སྐུ་གསུམ་གྱི་བཞུགས་སྟངས་བཅའ་བ། ངག་ལྐུགས་པ་ལྟར་ཅི་ཡང་མི་སྨྲ་བ། སེམས་འཕྲོ་འདུའི་རྟོག་ཚོགས་བཅད་པའོ། །དང་པོ་ནི། དེ་ཉིད་ལས།

p. 633

ལུས་ནི་སེང་གེ་ལྟ་བུ་དང་། །དྲང་སྲོང་དང་ནི་གླང་ཆེན་ཚུལ། །འདི་ལས་གཡོ་བར་མ་བྱས་ན། །སངས་རྒྱས་སུམ་སྟོང་ཉིད་དང་ཡང་། །སྐལ་བ་དག་ནི་མཉམ་པ་ཡིན། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་ཚུལ། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་པས། འདིར་སྐུ་གསུམ་ཀྱང་ལྡོག་པ་ཐ་དད་པ་བཞིན་ལུས་གཅིག་ལའང་བཞུགས་སྟངས་ཐ་དད་པ་གསུམ་ལས། དང་པོ་སྤྲུལ་སྐུའི་བཞུགས་སྟངས་ནི། དཔེར་ན་དྲང་སྲོང་ཙོག་པུ་དང་འདྲ་སྟེ། རྐང་པའི་ལོང་བུ་གཉིས་གཤིབས་པ་ནི་ཐབས་དང་ཤེས་རབ་ཀྱི་འབྲེལ་པ་འབྱུང་བར་བྱེད་པའི་གནད། རྐང་མཐིལ་གཉིས་ས་ལ་བཅར་བ་ནི་གཟུང་འཛིན་ལས་ཀྱི་རླུང་གཉིས་གནོན་པའི་གནད། པུས་བྲང་སྦྱར་བ་ནི་ལུས་ཀྱི་འབྱུང་བ་ཆམ་ལ་འབེབས་པའི་གནད། ལུས་སྤྱི་དྲང་པོར་བསྲང་བ་ནི་རྩ་མི་འཆུས་པས་རླུང་ངང་གིས་དལ་བའི་གནད། ལག་པ་བསྣོལ་བ་ནི་དབྱིངས་དང་རིག་པ་འདྲེ་བར་བྱེད་པའི་གནད། མཇིང་པ་ཐད་ཀར་བསྲང་བ་ནི་རླུང་ཡུལ་ལ་ཕུལ་བས་རང་སངས་ལ་གཏོང་བའི་གནད་དོ། །ཐལ་འགྱུར་ལས། སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་རང་སྤྲུལ་པས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཅེས་སོ། །ངེས་ཚིག་ནི། སྤྲུལ་པ་ཞེས་པ་ལུས་ལ་འབྱུང་བ་ལ་སོགས་པའི་བྱེད་ལས་སྣ་ཚོགས་པར་སྤྲུལ་ཟིན་དག་པར་བྱེད་ལ། དེ་དག་པས་སྒྱུ་མའི་སྐུར་སྨིན་པར་བྱེད། བཞུགས་པ་གནས་ས་རྒྱུད་ལ་རྟེན་པར་བྱེད། སྟངས་ནི་དེ་ལ་བརྟེན་པས་ཁམས་གསུམ་དུ་མི་ལྡོག་པར་བྱེད་དེ། གསེར་གྱི་མཁའ་ལྡིང་ལས། ལུས་ཀྱི་ཚོགས་པ་དག་བྱེད་པས། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ཉིད། །སུ་ཡིས་ཤེས་པས་དེ་གནད་བསྟུན། །དེ་ཉིད་ལས་གྲོལ་སངས་རྒྱས་སོ། །ཞེས་སོ། །ལོངས་སྐུའི་བཞུགས་སྟངས་ནི། དཔེར་ན་གླང་པོ་ཆེ་ཉལ་བ་དང་འདྲ་སྟེ། ཁ་སྦུབ་ཏུ་ཉལ་བས་ལུས་ཀྱི་ཚོགས་པའི་ཆོས་

p. 634

བཅར་ལ་མནན་པའི་གནད། པུས་བྲང་སྦྱར་བས་འབྱུང་བའི་དྲོད་འབེབས་པའི་གནད། རྐང་པའི་སོར་མོ་ཕྱིར་ལ་ཕུལ་བས་གཡོ་བྱེད་ལས་ཀྱི་རླུང་འཛིན་པའི་གནད། ལག་པའི་གྲེ་མོང་ས་ལ་བཙུགས་པས་དབྱིངས་ལ་རིག་པ་འདྲེན་པའི་གནད། མཇིང་པ་གྱེན་ལ་བཏེག་པས་རིག་པ་དང་དབྱིངས་མི་འབྲལ་བའི་གནད་དོ། །ཐལ་འགྱུར་ལས། ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་རྣམས་ལ་ལོངས་སྤྱད་ནས། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །ཅེས་སོ། །ངེས་ཚིག་ལ། ལོངས་ནི་འདོད་ཡོན་ལྔ་དག་པར་བྱས་ནས། ཆོས་ཉིད་སྐྱེ་མེད་ཀྱི་ལམ་དུ་འཛུད་པར་བྱེད་ལ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མིག་གི་དབང་པོས་སྤྱོད་པའོ། །རྫོགས་པ་ནི་ལུས་ཀྱི་ཚོགས་པའི་ཆོས་འོད་གསལ་དུ་གྲོལ་བར་བྱེད་པའི་ཐབས་སོ། །སྐུ་ནི་དེ་དག་སྨིན་པས་འཁོར་བ་ལས་གྲོལ་བའོ། །དེ་ཉིད་གནད་བསྟུན་པས་གང་ཟག་དེ་རྟག་ཏུ་ཆོས་ཉིད་མངོན་སུམ་ལ་ལོངས་སྤྱོད་པས། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །བཞུགས་པ་ནི་ཏིང་ངེ་འཛིན་གནས་པར་བྱེད་པའོ། །སྟངས་ནི་ཁམས་གསུམ་ལས་འདས་པའི་གནད་དོ། །གསེར་གྱི་མཁའ་ལྡིང་ལས། ཆོས་ཀྱི་དབྱིངས་ལ་ལོངས་སྤྱོད་ཕྱིར། །ལོངས་སྐུའི་བཞུགས་སྟངས་བསྟུན་བྱས་པས། །འདིས་ནི་སྐུ་གསུམ་ཞིང་ལ་སྤྱོད། །དེས་ན་མཆོག་ཏུ་ལུས་ཀྱི་གནད། །རྣལ་འབྱོར་ཆེ་མཆོག་གཙོ་བའོ། །ཞེས་སོ། །ཆོས་སྐུའི་བཞུགས་སྟངས་ནི། དཔེར་ན་སེང་གེ་ཚང་དུ་ཞུགས་པ་དང་འདྲ་སྟེ། རྐང་མཐིལ་གཉིས་ས་ལ་ཕབ་པས་འབྱུང་བ་སྙོམས་པ་དྲོད་ཀྱི་གནད། ལུས་འགྱིང་ཚུགས་སུ་འདུག་པས་ཡེ་ཤེས་ཀྱི་རླུང་གི་འཕེན་པས་ལས་ཀྱི་རླུང་གནོན་པའི་གནད། ལག་སོར་བསྐུམ་སྟེ་ས་ལ་བཙུགས་པས་འཕྲོ་བ་ལས་ཀྱི་རླུང་བཟློག་པའི་གནད། རོ་སྟོད་གསེང་ལ་བོར་བས་ཉམས་སྣང་མྱུར་དུ་འཆར་བའི་གནད། རྩལ་མཇིང་པ་ལ་བོར་བས་དབྱིངས་རིག་དང་དུས་ཐམས་ཅད་དུ་མི་འབྲལ་བའི་གནད་དོ། །ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་

p. 635

ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ཅེས་སོ། །ངེས་ཚིག་ལ། ཆོས་ནི་ལུས་ཀྱི་ཚོགས་པ་ལས་གྲོལ་བར་བྱེད་ལ། སྐུ་ནི་དེ་དག་རྣམ་པར་དག་པ་ལས་སྒྱུ་མའི་སྐུ་ཉིད་དུ་དུས་ཐམས་ཅད་དུ་གནས་པའོ། །བཞུགས་པ་ནི་ཏིང་ངེ་འཛིན་གནས་པ་ལས་མི་འདའ་བའོ། །སྟངས་ནི་འཁོར་བ་ལས་ཐར་བར་བྱེད་པའོ། །གསེར་གྱི་མཁའ་ལྡིང་ལས། གང་གིས་ཆོས་སྐུའི་བཞུགས་པའི་ཚུལ། །གང་ཟག་གང་གིས་ལུས་ཀྱི་གནད། །དེ་དང་མཐུན་པར་སུས་ཤེས་པ། །འདིས་ནི་ཆོས་སྐུ་བདེ་ཆེན་ལ། །རྣལ་འབྱོར་དག་ཏུ་བྱེད་པའོ། །ཞེས་སོ། །དེ་ལྟར་སྐུ་གསུམ་གྱི་བཞུགས་སྟངས་བྱས་པས་སྐུ་གསུམ་གྱི་དགོངས་པ་ལས་མི་འདའོ། །དེ་ཡང་སྤྲུལ་སྐུ་ཙོག་པུ་ནི་མ་འོངས་པའི་དུས་ན་དཀའ་ཐུབ་ལ་བརྟེན་ནས་གྲོལ་བའི་བརྡར་བྱུང་ལ། ལོངས་སྐུ་གླང་པོ་ནི་མ་འོངས་པའི་དུས་ན་བྱ་བྲལ་ལྷུན་གྱིས་གྲུབ་པའི་ངང་དུ་གྲོལ་བའི་བརྡ་དང་། ཆོས་སྐུ་སེང་གེ་ནི་མ་འོངས་པའི་དུས་ན་ཡ་ང་དང་བག་ཚ་མེད་པར་གྲོལ་བའི་བརྡའོ། །འབྱུང་བའི་ལུས་ཀྱི་ལྟ་སྟངས་སྐུ་གསུམ་གྱི་ལྟ་སྟངས་སུ་འགྲོལ་བ་ཅི་ཡིན་སྙམ་ན། སྐུ་གསུམ་འོད་གསལ་རང་ལ་ཡོད་པ་སྙིང་ལ་གནས་ལ། ལྟ་སྟངས་བྱས་པས་རང་ལ་དེ་ལྟར་ཡོད་པའི་དགོངས་པ་གསུམ་མངོན་དུ་བྱེད་པ་སྟེ། སྐུ་གསུམ་རང་ཆས་སུ་ཡོད་པས་རང་གི་ལྟ་སྟངས་སྐུ་གསུམ་གྱི་ལྟ་སྟངས་སུ་འགྲོ་བ་ཡིན་ནོ། །ལུས་ཀྱི་འབྱུང་བ་གྲང་བ་ཤས་ཆེ་བས་སྤྲུལ་སྐུ་དང་བསྟུན་ན་གྲང་དྲོ་སྙོམས་ལ། ཚ་བ་ཆེ་བས་ཆོས་སྐུ་དང་། སྙོམས་པས་ལོངས་སྐུ་དང་བསྟུན་ན་ཤིས་སོ། །ཁྱད་པར་དུ་སྣང་བའི་འཕེལ་མྱུར་བ་ཡིན་ནོ། །ལུས་འདུག་སྟངས་མ་གཅུན་ན་ལུས་ཀྱི་རྩ་འདབ་ན་ཡེ་ཤེས་ཀྱི་རང་གདངས་ཡོད་པ་མི་སློང་ལ་དེ་མ་བསླངས་ན་ཕྱིའི་ནམ་མཁའ་ལ་ཡེ་ཤེས་ཀྱི་སྣང་བ་མི་འཆར་བས་ལྟ་སྟངས་གཅེས་སོ། །ཐ་མལ་པ་ལྟར་འདུག་པས་ཡེ་ཤེས་དངོས་སུ་འཆར་མི་སྲིད་ལ། ཤར་དུས་ཐ་མལ་དུ་འདུག་ན་འཕེལ་མི་སྲིད་ཀྱི་སྟེང་དུ་སླར་འགྲིབ་པས་ལྟ་སྟངས་

p. 636

གཅེས་པ་ཡིན་ནོ། །དེ་ཡང་སྦྲུལ་གྱི་རྐང་ལག་ལུས་ལ་ཡོད་ཀྱང་མི་མངོན་པ་དེ་གཅུས་ན་མངོན་པ་ལྟར་ལྟ་སྟངས་ཀྱི་གནད་ལས་ཡེ་ཤེས་འཆར་བ་ཡང་དེ་བཞིན་ནོ། །འོ་ན་བཞུགས་སྟངས་གསུམ་ཁོ་ནར་ངེས་ལ་གཅིག་གམ། གཉིས་སམ། གསུམ་མམ་ཡང་ན་བརྒྱ་སྟོང་ལ་སོགས་པར་བྱུང་ན་ཅི་སྟོ་ཞེེ་ན། འགྲོ་བ་རྣམས་ཉོན་མོངས་པ་གསུམ་གྱིས་ཁམས་གསུམ་དུ་ཁྲིད་པར་བྱེད་པ་དེ་ལས་གྲོལ་བར་བྱེད་པས་ན་གསུམ་དུ་ངེས་ལ། ཉོན་མོངས་པ་གསུམ་ལས་ལུས་ངག་ཡིད་གསུམ་དུ་སྨིན་པས་ཀྱང་གསུམ་དུ་ངེས་སོ། །དེ་ཡང་ཐོག་མ་སྲིད་པ་ལས་ཀྱི་འཁོར་ལོ་ལས། འདོད་ཆགས་མ་དག་པ་ལས་གཟུགས་སུ་སྨིན་པ་ནི། བྱའི་གཟུགས་སུ་བྱུང་བས་བྱ་བ་དང་བྱེད་པ་ངག་གཙོ་ཆེ་བ་ལས་གྲུབ་སྟེ། ལུས་སུ་སྨིན་པའི་དུས་ན་ཡང་སྨྲ་བ་ལ་དགའ་ཞིང་། བརྗོད་བྱ་ལ་གཙོར་བྱེད་ཅིང་འདོད་པ་ཆེ་ལ། འདོད་ཆགས་ལ་དགའ་བ་ཅིག་འོང་། དེ་ཉིད་རྣམ་དག་གི་ལམ་དུ་གཟུང་བའི་ཕྱིར། ལོངས་སྐུའི་བཞུགས་སྟངས་བསྟན་ཏེ། འགྲོ་བ་དེ་ལྟ་བུས་ནི་མཆོག་ཏུ་ལོངས་སྐུའི་བཞུགས་སྟངས་རྟག་ཏུ་བྱས་ན། ཆོས་ཉིད་ཀྱི་དོན་ལ་མཆོག་ཏུ་མཁས་པའོ། །ཡང་སྲིད་པའི་འཁོར་ལོ་ལས་གཏི་མུག་མ་དག་པ་ལས་གཟུགས་སུ་སྨིན་པ་ནི་ཕག་ཏུ་བྱུང་བས། དེ་ཉིད་བག་ལ་ཉལ་སློང་བར་བྱེད་པ་འགྲོ་བའི་ཡིད་གཙོ་ཆེ་བའི་གཟུགས་སུ་སྨིན་པས། འདི་ནི་གཟུགས་སུ་སྨིན་པའི་དུས་ན་སེམས་ཀྱི་འགྱུར་བ་མང་ཞིང་བློ་འགྱུར་ལ་རྣམ་རྟོག་ཆེ། བརྗོད་པ་ལ་མི་དགའ་ལ། རྟག་ཏུ་གཉིད་ལ་དགའ་བ་འོང་། དེས་ནི་ཆོས་སྐུའི་བཞུགས་སྟངས་ལ་རྟག་ཏུ་གནས་ན། ཆོས་ཉིད་ལ་དུས་གསུམ་དུ་གནས་པར་ངེས་སོ། །ཡང་ཐོག་མ་ཞེ་སྡང་མ་དག་པ་ལས་གཟུགས་སུ་སྨིན་པ་ན། སྦྲུལ་དུ་སྨིན་པའི་ལུས་ཀྱི་བྱེད་པ་གཙོ་ཆེ་བའི་གཟུགས་སུ་བྱུང་བ་སྟེ། འདི་ཉིད་ལུས་ཀྱི་བྱ་བ་ལ་དགའ་ཞིང་འགྲོ་འདོད། ལུས་སྟོབས་ཆེ་ལ་ལུས་བོང་རགས། ལུས་ཀྱི་བྱི་དོར་ལ་དགའ་བའི་ལུས་སུ་བྱུང་སྟེ། འདིས་ནི་སྤྲུལ་པ་སྐུའི་བཞུགས་སྟངས་ལ་རྟག་ཏུ་གནས་ན་

p. 637

སངས་རྒྱ་བར་ངེས་སོ། །དེས་ན་བཞུགས་སྟངས་གསུམ་དུ་ངེས་སོ། །འགྲོ་བའི་སྨིན་སོ་ལུས་ངག་ཡིད་གསུམ་དུ་བྱུང་ནས། དེ་དག་གི་བཅིངས་པ་ལས་གྲོལ་བར་བྱེད་པས་ན་གསུམ་ཁོ་ནར་ངེས་ལ། དེ་ལས་མང་ན་མི་དགོས། ཉུང་ན་མ་ཚང་བས་གསུམ་ཁོ་ནར་ངེས་སོ། །འདིའི་དུས་ངག་གི་གནད་སྨྲ་བ་བཅད་པ་སྟེ། ཐལ་འགྱུར་ལས། ངག་ནི་བསླབ་དང་གནས་པ་དང་། ལ་བཟླ་བརྟན་པར་བྱ་བའོ། །ཞེས་པས། དང་པོ་ངག་བསླབ་པ་ནི། སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་ངུ་བསླབ། དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང་། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་མཐོང་བ་དང་། དེ་ནས་མངོན་པར་ཤེས་པ་དུམ་བུ་བ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་མཚམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་

p. 638

པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་སུས་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང་། རྡོ་རྗེ་བཀོད་པ་ལས། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམ་པ། མངོན་སུམ་རིག་པའི་རང་ངོ་སྤྲོད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང་། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་གཏེམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ། །དེ་ཡང་སྒོའི་གནད་སོ་པ་དང་འདྲ། ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབས་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་

p. 639

གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་སྤྱིའི་རིམ་པ་ངེས་པ་དང་། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་གཅུན་པ་སྟེ། མཐོང་བ་བརྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང་། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང་། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང་། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང་། ཡུལ་དང་། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་པ་དང་། གསང་བ་སྒྲ་རྒྱུད་ལས། ཕབ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ཟུར་ལ་གཟིགས་ནས་སངས་

p. 640

རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང་། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་བས་ཆོས་སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་གཟིགས་པ་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་

p. 641

པས་མངོན་སུམ་གནད་གཟིར་དང་། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཞེས་པ་དང་། སྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། །ཞེས་པ་དང་། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་རོ་མཉམ་གྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང་། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དལ་བས། ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོགས་པ་ནུབ་པའི་རྐྱེན་བྱེད་ཅིང་། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་

p. 642

མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང་། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང་། །ཞེས་པ་དང་། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒོོམ་ཤེས་པ་འབྱུང་ངོ་། །གཞན་དུ་འལ་མ་འོལ་བྱས་པས་སྣང་བ་ར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་པྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟར་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ་། །རྗེས་རྒྱབ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་

p. 643

གྱི་སྣང་བ་དང་བཅས་པ་འདི་མ་འཁྲུལ་པའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོ་ལ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ། །ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང་། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང་། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང་། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང་། རེ་རེ་བ་དང་། སུམ་སྦྲེལ་གྱི་བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན། །ཅེས་སོ། །དེའང་ཕྱི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི། ཀ་དག་གི་རིག་གདངས་དང་། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་

p. 644

བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དྭངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང་། ཐིག་ལེ་འཕྲོ་བ་དང་། མཆེད་པ་དང་། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང་། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང་། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང་། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམ་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་

p. 645

འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང་། སངས་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་པ་གཞན་ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། །གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྤྱིའི་འབྲེལ་དགོད་པ་དང་། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང་། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་

p. 646

མངོན་སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང་། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང་། རང་རིག་པའི་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ངེས་པའི་སྣང་བ་དང་། རྣལ་འབྱོར་གྱི་མངོན་སུམ་ཆོས་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང་། གནད་གཏེམས་པ་མཐོང་བ་གཙོ་བ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ལ་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་གཉིས་ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་པ་དངོས་སུ་བལྟར་ཡོད་པའོ། །དེའང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན།

p. 647

འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡིད་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། འཆར་བྱེད་སྒོའི་གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང་། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང་། བླ་ན་མེད་པར་སྣང་བ་འོད། སྨིན་པ་ཐིག་ལེ། རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང་། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང་། ལམ་གསུམ་གྱིས་གེགས་བསལ་བས་འགྲོ་ལམ་ལ་ཉེ་རིང་མེད་པ་དང་། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ཆོལ་མེད་པ་དང་། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་བཏང་སྙོམས་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་

p. 648

བས་སོ། །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་པའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང་། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང་། སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་དུ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང་། །ཞེས་པ་དང་། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་འགྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཞེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་གནན་བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང་། གཞན་ཡང་རྩ་

p. 649

དང་འཕྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་པ་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང་། ནོར་བུ་འཕྲ་བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང་། གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང་། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་པར་བྱ། །ཞེས་སོ། །འབྲས་བུ་ནི། ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལས་མ་གཡོས་པར་སྙིང་ག་ན་ངང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ནི་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །དེ་ཤེས་པ་ཡིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་

p. 650

ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། །རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང་། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང་། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང་། མཐར་འགྱུར་གྱི་ཉམས་དང་། སྣང་བའི་ཉམས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་དང་། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང་། རང་

p. 651

བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང་། སྤྲིན་ལྟ་བུ་དང་། དུ་བ་ལྟ་བུ་དང་། སྨུག་ཟིལ་ལྟ་བུ་དང་། ཟླ་བ་ཤར་བ་ལྟ་བུ་དང་། སྐར་མ་ཤར་བ་ལྟ་བུ་དང་། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང་། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་སྣང་བའི་ཉམས་གཙོ་བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོགས་པའི་དུས་མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ། །མདོར་

p. 652

ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང་། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང་། རྩིབས་ཤར་དང་། གྲུ་ཆད་དང་། དུམ་བུ་དང་། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང་། དྲ་བ་ཕྱེད་པ་དང་། མིག་མངས་རིས་དང་། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང་། ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང་། ཉི་ཟླ་ཟུང་སྦྲེལ་གྱི་རྣམ་པ་འདྲ་བ་དང་། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང་། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང་། པདྨ་སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་བས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིམ་པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་

p. 653

དོག་དཀར་པོའི་རྣམ་པར་འཆར་བ་དང་། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང་། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང་། རིན་པོ་ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང་། སྣང་བ་མཐས་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་བ་བྱེ་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་གུའི་སྣམ་བུར་འཆར་བ་དང་། དོན་ཡོད་གྲུབ་པའི་གདངས་རབ་ཏུ་ལྗང་བ་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུ་གྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བ་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་འགགས་པ་ལས་བྱུང་བའོ། །དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་

p. 654

ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་མའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ་། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལས་འགྲུས་པ་ལས་བྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་བཅོས་པ་ལས་བྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང་། བདུན་དང་། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་

p. 655

འབྲེལ་ལུགས་མི་འདྲ་སྟེ་ཆེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་ལས། ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང་། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང་། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཞེས་པ་དང་། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་ལས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང་། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང་། བྱེད་པ་དེ་དག་གི་འབྲེལ་ཆད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བརྟགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་བ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །

p. 656

ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །ཞེས་པ་དང་། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ། ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང་། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདའ་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའི་ཚད། ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང་། །ས་རྡོའི་སྣང་བ་བཞུ་བ་དང་། །རང་ཤེས་ཅི་ལའང་ཚུད་པ་དང་། །དེ་བཙུད་བེམ་པོ་འགུལ་བ་དང་། །རླུང་གི་འགྱུ་བའི་ཚད་ཟིན་དང་། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང་། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལས་ཡབ་ཡུམ་འཁྲིལ་བ་དང་། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང་། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང་། །འགྲོ་དང་འོང་དང་འདུག་པར་སྣང་། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་

p. 657

ཤར་བར་ཟུག་ཅིང་། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང་། ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བས་འཁྲིགས་ཤིང་། ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ། དུང་ཁང་ནའང་ཁྲོ་བོའི་དཀྱིལ་འཁོར་དང་སྙིང་ན་ཞི་བའི་དཀྱིལ་འཁོར་དང་། ལུས་ཀྱི་ཆ་ཤས་ཀུན་ལ་རང་བཞིན་སྤྲུལ་པ་དང་། འགྲོ་འདུལ་སྤྲུལ་པ་དང་། སྣ་ཚོགས་སྤྲུལ་པ་སྣང་བས་སངས་རྒྱས་ཀྱི་ཞིང་ན་རང་སྣང་གི་འགྲོ་བའི་དོན་མཛད་པར་སྣང་ཞིང་། ཐུགས་རྗེའི་སྒོ་ལས་མངོན་ཤེས་དྲུག་ཚན་རྣམས་དང་། ཆོས་ཐམས་ཅད་ཤེས་པའི་ཤེས་རབ་འཆར་ཞིང་། དག་པ་ཡེ་ཤེས་ཀྱི་སྒོ་ལས་སངས་རྒྱས་ཀྱི་ཞིང་དག་པ་རང་སྣང་ལོངས་སྐུར་རྫོགས་པ་དང་། སེམས་ཀྱི་དྲི་མ་དག་ཅིང་རྡུལ་དང་བྲལ་བ་ཉིད་ཐོབ་པས། ས་དང་སའི་བག་ཆགས་རང་དག་པ་སྟེ། ཐལ་འགྱུར་ལས། ཚད་ཕེབས་ལུས་ཀྱང་འདི་ལྟར་འགྱུར། །སོ་སོའི་ལུས་ཀྱི་རྡུལ་བྲལ་ནས། །བར་སྣང་འོད་ཀྱི་སྐར་ཁུང་སྣང་། །དེ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས། །ཕྲ་ཞིང་འཁྲིལ་བས་སྣང་བ་འཛིན། །ལུས་ཀྱི་རྡོས་པ་རང་འགགས་ནས། །ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་ན་ཨ་ཡི་མཚན་མ་དང་། །མཛོད་སྤུའི་འོད་ཟེར་འདོམ་གང་ཚད། །ཐོར་ཚུགས་རླུང་གིས་འདེགས་པར་སྣང་། །ཞི་སྐུ་ལག་པའི་སོར་མོ་ལས། །འོད་ཀྱི་ཕྲེང་བ་རྣམ་པར་འཁྲིགས། །སྒྲ་མེད་སེམས་ཀྱི་སྤྱོད་པ་སྟེ། །མགོ་བོ་ཐོད་པའི་གཞལ་ཡས་ལས། །ཧེ་རུ་ཀ་རྣམས་མངོན་པར་འབྱུང་། །འདི་དུས་རང་ལུས་ཚད་ལ་ཕེབས། །ཟང་ཐལ་སྐུ་གསུམ་གཅིག་འདྲིལ་བའོ། །ཞེས་སོ། །གསུམ་པ་གསང་བ་རིག་པའི་ཚད་ནི། ཕྲ་རགས་འགྱུ་བའི་སེམས་དག་ཀྱང་། །ཀུན་གཞི་

p. 658

རྣམ་ཤེས་ཙམ་གྱི་སེམས་ཡོད་ལ། །རིག་པའི་ཡོན་ཏན་མངོན་ཤེས་དང་སྤྱན་ཆགས་པ་མེད་པ་ཤར་བ་སྟེ། དེ་ཉིད་ལས། འདི་དུས་སེམས་ནི་གསལ་བ་དང་། །མངོན་པར་ཤེས་པ་དྲུག་རྣམས་དང་། །རིང་དང་ལྐོག་ཏུ་གྱུར་པ་ཡི། །ཆོས་རྣམས་སྐད་ཅིག་གིས་ཤེས་འགྱུར། །ཚད་མེད་སངས་རྒྱས་ཞིང་རྣམས་དང་། །དེ་བཞིན་སྐུ་ཡང་སེམས་ལ་སྣང་། །སྟོང་པའི་སེམས་ལ་དྲི་མ་ཟད། །རང་བཞིན་མི་གཡོ་སྟོང་གསལ་བརྙེས། །མ་འདྲེས་མཉམ་རྫོགས་དབྱིངས་ལ་ཁྱབ། །སྣང་མཛད་གསལ་བས་དུ་མ་བྲལ། །ཆ་ཤས་མེད་པས་སྤྲོས་མེད་དོ། །ཞེས་སོ། །དེའང་སྣང་བ་གོང་མ་གཉིས་སུ་ཉོན་ཡིད་དང་ཡིད་ཤེས་ཀྱི་དྲི་མ་མངོན་གྱུར་སྦྱངས་ནས། འདི་ཐོབ་པའི་ཚེ་ཚོགས་བརྒྱད་ཀྱི་དང་པོ་བདུན་དག་པས། ཕྲ་རགས་ཀྱི་དྲི་མ་ལས་གྲོལ་ཞིང་། ལུས་སེམས་ཀྱི་འབྲེལ་ཆོད་པས། ཕྱི་སྣང་བའི་ཡུལ་རིག་པ་ལ་སྣང་ཞིང་། དཔྱོད་བྱེད་རྣམ་ཤེས་ཀྱི་ཆ་ཀུན་གཞི་རྣམ་པར་ཤེས་པའི་དབང་པོས་བདག་རྐྱེན་བྱེད་པ་ནི། སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚོད་ཙམ་དུ་སྐད་ཅིག་མ་ལ་དཔྱོད་བྱེད་རང་ཤར་བ་དེ་རང་གྲོལ་བས་གཉེན་པོ་ལོགས་པ་ལ་མི་ལྟོས་པར་དག་པ་ནི། སྣང་བ་གོང་མ་གཉིས་ཀྱི་དུས་སུ་རླུང་ཕྱིར་འཕངས་ཤིང་ནང་དུ་མ་བཟུང་བས། རྟོག་པ་སྐད་ཅིག་གཉིས་པར་མི་སྡོད་པའི་རྩལ་འབྱོངས་པ་ལས་བྱུང་སྟེ། ལུས་ཟང་ཐལ་ལ། རྣམ་ཤེས་ཀུན་གཞིའི་ཆ་རྟོག་མེད་ཡུལ་རིག་པ་མེ་སྟག་འཕྲོ་བ་བཞིན་གསལ་དྭངས་པ། ཕྱིར་ཞིང་སྣང་དང་ནང་དུ་རང་སྣང་གི་སྣང་ཆ་གཉིས་མཐོང་བས་ལུས་སེམས་འབྲེལ་ཆོད་དེ། ཁམས་གསུམ་དུ་ཕྱིར་མི་ལྡོག་པའི་ས་མཆོག་དཀྱིལ་འཁོར་ཆེན་པོ་གྲུབ་པ་ནི། ཡང་ཐལ་འགྱུར་ལས། དེ་ལྟར་སྣང་བའི་དུས་རྣམས་སུ། །ལུས་སེམས་འབྲེལ་བ་ཆོད་པ་ནི། །ཟག་བཅས་ཟད་པའི་ལུས་ལས་ཀྱང་། །ཕྱིར་འབྱུང་མཚན་ཉིད་གསལ་བའི་སེམས། །སྐར་མདའ་འཕྲོ་བའི་ཚུལ་གྱིས་ཀྱང་། །ནམ་མཁའི་ཁམས་སུ་གསལ་བར་མཐོང་། །དེ་ཉིད་ཐོག་མའི་དུས་རྣམས་སུ། །རླུང་དང་བྲལ་བ་དག་ལས་ཀྱང་། །འབད་ཅིང་དག་པ་རླུང་གི་

p. 659

ལས། །ལུས་ལས་ཕྱི་རོལ་འཕངས་ལས་བྱུང་། །མཐོང་བྱེད་གཉིས་ཀྱི་ཆ་ལས་ཀྱང་། །ལུས་ནི་འོད་གསལ་དག་པ་ལ། །སེམས་ནི་མེ་སྟག་འཕྲོ་བ་བཞིན། །གཅིག་ཏུ་མི་གནས་རང་གསལ་གཞི། །སྣང་ཆ་གཉིས་ཀྱི་ཚུལ་དུ་བྱུང་། །འདིས་ནི་ལུས་སེམས་འབྲེལ་བཅད་ནས། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །འདིའི་དུས་སུ་མཐོང་བྱེད་ཀྱང་ཀུན་གཞི་རྣམ་པར་ཤེས་པའི་ཆ་སྐར་མདའ་འམ་མེ་སྟག་འཕྲོ་བ་ལྟ་བུ་དང་། རིག་པའི་ཐུགས་རྗེ་ཤེས་རབ་ཀྱི་ཆ་གཉིས་ཡོད་པས། མཐོང་བྱ་ཕྱི་ནང་གཉིས་མཐོང་བའི་ཤེས་པའི་ཆར་བྱུང་བའོ། །འདིའི་དུས་སུ་གཉེན་པོས་ཆེད་དུ་ལྟ་སྟངས་འཆའ་བ་ལ་སོགས་པ་མེད་དེ། རྟག་ཏུ་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བས། ཉམས་ལེན་གྱི་ཚད་རྫོགས་པ་ཞེས་བྱའོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ལ་གཉིས་ཏེ། ཟད་ཚུལ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྔར་ཚད་ཕེབས་ཟླ་བ་ཉ་བ་ལྟ་བུའི་སྣང་བ་ལས། རང་གདངས་དབྱིངས་སུ་ཐིམ་པའི་ཚུལ་ནི། དེ་ལས་ཟླ་བ་མར་འབྲི་བ་ལྟར། ཡང་སྐུ་དེ་ཡལ་ནས་ཐིག་ལེ་ལ་ཐུག་པ་ལ་སོགས་པ་དང་པོའི་ས་ལ་ངེས་པར་སྣང་བའོ། །དེ་ནི་སྣོད་བཅུད་ཆགས་གནས་འཇིག་སྟོངས་བཞིའི་རིམ་པས་སྣང་བ་བཞིའི་དག་ཚུལ་ལ་གོ་རིམ་གྱིས་སྦྱར་ཏེ། སྐྱེ་རྒས་ན་འཆི་བཞིའི་འཕེལ་ཟད་པ་དང་ཡང་མཚུངས་ཤིང་། ཕྱི་སྣོད་ཀྱི་ཆགས་ལུགས་ཞིག་པ་དང་། ནང་བཅུད་ཀྱི་སེམས་ཅན་གྱི་ཚེའི་ཚད་ཡར་སྐྱེ་བ་དང་། མར་འགྲིབ་པ་ཟད་པའི་རྟགས་སོ། །དེ་དག་མ་ཟད་ན་བདག་ཁམས་གསུམ་ལས་མི་གྲོལ་བས་སོ། །དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ཟད་པས། རྟེན་ས་མེད་པས། ལྡོག་པའི་ས་མེད་པའི་གནད། ནང་བཅུད་ཀྱི་སེམས་ཅན་ཟད་པས་སྐྱེ་རྒྱུན་ཆད་པས། ད་རིག་པ་ཉིད་འཆི་བ་དང་བྲལ་བའོ། །དེ་ནས་སྣང་བ་ཅིའི་ངོ་བོར་ཡང་གྲུབ་པ་མེད་དེ། འདི་ཡིན་འདི་མིན་གྱིས་བརྗོད་པར་དཀའ་བས། ཆོས་ཉིད་ཟད་པ་ཞེས་བྱ་སྟེ་དོན་གྱི་འབྲས་བུའོ། །འབྲས་བུ་ནི་གང་

p. 660

ཟག་གིས་འདི་ཡིན་འདི་མིན་བརྗོད་པར་དཀའ་སྟེ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེའང་ཆོས་ཟད་པ་ནི་ཚད་ཕེབས་ཀྱི་ཚེ་ཕྱི་ཡུལ་ནང་ལུས་ཀྱི་ཆོས་རྡོས་བཅས་པ་ཡིན་པ་ཟད་ལ་འདིར་ཀུན་གཞི་རྣམ་ཤེས་པའི་ཆོས་སེམས་ཀྱིས་བསྡུས་པ་རྣམས་ཟད་ནས། ཀུན་གཞིའི་ཆ་སྒོ་གསུམ་གྱི་ཆོས་ཉིད་དུ་གནས་པ་རྩ་བའི་མ་རིག་པ་དེ་ཟད་པར་སྦྱོང་བ་དང་། འཁྲུལ་པའི་ཆོས་ལ་ལྟོས་ན། སྣང་བའི་འོད་གསལ་སྐྱེ་འཇིག་མེད་པ་དེ་ཆོས་ཉིད་དོན་དམ་དུ་གནས་པ་ལས། ཆོས་ཉིད་གཉིས་པོ་དེ་ཟད་པར་སྦྱོང་བས་ཆོས་ཉིད་ཟད་པ་ཞེས་བྱ་བ་ཡིན་ལ། སྣང་བ་ནི་དེ་སྔ་ལྷུན་གྲུབ་ཀྱི་སྣང་བ་ཡོད་པ་ནང་ཐིམ་ལ་ཆ་ཆ་ནས་སོང་དུས། ཀ་དག་གི་སྣང་བ་སྤྲིན་མེད་པའི་ནམ་མཁའ་ལྟ་བུར་ངང་གིས་དག་པ་ལ་དར་ཅིག་གནས་པས་སྣང་བ་ཞེས་བྱ་སྟེ། དངོས་པོ་དང་མཚན་མར་སྣང་བའི་སྣང་བ་ལྟ་བུ་ནི་མ་ཡིན་ནོ། །འདིའི་དུས་ན་ཆོས་ཙམ་དུ་ཡང་དམིགས་པ་མེད་པས་ཆོས་ཉིད་ཟད་པ་སྟེ། ཆོས་ཅན་ཡུལ་དང་། ཆོས་ཉིད་དེའི་སྟོང་པ་འཛིན་ཆ་ཡུལ་ཅན་གྱིས་བསྡུས་པ། ཁམས་གསུམ་པའི་སེམས་སེམས་བྱུང་ཀུན་གཞི་དང་བཅས་པ་ལྡོག་པའི་དུས་སོ། །ཟད་ལུགས་ནི། རིམ་གྱིས་དང་། ཅིག་ཅར་གཉིས་ལས། རིམ་གྱིས་ཟད་པ་ནི་སྣང་བ་བཞི་ཚད་དུ་ཕྱིན་པའི་དུས་སོ། །ཅིག་ཅར་ཟད་པ་ནི་དང་པོ་ཆོས་ཉིད་མངོན་སུམ་མཐོང་ནས་གོམས་པར་བྱས་པས། ཉམས་གོང་འཕེལ་ལ་སོགས་པའི་སྣང་བ་མ་སྐྱེས་པར་ཟད་པ་ཡང་ཡོད་དེ། འདི་ནི་བློ་མཆོག་ཅིག་ཅར་བ་ཞེས་བྱའོ། །དེའང་སྔོན་དུ་སྦྱངས་པའི་ལས་འཕྲོ་ཅན་བླ་མ་ལ་གུས་པ་གཞན་ལས་ཆེ་བ་རེ་རེ་ཙམ་གྱི་ཟད་ལུགས་ཏེ་སྲིད་པ་ཙམ་མོ། །གཉིས་པ་རང་བཞིན་རྒྱས་པར་བཤད་པ་ལ། ངོ་བོ། ངེས་ཚིག །རང་བཞིན། ཆོས་ཉིད། ས་མཚམས་དང་ལྔ་ལས། ཆོས་ཉིད་ཟད་པའི་ངོ་བོ་ནི། ཕྱི་འོད་ལྔའི་སྣང་བ་སྐུ་དང་བཅས་པ་ཟད། ནང་རྡོས་བཅས་རྟོག་ཚོགས་དང་བཅས་པ་ཟད། ཉམས་སྣང་གི་ཡུལ་ཟད་དེ། ཀ་དག་གི་སྣང་བ་ནམ་མཁའ་ལྟ་བུའི་ངང་ལ་རིག་པ་གནས་པ་སྟེ། ཐལ་འགྱུར་ལས།

p. 661

ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོངས་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་ལས་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་སོ། །ངེས་ཚིག་ནི། ཆོས་ཞེས་པ་ལུས་ངག་སེམས་ཀྱི་ཚོགས་པའི་ཆོས་ཉོན་མོངས་དང་བཅས་པ་ཡིན་ལ། ཉིད་ནི་དེ་སྦྱོང་བྱེད་ལམ་གྱི་སྣང་བ་འོད་གསལ་བསྒོམ་པའི་ཆ་དང་བཅས་པ་སྟེ། ཟད་པ་ནི་སྟོང་པ་སྟེ། བློའི་སྒོམ་པ་ཡུལ་སྣང་དང་བཅས་པ་རང་ལོག་ནས་མེད་ལ། མི་དམིགས་པ་ཞེས་བྱ་སྟེ། དེ་ཉིད་ལས། དེ་ལྟར་ཆོས་ཉིད་ངེས་པའི་ཚིག །ཆོས་ཤེས་ཚོགས་ཤིང་འདུས་པ་ལ། །བྱ་བ་བྱེད་དང་མཚན་ཉིད་འཛིན། །རང་སྣང་སྟོན་པར་བྱེད་པ་ལ། །སོ་སོའི་རིགས་རྣམས་འཛིན་པའོ། །ཉིད་ནི་བཅོས་པ་མེད་པ་ལ། །ལྷུག་པར་གནས་པས་རྣལ་མས་ཁྱབ། །སོ་མ་གཉུག་མ་དཀྱུས་མ་ལ། །སྒྲ་ཚིག་མིང་གི་གྲངས་ཟད་པའོ། །ཞེས་སོ། །རང་བཞིན་ནི། ཕྱི་ནང་གི་སྣང་སེམས་ཟད་དེ་ནམ་མཁའ་སྔོ་སྐྱའི་གདངས་ལྟར་ཀ་དག་གི་རང་གདངས་ཙམ་ལ་སྤྱོད་པ་ནི། རྩལ་རྫོགས་ལས། འདི་དུས་ཟད་པའི་མཚན་ཉིད་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་ནོ། །ཞེས་སོ། །ཆོས་ཉིད་ལ་གཉིས་ལས། སྣང་བའི་ཆོས་ཉིད་ནི། ཕྱི་ནང་གི་རྡོས་བཅས་ཟད་པས་རྩ་རླུང་ཟད། དེ་ཟད་པས་སེམས་ལ་བརྟེན་པའི་བག་ལ་ཉལ་ཀུན་ནས་ལྡང་བའི་མཚན་ཉིད་ཅན་གྱི་དྲི་མ་ཕྲ་བ་ས་བོན་གྱི་ཆ་རྣམས་ཀྱང་ཟད་དེ། རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པས་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་ཞིང་། སྤྱན་དང་མངོན་ཤེས་ཆེན་པོ་ལ་དབང་བསྒྱུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་ཐོབ་པ་ལ། ཀུན་གཞི་ཕྲ་མོ་ཤེས་བྱའི་སྒྲིབ་པ་རབས་ཆད་པོ་དར་དཀར་གྱི་ཡོལ་བ་ཙམ་གྱིས་ཆོད་པ་མ་གཏོགས་པ་སྒྲིབ་པ་མེད་པས། ལམ་གྱི་ཆོས་ཟད་པའི་འབྲས་བུ་ཞེས་བྱ་སྟེ། དེ་བསལ་ནས་སངས་རྒྱས་ཀྱི་ས་སྒྲིབ་པ་མཐའ་དག་དང་བྲལ་བ་ནང་དབྱིངས་ཀ་དག་གི་ཆོས་སྐུར་འཇུག་པ་རབ་ཏུ་ཞི་བ་ནི། ཐལ་འགྱུར་ལས། རང་སངས་

p. 662

དེངས་པའི་ཆོས་ཉིད་ནི། །འབྱུང་བ་དེངས་པས་རྡོས་པ་འགག །རྡུལ་དང་ཕྲ་རབ་མཐར་འགགས་ནས། །ཆ་ཤེས་ཙམ་ཡང་གནས་པ་མིན། །ཉོན་མོངས་དེངས་པས་འཁྲུལ་པ་དང་། །རྟོག་བྲལ་ཞེན་པ་མི་གནས་པས། །བག་ལ་ཉལ་དང་ཀུན་ནས་ལྡང་། །རྡུལ་ཆ་ཙམ་ཡང་མི་གནས་སོ། །དེ་ལྟར་ཕྲ་རགས་དེངས་པ་ཡིས། །ཕུང་པོ་ལྔ་ཡང་མཐར་གྱིས་ཕྲ། །འབྱུང་བ་བཞི་ཡི་ལུས་ཟད་ནས། །ཐམས་ཅད་ཡེ་ཤེས་རྫོགས་སྐུའོ། །རྟོག་མེད་ཏིང་འཛིན་རང་གནས་ཏེ། །བཅོས་མའི་ཆོས་ལས་འདས་པས་ན། །ཆོས་ཞེས་ཚིག་ཏུ་མི་གནས་སོ། །ཞེས་སོ། །སྟོང་པའི་ཆོས་ཉིད་ནི། རྩ་རླུང་རགས་པ་ཟད་པས་སེམས་དང་སེམས་བྱུང་ཟད་དེ། སྐུ་དང་ཡེ་ཤེས་ཀྱི་སྣང་ཆ་ཚད་ཕེབས་ཟླ་བ་ཉ་བ་ལྟ་བུའང་ནང་དབྱིངས་སུ་ནུབ་ནས་ཀ་དག་གི་སྣང་བ་ལ་གནས་པས། ཆོས་སྐུའི་སྣང་བ་སྟེ་འབྲས་བུའི་ཆོས་ཉིད་རང་སྣང་བ་ཞེས་བྱ་བར་བརྗོད་པ་ནི། ཡང་སྔ་མ་ལས། རྒྱུ་དང་འབྲས་བུའི་ཆོས་ཉིད་ནི། །རྟོག་པ་རགས་པའི་ཁུངས་འགགས་ནས། །དྲན་པ་རང་དག་རྒྱུད་ལས་ཀྱང་། །རྟེན་འབྲེལ་རླུང་ཉིད་རྣམ་དག་པ། །རྒྱུ་ལས་བྱུང་བའི་ཆོས་ཉིད་དོ། །ཀ་ནས་དག་པའི་རང་བཞིན་ལ། །གཅིག་དང་དུ་མའི་གྲངས་ཟད་དེ། །སྐུ་དང་ཡེ་ཤེས་མེད་པ་དང་། །ཆོས་རྣམས་ཟད་པའི་སར་ཕྱིན་པ། །འབྲས་བུའི་ཆོས་ཉིད་ཡིན་པར་འདོད། །ཅེས་སོ། །དེའང་ཚིག་ཕྱི་མ་འདི་གསུམ་ལ་འཁྲུལ་ནས། འབྲས་བུའི་ཀ་དག་ལ་སྐུ་དང་ཡེ་ཤེས་མེད་པར་འདོད་པའི་སྙིང་ཏིག་པ་བྱུང་བས། དེ་ནི་ནོར་བ་ཆེན་པོ་སྟེ། ཕྱིར་སྣང་གདངས་ཀྱི་སྐུ་དང་ཡེ་ཤེས་ཤེལ་འོད་ནང་དུ་ལོག་པ་ལྟ་བུའི་ཆ་ལ་དེ་སྐད་གསུངས་པ་དེའི་དགོངས་པ་མ་ལོན་པར་ཟད་དོ། །དོན་ལ་ནང་དབྱིངས་སུ་མེད་ན་ལྷུན་གྲུབ་དང་འགལ་བ་དང་། འདུས་མ་བྱས་ཡིན་པས་ཕྱིས་མེད་གཏན་རླག་ཏུ་སོང་བ་དང་འགལ་བ་དང་། ནང་དབྱིངས་ལས་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ལས་སེམས་ཅན་གྱི་དོན་འབྱུང་བ་དང་འགལ་བ་དང་། ཀུན་ཏུ་བཟང་པོ་གཞིའི་དབྱིངས་དག་པ་མཐར་ཕྱིན་ནས་སེམས་ཅན་དང་སངས་རྒྱས་ལ་ལམ་

p. 663

སྟོན་པའི་ཐུགས་རྗེ་དང་མཛད་པ་བསྟན་པ་དང་འགལ་བ་ལ་སོགས་པ་སྐྱོན་དུ་མ་ཡོད་པས། ཉེས་ཆ་དེ་ལྟ་བུ་ཁས་བླང་བར་མི་འོས་སོ། །ལྔ་པ་ས་མཚམས་ནི། ཚད་ཕེབས་ཡོལ་ནས་ཟད་པའི་མགོ་རྩོམ་དུས་ན་རང་གི་རྐང་ལག་བཞིའི་སོར་མོ་འོད་ལྔར་གསལ་བ་ཙམ་ཡོད་པས། སྐབས་འདི་ནས་ནང་དབྱིངས་སུ་ཕར་འཇུག་པ་དང་། ཕྱིར་སྣང་དུ་ཚུར་ལྡོག་པའི་ས་མཚམས་ཡོད་དེ། དེའང་སྐུའི་རྣམ་པ་དེས་ད་རེས་སེམས་ཅན་གྱི་དོན་དངོས་སུ་རྒྱ་ཆེར་མི་འབྱུང་ན། སོར་མོའི་འོད་ལ་རིག་པ་གཏད་པས། ཕྱི་སྣང་དང་། རང་ལུས་ཀྱི་འོད་གསལ་རྣམས་ནང་དབྱིངས་སུ་ཇེ་ཐིམ་ལ་འགྲོ་ཞིང་། ཐད་ཀའི་དངོས་སྣང་མཐིང་ག་དག་པ་ཙམ་ལས། འོད་ལུས་སུ་ཡལ་བ་ཤེལ་འོད་ནང་དུ་ཐིམ་པ་ལྟར། ལུས་དང་སྣང་བའི་རང་གདངས་ཀྱང་ལོག་སྟེ། ནང་གསལ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན་སྐུ་དང་ཡེ་ཤེས་ཀྱི་གཏིང་གདངས་ཙམ་ལ་རིག་པ་བཞུགས་ནས། ཕྱིར་སྣང་མཐིང་གར་སྣང་བའི་ཆ་ཙམ་ཡང་མེད་པར་ཤེལ་གོང་རང་དྭངས་སུ་གྲིབ་མ་ལ་གནས་པ་བཞིན། རིག་པ་ཆོས་སྐུར་སངས་རྒྱས་ཏེ་འཁྱིལ་བའོ། །ཕྱིར་སྣང་དུ་ཚུར་ལོག་ན་སྐུ་དེས་སངས་རྒྱས་ཀྱི་མཛད་པ་དང་མཚུངས་པ་འགྲུབ་པའི་རྟགས་ཏེ། དེའང་སྐྱེ་བ་དང་འཇུག་པ་ལ་དབང་བ་ལས་རིག་པ་སེམས་ཅན་ལ་ཐུགས་རྗེས་གཏད་པས་ཅི་ཡང་མེད་པ་ཀ་དག་གི་སྣང་བ་དེ་རང་ལོག་ནས། འཁྲུལ་སྣང་གི་སྣང་བ་འདི་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ཞིང་། རང་གི་སྐུ་དེ་ཡང་ཆུའི་ཟླ་བ་ལྟར་ཡེ་ཤེས་སྒྱུ་མའི་སྐུར་རང་སྣང་ལ་ཟང་ཐལ་བས་འབྱུང་བའི་གནོད་པ་དང་བྲལ་ཞིང་རྡོ་རྗེའི་སྐུ་ཐོབ་པ་སྟེ། སེམས་ཅན་གྱི་དོན་དུ་འཕོ་བ་ཆེན་མོའི་སྐུར་བཞེངས་པ་ཞེས་བྱའོ། །གཞན་གྱི་མིག་མ་དག་པས་རྡོས་བཅས་ཙམ་ལས་ཟང་ཐལ་དུ་མི་མཐོང་སྟེ། སློབ་དཔོན་ཆེན་པོ་བི་མ་ལ་དང་། པདྨ་བཞིན་ནོ། །དེ་ནས་སྐྱེ་བ་དང་འཇུག་པ་གཉིས་ལ་དབང་ཐོབ་པས། སྐད་ཅིག་ལ་སངས་རྒྱ་ནའང་རྒྱར་ཡོད་ལ། སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་ནའང་རང་དབང་འབྱོར་བའོ། །

p. 664

སྐྱེ་བ་ལ་དབང་བ་ནི། ནང་དབྱིངས་སུ་འཇུག་ཁར་སེམས་ཅན་སུམ་སྟོང་ལ་རིག་པ་བཅུག་པས་ཐམས་ཅད་དུས་གཅིག་ཏུ་གྲོལ་བའི་མཐུ་ཆེན་པོ་ཐོབ་ལ། སྲིན་བུ་རྣམས་ཀྱང་འོད་དུ་དེངས་པའོ། །སྐྱེ་བའི་དབང་ཐོབ་པས་གང་ཅི་འདོད་པར་སྤྲུལ་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་བྱེད་པའོ། །འཇུག་པ་ལ་དབང་བ་ནི། བེམ་པོ་ལ་རིག་པ་བཅུག་ནའང་འགུལ་བ་དང་སྐད་འབྱིན་པར་བྱེད་དེ། པདྨ་དང་དཔག་བསམ་གྱི་ཤིང་དང་ནོར་བུ་ལ་སོགས་པ་ལས་ཆོས་ཀྱི་སྒྲ་འབྱུང་བས་སེམས་ཅན་ཐམས་ཅད་སྨིན་པ་དང་། ཟས་གོས་ཀྱི་ཆར་འབེབས་པར་བྱེད་དོ། །དེའང་སྐྱེ་བ་དང་འཇུག་པ་ལ་དབང་བ་འདི་གཉིས་ཟད་པའི་རྗེས་ནང་དབྱིངས་སུ་འཇུག་ཁ་མ་དེར་ཐོབ་པས། སེམས་ཅན་གྱི་དོན་དུ་ཚུར་མི་ལོག་བར་དོར་སེམས་ཅན་སུམ་སྟོང་ཅིག་ཅར་དུ་གྲོལ་བར་བྱས་ནས་དབྱིངས་སུ་འཇུག་ལ། བྱེད་ན་སྐྱེ་བ་ལ་དབང་བས་ཚུར་ལོག་སྟེ་རིམ་གྱིས་སུམ་སྟོང་གྲོལ་བར་བྱས་ནས། སྐྱེ་འཇུག་དུ་མས་བསྐལ་པ་ཞིང་གི་རྡུལ་སྙེད་དུ་སེམས་ཅན་གྱི་དོན་ཇི་ལྟ་བུའང་མཛད་དེ། སའི་གཏེར་དང་། ནོར་བུ་དང་། ཆོས་ཀྱི་རྣམ་གྲངས་ལ་སོགས་པས་དུས་རིང་པོ་ཞིག་ན་ཕན་པ་འགྲུབ་ནའང་དེའི་ཐབས་ལ་སྐད་ཅིག་ཀྱང་ཡོལ་བ་མེད་པས། གཞན་ལས་ཐུགས་རྗེ་རྨད་དུ་བྱུང་བ་དང་འཕྲིན་ལས་གཟིགས་པ་འཇུག་པའི་ཕྱིར། བདག་ཅག་གི་བླ་མ་དམ་པ་བི་མ་ལ་དང་པདྨ་འབྱུང་གནས་ཆེས་འཕགས་པ་དེ་ལྟ་བུ་ལ་བརྟེན་པ་རྣམས་འདིའམ་བར་དོར་གདོན་མི་ཟ་བར་གྲོལ་བར་ངེས་སོ། །ཚུལ་འདི་དག་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ནང་ལུས་ཟད་པའི་སར་ཕྱིན་ཚེ། །སོར་མོ་ལ་སོགས་དེ་བཞིན་སྣང་། །འདི་གཏད་འབྱུང་བ་རང་དེངས་སོ། །སྐྱེ་དང་འཇུག་པའི་ཁྱད་པར་གྱིས། །ཆོས་ཀུན་ཟད་པའི་རང་ས་ལ། །ཅི་ཡང་འཛིན་པ་མེད་པར་ནི། །གནས་པ་ཡིན་ནོ་སྤྲུལ་པའི་སྐུ། །འདིས་ནི་འཇུག་པའི་ཤུགས་ཀྱིས་དབང་། །སྐྱེ་བའི་རང་དབང་སུས་ཐོབ་པ། །དེ་ཡང་དེ་ལ་གཏད་ནས་ནི། །ཡང་དུས་འདི་ལྟར་བྱས་པ་ན། །སྣང་བའི་རང་སྒྲ་སིལ་སྐད་དེ། །མངོན་དུ་ལོག་སྟེ་འཁྲུལ་པར་སྣང་། །འདིས་ནི་སེམས་ཅན་དོན་

p. 665

ཀུན་བྱེད། །རིག་པ་མཉམ་པར་གཅིག་པའི་ཕྱིར། །སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི། །འཕོ་བ་ཆེན་མོ་འདིས་འགྲུབ་བོ། །དེ་བཞིན་རིམ་དང་ཅིག་ཅར་གྱི། །ལུས་ནི་འདི་ཡིས་འགྲུབ་པ་ཡིན། །དེ་ཀུན་ལུས་ཟད་ཚད་ལས་གྲོལ། །འདི་ཀུན་འབྲས་བུ་ངེས་པ་ཡི། །ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ། །ཅེས་སོ། །དེ་ལྟར་སྣང་བ་བཞིར་ཤར་བ་དེ་ཡང་ལམ་སྐྱེ་བའི་རིམ་པ་ཞེས་བྱ་སྟེ། དཔེར་ན་སྐས་ཀྱི་གདང་བུ་དང་འདྲའོ། །དེ་ཡང་ལམ་གནས་པའི་ཆ་ནས་འཆར་བྱེད་མ་འགགས་ལ། ལམ་ཐོབ་པའི་ཆ་ནས་ཅིར་ཡང་མ་གྲུབ་པ་མེད་དོ། །དེ་ལྟར་སྣང་བ་བཞི་ཚད་དུ་ཕྱིན་པས་འདི་ཉིད་ལ་ཟག་བཅས་མི་སྣང་བར་སངས་རྒྱ་བས་ན། ཐེག་པ་ཐུན་མོང་བ་རྣམས་ལས་ཁྱད་པར་དུ་འཕགས་པས། ཆོས་འདི་དང་ཕྲད་ནས་བརྩོན་པས་ཉམས་སུ་ལེན་པ་ལ་འབད་པར་བྱ་སྟེ། དེ་ཉིད་ལས། སངས་རྒྱས་འགྲུབ་པར་འདོད་པའི་མིས། །འདི་ཐབས་ལྡན་ན་དེ་བཞིན་ནོ། །གཞན་སྤྱོད་སྙེམས་བྱེད་ཉིད་ཡིན་པས། །དངོས་པོ་མཐོང་བ་མ་ཡིན་ནོ། །དེ་ཕྱིར་འདི་ཀུན་དཀོན་པའི་ཚིག །རྟག་ཏུ་རིན་ཆེན་གཏེར་འདི་ལྟོས། །ཞེས་སོ། །དོན་བཞི་པ་མཐའ་རྟེན་གྱི་མན་ངག་བཞི་པོ་གོང་མ་རྣམས་ཀྱི་རྒྱབ་རྟེན་ནམ་ནན་ཆགས་སུ་བྱུང་བ་སྟེ། དེ་ཡང་མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིས་གྲོལ་ཚད་བསྟན་པ་རྣམས། ཐལ་འགྱུར་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པའོ། །སྡོད་པ་གསུམ་གྱིས་ཚད་བཟུང་བས། །རྨི་ལམ་ཟློག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་གཟུང་བའོ། །ཐོབ་པ་གསུམ་གྱིས་གཟེར་གདབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །ཅེས་སོ། །དང་པོ་མི་འགུལ་བ་གསུམ་གྱིས་གཞི་བཅས་པས་མྱ་ངན་ལས་འདས་

p. 666

པའི་གཞི་ཐིངས་པ་ནི། ལུས་ཀྱི་མི་འགུལ་བ་གསུམ་གྱིས་གནད་གཟིར་བ་དང་། ངག་གི་མི་འགུལ་བ་གསུམ་གྱིས་ལམ་བསལ་བ་དང་། སེམས་ཀྱི་མི་འགུལ་བ་གསུམ་གྱིས་འཕྲང་བཅུད་དུ་དྲིལ་བའོ། །དང་པོ་ལུས་ཀྱི་མི་འགུལ་བ་གསུམ་ལ། ཁྱབ་པ་བཞུགས་སྟངས་ཀྱི་མི་འགུལ་བས་རྩ་གནད་ལ་དབབ་པ། འཆར་བྱེད་གཟིགས་སྟངས་ཀྱི་མི་འགུལ་བས་ལམ་སྣ་དྲང་བ། གཅུད་པ་དེམས་ཀྱི་མི་འགུལ་བས་རླུང་གི་འགྲོ་འོང་དགག་པའོ། །དང་པོ་ནི། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་འདི་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་ཚུལ། །དྲང་སྲོང་ལྟ་བུར་ཤེས་པར་བྱ། །ཞེས་པས། སྤྲུལ་པ་སྐུའི་བཞུགས་སྟངས་ལ། སྒྲ་བཤད་པ་དང་། དོན་དབྱེ་བ་གཉིས་ལས། དང་པོ་ནི། དྲང་བ་ལུས་དྲང་བས་རྩ་དྲང་པོར་འགྱུར་ལ། བསྲང་བ་དེ་མ་ཡོ་བར་བྱས་པས་རླུང་དཀྱུས་མར་འབྱུང་ལ། དེས་རྣམ་རྟོག་སྣ་ཚོགས་འགག་པའོ། །ལྟ་བུ་ནི་དཔེས་ཏེ་རི་རབ་ཀྱི་ངོས་ཀྱི་དྲང་སྲོང་མེ་སྦྱིན་དང་རྒྱས་པ་ལ་སོགས་པ་ཏིང་ངེ་འཛིན་བསྒོམ་པའི་ཚུལ་དང་འདྲའོ། །དོན་དབྱེ་བ་ལ་གཉིས་ལས། དང་པོ་འཆའ་བ་རྒྱུན་གྱི་གནད་ནི། རྐང་པའི་ལོང་བུ་གཉིས་གཤིབས་པས་ཐབས་ཤེས་རབ་ཀྱི་བཅུད་འབྱིན་པར་བྱེད་ལ། རྐང་མཐིལ་ས་ལ་བཅར་བས་རླུང་འཕེན་སྡུད་ཀྱི་ལས་སྟོངས་པར་བྱེད་ཅིང་ལུས་ལ་ཡེ་ཤེས་ཀྱི་དྲོད་འབེབས་པར་བྱེད་དོ། །ལུས་སྤྱི་ཙོག་པུར་འདུག་པས་རྣམ་ཤེས་འཇུག་པའི་རྩ་ཁ་འཆུ་བར་བྱེད་ལ། ལུས་ཀྱི་ཆ་བསྲང་བས་ལུས་ཀྱི་རྣམ་ཤེས་རང་དལ་དུ་བྱེད་དོ། །པུས་བྲང་སྦྱར་བས་ལུས་ཀྱི་འབྱུང་བ་ལས་ཡེ་ཤེས་ཀྱི་རྩལ་འབྱིན་པར་བྱེད། ལག་པའི་ཐལ་མོ་མཆན་ཁུང་ངམ་པུས་མོའི་སྟེང་དུ་བསྣོལ་བས་ལས་དང་བག་ཆགས་ཀྱི་མཐའ་ཟད་པར་བྱེད་དོ། །གཉིས་པ་ངལ་གསོ་ཡེ་ཤེས་ཀྱི་གནད་ནི། རྟོག་པ་འཕྲོ་བ་དང་བདེ་བའི་ཆ་མ་སྐྱེས་ན་འདི་ལྟར་བྱེད་དེ། པུས་བྲང་སྦྱར་ཏེ་ཙོག་པུར་འདུག་པས། འཕྲོ་བ་ལས་ཀྱི་རླུང་ལྡོག་པའི་དགོས་པ་ཡོད། དེ་ལོག་པས་ཕྱིར་སྐུ་སྣ་ཚོགས་པ་སྣང་

p. 667

ལ། ནང་དུ་སེམས་སྡོད་པའོ། །རྐང་མཐིལ་ས་ལ་མནན་པས་སྲོག་རྩོལ་ལས་ཀྱི་རླུང་ལྡོག །དེ་ལོག་པས་ཕྱིར་ལུས་ལ་དྲོད་སྐྱེ། ནང་དུ་ཆོས་ཉིད་སྐྱེ་བ་མེད་པའི་ཉམས་སྐྱེའོ། །ལག་པས་མཇིང་པ་ལ་འཁྱུད་དེ་བསྲང་བ་ནི། ལྟེབས་པ་ལས་ཀྱི་རླུང་ལྡོག །དེ་ལོག་པས་ནང་དུ་རྟོག་པ་དུ་མ་འགག །ཕྱིར་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་གོང་དུ་འཕེལ་བའོ། །དེ་ལྟ་བུའི་གནད་རྣམས་ནི། ལུས་གནད་རྩ་ལ། རྩ་གནད་རླུང་ལ། རླུང་གནད་སེམས་ཡིན་པས་སོ། །ལོངས་སྐུའི་བཞུགས་སྟངས་ལའང་། སྒྲ་བཤད་པ་ནི། གླང་པོ་ཆེ་ཞེས་པ་སྟོབས་དང་ཐེག་པ་ཆེ་བའི་ཆ་ནས་བརྗོད་དེ་ལུས་གནད་དེས་ཡེ་ཤེས་ཁྱད་པར་ཅན་འདེགས་པའི་ཕྱིར་རོ། །དོན་དབྱེ་ན་གཉིས་ལས། འཆའ་བ་རྒྱུན་གྱི་གནད་ནི། ཁ་སྦུབ་ཏུ་ཉལ་བས་སྲིད་པ་གསུམ་ཟིལ་གྱིས་གནོན་པའི་སྟོབས་བྱེད། པུས་བྲང་སྦྱར་བས་འཁྲུལ་པ་ཡེ་ཤེས་སུ་འཆར་བའི་གཞི་བྱེད། མཐེ་བོང་ས་ལ་ཕྱིར་ཕུལ་བས་གཡོ་བྱེད་ལས་ཀྱི་རླུང་གནོན་པར་བྱེད། ལག་པའི་གྲེ་མོང་ས་ལ་བཅར་བས། ཆོས་ཉིད་མངོན་སུམ་དུ་འཆར་བ་རྟེན་པར་བྱེད། མཇིང་པ་ཡིད་ཙམ་བཏེག་པས་རྣམ་རྟོག་ཡེ་ཤེས་སུ་འཆར་བར་བྱེད་པའོ། །གཉིས་པ་ངལ་གསོ་ཡེ་ཤེས་ཀྱི་གནད་ལ། ཁ་སྦུབ་པས་སྒོ་གསུམ་ཞེན་འཛིན་གྱི་སྲིད་པ་ཟིལ་གྱིས་གནོན། རྐང་ལག་བཞི་ས་ལ་བཞག་ནས། རྐང་པའི་མཐེ་བོང་སར་བཙུགས་ཏེ་ཕྱིར་ཕུལ་བས་རྣམ་རྟོག་ལས་ཀྱི་རླུང་ལྡོག །དེ་ལོག་པས་ཕྱིར་འཁྲུལ་སྣང་འགགས་ལ། ནང་དུ་ལུས་སེམས་ལ་དྲོད་སྐྱེ། ལག་མཐིལ་གཉིས་ས་ལ་བཅར་བས་འགྱུ་བ་ལས་ཀྱི་རླུང་ལྡོག །དེ་ལོག་པས་ཕྱིར་ཐིག་ལེ་དང་ཐིག་ཕྲན་དུ་འཆར་ལ། ནང་དུ་ཉིན་མཚན་མེད་པའི་ཉམས་འབྱུང་། མཇིང་པ་ཡིད་ཙམ་དགྱེ་བས་འཛིན་པ་ལས་ཀྱི་རླུང་ལྡོག །དེ་ལོག་པས་ཕྱིར་སྐུའི་སྣང་བ་མཐོང་ལ། ནང་དུ་རླུང་གི་འགྱུ་བ་ཟད་པར་བྱེད་དོ། །ཆོས་སྐུའི་བཞུགས་སྟངས་ལའང་། སྒྲ་བཤད་པ་ནི། སེང་གེ་རྩལ་གསུམ་རྫོགས་པ་

p. 668

གང་ལའང་མི་འཇིགས་པ་ལྟར། ལུས་གནད་དེས་ཁམས་གསུམ་གྱི་འཇིགས་པ་སེལ་བའོ། །དོན་གྱི་འགྲོས་དབྱེ་བ་ལའང་། བཅའ་བ་རྒྱུན་གྱི་གནད་ནི། ལུས་ཁྱི་ཚུགས་སུ་འདུག་པས་དབྱིངས་དང་རིག་པ་ཕྲད་པར་བྱེད། རྐང་མཐིལ་ས་ལ་མནན་པས་རྣམ་རྟོག་སྣ་ཚོགས་པ་འགག །ལག་པའི་སོར་མོའི་ཚིགས་རྣམས་བསྐུམས་ནས་རྐང་པ་གཉིས་ཀྱི་ནང་ལོགས་སུ་བཙུགས་པས་ལས་དང་ཉོན་མོངས་པའི་འགྱུ་བ་སྟོངས་པར་བྱེད། རོ་སྟོད་གསེང་ལ་བོར་བས་རྟག་ཏུ་ཆོས་ཉིད་ལས་མི་འབྲལ་བར་བྱེད། རྩལ་མཇིང་པ་ལ་བསྐུར་བས་ཆོས་ཉིད་ཀྱི་དོན་ལས་འཆུགས་ས་མེད་པའི་རྟེན་བྱེད་དོ། །གཉིས་པ་ངལ་གསོ་ཡེ་ཤེས་ཀྱི་གནད་ལ། རྐང་མཐིལ་གཉིས་ས་ལ་ཕབ་སྟེ་པུས་མོ་ཅུང་ཟད་ཕྱིར་ལ་དེང་བས་ཁྱི་ཚུགས་སུ་འདུག་པ་ནི། ཁྱབ་བྱེད་ལས་ཀྱི་རླུང་ལྡོག །དེ་ལོག་པས་ཕྱིར་ཡེ་ཤེས་ཀྱི་ཕྱོགས་དག་པའི་སྣང་བ་མཐོང་བ་དང་། ནང་དུ་ཉོན་མོངས་པའི་རྒྱུན་དུམ་བུ་པ་འགག་པར་འགྱུར་རོ། །ལག་མཐིལ་གཉིས་ནང་ངོས་སུ་བཙུགས་པས་གཟུང་བའི་ལས་རླུང་འགག །དེ་འགགས་པས་ཕྱིར་ཡེ་ཤེས་ཀྱི་སྣང་བ་མཐོང་ལ། ནང་འཛིན་པ་ཡུལ་ཅན་གྱི་རྟོག་པ་རྒྱུན་འཆད་དོ། །རོ་སྟོད་གསེང་ལ་བོར་ནས་མཇིང་པ་བསྲང་བས། འཕེན་པ་ལས་ཀྱི་རླུང་ལྡོག །དེ་ལོག་པས་ཕྱིར་ཡེ་ཤེས་ཀྱི་ཕྱོགས་དག་པའི་སྣང་བ་མཐོང་ལ། ནང་དུ་ཉོན་མོངས་པའི་རྒྱུན་འགག་པའོ། །དེའང་ཆོས་སྐུའི་འདུག་སྟངས་གཟིར་བས་སངས་རྒྱས་ཀྱི་མཁྱེན་པ་འདི་ཉིད་ལ་རྫོགས་པར་བྱེད། ལོངས་སྐུའི་གཟིར་བས་འདི་ཉིད་ལ་སངས་རྒྱས་ཀྱི་ཞིང་ཁམས་གསུམ་མཐོང་བར་འགྱུར། སྤྲུལ་སྐུའི་གཟིར་བས་འདི་ཉིད་ལ་སེམས་ཅན་གྱི་དོན་ཐོགས་པ་མེད་པ་འགྲུབ་པའི་དགོས་པ་ཡོད་དོ། །གཉིས་པ་འཆར་བྱེད་གཟིགས་སྟངས་ཀྱི་མི་འགུལ་བ་གསུམ་ནི། མུ་ཏིག་ཕྲེང་བ་ལས། སྒོ་ནི་དེ་ཉིད་མི་འགུལ་དང་། །ཞེས་པས། སྤྲུལ་སྐུའི་གཟིགས་སྟངས་སུ་བལྟས་པས་རིག་པའི་ཐུགས་རྗེའི་སྣང་བ་ལ་ལོངས་སྤྱོད། དེ་ཡང་མིག་གི་དལ་བ་

p. 669

བསྟེན་པས་ཏིང་ངེ་འཛིན་དང་འབྲལ་མི་སྲིད། ཡིད་ཙམ་ཐུར་ལ་ཕབ་པས་སྟོང་ཉིད་བསམ་ངོ་དང་བྲལ་བའི་ལྟ་བ་འཛིན་པར་བྱེད། མཉམ་པར་བལྟས་པས་ཉོན་མོངས་པའི་དབང་དུ་འགྱུར་མི་སྲིད་དོ། །ལོངས་སྐུའི་གཟིགས་སྟངས་སུ་བལྟས་པས་རིག་པའི་རང་བཞིན་གྱི་སྣང་བ་མངོན་སུམ་དུ་མཐོང་། ལུས་མ་འཆུས་པར་མིག་གཉིས་གཡས་སུ་མཉམ་པར་བལྟས་པས། འཁྲུལ་པ་ཐམས་ཅད་དུས་གཅིག་ལ་འགག །ཟུར་གྱིས་བལྟས་པས་ཆོས་ཉིད་ལས་འབྲལ་མི་སྲིད། གཡོན་དུ་བལྟས་པས་དབྱིངས་དང་རིག་པ་ལ་གཟེར་ཐེབས། དེ་ཉིད་ཟུར་ལ་ཡིད་ཙམ་མནན་པས་ལུ་གུ་རྒྱུད་ཀྱི་འགྲོ་འོང་འཆད་དོ། །ཆོས་སྐུའི་གཟིགས་སྟངས་སུ་བལྟས་པས་རིག་པའི་ངོ་བོ་མཐོང་སྟེ། མིག་གཉིས་མཉམ་པར་གྱེན་ལ་ཡིད་ཙམ་བཟློག་པས་ངན་སོང་གསུམ་གྱི་སྐྱེ་གནས་རྒྱུན་གཅོད། སྨིན་མཚམས་སུ་གཅུན་པས་རིག་པ་ལ་འཁྱོར་ས་མེད། ནམ་མཁའི་མཐོངས་ལ་གཏད་པས་དབྱིངས་རིག་ལ་འབྲལ་བའི་ས་མེད་དོ། །མིག་གི་དལ་བ་ནི་ཀུན་འདྲའོ། །གསུམ་པ་གཅུད་པ་དེམས་ཀྱི་མི་འགུལ་བ་གསུམ་ནི། ལུས་ཀྱི་ཡན་ལག་གཅུད་པས་འགྲོ་དྲུག་འཁྲུལ་བའི་འཁོར་ལོ་རྒྱུན་ཆད། སོར་མོའི་ཚིགས་རྣམས་བསྐུམ་པས་ལུས་ཀྱི་བྱ་བ་འཇིག་པར་བྱེད། སྐབས་སུ་མཇིང་པའི་རྩ་གཏེམས་པས་འོད་སྣང་རང་ལུགས་སུ་འཆར་བའི་གཞི་བྱེད། ལུས་ཀྱི་གཅུད་པ་སོར་བཞག་པས་ཁམས་གསུམ་མིང་མེད་པར་བྱེད་པའོ། །གཉིས་པ་ངག་གི་མི་འགུལ་བ་གསུམ་ནི། སུ་དང་ཡང་ངག་མ་འདྲེས་པས་འགྲོ་དྲུག་ཕལ་བའི་ལས་སྟོངས་པར་བྱེད། ཚིག་གི་འདྲེ་ལྡོག་བཅད་པས་ཚིག་རང་བྱུང་གི་ཡེ་ཤེས་སུ་འཆར། རང་གི་བརྗོད་པ་ཙམ་ཡང་བཀག་པས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངང་ལ་གནས་པར་ངེས་སོ། །གསུམ་པ་སེམས་ཀྱི་མི་འགུལ་བ་གསུམ་ནི། གཏད་པའི་འབེམ་དང་མ་བྲལ་བས་རྟག་ཏུ་སངས་རྒྱས་ཀྱི་དགོངས་པ་ལ་གནས། རིག་པ་དབྱིངས་ཀྱི་གོ་རར་ཚུད་པས་དངོས་པོའི་གནས་ལུགས་ལས་འཁྱར་ས་མེད། རྟག་ཏུ་དེ་ཉིད་དང་མ་བྲལ་བས་

p. 670

སྣང་བ་བཞི་ཚད་དུ་ཕྱིན་པར་ངེས་སོ། །དེ་ཡང་འགུལ་བས་འགྱུ་ལ་འགྱུས་པས་ལྡོག་པ་ཞེས་བྱ་སྟེ། དེ་དག་ལས་གྲོལ་བར་བྱེད་པའི་གནད་དོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ལ་གསུམ་སྟེ། ལུས་ཀྱི་སྡོད་པ་གསུམ་གྱིས་བྱ་བ་དང་བྲལ་བ་དང་། རླུང་གི་སྡོད་པ་གསུམ་གྱིས་མི་སྐྱེ་བའི་ཚད་གཟུང་བ་དང་། སྣང་བའི་སྡོད་པ་གསུམ་གྱིས་མི་ལྡོག་པར་ཡིད་ཆེས་པའོ། །དང་པོ་གསུམ་ནི། ལུས་བྱ་བ་ལ་མི་གནས་པར་སྡོད་པས་འཁོར་བའི་འཁྲུལ་པ་འཕེལ་མི་སྲིད། ཡན་ལག་གི་འཕེན་སྡུད་སྡོད་པས་འཁྲུལ་པའི་འཁོར་ལོ་རྒྱུན་ཆད། བྱ་བ་གཞི་ལ་ཕབ་པས་བསགས་པ་ལས་ཀྱི་རྣམ་པར་སྨིན་པ་དང་བྲལ་བར་ངེས་སོ། །གཉིས་པ་གསུམ་ནི། རླུང་ཕྱིར་མི་འགྲོ་བར་སྡོད་པས་རྐྱེན་སྣང་ཐ་དད་པས་གནོད་པ་མེད། ནང་དུ་མི་འགེངས་པར་སྡོད་པས་རྣམ་རྟོག་ཐ་དད་པའི་རྟེན་མེད། ཕྱི་ནང་དུ་འགྲོ་འོང་མེད་པར་སྡོད་པས་འཁོར་འདས་གཉིས་སུ་འཛིན་པའི་གཞི་སྟོངས་པའོ། །གསུམ་པ་སྣང་བའི་སྡོད་པ་གསུམ་ནི། འོད་ལ་འཕྲིག་པ་མེད་པར་སྡོད་པས་ཁམས་གསུམ་དུ་མི་ལྡོག་པར་ངོ་ཤེས། རིག་པ་ལ་འཕྲིག་པ་མེད་པར་སྡོད་པས་ལས་དང་རྣམ་པར་སྨིན་པའི་མཐའ་ཟད། སྐུ་ལ་འདར་བ་མེད་པར་སྡོད་པས་ལུས་ཀྱི་ཟག་པ་རྣམས་རང་ཟད་པར་འགྱུར་རོ། །འདིའི་དུས་ན་ལུས་ཀྱི་རྟགས་བཞི་ཚད་ལ་ཕེབས་པ་ནི། དབང་བཞིའི་གཞི་ལ་ངེས་པ་ཐོབ་པ་ལས་བྱུང་། ངག་གི་བཞི་ཚད་ལ་ཕེབས་པ་ནི། དབང་བཞིའི་ལམ་ངེས་པར་ཐོབ་པ་ལས་བྱུང་། ཡིད་ཀྱི་བཞི་ཚད་ལ་ཕེབས་པ་ནི། དབང་བཞིའི་འབྲས་བུ་མངོན་དུ་གྱུར་པ་ལས་བྱུང་བའོ། །དེ་ཡང་ཆོས་ཉིད་མངོན་སུམ་གྱི་དུས་ན་ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུ་ནི། ལུས་ཀྱི་རྩ་དལ་བར་གནས་པ་ལས་བྱུང་བའོ། །ད་ནི་རྫོགས་པ་ཆེན་པོའི་དོན་བྱ་རྩོལ་དང་བྲལ་བ་ལུས་ཀྱི་ཡན་ལག་ལ་ཞུགས་པ་ནི། བུམ་པའི་དབང་གི་ལས་དག་པས། སྤྲོས་བཅས་ཀྱི་ཡེ་ཤེས་རང་བྱུང་དུ་འབྱུང་བར་ངེས་སོ། །གོང་འཕེལ་གྱི་དུས་སུ་ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་སོང་བ་ནི་རྩ་དབུ་མར་རླུང་ཚུད་པ་ལས་

p. 671

བྱུང་བ་སྟེ། རྫོགས་པ་ཆེན་པོ་དགག་སྒྲུབ་མེད་པའི་དོན་ལུས་སྤྱི་ལ་ཞུགས་པ་ནི། གསང་བའི་དབང་གི་ལས་དག་པས། སྤྲོས་པ་མེད་པའི་ཡེ་ཤེས་རང་འབྱུང་དུ་བྱུང་བའོ། །ཚད་ཕེབས་སུ་ལུས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟ་བུ་ནི། སེམས་རྩ་རླུང་ལ་ཐེབས་པ་ལས་བྱུང་སྟེ། རྫོགས་པ་ཆེན་པོ་སྤང་བླང་མེད་པའི་དོན་སྙིང་ལ་ཞུགས་པ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ལུས་ཀྱི་ལས་དག་པ་ལས་བྱུང་བ་ནི། ཤིན་ཏུ་སྤྲོས་པ་མེད་པའི་ཡེ་ཤེས་རང་འབྱུང་དུ་བྱུང་བའོ། །ཟད་པའི་ཚེ་ལུས་མཁའ་འགྲོ་རྙི་ལ་ཟིན་པ་ལྟར་སོང་བ་ནི། སེམས་འོད་གསལ་གྱི་དྲ་བར་ཚུད་པ་ལས་བྱུང་བ་སྟེ། རྫོགས་པ་ཆེན་པོ་རང་གྲོལ་མཉམ་པའི་དོན་ལུས་ཀྱི་མིག་ལ་ཞུགས་ཏེ་ཚིག་གི་དབང་གིས་ལུས་ཀྱི་ལས་དག་པ་ལས། རབ་ཏུ་སྤྲོས་པ་མེད་པའི་ཡེ་ཤེས་རང་འབྱུང་དུ་བྱུང་བའོ། །དེ་དག་ནི་དཔེས་ཉེ་བར་མཚོན་པ་སྟེ། དོན་ལ་ལུས་ཀྱི་འཁྲུལ་པ་རྣམས་རང་དེངས་པའི་རྟགས་སོ། །རྟགས་ཚད་ཀྱི་ཡི་གེ་རྣམས་དོན་སྤྱིའི་རྣམ་པ་ལ་དགོངས་ཀྱི། འདི་དག་ནི་དོན་རང་ཐོག་ཏུ་ཕེབ་པའོ་ཞེས་བི་མ་ལ་གསུང་ངོ་། །ངག་གི་གཞི་ཡང་སྣང་བ་བཞི་དང་རིམ་པ་ལྟར། ངག་ལྐུགས་པའི་རྣམ་པ་ལྟར་སོང་བ་ནི་རྩ་ནང་དུ་རྣམ་ཤེས་ཚུད་པ་ལས་བྱུང་བའོ། །འདི་ནི་རྫོགས་པ་ཆེན་པོ་བརྗོད་གཞི་རང་དག་ངག་གི་བརྡ་ལ་ཞུགས་པས། སྤྲོས་པ་ཕྱི་ལ་བཅད་ནས་ནང་ཡེ་ཤེས་ཀྱི་ངང་དུ་གསལ་བའོ། །ངག་སྨྱོན་པའི་རང་ཚིག་རྡོལ་བ་བཞིན་སོང་བ་ནི། རྫོགས་པ་ཆེན་པོ་བརྗོད་ཚིག་གི་རང་ངོ་དག་པ་ལས་བྱུང་བ་སྟེ། རྫོགས་པ་ཆེན་པོའི་བརྗོད་ཚིག་ངེས་པར་གྲོལ་བ་དག་གི་གདངས་ལ་ཞུགས་པ་ལས། སྤྲོས་པ་མེད་པའི་དོན་ནང་དུ་ཆོད་པའོ། །ངག་གྲུལ་བུམ་གྱི་ཕྲུ་གུ་བྲག་བར་ནས་དོན་པ་ལྟར་སོང་བ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་དུ་སྙིང་རྗེ་འདུས་པ་ལས་བྱུང་སྟེ། རྫོགས་པ་ཆེན་པོ་སྨྲ་བསམ་ལས་འདས་པའི་དོན་ངག་གི་སྒྱུར་བྱེད་ལ་ཞུགས་པས། ཤིན་ཏུ་སྤྲོས་མེད་ཚིག་ཏུ་འཛིན་པའི་མཐའ་ཆོད་པའོ། །ངག་བྲག་ཅའི་རྣམ་པ་

p. 672

ལྟར་བྱུང་བ་ནི། རྩ་གནས་ཀྱི་ཡི་གེ་རླུང་གི་ཐིག་ལེར་ཚུད་པ་ལས་བྱུང་སྟེ། རྫོགས་པ་ཆེན་པོ་བརྗོད་དུ་མེད་པའི་དོན་ངག་གི་གྲག་པ་ལ་ཞུགས་པས། རབ་ཏུ་སྤྲོས་པ་མེད་པ་སྨྲ་བྱའི་ཡུལ་ལས་འདས་པ་སོར་བཞག་པ་ལས་བྱུང་བ་སྟེ། བརྗོད་པ་དཔེ་ལ་དོན་བརྗོད་དུ་མེད་པར་བྱུང་བའོ། །སེམས་ཀྱི་རྟགས་བཞི་ཡང་སྣང་བ་བཞི་དང་རིམ་པས་ཤེས་པར་བྱ་བ་ནི། སེམས་མཁའ་འགྲོ་རྙི་ལ་ཟིན་པ་ལྟར་སོང་བ་ནི། རིག་པ་འོད་གསལ་དང་འདྲེས་པ་ལས་བྱུང་སྟེ། རྫོགས་པ་ཆེན་པོ་འཛིན་མེད་རང་གྲོལ་སེམས་ཀྱི་སྣང་བ་ལ་ཞུགས་པ་ནི། སྤྲོས་བཅས་ཀྱི་དབང་རྫོགས་པ་ལས་བྱུང་བའོ། །སེམས་སྐྱེས་བུ་རྩི་དུག་གིས་ཐེབས་པ་ལྟར་སོང་བ་ནི། སེམས་སྐྱེ་མེད་ཀྱི་ཀློང་དུ་གྲོལ་བ་ལས་བྱུང་བ་སྟེ། རྫོགས་པ་ཆེན་པོ་མ་སྐྱེས་རང་སར་གྲོལ་བ་སེམས་ཀྱི་བྱུང་ས་ལ་ཞུགས་པས། སྤྲོས་པ་ཡེ་ནས་མེད་པའི་དབང་རྫོགས་པ་ལས་སོ། །སེམས་རིམས་ནད་བྱང་བའི་སྐྱེས་བུ་ལྟར་བསྐྱར་གཞི་མེད་པར་སོང་བ་ནི། སེམས་རྣམ་པར་དག་པའི་རླུང་ཟིན་པ་ལས་བྱུང་བ་སྟེ། རྫོགས་པ་ཆེན་པོ་ཡེ་གྲོལ་བསྐྱར་གཞི་མེད་པ་སེམས་ཀྱི་གནས་ས་ལ་ཞུགས་པས། ཤིན་ཏུ་སྤྲོས་པ་མེད་པ་རང་སྣང་རང་གྲོལ་བ་ལས་སོ། །སེམས་སྐྱེས་བུའི་སྙིང་ལ་མདས་ཟིན་པ་དེ་མ་ཐག་ཏུ་ཤི་བ་ལྟར་སོང་བ་ནི། གོམས་པ་ཁྱད་པར་དུ་གྱུར་པ་ལས་བྱུང་སྟེ། རྫོགས་པ་ཆེན་པོ་སྐད་ཅིག་མ་མྱུར་བྱེད་ཀྱི་ཚད་སེམས་ཀྱི་འགྲོས་ལ་ཞུགས་པ་ནི། རབ་ཏུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ནས་མེད་པས་ན་དབང་ངོ་། །འདི་ཡང་དཔེས་ཡིད་ཆེས་ལ་དོན་གྱི་ཐག་ཆོད་པའོ། །དེ་ཡང་ལུས་ཀྱི་གཞི་ནི་འབྱུང་བཞིའི་བཅིངས་པ་གྲོལ་བྱེད་དུ་བྱུང་བས། ད་འབྱུང་བ་རང་རྒྱུད་དུ་སྡོད་མི་སྲིད་པའི་གནད་དོ། །ངག་གི་བཞི་ནི་བརྗོད་གཞི། བརྗོད་རྐྱེན། བརྗོད་བྱ། རྗོད་བྱེད་བཞིའི་བཅིངས་པ་ལས་གྲོལ་བས། ད་བརྗོད་ཚིག་རང་རྒྱུད་དུ་སྨྲ་མི་སྲིད་དོ། །སེམས་ཀྱི་བཞི་ནི། དྲན་པ། དྲན་མེད། སྐྱེ་མེད། བློ་འདས་བཞིའི་བཅིངས་པ་ལས་གྲོལ་བས། ད་དྲན་བསམ་ཡུལ་གྱི་འཁོར་ལོ་

p. 673

ལ་འཇུག་མི་སྲིད་དོ། །དེ་ལྟར་རྟགས་ལུས་ལ་འཆར་བའི། ངོ་ངག་ལ་ཤེས། གདེང་སེམས་ལ་འཆར་པའི། ཚད་རྨི་ལམ་གྱིས་ཟིན་པ་ནི། བརྩོན་འགྲུས་ཀྱི་རིམ་པས། རབ་ལ་རྨི་ལམ་གཏན་ནས་འཆད་པ་ནི། གོམས་པ་ཆེན་པོ་ལས་བྱུང་བས་ལས་དང་བག་ཆགས་ཀྱིས་ཕན་གནོད་མེད། འབྲིང་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་གོམས་པ་ངེས་པ་ལས་བྱུང་བས། བག་ཆགས་བཟང་ངན་གྱི་རྟོག་པ་མེད་པའོ། །ཐ་མ་རྨི་ལམ་བཟང་པོར་གནས་གྱུར་པ་ནི་བག་ཆགས་དག་པར་རོ་གཅིག་པས་སྤང་གཉེན་རྒྱུ་འབྲས་ཀྱི་ལས་ལ་འཛེམ་དགོས་པའོ། །དེ་ལྟར་སྡོད་པ་གསུམ་ནི། མུ་ཏིག་ཕྲེང་བ་ལས། དག་པའི་དབྱིངས་ནི་སྡོད་པ་དང་། །དེ་བཞིན་རིག་པའི་ངོ་བོ་སྡོད། །སྣང་བ་ཐམས་ཅད་སྡོད་པའོ། །ཞེས་སོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ་བ། ནང་སྒྱུ་ལུས་ལ་དབང་ཐོབ་པས་རྡོས་བཅས་འོད་གསལ་དུ་གྲོལ་བ། གསང་བ་རིག་པ་ལ་དབང་ཐོབ་པས་རླུང་སེམས་ཀྱི་འཁྲུལ་པ་ཟད་པ་སྟེ། དོན་གྱི་འབྲས་བུ་ལ་དབང་ཐོབ་ཏུ་ཉེ་བ་ཞེས་བྱའོ། །ཡང་དེ་ཉིད་ལས། རིག་པ་ཤར་བས་རྒྱུ་རྐྱེན་འགགས། །འོད་གསལ་ཤར་བས་ཕྲ་རགས་འགགས། །དབྱིངས་རིག་ཤར་བས་ཡུལ་སེམས་འགགས། །ཞེས་སོ། །བཞི་པ་གདེང་བཞིས་གྲོལ་ཚད་གཟུང་བ་ནི། དམྱལ་བ་ཚ་གྲང་གི་སྡུག་བསྔལ་མཐོང་ངམ་ཐོས་ཀྱང་ཡ་ང་དང་བག་ཚ་མེད་པའི་གདེང་དང་། སངས་རྒྱས་ཀྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་བྲོད་པ་མེད་དེ་རང་གཞག་སྐུ་གསུམ་རྫོགས་པའི་གདེང་དང་། ལས་དང་ཉོན་མོངས་ཀྱི་རྒྱུ་འབྲས་ཐོས་ཀྱང་འཁྲུལ་སྣང་འཁོར་བར་ལྷུང་དོགས་མེད་པས་རྒྱུ་འབྲས་ལ་ཟློས་པའི་གདེང་དང་། མྱ་ངན་འདས་པའི་རང་ས་མཐོང་ཡང་གྲོལ་དུ་རེ་བའི་དགའ་བྲོད་མེད་པས་ཀ་དག་རང་རྫོགས་བཙན་ས་ཟིན་པའི་གདེང་དང་བཞི་འབྱུང་སྟེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། །ཞེས་སོ། །

p. 674

དེ་ལྟར་མཐར་རྟེན་བཞིའི་ཞར་ལ། སྣང་བ་བཅུ་དྲུག་གིས་མཇུག་བསྡུ་བ་ནི། སྣང་བ་དང་། མཆེད་པ་དང་། ཐོབ་པ་དང་། ཉེ་བར་ཐོབ་པ་སྟེ་བཞི་ཚན་རེ་སྣང་བ་བཞི་ལ་ཞུགས་པས། ས་བཅུ་དྲུག་གི་སྣང་བ་རྫོགས་པ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཆེད་པ་མིག །ཉེ་བར་མཆེད་པ་མིག་གི་དེ་ཁོ་ན་ཉིད། ཐོབ་པ་ལུ་གུ་རྒྱུད་མཐོང་བ། ཉེ་བར་ཐོབ་པ་དེ་ལ་གོམས་པ་རྙེད་པ། ཉམས་གོང་འཕེལ་གྱི་སྣང་བ་མཆེད་པ་འོད། ཉེ་བར་མཆེད་པ་ཐིག་ལེ། ཐོབ་པ་ཐིག་ལེ་ཁ་དོག་ལྔར་གསལ་བ། ཉེ་བར་ཐོབ་པ་འགུལ་བ་དང་འཕྲིག་པ་ལས་ཟེར་སྣ་ཚོགས་སུ་འཕྲོ་བ། ཚད་ཕེབས་ཀྱི་སྣང་བ་མཆེད་པ་སྐུ། ཉེ་བར་མཆེད་པ་ཡབ་ཡུམ་དུ་སྣང་བ། ཐོབ་པ་ཚོམ་བུ་ལྔ་ལྔ་དང་ལྡན་པ། ཉེ་བར་ཐོབ་པ་དཀྱིལ་འཁོར་རྫོགས་པ། ཟད་པའི་སྣང་བ་མཆེད་པ་སྐུ་དང་ཡེ་ཤེས་ལ་མི་གནས་པ། ཉེ་བར་མཆེད་པ་སྟོང་པ་གཏད་མེད། ཐོབ་པ་བརྗོད་དུ་མེད་པ། ཉེ་བར་ཐོབ་པ་ལྟར་མེད་པའི་ཆོས་ཉིད་གང་དུའང་མ་གྲུབ་པ་དང་བཅུ་དྲུག་སྟེ། དེ་ལྟར་སྣང་བ་བཅུ་དྲུག་ཏུ་ངེས་པར་རྟོགས་པའི་གང་ཟག་གིས་རང་རྒྱུད་ཡེ་ཤེས་སུ་སྨིན་པའི་དུས་ཚོད་ཟིན་པས། སྣང་བའི་ས་བཅུ་དྲུག་ཏུ་ངེས་པ་མགོན་པོ་རྡོ་རྗེ་འཆང་གི་ས་ཞེས་བྱའོ། །དེ་བཞིན་དུ་རྒྱུ་དང་འབྲས་བུའི་སར་བཏགས་པའི་རིམ་པ་བཅུ་དྲུག་ཀྱང་འདིར་འོད་ལུས་སུ་གྲོལ་བ་དང་། བར་དོར་གྲོལ་བ་གཉིས་ལ་ཚང་སྟེ། རིག་པ་རང་ཤར་ལས། ས་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ནོ། །བདེན་པ་མཐོང་བའི་གང་ཟག་གཅིག་ལ་ས་རྣམས་རྫོགས་ནས་ཡོད་དོ། །དེ་ཡང་ངོ་སྤྲོད་བསྟན་པའི་གང་ཟག་དེ། དང་པོ་བདེན་པ་མཐོང་བའི་དུས་ན་དེ་ལ་དགའ་བ་སྐྱེས་པ་ནི་ས་དང་པོ་རབ་ཏུ་དགའ་བའོ། །དེ་ལ་རང་གི་སྣང་བ་ཡིན་པར་ངོ་ཤེས་པ་ནི། ས་གཉིས་པ་དྲི་མ་མེད་པ་ཐོབ་པའོ། །དེ་ནས་དེ་ལ་གོམས་པ་ནི། ས་གསུམ་པ་འོད་བྱེད་པའི་ས་ནོན་པའོ། །དེ་ནས་དེ་ལ་གོམས་ནས་འོད་ཀྱི་སྣང་བ་མཐོང་བ་ནི་བཞི་པ་འོད་འཕྲོ་བའི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དེ་

p. 675

ལ་གོམས་ནས། ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་སྦྱངས་ནས། ཡེ་ཤེས་མཐོང་བ་ནི་ལྔ་པ་སྦྱང་དཀའ་བའི་ས་ནོན་པའོ། །དེ་ནས་འོད་ལས་ཐལ་བའི་སྐུ་མངོན་དུ་གྱུར་པ་དེ་ནི་ས་དྲུག་པ་མངོན་དུ་གྱུར་པའི་ས་ནོན་པའོ། །དེ་ནས་གོམས་པ་མཐར་ཕྱིན་ནས་ཉོན་མོངས་པ་རིང་དུ་སོང་བ་ནི་ས་བདུན་པ་རིང་དུ་སོང་བའི་ས་ནོན་པའོ། །དེ་ནས་དེའི་ངང་ལས་མི་གཡོ་བ་ནི། བརྒྱད་པ་མི་གཡོ་བའི་ས་ཐོབ་པའོ། །དེ་ནས་ཡོན་ཏན་རྫོགས་པ་ནི། དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར་བ་ནི། ཆོས་ཐམས་ཅད་ཀྱི་སྤྲིན་ལྟ་བུར་མཐོང་ནས་གོམས་པ་ནི། བཅུ་པ་ཆོས་ཀྱི་སྤྲིན་ལྟ་བུའི་ས་ནོན་པའོ། །དེ་ནི་གང་ཟག་བདེན་པ་མཐོང་བའི་སྦུབས་འདི་ཉིད་མ་བོར་བ་ལ་ས་ནོན་པའོ། །གང་ཟག་སྦུབས་བོར་བ་རྣམས་ཀྱིས་ནི་འདི་ལྟར་ནོན་པ་ཡིན་ཏེ། འཁྲུལ་སྣང་འགགས་ནས་ཚོམ་བུའི་སྣང་བར་ཤར་བ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པ་ཡིན་ནོ། །དེ་ནས་སྣང་བ་དེ་ལ་ཡང་མ་ཆགས་པར་ཕྱི་ནང་གི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ནི། བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ནོན་པ་ཡིན་ནོ། །དེ་ནས་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས་ནམ་མཁའི་མཐོངས་ནས་འོད་ཀྱི་ཚོམ་བུ་ལྔ་འཁོར་ལོའི་ཚུལ་དུ་གནས་པ་ནི། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་གནས་པ་ནི་ས་བཅུ་བཞི་པ་ཏིང་ངེ་འཛིན་ཆེན་པོའི་ས་ནོན་པ་ཡིན་ནོ། །དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི་བཅོ་ལྔ་པ་རྡོ་རྗེ་འཛིན་གྱི་ས་ཐོབ་པའོ། །དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤར་ནས་དེའི་གོང་ན་གཞན་མེད་པ་ནི། བཅུ་དྲུག་ཡེ་ཤེས་བླ་མའི་ས་ཐོབ་པའོ་ཞེས་གསུངས་སོ། །དེ་དག་ཀྱང་སྣང་ཚུལ་གྱིས་ཆ་མཚུངས་རེ་སྦྱར་བ་ཡིན་གྱི་བྱང་ཆུབ་སེམས་དཔའི་ས་བཅུ་དངོས་ནི་མ་ཡིན་ནོ། །ས་དེ་དག་ཀྱང་རྩ་བ་རིག་པ་འོད་གསལ་སྦྱང་བགྲོད་མེད་པའི་ས་གཅིག་གི་སྣང་ཆ་ལས་དབྱེ་བ་སྟེ། དོན་ལ་རིག་པའི་ས་གཅིག་ཡིན་གྱི། སངས་རྒྱས་རྡོ་རྗེ་འཆང་ཐོབ་

p. 676

པ་ལ་རྒྱུའི་ས་སྒོས་སུ་སྦྱོང་མི་དགོས་ཏེ། ལམ་གྱི་གནད་ཐ་དད་པའི་འཇུག་སྒོ་ལ་དེ་ལྟར་སྦྱར་བའི་ཕྱིར་རོ། །ཐུན་མོང་བ་ལྟར་རྒྱུ་འབྲས་ཀྱི་རིམ་པས་ས་རེའི་ཐོབ་ཚུལ་དང་། སྔགས་ཕྱི་ནང་ལྟར་བསྐྱེད་རྫོགས་རྩོལ་སྒྲུབ་ཀྱི་ས་ཐོབ་ཅིང་སྦྱང་དུ་མེད་དེ། དེ་ཉིད་ལས། དེ་བས་ན་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་ཡེ་ཤེས་ཀྱི་ངོ་བོ་གཅིག་ལས་མེད་དོ། །ས་དང་ལམ་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ནོ། །ས་དང་ལམ་ལ་སྦྱང་ཞིང་བགྲོད་མི་དགོས་པ་ཡིན་པར་ཤེས་པར་བྱའོ་ཞེས་པ་དང་། ཀུན་བྱེད་ལས། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་སོ། །ཞེས་པ་བཞིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ་སྟེ་རིམ་ཁང་བཅོ་བརྒྱད་པའོ།། །།

རིམ་ཁང་བཅུ་དགུ་པ། ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ།

p. 677

དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་བཟླ། ཐག་ཆིག་ཐོག་ཏུ་བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་པ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བའོ། །དང་པོ་ནི། ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་བརྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་

p. 678

གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང་། བདེན་མ་མྱོང་། བརྫུན་མ་མྱོང་། འཁྲུལ་མ་མྱོང་གྲོལ་མ་མྱོང་། འཁོར་མ་མྱོང་། འདས་མ་མྱོང་། ཡིན་མ་མྱོང་མིན་མ་མྱོང་། སྣང་མ་མྱོང་སྟོང་མ་མྱོང་། ཐམས་ཅད་མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་གདལ། ཡོད་མེད་སྣང་གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་ཡེ་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱལ་ཧར་སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། ངག་གདལ་མཉམ་སངས་མི་གཡོ། མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང་། མི་བསམ། མི་རྟོག །མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་མ་མྱོང་། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང་། ད་ལྟ་གྲོལ་བར་མི་འཇུག །མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད་པ། བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་པར་ལ་བཟླ་བ། བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང་། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་པ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། དཔྱོད་པ་མེད། དཔྱད་མི་དགོས། དཔྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་

p. 679

མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང་། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞགཡེ་མཉམ་ཕྱམ་གདལ། གཉུག་མ་མིང་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག །གང་ཤར་ས་ནས་ཡེ་དག་རང་སྟོང་གདལ་བས་ཕྱམ་གཞག་རིས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་བར་མེད་ཕྱལ་བར་འབད་རྩོལ་ཞིག་པའི་རང་སེམས་བྱ་བ་མེད་པར་ཁོང་དལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང་། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང་། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །འདི་ཀུན་དུས་མེད་ཡང་དུས་བས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ཡང་ཕྱེད་སྣང་། །མི་སྣང་མཛད་པའི་རང་སྒྲར་ཡང་། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམས་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །

p. 680

བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་མན་ངག་བཅུད། །བར་མཚམས་མེད་པར་རང་གྲག་པ། །གང་གིས་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམས་སམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང་། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོང་རེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང་། །ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་

p. 681

བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང་། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །ཞེས་པ་དང་། ཡང་། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་

p. 682

དེ་ཉིད་བསྒྲིབས་པར་འགྱུར། །བསམས་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཞེས་པ་དང་། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམས་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཅེས་པ་དང་། ཡང་། དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམས་དག་དབྱིངས། །འཛིན་

p. 683

པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང་། །ཡུལ་མེད་པ་ལས་ཡུལ་ལྟར་སྣང་། །ཆོས་མེད་ཤེས་རབ་ཁོང་གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཞེས་པ་དང་། །སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང་། ཀློང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསགས་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། བྱང་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོང་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོ་རེ་བརྒྱལ། །ཅེས་པ་དང་། ཡི་གེ་མེད་པ་ལས། བྱས་

p. 684

པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། །སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང་། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང་། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲར་ཡོངས་སུ་ཤེས་པར་གྱིས། །ཞེས་པ་དང་། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་

p. 685

འདི་བསྟན་པའོ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་འགྲོོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང་། གཅིག་དང་ཐ་དད་ལ་བརྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་བརྟགས་ན་ཡིན་སྙམ་ཡིད་དཔྱོདལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོགས་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་། ཆོས་ཀྱི་སྐུ་མན་ངག་ལ་ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོ་ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང་། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། ཚལ་པ་ཚལ་པར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤ་ར་ར་འོ་ལ་ལའི་སེམས་དང་སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང་། དབྱིབས་དང་། རྟགས་དང་། མཚན་མ་དང་། ཆེ་ཆུང་དང་། ཕྱོགས་ཆ་ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ། བློས་བརྟགས་པ་ཙམ་གཞི་མེད་ཧར་སངས་ཡེ་དག་ཏུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མེད་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས།

p. 686

ཆོས་དང་ཆོས་ཉིད་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་སོང་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། །གཉིས་པ་བར་དུ་གནས་ས་དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང་། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས། མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་སང་སེང་། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ། །འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུངས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱི་ན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་གཅིག་དང་ཐ་དད་ལ་བརྟག་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང་། མེད་ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང་།

p. 687

དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། རྐྱེན་མེད་ན་དྲན་ཤེས་གློ་བུར་བ་འདི་དག་མི་རིགས་པ་དང་། གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེམས་ཀྱང་འཇིག་པར་འགྱུར་བ་དང་། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང་། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང་། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང་། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚེའི་དུས་བྱས་དུས་འཚོ་བར་རིགས་པ་དང་། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང་། གལ་ཏེ་སེམས་འདི་ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང་། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་རིགས་པ་དང་། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང་། ཕན་ཚུན་འཆོལ་བས། རང་རྒྱལ་དང་། མ་ཤི་བ་དང་། སྡུག་བསྔལ་མེད་པ་དང་། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་བ་དང་། གཞན་ཕམ་པ་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང་། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པར་དགའ་བ་ལ་སོགས་པ་འོང་བར་རིགས་པ་དང་། གཅིག་ཁོ་ནར་སེམས་པ་ཡིན་ན་ནི་གཅིག་ཤི་བས་ཀུན་ཤི་བའམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིགས་པའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་

p. 688

ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང་། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ཡིན་ན་མ་དག་པས་གྲོལ་མི་སྲིད། འདས་པ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་བསམ་གྱི་རིགས་གཅིག་ཏུ་འདུ་བའི་འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་མ་ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང་། འཆི་བ་དང་། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་པ་དང་། ཡང་། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པས་ལས་ལ་བཟང་ངན་མེད་པར་ཤེས་ཏེ། སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་སོ། །དེ་ལྟར་ཡེ་གདོད་མ་ནས་རང་དག་མེད་པར་ཤེས་པས་ན། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་བསམ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་

p. 689

པར་ཐལ་བ་དང་། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་བུར་བ་མདང་གི་རྨི་ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུས་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་བརྫུན་ལྟར་སྣང་བ་ལས་གྲུབ་པ་མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་དུ་འཁྲིགས་པ་དེ་གར་སོང་ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང་། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང་། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་སུམ་ལ་བལྟར་རུང་བ་ལས་བལྟར་རུང་མ་དམིགས་པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བས་ཤེས་སོ་ཞེ་ན། འགྱུ་བ་དེ་ཁ་དོག་དང་ཕྱོགས་ཆ་དང་། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཚེའི་དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང་། ད་ལྟའི་སྔ་མ་དང་ཕྲད་ཆ་དེ་འགགས་པར་ཐལ་ཞིང་

p. 690

མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིགས་པར་ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པ་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོད་པས་ལས་དགེ་སྡིག་གི་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་གཟུང་མེད་པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་བར་ཐག་ཆོད། དེ་ཆོད་པས་དྲན་བསམ་གློ་བུར་གྱི་རྟོག་པས་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ཆོས་ལོགས་པ་མེད་པས་བློ་བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོད་པས་དེ་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་དུས་བཞི་པོའི་ཚད་ཟིན་པས། སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བར་འཛིན་པའི་བློ་ལྡོག །དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། །དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་

p. 691

ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཅེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཚན་བཅུ་དྲུག་ཏུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་། བྱས་པས་མི་རྟག་པ་འཇིག་པ་རོ་ལ་རོ་བརྩེགས་པ་ལྟ་བུ་དང་། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་བུའོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ག་རྗེས་མེད་དུ་ཞིག་པ་ཆུ་ལ་ཡི་གེ་བྲིས་པ་ལྟ་བུ་དང་། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་དབུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་གྲུ་རྡིབ་པའི་ཚེ་ཆུ་ལ་འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེན་ཐར་པའི་བསྟན་པ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ངེས་སོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང་། སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། །རང་བྱུང་གཞན་ནས་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་གྲུབ་པ་དང་། མ་དཔྱད་ནའང་གློ་བུར་གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་

p. 692

རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམ་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང་། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་། དེ་ལྟར་བེམ་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ། །དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་དང་། མན་ངག་གཞན་དག་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརླམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། རང་གྲོལ་རང་ཤར་རང་གཞག་ཙམ་དུ་མིང་མཐུན་ཡང་། དོན་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང་། གཞན་དུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང་། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་གྱི་ཟུང་འཇུག་འདོད་པ་དང་། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་སུ་མི་འདོད་པ་དང་། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། །འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་པ་མ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་

p. 693

ན་འོག་མ་དྲང་བ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། །གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བ་ནི། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པ་རབ་རིབ་ཅན་གྱི་སྐྲ་ཤད་དང་། སྒྱུ་མ་དང་། མིག་འཕྲུལ་དང་། སྤྲུལ་པ་ལྟ་བུར་བློ་ལ་སྣང་ཡང་། སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ཇི་ལྟར་བཏགས་ཀྱང་མི་འགལ། ཡིན་དུ་ཆུག །མིན་དུ་ཆུག །ཡོད་དུ་ཆུག །མེད་དུ་ཆུག །སྣང་དུ་ཆུག །སྟོང་དུ་ཆུག །འཁྲུལ་དུ་ཆུག །གྲོལ་དུ་ཆུག །བཟང་དུ་ཆུག །ངན་དུ་ཆུགསེམས་སུ་ཆུག །གཞན་དུ་ཆུག །གང་ལྟར་བཏགས་ཀྱང་། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་གློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་ནམ་མཁའི་ངང་ན་གནས་པའམ། རྨི་ལམ་སྣ་ཚོགས་གཉིད་དང་། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང་། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང་། དག་སྣང་འདས་པ་མ་མཐོང་། འཁོར་འདས་ཀྱིས་རིག་པ་མ་མཐོང་། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལས་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་སམ་རོལ་པ་ཞེས་བཏགས་པ་ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ།

p. 694

བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། ཀློང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་བའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང་། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆག་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང་། །ཞེས་པ་ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་བའི་ཚུལ་དུ་སྣང་། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང་། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་

p. 695

ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང་། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང་། རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོ་ས་མེད་པ་ཡ་རེ་ཆ། །ཀུན་ཏུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཞེས་པ་དང་། ཡང་། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་པ་དང་། ཐུན་མོང་གི་ཐེག་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་

p. 696

ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟང་ཐལ་རྗེན་པར་ངོ་སྤྲད་པ། རང་གསལ་ངང་གནས་ཀྱི་དགོངས་པ་ཕྱམ་གདལ་ཆེན་པོར་བསྐྱང་བ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་གཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེན་ནེ་བཞག་ལ། ཕྱིར་མི་སྤྲོ། ནང་དུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་བལྟས་པས། ཕྱི་ནང་བར་མེད། རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོ་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇོག་མཁན་མེད་པའི་རང་དྭངས་ཆེན་པོ། ཡེ་ནས་རང་བབས་ཀྱི་དགོངས་པ་ཆེན་པོ། དངས་ཤིང་ལྟེང་པ་རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ལ་ཡོད་ཀྱང་། ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཆོལ་བ་ཡང་། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་སམ་གྱིན་འདར་ལྷན་ནེ་བའི་དུས་གང་དུའང་རང་བབས་ཅོག་གཞག་གི་ངོ་བོར་ངོ་སྤྲད་པ་བཞིན་ངང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་དྭངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །ཞེས་པ་དང་། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་

p. 697

རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང་། རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་པ་ལ་གསུམ་སྟེ། ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ཕྱལ་བ་བར་མེད་རང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག །ཆེའོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་རྣམ་པར་སྣང་། །སྟོང་དང་མི་སྟོང་ཚིག་ལས་འདས། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། །ཞེས་པ་དང་། ཡང་། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་

p. 698

ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་གནས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ཅོག་གཞག་ནི། ཚོགས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་དུ་བ་སྨིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང་། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་ཕྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་། །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་ངང་ལ་མ་ཡེངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང་། །ཞེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་བ་ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་པ་ཅོག་གཞག་གི་མན་ངག །སྣང་བ་ཅོག་གཞག་གི་ཐབས་

p. 699

སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། །ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་ཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་གསལ་སང་ངེ་བཞག་པ་ནི། དེ་ཉིད་ལས། རྒྱ་མཚོ་ཅོག་གཞག་དག་གི་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོས་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང་། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །སྣང་ཡུལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེད་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། རིག་པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཕྱ་ར་ར་རང་གསལ་དུ་ངོས་བཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས། རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །

p. 700

ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་ལྔར་སྣང་བ་ལ་ཆེ་རེ་བལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །ཞེས་པ་དང་། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནད་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་གདམས་ངག །ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག །ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་གོ། དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་བྱས་པས་མི་རྟོགས་མ་བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་བར་གཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ། །ཅེས་པ་དང་། ཁྱུང་ཆེན་མཁའ་ལྡིང་ལས། དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ནི། །རྫོགས་ཆེན་ཉིད་ལས་གཞན་པ་ཅི་བྱར་ཡོད། །ཅེས་པ་དང་། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་གཞག་གོ་ཞེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་བཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཡང་སྣང་འཛིན་སེམས་དེ་གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད།

p. 701

རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ལ་ཟློས་པ་སྟེ། རྩལ་རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང་། །སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་བའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲོད་ཅིང་། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པའི་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཕྱི་ཡུལ་ལ་དོན་གཞན་དུ་བདེན་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། །ཅེས་སོ། །དེའང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང་། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང་། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང་། སེམས་མ་འཁྲུལ་བར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པ་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་

p. 702

ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་པའི་ལུང་གིས་ཀྱང་གནོད་ལ། སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་འགགས་དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། །སེམས་མེད་པའི་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་ནི། ཕྱི་ཡུལ་ལྔ་མེད་སྣང་སྟོང་པ་རང་དག་ཆུའི་ཟླ་བ་འདྲ་བས་སྦྱང་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ལྷུག་པ་ལ་སྤང་བླང་གི་སྒྲོ་མི་འདོགས། རིག་པ་ཟང་ཀ་གཅེར་བུ་ལ་སྤྲོས་པའི་གོས་མི་བསྐོན་པར་ཤིགས་སེ་བུན་ནེ་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་གློད་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེའང་ནང་རང་གསལ་གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་བསམ་བཟང་ངན་ཅི་ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙེག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང་། འལ་མ་འོལ་གྱི་ཡོ་ལང་དུ་རྒྱ་ཕྱམ་ལ་བཏང་ན་ཀུན་ཏུ་བཟང་པོའི་དགོངས་པ་ཀློང་དུ་རང་ཤར་བ་སྟེ། ཀློང་དྲུག་པ་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང་། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །

p. 703

དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་བདེ་བའི་ཞིང་། །འདི་ལ་གོམས་པའི་རྣལ་འབྱོར་པས། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང་། །ཞེས་པ་དང་། ཡང་། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། །སྣང་བ་རྣམས་ནི་ཐོག་བབས་སུ། །སྣང་རྐྱེན་རྒྱུད་ལ་མི་འཆར་བར། །ཕྱིར་མི་ལྡོག་པའི་ཏིང་འཛིན་ཐོབ། །ཅེས་པ་དང་། ཡི་གེ་མེད་པ་ལས། ཐམས་ཅད་འབྱུང་ཞིང་འཁྲུལ་སྣང་ང་ཡི་སེམས། །ཐམས་ཅད་གནས་པ་འཁྲུལ་སྣང་ང་ཡི་ཐུགས། །ཐམས་ཅད་སྣང་བ་འཁྲུལ་སྣང་ང་ཡི་སྐུ། །ཐམས་ཅད་གྲག་པ་འཁྲུལ་སྣང་ང་ཡི་གསུང་། །མཐོང་བ་མ་འགགས་ང་ཡི་གཟུགས་ལྟར་སྣང་། །ཐོས་པ་མ་འགགས་ང་ཡི་སྒྲ་ལྟར་གྲག །སྣོམ་བྱེད་མ་འགགས་ང་ཡི་དྲི་ལྟར་ཚོར། །མྱོང་བྱེད་མ་འགགས་ང་ཡི་རོ་ལྟར་གདངས། །ཚོར་བྱེད་མ་འགགས་ང་ཡི་ཡིད་ལྟར་མགྱོགས། །གསང་བའི་ཉོན་མོངས་ང་ཡི་ཆོ་འཕྲུལ་ཏེ། །སངས་རྒྱས་སེམས་ཅན་ང་ཡི་དུར་ས་ཡིན། །ཀུན་བྱེད་ང་ནི་སྣང་བ་རང་གསལ་ཆེ། །ཞེས་སོ། །འོ་ན་འཁྲུལ་སྣང་ལ་རང་སར་ཡན་དུ་བཅུག་པས་སླར་ལ་འཁྲུལ་མི་འགྲོའམ་ཞེ་ན། སེམས་ཅན་ཐ་མལ་པས་བདག་ཏུ་བཟུང་བས་འཁྲུལ་ཡང་། རྣལ་འབྱོར་པས་གཞི་མེད་དུ་ཤེས་པས་བཅོས་བསླད་མེད་པར་རང་བབས་ལ་འཇོག་པས་མི་འཁྲུལ་ཏེ། མུ་ཏིག་ཕྲེང་བ་ལས། སེམས་ཅན་འཁོར་བ་དེ་དག་ནི། །རང་གི་རྣམ་རྟོག་ལས་ཀྱིས་བཅིངས། །རང་བཞིན་མེད་ཤེས་གྲོལ་བར་ངེས། །ཞེས་སོ། །ཡང་འཁྲུལ་པ་དང་གྲོལ་བ་ནི་ནང་ཤེས་པ་ལ་བརྩི་བ་ཡིན་གྱི། ཕྱི་སྣང་བས་འཁྲུལ་པ་དང་གྲོལ་བ་འགའ་ཡང་མ་བྱས་པས། སྣང་བ་ཐད་སོར་བཞག་པས་ཆོག་སྟེ། ཏེ་ལོ་པས། སྣང་བས་མི་

p. 704

འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གདམས་པ་བཞིན་ནོ། །དེའང་གནས་ལུགས་ཀྱི་དོན་རང་གི་རིག་པ་དེ་རང་དྭངས་ཀྱི་ངང་ལ་འཇོག་པ་ཙམ་ལས། ཆེད་དུ་བཅོས་པའི་ལྟ་སྒོམ་སྤྱོད་པས་བཟང་དུ་བཅོས་སུ་མེད་དེ་གཤིས་བསྒྱུར་དུ་མེད་པའི་ཕྱིར་དང་། རང་བྱུང་ཡེ་ཤེས་མི་བདེན་པར་འགྱུར་བའི་ཕྱིར་ཏེ། རྩལ་རྫོགས་ལས། བསམས་པས་ཡེ་ཤེས་དོན་མི་རྙེད། །བསམས་པས་ཡེ་ཤེས་དོན་རྙེད་ན། །རང་བྱུང་ཡེ་ཤེས་བརྫུན་པར་འགྱུར། །བསྒོམས་པས་ཆོས་ཀྱི་སྐུ་མི་མཐོང་། །བསྒོམས་པས་ཆོས་ཀྱི་སྐུ་མཐོང་ན། །རང་སྣང་ཆོས་ཉིད་བརྫུན་པར་འགྱུར། །བལྟས་པས་རིག་པའི་དོན་མི་རྟོགས། །བལྟས་པས་རིག་པའི་དོན་རྟོགས་ན། །ཆོས་སྐུ་འགག་མེད་བརྫུན་པར་འགྱུར། །ཆོས་ཀྱིས་མ་རིག་རྩད་མི་ཆོད། །ཆོས་ཀྱིས་མ་རིག་རྩད་ཆོད་ན། །ཀ་དག་ཡེ་ཤེས་བརྫུན་པར་འགྱུར། །ཞེས་སོ། །འདི་ལྟར་སྣང་ཤེས་ཆོས་ཉིད་དུ་རྟོགས་པས་སྤྱོད་ལམ་ཇི་ལྟར་བྱས་ཀྱང་ཆོས་ཉིད་ལས་མ་འདས། སྣང་ཚུལ་ཅིར་སྣང་ཡང་རོལ་པ་འགག་མེད་དུ་ཤར་བས། རང་བྱུང་དོན་གྱི་དཀྱིལ་འཁོར་དུ་ཤར་ཏེ། བཟའ་བཏུང་ཆོས་ཉིད་ཀྱི་བསྙེན་པ། ཉལ་འདུག་བྱང་ཆུབ་ཀྱི་བསྒྲུབ་པ། འདུ་བྱེད་ལྷག་གནས་ཀྱི་བསམ་གཏན། ཀླལ་ལུད་དཀྱིལ་འཁོར་གྱི་སྒྲུབ་པ། སྟོང་གསུམ་ལྷུན་གྲུབ་ཀྱི་དཀྱིལ་འཁོར། ཆར་ཆུ་རང་བབས་ཀྱི་ཆག་ཆག །ལམ་སྲང་རང་བཞིན་གྱི་ཐིག་ཆེན། རྐང་རྗེས་ཁ་དོག་གི་རྡུལ་ཚོན། སྒུལ་སྐྱོད་ཕྱག་རྒྱའི་རང་བཞིན། སྨྲ་བརྗོད་རྡོ་རྗེའི་བཟླས་པ། དྲན་བསམ་བསྐྱེད་རིམ་གྱི་འཁོར་ལོ། གང་སྣང་ལྷའི་རོལ་པ། རང་ལུས་དབང་གི་བུམ་པ། རང་བབས་རྒྱུན་གྱི་དམ་ཚིག །ཤེས་རིག་རང་གསལ་གྱི་གདམས་ངག །སྐྱེ་ཤི་ཆོས་ཉིད་ཀྱི་གོམས་ཚད། ཚོགས་དྲུག་ཡུལ་སྣང་གི་རྟོགས་པར་རང་ཤར་བས། ཁམས་གསུམ་ཡོངས་གྲོལ་ཆེན་པོའི་དགོངས་པར་ལྷུན་གྱིས་གྲུབ་པ་ནི། མུ་ཏིག་ཕྲེང་བ་ལས། ཨེ་མ་དེ་ལྟར་

p. 705

སྣང་བ་རྣམས། །འཁྲུལ་པ་ཉིད་ཀྱང་རང་གྲོལ་ན། །འཁྲུལ་པ་མེད་པ་ཅིས་མི་གྲོལ། །ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་བསྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །གླལ་དང་ལུད་པ་དཀྱིལ་འཁོར་བསྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐིག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚོན་རིས། །འགྲོ་བར་འདོད་པ་སྟང་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུར་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ལ། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་རྣམས་བྱིན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཉིད། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་གདའ། །དེ་ལ་ཆགས་པ་ཉམས་མྱོང་ཡིན། །ཤེས་རིག་གསལ་བ་གདམས་ངག་ལ། །ཡུལ་སེམས་གཉིས་འདུས་གདབ་པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་སོ། །དེ་ལྟར་རྣལ་འབྱོར་པས་ཅི་བྱས་ཆོས་ཉིད་ཀྱི་ངང་དུ་བསྐྱེད་པ་ལྷའི་འཁོར་ལོ་དབང་རྫོགས་གདམས་ངག་དང་བཅས་པ། རྫོགས་པ་ཆོས་ཉིད་ཀྱི་འཁོར་ལོ་རང་བབས་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་ཟམ་མ་ཆད་པས།

p. 706

འབད་རྩོལ། རྒྱུ་འབྲས་ལ་མ་ལྟོས་པར་དངོས་གྲུབ་ཡ་མཚན་རྨད་པོ་ཆེ་ངང་གིས་ཐོབ་ནས་ས་མཆོག་དཀྱིལ་འཁོར་ཆེན་པོ་རྫོགས་པ་ཡིན་ནོ། །དེའང་ཐལ་འགྱུར་ལས། དེ་ལྟར་ཐམས་ཅད་ཆོས་ཉིད་པས། །བླང་བར་བྱ་བ་གང་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། །ཅིར་སྣང་རང་གི་ཆོས་ཉིད་ལས། །བཅོས་མའི་ཆོས་ཉིད་ལོགས་ན་མེད། །ཇི་ལྟར་བྱས་ཀྱང་མི་རྟོག་སྐྱེ། །སྤང་དང་བླང་མེད་རང་སྣང་ངོ་། །ཞེས་པ་དང་། རང་ཤར་ལས། སྣང་བ་ལ་མི་ཞེན། མེད་པ་མི་བསྒྲུབ། ཡོད་པ་མི་སྤོང་། མེད་པ་ལ་ཞེ་འདོད་མི་བྱ། ཡོད་པ་ལ་མངོན་པར་མི་ཞེན། བྱས་པ་མི་བསྒྲུབ། བྱུང་བ་མི་འགེགས། བྱུང་བ་ལ་སྐྱོན་དུ་མི་ལྟ། ཉོན་མོངས་པ་མི་སྤོང་། སངས་རྒྱས་མི་བསྒྲུབ། སྒོམ་པ་མི་བསྒོམ། ལྟ་བ་མི་ལྟ། འཁྲུལ་སྣང་མི་འགེགས། དག་སྣང་མི་འཚོལ་ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། རྟོགས་བྱེད་ཀྱི་ཤེས་པ་ཡུལ་ལ་སྣང་བའི་ཚེ་ན། སྣང་བ་རང་སྣང་སྟེ། དེའི་ཚེ་ཤེས་པ་ཁ་ཡན་དུ་གཏང་བར་བྱའོ་ཞེས་རྒྱ་ཆེར་གསུངས་སོ། །དོན་གསུམ་པ་ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས། བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བ་ནི། རང་བཞིན་རྫོགས་པ་ཆེན་པོ་གནད་ཀྱི་ཆེ་བ་རྡོ་རྗེའི་གད་མོ་ཆེན་པོ་བཅུ་གཉིས་ངོ་མཚར་གྱི་ཚིག་བརྒྱད་དང་བཅས་པས་ཁམས་གསུམ་ཡོངས་གྲོལ་ཆེན་པོ། འཁོར་འདས་མིང་མེད་ཆེན་པོ། རྒྱུ་འབྲས་ལ་འདས་ཆེན་པོ། མ་བྱས་ཡེ་ཟིན་ཆེན་པོ། སྤང་བླང་ཡེ་གྲོལ་ཆེན་པོ། བྱར་མེད་རྩལ་སྤྲུགས་ཆེན་པོར་ལ་ཟློས་ཏེ། ད་ཆོས་ལ་བྱར་མེད། བྱས་ཀྱང་འཆིང་ཞེན་ལས་མ་འདས། ཡེ་སྟོང་ནམ་མཁའ་ཀློང་ཡངས་སུ་ཕྱམ་གདལ་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་གསང་བ་ཆེན་པོ་ལས། ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་དགེ་སྡིག་ཕན་

p. 707

གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་ཏེ་ངོ་མཚར། ཇི་ལྟར་བྱས་ཀྱང་འགག་མེད་ཀྱི་ཀློང་དུ་སྐྱེ་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་། གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ། རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། ངོ་བོ་སྟོང་པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། རིག་པ་ཅེར་གཞག་སྟོང་པ་ཆེན་པོ་ཀུན་མཉམ་གྱི་ཡེ་ཤེས་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ། ཀྱེ་གསུང་

p. 708

གི་རྡོ་རྗེ། སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམ་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། མི་སྟོང་པའི་སྟོང་པ་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་ཏེ། རང་གི་རིག་པ་ནན་ཏར་བལྟས་ན་གཤིས་ལ་གད་མོ་བཅུ་གཉིས་སུ་གནས་པས་འབད་རྩོལ་རང་ཞིག །ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བར་བྱའོ། །དེའང་རྫོགས་པ་ཆེན་པོ་རང་སྐད་གཤིས་ལ་ཐད་དྲང་དུ་བཤད་ནས་བློའི་གཏིང་དུ་ཡིད་ཆེས་པར་བྱའོ། །དེ་བཞིན་དུ་ངོ་མཚར་གྱི་ཚིག་ཆེན་པོ་བརྒྱད་ཀྱིས་ཀྱང་འཁོར་འདས་ཆོས་ཟད་ཡུལ་མེད་ཀྱི་དགོངས་པར་ལ་བཟླ་བར་བྱ་སྟེ། ཡང་རིན་པོ་ཆེ་སྤུངས་པ་ལས། ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས། སེམས་ཅན་བྱེ་བའི་སྲོག་བཅད་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ། ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས། རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམ་པའི་སྐྱེས་བུ་དང་། སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་ཅིག་མ་བྱས་པའི་གང་ཟག་གཉིས་སངས་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་། སྲོག་གཅོད་པ་ལ་རྟག་ཏུ་དགའ་བའི་མི་གཉིས་ལ། ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས། ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་། ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས། དངོས་པོ་མཐོང་བ་ལ་ཁྱད་

p. 709

པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས། དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་། སངས་རྒྱས་རྣམས་ཀྱི་བདེ་བ་ཉམས་སུ་མྱོང་བའི་སྐྱེས་བུ་གཉིས་ལ། རྟོགས་པའི་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས། ཡིད་ཆོས་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་། བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས། ཕྱི་རོལ་ཏུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་། ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ། འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོངས་པའི་གདེང་རྙེད་ནས། སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་སངས་རྒྱ་བ་ཡིན་ནོ་ཞེས་གསུངས་ཏེ། ཚིག་གི་རྒྱལ་པོ་བརྒྱད་པོ་འདི་དག་མི་འགྱུར་བ་དོན་གྱི་གཏན་ཚིགས་ཆེན་པོ་བརྒྱད་ཀྱིས་གྲུབ་པས། བློ་ཡང་རབ་རྣམས་ལ་སྒྲ་ཇི་བཞིན་པར་བཤད་པར་བྱ་སྟེ། རིག་པའི་གཤིས་དེ་ཁོ་ནར་ངེས་པའི་ཕྱིར་རོ། །དམན་པ་རྣམས་ལ་བདེན་པ་གཉིས་སུ་ཕྱེ་ནས་བཤད་པས་སླད་ཀྱིས་རྟོགས་པར་བྱེད་ཀྱི། ཐད་དྲང་དུ་བཤད་ན་སྔངས་པར་འགྱུར་ཏེ། རང་ཤར་ལས། སེང་གེས་རང་སྐད་བཏོན་པས་གཅན་གཟན་ཐམས་ཅད་བརྒྱལ་ཞིང་སྐྲག །རྫོགས་ཆེན་རང་སྐད་སྨྲས་པས་ཐེག་དམན་ཐམས་ཅད་བརྒྱལ་ཅེས་སོ། །དེས་ན་སྐལ་མེད་རྒྱུ་འབྲས་ངེས་དོན་དུ་འདོད་པ་རྣམས་ལ་གསང་བར་གདམས་པ་ནི། སྔ་མ་དེ་ལས། ཚིག་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པའི་ནང་དུ་རྡུལ་ཙམ་ཡང་བརྗོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་དག་རྣམས་ཀྱིས་ཚིག་འདི་ཀུན་ཐོས་པས། སྐྲག་པ་དང་།

p. 710

སྔངས་པ་དང་། བརྒྱལ་བར་འགྱུར་ཏེ། གསང་སྔགས་རྣམས་ལ་མི་མོས་ཏེ་ཡིད་བྱུང་ནས། དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བས་ན། བསྟན་ཅིང་ཐོས་པར་ཡང་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ་ཞེས་སོ། །གསང་སྔགས་ཐུན་མོང་ལས་ཀྱང་། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཅེས་པ་དང་། བྱང་ཆུབ་སེམས་དཔའི་ས་ལས་ཀྱང་། བློ་མ་སྦྱངས་པ་ལ་སྟོང་པ་ཉིད་སྟོན་པ་དང་ཞེས་རྩ་ལྟུང་དུ་བཤད་པས་གསང་ངོ་། །དེ་ཡང་རྣམ་པར་ཤེས་པའི་ཚོགས་བརྒྱད་དག་པར་བྱེད་པ་ངོ་མཚར་གྱི་ཚིག་ཆེན་པོ་བརྒྱད་དང་། མི་འགྱུར་བའི་གཟེར་ཡིག་ཆེན་པོ་བཅུ་གཉིས་ཀྱིས་ཆོས་ཟད་བྱར་མེད་ཆེན་པོར་ལ་བཟླ་བའི་ཆིངས་སུ་སྙིང་ཁམས་མ་ཆུང་བར་བཤད་ལ། རེ་དོགས་འཆིང་ཞེན་མེད་པས་འཁོར་འདས་དུས་གཅིག་ལ་མིང་མེད་ཆེན་པོར་བློས་བཏང་ངོ་། །གཤིས་དེར་ཕེབས་པའི་རྣལ་འབྱོར་པ་ཆེན་པོ་རྣམས་ལ་རྒྱུ་འབྲས་དགེ་སྡིག་མེད་པ་ཐད་དྲང་དུ་བཤད་དེ་པདྨ་དང་བི་མ་ལ་དང་། ཏེ་ལོ་པ་ལ་སོགས་པ་བཞིན་ནོ། །རང་ཅག་རྣམས་ལ་བློས་དེ་ལྟར་རྟོགས་ཀྱང་གོམས་པས་ཐོག་ཏུ་མ་ཕེབས་པས། གཤིས་ལ་མི་སྐྲག་ཅིང་ལས་འབྲས་ཆ་ཕྲ་བ་ལ་འཛེམ་པ་དང་སྦྱར་ནས་བཤད་དོ། །དེ་ལྟར་ན་རྡོ་རྗེའི་གད་མོ་བཅུ་གཉིས་ཆིངས་གསུམ་དུ་ལན་གསུམ་དུ་བཤད་པས་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་ནི་རྩ་བ་ཉོན་མོངས་པ་རྟེན་འབྲེལ་བཅུ་གཉིས་ལུགས་སུ་འཇུག་པ་དང་། ལུགས་ལས་བཟློག་པ་དང་། ཡོངས་སུ་གྲོལ་བ་སྟེ་སུམ་ཅུ་རྩ་དྲུག་གི་གནས་དག་པ་དང་སྦྱར་ལ་གོ་བར་བྱའོ། །དེ་དག་གི་དོན་ཆིངས་ངེས་པས་མདོར་བཤད་དེ་ཚིག་གི་དོན་སྤྲོས་པས་ཆོག་གོ། སྤྱི་དོན་གཉིས་པ་ཐག་ཆིག་ཐོག་ཏུ་བཅད་པས་ཆིངས་བསྡམ་པ་ལ་གསུམ་སྟེ། ལྟ་བ་རང་བྱུང་ཡེ་ཤེས་སུ་ཐག་བཅད། དགོངས་པ་དུས་གསུམ་དུས་མེད་དུ་ངང་བསྐྱང་། གནས་ལུགས་ཆོས་མེད་ཡེ་ཟད་དུ་ལ་བཟླ་བའོ། །དང་པོ་ནི་རང་གི་རིག་པ་སྟོང་གསལ་འཕོ་འགྱུར་མེད་པའི་ངོ་བོ་འདི་ཟང་

p. 711

ཐལ་རྗེན་པའི་ངོ་བོར་ཐག་བཅད་ལ་ལྟ་སྒོམ་སྤྱོད་འབྲས་བློའི་ཆོས་ཀྱིས་བཅོས་བསླད་གང་ཡང་མི་བྱ་བར་མ་བཅོས་ལྷུན་གྲུབ་ཆེན་པོའི་ལྟ་སྒོམ་རང་བབས་ཕྱམ་གདལ་ཆེན་པོས་ཉམས་སུ་བླང་བ་ནི། རྩལ་རྫོགས་ལས། གསང་སྔགས་རིག་པ་ཅོག་གཞག་ནི། །ལྟ་སྒོམ་སྤྱོད་པའི་མདོ་མདུད་ཡིན། །ཕྱི་ནང་གསལ་བའི་ཤེས་རབ་ལ། །ཡིད་ཀྱི་རྣམ་རྟོག་མ་འགྱུས་པས། །གསང་སྔགས་གསང་བའི་ལྟ་བར་འདོད། །བཅོམ་ལྡན་སེང་གེ་ཆོས་ཀྱི་སྐུ། །གཟུང་འཛིན་བྲལ་བའི་ཏིང་འཛིན་གནས། །མཚན་མ་མེད་པའི་ལྟ་བ་ལ། །བཏང་སྙོམས་ཆེན་པོའི་ཤེས་རབ་གསལ། །ཅེས་པ་དང་། ཡང་། ཐམས་ཅད་འབྱུང་བའི་ཆོས་སྐུ་ལས། །ཀློང་ཡངས་ཡུལ་མེད་ངང་དུ་ཐིམ། །བཅས་བཅོས་མེད་ན་སྤྱོད་པ་ཡིན། །རང་སྣང་མཐོང་ན་ལྟ་བ་ཡིན། །དེ་ལ་མ་ཡེངས་བསྒོམ་པར་བཤད། །བཏང་བཞག་མེད་ན་ཏིང་འཛིན་ཐོབ། །ཕྱོགས་ལྷུང་མེད་ན་རང་ས་ཟིན། །མ་བྱས་རང་བྱུང་ཡེ་ནས་གྲུབ། །ཅེས་པ་དང་། ཆོས་ཉིད་མཐའ་ཡས་རང་བྱུང་རྒྱ་མཚོ་ན། །རང་རིག་རྟོག་བྲལ་གསེར་གྱི་ཉ་མོ་འགྱུ། །སྟོང་གསལ་འཁོར་འདས་བྲལ་བའི་རྒྱ་ཡིས་ཐོབ། །ཅེས་སོ། །གཉིས་པ་དགོངས་པ་དུས་གསུམ་དུས་མེད་དུ་ངང་བསྐྱང་བ་ལ་གཉིས་ཏེ། ངོ་བོ་རང་གསལ་ངང་དྭངས་ལ་བཅོས་བསླད་མེད་པར་རང་ས་ན་སལ་ལེ་ཧྲིག་གེ་མེར་རེ་འཁྱིལ་ལེ་འོད་གསལ་མཉམ་པའི་ངང་ལ་ནང་དུ་གཞག་པ་དང་། རང་ལས་རང་ཤར་བའི་བློ་རྟོག་རྗེས་འཛིན་འཕྲོ་མཐུད་བཅད་ནས། བར་མེད་ཧར་སངས་ཕྱལ་བར་དུས་གསུམ་དུས་མེད་དག་པའི་དགོངས་པ་ཆུ་བོའི་ཀློང་ཆེན་ཡངས་པར་ཕྱིར་བཞག་པས་དབྱིངས་རང་ས་ན་གསལ་བའི་མན་ངག་གོ། དང་པོ་ནི། ལུས་གནད་དང་རླུང་གནད་བསྟུན་ལ་ཤེས་པ་རང་གསལ་ལ་སྣང་བ་རང་སྣང་གཟུང་འཛིན་མེད་པར་ཙེན་ནེ་བཞག་པ་ནི། ཀློང་དྲུག་པ་ལས། དེ་བཞིན་ཉིད་དེ་མ་བཅོས་ན། །ནམ་མཁའ་སྤྲིན་གྱིས་མ་བསྒྲིབས་བཞིན། །ཡེ་གདངས་ཡེ་ནས་གསལ་བའི་ཆ། །དེ་ལྟར་ནམ་མཁའ་དྭངས་པ་ལ། །ཉི་མའི་སྙིང་པོ་རང་སྣང་ལྟར། །ངོ་བོ་དྲི་མ་མེད་པའི་སྐུ། །གཅིག་བསྡུས་

p. 712

ངེས་པའི་སྙིང་པོ་ནི། །ང་ཡི་དཀྱིལ་འཁོར་ཉིད་ཡིན་ནོ། །ཞེས་སོ། །གཉིས་པ་ལ་དུས་གསུམ་ཡིད་ཀྱི་འབྲེལ་ཐག་བཅད་པའི་ཐབས་ཆེན་པོ་བཅུས་ཉམས་སུ་བླང་བ་ནི། ཡང་དེ་ཉིད་ལས། སྐྱེས་བུ་གང་གིས་འདས་པའི་རྗེས་མ་བཟུང་། མ་འོངས་པའི་སྔུན་མ་བླང་། ད་ལྟའི་ཤེས་པ་རང་སོ་ལ་བཞག་ན། ཤེས་པ་ཐམས་ཅད་སྔ་ཕྱི་མེད་པར་གཅིག་ཏུ་འདྲེས་ནས། གཅིག་འདུས་ངོ་བོ་གཅིག་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །ཡང་འདས་པའི་བག་ཆགས་ཀྱི་རྗེས་སུ་མ་འབྲངས། ཕྱིས་འབྱུང་གི་བག་ཆགས་རྣམས་སྔུན་མ་བསུ། ད་ལྟར་གྱི་བག་ཆགས་རྣམས་རྒྱུད་ལ་མི་བསྟེན་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཞེས་བྱའོ། དྲན་པ་རང་ཟད་ཀྱི་ཐབས་ཀྱིས་འཁོར་འདས་གཉིས་མེད་དུ་བསྲེ་བ་སྟེ། འདས་པའི་དྲན་པ་རྣམ་པར་མཚམས་བཅད་པ་དང་། མ་འོངས་པའི་དྲན་པ་ཉིད་མགོ་མནན་པ་དང་། ད་ལྟར་གྱི་དྲན་པ་རྣམས་རང་ཡལ་དུ་བཏང་བ་ནི། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཞེས་བྱའོ། །ཡང་འདས་པའི་སེམས་ལ་ཕུགས་མི་གཏད། མ་འོངས་པའི་སེམས་ལ་རྒྱབ་མི་གཏད། ད་ལྟར་གྱི་སེམས་ལ་བློ་མི་གཏད་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་མ་རིག་པ་ལ་གཟེགས་མ་བསྐུར། མ་འོངས་པའི་མ་རིག་པ་ལ་ཡབ་མ་བོར། ད་ལྟར་གྱི་མ་རིག་པ་ལ་ཕང་དུ་མ་བླངས་ན། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་ཞེ་སྡང་ལ་ཞེ་མ་ཆགས། མ་འོངས་པའི་ཞེ་སྡང་ལ་ལྕགས་ཀྱུས་མ་བཟུང་། ད་ལྟར་གྱི་ཞེ་སྡང་ལ་ངར་མ་བླུད་ན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་གཏི་མུག་གིས་སྤྲིན་མ་བསྡུས། མ་འོངས་པའི་གཏི་མུག་གིས་ས་མ་བཅད། ད་ལྟར་གྱི་གཏི་མུག་གིས་ཆར་མ་ཕབ་ན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །

p. 713

འདས་པའི་སངས་རྒྱས་ལ་ལན་མ་གདབ། མ་འོངས་པའི་སངས་རྒྱས་ལ་ཁུ་མ་གདགད་ལྟར་གྱི་སངས་རྒྱས་ལ་ཐོག་མ་གཏོད་པ་ནི། དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་འདོད་ཆགས་ཉིད་སུན་དབྱུང་། མ་འོངས་པའི་འདོད་ཆགས་རྣམས་ཞེ་བཅད། ད་ལྟར་གྱི་འདོད་ཆགས་རྣམས་ཡུལ་ཕྱུང་བ་ནི། དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་ཕྲག་དོག་ལ་དམ་དུ་མ་བཟུང་། མ་འོངས་པའི་ཕྲག་དོག་ལ་སེམས་མ་བསྡུས། ད་ལྟར་གྱི་ཕྲག་དོག་ལ་སེམས་མ་བཅུག་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་སྟེ། འཁོར་འདས་གཉིས་མེད་དུ་རྟོགས་པའི་རྣལ་འབྱོར་པ་ཆེན་པོ་ཞེས་བྱའོ་ཞེས་སོ། །དེའང་དུས་གསུམ་གྱི་སངས་རྒྱས་ནི། རིག་པའི་ཡེ་ཤེས་ཀྱི་ཉམས་ཁྱད་པར་ཅན་ཏེ་དགའ་བྲོད་ཀྱི་འཛིན་ཞེན་འདོར་བར་གདམས་ཤིང་། གཞན་དགུ་དགག་སྒྲུབ་ཡུལ་ལ་འཆར་བ་དང་རང་གནས་ལུང་མ་བསྟན་གྱི་གཏི་མུག་སྟེ། ངོས་བཟུང་ལ་དུས་གསུམ་འབྲེལ་ཐག་བཅད་པའི་བར་གྱི་ཧར་སངས་ཆོས་ཉིད་དུ་གནས་པ་ངོས་བཟུང་ལ་བསྒོམ་པ་ཡིན་ནོ། །གསུམ་པ་གནས་ལུགས་ཆོས་མེད་ཡེ་ཟད་དུ་ལ་བཟླ་བ་ནི། སེང་གེ་རྩལ་རྫོགས་ལས། དགེ་བས་སངས་རྒྱས་དོན་མ་རྟོགས། །དགེ་བས་སངས་རྒྱས་དོན་རྟོགས་ན། །རྫོགས་ཆེན་གནས་ལུགས་བརྫུན་པར་འགྱུར། །སྡིག་པས་འཁོར་བར་ལྟུང་མི་འགྱུར། །སྡིག་པས་འཁོར་བར་ལྟུང་འགྱུར་ན། །སྐད་ཅིག་རྣམ་གསུམ་བརྫུན་པར་འགྱུར། །སྟོང་པས་ཡང་དག་དོན་མི་མཐོང་། །སྟོང་པས་ཡང་དག་དོན་མཐོང་ན། །ཡེ་ཤེས་འོད་གསལ་བརྫུན་པར་འགྱུར། །མཚན་མས་རང་རིག་དོན་མི་མཐོང་། །མཚན་མས་རང་རིག་དོན་མཐོང་ན། །རང་སངས་ཆོས་ཉིད་བརྫུན་པར་འགྱུར། །བྱས་པས་ལྷུན་རྫོགས་དོན་མི་རྙེད། །བྱས་པས་ལྷུན་རྫོགས་དོན་རྙེད་ན། །ངོ་བོ་འགྱུར་མེད་བརྫུན་པར་འགྱུར། །གཟུང་བས་སྣང་བ་མཐོང་མི་འགྱུར། །གཟུང་བས་སྣང་བ་མཐོང་གྱུར་

p. 714

ན། །རང་བཞིན་འགག་མེད་བརྫུན་པར་འགྱུར། །དཔྱད་པས་ཕ་རོལ་སྒྲོལ་མི་འགྱུར། །དཔྱད་པས་ཕ་རོལ་སྒྲོལ་གྱུར་ན། །ཐུགས་རྗེ་ཀུན་ཁྱབ་བརྫུན་པར་འགྱུར། །འཁྲུལ་པའི་སྣང་བས་ང་མི་བསྒྲིབ། །འཁྲུལ་པའི་སྣང་བས་ང་བསྒྲིབས་ན། །སྒྲོན་མ་རྣམ་གཉིས་བརྫུན་པར་འགྱུར། །དེ་ནི་གསང་སྔགས་དགོངས་པར་བསྟན། །ཞེས་སོ། །འདི་ནི་གསང་དོན་དབྱིངས་ཀྱི་ལ་བཟླ་གལ་པོ་ཆེ་ལ་རྔམ་པོ་ཆེ་ཡིན་པས་ཐད་དྲང་དུ་བཤད་པ་ལ་མི་སྐྲག་པར་བྱའོ། །སྤྱི་དོན་གསུམ་པ་གདེང་གྲོལ་ཐོག་ཏུ་བཅའ་བས་འཕྲང་བསལ་བ་ལ་གསུམ་སྟེ། རང་གྲོལ་གྱི་གོ་དོན་སྤྱིར་བསྟན་པ། ཡེ་གྲོལ་གྱི་གནས་ལུགས་བྱེ་བྲག་ཏུ་བཤད་པ། རང་གྲོལ་གྱི་དགོངས་པ་རྒྱས་པར་བརྗོད་པའོ། །དང་པོ་ནི། ཉོན་མོངས་ལས་ངེས་པར་འབྱིན་པའི་ལམ་རྒྱལ་ཨ་ཏི་རྡོ་རྗེ་སྙིང་པོ་འདིར། ཉོན་མོངས་མ་སྤངས་གནས་སུ་དག་པས། ཉན་རང་ལྟར་སྤོང་བ་དང་། སེམས་དཔའ་ལྟར་སྤོང་བ་དང་། སྔགས་འོག་མ་བསྐྱེད་རིམ་ལྟར་བསྒྱུར་བ་དང་། རྫོགས་རིམ་ལྟར་རང་ཞིར་གཏོང་བ་དང་། ཐེག་པ་ཐུན་མོང་བ་སྤྱི་ལྟར་གཉེན་པོས་གདུལ་བ་དང་། སེམས་སྡེ་ལྟར་རང་ལུགས་སུ་འཇོག་པ་དང་། ཀློང་སྡེ་ལྟར་དེ་ཉིད་ཆོས་ཉིད་དུ་བྱེད་པས་དག་པ་ལྟ་བུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་དེ་ཡེ་ཇི་བཞིན་ཡོད་མ་མྱོང་དུ་མ་ཤེས་ན། སྤངས་པས་མི་སྤོང་སྟེ། ཉོན་མོངས་དེ་སེམས་ཀྱིས་སྤོང་ན། སྤང་བྱ་སྤོང་བྱེད་གཉིས་རྫས་གཅིག་པས་དག་པར་མི་རུང་ལ། ཡེ་ཤེས་ཀྱིས་སྤོང་ན་སེམས་ཀྱིས་ཡེ་ཤེས་མ་མཐོང་། ཡེ་ཤེས་ཀྱིས་སེམས་མ་མཐོང་བས་ལྷན་ཅིག་མི་གནས་པའི་དངོས་འགལ་ལ་སྤང་བྱ་སྤོང་བྱེད་ཀྱི་ཐ་སྙད་མི་རུང་ལ། སྔ་མ་ཕྱི་མས་སྤངས་པ་མེད་དེ་འདས་མ་འོངས་རྫས་འགལ་བས། གཅིག་ཡོད་དུས་གཅིག་འགགས་ལ། དུས་མཉམ་ན་ཕན་ཚུན་འཆོལ་བས་སྤང་བྱ་གཉེན་པོར་ཐལ་ལ། གཉེན་པོ་སྤང་བྱར་ཐལ་ཏེ། སེམས་རྒྱུན་གཅིག་ལ་དུས་མཉམ་པའི་ཕྱིར་རོ། །ཡང་སེམས་དེ་ཉིད་ལས་ཉོན་མོངས་འབྱུང་བ་ལུས་དང་གྲིབ་མ་ལྟ་བུ་ལ་སྤངས་པས་

p. 715

སྤོང་བའི་དུས་མེད་དོ། །དེ་བཞིན་དུ་སྦྱང་བ་ལ་སོགས་པ་ལ་ཡང་སྦྱོར་ཏེ། ཉི་ཟླ་ཁ་སྦྱོར་ལས། དེ་བཞིན་ཉིད་དུ་མ་རྟོགས་ན། །རྣལ་འབྱོར་ལུས་དང་གྲིབ་མ་བཞིན། །དེ་ལས་དེ་ཉིད་རང་འབྱུང་བས། །སྤངས་པས་སྤོང་བ་མ་ཡིན་ནོ། །དེ་བཞིན་སྦྱངས་པས་ཀྱང་ནི་མིན། །བསྒྱུར་བས་ཡང་ནི་མི་འགྱུར་རོ། །འགྱུར་མེད་སྙིང་པོ་མ་རྟོགས་པར། །ཤེལ་གྱི་བྲག་གམ་གཡུ་རྡོ་བཞིན། །སྦྱང་ཞིང་བཞུ་བར་ནུས་པ་མིན། །རང་བཞིན་གྱིས་ནི་གནས་དག་ཏུ། །རྣལ་འབྱོར་ལྡན་པ་ཡིས་ནི་བརྟག །དེ་བཞིན་ཞི་བ་ཉིད་ཀྱང་མིན། །མངོན་སུམ་ལྷག་མཐོང་མ་ཤེས་པར། །རི་རབ་རི་ཡི་རྒྱལ་པོ་བཞིན། །སུས་ཀྱང་གཞིག་པར་ནུས་པ་མིན། །གཉེན་པོ་ཡིས་ནི་གྲོལ་བ་མིན། །མ་བཙལ་རང་དག་མ་ཤེས་པར། །རྙོག་མ་སངས་འདོད་ཆུ་རྙོག་བཞིན། །ཕྱི་ཕྱིར་སངས་པ་མ་ཡིན་ནོ། །དེ་ཉིད་དྭངས་ཀྱང་ཆོས་ཉིད་མིན། །རང་སྣང་ལྷུག་པ་མ་ཤེས་པར། །ཐ་མལ་བླུན་པོའི་སྣང་བ་བཞིན། །མངོན་ཞེན་བཟློག་པ་མ་ཡིན་ནོ། །ཞེས་པས་ཆུའི་རི་མོ་ལྟར་རང་གིས་རང་གྲོལ་བའི་གནད་དུ་ཤེས་པར་བྱའོ། །འདི་ལའང་བློ་རིམ་པ་གཉིས་ལས། འབད་བཅས་རང་གྲོལ་ནི། ཉོན་མོངས་གང་སྐྱེས་ངོས་བཟུང་ལ་རང་སར་བཞག་པས་རང་སངས་སུ་ཁྲོལ་ཁྲོལ་སོང་བའི་ངང་ལ་འགྱུ་བ་གནས་དག་གི་དགོངས་པ་རང་གྲོལ་མཉམ་པ་ཆེན་པོར་སྐད་ཅིག་ཀྱང་ཡེང་མེད་དུ་རྩལ་སྦྱང་ངོ་། །འབད་མེད་ནི། གང་སྐྱེས་དེས་ཚུགས་མི་ཐུབ་པར་རང་སངས་པ་ཆོས་ཉིད་ཡིན་པས། དེ་ལ་ལྟ་བའི་ཐབས་དེ་སྤང་མི་དགོས་པར་རང་བཞིན་ངང་ངམ་ཤུགས་ཀྱིས་གྲོལ་བ་སྟེ། བློ་རིམ་འདི་གཉིས་དབང་པོའི་ཁྱད་དང་། སྔ་ཕྱི་ལྟ་བུར་གནས་ཏེ། དེ་ཉིད་ལས། འདི་དག་བློ་རིམ་རྣམ་གཉིས་ཏེ། །འབད་བཅས་རྣམས་དང་འབད་མེད་དོ། །འབད་བཅས་རྣམས་ནི་རང་སར་གཞག །སྣང་བ་གོམས་པའི་ཚད་རྣམས་ཀྱིས། །ཡེ་ཤེས་དག་པའི་སྣང་བ་ཉིད། །ཕྱི་ནང་ཀུན་ལ་རང་ཤར་ཚེ། །རྐྱེན་དེས་སྐྱེ་བ་མ་ཡིན་ནོ། །ཇི་སྲིད་དེ་དག་སྐྱེ་འགྱུར་ཡང་། །རང་གཞག་རང་ས་ཉིད་དུ་གྲོལ། །དེ་ཕྱིར་རྣལ་

p. 716

འབྱོར་སྣང་བའོ། །འབད་མེད་རྣམས་ནི་འདི་ལྟ་སྟེ། །རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་གཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་ཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་གོམས་པས་གྲོལ་བ་ནི། །ཐེ་ཚོམ་ཉིད་མེད་ན་ར་ཀན། །ཅེས་སོ། །གཉིིས་པ་ཡེ་གྲོལ་གྱི་གནས་ལུགས་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཡེ་ནས་གྲོལ་ཟིན་པས་ད་ལྟ་རང་གྲོལ་ཏེ་འབད་རྩོལ་གྱི་གཉེན་པོ་མི་དགོས་པར་བསྟན་པ། གནས་ལུགས་དེའི་རང་བཞིན་ལས་མི་འདའ་བར་གདམས་པ། ངང་དུ་རང་སངས་གཞི་མེད་ཙམ་ལས་གཞན་དུ་སོང་མ་མྱོང་བར་ལ་བཟླ་བའོ། །དང་པོ་ནི། མུ་ཏིག་ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་པ་དང་། ཡང་། མ་རིག་པ་ཉིད་རང་བྱུང་བས། །འཁྲུལ་པའི་རྒྱུ་ཉིད་ཡེ་ནས་སངས། །ཀུན་གཞི་ཆོས་སྐུར་རང་ཤར་བས། །བརྒྱུད་པའི་སྐྱེ་བ་རྩད་ནས་བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོད་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་ཡེ་རྫོགས་པས། །ཞེན་པའི་མཐའ་ནི་བསྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །ཡེ་ནས་སྨྲ་བསམ་ཡུལ་ལས་འདས། །བསམ་པའི་འཕྲོ་འདུ་ཡེ་སྟོང་པས། །ཡེ་ནས་བསམ་གཏན་ཆེན་པོར་གནས། །དྲི་མ་རྣམས་ནི་རང་དག་པས། །དྲི་མེད་ཟང་ཐལ་ཆེན་པོར་གནས། །བྱས་པས་བྱུང་ས་མེད་པའི་ཕྱིར། །ཐོག་མ་ཉིད་ནས་བྱ་བྱེད་བྲལ། །

p. 717

གཞི་ནས་གཞན་བྱུང་ཆོས་མེད་པས། །གདོད་ནས་རང་བྱུང་ཉག་གཅིག་གོ། གཅིག་དང་གཉིས་ཀྱི་གྲངས་ཟད་པས། །ཐིག་ལེ་ཟླ་དང་བྲལ་བ་ཉིད། །མུན་པ་གདོད་ནས་རྣམ་དག་པས། །རིག་པའི་སྣང་བ་འོད་གསལ་ཁྱབ། །འཁོར་བ་འགྱུར་མེད་འགགས་ཟིན་པས། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ས། །མཚན་མའི་དངོས་པོ་སྟོང་སངས་པས། །བདག་འཛིན་བློ་ནི་ཡེ་ནས་ཟད། །རྐྱེན་རྣམས་རྐྱེན་གྱིས་རང་གྲོལ་བས། །ལྟོས་པ་རྣམས་ནི་ཅོག་བཞག་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་གཞག་པ་སྟེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་གཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །མཚན་བཅས་རང་སར་དག་པ་དང་། །སྟོང་དང་དངོས་པོའི་མཐའ་གྲོལ་དང་། །འགྱུ་ཟད་རྟོག་པ་མེད་པ་དང་། །བློ་ཟད་ཡིད་ལས་འདས་པའོ། །ཞེས་པ་དང་། སྔ་མ་ལས། འབྱུང་བ་ལྔ་ཉིད་ཡེ་དྭངས་པས། །སྣང་བ་འོད་གསལ་ཉིད་དུ་གྲོལ། །དབང་པོ་ལྔ་ཉིད་ཅེར་གཞག་པས། །འཛིན་པའི་ཡུལ་ལྔ་རང་སར་གྲོལ། །ཅེས་སོ། །གསུམ་པ་ནི། ཐལ་འགྱུར་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་དགྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་སོ། །

p. 718

དེའང་སྒོ་གསུམ་ཡེ་ནས་གྲོལ་བས་གདོད་ཀྱིས་འབད་པས་གྲོལ་མི་དགོས་ཏེ། ལུས་ཀྱིས་ཕྱག་རྒྱ་བསྒྱུར་བ་ལ་སོགས་པ་ཅི་ཡང་མི་དགོས་པར་འབྱུང་བ་རང་གནད་ཀྱིས་གྲོལ་བས་འགྲོ་བ་དྲུག་ཏུ་སླར་མི་ལྡོག །ངག་གིས་འབད་པ་སྙིང་པོ་བཟླས་པ་ལ་སོགས་པ་བྱ་མི་དགོས་པར། བརྗོད་པ་གསལ་དག་ཏུ་གྲོལ་བས། སྨྲས་ཚད་སྒྲ་དོན་གྱི་གནད་ཀྱིས་གྲོལ། སེམས་ཀྱི་འབད་པ་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་བྱ་མི་དགོས་པར། ཅི་བསམས་དགོངས་པའི་གནད་ཀྱིས་གྲོལ་བ་སྟེ། གཞན་ནས་བྱུང་བ་མེད་པས་རང་གྲོལ་བ་སྟེ་གཉེན་པོ་ཡོད་མི་སྲིད་པའོ། །དེ་ལྟར་ན་རང་གྲོལ་ལ་གཉེན་པོ་མེད་པའི་གནད་དོ། །གྲོལ་ཞེས་བྱ་བ་ལ། བཞག་པ་ཙམ་གྱིས་གྲོལ་བ་དང་། ཤེས་པ་ཙམ་གྱིས་གནད་ཐོག་ཏུ་གྲོལ་བ་དང་། ཡེ་གྲོལ་དང་། རང་གྲོལ་དང་། ཅེར་གྲོལ་དང་། ཡོངས་གྲོལ་ལ་སོགས་པ་མང་ཡང་འདི་ནི་རང་གྲོལ་ཆེན་པོ་ལ་གཉེན་པོ་མེད་པས་འབད་མི་དགོས་པར་བསྟན་པའོ། །གསུམ་པ་རང་གྲོལ་གྱི་དགོངས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ངོ་བོ་མདོར་བསྟན། རང་བཞིན་སོ་སོར་བཤད། དོན་གྱི་མཇུག་བསྡུ་བའོ། །དང་པོ་ནི། མུ་ཏིག་ཕྲེང་བ་ལས། འགག་པ་མེད་པའི་རིག་པ་ལ། །འཁྲུལ་རྒྱུ་མེད་པས་ལྡོག་ས་མེད། །ཡེ་གྲོལ་ཡིན་པས་གཏན་ནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །ཅེར་གྲོལ་ཡིན་པས་སྣང་བ་དག །མཐའ་གྲོལ་ཡིན་པས་མུ་བཞི་འགགས། །གཅིག་གྲོལ་ཡིན་པས་དུ་མ་སྟོང་། །ཞེས་པས། ཕྱི་ནང་གཉིས་མེད་ཟང་ཐལ་བའི་རིག་པ་རྗེན་པ་ཤེལ་གོང་དྲི་མ་མེད་པ་ལྟ་བུ་ལ། གཞི་མེད་པའི་གནད་ཀྱིས་ད་འཁྲུལ་པའི་རྒྱུ་མེད་པས་རྩ་བ་དང་བྲལ་བའི་རིག་པ་ལ་ལམ་མེད། ལམ་མེད་པས་ད་འབྲས་བུ་ཁམས་གསུམ་དུ་ལྡོག་པའི་ས་མེད་དེ་ཡེ་ནས་གྲོལ་ཟིན་ནམ་མཁའ་ལྟ་བུའི་དགོངས་པར་ལྷུན་གྱིས་གྲུབ་ཟིན་པས། གྲོལ་ལུགས་ཆེན་པོ་ལྔ་

p. 719

དང་བཅས་ཏེ་ཐུན་མོང་གི་ཐེག་པ་ཀུན་ལས་ཁྱད་པར་དུ་འཕགས་པའི་གནད་དོ། །གཉིས་པ་ལ་ལྔ་སྟེ། ཡེ་གྲོལ། རང་གྲོལ། ཅེར་གྲོལ། མཐའ་གྲོལ། གཅིག་གྲོལ་གྱི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ཡེ་གྲོལ་བསྐྱར་གཞི་མེད་པའི་གནད་ལ་བརྟེན་ནས། ལྟ་སྒོམ་འབད་རྩོལ་ལ་རག་མ་ལས་པར་བསྟན་པ་ནི། ཡེ་ཤེས་ཁྱབ་པ་སྤྱིར་བཏང་བས་བྱས་པ་དང་བཅོས་པ་མེད་པའི་དོན་ཏེ། གང་ནས་ཀྱང་མ་བྱུང་། གང་དུ་ཡང་མ་སོང་། གར་ཡང་མི་གནས་པ་ལས་འགྱུར་བ་མེད་པའི་དོན་ནོ། །གྲོལ་ནི་བཀྲོལ་བ་ལྟ་བུ་མ་ཡིན་པས། ལྟ་སྒོམ་གྱིས་འབད་མི་དགོས། གྲོལ་ཞེས་རང་ལུགས་སུ་གནས་པ་ལས། བཅས་བཅོས་མེད་པའི་དོན་ནོ། །དེ་ལྟར་ཡིན་པས་ལུས་ངག་ཡིད་གསུམ་རང་ལུགས་ལ་ལྷོད་ཆགས་ཤིང་། སེམས་ཉིད་རྣལ་དུ་ཕེབས་པ་ལ་གྲོལ་ཞེས་བྱ། དེ་ཡང་གཏན་དུ་དེ་ལྟར་གནས་པས་ཐེག་པ་ཐུན་མོང་བ་ལས་འཕགས་པའོ། །ཡེ་ནས་གྲོལ་བའི་དཔེ་ནི། ཨཱ་ལི་ཀའི་འབྲས་བུ་ཡེ་ནས་སྨིན་པ་ལ། ད་སྨིན་རྒྱུ་མེད་པ་ལྟ་བུའོ། །ཡེ་གྲོལ་ལ་གསུམ། ཡེ་གྲོལ་གྱི་གོ་བ། འཇོག་པའི་འཐད་པ། གྲོལ་ལུགས་སོ། །ཡེ་གྲོལ་གྱི་གོ་བ་ནི། གློ་བུར་བ་མ་ཡིན་པར་ཐོག་མ་ནས་གྲོལ་ཟིན་པས། ད་བསྐྱར་ནས་གྲོལ་རྒྱུ་མེད་པའི་གནད་ནི། རིག་པ་ཉིད་འཁྲུལ་མ་མྱོང་བ་ལས་བྱུང་བའོ། །ཡེ་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ། རིགས་པས་འཐད་པ། ལུང་གིས་འཐད་པ། གཏན་ཚིགས་ཀྱིས་འཐད་པའོ། །རིགས་པས་འཐད་པ་ནི། ཡེ་ཉིད་ནས་རིག་པ་ཉིད་གྲོལ་བའི་གནད་ནི། རིག་པ་ལ་གཞི་མེད་པས་ལྡོག་ས་མེད་པ་དང་། རྩ་བ་མེད་པས་བྱུང་ས་མེད་པ་དང་། མཚན་ཉིད་མེད་པས་གཏན་ལ་མི་ཕེབས་པ་དང་། སྐྱེ་བ་མེད་པས་གྲོལ་རྒྱུ་མེད་པའོ། །དེ་ཡང་ཡེ་གྲོལ་ཡིན་པའི་རྟགས་སུ་སྒོམ་སྒྲུབ་གང་གིས་ཀྱང་མཚན་ཉིད་མཐོང་བ་མེད། དེ་ཡང་རྒྱུ་འབྲས་རྗེས་མེད་ཀྱི་རིགས་པས་འཐད་དེ། རིག་པ་ལ་རྒྱུ་

p. 720

མེད་པས་འབྲས་བུ་མེད་དེ་ལས་དང་རྣམ་པར་སྨིན་པ་ཡོད་མི་སྲིད་དོ། །ལུང་གིས་འཐད་པ་ནི། བརྩོན་པ་དོན་ལྡན་ལས། ཡེ་ནས་གྲོལ་བའི་སེམས་ཉིད་ནི། །ཕྱི་ནས་གྲོལ་རྐྱེན་ག་ལ་སྲིད། །ཅེས་སོ། །གཏན་ཚིགས་ཀྱིས་འཐད་པ་ནི། གཏད་ཡལ་རང་གཞག་གི་གཏན་ཚིགས་ཀྱིས་འགྲུབ་སྟེ། གཏད་པ་ཡེ་ནས་གྲོལ་བས། དེ་ཉིད་རང་སར་གྲོལ་ཏེ། ཡེ་ཉིད་ནས་གྲོལ་བའི་ཕྱིར་རོ། །དེ་ཡང་སེམས་ལ་བྱུང་ས་མེད་པ་དང་། གནས་ས་མེད་པ་དང་། འགྲོ་ས་མེད་པའི་གནད་ཀྱིས་ཡེ་ནས་གྲོལ་བར་ཤེས་སོ། །གྲོལ་ལུགས་ནི། སེམས་སྟོང་པ་ཡིན་པས་གྲོལ་ཞེས་བྱ་བའམ། མ་གྲོལ་ཞེས་ཐ་སྙད་ཙམ་དུ་གདགས་སུ་མེད་པས། ཡེ་ནས་གྲོལ་ཟིན་པའི་རྟགས་སུ། ད་དེ་ལ་བསྐྱར་ནས་གྲོལ་མི་དགོས་པ་ནི། སེམས་ཡེ་ནས་སངས་རྒྱས་པས་སོ། །ཡེ་ནས་གྲོལ་བ་དེ་ལ་གྲོལ་རྒྱུ་མེད་པར་ཤེས་སོ། །གཉིས་པ་རང་གྲོལ་ལ་གཉེན་པོ་མེད་པའི་གནད་ལ་བརྟེན་ནས། བླ་མའི་གདམས་ངག་ལ་རག་མ་ལས་པར་བསྟན་པ་ནི། འདི་ལྟར་སྣང་གྲགས་ཀྱི་ཆོས་ཐམས་ཅད་བྱུང་ཡང་རང་ལས་བྱུང་ལ། གྲོལ་ཀྱང་རང་གྲོལ་བས་སོ། །དཔེར་ན་ནམ་མཁའ་དང་སྤྲིན་བཞིན་ནོ། །དེ་ལྟར་ཡིན་པས་ཡུལ་གཞན་ལ་བརྟེན་པའི་བསྒོམ་པ་དང་། ལྟ་བ་དང་། སྤྱོད་པ་སྐྱོན་ཅན་ལྟ་བུ་མིན་པས་ནི། དོན་གྱིས་གྲོལ་ཞེས་བྱ་བ་ནི་ཆོས་ཟད་པ་ལ་བྱའོ། །རང་གྲོལ་ལ་གསུམ་སྟེ། རང་གྲོལ་གྱི་གོ་བ། རང་གྲོལ་གྱི་འཐད་པ། གྲོལ་ལུགས་སོ། །རང་གྲོལ་གྱི་གོ་བ་ནི། གཉེན་པོ་མེད་པའི་དོན་ཏེ། སྣང་བ་ཉིད་སྣང་བ་ནས་རང་གྲོལ་བས། སྣང་བ་ལས་མ་གཏོགས་པའི་ཆོས་ཉིད་གང་ཡང་མེད། དེ་བཞིན་དུ་སྟོང་པ་ལ་སོགས་པ། དེ་ཉིད་ཀྱིས་གྲོལ་བ་ལས་ལོགས་པ་མེད་པའོ། །དཔེར་ན་ཆང་ནད་ཅན་ཆང་གིས་འཇོམས་པ་དང་། དུག་གིས་དུག་འཇོམས་པ་དང་། ལྕགས་ཀྱིས་ལྕགས་གཅོད་པ་ལ་སོགས་པ་དང་འདྲའོ། །ཉོན་མོངས་པ་ཉིད་དེ་

p. 721

ཉིད་ཀྱིས་གྲོལ་བས་ན་རང་གྲོལ་ཞེས་བྱའོ། །རང་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ་སྟེ། རིགས་པས་འཐད། ལུང་གིས་འཐད། གཏན་ཚིགས་ཀྱིས་འཐད་པའོ། །རིགས་པས་འཐད་པ་ནི། ཆོས་ཉིད་ཀྱི་རིགས་པས་འཐད་དེ། གྲོལ་བ་ཐམས་ཅད་རང་གྲོལ་ཡིན་པས། གཞན་གྱིས་བཀྲོལ་བ་ལྟ་བུ་མ་ཡིན་པར་འཐད་ལ། གལ་ཏེ་གཞན་གྲོལ་ཡིན་ན། དངོས་པོ་གཅིག་ལ་གཟུགས་ཐ་དད་དུ་སྣང་བ་མི་སྲིད་པ་བཞིན་ནོ། །དངོས་པོའི་མཚན་ཉིད་དངོས་པོས་གཏན་ལ་ཕེབས་པ་བཞིན་ནོ། །ལུང་གིས་འཐད་པ་ནི། སེམས་སྡེ་ལས། གྲོལ་བ་རང་བྱུང་གཞན་ལས་མིན། །ཞེས་སོ། །གཏན་ཚིགས་ཀྱིས་འཐད་པ་ནི། རང་གྲོལ་ཆེན་པོ་ལ་རྩོད་གཞི་མེད་པའི་གཏན་ཚིགས་ཀྱིས་འགྲུབ་ཅིང་འཐད་དོ། །འདི་ལྟར་སྣང་བ་རང་གྲོལ་བ་ཡིན་ཏེ་གཉེན་པོ་གཞན་ལ་རག་ལས་པ་མེད་པའི་ཕྱིར་རོ། །གྲོལ་ལུགས་ནི། རང་གིས་རང་གྲོལ་བ་ལས་མ་གཏོགས་པ་གཞན་མ་ཡིན་ཏེ། གཞུང་གཞན་ནས་ཀྱང་། འདོད་ཆགས་ཅན་འདོད་ཆགས་ལ་ལམ་དུ་བྱས་པས་གྲོལ་བ་ལ་སོགས་པ་བཤད་དེ། ཀྱེ་རྡོ་རྗེ་ལས། ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་དེ་ཉིད་ཀྱིས་བསྲོ་བར་བྱ། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །སྣང་བ་སྣང་བ་རང་གི་ཐོག་ནས་གྲོལ་བ་ཉིད། སྣང་བ་ལས་མ་གཏོགས་པའི་གྲོལ་རྒྱུའམ་གྲོལ་རྐྱེན་གཞན་མེད་པའོ། །དེ་གཞི་མེད་དུ་གྲོལ་བས། གནས་པའི་རྟེན་མེད་པས། གཞི་རྩ་མེད་པས། གཞི་རྩ་མེད་པའི་སེམས་ཉིད་དེ། གསང་སྙིང་ལས། གཞི་རྩ་མེད་པའི་སེམས་ཉིད་འདི། །ཕོ་མོ་མ་ཡིན་མ་ནིང་མིན། །ཁ་དོག་མ་ཡིན་དབྱིབས་སུ་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཅེས་སོ། །དེ་ཉིད་རང་ལས་མ་གཏོགས་པ་ལྡོག་པའི་ས་མེད་པས། འགྲོ་ས་མེད་པས། སྐྱེ་མ་མྱོང་བའོ། །གང་ནས་བྱུང་བའི་ས་མེད་དེ། དེ་ཉིད་རང་མ་ཡིན་པའི་ཆོས་ལོགས་པ་མེད་པས་རང་གྲོལ་ཞེས་བྱའོ། །དཔེར་ན་སྦྲུལ་གྱི་མདུད་པ་སུས་ཀྱང་མ་བཀྲོལ་བར་རང་གྲོལ་བ་བཞིན་ནོ། །གསུམ་པ་ཅེར་གྲོལ་མཐོང་ཡལ་གྱི་གནད་ལ་བརྟེན་ནས།

p. 722

རྒྱུད་ལུང་ལ་རག་མ་ལས་པར་བསྟན་པ་ནི། ཅེར་གྱིས་མཐོང་བ་ཙམ་གྱིས། དེ་ཉིད་དུ་གྲོལ་བ་ནི། མ་བུ་ཕྲད་པས་གྲོལ་བ་ཡིན་པས། སྣང་བ་དེ་ཉིད་བློས་མ་བསྒྱུར། སྣང་བས་མ་བཅད་པར་བཞག་པས་རང་དག་ཏུ་གྲོལ་བའོ། །ཅེར་གྲོལ་མཐོང་ཡལ་ལ་བཞི་སྟེ། ཅེར་གྲོལ་གྱི་གོ་བ། ཅེར་གྲོལ་དུ་འཇོག་པའི་འཐད་པ། གྲོལ་ལུགས། དཔེའོ། །ཅེར་གྲོལ་གྱི་གོ་བ་ནི། ཅེར་གྱིས་མཐོང་བ་ཙམ་གྱིས། དེ་ཉིད་མཐོང་བར་གྲོལ་བ་ནི། སྐད་ཅིག་དང་པོ་རང་ལ་མཐོང་ངམ། ཐོས་སམ། རིག་པ་ཙམ་གྱིས་གྲོལ་བ་སྟེ། དེ་ལ་ནི་ཆོས་ཉིད་མངོན་སུམ་གྱི་རྩིས་ཐེབས་སོ། །ཅེར་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ། རིགས་པ། ལུང་། གཏན་ཚིགས་སོ། །རིགས་པ་ནི། གཏང་ཡལ་གང་དུ་ཡང་མ་དམིགས་པས་འཐད་དེ། སྣང་བ་སྣང་ཐོག་ཏུ་སྣང་བ་ཙམ་གྱིས་གྲོལ་བ་དང་། ཤེས་པ་འགྱུས་ཐོག་ཏུ་འགྱུས་པ་ཙམ་གྱིས་གྲོལ་བ་སྟེ། སྟོང་པ་རང་སོའི་གནད་ཀྱིས་གཟུགས་ཅེར་གྱིས་མཐོང་བས། གཟུགས་སྙེམས་པ་ཙམ་ལ་བསྟན་ནས། དེ་ཉིད་ཀྱིས་གྲོལ་བའོ། །དེ་བཞིན་དུ་སྒྲ་ལ་སོགས་པའོ། །དེ་གྲོལ་བར་ཅིས་ཤེས་ན། གཟུགས་སུ་མཐོང་བས་གཟུགས་མ་ཡིན་པའི་སྤྲོས་པ་ཆོད། དེ་ལ་ཅེར་གྱིས་གཞག་པས། དེ་ཉིད་གྲོལ་ཏེ། གཞན་ལ་འཇུག་པའི་ཤེས་པ་མི་སྐྱེ་བས་སོ། །ལུང་གིས་འཐད་པ་ནི། །གསེར་གྱི་སྙིང་པོའི་རྒྱུད་ལས། ཅེར་གྲོལ་ཆེན་པོའི་ལྟ་སྟངས་ཀྱིས། །སངས་རྒྱས་སེམས་ཅན་གཉིས་ཀ་གྲོལ། །ཅེས་སོ། །གཏན་ཚིགས་ནི། ཕྱོགས་བྲལ་རང་དག་གི་གཏན་ཚིགས་ཀྱིས་འཐད་དེ། འདི་ལྟར་སྣང་བ་ཅེར་གྲོལ་ཡིན་ཏེ། དེ་ཉིད་ཅེར་སར་བཞག་ནས། བཞག་སར་གྲོལ་ལ། གྲོལ་སར་ཡལ་བའི་ཕྱིར་རོ། །གྲོལ་ལུགས་ནི། ཆོས་ཅན་དུམ་བུ་ལ་བསླབས་པས། དུམ་བུར་ཅེར་སར་གྲོལ་ཏེ། གང་དུ་ཡང་སོང་བ་མེད་པ་དང་། གང་ནས་ཀྱང་འོང་བ་མེད་པ་དང་། གང་དུ་ཡང་འགྲོ་ས་མེད་པའོ། །གར་ཡང་གནས་པ་ལས་འགྱུར་བ་མེད་པའོ། །ཆོས་ཅན་སྤྱི་ལ་བསླབས་པས། སྣང་བ་ཐམས་ཅད་ཅེར་གྲོལ་དུ་སོང་བའོ། །དཔེ་ནི། དཔེར་ན་

p. 723

གཟུ་བོའི་བློ་ཅན་ལྷ་ཁང་དུ་ཕྱིན་པ་ལྟ་བུ་སྟེ། མཐོང་རིས་མེད་པའོ། །བཞི་པ་མཐའ་གྲོལ་ལྟོས་པ་དང་བྲལ་བའི་གནད་ལ་བརྟེན་ནས། ལྟོས་པ་གང་ལ་ཡང་མི་འཆའ་བའི་གནད་ནི། གཅིག་གི་མཐའ་ལས་གྲོལ་བ་ཡིན་པས། གཉིས་སུ་མི་གནས་ལ། གཉིས་ལས་གྲོལ་བས་གཅིག་ཏུ་ཡང་མི་གནས་པའོ། །དེ་བཞིན་དུ་གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་ལ་སོགས་པའོ། །མུ་ནི་ཡོད་པའི་མུ་སྣང་བ་དང་། མེད་པའི་མུ་མི་སྣང་བ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མུ་བཞི་འགགས་པ་ལ་གྲོལ་ཞེས་ཐ་སྙད་དུ་བྱའོ། །མཐའ་གྲོལ་ལྟོས་པ་དང་བྲལ་བ་ལ་གསུམ་སྟེ། མཐའ་གྲོལ་གྱི་གོ་བ། མཐའ་གྲོལ་དུ་འཇོག་པའི་འཐད་པ། གྲོལ་ལུགས་སོ། །མཐའ་གྲོལ་གྱི་གོ་བ་ནི། ཡོད་པ་དང་། མེད་པ་དང་། སྣང་བ་དང་། སྟོང་པའི་མཐའ་གང་ལ་ཡང་ལྟོས་པ་མི་འཆའ་བའོ། །དོན་གྱིས་འདི་ཡིན་འདི་མིན་གྱི་རྩིས་ལས་འདས་པའོ། །མཐའ་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ་སྟེ། རིགས་པ། ལུང་། གཏན་ཚིགས་སོ། །རིགས་པ་ནི། ལྟོས་བྲལ་ངོ་བོ་ཉིད་ཀྱི་རིགས་པས་འཐད་དེ། གང་ལ་ཡང་མ་ལྟོས་པས་མཐའ་དང་བྲལ་བ་ཡིན་པས། མཐའ་གང་ལ་ཡང་གནས་པ་མ་ཡིན་ནོ། །དེའི་ཕྱིར་ན་མཐའ་བྲལ་དབུས་མི་དམིགས་པའི་ལྟ་བ་ཞེས་བྱའོ། །ལུང་གིས་འཐད་པ་ནི། རྩལ་ཆེན་ཡོན་ཏན་རྫོགས་པའི་ལུང་ལས། མཐའ་དང་བྲལ་བས་གྲོལ་ཞེས་བྱ་ཞེས་སོ། །གཏན་ཚིགས་ནི། གཅིག་ཤེས་པས་ཀུན་གྲོལ་བའི་གཏན་ཚིགས་ཀྱིས་འཐད་དེ། གཅིག་མཐའ་དང་བྲལ་བར་ཤེས་པས། འདི་ལྟར་སྣང་བཏགས་ཐམས་ཅད་ལས་གྲོལ་བ་ཡིན་ཏེ། ལྟོས་པ་གང་ལ་ཡང་བཅར་མེད་པའི་ཕྱིར་རོ། །གྲོལ་ལུགས་ནི། ཡོད་མཐའ་ལ་མི་གནས་པས། མེད་མཐའ་ལས་གྲོལ་ལ། མེད་མཐའ་ལ་མི་གནས་པས། ཡོད་མཐའ་གྲོལ་ལ། ཡོད་མེད་གཉིས་ཀ་ལ་མི་གནས་པས། གཉིས་ཀ་གྲོལ། གཉིས་ཀ་མ་ཡིན་པས། གཉིས་ཀ་མ་ཡིན་པ་གྲོལ་བའོ། །ལྔ་པ་གཅིག་གྲོལ་ལ་ཟླ་མེད་པའི་གནད་ལ་བརྟེན་ནས། ཐབས་དང་ཤེས་རབ་ལ་རག་མ་ལས་པར་བསྟན་པ་ནི། གཅིག་ནི་རྫོགས་པ་ཆེན་པོ་ཐིག་

p. 724

ལེ་ཉག་གཅིག་སྤྲོས་པ་དང་བྲལ་བ་ཉིད་དེ། དེའི་ངང་དུ་གྲོལ་བ་ཡིན་པས་དུ་མ་གྲངས་ཀྱི་མཐའ་ཐམས་ཅད་སྟོང་པའོ། །གཅིག་གྲོལ་ཟླ་མེད་པའི་གནད་ལ་བཞི་སྟེ། གཅིག་གྲོལ་གྱི་གོ་བ། གཅིག་གྲོལ་དུ་འཇོག་པའི་འཐད་པ། གྲོལ་ལུགས། དཔེའོ། །གཅིག་གྲོལ་གྱི་གོ་བ་ནི། གཅིག་གྲོལ་དེ་མི་འཐད་པ་མ་ཡིན་ཏེ། གཅིག་ལ་གཅིག་ཏུ་གྲོལ་བ་ལས་མ་རྟོགས་པ་གང་ཡང་མེད་དོ། །དེས་ན་རིག་པ་ལ་ཡེ་ནས་གྲོལ་མ་གྲོལ་གྱི་ཐ་སྙད་ལས་འདས་པའོ། །གཅིག་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ། རིགས་པ། ལུང་། གཏན་ཚིགས་སོ། །རིགས་པས་འཐད་པ་ནི། གྲོལ་བ་ཐམས་ཅད་ཐ་དད་པ་མིན་ཏེ། གཅིག་ལས་གཞན་མེད་པས་གྲོལ་ཞེས་བྱ་སྟེ། གཅིག་པོ་ནི་རིག་པ་ཉིད་དོ། །དེ་ཡང་རང་རིག་གཅིག་པུ་མ་ཡིན་པའི་ཆོས་ལོགས་པ་མེད་པས་སོ། །ལུང་གིས་འཐད་པ་ནི། གསེར་གྱི་སྙིང་པོ་ལས། གཅིག་པུ་གྲོལ་བའི་ཆོས་ཉིད་ནི། །དུ་མ་རོ་གཅིག་ཡིན་པའི་ཕྱིར། །ཞེས་སོ། །གཏན་ཚིགས་ཀྱིས་འཐད་པ་ནི། གཅིག་ཤེས་ཀུན་གྲོལ་གྱིས་འཐད་དེ། གཅིག་རིག་པར་ཤེས་པས། འཁོར་འདས་ཀུན་གྲོལ་བའི་ཕྱིར་རོ། །གྲོལ་ལུགས་ནི། ཆོས་ཉིད་དུ་ངོ་ཤེས་པས་སྣང་ཤེས་ཀུན་གྲོལ་བའོ། །དཔེ་ནི། དུ་མ་རོ་གཅིག་ཏུ་ཤེས་པས། ཚྭ་གཅིག་གི་རོ་གཏན་ལ་ཕེབས་ན། ཚྭ་ཀུན་གྱི་རོ་གཏན་ལ་ཕེབས་པའམ། བུ་རམ་དང་། མེ་གཅིག་ངོ་ཤེས་པས་ཀུན་ངོ་ཤེས་པ་ལྟ་བུ་སྟེ། བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །རང་བཞིན་སྟོང་པ་ཉིད་དུ་གཅིག །ཅེས་པ་བཞིན་ནོ། །དེ་ལྟར་གྲོལ་ལུགས་ལྔ་པོ་གང་ཟག་གཅིག་ལ་བརྩི་བ་མ་ཡིན་ཏེ། དབང་པོའི་བྱེ་བྲག་གིས་གང་ལ་གང་མོས་ཀྱིས་གྲོལ་བ་ཡིན་ནོ། །གསུམ་པ་གྲོལ་ལུགས་ལྔའི་མཇུག་བསྡུ་བ་ལ་ལྔས་བསྟན་པ་ནི། དེ་ཡང་འདིར་གྲོལ་ལུགས་ལྔ་པོ་དེ་ལྟོས་གཞི་དང་བྲལ་བ་ནི། རང་གྲོལ་ཡིན་པས་དམིགས་པའི་ལྟ་བ་དང་སྒོམ་པ་དང་སྤྱོད་པའི་ཆོས་ཀྱི་ལྟོས་པ་དང་བྲལ་བ་སྟེ། རྐྱེན་རྣམས་རྐྱེན་གྱིས་གྲོལ་བ་དཔེར་ན་དྲི་མས་དྲི་མ་འཁྲུ་བ་

p. 725

ལྟར་རྐྱེན་ངན་རྐྱེན་ངན་གྱིས་གྲོལ་ཏེ་ཡེ་ཤེས་ཀྱི་གྲོགས་སུ་འཆར་ལ། ཀ་དག་ཀ་དག་གིས་གྲོལ་ལ་རིག་པ་རིག་པས་གྲོལ་བའོ། །ཡེ་གྲོལ་ལ་གཟུང་འཛིན་ཟུང་འཇུག་གི་ལྟོས་པ་དང་བྲལ་བས། ཡུལ་རྣམས་ཡུལ་གྱིས་གྲོལ་བ་དུག་གིས་དུག་རྣམས་འཇོམས་པ་ལྟ་བུ་དང་། ཅེར་གྲོལ་འཁོར་འདས་གཉིས་ལ་མི་ལྟོས་པས་རྒྱུ་ཡིས་རྒྱུ་རྣམས་གྲོལ་བ་དཔེར་ན་ལྕགས་ཀྱིས་ལྕགས་གཅོད་པ་ལྟ་བུ་དང་། མཐའ་གྲོལ་ཐ་སྙད་ཀྱི་ཚིག་ལ་མི་ལྟོས་པས་ཆོས་ཆོས་ཀྱིས་གྲོལ་བའི་དཔེ་ཤིང་ལས་བྱུང་བའི་མེ་དེས་ཤིང་དེ་ཉིད་བསྲེགས་པ་ལྟ་བུ་དང་། གཅིག་གྲོལ་གྲོལ་བྱེད་བློ་ལ་མི་ལྟོས་པས་སེམས་ཉིད་སེམས་ཀྱིས་གྲོལ་བའི་དཔེ་རྡོ་ཡིས་རྡོ་རྣམས་གཅོག་པ་ལྟ་བུ་སྟེ། མུ་ཏིག་ཕྲེང་བ་ལས། རྐྱེན་རྣམས་རྐྱེན་གྱིས་གྲོལ་བས་ན། །དམིགས་པའི་ཆོས་ལ་ང་མི་ལྟོས། །ཡུལ་རྣམས་ཡུལ་གྱིས་གྲོལ་བ་ལ། །གཟུང་འཛིན་གཉིས་ལ་ང་མི་ལྟོས། །རྒྱུ་ཉིད་རྒྱུ་ཡིས་གྲོལ་བ་ལ། །འཁོར་འདས་གཉིས་ལ་ང་མི་ལྟོས། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །ཐ་སྙད་ཚིག་ལ་ང་མི་ལྟོས། །སེམས་ཉིད་སེམས་ཀྱིས་གྲོལ་བ་ལ། །མཚོན་བྱེད་བློ་ལ་ང་མི་ལྟོས། །དྲི་མས་དྲི་མ་འཁྲུད་པ་བཞིན། །དེ་བཞིན་དག་པས་དག་པ་གྲོལ། །དུག་གིས་དུག་རྣམས་འཇོམས་པ་དང་། །ལྕགས་ཀྱིས་ལྕགས་རྣམས་གཅོད་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་དང་། །ཤིང་གིས་ཤིང་རྣམས་བསྲེགས་པ་ལྟར། །རང་རང་དགྲ་ནི་རང་གིས་བྱེད། །རིགས་མི་མཐུན་པས་གྲོལ་བ་མིན། །ཅེས་སོ། །དེའང་ཐམས་ཅད་རིག་པར་མ་རྫོགས་པ་མེད་པའི་གནད་ཀྱིས་རིག་པ་གྲོལ་དུས་ཆོས་ཐམས་ཅད་གྲོལ་བ་རྟེན་གཞི་ཞིག་པས་རྟེན་ཆོས་འཇིག་པ་ལྟར། རང་གྲོལ་རང་ཞིག་ལ་དབྱིངས་སུ་ཕྱམ་གདལ་བ་ནི། དེ་ཉིད་ལས། དེ་ཕྱིར་གཞི་གནས་རིག་པ་ལ། །རང་ཤར་ཡིན་ཕྱིར་སྣང་བ་རྫོགས། །རང་བྱུང་ཡིན་ཕྱིར་གཞི་ཉིད་རྫོགས། །རང་སྣང་ཡིན་ཕྱིར་ཡུལ་ཡང་རྫོགས། །རང་གྲོལ་ཡིན་ཕྱིར་འཁྲུལ་གཞི་རྫོགས། །རང་དག་ཡིན་ཕྱིར་ལམ་ཀུན་རྫོགས། །རང་རིག་ཡིན་ཕྱིར་ཤེས་བྱ་རྫོགས། །རང་ཁྱབ་ཡིན་ཕྱིར་འབྲས་བུ་རྫོགས། །རང་

p. 726

ས་ཡིན་ཕྱིར་རྒྱུ་རྐྱེན་རྫོགས། །རང་རྟོགས་ཡིན་ཕྱིར་ཆོས་ཉིད་རྫོགས། །རང་ལོག་ཡིན་ཕྱིར་འཁོར་འདས་རྫོགས། །རང་གནས་ཡིན་ཕྱིར་རྒྱུད་ལུང་རྫོགས། །རང་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས། །རང་ཤེས་ཡིན་ཕྱིར་གདམས་ངག་རྫོགས། །རང་གཞག་ཡིན་ཕྱིར་བསམ་གཏན་རྫོགས། །རང་ཆས་ཡིན་ཕྱིར་དབྱིངས་རྫོགས་པའོ། །ཞེས་སོ། །དེ་ལྟར་རྫོགས་ཤིང་གྲོལ་བའི་རིག་པ་དེ་ཉིད་ཐོག་མ་ནས་ཀ་དག་ཡིན་པས་དྲི་མ་མེད་ཅིང་། ཐུག་ས་ཡིན་པས་རྒྱུད་པ་ཟད་ལ། ཉག་གཅིག་བདེ་བ་ཆེན་པོ་སྨྲ་བསམ་བརྗོད་ལས་འདས་པ། ཡེ་ནས་རྣམ་དག་ཟང་ཀ་རྡོས་བཅས་དག་པའི་སྟོང་པ། སྤྱིར་སྣང་འཁོར་འདས་ཀྱི་འཕེལ་ཆས་མ་གོས་པ། ཆོས་ཟད་འགྱུ་སངས་བེམ་རིག་ལས་འདས་པ། གཉུག་མ་གཞིའི་སངས་རྒྱས་སུ་བཞུགས་པ་ཉིད། མུ་ཏིག་ཕྲེང་བ་ལས། ཨེ་མ་རང་རྫོགས་ཆེན་པོའི་ཆོས་སྐུ་ནི། །ཀ་ནས་དག་པས་དྲི་མ་ཟད། །ཐོག་མར་བྱུང་བས་རྒྱུད་པ་ཟད། །ཟླ་དང་བྲལ་བས་རྩིས་ལས་འདས། །སྡུག་བསྔལ་རྒྱུ་མེད་བདེ་ཆེན་པོ། །བརྗོད་པའི་རྒྱུ་མེད་སྨྲ་བསམ་འདས། །ཡེ་ནས་རང་རིག་རྣམ་དག་པའོ། །ཟག་པ་ཟད་ཕྱིར་རྡོས་བཅས་མིན། །དངོས་པོ་ཟད་ཕྱིར་སྟོང་པར་གནས། །གཉིས་ཀྱིས་འཕེལ་མེད་ངོ་བོ་ཉིད། །ཆོས་དང་བྲལ་བས་ཐབས་ལས་འདས། །རྟོག་མེད་གསལ་བས་འགྱུ་བ་སངས། །བེམ་རིག་གཉིས་མེད་ཚོགས་གཉིས་རྫོགས། །འགྲན་པའི་ཟླ་མེད་ཅོག་གཞག་རང་། །བཅོས་པའི་ཚིག་མེད་ཀུན་ཏུ་ཁྱབ། །བསམ་བྱེད་སེམས་མེད་དྲན་པ་བྲལ། །སོ་མ་ཉིད་ཡིན་གཉུག་མའི་ངང་། །མ་བཅོས་མཆོག་ཡིན་རྣལ་མར་བཞུགས། །ཞེས་སོ། །དེ་ལྟར་ཕྱི་སྣང་བ་ནང་ལུས་སེམས་དང་བཅས་པ་ཐམས་ཅད་མེད་པ་གསལ་སྣང་ཆུའི་ཟླ་བ་ལྟ་བུར་རྟོགས་པ་རྩལ་འབྱོངས་ཏེ། རིག་པ་ནམ་མཁའ་ལྟ་བུའི་དོན་ལ་བརྟན་པ་རྣམས་ནི། ཆོས་ཟད་པས་སྣང་བ་དང་ལུས་ཆུ་ཟླ་ལྟར་འབྱོངས་ཏེ། རྩིག་པ་དང་ར་བ་ལ་སོགས་པ་ལ་ཐོགས་པ་མེད་ཅིང་། སྤྱན་དང་མངོན་ཤེས་ཚད་མེད་པ་ཐོབ། འཕགས་པའི་བདེན་པ་མཐོང་ནས་ཡང་སྲིད་པ་རྣམ་པར་གྲོལ་ཏེ། ཀ་དག་གི་ས་ལ་གྲོལ་བ་ནི། འབྱུང་བཞིའི་རྡུལ་ཕྲན་ནུས་མེད་པོ་ཡེ་ཤེས་ཀྱི་མེས་བསྲེགས་ཏེ། ན་བུན་ཡལ་བ་ལྟར་ནམ་མཁའི་མཐོངས་སུ་སྐུའི་རྫུ་འཕྲུལ་བསྟན་ནས། དོན་དུ་འགྱུར་ན་ཡེ་ཤེས་

p. 727

ཀྱི་མེས་བསྲེགས་པའི་རྡུལ་ཕྲན་དེ་དག་སྐུ་གདུང་དང་རིང་བསྲེལ་དུ་བྱིན་གྱིས་རློབ་ཅིང་། མི་འགྱུར་ན་ངང་དེངས་སུ་ཞི་བར་མཛད་ནས། རིག་པ་ཆོས་སྐུའི་དབྱིངས་སུ་བཞུགས་ཏེ། གཟུགས་སྐུ་འཕྲིན་ལས་དང་བཅས་པས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་ནི། ཟངས་ཡིག་ཅན་དང་རྟགས་ཚད་ལས། སྣང་བ་བཞི་ཚད་དུ་མ་ཕྱིན་ཡང་། རྡོས་བཅས་མི་སྣང་བར་གདོད་མའི་སར་གྲོལ་བ་ཡོད་དོ་ཞེས་པའི་དགོངས་པ་སྟེ། ཁྲེགས་ཆོད་དུ་གྲོལ་བའི་ཚུལ་དུ་གསལ་བར། རིན་པོ་ཆེ་སྤུངས་པའི་རྒྱུད་ལས་གསུངས་པ། མ་བཏང་རང་སོར་གཞག་པ་ཡི། །སེམས་ཀྱིས་འདི་ཡི་ཚིག་ཀུན་ཡང་། །སུས་ཀྱང་བསླབས་པ་མེད་པར་ནི། །སོ་སོའི་བློ་ལ་གོ་བར་སྣང་། །འདི་ཉིད་རང་གི་བློར་གོ་བས། །མི་སྣང་རྟོག་པ་མེད་པ་ཡི། །སྣང་བ་ཐམས་ཅད་རང་དག་ནས། །ཐམས་ཅད་ཟང་མ་ཐལ་བྱུང་དུ། །སྟོང་གསལ་ཆེན་པོའི་རིགས་སུ་འགྱུར། །ས་ཆུ་མེ་རླུང་འབྱུང་བ་བཞི། །སོ་སོའི་ནུས་པ་མི་སྣང་བར། །ན་བུན་བཞིན་དུ་མཁའ་ལ་དེངས། །འཁྲུལ་པའི་ཞེན་པ་སྣ་ཚོགས་ནི། །ཇི་ལྟར་བསམས་ཀྱང་སྐྱེ་མེད་པར། །གཟུང་འཛིན་ཆ་རྣམས་རང་འགགས་ནས། །གང་མི་སྣང་སྟེ་རང་ཟད་ནས། །གསལ་བྱེད་རང་གིས་ཉམས་མྱོང་བར། །ལུས་ཅན་ཀུན་ཀྱང་དེ་བཞིན་སོང་། །ལུས་མེད་རྣམས་ནི་སྨོས་ཅི་དགོས། །ཞེས་སོ། །རྣལ་འབྱོར་པ་འདིའི་རྟོགས་པ་ཚད་དུ་ཕྱིན་ན། རྡུལ་ཕྲན་ཆ་མེད་དུ་ལུས་རྡོས་བཅས་རང་སར་དེངས་ལ། ཅུང་ཟད་མ་ཕྱིན་ཡང་གཞན་ལས་འཕགས་པ་ཡིན་ན་རོ་དེ་སྲང་གཅིག་ལ་སོགས་པའི་ལྗིད་ཙམ་དུ་ཡང་ལ་ཆུང་བ་ལ་སོགས་པ་སྟེ་རིག་པ་ཀ་དག་ལ་ཐིམ་པའོ། །འདིའི་གནད་ནི། རིག་པའི་ངོ་བོ་ལ་ཟང་ཐལ་རྡོས་བཅས་དག་པ་གོམས་པའི་ཆ་ལས་བྱུང་བ་སྟེ། སེམས་དང་དེའི་འཁྲུལ་སྣང་མེད་པ་གསལ་སྣང་གི་ཆ་ཡང་དུས་དེར་རང་ངོ་ལ་རྣམ་པར་དག་ནས་སེམས་དང་ཡེ་ཤེས་ཕྱེད་དེ། སེམས་དག་ཡེ་ཤེས་ཀྱི་བདེན་པ་མཐོང་བས་བློ་བདེ་བ་ནི། སེང་གེ་རྩལ་རྫོགས་ལས། སངས་རྒྱས་བདེན་པ་མཐོང་ན་རྒྱལ་བའི་སྲས། །རྟོགས་པ་ཁོང་དུ་ཆུད་ན་ནམ་ཡང་བདེ། །ཞེས་རྒྱ་ཆེར་གསུངས་པ་ཐོག་ཏུ་ཕེབས་པའི་དུས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ་སྟེ་རིམ་ཁང་བཅུ་དགུ་པའོ།། །།

རིམ་ཁང་ཉི་ཤུ་པ། ལྷུན་གྲུབ་ཐོད་རྒལ་གྱི་ཡེ་ཤེས་ཉམས་སུ་ལེན་པའི་གནད་ངེས་པ།

p. 728

དེ་ལྟར་ཁྲེགས་ཆོད་ཀྱི་དོན་གཏན་ལ་ཕབ་ནས། ད་ནི་ཐོད་རྒལ་གྱི་གནད་ལས་རྡོས་བཅས་འོད་ལུས་སུ་དག་པའི་ཐབས་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། ཁྲེགས་ཆོད་ལས་ཁྱད་པར་དུ་འཕགས་ཚུལ་དང་། ཁྱད་པར་ཅན་གྱི་ཐོད་རྒལ་ཉིད་བཤད་པའོ། །དང་པོ་ནི། ཁྱད་པར་བདུན་གྱིས་འཕགས་ཏེ། སྣང་བ་འོད་ཀྱི་ཁྱད་པར། ཉམས་ལེན་ལག་ལེན་དང་འབྲེལ་བའི་ཁྱད་པར། རང་སྣང་མངོན་སུམ་དུ་གཟིགས་པའི་ཁྱད་པར། ལུས་གནད་རྩའི་ཁྱད་པར། སྣང་བྱེད་སྒོའི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། ཉམས་མྱོང་འཕེལ་སྣང་གི་ཁྱད་པར་དང་བདུན་ནོ། །དང་པོ་ནི། ཁྲེགས་ཆོད་ཀྱིས་ཕྱི་འཁྲུལ་སྣང་གི་ས་རྡོ་རི་བྲག་ལ་སོགས་པ་དག་པར་བྱེད་མི་ནུས་ཤིང་། ཡུལ་དུ་བྱེད་པས་སྒྱུ་མ་དང་གཞི་མེད་ལ་སོགས་པའི་རྒྱས་འདེབས་ཡིད་དཔྱོད་ལ་ལྟོས་པས། སེམས་ཀྱི་རྣམ་ཤེས་ཚོགས་པའི་ཆོས་ལ་བརྟེན་ཞིང་མྱུར་དུ་མི་གྲོལ་བ་ཉིད། ཐོད་རྒལ་དུ་འོད་ལྔ་དབྱིངས་རིག་གི་སྣང་བ་ཡུལ་དུ་བྱེད་པས། འཁྲུལ་སྣང་གི་མིང་མེད་ཡིད་དཔྱོད་ཀྱིས་རྒྱས་འདེབས་མི་དགོས་ཤིང་། སེམས་ཀྱི་ཆོས་མིག་གི་རྣམ་ཤེས་ལ་སོགས་པ་རང་འགགས་ལ་སྦྱོང་བས། འཁོར་བ་མིང་མེད་དུ་ལ་ཟློས་ཏེ། ཚེ་དེས་འོད་དུ་གྲོལ་བའི་ཁྱད་ཞུགས་པ་ནི། ཐལ་འགྱུར་ལས། འདི་ནི་རང་ཡུལ་བསྟན་པ་ལས། །འཁོར་རྐྱེན་འཇུག་པ་མ་ཡིན་པར། །ཟང་མ་ཉིད་དང་ཐལ་བྱུང་དུ། །ཡུལ་དང་ཤེས་པའི་སྣང་ཆ་ལས། །ཐད་ཀ་སོ་སོའི་གཞི་ལས་གྲོལ། །ཅེས་སོ། །འོ་ན་ཁྲེགས་ཆོད་འབྱོངས་ནའང་སྣང་བ་ཚད་དུ་མ་ཕྱིན་པར་ཕུང་པོ་ལས་གྲོལ་བར་བཤད་པས་ཁྱད་ཅི་ཡོད་ན། ཤིན་ཏུ་ཆེ་སྟེ། ཁྲེགས་ཆོད་ཀྱིས་འབྱོངས་ཀྱང་རྡུལ་ཕྲན་ཆ་མེད་ལས། འོད་དུ་འགྲོ་མི་སྲིད། འོད་དུ་མ་སོང་ན་རྡོ་རྗེའི་ལུས་མི་འགྲུབ་སྟེ། རེས་འགའ་བའི་སྒྱུ་ལུས་ཀྱིས་མཐར་ཐུག་གི་ས་མི་ཆོད་པ་དང་། འོད་ལུས་མ་ཐོབ་ན་འཕོ་བ་ཆེན་མོའི་སྐུ་མི་ཐོབ་པས་གཞན་དོན་རླབས་པོ་ཆེ་རྟེན་དེས་མི་འགྲུབ་པས་ན།

p. 729

འོད་དང་རྡུལ་ཕྲན་དུ་དེངས་པའི་ཆ་ལས། འཕོ་བ་ཆེན་མོས་དོན་བྱེད་མི་བྱེད་དང་སྤྱན་དང་མངོན་ཤེས་དང་། རྫུ་འཕྲུལ་གྲུབ་པ་ལ་རླབས་ཆེ་ཆུང་གི་ཁྱད་ཡོད་པའོ། །གཉིས་པ་ནི། རིག་པ་ཡེ་ནས་འོད་གསལ་དུ་གསུངས་པ་དེ་ཁྲེགས་ཆོད་ཀྱིས་སྟོང་པར་འཇལ་བ་ལས་རང་འོད་མི་མཐོང་བ་དེ། ཐོད་རྒལ་གྱིས་གནད་གཅུན་པས་ཆོས་ཉིད་ངོ་བོའི་འོད་གསལ་ནང་དུ་ཟིན་དུས། ཆོས་ཅན་རང་གདངས་ཀྱི་འོད་གསལ་ཕྱིར་སྣང་བ་ལག་ལེན་ལ་བསྟན་དུ་ཡོད་པས་འཕགས་ཏེ། རང་ཤར་ལས། རང་སྣང་རིག་པའི་རྒྱལ་པོ་འདི། །ཀུན་ལ་ཡོད་དེ་རྟོགས་པ་མེད། །ཅེས་སོ། །གསུམ་པ་ནི། རིག་པའི་ཡེ་ཤེས་ཁྲེགས་ཆོད་དུ་བལྟར་མེད་ཀྱི་རྒྱས་བཀབ་ནས་མཐོང་དུ་མེད་པ་ཅིག་ཏུ་ཐག་གཅོད་པ་དེ། ཐོད་རྒལ་དུ་ཡེ་ཤེས་ཀྱི་མཐོངས་ཕྱེ་བས་ཆོས་ཉིད་ཀྱི་ཉི་ཟེར་གསལ་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཞེས་སོ། །བཞི་པ་ནི། ཁྲེགས་ཆོད་དུ་རགས་པའི་རྩ་རླུང་ལ་བརྟེན་པ་ལས། ཐོད་རྒལ་དུ་འོད་རྩ་དྭངས་བ་ངོས་བཟུང་ནས་སྒྲོན་མ་དངོས་ལམ་དུ་བྱེད་པ་སྟེ། དེ་ཉིད་ལས། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་སྣང་བའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་སོ། །ལྔ་པ་ནི། ཁྲེགས་ཆོད་དུ་དབང་པོ་དྲུག་གི་སྒོ་མ་དག་པ་སེམས་ཀྱི་ཆོས་ལ་དྭངས་འཚོལ་བ་ལས། ཐོད་རྒལ་དུ་དག་པ་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བས་སྒྲོན་མ་བཞིའི་སྣང་བ་འཆར་བས་འཕགས་ཏེ། དེ་ཉིད་ལས། སྒོ་ནས་ཇི་ལྟར་འབྱུང་བ་ནི། །འཇུག་པའི་རླུང་གིས་བསྐུལ་བ་ཡིས། །སྒྲོན་མ་བཞི་ལས་ལས་བཞིར་བྱུང་། །ཞེས་སོ། །དྲུག་པ་ནི། ཁྲེགས་ཆོད་ཀྱིས་བལྟར་མེད་རིག་པ་ནང་དྭངས་ཀྱི་དབང་པོ་ལ་དྭངས་འཚོལ་བ་ལས། ཐོད་རྒལ་དུ་ཕྱི་ནང་ཡེ་ཤེས་ཟང་ཐལ་གྱི་དབང་པོས་དབྱིངས་དང་། ཡེ་ཤེས་འདུ་འབྲལ་མེད་པའི་སྣང་བ་ལ་དངོས་སུ་དཔྱོད་པའི་ཁྱད་ཞུགས་ཏེ། ཐལ་འགྱུར་ལས། དག་པ་དབྱིངས་ཀྱི་

p. 730

སྒྲོན་མ་ལ། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་ཉིད་དང་ངོ་བོ་ཉིད། །གཉིས་མེད་འདུ་འབྲལ་མེད་པར་སྣང་། །ཞེས་སོ། །བདུན་པ་ནི། ཁྲེགས་ཆོད་ཀྱིས་ཕྱི་ཡུལ་ནང་སེམས་ཀྱི་འཁྲུལ་པ་སྣང་དུ་བཅུག་ནས་སྤོང་ལེན་མེད་པའི་ངང་རྒྱས་འདེབས་པས་མྱུར་དུ་དེ་དག་མི་གྲོལ་བ་ཉིད། ཐོད་རྒལ་དུ་གནད་བཅས་པའི་སྐད་ཅིག་ནས། ཕྱི་ནང་གི་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་རང་སངས་ཏེ། མ་སྤངས་གནས་སུ་དག་པ་རྒྱས་འདེབས་ལ་མི་ལྟོས་ཤིང་། ཡེ་ཤེས་ཀྱི་འཕེལ་སྣང་ཟླ་བ་ཡར་ངོ་བཞིན་གོང་དུ་འཕེལ་ཏེ། སྣང་བ་བཞི་ཚད་དུ་ཕྱིན་ནས་མྱུར་དུ་གྲོལ་བ་ཉིད། དེ་ལས། སྣང་ཚུལ་འཁྲུལ་པ་མ་ཡིན་ལ། །རྒྱུ་རྐྱེན་དག་པའི་རང་བཞིན་ལ། །དངོས་དང་དངོས་མེད་རང་དག་ནས། །སྒོ་ལྔའི་ཡུལ་ཞེན་དག་པ་དང་། །འབྱུང་བའི་རགས་པ་དག་པ་དང་། །ཡེ་ཤེས་དག་པ་འཕེལ་སྣང་སྟོན། །དེ་ལས་ཟད་པའི་ཆོས་ཉིད་དོ། །ཞེས་སོ། །འདི་དག་གི་ཁྱད་པར་ཞིབ་མོར་ཕྱེ་ན་བསམ་གྱིས་མི་ཁྱབ་ཀྱང་། ཆེ་ལོང་ཙམ་བརྗོད་པ་སྟེ། མདོར་བསྡུ་ན་རིག་པའི་དོན་དངོས་སུ་མཐོང་ཞིང་བལྟར་ཡོད་པས་འཁྲུལ་པ་སྐད་ཅིག་ལ་ལྡོག་པ་དང་། ཡིད་དཔྱོད་ལ་ལུས་པས་འཁྲུལ་སྣང་ལ་ལམ་བྱས་ནས་མ་འཁྲུལ་པའི་འབྲས་བུས་འཚོལ་བའི་ཁྱད་པར་གྱིས་ཆེ་བར་ཤེས་རབ་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱའོ། །ཆོས་འདི་ལ་གནད་འདི་ལྟ་བུ་ཡོད་པས་ཀུན་གྱི་རྩེ་མོ་བླ་ན་མེད་པ་ཞེས་བྱའོ། །དོན་གཉིས་པ་ཁྱད་པར་ཅན་གྱི་ཐོད་རྒལ་ཉིད་བསྟན་པ་ལ་གསུམ་སྟེ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་སྤྱིར་བསྟན་པ། ཉིན་མཚན་འོད་གསལ་གྱི་འཁོར་ལོ་བྱེ་བྲག་ཏུ་བཤད་པ། དགོངས་ཀློང་ཡེ་ཤེས་ཀྱི་འཁོར་ལོ་རྒྱ་ཆེར་བསྟན་པའོ། །དང་པོ་ལ་བཞི་སྟེ། བཅའ་བ་ལུས་ཀྱི་གནད་གསུམ། གཟིགས་པ་སྒོའི་གནད་གསུམ། ཁྲིད་པ་དབྱིངས་ཀྱི་གནད་གསུམ། སྣང་བ་ཡུལ་གྱི་གནད་གསུམ་མོ། །དང་པོ་ནི། ལུས་ཀྱི་འདུག་སྟངས་གསུམ་གང་འཆའ་ཡང་། ཁོང་

p. 731

ལྷོད་པར་བཅས་པས་རྩ་རླུང་བདེ་ལུགས་སུ་གནས་པའི་དགོས་པ་ཡོད་ལ། ཆེད་དུ་བསྡམས་ན་རླུང་ལ་སོགས་པ་ལོག་པ་དང་འབྱམས་པ་འབྱུང་སྟེེ་རྩ་འཆུས་པ་དང་བསྒྲིམས་དྲགས་པའི་ཕྱིར་རོ། །དེ་ལ་ལྟ་སྟངས་བཅས་དུས་རླུང་གནད་རབ་ཏུ་དལ་བ་ལས་ཕྱིར་བཟུང་ཁ་ནས་དྲང་བ་འདིའི་ཁྱད་པར་གྱི་ཆོས་གནད་འདུས་གལ་པོ་ཆེ་ཡིན་ནོ། །དེ་ཡང་སྣ་ནས་འབྱུང་རྔུབ་བྱེད་པ་ཐུན་མོང་གི་ལུགས་ཏེ་འཁོར་ལོ་བཞིའི་ནང་དུ་བཀང་ནས་སེམས་གསལ་དྭངས་ཕྱེད་པའི་ཏིང་ངེ་འཛིན་བསྐྱེད་པ་སྟེ། དེའི་ལུགས་ལ་རླུང་ལོག་པ། འབྱམས་པ། འཁྱིལ་བ། རྨུགས་པ་བཞིའི་གེགས་འབྱུང་ཞིང་འཁྲུལ་སྣང་དུ་མ་འཆར་བ་ཡིན་ལ། འདིར་རླུང་དག་པར་བྱེད་ཀྱི་འཕེལ་བ་ལམ་དུ་མི་བྱེད་ལ། འཁོར་ལོ་བཞི་དང་ནང་དུ་བཀང་པས་སེམས་ཀུན་ཏུ་རྟོག་པ་དར་རེ་འགགས་ཀྱང་གཏན་ནས་འགག་མི་ཐུབ་པའི་ཕྱིར་ན། ལས་རླུང་སོར་རང་འགགས་ལ་ཁ་ནས་གཏོང་བའོ། །སྣ་ནས་རོ་རྐྱང་དུ་འཇུག་ལ། དེ་ནས་འཁོར་ལོ་བཞི་ཐམས་ཅད་པའི་རྩ་ནང་དུ་འཇུག་པས། རྟོག་པ་ཐ་དད་པ་འགྱུ་བའི་རྟ་བྱེད་པས་འདིར་བཀག་ནས། ཁ་དང་གློ་བར་འབྲེལ་ལ། གློ་བའི་རྩ་སོག་མའི་སྦུ་གུ་ཙམ་དེའི་ནང་གི་སེམས་ཀྱི་རྟ་དེ་རང་འགགས་ལ་གཏོང་བའི་ཕྱིར། རླུང་ཁ་ནས་དལ་བུས་ཕྱིར་དྲངས་ལ་ཡུན་ཇི་ཙམ་གནས་ཀྱི་བར་བཟུང་བས། རྟ་དང་མི་གཉིས་སོ་སོར་བྲལ་ནས། མི་སྙིང་ནང་གི་རིག་པ་ལ་ཐིམ་པས་མི་རྟོག་པའི་བསམ་གཏན་རང་བབས་སུ་འགྲུབ་པའི་གནད་དེ་ཡིན་ལ། སྐབས་སུ་རླུང་ཧུར་སྒྲ་དང་བཅས་ཏེ་དྲག་པོར་འཕངས་པས། རླུང་འདུས་ཀྱི་གེགས་སེམས་མི་དགའ་བ་དང་། ཉོན་མོངས་ཀྱི་རྟོག་པ་གཡོ་བ་དང་། སྙིང་ག་གཟེར་བ་རྣམས་སེལ་ལོ། །དུས་དེ་དག་ཏུ་དྲག་ཏུ་འཕང་བ་ནི་གནད་དམ་པའོ། །དེའང་རླུང་གི་གནད་འདི་མི་ཤེས་པར་བསྒོམས་ཀྱང་སྣང་བའི་འཕེལ་དང་རྟགས་ཚད་འབྱུང་བར་གཏན་ནས་མི་འགྱུར་རོ། །གཉིས་པ་གཟིགས་པ་སྒོའི་གནད་གསུམ་ནི། གཟིགས་སྟངས་གསུམ་གང་བྱེད་ཀྱང་རྩོལ་བས་གཅུན་པ་མ་ཡིན་པར། ཁོང་ལྷོད་དེ་རང་

p. 732

བབས་སུ་བྱས་ལ། མིག་མི་འགུལ་བས་ལྟ་སྟངས་གཟིར་བ་གནད་དེ། ཐལ་འགྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེེས་སོ། །གསུམ་པ་ཁྲིད་པ་དབྱིངས་ཀྱི་གནད་གསུམ་ལ། མིག་དལ་བུས་ཟུར་དང་སྟེང་འོག་ཏུ་དབྱིངས་སྣང་ཁྲིད་པ་ལ་མིག་མ་འགུལ་རྟོག་པ་མ་འགྱུས་པར་ཤེས་པ་གསལ་སྟོང་དུ་ཤིགས་སེ་བཞག་པ་གནད་ཡིན་ཏེ། དེ་ཉིད་ལས། དབྱིངས་ཀྱི་གནད་ནི་འཁྲིད་པ་སྟེ། །ཞེས་པ་དང་། རྩལ་རྫོགས་ལས། ཆོས་ཉིད་དྲན་པ་སངས་པའི་ནམ་མཁའ་ལ། །ཚོམ་བུ་ལྔར་སྣང་གསེར་གྱི་བྱ་ཁྱུང་ལྡིང་། །འཛིན་ཆགས་རྟོག་མཐའ་བྲལ་བའི་ངང་དུ་འུབ། །རང་སྣང་ཕྱོགས་ལྷུང་མེད་པའི་ནམ་མཁའ་ལ། །སྟོང་གསལ་སྤྲོས་དང་བྲལ་བའི་བྱ་ཁྱུང་ལྡིང་། །སྣང་ལ་འཛིན་པ་མེད་པའི་ངང་དུ་འུབ། །མཚན་མ་སྤྲོས་དང་བྲལ་བའི་ནམ་མཁའ་ལ། །གཟུང་འཛིན་བྲལ་བ་ཆོས་སྐུའི་བྱ་ཁྱུང་ལྡིང་། །ཆོས་ཉིད་རང་སྣང་ཐིག་ལེའི་ངང་དུ་འུབ། །ཅེས་སོ། །བཞི་པ་ནི། ཕྱིའི་ཡུལ་ནམ་མཁའ་སྤྲིན་དེངས་ལ་གཏད་པས་རིག་པ་དྭངས་སངས་ཕྱེད་ལ་སྣང་བའི་འཕེལ་མྱུར། ནང་གི་ཡུལ་དབྱིངས་ཀྱི་སྒྲོན་མ་ལ་གཏད་པས་འོད་གསལ་མ་བུ་འབྲེལ། གསང་བའི་ཡུལ་རིག་པ་རང་དྭངས་ལ་གཏད་པས་ཀ་དག་ཆོས་ཟད་ཀྱི་དགོངས་པ་རང་ས་ན་གསལ་བའི་གནད་ཡོད་དེ། རང་ཤར་ལས། ནམ་མཁའ་སྟོང་པའི་དཀྱིལ་འཁོར་དུ། །བཅོས་མེད་སྒྲོན་མ་རྣམ་པ་བཞི། །མ་འགགས་པ་ཡི་དོན་གྱིས་གསལ། །རིག་པ་དབྱིངས་ཀྱི་སྒྲོན་མ་ནི། །ནམ་མཁའ་སྟོང་པའི་ཀློང་དཀྱིལ་དུ། །དབྱིངས་ཀྱི་རང་བཞིན་འོད་ཀྱི་སྐུ། །མ་འགགས་འགག་མེད་རྣམ་པར་གསལ། །ཡེ་ཤེས་ལྔ་ལྡན་ཐུགས་ཀྱི་སྐུ། །ལུ་གུ་རྒྱུད་ཀྱི་ཚུལ་དུ་འཆར། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །རིག་པ་དབྱིངས་ཀྱི་སྒྲོན་མ་རུ། །བཅུག་སྟེ་རིག་པ་མ་འགུལ་ན། །འགྱུར་མེད་རྟོགས་པའི་རབ་ཏུ་བཤད། །ཤེས་རབ་རང་བྱུང་སྒྲོན་མ་

p. 733

ནི། །སྒྲོ་འདོགས་ཐམས་ཅད་གཅོད་པ་དང་། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་ཤར་གྱུར་ན། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །དེ་ལ་ལྟ་བ་མ་ཡེངས་ན། །མཐར་ཕྱིན་བསྒོམ་པའི་ཚད་དུ་གསུངས། །ཞེས་པ་དང་། ཐལ་འགྱུར་ལས། འདི་ཉིད་ཡུལ་གནད་འདི་ལྟ་སྟེ། །སྤྲིན་བྲལ་ཕྱི་ཡུལ་སྟོང་པ་ལ། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །འདི་དང་མ་བྲལ་ཆོས་ཉིད་དོ། །ཞེས་པ་དང་། ཡང་། ཡུལ་ལ་སྣང་བའི་མཚན་ཉིད་ནི། །ནམ་མཁའ་སྔོ་བསངས་རྫི་མེད་ལ། །འོད་དང་ཁ་དོག་དབྱིངས་ཉིད་དང་། །ཡེ་ཤེས་ལྔ་ཡི་རང་སྣང་སྟོན། །དག་པ་དབྱིངས་ཀྱི་སྒྲོན་མ་ལ། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་ཉིད་དང་ངོ་བོ་ཉིད། །གཉིས་མེད་འདུ་འབྲལ་མེད་པར་སྣང་། །ཞེས་སོ། །འདིའི་དུས་སུ་རྩ་ནང་གི་རླུང་རྒྱུ་བས་རྟོག་པ་ཕྲ་མོ་ཤ་ར་ར་འབྱུང་ཡང་། མངོན་སུམ་གྱི་དོན་ལ་གནོད་པ་མེད་དེ། རྟོག་པ་དེ་ཉིད་རང་གིས་རང་ཚུགས་མི་ཐུབ་པར་གྲོལ་ནས་སང་སང་འགྲོ་སྟེ། བྱ་སྲད་བུས་བཟུང་བ་འཕུར་བ་ལྟར། ཡལ་ཡུལ་འཕྲོ་ཡང་སྔར་བཞིན་ལུ་གུ་རྒྱུད་གཅིག་ལ་གཅིག་མཐུད་དུ་ཕྱལ་བར་ཡེངས་པ་དེ་འདྲ་མེད་པས། ལས་དང་བག་ཆགས་མི་སོག །འོད་གསལ་གྱི་སྒོམ་པ་མི་འཇིག །རིག་པའི་རྩལ་འཆར་དུ་བཅུག་པས། ཤེས་རབ་ཐོལ་བྱུང་དུ་སྐྱེ་བའི་གོ་འབྱེད་པའོ། །དེ་ཡང་ལྟ་སྟངས་ལ་གཟིགས་སྟངས་གཅུན་པས་རྟོག་པ་ཤེད་པོ་ཆེ་ནི་རང་འགགས། ཤེད་ཆུང་ཕྲ་ཕྲོ་རྣམས་རང་གྲོལ་དུ་སོང་བ་ནི། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཤེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་

p. 734

གྲངས་མཐའ་ཟད་པའོ། །ཞེས་སོ། །འདིའི་དུས་ན་ལྟ་སྒོམ་སྤྱོད་པ་གསུམ་གྱི་དགོངས་པ་ཀློང་གཅིག་ཏུ་འདྲིལ་བ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རྒྱ་ཆད་ཕྱོགས་ལྷུང་མེད་པས་ལྟ་བའི་ཚད་དང་ལྡན། །གསལ་ལ་རྟོག་པ་མེད་པས་སྒོམ་པའི་ཚད་དང་ལྡན། །རང་བྱུང་བཅོས་བསླད་མེད་པས་སྤྱོད་པའི་ཚད་དང་ལྡན། །བདེ་ཆེན་ཟག་པ་མེད་པའི་བྱང་ཆུབ་དངོས་མེད་འདི། །བཟུང་བས་མི་ཟིན་ཆུ་ཡི་ཟླ་བ་འདྲ། །འདོད་དགུ་རང་འབྱུང་ཕྱུག་པོའི་བང་མཛོད་འདྲ། །ཞེས་སོ། །དེའང་དབྱིངས་རིག་གི་སྣང་བ་མ་ཤར་ན་མིག་ཟུར་ལ་མཉམ་པར་བལྟས་པས། མཐོང་དུས་ནམ་མཁའི་དཀྱིལ་སྨིན་དབྲག་གི་ཐད་ལ་མི་འགུལ་བར་བལྟ་བ་གནད་ཡིན་ཏེ། ཡི་གེ་མེད་པ་ལས། རིག་པ་ཅོག་གཞག་མན་ངག་ཉིད། །འདི་ནི་གསང་བའི་ཐུག་ས་སྟེ། །མིག་ནི་རབ་ཏུ་གནན་བྱ་སྟེ། །དེ་ཡང་འདུ་འབྲལ་མེད་པར་བརྟག །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །འོད་ནི་ཕྲ་ལ་འཁྲིལ་བ་འབྱུང་། །དེ་ལས་ངོ་བོ་ལུ་གུ་རྒྱུད། །ཕྲ་དང་འཁྱུག་དང་འགྱུ་བའོ། །མིག་ནི་ནམ་མཁའི་ཁམས་སུ་བརྟག །སངས་རྒྱས་སྐུ་ཡི་ཐིག་ལེ་འཆར། །དེ་ཉིད་དགོངས་པའི་དྲོད་རྙེད་ནས། །རིག་པའི་སྐུ་ནི་ལུ་གུ་རྒྱུད། །སྐུ་དང་བཅས་པ་སྣང་བའོ། །ཞེས་སོ། །སྐབས་འདིར་འོད་གསལ་གྱི་ཆིངས་གསུམ་གཏན་ལ་དབབ་པ་ནི། དགོངས་པ་ངོ་བོའི་ཆིངས་ལ་སེམས་ཀྱི་དྲི་མ་དག་ཚུལ། ངང་ལ་མི་གཡོ་མཉམ་པར་བཞག་ཚུལ། དེ་ལས་རྟགས་ཚད་དུས་ངེས་འཆར་ཚུལ་དང་གསུམ་ལས། དང་པོ་ལ་གསུམ་སྟེ། ངོ་བོའི་དགོངས་པ་དངོས། སེམས་དང་བག་ཆགས་ཀྱི་མཚོན་དཔེ། དེ་དང་བྲལ་ཚུལ་གྱི་མདོ་ཆིངས་སོ། །དང་པོ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། མ་བསྐྱོད་མཁའ་ལ་དེ་བཞིན་རིག་པ་གསལ། །གསལ་ལ་མ་ཡེངས་གཏིང་དཔག་དཀའ་བའི་ངང་། །སྟོང་གསལ་གདལ་བ་བདེ་ཆེན་དབྱིངས་ལ་སྤྱོད། །རྩེ་གཅིག་

p. 735

གསལ་ན་དོན་དམ་དབྱིངས་ཀྱི་ངང་། །མ་འདྲེས་རྫོགས་ན་ལྷུན་གྲུབ་ས་ལ་གནས། །ཞེས་སོ། །རིག་པའི་ངོ་བོ་དེ་ལ་ཤེས་རབ་བཞི་རང་རྩལ་དུ་འཆར་བས་རྟོགས་པ་ལྷག་མཐོང་གི་གནས་ལུགས་མཚོན་པའོ། །ཤེས་རབ་བཞི་ནི། རང་ཤར་ལས། དེ་ཡང་རིག་པའི་ངོ་བོ་ལ། །ཤེས་རབ་རྣམ་པ་བཞི་དང་ལྡན། །ཤེས་རབ་རྣམ་བཞི་འདི་ལྟ་སྟེ། །རྣམ་པར་གྲོལ་བྱེད་ཤེས་རབ་ནི། །ཐམས་ཅད་སྒྲོལ་བར་བྱེད་པའོ། །ཉོན་མོངས་དག་པའི་ཞིང་དུ་སྒྲོལ། །རྟོག་མེད་སྐྱེ་མེད་ངང་དུ་སྒྲོལ། །མ་རིག་རིག་པའི་ཀློང་དུ་སྒྲོལ། །ཤེས་རབ་རྟོག་མེད་ངང་དུ་སྒྲོལ། །དེ་ཕྱིར་སྒྲོལ་བྱེད་ཤེས་རབ་བོ། །རྣམ་པར་སྐྱོད་བྱེད་ཤེས་རབ་ནི། །སྐུ་ལྔ་ཀ་དག་དབྱིངས་སུ་སྐྱོད་པར་བྱེད། །འོད་ལྔ་འཛིན་མེད་དབྱིངས་སུ་སྐྱོད་པར་བྱེད། །རིག་པ་ཡེ་ཤེས་དབྱིངས་སུ་སྐྱོད་པར་བྱེད། །སྒྲོན་མ་ནམ་མཁའི་དབྱིངས་སུ་སྐྱོད་པར་བྱེད། །དེ་ཕྱིར་སྐྱོད་བྱེད་ཤེས་རབ་བོ། །རྣམ་པར་སྡུད་བྱེད་ཤེས་རབ་ནི། །འབྱུང་བ་འོད་ལྔའི་ནང་དུ་སྡུད། །ནམ་མཁའ་སྒྲོན་མའི་ནང་དུ་སྡུད། །སྐུ་ལྔ་རིག་པའི་ངང་དུ་སྡུད། །རིག་པ་རྟོག་མེད་ནང་དུ་སྡུད། །དེ་ཕྱིར་སྡུད་བྱེད་ཤེས་རབ་བོ། །རྣམ་པར་འབྱེད་བྱེད་ཤེས་རབ་ནི། །མ་རིག་རིག་པ་གཉིས་སུ་འབྱེད། །ཉོན་མོངས་ཡེ་ཤེས་གཉིས་སུ་འབྱེད། །དག་དང་མ་དག་གཉིས་སུ་འབྱེད། །འཁོར་དང་མྱང་འདས་གཉིས་སུ་འབྱེད། །རྟོགས་དང་མ་རྟོགས་གཉིས་སུ་འབྱེད། །བཟང་དང་ངན་པ་གཉིས་སུ་འབྱེད། །དེ་ཕྱིར་འབྱེད་བྱེད་ཤེས་རབ་བོ། །ཞེས་སོ། །གཉིས་པ་སེམས་དང་བག་ཆགས་དགོངས་པའི་དག་བྱ་རྣམས་དུས་དེར་དག་པ་ལས། དེའི་མཚོན་དཔེ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཨ་ཧོ་རྡོ་རྗེ་འཛིན་པ་ཉོན། །མ་སྨིན་རྣམ་རྟོག་འཁོར་བ་ནི། །དཔེར་ན་གྱི་ལིང་ལྕགས་བཅུག་བཞིན། །གྲོལ་མིན་ཐར་པའི་དུས་མི་འབྱུང་། །མ་རིག་ལྕགས་བཅུག་ཐར་མི་འགྱུར། །མ་རིག་ཆུ་དང་འདྲ་སྟེ་ཉོན་མོངས་སྡུད། །ཞེ་སྡང་མེ་ནི་བསྐལ་པའི་མེ་དཔུང་འདྲ། །

p. 736

འདོད་ཆགས་དངོས་གང་ལན་ཚྭའི་ཆུ་འཐུང་འདྲ། །གཏི་མུག་འཐིབས་པ་ཁང་སྟོང་མུན་ནག་འདྲ། །ང་རྒྱལ་དྲེགས་པ་རི་བོ་བསྙིལ་བ་འདྲ། །ཕྲག་དོག་གནོད་སེམས་གཅོང་རོང་དོག་མོ་འདྲ། །ཉོན་མོངས་རྣམ་ལྔས་ཡེ་ཤེས་སྒྲིབ་པར་བྱེད། །ཡིད་ནི་དཔེར་ན་ཁྱི་མོ་རྐུན་མ་འདྲ། །རྣམ་ཤེས་དཔེར་ན་ནགས་ཀྱི་སྤྲེའུ་འདྲ། །སེམས་ནི་དཔེར་ན་མི་གཙང་འདམ་རྫབ་འདྲ། །ཀུན་གཞི་དཔེར་ན་སེམས་ཅན་ཕག་པ་འདྲ། །ཤེས་པ་དཔེར་ན་བྱ་སྒྲོ་རླུང་ཁྱེར་འདྲ། །གཟུང་འཛིན་དཔེར་ན་སྐྱེས་པ་བུད་མེད་འདྲ། །ལས་ཀྱི་བྱེ་བྲག་བྱ་རྙིས་འཛིངས་པ་འདྲ། །སྡུག་བསྔལ་བྱེ་བྲག་ཆུ་ཡི་གཉེར་མ་འདྲ། །ཉོན་མོངས་འབྲས་བུ་བཟོད་པའི་ཐབས་མེད་དེ། །འཁོར་བའི་སྡུག་བསྔལ་གཟུང་འཛིན་བརྟོད་ཕུར་འདི། །བྱས་པས་མི་ཐོན་བཞག་པས་ཐོན་པར་འགྱུར། །བྱས་པའི་ཆོས་རྣམས་སྤངས་ན་དལ་བ་འགྲུབ། །བསམ་པ་ཀུན་སྤངས་ཡེ་ཤེས་མཆོག་མི་གཡོ། །གསང་སྔགས་རྒྱལ་པོས་ཉོན་མོངས་ཡེ་ཤེས་འགྱུར། །དཔེར་ན་ཁང་སྟོང་སྒྲོན་མེ་བཏེག་པ་བཞིན། །ཡེ་ཤེས་སྒྲོན་མེས་མ་རིག་རིག་པར་འགྱུར། །ཅེས་སོ། །གསུམ་པ་དེ་དང་བྲལ་ཚུལ་གྱི་མདོ་ཆིངས་ལ་གསུམ་སྟེ། མངོན་སུམ་གྱི་རང་དུས་བྲལ་ཚུལ་དངོས། བྲལ་བའི་འཐད་པ་དགོད་པ། རྣམ་གྲངས་གཞན་བརྗོད་པའོ། །དང་པོ་ནི། ཕྱི་སྣང་བའི་འོད་གསལ་ལ་བལྟས་པས། འཁྲུལ་པ་མེད་པར་ནང་རང་དྭངས་ཀྱི་བསྒོམ་པ་རང་ས་ན་གསལ་དུས། སེམས་དང་ཡེ་ཤེས་དར་ཅིག་རྒྱབ་གྱེས་པས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཡེ་ཤེས་ཀྱིས་བསྒྲིབས་ཏེ། འཁོར་བའི་ཆོས་མི་གསལ། འདས་པ་རང་ཆས་སུ་ལྷུན་གྱིས་གྲུབ་པ་ནི། ཀུན་ཏུ་བཟང་པོའི་ཐུགས་ཀྱི་མེ་ལོང་ལས། སེམས་དང་བྲལ་བའི་རིག་པ་སངས་རྒྱས་དངོས། །ཡིད་དང་བྲལ་བའི་ཡེ་ཤེས་དགོངས་པ་དངོས། །སྦུབས་དང་བྲལ་བའི་འོད་ཟེར་དག་སྣང་དངོས། །ཞེས་པ་དང་། རང་ཤར་ལས། སེམས་དང་བྲལ་བའི་རིག་པ་སངས་རྒྱས་དངོས། །ཡིད་དང་བྲལ་

p. 737

བའི་རྡོ་རྗེ་སེམས་དཔའ་ངས། །གསལ་བྱེད་སྣང་ལ་རྟོག་པ་མེད་པར་ཤེས། །རྟོག་མེད་ཤེས་རབ་མཉམ་ཉིད་ནི། །རང་གིས་རང་གྲོལ་ཆེན་པོའོ། །ཞེས་སོ། །གཉིས་པ་འཐད་པ་ནི། སྣང་བའི་ངང་ལ་མ་གཡོས་པར་བཞག་པས་འཁོར་བའི་ཆོས་རང་སངས་ལ་སོང་བ་ཆུ་མི་གཡོ་བས་རྙོག་རང་སངས་པ་ལྟ་བུ་སྟེ། ནོར་བུ་ཆུ་དྭངས་ཀྱི་དཔེས་དགོངས་པ་གཏིང་དཔག་དཀའ་བ་མཚོན་པ་ནི། སྔ་མ་ལས། རང་བྱུང་བདུད་རྩིའི་ཐིགས་པ་འདི། །དཔེར་ན་ནོར་བུ་ཆུ་དྭངས་བཞིན། །རྙོག་ཅན་བཞག་ན་རྙོག་མ་དྭངས། །དེ་བཞིན་སྙིང་པོའི་གདམས་ངག་འདིས། །བཏབ་ན་ཉོན་མོངས་གོས་མི་འགྱུར། །ཅེས་པ་དང་། གཅིག་པུ་དལ་བས་སྣང་བ་གྲོགས་སུ་འཆར། །མ་སྐྱེས་དབྱིངས་ན་ཡེ་ཤེས་འོད་གསལ་བ། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །དཔགས་པས་མི་དཔོགས་ནམ་མཁའི་དབྱིངས་དང་འདྲ། །གསལ་ལ་འཚེར་བས་ཉི་མའི་འོད་དང་འདྲ། །འགྱུར་བ་མེད་པས་རི་རྒྱལ་ལྷུན་པོ་འདྲ། །ཟབ་ཅིང་དཔག་དཀའ་རྒྱ་མཚོའི་གཏིང་དང་འདྲ། །གོས་པ་མེད་པས་འདམ་གྱི་པད་མ་འདྲ། །ངོས་གཟུང་མེད་པས་ཆུ་ཡི་ཟླ་བ་འདྲ། །ཅིར་ཡང་སྣང་བས་ནམ་མཁའི་ཆོ་འཕྲུལ་འདྲ། །གསལ་ལ་རྫོགས་པས་བར་སྣང་འཇའ་ཚོན་འདྲ། །ཞེས་སོ། །གསུམ་པ་རྣམ་གྲངས་གཞན་བརྗོད་པ་ནི། དབྱིངས་རིག་ལ་སོགས་པའི་དགོངས་པ་ཐམས་ཅད་རྩ་བ་རིག་པའི་ཀློང་གཅིག་ཏུ་ལ་ཟློ་ཞིང་ཐག་གཅོད་པ་སྟེ། ཡང་དེ་ཉིད་ལས། དོན་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་སུ་སྐྱོལ་ཞིག །བྱང་ཆུབ་ལམ་གྱི་སྒྲོན་མ་ངོ་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་བརྗོད་པ་དང་བྲལ་བའི་ངང་དུ་སྡུས་ཤིག །རྒྱུད་ཐམས་ཅད་ཡི་གེ་མེད་པའི་རྒྱུད་ཆེན་པོ་རང་གི་རིག་པའི་རྒྱུད་ཆེན་པོར་སྐྱོལ་ཞིག །ལུང་ཐམས་ཅད་བསྟན་དུ་མེད་པ་རྩ་བའི་ལུང་ཆེན་པོར་སྐྱོལ་ཞིག །མན་ངག་ཐམས་ཅད་བརྗོད་གཞི་དང་བྲལ་བར་སྐྱོལ་ཞིག །སྒྲུབ་པ་ཐམས་ཅད་བྱ་བྱེད་དང་བྲལ་བར་སྐྱོལ་ཞིག །སྤྱོད་པ་ཐམས་ཅད་མ་བཅོས་པའི་མཆོག་ཆེན་

p. 738

པོར་སྐྱོལ་ཞིག །བསྒོམ་པ་ཐམས་ཅད་གསལ་བ་འཛིན་མེད་ཆེན་པོར་སྐྱོལ་ཞིག །ལྟ་བ་ཐམས་ཅད་ཟང་ཐལ་ཅི་ལ་ཡང་མ་ཆགས་པར་སྐྱོལ་ཞིག །འབྲས་བུ་ཐམས་ཅད་ཡེ་ཤེས་ཆིག་ཆོད་ཆེན་པོར་སྐྱོལ་ཞིག །དེ་རྣམས་ཐམས་ཅད་མི་གནས་པའི་ཀློང་གཅིག་ཏུ་དྲིལ་ཞིག །འཁོར་བའི་བྱ་བ་ཐམས་ཅད་ཐོང་ཞིག །ཡེ་ཤེས་ཀྱི་སྣང་བ་ལ་རྟག་ཏུ་འདྲིས་པར་གྱིས་ཤིག །ཡེ་ཤེས་འཆར་བའི་དུས་ངོ་ཤེས་པར་གྱིས་ཤིགགཞིའི་ཆོས་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་ཤིག །ལམ་གྱི་ཆོས་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔར་ཤེས་པར་གྱིས་ཤིག །འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ཕྱིར་མི་ལྡོག་པར་ཤེས་པར་གྱིས་ཤིག །ངོ་བོའི་ཆོས་ཐམས་ཅད་སྟོང་པར་ཤེས་པར་གྱིས་ཤིག །རང་བཞིན་གྱི་ཆོས་ཐམས་ཅད་གསལ་བར་ཤེས་པར་གྱིས་ཤིག །ཐུགས་རྗེའི་ཆོས་ཐམས་ཅད་སེམས་ཅན་ཀུན་ལ་ཁྱབ་པར་ཤེས་པར་གྱིས་ཤིག །ཡེ་ཤེས་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་ཤེས་པར་གྱིས་ཤིག །འོད་ཀྱི་ཆོས་ཐམས་ཅད་འཛིན་པ་མེད་པར་ཤེས་པར་གྱིས་ཤིག །ཟེར་གྱི་ཆོས་ཐམས་ཅད་སྤྲོ་བསྡུ་མེད་པར་ཤེས་པར་གྱིས་ཤིག །རིག་པའི་ཆོས་ཐམས་ཅད་བདག་རྟོག་དང་བྲལ་བར་ཤེས་པར་གྱིས་ཤིག །དེ་བཞིན་དུ་ཆོས་ཐམས་ཅད་ཅི་ལ་ཡང་མི་རྟོག་མི་སེམས་པར་སྐྱོལ་ཞིག་ཅེས་སོ། །གཉིས་པ་ངང་ལ་མི་གཡོ་མཉམ་པར་བཞག་ཚུལ་ལ་གཉིས་ལས། ངོ་བོའི་ངང་ལ་བཞག་ཚུལ་མདོར་བསྟན་པ་ནི། ཐལ་འགྱུར་ལས། བསྒོམ་པའི་མཚན་ཉིད་སྣང་ཚུལ་ནི། །མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་ངང་། །ཆོས་ཉིད་རང་ངོ་དག་པའོ། །ཞེས་སོ། །རང་བཞིན་གྱི་སྣང་བ་ལ་བཞག་ཚུལ་རྒྱས་པར་བཤད་པ་ནི། ཀློང་དྲུག་པ་ལས། འདས་པའི་སྐུ་གསུམ་ལ་སྣ་གཏད། མ་འོངས་པའི་སྐུ་གསུམ་ལ་རྒྱབ་བརྟེན། ད་ལྟར་གྱི་སྐུ་གསུམ་ལ་ལོངས་སྤྱོད་པ་ནི། སངས་རྒྱས་རྣམས་ཀྱི་འབྲས་བུ་ལ་

p. 739

མངོན་དུ་བྱས་པ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་གནས་པ་ཞེས་བྱའོ། །འདས་པའི་ཡེ་ཤེས་ལྔ་ལ་གཞི་བྱས། མ་འོངས་པའི་ཡེ་ཤེས་ལྔ་ལ་རྩེ་མོ་གཏད། ད་ལྟར་གྱི་ཡེ་ཤེས་ལྔ་ལམ་དུ་བྱེད་པ་ནི། གསལ་བས་གསལ་བའི་འོད་འདུས་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །འདས་པའི་རིག་པ་ལ་ཡིད་ཆེས་བྱ། མ་འོངས་པའི་རིག་པ་ལ་ཚད་བཟུང་། ད་ལྟར་གྱི་རིག་པ་ལམ་དུ་བྱེད་པ་ནི། མ་ཡིས་བུ་བཟུང་བ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །འདས་པའི་ཐིག་ལེ་ལ་ཆ་བཟུང་། མ་འོངས་པའི་ཐིག་ལེ་ལ་བློ་གཏད། ད་ལྟར་གྱི་ཐིག་ལེ་རྣམས་གཅིག་ཏུ་བསྡུས་པ་ནི། ཉག་གཅིག་རྩ་བ་བཅད་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་དྲིལ་བའི་རྣལ་འབྱོར་པ་ཞེས་བྱ་བ་ཡིན་ནོ། །འདས་པའི་དབྱིངས་དང་མཚམས་སྦྱར། མ་འོངས་པའི་དབྱིངས་དང་རྒྱ་བསྐྱེད། ད་ལྟར་གྱི་དབྱིངས་དང་ས་གཅིག་ལ་གནས་པ་ནི། རིག་པ་དབྱིངས་སུ་ཚུད་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་འབྲེལ་པར་གནས་པ་ཞེས་བྱའོ། །འདས་པའི་སྒྲོན་མ་རྣམས་ལ་སྣ་གཏད། མ་འོངས་པའི་སྒྲོན་མ་ལག་ཏུ་གཟུང་། ད་ལྟར་གྱི་སྒྲོན་མ་རྣམས་ལ་གསལ་གདབ་པ་ནི། སྟོང་པ་ཆོས་འབྱུང་སྒྲོན་མ་རང་དག་གི་ལྟ་བ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་སྣང་བ་ཡིན་ནོ། །འདས་པའི་འོད་རྣམས་ལ་ལམ་གཏོད། མ་འོངས་པའི་འོད་རྣམས་ལ་སེམས་གཞག །ད་ལྟར་གྱི་འོད་རྣམས་ལ་བློ་ཕབ་པ་ནི། སྣང་བ་ཐམས་ཅད་ལ་རང་རྒྱས་ཐེབས་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་འདུ་འབྲལ་མེད་པའོ་ཞེས་སོ། །གསུམ་པ་དེ་ལས་རྟགས་ཚད་དུས་ངེས་འཆར་ཚུལ་ལ་གསུམ་སྟེ། འོད་གསལ་སྐུ་གསུམ་གྱི་རྟགས། ཏིང་འཛིན་ལྷུན་གྲུབ་ཀྱི་ཚད། མི་གཡོ་མཉམ་གཞག་གི་དུས་སོ། །དང་པོ་ནི། ཡང་དེ་ཉིད་ལས། ཏིང་འཛིན་དང་པོ་ཅོག་གཞག་གིས། །སྐུ་གསུམ་རིམ་གྱིས་གོམས་པ་ཡིས། །དངོས་པོ་གཤིས་ཀྱི་རྣལ་འབྱོར་ལ། །དོན་

p. 740

འདིས་མཆོག་ཏུ་ཉེ་བར་འགྱུར། །སྐུ་གསུམ་གོམས་པའི་ཏིང་འཛིན་ཉམས། །ཅིག་ཅར་སྐྱེ་བ་མ་ཡིན་ཏེ། །འདི་ཀུན་རིམ་གྱིས་བློ་ཡུལ་ལོ། །ཐོག་མ་ཏིང་འཛིན་སྤྲུལ་སྐུ་ཐོབ། །དེ་དུས་རང་གི་ཤེས་པ་ལ། །སྔར་མ་མཐོང་བའི་ཆོས་རྣམས་ནི། །བསམ་པ་མེད་པར་བློ་ལ་འཆར། །རང་གི་གདམས་པའི་ཐ་སྙད་ཚིག །མ་བཟུང་བཞིན་དུ་སེམས་ལ་བཀྲ། །སྐྱེས་བུ་སྐལ་དང་ལྡན་པ་ལ། །ཆོས་ཀྱི་རོ་ཡིས་སེམས་རྒྱས་པས། །ལུས་ཀྱང་ཞག་ནི་དྲུག་བདུན་ན། །ཡོད་པ་དག་ནི་མི་ཚོར་ཞིང་། །ས་ཡི་སྟེང་ལས་འཕགས་ནས་ནི། །བར་སྣང་དག་ལ་འགྲོ་བའི་ཉམས། །རང་གི་སྤྱོད་ཡུལ་ཉིད་དུ་འབྱུང་། །རིག་པ་བཅོས་མེད་མཁར་བཞག་ན། །རང་གིས་སྤྲུལ་སྐུ་དེ་ལྟར་འཐོབ། །དེ་འདས་རིག་པ་མ་འགྱུས་པས། །ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཀྱང་། །རང་གི་ཤེས་པའི་རྒྱུན་དུ་ནི། །རང་སྣང་རྩོལ་བ་ཀུན་བྲལ་བར། །ཉམས་སུ་མྱོང་བ་འདི་ལྟར་འབྱུང་། །སྔར་མ་མཐོང་བའི་འོད་སྣང་ཡང་། །དུམ་བུ་དུམ་བུ་སུས་མཐོང་བ། །འདི་ཡང་ལོངས་སྤྱོད་རྫོགས་སྐུར་སྤྱོད། །སྐལ་ལྡན་རྣལ་འབྱོར་རིགས་ལྡན་དེའི། །ཤེས་པ་རང་གསལ་ཉམས་རེ་གསལ། །རང་གསལ་བློ་ལ་གོམས་པ་ཡིས། །ནང་གསལ་འགྱུ་ཡིད་ཕྱིར་མི་འཆོར། །དངོས་པོའི་རྗེས་སུ་སེམས་མི་འབྲང་། །འཇིག་རྟེན་བྱ་བ་བློར་མི་སྣང་། །འདིས་ནི་ལོངས་སྤྱོད་རྫོགས་པ་ཐོབ། །དེ་ནས་རིག་པ་ནམ་མཁའ་ལ། །ཅོག་གཞག་ཆེན་པོའི་ལྟ་སྟངས་ཀྱིས། །ཡེངས་པ་མེད་པར་མཉམ་བཞག་པས། །ཡང་ནི་ཆོས་སྐུའི་ཏིང་འཛིན་སྣང་། །དེ་དུས་ཤེས་པ་གཏིང་ནས་གསལ། །ལུ་གུ་རྒྱུད་ལ་མངོན་དུ་སྤྱོད། །སྣང་བ་འཕེལ་བའི་ཚད་ཡིན་ཏེ། །ཤེས་པ་རྣོ་ལ་མྱུར་བ་ཡིས། །སྔར་མ་མཐོང་བའི་སངས་རྒྱས་མཐོང་། །འདི་ཡིས་དེ་དུས་མི་རྣམས་ནི། །བརྒྱ་སྟོང་བྱེ་བ་བློ་ལ་སྣང་། །ལུས་ཀྱིས་སྔར་མ་བྱས་པ་ཡི། །ཤེས་པ་མེད་པའི་བཟོ་རྣམས་དང་། །སྒྱུ་རྩལ་རྣམས་དང་ཡི་གེ་དང་། །བརྡ་དང་སྐད་དང་རྟེན་

p. 741

འབྲེལ་དང་། །ཇི་ལྟར་སྔར་མ་མཐོང་བ་ཡི། །འདི་ཀུན་ཉམས་སུ་མྱོང་བ་དང་། །ས་དང་ཆུ་དང་མེ་རླུང་གི། སྒྲ་ཡང་འདི་ཡིས་རང་དབང་ཐོབ། །མདོར་ན་མངོན་ཤེས་དྲུག་རྣམས་ཀྱང་། །སྐལ་དང་ལྡན་པ་འདིས་ཐོབ་སྟེ། །རང་དང་ཕ་རོལ་དོན་རྣམས་ནི། །སྐྱེས་བུ་འདི་ཡིས་བྱེད་པར་འགྱུར། །ཅེས་སོ། །གཉིས་པ་ཏིང་འཛིན་ལྷུན་གྲུབ་ཀྱི་ཚད་ནི། ཡང་དེ་ཉིད་ལས། སྐུ་གསུམ་རང་བྱུང་དགོངས་པ་ནི། །མདོར་ན་འདི་ལྟར་ཉམས་ཚད་རྙེད། །སྤྲུལ་པ་སྐུ་ཡི་རྣལ་འབྱོར་སྤྱོད། །སྔར་མེད་སྙིང་རྗེ་ཆེན་པོ་ནི། །རང་གི་རྒྱུད་ལ་མཆོག་ཏུ་སྐྱེ། །འདི་དུས་སྤྲུལ་སྐུའི་ཏིང་འཛིན་ཐོབ། །གསལ་ལ་མི་རྟོག་ཤེས་པའི་ཉམས། །ལོངས་སྐུའི་ཏིང་ངེ་འཛིན་ཞེས་བྱ། །ཟག་མེད་སྟོང་པ་ཐིག་ལེའི་སྐུ། །རྩོལ་བ་མེད་པར་རང་ཤར་ཚེ། །ཆོས་ཀྱི་སྐུ་ཡི་ཏིང་ངེ་འཛིན། །རྣལ་འབྱོར་ལྡན་པ་འདིས་ཐོབ་བོ། །ཞེས་སོ། །གསུམ་པ་མི་གཡོ་མཉམ་གཞག་གི་དུས་ལ་གཉིས་ཏེ། འོད་གསལ་མངོན་དུ་སྣང་བའི་དུས་དང་། གདམས་ངག་བྱུང་ས་འདེབས་པའི་དུས་སོ། །དང་པོ་ནི། ཡང་དེ་ཉིད་ལས། སྣང་བ་ཐམས་ཅད་རང་དབང་དུ་གྱུར་ནས། རིག་པ་མངོན་སུམ་དུ་བསྟན་པའི་ཚེ། དགོངས་པ་བདེན་མཐོང་གི་དུས་ཞེས་བྱའོ། །སྣང་བ་ཐམས་ཅད་རང་ཐད་དུ་ཤར་ཏེ། ཉམས་ཀྱི་ས་བོན་འཕེལ་བའི་ཚེ། རིག་པ་ཉིད་སྲང་ལ་ཐེབས་པའི་དུས་ཞེས་བྱའོ། །སྐྱེས་བུ་འབྱུང་བའི་སྟོབས་ཟད་ནས། ཤེས་པ་རྣམས་ཁ་ནང་དུ་བལྟས་པའི་ཚེ། རིག་པའི་བྱུང་ས་འདེབས་པའི་དུས་སོ། །ཆོས་ཉིད་རྐྱེན་དང་བྲལ་ནས་སྣང་བ་ཐམས་ཅད་བདེ་བར་གདལ་བའི་ཚེ། ཆོས་ཉིད་མ་བུ་མཉམ་པའི་དུས་ཞེས་བྱའོ། །སངས་རྒྱས་རྣམས་ཀྱི་བདེན་པའི་འོད་ཟེར་གྱིས་རང་གི་ལུས་གང་ཞིང་རྒྱས་ནས། སྐུ་མངོན་པར་བྱང་ཆུབ་པའི་ཚེ། བརྟན་པ་རང་ཐོབ་ཀྱི་དུས་ཞེས་བྱའོ་ཞེས་སོ། །གཉིས་པ་གདམས་ངག་བྱུང་ས་འདེབས་པའི་དུས་ནི། རང་ཤར་ལས། རྒྱུད་ལ་ཤེས་རིག་ཤར་བའི་དུས་སུ། སྐུ་ངོ་ཤེས་པར་གྱིས་

p. 742

ཤིག །རྟོགས་པ་རྒྱུད་ལ་སྐྱེས་པའི་དུས་སུ་རིག་པའི་ཡུལ་ངོ་ཤེས་པར་གྱིས་ཤིག །ཏིང་ངེ་འཛིན་སྟོབས་སུ་གྱུར་པའི་དུས་སུ་སྒྲོན་མ་རྣམ་པར་དག་པ་ངོ་ཤེས་པར་གྱིས་ཤིག །སྟོབས་ཁྱད་པར་ཅན་སྐྱེས་པའི་དུས་སུ། ཏིང་ངེ་འཛིན་ལམ་དགྱེར་བ་ངོ་ཤེས་པར་གྱིས་ཤིག །རིག་པའི་སྐུ་མཐོང་བའི་དུས་སུ་ཞེ་འདོད་མེད་པར་ཤེས་པར་གྱིས་ཤིག །ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་དུས་སུ་བདུད་ཀྱི་བསླུ་བ་ངོ་ཤེས་པར་གྱིས་ཤིག །ཉམ་ང་བ་མེད་པའི་སྤྱོད་པ་ཀློང་རྡོལ་བའི་དུས་ན། ཤེས་རབ་ཀྱི་འཇུག་ཕྱོགས་ངོ་ཤེས་པར་གྱིས་ཤིག །སྟོང་པ་ཡུལ་ལ་ཁྱབ་པའི་དུས་ན་འོད་ངོ་ཤེས་པར་གྱིས་ཤིག །སྒྲོན་མ་ཡུལ་ལ་སྣང་བའི་དུས་ན། དབྱིངས་དང་ཡུལ་ངོ་ཤེས་པར་གྱིས་ཤིག་ཅེས་པ་དང་། སེང་གེ་རྩལ་རྫོགས་ལས། སྣང་བ་དུམ་བུ་དུམ་བུའི་ཚེ། །མཁས་པས་རབ་ཏུ་བརྟག་པར་བྱ། །ཤིན་ཏུ་ཕྲ་དང་འགྱུ་བའི་ཚེ། །གོམས་པས་རབ་ཏུ་གནས་པར་བྱ། །འཕྲིག་དང་ཕྲ་དང་འགྱུ་བའི་ཚེ། །མཐོང་བས་རབ་ཏུ་གཟུང་བར་བྱ། །ཟླུམ་དང་ཕྲ་དང་འཁྲིལ་བའི་ཚེ། །མཁས་པས་ཡེང་མེད་ཏིང་འཛིན་བརྟན། །ལྟེམ་དང་མེར་དང་སྐུར་སྣང་ཚེ། །གོམས་པས་སྣང་བ་མཆེད་པ་གཟུང་། །ཡང་དག་ཀུན་ཏུ་སྣང་བའི་ཚེ། །མཁས་པས་སྣང་བ་བསྡུ་བར་བཤད། །ཆགས་དང་ཞེན་པ་མེད་པའི་ཚེ། །མཁས་པས་གཟུང་ཐབས་ཤེས་པར་བྱ། །གསང་སྔགས་གོམས་པའི་མཚན་ཉིད་དོ། །ཞེས་སོ། །གཉིས་པ་ཉིན་མཚན་འོད་གསལ་གྱི་འཁོར་ལོ་ལ་གསུམ་སྟེ། དབྱིངས་འོད་གསལ་གྱི་འཆར་གཞི་ངོས་གཟུང་བ། དེ་ལས་སྒྲོན་མའི་ཉམས་ལེན་བསྟན་པ། ཉིན་མཚན་འཁོར་ཡུག་གི་བསྒོམ་ཚུལ་ངེས་པའོ། །དང་པོ་ནི། སྔར་ཡང་བཤད་མོད་ཀྱི། འོན་ཀྱང་འདིར་རབ་ཏུ་བསྡུས་ཏེ་གསལ་བར་བསྟན་པ་ལ་ལྔ་སྟེ། དབྱིངས་ཀྱི་འདུག་ཚུལ། སྒྲོན་མའི་གནས་ཚུལ། དབྱིངས་རིག་གི་འཆར་ཚུལ། ཉམས་སུ་བླང་ཚུལ། ཁྱད་པར་ངེས་ཚུལ་ལོ། །དང་པོ་ནི། དབྱིངས་ཀྱི་འོད་གསལ་བདེ་བར་གཤེགས་

p. 743

པའི་སྙིང་པོ་དེ་སེམས་ཅན་ཀུན་ལ་དབྱེར་མེད་དུ་གནས་ཏེ། ནོར་བུ་འཕྲ་བཀོད་ལས། ཏིལ་འབྲུ་འམ་ནི་ཡུངས་འབྲུ་ལ། །མར་ཉིད་ཡེ་ནས་ལྷུན་གྲུབ་བཞིན། །སེམས་ཅན་ལུས་ལྟར་སྣང་བ་ལ། །དེ་བཞིན་གཤེགས་པའི་ས་བོན་ནི། །མཐུན་པའི་འོད་དང་རང་ཆས་སུ། །གནས་ནས་ལམ་ཞུགས་སྒོ་དག་ཏུ། །རྣམ་པར་འཐོན་ནས་དོན་ལ་སྤྱོད། །ནམ་མཁས་གར་ཁྱབ་སེམས་ཅན་ཏེ། །རིག་པའི་དོན་ཡང་དེ་ཙམ་མོ། །ཞེས་སོ། །གང་ན་ཡོད་ཅེ་ན། དེ་ཉིད་ལས། ཨེ་མ་རིག་པའི་གནས་ལུགས་ནི། །རང་གི་ཐུགས་ཀྱི་དཀྱིལ་ན་གནས། །ཡབ་ཡུམ་གཉིས་ཀྱི་ཆ་འཛིན་པའི། །ཐབས་དང་ཤེས་རབ་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་དང་རིག་པས་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །ཞེས་སོ། །དེའང་རིག་པ་འོད་ཀྱི་ཀློང་ན་སྐུ་དང་ཡེ་ཤེས་སུ་ཇི་ལྟར་བཞུགས། གནས་ངེས་པ་ནི་གང་དང་གང་ཞེ་ན། རྩལ་རྫོགས་ལས། རང་རང་ཙིཏྟ་རིན་ཆེན་ནང་། །ཚོན་གང་འོད་འབར་བུམ་པའི་ཚུལ། །ནང་ན་ཡེ་ཤེས་མེ་འོད་འབར། །གཞལ་ཡས་ཡེ་ཤེས་དུ་མ་སྣང་། །སྐུ་ཡི་ངོ་བོ་རེ་རེ་ལ། །གསུང་གི་སྤྲུལ་པ་གྲངས་མེད་ཅིང་། །ཐུགས་ཀྱི་དགོངས་པ་འདའ་མེད་ཅིང་། །ཞེས་པ་དང་། ཀུན་གཞི་ཆོས་འབྱུང་ཆེན་མོའི་མཛོད། །རིག་པའི་ཡེ་ཤེས་གོང་བུར་གནས། །སྣང་བ་འཛིན་མེད་ཡུལ་གྱི་མཛོད། །རིག་པའི་ཡེ་ཤེས་དབྱིངས་སུ་གནས། །གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད། །རིག་པའི་ཡེ་ཤེས་ཡབ་ཡུམ་ཚུལ། །སྲོག་འདུས་རིན་ཆེན་ཟུར་བཞིའི་མཛོད། །རིག་པའི་ཡེ་ཤེས་ཐིག་ལེར་གནས། །དོན་འཁྱིལ་བྷནྡྷའི་གཞལ་ཡས་མཛོད། །རིག་པའི་ཡེ་ཤེས་ཁྲོ་སྐུར་གནས། །འགགས་མེད་གསལ་བའི་སྒོ་གཉིས་མཛོད། །དབྱིངས་དང་ལུ་གུ་རྒྱུད་དུ་གནས། །སྟོང་པ་མཚན་བྲལ་ནམ་མཁའི་མཛོད། །རིག་པའི་ཡེ་ཤེས་འོད་དུ་གནས། །དེ་ནི་གསང་བའི་མཛོད་དུ་བསྟན། །ཅེས་སོ། །དེའང་རིག་པའི་

p. 744

ངོ་བོ་དེ་གཞི་སྙིང་ན་གནས་དུས་དབྱིངས་འོད་ལྔའི་ནང་ན་ཡོད་པ་རྨ་བྱའི་སྒོ་ང་ལྟ་བུའོ། །ལམ་དབྱིངས་ལ་ཤར་དུས་ནམ་མཁའི་འཇའ་འོད་དང་། མཐར་ཕྱིན་དུས་ཕྲུ་གུ་སྒོང་རྒྱ་ལས་གྲོལ་བ་ལྟ་བུ་སྟེ། རྩལ་རྫོགས་ལས། གཞི་ལ་གནས་པའི་རིག་པ་ནི། །ཡེ་ཤེས་དབྱིངས་ན་སྐུ་གསུམ་རྫོགས། །དཔེར་ན་རྨ་བྱའི་སྒོ་ང་བཞིན། །ནང་འོད་ཡེ་ཤེས་གསལ་བར་བསྟན། །ལམ་ལ་འཆར་བའི་རིག་པ་ནི། །དཔེར་ན་འཇའ་ཚོན་ལྟ་བུར་བསྟན། །མཐའ་ལ་སྐྱོལ་བའི་རིག་པ་ནི། །རྨ་བྱའི་ཕྲུ་གུ་སྒོ་ང་རྣམས། །རྡོལ་ཏེ་དོན་པ་ལྟ་བུའོ། །ཞེས་སོ། །དེའང་ཡེ་ཤེས་དེ་མ་སྨིན་པའི་དུས་སུ་ཀུན་གྱི་གོ་འབྱེད། སྣང་བའི་དུས་སུ་འོད། གོམས་དུས་སྐུར་སྣང་སྟེ། དེ་ལས། སྤྲོས་པ་མེད་པའི་དབྱིངས་ཉིད་ནས། །འོད་གསལ་ཐོགས་མེད་རིག་པ་བྱུང་། །སྣང་བའི་དུས་ན་འོད་སྣང་སྟེ། །རྟོགས་པའི་དུས་ན་རང་སྣང་ངོ་། །གོམས་པའི་དུས་ན་སྐུ་རུ་འགྱུར། །ཤེས་རབ་ཐབས་དང་འབྲེལ་པ་ཡིས། །དོན་དམ་དཀྱིལ་འཁོར་རྣམ་ལྔ་མཐོང་། །ཞེས་སོ། །དེ་ལྟར་གནས་པའི་སྐུ་དང་རིག་པ་དང་དབྱིངས་དང་ཡེ་ཤེས་ཀྱི་མཚན་ཉིད་ནི། ཡང་དེ་ཉིད་ལས། སྐུ་ཡི་མཚན་ཉིད་འདི་ལྟ་སྟེ། །འགྱུར་བ་མེད་དང་གསལ་བ་དང་། །སྟོང་པ་དང་ནི་རྟོག་བྲལ་ལོ། །རིག་པའི་མཚན་ཉིད་འདི་ལྟ་སྟེ། །ཕྲ་བ་ཉིད་དང་འཕྲོ་བ་དང་། །ལུ་གུ་རྒྱུད་དང་འགུལ་བའོ། །དབྱིངས་ཀྱི་མཚན་ཉིད་འདི་ལྟ་སྟེ། །ཡངས་དང་ལྷུན་སྟུག་སྟོང་མཐའ་ཡས། །གསལ་དང་དྲོ་དང་བསིལ་བ་དང་། །ཡང་ཞིང་གཡོ་བའི་བདག་གཉིད་འཛིན། །ཁྱབ་དང་མུ་ཁྱུད་ར་བའོ། །ཡེ་ཤེས་མཚན་ཉིད་འདི་ལྟ་སྟེ། །འབྱུང་དང་བྱུང་དང་རང་གསལ་དང་། །ཡེ་དང་ཤེས་དང་རྟོགས་པའོ། །གསལ་དང་འཚེར་དང་འབྱམས་ཡས་ཉིད། །སྣང་དང་མུན་དང་གོ་འབྱེད་དང་། །སྟོང་དང་གསལ་བའི་ཡེ་ཤེས་མཆོག །གསང་སྔགས་མཚན་ཉིད་དག་ཏུ་འདོད། །ཅེས་སོ། །གཉིས་པ་སྒྲོན་མའི་གནས་ཚུལ་ནི། ལྷ་ལ་ཁྲུ་གང་། ལྷ་མིན་ལ་སོར་བཞི། མི་ལ་ཚོན་གང་། དུད་འགྲོ་ལ་རང་གསལ། ཡི་དྭགས་ལ་ཏིལ་འབྲུ་ཙམ། དམྱལ་བ་ལ་རྟ་རྔ་ཙམ།

p. 745

སངས་རྒྱས་ལ་ཚད་མེད་པ། བྱང་ཆུབ་སེམས་དཔའ་ལ་མདའ་གང་། སྤྲུལ་སྐུ་ལ་འདོམ་གང་བ་སྟེ། རང་འོད་ཡེ་ཤེས་ཀྱི་སྣང་བར་ཡོད་པ་ནི། ཡང་དེ་ཉིད་ལས། ཡེ་ཤེས་གནས་ལུགས་ཆེ་ཆུང་དག །སྣང་བ་དྲུག་གི་ཕྱོགས་དག་ནས། །རབ་ཏུ་བཤད་པ་འདི་ལྟ་སྟེ། །དགའ་ལྡན་རྣམས་ལ་ཁྲུ་གང་གནས། །རྩོད་ལྡན་རྣམས་ལ་སོར་བཞི་གནས། །ཆ་མཉམ་ལྡན་ལ་ཚོན་གང་ངོ་། །གཉིས་ལྡན་རྣམས་ལ་རང་གསལ་ཙམ། །བཀྲེས་ལྡན་རྣམས་ལ་ཏིལ་འབྲུ་ཙམ། །སྡུག་བསྔལ་ལྡན་ལ་རྟ་རྔ་ཙམ། །དེ་བཞིན་དུ་ནི་གནས་པར་བཤད། །སངས་རྒྱས་རྣམས་ལ་དཔག་ཏུ་མེད། །བྱང་ཆུབ་སེམས་དཔའ་མདའ་གང་ངོ་། །སྤྲུལ་པའི་སྐུ་ལ་འདོམ་གང་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྤྲུལ་པའི་སྐུ་དང་ལྷ་རྣམས་ལ། །མངོན་སུམ་ཡུལ་ལ་སྣང་བའོ། །དེ་རྣམས་མན་ཆད་ཡུལ་ལྔ་ལ། །མ་བསྟན་མཐོང་བར་མི་འགྱུར་རོ། །ཞེས་སོ། །དེའང་བར་སྣང་ལ་རང་སྣང་བ་སངས་རྒྱས་སེམས་དཔའ་ལྷ་གསུམ་སྒྲོན་མའི་སྣང་བ་ཆེ་བ་ནི་ཡུལ་ཡངས་པས་སོ། །གཞན་ལྔ་རང་ལུས་ཀྱི་ཡུལ་ཡིན་པས་ཆུང་བའོ། །གསུམ་པ་དབྱིངས་རིག་གི་འཆར་ཚུལ་ལ་གཉིས་ལས། དབྱིངས་ནི་ནང་ན་ཡོད་པའི་འོད་ལྔ་ཡེ་ཤེས་ཀྱི་རང་གདངས་ཕྱིའི་ཡུལ་དུ་མཐིང་ག་ཁྱབ་པ་ཆེན་པོའི་འོད་དང་། དེ་ལས་མཆེད་པ་ལྔ་ལྡན་ཡེ་ཤེས་ཆེན་པོའི་འོད་གཉིས་ཡུལ་སྣང་དུ་རང་ཤར་བའོ། །རིག་པ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་ཆ་ཤས་ཀྱི་སྐུ་དང་བཅས་པ་སྟེ། རྩལ་རྫོགས་ལས། སངས་རྒྱས་ཀུན་གྱི་ལྟ་ཕུགས་ནི། །དབྱིངས་རིག་གཉིས་ལས་མ་འདས་པའོ། །ཞེས་པ་དང་། རྡོ་རྗེ་ལུ་གུ་རྒྱུད་ཉིད་ལས། ཆ་ཤས་སྐུ་ནི་བསམ་མི་ཁྱབ། །རང་བྱུང་དབྱིངས་ཀྱི་སྒྲོན་མ་ལ། །རང་སྣང་འོད་ནི་བསམ་མི་ཁྱབ། །ཐིག་ལེ་སྟོང་པའི་སྒྲོན་མ་ལ། །ཟེར་ལྡན་ཐིག་ལེ་བསམ་མི་ཁྱབ། །ཡེ་ཤེས་ལྔ་ཡི་ངོ་བོ་ལ། །མཚོན་པའི་ཚིག་ནི་བསམ་མི་ཁྱབ། །རྐྱེན་མེད་ཡུལ་གྱི་སྣང་བ་ལ། །འགག་མེད་འབྱུང་བ་བསམ་མི་ཁྱབ། །ཅེས་སོ། །བཞི་པ་ཉམས་སུ་བླང་ཚུལ་

p. 746

ལ་གཉིས་ཏེ། གནད་ཀྱིས་གཅུན་པ་དང་། དེ་ལས་ཤར་བའི་ཉམས་སྣང་ངོ་། །དང་པོ་ལའང་སྤྱིའི་བཞག་ཐབས་དང་། བྱེ་བྲག་གི་གཅུད་ཐབས་གཉིས་ལས། དང་པོ་ནི། རང་ཤར་ལས། ཆོས་ཉིད་རང་སྣང་ནམ་མཁའ་ལ། །རིག་པ་ཡེ་ཤེས་མ་ཡེངས་པར། །འཛིན་མེད་ངང་དུ་བཞག་གྱུར་ན། །ཡེ་ཤེས་དག་པའི་རང་སྣང་མཐོང་། །མ་རིག་འཁྲུལ་སྣང་ཆོས་རྣམས་ལོག །ཅེས་པ་དང་། ནུབ་པ་མེད་པའི་རྒྱལ་མཚན་ལ། །འགྱུར་བ་མེད་པའི་སྒྲོན་མ་གསལ། །རྟོག་པ་མེད་པའི་ཡེ་ཤེས་ལ། །གསལ་འགྲིབ་མེད་པའི་འོད་ལྔ་གསལ། །ཅེས་པ་དང་། ནོར་བུ་རིན་ཆེན་བདུད་རྩི་ལ། །བྱས་ཤིང་བསྒོམས་པས་རྙེད་མི་འགྱུར། །སྒྲོན་མ་དབྱིངས་ཀྱི་སྣང་བ་ལ། །མ་ཡེངས་གསལ་འཛིན་མེད་པར་བརྟག །དེ་ལྟར་དོན་ལས་མ་ཡེངས་ན། །རིན་ཆེན་བདུད་རྩིའི་སྒྲོན་མ་ཡིན། །བཏང་བཞག་མེད་ན་རྙེད་པའི་མཆོག །འཛིན་པ་མེད་ན་རང་སར་གྲོལ། །ཅེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སྐུ་ཡི་གནད་ནི་གདངས་ཀྱིས་སོ། །ཡེ་ཤེས་འདུག་སྟངས་དག་གིས་སོ། །ཐིག་ལེ་བསྐྱིལ་ཞིང་དཀྲུགས་པས་འགྲུབ། །འོད་ནི་ཡས་ཤིང་སྡུད་པའོ། །འབྲེལ་ལྡན་བསྡམས་པས་རླུང་གི་གནད། །འཇུག་པའི་ལས་ནི་མཐའ་ཡིས་དབྱེ། །དེ་ཡི་འགྱུར་བྱེད་ལས་རླུང་ཟད། །འཁྲུལ་པའི་སྡེབས་དང་སྦྱར་བའོ། །རིག་པའི་གནད་ནི་དབྱུང་བ་དང་། །བསྐྱིལ་ཞིང་མཁའ་ལ་གཏད་པའོ། །དབྱིངས་ཀྱི་གནད་ནི་བསྡུ་བ་དང་། །དགུག་དང་ཁམས་ཀྱི་བྱེར་ཡས་སྦྱར། །སྣང་བའི་གནད་ནི་འཕེལ་དང་ཟད། །སྣ་ཚོགས་རང་སར་གྲོལ་བའོ། །ཞེས་སོ། །དེའང་སྐུ་མཐོང་དུས་དེ་རྫོགས་པར་བྱེད་པའི་གནད་གདངས་དེ་ལ་མི་འགྱུར་བར་བལྟ་བའོ། །ཡེ་ཤེས་མཁར་ཐབ་ལ་སོགས་པའི་དུས་ན་འདུག་སྟངས་མི་འགྱུར་བའོ། །ཐིག་ལེ་མ་འཕེལ་ན་མིག་དབུས་སུ་དྲིལ་ནས་འོད་རྩ་གཅུད་པའོ། །འོད་པྲ་ཡས་ན་སྨིན་ཕྲག་ཏུ་གཏད་པའོ། །རྟོག་པ་འཐོར་ན་རླུང་འཆིང་

p. 747

ཞིང་འཕེན་པའོ། །རིག་པའི་གནད་ལུ་གུ་རྒྱུད་མཁའ་ལ་དབྱུང་བའོ། །དབྱིངས་ཀྱི་གནད་དབུས་སུ་བསྡུ་ཞིང་མིག་ཟུར་ནས་ཁྲིད་དེ་བལྟ་བའོ། །འདི་དག་གནད་དོ། །གཉིས་པ་དེ་ལྟར་ཉམས་སུ་བླངས་དུས་རིམ་པས་ཉམས་སུ་ཤར་བའི་དབྱིངས་རིག་གི་གནད་ནི། དང་པོ་ཉམས་སུ་ལེན་པ་ནས་མཐར་རྫོགས་ཀྱི་བར་ཏེ། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །དཔེར་ན་འདབ་ཆགས་འཕུར་སྐྱེན་བཞིན། །སྐད་ཅིག་ཙམ་ལ་ཀུན་ཏུ་རྒྱུ། །དེ་ལ་རྩི་ཡིས་ཐེབས་གྱུར་ན། །རི་དྭགས་མགྱོགས་པ་ཙམ་དུ་འགྱུར། །དེ་ནས་དོན་ལ་མ་ཡེངས་ན། །བུང་བ་བཅུད་ལ་འཁོར་བ་ཙམ། །དེ་ནས་རང་སྣང་བལྟས་གྱུར་ན། །དཔེར་ན་སྨིག་རྒྱུ་ལྟ་བུར་གནས། །དེ་ནས་དོན་ལ་མ་ཡེངས་ན། །འགུལ་ལམ་འཕྲིག་པ་ཙམ་དུ་འགྱུར། །དེ་ཡི་དོན་ལ་མ་ཡེངས་ན། །ལྟེམ་བཞིན་པ་དང་མེར་བར་འགྱུར། །དེ་བས་ཤིན་ཏུ་བལྟས་གྱུར་ན། །འགྲོ་འོང་མ་ཡིན་འོད་སྣང་མཐོང་། །དེ་ཡི་དོན་ལ་བརྟན་གྱུར་ན། །ཐིག་ལེ་སྟོང་པའི་སྒྲོན་མ་མཐོང་། །དེ་ལ་ཡང་དག་བལྟས་གྱུར་ན། །ཐིག་ལེ་སྐུ་དང་བཅས་པ་མཐོང་། །དེ་ཡི་དོན་ལ་མ་ཡེངས་ན། །འཁྲུལ་སྣང་ལོངས་སྐུར་མཐོང་བར་འགྱུར། །སྐུ་ཡི་སྣང་བ་དེ་རྣམས་ཀུན། །སྒྱུ་མ་འཇའ་ཚོན་ཇི་བཞིན་པའོ། །དེ་ལ་རབ་ཏུ་བརྟན་གྱུར་ནས། །ཉིན་མོ་མཚན་མོ་མེད་པ་ནི། །དཔེར་ན་ཅེ་སྤྱང་མོ་ཡི་མིག །ཉིན་དང་མཚན་མོ་མེད་པ་ལྟར། །རང་སྣང་དཀྱིལ་འཁོར་དེ་བཞིན་ནོ། །ཞེས་སོ། །དེའང་སྟོང་གཟུགས་ཀྱི་འཇའ་འོད་ཐིག་ལེ་སྐུ་ལ་སོགས་པ་ཀུན། ཕྱིའི་བར་སྣང་ལ་ཡོད་པར་ཕལ་དུ་བརྗོད་པ་དང་། དེ་ན་ཡོད་སྙམ་དུ་འཛིན་ཏེ། གླིང་ས་ལོག་པས་དེ་ལྟར་མ་ཡིན་ཏེ། ནང་ལུས་ཀྱི་འོད་རྩ་དྭངས་པ་ན་ཡོད་པ་ཀུན། མིག་གི་འོད་རྩ་དྭངས་པས་ཚུར་ནང་དུ་སྟོང་གཟུགས་མཐོང་བ་ཡིན་ནོ། །དེའང་སྙིང་གའི་གདངས་རྩ་ཀུན་ཁྱབ་པར་འཕྲོ་བ་ནི། ད་ལྟ་གཞི་སྣང་ཤར་བའི་དུས་ཡིན་ལ། རང་ངོ་ཤེས་ནས་རང་གདངས་ལ་ས་ལེ་བཞག་པས། ཇེ་དག་ལ་སོང་སྟེ། རླུང་སེམས་དག་དུས་ལྷུན་

p. 748

གྲུབ་ཀྱི་སྣང་བ་ཅི་ཡིན་པ་ལུས་ནང་དུ་མཐོང་ནས་རྩལ་གཞི་ཐིམ་ལ་ནང་དུ་འཇུག་དུས། ཚད་ཕེབས་ནས་ཟད་པར་འགྲོ་བ་སྟེ། སླར་ནུབ་དུས་གཞི་སྣང་གཞི་ལ་ཐིམ་པས་ཀ་དག་ཏུ་གྲོལ་བ་ལས། སྣང་བ་དེ་ཀུན་འཕེལ་བར་སྣང་དུས་འཕེལ་བ་རང་མཚན་དུ་མེད་ལ། ནང་དུ་རང་ལོག་པ་ལས་འགྲིབ་པ་མེད་དོ། །འདིར་རྒྱུད་དང་མན་ངག་ལས་ཕྱིའི་ནམ་མཁའ་ན་ཡོད་པར་གསུངས་པ་དེ། རེ་ཞིག་དགོངས་ཏེ་གསུངས་པ་ནི་རྐྱེན་ཕྱིའི་ནམ་མཁར་མིག་གཏད་ན་མཐོང་བའི་ཆ་དང་དེ་ན་ཡོད་ཡོད་འདྲ་བས་སོ། །རང་བཞིན་དུ་ཕྱི་ན་ཡོད་ན་གཞན་གྱིས་ཀྱང་མཐོང་དུ་རུང་བ་ལས། ཕྱི་ན་མེད་པར་ཤེས་ལ། གཞན་གྱིས་རང་གི་སྟོང་གཟུགས་མི་མཐོང་བ་དེ་ལུས་ཀྱིས་བསྒྲིབས་པས་སོ། །རང་གིས་མཐོང་བ་ནི་འོད་རྩ་དག་པའི་གསེང་ལས་ནང་དུ་ཤར་བ་མཐོངས་ཁུང་ལས་ནང་ན་ཉི་མ་ཤར་བའི་སྣང་བ་མཐོང་བ་བཞིན་ནོ། །གཏན་ཚིགས་ནི་མིག་བཙུམས་ནས་སྟོང་གཟུགས་མཐོང་བ་འདིས་ཀྱང་ནང་ན་ཡོད་པར་ཤེས་པ་ཡིན་ནོ། །དེས་ན་སྐུ་ལ་སོགས་པའི་སྣང་བ་ཕྱིའི་ཡུལ་ན་མེད་ཀྱང་ཡོད་ཡོད་ལྟར་སྣང་བ། མེ་ལོང་ལ་བལྟས་དུས་བྱད་ཤར་བ་ལྟར། ནང་འོད་རྩ་དྭངས་པའི་མེ་ལོང་ན། སྙིང་གའི་རིག་པ་བྱད་ལྟ་བུའི་གདངས་སྣང་བ་དེ། ཡུལ་ལ་མེད་ཀྱང་ནང་དུ་མཐོང་བ་དམིགས་པ་དག་པའི་འོད་རྩའི་ཡོན་ཏན་གྱི་ཆ་ལས་ཤར་བའོ། །ཕྱི་ནང་གཉིས་ཆ་འཛོལ་བ་སྣང་བ་ཙམ་ལ་འཁྲུལ་བའང་ཕལ་པ་རྣམས་རེ་བདེན། ཚུལ་འདི་ལྟར་གོ་ན་སྐྱེས་བུ་ཤེས་རབ་ཅན་རྫོགས་པ་ཆེན་པོའི་ཀློང་ནས་སྐྱེས་པ་ཞེས་བྱ་སྟེ། སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པ་ཁོ་བོ་བཞིན་ནོ། །ཚུལ་འདི་དག་ཡིད་ཆེས་པའི་ལུང་དང་སྦྱར་བ་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སྐུ་ཡི་སྣང་བ་དེ་དག་ཀུན། །ཡུལ་གྱི་སྣང་བ་མ་ཡིན་ཏེ། །དཔེར་ན་ན་ཆུང་གཞོན་པ་ཡིས། །མེ་ལོང་མཚན་ཉིད་གསལ་བ་ལ། །རང་གི་བཞིན་སྣང་མཐོང་བ་ལྟར། །ཆོས་ཉིད་ཡུལ་གྱི་ནམ་མཁའ་ལ། །རིག་པའི་སྣང་བ་སྐུ་རུ་ཤར། །རང་གི་གནས་ལུགས་མཐོང་བ་ནི། །ཡུལ་ལ་ཡོད་པ་མ་ཡིན་ཏེ། །དམིགས་པ་དག་པས་མངོན་དུ་གསལ། །

p. 749

རང་གི་དཀྱིལ་དང་འཁོར་དུ་བཅས། །ཡེ་ཤེས་དོན་ལ་ཡུལ་མེད་ཀྱང་། །སེམས་ཅན་དུས་ན་ཡུལ་ལྟར་སྣང་། །མཐོང་བའི་ཡུལ་ལ་རྟོགས་པ་ཆེ། །གོ་བའི་ཡུལ་ན་བདེ་བ་ཆེ། །སྣང་བ་མཐོང་ན་ཉམས་མྱོང་ཆེ། །རང་རིག་གཅིག་པུ་གྲོགས་ཀྱི་མཆོག །སྣང་བའི་ཡུལ་དུ་མེད་པས་ན། །རྡོ་རྗེ་ལུ་གུ་རྒྱུད་ཉིད་ལས། །ཆ་ཤས་སྐུ་ནི་བསམ་མི་ཁྱབ། །ཅེས་སོ། །འདི་ནི་གོ་རྒྱུ་ཞིག་ཡོད་པས་བློ་གྲོས་ཅན་རྣམས་ཀྱིས་རིག་པར་བྱའོ། །རང་བཞིན་དུ་རྟོགས་སླ་བས་ཡུལ་སྣང་ཞེས་བརྗོད་པ་ལ་འགལ་བ་མེད་པས། ཕྱིའི་ནམ་མཁའ་ལ་དབྱིངས་རིག་དང་སྒྲོན་མ་སྣང་ཞེས་རྨོངས་པ་རྣམས་ལ་རྟོགས་སླ་བའི་ཕྱིར་བཤད་པར་བྱའོ། །རང་གི་ནང་དུ་གོ་རྒྱུ་ནི་སྔ་མ་བཞིན་ནོ། །ལྔ་པ་ཁྱད་པར་ངེས་ཚུལ་ནི། རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས། དང་པོ་གཞི་ནས་འཕགས་ཏེ་འཁོར་བར་འཁྲུལ་ཡང་རིག་པ་ངན་དུ་སོང་བ་མེད། དེ་ནས་བླ་མས་ངོ་སྤྲད་དེ་སྟོར་ནས་འཁྱམས་པ་དེ་ཕྱིས་རྩད་ཆོད་དུས་དགའ་བ་དང་། དང་པོ་སྟོར་དུས་འཁྲུལ་པའི་དུས་ཀྱི་རིག་པ་གཉིས་ལ་བཟང་ངན་ཁྱད་མེད། མ་བསྒོམས་པའི་རིག་པ་དང་། བསྒོམས་དུས་ལ་ཁྱད་མེད་པ་དང་། འཁོར་དུས་དང་། འདས་དུས་ཀྱི་རིག་པ་ལ་བཟང་ངན་མེད་དེ། གཉིད་དུ་སོང་དུས་དང་། སད་དུས་དང་། འགྲོ་ཁའི་རིག་པ་ལ་བཟང་ངན་ཁྱད་མེད་པ་བཞིན་ནོ། །འོན་ཀྱང་སྣང་ཚུལ་བཟང་ངན་རྨི་ལམ་བདེ་སྡུག་ཙམ་ཡོད་པས། དེ་ལ་ལྟོས་ནས་ལམ་བསྒོམ་པ་ཡིན་ལ། ངོ་བོ་བཟང་དུ་འགྲོ་བར་རེ་བ་ནི་མ་ཡིན་ཏེ། རིག་པ་ལ་འཕོ་འགྱུར་མེད་པའི་ཕྱིར་རོ། །དེ་སྐད་དུའང་རང་ཤར་ལས། ཨེ་མ་ཧོ། ནོར་བུ་རིན་ཆེན་བདུད་རྩི་འདི། །ཐོག་མ་མེད་པའི་དུས་ཀྱི་ཚེ། །ང་ཡི་ནོར་བུ་རིན་ཆེན་སྟོར། །དེ་ཚེ་སྡུག་བསྔལ་ལོག་པར་འཁྱམས། །ནོར་བུ་རིན་ཆེན་བདུད་རྩི་དེ། །བཙལ་བས་རྙེད་པའི་གནས་མེད་དེ། །རང་ལས་རང་བྱུང་རང་གིས་རྟོགས། །ནོར་བུ་རིན་ཆེན་བདུད་རྩི་དེ། །སྟོར་བ་མ་ཚོར་རྙེད་པ་ཚོར། སྟོར་བས་དངོས་པོ་མཚན་མ་མེད། །རྙེད་པས་དགའ་བའི་མདངས་དང་ལྡན། །རྙེད་པའི་དུས་

p. 750

དང་སྟོར་བའི་དུས། །ཁྱད་མེད་གཅིག་གི་ངང་དུ་རྟོགས། །ཞེས་སོ། །དེའང་རང་རིག་གི་ངང་དུ་སྟོར་བ་དེ་རང་གི་ངང་ནས་རྙེད་ཀྱང་། རང་རིག་གཅིག་གི་འཁོར་ལོ་ལས། གཞན་དུ་འཆུགས་པ་མེད་དེ། རྒྱལ་པོའི་བང་མཛོད་དུ་ནོར་བུ་སྟོར་ནས་ནོར་བུ་མེད་པས་སྡུག་བསྔལ་བྱེད་པ་ཉིད། བང་མཛོད་ནས་རྙེད་པས་དགའ་བདེ་རྒྱས་ཀྱང་གཉིས་ཀ་བང་མཛོད་གཅིག་ལས་མ་གཡོས་པ་བཞིན་དུ། རིག་པའི་ངང་ན་འཁོར་འདས་གཉིས་སུ་སྣང་བ་ཡང་དེ་དང་འདྲའོ། །འདི་ནི་ཡངས་པ་ཆོས་ཉིད་ཀྱི་ཀློང་རྟོགས་པ་ཡིད་བཞིན་མཆོག་གི་རང་གནད་ངེས་པའི་གསང་ཚིག་ཏུའོ། །གཉིས་པ་དེ་ལས་སྒྲོན་མའི་ཉམས་ལེན་བསྟན་པ་ལ་གསུམ་སྟེ། སྔོན་འགྲོ་གནས་ཀྱི་མཚན་ཉིད། དངོས་གཞི་སྒྲོན་མའི་གཏེམ་ཚུལ། དེ་ལས་སྣང་བའི་འཆར་ལུགས་སོ། །དང་པོ་ནི། ཚེ་འདིའི་བྱ་བ་ཐམས་ཅད་སྤངས་ཏེ། བླ་མ་དམ་པ་མཉེས་པར་བྱས་ལ། རབ་ཏུ་དབེན་པའི་གནས་མུན་པས་བརྒྱན་པའི་ཁང་བུར་མི་གཡོ་བ་གསུམ་གྱིས་འདུག་ནས། བླ་མའི་རྣལ་འབྱོར་རྫོགས་པར་བསྒོམས་ལ་གསོལ་བ་སྙིང་ནས་འདེབས་པ་སྟེ། ཐལ་འགྱུར་ལས། སྒྲོན་མ་གཏེམ་པ་འདི་ལྟ་སྟེ། །དད་ལྡན་འཁོར་བའི་ཡིད་བྲལ་བས། །བླ་མ་མཆོད་དང་གཏོང་བ་བྱ། །འཁོར་བའི་བྲེལ་བ་ཀུན་སྤངས་ལ། །དབེན་པའི་ཕྱོགས་སམ་དུར་ཁྲོད་དུ། །གྲོགས་སྤངས་གཅིག་པུར་གནས་པར་བྱ། །ཞེས་སོ། །གཉིས་པ་ནི། ཨར་ལ་གཏད་པ་དང་། དངས་སུ་འཇུག་པ་གཉིས་ལས། དང་པོ་ནི། ཙོག་པུར་འདུག་ལ་མཐེབ་མཛུབ་ཀྱིས་གཏེམས་པས་དམར་གསལ་དྭངས་པའི་འོད་ཟླུམ་སྣང་བ་ལ་གཏད་ནས་ཉམས་སུ་བླང་ངོ་། །ཐུན་ཆུང་ལ་གྲངས་མང་བར་བྱས་ལ། མཐེབ་མཛུབ་ཀྱི་རྩོལ་བ་བཏང་ནས་དར་རེ་བལྟ་ཞིང་། ཡང་གཏེམས་པས་སྣང་བ་མཐོང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་སྟེ། དེ་ཉིད་ལས། རང་གི་མཐེབ་དང་མཛུབ་མོ་ཡིས། །ཐིག་ལེ་སྟོང་པའི་སྒྲོན་མ་གཏེམས། །གཏེམས་པ་དེ་ལས་གང་བྱུང་བ། །ཆོས་ཉིད་མངོན་སུམ་སྣང་བའོ། །ཞེས་སོ། །དྭངས་སུ་འཇུག་པ་ནི། དེ་ནས་འོད་ལྔའི་སྣང་བ་ལས་

p. 751

དང་པོ་དུ་བ་ལྟ་བུ་དང་། སྨུག་པ་རྒྱུ་བ་ལྟ་བུ་དང་། སྤྲིན་ལྡིང་བ་ལྟ་བུ་དང་། མེ་སྟག་འཕྲོ་བ་ལྟ་བུ་དང་། ཉི་མ་དང་ཟླ་བ་དང་། སྐར་མའི་རྣམ་པ་ལྟ་བུ་དང་། བར་སྣང་གི་འཇའ་ཚོན་ལྟ་བུ་དང་། འོད་དཀར་གསལ་དང་། སེར་གསལ་དང་། དམར་གསལ་དང་། ལྗང་གསལ་དང་། མཐིང་ག་དང་། སྣ་ཚོགས་དང་། དྲ་བ་རིས་དང་། རྩིབས་ཤར་དང་། ཟླུམ་ཁྲིགས་དང་། ཐིག་ལེ་དང་། མཆོད་རྟེན་དང་། ལྷ་སྐུ་དང་། སེམས་ཅན་གྱི་གཟུགས་ཐ་དད་པ་ཕྱམ་ཕྱམ་ཕར་ཡལ་ཚུར་ཡལ་འཕྲོ་འདུར་རང་སྣང་བའི་དུས་ན། དངས་སུ་བཅུག་པས་རླུང་ལྔའི་འཆར་སྣང་ཚད་མེད་པ་འཆར་ཏེ། ཐལ་འགྱུར་ལས། དེ་ལས་ཡེ་ཤེས་འཕེལ་བའི་ཉམས། །ཁ་དོག་དང་ནི་དབྱིབས་ཀྱི་ཡང་། །ཕྱི་དང་ནང་ཀུན་གསལ་བར་ཁྱབ། །གོང་ནས་གོང་དུ་ངེས་པར་འཕེལ། །འདི་དུས་ལུས་ངག་བདེ་བའི་རྟགས། །སྣང་བའི་ཚད་དང་རིམ་པས་སྦྱར། །ཅེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ལུགས་ནི། དང་པོ་དམར་སེར་ཟླུམ་པོ་ལས། ཕྱིས་འོད་ལྔའི་མུ་ཁྱུད་དུ་སྣང་ངོ་། །དེའང་རླུང་གི་གནད་ཀྱིས་འགུལ་བ་ལས། ཕྱིར་བཟུང་དལ་བ་གནད་དོ། །དེ་ནས་དྭངས་པའི་ཆ་ཉམས་སུ་བླངས་པས། སྒྲོན་མ་མེ་ལོང་ཙམ། འོད་རེ་ལྡེ་ཙམ། ཐིག་ལེ་འཁར་ཕོར་ཙམ་ལས་སྐུ་དང་བཅས་པར་མཆེད་པ་ནི། དེ་ལས། དེ་ལྟར་གཏེམས་པའི་སྣང་བ་ནི། །དང་པོ་དམར་པོ་དག་པ་ཡི། །དབང་རྫོགས་ཟླུམ་པོ་རང་གསལ་རྫོགས། །མཛུབ་གཉིས་དག་ལས་གསུམ་དུ་འགྱུར། །དེ་ནས་ཡང་ཡང་གཏེམས་པ་ཡིས། །ཡེ་ཤེས་ལྔ་ཡི་ཁ་དོག་ནི། །དཀར་དམར་ལྗང་གུ་མཐིང་སེར་གྱི། །ཡུལ་ལ་སྣང་སྟེ་རྩོལ་བའོ། །དེ་ནས་རྩོལ་བྲལ་ཕྱི་པ་ཡང་། །རླུང་གི་ཆ་ཡིས་འགྲོ་འོང་དང་། །མེ་ལོང་དག་གི་དབྱིབས་ཙམ་ལས། །གཉིས་དང་གསུམ་གྱི་ཆར་སྣང་ངོ་། །དེ་ཉིད་རྟག་ཏུ་གོམས་པ་ལས། །ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང་། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང་། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །དེ་ལས་གོམས་པའི་

p. 752

ཚད་རྙེད་ནས། །ཐིག་ལེའི་ནང་དུ་སྐུ་དང་བཅས། །ཕྱེད་སྐུ་དག་ཏུ་ཡུན་འགའ་གནས། །དེ་ལས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེས་འབྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་སོ། །འདི་དག་གི་དུས་སུ་སྔར་བསྟན་པའི་ཚད་དང་རྟགས་ཀྱི་རིམ་པ་རྣམས་འཆར་ཞིང་། ཡེ་ཤེས་རྫོགས་པའི་སྣང་བ་དབྱིངས་དང་། ཆོས་ཉིད་དག་པའི་སྣང་བ་རིག་པ་དང་། ཐིག་ལེ་སྨིན་པའི་སྣང་བ་སྐུ་ལས་དཀྱིལ་འཁོར་དུ་ཚད་ལ་ཕེབས་ནས། སླར་ཆོས་ཉིད་ཟད་པའི་སྣང་བ་ལ་སྤྱོད་དེ། ཐལ་འགྱུར་ལས། ཡེ་ཤེས་རྫོགས་པའི་སྣང་བ་དང་། །ཆོས་ཉིད་དག་པའི་སྣང་བ་ལས། །སྣང་གསུམ་རྫོགས་ནས་ཟད་པར་འགྱུར། །ཅེས་པ་དང་། འདི་དུས་ལུས་ངག་ཡིད་ཀྱི་ཚད། །སོ་སོའི་སྣང་བ་མཐོང་དུས་ཀྱི། །རང་ལ་སྨིན་པས་རྟགས་རྫོགས་ཏེ། །ཟད་པའི་ཚད་རྣམས་མངོན་པར་སྣང་། །ཞེས་སོ། །དེ་ལྟར་ཉམས་སུ་བླངས་པས་བརྩོན་འགྲུས་རབ་རྣམས་ལོ་གསུམ། འབྲིང་རྣམས་ལོ་ལྔ། ཐ་མ་རྣམས་ལོ་བདུན་ཟླ་བ་བཅུ་གཅིག །ཞག་དྲུག་ན་ཆོས་ཉིད་ཟད་པའི་སྣང་བ་མཐོང་ནས་འོད་ལུས་སུ་གྲོལ་ཏེ། དེ་ཉིད་ལས། འདི་ལ་བརྩོན་འགྲུས་ཆེ་ཆུང་གིས། །ཞག་དང་ཟླ་བ་ལོ་རྣམས་ཀྱིས། །སོ་སོའི་དུས་ལ་ངེས་པར་འགྲུབ། །འགྱུར་བ་མེད་པའི་དུས་དག་ལས། །སོ་སོའི་ཚད་ལ་ཕེབས་པའོ། །ཞེས་སོ། །འདི་ནི་ཉམས་སུ་ལེན་པ་གསང་བའི་གནད་གལ་པོ་ཆེའོ། །གསུམ་པ་ཉིན་མཚན་ཁོར་ཡུག་གི་ཚུལ་ངེས་པ་ལ་བཞི་སྟེ། སྲོད་ལ་དབང་པོ་གནད་དུ་བསྡུ་བས་དྲན་པའི་སྒོ་བཅད། ནམ་ཕྱེད་ཤེས་བྱ་བུམ་པར་བཅུག་པས་ཤེས་པ་རང་ཐོག་ན་གསལ། ཐོ་རངས་ཡེ་ཤེས་གསལ་ལ་སྟོན་པས་བྱུང་ཚོར་རྣམས་རང་སར་དག །ཉིན་པར་སྣང་བ་རྒྱ་ཡིས་བཏབ་པས། མཚན་མ་རྣམས་ཟིལ་གྱིས་མནན་པའོ། །འདི་དག་སྔར་ཡང་བཤད་མོད། འདིར་ཡང་ཐོད་རྒལ་གྱི་གྲོགས་སུ་བཤད་པས་མདོར་བསྡུས་ཏེ་ཉམས་སུ་

p. 753

བླངས་ན། ཅུང་ཟད་སྔར་དང་མི་འདྲ་བའི་ཁྱད་ཡོད་དེ། ཉིན་དུས་གླང་པོའི་ལྟ་སྟངས་ཀྱིས་མངོན་སུམ་ལ་ལྟ་ཞིང་། འཁྲུལ་སྣང་རང་འགགས་ལ་བཏང་བས་མཚན་མ་ཟིལ་གྱིས་གནོན་པ་ཡིན་ནོ། །མཚན་དུས་ཐིག་ལེ་སྟོང་པའི་སྒྲོན་མ་ལ་ཤེས་པ་གཏད་དེ། ཐིག་ལེ་དེ་འཕེལ་དུས་ཤེས་པའང་གསལ་ཆ་འཕེལ་ལ། འགྲིབ་དུས་ཤེས་པ་ཇེ་ཕྲ་ལ་སོང་བས་མཐར་དམིགས་མེད་དུ་སོང་བའི་ངང་ལ་བློ་དམིགས་བསམ་སྤྲོ་བསྡུ་མེད་པར་མཉམ་པར་གཞག་གོ། གཉིད་དུ་འགྲོ་ཁར་དུང་ཁང་ན་ཐིག་ལེ་སྟོང་པ་ཡལ་བའི་ངང་ལ་སེམས་གཏད་ནས། གཉིད་ཀྱི་འོད་གསལ་ངོས་བཟུང་ལ། ནམ་ཕྱེད་ན་སྙིང་ནང་གི་འོད་གསལ་ལ་སེམས་བཟུང་ནས་ཉལ་བས། རྨི་ལམ་འོད་གསལ་དུ་གྲོལ་ནས་བག་ཆགས་རྒྱུན་འཆད་པའོ། །དེ་ནས་ཐོ་རངས་སེང་གེའི་ལྟ་སྟངས་ཀྱིས་གཞུ་གང་གི་ནམ་མཁའ་ལ་ཨ་དཀར་པོ་གཅིག་ལ་ཤེས་པ་གཏད་པས། གསལ་སྟོང་སྤྲོས་པ་དང་བྲལ་བའི་དོན་ཁོང་ནས་འཆར་ཏེ། དེའི་ངང་ལ་ཇི་ཙམ་གནས་པར་བསྒོམ་པ་ཡིན་ནོ། །ཀློང་དྲུག་པ་ལས། ལུས་ཀྱི་འདུག་སྟངས་གཟིར་བྱས་ནས། །ཤེས་པ་ནམ་མཁའི་མཐོངས་སུ་འཕང་། །དེ་བཞིན་མིག་ནི་བར་སྣང་ལ། །གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས། །དྲན་མེད་རྒྱས་འདེབས་ཆེན་པོར་བཞག །དེ་ལྟར་རིག་པ་ནམ་མཁར་གཏད། །འདི་དང་འབྲལ་བ་མེད་པར་ནི། །རྣལ་འབྱོར་རྒྱུན་དུ་གང་སྒོམ་པ། །ཉིན་དུས་སྣང་བ་རྒྱས་འདེབས་སོ། །མཚན་དུས་རང་གི་གནས་ཁང་དུ། །དུས་བཞི་མཉམ་པའི་ཚད་གཟུང་ཕྱིར། །དབང་པོའི་སྒོ་རྣམས་རང་བསྡུས་ནས། །ཐིག་ལེ་སྟོང་པའི་སྒྲོན་མ་ལ། །རྣལ་འབྱོར་ལྡན་པས་སེམས་བཞག་པས། ཐིག་ལེ་ཉིད་ནི་འཕེལ་བ་ན། །ཤེས་པ་ཉིད་ཀྱང་འཕེལ་བར་གཏད། །དེ་བཞིན་ཐིག་ལེ་ཕྲར་གྱུར་ཚེ། །ཐིག་ལེ་ཇེ་ཕྲ་ཇེ་ཕྲ་ལ། །ཤེས་པ་ཇེ་ཕྲ་ཇེ་ཕྲར་གཞག །གཉིད་དང་རྨི་ལམ་གནད་ཀྱིས་ནི། །སྔར་ཞེན་བག་ཆགས་རྩད་ནས་དབྱུང་། །འདི་ལྟར་མཚན་མོའི་དུས་རྣམས་སུ། །རྣལ་འབྱོར་སྐལ་དང་ལྡན་པས་སྤྱོད། །འདིས་ནི་སྣང་

p. 754

བ་རང་རྒྱས་ཐེབས། །ཞེས་སོ། །དེ་ལྟར་ཉིན་མཚན་འཁོར་ཡུག་ཏུ་ཉམས་སུ་བླངས་པས། འཁྲུལ་སྣང་རང་འགགས་ཏེ་འོད་གསལ་དུ་གྲོལ་བ་ནི། དེ་ཉིད་ལས། ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང་། །དེ་ལྟར་རང་སྣང་ཚད་ཟིན་ནས། །འགྲོ་དྲུག་འཁྲུལ་པའི་སྣང་བ་འགག །དེ་ཉིད་འགགས་པའི་དུས་ཀྱི་ཚེ། །རིག་པ་སྲང་ལ་ཐེབས་པ་ཡིན། །དེ་ལྟར་སྲང་ལ་ནམ་ཐེབས་ཚེ། །རང་གི་ལུས་ཀྱང་མི་སྣང་སྟེ། །འབྱུང་བས་བསྐྱེད་པའི་ཤ་ཁྲག་ལུས། །འབྱུང་བ་རང་སར་དག་པའི་ཕྱིར། །འདི་ནི་ཡུལ་དུ་སྣང་བའི་ཕྱིར། །འཁྲུལ་བས་གཟུང་བའི་ཡིད་ཀྱི་ལུས། །འབྱུང་བ་རང་སར་སངས་པའི་ཕྱིར། །འདི་ཡང་མི་སྣང་རང་སར་ཡལ། །རིག་པས་གཟུང་བའི་འོད་ཀྱི་ལུས། །ཆུ་ཟླའི་དཀྱིལ་འཁོར་བཞིན་དུའོ། །འདི་ཚེ་ཆོས་ཉིད་ཟད་དང་ཉེ། །འདི་ལ་གང་གོམས་སངས་རྒྱས་ཞིང་། །དེ་ནས་ལུས་གསུམ་མཐའ་ཟད་ནས། །བྱ་བྲལ་རྫོགས་པའི་ལུས་ཐོབ་སྟེ། །འདི་ཚེ་ལུས་ཀྱི་མཐའ་རྣམས་དང་། །བྲལ་བ་ལ་ནི་ཉེ་བ་ཡིན། །གཞི་ལ་གོམས་པའི་རྣལ་འབྱོར་པས། །རང་གི་གནས་ཀྱང་སྟོངས་པར་འགྱུར། །ལམ་ལ་གོམས་པའི་རྣལ་འབྱོར་པས། །འབྱུང་བ་རགས་པའི་དྲི་མ་ཟད། །འབྲས་བུ་ལ་ནི་སུ་གོམས་པ། །མི་ལྡོག་ས་ལ་འདི་ཡིས་ཕྱིན། །ཅེས་སོ། །དེའང་འོད་ལུས་དང་བསམ་གཏན་གྱི་ལུས་གཉིས་ཀྱི་ཁྱད་ནི་འོད་ལུས་རིག་པའི་རང་འོད་དྲི་མ་མེད་པ་སངས་རྒྱས་ཀྱི་སྤྱན་གྱི་ཡུལ་ལས་སེམས་ཅན་གྱིས་བལྟར་མེད་ལ། བསམ་གཏན་ལྷའི་ལུས་ནི་རྣམ་སྨིན་བག་ཆགས་སྐྱེས་འབྱུང་བཞིའི་རྡུལ་ཕྲན་ཤིན་ཏུ་དྭངས་པ་འགྱེས་ཆོས་ཅན་སེམས་ཅན་ལྷའི་མིག་ཡོད་པ་ལ་སྣང་བའི་ཁྱད་ཡོད་པར་ཤེས་པར་བྱའོ། །དོན་གསུམ་པ་དགོངས་ཀློང་ཡེ་ཤེས་ཀྱི་འཁོར་ལོ་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། ངོ་བོ་མདོར་བསྟན། རང་བཞིན་རྒྱས་པར་བཤད། རྣམ་པས་དོན་བསྡུ་བའོ། །དང་པོ་ནི། སེང་གེ་རྩལ་རྫོགས་ལས། དེ་ཡང་དགོངས་པ་ལྔ་

p. 755

གང་ཞེ་ན། རི་བོ་སྤྱི་ཆིངས་ཀྱི་དགོངས་པས་ལྟ་བས་ལ་བཟླ་བར་བྱའོ། །ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པས་ས་གཟུང་བར་བྱའོ། །ཐིག་ལེ་མཐོངས་རྟོལ་གྱི་དགོངས་པས་སྣང་བའི་འཆར་ཚུལ་བརྟག་པར་བྱའོ། །ཉི་ཟླ་ཁད་མཉམ་གྱི་དགོངས་པས་དོན་མཐའ་ལ་བསྐྱལ་བར་བྱའོ། །རྒྱ་མཚོ་ཀློང་རྟོལ་གྱི་དགོངས་པས་རིག་པ་དབྱིངས་ལ་བསྐྱལ་བར་བྱའོ་ཞེས་སོ། །གཉིས་པ་ལ་ལྔ་ལས། དང་པོ་རི་བོ་སྤྱི་ཆིངས་ཀྱི་དགོངས་པའི་ངོ་བོ་ནི་རང་བཞིན་རྫོགས་པ་ཆེན་པོ་འོད་གསལ་འཕོ་འགྱུར་མེད་པའི་རིག་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །དེ་ཉིད་དབང་པོས་རྟོགས་དུས། དབྱིངས་རིག་ཡུལ་ལ་སྣང་བ་ན་གང་ཟག་གི་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་ལྟ་དགོངས་སྤྱོད་འབྲས་བཞི་བཞིར་འཆར་བས་ཆ་བཅུ་གཉིས་ཏེ། རྩལ་རྫོགས་ལས། རི་བོ་སྤྱི་ཆིངས་ཀྱི་དགོངས་པ་ཤར་བའི་དུས་ན། རྫོགས་པ་ཆེན་པོའི་ལྟ་བ་མཐར་ཕྱིན་ཏེ། དབང་པོ་རབ་འབྲིང་ཐ་མ་གསུམ་ལ་ལྟ་བ་རྣམ་པ་གསུམ་འཆར་ཏེ། དབང་པོ་རབ་ལ་ཡེ་ཤེས་ཀྱི་སྣང་བ་ལྷུག་པར་འཆར་བའི་ལྟ་བ་ནི། རང་གི་ཡེ་ཤེས་རྟོག་མེད་ཀྱི་རིག་པ་སྐུ་དང་བཅས་པར་རྟོགས་པའོ། །དེའི་ཚེ་དགོངས་པ་ནི་གསལ་བ་ལ་མི་གཡོ་བ་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟ་བུའོ། །སྤྱོད་པ་ནི་འགག་མེད་ཤུགས་བྱུང་གི་སྤྱོད་པ་ནམ་མཁའི་མདུང་བསྐོར་ལྟ་བུའོ། །འབྲས་བུ་ནི་སྐྱེ་མེད་རང་བྱུང་གི་སྣང་བ་མཐོང་བའོ། །དབང་པོ་འབྲིང་གི་ལྟ་བ་ནི། རང་གི་རིག་པ་སྐྱེ་བ་མེད་པ་ཙམ་དུ་རྟོགས་སོ། །དགོངས་པ་ནི་རྒྱ་མཚོ་ལ་དར་ཆགས་པ་ལྟར་རྣམ་རྟོག་གི་ཕྱོགས་དང་བྲལ་བའོ། །སྤྱོད་པ་ནི་མ་བཀག་ལྷུག་པ་སྨྱོན་པ་ལྟ་བུ་སྟེ། སྣང་བ་གང་ལ་ཡང་ཐོགས་རྡུགས་མེད་པར་སྤྱོད་པའོ། །འབྲས་བུ་ནི། མཚན་མ་ཟིལ་གྱིས་ནོན་པས་རང་གནས་ཀྱི་དགོངས་པ་དང་ལྡན་པའོ། །དབང་པོ་ཐ་མའི་ལྟ་བ་ནི་སྣང་བ་འདི་ཉིད་ལ་སྒྱུ་མའམ་སྤྲུལ་པ་ལྟ་བུར་རྟོགས་པའོ། །དགོངས་པ་ནི་རང་གི་སྣང་བ་ངོ་སྤྲད་པས་བར་མ་དོ་ལ་ཡེ་ཤེས་འཆར་བར་ཤེས་པ་སེང་ཕྲུག་མངལ་རྒྱ་དང་བྲལ་བ་ལྟ་བུ་སྟེ། སྦུབས་ཀྱི་ཡེ་ཤེས་

p. 756

བསྒྲིབས་པར་མཐོང་བའོ། །སྤྱོད་པ་ནི། འཁོར་འདས་གཉིས་འཛིན་གྱི་སྤྱོད་པ་དང་ལྡན་པའོ། །འབྲས་བུ་ནི། ལུས་བོར་ནས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱིན་པའོ་ཞེས་སོ། །གཉིས་པ་ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པའི་ངོ་བོ་ནི། རིག་པའི་རྩལ་དབང་ཡེ་ནས་རྫོགས་པར་རྟོགས་པ་སྟེ། དབང་པོ་གསུམ་གྱིས་རྟོགས་ཚུལ་ཐ་དད་པ་ནི། ཡང་དེ་ཉིད་ལས། ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་སྐྱེས་པའི་དུས་ན། ཡང་གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་གྱིས་ལྟ་སྟངས་གསུམ་དུ་བྱུང་སྟེ། དབང་པོ་རབ་ཀྱིས་དབང་བསྐུར་བ་དེ་ཉིད་སྐྱེ་མེད་ཀྱི་འབྲས་བུ་རང་ཆས་སུ་བསྟན་པ་ཙམ་གྱིས་རྟོགས་སོ། །དགོངས་པ་ནི། ཤེས་རབ་ཀྱི་སྦྱོར་བས་ཐིག་ལེ་ལ་རྒྱས་བཏབ་པས་བདེ་བ་ཆེན་པོ་མཁའ་མཉམ་གྱི་དགོངས་པ་ལས་མ་གཡོས་པའོ། །སྤྱོད་པ་ནི། བྱང་ཆུབ་ཀྱི་སེམས་དཀར་དམར་ལ་གཙང་སྨེ་མེད་པར་སྤྱོད་པའོ། །འབྲས་བུ་ནི། རིགས་ཀྱི་སའི་དེ་བཞིན་ཉིད་མཐོང་བའོ། །དབང་པོ་འབྲིང་གི་ལྟ་བ་ནི། སྣང་བ་རིག་པའི་སྟོབས་སུ་གྱུར་པ་ཙམ་དུ་རྟོགས་པའོ། །དགོངས་པ་ནི། གསལ་ལ་མ་ཡེངས་པ་ཉི་ཟླ་ཟུང་དུ་འབྲེལ་བ་ལྟ་བུར་གནས་སོ། །སྤྱོད་པ་ནི། ཡང་དག་པའི་ཆོས་ཉིད་རྣལ་འབྱོར་གྱི་ངང་ལ་སྤྱོད་པའོ། །འབྲས་བུ་ནི། སྐྱེ་ཤི་མེད་པའི་དེ་བཞིན་ཉིད་ཐོབ་པའོ། །དབང་པོ་ཐ་མའི་ལྟ་བ་ནི། དབང་བསྐུར་བའི་ཡོན་ཏན་རྣམས་རྒྱས་པར་འབྱུང་བར་རྟོགས་སོ། །དགོངས་པ་ནི། ལྷའི་སྐུ་མཚན་མ་དང་བཅས་པ་ལ་བརྟེན་ཏེ་བསྒོམ་པའོ། །སྤྱོད་པ་ནི། ཆོས་ཉིད་ཀྱི་རོལ་པ་ལ་སྤྱོད་དོ། །འབྲས་བུ་ནི། ཡོན་ཏན་གྱི་སྒོ་ནས་སངས་རྒྱས་འཐོབ་བོ་ཞེས་སོ། །གསུམ་པ་ཐིག་ལེ་མཐོངས་རྟོལ་གྱི་དགོངས་པའི་ངོ་བོ་ནི། བར་དོའི་ཤེས་རབ་རང་བྱུང་གི་རིག་པས་རང་སྣང་གི་མཐོངས་རང་རིག་ཏུ་རྟོལ་ནས་སངས་རྒྱ་བ་སྟེ། གང་ཟག་གི་དབང་པོའི་བྱེ་བྲག་གིས་ཐ་དད་པ་ནི། དེ་ལས། ཐིག་ལེ་མཐོངས་རྟོལ་གྱི་དགོངས་པ་ཤར་བའི་ཚེ། ཡང་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་མཐོང་ལྟས་མི་འདྲ་བ་གསུམ་དུ་

p. 757

འཆར་ཏེ། དབང་པོ་རབ་ཀྱི་ལྟ་བ་ནི། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པ་ལྟར། ཡེ་ཤེས་ཀྱི་རྩལ་ཡོན་ཏན་དུ་ཤར་ནས། སྐད་ཅིག་མ་གསུམ་ལ་གྲོལ་བར་རྟོགས་སོ། །དགོངས་པ་ནི། བར་སྣང་ལ་ཉི་མ་ཤར་བ་ལྟར་གསལ་བ་ཟང་ཐལ་ཀུན་ལ་ཁྱབ་པར་གནས་སོ། །སྤྱོད་པ་ནི། ཡེ་ཤེས་ཀྱི་སྐུ་རྣམ་པར་དག་པ་ལ་ལོངས་སྤྱོད་དོ། །འབྲས་བུ་ནི་སྐད་ཅིག་མ་གསུམ་ལ་ཀ་དག་གི་སར་དེ་བཞིན་གཤེགས་པའོ། །དབང་པོ་འབྲིང་གི་ལྟ་བ་ནི། ཆོས་ཉིད་ཀྱི་བདེ་བ་ཟག་མེད་ཆེན་པོའི་སྣང་བ་ཁད་ཀྱིས་སྐྱེ་བར་རྟོགས་སོ། །དགོངས་པ་ནི། སྐད་ཅིག་མ་རེ་རེ་ལ་མཐོང་བའི་ཡུལ་ཁྱད་པར་ཅན་རེ་རེ་མཐོང་བས། རྟོགས་པ་ཁྱད་པར་ཅན་རེ་རེ་སྐྱེ་བ་དང་། ཆོས་ཀྱི་སྐུའི་སྣང་བ་རེ་རེ་མཐོང་བ་དང་། ཐུགས་ཀའི་དེ་བཞིན་ཉིད་རྣམ་པར་དག་པའི་དགོངས་པ་ལ་གནས་སོ། །སྤྱོད་པ་ནི། རང་གི་ཐུགས་ཀའི་ཟེར་ཐག་དང་གཉིས་སུ་མེད་པར་སྤྱོད་དོ། །འབྲས་བུ་ནི། རང་གི་རིག་པའི་སྣང་བ་སྐྱེ་བ་མེད་པའི་ཆོས་སྐུར་མཐོང་བའོ། །དབང་པོ་ཐ་མའི་ལྟ་བ་ནི། ཡེ་ཤེས་དག་པའི་སྣང་བ་ལ། ཕ་གི་ལས་ང་བྱུང་ངམ། ང་ལས་ཕ་གི་བྱུང་སྙམ་པར་རྟོགས་སོ། །དགོངས་པ་ནི། སྣང་བ་དེ་ཉིད་ལ་མཐོང་བྱེད་མེད་པར་གནས་སོ། །སྤྱོད་པ་ནི། ཐེ་ཚོམ་དང་ཡིད་གཉིས་ཀྱི་སྤྱོད་པ་དང་ལྡན་པའོ། །འབྲས་བུ་ནི། རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པའི་འབྲས་བུ་ཐོབ་པའོ་ཞེས་སོ། །བཞི་པ་ཉི་ཟླ་ཁད་མཉམ་གྱི་དགོངས་པའི་ངོ་བོ་ནི། སྣང་སྟོང་ཟང་མ་མཉམ་ཉིད་དུ་རྟོགས་པ་སྟེ། དབང་པོས་སོ་སོར་ཕྱེ་བ་ནི། རྩལ་རྫོགས་ལས། ཉི་ཟླ་ཁད་མཉམ་གྱི་དགོངས་པ་ཀློང་རྡོལ་བའི་དུས་ན། དབང་པོ་རབ་འབྲིང་ཐ་མ་གསུམ་ལ་མཐོང་ལྟས་གསུམ་དུ་འཆར་ཏེ། དབང་པོ་རབ་ཀྱི་ལྟ་བ་ནི། ཡེ་ཤེས་ཟང་ཐལ་དུ་རྟོགས་སོ། །དགོངས་པ་ནི་འགག་མེད་ཀྱི་ཡེ་ཤེས་ཆུ་བོའི་གཞུང་ལྟ་བུ་དང་མི་འབྲལ་བའོ། །སྤྱོད་པ་ནི། ཡེ་ཤེས་ཆེན་པོའི་སྤྱོད་པས་རོལ་པ་མ་འགགས་པར་སྤྱོད་དོ། །འབྲས་བུ་ནི། ཐབས་དང་ཤེས་རབ་གཉིས་སྦྱོར་བ་དང་སྒྲོལ་བ་གཉིས་ཏེ་རྣམ་པ་བཞི་འདུ་

p. 758

འབྲལ་མེད་པའི་འབྲས་བུ་ཐོབ་བོ། །ཡང་དབང་པོ་འབྲིང་གི་མཐོང་ལྟས་གསུམ་ནི། ལྟ་བ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རྟོགས་སོ། །དགོངས་པ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་བར་སྣང་ལ་ཉི་ཟླ་ཤར་བ་ལྟ་བུའི་ངང་ལ་གནས་སོ། །སྤྱོད་པ་ནི་བདེ་བ་ཆེན་པོ་གསང་བའི་ཐིག་ལེ་དཀར་དམར་ལ་སྤྱོད་དོ། །འབྲས་བུ་ནི། རིགས་ཀྱི་སངས་རྒྱས་ལྔའི་སྦྱོར་བའི་ལྷུམས་སུ་སངས་རྒྱས་པའི་འབྲས་བུ་ཐོབ་བོ། །དབང་པོ་ཐ་མའི་མཐོང་ལྟས་གསུམ་ནི། ལྟ་བ་ཡབ་ཡུམ་གྱི་སྦྱོར་བས་བྱང་ཆུབ་ཀྱི་སེམས་རྒྱུར་མཚོན་པའི་ལྟ་བར་རྟོགས་སོ། །དགོངས་པ་ནི། ལྷའི་རང་བཞིན་སྙིང་པོ་དྲན་པས་ཏིང་ངེ་འཛིན་གསལ་བའི་ངང་དུ་གནས་པའོ། །སྤྱོད་པ་ནི། སྨན་ལྔ་བདུད་རྩི་ལྔ་ལ་སྤྱོད་པའོ། །འབྲས་བུ་ནི། བར་མ་དོ་ལ་ཡི་དམ་ལྷའི་སྒྱུ་ལུས་བཟུང་སྟེ། སྣང་བ་དག་པའི་འབྲས་བུ་ཐོབ་པའོ་ཞེས་སོ། །ལྔ་པ་རྒྱ་མཚོ་ཀློང་རྟོལ་གྱི་དགོངས་པའི་ངོ་བོ་ནི། ངང་དྭངས་མཉམ་པའི་ཆོས་ཉིད་དུ་རང་བཞིན་ཤུགས་ཀྱི་བསམ་གཏན་ལ་གནས་པ་སྟེ། དབང་པོ་སོ་སོས་དབྱེ་ན། རྩལ་རྫོགས་ལས། རྒྱ་མཚོ་ཀློང་རྟོལ་གྱི་དགོངས་པའི་དུས་ན། ཡང་དབང་པོ་གསུམ་ལ་མཐོང་ལྟས་གསུམ་འཆར་ཏེ། དབང་པོ་རབ་ཀྱི་ལྟ་བ་ནི། ཡེ་ཤེས་ཆེན་པོའི་མཛད་པས་ཅིར་སྣང་རང་གི་སྣང་བ་ཉིད་དུ་རྟོགས་སོ། །དགོངས་པ་ནི། སྣང་བ་ལ་ཆགས་ཞེན་ཆུང་བ་ཆང་གིས་ར་རོ་བ་ལྟ་བུའོ། །སྤྱོད་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པར་སྤྱོད་དོ། །འབྲས་བུ་ནི་སྣང་བ་ལ་མི་གནས་པའི་ཡེ་ཤེས་ཆིག་ཆོད་དུ་སྐྱེ་བའི་འབྲས་བུ་ཐོབ་པའོ། །དབང་པོ་འབྲིང་གི་མཐོང་ལྟས་གསུམ་ནི། ལྟ་བ་གསལ་བ་ཟང་ཐལ་ཡེ་ཤེས་ཀྱི་སྐུར་རྟོགས་པའོ། །དགོངས་པ་ནི། དྲག་ལ་ཡུན་ཐུང་བ་འབབ་ཆུ་ལྟ་བུ་དང་ལྡན་པའོ། །སྤྱོད་པ་ནི། ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་རི་དྭགས་ལྟ་བུའི་སྤྱོད་ཡུལ་དང་ལྡན་པའོ། །འབྲས་བུ་ནི། སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ལ་མཐར་ཕྱིན་པའི་ངེས་པ་རྙེད་དོ། །དབང་པོ་ཐ་མའི་མཐོང་ལྟས་གསུམ་ནི། ལྟ་བ་ནི། འཁྲུལ་པའི་སྣང་བ་ཁད་ཀྱིས་སྤང་བར་འདོད་པའོ། །དགོངས་པ་ནི། ལྷ་དང་མིའི་སེམས་

p. 759

འཛིན་ལ་གནས་སོ། །སྤྱོད་པ་ནི། བཅོས་མ་གཉིས་འཛིན་གྱི་སྤྱོད་པ་དང་ལྡན་ནོ། །འབྲས་བུ་ནི། ལྷ་དང་མིའི་གོ་འཕང་ཐོབ་བོ་ཞེས་སོ། །གསུམ་པ་རྣམ་པས་དོན་བསྡུ་བ་ནི། དགོངས་པ་ལྔ་པོ་དེས་གསང་བ་སྙིང་ཏིག་གི་རྣལ་འབྱོར་ཀུན་བཅིངས་ཏེ། རྣལ་འབྱོར་པའི་ཉམས་ལེན་དུ་ཤར་བ་ནི། རི་བོ་སྤྱི་ཆིངས་ཀྱིས་རྫོགས་པ་ཆེན་པོའི་ལྟ་བ་མཐོ་དམན་དང་དལ་ཁོད་མེད་པར་སྙོམས་ཏེ་ལ་བཟླས། ཡེ་ཤེས་སྤྱི་བླུགས་ཀྱིས་དེའི་ངང་དུ་རང་གནས་ཆོས་ཉིད་དུ་ས་བཟུང་། ཐིག་ལེ་མཐོངས་རྟོལ་གྱིས་དབྱིངས་སྣང་ལས་རིག་པའི་གྲོལ་ཚུལ་བརྟག །ཉི་ཟླ་ཁད་མཉམ་གྱིས་དགོངས་པ་ཆོས་ཟད་ཀྱི་ཀློང་དུ་བསྐྱལ། རྒྱ་མཚོ་ཀློང་རྟོལ་གྱིས་དབྱིངས་རིག་ཀ་དག་གི་སར་བཙན་ས་འཛིན་པའོ། །དེའང་དང་པོ་ལྟ་བས་ཕུ་འཁྲུས་པས་འཁྲུལ་སྣང་གི་འཇིགས་པ་ཟིལ་གྱིས་གནོན་པ་སེང་གེ་རྣམ་བསྒྱིངས་ལྟ་བུ་དང་། གཉིས་པས་རང་དབང་ཆོས་ཉིད་དུ་ཐོབ་པ་རྒྱལ་རིགས་དབང་བསྐུར་བ་ལྟ་བུ་དང་། གསུམ་པས་དག་པ་དབྱིངས་སུ་ཕྱིན་པ་རྨ་བྱའི་ཕྲུ་གུ་སྒོང་རྒྱ་ལས་འཐོན་པ་ལྟ་བུ་དང་། བཞི་པས་ཀུན་མཉམ་ཡངས་པ་ཆེན་པོར་གདལ་བ་ཉི་ཟླ་གཉིས་མེད་དུ་སྙོམས་པ་ལྟ་བུ་དང། ལྔ་པས་རང་སྣང་ཡེ་ཤེས་སུ་གསལ་བ་རི་རབ་ཀྱི་མགུལ་ནས་ཉི་མ་ཤར་བ་ལྟ་བུའི་དགོངས་པར་ཐིག་ལེ་མཆོག་གསང་བླ་ན་མེད་པའི་དོན་འདུས་པར་གཏན་ལ་ཕབ་པ་ནི། སེང་གེ་རྩལ་རྫོགས་ལས། རི་བོ་སྤྱི་ཆིངས་ཀྱི་དགོངས་པ་ནི། སེང་གེ་རྣམ་པར་བསྒྱིངས་པ་ལྟ་བུའོ། །ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ནི། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལྟ་བུའོ། །ཐིག་ལེ་མཐོངས་རྟོལ་གྱི་དགོངས་པ་ནི་རྨ་བྱའི་ཕྲུ་གུ་སྒོ་ང་ནས་ཐོན་པ་ལྟ་བུའོ། །ཉི་ཟླ་ཁད་མཉམ་གྱི་དགོངས་པ་ནི་ཉི་མ་དང་ཟླ་བ་གཉིས་སུ་མེད་པར་སྙོམས་པར་ཞུགས་པ་ལྟ་བུའོ། །རྒྱ་མཚོ་ཀློང་རྟོལ་གྱི་དགོངས་པ་ནི། རི་རབ་ཀྱི་མགུལ་ནས་ཉི་མ་ཤར་བ་ལྟ་བུའོ་ཞེས་སོ། །དེ་ལྟར་དགོངས་པ་ལྔ་པོ་རེ་རེ་ལ་དབང་པོ་གསུམ་གསུམ་དུ་ཕྱེ་བས་བཅོ་ལྔ་པོ་རེ་རེ་ལ་ལྟ་དགོངས་སྤྱོད་འབྲས་བཞི་བཞིར་ཕྱེ་བས་ཆོས་ཀྱི་རྣམ་གྲངས་དྲུག་ཅུར་བྱུང་བ་ནི་བསྐལ་པའི་འཕེལ་འགྲིབ་དང་སེམས་ཅན་

p. 760

གྱི་ཉོན་མོངས་པ་དང་ལྟ་བའི་རྣམ་གྲངས་དྲུག་ཅུ་སྦྱང་བ་ལས། ཡེ་ཤེས་ཀྱི་རང་བཞིན་ཉམས་སུ་ལེན་པའི་རྣམ་དག་ཏུ་སྟོན་པ་རྡོ་རྗེ་འཆང་གིས་གསུངས་པའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། ལྷུན་གྲུབ་ཐོད་རྒལ་གྱི་ཡེ་ཤེས་ཉམས་སུ་ལེན་པའི་གནད་ངེས་པ་སྟེ་རིམ་ཁང་ཉི་ཤུ་པའོ།། །།

རིམ་ཁང་ཉེར་གཅིག་པ། རྡོ་རྗེའི་གནས་དཀའ་བ་ངོ་སྤྲོད་ལ་བརྟེན་ནས་མཚོན་པ།

p. 761

དེ་ལྟར་ཁྲིད་ཀྱི་ཚུལ་གྱིས་ཉམས་སུ་ལེན་པའི་ཐབས་རྣམས་བསྟན་ནས། ད་ནི་ངོ་སྤྲོད་དུ་གདབ་པས་ཉམས་སུ་ཇི་ལྟར་བླང་བའི་རིམ་པ་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། ངོ་སྤྲོད་སྤྱིའི་རིམ་པས་ཆོས་ཐམས་ཅད་གཏན་ལ་དབབ་པ་དང་། དེའི་བྱེ་བྲག་ངེས་པས་སེམས་དང་ཡེ་ཤེས་ཀྱི་མཚོན་དཔེ་རྒྱས་པར་བཤད་པའོ། །དང་པོ་ལ་ངོ་སྤྲོད་པའི་སྔོན་དུ་འགྲོ་བ་དང་། ངོ་སྤྲད་པ་དངོས་གཉིས་ལས། དང་པོ་ནི། གནས་ཁང་ཕྱོགས་ཕྱེད་པ་ཉི་མའི་ཟེར་ཐག་དང་བཅས་པར་མན་ཤེལ་དྲི་མ་མེད་པ་སྟ་གོན་དུ་བྱ་བ་སྟེ། ངོ་སྤྲོད་སྤྲས་པའི་རྒྱུད་ལས། གནས་ཁང་ཕྱོགས་ནི་ཕྱེད་པར་ཡང་། །བུ་ག་ཉི་མའི་ཟེར་ལྡན་ལ། །གསལ་བར་བྱེད་པའི་མེ་ལོང་ཕྱར་བ་ཡིས། །འོད་ཀྱི་སྣང་བ་ཕྱིར་བྱུང་མཐོང་བ་ཡིན། །ཅེས་སོ། །དེ་ལ་རྡོ་རྗེ་སེམས་དཔའི་མེ་ལོང་དཔེའི་ངོ་སྤྲོད་དུ་སྔོན་བྱུང་སྟོན་པའི་བྱིན་གྱིས་བརླབས་ལས། འཛམ་བུའི་གླིང་འདིར་བྱུང་ཚུལ་ནི། འཁོར་བ་དོང་སྤྲུགས་རིན་པོ་ཆེ་གསང་བའི་རྒྱུད་ལས། སངས་རྒྱས་ལྔ་ཡི་གདུང་འཛིན་པ། །ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །མཁའ་ཀློང་ལྔ་ཡི་གདུང་འཛིན་པ། །སྣང་མེད་མཁའ་ལ་ཁྱབ་པར་གདལ། །ཁ་དོག་མ་འདྲེས་སོ་སོར་གསལ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ངོ་བོ་འགག་མེད་དག་པའི་གཞི། །རང་བཞིན་འབྱུང་བ་ཆེན་པོ་ལྔ། །ཐུགས་རྗེ་གཟུགས་སྐུ་ཡོངས་སུ་བསྟན། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནས། །རང་བཞིན་ལྷུན་གྱིས་གྲུབ་པའི་སྐུ། །ཡེ་ཤེས་ལྔ་ལྡན་ཆུ་ཟླའི་སྐུ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཤེལ་གྱི་མཆོད་རྟེན་ཁྲི་འཕང་

p. 762

ལྔ། །རྡོ་རྗེ་འཆང་གི་གཡོན་དུ་བབས། །གདངས་ཀྱི་རྣམ་པ་གསུམ་ལྡན་པ། །བྱང་ཤར་མཚམས་ནས་ཟུར་ལ་འཇུག །མཚན་མོའི་ཕྱོགས་ནས་ཉིན་མོ་ལྟ། །ཤེས་རབ་གཡས་ཟུར་དྲུང་བཞག་ན། །སངས་རྒྱས་ཉག་གཅིག་ངེས་མཐོང་འགྱུར། །ཤེས་རབ་ལྷག་མཐོང་ཡེ་ཤེས་ནི། །སངས་རྒྱས་དགོངས་པ་ཉག་གཅིག་ཡིན། །བདུད་རྩི་ལྕེ་ཡིས་དོན་སྦྱར་ན། །རིག་པའི་ཁུ་བྱུག་ཚིག་གཅིག་ཡིན། །འགྱུར་མེད་རྡོ་རྗེ་ལུས་ཀྱི་མཆོག །མན་ངག་ཏི་ཀ་ཟུར་འགྲོས་ཅན། །རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཡིན། །ཅེས་པ་དང་། དེ་ནས་སུམ་ཅུ་རྩ་གསུམ་གྱི་གནས། རྣམ་པར་རྒྱལ་བའི་ཁང་བཟང་གི་ཡང་ཐོག །པ་ཏ་རི་ཀད་ཀ་ཞེས་བྱ་བར་བབས་སོ། །དེ་ནས་རི་བོ་རྩེ་ལྔའི་རྩེ་ལ་བབས་སོ། །དེ་ནས་རྡོ་རྗེ་གདན་དུ་བབས་སོ། །དེ་ནས་གངས་ཏི་སེ་ལ་བབས་སོ། །དེ་ནས་མཆོད་རྟེན་ཆེན་པོ་དེ་འོད་ཟེར་དུ་འཕྲོས་ཏེ། སེམས་ཅན་གྱི་རྟོག་པ་བསལ་ལོ་ཞེས་གསུངས་ཏེ། ཐོག་མ་འཇིག་རྟེན་འདི་ཆགས་དུས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནས་སྤྲུལ་པ་རང་བཞིན་གྱི་བྱིན་རླབས་ལས། སྟོན་པ་རྡོ་རྗེ་འཆང་འགྲོ་བའི་དོན་ལ་དགའ་ལྡན་བརྩེགས་པར་བྱོན་པའི་གཡོན་དུ་བབས་ནས། སུམ་ཅུ་རྩ་གསུམ་དང་། རི་བོ་རྩེ་ལྔ་དང་། རྡོ་རྗེ་གདན་དང་། གངས་རི་ཏི་སེའི་བར་དུ་འགྲོ་བའི་དོན་ལ་གཅིག་ནས་གཅིག་ཏུ་བབས་ཏེ། དེང་སང་ཏི་སེའི་རྩེ་མོ་རིན་པོ་ཆེ་འོད་འཕྲོ་བའི་ཁང་བུ་ན་བཞུགས་ཏེ། མཁའ་འགྲོ་དང་གྲུབ་པ་དང་རིག་སྔགས་འཆང་དུ་མས་བསྟི་སྟང་དུ་བྱེད་ཅིང་འདུན་ཏོ། །དེ་ལྟར་དངོས་ཀྱི་མེ་ལོང་མེད་ན་ཡང་། མཚོན་དཔེ་ངེས་པ་ལ་ནོར་བུ་སྣ་ཚོགས་སམ། གངས་དང་རྒྱ་མཚོའི་གླིང་ལ་སོགས་པ་ནས་རང་བྱུང་བའི་མན་ཤེལ་བཙལ་ལ་ངོ་སྤྲོད་པའི་མེ་ལོང་དུ་བྱ་བ་ནི། ངོ་སྤྲོད་སྤྲས་པ་ལས། རིན་ཆེན་སྙིང་པོ་ནོར་བུ་འོད་འབར་རམ། །ནོར་བུ་མར་གད་སྔོན་པོ་ཆུ་ཤེལ་ལམ། །ས་ཡི་སྙིང་པོ་རིན་ཆེན་མིག་མ་ཕུག །རྡོ་ཡི་སྙིང་པོ་རིན་ཆེན་མན་ཤེལ་གྱིས། །སངས་རྒྱས་རྣམས་

p. 763

ཀྱི་གནས་ལུགས་གཏན་ལ་འབེབས། །ཞེས་པ་དང་། ནོར་བུ་འཕྲ་བཀོད་ལས། རྡོ་རྗེ་སེམས་དཔའི་མཚོན་དཔེ་ནི། །དྲི་མེད་དཀར་པོ་ཟླ་བའི་མདོག །མུན་དང་སྣང་བའི་མཚམས་ནས་བརྟག །ནོར་བུ་འོད་གསལ་དྲི་མེད་པས། །སྣང་བ་ཁ་དོག་ལྔ་དང་ལྡན། །སྐུ་ལྔ་སོ་སོར་མ་ཕྱེ་བས། །མདུན་དང་རྒྱབ་ཏུ་དབྱེར་མི་ཕྱེད། །སྣང་གསལ་ཆོས་ཉིད་འོད་པོ་ཆེ། །གསལ་བའི་ཆོས་ཉིད་ཀུན་ཏུ་འབར། །སྣང་བྱེད་སྒྲོན་མ་ཀུན་གྱི་མཆོག །སྟོང་པ་ཆེན་པོའི་མཁའ་ཀློང་དུ། །སྣང་བ་ཐམས་ཅད་འོད་དུ་ཤར། །ཤར་བ་དེ་ཉིད་སྤོགས་པ་མིན། །སུས་ཀྱང་བཟུང་བར་ནུས་མ་ཡིན། །གལ་ཏེ་ཤེས་རབ་མིག་ལྡན་པས། །རང་སྣང་དྲི་མེད་ཟླ་རྒྱས་བཞིན། །བཞིན་བཟང་དཀྱིལ་འཁོར་མཐོང་འགྱུར་ཏེ། །ཡེང་མེད་རྫོགས་ཆེན་བསྒོམ་པའོ། །ཞེས་སོ། །དེ་ལྟ་བུའི་མེ་ལོང་དེ་གཟུངས་ཆུས་དྲི་མ་བཀྲུས་ལ་རང་གི་རྩ་བའི་བླ་མར་མོས་པས། ༀ་ཨཱཿཧཱུྃ་བརྒྱ་སྟོང་གིས་བྱིན་གྱིས་བརླབས་ལ་རྟེན་འབྲེལ་སྙིང་པོས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་ལ། ཡན་ལག་བདུན་པས་མངའ་གསོལ་ཏེ། སླར་ཡང་ཤིས་པ་བརྗོད་ནས། དར་ཚོན་སྣ་ལྔ་དང་དྲིའི་ཕྱེ་མ་བསྒོས་པས་ན་བཟའ་གསོལ་ཏེ། དཔེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ། །གཉིས་པ་ངོ་སྤྲད་པ་དངོས་ལ། བརྒྱུད་པ་དང་། ངོ་སྤྲད་པ་གཉིས་ལས། བརྒྱུད་པ་ནི། སངས་རྒྱས་དགོངས་པས་བརྒྱུད་པ། རིག་འཛིན་བརྡས་བརྒྱུད་པ། གང་ཟག་སྙན་ཁུངས་ནས་བརྒྱུད་པ་གསུམ་བརྗོད་ལ། ངོ་སྤྲད་པ་དངོས་ནི། གདམས་པ་ཟབ་མོའི་ངོ་སྤྲོད་ཐེག་པ་གཅིག །རིགས་གཅིག །ཐིག་ལེ་གཅིག །ཡེ་ཤེས་མིག་གཅིག །དཔེར་གཅིག་སྟེ་རྡོ་རྗེ་སེམས་དཔའི་མེ་ལོང་གིས་ངོ་སྤྲད་ན། དཔེ་ལ་བརྟེན་ནས་དོན་ངོ་ཤེས་ཏེ། སྤྲོས་པ་མེད་པའི་ཀློང་། བསོད་ནམས་བརྒྱན་པའི་སྐུ། སྤྲུལ་པའི་སྐུ་རྡོ་རྗེ་འོད་སྲུངས་ལ། བཅོམ་ལྡན་འདས་གཟི་བརྗིད་མཐའ་ཡས་ཀྱིས། སྐྱེ་མེད་དག་པའི་ཀློང་ནས། སྙིང་པོ་བྱང་ཆུབ་མཆོག་གི་ཐིགས་པ་

p. 764

གསུམ་སྤྲོས་ཏེ། སྐུ་མངོན་པར་སྣང་བ་ཆུ་ཟླའི་དཀྱིལ་འཁོར་ལྟ་བུ་ནས། སྐུའི་ཐིགས་པ་མན་ཤེལ་གསང་བའི་སྐུ་ཕྱུང་ནས་དཔེའི་ཡེ་ཤེས་སུ་བཞག །གསུང་སྤྲོས་པ་མེད་པའི་ཀློང་ནས། གསུང་གི་ཐིགས་པ་བདུད་རྩི་བྱང་ཆུབ་སེམས་ཀྱི་ཡང་ཞུན་ཕྱུང་ནས། དོན་གྱི་ཡེ་ཤེས་ངོ་སྤྲད། ཐུགས་རྡོ་རྗེ་ལྟར་མི་འགྱུར་བའི་ངང་ནས། ཐུགས་ཀྱི་ཐིགས་པ་སྙིང་པོ་བྱང་ཆུབ་ཀྱི་སེམས་གསལ་བའི་སྒྲོན་མ་ཕྱུང་ནས། རྟགས་ཀྱི་ཡེ་ཤེས་ཀྱིས་ཡིད་ཆེས་པར་གཏན་ལ་ཕབ་བོ། །སྐུའི་ཐིགས་པ་རང་བྱུང་གི་ཡེ་ཤེས་ལྔས་སྤྲས་པ། རང་བཞིན་རྣམ་པར་དག་པ་དྲི་མ་མེད་པའི་ཡེ་ཤེས་མདུན་རྒྱབ་མེད་པར་གསལ་བས། ཡེ་ཤེས་ཟང་ཐལ་ཆེན་པོ། ཕྱི་ནང་མེད་པར་གསལ་བས། གཉིས་སུ་མེད་པའི་ཡེ་ཤེས་ནང་མེད་པའི་ནང་ནས། རྐྱེན་མེད་པའི་ཡེ་ཤེས་ཆ་མ་འདྲེས་པར་གསལ་བས། མ་འདྲེས་ཡོངས་སུ་རྫོགས་པའི་ཡེ་ཤེས། ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་དང་དུས་མཉམ་དུ་བྱུང་བས། ལྷན་ཅིག་འབྱུང་བའི་ཡེ་ཤེས། སྣང་བ་མཐའ་ཡས་ཀྱི་སྐུའི་གདུང་འཛིན་ཅིང་། སེམས་ཅན་གྱི་རྟོག་པ་སེལ་བ། སྐུ་གདུང་རིང་བསྲེལ་ཆེན་པོ་ཞེས་བྱའོ། །སྐུ་གསུམ་ཡེ་ཤེས་ལྔའི་དཔེ་མཚོན་པས་རྡོ་རྗེ་སེམས་དཔའི་ཡེ་ཤེས་གསལ་བ་སྟེ། མཚོན་དཔེའི་རྣམ་པ་མང་ན་ཡང་དཔེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རིན་པོ་ཆེ་ཤེལ་ལ་བྱ་སྟེ། ཤེལ་རང་བཞིན་གྱིས་རྣམ་པར་དག་པ་ཕྱི་ནང་མེད་པར་གསལ་བ་དེས་མཚོན་པས། ཆོས་སྐུ་ངོ་ཤེས། ཤེལ་གྱི་ནང་འོད་ལ་བརྟེན་ནས། ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ཡན་ལག་བཞི་ལྡན་ལས། ཤེས་རབ་ཀྱི་སྐུར་གསལ་ལུགས་ངོ་ཤེས། ཕྱིར་གསལ་གྱི་འོད་ལ་བརྟེན་ནས། སྤྲུལ་པའི་སྐུ་འོད་ཀྱི་ཤར་ལུགས་ངོ་ཤེས། ཤེལ་རྟེན་ཅིང་མཚོན་ནས་གཞི་གནས་ཀྱི་ཡེ་ཤེས་ངོ་ཤེས། ནང་གསལ་གྱི་མཚན་ཉིད་འཛིན་པའི་ཡེ་ཤེས་ངོ་ཤེས། ཕྱིར་གསལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངོ་ཤེས། ནང་དུ་ཐིམ་པས་ཐམས་ཅད་

p. 765

མཁྱེན་པའི་ཡེ་ཤེས་ངོ་ཤེས། ཤེལ་གྱི་སྣང་བ་སྣ་ཚོགས་མཚོན་པས། སྣང་ལུགས་ངོ་ཤེས། ཤེལ་རང་གི་ངོ་བོ་མཚོན་པས་གནས་ལུགས་ཉག་གཅིག་ཏུ་ངོ་ཤེས། ཤེལ་འོད་དང་བཅས་པས་རིག་པའི་ཡེ་ཤེས་སུ་ངོ་ཤེས་ཏེ། དེ་དག་ཀྱང་མཚོན་དཔེ་ངེས་པའི་ཕྱོགས་བསྡུ་ན། སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །དོན་གྱི་སྙིང་པོ་ཐག་ཆོད་པས། །གཞི་ལ་གྲུབ་པའི་ཤེས་རབ་གསུམ། །ས་བོན་ཚུལ་དུ་གནས་པ་དེ། །རྐྱེན་ལས་བྱུང་བའི་ཤེས་རབ་ཀྱིས། །འབྲུ་ཡི་ཚུལ་དུ་སྨིན་པ་ཡིས། །མ་རིག་པ་ཡི་མུན་པ་བསལ། །ཤེས་བྱའི་སྒྲིབ་པ་རང་དག་པས། །མ་བཙལ་འབྲས་བུ་རང་གིས་མཐོང་། །ཞེས་གསུངས་པའི་དོན་རིམ་པ་ཇི་ལྟ་བ་བཞིན་དུ་ངོ་སྤྲད་པར་བྱ་སྟེ། དེ་ལ་ཐོག་མའི་སྤྱི་གཞི་རང་བྱུང་ངོ་བོ་ཉིད་ཀྱི་སྐུ། ངོ་སྤྲད་པར་བྱའོ། །དེ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་པ་དེ། སྟོང་པ་རིག་པའི་སྙིང་པོ་ཅན་ཐིག་ལེ་ཉག་གཅིག་དེ། མེ་ལོང་དྭངས་པ་གཅིག་སློབ་དཔོན་གྱིས་བཟུང་ལ། སློབ་མ་ལ་བསྟན་ཏེ་འདི་སྐད་བརྗོད་དོ། །ཀུན་ཏུ་བཟང་པོའི་སྣང་གསལ་མེ་ལོང་འདི། །ཕྱོགས་མཐུན་དཔེ་ཡིས་རང་བཞིན་རྟོགས་པར་བྱེད། །རྟོགས་པའི་དོན་དེ་སྣང་གསལ་ངོ་སྤྲོད་ཡིན། །དང་པོ་ཀུན་བཟང་གནས་ལུགས་ངོ་སྤྲོད་ཡིན། །རིག་པ་ཟང་ཐལ་གནས་པས་མན་ཤེལ་འདྲ། །རིག་པ་རྟོག་མེད་གསལ་བས་མན་ཤེལ་འདྲ། །རིག་པ་ལྷུན་གྲུབ་གནས་པས་མན་ཤེལ་འདྲ། །རིག་པ་མ་འགགས་ཕྱོགས་མེད་མན་ཤེལ་འདྲ། །ཞེས་གསུངས་པས། འོད་ལྔ་ཕྱིར་མི་གསལ་ཀྱང་། ནང་ན་གསལ་བའི་རང་བཞིན་ཅན་གྱི་རང་བཞིན་ནི། འོད་དཀར་པོའང་ཁོ་རང་དང་

p. 766

དབྱེར་མེད་དུ་གནས་པས་ཐུགས་རྗེ་མཚོན། ཤེལ་ངོ་བོས་ཀ་དག་དང་གསུམ་དུ་མཚོན་ཀྱང་། དབྱེར་མེད་པས་ཐིག་ལེ་ཉག་གཅིག་གི་དོན་དཔེ་དེས་ཇི་ལྟར་གནས་པ་ཁོང་དུ་ཆུད་པར་བྱའོ། །དེ་ནས་འཁྲུལ་གཞི་མཚོན་པ་ནི། ཤེལ་ཉི་ཟེར་ལ་ཕྱར་ལ། ནང་འོད་གཉིས་ཕྱིར་བསྟན་པས། གཞི་ལས་གཞི་སྣང་ཤར་བའི་དུས་ཀྱི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་རྒྱུའི་རྐྱེན། ཁ་དོག་ལྔ་ལྡན་ཡུལ། དཀར་པོ་ཕྲ་ཕྲོ་དེ་ཀུན་ཏུ་ཚོལ་བའི་ཡིད་མཚོན་པས། ཐོག་མའི་འགྱུ་བ་དེ་འོད་དང་ལྷན་ཅིག་ཤར་བས། ལྷན་ཅིག་སྐྱེས་པའི་མ་རིག་པ་ཤེས་བྱའི་སྒྲིབ་པར་ཤར་རོ། །ཀུན་ཏུ་བཟང་པོ་གཞི་ནས་འཕགས་པའི་ཤེས་རབ་ཀྱི་དབང་པོས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ནས། སངས་རྒྱས་ཀུན་གྱི་སྤྱི་མེས་ཡང་མེས་ཆེན་པོར་སྔར་སངས་རྒྱས་པ་ཡིན་ནོ། །གྲོལ་ཚུལ་འདིས། དང་པོའི་སངས་རྒྱས་ཀྱི་བྱུང་ཚུལ་དང་འཆར་ཚུལ་ཀུན་ཤེས་པར་བྱའོ། །དང་པོའི་སངས་རྒྱས་རྒྱུ་མེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་འཇམ་དཔལ་ལས་གསུངས་པས་ཏེ། ཀུན་ཏུ་བཟང་པོའི་གྲོལ་གཞི་བསྟན་པའོ། །དེའང་གཞི་ལས་གཞི་སྣང་དུ་ཤར་བ་ངོ་ཤེས་ཏེ་གྲོལ་ནས་འཁོར་བར་འཁྲུལ་མ་མྱོང་བའི་སངས་རྒྱས་ད་ལྟའང་དབྱིངས་ནས་འཆར་བ་དཔག་ཏུ་མེད་པ་ཡོད་པར་གསུངས་སོ། །གཞི་སྣང་དེ་སེམས་ཅན་རྣམས་ཀྱིས་རང་སྣང་དུ་མ་ཤེས་ཏེ། ཀུན་ཏུ་བརྟགས་པའི་མ་རིག་ཉོན་མོངས་སྒྲིབ་པར་ཤར། ཅེས་པས། རིག་པ་ལྡང་ཉལ་གྱིས་བག་ཆགས་ཀྱིས་འཁྲུལ་པ་སྣ་ཚོགས་སུ་ཤར་རོ། །དེ་ཡང་ཤེལ་རས་ཁ་དོག་སྣ་ཚོགས་ཀྱི་སྟེང་དུ་རེ་མོས་ཀྱིས་བཞག་པའམ། འོད་དཀར་པོ་དེ་ཁ་དོག་དཀར་པོ་ལ་སོགས་པ་རེ་རེ་བཞིན་བཞག་པ་དང་མཚུངས་སོ། །དེར་རིག་པའི་ཡེ་ཤེས་རྟོག་ཚོགས་ཀྱི་དྲ་བ་དང་། ལུས་ཀྱི་སྦུབས་སུ་ཚུད་པས། གཞི་འཛིན་པའི་རིག་པ་སྙིང་ག་ན་གནས་ཚུལ་དང་། སེམས་ཅན་ཐམས་ཅད་

p. 767

ལ་ཁྱབ་ཚུལ་ངོ་སྤྲད་དོ། །དེ་ཡང་རང་བཞིན་འཁྲུལ་ཚུལ་ངོ་སྤྲོད་ཡིན་ནོ། །འཁྲུལ་པ་རྐྱེན་ལས་བྱུང་བ་མན་ཤེལ་འོད་དང་འདྲ། །དངོས་པོ་སྣ་ཚོགས་སྣང་བ་མན་ཤེལ་འོད་དང་འདྲ། །སྣང་ཡང་ངོ་བོ་འགྱུར་མེད་མན་ཤེལ་འོད་དང་འདྲ། །ཟད་མེད་འཕེལ་བ་མེད་པས་མན་ཤེལ་འོད་དང་འདྲ། །ཞེས་གསུངས་པ་རྣམས་གོ་བར་བྱས་ལ་བརྡ་དོན་ལེགས་པར་སྤྲད་དོ། །འཁྲུལ་པའི་སེམས་ཅན་གོལ་ཚུལ་བརྡ་དོན་ནི། སྒྲོན་མ་འབར་བ་ལས། གཞི་ཉིད་འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡིས། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །ཞེས་གསུངས་པས། སྙིང་ག་ན་ཡེ་ཤེས་སུམ་བརྩེགས་གློ་བའི་རླུང་དང་ཡེ་ཤེས་ཀྱི་གདངས་གཉིས་ཕྲད་པས་རྩལ་སེམས་སུ་བྱུང་བས། རྩལ་གཞིའི་ངང་དུ་ཐིམ་ཞིང་མི་གཡོ་བར་གནས་པའི་དཔེ། ནང་འོད་ཕྱིར་འཕྲོས་པས་དཀར་པོ་སེམས་ཀྱི་དཔེ་དྲུག་པ་ཡིད་ཅེས་བྱ། འོད་ལྔ་ཡེ་ཤེས་ཀྱི་དཔེ་གཞི་འཛིན་པའི་རིག་པའོ། །སེམས་དང་ཡེ་ཤེས་གཉིས་དཔེའི་ངོ་སྤྲོད་དེ་འཐད་དོ། །བར་དོའི་ངོ་སྤྲོད་སྒྲ་འོད་ཟེར་གསུམ་དང་། རྡོ་རྗེ་སེམས་དཔའི་ཁོང་གསེང་རྩ་ལམ་ངོ་སྤྲོད་ལ་སོགས་པ་ཅི་རིགས་པ་རྣམས་མན་ཤེལ་ལ་ངེས་ཤེས་བསྐྱེད་ལ། རྣལ་འབྱོར་ངོ་དང་ཤེས་པ་སྤྲད་ནས་ཡིད་ཆེས་པར་བྱས་ཏེ་ཉམས་ལེན་ལ་བརྩོན་པར་བྱའོ། །འབྲས་བུར་གྲོལ་ཚུལ་ནི། གོང་དུ་ནང་གསལ་ཀ་དག་གི་གྲོལ་གཞི་རང་བྱུང་ངོ་བོ་ཉིད་སྐུར་གསལ་ཡང་། ཕྱིར་གསལ་ཅེས་པས། འོད་ལྔ་དང་དཀར་པོ་གཉིས་འདྲེས་པ་ལ་ངོ་སྤྲད་དེ། འདི་ཤེས་རབ་ཡོད་ན་གནད་ཆེ་བར་ཡོད་པས། ལམ་གྱི་ཡེ་ཤེས་སམ་ཡེ་ཤེས་མེད་པར་འདོད་པ་དབུ་མ་རབ་ཏུ་མི་གནས་པའམ། རང་རེ་རྫོགས་པ་ཆེན་པོ་ཀ་དག་ལ་ཡེ་ཤེས་མེད་པར་འདོད་པ་ཡོད་པས། འཁྲུལ་པ་རྩད་ནས་དག་ཀྱང་། སྐུ་གཉིས་མི་འགག་པར་འཆར་བ་ལ། ཡེ་ཤེས་དབྱིངས་ལ་ཡོད་དགོས་པས། འོད་ལྔ་དཀར་པོ་དང་འདྲེས་པ་དེ་མེ་ལོང་

p. 768

ཡེ་ཤེས། ཡང་དཀར་པོ་ལོགས་སུ་འཆར་བ་ལོངས་སྐུ་ལས་སྤྲུལ་སྐུ་འཕྲོ་བའི་དཔེ། དེ་དག་ནི་དག་པ་གཉིས་ལྡན་དུ་རྣམ་པ་ཐམས་ཅད་མཁྱེན་པར་སངས་རྒྱས་པའི་ངོ་སྤྲོད་དོ། །བླ་དྭགས་སུ་སངས་རྒྱས་མྱ་ངན་ལས་འདས་ཞེས་པ་ནི། སྤྲུལ་སྐུ་དང་ལོངས་སྐུ་ཆོས་སྐུར་ཐིམ་པ་ནི། ཤེལ་ཉི་མའི་རྐྱེན་དང་བྲལ་བས། ཐོག་མའི་གཞི་ཀ་དག་ལ་བཙན་ས་ཟིན་ནས་མི་འཁྲུལ་བར་གནས་པ་ནི། ངོ་བོ་ལ་དབྱེར་མེད་དེ་ཀ་ལྟར་གྲོལ་བ་ཡིན་ཀྱང་། རིག་མ་རིག་གི་ཁྱད་ཀྱིས། ཐམས་ཅད་ཡེ་ཤེས་ཀྱི་སྐུ་ཁོ་ནར་འདུག་པས་ཐམས་ཅད་མཁྱེན་པ་ཞེས་བྱའོ། །གཙོ་ཆེར་ཡེ་ཤེས་གཉིས་ལྡན་ཡིན་ནོ། །ནང་གསལ་དུ་ཡོད་པས་ཟད་སར་སྐྱོལ་བའི་ངོ་བོ་དེ་ཐོག་མའི་སྤྱི་གཞི་རང་བྱུང་ངོ་བོ་ཉིད་སྐུ་དང་དབྱེར་མེད་དོ། །འོན་ཀྱང་ཉི་མ་སྤྲིན་གྱིས་བསྒྲིབས་པ་དང་། གྲོལ་བ་ལྟར། རང་ངོ་ཤེས་ཤིང་སྒྲིབ་པ་ཐམས་ཅད་ལས་གྲོལ་བས་རྟོགས་པ་མངོན་དུ་གྱུར་བའི་ཆ་ནས། ཐོག་མའི་གཞི་དང་། ཐ་མའི་གྲོལ་ས་གཉིས་ཁྱད་པར་ཤིན་ཏུ་ཆེ་བར་ཤེས་རབ་ཅན་རྣམས་ཀྱིས་རྟོགས་པར་བྱ་སྟེ། གནད་གལ་པོ་ཆེའོ། །ཡེ་ཤེས་དབྱིངས་སུ་འཁྱིལ་བ་མན་ཤེལ་འོད་དང་འདྲ། །ཆོས་སྐུ་གསལ་དག་ཤར་བ་མན་ཤེལ་ཉིད་དང་འདྲ། །ཞེས་སོ། །རང་ངོ་ཤེས་པའི་ཆོས་སྐུ་དེ་རང་མལ་དུ་རང་ཉིད་གནས་པ་ཡིན་པས། ད་ལྟ་ཡང་མ་འཁྲུལ་བའི་ཆོས་སྐུ་ལ་བཙན་ས་འཛིན་པར་འདོད་ན། རང་གསལ་རྗེན་པ་ཟང་ཐལ་ཆེན་པོའི་ངང་ལ་སལ་ལེ་ཧྲིག་གེ་མ་ཡེངས་པར་སྐྱོང་བ་ཉིད་གནད་དུ་ཆེ་སྟེ། འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་དམ་པའི་ཞལ་ནས། རང་ངོ་ཤེས་པའི་ཆོས་སྐུ་རང་མལ་ཉིད་ཡིན་པས། །མ་འཁྲུལ་བཙན་ས་འཛིན་པར་འདོད་པ་སུ་ཡོད་ཀུན། །མ་ནོར་མ་འཁྲུལ་མི་ཡེངས་བྱེད་པ་གནད་ཡིན་པས། །དགོངས་པ་རྒྱ་མཚོ་ལྟ་བུར་ཤེས་རབ་ཅན་གྱིས་ཤེས་པར་མཛོད། །ཅེས་ལེགས་པར་གསུངས་པ་ཡིན་ནོ། །ངོ་སྤྲོད་འདི་ཀུན་གྱི་དུས་ན་སོས་གདལ་ནས་རང་གིས་ཀྱང་གསར་དུ་ཡིད་ཆེས་ཐུན་མོང་མ་ཡིན་པ་བསྐྱེད་

p. 769

ནས་གཞན་ལ་བསྟན་པར་བྱ་སྟེ། ཡང་འཇིག་རྟེན་ཉི་མ་ཆོས་རྗེ་བླ་མའི་ཞལ་ནས། ངོ་སྤྲོད་རྣམས་རིམ་པས་ངོ་སྤྲད་ཅིང་ལེགས་པར་གཟབ་ལ་བྱའོ། །འལ་ལེ། འོལ་ལེ། ཅི་ཡིན་ཆ་མེད། ངོ་སྤྲད་མིན། མ་སྤྲད་མིན་མ་བྱེད། ཆོས་མིན་གྱི་བྱ་བ་རིས་སུ་མ་འདོན། འཁྲུལ་ཕྱིར་མ་འབྲང་། བླ་མ་ལ་སོགས་ཀྱི་མིང་ཐོགས་ནས་ཆོས་མིན་གྱི་བྱ་བ་ངན་པ་རྣམས་མ་བྱེད། མིང་དོན་འཛོམ་པར་བྱེད་དགོས་པ་ལགས་སོ་ཞེས་གདམས་པར་མཛད་པས། ཕྱི་རབས་ཀྱི་དུས་ནའང་ཆོས་འདི་པར་ཞུགས་པ་རྣམས་ཀྱིས་དེ་བཞིན་ཐུགས་ལ་བཞག་འཚལ་ལོ། །དོན་གཉིས་པ་དེའི་བྱེ་བྲག་ངེས་པས་སེམས་དང་ཡེ་ཤེས་ཀྱི་མཚོན་དཔེ་རྒྱས་པར་བསྟན་པ་ལ་གཉིས་ཏེ། རྩ་བ་རིག་པ་ལས་འཁྲུལ་པས་ལྡོག་ཚུལ་སེམས་ཀྱི་ངོ་སྤྲོད་དང་། རིག་པ་རང་སྣང་དང་བཅས་པ་རང་སྣང་ཡེ་ཤེས་ཀྱི་ངོ་སྤྲོད་དོ། །དང་པོ་ནི། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ། སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བར་རྒྱས་ཐེབས། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ་ཞེས་གསུངས་པས། འདི་ལ་གསུམ་སྟེ། ཕྱི་ཡུལ་གྱི་གནད་ཀྱིས་ནང་སེམས་གཏན་ལ་དབབ་པ། ནང་སེམས་ཀྱི་གནད་ཀྱིས་གསང་བ་དབྱིངས་གཏན་ལ་དབབ་པ། གསང་བ་དབྱིངས་ཀྱི་གནད་ཀྱིས་བླ་ན་མེད་པ་རིག་པ་ཉིད་གཏན་ལ་དབབ་པའོ། །དང་པོ་ལ་སྣང་ཡུལ་གཞི་མེད་འཁྲུལ་པར་བསྟན་པ་དང་། སྣང་འཛིན་རང་སེམས་སྟོང་པར་བསྟན་པ་གཉིས་ལས། དང་པོ་ནི་ཕྱི་སྣང་བ་སྣ་ཚོགས་དཀར་དམར་གྱི་སྣང་བ་སྣོད་བཅུད་འབྱུང་བ་ལྔས་བསྡུས་ཀྱི་ཀློང་ན་གསལ་བ་འདི་དག །རང་སེམས་འཁྲུལ་པའི་ངོ་ལ་སྣང་བ་མ་གཏོགས་པ་ཕྱི་དོན་གྱི་དངོས་པོ་དང་། ནང་སེམས་ཀྱི་དངོས་པོ་གཉིས་ཀར་མ་གྲུབ་པས། གཞི་མེད་སྟོང་པའི་ཆོ་འཕྲུལ་མེད་པ་གསལ་སྣང་གི་རང་བཞིན་རབ་རིིབ་ཅན་གྱི་སྐྲ་

p. 770

ཤད་དང་རྨི་ལམ་སྒྱུ་མའི་སྣང་བ་དང་འདྲ་བར་ཤེས་པར་བྱ་སྟེ། ཀློང་དྲུག་པ་ལས། སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་བཞིན། །ཅེས་པ་དང་། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པའང་གསུངས། །ཞེས་སོ། །གང་ལ་སྣང་ན་སེམས་ལ་སྣང་སྟེ། རབ་རིབ་ཀྱི་སྐྲ་ཤད་མིག་སྐྱོན་ཅན་གྱི་དབང་པོ་མ་དག་པ་ལ་སྣང་བ་བཞིན་ནོ། །དེ་ཉིད་ལས། དམིགས་སུ་ཡོད་པའི་སེམས་ཉིད་ལ། །སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་སུ་རྣམ་པ་གཉིས་སུ་རྫོགས། །ཞེས་སོ། །སེམས་ལ་སྣང་ཡང་སྣང་ཚུལ་ཕྱིར་གསལ་བ་འདི་རྣམས་རང་གི་སེམས་མ་ཡིན་ཏེ། རང་མེད་ཀྱང་ཡོད་པ་དང། ཡུལ་དུ་གནས་པ་དང་། ཁ་དོག་དང་། དབྱིབས་ལ་སོགས་པར་མཐོང་བའི་ཕྱིར་རོ། །སེམས་ལ་དེ་དག་མེད་པས་སེམས་མ་ཡིན་ནོ། །འདིར་སྣང་ཡུལ་གཟུགས་སོགས་ཕྱི་ན་སྣང་བ་འདི་དག་མེད་པ་གསལ་སྣང་འཁྲུལ་པ་རྨི་ལམ་ལྟ་བུར་ངོ་སྤྲད་ལ། འདི་ནི་གཟུགས་སོ། །ཁ་དོག་གོ་སྙམ་པ་ལ་སོགས་པ་ཤར་ཤར་དང་པོར་འཆར་བའི་སྣང་ཡུལ་འཛིན་པ་དེ་སྣང་བའི་སེམས་ཞེས་བྱ། གཟུང་བའི་སེམས་ཞེས་བྱ། ཡུལ་གྱི་སེམས་ཞེས་བྱ་བར་ངོས་བཟུང་ནས། སྣང་བའི་སེམས་དེ་ཡོད་དམ་སྙམ་ན་ཡུལ་མེད་པ་གསལ་སྣང་འཛིན་པས་ཀྱང་མི་བདེན་ལ། ཁ་དོག་ངོས་གཟུང་དུ་མ་གྲུབ་པས་ཀྱང་མེད་ལ། སྐྱེ་འགག་གནས་གསུམ་དུ་བརྟགས་པས་ཀྱང་མེད་པའི་ཕྱིར། སེམས་ཉིད་སྟོང་པར་ངོ་སྤྲད་པ་ཞེས་བྱ་སྟེ། རང་ཡལ་གཏད་མེད་ཡེ་སངས་སུ་ངོ་སྤྲད་དོ། །དེས་ན་ཆོས་ཕལ་དང་། རྫོགས་ཆེན་པ་ཕལ་གྱིས་སྣང་བ་དང་། སྣང་ཡུལ་མ་ཕྱེད་པས། ཕྱི་སྣང་ཡུལ་རང་མཚན་སེམས་སུ་འདོད་པ་ནི། སེམས་ཙམ་རྣམ་བདེན་དྲི་བཅས་སུ་གོལ་བ་ཡིན་ནོ། །

p. 771

འདིར་སྣང་བ་སེམས་སུ་ངོ་སྤྲོད་དུས་སྣང་མི་སྣང་དུ་སེམས་ཀྱིས་འཛིན་པས། ཡུལ་དང་པོར་མཇལ་བའི་སེམས་ལ་སྣང་བའི་སེམས་དང་། རྗེས་ལ་དེའི་ཁྱད་པར་སེམས་བྱུང་དུ་དཔྱོད་པ་ལ་འཛིན་པའི་སེམས་ཞེས་འདོད་པས། སྤང་བྱ་དག་བྱ་འཁྲུལ་སྣང་འཁྲུལ་འཛིན་འཁོར་བ་ཞེས་བྱ་སྟེ། བདེན་གཉིས་སུ། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཅེས་པ་དང་། མཛོད་ལས། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་སྤང་བྱར་བཤད་པ་ཀུན་གོང་མཐུན་པར་འཇོག་པས་གནད་གལ་པོ་ཆེ་འདི་བློ་མཆོག་དམ་པ་ཤེས་རབ་ཅན་རྣམས་ཀྱིས་རྟོགས་པར་བྱའོ། །དེའང་ཕྱི་ནང་གཞི་མེད་དུ་མཇལ་བ་ལ་འདི་ལྟ་བུ་ཞིག་དགོས་སོ། །གཉིས་པ་ནང་སེམས་ཀྱི་གནད་ཀྱིས་གསང་བ་དབྱིངས་གཏན་ལ་དབབ་པ་ནི། སེམས་ལ་བརྟགས་པས་ངོ་བོ་ངོས་གཟུང་མེད་དུས། བེམ་པོ་ལྟ་བུར་སོང་བ་མེད་དེ། ཕྱལ་ཕྱལ་བ་ལ་ས་ལེ་བ་ངོས་གཟུང་དུ་མེད་པས་བརྗོད་མ་ཤེས་ཀྱང་། རང་གསལ་སྟོང་པ་རང་གདངས་ཀྱི་ངང་དབྱིངས་ཀ་དག་དྲི་མ་མེད་པར་འཆར་བ་ཆོས་ཟད་ནང་གི་ཆོས་དབྱིངས་སུ་ངོ་སྤྲད་པས། མཐའ་བྲལ་དྲི་མ་མེད་པའི་རྟོགས་པ་ཁོང་ནས་འཆར་ཏེ། དེའི་ངང་ལ་གོམས་པས་འོད་གསལ་དབྱིངས་སྣང་གི་སྣང་བའང་ཞར་ལ་མཐོང་བ་ཉིད། ངོ་སྤྲོད་སྤྲས་པ་ལས། ཡེ་ནས་མེད་པའི་སྟོང་པ་ཡིས། །འབྱུང་བ་རང་ཟད་འོད་སྣང་ཟེར། །བྱ་བྱེད་བྲལ་བའི་སྟོང་པ་ཡིས། །སྐུ་གསུམ་མཚོན་པའི་འོད་སྣང་རྙེད། །ཅེས་སོ། །གསུམ་པ་གསང་བ་དབྱིངས་ཀྱི་གནད་ཀྱིས་བླ་ན་མེད་པ་རིག་པ་གཏན་ལ་དབབ་པ་ནི། སེམས་དབྱིངས་སུ་དག་པའི་སྟོང་པ་དེ་ཡང་སྟོང་ཆད་ཅང་མེད་པོ་མ་ཡིན་པར། ས་ལེ་བ་ལ་ཧྲིག་གེེ་བ། རང་དྭངས་རང་གསལ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཆོས་སྐུ་དྲི་མ་དང་བྲལ་བར་ངོ་སྤྲད་པས། རིག་པའི་ཆ་ནས་ཆད་པར་མ་སོང་། དངོས་པོ་མེད་

p. 772

པས་རྟག་པར་མ་སོང་། གང་དུའང་བརྗོད་དུ་མེད་པས་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཐག་ཆོད་པའི་ངང་ལ་བཞག་པས། རིག་པའི་རང་གདངས་ལུ་གུ་རྒྱུད་ཐིག་ལེ་དང་བཅས་པ་རང་སྣང་བ་ནི། དེ་ཉིད་ལས། གཞི་ལ་གནས་པའི་རིག་པ་ཡིས། །ཆོས་ཉིད་འདུས་པའི་དབྱིངས་དང་ཕྲད། །མཚན་ཉིད་འཛིན་པའི་རིག་པ་ཡིས། །རྣམ་པར་དག་པའི་དབྱིངས་དང་ཕྲད། །ལུ་གུ་རྒྱུད་ཀྱི་རིག་པ་ཡིས། །རང་བཞིན་འོད་ཀྱི་དབྱིངས་དང་ཕྲད། །ཅེས་སོ། །དེ་ལྟར་ན་ཡུལ་སྣང་གཞི་མེད་དུ་ངོ་སྤྲད་པས། སྣང་ཡུལ་སྣོད་བཅུད་ཀྱི་འཁོར་བ་ལ་བཟླའོ། །སྣང་བ་སེམས་སུ་ངོ་སྤྲད་པས། ཤར་གྲོལ་རང་ཡལ་གྱི་དམིགས་ཤེས། སེམས་ཉིད་སྟོང་པར་ངོ་སྤྲད་པས། གཟུང་འཛིན་འཁྲུལ་བའི་རྩ་བ་ཆོད། སྟོང་པ་དབྱིངས་རིག་ཏུ་ངོ་སྤྲད་པས། ཉམས་ལེན་སྐུ་གསུམ་གཅིག་ཏུ་དྲིལ་ནས། ཚེ་གཅིག་གིས་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར། སེམས་ལས་འཁྲུལ་པ་ལྡོག་ཚུལ་གྱི་ངོ་སྤྲོད་རབ་ཏུ་གཅེས་པར་བསྟན་ཏེ། དཔེའི་ངོ་སྤྲོད་ཀྱིས། རིག་པའི་ཡེ་ཤེས་རང་ལ་ཡོད་པའི་དོན། བྱང་ཆུབ་སེམས་ཀྱི་སྒྲོན་མས་རྟགས་ཡིད་ཆེས་པར་བསྟན་པ་ནི། དེ་ཉིད་ལས། སངས་རྒྱས་ཀུན་གྱི་ཚད་འཛིན་པ། །དཔེ་ཡི་ཡེ་ཤེས་རྣམས་ལ་བརྟག །རྟགས་ཀྱི་ཡེ་ཤེས་ཚད་འཛིན་པ། །ཐིག་ལེ་སྟོང་པའི་སྒྲོན་མ་བརྟག །དོན་གྱི་ཡེ་ཤེས་ཚད་འཛིན་པ། །མངོན་སུམ་གསལ་བའི་སྣང་བ་བརྟག །ཅེས་སོ། །མདོར་ཧྲིལ་གྱིས་བསྡུ་ན། ཕྱི་སྣང་བའི་ཡུལ་གཞི་མེད། དེ་འཛིན་སྣང་བའི་སེམས་སྟོང་པར་ངོ་སྤྲད་པས། འཁོར་བ་འཁྲུལ་པ་གཏན་མེད་པོ་གཅིག་ཏུ་ཤེས་ནས། དེས་མི་ཆོག་པར། རྩ་བ་རིག་པའི་དོན་མངོན་སུམ་ངོ་སྤྲད་དེ་དབྱིངས་རིག་འདུ་འབྲལ་མེད་པར་ངོ་སྤྲད་ནས། ཀ་དག་གི་ཆོས་སྐུ་ལ་བསྐྱལ་བར་བྱའོ་ཞེས་བློ་མཆོག་ཡང་རབ་པ་རྣམས་ལ་གདམས་

p. 773

པ་ཡིན་ནོ། །དོན་གཉིས་པ་རང་སྣང་ཡེ་ཤེས་ཀྱི་ངོ་སྤྲོད་ལ་གཉིས་ཏེ། གདམས་ཡུལ་དབང་པོའི་དབྱེ་བ་དང་། གདམས་པ་ངོ་སྤྲོད་ཀྱི་རིམ་པའོ། །དང་པོ་ནི། དབང་པོ་རབ་འབྲིང་ཐ་མ་གསུམ་ལ་བདུན་བདུན་དུ་ཕྱེ་བས་ཉི་ཤུ་རྩ་གཅིག་སྟེ། དེ་དག་ཀྱང་ཤེས་རབ་དང་། སྦྱངས་པ་དང་། གྲོལ་བ་ཐ་དད་པའོ། །དང་པོ་རབ་ཏུ་ངེས་པ་ནི། ཤེས་རབ་དང་རྟོགས་པའི་ཆ་སྟེ། དེའང་དབྱེ་ན་བདུན་ནི། རབ་ཀྱི་ཐ་མ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་དང་། རབ་ཀྱི་ཕུལ་དང་། རབ་ཀྱི་མཆོག་དང་། རབ་ཀྱི་རྩེ་མོ་དང་། རབ་ཀྱི་མཐར་ཕྱིན་པའོ། །དེ་དག་ཀྱང་རང་སྣང་རྟོགས་སླ་བའི་ཆ་ནས་གཞག་པའོ། །འབྲིང་ལ་ཡང་བདུན་ཏེ། འབྲིང་གི་ཐ་མ་དང་། འབྲིང་གི་འབྲིང་དང་། འབྲིང་གི་རབ་དང་། འབྲིང་གི་ཕུལ་དང་། འབྲིང་གི་མཆོག་དང་། འབྲིང་གི་རྩེ་མོ་དང་། འབྲིང་གི་མཐར་ཕྱིན་པའོ། །དེ་བཞིན་དུ་ཐ་མ་ལ་ཡང་བདུན་ཏེ། ཐ་མའི་ཐ་མ་དང་། ཐ་མའི་འབྲིང་དང་། ཐ་མའི་རབ་དང་། ཐ་མའི་མཆོག་དང་། ཐ་མའི་ཕུལ་དང་། ཐ་མའི་རྩེ་མོ་དང་། ཐ་མའི་རྩེ་ཟིན་པའོ། །གཉིས་པ་ནི། དེ་ལྟར་དབང་པོ་ཉི་ཤུ་རྩ་གཅིག་བྱུང་བས་ངོ་སྤྲོད་ཀྱང་ཉི་ཤུ་རྩ་གཅིག་འབྱུང་ལ། དེ་ཡང་སོ་སོར་ངོ་སྤྲད་པ་ལ་གཉིས་ཏེ། ཐུན་མོང་གི་དབྱེ་བ་དང། ཁྱད་པར་གྱི་མཚོན་ཚུལ་ལོ། །དང་པོ་ནི། འོད་དང་ཡེ་ཤེས་རིག་པ་གསུམ་ལ། བདུན་ཚན་དུ་ངོ་སྤྲད་པ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། རིག་པ་གཞི་ནས་འཕགས་ཏེ། ལམ་དུ་འཇུག་པ་ངོ་ཤེས་པར་བྱ་བའི་ཆེད་དུ་དཔེ་དོན་གྱི་ངོ་སྤྲོད་ལ་སོགས་ཏེ་ངོ་སྤྲོད་ཉི་ཤུ་རྩ་གཅིག་ཤེས་པར་བྱའོ། །གངས་སམ། གཡའ་འམ། རྒྱ་མཚོ་ལས་བྱུང་བའི་མན་ཤེལ་དྲི་མ་མེད་པ་ཞིག །སྐར་ཁུང་གི་སྣང་བ་ལ་ཕྱར་ན། འོད་ཁ་དོག་ལྔ་ལྷུག་པར་འཆར་རོ། །དེའང་གང་ཞེ་ན། ཁ་དོག་མཐིང་

p. 774

ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའོ། །མན་ཤེལ་གཅིག་རྗེས་སུ་འཇུག་པའི་གང་ཟག་དེའི་མིག་གཡས་པར་ལག་པ་གཡས་པས་བཟུང་སྟེ། མིག་གི་སྟེང་དུ་བཞག་ན་སྣང་བ་མཐོང་བར་འགྱུར་རོ། །ལག་པ་གཡོན་པས་མིག་གཡོན་པ་དགག་པར་བྱའོ། །དེ་ནི་དཔེའི་ངོ་སྤྲོད་དོ། །དོན་དེ་བཞིན་དུ་རང་གི་སྙིང་གི་དཀྱིལ་ན་གནས་སོ། །དེ་ནི་དོན་གྱི་ངོ་སྤྲོད་དོ། །རྟགས་རང་གི་མཛུབ་མོས་མིག་མནན་ན་འོད་ཀྱི་ཐིག་ལེ་ཉའི་མིག་ལྟ་བུ་འཆར་རོ། །དེ་ནི་རྟགས་ཀྱི་ངོ་སྤྲོད་དོ། །ཆོས་ཀྱི་སྐུའི་ངོ་སྤྲོད་ནི། ཉི་མའི་དཀྱིལ་འཁོར་ལ་སྤྲད་དོ། །ལོངས་སྤྱོད་རྫོགས་པ་སྐུའི་ངོ་སྤྲོད་ནི། དེ་བཞིན་གཤེགས་པའི་སྐུ་རས་ལ་བྲིས་པ་རང་གི་མདུན་དུ་བཞག་སྟེ། ཤེལ་མིག་གི་སྟེང་དུ་བཞག་ནས། མིག་ནམ་མཁའ་ལ་བལྟས་ན། ལོངས་སྤྱོད་རྫོགས་པའི་སྐུ་ཁ་མིག་རྣ་བ་ཅན་མཐོང་བར་འགྱུར་རོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་བར་མ་དོ་ལ་འཆར་བ་ངོ་ཤེས་པར་གྱིས་ཤིག །སྤྲུལ་པའི་སྐུ་ལ་ངོ་སྤྲད་པ་ནི། ཆོས་ཅན་མཚན་མར་སྣང་བ་རང་གི་རིག་པའི་ཆོ་འཕྲུལ་དུ་ངོ་ཤེས་པར་གྱིས་ཤིག །ཆོས་ཉིད་རང་གི་འོད་ཟེར་གྱི་ཕུང་པོར་ཤེས་པར་གྱིས་ཤིག །དེ་ནི་རྣམ་རྟོག་བག་ཆགས་ཀྱི་སྦུབས་འདི་ཉིད་མ་བོར་བ་ལ་ངོ་ཤེས་པར་གྱིས་ཤིག །དེ་ནི་སྤྲུལ་པ་སྐུའི་ངོ་སྤྲོད་དོ། །རྩའི་གཅུན་ཐབས་སྣང་བ་རང་ལུགས་སུ་འཆར་བའི་ངོ་སྤྲོད་ནི། དེ་ལྟར་རྣམ་པ་བདུན་ཏེ་འོད་ཀྱི་ངོ་སྤྲོད་ཅེས་བྱའོ། །ཡེ་ཤེས་ཀྱི་ངོ་སྤྲོད་གང་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་སྤྲོད་འཁར་གཞོང་གི་བཅུད་ལ་བརྟག་པ་ནི། འཁར་ཕོར་ལེགས་པར་ཆུས་བཀང་ནས། མིག་གི་ཐོག་ཏུ་གསལ་བྱེད་ཀྱི་མེ་ལོང་བཞག་སྟེ་བལྟས་པས། ཐིག་ལེ་དང་། ཐིག་ཕྲན་གྱི་ཚུལ་དུ་འཆར་ཏེ། དེ་ལས་ཀྱང་འོད་དང་། མཚོན་ཆའི་རྩེ་མོ་བཞིན་དུ་འཕྲོའོ། །དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་

p. 775

སྤྲོད་དོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་སྤྲོད་གང་ཞེ་ན། དངུལ་གྱི་མེ་ལོང་གཉིས་ཀྱི་བར་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་ཏེ། ཕར་འགྲམ་ཚུར་འགྲམ་གཉིས་སུ་མེ་ལོང་རེ་རེ་གཟུགས་སོ། །དེ་ལས་སྣང་བ་གཉིས་འཆར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། ཆུའི་ཟླ་བ་ལ་ངོས་གཟུང་བའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། མར་མེ་ལ་ངོས་གཟུང་ངོ་། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། མན་ཤེལ་དྲི་མ་མེད་པ་ལ་ངོས་གཟུང་ངོ་། །མི་གནས་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། ནམ་མཁའི་འཇའ་ཚོན་གྱིས་ངོས་གཟུང་བའོ། །ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། ནམ་མཁའ་སྤྲིན་མེད་པས་ངོས་གཟུང་བའོ། །བདུན་པོ་དེ་ནི་ཡེ་ཤེས་ཀྱི་ངོ་སྤྲོད་དོ། །ད་ནི་རིག་པའི་ངོ་སྤྲོད་བསྟན་ཏེ། རིག་པ་གཞོན་ནུ་བུམ་པའི་སྐུའི་ངོ་སྤྲོད་ནི། མི་གོས་ཁ་དོག་དཀར་པོ་གྱོན་པ་ཞིག་རང་གི་མདུན་དུ་བཞག་ནས། མིག་གི་སྟེང་དུ་རིན་པོ་ཆེ་བཞག་ནས། མིག་ནམ་མཁའ་ལ་བཏེག་སྟེ་བལྟས་ན། དེ་བཞིན་གཤེགས་པ་ཞི་བའི་སྐུ་མཐོང་བར་འགྱུར་རོ། །དེ་ནི་རིག་པ་བུམ་པའི་སྐུའི་ངོ་སྤྲོད་དོ། །རིག་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་སྐུའི་ངོ་སྤྲོད་ནི། ཁྱིམ་མུན་པ་ནག་པོར་མི་གོས་ནག་པོ་གོན་པ་རང་གི་མདུན་དུ་བཞག་སྟེ། གོང་གི་ལྟར་བལྟས་ན། དེ་བཞིན་གཤེགས་པ་ཁྲོ་བོའི་སྐུ་མཐོང་བར་འགྱུར་རོ། །རིག་པ་གཞི་གནས་ཀྱི་ངོ་སྤྲོད་ནི། རྒྱ་མཚོ་དྭངས་པ་ལ་ངོས་གཟུང་ངོ་། །རིག་པ་ཀུན་ཏུ་གསལ་བའི་ངོ་སྤྲོད་ནི། ཉི་མ་དང་ཟླ་བ་ལ་ངོས་གཟུང་ངོ་། །རིག་པ་གཉིས་སུ་མེད་པའི་ངོ་སྤྲོད་ནི། བུམ་པའི་སྐུ་ལ་ངོས་གཟུང་བའོ། །རིག་པ་དྲི་མ་དང་བཅས་པའི་ངོ་སྤྲོད་ནི། ཉི་ཟླ་སྤྲིན་གྱིས་བསྒྲིབས་པ་ལྟ་བུ་ལ་ངོས་གཟུང་ངོ་། །རིག་པ་ཅིར་ཡང་མི་གནས་པའི་ངོ་སྤྲོད་ནི། མིག་བར་སྣང་ལ་བལྟས་པས་ཤེས་པར་བྱའོ། །དེ་ལྟར་བདུན་ནི་རིག་པའི་ངོ་སྤྲོད་

p. 776

དོ། །དེ་ལྟར་ཉི་ཤུ་རྩ་གཅིག་རྫོགས་ནས། རིགས་ཀྱི་བུ་དེ་མྱ་ངན་ལས་འདའ་བའི་ཚེ། རིག་པ་མིག་ནས་ལམ་བྱུང་ནས་བར་མ་དོའི་སྣང་བ་ལ་འཇུག་གོ་ཞེས་སོ། །གཉིས་པ་ཁྱད་པར་གྱི་མཚོན་ཚུལ་ལ་གཉིས་ཏེ། ངོ་སྤྲོད་ཀྱི་ཆིངས་མདོར་བསྟན་པ་དང་། དེའི་རང་བཞིན་རྒྱས་པར་དབྱེ་བའོ། །དང་པོ་ནི། འོད་དང་ཡེ་ཤེས་ལ་ངོ་སྤྲོད་པ་བདུན་གྱིས་དབང་པོ་ཐ་མ་བདུན་ཡིད་ཆེས་པའི་མཚོན་དཔེར་བསྟན་ལ། སྐུ་དང་། ཐིག་ལེ་ལ་ངོ་སྤྲོད་པ་བདུན་གྱིས་འབྲིང་པོ་བདུན་འོད་གསལ་གྱི་ངོ་བོ་ལ་ཡིད་ཆེས་བསྐྱེད་ཅིང་། རིག་པ་དང་དབྱིངས་ལ་ངོ་སྤྲོད་པ་བདུན་གྱིས་རབ་རྣམས་ཡིད་ཆེས་པར་བསྟན་པ་ནི། ངོ་སྤྲོད་སྤྲས་པ་ལས། ཉི་ཤུ་རྩ་གཅིག་བློ་རིམ་བཞིན། །འོད་དང་ཡེ་ཤེས་ཉིད་ལ་ནི། །ངོ་སྤྲོད་རྣམ་པ་བདུན་དག་གིས། །བློ་ཆུང་རིམ་པ་བདུན་རྣམས་གྲོལ། །སྐུ་དང་ཐིག་ལེ་ཉིད་ལ་ཡང་། །ངོ་སྤྲོད་ཉིད་ནི་རྣམ་བདུན་གྱིས། །འབྲིང་པོ་བདུན་པོའི་དོན་དུའོ། །རིག་པ་དང་ནི་དབྱིངས་ལ་བདུན། །ཆེན་པོ་རྣམས་ཀྱི་དོན་དུའོ། །ཞེས་སོ། །གཉིས་པ་ལ་གསུམ་ལས། འོད་དང་ཡེ་ཤེས་ལ་ངོ་སྤྲད་པ་བདུན་ལས། ཡེ་ཤེས་ཀྱི་རང་འོད་དབྱིངས་ནས་བསྐྱོད་པའི་སྣང་བ་འོད་ལྔ་གསལ་བས་རང་འོད་ངོ་སྤྲད་པ་དང་། དེ་ལས་ཕྱིར་གསལ་དུ་ཤར་བ་དབྱིངས་ཀྱི་ཡེ་ཤེས་ཀྱི་སྣང་བ་ངོ་སྤྲད་པ་དང་། མེ་ལོང་ལྟ་བུ་ལ་སོགས་པ་ལྔའི་རང་སྣང་ཤེས་པའི་ངོ་སྤྲོད་དོ། །བར་གྱི་འབྲེལ་ཐག་ཟེར་གྱིས་སྣང་བ་དང་། སྐུ་གསུམ་གཅིག་ཏུ་འབྲེལ་བའི་སྣང་བ་དང་། སྣང་གསལ་ལས་ཡེ་ཤེས་རང་སྣང་གི་སྣང་བ་དང་། རྡུལ་ཚོན་ལས་རིག་པ་མ་བུའི་ཚད་དང་། མི་མོ་ལས་ཡེ་ཤེས་ཁོང་གསེང་གི་སྣང་བ་སྟེ་བདུན་ངོ་སྤྲད་དོ། །གཉིས་པ་ཐིག་ལེ་དང་སྐུ་ལ་ངོ་སྤྲད་པ་བདུན་ལས། ཐིག་ལེ་ལ་ཡེ་ཤེས་ལྔའི་སྣང་བ་དག་པ་ཐིག་ལེའི་སྣང་བར་ཤར་བ་ལྔ་ལ། འཁར་ཕོར་གྱི་བཅུད་ཀྱིས་ཐིག་ལེ་རང་

p. 777

ངོ་སྤྲད་པ་དང་། རས་ཀྱི་སྣམ་བུས་ཡེ་ཤེས་ཀྱི་འོད་སྣང་ངོ་སྤྲད་པ་དང་། འཁྱིལ་ཆུས་བར་དོ་དང་པོའི་སྣང་བ་ངོ་སྤྲད་པ་དང་། རྨ་བྱའི་མེ་ལོང་གིས་དགོངས་པ་ངོ་སྤྲད་པ་དང་། དབྱུག་པའི་འཁར་ཕོར་གྱིས་བདེ་ཆེན་ཚངས་པའི་སྒོ་ནས་སྣང་བའི་ཐིག་ལེ་དགུ་བརྩེགས་ངོ་སྤྲད་པའོ། །སྐུ་ལ་གཉིས་ཏེ། རིག་པ་གཞོན་ནུ་བུམ་པའི་སྐུ་དང་། གཞོན་ནུ་ཁྲོ་གཉེར་ཅན་གྱི་སྐུའོ། །འདི་གཉིས་ཀྱང་ཕྱེད་སྐུ་དང་། རང་རྐྱང་དང་། ཚོམ་བུའི་དཀྱིལ་འཁོར་ལས་སེམས་དཔའ་དང་། སེམས་མ་དང་། ཡབ་ཡུམ་ཟུང་འབྲེལ་དུ་སྣང་བར་ངོ་སྤྲད་པ་ལྔ་ཡོད་ཀྱང་། ཞི་ཁྲོ་གཉིས་ཀྱི་སྐུར་རིགས་བསྡུས་པས་དེ་ལྟར་བདུན་ནོ། །གསུམ་པ་རིག་པ་དང་དབྱིངས་ལ་ངོ་སྤྲད་པ་བདུན་ལས། རིག་པའི་ངོ་སྤྲོད་གཉིས་ནི། སྐུ་གསུམ་དབྱེར་མེད་དུ་ངོ་སྤྲད་པ་དང་། ཡབ་ཡུམ་ཁ་སྦྱོར་ལས་སྤྲུལ་པ་འཕྲོ་བར་ངོ་སྤྲད་པ་སྟེ། རིག་པ་སྐུར་སྨིན་པའི་ངོ་སྤྲོད་དོ། །དབྱིངས་ཀྱི་ངོ་སྤྲོད་ལ་ལྔ་ལས། ཡེ་ཤེས་རླུང་གིས་བསྐྱོད་པའི་དབྱིངས་སྣང་ངོ་སྤྲད་པ་དང་། རིགས་ལྔའི་སྣམ་བུ་སྣང་བ་དབྱིངས་ཀྱི་ཡེ་ཤེས་ངོ་སྤྲད་པ་དང་། དབྱིངས་ཀྱི་རྒྱན་དྲ་བ་དང་། དྲ་བ་ཕྱེད་པ་འཕྱང་བས་གཞལ་ཡས་ཁང་ངོ་སྤྲད་པ་དང་། སྐར་ཁུང་གི་ཕྱོགས་བཞི་དབུས་དང་ལྔར་རིགས་ལྔའི་སྐུ་སྣང་བ་ལ་མེ་ལོང་བཏེག་ནས་བསྟན་པས། དབྱིངས་ཀྱི་སྐུའི་ངོ་སྤྲོད་དང་། སྣོད་ཆུས་བཀང་བར་མེ་ཏོག་ལྔའི་ཚོམ་བུ་ལ་དེ་བཞིན་དུ་བཏེག་ནས་བསྟན་པས། དབྱིངས་ཀྱི་ཚོམ་བུ་ངོ་སྤྲད་པ་སྟེ་བདུན་ནོ། །འདི་དག་ཀྱང་ངོ་སྤྲོད་པའི་དུས་སུ་མཆོད་གཏོར་དང་། ཚོགས་ཀྱི་ཡོ་བྱད་བཟང་པོ་བཤམས་ལ། ཆས་གོས་དང་གནས་ཁང་འཛོམ་པར་གཟབ་ལ་བྱའོ། །ངོ་སྤྲོད་སྤྲས་པའི་རྒྱུད་ལས། དེ་ནས་སྐལ་ལྡན་རྗེས་འཇུག་རྣམས། །རང་གི་ངོ་བོ་བལྟ་བའི་ཕྱིར། །གནས་ཁང་ཕྱོགས་ནི་ཕྱེད་

p. 778

པར་ཡང་། །བུ་ག་ཉི་མའི་ཟེར་ལྡན་ལ། །གསལ་བྱེད་མེ་ལོང་ཕྱར་བ་ཡིས། །འོད་ལྔ་ཕྱིར་བྱུང་མཐོང་བ་ཡིན། །མིག་གི་སྟེང་དུ་མཁས་པས་དེ་བཞག་ནས། །རང་འོད་གསལ་བའི་ཕྱི་ཡང་མཐོང་བའོ། །རྗེས་འཇུག་གཡོན་པའི་ཟུར་གྱིས་གཅིག་ལ་གཅིག་བལྟས་ན། །བར་གྱི་འབྲེལ་ཐག་ཟེར་གྱི་སྣང་བ་མཐོང་། །ཡང་ནི་མིག་གི་སྟེང་དུ་འོད་བཞག་ནས། །ཡང་ནི་གཅིག་གིས་གཅིག་ལ་བལྟས་པ་ན། །སྐུ་གསུམ་གཅིག་ཏུ་འབྲེལ་བའི་ཚུལ་ཡང་མཐོང་། །མར་མེའི་སྙིང་པོ་ལ་ནི་དེ་ཉིད་ཀྱིས་བལྟས་ན། །ཡེ་ཤེས་སྣང་གསལ་རང་གི་ངོ་ཡང་ཕྲད། །མཁས་པས་རྡུལ་ཚོན་འགྲམ་དུ་མེ་ལོང་གཉིས། །གསལ་བྱེད་མིག་གིས་ཐབས་མཆོག་ཉིད་བལྟས་ན། །རིག་པ་མ་བུའི་ཚད་རྣམས་ངོ་ཕྲད་ནས། །ཆོས་ཉིད་མ་ཡི་ཚད་རྣམས་ཤེས་པ་ཡིན། །ཁམ་པའི་གཟུགས་བརྙན་ཁོང་སྟོང་དབང་སྒོ་དོད། །ནང་དུ་མར་མེ་བཅུག་སྟེ་ཡེ་ཤེས་སྒོ་ལ་བཟུང་། །འཁར་ཕོར་ཆུས་བལྟམས་ལེགས་པའི་ནང་ཉིད་བལྟ། །ཐིག་ལེ་ཉིད་ཀྱི་རང་ངོ་འཕྲོད་པ་ཡིན། །རས་ཀྱི་སྣམ་བུ་དཀར་དམར་རྣམས་བཀྲམ་ནས། །གསལ་བྱེད་ལྡན་པའི་མིག་གིས་བལྟས་གྱུར་ན། །ཡེ་ཤེས་རྣམས་ཀྱི་འོད་རྣམས་རང་ངོ་ཕྲད། །རྒྱ་མཚོ་ལྟེང་ཀ་རྫིང་ངམ་འཁྱིལ་ཆུའི་འགྲམ། །གསལ་བྱེད་ལྡན་པའི་མིག་གིས་དེ་བལྟས་ན། །འོད་ཀྱི་གོང་བུས་ནམ་མཁའ་གང་བ་ཡིས། །བར་དོ་དང་པོའི་སྣང་བ་གཏན་ལ་འབེབས། །རྨ་བྱའི་མེ་ལོང་ཉིད་ཀྱི་འཕྲེང་བརྒྱུས་པ། །གསལ་བྱེད་ཐོགས་པའི་མིག་གིས་བལྟས་ན་ནི། །ཐིག་ལེ་འོད་གསལ་ལྡན་པ་མཐོང་བ་ནི། །ཡེ་ཤེས་དགོངས་པ་ཉིད་ཀྱི་ངོ་ཡང་སྤྲད། །དབྱུག་པ་འཁར་ཕོར་བརྒྱ་བསྒྲིགས་དེ་མགོ་ལ། །གསལ་བྱེད་ལྡན་པས་གོང་བཞིན་བལྟས་པ་ན། །ཐིག་ལེ་དགུ་བརྩེགས་ཚངས་པའི་དོན་ངོ་སྤྲད། །རིགས་ལྔའི་འདྲ་འབག་ཐང་ལ་བཞག་ནས་ནི། །

p. 779

གསལ་བྱེད་ལྡན་པས་གོང་བཞིན་བལྟས་པ་ན། །ནམ་མཁའི་དབྱིངས་ཉིད་དུ་ནི་གཟུགས་ཀྱི་སྐུ། །སྣང་བ་ཉིད་ནི་ཉམས་ཀྱི་དགོངས་པའོ། །སྐྱེས་བུ་རྒྱན་ལྡན་རང་གི་མདུན་བཞག་སྟེ། །གསལ་བྱེད་ལྡན་པའི་མིག་གིས་བལྟས་པ་ན། །འོད་ཀྱི་སྐུ་ནི་འགྲོ་འོང་ཟེར་དང་བཅས། །དེ་ཉིད་མཐོང་བས་ལོངས་སྐུ་རང་རྐྱང་སྣང་། །རིག་པ་གཞོན་ནུ་བུམ་པའི་སྐུ་ཞེས་བྱ། །ཡང་ནི་སྣང་བ་མེད་པའི་ཁྱིམ་དག་ཏུ། །སྐྱེས་བུ་ཁ་དོག་ནག་པ་རབ་བརྒྱན་པ། །རང་གི་མདུན་དུ་གོང་བཞིན་བཞག་ནས་ནི། །གསལ་བྱེད་ལྡན་པའི་མིག་གིས་བལྟས་ན་ནི། །ཁྲོ་སྐུ་འཇིགས་པའི་གཟུགས་བརྙན་ནམ་མཁར་ནི། །འགྲོ་དང་འོང་དང་རྟགས་དང་བཅས་པར་མཐོང་། །ལོངས་སྤྱོད་ཁྲོ་སྐུའི་ངོ་བོ་བསྟན་པའོ། །རིག་པ་ཉིད་ནི་གཞོན་ནུ་ཁྲོ་གཉེར་ཅན། །དཔའ་བོ་ཉིད་ནི་སྟོབས་དང་ལྡན་པར་བསྟན། །སྐྱེས་བུ་རྒྱན་ལྡན་བྱེད་སྣང་མཚམས་འདུག་སྟེ། །གསལ་བྱེད་ལྡན་པས་གོང་བཞིན་བལྟས་པ་ན། །སེམས་དཔའ་ཉིད་ཀྱི་བཞུགས་ཚུལ་ངོ་སྤྲད་ནས། །སྐུ་ཕྱེད་བསྟན་པས་འདྲ་འབག་ཉིད་ལ་ཕྲད། །ཤེལ་ལས་བྱས་པའི་ལུགས་སྐུ་ཕྱག་གང་བ། །རྣལ་འབྱོར་ལྡན་པས་གཡོན་པས་བཟུང་ནས་ནི། །གསལ་བྱེད་ལྡན་པས་ཡང་ནི་དེ་བལྟས་ན། །ཤིན་ཏུ་འོད་དང་ལྡན་པའི་སྐུ་མཐོང་བར། །སྐུ་ཕྱེད་ཉིད་ཀྱིས་སེམས་པའི་རང་ངོ་ཕྲད། །གསལ་བྱེད་སྣང་བ་མཉམ་ཉིད་སྐུ་ཞེས་བྱ། །སྐལ་ལྡན་གཉིས་ཀ་རྒྱན་གྱིས་རབ་བརྒྱན་ཏེ། །གསལ་བྱེད་ལྡན་པའི་མིག་གིས་ཕན་ཚུན་བལྟ། །ཡབ་དང་ཡུམ་གྱི་ངོ་བསྟན་ཡེ་ཤེས་བཟུང་། །མཉམ་ཉིད་ཁ་སྦྱོར་དགོངས་པ་ཞེས་བྱའོ། །དེ་གཉིས་བར་དུ་སྐྱེས་བུ་རྒྱན་དང་ལྡན། །གསུམ་གཉིས་གཅིག་བལྟས་སྐུ་གསུམ་རང་ངོ་སྤྲད། །སྐུ་གསུམ་རང་འཇུག་དགོངས་པ་ཞེས་བྱའོ། །ཡང་ནི་སྐྱེས་བུ་རྒྱན་ལྡན་གཉིས་ཀྱི་བར། །རྟ་རྔ་དག་ལ་

p. 780

སྒོ་ང་གཉིས་བརྒྱུས་ཏེ། །ནམ་མཁའི་ཐད་དུ་གཉིས་ཀས་རབ་བཟུང་ནས། །གསལ་བྱེད་ལྡན་པའི་མིག་གིས་བལྟས་ན་ནི། །རབ་ཏུ་ཐིག་ལེ་ཟེར་དང་ལྡན་པ་མཐོང་། །ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས་ངོས་བཟུང་། །གཉིས་མེད་གསང་སྦྱོར་ཞེས་བྱའི་དགོངས་པའོ། །དབྱུག་པ་ཡང་ནི་ནམ་མཁར་བསླངས་བྱས་ཏེ། །ཁ་དོག་མི་མཐུན་དར་གྱི་འཕུར་ལྕེ་ཕྱར། །གསལ་བྱེད་ལྡན་པས་ཡང་ནི་བལྟས་པ་ན། །ཡེ་ཤེས་བསྐྱོད་པའི་ནང་རླུང་རང་ངོ་ཕྲད། །གནས་པ་རླུང་འཛིན་ཞེས་བྱའི་དགོངས་པའོ། །སྐུ་ནི་ཁ་དོག་དམར་སེར་ལྗང་དང་མཐིང་། །ཁ་དོག་དཀར་དམར་སྣམ་བུ་རྣམ་བལྟས་ན། །རིགས་ལྔ་སོ་སོའི་སྐུ་ཡང་རང་ངོ་འཕྲོད། །རིགས་རྣམ་འབྱེད་པ་ཞེས་བྱའི་ངོ་སྤྲོད་དོ། །ཤིང་གི་བར་སྣང་ཕྱོགས་བཞི་སྟེང་འོག་ཏུ། །མུ་ཏིག་ལ་སོགས་ཕྲེང་བས་ཡོངས་བསྐོར་ཏེ། །གསལ་བྱེད་ལྡན་པའི་མིག་གིས་ཡང་བལྟས་ན། །དྲ་བ་དང་ནི་དྲ་བ་ཕྱེད་པ་ཡང་། །ཤིན་ཏུ་གསལ་བའི་འོད་ཀྱིས་རྣམ་སྤྲས་ཏེ། །སྟེང་འོག་ཕྱོགས་མཚམས་རྣམས་ནི་གསལ་བར་མཐོང་། །རིགས་ལྔའི་དྲ་བ་ཉིད་ལ་ངོ་སྤྲད་པས། །གཞལ་ཡས་རང་སྟོན་ཞེས་བྱའི་ངོ་སྤྲོད་དོ། །ཡང་ནི་གནས་ཁང་ཕྱོགས་ནི་ཕྱེད་པ་རུ། །ཕྱོགས་བཞིར་སྐར་ཁུང་དབུས་ཀྱི་མཐོངས་དང་བཅས། །རང་འོད་ལྷ་ཡི་གཟུགས་བརྙན་ལེགས་བྲིས་ལ། །ལོགས་ལ་བཀྲམ་སྟེ་དབུས་སུ་དམར་པོ་བྱུང་། །འོད་དང་ལྡན་པའི་རྫས་རྣམས་བཀྲམ་ནས་ནི། །དེ་ཡི་འོད་རྣམས་རང་འོད་ལྔ་དང་སྦྱར། །དེ་ཉིད་བལྟ་ཞིང་བློ་ལ་གོམས་པར་བྱ། །དེ་ལྟར་བྱང་ན་ལྷ་དང་མཉམ་པར་གནས། །མེ་ཏོག་སྣོད་བཀང་རང་གི་མདུན་བཞག་སྟེ། །གསལ་བྱེད་ལྡན་པའི་མིག་གིས་ཡང་བལྟས་ན། །ཚོམ་བུ་རྣམས་དང་རང་ངོ་ཕྲད་པ་ཡིན། །དེ་ཡི་ཕྱིར་ན་འདི་ལ་སུས་གོམས་པ། །བར་དོ་ལ་ནི་སྣང་བ་ཕ་རོལ་ལོ། །ཞེས་སོ། །དེ་ལྟར་རྒྱས་པ་ཉི་ཤུ་རྩ་གཅིག་ནི། བློ་སྤྲོས་པ་ཆེ་བ་རྣམས་ཀྱི་དོན་དུ་བསྟན། སྤྲོས་པ་འབྲིང་

p. 781

རྣམས་ལ་འོད་ལ་ནང་འོད་དང་ཕྱིར་སྣང་གཉིས། ཡེ་ཤེས་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། སྐུ་ལ་རང་རྐྱང་ཡབ་ཡུམ། ཚོམ་བུ་གསུམ། ཐིག་ལེ་ལ་གཞི་ལམ་འབྲས་བུ་གསུམ། རིག་པ་ལ་གཞི་གནས་དང་མཚན་ཉིད་འཛིན་པ་ཡུལ་སྣང་གསུམ། དབྱིངས་ལ་ཕྱི་ནང་གཉིས་ཏེ་ངོ་སྤྲོད་ཀྱི་རྣམ་གྲངས་བཅུ་དྲུག་གིས་བསྟན་ལ། སྤྲོས་པ་ཆུང་བ་རྣམས་ལ་དཔེ་དང་དོན་དང་རྟགས་གསུམ། ཤིན་ཏུ་སྤྲོས་པ་དང་བྲལ་བ་རྣམས་ལ་མངོན་སུམ་ཉག་གཅིག་གི་སྣང་བས་ངོ་འཕྲོད་པ་ཡིན་ཏེ། དེ་ཉིད་ལས། ཆེན་པོ་རྣམས་ཀྱི་དོན་དུ་ནི། །ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས། །དེ་ཉིད་ཕྱི་ལས་ནང་དུ་བསྡུས། །ཡང་བསྡུས་པ་ནི་འདི་དག་གོ། འོད་ལ་གཉིས་ཏེ་ཡེ་ཤེས་གསུམ། །སྐུ་ལ་གསུམ་བསྟན་ཐིག་ལེ་གསུམ། །རིག་པ་གསུམ་སྟེ་དབྱིངས་ལ་གཉིས། །དེ་དག་བསྡུས་པའི་དོན་དུའོ། །ཤིན་ཏུ་བསྡུས་པ་འདི་དག་གོ། དཔེ་དང་རྟགས་དང་དོན་གསུམ་གྱིས། །རང་བཞིན་གནས་པའི་འབྲས་བུ་འཐོབ། །ཕྱག་རྒྱ་ལྷ་ཡི་རྣལ་འབྱོར་འཇུག །མཚན་མ་ཅན་གྱི་དོན་དུའོ། །སྤྲོས་བྲལ་ཉག་གཅིག་དགོངས་པ་ནི། །དེ་དག་རྣམས་ཀྱི་འཛིན་པ་ལས། །སྨིན་པས་སྨིན་པ་ལམ་དུ་བྱེད། །མངོན་སུམ་རྒྱུན་དུ་གནས་པ་ལ། །སྙིང་པོ་རང་གིས་རང་མཐོང་བས། །གཞན་རྩོལ་རྣམས་ཀྱིས་ཅི་ཞིག་བྱ། །འདི་ཉིད་ལ་ནི་གོམས་པར་བྱའོ། །ཞེས་གསུངས་སོ། །ལུང་ནང་འགལ་སྤང་བ་ནི། ནོར་བུ་འཕྲ་བཀོད་ལས། ཀྱེ་མ་རིགས་ཀྱི་བུ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། དུས་ཀྱིས་སྙིགས་མ་ལྔ་བརྒྱའི་དུས་སུ། བསླུ་བྲིད་བྱིས་པའི་ངང་ཚུལ་ཅན་དག་གིས། སངས་རྒྱས་ཀྱི་དགོངས་པ་དཔེ་ལ་ཡིད་ཆེས་བྱེད་པའི་དུས་འབྱུང་སྟེ། དེའི་ཚེ་རང་གི་རྒྱུད་གསང་བ་འདི་འབྱུང་བ་ཡིན་ནོ། །ཡང་དག་པའི་རིག་པ་ཉིད་ལ་དཔེས་མཚོན་དུ་མེད་དོ། །རང་བཞིན་གྱི་འོད་ལྔ་རང་ཆས་སུ་ཡོད་པ་ལ། གཟུགས་བརྙན་གྱི་འོད་

p. 782

ལྔ་བསྟན་ཡང་སངས་རྒྱ་བར་མི་འགྱུར་རོ་ཞེས་བཤད་པས། དཔེའི་ངོ་སྤྲོད་བཀག་པ་མ་ཡིན་ནམ་ཞེ་ན། དེ་ནི་རིག་པ་མངོན་སུམ་གྱི་དོན་མ་མཐོང་བར་ཡིད་དཔྱོད་འཛིན་པས་རིག་པའི་དཔེ་འདི་འདྲའོ་ཞེས་ལ་ལས་ནམ་མཁའ་དང་། ལ་ལས་འབྱུང་བ་ཐ་དད་པ་དང་། ལ་ལས་འོད་དང་། ལྷའི་སྐུས་མཚོན་པ། ཐུན་མོང་གི་ཐེག་པ་སྤྱི་དང་། ཕྱི་ནང་གསང་བའི་ཆ་ཁ་ཅིག་ལ་དམན་པ་དགག་པའི་རང་བཞིན་ཙམ་དུ་མཛད་དེ། དགག་གཞི་རིག་པ་ཀ་དག་ལ། དངོས་པོ་རང་མཚན་པར་ཞེན་པ་དགག་པའི་ཕྱིར་གསུངས་པ་ཡིན་ལ། གསང་བ་སྙིང་ཏིག་གི་དོན་མཚོན་པའི་སྐབས་འདིར། དཔེ་ཇི་ཙམ་བསྟན་ཡང་གོལ་ས་དང་། ཞེན་ས་མེད་དེ། རིག་པ་མངོན་སུམ་དུ་མཐོང་བ་དག་གིས་དེའི་གྲོགས་ཙམ་དུ་ངོ་སྤྲོད་ཀྱང་། སླར་ངོ་བོ་དང་། མཆེད་པ་དང་། ཐིམ་ཚུལ་གྱིས་མན་ཤེལ་ལྟར་ཀ་དག་ཟང་ཐལ་ཆེན་པོ་ཁོ་ན་ཤེལ་གོང་དག་པས་མཚོན་པའི་ཕྱིར། འཐད་པ་དང་བཅས་པ་ཡིན་ལ། འདི་ཙམ་ཞིག་རྒྱུད་དེར་ཡང་མཚོན་དཔེར་གསུངས་ཏེ། དེ་ཉིད་ལས། རྡོ་རྗེ་སེམས་དཔའི་མཚོན་དཔེ་ནི། །ཁ་དོག་དཀར་པོ་ཟླ་བའི་མདོག །ཅེས་པ་ལ་སོགས་པས་དཔེ་རྟགས་དོན་གསུམ་གྱིས་རིག་པ་མཚོན་ནས། སྐྱེ་མེད་འགག་མེད་ཟང་ཐལ་ཀློང་ཡངས་པར་བསྟན་པ་ཡིན་ནོ། །དེས་ན་དབང་པོ་དང་མཐུན་པར་ངོ་སྤྲོད་པ་འདི་ནི། ཉམས་ལེན་ལག་ཁྲིད་དང་བཅས་པ་སྟེ། གོལ་ས་དང་འཆུགས་ས་མེད་པ། སྙན་བརྒྱུད་དང་ཕྱག་བཞེས་འཛོམ་པ། ཡིད་ཆེས་དང་། སྒྲོ་འདོགས་ཆོད་པ། ཚིག་དང་དོན་དུ་འབྲེལ་པ། སངས་རྒྱས་ཀྱི་ཆོས་རྒྱུད་ཀྱི་གནས་སྟོན་པ་ལ་ངོ་སྤྲོད་མཆོག་ཏུ་གསུངས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། རྡོ་རྗེའི་གནས་དཀའ་བ་ངོ་སྤྲོད་ལ་བརྟེན་ནས་མཚོན་པ་སྟེ་རིམ་ཁང་ཉི་ཤུ་རྩ་གཅིག་པའོ།། །།

རིམ་ཁང་ཉེར་གཉིས་པ། དུས་གསུམ་རྟགས་ཀྱི་རྣམ་གྲངས་ངེས་པ་གཏན་ལ་ཕབ་པ།

p. 783

དེ་ལྟར་ཉམས་སུ་བླང་བའི་རིམ་པ་རྒྱ་ཆེར་བསྟན་ནས། ད་ནི་ཉམས་སུ་ལེན་པ་པོ་རྣལ་འབྱོར་པའི་རྟགས་ངེས་པའི་རིམ་པ་བསྟན་པ་ལ་གསུམ་སྟེ། ཚེ་སྔ་མ་ལ་སྦྱངས་པའི་རྟགས་ད་ལྟ་ལུས་ངག་ཡིད་ལ་ཇི་ལྟར་གནས་པའི་དོན་སྤྱིར་བསྟན། ད་ལྟ་ལམ་ལ་ཞུགས་པའི་རྟགས་སྒོ་གསུམ་སྣང་བ་དང་བཅས་པ་ལ་འཆར་ལུགས་བྱེ་བྲག་ཏུ་བཤད། བར་དོ་དང་ཕྱི་མ་ལ་གྲོལ་འཁྲུལ་ངེས་པའི་རྟགས་གསང་བས་མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། སྔོན་དུ་ལུས་ཀྱིས་སྐུ་གསུང་ཐུགས་གསུམ་ལ་ཇི་ལྟར་སྦྱངས་པའི་རྟགས། ངག་གིས་ཇི་ལྟར་གོམས་པའི་རྟགས། སེམས་ཀྱིས་ཇི་ལྟར་བསླབས་པའི་རྟགས་སོ། །དང་པོ་ནི། ཚེ་སྔ་མ་ལ་ལུས་ཀྱི་སྒོ་ནས་སྐུ་གསུང་ཐུགས་ལ་སྦྱངས་ནས་བར་ཆད་པས་ད་ལྟ་དེའི་རྟགས་བསྟན་པ་ལ་བཞི་སྟེ། རྟགས་ཀྱི་རིམ་པ། འབྱུང་བའི་འཐད་པ། གོམས་ན་འབྲས་བུ། མ་གོམས་ན་ངེས་པ་མི་རྙེད་པའོ། །དང་པོ་ནི། དཔལ་ནམ་མཁའ་མེད་པ་སྐུ་གདུང་འབར་བ་ཆེན་པོའི་རྒྱུད་ལས། ཇི་ལྟར་རྫོགས་སངས་རྒྱས་རྣམས་ཀྱི། །སྐུ་ཡི་རྟགས་དང་གསུང་གི་རྟགས། །དེ་བཞིན་རྡོ་རྗེ་ཐུགས་ཀྱི་རྟགས། །ཇི་ལྟར་སྔོན་དུ་ཤར་བ་ལྟར། །འདིར་ཡང་སེམས་ཅན་ཀུན་ལུས་ལ། །འདི་དག་རྣམས་ནི་སྣང་བར་འགྱུར། །འདི་ཉིད་སུ་ལ་སྣང་བ་དེ། །སྔོན་ནས་སྦྱངས་པའི་སྐལ་བ་ཅན། །སྔ་མ་མ་སྨིན་པ་ལས་ནི། །ད་ལྟའི་དུས་ངེས་འབྲས་བུ་ནི། །སུ་ཡིས་འགྲུབ་པའི་མི་དེ་ལ། །ལུས་ཀྱི་རྟགས་དང་དེ་བཞིན་ངག །ཡིད་སོགས་རྟགས་འདི་འབྱུང་བ་ཡིན། །ཅེས་པས། ཚེ་སྔ་མ་ལ་སངས་རྒྱས་ཀྱི་སྐུ་ལ་སྦྱངས་པའི་རྟགས་སུ་སྐྱེས་པའམ་བུད་མེད་གང་ཞིག་གི་དཔྲལ་བའི་དཀྱིལ་ན་དུང་གཡས་སུ་འཁྱིལ་བའམ་རྩེ་གསུམ་འདྲ་བའི་གཉེར་མ་གྱེན་འགྲེང་དང་། ༀ་གྱི་མཚན་མ་རྣམས། རི་མོའམ། རང་འབུར་དུ་ཡོད་པའོ། །གསུང་ལ་སྦྱངས་པའི་རྟགས་སུ་སྐྱེས་པའི་མགྲིན་པ་གཡས་དང་། བུད་མེད་ཀྱི་གཡོན་ན་པདྨ་འདབ་བརྒྱད་དམ། དུང་གཡས་སུ་འཁྱིལ་

p. 784

པའམ། དར་ལྕེ་ལྟ་བུའམ། ལྕགས་ཀྱུ་དང་། རལ་གྲི་དང་། ཨཱཿས་མཚན་པ་རྣམས་རི་མོའམ། རང་འབུར་དུ་འབྱུང་བའོ། །ཐུགས་ལ་སྦྱངས་པའི་རྟགས་སུ་སྙིང་ག་ན་རྡོ་རྗེ་དང་། འཁོར་ལོ་དང་། རྩེ་གསུམ་གྱི་ཤ་མདངས་སམ། རིན་པོ་ཆེའི་དབྱིབས་སམ། ཡི་གེའི་རྣམ་པ་ཧཱུྃ་དང་བཅས་པའོ། །གཉིས་པ་རྟགས་དེ་དག་འབྱུང་བའི་འཐད་པ་ནི། འགྲོ་བ་ཀུན་ལ་གཞི་ནས་སྐུ་གསུང་ཐུགས་རང་ལ་ཡོད་པ་དེ་སྔོན་སྦྱངས་པས་ད་ལྟ་ཤར་བ་སྟེ། དེ་ཉིད་ལས། ཤན་པ་སྨད་འཚོང་སྐལ་མེད་ལའང་། །གཞི་ནས་སྐུ་གསུང་ཐུགས་ཡོད་པས། །དེ་ལས་སྔོན་དུ་གོམས་པས་ན། །གོང་དུ་བར་ཆོད་ཞུགས་པ་ལ། །གོང་གི་སྐུ་གསུང་ཐུགས་ཀྱི་རྟགས། །འདི་ཀུན་ལ་ཡང་འབྱུང་བ་ཡོད། །ཅེས་སོ། །གསུམ་པ་གོམས་པར་བྱས་ན་འབྲས་བུ་ཐོབ་ཚུལ་ནི། རྟགས་དེ་དག་ཡོད་པས་ཚེ་འདིར་འབད་ན་མྱུར་དུ་སྐུ་གསུང་ཐུགས་སུ་གྲོལ་ཏེ། དེ་ཡང་སྐུའི་རྟགས་ཡོད་པས་སྐུ་ལ་ད་ལྟ་སྦྱངས་ན་ཚེ་གཉིས་ན་རྡོ་རྗེའི་སྐུ་འཐོབ་ལ། གསུང་གིས་གསུང་རྡོ་རྗེ་སྐྱེ་བ་གཉིས་ན་འགྲུབ་ཅིང་། ཐུགས་ལ་གོམས་པས་གསུམ་ན་འགྲུབ་པའོ། །རྟགས་དང་གོམས་པའི་འབྲས་བུ་ངེས་པའི་ཤེས་བྱེད་ནི། སྐུ་གདུང་འབར་བ་ལས། བདེ་གཤེགས་སྐུ་ལ་སུས་འབྱོངས་པ། །དེ་ཡི་དཔྲལ་བའི་དབྱིངས་སུ་ཡང་། །དུང་ནི་གཡས་སུ་འཁྱིལ་བའམ། །ཡང་ན་རྩེ་གསུམ་གཉེར་མ་གྱེན། །དེ་བཞིན་ཡང་ན་ཡི་གེ་ༀ། །རི་མོའམ་ནི་རང་འབུར་དུ། །སུ་ལ་རྟགས་འདི་བྱུང་བའི་མི། །སྔོན་དུ་སངས་རྒྱས་སྐུ་ལ་སྦྱངས། །འདི་ཉིད་སྦྱངས་པའི་རྣལ་འབྱོར་དེ། །སངས་རྒྱས་སྐུ་དང་དབྱེར་མེད་པར། གདེང་དང་ལྡན་པའི་རང་དུས་ནི། །ཚེ་ནི་གཉིས་ན་ཐོབ་པར་འགྱུར། །འདི་ལ་བར་ཆོད་མ་ཞུགས་པར། །སྒོམ་པ་ཉིད་ལ་བརྩོན་པ་ནི། །འདི་ཉིད་རབ་ཏུ་གཅེས་པའོ། །སངས་རྒྱས་ཀུན་གྱི་གསུང་ལ་ནི། །སྔོན་དུ་འབྱོངས་པའི་མི་དེ་ཉིད། །སྐལ་བ་དང་ནི་ལྡན་པ་ལ། །དེ་ཡི་མགྲིན་པའི་གཡས་གཡོན་དུ། །པདྨ་འདབ་མ་བརྒྱད་པའམ། །

p. 785

ཡང་ན་དུང་ནི་གཡས་སུ་འཁྱིལ། །དེ་བཞིན་དར་ལྕེ་ཕྱར་བའམ། །ལྕགས་ཀྱུའམ་ནི་རལ་གྲི་དང་། །ཡི་གེ་ཨཱཿཡིས་མཚན་པ་ནི། །རི་མོ་ཉིད་དམ་འབུར་དུ་ཡང་། །སུ་ལ་ཡོད་པའི་སྐྱེས་བུ་དེ། །སངས་རྒྱས་ཀུན་གྱི་གསུང་ལ་ཡང་། །འདི་ཡིས་སྔོན་དུ་སྦྱངས་པས་ན། །ཚེ་གཉིས་ཀྱིས་ནི་གསུང་གཅིག་ཏུ། །ངེས་པའི་འབྲས་བུ་ཐོབ་པར་འགྱུར། །འདི་ཡང་བར་ཆོད་མེད་པ་གཅེས། །བར་མ་ཆོད་པའི་གསུང་བསྒོམས་ན། །གདོན་མི་ཟ་བར་ཐོབ་པར་ངེས། །སངས་རྒྱས་རྣམས་ཀྱི་ཐུགས་ལ་ཡང་། །སྔོན་དུ་གོམས་པར་སུས་བྱས་པ། །འདི་ཡི་ལུས་ལ་རྟགས་འདིའོ། །གང་གི་སྙིང་གའི་གནས་སུ་ནི། །རྩེ་གསུམ་རྡོ་རྗེ་གྱེན་འགྲེང་དང་། །དེ་བཞིན་འཁོར་ལོ་རྩིབས་བཞིའམ། །རིམ་པ་གསུམ་པའི་ཤ་མདངས་སམ། །རིན་པོ་ཆེ་ཡི་དབྱིབས་ཉིད་དམ། །ཡི་གེ་ཧཱུྃ་གི་མཚན་མ་ནི། །སུ་ལ་བྱུང་བའི་སྐྱེས་བུ་ནི། །སངས་རྒྱས་ཀྱི་ཡང་ཐུགས་ལ་ནི། །འདི་ཡིས་གོམས་སོ་སྐལ་དང་ལྡན། །འདིས་ནི་བསྒོམ་ལ་བརྩོན་བྱས་ན། །བར་མ་ཆད་དེ་ཚེ་གསུམ་ན། །སངས་རྒྱས་ཐུགས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་སོ། །བཞི་པ་རྟགས་དེ་དག་ཡོད་ཀྱང་ཆོས་ཉམས་སུ་མ་བླངས་ན། ཐོག་མ་མེད་པའི་བག་ཆགས་སྙགས་རིང་། འཕྲལ་གྱི་མི་དགེ་བ་འབྱུང་ཉེ། ལས་ཀྱི་འཕེན་པ་ཤུགས་དྲགས་པས། སྔར་གྱི་རྟགས་ཡོད་པ་ཙམ་ལས། དེས་མི་སྐྱོབ་པར་ཕྱི་མ་ལ། སྔར་གྱི་དགེ་བ་ཅུང་ཟད་དང་ད་ལྟའི་སྣ་ཚོགས་འདྲེས་མའི་ལས་ཀྱིས། སྐུའི་རྟགས་ཅན་གཟུགས་དང་། གསུང་དེ་ལས་ཁྱད་པར་དུ་ཚངས་རིས་དང་། ཐུགས་ཀྱི་རྟགས་ཅན་ལྷ་མིན་དུ་སྐྱེ་བར། དེ་ཉིད་ལས། འདི་ཉིད་ལས་ནི་བར་ཆད་ན། །འབྲས་བུ་ཉིད་ནི་མི་འཐོབ་སྟེ། །ཐུགས་ལས་ཡིད་འཁྲུག་གནས་སུ་འགྱུར། །སྐུ་ལས་དེ་བཞིན་གཟུགས་ཁམས་ལྷ། །གསུང་ལ་ཚངས་པའི་གནས་སུའོ། །ཞེས་སོ། །གཉིས་པ་ངག་གིས་ཇི་ལྟར་གོམས་པས་ད་ལྟའི་རྟགས་

p. 786

གསུམ་འཆར་ཚུལ་ལའང་། རྟགས་བྱུང་ནས་སྐུ་གསུང་ཐུགས་ལ་རྣལ་འབྱོར་དུ་བརྩོན་པར་བྱས་ན། ཚེ་གཉིས་ན་གྲོལ་བ་འཐོབ་ལ། གཞན་དུ་མི་འཐོབ་པ་ཉིད་དོ། །རྟགས་དང་དེའི་རང་བཞིན་ནི། དེ་ཉིད་ལས། འདི་ལྟར་སེམས་ཅན་དག་ལ་ཡང་། །སྔོན་དུ་སངས་རྒྱས་སྐུ་གསུམ་ལ། །གོམས་ཤིང་སྦྱངས་པའི་རྟགས་སུ་ཡང་། །འདི་ལྟར་འབྱུང་ངོ་མཁའ་འགྲོ་མ། །སངས་རྒྱས་ཀུན་གྱི་སྐུ་ཉིད་ལ། །སྔོན་དུ་སུ་ཡིས་གོམས་པ་དེའི། །སྨྲས་པའི་ཚིག་ནི་བཙན་པ་དང་། །ཆད་ནས་འགྱུར་བ་མེད་པར་ཡང་། །འདི་ཉིད་འགྱུར་ཏེ་སྐལ་དང་ལྡན། །ཉི་མ་ཡི་ནི་དུས་གཅིག་ལ། །ཚིགས་སུ་བཅད་པ་སྟོང་ངམ་ནི། །ཡང་ན་བཞི་བརྒྱའི་ཚིགས་བཅད་ཀྱི། །དོན་ནི་བློ་ལ་སྣང་བར་འགྱུར། །ཅི་སྨྲས་གཞན་ལ་ཕན་པའི་མི། །འདིས་ནི་སྔོན་དུ་སྐུ་ལ་ཡང་། །གོམས་པ་ཡིན་ནོ་མཁའ་འགྲོ་མ། །སྔོན་དུ་སངས་རྒྱས་ཀུན་གྱི་ཡང་། །གསུང་ལ་སུ་ཡིས་གོམས་པ་ལ། །སྐད་ནི་ཚངས་པའི་དབྱངས་བཞིན་དུ། །ཀུན་གྱི་རྣ་བར་སྙན་པ་དང་། །ཚིགས་སུ་བཅད་པ་སྟོང་ལ་ཡང་། །ཉིན་གཅིག་ལ་ནི་བློར་ཟིན་དང་། །སེམས་ཅན་ཐམས་ཅད་བྲན་བཞིན་དུ། །འདི་ཡིས་འཁོལ་བར་གྱུར་པ་དེ། །སྔོན་དུ་སངས་རྒྱས་གསུང་ལ་ཡང་། །འདི་ཡིས་གོམས་སོ་མཁའ་འགྲོ་མ། །སངས་རྒྱས་རྣམས་ཀྱི་ཐུགས་ལ་ཡང་། །སྔོན་དུ་གོམས་པའི་སྐྱེས་བུ་ཡིས། །ཕ་རོལ་ཚིག་གཅིག་སྨྲས་པས་ནི། །དེ་ཡི་དོན་ནི་དེ་ལུགས་སུ། །ཇི་ལྟར་བཞིན་དུ་གོ་བ་དང་། །རང་གིས་སྨྲས་པའི་ཚིག་རྣམས་ལ། །འགྱུར་བ་མེད་པར་གཞན་རྗེས་འཛིན། །འདིས་ནི་སངས་རྒྱས་རྣམས་ལ་ཡང་། །སྔོན་དུ་གོམས་སོ་མཁའ་འགྲོ་མ། །དེ་ལྟར་སྐུ་གསུང་ཐུགས་ལ་ཡང་། །སུ་ཡིས་གོམས་པའི་སྐྱེས་བུ་ནི། །ཚེ་གཉིས་ལ་ནི་སངས་རྒྱས་འཐོབ། །ཅེས་སོ། །གསུམ་པ་སེམས་ཀྱི་རྟགས་ད་ལྟ་ཡིད་ལ་ཤར་བས་གོམས་པར་བྱས་ན་ཚེ་གསུམ་ན་ཐུགས་ཀྱི་ཀློང་དུ་གྲོལ་བར་བསྟན་པ་ནི། ཡང་དེ་ཉིད་ལས། སེམས་

p. 787

ཅན་གང་གི་ཡིད་ལ་ཡང་། །རྟགས་འདི་རྣམས་དང་ལྡན་པ་དེ། །སངས་རྒྱས་སྐུ་གསུང་ཐུགས་ལ་ཡང་། །འདི་ཡིས་གོམས་པར་ང་ཡིས་བསྟན། །མ་བསླབས་སྒོམ་པ་རང་འབབ་དང་། །སེམས་ནི་ངང་གིས་དལ་བ་རྙེད། །འདིས་ནི་སྔོན་དུ་སྐུ་ལ་གོམས། །བསམས་པས་ཆོས་རྣམས་བློར་སྣང་དང་། །སྔར་མ་མཐོང་བའི་ཡུལ་མཐོང་དང་། །སྔར་མ་ཐོས་པའི་ཆོས་ཀྱི་ཚིག །རང་བཞིན་དུ་ནི་ཤེས་པ་ནི། །འདིས་ནི་སྔོན་དུ་སངས་རྒྱས་ཀྱི། །གསུང་ལ་གོམས་སོ་མཁའ་འགྲོ་མ། །རྟག་ཏུ་གཅིག་པུར་འདུག་པ་དང་། །གང་ལའང་འཇིགས་པའི་སེམས་མེད་དང་། །རི་དང་ནགས་ཚལ་འགྲིམ་པའི་མི། །འདིས་ནི་སྔོན་དུ་ཐུགས་ལ་ཡང་། །གོམས་པ་ཡིན་ནོ་མཁའ་འགྲོ་མ། །འདི་ལྟར་ལྡན་པའི་སྐྱེས་བུ་དེས། །བར་མ་ཆད་པར་བདེན་སྤྱད་ན། །ཚེ་གསུམ་གྱིས་ནི་གདོན་མེད་པར། །སངས་རྒྱས་ཉིད་ལ་ཐེ་ཚོམ་མེད། །ཅེས་སོ། །རྟགས་འདི་དག་རང་བཞིན་གྱིས་ལུས་ངག་ཡིད་ལ་ཡེ་ནས་གནས་པ་ཚེ་སྔ་མ་ལ་གོམས་པས་གསལ་དུ་བཏང་བ་སྟེ། དེ་ཉིད་ལ་མཐར་མ་ཕྱིན་ཏེ། བར་ཆད་དུ་གྱུར་པས་ཚེ་འདི་ལ་ཤར་ལ། འདིར་ཡང་མ་འབད་ན་མ་ངེས་པ་ཞེས་བྱ་སྟེ། ལས་ཐ་དད་ཀྱི་དབང་གིས་སྲིད་པ་གཞན་དུ་འཇུག་པའོ། །རྟགས་འདི་དག་ཡིད་དཔྱོད་འཛིན་པའི་དོན་གོམས་པས་འགྲོ་བ་ཕལ་པ་བྱ་དང་རི་དྭགས་དང་། ཁྱི་དང་རྟ་ལ་སོགས་པ་ལ་འབྱུང་བ་ཡང་ཚེ་སྔ་མར་དཀར་པོ་སྐུ་གསུང་ཐུགས་ལ་སྦྱངས་པས་བྱུང་ལ། ནག་པོའི་ལས་ཀྱིས་ངན་སོང་བའི་འགྲོ་བར་སྐྱེས་ཏེ། ཕྱི་མ་ཕན་ཆད་ད་ལྟའི་བྱེད་ལས་ལ་རག་པས། ད་ལྟ་བདེན་པ་དམ་པའི་ཆོས་ལ་སྤྱད་པ་གལ་ཆེའོ། །ཡང་དེ་ལས། འདི་ལྟར་རིགས་དང་རིགས་མིན་ལ། །སྔོན་དུ་གོམས་པའི་ཤུགས་ཀྱིས་ནི། །འདི་རྟགས་ལུས་ལ་འབྱུང་བ་ཡོད། །བྱ་དང་རི་དྭགས་ཁྱི་ལ་སོགས། །བྱོལ་སོང་གཟུགས་སུ་འཛིན་པ་ལ། །འདི་རྟགས་རྣམས་ནི་འབྱུང་བ་ཡོད། །སྔོན་དུ་སྦྱངས་ཏེ་བར་ཆད་ཡིན། །ཅེས་

p. 788

སོ། །དོན་གཉིས་པ་ད་ལྟ་ལམ་ལ་ཞུགས་པའི་རྟགས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཐུན་མོང་བ་སྤྱིའི་རྟགས་ཤེས་པར་བྱ་བ་དང་། ཐུན་མོང་མ་ཡིན་པ་གསང་བ་མཆོག་གི་ལམ་རྟགས་མངོན་དུ་བྱ་བའོ། །དང་པོ་ལ་གསུམ་སྟེ། འཁྲུལ་པ་རང་གིས་རང་གཟིངས་པ་འགྱུར་བའི་རྟགས་དང་། མན་ངག་གི་གནད་རང་ཐོག་ཏུ་མ་ཕེབས་པ་ངེས་པ་མེད་པའི་རྟགས་དང་། རིག་པ་མངོན་སུམ་གྱིས་མ་ཟིན་པ་བདུད་ཀྱི་བར་ཆོད་ཀྱི་རྟགས་སོ། །དང་པོ་ནི། ཉམས་སུ་མ་བླངས་པའི་སྐྱེ་བོ་རྣམས་དང་བྱ་དང་རི་དྭགས་ལ་སོགས་པ་རྣམས་ལའང་འབྱུང་བ་ཡོད་དེ། འགྱུར་ཞིང་དོན་མེད་པས་རྒྱུའི་རྟགས་ཞེས་བྱའོ། །གཉིས་པ་ནི། ཐེག་པ་ཐུན་མོང་གི་ལམ་ཉམས་སུ་བླངས་པ་དང་འདིའི་སྔོན་འགྲོ་སྦྱངས་པ་དང་དམིགས་པ་ཡུལ་གྱི་བློ་ཅན་རྣམས་ཀྱི་ལྟ་སྒོམ་སྤྱོད་འབྲས་ཉམས་སུ་བླངས་དུས་འབྱུང་བ་སྲིད་པས། གོལ་ས་དང་གོལ་ས་མ་ཡིན་པའི་ཡན་ལག་ཤེས་པར་བྱ་བའི་ཕྱིར་བཤད་ན། བརྒྱ་དང་བཅུ་དྲུག་ལས། དང་པོ་ལུས་ངག་སེམས་ལ་འབྱུང་བ་ངེས་པ་མེད་པའི་རྟགས་ལྔ་བཅུ་ཐམ་པ་ནི། ཡིད་དཔྱོད་ཚིག་ལ་མཁས་པ་རང་རྡོལ་བ་དང་། ཕ་རོལ་གྱི་ཤེས་པ་དུམ་བུ་ཤེས་པ་དང་། ལྷའི་སྐུ་མཐོང་བ་དང་། ལུས་ལ་སྐུ་གདུང་འབྲུལ་བ་དང་། ངག་ལ་ནུས་པ་འབྱུང་བ་དང་། གཞན་གྱིས་ལུང་སྟོན་པ་དང་། རྟོག་པ་འགག་པ་དང་། ཞི་གནས་རྒྱུན་རིང་བ་དང་། ལུས་ཀྱི་དྲོད་དུམ་བུ་བ་དང་། འཇིག་རྟེན་གྱི་འདྲེའི་ཆ་བྱད་མཐོང་བ་དང་། ཆོས་རྩོམ་ཞིང་ཚིག་སྒྲོ་འདོགས་པ་ལ་གཟོ་བ་དང་། ཤེས་པའི་སྣང་བ་དཔག་ཏུ་མེད་པ་འཕྲོ་བ་དང་། སེམས་ཡང་བ་དང། དབང་པོ་གསལ་བ་དང་། སྔོན་བས་བདེ་བ་ལྷག་ཏུ་ཆེ་བ་དང་། གཉིད་མི་འབྱུང་བ་དང་། དགའ་བ་ཁྱད་པར་ཅན་དང་། ཤེས་པ་སེང་བ་དང་། རྟག་ཏུ་གླུ་ལེན་སྙིང་འདོད་པ་དང་། འགྲོ་སྙིང་འདོད་པ་དང་། མིག་འགྲོ་བ་གཞན་ལ་མི་ཆགས་པ་དང་། རྐང་པའི་འགྲོས་མགྱོགས་པ་

p. 789

དང་། སེམས་ཕྱོ་སངས་ཁྱེར་བ་དང་། ཤེས་པ་རྟག་ཏུ་འགྱུར་བ་དང་། བློ་གཅིག་ཏུ་མི་ཕེབས་པ་དང་། ཚིག་རྣམས་ལ་རྟོག་དཔྱོད་ཞིབ་པ་དང་། མཁའ་འགྲོ་མའི་སྐད་ཐོས་པ་དང་། ཡུལ་མཐའ་འཁོབ་ཀྱི་སྐྱེ་བོ་དང་ལྷན་ཅིག་ཏུ་གནས་པའི་ཉམས་སྣང་དང་། རྟག་ཏུ་སྙིང་འདར་བ་དང་། ལུས་ཀྱི་བ་སྤུ་རྣམས་གྱེན་ལ་ལངས་པ་དང་། སེན་མོའི་དཀྱིལ་ནས་ཡི་གེ་རྣམས་རང་བྱུང་བ་དང་། རྒས་ནས་སོའུ་སྐྱེ་བ་དང་། གཞན་གྱི་ལུས་ལ་བྱིན་རླབས་སྟོན་པ་དང་། སྐྱིལ་ཀྲུང་དུ་ནམ་མཁའ་ལ་འཕར་བ་དང་། ལག་པའི་མཐིལ་ན་འཁོར་ལོ་ཡོད་པ་དང་། རྐང་པའི་སོར་མོ་དྲ་བས་འབྲེལ་པ་དང་། ཁ་ནས་འོད་འབྱུང་བ་དང་། འགྲོ་འདུག་མི་ཚོར་བ་དང་། ལུས་བྱོལ་སོང་དུ་སྤྲུལ་ཤེས་པ་དང་། ཡན་ལག་ལས་རིང་བསྲེལ་ཕྲ་མོ་འབྲུལ་བ་དང་། ལྷ་དང་། ལྷ་མ་ཡིན་རྩོད་པ་མཐོང་བ་དང་། ཡི་གེ་རིགས་སྔོན་མི་ཤེས་པ་ཤེས་པ་དང་། མིག་ལས་སྒྲ་འབྱུང་བ་དང་། མི་མ་ཡིན་རྣམས་དང་གླེང་བར་ནུས་པ་དང་། ཕྱི་རོལ་གྱི་རླུང་འཆིང་བར་ནུས་པ་དང་། ཉི་ཟླ་འཛིན་པར་ནུས་པ་དང་། གཞན་གྱི་འབྱུང་བ་འཁྲུག་པའི་དུས་ཤེས་པ་དང་། ལུས་ལས་མེ་སྟག་འཕྲོ་བ་དང་། ཐལ་མོ་བརྡབས་པ་ལས་སྒྲ་ངོ་མཚར་ཅན་འབྱུང་བའོ། །རྨི་ལམ་འགྱུར་ཞིང་ངེས་པ་མེད་པའི་རྟགས་དྲུག་ཅུ་རྩ་དྲུག་ནི། རྨི་ལམ་ན་རྟག་ཏུ་ཆོས་སྨྲ་བ། ཉན་པ། ཀློག་པ། འཛིན་པ། སྒོམ་པར་བྱེད་པ་དང་། ལྷའི་སྐུ་མཐོང་བ་དང་། མཆོད་རྟེན་དང་། གཞལ་ཡས་ཁང་དང་། ལུང་སྟོན་པ་མཐོང་བ་དང་། སེང་གེའི་ཁྲི་ལ་འདུག་པ་དང་། ཡུལ་སྔོན་མཐོང་མ་མྱོང་བ་སྣ་ཚོགས་མཐོང་བ་དང་། ཉན་རང་དང་བྱང་ཆུབ་སེམས་དཔའི་སྐུ་མཐོང་བ་དང་། ཤེལ་གྱི་མཆོད་རྟེན་ལ་འཛེག་པ་དང་། གསེར་གྱི་སྐས་ལ་འཛེག་པ་དང་། གངས་ཀྱི་སྟོངས་ན་སྒོམ་པ་དང་། ནམ་མཁའ་ལ་འཕུར་ཞིང་སངས་རྒྱས་ཀྱི་ཞིང་ཁམས་མཐོང་བ་དང་། སེང་གེ་ལ་ཞོན་ནས་ཕྱོགས་བཅུར་འགྲོ་བ་དང་། ཤེལ་གྱི་མདུང་རིངས་གཞན་ལ་བརྡེག་པ་དང་།

p. 790

སེམས་ཅན་རྣམས་ངན་སོང་ནས་བཏོན་པ་དང་། འཁོར་བའི་ཆུ་བོ་རྒལ་བར་རྨི་བ་དང་། ལུས་བརྗེས་པ་རྨི་བ་དང་། སངས་རྒྱས་ཀྱི་ཞལ་མཐོང་བ་དང་། རིན་པོ་ཆེའི་གཏེར་རྙེད་པ་དང་། འགྲོ་བ་དྲུག་སྐྱབས་གནས་སུ་བཙུད་པར་རྨི་བ་དང་། ངན་སོང་གསུམ་རྒྱུན་ཆད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་དང་། གླིང་བཞི་མཐོང་བ་དང་། བླ་མ་དང་མཁན་པོས་ལུང་བསྟན་པར་རྨི་བ་དང་། སྐུ་གསུམ་མཐོང་བ་དང་། ཆོས་ཐམས་ཅད་ཤེས་པར་རྨི་བ་དང་། དབུས་ཀྱི་རི་བོའི་རྩེར་ཕྱིན་པ་རྨི་བ་དང་། བདག་ཉིད་སངས་རྒྱས་པར་རྨི་བ་དང་། འགྲོ་དྲུག་གི་ཁ་ལོ་གྱེན་ལ་བསྒྱུར་བར་རྨི་བ་དང་། ཡན་ལག་རྣམས་རིན་པོ་ཆེའི་མཆོད་རྟེན་དུ་སོང་བར་རྨི་བ་དང་། རང་གི་ལུས་ལས་སངས་རྒྱས་ཀྱི་སྤྲུལ་པ་འགྱེད་པར་རྨི་བ་དང་། ཁམས་གསུམ་དོང་ནས་བཏོན་པ་རྨི་བ་དང་། གསེར་གྱི་མདའ་གཞུ་འཛིན་པ་རྨི་བ་དང་། མགོ་བོའི་སྟེང་དུ་སངས་རྒྱས་བཞུགས་པར་རྨི་བ་དང་། རང་གི་ལུས་ཟང་ཐལ་དུ་སོང་བར་རྨི་བ་དང་། འཁོར་བ་རྒྱུན་ཆད་པར་རྨི་བ་དང་། བདག་ཉིད་ལ་རྒྱལ་པོར་དབང་བསྐུར་བ་རྨི་བ་དང་། བདུད་རྣམས་ཕམ་པར་བྱས་པ་རྨི་བ་དང་། རང་གི་ལུས་རང་གིས་སྦྱངས་པར་རྨི་བ་དང་། སྐྱེ་རྒས་ན་འཆིའི་ཆུ་བོ་བཞི་རྒྱུན་ཆད་དོ་ཞེས་སྒྲ་ཐོས་པ་རྨི་བ་དང་། བདག་ཉིད་བྱང་ཆུབ་སེམས་དཔའི་ལུས་སུ་སྤྲུལ་པར་རྨི་བ་དང་། ཆོས་ཉིད་བརྗོད་དུ་མེད་པའི་དོན་རྟོགས་པར་རྨི་བ་དང་། བདག་ཉིད་ལུས་མི་འདྲ་བ་དུ་མར་སྤྲུལ་པ་རྨི་བ་དང་། ངག་གིས་འགྲོ་བ་རྣམས་བསྡུས་པར་རྨི་བ་དང་། སེམས་ཀྱི་མཚན་ཉིད་མཐོང་བར་རྨི་བ་དང་། ལྷ་རྣམས་ཀྱི་ཡུལ་མཐོང་བར་རྨི་བ་དང་། གསེར་གྱི་ལྷ་ཁང་གི་ཡང་ཐོག་ན་འདུག་པར་རྨི་བ་དང་། སངས་རྒྱས་ཀྱི་གསུང་ཐོས་པ་དང་། སྐུ་མཐོང་བ་དང་། ཐུགས་ཀྱི་དགོངས་པ་རྟོགས་པར་རྨི་བ་དང་། ལག་པ་གཉིས་ན་གསེར་གྱི་གདུགས་རེ་བཟུང་ནས་ནམ་མཁའ་ལ་འཕུར་བ་རྨི་བ་དང་། ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་ཕྱག་བྱེད་པར་རྨི་བ་དང་། ནོར་བུ་རིན་པོ་ཆེའི་ཕུང་པོ་ལ་སྤྱོད་པར་

p. 791

རྨི་བ་དང་། གླེགས་བམ་གྱི་ཆར་བབ་པ་རྨི་བ་དང་། ཆོས་ཀྱི་སྒྲ་སྐད་སྣ་ཚོགས་པ་བདག་གི་རྣ་བར་གྲག་ཅིང་རང་ལ་སིལ་སྙན་སྣ་ཚོགས་པས་མཆོད་པར་རྨི་བ་དང་། ལྷའི་དབང་པོས་རིན་པོ་ཆེའི་ཁྲི་རྐང་པ་བཞི་དང་ལྡན་པའི་སྟེང་དུ་བཞག་པ་ནམ་མཁའ་ལ་བཏེག་ནས་འགྲོ་བར་རྨི་བ་དང་། ཀླུའི་དབང་པོ་རྣམས་ཀྱི་བདག་ལ་ནོར་བུའི་ཆར་འབེབས་པར་རྨི་བ་དང་། བར་མ་དོའི་སྣང་བ་འཆར་ཞིང་རྨི་བ་དང་། གླང་པོའི་སྟེང་ན་འདུག་སྟེ་སྐྱེས་བུ་སྟོབས་དང་ལྡན་པ་བཞིས་རྐང་པ་བཞི་ནས་བཏེག་ནས་ནམ་མཁའི་མཐོངས་ན་ཡར་འགྲོ་བ་རྨི་བ་དང་། གསེར་གྱི་འཁོར་ལོའི་སྟེང་ན་བདག་ཉིད་གནས་ནས་ནམ་མཁའ་ལ་ལན་གསུམ་འཕར་བ་རྨི་བ་སྟེ། སྐུ་གདུང་འབར་བའི་རྒྱུད་འགྲེལ་ལས་གསུངས་པ་བཞིན་ནོ། །གསུམ་པ་བར་ཆོད་ཀྱི་རྟགས་ནི། ལུས་སྣ་ཚོགས་སུ་སྤྲུལ་ཤེས་པ་དང་། ལུས་ལས་འོད་འབྱུང་བ་དང་། གང་དུ་ཕྱིན་པའི་ས་ཕྱོགས་སུ་སྒྲ་འབྱུང་བ་དང་། གཞན་ལ་ནུས་པ་འཇུག་པ་དང་། ཚོགས་འདུ་བ་དང་། ཚིག་གི་སྒྲོས་འདོགས་པ་ལ་གཟོ་བ་རྣམས་ནི། གང་ཟག་དེ་ལ་བར་ཆོད་བྱུང་བའི་རྟགས་ཤས་ཆེ་བས། སྐབས་སུ་ཆུའི་དཀྱིལ་དུ་བསྡད་ཅིང་མཇིང་པ་ཤིང་གི་བྱང་བུ་སོར་བཅུ་དྲུག་པའི་བར་དུ་གཏེམ་སྟེ། ལུས་ལ་ཙནྡན་གྱི་མར་ཁུས་བྱུགས་ནས་ཕྱི་ནང་གི་དངོས་པོ་རགས་པར་བསྒོམས་ན་སེལ་བར་ངེས་སོ། །བདུད་ཀྱི་བྱིན་རླབས་ལས་སྤྲུལ་ཤེས་པ་དེ་ཡང་བརྟགས་ན་གཟུགས་བརྙན་གཉིས་པར་སྣང་བས། གཟུངས་ཆུས་ལུས་བཀྲུ་ཞིང་ཕཊ་བརྗོད་ལ་སྟོང་ཉིད་ནམ་མཁའ་ལྟར་བསྒོམས་པས་སེལ་བ་ཡིན་ནོ། །གཞན་ཡང་རྣལ་འབྱོར་པ་གང་ཞིག་ལ་ཆོས་ཉིད་མ་རྟོགས་པར་རྟོགས་སོ་སྙམ་པ་ལས། དགའ་བྲོད་ཀྱི་བདུད་ཞུགས་ཏེ། ཐམས་ཅད་སྟོང་པར་རྟོགས་ཤིང་ཕྱལ་བར་ཞུགས་ནས་ལས་དང་རྣམ་པར་སྨིན་པས་མི་གནོད་པར་འཛིན་པ་དང་། ཤ་ཟའི་མཁའ་འགྲོ་མ་དག་དེའི་དྲུང་དུ་ལུང་སྟོན་པ་དང་། ཚོགས་འདུ་བ་ལ་སོགས་པས་དངོས་གྲུབ་ཕྲན་ཚེགས་འགྲུབ་པ་

p. 792

དང་། མཁའ་འགྲོ་མ་དང་གཏམ་ཟེར་ཞིང་རྣ་བའི་དྲུང་དུ་གཟུགས་མེད་པའི་སྒྲས་ལེགས་ཉེས་དང་ཆོས་འཆད་པ་ལ་སོགས་པ་འོང་ཞིང་། སྐབས་སུ་མངོན་ཤེས་ཕྲ་མོ་འཆར་བས་རློམ་སེམས་དང་བཅས་པ་ཡོད་དེ། འདི་ཀུན་ཡང་བདུད་ཀྱི་བར་དུ་གཅོད་པར་ཤེས་ནས་བསྐྱེད་རྫོགས་ལ་གནས་པའམ་ཚོགས་རྒྱ་ཆེན་པོ་བསགས་ལ་སྨོན་ལམ་བཏབ་པ་དང་། སྟོང་པ་ཉིད་དུ་བསྒོམས་པས་གྲོལ་བར་བྱེད་པའོ། །རིག་པ་རང་ཤར་ལས། ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པས་སྨྱོན་པ་ལྟ་བུར་བྱུང་ན། བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་། ཡང་ན་དྲན་པ་ཉམས་པ་དག་བྱུང་ན་སྣང་བ་མ་མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། །མཁའ་འགྲོ་མ་ལུང་སྟོན་པ་དག་བྱུང་ན་ཉམས་ལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ་ཞེས་པ་དང་། ལུང་སྟོན་པ་ལ་གཉིས་ཏེ། མཁའ་འགྲོ་མ་བདག་གི་དབང་དུ་འགྱུར་བ་དང་། བདག་མཁའ་འགྲོ་མའི་དབང་དུ་གྱུར་པ་གཉིས་ཡིན་ཏེ། བདག་གི་དབང་དུ་མཁའ་འགྲོ་མ་གྱུར་པ་ནི། ལས་ཐམས་ཅད་འགྲུབ་ཅིང་བྱ་བ་རྫོགས་པའོ། །བདག་གི་དབང་དུ་མཁའ་འགྲོ་མ་འགྱུར་བར་བྱ་བའི་ཐབས་ནི། རིགས་ཀྱི་བུ་དེ་ཉམས་སུ་ལེན་པའི་དུས་སུ་ལུང་སྟོན་པ་དག་བྱུང་ན། དེ་ལ་ཆགས་པ་དང་དགའ་བའི་སེམས་མ་སྐྱེས་ཤིང་། དེ་ལ་བདེན་པར་མི་འཛིན་ན། བདག་གི་དབང་དུ་མཁའ་འགྲོ་མ་གྱུར་པ་ཞེས་བྱའོ། །དེས་དོན་གང་ཡང་སྟོན་མི་ནུས་སོ། །ཡེ་ཤེས་རྣམ་པར་དག་པའི་མཁའ་འགྲོ་མ་འཇིག་རྟེན་དུ་མི་འབྱུང་ངོ་། །ཤ་ཟ་ལས་ཀྱི་མཁའ་འགྲོ་མ་འཇིག་རྟེན་དུ་འོང་སྟེ། སྒྲུབ་པ་པོའི་གནས་ཉུལ་དུ་འོང་བ་དག་ཡོད་དེ། དེས་ནི་གཟུགས་མངོན་པར་སྣང་བ་མེད་པའི་ཕྱིར་གྲོལ་བར་མི་ནུས་སོ། །ཡང་དག་པའི་ལམ་ལ་ཕ་རོལ་ཏུ་འགྲོ་བར་བྱ་བའི་ཕྱིར། མཁའ་འགྲོ་མ་རྣམས་ཀྱིས་ང་ལ་སྲོག་གི་སྙིང་པོ་དུས་གཅིག་ཏུ་ཕུལ་བ་ཡིན་ནོ། །བདག་མཁའ་འགྲོ་མའི་དབང་དུ་གྱུར་པ་ནི། བདག་ཉིད་ཀྱང་ལུང་སྟོན་པ་དེ་ལ་བདེན་པར་བཟུང་ནས།

p. 793

ལུང་སྟོན་པ་དེ་ལ་རྟག་པར་བཟུང་ནས། ལུས་ལ་མི་ཆགས་པའི་སྤྱོད་པ་བྱེད་ཅིང་། འབྲས་བུ་ཡིན་མིན་གྱི་མཐའ་ལས་འདས་སོ་ཞེས་བྱ་བ་བརྗོད་ཅིང་། ལུང་སྟོན་པ་དེ་ལ་རྗེས་སུ་འཛིན་པ་དེ་ནི་བར་དུ་གཅོད་པའི་བདུད་ཉེ་བར་གྱུར་པ་ཡིན་པས། དེའི་དུས་སུ་བདུད་ཀྱིས་བསླུ་བ་ངོ་ཤེས་པར་བྱའོ་ཞེས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་གསང་བ་མཆོག་གི་རྟགས་མངོན་དུ་བྱ་བ་ལ་གསུམ་སྟེ། སྔོན་འགྲོ་འབྱོངས་པ་ལུས་ངག་སེམས་ཀྱི་རྟགས་སྤྱིར་བསྟན་པ། དངོས་གཞི་འབྱོངས་པ་འོད་གསལ་གྱི་རྟགས་བྱེ་བྲག་ཏུ་བཤད་པ། རྟགས་ཀྱི་ཁྱད་པར་གཞན་བརྗོད་པས་ལམ་གྱི་ཚད་བཟུང་བའོ། །དང་པོ་ལ་གསུམ་ལས། སྐུ་གསུམ་གྱི་སྣ་ཁྲིད་པ་འབྱུང་བཞི་སྒྲ་དོན་གྱི་སྔོན་འགྲོ་འབྱོངས་པའི་རྟགས་ནི། སྐུ་གདུང་འབར་བ་ལས། གང་གིས་འབྱུང་བའི་སྒྲ་རྣམས་དང་། །རིགས་དྲུག་སྒྲ་ལ་སུས་གོམས་པ། །འདི་ལ་འབྱུང་བས་མི་གནོད་ཅིང་། །དེ་བཞིན་མེ་ཡིས་ཚིག་པ་མེད། །ཆུ་ཡིས་བྱིང་ཞིང་ཁྱེར་བ་མེད། །རྐང་པ་ས་ལ་མ་རེག་པར། །བར་སྣང་ལ་ཡང་འགྲོ་བར་ནུས། །རླུང་གིས་གྲང་ཞིང་གཡོ་བ་མེད། །འདི་ལྟར་སུ་ལ་བྱུང་བ་ནི། །འབྱུང་བཞིའི་སྒྲ་ལ་གོམས་པ་ཡིན། །ཅེས་སོ། །སེམས་ཀྱི་སྣ་ཁྲིད་པ་ལུས་ངག་ཡིད་ཀྱི་སྔོན་འགྲོ་འབྱོངས་པའི་ཚད་ནི། དེ་ལས། སེམས་ཅན་སྣང་དང་མི་སྣང་བའི། །སྐད་ནི་གང་གིས་ཤེས་པ་དེ། །རིགས་དྲུག་གཟུགས་སུ་མི་ལེན་ཕྱིར། །འགྲོ་བ་དྲུག་གི་སྐད་རྣམས་ཤེས། །འགྲོ་དྲུག་སེམས་རྒྱུན་རང་ཆོད་ཕྱིར། །དེ་ཀུན་སེམསཀྱི་བསམ་པ་ཤེས། །འཁྲུལ་རྟོག་བསམ་པ་ཟད་པའི་ཕྱིར། །མདོར་ན་མངོན་ཤེས་དྲུག་འབྱུང་སྟེ། །འགྲོ་བ་དྲུག་གི་སྣང་བ་ནི། །རང་གི་རང་བཞིན་ལོག་ནས་ནི། །ཕྱིས་ཀྱི་སྐྱེ་རྒྱུན་བཅད་པའི་དོན། །འདི་ལྟར་སྐྱེས་བུ་འདིས་ཆོད་པས། །རང་རྟགས་འདི་ཀུན་འབྱུང་བའོ། །ཞེས་སོ། །རིག་པའི་སྣ་ཁྲིད་པ་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི། ཡང་དེ་ལས། འཁོར་འདས་རུ་ཤན་འབྱེད་པ་

p. 794

ཡི། །སྔོན་དུ་འགྲོ་བ་ལུས་ངག་ཡིད། །སྤྱོད་པ་ལ་ནི་གོམས་པ་ལ། །འདི་ལྟར་ལུས་ལ་རྟགས་རྣམས་འབྱུང་། །ལུས་ཀྱི་ཞེན་པ་རང་ལོག་པས། །འཁྲུལ་པའི་ཞེན་པ་རྒྱུན་བཅད་ཕྱིར། །རང་གི་ལུས་ལ་ཆགས་པ་མེད། །ནམ་མཁའ་ལ་ནི་སྤྱོད་པ་དང་། །དེ་བཞིན་ས་ལ་འཛུལ་བར་ནུས། །བསམ་དང་མི་བསམ་དོན་རྣམས་ཤེས། །ཁ་ནས་ཆོས་ཀྱང་སྨྲ་བ་འབྱུང་། །འདི་ལྟར་སུ་ལ་བྱུང་བའི་མི། །ལུས་དང་ངག་དང་སེམས་ཀྱིས་ནི། །འཁོར་བའི་རྟོགས་པའི་འཆིང་བ་ནི། །གང་གིས་བཅིངས་པ་ཀུན་ལས་གྲོལ། །ཕྱིས་ནི་ལུས་ངག་སེམས་འབྲེལ་ཆོད། །ཅེས་སོ། །དོན་གཉིས་པ་དངོས་གཞིའི་རྟགས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཐུན་མོང་བ་ལྟ་སྒོམ་གྱི་རྟགས་སྤྱིར་བསྟན་པ་དང་། མངོན་སུམ་འོད་གསལ་གྱི་རྟགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལྟ་བ་མཐའ་གྲོལ་ནམ་མཁའ་ལྟར་འབྱོངས་པས་ནམ་མཁའ་ལ་འགྲོ་བ་དང་སྐད་ཅིག་ལ་འཛམ་བུའི་གླིང་འཁོར་བ་དང་། བེམ་པོ་ལ་བལྟས་པས་འཇུ་བའོ། །སྒོམ་པ་ངང་དྭངས་རང་བབས་ཀྱི་བསམ་གཏན་འབྱོངས་པས་ལུས་ངག་སེམས་ཀྱི་རྟགས་ངོ་མཚར་ཅན་འབྱུང་སྟེ། སྐུ་གདུང་འབར་བ་ལས། ལྟ་བ་ལ་ནི་གོམས་པའི་རྟགས། །སྐལ་དང་ལྡན་པའི་སྐྱེས་བུ་ལ། །འདི་བཞིན་དུ་ཡང་འབྱུང་བར་འགྱུར། །སྟོང་པས་ལུས་དང་སེམས་རྒྱས་པས། །མཁའ་འགྲོ་བཞིན་ཏེ་ནམ་མཁའ་ལ། །རླུང་ལ་རང་དབང་བསྒྱུར་བའི་ཕྱིར། །རླུང་བཞིན་སྐད་ཅིག་དྲུག་བརྒྱ་ལ། །འཛམ་བུའི་གླིང་ཀུན་རྒྱུ་བར་ནུས། །རང་སེམས་སྟོང་པར་རྟོགས་པའི་ཕྱིར། །གང་ལ་བལྟས་པ་འཇུ་བར་ནུས། །འདིས་ནི་ལྟ་བའི་གདེང་ཆེན་རྙེད། །གང་གིས་སྒོམ་ལ་འབྱོངས་པའི་རྟགས། །ལུས་ལ་འབུ་སྲིན་སྲོག་ཆགས་མེད། །སྙིང་རྗེ་གཞན་དོན་མཐར་ཕྱིན་ཕྱིར། །རྣམ་རྟོག་སེམས་རྒྱུན་སྟོང་པས་ན། །ལུས་ནི་ཤིང་བལ་བཞིན་དུ་ཡང་། །རིག་པ་འཆི་མེད་དོན་ལྡན་པས། །ལུས་ནི་བཅུ་དྲུག་ལོན་བཞིན་འགྱུར། །

p. 795

ཆོས་ཉིད་རླན་གྱིས་སེམས་ཁྱབ་ཕྱིར། །ལུས་སོགས་སྐྲ་རྣམས་སྣུམ་བག་ལྡན། །འདི་ལྟར་སེམས་ནི་མི་འཕྲོ་བར། །གང་དུ་གཏད་པའི་སར་སྡོད་ཅིང་། །འཁྲུལ་པའི་ཡུལ་ལ་འཇུག་མི་ནུས། །འདིས་ནི་སྒོམ་པ་རང་རྙེད་ནས། །ཚེ་གཉིས་ཀྱིས་ནི་སངས་རྒྱས་འཐོབ། །ཅེས་སོ། །དེའང་དམིགས་པ་ཡུལ་གྱི་བློ་ཅན་རྣམས་ཀྱི་རྟགས་ངེས་པ་ཡིན་ནོ། །གཉིས་པ་མངོན་སུམ་འོད་གསལ་གྱི་རྟགས་བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། འོད་དང་། དབྱིངས་དང་། ཐིག་ལེ་དང་། སྐུ་དང་། རིག་པ་ཚད་དུ་འབྱོངས་པའི་རྟགས་བཤད་པའོ། །དང་པོ་འོད་ལ། ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད། འབྲས་བུ་དང་ལྔ་ལས། འོད་ཀྱི་ངོ་བོ་རིག་པའི་གདངས་སྟོན་པའོ། །ངེས་ཚིག་ནི། སྣང་ཞིང་གསལ་བའི་ཕྱིར་འོད་དོ། །དབྱེ་ན། རང་གི་མཚན་ཉིད་འཛིན་པའི་འོད་ཡེ་ཤེས་ལྔའི་རང་གདངས་དང་། ཉམས་སུ་བླངས་པ་གོམས་པ་ཚད་ཀྱི་འོད་མངོན་སུམ་ལས་ཉམས་གོང་དུ་འཕེལ་བའི་སྣང་བ་ཚད་ཕེབས་ལ་ཐུག་པ་སྟེ་རྣམ་པ་གཉིས་སོ། །མཚན་ཉིད་ནི། གསལ་བྱེད་གཞན་ལ་མ་ལྟོས་པར་རང་གསལ་བའོ། །འབྲས་བུ་ནི། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་ངང་དུ་སངས་རྒྱ་བའི་རྐྱེན་དུ་གྱུར་པའོ། །དེ་ལྟ་བུའི་འོད་ལ་གོམས་པས་འཁྲུལ་སྣང་འོད་གསལ་དུ་གྲོལ་ནས་ལུས་ངག་གི་རྟགས་ཁྱད་པར་ཅན་སྣང་བ་སྟེ། སྐུ་གདུང་འབར་བ་ལས། གང་གིས་འོད་ལ་སུས་གོམས་པ། །རང་གིས་མཐོང་བའི་སྤྱོད་ཡུལ་དུ། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་བཞིའི་སྣང་བ་རང་ནུབ་སྟེ། །རིམ་གྱིས་ཁ་དོག་ལྔ་ལ་སྤྱོད། །འདི་དང་འབྲལ་བ་མེད་པའི་རྟགས། །གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ། །སྨྱོན་པ་བཞིན་ཏེ་ཐོགས་མེད་པར། །གང་ལའང་ཆགས་པ་མེད་པ་དང་། །རི་བྲག་རྣམས་ལ་ཟང་ཐལ་དང་། །དེ་བཞིན་ས་གཏིང་འཛུལ་བར་སྣང་། །ཆུ་རྣམས་ལ་ཡང་ཟང་ཐལ་ལོ། །ལུས་ལ་གོས་ཀྱང་མེད་པར་ནི། །གཅེར་བུ་གང་ལ་ཐོགས་མེད་ཅིང་། །

p. 796

ཟས་སོགས་འདོད་པ་རང་བྲལ་བས། །འདིས་ནི་སྣང་བ་འདི་ཉིད་ལ། །འབྱུང་བ་རང་སར་དེངས་ནས་ནི། །ཟག་བཅས་ཕུང་པོ་མི་སྣང་བར། །འབྲས་བུ་ཐོབ་པར་ཐེ་ཚོམ་མེད། །ཅེས་སོ། །ཕྱི་སྣང་བའི་ཉམས་རྟགས་ལྟར། ནང་ཤེས་པ་ལའང་འབྱུང་སྟེ། སྐྱེས་བུ་གང་གིས་ལམ་མ་ནོར་བར་ཚུད་པས་མྱ་ངན་ལས་འདའ་བའི་རྟགས་འབྱུང་བ་ནི། རང་ཤར་ལས། རིག་པ་འགྱུར་མེད་རྟ་ལ་ཞོན། །ཡང་དག་འོད་ལ་རྟག་ཏུ་ལྟོས། །སྟོན་པའི་ཚིག་གིས་དོན་ཆེན་མཚོན། །རིག་པའི་རྒྱལ་པོ་མཐོང་བའི་ཚད། །འདི་ཡིས་ཡང་དག་གཟུང་བར་བྱ། །གཅིག་པུར་འདུག་ན་བདེ་བ་འཐོབ། །རང་སྣང་གྲོགས་སུ་འཆར་བའི་ཕྱིར། །ཕ་རོལ་སེམས་དང་མཐུན་པ་ཡིན། །རང་གི་དེ་དང་མི་འབྲལ་ཕྱིར། །ཆགས་དང་ཞེན་པ་མེད་པར་འགྱུར། །རང་གི་ས་ལ་འགྲོ་བའི་ཕྱིར། །གང་ལའང་ཞེ་འདོད་བྱེད་མི་འགྱུར། །རང་གི་དོན་ཉིད་རྙེད་པའི་ཕྱིར། །ཤིང་བལ་འདབ་མ་ལྟ་བུར་ཡང་། །འབུ་དང་སྲིན་འབུ་དེངས་པའི་ཕྱིར། །ཅེས་སོ། །གཉིས་པ་དབྱིངས་ལ་གོམས་པའི་རྟགས་ལའང་། ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད། འབྲས་བུ་དང་ལྔ་ལས། དང་པོ་ངོ་བོ་ནི། ཡངས་ཤིང་ཁྱབ་གདལ་ཆེན་པོའི་བདག་ཉིད་གསལ་བ་རང་གསལ་བ་ཉིད་དོ། །ངེས་ཚིག་ནི། དཀྱིལ་ཞེས་བྱ། ཀློང་ཞེས་བྱ། ཆོས་ཉིད་དངོས་པོ་གཤིས་ཀྱི་རང་བཞིན་ཡངས་ཤིང་མཐར་ཐུག་མེད་པ་ཉིད་དོ། །དབྱེ་ན་ཕྱིའི་དབྱིངས་ནམ་མཁའ། ནང་གི་དབྱིངས་སྒྲོན་མ། གསང་བའི་དབྱིངས་འོད་དང་ཐིག་ལེ། བླ་ན་མེད་པའི་དབྱིངས་འཁྲུལ་སྣང་རང་འགགས་པའི་སྣང་བ་ཆེན་པོའོ། །དེའང་རིམ་པ་ལྟར། རིག་པ་དང་། ཡེ་ཤེས་དང་། སྐུ་གསུམ་དང་། འབྲས་བུའི་ཡུལ་ཡིན་ནོ། །མཚན་ཉིད་ནི། ཡངས་ལ་གོ་འབྱེད་ཅིང་སྣང་བར་ནུས་ལ་ཁྱབ་པས་གསལ་བའི་ཡུལ་དུ་སྣང་བ་མེ་ལོང་དྭངས་པའི་དབྱིངས་བཞིན་ནོ། །མདོར་ན་ཆོས་ཉིད་དངོས་མ་ཡིན། ཆོས་ཉིད་

p. 797

སྣང་བར་བྱེད་པའི་ཡུལ་གསལ་བའི་ནུས་པ་འབྱིན་པར་བྱེད་པའོ། །འབྲས་བུ་ནི། ཆོས་ཉིད་ཀྱི་ཡུལ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ལ་བརྟེན་ནས། ཆོས་ཉིད་རང་གི་ངོ་བོ་མཐོང་སྟེ་མངོན་སུམ་མི་འགྱུར་བ་ལམ་དུ་བྱས་ནས་སངས་རྒྱ་བའོ། །དེ་ལྟ་བུའི་དབྱིངས་ལ་གོམས་པས་ཕྱིའི་རྟགས་ངོ་མཚར་བ་སྣང་ཉམས་སུ་འཆར་བ་ནི། སྐུ་གདུང་འབར་བ་ལས། གང་གིས་དབྱིངས་ལ་གོམས་པ་ནི། །དབུགས་ནི་ཕྱི་ནང་འགྱུ་བ་ཟད། །ནམ་མཁར་བྱ་བཞིན་འགྲོ་བ་དང་། །དེ་བཞིན་ཆུ་ལ་ཉ་བཞིན་དུ། །སྐལ་དང་ལྡན་པ་འདིས་འགྲོ་སྟེ། །སྔར་མ་མཐོང་བའི་ཡུལ་རྣམས་དང་། །གླིང་དང་རི་རབ་བཅས་པ་ཡང་། །འདུག་ས་གཅིག་ནས་མཐོང་བ་དང་། །དེ་བཞིན་སངས་རྒྱས་ཞིང་ཁམས་ནི། །སྔ་ན་མཐོང་བ་མེད་པ་རྣམས། །འདི་ཀུན་དུས་གཅིག་མཐོང་བར་འགྱུར། །འདི་ལྟར་རྟགས་དང་གང་ལྡན་པ། །འདི་ནས་ཟླ་བ་བཅུ་དྲུག་ན། །ཆོས་ཀྱི་དབྱིངས་ཀྱང་མཐོང་བར་འགྱུར། །ཞེས་སོ། །ནང་གི་ཉམས་རྟགས་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྐྱེས་བུ་དེ་ལ་སྔ་ལྟས་འདི་རྣམས་འབྱུང་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང་། ལུས་ཤིང་བལ་གྱི་འདབ་མ་བཞིན་དུ་ཡང་བ་དང་། མི་དང་འགྲོགས་སྙིང་མི་འདོད་པ་དང་། ནམ་མཁའ་ལ་འཕུར་བ་སྙམ་བྱེད་པ་དང་། སྣང་བ་འདི་འགགས་ན་དགའ་བའི་འདུ་ཤེས་དང་། ལུས་དང་སྲོག་ལ་མི་ཆགས་པ་དང་། སྣང་བ་འདི་གང་ལ་ཡང་ཡིད་མི་འཇུག་པ་དང་། ཤེས་པ་མ་བྱིང་བར་གསལ་བ་དང་། ཤེས་པ་ངང་གིས་དལ་བ་དང་། འགྲོགས་ན་བདེ་བ་དང་། ཉོན་མོངས་པ་གང་གིས་ཀྱང་ལྡང་མི་ནུས་པ་དང་། ཉོན་མོངས་པ་ལངས་ཀྱང་རྟོག་པར་མི་འཛིན་པ་དང་། གཟུགས་སྡུག་པ་ལ་ཆགས་པ་མི་སྐྱེ་བ་དང་། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང་། ཏིང་ངེ་འཛིན་གྱི་ནུས་པས་ཟས་དང་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང་། མི་དང་འགྲོགས་ན་ཡང་

p. 798

ཕ་རོལ་གྱི་སེམས་དང་ཅི་མཐུན་པར་བྱེད་པ་དང་། དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་སོ་ཞེས་སོ། །གསུམ་པ་ཐིག་ལེ་གོམས་པའི་རྟགས་ལའང་། དང་པོ་ཐིག་ལེའི་ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད། འབྲས་བུ་དང་ལྔ་ལས། ངོ་བོ་ནི། ཐ་དད་མ་ཡིན་ཞིང་གཅིག་ཏུ་གནས་པས་ཟླ་དང་བྲལ་བའོ། །ངེས་ཚིག་ནི། ཐིག་མི་འགྱུར་བ། ལེ་གདལ་བ་ཆེན་པོས་ཀུན་ལ་ཁྱབ་པའོ། །དབྱེ་ན། ལུས་གནས་རྩའི་ཐིག་ལེ། རང་བཞིན་ལམ་གྱི་ཐིག་ལེ། མཐར་ཕྱིན་འབྲས་བུའི་ཐིག་ལེ་གསུམ་མོ། །དང་པོ་ལ་ཀུན་རྫོབ་རྒྱུའི་ཐིག་ལེ་དཀར་དམར་གཉིས་དང་། དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་ལྔ་སྟེ། སྡེ་ཚན་གཉིས་སོ། །ཡེ་ཤེས་ཀྱི་ཐིག་ལེ་ལྔ་ཡང་། གཞིའི་ཐིག་ལེ་བཟང་པོ་འོད་ཀྱི་གོང་བུར་ལུས་སྤྱིའི་རྩ་ནང་ན་མི་གཡོ་བར་གནས་ཏེ། ཐལ་འགྱུར་ལས། ལུས་ཀྱི་གནས་ནི་འདི་ལྟ་སྟེ། །སྤྱི་དང་ཙིཏྟ་རྩ་ཡི་ནང་། །མ་བཅོས་དག་པའི་ཆོས་ཉིད་གནས། །ཞེས་སོ། །ལམ་གྱི་ཐིག་ལེ་བཟང་པོ་རྩའི་ནང་ནས་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་ནས་འགྲོ་བར་བྱེད་དོ། །བཟང་པོའི་ཐིག་ལེ་སྒྲོན་མ་བཞི་ཡུལ་ལ་འཆར་བར་བྱེད་པའོ། །བཟང་པོའི་རྩེ་མོ་ཤེས་རབ་ཀྱི་དཔྱོད་སྣ་ཚོགས་པ་རྩ་ནང་ནས་སྐྱོད་པར་བྱེད། བཟང་པོ་རྒྱན་དང་ལྡན་པའི་ཐིག་ལེ་ནི་སྒྲོན་མ་བཞི་ལ་བརྟེན་ནས་ཉམས་གོང་འཕེལ་གྱི་སྣང་བ་སྟོན་པར་བྱེད་པའོ། །རང་བཞིན་ལམ་གྱི་ཐིག་ལེ་ནི། ཆོས་ཉིད་ཀྱི་ཐིག་ལེ་བཅོས་པ་མེད་ཅིང་ཀུན་ལ་ཁྱབ་པ་དང་། ཀུན་ཏུ་བཟང་པོའི་ཐིག་ལེ་བཟང་ངན་དང་ཆེ་ཆུང་མེད་པར་སྣང་བ་དང་། དབྱིངས་ཀྱི་ཐིག་ལེ་ཕྱི་ནང་མེད་པར་གསལ་བ་དང་། དབྱིངས་རྣམ་པར་དག་པའི་ཐིག་ལེ་གོལ་གྲིབ་དང་ཕྱོགས་ལྷུང་མེད་པར་ཤར་བ་དང་། ཡེ་ཤེས་ཀྱི་ཐིག་ལེ་ཡེ་ནས་བྱས་པ་མེད་པར་བཞུགས་པ་དང་། ཡེ་ཤེས་ཆེན་པོའི་ཐིག་ལེ་ཉོན་མོངས་པ་གང་གིས་ཀྱང་མ་བསྒྲིབས་པར་མངོན་སུམ་དུ་སྣང་བ་དང་དྲུག་གོ། མཐར་ཕྱིན་པ་འབྲས་བུའི་ཐིག་ལེ་ནི། ཆོས་སྐུ་ཐིག་ལེ་ཉག་གཅིག་སྤྲོས་བྲལ་ངོས་

p. 799

གཟུང་དང་བྲལ་བ་ཀ་དག་གི་ངོ་བོའི་ངང་ལས་འཆར་ཚུལ་གྱི་རྩལ་སྣ་ཚོགས་སུ་སྣང་ལ། གྲུབ་རྒྱུ་གང་ཡང་མེད་པའོ། །ཐིག་ལེའི་མཚན་ཉིད་ནི། སྣ་ཚོགས་ཟུག་རྔུ་དང་བྲལ་བ། ཟླུམ་པོ་སྤྲོས་པ་མེད་པ། རིག་པའི་སྣང་བ་སྟོན་པས་ཡེ་ཤེས་ཟང་ཐལ་ཆེན་པོ། མུ་ཁྱུད་ལྔ་གཅིག་ཏུ་བཟླུམས་པས་སྐུའི་གནས་ཡིན་ལ། སྟོང་ཉིད་རྫས་སུ་མ་གྲུབ་པས་ངོ་བོ་ངོས་གཟུང་ལས་འདས་པའོ། །དེ་ལས་སྣང་བའི་འཕེལ་རྣམས་བྱུང་བས་ཡོན་ཏན་ཕྱོགས་མེད་དུ་ཤར། སྐྱོན་གང་གིས་ཀྱང་མ་གོས་པས་མཚན་ཉིད་ལ་དྲི་མ་མེད། རྩལ་མ་འགགས་པར་སྣང་བས་རོལ་པ་སྣ་ཚོགས་སུ་ཤར། མཚན་ཉིད་ལ་གཉིས་སུ་མེད་པས་ངོ་བོ་རང་དག །གཏན་ཚིགས་ཕྱོགས་མེད་དུ་ཤར་བས་གནས་ལུགས་རང་གྲོལ་བའོ། །དེ་ལྟ་བུའི་ཐིག་ལེ་ཀློང་དུ་གྱུར་པ་ལས། ཕྱིའི་རྟགས་ངེས་པ་ནི། སྐུ་གདུང་འབར་བ་ལས། ཐིག་ལེ་ཀློང་དུ་སུ་གྱུར་པ། །འདི་ནི་སྐལ་ལྡན་ཉག་གཅིག་མཐོང་། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་རང་ཤར་བ། །འདི་ཀུན་རང་གི་ཉམས་ཀྱི་རྟགས། །ཚིག་གི་སྤྲོས་པ་རྣམས་ཆོད་དོ། །གཞན་ལ་བློ་ནི་སྐད་ཅིག་ཀྱང་། །འཇུག་པར་མི་འགྱུར་དེ་སྐབས་མེད། །གཏམ་རྒྱུན་བརྗོད་པ་ཟད་པའི་ཕྱིར། །གཞན་ལ་སྨྲ་བྱེད་བསམ་པ་ཡང་། །སྐྱེས་བུ་འདི་ལ་འབྱུང་མི་སྲིད། །སྒྲ་ཚིག་རྗེས་སུ་ག་ལ་འགྱུར། །འདི་ལྟར་སུ་ལ་སྣང་བ་དེ། །སྤྲོས་མེད་ཉག་གཅིག་དེས་རྩད་ཆོད། །འདི་ལྟར་རྟགས་དང་ལྡན་པ་དེ། །དེ་ནས་ལོ་ནི་གཉིས་ན་ཡང་། །རིག་པ་ཉིད་ཀྱི་ཚད་ཤེས་ནས། །དབྱིངས་དང་རིག་པའི་རང་སྣང་དང་། །འབྲལ་བ་མེད་པར་འདུག་པའོ། །དེ་ཡང་འབྱུང་བ་རང་དེངས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །བཞི་པ་སྐུ་ལ། ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད། འབྲས་བུ་དང་ལྔ་ལས། ངོ་བོ་ནི། རྟག་པར་གནས་པའི་རང་བཞིན་མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱི་རྟེན་དུ་

p. 800

གནས་པའོ། །ངེས་ཚིག་ནི། དྲི་མེད་ཟང་ཐལ་རང་རྫོགས་ཆེན་པོའོ། །དབྱེ་ན། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་མོ། །དེའང་ཐེག་པ་ཐུན་མོང་པས་སྐུ་གསུམ་འབྲས་བུར་འདོད་ཀྱང་། རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་སྐུ་གསུམ་ལམ་གྱི་སྣང་བར་འདོད་དེ། དེའང་ཆོས་སྐུ་ལམ་སྣང་ཡིན་ཏེ། ཆོས་ཇི་སྲིད་ཡོད་པའི་བར་ལ་བློ་ཡོད་པས་ཀྱང་ལམ་ཡིན་ལ། སྐུ་ཇི་སྲིད་ཡོད་ཀྱི་བར་ལ་ལུས་ཡོད་པའི་ཕྱིར་ན་ཡང་ལམ་སྣང་ཡིན་ཏེ། མཐར་ཐུག་མ་ཡིན་ནོ། །འདིའི་དངོས་གཞི་ཚད་ཕེབས་རྫོགས་ནས། ཟད་པའི་སྣང་བ་སྟེ། ཀ་དག་ལ་ཐིམ་དུ་ཉེ་བ་དེ་ཡིན་ནོ། །ལོངས་སྐུ་དང་སྤྲུལ་སྐུ་ལམ་སྣང་ཡིན་ཏེ། སྣ་ཚོགས་སྣང་བའི་ཆོས་ཡོད་རིང་ལ། མཐའ་བྲལ་རིས་མེད་མཉམ་པའི་མཐར་ཐུག་མ་ཡིན་པའི་ཕྱིར་རོ། །འདི་ཡང་ཚད་ཕེབས་ཀྱི་དུས་ན། ལྷུན་གྲུབ་ཀྱི་སྣང་བ་ལས་སྐུ་དང་། ཞིང་དང་། སྟོན་པར་སྣང་བ་རྣམས་སོ། །མཚན་ཉིད་ནི། ལམ་སྣང་འོད་གསལ་སྟོང་པའི་རང་བཞིན་ཅན་ནོ། །འབྲས་བུ་ནི། ཀ་དག་རིན་པོ་ཆེ་གསང་བའི་སྦུབས་ལ་བསྐྱོད་པའི་ཚེ། ནང་གསལ་སྐུ་གསུམ་གྱི་འཆར་གཞི་ཙམ་དུ་གནས་པའོ། །དེ་ལྟ་བུའི་ལམ་སྣང་སྐུའི་ཆོས་ཉིད་ལ་གོམས་པས་ཐོབ་པའི་སྣང་ཉམས་སྐུ་གསུམ་གྱི་རྟགས་ནི། སྐུ་གདུང་འབར་བ་ལས། གང་གིས་སྐུ་ལ་ཚད་འབྱོངས་པ། །སྐལ་དང་ལྡན་པའི་སྐྱེས་བུ་ལ། །སྔོན་དུ་རྟགས་ནི་འདི་ལྟ་བུ། །ཆོས་ཀྱི་སྐུ་ལ་སུས་གོམས་པ། །གཞན་གྱི་མཐོང་བའི་སྤྱོད་ཡུལ་དུ། །ལུས་ནི་སུས་ཀྱང་མི་མཐོང་བར། །རྣལ་འབྱོར་རང་ནི་རང་དགར་རོལ། །མ་བཙལ་བཞག་པའི་བསམ་གཏན་ནི། །རང་གི་རྒྱུད་ལ་སྐྱེ་བ་དང་། །ཤེས་པ་ཇི་མི་སྙམ་པའི་ཉམས། །རྣལ་འབྱོར་ཀུན་གྱི་སེམས་ལ་སྣང་། །འདི་ལྟར་བྱུང་བའི་སྐྱེས་བུ་རྣམས། །ཆོས་ཀྱི་སྐུ་ཡི་སྣང་བ་མཐོང་། །འདི་མཐོང་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ཀློང་དུ་འདུས་པའོ། །གང་གིས་ལོངས་སྤྱོད་རྫོགས་པ་ལ། །

p. 801

གོམས་ཤིང་གདེང་དུ་གྱུར་པའི་རྟགས། །འདི་ལྟར་ཉམས་སུ་མྱང་བའི་མི། །སྐུ་ལྔ་ཡེ་ཤེས་ལྔ་ལ་རོལ། །རོལ་པ་ཆེན་པོའི་ལྟ་སྟངས་ཀྱིས། །འདི་ལྟར་རྟགས་དང་སུ་ལྡན་པ། །རྣལ་འབྱོར་ལྡན་པའི་སྐལ་ལྡན་དེ། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་ཤར་བ་ལ། །སྣང་བ་ཉིད་ཀྱང་སྐུ་རུ་ཡང་། །རིམ་གྱིས་མཐོང་བའི་སྐྱེས་བུ་ནི། །ལོངས་སྐུའི་རྩ་བ་འདིས་མཐོང་ཡིན། །འདི་ལྟར་རྒྱུད་ལ་གོམས་པ་ཡི། །ངག་ནི་གསལ་ཞིང་སྐད་དང་ལྡན། །བརྫུན་དུ་བརྗོད་པའི་ཚིག་རྣམས་ནི། །འདི་ཡི་ཁ་ནས་ཚིག་མི་འབྱུང་། །དེ་བཞིན་མི་དགེའི་ལས་ཀྱི་ཚིག །གཏན་དུ་སྨྲ་བའི་བརྗོད་མཐའ་འགགས། །དེ་ལྟར་རྟགས་དང་ལྡན་པ་དེས། །འདི་དོན་ཉམས་སུ་བླངས་ན་ནི། །ནམ་མཁའ་ལ་ནི་འཕུར་བ་དང་། །རི་བྲག་ལ་ཡང་ཟང་ཐལ་དང་། །ས་ཡི་འོག་ཏུ་འཛུལ་བ་དང་། །ཆུ་ལ་འབྱིང་བ་མེད་པ་འབྱུང་། །དེ་ལྟར་བྱུང་བའི་སྐལ་ལྡན་གྱིས། །དབྱིངས་རིག་གདེང་དུ་མ་ཚུད་ན། །འབྱུང་བ་ཉིད་ནི་རང་དེངས་སུ། །འགྱུར་བ་ཉིད་ནི་མ་ཡིན་ཏེ། །འདི་ནས་སྐྱེ་བ་འཕོས་ནས་ནི། །ཆོས་ཉིད་ཀྱི་ནི་བར་དོ་ལ། །སྐད་ཅིག་ལྔ་ལ་གྲོལ་བར་འགྱུར། །གང་དག་སྐྱེས་བུ་སྐལ་དང་ལྡན། །སྤྲུལ་པའི་སྐུ་ལ་གོམས་ནས་ནི། །འདི་ཉིད་གདེང་དུ་གྱུར་པའི་མི། །ལུས་ངག་སེམས་ཀྱི་རྟགས་འདི་དག །སུ་ལ་བྱུང་བའི་སྐྱེས་བུ་ནི། །འདི་ཡང་སྐལ་དང་ལྡན་པར་འགྱུར། །སྔོན་དུ་ཐོས་པའི་ཆོས་རྣམས་ཀྱི། །དོན་ནི་རང་གི་རྒྱུད་ལ་ཡང་། །ཅིག་ཅར་དུ་ནི་འཆར་བར་ནི། །འདི་ལས་འགྱུར་རོ་མཁའ་འགྲོ་མ། །དེ་བཞིན་སྔོན་དུ་མ་ཐོས་པའི། །ཆོས་ཀྱི་ཚིག་ནི་སྣ་ཚོགས་པ། །རང་བཞིན་དུ་ནི་ཁ་ནས་སྨྲ། །དེ་བཞིན་གསང་སྔགས་གཞན་དག་གི། རྒྱུད་ཀྱི་ཚིག་རྣམས་ཇི་བཞིན་དུ། །རིམ་པ་ཇི་ལྟར་གསལ་བར་འགྱུར། །དེ་བཞིན་ཆོས་རྣམས་མཐའ་དག་ལ། །ཚིག་དང་དོན་གྱི་རྣམ་པ་ཀུན། །སེམས་

p. 802

ཅན་ཇི་ལྟར་མོས་པ་ཡི། །ཆོས་རྣམས་དང་ནི་མཐུན་པར་ཡང་། །ཇི་ལྟར་དྲིས་པའི་ལན་དེ་ནི། །སྐལ་དང་ལྡན་པ་འདིས་ལྡོན་པས། །འདི་ནི་སྨྲ་བའི་སེང་གེའོ། །ལུས་ཀྱི་སྟོབས་སུ་སྔོན་ན་བས། །རྐང་པ་མགྱོགས་པའི་སྟོབས་ཀྱང་རྙེད། །ལུས་ཀྱི་གཉེར་མ་མེད་པ་དང་། །སྐྲ་དཀར་དག་ཀྱང་ནག་པོར་འགྱུར། །དེ་བཞིན་བཅུ་དྲུག་ལོན་པ་བཞིན། །གཞོན་པའི་མདངས་དང་ལྡན་པ་ཡང་། །དཔེར་ན་རྩྭ་ནི་གཞོན་ནུ་ལ། །ཆར་བ་དག་ནི་ཡང་བབས་པས། །སྐྱེད་ནི་རང་སྐྱེད་ལྡན་པ་བཞིན། །སྔོན་ན་མེད་པའི་སྙིང་རྗེ་ཡང་། །འདི་ལ་གཏིང་ནས་སྐྱེ་བ་དང་། །དེ་རྗེས་སེམས་ཅན་དོན་ལ་འཇུག །རང་གི་ལུས་ཀྱི་ཕན་པ་ཡི། །སེམས་ཅན་དག་ནི་བྱུང་བ་ན། །འདི་ལ་ཇི་ལྟར་འདོད་པ་ཡི། །ལུས་དང་ཡན་ལག་གཏོང་བར་ནུས། །ཕྱི་རོལ་བདོག་པ་སྨོས་ཅི་དགོས། །དེ་བཞིན་རང་གི་བླ་མ་ལ། །གོང་བཞིན་ལུས་སོགས་གཏོང་བར་ནུས། །འདི་ལྟར་སུ་ལ་བྱུང་བའི་མིས། །སྤྲུལ་པའི་སྐུ་ལ་འདིས་རེག་གོ། ཞེས་སོ། །དེ་ལྟར་སྤྲུལ་སྐུའི་རྟགས་ཡོད་པ་དེ་འདོད་ན་རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫུས་ཏེ་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་དུ་ལོ་དྲུག་ཁྲི་བརྒྱད་སྟོང་གནས་ནས། དེའི་ངང་ལས་གླིང་བཞི་བྱེ་བ་མང་པོར་སྤྲུལ་པས་སེམས་ཅན་གྱི་དོན་ཚད་མེད་པ་བྱས་ཏེ། ཀ་དག་གི་ས་ལ་འདའོ། །རང་བཞིན་སྤྲུལ་པར་ལོ་བརྒྱ་ཕྲག་ལྔ་གནས་པ་དང་འགལ་སྙམ་ན། མི་འགལ་ཏེ། རང་དོན་བསྒྲུབ་པ་ལ་ལྔ་བརྒྱ་གནས་ཀྱང་། གཞན་དོན་བསྒྲུབ་པ་ལ་མཐའ་ཡས་པར་གནས་པ་ལ་ཅུང་ཟད་ཀྱང་འགལ་བ་མེད་དོ། །ཡང་དེ་ཉིད་ལས། དེ་ལྟར་ལྡན་པའི་སྐྱེས་བུ་ནི། །ཕྱིས་ནི་སྤྲུལ་སྐུའི་ཞིང་ཁམས་སུ། །རྫུས་ནས་སྐྱེས་ཀྱི་ལུས་བླངས་ནས། །ལོ་ནི་དྲུག་ཁྲི་བརྒྱད་སྟོང་དུ། །དེ་ནི་གནས་ནས་སེམས་ཅན་དོན། །སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ནས་ངོ་བོའི་རང་བཞིན་ལས། །འཛམ་བུའི་གླིང་སོགས་གླིང་རྣམས་སུ། །སྤྲུལ་པ་བྱེ་བ་དྲུག་ཁྲི་ཡིས། །

p. 803

རང་རང་མཐུན་པའི་ལུས་བླངས་ནས། །སེམས་ཅན་དོན་ནི་བྱེད་པར་ནི། །འདི་ཡིས་འགྱུར་རོ་མཁའ་འགྲོ་མ། །དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལས་ནི་ཟེར་འདུས་ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཇི་ལྟར་ཆུ་ལ་ཆུ་ཐིམ་དང་། །དེ་བཞིན་མར་ལ་མར་ཐིམ་དང་། །ནམ་མཁའ་ནམ་མཁར་ཐིམ་པ་བཞིན། །ངོ་བོ་ངོས་གཟུང་མེད་པར་འགྱུར། །ཅེས་སོ། །ནང་ཤེས་པའི་ཉམས་ནི། རང་ཤར་ལས། དེ་ཡང་བདེ་བ་དང་ལྡན་པ་དང་། འཇིག་རྟེན་ལ་ཞེན་པ་མེད་པ་དང་། སྣང་བ་ཐམས་ཅད་འོད་དུ་ཤར་བ་དང་། འོད་ལ་སྐུའི་ཚོམ་བུ་མ་འགགས་པར་མཐོང་བ་དང་། འཛིན་པ་མེད་པར་ལུས་བདེ་བ་དང་། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང་། ཤེས་པ་ངང་གིས་དལ་བ་དང་། ཤེས་པ་མ་ཡེངས་པ་དང་། ཤེས་པ་གཞན་ལ་མི་འཇུག་པ་དང་། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང་། ཤེས་པ་མི་འགྱུར་བ་དང་། ཤེས་པ་མ་འགགས་པར་གསལ་བ་དང་། ཤེས་པ་མི་རྟོག་པར་འཆར་བ་དང་། ཤེས་པ་འཛིན་པ་མེད་པར་རང་གྲོལ་བ་དང་། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང་། ལུས་ལ་ཆགས་པ་དང་ཞེན་པ་མེད་པ་ཡིན་ནོ་ཞེས་སོ། །ལྔ་པ་རིག་པ་ལ་ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད། འབྲས་བུ་དང་ལྔ་ལས། ངོ་བོ་ནི་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་སྟེ། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་སོ། །ངེས་ཚིག་ནི། སྔར་མ་རིག་པ་བླ་མའི་གདམས་ངག་གིས་རིག་པས་ན་རིག་པའོ། །དབྱེ་ན་གསུམ་ལས། གཞི་གནས་ཀྱི་རིག་པ་ནི་གཞི་དངོས་པོ་དོན་གྱི་གནས་ལུགས་དགེ་སྡིག་སྐྱོན་ཡོན་ལས་འདས་པའོ། ལམ་སྣང་གི་རིག་པ་གྲུབ་མཐའ་སོ་སོ་ལ་གྲགས་པ། སེམས་ཉིད་དང་། སྐྱེ་མེད་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། བློ་འདས་དང་། དོན་གྱི་ཀུན་གཞི་དང་།

p. 804

བྱང་ཆུབ་ཀྱི་སེམས་ཞེས་པ་ལ་སོགས་པ་མིང་ཅིར་བཏགས་ཀྱང་། སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་པས་སོ་སོ་རང་གི་ཡེ་ཤེས་རང་གསལ་སྟོང་སངས་རྗེན་པར་ས་ལེ་བ་འདིའོ། །ལྷག་མཐོང་གི་རིག་པ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་མངོན་སུམ་དུ་སྣང་བས་ཡིད་དཔྱོད་ཚིག་གི་ར་བ་ལས་གྲོལ་བ། དགེ་སྡིག་སྐྱོན་ཡོན་གྱི་གསལ་འགྲིབ་མེད་པ། བརྩོན་པས་དེ་ལ་ལྟ་བ་མ་ཡེངས་ན་འོད་ལུས་ཟང་ཐལ་དུ་འགྲུབ་པ་དེའོ། །མཚན་ཉིད་ནི། རང་གསལ་རྗེན་པ་ཟང་མ་འདི་ཀའོ། །འབྲས་བུ་ནི། དེ་ཀ་ཉམས་སུ་བླངས་པས་ཀ་དག་ཟང་མ་ལ་གྲོལ་བར་བྱེད་པའོ། །ཐུན་མོང་དུ་སྐུ་གསུམ་འབྲས་བུར་འདོད་ཀྱང་། འདིར་ལམ་དུ་བྱས་ནས། ཀ་དག་མཐའ་གྲོལ་ཆེན་པོ་སྐུ་དང་ཡེ་ཤེས་སུ་མ་གྲུབ་ལ། འཆར་གཞི་མ་འགགས་པ་མན་ཤེལ་ལྟ་བུ་འབྲས་བུར་འདོད་པས་ཁྱད་པར་ཆེའོ། །དེ་ལྟ་བུའི་རིག་པ་འབྱོངས་པའི་རྟགས་ནི། སྐུ་གདུང་འབར་བ་ལས། རིག་པ་ལ་ནི་སུས་གོམས་པ། །དེ་ཡི་ལུས་ལ་རྟགས་འདིའོ། །གང་དུ་གཏད་པའི་དངོས་པོ་ལ། །དེར་ནི་རང་ཤེས་འཛུད་པར་ནུས། །གང་དུ་འདུག་པའི་ས་ཉིད་དུ། །ལུས་ཀྱང་དེ་ཡི་རྗེས་སུ་སྟེ། །ཇི་ལྟར་རིག་པ་ཉིད་དང་མཚུངས། །གཞན་གྱི་དད་པ་སྒྱུར་ནུས་དང་། །བསམ་རྒྱུན་ཞེན་པ་རང་འགགས་དང་། །ནང་གི་རྟགས་དང་རྣམ་པར་ལྡན། །མངོན་སུམ་ཉིད་དུ་སུས་རིག་པ། །འདི་ནི་འབྱུང་བ་རང་གི་སར། །སྐལ་དང་ལྡན་པ་འདིས་དེངས་ནས། །སྐྱེ་མེད་མཆོག་གི་དངོས་གྲུབ་བརྙེས། །ཞེས་པ་དང་། ཐལ་འགྱུར་ལས། དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་དང་ཚད་ནི་འདི་ལྟ་སྟེ། །ལུས་ནི་ཡང་ཞིང་ཟང་ཐལ་སྣང་། །ས་ལ་རེག་མེད་ཐོགས་མེད་དང་། །ངག་གི་ནུས་རྫོགས་གཏམ་ཟུངས་ཟད། །སེམས་ནི་འཕོ་བར་ནུས་པའོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་བཞིན་མེད་པར་གྱུར་པ་ཚད། །ཅེས་གསུངས་སོ། །གསུམ་པ་རྟགས་

p. 805

ཀྱི་ཁྱད་པར་གཞན་བརྗོད་པས་ལམ་གྱི་ཚད་རྣམས་ལེགས་པར་གཟུང་བ་ལ་གསུམ་སྟེ། སྐྱེ་མེད་ཐོབ་པའི་རྟགས་སྤྱིར་བསྟན། ཡོན་ཏན་གྱི་རྟགས་བྱེ་བྲག་ཏུ་བཤད། རྟགས་གསུམ་འདྲེས་པའི་ཁྱད་པར་སོ་སོར་བརྗོད་པའོ། །དང་པོ་ནི། ཀ་དག་གི་རྟོགས་པ་ལ་གདེང་དུ་ཚུད་པའི་རྣལ་འབྱོར་པ་དེ་ཉིད་སྲིད་པར་སྐྱེ་བ་ཕྱིས་མི་ལེན་པའི་རྟགས་སུ་ལུས་ལ་སྲོག་ཆགས་མེད་པ་དང་། སྐྲ་དང་སེན་མོ་མི་སྐྱེ་བ་དང་གཉིས་ཏེ། དེ་ནས་ཟླ་བ་གསུམ་ནས་གཞན་གྱིས་མཐོང་བར་འོད་ལྔའི་དཀྱིལ་ན་རིགས་ལྔའི་སྐུར་ནམ་མཁའ་ལ་འཕགས་ཏེ་ཡལ་བ་ནི། སྐུ་གདུང་འབར་བ་ལས། གང་གིས་སྐྱེ་མེད་སུ་ཡིས་ནི། །རྩད་ནས་ཆོད་པའི་མི་དེ་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང་། །འདི་རྟགས་སུ་ལ་ལྡན་པ་ནི། །ང་དང་སྐལ་བ་མཉམ་པ་ཡིན། །ལུས་ལ་འབུ་སྲིན་ཤིག་ལ་སོགས། །འདི་ཀུན་སྐྱེ་བའི་རྒྱུན་ཆད་དང་། །གང་ལ་སྐྲ་དང་སེན་མོ་དང་། །འདི་ཀུན་མི་སྐྱེ་རྒྱུན་ཟད་ན། །འདི་ནི་སྐྱེ་བ་མེད་པ་སྟེ། །འདི་ལྟར་རྟགས་དང་ལྡན་ནས་ནི། །ཟླ་བ་དག་ནི་གསུམ་ན་ཡང་། །འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་པོ་མི་སྣང་བར། །རང་ལུས་འོད་ཀྱི་གདངས་དཀྱིལ་དུ། །རིགས་དང་བཅས་ཏེ་འདི་འགྱུར་རོ། །ཞེས་སོ། །འདི་ནི་ཟད་པའི་དུས་ཀྱི་རྣམ་འབྱོར་པ་སྐལ་ཆེན་ནོ། །གཉིས་པ་ནི། དེའི་ཡོན་ཏན་ལ་བསྔགས་པ་སྟེ། སྣང་བ་ལུས་ངག་གི་ཡོན་ཏན་དང་། མེད་པ་རིག་པ་སྟོང་པའི་ཡོན་ཏན་ཚད་མེད་པ་ནི། རང་སྣང་སངས་རྒྱས་ཀྱི་ཞིང་ན་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་དང་ཆོས་སྐུའི་ཡོན་ཏན་ལ་སྤྱོད་པ་སྟེ། དེ་ཉིད་ལས། འདི་ལྟར་རྟོགས་པའི་སྐྱེས་བུ་ཡི། །ཡོད་མེད་ཡོན་ཏན་བསམ་མི་ཁྱབ། །གཅིག་པར་གནས་པའི་ཡེ་ཤེས་ནི། །རང་གིས་རང་སྟོན་སྟོན་པ་ཆེ། །མ་བཀོད་ཡེ་གདངས་རང་ལ་གནས། །ཐབས་དང་ཤེས་རབ་རང་བཞིན་ལས། །སངས་རྒྱས་རིགས་ཀྱང་གཉིས་སུ་སྣང་། །འདི་ཀུན་དེ་ཡི་འཁོར་དུ་སྣང་། །གཞི་སྣང་རང་བཞིན་

p. 806

མེད་པ་ལས། །སྨྲ་བསམ་བརྗོད་མེད་ཆོས་སུ་སྣང་། །དུས་གསུམ་མཉམ་པ་ཉིད་དུ་ཡང་། །ཡེ་ནས་འདི་ཀུན་རང་གནས་པའོ། །ཞེས་སོ། །གསུམ་པ་ལ་རྟགས་རྐྱང་པ་རེ་ཙམ་དང་། གཉིས་འདྲེས་དང་། གསུམ་ལྡན་རྣམས་ལས། ལུས་རྟགས་རྫོགས་ན་བར་དོར་གྲོལ་ལ། ལུས་དང་ངག་གཉིས་ཅི་རིགས་སུ་ཡོད་པ་ལུས་ལ་ངག་གི་རྟགས་ཅན་སྤྲུལ་པའི་ཞིང་དུ་གྲོལ་བ་དང་། སེམས་རྟགས་རྫོགས་ན་བར་དོ་ལ་སྐད་ཅིག་གསུམ་གྱིས་གྲོལ་ཞིང་། གསུམ་ཀ་རྫོགས་ན་སྙིང་རྗེས་གཞན་དོན་བྱེད་ལ། རང་དོན་ཐོབ་ངེས་སུ་ཤེས་པས། ཚེ་གྲངས་མེད་པར་བྱིན་གྱིས་བརླབས་ཏེ་དོན་བྱས་པའི་རྟེན་དེ་ཉིད་ལ་འོད་དུ་གྲོལ་བ་ཡིན་ལ། ལུས་དང་སེམས་ཀྱི་རྟགས་གཉིས་ཡོད་ན་རང་དོན་མྱུར་དུ་ཐོབ་ནས་གྲོལ་ལ། ངག་དང་སེམས་ཀྱི་རྟགས་འཛོམ་པ་ནི། ལོ་བཅུ་ན་འོད་ལུས་ཐོབ་ཅིང་། ཡང་ལུས་ངག་ཡིད་གསུམ་གྱི་རྟགས་འཛོམ་པ་རྟེན་དེས་གཞན་དོན་མི་འབྱུང་བ་རྣམས་ལོ་གཉིས་ན་གྲོལ་བ་ཡིན་ཏེ། དེ་ཉིད་ལས། གང་གིས་སྐྱེས་བུ་རྩོལ་བ་ཅན། །ལུས་ཀྱི་རྟགས་ནི་རྫོགས་པ་ན། །བར་མ་དོ་ཡི་ཆོས་ཉིད་ལ། །བདེན་པ་མཐོང་སྟེ་སངས་རྒྱའོ། །ལུས་ལ་ངག་གི་རྟགས་ཡོད་པ། །འདི་ནི་སྤྲུལ་པའི་ཞིང་ཁམས་སུ། །དབུགས་ཕྱུང་སྐྱེ་བ་གཅིག་གིས་ཐོགས། །སེམས་ལ་རྟགས་དང་གང་ལྡན་པ། །འདི་ནི་ཚེ་ཡི་འདུ་བྱེད་ཀྱི། །སྐྱེ་བ་གཉིས་ཀྱི་བར་མེད་པར། །སྐར་མདའ་དག་ནི་ནམ་མཁའ་ལ། །རྒྱུག་པའི་ཚུལ་དུ་སྐད་ཅིག་གསུམ། །སྤྲུལ་པ་ཉིད་དང་བཅས་པར་ཡང་། །ངོ་བོ་ཉིད་ལ་རང་ཐིམ་མོ། །ལུས་དང་ངག་ཡིད་རྟགས་འཛོམ་ན། །འདི་ནི་བྱང་ཆུབ་སེམས་ཆེན་པོ། །སེམས་ཅན་འཛིན་པའི་སྙིང་རྗེ་ཅན། །འདིས་ནི་སེམས་ཅན་འཛིན་པའི་ཕྱིར། །ལོ་ནི་བྱེ་བ་བརྒྱ་སྟོང་དུ། །མི་ཡི་ལུས་ནི་གཅིག་གིས་ཀྱང་། །འདི་དོན་རྫོགས་པར་བྱས་ནས་ནི། །སྐྱེ་གཉིས་བར་དུ་མི་འཇུག་པར། །མངོན་པར་རྫོགས་པར་འཚང་ཡང་རྒྱ། །ཡང་ནི་སྐལ་ལྡན་སུ་ཞིག་ལ། །ལུས་དང་སེམས་

p. 807

ཀྱི་རྟགས་ལྡན་ན། །འདི་ལྟར་ལྡན་ནས་ལོ་བཅུ་ན། །འབྱུང་བ་རང་སར་དེངས་ནས་ནི། །སྣང་བ་ཉིད་ནི་མི་སྣང་བར། །ཆོས་ཉིད་ཟད་པའི་སར་སྐྱོལ་ལོ། །གང་ལ་ལུས་ངག་སེམས་ཀྱི་རྟགས། །འདི་ལྟར་སྐྱེས་བུ་སྐལ་ལྡན་ལ། །སུ་ལ་འཛོམ་པའི་སྐལ་ལྡན་དེ། །འདི་ནས་ལོ་ནི་གཉིས་ན་ཡང་། །འདི་ཡི་འབྱུང་བ་རང་དེངས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེའང་ཕྱི་ནང་གི་རྟགས་ཁྱད་པར་ཅན་མེད་པར་རྟགས་འགའ་ཙམ་ཡོད་ཀྱང་མ་ངེས་པའི་རྟགས་ཅན་ཡིན་པས་གྲོལ་བར་མི་འགྱུར་ལ། ཕྱི་ནང་གི་རྟགས་ངེས་པ་ཅན་ལ་དེ་ལྟར་གྲོལ་ཚད་དུ་ཡོད་དེ། འདི་ལྟར་རྟགས་ཡོད་ཙམ་ལ་གྲོལ་བས་མ་ཁྱབ། གྲོལ་བ་ལ་རྟགས་ཡོད་པས་ཁྱབ་པའི་ཕྱིར་དམིགས་བསལ་འདི་ཉིད་གཅེས་ཏེ། སྐུ་གདུང་འབར་བ་ལས། ལུས་ངག་ཡིད་ཀྱི་རྟགས་ཀུན་ནི། །འགའ་ཙམ་འབྱུང་བའི་སྐྱེས་བུ་ནི། །རྣམ་པར་གྲོལ་བ་མ་ཡིན་ཏེ། །འཇིག་རྟེན་ཐུན་མོང་དངོས་གྲུབ་དང་། །རིམ་གྱིས་ཉན་ཐོས་རང་སངས་རྒྱས། །འདི་དག་ཀུན་གྱི་ས་ལ་ཡང་། །འདི་ཉིད་དེ་ཡི་ས་ལ་ཞུགས། །རྣམ་དག་ཆེན་པོའི་འབྲས་བུ་མེད། །གང་གིས་ལུས་ངག་ལྡན་པ་ཡི། །རྟགས་ནི་རྫོགས་པའི་སྐྱེས་བུ་ནི། །མཉམ་པ་ཆེན་པོའི་ས་ལ་ཡང་། །འདི་ཀུན་འགྲོའོ་མཁའ་འགྲོ་མ། །ཞེས་སོ། །དེ་ལྟར་རྟགས་ཙམ་ཡོད་ཀྱང་ངེས་པ་མེད་པར་གསུངས་ན། ད་ལྟ་གྲོལ་བའི་རྟགས་ཕྱི་ནང་གང་ཡང་མེད་པར་ད་བསྒོམ་མེད་དུ་སོང་བས་ལས་ཀྱིས་མི་གནོད་བསྒོམ་མི་དགོས། ཕྱིས་ཐོད་པ་མགོ་ལ་མི་འགེལ་བྱ་བ་དང་། ངས་ཆོས་ཉིད་རྣལ་མའི་དོན་མཐོང་ལྟ་སྒོམ་མཐར་ཕྱིན་ཟེར་ཡང་། བརྫུན་གཏོང་བས་གཞན་དང་རང་གཉིས་ཀ་བསླུ་བའི་བདུད་ཞུགས་པར་ཤེས་པར་བྱ་སྟེ། དེ་ཉིད་ལས། འདི་ལྟར་རྟགས་དང་མི་ལྡན་པར། །རང་སྣང་གདེང་དུ་ཚུད་པར་ནི། །གང་གིས་ཁས་ནི་ལེན་པ་དེ། །ཡིད་དཔྱོད་རྣམས་ཀྱི་ལྟ་བ་དང་། །དེ་བཞིན་ཡིད་དཔྱོད་སྒོམ་པར་ནི། །འདི་ཀུན་ཡིན་པས་

p. 808

གྲོལ་བར་ཡང་། །འདི་ཉིད་ནུས་པ་མ་ཡིན་ཏེ། །འཁོར་བ་ཉིད་ལ་ཡུན་རིང་དུ། །མི་འདི་ཡང་ནི་གནས་པའོ། །ཞེས་སོ། །དེའང་ཐོད་རྒལ་བསྒོམ་པའི་རྣལ་འབྱོར་པ་ལ་རྟགས་འདི་དག་གྲོལ་ངེས་བསླུ་བ་མེད་པར་འབྱུང་བས་བརྩོན་འགྲུས་ཁྱད་པར་ཅན་དུ་གདམས་པ་ནི། དེ་ལས། དེ་ཕྱིར་དབྱིངས་རིག་གོམས་པ་གཅེས། །དབྱིངས་དང་རིག་པ་སུས་གོམས་པ། །གོང་དུ་བཤད་པའི་རྟགས་དེ་རྣམས། །མི་འབྱུང་ཉིད་ནི་མི་སྲིད་དོ། །ཞེས་ལེགས་པར་གསུངས་པ་བཞིན་ནན་ཏན་བྱའོ། །སྤྱི་དོན་གསུམ་པ་བར་དོ་དང་ཕྱི་མ་ལ་གྲོལ་འཁྲུལ་ངེས་པའི་རྟགས་ཀྱི་མཇུག་བསྡུ་བ་ལ་གཉིས་ཏེ། རྣལ་འབྱོར་པ་གྲོལ་བས་བྱང་ཆུབ་ཐོབ་པའི་རྟགས་དང་། འགྲོ་དྲུག་འཁྲུལ་པས་སྐྱེ་བ་ལེན་པའི་རྟགས་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྟགས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་ཉིད་མངོན་སུམ་གྱི་དོན་བསྒོམས་ཀྱང་། བརྩོན་འགྲུས་དམན་པས་ཚད་དུ་ནི་མ་ཕྱིན། རྡོས་བཅས་ཀྱི་བེམ་རིག་བྲལ་དུས་ཡང་སྲིད་རྣམ་པར་ལེན་པ་མེད་པར་ཟག་པ་རྣམས་ལས་གྲོལ་བའི་རྟགས་སུ་སྐུ་གདུང་རིང་བསྲེལ་དང་སྒྲ་འོད་ཀྱི་སྣང་བ་ཆེན་པོས་མངོན་པར་སངས་རྒྱས་པའོ། །དེའང་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་སངས་རྒྱ་ལུགས་གཉིས་ཏེ། མངོན་པར་རྫོགས་པར་སངས་རྒྱས་པ་རྟགས་སྣང་བས་རྡོས་བཅས་ཀྱི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡིན་ལ། ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་བརྩོན་འགྲུས་རབ་རྡོས་བཅས་དག་པས་ཕུང་པོའི་ལྷག་མ་མེད་པར་མྱ་ངན་ལས་འདས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ། འོད་དང་།

p. 809

སྒྲ་དང་། གདུང་དང་། སྐུ་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ་ཞེས་པ་དང་། སྐུ་གདུང་འབར་བ་ལས། སྐྱེས་བུ་བློ་རྩལ་རབ་ཉིད་ནི། །འཁྲུལ་པའི་སྣང་བ་འདི་ཉིད་ལ། །འབྱུང་བ་རང་གི་སར་དེངས་ནས། །ངོ་བོ་ཉིད་ཀྱི་འབྲས་བུ་ལ། །ཟག་བཅས་ཕུང་པོ་མི་སྣང་བར། །འབྲས་བུ་རང་ས་ཉིད་དུ་འགྱུར། །འདི་ལྟར་ཕྱི་ཡི་རྟགས་རྣམས་ཏེ། །གང་དག་མྱ་ངན་ལས་འདས་ནས། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང་། །ས་ནི་གཡོ་བར་འགྱུར་བའོ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། སྐུ་དང་། གདུང་དང་། འོད་དང་། སྒྲ་དང་། ས་གཡོ་བ་རྒྱས་པར་བཤད་པའོ། །དང་པོ་ལ་ངོ་བོ། དབྱེ་བ། རྒྱུ། གནས། འབྲས་བུ་དང་ལྔ་ལས། དང་པོ་ངོ་བོ་ནི། ལྷའི་རྣམ་པར་སྣང་བ་སྟེ་སྐུ་རྐྱང་དང་། ཕྱེད་སྐུ་དང་། ཡབ་ཡུམ་དང་། ཚོམ་བུ་དང་། དཀྱིལ་འཁོར་ཆེན་པོ་དང་། དེའི་ཕྱོགས་དང་མཐུན་པ་མཆོད་རྟེན་དང་། འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་དང་། རལ་གྲི་ལ་སོགས་པའོ། །བསྐྱེད་རྫོགས་ནར་མ་སོན་པ་ལས་ཡི་གེ་དང་། ཕྱག་མཚན་དང་། ཕྱེད་སྐུ་དང་། རང་རྐྱང་དུ་སྣང་ལ། ཡོངས་སུ་རྫོགས་པ་ལས་ཡབ་ཡུམ་དང་། ཚོམ་བུ་དང་། དཀྱིལ་འཁོར་དུ་སྣང་བའོ། །དབྱེ་ན་ཞི་བའི་སྐུ་དང་། ཁྲོ་བོའི་སྐུ་གཉིས་ཏེ། སྐུ་གདུང་འབར་བ་ལས། རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ལྷག་མའི་ཟག་བཅས་ཀྱི། །ཕུང་པོའི་རྗེན་ཤུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །ཞེས་པ་དང་། རང་ཤར་ལས། སྐུ་ལ་རྣམ་པ་གཉིས་ཡོད་དེ། །ཞི་བ་དང་ནི་ཁྲོ་བོར་གསུངས། །ཁྲོ་བོ་དེ་བཞིན་གཤེགས་པའོ། །ཞི་བས་སྤྲུལ་སྐུ་འབྱིན་མི་ནུས། །ཞེས་པ་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྐུ་ལ་ཡང་གཉིས་ཏེ། ཞི་བ་དང་ཁྲོ་བོའི་སྐུའོ་ཞེས་སོ། །རྒྱུ་ནི་གཉིས་ལས།

p. 810

ངོ་བོའི་རྒྱུ་སེམས་ཅན་ཀུན་ལ་ཡེ་ནས་འོད་གསལ་གྱི་སྐུ་དང་། གདུང་ཡོད་པ་ལས། འདིར་བསྐྱེད་རྫོགས་ཀྱིས་གསལ་བཏབ་པས་མངོན་གྱུར་གྱི་རྒྱུ་དྭངས་མའི་འབྱུང་བ་འདུས་པ་ལས་བྱུང་བ་སྟེ། བག་ལ་ཞར་ཡོད་པ་མ་སྨིན་པའི་རང་བཞིན། མངོན་གྱུར་སྨིན་པའི་སྐུ་གདུང་དུ་སྣང་བ་སྟེ། སྔ་མ་ལས། སེམས་ཅན་རྣམས་ལ་ཡེ་ཉིད་ནས། །རང་གཞག་ཆེན་པོར་གཞི་ལ་གནས། །སྨིན་དང་མ་སྨིན་ཁྱད་པར་གྱིས། །མངོན་དུ་བྱུང་དང་བག་ལ་ཞའོ། །ཞེས་སོ། །གནས་ནི་མགོའམ་སྒལ་ཚིགས་ནས་འབྱུང་བ་ཤས་ཆེ་ལ། གཞན་ལས་ཀྱང་འབྱུང་མོད། འདིར་འོད་གསལ་གོམས་པས་བྱུང་བའི་སྐུ་ནི་དེ་གཉིས་ལས་འབྱུང་བར་བསྟན་པ་ནི། སྐུ་གདུང་འབར་བ་ལས། དེ་བཞིན་སྐུ་ནི་མགོ་ལས་སོ། །ཡང་ན་སྒལ་པའི་བརྩེགས་མཚམས་ནས། །ཞེས་སོ། །འབྲས་བུ་ནི་གྲོལ་བ་ཐོབ་པའི་རིམ་པས་ཏེ། དེའང་ཞི་ཁྲོ་གཉིས་ཀ་བྱུང་ན་རྣམ་ཤེས་ནམ་མཁར་ཐིམ། ནམ་མཁའ་ཀ་དག་གི་རང་གདངས་ཤར་བའི་དུས་སུ་གྲོལ་བས་ཆོས་ཉིད་ཀྱི་བར་དོ་མེད་པར་སངས་རྒྱས་པས། ཚེ་འདིར་གྲོལ་བའི་ཁོངས་སུ་འདུས་ཏེ། རྟེན་འདི་ནས་འབྲལ་བའི་ཆ་ཕྱི་མ་དག་དེ་ཡིན་པའི་ཕྱིར་རོ། །ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་འོད་གསལ་གྱི་རང་སྣང་ལ་བསམ་གཏན་གྱི་ཞག་ལྔ་ན་གྲོལ་ལོ། །བསམ་གཏན་གྱི་ཞག་ནི་ཏིང་ངེ་འཛིན་གྱི་གནས་ཆ་ལ་ཟེར་ཏེ། རྣལ་འབྱོར་པ་ལ་རིང་ཐུང་གི་ཁྱད་ཡོད་པ་ཡིན་ནོ། །ཁྲོ་བོའི་སྐུ་བྱུང་ན་མིག་ནས་རྡོ་རྗེ་སེམས་དཔའི་སྣ་ཐག་ཤར་ཏེ། སྒྲ་འོད་ཟེར་གསུམ་རང་སྣང་དུ་ཤར་བ་ལ་སྐད་ཅིག་ཆ་ལྔས་གྲོལ་ལོ། །དེ་སྐད་དུའང་སྐུ་གདུང་འབར་བ་ལས། གལ་ཏེ་གཉིས་ཀ་བྱུང་བ་ན། །འདིས་ནི་བར་དོ་མེད་པར་ཡང་། །ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདིས་འགྱུར་རོ། །ཞི་བའི་སྐུ་ཡི་རྟགས་བྱུང་ན། །ཞག་ནི་ལྔ་ཡིས་བདེན་མཐོང་སྟེ། །དེ་ཡང་སངས་རྒྱས་ཉིད་ཐིམ་མོ། །གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདི་ནི་ཆོས་ཉིད་བར་དོ་ལ། །སྐད་ཅིག་ཉིད་ནི་ཆ་

p. 811

ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །ཞེས་པ་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་འབྱིན་མི་ནུས་སོ། །ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་སྟེ། ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་པའི་སྐུ་འབྱིན་ནུས་སོ་ཞེས་སོ། །དེའང་ཞི་བའི་སྐུ་བྱུང་བ་དེ་འོད་གསལ་ལམ་གཏོད་དེ་ཀ་དག་གི་ས་ལ་ཟང་ཐལ་དུ་གྲོལ་བས། བར་དོ་ནས་རང་སྣང་གི་སྤྲུལ་པ་མི་འབྱུང་ལ། ཀ་དག་གི་ས་དེ་ཉིད་སྤྲུལ་པའི་སྣང་བ་དང་བྲལ་བས་རང་སྣང་སྤྲུལ་པ་འབྱུང་བའི་ས་མ་ཡིན་ནོ། །འོན་ཀྱང་གཞན་སྣང་ལོངས་སྤྲུལ་འཆར་བའི་གཞི་ཡིན་པས་གཞན་དོན་དུ་འཕྲིན་ལས་དེ་ལ་བརྟེན་ནས་འབྱུང་ཡང་། ཀ་དག་དངོས་སྤྲུལ་པའི་སྣང་ཆ་མེད་པར་ཤེས་པར་བྱའོ། །ཁྲོ་བོའི་སྐུ་བྱུང་བ་དེ་སྒྲ་འོད་ཟེར་གསུམ་རང་སྣང་དུ་ཤེས་པས་གྲོལ་དུས། ལྷུན་གྲུབ་ཀྱི་གཞི་སྣང་ཤར་བ་ལ་དར་ཅིག་སྡོད་པས། བསམ་གཏན་གྱི་ཞག་ཉི་ཤུ་རྩ་གཅིག་རྫོགས་ནས། རང་སྣང་གི་མ་དག་པ་འཁོར་བའི་སྒོ་འགྲོ་དྲུག་སྣང་བར། དག་པའི་སྒོ་ནས་སྤྲུལ་སྐུ་གང་ལ་གང་འདུལ་སྤྲོས་ཏེ་དོན་བྱེད་པ། སྒྱུ་མས་སྒྱུ་མའི་དོན་བྱེད་པ་ལྟར། རང་སྣང་ལ་རང་སྣང་གིས་དོན་བྱེད་པའོ། །སྤྲུལ་པ་འབྱིན་ནས་དེའི་སྔོན་དུ་གྲོལ་ཟིན་པ་ཅིག་དགོས་ཏེ། རང་མ་གྲོལ་ན་རང་དོན་མ་རྫོགས་པས་གཞན་དོན་འབྱུང་བའི་གནས་སྐབས་མེད་པའི་ཕྱིར་རོ། །སྤྲུལ་པ་དེ་ཡང་སྐར་མདའ་རྒྱུག་པ་ཙམ་དང་། དེ་བས་རིང་བ་དང་ཡུན་རིང་ཐུང་མ་ངེས་པར་བཤད་པའོ། །སྤྲུལ་པ་འབྱིན་ནུས་མི་ནུས་འདི་ལ་འཁྲུལ་ནས། སངས་རྒྱས་ནས་གཞན་དོན་བྱེད་ནུས་མི་ནུས་ལ་བློ་རྩེ་གཏོད་པ་མང་སྟེ། ནོར་བ་རྔམས་ཆེའོ། །སངས་རྒྱས་ནས་དོན་མི་བྱེད་པའི་སངས་རྒྱས་ཐེག་པ་ཆེན་པོ་ལ་མི་འདོད་ཅིང་དོན་ལ་མི་སྲིད་པའོ། །སྤྲུལ་པ་འབྱིན་ནུས་མི་ནུས་བར་དོའི་ལྷུན་གྲུབ་ཀྱི་སྒོ་འཆར་ལོང་མེད་པར་ཟང་ཐལ་དུ་ཀ་དག་ལ་གྲོལ་བ་རྣམས་ལ་སྤྲུལ་པ་མེད་དེ། སྤྲུལ་པའི་གདུལ་ཞིང་མ་དག་པ་དུས་

p. 812

དེར་མི་སྣང་བའི་ཕྱིར་རོ། །ལྷུན་གྲུབ་ཀྱི་སྒོ་སྣང་ནས་མ་དག་པ་སྣང་ལ། དེར་སྤྲུལ་པས་དོན་མ་བྱས་ན། འཁོར་བའི་སྣང་བ་མ་ནུབ་པས་སངས་རྒྱས་ཀྱི་མཛད་པ་རང་སྣང་དུ་མ་རྫོགས་པ་རྫོགས་པར་བྱེད་པ་ལ་སྤྲུལ་པ་བཀྱེ་བར་སྣང་ལ། དེས་དོན་མཛད་ནས་འཁོར་བ་སྟོངས་ནས་སླར་སྤྲུལ་སྣང་དེ་ལྷུན་གྲུབ་ཀྱི་སྒོ་བརྒྱད་ནང་ཐིམ་དུ་ཀ་དག་གི་ས་ལ་འགྲོ་བ་ཡིན་ནོ། །ཀ་དག་གི་ས་དེ་སྣང་མི་སྣང་ལས་འདས་པས་སྐུ་གསུམ་གྱི་འཆར་གཞི་ཙམ་ལས་སྐུ་གསུམ་སོ་སོ་བ་དངོས་སུ་དབྱེེར་མེད་ལ། དེ་ལས་གཞི་སྣང་དུ་ཕྱིར་ཤར་ནས་གཞན་དོན་འབྱུང་བའི་ཚུལ་ཤེས་པར་བྱའོ། གནས་འདི་ནི་དཀའ་བའི་མཆོག་རྡོ་རྗེའི་ཆིངས་གསང་བ་ཆེན་པོ་སྟེ། ད་ཕན་ཆད་མ་ནོར་བར་སྨྲ་ཤེས་པ་བྱུང་སྲིད་ན་ཁོ་བོའི་མཐུར་ཤེས་པར་བྱའོ། །གཉིས་པ་གདུང་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐུན་མོང་གི་དབྱེ་བས་མདོར་བསྟན། ཁྱད་པར་གྱི་དབྱེ་བས་རྒྱས་པར་བཤད། གདུང་དང་རིང་བསྲེལ་གྱི་ཁྱད་པར་གྱིས་དོན་བསྡུ་བའོ། །དང་པོ་ནི། སྤྱིར་འགྲོ་བ་ཐམས་ཅད་ཡེ་ནས་སངས་རྒྱས་པས་རིགས་ལྔའི་རང་བཞིན་དུ་སོ་སོ་དང་སོ་སོ་མ་ཡིན་པར་གནས་ལ་དེ་དག་གི་སྐུའི་རིགས་དང་སྲོག་ཏུ་འཛིན་པ་ལ་གདུང་ལྔ་མ་སྨིན་པ་བག་ལ་ཞར་ཡོད་ལ། རྣལ་འབྱོར་པས་འོད་གསལ་སྙིང་པོའི་ལམ་སྦྱངས་པས་མངོན་གྱུར་དུ་སྨིན་ཏེ། ཤ་རཱི་རཾ་ལ་སོགས་པ་ལྔ་བྱུང་བས་རིགས་སོ་སོར་གྲོལ་བ་ནི། སྐུ་གདུང་འབར་བ་ལས། སྐྱེས་མཆོག་མྱ་ངན་འདས་པ་ལ། །སངས་རྒྱས་ཀུན་གྱི་གདུང་ཡང་འབྱུང་། །སངས་རྒྱས་རིགས་ཀྱི་ཁྱད་པར་ལས། །གདུང་གི་རིགས་ནི་ལྔ་ལྔར་འབྱུང་། །ཤ་རཱི་རཾ་ནི་བདེ་གཤེགས་གདུང་། །དེ་བཞིན་བ་རཱི་རཾ་ཞེས་ནི། །རྡོ་རྗེ་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རཾ་ནི་རིན་པོ་ཆེ། །བསེ་རཱི་རཾ་ནི་པདྨའོ། །དེ་བཞིན་ཉ་རཱི་རཾ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། །ཞེས་སོ། །དེའང་སྐྱེས་བུ་ལ་གདུང་རིགས་ལྔ་ལས། རེ་རེའམ་ཐམས་ཅད་ཚང་བ་གང་བྱུང་ཡང་རིགས་ལྔའི་ཚོམ་བུའི་སྣང་བ་ལ། གདུང་རིགས་

p. 813

དེའི་སངས་རྒྱས་སུ་གྲོལ་བའི་རྟགས་ཡིན་ཏེ། དེ་ཉིད་ལས། ཐབས་ལྡན་མྱ་ངན་འདས་པ་ཡི། །ལུས་ལ་འདི་ཀུན་བྱུང་བ་སྟེ། །སོ་སོའི་རིགས་ཀྱི་གདུང་བྱུང་ན། །ཆོས་ཉིད་བར་མ་དོ་ལ་ཡང་། །རང་རང་རིགས་ཀྱི་སངས་རྒྱས་ཀྱི། །སྐུ་ནི་མཐོང་ནས་གྲོལ་བའོ། །ཞེས་པ་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གདུང་ལ་ཡང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱས་པའོ། ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི། ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱི། ཁ་དོག་དམར་པོ་ནི་སྣང་བ་མཐའ་ཡས་ཀྱི། ཁ་དོག་ལྗང་གུ་ནི་དོན་ཡོད་གྲུབ་པའི། ཁ་དོག་སྣ་ཚོགས་པ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ་ཞེས་སོ། །གཉིས་པ་ཁྱད་པར་གྱི་དབྱེ་བ་ལ་གདུང་རིགས་ལྔའི་ཁ་དོག །ཆེ་ཆུང་གི་ཚད། གནས་ཀྱི་ཁྱད་པར། རྒྱུ་གང་ལས་བྱུང་བ་དང་བཞི་ལས། དང་པོ་ཁ་དོག་ནི་རིགས་ལྔའི་ཆ་འཛིན་པས་ལྔ་སྟེ། དེའང་ཞི་བའི་གདུང་གི་ཁ་དོག་དང་། ཁྲོ་བོའི་གདུང་གི་ཁ་དོག་ཆ་གཉིས་སུ་འབྱུང་བ་ལས། སྐུ་གདུང་འབར་བར་ཞི་བའི་ཁ་དོག་གསུངས་པ་ནི། ཤ་རཱི་རཾ་དཀར་པོ། བ་རཱི་རཾ་སྔོ་ནག །ཆུ་རཱི་རཾ་སེར་པོ། བསེ་རཱི་རཾ་དམར་པོ། ཉ་རཱི་རཾ་ལྗང་གུའོ། །རང་ཤར་དུ། ཁྲོ་བོའི་གདུང་གི་ཁ་དོག་གསུངས་པ་ནི། དེ་ཡང་རིགས་བསྟན་འདི་ལྟ་སྟེ། །ཤ་རཱི་རཾ་ནི་དཀར་ལ་གདངས། །ཆུ་རཱི་རཾ་ནི་སྔོ་ནག་གོ། བ་རཱི་རཾ་ནི་ཚིག་སེར་ལྡན། །ཉ་རཱི་རཾ་ནི་སྨུག་ནག་སྟེ། །པཉྩ་རཾ་ནི་དམར་ལྗང་ནག །དེ་བཞིན་ཁ་དོག་དབྱེ་བའོ། །ཞེས་སོ། །ཆེ་ཆུང་གི་ཚད་ནི་ཤ་རཱི་རཾ་མོན་སྲན་གྱི་འབྲུ་ཙམ་སྟེ་སྲན་དཀར་མོ་དང་མཉམ་ལ། གཞན་རྣམས་ཡུངས་ཀར་གྱི་འབྲུ་ཙམ་དང་སྲན་ཆུང་གི་འབྲུ་ཙམ་གྱི་བར་སྣུམ་ལ་འདྲིལ་ཞིང་ཟླུམ་པའོ། །གནས་ནི་ཤ་རཱི་རཾ་མགོ་ལ་གནས། བ་རཱི་རཾ་རྩིབ་མའི་གོ་བར་དང་། ཆུ་རཱི་རཾ་མཆིན་པའི་སྟེང་དང་། བསེ་རཱི་རཾ་མཁལ་མ་དང་། ཉ་རཱི་རཾ་གློ་བའི་སྟེང་ན་གནས་པའོ། །རྒྱུ་ལ་

p. 814

གཉིས་ལས། ཞི་བའི་གདུང་གི་རྒྱུ་ནི་ཤ་རཱི་རམ་རུས་པའི་དྭངས་མ་དང་། བ་རཱི་རམ་དྲོད་ཀྱི་དྭངས་མ་དང་། ཆུ་རཱི་རམ་ཁྲག་གི་དྭངས་མ་དང་། བསེ་རཱི་རམ་འབྱུང་བའི་དྭངས་མ་དང་། ཉཱ་རཱི་རམ་ཤེས་པའི་དྭངས་མ་ལུས་ལ་འདུས་པ་ལས་བྱུང་བའོ། །ཁྲོ་བོའི་གདུང་གི་རྒྱུ་ནི། ཤ་རཱི་རཾ་མགོ་བོའི་ཐོད་པའི་ལྷ་བ་དང་། ཆུ་རཱི་རཾ་ཁྲག་གི་དྭངས་མ་དང་། བ་རཱི་རཾ་ཚིགས་ཀྱི་དྭངས་མ་དང་། ཉ་རཱི་རཾ་རྐང་གི་དྭངས་མ་དང་། པཉྩ་རཾ་འབྱུང་བའི་དྭངས་མ་ལས་འབྱུང་སྟེ། རང་ཤར་ལས། ཤ་རཱི་རཾ་ནི་མགོ་ལས་འབྱུང་། །ཆུ་རཱི་རཾ་ནི་ཁྲག་ལས་འབྱུང་། །བ་རཱི་རཾ་ནི་ཚིགས་ལས་འབྱུང་། །ཉ་རཱི་རཾ་ནི་རྐང་ལས་འབྱུང་། །པཉྩ་རཾ་ནི་འབྱུང་བ་བཞིའི། །དྭངས་མ་ལས་ནི་ཡང་དག་འབྱུང་། །ཞེས་སོ། །དེའང་གདུང་ལྔ་ཐམས་ཅད་དབྱིབས་རབ་ཏུ་ཟླུམ་ཞིང་སྣུམ་ལ་འདྲིལ་བ། གཏིང་གསལ་གྱི་འོད་ལྔ་ཡོད་པ་ཉི་ཟེར་ལ་བསྟན་དུས་རབ་ཏུ་འཚེར་ཞིང་དྭངས་པ་སྟེ། སྐུ་གདུང་འབར་བ་ལས། ཀྱེ་མ་ཉོན་ཅིག་མཁའ་འགྲོ་མ། །ཤ་རཱི་རཾ་ཞེས་དཀར་ལ་གདངས། །སྣུམ་ལ་འདྲིལ་ཏེ་ཁ་དོག་གསལ། །སྲན་མ་ཡི་ནི་རྡོག་འབྲུ་ཙམ། །འདི་ནི་རུས་པའི་དྭངས་མ་ལས། །སྨིན་པས་འདྲིལ་བར་བྱུང་བ་ཡིན། །ཐབས་ལྡན་དེ་ཡི་མགོ་ལས་བྱུང་། །བ་རཱི་རཾ་ཞེས་སྔོ་ལ་ནག །ཡུངས་ཀར་གྱི་ནི་འབྲུ་ཙམ་མམ། །ཡང་ན་སྲན་ཆུང་འབྲུ་ཙམ་མོ། །འདི་ནི་དྲོད་ཀྱི་དྭངས་མ་འདྲིལ། །དེ་ཡི་རྩིབ་མའི་གོ་མཚམས་ནས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཆུ་རཱི་རཾ་ནི་ཁ་དོག་སེར། །ཡུངས་འབྲུ་ཙམ་སྟེ་ཁྲག་ལས་སོ། །དེ་ནི་མཆིན་པའི་སྟེང་ནས་འབྱུང་། །བ་རཱི་རཾ་ནི་དམར་ལ་གདངས། །ཆེ་ཆུང་ཚད་ཀྱང་ཡུངས་འབྲུ་ཙམ། །འདི་ནི་འབྱུང་བ་འདུས་ལ་འདྲིལ། །སྐལ་དང་ལྡན་པའི་མཁལ་མ་ལས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཉ་རཱི་རཾ་ནི་ཨིནྡྲ་སྟེ། །ཡུངས་འབྲུ་ཙམ་ལ་ཁ་དོག་གསལ། །ཤེས་པ་རྣམས་ཀྱི་དྭངས་མ་ལས། །འདི་ནི་གློ་བའི་སྟེང་ནས་འབྱུང་། །འདི་ཀུན་སྤྱི་དབྱིབས་ཟླུམ་ལ་འདྲིལ། །ཀུན་གྱི་གཏིང་གསལ་ཁ་དོག་ལྔ། །

p. 815

ཞེས་སོ། །ཞི་བའི་གདུང་གིས་རང་སྣང་ངེས་པའི་རིགས་ཀྱི་སར་གྲོལ་ལ། ཁྲོ་བོའི་གདུང་གིས། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། མངོན་བྱང་དོན་ཡོད་ཀྱི་སྐུ། མི་འགྱུར་རྡོ་རྗེའི་སྐུ་འཐོབ་སྟེ། རང་ཤར་ལས། ཤ་རཱི་རཾ་གྱིས་སྐྱེ་མེད་འཐོབ། །ཆུ་རཱི་རཾ་གྱིས་དོན་ཡོད་དོ། །བ་རཱི་རཾ་གྱིས་ལོངས་སྐུ་འཐོབ། །ཉ་རཱི་རཾ་གྱིས་སྤྲུལ་སྐུ་འཐོབ། །པཉྩ་རཾ་གྱིས་རྡོ་རྗེ་ཉིད། །ཅེས་སོ། །གསུམ་པ་གདུང་དང་རིང་བསྲེལ་གྱི་ཁྱད་པར་གྱིས་དོན་བསྡུ་བ་ནི། གདུང་དང་འདྲ་བའི་རིང་བསྲེལ་ཞེས་བྱ་བ། དབྱིབས་ཟླུམ་ཞིང་ཁ་དོག་ལྔ་གང་རུང་དུ་འདུག་པ་སྟེ། རིང་བསྲེལ་གྱི་རྒྱུ་དྭངས་མ་དཀར་དམར་དང་ཤ་རུས་དང་དྲོད་དབུགས་ཀྱི་དྭངས་མ་འདྲིལ་བ་ལས་བྱུང་ལ། གདུང་ནི་དྭངས་མའི་ཤིན་ཏུ་དྭངས་མ་ལས་བྱུང་བའོ། །སྐྱེད་པའི་གནས་དང་འབྱུང་བའི་གནས་ལུས་ཀྱི་ཚིགས་དང་ཤ་ལྤགས་བར་ནས་འབྱུང་ཞིང་བསྐྱེད་ལ། སྨིན་པའི་གནས་ནི་རུས་པ་དང་ཤ་དང་པགས་པ་ཐམས་ཅད་ན་ཡོད་པས་ད་གཟོད་དེ་དག་ཐམས་ཅད་ལས་འབྱུང་ངོ་། །དེའང་ཤ་དང་པགས་པ་དང་རུས་པ་ལས་འབྱུང་བ་དང་། ཁྲག་དང་ཆུ་སེར་དང་དྭངས་མ་ལས་འབྱུང་བ་དང་། དྲོད་ལས་འབྱུང་བ་དང་། དབུགས་ལས་འབྱུང་བ་སྟེ། རིགས་བཞི་ལ་ཁ་དོག་ཀྱང་དཀར་པོ་དང་། དམར་སེར་དང་། དམར་པོ་དང་། ལྗང་མཐིང་སྟེ་ལྔར་འབྱུང་བའོ། །འདིའི་འབྲས་བུ་ནི་རང་བཞིན་སྤྲུལ་སྐུར་དབུགས་འབྱིན་པའོ། །དེའང་སྙིང་ཏིག་བསྒོམ་པའི་སྐལ་ལྡན་ལ་བྱུང་ན་དེ་ཡིན་ལ། གཞན་ཀུན་མ་ངེས་ཏེ། ལ་ལ་མཐོ་རིས་སུ་སྐྱེ། ལ་ལ་ངན་སོང་དུ་སྐྱེ་བ་ལ་སོགས་པ་སྟེ། འགྲོ་བ་ཕལ་པ་དང་། བྱ་དང་ཁྱི་ལ་སོགས་པ་དང་། སྡིག་ཅན་དང་། དགེ་བའི་བཤེས་གཉེན་ཡིད་དཔྱོད་མཁན་རྣམས་ལ་ཡང་འབྱུང་བའི་ཕྱིར་རོ། །གདུང་ནི་འབྱུང་བའི་གནོད་པས་མི་ཤིགས་པས་ལྕགས་ཀྱི་གཏུན་དུ་ཐོ་བས་བརྡུངས་ཀྱང་མི་འཇིག་ལ། རིང་བསྲེལ་ནི་འཇིག་སྟེ། བསྲེགས་ཐལ་ན་ཡང་འཚིག་པས་རིང་བསྲེལ་མི་འབྱུང་བ་ཡིན་ལ། རིང་བསྲེལ་རེ་བའི་རོ་བསྲེག་དུས་ཧ་ཅང་མ་ཚིག་པ་གལ་ཆེའོ། །དེ་དག་

p. 816

ཀྱང་སྐུ་གདུང་འབར་བ་ལས། འདི་དང་ཡང་ནི་འདྲ་བ་ཡི། །རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་པར་ནུས། །འདིས་ནི་སྤྲུལ་པའི་ཞིང་ཁམས་སོ། །ཞེས་པ་དང་། རིང་བསྲེལ་ཉིད་ནི་ཚིགས་བར་རམ། །ཡང་ན་ཤ་དང་པགས་པའི་བར། །འདི་ཀུན་ལས་ནི་བསྐྱེད་ཅིང་འབྱུང་། །ཞེས་སོ། །དེ་ལ་སྐྱེ་བོ་ཕལ་པ་དང་། སངས་རྒྱས་ཀྱི་རིང་བསྲེལ་ནི། རབ་ཏུ་དྭངས་མི་དྭངས་དང་འོད་ལྔ་ཡོད་མེད་དང་། བྱང་ཆུབ་ཤིང་དང་དེའི་ལོ་མས་ཤེས་སོ། །གསུམ་པ་འོད་ལ་ངོ་བོ། རྒྱུ། དབྱེ་བ། གྲོལ་ཚད་ཀྱི་འབྲས་བུ་དང་བཞི་ལས། འོད་ཀྱི་ངོ་བོ་ནི། ཁ་དོག་ལྔ་རང་གསལ་བའོ། །རྒྱུ་ནི་འབྱུང་བ་དྭངས་པ་དང་། རིག་པ་གོམས་པའི་རང་གདངས་གཉིས་འཛོམ་པ་ལས་འདས་དུས་འབྱུང་བའོ། །དབྱེ་ན་སྐབས་ཀྱིས་གྱེན་འགྲེང་། རྩིབས་ཤར། མུ་ཁྱུད་གསུམ་མོ། །ཡང་ན་སྐས་ཀྱི་ཚུལ་གནམ་འཐེན་དུ་ཟུག་པ་དང་། ནམ་མཁའི་དཀྱིལ་དུ་ཕེབས་པར་འོད་ཁྱིམ་དུ་སྣང་བའོ། །འབྲས་བུ་ནི་མུ་ཁྱུད་དུ་བྱུང་ན་བར་དོ་དང་པོ་གྲོལ་བའོ། །གྱེན་འགྲེང་གནམ་འཐེན་ལྟར་བྱུང་ན་ཀ་དག་ལ་ཟང་ཐལ་བས་ཆོས་ཉིད་ཀྱི་བར་དོ་མེད་པར་གྲོལ་ལོ། །རྩིབས་ཤར་ལ་བར་དོ་ཐ་མའི་ཚེ་གྲོལ་ལོ། །འོད་སྐས་ལྟར་སྐྱེས་བུ་དེ་འདས་པའི་ལུས་སམ་ཁང་པའམ། བསྲེགས་ཁང་ཁོར་ཡུག་ལ་ཟུག་ན། བསམ་གཏན་གྱི་ཞག་བདུན་ན་ཡེ་ཤེས་བཞི་སྦྱོར་ལ་གྲོལ་ལོ། །འོད་ཁྱིམ་ལྟར་བྱུང་ན། ཚོམ་བུའི་སྣང་བ་ལ་ཞག་ལྔ་ན་གྲོལ་བའོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང་། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་ལྟར་བྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ། མངོན་པར་རྫོགས་པར་སངས་རྒྱས་པའོ། །འོད་སྐས་ལྟར་བྱུང་བ་དེ་ནི་ཞག་བདུན་ན་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་པ་དང་། སྐུ་གདུང་འབར་བ་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། །གང་གི་ཤུལ་ལ་བྱུང་བ་ན། །འདི་ནི་

p. 817

བར་དོ་དང་པོ་ལ། །ངེས་པ་ཡི་ནི་འབྲས་བུ་འཐོབ། །གལ་ཏེ་གྱེན་ལ་འགྲེང་བ་ནི། །འདི་ནི་བར་དོ་མི་སྣང་བར། །སྐད་ཅིག་ལས་ནི་སངས་རྒྱས་སོ། །འོད་ནི་རྩིབས་ལས་སྣང་འགྱུར་ན། །འདི་ནི་བར་དོ་ཐ་མ་ལ། །མངོན་པར་བྱང་ཆུབ་ཉིད་རྙེད་དོ། །ཞེས་སོ། །དེའང་ལྷུན་གྲུབ་སྣང་ན་སྤྲུལ་པ་འགྱེད་ལ། དེའི་ངང་ནས་འཇིག་རྟེན་ཕྱོགས་བཅུར་ཡང་སེམས་ཅན་གྱི་དོན་ལ་སྤྲུལ་པ་ཕྱིར་འཕྲོ་བས། རང་སྣང་གཟུགས་བརྙན་གྱི་འགྲོ་དྲུག་དང་། གཞན་སྣང་རང་མཚན་གྱི་འགྲོ་དྲུག་གཉིས་ཀྱི་གདུལ་ཞིང་དུ། སྤྲུལ་པ་གཉིས་ཀྱིས་དོན་མཛད་པར་ཡང་། དེ་ཉིད་ལས། དེ་ལྟར་འོད་ཀྱི་དཀྱིལ་འཁོར་དུ། །གང་ཞིག་བྱང་ཆུབ་རྙེད་པའི་མི། །འདི་ནི་སྐལ་ལྡན་སེམས་ཆེན་གྱིས། །སྤྲུལ་པ་ཡིས་ནི་ཕྱོགས་བཅུ་རུ། །སེམས་ཅན་དོན་ཀྱང་རང་བཞིན་དུ། །འདི་ཡིས་བྱེད་དོ་མཁའ་འགྲོ་མ། །ཞེས་སོ། །བཞི་པ་སྒྲ་ལ། ངོ་བོ། དབྱེ་བ། རྒྱུ། འབྲས་བུའི་ཚད་དང་བཞི་ལས། སྒྲའི་ངོ་བོ་རྣ་བའི་དབང་པོ་ལ་གྲག་པའོ། །དབྱེ་ན་སྙན་མི་སྙན་བར་མ་ལ་སོགས་པ་ཡོད་ཀྱང་། སྐབས་འདིར་དལ་ལ་རྒྱུན་རིང་བ་ཞི་བའི་རྔ་སྒྲ་དང་། དྲག་ལ་ཡུན་ཐུང་བ་ཁྲོ་བོའི་འབྲུག་སྒྲ་གཉིས་ཏེ་འུར་བ་དང་ཐུག་པ་ཞེས་བྱའོ། །རྒྱུ་ནི་སྤྱིའི་རྒྱུ་ནམ་མཁའི་གསེང་ལ་གཉིས་འཐབས་པའི་རྐྱེན་ལས་བྱུང་ལ། འདིར་བརྟན་པ་ཐོབ་པའི་རྒྱུས་བྱུང་བའོ། །འབྲས་བུ་ནི། ལོངས་སྐུ་དང་། དེ་ལས་སྤྲུལ་སྐུ་འཕྲོ་བ་ཐོབ་པའོ། །དེའང་དལ་ལ་རྒྱུན་རིང་བའི་འུར་བས་ཞི་བའི་སྐུ་ལ་བསམ་གཏན་གྱི་ཞག་བདུན་ན་བརྟན་པ་ཐོབ་ལ། འུར་ཐུག་བརྩེགས་མ་དྲག་ལ་ཡུན་ཐུང་བས་ཁྲོ་བོའི་སྐུ་ལ་གྲོལ་བའོ། །དེ་གཉིས་ཀྱང་རིགས་ལྔར་ཡོད་ལ། རིགས་ལྔ་གང་དུ་གྲོལ་བའི་མཚན་མ་བརྟག་པ་ནི། རྣལ་འབྱོར་པ་འདས་པའི་གནས་སམ། རོ་བསྐྱལ་སྦྱངས་ཀྱིས་དེའི་ཤར་དུ་གྲག་ན་རྡོ་རྗེ་རིགས། ལྷོར་རིན་ཆེན་རིགས། ནུབ་ཏུ་པདྨ་རིགས། བྱང་དུ་ལས་ཀྱི་རིགས། སྟེང་དུ་བྱུང་ན་དེ་བཞིན་གཤེགས་པའི་རིགས་ཀྱི་སངས་རྒྱས་འགྲུབ་པ་སྟེ། སྐུ་གདུང་འབར་བ་ལས། གང་དུ་འདས་

p. 818

པའི་གནས་ཁང་གི། ཤར་གྱི་ཕྱོགས་ནས་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲག་པ་ན། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང་། །སྒྲས་ནི་རིན་ཆེན་རིགས་སུ་སྣང་། །ནུབ་ཏུ་པདྨ་དེ་བཞིན་ནོ། །བྱང་དུ་ལས་ཀྱི་རིགས་སུ་འགྱུར། །དེ་བཞིན་སྟེང་དུ་དེ་བཞིན་གཤེགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་དང་། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །དེ་ལྟར་སྒྲ་དང་ལྡན་གྱུར་ན། །འདི་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །དེ་ཀུན་ལོངས་སྐུའི་ཚད་དང་མཉམ། །འདི་ལྟར་ལོངས་སྤྱོད་རྫོགས་ནས་ཀྱང་། །སྤྲུལ་པའི་སྐུ་ཡང་འབྱིན་པར་ནུས། །ནུས་དང་མཐུན་འཇུག་ཐབས་ཀྱིས་ནི། །འདི་ཡི་ས་ལ་མཐར་ཕྱིན་པའོ། །ཞེས་པ་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྒྲ་ལ་ཡང་གཉིས་ཏེ། འུར་གྱིས་བྱུང་ན་ཞག་བདུན་ན་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་སོ། །ལྔ་པ་ས་གཡོ་བ་ལ་ངོ་བོ། རྒྱུ། དབྱེ་བ། འབྲས་བུ་བཞི་ལས། ངོ་བོ་ནི་སྣོད་ཀྱི་འོག་གཞི་སྐྱེ་འགྲོ་བརྟེན་ཞིང་འདེགས་པའོ། །རྒྱུ་ནི་སྐྱེས་བུ་དེའི་ནུས་པས་རླུང་བསྐུལ་ཏེ་གཡོ་བའོ། །དབྱེ་ན་གཡོ་བ་རབ་ཏུ་གཡོ་བ། ཆེར་གཡོ་བ། ཀུན་ཏུ་རབ་ཏུ་གཡོ་བ་དང་བཞིའོ། །འབྲས་བུ་ནི། སྐྱེས་བུ་ཐུན་མོང་བ་བྱང་ཆུབ་སེམས་དཔའི་རིགས་ལ་སོགས་པ་རྣམས་དང་། འདིའི་སྒོ་མ་མཐོང་ཡང་སྔོན་འགྲོ་སྦྱོང་འཕྲོ་ལ་ཤི་བའམ། དམིགས་པ་ཡུལ་གྱི་བློ་ཅན་འགའ་ཞིག་གམ། བཏགས་གྲོལ་བཏགས་པའི་གང་ཟག་ཕལ་པ་དག་ལམ་ལ་མོས་པ་དང་བརྩོན་པ་བྱེད་པ་ལས་ཚེ་འཕོས་པ་རྣམས་ཀྱི་རྟགས་ཏེ། དེའང་དབུགས་དང་བྲལ་མ་ཐག་ས་གཡོས་དབུས་སུ་བྱུང་ན་ཉན་ཐོས་འཕགས་པའི་ས་དཀར་པོ་རྣམ་པར་མཐོང་བ་ཐོབ་ནས་ཕྱི་མ་བདུན་སྦྱོང་བ་ལ་གནས་སོ། །དེའང་རིགས་དང་། བརྒྱད་པ་དང་། མཐོང་བ་དང་། སྲབ་པ་དང་། བྱས་པ་རྟོགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་

p. 819

སྟེ་དམན་པའི་ས་བརྒྱད་དོ། །ཤི་ནས་ཞག་གསུམ་ན་ཤར་ཕྱོགས་ནས་གཡོས་ན་རང་སངས་རྒྱས་ཀྱི་ས་ཐོབ་བོ། །འདི་ལ་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པའི་ས་དང་བཞིའོ། །ཤི་ནས་ཞག་དྲུག་ན་ལྷོར་གཡོས་ན་བྱང་ཆུབ་སེམས་དཔའི་སའོ། །འདི་ལ་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་དང་། རིང་དུ་སོང་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཏེ་རྒྱུའི་ས་བཅུ། ཀུན་ཏུ་འོད་འབྲས་བུའི་ས་དང་བཅུ་གཅིག་གོ། ཤི་ནས་ཞག་དགུ་ན་སྟེང་ནས་སྒྲ་ཅུང་ཟད་དང་མཉམ་དུ་གཡོས་ན་རིག་པ་འཛིན་པའི་ས་ཐོབ་བོ། །འདི་ལ་རྣམ་པར་སྨིན་པའི་ས་དང་། ཚེ་ལ་དབང་བའི་ས་དང་། ཕྱག་རྒྱ་ཆེན་པོའི་ས་དང་། ལྷུན་གྱིས་གྲུབ་པའི་ས་དང་བཞིའོ། །དེའང་གང་ཟག་དེ་དག་གིས་མྱུར་དུ་འབྲས་བུ་མི་ཐོབ་པས། རང་རང་གི་ས་དེ་དག་གི་དང་པོ་ཐོབ་ནས་ཡོངས་སུ་རྫོགས་པར་སྦྱོང་བའི་བར་ལ་ཡུན་རིང་དུ་གནས་པར་གསུངས་ཏེ། སྐུ་གདུང་འབར་བ་ལས། ས་ནི་གཡོ་བའི་སྐྱེས་བུ་དེའི། །དབུགས་དང་བྲལ་བའི་ཚེ་གཡོས་ན། །འདིས་ནི་ཉན་ཐོས་ས་ཐོབ་བོ། །དེ་བཞིན་ཞག་ནི་གསུམ་ན་ཡང་། །དེ་ཉིད་ས་ནི་གཡོས་བྱུང་ན། །འདིས་ནི་རང་སངས་རྒྱས་ཀྱི་ས། །ཞག་ནི་དྲུག་ན་བྱུང་བ་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ས་ལ་འཇུག་གོ་མཁའ་འགྲོ་མ། །གལ་ཏེ་ཞག་ནི་དགུ་ན་ཡང་། །ས་ནི་གཡོས་པར་གྱུར་ན་ནི། །འདིས་ནི་རིག་པ་འཛིན་པ་ཡི། །ས་ལ་ཅི་དགར་སྤྱོད་པར་ནུས། །ས་ནི་གཡོས་པའི་སྐལ་ལྡན་ལ། །སངས་རྒྱས་འབྲས་བུ་མི་སྣང་སྟེ། །དེ་བཞིན་ས་དང་ལམ་རྣམས་ལ། །ཡུན་དུ་སྦྱོང་ཞིང་གནས་པའོ། །ཞེས་སོ། །དེ་ཡང་ཐེག་པའི་སྒོ་དང་འཇུག་ལམ་སོ་སོ་ཡིན་པར་མ་གོ་བར། དེང་སང་ཐོས་པ་ཆུང་བ་དག་རྒྱུ་མཚན་ཉིད་ཁོ་ནའི་ས་ལམ་གྱིས་ཐམས་ཅད་ལ་འཇལ་བ་ནི། ཁུར་ཐོགས་པའི་བར་ཞག་གིས་ལྷ་ས་ལྟ་བུ་བགྲོད་པའི་བར་ཞག་དེས་དེར་འགྲོ་ཚད་ཀྱི་

p. 820

སྐྱེ་བོ་ལ་རྩིས་འདེབས་པ་དང་འདྲ་ཡང་། ཐམས་ཅད་མཚོན་མི་ནུས་ཏེ། རྟ་པ་དང་། རྐང་མགྱོགས་པ་དང་། བྱ་ལ་སོགས་པ་ཁུར་པོ་བས་ཡུན་རིང་པོ་ཞག་ས་བྱེད་པ་ཆོད་ལ། བུལ་ན་རིང་དུ་ཐོགས་པ་ཡོད་པས་མ་ངེས་པ་ལྟར། ལམ་སོ་སོའི་ཐབས་དང་ཤེས་རབ་ཀྱི་བྱེད་པ་ཡང་དེ་དང་འདྲ་བར་མཁས་པ་ཤེས་རབ་ཅན་གྱིས་ཁོང་དུ་ཆུད་པར་རྟོགས་པར་བྱའོ། །དོན་གཉིས་པ་འགྲོ་དྲུག་འཁྲུལ་པས་སྐྱེ་བ་ལེན་པའི་རྟགས་ལ་གཉིས་ཏེ། སྤྱིའི་རྣམ་པར་གཞག་པ་དང་། རྟགས་དངོས་བསྟན་པའོ། །དང་པོ་ནི། འདི་ལྟར་སེམས་ཅན་ཐམས་ཅད་ལ། འགྲོ་བའི་ལམ་གཉིས། འབྲས་བུ་གཉིས་ཏེ་བཞི་ལས། ལམ་ནི་ཆོས་ཉིད་ཀྱི་བར་མ་དོ་དང་། སྲིད་པའི་བར་མ་དོ་གཉིས་མ་ཡིན་པའི་ལམ་ཡོད་མི་སྲིད། འབྲས་བུ་ལ་སངས་རྒྱས་དང་སེམས་ཅན་རང་དུ་ལྡོག་པ་གཉིས་ལས་འགྲོ་ས་མེད་དོ། །སངས་རྒྱས་སུ་འགྲོ་བ་ལ་ལམ་ལྔ་སྟེ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ། མཐར་ཕྱིན་པའི་ལམ་དང་ལྔའོ། །སེམས་ཅན་དུ་འཁྲུལ་པའི་ལམ་ཡང་རྒྱུད་ལྔ་སྟེ། རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་ཀྱི་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་མོ། །འབྲས་བུ་ལས་ཁྱད་པར་དུ་སངས་རྒྱས་ནི་ཡེ་ཇི་བཞིན་པའི་སངས་རྒྱས་ཀྱི་འབྲས་བུ་དང་། རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཀྱི་འབྲས་བུའོ། །སེམས་ཅན་གྱི་འབྲས་བུ་ནི་དམྱལ་བ། ཡི་དྭགས། བྱོལ་སོང་། མི། ལྷ། ལྷ་མིན་དྲུག་ལས་འགྲོ་ས་མེད་དོ། །གཉིས་པ་རྟགས་དངོས་ལ་དྲུག་ལས། དང་པོ་དམྱལ་བར་སྐྱེ་བའི་རྟགས་ནི། ཤི་བའི་དུས་དེར་ནམ་མཁའ་སྤྲིན་ནག་པོས་འཁྲིགས་ཏེ། མུན་བསྲོས་པ་བཞིན་སོང་ལ། ཆར་དང་། ཁུ་རླངས་དང་། རླུང་ཆེན་པོ་དང་། སེར་བ་དང་། བུ་ཡུག་འཚུབས་ན་ཚ་བའི་དམྱལ་བ་བརྒྱད་དང་། གྲང་བ་བརྒྱད་དང་། ཉི་ཚེ་བ་དང་། ཉེ་འཁོར་བ་དང་། སེམས་ཅན་དམྱལ་བ་མནར་མེད་དང་། རྡོ་རྗེ་དམྱལ་བ་དང་བདུན་དུ་སྐྱེའོ། །དེ་ལ་ཕྱི་

p. 821

མ་འདི་གཉིས་ཚ་དམྱལ་བརྒྱད་ཀྱི་ཁོངས་སུ་གཏོགས་ཀྱང་ཚེ་རིང་བ་དང་། སྡུག་བསྔལ་ཆེ་བས་ཁྱད་པར་དུ་བྱས་ཏེ་ལོགས་སུ་བགྲངས་སོ། །དེའང་མཚམས་མེད་ལ་སོགས་པའི་ལས་ཀྱིས་ཚ་དམྱལ་ཐ་མ་དེར་སྐྱེས་པ་ཀུན་གྱི་ཚེ་བར་བསྐལ་གཅིག་ཡིན་ཡང་། ཆོས་སྤངས་པའི་ལས་ཅན་དེ་དེ་བས་ཀྱང་བྱེ་བ་བརྒྱ་སྟོང་གིས་རིང་དུ་གནས་པས་སེམས་ཅན་དམྱལ་བ་མནར་མེད་ཅེས་བཤད་དེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཆོས་སྤངས་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཅན་དུ་སྐྱེས་ཏེ་སྡུག་བསྔལ་མི་བཟད་པ་མྱོང་བ་ལས། དེར་ཡང་མེའི་སྡུད་པའི་བསྐལ་པ་ཆེན་པོ་བྱུང་བ་ན། ཤར་ཕྱོགས་ཀྱི་འཇིག་རྟེན་ན་སེམས་ཅན་དམྱལ་བ་ཆེན་པོ་ཡོད་པའི་གནས་ག་ལ་བ་དེར་སྐྱེས་ཏེ། དེར་ཡང་མེའི་བསྐལ་པ་ཆེན་པོ་བྱུང་བ་ན་ཞེས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་བར་དུ་གསུངས་སོ། །དེ་བས་གསང་སྔགས་ཀྱི་སྒོར་ཞུགས་ནས་རྡོ་རྗེ་བླ་མ་ལ་དམ་ཚིག་ཆེན་པོ་ཉམས་པ་དེ་ཚེ་རིང་ཞིང་སྡུག་བསྔལ་ཆེ་བ་སྟེ། དམ་ཚིག་མཆོག་ཏུ་བཀོད་པ་སྡོང་པོའི་རྒྱུད་ལས། གང་གིས་རྡོ་རྗེ་བླ་མ་ལ། །ངན་སེམས་ལྡན་པས་སུན་ཕྱུང་སྟེ། །དམ་ལས་ཉམས་པ་ཆེན་པོ་དག །ཇི་སྲིད་རྒྱ་མཚོ་ཆེན་པོ་ལས། །སྐྲ་ཡི་ཉག་མ་རེ་རེ་ཡིས། །ཆུ་དེ་གཏོར་བས་ཟད་གྱུར་པ། །བསྐལ་པ་རྒྱ་མཚོ་དེ་སྙེད་དུ། །གནས་པར་འགྱུར་བ་གང་ཡིན་པ། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཅེས་སོ། །གཉིས་པ་ཡི་དྭགས་སུ་སྐྱེ་བའི་རྟགས་ནི། ཤི་བའི་དུས་ན་ནམ་མཁའ་མི་གསལ་བ་ལ་འོད་སེར་པོ་ཡལ་བ་ནུབ་ཀའི་སྣང་བ་ལྟ་བུ་དང་། ཉི་ཟླ་ཤི་བ་དང་། སྤྲིན་སེར་པོས་ཉི་ཟླ་མི་སྣང་བ་དང་། ཆར་བབ་པའི་རྗེས་གྲང་བ་དང་། དེའི་སྲོད་ལ་ཆར་བབ་པ་སྟེ། འདི་དག་ནི་ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། གློ་བུར་བའི་སྒྲིབ་པ་ཅན་དང་། བྱེ་བྲག་པའི་སྒྲིབ་པ་ཅན་དང་། ཕྱིན་ཅི་ལོག་ཏུ་སོང་བའི་སྒྲིབ་པ་ཅན་དང་། ལས་དང་ལས་ཀྱི་རྣམ་གྲངས་པའི་སྒྲིབ་པ་ཅན་དང་།

p. 822

ལོངས་སྤྱོད་སྣང་བ་དབང་དུ་མ་གྱུར་པའི་སྒྲིབ་པ་ཅན་དང་དེ་རྣམས་སུ་སྐྱེ་བའོ། །གསུམ་པ་དུད་འགྲོའི་རྟགས་ནི། ཚེ་འཕོས་པའི་དུས་སུ་ནམ་རྨུགས་ཤིང་བག་དྲོ་ལ་སྣུམ་མེད་ཅིང་སྤྲིན་ནག་པོས་འཁྲིགས་པ་དང་། ན་བུན་ལང་ལོང་གིས་རྨུགས་པའམ། དུ་བའི་རྣམ་པས་ལུང་པ་སྔོ་སངས་ཏེ་སོང་བ་དང་། རྨུགས་ཤིང་ཉམས་མི་དགའ་བའི་ནམ་མཁའ་བྱུང་ན་བྱོལ་སོང་རྐང་མངས་དང་། རྐང་མེད་དང་། རྐང་བཞི་པ་དང་། འདབ་ཆགས་དང་། སྡེར་ཆགས་ལ་སོགས་པར་སྐྱེ་བའོ། །བཞི་པ་ལྷ་མ་ཡིན་དུ་སྐྱེ་བའི་རྟགས་ནི། ཤི་བའི་དུས་སུ་རླུང་དྲག་པོ་ཕྱོགས་ཀུན་ནས་ལྡང་བ་དང་། སྤྲིན་ཁམས་ནག་སྲོག་ཆགས་འཇིགས་པའི་གཟུགས་འདྲ་བ་འབྱུང་བ་དང་། སྤྲིན་རྣམས་རབ་ཏུ་འཁྲུག་ཅིང་འབྲུག་དྲག་པོ་གློག་གི་ཕྲེང་བ་འཁྱུག་པས་ང་རོ་སྒྲོགས་པ་དང་། ཉི་ཟླའི་འོད་སྤྲིན་གྱིས་མི་སྣང་བར་བསྒྲིབས་པ་སྟེ། ལྷ་མ་ཡིན་ཟུར་ཕུད་ལྔ་པ་དང་། གདོང་དྲུག་པ་དང་། ལག་རིངས་དང་། ལྟོ་འཕྱེ་ཆེན་པོ་དང་། ནམ་མཁའ་ལྡིང་རལ་པ་ཅན་ལྔའི་སྐྱེ་བ་ལེན་པའོ། །ལྔ་པ་ལྷར་སྐྱེ་བའི་རྟགས་ནི། དབུགས་དང་བྲལ་བའི་དུས་སུ། ནམ་མཁའ་དྭངས་ལ་ཉི་ཟླ་གསལ་ཞིང་རླུང་སེར་བུ་མེད་པ་ལ་ཕྱོགས་རྣམས་མདངས་བཟང་ཞིང་རབ་ཏུ་དགའ་བར་མཐོང་བ། འདི་ནི་འདོད་པའི་ལྷ་རིགས་དྲུག་དང་། གཙང་མ་རིས་ཀྱི་ལྷ་ལྔ་དང་། འོད་གསལ་ལ་སོགས་པའི་སྐྱེ་གནས་བཅོ་ལྔ་དང་། སྐྱེ་མཆེད་མུ་བཞིར་སྐྱེ་བ་ལེན་པའི་རྟགས་སོ། །དྲུག་པ་མིར་སྐྱེ་བའི་རྟགས་ནི། ཚེ་འདས་པའི་དུས་སུ་ནམ་མཁའ་རབ་ཏུ་གསལ་ཞིང་དྭངས་པ་ལ་སེར་བུ་མེད་པ་དང་། འཇམ་སྤྲིན་སྲབ་མོ་དར་དཀར་གྱི་སྣལ་མ་བཞིན་བརྐྱང་བ་དང་། ཉི་མ་དང་ཟླ་བ་འཇའ་འོད་ཀྱིས་འཁོར་ན། རིམ་པ་ལྟར། མི་ལུས་ཙམ་པོ་དང་། གཙང་མ་དང་། རིན་པོ་ཆེའི་སྐྱེ་གནས་སུ་སྐྱེ་བའི་རྟགས་སོ། །འདི་དག་ནི་སྤྱིའི་རྣམ་པར་གཞག་པ་སྟེ། དམིགས་ཀྱིས་བསལ་ན། ངན་པ་རླུང་དང་། སེར་བ་ལ་སོགས་པ་མི་མ་ཡིན་ཁྲོས་པས་བཏང་བའམ། སྐྱེ་བོ་གཞན་སྡིག་པ་ཅན་ཤི་བའི་རྟགས་

p. 823

ཡིན་པ་ཡང་སྲིད་ལ། བཟང་པོ་འཇའ་འོད་དང་ནམ་དྭངས་པ་ལ་སོགས་པ་སྐྱེས་བུ་དམ་པ་གཞན་དག་ས་འཕར་བ་དང་། ཏིང་ངེ་འཛིན་ཐོབ་པ་དང་། ཚེ་འཕོས་པ་ལ་སོགས་པའི་ཡིན་ཡང་སྲིད་པས། འདིར་ཁོ་རང་གི་བློ་ལ་རྟགས་དེ་འབྱུང་བའི་ནུས་པ་ཅན། གསོན་དུས་སེམས་དང་ཀུན་ཏུ་སྤྱོད་པ་བཟང་བ་ཅིག་ལ་ཤི་དུས་རྟགས་བཟང་པོ་དེ་རིགས་ལ། གསོན་དུས་ངན་པོ་ལ་རྟགས་བཟང་ཡང་གཞན་གྱི་རྟགས་འཆུགས་པ་ཡིན་ཏེ། འཇིག་རྟེན་ན་འཇའ་དོན་གཉེར་བ་དང་ཕྲད་པ་ཞེས་བྱའི། ཁོའི་རྟགས་ལས་ངན་པ་དེ་འབྱུང་བར་རིགས་ཏེ་ཕྱི་ནང་རྟེན་འབྲེལ་གཅིག་ཡིན་པའི་ཕྱིར་རོ། །འདིར་དམིགས་བསལ་མ་ཤེས་ན་སྐྱེས་བུ་དམ་པ་ལ་རྟགས་ངན་པ་དང་འདམ་པ་སྲིད་པས་སྐུར་བ་འདེབས་སུ་འོང་ལ། སྡིག་ཅན་ལ་རྟགས་བཟང་པོ་འཇའ་དོན་གཉེར་བ་དང་ཐུག་པས་རྗེས་སུ་ཡི་རང་སྐྱེས་ནས། ཁོའི་རྗེས་སུ་སློབ་པ་འབྱུང་སྲིད་པས། དེ་དག་ལྡོག་པའི་ཕྱིར་བཤད་དོ། །ཇི་སྐད་དུ་སྐུ་གདུང་འབར་བ་རྟགས་ཀྱི་རྒྱུད་ལས། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི། །ཚེ་ཡི་འདུ་བྱེད་བྱེད་པའི་ཚེ། །ནམ་མཁའ་ཡི་ནི་མཚན་ཉིད་ཀྱིས། །འདི་ཀུན་སྐྱེ་བའི་གནས་ལ་སྤྱོད། །གང་ཞིག་ཤི་བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ཁུ་རླངས་དང་། །རླུང་དང་སེར་བ་བུ་ཡུག་དང་། །འདི་ཀུན་སུ་ལ་བྱུང་བ་དེ། །དམྱལ་བ་ཡི་ནི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་ན་བུན་ལྟ་བུ་ལ། །འོད་ནི་སེར་ལ་ཉི་ཟླ་ཤི། །རླུང་དང་སེར་བུ་མེད་པ་ལ། །སེར་སླེག་ཉི་མ་མི་སྣང་དང་། །ཆར་པའམ་ཤུལ་ལམ་ཡང་ན་ནི། །དེ་ཡི་སྲོད་ལ་འབབ་པར་འགྱུར། །འདི་ལྟར་སུ་ལ་བྱུང་བ་དེ། །ཡི་དྭགས་ཀྱི་ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་རྨུགས་ཤིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་བུན་སྣང་བ་དང་། །རྨུགས་ཤིང་ཉམས་མི་དགའ་བ་ལ། །ཚེ་ཡི་འདུ་བྱེད་སུས་བྱས་པ། །འདི་ནི་བྱོལ་སོང་

p. 824

གནས་སུའོ། །ཤིན་ཏུ་དྲག་ཅིང་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས། །རབ་ཏུ་འཁྲུག་ཅིང་འགྲོ་འོང་བཅས། །འབྲུག་དང་གློག་གི་ལྕེ་འབྱིན་དང་། །ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་བྱུང་བ་དེ། །འདི་ནི་ལྷ་མིན་སྐྱེ་གནས་སོ། །ནམ་མཁའ་གསལ་ཞིང་དྭངས་པ་ལ། །ཉི་དང་ཟླ་བའི་སྣང་བ་གསལ། །རླུང་དང་སེར་བུ་ལྡང་མི་ནུས། །འདི་ནི་ལྷ་ཡི་སྐྱེ་གནས་སོ། །ཡང་ནི་ནམ་མཁའ་གསལ་གདངས་ལ། །མི་འབྱེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་སྣལ་མར་སྣང་། །ཡང་ན་ཉི་ཟླ་འོད་ཁྱིམ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །མི་ཡི་སྐྱེ་གནས་འདིས་ཐོབ་བོ། །དེ་ལྟར་རྟགས་དང་སུ་ལྡན་པ། །ངེས་པར་རིགས་དྲུག་སར་ངེས་ཡིན། །འདི་ལྟར་མ་ཡིན་འདུ་བྱེད་རྣམས། །རྟགས་མེད་ངེས་པ་མེད་པ་ཡིན། །འདི་ལྟར་རྟགས་ནི་དེ་དག་ཀུན། །ཞག་ནི་གཉིས་ནས་གསུམ་དུ་འོང་། །འདི་ཀུན་སྐྱེ་གནས་དེར་སྐྱེའི་རྟགས། །ཞེས་གསུངས་སོ། །དེའང་རྟགས་མེད་པར་ཤི་བ་རྣམས་གང་དུ་སྐྱེ་རང་གི་ལས་ཀྱིས་ཤེས་མོད། འོན་ཀྱང་འཆི་དུས་དམྱལ་བའི་མེའི་སྣང་བ་དང་། བཀྲེས་སྐོམ་འཇིགས་པའི་སྣང་བ་དང་། ཤེས་པ་རྨུགས་པའམ་དུད་འགྲོའི་ནང་ན་འདུག་པ་སྙམ་པའམ། མིའི་ཡུལ་སྔོན་མ་མཐོང་བའམ། རི་རབ་ཀྱི་ནང་དང་རྒྱ་མཚོའི་ནང་གི་ཉམས་སམ། ལྷའི་ཁང་བུའམ་སྐྱེད་མོས་ཚལ་གྱི་ནང་མཐོང་བའི་སྣང་བའམ། དཀར་སང་བ་ལྟ་བུའི་སྣང་བ་མཐོང་བ་རྣམས་འགྲོ་དྲུག་སོ་སོར་ངེས་པའི་ནང་གི་རྟགས་སུ་མདོ་ལས་བཤད་ལ། ཡང་རྒྱུད་སྡེ་ལས། དྲོད་རྐང་མཐིལ་དང་། ཆུ་སོ་དང་། ལྟེ་བ་དང་། མགྲིན་པ་དང་། སྨིན་དབྲག་དང་། སྤྱི་བོ་ནས་ཡལ་བ་ལ་འགྲོ་བ་དྲུག་གི་སྐྱེ་གནས་ལེན་པའི་རྟགས་སུ་གསུངས་སོ། །རྟགས་བྱུང་བ་དག་ཀྱང་རང་གི་སེམས་དང་མཐུན་པར་སྣང་བ་ཡིན་ན་སྐྱེ་གནས་དྲུག་སོ་སོའི་རྟགས་སུ་ངེས་པར་ཤེས་པར་བྱའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། དུས་གསུམ་རྟགས་ཀྱི་རྣམ་གྲངས་ངེས་པ་གཏན་ལ་ཕབ་པ་སྟེ་རིམ་ཁང་ཉི་ཤུ་རྩ་གཉིས་པའོ།། །།

རིམ་ཁང་ཉེར་གསུམ་པ། རང་སྣང་བར་དོའི་འཆར་ཚུལ་བསྟན་པ།

p. 825

དེ་ལྟར་གདམས་པ་སྤྱིའི་གནས་དང་བརྩོན་པ་དང་དབང་པོ་རབ་རྣམས་ཚེ་འདིར་གྲོལ་བའི་ཐབས་རྟགས་ཀྱི་རིམ་པ་དང་བཅས་པ་བསྟན་ནས། ད་ནི་འབྲིང་རྣམས་བར་དོར་མངོན་པར་རྫོགས་པར་སངས་རྒྱ་བའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ལ་གཉིས་ཏེ། བར་དོ་སྤྱིའི་རྣམ་པར་གཞག་པ་དང་། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལ་བར་དོའི་ངོ་བོ། ངེས་ཚིག །དབྱེ་བ། སྣང་ལུགས། ས་མཚམས་དང་ལྔ་ལས། དང་པོ་ངོ་བོ་ནི། ཕྱི་ཡུལ་གྱི་ཆོས་ནང་གི་བློ་ལ་སྣང་བའི་གནས་སྐབས་སོ། །དེའང་ནང་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཏེ། གཞི་སྣང་སྐུ་དང་ཡེ་ཤེས་སུ་སྣང་བའི་རང་གདངས་གཟུགས་སྐུ་གཉིས་ཀྱིས་མཛད་པ་འཆར་བའི་རང་ངོའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་ཡིན་ལ། འཁྲུལ་སྣང་འགྲོ་དྲུག་གི་ཆོས་སོ་ཅོག་མ་དག་པ་འཁྲུལ་པའི་བར་དོ་ཡིན་ནོ། །དག་མ་དག་གི་ཆོས་དེ་གཉིས་གང་གི་བར་ན་ཡོད་ན། ཀ་དག་གི་དབྱིངས་ནས་ཕྱིར་བསྐྱོད་པས་སླར་ཀ་དག་ཏུ་ནུབ་དགོས་པའི་ཕྱིར་གཤིས་ཀ་དག་གི་བར་ན་ཡོད་པའོ། །དང་པོ་ཡང་དེ་ནས་བྱུང་། ད་ལྟ་ཡང་དེའི་འཆར་ཚུལ་གྱི་ཕྱི་ནངགི་ངང་ན་གནས། ཐ་མ་ཡང་དེའི་ངང་དུ་སྐྱེལ་དགོས་པའི་ཕྱིར་རོ། །ཀ་དག་གི་དབྱིངས་ལ་བར་དོ་མེད་དེ། དེ་ཉིད་ཆོས་གཞན་སྔ་ཕྱི་ལ་མི་ལྟོས་ཤིང་གང་གིའང་བར་ན་འཇུག་པ་མི་སྲིད་དེ། འཕོ་འགྱུར་དང་སྣང་སྟོང་གི་མཐའ་ལས་འདས་པའི་ཕྱིར་རོ། །ཐལ་འགྱུར་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་གཞི་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །ཞེས་སོ། །གནད་འདི་ཡང་ཤེས་རབ་ཡོད་ན་ཆིངས་རླབས་པོ་ཆེའོ། །གཉིས་པ་ངེས་ཚིག་ནི། བར་ཞེས་པ་གོང་འོག་སྔ་ཕྱི་གང་རུང་གི་དབུས་ཀྱི་ཆོས་ཡིན་བའི་ཆ་ནས་བརྗོད་དེ་དཔེར་ན་རྨི་ལམ་བར་དོ་གཉིད་དུ་འགྲོ་ཁ་དང་སད་པ་གཉིས་ཀྱི་བར་ན་ཡོད་པ་བཞིན་ནོ། །མ་ཞེས་པ་དབུས་མཚོན་པའོ། །

p. 826

དོ་ཞེས་པ་ཐོག་མཐའ་གཉིས་ཟུང་དུ་འཇུག་པའི་སྦྲེལ་ཐག་ལྟ་བུར་དབུས་སུ་གནས་ཏེ་དོ་ཡའི་དབུས་ཀྱི་སྦྲེལ་ཐག་བཞིན་ནོ། །གསུམ་པ་དབྱེ་ན་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། ཐེག་པ་ཐུན་མོང་བ་ཁ་ཅིག་ནས། སྐྱེ་ཤི་བར་དོ་དང་། རྨི་ལམ་བར་དོ་དང་། ཆོས་ཉིད་བར་དོ་དང་། སྲིད་པ་བར་དོ་ལ་སོགས་པ་འདོད་ཀྱང་། ཐུན་མོང་མ་ཡིན་པའི་ཐེག་པ་གསང་བ་རྒྱལ་པོ་འདིར། རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་དང་བཞིར་བཞེད་དེ། ཐལ་འགྱུར་ལས། བར་དོའི་ཆོས་ཉིད་འདི་ལྟ་བུ། །རབ་ཏུ་གསང་བའི་ཆོས་ཉིད་བཤད། །དབྱེ་ན་རྣམ་པ་བཞི་དག་ལས། །ཞེས་སོ། །བཞི་པ་སྣང་ལུགས་ལ་གཉིས་ལས། དང་པོ་སྤྱིར་བསྟན་པ་ནི། ཁམས་གསུམ་སྤྱི་ཚན་ལ་སྣང་བ་ནི། གཟུང་འཛིན་ཆགས་སྡང་ཉོན་མོངས་རྣམས་མངོན་གྱུར་དུ་འདོད་པ་དང་། ཕྲ་བ་གཟུགས་གཟུགས་མེད་དོ། །འགྲོ་དྲུག་སོ་སོ་ལ་སྣང་བ་ནི། རྒྱུ་ཆུ་གཅིག་པུ་ལ་ལྷས་བདུད་རྩི་ལ་སོགས་པ་སྟེ། བདེན་གཉིས་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པ་ཉིད་དུ་མཐོང་། །ཞེས་སོ། །གང་ཟག་སྒོ་ཚན་ལ་ལྷ་སྦྱིན་གཅིག་ལ་དགྲ་གཉེན་དུ་མར་སྣང་བ་དང་། བདེ་སྡུག་དང་འཁྲུལ་མ་འཁྲུལ་དང་། ཆགས་སྡང་དང་། བཟང་ངན་དང་། ཆོས་དང་ལྡན་མི་ལྡན་ལ་སོགས་པ་སྣང་ཚུལ་དུ་མ་ལས། ཕྱི་མའི་ལས་བཟང་ངན་གྱིས་རྒྱུ་འབྲས་ཐ་དད་ལ་སྤྱོད་པ་རྣམས་སོ། །མདོར་ན་སུ་ལ་ཅི་སྣང་ཡང་མདང་གི་རྨི་ལམ་བཟང་ངན་སྣ་ཚོགས་ལྟར་སྣང་བ་སྟེ། སྣང་ཡང་མ་གྲུབ་པས་མེད་པ་གསལ་སྣང་ལ་སྤྱོད་པའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ནི་བཞི་ལས། རང་བཞིན་གནས་པའི་བར་དོའི་སྣང་བ་ནི། གཟུགས་ལ་སོགས་པ་ཕུང་པོ་ལྔའི་བཅིངས་པས་སྐུ་ལྔའི་སྣང་བ་རང་འགགས་པ་དང་། ཁམས་དང་སྐྱེ་མཆེད་ཀྱིས་བཅིངས་པས་འོད་དང་། ཁ་དོག་གི་སྣང་བ་རང་འགགས་པ་དང་། ལས་དང་ཉོན་མོངས་པས་བཅིངས་པས་ཡེ་ཤེས་དང་ཆོས་ཉིད་ཀྱི་སྣང་བ་རང་

p. 827

འགགས་ཏེ། ཕྱི་སྣང་བའི་ཡུལ་ལ་ནང་འཛིན་པའི་སེམས་ཞེན་པས། ཕྱིན་ཅི་ལོག་བཞིའི་ཆུ་ཀླུང་རྒལ་དཀའ་བའི་ཀློང་ན་ཉིན་མཚན་འཁོར་མར་སྤྱོད་པས་ལས་དང་བག་ཆགས་དུ་མ་ལ་སྤྱོད་པའོ། །ཕྱིན་ཅི་ལོག་བཞི་ནི་འཁོར་བའི་འཁྲུལ་སྣང་རྨི་ལམ་སྒྱུ་མ་འདྲ་བའི་རང་བཞིན་མ་ཤེས་པས། མི་རྟག་པ་ལ་རྟག་པར་འཛིན། མི་བདེན་པ་ལ་བདེན་པར་འཛིན། སྡུག་བསྔལ་རྒྱུ་འབྲས་ལ་བདེ་བར་འཛིན། རང་བཞིན་གྱིས་སྟོང་པ་ལ་དངོས་པོ་དང་མཚན་མར་འཛིན་པའོ། །དེ་དག་གི་གཉེན་པོར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྡོམ་བཞི་བྱིས་པ་སོ་སོའི་སྐྱེ་བོ་དྲང་བའི་ཕྱིར་གསུངས་པ་ཡིན་ནོ། །འཆི་ཀ་མའི་བར་དོའི་སྣང་བ་ནི། ལུས་ཀྱི་འབྱུང་བ་འཁྲུགས་པས་ཕྱི་ལུས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་། སེམས་བྱུང་ཚོར་གྱི་ལམ་སྟོར་བས་ནང་སེམས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་། བག་ཆགས་འཛིན་པའི་མཚོ་རྡོལ་བས་ཚེ་འདིའི་སྣང་བ་ལ་ཆགས་ཀྱང་འབྲལ་བའི་སྡུག་བསྔལ་ཉམས་སུ་མྱོང་། རང་གནོང་ཆོས་མིན་གྱི་ལས་དྲན་པས་ཕྱི་མ་ངན་སོང་གི་གཡང་སར་ལྷུང་གིས་དོགས་པའི་སྡུག་བསྔལ་ཉམས་སུ་མྱོང་། ཞེན་འཛིན་གཅེས་སྤྲས་ཀྱིས་གསོས་པའི་ལུས་དྲན་པས་རྟེན་ཕུང་པོའི་མཁར་པོ་འགྱེལ་གྱིས་དོགས་པའི་སྡུག་བསྔལ་ཉམས་སུ་མྱོང་སྟེ། དོན་གྱིས་བེམ་རིག་བྲལ་ནས་ཤི་ཡིས་དོགས་པའི་སྡུག་བསྔལ་ལ་གནས་པའོ། །ཆོས་ཉིད་བར་དོའི་སྣང་བ་ནི། ཕུང་པོ་བདག་འཛིན་གྱི་རྟེན་བོར་བས། སྐུ་དང་ཡེ་ཤེས་ཀྱི་ཆོས་ཉིད་མངོན་དུ་སྣང་། ལས་དང་བག་ཆགས་ཀྱི་འབྲེལ་ཆད་པས་རང་བཞིན་བསམ་གཏན་གྱི་ཆོས་ཉིད་ལ་ལོངས་སྤྱོད། དབང་པོ་འཛིན་བྱེད་ཀྱི་ཡུལ་སྟོངས་པས་རང་སྣང་འོད་གསལ་གྱི་ཆོས་ཉིད་ལ་སྤྱོད་པའོ། །སྲིད་པ་བར་དོའི་སྣང་བ་ནི། ཕྱི་ལུས་ཀྱི་སྲིད་པ་ཡིད་ཀྱི་ལུས་ཅན་དབང་པོ་ཀུན་ཚང་ཐོགས་མེད་དུ་རྒྱུ། ནང་སེམས་ཀྱི་སྲིད་པ་སྙམ་བྱེད་དུ་མ་ལ་རྟོག་ཅིང་ཡིད་འཇུག །ལུས་སེམས་གཉིས་འདུས་ཀྱི་སྲིད་པ་རྟེན་གཉིས་མ་གཏོགས་པ་ཐམས་ཅད་ལ་

p. 828

ཐོགས་མེད་དུ་འགྲོ་ཞིང་བག་གྲང་བའོ། །རྟེན་གཉིས་ནི། བྱིན་རླབས་ལས་གྲུབ་པ་རྡོ་རྗེའི་གདན་དང་། མའི་མངལ་གཉིས་སོ། །དེ་ལ་སློབ་དཔོན་ཕལ་དག་རྡོ་རྗེའི་གདན་རྒྱ་གར་གྱི་དེ་ལ་ངོས་འཛིན་ཡང་། འདིར་ཀ་དག་མི་འགྱུར་བའི་ནང་དབྱིངས་སངས་རྒྱས་ཐམས་ཅད་སངས་རྒྱ་བའི་གནས་མཆོག་དག་པ་མྱ་ངན་ལས་འདས་པའི་སྒོར་ཞུགས་པ་དེ་ལ་འདོད་ལ། མའི་མངལ་ནི་མ་དག་པ་འཁོར་བའི་སྒོ་འགྲོ་དྲུག་གི་སྐྱེ་གནས་གང་རུང་ལ་འདོད་པ་ཡིན་པས། སྒྲ་ཇི་བཞིན་པ་མ་ཡིན་པར་ཤེས་པར་བྱའོ། །སྤྱིར་མདོའི་གནས་རྣམས་དྲང་དོན་དང་ངེས་དོན་གཉིས། དགོངས་པ་དང་ལྡེམ་དགོངས་གཉིས་ཏེ་ཚུལ་བཞིས་བཅིངས་ལ། རྒྱུད་སྡེའི་གནས་རྣམས་དེའི་སྟེང་དུ་སྒྲ་ཇི་བཞིན་པ་དང་། ཇི་བཞིན་པ་མ་ཡིན་པ་གཉིས་ཏེ་མཐའ་དྲུག་གིས་བཅིངས་པར་ཤེས་པར་བྱའོ། །དེ་དག་ཀྱང་ཐལ་གྱུར་ལས། བར་མ་དོ་ཡི་སྣང་བ་ནི། །རང་བཞིན་གནས་པ་ཕུང་པོ་དང་། ཁམས་དང་ཉོན་མོངས་ཡུལ་དུ་སྣང་། །འཆི་ཀའི་བན་བུན་ལང་ལིང་དང་། །ཤེས་པ་གཅིག་ཏུ་མི་གནས་པའོ། །ཆོས་ཉིད་བར་དོ་སྐུ་དང་ཡང་། །ཡེ་ཤེས་འོད་དང་ཁ་དོག་གོ། ཐིག་ལེ་མཆེད་དང་འབྱུང་སྣང་དག །ཅིར་སྣང་ཆོས་ཉིད་གཞལ་ཡས་སོ། །སྲིད་པའི་སྣང་བ་ཕྱད་ཕྱོད་དང་། །ཡད་ཡུད་རྨི་ལམ་སྣང་བ་ལྟར། །བདེན་སྣང་བརྫུན་པ་ཡིད་ཀྱི་ཡུལ། །དཀར་སླེག་ལ་སོགས་རིགས་དྲུག་འོད། །སོ་སོའི་དམིགས་པའི་ཡུལ་སྣང་བའོ། །ཞེས་སོ། །ལྔ་པ་ས་མཚམས་ནི་བཞི་ལས། རང་བཞིན་གནས་པའི་བར་དོའི་ས་མཚམས་མའི་མངལ་ནས་ཐོན་ནས་ཐ་མ་འཆི་རྐྱེན་གྱི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །དེ་ནས་ནང་དབུགས་ཁྲོགས་ཀྱིས་མ་ཆད་པའི་བར་ལ་འཆི་ཀ་མའི་བར་དོའོ། །ནང་དབུགས་ཆད་ནས་འོད་གསལ་ཤར་ཏེ་ལྷུན་གྲུབ་ཀྱི་སྣང་བའི་བར་ནི་ཆོས་ཉིད་བར་དོའོ། །དེ་ནས་ལྷུན་གྲུབ་ནུབ་སྟེ་ཡད་ཡུད་རྨི་ལམ་ལྟར་ཤར་ནས་མའི་མངལ་དུ་ཚུད་པ་ཚུན་ཆོད་སྲིད་པ་བར་དོའི་ས་མཚམས་སོ། །དེའང་འཆི་ཀའི་ཚེ་དུས་

p. 829

ཐ་མའི་ངོ་སྤྲོད་མཚོན་པ་རྣམས་ལ་འགྲོན་པོ་ལ་རྒལ་བ་ལ་ཚང་སྤྲུགས་སུ་གདབ་པའི་གདམས་ངག་ཅེས་བྱའོ། །དེའང་འཆི་ཀའི་མི་དེ་འགྲོན་པོ་ལམ་ཞུགས་ཡིན་ལ། འཆི་བའི་སྡུག་བསྔལ་ལ་ཆེན་པོ་ཡིན་ཞིང་། དེའི་ལམ་སྣང་སྣ་ཚོགས་པ་རང་སྣང་དུ་མ་ཤེས་ན་དགྲར་ལྡང་བའི་ཚང་ཡོད་ལ། ཤེས་ན་གྲོགས་སུ་འཆར་བའི་ཚང་ཡོད་པས། འཆི་ཀའི་སྤྲུགས་དེར་འདེབས་པ་ལ། ཚང་སྤྲུགས་སུ་འདེབས་པའི་གདམས་ངག་ཅེས་དཔེ་དོན་དེ་འཐད་དོ། །དེ་དག་ནི་བར་དོ་སྤྱིའི་རྣམ་པར་གཞག་པ་སྟེ། དབྱེས་ཕྱེད་པར་སླ་བའི་དགོས་པ་ཡོད་དོ། །དོན་གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། རང་བཞིན་གྱི་བར་དོ་ལ་ཤེས་བྱའི་གྲས་ཐག་བཅད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངགའཆི་ཀ་མའི་བར་དོ་ལ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་ལྟ་བ་ལྟ་བུའི་གདམས་ངག །ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ལ་ཡིད་ཆེས་པ་སྔར་འདྲིས་ཀྱི་མི་དང་ཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག །སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་གོ། དང་པོ་ནི། ཐི་བྱ་ཚང་བྱེད་པའི་སྔོན་དུ་གནོད་འཚེའི་དགྲས་ཚུགས་སམ་མི་ཚུགས་བརྟགས་ནས་འཚེ་བ་མེད་པར་ཚང་བཅས་ཟིན་དུས་ཕྱིས་ཚང་དེར་ནམ་འཇུག་ཀྱང་སྒྲོ་འདོགས་གཅོད་མི་དགོས་པར་ཐེ་ཚོམ་དང་། ཐོགས་ཆགས་མེད་པས་འཇུག་པ་ལྟར་རྣལ་འབྱོར་པ་དེ་ཡང་དང་པོར་འཁོར་བ་ལས་ཐར་པ་འདོད་པ་ལ་ཐབས་གང་ཟབ་གནད་གང་ཆེ་བ་བརྟགས་ནས་རང་ཡིད་ཆེས་པའི་ཆོས་དེ་ཡང་མཐའ་མ་ཆོད་པ་དང་ཐེ་ཚོམ་འཇུག་པ་དང་ཐོག་ཏུ་མ་ཕེབས་པ་གསུམ་སྤོང་བ་ལ། དང་པོར་ཐོས་པས་བློ་སྦྱོང་། བར་དུ་བསམ་པས་ཐག་བཅད། ཐ་མར་སྒོམ་པས་ལ་བཟླས་ཏེ་བློ་བདེ་བར་བྱེད་པ་ནི་ཚང་འཆའ་བ་དང་འདྲ་ལ། ཚང་དུ་འཇུག་པ་ལྟར་དོན་རྣལ་དུ་འབེབས་པ་དང་འཆི་དུས་ཉམ་ང་དང་བག་ཚ་མེད་པས་འཇུག་པའོ། །འདི་དག་གི་དོན་རྒྱས་པར་སྔར་བསྟན་ལ། འདིར་ལག་ལེན་

p. 830

བསྡུས་ཏེ་ཅུང་ཟད་བཤད་ན། ཕྱི་སྣང་བ་ལ་བལྟས་པས་སྣང་ཡུལ་སྒྱུ་མའི་འཁྲུལ་འཁོར་ལྟར་མཐོང་སྟེ། གཞི་མེད་སྟོང་པའི་རང་གཟུགས་ཙམ་དུ་མཐོང་དུས། ཆོས་ཅན་སྣ་ཚོགས་སུ་སྣང་ངོ་ཅོག་ལྟ་སྒོམ་སྤྱོད་པའི་མེ་ལོང་དུ་ཡེ་ནས་ཤར་ཏེ། ཆོས་ཉིད་ཀྱི་རོལ་པ་འགག་མེད་དུ་ཤར་བའི་རང་རྩལ་ཡིན་པའི་ཕྱིར་རོ། །དེའང་ཆོས་ཅན་སྤྱི་ཟ་འོག་བེར་ཁྱིམ་ལྟར་དཀར་དམར་སྣ་ཚོགས་སུ་སྣང་བ་ཆུན་གཅིག་ལ་བལྟས་པས། ཅིར་སྣང་ཅི་ཤར་ཅི་ཐོས་ཐམས་ཅད་རང་སངས་སྟོང་པའི་རོལ་པར་མཐོང་དུས་སྣང་ཐོག་བཅས་བཅོས་སྤོ་ལག་མེད་པར་བཞག་པས། སྣང་བ་སྣང་ས་ནས་གྲོལ་ཏེ་འཁྲུལ་པ་གཞི་མེད་དུ་གྲོལ་བ་སྒྱུ་མའི་རྩེད་མོ་ཙམ་དུ་ཤར་བས་ཕྱི་ཡུལ་དུ་འཛིན་པའི་འཁོར་བ་ལས་གྲོལ་བའོ། །ཆོས་ཅན་དུམ་བུ་པ་རི་ཁང་བཟངས་སྐྱེས་པ་བུད་མེད་ལ་སོགས་པ་ཐོག་མར་སྣང་ཡུལ་དུ་གང་བྱུང་ལ་དུམ་བུར་བཅད་དེ་གང་སྣང་ས་དེར་ཆེར་ཆེར་བཞག་པས། ཤེས་པ་ཆེན་པོ་ལ་དཔྱོད་བྱེད་མ་ཞུགས་ཏེ། སྣང་བ་བློས་མ་བསྒྱུར། བློ་སྣང་བས་མ་ཕྲོགས་པར་རང་གནས་སུ་ཤིགས་སེ། རྣམ་ཤེས་ཚོགས་དྲུག་མ་བཀག་པར་རང་སོར་བཞག་པས་ཆོས་ཉིད་ཀྱི་སྣང་བ་ལྷུག་པར་འཆར་བའོ། །དེ་ལྟར་ཕྱི་ཆོས་ཅན་ལ་བལྟས་པས་ཡུལ་མེད་སྟོང་པའི་རང་གཟུགས་སུ་ཤེས་དུས་གཟུང་བ་ཡུལ་མེད་ནམ་མཁའ་ལྟར་དག་པས། གཟུང་བ་རང་བཞིན་མེད་པར་རྟོགས་པ་ཞེས་བྱའོ། །དེ་ལྟར་ཕྱི་ལ་ལྟ་མཁན་གྱི་ཤེས་པ་ལ་བལྟས་པས། འགྱུ་བ་སྟོང་ཡལ་རིས་མེད་དུ་སངས་ནས། ཧར་སངས་བར་མེད་རང་གསལ་དུ་རྟོགས་དུས། ནང་ཆོས་ཉིད་སྐྱེ་འགག་གནས་མེད་ཆེན་པོར་རྟོགས་པས། འཛིན་པ་རྟེན་མེད་ནམ་མཁའ་འདྲ་བའི་ངང་ལ་རང་སངས་སུ་ཕྱལ་ལེ། རྟེན་མེད་དུ་ཡེ་རེ། ཟང་ཐལ་དུ་རྗེན་ནེ། བདེན་མེད་དུ་བུན་ནེ། རྩ་བྲལ་དུ་ཁྲེས་སེ། ཆོས་ཉིད་མཉམ་པ་ཆེན་པོའི་ངང་ན་དགའ་འཛུམ་ཤིག་གེ་བཞག་པས། ནང་འཛིན་པ་སེམས་ཀྱི་བརྟོད་ཕུར་ཐོན་པའི་དགོས་པ་ཡོད་དེ། དེ་ལྟར་ཡུལ་སེམས་གཞི་མེད་རྩ་

p. 831

བྲལ་དུ་རྟོགས་དུས། གསང་བ་རང་རིག་གཟུང་འཛིན་སྤྲོས་བྲལ་རྗེན་པ་ལ་སོང་སྟེ། རིག་པ་རང་གསལ་ཀ་དག་ཆེན་པོ་བླ་མའི་ལུང་གིས་ངོ་སྤྲད་ལ་སྒྲོན་མ་བཞིས་དབྱིངས་རིག་འདུ་འབྲལ་མེད་པ་འོད་གསལ་གྱི་ངང་ལ་སྒོམ་དུས། ཕྱི་དབྱིངས་སྣང་རང་གདངས་ཀྱི་འོད་ལྔ་གསལ་བ་མེ་ལོང་ནང་གི་གཟུགས་བརྙན་ལྟར། རྣམ་པ་ཕྱིར་སྣང་ཡང་ངོ་བོ་ནང་ན་གནས་པས། སྣང་སྟོང་ཆུ་ཟླའི་གཟུགས་བརྙན་ལྟར་ཤེས་ཏེ། སྣང་བ་ལ་དགའ་བྲོད་ཀྱི་འཛིན་ཞེན་མི་བྱ། ཕྱི་སྣང་བའི་འོད་གསལ་ལ་ཕར་བལྟས་པས། ནང་རིག་པའི་འོད་གསལ་ཚུར་གསལ་ཏེ། རིག་པ་སྒོམ་བློའི་གཉེན་པོ་དང་བྲལ་བ་ངང་དྭངས་རྒྱ་ཡན་གྱི་ལྟ་བ་ཡངས་པ། རང་བབས་ངང་གནས་ཀྱི་སྒོམ་པ་གསལ་བ། འོད་གསལ་སྤྱོད་པའི་བླང་དོར་མེད་པ། ཀ་དག་རང་གསལ་གྱི་འབྲས་བུ་རྙེད་པས། འཁྲུལ་སྣང་མ་སྤངས་པར་སྤོངས། འཁྲུལ་རྟོག་མ་བཀག་པར་ཁེགས། གཉིས་འཛིན་མ་སྦྱངས་པར་དག་ནས། སྐྱོན་མ་སྤངས་ཀ་ནས་དག་ལ། ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པས། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ། ལྟ་བའི་ཡུལ་ལས་འདས་པ། སྒོམ་པའི་བློ་ལས་འདས་པ། སྤྱོད་པའི་རྩིས་ལས་འདས་པ། འབྲས་བུའི་ཆོས་ལས་འདས་པ། འཁོར་བ་དོང་སྤྲུགས་ཀྱི་སྐལ་བ་ལ། ཆོས་ཉིད་མངོན་སྣང་གི་ཞིང་ཁམས་གདལ་ཏེ། སྐྱིད་པའི་འབྱུང་གནས་ཀྱི་ཡུལ་འཁོར་བཟང་པོར། འདོད་དགུ་རང་བྱུང་གི་ཕོ་བྲང་རྙེད་ནས། ཐོག་མའི་མགོན་པོ་འོད་མི་འགྱུར་བའི་རྒྱལ་པོ་དང་། འོད་ལྔ་ལྷུན་གྲུབ་ཀྱི་བཙུན་མོ་འཛོམ་པར། ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་རང་གི་ཕ་མ་དང་ཕྲད་དེ། དགའ་བདེ་འབྲལ་མེད་ཀྱི་གཏན་སྲིད་ཟིན་པའི་དུས་ཞེས་བྱའོ། །འདི་དག་གི་ལུང་རྒྱས་པར་ནི་སྔར་བསྟན་ལ། སྐབས་གསལ་བས་ངེས་པར་བྱ་ན། ཉི་ཟླ་ཁ་སྦྱོར་ལས། ཀྱེ་མ་ཐུབ་པ་ཁྱོད་ཉོན་ཅིག །དེ་དག་རྣམས་ནི་བསྡུས་པ་ཡིས། །གཅིག་པར་གནས་

p. 832

པའི་ཐིག་ལེ་འཐོབ། །དེ་ཡང་གང་དང་གང་ཞེ་ན། །གཞག་པ་རྣམས་ཀྱིས་རང་རྒྱས་ཐེབས། །དགོངས་པ་རྣམས་ཀྱིས་དུས་ཚོད་བསྟན། །ཟད་ལུགས་རྣམས་ཀྱིས་དགོངས་པ་བསྟན། །བརྟན་པའི་གདེང་གིས་མི་ཟློག་རྟགས། །དེ་ལྟར་དོན་རྣམས་བསྡུས་པའོ། །དེ་ཡི་འབྲས་བུ་འདི་དག་ཡིན། །དབྱིངས་ཀྱི་སྒྲོན་མ་སུས་མཐོང་བ། །ཆོས་ཀྱི་དབྱིངས་ལ་མངོན་དུ་སྤྱོད། །ཐིག་ལེའི་སྒྲོན་མ་སུས་མཐོང་བ། །རྩོལ་བཅས་རྣམས་ཀྱི་རེ་གནས་ཐོབ། །ཤེས་རབ་སྒྲོན་མ་སུས་མཐོང་བ། །སྤྱི་དང་རང་གི་མཚན་ཉིད་རྟོགས། །ཆུ་ཡི་སྒྲོན་མ་སུས་མཐོང་བ། །དབང་པོ་རྣམས་ལ་དབང་བསྒྱུར་ཐོབ། །ལུ་གུ་རྒྱུད་ལ་སུ་གོམས་པ། །རིག་པ་རྣམས་ནི་སྲང་ལ་ཐེབས། །དེ་ཡི་འབྲས་བུ་སྐུ་གསུམ་པས། །འདི་ཉིད་རྣམས་ནི་རང་རིག་ས། །རང་བཞིན་གནས་པའི་བར་མ་དོར། །འདི་རྣམས་གོམས་པའི་སྐྱེས་བུ་ནི། །འབྱུང་བ་ཐམས་ཅད་རང་དེངས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ངས་བསྟན་པ་ཡི་ཆོས་རྣམས་ནི། །མདོ་རྒྱུད་ཀུན་ཀྱང་འདིར་བསྡུས་པའོ། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་འཆི་ཀ་མའི་བར་དོ་ལ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་ལྟ་བ་ལྟ་བུའི་གདམས་པ་ལ་བརྒྱད་དེ། དཔེ་དུ་མ་དང་བཅས་པས་འཆི་བར་ངེས་པའི་རྒྱུ་མཚན་བསམ་པ། འཆི་བའི་རྟགས་བརྟག་པ། བཟློག་པའི་ཐབས་བསྟན་པ། འཆི་ཀའི་སྣང་བ་བསྟན་པ། གདབ་པའི་གདམས་ངག་བསྟན་པ། སྐྱེ་གནས་ཀྱི་རྟགས་བསྟན་པ། སྦྱང་བའི་ཆོ་ག་བསྟན་པ། ཐུན་མོང་མ་ཡིན་པའི་གནས་གཞན་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྙེད་དཀའ་བའི་ཚུལ་ལ་བསམས་ནས་དལ་ཁོམ་རེས་འཇོག་མེད་པར་ཆོས་ལ་སྦྱང་བ། སྦྱངས་པའི་ཆོ་ག་བསྟན་པ། འཇིག་ངེས་པའི་རྒྱུ་མཚན་བསམས་ནས་རྟག་ཏུ་ངེས་འབྱུང་དང་སྐྱོ་ཤས་བསྐྱེད་ལ། འཆི་ངེས་པའི་དཔེ་ལ་བསམས་ནས་དགོས་དུས་སྟོངས་པའི་ཟབ་དོན་སྒོམ་པའོ། །དང་པོ་ནི། སྐྱེ་བར་དཀའ་བ་

p. 833

འཛམ་བུའི་གླིང་ལས་ཀྱི་ས་པ་ལས་ཆོས་སྤྱོད་པའི་ཡུལ་དུ་སྐྱེས། རྙེད་པར་དཀའ་བ་དལ་འབྱོར་ཕུན་སུམ་ཚོགས་པ་རྙེད། འཕྲད་པར་དཀའ་བ་བླ་མ་དགེ་བའི་བཤེས་གཉེན་དང་ཕྲད། ཞུགས་པར་དཀའ་བ་དམ་པའི་ཆོས་རིན་པོ་ཆེའི་སྒོར་ཞུགས། ཤེས་པར་དཀའ་བ་བླ་ན་མེད་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཤེས། སྤང་བར་དཀའ་བ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྤངས་ནས་ཐར་པ་བྱང་ཆུབ་ཀྱི་གླིང་དུ་འགྲོ་བའི་དུས་ད་རེས་བརྩོན་འགྲུས་དང་སྙིང་རུས་བསྐྱེད་ནས་མ་བསྒྲུབས་ན། ཕྱི་ནས་འདི་ལྟ་བུའི་མཐུན་རྐྱེན་ཚང་བ་མི་སྲིད་པས། དལ་ཁོམ་དང་རེས་འཇོག་མེད་པར་ཉིན་མཚན་དུ་ཟབ་མོའི་དོན་ལ་སྒོམ་པར་རིགས་ཏེ། འཕགས་པ་ཀླུའི་དབང་པོའི་ཞལ་སྔ་ནས། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། །སྐྱེ་བོ་དམ་པ་ལ་ནི་བརྟེན་པ་དང་། བདག་གིས་ལེགས་སྨོན་སྔོན་སྦྱངས་བསོད་ནམས་སྐྱེས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་པ་དང་། འཕགས་པ་ཞི་བ་ལྷའི་ཞལ་སྔ་ནས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་པ་ལ། གལ་ཏེ་འདི་ལ་བརྩོན་པར་མ་བྱས་ན། །ཕྱིས་ནི་ཡང་དག་འབྱོར་པར་ག་ལ་འགྱུར། །ཅེས་པ་དང་། འདི་འདྲའི་དལ་བ་རྙེད་གྱུར་ནས། །དེང་དུ་བརྩོན་པར་མི་བྱེད་ན། །ཤི་བའི་འོག་ཏུ་ངན་འགྲོར་འགྲོ། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ། །བདེ་འགྲོའི་སྒྲ་ཡང་མི་ཐོས་ན། །བདེ་འགྲོ་ཐོབ་པ་སྨོས་ཅི་དགོས། །ཞེས་གསུངས་སོ། །དེ་ཡང་ད་ལྟའི་བདེ་སྡུག་དང་སྣང་བ་འདི་ཐམས་ཅད་སྔོན་གྱི་ལས་ལས་གྱུར་ལ། ད་རེས་ཀྱི་ལས་ཀྱིས་ཕྱི་མའི་སྣང་བ་བསྐྱེད་པ་སྟེ། སྔ་མ་ལ་ལས་ངན་པ་བྱས་པ་རྣམས་ནི་འདིར་ཡངདབང་པོ་མ་ཚང་བ་དང་། ཡན་ལག་འཐེང་གྲུམ་ལ་སོགས་པ་དང་། གཟུགས་ངན་ཞིང་ཕོངས་ལ་གཞན་དབང་དུ་གྱུར་པ་ལ་སོགས་པར་སྨིན་ལ། སྔ་མ་ལ་ལས་བཟང་པོ་བསགས་པ་རྣམས་ནི་དབང་པོ་གསལ་ཞིང་གཟུགས་མཛེས་པས་མཐོང་ན་ཡིད་དུ་འོང་བ་

p. 834

དང་། འཁོར་དང་ལོངས་སྤྱོད་དང་ལྡན་ཞིང་རྟག་ཏུ་རང་དབང་འབྱོར་པ་ལ་སོགས་པར་བྱུང་བའོ། །ཚེ་ཕྱི་མ་ལ་གང་དུ་སྐྱེ་བ་ཡང་ད་ལྟའི་བསམ་སྤྱོད་དགེ་མི་དགེ་ལ་རག་ལས་ཏེ། ཚོགས་བསགས་ཤིང་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྤྱོད་པ་རྣམས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་ཞིང་འཁོར་དང་འབྱོར་པས་མཐོ་ལ། བཟོད་པ་དང་དེས་པ་ལ་སོགས་གནས་པ་རྣམས་གཟུགས་མཛེས་པ་དང་། དཔུང་གཉེན་དང་མགོན་སྐྱབས་བྱས་པས་ཡུལ་དབུས་སུ་སྐྱེ་བ་དང་། ཀུན་གྱིས་བཀུར་ཞིང་གཞན་གྱིས་གནོད་པ་མེད་པར་སྐྱེ་བ་དང་། སྔ་མ་ལ་བླ་མ་ལ་གུས་ཤིང་ཆོས་ལ་སྤྱད་པས། ད་ལྟ་བླ་མ་ཡང་དག་པ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་ཆོས་ལ་སྤྱོད་པ་དང་། ཡུལ་བཟང་པོ་འདོད་དགུ་དང་ལྡན་པར་སྐྱེ་ལ། སྔ་མ་ལ་དཀོན་མཆོག་ལ་གུས་པས་མཆོད་པ་རྣམས་ནི་འདིར་ཡང་ལེགས་པར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་ཏེ་ཚངས་པར་སྤྱོད་པ་ཚེའི་མཐར་ཐུག་ཅིང་། ཐེག་པ་དམ་པའི་ཆོས་སྤྱོད་པ་དང་། སྔ་མ་ལ་ཐོས་བསམ་སྒོམ་པ་ལ་སྦྱངས་པ་རྣམས་འདིར་ཡང་ཤེས་རབ་ཆེ་ཞིང་ཆོས་ཀྱི་རྣམ་གྲངས་ཚད་མེད་པའི་སྒོ་ལ་ཐོས་པ་དང་བསམ་པ་དང་སྒོམ་པས་རང་དང་གཞན་གྱི་དོན་གཉིས་ལྷུན་གྲུབ་ཏུ་བྱེད་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་དོ། །སྔ་མ་ལ་སྡིག་ཏོ་མི་དགེ་བའི་ལས་བྱས་པ་རྣམས་འདིར་ཡང་ངན་འགྲོ་སྣ་ཚོགས་སུ་སྐྱེ་ལ། མཐོ་རིས་ཐོབ་ཀྱང་དབང་པོ་མ་ཚང་བ་ལ་སོགས་པ་ཕོངས་ཤིང་བསོད་ནམས་ཆུངབར་སྐྱེ་ལ། འདིར་ཡང་མི་དགེ་བ་སྤྱད་པས་ཕྱི་མ་ལའང་སྡུག་བསྔལ་དང་ལྡན་པའི་རིགས་སུ་སྐྱེ་བའོ། །མདོར་ན་ཚེ་སྔ་མ་ལ་གང་བྱས་ད་ལྟའི་བདེ་སྡུག་དང་ལུས་སེམས་ཀྱི་རྣམ་པས་ཤེས་ལ། ཕྱི་མ་གང་དུ་སྐྱེ་ད་ལྟའི་བསམ་སྤྱོད་ལ་རག་ལས་ཏེ། མདོ་སྡེ་སྡོང་པོ་བཀོད་པ་ལས། སྔ་མ་ཅི་བྱས་ལུས་ལ་ལྟོས། །ཕྱི་མ་གར་འགྲོ་སེམས་ལ་ལྟོས། །ཞེས་སོ། །དེ་ལྟར་བསམ་ནས་ཀྱང་ད་རེས་མི་དགེ་བ་དོར་དགེ་བ་བསྒྲུབ་རྟག་ཏུ་དམ་པའི་ཆོས་ལ་བློ་གནས་དགོས་ཏེ། ཆོས་མ་གཏོགས་པ་གང་གིས་ཀྱང་ཕན་

p. 835

མི་ཐོགས་པའི་ཕྱིར་རོ། །བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འདི་ན་ཕ་དང་མ་དང་བཤེས་རྣམས་དང་། །གཉེན་དང་རྩ་ལག་སྐྱབས་སུ་མི་འགྱུར་ཏེ། །བུ་དང་བུ་མོ་དེ་བཞིན་མགོན་སྐྱབས་མིན། །ཡོན་ཏན་ལྡན་པ་འདི་དག་མ་གཏོགས་པ། །འཇིག་རྟེན་མགོན་སྐྱབས་གྱུར་པ་གཞན་འགའ་མེད། །ཅེས་པ་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་གཉེར་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གང་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་སོ། །གཉིས་པ་འཇིག་ངེས་པའི་རྒྱུ་མཚན་ལ་བསམས་ནས་རྟག་ཏུ་ངེས་འབྱུང་དང་སྐྱོ་ཤས་བསྐྱེད་པ་ནི། དེ་ལྟར་རྙེད་དཀའ་བའི་དལ་བ་ཐོབ་ཀྱང་འབྱུང་བཞི་འདུས་པའི་ཕུང་པོ་ཡིན་པས་འཇིག་པར་ངེས་ཏེ་འདུས་བྱས་ཡིན་པའི་ཕྱིར། ལྦུ་བ་རྡོས་པའི་ཕུང་པོ་དང་འདྲ་བ་འདི་ནམ་འཇིག་ཆ་མེད་པས། ད་ལྟ་མ་ཞིག་པའི་རྟེན་འདི་ལ་བདག་གིས་ཐར་པ་དམ་པའི་ཆོས་བྱ། རྨི་ལམ་སྒྱུ་མ་དང་འདྲ་བ་ཚེ་འདིའི་སྣང་བ་འདིས་ཅི་བྱེད་སྙམ་དུ་སྙིང་ནས་བསམ་དགོས་ཏེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། འབྱུང་བ་རགས་པའི་གཟུགས་རྣམས་ལ། །བསྡད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་བརྟན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ལུས་ལས་བྱུང་བའི་སྡུག་བསྔལ་ལ། །དྭངས་པ་མེད་པ་ཡ་རེ་ཆ། །ཞེས་སོ། །དེ་ལྟར་མི་རྟག་པ་ཡིན་ཡང་། རྟག་པ་དང་བདེན་པར་འཛིན་པས་ཚེ་འདིའི་སྣང་བ་ལ་ཆགས་པའི་སྐྱེ་བོ་རྣམས་འཁྲུལ་པས། བདག་ནི་དེ་ལྟར་མ་གྱུར་པ་ཞིག་བྱ་དགོས་སྙམ་དུ་སྙིང་ནས་ནང་དུ་བསམ་པ་དང་། བདག་གིས་གཞན་ལ་ཕན་བཏགས་སམ། དགྲ་བཏུལ་ལམ། ཡུལ་བཟུང་ངམ། ཅི་བྱས་ཀྱང་དེ་ཐམས་ཅད་ལ་སྙིང་པོ་མེད་ཅིང་བསླུ་བས་ནང་དུ་རང་གི་

p. 836

སེམས་འབའ་ཞིག་ལ་བལྟ་བར་བྱ་སྟེ། དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས། ཀྱེ་འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་གདའ་བ། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཞེས་པ་ལྟར་བསམ་འཚལ་ལོ། །གསུམ་པ་འཆི་ངེས་པའི་དཔེ་ལ་བསམས་ནས་དགོས་དུས་སྟོངས་པའི་ཟབ་དོན་སྒོམ་པ་ལ་གདམས་པ་ནི། སྤྱིར་འདུས་བྱས་ཀྱི་ཆོས་མི་རྟག་པའི་དཔེ་རྨི་ལམ་སྒྱུ་མ་ལ་སོགས་པ་དང་འདྲ་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། ཀྱེ་མ་འདུས་བྱས་རྣམ་མི་རྟག །སྐྱེས་ཤིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་བས། །དེ་བས་མྱུར་དུ་ཞི་བ་བདེ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་འདྲ། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་ཀྱང་དེ་དང་འདྲ། །ཞེས་སོ། །སྒོས་སྐྱེས་བུའི་ཚེ་མི་རྟག་པའི་དཔེ། ཉི་ཟླ་ཁ་སྦྱོར་གསང་བ་ཆེན་པོའི་རྒྱུད་ལས། གང་ཞིག་ལུས་ཅན་སྐྱེས་བུ་རྣམས། །ཚེ་ནི་མི་རྟག་རྨི་ལམ་འདྲ། །རྨི་ལམ་གྱིས་ནི་གྲུབ་པ་མེད། །ཚེ་ནི་མི་རྟག་ཆུ་དྲག་འདྲ། །འབབ་ཆུས་གཅིག་ཏུ་བསྡད་པ་མེད། །ཚེ་ནི་འཛིན་མེད་རླུང་དང་འདྲ། །རླུང་གིས་སྐྱེས་བུ་བཟུང་བ་མེད། །ཚེ་ནི་ཡུན་ཐུང་སྤྲུལ་པ་འདྲ། །སྤྲུལ་པས་རྟག་ཏུ་གནས་པ་མེད། །ཚེ་ནི་བདེན་མེད་སྒྱུ་མ་འདྲ། །སྒྱུ་མས་བདེན་པའི་ས་བཟུང་མེད། །ཚེ་ནི་མི་སྡོད་འགྲོན་པོ་འདྲ། །འགྲོན་པོས་རྟག་ཏུ་བསྡད་པ་མེད། །ཚེ་ནི་མ་ངེས་ཆར་སྤྲིན་འདྲ། །སྤྲིན་གྱིས་དུས་ཚོད་བཟུང་བ་མེད། །དེ་ལྟར་སྐྱེས་བུའི་ཚེ་ཡི་ཚད། །འདི་ལྟར་གཅིག་ཏུ་མ་ངེས་ཏེ། །གློ་བུར་བ་དང་ཐོག་བབས་སུ། །དུས་ཚོད་འདི་འདྲར་བཟུང་བ་མེད། །ཅེས་པ་དང་། རྒྱ་ཆེར་རོལ་པའི་མདོ་ལས། ཚེ་ནི་མི་རྟག་རོལ་པའི་སྤྲིན་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་པ་དང་། ཆེད་དུ་བརྗོད་པའི་ཚོམས་ལས། ལ་ལ་མངལ་ན་གནས་ནས་

p. 837

འཆི། །དེ་བཞིན་ཁ་ཅིག་བཙས་མ་ཐག །ཁ་ཅིག་གོག་པོ་འགོག་ཙམ་ན། །དེ་བཞིན་ལ་ལ་ཡོངས་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབས་ནས་འཆི། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པོའི་གདེང་བྲོད་ཅི་ཞིག་ཡོད། །ཅེས་སོ། །དེ་ལྟར་མི་རྟག་པས་མྱུར་དུ་འཆི་ངེས་པ་བསམ་ཏེ། ཚེ་འདིའི་བྱ་བ། ཆགས་སྡང་འཐབ་རྩོད། ལེ་ལོ་གསོག་འཇོག །ལོ་འདོད་ཆེ་ཁྱད། སྡེ་རིས་ཕྱོགས་འཛིན། དགྲ་གཉེན་འདུལ་སྐྱོང་། ཐོས་ཀྱང་དོན་ལ་མི་འབྱར་བའི་ཁ་བཤད་དང་བཤེས་གཉེན་ཐམས་ཅད་ཀྱིས་ཅི་ཕན་སྙམ་དུ་སྙིང་ནས་བསམ་དགོས་ཏེ། གཏམ་བྱར། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལ་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱོས། །ཞེས་པ་ལྟར། དེ་རིང་ཉིད་ནས་ཟབ་མོའི་ཆོས་ལ་འབད་དགོས། དེའང་ཕྱི་ཡུལ་གྱི་སྣང་བ་ལ་བལྟས་པས་ཀྱང་ནམ་ཟླ་དུས་བཞི་འགྱུར་བས་རྒྱུན་མི་རྟག །ཉིན་མཚན་ཡུད་ཙམ་འགྱུར་བས་སྐད་ཅིག་མི་རྟག །སྐྱེ་ཤིའི་རིམ་སྲང་བསམ་པས་གཤིས་མི་རྟག །ཚོང་ཁང་འགྲོན་པོ་བསམ་པས་འདུས་ཀྱང་འབྲལ་བ་རྣམས་ལ་བསམས་ཏེ། མྱུར་དུ་འཆི། ངེས་པར་འཆི། ནམ་འཆི་ཆ་མི་འདུག །ཆོས་མིན་པས་ཕན་མི་འདུག་སྙམ་དུ་བསམས་པ་དང་། ནང་རང་གི་སྒྱུ་ལུས་ཀྱི་ན་ཚོད། སེམས་ཀྱི་འཆར་སོ། སྐྱིད་སྡུག་གི་རིམ་སྲང་རྣམས་སྔ་ཕྱི་འགྱུར་བ་ལ་བསམས་ནས་ཀྱང་། མི་རྟག་པ་མི་བརྟན་པ་འགྱུར་བ་འཕོ་བ། ཤི་ནས་སླར་ལྡོག་པའི་དཔེ་མེད་པ་རྣམས་སུ་བསམས་ལ། སྐད་ཅིག་ཐང་ཅིག་ཀྱང་མ་ཡེངས་པར་འཆི་བ་ཁོ་ན་བསམས་ཏེ། སྤྱོད་འཇུག་ལས། ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པའི་རིགས། །ཞེས་སོ། །དེ་ཡང་ཚེ་འདི་ལས་བློ་མ་ལོག་གི་བར་དུ་ཏིང་ངེ་འཛིན་སྒོམ་པ་དང་བྱ་བའི་ཆོས་སྤྱོད་གཞན་བཞག་ནས་ཀྱང་འདི་ཁོ་ན་སྙིང་ནས་

p. 838

བསམ་དགོས་ཏེ། འཁོར་བ་ལས་བློ་ལྡོག་པ་ལ་འདི་བས་ཟབ་པའི་ཆོས་མེད་པའི་ཕྱིར་རོ། །སློབ་དཔོན་ཆེན་པོ་པདྨའི་ཞལ་སྔ་ནས་ཀྱང་། མི་རྟག་ཡེང་མེད་འཆི་བས་བསྐུལ་མ་གདབ། །ཉ ིན་མཚན་ཐུན་བཅད་རྟག་ཏུ་བསྒོམ་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེས་ན་རིང་བ་སྲིད་པ་ཆགས་འཇིག་ལ་བསམས་ཀྱང་ཚེ་མི་རྟག །ཉེ་བ་སྐད་ཅིག་ཐང་ཅིག་ལ་བསམས་ཀྱང་ཚེ་མི་རྟགདབང་པོ་དང་ཡུལ་མི་རྟག་སྟེ་གནས་སྐབས་འགྱུར། འཁོར་འདབ་དང་ནོར་རྫས་མི་རྟག་སྟེ་ད་ལྟ་ཡོད་ཀྱང་ད་ལྟ་མེད། ཕ་མ་དང་གཉེན་འདུན་མི་རྟག་སྟེ་འདས་ནས་མེད། ཡུལ་མི་དང་ཁྱིམ་མཚེས་མི་རྟག་སྟེ་བྱེ་བྲལ་མང་། ནམ་ཟླ་དང་རྒན་གཞོན་མི་རྟག་སྟེ་སྣང་བ་འགྱུར། བདེ་སྡུག་དང་དགྲ་གཉེན་མི་རྟག་སྟེ་འགྲོན་ཁང་འདྲ། མདོར་ན་སེམས་ཅན་ཐམས་ཅད་སྐྱེ་ཤི་ལ་སྔས་གཏད། བདེ་སྡུག་གི་གོས་གྱོན། གཟུང་འཛིན་གྱི་སྟན་བཏིང་། མ་རིག་གི་མལ་བཅས། བདག་འཛིན་གྱི་གཉིད་ཉལ། བག་ཆགས་ཀྱི་རྨི་ལམ་རྨི། ཁམས་གསུམ་འཁོར་བའི་ཁང་པ་ན་དུག་ལྔ་རང་མཚན་ལ་སྤྱོད་པའི་འགྲོ་བ་ཀུན་ཡང་ཉལ་ཡང་ལངས་པའི་གཉིད་དང་རྨི་ལམ་ལ་ཐོག་མཐའ་དང་སངས་པའི་དུས་མེད་པ་འདི་བསམས་ལ། ད་རེས་འཁོར་བའི་མུན་ཁང་ནས་ཐར་པའི་ཐབས་ལ་འབད་པ་འདོན་དགོས་སོ། །ལས་དང་ཉོན་མོངས་དབང་གྱུར་འཁོར་བ་པ། །མི་རྟག་མངོན་དུ་གྱུར་ཀྱང་བདེན་པར་འཛིན། །སྐྱེ་ཤིའི་ཆུ་བོར་ལྷུང་ཡང་ཐར་མི་ཤེས། །སྣ་ཚོགས་སྡུག་བསྔལ་མྱོང་ཡང་བྲེད་དུས་མེད། །ཡང་དག་བཤེས་བྲལ་ལམ་སྟོན་མགོན་མེད་ཅིང་། །ཆོས་ཀྱི་མིག་ཟུམ་མ་རིག་མུན་པར་འཁྱམས། །འདི་དག་བསམས་ནས་རྙེད་དཀའི་དལ་བ་ལ། །སྤྲོ་དགའི་སེམས་བསྐྱེད་དམ་ཆོས་བསྒྲུབ་པར་འོས། །ཡང་དག་ལམ་སྟོན་དེད་དཔོན་མཆོག་གྱུར་པ། །མཚན་ལྡན་བླ་མ་རྣམས་དང་མཇལ་གྱུར་ཅིང་། །ཟབ་མོའི་ཆོས་མཆོག་བདུད་རྩི་ཐོབ་དུས་འདིར། །བརྩོན་པས་བསྒྲུབས་ཏེ་སྲིད་གསུམ་རྒྱ་མཚོ་ཡི། །ཕ་རོལ་

p. 839

མཆོག་ཏུ་རྒལ་ལ་བརྩོན་འཚལ་ལོ། །ཚེ་ནི་མི་རྟག་ནུབ་རིའི་གྲིབ་མ་བཞིན། །གཡང་ཁའི་ལྗོན་ཤིང་རླུང་གིས་བསྐྱོད་འདྲ་ཞིང་། །སྤྲིན་དང་གློག་བཞིན་རྩྭ་རྩེའི་ཟིལ་པ་བཞིན། །མྱུར་བ་ཉིད་དུ་འཆི་བར་བསམ་འཚལ་ལོ། །ད་ལྟ་འཆི་ཞེས་སྙིང་ནས་མ་དྲན་ན། །ལེ་ལོས་གཡེངས་པས་འཆི་དུས་ཕན་མི་ཐོགས། །དེ་བས་ད་ལྟ་ཐོག་ཏུ་བབ་པ་བཞིན། །འཇིགས་སྔངས་སྐྲག་པས་སྙིང་པོའི་དོན་ལ་སྦྱོངས། །དེང་ནས་བདག་ཀྱང་ནགས་ཚལ་མེ་ཏོག་ཅན། །སྐྱེ་བོས་སྟོང་ཞིང་འབབ་ཆུའི་སྒྲ་གྲགས་ལ། །དབེན་ཞིང་ཡིད་འོང་བྲག་རིའི་དྲུང་འདུག་སྟེ། །དུས་བཞིར་སྙིང་པོ་མེད་ཅེས་སེམས་པ་ཡི། །དགེ་བ་རྒྱན་གྱུར་འཇིག་རྟེན་མིས་བསྐྲུན་པ། །ཀུན་ལས་ཆེས་མཆོག་བདུད་རྩི་ཐོབ་གྱུར་ཅིང་། །མི་རྟག་སྟོང་པའི་སྒྲ་ཆེན་སྒྲོགས་པར་ཤོག །སྨན་ཤིང་མེ་ཏོག་ཤང་ཤོང་མཛེས་པ་དེར། །ཆོས་ཚུལ་ཞི་བ་སྤྲིན་གྱི་བླ་རེ་ཅན། །རིག་འཛིན་རྒྱལ་བའི་གསེར་གྱི་གློག་འགྱུ་བས། །ཚེ་གཅིག་འོད་གསལ་སྙིང་པོ་འགྲུབ་པར་ཤོག །ཐར་པའི་ཁང་བཟངས་རིན་ཆེན་ཕོ་བྲང་ནས། །ཆོས་ཚུལ་ཞི་བ་རྔ་སྒྲའི་དབྱངས་གྲགས་པས། །མ་ལུས་འགྲོ་ཀུན་མ་རིག་གཉིད་སངས་ཏེ། །གདོད་མའི་ས་ལ་མངོན་པར་བྱང་ཆུབ་ཤོག །སྐྱོ་བས་སེམས་པའི་རང་བཞིན་གསལ་བ་ཅན། །ཞི་བའི་ནགས་སུ་གཅིག་པུ་འགྲོ་འདོད་ནས། །སྙིང་ནས་སྨོན་པའི་ཚིག་གི་དབྱངས་སྨྲས་པ། །མོས་དགེ་དག་པས་མྱུར་དུ་འགྲུབ་པར་ཤོག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། གཉིས་པ་འཆི་བའི་རྟགས་བརྟག་པ་ནི། ཐལ་འགྱུར་ལས། འཆི་བའི་རྟགས་ཀྱང་ཉི་ཤུ་གཅིག །དུར་ཁྲོད་དབེན་པའི་ཕྱོགས་སོང་ལ། །བླ་མ་མཆོད་ཅིང་གཏང་བར་བྱ། །གཞན་ཡང་བཟའ་དང་བཏུང་བ་ཡིས། །འགྲོ་བ་གཞན་ཡང་མགུ་བྱས་ཏེ། །དེ་ནས་ཕྱི་ནང་གསང་བ་ཡི། །འཆི་བའི་རྟགས་ཀྱང་བརྟག་པར་བྱ། །ཞེས་གསུངས་པས། ཐ་མལ་པ་ནམ་འཆི་མི་ཤེས་པ་ཀུན་ཀྱང་། མོ་དང་

p. 840

པྲ་ལ་སོགས་པས་རྟོག་པ་ཕྱི་རོལ་པ་ལ་སོགས་པ་འཇིག་རྟེན་པ་ལས་ཁྱད་པར་དུ་འཕགས་པ། རྣལ་འབྱོར་པས་དུས་ངེས་པར་གཟུང་བ་ནི། མི་མེད་པའི་ལུང་སྟོང་ངམ། དགོན་པའམ། དུར་ཁྲོད་དམ། ནགས་ཁྲོད་དམ། རི་བོའི་ལྗོངས་ལ་སོགས་པར་སོང་ལ། ཚེ་གཟུགས་བརྟག་པ་ལ་སོགས་པ་རྣམས་བྱ་སྟེ། ཉི་ཟླ་ཁསྦྱོར་ལས། འཆི་བདག་བདུད་ནི་ལྡང་དུས་ཀྱི། །འཆི་ཀའི་བར་དོ་འདི་ལྟར་བརྟག །དབེན་པའི་གནས་སམ་ལུང་སྟོང་དུ། །འཆི་བའི་དུས་ཚོད་གཟུང་བ་གཅེས། །ཞེས་སོ། །བརྟག་པ་དངོས་ལ་ཐུན་མོང་མ་ཡིན་པ་དང་། ཐུན་མོང་བ་གཉིས་ལས། དང་པོ་ནི། དེ་ཉིད་ལས། ནམ་མཁའི་ཁམས་སུ་གཟུགས་བརྙན་ནི། །མི་རྟག་གྱུར་ཏེ་ཡལ་བ་ན། །ཟླ་གཟུགས་མེད་དེ་འཆི་བ་ཡིན། །ཡན་ལག་བཞི་ཆད་ཟླ་བཞི་ནའོ། །དེ་སྟེང་མགོ་ཆད་ཟླ་གསུམ་ནའོ། །སྟོད་སྨད་བྱེ་ན་ཟླ་གཉིས་ནའོ། །ཐུམ་པོར་འདྲིལ་ན་ཟླ་གཅིག་ནའོ། །དེ་ཡི་དུས་ཚོད་ཤེས་པར་བྱ། །གནམ་ས་གཉིས་ཀྱི་འབྲེལ་ཐག་ནི། །གལ་ཏེ་ཆད་པར་གྱུར་པ་ན། །ཞག་ནི་བཅུ་དགུ་ལས་མི་ཐུབ། །རི་རབ་ཀྱི་ནི་ལོགས་དག་ནས། །སེང་གེ་དཀར་མོའི་མི་བབས་ནས། །བཅུ་དྲུག་ཞག་གིས་གདོན་མི་ཟ། །གལ་ཏེ་རི་དང་ཐང་མཚམས་སུ། །དཔག་བསམ་ལྗོན་ཤིང་སྐེད་ཆག་ན། །འདི་དག་ཀྱང་ནི་མཁས་པས་བརྟག །རྒྱ་མཚོ་ཆུ་ཡི་སྤྲིས་ཡལ་ན། །འདི་ཡང་རིམ་པ་མཁས་པས་དབྱེ། །ས་ཡི་གྲོང་ཁྱེར་དག་ཏུ་ནི། །དགེ་སྦྱོང་དུ་བ་ཉིད་ཆད་ན། །ཞག་ནི་དགུ་ན་དེ་བཞིན་འགུམ། །རི་རབ་རི་ཡི་རྩེ་མོ་ལ། །མི་འགྱུར་ཉི་མ་ནུབ་གྱུར་ན། །ཞག་གསུམ་ན་ནི་དེ་ཡང་འཆི། །ཆོ་ག་རྣམས་ནི་རབ་སྤངས་ལ། །རང་རིག་སྙིང་པོའི་དོན་ལ་བརྟག །རི་རབ་དག་གི་ཁོང་གསེང་ནས། །མཁའ་འགྲོ་མ་ཡི་སྒྲ་ཆག་ན། །བཅུ་གསུམ་ཉིད་དམ་ལྔ་ནའོ། །གལ་ཏེ་དཔག་བསམ་ལྗོན་ཤིང་ལས། །འཆི་བདག་དག་གི་བདུད་ལངས་ན། །ཞག་བདུན་གྱིས་ནི་གདོན་མི་ཟ། །དེ་ནི་

p. 841

ཕན་པར་མི་འགྱུར་གྱི། །སྟོང་པ་ཉིད་ལ་གོམས་པ་གཅེས། །ཞེས་སོ། །གཉིས་པ་ཐུན་མོང་བ་ནི། ཡང་། དེ་ཉིད་ལས། ཡན་ལག་སེན་མོའི་བཀྲག་མེད་ན། །ཟླ་བ་དགུ་ན་གདོན་མི་ཟ། །སྐྱེས་བུའི་མིག་གི་སྤྲིས་ཡལ་ན། །དེ་བཞིན་ཟླ་བ་ལྔ་ནའོ། །འཆི་བདག་གཤིན་རྗེ་ཉིད་ལངས་ན། །ཞག་ནི་ཉི་ཤུ་གཅིག་ན་འཆི། །དེ་ལ་ཅིས་ཀྱང་ཕན་པ་མེད། །རྐང་པའི་ལོང་བུ་ཕྱིར་འཐོན་ན། །དེ་བཞིན་ཟླ་བ་གཅིག་ནའོ། །གལ་ཏེ་གཞན་གྱི་ལུས་རྟོག་ན། །སྐྱེས་བུ་ནད་ཀྱིས་བཏབ་པའི་ཚེ། །སོ་ཡི་རྩ་བར་དྲེག་པ་ཆགས། །ཞག་དགུ་ན་ནི་དེ་ཡང་འཆི། །དེ་བཞིན་སྣ་ཞོམ་ཞག་ལྔ་ན། །དེ་བཞིན་དུ་ཡང་འཆི་བའོ། །ཡན་ལག་ཡང་ཡང་བསྐྱོད་བསྐུམ་བྱེད། །དེ་ནི་ཉི་མ་བདུན་ནའོ། །མིག་ནི་འབྲུ་ཚུགས་བལྟ་བ་ན། །ཞག་གསུམ་ན་ནི་ཏྲོ་ཏའོ། །མིག་གི་ཚིགས་རྣམས་རབ་འཁྲུལ་ན། །དེ་ནི་ཟླ་བ་ཕྱེད་ནའོ། །འགྲམ་པ་ཡི་ནི་རྒྱུད་ཆད་ན། །དེ་བཞིན་ཞག་ནི་བཅུ་དགུ་ན། །སྐྱེས་བུ་ཚེ་ཡི་འདུ་བྱེད་བྱེད། །དབུགས་ནི་བརྩེགས་མར་ཡང་རྒོད་ན། །དེ་ཡང་ཟླ་བ་དྲུག་ནའོ། །སྣ་ཡི་མ་སི་ཀ་ཆད་ན། །ཞག་བདུན་ན་ནི་འགུམ་པར་འགྱུར། །མིག་གི་བ་ར་ན་ཆད་ན། །ཞག་ལྔ་དག་ན་དེ་ཡང་འགུམ། །འགྲམ་པ་གཡོན་གྱི་ཤ་ཤོར་ན། །ཞག་གཅིག་ན་ནི་དེ་བཞིན་འགུམ། །སྟེང་འོག་སོ་ནི་འཐམས་གྱུར་ན། །ཞག་གསུམ་གྱིས་ནི་གདོན་མི་ཟ། །ལྕེ་ལ་ནག་པོའི་ཐིག་ལེ་བྱུང་། །ཞག་གཉིས་ཀྱིས་ནི་དེ་ཡང་འགུམ། །རྣ་བ་མགོ་ལ་འབྱར་གྱུར་ན། །དེ་ནི་དེ་ནུབ་ནམ་ཕྱེད་དོ། །བྲང་གི་ལྷེན་སྣ་ཞོམ་པ་ན། །ཟླ་བ་ཕྱེད་ཀྱིས་གདོན་མི་ཟ། །གཉིད་ལོག་རྩ་ནི་མེད་པ་ན། །དེ་ཡང་ཟླ་བ་ཕྱེད་ནའོ། །ཞེས་སོ། །གསུམ་པ་བཟློག་པའི་ཐབས་བསྟན་པ་ནི། ཞིང་ཁྱད་པར་ཅན་ལ་ཚོགས་བསག་པ་དང་། འབྱུང་བའི་རྟེན་འབྲེལ་གྱི་འཁོར་ལོ་བྱ་བ་དང་། གདོན་ལ་གླུད་ཀྱིས་བསླུ་བ་དང་གསུམ་གྱིས་ཚེ་

p. 842

ཟད་པ་ལས་ཀྱང་ཟློག་པར་བཤད་དེ། དེ་ཉིད་ལས། དེ་ལྟར་ལུས་ལ་རྟགས་བྱུང་ན། །འཆི་བ་བསླུ་བའི་ཆོ་ག་བཤད། །སྐྱེས་བུ་བཟློག་པའི་ལས་བརྩམས་པས། །རང་གི་བླ་མ་དགེ་འདུན་དང་། །ཚོགས་བསག་ཞིང་ནི་ཁྱད་པར་ལ། །ཡོན་དང་སྟོན་མོས་མཉེས་བྱས་ལ། །ཆོ་ག་འདི་དག་བརྩམ་པར་བྱ། །འབྱུང་བའི་སྒྲ་རྣམས་ཆ་མཉམ་ཕྱིར། །ཏ་ལ་ཡི་ནི་ལོ་མ་ལ། །འབྱུང་བ་ལྔ་ཡི་འཁོར་ལོ་ནི། །རྩིབས་བཞི་ལྟེ་བ་མུ་ཁྱུད་བཅས། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འཁོར་ལོ་དག་ནི་ལྔ་བྱས་ལ། །ཁ་དོག་དག་ནི་འབྱུང་བས་དབྱེ། །ལྟེ་བ་རྩིབས་དང་ལྔ་རྣམས་ལ། །རང་རང་གི་ནི་ཡི་གེ་ལྔ། །མུ་ཁྱུད་ཨཱ་ལིའི་ཚོགས་ཀྱིས་བསྐོར། །དེ་ལྟར་འཁོར་ལོ་རྣམས་བྲིས་ཏེ། །མཆོད་དང་བསྟོད་དང་སྡིག་པ་བཤགས། །སོ་སོའི་ཅི་འདོད་གསོལ་བ་གདབ། །ལྟེ་བར་འབྱུང་བའི་ལྷ་བསམས་ལ། །ཡི་གེའི་གྲངས་ནིབརྗོད་ལ་བསྟིམ། །དེ་ནས་ཁམ་ཕོར་ཁ་སྦྱར་དུ། །འཁོར་ལོ་དེ་ཀུན་བཅུག་ནས་ནི། །ཚོན་སྐུད་ལྔ་ཡིས་རྒྱ་གྲམ་བཅིང་། །ཤིང་དང་ཆུ་དང་མེ་དང་ས། །རིགས་མི་མཐུན་པའི་ཁ་རླངས་ལ། །དེ་ཀུན་བསྒྲེས་ལ་ངར་ཟན་དང་། །བསྲེས་ལ་གཟུགས་ནི་ཁྲུ་གང་བྱ། །དབང་པོ་ལྔ་ལ་ཡི་གེ་ནི། །རྒྱ་ཤོག་བྲིས་ཏེ་ཁོལ་བཏོན་གཞུག །དེས་ནི་འབྱུང་བ་ཉམས་པ་གསོ། །གལ་ཏེ་གདོན་གྱིས་བཟུང་བ་ལ། །ངར་ཟན་སྐྱེས་བུའི་ལོ་སོང་ཚད། །ཁ་དོག་ཉིད་ནི་བསྒྱུར་བྱས་ལ། །རང་གི་དྲི་མ་གོས་དུམ་དང་། །དེ་བཞིན་འབྱུང་བའི་རྫས་རྣམས་ཀྱང་། །ཟན་དང་བསྲེས་ནས་གཟུགས་སུའོ། །བལ་ཚོན་དར་དང་སྒྲོ་རྣམས་ཀྱིས། །གཟུགས་དེ་རྣམས་ནི་བརྒྱན་བྱས་ལ། །དེ་རྣམས་དང་ནི་མཐུན་པ་ཡི། །གཏོར་མ་དག་ཀྱང་དེ་བཞིན་ནོ། །དེ་གཟུགས་ཐ་མར་ངར་ཟན་ནི། །རྣལ་འབྱོར་ལོ་གྲངས་ཙམ་གྱིས་བསྐོར། །བྱིན་གྱིས་བརླབས་ལ་ཚིག་འདི་བརྗོད། །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །

p. 843

སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམས་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཚིག་ནི་དེ་ཀུན་ལན་གསུམ་བརྗོད། །དེ་ནས་ཆུ་བོའི་གཞུང་ལ་བསྐྱལ། །འཆི་བ་ལས་ནི་བཟློག་པ་ལ། །ཐེ་ཚོམ་མེད་དོ་ན་རག་ཀན། །ཅེས་སོ། །བཞི་པ་འཆི་ཀའི་སྣང་བ་བསྟན་པ་ནི། འབྱུང་བ་སོ་སོ་ལ་ཐིམ་དུས་རྩ་རླུང་འཁྲུགས་པའི་སྣང་བ་སོ་སོ་སྟེ། ས་ས་ལ་ཐིམ་པའི་རྟགས་སུ་ལུས་ལྕི་ཞིང་ལྡང་མི་ནུས། ཆུ་ཆུ་ལ་ཐིམ་པའི་རྟགས་སུ་ཁ་དང་སྣའི་ཆུ་ཕྱིར་ལུག་ནས་འོང་། དེ་ནས་སྐམ། མེ་མེ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་མཐའ་འཁོབ་བཞི་ནས་དྲོད་འཆོར། བཀྲག་དང་གཟི་མདངས་སྡུད། རླུང་རླུང་ལ་ཐིམ་པའི་རྟགས་སུ་དབུགས་བརྩེགས་མ་འབྱུང་ཞིངལུས་ཀྱི་སྟོབས་འཆོར་ཏེ། ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་ཐིམ་པ་དང་། །དེ་བཞིན་ཆུ་དང་མེ་དང་རླུང་། །སོ་སོ་རང་ལ་ཐིམ་པ་ནི། །སྐྱེས་བུའི་ལུས་ལ་འདི་ལྟར་འོང་། །ས་ནི་རང་ལ་རང་ཐིམ་པས། །ལུས་ནི་ལྕི་ཞིང་ཟས་མི་ལེན། །ལངས་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་སྣའི་ཆུ་ནི་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་འཕྲ། །མིག་ཀྱང་གྱེན་ལ་བཟློག་པའོ། །ཞེས་སོ། །ལྔ་པ་གདབ་པའི་མན་ངག་ལ་གསུམ་སྟེ། གོམས་པ་རབ་དབྱིངས་རིག་རང་སོ་ལ་བཞག་པ། འབྲིང་འཕོ་བ་སྦྱང་བ། ཐ་མ་གཞན་རྐྱེན་ལ་ལྟོས་པའོ། །དང་པོ་ནི། རྣལ་འབྱོར་པ་གཅིག་པུར་འཆི་བ་རྣམས་འོད་གསལ་གྱི་སྣང་བ་ལ་འདུ་འབྲལ་མེད་ན་དུས་དེར་ཡང་གཞན་ལ་མི་ལྟོས་པར་རང་སྣང་གསལ་བས་དེའི་ངང་ལས་མ་ཡེངས་པར་བཞག་སྟེ། ལུས་གནད་བཞུགས་སྟངས་གསུམ་གང་རུང་ངམ་སྐྱིལ་ཀྲུང་ངམ། སེང་གེའི་ཉལ་ལུགས་ཀྱིས་རིག་པ་དབྱིངས་རིག་ལ་གཏད་པའི་ངང་ལ་

p. 844

ཤི་ན། སྐད་ཅིག་དེ་ལ་ཡར་གྱི་ཟང་ཐལ་དུ་གྲོལ་ཏེ་ཆོས་ཉིད་ཀྱི་བར་དོ་མེད་པ་ནི། ཡང་དེ་ཉིད་ལས། དེ་ཚེ་སྐྱེས་བུ་སྐལ་ལྡན་དེའི། །སྣང་བ་ཉིད་ནི་རང་གསལ་ན། །མི་གནས་ཤེས་པ་རང་སོ་ཞེས། །ཞེས་པ་དང་། ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡིད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པར་ནི། །སངས་རྒྱ་བ་ལ་ཐེ་ཚོམ་མེད། །ཤི་བའི་དབུགས་ཀྱང་དལ་བར་འགྱུར། །ཅེས་སོ། །དབྱིངས་རིག་གོམས་པ་རྣམས་ནི་འཆི་དུས་གངས་སམ་བྲག་ཕུག་གམ་མི་ལ་སོགས་པ་སེམས་གཡེང་བའི་རྐྱེན་མེད་པར་འཆི་བ་གནད་ཆེ་སྟེ། ཞི་བ་ལྷས་ཀྱང་། དྲུང་ན་འཁོད་པ་སུ་དག་ཀྱང་། །མྱ་ངན་བྱེད་པ་ཡང་མེད་པས། །འདི་ཡི་སངས་རྒྱས་རྗེས་དྲན་སོགས། །སུས་ཀྱང་གཡེངས་པར་གྱུར་པ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི་སྔར་བསྟན་པ་བཞིན་འཕོ་བའི་གནད་བྱ་སྟེ། དེའང་རླུང་རྣམ་ཤེས་ལ་འཇུག་དུས་སྲོག་རླུང་སྙིང་ག་ནས་གནས་བཏེག་པའི་དུས་ཡིན་པས་རིག་པ་སྙིང་ནས་རང་གི་བླ་མའི་སྐུ་ཚོན་གང་བར་བསམས་པ་ཧིག་གི་སྒྲ་བདུན་ནམ་ཉེར་གཅིག་གིས་ཚངས་བུག་ལ་འཕངས་པས་ཀ་དག་གི་ས་ལ་སྐད་ཅིག་གིས་ཟང་ཐལ་དུ་གྲོལ་ཏེ། ཉི་ཟླ་ཁ་སྦྱོར་ལས། རླུང་བཞི་རིམ་གྱིས་ཞི་ནས་ཀྱང་། །རླུང་ཆེན་གཅིག་གིས་བསྐྱོད་པའི་ཚེ། །ཞེས་པ་ནས། རྣམ་ཤེས་རླུང་ཞོན་རླུང་ལ་སྦྱང་། །དེ་ཡང་གོང་དུ་འབྱོངས་པ་གཅེས། །རིག་པ་བསྡུ་དང་འཕང་བ་གཅེས། །དེ་ཡང་ཧིག་གིས་འཕང་བའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །ཅེས་སོ། །རིག་པའི་ཡེ་ཤེས་རླུང་རྣམ་ཤེས་ལ་འཇུག་དུས་འདིར་འཕོ་བས། གདམས་པ་རྣམས་འདིར་གསལ་འདེབས་ཏེ། དེ་ཉིད་ལས། དེ་ཚེ་བླ་མའི་མན་ངག་རྣམས། །རང་གི་རྒྱུད་ལ་འདྲིས་པར་བྱ། །དོན་འདི་རྣམས་ཀྱིས་གསལ་ཡང་གདབ། །ཅེས་སོ། །དབུགས་འཕོ་དུས་ཡུལ་དང་གནས་ལ་འཇུག་པ་འཕོ་བ་དང་། སྐུ་དང་ཡེ་ཤེས་ལ་འཇུག་

p. 845

པ་དབྱིངས་རིག་གི་གདམས་པ་གཉིས་ཡིན་ལ། དབྱིངས་རིག་ལའང་གོམས་པ་ཅན་གཞན་རྐྱེན་ལ་མི་ལྟོས་པ་དང་། ལྟོས་པ་གཉིས་སུ་བཤད་པས་ན། མན་ངག་གི་རྣམ་པ་གསུམ་དུ་བྱུང་བའི་གནས་དེ་ཡིན་ནོ། །གསུམ་པ་གཞན་རྐྱེན་ལ་ལྟོས་པ་ནི། དུས་དེར་བླ་མའམ་རྡོ་རྗེའི་སྤུན་སྲིང་དམ་ཚིག་ལ་སེལ་མེད་པ་ཞིག་གིས་གསལ་འདེབས་ཏེ། དེའང་ད་ལྟའི་འོད་གསལ་སྐྱེལ་མ་དང་འདྲ་ལ། བར་དོའི་འོད་གསལ་སུན་མ་དང་འདྲ་བས། དེ་གཉིས་གུང་སྦྲེལ་བའི་ཕྱིར། དབྱིངས་རིག་སྐྱེལ་མ་འདྲ་བའི་སྣང་བ་བསྟན་ལ། ཀྱེ་རིགས་ཀྱི་བུ་ད་ལྟའི་འོད་གསལ་འདི་རང་བྱུང་གི་ཡེ་ཤེས་དངོས་ཡིན་གྱིས་འདིའི་ངང་ལ་སེམས་མ་བཅོས་པར་ཞོག་དང་། ཡར་གྱི་ཟང་ཐལ་དུ་ཁྱོད་སངས་རྒྱའོ། །དེའང་སྣང་བ་འདི་མ་འགྱུར་བར་ལྟོས་དང་། ད་ལྟའི་འོད་གསལ་འདི་ཆོས་ཉིད་མའི་འོད་གསལ་སྣང་བ་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་འཆར་བ་དང་འདྲེས་པར་འགྱུར་རོ། །དེའི་ཚེ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །དེའི་ཚེ་ཀ་དག་གི་ས་ལ་ཁྱོད་སངས་རྒྱའོ། །དེར་ངོ་མ་ཤེས་ན་འོད་གསལ་ལྷུན་གྲུབ་ལ་ཐིམ་དུས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་རོ། །དེ་ནས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་འཆར་རོ། །དེ་ནས་ལྷུན་གྲུབ་ཀྱི་སྒོ་བརྒྱད་འཆར་བས་ཁྱོད་ཀྱིས་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །རང་ངོ་ཤེས་མ་ཐག་ཀ་དག་གི་སར་ཁྱོད་བདེ་བར་གཤེགས་སོ་ཞེས་ལན་གསུམ་བརྗོད་ལ། རང་ཉིད་ཀྱང་སྣང་བ་དེ་ལ་དར་ཅིག་མཉམ་པར་བཞག་ཅིང་ཡང་དེ་ལ་གསལ་གདབ་བོ། །དེས་གྲོལ་ངེས་ཏེ། ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་དབྱིངས་རིག་མི་གསལ་ན། །ཆོས་ཉིད་བདེ་བའི་བར་མ་དོར། །རིག་པའི་སྣང་བ་གཟུང་བའི་ཕྱིར། །སྔར་བསྟན་འོད་རྣམས་ཡིད་ལ་བྱ། །དེས་ནི་བདེན་པའི་སྣང་བ་ཐོབ། །གལ་ཏེ་དེ་དག་མི་གསལ་ན། །རང་གི་བླ་མ་གནས་པ་ན། །གོང་གི་མན་ངག་གསལ་ཡང་གདབ། །བླ་མ་མེད་ན་རྡོ་རྗེ་སྤུན། །ཤེས་པའི་གསལ་ཡང་གདབ་པར་བྱ། །ཞེས་སོ། །དེ་ལྟར་མན་ངག་འདེབས་འཕྲོ་

p. 846

ལ་ཤི་བའམ། ཆོས་རིགས་མི་མཐུན་པ་གཞན་དག་འཆི་ཀ་མ་ལ་མན་ངག་རིན་པོ་ཆེ་རྣམ་པ་གསུམ་གྱིས་གཞན་ལ་ཕན་གདགས་པར་བསྟན་པ་ནི། དེའང་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་དུས་དེར། བདག་ཉིད་ཀྱིས་སྐད་ཅིག་གི་བར་དུ་ཆོས་ཉིད་མངོན་སུམ་གྱི་དགོངས་པ་ལ་གནས་པར་བྱས་ལ། དེ་ནས་ཕ་རོལ་པོ་དབུགས་དང་བྲལ་ལ་ཁད་པ་དེའི་ཁ་སྣ་གསུམ་དང་རང་གི་ཁ་སྣ་གསུམ་སྤྲད་ལ་རླུང་ཕར་འགྲོ་བ་ལ་དུམ་བུ་གསུམ། ཚུར་སྡུད་པ་ལ་གསུམ་ལས། ཕར་གྱི་དུམ་བུ་དང་པོ་ༀ་དཀར་པོར་བསམས་ལ་འཕང་། གཉིས་པ་ཨཱཿདམར་པོར་བཅས་ཏེ་འཕང་། ཐ་མ་གང་ཡང་མི་བསམ་པར་འཕང་ངོ་། །ཚུར་གྱི་གསུམ་ཀ་ལ་ཧཱུྃ་དུ་བསམས་ཏེ་དེའི་ཤེས་པ་ཧཱུྃ་མཐིང་ག་བདག་གི་རིག་པ་ལ་དྲང་། ངག་ཏུ་ཡང་ཧཱུྃ་ཞེས་རྒྱུ་ཞབས་འུབ་ལ་དྲག་ཏུ་དྲང་ངོ་། །དེའི་དུས་སུ་རང་གི་ལུས་ངག་ཡིད་གསུམ་སྟོབས་བསྐྱེད་ལ་འུབས་འུབས་ནང་དུ་དྲངས་པས། ཁོའི་རླུང་ཚ་སིབ་ཀྱིས་བདག་གི་ཁོང་དུ་འབྱུང་བར་ངེས་སོ། །དེའི་དུས་སུ་ཕ་རོལ་པོ་དེའི་མིག་དྲུང་ཧྲིག་གིས་འོང་། དེ་ནས་ལུས་ཀྱང་ཧར་གྱིས་ལྡང་ནུས་པ་འོང་། དེ་ལྟར་བྱུང་དུས་མིག་གི་དེ་ཁོ་ན་ཉིད་ཆོས་ཉིད་མངོན་སུམ་གྱི་སྣང་བ་བསྟན་ལ། མིག་ཧར་བྱུང་དུས་ཐིག་ལེ་སྟོང་པའི་སྒྲོན་མ་མཐེབ་མཛུབ་ཀྱིས་ངོ་སྤྲད་པ་བལྟར་བཅུག་ནས། འོད་གསལ་རང་ལ་ཡོད་པ་དེ་འདི་ཀ་ཡིན་ཏེ་འདི་ཉིད་ལུས་ལས་འཐོན་དུས་ཆོས་ཉིད་བར་དོ་རང་ཆས་སུ་འཆར་བ་རང་སྣང་འདི་ཀ་ཡིན་གྱིས་གཞན་མ་ཡིན་པས་རང་ངོ་ཤེས་པར་གྱིས་ཤིག་ཅེས་ལན་གསུམ་བཏབ་ལ། སྣང་བ་དེ་མཐོང་ངམ་གདམས་ངག་དེ་གོའམ་ཞེས་བརྗོད་དུས་སྐད་ཐོན་ན་བཟང་། བརྡ་བྱུང་ཡང་ཐེབས་པ་ཡིན་པས། ཆོས་ཉིད་ཀྱི་བར་དོ་ལ་མི་རྟོག་པའི་ཏིང་ངེ་འཛིན་ཐོབ་སྟེ་སངས་རྒྱ་བར་ངེས་སོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་གཞན་གྱི་དོན་བྱེད་ན། །དེ་ཉིད་ཐུགས་རྗེས་གཟུང་བའི་ཕྱིར། །སྒོ་གསུམ་དག་ནི་སྒོ་སྤྲད་དེ། །དབུགས་ནི་བཏུབ་དང་རྔུབ་དང་འཕང་། །ཡི་གེ་འབྲུ་གསུམ་གཞུག་

p. 847

པས་ནི། །ལུས་དང་ངག་ཡིད་སྟོབས་བསྐྱེད་ཕྱིར། །དབུགས་དང་བཅས་ཏེ་མཁས་པས་བྱ། །དེ་ལྟར་ཡང་དངཡང་བྱས་པས། །དེ་ཡི་སྣང་བ་འདི་ལྟ་བུ། །གལ་ཏེ་ལུས་ཀྱི་སྟོབས་རྙེད་ན། །གདམས་པ་དག་ནི་གདབ་པར་བྱ། །འོན་ཏེ་ཤེས་པ་གསལ་གྱུར་ན། །དགོངས་པ་ཉིད་ལ་མཉམ་པར་གཞག །དབང་པོའི་སྒོ་རྣམས་རང་དྲུང་ན། །མིག་གི་དེ་ཉིད་བལྟ་རུ་གཞུག །མཉམ་པར་གནས་པའི་སེམས་བྱུང་ན། །མི་རྟོག་ལྡན་པའི་ཏིང་འཛིན་ཐོབ། །ཅེས་སོ། །གདམས་ངག་འདི་ནི་ཚང་སྤྲུགས་སུ་གདབ་པ་ཞེས་བྱ་བ་རྫོགས་པ་ཆེན་པོ་འདིའི་གནད་གལ་པོ་ཆེ་ཞིག་ཡིན་ནོ། །དེ་ལྟར་དབང་པོ་བསྡུས་ནས་ཀྱང་སླར་ཤི་བ་ལོག་པར་བྱེད་པའི་གནད་ཀྱིས་གསལ་འདེབས་ན། ད་ལྟ་མ་ཤི་བ་ལ་བརྩོན་འགྲུས་བསྐྱེད་ནས་སྒོམ་པ་གལ་ཆེའོ། །དྲུག་པ་སྐྱེ་གནས་ཀྱི་རྟགས་བསྟན་པ་ལ་དྲོད་སྤྱི་བོར་ཡལ་ན་རབ་ཀ་དག་འབྲིང་བར་དོར་ཐ་མ་སྤྲུལ་སྐུར་དབུགས་འབྱིན་པར་ངེས་ལ། སྐྱེ་བོ་ཐ་མལ་པ་རྣམས་མཐོ་རིས་སུ་སྐྱེ་བས་དབུགས་འབྱིན་ནོ། །དེའང་འཆི་དུས་མིག་རབ་རིབ་བྱེད་ཅིང་མཚན་མར་དྲོད་འདུས་ན་བྱོལ་སོང་དུ་སྐྱེའོ། །ལག་པ་གཡས་གཡོབ་ཅིང་དྲོད་སྤྱི་བོར་འདུས་ན་ལྷའོ། །ཚིག་འཆོལ་ཞིང་མཆན་ཁུང་གཡས་སུ་དྲོད་འདུས་ན་ལྷ་མིན་ནོ། །རྐང་པ་གཡོན་ས་ལ་རྡེབ་ཅིང་དྲོད་རྐང་མཐིལ་དུ་འདུས་ན་དམྱལ་བའོ། །ལུས་སེར་ཞིང་བཀྲག་མེད་ལ་དྲོད་ཁར་འདུས་ན་ཡི་དྭགས་སོ། །ཚིག་གསལ་ཞིང་དྲན་པ་མ་ཉམས་པར་དྲོད་མིག་ཏུ་འདུས་ན་མིའི་སྐྱེ་གནས་སུ་སྐྱེའོ། །ཡང་དེ་ཉིད་ལས། ཕྱི་ཡི་སྣང་བ་འདི་ལྟ་བུ། །གལ་ཏེ་དྲོད་ནི་གྱེན་ཡལ་ན། །དབུགས་ཆེན་འབྱིན་པར་འགྱུར་བ་ཡིན། །མིག་ནི་མི་གསལ་རབ་རིབ་ན། །ངན་སོང་གནས་རྣམས་དག་ཏུ་སྐྱེ། །ལག་པ་དག་ནི་གཡས་གཡོབ་ན། །མི་དེ་ལྷ་ཡི་གནས་སུའོ། །ཁ་ནས་ཚིག་ནི་འཆོལ་བ་ནི། །ལྷ་མིན་གནས་སུ་དེ་བཞིན་སྐྱེ། །རྐང་པ་གཡོན་པ་ས་ལ་རྡེབ། །དེ་ནི་དམྱལ་བའི་གནས་སུའོ། །ལུས་ཀྱི་

p. 848

མདོག་ནི་སེར་བཀྲག་མེད། །དེ་ནི་ཡི་དྭགས་ཡུལ་དུའོ། །ཁ་ནས་སེམས་ཅན་སྐད་འདོན་ན། །དེ་ནི་བྱོལ་སོང་གནས་སུའོ། །ཡང་ན་ཁ་ལྐུགས་སོ་འཐམས་ན། །དེ་བཞིན་བྱོལ་སོང་སྐྱེ་གནས་སོ། །ཚིག་གསལ་དྲན་པ་མ་ཉམས་ན། །དེ་ནི་མི་ཡི་གནས་སུའོ། །ཕྱི་ཡི་རྟགས་ནི་དེ་དག་དང་། །ནང་གི་རྟགས་ནི་འདི་དག་སྦྱར། །སྤྱི་བོར་དྲོད་རྣམས་འདུས་པ་ན། །དེ་ནི་ལྷ་ཡི་གནས་སུའོ། །དེ་བཞིན་རྐང་མཐིལ་དྲོད་འདུས་ན། །དེ་ནི་དམྱལ་བའི་གནས་སུའོ། །མཆན་ཁུང་གཡས་སུ་དྲོད་འདུས་ན། །དེ་ནིི་ལྷ་མིན་ཡུལ་དུའོ། །དེ་བཞིན་ཁར་ནི་དྲོད་འདུས་ན། །མི་དེ་ཡི་དྭགས་གནས་སུ་སྐྱེ། །དེ་བཞིན་མཚན་མར་དྲོད་འདུས་ན། །དེ་ནི་བྱོལ་སོང་སྐྱེ་གནས་སོ། །མིག་ཏུ་དྲོད་རྣམས་འདུས་པ་ན། །མི་ཡི་གནས་སུ་སྐྱེ་བ་ཡིན། །དེ་ལྟར་རྟགས་དང་སུ་ལྡན་པ། །འདི་ནི་ངེས་པ་ཁོ་ནའོ། །ཞེས་སོ། །དེ་དག་ལས་ཁྱད་པར་དུ་བྱོལ་སོང་དུ་སྐྱེ་ན་མཚན་མར་དྲོད་འདུས་པ་དང་། སོ་འཐམས་པའམ། ཁ་ནས་དུད་འགྲོའི་སྐད་སྣ་ཚོགས་འདོན་པའམ། མིག་རབ་རིབ་ཀྱི་སྣང་བས་ཁེབས་པ་ནི་ཕྱི་ནང་གི་རྟགས་འཛོམ་པར་བཤད་དོ། །བདུན་པ་སྐྱེ་གནས་སྦྱང་བའི་ཆོ་ག་ལ་གསུམ་སྟེ། འཆི་ཁར་སྦྱང་བ། རོ་ལ་སྦྱང་བ། རྗེས་ལ་སྦྱང་བའོ། །དང་པོ་ནི། ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ཡི་སྦྱོར་བ་ཡིས། །དབུགས་དང་དེ་ཡི་གྲངས་དང་སྦྱར། །གལ་ཏེ་དེ་བར་མ་ཤི་ན། །སྤྱི་བོར་ཁ་གཏད་དབུགས་ཀྱིས་ནི། །ཤེས་པས་ལུས་ཀྱི་དཀྱིལ་དུ་ཡང་། །ཨ་ནི་དམིགས་ཏེ་བསྡུ་བར་བྱ། །ཞེས་པ་དང་། དེ་ལྟར་ཆོ་ག་ལྡན་པའི་ཚེ། །མི་དེའི་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་ནས་སྦྱོངས། །ཞེས་པས། འགྲོ་བ་ཕལ་པ་ཆོས་འདིའི་སྒོ་མ་མཐོང་བ་རྣམས་མཐོ་རིས་སུ་དྲང་བའི་ཕྱིར་ཐབས་འདི་བཤད་དེ། མི་དེའི་སྙིང་ནང་དུ་ཨ་དཀར་པོའམ་འོད་ཀྱི་གོང་བུ་སྒོ་ང་ལྟ་བུ་བསམ་དུ་བཅུག་ལ། དེ་ཡར་ལ་ཡར་ལ་སོང་བར་དམིགས་

p. 849

པ་ཟུངས་ཤིག་བྱས་ལ། རང་ཉིད་ཀྱིས་ཀྱང་དེའི་རྣམ་ཤེས་དེ་ལྟར་གྱུར་པ་ལ་དམིགས་ནས། ཨ་མི་དེའི་ལོ་གྲངས་རླུང་ཕྱིར་འགྲོ་རིང་པོ་དང་བསྟུན་ལ་ནུས་ཐང་ངུ་དབྱངས་དང་བཅས་པས་བཟླས་ཏེ། དབུགས་ཁྲོག་ཁྲོག་འགྲོ་དུས་དེའི་སྤྱི་བོར་ཁ་གཏད་ལ་ཨ་ཨ་ཞེས་ཉི་ཤུ་རྩ་གཅིག་བརྗོད་པས་རླངས་ཕྱུ་རུ་རུ་འོང་སྟེ། སྡིག་ཅན་ཡིན་ཡང་མཐོ་རིས་སུ་འདྲོངས་ལ། ཡིད་དཔྱོད་ཀྱི་ལྟ་སྒོམ་ཅན་ཡང་ཆོས་ཉིད་དུ་འདྲོངས་སོ། །གལ་ཏེ་དམྱལ་བར་སྐྱེ་བའི་རྟགས་ཅན་ཡིན་ན་དབུགས་དང་འབྲལ་དུས་སུ་དེའི་རྣམ་ཤེས་སྙིང་གའམ། ལྟེ་བར་ཨར་དམིགས་ཏེ་འོད་ལྔར་མེར་གྱིས་ཞུ་བ་ལ་རང་གི་བློ་དར་ཅིག་གནས་པས་གནས་གོང་དུ་འདྲོངས་སོ། །ཡི་དྭགས་དང་། བྱོལ་སོང་དང་། ལྷ་མིན་དང་། ལྷ་དང་། མི་རྣམས་ཀྱང་གོང་ནས་གོང་དུ་འདྲོངས་ལ། མིར་སྐྱེ་བ་ཐར་པ་ལ་འདྲོངས་སོ། །འོག་མའི་སྡུག་བསྔལ་མི་མྱོང་བར་གོང་མའི་བདེ་བ་རྙེད་པའི་ཐབས་ཀྱིས་ཕན་འདོགས་པའི་ཆོ་གའོ། །དེའང་དམིགས་པ་སྤོད་འཕྲོ་ལ་ཤི་ན་གོང་དུ་འདྲོངས་ལ། རྫོགས་ན་སྔ་མ་བཞིན་ནོ། །གཉིས་པ་རོ་ལ་སྦྱང་བ་ནི། རོ་དེའི་མདུན་དུ་མཎྜལ་ཁྲུ་དོ་པ་ལ་སོགས་པ་བྱས་ཏེ་གུར་གུམ་ལ་སོགས་པ་དྲི་བཟང་པོས་ཆག་ཆག་བཏབ་ལ་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྲིས་པའི་དབུས་སུ་རིན་པོ་ཆེའམ་རྫ་ཡིན་ན་ས་དཀར་གྱིས་བསྒྱུར་བའི་བུམ་པ་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་བཅས་པའི་ནང་དུ་ཆུ་གཙང་མ་བུམ་རྫས་དང་བཅས་པས་བཀང་བའི་ཕྱོགས་བཞིར་མཚལ་ལམ་ལྡོང་རོས་ཀྱིས་ཨ་བཞི་བྲིས་པ་བཞག་ལ། བུམ་པ་འོད་ལྔའི་གཞལ་ཡས་ཁང་དུ་བསམ་པའི་ནང་དུ་སྟོན་པ་ཀུན་ཏུ་བཟང་པོ་མཐིང་ག་མཉམ་གཞག་དང་བཅས་པ་ཡབ་ཡུམ་གྱི་ཕྱོགས་མཚམས་སུ་རིགས་ལྔའི་སངས་རྒྱས་དང་། སྟེང་དུ་བླ་མ་བརྒྱུད་པ་རྣམས་བསམས་ལ། སྐད་ཅིག་གིས་སྤྱན་དྲངས་ཏེ་བསྟིམ་ནས། ཨཱོྃ་ཨཱཿ་ཧཱུྃ་སྭཱ་ཧཱ་དང་ཨ་འབུམ་ཕྲག་གཅིག་གིས་བསྙེན་པ་བྱས་ལ། བར་བར་དུ་ཨཱོྃ་ཨ་བྷྱ་རྒྱ་ཏཾ་ཀེཾཆེ་གེ་མོའི་

p. 850

སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་། གཟུངས་ཐག་ནས་བཟུང་སྟེ་རང་ཉིད་རྡོ་རྗེ་སེམས་དཔར་བསམས་པའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བླ་མ་དང་ལྷ་སོ་སོའི་སྐུའི་ཆ་ཤས་ནས་བདུད་རྩི་བབས་པས་བུམ་པ་ཁེངས་པར་བསམས་ལ། མཆོད་པ་དང་བསྟོད་པ་ཅི་ཤེས་པས་བསྟོད་དེ། མཐར་ཨ་ཨ་ཞེས་བརྗོད་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཆུར་ཞུ་བར་བསམས་ལ། བུམ་པ་དེ་རོའི་སྤྱི་བོར་བཞག་སྟེ། ཨ་ལོ་གྲངས་ཙམ་བརྗོད་ནས། བུམ་པའི་ཆུ་དེ་ཡེ་ཤེས་ལྔའི་ཆུ་རྒྱུན་དུ་དམིགས་ལ་ཨ་དང་བཅས་པས་བཀྲུས་པས་སྒྲིབ་པ་དག་པར་བསམས་ཏེ་ཨ་མང་དུ་བརྗོད་པས། དམྱལ་བའི་གནས་ནས་འདྲོངས་པར་ངེས་སོ། །དེ་ནས་བུམ་པ་མགྲིན་པར་བཟུང་ལ་བྷྱ་ལོ་གྲངས་ཀྱིས་བཀྲུས་པས་ཡི་དྭགས་ནས་འདྲོངས་སོ། །དེ་ནས་བུམ་པ་གསང་གནས་སུ་བཟུང་ལ། རྒྱ་དང་རླུང་གི་བསྲེ་བ་བསྡོམས་པས་བྱོལ་སོང་ལས་འདྲོངས་སོ། །དེ་ནས་བུམ་པ་མཆན་ཁུང་དུ་བཟུང་ལ་ཀེ་ཾབརྗོད་ནས་བཀྲུས་པས་ལྷ་མིན་ནས་འདྲོངས་སོ། །དེ་ནས་བུམ་པ་སྤྱི་བོར་བཟུང་ལ་ཏཾ་བརྗོད་ནས་བཀྲུས་པས་ལྷའི་གནས་ནས་འདྲོངས་སོ། །དེ་ནས་ༀ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་བརྗོད་ཅིང་བུམ་པ་སྙིང་གར་བཟུང་ནས་བཀྲུས་པས་མིའི་སྐྱེ་གནས་ངན་པ་སྦྱངས་ཏེ། མི་ལུས་རིན་པོ་ཆེར་དྲངས་ནས་ཚེ་དེས་ཐར་པའི་སྐལ་བ་ཅན་དུ་འདྲོངས་སོ། །དེ་ལྟར་ཞག་གསུམ་མམ་ལྔའམ་བདུན་དུ་བྱས་ནས། ཕུང་པོ་བསྲེགས་སམ་བསྐྱལ་ན་ལྷ་མི་ཁྱད་པར་ཅན་ནམ་རྣམ་པར་གྲོལ་བའི་རྟགས་ནམ་མཁའ་ལ་མི་འབྱུང་མི་སྲིད་པའོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། དེ་ཉིད་ཤི་བར་གྱུར་པའི་ཚེ། །ཟག་པར་བཅས་པའི་ཕུང་པོ་ལ། །བུམ་པ་སྤྱི་བོར་བཞག་ནས་ནི། ཡི་གེ་ཡི་ནི་འབྲུ་ཉིད་དང་། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །དམྱལ་བའི་གནས་རྣམས་སྟོངས་ནས་ནི། །དེ་ཡི་རྟག་ཏུ་དེ་བཞིན་ནོ། །ཡི་དྭགས་རྟགས་དང་ལྡན་པ་ལ། །ཡི་གེ་བྷྱ་ཡི་སྦྱོར་བ་ཡིས། །དབུགས་དང་བཅས་

p. 851

ཏེ་གྲངས་ནི་བདུན། །ལྕེ་ཡི་སྟེང་དུ་བྷྱ་བཞག་སྟེ། །ཤེས་པའི་ངོ་བོ་དེ་ཡིས་བསྡུ། །དེ་བཞིན་བུམ་པ་ཁ་ཡི་སྟེང་། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། །ཡི་དྭགས་གནས་རྣམས་སྟོངས་ནས་ནི། །མི་དེ་ཡང་ནི་དེ་ལྟག་གོ། བྱོལ་སོང་རྟགས་དང་སུ་ལྡན་པ། །ཡེ་གེ་རྒྱ་ཡི་སྦྱོར་བ་ཡིས། །འདི་ཡི་གནས་རྣམས་སྦྱང་བར་བྱ། །དབུགས་དང་བཅས་ཏེ་ལན་གྲངས་དགུ། །མཚན་མ་རྒྱ་ཡིས་བཏབ་ནས་ནི། །ཤེས་པ་རྣམས་ནི་སྟོང་པ་ཡིས། །ཡང་ཡང་རླུང་དང་བཅས་པས་འཕང་། །དེ་བཞིན་བུམ་པ་མཚན་མའི་སྟེང་། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། །བྱོལ་སོང་གནས་རྣམས་སྟོངས་ནས་ནི། །མི་དེ་ཡང་ནི་དེ་ལྟག་གོ། གང་ཞིག་ལྷ་ཡི་རྟགས་བྱུང་ན། །ཡི་གེ་ཏཾ་གི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་གྲངས་ནི་ཡང་། །བཅུ་གཅིག་ལྡན་པས་ཤེས་པ་སྦྱང་། །སྤྱི་བོར་ཡི་གེ་ཏཾ་ཞེས་བསམ། །ཤེས་པ་ཟག་མེད་མིག་ཏུ་དྲང་། །དེ་བཞིིན་བུམ་པ་སྤྱི་བོའི་སྟེང་། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ནས། །ལྷ་ཡི་གནས་རྣམས་སྟོངས་ནས་ནི། །དེས་ནི་མི་ཡི་སྐྱེ་གནས་འཐོབ། །ལྷ་མིན་རྟགས་དང་སུ་ལྡན་པ། །ཡི་གེ་ཀེཾ་གི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་ཉི་ཤུའི་གྲངས། །མཆན་ཁུང་ཉིད་ནི་གཡས་སུ་ཡང་། །ཡི་གེ་ཀེ་ཾནི་མཁས་པས་བཞག །ཤེས་པ་མཉམ་པ་ཆེན་པོར་སྤྲོ། །དེ་བཞིན་བུམ་པ་མཆན་ཁུང་སྟེ། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། །ལྷ་མིན་གནས་རྣམས་སྟོང་ནས་ནི། དེ་ཡང་མི་ཡི་སྐྱེ་གནས་འཐོབ། །དེ་ལྟར་རྗེས་སུ་བཟུང་བ་ཡིས། །རིམ་པའི་གནས་རྣམས་འཕོས་ནས་ནི། །རིམ་པས་ཚེ་ཚད་ཉུང་གྱུར་ནས། །མི་ཡི་གནས་ཀྱི་བདེ་བ་རྙེད། །མི་དེའི་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་རྣམས་སྦྱོངས། །གལ་ཏེ་དབུགས་དང་བྲལ་བ་ལ། །ཕུང་པོའི་གནས་སུ་བུམ་པ་ཡིས། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །དེ་ཡང་ཐེ་ཚོམ་མི་ཟའོ། །ཞེས་སོ། །

p. 852

དེའང་མ་ཤི་བ་ལ་རྟགས་དྲུག་བྱུང་བ་དེ་གནས་དེ་དག་གི་ཡི་གེ་བསམས་ལ་དབུགས་ཀྱིས་སྟེང་དུ་དྲངས་ན་གོང་དུ་འདྲོངས་པས་བུམ་པ་མི་དགོས་ལ། ཤི་ནས་རོ་ཡི་གནས་སུ་ཡི་གེ་དེ་དག་བསམ་ཏེ་བུམ་པས་བཀྲུས་པས་འདྲོངས་པ་ཡིན་ནོ། །དེའང་གནས་གཞན་དུ་སྐྱེས་ཟིན་ནའང་ཆོ་གའི་བྱིན་རླབས་ཀྱིས། དམྱལ་བ་ལ་སོགས་པ་དེ་དག་གི་ཚེའི་ཚད་རྨི་ལམ་དུ་རྨིས་པ་ཙམ་གྱིས་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་ལ་ཟད་ནས་མིའི་གནས་སུ་སྐྱེའོ། །འོ་ན་འགྲོ་བའི་གཙོ་བོ་ལྷ་མ་ཡིན་ནམ་ཞེ་ན། འགྲོ་བའི་གཙོ་བོ་མི་ཡིན་ཏེ། མིའི་རྟེན་ལ་འབད་ན་ཚེ་གཅིག་གིས་ཐར་པ་རྙེད་ཅིང་གོང་ནས་གོང་དུ་གནས་འདེམ་དུ་ཡོད་ལ། ལྷ་རྣམས་ནི་གོང་ནས་འོག་ཏུ་ལྟུང་བ་དང་ཚེ་གཅིག་གིས་ཐར་པ་མི་ཐོབ་པ་དང་། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ལ་སོགས་པའི་ཡང་རྟེན་མ་ཡིན་པས། ཐུན་མོང་གི་དགེ་བ་ཁྱད་པར་ཅན་ཡང་མི་འགྲུབ་ན། མཆོག་དགེ་བསམ་མི་ཁྱབ་ལྟ་ཅི་སྨོས་ཏེ། ཉེས་པ་ཡང་ལྷ་བསད་ན་ལྟུང་བྱེད་ཀྱི་ཆ་ཤས་སྦོམ་པོ་ལས་མི་སྐྱེད་ལ། མི་བསད་ན་ཕམ་པ་འབྱུང་བའི་ཕྱིར་རོ། །དེས་ན་མིའི་ལུས་ནི་འགྲོ་བའི་གཙོ་བོ་ཞེས་བྱའོ། །གསུམ་པ་རྗེས་ལ་སྦྱང་བ་ནི། རོ་མེད་པའི་འོག་ཏུ་བདུན་ཚིགས་ཇི་ལྟར་བྱ་བའི་རིམ་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་ཕུང་པོ་མེད་པ་ན། །དེ་ཉིད་ཤི་ནས་ཞག་གྲངས་ནི། །ཉི་ཤུ་རྩ་གཅིག་བར་དུ་ཡང་། །བདུན་པའི་ཚེ་ན་ཆོ་གས་འབད། །དམིགས་པའི་ཏིང་འཛིན་ལྡན་པ་གཅེས། །ཡང་ན་བདུན་ཕྲག་བདུན་དུ་བྱ། །དེ་ཚེ་དེ་ལ་ལམ་ཡང་བསྟན། །ཆོས་ནི་སྣ་ཚོགས་བཤད་པར་བྱ། །དེ་ལྟར་ཆོ་ག་སུ་ལྡན་པ། །དེ་ཉིད་ལ་ཡང་ཐེ་ཚོམ་མེད། །ངེས་པར་འབྲས་བུ་ཐོབ་པའོ། །ཞེས་གསུངས་པས། སྤྲོས་པ་ལ་དགའ་བས་རྫོགས་པ་རང་བྱུང་ནས་བཤད་པ་ལྟར། རིགས་དྲུག་གི་མཎྜལ་དང་། གནས་འདོན་དང་། ཟས་གཏད་ལ་སོགས་པ་བྱ་ལ། སྤྲོས་པ་མེད་པ་རྣམས་ཀྱིས་གོང་གི་ཆོ་ག་དེ་

p. 853

ཉིད་ཀྱིས་བྱ་སྟེ། དེའང་སྦྱིན་བདག་གི་འབྱོར་པའི་རིམ་པས་རབ་འབྲིང་ཐ་གསུམ་ལས། ཐ་མས་གོང་གི་རིགས་དྲུག་གནས་དྲང་བའི་ཆོ་ག་ཞག་གཅིག །འབྲིང་གིས་བདུན། རབ་ཀྱིས་བདུན་ཕྲག་བདུན་དུ་བྱའོ། །དང་པོ་མནྜལ་དང་བུམ་པ་བཤམ་པ་དང་། བདག་དང་བུམ་པའི་ལྷ་བསྐྱེད་ཅིང་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་སྟེ་བཟླས་པ་བྱ་བ་དང་། དེ་ལ་མཆོད་ཅིང་བསྟོད་པ་དང་། ཤི་བ་དེའི་མིང་བྱང་བཀྲུ་ཞིང་ལས་རྒྱུ་འབྲས་དང་ཐེག་པ་ཆེན་པོའི་ཆོས་མང་དུ་བཤད་པ་དང་། ལམ་སྦྱང་བསྟན་བྱའོ། །དེ་ལ་ཆོས་བཤད་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུཾ་ཝཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ཡང་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །ཞེས་པ་ལ་སོགས་པའམ། ཆོས་འདིའི་སྒོ་མཐོང་བ་ཡིན་ན། བསྟན་བུ་ཚར་ཅི་འགྲུབ་ཅིག་བརྗོད་དོ། །ལམ་སྦྱང་བ་ནི། བར་དོའི་ཆོས་མདོར་བསྡུས་ཤིག་བརྗོད་པའམ། ཐུན་མོང་བ་ལ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པ་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །ལམ་ལྔ་དག་ལ་བརྟེན་ནས་ནི། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ཅེས་པ་དང་། ལམ་བསྟན་ཡང་། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ལྟའི། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་བརྗོད་ལ། འདིར་ཞུགས་པ་རྣམས་ལ། སྐུ་གསུམ་གྱི་ལམ་བསྟན་པར་བྱ་སྟེ། རྫོགས་པ་རང་བྱུང་ལས། ཧོ་རིག་པ་དབང་གི་རྒྱལ་པོ་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཚེ་འདས་པ་འདི་ལ་གཤེད་བྱེད་པ་དང་། སྒྲིབ་པ་ཐམས་ཅད་བྱང་བར་མཛད་དུ་གསོལ། ཧོ་ཚེ་འདས་པ་ཆེ་གེ་ཁྱོད་ཉོན་ཅིག །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། མངོན་པར་དགའ་བའི་ཞིང་ཁམས་ན། སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སྐུས་འདུལ་བའི་ཆོས་སྟོན་ཏོ། །རིགས་

p. 854

ཀྱི་བུ་ཁྱོད་དེར་སྐུས་འདུལ་བའི་ཆོས་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། བདེ་བ་ཅན་གྱི་ཞིང་ཁམས་སུ་བཞུད་ཅིག །ལྷོ་ཕྱོགས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པ་སྐུའི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ། ཡོན་ཏན་གྱི་སྒོ་ནས་འདུལ་བའི་ཆོས་སྟོན་པ་ཞིག་ཡོད་ཀྱིས། དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཡོན་ཏན་གྱིས་འདུལ་བའི་ཆོས་སྟོན་པ་དེ་ལ་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག །ནུབ་ཕྱོགས་ན་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པའི་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་ཀྱིས། དེ་ན་གསུང་གིས་འདུལ་བའི་ཆོས་སྟོན་ཏོ། །དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་གསུང་གིས་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། དེར་མ་གནས་པར་ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག །བྱང་ཕྱོགས་ན་ལས་རབ་ཡོངས་སུ་རྫོགས་པའི་ཞིང་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བ་ཡོད་ཀྱིས། དེར་འཕྲིན་ལས་ཀྱིས་འདུལ་བའི་ཆོས་སྟོན་ཏོ། །དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར། འཕྲིན་ལས་ཀྱིས་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །བྱང་ཤར་མཚམས་ན་སྟོབས་རྣམ་པར་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་ཡངས་པ་ཞེས་བྱ་བ་ཡོད་དེ་དེ་ན་དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་མཐུ་སྟོབས་ཀྱི་དབང་ཞུས་ལ། བདུད་དང་ཉོན་མོངས་པའི་སྟོབས་ཟིལ་གྱིས་ནོན་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །ཤར་ལྷོ་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་ཐུགས་རྗེས་བརྒྱན་པ་ཞེས་བྱ་བ་ན། བཅོམ་ལྡན་འདས་ཐུགས་རྗེ་ཐམས་ཅད་ཀྱི་བདག་པོ་སྤྱན་རས་གཟིགས་

p. 855

དབང་ཕྱུག་ཅེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་འཇིགས་པར་མ་བྱེད་པར། བཅོམ་ལྡན་འདས་དེ་ལ་རྫུ་འཕྲུལ་གྱི་དབང་ཞུས་ལ། ཐུགས་རྗེ་ཕྱོགས་བཅུར་མཛད་ཅིང་ཀ་དག་གི་སར་བཞུད་ཅིག །ལྷོ་ནུབ་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་འཇམ་པའི་མགོན་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཆོས་ཐམས་ཅད་ཀྱི་སྤྱན་ཁོང་དུ་ཆུད་པར་བྱེད་པའི་དབང་ཞུས་ལ། སྣང་སྲིད་ཀྱི་ཆོས་ཐམས་ཅད་བཤད་ཅིང་ཀ་དག་གི་སར་བཞུད་ཅིག །ནུབ་བྱང་གི་འཇིག་རྟེན་ན་ཞིང་ཁམས་ཡིད་འཁྲུགས་པ་ཐམས་ཅད་ཞི་བར་བྱེད་པ་ཞེས་བྱ་བ་ཡོད་ཀྱིས། དེ་ན་བཅོམ་ལྡན་འདས་མི་འཁྲུགས་པ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོན་པའི་དབང་ནོས་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིགསྟེང་གི་ཕྱོགས་ན་ནམ་མཁའ་རྣམ་པར་དག་པ་ཞེས་བྱ་བའི་འཇིག་རྟེན་ཡོད་དེ། དེ་ན་བཅོམ་ལྡན་འདས་ནམ་མཁའི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར། དེ་ལ་ལྟ་བའི་གནས་ལུགས་རྫོགས་པ་ཆེན་པོ་གཞིའི་དབང་ཡོད་ཀྱིས། དབང་དེ་ནོས་ལ་ཆོས་ཉིད་ཀྱི་གཞི་སྣང་ལ་བཞུད་ཅིག །འོག་གི་ཕྱོགས་ན་ཞིང་ཁམས་མི་གཡོ་བ་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་འོད་སྲུངས་ཆེན་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར། དེ་ལ་རང་རིག་མངོན་པར་སྣང་བ་ཞེས་བྱ་བའི་དབང་ཡོད་ཀྱིས། དབང་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་བཞུད་ཅིག །ཕྱོགས་བཅུའི་འཇིག་རྟེན་གྱི་དབུས་ན་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ཡང་ཤིན་ཏུ་ཡ་ང་བ། འཇིགས་ཤིང་སྐྱི་བུང་བ། སྐྲག་ཅིང་སྔངས་པ་ཞིག་ཡོད་དེ། དེ་ན་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་བྱ་བ་ཡོད་ཀྱིས། རིགས་ཀྱི་བུ་ཁྱོད་དེ་ལ་མ་འཇིགས་པར་བཅོམ་ལྡན་འདས་དེ་ལ་རིག་པ་རང་

p. 856

གནས་ཀྱི་དབང་ཞེས་བྱ་བ་ཡོད་ཀྱིས་དབང་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་མ་འཇིགས་མ་སྔངས་མ་སྐྲག་པར་སོང་ཞིགཀྱེ་མ་ཚེ་འདས་པའི་བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཡོད་ཀྱིས། རིགས་ཀྱི་བུ་ཁྱོད་དེར་སེང་གེའི་འདུག་སྟངས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག །མངོན་བར་དགའ་བ་ཞེས་བྱ་བའི་ཚལ་ན། བྱང་ཆུབ་སེམས་དཔའ་ནམ་མཁའ་མཐའ་ཡས་ཀྱི་ཕུག་སེང་གེ་སྒྲ་སྒྲོགས་ཞེས་བྱ་བ་ན་འཕགས་པ་ནམ་མཁའ་མཛོད་ཅེས་བྱ་བ་ཤིན་ཏུ་འཇིགས་ཤིང་སྐྱི་བུང་བ་ཞིག་ཡོད་ཀྱིས། དེ་ལ་མ་འཇིགས་པར་སོང་ཞིག །དེ་འདས་པའི་ཕྱི་རོལ་ན། སངས་རྒྱས་མར་མེ་མཛད་བཟང་པོ་ཞེས་བྱ་བ། རྒྱན་འོད་ཀྱི་ཕུང་པོ་དང་ལྡན་པ་ཡོད་དོ། །དེ་ཁྱོད་ལ་སྣང་བར་འགྱུར་རོ། །རིགས་ཀྱི་བུ་དེ་མཐོང་བའི་དུས་སུ་སྐུས་འདུལ་བའི་ཆོས་སྟོན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པའི་སྐུ་དང་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཀྱེ་མ་ཚེ་འདས་པའི་བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིགརིགས་ཀྱི་བུ་ཆོས་ཆེན་པོ་སྣང་བའི་ཐུགས་རྗེ་འདས་པའི་ཕ་རོལ་ན། རང་རིག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱིས། རིགས་ཀྱི་བུ་དེར་སེང་གེའི་ལྟ་སྟངས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག །རིག་པ་འདུས་མ་བྱས་ཀྱི་སྣང་བ་ཞེས་བྱ་བ་ན། ཆོས་ཉིད་སྟོང་པ་གསལ་བ་ཆེན་པོའི་གནས་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བ་ན། ཤིན་ཏུ་སྐྱི་བུང་བ་ཞིག་ཡོད་ཀྱིས། དེ་ལ་མ་འཇིགས་པར་ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་སོང་ཞིག །དེ་འདས་པའི་ཕ་རོལ་ན། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཞེས་བྱ་བ་ཡོད་ཀྱིས། དེ་ཁྱོད་ལ་སྣང་བར་འགྱུར་གྱིས། དེ་མཐོང་བའི་དུས་སུ་སྐུ་གསུམ་དབྱེར་མི་ཕྱེད་པའི་ཆོས་སྟོན་

p. 857

པར་འགྱུར་རོ། །ཆོས་ཀྱི་སྐུ་སྐྱེ་འགག་ཐམས་ཅད་དང་བྲལ་བར་བསྟན་པས། སྐུ་གསུང་ཐུགས་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེའི་ཚེ་རིགས་ཀྱི་བུ་ཁྱོད་ཀྱི་སྐུ་བརྟན་པར་གྱིས་ཤིག །གསུང་བརྟན་པར་གྱིས་ཤིག །ཐུགས་བརྟན་པར་གྱིས་ཤིག །རིག་པ་བརྟན་པར་གྱིས་ཤིག །དེས་ནི་སྐྱེ་བ་མེད་པར་ཐལ་ལོ། །དེ་སྐད་ཅེས་ལམ་བསྟན་པར་བྱའོ་ཞེས་གསུངས་པ་བཞིན་བརྗོད་ནས། བསྔོ་བ་དང་། སྨོན་ལམ་དང་། ཤིས་པ་བརྗོད་ལ་ལས་ཀྱི་རྗེས་བསྡུའོ། །ཆོ་ག་འདི་ནི་རང་བཞིན་རྫོགས་པ་ཆེན་པོ་འདིའི་གདུལ་བྱར་གཏོགས་པ་རྣམས་ལ་ཁྱད་པར་དུ་གསུངས་པས། གསང་སྔགས་ཐུན་མོང་དུ་བཤད་པའི་བདུན་ཚིགས་ལས་ཆེས་ཟབ་ཅིང་འཕགས་པའི་ཕྱིར་ཆོས་འདིའི་རྡོ་རྗེ་སློབ་དཔོན་དུ་བྱ་བ་དག་གིས་ཕྱག་ལེན་དུ་ཐེབས་པར་མཛོད་ཅིག །བརྒྱད་པ་ཐུན་མོང་མ་ཡིན་པའི་གནས་གཞན་བསྟན་པ་ལ་གཉིས་ཏེ། རྣལ་འབྱོར་པའི་འཆི་ལུགས་སྤྱིར་བསྟན་པ་དང་། འབྱུང་བའི་ཐིམ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་དབང་པོ་ཐ་མ་འབྲིང་དང་མཆོག་ཏུ་གྱུར་པའི་འཆི་ལུགས་གསུམ་ལས། ཐ་མ་ནི་གོང་དུ་བཤད་པ་ལྟ་བུ་འཇིག་རྟེན་པ་དང་མཐུན་པར་འཆི་སྟེ། ན་བའི་དུས་སུ་ཡང་མོ་མ་དང་། སྨན་པ་དང་། རིམ་གྲོ་སྣ་ཚོགས་བྱེད་པ་ནི་དམ་པའི་ཆོས་ལ་བདེན་པའི་མཚན་ཉིད་མ་མཐོང་བའི་རྟགས་ཡིན་ལ། མོ་དང་བྲ་དང་སྨན་དང་རྩིས་ལ་རེ་བ་མུ་སྟེགས་པ་དང་ཁྱད་མེད། དེ་ནས་འཆི་བའི་དུས་ན་ཡང་ཉེ་བ་དང་འཁོར་སློབ་དང་མཛའ་བཤེས་ཀྱིས་བསྐོར་ནས་འཆི། ཤི་ནས་ཀྱང་དགེ་བ་དང་མྱ་ངན་དང་སྨྲེ་སྔགས་བྱེད་ཅིང་། བདུན་ཚིགས་དང་རོ་སྲེག་ལ་སོགས་པ་བྱེད་པ་ནི། ལས་དང་པོའི་ཐ་མལ་བ་རྣམས་ཀྱི་འཆི་ལུགས་ལས། ཆོས་ཀྱི་ཆ་ཙམ་ཡང་མེད་དེ་ཐ་མལ་པ་རྣམས་དང་འདྲའོ། །འབྲིང་པོ་དང་རབ་རྣམས་འདི་ལྟར་བརྟག་སྟེ། འདི་ལྟར་མ་ཤི་ན་དོན་གྱི་རྣལ་འབྱོར་བ་མ་ཡིན་ནོ། །དེ་ལ་རི་དྭགས་དང་། སེང་གེ་དང་།

p. 858

སྤྲང་པོ་དང་། བུ་ཆུང་ལྟར་ཤི་བ་བཞི་ནི་རྣལ་འབྱོར་བ་འབྲིང་གི་འཆི་ལུགས་ཏེ། རྐྱེན་མེད་དུ་འཆི་བ་ལ་དགའ་བ་རྣམས་ནི་དབེན་སར་འཆི་བ་སྟེ། དཔེར་ན་རི་དྭགས་སྨད་མ་དེ་མི་མི་རྒྱུ་བའི་རི་ཕུག་གམ། ལུང་སྟོང་ངམ། བས་མཐའ་འམ། འབྲོག་དགོན་པར་འཆི་བ་ལྟར། རྣལ་འབྱོར་པ་དེ་སུས་ཀྱང་མཐོང་བ་མེད་པར་ཤི་ན་གང་ལའང་འཇིགས་པ་དང་བྲལ་བའི་རྟགས་ཡིན་ནོ། །སྤྲང་པོ་ལྟར་འཆི་བ་ནི། དཔེར་ན་སྤྲང་པོ་སུ་ཡིན་ཆ་མེད་པ་གྲོག་པོའམ་སྲང་ཁའམ་རྒྱ་ལམ་མམ་ཚོང་ཁང་ལ་སོགས་པར་འཆི་བ་ལྟར། རྣལ་འབྱོར་པ་དེ་ཡང་དེ་ལྟར་ཤི་ན་ཡུལ་གྱི་མངོན་ཞེན་འགགས་ཤིང་ཆོས་ཀྱི་དབྱིངས་ལ་སྤྱོད་པའི་རྟགས་ཡིན་ནོ། །ཡང་བུ་ཆུང་ཀུན་འཆི་མི་འཆི་ཆ་མེད་པའི་ངང་དུ་འཆི་བ་ལྟར། རྣལ་འབྱོར་བ་དེ་ཡང་འཁྲུལ་བ་ཞིག་ནས་རྩིས་གདབ་མེད་པས། འཆི་རྐྱེན་དང་ཤི་ས་དང་འཆི་བ་ལས་འཇིགས་པ་དང་མ་ཤི་ན་དགའ་བ་གང་ཡང་མེད་པར་ཐ་མལ་གྱིན་འདའ་ལྟར་ཤི་བ་ནི་འཁྲུལ་པའི་སྣང་བ་ནུབ་པའི་རྟགས་ཡིན་ནོ། །རབ་རྣམས་ཀྱི་འཆི་ལུགས་ནི། མཁའ་འགྲོ་དང་། རིགས་འཛིན་དང་། མེ་དཔུང་དང་། ནམ་མཁའ་ལྟར་འཆི་ལུགས་བཞི་ལས། རྣལ་འབྱོར་པ་བརྩོན་འགྲུས་རབ་འདི་ཉིད་ལ་ཕུང་པོ་མེད་པར་དེངས་པ་ནི་མཁའ་འགྲོ་མ་འཆི་བའི་དུས་སུ་རོ་སུས་ཀྱང་མི་མཐོང་བ་དང་འདྲ་སྟེ། བར་དོ་མེད་པར་སངས་རྒྱས་པའི་རྟགས་སོ། །རྣལ་འབྱོར་པ་མཆོག་གཅིག་གཞན་བསྟན་པ་ལ་གཞུགས་པའི་དོན་དུ་སྐྱེ་བོ་ཀུན་གྱིས་མཐོང་བར་ནམ་མཁའ་འོད་ཕུང་གི་དཀྱིལ་ན་སྒྲ་དང་འོད་དུ་བཅས་ཏེ་ཡལ་བ་ནི། རིགས་འཛིན་རྣམས་ས་གོང་ནས་གོང་དུ་འཕར་བའི་ཚེ་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་སྒྲ་དང་འོད་དུ་བཅས་ནས་ཀུན་གྱིས་མཐོང་བར་འགྲོ་བ་ལྟ་བུ་སྟེ། གླིང་བསམ་གྱིས་མི་ཁྱབ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་དོན་བྱེད་པའི་རྟགས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལྕེ་བཙུན་སེང་གེ་དབང་ཕྱུག་བཞིན་ནོ། །རྣལ་འབྱོར་བ་ཉམས་ལེན་མཐར་ཕྱིན་པའི་འཆི་ལུགས་ནི། དཔེར་

p. 859

ན་རྒྱུ་བུད་ཤིང་ཟད་པས་མེ་དཔུང་ཆེན་པོར་ཡོད་པ་རྣམས་ཀྱང་རང་ཟད་ནས་འཆི་བ་ལྟར། རྒྱུ་འབྱུང་བ་ཟད་པས་རྐྱེན་ཕུང་པོའི་རྡོས་པ་མེད་པར་སོང་བ་ནི་ཉོན་མོངས་བ་རང་སར་གྲོལ་བའི་རྟགས་ཡིན་ནོ། །དཔེར་ན་ཙ་རིར་དམ་པ་དགྱེར་གྱི་མ་ཇོ་གཉིས་ཕུག་པ་ནས་འོད་ཕུང་དུ་འབར་བ་ནམ་མཁར་སོང་བ་བཞིན་ནོ། །རྣལ་འབྱོར་བ་ཀ་དག་གི་སར་རྡུལ་ཕྲན་ལུས་ཀྱི་བུམ་པ་ཆག་དུས་སྔ་ཕྱི་མེད་པར་གཅིག་ཏུ་འདྲེས་པ་ནི། ནམ་མཁའ་ལྟ་བུའི་འཆི་ལུགས་ཏེ། ལུས་སྣང་གི་བར་ལ་རྫས་གུད་དུ་བཅད་པའི་ནམ་མཁའ་དང་འདྲ་སྟེ། རྟོགས་པ་ཀ་དག་ལུས་ནང་སྙིང་གི་འོད་གསལ་ལ་གནས་ལ། རྫ་བཅག་པས་ཕྱིའི་ནམ་མཁའ་དང་རྫའི་ནམ་མཁའ་འདྲེས་ཏེ་གང་ཡིན་མི་ཤེས་པ་ལྟར། ལུས་ཀྱི་རྡུལ་ཕྲན་དེངས་པའི་ཕུང་པོ་འདི་ཡིན་དང་དེའི་ནང་གི་རིག་པ་འདི་ཡིན་མི་ཤེས་པར་སངས་རྒྱས་པའོ། །འདི་ནི་ཀ་དག་གི་ས་ལ་ཟང་ཐལ་དུ་གྲོལ་བའི་རྟགས་སོ། །དེ་ལ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས་གཉིས་ལུས་ཀྱི་རྡུལ་ཕྲན་དེངས་པ་ཀ་དག་ཁྲེགས་ཆོད་ཀྱིས་གྲོལ་བའི་འཆི་ལུགས་ཡིན་ལ། མེ་དཔུང་དང་རིག་འཛིན་གཉིས་ཐོད་རྒལ་ལྷུན་གྲུབ་ཏུ་གྲོལ་བའི་འཆི་ལུགས་སོ། །འཆི་ལུགས་དེ་ལྟ་བུ་གང་ལས་བྱུང་ན། རང་བཞིན་རྫོགས་པ་ཆེན་པོ་ལ་ཡིད་ཆེས་པའི་རྟགས་སུ་ཐུན་མོང་གི་གྲུབ་མཐའ་ལ་བློ་མི་འཇུག་པ་དང་། དེ་ཉིད་ཀྱི་དོན་ཁོང་དུ་ཆུད་པའི་རྟགས་སུ་མངོན་སུམ་གྱི་དོན་མཐོང་བས་ཡིད་དཔྱོད་ཚིག་གི་ཕྱིར་མི་འབྲང་བ་དང་། ཀ་དག་གི་རྟོགས་པ་ཁོང་དུ་ཆུད་པས་རང་གི་ཕྱི་མའི་འགྲོས་ས་གང་ཡིན་ངོ་ཤེས་པ་དང་། འཆི་བ་ལ་ཉམ་ང་དང་བག་ཚ་མེད་པས་ཚེ་སྒྲུབ་དང་འཆི་བསླུའི་རིམ་གྲོ་གང་ཡང་མི་བྱེད་པ་དང་། གནས་ལུགས་བྱ་རྩོལ་དང་བྲལ་བའི་གདེང་རྙེད་པས་སྒོ་གསུམ་གྱི་བྱ་བ་གང་ཡང་མི་བྱེད་པ་དང་། ཐམས་ཅད་གཞི་མེད་ཡེ་སྟོང་ཆེན་པོར་རྟོགས་པས་གང་ལའང་དངོས་པོ་མཚན་འཛིན་དང་བྲལ་ཞིང་གཤིས་ཀྱི་ངང་ལས་སྐད་ཅིག་ཀྱང་མི་འབྲལ་བའི་དོན་ཀློང་རྡོལ་

p. 860

བ་ལས་བྱུང་བའོ། །དེ་ལྟ་བུའི་རྣལ་འབྱོར་པ་རྣམས་ལ་འཆི་བ་བརྟག་པ་དང་། བསླུ་བ་དང་། གསལ་འདེབས་མི་དགོས་ཏེ། ལྟ་སྒོམ་ལས་འདས་པས་ཆོས་ཀྱིས་ཕན་གནོད་མེད་ཅིང་། རང་སྣང་ཀ་དག་དང་ལྷུན་གྲུབ་ཏུ་ཤར་བས་གྲོལ་ས་རང་ཆས་སུ་ཤར་ཏེ། ལྷུན་གྲུབ་ཀ་དག་གི་ཀློང་དུ་ཐིམ་ནས་གྲོལ་བའི་ཕྱིར་རོ། །དེ་སྐད་དུའང་། ཉི་ཟླ་ཁ་སྦྱོར་ལས། རྣལ་འབྱོར་པས་ནི་འདི་ལྟར་བརྟགས། །ཐ་མའི་དབང་པོ་ཐ་མ་ནི། །སྲིད་པ་བར་དོར་འཕྲོ་མཐུད་དེ། །དཔེར་ན་རྐོང་ཆད་ཝ་བཞིན་ནོ། །དེ་བཞིན་དབང་པོ་འབྲིང་པོ་རྣམས། །རི་དྭགས་ལྟ་བུའི་འཆི་ལུགས་ནི། །རྣལ་འབྱོར་བ་ཡི་འཆི་ལུགས་སོ། །དེ་བཞིན་སེང་གེ་ལྟ་བུ་དང་། །གང་ཞིག་སྤྲང་པོ་ལྟ་བུ་དང་། །དེ་བཞིན་བུ་ཆུང་ལྟར་ཤི་བ། །རྣལ་འབྱོར་འབྲིང་གི་ཤི་ས་ཡིན། །གང་ཞིག་མཁའ་འགྲོའི་འཆི་ལུགས་དང་། །དེ་བཞིན་རིགས་འཛིན་འཆི་ལུགས་དང་། །མེ་དཔུང་ལྟ་བུར་རང་ཟད་དང་། །མི་སྣང་ནམ་མཁའ་ཁྱུང་ལྟ་དང་། །འདི་ཀུན་འབྱུང་བ་རང་ཟད་པར། །མི་སྣང་མི་ལེན་འདི་ལྟ་བུ། །རྣལ་འབྱོར་རབ་ཀྱི་སྤྱོད་ཡུལ་ཏེ། །འདི་ལ་གོམས་པའི་རང་ཤུགས་རྙེད། །འཆི་ཀར་འདི་དག་ཤེས་པས་ནི། །ལུས་སེམས་འཕོ་བའི་མཚན་ཉིད་ཤེས། །འདི་ལྟར་གནས་པའི་རྣལ་འབྱོར་ལ། །འཆི་རྐྱེན་རྟག་དང་མི་རྟག་མེད། །དེ་བཞིན་འཇིགས་པ་ཀུན་བྲལ་ཏེ། །ལུས་ཀྱི་ཞེན་པའི་མཐའ་ཡང་བྲལ། །ལྟ་བ་ཉིད་དང་སྒོམ་པས་ཀྱང་། །རྣལ་འབྱོར་ལྡན་ལ་ཕན་གནོད་བྲལ། །ཕན་བྲལ་གནོད་པའི་འབྲས་མེད་པས། །འདི་ལ་གནས་པའི་ཡུལ་ཀྱང་མེད། །རྒྱུ་དང་འབྲས་བུའི་རྣམ་སྨིན་བྲལ། །དེ་ཕྱིར་འདི་ལ་གོམས་པ་མཆོག །རང་ཤར་རང་གྲོལ་སྐྱེ་མེད་ཀློང་། །དུས་མ་འགྱུར་བར་སྣང་བ་འགྱུར། །ལྷུན་གྲུབ་ཀ་དག་ཀློང་དུ་ཐིམ། །རེ་དོགས་གཉིས་ཀྱི་མཐའ་དང་བྲལ། །རྒྱུ་འབྲས་གཉིས་ཀྱི་མཐའ་ཟད་ནས། །དབྱིངས་རིག་གཉིས་མེད་ཀ་དག་ཀློང་། །དེ་ཕྱིར་འདི་དོན་རྟོགས་པས་ཆོག །བྱར་མེད་

p. 861

ལྷུན་རྫོགས་ཆེན་པོའོ། །ཞེས་སོ། །གཉིས་པ་འབྱུང་བའི་ཐིམ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྐྱེན་གློ་བུར་བས་ཤི་བ་བྱང་ཆུབ་སེམས་དཔའི་དབུགས་འཕོ་ལུགས་དང་། རྐྱེན་དབང་གློ་བུར་བ་མ་ཡིན་པ་རིམ་གྱིས་འཕོ་བའོ། །དང་པོ་ནི། རྦབ་དང་མེ་དང་ཆུ་དང་གཡང་དང་མཚོན་གྱིས་གློ་བུར་ཡེ་འདྲོག་ཏུ་ཤི་བ་རྣམས་ལ། འབྱུང་བ་རིམ་གྱིས་ཐིམ་ལོང་མེད་པར་རིག་པ་འཕོ་བ་སྟེ། ལས་ངན་པ་རྣམས་སྐྱེ་སྒོ་ངན་པར་འཇུག་ལ། བཟང་པོ་རྣམས་བཟང་འགྲོར་སྐྱེ་ཞིང་། འདིའི་སྒོ་མཐོང་ནས་སྦྱངས་པ་ཆུང་བ་རྣམས་བདེ་བ་དང་ལྡན་པ་མཐོ་རིས་དམ་པའམ་རང་བཞིན་སྤྲུལ་པར་སྐྱེའོ། །གཉིས་པ་ནི། ཕྱིའི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ། ནང་གི་ལྔ་གསང་བའི་ལྔ་ལ་ཐིམ། གསང་བའི་ལྔ་ཡོངས་སུ་རྫོགས་པའི་འབྱུང་བ་ལྔ་ལ་ཐིམ་ནས། འོད་གསལ་ཆོས་ཉིད་ཀྱི་ལམ་ཆེན་པོ་ལ་འཇུག་གོ། དང་པོ་ཕྱིའི་འབྱུང་བ་ནི། ལུས་ཀྱི་ཆའི་ས་ཆུ་མེ་རླུང་ནམ་མཁའ་ལྔ་སྟེ། སྣང་བ་འཛིན་ཅིང་བསྐྱེད་པས་ཕྱི་ཞེས་བརྟགས་སོ། །ཕྱི་རོལ་སྣང་ཡུལ་བའི་འབྱུང་གཟུགས་ལ་མི་ཟེར་རོ། །ལུས་ཀྱི་རགས་པའི་འབྱུང་ལྔ་སོ་སོ་ལ་ཐིམ་ཚུལ་ལ་ཡང་གཉིས་ཏེ། ཕྱི་འབྱུང་ལྔ་ནང་འབྱུང་ལྔར་ཐིམ་པ་དང་། ནང་འབྱུང་ལྔ་ཕྱི་འབྱུང་ལྔ་ལ་ཐིམ་པའོ། །དང་པོ་ནི། འཆི་བའི་དུས་ཀྱི་དང་པོར་འབྱུང་ལྔ་སོ་སོའི་ནུས་པ་སྔར་བཞིན་མེད་པར། ས་ས་ལ་ཐིམ་པས་སྟོབས་ཤོར། ཆུ་ཆུ་ལ་ཐིམ་པས་རླན་སྡུད། མེ་མེ་ལ་ཐིམ་པས་དྲོད་ཆུང་། རླུང་རླུང་ལ་ཐིམ་པས་དབུགས་འདྲེན་ཁུགས་དཀའ། ནམ་མཁའ་ནམ་མཁའ་ལ་ཐིམ་པས་ཤེས་པའི་དྭངས་ཤོར་ནས་དྲན་པ་མི་གསལ་བའོ། །གཉིས་པ་ལའང་ཕྱི་ནང་གཉིས་ལས། ཕྱི་འབྱུང་བཞི་ནི། ནང་འབྱུང་དང་པོ་དག་ཕྱི་འབྱུང་ལ་ཐིམ་ལ། ཤིན་ཏུ་དྭངས་པ་དག་གསང་འབྱུང་ལ་ཐིམ་པ་ལས། དང་པོ་ལྔའི་དང་པོ་ཕྱི་འབྱུང་ནི། ནང་གི་ས་ལྔ་ཕྱིའི་ས་ལྔ་ལ་ཐིམ་པས་ལུས་ཀྱི་སྟོབས་ཤོར་ཏེ་དྲན་པ་ཉམས། ཆུ་ལྔ་ཆུར་ཐིམ་

p. 862

པས་ལུས་ཀྱི་ཆུ་འཛག་ཅིང་དར་ཅིག་ན་ཁ་སྣ་སྐམ་ལ་མིག་གྱེན་དུ་ལྡོག །མེ་ལྔ་མེར་ཐིམ་པས་ལུས་ཀྱི་དྲོད་འཆོར་དྲན་པ་འགག་སྒྲོན་མ་མི་སྣང་། རླུང་ལྔ་རླུང་དུ་ཐིམ་པས་ལུས་ཀྱི་བཀྲག་མེད་ཅིང་དབུགས་རྒོད་པ་ལས་དར་ཅིག་ན་འཆད་དོ། །དེ་ནས་ནང་འབྱུང་ཐིམ་ཚུལ་ནི། ནམ་མཁའ་ལྔ་དབྱིངས་རིག་ལ་ཐིམ་པའི་དུས་ལ་ངོས་གཟུང་ངོ་། །དེ་ནས་ནང་འབྱུང་ཤིན་ཏུ་དྭངས་པ་ལྔ་གསང་འབྱུང་ལྔར་ཐིམ་ཚུལ་ནི། འབྱུང་བ་ལྔའི་ཆ་ཤིན་ཏུ་ཕྲ་བ་སྲོག་ལ་ཐིམ་པས། སྲོག་ལྔ་སྙིང་དབུས་ཀྱི་རིག་པ་ལ་འཇུག་སྟེ། འོད་རྩ་དང་། དེའི་སྦུབས་ཀྱི་ནམ་མཁའ་དང་། ཐིག་ལེ་དང་། འོད་ལྔའི་རང་ལུས་རིག་པ་འོད་ཀྱི་ཁང་པ་ཅན་ལ་ཐིམ་པའོ། །དེ་ནས་གསང་འབྱུང་ལྔ་དང་པོའི་སྲོག་རླུང་དུ་གནས་པ་དེ་དག་ཡོངས་སུ་རྫོགས་པའི་འབྱུང་བ་ཆེན་པོ་གཞི་སྣང་རིག་པའི་རང་གདངས་སྙིང་ག་ན་འོད་རྩ་ལ་རང་ཆས་སུ་རིག་པ་འོད་ཀྱི་ཁང་པ་ཅན། འོད་མཐའ་མེད་པའི་ཡུལ་ཅན། སྒྲོན་མ་བཞིའི་སྣང་བ་དང་བཅས་པ་ལ་ཐིམ་ནས། ཆོས་ཉིད་བར་དོ་རང་གདངས་ཕྱིར་གསལ་དུ་འཆར་བའི་ཆ་ཙམ་དུ་བྱས་ཏེ། ཕྱི་ནང་གི་ཆོས་མ་དག་པ་འཁོར་བའི་ཆ་དང་ཕྲལ་ནས། རིག་པ་གཞི་ལས་ལྡོག་སྟེ། རང་ཡུལ་གདོད་མའི་ཀ་དག་ལ་ཕྱིན་པར་བྱེད་པའོ། །དེ་དག་ལས་ཁྱད་པར་དུ་ནང་འབྱུང་ཕྱི་འབྱུང་ལ་ཐིམ་པའི་དུས་ཀྱི། ས་ས་ལ་ཐིམ་དུས་སྟོང་པའི་རྩལ་འབྱོངས་ནས་ཡེ་ཤེས་བག་ལ་ཞའོ། །ཤེས་རབ་ཀྱི་དྭངས་མ་རིག་པའི་སྟོབས་ལ་ཞ་བས་ཡེ་ཤེས་ལམ་དུ་སྣང་མ་ནུས་སོ། །ཆུ་ཆུ་ལ་ཐིམ་དུས་ཡེ་ཤེས་ཀྱི་རླན་རིག་པའི་ངང་ངུ་ཞ་བས་ཁ་སྣ་ནས་ཆུ་འབྲུབ། དེ་ཡང་རིག་པའི་ཡེ་ཤེས་ལ་གསལ་འགྲིབ་མེད་ཀྱང་རྩལ་དུ་སྣང་མ་ནུས་པས་རིག་པའི་བག་ལ་ཞ་བའོ། །མེ་མེ་ལ་ཐིམ་དུས་ཡེ་ནས་རང་གི་རིག་པ་ཤེས་རབ་ཀྱི་ངོ་བོར་གནས་ཀྱང་། དུས་དེར་རླུང་ནང་དུ་ཞུགས་པས་རྩལ་ཕྱིར་སྣང་མ་ནུས་སོ། །རླུང་རླུང་ལ་ཐིམ་དུས་རིག་པའི་རྩལ་རྫོགས་པས་ཡུལ་ལ་མི་གནས་པས། ལུས་ཀྱི་སྟོབས་ཤོར་བ་ན་ཡེ་ཤེས་ཀྱི་ཡོན་ཏན་

p. 863

བག་ལ་ཞ་བའི་ཕྱིར་རོ། །ནམ་མཁའ་ནམ་མཁའ་ལ་ཐིམ་དུས་རིག་པ་བར་དོ་ལ་ཐིམ་པས་ཡེ་ཤེས་རང་ས་ཟིན་པའི་དུས་ཏེ། རང་སྣང་རིག་པ་ལ་སྣང་བ་ལ། རྡོས་བཅས་འཆིང་བྱེད་དང་བྲལ་དུ་ཉེ་བའི་ཕྱིར་རོ། །དེའང་ལུས་ནང་གི་གཞི་སྣང་ལྷུན་གྲུབ་ཀྱི་ཆ་དེ་སྐབས་འདིར་བར་མ་དོ་ཞེས་བྱ་སྟེ། འབྱུང་ལྔ་རྡོས་བཅས་དེར་ཐིམ་པ་དང་། རིག་པ་ནང་གསལ་རང་ས་ན་གནས་པའི་བར་ཡིན་པའི་ཕྱིར་རོ། །དེས་ན་ལུས་ལ་གནས་དུས་སྙིང་ནང་རྩ་ལ་བརྟེན་པའི་ཆོས་ཉིད་ཀྱི་རང་གདངས་དེ་ལུས་ནས་མིག་ཏུ་ལམ་བྱུང་སྟེ་ཐོན་པས། ཆོས་ཉིད་ཀྱི་བར་དོ་ཞེས་བརྡ་བཏགས་ཀྱང་། རིག་པ་རང་གདངས་དང་བཅས་པ་དེ་ཀ་ལས་གཞན་ཤར་བ་ཅི་ཡང་མེད་ལ། དེ་ཉིད་ནང་ཐིམ་ལ་ནུབ་དུས་ཀ་དག་རང་ས་ཟིན་པ་ཙམ་ལས་གཞན་མེད་པའོ། །ནང་འབྱུང་འདི་ཅུང་ཟད་དཀའ་བས་ལོགས་སུ་བཤད་དེ། ལྷག་མ་ལུང་ཉིད་ཀྱིས་ཤེས་པས་འདིར་ལོགས་སུ་མ་བཤད་དོ། །དེ་དག་ཀྱང་། རིག་པ་རང་ཤར་ལས། ཀྱེ་གྲོགས་པོ་དག་སེམས་ཅན་རྣམས་སྦུབས་འཕོ་བའི་ཚེ། ཕྱིའི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ། ནང་གི་འབྱུང་བ་ལྔ་གསང་བའི་འབྱུང་བ་ལྔ་ལ་ཐིམ། གསང་བའི་འབྱུང་བ་ལྔ་ཡོངས་སུ་རྫོགས་པའི་འབྱུང་བ་ལ་ཐིམ་ནས་ལམ་ཆེན་པོར་འཇུག་པའི་ཚེ་འདི་ལྟར་ཤེས་པར་བྱའོ། །དེ་ནས་ནང་གི་འབྱུང་བ་ལྔ་ཕྱི་ལ་ཐིམ་པའི་རྟགས་སུ་འདི་ལྟར་ཤེས་པར་བྱའོ། །ས་ས་ལ་ཐིམ། ཆུ་ཆུ་ལ་ཐིམ། མེ་མེ་ལ་ཐིམ། རླུང་རླུང་ལ་ཐིམ། ནམ་མཁའ་ནམ་མཁའ་ལ་ཐིམ་མོ། །དེ་ཡང་ས་ས་ལ་ཐིམ་པ་ལ་གཉིས་ཏེ། ཕྱིའི་ས་ནང་གི་ས་ལ་ཐིམ་པ་དང་། ནང་གི་ས་ཕྱིའི་ས་ལ་ཐིམ་པའོ། །ཕྱིའི་ས་ནང་གི་ས་ལ་ཐིམ་པའི་དུས་ནི། དང་པོའི་དུས་སོ། །ནང་གི་འབྱུང་བ་ལྔ་ཕྱི་ལ་ཐིམ་པའི་དུས་ནི་ནང་གི་ས་ཕྱིའི་ས་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་སྟོབས་འཆོར། དེ་ཡང་འདི་ལྟ་སྟེ། ཀུན་ཏུ་སྣང་བའི་ས་ཐིམ་པའི་རྟགས་སུ་ཕྱིའི་ཤེས་པ་རྨུགས། མི་འགྱུར་བ་རྡོ་རྗེའི་ས་ཐིམ་པའི་རྟགས་

p. 864

སུ་ལུས་ཀྱི་སྟོབས་འཆོར། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིམ་པའི་རྟགས་སུ་ཉམས་བྲི་བས་ལྡང་མི་ནུས། སྣང་བ་སྟོན་པ་ཀུན་དུ་མཐའ་ཡས་པའི་ས་ཐིམ་པའི་རྟགས་སུ་ཡོངས་སུ་རྫོགས་པའི་སྟོབས་ཤོར་ནས་དགོངས་པ་མི་གསལ་ལོ། །སྒྲུབ་པ་མཐར་ཕྱིན་པའི་ས་ཐིམ་པའི་རྟགས་སུ་སྒྲོན་མའི་སྣང་བ་འགག་གོ། ནང་གི་ཆུ་ཕྱིའི་ཆུ་ལ་ཐིམ་པའི་རྟགས་སུ་ཆུ་མི་ཐུབ་སྟེ། དེ་ཡང་འདི་ལྟ་སྟེ། འགྱུར་བ་མེད་པའི་ཆུ་ཐིམ་པའི་རྟགས་སུ་ཁ་སྣ་ནས་ཆུ་འཛག །ཞི་བ་གསལ་དག་གི་ཆུ་ཐིམ་པའི་རྟགས་སུ་གསང་བའི་གནས་ནས་ཆུ་མི་ཐུབ། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་ཐིམ་པའི་རྟགས་སུ་མིག་གྱེན་ལ་ལོག་ནས་འོང་། ཆགས་པ་མེད་པའི་ཆུ་ཐིམ་པའི་རྟགས་སུ་ཁ་སྣ་སྐམ་པ་ཡིན་ནོ། །འཛིན་མེད་རྫོགས་པའི་ཆུ་ཐིམ་པའི་རྟགས་སུ་རྣ་བས་སྒྲ་མི་ཐོས་པ་ཡིན་ནོ། །ནང་གི་མེ་ཕྱིའི་མེ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་དྲོད་འཆོར་བ་ཡིན་ནོ། །དེ་ཡང་འདི་ལྟར་ཤེས་པར་བྱའོ། །ཕྱི་ནང་ཀུན་ཁྱབ་ཀྱི་མེ་ཐིམ་པའི་རྟགས་སུ་ནང་གི་དྲོད་འཆོར་ཞིང་ཤེས་པ་མི་གསལ། ཕྱི་ནང་ཀུན་དང་མཉམ་པའི་མེ་ཐིམ་པའི་རྟགས་སུ་གསང་བའི་དྲོད་འཆོར། ཕྱི་ནང་གི་བྱ་བ་རྟོགས་པའི་མེ་ཐིམ་པའི་རྟགས་སུ། ཡོངས་སུ་རྫོགས་པའི་དྲོད་འཆོར། ཕྱི་ནང་གི་བྱ་བ་གྲུབ་པའི་མེ་ཐིམ་པའི་རྟགས་སུ་སྟོང་པའི་སྒྲོན་མ་མི་མཐོང་ངོ་། །ནང་གི་རླུང་ཕྱིའི་རླུང་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་རྩལ་འཆོར། དེ་ཡང་འདི་ལྟར་ཤེས་པར་བྱའོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ཐིམ་པའི་རྟགས་སུ་ལུས་ཀྱི་བཀྲག་འཆོར། མེ་དང་མཉམ་དུ་གནས་པའི་རླུང་ཐིམ་པའི་རྟགས་སུ་ལུས་ནས་ཆུ་འབྲུབ། སྲོག་འཛིན་པའི་རླུང་ཐིམ་པའི་རྟགས་སུ་དབུགས་མི་ཐུབ། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ཐིམ་པའི་རྟགས་སུ་ལུས་ཀྱི་བཀྲག་དང་དྲན་པ་འཆོར། སྙིང་རྗེ་མེད་པ་ལས་ཀྱི་རླུང་ཐིམ་པའི་རྟགས་སུ་ཕྱིའི་དབུགས་འཆད་པ་ཡིན་ནོ། །དེ་ནི་ཕྱིའི་འབྱུང་བ་ཞེས་བྱའོ། །ནམ་མཁའ་ནམ་མཁའ་ལ་ཐིམ་པ་ནི།

p. 865

སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་སྒྲོན་མ་རྣམ་པར་དག་པ་ལ་ཐིམ་མོ། །ཡུལ་མེད་གསལ་གདངས་ཀྱི་ནམ་མཁའ་རིག་པ་ལ་ཐིམ་མོ། །མ་འདྲེས་དག་པའི་ནམ་མཁའ་དབྱིངས་ལ་ཐིམ་མོ། །དོན་མཚོན་བྱེད་ཀྱི་ནམ་མཁའ་ཤེས་རབ་ལ་ཐིམ་མོ། །དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་ཉི་ཤུ་རྩ་གཅིག་དོན་ལ་ཐིམ་མོ། །དེ་ནི་ནང་གི་འབྱུང་བ་ཞེས་བྱའོ། །རྩ་བ་འཛིན་པའི་སྲོག་ཐིག་ལེ་ལ་ཐིམ་མོ། །སྐྱོབ་བྱེད་ཀྱི་སྲོག་མཁའ་ལ་འཁྱིལ་ལོ། །རྣམ་པར་ཕྲ་བའི་སྲོག་ལུས་ལ་འཁྱིལ་ལོ། །མི་གཙང་བའི་སྲོག་ནམ་མཁའ་ལ་ཡལ་ལོ། །རྣམ་པར་འདར་བྱེད་ཀྱི་སྲོག་དབྱིངས་སུ་ཐིམ་མོ། །དེ་ནི་གསང་བའི་འབྱུང་བ་ཞེས་བྱའོ། །དྭངས་སྙིགས་འབྱེད་པའི་རླུང་ཚོམ་བུ་ལ་ཐིམ་མོ། །དྲོད་སྐྱེད་པའི་རླུང་འོད་ལ་ཐིམ་མོ། །གསལ་འགྱུར་གྱི་རླུང་སྐུ་ལ་ཐིམ་མོ། །རྣམ་པར་སྡུད་པའི་རླུང་ཡེ་ཤེས་ལ་ཐིམ་མོ། །རྣམ་པར་གཟེངས་བསྟོད་པའི་རླུང་ཐུགས་རྗེ་ལ་ཐིམ་མོ། །རྣམ་པར་ཤེས་པ་སྐྱོད་པའི་རླུང་སྟོང་པ་ལ་ཐིམ་མོ། །རྣམ་པར་ཡིད་འབྱུང་བའི་རླུང་གཉིས་མེད་ལ་ཐིམ་མོ། །རྣམ་པར་མདངས་དང་ལྡན་པའི་རླུང་མཐའ་གྲོལ་ལ་ཐིམ་མོ། །རྣམ་པར་བསྲེག་པའི་རླུང་བདེ་བ་ཆེན་པོ་ལ་ཐིམ་མོ། །རྣམ་པར་རྒོད་པའི་རླུང་གསལ་བ་ལ་ཐིམ་མོ། །གཞི་ལ་ཁྱབ་བྱེད་ཀྱི་རླུང་མཁའ་གསལ་ལ་ཐིམ་མོ། །འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་གཏིང་གསལ་ལ་ཐིམ་མོ། །སྔངས་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཡུལ་ལ་ཐིམ་མོ། །དྲན་པ་ཁྱབ་བྱེད་ཀྱི་རླུང་བར་དོ་ལ་ཐིམ་མོ། །འཛིན་པས་ལུས་ཀུན་ཁྱབ་པའི་རླུང་རང་སྣང་ལ་ཐིམ་མོ། །རྣམ་པར་སྐྱོད་བྱེད་ཀྱི་རླུང་གིས་རིག་པ་མཁའ་ལ་བསྐྱོད་དོ། །རྣམ་པར་སྒྲོལ་བྱེད་ཀྱི་རླུང་གིས་ཕྱི་ནང་གི་ཆོས་དང་ཕྲལ་ལོ། །རྣམ་པར་ཟློག་བྱེད་ཀྱི་རླུང་གིས་རང་གི་རིག་པ་ཉིད་གཞི་ལ་ཟློག་པའོ། །རྣམ་པར་མྱུར་བྱེད་ཀྱི་རླུང་གིས་རིག་པའི་ཡུལ་མཐོང་། སྐད་ཅིག་མའི་རླུང་གིས་སྐད་ཅིག་མ་གསུམ་ལ་ཀ་དག་གི་སར་ཕྱིན་པར་བྱེད་པའོ། །དེ་ནི་

p. 866

ཡོངས་སུ་རྫོགས་པའི་འབྱུང་བའོ། །གང་ཟག་རྐྱེན་གྱི་དབང་དུ་མ་སོང་བ་རྣམས་དེ་བཞིན་དུ་ཚེའི་འདུ་བྱེད་དོ། །དེ་ལྟར་མིན་པར་ཚེའི་འདུ་བྱེད་བྱས་པ་ནི། བྱང་ཆུབ་སེམས་དཔའི་དབུགས་འཕོ་ལུགས་ཞེས་བྱ་སྟེ། སྐྱེ་གནས་ཀྱང་བདེ་བ་དང་ལྡན་པར་སྐྱེའོ། །དེ་མིན་ལས་ཟད་པ་རྣམས་ལ་དེ་བཞིན་དུ་ཤེས་པར་གྱིས་ཤིག་ཅེས་གསུངས་སོ། །དེ་ལྟར་རླུང་ཉི་ཤུ་རྩ་ལྔས་ནི་འབྱུང་ལྔས་དབྱིངས་སུ་ཐིམ་པ་དང་། འཁོར་བ་མྱང་འདས་སུ་གྲོལ་ལ། མྱང་འདས་ཀ་དག་ཏུ་གྲོལ་བའི་ལས་བྱེད་པས། རླུང་ཞེས་བྱ་བས་ལས་ཀུན་བྱེད། །ཅེས་འབྱུང་བ་ཡིན་ནོ། །འདི་དག་ནི་ཆིངས་གལ་པོ་ཆེ་ཡིན་པས་ཤེས་པར་བྱའོ། །དེ་དག་ནི་འཆི་ཀའི་བར་དོ་ཞེས་བྱའོ། །དོན་གསུམ་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་སྔར་འདྲིས་ཀྱི་མི་དང་ཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། རིག་པ་འོད་གསལ་གྱི་ཐིམ་ཚུལ་གྱིས་མདོར་བསྟན། འོད་གསལ་རང་སྣང་གི་འཆར་ཚུལ་གྱིས་རྒྱས་པར་བཤད། རང་སྣང་དབང་པོའི་གྲོལ་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ནི། རླུང་ལྔ་དབྱིངས་སུ་ཐིམ་ནས། སྙིང་གའི་ཡེ་ཤེས་སུམ་བརྩེགས་གདངས་གློ་བར་འཇུག་པའི་རྟ་དང་བྲལ་བས་རྩལ་རང་ལ་ཐིམ་ནས་སེམས་དང་སེམས་ལས་བྱུང་བ་ཀུན་གཞི་དང་བཅས་པ་འཁོར་བའི་ཆོས་སོ་ཅོག་བག་ལ་ཞ་བས། དར་ཅིག་འཁོར་འདས་རྒྱབ་གྱེས་པའི་དུས་དེར་རིག་པ་དར་དཀར་ནས་ལམ་བཏོད་དེ་ཆུའི་སྒྲོན་མ་ནས་དབྱིངས་རྣམ་པར་དག་པའི་ནམ་མཁའ་ལ་འཐོན་ནས་རང་སྣང་དུ་འཆར་ཏེ། ཐོག་མར་གྲོལ་བའི་བར་ལ་ཐིམ་ཚུལ་བརྒྱད་ཀྱིས་མཐར་ཕྱིན་པར་འགྱུར་བ་ནི། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་རྣམས་ལ་འདི་ལྟར་ཤེས་པར་བྱའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་ཚེ། ལུས་ཀྱི་ཟུངས་ཤོར་ནས་ཡེ་ཤེས་ཀྱི་སྣང་བ་གཞི་ནས་འཕགས་ནས། ཡེ་ཤེས་མཁའ་ལ་བསྐྱོད་པའི་ཚེ། རིག་པ་མིག་ནས་ལམ་བྱུང་ནས་མཁའ་ལ་བསྐྱོད་དེ། དེ་ཡང་འདི་

p. 867

ལྟར་ཤེས་པར་བྱའོ། །ཙིཏྟའི་དཀྱིལ་ནས་རིག་པ་ཐིག་ལེ་ལ་ཐིམ་མོ། །ཐིག་ལེ་སྒྲོན་མ་ལ་ཐིམ་མོ། །སྒྲོན་མ་འོད་ལ་ཐིམ་མོ། །འོད་སྐུ་ལ་ཐིམ་མོ། །སྐུ་ཚོམ་བུ་ལ་ཐིམ་མོ། །ཚོམ་བུ་ཡེ་ཤེས་བཞི་ལ་ཐིམ་མོ། །ཡེ་ཤེས་ལྷུན་གྲུབ་ལ་ཐིམ་མོ། །ལྷུན་གྲུབ་ཀ་དག་ཆེན་པོ་ལ་ཐིམ་ནས་ས་ཟིན་པའོ། །གང་ཟག་བདེན་པ་མཐོང་བ་རྣམས་ཀྱི་གྲོལ་ལུགས་དང་ཐིམ་ལུགས་དེ་ལྟར་སྣང་ངོ་ཞེས་སོ། །དེའང་ཡེ་ཤེས་དག་པའི་སྣང་བ་འདི་དག་ལུས་ནས་སྐད་ཅིག་ལ་སྲིད་པ་དང་ས་གཞན་དུ་འཕོས་པ་རྣམས་ལ་མི་སྣང་ལ། དེ་མ་ཡིན་པ་རྣམས་ལ་དར་ཅིག་སྣང་ཡང་ཡུན་ཐུང་བས་རྨི་ལམ་མྱུར་པོ་ལྟར་ཅི་ཡིན་ཆ་མེད་དུ་ཡལ་གྱིས་སོང་ནས་ངོ་མི་ཤེས་སོ། །བདེན་པ་མཐོང་བ་རྣམས་ཀྱིའང་མངོན་སུམ་ལ་གོམས་པ་ཆེ་ན་སྣང་བ་ཡུན་རིང་བས་གྲོལ་སྣང་གི་ལོང་ཡོད་ཙམ་ཡིན་ལ། མངོན་སུམ་མཐོང་ཡང་དེ་ལ་ཆེད་དུ་མ་བསྒོམས་ན་དེའི་ངང་གི་གནས་ཆ་དེའི་ཉམས་མེད་པས་སྐར་མདའ་རྒྱུག་པའི་ཆ་ཙམ་ལ་རྫོགས་པར་བཤད་པས། ད་ལྟ་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་གོམས་པ་གཅེས་ཏེ། ཉི་ཟླ་ཁ་སྦྱོར་ལས། སྟོང་པ་གསལ་བའི་སྙིང་པོ་ཅན། །གསལ་བ་རིག་པའི་སྙིང་པོ་ཅན། །རིག་པ་འོད་ཀྱི་ཁང་པ་ཅན། །སྒྲོན་མ་བཞི་ལ་གོམས་པ་གཅེས། །ཞེས་སོ། །གཉིས་པ་འོད་གསལ་རང་གི་འཆར་ཚུལ་གྱིས་རྒྱས་པས་བཤད་པ་ལ་ལྔ་སྟེ། གཞི་སྣང་འོད་གསལ་གྱི་སྣང་བ། ཟུང་འཇུག་ཚོམ་བུའི་སྣང་བ། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ། ལྷུན་གྲུབ་རིན་པོ་ཆེའི་སྣང་བ། དེ་དག་ཏུ་གྲོལ་བར་བྱེད་པ་གནད་ཀྱི་མན་ངག་རྒྱས་པར་བཤད་པའོ། །དང་པོ་ནི། ཐལ་འགྱུར་ལས། འདིར་ནི་ཆོས་ཉིད་བར་དོ་བཤད། །འཆི་ཀ་ལས་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལུས་དང་གྲིབ་མ་བཞིན་དུ་འགྱུར། །འདི་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་

p. 868

སྣང་བ་མཆེད་པ་བཟུང་། །གཡོ་བ་རླུང་དག་མཆེད་པ་ཡིས། །ཁ་དོག་ལྔ་ལྔའི་འོད་དང་ཟེར། །མ་ངེས་འཇའ་ཚོན་རིས་སུ་སྣང་། །ཞེས་པས། རིག་པ་མིག་ནས་འཐོན་ཏེ་ནམ་མཁར་སྣང་བའི་ཚེ། རིག་པའི་ཀློང་ན་ཡེ་ཤེས་ཀྱི་རླུང་ལྔ་ཡོད་པ་མཆེད་པ་ལས་འོད་གསལ་གྱི་སྣང་བ་འཇའ་ཚོན་རིས་སུ་སྣང་བས་ནམ་མཁའ་གང་བ་ལས། ཡེ་ཤེས་ལྔ་སོ་སོར་གསལ་ལ་མ་འདྲེས་པའི་རང་གདངས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཡེ་ནས་དྲི་མ་མེད་པའི་རང་གདངས་དཀར་པོར་གསལ་བ་དེ་ཡང་གཞན་བཞི་དང་མ་འདྲེས་པར་རང་ས་ན་གསལ་བ་ནི། བར་དོའི་དུས་ན་ཤར་ཕྱོགས་ཀྱི་ཆ་རང་གི་ས། ཉམས་ཀྱི་དུས་ན་རང་གི་མདུན་ཕྱོགས་རང་ས་ཡིན་ཏེ། དེ་ལས་ཟེར་རང་རྐྱང་དང་། སྣོལ་མ་དང་། ཐད་དྲང་དང་། རྩིབས་ཤར་ཉི་མའི་ཟེར་ལྟར་འཕྲོ་བ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ལ་ལྷུན་གྲུབ་ཀྱི་ཡོན་ཏན་འགག་མེད་དུ་རྫོགས་པས་རང་གདངས་སེར་པོ་སྟེ། བར་དོའི་དུས་ན་ལྷོ་ཕྱོགས་རང་ས་ན་གསལ་བ་ལ་ཟེར་གོང་ལྟར་འཕྲོ་བ་དང་། སྣང་བ་གོང་འཕེལ་གྱི་དུས་ན་དེ་དག་ཀུན་རང་གི་མདུན་རང་སའོ། །སོ་སོར་རྟོགས་པའི་ཡེ་ཤེས་ལ་དབང་བཞི་འགག་མེད་དུ་ཤར་བས། རང་གདངས་དམར་པོ་ལས་ཟེར་གོང་ལྟར་འཕྲོ་བ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ལ་འཕྲིན་ལས་ཀྱི་རྩལ་ཡེ་ནས་རྫོགས་པས་རང་གདངས་ལྗང་གུས་ཏེ། བྱང་རང་ས་ནས་འོད་ཟེར་གོང་ལྟར་འཕྲོ་བ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཡེ་ནས་རྫོགས་པས་རང་གདངས་མཐིང་ག་སྟེ། དབུས་རང་ས་ལ་འོད་ཟེར་གོང་ལྟར་འཕྲོ་བའོ། །ཉམས་ཀྱི་དུས་སུ་ཐམས་ཅད་ཀྱིས་རང་ས་མདུན་ནས་འཆར་བ་ལས་སྣང་བ་མཆེད་ལ། དེ་ལས་གཡས་གཡོན་རྒྱབ་དང་སྟེང་འོག་གཉིས་སུ་ཤེས་པར་བྱའོ། །ཡེ་ཤེས་ལྔའི་རང་གདངས་དེ་དག་ཀྱང་སྐུ་ལྔའི་ཁྱད་པར་དུ་བྱུང་ལ། སྐུ་དེ་དག་ལ་ཡེ་ཤེས་ཀྱི་འོད་འཕྲོ་བ་དག་གཅིག་ལ་གཅིག་སོར་བཞིས་མ་རེག་ཙམ་དུ་དཀར་བ་དང་། སེར་བ་དང་། དམར་བ་དང་། ལྗང་བ་དང་། མཐིང་

p. 869

གའི་རང་བཞིན་རབ་ཏུ་འཚེར་ཞིང་ཕྱོགས་བཅུར་འཕྲོ་བ་ནི། རྩ་བ་ཕྲ་ལ་རྩེ་མོ་ཡངས་ཤིང་ལྷུན་སྟུག་པར་སྣང་བ་ཐམས་ཅད། ཕྲ་བ་དང་། འགྱུ་བ་དང་། འགུལ་བ་དང་། འཕྲིག་པ་དང་། འཚེར་བ་སྟེ། འོད་ལྔའི་དབྱིངས་ཤིན་ཏུ་རྒྱ་ཆེ་ལ་མཐའ་ཡས་པས་དམིགས་སུ་དཔག་པར་མི་ནུས་པ། དཔངས་མཐོ་ལ་རྩེ་མོ་ཡངས་པས་དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་སུ་རང་སྣང་ངོ་། །སྣང་བ་འདི་མཐོང་བའི་ཚེ། ཤེས་པ་རང་བཞིན་གྱི་བསམ་གཏན་ལ་གནས་པས། སྣང་བ་མཆེད་པ་རང་སྣང་དུ་ངོ་ཤེས་བའི་གནད་ཀྱི་མན་ངག་མཆོག་ཏུ་གཟུང་ཞིང་དེའི་ངང་ལ་གནས་པར་བྱའོ། །འདིར་ངོས་ཟིན་ན་སྐད་ཅིག་མ་གསུམ་ལ་ཀ་དག་གི་སར་གྲོལ་ཏེ། སྐད་ཅིག་དང་པོར་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གྲོལ། གསུམ་པར་གྲོལ་ཐོག་ནས་ཀ་དག་ཏུ་ཐིམ་པས་དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མེད་དོ། །དེ་དག་ཀྱང་ལུང་གིས་སྤྲས་ན་མཁས་པ་དག་ལ་མཛེས་ཤིང་། བླུན་པོ་དག་ཀྱང་བློ་གྲོས་ཀྱི་མིག་དབྱེ་བར་བྱ་བའི་ཕྱིར་བཤད་དེ། ཉི་ཟླ་ཁ་སྦྱོར་ལས། ཀྱེ་མི་རྟོག་པའི་ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག །རང་བཞིན་དག་པའི་སྣང་བ་ནི་འདི་ལྟ་སྟེ། སྐྱེས་བུ་རྣམས་ཀྱི་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། དབུགས་ཕྱི་ནང་གི་འགྲུལ་ཆད་མ་ཐག་ཏུ། རང་གི་དབང་པོ་རྣམས་ནི། ཆ་ལས་དངོས་པོར་སྣང་བ་ནི་མེད་དེ་ཡོད་སྙམ་པའི་ཤེས་པ་ནི་འབྱུང་ངོ་། །རྡོས་བཅས་ཀྱི་ལུས་འདི་མི་སྣང་སྟེ། འོད་ཀྱི་ལུས་སུ་གསལ་བའོ། །དེའི་ཚེ་དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་ཙམ། འོད་ཟེར་ལྔའི་དཀྱིལ་འཁོར་དུ་སྣང་ངོ་། །དེ་ཡང་སྣང་བ་དེ་དག་ནི་ཕྱི་ནས་བལྟས་ན་ནང་གསལ་ནང་ནས་བལྟས་ན་ཕྱི་གསལ། ཕྱི་ནང་མེད་པར་ཀུན་ཏུ་ཟང་ཐལ་བ། ལྡེམ་བཞིན་པ། མེར་བཞིན་པ། མནན་ན་ནེམ་པ་སྙམ་པ། བཏེག་ན་འཕར་བ་སྙམ་པ། ཤིན་ཏུ་ཡིད་འཕྲོག་པ། ཁ་དོག་ཏུ་གསལ་བ་ལ་སོ་སོར་མ་འདྲེས་པར་རང་གསལ་བ། ཆ་མཉམ་པ་ལ་གསལ་བའི་ཆ་མ་འགགས་པ། ཡང་

p. 870

དག་པར་བལྟས་ན་ཤིན་ཏུ་ཕྲ་བ་དང་། འགྱུ་བ་དང་། འགུལ་བ་ལྟ་བུ་དང་། འཕྲིག་པ་ལྟ་བུ་དང་། རབ་ཏུ་འཚེར་བ་ལ་ལྷུན་བརྗིད་པའོ། །ཤིན་ཏུ་རྒྱ་ཆེ་ལ། དཔག་པའམ་དམིགས་སུ་མ་ཆུད་ལ། དཔངས་མཐོ་ལ་རྩེ་མོ་ཡངས་པ་ཞེས་བྱ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་སུ་བཞུགས་སོ། །དེ་ཡང་ཁ་དོག་ནི་ལྔ་སྟེ། དཀར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང་། དེ་བཞིན་དུ་སེར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང་། དམར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང་། ལྗང་གུ་ཉིད་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང་། དེ་བཞིན་དུ་མཐིང་ག་ཉིད་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་སྟེ། དེ་དག་ཀྱང་འབྱར་བ་ལ་མ་རེག་པར་སོ་སོ་ན་ཁ་དོག་ཏུ་རང་གསལ་བ། ཤིན་ཏུ་ལྷུན་སྟུག་པར་གནས་སོ་ཞེས་གསུངས་སོ། །སྐྱེས་བུ་ཁ་ཅིག་ལུང་ལ་མི་དགའ་ན་གཏི་མུག་ཅན་བློ་གྲོས་མེད་པར་ཤེས་སོ། །མཁས་པ་དག་ནི་ལུང་གི་ཁྱད་པར་དུ་བྱས་པ་ཡིན་ནོ། །གཉིས་པ་ཟུང་འཇུག་ཚོམ་བུའི་སྣང་བ་རྒྱས་པར་བཤད་པ་ནི། ཐལ་འགྱུར་ལས། འཇུག་ཅིང་སྨིན་པའི་རླུང་ལས་ཀྱང་། །ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔ་སྐུ་ཡང་མངོན་པར་སྣང་། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུམ་དང་བཅས་པར་སྣང་། །འདི་ལ་མཆེད་དང་འཛིན་ཤེས་ན། །སངས་རྒྱས་རྣམས་ཀྱི་ཡོན་ཏན་རྫོགས། །ཁམས་གསུམ་འཇུག་པ་མ་ཡིན་ནོ། །དེ་ཡི་མཚན་ཉིད་འདི་ལྟ་བུ། །རགས་པའི་འབྱུང་བ་ལྟོས་བྲལ་བས། །འོད་ལས་ཐིག་ལེ་ཟུང་དུ་འབར། །ཐིག་ལེ་ལྔར་འབྲེལ་སྐུས་བཀང་སྟེ། །ཕྱེད་སྐུ་ལས་ནི་གཟུགས་རྫོགས་པའོ། །གཟུགས་ཕྱེད་སྐུ་ལས་ལྔ་ལྔའི་ཟུང་། །སོ་སོའི་ཚོམ་བུ་རྫོགས་པ་ལ། །ལྔ་ལྡན་བཅུ་ལྡན་བརྒྱ་ལྡན་དང་། །ཚོམ་བུ་སྟོང་དང་འབུམ་ཕྲག་ནི། །བསམ་ངོ་རང་བཞིན་དག་པར་སྣང་། །བརྗོད་ཀྱིས་མི་ལང་གྲངས་མེད་པ། །འདི་ལ་རང་དང་གཞན་ཤེས་ན། །སྐུ་གསུམ་གཅིག་ཏུ་

p. 871

དྲིལ་བ་ཐོབ། །ཐོབ་པ་འདི་ལས་སླར་ལྡོག་མེད། །གསལ་བཏབ་པ་ལས་བྱུང་བའོ། །ཞེས་པས། འདི་ལ་རྒྱུ་གང་ལས་མཆེད་པ། ཐིག་ལེ་ལས་ཚོམ་བུའི་སྣང་བ་དངོས་མི་ལྡོག་པའི་གདམས་ངག་མཚོན་པ་དང་གསུམ་ལས། རྒྱུ་ནི་སྔར་གྱི་ཡེ་ཤེས་ཀྱི་རླུང་ཡུལ་ལ་འཇུག་པའི་དབང་གིས་འོད་གསལ་གྱི་སྣང་བ་དེ་ཉིད་སྐབས་འདིར་ཟུང་འཇུག་ཚོམ་བུའི་སྣང་བར་ཤར་བ་ལས་བྱུང་ངོ་། །ཟུང་འཇུག་གི་དོན་ནི་རིག་པའི་རང་འོད་ལྷུག་པར་ཤར་བ་དེ་དང་། ཆོས་ཉིད་མའི་འོད་གསལ་ལྔ་ལོངས་སྐུའི་ཞིང་སྣང་ཡེ་ནས་ལམ་སྣང་དུ་ཡོད་པ་གཉིས་རིག་པའི་ངོ་ཁ་ལ་དུས་འཛོམ་པས་རིག་ཐོག་ཏུ་དབྱེར་མེད་གཅིག་ཏུ་འཇུག་པའོ། །འདིའི་དུས་ན་ཀུན་གཞི་ཉེར་ལེན་གྱིས་བཅིངས་པ་ལས་གྲོལ་ནས། ཆོས་ཉིད་ཀྱི་མིག་གིས་ཆོས་ཉིད་ཀྱི་སྣང་བ་རང་ལུགས་སུ་མཐོང་བ་དེ་ཉིད་ལ་འཇུག་པ་དང་། ལོངས་སྤྱོད་རྫོགས་པ་སྐུའི་ཡེ་ཤེས་ཀྱི་སྤྱན་གྱིས་རིག་པ་བུའི་སྣང་བ་གཟིགས་པས་རང་ངོ་གཉིས་མེད་དུ་འཇུག་ལ། སྔར་གྱི་ཤེས་རབ་སྦྱངས་པ་དེར་ཤར་བ་ཤེས་རབ་ཀྱི་མིག་གིས་དེ་གཉིས་གཉིས་མེད་དུ་མཚམས་སྦྱར་བས། མ་བུ་དབྱེར་མེད་དུ་གནས་པས་ཡེ་ཤེས་ཟུང་འཇུག་ལ་ཐིམ་ཞེས་བྱའོ། །གཉིས་པ་ནི། འོད་ཀྱི་སྣང་བ་དེ་དག་ཐིག་ལེ་ཐིག་ཕྲན་ལྔ་འབྲེལ་དུ་ཤར་བའི་ནང་ན་དང་པོ་ཕྱེད་སྐུ་ལས་རྐྱང་པ་དང་། ཡབ་ཡུམ་དང་། ཚོམ་བུ་ལྔ་ལྔ་ལས། སོ་སོའི་རིགས་ཀྱི་དཀྱིལ་འཁོར་དུ་ཤར་ཏེ། སྐུ་དེ་དག་ཀྱང་གཙོ་འཁོར་རྣམས་ཆ་མཉམ་པས་འོད་ཟླུམ་ཕན་ཚུན་དཔག་མེད་ཀྱི་ནང་རྣམས་གཙོ་བོ་གཙོ་བོར་མི་ཆེ་བ་མི་ཆུང་བ། འཁོར་འཁོར་དུ་གཅིག་ལས་གཅིག་མི་ཆེ་བ་མི་ཆུང་བ། གཙོ་བོ་རྣམས་ཁྲུ་སུམ་ཅུ་རྩ་གཉིས་ལ། འཁོར་རྣམས་དེའི་ཕྱེད་ཕྱེད་དུ་སྣང་བ། རིགས་ལྔ་སོ་སོ་བའི་ལྷ་རྣམས་ལ་དབུ་རྒྱན་དང་། མགུལ་རྒྱན་དང་། དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། སྟོད་གཡོགས་དང་། སྨད་གཡོགས་ལ་སོགས་པས་

p. 872

བརྒྱན་པ། འོད་ཀྱི་ཁ་མིག་རྣ་བ་ཅན་ཞལ་ཕྱག་རྫོགས་པ། རྣམ་སྣང་དང་། མི་བསྐྱོད་པ་དང་། རིན་འབྱུང་དང་། འོད་དཔག་མེད་དང་། དོན་གྲུབ་དང་། ཡུམ་དབྱིངས་ཕྱུག་མ་དང་། མཱ་མ་ཀཱི་དང་། སངས་རྒྱས་སྤྱན་དང་། གོས་དཀར་མོ་དང་། དམ་ཚིག་སྒྲོལ་མ་རྣམས་དང་མཉམ་པར་སྦྱོར་ཞིང་། མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའི་མདོག་ཏུ་འཚེར་བ། བྱང་ཆུབ་མཆོག་དང་། ས་གནོན་དང་། སྐྱབས་སྦྱིན་དང་། མཉམ་གཞག་དང་། སེ་གོལ་གྱི་ཕྱག་རྒྱས། འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་འཛིན་པས། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་མཛད་ཅིང་། རིགས་སོ་སོའི་དཀྱིལ་འཁོར་གྱི་དབུས་སུ་རིགས་ཀྱི་བདག་པོ་ཡབ་ཡུམ་གྱི་ཕྱོགས་བཞིར་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཡབ་ཡུམ་བཞི་དང་། ཕྱོགས་མཚམས་བརྒྱད་དུ་བྱམས་པ་ལ་སོགས་པའི་སེམས་དཔའ་བརྒྱད་དང་། སྒེག་མོ་ལ་སོགས་པའི་སེམས་མ་བརྒྱད་དང་། ལྕགས་ཀྱུ་མ་ལ་སོགས་པའི་སྒོ་བ་དང་སྒོ་མ་སྟེ། རིགས་ཀྱི་དཀྱིལ་འཁོར་དཔག་ཏུ་མེད་པ་རྣམས་ཀྱི་སངས་རྒྱས་ལྔ་ནི། སེང་གེ་དང་། གླང་པོ་ཆེ་དང་། རྟ་མཆོག་དང་། རྨ་བྱ་དང་། ནམ་མཁའ་ལྡིང་གི་ཁྲིའི་སྟེང་ན་རབ་ཏུ་འོད་གསལ་བ་ཉི་ཟླ་དང་པདྨའི་སྟེང་ན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ལ། སེམས་དཔའ་སེམས་མ་རྣམས་པདྨ་ཉི་ཟླའི་སྟེང་ན་ཕྱེད་ཀྲུང་དུ་བཞུགས་ཤིང་། སྒོ་བ་རྣམས་བཞེངས་པའི་ཚུལ་ཅན་ནོ། །དེ་དག་རེ་རེ་ལ་རང་གི་སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་ལ། དེ་མ་གཏོགས་པ་ཕྱི་འོད་ལྔའི་མུ་ཁྱུད་ཟླུམ་པོ་ཡེ་ཤེས་ལྔའི་འོད་རེས་བསྐོར་བ་ན། རྣམ་སྣང་ལ་སོགས་པ་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དུ་རྫོགས་ལ། རྫོགས་ལུགས་ནི། རྣམ་སྣང་གི་ཚོམ་བུ་རྣམས་འོད་ཟླུམ་གྱི་ནང་ན་རྣམ་སྣང་ཡབ་ཡུམ་གྱི་ཐུགས་ཀར་རྫོགས་ལ། དེའི་ཕྱོགས་ཀྱི་ལྷ་རྣམས་ཀྱི་ཐུགས་ཀ་ན་དཀྱིལ་འཁོར་ཆ་ཚང་རེ་རེ་རྫོགས་པ་ནས། རྡོ་རྗེའི་རིགས་རྣམས་མི་

p. 873

བསྐྱོད་པ་དང་། རིན་ཆེན་རིགས་རྣམས་རིན་འབྱུང་དང་། པདྨའི་རིགས་རྣམས་སྣང་མཐའ་དང་། ལས་ཀྱི་རིགས་རྣམས་དོན་གྲུབ་ཡབ་ཡུམ་འཁོར་བཅས་ཀྱི་ཐུགས་ཀར་ཕྱི་ནང་ཟང་ཐལ་དུ་རྫོགས་ཏེ། འོད་ཟླུམ་ལྔ་སྦྲེལ་ན་རིགས་ལྔ་ཚོམ་བུའི་སྐུ་ལྔ་ཚན་རེའི་ཐུགས་ཀ་ན། རིགས་དེའི་ཚོམ་བུའི་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་མ་སྒོ་བ་དང་བཅས་པ་རེ་རེ་རྫོགས་པའོ། །འདིའི་ཚེ་རང་ལ་ལུས་རང་མཚན་པ་མེད་ཀྱང་ཡོད་སྙམ་པ་ནི་སྔར་ལུས་ལ་བདག་ཏུ་འཛིན་པའི་བག་ཆགས་ཀྱི་དབང་གིས་འབྱུང་བ་རྨི་ལམ་ལྟ་བུ་སྟེ། བག་ཆགས་ཀྱི་ས་བོན་མ་ཟད་ཀྱི་བར་དུ་ཡོད་ལ། རང་བཞིན་དུ་དེའི་ཚེ་འོད་ཀྱི་ལུས་སུ་ཡོད་པས། སྙིང་ག་ན་རིག་པ་ལ་ཞིང་སྣང་ཡོད་པའི་གདངས་ཕྱིར་ཤར་བས། སྐུ་རེའི་ཐུགས་ཀར་ཚོམ་བུའི་དཀྱིལ་འཁོར་གསལ་བར་སྣང་བ་སྟེ་མེ་ལོང་དུ་བཞིན་ཤར་བ་བཞིན་ནོ། །འདིའི་དུས་སུ་ལོངས་སྐུ་དེ་དག་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་རྟ་རྔའི་ཆ་ཙམ་ཕྱོགས་བཅུ་ཀུན་ནས་ཚུར་རང་གི་སྙིང་གར་ཟུག་པ་དང་། རང་གི་སྙིང་ག་ནས་ཀྱང་དེ་དག་གི་ཐུགས་ཀར་ཟུག་པ་ནི། རང་གདངས་ཡིན་པའི་འབྲེལ་བ་མཚོན་པ་སྟེ། ཤེལ་འོད་རྣམས་ཤེལ་ལ་འབྲེལ་བའི་ཟེར་ཐག་བཞིན་ནོ། །དེའི་དུས་སུ་རང་གི་མིག་གི་ཟེར་ཐག་མཐོང་བས་ཤེས་པ་ཟིན་ཏེ་ཡུལ་གང་དུའང་མི་རྟོག་པའི་བསམ་གཏན་ལ་རང་བཞིན་གྱིས་གནས་པ་ཡིན་ནོ། །གསུམ་པ་མི་ལྡོག་པའི་གདམས་ངག་མཚོན་པ་ནི་དེའི་ཚེ་འོད་ཀྱི་ཟེར་ཐག་ལྔ་སྒྲིལ་འབྱར་ལ་མ་རེག་པ་རྟ་རྔའི་ཉག་མ་ལྔ་སྒྲིལ་ཙམ་ལས། དང་པོ་རིག་པ་འོད་ལ་འཇུག་པ་རང་སྣང་ལ་ཕར་བལྟ་དུས་སྣང་བ་དེ་རང་སྣང་དུ་ཤེས་པའི་ངང་ལ་བཞག་པས། སྣང་བ་དེ་དག་ཟེར་ཐག་ལས་རང་གི་སྙིང་གར་ཐིམ་པ་ན་འོད་རིག་པ་ལ་འཇུག་པ་ཞེས་བྱ་སྟེ། རང་ངོ་ཀ་དག་གི་རང་ས་ངོ་ཤེས་པར་བྱས་པས་དེ་ཉིད་དུས་ཟིན་ནས་ཟང་ཐལ་བས། དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མེད་དོ། །རིག་པ་ནི་རང་ཡིན་ལ། འོད་ནི་ཕྱིའི་རང་སྣང་དེ་རྣམས་ལ་

p. 874

ཟེར་བས། དང་པོ་མཆེད་དུས་དེ་ལ་ཕར་འཇུག །ཐིམ་དུས་དེ་དག་ཚུར་ལ་ནང་དུ་འཇུག་པའོ། །གདམས་ངག་ནི་ཕྱི་སྣང་བུ་དང་འདྲ་བའི་འོད་རྣམས། རང་རིག་མའི་སྙིང་གར་ཐིམ་པས་པང་དུ་འཇུག་པ་ལྟ་བུ་སྟེ། ཆོས་ཉིད་དུ་འདྲེས་པས་ཀ་དག་གི་ས་ལ་གྲོལ་བ་ཞེས་བྱའོ། །དེ་དག་ཀྱང་ངེས་པའི་ལུང་དང་སྦྱར་ན། ཉི་ཟླ་ཁ་སྦྱོར་ལས། དེ་ཡང་སྐྱེས་བུའི་འོད་གསལ་དེ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ། ཡང་སྣང་བ་དེ་དག་སྐུའི་སྣང་བར་རང་ཤར་ཏེ། སྐུ་དེ་དག་ཀྱང་མི་ཆེ་བ། མི་ཆུང་བ། ཆ་མཉམ་པ་རྒྱན་དང་། ཁ་དོག་དང་། བཞུགས་ཚུལ་དང་། གདན་ཁྲི་དང་། རང་རང་གི་ཕྱག་རྒྱ་དང་བཅས་པ་སྟེ། སྐུ་དེ་ཀུན་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ། ལྔ་ཚན་རེ་ལ་འོད་ཀྱི་མུ་ཁྱུད་དང་བཅས་པ། ཡབ་ཀྱི་ཆ་འཛིན་པའི་རིགས་དང་། ཡུམ་གྱི་ཆ་འཛིན་པའི་རིགས་དང་། སེམས་དཔའ་དང་། སེམས་མ་དང་། དཀྱིལ་འཁོར་ཐམས་ཅད་གཅིག་ལ་རྫོགས་པར་གནས་སོ། །དེའི་ཚེ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་སྐུ་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་ཏེ་འཆར་རོ། །དེ་ལ་རང་གི་ཤེས་པས་ཟིན་ཏེ། མི་རྟོག་པའི་བསམ་གཏན་ལ་རང་བཞིན་གྱིས་གནས་སོ། །དེ་ནི་རིག་པ་འོད་ལ་འཇུག་པ་ཞེས་བྱ་སྟེ། སྣང་བ་དེ་ཀུན་ཀྱང་རབ་ཏུ་འཕྲིག་པར་མངོན་པར་གྱུར་ཏེ། སྙིང་གའི་ཟེར་ཐག་དེ་ལ་ཡང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཆར་རོ། །དེ་ནས་ཡང་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོན་སྐུད་སྒྲིལ་མ་ཙམ་ཞིག་འཆར་ཏེ། དེ་ནས་སྐུ་དེ་ཐམས་ཅད་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ། དེ་ནི་འོད་རིག་པ་ལ་ཚུར་འཇུག་པ་ཞེས་བྱའོ། །འདིའི་ཚེ་སྐྱེས་བུ་རྣམས་ཀྱིས་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །གསུམ་པ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ནི་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་སྟེ་སྣང་བའི་འཆར་ཚུལ་དང་། གདམས་པའི་དྲན་ཚུལ་གཉིས་ལས། སྣང་བ་ནི་ཡང་སྙིང་ག་ནས་སོར་བཞིའི་གོང་ཙམ་ནས་སྔར་

p. 875

བས་ཅུང་ཟད་མི་གསལ་བའི་འོད་ཁ་དོག་བཞི་འཁྲིལ་བའི་ཐག་པ་ཤིན་ཏུ་ཕྲ་བ་རྟ་རྔའི་ཉག་མ་ཙམ་ཞིག་འཆར་ཏེ། སྟེང་གི་ནམ་མཁའ་ལ་ཟུག་པར་སྣང་བ་དེ་ལ། ཤེས་རབ་ཀྱི་མིག་གིས་བལྟས་པས། སྣང་བ་ཕྲ་མོ་དེ་ལས་རབ་ཏུ་མཆེད་ནས་སོ་སོར་མ་འདྲེས་ལ་རྒྱ་ཆེར་སོང་སྟེ། དང་པོའི་ཕྲ་མོ་དེའི་ངོ་བོ་མ་འགྱུར་བ་ལས་རྣམ་པ་ཆེར་སོང་བ་ནི། མཐིང་གའི་སྣམ་བུ་ཆེ་ཆུང་རང་གི་དབང་པོའི་སྤྱོད་ཡུལ་ཙམ་ལ། ཁ་དོག་གཞན་དང་མ་འདྲེས་པ་རང་གི་མདུན་ཕྱོགས་སུ་འཆར་རོ། །དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྣང་བའོ། །དེའི་སྟེང་དུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་གི་ངོ་བོ་ཐིག་ལེའི་ཟེར་དཀར་བ་དང་། དམར་བ་དང་། སེར་བ་དང་། མཐིང་ག་དང་བཞི་ལྡན་པ། ཆེ་ཆུང་གི་ཚད་མེ་ལོང་ཁ་སྦུབ་པ་ཙམ་འོད་ལྔ་ཤིན་ཏུ་གསལ་བ་ལ། ཡེ་ཤེས་ཀྱི་འོད་གདངས་ཀྱིས་རབ་ཏུ་འཚེར་བ། ངོ་བོ་ལ་ཡེ་ཤེས་ལྔའི་རྩལ་རང་རྫོགས་སུ་ཡོད་པ། ཐིག་ལེ་དེ་ཡང་རང་བཞིན་གྱི་ཐིག་ལེ་འོད་ལྔ་དང་ལྡན་པ། ཕྲ་མོ་སྲན་མའི་གའུ་ཙམ་ལྔ་ལྔས་ཕྱོགས་བཞི་དབུས་དང་ལྔར་བརྒྱན་པའོ། །དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་གི་ངོ་བོ་སྟེ། ངོ་བོ་དེ་ཡང་ཤེས་བྱའི་ཆོས་རང་དང་སྤྱིའི་མཚན་ཉིད་ཅན་དང་། མྱོང་བའི་ཆོས་མངོན་དུ་བྱེད་པས་བསྡུས་པའོ། །དབྱིངས་ཀྱང་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་རྫས་སུ་མེད་པ་དང་། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་མངོན་སུམ་ཡུལ་དུ་ཤར་བའོ། །ཡེ་ཤེས་ནི་ཡེ་ནས་ཡོད་པའི་དོན་དུས་དེར་མངོན་དུ་གྱུར་པས་ཤེས་པ་སྟེ། དེའི་ཕྱིར་ན་མཚན་ཉིད་འཛིན་པའི་ཡེ་ཤེས་འོད་དང་། ཁ་དོག་དང་། སྐུ་དང་། སོ་སོའི་ཆོས་ཉིད་ཀྱི་མཚན་ཉིད་མི་འདོར་བར་འཛིན་པའོ། །དེ་ནས་ཡང་དེའི་སྟེང་དུ་དེ་དང་འབྱར་ལ་མ་རེག་པར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཏིང་གདངས་དཀར་པོའི་སྣམ་བུ། ཆེ་ཆུང་དབང་པོའི་སྤྱོད་ཡུལ་དང་མཉམ་པ་དཀར་ལ་འཚེར་ཞིང་གཞན་དང་མ་འདྲེས་པའི་སྟེང་དུ། ཐིག་ལེ་འོད་ལྔ་གསལ་བ་མེ་ལོང་ཁ་སྦུབ་པ་ཙམ་ལ།

p. 876

དཀར་བ་དང་མཐིང་བ་ལ་སོགས་པའི་ཟེར་ལྔ་དང་ལྡན་པ། ཡེ་ཤེས་ཀྱི་གཏིང་གདངས་ཀྱིས་འཚེར་བའི་ཕྱོགས་བཞི་དབུས་དང་ལྔར། ཡེ་ཤེས་ལྔའི་རང་རྩལ་རྫོགས་པས་རང་བཞིན་གྱི་ཐིག་ལེ་སྲན་མའི་གའུ་ཙམ་ལྔས་བརྒྱན་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལས། མེ་ལོང་གིས་གཟུགས་སྣང་བར་བྱེད་ལ། དེ་ལ་གཟུགས་བརྙན་གང་སྣང་ན། རིག་པ་དངོས་ནི་མ་ཡིན་ཏེ། དེ་ཉིད་ཀྱི་གཟུགས་བརྙན་སྣང་བར་བྱེད་པས་ན་མེ་ལོང་ལྟ་བུ་ནི་དཔེའོ། །གཟུགས་བརྙན་རང་གདངས་དེ་ཡེ་ཡོད་དུས་དེར་རང་ངོ་ཤེས་པས་ཡེ་ཤེས་སོ། །དེ་ནས་ཡང་འོད་ཟེར་སེར་པོའི་སྣམ་བུ་ཆེ་ཆུང་དབང་པོའི་སྤྱོད་ཡུལ་དང་མཉམ་པ་སེར་ཞིང་གཞན་དང་མ་འདྲེས་པའི་སྟེང་དུ། ཡང་ཐིག་ལེ་འོད་ལྔ་རང་གསལ་བ། ཆེ་ཆུང་མེ་ལོང་ཁ་སྦུབ་པ་ཙམ་ལ་དཀར་བ་དང་། མཐིང་ག་དང་། སེར་པོ་དང་། དམར་པོའི་ཟེར་འཕྲོ་བ། ཡེ་ཤེས་རང་གི་གཏིང་གདངས་ཀྱིས་རབ་ཏུ་འཚེར་བ། ཐིག་ལེ་དེ་ཉིད་ཀྱི་ཕྱོགས་བཞི་དབུས་དང་ལྔར་ཡེ་ཤེས་ཀྱི་རང་རྩལ་དུ་རང་བཞིན་གྱི་ཐིག་ལེ་སྲན་མ་ཙམ་ལྔས་བརྒྱན་པ་ནི་གོང་དང་འདྲ་བ་འཆར་རོ། །དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གཏིང་གདངས་སུ་བྱུང་བ་སྟེ། མཉམ་པ་ཉིད་ཀྱི་མཉམ་རྒྱུ། མཉམ་རྐྱེན། མཉམ་དུས། མཉམ་པ་བཞི་ལས། མཉམ་རྒྱུ་སྣང་སྲིད་འཁོར་འདས་ཀྱི་ཆོས། མཉམ་རྐྱེན་ཆོས་ཉིད་ལ་གོམས་པ། མཉམ་པའི་དུས་རྟོགས་པ་མངོན་དུ་གྱུར་པ། མཉམ་པ་རང་གི་རིག་པའོ། །མཉམ་པ་ལ་སྐྱོལ་བས་ཉིད་ཅེས་ངོས་གཟུང་དུ་བྱས་པ་སྟེ། ཆོས་ཉིད་གང་གིས་ཀྱང་བཅོས་སུ་མི་རྙེད་ཅིང་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མི་རྙེད་པའོ། །ཡེ་ཤེས་ནི། ཡེ་ནས་མཉམ་པར་གནས་པ་དེ་དུས་འདིར་ཤེས་པས། མཚན་ཉིད་གཏན་ལ་ཕེབས་པའོ། །དེའི་སྟེང་དུ་འབྱར་ལ་མ་རེག་པར་དམར་པོའི་སྣམ་བུ་ཆེ་ཆུང་དབང་པོའི་སྤྱོད་ཡུལ་ཙམ་འོད་རབ་ཏུ་གསལ་བའི་སྟེང་དུ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཐིག་ལེ་འོད་ལྔས་རབ་ཏུ་གསལ་

p. 877

བ་མེ་ལོང་ལ་ཁ་སྦུབ་པ་ཙམ་དུ་འོད་ལྔའི་ཟེར་འཕྲོ་བ། ཡེ་ཤེས་ཀྱི་གཏིང་གདངས་ཀྱིས་རབ་ཏུ་འཚེར་བ། དེ་ཉིད་ཀྱི་ཕྱོགས་བཞི་དབུས་དང་ལྔར་རང་བཞིན་གྱི་ཐིག་ལེ་སྲན་མ་ཙམ་ལྔས་བརྒྱན་པ་ནི་གོང་ལྟར་འཆར་རོ། །དེ་ཡང་སོ་སོ་ནི་དབང་པོ་རབ་འབྲིང་ཉེར་གཅིག །དེ་ལས་བསྡུ་ན་དགུ། དེ་ལས་བསྡུ་ན་རབ་འབྲིང་ཐ་མ་གསུམ། དེ་ལས་ཤིན་ཏུ་བསྡུས་ན་རིག་པ་རང་སྣང་དང་། དམིགས་པ་ཡུལ་གྱི་བློ་ཅན་གཉིས་ཀྱིས་རྟོགས་པ་ནི། དམིགས་པ་ཡུལ་གྱི་བློས་ལམ་རྗེས་ཐོབ་ཏུ་རྟོགས་ལ། རིག་པ་རང་སྣང་གི་ལམ་མཉམ་གཞག་མངོན་སུམ་དུ་རྟོགས་སོ། །དེ་ལྟར་མངོན་སུམ་དང་རྗེས་ཐོབ་གཉིས་ཀྱིས་ཡེ་ནས་ཡོད་པའི་དོན་དེ། ད་ལྟ་མཚན་ཉིད་གཏན་ལ་ཕེབས་པ་ལས་བྱུང་ཞིང་ཤེས་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་ས་བོན་གྱི་ཆ་ལས་རྩལ་མ་རྫོགས་པས་ཀ་དག་ལ་རྫོགས་པའོ། །དེ་ཡང་འོད་གཉིས་འདུས་ཀྱི་གདངས་ཀྱི་ཆ་ཙམ་དུ་ཡོད་པས། ཀུན་གསལ་དུ་ཡེ་ཤེས་ལྔའི་སྣང་བ་ཐམས་ཅད་བཤད་དོ། །འདིར་ད་དུང་ཀ་དག་ཏུ་གྲོལ་མ་ཟིན་པ་དང་སྦྱར་ནས་བཞི་སྦྱོར་དུ་བཞག་སྟེ། བློ་རྩིང་བ་དག་བྱ་བ་གྲུབ་པའི་སྣང་བ་མེད་པར་འདོད་པ་ནི་ཧ་ཅང་མི་རིགས་པའོ། །རྩལ་མ་རྫོགས་པས་མི་སྣང་ན་ཐམས་ཅད་མི་སྣང་བར་ཐལ་ཏེ། རྩལ་ཐམས་ཅད་མཐར་ཕྱིན་གྱི་དུས་ལས་མི་རྫོགས་པའི་ཕྱིར་རོ། །དེས་ན་སྐབས་འདིར་རང་སའི་སྣང་བ་བཞི་སྦྱོར་ཏེ། གྲོལ་བ་མ་ཡིན་པས་རྩལ་མ་རྫོགས་ཞེས་གོ་དོན་བླངས་ལ་ཡེ་ཤེས་བཞི་སྦྱོར་དུ་ཁས་བླང་བར་བྱའོ། །དེ་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བའི་ཆ་མཐོང་ལ། དངོས་ཀྱི་འབྲས་བུ་མ་རྫོགས་པ་ཚུན་ཆད་ནི་ཡེ་ཤེས་བཞིའི་ཡོན་ཏན་དུ་སྣང་བ་ལ། ཡེ་ཤེས་ལྔའི་རྣམ་པ་བྱ་བ་གྲུབ་པའི་རང་ངོ་མི་སྣང་ལ། ས་བོན་གྱི་ནུས་པ་ཡོད་པས་ཡེ་ཤེས་ལྔའི་རྣམ་པར་བྱུང་བའོ། །དེ་ཡང་དེ་དག་ཀུན་ལ་ཡང་ཡེ་ཤེས་ལྔའི་ས་བོན་ཁྱབ་བྱེད་དུ་ཡོད་པས་སོ། །ཡེ་ཤེས་བཞིའི་སྣམ་བུ་བཞིའི་སྟེང་ན་ཐིག་ལེ་བཞི་ལ་སྟེང་ན་ཐིག་ཆུང་ལྔ་ལྔ་མཎྜལ་ལ་ཚོམ་

p. 878

བུ་བཀོད་པ་ལྟར་ཡོད་དོ། །དེ་དག་གི་སྟེང་ན་འོད་ཟླུམ་པོ་རྨ་བྱའི་གདུགས་འཁོར་བ་འདྲ་བ་ནི་ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་སྟེ། དབུས་མཐིང་ག་ཁ་དོག་ལྔའི་མུ་ཁྱུད་ཀྱིས་འཁོར་བ་འཆར་རོ། །འདི་ནི་ལྷུན་གྲུབ་འཆར་བའི་ས་བོན་དུ་དུས་འདིར་འབྱུང་བའོ། །དེ་དག་ནི་རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཞེས་བྱའོ། །གཉིས་པ་གདམས་པའི་དྲན་ཚུལ་ནི། སྣང་བ་འདི་ཀུན་ལ་ཤེས་པ་མི་འགྱུར་བར་རང་སྣང་དུ་ཤེས་ཐོག་དེར་ཆེ་རེ་མཉམ་པར་འཇོག་པ་སྟེ། གསེར་གྱི་ཐུར་མས་སྙིང་ཆུ་འདྲེན་པ་ལྟར་བླ་མའི་གདམས་ངག་ལ་བརྟེན་ནས་བར་དོར་རང་གི་སྣང་བ་གཏན་ལ་ཕེབས་ནས་གྲོལ་བའོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། ཡང་རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་ནི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་བ་འོང་ངོ་། །དེ་ལ་རང་གི་མིག་གིས་མ་ཡེངས་པར་བལྟས་པས། སྣང་བ་དེ་གཞན་དང་མ་འདྲེས་པར་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་མཐིང་གའི་སྣམ་བུའི་སྟེང་དུ། ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ། ཤིན་ཏུ་གསལ་བ་ལ་འཚེར་བ། དེ་ལ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་ཤིན་ཏུ་གསལ་བ་གོང་དང་འདྲ་བར་འཆར་རོ། །སེར་པོའི་སྣམ་བུའི་སྟེང་དུ་ཡང་ཐིག་ལེ་གོང་དང་འདྲ་བར་འཆར་རོ། །དེའི་སྟེང་དུ་དམར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་གོང་ལྟར་འཆར་རོ། །དེ་ཡི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་ཞིག་གདུགས་ལྟར་འཆར་རོ། །དེ་དག་ཀྱང་ཡེ་ཤེས་ལྔའི་རྣམ་པ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་མ་རྫོགས་པས་མི་སྣང་ངོ་། །དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཞེས་བྱའོ། །དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །བཞི་བ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་དྲུག་སྟེ། ལྷུན་གྲུབ་ཀྱི་འཆར་ཚུལ་རྗེས་དྲན་གྱི་སྐྱེ་ཚུལ། མངོན་ཤེས་ཀྱི་འབྱུང་ཚུལ། གཟུངས་ཀྱི་ཐོབ་ཚུལ། ཏིང་

p. 879

ངེ་འཛིན་གྱི་སྐྱེ་ཚུལ། ལྷུན་གྲུབ་ཐིམ་ཚུལ་ལོ། །དང་པོ་ནི། ཡེ་ཤེས་ལྷུན་གྲུབ་ཏུ་ཐིམ་པའི་སྐད་ཅིག་ལ་སྔར་གྱི་སྣང་བ་དེ་རྣམས་དང་རང་གི་རིག་པ་སྟེང་གི་འོད་ཟླུམ་ལ་འདུས་ནས་དེའི་ནང་ནས་ཤར་བ་སྙམ་བྱེད་པ་ལས། འཆར་ལུགས་བརྒྱད་སྣང་བ་ནི། ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་གསལ། སྐུ་ལྟར་ཤར་བས་ཤེས་པའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བའི་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུར་འབྲེལ་པའོ། །སྣང་བ་འདི་དག་ཀྱང་གོང་འོག་ཏུ་སྣང་སྟེ། སྟེང་ན་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ། དེའི་འོག་ན་ལོངས་སྐུ་ཁྲོ་བོའི་དཀྱིལ་འཁོར་རྒྱ་ཆེ་ལ་ལྷུན་སྟུག་པ། དེའི་འོག་ན་ལོངས་སྐུ་ཞི་བའི་སྣང་བ་འོད་གསལ་ལ་བཀོད་ལེགས་པ། དེའི་ཕྱོགས་མཚམས་ན་རང་བཞིན་སྤྲུལ་པའི་ཞིང་སྣང་ཡིད་དུ་འོང་ལ་བལྟ་ན་སྡུག་པ། འོག་ན་འགྲོ་དྲུག་འཁྲུལ་པའི་སྣང་བ་འདུལ་བྱེད་སྟོན་པ་དང་བཅས་པ། དེ་ཐམས་ཅད་ཀྱང་རང་སྣང་གཟུགས་བརྙན་ལྟར་སྣང་དུས། ངོ་མ་ཤེས་པས་གཞན་ལྟར་སྣང་བའོ། །འདི་དག་ཀྱང་སྔར་གྱི་གཞི་སྣང་དེ་དུས་འདིར་ཤར་བས་ཏེ། རིན་པོ་ཆེ་སྤུངས་པ་ལས། ཐུགས་རྗེ་ལྟ་བུའི་འཆར་ཚུལ་ལས། །ཞེས་པ་ལ་སོགས་པ་སྔར་བསྟན་པ་བཞིན་ནོ། །འདིའི་དུས་སུ་དཔག་ཆེན་གྱིས་མདའ་ཕྱིར་འཕངས་པ་ཐོགས་མེད་དུ་སོང་ནས་ཚུར་མི་ལྡོག་པ་ལྟར། ནང་དབྱིངས་ལ་སྐད་ཅིག་གིས་ཟང་ཐལ་དུ་རྟོགས་ཏེ། ལུས་སུ་ཕྱིར་མི་ལྡོག་པའི་གདམས་པ་དྲན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས། ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་

p. 880

ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལ་ཡང་མི་གནས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུ་འབྲེལ་པའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །འདིའི་དུས་སུ་དར་ཅིག་རིག་པ་ལྷུན་གྲུབ་ལ་ཐིམ་ཟིན་པའི་རང་དུས་དེར་དེ་ནས་ཕྱིར་མི་ལྡོག་པ་རྒྱལ་པོ་རིན་པོ་ཆེའི་ཕོ་བྲང་དུ་ཕྱིན་ནས་འདུག་པ། སྒོར་མ་ཐོན་པ་གལ་ཆེ་བའི་མན་ངག་གཅེས་སོ། །དེའང་ད་ལྟ་འོད་གསལ་གྱི་སྣང་བ་ལུ་གུ་རྒྱུད་དང་བཅས་པའི་རང་གདངས་ཀྱི་ངང་ངོས་ཟིན་ནས་དེ་ལས་ཕྱིར་ཐ་མལ་དུ་མི་ལྡོག་པ་ཐོད་རྒལ་ལ་འདྲིས་པ་དེ་དུས་དེར་སྟོངས་འདེབས་སོ། །འདི་ཉིད་ཐལ་འགྱུར་ལས། གཞན་ཡང་རིག་པའི་ཆོས་ཉིད་བཤད། །ལུ་གུ་རྒྱུད་དུ་ཅེར་མཐོང་བས། །རྣམ་རྟོག་འགྱུ་པའི་དྲན་པ་འགགས། །བྱ་བྲན་ནམ་མཁར་འགྲོ་བ་བཞིན། །ཆོས་ཀྱི་དབྱིངས་ལས་འགྲོ་ས་མེད། །གཞན་མེད་རིག་སྣང་རྣམ་དག་པས། །འཁྲུལ་པར་སྣང་བའི་རྒྱུ་རྐྱེན་ཟད། །ཅེས་སོ། །བར་དོར་སྔར་གྱི་ལུ་གུ་རྒྱུད་ཐིག་ལེ་དང་བཅས་པ་སྐུར་སྨིན་པས་དངོས་སུ་ལུ་གུ་རྒྱུད་མི་སྣང་བའི་གནད་དེ་ཡིན་ནོ། །གཉིས་པ་རྗེས་དྲན་གྱི་སྐྱེ་ཚུལ་ནི། སྔར་བླ་མའི་ཐུགས་རྗེ་དང་རང་གི་བསགས་པ་ཁྱད་པར་ཅན་གྱིས་དམ་པའི་ཆོས་ལ་ཞུགས་ཤིང་སྦྱང་བའི་གོམས་པ་འདིར་ཤར་བ་སྟེ། དབང་ནོས་པས་དབང་གི་ཆུ་བོ་འབབ་པར་མཐོང་བ་དང་། བསྐྱེད་རིམ་བསྒོམས་པས་ལྷ་རྗེས་སུ་དྲན་པ་དང་། རྫོགས་རིམ་བསྒོམས་པས་ལམ་དང་། གདམས་

p. 881

པ་དང་། བསམ་གཏན་དང་། ལྟ་བ་རྗེས་སུ་དྲན་པ་དང་། སྨོན་ལམ་དག་པ་བཏབ་པ་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་རྗེས་སུ་དྲན་ནས་དབུགས་འབྱིན་པ་སྟེ། ལྷུན་གྲུབ་ཀྱི་སྐབས་འདིར་སྔོན་ནས་ཤེས་པའི་བསོད་ནམས་ཁྱད་པར་ཅན་གྱིས་རང་སྣང་དུ་ཤར་བ་ནི། གཞི་དབང་ཡིན་པས། དང་པོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྟེང་གི་ནམ་མཁའ་ནས་དབང་བསྐུར་ཞིང་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མེ་ཏོག་གི་ཆར་འབེབས་ཤིང་། བཀྲ་ཤིས་ཀྱི་གླུ་དང་གར་བྱེད་པའི་སྣང་བ་ཆེན་པོ་འཆར་རོ། །འདིའི་དུས་སུ་རང་གི་བླ་མ་ལ་གདུང་བ་མཆོག་དང་ལྡན་པ་རྣམས་ལ་བླ་མ་རྗེས་སུ་དྲན་མ་ཐག་ནམ་མཁའ་ལ་བྱོན་ཏེ། གདམས་པ་ངོ་སྤྲོད་པ་འབྱུང་བས་མི་གྲོལ་མི་སྲིད་ལ། ཡི་དམ་ལ་མོས་པ་རྣམས་ལ་ལྷའི་ཞལ་མཐོང་བས་བག་ཆགས་ཀྱི་ལུས་མི་སྣང་སྟེ། ཡི་དམ་ལྷའི་སྒྱུ་ལུས་བཟུང་དུས། ལུང་སྟོན་པ་ཡང་འབྱུང་ངོ་། །འདི་གཉིས་རྗེས་དྲན་གཅིག་ཏུ་འདྲེན་པ་ནི། ལྷའི་མཆོག་བླ་མ་ཡིན་པའི་ཕྱིར་ཏེ། འཁོར་ལོ་ཆུབ་པ་རོལ་པ་ལས། བླ་མ་རྡོ་རྗེ་འཛིན་པ་ཆེ། །ལྷ་ཡི་ལྷ་ཁྱོད་དགོངས་སུ་གསོལ། །ཞེས་གསུངས་པའི་ཕྱིར་རོ། །ལམ་ལྔར་ངོ་སྤྲད་སྟོབས་ཀྱིས་དེ་ཉིད་དུ་དྲན་པས། བར་མ་དོའི་ཆོས་ཉིད་སྐུ་དང་ཡེ་ཤེས་དང་འོད་དང་ཁ་དོག་ལ་སོགས་པ་ལ་དབང་བསྒྱུར་བ་དང་། སྐྱེ་གནས་རྗེས་སུ་དྲན་པ་ཐ་མ་སྤྲུལ་སྐུའི་ཞིང་དུ་དབུགས་འདིའི་དུས་སུ་དེར་སྐྱེ་བས་འབྱིན་པ་དང་། བསམ་གཏན་རྗེས་སུ་དྲན་པས་ཞག་ལྔར་རང་བཞིན་གྱི་བསམ་གཏན་ལ་ངང་གིས་གནས་པ་དང་། བླ་མའི་གདམས་པ་རྗེས་སུ་དྲན་པས་རང་སྣང་དུ་ཤེས་ཏེ་ཆོས་ཉིད་ལ་སྤྱོད་པ་དང་། ལྟ་བ་རྗེས་སུ་དྲན་པ་ཆོས་ཉིད་མངོན་སུམ་གྱི་ལྟ་བ་སྔར་མཐོང་སྟེ། དུས་འདིར་ངོས་ཟིན་ནས་ཐེ་ཚོམ་མེད་པ་སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟ་བུ་སྟེ། དེ་ཡང་སྔར་འཁྲུལ་པའི་སྣང་ཐོག་ཏུ་མངོན་སུམ་གྱི་སྣང་བ་ཅོག་བཞག་ཏུ་བསྒྱུར་བས། འཁྲུལ་པ་འོད་

p. 882

གསལ་དུ་འགྱུར་ནས་གཟུང་འཛིན་མེད་པའི་རིག་པ་ཁོང་ན་གསལ་དུས་ཡིད་དཔྱོད་མེད་པའི་ཆོས་ཉིད་མིག་གིས་མཐོང་སྟེ། ལྟ་སྒོམ་མེད་པའི་གཞི་ཀ་དག་ལ་བསྐྱལ་བས་སྣང་འཛིན་ཐམས་ཅད་ཟད་སར་འཁྱོལ་བའི་དགོངས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་ཆོས་ཉིད་སྣང་བ་བཤད། །མ་དག་པ་ནི་འཁྲུལ་པ་ལ། །དབང་པོའི་སྒོ་རྣམས་མ་བཅོས་པར། །ཅོག་གིས་བཞག་པ་གནད་ཡིན་པས། །དེ་ལས་བསྒྱུར་བ་མན་ངག་གོ། གཟུང་བ་མེད་པའི་སྣང་བ་ལ། །འཛིན་པ་མེད་པའི་སེམས་ཤར་བ། །དཔྱོད་པ་མེད་པའི་མིག་གིས་མཐོང་། །ཆོས་ཉིད་མེད་པའི་ལམ་ནས་དྲངས། །ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ། །བྱར་མེད་རྩོལ་བྲལ་འབྲས་བུར་དྲིལ། །འདི་ལ་སྣང་མཐའ་མི་གནས་སོ། །ཞེས་སོ། །འདིའི་དུས་སུ་རྗེས་དྲན་དྲུག །མངོན་ཤེས་དྲུག །མི་བརྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན་དང་བཅུ་བཞི་ལ་རང་ངོ་ཤེས་སྟོབས་ཀྱིས་དབང་བསྒྱུར་བར་བསྟན་ཏོ། །རྗེས་དྲན་དེ་དག་ཀྱང་རྒྱུད་ནས་མངོན་ཤེས་ཀྱི་རྗེས་ལ་གསུངས་ཀྱང་། འདིར་རྒྱུད་ལ་སྐྱེ་བའི་རིམ་པ་དང་སྦྱར་ནས་སྔོན་ལ་བཤད་དེ། ཉི་ཟླ་ཁ་སྦྱོར་གྱི་འགྲེལ་ཆེན་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས། རྗེས་ལ་དྲན་པ་ནི་སྔར་གྱི་ལས་ཁྱད་པར་ཅན་གྱི་དབང་གིས་འདི་དག་ནི་མངོན་ཤེས་དེ་དག་གི་སྔོན་དུ་འཆར་བའོ་ཞེས་སོ། །རྗེས་དྲན་ངེས་པའི་ལུང་ནི། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང་། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང་། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང་། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང་། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང་། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་

p. 883

མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའོ་ཞེས་སོ། །གསུམ་པ་མངོན་ཤེས་ཀྱི་འབྱུང་ཚུལ་ལ་དྲུག་སྟེ། དབང་པོའི་མངོན་ཤེས། སེམས་ལས་སུ་རུང་བའི་མངོན་ཤེས། ཤེས་རབ་ལ་དབང་བའི་མངོན་ཤེས། ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས། ཆོས་ཉིད་ཕྱིན་ཅི་མ་ལོག་པ་མཐོང་བའི་མངོན་ཤེས། སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོགས་པ་མཐོང་པའི་མངོན་ཤེས་སོ། །དེ་དག་ཀྱང་ཆ་ཤས་ཀྱིས་དབྱེ་ན་རེ་རེ་ཞིང་དྲུག་དྲུག་སྟེ་སུམ་ཅུ་རྩ་དྲུག་གོ། དང་པོ་དབང་པོའི་མངོན་ཤེས་དྲུག་གི་ཐོག་མ་མིག་གི་མངོན་ཤེས་འཆར་ཏེ། ཆུ་བུར་གྱི་མིག་རྣམ་པར་དག་པ་ལས། མིག་ཕྱེ་བཙུམས་མེད་པར་དངོས་པོ་རྣམས་ཟང་ཐལ་དུ་མཐོང་བ་དང་། ཤའི་མིག་དག་པས་ལྐོག་ཏུ་གྱུར་པ་རགས་པའི་དངོས་པོ་དཔག་ཚད་ལྔ་ཚུན་ཆད་ན་གནས་པ་རྣམས་མཐོང་བ་དང་། ཤའི་མིག་རྣམ་པར་དག་པས་གླིང་བཞི་རི་རབ་དང་བཅས་པ་གཅིག་མཐོང་བ་དང་། ཤིན་ཏུ་རྣམ་པར་དག་པས་གཉིས་དང་གསུམ་མཐོང་བ་དང་། ཤིན་ཏུ་རབ་ཏུ་རྣམ་པར་དག་པས་ཁྲི་དང་འབུམ་ཚུན་ཆད་མཐོང་བ་དང་། མཆོག་ཏུ་རབ་ཏུ་དག་པས་བྱེ་བ་དང་ས་ཡ་གྲངས་མེད་པ་རྣམས་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ནས་ཡེ་ཤེས་ཀྱི་མིག་གིས་སྤྲུལ་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ་དང་། རྣམ་པར་དག་པས་སྤྲུལ་སྐུའི་ཞིང་འབུམ་ཕྲག་བརྒྱད་མཐོང་བ་དང་། ཤིན་ཏུ་རྣམ་པར་དག་པས་སྤྲུལ་སྐུའི་ཞིང་འབུམ་ཕྲག་མཐོང་བ་དང་། ཤིན་ཏུ་རབ་ཏུ་དག་པས་བྱེ་བ་ཕྲག་དགུ་མཐོང་བ་དང་། མཆོག་ཏུ་རབ་ཏུ་དག་པས་དགུ་བཅུ་རྩ་གཅིག་མཐོང་བའོ། །དེ་ནས་ཐམས་ཅད་མཁྱེན་པའི་མིག་གིས་ལོངས་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ་དང་། རྣམ་པར་དག་པས་འབུམ་ཕྲག་ལྔ་མཐོང་བ་དང་། ཤིན་ཏུ་རྣམ་པར་དག་པས་བྱེ་བ་ཕྲག་ལྔ་མཐོང་བ་དང་། རབ་ཏུ་རྣམ་པར་དག་པས་བྱེ་བ་གྲངས་མེད་པ་བདུན་ཅུ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མིག་གིས་

p. 884

ཆོས་ཀྱི་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་། རྣམ་པར་དག་པས་ལོངས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་། ཤིན་ཏུ་དག་པས་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་། རབ་ཏུ་དག་པས་སྐུ་གསུམ་རྣམ་པར་རོལ་པའི་ཞིང་ཁམས་ཐུག་པ་མེད་པ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣ་བའི་མངོན་ཤེས་ནི། ལྷའི་རྣ་བས་དངོས་སུ་གྲག་པ་ཐོས་པའི་སྟེང་དུ་འགྲོ་བ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲ་ཐོས་པ་དང་། རྣམ་པར་དག་པས་དཔག་ཚད་སྟོང་ཚུན་ཆད་ཐོས་པ་དང་། ཤིན་ཏུ་རྣམ་པར་དག་པས་ལྔ་སྟོང་དང་། རབ་ཏུ་དག་པས་འབུམ་ཕྲག་གཉིས་དང་། ཤའི་རྣ་བས་ངན་སོང་གི་སྒྲ་དཔག་ཚད་འབུམ་ཕྲག་གཅིག་ཚུན་ཆད་ཀྱི་ཐོས་པ་དང་། རྣམ་པར་དག་པས་ལྷ་མིན་རྣམས་ཀྱི་སྒྲ་ཐོས་པ་དང་། ཤིན་ཏུ་རྣམ་པར་དག་པས་ལྷ་རྣམས་ཀྱི་སྒྲ་ཐོས་པ་དང་། རབ་ཏུ་དག་པས་གླིང་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས་ཀྱི་སྒྲ་དུས་གཅིག་ལ་ཐོས་པའོ། །རྣམ་པར་གྲོལ་བའི་རྣ་བས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྒྲ་ཐོས་པ་དང་། རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་བཀའ་བགྲོ་བའི་སྒྲ་ཐོས་པ་དང་། ཤིན་ཏུ་དག་པས་སངས་རྒྱས་གྲངས་མེད་པའི་གསུང་ཐོས་པ་དང་། རབ་ཏུ་རྣམ་པར་དག་པས་སངས་རྒྱས་གྲངས་མེད་བདུན་གྱི་བཀའ་བགྲོ་མཛད་པ་ཐོས་པའོ། །གྲངས་མེད་ནི་གྲངས་ཀྱི་གནས་གཞན་དྲུག་ཅུའི་ཐ་མའི་གྲངས་ཀྱི་མིང་ཡིན་ནོ། །དེ་ནས་སྣའི་མངོན་ཤེས་ནི་ལྷའི་སྣས་མི་སྣང་བའི་དྲི་ཚོར་བ་དང་། རྣམ་པར་དག་པས་བེམ་པོ་རྣམས་ཀྱི་དྲི་ཚོར་བ་དང་། ཤིན་ཏུ་དག་པས་གཟུགས་མེད་པ་རྣམས་ཀྱི་དྲི་ཚོར་བ་དང་། རབ་ཏུ་དག་པས་མཁའ་ལ་གནས་ཀྱི་དྲི་ཚོར་བའོ། །དཔེ་བྱད་དང་ལྡན་པའི་སྣས་འགྲོ་བ་རིགས་དྲུག་གི་དྲི་དུས་གཅིག་ལ་ཚོར་བ་དང་། རྣམ་པར་དག་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་དྲི་ཚོར་བ་དང་། ཤིན་ཏུ་རྣམ་པར་དག་པས་བྱང་ཆུབ་སེམས་དཔའི་དྲི་ཚོར་བ་དང་། རབ་ཏུ་

p. 885

དག་པས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲི་ཚོར་བའོ། །ལྕེའི་མངོན་ཤེས་ནི་འབྱུང་བའི་ལྕེ་དག་པས་ལྷའི་བདུན་རྩིའི་རོ་ལ་མྱོང་བའོ། །རྣམ་པར་དག་པས་བདུད་རྩི་སྟོང་ཕྲག་བདུན་གྱི་རོ་མྱོང་། ཤིན་ཏུ་དག་པས་མཁའ་འགྲོ་མའི་དངོས་གྲུབ་ཀྱི་བདུད་རྩི་ཆེན་པོའི་རོ་མྱོང་། རབ་ཏུ་དག་པས་ཁ་བདུད་རྩི་འཁྱིལ་བའི་དཔའ་བོ་རྙེད་པའོ། །ཉེར་ལེན་རྣམ་པར་དག་པའི་ལྕེས་བཀོད་པ་ཆེན་པོའི་ཏིང་ངེ་འཛིན་གྱི་རོ་མྱོང་། ཤིན་ཏུ་དག་པས་སངས་རྒྱས་སྟོང་ཕྲག་ལྔས་ཕྱག་མཛད་པའི་བདུད་རྩིའི་རོ་མྱོང་། རབ་ཏུ་དག་པས་བསྐལ་པ་འབུམ་ཕྲག་བདུན་གྱི་སངས་རྒྱས་ཀྱིས་ཕྱག་མཛད་པའི་རོ་མྱོང་བའོ། །ལུས་ཀྱི་མངོན་ཤེས་ནི་རྡུལ་ཕྲ་རབ་ཀྱི་མཐའ་དག་པའི་ལུས་འཇམ་པའི་དབྱངས་ཀྱིས་རེག་ལ། རྣམ་པར་དག་པས་འཇམ་མགོན་དྲི་མ་མེད་པའི་སྐུ་ལ་རེག །ཤིན་ཏུ་རྣམ་པར་དག་པས་ཉི་མ་སྟོང་གིས་བརྒྱན་པའི་ཐུགས་དང་མཉམ་པར་རེག །རབ་ཏུ་དག་པས་ཀུན་བཟང་མཐའ་ཡས་པའི་ཐུགས་ཀྱི་དཀྱིལ་འཁོར་ལ་རེག་གོ། དྲི་མ་ཟད་པའི་ལུས་ཀྱིས་འདས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལ་རེག །རྣམ་པར་དག་པས་ད་ལྟ་དང་། ཤིན་ཏུ་རྣམ་པར་དག་པས་མ་འོངས་པ་དང་། རབ་ཏུ་དག་པས་དུས་གསུམ་གཅིག་ཏུ་གྱུར་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལ་རེག་གོ། ཡིད་ཀྱི་མངོན་ཤེས་ནི། ཐ་མ་ལ་རང་དག་པའི་ཡིད་ཀྱིས་ཏིང་ངེ་འཛིན་བཅུ་ལ་དབང་། རྣམ་པར་དག་པས་བརྒྱ་ལ་དབང་། ཤིན་ཏུ་རྣམ་པར་དག་པས་སྟོང་ལ་དབང་། རབ་ཏུ་དག་པས་ཁྲི་ལ་དབང་ངོ་། །གཟུགས་ཀྱི་མཐའ་ལས་གྲོལ་བའི་ཡིད་ཀྱིས་འབྱུང་བཞིའི་ནུས་པ་སོ་སོར་བསྒྱུར་ནུས། རྣམ་པར་དག་པས་སེམས་ཅན་མཐུན་པའི་གནས་སྤོ་ནུས། ཤིན་ཏུ་དག་པས་འགྲོ་བ་དྲུག་གི་གནས་ཕན་ཚུན་བསྒྱུར་ནུས། རབ་ཏུ་དག་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་མཐུ་སྟོབས་འཕྲོག་ནུས་པའོ། །དེ་ལྟར་དབང་པོ་མིག །རྣ་བ། སྣ། ལྕེ། ལུས། ཡིད་དྲུག་ལ། རིམ་པས་མིག་ལ་དྲུག །རྣ་

p. 886

བ་ལ་གསུམ། ལྷག་མ་བཞི་ལ་གཉིས་གཉིས་ཏེ་བཅུ་བདུན་ལ། ཆོས་བཞི་བཞི་བརྩིས་པས་དྲུག་ཅུ་རྩ་བརྒྱད་ནི་དབང་པོའི་མངོན་པར་ཤེས་པ་སྟེ། ནང་ཚན་དྲུག་ཏུ་འདུས་པའོ། །གཉིས་པ་སེམས་ལས་སུ་རུང་བའི་མངོན་ཤེས་དྲུག་ནི། སྔར་ཞེན་པ་དག་པའི་སེམས་ཀྱི་མཐོང་བ་རྣམ་པར་དག་པ་དང་། ཕྱིས་འབྱུང་གི་འཁྲུལ་པ་ཟད་པའི་མཐོང་བ་དང་། གདུལ་བྱའི་མཁྱེན་པ་རྫོགས་པའི་མཐོང་བ་དང་། མི་སྣང་བ་ལམ་དུ་གྱུར་པའི་མཐོང་བ་དང་། འགྲོ་བ་རྣམས་ཡོངས་སུ་རྫོགས་པའི་མཐོང་བ་དང་། དབང་པོ་ཕྱིན་ཅི་ལོག་ལས་གྲོལ་བའི་སེམས་ཀྱི་མཐོང་བ་རྣམ་པར་དག་པའོ། །དེའང་སྐབས་འདིར་ལུས་སེམས་མེད་ན་དབང་པོ་དང་སེམས་ཀྱི་མངོན་ཤེས་འོང་བ་མི་རིགས་སྙམ་ན། ལུས་སེམས་ཀྱི་མངོན་ཤེས་ལ་སྒྲིབ་པ་རྣམས་དུས་འདིར་དག་སྟོབས་ཀྱིས་སྣང་བས་དེ་སྐད་བརྗོད་དེ། ཉོན་མོངས་ལྔ་གནས་གྱུར་པས་ཡེ་ཤེས་སུ་གྱུར་ཅེས་པ་བཞིན་ནོ། །ཉོན་མོངས་དག་སྟོབས་ཀྱིས་ཡེ་ཤེས་རང་གསལ་བ་ལས། ཉོན་མོངས་ཉིད་ཡེ་ཤེས་སུ་འགྱུར་མི་སྲིད་དེ། དགེ་མི་དགེ་གཉིས་རྒྱུ་འབྲས་ཡིན་པ་གཏན་ནས་མི་སྲིད་པའི་ཕྱིར་རོ། །འོན་ཀྱང་དེ་སྐད་བཏགས་པ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །ཤེས་རབ་ཡོད་ན་འདི་ལ་གནད་ཆེན་པོ་ཞིག་ཡོད་དོ། །དང་པོ་སྔར་གྱི་ཞེན་པ་དག་པའི་སེམས་ཀྱི་མཐོང་བ་རྣམ་པར་དག་པས་སྔར་འདས་པའི་སྐྱེ་བ་བརྒྱ་ཕྲག་དྲན་པ་དང་། རྣམ་པར་དག་པས་སྟོང་དུས་གཅིག་ལ་དྲན་པ་དང་། ཤིན་ཏུ་དག་པས་འབུམ་དྲན་པ་དང་། རབ་ཏུ་དག་པས་ཁྲག་ཁྲིག་བདུན་ཅུ་རྩ་གཉིས་ཀྱི་སྐྱེ་བ་དུས་གཅིག་ལ་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་དྲན་ཅིང་མཁྱེན་པའོ། །ཕྱིས་འབྱུང་འཁྲུལ་པ་ཟད་པའི་མཐོང་བ་རྣམ་པར་དག་པས། སྔར་གྱི་སྐྱེ་བ་བླངས་པའི་ལུས་ཀྱི་མཚན་ཉིད་མཁྱེན་པ་དང་། རྣམ་པར་དག་པས་ངག་དང་། ཤིན་ཏུ་དག་པས་སེམས་དང་། རབ་ཏུ་དག་པས་ལུས་ངག་སེམས་གསུམ་ཀའི་མཚན་ཉིད་དུས་གཅིག་ལ་མཐོང་

p. 887

བའོ། །གདུལ་བྱའི་མཁྱེན་པ་རྫོགས་པའི་སེམས་ཀྱི་མཐོང་བས། སྐྱེ་བ་འབུམ་ཕྲག་གྲངས་མེད་པའི་སེམས་ཅན་གྱི་ཚོགས་གཞན་གྱི་ལུས་ཀྱི་མཚན་ཉིད་མཐོང་བ་དང་། རྣམ་པར་དག་པས་ངག་དང་། ཤིན་ཏུ་དག་པས་སེམས་དང་། རབ་ཏུ་དག་པས་གསུམ་ཀ་དུས་གཅིག་ལ་མཐོང་བའོ། །མི་སྣང་བ་ལམ་དུ་འགྱུར་བའི་སེམས་ཀྱིས་མཐོང་བས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་རྣམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་སྐད་ཅིག་ལ་མཁྱེན་པ་དང་། རྣམ་པར་དག་པས་རྡུལ་དེ་སྙེད་ན་གནས་པའི་སེམས་ཅན་དེ་དག་གི་ཤེས་པ་ཇི་ལྟར་འགྱུས་པའི་གྲངས་དུས་གཅིག་ལ་ཤེས་པ་དང་། ཤིན་ཏུ་དག་པས་སྣོད་བཅུད་ཀྱི་རང་བཞིན་རྣམས་ཤེས་པ་དང་། རབ་ཏུ་དག་པས་ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་རྣམས་མཐོང་བའོ། །འགྲོ་བ་རྣམས་ཡོངས་སུ་རྫོགས་པའི་སེམས་ཀྱི་མཐོང་བས་སྔར་བདག་ཉིད་ཀྱི་ལུས་བླངས་ཚད་ཀྱི་དུས་ན་རླུང་ཇི་ཙམ་འགྱུས་དུས་གཅིག་ལ་མཐོང་བ་དང་། རྣམ་པར་དག་པས་དེའི་དུས་ན་མི་དགེ་བའི་སེམས་ཇི་ཙམ་འགྱུས་ཀྱི་གྲངས་དུས་གཅིག་ལ་མཐོང་བ་དང་། ཤིན་ཏུ་དག་པས་དགེ་བའི་གྲངས་དུས་གཅིག་ལ་མཐོང་བ་དང་། རབ་ཏུ་དག་པས་དགེ་མི་དགེ་གཉིས་ཀའི་གྲངས་དུས་གཅིག་ལ་མཐོང་བའོ། །དབང་པོ་ཕྱིན་ཅི་ལོག་ལས་གྲོལ་བའི་སེམས་ཀྱིས་མཐོང་བས། བདག་གིས་སྔར་སྐྱེ་བ་ཇི་སྙེད་བླངས་དུས་ཀྱི་གནས་ཀྱི་མཚན་ཉིད་མཐོང་བ་དང་། རྣམ་པར་དག་པས་གཞན་གྱི་སྔོན་གྱི་སྐྱེ་གནས་མཐོང་བ་དང་། ཤིན་ཏུ་དག་པས་དེ་དག་གི་དུས་སུ་རང་གི་ལུས་ངག་སེམས་ཀྱི་སྤྱོད་ལམ་རྣམས་ཤེས་པ་དང་། རབ་ཏུ་དག་པས་གཉིས་ཀའི་སྔོན་གྱི་སྐྱེ་གནས་ཀྱི་མཚན་ཉིད་དང་སྒོ་གསུམ་གྱི་སྤྱོད་ལམ་ཅི་བྱས་པ་རྣམས་དུས་གཅིག་ལ་ཤེས་པའོ། །དེ་ལྟར་སེམས་ཀྱི་མངོན་ཤེས་དྲུག་ལ་བཞི་བཞིར་ཕྱེ་བས་ཆོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་བཞིའོ། །གསུམ་པ་ཤེས་རབ་ལ་དབང་བའི་མངོན་ཤེས་དྲུག་ལ། བློ་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དང་།

p. 888

ཚིག་དང་བྲལ། སྙམ་བྱེད་དང་བྲལ། ཡིད་དཔྱོད་དང་བྲལ། མཚན་ཉིད་དཔྱོད་པའི་ཤེས་རབ་ཀྱི་མཐོང་བ་དང་། མཚན་ཉིད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བའི་མངོན་ཤེས་སོ། །དེའང་བློ་དང་བྲལ་བས་རང་གི་སེམས་ཀྱི་མཚན་ཉིད་ཅིག་ཅར་དུ་མཐོང་བ་དང་། རྣམ་པར་དག་པས་གཞན་དང་། ཤིན་ཏུ་དག་པས་རང་གཞན་གཉིས་ཀ་དང་། རབ་ཏུ་དག་པས་ལྷག་མ་མ་ལུས་པར་མཐོང་བའོ། །ཚིག་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་སྡེ་སྣོད་ཀྱི་ཆོས་རྣམས་ཀྱི་ཚིག་དུས་གཅིག་ལ་མཐོང་བ་དང་། རྣམ་པར་དག་པས་དེའི་དོན་ཕྱིན་ཅི་མ་ལོག་པ་དང་ལོག་པ་མཁྱེན་པ་དང་། ཤིན་ཏུ་དག་པས་དེ་དག་གི་འབྲས་བུ་དང་གྲོལ་ས་རྣམས་ཤེས་པ་དང་། རབ་ཏུ་དག་པས་དེ་རྣམས་ཀྱི་སོ་སོའི་འཇུག་པ་མཐོང་བའོ། །སྡེ་སྣོད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཐུན་མོང་མ་ཡིན་པའི་གསང་བ་དང་། ཕྱིན་ཅི་ལོག་ཐུན་མོང་གི་ལྟ་སྤྱོད་ཡིད་དཔྱོད་པ་རྣམས་སོ། །སྙམ་བྱེད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བས་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་དང་། རྣམ་པར་དག་པས་དེ་དག་ལ་སྤྱོད་པའི་གང་ཟག་གི་དབང་པོ་རྣོ་རྟུལ་རྣམས་མཐོང་བ་དང་། ཤིན་ཏུ་དག་པས་དབང་པོའི་གྲོལ་ས་རྣམས་མཁྱེན་པ་དང་། རབ་ཏུ་དག་པས་དབང་པོའི་ཆོས་མཐུན་ཤེས་པའོ། །ཡིད་དཔྱོད་ལས་འདས་པའི་ཤེས་རབ་ཀྱི་མཐོང་བས་ཆོས་སྤྱིའི་དོན་ཐམས་ཅད་ལྷག་མཐོང་དུ་མཐོང་བ་དང་། རྣམ་པར་དག་པས་རང་གི་དོན་མཐོང་བ་དང་། ཤིན་ཏུ་དག་པས་སྤྱི་དང་རང་གི་མཚན་ཉིད་གཉིས་ཀ་ལྷག་མཐོང་དུ་མཐོང་བའོ། །རབ་ཏུ་དག་པས་ཚིག་དང་ཡི་གེ་ལས་འདས་པའི་དོན་མཐོང་བའོ། །སྐྱེ་བ་གཅོད་པའི་ཤེས་རབ་ཀྱི་མཐོང་བས་འཁོར་བའི་ཆོས་རྣམས་ཀྱི་རྒྱུ་མཐོང་བ་དང་། རྣམ་པར་དག་པས་དེའི་རྐྱེན་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་མཐོང་བ་དང་། ཤིན་ཏུ་དག་པས་དེ་དག་གི་དུས་དང་མཚན་ཉིད་མཐོང་བ་དང་། རབ་ཏུ་དག་པས་དེ་དག་ལས་རྣམ་པར་གྲོལ་བ་མཐོང་བའོ། །མཚན་ཉིད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བས་རང་གི་

p. 889

སེམས་ཀྱི་འགྱུ་བའི་ཚད་ཟིན་པ་དང་། རྣམ་པར་དག་པས་དེ་ཉིད་དུ་སེམས་ཀྱི་མཚན་ཉིད་ཅེར་མཐོང་དུ་མཐོང་བ་དང་། ཤིན་ཏུ་དག་པས་ཕ་རོལ་སེམས་ཅན་རྣམས་ཀྱི་སེམས་ཀྱི་འགྱུ་བ་མཐོང་བ་དང་། རབ་ཏུ་དག་པས་དུས་གསུམ་གྱི་སེམས་ཅན་ཕ་རོལ་གྱི་སེམས་ཀྱི་འགྱུ་བ་དང་། རྟོག་པ་དང་། མི་རྟོག་པ་དང་། བསམ་པའི་ཁྱད་པར་རྣམས་དུས་གཅིག་ལ་ཤེས་པའོ། །དེ་ལྟར་ཤེས་རབ་ཀྱི་མངོན་ཤེས་དྲུག་ལ་བཞི་ཚན་དུ་དབྱེ་བས་ཉི་ཤུ་རྩ་བཞིའོ། །བཞི་པ་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ལ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་མངོན་ཤེས་ཀྱིས་མ་འོངས་པའི་སེམས་ཅན་གྱི་སྐྱེ་གནས་དུས་གཅིག་ལ་ཤེས། མེ་ལོང་ལྟ་བུས་འདས་པའི་ཤེས། མཉམ་པ་ཉིད་ཀྱིས་ད་ལྟའི་ཤེས། སོ་སོར་རྟོག་པས་མ་འོངས་པའི་སེམས་ཅན་རྣམས་ཀྱི་འཆི་འཕོ་ཤེས། བྱ་བ་གྲུབ་པས་འདས་པའི་ཤེས། མི་གནས་པའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་ཀྱིས་ད་ལྟའི་སེམས་ཅན་རྣམས་ཀྱི་འཆི་འཕོ་ཤེས་པའོ། །ལྔ་པ་ཆོས་ཉིད་ཕྱིན་ཅི་མ་ལོག་པ་མཐོང་བའི་མངོན་ཤེས་དྲུག་པོ་སྐྱེས་པའི་དུས་ན་རང་དོན་མཐར་ཕྱིན་པས་གཞན་དོན་གྱི་མཛད་པ་ལ་སྤྱོད་པའོ། །ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་རྟོགས་པའི་མངོན་ཤེས་ཀྱིས་དམྱལ་བའི་སྐྱེ་གནས་རྣམས་དུས་གཅིག་ལ་མཐོང་ཞིང་དེ་ཉིད་དུ་སྤྲུལ་པ་འབུམ་ཕྲག་དུ་མ་འགྱེད་པར་ནུས། མཚན་མ་མེད་པའི་ཆོས་ཉིད་རྟོགས་པས་ཡི་དྭགས་ཀྱི་སྐྱེ་གནས་དང་ཚེ་ཚད་དང་། སྡུག་བསྔལ་དང་། ལས་དང་ལས་ཀྱི་མཐའ་མཐོང་བས་བརྩེ་བ་སྐྱེས་ནས་སྤྲུལ་པ་གྲངས་མེད་གསུམ་འགྱེད་པར་ནུས། ཆོས་ཐམས་ཅད་རང་བཞིན་འོད་གསལ་དུ་རྟོགས་པས་བྱོལ་སོང་གི་སྐྱེ་གནས་དང་། སྡུག་བསྔལ་དང་། ཚེ་ཚད་དང་། ལས་དང་ལས་ཀྱི་མཐའ་རྣམས་མཐོང་བས་བརྩེ་བ་སྐྱེས་ནས་སྤྲུལ་པ་གྲངས་མེད་ཕྲག་ལྔ་འགྱེད་པར་ནུས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་མིའི་སྐྱེ་གནས་

p. 890

ལ་སོགས་པ་མཐོང་བས་བརྩེ་བ་སྐྱེས་ནས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་བརྒྱ་འགྱེད་པ་དང་། ཆོས་ཐམས་ཅད་བདག་གམ་བདག་གིས་སྟོང་པར་རྟོགས་པས་ལྷ་མ་ཡིན་གྱི་སྐྱེ་གནས་དང་མཚན་ཉིད་མཐོང་བས་སྤྲུལ་པ་དགུ་ཁྲི་དང་དགུ་སྟོང་འགྱེད་པར་ནུས། ཆོས་ཐམས་ཅད་ཚིག་དང་བྲལ་བར་རྟོགས་པས་ལྷ་རྣམས་ཀྱི་སྐྱེ་གནས་དང་ཚེ་ཚད་དང་ལྟུང་བའི་དུས་ཤེས་པས། དེ་ཉིད་དུ་སྤྲུལ་པ་བརྒྱ་ཕྲག་དགུ་སྟོང་དགུ་བརྒྱ་འགྱེད་པར་ནུས་པའོ། །དེ་ལྟར་གཞན་དོན་གྱི་མཁྱེན་པ་རང་ཤར་བས་འགྲོ་བའི་རིགས་མི་འདྲ་བ། དམྱལ་བ་ཉེར་གཅིག་དང་། ཡི་དྭགས་བཞི་དང་། བྱོལ་སོང་གཉིས་དང་། མི་བཞི་དང་། ལྷ་མིན་གསུམ་དང་། ལྷ་ལ་བྱེ་བྲག་མང་ཡང་ཁམས་གསུམ་དུ་བསྡུས་ཏེ། ལྷ་དང་དྲུག་གི་སྐྱེ་གནས་དང་། གཟུགས་དང་། ལོངས་སྤྱོད་དང་། སྤྱོད་ལམ་དང་། འདུ་ཤེས་དང་། མཚན་ཉིད་རྣམས། མངོན་ཤེས་དྲུག་པོ་དེ་དག་གིས་མཐོང་ཞིང་དབང་པོ་དང་སྟོབས་ཤེས་པའོ། །དེ་ལྟར་ཟག་པ་དང་བཅས་པའི་མངོན་ཤེས་དབང་པོའི་ཚུལ་མཐོང་བ་དྲུག་དང་། དབང་པོ་དྲུག་གིས་ཕ་རོལ་མཐོང་བ་ལ་སོགས་པ་སུམ་ཅུ་ནི་ཟག་པ་མེད་པའོ། །སྐབས་འདིར་ཡུལ་ལ་ལྟོས་ནས་ཟག་བཅས་ཟག་མེད་དུ་བརྗོད་དེ། ཡུལ་ཆོས་ཅན་འཁྲུལ་སྣང་ཟག་བཅས་པ་དང་། ཆོས་ཉིད་སྤྲོས་བྲལ་མ་འཁྲུལ་པ་ཟག་མེད་གཉིས་མཇལ་བའི་བློ་ལ་དེ་སྐད་བརྗོད་ལ། རང་བཞིན་དུ་རྟོགས་བྱེད་ཀྱི་བློ་འཕགས་པའི་ཡེ་ཤེས་མཉམ་པ་ཟག་མེད་དང་། སོ་སོ་སྐྱེ་བོའི་ཟག་བཅས་སུ་ཤེས་པར་བྱའོ། །དྲུག་པ་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཤིན་ཏུ་ཟག་པ་མེད་པའི་མངོན་ཤེས་ཕྱིན་ཅི་མ་ལོག་པ་དྲུག་ནི། དེ་ལྟར་སུམ་ཅུ་རྫོགས་ནས། གནས་པ་ཏིང་ངེ་འཛིན་དུ་རྒྱས་པས་དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་མཐོང་ཞིང་གནས་པ་དང་། ངོ་བོ་སྐུར་རྒྱས་པས་སྐུ་གསུམ་གྱིས་བསྡུས་པའི་སྣང་བ་རྣམས་མཐོང་བ་དང་། མཁྱེན་པ་ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་གཅིག་ཏུ་མཐོང་བ་དང་། མཛད་

p. 891

པ་ཕྲིན་ལས་སུ་རྒྱས་པས་སྤྲུལ་པ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན་པའི་རྟགས་སུ་མངོན་པར་ཤེས་པ་སུམ་ཅུ་རྩ་དྲུག་དུས་གཅིག་ཏུ་མཐོང་བ་དང་། དེ་ལྟར་རྒྱས་ནས་ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་དངོས་པོའི་སྣང་བ་ལྐོག་ཏུ་གྱུར་ཚད་མཐོང་བ་དང་། མཚན་མ་རང་སར་དག་པའི་ཡེ་ཤེས་རང་བཞིན་གནས་པའི་མངོན་ཤེས་སྟོང་པ་ཉིད་ཀྱི་སྣང་བ་དང་། མི་སྣང་བ་དབང་པོ་དང་། ཤེས་པ་དང་། སེམས་པ་དང་། ཤེས་རབ་དང་། ཡེ་ཤེས་དང་། ཐུགས་རྗེའི་ཆ་ལས། ལྐོག་ཏུ་སྐུ་གསུམ་རང་རྒྱུད་ཀྱི་ཞེན་པས་བཅིངས་པར་གྱུར་པ་དང་། སྔར་ཤེས་བྱའི་སྒྲིབ་པས་བཅིངས་པ་ཐམས་ཅད་ཤེས་པས་ན་མངོན་པར་ཤེས་པ་ཆེན་པོའོ། །དེ་ལྟར་མངོན་ཤེས་དྲུག་གི་དང་པོ་ལ་དྲུག་ཅུ་རྩ་བརྒྱད། གཉིས་པ་དང་གསུམ་པ་ལ་ཉི་ཤུ་རྩ་བཞི་བཞི། ལྷག་མ་གསུམ་ལ་དྲུག་དྲུག་སྟེ་ཆ་ཤས་དབྱེ་ན་བརྒྱ་སུམ་ཅུ་རྩ་བཞིའོ། །དེ་དག་ཀྱང་དྲུག་ཚན་དྲུག་ལ་འདུ་ལ། སུམ་ཅུ་རྩ་དྲུག་པོ་རྣམས་ཀྱི་ལྔ་པ་དབང་པོའི་ཚུལ་མཐོང་བ་དྲུག་ཟག་བཅས་སོ། །དྲུག་ཚན་དང་པོ་ལྔའི་དབང་པོ་དྲུག་གི་ཕ་རོལ་མཐོང་བ་སུམ་ཅུ་ཟག་མེད་དོ། །ཐ་མ་ཤིན་ཏུ་ཟག་མེད་དུ་ཤེས་པར་བྱའོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། དེ་ལྟར་ཤར་བའི་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ། སྔོན་གྱི་སྐྱེ་གནས་ཤེས་པ་དང་། འཆི་འཕོ་དང་། སྐྱེ་བ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྣང་བ་ལྐོག་ཏུ་གྱུར་པ་ཐམས་ཅད་ཤེས་པ་དང་། རིགས་དྲུག་གི་གནས་མཐོང་ཞིང་ཤེས་པ་དང་། དབང་པོ་རྣམས་རྣམ་པར་དག་པའི་མངོན་པར་ཤེས་པ་དང་དྲུག་འཆར་རོ་ཞེས་སོ། །བཞི་པ་གཟུངས་ཀྱི་ཐོབ་ཚུལ་ནི། སྔོན་ཐོས་པའི་ཆོས་སུ་གྱུར་ཏོ་ཅོག་དུས་གཅིག་ཏུ་འཆར་ཞིང་། སྔོན་མ་ཐོས་པའི་ཆོས་ཀྱི་རྣམ་གྲངས་ཀྱང་ཚད་མེད་པ་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱ་སྟེ། དེ་ཉིད་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་སྟེ།

p. 892

སྔོན་གྱི་ཆོས་རྣམས་ཐམས་ཅད་རྒྱུད་ལ་དུས་གཅིག་ཏུ་འཆར་རོ། །དེ་བཞིན་དུ་སྔར་མ་ཐོས་པའི་ཆོས་རྣམས་ཀྱང་འཆར་པས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ་ཞེས་སོ། །ལྔ་པ་ཏིང་ངེ་འཛིན་གྱི་སྐྱེ་ཚུལ་ནི། དེའི་ཚེ་ཆོས་ཉིད་རྣམ་པར་དག་པའི་ངང་དུ་བློའི་འཇུག་པ་ཟད་ནས་མི་རྟོག་པར་གནས་པའོ། །ཟད་ལུགས་ནི། གང་ལ་ཟད་ན་རང་གི་རྒྱུད་ལ་ཟད། ཇི་ལྟར་ཟད་ན། གོང་གི་ཡོན་ཏན་གྱི་སྣང་ཆར་འཛིན་པ་ཆོས་ཉིད་རྣམ་པར་དག་པའི་ཚུལ་དུ་ཟད། དེའི་ཚེའི་སྣང་བ་དེ་གང་ཡིན་ན། ཆོས་ཉིད་ཟད་པའི་སྣང་བ་ཤར་བས་རྣམ་རྟོག་ངན་པ་སྔར་ཞེན་དང་། ཕྱིས་ལེན་དང་། བཟང་བ་མངོན་ཤེས་དང་། རྗེས་དྲན་ལ་སོགས་པ་ཡང་གཏན་ནས་མི་སྐྱེ་བ། ནམ་མཁའ་དག་པའི་ངང་ལྟ་བུའོ། །ཉི་ཟླ་ཁ་སྦྱོར་ལས། རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་དུ་ཤར་བས། རྣམ་པར་རྟོག་པ་ངན་པ་ནི་གཏན་ནས་མི་སྐྱེ་ཞེས་སོ། །སྐབས་འདིར་དབང་པོ་ཉི་ཤུ་རྩ་གཅིག་གི་གྲོལ་ཚུལ་དང་འཁྲུལ་ཚུལ་རྣམས་ཤེས་པར་བྱའོ། །དེའང་གཞུང་ཅུང་ཟད་མང་བས་ལོགས་སུ་བསྟན་པ་ནི་འོག་ཏུ་འབྱུང་ངོ་། །དྲུག་པ་ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། སྔར་ཤར་བ་རྣམས་ད་ནང་དུ་སྡུད་པ་སྟེ། ཐིམ་ལུགས་བརྒྱད་དུས་གཅིག་ལ་འབྱུང་བ་ནི། ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་དཔེར་ན་ཉི་མ་རྒས་པའི་ཚེ་ཟེར་འདུས་པ་ལྟ་བུ། རིགས་དྲུག་གི་སྣང་ཆ་རང་ངོ་ལ་མི་སྣང་བར་མ་དག་པ་འཁྲུལ་པའི་མིང་མེད་དེ་གཟིགས་སྣང་ལས་འདས། འོད་འོད་ལ་ཐིམ་པས་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་འོད་དང་ཁ་དོག་མཚན་མའི་རིས་མེད་དེ། སྟོང་པ་ངོས་གཟུང་དང་བྲལ་བའི་དབྱིངས་སུ་རོ་གཅིག །སྐུ་སྐུ་ལ་ཐིམ་པས་བུམ་པའི་སྐུ་ལྟར་ཤེས་བྱ་ནང་དུ་གསལ་ལ། མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་མེད་དེ་རྣམ་པར་དག །ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་ཞུགས་པ་ལྟར་ཆོས་ཉིད་མ་བུ་གཉིས་མེད་དུ་འདྲེས་ཏེ་ངོས་གཟུང་མེད། གཉིས་མེད་གཉིས་མེད་ལ་ཐིམ་པས། ཆུ་བོ་ལ་ཆུ་བོ་ཐིམ་པ་

p. 893

ལྟར་གདོད་མར་གྲོལ་བས་ཆོས་སྐུར་རོ་གཅིག་སྟེ། ངོ་མཉམ་དབྱེར་མེད་སྤྲོས་པ་དང་བྲལ་ལོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས། ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར། སྟོང་པ་ལ་གཏད་པའི་ཡུལ་མེད་དེ་བསམ་ཡུལ་ལས་འདས། མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པས་སྦྲའི་ཆོན་ཐག་བརྟུལ་བ་ལྟར་ཐིག་ལེ་ཉག་གཅིག་ལ་འདུས་ཏེ་ངྷ་ཐིམ། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པས་སེང་གེས་གངས་ཟིན་པ་ལྟར་ཡ་ང་དང་བག་ཚ་མེད་དེ་རིག་པ་རང་ཡུལ་ལ་ཕྱིན་ནོ། །དེ་དག་ཀྱང་རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ་ཐིམ་ལུགས་བརྒྱད་པོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་ལ་འོད་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་ལ་སྐུ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་ལ་གཉིས་མེད་ཐིམ་པ་ནི་དཔེར་ན་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་ལ་མཐའ་གྲོལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བཏུལ་བ་ལྟ་བུའོ་ཞེས་སོ། །ལྔ་པ་དེ་དག་ཏུ་གྲོལ་བར་བྱེད་པ་གནད་ཀྱི་མན་ངག་རྒྱས་པར་བཤད་པ་ལ་གཉིས་ཏེ། ཆོས་ཉིད་དོན་གྱི་མན་ངག་གིས་གནད་དུ་བརྡེག་པ་དང་། དུས་གསུམ་གནད་ཀྱི་མན་ངག་གིས་དམིགས་སུ་གདབ་པའོ། །དང་པོ་ནི། ཚེ་འདི་དང་བར་དོ་གཉིས་ཀར་གནད་དུ་བསྣུན་ཐབས་བསྟན་པ་སྟེ། ངོ་བོ། རང་བཞིན། ཐུགས་རྗེ་གསུམ་གྱི་གནད་གསུམ་ལས། ངོ་བོའི་གནད་ནི་རང་ཐོག་ཏུ་ངོ་ཤེས། ཡིན་ཐོག་ཏུ་ཐག་ཆོད།

p. 894

གྲོལ་ཐོག་ཏུ་གདེང་བཅའ་བ་གསུམ་ལས། དང་པོ་ནི། རང་བཞིན་འོད་དུ་སྣང་ཡང་། ངོ་བོ་རིག་གདངས་གཅིག་ལས་མ་འདས་པའི་རང་གི་རིག་པ་སྟོང་གསལ་ཟང་ཀ་དེ་ཀ་དག་གི་རང་ངོ་ཡིན་པར་ཐག་བཅད་པ་ནི་མཐར་ཐུག་གི་གྲོལ་ས་ཅེར་མཐོང་དུ་ངོ་སྤྲད་པའོ། །གཉིས་པ་ནི། དེའི་ངང་དེ་བཏང་བཞག་མེད་པ་རང་བཞིན་གྱི་བསམ་གཏན་དུ་ཐག་རྦད་ཀྱིས་བཅད་ལ་མ་ཡེངས་ལ་མི་འཛིན་པས་བསྒོམ་པའོ། །གསུམ་པ་ནི། དེའི་ཚེ་བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་རིག་པ་ཟང་ཐལ་དུ་ཤར་ཞིང་གྲོལ་བས་བཟང་ངན་གྱི་རྟོག་ཚོགས་མ་སྤངས་པར་རང་གྲོལ་བའི་གདེང་ལ་ཡིད་ཆེས་ཤིང་ལ་ཟློས་པར་བྱེད་པ་སྟེ། གནད་གལ་པོ་ཆེའི་ཆིངས་གཅིག་ཐལ་ལོ། །རང་བཞིན་གྱི་གནས་ལ་སྣ་ཚོགས་སུ་སྣང་ཡང་སྣང་ངོ་ལས། དོན་རང་གསལ་རྗེན་པའི་ཡེ་ཤེས་གཅིག་ཏུ་འུབས་ཆུབ་པར་བསྡུས་ཏེ་རང་གསལ་རང་བྱུང་གི་ཡེ་ཤེས་སུ་ལ་བཟླས་ནས་བསྒོམས་པས། དེའི་འཛིན་པ་ཡང་གྲོལ། ལས་གཞན་ཡང་མེད་པ་ནི། འོད་སྣང་ཆོས་ཉིད་དུ་གྲོལ་བའི་གདམས་པ་སྟེ། ཕར་ལ་བལྟས་པས་ཚུར་ལ་གསལ་བའི་རིག་པ་སྐད་ཅིག་རྗེན་པར་བུད་པའི་ངོ་བོ་ངོ་སྤྲད་པ་སྟེ། སྣང་བ་ལ་བལྟས་ན་མཐའ་ཡས་ཀྱང་། རིག་པ་ལ་བལྟས་ན་གཅིག་ཀྱང་མེད་པ་ཟང་མར་རང་ཤར་བས། གྲོལ་ས་པར་གྱིས་བཏབ་པའི་མན་ངག །གནད་གལ་པོ་ཆེའི་ཆིངས་གཉིས་ཐལ་ལོ། །ཐུགས་རྗེའི་གནད་ནི། ཕྱིའི་གདུལ་ཡུལ་སྣ་ཚོགས་པའི་རྐྱེན་རེ་ལ་ནང་གི་གདུལ་བྱེད་དམ་འཆར་བའི་རིག་པ་དུ་མ་འཕྲོ་དུས། ཕྱིར་འཕྲོ་བའི་རྗེས་མི་བཅད། རང་ངོ་མི་བརྟག །ནང་དུ་མི་དགག་པར་གང་ཤར་དེ་ཀའི་ཐད་དེར་ཅོག་གིས་བཞག་ལ། བར་མེད་ཀྱི་ཤེས་པ་རྗེན་པར་ཟང་ངེ་ཐལ་ལེ་བ་དེ་ངོས་བཟུང་བས། གྲོལ་ས་ཅེར་མཐོང་དུ་ཟིན་ཏེ། ཤར་གྲོལ་རང་ཡལ་གྱི་རིག་པ་ཧར་སངས་བར་མེད་རྗེན་པར་ཟང་ཐལ་བ་དེ་ཀ་འདི་དང་བར་དོའི་ཤེས་པ་འཆར་བྱེད་མ་འགགས་པ་ལ་ངོས་བཟུང་བས། ཀ་དག་ཐུགས་རྗེའི་རིག་པ་

p. 895

ཟིན་ནས་གྲོལ་བ་སྟེ། གནད་གལ་པོ་ཆེའི་ཆིངས་གསུམ་ཐལ་ལོ། །འདི་གསུམ་ནི་གསང་བ་སྙིང་གི་བདུད་རྩི་ཡང་ཞུན་གྱི་ཐིགས་པ་རབ་ཏུ་གསང་བ་སྟེ། ཁ་འདུམས་ལ་ཆོད་ཆེ་བ། མདོ་འདུས་ལ་ཆིངས་ཆེ་བ། གནད་ཟབ་ལ་གལ་ཆེ་བ། སྙིང་གི་བུ་མཆོག་དག་ལས་གཞན་ལ་གསང་བའི་རྒྱས་གདབ་པའི་མན་ངག་ག །འདི་ནི་རྒྱུད་ཀྱི་རྡོ་རྗེའི་གནས་ལས་རང་གིས་རྙེད་པ་སྟེ། འདི་དང་གཞན་ཡང་མང་པོ་དག་རང་གིས་རྟོགས་ཀྱང་གཞན་ལ་བཤད་པས་ནི་མི་གོ། བསྟན་པས་ནི་མི་རྟོགས། སླར་རང་ལ་ཐིམ་ཞིང་ནུབ་པ་རྒྱ་མཚོ་ལས་ཆུ་བོ་བབས་པ་སླར་དེ་ཉིད་དུ་ཐིམ་པ་བཞིན་ནོ། །གནད་གསུམ་ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། གཞན་ཡང་ཆོས་ཉིད་ངོ་བོ་ནི། །རང་བཞིན་ཉིད་ལས་ངོ་བོར་གྲུབ། །སྣང་ཚུལ་གཅིག་ཏུ་མ་ངེས་པས། །འཇུག་པའི་ལམ་ཡང་ཐ་དད་དོ། །ངོ་དང་ཤེས་དང་གྲོལ་མཐོང་གིས། །འཇུག་དང་མཐོང་དང་གོམས་པ་ལས། །ངོ་ཤེས་པ་ལས་རང་ངོ་སྟེ། །ཡིད་ཆེས་པ་ཡི་ཐུག་སའོ། །ཐག་ཆོད་པས་ནི་གདེང་དུ་ཚུད། །དེ་ལྟར་གསུམ་གྱིས་ངེས་པའི་ལས། །ངོ་བོ་རྫོགས་པས་རྒྱུ་འགགས་སོ། །གཞན་ཡང་ཆོས་ཉིད་རང་བཞིན་བཤད། །འདི་འདྲ་གཅིག་ཏུ་མ་ངེས་པས། །གང་ལྟར་བཏགས་པ་དེ་ལྟར་སྣང་། །སྣ་ཚོགས་མིང་གི་གདགས་གཞི་ལས། །སྒྲ་ཚིག་དུ་མའི་སྤྲོས་པར་སྣང་། །ངེས་མེད་མིང་ནི་སྣ་ཚོགས་ལས། །དོན་ཀྱང་བཏགས་པ་ཙམ་གྱིས་སྟོང་། །སྟོང་ཉིད་གང་དུའང་མ་གྲུབ་པས། །རང་བཞིན་དག་པ་ལྟར་སྣང་ངོ་། །གཞན་ཡང་ཆོས་ཉིད་ཐུགས་རྗེ་བཤད། །གདུལ་བྱའི་ཡུལ་ནི་སྣ་ཚོགས་པས། །གདུལ་བྱེད་སྐུ་ཡང་དེ་ཙམ་མོ། །རིགས་དང་དབང་པོའི་རྣམ་འཕྲུལ་ལས། །འཁོར་འདས་རྟོགས་པ་ཐ་དད་དེ། །དེ་ཉིད་སོ་སོའི་ཡུལ་བཞག་ན། །མ་བཅོས་དོན་གྱི་དགོངས་པའོ། །ཞེས་སོ། །གཉིས་པ་དུས་གསུམ་གནད་ཀྱི་མན་

p. 896

ངག་གིས་དམིགས་སུ་གདབ་པ་ལ། དུས་གསུམ་གྱི་གནད་དང་ཐབས་ཀྱི་མན་ངག་གཉིས་ལས། གནད་ལ་གསུམ་སྟེ། འཇུག་པ་ཤེས་པའི་གནད། གྲོལ་བ་རང་ངོའི་གནད། མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ། །དང་པོ་ནི། རིག་པ་ཕར་འོད་གསལ་གྱི་སྣང་བ་ལ་འཇུག་དུས་གདངས་རང་སྣང་དུ་ཤེས་པ་དང་། འོད་སྣང་ཚུར་རིག་པ་ལ་འཇུག་དུས་རང་ས་ཀ་དག་ཏུ་ཟིན་པའི་ངང་དེ་ལ་མི་གཡོ་བར་ཤེས་པར་བྱའོ། །གཉིས་པ་ནི། ཡེ་ཤེས་བཞི་སྦྱོར་གྱི་ཚེ་ཕྱི་ནང་གསང་བ་གསུམ་གྱི་གྲོལ་བ་རང་ངོ་ན་གནས་པས་རང་ས་ངོ་ཤེས་པའི་གདམས་ངག་ངོས་བཟུང་སྟེ། དེའང་ཕུང་པོའི་བདག་འཛིན་དེངས་ནས་ལུས་འོད་གསལ་དུ་གྲོལ་བས་ཆོས་ཉིད་རང་ངོ་ལ་གནས། འབྱུང་བ་ཕྲ་རགས་ཀྱི་རྡོས་པ་ལས་གྲོལ་བས། སྣང་བ་འོད་གསལ་བདེ་བ་ཆེན་པོ་ལ་གནས། ཉོན་མོངས་པ་ཕྲ་རགས་ལས་གྲོལ་བས་རིག་པ་མ་ལ་བུ་ཐིམ་དུ་གནས་པའོ། །དེའང་ཕྱིའི་འཁྲུལ་བ་དག་པས་རིག་པ་ཆོས་ཉིད་མ་དང་ཕྲད་ཤེས་པ་དང་སྣང་བའི་རྐྱེན་སྣ་ཚོགས་ཡུལ་དུ་སྣང་བའི་དངོས་པོ་ཕྲ་རགས་ལས་གྲོལ་བས་མ་བུ་གཉིས་མེད་དུ་གྲོལ་ལོ། །ཇི་ལྟར་གྲོལ་ན། འབྱུང་བ་སའི་མཚན་ཉིད་རང་དག་པས་ལུས་ཀྱི་ཤས་བཅིངས་པ་ལས་གྲོལ། ཆུ་དག་པ་ལས་ཁྲག །མེ་དག་པས་དྲོད། རླུང་དག་པས་དབུགས་ཀྱིས་བཅིངས་པ་ལས་གྲོལ་ཏེ། རྣམ་རྟོག་གི་རྟ་མེད། ཤ་ཁྲག་རང་རྒྱུད་དུ་འཛིན་པ་ལས་གྲོལ་བས། ནང་རིག་པ་ལ་ཉོན་མོངས་པའི་དྲི་མ་མེད་པས་ཡེ་ཤེས་ལྔར་རང་སྣང་། ཤེས་བྱའི་དྲི་མ་མེད་པས་ཆོས་དང་ཆོས་ཉིད་གཉིས་སུ་མེད་དེ། རང་ངོ་དེ་ལྟར་གནས་པ་དེ་རྟོགས་པས། ད་རིག་པ་ལ་ཉོན་མོངས་པ་སྐྱེ་མི་སྲིད། འཁོར་བ་ལས་ཀྱི་རྣམ་སྨིན་ལས་གྲོལ་ཏེ། རིག་པ་རང་ངོ་ལ་ཉོན་མོངས་པ་གནས་མི་སྲིད་པས། གསང་བ་རིག་པའི་ཆོས་ཉིད་དེ་ཡོད་པ་དང་། མེད་པ་དང་རྟག་པ་དང་ཆད་པ་དངོས་པོ་དང་སྟོང་པའི་ཆ་གང་དུའང་མ་ལྷུང་བས། ཕྱིའི་ཆོས་

p. 897

ཡུལ་དང་ཡུལ་ཅན་དང་། ནང་གི་ཆོས་རྣམ་པར་རྟོག་པ་ཐ་དད་དུ་འཛིན་པ་དང་། གསང་བའི་ཆོས་རིག་པ་ཉིད་ལ་འཛིན་པ་ཙམ་ཡང་མེད་པའི་རང་ངོ་ངོ་ཤེས་པར་བྱེད་པའོ། །གསུམ་པ་མཐར་ཕྱིན་པ་ངོ་ཤེས་པའི་གནད་ནི། རིག་པ་ལྷུན་གྲུབ་རིན་པོ་ཆེའི་རང་ཡུལ་དུ་ཕྱིན་ནས་ཀ་དག་དང་ལྷུན་གྲུབ་དབྱེར་མེད་ལ་གནས་པ་དེ་ངོས་ཟིན་པར་བྱེད་པ་སྟེ། འཁོར་བའི་ཆོས་ཐམས་ཅད་དུས་དེར་དག་པས་སྔ་མ་འཁྲུལ་མ་མྱོང་བའི་རྩད་ཆོད། ད་འཁྲུལ་མི་སྲིད་པའི་སྐུ་ཐོབ་པར་རིག་པ་ཉིད་ལྡོག་ས་མེད་དེ། འཁོར་བའི་འཁྲུལ་སྣང་། མྱང་འདས་ཀྱི་དག་སྣང་དབྱིངས་དེར་ནུབ་དུས་ཡོད་མེད་རྟག་ཆད་གང་དུ་འང་མ་གྲུབ་པས་འཁོར་འདས་ལ་ཟློས་ཏེ་གཞི་གྲོལ་ལ་སོང་བ་ལྷུན་གྲུབ་ཐིམ་ཚུལ་གྱི་དུས་དེར་ངོ་ཤེས་པར་བྱའོ། །འདི་ནི་རིག་པ་རང་ངོའི་གནད་གལ་པོ་ཆེའོ། །གཉིས་པ་ཐབས་ཀྱི་མན་ངག་ལ་གཉིས་ལས། སྔོན་རོལ་གྱི་མན་ངག་ཚེ་འདིར་གནད་གསུམ་ལ་གོམས་ཤིང་ངོ་སྤྲད་པ་དེ་སྔར་འདྲིས་པའི་ཡུལ་དུ་ཕྱིན་དུས་ངོ་ཤེས་པ་ལྟར་དེ་དུས་ཐེ་ཚོམ་མེད་པར་གྲོལ་བ་དང་། འདིའི་དུས་ཀྱི་མན་ངག་ནི་རིག་པ་རྣོན་པོ་གཞི་ནས་འཕགས་པ་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་རྣམ་པ་ལྟར་སྐད་ཅིག་གིས་རང་ངོ་ཤེས་པས་གྲོལ་བ་དང་། རིག་པ་རྟུལ་པོ་ཅིར་སྣང་བའི་ཁྱད་པར་དུ་མ་རྟོགས་པས་སྔར་གྱི་ཟབ་མོ་ཉམས་སུ་བླངས་པའི་སྟོབས་ཀྱི་ཁྱད་ཀྱིས། སེང་ཕྲུག་མངལ་རྒྱ་དང་བྲལ་བའི་ཚུལ་དུ་རྡོས་པ་དག་པས་སྐད་ཅིག་མ་ལྔ་ལ་སོགས་པ་དབང་པོ་ཉི་ཤུ་རྩ་གཅིག་གི་ཚུལ་གང་རུང་དུ་གྲོལ་བའོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། འདིའི་དུས་ནི་གསུམ་སྟེ། འཇུག་པའི་དུས་དང་། གྲོལ་བའི་དུས་དང་། མཐར་ཕྱིན་པའི་དུས་སོ། །འཇུག་པའི་དུས་ནི་གཉིས་ཏེ། རིག་པ་འོད་ལ་ཕར་འཇུག་པ་དང་། འོད་རིག་པ་ལ་ཚུར་འཇུག་པའོ། །གྲོལ་བ་ནི་གསུམ་སྟེ། རིག་པ་ཉིད་རྐྱེན་རྣམས་དང་བྲལ་བས་འབྱུང་བ་ལས་གྲོལ་བ་དང་། རིག་པ་ལ་དྲི་མ་མེད་པས། ཉོན་མོངས་པ་

p. 898

ལས་གྲོལ་བ་དང་། རིག་པ་ཉིད་མཐའ་གང་དུ་ཡང་མ་ལྷུང་བས་ཕྱི་ནང་གི་ཆོས་ལས་གྲོལ་བའོ། །མཐར་ཕྱིན་པ་ནི་རིག་པ་ཉིད་ཆོས་ཐམས་ཅད་ཀྱི་སྣང་བ་དུས་གཅིག་ལ་གྲོལ་བར་བསྟན་པའོ། །ཐབས་ནི་གཉིས་ཏེ། སྔོན་རོལ་གྱི་གདམས་པའི་གནད་དང་། འདི་དུས་ཀྱི་རིག་པ་རྣོ་རྟུལ་ཀྱི་ཁྱད་དོ་ཞེས་སོ། །དོན་གསུམ་པ་རང་སྣང་དབང་པོའི་གྲོལ་ཚུལ་གྱིས་དོན་བསྡུ་བ་ལ་གསུམ་སྟེ། དབང་པོའི་དབྱེ་བ་སྤྱིར་བསྟན། གྲོལ་འཁྲུལ་གྱི་རིམ་པ་བྱེ་བྲག་ཏུ་བཤད། དབང་པོ་སོ་སོའི་གྲོལ་ཚུལ་རྒྱ་ཆེར་བརྗོད་པའོ། །དང་པོ་ནི། དབང་པོ་རྣོ་རྟུལ་འབྲིང་གསུམ་ལ་ཐ་མ་དང་། འབྲིང་དང་། རབ་དང་། རྩེ་མོ་དང་། ཕུལ་དང་། མཆོག་དང་། མཐར་ཕྱིན་པ་དང་བདུན་བདུན་སྦྱར་བས་ཉི་ཤུ་རྩ་གཅིག་ལ། ཡེ་ཤེས་ཀྱི་སྣང་ཚུལ་རེ། རྣམ་པའི་འཁྲུལ་གཞི་རེ། རྟོགས་པའི་ཚད་རེ། ཤེས་པའི་བརྟས་ལུགས་རེ། རང་སྣང་ལ་གྲོལ་ལུགས་རེ་རྣམས་སོ་སོར་འབྱུང་བས། དབང་པོ་ཡང་ཉི་ཤུ་རྩ་གཅིག་ཏུ་བཤད་དེ། རང་ཤར་ལས། ཀྱེ་མོས་པའི་འཁོར་རྣམས་ཉོན་ཅིག །ངས་སེམས་ཅན་གྱི་མ་རིག་པ་བསལ་བའི་ཕྱིར། སྣང་བའི་འཆར་ལུགས་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར། འདི་དག་རྣམས་བསྟན་གྱིས་ཡིད་ལ་ཟུངས་ཤིགདབང་པོ་ལ་རྣམ་པ་གསུམ་གྱིས་བསྟན་ཏེ། རབ་དང་། འབྲིང་དང་། ཐ་མའོ། །རབ་ལ་བདུན་ཏེ། རབ་ཀྱི་ཐ་མ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་དང་། རབ་ཀྱི་ཕུལ་དང་། རབ་ཀྱི་མཆོག་དང་། རབ་ཀྱི་རྩེ་མོ་དང་། རབ་ཀྱི་མཐར་ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ། རྟོགས་པའི་ཚད་རེ། གོ་བའི་དུས་རེ། ཤེས་པའི་བརྟས་ལུགས་རེ་ཤར་ནས་རང་རང་གི་སྣང་བ་ལ་བརྟན་པ་ཐོབ་བོ། །འབྲིང་ལ་ཡང་བདུན་ཏེ། འབྲིང་གི་ཐ་མ་དང་། འབྲིང་གི་འབྲིང་དང་། འབྲིང་གི་རབ་དང་། འབྲིང་གི་ཕུལ་དང་། འབྲིང་གི་མཆོག་དང་། འབྲིང་གི་རྩེ་མོ་དང་།

p. 899

འབྲིང་གི་མཐར་ཕྱིན་པ་དང་། དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་ངོ་། །དེ་ནི་འབྲིང་གི་ཡིན་ནོ། །ཐ་མ་ལའང་བདུན་ཏེ། ཐ་མའི་ཐ་མ་དང་། ཐ་མའི་འབྲིང་དང་། ཐ་མའི་རབ་དང་། ཐ་མའི་ཕུལ་དང་། ཐ་མའི་མཆོག་དང་། ཐ་མའི་རྩེ་མོ་དང་། ཐ་མའི་མཐར་ཕྱིན་པའོ་ཞེས་སོ། །གཉིས་པ་གྲོལ་འཁྲུལ་གྱི་རིམ་པ་བྱེ་བྲག་ཏུ་བཤད་པ་ནི། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་བརྟན་པ་ཐོབ་པ་ཡང་ཡོད་དོ། །དེ་རང་གི་ཤེས་པ་མ་ཆུད་ཅིང་སླར་བླ་མའི་ལུང་མེད་པ་རྣམས་ནི་སྣང་བ་དེ་ལ་བྲེད་པ་དང་། སྔངས་པ་དང་། རྡུགས་པ་དང་། འཇིགས་པ་དང་། འདུ་ཤེས་ཤོར་བ་ལ་སོགས་ཏེ། ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ། ཡང་དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་འཁྲུལ་པ་ཡང་ཡོད་དོ། །དེ་ལྟར་ན་དབང་པོ་གསུམ་པོ་ནི། རབ་ཀྱིས་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་ནི་ཞག་ལྔ་ན་བརྟན་པ་ཐོབ་པ་ཡང་ཡོད་དོ། །སྐད་ཅིག་མ་ཉི་ཤུ་རྩ་གཅིག་ན་བརྟན་པ་ཐོབ་པ་ཡིན་ནོ། །ཐ་མ་རྣམས་ནི་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་བར་དོ་མེད་པར་སངས་རྒྱ་བ་ཡིན་ནོ་ཞེས་པས། འདི་ལ་གསུམ་སྟེ། དབང་པོ་ཉི་ཤུ་རྩ་གཅིག་ཏུ་འཁྲུལ་པའི་ཚུལ། གྲོལ་བའི་ཚུལ། ཁྱད་པར་ལ་རྨོངས་པ་བཟློག་པའི་ཚུལ་ལོ། །དང་པོ་ནི། སྔར་བླ་མའི་གསང་ཆེན་ངེས་པའི་ལུང་ཆོས་འདིའི་སྒོ་མ་མཐོང་བ་རྣམས་དང་། མཐོང་ཡང་ཕོ་ཚོད་དང་། ལེ་ལོ་དང་། གཡེང་བའི་དབང་དུ་སོང་བ་དབང་པོ་ཐ་མའི་ཐ་མ་རྣམས་ཆོས་ཉིད་བར་དོའི་རང་སྣང་དེ་ལ་དབང་མ་ཐོབ་པས་རབ་ཏུ་བྲེད་པ་དང་། ངེས་པ་མ་རྙེད་པས་རབ་ཏུ་སྔངས་བ་སྟེ། ཕ་གི་རྒྱུ་ཅི་ལས་བྱུང་ངམ་སྙམ་པ་དང་། ངོ་མ་འཕྲོད་པས་ཕུགས་རྡུགས་པ་སྙམ་པ་དང་། སྔར་སྐད་ཅིག་ཀྱང་མངོན་སུམ་ཉམས་སུ་མ་བླངས་པས་སྣང་བ་འདི་ཅི་ཡིན་དབང་པོ་འཁྲུལ་ལམ་སྙམ་པའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་ཤོར་བ་ལ་སོགས་པ་སྟེ། རང་སྣང་ངོ་མ་

p. 900

ཤེས་པ་ཡང་འཁོར་བའི་ཉེ་བར་ལེན་པ་སྲིད་པ་བར་དོའི་ཁ་བརྒྱུད་ནས། དབང་པོ་ཉི་ཤུ་རྩ་གཅིག་ཏུ་འཁྲུལ་པ་ཡོད་དོ། །ཇི་ལྟར་འཁྲུལ་ན། སྣང་བ་ཆེན་པོ་མཐོང་བའི་ཚེ། དབང་པོ་ཐ་མའི་ཐ་མ་ཀུན་ཕྱི་ཡུལ་གྱི་རྣམ་པར་བཟུང་བས་འཁྲུལ་ལོ། །ཐ་མའི་འབྲིང་གིས་དེ་ལ་ཆགས་པའི་ཉམས་ཀྱིས་འཁྲུལ་ལོ། །ཐ་མའི་རབ་ཀྱིས་ངར་འཛིན་དེ་མ་ཐག་རྐྱེན་དུ་འཁྲུལ་ལོ། །ཐ་མའི་ཕུལ་གྱིས་རང་མཚན་དུ་དམིགས་པས་འཁྲུལ་ལོ། །ཐ་མའི་མཆོག་གིས་གང་དུའང་མ་ཤེས་པའི་གཏི་མུག་ཏུ་རྨོངས་པས་འཁྲུལ་ལོ། །ཐ་མའི་རྩེ་མོས་ཅི་ཡིན་སྙམ་དུ་སྙམ་བྱེད་ཐེ་ཚོམ་ཞུགས་པས་འཁྲུལ་ལོ། །ཐ་མའི་མཐར་ཕྱིན་པས་དེ་ཉིད་ཡུལ་གྱི་ཆ་བདག་ཏུ་བཟུང་བས་འཁྲུལ་ལོ། །འབྲིང་གི་ཐ་མས་གསལ་བ་དེ་དངོས་པོ་མེད་པར་མཐོང་བའི་ཆ་ནས་འཁྲུལ་ལོ། །འབྲིང་གི་འབྲིང་གིས་དངོས་པོ་ཞེན་འཛིན་དུ་ཆགས་པའི་སྙིང་པོར་བཟུང་བས་འཁྲུལ་ལོ། །འབྲིང་གི་རབ་ཀྱིས་ཡུལ་ལ་ཡེངས་ཏེ་གང་དུའང་མ་ཤེས་པ་བུ་ཆུང་གིས་སྣང་བ་མཐོང་བ་ལྟ་བུའི་རྨོངས་བ་ལས་འཁྲུལ་ལོ། །འབྲིང་གི་ཕུལ་གྱིས་ཤེས་པ་འཛིནཔའི་རྐྱེན་དུ་བྱེད་པས་འཁྲུལ་ལོ། །འབྲིང་གི་མཆོག་གིས་ཡུལ་དུ་བཟུང་བར་བརྟགས་པས་འཁྲུལ་ལོ། །འབྲིང་གི་རྩེ་མོས་ང་ལ་འདི་ལྟ་བུའི་སྣང་བ་ཤར་སྙམ་དུ་དགའ་གདུང་དུ་བཟུང་བས་འཁྲུལ་ལོ། །འབྲིང་གི་མཐར་ཕྱིན་པས་ངེས་པ་ལ་འཇོག་པས་རང་སྣང་དུ་མ་ཤེས་པ་ལས་འཁྲུལ་ལོ། །རབ་ཀྱི་ཐ་མས་མཛེས་པར་འཛིན་པས་འཁྲུལ་ལོ། །རབ་ཀྱི་འབྲིང་གིས་མཛེས་པ་ལ་ཞེན་པར་འཛིན་པས་འཁྲུལ་ལོ། །རབ་ཀྱི་རབ་ཀྱིས་གང་དུ་མ་བཟུང་ཡང་ཡེངས་པ་ལྟར་ངོས་གཟུང་མེད་པས་འཁྲུལ་ལོ། །རབ་ཀྱི་ཕུལ་གྱིས་སྣང་བའི་ཡུལ་དེས་རྒྱུ་བདག་ཉིད་གཅིག་པའི་བཟུང་བར་སོང་ནས་འཁྲུལ་ལོ། །

p. 901

རབ་ཀྱི་མཆོག་གིས་སྐད་ཅིག་འགྱུར་བའི་ཆ་ཟློག་མ་ཤེས་པས་འཁྲུལ་ལོ། །རབ་ཀྱི་རྩེ་མོས་རྟགས་དང་མཚན་མ་རིས་ཅན་དུ་བཟུང་བས་འཁྲུལ་ལོ། །རབ་ཀྱི་མཐར་ཕྱིན་པས་གང་དུའང་མ་ཤེས་ལ་སྣང་བ་གཟུ་བོའམ་རྨོངས་པའི་དབང་གིས་འཁྲུལ་ལོ། །འཁྲུལ་ཚུལ་ཐམས་ཅད་ཉི་ཤུ་རྩ་གཅིག་པོ་འདིར་འདུས་པས། བར་དོར་མ་འཁྲུལ་བ་ཤིན་ཏུ་གཅེས་སོ། །དེ་ལ་ཡང་ད་ལྟ་ཕྱིའི་སྣང་བ་ཐ་མལ་པ་དང་། འོད་གསལ་གྱི་ཆ་རང་སྣང་དུ་སྐད་ཅིག་མ་ལ་རྗེན་ཡེ་རེ་རེ་ངོ་ཤེས་པ་གཅེས་སོ། །དེའང་རང་ཤར་ལས། ཀྱེ་ཉེ་བའི་འཁོར་རྣམས་ཉོན་ཅིག །སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལས་འཁྲུལ་ལོ། །ལ་ལ་ཉམས་ལས་འཁྲུལ་ལོ། །ལ་ལ་དེ་མ་ཐག་པ་ལས་འཁྲུལ་ལོ། །ལ་ལ་དམིགས་པ་ལས་འཁྲུལ་ལོ། །ལ་ལ་ཅི་ཡིན་སྙམ་པ་ལས་འཁྲུལ་ལོ། །ལ་ལ་སྙམ་བྱེད་ལས་འཁྲུལ་ལོ། །ལ་ལ་ཡུལ་ལས་འཁྲུལ་ལོ། །ལ་ལ་ཡུལ་མེད་པ་ལས་འཁྲུལ་ལོ། །ལ་ལ་སྙིང་པོ་ལས་འཁྲུལ་ལོ། །ལ་ལ་མ་རིག་པ་ལས་འཁྲུལ་ལོ། །ལ་ལ་རྐྱེན་ལས་འཁྲུལ་ལོ། །ལ་ལ་བརྟགས་པ་ལས་འཁྲུལ་ལོ། །ལ་ལ་ང་ལས་འཁྲུལ་ལོ། །ལ་ལ་ངོ་མ་ཤེས་པ་ལས་འཁྲུལ་ལོ། །ལ་ལ་འཛིན་པ་ལས་འཁྲུལ་ལོ། །ལ་ལ་འཛིན་པ་མེད་པ་ལས་འཁྲུལ་ལོ། །ལ་ལ་འདུ་ཤེས་ལས་འཁྲུལ་ལོ། །ལ་ལ་རྒྱུ་ལས་འཁྲུལ་ལོ། །ལ་ལ་སྐད་ཅིག་གིས་འཁྲུལ་ལོ། །ལ་ལ་རྟགས་ལས་འཁྲུལ་ལོ། །ལ་ལ་གཟུ་བོ་ལས་འཁྲུལ་ལོ། །བར་མ་དོ་ལ་སེམས་ཅན་གྱི་བློ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་ན། འཁྲུལ་ལུགས་གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ལྟར་འཁྲུལ་ལུགས་རེ་རེ་ལ་སྣང་བ་རེ་རེ་འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ལུགས་རྒྱས་པར་བསྟན་པའོ་ཞེས་སོ། །གཉིས་པ་གྲོལ་བའི་ཚུལ་ལ་དབང་པོ་ཉི་ཤུའི་རིམ་པ་ལས་མི་འདའ། དེ་ཡང་རབ་འབྲིང་ཐ་མ་གསུམ་ལས་མི་འདའོ། །དེ་ལ་དབང་པོ་རབ་སྐད་ཅིག་གསུམ། འབྲིང་ལྔ། ཐ་མ་བདུན་ནས་ཉི་ཤུ་རྩ་གཅིག་ན་གྲོལ་བའོ། །དེའི་ཐ་མ་ནི་རང་བཞིན་སྤྲུལ་པའི་ཞིང་དུ་སྐྱེ་བ་ལས་གྲོལ་

p. 902

མི་ནུས་སོ། །རབ་ཀྱི་མཐར་ཕྱིན་པ་ནི་སྐད་ཅིག་མ་གསུམ་ལ་ཀ་དག་ཏུ་གྲོལ་ཏེ། སྐུ་གདུང་འབར་བ་ལས། སྐར་མདའ་དག་ནི་ནམ་མཁའ་ལ། །རྒྱུག་པའི་ཚུལ་དུ་སྐད་ཅིག་གསུམ། །སྤྲུལ་པ་ཉིད་དང་བཅས་པར་ཡང་། །ངོ་བོ་ཉིད་ལ་རང་ཐིམ་མོ། །ཞེས་སོ། །རབ་ཀྱི་ལྷག་མ་དྲུག་བྱ་བ་རྫོགས་པའི་སྐད་ཅིག་གསུམ་གྱིས་མཐར་ཕྱིན་ནོ། །དབང་པོའི་ཁྱད་ནི་སྐད་ཅིག་ལ་ཡུན་རིང་ཐུང་ཡོད་དེ། ལ་ལ་ལ་བསམ་གཏན་གྱི་ཞག་གཅིག་ནས་དྲུག་གི་བར་ཐོགས་པའོ། །མཐར་ཕྱིན་ནི་རྣམ་གྲོལ་གྱི་སྐད་ཅིག་གསུམ་ལས་ཞག་ལ་མི་ལྟོས་སོ། །དེ་ནི་རྟོགས་པའི་རྩལ་ལས་བྱུང་ངོ་། །རྣམ་གྲོལ་གྱི་སྐད་ཅིག་ནི་སྣང་བ་ལ་ཤེས་པ་ཤར་ནས་དེར་འདུག་སྙམ་དུ་ཡུལ་རྟོགས་པའི་ཡུན་ལ་སྐད་ཅིག་མ་གཅིག་ཏུ་བརྩིས་པའི་སྐད་ཅིག་གསུམ་ན་གྲོལ་བའོ། །འབྲིང་དང་། ཐ་མའི་སྐད་ཅིག་རྣམས་དེ་བས་ཡུན་རིང་བ་སྟེ། བྱ་རྫོགས་ཀྱི་སྐད་ཅིག་ལ་རྩི་བས་ད་ལྟ་འཆད་དོ། །གསུམ་པ་ཁྱད་པར་ལ་རྨོངས་པ་ཟློག་པའི་ཚུལ་ལ། རྨོངས་པ་དང་། དེ་ཟློག་པ་གཉིས་ལས། ཆ་ལ་རྨོངས་པ་ནི་རྒྱུད་དང་མན་ངག་རབ་ཏུ་མང་བས་ལ་ལར་སྐད་ཅིག་མ་གསུམ་དང་། ལྔ་དང་། ལ་ལར་ཞག་གསུམ་དང་། ཉི་ཤུ་རྩ་གཅིག་ལ་སོགས་པ་བཤད་པ་དག་ཤན་མ་ཕྱེད་པར་བསམ་གཏན་གྱི་ཞག་དང་། གྲོལ་བའི་སྐད་ཅིག་གཉིས་གཅིག་ཏུ་བཟུང་ནས་འཆད་པའོ། །དེ་ཟློག་པ་ནི་གཉིས་ལས། རིགས་པ་ནི། གལ་ཏེ་དེ་གཉིས་གཅིག་ན་དབང་པོ་རབ་ཀྱི་རྩེ་མོ་ཆོས་ཅན་སྐད་ཅིག་མ་གཅིག་ལ་གྲོལ་བར་ཐལ། བསམ་གཏན་གྱི་ཞག་གཅིག་ན་གྲོལ་བའི་ཕྱིར། འདོད་ན་རབ་སྐད་ཅིག་མ་གསུམ་ན་གྲོལ་བར་བཤད་པ་དེས་གསལ་ལོ། །དེ་བཞིན་དུ་རབ་ཀྱི་ཐ་མ་སྐད་ཅིག་མ་དྲུག་ན་གྲོལ་བར་ཐལ། ཞག་དྲུག་ན་གྲོལ་བའི་ཕྱིར་རོ། །འདོད་ན་རབ་རྣམས་གང་ཡིན་ཡང་སྐད་ཅིག་གསུམ་ན་གྲོལ་བས་གསལ་ལོ། །དེའང་སྦུབས་འཕོ་བའི་དུས་ཀྱི་ཀ་དག་ལ་གྲོལ་ཡང་སྐད་

p. 903

ཅིག་གསུམ་དུ་ངེས་ཏེ། དང་པོ་ལ་ངོས་ཟིན། གཉིས་པ་ལ་རྟོགས་པ་སྐྱེས། གསུམ་པ་ལ་གྲོལ་བའི་ཕྱིར་རོ། །ལུང་ནི། ཡེ་ཤེས་སྒྲོན་མེ་ལས། དེ་ལ་སྐད་ཅིག་རྟོགས་པས་ཕྱེད། །བསམ་གཏན་ཞག་ནི་གནས་པའི་ཆ། །རྣམ་ལྡན་མི་ལྡན་ཁྱད་པར་ལས། །འདྲེས་ཤིང་མཚུངས་ལ་མ་འདྲེས་ལྡན། །ཅེས་པས་གསལ་ལོ། །འདིར་རང་ལུགས་ཀྱི་སྐད་ཅིག་མའི་ཆར་དབྱེ་བ་ལ་རང་ངོ་ཤེས་པའི་རྟོགས་པས་ཁྱབ་ལ། བསམ་གཏན་གྱི་ཞག་ལ་རྟོགས་པས་མ་ཁྱབ་སྟེ། མ་རྟོགས་ཀྱང་རང་བཞིན་གྱི་བསམ་གཏན་ལ་གནས་པ་ཡོད་པའི་ཕྱིར་ཏེ། ལྷུན་གྲུབ་ཀྱི་ཐ་མ་གཞིན་ནོ། །དེའང་སྐད་ཅིག་མ་ལ་བསམ་གཏན་གྱིས་མ་ཁྱབ་སྟེ། རྟོགས་པའི་སྐད་ཅིག་ལ་ཀ་དག་ཏུ་གྲོལ་བ་བཞིན་ནོ། །བསམ་གཏན་དང་འབྲེལ་བའི་མུ་ཡོད་དེ་རབ་ཀྱི་རྩེ་མོ་ནས་ཐ་མའི་བར་བཞིན་ནོ། །བསམ་གཏན་གྱི་ཞག་ལ་སྐད་ཅིག་མའི་རྟོགས་པས་མ་ཁྱབ་སྟེ་ཐ་མའི་ཐ་མ་འཁྲུལ་པ་བཞིན། སྐད་ཅིག་མ་འབྲེལ་བའི་མུ་ཡོད་དེ། འབྲིང་དང་ཐ་མའི་འབྲིང་ཡན་ཆོད་བཞིན་ནོ། །དེས་ན་སྐད་ཅིག་མ་དང་། བསམ་གཏན་གྱི་ཞག་ཕྱེད་པ་གལ་ཆེའོ། །བསམ་གཏན་གྱི་ཞག་ལའང་ཁ་ཅིག་ད་ལྟའི་ཞག་འདིར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། ལུང་རིགས་ཀྱིས་ཟློག་པའི་འོས་མ་ཡིན་ཏེ། ཟློག་རིན་མི་ཆོག་པའི་ཕྱིར་རོ། །རྣམ་ངེས་ལས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་བཤད་པ་བཞིན་ནོ། །ལོག་རྟོག་ཀྱང་འདྲ་རུང་གི་འཁྲུལ་པ་ཟློག་གི། ཧ་ཅང་མི་འཐད་པ་དེ་ཀུན་སྤྲོས་པའི་དྲ་བ་ཡིན་ལ་མཁས་པ་དག་གི་ངོ་ཚ་བའི་གནས་སུ་བྱས་ཟིན་པས་འདིར་ཅི་བྱ། རྒྱལ་བའི་སྒྲ་བསྒྲགས་པས་བླུན་པོ་རྒྱལ་བ་ཉིད་དུ་འགྱུར་རོ་ཞེས་རྨོངས་པ་དེ་ཀུན་གྱི་ཕྱོགས་ལ་བསླན་པར་བྱའོ། །འདིར་བསམ་གཏན་གྱི་ཞག་ནི་ད་ལྟར་ཏིང་ངེ་འཛིན་གྱི་གནས་ཆའི་ཡུན་ལ་བརྩིས་པས། བར་དོར་ཡང་ཏིང་ངེ་འཛིན་གནས་ཆའི་ཡུན་ལ་བསམ་གཏན་གྱི་ཞག་ཏུ་གསུངས་པ་

p. 904

ཡིན་ནོ། །གསུམ་པ་དབང་པོའི་གྲོལ་ཚུལ་རྒྱ་ཆེར་བརྗོད་པ་ལ་གསུམ་སྟེ། དབང་པོ་རབ། འབྲིང་། ཐ་མའི་རིམ་པའོ། །དང་པོ་ལ་བདུན་ལས། རབ་ཀྱི་མཐར་ཕྱིན་པ། སྐད་ཅིག་གསུམ་ལ་བསམ་གཏན་གྱི་ཞག་དང་མ་འབྲེལ་བར་གྲོལ་ལ། གཞན་རྣམས་སྐད་ཅིག་གསུམ་ལ་བསམ་གཏན་གྱི་ཞག་མང་ཉུང་དང་འབྲེལ་ནས་གྲོལ་ཏེ། སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་དུ་རང་སྣང་ཀ་དག་ཏུ་འཇུག་པའི་བར་དེར་སྤྲུལ་པའི་རང་འོད་འཕྲོ་བས་རང་སྣང་ལྷུན་གྲུབ་ཀྱི་ཞིང་གི་སེམས་ཅན་གྱི་འཁོར་བ་སྟོངས་པར་བྱས་ནས་གྲོལ་ལོ། །དེ་ཡང་ཀ་དག་གི་རང་ས་དེ་ནས་སྤྲུལ་པ་མི་འགྱེད་དེ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་རགས་པ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། །སྤྲུལ་པ་ཡང་ཡས་མར་འགྱེད་པ་སེམས་ཅན་དངོས་གྱི་དོན་བྱེད་པ་ནི་ཀ་དག་ལས་ལྷུན་གྲུབ་ཀྱི་གཞི་སྣང་ཤར་བ་ནས་འགྱེད་དོ། །ལམ་ནས་འགྱེད་པ་ལ་འཕོ་བ་ཆེན་མོའི་ལུས་བཟུང་བ་དང་། རང་བཞིན་སྤྲུལ་པར་བགྲོད་པ་གཉིས་ཀྱིས་སེམས་ཅན་རང་ལས་རྒྱུད་གཞན་རྣམས་ཀྱི་དོན་བྱེད་ལ། བར་དོར་སྤྲུལ་པ་འགྱེད་ཚད་ལྷུན་གྲུབ་ཀྱི་སྒོ་ལས་རང་སྣང་འཁོར་བར་སྣང་བ་དེའི་དོན་བྱེད་པར་སྣང་སྟེ། རྨི་ལམ་དུ་སེམས་ཅན་གྱི་དོན་བྱས་ཀྱང་རང་སྣང་ཙམ་ལས་གཞན་ངོར་ཕན་པ་མ་བྱུང་བ་དང་འདྲ་བར་ཤེས་པར་བྱའོ། །གནས་འདི་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་གྲུབ་མཐའ་གཅིག་ཡིན་པས་ཅུང་ཟད་རྟོགས་དཀའ་བར་བྱེད་དོ། །སྐད་ཅིག་གསུམ་དུ་བྱེད་དུས་དང་པོ་ལ་ཚོམ་བུའི་སྣང་བ་ཡེ་ཤེས་བཞི་སྦྱོར་དང་བཅས་པ་འགགས། གཉིས་པ་ལ་ལྷུན་གྲུབ་ཀྱི་སྒོ་མཐོང་། གསུམ་པ་ལ་དེ་ཡང་ནུབ་སྟེ། ཀ་དག་གི་སྣང་བ་མཐོང་བ་ལ་རང་ངོ་ཤེས་པས་ས་ཟིན་པའོ། །དེ་དག་གི་བར་ལ་རྟོགས་པ་རྩལ་ཅན་རྣམས་ཡུད་ཙམ་གྱིས་གྲོལ་ལ། རྩལ་ཆུང་བ་རྣམས་ཡུན་རིང་དུ་གནས་པས་བསམ་གཏན་གྱི་ཞག་མང་དུ་འགོར་ཏེ། མདའ་ཤུགས་དྲགས་པ་དང་། བུལ་བ་དང་། རབ་ཏུ་བུལ་བ་རྣམས་ལ་སྔ་ཕྱིར་འགྲོ་བ་དང་འདྲའོ། །དབང་པོ་རབ་ཀྱི་མཐར་ཕྱིན་

p. 905

པའི་སྐད་ཅིག་མ་དེ་ལ། གཞན་དྲུག་གི་སར་བསམ་གཏན་གྱི་ཞག་དང་སྦྲེལ་ནས་རྟོགས་པར་བྱ་སྟེ། རང་ཤར་ལས། ལ་ལ་སྐད་ཅིག་གསུམ་གྱིས་གྲོལ། །ལ་ལ་མེ་ལོང་ཚོམ་བུས་གྲོལ། །ལ་ལ་ཡབ་དང་ཡུམ་གྱིས་གྲོལ། །ལ་ལ་མེར་མེར་ཤིག་ཤིག་གིས། །རང་གི་བདེན་པ་སྐྱེས་ཏེ་གྲོལ། །ལ་ལ་ཐུགས་རྗེའི་ཟེར་གྱིས་གྲོལ། །ལ་ལ་ཚོམ་བུ་གཉིས་ཀྱིས་གྲོལ། །ལ་ལ་ཅིར་སྣང་སྐུ་ཡིས་གྲོལ། །དེ་ནི་རབ་ཀྱི་གྲོལ་ལུགས་སོ། །ཞེས་པ་དང་། དེ་ཡང་དབང་པོ་རབ་ཀྱི་མཐར་ཕྱིན་པ་ནི། སྐད་ཅིག་མ་གསུམ་ལ་སངས་རྒྱས་ནས་སྤྲུལ་པ་རང་བཞིན་དུ་འབྱུང་ངོ་། །དེ་ཡང་སྐད་ཅིག་མ་གཅིག་ལ། ཚོམ་བུའི་སྣང་བ་འགགས། སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་འགགས་ཏེ། སྐད་ཅིག་མ་གཅིག་ལ་ཀ་དག་གི་བདེན་པ་མཐོང་ངོ་། །དེ་ཡང་སྤྲུལ་པ་ནི་ཀ་དག་གི་ས་ནས་མི་འགྱེད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་དེ། སྐར་མདའ་དེ་ལ་འོད་འཕྲོ་བ་དང་འདྲ་བར་སྤྲུལ་པ་བཀྱེ་ནས་འགྲོ་བའི་དོན་བྱེད་དོ། །དོན་བྱེད་ནི་ཞག་གསུམ་ན་ནུས་སོ། །དབང་པོ་རབ་ཀྱི་རྩེ་མོ་ནི། ཞག་གཅིག་བར་དོར་སྡོད་དོ། །དེ་ཡང་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ་རང་གི་སྣང་བ་མཐོང་སྟེ། དེ་ཡང་བདག་གི་མིག་ནས་ཡེ་ཤེས་ཀྱི་མེ་གཉིས་བྱུང་བས། མཚོན་ཆར་འབབ་པ་དེ་ཀུན་ཚིག་ནས། སྣང་བ་འགག་པ་མེད་པ་ཤར་ནས། དེ་ལ་རང་གི་ཤེས་པ་སད་ནས། རང་གི་ཡུལ་མཐོང་སྟེ། ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་ནས། ཡང་སྐར་མདའ་ལྟ་བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ནི། ཞག་གཉིས་ནས་སངས་རྒྱས་ཏེ། དེ་ཡང་ཚོམ་བུའི་སྣང་བ་ལ་ཞག་གཅིག་སྡོད་དེ། དེ་ཡང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོའོ། །དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུ་རེ་རེ་འཆར་

p. 906

རོ། །དེས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་བཞིན་དུ་མཐོང་ངོ་། །དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ངེས་པ་རྙེད་ནས་སྤྲུལ་པ་ཞག་བདུན་ན་དོན་བྱེད་ནུས་སོ། །དེ་ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི། ཞག་གསུམ་བར་དོ་ལ་སྡོད་དོ། །དེ་ཡང་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་ལ་ཡང་ངེས་པ་རྙེད་པར་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་སྣང་བའི་ཆ་གཅིག་འཆར་རོ། །དེ་ཡང་ཞག་གཉིས་སྡོད་དོ། །ཞག་དང་པོ་འོད་མཐོང་ངོ་། །ཞག་གཉིས་པ་སྐུ་མཐོང་སྟེ། སྐུ་དེ་ཡང་ཆེ་བ་རགས་པར་མཐོང་ངོ་། །དེ་ལ་ཡིད་ཆེས་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་དོ། །དེ་ཡང་སྐར་མདའ་ལྟར་ཤེས་པར་བྱའོ། །སྤྲུལ་པ་ཡང་ཞག་བཅུ་གཅིག་ན་དོན་བྱེད་ནུས་སོ། །རབ་ཀྱི་རབ་ནི། ཞག་བཞི་བར་དོ་ལ་སྡོད་དོ། །དེ་ཡང་རང་གི་མདུན་ན་ཚོམ་བུ་ལྔ་བཀྲ་ས་ལེ་འདུག་པ་མཐོང་ནས། དེ་ལ་རང་གི་བག་ཆགས་སད་ནས་ཤར་ཕྱོགས་ཀྱི་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་བཞིན་དུ་ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ནས་སངས་རྒྱས་སོ། །སྤྲུལ་པ་ཞག་བཅུ་བཞི་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་འབྲིང་ནི། ཞག་ལྔ་ནས་མཐོང་ངོ་། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་འོད་ཀྱི་ཟེར་རྟ་རྔ་ཙམ་ཞིག་བྱུང་སྟེ། དེ་ཡང་ནམ་མཁའི་མཐོངས་སུ་འགྲེང་བུར་འོང་ངོ་། །དེ་ལ་རང་གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས། ནམ་མཁའི་དཀྱིལ་ན་ཚོམ་བུ་ཆེན་པོ་གཅིག་བཀྲ་ས་ལེ་བ་དེ་མཐོང་ནས། དེ་ལ་ཡིད་ཆེས་རབ་ཏུ་སྐྱེས་ནས། རང་གི་ཡིན་སྙམ་པའི་ཤེས་པ་ཞིག་བྱུང་བས། ཡིད་ཆེས་པ་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །དེ་ནས་དེ་ལ་རང་གི་རིག་པ་ཐིམ་གྱིས་ཐིམ་པ་ནི། ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་ཅེས་བྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་

p. 907

གཅིག་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་ཐ་མ་ནི། ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་བཞི་ཐོགས་ཏེ། ཡེ་ཤེས་ཀྱི་སྣང་བ་དང་པོ་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་སོ། །དེ་བཞིན་དུ་མེ་ལོང་ལྟ་བུ་ལ་ཞག་གཅིག་ཐོགས་ཏེ། དེ་ནས་ཡང་རང་གི་མིག་གཉིས་ནས་ཡེ་ཤེས་ཀྱི་མེ་ལོང་གསལ་བ་གཉིས་ལྷག་གིས་འཆར་ཏེ། དེ་ལས་སྣང་བ་དཔག་ཏུ་མེད་པ་འཕྲོས་ནས། གཅིག་རང་གི་སྟེང་དུ་ཚོམ་བུ་གཅིག་ཏུ་མཐོང་ངོ་། །གཅིག་རང་གི་མདུན་དུ་ཡང་ཚོམ་བུ་ཆེན་པོ་གཅིག་ཏུ་མཐོང་ངོ་། །དེ་ནས་ངེས་པ་ཐོབ་ནས་སངས་རྒྱས་སོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་ལྔ་ན་དོན་བྱེད་ནུས་སོ་ཞེས་སོ། །དེའང་སྐད་ཅིག་གསུམ་ལ་སོ་སོའི་དབང་པོས་ཞག་ཐ་དད་དུ་འགོར་ནས་ཀ་དག་གི་སྣང་བ་ལ་གྲོལ་ཏེ། ཕྱིར་མི་ལྡོག་པའི་ངེས་པ་ནི་ཐོབ། ཐིམ་ནི་མ་ཟིན་པའི་སྐབས་དེར་སྤྲུལ་པ་འགྱེད་པས། སྤྲུལ་པའི་ཞག་ཇི་ཙམ་འགྱེད་པ་དེ་ཙམ་གནས་ནས། དེ་ནས་སྤྲུལ་པ་ཡང་ཉི་མ་ནུབ་དུས་ཟེར་འདུ་བ་ལྟར། རིག་པ་ལ་འདུས་ཏེ་ཀ་དག་གི་ས་ལ་ཐིམ་པ་ཡིན་ནོ། །ཤེས་རབ་ཞིབ་མོས་དཔྱད་ན་འདི་ལ་ཡང་གནད་གོ་རྒྱུ་ཆེ་བ་གཅིག་ཡོད་དོ། །གཉིས་པ་དབང་པོ་འབྲིང་བདུན་གྱི་གྲོལ་ཚུལ་ནི་སྐད་ཅིག་ལྔ་སྟེ། སྐུ་གདུང་འབར་བ་ལས། ཆོས་ཉིད་ཀྱི་ནི་བར་དོ་ལ། །སྐད་ཅིག་ལྔ་ལ་གྲོལ་བར་འགྱུར། །ཅེས་བཤད་པས། སྐད་ཅིག་དང་པོ་ལ་རང་གི་སྣང་བ་སོ་སོ་བ་ཤར། གཉིས་པ་ལ་མཐོང་། གསུམ་པ་ལ་དེའི་ངང་ལ་དར་ཅིག་ཤེས་པ་ཟིན། བཞི་པ་ལ་རང་སྣང་དུ་རྟོགས་ཏེ་བདེན་པའི་སྟོབས་རྙེད། ལྔ་པ་ལ་ཀ་དག་ཏུ་གྲོལ་བའོ། །གྲོལ་ནས་མ་ཐིམ་པའི་བར་དེར་སྤྲུལ་པ་འགྱེད་དོ། །སྤྲུལ་པའི་ཞག་ནི་བསམ་གཏན་གྱི་ཞག་དང་གཅིག་གོ། སྐད་ཅིག་མ་ལྔ་དང་བསམ་གཏན་གྱི་ཞག་སོ་སོ་སྦྱར་ལ་སྣང་བའི་གྲོལ་ཚུལ་བསྟན་པ་ནི། རང་ཤར་ལས། ལ་ལ་འོད་ལྔའི་དབྱིངས་སུ་གྲོལ། །ལ་ལ་

p. 908

སྐུ་ལྔའི་དབྱིངས་སུ་གྲོལ། །ལ་ལ་ཚོམ་བུ་ལྔ་ཡིས་གྲོལ། །ལ་ལ་མེ་ལོང་དབྱིངས་སུ་གྲོལ། །ལ་ལ་མུ་ཁྱུད་དབྱིངས་སུ་གྲོལ། །ལ་ལ་སྟེང་འོག་ཚོམ་བུས་གྲོལ། །ལ་ལ་མུ་ཁྱུད་སྟོང་པར་གྲོལ། །དེ་ནི་འབྲིང་གི་གྲོལ་ལུགས་སོ། །ཞེས་པ་དང་། དེ་ཡང་འདི་ལྟ་སྟེ། འབྲིང་གི་ངེས་པ་ལ་འཇོག་པ་ནི། ཞག་བདུན་ན་ངེས་པ་རྙེད་དོ། །དེ་ཡང་ཞག་ལྔ་ཚོམ་བུའི་སྣང་བ་ལ་སྡོད་དོ། །ཞག་གཅིག་ཆོས་ཀྱི་དབྱིངས་ལ་སྡོད་དོ། །ཞག་གཅིག་མེ་ལོང་ཡེ་ཤེས་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་སྐུ་ཞིག་བྱུང་བས། དེ་ལས་སྐུ་གྲངས་མེད་པར་འཕྲོས་པས། དེ་ལ་རང་གི་ཤེས་པ་སད་དེ་སྟོབས་སུ་གྱུར་ནས་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་དྲུག་ན་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི། ཞག་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས། ཡང་རང་གི་སྟེང་ན་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་སུ་འཕྲོ་བ་ཞིག་མཐོང་བས། དེ་ལ་ངེས་པ་རྙེད་ནས། དེ་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཞག་ཉི་ཤུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་མཆོག་ནི། ཞག་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དེ། ཅིར་སྣང་ཐམས་ཅད་མེ་ལོང་ལྟར་རྟོགས་ཤིང་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་ན་དོན་བྱེད་ནུས་སོ། །འབྲིང་གི་ཕུལ་ནི། ཞག་བཅུ་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་ཞག་བཞི་ཐོགས་སོ། །ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་ནས། ཡང་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་སངས་རྒྱས་སོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་གཅིག་ན་དོན་བྱེད་ནུས་སོ། །འབྲིང་གི་རབ་ནི། ཞག་བཅུ་གཅིག་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཅིག་གནས་ཏེ། དེ་ནས་ཡང་ངེས་པ་རྙེད་

p. 909

ནས་སྣང་བ་ཐམས་ཅད་འོད་ཁྱིམ་དུ་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞི་ན་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི། ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ལོངས་སྐུ་ཁྲོ་བོའི་ཞིང་ཁམས་སུ་གཅིག །ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་གནས་ནས། ཡང་ངེས་པ་རྙེད་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩབདུན་ན་དོན་བྱེད་ནུས་སོ། །འབྲིང་གི་ཐ་མ་ནི། ཞག་བཅུ་གསུམ་ཐོགས་ཏེ། ཡང་ཚོམ་བུ་གོང་འོག་ལ་དྲུག །ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཉིས་གནས་པས། ཡང་ཅིར་སྣང་མར་མེའི་དཀྱིལ་འཁོར་ལྟར་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་དགུ་ན་དོན་བྱེད་ནུས་སོ། །ཞེས་སོ། །གསུམ་པ་དབང་པོ་ཐ་མའི་དྲུག་ནི། སྐད་ཅིག་ཉི་ཤུ་རྩ་གཅིག་ན་གྲོལ་ཏེ། དང་པོ་རང་སྣང་རིམ་གྱིས་འཆར་བ་ལ་སྐད་ཅིག་བདུན། རང་སྣང་ཤར་ནས་དེའི་ངང་ལ་རང་སོར་ཅི་ཡིན་ན་སྙམ་པར་གནས་པ་ལ་བདུན། དེ་རང་སྣང་དུ་ཤེས་ནས་རིམ་གྱིས་ངེས་པ་ཐོབ་པ་ལ་བདུན་ཏེ། ཉི་ཤུ་རྩ་གཅིག་ན་ཀ་དག་ཏུ་གྲོལ་ལ། མ་ཐིམ་པའི་བར་དེར་སྤྲུལ་པ་བཀྱེ་ནས། ཀ་དག་ལ་ཐིམ་པའོ། །སྐད་ཅིག་ཉི་ཤུ་རྩ་གཅིག་ཏུ་མཉམ་ཡང་བསམ་གཏན་གྱི་ཞག་མང་ཉུང་ཡོད་པས་དབང་པོ་རྣོ་རྟུལ་དུ་བཞག་སྟེ། ཞག་དེ་དག་སྐད་ཅིག་དང་སྦྱར་ཞིང་། དབང་པོའི་སྣང་ཚུལ་དང་ཞག་གི་རྣམ་གྲངས་དང་། སྤྲུལ་པའི་འགྱེད་ཚུལ་ཐ་དད་པ་ནི། རང་ཤར་ལས། ལ་ལ་ཁ་དོག་དཀར་པོས་གྲོལ། །ལ་ལ་ཁ་དོག་སེར་པོས་གྲོལ། །ལ་ལ་ཁ་དོག་དམར་པོས་གྲོལ། །ལ་ལ་ཁ་དོག་ལྗང་གུས་གྲོལ། །ལ་ལ་ཁ་དོག་མཐིང་གས་གྲོལ། །ལ་ལ་ཁ་དོག་ལྔ་ཀས་གྲོལ། །ལ་ལ་ཐིག་ལེ་ཟེར་གྱིས་གྲོལ། །དེ་ནི་ཐ་མའི་གྲོལ་ལུགས་སོ། །ཞེས་པ་དང་། དབང་པོ་ཐ་མའི་གྲོལ་ལུགས་འདི་ལྟ་སྟེ། དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་བཅུ་བཞི་

p. 910

ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་དྲུག །ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་ཞག་གསུམ་ཐོགས་པའི་ཐ་མ་རང་གི་སྣང་བར་མཐོང་ནས་སངས་རྒྱས་སོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི། ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་གཅིག་གནས་པའི་ཐ་མ་ཡང་རང་གི་སྣང་བར་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ཞེ་གསུམ་ན་དོན་བྱེད་ནུས་སོ། །ཐ་མའི་མཆོག་ནི། ཞག་བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ལ་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་ལྔ་གནས་པའི་ཐ་མ་ཡང་རང་གི་སྣང་བར་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་ཞེ་དྲུག་ནས་དོན་བྱེད་ནུས་པའོ། །ཐ་མའི་ཕུལ་ནི་ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ལ་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་དྲུག་གནས་པའི་ཐ་མ་ཡང་རང་གི་སྣང་བར་མཐོང་ནས་བརྟན་པ་ཐོབ་པའོ། །སྤྲུལ་པ་ཡང་ཞག་ཞེ་བདུན་ནས་དོན་བྱེད་ནུས་སོ། །ཐ་མའི་རབ། ཞག་བཅོ་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། །ཡེ་ཤེས་ལ་ཞག་བརྒྱད། ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་རང་གི་སྣང་བར་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་འབྲིང་ནི། ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་བཅུ་གཉིས་ཐོགས་སོ། །ཡེ་ཤེས་ལ་བཞི་གནས་སོ། །སེམས་ཅན་གྱི་དབང་པོ་དེ་རྣམས་ཀུན་སངས་རྒྱས་ཀྱི་ས་ནོན་པའོ། །བར་དོ་དེ་རྣམས་ཀྱང་རྨི་ལམ་ལྟ་བུའོ་ཞེས་སོ། །ཐ་མའི་ཐ་མ་དེ་རང་བཞིན་སྤྲུལ་པར་སྐྱེ་བས་འདིར་གྲོལ་བའི་ཁོངས་སུ་མ་བཤད་དོ། །དེ་དག་ནི་དབང་པོའི་གྲོལ་ཚུལ་དེ་ཆིངས་གལ་པོ་ཆེ་ཡིན་པས་ཤེས་པར་བྱའོ། །སྤྱི་དོན་བཞི་པ་སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། གདམས་པའི་མཚོན་ཚུལ་མདོར་བསྟན་པ་དང་

p. 911

བར་དོའི་རང་ངོ་རྒྱས་པར་བཤད་པའོ། །དང་པོ་ནི། སྲིད་པའི་བར་དོ་རྨི་ལམ་གྱི་སྣང་བ་ལྟར་སྐད་ཅིག་ལ་ཐོགས་མེད་དུ་ཡུལ་ལ་འཇུག་ཅིང་སྐད་ཅིག་སྔ་མ་རྣམས་རང་འགགས་ལ་ཡལ་བས་ངོས་མི་ཟིན་པ། ད་ལྟ་ཐད་དྲང་གི་སྣང་བ་གསལ་པོ་ཡོད་ལ་ཕྱད་ཕྱོད་བན་བུན་ཡལ་ཡོལ་གང་དུ་བསམས་པའི་ཡུལ་དུ་སྐད་ཅིག་ལ་བགྲོད་པའི་རྫུ་འཕྲུལ་ཡོད་པའི་དུས་དེར། འདིའི་སྒོ་མཐོང་བ་རྣམས་ཀྱིས་བར་དོའི་རང་སྣང་ངོས་ཟིན་འོང་བས། ཕྱོགས་བཅུ་སྤྲུལ་པའི་ཞིང་ཡིད་ལ་བྱས་པ་ཙམ་གྱིས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་དེར་སྐྱེས་ནས་བར་དོ་མེད་པར་སངས་རྒྱའོ། །འདི་ལའང་སྔོན་རོལ་གྱི་གདམས་པ་ནི། ད་ལྟ་རིག་པ་མིག་གམ་ཚངས་བུག་ནས་འོད་ཀྱི་གོང་བུར་དམིགས་པ་སྐར་མདའ་རྒྱུག་པ་ལྟར་འཕེན་པའོ། །དེའི་དུས་ཀྱི་གདམས་པ་ཞིང་དེ་དྲན་ནས་ཤར་ལ་སོགས་པར་རིག་པ་རང་ཤུགས་ལ་འཕང་པའོ། །འདིའི་སྒོ་མ་མཐོང་བའི་འགྲོ་བ་ཕལ་པ་ཆོས་ལ་སྦྱངས་པ་རྣམས་སྒྱུ་ལུས་འཛིན་པ་དང་། བདེན་མེད་དུ་སྦྱོང་བ་དང་། ཞིང་དག་པ་ཡིད་ལ་བྱེད་པས་གྲོལ་བ་སྲིད་པར་བཤད་དེ་སོ་སོའི་སྒྲུབ་ཡིག་ལས་འབྱུང་བ་བཞིན་ནོ། །ཆོས་ལ་གོམས་པ་མེད་པ་རྣམས་ཞིང་དག་པར་སྨོན་ལམ་འདེབས་པ་དང་། སྐྱབས་འགྲོ་བྱེད་པ་དང་། མངལ་སྒོ་ངན་པ་ལས་ལོག་སྟེ། བཟང་པོ་འདེམ་པར་བྱེད་པའོ། །གསེར་ཕྲེང་ལས། འཁྲུལ་པ་སྲིད་པའི་ཆ་ཙམ་དུ། །རང་སྣང་རང་བཞིན་མེད་སྣང་དུ། །རང་སྣང་རང་བཞིན་མེད་ཤེས་ནས། །སྤྲུལ་པ་དྲན་པས་རང་རྒྱུད་འགྲོལ། །ཅེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ཉི་ཤུ་སྟེ། འཁོར་ཚུལ། ངེས་ཚིག །ཆ་བྱད། མངོན་ཤེས། རྫུ་འཕྲུལ། ཚེ་ཚད། ཁ་དོག །མགོའི་ལྟ་ལུགས། ལས་སོག་མི་སོག་གི་ཁྱད་པར། ལས་ཀྱི་ལྟས། མིང་གི་རྣམ་གྲངས། ལུས་ཀྱི་ཚད། སྐྱེ་གནས་ངོས་གཟུང་བ། སྤྱོད་ལམ་གྱི་ཁྱད་པར། འོད་ཀྱི་ཚད། ལས་འབྲེལ་གྱི་ཁྱད་པར། ཕྱི་མའི་

p. 912

ལུས་དང་ཉོན་མོངས་པའི་འབྲེལ་ཚུལ། ཁམས་གསུམ་གང་དུ་གཏོགས་པའི་ཁྱད་པར། ཕྱི་མའི་མངལ་དུ་ཚུད་པའི་ལྟས། དཔེ་ཉེ་བར་མཚོན་པའོ། །དང་པོ་འཁོར་ཚུལ་གྱི་ཁྱད་པར་ནི། འདིའི་སྒོ་མ་མཐོང་བའམ་མཐོང་ཡང་ཡིད་མ་ཆེས་ཤིང་ཉམས་སུ་མ་ལོན་པ་རྣམས་ལ་ཆོས་ཉིད་བར་དོ་ཡུན་ཐུང་བ་དང་། རང་སྣང་དུ་ངོ་མ་ཤེས་ཏེ་སྲིད་པ་བར་དོར་ཡང་དང་ཡང་དུ་ཁ་འཁྱལ་ཏེ། ཤ་ཁྲག་རང་ཀའི་གཟུགས་མེད་ཀྱང་སྔོན་ནས་ལུས་ལ་བདག་འཛིན་གོམས་པའི་བག་ཆགས་ཀྱིས་རྨི་ལམ་གྱི་ལུས་ལྟར་དབང་པོ་ཀུན་ཚང་ཞིང་ཤ་གཟུགས་སྐྱོན་མེད་དུ་ཡོད་ཡོད་འདྲ་བའི་སྣང་བ་འཆར་བས། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །མི་བཟློགས་དེ་ནི་དྲི་ཟའོ། །ཞེས་ཆ་ལ་བཏགས་ནས་བཤད་དེ། ཤ་གཟུགས་དང་དབང་པོ་རང་མཚན་དུ་ཡོད་ན་ལུས་བླངས་ཟིན་དངོས་སུ་འགྱུར་བས་བར་དོ་ཡིན་པ་དང་འགལ་ལོ། །དེས་ན་འབྱུང་གཞི་རྡོས་པའི་ལུས་དང་བྲལ་བས་ཡིད་ཀྱི་སྲིད་པའི་མིང་དང་། འབྱུང་བཞི་ས་བོན་གྱི་ཆ་ལ་བརྟེན་ནས་ལུས་ལ་འཇུག་ཏུ་ཉེ་བས་སྒྱུ་མ་ལུས་ཀྱི་མིང་གཉིས་པ་ཅན། ས་ཟིན་མེད་པས་ལས་ཀྱིས་ཀུན་དུ་བསྐྱོད་ཅིང་འཁོར་བའོ། །གཉིས་པ་ངེས་ཚིག་ནི། ཆོས་ཉིད་ཀྱི་སྣང་བ་ནུབ་པ་དང་། རིགས་དྲུག་གི་ལུས་དངོས་སུ་མ་བླངས་པའི་བར་གྱི་སྣང་བ་ཡིན་པས་བར་ཞེས་བྱའོ། །དོ་ནི་དེ་གཉིས་ཟུང་དུ་སྦྲེལ་བའི་དབུས་ཉིད་ལ་ངོས་གཟུང་ངོ་། །སྲིད་པ་ནི་ཁ་ཅིག་སྤྲུལ་སྐུར་སྐྱེ་སྲིད། ཁ་ཅིག་ལྷ་མིན་སྐྱེ་སྲིད། ཁ་ཅིག་ངན་སོང་དུ་སྐྱེ་སྲིད། ཁ་ཅིག་གྲོལ་སྲིད་པས་སྲིད་པ་ཞེས་བྱ་སྟེ། བར་སྲིད་ཅེས་བྱའོ། །གསུམ་པ་ཆ་བྱད་ནི། བར་དོར་ཇི་ཙམ་སྡོད་པའི་ཡར་ཕྱེད་སྔ་མའི་རྣམ་པ་ལ། མར་ཕྱེད་ནས་ཕྱིས་གང་དུ་སྐྱེ་བ་དེའི་ལུས་དང་། གོས་དང་རྒྱན་ལ་སོགས་པ་ཡོད་པ་སྙམ་པ་ནི་རྨི་ལམ་གྱི་ཆ་བྱད་བཞིན་ནོ། །དེའང་ལྷ་མིར་སྐྱེ་བ་ལེན་ན་དེའི་རྣམ་པ་སྟེ། གཟུགས་སུ་

p. 913

སྐྱེ་ན་དང་པོ་འོད་ཀྱི་ལུས་སུ་ཡོད་པ་སྙམ་མོ། །གཟུགས་མེད་ལ་ཡར་སྐྱེ་དུས་གཟུགས་མེད་པས་རྣམ་པ་མི་འཆར་ཡང་། ནམ་མཁའ་དྭངས་པ་ཙམ་གྱི་སྣང་བ་ལས་སྐྱེ་བའོ། །གཟུགས་མེད་ནས་ཁམས་འོག་མར་འཕོ་དུས་ཕྱེད་སྔ་མའི་ཏིང་ངེ་འཛིན་དྭངས་བ་ཙམ་རང་སྤྲུལ་ཏིང་ངེ་འཛིན་པའི་རྣམ་པ་ལས་གཞན་མེད་ལ། ཕྱེད་ཕྱི་མ་གང་དུ་སྐྱེ་བའི་རྣམ་པ་འཆར་རོ། །ལྷ་མིན་དང་། ངན་སོང་གསུམ་ནི་དེའི་རྣམ་པ་འཆར་ལ། མནར་མེད་དུ་སྐྱེ་ན་ཟང་ཐལ་བས་བར་དོ་མེད་དོ། །དེ་བཞིན་དུ་ཡར་ཟང་ཐལ་བ་དང་། འཕོ་བ་འབྱོངས་པས་སྐྱེ་གནས་གང་དུ་ཟང་ཐལ་བས་བར་དོ་མི་སྣང་ལ། གཞན་རྣམས་ནི་བར་སྲིད་ལ་ལམ་བྱེད་དོ། །བཞི་པ་མངོན་ཤེས་ནི། སྔར་ཆོས་ཉིད་བར་དོའི་མངོན་ཤེས་ཀྱི་ཆ་བག་ལ་ཉལ་འདིར་ཡོད་པ་དེའི་དབང་གིས་སྔར་གནས་པའི་འཇིག་རྟེན་དེའི་སྣོད་བཅུད་ཀྱི་རྒྱ་དང་། དཔངས་དང་། ཚད་དང་། ཆགས་འཇིག་ལ་སོགས་པ་དང་། ཕྱིས་སྐྱེ་ས་དེའི་སྣོད་བཅུད་ཀྱི་མཚན་ཉིད་ཀུན་སྐད་ཅིག་ལ་མེ་ལོང་དུ་གཟུགས་བརྙན་ཤར་བ་མཐོང་བ་བཞིན་ཤེས་སོ། །དེ་ལྟར་ཕྱི་མའི་གནས་གང་སྐྱེ་དེར་འདོད་ཅིང་འདུན་པས་སྐྱེ་སྟེ། ལྷ་མའི་ཡུལ་མཐོང་ནས་ཆགས་པས་དེར་སྐྱེ་བ་དང་། ལྷ་མིན་དང་། དུད་འགྲོའི་ནགས་དང་མཚོ་གླིང་མཛེས་དགུར་མཐོང་བས་དེ་དག་ཏུ་སྐྱེ་ལ། དམྱལ་བ་ཡི་དྭགས་ཀྱི་གནས་ཀྱང་འོད་ཟེར་གསལ་བའི་མེའི་སྣང་བ་མཛེས་ཤིང་ཆགས་པ་ལྟར་མཐོང་ནས་ཕྱིན་པ་སྙམ་པ་ལས་སྐྱེ་སྟེ། མདོར་ན་གང་སྐྱེའི་གནས་དེ་མཛེས་ཤིང་དགའ་བར་མཐོང་བ་དང་། དགྲས་དེད་པས་སྐྱབས་སུ་མཐོང་ནས་དེར་གབ་པའི་སེམས་དར་ཅིག་ཆགས་པས་སྐྱེ་བ་ལེན་ནོ། །དེའང་འདོད་པར་སྐྱེ་བ་ཐམས་ཅད་སེམས་འདོད་ཆགས་ཀྱི་མངོན་ཤུགས་ལངས་པས་ཡུལ་ལ་དགའ་གདུང་ལྷག་པར་ཆེ་བ་སྐྱེ་ལ། གཟུགས་སུ་སྐྱེ་ན་རགས་སྣང་ལ་ཞེ་སྡང་ཞིང་འོད་ལ་དགའ་གདུང་སྐྱེའོ། །གཟུགས་མེད་དུ་སྐྱེ་ན་སྣང་བ་གང་ཡང་དགའ་གདུང་མེད་

p. 914

པས་ཅི་ཡང་མེད་པའི་སེམས་གནས་པ་ཙམ་ལ་དགའ་བར་སྐྱེའོ། །སྣོད་བཅུད་སྣང་བ་དེ་ཡང་སྐད་ཅིག་ཙམ་ལས། དེ་ནས་བག་ཆགས་ཚན་ཆེ་བའི་དབང་གིས་འགག་གོ། འདིར་མངོན་ཤེས་འཆར་བའི་རྒྱུ་གང་ལས་བྱུང་ན། ཆོས་ཉིད་ཀྱི་ས་བོན་ཡོད་པ་དེ་འདིར་སྒྲིབ་བྱེད་ལུས་རང་ཀ་མ་མེད་པ་དང་། ཆོས་ཉིད་གོང་དུ་མཐོང་བའི་བྱིན་རླབས་ལས་བྱུང་བའོ། །ལྔ་པ་རྫུ་འཕྲུལ་ནི། དབང་པོ་གསལ་ཞིང་ལུས་རྫོགས་པར་སྣང་བ་དེ་རྨི་ལམ་དུ་འཕུར་བ་ལ་སོགས་པ་ལྟར། ནམ་མཁའ་ལ་འགྲོ་ཞིང་ཤེས་པ་གང་གཏད་དེར་ཚུད་དེ། ཆུང་བ་ཁབ་མིག་དང་རྟ་རྔའི་བརྒྱ་གཤགས་ཀྱི་ནང་དུའང་ཚུད་ལ། ཆེ་བ་རྟ་གླང་དང་རི་བྲག་དང་ནམ་མཁའ་ལའང་ཚུད་པས། གཟུགས་ཆེ་ཆུང་མ་ངེས་པའི་སེམས་ཅན་དུ་འོང་ལ། ས་ཆུ་མེ་རླུང་རི་བྲག་ལ་སོགས་པ་ཀུན་ལ་ཟང་ཐལ་དུ་འགྲོ་ཞིང་། འབྱུང་བཞིའི་གནོད་པས་མི་ཚུགས་ཤིང་། འབྱུང་བ་གང་ལའང་འཇུག་པའི་ནུས་པ་ཡོད་པས། བྲག་གི་ནང་ལ་སོགས་པ་དང་སྒོ་ངའི་ནང་དུ་སེམས་ཅན་འོང་བའི་གནད་དོ། །འདིའི་དུས་སུ་རྡོ་རྗེ་གདན་དང་མའི་མངལ་མ་གཏོགས་པ་གང་ལའང་ཐོགས་པ་མེད་ཅིང་། རིས་མཐུན་པ་དང་ལྷའི་མིག་ཅན་མ་གཏོགས་པས་དེ་མི་མཐོང་ལ། དེས་སེམས་ཅན་གྱི་གནས་རིས་ཀུན་ཕར་མཐོང་བའོ། །རྫུ་འཕྲུལ་འདིའི་རྒྱུ་ནི་གོང་དུ་ལོངས་སྐུའི་རྫུ་འཕྲུལ་མཐོང་བའི་ཆ་ལས་བྱུང་བ་སྟེ། དེ་ཡང་སྐད་ཅིག་ཙམ་བྱུང་ནས་ཡང་འགགས་ཤིང་ནུབ་སྟེ་སྣང་བ་གཞན་འབྱུང་ངོ་། །གཞན་ཤར་དུས་གོང་མ་རྣམས་བརྗེད་ནས་མི་སྣང་བ་རྨི་ལམ་སྔ་ཕྱི་རྨི་ལམ་ཁུང་དེར་མི་དྲན་པ་བཞིན་ནོ། །དྲུག་པ་ཚེ་ཚད་ནི། སྣང་བའི་སྐྱེ་ཚུལ་ཉི་ཤུ་པོ་འདི་ཞག་བདུན་ལ་རྫོགས་ཏེ། བར་སྲིད་དེའི་ཚེ་ཞག་བདུན་ལོན་ནས་ཟད་པའི་ཕྱིར་རོ། །ཚེ་དེ་ལས་མེད་དམ་ཞེ་ན། ཡང་བག་ཆགས་ཀྱི་དབང་གིས་གོང་གི་སྣང་བ་སད་ནས། ཡིད་ཀྱི་ལུས་བླངས་ཏེ་ལན་བདུན་དུ་འཆི། ལན་བདུན་དུ་སྐྱེ་བར་སྣང་བ་རྨི་ལམ་གྱི་སྐྱེ་ཤི་བཞིན་ནོ། །བདུན་དུ་

p. 915

སྐྱེ་བ་ཡང་བརྫུས་ནས་སྐྱེ་ལ། འཆི་བ་དང་སྐྱེ་བ་ཐམས་ཅད་སྐད་ཅིག་ལ་བྱེད་དོ། །དགེ་བའི་སྟོབས་འདི་བས་ན་ཞག་བདུན་བདུན་གྱི་བདུན་ཚིགས་བྱས་པས་ཕན་ཆེའོ། །དེའང་སྐྱེ་བ་བདུན་གནས་པར་སྣང་བ་བདུན། འཆི་བར་སྣང་བ་བདུན་ཏེ་ཉི་ཤུ་རྩ་གཅིག་པ་ཕྲག་གཅིག་ནི། ལུས་ལེན་པའི་རིང་མཐའ་སྟེ། བདུན་ཚན་བདུན་གྱི་ཞག་བཞི་བཅུ་རྩ་དགུ་སྟེ། དེའི་ཁོངས་སུ་ལས་ཐ་དད་པས་ལུས་སོ་སོ་བ་ལེན་ནོ། །སྤྱིར་བར་སྲིད་ཀྱི་ཚེ་ཐུང་མཐའ་ཞག་བདུན། རིང་མཐའ་བཞི་བཅུ་རྩ་དགུ། བར་མ་དེའི་བར་རོ། །དེའང་འདོད་པ་ན་དུས་མ་ཡིན་པར་འཆི་བ་ལྟར། དེར་ཡང་དུས་མིན་དུ་ལས་ཀྱིས་འཆི་བ་སྲིད་ལ། ལས་འགས་དེ་ལས་རིང་བའང་སྲིད་པར་བཤད་ཀྱང་བར་མའི་དབང་དུ་བྱས་པའོ། །སྐྱེ་ཤིར་སྣང་བའི་རྒྱུ་ནི། སྔར་གྱི་འཆི་བ་དྲན་པ་ལས་གོང་དུ་ཉིན་མཚན་གྱི་ཆ་གང་ལ་ཤི་བའི་དུས་དེར་འདིར་ཡང་འཆི་ལ། སྐྱེ་བ་དྲན་པས་སྐད་ཅིག་ལ་སྐྱེ་བའོ། །བདུན་པ་ཁ་དོག་ནི། ཕྱིས་གང་སྐྱེས་ལུས་ཀྱི་ལྟས་སུ་སྣང་སྟེ། ལྷ་མིར་སྐྱེ་ན་དཀར་བ་དང་། ལྷ་མིན་དང་དུད་འགྲོར་སྐྱེ་ན་སེར་བ་དང་། ཡི་དྭགས་སུ་སྐྱེ་ན་དུ་བ་ལྟ་བུ་དང་། དམྱལ་བར་སྐྱེ་ན་བལ་ནག་གཡེང་བ་འདྲ་བའོ། །འདིའི་རྒྱུ་ནི་གོང་དུ་ལོངས་སྐུའི་སྐུ་མདོག་དང་ཕྱག་མཚན་མཐོང་བ་ལས་བྱུང་བའོ། །བརྒྱད་པ་མགོ་ལྟ་བུའི་ཁྱད་པར་ནི། ལྷ་མིར་སྐྱེ་ན་གྱེན་ལའོ། །ལྷ་མིན་བྱོལ་སོང་འཕྲེད་ལའོ། །ཡི་དྭགས་དམྱལ་བ་ཐུར་དུའོ། །དགུ་པ་ལས་སོག་མི་སོག་ནི། རགས་པ་མངོན་གྱུར་དུ་མི་སོག་ལ། ཕྲ་བ་བག་ལ་ཉལ་ཡིད་ཀྱི་སྟོབས་ལ་བརྟེན་ནས་སོག་སྟེ། ལས་བར་མ་ཞེས་བྱའོ། །དེའང་ཆོས་ཉིད་བདེན་པ་མཐོང་བས་སྔར་གྱི་མངོན་གྱུར་པའི་ལས་མི་སྣང་ལ་ས་བོན་དུ་ཡོད། འདིར་རྨི་ལམ་གྱི་རང་དུས་བཞིན་དུ་ལས་བར་མ་ཕྲ་བ་ཕྱི་མའི་ཁ་སྣོན་ཙམ་སོག་པས། ཕྱི་མའི་ལས་ཀྱི་འབྲེལ་པ་ཡང་འདིའི་རྒྱུ་མཐུན་གྱི་འབྲས་བུ་གཅིག་ལ་གཅིག་བརྒྱུད་

p. 916

བྱས་ཏེ་འཁོར་བར་བྱེད་པའོ། །སོག་ལུགས་ནི། ཁྱད་པར་གྱི་སྣང་བ་གཅིག་ནུབ་གཅིག་མ་སྐྱེས་པའི་ཁར་བསགས་པས་དེའི་དབང་གིས་སྔར་གྱི་སྣང་བ་མི་གསལ་བའོ། །དུས་ནི་ཤེས་པ་ལྔ་ཕྱིའི་བར་རོ། །རྒྱུ་ནི་སྔར་གྱི་མངོན་གྱུར་མེད་ཀྱང་ཕྲ་བ་བག་ལ་ཉལ་དང་བསམ་གཏན་གྱི་ཆ་ལས་སོ། །འདིར་སོག་པ་ནི་གོང་དུ་ཆོས་ཉིད་ལ་བྲེད་ཅིང་སྔངས་བ་ལས་བྱུང་བའོ། །བཅུ་པ་ལས་ཀྱི་ལྟས་ནི། སྔར་ལས་དག་པ་ས་བོན་གྱི་ཆས་སྣང་བ་དེའི་དུས་སུ་གོང་མའི་ཆོས་ཉིད་ཀྱིས་རབ་ཏུ་གསལ་ཞིང་བརྟག་པ་ཡིན་ལ། སྔར་གྱི་ས་བོན་མ་དག་པས་ཤེས་པ་མི་གསལ་ཞིང་རྨུགས་པའོ། །ཤེས་པ་གསལ་མི་གསལ་ནི་སྔར་གྱི་དགེ་མི་དགེའི་འཕེན་པ་ལས་བྱུང་བའོ། །རྒྱུ་ནི་གཉིས་ལས་གསལ་བའི་རྒྱུ་སྔར་རྗེས་དྲན་དག་པ་ལས་བྱུང་ལ། མི་གསལ་བ་ཆོས་ཉིད་ལ་རྒྱབ་ཀྱིས་ཕྱོགས་པ་ལས་བྱུང་བའོ། །སྔར་ལྷ་མཐོང་བའི་ཆ་ལ་རྗེས་དྲན་དུ་བཏགས་ཀྱི་རྗེས་དྲན་མཚན་ཉིད་པ་མ་མཐོང་བས་འདིར་འཁྲུལ་བའོ། །བཅུ་གཅིག་པ་མིང་གི་རྣམ་གྲངས་ནི། འབྱུང་བཞི་ས་བོན་གྱི་ཆ་ལས་མིང་བཞི་འདུས་པའི་བདག་ཉིད་ཅན་ཏེ། འབྱུང་བ་སའི་བྱེད་ལས་འདུས་པས་སྲིད་པ་ཤ་གཟུགས་ཀྱི་བདག་ཉིད་ཅན་དང་གཅིག །ཆུའི་བྱེད་ལས་ཀྱི་ས་བོན་སྒྱུ་མ་ལྟ་བུའི་ལུས་སུ་བྱུང་བས། འདིའི་དུས་ན་ཟས་སུ་དྲི་ཟ་ཞིིང་གོང་མའི་ལས་ལ་ཉེ་བར་འཁོར་བ་དང་གཉིས་ཀྱིས་སྲིད་པའི་བར་མ་དོ་ཕུང་པོ་ལྔའི་ཉིང་མཚམས་སྦྱོར་བ་དྲི་ཟ་ཉེ་བར་འཁོར་བ་དང་གཉིས། མེའི་བྱེད་ལས་ཀྱི་ས་བོན་ལས་སྲིད་པ་ཡིད་ཀྱི་གཟུགས་ཙམ་ལས། ཤ་ཁྲག་རང་ཀ་མ་མེད་ཀྱང་ས་བོན་གྱི་ཆ་ལ་ཡོད་པ་དེ་ཡིད་གཟུགས་ལ་སྨིན་པས་དབང་པོ་དང་ཡན་ལག་ཀུན་ཚང་བ་སྙམ་བྱེད་པས། དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་གསུམ། འབྱུང་བ་རླུང་གི་བྱེད་ལས་ཀྱིས་ས་བོན་ལས་ལས་ཀྱི་རླུང་གིས་ཐོགས་པ་མེད་པར་བཏེག་ནས་ཀུན་ལ་ལྟ་སྙིང་འདོད་ཅིང་འཇུག་པས་ཐོགས་མེད་ལྡན་ནམ། འཇུག་སྲིད་ཅེས་བྱ་བ་དང་བཞིའོ། །འདི་དག་རྒྱུ་ཅི་ལས་བྱུང་ན།

p. 917

གོང་མའི་ཡེ་ཤེས་བཞི་སྦྱོར་གྱི་རྩལ་ལས་བྱུང་ངོ་། །བཅུ་གཉིས་པ་ལུས་ཀྱི་ཚད་ནི། ལས་མ་དག་པ་རྣམས་བྱིས་པ་ལོ་བརྒྱད་པ་ཙམ་ལ། དག་པ་རྣམས་ལོ་བཅུ་དྲུག་ལོན་པའི་ལུས་ཀྱི་ཚད་དེ་རྨི་ལམ་གྱི་གཟུགས་ལྟ་བུ་ལས་རང་མཚན་དུ་མེད་དོ། །རྒྱུ་ནི་ལྷུན་གྲུབ་ཀྱི་འཆར་ལུགས་བརྒྱད་མཐོང་བ་ལས་བྱུང་བའོ། །བཅུ་གསུམ་པ་སྐྱེ་གནས་གང་དུ་གཏོགས་པ་ནི། མངལ་སྐྱེས། སྒོང་སྐྱེས། དྲོད་གཤེར་སྐྱེས། རྫུས་སྐྱེས་བཞི་ལས། རྫུས་སྐྱེས་སུ་གཏོགས་ལ། ཆོས་གང་དང་མཐུན་ན་རྫུ་འཕྲུལ་དང་འོད་ཡོད་པས་ལྷ་དང་མཐུན་ལ། ཞག་བདུན་བདུན་ན་སྐྱེ་ཤིའི་སྡུག་བསྔལ་ལ་སྤྱོད་པས་དམྱལ་བ་དང་མཐུན་ཏེ། དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་རྫུས་ཏེ་སྐྱེ། །ཞེས་པས་སོ། །རྒྱུ་ནི་གོང་དུ་སྤྲུལ་པའི་རྣམ་པ་མཐོང་བ་ལས་བྱུང་བའོ། །བཅུ་བཞི་པ་སྤྱོད་ལམ་ནི། ཆོས་ཉིད་བདེན་པའི་སྟོབས་ཡལ་བས་སྔར་ཞེན་གྱི་བག་ཆགས་ལངས་པས་སྔར་གྱི་གང་བྱེད་དེ་འདིར་ཡང་སྤྱོད་པའོ། །རྒྱུ་ནི་ཆོས་ཉིད་ཀྱི་དུས་སུ་རང་སྣང་ལ་བྲེད་ཅིང་སྔངས་པ་ལས་བྱུང་ངོ་། །བཅོ་ལྔ་པ་འོད་ནི། ལས་དག་པ་མངོན་མཐོར་སྐྱེ་བ་རྣམས་ལ་དཀར་པོ་དཔག་ཚད་གཅིག་ཏུ་གསལ་ལ། མ་དག་པ་ངན་འགྲོར་སྐྱེ་བ་རྣམས་ལ་སེར་པོ་དང་ནག་པོ་མོག་མོག་པོ་རང་གསལ་ཙམ་མོ། །དེ་དག་གི་རྒྱུ་ནི་ཆོས་ཉིད་ཀྱི་རང་འོད་ལས་བྱུང་ངོ་། །བཅུ་དྲུག་པ་ལས་འབྲེལ་ནི། ཕྱི་མ་བཟང་འགྲོ་ཆོས་དང་ལྡན་པར་སྐྱེ་ན་འདིར་དགེ་བའི་རྣམ་པ་དང་འཕྲད། ཕྱི་མ་ནོར་དང་། འཁོར་དང་ལོངས་སྤྱོད་དང་ལྡན་པར་སྐྱེ་ན་རང་ཡིད་དུ་འོང་བའི་རྣམ་པ་དེ་དག་དང་འཕྲད་པར་སྣང་ངོ་། །ཕྱི་མ་དབང་པོ་མ་ཚང་བ་དང་སྡིག་ཅན་དང་། ངན་འགྲོ་ལ་སོགས་པར་སྐྱེ་ན། ཡིད་དུ་མི་འོང་བ་དང་། དབུལ་བ་ལ་སོགས་པའི་རྣམ་པ་དང་འཕྲད་པ་སྙམ་མོ། །རྒྱུ་ནི་ཆོས་ཉིད་ལ་ཆགས་པའམ་སྡང་བར་བཟུང་བ་ལས་བྱུང་བའོ། །བཅུ་བདུན་པ་

p. 918

ལུས་དང་ཉོན་མོངས་ཀྱི་འབྲེལ་ནི། གཟུགས་རང་ཀ་མ་མེད་ཀྱང་རྨི་ལམ་ལྟ་བུའི་ཁུང་ན་རང་གཟུགས་ལ་ཆགས་པ་སྐྱེ་ན་འདོད་པ་དང་། སྡང་བ་སྐྱེ་ན་གཟུགས་དང་། བར་མ་སྐྱེ་ན་གཟུགས་མེད་དུ་སྐྱེའོ། །དེ་དག་གི་རྒྱུ་ནི་ཆོས་ཉིད་བདེན་པ་ལས་གོལ་བ་ལས་བྱུང་ངོ་། །བཅོ་བརྒྱད་པ་ཁམས་གང་དུ་གཏོགས་པ་ནི། འདོད་པ། གཟུགས། གཟུགས་མེད་གསུམ་ལས། མིང་བཞིའི་ཕུང་པོ་སྒྱུ་མ་ཡིད་ཀྱི་ལུས་སུ་ཡོད་པ་སྙམ་ཡང་། ཕྱི་མའི་ཕུང་པོ་མ་བླངས་པས་གཟུགས་རང་ཀ་མ་མེད་པའི་ཕྱིར། གཟུགས་ལས་གཞན་ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་བག་ལ་ཉལ་གྱི་ཕུང་པོར་གནས་པས་གཟུགས་མེད་ཁམས་སུ་གཏོགས་པའོ། །གཟུགས་མེད་པའི་རྒྱུ་ཅི་ལས་བྱུང་ན་གོང་དུ་ཆོས་ཉིད་སྒྱུ་མ་ལྟ་བུ་མཐོང་བ་ལས་བྱུང་བའོ། །བཅུ་དགུ་པ་ཕྱི་མའི་མངལ་དུ་ཚུད་པའི་ལྟས་ནི། བདུན་ཕྲག་གཅིག་གམ་གཉིས་ནས་བདུན་གྱི་བར་བར་སྲིད་མྱོང་ངེས་ཀྱི་ལས་རྫོགས་ནས་ཕྱི་མའི་སྲིད་པ་སོ་སོར་དང་པོ་ཚུད་དུས། ལྷའི་སྐྱེ་གནས་སུ་ཚུད་ན་འདིའི་དུས་སུ་ཤེས་པའི་སྣང་བ་ལ་ལྷ་ཁང་གི་ཡང་ཐོག་གམ་རིན་པོ་ཆེའི་ཁང་བུ་བརྩེགས་པའི་ནང་ན་འདུག་པ་སྙམ་བྱེད་དོ། །ལྷ་མ་ཡིན་གྱི་མངལ་དུ་ཚུད་ན། མགལ་མེའི་འཁོར་ལོའི་ནང་ན་འདུག་པའམ། ཆར་འབབ་པའི་དཀྱིལ་ན་འདུག་པ་སྙམ་པ་འོང་ངོ་། །མིའི་མངལ་དུ་ཚུད་ན་རབ་ཏུ་གྲང་བ་སྙམ་བྱེད་ན་མི་ལུས་ཙམ་པོ། །ནམ་རྨུགས་པའི་དཀྱིལ་ན་འདུག་པ་སྙམ་བྱེད་ན་མི་ལུས་གཙང་མ། སྐྱེ་བོ་འདུས་པའི་ཅ་ཅོའི་གསེབ་ན་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་ལྟས་སོ། །བྱོལ་སོང་གི་མངལ་དུ་ཚུད་ན་སྤྱིལ་པོའི་ནང་ངམ་ཕུག་གམ་ན་བུན་གྱི་ནང་ན་འདུག་པ་སྙམ་པའོ། །ཡི་དྭགས་ཀྱི་མངལ་དུ་ཚུད་ན་གྲོག་པོ་ཕུགས་རྡུགས་ན་འདུག་པ་སྙམ་མོ། །དམྱལ་བ་ནི་བརྒྱུད་པ་ལས་དངོས་སུ་སྲིད་པའི་བར་དོ་ལ་མི་གནས་སོ། །འདི་དག་བྱུང་ན་མངལ་དུ་ཚུད་ཟིན་པས། འགྲོ་བར་འདོད་ཀྱང་ཐོགས་པ་དང་

p. 919

བཅས་པས་དབང་མེད་དོ། །རྒྱུ་ནི་གོང་དུ་ཆོས་ཉིད་བདེན་པ་ལ་ཡིད་མ་ཆེས་པ་ལས་སོ། །ཉི་ཤུ་པ་དཔེ་ནི། རྩྭས་མེ་འཛིན་པ་ལྟར་ལས་དང་བག་ཆགས་ཀྱི་དབང་གིས་མངལ་གནས་འཛིན་པ་དང་། འདམ་རྫབ་ཀྱིས་སྐྱེ་འགྲོའམ་ནོར་བུའམ་ཤིང་ལ་སོགས་པ་འཛིན་པ་ལྟར་འཁོར་བ་ན་རང་རིག་པའི་ཡེ་ཤེས་འཛིན་པ་དང་། བྱ་རྒྱས་བྱ་འཛིན་པ་ལྟར་ཕ་མའི་སྙོམས་འཇུག་གི་རྙིས་བར་སྲིད་ཀྱི་སེམས་ཅན་འཛིན་པ་ནི། དབྱར་གྱི་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར། ཕ་མའི་སྙོམས་འཇུག་གི་མངལ་སྒོར་བར་སྲིད་བྱེ་བ་དཔག་མེད་འཕུངས་ཏེ། ཕ་མའི་བདེ་བའི་རོ་མྱོང་བ་ཙམ་གྱིས་དེར་སྐྱེ་བའི་ལས་ཅན་དེ་རང་དབང་མེད་པར་མངལ་རྒྱས་འཐུམས་པ་ནི་མའི་བཤང་ལམ་ནས་འཇུག་གོ། དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། འདི་ཉིད་ལུང་དང་མི་ལྡན་པའི། །སེམས་ཅན་གྱི་ནི་འཇུག་པ་ཡི། །སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི། །དཔེར་ན་ཟོ་ཆུ་བཞིན་དུ་འཁོར། །ཤ་ཁྲག་རང་ཀའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བས་མིང་གཉིས་པའོ། །སྔ་མའི་ཤེས་པའི་སྣང་བ་འགགས། །ཕྱི་མ་ཉིད་ན ི་མ་བྱུང་བར། །རིགས་ཅན་གང་དུའང་མ་ངེས་པས། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །འདོད་པ་ཁམས་ཀྱི་སྣོད་སྤྱི་དང་། །བཅུད་ནི་རང་གིས་རིག་ཅིང་གསལ། །རང་ཉིད་གང་སྐྱེའི་སྣོད་བཅུད་ཀྱང་། །དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང་། །དབང་པོ་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང་། །རི་བྲག་ལ་སོགས་ཐོགས་མེད་འཇུག །གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱིས་ནི། །དེ་ཡི་ཚེ་ཡི་ཚད་ཡིན་

p. 920

ནོ། །ལྷ་དང་མི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། །ཡི་དྭགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུའམ། །ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོས་བཞིན། །ལྷ་མིན་ཁ་ཆར་འབབ་པ་བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་ལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དྭགས་དམྱལ་བ་ཐུར་དུ་ལྟ། །འདི་དག་ད་གཟོད་སྐྱེ་བའི་དབང་། །སྲིད་པ་བར་དོའི་ལས་རྣམས་ནི། །སོག་དང་མི་སོག་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད། །བར་མའི་དབང་གིས་རྒྱུ་འཐུན་པའི། །བག་ཆགས་རྣམས་ནི་འདིས་སོག་གོ། དེ་ཚེ་ཤེས་པའི་ལྟས་འདིའོ། །གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམ་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང་། །དེ་ཉིད་མིང་གི་རྣམ་གྲངས་ནི། །འདི་དག་རྣམས་སུ་རིག་པར་བྱ། །མིང་བཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་ཡི་ནི་ཤ་གཟུགས་དང་། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། །གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པར་ཀུན་ལ་འཇུག །དེ་ལྟར་བར་མའི་ལུས་ཀྱི་ཚད། །བྱིས་པ་ལོ་བརྒྱད་ལོན་པའམ། །ལོ་བཅུ་ལོན་པའི་ལུས་ཚད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ལས། །རྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ལྷ་དང་དམྱལ་བ་བར་མ་དོ། །འདི་ཀུན་རྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་ནི་འདི་ལྟ་བུ། །སྔར་ཞེན་ལས་ལ་སྤྲོ་བ་སྟེ། །དེ་ཡི་རྗེས་སུ་ཞུགས་ནས་ནི། །དེ་སྤྱོད་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀྱི་ཚད་རྣམས་ནི། །སྔར་ཞེན་བག་ཆགས་རགས་བྱུང་བ། །འདི་ཡི་འོད་ནི་དཔག་ཚད་གཅིག །ཁ་དོག་དཀར་པོ་ལྷེང་ལྷེང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ། །བག་ཆགས་ཅན་ལ་གསལ་མི་སྣང་། །གང་གི་ལས་ནི་བཟང་ངན་གྱིས། །བཟང་བ་

p. 921

དགེ་དང་ཡིད་འོང་འཕྲད། །ངན་པའི་སེམས་ཅན་བག་ཆགས་ཅན། །ཡིད་དུ་མི་འོང་མངལ་དུ་འཇུག །ཕྱི་མའི་ལུས་དང་འབྲེལ་པར་ནི། །རང་ཤུགས་ཞེ་སྡང་སྐྱེས་པའི་རྒྱུ། །དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་ཚུལ། །ཁམས་ནི་རྣམ་པ་གསུམ་དག་ལས། །མིང་བཞིའི་ཕུང་པོ་མ་འགགས་ཏེ། །ཕྱི་མ་མ་བླངས་བར་མ་སྲིད། །མིང་བཞི་འདུས་པའི་ཕུང་པོ་ལས། །ཤ་ཁྲག་གཟུགས་ནི་མི་སྣང་བས། །གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་ལུས་དང་ཉེ་བའི་ཚེ། །མགལ་མེའམ་ནི་ཆར་པའམ། །དེ་བཞིན་གྲང་བ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང་། །ལྷ་ཁང་ངམ་ནི་ཡང་ཐོག་གམ། །ཁང་བུ་དག་ནི་བརྩེགས་པར་མཐོང་། །ངན་སོང་རྣམས་ནི་སྤྱིལ་པོའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང་། །འདི་དག་མངལ་དུ་ཚུད་པའི་ལྟས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །དཔེར་ན་རྩྭས་ནི་མེ་འཛིན་དང་། །དེ་བཞིན་འདམ་གྱིས་རྫས་འཛིན་དང་། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབང་མེད་ཆགས་པའི་རྙིས་འཛིན་ཏོ། །ཞེས་སོ། །དེ་ལྟར་སྲིད་པ་བར་དོ་ནས་ལམ་བརྒྱུད་དེ། ལས་ཀྱི་དབང་གིས། དགའ་ལྡན་དང་། རྩོད་ལྡན་དང་། ཆ་མཉམ་ལྡན་དང་། གཉིས་ལྡན་དང་། བཀྲེས་ལྡན་དང་། སྡུག་བསྔལ་ཆེན་པོ་དང་ལྡན་པའི་གནས་སུ་ཟོ་ཆུའི་འཁོར་ལོ་ལྟར་གཅིག་ནས་གཅིག་ཏུ་འགྲོ་བས་འགྲོ་བ་རིགས་དྲུག་ཅེས་བྱ་སྟེ། རང་ཤར་ལས། རྣམ་རྟོག་འཁོར་བ་ཁོ་ན་སྟེ། །ངུ་འབོད་ཆེན་པོའི་གནས་དང་ནི། །ཤིན་ཏུ་བཀྲེས་པའི་གནས་དག་དང་། །རྨུགས་ཤིང་མྱོས་པའི་གནས་ཆེན་དང་། །རབ་ཏུ་རགས་པའི་གནས་དང་ནི། །དེ་བཞིན་ཆ་མཉམ་གནས་ཆེན་དང་། །ཤིན་ཏུ་དགའ་ལྡན་གནས་སུ་བཤད། །མ་རྟོགས་པ་ཡི་

p. 922

སེམས་ཅན་རྣམས། །དེ་ལས་འགྲོ་ས་མེད་པའོ། ཞེས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། རང་སྣང་བར་དོའི་འཆར་ཚུལ་བསྟན་པ་སྟེ་རིམ་ཁང་ཉི་ཤུ་རྩ་གསུམ་པའོ།། །།

རིམ་ཁང་ཉེར་བཞི་པ། དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་དབུགས་དབྱུང་བ།

p. 923

དེ་ལྟར་བརྩོན་པ་དང་དབང་པོ་འབྲིང་རྣམས་བར་དོར་གྲོལ་བའི་གདམས་པ་རྒྱ་ཆེར་བསྟན་ནས། ད་ནི་དབང་པོ་ཐ་མའི་ཐ་མ་རྣམས་རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་ཆོས་ཀྱི་རྣམ་གྲངས་བཤད་དེ། དེ་ལ་འདིའི་སྒོ་མཐོང་བའི་དབང་པོ་ཐ་མའི་ཐ་མ་ལའང་རིགས་གཉིས་ལས། ཡང་མཐའ་ནི་མངོན་སུམ་གྱི་སྒོ་མཐོང་ཡང་ཡིད་མ་ཆེས་པས་ཉམས་སུ་མ་བླངས་པ་དང་། ཡིད་ཆེས་ཀྱང་ཉམས་སུ་བླང་ལོང་སྐད་ཅིག་ཀྱང་མེད་པར་ཚེ་འདིས་གཡེངས་པ་དག་ནི་སྲིད་པ་གཞན་དུ་བརྒྱུད་པར་ཟངས་ཡིག་ཅན་ནས་བཤད་ལ། སྒོ་མཐོང་ནས་ཡིད་ཆེས་པས་ཉམས་སུ་བླངས་ཀྱང་། སྣང་བ་ཆེར་ཡང་མ་འཕེལ། རྟོགས་པས་ཆོས་ཟད་ཀ་དག་གི་དགོངས་པ་ངོ་མ་འཕྲོད་པས་རྟོགས་པ་རྒྱུད་ལ་མ་སྐྱེས། འོན་ཀྱང་ཉམས་སུ་བླངས་པས་མི་དགེ་བའི་འཇུག་པ་སྲབས་ཏེ། རྨི་ལམ་དགེ་བར་འགྱུར་པའི་གང་ཟག་སྐལ་ལྡན་རྣམས་རང་བཞིན་སྤྲུལ་པར་ཆོས་ཉིད་བདེན་པའི་བྱིན་གྱིས་བརླབས་ལས་སྐྱེ་སྟེ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཅེས་བཤད་པས། དབང་པོ་ཐ་མའི་ཐ་མ་དེ་གོང་དུ་ཆོས་ཉིད་ཀྱི་བར་དོ་ཤར་ཡང་བདེན་པའི་སྟོབས་མ་རྙེད་པས། སྲིད་པའི་བར་དོ་རྨི་ལམ་དང་འདྲ་བར་ལམ་བྱུང་དུས། ང་ཤི་འདུག་སྙམ་དུ་ངོས་ཟིན། སྲིད་པ་བར་དོར་ཁ་འཁྱལ་བ་དེ་དྲན་ཏེ། བླ་མ་དྲན་ནས་དེའི་གདམས་པ་དྲན་པ་ལས། ད་ནི་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོ་བར་བྱའོ་སྙམ་པ་ཙམ་ལས། སྔར་གྱི་ཆོས་ཉིད་བདེན་པའི་བྱིན་རླབས་དང་། སྲིད་པ་བར་དོ་ལ་རང་ཀར་འཛིན་

p. 924

པའི་དྲི་མ་མེད་པས་སྲིད་པ་ཕྱི་མར་བརྒྱུད་པའི་བག་ཆགས་ཟད་དེ། ཞིང་དེར་པདྨ་ལ་རྫུས་ཏེ་སྐད་ཅིག་གིས་སྐྱེས་ནས་དབུགས་འབྱིན་ཏེ། ཉི་ཟླ་ཁ་སྤྱོར་ལས། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང་ཞེས་པ་དང་། ཀྱེ་སྟོན་པ་རྡོ་རྗེ་སེམས། །འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བའམ་ཅི། །སྟོན་པས་གསུངས་པ་དེ་སྣང་སྟེ། །རང་ཀར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། བར་དོ་མེད་པར་སངས་རྒྱས་རྙེད། །ཅེས་སོ། །འདི་ལ་སྔོན་རོལ་གྱི་གདམས་པ་ནི། ཉིན་དུས་རང་སྣང་མངོན་གསུམ་ལ་གོམས་པ། མཚན་མོ་འོད་ལྔ་སྙིང་ནང་དུ་གོམས་པས་སྤྲུལ་པའི་ཞིང་དུ་ལྟ་བའི་ངང་ལ་ཉལ་བ། ཐུན་བར་འཕོ་བས་རྩལ་སྦྱང་བ་སྟེ། ཡུལ་སྤྲུལ་པའི་ཞིང་དེར་ཡེ་ཤེས་སྙིང་ནས་ཚངས་བུག་གམ་མིག་ནས་གཙོ་བོའི་ཐུགས་ཀར་རྣམ་ཤེས་རླུང་ཞོན་གྱི་གནད་ཀྱིས་འཕངས་པས། བར་དོའི་གཡང་ས་ཆོད་ནས་གྲོང་བཟང་པོ་གཅིག་ནས་གཅིག་ཏུ་འཕོ་བ་ལ་ཉེས་ཞོ་མེད་པ་ལྟ་བུ་སྟེ། འཆི་ཀར་རླུང་ཕར་སོང་ཚུར་མ་འདུས་པའི་སྐབས་དེར་དམིགས་པ་གསལ་བཏབ་ནས་ཧིག་གིས་འཕོ་བ་ནི། ཉི་ཟླ་ཁ་སྦྱོར་ལས། ཡུལ་གནས་དག་ལ་འཇུག་ལུགས་ནི། །གྲོང་འཕོ་གྲོང་འཇུག་གདམས་པ་སྟེ། །རྣམ་ཤེས་རླུང་ཞོན་དག་ལ་སྦྱང་། དེ་ཡང་གོང་དུ་འབྱོངས་པ་གཅེས། །རིག་པ་བསྡུ་དང་འཕང་བ་གཅེས། །དེ་ཡང་ཧིག་གིས་འཕང་བའོ། །ཞེས་སོ། །དེ་ལྟར་བྱས་པས་ཁ་ཅིག་དེ་ཉིད་དུ་དག་པའི་ཞིང་དུ་སྐྱེ་བ་ཡང་ཡོད་ལ། བརྒྱ་ལམ་བར་དོ་ནས་ལམ་བྱུང་ཡང་སྲིད་པ་བར་དོ་ངོས་ཟིན་འོང་ངེས་ཏེ། དེའི་དུས་སུ་ཞིང་དེ་དྲན་པ་ཙམ་གྱིས་ཆོས་ཉིད་ཀྱི་བྱིན་རླབས་ལས་སྐྱེ་བ་ཡིན་གྱི། གདམས་ངག་གཞན་གབ་པ་ནི་ཅི་ཡང་མེད་དོ། །དེ་ནས་རང་བཞིན་སྤྲུལ་པར་དབུགས་

p. 925

འབྱིན་ལུགས་ལ། རང་བཞིན་ཅེས་པ་ལ་གཉིས་ཏེ། གནས་པའི་རང་བཞིན་དང་། བགྲངས་པའི་རང་བཞིན་ནོ། །གནས་པ་ནི། ཡེ་ནས་འདི་ཉིད་ལམ་སྣང་དུ་གནས་ཏེ། གཞི་སྣང་ལྷུན་གྲུབ་ཀྱི་སྒོའི་ལོངས་སྐུའི་ཕྱོགས་བཞི་ན་སྣང་བའོ། །ཞིང་བཅུ་དབུས་དུར་ཁྲོད་མེ་རི་འབར་བ་དང་བཅུ་གཅིག་ཡོད་ཀྱང་། འདིར་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ་ངོས་གཟུང་བའོ། །བགྲངས་པ་ནི། ཕ་རོལ་ཏུ་ཕྱིན་པས་བཅུ་གཅིག་ཀུན་ཏུ་འོད་ཀྱི་སར་འདོད་དེ་སངས་རྒྱས་ཀྱི་སྣང་བ་ཁྱད་པར་ཅན་གྱི་སའོ། །འདིར་སངས་རྒྱས་ཀྱི་གསུང་ནི་ཐོས་ལ། རང་གི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་བྱའི་སྒྲིབ་པས་བསྒྲིབས་ནས་སྐུ་མི་མཐོང་སྟེ། དེ་དག་གི་སྐུ་ནམ་མཐོང་བ་ན་ཤེས་བྱའི་སྒྲིབ་པ་ཟད་ནས་སངས་རྒྱ་བར་འདོད་པའོ། །འདི་ཉིད་ལ་བསོད་ནམས་བསགས་པའི་ཆོས་སྐུར་མིང་བཏགས་པ་ཡང་ཡོད་དོ། །དེའི་ཕྱིར་ན་ཀློང་དྲུག་པ་ལས། བསོད་ནམས་བསགས་པའི་ཆོས་སྐུ་དང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་པའོ། །སྤྲུལ་པ་ཞེས་པ་ནི། ཞིང་བཞི་དབུས་དང་ལྔ་ནི་སངས་རྒྱས་རིགས་ལྔའི་སྤྲུལ་པའི་ཞིང་ཁམས་ཏེ། ཤར་ཕྱོགས་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་ཁམས་ན། རྡོ་རྗེ་མི་འཁྲུགས་པའི་སྟོན་པ་ལ་འཁོར་བྱང་ཆུབ་སེམས་དཔའ་ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་དཀར་པོ་ཤ་སྟག་རྫུས་ནས་སྐྱེ་བ་སྟེ། འགྲོ་ན་ཡང་ནམ་མཁའ་ལ་འགྲོ་ལ། གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་དང་། སྤྲུལ་པའི་བྱ་སྣ་ཚོགས་པ་སྐད་སྙན་པར་སྒྲོགས་པ་དང་། དྲི་ཞིམ་པོའི་སྤོས་ཀྱི་བསུང་དང་རིན་པོ་ཆེའི་ཤིང་ལྗོན་པ་དཔག་ཏུ་མེད་པས་བརྒྱན་པ་ན། སྟོན་པའི་གསུང་གིས་འཁོར་གྱི་རྒྱུད་འགྲོལ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པའོ། །ལྷོ་ཕྱོགས་དཔལ་དང་ལྡན་ཞེས་བྱ་བ་ན་སྟོན་པ་རིན་ཆེན་འབྱུང་ལྡན་ལ། འཁོར་རྫུས་ནས་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཁྱེའུ་

p. 926

དང་བུ་མོ་རྣམས་ཀྱང་ཁ་དོག་སེར་བ། ས་གཞི་རྣམས་ཀྱང་རིན་པོ་ཆེ་གསེར་ལས་གྲུབ་པའོ། །ཡོན་ཏན་ཚད་མེད་པ་དང་ལྡན་པའོ། །ནུབ་ཕྱོགས་པདྨ་བརྩེགས་པ་ན་སྟོན་པ་སྣང་བ་མཐའ་ཡས། འཁོར་བྱང་ཆུབ་སེམས་དཔའ་རྫུས་སྐྱེས་སུ་སྣང་བ་ཐམས་ཅད་ཁ་དོག་དམར་བ། སྤྲུལ་པའི་བྱ་དང་རི་དྭགས་དང་རྟ་དང་གླང་པོ་ལ་སོགས་པ་ཐམས་ཅད་ཀྱང་རབ་ཏུ་དམར་བའི་མདངས་དང་ལྡན་པའོ། །བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ན་སྟོན་པ་དོན་ཡོད་གྲུབ་པ་ལ་འཁོར་ཚད་མེད་པས་བསྐོར་བ་སྤྲུལ་པའི་སྲོག་ཆགས་དང་བཅས་པ་ཐམས་ཅད་ལྗང་གུར་འཚེར་བ། ས་གཞི་རྣམས་ཀྱང་ནོར་བུ་མར་གད་དང་ཨིནྡྲ་ནཱི་ལའི་རང་བཞིན་ནོ། །དེ་དག་ཐམས་ཅད་ཀྱི་དབུས་མདུན་གྱི་ནམ་མཁའ་མི་མཇེད་བརྩེགས་པ་ལ་དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བ། སྤྲུལ་པའི་ཁྲོ་བོའི་ཞིང་ཁམས་ཡོད་དོ། །དེར་འདིའི་ཆོས་ཟབ་མོའི་སྒོ་མཐོང་བ་ཙམ་གྱིས་དབང་པོ་ཐ་མ་རྣམས་རང་རང་གི་རིགས་སུ་དབུགས་ཕྱུང་སྟེ། དེ་ནས་ལོ་ལྔ་བརྒྱ་ན་བར་དོ་མེད་པར་སངས་རྒྱས་ཉག་གཅིག་རྙེད་དོ། །དེ་དག་ཀྱང་ཨ་ཏི་བཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་འདི་ནི་མི་ཡུལ་སྣང་། །དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་གྱུར་པ། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདེང་དུ་མ་གྱུར་ཀྱང་། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་པ། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང་། །རྫུས་སྐྱེས་དག་པས་མངལ་གྱི་རྒྱ་དང་བྲལ། །ཤར་ཕྱོགས་མངོན་དགའ་མི་འགྱུར་རྡོ་རྗེའི་ཞིང་། །མི་བསྐྱོད་སྟོན་པས་འཁོར་གྱི་ཤེས་རྒྱུད་འགྲོལ། །གདུལ་བྱ་རང་སྣང་ཡོན་ཏན་བསམ་མི་ཁྱབ། །དཔལ་དང་ལྡན་དང་པདྨ་བརྩེགས་པ་དང་། །ལས་རབ་ཉིད་ནི་ཡོངས་སུ་རྫོགས་པའི་ཞིང་། །རིན་ཆེན་འབྱུང་དང་པདྨ་གར་དབང་རྟ། །དོན་

p. 927

གྲུབ་སྟོན་པས་ཤེས་བྱའི་སྒྲིབ་པ་སྦྱོང་། །དཀར་སེར་དམར་དང་ལྗང་གུའི་ཁ་དོག་གསལ། ཁོད་སྙོམས་ཡིད་འོང་བྱ་སྐད་སྣ་ཚོགས་སྒྲོགས། །དྲི་བསུང་ངད་འཇམ་ལྟ་བས་ཆོག་མི་ཤེས། །དབང་པོ་ཚིམ་བྱེད་ཡོན་ཏན་ཀུན་དང་ལྡན། །ཁ་དོག་ལུས་རྫོགས་ཟས་གོས་དུས་གཅིག་རྫོགས། །ལུས་ཀྱི་རྩོལ་བྲལ་རླུང་བསྐྱོད་འགྲོ་དང་འདུག །རླུང་མཁྲིས་བན་ཀན་འདུས་པའི་ནད་རྣམས་མེད། །ཡན་ལག་བརྒྱད་ལྡན་རོ་བརྒྱ་འདུས་པའི་ཆུ། །འཐུངས་པས་ཚིམ་བྱེད་རེག་ན་ལུས་ཀྱང་འཇམ། །ས་ཆུ་མེ་རླུང་འབྱུང་བས་ཕན་གནོད་བྲལ། །བཀྲེས་དང་སྐོམ་དང་ཚ་གྲང་སྡུག་བསྔལ་སེལ། །འདོད་ཆགས་ཞེ་སྡང་གཏི་མུག་ཉོན་མོངས་རྣམས། །སྐྱེ་བའི་རྒྱུ་མེད་ཤེས་པ་བག་ཡངས་སོ། །བལྟས་དགོད་ལག་བཅངས་གཉིས་འཁྱུད་འདོད་ཆགས་མེད། །ཆོག་ཤེས་སྲེད་བྲལ་རྟག་ཏུ་ཆོས་ལ་ཉན། །སྒྲིབ་གཉིས་བྲལ་ནས་སྐྱེ་བ་གཅིག་གིས་ཐོགས། །མཆོད་པའི་ལྷ་མོས་ཡིད་འོང་བཀྲ་ཤིས་བརྗོད། །གཞལ་ཡས་ཁང་མཛེས་སྒོ་བཞི་རྟ་བབས་ལྡན། །ཤེལ་དང་གསེར་དང་མར་གད་ཨིནྡྲ་ནཱིལ། བཀྲ་ཤིས་གདུགས་དང་འཁོར་ལོ་རྒྱལ་མཚན་མཛེས། །དེ་ལྟར་རང་བཞིན་ཕྱོགས་བཅུ་སྤྲུལ་པའི་ཞིང་། །རང་རང་སྟོན་པས་རང་རང་འཁོར་རྒྱུད་འདུལ། །མདུན་གྱི་ནམ་མཁའ་མི་མཇེད་བརྩེགས་པ་ན། །འཇིག་པའི་ཁྲོ་གནས་དུར་ཁྲོད་མེ་རི་འབར། །འཇིགས་པའི་སྒྲ་དང་ཁྲོ་གཟུགས་ཨ་ལ་ལ། །འདི་ཉིད་མཐོང་བ་ཙམ་གྱིས་དེ་གྲོལ་འགྱུར། །སྐལ་ལྡན་སྟོབས་མེད་སྙིང་པོའི་དོན་འཛིན་པ། །དེར་ནི་དབུགས་ཕྱུང་སྐྱེ་བ་གཅིག་པ་སྟེ། །ལྔ་བརྒྱ་དག་ན་ངེས་པའི་སར་གྲོལ་ལོ། །ཞེས་པ་དང་། དེ་དག་གི་གནས་དང་བཀོད་པ་རྒྱ་ཆེར་བཤད་ན། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པའི་སྐུའི་ཞིང་

p. 928

ཁམས་དེ་ན། སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་དམ་པ་ཐོབ་པའི་གནས་དེ་ན། གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེའི་རྟ་བབས་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ། བལྟ་ན་སྡུག་པ། ཐེམ་སྐས་དང་། སྐར་ཁུང་དང་ལྡན་པ། ཕྱོགས་བཞི་ན་གསེང་སྐར་ཆེན་པོ་བཞི་ཡོད་པ། གསེང་སྐར་ནས་ཉི་མ་འཆར་བས། རིན་པོ་ཆེ་ཤེལ་ལས་གྲུབ་པ་ལ་ཕོག་ནས། ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཆར་རོ། །གཞལ་ཡས་ཁང་དེའི་ཕྱི་རིམ་ན། ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་པ་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རིམ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང་། མཐིང་རིལ་དང་། བྱ་ཀ་ཏི་དང་། ནེ་ཙོ་མི་སྐད་ཤེས་པ་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དང་། རི་སྐེགས་དང་། དེ་ལ་སོགས་ཏེ་བྱ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་བཅུ་དང་། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང་། སྦ་བ་དང་། ཟེར་མོ་དང་། ལྷའི་བྱ་དྲིལ་བུའི་སྐད་ཅན་དང་། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང་། དུང་གི་མདོག་ལྟར་དཀར་བ་དང་། བྱུ་རུའི་མདོག་ལྟར་དམར་བ་དང་། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ཏེ། ཡིད་དུ་འོང་བ་དང་། སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་འཆད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་

p. 929

པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ། སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་ནང་གི་ཆོས་འཆད་དོ། །ཉི་མ་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ། །དེ་ལྟར་ཞག་རེ་རེ་ལ་ཆོས་ཐུན་བཞི་བཞི་འབྱུང་ངོ་། །དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ། ལོ་ཡང་ལྔ་བརྒྱ་ལྔ་བཅུ་ཐུབ་བོ། །ཞིང་ཁམས་དེ་ན་ཟས་དང་སྐོམ་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་པ་ཡོད་དོ། །དེ་ན་ནད་མེད་པས་མཆོག་ཏུ་བདེ་ལ། བྱུང་སྲིད་ན་ཡང་ཆུ་ཡན་ལག་བརྒྱད་དང་ལྡན་པ་དེ་འཐུངས་པས་ནད་སེལ་ཏོ། །མེ་ཏོག་སྣ་ཚོགས་ཀྱིས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་ཆེར་བྱེད་པ་ཤ་སྟག་གོ། གཞལ་ཡས་ཁང་དེའི་ཟུར་བཞི་ན་མུ་ཏིག་ལས་གྲུབ་པའི་མཆོད་རྟེན་བཞི་ཡོད་དེ། དེ་བཞིའི་བར་ན་དྲིལ་བུ་གཡེར་ཁའི་དྲ་བའི་ཐག་པས་སྦྲེལ་ནས་ཡོད་དོ། །ཐག་པ་དེ་རླུང་གིས་བསྐྱོད་པ་དང་། དྲིལ་བུའི་སྒྲ་ཡིད་དུ་འོང་བ་སྣ་ཚོགས་འབྱུང་ངོ་། །ཕྱོགས་བཞི་ན་དར་སྣ་ཚོགས་ཀྱི་བ་དན་བཞི་ཡོད་དེ། དེ་རླུང་གིས་བསྐྱོད་པ་ལས་དྲི་ཞིམ་པ་སྣ་ཚོགས་པ་འབྱུང་ངོ་། །གཞལ་ཡས་ཁང་དེ་ནི་འདི་ནས་ཤར་ཕྱོགས་ན་དཔག་ཚད་ལྔ་བརྒྱ་འདས་པའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷ་དང་ལོངས་སྤྱོད་མཉམ་མོ། །ཤར་ཕྱོགས་ཀྱི་སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་དོ། །འདི་ནས་ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་སྤྲུལ་པ་སྐུའི་གནས་དེ་ནའང་། རིན་པོ་ཆེ་གསེར་ལས་གྲུབ་པའི་ཁང་པ་གྲུ་བཞི་བ་གམ་དང་བཅས་པ། སྒོ་བཞི་རྟ་བབས་དང་བཅས་པ། ཟུར་བཞི་མཆོད་རྟེན་དང་བཅས་པ། ལོགས་བཞི་བ་དན་དང་བཅས་པ། ཕྱོགས་བཞི་གསེང་སྐར་དང་བཅས་པ། མཚོ་བདུན་བྱ་དང་བཅས་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་ལྕགས་རི་དང་བཅས་པ། ཁྲི་དང་ཆོས་ཀྱང་གོང་ལྟར་བཤད་དོ། །བྱང་ཆུབ་སེམས་

p. 930

དཔའ་དེ་དག་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ། སྤྲུལ་པའི་སྐུ་རིན་པོ་ཆེ་འབྱུང་ལྡན་གྱི་ཞིང་ཁམས་དེ་ན་ཡོན་ཏན་དེ་ལྟ་བུ་ཡོད་དོ། །འདི་ནས་ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་ན། སྤྲུལ་པའི་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་དེ། དེ་ན་ཡང་གོང་གི་ཡོན་ཏན་དང་མཉམ་པ་ཡོད་དོ། །འདི་ནས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ་ཡོད་དེ། དེ་ནའང་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བའི་ཞིང་ཁམས་དེ་ན། གཞལ་ཡས་ཁང་གི་ཡོན་ཏན་འདི་ལྟ་བུ་ཡོད་དེ། རིན་པོ་ཆེ་ཨིནྡྲ་ནཱི་ལ་ལས་གྲུབ་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། དེ་ཡང་ཕྱོགས་བཞི་ན་གསེང་སྐར་ཆེན་པོ་བཞི་ཡོད་ལ། དེ་ནས་ཉི་མ་ཤར་བས་འོད་ལྗང་གུས་ནང་ཁེངས་ནས་ཡོད་དོ། །ས་གཞི་ཐམས་ཅད་ཀྱང་ཨིནྡྲ་ནཱི་ལ་ལས་གྲུབ་ནས་ཡོད་དོ། །དེའི་ཕྱི་རིམ་ན་ཆུ་ཡན་ལག་བརྒྱད་དང་ལྡན་པ། ཆུ་དེ་ཡང་རེག་ན་བདེ་བ། འཐུངས་ན་ནད་ཐམས་ཅད་སེལ་བ་ཡོད་དོ། །དེའི་ཕྱི་རིམ་ན་མཚེའུ་བདུན་ཡོད་དེ། དེའི་ནང་ན་བྱ་སྐད་སྙན་པ་རྣམ་པ་སྣ་ཚོགས་པ་གནས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང་། མཐིང་རིལ་དང་། བྱ་ཀ་ཏ་རི་དང་། རྨ་བྱ་དང་། ནེ་ཙོ་མི་སྐད་ཤེས་པ་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དང་། རི་སྐེགས་དང་། དེ་ལ་སོགས་ཏེ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང་། ཟེར་མོ་དང་། སྦ་བ་དང་། ལྷའི་བྱ་དྲིལ་བུའི་སྐད་ཅན་དང་། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་དང་། དེ་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང་། དུང་གི་མདོག་ལྟར་དཀར་བ་དང་། བྱུ་རུའི་མདོག་ལྟར་དམར་བ་དང་། ཨིནྡྲ་ནཱི་ལའི་མདོག་ལྟར་ལྗང་བ་དང་། དེ་དག་ལ་སོགས་ཏེ་ཡིད་དུ་འོང་བ་དང་། སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་

p. 931

གྱི་ལྕགས་རི་ཡོད་པ། དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་མར་གད་ཏ་ལ་ལས་གྲུབ་པའི་ཁྲི་ཆོས་བཤད་པའི་སྟན་དང་བཅས་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བ་དེ། སྲོད་ལ་གདམས་ངག་གི་ཆོས་སྟོན་ཏོ། །ནམ་ཕྱེད་ན་དབང་གི་ཆོས་སྟོན་ཏོ། །ཐོ་རངས་སྤྱོད་པའི་ཆོས་སྟོན་ཏོ། །ཉི་མ་ཕྱེད་ན་ལྟ་སྒོམ་གྱི་ཆོས་སྟོན་ཏོ། །དེ་ལྟར་ཞག་རེ་ལ་ཆོས་ཐུན་བཞི་བཞིས་འཁོར་རྣམས་ཀྱི་རྒྱུད་འགྲོལ་ཏོ། །དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ། ལོ་ཡང་སྟོང་ཐུབ་བོ། །ཞིང་ཁམས་དེ་ན་ཟས་དང་སྐོམ་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་པ་ཡོད་དོ། །དེ་ན་བད་ཀན་ལས་གྱུར་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། འདུས་པ་ལས་གྱུར་པའི་ནད་མེད་དོ། །མེ་ཏོག་སྣ་ཚོགས་པས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་རྒྱ་ཆེར་བྱེད་པ་ཤ་སྟག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཁ་དོག་ལྗང་གུ་ཤ་སྟག་གོ། རྟ་དང་བཞོན་པ་ཡང་ལྗང་གུ་ཤ་སྟག་གོ། ཁྱེའུ་དང་བུ་མོའི་གཟུགས་སུ་སྣང་བ་ཤ་སྟག་གོ། ཀུན་ཀྱང་སེམས་ཀྱི་རྣམ་པར་རྟོག་པ་མེད་པའོ། །ཞིང་ཁམས་དེ་ན་སེམས་རྣམ་པ་གསུམ་མེད་དོ། །ཡིད་དྲུག་མེད་དོ། །ཉོན་མོངས་པ་དྲུག་མེད་དོ། །མ་རིག་པ་མེད་དོ། །རྐྱེན་བཞི་དང་བཅས་པ་མེད་དོ། །མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་མེད་དོ། །ཀུན་ཀྱང་རྣམ་རྟོག་དང་བྲལ་བ་ཤ་སྟག་གོ། གཞལ་ཡས་ཁང་གི་འཁོར་གྱི་ཡོན་ཏན་ནི། གཞལ་ཡས་ཁང་དེའི་གྲུ་བཞི་ན། རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་ཁྲི་འཕང་དགུ་པ་བཞི་ཡོད་དོ། །དེ་དག་གི་བར་རྣམས་གསེར་གྱི་དྲིལ་བུ་གཡེར་ཁའི་དྲ་བས་སྦྲེལ་ནས་ཡོད་དེ། དེ་དག་རླུང་གིས་བསྐྱོད་པ་ལས་དྲིལ་བུའི་སྒྲ་སྙན་པ་སྣ་ཚོགས་འབྱུང་ངོ་། །མཆོད་རྟེན་བཞི་ལ་ཉི་མ་ཕོག་པས་འོད་ལྔའི་ཞགས་པས་འབྲེལ་ནས་ཡོད་དོ། །ཕྱོགས་བཞི་ན་

p. 932

རྨ་བྱའི་བ་དན་བཞི་ཡོད་དོ། །དེ་རླུང་གིས་བསྐྱོད་པས་ཡིད་དུ་འོང་བ་དང་མཛེས་པ་སྣ་ཚོགས་འབྱུང་ངོ་། །ཡོན་ཏན་དཔག་ཏུ་མེད་པ་དེ་ལྟ་བུ་ཡོད་དོ། །གཞལ་ཡས་ཁང་དེ་ནི་འདི་ནས་བྱང་ཕྱོགས་ན་དཔག་ཚད་ལྔ་བརྒྱའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་གཟུགས་ཁམས་ཀྱི་ལྷ་དང་ལོངས་སྤྱོད་མཉམ་མོ། །བྱང་ཕྱོགས་ཀྱི་སྤྲུལ་པའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་དོ། །ཞིང་ཁམས་དེ་དག་གི་མདུན་གྱིི་བར་སྣང་ལ་སྤྲུལ་པའི་སྐུ་ཁྲོ་བོའི་ཞིང་ཁམས་ཡོད་དེ། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་འདི་ཡོད་དེ། དེ་ཡང་གཞལ་ཡས་ཁང་འདི་ལྟ་བུ་ཡོད་དོ། །ཐོད་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། ཐོད་པ་སྐམ་པོས་འབྲས་བུ་བྱས་པ། ཤ་ར་རི་ཡོད་པས་རྩིག་པ་བྱས་པ། བྷན་དྷ་ལྕང་ལོ་ཅན་གྱིས་ཁ་བད་བྱས་པ། རྒྱ་དང་དཔངས་སུ་དཔག་ཏུ་མེད་དེ། གནམ་ལྕགས་ཀྱི་གཟེར་བཏབ་པ། རཀྟའི་ཞམ་ཆུ་འབབ་པ། ཉི་ཟླའི་ཀ་གདན་བྱས་པ། ཆུ་སྲིན་ཁའི་ཀ་གཞུ་བྱས་པ། ལྷ་ཆེན་པོ་བརྒྱད་གདུང་དུ་བྲེས་པ། མཆོག་ཆེན་པོའི་གྲབ་བཏང་བ་ཡོད་དོ། །ཉིན་མོ་རླུང་འཚུབ་པ། མཚན་མོ་མེ་འབར་བ། གཞལ་ཡས་ཁང་དེའི་གྲུ་བཞི་ན་ཞིང་ཆེན་གྱི་གདུགས་ཕུབ་པ། ལྷ་མོ་ལྔ་གར་བྱེད་པ། ས་གཞི་ཐམས་ཅད་ཀྱང་རཀྟའི་རྦ་ཀློང་འཁྲུག་པའོ། །གཞལ་ཡས་ཁང་དེའི་ནང་ན། བཅོམ་ལྡན་འདས་གཞོན་ནུ་དཔའ་པོ་སྟོབས་ལྡན་ཞེས་བྱ་བ། ཐུགས་ཞི་བ་ལས་མ་གཡོས་ཀྱང་། སྐུ་ཁྲོ་བོའི་ཆ་བྱད་དུ་བསྟན་པ། མཁའ་འགྲོ་མ་དང་། ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་ཡོད་དེ། དེ་ཡང་འདི་ལྟ་སྟེ། མཁའ་འགྲོ་མ་པུརྞ་ཉེ་བར་ཞི་བ་དང་། ཚངས་པ་དུང་མགྲིན་ཅན་དང་། དྲང་སྲོང་ཟླ་འོོད་གཞོན་ནུ་དང་། ཡང་འཁོར་གྱི་མཁའ་འགྲོ་མ་ཨེ་ཀ་ཙ་ཏི་སྤུན་དྲུག་དང་། དེའི་བྲན་མོ་བཅུ་བཞི་དང་། གཡོག་མོ་ལྔ་བཅུ་རྩ་བརྒྱད་དང་། ཡང་

p. 933

གཡོག་འབུམ་ཁྲི་འབུམ་སྟོང་ལ་སོགས་ཏེ། མཁའ་འགྲོ་མའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །བཅོམ་ལྡན་འདས་དེའི་ཐུགས་ལས་སྤྲུལ་པའི་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་ཏེ། ཁྲོ་བོའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ། དགའ་རབ་རྡོ་རྗེ་ལ་སོགས་ཏེ་མིའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །འཁོར་རྣམས་ལ་འབྲས་བུ་གསང་སྔགས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས། ཞི་བ་སྤྲུལ་པ་སྐུའི་བྱང་ཆུབ་སེམས་དཔའ་རྣམས་གྲོལ་བར་བྱེད་པ། ཐམས་ཅད་ཀྱང་ཁྲོ་བོའི་གཉེར་མ་དང་ལྡན་པ་ཤ་སྟག་གོ། གཞལ་ཡས་ཁང་དེ་ནི་ཤིན་ཏུ་ཡངས་པ་དང་ལྡན་པའོ། །དབང་པོ་ཐ་མའི་གང་ཟག་དེ་དག་ནི། དེར་བྲེད་ཅིང་སྔངས་ནས་སྤྲུལ་པའི་སྐུའི་ཞིང་ཁམས་སུ་སྐྱེ་བ་ཤ་སྟག་གོ་ཞེས་གསུངས་སོ། །དེ་དག་ཀྱང་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་བཞིན་གྱིས་བཀོད་པའི་ཕྱིར་རང་བཞིན་སྤྲུལ་པའི་ཞིང་ཞེས་བྱའོ། །ཞིང་ཁམས་དེ་དག་གི་རྒྱུ་ནི་སྙིང་ག་ན་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་རིན་པོ་ཆེ་རང་གསལ་བའི་རང་གདངས་དང་། དུང་ཁང་ན་ཁྲོ་བོའི་དཀྱིལ་འཁོར་དུ་ཡེ་ནས་བཞུགས་པའི་སྣང་བ་ལས་ཤར་བ་ཡིན་ནོ། །འཁོར་ལ་སྣང་བ་དང་། དབང་པོ་ཐ་མས་མཐོང་ནུས་པའི་རྒྱུ་དང་། གྲོལ་ངེས་པའི་རྒྱུ་ཡང་དེ་ཡིན་པར་རིག་པར་བྱའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་དབུགས་དབྱུང་བ་སྟེ་རིམ་ཁང་ཉི་ཤུ་རྩ་བཞི་པའོ།། །།

རིམ་ཁང་ཉེར་ལྔ་པ། ལྷུན་གྱིས་གྲུབ་པ་འབྲས་བུའི་རྣམ་པར་གཞག་པ།

p. 934

དེ་ལྟར་གསང་མཆོག་ངེས་པ་གནད་ཀྱིས་གྲོལ་བའི་གཞི་དང་ལམ་གྱི་རིམ་པ་རྒྱ་ཆེར་བཤད་ནས། ད་ནི་ཐབས་དེས་གང་དུ་གྲུབ་པ་མཐར་ཕྱིན་འབྲས་བུའི་རིམ་པ་གཏན་ལ་དབབ་པ་ལ་གཉིས་ཏེ། ནང་དབྱིངས་ཀ་དག་གི་ས་ལ་མངོན་པར་བྱང་ཆུབ་པའི་ཚུལ་སྤྱིར་བསྟན་པ་དང་། ལྷུན་གྲུབ་འོད་གསལ་གྱི་འཆར་གཞི་ལས་སྐུ་དང་ཡེ་ཤེས་ཀྱི་སྣང་ཚུལ་བྱེད་བྲག་ཏུ་བཤད་པའོ། །དང་

p. 935

པོ་ལ་གསུམ་སྟེ། གྲོལ་སའི་ངོ་བོ་ངོས་གཟུང་། ཇི་ལྟར་གྲོལ་བའི་རང་བཞིན་སོ་སོར་བཤད། སྐུ་དང་ཡེ་ཤེས་འཆར་གཞི་གཏན་ལ་དབབ་པའོ། །དང་པོ་ནི། རང་བྱུང་གི་རིག་པ་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་གྱི་དྲི་མ་མཐའ་དག་གིས་དག་སྟེ། དག་པ་གཉིས་ལྡན་གྱི་ཆོས་སྐུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཀ་དག་རིན་པོ་ཆེ་གསང་བའི་སྦུབས་ནི་མཐར་ཐུག་གི་གྲོལ་ས་ཡིན་ཏེ། རིག་པ་རང་ཤར་ལས། གྲོལ་ས་ནི་ཀ་དག་གི་སྣང་བའོ། །དཔེར་ན་བུམ་པའི་སྐུ་ལྟ་བུའོ་ཞེས་པ་དང་། སངས་རྒྱས་ཀུན་གྱི་སྐྱེལ་ས་ནི། །ཀ་དག་ཆེན་པོ་དཀྱིལ་འཁོར་རོ། །ཞེས་པ་དང་། རིན་པོ་ཆེ་སྤུངས་པ་ལས། འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ཡ་མཚན་ཆེ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་སོ། །ཐོག་མའི་ཀ་དག་ལ་རིག་པ་རང་ངོ་ཤེས་ནས་ད་རྒྱུར་མི་ལྡོག་པས་འཁྲུལ་གཞི་ཟད་པས་འབྲས་བུ་ཞེས་བྱ་བར་མིང་འགྱུར་བའོ། །ཞིབ་ཏུ་གོང་དུ་གཞིའི་སྐབས་སུ་བཤད་ཟིན་པ་ལས། ཁྱད་པར་དྲི་མ་དང་བྲལ་བས་ཕྱེ་བར་རིག་པར་བྱའོ། །གཉིས་པ་ལ་གསུམ་སྟེ། དབྱིངས་སུ་གྲོལ་ཚུལ་དངོས། དབྱིངས་སུ་གནས་པའི་རང་བཞིན། དབྱིངས་སུ་ཆོས་ཉིད་ཀྱི་དགོངས་ཀློང་ཇི་ལྟར་འཁྱིལ་བའོ། །དང་པོ་ནི། དབང་པོ་རྣོ་རྟུལ་འབྲིང་གསུམ་གྲོལ་བའི་ཚེ་འབྲས་བུ་ལ་ཁྱད་པར་མེད་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དགོངས་པ་ཟད་པའི་ཆོས་སྐུ་བརྗོད་བྲལ་དེ་ཉིད་དུ་གཅིག་པས་ངོ་མཉམ་ཐ་དད་མེད་པའི་རང་བཞིན་ཐིག་ལེ་ཉག་གཅིག་ཏུ་སངས་རྒྱས་ཏེ། དེའང་ཚེ་འདིར་རྡོས་བཅས་དག་གམ་བར་དོར་རང་སྣང་ཟིན་ནམ། སྤྲུལ་པའི་ཞིང་དུ་དབུགས་ཕྱུང་ཡང་རུང་སྟེ། ལམ་སྣང་གི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཕྱིར་གསལ་གྱི་ཆ་རྣམས། ལྷུན་གྲུབ་ཐིམ་ཚུལ་གྱི་རིམ་པས་དབྱིངས་སུ་ནུབ་པ་ཤེལ་འོད་ནང་དུ་བསྡུས་

p. 936

པ་ལྟ་བུའི་ཚེ་ན་སྣང་བ་སྟོང་པར་གྲོལ་ཏེ། ཡེ་ཤེས་དབྱིངས་སུ་ཐིམ་ནས། གཟུགས་སྐུ་ཆོས་སྐུའི་ཀློང་དུ་མྱ་ངན་ལས་འདས་ཏེ། དངོས་པོ་དང་མཚན་མ་མེད་པ་ནམ་མཁའ་ལྟ་བུའི་ཆོས་ཉིད་དུ་རོ་གཅིག་པ་ནི་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དཔེར་ན་དབྱིངས་ལས་རིག་པ་གུད་དུ་བཅད་དེ་ལུས་ལ་གནས་པ་བུམ་ནང་གི་ནམ་མཁའ་ལྟ་བུ་དེ་ཁའི་བུ་ག་ནས་ནམ་མཁའ་ཆེ་བ་འདི་དང་འབྲེལ་བ་ལྟར། སྒྲོན་མ་བཞིས་ཐོག་མའི་ཀ་དག་དང་མཚམས་སྦྱར། བུམ་པ་ཆག་དུས་ཕྱི་ནང་བར་གསུམ་གྱི་ནམ་མཁའ་དབྱེར་མེད་ངོ་བོ་གཅིག་ཏུ་གནས་པ་ལྟར། ལུས་སེམས་བྲལ་བས་རིག་པ་སྔ་ཕྱི་བར་མེད་ཆེན་པོ་ནང་དབྱིངས་ཀ་དག་ཆེན་པོར་གནས་པ་སྟེ། ཀློང་དྲུག་པ་ལས། ངང་ཀུན་ཏུ་བཟང་པོར་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ནས་འགྲན་ཟླ་མེད་པར་སངས་རྒྱས་པའི་ཚེ་ཆོས་ཐམས་ཅད་ཀྱི་མིག་རྡུལ་དང་བྲལ་བ་ཞེས་བྱ་བ་སྙེད་དོ། །ཞིང་ཁམས་ཀུན་ཏུ་མཐའ་ཡས་པ་མཐོང་ནས་སྣང་བ་ཕྱི་ནང་གཉིས་སུ་མེད་པར་འདྲེས་པའི་ཚེ་ཀློང་རྣམ་པར་དག་པའི་དགོངས་པ་ཐོབ་སྟེ། དེའི་ཚེ་འཁོར་བ་ཉིད་ཐོག་མཐའ་ཆོད་པ་ཞེས་བྱའོ་ཞེས་སོ། །དེ་ལྟར་ནམ་མཁའ་འདྲེས་པའམ། ཡང་ན་ཕྱིར་སྣང་རང་འོད་ཀྱི་ཟེར་རྣམས་དབྱིངས་སུ་ཐིམ་པ་ཉི་མ་ནུབ་པས་ཟེར་རང་ལ་འདུས་པའམ། ཆུ་ལ་ཆུ་ཐིམ་པའམ། མར་ལ་མར་ཐིམ་པ་དང་ཡང་འདྲ་སྟེ། སྐུ་གདུང་འབར་བ་ལས། དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལས་ནི་ཟེར་འདུས་ལྟར། །རང་སྣང་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོ་རང་ཐིམ་ནས། དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཇི་ལྟར་ཆུ་ལ་ཆུ་ཐིམ་དང་། །དེ་བཞིན་མར་ལ་མར་ཐིམ་དང་། །ནམ་མཁའ་ནམ་མཁར་ཐིམ་པ་བཞིན། །གཉིས་མེད་ངོས་གཟུང་མེད་པར་འགྱུར། །ཅེས་སོ། །དེའི་ཚེ་ཀ་དག་གི་ནང་དབྱིངས་སུ་ཐིམ་པས་རིག་པ་རང་ས་ཟིན་ཏེ། རྒྱལ་བ་འོད་མི་འགྱུར་བའི་སངས་རྒྱས། མངའ་

p. 937

དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡེ་ཤེས་ལྷུན་གྲུབ་ཀྱི་མགོན་པོ་རྡོ་རྗེ་འཆང་ཞེས་བྱ་བར་གྱུར་ཅིང་། ལམ་གྱི་ཆོས་རྣམས་འབྲས་བུ་ཐོབ་པས་ཟད་ལ། འབྲས་བུའི་ཆོས་རྣམས་ཟླ་བ་ཉ་གང་བ་ན་འཕེལ་ཟད་པ་ལྟར་ཡོངས་སུ་རྫོགས་པས་དེ་ལས་གོང་དུ་འགྲོར་མེད་པས་ཟད་པའི་སར་ཕྱིན་པ་ནི། རང་ཤར་ལས། རྟོགས་པའི་སྐྱེས་བུ་བློ་རྩལ་ཅན། །མི་འགྱུར་མཉམ་ཉིད་ངང་དུ་ཐིམ། །རྟོག་མེད་ཤེས་རབ་རང་ཤར་རོ། །བདེ་བྱེད་བརྩེགས་པའི་ས་ཆེན་དེར། །མ་བཀོད་ནོར་བུའི་ཕུང་པོ་ལྟར། །སྣ་ཚོགས་འབྱུང་ཞིང་ངང་དུ་ཐིམ། །སངས་རྒྱས་ཀུན་གྱི་མེས་པོ་ནི། །འོད་མི་འགྱུར་བར་ཀུན་ཏུ་གྲགས། །ཞེས་པ་དང་། ཀློང་དྲུག་པ་ལས། དྲན་ཤེས་རྣམས་ནི་མྱ་ངན་འདས་པའི་ཚེ་ན་བརྗོད་པའི་མཐའ་ཀུན་རང་གིས་རང་ཟད་པའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་མྱ་ངན་འདས་པའི་ཚེ་ན་སྣང་སྲིད་ཐམས་ཅད་བདེ་བའི་ཞིང་དུ་སྣང་། །དབང་པོ་ཡུལ་རྣམས་མྱ་ངན་འདས་པའི་ཚེ་ན་ཕྱག་རྒྱ་མཆོག་གི་ལོངས་སྤྱོད་ཆེན་པོར་རང་སྣང་བའོ། །སྒྲ་ཚིག་རྣམས་ནི་མྱ་ངན་འདས་པའི་དུས་ན་སྣང་བ་ཀུན་ལས་ཕ་རོལ་ཕྱིན་པའོ། །ལྟ་སྒོམ་སྤྱོད་པ་འབྲས་བུ་མྱ་ངན་འདས་པའི་དུས་ན་རྩོལ་བཅས་དྲན་པ་རང་ཟད་ཡིན། །ཆོས་དང་ཤེས་རབ་མྱ་ངན་འདས་པའི་དུས་ན་ལྷའི་སྐུ་རྣམས་མི་དམིགས་རྒྱ་ཡིས་ཐེབས་པར་སྣང་། །ཉམས་མྱོང་མྱ་ངན་འདས་ཉིད་ཟད་པའི་དུས་ན་བྱུང་ཚོར་རྣམས་ཀྱི་སྒོ་ཡང་རང་གིས་རང་འགགས་སོ། །དྲོད་དང་རྟགས་ནི་རང་ཟད་མྱ་ངན་འདས་པའི་ཚེ་ན་ཉོན་མོངས་རྣམས་ནི་རང་ཟད་སྟོངས་པར་བྱས་པ་ཡིན། །ཟད་པའི་ཆོས་འདི་སྤྱོད་པའི་གང་ཟག་བསྐྱེད་དང་རང་རྫོགས་སོ། །སྙིང་པོ་འདི་ལ་གནས་པའི་སྐྱེས་བུ་སྐལ་ཅན་སུས་མཐོང་བ། །འདི་ནི་སངས་རྒྱས་ཀུན་གྱི་འབྲས་བུ་ཀུན་ཏུ་བཟང་པོའི་ངོ་བོ་རང་འདུག་ཡིན། །སངས་རྒྱས་རྣམས་ཀྱི་འབྲས་བུ་འདི་ལ་སུ་གོམས་དཔལ་ལྡན་རྡོ་རྗེ་འཛིན་པ་ཉིད་དུའང་

p. 938

འགྱུར། །ཐོག་མའི་མགོན་པོ་དྲི་མེད་དག་པ་འོད་ཀྱི་སྦུབས་ནས་རང་བྱུང་ཤར་བས་ནི། །སངས་རྒྱས་ཀུན་གྱི་མཛད་པའི་བདག་ཉིད་དུ་ཡང་གསང་མཆོག་ཆེན་པོ་ཉིད་ཀྱི་སྐུ་ཐོབ་སྟེ། །དེ་ལས་མི་ལྡོག་རྣལ་འབྱོར་བློ་རྩལ་སྟོབས་དང་ལྡན་པའི་སྐལ་བ་ཅན། །འབྲས་བུ་ཀུན་གྱི་ཚད་དུ་ཕྱིན་པས་ཀུན་ཏུ་བཟང་པོ་ང་དང་མཉམ་པའོ། །ཞེས་སོ། །དེ་ལྟ་བུའི་ཀ་དག་རང་ངོ་ལ་ཡོད་མེད་ཀྱི་མཐའ་དང་བྲལ་བས་སྐུ་དང་ཡེ་ཤེས་ལ་སོགས་པའི་སྣང་བ་ཡོད་མེད་ལས་འདས་ལ། འཆར་གཞི་མ་འགགས་པ་ཙམ་ནི། ཤེལ་གོང་རང་ངོ་ལ་འོོད་དང་ཁ་དོག་གང་དུའང་མ་གྲུབ་ལ། དེའི་ངང་ནས་འོད་ལྔའི་འཆར་གཞི་མ་འགགས་པ་ལྟ་བུ་སྟེ། ཐལ་འགྱུར་ལས། འབྲས་བུ་བརྗོད་པར་མི་ནུས་ཀྱང་། །ཆོས་རྣམས་ཟད་སར་ཕྱིན་པ་དང་། །རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་པས། །ཆོས་སུ་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་བ་མེད་པས་འོང་མེད་པའོ། །ཞེས་པ་དང་། ཀློང་དྲུག་པ་ལས། དེ་ལྟར་ཆོས་ཉིད་ཀ་དག་ལ། །ཡེ་ཤེས་མེད་ཅིང་སྐུ་ཡང་མེད། །འོད་དང་ཁ་དོག་རྣམས་དང་བྲལ། །གང་གི་ངོ་བོར་གྲུབ་མེད་པས། །མ་རིག་པ་དང་ཉོན་མོངས་ཀྱང་། །སྨོས་ཅི་དགོས་ཏེ་ཡོད་མ་ཡིན། །ཅེས་སོ། །དེ་ལྟར་ནང་དབྱིངས་ཀ་དག་གི་རང་བཞིན་ལའང་འཆར་གཞི་ཙམ་ལས། དངོས་སུ་གང་དུའང་གྲུབ་པ་མེད་དེ། དེ་ཉིད་ལས། རང་བཞིན་ཉིད་ཀྱི་སྣང་བ་ལ། །མཚན་མར་འཛིན་པ་ཡེ་མེད་དེ། །ཁ་དོག་མ་ཡིན་རང་གསལ་བས། །ཤེས་ཤིང་རིག་པའི་ཆ་རྣམས་ཙམ། །འཛིན་པའི་གཟུང་ཡུལ་གང་མེད་ཕྱིར། །རྣམ་པར་རྟོག་པའི་འཛིན་ཆ་མེད། །འོད་ལས་འདས་པའི་ཡེ་གདངས་སུ། །ཡེ་ཉིད་ནས་ནི་ཁྱབ་པར་

p. 939

གནས། །སྐུ་ལས་འདས་པའི་རང་གདངས་སུ། །རྣམ་དག་ཕྱག་རྒྱ་ཆེན་པོར་གནས། །ཞེས་སོ། །གཉིས་པ་དབྱིངས་སུ་རིག་པ་གནས་པའི་རང་བཞིིན་ལ་ལྔ་སྟེ། འབྱུང་བ་མ་ལ་ཞ་བ། ཡེ་ཤེས་དབྱིངས་སུ་ཐིམ་པ། ཤེས་རབ་མཁའ་ལ་འདེགས་པ། འོད་གསལ་དབྱིངས་སུ་འཁྱིལ་བ། རིག་པས་རང་ས་ཟིན་པའོ། །དང་པོ་ནི། སྦུབས་གསུམ་གཅིག་ཏུ་དྲིལ་བས་འབྱུང་ལྔ་དྭངས་མར་གྲོལ་ཏེ། ཡེ་ཤེས་དག་པའི་སྤྱན་ལ་ཐོགས་པ་མེད་པའོ། །དེ་ཡང་མ་དག་པ་འཁྲུལ་པའི་སྣང་བ་དག་པ་ཆོས་ཉིད་ལ་ཐིམ་དུས། ཤ་ཁྲག་གི་ལུས་འོད་གསལ་སྒྱུ་མའི་ལུས་ལ་ཐིམ་ནས་དེ་ཉིད་ཆོས་སྐུ་རིན་པོ་ཆེ་གསང་བའི་ལུས་ལ་ཐིམ་དུས། ཤེས་རབ་ཀྱི་སྤྱན་ཡེ་ཤེས་ཀྱི་སྤྱན་ལ་ཐིམ་ཞིང་། དེ་ཉིད་ཆོས་ཉིད་ཀྱི་སྤྱན་ལ་ཐིམ་པས་ཡུལ་དང་ཤེས་པའི་སྤྱོད་བྱེད་རྣམ་པར་དག་སྟེ། རིན་པོ་ཆེ་གསང་བའི་སྦུབས་ནས་ཡེ་ཤེས་ནང་གསལ་བའི་དགོངས་པ་ལ་འཕོ་འགྱུར་མེད་པ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། མ་དག་འཁྲུལ་པའི་སྣང་བས་ཡེ་ཤེས་སྣང་བ་བསྒྲིབས། །འཁྲུལ་པའི་སྣང་བ་འགགས་ན་དག་པའི་སྣང་བ་འཆར། །བག་ཆགས་སྦུབས་ཀྱིས་ཡེ་ཤེས་སྒྱུ་ལུས་བསྒྲིབས། །ལུས་འདི་བོར་ནས་འོད་ཀྱི་སྣང་བ་འཆར། །དེ་ནས་རིན་ཆེན་སྦུབས་ལ་མཐར་ཕྱིན་འགྱུར། །སྦུབས་གསུམ་གཅིག་ཏུ་དྲིལ་ནས་སྤྲུལ་པ་ཕྱོགས་བཅུར་མཛད། །ཅེས་སོ། །ད་ལྟའི་ལུས་ཀྱི་འབྱུང་བ་ལྔ་སྙིགས་མའི་ཆ་རྣམས་དག་སྟེ། ཀ་དག་གི་ནང་དབྱིངས་འོད་གསལ་གྱི་འབྱུང་བ་ཆེན་པོ་ལྔའི་དབྱིངས་དེར་སོ་སོ་ནས་གནས་གྱུར་གྱི་ཆར་བརྩིས་ན། མ་དག་པའི་འབྱུང་བ་དངོས་དག་པའི་འབྱུང་བར་གནས་གྱུར་པའམ་བག་ལ་ཞ་བ་ནི་མ་ཡིན། མ་དག་པའི་འབྱུང་ལྔ་དག་སྟོབས་ཀྱིས་ཡེ་ཤེས་དག་པ་ལྔའི་འབྱུང་ཆེན་སྣང་རུང་ལ་ལྟོས་ནས། དག་འབྲས་སུ་རྣམ་པར་གཞག་གོ། དེ་ཡང་རླུང་རྡོ་རྗེ་རྒྱ་གྲམ་བཀོད་ལེགས་ཏེ་དམ་ཚིག་གི་

p. 940

ལྷ་མོ་མཁའ་ལ་འཁྱིལ་བས་གཡོ་བ་མེད་པའི་རླུང་དབྱིངས་སུ་ཐིམ། ས་རིན་པོ་ཆེ་རྣམ་ལྔའི་མཆོད་རྟེན་ཁོད་སྙོམས་ཤིང་ཚུལ་དུ་གཤིས་ཏེ། སྲ་བ་མེད་པའི་ས་དབྱིངས་སུ་ཐིམ། ཆུ་ཤེལ་གྱི་འཁོར་ལོ་བརྩེགས་ལེགས་པས་ལས་དང་ཉོན་མོངས་པའི་ཆ་ལས་གྲོལ་ནས་གཤེར་བ་མེད་པའི་ཆུ་དབྱིངས་སུ་ཐིམ། མེ་པདྨའི་དྲ་བ་འོད་འབར་ཏེ་མ་སྨིན་པ་སྨིན་པར་བྱས་ནས་ཚ་བ་མེད་པའི་མེ་དབྱིངས་སུ་ཐིམ། ནམ་མཁའ་རྣམ་དག་གི་ཆོས་ཉིད་ཀློང་ཡངས་ཤིང་ཀ་ནས་དག་པས་མ་དག་པ་འཁྲུལ་པ་གོ་འབྱེད་པའི་ནམ་མཁའ་དབྱིངས་སུ་ཐིམ་ནས། ཕྱི་ཡུལ། ནང་ལུས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་ཐམས་ཅད་རྣམ་པར་དག་སྟེ། ཡེ་ཤེས་རིན་པོ་ཆེའི་ངོ་བོ་སྟོང་པ་ཀུན་འབྱུང་གི་དཀྱིལ་འཁོར་ཀློང་ཡངས་པ་ནི། རང་ཤར་ལས། རིན་པོ་ཆེ་སྣ་ལྔའི་ཐང་ནི་ཀུན་སྙོམས། རིན་པོ་ཆེ་གསང་བའི་ཉི་མ་ལ་འཆར་ནུབ་མེད། རིན་པོ་ཆེ་ཆུའི་པདྨ་ལ་གོས་པ་མེད། རིན་པོ་ཆེ་མེའི་དཀྱིལ་འཁོར་བརྩེགས་ལེགས། རིན་པོ་ཆེ་རླུང་གི་ཤེས་རབ་ལ་རྟོག་པ་མེད། རིན་པོ་ཆེ་སའི་དཀྱིལ་འཁོར་ཐེག་པ་ཆེ། རིན་པོ་ཆེའི་ནམ་མཁའ་ནི་མཐའ་དང་དབུས་མེད། རིན་པོ་ཆེ་སྟོང་པའི་དཀྱིལ་འཁོར་བྲི་ལེགས། རིན་པོ་ཆེ་སྐུ་གདུང་འབར་བའི་མཆོད་རྟེན་ནི་བརྩེགས་ལེགས་ཞེས་པ་དང་། ངོ་སྤྲོད་སྤྲས་པ་ལས། མིག་དང་མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་པས། ལུས་ཡོངས་སུ་མྱ་ངན་ལས་འདས་ཏེ། གཟུགས་ཀྱི་ཕུང་པོ་རྣམ་པར་དག །ནམ་མཁའ་ཡོངས་སུ་མྱ་ངན་ལས་འདས་ཏེ། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག །ས་ཡོངས་སུ་མྱ་ངན་ལས་འདས་ཏེ། ཚོར་བའི་ཕུང་པོ་རྣམ་པར་དག །མེ་ཡོངས་སུ་མྱ་ངན་ལས་འདས་ཏེ། རྣམ་ཤེས་ཀྱི་ཕུང་པོ་རྣམ་

p. 941

པར་དག །རླུང་ཡོངས་སུ་མྱ་ངན་ལས་འདས་ཏེ། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་ཅེས་སོ། །གཉིས་པ་ཡེ་ཤེས་དབྱིངས་སུ་ཐིམ་པ་ནི། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག་པའི་རང་གདངས་ལྔ་ནང་དབྱིངས་འོད་གསལ་ལ་ཐིམ་ནས། གཏིང་གདངས་ཁ་དོག་ལྔའི་འཆར་གཞིར་གནས་ཏེ། ཀློང་དྲུག་པ་ལས། རང་གདངས་བསྐྱོད་པ་དཀར་པོའི་ཆ། །གཏིང་གསལ་ཆེན་པོ་ཉིད་དུ་གནས། །སྣང་བ་རང་ཟད་སེར་པོའི་ཆ། །མི་མངོན་གཏིང་ནས་རང་ངོོ་གསལ། །ཆགས་སྡང་རང་ཟད་དམར་པོའི་ཆ། །གཏིང་གདངས་མ་འདྲེས་ཆེན་པོར་གནས། །བྱ་རྩོལ་བསྐྱོད་པ་རང་བྲལ་བའི། །འཛད་པ་མེད་པའི་ལྗང་གུར་ནི། །ཐོག་མ་རྣམས་ཀྱི་ཟེར་དུ་ཡང་། །མི་མངོན་གཏིང་ནས་གསལ་བའི་ཆ། །འགྱུར་མེད་རྫོགས་པའི་མཐིང་གར་ནི། །ཡེ་རྫོགས་བྱས་པ་མེད་པར་གནས། །ཞེས་སོ། །གསུམ་པ་ཤེས་རབ་མཁའ་ལ་འདེགས་པ་ནི། ནང་དབྱིངས་ཡེ་ཤེས་ཀྱི་རླུང་ལྔ་རང་སོ་ལ་མི་གཡོ་འཕོ་འགྱུར་མེད་པར་གནས་པ་སྟེ། དེའང་སྟོབས་ལྡན་མ། ཤུགས་འཆང་མ། འདེགས་བྱེད་མ། བརྟན་མ། སྣང་བྱེད་མ་ལྔ་ལས། ཆུ་དག་པའི་རང་བཞིན་ཐུར་དུ་སེལ་སྟོབས་ལྡན་མས་ནི། ཡེ་ཤེས་ཀྱི་རླུང་གིས་གཙོ་འཁོར་གཉིས་མེད་དུ་སྦྱོར་ཏེ་དོན་ལ་དབྱེར་མེད། རླུང་དག་པའི་རང་བཞིན་གྱེན་དུ་རྒྱུ་ཤུགས་འཆང་མས་གཙོ་འཁོར་ལྔ་པོ་སྐད་ཅིག་ལ་ཆོས་སྐུའི་ངང་དུ་བསྐྱོད། ས་དག་པའི་རང་བཞིན་ཁྱབ་བྱེད་འཆར་གཞིའི་ཆར་གནས་པ་འདེགས་བྱེད་མས་རྟེན་དང་བརྟེན་པ་མེད་པར་ཆོས་སྐུའི་ངང་དུ་གཟུགས་སྐུར་གནས་སོ། །སྣང་བྱེད་མ་ནམ་མཁའ་དག་པའི་རང་བཞིན་མེར་མཉམ་འཆར་གཞིའི་ཆོས་སྐུ་དང་ཡེ་ཤེས་དངོས་སུ་མེད་ལ་གཏིང་གསལ་འཆར་གཞིའི་ཆར་ནང་གསལ་དུ་གནས་སོ། །བརྟན་མ་ས་དག་པའི་རང་བཞིན་སྲོག་རླུང་འཆར་གཞིའི་ཆས་རིག་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་དགོངས་པ་ལས་མི་གཡོ་བར་བྱེད་པ་

p. 942

སྟེ། དེ་ཉིད་ལས། ཡེ་ནས་རང་དག་ཆེན་པོ་ལ། །རྫོགས་པ་རྣམས་ཀྱི་རྩེ་མོར་གནས། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཞེས་པ་དང་། རང་ཤར་ལས། རིན་པོ་ཆེ་རྣམ་པར་བཀོད་པའི་དྲྭ་བ་ནི་ཆ་སྙོམས་ཞེས་སོ། །བཞི་པ་འོད་གསལ་དབྱིངས་སུ་འཁྱིལ་བ་ལ་བཞི་སྟེ། ཐིམ་པ་ལ་མ་རྨུགས་པ། གསལ་བ་ལ་རྟོག་པ་མེད་པ། ཡིན་པ་ལ་བདག་མེད་པ། སོ་སོར་མ་འདྲེས་ལ་གོ་མི་འབྱེད་པའོ། །དང་པོ་ཐིམ་ལ་མ་རྨུགས་པ་ནི། འབྱུང་བ་མ་ལ་ཞ། ཡེ་ཤེས་དབྱིངས་སུ་ཐིམ་ཡང་སྐུ་གསུམ་འདུ་འབྲལ་མེད་པར་ཕྲ་བའི་ཡེ་ཤེས་ནང་གསལ་དུ་གནས་པའོ། །གཉིས་པ་ནི། ཆོས་སྐུ་དྲི་མ་མེད་པས་མདུན་རྒྱབ་མེད་པ། སྟེང་འོག་མེད་པ། ཕྱོགས་མཚམས་མེད་པར་འོད་གསལ་བས། སྐུ་དང་ཡེ་ཤེས་ཀྱི་འཆར་གཞིར་གནས་ལ། སེམས་དང་དབུགས་མེད་པས་འཁོར་བའི་ཆོས་ཐམས་ཅད་ཀྱིས་མ་གོས་པའོ། །གསུམ་པ་ནི། ཡིན་ནི་ལྟ་བ་རང་བྱུང་གི་རྒྱལ་པོ་ཡིན་པ་ལ་བག་ཆགས་ཀྱི་བདག་དང་བྲལ་བའོ། །བཞི་པ་ནི། ཆོས་སྐུའི་ཀློང་ན་རིན་པོ་ཆེ་འོད་འབར་བའི་སྐུ་ལྔ་གཏིང་གསལ་དུ་གནས་པས། དང་པོའི་གཞི་རང་ས་ན་གནས་ཀྱང་། གཞི་དེ་ལ་རྟོགས་པ་མེད་པས་དེ་འཁོར་བར་འཁྲུལ་པའི་གོ་མི་འབྱེད་པའོ། །དེ་ཡང་ཤེས་རབ་སྐུ་རུ་སྨིན་ནས་སྐུ་ལྔ་དབྱིངས་སུ་བསྐྱོད་པ་ལས་བྱུང་བའོ། །ལྔ་པ་རིག་པས་རང་ས་ཟིན་པ་ལ་བཞི་སྟེ། ཆོས་སྐུ་ལ་འགྱུར་བ་མེད་པ་རྡོ་རྗེ་ལྟ་བུའི་སྐུ། ཡེ་ཤེས་ལ་འགྱུར་བ་མེད་པ་གཡུང་དྲུང་ལྟ་བུའི་ཚེ། དགོངས་པ་ལ་འདུ་འབྲལ་མེད་པ་ཆུ་བོ་ལྟ་བུའི་རྒྱུན། རིག་པ་ལ་གསལ་འགྲིབ་མེད་པ་ཉི་མ་ལྟ་བུའི་ཟེར་རོ། །དང་པོ་ནི། རིག་པ་གཟུགས་སྐུ་ཆོས་སྐུར་ཐིམ་པས་ངོ་བོ་གཅིག་ཏུ་གྱུར་ཏེ། འཕོ་འགྱུར་མེད་པའོ། །གཉིས་པ་ནི། ངོ་བོ་གཞི་འཛིན་པའི་ཡེ་ཤེས། རང་བཞིན་མཚན་ཉིད་འཛིན་

p. 943

པའི་ཡེ་ཤེས། ཐུགས་རྗེ་འགྲོ་བ་འདུལ་བའི་ཡེ་ཤེས་རྣམས་འཆར་གཞིའི་ཆ་ཙམ་དུ་རང་ངོ་དབྱེར་མེད་པས་རྟག་པར་གནས་པས་དུས་ཐམས་ཅད་པའི་ཡེ་ཤེས་ཞེས་བྱའོ། །གསུམ་པ་ནི། རྒྱུན་གྱི་ཏིང་ངེ་འཛིན་ལ་འདུ་འབྲལ་མེད་པས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལས་འཕོ་འགྱུར་མེད་པའོ། །བཞི་པ་ནི། སོ་སོ་རང་བྱུང་གི་རིག་པ་ནང་གསལ་ལྷུན་གྲུབ་ཆེན་པོར་བཞུགས་པས། རིན་པོ་ཆེའི་སྦུབས་ལ་འཕོ་འགྱུར་མེད་པར་གནས་སོ། །དེ་དག་ཀྱང་། རང་ཤར་ལས། རིན་པོ་ཆེ་རྡོ་རྗེའི་གདན་ལ་འགྱུར་བ་མེད། རིན་པོ་ཆེ་སྟོང་པའི་ལམ་ལ་ཐུག་པ་མེད། དགོངས་པ་རང་གནས་ཀྱི་མན་ངག་ཏུ་བསྟན་པའོ་ཞེས་སོ། །གསུམ་པ་དབྱིངས་སུ་ཆོས་ཉིད་ཀྱི་དགོངས་ཀློང་ཇི་ལྟར་འཁྱིལ་བ་ལ་གསུམ་སྟེ། ངོ་བོ་མདོར་བསྟན། རྣམ་པ་རྒྱས་པར་བཤད། དོན་གྱི་མཇུག་བསྡུ་བའོ། །དང་པོ་ནི། ཀ་དག་གི་དབྱིངས་ན་ལྷུབ་གྲུབ་ཀྱི་གཏིང་གསལ་རིག་པའི་ཡེ་ཤེས་འོད་གསལ་བའི་སྙིང་པོ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་ལུང་ཆེན་པོ་ཞེས་བྱ། མཐའ་ཡས་པས་ཡངས་པ། སངས་རྒྱས་པས་སྟོབས་ཆེ་བ། ལྟ་བའི་མཐར་ཐུག་གི་སྐྱེལ་ས། འཕོ་འགྱུར་མེད་པའི་གཟེར། ཚུ་རོལ་མཐོང་བའི་བློས་བརྟག་པའི་ཡུལ་ལས་འདས་པའི་འཕྱོང་། ཐམས་ཅད་མཁྱེན་པས་མེ་ལོང་། ལམ་ཐམས་ཅད་ཀྱིས་བགྲོད་པའི་རྩེ་མོ། གྲོལ་བའི་ཡུལ། གསང་བ་རྒྱལ་པོའི་ཆོས་ཐམས་ཅད་ཀྱི་མཛོད་ཁང་ཆེན་པོ་སྟེ། ཡི་གེ་མེད་པ་ལས། རིག་པའི་ཡེ་ཤེས་མ་ནོར་བ་བསྟན་པ། མི་འགྱུར་བ་རྩ་བའི་ལུང་ཆེན་པོ། ཡངས་པ་ཆོས་ཉིད་ཀྱི་སྣང་བ་ཆེན་པོ། དགོངས་པ་ཆོས་ཉིད་ཀྱི་སྟོབས་ཆེན་པོ། ལྟ་བ་རང་བྱུང་གི་གྲོལ་ས་ཆེན་པོ། མི་འགྱུར་པའི་གཟེར་ཡིག་ཆེན་པོ། རྟག་པར་དཀའ་བའི་འཕྱོང་ཆེན་པོ། ལྟ་བར་དཀའ་བའི་མེ་ལོང་ཆེན་པོ། བགྲོད་པར་དཀའ་

p. 944

བའི་ལམ་ཆེན་པོ། གནས་པར་དཀའ་བའི་ཡུལ་ཆེན་པོ། ཕྱིན་པར་དཀའ་བའི་ས་ཆེན་པོ། མེད་བཞིན་དུ་སྣང་བའི་སྣང་བ་ཆེན་པོ། གཏིང་མེད་པའི་དཔག་པར་དཀའ་བ་ཆེན་པོ། ཁྱབ་པ་མེད་པའི་ཡེ་གདངས་ཆེན་པོ། ཤེས་པ་ཆེན་པོ་ལ་དཔྱོད་བྱེད་མེད་པ། ཡུལ་རིག་གཉིས་སུ་མེད་པའི་དགོངས་པ་ཆེན་པོ། སེམས་མེད་པའི་སྣང་བ་ཆེན་པོ། མི་འགྱུར་ཡོངས་སུ་གདལ་བ་ཆེན་པོ། ཕྲ་བ་ལ་གཟུང་བར་དཀའ་བ་ཆེན་པོ། ཆེ་བ་ལ་མཐོང་བ་མེད་པ་ཆེན་པོ། ཟླུམ་པ་ལ་དབྱིབས་མེད་པ་ཆེན་པོ། འཁྱུག་པ་ལ་དབུགས་མེད་པ་ཆེན་པོ། གསལ་བ་ལ་མདོག་ནག་པ་ཆེན་པོ། མེད་པ་ལ་མཉེན་པ་ཆེན་པོ། སྣང་བ་ལ་བརྟག་དཀའ་བ་ཆེན་པོ། སྟོང་པ་ལ་སྣང་བ་ཆེན་པོ། གཅིག་པ་ལ་རྒྱ་མ་ཆད་པ་ཆེན་པོ། གཉིས་ལྟར་སྣང་བ་ལ་ཡོངས་སུ་རྫོགས་པ་ཆེན་པོ། མཛེས་པ་ལ་རྒྱན་མེད་པ་ཆེན་པོ། གང་བ་ལ་སྟོང་པ་ཆེན་པོ། སྨིན་པ་ལམ་རྫོགས་པ་ཆེན་པོ། སྐུ་ལྟར་སྣང་བ་ལ་འགྲོ་འོང་མེད་པ་ཆེན་པོ་ཞེས་སོ། །དེ་ཡང་དབྱིངས་ཡེ་ཤེས་གཉིས་སུ་སྣང་བ། ཆོས་སྐུའི་ངང་ན་གཏིང་གསལ་གྱི་སྐུ་འཆར་གཞིར་སྣང་བའོ། །གཉིས་པ་རྣམ་པ་རྒྱས་པར་བཤད་པ་ལ་གཉིས་ལས། ངོ་བོ་སྟོང་པ་ལྟར་གཞལ་ན་ཀ་དག་ནམ་མཁའ་ལྟ་བུ་གང་དུའང་མ་གྲུབ་པས་མཐའ་བྲལ་རྫོགས་པ་ཆེན་པོ་ཆོས་སྐུའི་ཀློང་ཡངས་པ་ཡིན་ལ། རྣམ་པ་གསལ་བ་ལྟར་གཞལ་ན་ཆོས་སྐུའི་དབྱིངས་རུམ་ན་ནང་གསལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་འབྱུང་གནས་སུ་ཕྲ་བའི་ཆར་གཏིང་གསལ་དུ་གནས་ཏེ། དེའི་ངོས་ནས་ཕྱེ་ན། ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་ཡེ་གསལ་བ། ཡེ་ཤེས་དེའི་གོང་ན་གཞན་མེད་པས་དཔངས་མཐོ་བ། ཡེ་ཤེས་ཀྱི་ཕོ་བྲང་ལྷུན་གྱིས་གྲུབ་པས་རྒྱ་ཆེ་བ་ལ་སོགས་པ་སྟེ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། རིན་པོ་ཆེ་རྣམ་པར་བཀོད་པའི་དཀྱིལ་

p. 945

འཁོར་ནི་མ་བྲིས་པར་བཀྲ། ཡེ་ཤེས་བརྟན་པའི་རི་རྒྱལ་ནི་མ་བརྩིགས་པར་དཔངས་མཐོ། ཡེ་ཤེས་གདལ་བའི་ཕོ་བྲང་ནི་མ་བྱས་པར་རྒྱ་ཆེ། ཡེ་ཤེས་ཀློང་ཡངས་ཀྱི་རྒྱ་མཚོ་ནི་མ་རྙོག་པར་རང་གདངས། ཡེ་ཤེས་གསལ་བའི་ཉི་མ་ནི་མ་བྱས་པར་འཆར་ནུབ་མེད། སྟོང་ཉིད་གདལ་བའི་ཐང་ནི་མ་བཀོད་པར་ཆ་སྙོམས། ཡེ་ཤེས་འགྱུར་མེད་ཀྱི་ལམ་ནི་མ་སྦྱངས་པར་ཉེ་རིང་མེད། རིག་པ་འགྱུར་མེད་ཀྱི་རྟ་ནི་བརྒྱུགས་ཀྱང་ཆད་པ་མེད། རིག་པ་དམིགས་མེད་ཀྱི་ཆུ་རྒྱུན་ལ་རྒྱུན་འཆད་མེད། རིག་པ་ཡེ་ཤེས་ཀྱི་ས་བོན་ལ་འཕེལ་འགྲིབ་མེད། རིག་པ་སྟོང་གསལ་གྱི་ཡེ་ཤེས་ནི་དབྱེར་མི་ཕྱེད། རིག་པ་འཛིན་མེད་ཀྱི་ཡེ་ཤེས་ངོས་གཟུང་གི་མཐའ་དང་བྲལ། རིག་པ་རྟོག་མེད་ཀྱི་ཡེ་ཤེས་ནི་མ་འགག་ལ་ཡོངས་སུ་གསལ། རིག་པ་ཀུན་གསལ་གྱི་ཡེ་ཤེས་ནི་མ་འདྲེས་ལ་ཡོངས་སུ་རྫོགས། རིག་པ་ཀུན་སྣང་གི་ཡེ་ཤེས་ནི་གསལ་ལ་འཛིན་པ་མེད། རིག་པ་ཀུན་གསལ་གྱི་ཡེ་ཤེས་ནི་གསལ་ལ་ལྷུན་སྟུག་ཅེས་པ་དང་། རང་ཤར་ལས། རིན་པོ་ཆེའི་གཞལ་ཡས་ཁང་ནི་བཀོད་ལེགས། རིན་པོ་ཆེ་རྣམ་པར་སྤྲས་པའི་བཙུན་མོ་ནི་རྒྱན་བཟང་། རིན་པོ་ཆེ་མཛེས་པའི་རྟ་ནི་བང་མགྱོགས། རིན་པོ་ཆེ་སྣ་ཚོགས་ཀྱི་ཐང་ལ་ཟད་པ་མེད་ཅེས་སོ། །གསུམ་པ་དོན་གྱི་འབྲས་བུ་མཇུག་བསྡུ་བ་ནི། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་སངས་རྒྱས་དེ་ལ་ཡོན་ཏན་གྱི་ཚོགས་ནི་ཚད་མེད་དེ། ནོར་བུ་འཕྲ་བཀོད་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་ནི་ཚད་མེད་དོ། །དཔག་ཏུ་མེད་དོ། །གཟུང་དུ་མེད་དོ། །གཞལ་དུ་མེད་དོ། །སངས་རྒྱས་ཀྱི་སྣང་བ་ནི་ཆེ་ཆུང་གི་མཐའ་ལས་འདས་ཏེ་ནམ་མཁའ་ལྟ་བུའོ། །སངས་རྒྱས་ཀྱི་སྟོབས་ནི་ཡིན་མིན་གྱི་མཐའ་ལས་འདས་ཏེ་གླང་པོ་ཆེ་ལྟ་བུའོ། །སངས་རྒྱས་ཀྱི་རྩལ་ནི་སྤངས་ཐོབ་ཀྱི་མཐའ་ལས་འདས་ཏེ་སེང་གེ་ལྟ་བུའོ། །སངས་རྒྱས་ཀྱི་ཡོན་ཏན་ནི་གང་སྟོང་གི་མཐའ་ལས་འདས་ཏེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །

p. 946

སངས་རྒྱས་ཀྱི་ངོ་བོ་ནི་བདག་རྟོག་གི་མཐའ་ལས་འདས་ཏེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཉིད་དོ། །སངས་རྒྱས་ཀྱི་བཞུགས་ཚུལ་ནི་དབང་པོ་དང་ཡུལ་ལས་འདས་ཏེ་རང་སྣང་ཉིད་དོ། །དེ་ནི་རང་བྱུང་གི་དགོངས་པ་ཉིད་ཀྱི་ཚིག་གོ་ཞེས་པ་དང་། རང་ཤར་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ལ་མཐའ་ཐུག་པ་མེད་དོ། །སངས་རྒྱས་ཀྱི་རྟོགས་པ་ལ་ཚད་མེད་དོ། །ཤེས་རབ་ལ་རྩིས་མེད་དོ། །གནས་ལ་བཟང་ངན་མེད་དོ། །ལྟ་བ་ལ་ཡིན་མིན་མེད་དོ། །གཞི་ལ་རྒྱ་ཆད་མེད་དོ། །ལམ་ལ་འཕོ་འགྱུར་མེད་དོ། །འབྲས་བུ་ལ་རྒྱུར་ལྡོག་པ་མེད་དོ། །ཡེ་ཤེས་ལ་གསལ་འགྲིབ་མེད་དོ། །ཤེས་རབ་ལ་སེམས་མེད་དོ་ཞེས་སོ། །སངས་རྒྱས་དངོས་ཀྱི་ས་དེ་འབྲས་བུ་མཐར་ཕྱིིན་པས་རང་ཉིད་བགྲོད་པའི་ལམ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལམ་ཆད་པ་འཇུག་པ་ཆད་པ་སྤྲོས་པ་དང་སྲིད་པར་འདྲེན་པ་ཆད་པ་ཞེས་ཡུམ་ལས་བཤད་ལ། གདུལ་བྱ་འདྲེན་པ་ཐུགས་རྗེའི་ལམ་སྐུ་དང་། ཡེ་ཤེས་དང་འཕྲིན་ལས་ཕྱིར་སྣང་དུ་ཤར་བས་མཛད་པ་ལ་ལྟོས་ནས། མི་སློབ་པའི་ལམ་ཞེས་བཤད་པ་ཡིན་ནོ། །གསུམ་པ་སྐུ་དང་ཡེ་ཤེས་ཀྱི་འཆར་གཞིར་གཏན་ལ་དབབ་པ་ལ་གཉིས་ཏེ། འཆར་གཞི་ངོས་གཟུང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལའང་འཆར་གཞི་དངོས་དང་། དེ་ལ་ལོག་རྟོགས་དགག་པ་གཉིས་ལས། དང་པོ་ནི། སྤངས་རྟོགས་མཐར་ཐུག་གི་ཆོས་སྐུ་ཀ་དག་ལྷུན་གྲུབ་རིན་པོ་ཆེའི་སྤུབས་དེ་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ཡིན་ནོ། །དེའང་ངོ་བོ་སྟོང་གསལ་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པས་གང་དུའང་མ་ཕྱེ་མི་འབྱེད་འབྱེད་པ་མེད་ཅིང་སྨྲ་བསམ་བརྗོད་པ་ལས་འདས་ཏེ། འཁོར་འདས་ཀྱི་མཐའ་ལས་གྲོལ་བ། ནམ་མཁའ་ལྟར་གང་དུའང་མ་གྲུབ་

p. 947

པ་མ་ཡིན་ལ་ཡོན་ཏན་ཚད་མེད་པ་ཉི་ཟླ་གཟའ་སྐར་ལྟ་བུ་ཀུན་འབྱུང་བའི་འཆར་གཞིར་གྱུར་པས་ཡེ་ཤེས་རྫོགས་པའི་སྐུ་ཞེས་བྱ་སྟེ། ཐལ་འགྱུར་ལས། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི། །མ་ཕྱེ་མི་འབྱེད་མཉམ་པ་ལ། །སྒྲ་ཚིག་མིང་དུ་ག་ལ་སྲིད། །ལྟོས་གཞི་རང་དག་འཁྲུལ་པ་དག །འཁོར་འདས་མིང་དུ་མི་གྲགས་སོ། །མ་བྱུང་མ་སྐྱེས་འགག་པ་མེད། །ཀུན་འབྱུང་ཡེ་ཤེས་གང་མ་ཡིན། །ཅེས་པ་དང་། རང་སར་དེངས་པའི་ཆོས་ཉིད་ནི། །འབྱུང་བ་དེངས་པས་རྡོས་པ་འགགས། །རྡུལ་དང་ཕྲ་རབ་མཐར་འགགས་ནས། །ཆ་ཤས་ཙམ་ཡང་གནས་པ་མིན། །ཉོན་མོངས་དེངས་པས་འཁྲུལ་བ་དང་། །རྟོག་བྲལ་ཞེན་པ་མི་གནས་པས། །བག་ལ་ཉལ་དང་ཀུན་ནས་ལྡང་། །རྡུལ་ཆ་ཙམ་ཡང་མི་གནས་སོ། །དེ་ལྟར་ཕྲ་རགས་དེངས་པ་ཡིས། །ཕུང་པོ་ལྔ་ཡང་མཐར་གྱིས་ཕྲ། །འབྱུང་བ་བཞི་ཡི་ལུས་ཟད་ནས། །ཐམས་ཅད་ཡེ་ཤེས་རྫོགས་སྐུའོ། །རྟོག་མེད་ཏིང་འཛིན་རང་གནས་ཏེ། །བཅོས་མའི་ཆོས་ལས་འདས་པས་ན། །ཆོས་ཞེས་ཚིག་ཏུ་མི་གནས་སོ། །ཞེས་སོ། །གཉིས་པ་ལ་གསུམ་སྟེ། འདོད་པ་དགོད། དེ་དགག །ཡང་དག་པའི་ལུགས་གཞག་པའོ། །དང་པོ་ནི། སྔ་རབས་པ་ཁ་ཅིག་ན་རེ། ཡང་དག་པར་སངས་རྒྱས་པའི་དུས་ཀྱི་ཀ་དག་དེ་ཅིར་ཡང་མ་གྲུབ་པས་སྐུ་དང་ཡེ་ཤེས་ཀྱི་ཆོས་སུ་ཡང་མེད་ལ་འཆར་གཞི་ཡང་མ་ཡིན་ནོ་ཞེས་པ་དང་། ཁ་ཅིག་ན་རེ། སྐུ་དང་ཡེ་ཤེས་དངོས་སུ་བཞུགས་ཏེ་དེ་མེད་ན་འབྲས་བུའི་ཆོས་སྐུ་དང་ཡེ་ཤེས་མ་ཐོབ་པར་ཐལ་བའམ་ཐོབ་ནས་ཉམས་པར་ཐལ་བའི་ཕྱིར་རོ་ཞེས་འདོད་དོ། །དེ་དགག་པ་ལ་གཉིས་ལས། རིག་པ་ནི། ཕྱོགས་དང་པོ་ལྟར་ན། སངས་རྒྱས་ལ་ཡེ་ཤེས་མེད་པས་རང་གི་དོན་དང་གཞན་དོན་མི་འབྱུང་བར་ཐལ་ཏེ། ཅི་ཡང་མེད་པའི་ནམ་མཁའ་སྟོང་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །

p. 948

གཉིས་པ་ལྟར་ན། དངོས་པོ་སྨྲ་བ་ཁ་ཅིག་ལྟར་ཆོས་སྐུ་དེ་དངོས་པོ་མཚན་མར་གྲུབ་པ་བེམ་པོ་རགས་པ་ལྟར་ཡོད་པར་ཐལ་ཏེ། གཟུགས་རང་མཚན་དུ་གྲུབ་པའི་ཕྱིར་དང་རྣམ་པའི་ཡེ་ཤེས་དངོས་སུ་གྲུབ་པས་རྟོག་པ་དང་ཁྱད་མེད་དུ་ཐལ་བའི་ཕྱིར་རོ། །ལུང་གིས་དགག་པ་ནི། ཀློང་དྲུག་པ་ལས། ཤེས་བྱའི་ཡེ་ཤེས་གཉིས་མེད་ན། །བེམ་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱམ་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །ཞེས་པ་དང་། སྒྲོན་མ་སྣང་བྱེད་ལས། དེ་ལྟར་ཡེ་ཤེས་ཆ་མེད་ན། །ཕྱི་རོལ་ནམ་མཁའ་སྟོང་པ་དང་། །ཁྱད་པར་ཉིད་ནི་ཡོད་པ་མིན། །དེ་ཕྱིར་གཞི་ནས་ཡེ་ཤེས་ཁྱབ། །ཡེ་ཤེས་མེད་ན་ཆད་པ་དང་། །ཁྱད་པར་ཅི་ཡང་ཡོད་མི་འགྱུར། །རགས་པའི་ཡེ་ཤེས་ཡོད་གྱུར་ན། །འོན་ཏེ་བརྟག་པ་ཉིིད་དང་མཉམ། །ཞེས་སོ། །གསུམ་པ་ཡང་དག་པའི་ལུགས་ལ། ཀ་དག་རང་ངོ་ལ་གང་དུའང་མ་གྲུབ་པས་ཡོད་མེད་ཀྱི་མཐའ་ལས་འདས་པས་སྐུ་དང་ཡེ་ཤེས་སུ་གྲུབ་མ་གྲུབ་མེད་པ་ཤེལ་གོང་ལྟ་བུའོ། །དེའི་ངང་ངམ་དབྱིངས་སམ་ཆ་ལ་འཆར་གཞིའི་ཆ་ཤིན་ཏུ་ཕྲ་བའི་ཡེ་ཤེས་སུམ་བརྩེགས་སུ་གནས་པ་ཤེལ་གྱི་ནང་འོད་དེ་དངོས་སུ་མཐོང་ཡུལ་ན་མེད་ཀྱང་། འཆར་གཞིར་གནས་པ་བཞིན་ནོ། །ཡེ་ཤེས་གསུམ་པོ་དེ་ཡོད་པས་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང་། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་འཕྲིན་ལས་དང་བཅས་པ་གདུལ་བྱ་ལ་སྣང་ནུས་པའི་ནུས་པའང་གནད་དེ་ལས་བྱུང་ངོ་། །དེ་ལྟར་མ་ཡིན་ན་སངས་རྒྱས་ནས་ནི་ཆོས་སྐུར་རོ་གཅིག །དེ་ལ་ནི་ཡེ་ཤེས་མེད་པས་སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་ཆོས་ཚད་མེད་པ་གཏན་ནས་མེད་པར་འགྱུར་ཏེ། སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་དང་། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཅེས་སོ། །དེའང་ཡེ་ཤེས་མེད་ཅེས་གསུངས་པ་རྣམས་ནི་ངོ་བོ་

p. 949

གང་དུ་ཡང་མ་གྲུབ་པའི་ལྡོག་པ་ཡིན་ལ། ཡེ་ཤེས་ཡོད་པར་གསུངས་པ་རྣམས་རང་བཞིན་ལྷུན་གྲུབ་ཀྱི་ཆ་ལ་བརྗོད་པ་སྟེ། འགལ་བ་མེད་པས་ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པའོ། །གཉིས་པ་རང་བཞིན་རྒྱས་པར་བཤད་པ་ནི། དབྱིངས་ཀ་དག་གི་ཆོས་སྐུའི་ངང་ན་ཡེ་ཤེས་ལྷུན་གྲུབ་ཕྲ་བའི་རང་བཞིན་དུ་གནས་པ་ཡང་། གཞི་འཛིན་པའི་ཡེ་ཤེས་གསུམ་དངོས་སུ་ཕྲ་བར་གནས་ལ། དེའི་ཆ་ལས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་། ཤེས་བྱ་མཁྱེན་པའི་ཡེ་ཤེས་འཆར་གཞིའི་ཆ་དངོས་སུ་མ་ཤར་ཙམ་དུ་ཡོད་པའོ། །ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་བ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་བོ། །ཞེས་སོ། །དེའང་ཀ་དག་གི་དབྱིངས་ན་ལྷུན་གྲུབ་གནས་པ་དེས་ངོ་བོ་རང་བཞིན་ཐུགས་རྗེའི་ཆ་ཕྲ་བ་དངོས་སུ་སྣང་ལ། གཞི་གནས་ཀྱི་ཡེ་ཤེས་དེ་གསུམ་གྱིས་ཡེ་ཤེས་གཞན་གཉིས་ཀྱི་འཆར་གཞི་བྱེད་པ་ནི། ཡང་དེ་ཉིད་ལས། དེ་ལྟར་གྲོལ་བའི་སེམས་ཉིད་ལ། །ཐུགས་རྗེ་མེད་པ་མ་ཡིན་ཏེ། །གཞི་ལ་གནས་པའི་ཡེ་ཤེས་ཀྱིས། །རང་བཞིན་ཤུགས་ཀྱི་འཆར་གཞི་བྱེད། །མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས། །རྐྱེན་གྱིས་དག་པ་སྨིན་པར་བྱེད། །ཤེས་དང་ཤེས་བྱའི་ཡེ་ཤེས་ཀྱིས། །མོས་གུས་ཅན་ལ་དངོས་གྲུབ་སྟེར། །ཅེས་སོ། །གཞི་གནས་ཀྱི་གསུམ་པོ་དེས་འཆར་གཞི་བྱེད་ཚུལ་ལ། ངོ་བོས་སྐུ་གསུམ་གྱི་འཆར་གཞི་བྱེད་ལ་སྐུ་གསུམ་ཐ་དད་སྣང་ཆར་མ་གྲུབ་པ་དང་། རང་བཞིན་གྱིས་འོད་ལྔའི་འཆར་གཞི་བྱེད་ལ་ཁ་དོག་རང་མཚན་དུ་མ་གྲུབ་པ་དང་། ཐུགས་རྗེས་ཡེ་ཤེས་གཉིས་ཀྱི་འཆར་གཞི་བྱེད་ལ་ཡུལ་དང་རྣམ་པ་ལ་དངོས་སུ་འཇལ་བར་མེད་པ་སྟེ། ཐལ་འགྱུར་ལས། དེ་ཡང་ངོ་བོ་སྐུར་

p. 950

གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེ་འབྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལས་ཀྱང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ནི། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལས་གྲུབ། །ཐུགས་རྗེ་འཆར་བ་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །ཞེས་དང་། ཀློང་དྲུག་པ་ལས་ཀྱང་། རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱམ་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱིས་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་ལས། །སྟོང་ཆ་འགག་པ་མེད་པ་ཉིད། །ཤེས་བྱའི་ཡེ་ཤེས་རྣམ་གཉིས་སུ། །སྣང་བའི་ཆ་ལས་སྣང་བར་བས། །མེད་པའི་སྣང་བ་རང་དག་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པས། །མ་བྱས་སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང་། །ཉི་མ་ལ་ནི་འོད་བཞིན་དུ། །རང་གི་བྱས་པ་མ་ཡིན་ཏེ། རང་གི་རང་བཞིན་དེ་ལྟར་སྣང་། །ཞེས་པ་དང་། ཤེས་བྱ་ཇི་ལྟ་ཉིད་མཁྱེན་པའི། །ཐུགས་རྗེ་ཆ་ཡི་ཡེ་ཤེས་ཀྱིས། །རང་གི་དངོས་པོའི་གནས་ལུགས་མཁྱེན། །ཡེ་ཤེས་དེ་ཡི་ཆ་མེད་ན། །འབྱུང་བཞིའི་གཟུགས་དང་ཁྱད་ཅི་ཡོད། །ཤེས་བྱ་ཇི་སྙེད་མཁྱེན་པ་ཡི། །ཐུགས་རྗེ་ཡི་ནི་ཡེ་ཤེས་ཀྱིས། །འདུལ་བྱ་རྣམས་ཀྱི་བསམ་པ་མཁྱེན། །འདི་མེད་ནམ་མཁའ་ཉིད་དང་མཚུངས། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང་། །

p. 951

འདི་ཀུན་དྲན་པས་བཟུང་བ་མིན། །རང་བཞིན་ཉིད་དུ་གནས་པ་ལས། །གཟུང་འཛིན་རགས་པར་མི་གནས་སོ། །གཏིང་གསལ་ཕྲ་བའི་ཆར་སྣང་བས། །འདི་ནི་སེམས་ཅན་རྣམས་ཀྱི་ལམ། །གོང་དུ་ས་བོན་བཞིན་དུ་འཕེལ། །འདི་ཡི་སྣང་བ་མ་འགག་པར། །རང་མཐུན་སྨན་གྱི་ནུས་པ་བཞིན། །རིགས་དྲུག་རྣམས་ལ་མཐུན་པར་སྣང་། །དེ་ཡི་ཕྱིར་ན་ཐུགས་རྗེའོ། །ཞེས་སོ། །དེའང་འཆར་གཞིའི་ཆ་ལས་སྤྲུལ་སྐུར་ཤར་དུས་ཡེ་ཤེས་གཉིས་ཀྱང་དངོས་སུ་གདུལ་བྱ་རིགས་དྲུག་གི་དོན་བྱེད་ལ། ཀ་དག་གི་དུས་འདིར་དངོས་སུ་མེད། ཆ་ལ་ས་བོན་གྱི་ཚུལ་དུ་གནས་པའོ། །ཀློང་དྲུག་པ་ལས་ཀྱང་། ངོ་བོ་ཉིད་དང་རང་བཞིན་དང་། །ཐུགས་རྗེ་ཡི་ནི་སྣང་བ་དག །བློ་ཅན་རྣམས་ལ་སྣང་བའོ། །ངོ་བོ་གང་དུའང་མ་གྲུབ་པས། །རང་བཞིན་སྣང་ཆ་གསལ་བར་སྣང་། །ཐུགས་རྗེའི་ཆ་ལས་ཡེ་ཤེས་གཉིས། །བྱ་དང་བྱེད་པ་མེད་པར་ཤར། །ཤར་སྣང་བློ་རིམ་གཉིས་ཀྱི་ཕྱིར། །ཡེ་ཤེས་མཛད་པ་འདི་ལྟ་བུ། །རྩོལ་སྒྲུབ་རྣམས་དང་བྲལ་བར་སྣང་། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །གཞི་ནས་འདི་ལྟར་སྣང་བའོ། །ཞེས་པའོ། །དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་སྐུ་མཐར་ཐུག་ནི་ཀ་དག་དང་ལྷུན་གྲུབ་གཉིས་མེད་ཀྱི་གྲོལ་ས་ཀ་དག་ཆེན་པོ་ཞེས་བྱ་སྟེ། རང་བཞིན་འཆར་གཞིར་གནས་ཀྱང་། ངོ་བོ་གང་དུའང་མ་གྲུབ་པས་དོན་དམ་པའི་བདེན་པ་ཉག་གཅིག་ཡོངས་སུ་རྫོགས་པ་ཆེན་པོ་སྐུ་དང་ཡེ་ཤེས་ལས་འདས་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་ནི། མཐར་ཐུག་གི་འབྲས་བུ། ནང་དབྱིངས་ཆེན་པོ། གྲོལ་ས་བླ་ན་མེད་པ། སྐུ་གསུང་ཐུགས་གཉིས་སུ་མེད་པའི་རྡོ་རྗེ་གསང་བ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཡིན་ཏེ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། དེ་བཞིན་གཤེགས་པའི་སྐུ་ལ་བཞེངས་པ་དང་བཞུགས་པ་མི་མངའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་

p. 952

གཤེགས་པ་ལ་སྐུ་དངོས་པོར་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་གསུང་ལ་སྒྱུར་བ་དང་མི་བསྒྱུར་བ་མི་མངའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་གསུང་སྟོང་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཐུགས་ལ་དགོངས་པ་དང་མི་དགོངས་པ་མི་མངའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་ཐུགས་ལ་རྟོག་པ་མེད་པའི་ཕྱིར་རོ་ཞེས་པ་དང་། སྙིང་པོའི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས་ཀྱང་། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་ལ་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཅེས་གསུངས་པ་བཞིན་ནོ། །དབུ་མ་ཐལ་འགྱུར་བ་དག་སངས་རྒྱས་དངོས་ནི་ཆོས་སྐུ་རྣམ་དག་སྟོང་པ་དེ་ལ་འདོད་ལ། རང་ངོར་ཡོད་མེད་ཀྱི་སྤྲོས་པ་ཞི་བས་སྐུ་དང་ཡེ་ཤེས་ཙམ་ཀྱང་མ་གྲུབ་ཅིང་། གཞན་སྣང་ལ་སངས་རྒྱས་ཀྱི་ཐུགས་རྗེ་དང་། གདུལ་བྱའི་སྨོན་ལམ་ལས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་སྣང་བ་ནི། ནམ་མཁའ་ལྡིང་གི་མཆོད་སྡོང་དང་ནོར་བུ་དང་དཔག་བསམ་ཤིང་ལྟར་འདོད་དེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཅེས་སོ། །འདིར་ཡང་ཀ་དག་གི་རང་ངོ་དེ་དང་འདྲ་རུང་ལས། ཕྲ་བའི་ཡེ་ཤེས་དབྱིངས་ན་ཡོད་པ་ལས་སྐུ་དང་ཡེ་ཤེས་འཆར་ལ། དེས་སེམས་ཅན་སངས་རྒྱས་ཀྱིས་དངོས་སུ་དོན་བྱེད་པར་སྨོན་ལམ་བཏབ་པ་རྣམས་ཀྱི་དོན་བྱེད་ལ། ངོ་བོའི་ཆ་ལས་ལྷུན་གྲུབ་ཡིན་པས་རྒྱུ་སྨོན་ལམ་གྱིས་བསྐྱེད་པར་མི་འདོད་པའི་ཁྱད་པར་གྱིས་ཕྱེ་བ་ཡིན་ནོ། །འདི་དག་ནི་ཀ་དག་འབྲས་བུའི་ས་གནད་གལ་པོ་ཆེ་ཡིན་པས་ཤེས་རབ་ཅན་དག་གིས་ཤིན་ཏུ་བློ་གྲོས་ཞིབ་མོས་རིག་པར་བྱའོ། །

p. 953

སྤྱི་དོན་གཉིས་པ་ལྷུན་གྲུབ་འོད་གསལ་གྱི་འཆར་གཞི་ལས་སྐུ་དང་ཡེ་ཤེས་ཀྱི་སྣང་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྐུའི་དབྱེ་བ་སྤྱིར་བསྟན་པ་དང་། སྐུ་གསུམ་གྱི་རང་བཞིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ལྔ་ལས། སྐུ་གཅིག་ཏུ་བསྟན་པ་ནི། གཞི་རིག་པར་གཅིག །ལམ་རིག་པའི་སར་གཅིག །འབྲས་བུ་རིག་པ་དྲི་མེད་ཀ་དག་ཏུ་གཅིག་པའི་ལྡོག་པ་ནས། མཐའ་བྲལ་ནམ་མཁའ་ལྟ་བུ་མི་འགྱུར་རྡོ་རྗེའི་སྐུ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་ལྷུན་གྲུབ་རིན་པོ་ཆེའི་སྦུབས་དང་པོ་སངས་རྒྱས་ཀྱི་སྐུ་ནི། རང་ཤར་ལས། ཨེ་མ་ཧོ། སྣང་བ་ཆེན་པོ་གསལ་བ་ཆེ། །དག་པའི་ནམ་མཁའ་མཐའ་དང་བྲལ། །སྤྲོས་བྲལ་ཆོས་ཉིད་འགྱུར་བ་མེད། །མཐའ་དང་དབུས་མེད་ཕྱོགས་ཆ་བྲལ། །རང་སྣང་ཆོས་དབྱིངས་རྣམ་དག་ཞིང་། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཐ་མ་རྐྱེན་གྱིས་བསྐྱེད་དུ་མེད། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །མཐའ་ལ་མི་གནས་རྡོ་རྗེའི་སྐུ། །སྤྲོས་དང་བྲལ་བའི་ཆོས་ཉིད་ལ། །ངོ་བོ་རང་བཞིན་ཐུགས་རྗེའི་བདག །ཡེ་ཤེས་སྐུ་གསུམ་འོད་དུ་གསལ། །མཁའ་ལ་ཉི་ཤར་མུན་པ་སེལ། །ཡེ་ཤེས་ལྔ་ཡི་མཚན་ཉིད་གསལ། །སངས་རྒྱས་སྤྲུལ་པ་རབ་འབྱམས་འབྱུང་། །ཞེས་སོ། །སྐུ་གཉིིས་སུ་དབྱེ་བ་ནི། གཞི་ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པའི་རིག་པ། ལམ་དབྱིངས་དང་ཡེ་ཤེས་གཉིས་སུ་ཉམས་སུ་བླངས་པས། འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་རྣམ་པ་གཉིས་སུ་ཤར་བས་དོན་གཉིས་མཐར་ཕྱིན་པ་སྟེ། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ལས་གཟུགས་སྐུར་གསལ། །ཅེས་སོ། །སྐུ་གསུམ་དུ་དབྱེ་ན། ངོ་བོའི་ཆ་ལས་སྟོང་རིག་མཁྱེན་པའི་ཡེ་ཤེས་ཆོས་སྐུ། རང་སྣང་འོད་གསལ་གྱི་ལོངས་སྐུ། སྣ་ཚོགས་སྤྲུལ་པའི་སྐུ་དང་གསུམ་སྟེ། མུ་ཏིག་ཕྲེང་བ་ལས། སྐུ་གསུམ་སངས་རྒྱས་ཉག་གཅིག་པོ། །ཡེ་ཤེས་མཚན་ཉིད་ལྔ་

p. 954

ལྡན་ཉིད། །འདུག་ཚུལ་ཤེས་བྱའི་བབས་ཀྱིས་གྲུབ། །ཅེས་སོ། །སྐུ་བཞིར་དབྱེ་ན། སྐུ་གསུམ་གྱི་ཆོས་ཉིད་གཅིག་དང་དུ་མའི་མཐའ་དང་བྲལ་བ་ངོ་བོ་ཉིད་ཀྱི་སྐུ། སྟོབས་དང་མི་འཇིགས་པ་དང་། ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་རིག་པའི་ཡོན་ཏན་རྟོགས་པ་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་དང་ཐུགས་རྗེ་ཆེན་པོ་རྣམས་ནི་ཆོས་ཀྱི་སྐུ། མཚན་དང་དཔེ་བྱད་རྫོགས་པས་འོག་མིན་སྟུག་པོ་བཀོག་པའི་ཞིང་ན་བཞུགས་པ་ལོངས་སྤྱོད་རྫོགས་པའི་སྐུ། གདུལ་བྱའི་ངོ་བོ་ལ་གང་ལ་གང་འདུལ་དུ་སྣང་བ་སྤྲུལ་པའི་སྐུ་སྟེ། ཐལ་འགྱུར་ལས། སྤྲུལ་པའི་སྐུ་དང་ལོངས་སྐུ་དང་། །ཆོས་སྐུ་ངོ་བོ་ཉིད་ཀྱི་སྐུ། །ཞེས་སོ། །འདི་དག་ཐུན་མོང་གི་བསྟན་བཅོས་ལས་ཀྱང་འབྱུང་བ་དང་ཆ་མཚུངས་ཏེ། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་པ། །དེ་བཞིན་གཞན་པ་སྤྲུལ་སྐུ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་པ་དང་། དེ་དག་གི་རྒྱས་བཤད་དུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཅེས་པ་དང་། ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཅེས་པ་དང་། མཚན་ནི་སུམ་བཅུ་རྩ་གཉིས་དང་། །དཔེེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་དང་། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མིི་འཆད། །ཅེས་པ་བཞིན་ནོ། །སྐུ་ལྔར་དབྱེ་ན། སྤངས་རྟོགས་མཐར་ཕྱིན་དུ་ཞི་བ་བརྙེས་པ་མངོན་པར་བྱང་ཆུབ་ཀྱི་སྐུ། དབྱིངས་ཀ་དག་ལས་འཕོ་འགྱུར་མེད་པ་མི་འགྱུར་རྡོ་རྗེའི་སྐུ། ཆོས་སྐུ། ལོངས་སྐུ། སྤྲུལ་པའི་སྐུ་དང་ལྔ་སྟེ། རྫོགས་པ་རང་བྱུང་ལས། སྐུ་ལྔ་ཡེ་ཤེས་ཆོས་

p. 955

ལྔའོ། །ཞེས་པ་དང་། རང་ཤར་ལས། འགྱུར་མེད་དོན་གྱི་སྐུ་ལྔ་གནས། །ཞེས་སོ། །སྐུའི་དབྱེ་བ་འདི་དག་དང་གཞན་ཡང་དཔག་ཏུ་མེད་དེ་སྤྲོས་པས་ཆོག་གོ། དོན་གཉིས་པ་སྐུ་གསུམ་གྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་དོན་གྱི་འབྲེལ་དགོད་པ་དང་། སྐབས་ཀྱི་དོན་བཤད་པ་གཉིས་ལས། དང་པོ་ལ་གསུམ་སྟེ། ཐོབ་ཚུལ་སྤྱིར་བསྟན་པ། འབྲས་བུ་ཡིན་པར་བྱེ་བྲག་ཏུ་བཤད་པ། ལམ་སྣང་དུ་བཤད་པ་དང་འགལ་བ་སྤང་བའོ། །དང་པོ་ནི། ངོ་བོའི་འཆར་གཞི་ལས་སྐུ་གསུམ་དུ་སྣང་བ་ཡང་། དག་བྱ་སྒོ་གསུམ་གྱི་དྲི་མ་དག་སྟོབས་ཀྱིས་ཐོབ་པར་བསྟན་པ་ནི། ཐལ་འགྱུར་ལས། གཞན་ཡང་འབྲས་བུའི་རིམ་པ་ནི། །ཆོས་སྐུ་སེམས་ཀྱི་ལས་ཀྱིས་དང་། །ལོངས་སྐུ་ངག་གི་རྣམ་པར་ཐོབ། །སྤྲུལ་པའི་སྐུ་ནི་ལས་ཀྱིས་སོ། །ཞེས་སོ། །འདི་དག་དག་བྱའི་རྒྱུ་འབྲས་ཞེས་བྱའོ། །རང་བཞིན་དུ་ལྷུན་གྲུབ་ཡིན་པས་རྒྱུ་རྐྱེན་གྱིས་བསྐྱེད་ནས་ཐོབ་པ་ཤེས་བྱ་ལ་མི་སྲིད་པར་ཤེས་པར་བྱའོ། །གཉིས་པ་ནི། མུ་ཏིག་ཕྲེང་བ་ལས། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ། །ཞེས་པ་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ཕྱིར་མི་ལྡོག་པར་ཤེས་པར་གྱིས་ཤིག་ཅེས་སོ། །གསུམ་པ་ནི། སྐུ་གསུམ་ལམ་སྣང་དུ་བཤད་པ་དང་འགལ་ལོ་ཞེ་ན། བླ་མ་སྔ་རབས་པ་དག་ན་རེ། འབྲས་བུ་མ་ཡིན་ཟེར་བ་ནི། འབྲས་བུ་སྐུ་གསུམ་དུ་ཞེན་པའི་མཐར་འཛིན་དང་བྲལ་བར་བྱེད་པ་ལ་དགོངས་པའམ། སྐོར་གསུམ་ལས་སྦུབས་གསུམ་མཐར་ཐུག་ཏུ་འདོད་པ་དེ་དགག་པ་ལ་དགོངས་པའོ་ཞེས་འགལ་སྤོང་མཛད་ནས། དོན་ལ་འབྲས་བུར་འཇོག་པའང་། ཀ་དག་གི་ནང་དབྱིངས་ཀྱི་ངོ་བོ་མ་དགོངས་པའི་རྣམ་འགྱུར་ཡིན་པས་ཤིན་ཏུ་ནོར་ཏེ་མི་ལེགས་སོ། །འདིར་སྔར་ཁས་བླངས་པ་བཞིན་ལམ་སྣང་ཡང་ཡིན་ལ། འབྲས་བུ་ཡང་ཡིན་པ་མི་འགལ་པར་འདོད་དེ། དང་པོ་ལམ་སྣང་ཡིན་ཏེ་ལྷུན་གྲུབ་ཀྱི་སྦུབས་ཀ་དག་ཆེན་པོ་དེ་དོན་གྱི་འབྲས་བུ་ཁང་པ་ལྟ་བུ་ལས། དེར་འཇུག་པ་དང་དེ་ནས་

p. 956

ཕྱིར་མཆེད་པ་གཞི་ཀ་དག་ལས་ཕྱིར་སྣང་དུ་འཆར་དགོས་པའི་ཕྱིར་རོ། །འཆར་ཚུལ་ངོ་བོ་སྐུར་གནས་པ་ལས་འཆར་རོ། །ལམ་སྣང་ལ་གཉིས་ཡོད་དེ། རང་ཉིད་སངས་རྒྱས་བསྒྲུབ་པའི་ལམ་འབྲས་བུའི་སྔོན་རོལ་པ་རྣམས་དང་། རང་ཉིད་སངས་རྒྱས་གྲུབ་ཟིན་ནས་གདུལ་བྱ་འདྲེན་པའི་ལམ་སྐུ་མངོན་པར་སྣང་བས་དོན་མཛད་པའོ། །དེ་ལས་འདིར་མི་སློབ་པའི་ལམ་སྣང་དུ་འདོད་པས་སྐུ་གསུམ་ལམ་སྣང་ཡིན་པ་དང་། འབྲས་བུ་ཡིན་པ་གཉིས་མི་འགལ་བ་འབྲེལ་བ་གྲུབ་པའི་དོན་ཏོ། །རྣམ་པར་གྲོལ་བའི་ཆོས་སྐུ་ནང་དབྱིངས་ལས་སྐུ་གསུམ་ཕྱིར་སྣང་ལམ་དུ་ཤར་བས་སྐུ་དང་ཡེ་ཤེས་ཀྱི་རྣམ་འཕྲུལ་སྣང་བ་ཡང་། ཆོས་སྐུ་ཡེ་ཤེས་ཀྱི་ཐུགས། ལོངས་སྐུ་དེའི་སྐུ། སྤྲུལ་སྐུ་མཛད་པར་སྣང་བས་དོན་འབྱུང་བའི་ཕྱིར་རོ། །དེའང་ནང་གསལ་འཆར་གཞིའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་རྡོ་རྗེ་སེམས་དཔའི་ཆོས་ཉིད་དང་། དེ་ལས་ཕྱིར་གསལ་དུ་སྐུ་གསུམ་གྱི་ལམ་སྣང་རང་སྣང་དུ་ཤར་བ་གཉིས་རིག་པའི་ངང་དུ་འདྲ་ཡང་། ཕྱི་ནང་གི་ཁྱད་པར་ཕྱེ་ལ། རང་སྣང་གི་ཆ་ལས་གདུལ་བྱའི་སྣང་ངོར་ལོངས་སྤྲུལ་འཆར་བས་དོན་མཛད་པའང་། རིག་པའི་རོལ་པར་གཅིག་ཀྱང་། རང་སྣང་གདུལ་བྱས་མི་མཐོང་ལ། དེ་ལས་ཤར་བ་དེ་མཐོང་བའི་ཁྱད་ཡོད་པས་འདྲ་གཉིས་ཤན་ཕྱེད་པར་བསྟན་པ་ཡང་། སེང་གེ་རྩལ་རྫོགས་ལས། རྡོ་རྗེ་སེམས་དཔའི་ཆོས་ཉིད་དང་། །རང་སྣང་དཀྱིལ་འཁོར་དག་པ་གཉིས། །འདྲ་གཞི་གཅིག་ལ་གོལ་ས་ཆེ། །ཞེས་བཤད་དོ། །དེ་ལྟར་ནང་དབྱིངས་དང་། ཕྱིར་གསལ་ལམ་སྣང་གི་ཆ་མ་ཕྱེད་པར། སྐུ་གསུམ་རང་སྣང་གི་འབྲས་བུར་འདོད་ན། སྤྲུལ་སྐུ་གདུལ་བྱ་ལ་སྣང་བ་བཞིན། གྲོལ་སའི་ཀ་དག་གི་ཆོས་སྐུ་གདུལ་བྱ་ལ་སྣང་བར་ཐལ། སྐུ་གསུམ་ངོ་བོ་གཅིག་ཡིན་པའི་ཕྱིར། ཆོས་སྐུ་འཕྲོ་འདུ་དང་ཁ་དོག་ཏུ་སྣང་བར་ཐལ། ཁྱོད་དང་ངོ་བོ་གཅིག་པའི་ལོངས་སྤྲུལ་ལ་ཆོས་དེ་སྣང་བའི་ཕྱིར། ཡང་ན་སྤྲུལ་སྐུ་གདུལ་བྱ་ལ་མི་སྣང་བར་

p. 957

ཐལ། ཆོས་སྐུ་མི་སྣང་བའི་ཕྱིར་རོ། །དེས་ན་སྐུ་གསུམ་ཡང་རིག་པར་ངོ་བོ་གཅིག་གི་རྣམ་པ་ངོ་བོ་གཅིག་པ་དེ་འདྲ་ཁས་མི་བླང་ཞིང་། སྤྲུལ་སྐུ་ཐུགས་རྗེའི་ཆ་ཡིན་ལ། དེས་སྤྲུལ་པའི་སྣང་བ་དེ་གཟུགས་བརྙན་སྤྲུལ་པ་ཡིན་གྱི། སྤྲུལ་སྐུ་དངོས་མ་ཡིན་ཏེ། ཐུགས་རྗེ་མ་ཡིན་པའི་ཕྱིར་རོ། །གྲུབ་མཐའི་དབྱེ་བ་འདི་ཡང་ཤིན་ཏུ་ཕྲ་བས་ཤེས་རབ་ཅན་རྣམས་ཀྱིས་དཔྱོད་ལ་ཁོང་དུ་ཆུད་པར་གྱིས་ཤིག །གནད་གལ་པོ་ཆེ་ཡིན་ནོ། །གཉིས་པ་སྐབས་ཀྱི་དོན་བཤད་པ་ལ་གསུམ་སྟེ། སྐུ་གསུམ་གྱི་གནས་སྤྱིར་བསྟན་པ། ཡེ་ཤེས་ཀྱི་གནས་བྱེ་བྲག་ཏུ་བཤད་པ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་གནས་ཀྱི་དོན་བསྡུ་བའོ། །དང་པོ་ལ་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་ལས། དང་པོ་ཆོས་སྐུའི་གནས་རྒྱས་པར་བཤད་པ་ལ་ངོ་བོ། ངེས་ཚིག །དབྱེ་བ། རྣམ་གྲངས། རྒྱས་པར་བཤད་པ་དང་བཞི་ལས། ཆོས་སྐུའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་སྟོང་གསལ་སྤྲོས་པ་དང་བྲལ་བ་སྟེ། བཞུགས་ཚུལ། མཚན་ཉིད། རང་བཞིན། ཐུགས་རྗེ། སྣང་ཚུལ་ལྔ་ལས། ངོ་བོའི་བཞུགས་ཚུལ་སྐྱོན་གང་གིས་ཀྱང་མ་གོས་པར་བཞུགས་པས་ཀ་ནས་དག་པའི་རང་བཞིན་ནོ། །ངོ་བོ་དེའི་མཚན་ཉིད་སྟོང་པ་རིག་པའི་སྙིང་པོ་ཅན་ནོ། །ངོ་བོ་དེའི་རང་བཞིན་གང་དང་ཡང་མ་འདྲེས་པའོ། །ངོ་བོ་དེའི་ཐུགས་རྗེ་མ་ཕྱེ་མི་འབྱེད་འབྱེད་པ་མེད་པའོ། །ངོ་བོ་དེའི་སྣང་ཚུལ་གཉིས་སུ་མེད་པའོ། །ངེས་ཚིག་ནི། བཏགས་པ་རྣམ་གྲངས་ཀྱི་ཆོས་ལས་སྐུར་སྨིན་པས་དངོས་མེད་དེ། མཚན་ཉིད་གང་གིས་ཀྱང་གཏན་ལ་མི་ཕེབས། སྟོང་ཉིད་གང་དུ་ཡང་མ་གྲུབ་པས་ན་ཆོས་སྐུ་ཞེས་བྱའོ། །ཆོས་ནི། སངས་རྒྱས་ཀྱི་སའི་ཟག་པ་མེད་པའི་ཆོས་རིག་པ་དང་འབྲེལ་བ། སྐུ་ནི། མཚན་མ་ཞལ་ཕྱག་ཏུ་མེད་ལ་རིག་པའི་ངོ་བོ་མི་འགྱུར་བ་ཙམ་ལ་བརྗོད་པའོ། །དབྱེ་ན། དངོས་པོ་མཚན་ཉིད་དང་འབྲེལ་བའི་ཆོས་སྐུ། གནས་པ་ཁྱབ་ཚུལ་དང་འབྲེལ་པའི་ཆོས་སྐུ། རྣམ་དབྱེ་སྣང་ཚུལ་དང་འབྲེལ་པའི་

p. 958

ཆོས་སྐུ་གསུམ་ལས། དང་པོ་ནི། ཆོས་ཉིད་ལ་ལྟོས་ནས་གང་གི་ངོ་བོར་ཡང་མ་གྲུབ་པས་སྤྲོས་པའི་མཐའ་དང་བྲལ་བ། དངོས་པོ་ངོས་གཟུང་ལས་འདས་པས་སྐྱེ་འཇིག་འཕོ་འགྱུར་མེད་པ། མཐར་ཐུག་མངོན་དུ་གྱུར་པས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའོ། །གཉིས་པ་ནི། འཁོར་འདས་ཀུན་ལ་ཁྱབ་པའི་ཆོས་སྐུ་དྲི་མ་གློ་བུར་བས་དག་པའི་དག་པ་གཉིས་ལྡན་དེ་ཡིན་ཏེ། ཧེ་བཛྲལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ཉིད། །ཅེས་པ་དང་། རྒྱུད་བླ་མར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་སེམས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཅེས་པ་དེ་མངོན་དུ་གྱུར་པའི་ཆའོ། །གསུམ་པ་ནི། ཐེག་པ་སོ་སོ་ནས་རིག་པ་དང་། སྟོང་པ་དང་། ཡོན་ཏན་ལ་སོགས་པའི་ཆར་བསྟན་པ་སྟེ། ཡོངས་སུ་རྫོགས་པ་ཆེན་པོ་འདིར་རྣམ་པར་འཕྲུལ་པས་ཕྱེ་ན། ཆོས་ཀྱི་སྐུའི་ཆོས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ། གནས་བསམ་ངོ་ལས་འདས་པའི་ཆོས་ཉིད། ཏིང་ངེ་འཛིན་མི་གཡོ་བ་ཆེན་པོ། འཁོར་སྣ་ཚོགས་རང་བཞིན་མི་གཉིས་པ། བསྟན་པ་བརྗོད་དུ་མེད་པའི་ཆོས་ཉིད། དུས་གང་དུ་ཡང་འགྱུར་བ་མེད་པའི་ཆོས་ཉིད་དོ། །ཆོས་སྐུའི་ལོངས་སྐུའི་ཞིང་ཁམས་རྡུལ་དང་བྲལ་ཞིང་དྲི་མ་མེད་པ། གནས་དྲན་པ་ཡིད་ཀྱི་རྟོག་པ་རང་ཟད་པ། ཏིང་ངེ་འཛིན་སེམས་དང་སེམས་བྱུང་གི་བྱུང་ཚོར་འགགས་པས་ཡེ་ཤེས་རང་གནས་པ། འཁོར་སྟོང་པ་རང་སྣང་གི་བྱེད་པ་ཅན། བསྟན་པ་དམིགས་པ་ཡོངས་སུ་དག་པ། དུས་བརྟགས་པ་མ་ཡིན་པས་ཡེ་མཉམ་གདལ་བ་ཆེན་པོའོ། །ཆོས་སྐུའི་སྤྲུལ་སྐུ། ཞིང་ཁམས་སྟོང་ཉིད་རྒྱ་མ་ཆད་པ། གནས་ཐམས་ཅད་ཀྱི་འཆར་གཞིའི་ཆ་གཏིང་གསལ་རང་གདངས་ཆེན་པོ། ཏིང་ངེ་འཛིན་འགག་མེད་རང་གསལ། འཁོར་རིས་མེད་འཆར་སྣང་དག་པ། བསྟན་པ་རང་བཞིན་མ་བཅོས་པ། དུས་སྙིང་པོ་མངོན་པར་སྣང་བའོ། །དེ་དག་ཀྱང་

p. 959

ཀ་དག་རང་གནས་ཀྱི་ཆོས་སྐུའི་ཆ་ནས་བཏགས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། འཛིན་པ་རང་དག་ཆོས་སྐུ་ཡིས། །སྤྲོས་མེད་རང་དག་གཞལ་ཡས་སུ། །ཉིད་དང་དབྱེར་མེད་སྣང་འཁོར་ལ། །མཚན་མ་མེད་པའི་གསུང་གིས་ནི། །སྤྲོས་པ་མེད་པའི་ཚིག་རྣམས་ནི། །མི་གནས་རང་ཟད་ཐུགས་ལས་ཕྱུང་། །མ་གསུངས་གསུངས་པ་མེད་པར་ནི། །མཉམ་པ་ཆེན་པོའི་ངང་དུ་བསྟན། །ཅེས་སོ། །དེ་དག་ཀྱང་ཆ་ལ་བཏགས་པ་ཙམ་ལས། དོན་ལ་གང་དུའང་མ་གྲུབ་པས་མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོར་བཞུགས་ཏེ། ཡང་དེ་ཉིད་ལས། འདི་ཡི་གནས་ནི་འདི་ཞེས་པའི། །མིང་དུ་གྲགས་པའི་མཚན་བཅས་ཡུལ། །རྣམ་པ་གང་དུ་མི་སྣང་བས། །མེད་པའི་སྟོང་པ་ཆོས་འབྱུང་ལས། །གསང་བ་ཆེན་པོའི་རང་དབྱིངས་སུ། །ཡེ་ཐོག་ཉིད་དུ་གནས་པ་ལ། །མ་བཟུང་གནས་ཀྱི་ཚུལ་ཅན་དུ། །རོལ་པ་ཆེན་པོར་ཐོག་མར་བྱུང་། །འདི་ལ་སུས་ཀྱང་གནས་པ་མེད། །གང་གིས་གནས་སུ་བྱས་པ་མེད། །འདི་ལ་ཕུན་སུམ་ཚོགས་པ་མེད། །འདུག་ཅིང་འོང་བ་ཉིད་དང་བྲལ། །དེ་བཞིན་ཡེ་སྟོང་ཆེན་པོའི་གནས། །མེད་པ་ལས་ནི་དབྱིངས་ཀྱི་ཚུལ། །འདི་ལ་ཕྱི་དང་ནང་ཡང་མེད། །སྟེང་དང་འོག་ཏུ་ལྟ་བ་མེད། །ཕྱོགས་དང་མཚམས་སུ་སུས་ཀྱང་ཡང་། །འདི་ལ་གཟུང་དུ་ཅུང་ཟད་མེད། །ཅེས་སོ། །བཞིི་པ་རྣམ་གྲངས་རྒྱས་པར་བཤད་པ་ལ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས། ཆོས་སྐུའི་སྐུ་སྟོང་གསལ་མཚན་མ་མེད་པ། གསུང་བརྗོད་མེད་སྒྲ་ཚིག་ལས་འདས་པ། ཐུགས་དྲན་བསམ་སྤྲོས་པ་མེད་པ། ཡོན་ཏན་ཕྱིར་མི་ལྡོག་པས་འཕོ་འགྱུར་མེད་པ། འཕྲིན་ལས་ལྷུན་གྲུབ་འཆར་ཚུལ་མ་འགག་པའི་གཞིར་གནས་པ་སྟེ། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྐུ་དང་གསུང་། །ཐུགས་དང་ཡོན་ཏན་འཕྲིན་ལས་སོ། །སྐུ་ནི་སྟོང་དང་གསལ་བ་དང་། །མཚན་མ་མེད་པའི་རང་བཞིན་ནོ། །

p. 960

གསུང་ནི་སྒྲ་ཚིག་མིང་བྲལ་ནས། །བརྗོད་ཅིང་གླེང་བ་ཉིད་བྲལ་ལོ། །ཐུགས་ནི་བསམ་དང་འགྱུ་མེད་པས། །འཕྲོ་ཞིང་སྤྱོད་པ་རྣམས་ལས་འདས། །ཡོན་ཏན་ཕྱིར་འོང་ལྡོག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱབ་པ་དང་། །རང་བཞིན་བཅོས་པ་མེད་པའོ། །འཕྲིན་ལས་མ་བྱུང་མ་སྐྱེས་པ། །ཤུགས་འབྱུང་འགག་པ་མེད་པ་དང་། །མ་བྱས་བྱས་པ་མེད་པའོ། །ཞེས་སོ། །གཉིས་པ་ལོངས་སྐུ་རྒྱས་པར་བཤད་པ་ལའང་། ངོ་བོ། ངེས་ཚིག །དབྱེ་བ། རྣམ་གྲངས་དང་བཞི་ལས། ངོ་བོའི་མཚན་ཉིད་རང་གསལ་ཆེན་པོ་ལ་ཡོངས་སུ་རྫོགས་པ། ངོ་བོ་བཞུགས་ཚུལ་རང་བཞིན་མི་གཡོ་བའི་སྐུ་མཚན་དཔེ་དང་རིགས་སུ་གསལ་ལ་མི་གཡོ་བའོ། །ལོངས་སྐུའི་ངེས་ཚིག་ལོངས་སྐུར་སྣང་བ་ལ་སྤྱོད་པ་དེ་ཉིད་ལ་མཁྱེན་པ་མ་འགག་པར་སྤྱོད་པ། སྐུ་ནི་སྣང་བ་རང་གསལ་བཀོད་པ་ཆེན་པོའོ། །ལོངས་སྐུའི་དབྱེ་བ་ལ་བཞི་སྟེ། འབྱུང་ཆེན་ངོ་བོའི་སྐུ། གནས་པ་ཁྱབ་ཚུལ་གྱི་སྐུ། སྣང་བ་ལམ་གྱི་སྐུ། གདུལ་བྱ་སྣང་ཚུལ་གྱི་སྐུའོ། །དང་པོ་ནི། ཆོས་སྐུའི་འཆར་གཞི་ལས་རང་ཤར་ཏེ་འོད་གསལ་ལྔ་ལྡན་གྱི་སྐུར་རྫོགས་པ་ནི། གཞི་སྣང་འབྱུང་བ་ཆེན་པོའི་རང་བཞིན་གསལ་བ་དྲོ་བ། བསིལ་བ། ཡངས་པ། ཁྱབ་པའི་བདག་ཉིད་ཅན་ནོ། །གཉིས་པ་ནི། སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་འོད་དང་འོད་ཁྱིམ་གྱིས་ཁྱབ་པའི་ཆ་མངོན་དུ་གྱུར་པ་སྟེ། རང་ཤར་ལས། ཀུན་ལ་འོད་ཀྱི་སྙིང་པོར་གནས། །རྟོག་མེད་རྣམ་དག་ཆོས་ཀྱི་དབྱིངས། །འགྲན་ཟླ་མེད་པའི་ཉག་གཅིག་པོ། །དཀྱིལ་དང་འཁོར་དང་ཕོ་བྲང་དང་། །རིག་དང་སྟོང་དང་གསལ་བའོ། །ཞེས་སོ། །གསུམ་པ་ནི། གཞི་སྣང་ཆོས་ཉིད་ཀྱི་ལོངས་སྐུ་སེམས་ཅན་ལ་བར་དོར་ལམ་དུ་སྣང་བ་དེ་སྐབས་འདིར་གདུལ་བྱ་འདྲེན་པའི་ལམ་དུ་ཆོས་སྐུའི་ནང་དབྱིངས་ལས་རང་ཤར་ཏེ། འོད་དང་། ཁ་དོག་གི་ཀློང་ན། དཀྱིལ་དང་། འཁོར་དང་། སོ་སོའི་ཚོམ་བུ་དང་། སྐུ་དང་།

p. 961

ཡེ་ཤེས་དང་། ཡབ་དང་། ཡུམ་དང་། སྐུ་མདོག་དང་། ཕྱག་མཚན་ལ་སོགས་པར་གསལ་བ་སྟེ། གསང་བ་ས་བོན་གྱི་རྒྱུད་ལས། ངོ་བོ་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་བ། །དཔེར་ན་རང་དང་གཟུགས་བརྙན་བཞིན། །སྐུ་གསུམ་འོད་གསལ་སྟོང་པ་ཉིད། །རྟག་པ་མ་ཡིན་དངོས་པོར་མེད། །ཆད་པ་མ་ཡིན་འོད་གསལ་སྐུ། །ཐ་དད་མ་ཡིན་ཕྱི་ནང་མེད། །ཅེས་སོ། །བཞི་པ་ནི། ལོངས་སྐུས་འདུལ་བའི་གདུལ་བྱ་སོ་སོ་ལ་རིགས་དང་དཀྱིལ་འཁོར་སོ་སོར་སྣང་བ་སྟེ། རྣམ་པར་འཕྲུལ་པས་ཕྱེ་ནས་གདུལ་བྱའི་དབང་དུ་བྱས་ན། ལོངས་སྐུའི་ཆོས་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོ། དེའི་བཞུགས་ཚུལ་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། ཟང་ཐལ་བས་མདུན་རྒྱབ་ཏུ་མེད་པ། གང་ནས་བལྟས་ཀྱང་དེ་ལ་ཞལ་སྟོན་པ་ལྟར་སྣང་བ་ཞལ་ཕྱོགས་བཅུ་ཀུན་ཏུ་ཐལ་ལེ་བའོ། །དེའི་ཞིང་ཁམས་རྒྱན་ཡོངས་སུ་བཀོད་པ་སྟེ། ཕྱག་གི་མཐིལ་ན་པདྨའི་སྟེང་ནས་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔ་ལ་མངའ་མཛད་པའོ། །གནས་རྣམ་དག་སྟུག་པོ་བཀོད་པ། འཁོར་ཉིད་ལས་མི་ཞན་པ། བསྟན་པ་རང་བྱུང་གི་ཡེ་ཤེས་རང་སྣང་བ། དུས་རྟོགས་པ་མངོན་དུ་གྱུར་པའོ། །འདི་རང་སྣང་གདོད་མ་ལ་ལྟོས་ནས་སྤྲུལ་པ་ཡིན་ཡང་། གདུལ་བྱ་འོད་གསལ་ལ་ལྟོས་ནས་མཚན་དཔེ་རྫོགས་པས་ལོངས་སྐུར་བཞག་པའོ། །ལོངས་སྐུའི་ལོངས་སྐུ་རིགས་ལྔའི་གཙོ་བོ་ལྔར་སྣང་བའོ། །དེ་ཉིད་ཀྱི་མཚན་ཉིད་ངོ་བོ་ཐ་དད་པ་ལ་རང་བཞིན་གཅིག་ལ། ཞིང་ཁམས་སོ་སོའི་རིགས་ཀྱི་དཀྱིལ་འཁོར་གྲངས་མེད་པ། གནས་འོག་མིན་ཆེན་པོ་འཁོར་སོ་སོའི་རིགས་ལྔ། བསྟན་པ་མཁྱེན་པ་ཡེ་ཤེས་ལྔ་ལ་སྤྱོད་པའོ། །དུས་ནི་སྣང་བ་འདུ་བ་མཆེད་པའོ། །ལོངས་སྐུའི་སྤྲུལ་སྐུ་ནི། རིགས་ལྔའི་སངས་རྒྱས་དང་སོ་སོའི་གཙོ་འཁོར་རོ། །དེའི་མཚན་ཉིད་སྣང་བ་ལ་རང་བཞིན་མེད་པ། གསལ་བ་ལ་རྟོག་པ་མེད་པའོ། །དེའི་

p. 962

ཞིང་ཁམས་ལྷ་དང་ལྷ་མོ་བསམ་གྱིས་མི་ཁྱབ་པ་ལ་ལོངས་སྤྱོད་པའི་སྣང་བ་དག་པའོ། །གནས་ལྕང་ལོ་ཅན་ཡེ་ཤེས་བཀོད་པའི་གཞིའོ། །འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའོ། །དུས་རིག་པ་རང་སྣང་བའི་དུས་སོ། །དེའང་གནོད་སྦྱིན་གནས་པའི་ལྕང་ལོ་ཅན་མ་ཡིན་གྱི། རིགས་ལྔའི་ཞིང་སྣང་སྟེ། རང་བཞིན་གྱིས་དག་ཅིང་། འོད་ལྔའི་སྣང་བ་རང་གསལ་བ། ལོངས་སྤྱོད་ཆེན་པོ་ཡེ་ཤེས་ལྔའི་རྣམ་པ་ལ་སྤྱོད་ཅིང་། ཉོན་མོངས་པའི་ཟུག་རྔུ་ཐམས་ཅད་དང་བྲལ་བའོ། །དེ་དག་ཀྱང་རིན་པོ་ཆེ་སྤུངས་པ་ལས། རང་གསལ་དག་པའི་ལོངས་སྐུ་ཡིས། །འོད་ལྔ་རྣམ་དག་གཞལ་ཡས་ན། །སྤྲོས་མེད་བདེ་ཆེན་གསུང་གིས་ནི། །སྐུ་ལྔའི་རིགས་ཀྱི་འཁོར་རྣམས་ལ། །དངོས་མེད་དག་པའི་ཆོས་རྣམས་ནི། །ཡེ་ཤེས་ལྔ་འདུས་ཐུགས་ནས་ཕྱུང་། །རྣམ་དག་འོད་ཟེར་ལྗགས་ལས་བཀྲམ། །རང་བྱུང་ཡི་གེ་དྲུག་ཏུ་ཡང་། །མ་གསུངས་རང་བྱུང་ཆེན་པོར་བསྟན། །ཅེས་སོ། །ལོངས་སྐུ་ནི། ངོ་བོས་ཆོས་བརྡར་སྟོན་གྱི་ཚིག་ཏུ་མེད་པས་མ་གསུངས་ཞེས་བྱ་ལ། ཡི་གེ་དྲུག་གི་རང་སྒྲ་གདུལ་བྱས་ཐོས་པ་ནི། གསུངས་པ་ལྟར་སྣང་བ་རྨི་ལམ་གྱི་ཚིག་བཞིན་ཏེ། ཀློང་དྲུག་པ་ལས། ཉིད་ཀྱི་ཞལ་ནས་མ་གསུངས་པར། །རྨི་ལམ་ལྟ་བུའི་མཚན་ཉིད་དུ། །འཁོར་གྱི་སེམས་དཔའ་རྣམས་ལ་ནི། །ཤེས་རབ་རྟོག་དཔྱོད་བློ་ལ་སྣང་། །ཞེས་སོ། །བཞི་པ་རྣམ་གྲངས་རྒྱས་པར་བཤད་པ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས། ལོངས་སྐུའི་སྐུ་ནི། སྟོང་གསལ་འཇའ་ཚོན་ལྟ་བུའོ། །གསུང་ནི། གདུལ་བྱའི་རང་སྣང་རྨི་ལམ་ལྟ་བུའོ། །ཐུགས་ནི། མཚན་ཉིད་འཛིན་པའི་ཡེ་ཤེས་རྒྱུན་ཆད་མེད་པའོ། །ཡོན་ཏན་ནི། སྐུ་མཚན་དཔེ་འོད་ཟེར་གྱི་ཕུང་པོར་རྫོགས་པ། གསུང་རང་བྱུང་ཡི་གེའི་སྣང་བར་འཆར་བ། ཐུགས་མངོན་ཤེས་དང་ཏིང་ངེ་འཛིན་རྒྱ་མཚོའི་གཏེར་དུ་གྱུར་པའོ། །འཕྲིན་ལས་ནི། ཆོས་ཚད་མེད་པའི་

p. 963

འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བ་སྟེ། ཐལ་འགྱུར་ལས། ལོངས་སྐུ་ལ་ཡང་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་ལྔ་ཡིན་ནོ། །སྐུ་ནི་སྣང་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་བྱུང་རང་སྣང་དང་། །སྤྲོ་བསྡུ་རྣམ་པའི་འཁོར་ལོའོ། །ཐུགས་ནི་རྒྱུན་མེད་གཟིགས་པ་དང་། །མཁྱེན་པའི་རྩལ་དང་དགོངས་པའོ། །ཡོན་ཏན་མཚན་དཔེ་རྫོགས་པ་ལ། །དགོངས་གསལ་མངོན་ཤེས་རྫོགས་པའོ། །འཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམ་འཕྲོས་ཏེ། །སོ་སོའི་རིགས་ཀྱི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་སྟོན། །ཅེས་སོ། །གསུམ་པ་སྤྲུལ་སྐུའི་གནས་རྒྱས་པར་བཤད་པ་ལའང། ངོ་བོ། ངེས་ཚིག །དབྱེ་བ། རྣམ་གྲངས་དང་བཞི་ལས། ངོ་བོ་ནི། སྣ་ཚོགས་ངེས་མེད། ངོ་བོ་དེའི་བཞུགས་ཚུལ། ཆགས་ཞེན་ལས་གྲོལ་བ། ཏིང་ངེ་འཛིན་ཐུགས་མི་རྟོགས་པའི་ངང་ལ་མཉམ་པར་གནས་པའོ། །ངེས་ཚིག་ནི། གང་ལ་གང་འདུལ་དུ་སྤྲུལ་པས་ན་སྤྲུལ་པ། དེ་ཉིད་མཐུན་པར་སྣང་བའི་གཟུགས་ཕུན་སུམ་ཚོགས་པས་ན་སྐུའོ། །དབྱེ་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལུགས་གཉིས་ལས། ཐུན་མོང་གི་ཐེག་པ་ལས་གསུམ་དུ་གྲགས་པ་ནི། མདོ་སྡེའི་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་པའི་ཐབས་ཆེན་པོ། །ཞེས་སོ། །བཟོ་ནི། རིས་སུ་བྲིས་པ་ལ་སོགས་པའོ། །སྐྱེ་བ་ནི། སངས་རྒྱས་ཀྱིས་འགྲོ་བ་ཕལ་པའི་གཟུགས་རྟ་དང་ཉ་བོ་ཆེ་ལ་སོགས་པར་སྤྲུལ་པའོ། །བྱང་ཆུབ་མཆོག་གི་སྤྲུལ་པ་ནི། མཛད་པ་བཅུ་གཉིས་ཏེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་

p. 964

མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །ལྷ་རྣམས་ཀུན་དང་བཅས་པར་ནི། །མྱ་ངན་འདའ་བར་རྟག་སྟོན་པ། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་པའོ། །ཐུན་མོང་མ་ཡིན་པའི་ཐེག་པ་འདིར་ནི། མ་དག་པ་སྤྲུལ་པའི་སྐུ་དང་། འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་དང་། རང་བཞིན་སྤྲུལ་པའི་སྐུ་དང་གསུམ་ལས། དང་པོ་ནི། རྔོན་པ་དང་། སྨད་འཚོང་ལ་སོགས་པར་སྤྲུལ་པ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། རྔོན་དང་སྨད་འཚོང་ལ་སོགས་པར། །སྤྲུལ་ནས་སེམས་ཅན་དོན་མཛད་དོ། །ཞེས་སོ། །གཉིས་པ་ནི། གང་ལ་གང་འདུལ་དུ་སྤྲུལ་པ་ཐུབ་པ་དྲུག་ལ་སོགས་པའོ། །གསུམ་པ་ནི། འོག་མིན་དང་། མངོན་དགའ་དང་། དཔལ་དང་ལྡན། པདྨ་བརྩེགས། ལས་རབ་རྫོགས་པ་ལྔར་རིགས་ལྔ་དག་པའི་སངས་རྒྱས་སུ་སྣང་བས་དོན་མཛད་པའོ། །དེ་ཡང་རྣམ་པར་འཕྲུལ་པ་གདུལ་བྱའི་དབང་དུ་བྱས་ན། སྤྲུལ་པ་སྐུའི་ཆོས་སྐུ་རང་བཞིན་དག་པའི་ཞིང་གི་སྟོན་པ་རིགས་ལྔ་དང་། མི་མཇེད་འདིར་དཔལ་རྡོ་རྗེ་འཆང་ཆེན་པོ། དེའི་མཚན་ཉིད་སྐྱེ་བ་བཞིའི་ལུས་སུ་བྱུང་ཞིང་མཛད་པ་སུམ་བཅུ་རྩ་དྲུག་མཐར་ཕྱིན་པར་ཞལ་གྱིས་བཞེས་པ། དེའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་བྱེ་བ་ཕྲག་བརྒྱའི་ཞིང་ལ་སོགས་པ་ཚངས་ཆེན་གྱི་བསྐལ་པ་གཅིག་གིས་བསྡུས་པ་ལ་མངའ་མཛད་དོ། །དེའི་གནས་མེ་ཏོག་པདྨ་སྟོང་དང་ལྡན་པ། འཁོར་སྐྱེ་བ་བཞིས་བསྡུས་པའི་འགྲོ་བ། བསྟན་པ་སྡེ་སྣོད་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར། དུས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་སོ། །སྤྲུལ་པ་སྐུའི་ལོངས་སྐུ་དཔལ་རྡོ་རྗེ་སེམས་དཔའ། དེའི་ཞིང་ཁམས་སྟོང་གསུམ་བྱེ་བ་ཕྲག་

p. 965

བརྒྱ། གནས་གདུལ་ངོ་དང་སྦྱར་བ། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཚད་མེད་པ། བསྟན་པ་ངེས་པ་དོན་གྱི་ཐེག་པ། དུས་ངེས་པ་མེད་པའོ། །སྤྲུལ་པ་སྐུའི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་སོགས་པ་སྟེ། ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཉིད་ཀྱི་མཛད་པ་ལ་ལོངས་སྤྱོད། ཞིང་ཁམས་གླིང་བཞི་བྱེ་བ་ཕྲག་བརྒྱ་ལ་སོགས་པ་ལ་མངའ་མཛད། གནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པ། འཁོར་ཐུན་མོང་བ་དགེ་སློང་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས་ཏེ་རྣམ་པ་བཞི་དང་། ལྷ་མི་ཚད་མེད་པ། ཐུན་མོང་མ་ཡིན་པའི་འཁོར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའོ། །བསྟན་པ་རྒྱུ་འབྲས་ཀྱི་ཐེག་པ་སྣ་ཚོགས། དུས་གདུལ་བྱ་ལ་ཆོས་སྟོན་པས་ངེས་པ་ཆེན་པོ་རྣམ་པར་གཅོད་པའི་དུས་སོ། །དེ་དག་ཀྱང་། རིན་པོ་ཆེ་སྤུངས་པ་ལས། སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀུན། །དྲན་པ་རང་གསལ་ཐུགས་ལས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །ཅེས་སོ། །བཞི་པ་རྣམ་གྲངས་རྒྱས་པར་བཤད་པ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས། སྐུ་འགྲོ་བ་གང་མོས་སུ་སྣང་བ་དེ་ཡང་རང་རང་གི་ཆའི་མཚན་དཔེ་རྫོགས་པ། གསུང་ཡན་ལག་དྲུག་ཅུའི་དབྱངས་སྡེབ་སྤྱོར་ལེགས་པ། ཐུགས་ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་པ་རྒྱས་པ། ཡོན་ཏན་སྟོབས་སོགས་ཀྱི་ཆོས་མ་ལུས་པའི་མཁྱེན་པ་རྫོགས་པ། འཕྲིན་ལས་ཕྱི་ནང་གསང་བ་གསུམ་གྱི་ཆོས་ཀྱི་འཁོར་ལོ་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དུ་བསྐོར་བ་སྟེ། ཐལ་འགྱུར་ལས། སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྣམ་ལྔའོ། །སྐུ་ནི་མཚན་དང་དཔེ་བྱད་ལ། །གདུལ་བྱ་གང་བྱུང་ལུས་སྤྲུལ་པ། །གསུང་ནི་ཚིག་སྦྱོར་ལེགས་པ་ལ། །ཚངས་པའི་དབྱངས་ནི་ཡན་ལག་དྲུག །ཐུགས་ནི་ཤེས་བྱའི་ཡེ་

p. 966

ཤེས་ཀྱིས། །རང་གཞན་དོན་གཉིས་དགོངས་པར་གནས། །ཡོན་ཏན་མཁྱེན་པ་རྫོགས་པ་དང་། །འཕྲིན་ལས་ཕྱི་ནང་གསང་བ་ཡི། །མཛད་པ་མ་ལུས་རྫོགས་པ་དང་། །ཕུན་སུམ་ཚོགས་པ་ལྔར་གནས་སོ། །ཞེས་སོ། །དེ་ཡང་ཕྱིའི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། ཆོས་ཕུན་སུམ་ཚོགས་པ་ཐེག་པ་སྣ་ཚོགས། འཁོར་ཕུན་སུམ་ཚོགས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་ལ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་པའི་དུས་སུའོ། །ནང་གི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་འོག་མིན་དུ། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་གིས། འཁོར་ཕུན་སུམ་ཚོགས་པ་མཁའ་འགྲོ་དང་གྲུབ་པ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ། ཆོས་ཕུན་སུམ་ཚོགས་པ་གསང་སྔགས་ཕྱི་ནང་གི་ཆོས། དུས་ཕུན་སུམ་ཚོགས་པར་རང་རྐྱེན་ལས་དང་སྐལ་བ་འཛོམ་པའི་དུས་ནའོ། །གསང་བའི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་དུར་ཁྲོད་མེ་རི་འབར་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོས། འཁོར་ཕུན་སུམ་ཚོགས་པ་མཁའ་འགྲོ་མ་ལ་སོགས་པ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ། རང་བཞིན་རྫོགས་པ་ཆེན་པོ། གསང་བ་བླ་ན་མེད་པའི་རྒྱུད་བཅུ་བདུན། དུས་ཕུན་སུམ་ཚོགས་པ་རང་རྐྱེན་རྣམ་པར་དག་པའི་དུས་སུ་གསུངས་པའོ། །དེས་མཚོན་ནས་སྟོན་པ་སྤྲུལ་སྐུ་ཐམས་ཅད་ལ་ཕྱི་ནང་གསང་བའི་ཕུན་སུམ་ཚོགས་པ་ལྔ་ལྔར་ཤེས་པར་བྱའོ། །དོན་གཉིས་པ་ཡེ་ཤེས་ཀྱི་གནས་བྱེ་བྲག་ཏུ་བཤད་པ་ལ་གསུམ་ལས། ངོ་བོ་ནི། རང་རིག་པའི་རང་བཞིན་སྤྲོས་པ་དང་བྲལ་བ་སྟེ། ཐལ་འགྱུར་ལས། རྟོག་བྲལ་ཆོས་ཉིད་རང་གདངས་ལས། །དམིགས་མེད་ཡེ་ཤེས་སྣང་བ་འབྱུང་། །ཞེས་སོ། །ངེས་ཚིག་ཀྱང་དེ་ལས། ཡེ་ཞེས་ཐོག་མར་བྱུང་བ་

p. 967

ལ། །ཤེས་པས་ཉོན་མོངས་སྐྱོན་དག་གོ། ཞེས་སོ། །དབྱེ་ན་གསུམ་སྟེ། ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས། ལོངས་སྐུ་རང་གི་མཚན་ཉིད་འཛིན་པའི་ཡེ་ཤེས། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་སོ། །དང་པོ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། ངོ་བོ་ཀ་དག་གི་ཡེ་ཤེས་རིག་པ་སྟོང་གསལ་དྲི་མ་མེད་པ་མཐར་ཐུག་པས་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ་བས་དབྱིངས་དག་པ་གཉིས་ལྡན་གྱི་རང་བཞིན། སྐུ་གསུམ་གཉིས་སུ་མེད་པའི་འཆར་གཞིར་གནས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་གཏིང་གསལ་འོད་ཀྱི་འཆར་གཞིར་གནས་པས་ཞིང་དང་གཞལ་ཡས་ཁང་དང་འོད་ཟེར་ལ་སོགས་པར་སྣང་བས་གདུལ་བྱའི་རེ་བ་སྐོང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་རང་གི་དུས་ན་སྤྲོས་པ་ཉེ་བར་ཞི་བས་ཡུལ་ལ་འཇུག་པའི་ཐ་སྙད་མེད་ཀྱང་མཁྱེན་པ་ཡེ་ཤེས་ཀུན་གྱི་འཆར་གཞིར་གནས་པས་དབྱིངས་དང་ཡེ་ཤེས་ལྷུན་གྲུབ་ཆེན་པོའི་ངང་ལས་མ་གཡོས་བཞིན་དུ་འགྲོ་བའི་དོན་གཉིས་གཡོ་བ་དང་འབད་པའི་རྩོལ་བ་མེད་པར་འབྱུང་བའི་ས་བོན་བྱེད་པ་སྟེ། ཀློང་དྲུག་པ་ལས། ངོ་བོ་ཀ་དག་ཡེ་ཤེས་ཀྱིས། །མ་རིག་པ་ཡི་དྲི་མ་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཀྱིས། །འཁྲུལ་པའི་ཚིག་གི་གནོད་པ་བྲལ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ཀྱིས། །ཐམས་ཅད་དབྱིངས་གཅིག་འབྲེལ་བར་སྣང་། ཞེས་སོ། །ཆོས་སྐུ་སྟོང་པའི་ཆ་ལ་གཞི་གནས་ཀྱི་ཡེ་ཤེས་འཆར་གཞི་འམ་ས་བོན་ལྟ་བུའི་ཆར་མེད་ན་སངས་རྒྱས་འཁྲུལ་པ་སངས་པས་ཡར་ཆད། སེམས་ཅན་འཁྲུལ་པར་འཁོར་བས་མར་སྡེ་ཆད་ནས། གདུལ་བྱ་དང་འདུལ་བྱེད་དུ་མི་འཐད་པ་ལས། གཞི་གནས་ཀྱི་ཡེ་ཤེས་ལས་ཕྱིར་སྣང་དུ་ཤར་ཏེ། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་འབྱུང་བ་ནི་རང་བཞིན་ཤུགས་ཀྱི་ཐུགས་རྗེ་གཏིང་གསལ་མཁྱེན་རིག་རྫོགས་པ་ལས་བྱུང་སྟེ། ཐལ་འགྱུར་ལས། ཆོས་སྐུ་སྟོང་

p. 968

པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱི་སེམས་ཅན་རྣམས་ལ་འཆར། །དེ་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །ཞེས་སོ། །གཉིས་ལ་ལོངས་སྐུའི་ཡེ་ཤེས་ལྔ་ནི། རང་རང་གི་མཚན་ཉིད་འཛིན་པ་སྟེ། རྣམ་སྣང་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཙོ་ལ། གཞན་བཞི་འཁོར་དུ་ཡོད་པ་དང་། མི་བསྐྱོད་པ་ལ་མེ་ལོང་ཡེ་ཤེས་གཙོ་བོ། རིན་འབྱུང་ལ་མཉམ་པ་ཉིད། འོད་དཔག་མེད་ལ་སོ་སོར་རྟོག་པ། དོན་གྲུབ་ལ་བྱ་བ་གྲུབ་པའི་ཡེ་ཤེས་གཙོ་བོ་ལ། ལྷག་མ་བཞི་བཞི་འཁོར་དུ་ཡོད་པས་ཡེ་ཤེས་ཉི་ཤུ་རྩ་ལྔ་དང་དེ་ལས་ཕྱེ་ནས་དཔག་ཏུ་མེད་ལ། བསྡུ་ན་ལྔར་འདུས་པ་ནི། རང་ཤར་ལས། ཡེ་ཤེས་དབྱེ་བ་འདི་ལྟ་སྟེ། །ཉི་ཤུ་རྩ་ལྔའི་ངོ་བོ་ལས། །བསྡུ་ན་རྣམ་པ་ལྔར་འདུས་སོ། །ཞེས་སོ། །ཇི་ལྟར་འདུས་ཤེ་ན། ཐལ་འགྱུར་ལས། ལོངས་སྐུའི་ཡེ་ཤེས་མཚན་ཉིད་འཛིན། །ཡུལ་དངོས་དག་པས་མེ་ལོང་སྟེ། །འཁོར་འདས་གཟུགས་བརྙན་གསལ་བའོ། །ཕྱོགས་རིས་མེད་པས་མཉམ་པ་ཉིད། །དབང་པོའི་ཡུལ་བསྟན་སོ་སོར་རྟོག །འབད་པས་མ་ཡིན་བྱ་བ་གྲུབ། །ཐ་དད་མེད་པས་ཆོས་དབྱིངས་སོ། །ཞེས་སོ། །འདི་དག་རྒྱས་པར་སྔར་བསྟན་ཟིན་པས་ཡང་མི་སྤྲོའོ། །གསུམ་པ་སྤྲུལ་སྐུའི་ཡེ་ཤེས་གཉིས་ནི། ཤེས་བྱ་ཐམས་ཅད་ལ་ཁྱབ་པར་འཇུག་པ་སྟེ། སྣང་བས་བསྡུས་སོ་ཅོག་ཇི་སྙེད་པས་མཁྱེན་ལ། སྟོང་པས་བསྡུས་སོ་ཅོག་ཇི་ལྟ་བས་མཁྱེན་པས། ཀུན་རྫོབ་ཀྱི་ཆོས་མ་ལུས་པའི་ཆ་མ་འདྲེས་པར་མཁྱེན་ནས་གདུལ་བྱའི་དབང་པོ་དང་ཁམས་དང་བག་ལ་ཉལ་མཐའ་ཡས་པའི་ཚོགས་ལ་འདོམས་པར་མཛད་ཅིང་། དོན་དམ་པའི་ཆོས་ཉིད་

p. 969

མཁྱེན་ནས་སྟོང་པ་དང་། མཚན་མ་མེད་པ་དང་། འོད་གསལ་བའི་ཆོས་མངོན་པར་འདུ་མཛད་དོ། །དེ་ཡང་ཐལ་འགྱུར་ལས། སྤྲུལ་པའི་སྐུ་ལ་ཤེས་བྱ་སྟེ། །ཇི་ལྟ་མཁྱེན་པས་དངོས་པོ་ཡི། །གནས་ལུགས་རང་གི་དོན་དུ་ཤེས། །ཇི་སྙེད་པས་ནི་གདུལ་བྱ་ཡི། །བསམ་པ་ཇི་ལྟར་གནས་པ་ཤེས། །དེ་ལྟར་ཐུགས་རྗེའི་འཆར་ཚུལ་ལས། །གདུལ་བྱའི་འགྲོ་བ་ཐ་དད་ལ། །འདུལ་བྱེད་སྐུ་ཡང་དེ་ཙམ་མོ། །ཞེས་སོ། །ཡེ་ཤེས་དེ་དག་གི་དོན་སྐུ་གསུམ་ལ་འདུ་བས་གསལ་བར་྄བསྡུ་ན། དེ་ལྟ་བུའི་སངས་རྒྱས་དེ་ལ་ཆོས་ཀྱི་སྐུའི་གནས་སྐབས་ན། ཡེ་ཤེས་གསུམ་གཞི་ལ་ཚང་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གསུམ་མཚན་ཉིད་རིས་ཆད་དུ་མེད་པས། རིག་པའི་གསལ་ཆ་ལས་ངང་ངམ་ཤུགས་ཀྱིས་མཁྱེན་པའི་འཆར་གཞི་བྱེད་པའོ། །ལོངས་སྐུའི་གནས་སྐབས་ན་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་སོ་སོར་གསལ་ཏེ། ཆོས་ཀྱི་དབྱིངས། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོག་པ། བྱ་བ་གྲུབ་པའི་ཡེ་ཤེས་རྣམས་ཡུལ་དང་ཡུལ་ཅན་དུ་ནི་མ་ཡིན་ཏེ་ཐད་ཀའི་སྣང་བ་རང་གསལ་བའོ། །སྤྲུལ་སྐུའི་དུས་ན་མཁྱེན་པའི་ཡེ་ཤེས་གཉིས་སུ་གནས་ཏེ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་སོ། །དེ་གཉིས་ཀྱང་བྱ་བ་དང་བྱེད་པ་དང་བཅས་པ་ནི་མ་ཡིན་ཏེ། འབད་མེད་ལྷུན་གྲུབ་ཀྱི་ཚུལ་དུ་མཁྱེན་པའོ། །དེ་ལྟར་ན་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ཡེ་ཤེས་གསུམ་ནི། སྤྲུལ་པའི་སྐུ་ཕྱིར་སྣང་གི་ཤེས་བྱའི་རྣམ་པ་སྣང་སྟོང་གཉིས་མཁྱེན་པ་ལ་ལྟོས་ནས། ཆོས་ཅན་དོན་གྱི་རྣམ་པ་དང་། ཆོས་ཉིད་ཞི་བའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ལོངས་སྐུ་ཐད་ཀའི་རང་སྣང་འོད་གསལ་ཡེ་ཤེས་ཀྱི་ཤེས་བྱའི་རྣམ་པ་རང་གསལ་དུ་མཁྱེན་པ་

p. 970

ལ་ལྟོས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཆོས་སྐུ་ནང་གསལ་གྱི་ངོ་བོ་གཞི་གནས་ཀྱི་ཡེ་ཤེས་འཆར་གཞིའི་ཆ་ཙམ། རང་མལ་ཀ་དག་གི་དབྱིངས་ན་རང་མཁྱེན་དུ་གསལ་བས་དབྱིངས་རྣམ་པར་དག་པའི་ཆར་གནས་པ་ནི། སྒྲོན་མ་སྣང་བྱེད་ལས། ཡང་དག་རྫོགས་པའི་སངས་རྒྱས་ལ། །ཡེ་ཤེས་རྣམ་པ་གསུམ་ཡིན་ཏེ། །རྣམ་པ་ཐམས་ཅད་མཁྱེན་པ་དང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། །གཞི་ལ་གནས་པའི་ཡེ་ཤེས་སོ། །སྤྲུལ་སྐུའི་ཡེ་ཤེས་རྣམ་གཉིས་སོ། །ཇི་ལྟ་མཁྱེན་པས་གནས་ལུགས་ཤེས། །ཇི་སྙེད་མཁྱེན་པས་གཞན་དོན་རྣམས། །ལོངས་སྐུའི་ཡེ་ཤེས་ཐད་ཀ་ཡི། །འོད་གསལ་རང་སྣང་ཤེས་བྱ་གསལ། །ཆོས་སྐུའི་ཡེ་ཤེས་གཞི་གནས་ཏེ། །ཤེས་པའི་ཆ་ནི་གསལ་བྱེད་ལ། །འཛིན་པ་རིགས་པའི་རྟོག་པ་མེད། །ངང་ངམ་ཤུགས་ཀྱི་ཐུགས་རྗེའོ། །གསལ་ཞིང་ཤེས་པ་རིག་དང་བཅས། །ཆ་ལ་འདྲེས་པ་མེད་པར་གནས། །ཞེས་སོ། །དོན་གསུམ་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་དོན་བསྡུ་བ་ལ་གཉིས་ཏེ་ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ན་སངས་རྒྱས་ཀྱི་སའི་ཆོས་ཐམས་ཅད་བསྡུ་ན། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོར་སྣང་བ་དང་བཅས་པ་གཟུགས་སྐུ་མཚན་དང་དཔེ་བྱད་དུ་གསལ་བ་དང་། ཆོས་སྐུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་རང་བཞིན་ཅན་དང་། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་འཁོར་ལོ་དང་བཅས་པ་དང་། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྤངས་པ་དང་རྟོགས་པའི་རང་བཞིན་ཚད་མེད་པ། མངོན་པར་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་། ཏིང་ངེ་འཛིན་རྒྱ་མཚོའི་སྙིང་པོ་གངས་ཆེན་མཚོ་ལ་སོགས་པ་དང་། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། ཚད་མེད་པའི་ཐུགས་རྗེ་ཆེན་པོ་དང་། དྲན་པ་ཉེ་བར་

p. 971

གཞག་པ་ལ་སོགས་པ་དང་། འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ནམ་མཁའི་མཐའ་ཀླས་པའི་འགྲོ་བ་ཐམས་ཅད་ཀྱི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་པ་སྟེ། འདི་ཙམ་དུ་ནི་སངས་རྒྱས་ཀྱི་སའི་ཆོས་ཀྱི་རྣམ་གྲངས་མ་ལུས་པ་འདུས་སོ་ཞེས་ཤེས་པར་བྱའོ། །ཇི་སྐད་དུ། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སངས་རྒྱས་རྣམས་ཀྱི་སྐུ་དང་ནི། །གསུང་དང་ཐུགས་ཀྱི་དཀྱིལ་འཁོར་དང་། །ཡོན་ཏན་འཕྲིན་ལས་ལྔར་སྣང་བའོ། །ཞེས་གསུངས་སོ། །གཉིས་པ་ལ། སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་ལྔའི་རབ་ཏུ་དབྱེ་བ་ལས། དང་པོ་སྐུ་ལའང་ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། སྐུའི་ངོ་བོ། སངས་རྒྱས་ཀྱི་སའི་རྟེན་གང་ཞིག་འཕོ་འགྱུར་མེད་པ། ངེས་ཚིག་ལུས་སུ་རྫོགས་པས་སྐུ་ཞེས་བྱའོ། །སངས་རྒྱས་ཀྱི་ས་ན་ལུས་དངོས་མེད་ཀྱང་མིང་ཙམ་མི་འགལ་ཏེ། དཀོན་མཆོག་སྒྲོན་མེའི་མདོ་ལས། ཆོས་ཀྱི་སྐུ་ནི་རྒྱལ་བ་རྣམས་ཀྱི་ལུས། །ལྟ་ན་རྣམས་སྦྱོངས་དེ་ཡིས་ཤེས་པར་འགྱུར། །ཅེས་པ་བཞིན་ནོ། །དབྱེ་ན། ཆོས་སྐུ་སྤྲོས་པ་དང་བྲལ་བ། ལོངས་སྐུ་མཚན་མ་དང་བྲལ་བ། སྤྲུལ་སྐུ་ངེས་པ་དང་བྲལ་བ་སྟེ། རྩལ་རྫོགས་ལས། སྐུ་ཡི་ངོ་བོ་འགྱུར་བ་མེད། །སྐུ་ཡི་ངེས་ཚིག་གསལ་འཚེར་ལྡན། །དབྱེ་བ་རྣམ་པ་གསུམ་དུ་བསྟན། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུར་ལྡན། །ཆོས་སྐུའི་མཚན་ཉིད་བསམ་པ་བྲལ། །ལོངས་སྐུའི་མཚན་ཉིད་གསལ་རྟོག་མེད། །སྤྲུལ་སྐུའི་མཚན་ཉིད་སྣ་ཚོགས་སྟོན། །ཅེས་སོ། །གསུང་ལའང་ངོ་བོ་གྲག་པས་སྟོང་པ། ངེས་ཚིག་ཆོས་ཀྱི་ཕུང་པོ་སྣ་ཚོགས་དབྱིངས་སུ་སྣང་བ། དབྱེ་ན་མཛད་པ་ཆེན་པོའི་གསུང་གང་ལ་གང་འདུལ་དུ་སྣང་བ། ཚངས་པའི་གསུང་ཡན་ལག་དྲུག་ཅུར་སྣང་བ། འགྲོ་དྲུག་རང་སྣང་དང་མཐུན་པའི་གསུང་སོ་སོའི་སྐད་ལྟར་སྣང་བ། སེམས་ཅན་མོས་པའི་གསུང་དབྱངས་དེས་དབང་པོ་

p. 972

ཚིམ་པར་སྣང་བ། བརྡའི་གསུངས་བརྡ་བསྟན་པས་དོན་གོ་བར་མཛད་པ། ཚིག་གི་གསུང་གདུལ་བྱའི་རྣ་བར་གྲག་པས་ཉོན་མོངས་པ་སེལ་བའོ། །དེ་དག་ཀྱང་སྤྲུལ་སྐུ་ལ་ངོ་བོ་གཅིག་ལྡོག་པས་འབྱེད་དོ། །ལོངས་སྐུ་ལ་བརྡ་ཙམ་མོ། །ཆོས་སྐུ་ལ་བརྗོད་མེད་དོན་གྱི་གསུང་ལས་སྣང་བ་མེད་དོ། །སྤྲུལ་སྐུའི་གསུང་དུ་སྣང་བའང་བྲག་ཅའི་རྣམ་པ་ལྟར། དོན་ལ་མེད་ལ་རྣམ་པར་སྣང་བ་སྟེ། གདུལ་བྱའི་བསོད་ནམས་དང་སངས་རྒྱས་ཀྱི་བྱིན་རླབས་ཚོགས་པ་ལས་གྲག་པའང་ཚིག་འབྲུ་རང་མཚན་དུ་མེད་པར། རྒྱུད་བླ་མ་ལས། རྒྱལ་བ་རྣམས་ཀྱི་གསུང་དེ་ནི། །བྲག་ཅ་བཞིན་ཏེ་ཡེ་གེ་མེད། །ཅེས་པ་དང་། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་གཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །ཕྱི་དང་ནང་ན་གནས་མ་ཡིན། །ཅེས་པ་བཞིན་ནོ། །དོན་དེ་དག་ཀྱང་རྩལ་རྫོགས་ལས། གསུང་གི་ངོ་བོ་གྲག་པས་སྟོང་། །གསུང་གི་ངེས་ཚིག་སྣ་ཚོགས་འབྱུང་། །དབྱེ་བ་རྣམ་པ་དྲུག་གིས་བསྟན། །སངས་རྒྱས་མཛད་པའི་གསུང་ཉིད་དང་། །ཚངས་པ་ལྷ་ཡི་མཆོད་གསུང་དང་། །འགྲོ་དྲུག་འཁྲུལ་པའི་རང་སྐད་དང་། །སེམས་ཅན་མོས་པའི་འདུལ་སྐད་དང་། །གསང་བ་ཡུམ་གྱི་བརྡ་སྐད་དང་། །གྲག་པ་སྣ་ཚོགས་གསུང་དུ་བསྟན། །ཅེས་པའོ། །གསུམ་པ་ཐུགས་ལའང་ངོ་བོ་འཁྲུལ་པ་མེད་པ། ངེས་ཚིག་རིག་པ་རང་ས་ན་གསལ་བ། དབྱེ་ན་སྤངས་པ་ཕུན་སུམ་ཚོགས་པའི་ཡེ་ཤེས་དྲན་པ་སངས་པའི་ཐུགས། རྟོགས་པ་ཕུན་སུམ་ཚོགས་པའི་ཡེ་ཤེས་འགྱུར་མེད་རྡོ་རྗེའི་ཐུགས། མཛད་པ་ཕུན་སུམ་ཚོགས་པའི་ཡེ་ཤེས་མཁྱེན་པ་སྣ་ཚོགས་པའི་ཐུགས་གསུམ་སྟེ། དེ་ཉིད་ལས། ཐུགས་ཀྱི་ངོ་བོ་འཁྲུལ་པ་མེད། །ཐུགས་ཀྱི་ངེས་ཚིག་བསམ་པར་སྣང་། །དབྱེ་ན་

p. 973

རྣམ་པ་གསུམ་དུ་བསྟན། །ཐུགས་ཉིད་དྲན་པ་སངས་པ་དང་། །རྡོ་རྗེ་འགྱུར་མེད་ཐུག་དང་ནི། །སྣ་ཚོགས་མཁྱེནཔའི་ཐུགས་སུ་བསྟན། །ཅེས་སོ། །བཞི་པ་ཡོན་ཏན་ལའང་ངོ་བོ་སངས་རྒྱས་ཀྱི་སའི་ཆོས་ཕུན་སུམ་ཆོགས་པ། ངེས་ཚིག་ལེགས་དགུ་མ་ལུས་པ་ལྷུན་གྲུབ་ཏུ་འབྱུང་བས་ནོར་བུ་ལྟ་བུ། དབྱེ་ན། གཞིའི་ཡོན་ཏན་ཆོས་སྐུ་རང་ས་ཟིན་པས་རང་དོན་མཐར་ཕྱིན་པ། ལམ་སྣང་གི་ཡོན་ཏན་ལོངས་སྐུ་འཁོར་ལ་གསལ་བས་གཞན་དོན་མཛད་པ་འཆར་བ། མཐའ་ལ་སྐྱོལ་བའི་ཡོན་ཏན་སྤྲུལ་སྐུ་འགྲོ་བ་འདྲེན་པས་མཐར་ཐུག་ཆོས་སྐུར་སྦྱོར་བ་སྟེ། དེ་ཉིད་ལས། ཡོན་ཏན་ངོ་བོ་ཐམས་ཅད་བསྐྱེད། །ཡོན་ཏན་ངེས་ཚིག་སྣ་ཚོགས་འགྲུབ། །དབྱེ་ན་རྣམ་པ་གསུམ་གྱིས་བསྟན། །གཞི་ལ་གནས་པའི་ཡོན་ཏན་དང་། །ལམ་ལ་སྣང་བའི་ཡོན་ཏན་དང་། །མཐའ་ལ་སྐྱོལ་བའི་ཡོན་ཏན་ནོ། །ཞེས་སོ། །ལྔ་པ་འཕྲིན་ལས་ལའང་། ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། འཕྲིན་ལས་ཀྱི་ངོ་བོ་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་ལྷུན་གྲུབ་ཏུ་མཛད་པ་སྟེ། མངོན་རྟོགས་རྒྱན་ལས། དེ་བཞིན་སྲིད་པ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་སོ། །ངེས་ཚིག་ནི། སྐུ་གསུམ་གྱི་འཕྲིན་ལས་གདུལ་བྱ་ལ་བྱེད་པས་ལས་དང་ཉོན་མོངས་པ་སྦྱངས་ནས་སངས་རྒྱས་ཀྱི་སར་སྦྱོར་བའི་ལས་མཛད་པ་སྟེ། གདུལ་བྱའི་ཁམས་དང་། བག་ལ་ཉལ་མཁྱེན་ནས། དེའི་དོན་འཚམས་པར་བྱེད་ཀྱང་འབད་རྩོལ་མི་མངའ་བ་ཟླ་གཟུགས་ཆུ་ནང་དུ་སྟོན་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས། གདུལ་བྱའི་ཁམས་དང་འདུལ་བའི་བྱ་བ་དང་། །དེའི་གནས་དང་དེ་བཞིན་ཉིད་རྣམས་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་པ་བཞིན་ནོ། །དབྱེ་ན་བཞི་སྟེ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་དྲག་པོར་འདོད། །ཅེས་སོ། །ཞི་བས། འགྲོ་བའི་སྒྲིབ་པ་སྦྱོང་ཞིང་སྡུག་བསྔལ་མ་ལུས་པ་ཞི་བའི་ཐབས་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང་

p. 974

བར་མཛད་དོ། །རྒྱས་པས། འགྲོ་བའི་ཡོན་ཏན་འཕེལ་ཞིང་འདོད་པའི་རེ་བ་མ་ལུས་པ་སྐོང་བར་མཛད་དོ། །དབང་གིས། སྐྱེ་དགུ་མཐུན་པར་བསྡུས་ནས་རྒྱུད་དབང་གི་ཆུ་བོ་ཆེན་པོས་མ་སྨིན་པ་ཡོངས་སུ་སྨིན་པའི་ལས་རྒྱ་ཆེར་མཛད་དོ། །དྲག་པོས། གདུགས་པ་ཅན་ཚར་གཅོད་ཅིང་ཁམས་གསུམ་དབྱིངས་སུ་གཟིར་ནས། སྲིད་གསུམ་ཟིལ་གྱིས་མནན་ཏེ། འཁོར་བ་མྱང་འདས་སུ་བསྒྲལ་ནས། ཐམས་ཅད་བྱང་ཆུབ་མཆོག་གི་འབྲས་བུ་འགྲུབ་པས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཞིང་ཁམས་ཡོངས་སུ་རྫོགས་པ་ཆེན་པོ་རྒྱས་པར་མཛད་དོ། །དེ་སྐད་དུའང་། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། འཕྲིན་ལས་ངོ་བོ་འགྲུབ་པར་བྱེད། །འཕྲིན་ལས་ངེས་ཚིག་བྱ་བ་བྱེད། །དབྱེ་ན་རྣམ་པ་བཞིས་བསྟན་པའོ། །ཨེ་མ་ཧོ། ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་དྲག་པོར་བཤད། །ཞི་བས་ཆོས་ཉིད་དབྱིངས་སུ་སྡུད། །རྒྱས་པས་སྣ་ཚོགས་ངོ་བོར་སྟོན། །དབང་གིས་མ་སྨིན་སྨིན་པར་བྱེད། །དྲག་པོས་ཐམས་ཅད་ཚར་གཅོད་པའོ། །ཞེས་རྒྱ་ཆེར་གསུངས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། ལྷུན་གྱིས་གྲུབ་པ་འབྲས་བུའི་རྣམ་པར་གཞག་པ་སྟེ་རིམ་ཁང་ཉི་ཤུ་རྩ་ལྔ་པ་སྟེ་ཐ་མའོ།། །།དེ་ལྟར་ལེགས་བཤད་རིན་ཆེན་ཁང་བཟང་ཆོས་དབྱིངས་ནམ་མཁའི་མཐའ་ཀླས་པར། །མ་ལུས་ཡོངས་བཀོད་འབྱོར་ཚོགས་རྒྱ་ཆེ་དཔག་མེད་ཆོས་ཀྱི་རྣམ་གྲངས་ཅན། །ལུས་ཅན་སྐྱེ་དགུའི་རེ་བ་རྣམ་སྐོང་ཡིད་བཞིན་དབང་པོའི་ཆར་འབབ་པས། །དཔལ་ལྡན་བཀྲ་ཤིས་ཉིན་མོར་བྱེད་དེ་ཀུན་དགའི་དགའ་སྟོན་འཕེལ་བར་བྱས། །འཇིག་རྟེན་གསུམ་དུ་སྟོན་པས་ཆོས་ཀྱི་ཆར་ཕབ་པ། །གང་རྣམས་སྣ་ཚོགས་གདུལ་བྱའི་རྗེས་འགྲོ་མཐའ་ཡས་ལྡན་། །དེ་དག་ནང་ནས་མཆོག་གསང་རྫོགས་པ་ཆེན་པོའི་རྩེ། །ངོ་མཚར་རྨད་བྱུང་ཡང་དག་ཕུལ་འདི་

p. 975

གསལ་བར་ཕྱེ། །ཤེས་བྱའི་མཁའ་དབྱིངས་ཤིན་ཏུ་རྒྱ་ཆེ་ཆོས་ཚུལ་ཆུ་འཛིན་གནམ་གཡོགས་ཅན། །ཀུན་མཁྱེན་བློ་མཚོའི་སྤྱོད་ཡུལ་གང་དེ་རིགས་ལྡན་འགྲོ་བའི་དབྱིངས་ཁྱབ་པ། །རྡུལ་བྲལ་དྲི་མེད་ཉི་གཞོན་དམར་བས་བདག་བློའི་ཁང་བཟངས་མཛེས་གྱུར་ཏེ། །ཤིན་ཏུ་རྟོགས་དཀའི་གནས་རྣམས་ཀྱང་ནི་རང་གཞན་ཀུན་གྱིས་མཐོང་བར་བྱས། །གང་འདིའི་རང་བཞིན་མངོན་གྱུར་པ། །རླབས་ཆེན་ཆུ་གཏེར་ཟབ་མོའི་གནས། །སྔོན་མེད་ཡེ་ཤེས་གངས་ཆེན་མཚོ། །འཛིན་ཁྲིའི་གནས་ཀྱང་བསྐྱོད་པ་བཞིན། །དཔལ་ལྡན་མཚོ་ཆེན་མི་འཁྲུགས་གང་དེ་མི་གཡོ་རྦ་རྒལ་རྙོག་པ་མེད། །གཏིང་ཟབ་རྒྱ་ཆེ་རྟོགས་དཀའ་གང་དེ་དེ་རིང་བདག་བློའི་མངོན་དུ་གྱུར། །རིག་འཛིན་རྒྱལ་བ་རྒྱ་མཚོ་གང་དེ་དགོངས་པ་དུས་གསུམ་འཕོ་འགྱུར་མེད། །མ་ནོར་དོན་གྱི་སྙིང་པོ་གང་དེ་བདག་རྗེས་ཞུགས་ལ་ཐེ་ཚོམ་བྲལ། །རྟོགས་དཀའི་རང་བཞིན་ཉི་ཟླའི་མདངས་བཀྲ་ཞིང་། །དོན་རྣམས་ཇི་བཞིན་དབང་པོའི་མངོན་སུམ་བཞིན། །མ་ནོར་ཇི་བཞིན་ལེགས་པར་ཡོངས་བཤད་འདིས། །དུས་གསུམ་རྒྱལ་བ་ཐམས་ཅད་མཉེས་བྱེད་ཡིན། །མཁའ་འགྲོ་གྲུབ་པ་རིག་འཛིན་དང་། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱང་། །འདི་ལ་དགྱེས་པའི་སྤྱན་དབྱེ་བས། བྱིན་གྱིས་རློབ་པར་བདག་གིས་ཤེས། །ཟབ་ཅིང་རྒྱ་ཆེ་རྡོ་རྗེའི་གནས་ནི་ཀུན་གྱི་སྤྱོད་ཡུལ་མ་གྱུར་པ། །ཤིན་ཏུ་རྣམ་བཀྲ་གསལ་བར་བྱས་པའི་རང་བཞིན་དྲི་མེད་ཁང་བཟངས་འདིས། །འོད་གསལ་སྙིང་པོའི་བསྟན་པ་གང་འདི་ཡུན་རིང་འཇིག་རྟེན་གནས་བྱེད་ཅིང་། །སྐལ་ལྡན་རྣམས་ཀྱི་ལམ་བཟང་སྣང་བས་ཐར་གླིང་པདྨོ་རྒྱས་བྱེད་ཡིན། །སྟོབས་ཆེན་དམ་པའི་གླང་པོ་གཟིམས་ལས་དེ་ཡི་གཞུང་ལུགས་མིག་ཟུམ་ལ། །གནས་གཞན་གྲུབ་པའི་གོམས་ཚུགས་འཁྱོར་ཞིང་ཟབ་མོའི་གནད་རྣམས་

p. 976

འཐོར་དོགས་ནས། །རིང་པོར་མ་ཐོགས་བཀའ་ཡི་བསྡུ་བ་རིམ་ཁང་ཉི་ཤུ་རྩ་ལྔ་པར། །སྙིང་པོའི་དོན་རྣམས་ཕྱོགས་གཅིག་བསྡུས་ནས་ཐུགས་ཀྱི་རྟེན་དུ་གུས་པས་བསྒྲུབས། །ཐེག་མཆོག་མཉམ་པའི་ས་གཞི་ལ། །འོད་གསལ་རྡོ་རྗེ་སྙིང་པོའི་རྩེ། །རིམ་ཁང་ལྔ་ཕྲག་ལྔས་བརྒྱན་པ། །ཟབ་ཅིང་རྒྱ་ཆེའི་བཀོད་པས་མཛེས། །ཆོས་མཆོག་རིན་ཆེན་སྙིང་པོ་ལས་གྲུབ་པ། །རང་བཞིན་རྫོགས་པ་ཆེན་པོའི་མཆོད་རྟེན་ནི། །སྣང་སྲིད་འཁོར་འདས་ཞིང་ཀུན་ཐག་གྲུས་ཁྱབ། །རྩེ་མོ་ལྷུན་མཐོ་ཆོས་དབྱིངས་ནམ་མཁས་ཀླས། །འདི་ཡི་ཁོ་ར་ཁོར་ཡུག་ཕྱོགས་ཀུན་ན། །སྣང་སྲིད་སྣོད་བཅུད་རབ་བཀྲའི་ལྟད་མོ་བྱེད། །སྟེང་རྣམས་སྙིང་པོ་བྱང་ཆུབ་རྣམ་འཕྲུལ་ཞིང་། །ཆོས་རྣམས་གསལ་ལ་མ་འདྲེས་རྫོགས་པར་གནས། །ཚུལ་དེའི་རྗེས་འགྲོ་ངོ་མཚར་རྨད་ཀྱི་ཆོས། །ཐེག་མཆོག་མཛོད་ཀྱི་མཆོད་རྟེན་ཆེན་པོ་ཡང་། །ཚིགས་དོན་རྣམས་བཀྲའི་བཀོད་པ་མཐའ་ཡས་ཤིང་། །ཟབ་ཅིང་རྒྱ་ཆེའི་སྣང་བས་མཁའ་དབྱིངས་ཁྱབ། །རྒྱུ་འབྲས་ཐེག་པའི་ས་གཞི་ཡོངས་མཉམ་གདལ་བ་ཆེན་པོའི་ཞིང་ཁམས་སུ། །བླ་མེད་ཐེག་པའི་རི་རབ་ལྷུན་མཐོ་དབང་བཞིའི་བུམ་པ་ཀུན་ནས་ཟླུམ། །ཡང་ཟབ་གདམས་པའི་མགུར་ཆུ་བྲེ་དང་ཆོས་ཀྱི་འཁོར་ལོ་མཐའ་ཡས་ཤིང་། །གཞི་ལམ་འབྲས་བུའི་ཉི་ཟླའི་རླུང་བསྐྱོད་མེ་ཏོག་དྲིལ་བུའི་ཚར་དུ་བསྒྲེངས། །གདུགས་དཀར་རྩེ་མོ་རིན་ཆེན་ཏོག་ཡངས་ཤིང་། །སྐུ་དང་ཡེ་ཤེས་སྙན་པའི་བ་དན་མཛེས། །ཚིག་དོན་མདངས་བཀྲ་ནོར་བུའི་ཆུན་འཕྱང་སྤྲས། །ས་སྟེང་རྒྱན་གྱུར་བཀྲ་ཤིས་ཕུན་ཚོགས་ཀྱི། །རླབས་ཆེན་ས་འཛིན་ཤིན་ཏུ་མཐའ་ཡས་རྩེ་མོ་ནམ་མཁའི་དབྱིངས་ན་གསལ། །ཐ་གྲུ་རྒྱ་ཆེ་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་ལས་འདས་གྱུར་ཅིང་། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཁྱབ་བསྟན་པའི་མཆོད་རྟེན་བཀོད་ལེགས་པ། །ཕྱི་རབས་

p. 977

དོན་དུ་བསོད་ནམས་འདུན་སླད་ཀུན་མཁྱེན་ངག་གི་དབང་པོས་བཞེངས། །འཛམ་བུའི་གླིང་དུ་ཕྱི་རབས་མིས་བསྒྲུབ་རྟེན། །ཐེག་མཆོག་འདི་དང་མཚུངས་པ་གཞན་ཡོད་མིན། །དེ་ཕྱིར་དཔག་མེད་ཆོས་ཀྱི་མཛོད་འདི་ནི། །རྡོ་རྗེ་སྙིང་པོའི་བསྟན་པའི་སྲོག་ཤིང་ཡིན། །དཔལ་མགོན་བླ་མ་ཤིན་ཏུ་མཉེས་བྱས་བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་ལྡན། །དབང་གི་ཆུ་བོ་རྒྱ་མཚོས་རྒྱུད་བརླན་བཤད་པའི་སྒྲོན་མེ་མ་ནུབ་ལ། །ཟབ་ཅིང་རྒྱ་ཆེའི་མན་ངག་དང་ལྡན་སྙན་བརྒྱུད་སྙིང་པོ་བདག་ལ་བབས། །དེ་ཕྱིར་སྙིང་ཏིག་བཀའ་གསང་རྒྱ་ཆེའི་བསྟན་པ་དེང་སང་ཁོ་བོས་འཛིན། །རྒྱལ་བ་རིག་འཛིན་བརྒྱུད་པ་མ་ཉམས་ལ། །སྙིང་པོའི་ལག་ལེན་མ་ནོར་མངོན་སུམ་པ། །ཇི་བཞིན་རྟོགས་ནས་དེ་བཞིན་སྨྲ་བྱེད་པས། །རྒྱལ་བ་རྒྱ་མཚོ་དམ་ཅན་དགྱེས་སོ་ཀྱེ། །ཟབ་དོན་བདུད་རྩིའི་ཆུ་རྒྱུན་བསྒྲེངས་པ་དང་། །མཉམ་དུ་ཉོན་མོངས་གདུང་བ་ཞི་བྱེད་པས། །འཁོར་བའི་མེ་ཚོགས་འཕུངས་པའི་འགྲོ་བ་ཀུན། །ཞི་བདེ་བསིལ་བའི་ལམ་ལ་འདྲེན་པ་ལགས། །འདི་ལ་ལྷ་དང་ལྷ་མིན་མི་རྣམས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན། །དགྱེས་པའི་སྤྱན་འབྱེད་བཟང་པོ་མཛད་པའི་རིགས། །ཚིག་དོན་ཆ་ཤས་འོད་དཀར་ནི། །སྟོན་ཟླའི་མཛེས་པ་ལས་འགོངས་ཤིང་། །གཏི་མུག་མུན་པ་རྣམ་གསལ་ནས། །བློ་གསལ་ཀུ་མུད་རྒྱས་པར་བྱེད། །པདྨ་ཀུ་མུཏྟ་དང་ཨུཏྤ་ལ། །ནོར་བུ་རིན་ཆེན་འབར་བས་དཔལ་མངའ་བས། །ཆ་ཡང་མི་མཚོན་མཛེས་པའི་བཀོད་སྤྲིན་ནི། །བདག་བློའི་དབྱིངས་ན་གསལ་བས་སྣང་བར་བྱས། །དོན་དམ་དེ་ཉིད་ཤིན་ཏུ་མཐའ་ཡས་ཀུན་རྫོབ་སྣང་བའི་མཚམས་ལས་འདས། །མ་ལུས་མི་ལུས་ལུས་པ་མེད་པའི་འོད་གསལ་བདེ་གཤེགས་ཉི་མ་ནི། །སྲིད་དང་ཞི་བའི་མཁའ་དབྱིངས་ཀུན་ཁྱབ་རང་བཞིན་གནས་པ་གང་ལགས་པ། །དེ་ཀུན་དོན་ཟབ་རྨད་དུ་བྱུང་དེ་དེ་རིང་བདག་གིས་

p. 978

གསལ་བར་བྱས། །ཆོས་ཚུལ་འདི་ནི་ཐེག་མཆོག་རིན་ཆེན་མཛོད། །ཚིག་དོན་རྣམ་བཀྲའི་རིམ་ཁང་བཀོད་མཛེས་ཤིང་། །རིམ་ཁང་རེ་ནའང་སྙིང་པོའི་དེ་ཉིད་ཀྱི། །ཟབ་ཅིང་རྒྱ་ཆེའི་འབྱོར་ཚོགས་དཔག་མེད་ལྡན། །འདི་ནི་ཡང་ཟབ་གནད་ཀྱི་ལྡེ་མིག་སྟེ། །རྒྱུད་ལུང་མང་ངག་མཛོད་རྣམས་སྣང་བར་བྱེད། །ཟབ་མོའི་དེ་ཉིད་ལྟ་བའི་མེ་ལོང་སྟེ། །ཤེས་རབ་པདྨ་རྒྱས་བྱེད་ཉི་མ་ཡིན། །དེ་སླད་དད་ལྡན་ཐར་པ་འདོད་རྣམས་ཀྱིས། །རིན་ཆེན་མཛོད་འདིར་འཇུག་ལ་འབད་པར་གྱིས། །མ་རིག་མུན་བྲལ་འོད་གསལ་མངོན་གྱུར་ནས། །ཚེ་འདིས་སྲིད་གསུམ་རྒྱ་མཚོའི་ཕ་རོལ་འགྲོ། །ཐེག་མཆོག་རིན་ཆེན་ཆོས་ཀྱི་མཛོད་འདི་ནི། །རང་གཞན་གཞུང་ལུགས་རྒྱ་མཚོའི་མཐར་སོན་ཞིང་། །བློ་གྲོས་མཆོག་མངའ་ཀུན་མཁྱེན་བསམ་ཡས་པས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་སྦྱར། །དགེ་བ་དེ་ཡིས་བདག་དང་འགྲོ་ཀུན་སེམས་ཀྱི་རྙོག་པ་རབ་ཞི་ནས། །ཡེ་ཤེས་འོད་གསལ་ཉི་ཟླའི་རྗེས་འགྲོ་སོ་སོ་རང་གིས་རིགས་ཞི་བ། །རྣམ་ཀུན་མཆོག་ལྡན་རྡོ་རྗེ་རྩེ་མོ་ལྷུན་གྱིས་གྲུབ་པའི་གནས་ཐོབ་ནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་འགྲོ་ལ་ཕན་བདེ་བྱེད་པར་ཤོག །ལེགས་བཤད་སྤྲིན་ཆེན་ཐོས་པའི་གློག་གི་ཕྲེང་བ་ཅན། །ཡིད་མཁའི་ལམ་ནས་ཚིག་དོན་བདུད་རྩིའི་ཆར་བབས་པས། །མ་ལུས་སྐྱེ་དགུའི་རེ་བ་རྣམས་སྐོང་དགེ་ཚོགས་ལོ་ཏོག་རྣམ་འཕེལ་ཞིང་། །རྒྱལ་བའི་འབྱོར་པས་འགྲོ་ཀུན་ཚིམ་གྱུར་སྲིད་ཞིའི་རྒུད་པ་སེལ་བར་ཤོག །ཕྱོགས་རྣམ་ཀུན་གྱི་འབྱུང་བ་དང་། །ལུས་ཅན་ཇི་སྲིད་གནས་ཀྱི་བར། །དམ་ཆོས་མཛོད་འདི་གནས་གྱུར་ཏེ། །མཐའ་ཡས་ཕན་བདེ་འགྲུབ་པར་ཤོག །འཇིག་རྟེན་ཀུན་དང་འགྲོ་བ་ཀུན། །བདེ་ཞིང་འབྱོར་པས་ལྷ་ཡུལ་བཞིན། །ཀུན་ཀྱང་ཐར་པའི་ལམ་ཞུགས་ཏེ། །ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་མ་ལུས་སྲིད་ལས་རྣམ་རྒྱལ་ཏེ། །འབད་པ་མེད་པར་མྱ་ངན་འདས་ཐོབ་ནས། །

p. 979

འཁོར་བ་སྟོངས་ཤིང་ཞི་བའི་ཚལ་རྒྱས་ཏེ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །དགེ་མཆོག་གང་གིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །དཔག་མེད་ཡོན་ཏན་རིན་ཆེན་དཔལ་འབར་བ། །འོད་གསལ་སྙིང་པོའི་དམ་ཆོས་རྒྱས་པར་ཤོག །ཚེ་མཐའ་ཡས་པས་འགྲོ་བ་དཔག་མེད་ཉེ་བར་ཞི་བའི་སར་འདྲེན་ཞིང་། །ནགས་ཚལ་མཚོ་གླིང་མེ་ཏོག་སྨན་ལྗོངས་ཀུན་ཏུ་བརྒྱན་པས་མཛེས་གྱུར་ལ། །སྔོན་མེད་ཆོས་གཏེར་ཡོན་ཏན་མཆོག་སྤྱོད་སྤྱན་དང་མངོན་ཤེས་ཏིང་འཛིན་ལྡན། །ཚངས་སོགས་ལྷ་དང་མིའམ་ཅིས་མཆོད་གྲགས་སྙན་རྔ་སྒྲས་གང་བར་ཤོག །ཀུན་ཏུ་མཐའ་ཡས་འོད་ཟེར་སྟོང་ལྡན་བྱེད་པོའི་ལམ་ལས་རབ་འདས་པ། །འཇིག་རྟེན་རྒྱན་གྱུར་བདུད་རྩིའི་མིག་དང་ཁྱུ་མཆོག་རྒྱལ་བས་རབ་བསྔགས་པའི། །བཀྲ་ཤིས་གང་གིས་འགྲོ་ཀུན་མཛེས་གྱུར་བསྟོད་དབྱངས་མེ་ཏོག་ཆར་འབབ་པའི། །དེ་སྙེད་ཞིང་དུ་ཆོས་ཚུལ་མཆོག་འདི་བཀྲ་ཤིས་རྒྱ་མཚོ་གང་བར་ཤོག །དུས་གསུམ་བསྐལ་པ་ཞིང་གི་རྡུལ་དང་འགྲོ་བའི་ཀུན་ཏུ་རྟོག་པའི་གཞི། །ཇི་སྙེད་རྒྱ་མཚོའི་རྡུལ་ལས་འདས་པར་ཕན་བདེའི་བསྐལ་པ་རྒྱ་མཚོ་སྙེད། །མ་ལུས་ཡོངས་བཀོད་བདེ་དགའི་རྒྱ་མཚོས་བདག་གི་འཕྲིན་ལས་དེ་འདྲ་ཞིང་། །རྒྱལ་བ་རྒྱ་མཚོ་ཀུན་ནས་མཉེས་བྱེད་སེམས་ཅན་རྒྱ་མཚོ་སྨིན་བྱེད་ཤོག །གང་རྣམས་ནམ་མཁའི་དབྱིངས་ལྟར་རྒྱ་ཆེ་ཡེ་ཤེས་ཏིང་འཛིན་རྒྱ་ཆེ་ཞིང་། །དཔག་ཡས་དགོངས་སྤྱོད་རྒྱ་མཚོ་རྒྱ་ཆེ་གཞན་དོན་བྱེད་པ་རྒྱ་ཆེ་ཞིང་། །འོད་གསལ་ཉི་ཟླའི་སྣང་བ་རྒྱ་ཆེ་ཞིང་དང་མཛད་པ་རྒྱ་ཆེ་ཞིང་། །མི་གཡོ་ཆོས་ཉིད་སྣང་བ་རྒྱ་ཆེ་ཆོས་དབྱིངས་རྒྱ་ཆེར་འཇུག་པར་ཤོག །ཇི་ལྟར་མཚན་མོ་དྭངས་པའི་ནམ་མཁའ་ལ། །རི་བོང་འཛིན་ཟེར་ཅན་ཡང་འོད་འགྱེད་ཅིང་། །སྐར་ཚོགས་དབུས་ན་དཀྱིལ་འཁོར་གང་བ་ཡིས། །མེ་ཏོག་ཀུནྡའི་ཚལ་རྣམས་རྒྱས་པ་

p. 980

བཞིན། །བློ་གྲོས་མཁའ་ལ་སྙིང་པོའི་འོད་བརྒྱ་པ། །རྣམ་བཀྲ་ཡེ་ཤེས་གསལ་བའི་མདངས་འཕྲོ་བས། །རྡོ་རྗེ་སྙིང་པོའི་ལམ་བཟང་སྣང་བྱེད་ཅིང་། །སྐལ་བཟང་བློ་ཡི་པདྨོ་རྒྱས་བྱེད་ཡིན། །ཚུལ་འདི་ཐེག་མཆོག་སྙིང་པོའི་པད་ཚལ་ལས། །རབ་འཁྲུངས་སྣ་ཚོགས་རང་གྲོལ་རྣལ་འབྱོར་པས། །འོད་གསལ་སྙིང་པོའི་དོན་རྣམས་བསྟན་ནས་སོང་། །དྲི་མེད་འོད་ཟེར་སྟོང་ལྡན་དེ་སྐད་ལོ། །རང་བཞིན་གསང་བའི་གནད་རྣམས་མ་ལུས་པ། །སྐལ་ལྡན་རྣམས་ལ་མ་ནོར་མངོན་སུམ་དུ། །ཀློང་ཆེན་རབ་འབྱམས་བཟང་པོས་བསྟན་ནས་སོང་། །ཚུལ་ཁྲིམས་བློ་གྲོས་བཟང་པོ་དེ་སྐད་ལོ། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡི། །ཕྱི་རབས་རྗེས་སུ་འཇུག་པའི་སྐལ་ལྡན་ལ། །མཐར་ཐུག་དོན་གྱི་གནད་རྣམས་གདམས་ཟིན་གྱིས། །བརྩོན་པས་ཉམས་སུ་ལེན་ལ་འབད་པར་མཛོད། །གསང་བའི་གནས་ཀྱང་ཤིན་ཏུ་རྒྱ་ཆེ་ལ། །རྒྱུད་ལུང་མན་ངག་ཡི་གེ་གྲངས་མང་ཞིང་། །རྡོ་རྗེའི་གནས་ཀྱང་བརླིང་ཞིང་རྟོགས་དཀའ་བས། །དེ་དག་དོན་འདུས་ཐེག་མཆོག་མཛོད་འདི་གཅེས། །དཔལ་མགོན་བླ་མ་དམ་པ་མཉེས་བྱས་ཤིང་། །ཟབ་མོའི་གནས་རྣམས་མ་ནོར་འདིར་ཚང་ལ། །ལུང་རིགས་མན་ངག་རྒྱ་མཚོའི་ཀློང་ཡངས་པས། །ཟབ་ཅིང་རྒྱ་ཆེའི་གནས་འདི་མཆོག་ཏུ་འཕགས། །ཕྱིན་ཆད་སྐལ་མེད་རྣམས་ལ་མི་བསྟན་ཅིང་། །ཐུན་མོང་མ་ཡིན་གྲུབ་མཐའ་གང་ཡིན་པ། །དེ་ཀུན་ཚོགས་སུ་མ་གླེང་དམ་དུ་སྦོས། །ཡི་གེ་འདི་ལ་བཅོས་བསླད་མ་བྱེད་ཅིག །མཛོད་འདི་དཔལ་ལྡན་སྔགས་ཀྱི་བདག་མོ་དང་། །གཟའ་ཡི་དགེ་བསྙེན་ཆེན་པོ་རཱ་ཧུ་ལ། །དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་ལ་གཏད། །ཐུབ་པར་སྲུངས་ཤིག་བཀའ་ཡི་བྱ་ར་གྱིས། །འདི་ལས་རྩོམ་གཞིའི་ཡི་གེ་ཐུ་བ་དང་། །མང་ཉུང་འདྲ་མིན་བསྲེ་བསླད་བྱུང་སྲིད་ན། །དེ་ཡི་སྙིང་ཁྲག་རོལ་པའི་དགའ་སྟོན་མཛོད། །དབུགས་ཆོད་མདངས་ཕྲོགས་མིག་འབྲས་ཐང་ལ་བྲུལ། །རིག་འཛིན་བཀའ་སྡོད་རྒྱ་མཚོའི་

p. 981

ཚོགས་རྣམས་ཀྱིས། །འདི་ལ་སྤྱོད་པའི་སྐལ་ལྡན་བྱིན་གྱིས་རློབས། །དེ་ཡི་འདོད་དགུ་ཡིད་བཞིན་རྫོགས་མཛོད་ལ། །གདོད་མའི་གནས་སུ་མངོན་པར་བྱང་ཆུབ་ཤོག །རབ་གསལ་བློ་གྲོས་དྲི་མ་མེད་ཅན་འཕགས་པའི་ལམ་གྱི་རྗེས་འགྲོ་བ། །མང་ཐོས་ཡོན་ཏན་ཤིན་ཏུ་རྒྱ་ཆེ་ཚེ་གཅིག་བྱང་ཆུབ་འདོད་རྣམས་ལ། །བླ་མེད་ཐེག་པའི་སྒོ་འདི་ཉེར་གནས་མཛོད་འདིས་ཕན་པ་འགྲུབ་འགྱུར་གྱིས། །ཀླུ་མཆོག་རྣམས་ཀྱི་ནོར་བུའི་དཔལ་བཞིན་དད་བརྒྱའི་གཙུག་གི་རྒྱན་གྱུར་མཛོད། །ལེགས་གསུང་ཡོན་ཏན་དྲི་མ་མེད་ཅན་བླ་ན་མེད་པའི་ཐེག་པ་རྣམས་ཀྱི་རྩེ་མོའི་དཔལ། །རྒྱལ་བའི་གསང་མཛོད་ཤིན་ཏུ་རྨད་བྱུང་འཇིག་རྟེན་ཀུན་ཏུ་འབྱུང་བར་དཀའ་བའི་རིན་ཆེན་མཛོད། །སྐལ་བཟངས་རྣམས་ལ་སྣང་བར་གྱུར་འདི་ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་དུ་རྨད་བྱུང་སྟེ། །གང་གིས་འདི་ཐོས་འཛིན་པར་གྱུར་རྣམས་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་གྲགས་ཆེན་ཡིན། །ཆོས་དཀར་སྣང་བ་ཤིན་ཏུ་རྒྱ་ཆེ་བཀྲ་ཤིས་ཉི་ཟླའི་དཀྱིལ་འཁོར་བཟང་པོས་རྣམ་བརྒྱན་ཞིང་། །ཕྱོགས་དུས་རྒྱལ་བའི་མཆོག་གསང་རྩེ་མོ་བཀྲ་ཤིས་མཐའ་ཡས་འོད་ཟེར་ནམ་མཁའི་མཐའ་དང་མཉམ། །རྒྱལ་འབྱུང་མཛད་པ་ཤིིན་ཏུ་མཐས་ཡས་བཀྲ་ཤིས་འཕྲོ་བས་འདོད་དགུའི་རེ་བ་རྣམས་སྐོང་ཞིང་། །དཔལ་ལྡན་བཀྲ་ཤིས་ཉིན་མོར་བྱེད་པའི་བཀྲ་ཤིས་བརྩེགས་པས་དུས་རྣམས་ཀུན་ཏུ་བཀྲ་ཤིས་ཤོག །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ཅེས་བྱ་བ། ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཤིང་དཔག་ཏུ་མེད་པ་དག་གི་འབྲས་བུའི་དོན་གཏན་ལ་ཕབ་པ་སྟེ། གསང་བ་བླ་ན་མེད་པའི་སྙིང་པོ་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་ནི། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ཕལ་མོ་ཆེའི་དོན་ཁོང་དུ་ཆུད་ཅིང་། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། ཀུན་མཁྱེན་ངག་གི་དབང་པོས་མཛད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །

ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད།

སྟོན་པའི་ལོ་རྒྱུས་རྣམ་པར་གཞག་པའི་ལེའུ་སྟེ་དང་པོ།

p. 982
p. 983

ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས།

p. 984

རྒྱ་གར་སྐད་དུ། ཡཱ་ན་ས་ཀ་ལཱརྠ་དཱི་པ་སིངྔྷྱནྟ་རཏྣ་ཀོ་ཥ་ནཱ་མ༧། བོད་སྐད་དུ། ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་ཅེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གྲུབ་པའི་མཆོག་གྱུར་དྲང་སྲོང་གིས་བསྟོད་ཚངས་དང་དབང་པོས་ཕྱག་བྱས་ཤིང་། །ལྷ་དང་ལྷ་མིན་མིའམ་ཅི་དང་ཀླུ་མཆོག་རྣམས་ཀྱིས་རབ་བསྔགས་པ། །འགྲོ་བའི་གཙོ་བོ་ཀུན་མཁྱེན་གང་དེ་དོན་ཀུན་གྲུབ་པའི་ཡིད་བཞིན་མཆོག །མཐའ་ཡས་རེ་བ་རྫོགས་ལྡན་སླད་དུ་དད་བརྒྱའི་གཙུག་གི་པདྨོས་མཆོད། །གྲངས་མེད་རྒྱལ་བ་སྲས་བཅས་རྣམས་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་སླད་དུ། །འགྲོ་བའི་ཁམས་དང་མོས་པའི་རྗེས་འགྲོ་དམ་ཆོས་འཁོར་ལོ་བསྐོར་བ་ལས། །འཛམ་གླིང་འདིར་གྲགས་ཐེག་པའི་རྣམ་གྲངས་རབ་ཏུ་དབྱེ་བ་གང་ཡིན་པ། །བླ་མ་ལས་ཐོས་མདོར་བསྡུས་ཙམ་ཞིག་དེང་སང་བདག་གིས་གསལ་བར་བྱ། །སྐལ་ལྡན་དོན་གཉེར་ཚད་མར་གྱུར་གང་ཤིན་ཏུ་གསལ་བའི་བློ་གྲོས་ཅན། །ལུང་

p. 985

རིག་མན་ངག་ཟབ་མོའི་རྗེས་འགྲོ་རང་བཞིན་མཛངས་པ་དེ་དག་ལ། །སྣ་ཚོགས་ཐེག་པའི་ཚུལ་རྣམས་འདིར་བརྗོད་ཆེས་ཆེར་གོང་དུ་བགྲོད་བྱའི་ཕྱིར། །ཐོས་སྤྲིན་ལས་བྱུང་བདུད་རྩིའི་ཆུ་ནི་བཏུང་ཕྱིར་གུས་པས་མཉན་པར་གྱིས། །དེ་ལ་གང་གི་ཚེ་དཔལ་ཀུན་ཏུ་བཟང་པོ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་ཏེ། ཕྱོགས་བཅུ་དུས་བཞིའི་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་པ་ན། མ་རིག་པས་མདོངས་པའི་སེམས་ཅན་རྣམས་ཀྱིི་དོན་དུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་ཚད་མེད་པའི་མངའ་ཐང་ཆེན་པོས་སྒྲོན་མ་རྣམ་པར་བཀོད་དེ། འགྲོ་བ་རྣམས་བྱང་ཆུབ་གསུམ་ལ་སོ་སོའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བཀོད་པ་དང་འགོད་པའི་ཕྲིན་ལས་མཛད་པས། ཕྱོགས་བཅུ་དུས་བཞིའི་འགྲོ་བ་ཚད་མེད་པ་སྙེད་ལས། བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་དག་གིས་སོ་སོའི་སྐལ་བ་དང་མཐུན་པའི་བྱང་ཆུབ་ཐོབ་ནས།

p. 986

སླར་ཡང་ཞིང་ཁམས་སུ་ཐེག་པའི་ཆོས་སྣ་ཚོགས་སུ་སྣང་བའི་འཁོར་ལོ་རང་རང་མོས་པའི་དབང་གིས་བསྐོར་བར་མཛད་པ་ནི་ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་པ་སྟེ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྒྱུད་ལས། ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་པ་དང་། ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །འདུལ་བའི་དོན་རྣམས་སོ་སོར་སྟོན། །ཐེག་པ་མཐོ་དམན་ཐམས་ཅད་དང་། །ཕྱིན་ཅི་ལོག་རྣམས་བསམ་ཡས་དང་། །ཞི་ཁྲོའི་ཚོགས་ཆེན་ཐམས་ཅད་ལ། །སོ་སོར་མཐུན་བྱས་ཀུན་ཏུ་སྣང་། །ཞེས་འབྱུང་བས་འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པའི་བསྐལ་པ་ཞིང་གི་རྡུལ་སྙེད་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་སངས་རྒྱས་ཀྱི་འཕྲུལ་པ་ཞི་བ་དང་ཁྲོ་བོ་དང་། འགྲོ་བ་སོ་སོའི་གཟུགས་སུ་སྣང་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སྨན་དང་། ནོར་བུ་དང་། ཁང་བཟངས་དང་། སྐྱེད་མོས་ཚལ་ལ་སོགས་པའི་བཀོད་པ་སྣ་ཚོགས་པ་ཉིད་ཐུགས་རྗེ་ཆེན་པོའི་བྱིན་གྱིས་རླབས་དང་། འགྲོ་བ་སོ་སོའི་དཀར་པོ་རྣམ་པར་འཕེལ་བའི་དབང་གིས་སྣང་བ་ལས། གནས་སྐབས་སུ་འདོད་པ་སོ་སོའི་རེ་བ་སྐོང་བ་ནི་ཟས་དང་། སྐོམ་དང་། གནས་དང་། གོས་དང་། ཉེ་བར་མཁོ་བའི་ཡོ་བྱད་ལ་སོགས་པ་འདོད་པ་རྣམས་ལ་ཡིད་བཞིན་གྱི་ནོར་བུ་ལྟར་འདོད་དགུ་འབྱུང་ཞིང་ཆོས་ཀྱི་རྣམ་གྲངས་དང་། ཐེག་པའི་སྒོ་ཚད་མེད་པ་རང་རང་གི་མོས་པ་བཞིན་སྣང་བ་ནི། ཁ་ཅིག་ལ་ནི་དགེ་བའི་བཤེས་གཉེན་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སོ་སོའི་སྐྱེ་བོ་ལས་ཆོས་ཆར་འབབ་པར་སྣང་ལ། ཁ་ཅིག་ཏུ་པདྨ་དང་དཔག་བསམ་གྱི་ཤིང་དང་ནམ་མཁའི་མཐོངས་ལ་སོགས་པ་ནས་སྣང་བར་འགྱུར་ཏེ། ཞིང་འདི་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་ན་སྣང་བ་ལས་ཞིང་ཁམས་ལ་ལར་ནི་ཐེག་པ་ཆེན་པོ་འབའ་ཞིག །ལ་ལར་ནི་ཆུང་ངུ་འབའ་ཞིག །ལ་ལར་ནི་འདྲེས་མ་འབའ་ཞིག །ལ་ལར་ནི་ཕུན་སུམ་ཚོགས་པ་འབའ་ཞིག་ལ་སོགས་པ་རྣམས་ཀྱིས་འདུལ་བ་རྣམས་

p. 987

ཀྱང་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་རྡོ་རྗེའི་བྱིན་གྱིས་བརླབས་དང་། ཐབས་དང་ཤེས་རབ་མཐར་ཕྱིན་པའི་མཐུ་དང་། འགྲོ་བ་སོ་སོའི་བསོད་ནམས་ལས་བྱུང་སྟེ། དཔལ་གསང་བའི་སྙིང་པོ་ལས། དཔག་བསམ་ཤིང་དང་ཡིད་བཞིན་གྱི། །དེ་བཞིན་ཉིད་དང་འབྱུང་བ་ཀུན། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་རྟེན་འབྱུང་ཡིན། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་ལས་འབྱུང་། །ཞེས་སོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཀྱི་རྣམ་གྲངས་ཚད་མེད་པ་སྙེད་བཀོད་པ་ལས། རེ་ཞིག་བསྐལ་པ་བཟང་པོ་ལེགས་པར་གནས་པ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་མི་མཇེད་ཅེས་བྱ་བ། གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱར་སྣང་བ་འདིར་ཆོས་ཀྱི་རྣམ་གྲངས་ཇི་ལྟར་བྱུང་ཞིང་གྲགས་པའང་ཚད་མེད་དེ། བསྐལ་པ་དང་པོ་ཆགས་པ་ནས་ད་ལྟའི་བར་དུ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་བྱིན་གྱིས་བརླབས་ལས་འོག་མིན་གྱི་གནས་སུ་རྡོ་རྗེ་འཆང་དུ་རྣམ་པར་འཕྲུལ་ཏེ། ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་གྱི་བཀོད་པ་ཚད་མེད་པ་ལ་ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེའི་ཐེག་པ་རྒྱ་མཚོ་གསུངས་པ་ཉིད། ཕྱག་ན་རྡོ་རྗེ་ལ་སོགས་པས་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པའི་ཡུལ་དུ་སྣང་བར་མཛད་ཅིང་། མཁའ་འགྲོ་དང་གྲུབ་ཐོབ་དང་རིག་པ་འཛིན་པ་དུ་མས་བཟུང་སྟེ་རང་རང་གི་གནས་སུ་རྒྱས་པར་མཛད་ལ། པོ་ཏི་དང་གླེགས་བམ་དུ་བཀོད་དེ་མཆོད་པ་དང་། སངས་རྒྱས་སྟོང་མངོན་པར་སྣང་བའི་རྣམ་པར་གཟིགས་ཀྱིས་བྱ་བའི་རྒྱུད་ལ་སོགས་པ་གསང་ཆེན་བསྟན་པ་ནས། ཤཱཀྱ་ཐུབ་པ་དང་། སངས་རྒྱས་མོས་པས་གསུང་བར་བྱེད་ཅེས་འབྱུང་ལ། སྔར་སངས་རྒྱས་ཀྱི་རིམ་པས་གསུངས་པའི་ཐེག་པ་ཆེན་པོ་གསང་སྔགས་རྣམས་ཚེ་ལ་དབང་བའི་མཁའ་འགྲོ་གྲུབ་པ་ཅན་རྣམས་ཀྱིས་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟའི་ཡུལ་ལ་སོགས་པ་ནས། འཛམ་བུའི་གླིང་གིའང་ཟ་ཧོར་གྱི་གནས་

p. 988

མ་ལ་ཡ་གནམ་ལྕགས་འབར་བའི་རི་ལ་མཁའ་འགྲོས་བཟུང་ནས་གནས་པ་དང་། ཨུ་རྒྱན་དང་། སིངྒ་ལ་དང་། ཤམྦྷ་ལའི་ཡུལ་ལ་སོགས་པར་རྒྱུད་སྡེ་བཞུགས་པ་དག །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་དང་། པདྨ་དང་། བི་མ་ལ་ལ་སོགས་པས་སྤྱན་དྲངས་ཏེ་རྒྱ་གར་དང་བོད་དུ་དར་ཞིང་གྲུབ་པ་ཐོབ་པ་ཆེན་པོ་མང་དུ་བྱོན་པ་ཡིན་ནོ། །དེ་ལྟར་སྣང་བའི་ཆོས་ཀྱི་རྣམ་གྲངས་ལས། དེང་སང་བོད་དུ་གྲགས་པའི་ཚུལ་རྣམས་ཀྱི་རྣམ་གཞག་མདོ་ཙམ་ཞིག་བསྟན་པ་ལ་གཉིས་ཏེ། ཐུན་མོང་བ་བསྟན་པ་སྤྱིའི་རྣམ་གཞག་དང་། ཐུན་མོང་མ་ཡིན་པ་འོད་གསལ་རྡོ་རྗེ་སྙིང་པོའི་རྣམ་གཞག་གོ། དང་པོ་ལ་གཉིས་ཏེ། ཆོས་འབྱུང་བའི་ཚུལ་སྤྱིར་བསྟན་པ་དང་། གྲུབ་པའི་མཐའ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལའང་སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ། བསྟན་པ་དམ་ཆོས་ཀྱི་རང་བཞིན་གཉིས་ལས། དང་པོ་ནི་ཐེག་པ་ཆུང་ངུ་ལྟར་ན་བདག་ཅག་གི་སྟོན་པ་འདི་བསྐལ་པ་གྲངས་མེད་པ་གསུམ་འདས་པའི་སྔོན་རོལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལས་སེམས་བསྐྱེད་པར་འདོད་དེ། འདུལ་བ་ལུང་ལས། བདེར་གཤེགས་ཁྱེད་ཀྱི་སྐུ་ནི་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་མྱུར་དུ་འགྲུབ་པར་ཤོག །ཅེས་སོ། །དེ་ནས་བཟུང་སྟེ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས། དང་པོ་སངས་རྒྱས་ལྔ་ཁྲི་ལྔ་སྟོང་། གཉིས་པ་ལ་དྲུག་ཁྲི་དྲུག་སྟོང་། གསུམ་པ་ལ་བདུན་ཁྲི་བདུན་སྟོང་མཉེས་པར་མཛད་པ་ཉིད། ལུང་གཞི་ལས། འདྲེན་པ་ཡུལ་འཁོར་སྐྱོང་ནས་ནི། །སངས་རྒྱས་རྣམ་གཟིགས་བར་དག་ཏུ། །ལྔ་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོའི་རྒྱལ་མཚན་ཐུབ་པའི་བར། །དྲུག་ཁྲི་དྲུག་སྟོང་ཚང་པ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །སངས་རྒྱས་མར་མེ་མཛད་ནས་ནི། །རིན་ཆེན་གཙུག་ཏོར་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །

p. 989

ཅེས་པ་དང་། མཛོད་ལས། རྣམ་གཟིགས་མར་མེ་གཙུག་ཏོར་ཅན། །གྲངས་མེད་གསུམ་གྱི་མཐའ་རུ་བྱུང་། །གོ་རིམས་དེ་ལས་བཟློག་པ་སྟེ། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཅེས་སོ། །ཐ་མར་མཛད་པ་བཅུ་གཉིས་ཀྱིས་སངས་རྒྱས་ཏེ། ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་ནས་ཞི་བའི་དབྱིངས་སུ་བཞུགས་པར་འདོད་དོ། །དེའང་ཚོགས་ལམ་གྱིས་བསྡུས་པའི་ཚོགས་གྲངས་མེད་གསུམ་དུ་བསགས་ནས། རྡོ་རྗེའི་གདན་དུ་ཚོགས་ལམ་ཆེན་པོའི་རྟེན་ལ་སྦྱོར་མཐོང་སྒོམ་པ་མི་སློབ་པའི་ལམ་དང་ལྔ་ཆར་སྟན་ཐོག་གཅིག་ཏུ་ཐོབ་པར་མཛད་པ་ནི། རང་སངས་རྒྱས་དབང་པོ་རྣོན་པོ་དང་ཆོས་མཐུན་པ་ཉིད་དེ། དེ་ཉིད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཅེས་སོོ། །དེའང་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་སོ་སོ་སྐྱེ་བོར་བཤད་པ་ཡང་། དེ་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་སོ། །ཐེག་ཆེན་གྱིའང་ཐུན་མོང་པ་ཁ་ཅིག་དང་པོར་སེམས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མཛད་པ་བཅུ་གཉིས་ཀྱིས་འཛམ་བུའི་གླིང་འདིར་སངས་རྒྱས་པ་བཞིན་དུ་མི་མཇེད་འདིར་སྐུ་མཉམ་དུ་བསྟན་ནས་དོན་མཛད་པར་འདོད་དོ། །ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས། ངས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བརྩོན་པ་ཆེན་པོས་ཚོགས་བསགས་ཤིང་། ཚེ་ལོ་བརྒྱ་པའི་ཚེ་སེམས་ཅན་ལོང་བ་འདྲེན་པ་མེད་པ་རྣམས་ལ་གཟིགས་ཏེ། འཛམ་བུའི་གླིང་འདི་ཉིད་དུ་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྐོར་རོ་ཞེས་སོ། །གསང་སྔགས་ཁ་ཅིག་ནི་དེ་དང་ཚུལ་མཚུངས་པ་ལས། ཁྱད་པར་དུ་དཀའ་བ་སྤྱད་པའི་ཚེ། སྐུ་ཆུ་ཀླུང་གི་འགྲམ་ན་བཞུགས་བཞིན་དུ། ཐུགས་འོག་མིན་དུ་འོད་ཟེར་ཆེན་པོས་དབང་བསྐུར་ཏེ། སླར་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཟབ་

p. 990

མོ་བསྒོམས་པས་སངས་རྒྱས་ཟིན་མ་ཐག་རྡོ་རྗེའི་གདན་དུ་སངས་རྒྱ་བའི་ཚུལ་བསྟན་པར་འདོད་དོ། །སངས་རྒྱས་ཡེ་ཤེས་ཞབས་ཀྱི་གྲོལ་བའི་ཐིག་ལེ་ལས། ཅི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་གསུམ་དུ་ཚོགས་བསགས་ཀྱང་། །འདི་དོན་མ་རྟོགས་ནཻ་རཉྫར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །དེ་ཚེ་ཕྱོགས་བཅུའི་བདེ་གཤེགས་ཀྱིས། །ཐལ་བྱུང་བློ་ཆགས་དེ་བཟློག་སྟེ། །ནམ་མཁའི་དབྱིངས་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་རབ་བསྟན་པས། །ནམ་ཕྱེད་དུས་ན་རྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རེངས་དུས། །སྐད་ཅིག་གིས་ནི་ཡང་དག་རྟོགས། །འགྲོ་བ་འདུལ་བར་བྱ་བའི་ཕྱིར། །བྱང་ཆུབ་སྙིང་པོར་བཞུགས་ནས་ཀྱང་། །དཔུང་ཆེན་བདུད་རྣམས་རབ་བཅོམ་སྟེ། །སེམས་ཅན་གཟུང་བར་བྱ་དོན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཞེས་སོ། །དེ་བཞིན་དུ་སྒྱུ་འཕྲུལ་བླ་མ་ལས། དོན་གྲུབ་དཀའ་ཐུབ་ལུས་ཅན་ལ། །ཕྱོགས་བཅུའི་རྒྱལ་བ་སྤྲིན་བཞིན་དུ། །འདུས་པས་ལོངས་སྤྱོད་དོན་གྱི་ཕྱིར། །སྲོད་དང་ཐོ་རེངས་དུས་ཉིད་དུ། །ཉི་ཟླ་ཟ་བའི་དབང་བྱིན་ནས། །རོལ་པའི་ཀ་ར་བསྟན་པ་ཡིས། །དེ་བཞིན་དེ་བཞིན་གཤེགས་པའོ། །ཞེས་གསུངས་སོ། །དེ་དག་ཐེག་པ་ཐུན་མོང་གི་ལུགས་སོ། །ཐུན་མོང་མ་ཡིན་པ་ལྟར་ན། ཐོག་མར་སེམས་བསྐྱེད་དེ་ཚོགས་བསགས་ནས། འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་སངས་རྒྱས་པའི་རྗེས་ལ། གཙང་མའི་གནས་སུ་སངས་རྒྱ་བའི་ཚུལ་བསྟན་ནས། རིང་པོར་མ་ལོན་པར་རྡོ་རྗེའི་གདན་དུ་སངས་རྒྱས་པའི་ཚུལ་བསྟན་ཏེ། ལང་ཀར་གཤེགས་པ་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱེད་དེར་སངས་རྒྱ། །ཞེས་དང་། གཙང་མའི་རིགས་དག་སྤངས་པ་ཡི། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱ། །ཞེས་སོ། །དེ་དང་ཚུལ་མཚུངས་པའི་གསང་སྔགས་པ་ཁ་ཅིག་འོག་མིན་དུ་

p. 991

སངས་རྒྱས་མ་ཐག་རི་རབ་ཀྱི་རྩེ་ནས་སྙིང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ནས་སངས་རྒྱས་པར་འདོད་དོ། །དེ་ཉིད་འདུས་པ་ལས། བཅོམ་ལྡན་འདས་ནི་སངས་རྒྱས་ནས་རིང་པོར་མ་ལོན་པར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དུ་གྱུར་པར་མཁྱེན་པས། རི་རབ་ཀྱི་རྩེ་མོ་ནས་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་གཤེགས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་འཇིག་རྟེན་པ་དང་མཐུན་པར་བྱ་བའི་ཕྱིར་རྩྭ་བླངས་ནས་ཞེས་སོ། །ཡང་ཁ་ཅིག་གིས་འོག་མིན་དུ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བའི་རྗེས་ལ། ཞིང་འདིའི་འོག་མིན་དུ་རྡོ་རྗེ་འཆང་དུ་སངས་རྒྱས་མ་ཐག །རྡོ་རྗེའི་གདན་དུ་ཤཱཀྱ་ཐུབ་པར་སངས་རྒྱས་ནས་དོན་མཛད་པར། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཕྱག་ན་རྡོ་རྗེ་འཛིན། འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པར་རང་དབང་བསྐུར་བའི་རྗེས་ལ། དེ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་གྱིས་གླིང་བཞི་པ་བར་མའི་འཇིིག་རྟེན་གྱི་ཁམས་ཀྱི་འཛམ་བུའི་གླིང་དུ་བདུད་ཕམ་པར་མཛད་ནས། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་སོ། །དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལུགས་དེ་དག་ཀྱང་། གདུལ་བྱ་ཁ་ཅིག་གི་ངོར་དེ་སྐད་བརྗོད་ཀྱི། ངེས་པ་དོན་གྱི་སྙིང་པོ་ནི་བླ་ན་མེད་པའི་ཚུལ་འདི་ཡིན་ཏེ། བསྐལ་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པའི་སྔོན་རོལ་དུ་བདག་ཅག་གི་སྟོན་པ་འདི་སངས་རྒྱས་ཏེ། དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་ཚད་མེད་པས་འགྲོ་བའི་དོན་གང་ལ་གང་འདུལ་དུ་མཛད་ཅིང་། ལས་དང་པོ་པ་རྣམས་ཞུམ་པ་སྤང་བའི་ཕྱིར་སེམས་དང་པོ་བསྐྱེད་པ་ལྟར་སྟོན་པ་ནས། བྱང་ཆུབ་སེམས་དཔའ་ས་ཐོབ་པ་རྣམས་ལ་ས་ནས་སར་འཕར་བ་དང་། མཛད་པ་བཅུ་གཉིས་ལ་སོགས་པའི་སྤྲུལ་པ་འབའ་ཞིག་གིས་འདུལ་བ་སྟེ། ཡབ་སྲས་མཇལ་བའི་མདོ་ལས། སྔོན་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་འཇིག་རྟེན་གྱི་ཁམས་

p. 992

གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་གཅིག་ཏུ་གྱུར་པ་དེར། དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས། སེམས་ཅན་གྱི་དོན་མཛད་དེ་མྱ་ངན་ལས་འདས་ནས། སླར་ཡང་དེའི་འོག་ཏུ་སངས་རྒྱས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་བསྐལ་པ་འདིའི་བར་དུ་བསྟན་ཅིང་། ད་དུང་ཡང་སོ་སོ་སྐྱེ་བོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སངས་རྒྱས་པའི་ཚུལ་འཁོར་བ་མ་སྟོངས་ཀྱི་བར་དུ་སྟོན་པར་མཛད་དོ་ཞེས་པ་ནས། དཔའ་བོ་ཆེན་པོ་ཐབས་མཁས་དེ། །སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་པའི་བར་དུ་གསུངས་ཤིང་། མདོ་སྡེ་པདྨ་དཀར་པོ་ལས་ཀྱང་། རིགས་ཀྱི་བུ་དག་ང་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་གོང་རོལ་དུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་སོ། །དེ་དང་མཐུན་པའི་གསང་ཆེན་བླ་ན་མེད་པ་དག་ནི། གདོད་མའི་གནས་སུ་བྱང་ཆུབ་ནས། བསྐལ་པས་གཞལ་བ་ལས་འདས་པའི་ཚུལ་རྡོ་རྗེའི་དབྱིངས་སུ་མཉམ་པའི་ངང་ནས་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་གྲངས་མེད་པ་འགྲོ་བ་ཐམས་ཅད་ཀྱི་ངོ་ཁ་ལ་གང་ལ་གང་འདུལ་དུ་སྣང་བ་ཉིད། འཇིག་རྟེན་ཇི་སྲིད་པར་ཀུན་ཏུ་སྟོན་པར་མཛད་པ་ཉིད་དེ། གསང་བ་ཡིད་བཞིན་རིན་པོ་ཆེ་བཀོད་པའི་རྒྱུད་ལས། ཀུན་གྱི་སྔོན་རོལ་སངས་རྒྱས་པ། །རྡོ་རྗེ་འཛིན་རྒྱལ་གསང་བ་ཆེ། །བསམ་ཡས་ཞིང་དུ་རྣམ་པར་རོལ། །གྲངས་མེད་སྔ་ཕྱི་དུས་ཀུན་ཏུ། །ཞི་དང་ཁྲོ་ཚུལ་དཔག་མེད་ཅིང་། །རྔོན་དང་སྨད་འཚོང་ལ་སོགས་གཟུགས། །སྣ་ཚོགས་ཚུལ་གྱིས་དོན་མཛད་ཀྱང་། །ད་དུང་བསྐལ་པ་བཟང་པོ་འདིར། །འདྲེན་པ་སྟོང་དུ་སྒྱུར་མཛད་ཅིང་། །དེ་བཞིན་སྣ་ཚོགས་ཚུལ་འཆང་བས། །དཔག་མེད་འགྲོ་བའི་དོན་མཛད་དོ། །ཞེས་སོ། །དེ་ཡང་ཆོས་སྐུའི་དབྱིངས་ནས་ལོངས་སྐུར་གསལ་བའི་ངང་ལས་མ་གཡོས་བཞིན་དུ་འགྲོ་བ་དྲུག་གི་གནས་སུ་ཆོ་འཕྲུལ་བསམ་

p. 993

གྱིས་མི་ཁྱབ་པ་ལྷུན་གྲུབ་ཏུ་འཕྲོས་པས་དོན་མཛད་པ་ཉིད་དེ། སྒྱུ་འཕྲུལ་དྲ་བ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལས། ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག །དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏེ། འཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣེལ་ཞི་དང་། ཡས་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དོ་ཞེས་སོ། །འདུལ་བ་བཞི་ནི། སྐུ་བསོད་ནམས་ཆེན་པོས་འདུལ་བ་མཛད་པ་བཅུ་གཉིས་དང་། གསུང་ཆོས་ཀྱི་ཕུང་པོས་འདུལ་བ་ཐེག་པ་སྣ་ཚོགས་དང་། ཐུགས་མངོན་པར་ཤེས་པས་འདུལ་བ་འགྲོ་བའི་དབང་པོ་མཁྱེན་པ་དང་། ཡོན་ཏན་དང་འཕྲིན་ལས་བསམ་གྱིས་མི་ཁྱབ་པས་འདུལ་བ་ཆོ་འཕྲུལ་སྣ་ཚོགས་འགྱེད་ཅིང་འོད་ཟེར་སྤྲོ་བ་ལ་སོགས་པའོ། །མཛད་པ་བཅུ་གཉིས་ཀྱི་ཚུལ་ནི། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་སྟོན་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་སོ། །དེ་ལྟར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཡང་། ཉན་ཐོས་པ་ལྟར་ན་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་པས། ཚངས་པ་དང་བརྒྱ་བྱིན་གྱིས་གསོལ་བ་བཏབ་པའི་ངོར། དེ་ནས་ཝཱ་རཱ་ཎ་སཱིར་གཤེགས་ཏེ་བདེན་པ་བཞིའི་ཆོས་བསྟན་པས། འཁོར་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པས་བདེན་པ་མཐོང་བ་ནས་བཟུང་

p. 994

སྟེ། དགུང་ལོ་བརྒྱད་ཅུའི་བར་དུ་བཀའ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ཡང་། གནས་ཐ་དད་པ་རེ་རེར་ཡང་གདུལ་བྱའི་དབང་གིས་ཆོས་ཐ་དད་པ་རེས་འཇོག་ཏུ་གསུངས་པར་འདོད་དེ། འདུལ་བ་ལུང་ལས། ཆུ་ཀླུང་བཱ་ར་ཏའི་འགྲམ་དེ་ཉིད་དུ་ཀླུ་རྣམས་ལ་ནི་དགེ་བ་བཅུའི་ཆོས་ཀྱི་ཆར་ཆེན་པོ་གསུངས་སོ་ཞེས་པ་ནས། གནས་འཇོག་གི་བུ་འཁོར་ལྔ་བརྒྱ་དང་ལྷན་ཅིག་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆོས་ཀྱིས་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་དོ་ཞེས་སོ། །དེའང་དགུང་ལོ་བརྒྱད་ཅུ་ལ་མྱ་ངན་ལས་འདས་པར། བྱེ་བྲག་བཤད་མཛོད་ཆེན་མོ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤམྦྷི། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་ཚལ་དང་དགྲར་བཅས་དང་། །སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་ནི་རེ་རེར་བཞུགས། །འབར་བའི་ཕུག་གི་གནས་སུ་གཉིས། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱོད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །ཉི་ཤུ་རྩ་དགུ་ཁབ་ཏུ་གནས། །དེ་ལྟར་རྒྱལ་བ་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་སོ། །ཉན་ཐོས་པ་ཁ་ཅིག །དེའི་སྟེང་དུ་སྐུ་ཚེ་ཟླ་བ་གཉིས་ཕྱིར་བསྲིང་བར་འདོད་དེ། འབུམ་ཊཱི་ཀ་ལས། འཆི་བདག་གི་བདུད་བཅོམ་པས་ཉིད་ཀྱི་སྐུ་ཚེ་ཟླ་གཉིས་སྲིང་བར་མཛད་དོ་ཞེས་སོ། །ཐེག་པ་ཆེན་པོ་ཐུན་མོང་དུ་གྲགས་པ་དག་ནི་གནས་ཕུན་སུམ་ཚོགས་པ་ཝཱ་རཱ་ཎ་སཱིར། སྟོན་པ་ཕུན་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ། ཆོས་ཕུན་སུམ་ཚོགས་པ་བཀའ་འཁོར་ལོ་དང་པོ་བདེན་པ་བཞིའི་རྣམ་གྲངས། དུས་ཕུན་སུམ་ཚོགས་པ་དགུང་ལོ་སུམ་ཅུ་རྩ་དྲུག་ནས་བཞི་བཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །དེའང་འདུལ་བའི་སྡེ་སྣོད་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས་བརྩམས་ཏེ། འདུལ་བའི་འདུལ་བ་བཅས་པ་དང་རང་བཞིན་གྱིས་རྣམས་པར་གཞག་པ་ཆེ་ལོང་རྣམས་

p. 995

དང་། འདུལ་བའི་མདོ་སྡེ་ཏིང་ངེ་འཛིན་དང་ཚངས་པར་སྤྱོད་པ་རྣལ་འབྱོར་དུ་བྱ་བའི་རིམ་པ་དང་། འདུལ་བའི་མངོན་པ་དེ་དག་གི་རབ་ཏུ་དབྱེ་བ་རྒྱ་ཆེར་བཤད་པ་ལ་སོགས་པ་རྣམས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཀྱི་ཕུང་པོའི་རི་ལ། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་ཐུན་མོང་གི་འཁོར་རྣམ་པ་བཞི་ལས། ཤཱ་རིའི་བུ་དང་། མཽངྒལ་གྱི་བུ་ལ་སོགས་པ་དགྲ་བཅོམ་པ་ལྔ་སྟོང་ཙམ་དང་། ཡུམ་སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཙམ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། དགེ་བསྙེན་མ་ས་ག་མ་ལ་སོགས་པའི་དགེ་བསྙེན་དང་དགེ་བསྙེན་མའི་ཚོགས་དང་། ལྷ་དང་ཀླུ་དང་ལྷ་མ་ཡིན་དང་། དྲི་ཟ་ལ་སོགས་པ་རབ་ཏུ་མང་པོ་དང་། ཐུན་མོང་མ་ཡིན་པའི་འཁོར་ས་ཆེན་པོ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། རིན་ཆེན་འབྱུང་ལྡན་དང་། དྲ་བ་སྦྱིན་ལ་སོགས་པ་རབ་ཏུ་མང་པོ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས། དུས་ཕུན་སུམ་ཚོགས་པ་དགུང་ལོ་བཞི་བཅུ་རྩ་གསུམ་ནས་བདུན་ཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །དེའང་མདོ་སྡེའི་སྡེ་སྣོད་གཙོ་བོར་སེམས་ཀྱི་བསླབ་པ་སྟོན་པ་ལས། མདོ་སྡེའི་འདུལ་བ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚོམས་རྣམ་པར་གཞག་པ་དང་། མདོ་སྡེའི་མདོ་སྡེ་ཏིང་ངེ་འཛིན་ཟབ་ཅིང་རྒྱ་ཆེ་བ་དང་། མདོ་སྡེའི་མངོན་པ་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་གྱི་རབ་ཏུ་དབྱེ་བ་ཇི་སྙེད་པ་རྣམས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་འཛམ་བུའི་གླིང་དང་། ལྷ་དང་ཀླུའི་གནས་ལ་སོགས་པ་ངེས་མེད་རྣམས་སུ། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་དགེ་སློང་དང་དགེ་སློང་མ་དང་། ལྷ་དང་ཀླུ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་གྲངས་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་བཀའ་ཐ་མ་ངེས་པ་དོན་གྱི་རྣམ་གྲངས། དུས་ཕུན་སུམ་ཚོགས་པ་དགུང་ལོ་བདུན་ཅུ་རྩ་གསུམ་ནས་བརྒྱད་ཅུ་རྩ་

p. 996

གཉིས་ཀྱི་བར་དུ་གསུངས་སོ། །དེ་ཡང་མངོན་པའི་སྡེ་སྣོད་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས། མངོན་པའི་འདུལ་བ་ཚེགས་ཆུང་ཞིང་སླ་བའི་ཐབས་ཀྱིས་ཉོན་མོངས་པ་འདུལ་བ་རྣམས་དང་། མངོན་པའི་མདོ་སྡེ་དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ་རྒྱ་མཚོ་དང་། མངོན་པའི་མངོན་པ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། དབང་པོ་དང་། རྣམ་པར་ཤེས་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་རབ་ཏུ་དབྱེ་བ་ཆ་དང་བཅས་པ་རྣམས་སོ། །ཇི་སྐད་དུ་མདོ་སྡེ་བདུན་བརྒྱ་པ་ལས། ཐུབ་པས་ཆོས་ཀྱི་ཕུང་པོ་རྣམས། །སེམས་ཅན་དོན་དུ་རབ་གསུངས་པ། །གནས་དང་དུས་སོགས་རིམ་གྱིས་ནི། །ཚངས་པའི་དབྱངས་ཀྱིས་བཀའ་སྩལ་ཏོ། །ཞེས་སོ། །ཐུན་མོང་མ་ཡིན་པ་ལྟར་ན། གདུལ་བྱའི་བློ་ལ་ལྟོས་ནས་རིམ་གྱིས་འཇུག་པའི་ལས་ཅན་རྣམས་ལ་འཁོར་ལོ་གསུམ་པོ་རིམ་པས་གསུངས་པར་སྣང་ཞིང་དུས་གཅིག་ཏུ་ཅིག་ཅར་འཇུག་པའི་བློ་ཅན་རྣམས་ལ། བྱ་བ་རྫོགས་པའི་དུས་གཅིག་ལ་བསྟན་པ་ལྟར་སྣང་སྟེ། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་བོ་ལས། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བརྡལ་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམས་སྐོང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་སོ། །འདིར་སློབ་དཔོན་ཁ་ཅིག་འཁོར་ལོ་གསུམ་པོ་དུས་གཅིག་ཏུ་བསྐོར་བ་ཁོ་ནར་འདོད་པ་དང་། ཁ་ཅིག་རིམ་པས་སྟོན་པར་འདོད་པས་གཉིས་ཀས་ཐུན་མོང་དང་ཐུན་མོང་མ་ཡིན་པ་དབང་པོའི་ཁྱད་ཀྱིས་ཕྱེ་བའི་དོན་ལ་རྨོངས་པར་ཟད་དོ། །དེའང་སྟོན་པ་ནི་ནོར་བུ་རིན་པོ་ཆེ་ལྟར་འགྲོ་བའི་མོས་པ་ཇི་ལྟ་བར་དོན་འབྱུང་བ་ཉིད། སངས་རྒྱས་ཀྱི་བྱིན་རླབས་ལས་འགྲོ་བ་སོ་སོའི་སྐད་དུ་གསུང་དབྱངས་དྲུག་ཅུ་ལྟར་སྣང་བས་དོན་མཛད་པར་གྱུར་ཀྱང་། དོན་ལ་སྒྲ་ཚིག་རང་མཚན་པར་མེད་ལ། གདུལ་བྱའི་མོས་པ་དང་།

p. 997

སངས་རྒྱས་ཀྱི་བྱིན་རླབས་དང་། དུས་སུ་ཚོགས་པའི་རྐྱེན་གསུམ་འཛོམ་པ་ལས། སྒྲ་བརྙན་བཞིན་སྣང་བ་ཉིད་དེ། རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །ཕྱི་དང་ནང་ན་གནས་མ་ཡིན། །ཅེས་སོ། །ཚུལ་འདིའི་དབང་དུ་མཛད་དེ་དཀོན་མཆོག་བརྩེགས་པ་ལས། ཞི་བའི་བློ་གྲོས་གང་གིས་མཚན་མོ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། གང་གི་མཚན་མོ་མྱ་ངན་ལས་འདས་པའི་བར་དུ། ངས་ཆོས་ཚིག་འབྲུ་གཅིག་ཙམ་ཡང་བསྟན་པ་མེད་དོ་ཞེས་གསུངས་སོ། །མི་ཤེས་པ་ཁ་ཅིག་དོན་དམ་དུ་མ་བསྟན་ཀུན་རྫོབ་ཏུ་བསྟན་ཟེར་བ་ཡང་གསུང་ཚིག་དང་ཡི་གེ་ལས་འདས་པ། འགྲོ་བའི་སྣང་བ་དང་མཐུན་པར་ཚིག་དང་ཡི་གེ་ལྟར་སྣང་བ་འབྱུང་བའི་དེ་ཉིད་ལ་རྨོངས་པར་སྣང་ངོ་། །དེས་ན་འདིར་གདུལ་བྱའི་ངོར་སྣང་བའི་བཀའ་འཁོར་ལོ་དེ་དག་ནི་གནས་རིས་འདྲ་བ་དང་མི་འདྲ་བ་ཐ་དད་གང་ཡིན་ཡང་འདྲ་སྟེ་གདུལ་བྱའི་རིས་ཁམས་མོས་པ་མི་འདྲ་བ་གསུམ་ཡོད་ན། དེ་བཞིན་གཤེགས་པའི་གསུང་དུ་སྣང་བ་དེའི་དུས་སྔ་ཕྱི་མེད་པར་ཆོས་ཐ་དད་དུ་སྟོན་པ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་ཕན་པ་ཁྱོད་ཀྱི་གསུང་གཅིག་ལས། །མོས་པ་ཐ་དད་བཞིན་དུ་སྒྲ་འབྱུང་སྟེ། །རྒྱལ་བས་བདག་ལ་སྟོན་སྙམ་སོ་སོར་སེམས། །གང་གི་སླད་དུ་ཁྱོད་ཀྱིས་འཛུམ་མཛད་སྟོན། །ཅེས་དང་། མདོ་དགོངས་པ་ལུང་སྟོན་ལས། རྟོག་པ་མེད་ཅིང་འཁྲུག་མེད་པ། །ཡིད་འོང་རྡོ་རྗེའི་གསུང་གཅིག་ལ། །གདུལ་བྱའི་བསམ་པའི་དབང་གིས་ན། །བྱེ་བྲག་མང་པོར་འགྱུར་བ་ཡིན། །ཅེས་སོ། །འདི་ལྟར་དུས་ཐ་དད་དུའང་འཁོར་ལོ་གསུམ་རིམ་གྱིས་གསུང་བར་ཁ་ཅིག་ལ་སྣང་ལ་དེའི་རྣམ་གཞག་ཡོད་དེ། ཡུམ་བར་མ་ལས། ཨེ་མ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་འབྱུང་ངོ་ཞེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས།

p. 998

ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་རོ་ཞེས་སོ། །ཡང་དུས་གཅིག་གནས་གཅིག་ཏུ་སྟོན་པ་གཅིག་གི་གསུང་ལྟར་སྣང་བས་གདུལ་བྱ་སོ་སོའི་སྣང་བ་ལ་ཐ་དད་པར་མཐོང་བ་ཡོད་དེ། ཟ་མ་ཏོག་བཀོད་པའི་མདོ་ལས། དེའི་ཚེ་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་སྙིང་རྗེ་ཆེན་པོའི་སྒོའི་ཆོས་ཀྱི་རྣམ་གྲངས་ཐོས་ལ། ཁ་ཅིག་གིས་ནི་མཚན་མ་མེད་པའི་ཆོས་ཀྱི་སྒོའི་རྣམ་གྲངས་ཐོས་སོ་ཞེས་སོ། །དགོངས་པ་ངེས་པར་འགྲེལ་བ་ལས། ཆོས་ཐ་དད་པ་གསུངས་ཀྱིས། གནས་ཐ་དད་པ་དང་དུས་ཐ་དད་པ་མ་བཤད་པའི་ཕྱིར་རོ་ཞེས་བཤད་པས། རིམ་པར་གསུངས་པ་ལ་མི་གནོད་དམ་ཞེ་ན། དེ་ནི་ཆོས་ཀྱི་རྣམ་གྲངས་གཅིག་ལའང་རྣམ་པར་དབྱེ་བ་ཐ་དད་པར་སྨོས་པ་རྣམས། དུས་དང་གནས་གཞན་གྱིས་བར་མ་ཆད་པར་གསུངས་པ་ལ་དགོངས་ཀྱི། རྣམ་གྲངས་གཞན་དུས་དང་གནས་གཞན་དུ་མ་གསུངས་ཞེས་བསྟན་པ་མ་ཡིན་ནོ། །དེ་ལྟར་དགུང་ལོ་བརྒྱད་ཅུ་རྩ་གཉིས་ན་སངས་རྒྱས་དངོས་སུ་སྣང་བས་དོན་བྱ་བའི་སྣོད་དུ་མི་འགྱུར་བར་གཟིགས་ནས། དགོངས་པ་མྱ་ངན་ལས་འདའ་བར་བསྟན་པ་ནི། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། བརྒྱ་པའི་དུས་འདིར་བརྒྱད་ཅུ་ལ། །མྱ་ངན་འདའ་བ་མཚན་ཉིད་ཀྱང་། །བྲམ་ཟེ་ཁྱོད་ཀྱི་དོན་དུ་ནི། །ང་ཡིས་གཉིས་བསྲིངས་བརྩོན་འགྲུས་བསྐྱེད། །ཅེས་སོ། །དེའང་ཐུན་མོང་པའི་གཞུང་ལས། ལོ་བརྒྱད་ཅུར་བསྟན་པ་དང་། ཐུན་མོང་མ་ཡིན་པས་བརྒྱད་ཅུ་རྩ་གཉིས་སུ་བསྟན་པ་དག་བརྩི་ལུགས་ཐ་དད་ཀྱང་མདོ་མཐུན་པར་འདོད་དེ། སློབ་དཔོན་བྷ་ཝ་ལྷ་ནི་ལོ་དངོས་བརྩིས་ན་བརྒྱད་ཅུ་ལ་བལྟམས་པ་ནས་རྩི་བས་མངལ་ཟླ་བཅུ་ངོར་བཤོལ་ཟླ་རྣམས་བསྡོམས་ན་བརྒྱད་ཅུ་རྩ་གཉིས་སུ་བཞེད་པ་ལྟར་ལེགས་སོ། །དེའང་ལོ་གསུམ་གསུམ་ཟླ་བ་རེ་རེ་ཤོལ་དོར་བས་བརྒྱ་བཅུ་ལ་ཟླ་བ་ཉི་ཤུ་རྩ་བཞི་ལ་ལོ་གཉིས་ཏེ་བརྒྱད་བཅུ་རྩ་གཉིས། ཟླ་བ་གཉིས་ནི་སྐུ་ཚེ་བསྲིངས་པའི་ཆའི་ཟླ་བ་གཉིས་སོ། །ལྷག་མ་ལོ་གཉིས་ཀྱི་ཆའི་ཞག་ཉི་ཤུ་ནི་སྐུ་བལྟམས་པ་དང་། མྱ་ངན་ལས་འདས་པའི་ལོ་གཉིས་པོ་ལོ་ངོ་ཡིན་པས་བཅུ་བཅུ་རང་ཞ་པའོ། །དེས་ན་གྲོང་ཁྱེར་རྩྭ་ཅན་གྱད་སྟོབས་པོ་ཆེ་འབྱུང་བའི་གནས་ཤིང་སཱ་ལ་ཟུང་ཅིག་གི་དྲུང་དུ་མྱ་ངན་ལས་འདས་ཏེ། ཞུགས་རང་འབར་ནས་སྐུ་གདུང་སིལ་བུ་ཆ་བརྒྱད་དུ་བགོས་པ་ལས། ཆ་གཅིག་རྩྭ་ཅན་གྱི་གྱད་རྣམས་ལ་བྱིན། ཆ་གཅིག་ཡུལ་སྡིག་པ་ཅན་གྱི་གྱད་ལའོ། །ཆ་གཅིག་ཡུལ་རྟོག་པ་

p. 999

གཡོ་བའི་རྒྱལ་རིགས་བུ་ལུག་ཆེན་པོ་ལའོ། །ཆ་གཅིག་ཁྱབ་འཇུག་གླིང་གི་བྲམ་ཟེ་རྣམས་ལའོ། །ཆ་གཅིག་གྲོང་ཁྱེར་སེར་སྐྱའི་ཤཱཀྱ་རྣམས་ལའོ། །ཆ་གཅིག་ཡངས་པ་ཅན་གྱི་ལི་ཙ་བཱི་རྣམས་ལའོ། །ཆ་གཅིག་མ་ག་དྷཱའི་བྲམ་ཟེ་དབྱེར་འབྱེད་ཀྱིས་མཆོད་པའོ། །གདུང་བཅུག་པའི་བུམ་པ་ནི་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པ་རྣམས་ལ་བྱིན་ནོ། །གདུང་བསྲེགས་པའི་སོལ་བ་ནི་བྲམ་ཟེ་ནྱ་གྲོ་ཏས་བླངས་ཏེ་སོ་སོར་ཁྱེར་ནས་མཆོད་རྟེན་ཆེན་པོ་བྱས་སོ། །ཚེམས་མཆེ་བ་བཞི་ནི་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་ཀླུས་ཀླུའི་ཡུལ་དུ་སྤྱན་དྲངས་སོ། །གསུམ་པ་ནི། ཀ་ལིངྐའི་སྲིན་པོའི་རྒྱལ་པོས་མཆོད་ཅིང་། གཉིས་པ་ནི། མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་སྐལ་བར་བྱིན་ཏེ། དེ་ལས་འཕེལ་བའི་རིང་བསྲེལ་སིལ་བུ་དང་བཅས་པ་མཆོད་རྟེན་པདྨའི་ཕྲེང་བ་ཅན་ན་བཞུགས་པ་བོད་ཀྱིས་སྤྱན་དྲངས་ཏེ། དེང་སང་བསམ་ཡས་མཆོད་རྟེན་དཀར་པོ་ན་བཞུགས་པར་གསུངས་སོ། །དང་པོ་ནི། ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་གྱི་གནས་སུ་སྤྱན་དྲངས་སོ། །ཚུལ་འདི་དག་འདུལ་བ་ལུང་ལས། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུ་གླིང་པའི་མཆོད་པར་ཐོབ། །སྐྱེ་མཆོག་དེ་ཡི་བྲེ་བོ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་ཡིད་འོང་གྲོང་ཁྱེར་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་སྣར་བུ་གནས་པ། །མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། །འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དང་ཀླུ་དང་མི་ཡི་དབང་པོ་དང་། །མིའམ་ཅི་དང་གནོད་སྦྱིན་བདག་པོ་ཡིས། །རབ་ཏུ་བཀུར་ནས་བཀུར་སྟི་མཆོད་པ་བྱས། །ཞེས་སོ། །དེའང་གདུང་རྣམས་བྲེ་བོ་བཞི་དང་བཅས་པ་སོ་སོའི་ཡུལ་དུ་མཆོད་རྟེན་དུ་གྱུར་པ་ལས།

p. 1000

ཁྱད་པར་དུ་འཛམ་བུའི་གླིང་གི་ཆ་བདུན་པོ་རྣམས། རྒྱལ་པོ་སྐྱ་སྣར་གྱི་བུ། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྔོན་གྱི་སྨོན་ལམ་དང་རྫུ་འཕྲུལ་གྱིས་འཛམ་བུའི་གླིང་དང་གླིང་བར་གྱི་ཐང་ལ། བྱེ་མ་སྙིམ་པ་གང་གི་གྲངས་དང་མཉམ་པའི་མཆོད་རྟེན་བཞེངས་ཏེ། རྩེ་ཏྱ་མཆོད་རྟེན་བྱེ་བར་གྲགས་པ་སྟེ། བསྐལ་པ་བཟང་པོ་ལས་སྐུ་གདུང་ནི་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་ལས། སྟོན་པའི་ལོ་རྒྱུས་རྣམ་པར་གཞག་པའི་ལེའུ་སྟེ་དང་པོའོ།། །།

བསྟན་པ་དམ་པའི་ཆོས་ཀྱི་ཚུལ་བཤད་པའི་ལེའུ་སྟེ་གཉིས་པ།

p. 1001

དེ་ནས་བསྟན་པ་དམ་པའི་ཆོས་ཀྱི་རང་བཞིན་བསྟན་པ་ལ་གསུམ་སྟེ། བཀའ་བསྡུ་བ་མཛད་པ་དང་། བཀའ་དང་བསྟན་བཅོས་ཀྱི་རང་བཞིན། བསྟན་པ་ཅི་ཙམ་གནས་པའི་རྣམ་པར་བཞག་པའོ། །དང་པོ་ལའང་སྔགས་དང་། ཕ་རོལ་ཏུ་ཕྱིན་པའི་བསྡུ་བ་གཉིས་ལས། སྔགས་ནི་བཅོམ་ལྡན་འདས་ཀྱིས་རི་རབ་ཀྱི་ཟོམ་དང་། འོག་མིན་ལ་སོགས་པར་གསུངས་པ་ཀུན་རྒྱ་གར་ལྷོ་ཕྱོགས་བྷི་མ་སམ་བྷ་ཞེས་བྱ་བའི་རི་ལ་བྱམས་པ་ལ་སོགས་པ་ཚད་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། མཁའ་འགྲོ་མ་རྣམས་དང་། གྲུབ་པ་ཆེན་པོའི་རིག་སྔགས་འཆང་མང་པོ་འདུས་ཏེ། སྐུའི་རྒྱུད་རྣམས་འཇམ་དཔལ་དང་། གསུང་གི་རྒྱུད་རྣམས་སྤྱན་རས་གཟིགས་དང་། ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་རྣམས་ཕྱག་ན་རྡོ་རྗེས་བསྡུས་པར་གྲགས་སོ། །དེའང་ཤཱཀྱ་ཐུབ་པ་ཉིད་རྡོ་རྗེ་འཆང་དུ་བྱས་ཏེ་གསུངས་པ་རྣམས་དུས་དེར་བསྡུ་བ་བྱས་ཀྱི། རང་བཞིན་དུ་སྔོན་བསྐལ་པ་དཔག་ཏུ་མེད་པར་ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་གདོད་མའི་མགོན་པོས་གསུངས་པ་ཐམས་ཅད་བསྡུས་པ་ནི་མ་ཡིན་ཏེ། སྔོན་གྱི་དུས་དེར་འཁོར་གྱི་མཁའ་འགྲོ་དང་། གྲུབ་པ་དང་། རྡོ་རྗེ་འཛིན་པ་ཉིད་ཀྱིས་བསྡུས་ཟིན་ནས། གསང་བའི་བདག་པོ་ཉིད་ཀྱི་ཐུགས་ལ་མངའ་ཞིང་མཁའ་འགྲོ་མའི་གནས་ན་བཞུགས་པའི་ཕྱིར་རོ། །འདིར་ཐོས་པ་ཆུང་བ་དག་ནི། ཤཱཀྱ་ཐུབ་པ་ཉིད་ནང་ལྟར་

p. 1002

རྡོ་རྗེ་འཆང་དུ་བཞེངས་པ་དེས་ཚེ་ལོ་བརྒྱ་པའི་དུས་སུ་གསུངས་པ་ལས་གཞན་དུ་གསང་སྔགས་ཀྱི་རྒྱུད་མེད་པར་འཛིན་ཏོ། །དེ་ནི་མི་རིགས་ཏེ། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །ཅེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་ཞིང་། བསྐལ་པ་འདི་ཉིད་ལའང་རྡོ་རྗེ་འཆང་ཆེན་པོ་བསམ་གྱིས་མི་ཁྱབ་པའི་དུས་སུ་བྱུང་བ་དེས། བསྐལ་པ་དང་པོ་ནས་ད་ལྟའི་བར་ཏུ་འོག་མིན་དང་། གསང་བ་ཆེན་པོའི་དུར་ཁྲོད་དང་། མཁའ་འགྲོ་མ་རྣམ་པར་འདུ་བའི་གནས་སུ། རྒྱུད་སྡེ་གྲངས་མེད་པ་སྔར་ཡང་རིམ་པས་གསུངས་ཤིང་། ད་ལྟའང་གསུངས་ལ། མ་འོངས་པ་ནའང་གསུང་བར་འགྱུར་ཏེ། མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། ཞེས་དང་། ཡེ་ཤེས་རོལ་བའི་རྒྱུད་ལས། ཐོག་མའི་རྡོ་རྗེ་འཆང་བ་ངས། །བསྐལ་པ་ཀུན་གྱི་སྔོན་རོལ་ནས། །ཕྱི་མའི་མུ་མཐར་ཐུག་གྱུར་པ། །དེ་སྲིད་བླ་མེད་གསང་བའི་ཆོས། །རྨད་བྱུང་རྒྱལ་པོ་འགྲོ་བ་ལ། །གསུངས་སོ་གསུང་ངོ་གསུང་བར་འགྱུར། །ཅེས་སོ། །མདོ་སྡེ་རྣམས་ཀྱི་བསྡུ་བ་ནི། རྣམ་པ་གསུམ་ལས། བསྡུ་བ་དང་པོ་ལ་རྣམ་པ་དགུས་རིགས་པར་བྱ་སྟེ། དུས་དང་འདུས་པ་གནས་དང་ནི། །གསོལ་འདེབས་དངོས་པོ་སྦྱིན་བདག་དང་། །དགོས་པ་བསལ་བྱ་སྡུད་གཙོ་སྟེ། །རྣམ་པ་དགུར་ནི་མཁས་རྣམས་བཞེད། །ཅེས་པས་སོ། །དེ་ལ་དུས་ནི་སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་དེའི་དབྱར། གནས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རིའི་བྱང་ཤར་ཨ་སུ་ར་གསང་བའི་བྲག་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ཏེ། རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་མཛད་ནས། ལྷའི་བུ་འཕྱ་བ་བསལ་པའི་ཕྱིར། མདོ་སྡེ་རྣམས་ཀུན་དགའ་བོ་དང་། འདུལ་བ་ཉེ་བ་འཁོར་དང་། མངོན་པ་འོད་སྲུངས་ཆེན་པོས་བསྡུས་སོ། །དེའང་གསུང་རབ་ཡན་ལག་བཅུ་གཉིས་པོ་སྡེ་སྣོད་གསུམ་དུ་བསྡུས་ནས་མི་ཉམས་

p. 1003

པར་བྱས་སོ། །ཇི་སྐད་དུ་ལུང་ཕྲན་ཚེགས་ལས། སྟོན་པ་མྱ་ངན་ལས་འདས་ཕྱི་དེའི་དབྱར། །རྒྱལ་པོའི་ཁབ་ཀྱི་གསང་བའི་བྲག་ཕུག་ཏུ། །དགྲ་བཅོམ་ལྔ་བརྒྱ་འདུས་པའི་འཚོ་བ་ནི། །མ་སྐྱེས་དགྲས་སྦྱར་སྡེ་སྣོད་གསུམ་དུ་བསྡུས། །མདོ་ཡི་སྡེ་དང་དབྱངས་སུ་བསྙད་པའི་སྡེ། །ལུང་བསྟན་ཚིགས་སུ་བཅད་པའི་སྡེ་དང་ནི། །ཆེད་དུ་བརྗོད་པ་ལྔ་ནི་མདོ་སྡེར་བསྡུས། །གླེང་གཞིའི་སྡེ་དང་རྟོགས་པ་བརྗོད་པ་དང་། །ད་ལྟར་བྱུང་བའི་སྡེ་ཞེས་བྱ་བ་དང་། །སྐྱེས་པ་རབས་དང་བཞི་ནི་འདུལ་བར་བསྡུས། །ཤིན་ཏུ་རྒྱས་དང་རྨད་དུ་བྱུང་བ་དང་། །གཏན་ལ་ཕབ་པ་གསུམ་ནི་མངོན་པར་བསྡུས། །མདོ་སྡེ་ཀུན་དགའ་བོས་བསྡུས། འདུལ་བ་ནི་ཉེ་བ་འཁོར་གྱིས་བསྡུས་སོ། །མངོན་པ་ནི་གནས་བརྟན་འོད་སྲུངས་ཆེན་པོས་བསྡུས་ཞེས་གྲགས། ཞེས་སོ། །བསྡུ་བ་གཉིས་པ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ན། ཡངས་པ་ཅན་དུ་དགེ་སློང་ལྷ་ཆེན་པོས། ཧུ་ལུ་ཧུ་ལུ་ཡི་རང་དང་། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང་། །ལམ་དང་སོར་གྱིས་དཀྲུགས་དང་གདིང་། །གསེར་ལ་རུང་བར་བྱ་བ་ནི། །འདི་དག་རུང་མིན་གཞི་བཅུར་འདོད། །ཅེས་པ་བསལ་བའི་ཕྱིར། ཡངས་པ་ཅན་ཀུསྨ་པུ་རིའི་གཙུག་ལག་ཁང་དུ། དགྲ་བཅོམ་པ་ཞི་ལྡན་དང་ཟླ་བའི་སྒུར་ལ་སོགས་པ་བདུན་བརྒྱ་འདུས་ཏེ། ཚེ་དང་ལྡན་པ་གྲགས་པས་གསོལ་བ་བཏབ་ནས། དགྲ་བཅོམ་པ་ཉེར་སྦས་ཀྱིས་སྡེ་སྣོད་གསུམ་བསྡུས་ཏེ། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་མཛད་ནས་བསྡུས་པའི་འོག་ཏུ། རྩ་བའི་སྡེ་བཞིར་གྱེས་པའི་རྩོད་པ་ལས། སླར་ཡང་སྡེ་བཞི་བསྟན་པ་གཅིག་ཏུ་བསྡུ་བ་བྱས་སོ། །སྡེ་བཞི་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ། ཕལ་ཆེན་པའི་སྡེ། གནས་བརྟན་པའི་སྡེ། མང་པོས་བཀུར་བའི་སྡེའོ། །བསྡུ་བ་གསུམ་པ་ནི་སངས་རྒྱས་མྱ་ངན་ལས་འདས་ནས། ལོ་སུམ་བརྒྱ་ལྷག་བཞི་བརྒྱར་ཉེ་བ་ན། ཁ་ཆེ་ཛ་ལནྡྷ་རའི་གནས། མེ་ཏོག་བརྩེགས་པའི་ཀུན་དགའ་ར་བར། གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། དགྲ་བཅོམ་པ་

p. 1004

ལྔ་བརྒྱ། སོ་སོ་སྐྱེ་བོའི་དགེ་སློང་ཁྲི་དྲུག་སྟོང་འདུས་ནས། རྒྱལ་པོ་ཀ་ནི་ཀས་སྦྱིན་བདག་བྱས་ཏེ། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་བ་སུ་མི་ཏྲ་དང་། དགྲ་བཅོམ་པ་ཆེན་པོ་པུརྞི་ཀས་བསྡུས་ཏེ། གསོལ་བ་འདེབས་པའང་རྒྱལ་པོ་ཉིད་ཀྱིས་བྱས་ནས། གྱེས་པ་བཅོ་བརྒྱད་ཆོས་ཆོས་སུ་གཅིག་པར་བྱས། དེ་ལ་གྱེས་པ་བཅོ་བརྒྱད་ནི། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ། དེ་ལས་གྱེས་པ་འོད་སྲུངས་པའི་སྡེ། ཆོས་སྲུངས་པའི་སྡེ། ས་སྟོན་པའི་སྡེ། མང་དུ་ཐོས་པའི་སྡེ། གོས་དམར་ཅན་གྱི་སྡེ། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་དང་བདུན་ནོ། །འདི་དག་རྒྱལ་རིགས་སྒྲ་གཅན་འཛིན་བཟང་པོ་ཞེས་བྱ་བ་རབ་ཏུ་མ་བྱུང་ན། ཤཱཀྱ་པའི་རྒྱལ་པོར་འགྱུར་ལ། རབ་ཏུ་བྱུང་བས་བཅོམ་ལྡན་འདས་ཀྱི་བསླབ་པ་ལ་གུས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་ལུང་བསྟན་པ་དེའི་སློབ་རྒྱུད། སྐད་ནི་སཾ་སྐྲྀ་ཏ་ལེགས་པར་སྒྱུར་བ་སྟེ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་མཐུན་པའོ། །སྣམ་སྦྱར་གྱི་སྣམ་ཕྲན་ནི་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས་པ་ཡར་འབྱུང་ལ། རྟགས་ནི་ཨུཏྤལ་དང་། པདྨ་དང་། རིན་པོ་ཆེ་བྲིས་པའོ། །ཕལ་ཆེན་པའི་སྡེ་དང་། དེ་ལས་གྱེས་པ་ཤར་གྱི་རི་བོའི་སྡེ། གངས་རིར་གནས་པའི་སྡེ། བཏགས་པ་སྨྲ་བའི་སྡེ། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་དང་ལྔའོ། །འདི་དག་གི་རྩ་བའི་མཁན་པོ་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བ་གནས་བརྟན་འོད་སྲུངས་ཆེན་པོ་ཞེས་བྱ་བ། སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་ནང་ནས་མཆོག་ཏུ་ལུང་བསྟན་པ་དེའི་སློབ་རྒྱུད་དོ། །སྐད་ནི་པྲ་ཀྲྀ་ཏ་ཡུལ་སྡེ་སོ་སོའི་སྐད་དོ། །འོད་གསལ་གྱི་ལྷ་རྣམས་དང་མཐུན་པའོ། །སྣམ་སྦྱར་སྣམ་ཕྲན་ནི་དགུ་ཡན་ཆད་ཉི་ཤུ་རྩ་གསུམ་མན་ཆད་ཟུང་མ་གཏོགས་ཡར་བྱུང་བ་ལ། རྟགས་སུ་གཡུང་དྲུང་འཁྱིལ་བ་དང་། དཔལ་བེའུ་བྲིས་པའོ། །གནས་བརྟན་པའི་སྡེ་ལ། རྒྱལ་བྱེད་ཚལ་ན་གནས་པའི་སྡེ། འཇིགས་མེད་རི་ལ་གནས་པའི་སྡེ། གཙུག་ལག་ཁང་ན་གནས་པའི་སྡེ་དང་གསུམ་མོ། །འདི་

p. 1005

དག་སྨྱུག་མ་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཀཱ་ཏྱཱ་ཡ་ན་ཞེས་བྱ་བ། མཐའ་འཁོབ་འདུལ་བའི་མཆོག་ཏུ་ལུང་བསྟན་པ་དེའི་སློབ་རྒྱུད་དེ། སྐད་ནི་ཨ་ཝ་བྷྲཾ་ཤ་ཏ་ཟུར་ཆག་སྟེ་ཤ་ཟ་རྣམས་དང་མཐུན་པའོ། །སྣམ་སྦྱར་སྣམ་ཕྲན་ནི་དགུ་ཡན་ཆད་ཉི་ཤུ་རྩ་གཅིག་མན་ཆད་ཟུང་མ་གཏོགས་ཡར་འབྱུང་། རྟགས་ནི་དུང་བྲིས་པའོ། །མང་པོས་བཀུར་བ་ལ། ས་སྒྲོགས་རིགས་ཀྱི་སྡེ། སྲུང་བ་པའི་སྡེ། གནས་མ་བུའི་སྡེ་བ་དང་གསུམ་མོ། །འདི་དག་འདྲེག་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཉེ་བ་འཁོར་ཞེས་བྱ་བ། འདུལ་བ་འཛིན་པ་རྣམས་ཀྱི་ནང་ནས་མཆོག་ཏུ་ལུང་བསྟན་པ་དེའི་སློབ་རྒྱུད་དེ། བི་ཤཱ་ཙི་ཏ་ཤ་ཟའི་སྐད་དུ་སྨྲ་བ་གནས་གཙང་མའི་ལྷ་རྣམས་དང་མཐུན་པའོ། །སྣམ་སྦྱར་གྱི་སྣམ་ཕྲན་ནི་གནས་བརྟན་པ་དང་མཐུན་ལ། རྟགས་ནི་དུང་འབྱུང་བའོ། །དེའང་བསྡུ་བ་དང་པོ་ནི་དགྲ་བཅོམ་པ་རྣམས་མཉམ་པར་གཞག་པ་ལ་ཡིད་ཀྱིས་བསྡུས་ཏེ་བསྟན་ལ། གཉིས་པ་ནི་ངག་ཏུ་བརྗོད་པས་བསྟན་ཞིང་། ཐ་མ་ནི་ངག་ཏུ་བརྗོད་པ་རྣམས་གླེགས་བམ་ལ་བྲིས་ཏེ་བསྡུས་པའོ། །བཀའ་དང་བསྟན་བཅོས་ཀྱི་རང་བཞིན་ལ། ལེགས་པར་གསུངས་པ་བཀའི་རྣམ་གཞག །དགོངས་པ་འགྲེལ་བ་བསྟན་བཅོས་ཀྱི་རྣམ་གཞག །བཀའ་དང་བསྟན་བཅོས་ཀྱི་ཁྱད་པར། ཇི་ལྟར་བཤད་ཅིང་མཉན་པའི་ཚུལ་དང་བཞི་ལས། དང་པོ་ལ་ལྔ་ལས། མཚན་ཉིད་ནི་གསུང་པ་པོ་སྟོན་པ་སངས་རྒྱས་ཀྱི་བདག་རྐྱེན་ལས་མིང་ཚིག་ཡི་གེར་སྣང་བ་གང་ཞིག་མདོའམ་རྒྱུད་སྡེར་གནས་པའོ། །དེའང་བརྗོད་བྱ་བསླབ་པ་གསུམ་སྟོན། རྗོད་བྱེད་ངག་ཚིག་དྲི་མེད། སྒྲུབ་བྱེད་ཚད་མ་གསུམ་ལྡན། འབྲས་བུ་ཐོག་མཐའ་བར་དུ་དགེ་བ་ནི་རང་བཞིན་ཏེ། བྱམས་པས། བསླབ་པ་གསུམ་བརྗོད་ངག་ཚིག་དྲི་མ་མེད། །ཚད་མ་གསུམ་ལྡན་ཐོག་མཐའ་བར་དགེ་བ། །དེ་ནི་ཆེན་པོར་གསུངས་པ་རྒྱལ་བའི་བཀའ། །བཟློག་པ་གཞན་གྱི་གཞུང་དུ་ཤེས་པར་བྱ། །ཞེས་སོ། །བསླབ་པ་གསུམ་ནི། ཚུལ་ཁྲིམས་དང་། སེམས་དང་། ཤེས་རབ་

p. 1006

ཀྱི་བསླབ་པའོ། །ཚད་མ་གསུམ་ནི་མངོན་སུམ་དང་། རྗེས་དཔག་དང་། ལུང་ཚད་མའོ། །མཚན་གཞི་ནི་སྟོན་པའི་གསུང་དུ་སྣང་བ་གདུལ་བྱའི་ཡིད་ཤེས་ལ་ཤར་བའི་མིང་ཚིག་ཡི་གེའི་རྣམ་པ་ཅན་ནོ། །དེའང་མདོའམ་རྒྱུད་ཀྱི་ལྷུག་པའམ་ཚིགས་བཅད་ཀྱི་རྣམ་པར་སྣང་བ་རྣམས་ཏེ་འཁོར་གྱིས་མོས་པ་ལས། གདུལ་བྱའི་སྐལ་བ་དང་མཐུན་པའི་ཆོས་རྣམས་སྟོན་པའི་བྱིན་རླབས་ལས། སྒྲ་བརྙན་ལྟར་མིང་ཚིག་ཏུ་དོན་ལ་མེད་ལ། རྣམ་པར་སྣང་བས་ཏེ་རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །ཞེས་བཤད་པ་བཞིན་ནོ། །འདིར་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་ནི་ངོ་བོ་མིང་གི་ཚོགས་ཡིན་པ། རྒྱུད་ཉན་པ་པོས་བསྡུས་པ། ལྡན་པ་མ་ཡིན་པའི་འདུ་བྱེད་ཕུང་པོས་བསྡུས་པར་འདོད་ལ། མདོ་སྡེ་པ་ནི་ངོ་བོ་ཚིག་གི་ཚོགས། རྒྱུད་འཆད་པ་པོས་བསྡུས་ལ། གཟུགས་ཀྱི་ཕུང་པོས་བསྡུས་པར་འདོད་ཀྱང་། འདིར་སྟོན་པ་དང་འཁོར་གཉིས་ཚོགས་པའི་རྐྱེན་ལས་མིང་ཚིག་ཡི་གེར་སྣང་བའི་ངོ་བོ། གཙོ་བོར་ཉོན་ཤེས་ཀྱིས་བསྡུས་ཤིང་། གཟུགས་དང་འདུ་བྱེད་ཀྱི་ཕུང་པོ་གཉིས་ཀའི་རྣམ་པ་ཅན་ནོ། །གཞན་གྱི་རྣམ་རིག་ལས་བྱུང་བ། །ཞེས་པ་ལ་སོགས་པས་གྲུབ་ཅིང་། མཛོད་ལས་ཀྱང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུང་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་སམ་འདུ་བྱེད་དག་ཏུ་འདུས། །ཞེས་བཤད་པ་བཞིན་ནོ། །དབྱེ་ན་ལྔ་ལས། ངོ་བོའི་སྒོ་ནས་དབྱེ་ན་ལུང་དང་རྟོགས་པའི་ཆོས་རྣམ་པ་གཉིས་ཏེ། དེ་ཉིད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེ་འཛིན་བྱེད་དང་སྨྲ་བྱེད་དང་། སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་སོ། །ལུང་གི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ། བརྒྱད་སྟོང་འགྲེལ་ཆེན་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད། །དེ་ལྟར་བྱུང་དང་གླེང་

p. 1007

གཞི་དང་། །ཤིན་ཏུ་རྒྱས་དང་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་བའི་སྡེ། །དེ་ལྟར་རྣམ་པ་བཅུ་གཉིས་ནི། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་བཤད་པའོ། །རྟོགས་པའི་ཆོས་ནི་སློབ་པ་དང་མི་སློབ་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་ས་དང་། ལམ་དང་། ཏིང་ངེ་འཛིན་དང་། རྟོགས་པ་ཁྱད་པར་ཅན་རྣམས་ཡིན་ནོ། །དུས་ཀྱི་སྒོ་ནས་དབྱེ་ན་བཀའ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་རྣམས་སོ། །དེ་ལའང་ལས་དང་པོ་པའི་ཚེ་གཟུང་འཛིན་རང་རྒྱུད་པས་བཅིངས་པའི་ཉོན་མོངས་པ་ལས་སེམས་བསྲུང་བའི་ཕྱིར་སྤང་གཉེན་བླང་དོར་བྱེད་པའི་རིམ་པ་གཙོ་བོར་སྟོན་པས་བདེན་པ་བཞིའི་ཆོས་ཀྱི་རྣམ་གྲངས་དང་། བར་བ་གཉེན་པོ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་མཚན་ཉིད་མེད་པ་དང་། ཐ་མ་གཤིས་ཇི་ལྟར་གནས་ཚུལ་བསྟན་པ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་གསུམ་དུ་བྱུང་བ་ཡིན་ནོ། །དབང་པོའི་སྒོ་ནས་དབྱེ་ན་ཉན་ཐོས་དང་། རང་སངས་རྒྱས་དང་། བླ་ན་མེད་པའི་ཐེག་པ་སྟེ། གསུམ་ཉིད་མཚན་བརྗོད་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་སོ། །བདག་པོའི་རྐྱེན་གྱི་སྒོ་ནས་དབྱེ་ན། ཞལ་ནས་གསུངས་པ་དང་། བྱིན་གྱིས་བརླབས་པ་དང་། རྗེས་སུ་གནང་བའི་བཀའ་དང་གསུམ་ལས། དང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་སོགས་པས་འོག་མིན་ལ་སོགས་པར་དངོས་སུ་གསུངས་པ་རྣམས་ཏེ། དེའང་སྐུའི་རྒྱུད་གསུངས་པའི་ཞིང་ནི་སྟུག་པོ་བཀོད་པ། སྟོན་པ་ནི་རྣམ་པར་སྣང་མཛད། གསུང་གི་སྟོན་པ་འོད་དཔག་མེད་ཀྱིས་བདེ་བ་ཅན་དུ། ཐུགས་ཀྱི་གནས་མངོན་པར་དགའ་བ། སྟོན་པ་མི་འཁྲུགས་པ། ཡོན་ཏན་གྱི་རིན་པོ་ཆེས་གང་པར། སྟོན་པ་རིན་ཆེན་འབྱུང་ལྡན་གྱིས། འཕྲིན་ལས་ཀྱི་ལས་རབ་གྲུབ་པར་དོན་ཡོད་གྲུབ་པས་གསུངས་སོ། །འཁོར་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། མཁའ་འགྲོ་མའི་ཚོགས་ལ་སོགས་པ་དཔག་ཏུ་མེད་པའོ། །

p. 1008

ཞིང་ལྔར་སྟོན་པ་ལྔས་བསྟན་པ་དེ་དག་ཀྱང་རྡོ་རྗེ་འཆང་ཧེ་རུ་ཀའི་བདག་ཉིད་ཀུན་ཏུ་བཟང་པོ་གཅིག་གི་རོལ་བ་ལས། གནས་སྐབས་དགོས་པའི་དབང་གིས་དེ་ལྟར་སྣང་བ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེ་བཙུན་མོའི་བྷ་ག་ལ་སོགས་པའི་གནས་ཀྱང་། འོག་མིན་ལ་སོགས་པའི་རང་བཞིན་དུ་འདུས་པ་སྟེ། ལོངས་སྤྱོད་རྫོགས་པའི་ཆོས་ཀྱི་སྟོན་པ་དང་གནས་སོ། །སྤྲུལ་པ་སྐུའི་གནས་ཐ་དད་པར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཁོར་གྱི་དབུས་སུ་གསུང་དབྱངས་དྲུག་ཅུར་སྣང་བས་གསུངས་པ་རྣམས་སོ། །བྱིན་གྱིས་བརླབས་པའི་བཀའ་ལ། སྐུས་བྱིན་གྱིས་བརླབས་པའི་བཀའ་རྡོ་རྗེ་སྙིང་པོའི་སྤྱི་བོར་ཕྱག་བཞག་ནས་བྱིན་གྱིས་བརླབས་པས། མདོ་སྡེ་ས་བཅུ་པ་འཆད་པའི་སྤོབས་པ་སྐྱེས་ནས། རྣམ་པར་གྲོལ་བའི་ཟླ་བས་དྲིས་པ་ལྟ་བུའོ། །གསུང་གིས་བྱིན་གྱིས་བརླབས་པའི་བཀའ་ནི་འཇམ་དཔལ་ལ་མ་སྐྱེས་དགྲའི་འགྱོད་པ་སོལ་ཅིག་ཅེས་བཀའ་སྩལ་པས། འཇམ་དཔལ་གྱིས་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་བྱུང་བ་ལྟ་བུའོ། །ཐུགས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ནི་བཅོམ་ལྡན་འདས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་བཞུགས་ནས། ཤཱ་རིའི་བུ་དང་སྤྱན་རས་གཟིགས་ལ་བྱིན་གྱིས་བརླབས་པས། ཤེས་རབ་སྙིང་པོ་གསུངས་པ་ལྟ་བུའོ། །ཡོན་ཏན་དང་འཕྲིན་ལས་ལྷུན་གྱིས་གྲུབ་པའི་བྱིན་རླབས་ལས། འོད་ཟེར་བཀྱེ་བ་ལས་དེ་བཞིན་གཤེགས་པའི་སྐུ་སྣང་ནས་ཆོས་སྟོན་པ་འབུམ་གྱི་གླེང་གཞི་ལས་བཤད་པ་ལྟ་བུ་དང་། རི་དང་། ཤིང་དང་། བྱ་དང་། པདྨ་དང་། རྔ་བོ་ཆེ་ལ་སོགས་པ་ལས་ཆོས་ཀྱི་སྒྲ་དབྱངས་འབྱུང་བ་ལྟ་བུ་སྟེ། བཤད་སྦྱར་ལས། སྟོན་པ་འདི་ཡི་བྱིན་རླབས་ཀྱིས། །བྱའམ་ཤིང་བུ་རྡེའུ་དང་། །པདྨོ་དག་དང་དཔག་བསམ་ཤིང་། །རྔ་བོ་ཆེ་ལས་བྱུང་བ་ཡང་། །རྒྱལ་བས་བྱིན་གྱིས་བརླབ་པའི་ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་པ་དང་། ཨ་རལླི་ལས། རི་དང་རྡེའུ་ཤིང་བུ་དང་། །པདྨོ་དག་དང་དཔག་བསམ་ཤིང་། །རྔ་བོ་

p. 1009

ཆེ་ལས་བྱུང་བ་ཡང་། །རྒྱལ་བས་བྱིན་གྱིས་བརླབ་པའི་ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་སོ། །དེ་བཞིན་དུ་ཉན་ཐོས་གང་དག་བྱིན་གྱིས་བརླབས་པའི་མཐུ་ལས་ཆོས་སྨྲ་བ་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ལ་སོགས་པ་འཕྲིན་ལས་ཆེན་པོའི་མཐུས་ཆོས་སྨྲ་བ་དག་ཀྱང་བཀར་བསྡུ་བ་ནི། སྡུད་པ་ལས། རྒྱལ་བའི་ཉན་ཐོས་གང་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཅི་ཕྱིར་ཞེ་ན་རྒྱལ་བས་ཆོས་ཚུལ་གང་བསྟན་པ། །དེ་ལ་མི་མཆོག་སློབ་མར་གྱུར་པས་སྔོན་བསླབས་ཤིང་། །མངོན་སུམ་བྱས་ནས་བསླབ་པ་ཇི་བཞིན་སྟོན་བྱེད་པ། །སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན། །ཞེས་སོ། །དེ་བཞིན་དུ་མདོ་དང་རྒྱུད་རྣམས་སུ་སངས་རྒྱས་ཉིད་ཀྱི་གསུང་དང་། གཞན་རྣམས་ཀྱི་ཚིག་འདྲེས་མར་བྱུང་ཡང་། བཀར་བཞག་པ་རྣམས་རྣམ་གཞག་འདིས་ཤེས་པར་བྱའོ། །རྗེས་སུ་གནང་བའི་བཀའ་ནི་མྱ་ངན་ལས་འདས་པའི་མདོ་ལས། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྡུ་བ་བྱེད་པའི་ཚེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པས་གླེང་བསླངས་ལ། བར་དུ་མཚམས་སྦྱར་བའི་ཚིག་དང་། མཐར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བའི་བར་གྱིས་སྡུས་ཤིག་ཅེས་གསུངས་པ་ལྟ་བུའོ། །གཉེན་པོ་དང་རྣམ་གྲངས་ཀྱི་སྒོ་ནས་དབྱེ་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། སྒྲོན་གསལ་ལས། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །ཞེས་སོ། །དེའང་འདོད་ཆགས་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་། ཞེ་སྡང་དང་། གཏི་མུག་དང་ཆ་མཉམ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་མདོ་སྡེ་དང་། མངོན་པ་དང་། སྡེ་སྣོད་

p. 1010

གསུམ་ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་གསུངས་ཏེ། མི་ཟད་པའི་གཏེར་བསྟན་པ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང་། །དུག་གསུམ་ཆ་མཉམ་སྤྱོད་པ་དག །ཉི་ཁྲི་ཆིག་སྟོང་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་དེ་སྙེད་གསུངས། །ཞེས་པ་དང་། གསང་སྙིང་ལས། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ་གསུང་ངོ་གསུང་བར་འགྱུར་རོ་ཞེས་སོ། །དེའང་སྡེ་སྣོད་གསུམ་ནི་དུག་གསུམ་སོ་སོའི་གཉེན་པོ་སྟེ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཡིན་ལ། སྡེ་སྣོད་ཆ་མཉམ་པ་ནི་གསང་སྔགས་རིག་པ་འཛིན་པ་སྟེ་དུག་གསུམ་འདྲེས་ཤིང་འདུས་པ་མཐའ་དག་གི་གཉེན་པོར་འབྲས་བུ་རྡོ་རྗེའི་ཐེག་པ་བསྟན་པས། དེ་ལྟར་ན་བརྒྱད་ཁྲི་བཞི་སྟོང་དུ་བསྡོམས་པ་སྟེ། ཡོན་ཏན་བཀོད་པའི་རྒྱུད་ལས། ཕྱི་ཡི་སྡེ་སྣོད་གསུམ་དག་ནི། །འདོད་ཆགས་ཞེ་སྡང་གཏི་མུག་དག །སོ་སོའི་གཉེན་པོར་བསྟན་པ་སྟེ། །བླ་མེད་མཉམ་པའི་གསང་སྔགས་ནི། །ཉོན་མོངས་ཀུན་གྱི་གཉེན་པོར་བསྟན། །ཀུན་ཀྱང་བརྒྱད་ཁྲི་བཞི་སྟོང་ཉིད། །རྒྱལ་བ་རྣམས་ཀྱིས་ཆོས་ཕུང་པོ། །ཉོན་མོངས་གཉེན་པོར་བསྟན་པ་ཡིན། །ཅེས་སོ། །དེ་ལ་ཆོས་ཀྱི་ཕུང་པོ་ནི་ཡན་ལག་དང་ཉིང་ལག་འདུས་པས་ལུས་སམ་ཕུང་པོ་ཞེས་བརྗོད་པ་ལྟར་ཉོན་མོངས་པ་གཅིག་དྲུངས་ནས་འབྱིན་ཅིང་། ཐར་པ་ཐོབ་པའི་ཆ་རྐྱེན་དུ་གཞི་ལམ་འབྲས་བུ་ཐ་དད་པ་སྟོན་པའི་རྣམ་གྲངས་རྫོགས་པའི་ཕུང་པོ་སྟེ། ནད་གཅིག་གི་གཉེན་པོར་སྡེ་ཚན་གཅིག་པའི་སྨན་སྣ་ཚང་བ་ཚོགས་ན་སྐབས་དེར་སྨན་ཚོགས་ཅེས་པ་ལྟ་བུར་ཤེས་པར་བྱ་སྟེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་པ་དང་། འཇིག་རྟེན་གསུམ་སྣང་ལས། ཉོན་མོངས་འཇོམས་ཕྱིར་ཆོས་ཕུང་པོ། །དེ་ཡི་གྲངས་བཞིན་རབ་ཏུ་ངེས། །ཞེས་པ་བཞིན་ནོ། །འདིར་ཆོས་ཀྱི་ཕུང་པོའི་ཚད་ལ། ཁ་ཆེ་ཡེ་ཤེས་རྡོ་རྗེ་ལ་སོགས་པ་ཁ་ཅིག་ཤློ་ཀ་སྟོང་ལ་འདོད་དེ། ས་སྡེ་

p. 1011

ལས། གནས་བརྟན་ཀུན་དགའ་བོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་དག་བཟུང་བ་རྣམས་ནི། སྡེ་སྣོད་གསུམ་པོ་འདི་དག་ཡིན་ཏེ། ཆོས་ཀྱི་ཕུང་པོ་གཅིག་གི་ཚད་ནི་ཇི་ཙམ་ཡིན་ཞེ་ན། གྲངས་བརྒྱ་ཕྲག་བཅུ་ནི་ཆོས་ཀྱི་ཕུང་པོ་གཅིག་སྟེ་ཞེས་འདོད་ལ། ནཱ་ག་བོ་དྷི་ལ་སོགས་པ་ནི། ཆོས་གང་ཞིག་གི་མིང་ཚིག་ལྷའི་གོས་ལྟར་སྲབ་པའི་གྲོ་གའམ་ཏ་ལ་ལར། སྐྲའི་རྩེ་མོའི་ཆ་ཤས་ཀྱིས་མཐའ་རྒྱགས་མེད་པར་བྲིས་པ། གླང་པོ་ཆེ་དར་མའི་རྒྱབ་ནོན་པ་ལ་འདོད་ཅིང་། ཁ་ཅིག་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་གཏམ་རེ་རྫོགས་པར་སྟོན་པ་ལ་འདོད་ལ། ཁ་ཅིག་བསྟན་བཅོས་བར་མ་གཅིག་གི་ཚད་ལ་འདོད་དེ། ཤཱ་རིའི་བུས་མཛད་པའི་མངོན་པ་སྡེ་གཅིག་ལ། ཤློ་ཀ་བཞི་སྟོང་ཡོད་པ་ཆོས་ཀྱི་ཕུང་པོར་བྱས་པ་ལྟ་བུའོ་ཞེས་ཟེར་ཏེ་མཛོད་ལས། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེའང་ཡིན། །ཅེས་འདོད་དེ། དེ་དག་ཀྱང་ཉོན་མོངས་པ་རེ་རེའི་གཉེན་པོར་རེ་རེ་སྟོན་པ་ལ་མང་ཉུང་གི་དབང་གིས་གཞག་པའི་ཚད་ཡིན་གྱི། གྲངས་དེར་འཆད་པའི་ཚད་མ་ཡིན་པས། གཉེན་པོར་རྫོགས་པའི་དབང་གིས་གཞག་པ་ཉིད་ལེགས་པར་གཟུང་བར་བྱའོ། །བཀའི་ངེས་ཚིག་ནི་གོང་མ་མཆོག་གིས་གསུང་ཞེས་བྱ་ལ། དགོས་ཆེད་ནི་འགྲོ་བ་རྣམས་ཀྱིས་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་འགྲུབ་པའི་ཕྱིར་གསུངས་ཏེ་ཡེ་ཤེས་རྒྱས་པ་ལས། འགྲོ་བའི་དོན་གཉིས་བསྒྲུབ་ཕྱིར་བཅོམ་ལྡན་བཀའ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲགས་པ། །དེས་ནི་དཀར་པོ་རྣམ་པར་འཕེལ་བ་དང་། །ཉོན་མོངས་ནད་ཀུན་རབ་ཏུ་ཞི་བར་མཛད། །ཅེས་སོ། །ད་ནི་དགོངས་པ་འགྲེལ་པ་བསྟན་བཅོས་ཀྱི་རྣམ་གཞག་ལ། རྩོམ་བྱེད་སློབ་དཔོན་གྱི་མཚན་ཉིད་དང་། བརྩམས་པ་བསྟན་བཅོས་ཀྱི་རང་བཞིན་གཉིས་ལས། དང་པོ་ནི་རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་སྟེ་ཀླུ་སྒྲུབ་དང་། འཕགས་པ་ལྷ་དང་། ཐོགས་མེད་ལ་སོགས་པ་ལྟ་བུའོ། །

p. 1012

འབྲིང་ཡི་དམ་ལྷའི་ཞལ་གཟིགས་ཏེ་གནང་བ་ཐོབ་པ། ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པ་ཙནྡྲ་པ་དང་། ཞི་བའི་ལྷ་ལ་སོགས་པ་ལྟ་བུའོ། །ཐ་མ་ཡང་རིག་པའི་གནས་ལྔ་ལ་མཁས་ཤིང་བླ་མ་བརྒྱུད་པའི་བཤད་པའི་གདམས་ངག་ཡོད་པ་སྟེ། སློབ་དཔོན་དཔལ་སྦས་དང་། ཡེ་ཤེས་སྙིང་པོ་དང་། ཤཱཀྱ་བློ་གྲོས་ལ་སོགས་པ་ལྟ་བུའོ། །རིག་གནས་ལྔ་ནི། སྒྲ་དང་ཚད་མ་ལ་སོགས་ཕྱི་རིག་པ་དང་། སྡེ་སྣོད་གསུམ་ལ་སོགས་ནང་རིག་པ་དང་། ལྷ་དང་གཙུག་ལག་ཁང་ལ་སོགས་པའི་བཟོ་རིག་པ་དང་། ཡན་ལག་བརྒྱད་པ་དང་། སོ་མ་རཱ་ཛ་ལ་སོགས་པ་གསོ་བ་རིག་པ་དང་། བརྟག་པ་བརྒྱད་པ་ལ་སོགས་གནས་རིག་པའོ། །བརྟག་པ་བརྒྱད་ནི། སྐྱེས་པ་བརྟག་པ། བུད་མེད་བརྟག་པ། རི་དང་ཤིང་བརྟག་པ། རྒྱ་མཚོ་དང་ཆུ་བརྟག་པ། གོས་བརྟག་པ། ནོར་བུ་བརྟག་པ། རྟ་བརྟག་པ། གླང་པོ་ཆེ་བརྟག་པའོ། །བརྒྱུད་པའི་མན་ངག་ཡོད་པ་ནི་རྣམ་བཤད་རིག་པ་ལས། མདོ་རྣམས་འཆད་འདོད་དེ་དག་ལ། །མན་ངག་ཅུང་ཟད་བྱིན་པར་བྱ། དེ་ལ་མན་ངག་འདི་ཡིན་ཏེ། །དགོས་པ་བསྡུས་པའི་དོན་བཅས་དང་། །བརྒལ་ལན་བཅས་དང་མཚམས་སྦྱོར་བཅས། །ཚིག་དོན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་གནས་ཐ་དད་པ་ལ་མཁས་ཤིང་གྲུབ་པ་བརྙེས་པ་ཚད་མེད་ཀྱང་། ཡོངས་སུ་གྲགས་པ་རྒྱན་དྲུག་དང་། མཆོག་བརྒྱད་ནི་ཉི་ཟླ་དང་ནོར་བུ་ལྟ་བུའོ། །རྒྱན་དྲུག་ནི། ཀླུ་སྒྲུབ་སྙིང་པོ། ཐོགས་མེད། དབྱིག་གཉེན། ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ། ཡོན་ཏན་འོད་དོ། །མཆོག་བརྒྱད་ནི། དེ་རྣམས་ཀྱི་སྟེང་དུ། འཕགས་པ་ལྷ་དང་། ཙནྡྲ་གོ་མི། དཔའ་བོ་གསུམ་བསྣན་ནས། ཕྱོགས་གླང་ཕྲི་བའོ། །བརྩམས་པ་བསྟན་བཅོས་ཀྱི་རང་བཞིན་ལ་ལྔ་ལས། མཚན་ཉིད་ནི། རྩོམ་པ་པོ་ཚད་དང་ལྡན་པས་བཀའི་དགོངས་འགྲེལ་དུ་བརྩམས་ཤིང་འཆོས་སྐྱོབ་གཉིས་ཀྱི་ཡོན་ཏན་དང་

p. 1013

ལྡན་པ་སྟེ། རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །མཚན་གཞི་ནི་རྩོམ་པ་པོའི་བདག་རྐྱེན་ལ་བརྟེན་ནས། འཆད་པ་པོའི་རྗོད་བྱེད་ངག་ཚིག་ཡི་གེར་སྣང་བའི་བརྗོད་བྱ། ཉན་པ་པོའི་བློ་ལ་སྣང་བའི་རང་བཞིན་ནོ། །དབྱེ་ན་རྩ་བ་སྡེ་སྣོད་གསུམ་ལས་ཕྱེ་བས་བསྟན་བཅོས། དེའང་རྣམ་པ་གསུམ་ཡིན་ལ། ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་མཛད་དེ། མདོ་སྡེ་རྒྱན་ལས། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བའི་དོན། །ཅེས་པ་དང་། སེམས་ཀྱི་བསླབ་པའི་དབང་དུ་མཛད་དེ། དེ་ཉིད་ལས། གནས་རྣམས་དང་ནི་མཚད་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་པ་དང་། ཤེས་རབ་ཀྱི་བསླབ་པའི་དབང་དུ་མཛད་དེ། དེ་ཉིད་ལས། མངོན་དུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་སོ། །ཚུལ་འདི་དག་ལས་བརྩམས་ཏེ། འདུལ་བ་དང་། མདོ་སྡེ་དང་། མངོན་པ་དང་། གསང་སྔགས་ཀྱི་བསྟན་བཅོས་སོ་སོར་མཛད་པ་ཡིན་ནོ། །དེ་དག་ཀྱང་ཕྱི་རོལ་པའི་བསྟན་བཅོས་དྲུག་དང་བྲལ་ཞིང་། ནང་པའི་ཚུལ་གསུམ་དང་ལྡན་པ་དེ་ཐོས་པ་ལས་བྱུང་བའི་ས་རྣམ་པར་གཏན་ལ་དབབ་པ་ལས། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང་། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་སོ། །དེའང་རིག་བྱེད་བཞི་ལ་སོགས་པ་ཡང་དག་པའི་དོན་མེད་པའི་བསྟན་བཅོས་དང་། རྟག་ཆད་དུ་ལྟ་བ་ལ་སོགས་པས་གྲོལ་བ་འགྲུབ་པར་སྨྲ་བ་དོན་ལོག་པའི་བསྟན་བཅོས་དང་། སྙན་ངག་ལ་སོགས་པ་ཐོས་པ་ལྷུར་ལེན་པའི་བསྟན་བཅོས་དང་། རྟོག་གེ་ལ་སོགས་པའི་རྩོད་

p. 1014

པ་ལྷུར་ལེན་དང་། གཡུལ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་ངན་གཡོ་དང་། བ་ལང་ལ་སོགས་པའི་མཆོད་སྦྱིན་ཆོས་སུ་སྨྲ་བའི་རང་བཞིན་འཚེ་བ་ཅན། བརྩེ་བ་དང་བྲལ་བའི་བསྟན་བཅོས་ངན་པ་དྲུག་དང་བྲལ་ཞིང་། གནས་སྐབས་བདེ་ཞིང་མཐར་ཐུག་གྲོལ་བ་འགྲུབ་པའི་དོན་ཆེན་པོ་དང་ལྡན་པ་དང་། བྱང་ཆུབ་བསྒྲུབ་པ་དང་། འཁོར་བའི་སྡུག་བསྔལ་མཐའ་དག་སྤོང་བའི་བསྟན་བཅོས་གསུམ་ནི། སངས་རྒྱས་པ་དག་གི་ལུགས་ལ་ལྡན་པ་ཡིན་ནོ། །དོན་དེ་དག་གི་བརྗོད་ཚུལ་ཡང་། འཐོར་བ་རྣམས་གཅིག་ཏུ་སྡུད་པའི་བསྟན་བཅོས་དང་། སྦས་པ་རྣམས་མངོན་དུ་འབྱིན་པ་དང་། རྣམ་གྲངས་རྒྱ་ཆེར་བཤད་པ་དང་། དཀའ་བའི་གནས་བསྟན་པ་དང་། ཚིག་གི་རིམ་པ་གསལ་བར་བྱེད་པ་དང་། ཚིག་གི་དོན་བསྡུས་ཏེ་བསྟན་པ་དང་། གོང་འོག་གི་སྡེ་ཚན་འབྱེད་པ་ལ་སོགས་པ་རྣམ་གྲངས་དཔག་ཏུ་མེད་པའི་རིམ་པས། ལེའུ་དང་། རབ་ཏུ་བྱེད་པ་དང་། ཚོམས་དང་། སྐབས་སུ་བཅད་ཅིང་། ལྷུག་པ་དང་། ཚིགས་བཅད་དང་། སྤེལ་མ་དང་། རྒྱུན་ཆགས་ཀྱི་རིམ་པས། སྡེ་ཚན་ཐ་དད་པའི་གཞུང་ཉུང་ངུ་དང་། བར་མ་དང་། མང་པོ་དང་། ཆེན་པོར་གསལ་བར་མཛད་ཅིང་། སངས་རྒྱས་ཀྱི་བཀའ་རྣམས་ཆེས་གསལ་བར་མངོན་དུ་ཕྱུང་སྟེ། དྲང་དོན་དང་། ངེས་དོན། དགོངས་པ་དང་། ལྡེམ་དགོངས་བཞིར་ཕྱེ་ནས་བསྟན་པ་ཡུན་རིང་དུ་གནས་པར་མཛད་དོ། །དེ་སྐད་དུ་བཤད་སྦྱར་ལས། ཆོས་རྣམས་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་པ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་སོ། །ངེས་ཚིག་ནི། ཤ་ཏྲ་ཞེས་པའི་ཤ་ལ་སའི་རྐྱེན་བྱིན་པས་འཆོས་པ་དང་། ཏྲ་ལ་ཡའི་རྐྱེན་བྱིན་པས་སྐྱོབ་པ་སྟེ། འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པ་ཉིད་རྣམ་བཤད་རིག་པ་ལས། འཆོས་སྐྱོབ་གཉིས་དང་ལྡན་པའི་ཕྱིར། །

p. 1015

བསྟན་བཅོས་ཆེན་པོ་དེ་ཡིན་ནོ། །ཞེས་སོ། །དགོས་པ་ནི་བཀའི་དོན་བརླིང་ཞིང་རྟོགས་དཀའ་བ་རྣམས་གསལ་བར་བྱེད་ཅིང་ཐར་པའི་ལམ་སྟོན་པས། འགྲོ་བ་རྣམས་འདྲེན་པར་བྱེད་པ་སྟེ། བཤད་སྦྱར་ལས། བཀའ་རྣམས་དོན་ནི་གསལ་བ་དང་། །འཇུག་ཅན་ཐར་པའི་དོན་སྒྲུབ་བྱེད། །བསྟན་བཅོས་དེ་ནི་རྒྱ་ཆེན་ཉིད། །མཁས་པ་རྣམས་ཀྱི་གུས་པས་བླངས། །ཞེས་སོ། །བཀའ་དང་བསྟན་བཅོས་གཉིས་ཀྱི་ཁྱད་པར་ལ། ཆོས་ཚུལ་གང་ཞིག་སྟོན་པ་སངས་རྒྱས་ཀྱི་བདག་རྐྱེན་ལས་བྱུང་ཞིང་། དོན་གཉིས་བསྒྲུབ་པའི་ལམ་ལྡན་དམ་པ་ནི་བཀའ་ཡིན་ཏེ། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་དག་ན་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་གང་། །དེ་ཉིད་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཅེས་སོ། །ཆོས་ཚུལ་གང་ཞིག་སྟོན་པ་སངས་རྒྱས་ཀྱི་བདག་རྐྱེན་ལ་མ་ལྟོས་ཤིང་རྒྱུད་གཞན་གྱི་བསྡུས་པའི་གང་ཟག་གིས། བཀའ་བསྟན་བཅོས་གང་རུང་གི་དགོངས་འགྲེལ་དུ་ཐར་ལམ་གསལ་བྱེད་དུ་བརྩམས་པ་ནི་བསྟན་བཅོས་ཡིན་ཏེ། དེ་ཉིད་ལས། གང་ཞིག་སྟོན་པ་རྒྱལ་བ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་སོ། །ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་ལ་གསུམ་ལས། འཆད་བྱེད་སློབ་དཔོན་གྱི་མཚན་ཉིད་ནི། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བྱས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཅེས་པ་དང་། རྡོ་རྗེ་བཀོད་པའི་རྒྱུད་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །དམ་ཚིག་སྡོམ་པ་སྙིང་བརྩེར་ལྡན། །མཁས་ཤིང་གཞན་ལ་ཕན་བརྩོན་པ། །རྡོ་རྗེ་གསང་བའི་སློབ་དཔོན་ལ། །རྣམ་པ་ཀུན་ཏུ་བསྟེན་པར་བྱ། །ཞེས་སོ། །

p. 1016

ཉན་བྱེད་སློབ་མའི་མཚན་ཉིད་ནི། ལུང་ལས། བླ་མ་ལ་གུས་ཚུལ་ཁྲིམས་ཡོངས་དག་དང་། །བསམ་གཏན་དང་ནི་འདོན་ལ་རབ་བརྩོན་པ། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་སྟེ། །སྡོམ་བརྩོན་གནས་པའི་ཆོས་ལྡན་ལེགས་པར་གསུངས། །ཞེས་པ་དང་། སྔ་མ་ལས། སྐལ་ལྡན་གུས་དང་གཏོང་ཕོད་ཆེ། །བློ་བརྟན་ཡངས་ཤིང་སྒྲུབ་ལ་བརྩོན། །ཆོས་མཆོག་སྙིང་རྗེ་དམ་ཚིག་ལྡན། །རྡོ་རྗེ་སློབ་མར་ཤེས་པར་བྱ། །ཞེས་སོ། །ཐུན་མོང་ཆོས་སྤྱོད་ཀྱི་རང་བཞིན་ལ་སྦྱོར་བ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་། དངོས་གཞི་ཐོས་པའི་དོན་འཛིན་པ། རྗེས་བྱང་ཆུབ་ཏུ་བསྔོ་བ་གསུམ་དང་ལྡན་པའི་རྣམ་པས། མདོ་ཡིན་ན་སྣང་བ་སྒྱུ་མའི་དཔེ་བརྒྱད་དུ་ལྟ་བའི་ངང་ལས་ཉན་ཞིང་། སྔགས་ཡིན་ན་གང་འཆད་ཉན་བྱེད་པའི་ལྷ་དང་དཀྱིལ་འཁོར་དུ་གསལ་བཏབ་པའི་ངང་ལས་མ་ཡེངས་པར་ཐོས་པ་འཛིན་པར་བྱེད་དོ། །དེའི་ཚེ་ཆོས་ཀྱི་ཚིག་དོན་ཡིད་ལ་རྩེ་གཅིག་ཏུ་བྱེད་པའི་ངང་ལ་མ་ཡེངས་པར་བློ་གནས་པ་ནི་ཞི་གནས་ལ། ཚིག་དོན་གྱི་རང་བཞིན་སོ་སོར་ཤར་བ་དང་དོན་གོ་བ་ནི་ལྷག་མཐོང་སྟེ། ཡོན་ཏན་བཀོད་པའི་མདོ་ལས། འཇམ་དཔལ་འདི་ལ་ཐོས་པ་ཉིད་ལ་རྩེ་གཅིག་ཏུ་མ་ཡེངས་པར་སེམས་རབ་ཏུ་འཛིན་པ་ནི། སྒྲའི་རྗེས་སུ་མཐུན་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་ཡིན་ལ། སོ་སོར་འབྱེད་ཅིང་གསལ་བར་དཔྱོད་པ་ནི། དོན་རབ་ཏུ་འབྱེད་པའི་ལྷག་མཐོང་སྟེ། དེ་ལྟར་ན་ཞི་གནས་དང་ལྷག་མཐོང་སེམས་གཅིག་གི་རྗེས་སུ་བྱེད་པས་ཟུང་དུ་འབྲེལ་པ་ཡིན་ནོ་ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཚང་བར་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་དང་། །ས་ཕྱོགས་སྤྱོད་ལམ་བསྡམས་པ་དང་། །སྲོག་ཆགས་ཀུན་ལ་འཚེ་བ་སྤང་། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་འཛིན། །རྟོག་སེལ་ཕྱིར་ནི་སྐྱོན་ཚིག་འདྲི། །སྒྲོན་མ་ཡན་ལག་དྲུག་དང་ལྡན། །ཅེས་སོ། །

p. 1017

བཤད་ཅིང་ཉན་པའི་ཕན་ཡོན་ནི། ཆོས་དང་ཆོས་མ་ཡིན་པ་འབྱེད་ཅིང་། སྤང་བླང་ཤེས་པས་མ་རིག་པའི་མུན་པ་སེལ་ཞིང་ཐར་བའི་ལམ་ལ་བགྲོད་པ་སྟེ། སློབ་དཔོན་རིན་ཆེན་སྦས་པའི་བཤད་སྦྱར་ལས། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཐོས་པ་དགེ་བའི་ཆོས་བསྡུས་རྩ་བ་སྟེ། །ལག་པ་བཞིན་དུ་དགོས་པ་ཐམས་ཅད་བསྒྲུབ། །ཅེས་པ་དང་། རིན་ཆེན་འབྱུང་གནས་ཞི་བས་ཐོས་པ་ལ། བསྔགས་པའི་རབས་ལས། ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་ཡོན་ཏན་ཚོགས་རབ་འགྲུབ། །ཅེས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཤེས་རབ་འཕགས་ལ། དེའི་རྒྱུ་ཐོས་པ་ཡིན་པས། མཆོག་ཏུ་འཕགས་པར་རྒྱུད་བླ་མ་ལས། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་། །ཚུལ་ཁྲིམས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཅེས་པ་དང་། ཤེས་རབ་མཆོག་ཡིན་དེ་བཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་སོ། །ཡང་དག་པའི་ཐོས་པས་དོན་ལ་དཔྱོད་པ་ནི། ཆོས་དང་གང་ཟག་ལ་སྐུར་པ་འདེབས་པ་ནི་ནམ་ཡང་མི་བྱེད་དེ། སྒྲིབ་པ་ཤིན་ཏུ་ལྗི་བའི་ཕྱིར་རོ། །དེ་སྐད་དུ་དེ་ཉིད་ལས། འཕགས་པ་སྐུར་དང་དེས་གསུངས་ཆོས་ལ་བརྙས་པ་གང་། །དེ་ཀུན་རྨོངས་པའི་མངོན་ཞེན་བརྟས་བྱས་ཉོན་མོངས་ཡིན། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །ཞེས་སོ། །དེའང་ལེགས་པར་མཐོང་བའི་བློ་མིག་མེད་བཞིན་དུ། དྲང་དོན་གྱི་ཚིག་དང་། ཕྱོགས་ཞེན་ཕྲག་དོག་ཅན་དག་གིས་སྐུར་པ་བཏབ་པའི་ཚིག་ལ་ཡིད་ཆེས་སུ་བཟུང་ནས། རང་བཞིན་ལ་མི་དཔྱོད་པར། ལོག་པར་བལྟས་པའམ། རྙེད་པ་ཙམ་གྱིས་ཕྲག་དོག་གིས་སྨད་པ་ནི་ལྷག་པར་ཡང་སྒྲིབ་པ་ཚད་མེད་པས། རང་བཞིན་མཁས་ཤིང་གཟུ་བོར་གནས་པ་དེ་དག་གིས་ཚེ་

p. 1018

འདིའི་སྲོག་དང་ནོར་གྱི་ཆེད་དུའང་སྡིག་པ་དེ་ལྟ་བུ་མི་བྱ་སྟེ། མནར་མེད་པར་སྐྱེ་བའི་ཕྱིར་རོ། །མཚམས་མེད་ལྔ་བྱས་པ་ཡང་ཟབ་མོའི་དོན་ལ་བསམ་པས་ཐར་ན། ཆོས་སྤངས་པ་དེ་ལྟར་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་རྒྱུད་བླ་མ་ལས། བློ་དམན་ཕྱིར་དང་དཀར་མོས་བྲལ་ཕྱིར་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་ཕོངས་པས་བསྒྲིབས་པའི་བདག་ཕྱིར་དྲང་དོན་དེ་ཉིད་ངེས་འཛིན་ཕྱིར། །རྙེད་ལ་བརྐམ་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བསྟེན་པའི་ཕྱིར། །ཆོས་འཛིན་བསྲིང་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་རྣམས་ཀྱིས་ཆོས་སྤོང་བྱེད། །ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱང་མེ་དང་ནི། །མི་བཟད་སྦྲུལ་དུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་མནར་མེད་རྣམས་ཀྱིས་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། །གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་གང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་པས་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་བ་ག་ལ་ཡོད། །ཅེས་སོ། །དེའང་སེམས་ཅན་གྱི་མོས་པ་སྣ་ཚོགས་པས། གང་ཟག་དང་། ཆོས་ཀྱང་སྣ་ཚོགས་སུ་སྣང་བས་དོན་བྱེད་པའི་ཕྱིར། ཆོས་ཀྱི་རིགས་གང་ལའང་འདི་ནི་ལོག་པའོ། །འདི་ནི་བཅོས་མའོ། །འདི་ནི་ངན་པའོ་ཞེས་སྒྲོ་སྐུར་མི་བྱ་བ་ཁོ་ནའོ། །འོ་ན། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཅེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་རང་ཉིད་དོན་དུ་གཉེར་བའི་ཆོས་དེ་སློབ་དུས་ཚིག་དང་དོན་གྱི་རིམ་པ་རྣམས་ནོར་མ་ནོར་གྱི་བསམ་བྱུང་ཤེས་རབ་ཀྱི་ག་དར་བྱ་བར་གསུངས་པ་ལ་དགོངས་པ་ཡིན་གྱི། ཆོས་ཀྱི་རྣམ་གྲངས་གཞན་ལ་ཡིན་མིན་གྱི་ཐེ་ཚོམ་བྱ་བར་གསུངས་

p. 1019

པའི་ལུང་མ་ཡིན་ནོ། །མདོར་ན་འཁོར་བ་སྤོང་བར་བྱེད་ཅིང་མྱ་ངན་ལས་འདས་པར་གཞོལ་པའི་ལམ་གྱི་ཚུལ་འདུག་པ་དེ་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཏེ། མིང་ཚིག་གང་དུ་བཏགས་ཀྱང་འདྲ་བས་སྡང་ཞིང་སྤང་བར་མི་བྱ་བ་ལ་གདམས་ཏེ། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཞེས་པ་ལ་སོགས་པའི་ཚུལ་སྔར་བརྗོད་ཟིན་ཏོ། །དེ་བས་ན་ཚུལ་འདི་ཁོང་དུ་ཆུད་པའང་ཐོས་པའི་ཡོན་ཏན་ཡིན་པར་བལྟའོ། །བསྟན་པ་ཇི་ཙམ་གནས་པའི་རྣམ་པར་གཞག་པ་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལུགས་སོ། །དང་པོ་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པའི་རྣམ་གཞག་ལ། མདོ་སྡེ་བསྐལ་པ་བཟང་པོ་དང་། ལུང་ཕྲན་ཚེགས་ལས་ལོ་སྟོང་དུ་གསུངས་པ་དང་། སྙིང་རྗེ་པདྨ་དཀར་པོ་དང་། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས་ཉིས་སྟོང་དུ་བཤད་པ་དང་། ཀ་མ་ལ་ཤཱི་ལས་རྡོ་རྗེ་གཅོད་པའི་འགྲེལ་བར་ལྔ་བརྒྱ་ཕྲག་ལྔར་བཤད་པ་དང་། འབུམ་ཊཱིཀ་ལས་ལོ་ལྔ་སྟོང་དུ་བཤད་པའོ། །དང་པོ་ནི་གྲོལ་བ་ཐོབ་པ་ཤས་ཆེ་བའི་དབང་དུ་མཛད་པའོ། །གཉིས་པ་ནི་འབྲས་བུ་ལ་ཞུགས་པ་དང་། ལུང་ལ་བསླབ་པའི་དབང་དུ་མཛད་པའོ། །གསུམ་པ་ནི་ཕལ་ཆེར་ལྟ་བ་དང་། སྒྲུབ་པ་མཐུན་པའི་དབང་དུ་མཛད་པའོ། །འདིར་ནི་ཐ་མ་དང་རྗེས་སུ་མཐུན་པའི་དབང་གིས་བཤད་དེ། ལོ་ལྔ་སྟོང་གི་སྟོང་ཕྲག་ཕྱེད་ཕྱེད་དུ་བཅད་པས། ལྔ་བརྒྱ་ཕྲག་བཅུ་ལས། སྐྱེ་དགུའི་བདག་མོ་ལ་སོགས་པའི་བུད་མེད་རབ་ཏུ་བྱུང་བས་ལྔ་བརྒྱ་ཐ་མ་རྟགས་ཙམ་འཛིན་པར་བཤད་དེ་འགྲིབ་པ་ཞེས་བྱའོ། །དེའང་འབྲས་བུའི་དུས་ལ་ལྔ་བརྒྱ་ཕྲག་གསུམ། ལུང་གི་དུས་ལྔ་བརྒྱ་ཕྲག་གསུམ། སྒྲུབ་པའི་དུས་ལྔ་བརྒྱ་ཕྲག་གསུམ། རྟགས་ཙམ་འཛིན་པའི་དུས་ལྔ་བརྒྱ་ཕྲག་གཅིག་སྟེ་ཕྲག་བཅུ་ལས། འབྲས་བུའི་དུས་ཕྲག་གསུམ་གྱི་དང་པོ་ལ་དགྲ་བཅོམ་པ་དང་ཕྱིར་མི་འོང་བ་མང་ལ། ཕྱིར་འོང་ཡང་ཡོད་དོ། །གཉིས་པ་ལ་ཕྱིར་མི་འོང་བ་མང་ཞིང་ཕྱིར་འོང་ཡང་ཡོད་དོ། །གསུམ་

p. 1020

པ་ལ་རྒྱུན་ཞུགས་མང་ཞིང་གཞན་ཡང་ཉུང་ཟད་ཡོད་དོ། །ལུང་གི་དུས་གསུམ་གྱི་དང་པོ་ལ། མངོན་པ་དང་། གཉིས་པ་ལ་མདོ་སྡེ་དང་། གསུམ་པ་ལ་འདུལ་བ་དར་ཞིང་འཛིན་པ་མང་དུ་འབྱུང་བའོ། །སྒྲུབ་པའི་དུས་གསུམ་གྱི་དང་པོར་ཚུལ་ཁྲིམས། གཉིས་པར་སེམས། གསུམ་པར་ཤེས་རབ་ཀྱི་བསླབ་པ་ལ་གཙོ་བོར་སྒྲུབ་པ་མང་དུ་བྱུང་བའོ། །འདིར་ཕལ་དག་ལུང་དང་སྒྲུབ་པ་གཉིས་གོ་བརྗེ་བར་སྣང་ལ་ཡང་དག་པར་མ་མཐོང་ངོ་། །དེ་ལྟར་ལྔ་བརྒྱ་ཕྲག་བཅུ་ལས། ད་ལྟ་གང་གི་དུས་ཡིན་ན་སྒྲུབ་པའི་དུས་ཡིན་ཏེ། སྐྱེ་བོ་ཕལ་རྣམས་སྐྱོ་ཤས་ཆེ་ཞིིང་ཐར་པ་སྒྲུབ་པ་ལ་འདུན་པ་མང་བའི་ཕྱིར་རོ། །དེའི་ནང་གིའང་ཚུལ་ཁྲིམས་ཀྱི་སྒྲུབ་དུས་ཡོལ་ནས་སེམས་ཀྱི་སྒྲུབ་དུས་ལ་སློབ་པའོ། །སྔར་ལོ་ཇི་ཙམ་སོང་ཞེ་ན། སངས་རྒྱས་མྱ་ངན་ལས་འདས་ནས། མེ་ཕོ་རྟའི་བར་ལ་ལོ་སུམ་སྟོང་ལྔ་བརྒྱ་དང་བཅུ་དྲུག་སོང་། ཕྱིན་ཆད་ལོ་དགུ་བརྒྱ་དང་བརྒྱད་ཅུ་རྩ་བཞི་ཡོད་དོ། །སུམ་སྟོང་ལྔ་བརྒྱ་དང་སུམ་ཅུ་རྩ་གཉིས་སོང་བའི་དབང་དུ་བྱས་ན་ད་ཕྱིན་ལ་དགུ་བརྒྱ་དང་དྲུག་ཅུ་རྩ་བརྒྱད་ཡོད་དོ། །རྟགས་ཙམ་འཛིན་པ་ནི་བསྟན་པར་མི་བརྩིའོ། །དེའང་སྟོན་པ་བཅོམ་ལྡན་འདས་མེ་མོ་ཡོས་ལ་ལྷུམས་སུ་ཞུགས་ཏེ། ས་ཕོ་འབྲུག་ལ་སྐུ་བལྟམས་ནས། ཆུ་ཕོ་སྟག་ལ་སངས་རྒྱས་ཏེ། མེ་མོ་ཕག་ལ་མྱ་ངན་ལས་འདས་ནས། ལོ་བརྒྱ་བདུན་ཅུ་རྩ་བདུན་ན་ཤིང་མོ་བྱ་ལ་རྒྱ་གར་དུ་རྒྱལ་པོ་དགའ་བྱེད་བྱོན་ནས། ལོ་བརྒྱད་བརྒྱ་དགུ་བརྒྱ་བདུན་ཅུ་རྩ་བདུན། ན་ཤིང་ཕོ་འབྲུག་གི་ལོ་ལ་རྒྱལ་པོ་ཟླ་སྲུངས་བྱོན་ནོ། །དེ་ནས་ལོ་ཉིས་བརྒྱ་སུམ་ཅུ་རྩ་གཅིག་སོང་བའི་ཤིང་ཕོ་རྟའི་ལོ་ལ། རྒྱལ་པོ་རྗེ་འབངས་ཀྱིས་བརྩིས་པས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སྟོང་ཉིས་བརྒྱ་དང་བརྒྱད་འདས་ཞེས་གྲགས། དེ་ནས་ལོ་བདུན་བརྒྱ་ཉི་ཤུ་རྩ་བཞི་སྟོང་དགུ་བརྒྱ་སུམ་ཅུ་སོ་གཉིས། ན་བལ་ཡུལ་དུ་བརྩིས་ཤིང་། དེ་ནས་བརྒྱད་བརྒྱ་བཅུ་བཞི་ཉིས་སྟོང་བདུན་བརྒྱ་བཞི་བཅུ་རྩ་དྲུག་ན་ལྕགས་ཕོ་སྤྲེའུ་ལོ་ལ་བལ་བོའི་རྒྱལ་པོ་འོད་ཟེར་

p. 1021

གོ་ཆ་བྱོན་ནས་ལོ་ཉིས་བརྒྱ་བཞི་བཅུ་རྩ་ལྔ་ཉིས་སྟོང་དགུ་བརྒྱ་དགུ་བཅུ་རྩགཅིག་འགྲོ། ན་མེ་མོ་གླང་གི་ལོ་ལ་བོད་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བྱོན། དེ་ནས་ལོ་བརྒྱ་སུམ་ཅུ་རྩ་བཞི་སོང་དུས་སུམ་སྟོང་བརྒྱ་ཉི་ཤུ་རྩ་ལྔ། ལྕགས་ཕོ་སྟག་གི་ལོ་ལ། མངའ་རིས་སྟོད་དུ་རྒྱལ་པོ་ཡོན་མཆོད་འཛོམ་མོ། །དེ་ནས་ལོ་ཉི་ཤུ་རྩ་བདུན་སོང་བའི་མེ་ཕོ་འབྲུག་གི་ལོའི་སོས་ཀ་སྟོད་སྨད་ཀྱི་བཤེས་གཉེན་ཀུན་འཛོམ་ནས་བརྩིས་པས། སངས་རྒྱས་མྱ་ངན་ལས་འདས་ནས། ལོ་སུམ་སྟོང་དང་བརྒྱ་ལྔ་བཅུ་རྩ་གཉིས་ལོན་ཞེས་གསུང་ངོ་། །དེ་ནས་ལོ་ལྔ་བཅུ་རྩ་དྲུག་ན་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་དང་། གྲགས་འབྱོར་ཤེས་རབ་དང་། ཉི་མ་ཤེས་རབ་ལ་སོགས་པ་བྱོན། སུམ་སྟོང་ཉིས་བརྒྱ་དང་། དེ་ནས་བརྩིས་པས་དེང་སང་མེ་ཕོ་རྟའི་བར་ལ་ལོ་སུམ་བརྒྱ་ཉི་ཤུ་རྩ་བཞི་སོང་སྟེ། དེའི་སུམ་སྟོང་ལྔ་བརྒྱ་དང་སུམ་ཅུ་རྩ་གཉིས་འགྲོ་རྒྱུར་གདའ་གོང་མ་རྣམས་དང་བསྡོམས་པས་སུམ་སྟོང་ལྔ་བརྒྱ་དང་བཅུ་དྲུག་འདས་སོ། །བུ་རམ་ཤིང་པ་ཉི་མའི་གཉེན། །དྲང་སྲོང་ཆེན་པོའི་བསྟན་པ་ནི། །སྔར་འདས་ལོ་ནི་སྟོང་ཕྲག་༣༠༠༠མེ། །བརྒྱ་ཕྲག་༥༠༠མདའ་དང་བཅུ་ཕྲག་༡༦ཟླ། །རོ་རྣམས་སོང་ངོ་ད་དུང་ཡང་། །བརྒྱ་ཕྲག་བུ་ག་༩༨༠བཅུ་ཕྲག་ཀླུ། །རིགས་བྱེད་ཆེན་པོ་སྙེད་མཆིས་སོ། །དེ་དག་ནི་སྤྲུལ་པ་སྐུའི་རྟགས་དང་ཆ་ལུགས་འཛིན་ཅིང་། བསླབ་པ་གསུམ་དང་། དེའི་རྗོད་བྱེད་སྡེ་སྣོད་གསུམ་ལ་བསླབ་པ་དང་། ལས་བརྒྱ་རྩ་གཅིག་གི་ཆོ་གའི་ལག་ལེན་མ་ནུབ་པར་བྱེད་པའི་དབང་དུ་བྱས་པའོ། །ཐུན་མོང་མ་ཡིན་པ་ལྟར་ན་གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཅེས་དང་སྒྱུ་འཕྲུལ་ལས་སངས་རྒྱས་མྱ་ངན་ཡོངས་མི་འདའོ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏོ། །མ་རིག་སྨིན་མཛད་འདུལ་བའི་ཕྱིར། །ཅེས་པ་དང་། ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་ལས། སེམས་ཅན་ཀུན་གྱི་ཚོགས་ཆེན་པོ། །ཇི་སྲིད་རྣམ་པར་གནས་དེ་སྲིད། །སངས་རྒྱས་སྤྲུལ་པ་རྒྱུན་མི་འཆད། །གྲོལ་བའི་ཆོས་ཀྱང་ནུབ་པ་མེད། །ཅེས་པ་དང་། ཉན་ཐོས་ཀྱི་ཆ་བྱད་ཀྱིས་བསྟན་པ་འཛིན་པ་མེད་ཀྱང་། ཚེ་བསྐལ་

p. 1022

པར་ཐུབ་པའི་ལྷ་དང་ཀླུ་དང་དྲང་སྲོང་དང་། མཁའ་འགྲོ་མ་ལ་སོགས་པས། མདོ་དང་རྒྱུད་རྣམས་བཟུང་ནས་གཞན་ལ་བསྟན་ཅིང་། སྤྱོད་པ་དང་། འགྲོ་བའི་ཡིད་དང་མཐུན་པར་སངས་རྒྱས་ཀྱི་སྤྲུལ་པ་སྣང་བས་ཆོས་སྟོན་ཞིང་དོན་མཛད་པར་གསུངས་ལ། མི་དང་ཀླུ་དང་ལྷ་མ་ཡིན་ལ་སོགས་པ་འགྲོ་བ་སོ་སོའི་གཟུགས་སུ་སྤྲུལ་ནས་ཞི་བའི་ལམ་སྟོན་པའི་ཆོས་མི་ཟད་པ་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བས། ཐེག་པ་ཆེན་པོའི་བསྟན་པ་རྟག་པ་རྒྱུན་གྱི་འཁོར་ལོར་གནས་པའོ་ཞེས་འདོད་དོ། །དེའང་ཚིག་དང་ཡི་གེ་རིས་གཅིག་ནུབ་ཀྱང་། གཞན་དག་གསར་དུ་འབྱུང་བས་སྣང་བར་བྱེད་དེ། སེམས་ཅན་གྱི་དོན་མཛད་པ་ལ་བསྙེལ་བ་མེད་པའི་ཐུགས་རྗེ་དང་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མངའ་བའི་ཕྱིར་རོ། །ཇི་སྐད་དུ་མདོ་སྡེ་ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱང་། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་སོ། །དེའང་སྤྲུལ་སྐུ་ཐུབ་པ་ཆུ་ཟླ་ལྟ་བུ་གཅིག་འདས་ཀྱང་། འོག་མིན་ན་བཞུགས་པའི་ལོངས་སྐུ་ཟླ་བ་དངོས་ལྟ་བུ་རྟག་ཏུ་བཞུགས་པས། སེམས་ཅན་གྱི་མོས་པ་དང་སྐལ་པའི་ཆུ་སྣོད་ནམ་བྱུང་གི་ཚེ་དེ་དང་འཚམས་པའི་སྤྲུལ་པ་དང་། ཐེག་པ་གང་གིས་འདུལ་བའི་ཆོས་ལྷུན་གྲུབ་ཏུ། གདུལ་བྱ་གཅིག་གམ་བརྒྱ་འམ། གླིང་གཅིག་ནས་སྟོང་གསུམ་ལ་སོགས་པའི་གྲངས་དང་སྣང་བ་མཐུན་པ་ཇི་ཙམ་ཡོད་པ་དེར་དུས་སྔ་ཕྱི་མེད་པར་འབྱུང་སྟེ། ཆུ་སྣོད་ཀྱི་གྲངས་ཇི་ཙམ་ཡོད་པར་ཟླ་བའི་གཟུགས་དེ་སྙེད་འཆར་བ་སྔ་ཕྱི་མེད་པ་བཞིན་ནོ། །སྤྲུལ་པ་དང་ཆོས་འདི་དག་ཀྱང་འགྲོ་བའི་སྣང་ངོར་དར་ནུབ་ལྟར་སྣང་ཡང་། དོན་ལ་འཆར་ནུབ་མེད་དེ་གཟུགས་བརྙན་ནམ་རྨི་ལམ་དང་འདྲ་བའི་ཕྱིར་རོ། །ཚུལ་འདི་དག་ཁོང་དུ་ཆུད་པ་དེ་ནི་བླ་ན་མེད་པའི་སྐྱེས་བུ་ཞེས་བྱའོ། །དྭངས་པའི་ཆུ་སྔོན་མཚོར་ནི་སྣང་བ་ཡི། །གཟའ་སྐར་གཟུགས་བརྙན་གསལ་བས་

p. 1023

ཉེར་མཛེས་པ། །སྣང་ཡང་འཆར་ནུབ་རྙོག་པ་མེད་པ་ལྟར། །དེ་བཞིན་ཁྱབ་བདག་ཟླ་བའི་དཀྱིལ་འཁོར་ནི། །རྟག་ཁྱབ་མི་གཡོ་འོག་མིན་གནས་ན་མཛེས། །འགྲོ་སེམས་གཙང་མའི་ཆུ་ནང་བརྒྱན་པ་ནི། །མོས་དགེ་ཕུན་ཚོགས་བསོད་ནམས་གོམས་པའི་གཟུགས། །སྐྱེ་དགུའི་དབང་གིས་རབ་ཏུ་ཕྱེ་བ་ཡིན། །རྒྱལ་ཆོས་འཕགས་པའི་དགེ་འདུན་ཚོགས་མང་པོས། །བདེར་གཤེགས་མཛད་པའི་དབང་ལས་སྐྱེ་བར་འགྱུར། །བསྟན་པ་ཡིད་བཞིན་ནམ་མཁའ་ཀུན་ཁྱབ་ཅིང་། །ཐུགས་རྗེའི་སྤྲིན་ཚོགས་དུས་རིང་གནས་པའོ། །ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། བསྟན་པ་དམ་པའི་ཆོས་ཀྱི་ཚུལ་བཤད་པའི་ལེའུ་སྟེ་གཉིས་པའོ།། །།

ཐེག་པ་སོ་སོའི་འདོད་གཞུང་བསྟན་པའི་ལེའུ་སྟེ་གསུམ་པ།

p. 1024

དེ་ནས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་དབྱེ་བ་སོ་སོར་བཤད་པ་ལ་གཉིས་ཏེ། ཐེག་པ་སྤྱིའི་འབྲེལ་དགོད་པ་དང་། བྱེ་བྲག་སོ་སོར་བསྟན་པའོ། །དང་པོ་ནི་རང་རང་གི་འབྲས་བུ་ལ་དམིགས་ཏེ་གཞུང་ལུགས་ཀྱི་རྣམ་པར་གཞག་པ་ཚད་མེད་དེ། སྐྱེས་བུའི་བློ་རྟོག་མ་ཟད་རིང་ལ་མིང་ཚིག་ཡི་གེའི་རྣམ་གྲངས་དང་། ཡིད་དཔྱོད་ལ་ཟད་པ་མེད་པས་འདོད་པ་ཐ་དད་དུ་བཞག་པར། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དེའང་ཇི་ལྟར་ཞེ་ན་དེ་ཉིད་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །རང་སངས་རྒྱས་ཀྱི་ཐེག་པ་དང་། །ཐེག་པ་ཆེན་པོ་ཞེས་བྱ་བའི། །ཐེག་པ་མཐའ་དག་ངས་བཤད་དོ། །ཞེས་པས། ལྷའི་ཐེག་པ་དགེ་བ་བཅུ་དང་། ཚངས་པའི་ཐེག་པ་བསམ་གཏན་བཞི་སྟེ། སོར་གཞག་ལྷ་དང་མིའི་ཐེག་པ་ཞེས་བྱའོ། །ཉན་ཐོས་ཀྱི་ཐེག་པ་བདེན་པ་བཞི་དང་། རང་སངས་རྒྱས་ཀྱི་ཐེག་པ་རྟེན་འབྲེལ་བཅུ་གཉིས་དང་། ཐེག་པ་ཆེན་པོ་བདག་མེད་པ་གཉིས་ཀྱིས་བསྡུས་པའི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའོ། །དེ་བཞིན་དུ་གསང་སྙིང་ལས། འདུལ་བའི་དབང་གིས་ལྷ་དང་

p. 1025

མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པ་ཞེས་པ་སྟེ། གསང་སྔགས་དང་ལྔར་བཤད་པ་དེ་ཉིད་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་སོ། །དེའང་ཐམས་ཅད་བླ་ན་མེད་པ་བྱང་ཆུབ་ཀྱི་ཐེག་པ་གཉིས་ལས་བྱུང་ཞིང་འདུ་ལ། མཐར་ཐུག་གི་གཉེར་བྱའི་དོན་དུ་བྱས་ཏེ་ཐེག་པ་གཅིག་ཏུ་བཞག་སྟེ། ཡུམ་བར་མ་ལས། རབ་འབྱོར་ཐེག་པ་ནི་གཅིག་ཁོ་ན་སྟེ། བླ་ན་མེད་པ་སངས་རྒྱས་ཀྱི་ཐེག་པའོ་ཞེས་དང་། མངོན་རྟོགས་རྒྱན་གྱི་འགྲེལ་ཆུང་ལས། ཐེག་པ་གསུམ་རྣམ་པར་གཞག་པ་ནི། དགོངས་པ་ཅན་ཡིན་གྱིས་མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་བྱུང་པས། སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་ཅན་ཡིན་ཏེ་ཞེས་སོ། །ཐེག་པ་ཆེན་པོ་དང་ཆུང་ངུ་གཉིས་སུ་གསུངས་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་ཐེག་པ་ནི་གཉིས་ཏེ་ཆུང་ངུ་དང་ཆེན་པོའོ་ཞེས་སོ། །གསུམ་དུའང་བཤད་དེ་ཡུམ་སྙིང་པོ་མཆོག་ལས། རབ་འབྱོར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་སྟེ་ཞེས་སོ། །རྒྱུའི་ཐེག་པ་གསུམ་གསང་སྔགས་ཀྱི་ཐེག་པ་དང་བཞིར་བཤད་དེ། འཇམ་དཔལ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་སོ། །དེ་བཞིན་དུ་མཐའ་ཡས་པའི་བར་དུ་གསུངས་ལ། ཐེག་པ་མཐའ་ཡས་པས་གྲུབ་པའི་མཐའ་ཡང་མཐའ་ཡས་ཏེ། རང་རང་གི་ཐེག་པའི་ལུགས་བསྒྲུབ་པར་བྱེད་པའི་ཕྱིར་རོ། །དེའང་ཕྱི་ནང་གཉིས་སམ་ཆུང་ངུ་འབྲིང་ཆེན་པོ་གསུམ་མམ། རྣམ་པར་དབྱེ་བས་དགུར་ཡང་བཤད་དེ། གསང་སྙིང་ལས། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་གཞན་གསང་བའི་དོན་རྣམས་ནི། །

p. 1026

ཞེས་པས། མ་རྟོགས་པ་སོར་གཞག་ལྷ་མིའི་ཐེག་པའོ། །དེའང་དགེ་བ་བཅུའི་ཏིང་ངེ་འཛིན་དང་མ་འབྲེལ་བའི་ཆེ་ཐང་སྤྱད་པའི་འབྲས་བུ་ནི་འདོད་པའི་ལྷ་དང་མིའི་གོ་འཕང་ལ་གནས་པ་སྟེ། གསང་བ་མཆོག་གི་རྒྱུད་ལས། དགེ་བཅུ་སྤྱད་ཅིང་མི་དགེ་དོར་བ་ཡིས། །འདོད་པའི་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་སོ། །དགེ་བ་བཅུ་དང་བསམ་གཏན་བཞི་སྦྲེལ་ནས་སྤྱད་པས། བསམ་གཏན་པའི་ས་ནི་སེམས་གང་ཐོབ་པ་དེས་བསྒྲུབ་ལ། དེར་འཕེན་བྱེད་ནི་དགེ་བ་བཅུའི་ཤུགས་ཀྱིས་བྱེད་དོ། །ཡང་དེ་ཉིད་ལས། དགེ་བ་བཅུས་འཕེན་བསམ་གཏན་རིགས་བཞི་ཡིས། །བསམ་གཏན་གཟུགས་ཀྱིས་གནས་པ་རིགས་བཞི་བསྒྲུབ། །ཅེས་སོ། །དགེ་བ་བཅུས་འཕངས་པའི་གཟུགས་མེད་བཞིས། གཟུགས་མེད་བཞིའི་གནས་སུ་སྐྱེ་བར། དེ་ཉིད་ལས། དགེ་བཅུས་འཕངས་བའི་གཟུགས་མེད་ཏིང་འཛིན་བཞིས། །ནམ་མཁའ་མཐའ་ཡས་ལ་སོགས་རྣམ་བཞིར་བགྲོད། །ཅེས་སོ། །ལོག་པར་རྟོགས་པ་རྣམས་ནི་མུ་སྟེགས་རྟག་ཆད་དུ་སྨྲ་བ་རྣམས་སོ། །ཕྱོགས་ཙམ་གང་ཟག་གི་བདག་མེད་དུ་རྟོགས་པ་ཉན་ཐོས་དང་། ཡང་དག་པ་ཇི་ལྟ་བ་བཞིན་མ་རྟོགས་པ་བྱང་ཆུབ་སེམས་དཔའ་སྟེ། གསང་བ་ཟབ་མོ་ལ་རྨོངས་པའི་ཕྱིར་རོ། །འདུལ་བ་བྱ་བ། དགོངས་པ་སྤྱོད་པ། གསང་བ་རྣལ་འབྱོར། རང་བཞིན་གསང་བའི་དོན་བླ་ན་མེད་པའི་རྒྱུད་སྡེའོ། །དེ་བཞིན་དུ་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ཐེག་པའི་དང་པོ་བཅུ་དྲུག་མགོན། །ཅེས་གསུངས་ཏེ། སོར་གཞུག་ལྷ་མིའི་ཐེག་པ་གཉིས། ཕྱི་རོལ་པ་གཉིས། ཉན་ཐོས་བྱེ་བྲག་པ་དང་མདོ་སྡེ་པ་གཉིས། སེམས་ཙམ་པ་དང་། དབུ་མ་རང་རྒྱུད་པ་གཉིས། དབུ་མ་ཐལ་འགྱུར་པ་དང་། བྱ་བ་དང་སྤྱོད་པ། རྣལ་འབྱོར་དང་མ་ཧཱ། ཨ་ནུ་ཨ་ཏི་དང་བཅོ་ལྔ་སྟེ། རྡོ་རྗེ་སྙིང་པོ་འོད་གསལ་ལྷུན་གྱིས་གྲུབ་པའི་ཐེག་པ་དང་བཅུ་དྲུག་ཏུ་གསུངས་སོ། །ཐེག་པའི་རྣམ་གྲངས་འཇལ་བའི་གྲུབ་པའི་མཐའ་

p. 1027

རྣམས་ཀྱི་གྲངས་ནི་མཐའ་གཅིག་ཏུ་མ་ངེས་ཏེ། དབྱེ་བསྡུ་དཔག་ཏུ་མེད་པ་བྱར་ཡོད་ཅིང་། སྔོན་གྱི་རྡོ་རྗེ་འཆང་དང་། གྲུབ་པ་ཆེན་པོ་བརྙེས་པའི་སློབ་དཔོན་མཁས་པ་དག་གིས་མཛད་པའི་ཕྱིར་རོ། །བློ་ཆུང་ཞིང་ཤེས་རབ་ཀྱི་མིག་རྒྱང་ཐུང་བ་དག་གཅིག་ཏུ་྄ཞེན་ནས། ཐེག་པའི་གྲངས་དང་། གྲུབ་མཐའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་རྣམ་གཞག་ལ་དངང་ཞིང་མི་བདེན་ཏོ་ཞེས་སྨྲ་བ་ནི། བ་གླང་ལ་སོགས་པ་མ་ཧེ་དག་བདག་ཅག་དུད་འགྲོ་རྣམས་ནི་རྭ་དང་བཅས་པའི་ཕྱིར། མི་དང་ལྷ་རྣམས་ཀྱང་རྭ་ཅན་ཁོ་ནའོ་ཞེས་འཛིན་པ་བཞིན་ནོ། །དེ་བས་ན་ཐེག་པའི་ཚུལ་རྣམས་ནི། མིང་ཚིག་དང་དོན་གྱི་རྣམ་གྲངས་མཐའ་ཡས་ཤིང་། ལམ་བགྲོད་ཚུལ་དང་ས་དང་ཏིང་ངེ་འཛིན་གྱི་འཇོག་ཚུལ་དཔག་ཏུ་མེད་དེ། ཐམས་ཅད་མཁྱེན་པ་ནི་གང་ཡང་མཁྱེན་ཅིང་གསུང་པའི་ཕྱིར། ལམ་བགྲོད་དུ་ཡོད་པ་དང་མེད་པ་དང་། རྩོལ་བ་དང་བཅས་པ་དང་། རྩོལ་བ་མེད་པ་དང་། ཚེ་གཅིག་གིས་གྲོལ་བ་དང་། བསྐལ་པས་གྲོལ་བ་ལ་སོགས་པ་ནས། གྲུབ་པའི་རྣམ་གཞག་གང་ལ་དགའ་ཞིང་མོས་པའི་བསམ་པ་དང་མཐུན་པའི་ཆོས་གསུངས་ཏེ། ཆོས་ཚུལ་རྒྱ་མཚོ་རྣམས་ལ་དངང་ཞིང་སྐྲག་པས་ལོག་པར་ལྟ་བ་རྣམས་དོར་ནས། དོན་དུ་གཉེར་བས་འཇུག་པར་བྱ་བ་ནི་གདམས་ངག་དམ་པའོ། །ད་ནི་ཐེག་པ་རྣམས་ཀྱི་བྱེ་བྲག་སོ་སོར་བཤད་པ་ལ་གཉིས་ཏེ། ཕྱི་རོལ་པའི་གྲུབ་མཐའ་མདོར་བསྟན་པ་དང་། ནང་པའི་གཞུང་ལུགས་རྒྱ་ཆེར་དབྱེ་བའོ། །དང་པོ་ནི་ནང་པ་སངས་རྒྱས་པའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པའི། མུ་སྟེགས་བྱེད་ཀྱི་སློབ་དཔོན་སྔ་མ་དག་རྟོག་གེ་སྡེ་ལྔར་བཞེད་པ་ལས། གྲངས་ཅན་པ་ནི་ཀུན་གྱི་ཕྱི་མོར་འདོད་པ་ཉིད་འཇུག་པ་ལས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་དབྱེ་དེ་དབྱེ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཅེས་སོ། །དེ་ལ་གྲངས་ཅན་པ། དབང་ཕྱུག་པ། ཁྱབ་འཇུག་པ། རྒྱལ་བ་པ་

p. 1028

བཞི་ནི་རྟག་པར་ལྟ་བ་ཡིན་ལ། ཕུར་བུ་པ་ནི་ཆད་པར་སྨྲ་པའོ། །དང་པོ་གྲངས་ཅན་པ་ནི་སྐྱེ་དགུ་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་སུ་བྱུང་སྟེ། དཀའ་ཐུབ་ལས་གྲོལ་བ་ཐོབ་པའི་དྲང་སྲོང་སེར་སྐྱ་ཞེས་བྱ་བ་བྱུང་སྟེ་བསྟན་བཅོས་མང་དུ་བརྩམས་པ་ལས། དེའི་གྲུབ་མཐའ་འཛིན་པའི་སློབ་མ། བ་ར་དྷྭ་ཛ་དང་། ཆུར་ལྷུང་གི་བུ་གཉིས་བྱུང་པའི། བ་ར་དྷྭ་ཛས་ཤེས་བྱ་ཐམས་ཅད་གྲངས་ཉི་ཤུ་རྩ་ལྔར་ངེས་པར་འདོད་ལ། ཆུར་ལྷུང་གི་བུས་ཉི་ཤུ་རྩ་ལྔ་པོའི་གནས་ལུགས་ཀྱང་སྟོང་པར་འདོད་པ་ལ། སེར་སྐྱ་པ་ཞེས་བཏགས་ཏེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། གྲངས་ཅན་པ་རྣམས་ཡོན་ཏན་སྨྲ། །སེར་སྐྱ་པ་རྣམས་སྟོང་པར་འདོད། །ཅེས་སོ། །དབྱེ་ན་གྲངས་ཅན་པ། སེར་སྐྱ་པ། ཡོན་ཏན་གསུམ་པ་ཞེས་བྱའོ། །དེའང་གཞུང་རྣམས་ཀྱི་ཕྱི་མོ་གྲངས་ཅན་པ་དག །ཤེས་བྱ་ཐམས་ཅད་བདག་དང་། གཙོ་བོ་གཉིས་སུ་འདུས་པར་འདོད་པ་འདི་ལ་དོན་ལྔ་སྟེ། བདག་དང་གཙོ་བོ་དང་། དེ་དག་ཤེས་པར་བྱེད་ཚུལ་དང་། མ་ཤེས་པའི་ཉེས་དམིགས་དང་། ཤེས་པའི་ཕན་ཡོན་ནོ། །དང་པོ་ནི། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟག །ཅེས་པས། བདག་ནི་སེམས་ཅན་གྱི་སྐྱེས་བུ་སྟེ། ཤེས་པ་ཡིན་པ། རྟག་པ་གཅིག་པུ་པ། བྱ་བྱེད་དང་བྲལ་བ། ཡུལ་ལ་ལོངས་སྤྱོད་པས་ཟ་བ་པོ་ཡིན་པ། རང་བཞིན་རྒྱུའི་གཙོ་བོའི་ཁུག་མ་ན་གནས་པས། སུས་ཀྱང་མི་མཐོང་བའི་ལྐོག་ཏུ་གྱུར་པ་དང་ཆོས་ལྔ་ལྡན་པའོ། །གཙོ་བོ་ལ་གཉིས་ལས། རང་བཞིན་རྒྱུའི་གཙོ་བོ་ནི་བདེ་བ་སྡུག་བསྔལ་བཏང་སྙོམས་གསུམ་མམ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་མམ། མིང་གཞན་སྙིང་སྟོབས། རྡུལ་མུན་པ་ཞེས་བྱ་བའི་ཡོན་ཏན་གསུམ་ཆ་མཉམ་པ་སྟེ། བེམས་པོ་ཡིན་པ་རྟག་པ་གཅིག་པུ་པ་རྣམ་འགྱུར་ཐམས་ཅད་སྐྱེད་པའི་རྒྱུ་བྱེད་པ། སུས་ཀྱང་མ་བསྐྱེད་པ། དྲང་སྲོང་སེར་སྐྱས་ཀྱང་མི་མཐོང་པའི་ལྐོག་ཏུ་གྱུར་པ་སྟེ་ཁྱད་པར་ལྔ་ལྡན་པའོ། །

p. 1029

རྣམ་འགྱུར་འབྲས་བུའི་གཙོ་བོ་ནི་ཡོན་ཏན་གསུམ་གྱི་རང་བཞིན་ཡིན་ལ། ཆ་མཉམ་པ་མ་ཡིན་པས་གནས་སྐབས་མི་རྟག་པ་དུ་མར་གསལ་བའི་བེམས་པོ་སྟེ། ཕྱེ་ན་ཉི་ཤུ་རྩ་གསུམ་ལས་དང་པོ་ནི་ཆེན་པོ། བློ། ནང་གི་བྱེད་པ། ཤེས་པ་གསལ་ཞིང་རིག་པའི་བདག་ཉིད་ཅེས་བྱ་བ། མེ་ལོང་ངོས་གཉིས་པ་ལྟ་བུ། ཕྱི་གཟུགས་སོགས་ཡུལ་ལྔ་འཛིན་པ་དང་། ནང་བདེ་སྡུག་བཏང་སྙོམས་རིག་པའི་ཆ་ཅན་ནམ་རྣམ་པ་ཅན་ནོ། །དེ་ལས་གཉིས་པ་བདག་སྐལ་པ་དང་ལྡན་པའོ་ཞེས་བདག་གཅིག་ཏུ་རློམ་པའི་ང་རྒྱལ་འབྱུང་སྟེ་དབྱེ་ན་རྡུལ་ལས་གྱུར་པ་དང་། འབྱུང་བ་ལས་གྱུར་པ་དང་། རྣམ་འགྱུར་ལས་གྱུར་པའི་ང་རྒྱལ་གསུམ་ཡིན་ཡང་ང་རྒྱལ་ཞེས་པ་གཅིག་ཏུ་བགྲང་ངོ་། །དེའང་ང་རྒྱལ་དང་པོས་དབང་པོ་བཅུ་གཅིག་སྐྱེད་དེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། མིག་སྟེ་བློའི་དབང་པོ་ལྔ་དང་། ཁ་དང་ལག་པ་དང་། རྐང་པ་དང་། འདོམས་དང་། བཤང་ཁུང་སྟེ་ལས་ཀྱི་དབང་པོ་ལྔ་དང་། གཉིས་ཀའི་དབང་པོ་ཡིད་དང་བཅུ་གཅིག་གོ། ང་རྒྱལ་གཉིས་པས། སྒྲ། དྲི། རོ། རེག །ཁ་དོག་དེ་ཙམ་སྟེ་ལྔ་སྐྱེད་དོ། །དེ་དག་ལས་འབྱུང་བ་ལྔ་རིམ་པ་བཞིན་སྐྱེད་དེ། ནམ་མཁའ། ས། ཆུ། རླུང་། མེ་སྟེ་ལྔའོ། །དེའང་སྒྲ་ནམ་མཁའི་ཡོན་ཏན་ཅེས་པ་ལ་སོགས་པ་འབྱུང་ངོ་། །ང་རྒྱལ་གསུམ་པས་དེ་གཉིས་ཀྱི་མཚུངས་ལྡན་ནམ་གྲོགས་བྱེད་ཀྱི། འབྲས་བུ་གུད་པ་ནི་མི་སྐྱེད་དོ། །དོན་དེ་དག་དབང་ཕྱུག་ནག་པོའི་གཞུང་ལས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཡིན། །དེ་ལས་བཅུ་དྲུག་གི་ནི་ཚོགས་རྣམས་སོ། །བཅུ་དྲུག་པོ་ཡང་དེ་དག་རྣམས་ལས་ཀྱང་། །དབང་པོ་རྣམས་ལས་འབྱུང་བ་ཆེན་པོ་ལྔ། །ཞེས་སོ། །དེ་ལྟར་ཉི་ཤུ་རྩ་བཞི་ལས། དེ་དག་གི་རང་བཞིན་ནི་དོན་དམ་པ་དང་། རྣམ་འགྱུར་ཉི་ཤུ་རྩ་གསུམ་ཀུན་རྫོབ་ཏུ་འདོད་དེ། ཡོན་ཏན་གསུམ་གྱི་ཡོན་ཏན་མཆོག །མཐོང་བའི་ལམ་དུ་འགྱུར་མ་ཡིན། །མཐོང་བའི་ལམ་དུ་

p. 1030

གང་འགྱུར་བ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོག །ཅེས་སོ། །དེ་དག་ནི་གཙོ་བོ་བེམས་པོ་ཉི་ཤུ་རྩ་བཞིའོ། །བདག་དང་ཉི་ཤུ་རྩ་ལྔ་ནི་ཤེས་བྱ་བདེན་པ་གཉིས་སུ་འདུས་ཤིང་ཤེས་པར་བྱ་བའི་དོན་ཏོ། །དེ་དག་ཤེས་པར་བྱེད་པའི་ཚུལ་ལ་གཉིས་ཏེ། རྒྱུ་དང་འབྲས་བུའི་བསྐྱེད་ཚུལ་ཤེས་པར་བྱ་བ་དང་། སྐྱེས་བུས་གཙོ་བོ་ལ་ལོངས་སྤྱོད་པ་ཤེས་པར་བྱེད་ཚུལ་ལོ། །དང་པོ་ནི་རང་བཞིན་རྒྱུ་ཁོ་ན་ཡིན་ལ། ཆེན་པོ་དང་། ང་རྒྱལ་དང་། དེ་ཙམ་ལྔ་སྟེ་བདུན་རྒྱུ་ཡིན་ཞིང་། དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་སྟེ་བཅུ་དྲུག་འབྲས་བུ་ཁོ་ནར་འདོད་ཅིང་། སྐྱེས་བུ་རྒྱུ་འབྲས་གཉིས་ཀ་མ་ཡིན་པར་འདོད་དེ། གཙོ་བོ་བྱེད་ཡིན་བྱ་བ་མིན། །ཆེན་པོ་སོགས་བདུན་བྱ་བ་བྱེད། །བཅུ་དྲུག་པོ་ནི་བྱ་བ་ཡིན། །སྐྱེས་བུ་བྱ་མིན་བྱེད་པ་མིན། །ཅེས་སོ། །སྐྱེ་ཚུལ་རང་ཁོ་ན་ལས་སྐྱེ་བས། རྒྱུ་འབྲས་བདག་གཅིག་པར་འདོད་དོ། །བསྐྱེད་ལུགས་ཀྱང་སྔར་ཡོད་གསལ་བར་བྱས་པ་ཙམ་ཡིན་གྱིས་སྔར་མེད་གསར་དུ་བསྐྱེད་པ་མི་འདོད་དོ། །འཇིག་ཚུལ་ཡང་གནས་སྐབས་ཉེ་བར་ཞི་བའམ། གསལ་བ་བསྐལ་པ་ཙམ་ལས། རང་བཞིན་གཏན་འཇིག་གི་མི་རྟག་པ་མི་འདོད་དོ། །སྐྱེས་བུའི་གཙོ་བོ་ལ་ལོངས་སྤྱོད་ཚུལ་ནི། བདེ་སོགས་མི་གསལ་བ་གཙོ་བོའི་རང་བཞིན་དུ་ཡོད་ལ། གསལ་བ་ནི་ཚན་པ་གསུམ་སྟེ། ཕྱི་རོལ་སྒྲ་སོགས་ཀྱི་བདེ་སོགས། བློ་ངོ་བོ་ཉིད་ཀྱི་བདེ་སོགས། དེ་ལ་ཤར་བ་ཡུལ་གྱི་གཟུགས་བརྙན་གྱི་བདེ་སོགས་སོ། །དེ་དག་ལ་ལོངས་སྤྱོད་བྱེད་ན་ཤེས་རིག་སྟེ། སྤྱོད་ཚུལ་ནི་ཁ་ཕྱིར་བལྟས་ཀྱི་བློའི་མེ་ལོང་གི་ངོས་གཅིག་ལ་སྒྲ་སོགས་ཡུལ་གྱི་གཟུགས་བརྙན་ཤར། ནང་བལྟས་ཀྱི་ངོས་ལ་ཤེས་རིག་གི་གཟུགས་བརྙན་ཤར་བ་གཉིས་འདྲེས་པ་སྤྱོད་པའི་དོན་དུ་འདོད་དེ། བློ་ལ་ཤར་བ་སྐྱེས་བུས་ཤེས་པར་བྱེད་དོ་ཞེས་པ་དང་། ཇི་ལྟར་འོ་མ་སེམས་པ་མེད་ན་ཡང་། །བེའུ་འཕེལ་བའི་རྒྱུ་མཚན་ཡིན་པ་ལྟར། །དེ་བཞིན་གཙོ་བོ་སྐྱེས་བུ་རྣམ་འཕེལ་བའི། །རྒྱུ་མཚན་ཉིད་དུ་འཇུག་པར་འགྱུར་བ་ཡིན། །ཅེས་པ་

p. 1031

དང་། སྐྱེས་བུ་ཉེ་བར་སྤྱོད་པ་དག །བསྒྲུབ་ཕྱིར་གཙོ་བོ་རབ་འཇུག་སྟེ། །ལྟད་མོ་པ་དག་གྲུབ་པའི་ཕྱིར། །གར་གྱི་ལྟད་མོ་བྱེད་པ་བཞིན། །ཅེས་སོ། །དེ་ལྟ་བུའི་དོན་མ་ཤེས་པའི་ཉེས་པ་ནི། གཙོ་བོ་རང་བཞིན་དང་། གནས་སྐབས་འགྱུར་བའི་རྣམ་འགྱུར་ལ། །བདག་གི་རྣམ་པར་བཟུང་ནས་འགྱུར་བར་བཟུང་བས་ཕྱིན་ཅི་ལོག་ཏུ་གྱུར་ནས་འཁོར་བར་འཁྱམས་པར་འདོད་དེ། རང་བཞིན་འཇུག་པ་ལས་ནི་ཡོན་ཏན་རྣམས། །མུན་པས་བསྒྲིབ་ཕྱིར་ཕྱིན་ཅི་ལོག་སེམས་ཀྱིས། །བདག་གིས་བྱས་ཞེས་མི་མཁས་སེམས་པ་ཡིན། །རྩ་འགྲུགས་བྱེད་པའི་ནུས་པའང་ཡོད་མ་ཡིན། །ཅེས་པ་དང་། སྐྱེས་བུ་འདི་ནི་དོན་དམ་དུ། །རྟོག་པ་དག་པའི་རང་བཞིན་ཏེ། །རང་བཞིན་དེ་ལྟར་མ་ཤེས་པའི། །རྨོངས་པ་རྟག་ཏུ་འཁོར་བར་འཁྱམ། །ཞེས་སོ། །དེའང་གཙོ་བོའི་རྣམ་འགྱུར་ཉི་ཤུ་རྩ་བཞི་པོ་རྣམས་སྒྱུ་མ་ལྟར་ཀུན་རྫོབ་ཏུ་སྣང་བ་ལ། བདག་ཏུ་ཞེན་ནས་བདེན་པར་བཟུང་བས་འཁོར་བར་འཁྱམས་པ་ལ། བདག་གི་རང་བཞིན་བྱ་བྱེད་དང་བྲལ་བ་རྟག་པ་ཁྱབ་པ་གཡོ་བ་མེད་པ་ནི་དོན་དམ་པའི་བདེན་པ་སྟེ་ཤེས་ནས་དེའི་ངང་ལས་མི་གཡོ་བ་དག་གྲོལ་བར་འདོད་པའོ། །དོན་དེ་དག་ཤེས་པའི་ཕན་ཡོན་ནི་གྲོལ་བ་འགྲུབ་པ་སྟེ། དེ་ཙམ་ཉི་ཤུ་རྩ་ལྔ་ཤེས་ན། རལ་བའམ་སྤྱི་བོ་གཙུག་ཕུད་དམ། །ཆ་ལུགས་གང་གིས་གནས་ཀྱང་རུང་། །བསྟི་གནས་གང་དུ་དགའ་བ་དེར། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །གཉིས་པ་དབང་ཕྱུག་པ་ནི། ལྷ་དབང་ཕྱུག་ཆེན་པོས་རྒྱུད་སྡེ་མང་དུ་གསུངས་པ་ལས། སློབ་མ་རྐང་མིག་པ་དང་། གཟེགས་ཟན་པ་གཉིས་སོ། །དེའང་དྲང་སྲོང་གཅིག་ཨུ་མ་བསྲུང་དུ་བཅུག་པ་དེས། ཆགས་པ་སྐྱེས་ནས་དཀའ་ཐུབ་ལས་ཉམས་ཀྱིས་དོགས་ནས། ཨུ་མའི་རྐང་པ་ལ་མིག་བལྟས་ནས་རང་གི་དཀའ་ཐུབ་བསྒྲུབས་པས་གྲུབ་པའི་ཕྱིར། རྐང་མིག་པ་ཞེས་བྱ་བ་དེས་བརྩམས་པའི་རིག་པའི་ལྟ་བ་ཞེས་བྱ་བའི་བསྟན་བཅོས་ལ་བརྟེན་པ་རྣམས་ལ་རིག་པ་ཅན་པ་ཟེར།

p. 1032

འབྲས་ཀྱི་ཟེ་ཁ་རེ་ཟོས་ནས་དཀའ་ཐུབ་བྱས་པས། གཟེགས་ཟན་པ་ཞེས་བྱ་བས་བརྩམས་པའི་བྱེ་བྲག་གསལ་བའི་བསྟན་བཅོས་ལ་བརྟེན་པ་རྣམས་ལ་བྱེ་བྲག་པ་ཞེས་བྱའོ། །འདི་དག་འགྲོ་བའི་བདེ་སྡུག་དང་། འཁོར་བ་དང་གྲོལ་བ་ཐམས་ཅད་དབང་ཕྱུག་མ་མཉེས་པ་དང་མཉེས་པས་བྱས་པར་འདོད་དེ། འགྲོ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཅེས་སོ། །དེའང་མཆོད་སྦྱིན་གྱི་ཚེ་གང་ཕུལ་བ་དེ་ཚེ་འདིར་ཐོབ་ལ། དེ་དག་ཕྱི་མར་བདག་གི་འཁོར་དུ་མཐོ་རིས་སུ་སྐྱེ་བར་འདོད་དེ། བྲམ་ཟེ་འདོད་ལ་བྲམ་ཟེ་དང་། །རྒྱལ་རིགས་འདོད་ལ་རྒྱལ་རིགས་དང་། །ནོར་རྣམས་འདོད་ལ་ནོར་རྣམས་ཀྱི། །མཆོད་སྦྱིན་དམ་པ་ཡང་དག་བརྩམ། །ཞེས་སོ། །ལྷ་མཉེས་པའི་དོན་དུ་རང་གི་ལུས་སྦྱིན་སྲེག་བྱས་པས་གྲོལ་བར་སྨྲའོ། །འདི་དག་གི་གཞུང་འཛིན་པ་དག་ལ། དབང་ཕྱུག་པ། འུག་ཕྲུག་པ། དོན་དྲུག་པ་ཞེས་བྱའོ། །འདི་དག་ནི་གྲུབ་པའི་མཐའ་ཐམས་ཅད་དོན་དྲུག་ཏུ་རིག་པས་དཔྱད་དེ་འདུས་པར་འདོད་པས། རིག་པའི་ཕྱོགས་ལ་བརྟེན་པའོ། །དེ་ལ་དོན་དྲུག་ནི། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་སོ། །དེ་ལ་རྫས་ནི་དགུ་སྟེ། བདག །དུས། ཕྱོགས། ཡིད། ནམ་མཁའ་སྟེ་རྟག་པའི་རྫས་ལྔ་དང་། ས་ཆུ་མེ་རླུང་སྟེ། མི་རྟག་པའི་རྫས་བཞིའོ། །རྫས་ལ་བརྟེན་པའི་ཡོན་ཏན་ནི། ཉི་ཤུ་རྩ་ལྔ་ལས། བདག་གི་རྫས་ལ་བརྟེན་པ་བཅུ་གསུམ་ནི། བདེ་བ། སྡུག་བསྔལ། བར་མ། ཆོས། ཆོས་མ་ཡིན་པ། འདུས་བྱས་པ། འབད་པའི་ཤུགས། རྣམ་ཤེས་དྲུག་གོ། དུས་དང་ཕྱོགས་ལ་བརྟེན་པ་བདུན་ནི། གྲངས་དང་བོངས་ཚོད་གཉིས། ཕྲད་པ་དང་བྱེད་པ་གཉིས། གཞན་དང་གཞན་མ་ཡིན་པ་གཉིས། སོ་སོ་བའོ། །ཡོན་ཏན་ནི་རྣམ་པ་ལྔ་སྟེ། སྒྲ་ནམ་མཁའི་ཡོན་ཏན། དྲི་

p. 1033

སའི། རོ་ཆུའི། རེག་བྱ་རླུང་གི། ཁ་དོག་མེའི་ཡོན་ཏན་ནོ། །ལས་ནི་ལྔ་སྟེ། འདེགས་འཇོག་གཉིས། བརྐྱང་བསྐུམ་གཉིས། འགྲོ་བའོ། །སྤྱི་ནི་གཉིས་ཏེ། ཁྱབ་པ་དང་། ཉི་ཚེ་བའོ། །བྱེ་བྲག་ནི་ཕན་ཚུན་འདྲེ་བར་མི་བྱེད་པའི་ཆོས་སོ། །འདུ་བ་ནི་རྫས་དང་ཡོན་ཏན་འབྲེལ་བར་བྱེད་པའོ། །དེའང་བདག་ནི་རྟག་པ་གཅིག་པུ་ཐམས་ཅད་ལ་ཁྱབ་པ། སེམས་ཅན་གྱི་རྒྱུད་དུ་གཏོགས་པ། ཟ་བ་པོ་ཡིན་པས། བེམས་པོ་སྟེ་ཁྱད་པར་ལྔ་ལྡན་དུ་འདོད་པ་ཉིད། གཞན་བདག་ཀྱང་ནི་འདིར་བདག་ཉིད། །འདོད་དང་སྡང་སོགས་ཡོན་ཏན་ཅན། །རྟེན་དང་ཀུན་འཇུག་ཟ་བ་པོ། །རང་ཉིད་བེམས་པོའི་ངོ་བོར་འདོད། །ཅེས་སོ། །བདག་དེ་བེམས་པོ་ཡིན་ཡང་། སྒོ་ལྔའི་རྣམ་ཤེས་ཡོན་ཏན་དུ་འདོད་པས་ཡུལ་འཛིན་པར་ནུས་ལ། ངོ་བོ་རྟག་པ་ཡིན་ཡང་འབད་པ་དང་འདུ་བ་ཡོན་ཏན་དུ་བལྟས་པས་ལུས་ལེན་པ་ལ་སོགས་པ་དེའི་ཡོན་ཏན་དུ་འདོད་དེ། བདག་ཉིད་རྟག་ཀྱང་བྱེད་པོར་འགྱུར། །རྫ་ཆག་བྱེ་འཕུར་ཇི་བཞིན་དུ། །འཇིག་རྟེན་འདི་ནས་ཕ་རོལ་དུ། །འཕོ་ཞིང་ཉིང་མཚམས་སྦྱོར་བ་ན། །བདག་ཅེས་བྱ་བ་དེས་ལེན་ཏོ། །ཞེས་སོ། །གསུམ་པ་ཁྱབ་འཇུག་པ་ནི། ལྷ་ཁྱབ་འཇུག་གིས་བསྟན་བཅོས་འབུམ་སྡེ་བརྩམས་ཤིང་། ལྟེ་བ་པད་མོའི་སྐྱེ་གནས་ལས་ཚངས་པ་གདོང་བཞི་པ་བྱུང་སྟེ། སྣོད་བཅུད་ཐམས་ཅད་ཚངས་པ་དེས་སྤྲུལ་པས་འཇིག་རྟེན་མེས་ཞེས་བྱའོ། །དེའི་གདོང་བཞི་ལས་སྙན་ངག་དང་། སྲིད་སྲུངས། མཆོད་སྦྱིན། ངེས་བརྗོད་ཀྱི་རིགས་བྱེད་ཆེན་པོ་བཞི་བཤད་པ་རྣམས་ཀྱང་། ཐོག་མ་མེད་པ་ནས་རྟག་པར་ཡོད་པ། ཚངས་པས་དྲན་ནས་བརྗོད་པས་རིགས་བྱེད་རྟག་པར་འདོད་པའོ། །ཕྱིས་དྲང་སྲོང་རྣམས་ཀྱིས་བསྡུས་ཏེ་རང་རང་གི་གཞུང་སྨྲ་བའི་ནང་ཚན་ལ། ཁྱབ་འཇུག་གི་བསྟན་བཅོས་བརྡ་སྤྲོད་ངག་གི་འོད་ཟེར་ལ་བརྟེན་པ་བརྡ་སྤྲོད་པ་དང་། དྲང་སྲོང་ཨག་ནེའི་སྨྲ་བའི་མཚོན་ཆ་ལ་བརྟེན་པའི་ཚད་མ་པ་

p. 1034

ལ་རྣ་མ་ཕུག་པ་དང་། དྲང་སྲོང་བདེན་གྱི་སྒོམ་རིམ་སྐོར་དགུ་ལ་བརྟེན་པའི་སྒོམ་སྒྲུབ་པ་ལ་གསང་བ་པ་དང་། དྲང་སྲོང་ངན་སྤོང་གི་རྣམ་དཔྱོད་གསལ་བ་ལ་བརྟེན་པའི་གཞུང་འཆད་པ་ལ་དཔྱོད་པ་བ་དང་། དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་ཙ་ར་ཀ་འབུམ་སྡེ་ལ་བརྟེན་པའི་གསོ་དཔྱད་པ་ལ་ཙར་ཀ་པ་ཞེས་བྱ་བ་དང་ལྔའོ། །འདི་དག་རིགས་བྱེད་བཞི་ཚད་མར་འདོད་དེ། སྙན་ངག་གིས་སྐྱེ་བོ་རྣམས་དགའ་བར་བྱེད་པ་དང་། སྲིད་སྲུངས་ཀྱིས་རང་གི་སྡེ་རྒྱལ་བར་བྱེད་པ་དང་། མཆོད་སྦྱིན་གྱིས་འདི་ཕྱིའི་དོན་སྒྲུབ་པ་དང་། ངེས་བརྗོད་ཀྱིས་མཆོག་སྒྲུབ་པར་བྱེད་པའོ། །འདི་ལ་ཁྱབ་འཇུག་པ། ཚངས་པ་བ། རིགས་བྱེད་པ་ཞེས་བྱའོ། །བཞི་པ་རྒྱལ་བ་པ་ནི། ལྷ་ཆེན་པོ་རྒྱལ་བ་དམ་པས། སྲོག་དང་ཟད་པ་སྡོམ་པ་དང་། །ངེས་པར་དགའ་དང་འཆི་དང་ལས། །སྡིག་དང་བསོད་ནམས་ཐར་པ་སྟེ། །ཤེས་པའི་ཚིག་གི་དོན་དགུར་ངེས། །ཞེས་པའི་ཚིག་དོན་རྒྱན་གྱི་སྣང་བ་ལ་བརྟེན་པའི་གཞུང་སྨྲ་བ་རྣམས། ཐར་པ་མདོག་དབྱིབས་ཅན་དང་། ཤིང་སེམས་པ་ཅན་དུ་འདོད་དེ། ལོ་འདབ་བཅད་ན་འཁུམ་པ་དང་། པགས་པ་བཤུས་ན་སྐམས་པས་འཆི་བའི་ཕྱིར་ཞེས་པའོ། །འདི་ལ་རྒྱལ་བ་དམ་པས། དཀའ་བཟློག་དད་པས་ལུས་བསྲེགས་ན། །མཆོག་ཏུ་རྒྱལ་བར་སྤྱན་སྟོང་བཞེད། །གཟས་ཟིན་དུས་སུ་མགོ་བཅད་ན། །ཚངས་པ་ཐོབ་པར་ཀརྞ་འདོད། །བཅིངས་བསྲེགས་འགེགས་ཏེ་ཤི་བ་ནི། །གྲོལ་བར་འགྱུར་ཞེས་རྒྱལ་བ་སྨྲ། །ཞེས་པའི་བརྟུལ་ཞུགས་བཤད་པའི་རྗེས་སུ་འབྲང་ངོ་། །འདི་ལ་རྒྱལ་བ་པ། དོན་དགུ་པ། གཅེར་བུ་པ་ཞེས་བྱའོ། །ལྔ་པ་ཆད་པར་ལྟ་བ་སྡེ་གཅིག་ནི། སུམ་ཅུ་རྩ་གསུམ་དུ་ཕུར་བུ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ལ། བརྒྱ་བྱིན་གྱིས་སྒྲ་བསླབས་པས་ལྷའི་བླ་མ་ཞེས་བྱ་བ་དེས། ལྷ་མ་ཡིན་རྣམས་ལྷ་ལ་འཐབ་པ་ན། རྒྱུ་འབྲས་ལ་འཛེམ་ནས་ལྷ་རྣམས་སྤྲོ་བ་ཞན་པ་ན། རེ་ཞིག་ལྷ་རྣམས་སྤྲོ་ཞིང་འཁྲུག་པ་རྒྱལ་བར་བྱ་བའི་ཕྱིར། ཚེ་སྔ་ཕྱི་དང་། ལས་རྒྱུ་འབྲས་དང་། ཐར་པ་དང་གྲོལ་

p. 1035

བ་ཐམས་ཅད་ལ་སྐུར་བ་འདེབས་པ་ལྟ་བའི་སྙིང་པོ་ཞེས་བྱ་བའི་བསྟན་བཅོས་བརྩམས་པ། ཕྱིས་མི་ཡུལ་དུ་གྲོག་མཁར་བས་དར་བར་བྱས་ཏེ། དེ་ཉིད་ལས། བཟང་མོ་མ་ཤིའི་བར་དུ་དགའ་མགུར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་སྐྱེ་བ་དག་ག་ལ་སྲིད། །ཅེས་ཚེ་སྔ་ཕྱི་མེད་པར་འདོད་ལ། ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །ཅེས་མིག་གིས་མཐོང་བའི་སེམས་ཅན་མ་གཏོགས་པ་མེད་དོ་ཞེས་འགྲོ་བ་ལ་སྐུར་པ་འདེབས་པ་དང་། ཀྱེ་མ་མང་ཐོས་གང་སྨྲ་བ། །སླུ་བྱེད་སྤྱང་ཀིའི་རྗེས་དང་མཚུངས། །ཞེས་གཞུང་ལུགས་ཐམས་ཅད་ལ་སྐུར་བ་འདེབས་པ་དང་། བློ་ནི་ལུས་ཀྱི་བདག་ཉིད་དང་། །ལུས་འབྲས་ལུས་ཀྱི་ཡོན་ཏན་དང་། །འདི་ལྟར་ལུགས་གསུམ་ལ་བརྟེན་ནས། །གོམས་པས་སྲིད་པ་ཡོད་མ་ཡིན། །ཅེས་ལམ་མ་གོམས་པའི་འབྲས་བུ་སངས་རྒྱས་ལ་སྐུར་པ་འདེབས་པ་དང་། སྒྲོ་བཏགས་འཛིན་ཕྱིར་ཚད་མ་མིན། །ཅེས་ཚད་མ་ལ་སྐུར་པ་འདེབས་པ་དང་། པད་མོའི་གེ་སར་སུ་ཡིས་བྱས། །རྨ་བྱའི་རི་མོ་སུ་ཡིས་བྲིས། །ཚེར་མ་རྣོན་པོ་སུ་ཡིས་བརྡར། །ཐམས་ཅད་རྒྱུ་མེད་ངོ་བོས་བྱུང་། །ཞེས་པ་དང་། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟང་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །ཞེས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ལ་སྐུར་བ་འདེབས་ཤིང་། ངོ་བོ་ཉིད་རྒྱུར་སྨྲ་བས་སྤང་ལ་ཤ་མོ་ལྟར་སྐྱེ་བ་འཕྲལ་བྱུང་དུ་འདོད་ཅིང་། བདག་དང་བདེ་སྡུག་མ་ཤིའི་བར་ལ་ཡོད་ལ། ཤི་ནས་རྒྱུན་ཆད་པར་འདོད་དེ། འདི་དག་ལ། ཕུར་བུ་པ། རྒྱང་ཕན་པ། ཚུ་རོལ་མཛེས་པ་ཞེས་བྱའོ། །དེ་ལྟར་ཕྱི་རོལ་པའི་གཞུང་ལུགས་ལ། དབྱེ་ན་ལྟ་བ་ལོག་པ་སུམ་བརྒྱ་དྲུག་ཅུ་ལ། རྟག་པ་དང་། ཆད་པ་དང་། གཉིས་ཀར་ལྟ་བའི་མུ་ལ་བརྒྱ་ཉི་ཤུ་ཉི་ཤུ་སྟེ་

p. 1036

སུམ་བརྒྱ་དྲུག་ཅུའོ། །བསྡུ་ན་ལྟ་བ་དྲུག་ཅུ་རྩ་གཉིས་དང་། དེའང་བསྡུ་ན། རྟག་ཆད་གཉིས་ཏེ་སྡུད་པ་ལས། འཇིག་ཚོགས་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་ལྟར། །ཅེས་སོ། །དེའང་རྟག་པར་ལྟ་བ་ལ་ཉི་ཤུ། ཆད་པ་ལ་ཉི་ཤུ། གཉིས་ཀར་ལྟ་བ་ལ་ཉེར་གཉིས་ཏེ། རྒྱས་པར་ནི་མདོ་སྡེ་ཚངས་པའི་དྲ་བ་དང་། ཡེ་ཤེས་རྒྱས་པར་བལྟ་བར་བྱའོ། །འདིར་དེ་དག་གི་དབྱེ་བ་བཤད་པས། ལམ་ངན་པར་རྟོགས་ནས་མི་འཇུག་པའི་ཕྱིར། དགག་པ་ཡང་དོན་གྱིས་བྱས་པར་བསམ་སྟེ། ཡི་གེས་འཇིགས་ནས་མ་སྤྲོས་སོ། །ད་ནི་ནང་པའི་གཞུང་ལུགས་རྒྱ་ཆེར་དབྱེ་བ་ལ་གཉིས་ཏེ། ཕྱི་པ་ལས་འཕགས་ཚུལ་དང་། རབ་ཏུ་དབྱེ་བའོ། །དང་པོ་ནི་ལྷ་དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་ཅིང་། ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ན་ནང་བ་ཡིན་ལ། མི་ལེན་ན་ཕྱི་རོལ་པའོ། །དེ་ལ་སྐྱབས་གནས་ཀྱི་དཀོན་མཆོག་ངོས་གཟུང་བ་ནི། ཐེག་པ་ཆུང་ངུས་སངས་རྒྱས་མཆོག་གི་སྤྲུལ་པ་ཤཱཀྱ་ཐུབ་པ་ལྟ་བུ། ཆོས་ལུང་དང་རྟོགས་པའི་བདག་ཉིད་ཅན། དགེ་འདུན་ཉན་ཐོས་རང་སངས་རྒྱས་ཀྱི་ཞུགས་པ་བཞི་དང་། གནས་པ་གསུམ་སྟེ། དགྲ་བཅོམ་འབྲས་བུ་ལ་གནས་པ་ནི། སངས་རྒྱས་ཀྱི་ཁོངས་སུ་འདུ་བའོ། །ཞུགས་པ་བཞི་ནི་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་ཞུགས་པའོ། །གནས་པ་གསུམ་ནི་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་གི་འབྲས་བུ་ལ་གནས་པའོ། །ཐེག་པ་ཆེན་པོ་པ་ལྟར་ན། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། །ཆོས་མདོ་དང་རྒྱུད་དུ་གཏོགས་པའི་ལུང་དང་། བསྐྱེད་རྫོགས་ལ་སོགས་པའི་ལྟ་བ་དང་། ཏིང་ངེ་འཛིན་ལ་སོགས་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་རྟོགས་པའི་བདག་ཉིད་ཅན་ནོ། །དགེ་འདུན་ནི་འཕགས་པ་སློབ་པ་དང་མི་སློབ་པའི་རང་བཞིན་སངས་རྒྱས་ལས་གཞན་པ་བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པ་ལ་སོགས་པའོ། །འདི་དག་ཀྱང་རྒྱུ་དང་། འབྲས་བུའི་

p. 1037

སྐྱབས་གནས་གཉིས་སུ་གནས་ཏེ། དེའང་འབྲས་བུ་ལ་དམིགས་ནས། སྐྱེལ་མ་ཞུ་བ་ལྟར། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་ཞུ་བའི་ཕྱིར་སྐྱབས་སུ་འགྲོ་བ་ནི། རྒྱུའི་སྐྱབས་འགྲོ་ཡིན་ལ། སྐྱབས་གསུམ་དེ་དག་མ་འོངས་པ་ན་རང་རྒྱུད་ལ་ཐོབ་པར་བྱ་བའི་དོན་དུ་འབྲས་བུ་ལ་དམིགས་ཏེ། སྐྱབས་སུ་འགྲོ་ན་འབྲས་བུའི་སྐྱབས་སུ་འགྲོ་བ་སྟེ། རྒྱུ་དང་འབྲས་བུ་གཉིས་ལ་དམིགས་པའི་ཆ་ནས་དེ་སྐད་ཅེས་བཏགས་པ་ཡིན་ནོ། །འདི་དག་གི་རྣམ་གཞག་ལ་རྒྱས་པ་ནི་ཁོ་བོས་བྱས་པའི་བསྟན་བཅོས། ངེེས་དོན་ཤིང་རྟ་ཆེན་པོར་གཏན་ལ་ཕབ་ཟིན་པས་དེར་བལྟའོ། །ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའོ། །དེ་ལ་རྒྱུ་རྐྱེན་ལས་སྐྱེས་པའི་ཆོས་འདུས་བྱས་སོ་ཅོག་མི་རྟག་སྟེ། འཕྲལ་དུ་བསྐྱེད་ཅིང་དུས་གཉིས་པར་མི་སྡོོད་པས་མི་རྟག་པ་ཞེས་བྱ་སྟེ་ཆེད་དུ་བརྗོད་པའི་ཚོམས་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །ཅེས་སོ། །འཁོར་བས་མཚོན་པའི་ཆོས་ཟག་པ་དང་བཅས་པ་རྣམས་སྡུག་བསྔལ་རྒྱུ་འབྲས་ཀྱི་རང་བཞིན་ལས་མ་འདས་ཏེ། ཟག་པ་བཅས་པ་དེ་དག་ནི། །སྡུག་བསྔལ་འདུ་བྱེད་ཉོན་མོངས་ཅན། །ཅེས་སོ། །ཁྱད་པར་འཁོར་བ་སྡུག་བསྔལ་ཏེ། འདུལ་བ་ལུང་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་ཡོངས་སུ་ཚོལ་བས་ཉམས། །ལྷ་མིན་འཐབ་དང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཅེས་སོ། །སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདག་མེད་དེ་རང་བཞིན་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་

p. 1038

རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གསུངས། །ཞེས་སོ། །མྱ་ངན་ལས་འདས་པ་ནི་འགོག་པ་ཞི་བ་སྟེ་ཆེད་དུ་བརྗོད་པའི་ཚོམས་ལས། དེ་བས་ཞི་བར་གྱུར་པ་བདེ། །ཞེས་པ་དང་། ལྕགས་ཀྱི་ཁྱིམ་དུ་སྐྱེས་པའི་རབས་ལས། མྱ་ངན་འདས་ཞིར་འགྲོ་བ་ཡི། །ཆོས་བསྟན་ཐོས་ཀྱང་མ་བྱས་སོ། །ཞེས་སོ། །འདི་དག་རྒྱས་པར་ནི་ཐེག་པ་ཐམས་ཅད་དུ་འཆད་དོ། །ཐེག་པ་སོ་སོའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པའོ། །དང་པོ་ལའང་གྲུབ་པའི་མཐའ་སྤྱིར་དབྱེ་བ་དང་། ལམ་བགྲོད་ཚུལ་བྱེ་བྲག་ཏུ་དབྱེ་བ་གཉིས་ལས། དང་པོ་ལ་ཐེག་པ་ཆུང་ངུ་དང་། ཆེན་པོ་གཉིས་ཏེ། ཆུང་ངུ་ལ་གྲུབ་པའི་མཐའ་རགས་པ་ཕྱེ་ན་གསུམ་ལས། ཉན་ཐོས་གནས་མ་བུའི་སྡེ་པ་ནི་སྔོན་སངས་རྒྱས་མྱ་ངན་ལས་འདས་པའི་ཚེ། གཅེར་བུ་པའི་སྟོན་པ་ཞིག་འོང་པ་ལ་ཚུར་ཤོག་གིས་རབ་ཏུ་བྱུང་བས་ཉན་ཐོས་སུ་འགྱུར་པ་དེས། གང་ཟག་གི་བདག་ཕུང་པོ་དང་གཅིག་གམ་ཐ་དད་དམ། གཉིས་ཀའམ་གཉིས་ཀ་མ་ཡིན་པར་ཡོད་ཅེས་དྲིས་པ་ལས། ཅང་མི་གསུང་པས་ལན་བཏབ་ཀྱང་། བརྗོད་དུ་མེད་པར་ཡོད་པར་གོ་ནས་ཆོས་འདི་པར་ཞུགས་ཀྱང་ལྟ་བ་མུ་སྟེགས་དང་འདྲེས་ཏེ་བརྗོད་དུ་མེད་པའི་བདག་ཁས་ལེན་པའོ། །དེའི་གཞུང་གིས་དགེ་བ་དང་མི་དགེ་བའི་ལས་ཐམས་ཅད་ཀྱི་བྱེད་པ་པོ་དང་། རང་གིས་བྱས་པའི་འདོད་པ་དང་མི་འདོད་པའི་འབྲས་བུའི་ཟ་བ་པོ་ཕུང་པོ་སྔ་མ་དོར་ནས་ཕྱི་མ་ལེན་པ་ནི་བདག་གི་དངོས་པོ་ཡིན་ཏེ། དེའང་བདག་དེ་རྟག་པ་མ་ཡིན་ཏེ་སྐྱེ་བ་སྔ་མ་དོར་ནས་ཕྱི་མ་ལེན་པའི་ཕྱིར་རོ། །མི་རྟག་པ་ཡང་མ་ཡིན་ཏེ་ཚེ་འདིའི་བདག་གིས་ལས་བྱས་པ་ལ་ལོངས་སྤྱོད་ཟིན་པ་དང་། མ་འོངས་བའི་བདག་མ་བྱས་པའི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་བའི་ཕྱིར་རོ། །དེ་གཉིས་ཀའང་བདག་གཅིག་ཏུ་འགྱུར་བ་དེས། ལས་ཀྱི་འབྲས་བུ་རྫོགས་པར་སྤྱད་པས་འབྲས་བུ་ཆུད་ཟོས་པ་དང་།

p. 1039

སྤྱོད་པར་འགྱུར་བས་མ་ཟོས་པ་ཞེས་བྱ་ཞིང་། ཟ་བ་པོའམ་ལོངས་སྤྱོད་པར་བྱེད་པ་པོ་བདག་ཏུ་གཅིག་པས་མི་རྟག་པ་ཡང་མ་ཡིན་ཞེས་འདོད་དོ། །དེས་ན་བདག་དེ་རྟག་པ་དང་མི་རྟག་པ་གང་དུ་ཡང་བརྗོད་དུ་མེད་པའི་གང་ཟག་གི་བདག་ཏུ་ཡོད་དོ་ཞེས་སྨྲའོ། །ཚུལ་འདི་ནི་བཟང་པོ་མ་ཡིན་ཏེ། རྟག་པ་བཀག་ན་མི་རྟག་པ་བསྒྲུབ་པ་མེད་པའི་ཕྱིར་དང་། མི་རྟག་པ་བཀག་པའང་རྟག་པ་བསྒྲུབས་པ་ལ་ལྟོས་པའི་ཕྱིར་དང་། རྟག་མི་རྟག་གཉིས་ཀ་མ་ཡིན་པ་ཡང་ག་ལ་སྲིད་པས་མི་འཐད་པ་ཁོ་ནའོ། །ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་ནི། རྫས་ཐ་དད་པའི་ཤེས་བྱའི་གཞི་ལྔ་ཁས་ལེན་ཏོ། །དེའང་གཟུགས་ཀྱི་གཞི། སེམས་ཀྱི་གཞི། སེམས་ལས་བྱུང་བའི་གཞི། མི་ལྡན་པའི་འདུ་བྱེད། འདུས་མ་བྱས་པ་དང་ལྔའོ། །དང་པོ་ནི་བསྟན་དུ་ཡོད་པ་ལ་ཐོགས་པ་དང་བཅས་པའི་གཟུགས། ས་ཆུ་མེ་རླུང་གི་རྡུལ་ཕྲན་ཆ་མེད་དོན་དམ་པའི་དངོས་པོ་བསྐོར་བ་བར་དང་བཅས་པར་འདུས་པ་ལས་རགས་པ་བསྒྲུབ་པ་གང་ཡིན་པའོ། །བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་མིག་རྣ་བ་སྣ་ལྕེ་ལུས་ཏེ་དབང་པོ་ལྔ་དང་། སྒྲ་དྲི་རོ་རེག་བྱའོ། །བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་ལུས་ཀྱི་སྤྱིར་ཁྱབ་པ་ནགས་ལ་མེ་ཤོར་བ་ལྟར་གནས་པའི་སྡོམ་པ་དང་། སྡོམ་པ་མ་ཡིན་པ་དང་། བར་མས་བསྡུས་པའོ། །རྡུལ་ཕྲན་དེ་དག་ཀྱང་ཕྱི་རོལ་ན་འབྱུང་བ་བཞི་དང་། ཁ་དོག་དྲི་རོ་རེག་བྱའི་རྡུལ་བཞི་སྟེ་བརྒྱད་དུ་འདུས་ལ། ལུས་ཀྱི་དབང་པོ་ལ་བརྒྱད་པོ་དང་། དེ་ཉིད་ཀྱི་རྡུལ་དེ་དགུ་གནས་ལ། མིག་གི་དབང་པོ་ལ་སོགས་པ་དབང་པོ་གཞན་ལ་སྔ་མ་དགུ་པོའི་སྟེང་དུ་མིག་ལ་སོགས་པ་རང་ཉིད་ཀྱི་རྡུལ་དང་བཅུ་གནས་པ་ཡིན་ནོ། །དེའང་རྡུལ་ཕྲ་རབ་གཉེན་པོས་བཅོམ་པ་དང་། རིག་པས་གཞིག་སྟེ་བསལ་ཡང་རྡུལ་ཕྲ་རབ་ཏུ་འཛིན་པའི་བློོ་མི་འདོར་བ་དོན་དམ་པའི་བདེན་པའི་མཚན་ཉིད་དུ་གནས་པས་དོན་དམ་པའི་དངོས་པོ་ཡིན་ལ། རགས་པ་ནི་གཉེན་པོས་བཅོམ་པ་དང་ཆའི་

p. 1040

དབྱེ་བས་དེར་འཛིན་པའི་བློ་འདོར་བ་ཀུན་རྫོབ་བདེན་པའི་མཚན་ཉིད་ཡོད་པས། ཀུན་རྫོབ་པའི་དངོས་པོ་ཡིན་ཏེ་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་མེད་དོན་དམ་ཡོད་གཞན་ནོ། །ཞེས་སོ། །སེམས་ཀྱི་གཞི་ནི་མིག །རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་ཤེས་དང་དྲུག་གོ། དེའང་དབང་པོོ་ལྔས་དོན་ལྔ་མཐོང་བ་ན། རྣམ་ཤེས་ལྔས་དོན་དེ་དག་རྟོག་པ་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པས་འདས་པ་དང་། མ་འོངས་པ་དང་། དངོས་པོའི་རབ་ཏུ་འབྱེད་པ་ལ་སོགས་པའང་ངེས་པ་ཡིན་ནོ། །རྣམ་པར་ཤེས་པས་ནི་དོན་མཐོང་བ་མ་ཡིན་ན་རྣམ་ཤེས་ཐོགས་མེད་ཡིན་པས་སྒྲིབ་པས་བར་ཏུ་ཆོད་པ་ལ་སོགས་པའང་མཐོང་བར་ཐལ་བའི་ཕྱིར་ཞེས། དེ་ཉིད་ལས། མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པའི་ཕྱིར། །གཟུགས་རྣམས་མཐོང་བ་མིན་ཕྱིར་ལོ། །ཞེས་སོ། །སེམས་ལས་འབྱུང་བའི་གཞི་ནི། རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་པ་དང་། རྣམ་པར་མི་འཚེ་བ་དང་། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། སྒྱུ་དང་། གཡོ་དང་། ཕྲག་དོག་དང་། སེར་སྣ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་

p. 1041

ངས་པ་དང་། རྣམ་གཡེང་དང་། ཤེས་བཞིན་མ་ཡིན་པ་དང་། འགྱོད་པ་དང་། གཉིད་དང་། རྟོག་པ་དང་། དཔྱོད་པ་དང་། སེམས་བྱུང་ལྔ་བཅུ་རྩ་གཅིག་པོ་རྣམས་ཏེ། དེ་དག་ཀྱང་རང་རང་གི་གཙོ་བོ་རྣམ་པར་ཤེས་པ་དང་། ཡུལ་གཅིག་ལ་འཇུག་པས་དམིགས་པ་མཚུངས་པ་དང་། རྣམ་པ་འདྲ་བར་གཅོད་པས་རྣམ་པ་མཚུངས་པ་དང་། དུས་གཅིག་ཏུ་སྐྱེ་བས་དུས་མཚུངས་པ་དང་། བདག་པོ་དབང་པོ་གཅིག་ལ་བརྟེན་པས་རྟེན་མཚུངས་པ་དང་། གང་ཟག་གཅིག་ལ་དུས་གཅིག་ཏུ་མིག་ཤེས་གཅིག་ལས་མི་སྐྱེ་བ་ལྟར། དེའི་འཁོར་རེག་པ་ལྟ་བུ་གཅིག་ལས་མི་སྐྱེ་བས་རྫས་མཚུངས་པའི་ཕྱིར། མཚུངས་པ་ལྔས་མཚུངས་པ་ཡིན་ཏེ། དབང་པོའི་དོན་ལ་བལྟས་པས་ན་རྣམ་ཤེས་ཀྱི་དོན་རྟོགས་པ་ལྟར་དེ་དག་གིས་ཀྱང་དོན་གྱི་ཁྱད་པར་རྟོགས་ཏེ། སེམས་དང་སེམས་ལས་བྱུང་བ་གཉིས་ཀ་ལ་ཡང་དོན་གྱི་རྣམ་པ་མི་འཆར་བས། གཟུང་འཛིན་ཐུག་ཕྲད་དུས་མཉམ་དུ་ངེས་པར་སྐྱེ་སྟེ། སེམས་དང་སེམས་བྱུང་གཉིས་ཀའང་ཕྱི་རོལ་རིག་པ་ལས་མ་གཏོགས་པ་རང་རིག་པ་མེད་པར་སྨྲའོ། །མི་ལྡན་པའི་འདུ་བྱེད་ནི་ཐོབ་པ་དང་། འགོག་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་། སྐྱེ་བ་དང་། རྒ་བ། གནས་པ། མི་རྟག་པ། མིང་དང་། ཚིག་དང་། ཡི་གེའི་ཚོགས་དང་། སོ་སོ་སྐྱེ་བོ་དང་། འཇུག་པ་སོ་སོར་ངེས་པ་དང་། འབྱོར་པ་དང་། འབྲེལ་བ། གྲངས། གོ་རིམས། ཡུལ་དུས་ཚོགས་པ་ཞེས་བྱ་བ། གཟུགས་སེམས་སེམས་ལས་བྱུང་བ། གསུམ་ལས་རྫས་ཐ་དད་པར་གྱུར་པ་སྟེ། འདུ་བྱེད། སྐྱེ་བ། རྒ་བ། གནས་པ། མི་རྟག་པ་དང་། སྐྱེ་བའི་སྐྱེ་བ། རྒ་བའི་རྒ་བ། གནས་པར་གནས་པ། མི་རྟག་པའི་མ་རྟག་པ་སྟེ། དགུ་པོ་མ་འོངས་པའི་ཁྱིམ་ན་ཡོད་པ་ལ། སྐྱེ་བས་སྐྱེ་བར་བྱེད་པ་སྐྱེ་བ་ལ་འཇུག་ལ། སྐྱེ་བས་འདུ་བྱེད་དང་རྒས་པ་གནས་པ་སྐྱེ་བའི་སྐྱེ་བ་ལ་སོགས་

p. 1042

པ་བཞི་སྟེ། བརྒྱད་པོ་ད་ལྟར་གྱི་ཁྱིམ་དུ་བསྐྱེད་ལ། ཡང་དགུ་པོ་ད་ལྟར་གྱི་ཁྱིམ་ན་གནས་པས་ན། མི་རྟག་པས་མི་རྟག་པར་བྱེད་པ་མི་རྟག་པ་ལ་འཇུག་ལ། མི་རྟག་པ་དེས་འདུ་བྱེད་དང་སྐྱེ་བ་རྒ་བ་གནས་པ་སྐྱེ་བའི་སྐྱེ་བ་ལ་སོགས་པ་བརྒྱད་པོ་འདས་པའི་ཁྱིམ་དུ་ཕྱིན་པར་བྱེད་དེ། དུས་གསུམ་རྫས་སུ་ཡོད་པས་ནམ་ཡང་མེད་པར་མི་འགྱུར་བ་སྟེ། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་ཆས་བརྒྱད་དང་གཅིག་ལ་འཇུག །ཅེས་བཤད་པ་ཡིན་ནོ། །ཡུལ་གཞན་དུ་འཕོ་བ་ཡང་བྱ་བ་དོན་གཞན་གྱི་ཁུར་དུ་ཐོགས་ནས་འཕོ་བར་བྱེད་ཀྱི་འདུ་བྱེད་ཀྱི་སྐྱེ་འགགས་བྱེད་པ་ནི་མ་ཡིན་ནོ། །དགེ་བ་ལ་སོགས་པའི་ལས་བྱས་པ་ནའང་ཆུད་མི་ཟ་བའི་རྫས་ཞེས་བྱ་བ་ཐོབ་པ་ཡིན་གྱིས་སེམས་ལ་བག་ཆགས་བཞག་པ་མེད་དོ། །ལྟུང་བ་དང་གཉེན་པོ་ལ་སོགས་པ་ཡང་ཐོབ་པ་གོང་ནས་གོང་དུ་འཕེལ་བ་ཡིན་ནོ། །འབྲས་བུ་ཐོབ་པ་ནའང་སེམས་ཀྱི་བག་ཆགས་ཟད་པ་མ་ཡིན་ཏེ། ཕྲ་རྒྱས་ཟད་པའི་བྲལ་ཐོབ་ཟག་མེད་ཡིན་ནོ། །འདུས་མ་བྱས་པ་ནི་རེག་བྱ་དང་བྲལ་བ་ནམ་མཁའ་དང་། གཉེན་པོས་བཅོམ་ནས་མེད་པ་སོ་སོར་བརྟགས་པའི་འགོག་པ་དང་། རྐྱེན་མ་ཚང་ནས་མ་སྐྱེས་པ་བརྟག་མིན་གྱི་འགོག་པ་དང་གསུམ་མོ། །འདུས་མ་བྱས་གསུམ་དང་། ལམ་གྱི་བདེན་པའི་ཡིད་ཀྱི་རྣམ་ཤེས་འཁོར་དང་བཅས་པ་ཟག་མེད་ཡིན་ལ། ལྷག་མ་ཟག་བཅས་ཡིན་ཏེ་མཛོད་ལས། ཟག་བཅས་ཟག་པ་མེད་ཆོས་རྣམས། །ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་ཞེས་ནི་བྱ་བ་སྟེ། །ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་ནི་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་བཤད་པ་ཡིན་ནོ། །འདིས་ནི་མྱ་ངན་ལས་འདས་པ་ཞི་བ་དང་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཁས་ལེན་མོད་ཀྱི། ཆོས་ཐམས་ཅད་བདག་མེད་པ་དང་། འདུས་བྱས་ཐམས་ཅད་མི་རྟག་པ་སྤངས་པ་ཡིན་ཏེ་སྔར་བཤད་པ་བཞིན་ནོ། །དེ་ནི་ཡང་དག་པར་འཐད་པ་མ་ཡིན་ཏེ། འདི་ལྟར་རྡུལ་ཕྲན་དོན་དམ་

p. 1043

གྱི་དངོས་པོར་མི་འཐད་པ་ཉིད་དང་། སེམས་དང་སེམས་ལས་བྱུང་བ་རང་རིག་མེད་པར་མི་འཐད་པ་དང་། མི་ལྡན་པའི་འདུ་བྱེད་མི་འཐད་པ་གསུམ་ལས། དང་པོ་ནི་དབུས་ཀྱི་རྡུལ་ཕྲན་ལ་ཕྱོགས་བཅུ་ནས་རྡུལ་ཕྲན་གྱིས་བསྐོར་བ་ལས་རགས་པ་གྲུབ་པར་འདོད་པ་ན། དབུས་ཀྱི་རྡུལ་ཕྲན་གྱིས་ཕྱོགས་བཅུའི་རྡུལ་ཕྲན་ལ་ལྟ་བ་དེ་ཡང་ཤར་གྱི་རྡུལ་ཕྲན་ལ་ལྟ་བྱེད་ཀྱི་ངོས་དེ་ཉིད་ཀྱིས་ཕྱོགས་གཞན་དང་གཞན་ན་གནས་པའི་རྡུལ་ཕྲན་ལ་བལྟས་སམ། འོན་ཏེ་ངོས་གཞན་གྱིས་ཕྱོགས་གཞན་དང་གཞན་ན་གནས་པའི་རྡུལ་ཕྲན་ལ་བལྟས། དང་པོ་ལྟར་ན་རྡུལ་ཕྲན་ཇི་སྙེད་བསགས་ཀྱང་ཤར་ཕྱོགས་ཀྱི་རྡུལ་ལ་ལྟ་བྱེད་ཀྱི་ངོས་དེའི་བལྟས་པ་ན་གནས་པར་མཚུངས་པས། ཤར་རྡུལ་དེའི་གོ་སར་འདུས་པས་ཡུལ་རྒྱས་པར་སྣོན་པ་མི་རུང་བས་རགས་པ་རྩོམ་མི་ནུས་པར་འགྱུར་རོ། །གཉིས་པ་ལྟར་ན་དབུས་ཀྱི་རྡུལ་ལ་ཤར་གྱི་རྡུལ་ཕྲན་ལ་ལྟོས་ནས་ལྟ་བྱེད་ཡིན་མ་ཡིན་ལ་སོགས་པ་ཆ་གཉིས་བྱུང་བས་ཆ་མེད་དོན་དམ་པའི་དངོས་པོར་མི་རུང་ངོ་། །གཉིས་པ་ནི་རང་རིག་པ་མི་འདོད་ན་རྣམ་ཤེས་ཀྱི་ཡུལ་རྟོགས་པའི་བྱེད་པ་པོ་རྣམ་ཤེས་དེ་ཉིད་མ་རྟོགས་པས། རྟོགས་པར་བྱ་བའི་ཡུལ་གཟུགས་ལ་སོགས་པ་མི་རྟོགས་པར་འགྱུར་ཏེ། ཤ་ཟ་ཉིད་མ་རྟོགས་པས་དེའི་སྐྱེ་མཆེད་རྟོགས་པར་མི་འགྲུབ་པ་བཞིན་ནོ། །གསུམ་པ་ནི་སྐྱེ་བ་དང་རྒ་བ་གནས་པ་མི་རྟག་པ་འདུ་བྱེད་ལས་གཞན་ཡིན་ན། འདུ་བྱེད་སྐྱེ་བ་མེད་པ་དང་གནས་པ་མེད་པ་དང་། རྒ་བ་མེད་པ་དང་། རྟག་པར་འགྱུར་ཏེ་དགག་པ་བཀག་པས་བསྒྲུབ་པར་འགྱུར་བ་ཡིན་ནོ། །ཉན་ཐོས་མདོ་སྡེ་པ་རྣམས་ནི་བྱེ་བྲག་པ་དང་གཞུང་ཕལ་མཐུན་པ་ལས། ཁྱད་པར་དུ་སྔར་བཤད་པའི་གཟུགས་ཀྱི་གཞི་རྣམས་ལ། རིག་བྱེད་མ་ཡིན་པའི་གཟུགས་ནི་སྤོང་བའི་སེམས་པ་ལ་རྒྱུན་ཆགས་པ་ལ་སོགས་པ་ཡིན་པས། གཟུགས་མ་ཡིན་ཏེ་གཟུགས་ཅན་ལས་འབྱུང་ཞིང་རྟེན་གཟུགས་ཅན་ལ་བརྟེན་པས་གཟུགས་སུ་བཏགས་པར་འདོད་དོ། །ལྷག་མ་དབང་པོ་ནི་གཟུགས་

p. 1044

ཅན་དང་པོའི་རྣམ་ཤེས་ཀྱི་བདག་པོའི་རྐྱེན་ཡིན་ལ། ཡུལ་རྣམས་ཀྱང་ཤེས་པ་ལ་རྣམ་པ་གཏོད་པས་དམིགས་པའི་རྐྱེན་དུ་འདོད་དོ། །རྡུལ་ཕྲ་རབ་ཆ་མེད་འབྱར་ལ་མ་རེག་པ་འདུས་པ་ལས་རགས་པ་བརྩམས་པར་འདོད་དེ། སེམས་དང་སེམས་ལས་བྱུང་བའི་གཞི་སྒོ་ལྔའི་རྣམ་ཤེས་དང་དེའི་འཁོར་གྱི་སེམས་ལས་བྱུང་བ་གཟུགས་ལ་སོགས་པ། ཡུལ་ལྔ་ལ་དམིགས་ཏེ་ཡུལ་ལྔ་མཐོང་བ་མེད་ཀྱང་མིའི་བཞིན་གྱིས་མེ་ལོང་ལ་རང་འདྲའི་རྣམ་པ་གཏད་པ་ལྟར། ཡུལ་གྱི་ཤེས་པ་སྐད་ཅིག་གཉིས་པར་རང་དང་འདྲ་བའི་རྣམ་པ་གཏད་པ་ལས་བྱུང་བ་སྟེ། སྐད་ཅིག་ད་ལྟར་བ་ལ་སྐད་ཅིག་སྔ་ལོགས་སུ་རྣམ་པ་གཏོད་བྱེད་དོན་ལྐོག་ན་མོས་གཏད་པས། ད་ལྟར་བ་ལ་རང་འདྲ་བའི་རྣམ་པར་ཤར་ཞིང་། མ་འོངས་པ་ལ་ད་ལྟའི་གཏོད་བྱེད་ཀྱིས་ཕྱི་ལོགས་སུ་རྣམ་པ་གཏད་པས། ཤེས་པ་དོན་གྱི་རྣམ་པར་ཤར་ཏེ་འདྲ་བ་ཉམས་སུ་མྱོང་བ་ལ་དོན་རྟོགས་སོ་ཞེས་ཐ་སྙད་འདོགས་ཏེ་རྣམ་འགྲེལ་ལས། འདྲ་བ་ཉམས་སུ་མྱོང་བ་ལ། །དོན་མྱོང་ཤེས་ནི་རྣམ་པར་བརྗོད། །ཅེས་པ་དང་། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དངོས་སུ་དེ་གཉིས་ཐ་དད་ཀྱང་། །དེ་དང་གཟུགས་བརྙན་འདྲ་བས་ན། །བཏགས་པ་ཙམ་ཅིག་ཚོར་བར་རུང་། །ཞེས་རྣམ་བཅས་པ་འདོད་ལ། དོན་རིག་པ་ནི་ཡུལ་ལ་དམིགས་པས་དོན་རིག་པར་བཏགས་པ་ཡིན་ལ། ཤེས་པ་རྣམས་སྐད་ཅིག་དེ་ཉིད་རང་རིག་ཅིང་གསལ་བྱར་མྱོང་བས་ན། བདག་ཉིད་མྱོང་བས་རག་པ་མཚན་ཉིད་པ་སྟེ། བདག་ཉིད་གསལ་བར་མྱོང་བས་ན། །འདྲ་བར་སྣང་བ་དམིགས་པ་ཡིན། །དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་བདག་ཉིད་ཐ་དད་གནས། །ཞེས་བཤད་པ་ཡིན་ནོ། །ཟླ་བ་གཉིས་སྣང་ལ་སོགས་པ་ནི་ཤེས་པ་ལ་ཟླ་བ་གཉིས་ཀྱི་རྣམ་པར་ཤར་ཡང་། ཕྱི་རོལ་ན་རྣམ་པ་གཏོད་པ་པོ་ཟླ་བ་གཉིས་མེད་པས་འཁྲུལ་པ་ཞེས་བྱ་སྟེ། ཡུལ་རྫུན་པས་ནི་འཁྲུལ་པ་ཡིན་ནོ་ཞེས་མདོ་སྡེ་བ་མི་སྨྲའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་དེའི་འཁོར་སེམས་ལས་བྱུང་བ་རྣམས་ལ། ཡིད་ཀྱི་མངོན་སུམ་

p. 1045

ནི་དབང་ཤེས་ཀྱི་ཡུལ་གྱི་སྐད་ཅིག་གཉིས་པས་རྣམ་པ་གཏད་ནས། དེ་དང་འདྲ་བས་དོན་འཛིན་ལ། རྨི་ལམ་ལ་རྟ་གླང་གི་རྣམ་པར་སྣང་བ་དང་། ཡིད་རྟོག་བཅས་ལ་སྔ་ཕྱི་དང་ཡུལ་དང་རང་བཞིན་འདྲེས་པའི་དོན་སྤྱི་མི་གསལ་བར་སྣང་བ་ན། སྣང་བ་ཤེས་པའི་ངོ་བོ་ཡིན་ཡང་རྣམ་པ་གཏོད་བྱེད་ཕྱི་རོལ་ན་མེད་པས་འཁྲུལ་པ་ཡིན་ནོ། །ཤེས་པ་ཐམས་ཅད་གསལ་བར་མྱོང་བ་རང་རིག་པ་ནི་མ་འཁྲུལ་པ་ཡིན་ནོ། །མི་ལྡན་པའི་འདུ་བྱེད་རྣམས་ཀྱང་ཐལ་མོ་བསྐུམས་པའི་གནས་སྐབས་ཁུ་ཚུར་ཡིན་པ་བཞིན་དུ། གཟུགས་དང་། སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ཡིན་པས། དེ་གསུམ་ལས་རྫས་གཞན་དུ་འགྱུར་བ་ནི་མེད་དོ། །ཐོབ་པ་ནི་སེམས་ལ་བག་ཆགས་རྙེད་པའི་གནས་སྐབས་སོ། །སྙོམས་འཇུག་གསུམ་པོ་ནི་ལུས་ལ་སེམས་དང་སེམས་བྱུང་འགགས་པའི་གནས་སྐབས་སོ། །སྲོག་གི་དབང་པོ་ནི་གཟུགས་དང་སེམས་དང་སེམས་བྱུང་སྐལ་བ་མཉམ་པའི་གནས་སྐབས་སོ། །རིས་མཐུན་པའང་དོན་དེ་གསུམ་འདྲ་བའི་གནས་སྐབས་སོ། །སྐྱེ་བའང་དེ་གསུམ་སྔ་ན་མེད་པ་ཐོབ་པའི་གནས་སྐབས་སོ། །རྒ་བ་ཡང་དེ་གསུམ་འགྱུར་བའི་གནས་སྐབས་སོ། །གནས་པའང་དེ་གསུམ་རྒྱུན་གནས་པའི་གནས་སྐབས་སོ། །མི་རྟག་པའང་དེ་གསུམ་རྒྱུན་ཆད་པའི་གནས་སྐབས་སོ། །སོ་སོ་སྐྱེ་བོའང་དེ་གསུམ་གྱིས་འཕགས་པའི་ཆོས་མ་ཐོབ་པའི་གནས་སྐབས་སོ། །འཇུག་པ་ལ་སོགས་པའང་དེ་གསུམ་གྱི་རྒྱུ་འབྲས་ཀྱི་གནས་སྐབས་སོ། །མིང་གི་ཚོགས་ལ་སོགས་པ་གསུམ་ནི་སྒྲའི་ཐ་སྙད་ཀྱི་གནས་སྐབས་སོ། །འདུས་མ་བྱས་གསུམ་པོ་མོ་གཤམ་གྱི་བུ་བཞིན་དུ་གཏན་མེད་པ་ཡིན་པས་རྫས་སུ་མེད་པའོ་ཞེས་ཟེར་རོ། །དེ་དག་གི་ཕྱོགས་ལ་བརྟེན་པའི་མི་འཐད་པའང་དྲུག་སྟེ། ཕྱིའི་དོན་དོན་དམ་པ་མི་འཐད་པ་དང་། རགས་སྣང་ཤེས་པའི་བདག་ཉིད་དུ་མི་འཐད་པ་དང་། རྣམ་པ་གཏོད་པའི་དོན་མི་འགྲུབ་པ་དང་། སྙོམས་འཇུག་གི་ཚེ་ན་སེམས་གཏན་མེད་

p. 1046

པ་མི་འཐད་པ་དང་། དོན་སྤྱི་རྟོགས་པའི་དངོས་པོར་མི་འཐད་པ་དང་། སྒྲ་རང་གི་མཚན་ཉིད་རྗོད་བྱེད་དུ་མི་རུང་པའོ། །དང་པོ་ནི་བྱེ་བྲག་ཏུ་སྨྲ་བ་བཀག་པས་བཀག་ཟིན་ཏོ། །གཉིས་པ་ནི་རགས་སྣང་ཤེས་པའི་བདག་ཉིད་ཡིན་ན་སྡུག་བསྔལ་བདེ་བའི་དངོས་པོ་ལས་ཐ་མི་དད་པ་ཇི་ལྟར་དགག །བདེ་སྡུག་ཐ་དད་པར་མྱོང་སྟེ་ཐ་མི་དད་པ་ཁེགས་ན། རགས་པར་སྣང་བ་ཤེས་པ་དང་ཐ་དད་པར་མྱོང་བས་ཤེས་པའི་རང་བཞིན་དུ་གཅིག་པ་ཅིའི་ཕྱིར་མི་ཁེགས། ཤེས་པ་གཅིག་ཉིད་ཕྱིར་གྲུབ་པས་ནང་གི་བདག་ཉིད་འཛིན་པ་པོ་མ་ཡིན་ལ། བདེ་སྡུག་གཅིག་ཏུ་བློ་གཅིག་ལ་ཚོགས་པས་གཅིག་གིས་གཅིག་འགོག་པའི་ཕྱིར་འགལ་བ་ཁོ་ནར་འགྱུར་རོ། །གསུམ་པ་ནི་གཟུགས་མཐོང་བའི་ཤེས་པ་རྐྱེན་གསུམ་ཚང་ཡང་རེས་འགའ་བའི་རྟགས་ལས་རྣམ་པ་གཏོད་བྱེད་ཀྱི་དོན་དཔོག་ན། སྣང་བ་རེས་འགའ་བའི་རྟགས་ལས་ཤ་ཟས་བྱེད་པར་ཅིའི་ཕྱིར་སྒྲུབ་པར་མི་བྱེད། བཞི་པ་ནི་སྙོམས་འཇུག་གི་ཚེ་ན་སེམས་མེད་པའི་ལུས་ལས་ཕྱིས་སེམས་འབྱུང་ན། རིགས་པ་སྔ་མས་ཁེགས་པས་རྒྱུ་མེད་ལས་སྐྱེ་བ་ཁས་བླང་བར་འགྱུར་རོ། །ལྔ་པ་ནི་དོན་སྤྱི་རྟོགས་པའི་དངོས་པོ་ཡིན་ན་སྐད་ཅིག་འདྲེས་པ་མེད་པར་འགྱུར་རོ། །དྲུག་པ་སྒྲ་རང་གི་མཚན་ཉིད་ནི་དོན་སྤྱི་མི་སྣང་ཞིང་ཞེན་བྱེད་མ་ཡིན་པས། དེ་ལྟ་མ་ཡིན་ན་རྣ་བ་གསང་བས་སྒྲ་རང་གི་མཚན་ཉིད་ཐོས་པ་ལས་བརྗོད་བྱ་རྟོགས་པའི་ཤེས་རབ་དངོས་སུ་སྐྱེ་བར་འགྱུར་རོ། །བརྗོད་བྱ་རྟོགས་པའི་རྒྱུ་ཡིན་པ་ཙམ་གྱིས་རྗོད་བྱེད་དུ་འདོད་ནའང་ཟས་དང་ཚངས་པར་སྤྱོད་པའང་རྗོད་བྱེད་དུ་ཐལ་བའི་ཕྱིར་རོ། །གཟུགས་སུ་བྲིས་པའང་རྗོད་བྱེད་མ་ཡིན་ཏེ། ཡིན་ན་མིག་རྣོ་བས་གཟུགས་སུ་བྲིས་པ་མཐོང་བ་ལས་བརྗོད་བྱ་རྟོགས་པའི་ཤེས་རབ་བསྐྱེད་པར་འགྱུར་རོ། །དེས་ན་རྗོད་བྱེད་མཚན་ཉིད་པ་ནི་འབྲེལ་པ་དང་འདྲིས་པ་ཁྱད་པར་དུ་བྱས་པའི་སྤྱིར་སྣང་བ་སྟེ། དེ་ལས་བརྗོད་བྱ་རྟོགས་པའི་ཤེས་རབ་དངོས་སུ་སྐྱེ་བའི་ཕྱིར་རོ། །དེའང་འབྲེལ་པ་ནི་གོ་རིམས་མ་ལོག་པའོ། །འདྲིས་པ་

p. 1047

ནི་དེ་ཉིད་བློས་ངེས་པར་བྱས་པའོ། །སྐབས་འདིར་རང་སངས་རྒྱས་དགག་པ་མ་བརྗོད་པ་ནི། འཛིན་པ་དོན་དམ་པའི་དངོས་པོར་འདོད་པ་ཙམ་མ་རྟོགས་པ་སེམས་ཙམ་དང་མཚུངས་ཏེ། དེའང་ཉན་ཐོས་པས་གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་། གཟུང་བ་ཡུལ་གྱི་དངོས་པོ་རྡུལ་ཕྲན་དོན་དམ་དུ་འདོད་པ་ལས། འདིར་དེ་མེད་པར་འདོད་དེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་བཤད་ལ། ལམ་བགྲོད་ཚུལ་ཕལ་ཆེར་ཉན་ཐོས་དང་མཚུངས་པས་དེའི་ཁོངས་སུ་བསྡུས་ཏེ་འགྲེལ་ཆུང་ལས། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་རང་སངས་རྒྱས་ཀྱང་སྟེ། མངོན་པར་རྟོགས་པའི་རིམ་པ་གཅིག་གིས་ལྷག་པ་ཞེས་སོ། །དེས་ན་འདིར་ཉན་ཐོས་དང་སེམས་ཙམ་པ་དག་བཀག་པ་དང་འགེགས་པར་འགྱུར་བས་མ་བྲིས་སོ། །དེ་ནས་ཐེག་པ་ཆེན་པོའི་ཚུལ་ངེས་པར་བྱ་བ་ལ་གཉིས་ཏེ། ཐེག་ཆུང་པ་ལས་འཕགས་ཚུལ་དང་། རབ་ཏུ་དབྱེ་བའོ། །དང་པོ་ནི་མདོ་སྡེ་རྒྱན་ལས། དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་བསྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་བརྩམས་པ་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་སོ། །དེ་ལ་དམིགས་པ་ནི་ཕུགས་ཀྱི་ཆེད་དུ་བྱ་བ་རང་གི་དོན་བསྒྲུབ་པ་ནི་ཆུང་ངུ་ཡིན་ལ། གཞན་དོན་འབའ་ཞིག་བསྒྲུབ་པ་ནི་ཆེན་པོའོ། །བསྒྲུབ་པ་ནི་ཐབས་ཤེས་ཁྱད་པར་ཅན་ཟུང་དུ་འབྲེལ་བ་ནི་ཆེན་པོ་ལ། བྲལ་བ་ནི་ཆུང་ངུ་སྟེ་སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྷུང་། །ཞེས་སོ། །དེའང་རིན་ཆེན་འཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །ཐེག་པ་ཆེན་པོར་ག་ལ་འགྱུར། །འདི་ནི་སྙིང་རྗེ་

p. 1048

འབའ་ཞིག་གིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཅེས་ཐབས་སྙིང་རྗེ་དང་ཤེས་རབ་མཐའ་གཉིས་སུ་མི་གནས་པས་སྲིད་ཞི་གཉིས་ལས་འདའ་བར་བྱེད་དེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་སོ། །ཡེ་ཤེས་ནི་གང་ཟག་གི་བདག་མེད་ཙམ་མམ། ཆོས་ཀྱི་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས་པ་ཉན་རང་སྟེ་ཆུང་ངུ་ལ། བདག་གཉིས་ཀྱིས་སྟོང་པར་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའོ། །བརྩོན་འགྲུས་ནི་དུས་ཐུང་ངུར་སྤྲོ་བ་ཞན་པས་གཞན་དོན་ཡལ་བར་འདོར་བ་ཆུང་ངུ་ལ། དུས་རིང་པོར་སྤྲོ་བ་ཆེན་པོས་བརྩོན་པ་ནི་མདོ་སྡེ་རྒྱན་ལས། ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་བརྒྱར་ཡང་མི་སྐྱོ་བ། །ཞེས་པ་དང་། སྤྱོད་འཇུག་ལས། སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་དུ། །བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས། །ཞེས་པ་དང་སྔ་མ་ལས། སེམས་ཅན་ཁུར་ཆེན་མགོ་ལ་ཁྱེར་བ་ཡིས། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། །བདག་གཞན་འཆིང་བ་སྣ་ཚོགས་རབ་བཅིངས་པས། །བརྩོན་འགྲུས་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་སོ། །ཐབས་ནི་རང་ཉིད་གཅིག་པུ་ཞི་བ་ཚོལ་བའི་ཐབས་ནི་ཆུང་ངུ་ལ་ཟློག་པ་ནི་ཆེན་པོ་སྟེ་མངོན་རྟོགས་རྒྱན་ལས། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །ཞེས་སོ། །གྲུབ་པ་ནི་ཞི་བ་ཕྱོགས་གཅིག་ཆུང་ངུ་ལ། མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ནི་ཆེན་པོ་སྟེ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་ལས། ཕྱོགས་གཅིག་ཞི་བར་གཞོལ་བས་དབྱིངས་སུ་ཡང་དག་ཞི་གྱུར་པ། །ཆུང་ངུ་རྣམས་ལས་མཆོག་གྱུར་མི་གནས་མྱ་ངན་འདའ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པས་དོན་མཛད་པ། །ཡིད་བཞིན་མཆོག་སྟེ་

p. 1049

མ་ལུས་འདོད་གཏེར་རོལ་པ་ཅན། །ཅེས་སོ། །འཕྲིན་ལས་ནི་ཉན་རང་དབྱིངས་སུ་ཞི་བས་གཞན་དོན་མི་འབྱུང་སྟེ། དེ་ཉིད་ལས། གཅིག་པུ་ཞི་ལ་བློ་ཡི་འཇུག་པ་ཐིམ་གྱུར་གཞན་དོན་སེམས་པའང་མེད། །ཅེས་སོ། །ཐེག་ཆེན་ནི་སངས་རྒྱས་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་དོན་མཛད་དེ་སྔ་མ་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་སོ། །གཞན་ཡང་བརྟག་གཉིས་ལས། གང་ཤེས་རབ་དང་སྙིང་རྗེ་ཆེ་བ་ནི་ཐེག་པ་ཆེན་པོ་ཡིན་ལ། གང་ཆུང་བ་རྣམས་ནི་ཐེག་པ་ཆུང་ངུའོ་ཞེས་པ་དང་། ཡེ་ཤེས་རྣམ་པར་བཀོད་པའི་རྒྱུད་ལས། ཐུགས་རྗེས་སེམས་ཅན་ལ་དམིགས་ཤིང་། །ཤེས་རབ་ཆོས་ཀྱི་དབྱིངས་སུ་ཁྱབ། །ཐེག་པ་ཆེན་པོ་ཞེས་བཤད་དེ། །གཞན་དག་དེ་ལས་བཟློག་པའོ། །ཞེས་སོ། །ཐེག་པ་ཆེན་པོའི་རབ་ཏུ་དབྱེ་བ་ལ། སློབ་དཔོན་སོ་སོའི་བཞེད་གཞུང་གིས་དབྱེ་བསྡུའི་ཁྱད་པར་མང་ཡང་། འདིར་རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་དང་། དབུ་མ་པ་གཉིས་ལས། དང་པོ་སེམས་ཙམ་པའི་ཕྱོགས་ལ། སྤྱི་དང་བྱེ་བྲག་ཏུ་ཁས་ལེན་པའི་རྣམ་གཞག་གཉིས་ལས། དང་པོ་ནི་ཤེས་བྱ་ཐམས་ཅད་ཀུན་བརྟགས། གཞན་དབང་། ཡོངས་གྲུབ་གསུམ་དུ་འདུས་པར་འདོད་དོ། །དེའང་རྣམ་གྲངས་སུ་བརྗོད་ཅིང་བརྟགས་པའི་ཆ་རྣམས་ནི་ཀུན་བརྟགས་ཏེ། དབྱེ་ན་དོན་ལ་མེད་ལ་ཐ་སྙད་དུ་བརྗོད་པ་ཟླ་གཉིས་ཀྱི་རྣམ་པ་ལྟ་བུ་མེད་པ་གསལ་སྣང་དང་། བདག་ཅེས་པ་ལྟ་བུ་རྣམས་ནི་མཚན་ཉིད་ཆད་པའི་ཀུན་བརྟགས་ཡིན་ལ། རྣམ་གྲངས་པའི་ཀུན་བརྟགས་ནི་མིང་ཚིག་ཡི་གེའི་རྣམ་པར་བརྟགས་པ་དང་གང་དང་གང་གི་རབ་ཏུ་དབྱེ་བར་བཀོད་པ་ཐམས་ཅད་དེ། ཚིག་དོན་དང་། བརྗོད་བྱ་དང་རྗོད་བྱེད་ཅེས་པ་ལ་སོགས་པ་ནས། ཕུང་པོ་དང་ཁམས་ལ་སོགས་པར་དབྱེ་བའི་ཚུལ་རྣམས་ནི་བློས་བཀོད་པ་ཡིན་ལ། དེ་དང་དབྱེ་བྱའི་དོན་གཉིས་མ་འབྲེལ་བཞིན་དུ་ཤེས་པར་བྱེད་པའི་ཐབས་སུ་སྣང་བས། ཀུན་བརྟགས་པའོ། །གཞན་

p. 1050

དབང་ལའང་གཉིས་ལས། མ་དག་པ་གཞན་གྱི་དབང་ནི། བག་ཆགས་སྣ་ཚོགས་པའི་དབང་གིས་ཕྱི་ནང་སྣོད་བཅུད་སྣ་ཚོགས་པའི་རྣམ་པར་ཤར་བ་ཡུལ་དོན་ལུས་དང་བཅས་པའོ། །ཡུལ་ནི་གཟུགས་ལ་སོགས་པ་ལྔའོ། །དོན་ནི་རྣམ་པར་ཤེས་པ་རྐྱེན་གཞན་ལས་སྐྱེ་མཆེད་དུ་གྲུབ་པ་ཚོགས་བརྒྱད་དོ། །ལུས་ནི་ཉེ་བར་ལེན་པའི་ཕུང་པོའོ། །འདི་དག་ལས་དང་བག་ཆགས་ཀྱི་རྐྱེན་གཞན་ལ་ལྟོས་པས་གཞན་དབང་ཞེས་བཞག་པའོ། །དག་པ་གཞན་དབང་ནི་ཤིན་ཏུ་དག་པའི་ཞིང་དང་ཡེ་ཤེས་ལ་སོགས་པ་སྟེ། སྒྲིབ་པ་དག་སྟོབས་ཀྱི་རྐྱེན་ལས་གནས་སྐབས་ལྟོས་པ་དང་བཅས་པའི་ཆ་ནས་བརྟགས་པའོ། །ཡོངས་སུ་གྲུབ་པ་ལའང་གཉིས་ལས། དང་པོ་འགྱུར་བ་མེད་པའི་ཡོངས་གྲུབ་ནི། གནས་ལུགས་དོན་གྱི་ཀུན་གཞི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། རྒྱུད་བླ་མར། ཇི་ལྟར་སྔོན་དེ་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཅེས་པ་དང་། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མ་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་གྱུར་པ། །ཞེས་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །རབ་ཏུ་བརྟགས་པར་གྱུར་པ་ཡིན། །ཅེས་པ་དེ་ཉིད་དོ། །དེའི་སྟེང་ན་ཐོག་མ་མེད་པའི་མ་རིག་པ་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ། རིས་གཅིག་ཏུ་མ་ཆད་པས་ལུང་དུ་མ་བསྟན་པའི་ཆ་ལ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱའོ། །དེ་ནི་ངོ་བོ་རྟོག་མེད་ཡུལ་ལ་མི་འཛིན་པ་སྟེ། དེའི་ངང་དུ་གོམས་ན་གཟུགས་མེད་པའི་ཁམས་སུ་འཕེན་པའི་ལས་ཅན་ནོ། །སེམས་ཙམ་དྲི་མེད་པ་ཁ་ཅིག་འདི་ཡིད་ཤེས་རྟོག་མེད་དང་གཅིག་པས་ཡིད་དུ་བསྡུས་ནས་ཀུན་གཞི་ལ་སོགས་པར་མི་འདོད་པའང་ཡོད་དོ། །དོན་གྱི་ཀུན་གཞི་ནི་ཁས་ལེན་དེ། ཀུན་གཞིའི་རྣམ་ཤེས་ནི་སྒོ་ལྔའི་ཡིད་དང་བཅས་པར་མ་འགྱུས་པའི་ཤེས་པ། གསལ་བ་སྟེ་དེའི་ངང་དུ་གོམས་པ་ལས་གཟུགས་ཀྱི་ཁམས་སུ་འཕེན་པའི་ལས་ཅན་ནོ། །དེ་དག་

p. 1051

གིས་འདི་ཉིད་ཤེས་པའི་དབྱེ་གཞིར་བྱེད་དོ། །ཡིད་ཤེས་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་སྨྲའོ། །དེ་ལས་མཆེད་པ་སྒོ་ལྔའི་རྣམ་ཤེས་ནི་མིག་གི་རྣམ་ཤེས་ལ་སོགས་པ་སྟེ། རྣམ་པ་ཤེས་ཕྱི་རོལ་ན་སྣང་བ་དང་འདྲ་བའི་རྣམ་པ་ནང་གི་ཤེས་པ་ལ་འཆར་བའི་སྒོ་དབང་པོ་སོ་སོས་བྱེད་པའི་ཆ་ནས་ལྔར་བཞག་ཀྱང་མྱོང་བ་པོ་ནི་ཡུལ་ཡུལ་ཅན་གྱི་རྣམ་པ་གཉིས་སུ་མེད་པའི་རང་གི་རིག་པ་རང་གསལ་བ་ཁོ་ནའོ་ཞེས་འདོད་དོ། །ཡིད་ཤེས་ནི་སྒོ་ལྔའི་རྗེས་ལ་སྐྱེས་པ་དང་དོན་ཕྱི་ནང་གི་ཆོས་ལ་སྤྱོད་པའི་ཤེས་པའོ། །ཉོན་ཡིད་ནི་དཔྱད་པས་ཆགས་སྡང་བར་མ་གསུམ་གང་རུང་དུ་སྐྱེས་པ་ཉིད་དུག་གསུམ་མམ་ལྔའི་ཉོན་མོངས་སུ་ཤར་བ་ལ་ཟེར་རོ། །སྣ་ཚོགས་གཉིས་མེད་དུ་སྨྲ་བའི་སེམས་ཙམ་པ་དག་ནི་ཡིད་ཤེས་དང་ཉོན་ཡིད་གཉིས་གཅིག་ཏུ་སྡུད་པས་ཚོགས་བདུན་ཀུན་གཞི་དང་བཅས་པར་ཁས་ལེན་ཏོ། །དེ་དག་གི་གཞུང་ལས། སེམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྟོག་མེད་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དང་བཅས་པ་ལ་འདོད་ཅིང་། དེ་དག་ལས་རྗེས་ལ་སྐྱེས་ཀྱི་ཤེས་པ་ང་དང་ང་ཡིར་འཛིན་པའི་སེམས་བྱུང་ལྔ་བཅུ་རྩ་གཅིག་གི་འཁོར་དང་བཅས་པ་ནི་ཡིད་དུ་འདོད་དེ། སེམས་ནི་ཀུན་གཞིའི་རྣམ་པར་ཤེས། །ངར་འཛིན་པ་ནི་ཡིད་ཡིན་ནོ། །ཞེས་པའོ། །དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་མཛོད་ལས་བཤད་པ་དང་ཡང་མཐུན་ཏེ། དཔེར་ན་ཨུཏྤ་ལ་མཐོང་དུས་བུང་བའི་སྒྲ་དང་། མེ་ཏོག་གི་དྲི་དང་། རེག་བྱ་དང་། རོ་རྣམས་དུས་གཅིག་ཏུ་ཤེས་པ་སྲིད་པ་ནི་སྒོ་ལྔའི་རྣམ་ཤེས་རྟོག་མེད་ཀྱིས་དུས་གཅིག་ལ་ཡུལ་འཛིན་ལ། དེའི་ཚེ་ཤེས་པ་རྟོག་མེད་གསལ་བའི་ཆ་ཙམ་ནི་ཀུན་གཞིའི་རྣམ་ཤེས་ཏེ། སྐད་ཅིག་དུ་ཡུལ་རིག་པ་ལ་དགའ་གདུང་དུ་སྐྱེ་དུས་རྟོག་དཔྱོད་དུ་ཤར་བས། སྒོ་ལྔ་ཀུན་གཞིའི་ཤེས་པ་དང་དྲུག་པོའི་རྟོག་མེད་གསལ་སྣང་གི་ཆ་འགགས་ནས། འཛིན་པའི་ཆ་ཡིད་ཤེས་རྟོག་བཅས་སྐད་ཅིག་རེ་རེ་བ་ལས་གཉིས་པ་མི་འཇུག་པ་སྐྱེས་པ་ལ་ཡིད་ཅེས་བརྗོད་དོ། །དེའང་རྟོག་མེད་རྟོག་

p. 1052

བཅས་སུ་གྱུར་པའི་ཆ་ནས་དྲུག་པོ་འགགས་པར་བརྗོད་ཀྱང་། དོན་ལ་དབང་ཤེས་ཀུན་གཞིའི་རྣམ་ཤེས་དང་བཅས་པ་སོ་སོའི་ལྡོག་པའམ་ཆ་ནས་མ་ཉམས་པར་སོ་ན་གནས་ཏེ། གཟུགས་མཐོང་བའི་ཆ་ནི་རྟག་ཏུ་མིག་ཤེས་ཡིན་ལ། དེའི་ངོ་བོ་རྟོག་མེད་ཡིན་པས་སྒྲ་ལ་སོགས་པའང་གཞལ་ཏེ་ཤེས་པར་བྱའོ། །ཕྱིན་ཅི་མ་ལོག་པར་ཡོངས་གྲུབ་ནི་ལམ་ཟག་མེད་འབྲས་བུ་དང་བཅས་པ་ཡིན་ཏེ། ཡང་དག་པར་འགྲོ་བ་དང་འགྲོ་བའི་སར་ཕྱིན་ནས་སླར་མི་ལྡོག་པའི་ཕྱིར་རོ། །འདི་དག་རྒྱས་པར་ནི་ལུང་དང་བཅས་པ་ཤིང་རྟ་ཆེན་པོར་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་ཏུ་ཁས་ལེན་པའི་རྣམ་གཞག་ནི། ཤེས་བྱ་གཞི་ལྔར་བྱེད་དེ། གཟུགས་ཀྱི་གཞི་དང་། སེམས་ཀྱི་གཞི་དང་། སེམས་ལས་བྱུང་བའི་གཞི་དང་། དེ་གསུམ་གྱི་ཁྱད་པར་གནས་སྐབས་ཀྱི་ཆོས་དང་། འདུས་མ་བྱས་པའོ། །འདི་དག་གི་འདོད་ཚུལ་ལ་རྣམ་བཅས་པ་དང་། རྣམ་མེད་པ་གཉིས་ལས། རྣམ་བཅས་པ་ནི་གཟུགས་ཀྱི་གཞི་གཟུགས་སུ་སྣང་བ་རྣམས་ནི་སེམས་དང་སེམས་ལས་བྱུང་བ་ཉིད་བག་ཆགས་གོམས་པས་གཟུགས་ཀྱི་རྣམ་པར་ཤར་བས་ཏེ། ཤེས་པ་ལས་རྫས་གཞན་མ་ཡིན་ཏེ། འདི་ལྟར་གཟུགས་ལ་སོགས་པ་ཡུལ་ལྔར་སྣང་བ་དང་། སྒྲོ་བཏགས་པར་གྲགས་པའི་ཟླ་བ་གཉིས་ལ་སོགས་པའང་སྒོ་ལྔའི་རྣམ་ཤེས་འཁོར་སེམས་བྱུང་དང་བཅས་པ་ཉིད་དེ་ལྟར་སྣང་བ་ཡིན་ནོ། །རྨི་ལམ་གྱི་རྟ་གླང་ལ་སོགས་པའང་རྟོག་མེད་འཁྲུལ་པ་འཁོར་སེམས་བྱུང་དང་བཅས་པ་དེ་ལྟར་སྣང་བའོ། །དོན་སྤྱི་དང་སྒྲ་སྤྱིའང་ཡིད་རྟོག་པ་འཁོར་སེམས་བྱུང་དང་བཅས་པ་ཉིད་སྤྱིའི་རྣམ་པར་སྣང་བ་ཡིན་པས། ཡང་དག་པར་ནི་ཤེས་པ་སྐད་ཅིག་མ་འདྲེས་པའི་ངོ་བོ་ཡིན་ཡང་། ཞེན་ཡུལ་མང་པོ་ལ་ཐུན་མོང་བའི་རྣམ་པར་སྣང་བས་སྤྱི་ཞེས་བརྗོད་པར་ཟད་དོ། །དབང་པོ་ལྟར་སྣང་བ་དང་། སྣོད་ཀྱི་འཇིག་རྟེན་དུ་སྣང་བ་ནི། ཀུན་གཞི་ཁས་ལེན་པ་ལྟར་ན་ཀུན་གཞི་འཁོར་དང་བཅས་པ་ཉིད་དེ་ལྟར་སྣང་བར་ཁས་ལེན་ལ། ཀུན་གཞི་ཁས་མི་ལེན་པ་ལྟར་

p. 1053

ན་ཡིད་རྟོག་པ་མེད་པ་རྒྱུན་མ་ཆད་པར་གནས་པ་འཁོར་སེམས་བྱུང་དང་བཅས་པ་ཉིད་དེ་ལྟར་སྣང་བར་འདོད་དོ། །གཉིས་པ་སེམས་ཀྱི་གཞི་ལ་གསུམ་སྟེ། རྣམ་པར་ཤེས་པ་དུ་མར་བདེན་པར་འདོད་པ་དང་། རྣམ་པར་ཤེས་པ་དུ་མ་གཅིག་ཏུ་བདེན་པར་འདོད་པ་དང་། རྣམ་པར་ཤེས་པའི་ཚོགས་གཅིག་ཏུ་སྨྲ་བའི་ལུགས་སོ། །དང་པོ་ནི་སློབ་དཔོན་ཤཱཀྱ་བློ་ལ་སོགས་པས་སེམས་ཀྱི་གཞི་ནི་ཡུལ་ཁ་དོག་དུ་མ་དང་། ཁ་དོག་རེ་རེ་ལ་ཡང་ཆ་དུ་མ་དང་མཐར་རྡུལ་དུ་མའི་བར་དུ་ཡོད་པས། དེ་དང་བདག་གཅིག་པའི་མིག་གི་རྣམ་ཤེས་ཉིད་ཀྱང་དུ་མ་ཡིན་ལ་རེ་རེར་སྣང་བའི་ཤེས་པ་ནི་གཅིག་ཉིད་དོ། །དེ་བཞིན་དུ་སྒྲའི་ཤེས་པ་ལ་སོགས་པ་རེ་རེ་ཡང་རྣམ་དབྱེ་དཔག་ཏུ་མེད་པ་རྣམ་པར་ཤེས་པ་རྒྱུ་གཅིག་ལའང་། གྲངས་ལས་འདས་པ་ཡོད་དོ་ཞེས་ཟེར་རོ། །གཉིས་པ་ནི་སྣ་ཚོགས་གཉིས་སུ་མེད་པར་སྨྲ་བ་རྣམས་ནི། དོན་སྣང་བ་ཤེས་པ་མི་འགལ་བ་ལྟར་དུ་མར་སྣང་བ་ཡང་གཅིག་ཏུ་བདེན་པར་མི་འགལ་བས། ཁ་དོག་དུ་མར་སྣང་ཡང་མིག་གི་རྣམ་ཤེས་གཅིག་གི་བདག་ཉིད་ཡིན་པས། གང་ཟག་རེ་རེ་ལ་མིག་གི་ཤེས་པ་དུ་མ་མི་འབྱུང་ལ། དེ་བཞིན་དུ་རྣ་བའི་ཤེས་པ་ལ་སོགས་པ་ཡང་རིགས་མཐུན་དུ་མ་མི་འབྱུང་བས་རིགས་མཐུན་པ་རེ་རེ་ཡིན་ལ། རིགས་མི་མཐུན་པ་དུ་མ་མི་འབྱུང་བས་སྒོ་ལྔའི་ཤེས་པ་ལྔ་དང་ཡིད་ཀྱི་ཤེས་པ་སྟེ་དྲུག་ཏུ་འདོད་ལ་ཡིད་རྟོག་པ་རྒྱུན་ཆད་པ་ནའང་། དེ་རྟོག་མེད་དུ་ཡོད་པས་ཡིད་ནི་རྒྱུན་དུ་གནས་ཏེ། བག་ཆགས་ཀྱང་དེ་ལ་བརྟེན་པ་ཡིན་ཞེས་སྨྲ་བ་དང་། ཡང་སྣ་ཚོགས་གཉིས་སུ་མེད་པར་སྨྲ་བའི་རྣམ་པར་ཤེས་པ་ཚོགས་བརྒྱད་དུ་འདོད་པའང་ཡོད་དེ། དེས་ནི་སྒོ་ལྔའི་རྣམ་ཤེས་དང་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་ཚོགས་དྲུག་ནི་བརྒྱལ་བ་དང་ར་རོ་བ་དང་། གཉིད་འཐུག་པོར་སོང་བ་དང་སྙོམས་འཇུག་གི་གནས་སྐབས་ན་འགགས་ཏེ་མི་ལྡན་པ་ཉིད་དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །སྙོམས་པར་འཇུག་པ་རྣམ་

p. 1054

གཉིས་དང་། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་བཤད་པས། དེའང་ལྡང་ཉལ་གྱི་ཚུལ་ཅན་མི་བརྟན་པའི་ཕྱིར་བག་ཆགས་ཀྱི་རྟེན་ནི་ཀུན་གཞིའི་རྣམ་ཤེས་ཏེ། དེའང་ངོ་བོ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ། མཚན་ཉིད་ནི་ས་བོན་ཐམས་ཅད་ཀྱི་རྟེན་བྱེད་པའི་རྣམ་ཤེས་ཡིན་ལ། དེའང་དམིགས་པ་ཡོངས་སུ་མ་ཆད་པ་ལ་འཇུག་པ་དང་། རྣམ་པ་མི་གསལ་བ་དང་འཁོར་ཚོར་བ་བཏང་སྙོམས་པ་དང་བཅས་པའི་རིག་པ་ལ་སོགས་པ་ཀུན་ཏུ་འགྲོ་བ་ལྔ་བྱུང་ལ། དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མ་བྱས་ཀྱི་བར་དུ་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་མ་ཆད་པར་འཇུག་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་འགྱུར་བ་ཡིན་ནོ། །དེ་ལ་ཚོགས་དྲུག་འཁོར་བཅས་དགེ་བ་ཟག་བཅས་དང་མི་དགེ་བས་ལུས་བསྐྱེད་པའི་ནུས་པ་རྣམ་སྨིན་གྱི་བག་ཆགས་འཇོག་པས། །དེ་ལས་ལུས་བསྐྱེད་པའི་ནུས་པ་ཡོད་པ་དང་ལུང་དུ་མ་བསྟན་པ་དང་དགེ་བ་ཟག་མེད་ཀྱི་རྒྱུ་མཐུན་ཁོ་ནའི་བག་ཆགས་འཇོག་ཅིང་། མི་དགེ་བ་དང་དགེ་བ་ཟག་བཅས་ཀྱིས་ཀྱང་རྒྱུ་མཐུན་གྱི་བག་ཆགས་འཇོག་པས། དེ་ལ་ཐམས་ཅད་ཀྱི་རྒྱུ་མཐུན་བསྐྱེད་པའི་ནུས་པ་ཡོད་པ་ནི་ས་བོན་གྱི་ཆ་ཡིན་ལ། ལས་ཀྱི་རྒྱུ་ལས་སྐྱེ་གནས་ཀྱི་ཐོག་མར་ཀུན་གཞི་མཐོ་རིས་དང་ངན་འགྲོའི་དབང་པོ་ལྔར་སྣང་བ་དང་། མཚམས་སྦྱོར་བའི་ཤེས་པ་ཙམ་འཕངས་པ་རྣམ་སྨིན་གྱི་ཡིན་ནོ་ཞེས་སྨྲ་སྟེ། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །རེག་ལ་སོགས་པ་ཀུན་འགྲོ་ལྔ། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དགྲ་བཅོམ་ཉིད་ནི་དེ་ལྡོག་གོ། ཞེས་འདོན་ཏོ། །ཡང་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་བ་ཀུན་གཞི་ལ་དམིགས་ཏེ་ཁ་ནང་བལྟས་ང་བདག་ཏུ་འཛིན་པ་བསྒྲིབས་ལ་ལུང་དུ་མ་བསྟན་པ། བདག་ཏུ་ལྟ་བ་དང་བདག་ཏུ་རྨོངས་པ་དང་བདག་ཏུ་ང་རྒྱལ་བ་དང་བདག་ལ་ཆགས་པ་དང་། ཀུན་ཏུ་འགྲོ་བ་ལྔ་སྟེ་འཁོར་དགུ་དང་མཚུངས་པར་

p. 1055

ལྡན་པ། དགྲ་བཅོམ་པ་དང་། འགོག་པའི་སྙོམས་འཇུག་དང་། འཇིག་རྟེན་ལས་འདས་པའི་ལམ་གྱི་མཉམ་པར་གཞག་པ་ན་རྒྱུན་ཆད་ཀྱི་དེ་མ་རྟོགས་པ་ན་ཆུ་བོའི་རྒྱུན་བཞིན་དུ་འཇུག་སྟེ། དེ་ལ་གནས་ཏེ་རང་འབྱུང་ཞིང་། །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་འདུ་ཤེས་པ། །གང་དུ་སྐྱེས་པ་དེ་འོ་གཞན། །རེག་སོགས་ཀྱང་དེ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ལ་མེད། །འཇིག་རྟེན་འདས་པའི་ལམ་ན་མེད། །ཅེས་བཤད་པ་ལྟ་བུའོ། །དེ་ལྟར་ཚོགས་དྲུག་དང་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་དེ་རྣམ་པར་ཤེས་པ་ཚོགས་བརྒྱད་ཡིན་ནོ་ཞེས་ཟེར་རོ། །གསུམ་པ་གཅིག་ཏུ་སྨྲ་བའི་ལུགས་ལ་བཞི་སྟེ། ཤེས་པས་ཡུལ་དཔྱོད་པའི་ཚུལ་དང་། གཉེན་པོས་སྤང་བྱ་སྤོང་བའི་ཚུལ་དང་། དུ་མར་ངེས་པའི་རྒྱུ་དང་། དོན་བསྡུ་བའོ། །དང་པོ་ནི་བྱང་ཆུབ་སེམས་དཔའ་གཅིག་པུར་སྨྲ་བ་དག་རྣམ་པར་ཤེས་པ་གཅིག་ཉིད་ཡུལ་དུ་མ་ལ་འཇུག་སྟེ། མིག་གི་རྣམ་པར་ཤེས་པ་གཅིག་ཉིད་ལ་སྔོན་པོ་དང་སེར་པོ་ལ་སོགས་པ་ཡུལ་དུ་མའི་རྣམ་པ་འཆར་བ་ལྟར། ཤེས་པ་གཅིག་ཉིད་ལ་གཟུགས་དང་སྒྲ་ལ་སོགས་པ་དུ་མའི་རྣམ་པ་འཆར་བའང་མི་འགལ་ལ། རྟོག་པ་གཅིག་ལ་ལྡོག་པའི་དོན་སྤྱིའང་མི་སྣང་ལ་ཤེས་པའི་གསལ་བ་ལྡོག་པ་ཐམས་ཅད་དབྱེར་མེད་པའི་རང་གི་མཚན་ཉིད་མྱོང་བས། དེའི་དོན་སྤྱི་མི་སྣང་བ་མི་འགལ་བ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་ལྡོག་པ་ཕྱོགས་རེའི་དོན་སྤྱི་འཛིན་པས། དེ་ལ་རྟོག་པའང་ཡིན་ལ་ལྡོག་པ་མ་ལུས་པ་དང་། དབྱེར་མེད་པའི་གསལ་བའི་དོན་རང་གི་མཚན་ཉིད་མྱོང་བས། དེའི་དོན་སྤྱི་མི་སྣང་ཞིང་དེ་ལ་རྟོག་པ་མེད་པའང་རྫས་གཅིག་ལ་མི་འགལ་བ་ཡིན་ནོ། །གཉིས་པ་ནི་གཉེན་པོས་སྤང་བྱ་བཅོམ་ཞེས་པ་མེ་དང་གྲང་རེག་ལྟར་རྫས་ཐ་དད་ལ། རྒྱུན་འཇུག་པ་དང་འགལ་བར་བསྐྱེད་པའི་གནོད་བྱ་དང་

p. 1056

གནོད་བྱེད་དུ་གྱུར་པ་ཚོགས་བརྒྱད་དུ་སྨྲ་བས། ཀུན་གཞི་ས་བོན་གྱི་ཆ་གནོད་བྱ་ལ། བདག་མེད་གོམས་པའི་ཡིད་གནོད་བྱེད་ཀྱི་མཐུས་བསྐྱེད་པའི་ནུས་པ་མེད་པར་བྱས་པ་མ་ཡིན་ཏེ། དར་ལ་བབ་པའི་རྫས་ཀྱི་རྒྱུན་ཉིད་རྒན་པོར་སྐྱེས་པ་ན་རྒྱུན་དེ་ཉིད་སྔར་གྱི་དར་ལ་བབ་པའི་རྣམ་པ་ཅན་ལོག་པས་རྒས་པས་ལང་ཚོ་བཅོམ་ཞེས་བརྗོད་པ་ལྟར། ཕྱིན་ཅི་ལོག་པའི་རྣམ་པ་ཅན་གྱི་ཤེས་པའི་རྫས་ཀྱི་རྒྱུན་དེ་ཉིད་ཕྱིན་ཅི་མ་ལོག་པའི་ཤེས་པར་སྐྱེས་ལ། དེ་ལ་ཕྱིན་ཅི་ལོག་བསྐྱེད་པའི་ནུས་པ་མེད་པར་གྱུར་པ་ཉིད་ལ་གཉེན་པོས་སྤང་བྱ་བཅོམ་པ་ཞེས་བརྗོད་པས། ཕྱིས་འབྱུང་བའི་གཉེན་པོས་སྔར་ཡོད་པའི་སྤང་བྱ་སྤོང་བར་བརྗོད་པ་ཡིན་ནོ། །གསུམ་པ་ནི་གལ་ཏེ་རྣམ་ཤེས་ཚོགས་གཅིག་ཡིན་ན་དུ་མར་མྱོང་བ་དང་འགལ་ལོ་ཞེ་ན་མ་ཡིན་ཏེ། ཤེས་པའི་རྫས་གཅིག་པོ་དེ་སྐྱེ་མཆེད་ཀྱི་སྒོ་དུ་མར་སྣང་བ་ལ་བརྟེན་ཏེ་ཡུལ་དུ་མའི་རྣམ་པ་འཆར་བས་རྣམ་ཤེས་དུ་མར་རིག་པ་ཡིན་ཏེ། དཔེར་ན་སྤྲེའུ་ཅིག་མཁར་གྱི་བུ་ག་དུ་མར་འབྱུང་བ་ན་སྤྲེའུ་དུ་མར་ངེས་པའམ། ཕྱོགས་བཞིའི་བུ་ག་ནས་ནང་ན་གནས་པའི་མི་མཐོང་བ་ན་དུ་མར་རིག་པ་བཞིན་ནོ། །བཞི་པ་ནི། གང་ཞིག་ལུས་མེད་ཕུག་གནས་ཤིང་། །རིང་དུ་རྒྱུ་ཞིང་གཅིག་པུར་སྤྱོད། །གདུལ་བར་དཀའ་བའི་སེམས་འདུལ་བ། །འདི་ནི་བྲམ་ཟེར་ངས་བཤད་དོ། །ཞེས་ཆེད་དུ་བརྗོད་པའི་ཚོམས་ལས་གསུངས་པ་བཞིན་ནོ། །གསུམ་པ་སེམས་ལས་བྱུང་བའི་གཞི་ལ་གཉིས་ཏེ། སེམས་དང་རྫས་མི་གཅིག་པ་མི་འཐད་པ་དང་། རྫས་དབྱེར་མེད་དུ་བསྒྲུབ་པའོ། །དང་པོ་ལ་ལྔ་སྟེ། དམིགས་པ་མཚུངས་པ་མི་འགྲུབ། མྱོང་བ་དང་འགལ། རྫས་དབྱེར་མེད་ལ་སྣང་མི་སྣང་འགལ། རང་སྟོབས་དང་གཞན་སྟོབས་མི་འཐད། དེའི་ལན་དགག་པའོ། །དང་པོ་ནི་སྔར་བཤད་པའི་སེམས་ལས་བྱུང་བ་རྫས་གཅིག་ལའང་། ཁ་ཅིག་ནི་གཙོ་བོ་རྣམ་ཤེས་ལས་རྫས་ཐ་དད་པ་ལྔར་བཤད་པ་ལྟར་གཙོ་བོ་དང་མཚུངས་པ་ལྔས་མཚུངས་པར་འདོད་ལ། ཁ་ཅིག་ན་རེ་དེ་ལྟ་ན་ཡིད་རྟོག་པ་ལ་འཁོར་སེམས་

p. 1057

བྱུང་རྟོག་མེད་བྱུང་བ་ན་གཙོ་བོས་དོན་སྤྱི་འཛིན་ལ། འཁོར་གྱིས་དོན་རང་གི་མཚན་ཉིད་འཛིན་པས་དམིགས་པ་མཚུངས་པ་མི་རུང་ངོ་ཞེས་སོ། །གཉིས་པ་ནི་འཁོར་རྟོག་པ་ཡིན་ན་འཁོར་ཀུན་ཏུ་འགྲོ་བ་ལྔ་ཁོ་ན་འབྱུང་བ་ན་རྟོག་པ་རྫས་དྲུག་དང་། འཁོར་མང་པོ་འབྱུང་བ་ན་རྟོག་པ་རྫས་མང་པོ་རྒྱུད་གཅིག་ལ་འབྱུང་བར་ཐལ་བས། དེ་ལྟ་བུ་མེད་པར་མྱོང་བས་འགྲུབ་པས་མྱོང་བ་དང་འགལ་ལོ། །གསུམ་པ་ནི་མིག་གི་ཤེས་པ་ལ་ངོ་བོ་སྣང་ལ་ཁྱད་པར་མི་སྣང་ཞིང་། དེའི་འཁོར་ལ་གཙོ་བོ་མི་སྣང་བས། རྫས་གཅིག་ཏུ་འདོད་པ་ལྟར་ན་རྫས་གཅིག་ལ་སྣང་བ་དང་མི་སྣང་བ་མི་འགལ་བར་གྱུར་ན་འགལ་བའང་ཡིན་ནོ། །བཞི་པ་ནི་གལ་ཏེ་གཙོ་བོ་སེམས་ལ་ཡང་དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ཀ་སྣང་ལ། འཁོར་ལའང་གཉིས་ཀ་སྣང་བས་སྣང་བ་དང་མི་སྣང་བ་ཆ་གཉིས་ཡོད་ཀྱིས་གཙོ་བོ་ལ་ངོ་བོ་སྣང་བ་རང་གི་སྟོབས་ཀྱིས་ཡིན་པས་ངོ་བོ་སྣང་བར་བཞག་ལ། ཁྱད་པར་སྣང་བ་འཁོར་གྱི་སྟོབས་ཀྱིས་ཡིན་པས་ཁྱད་པར་སྣང་བར་མི་བཞག་གོ། འཁོར་ལའང་ཁྱད་པར་སྣང་བ་རང་གི་སྟོབས་ཀྱིས་ཡིན་པས། ཁྱད་པར་སྣང་བར་བཞག་ལ། ངོ་བོ་སྣང་བ་གཙོ་བོའི་སྟོབས་ཀྱིས་ཡིན་པས་ངོ་བོ་སྣང་བར་མི་བཞག་གོ་ཞེ་ན། དེ་ལྟར་ན་གཙོ་བོ་སེམས་སྔ་མའམ་འཁོར་སེམས་ལས་བྱུང་བ་སྔའམ་དུས་མཉམ་པར་གནས་གྲངས། དང་པོ་ལྟར་ན་དུས་མཚུངས་པར་མི་རུང་བ་དང་། གཙོ་བོས་འཁོར་ངོ་བོ་འཛིན་པར་སྐྱེད་པར་རུང་ཡང་། འཁོར་གྱིས་གཙོ་བོ་ཁྱད་པར་འཛིན་པར་སྐྱེད་པ་མི་རུང་ངོ་། །གཉིས་པ་ལྟར་ནའང་དུས་མཚུངས་པ་མེད་པས་འཁོར་གྱིས་གཙོ་བོ་ཁྱད་པར་འཛིན་པར་སྐྱེད་དུ་རུང་ཡང་། གཙོ་བོས་འཁོར་གྱི་ངོ་བོ་འཛིན་པར་སྐྱེད་པར་མི་རུང་ངོ་། །གསུམ་པ་ལྟར་ནའང་དུས་མཉམ་པ་ལ་བློར་རྫས་གཅིག་གིས་ཕན་གདགས་བྱ་དང་འདོགས་བྱེད་མེད་པས། དུས་མཉམ་པའི་འཁོར་ལ་གཙོ་བོས་ངོ་བོ་འཛིན་པར་སྐྱེད་མི་ནུས་ལ། འཁོར་གྱིས་གཙོ་བོ་དུས་མཉམ་པ་

p. 1058

ལ་ཁྱད་པར་འཛིན་པར་སྐྱེད་པར་མི་རུང་ངོ་། །ལྔ་པ་ནི་གལ་ཏེ་དུས་མཉམ་པར་སྐྱེད་པར་མ་ཡིན་ཏེ། སྐད་ཅིག་སྔ་མའི་གཙོ་བོས་ད་ལྟར་བའི་བློའི་འཁོར་ངོ་བོ་འཛིན་པར་སྐྱེད་ལ། སྐད་ཅིག་སྔ་མའི་བློའི་འཁོར་གྱིས་ད་ལྟ་བའི་གཙོ་བོའི་ཁྱད་པར་འཛིན་པར་སྐྱེད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྙོམས་པར་འཇུག་པ་ལས་ལངས་མ་ཐག་ཏུ་སྐྱེས་པའི་མིག་གི་རྣམ་པར་ཤེས་པ། ཤེས་པ་སྔ་མའི་འཁོར་སྔོན་དུ་མ་སོང་བ་དེ་ལས་ཁྱད་པར་སྣང་བ་ཡོད་དམ་མེད། ཡོད་ན་ལྡོག་པ་མ་གྲུབ་པས་ཁྱད་པར་སྣང་བ་དེ་འཁོར་སྔ་མའི་འབྲས་བུར་མི་རུང་ལ། མེད་ན་གཙོ་བོ་ལ་ངོ་བོ་སྣང་ཡང་ཁྱད་པར་མི་སྣང་བས་རྫས་གཅིག་ལ་སྣང་བ་དང་མི་སྣང་བ་ཆ་གཉིས་ཡོད་པའི་སྐྱོན་དུ་འགྱུར་རོ། །ཡང་སྙོམས་པར་འཇུག་པ་ལས་ལངས་མ་ཐག་གི་མིག་གི་རྣམ་པར་ཤེས་པའི་འཁོར་ལ་ཁྱད་པར་སྣང་བ་ན་ངོ་བོ་སྣང་བ་ཡོད་དམ་མེད། ཡོད་ན་གཙོ་བོ་སྔ་མ་སྔོན་དུ་མ་སོང་ཡང་ངོ་བོ་སྣང་སྟེ་ལྡོག་པ་མ་གྲུབ་པས་ངོ་བོ་སྣང་བ་གཙོ་བོ་སྔ་མའི་འབྲས་བུར་མི་འཐད་ལ། མེད་ན་འཁོར་ལ་ཁྱད་པར་སྣང་གི་ངོ་བོ་མི་སྣང་བས་རྫས་གཅིག་ལ་སྣང་བ་དང་མི་སྣང་བ་ཆ་གཉིས་ཡོད་པར་འགྱུར་རོ། །གཉིས་པ་རྫས་གཅིག་ཏུ་བསྒྲུབ་པ་ནི་གཙོ་བོ་སེམས་ཙམ་དང་འཁོར་སེམས་ལས་བྱུང་བ་རྫས་གཅིག་ལ། བདག་ཉིད་ཐམས་ཅད་ཀྱིས་སྣང་ཡང་ངོ་བོ་སྣང་བའི་ལྡོག་པ་ནས་གཙོ་བོ་ཡིན་ལ། ཁྱད་པར་སྣང་བའི་ལྡོག་པ་ནས་འཁོར་ཡིན་ཏེ། རྣམ་ཤེས་དང་མི་རྟག་པ་རྫས་གཅིག་ཀྱང་། རྣམ་ཤེས་རྣམ་པར་ཤེས་པའི་ཕུང་པོ་ཡིན་ལ། མི་རྟག་པ་འདུ་བྱེད་ཀྱི་ཕུང་པོ་ཡིན་པ་བཞིན་དུ། རྫས་གཅིག་ཀྱང་ངོ་བོ་སྣང་བ་རྣམ་ཤེས་ཀྱི་ཕུང་པོ་ཡིན་པ་ལ་ཁྱད་པར་སྣང་བའི་ལྡོག་པ་འདུ་བྱེད་ཀྱི་ཕུང་པོ་ཡིན་པ་མི་འགལ་བས། སེམས་དང་སེམས་ལས་བྱུང་བ་རྫས་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཏེ། སེམས་ནི་གཉིས་སུ་སྣང་བས་ཏེ། །དེ་བཞིན་ཆགས་སོགས་སྣང་བའམ། །དད་ལ་སོགས་པར་སྣང་བ་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་ལང་ཀར་

p. 1059

གཤེགས་པ་ལས་གསུངས་པ་ཡིན་ནོ། །དེས་ན་རྫས་གཅིག་པ་ཡིན་ནོ། །བཞི་པ་མི་ལྡན་པའི་འདུ་བྱེད་ཀྱང་ཐལ་མོ་དང་ཁུ་ཚུར་བཞིན་དུ། གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ཡིན་པ་དང་། སྲོག་གི་དབང་པོ་དང་རིགས་མཐུན་པ་དང་། སྐྱེ་བ་ལ་སོགས་པ་བཞི་དང་སོ་སྐྱེ་དང་ཆ་མཐུན་དགུ་སྔ་མ་ལྟར། གཟུགས་སེམས་སེམས་ལས་བྱུང་བ་གསུམ་ཆར་གྱི་གནས་སྐབས་ཡིན་པ་སྔ་མ་དང་མཐུན་མོད་ཀྱི། ཐོབ་པ་ནི་ཤེས་པ་གཞན་གྱི་གནས་སྐབས་མ་ཡིན་ཏེ། ཀུན་གཞི་ལ་ཤེས་པ་གཞན་གྱིས་བག་ཆགས་བཞག་པའི་གནས་སྐབས་སོ། །སྙོམས་འཇུག་གསུམ་ཡང་ལུས་ཀྱི་གནས་སྐབས་མ་ཡིན་ཏེ། ཀུན་གཞི་ལ་ཚོགས་དྲུག་གམ་བདུན་འགགས་པའི་གནས་སྐབས་སོ། །མིང་གི་ཚོགས་ལ་སོགས་པའང་སྒྲ་རང་གི་མཚན་ཉིད་ཀྱི་གནས་སྐབས་མ་ཡིན་ཏེ། ཡིད་རྟོག་པ་འཁོར་དང་བཅས་པ་ལ་མིང་དང་ཚིག་དང་ཡི་གེར་སྣང་བའི་གནས་སྐབས་ཡིན་ནོ། །ལྔ་པ་འདུས་མ་བྱས་ནི་མདོ་སྡེ་པ་དང་མཐུན་ཏེ། སྔ་མ་གསུམ་གྱི་སྟེང་དུ་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ལ་སོགས་པ་གཞན་ཡང་ཡོད་ཟེར་རོ། །གཞུང་དེ་དག་ཀྱང་ཉན་ཐོས་ལས་ཅུང་ཟད་འཕགས་ཀྱང་། ད་དུང་བཟང་པོ་མ་ཡིན་པས་སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་ནི་སྣང་བ་སེམས་སུ་མི་འཐད། ཀུན་བརྟགས་མི་འཐད། བདག་མེད་པ་ལ་ཐ་སྙད་མི་རུང་བ་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་ནི་མདོ་སྡེ་པ་བཀག་པའི་སྐབས་སུ་བརྗོད་ཟིན་ཏོ། །གཉིས་པ་ནི་ཟླ་གཉིས་ཀྱི་རྣམ་པ་དང་། དོན་སྤྱི་ལ་སོགས་པ་ཤེས་པའི་དངོས་པོ་ཡིན་ན་གཞན་དབང་དུ་གྱུར་པས་ཀུན་བརྟགས་གང་ཡིན། བདག་ཏུ་ཞེན་པའི་ཞེན་ཡུལ་བདག་གཉིས་ཡིན་ན་བདག་གཉིས་མི་སྲིད་པས་མཚན་གཞི་མི་སྲིད་པའི་ཕྱིར། ཀུན་བརྟགས་ཀྱི་མཚན་ཉིད་ནི་མི་སྲིད་པས། དེས་རིགས་མི་མཐུན་ལས་ཕྱེ་བའི་མཚོན་བྱ་ཀུན་བརྟགས་ཀྱང་མི་སྲིད་པར་འགྱུར་རོ། །གསུམ་པ་ནི་ཆོས་བདག་མེད་པ་ཤེས་པ་ལ་

p. 1060

སྣང་ངམ་མི་སྣང་། སྣང་ན་ཤེས་པའི་རྫས་ཡིན་པས་སྟོང་ཉིད་ཡིན་པར་མི་རུང་ལ། མི་སྣང་ན་ཚད་མའི་ཡུལ་མ་ཡིན་པས་མཚན་ཉིད་ཅན་དུ་མ་ངེས་པའི་ཕྱིར་བདག་མེད་པའི་ཐ་སྙད་དུ་བྱེད་པ་མི་རུང་ངོ་། །གཉིས་པ་བྱེ་བྲག་ཏུ་དགག་པ་ལ་གཉིས་ཏེ། རྣམ་པ་དུ་མ་ཤེས་པ་གཅིག་ཏུ་བདེན་པ་མི་འཐད་པ་དང་། རྣམ་པ་དུ་མ་ཤེས་པ་དུ་མར་བདེན་པ་མི་འཐད་པའོ། །དང་པོ་ནི་སྣ་ཚོགས་སུ་སྣང་བ་ཤེས་པ་ཆ་མེད་གཅིག་གི་བདག་ཉིད་དུ་སྨྲ་ན། ཡན་ལག་ཅན་གྱི་རྫས་འདོད་པ་གང་གིས་འགོག །གལ་ཏེ་ཆ་དུ་མར་དམིགས་པས་རྫས་གཅིག་ཏུ་བདེན་པ་ཁེགས་སོ་ཞེ་ན། སྣ་ཚོགས་སུ་སྣང་བའང་ཆ་དུ་མར་དམིགས་པས་ཤེས་པ་ཆ་མེད་གཅིག་ཏུ་བདེན་པ་ཁེགས་པ་ཡིན་ནོ། །གཉིས་པ་ནི་ཡུལ་ཆ་མེད་དུ་མ་རྣམ་པ་ཤེས་པ་དུ་མར་བདེན་ན། བློ་གཅིག་གིས་རྡུལ་དུ་མ་འཛིན་པ་མེད་པས། རགས་པར་སྣང་བ་མེད་པར་འགྱུར་རོ། །གཉིས་པ་སེམས་ཙམ་རྣམ་པ་མེད་པར་སྨྲ་བ་དག་ནི། གཞི་ལྔ་པོ་དག་འདི་ལྟར་འདོད་དེ། སྒྲ་དོན་དང་ཟླ་བ་གཉིས་སྣང་ལ་སོགས་པ་ཐམས་ཅད་དོན་དང་བློ་གཉིས་ཀའི་ངོ་བོར་མེད་དེ་དངོས་པོ་མ་ཡིན་ཡང་སྒྲོ་བཏགས་ནས་སྣང་བ་ལྟར། དབང་པོ་ལྔ་དང་ཡུལ་ལྔ་དང་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་ཡང་ཤེས་པ་དང་ཕྱི་རོལ་བའི་དངོས་པོ་མ་ཡིན་ཏེ། ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ལ་སྒྲོ་བཏགས་ནས་སྣང་བས་ཏེ། དེས་ན་གཟུགས་ཀྱི་གཞི་ནི་སྒྲོ་བཏགས་པ་ཙམ་དུ་ཟད་དེ་རྫུན་པའོ། །སེམས་ཀྱི་གཞི་དང་སེམས་ལས་བྱུང་བའི་གཞི་གཟུང་བྱའི་རྣམ་པ་སྒྲོ་བཏགས་པ་དང་། བདག་གཅིག་པ་མེད་པས། རྣམ་པའི་དྲི་མས་མ་བསླད་པ་ཤེལ་གོང་དག་པ་ལྟ་བུ། ཕྱོགས་ལ་སོགས་པའི་ཆ་མེད་པ་སྐད་ཅིག་དོན་དམ་པའི་དངོས་པོ་སྔ་མ་ལས་ཕྱི་མ་སྐྱེ་བ་འདོད་དོ། །ལུགས་འདི་ལའང་། ཡུལ་དུ་མར་འདོད་པ་དང་སྣང་བ་དང་ཤེས་པ་རྫས་གཅིག་པར་མི་འདོད་པས། ཤེས་པའི་གྲངས་མཐའ་ཡས་པའི་ལུགས་ནི་མེད་མོད་ཀྱི། རྣམ་ཤེས་

p. 1061

ཚོགས་དྲུག་གམ་བརྒྱད་དམ་གཅིག་ཏུ་འདོད་པའང་རྣམ་བཅས་པ་ལྟར་ཡོད་ལ། སེམས་དང་སེམས་ལས་བྱུང་བ་རྫས་གཅིག་པ་དང་ཐ་དད་པར་འདོད་པའང་སྔ་མ་ལྟར་ཡོད་དེ། མི་ལྡན་པའི་འདུ་བྱེད་དང་འདུས་མ་བྱས་ཀྱང་རྣམ་བཅས་པས་འདོད་པ་དང་མཐུན་པ་ཉིད་དོ། །གཞུང་འདིའང་རྣམ་བཅས་པ་ལས་ཅུང་ཟད་འཕགས་ཀྱང་ད་དུང་ཡང་དག་པ་མ་ཡིན་པས་དགག་པ་ལ་གཉིས་ཏེ། གཟུགས་ལ་སོགས་པ་དངོས་པོར་མེད་པ་མི་འཐད་པ་དང་། རྣམ་ཤེས་ཆ་མེད་དོན་དམ་པའི་དངོས་པོར་མི་འཐད་པའོ། །དང་པོ་ནི་གཟུགས་ལ་སོགས་པ་དངོས་པོར་མེད་ན་བདེ་སྡུག་ཀྱང་དངོས་པོར་ཇི་ལྟར་གྲུབ། དོན་བྱེད་པས་དངོས་པོ་ཡིན་ན་མེ་ལ་སོགས་པའང་བསྲེག་པ་ལ་སོགས་པའི་དོན་བྱེད་པས་ཅིའི་ཕྱིར་དངོས་པོ་མ་ཡིན། གལ་ཏེ་བྱེ་བྲག་ཏུ་སྨྲ་བ་འགོག་པའི་སྐབས་སུ་བརྗོད་པ་བཞིན་དུ་ཕྱོགས་ཆའི་དབྱེ་བས་ཕྱི་རོལ་གྱི་དོན་དངོས་པོར་གྱུར་པ་ཁེགས་སོ་ཞེ་ན། བདེ་བ་དང་སྡུག་བསྔལ་བའང་དུས་ཀྱི་ཆའི་དབྱེ་བས་དངོས་པོ་ཡོད་པ་ཁེགས་པར་འགྱུར་རོ། །དེས་ན་དོན་དམ་པའི་དངོས་པོ་མ་ཡིན་ཀྱང་སྣང་བརྙན་དང་འདྲ་བར་བདེ་སྡུག་ཀུན་རྫོབ་པའི་དངོས་པོ་ཡོད་པ་ལྟར། གཟུགས་ལ་སོགས་པའང་ཀུན་རྫོབ་ཏུ་ཕྱི་རོལ་ལྟར་སྣང་བའི་དངོས་པོ་རྨི་ལམ་དང་འདྲ་བར་ཡོད་པ་རིགས་པ་ཡིན་ཏེ། ཕྱི་རོལ་ཤེས་ངོར་རྫུན་པ་ལས་ནང་གི་བདག་ཉིད་ལས་གཞན་མེད་ན་འཁོར་འདས་བདེ་སྡུག་ལ་སོགས་པ་ལ་བླང་དོར་ཀྱང་རིགས་པ་མ་ཡིན་ནོ། །གཉིས་པ་ནི་ཤེས་པ་སྐད་ཅིག་ཆ་མེད་ཡིན་ན་སྔ་ཕྱི་དང་མ་འབྲེལ་པར་འགྱུར་ལ། དེ་འདོད་ན་རྒྱུ་མེད་དུ་འགྱུར་བས་རེས་འགའ་བར་མི་འགྱུར་ལ། འབྲས་བུ་མི་སྐྱེད་པས་དོན་བྱེད་ནུས་པ་མ་ཡིན་པར་འགྱུར་རོ། །དེ་ལྟར་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པ་གཉིས་ཀས་གཟུང་འཛིན་གཉིས་སུ་མེད་པའི་ཤེས་པ་དོན་དམ་པར་བདེན་པ་དང་། རྫུན་པར་ཡོད་པར་ཁས་བླངས་པ་དེ་ཡང་རིག་པ་མ་ཡིན་ཏེ་འདི་ལྟར། བློ་རྫས་གཅིག་དུས་གཅིག་ལ་རིག་བྱ་དང་རིག་བྱེད་

p. 1062

གཉིས་རྫས་འགལ་བའི་ཕྱིར། རང་གིས་རང་རིག་པའང་མི་སྲིད་དེ། རལ་གྲིས་རང་གི་རྩེ་མོ་གཅོད་པའམ་རེག་པར་མི་ནུས་པ་བཞིན་ནོ། །འཕགས་པ་ལང་ཀར་གཤེགས་པ་ལས། དཔེར་ན་རལ་གྲི་རང་གིས་རང་། །རེག་ཅིང་གཅོད་པར་མི་ནུས་པས། །དེ་བཞིན་ཤེས་པ་རང་ཉིད་ཀྱིས། །རང་ཉིད་རིག་པར་ནུས་མ་ཡིན། །ཅེས་གསུངས་པ་བཞིན་ནོ། །འོན་ཏེ་འདས་པའི་ཤེས་པ་ད་ལྟར་བས་རིག་པའི་ཕྱིར་རང་རིག་པའོ་ཞེ་ན་མ་ཡིན་ཏེ། འདས་པ་ད་ལྟར་བས་རིག་དུས་འདས་པ་ཡུལ་དུ་ཡོད་དམ་མེད། ཡོད་ན་རྟག་དངོས་སྲིད་པར་འགྱུར་ཏེ་ད་ལྟར་བའི་ཤེས་པ་ཡོད་དུས་འདས་པ་མ་འགགས་པར་ཡོད་པའི་ཕྱིར་རོ། །མེད་ན་མེད་པས་རིག་པའང་མེད་དེ་རིག་ཡུལ་མེད་པའི་ཕྱིར་རོ། །འོན་ཏེ་རང་ཉིད་རིག་པར་སྐྱེས་པས་རང་རིག་པ་ཡིན་ནོ་ཞེ་ནའང་མ་ཡིན་ཏེ་རང་རིག་པར་སྐྱེས་པ་དེ་གཞན་རིག་པ་ལ་ལྟོས་སམ་མི་ལྟོས། ལྟོས་ན་ཤེས་པ་གཅིག་པོ་དེའི་བློ་རྫས་གཞན་རིག་ཡིན་དུས་རང་རིག་མ་ཡིན་པས། རང་རིག་མ་ཡིན་པའི་ཤེས་པ་སྲིད་པར་འགྱུར་ལ། མི་ལྟོས་ན་རང་རིག་ཏུའང་བཞག་ཏུ་མེད་པར་འགྱུར་ཏེ། རང་རིག་ལྟོས་པས་གཞན་རིག་མེད་པའི་ཕྱིར་རོ། །རང་རིག་དང་གཞན་རིག་ཤེས་པ་གཅིག་གི་ལྡོག་པ་ཐ་དད་ཀྱང་། རྫས་གཅིག་ཡིན་པས་ཉེས་པ་མེད་དོ་ཞེ་ནའང་མ་ཡིན་ཏེ། གྲངས་ཅན་པའི་བློའི་མེ་ལོང་ངོས་གཉིས་པ་ཇི་ལྟར་འགོག །ཡང་བློ་རྫས་གཅིག་དུས་གཅིག་ཏུ་རང་རིག་དུས་གཞན་རིག་ན་འགྲོ་བ་གཅིག་གི་རྣམ་ཤེས་ངོས་གཉིས་པ་ཅན་གྲངས་ཅན་དང་ཁྱད་མེད་པ་ཉིད་དང་། རང་གཞན་རིག་པའི་ལྟོས་པ་དང་ལྟོས་ཆོས་སྐད་ཅིག་ཏུ་མཚུངས་པ་ཐ་དད་པའི་སྐྱོན་འདི་གང་གིས་བཟློག་པར་ནུས་པ་དེའི་ཕྱིར། དོན་དམ་པར་བདེན་རྫུན་གྱི་བློ་འདོད་པ་འདི་ཉིད་རིགས་པ་མ་ཡིན་ནོ། །དོན་གཉིས་པ་ཐུབ་པའི་གསུང་གི་གསང་བ་མཆོག་ཏུ་ཟབ་པ་དབུ་མ་པའི་ལུགས་ལ། ཤེས་བྱའི་གཞི་ལྔར་ཡོད་ཀྱང་། བདེན་པ་གཉིས་སུ་འདུས་པ་དེའི་ཕྱིར། ཆོས་ཐམས་ཅད་རང་བཞིན་གྱིས་ངོ་བོ་ཉིད་

p. 1063

མེད་པར་སྨྲ་བའི་གཞུང་ཆེན་པོ་གཉིས་ཏེ། རང་རྒྱུད་པའི་རྣམ་གཞག་དང་། ཐལ་འགྱུར་པའི་རྣམ་གཞག་གོ། དང་པོ་ལའང་གཉིས་ཏེ། དོན་དམ་པའི་བདེན་པ་རིག་ཤེས་ཀྱི་ཡུལ་དུ་ཁས་ལེན་པའི་རྣམ་གཞག་དང་། ཁས་མི་ལེན་པའི་ཁྱད་པར་ངེས་པར་བྱ་བའོ། །དང་པོ་ལ་དབྱེ་བ་དང་། མཚན་ཉིད་གཉིས་ལས། དབྱེ་བ་ལ་ལྔ་སྟེ། དབྱེ་གཞི། དབྱེ་དོན། ངེས་ཚིག །རབ་ཏུ་དབྱེ་བ། གྲངས་ངེས་པའོ། །དང་པོ་ནི་ཤེས་བྱ་ཙམ་མོ། །གཉིས་པ་ནི་སྤྱིར་མཚན་ཉིད་ཀྱི་ལྡོག་པ་ཙམ་ཡང་ཐ་དད་མེད་པ་མིང་གི་རྣམ་གྲངས་དང་། ངོ་བོ་ཐ་དད་པ་དང་། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་དང་། གཅིག་པ་བཀག་པ་ཙམ་གྱི་ཐ་དད་དང་བཞི་ལས། འདིར་དང་པོ་ནི། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། ཀུན་རྫོབ་མངོན་སུམ་ཚད་མས་རྟོགས་པ་ན་དེ་དང་ལྡོག་པ་ཐ་དད་མེད་པས་དོན་དམ་པའི་བདེན་པའང་རྟོགས་པའི་ཕྱིར་འཁོར་བའི་སེམས་ཅན་དང་པོ་ནས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་དང་། ཐ་དད་པ་དང་མི་ལྡན་པའི་དོན་དམ་པའི་བདེན་པ་དང་ལྡོག་པ་ཐ་དད་མེད་པས། ཀུན་རྫོབ་གཟུགས་ལ་སོགས་པའང་ཐ་དད་ཀྱིས་སྟོང་པར་འགྱུར་བ་དང་། གང་དམིགས་པའི་ཡུལ་དུ་བྱས་པས་ཉོན་མོངས་པ་འཕེལ་བར་འགྱུར་བའི་ཀུན་རྫོབ་ཀྱི་བདེན་པ་དང་ལྡོག་པ་ཐ་དད་མེད་པས། དོན་དམ་པའི་བདེན་པ་དམིགས་པའི་ཡུལ་དུ་བྱས་པ་ལས་ཉོན་མོངས་པ་རྒྱས་པར་འགྱུར་བ་དང་། ཚད་མས་གཟོད་རྟོགས་པ་བྱར་མེད་པའི་ཀུན་རྫོབ་ཀྱི་བདེན་པ་དང་ལྡོག་པ་ཐ་དད་མེད་པའི་ཕྱིར། དོན་དམ་པའི་བདེན་པའང་ད་གཟོད་གཏན་ལ་དབབ་ཏུ་མེད་པར་འགྱུར་རོ་ཞེས་སྐྱོན་བཞིས་བཀག་གོ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་འདོད་པ་ནི་སྒྱུ་མ་དོན་དམ་པའི་བདེན་པར་ཁས་ལེན་པ་ཡིན་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཆོས་གང་ཞིག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་བདེན་པའང་མེད་བརྫུན་པའང་མེད་ཅེས་བྱ་བ་དང་། མཉམ་པར་གཞག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་

p. 1064

ཅད་ནམ་མཁའི་དཀྱིལ་ལྟ་བུར་མཁྱེན་ལ། རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཁྱེན་ཏོ་ཞེས་གསུངས་པའི་ལུང་དང་འགལ་ཞིང་། བདེན་པས་སྟོང་པའི་སྣང་བའང་མ་ཡིན་ཏེ། དགག་དོན་དོན་དམ་པའི་བདེན་པར་གྲུབ་པ་ལ། གཅིག་དང་དུ་བྲལ་མེད་དགག་འགོད་ན་རི་བོང་གི་རྭས་མ་ངེས་སོ། །མ་ཡིན་དགག་ཙམ་འགོད་ན་ཀུན་རྫོབ་ཀྱི་བདེན་པས་མ་ངེས་སོ། །གཅིག་དང་དུ་མ་དང་བྲལ་བའི་སྣང་བ་རིག་ངོར་ཡོད་པའི་ཕྱིར་ཞེས་མ་ཡིན་དགག་ཁྱད་པར་ཅན་རྟགས་སུ་འགོད་ན། ཁྱད་པར་རིག་ངོར་ཡོད་པ་དང་ངོ་བོ་གཅིག་དང་དུ་བྲལ་འགལ་བས་མ་གྲུབ་པའི་ཕྱིར། རིགས་པ་མེད་ཅིང་ཡང་དག་པའི་ཀུན་རྫོབ་དང་ཁྱད་པར་མེད་པར་འགྱུར་བ་དང་། དགག་བྱའི་དཔྱོད་པ་མཚུངས་པ་དང་། སེམས་ཙམ་པ་ལས་ཀྱང་ལྟ་བ་དམན་པ་ལ་སོགས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རིགས་ཤིང་འཐད་པ་མ་ཡིན་ནོ། །དངོས་པོ་ཐ་དད་པར་འདོད་པ་ལྟར་ནའང་། དགོངས་འགྲེལ་གྱི་མདོ་ལས། དོན་དམ་པའི་བདེན་པ་མངོན་དུ་རྟོགས་ནའང་ཀུན་རྫོབ་དེ་ལས་ལོགས་སུ་དམིགས་པའི་ཕྱིར། མྱ་ངན་ལས་འདས་པ་མི་ཐོབ་པར་འགྱུར་བ་དང་། ཀུན་རྫོབ་དང་དངོས་པོ་ཐ་དད་པའི་དོན་དམ་པའི་བདེན་པ་དེ་ཀུན་རྫོབ་ཀྱི་བདེན་པའི་ཆོས་ཉིད་མ་ཡིན་པར་འགྱུར་ཏེ། བུམ་པ་སྣམ་བུའི་ཆོས་ཉིད་མ་ཡིན་པ་བཞིན་ནོ། །བདེན་པ་གཉིས་དངོས་པོ་ཐ་དད་པའི་ཕྱིར་ཀུན་རྫོབ་དག་རབ་ཏུ་མ་གྲུབ་པ་ཙམ་དོན་དམ་པའི་བདེན་པ་མ་ཡིན་པར་འགྱུར་ཏེ། བུམ་པ་རབ་ཏུ་མ་གྲུབ་པ་ཙམ་སྣམ་བུ་མ་ཡིན་པ་བཞིན་ནོ། །དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པས་མྱ་ངན་ལས་འདས་པ་ཐོབ་པའི་དུས་ནའང་། ཀུན་རྫོབ་དེ་ལས་ལོགས་སུ་དམིགས་པས་ཀུན་ནས་ཉོན་མོངས་པར་ཡང་འགྱུར་བས། སྐྱེས་བུ་གཅིག་གི་རྒྱུད་ལ་ཀུན་ནས་ཉོན་མོངས་རྣམ་བྱང་དུས་གཅིག་འཇུག་པ་མི་འགལ་བར་འགྱུར་རོ་ཞེས་རིགས་པ་ལྔས་གནོད་བྱེད་གསུངས་པ་ཡིན་ནོ། །དེས་ན་དོན་དམ་པའི་བདེན་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཀུན་རྫོབ་ཀྱི་བདེན་པ་ལས་དངོས་པོ་གཞན་དང་དེ་ཉིད་དུའང་

p. 1065

བརྗོད་དུ་མེད་པ། གཅིག་པ་བཀག་ཙམ་གྱི་ཐ་དད་ཡིན་ནོ། །ངེས་ཚིག་གམ་མིང་གི་དོན་ནི་སཾ་པྲྀ་ཏི་ཞེས་བྱ་བ་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་སྟེ། ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པ་འཁྲུལ་བའི་ཤེས་པའོ། །དེ་ནི་ཡུལ་དུ་བདེན་པས་ན་བདེན་པ་སྟེ་གཟུགས་ལ་སོགས་པ་སྣ་ཚོགས་པའི་ཆོས་སྣང་ཚོད་པའི་ངོ་བོ་རྨི་ལམ་དང་འདྲ་བ་འདི་ཉིད་དོ། །པ་ར་མ་ཨརྠ་ཞེས་པས། ངེས་པར་ལེགས་པའི་དོན་དུ་གཉེར་པ་རྣམས་ཀྱི་གཉེར་བྱའི་འབྲས་བུ་ཡིན་པས་དོན་དམ་པ། དེ་ཉིད་བློ་མ་འཁྲུལ་པའི་ངོ་བོ་རིག་པའི་ཤེས་པའོ། །དེ་ཉིད་གྱ་ནོམ་པ་མཆོག་ཏུ་གྱུར་པ་ཡིན་པས་ཀྱང་དམ་པ་སྟེ། བློ་མ་འཁྲུལ་པ་དེའི་ཡུལ་དུ་བདེན་པས་ན་བདེན་པ་སྟེ་དེ་བཞིན་ཉིད་དོ། །གྲངས་ངེས་པ་ནི་ཤེས་བྱ་གཟུགས་ལ་སོགས་པ་འདི་དག་ཡོད་མེད་ལ་སོགས་པ་གཉིས་བཅས་ཐམས་ཅད་ལས་འདས་པ་ཡིན་པ་བཀག་པ་ཙམ་གྱིས་གཉིས་དང་བཅས་པར་ངེས་ཏེ། བར་གྱི་ཕུང་པོ་གསུམ་པ་བསལ་བས་གཉིས་དང་བཅས་པ་དང་། གཉིས་ལས་འདས་པ་གཉིས་སུ་གྲངས་ངེས་པར་གཉིས་དང་བཅས་པ་འཛིན་པའི་ཚད་མས་ངེས་ལ། དེ་གཉིས་ནི་བདེན་པ་གཉིས་སུ་བཞག་པས་གྲངས་ངེས་པར་གྲུབ་བོ། །རབ་ཏུ་དབྱེ་བ་ནི་གཉིས་ཏེ། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའོ། །དེ་སྐད་དུའང་ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁས་པའི་བདེན་པ་འདི་གཉིས་ཏེ། །ཁྱོད་ཀྱིས་གཞན་ལས་མ་གསན་རང་གིས་གཟིགས། །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་སོ། །ཀུན་རྫོབ་ཀྱི་བདེན་པ་དེ་ཡང་དབྱེ་ན་གཉིས་ཏེ། སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་དང་། སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་ཏེ། །ཀུན་རྫོབ་ཀྱི་ནི་དབྱེ་བའང་བྱས། །ཞེས་སོ། །དེའང་སྣང་བ་དང་མཐུན་པར་དོན་བྱེད་ནུས་པ། རྒྱུ་ལས་སྐྱེས་པ། བརྟགས་པས་དབེན་པ། རང་རང་གི་རིགས་ལ་

p. 1066

མཐུན་པར་སྣང་བ་སྟེ་མཚན་ཉིད་བཞི་དང་ལྡན་པའི་གཟུགས་ལ་སོགས་པའི་ཆོས་ནི་ཡང་དག་ཀུན་རྫོབ་སྟེ་སོ་སོའི་དོན་བྱེད་ནུས་པར་ཡོད་ལ། སྣང་ཡང་དོན་བྱེད་མི་ནུས་པ་སྐྲ་ཤད་འབབ་པ་དང་ཟླ་བ་གཉིས་སུ་སྣང་བ་ལ་སོགས་པའི་ལོག་པའི་ཀུན་རྫོབ་ནི་དོན་བྱེད་ནུས་པར་མེད་པས་རབ་ཏུ་དབྱེ་བའོ་ཞེས་འདོད་དོ། །དོན་དམ་པ་ལའང་ཡང་དག་པར་སྐྱེ་བ་ལ་སོགས་པ་ནི་བཀག་ཙམ་ལས་སྐྱེ་མེད་ཀྱི་སྤྲོས་པ་ལས་མ་གྲོལ་བ་རྣམ་གྲངས་བའི་དོན་དམ་དང་། སྐྱེ་བ་དང་སྐྱེ་མེད་ལ་སོགས་པའི་སྤྲོས་པ་མཐའ་དག་ལས་གྲོལ་བ་རྣམ་གྲངས་མ་ཡིན་པའི་དོན་དམ་སྟེ་གཉིས་སུ་ཡོད་པར་དེ་ཉིད་ལས། སྐྱེ་བ་ལ་སོགས་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་ཞེས་པའི་བརྡ་མཛད་དོ། །ཞེས་སོ། །གཉིས་པ་མཚན་ཉིད་ལ་གཉིས་ཏེ། །མཚན་ཉིད་དངོས་དང་། ངེས་པར་བྱེད་པའི་ཚད་མའོ། །དང་པོ་ནི་བདེན་པ་ཙམ་གྱི་མཚན་ཉིད་ནི་ཆོས་གང་ཞིག་རང་བཞིན་མེད་པ། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ནི་ཆོས་ཅན་གང་ཞིག་རིག་པས་དཔྱད་མི་བཟོད་པ། དོན་དམ་བདེན་པའི་མཚན་ཉིད་གང་ཞིག་རིག་པས་དཔྱད་བཟོད་པའོ། །དེའང་རང་གི་ངོ་བོ་བདེན་པས་སྟོང་པ་ནི་རང་བཞིན་མེད་པ་ཡིན་ལ། མཐར་ཐུག་དཔྱོད་པའི་རིག་པས་དགག་པར་ནུས་པ་ལ་དཔྱད་མི་བཟོད་པ་ཟེར་ཞིང་། རིག་པ་གང་གིས་ཀྱང་དགག་པ་མི་ནུས་པ་ལ་དཔྱད་བཟོད་པ་ཞེས་བྱའོ། །དེའང་དངོས་པོར་སྨྲ་བས་དོན་བྱེད་ནུས་པ་དོན་དམ་པའི་བདེན་པར་འདོད་པས་ཡང་དག་པའི་ཀུན་རྫོབ་ཁས་མི་ལེན་ཡང་། དབུ་མ་པས་ཀུན་རྫོབ་གཉིས་སུ་སྨྲ་སྟེ་དཔྱད་མི་བཟོད་པའི་ཤེས་བྱ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་ཡིན་ལ། དཔྱད་མི་བཟོད་པའི་ཤེས་བྱ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་དོ། །ཡང་དངོས་པོར་སྨྲ་བས་དོན་དམ་པའི་བདེན་པ་ལ་གཞན་དབང་དོན་དམ་པའི་བདེན་པ་དང་། ཡོངས་སུ་གྲུབ་པ་དོན་དམ་པའི་བདེན་པ་ཞེས་བྱ་བ་གཉིས་སུ་སྨྲ་ཡང་། དབུ་མ་པས་སྤྲོས་པ་ཕྱོགས་གཅིག་པ་བཀག་

p. 1067

པས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཀག་པ་སྐྱེ་མེད་ཀུན་རྫོབ་ཀྱི་བདེན་པའི་བྱེ་བྲག་ལ་དོན་དམ་པའི་བདེན་པ་ཞེས་བཏགས་ནས་རྣམ་གྲངས་པའི་དོན་དམ་པ་དང་། གཤིས་ངོར་གང་དུའང་མ་གྲུབ་པས་དོན་དམ་པར་ན་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱོགས་ཙམ་ལ་རྣམ་གྲངས་པ་མ་ཡིན་པའི་དོན་དམ་པ་ཞེས་དབྱེ་ཡང་། སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་དོན་དམ་པར་དབྱེ་བའི་མཚན་ཉིད་པ་སྲིད་པ་མ་ཡིན་ནོ་ཞེས་སྨྲའོ། །གཟུགས་ལ་སོགས་པའི་ཤེས་བྱ་གཞི་ལྔ་ལས་བདེན་པ་གཉིས་ཀྱིས་མཚོན་པར་བྱ་བའི་གཞི་གང་ཡིན་ཞེ་ན། དོན་དམ་པའི་བདེན་པ་མཚོན་པའི་གཞི་ནི་འདུས་མ་བྱས་ཏེ། དེའང་འགོག་པ་གཉིས་དང་ནམ་མཁའ་ནི་དགག་བྱ་ལ་ལྟོས་པའི་བཀག་པ་ཡིན་པས་དཔྱད་མི་བཟོད་པའི་ཕྱིར་དོན་དམ་པའི་བདེན་པར་མི་རུང་སྟེ་དེ་བཞིན་ཉིད་ཁོ་ན་ཡིན་ལ། ཀུན་རྫོབ་ཀྱི་བདེན་པའི་མཚན་གཞི་ནི་དེ་བཞིན་ཉིད་སྐྱེ་བ་མེད་པ་མ་རྟོགས་པའི་ཤེས་བྱ་ཐམས་ཅད་ཡིན་པར་རིག་པར་བྱའོ། །ཀུན་རྫོབ་ཀྱི་བདེན་པའི་ཕྱོགས་འཛིན་པའི་དབུ་མ་པ་ཁ་ཅིག་བྱེ་བྲག་ཏུ་སྨྲ་བ་དང་མཐུན་པར་སྨྲ་སྟེ། དུས་མཉམ་པར་གཟུང་བ་དང་འཛིན་པའི་དངོས་པོར་ཉེ་བར་འདུ་བའི་རྒྱུ་ཚོགས་པ་སྔ་མ་ལས་སྐྱེས་པ་སྟེ། དེ་ཡང་ཐ་ན་རྟོག་པ་མེད་པའི་ཤེས་པ་ལ་གཟུང་ཆར་གསལ་བ་ཐམས་ཅད་ཕྱི་རོལ་གྱི་དོན་དུ་སྒྱུ་མ་ཙམ་དུ་བདེན་ནོ་ཞེས་སྨྲ་བ་དང་། ཡང་ཁ་ཅིག་ནི་མདོ་སྡེ་སྤྱོད་པའི་དབུ་མ་པ་ཁས་ལེན་ཏེ། ཤེས་པ་ལ་ཕྱི་རོལ་གྱི་དོན་ཉིད་དངོས་སུ་མི་སྣང་ཡང་དོན་གྱིས་ཤེས་པ་ལ་རང་གི་རྣམ་པ་གཏད་པས། ཤེས་པ་དོན་དང་འདྲ་བའི་རྣམ་པར་སྐྱེས་པ་ལ་དོན་རིག་གོ་ཞེས་དམིགས་པའི་ཚུལ་གྱིས་དོན་ཡོངས་སུ་སྤྱོད་པ་དུས་ཐ་དད་པའི་གཟུང་འཛིན་ཀུན་རྫོབ་ཏུ་གནས་སོ་ཞེས་སྨྲ་བ་དང་། ཡང་ཁ་ཅིག་གིས་རྣལ་འབྱོར་སྤྱོད་པའི་དབུ་མ་ཀུན་རྫོབ་ཏུ་ཤེས་པ་ལ་གསལ་ལོ་ཅོག་ཐམས་ཅད་ཤེས་པའི་དངོས་པོ་ཡིན་ཏེ། ཕྱི་རོལ་གྱི་དོན་དུ་མེད་དོ་ཞེས་རྣམ་བཅས་པ་དང་མཐུན་པར་སྨྲ་བ་དང་། ཁ་ཅིག་རྨི་ལམ་གྱི་ཡུལ་དུ་གཟུང་ཆར་ཤར་བ་དང་སད་པ་ནའང་སྐྲ་ཤད་ཀྱི་རྣམ་པ་དང་ཟླ་གཉིས་

p. 1068

ཀྱི་རྣམ་པ་དང་དོན་སྤྱི་ལ་སོགས་པ་དོན་དང་ཤེས་པའི་དངོས་པོ་གཉིས་ཀ་མ་ཡིན་པ་བཞིན་དུ། འཇིག་རྟེན་པ་ལ་དངོས་པོར་གྲགས་པ་རི་དང་ཁང་ཁྱིམ་དང་སྐྱེས་པ་དང་བུད་མེད་དང་བུམ་པ་དང་སྣམ་བུ་ལ་སོགས་པའང་། ཕྱི་རོལ་གྱི་དོན་དང་ཤེས་པའི་དངོས་པོ་གཉིས་ཀས་སྟོང་སྟེ། ཐོག་མ་མེད་པའི་དུས་ནས་མ་རིག་པའི་བག་ཆགས་ཀྱིས་མེད་པ་སྣང་བར་ཟད་པས་ཀུན་རྫོབ་ཏུ་ཡོད་པའི་དངོས་པོ་ནི་འཛིན་ཆར་གསལ་བའི་བདེ་བ་ལ་སོགས་པ་སེམས་དང་སེམས་ལས་བྱུང་བ་འབའ་ཞིག་ཏུ་ཟད་དོ་ཞེས་སྨྲ་བ་སྟེ། ཚུལ་དུ་མར་བཤད་ཀྱང་ཉན་ཐོས་བྱེ་བྲག་པ་ལྟར། རྡུལ་ཕྲན་འདུས་པ་ལས་རགས་པ་ཙམ་པའི་དངོས་པོ་མཚན་ཉིད་པ་དང་། སེམས་དང་སེམས་བྱུང་རང་རིག་པ་མེད་པར་སྨྲ་བ་ལ་སོགས་པ་ཁ་ཅིག་མི་མཚུངས་ཀྱང་། དོན་དུ་སྣང་བ་ཤེས་པར་མི་འདོད་པ་དང་། རང་རྒྱུ་སྔ་མ་ལས་སྐྱེས་པ་ལ་སོགས་པ་ཁ་ཅིག་མཚུངས་པ་ཡིན་ནོ། །དེའང་སེམས་ཙམ་པ་འདོད་པ་ལྟར་རང་རིག་ཁས་མི་ལེན་ཡང་། ཡོད་མེད་ཀྱི་སྒྲོ་སྐུར་གང་དུའང་མ་ཕྱེ་བའི་ཡེ་ཤེས་ཙམ་ཞིག་ཁས་ལེན་པ་ཡིན་ཏེ། འགྲེལ་ཆུང་ལས། སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་ཞེས་གསུངས་པ་བཞིན་ནོ། །ངེས་པར་བྱེད་པའི་ཚད་མ་ལ་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་ངེས་པར་བྱེད་པའི་ཚད་མ་ནི། གཟུགས་ལ་སོགས་པའི་སྣང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ལ། གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱི་རྗེས་སུ་འབྲང་བའི་རིགས་པའི་ཤེས་པ་རྗེས་སུ་དཔག་པའི་ཚད་མས་དཔྱད་བཟོད་པ་བདེན་པའི་དངོས་པོ་བཀག་པའི་ཤུགས་ལ། དཔྱད་མི་བཟོད་པའི་ཤེས་བྱར་ངེས་ཏེ་མཚན་ཉིད་ངེས་པ་ཡིན་ནོ། །དོན་དམ་པའི་བདེན་པ་ངེས་པར་བྱེད་པའི་ཚད་མ་ནི་དཔྱད་བཟོད་མཐར་ཐུག་དཔྱོད་པའི་རིགས་པས་གཞལ་བྱ་ངེས་པར་བྱེད་པའི་ཚད་མ་པ་ཐོབ་ནས་སོ་སོ་རང་གི་རིག་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རྟོགས་ནའང་། སོ་སོ་སྐྱེ་བོ་དེ་དག་གིས་གཏན་ཚིགས་ཀྱི་རྗེས་སུ་འབྲང་པའི་རིགས་ཤེས་རྗེས་དཔག་གིས་ངེས་པར་བྱེད་དོ། །དེའང་

p. 1069

ཆོས་ཅན་དངོས་པོའི་བྱེ་བྲག་བཏང་སྙོམས་སུ་བྱས་ཏེ་རིགས་སྤྱི་དངོས་པོ་ཙམ་གཞིར་བྱས་ཏེ་སྣང་བའི་ཕྱོགས་གཅིག་ལ་འཇུག་པའི་མངོན་སུམ་མམ་རྗེས་སུ་དཔག་པའི་ཚད་མས་ངེས་པ་ཡིན་ནོ། །དེ་ལྟར་ན་རིགས་ཀྱི་དངོས་པོ་ཙམ་ལ་བདེན་པའི་དངོས་པོ་བཀག་སྟེ་སྟོང་ཉིད་སྤྲོས་བྲལ་མཐར་ཐུག་དཔྱོད་པའི་རིག་པའི་གཞལ་བྱ་ངེས་པ་ན། རིགས་ཀྱི་ཁྱད་པར་གཟུགས་དང་བདེ་བ་ལ་སོགས་པ་དངོས་པོའི་བྱེ་བྲག་མ་ལུས་པ་ལ་སྒྲོ་འདོགས་གཅོད་དེ། དེ་དག་གིས་སྟོང་ཉིད་ཀྱི་ཁྱབ་བྱར་རྟོགས་པའི་དངོས་པོ་ཙམ་མ་དོར་བར་རྟོགས་པའི་ཕྱིར་རོ། །ཆོས་ཅན་དེ་ལ་དགག་བྱ་ཅི་འགོག་ཅེ་ན། དགག་བྱ་ནི་ཡོད་པར་མི་འདོད་དོ། །འོན་ཀྱང་རྟགས་དང་རྗེས་དཔག་དོན་མེད་པར་མི་འགྱུར་ཏེ། དགག་བྱ་མེད་པ་ལ་མེད་པར་རྟོགས་པར་བྱེད་པའི་ཕྱིར་ཏེ། དེའང་བདེན་པའི་དངོས་པོ་མེད་པ་ལ་མེད་པར་ཤེས་པར་བྱེད་པས། དཔེར་ན་ཐོ་ཡོར་ཡིན་ཡང་མ་ཤེས་པས་མིར་བཟུང་དུས་མིར་འཛིན་བཀག་ནས་ཐོར་བསྒྲུབས་ཀྱང་། མི་མ་ཡིན་པས་དགག་བྱ་མཚན་ཉིད་པ་མེད་པའི་ཕྱིར་ཐོར་བསྒྲུབས་ཀྱང་མི་མཚན་ཉིད་པ་བཀག་པ་མེད་པ་བཞིན་ནོ། །དེའང་བདེན་པར་ཞེན་པ་ཙམ་དགག་པ་ཡིན་གྱི། འདི་ཁོ་ན་འགོག་གོ་ཞེས་རྡུལ་ཕྲན་དང་རང་རིག་དང་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་མ་ཡིན་ཏེ། སྤྱི་བཀག་པས་བྱེ་བྲག་ཞར་ལ་ཁེགས་པའི་ཕྱིར་རོ། །གཉིས་པ་དོན་དམ་པའི་བདེན་པ་རིགས་ཤེས་ཀྱི་ཡུལ་དུ་ཁས་མི་ལེན་པ་ལྟར་ན། ཀུན་རྫོབ་ཏུ་སྣང་བའང་མེད་པ་གསལ་བར་སྣང་བ་རྨི་ལམ་ལ་སོགས་པ་དང་འདྲ་བ་ཉིད། རང་རྒྱུ་ལས་སྐྱེ་བར་སྣང་བ་ཙམ་དུ་གྲུབ་ཀྱང་། དོན་དམ་པར་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་བདེན་པ་གཉིས་ལ་སོགས་པ་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མ་གྲུབ་པར་འདོད་དེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་དོན་དམ་པར་རང་བཞིན་གྱིས་ངོ་བོ་ཉིད་མེད་པས་མྱ་ངན་ལས་འདས་པ་ཡང་མ་སྐྱེས་ཤིང་མེད་པའོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར། བདེན་པ་གཉིས་

p. 1070

ཀྱི་དབྱེ་བ་དང་མཚན་ཉིད་རྣམ་པར་གཞག་པ་ནི་རྣམ་གྲངས་ཀྱི་དོན་དམ་པའི་བདེན་པར་བལྟ་སྟེ། དེའི་ངོར་རྣམ་པར་གཞག་པར་ཟད་ཀྱི། རྣམ་གྲངས་མ་ཡིན་པའི་དོན་དམ་པའི་ངོར་ནི་ཤེས་བརྗོད་སྤྲོས་པའི་ཡུལ་ལས་འདས་པའི་ཕྱིར། བདེ་བའི་དབྱེ་བ་དང་མཚན་ཉིད་ངེས་པར་བྱེད་པའི་ཚད་མ་ག་ལ་སྲིད། བདེན་པ་སོ་སོའི་རྣམ་གཞག་དང་། གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ནི་ཡོད་པ་དང་མེད་པ་ལ་སོགས་པ་ལོག་པར་སྒྲོ་འདོགས་པ་ལས་གྲོལ་བར་བྱ་བའི་ཕྱིར་སྤྲོས་པ་གཅོད་པར་ཟད་དོ། །དེའང་དོན་དམ་པར་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པར་ངེས་པ་ཡང་གཏན་ཚིགས་ཆེན་པོ་ལྔས་ཁོང་དུ་ཆུད་པར་བྱེད་དོ། །དེའང་ཚུལ་བཞིས་རིག་པར་བྱ་སྟེ། དགག་བྱའི་རྒྱུ་དཔྱད་ནས་དགག་བྱ་འགོག་པ་རྡོ་རྗེ་གཟེགས་མ་དང་། འབྲས་བུ་དཔྱད་ནས་འགོག་པ་ཡོད་མེད་སྐྱེ་འགོག་དང་། རྒྱུ་འབྲས་གཉིས་དཔྱད་ནས་འགོག་པ་མུ་བཞི་སྐྱེ་འགོག་དང་། རང་གི་ངོ་བོ་དཔྱད་ནས་འགོག་པ་ལ། མ་ཡིན་དགག་གཏན་ཚིགས་སུ་བཀོད་པ་རྟེན་འབྲེལ་ཆེན་པོ་དང་། མེད་འགག་གཏན་ཚིགས་སུ་བཀོད་པ་གཅིག་དང་དུ་བྲལ་ལོ། །དང་པོ་རྡོ་རྗེ་གཟེགས་མ་ནི་གང་རང་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་མ་སྐྱེས་པ་དེ་ཉིད་སྐྱེས་པའི་དངོས་པོ་མཐའ་དག་གིས་སྟོང་སྟེ། དཔེར་ན་དངོས་པོ་མེད་པའི་དོན་སྤྱི་བཞིན་ནོ། །ཆོས་ཅན་དངོས་པོ་ཙམ་ཡང་དོན་དམ་པར་རང་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བས་སྟོང་པའི་ཕྱིར་ཞེས་བྱའོ། །གཉིས་པ་ནི་གང་རྒྱུ་ལས་འབྲས་བུ་ཡོད་པ་དང་མེད་པ་སྐྱེ་བས་སྟོང་པ་སྟེ། སྐྱེ་བའི་དངོས་པོ་མཐའ་དག་གིས་སྟོང་སྟེ། དཔེར་ན་དངོས་པོ་མེད་པའི་དོན་སྤྱི་བཞིན་ནོ། །ཆོས་ཅན་སྣང་བ་རྟེན་འབྲེལ་འདིའང་དོན་དམ་པར་རྒྱུ་ལ་འབྲས་བུ་ཡོད་པ་དང་མེད་པ་དང་སྐྱེ་བས་སྟོང་པའི་ཕྱིར་ཞེས་བྱའོ། །གསུམ་པ་ནི་གང་གཅིག་ལས་གཅིག་དང་གཅིག་ལས་དུ་མ་དང་། དུ་མ་ལས་གཅིག་དང་དུ་མ་ལས་དུ་མ་སྐྱེ་བས་སྟོང་པ་དེ་སྐྱེ་བའི་དངོས་པོ་མཐའ་དག་གིས་སྟོང་སྟེ། དཔེར་ན་དངོས་པོ་མེད་པའི་

p. 1071

དོན་སྤྱི་བཞིན་ནོ། །འདི་ལྟར་སྣང་བའང་དོན་དམ་པར་གཅིག་ལས་གཅིག་དང་གཅིག་ལས་དུ་མ་དང་དུ་མ་ལས་དུ་མ་དང་དུ་མ་ལས་གཅིག་སྐྱེ་བ་སྟེ། མུ་བཞིའི་སྐྱེ་བས་སྟོང་པའི་ཕྱིར་རོ་ཞེས་བྱ་བའོ། །བཞི་པ་རྟེན་འབྲེལ་ཆེན་པོ་ནི། གང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་དེ་བདེན་པའི་རང་བཞིན་གྱིས་སྟོང་སྟེ། དཔེར་ན་གཟུགས་བརྙན་བཞིན་ནོ། །འདི་ལྟར་སྣང་བའང་རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་བྱའོ། །གཅིག་དང་དུ་བྲལ་ནི་ཚུལ་གསུམ་གྱིས་རིག་པར་བྱ་སྟེ། གཏན་ཚིགས་དགོད་པ། ཕྱོགས་ཆོས་བསྒྲུབ་པ། ཁྱབ་པ་ངེས་པར་བྱེད་པའི་ཚད་མ་དཔྱད་པའོ། །དང་པོ་ནི་གང་གཅིག་དང་དུ་མ་དང་བྲལ་བས་ཁྱབ་པ་དེ་བདེན་པའི་དངོས་པོས་སྟོང་པས་ཁྱབ་སྟེ། དཔེར་ན་དངོས་པོ་མེད་པའི་དོན་སྤྱི་བཞིན་ནོ། །འདི་ལྟར་སྣང་བའང་། དོན་དམ་པའི་གཅིག་དང་དུ་མ་དང་བྲལ་བ་ཁྱབ་བྱེད་དུ་ཡོད་པའི་ཕྱིར་རོ་ཞེས་བྱ་བའོ། །གཉིས་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟགས་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གཅིག་དང་དུ་བྲལ་གྱི་ཕྱོགས་ཆོས་བསྒྲུབ་པ་གསུངས་ཏེ། བར་ན་གནས་པ་ལ་ཆ་དུ་མས་ཁྱབ་པ་ཉིན་ཞག་གི་སྟེང་དུ་ངེས་ཏེ། ཉིན་མོ་མཚན་མོ་གཉིས་ཀྱི་བར་ན་གནས་པ་ལ། སྔ་དྲོའི་དུས་དང་ཕྱི་དྲོའི་དུས་དང་གུང་གི་དུས་ཏེ་ཆ་གསུམ་གནས་པ་ལ། སྔ་དྲོ་ལ་སོགས་པའི་ཁྱད་པར་བཏང་སྙོམས་སུ་བྱ་སྟེ་བར་ན་གནས་པ་ཙམ་ལ། ཆ་གསུམ་ཙམ་གྱིས་ཁྱབ་པ་དངོས་སུ་ངེས་པའི་ཚད་མས་སྐད་ཅིག་སྔ་ཕྱིའི་བར་ན་གནས་པ་དོན་དམ་པའི་སྐད་ཅིག་ཆ་ཤས་མེད་པར་བརྟགས་པ་དེ་ཡང་། སྐད་ཅིག་སྔ་ཕྱིའི་བར་ན་གནས་པའི་རྟགས་ལས་ཆ་གསུམ་དང་ལྡན་པར་དཔག་པས་དོན་དམ་པའི་ཆ་མེད་གཅིག་དང་བྲལ་བར་གནས་ལ། གཅིག་ཁེགས་པས་དེའི་བསགས་པའི་དོན་དམ་པའི་དངོས་པོ་ཆ་ཤས་མེད་པ་དུ་མའང་བཀག་པར་གྲུབ་སྟེ། དོན་དམ་པའི་གཅིག་

p. 1072

དང་དུ་མ་དང་བྲལ་བའི་ཕྱོགས་ཆོས་གྲུབ་པ་ཡིན་ནོ། །གསུམ་པ་ཁྱབ་པ་ངེས་བྱེད་ཀྱི་ཚད་མ་ནི། བུམ་པ་ལ་སོགས་པའི་སྟེང་དུ། བུམ་པ་ལ་སོགས་པའི་ཁྱད་པར་བཏང་སྙོམས་སུ་བྱས་ཏེ། ཡོད་པའི་དངོས་པོ་ཙམ་ལ་དུ་མའི་དངོས་པོ་ཡིན་པ་བཀག་པ་ཙམ་གྱིས། གཅིག་གི་དངོས་པོར་ཡོད་དུས་སུ་ཆོད་དེ། ཡོད་པའི་དངོས་པོ་ཙམ་ལ་གཅིག་ཏུ་ཡོད་པའམ་དུ་མར་ཡོད་པས་ཁྱབ་པ་དངོས་སུ་ངེས་པ་ན། གཅིག་དང་དུ་མའི་ཁྱབ་བྱར་མཐོང་བའི་ཡོད་པའི་དངོས་པོ་འདི་ཉིད། དོན་དམ་པའི་དངོས་པོ་ཡིན་ནའང་དེའི་གཅིག་དང་དུ་མས་མ་ཁྱབ་པར་དོགས་པ་སྐྱེ་བའི་ནུས་པ་བཅོམ་སྟེ། དོན་དམ་པའི་དངོས་པོ་ལ་གཅིག་དང་དུ་མས་ཁྱབ་པ་མཚན་ཉིད་ངེས་པའི་ཚུལ་གྱིས་ཤུགས་ལ་གྲུབ་པ་ཡིན་ནོ། །དེའང་རིག་པའི་དབང་ཕྱུག་གིས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །ཅེས་བཤད་པ་བཞིན་ནོ། །དེ་ལྟར་ཆོས་ཅན་དང་དགག་བྱ་དང་གཏན་ཚིགས་བཤད་པས། ཡང་དག་པའི་གཏན་ཚིགས་སུ་བསྒྲུབས་པ་དེའི་བསྒྲུབ་བྱ་ནི། སྒྱུ་མ་ལ་སོགས་པ་ཡོངས་དཔྱོད་པ་ཡིན་པར་དགག་པ་ནི་མ་ཡིན་ཏེ། བདེན་པའི་དངོས་པོ་བཀག་པ་ཙམ་རྣམ་བཅད་མེད་དགག་བསྒྲུབ་པ་ཡིན་ནོ། །དེ་རྟོག་པའང་གཞི་ཆོས་ཅན་མི་སྣང་བའི་ཚུལ་གྱིས་སྤྲོས་པ་གཅོད་དེ་རིགས་པར་འགྲོ་བའི་ལྡོག་པ་ལ་ཆོས་ཅན་སྣང་བ་ནི་མ་ཡིན་ཏེ། ཆོས་ཅན་རིགས་པས་མ་གྲུབ་པའི་ཕྱིར་དང་། རིགས་ཤེས་ཚད་མ་ལ་སྣང་ལ་མ་ངེས་པ་མི་སྲིད་པའི་ཕྱིར་རོ། །རིགས་པས་མ་ངེས་པའང་རིགས་པའི་ཤེས་པས་ཆོས་ཅན་གྱི་སྒྲོ་འདོགས་མི་གཅོད་པའི་ཕྱིར་རོ། །དེ་ལ་ཆོས་ཅན་ངེས་པའི་ཚད་མས་ཆོས་ཅན་གྱི་སྒྲོ་འདོགས་མ་ཆོད་ན་ཆོས་ཅན་མི་གྲུབ་པར་ཐལ་ལོ། །ཆོད་ན་རིགས་ཤེས་ཀྱིས་ཆོས་ཅན་གྱི་སྒྲོ་འདོགས་གཅད་དུ་མེད་པའི་ཕྱིར་རོ། །དེ་ལྟར་རིགས་ཤེས་རྗེས་དཔག་གི་རང་བཞིན་སྐྱེ་མེད་སྤྲོས་བྲལ་དཔྱད་བཟོད་དོན་དམ་བདེན་པའི་མཚན་ཉིད་ཡིན་ནོ་ཞེས་དབུ་མ་རང་རྒྱུད་པ་རྣམས་འདོད་པ་ཡིན་ནོ། །ཚུལ་དེའང་ད་དུང་མཐུར་ཐུག་མ་

p. 1073

ཡིན་ཏེ། དོན་དམ་པར་མེད་ལ་ཀུན་རྫོབ་ཏུ་ཡོད་པ་བསྒྲུབས་པའི་རྟགས་ཀྱིས་རྟག་པ་དང་ཆད་པ་གཉིས་ཀྱི་དངོས་པོ་ལས་མ་འདས་པ་ཉིད་དང་། བློས་བཅད་པའི་རིགས་ཤེས་ཙམ་རྟོག་པ་ཉིད་ལས་ཡང་དག་པའི་དོན་དུ་མི་རུང་བ་དང་། སྤྲོས་པ་བཀག་ཙམ་སྤྲོས་པའི་བྱེ་བྲག་ལས་མ་འདས་པ་ཉིད་ལ་སོགས་པའི་རིགས་པ་དུ་མས་གནོད་དེ། རིགས་པ་དྲུག་ཅུ་པའི་འགྲེལ་བར། གང་ཀུན་རྫོབ་ཏུ་ཡོད་པ་ཁས་བླངས་པ་དེའི་ཚེ་རྟག་པར་འགྱུར་ལ། དོན་དམ་པར་མེད་པ་འདོད་པ་དེའི་ཚེ་ཆད་པར་འགྱུར་ན་ཞེས་པ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེའང་བདེན་པ་ཐ་དད་དུ་འདོད་ན། རྫས་གཅིག་ན་ནི་དོན་དམ་མེད་པ་ལྟར་ཀུན་རྫོབ་ཀྱང་མེད་པར་འགྱུར་བ་དང་། ཀུན་རྫོབ་ཡོད་པ་སྣ་ཚོགས་ལྟར་དོན་དམ་པ་ཡང་མི་རྟག་པ་ལ་སོགས་པར་འགྱུར་བ་དང་། རྫས་སམ་ངོ་བོར་གྲུབ་ན་མཉམ་དུ་གྲུབ་པ་ལ་སོགས་པ་སྟེ་འགལ་བ་དུ་མ་གནས་པ་ཡིན་ནོ། །གཉིས་པ་དབུ་མ་ཐལ་འགྱུར་བའི་ལུགས་ལ་གསུམ་སྟེ། བློ་འཁྲུལ་པ་དང་མ་འཁྲུལ་པའི་དབྱེ་བ། དེ་ལ་ལྟོས་ནས་བདེན་པ་གཉིས་སུ་དབྱེ་བའི་ཚུལ། ཐལ་འགྱུར་གྱིས་སྤྲོས་པ་གཅོད་པའི་ཚུལ་ལོ། །དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་ངེས་པ་དོན་གྱི་ལྟ་བ་འཛིན་པའི་སློབ་མའི་མཆོག་ཟླ་བ་གྲགས་པ་ལ་སོགས་པ་རྣམས་ནི་འདི་ལྟར་འདོད་དེ། ས་ཐོབ་པའི་མཉམ་གཞག་དང་སངས་རྒྱས་ཀྱི་ས་ན་ཤེས་བྱ་དང་ཤེས་བྱེད་ལ་སོགས་པའི་ཡུལ་དང་ཡུལ་ཅན་གྱི་ཤེས་བྱ་གཟུང་འཛིན་དུ་སྣང་བ་གང་ཡང་མ་གྲུབ་པས་ཡུལ་ཅན་ཡེ་ཤེས་ཀྱི་འཇུག་པའང་ཞི་བ་སྟེ། དེའི་ཚེ་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཐམས་ཅད་རྒྱུན་ཆད་དེ་སྨྲ་བསམ་བརྗོད་དུ་མེད་པའི་ཡེ་ཤེས་ལ་ཆོས་ཉིད་རྟོགས་པ་ཡང་དག་པའི་བློ་མ་འཁྲུལ་པ་ཞེས་བྱ་བར་བཏགས་པར་འདོད་དེ། འཇུག་པ་ལས། གང་ཕྱིར་ཆོས་ཉིད་སྐྱེ་མེད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཕྱིར་དེ་རྣམས་བརྟེན་ལ་དེ་ཡིས་དེ་ཉིད་རིགས་པ་ལྟ་བུ་སྟེ། །གང་ཕྱིར་སེམས་ནི་ཡུལ་གྱི་རྣམ་པར་འབྱུང་བས་དེ་ཡི་

p. 1074

ཡུལ། །དེ་རབ་རིགས་པ་དེ་བཞིན་ཐ་སྙད་བརྟེན་ནས་རིགས་པ་ཡིན། །ཅེས་པ་དང་། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་སྟེ་རྒྱལ་རྣམ་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་པ་དང་། ཚིག་གསལ་ལས། འདིར་སེམས་དང་སེམས་ལས་བྱུང་བའི་སྤྲོས་པ་ཡང་རྒྱུན་ཆད་པ་དང་ཞེས་སོ། །དེའི་གནས་སྐབས་ནི་དོན་དམ་པའི་བདེན་པ་རྟོགས་པ་ཞེས་བཏགས་ལ། དེའི་ཡུལ་ནི་གཤིས་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་ཡིན་ནོ། །མཐོང་བ་རྫུན་པ་བློ་འཁྲུལ་པ་ནི་སོ་སོ་སྐྱེ་བོ་མ་རིག་པའི་བག་ཆགས་ཀྱིས་མིག་མདོངས་པས། རབ་རིབ་དང་སྐྲ་ཤད་འཛག་པ་ལ་དོན་དུ་ཞེན་པ་ལྟར། འགྲོ་བ་དྲུག་གི་གནས་དང་ལོངས་སྤྱོད་ལ་སོགས་པའི་བདེ་སྡུག་སྣ་ཚོགས་སུ་སྣང་བ་འཁྲུལ་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་གཟུང་འཛིན་གྱི་རྣམ་པ་རྣམས་དང་། ས་ཐོབ་པའི་རྗེས་ཐོབ་ན་གཞན་དང་ཐུན་མོང་དུ་སྣོད་བཅུད་ལ་སོགས་པར་སྣང་བའི་རྣམ་པ་དང་། སྣང་ཙམ་དབང་པོའི་མངོན་སུམ་དང་མེ་ལ་སོགས་པ་དཔོག་པའི་རྗེས་སུ་དཔག་པ་ལ་སོགས་ཏེ་བློ་རིམ་གཉིས་ནི་ཀུན་རྫོབ་པའི་རྣམ་པ་འཇལ་བ་ལ་ལྟོས་ནས་སྣང་ལ། དེའང་མིག་ལ་སོགས་པའི་དབང་པོ་དག་པ་པ་དང་། སྐྱོན་ཅན་གཉིས་ལས་ཀུན་རྫོབ་གཉིས་སུ་བཞག་སྟེ་དེ་ཉིད་ལས། མཐོང་བ་རྫུན་པ་རྣམ་པ་གཉིས་ཡིན་ཏེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་པོ་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ལ་ལྟོས་ལོག་པར་འདོད། །ཅེས་སོ། །གཉིས་པ་བདེན་པ་གཉིས་སུ་དབྱེ་བའི་ཚུལ་ལ་གཉིས་ཏེ། རང་བཞིན་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླངས་ཚུལ་ལོ། །དང་པོ་ལ། མཚན་གཞི། མཚན་ཉིད། དབྱེ་བ། གྲངས་ངེས། ངེས་ཚིག །ངེས་བྱེད་ཀྱི་ཚད་མ་དང་དྲུག་ལས། དང་པོ་ནི་སྤྱི་ཐུན་མོང་བའི་དབྱེ་གཞི་མཚན་ཉིད་པ་མེད་མོད་ཀྱི། འཇིག་རྟེན་པའི་བློ་ངོ་ན་བདེན་པ་མ་ཡིན་པ་

p. 1075

ལས་ལོག་ཙམ་གྱི་བདེན་པ་ཙམ་ཞིག་གནས་པ་ལ་བྱ་སྟེ་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། བདེན་པ་གཉིས་སུ་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ་ཞེས་སོ། །ཡང་ན་རང་བཞིན་མེད་པ་ཙམ་ཞིག་དབྱེ་གཞིར་བྱ་སྟེ། འཇུག་པ་ལས། བདེན་པ་གཉིས་ཆར་དུ་ཡང་རང་བཞིན་མེད་པའི་ཕྱིར། །འདི་དག་རྟག་པ་མ་ཡིན་ཆད་པའང་མིན། །ཅེས་སོ། །ཀུན་རྫོབ་ཀྱི་བདེན་པའི་མཚན་གཞི་ནི་རྣམ་ཤེས་དྲུག་པོ་སྣང་བའི་ཡུལ་དང་བཅས་པའི་རྣམ་པ་རྣམས་སོ། །དེའང་དབུ་མ་པས་རྣམ་ཤེས་དྲུག་ཏུ་འཇུག་ཚུལ་ཉན་ཐོས་པ་དང་མཐུན་ནོ། །དོན་དམ་བདེན་པ་ནི་ཆོས་ཀྱི་དབྱིངས་ངོ་བོ་ཉིད་ཀྱིས་དག་པ་མཚན་གཞིར་འདོད་དོ། །མཚན་ཉིད་ལ་གཉིས་ལས་ཀུན་རྫོབ་ཀྱི་མཚན་ཉིད་གཟུང་འཛིན་སྤྲོས་པ་དང་བཅས་པའི་རྣམ་པར་སྣང་བ། དེའང་སྒྲིབ་པའི་རྣམ་པར་སྐྱེས་པ་སྟེ། དེ་ཉིད་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་སོ། །ཞེས་སོ། །དེའང་འཁོར་བའི་ཆོས་སེམས་དང་སེམས་ལས་བྱུང་བ་ཡུལ་གྱི་རྣམ་པ་སྣང་བ་དང་བཅས་པ་ཐམས་ཅད་ཀུན་རྫོབ་ཡིན་ལ། ས་ཐོབ་ཀྱང་སེམས་སེམས་བྱུང་མ་འགགས་པའི་ཆ་ཡུལ་མ་དག་པ་གཟུགས་སོགས་ཚོགས་དྲུག་སྣང་བ་དང་བཅས་པ་སྤང་བྱར་གྱུར་ཏོ་ཅོག་ཀུན་རྫོབ་ཀྱི་ཕྱོགས་སུ་བསླན་ནས་འཁྲུལ་པར་བཞག་གོ། དོན་དམ་པའི་བདེན་པའི་མཚན་ཉིད་ནི་གཟུང་འཛིན་སྤྲོས་པ་དང་བྲལ་བའི་ངོ་བོ་སྟེ། དེའང་སྒྲ་ཚིག་ལ་སོགས་པས་དངོས་སུ་མི་རྟོགས་པའི་ཆ་ནས་གཞན་ལས་ཤེས་པ་མ་ཡིན་པ། སེམས་སེམས་བྱུང་གི་རྙོག་པ་ཆོས་ཀྱི་དབྱིངས་སུ་ཞི་བ་རྣམ་རྟོག་ལས་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། གྲུབ་པའི་མཐས་མ་རེག་པ་སྟེ་རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ། །དེའང་དོན་གཅིག་

p. 1076

པ་དང་ཐ་དད་ལ་སོགས་པ་ནི་དངོས་པོ་སྨྲ་བ་དག་གི་གྲུབ་མཐའ་ཡིན་པས་མ་རིག་པ་ཙམ་དུ་མ་ཟད། སྤྲོས་པ་དང་བྲལ་བ་དབུ་མ་པའོ་ཞེས་པར་ཡང་མ་གྲུབ་པ་ཡིན་ནོ། །མདོར་ན་མྱ་ངན་ལས་འདས་པའི་ཆོས་ཟབ་པ་དང་ཞི་བ་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དང་། དེ་རྟོགས་པའི་བློ་སྒྲིབ་པ་ཐམས་ཅད་བྲལ་བ་སངས་རྒྱས་ཀྱི་ཡེ་ཤེས་ཡུལ་རྣམ་པར་དག་པ་འགྱུར་བ་མེད་པར་སྣང་བ་དང་། ས་ཐོབ་པའི་མཉམ་གཞག་གི་ཡེ་ཤེས་མཉམ་གཞག་དང་དེའི་ངོ་བོ་གཅིག་ཏུ་གནས་པའི་རྗེས་ཐོབ་སྣང་བ་ལྷག་མཐོང་གི་རྣམ་པར་གྱུར་ཏོ་ཅོག་དོན་དམ་པའི་བདེན་པའོ། །དབྱེ་ན་གཉིས་ལས་རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་སོ། །དེའང་བློ་འཁྲུལ་པའི་ངོ་ན་ཤེས་བྱ་སྣ་ཚོགས་སུ་སྣང་བ་ཀུན་རྫོབ་ལ། མ་འཁྲུལ་པའི་ངོ་བོར་ཅིར་ཡང་བསམ་བརྗོད་ལས་འདས་པར་གནས་པ་ནི་དོན་དམ་དུ་དབྱེ་སྟེ། འཇུག་པ་ལས། དངོས་ཚོགས་ཡང་དག་ལོག་པའི་མཐོང་བ་ཡིས། །དངོས་རྙེད་ངོ་བོ་ཉིད་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་འདོད། །ཅེས་སོ། །ཀུན་རྫོབ་དེའང་དབྱེ་ན་གཉིས་ཏེ། དབང་པོ་སྐྱོན་ཅན་གྱི་ཡུལ་དུ་སྣང་བ་ལོག་པའི་ཀུན་རྫོབ་དང་། སྐྱོན་མེད་ཀྱི་ཡུལ་དུ་སྣང་བ་ཡང་དག་པའི་ཀུན་རྫོབ་བོ། །དང་པོ་ནི་ཟླ་བ་གཉིས་དང་རྨི་ལམ་ལ་སོགས་པ་འཇིག་རྟེན་པའི་བློ་ངོར་སྣང་ཡང་མི་བདེན་པར་གྲགས་པ་རྣམས་ནི་དབུ་མ་པས་ཀྱང་མི་འགོག་པར་བརྡ་ཤེས་པའི་ཐ་སྙད་ཙམ་དུ་ལོག་པའི་ཀུན་རྫོབ་ཅེས་བཏགས་ནས་བཞག་ལ། ཟླ་བ་གཅིག་ཏུ་སྣང་བ་ལ་སོགས་པ་འཇིག་རྟེན་པའི་བློ་ངོར་ཡང་སྣང་ལ་བདེན་པར་གྲགས་པ་ལ་འདིར་ཡང་ཡང་དག་ཀུན་རྫོབ་ཅེས་བཏགས་ཏེ་དེ་ཉིད་ལས། གནོད་པ་མེད་པ་དབང་པོ་དྲུག་པོ་ཡི། །ཡུལ་གྱུར་གང་ཡིན་འཇིག་རྟེན་ལ་ལྟོས་ནས། །འཇིག་རྟེན་ལ་ཡང་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་དུ་

p. 1077

ལོག་པས་རྣམ་པར་གཞག །ཅེས་སོ། །དེས་ན་བློ་འཁྲུལ་པ་ལ་སྐྲ་ཤད་དུ་སྣང་བ་མིག་དག་པ་ལ་ཅིར་ཡང་མ་མཐོང་བ་བཞིན་དུ། བློ་འཁྲུལ་པ་ལ་སྣ་ཚོགས་སུ་སྣང་བ་ཉིད། འཕགས་པའི་མཉམ་གཞག་དང་འཁྲུལ་པ་ཟད་པའི་སངས་རྒྱས་ལ་ཅིར་ཡང་དམིགས་པར་བྱ་བ་མེད་པས་ད་ལྟར་གྱི་འཁྲུལ་སྣང་རང་འགའ་བ་ཆ་དང་བཅས་པ་མི་སྣང་བར་འདོད་དེ། དེ་ཉིད་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །དངོས་པོ་ལོག་པ་གང་ཞིག་རྣམ་བརྟགས་ལས། །དེ་ཉིད་གང་གིས་བདག་ཉིད་མིག་དག་པ། །མཐོང་བ་གང་ཡིན་དེ་བཞིན་འདིར་ཤེས་བྱ། །ཞེས་སོ། །དེའང་གདུལ་བྱའི་བསོད་ནམས་དང་སངས་རྒྱས་ཀྱི་བྱིན་རླབས་ལས་སྣང་བའི་སྤྲུལ་པས་དོན་མཛད་པའང་རྨི་ལམ་ནང་དུ། གཉིད་མ་སོང་བས་སྤྲུལ་པ་བཏང་ནས། ཆོས་འཆད་པ་ལ་སོགས་པ་རང་སྣང་མཐུན་པར་དོན་བྱེད་དུས། གདུལ་བྱའི་སྣང་ངོའི་རྨི་ལམ་ཡང་མ་འགགས་པར་འཆར་བ་དངོས་སུ་དེ་ཉིད་ལ་སྣང་བ་མཁྱེན་དུས། རང་ཉིད་ལ་རྨི་ལམ་མེད་དེ་གཉིད་དུ་མ་སོང་བའི་ཕྱིར་ན། ཚུལ་དེ་བཞིན་དུ་སེམས་ཅན་ལ་འཁྲུལ་སྣང་ཤར་བར་མཁྱེན་ནས་དོན་མཛད་ཀྱང་། སངས་རྒྱས་ཉིད་ལ་འཁྲུལ་སྣང་ཅུང་ཟད་ཀྱང་སྣང་བ་མེད་དོ། །འདིར་དབྱེ་བ་ནི་མཚན་ཉིད་ལ་ལྟོས་ནས་དབྱེ་བ་ཡིན་ལ། རང་བཞིན་དུ་དབྱེ་བ་ལས་འདས་པར་འདོད་དེ་སྟོང་ཉིད་ཡིན་པའི་ཕྱིར་རོ། །དེའང་སྟོང་པ་ཉིད་སྣང་བའི་དབྱིངས་ཅན་དེ་བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་སོ། །གལ་ཏེ་དབྱེ་བ་ཐ་དད་དུ་གྲུབ་ན་ཕྱིན་ཅི་ལོག་པ་སྟེ། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་སེམས་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཅེས་སོ། །བཞི་པ་གྲངས་

p. 1078

ངེས་པ་ནི་སྤྲོས་པ་ལས་གྲོལ་མ་གྲོལ་དངོས་འགལ་དུ་ངེས་པས་བསྒྲུབ་ཕྱོགས་དང་དགག་ཕྱོགས་ཀྱི་ཕུང་པོ་གསུམ་པ་ཁེགས་པས་གཉིས་སུ་གྲངས་ངེས་སོ། །རྣམ་པ་གཅིག་ཏུ་ན་ཡུལ་རྣམས་ནི་ཡུལ་ཅན་ལ་ལྟོས་ནས་འཇོག་པ་ན་ཡུལ་ཅན་ནི་མཐར་མ་ཐུག་པ་འཁྲུལ་པའི་བློ་དང་། མཐར་ཐུག་པ་མ་འཁྲུལ་པའི་བློ་གཉིས་ལས་མི་འདའ། དེ་ལ་འཁོར་བའི་ཆོས་རྣམས་ནི་འཁྲུལ་པ་དང་ཆོས་ཉིད་ནི་མ་འཁྲུལ་པའི་ཡུལ་ཡིན་པས། བློའི་དབང་གིས་གཉིས་སུ་བཞག་སྟེ་འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པའི་མཐོང་བ་ཡིས། །དངོས་རྙེད་ངོ་བོ་ཉིད་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་སོ། །ལྔ་པ་ངེས་ཚིག་ནི་ཀུན་རྫོབ་ལ། སཾ་བྲྀ་ཏིས་ཏྱ་ཞེས་པའི་སཾ་ལ་མྱ་ཀའི་རྐྱེན་བྱིན་པས་ཡང་དག་པ་དང་། པྲྀ་ལ་ཨ་ཝ་རའི་རྐྱེན་བྱིན་པས་སྒྲིབ་པ་དེ་བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་སོ། །སཏྱ་ནི་བདེན་པ་སྟེ་མ་དཔྱད་ན་བདེན་པར་སྣང་ཙམ་ནས་བཏགས་སོ། །དོན་དམ་པ་ལ་པ་ར་མ་ཨརྠ་སཏྱ་ཞེས་པའི་པ་ར་མ་དམ་པ་དང་། ཨརྠ་དོན་ཏེ་དམ་པ་རྣམས་འཇུག་པའི་དོན་ཡིན་པའོ། །སཏྱ་ནི་བདེན་པ་སྟེ་དཔྱད་ན་གནོད་མེད་དུ་གནས་པའོ། །དྲུག་པ་ངེས་བྱེད་ཀྱི་ཚད་མ་ནི། ཆོས་དབྱིངས་དོན་དམ་ཆོས་ཅན། སྤྲོས་པ་ལས་གྲོལ་བར་ཐལ། དམིགས་བཅས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། དེའང་ཡེ་ཤེས་ཀྱིས་ནི་དམིགས་པ་མེད་པའི་ཚུལ་གྱིས་རྟོགས་སོ། །ཆོས་ཅན་ཀུན་རྫོབ་པ་རྣམས་ཆོས་ཅན། སྤྲོས་པ་དང་བཅས་པར་ཐལ། དམིགས་བཅས་ཀྱི་བློའི་སྤྱོད་ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ་དམིགས་བཅས་ཀྱི་བློ་དང་དེའི་ཡུལ་རྣམས་ནི་ཀུན་རྫོབ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དོན་དམ་གྱི་མཚན་གཞི་ལ་མཚན་ཉིད་རིགས་ཤེས་ཀྱིས་གྲུབ་ལ། ཀུན་རྫོབ་ཀྱི་མཚན་གཞི་ལ་མཚན་ཉིད་མཚན་གཞི་འཛིན་པའི་ཐ་སྙད་པའི་ཤེས་པས་གྲུབ་བོ། །གཉིས་པ་ཤེས་ནས་ཉམས་

p. 1079

སུ་བླང་བའི་ཚུལ་ནི། སྦྱོར་བ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཆོས་ཐམས་ཅད་གང་དུའང་མ་གྲུབ་པར་ལྟ་བས་ཐག་བཅད་པའི་ངང་དེར་སེམས་སྤྲོ་བསྡུ་དང་བྲལ་བར་བསྒོམ་པ་སྟེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་དང་། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པའི། །རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། །ཞེས་པའི་ངང་ལ་ཅི་ཙམ་གནས་ཀྱི་བར་བཞག་ནས་བསྔོ་བ་བྱ་བ་ནི་དོན་དམ་བདེན་པའི་བླང་ཚུལ་ལོ། །ཀུན་རྫོབ་བླང་ཚུལ་ནི་མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་ཤེས་པས་བསོད་ནམས་ཀྱི་ཚོགས་བསག་གོ། དེ་ལྟར་མཉམ་རྗེས་ཐབས་དང་ཤེས་རབ་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་བསགས་པའི་མཐར་ཆོས་སྐུ་དང་གཟུགས་སྐུ་དམ་པ་གཉིས་ཐོབ་སྟེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་འགྲུབ་པའི་རྒྱུ། །དེ་ལྟས་མདོར་ན་བསོད་ནམས་དང་། །ཡེ་ཤེས་དེ་ནི་རྟག་བརྟེན་མཛོད། །ཅེས་སོ། །དེའང་གཞི་དབུ་མ་བདེན་གཉིས། ལམ་དབུ་མ་ཚོགས་གཉིས། འབྲས་བུ་དབུ་མ་སྐུ་གཉིས་སུ་འདུས་པ་ཡིན་ནོ། །གསུམ་པ་ཐལ་འགྱུར་གྱི་སྤྲོས་པ་གཅོད་པའི་ཚུལ། སྔར་སྨྲོས་པ་བཞིན་གཏན་ཚིགས་ལྔས་ཆོས་ཐམས་ཅད་རང་བཞིན་མེད་པར་འཇལ་ལ། དེའང་རང་རྒྱུད་པ་ལྟར་ཀུན་རྫོབ་བདེན་པ་བཀག་ནས་རྫུན་པར་བསྒྲུབ་པའམ། དོན་དམ་ལ་སྤྲོས་པ་བཀག་ནས་སྤྲོས་མེད་བསྒྲུབས་པ་ལྟར་མ་ཡིན་ཏེ། གང་དུ་ཞེན་པ་དེ་དངོས་སུ་བཀག་ཀྱང་ཤུགས་ལ་གང་ཡང་མི་བསྒྲུབ་པས་ཕ་རོལ་གྱི་ལོག་རྟོག་ཟློག་པར་བྱེད་པའོ། །

p. 1080

དེའང་སྤྲོས་པ་གཅོད་པར་བྱེད་པ་ནི་སྤྲོས་པར་སྨྲ་བའི་ཁས་བླངས་ནང་འགལ་བའི་ཐལ་འགྱུར་བ་ཁོ་ན་བྱེད་དེ། གྲངས་ཅན་པས་རྒྱུ་ལ་ཡོད་པ་སྐྱེ་བས་རང་ལས་སྐྱེ་བ་འདོད་དུས། ཡོད་པ་ལས་སྐྱེ་བ་དོན་མེད་པས་ཁྱབ་པར་ཐལ་བ་ནི་འཇུག་པ་ལས། དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །སྐྱེས་པར་གྱུར་པ་སྔར་ཡང་སྐྱེ་བར་རིགས་པ་མ་ཡིན་ཉིད། །ཅེས་པ་སྟེ། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་ཡེ་ནས་ཡོད་པ་མི་གསལ་བ་ཉིད་རྒྱུར་གནས་པ་རྐྱེན་གྱིས་གསལ་བར་བྱས་པ་ཙམ་འབྲས་བུའོ་ཞེས་འབྱུང་བ་ལ། ཡེ་ནས་ཡོད་པའི་ཕྱིར་སྐྱེ་བ་དོན་མེད་པར་ཐལ་ཞེས་འགལ་བ་སྡུད་པའི་ཐལ་འགྱུར་བརྗོད་ལ། རྒྱུ་ལས་འབྲས་བུ་ཡོད་ཀྱང་སྐྱེ་བ་དོན་ཡོད་པ་མི་འགལ་བས་ཁྱབ་པ་མ་གྲུབ་པར་རྟོགས་ན། མི་གསལ་བའི་དུས་ན་ཡེ་ནས་ཡོད་ཀྱང་། སྐྱེ་ཚོད་མངོན་པར་གསལ་བའི་དུས་ནའང་ཡེ་ནས་ཡོད་ཀྱང་སྐྱེ་དགོས་པར་འགྱུར་ལ། དེ་སྐྱེ་མི་དགོས་པ་ལྟར་མི་གསལ་བའི་དུས་ནའང་ཡེ་ནས་ཡོད་པ་ལ་སྐྱེ་མི་དགོས་པས་ཁྱབ་ཅེས་མགོ་སྙོམས་པ་དང་། གསལ་བའི་ཡོད་པ་ལ་སྐྱེ་མི་དགོས་པས་ཁྱབ་ཀྱང་མི་གསལ་བའི་ཡོད་པ་ལ་སྐྱེ་མི་དགོས་པས་མ་ཁྱབ་པོ་ཞེས་འབྱེད་ན། ཁྱབ་པ་དེ་བསྒྲུབ་བྱ་དང་མཚུངས་ཏེ་རྒྱུ་ལ་འབྲས་བུ་ཡོད་པ་དེ་ཁོ་བོ་ཅག་ལ་མ་གྲུབ་པ་ལྟར། ཁྱད་པར་དེའང་མ་གྲུབ་པོ་ཞེས་རང་ལས་སྐྱེ་བ་འགོག་པ་དང་། ཡང་སངས་རྒྱས་པས་དུ་བ་དེ་དུ་བ་ལས་གཞན་མེ་ལས་སྐྱེ་བར་འདོད་པས་གཞན་སྐྱེ་ཁས་ལེན་ཅིང་། གཞན་སྐྱེད་བྱེད་དུའང་འདོད་ལ། མུན་པ་ལས་མེ་ལྕེ་མི་སྐྱེ་བར་འདོད་པ་གཉིས་ལས། གཞན་ལས་གཞན་སྐྱེ་ན་མེ་ལྕེ་ལས་ཀྱང་མུན་པ་སྐྱེ་བར་ཐལ་ལ། མེ་ལྕེ་ལས་མུན་པ་མི་སྐྱེ་ན། མེ་གཞན་ལས་དུ་བ་གཞན་སྐྱེ་བར་ཡང་མི་རིགས་པར་ཐལ་ཏེ། དེ་གཉིས་ཀ་གཞན་ཡིན་པར་མཚུངས་པའི་ཕྱིར་ཞེས་འགལ་བ་སྡུད་པའི་ཐལ་འགྱུར་ནི། འཇུག་པ་ལས། གཞན་ལ་བརྟེན་ནས་གཞན་ཞིག་སྐྱེ་བར་འགྱུར་ན་ནི། །མེ་ལྕེ་ལས་ཀྱང་མུན་པ་

p. 1081

འཐུག་པོ་འབྱུང་བར་འགྱུར། །ཞེས་བརྗོད་དུས། ཁྱབ་པ་མ་གྲུབ་པར་རྟོགས་ན་མུན་པ་ལས་གཞན་མེ་ལྕེ་ལས་ཀྱང་མུན་པ་མི་སྐྱེ་བའི་ཚོད་དུ། དུ་བ་ལས་གཞན་མེ་ལས་དུ་བ་སྐྱེ་བའང་མི་རུང་ལ་དུ་བ་ལས་གཞན་མེ་ལས་དུ་བ་སྐྱེ་ཚོད་དུ་མུན་པ་ལས་གཞན་མེ་ལྕེ་ལས་ཀྱང་མུན་པ་སྐྱེ་བར་མགོ་མཉམ་པས་ཁྱབ་པ་གྲུབ་པར་བྱེད་དོ། །གོ་བདེ་བར་བྱས་ན་མེ་ལྕེ་ལས་ཆོས་ཅན་མུན་པ་སྐྱེ་བར་ཐལ། ཁྱོད་ལས་མུན་པ་གཞན་མུན་པ་ལས་ཀྱང་ཁྱོད་གཞན་ཡིན་པའི་ཕྱིར་ཅེས་པའོ། །གལ་ཏེ་དུ་བ་ལས་གཞན་དུ་གྱུར་པའི་མེ་ལྕེས་དུ་བ་བསྐྱེད་པའི་ནུས་པ་ཡོད་པས་དུ་བ་བསྐྱེད་ལ། མུན་པ་ལས་གཞན་མེ་ལྕེ་ལས་མུན་པ་བསྐྱེད་པའི་ནུས་པ་མེད་པས་མི་སྐྱེའོ་ཞེ་ན། ཁྱད་པར་དེ་བསྒྲུབ་བྱ་དང་མཚུངས་ཏེ་ཁོ་བོ་ཅག་ལ་གཞན་ལས་སྐྱེ་བ་མ་གྲུབ་པ་བཞིན་དུ། མེ་ལ་དུ་བ་བསྐྱེད་པའི་ནུས་པ་ཡོད་པ་ལ། མེ་ལྕེས་མུན་པ་བསྐྱེད་པའི་ནུས་པ་མེད་པའི་ཁྱད་པར་ཉིད་ཀྱང་མ་གྲུབ་པའི་ཕྱིར་རོ་ཞེས་གཞན་ལས་སྐྱེ་བ་དགག་པ་དང་། དེ་བཞིིན་དུ་ཉེས་པ་གཉིས་ཀ་ཡོད་པས་གཉིས་ཀ་ལས་སྐྱེ་བ་དགག་པ་དང་། ཡང་རྒྱང་ཕན་པས་རྒྱུ་མེད་པར་སྐྱེ་བར་འདོད་ཅིང་ནམ་མཁའི་ཨུཏྤ་ལའི་དྲི་མདོག་མ་སྐྱེས་པར་འདོད་དེ། དེ་གཟུང་དུ་མེད་པའི་ཕྱིར་ཞེས་པ་ལའང་ཚུལ་མཚུངས་པས་དགག་པ་ནི། དེ་ཉིད་ལས། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་འགྱུར་ན་ནམ་མཁའ་ཡི། །ཨུཏྤ་ལ་ཡི་དྲི་མདོག་ཇི་བཞིན་གཟུང་དུ་མེད་ཉིད་ན། །ཤིན་ཏུ་ཆེས་བཀྲ་འཇིག་རྟེན་པ་ཡིས་འཛིན་ཡིན་དེ་ཡི་ཕྱིར། །རང་གི་བློ་སྔོན་ཇི་བཞིན་འཇིག་རྟེན་རྒྱུ་ལས་ཡིན་ཞེས་བྱ། །ཞེས་རྒྱུ་མེད་ལས་སྐྱེ་བར་ཁས་ལེན་ན། འཇིག་རྟེན་རྒྱུ་མེད་ཡིན་པའི་ཕྱིར་སྣ་ཚོགས་བཀྲ་བ་མངོན་སུམ་གྱིས་གཟུང་དུ་མེད་པར་ཐལ་ཞེས་འགལ་བ་སྡུད་པའི་ཐལ་འགྱུར་དང་། ཁྱབ་པ་མ་གྲུབ་པོ་ཞེས་རྟོགས་ན། འཇིག་རྟེན་རྒྱུ་མེད་ཡིན་ཡང་བཀྲ་བར་སྣང་ཚོད་དུ། ནམ་མཁའི་ཨུཏྤ་ལའི་དྲི་མདོག་ཀྱང་རྒྱུ་མེད་ཡིན་ཡང་མངོན་སུམ་ལ་སྣང་དགོས་ཞེས་མགོ་

p. 1082

སྙོམས་པས་ཁྱབ་པ་བསྒྲུབ་པ་དང་། དེ་ལ་གལ་ཏེ་རྒྱུ་མེད་དུ་འདྲ་ཡང་འཇིག་རྟེན་ངོ་བོ་ཡོད་པས་སྣང་ལ། ནམ་མཁའི་ཨུཏྤ་ལའི་དྲི་མདོག་ངོ་བོ་མེད་པས་སྣང་བ་མ་ཡིན་ནོ་ཞེས་ཁྱད་པར་འདོད་ན། ཁྱད་པར་དེ་བསྒྲུབ་བྱ་དང་མཚུངས་ཏེ། ཁོ་བོ་ཅག་ལ་རྒྱུ་མེད་ལས་སྐྱེ་བ་མ་གྲུབ་བ་བཞིན་དུ། འཇིག་རྟེན་ངོ་བོ་ཡོད་ལ་ནམ་མཁའི་ཨུཏྤ་ལའི་དྲི་མདོག་ངོ་བོ་མེད་པའི་ཁྱད་པར་ཡང་མ་གྲུབ་པོ་ཞེས་པས་མེད་པ་ལས་སྐྱེ་བ་འགོག་སྟེ། ཐལ་འགྱུར་གྱིས་གྲུབ་པའི་མཐའ་ཐམས་ཅད་བཀག་ནས་རང་ལས་སྤྲོས་པའི་གྲུབ་མཐའ་ཁས་མི་ལེན་ཏེ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཅེས་དང་། བཞི་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་པ་དང་། རིགས་པ་དྲུག་ཅུ་པར། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡིས། །ལྟ་བ་མི་ཟད་མ་རུངས་འབྱུང་། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ནི་ལྟ་ངན་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་ཕྱིར་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱོངས། །ཞེས་དང་། དབུ་མ་རིན་ཆེན་སྒྲོན་མར་ཀླུ་སྒྲུབ་ཀྱིས། དངོས་པོར་ཁས་ལེན་ཡོད་ན་ནི། །དེ་ལ་ཆད་སོགས་འཇིགས་པ་འབྱུང་། །དངོས་པོར་ཁས་ལེན་མེད་རྣམས་ལ། །ཆད་སོགས་འཇིགས་པ་ག་ལ་འབྱུང་། །གལ་ཏེ་དངོས་ཤིག་ཡོད་ན་ནི། །དེ་ལ་འཇིག་རྟེན་མཐའ་ཡོད་དང་། །མཐའ་མེད་ལ་སོགས་པར་ཡང་འགྱུར། །གལ་ཏེ་དངོས་ཤིག་ཡོད་ན་ནི། །ཁས་ནི་བླང་བར་བྱ་དགོས་ན། །དངོས་པོ་སྐྱེ་བ་མེད་ཉིད་ལ། །ཁས་བླངས་པར་ནི་ཇི་ལྟར་བྱ། །ཞེས་དང་། ཁས་བླངས་པ་ཡི་དངོས་པོ་ནི། །ཕྲ་རབ་ཙམ་ཡང་ཡོད་མིན་ཏེ། །གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་གྱི་ནི་བུ་བཞིན་ནོ། །དཔེར་ན་བུད་མེད་

p. 1083

མོ་གཤམ་ལ། །ཁྱོད་ཀྱི་བུ་ནི་གང་ཡིན་དྲིས། །དེ་ལ་དེ་ནི་ཡོད་མིན་པས། །སྨྲ་བར་ནུས་པ་མ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་བདེན་པ་གཉིས་ལ་སོགས་པའི་རྣམ་གཞག་ཀྱང་ཇི་ལྟར་བྱ་ཞེ་ན། འཇིག་རྟེན་པས་སྒྲོ་བཏགས་པ་ཙམ་དུ་འདོགས་པར་བྱེད་ཀྱི། གྲུབ་མཐས་བདེན་པར་ཞེན་པ་ལྟར་མ་ཡིན་ཏེ། འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་སོ། །སྒྲོ་གདགས་པའི་ཚུལ་ནི་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལས། །ཉན་པ་གང་དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་སྟོན་པར་བྱེད་པའང་ཡིན། །ཅེས་སོ། །འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་སྒྱུ་མའི་རང་བཞིན་དུ་དངོས་པོ་མེད་པས་སྐྱེ་འགག་ལ་སོགས་པར་སྣང་ཙམ་འཇིག་རྟེན་ན་སྣང་བ་མི་འགོག་སྟེ། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་གསུངས། །ཞེས་སོ། །དེའང་ཚུལ་འདི་ལྟར་བདེན་པ་གཉིས་ཀྱིས་འབྱེད་ཅིང་འཇལ་བར་མ་ཤེས་ན་བྱང་ཆུབ་མི་འགྲུབ་སྟེ། རྩོད་བཟློག་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཅེས་པ་དང་། དབུ་མ་སྙིང་པོ་ལས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་དེ་ཉིད་ཁང་ཆེན་གྱི། །སྟེང་དུ་འཛེགས་པར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་པ་དང་། རྩ་བ་ཤེས་རབ་ལས། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་མི་ཤེས་སོ། །ཞེས་སོ། །ལེགས་པར་ཤེས་ན་ཡོན་ཏན་ཚད་མེད་དེ། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་

p. 1084

ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་སོ། །ཚུལ་འདི་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཀུན་གྱི་ལྟ་བའི་རྩེ་མོ་མཐར་ཐུག་པ་ཡིན་ནོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། ཐེག་པ་སོ་སོའི་འདོད་གཞུང་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།

ལམ་ཉམས་སུ་བླང་ཚུལ་བསྟན་པའི་ལེའུ་སྟེ་བཞི་པ།

p. 1085

དེ་ལྟར་ཐེག་པ་རྣམས་ཀྱི་སོ་སོའི་གནས་ལུགས་ཤེས་ནས། དེ་དག་གི་ལམ་བགྲོད་ཚུལ་བྱེ་བྲག་ཏུ་བཤད་པར་བྱ་སྟེ། དེའང་ཕྱི་རོལ་པའི་ལམ་ནི་རྟག་ཆད་ཀྱི་མུར་ལྷུང་བས་གྲོལ་བ་མེད་པ་དེའི་ཕྱིར། སྐབས་འདིར་དབྱེ་བར་མི་བྱ་སྟེ་སྤྲོས་པས་ཆོག་གོ། ནང་པའི་ལམ་ལ་ཐེག་པ་གསུམ་གྱི་དབྱེ་བས་ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། བྱང་ཆུབ་སེམས་དཔའི་ལམ་དང་གསུམ་དུ་རིག་པར་བྱའོ། །དེ་ལ་དང་པོ་ཉན་ཐོས་ཀྱི་ལམ་ནི་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་ནས་རང་དོན་དུ་གྲོལ་བ་གཉེར་བ་ཡིན་ལ། དེའང་ལམ་ལ་འཇུག་ཚུལ་ནི། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་པས། དང་པོ་སོ་སོར་ཐར་པ་རིགས་བདུན་གང་ཡང་རུང་བའི་ཚུལ་ཁྲིམས་ཀྱིས་རྒྱུད་སྡོམ་པར་བྱེད་དོ། །རིགས་བདུན་ནི་དགེ་སློང་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ་སྟེ་རབ་ཏུ་བྱུང་བའི་ཕྱོགས་ཀྱི་ལྔ་དང་། དགེ་བསྙེན་ཕ་མ་གཉིས་ཏེ་ཁྱིམ་པ་ཕྱོགས་ཀྱི་སྡོམ་པ་དང་བསྡོམས་པས་བདུན་ནོ། །བསྙེན་གནས་ནི་དུས་རེས་འགའ་བ་ཡིན་པས་ཡོན་ཏན་གྱི་རྟེན་དུ་མ་བཞག་གོ། དེ་ལྟར་ཚུལ་ཁྲིམས་ལ་གནས་པ་དེས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ་བཅུ་གཉིས་དང་། གནས་དང་གནས་མ་ཡིན་པ་དང་། དབང་པོ་ལ་མཁས་པར་བྱེད་དོ། །དེ་ནས་ལམ་བསྒོམ་པ་ལ་འཇུག་སྟེ། གཙོ་ཆེར་བདེན་པ་བཞིའི་སྒོ་ནས་བླང་དོར་དུ་བྱེད་དོ། །དེའང་སྡུག་བསྔལ་ཀྱི་བདེན་པ་ནད་དང་འདྲ་བ་ལུས་ངག་ཡིད་གསུམ་ལ་ཕྱིའམ་ནང་གི་རྐྱེན་གྱིས་བསླངས་པས་ཟུག་རྔུ་ཡིད་དུ་མི་འོང་བ་ནད་དང་འཚེ་བ་ལ་སོགས་པ་སྣ་ཚོགས་པ་དང་།

p. 1086

དེས་མཚོན་པ་འཁོར་བའི་དུས་ཀྱི་ཕུང་པོ་ལྔ་ཉེ་བར་ལེན་པ་དང་བཅས་པ་སྤང་བའི་ཕྱིར་ནན་ཏན་ལ་འཇུག་པས་རང་བཞིན་ཤེས་པ་ལ་འཇུག་གོ། ཀུན་འབྱུང་ནི་ནད་ཀྱི་རྒྱུ་དང་འདྲ་བ་འདུ་བྱེད་པའི་ལས་ཏེ་རི་མོ་མཁན་གྱི་རྣམ་པ་སྡུག་བསྔལ་བསྐྱེད་པའི་རྒྱུ་དུག་གསུམ་ལ་སོགས་པ་རྣམས་སྤོང་བ་ལ་འཇུག་གོ། འགོག་པའི་བདེན་པ་ནད་ལས་གྲོལ་བའི་བདེ་བ་ལྟ་བུ་འཁོར་བའི་འོབས་སམ་རིམས་ནད་ལས་གྲོལ་བའི་དགའ་བ་ཅན་འབྲས་བུ་དམ་པ་ཐོས་པར་བྱ་བ་ལ་འབད་དོ། །ལམ་གྱི་བདེན་པ་སྨན་དང་འདྲ་བ་སྡུག་བསྔལ་གྱི་ནད་ལས་གྲོལ་བར་བྱ་བའི་ཕྱིར་བསྒོམ་པ་ལ་འཇུག་སྟེ། རྒྱུད་བླ་མར། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་ཕྱིར་སྨན་ནི་བསྟེན་པར་བྱ་བ་བཞིན། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་པ་དང་ཚུལ་གཅིག་གོ། དེ་ཡང་ལམ་སྔ་མ་བཞིར་སྡེ་ཚན་བདུན་གྱིས་སྒོམ་པར་བྱེད་དེ། མཛོད་ལས། སྡེ་ཚན་བདུན་ནི་གོ་རིམས་བཞིན། །ལས་ནི་དང་པོ་པ་དག་དང་། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །བསྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་པས། ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་གཞག་པ་བཞི། འབྲིང་པོར་ཡང་དག་པར་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་ལམ་དྲོད་དང་རྩེ་མོར་དབང་པོ་ལྔ། བཟོད་པ་དང་ཆོས་མཆོག་ཏུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཀྱི་ཡན་ལག་བདུན། སྒོམ་ལམ་དུ་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པར་བྱེད་དོ། །དང་པོ་ནི་ལམ་ཀུན་གྱི་ཐོག་མ་ཚོགས་ལམ་ཆུང་ངུ་སྟེ། དེར་ཞུགས་པའི་ལས་དང་པོ་པས་རང་དང་གཞན་གྱི་ལུས་ལ་ཆགས་པའི་གཉེན་པོར་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་སྟེ། དེའང་འདོད་ཆགས་སྤྱིའི་གཉེན་པོར་རང་གཞན་གྱི་ལུས་དང་སྣང་བ་ཐམས་ཅད་ཀེང་རུས་སུ་བསྒོམས་པས་ཆགས་པ་བཟློག་པ་ནི། མཛོད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལའོ། །

p. 1087

ཞེས་སོ། །བྱེ་བྲག་གི་གཉེན་པོར་རྣམ་པར་བམ་པ་དང་། རྣམ་པར་དམར་པ་དང་། རྣམ་པར་འབུས་གཞིག་པ་ལ་སོགས་པའི་འདུ་ཤེས་བརྒྱད་སྒོམ་པར་བྱེད་དོ། །ཆགས་པ་དང་བྲལ་བ་ན་རེས་འགའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པས་ཆུ་ཤིང་ལྟར་བསྒོམ་པ་ལ་སོགས་པ་བྱེད་དོ། །དེ་ནས་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྒོམ་སྟེ། ཚོར་བ་བདེ་བ་སྡུག་བསྔལ་བར་མ་གསུམ་ལ་སྡུག་བསྔལ་གྱི་འདུ་ཤེས་དང་ཆུ་ཤིང་ལྟར་སྙིང་པོ་མེད་པའི་འདུ་ཤེས་སྒོམ་པར་བྱེད་དེ། མདོ་ལས། གང་ཅི་ཚོར་བ་ཡང་རུང་སྟེ་དེ་ཐམས་ཅད་སྡུག་བསྔལ་དུ་རིག་པར་བྱའོ་ཞེས་སོ། །དེ་ནས་སེམས་དྲན་པ་ཉེ་བར་གཞག་པ་བསྒོམ་སྟེ། དེའང་ཞི་གནས་དང་ལྷག་མཐོང་གི་རྣམ་པས། དབུགས་ཕྱི་ནང་དུ་རྒྱུ་བ་ལ་སེམས་བཟུང་ནས། རྟོག་པ་ཞི་བ་དང་སེམས་ཀྱི་རྒྱུན་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེའང་བརྟགས་ན་སྐད་ཅིག་ཆ་མེད་པ་དོན་དམ་པའི་བདེན་པ་སྟེ། དེའི་ངང་ལ་བདག་མེད་པའི་དོན་སྒོམ་པར་བྱེད་དོ། །དེ་ནས་ཆོས་དྲན་པ་ཉེ་བར་གཞག་པ་བསྒོམ་སྟེ། དེའང་འདུ་བྱེད་དང་རྣམ་པར་ཤེས་པས་བསྡུས་པའི་ཆོས་ལ། ཕྱི་དང་ནང་གི་བདག་ཉིད་ཐམས་ཅད་ཀྱི་རང་བཞིན་བདག་མེད་པ་ཉིད་དང་། མི་རྟག་པ་དང་། སྒྱུ་མ་ལྟ་བུ་ལ་སོགས་པ་སྒོམ་པར་བྱེད་དོ། །དེའང་གཟུགས་དང་ཚོར་བ་དང་འདུ་ཤེས་རྣམས་ནི་ལུས་ཚོར་སེམས་གསུམ་གྱི་སྙིང་པོ་མེད་པ་ལ་སོགས་པར་བསྒོམས་ནས། འདུ་བྱེད་རྣམ་ཤེས་གཉིས་ནི་ཆོས་དྲན་པ་ཉེར་གཞག་གིས་བསྒོམས་པས། ཕུང་པོ་ལྔས་བསྡུས་ཀྱི་ཆོས་རྣམས་ལ་མངོན་པར་ཞེན་པའི་ཉོན་མོངས་པ་རྣམས་ཚུལ་དུ་མས་ལྡོག་པ་ན། སྤང་བྱ་རགས་པ་རྣམས་མགོ་ནོན་ནས་ལམ་གོང་མ་ལ་འཇུག་གོ། དེའང་མཛོད་ལས། ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ཞེས་འབྱུང་བའི་ཕྱིར་སྤྱི་དང་རང་གི་མཚན་ཉིད་གཉིས་ཀྱང་། རེ་རེ་ཞིང་ལུས་མི་གཙང་བ། ཚོར་བ་སྡུག་བསྔལ་བ། སེམས་མི་རྟག་པ། ཆོས་བདག་

p. 1088

མེད་པའི་རང་བཞིན་ཅན་དུ་བསྒོམ་པར་བྱ་བ་ཡིན་ནོ། །དེ་ནས་ཚོགས་ལམ་འབྲིང་པོ་སྐྱེས་པ་དེའི་ཚེ་མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པར་བྱ་བ་དང་། སྐྱེས་པ་བསྡམ་པར་བྱ་བ་དང་། དགེ་བ་མ་སྐྱེས་པ་བསྐྱེད་པར་བྱ་བ་དང་། སྐྱེས་པ་གོང་དུ་འཕེལ་བར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་ཞིང་སྒོམ་པར་བྱེད་དོ། །དེས་ནི་མི་དགེ་བའི་ཕྱོགས་ཐམས་ཅད་ཡང་དག་པར་སྤོང་བའི་ཕྱིར་ཡང་དག་པར་སྤོང་བ་ཞེས་བྱའོ། །དེ་ནས་ཚོགས་ལམ་ཆེན་པོ་སྐྱེས་པ་དེའི་ཚེ། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་བཞི་སྒོམ་པར་བྱེད་དོ། །དེའང་རིམ་པ་ལྟར། ཀུན་རྫོབ་པའམ་དོན་དམ་པའི་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་འདུན་པ་བསྐྱེད་ནས་བསྒོམ་པ་དང་། དེ་ཉིད་ཀྱི་ངང་ལ་རབ་ཏུ་བརྩོན་པས་རྒྱུན་བསྲིང་བ་དང་། སེམས་ཀྱིས་རྩེ་གཅིག་ཏུ་བྱེད་པ་དང་། དཔྱོད་པས་དོན་རབ་ཏུ་འབྱེད་པའི་སྒོ་ནས་སྒོམ་པར་བྱེད་དོ། །དེ་ལས་བསམ་གཏན་གྱི་སེམས་ཅི་རིགས་སུ་གྲུབ་པས་རྫུ་འཕྲུལ་གྱི་ཐབས་སམ་ཡན་ལག་འགྲུབ་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེ་ནས་སྦྱོར་ལམ་རྒྱུད་ལ་སྐྱེའོ། །དེའང་དྲོད་དང་རྩེ་མོ་གཉིས་སུ་དབང་པོ་ལྔ་སྒོམ་པར་བྱེད་དོ། །དེའང་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱིི་དབང་པོ་ལྔའོ། །དེའང་བདེན་པ་བཞིའི་རྣམ་པ་བཅུ་དྲུག་ལ་དད་པས་ཡིད་ཆེས་པའི་ཚུལ་གྱིས་བསྒོམ་མོ། །བརྩོན་འགྲུས་ཀྱིས་སྤྲོ་བ་དང་། དྲན་པས་དམིགས་རྣམས་ཀྱི་རྟོག་པ་མ་བརྗེད་པ་དང་། ཏིང་ངེ་འཛིན་གྱིས་དམིགས་པ་ལ་སེམས་རྩེ་གཅིག་ཏུ་འཛིན་པ་དང་། ཤེས་རབ་ཀྱིས་དམིགས་རྣམས་འབྱེད་པའི་ཚུལ་གྱིས་བསྒོམ་པའོ། །དེའང་མཛོད་ལས། དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། །རྣམ་པ་བཅུ་དྲུག་དྲོ་བ་ལས། །རྩེ་མོ་དེ་ཡང་དེ་དང་འདྲ། །ཞེས་སོ། །བཅུ་དྲུག་གང་ཞེ་ན། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ་སྟེ་སྡུག་བསྔལ་གྱི་བདེན་པའི་

p. 1089

རྣམ་པ་བཞི་དང་། རྒྱུ་དང་། ཀུན་འབྱུང་བ། རབ་ཏུ་སྐྱེ་བ། རྐྱེན་གྱི་ངོ་བོ་ཉིད་དེ་ཀུན་འབྱུང་གི་བཞི་དང་། བདག་མེད་པ། ཞི་བ། གྱ་ནོམ་པ། དབེན་པ་སྟེ་འགོག་པའི་བཞི་དང་། ལམ་དང་། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པ་ནི་ལམ་གྱི་རྣམ་པ་བཞིའོ། །དེ་ནས་བཟོད་པ་དང་ཆོས་མཆོག་གཉིས་སུ་སྟོབས་ལྔ་སྒོམ་པར་བྱེད་དེ། དེའང་ཉོན་མོངས་པ་འཇོམས་པ་ལ་ནུས་པ་ཁྱད་པར་དུ་འགྱུར་བའི་ཆ་ནས་སྟོབས་ཞེས་བྱ་སྟེ། བསྒོམ་ཚུལ་དབང་པོ་དང་མཐུན་ནོ། །བདེན་བཞིའི་རྣམ་པ་བསྒོམ་ཚུལ་ནི་དེ་ཉིད་ལས། དེ་ལས་བཟོད་པ་ཡང་སྐྱེ་སྟེ། རྣམ་གཉིས་དེ་བཞིན་ཅེས་པས་གནས་སྐབས་སུ་འདོད་པའི་སྡུག་བསྔལ་གྱི་རྣམ་པ་བཞི། གོང་མའི་ཁམས་གཉིས་ཀྱི་སྡུག་བསྔལ་གྱི་རྣམ་པ་ཆུན་གཅིག་ཏུ་བྱས་ཏེ་བཞི་དང་བསྡོམས་པས་བརྒྱད་དང་། དེ་བཞིན་དུ་ཀུན་འབྱུང་། འགོག་པ། ལམ་གསུམ་གྱིས་བརྒྱད་བརྒྱད་དེ་སུམ་ཅུ་རྩ་གཉིས་བསྒོམ་པའི་ཚུལ་ལམ། དྲོད་དང་རྩེ་མོ་དང་བཟོད་པ་ཆུང་ངུའི་བར་དུ་ཚན་པ་བདུན་པོ་བསྡོམས་ཏེ། བགྲངས་པས་རྣམ་པ་ཉིས་བརྒྱ་ཉི་ཤུ་རྩ་བཞིའོ། །བཟོད་པ་འབྲིང་དུ་སུམ་ཅུ་རྩ་གཉིས་ཀྱི་སྟེང་ནས་ལམ་གྱི་བཞི་བོར་ནས་ཉི་ཤུ་རྩ་བརྒྱད་བསྒོམ་མོ། །དེ་ནས་འདོད་པའི་ལམ་གྱི་བཞི་བོར་ནས་ཉི་ཤུ་རྩ་བཞི་བསྒོམ། ཡང་ཁམས་གོང་མ་གཉིས་ཀྱི་འགོག་པའི་བཞི་བོར་ནས་ཉི་ཤུ་བསྒོམ། དེ་ནས་འདོད་པའི་འགོག་པའི་བཞི་བོར་ནས་བཅུ་དྲུག་བསྒོམ། ཡང་གོང་མའི་ཀུན་འབྱུང་གི་བཞི་བོར་ནས་བཅུ་གཉིས་བསྒོམ། དེ་ནས་འདོད་པའི་ཀུན་འབྱུང་གི་བཞི་བོར་ན་བརྒྱད་བསྒོམ་མོ། །ཡང་གོང་མའི་སྡུག་བསྔལ་གྱི་བཞི་བོར་ནས་བཞི་བསྒོམ་མོ། །དེ་ལྟར་འདོད་པའི་སྡུག་བསྔལ་གྱི་རྣམ་པ་བཞི་བསྒོམ་དུས། གང་ཟག་གི་རིགས་གཉིས་ཏེ། སྲེད་པ་དང་། ལྟ་བ་ཤས་ཆེ་བའོ། །དང་པོ་ནི་འདོད་པའི་བདེན་པ་བཞིའི་འགོག་ལམ་གང་རུང་བོར་ནས་གསུམ་བསྒོམ། དེ་ནས་ཐ་མ་གཉིས་བོར་ནས་སྡུག་ཀུན་གཉིས་བསྒོམ། དེ་ལའང་

p. 1090

ངའོ་སྙམ་པའི་ང་རྒྱལ་གྱིས་ཉམས་པ་དང་། སྙོམས་ལས་འཛིན་པའི་ལེ་ལོས་ཉམས་པའི་རིགས་གཉིས་ལས། དང་པོ་དེས་མི་རྟག་པའི་རྣམ་པ་ལན་གཉིས་བསྒོམས་པས་བཟོད་པ་འབྲིང་རྫོགས་སོ། །དེ་ལྟར་བཟོད་པ་འབྲིང་གི་གནས་སྐབས་སུ་དོར་བ་རྣམས་ཕུད་དེ། ལྷག་མ་བསྒོམ་པ་རྣམས་བགྲངས་པས་བརྒྱ་རྩ་བཅུ་དགུ་འོང་བ་ནི་གདགས་པ་ལས། སྐད་ཅིག་མ་བརྒྱ་རྩ་བཅུ་དགུ། །ཞེས་སོ། །དེ་ནས་མི་རྟག་པའི་རྣམ་པ་ལན་ཅིག་བསྒོམས་པས་བཟོད་པ་ཆེན་པོ་རྫོགས་སོ། །དེ་ནས་ལན་ཅིག་བསྒོམས་པས་ཆོས་མཆོག་རྫོགས་སོ། །དེ་ནས་མི་རྟག་པ་མཐོང་བ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེའོ། །ཡང་ལེ་ལོས་ཉམས་པ་དེས། སྡུག་བསྔལ་གྱི་རྣམ་པ་ལན་གཉིས་བསྒོམས་པས་བཟོད་པ་འབྲིང་རྫོགས་པ་སྔར་དང་འདྲའོ། །གཉིས་པ་ལྟ་བ་ཤས་ཆེ་བའི་རྣམ་པ་དང་པོ་གཉིས་གང་རུང་གཅིག་བོར་ནས་གསུམ་བསྒོམ་མོ། །དེ་ནས་དང་པོ་གཉིས་བོར་ནས་ཐ་མ་གཉིས་བསྒོམ། དེའང་གཉིས་ལས། བདག་གིར་ལྟ་བ་ཤས་ཆེ་ན་སྟོང་པའི་རྣམ་པ་ལན་གཉིས་བསྒོམས་པས་བཟོད་པ་འབྲིང་རྫོགས་སོ། །བདག་ཏུ་ལྟ་བ་ཤས་ཆེ་ན། བདག་མེད་པའི་རྣམ་པ་ལན་གཉིས་བསྒོམས་པས་བཟོད་པ་འབྲིང་རྫོགས། དེ་བཞིན་དུ་བཟོད་པ་ཆེན་པོ་དང་ཆོས་མཆོག་སྔར་དང་འདྲའོ། །དེ་ལྟར་སྦྱོར་ལམ་རྫོགས་པའི་རྗེས་ལ། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་རིམ་པ་བཞིན་དུ་སྐྱེའོ། །དེའང་དང་པོ་བཅོ་ལྔ་ནི་མཐོང་ལམ་ཡིན་ཏེ། མཛོད་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་སོ། །བཅུ་དྲུག་པ་ནི་བསྒོམ་པའི་ལམ་ཡང་ཡིན་ལ་མཐོང་སྤངས་ཐག་སྲིང་བྱེད་ཀྱི་གཉེན་པོའང་ཡིན་ནོ། །དེའང་མཐོང་སྤངས་ནི་མཐོང་ལམ་གྱི་སྤང་བྱ་ཀུན་བརྟགས་ཏེ། དེའང་ངོ་བོའི་སྒོ་ནས་དབྱེ་ན་དྲུག་སྟེ། མཛོད་ལས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་

p. 1091

ཏེ་འདི་དྲུག་ཀྱང་། །ཞེས་སོ། །དམིགས་པ་དང་ཁམས་དང་ལོག་པར་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་བདེན་པ་བཞི་ལ་དམིགས་ཏེ། ཁམས་གསུམ་གྱི་སར། ལྟ་བ་ལྔ་དང་། ལྟ་མིན་ལྔ་སྟེ་བཅུའི་རིམ་པས་ལོག་པར་འཇུག་གོ། ལྟ་བ་ལྔ་ནི་འཇིག་ཚོགས་ཀྱི་ལྟ་བ། མཐར་འཛིན་པའི་ལྟ་བ། ལོག་པར་ལྟ་བ། ལྟ་བ་ལ་མཆོག་ཏུ་འཛིན་པའི་ལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པའི་ལྟ་བའོ། །ལྟ་མིན་ལྔ་ནི་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་མོ། །ཇི་ལྟར་འཇུག་ན། མཛོད་ལས། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །ཞེས་པས། ལྟ་བ་གསུམ་ནི། དང་པོ་གཉིས་དང་ཐ་མ་མ་གཏོགས་ཏེ། གཉིས་ནི་དང་པོ་གཉིས་མི་འཇུག་ལ། གཞན་རྣམས་འཇུག་པས་འདོད་ཁམས་ན་སུམ་ཅུ་རྩ་གཉིས། ཁམས་གོང་མ་གཉིས་སུ་ཁོང་ཁྲོ་ཕྲི་བས་བདེན་བཞིའི་རྣམ་པ་ལ་དམིགས་པ་ཉི་ཤུ་རྩ་བརྒྱད་རྩ་བརྒྱད་དེ་བསྡོམས་པས་མཐོང་སྤངས་བརྒྱད་ཅུ་རྩ་བརྒྱད་དུ་འདོད་དོ། །དེའང་འདོད་པའི་སྡུག་བསྔལ་གྱི་རྣམ་པ་ལ་དམིགས་ཏེ་བཅུ་ལོག་པར་འཇུག་ཚུལ་ལ། དངོས་ཀྱི་འཇུག་ཚུལ་ལྔ་དང་། ལོག་པར་ཞུགས་པའི་དབང་གིས་འཇུག་ཚུལ་ལྔའོ། །དང་པོ་ནི་འཇིག་ཚོགས་ལ་ལྟ་བས་སྡུག་བསྔལ་གྱི་བདེན་པ་ལ་བདག་དང་བདག་གི་བར་འཛིན་ནོ། །མཐར་འཛིན་པའི་ལྟ་བས་ཡོད་མེད་རྟག་ཆད་དུ་འཛིན་ནོ། །ལོག་པར་ལྟ་བས་མེད་པར་འཛིན་ནོ། །མ་རིག་པས་མཚན་ཉིད་མི་ཤེས་བཞིན་དུ་འཇུག་གོ། ཐེ་ཚོམ་གྱིས་ཕུང་པོ་ལྔ་པོ་དེ་སྡུག་བསྔལ་གྱི་བདེན་པ་ཡིན་མ་ཡིན་ཐེ་ཚོམ་ཟ་བཞིན་དུ་འཇུག་གོ། གཉིས་པ་ལྔ་ནི་ལྟ་བ་ལྔ་གཞིར་བྱས་ཏེ། འདོད་ཆགས་ཀྱིས་ལྟ་བ་ལྔ་ལ་ཆགས་ཤིང་ཞེན་པར་བྱེད་དོ། །ང་རྒྱལ་གྱིས་རློམ་ཞིང་ཁེངས་པར་བྱེད་དོ། །ལྟ་བ་མཆོག་འཛིན་གྱིས་དམ་པར་འཛིན་ཏོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་དག་གྲོལ་དུ་འཛིན་ཏོ། །ཁོང་ཁྲོས་ལྟ་བ་

p. 1092

ལྔ་དང་མི་མཐུན་པ་བདག་མེད་པའི་ལྟ་བ་ཐོས་པའི་ཚེ་ཁྲོ་བར་བྱེད་དོ། །དེ་བཞིན་དུ་འདོད་པའི་ཀུན་འབྱུང་དང་། འགོག་པ་གཉིས་ལ་དམིགས་ཏེ། འཇིག་ཚོགས་ལ་ལྟ་བ། མཐར་འཛིན་པ། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་གསུམ་མ་གཏོགས་པ་ལྷག་མ་བདུན་བདུན་སྡུག་བསྔལ་དུ་བཤད་པ་ལྟར་ལོག་པར་འཇུག་ལ། ལམ་བདེན་པ་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་གཉིས་མ་གཏོགས་པ་ལྷག་མ་བརྒྱད་བཤད་པ་ལྟར་ལོག་པར་འཇུག་པས་འདོད་པའི་བདེན་བཞི་ལ་བསྡོམས་པས་སུམ་ཅུ་རྩ་གཉིས་སོ། །ཁམས་གོང་མ་གཉིས་སུ་ཁོང་ཁྲོ་བོར་ལ་ལྷག་མ་རྣམས་དེ་ལྟར་བརྩིས་པས། དེ་དག་དགུ་དང་དྲུག་དྲུག་བདུན། །ཅེས་འཐོན་པས། ཉི་ཤུ་རྩ་བརྒྱད་རྩ་བརྒྱད་དེ་བསྡོམས་པས་ལྔ་བཅུ་རྩ་དྲུག་དང་། སྔར་གྱི་སུམ་ཅུ་རྩ་གཉིས་དྲིལ་བས་བརྒྱད་ཅུ་རྩ་བརྒྱད་ཡོད་དོ། །མདོ་སྡེ་པ་ལྟར་ན་འདོད་པའི་སྡུག་བསྔལ་གྱི་བདེན་པ་ལ་བཅུ་དང་། བདེན་པ་ལྷག་མ་གསུམ་ལ། འཇིག་མཐར་གཉིས་མ་གཏོགས་པའི་ལྷག་མ་བརྒྱད་བརྒྱད་འཇུག་པས་སུམ་ཅུ་རྩ་བཞི། ཁམས་གོང་མ་གཉིས་སུ་བདེན་པ་བཞི་ལ་དམིགས་པའི་ཁོང་ཁྲོ་བཞི་རྣམས་བོར་ནས། སུམ་ཅུ་སུམ་ཅུ་སྟེ་དགུ་བཅུ་རྩ་བཞིར་འདོད་པ་ཡང་གཏན་ལ་དབབ་པ་བསྡུ་བ་ལས། ཀུན་འབྱུང་བ་ལ་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་མ་གཏོགས་པ། ཉོན་མོངས་པ་བརྒྱད་ལོག་པར་འཇུག་པ་ཡིན་ཏེ། འགོག་པ་དང་ལམ་གྱི་བདེན་པ་ལ་ཡང་དེ་བཞིན་ནོ་ཞེས་སོ། །མཐོང་སྤངས་དེ་དག་གི་སྤོང་ཚུལ་ལ་གཉིས་ལས། ལམ་རིམ་གྱིས་པས་མཐོང་ལམ་སྐད་ཅིག་མ་བཅོ་ལྔས་མཐོང་སྤངས་ལན་བརྒྱད་དུ་སྤོང་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་འདོད་ཁམས་ཀྱི་སྡུག་བསྔལ་བདེན་པའི་ལོག་ཞུགས་བཅུ་པོ་དངོས་སུ་སྤོང་སྟེ་སྐྱེ་འགྱུར་ལམ་གྱིས་སོ། །སྡུག་བསྔལ་ལ་ཆོས་ཤེས་པས་བཅུ་པོ་དེ་ཐག་བསྲིངས་པའི་ཚུལ་གྱིས་སོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པས་

p. 1093

ཁམས་གོང་མ་གཉིས་ཀྱིས་སྡུག་བསྔལ་བདེན་པའི་ལོག་ཞུགས་བཅོ་བརྒྱད་པོ་དེ་དངོས་སུ་སྤངས་ལ། རྗེས་སུ་ཤེས་པས་ཐག་བསྲིངས་པའི་ཚུལ་གྱིས་སོ། །བདེན་པ་ལྷག་མ་གསུམ་གྱི་སྤོང་ཚུལ་ཡང་དེ་དང་འདྲ་བ་ཡིན་ནོ། །ལམ་ཅིག་ཅར་བས་མཐོང་ལམ་སྐད་ཅིག་མ་བཅོ་ལྔས་མཐོང་སྤངས་ལན་བཞིར་སྤོང་བའི་ཚུལ་བྱང་ཆུབ་སེམས་དཔའ་དང་མཐུན་ནོ། །མཐོང་བའི་ལམ་འདིར་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། དེ་ནས་བསྒོམ་པའི་ལམ་སྐྱེ་སྟེ། དེའང་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་རེ་རེ་ཞིང་། ཆུང་ངུའི་ཆུང་ངུ་། ཆུང་ངུའི་འབྲིང་། ཆུང་ངུའི་ཆེན་པོ། འབྲིང་གི་ཆུང་ངུ་། འབྲིང་གི་འབྲིང་། འབྲིང་གི་ཆེན་པོ། ཆེན་པོའི་ཆུང་ངུ་། ཆེན་པོའི་འབྲིང་། ཆེན་པོའི་ཆེན་པོ་སྟེ་གཉེན་པོ་དགུའི་སྤང་བྱ་ཡང་། ཆེན་པོ། འབྲིང་། ཆུང་ངུ་གསུམ་ལ་གོ་ལྡོག་པས་ཆེན་པོའི་ཆེན་པོ་ལ་སོགས་པ་དགུར་རྣམ་པར་བཞག་སྟེ། མཛོད་ལས། ས་དང་ས་ལ་ཉེས་རྣམས་དགུ། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ཆུང་དང་འབྲིང་དང་ཆེ་རྣམས་ཀྱིས། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །ཅེས་སོ། །དེའང་ས་དགུའི་ངོ་བོ་གཉེན་པོ་སྒོམ་ལམ་དགུར་འཕགས་ལམ་བརྒྱད་པོ་བསྒོམ་པ་ཡང་། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཡང་དག་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་བཞིན་དུ་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། གཟུགས་མེད་དང་། ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། ཡོད་མིན་མེད་མིན་ཀྱི་སྐྱེ་མཆེད་མུ་བཞི་དང་། འགོག་པ་སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སོགས་པ་སྒོམ་པར་

p. 1094

བྱེད་དོ། །དེའང་སྐབས་ཁ་ཅིག་ཏུ་སྤྱི་ལ་དམིགས་ཏེ་མ་ཐོབ་པ་ཐོབ་པར་བྱ་བའི་དོན་དུ་བསྒོམས་ལ། ཁ་ཅིག་ཏུ་ཐོབ་པ་རྫོགས་པར་བྱ་བའི་ཕྱིར་བསྒོམས་པ་ཡིན་ནོ། །ས་དེ་དག་ཏུ་སྤང་པར་བྱ་བའི་དྲི་མའང་ལྷན་ཅིག་སྐྱེས་པའི་རང་བཞིན་ཏེ་གཏན་ལ་དབབ་པ་བསྡུ་བ་ལས། ལྷན་ཅིག་སྐྱེས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་དང་ཐ་ན་རི་དྭགས་དང་བྱ་རྣམས་ཀྱི་ཡང་ཡིན་ནོ་ཞེས་སོ། །འདི་ལ་ངོ་བོའི་སྒོ་ནས་དབྱེ་ན། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ་དང་བཞི་སྟེ། མཛོད་ལས། བཞི་ནི་སྒོམ་པས་སྤང་བྱ་ཡིན། །ཅེས་སོ། །ཁམས་ཀྱི་སྒོ་ནས་དབྱེ་ན། འདོད་པ་ན་བཞི། ཁམས་གོང་མ་གཉིས་སུ་གསུམ་གསུམ་སྟེ་བཅུའོ། །སའི་སྒོ་ནས་དབྱེ་ན་འདོད་པའི་ས་ན་བཞི། བསམ་གཏན་པ་བཞི། གཟུགས་མེད་པ་བཞི་སྟེ་བརྒྱད་ན་གསུམ་གསུམ་བསྡོམས་པས་ཉི་ཤུ་རྩ་བརྒྱད་དོ། །ས་དང་ཆེ་འབྲིང་གི་སྒོ་ནས་དབྱེ་ན། འདོད་པ་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་སྟེ། ས་དགུ་ན། འདོད་ཆགས་ཆེ་འབྲིང་ཆུང་གསུམ་རེ་རེ་ཞིང་གསུམ་གསུམ་དུ་དབྱེ་བའི་དགུ་ཚན་དགུ། དེ་བཞིན་དུ་ང་རྒྱལ་དགུ་ཚན་དགུ། མ་རིག་པ་དགུ་ཚན་དགུ། འདོད་པའི་ཁོང་ཁྲོ་དགུ་ཚན་གཅིག་རྣམས་བསྡོམས་པས། ཉིས་བརྒྱ་དང་ལྔ་བཅུ་རྩ་གཉིས་ཡོད་དེ། མཛོད་ལས། བཞི་ནི་སྒོམ་པས་སྤང་བྱ་ཡིན། །ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་ཁམས་གཟུགས་མེད་དེ་དང་འདྲ། །ཞེས་སོ། །སྒོམ་སྤངས་དེ་དག་ཇི་ལྟར་སྤོང་བའི་ཚུལ་ནི། ས་དེ་འགགས་པ་དང་དུས་མཉམ་དུ་སྤོང་བས་འགག་འགྱུར་གྱིས་སྤོང་སྟེ། དེ་ཉིད་ལས། མི་སློབ་སེམས་ནི་སྐྱེ་འགྱུར་བས། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །འགག་པར་འགྱུར་པའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤང་། །ཞེས་སོ། །དེའང་ལམ་ཅིག་ཅར་བས་ནི་ཁམས་གསུམ་གྱི་བསྒོམ་སྤོང་དྲིལ་ནས་སྤོང་སྟེ། སྒོམ་ལམ་ཆུང་ངུའི་ཆུང་ངུ་འགགས་པ་དང་། སྒོམ་སྤངས་ཆེན་པོའི་ཆེན་པོ་རྒྱུ་མེད་འགགས་པ་

p. 1095

དུས་མཉམ་དུ་བྱས་པའི་ཚུལ་གྱིས་སོ། །རིམ་གྱིས་པས་ནི་ས་དགུ་ན་སྒོམ་སྤངས་དགུ་ཡོད་པ་དེ་དག་རིམ་གྱིས་སྤོང་ངོ་། །དེ་ལྟར་སྒོམ་ལམ་རྫོགས་པའི་རྗེས་ལ། འབྲས་བུ་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་གཉིས་པོ་དེ་དག་མངོན་དུ་བྱེད་དེ། དེ་ཉིད་ལས། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་ཅེས་སོ། །དེའང་སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་རྒྱུད་ལ་རྟེན་ཏོ་ཞེས་བྱ་བ་བྱས་པའི་རྣམ་པ་ཅན་དུ་ཤེས་པ་ནི་ཟད་པ་ཤེས་པས་ཏེ། དེ་ཉིད་ལས། ཟད་པ་ཤེས་པ་བདེན་རྣམས་ལས། །ཡོངས་ཤེས་ལ་སོགས་ངེས་རྣམས་ལའོ། །ཞེས་སོ། །ཡང་སྡུག་བསྔལ་ཤེས་པར་བྱས་ཟིན་ཤེས་པར་བྱ་བ་གཞན་མེད་པ་ལ་སོགས་པ་ནི་མི་སྐྱེ་བ་ཤེས་པ་སྟེ། ཡོངས་ཤེས་བྱར་མེད་ཅེས་པ་སོགས། །མི་སྐྱེ་བ་ཡི་བློར་འདོད་དོ། །ཞེས་སོ། །དེ་ལྟར་ཡེ་ཤེས་གཉིས་དང་ལྡན་པ་དེ་ནི་དགྲ་བཅོམ་པ་སྟེ། ལྷག་བཅས་དང་ལྷག་མེད་གཉིས་སོ། །ལྷག་བཅས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་མ་དོར་བས་སྡུག་བསྔལ་གྱི་བདེན་པའི་ལྷག་མ་ཅུང་ཟད་ལུས་པའི་ཕྱིར་ཡུལ་ལས་དབང་པོ་རྣམས་ཤིན་ཏུ་སྲུང་བར་བྱེད་པའོ། །ལྷག་བཅས་ཀྱི་རྟེན་ལ་ཤེས་རབ་ཀྱི་བདག་མེད་རྟོགས་ཏེ་ཁམས་གསུམ་གྱི་སྤང་བྱ་སྤངས་ཀྱང་། བསམ་གཏན་གྱིས་རྫུ་འཕྲུལ་ལ་སོགས་པའི་རྒྱན་མ་ཐོབ་པའི་ཕྱིར། དགྲ་བཅོམ་པ་རྒྱན་མེད་དང་དེ་དག་ཐོབ་པས་རྒྱན་ཅན་རྣམ་པ་གཉིས་སུ་ཡོད་དོ། །གཞན་ཡང་གཉིས་ཏེ། སྤངས་པ་དང་། དབང་པོའི་སྒོ་ནས་དབྱེ་བའོ། །དང་པོ་ནི་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་དང་། ཤེས་རབ་ཀྱི་ཆ་ལས་རྣམ་གྲོལ་ཏེ་རིམ་པ་ལྟར། ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཁམས་གསུམ་གྱི་ཉོན་མོངས་པའི་སྒྲིབ་པ་དང་། སྙོམས་འཇུག་གི་སྒྲིབ་པ་གཉིས་ལས་གྲོལ་བ་དང་། ཉོན་སྒྲིབ་ལས་གྲོལ་ཡང་སྙོམས་འཇུག་ལས་མ་གྲོལ་བའོ། །ཉོན་སྒྲིབ་ནི་ཀུན་ནས་ཉོན་མོངས་པར་བྱེད་པ་དུག་གསུམ་ལ་སོགས་པ་ཡིན་ལ།

p. 1096

སྙོམས་འཇུག་གི་སྒྲིབ་པ་ནི་ཏིང་ངེ་འཛིན་ལ་བར་དུ་གཅོད་པའི་བྱིང་རྒོད་ལ་སོགས་པའོ། །དེའང་རྒྱུ་སྐྱེ་བ་ལ་བར་དུ་གཅོད་པའི་སྙོམས་འཇུག་གི་སྒྲིབ་པ་ཏིང་ངེ་འཛིན་གྱི་སྔོན་རོལ་གྱི་སྒྲིབ་པ་དང་། འབྲས་བུ་གནས་པ་ལ་བར་དུ་གཅོད་པ་ད་ལྟ་བའི་སེམས་གནས་སུ་མི་སྟེར་བ་རྣམས་སོ། །འདི་ཉིད་ཐེག་ཆེན་དང་མིང་གཅིག་ཀྱང་དོན་ཐ་དད་དོ། །དབང་པོའི་སྒོ་ནས་དབྱེ་ན་ཉམས་པའི་ཆོས་ཅན། བདག་གསོད་པའི་ཆོས་ཅན། རྗེས་སུ་བསྲུང་བའི་ཆོས་ཅན། གནས་པ་ལས་མི་བསྐྱོད་པའི་ཆོས་ཅན། རྟོགས་པའི་སྐལ་བ་ཅན་མི་གཡོ་བའི་ཆོས་ཅན་དང་དྲུག་གོ། དང་པོ་ནི་དབང་པོ་རྟུལ་པོ་མཐོང་པའི་ཆོས་ཀྱིས་བདེ་གནས་ལས་ཉམས་པའོ། །དེའང་བསམ་གཏན་གྱི་བདེ་བ་ལས་ཉམས་པའོ། །གཉིས་པ་ནི་དབང་རྟུལ་བདག་གསོད་ན་མི་ཉམས་མི་གསོད་ན་ཉམས་པའོ། །ཚེ་ལོངས་སྤྱོད་དུ་བསྒྱུར་བ་སྟེ་འཆི་བར་སེམས་པའི་ཆོས་ཅན་ཞེས་བྱའོ། །གསུམ་པ་ནི་དབང་རྟུལ་མྱོས་ནས་བདེར་གནས་ལས་ཉམས་ཤིང་མ་མྱོས་ན་མི་ཉམས་པའོ། །དེའང་འདོད་ཡོན་གྱིས་སེམས་གཡེངས་མ་གཡེངས་སོ། །བཞི་པ་ནི་དབང་རྟུལ་བདེ་བར་གནས་ལས་ཀྱང་མི་ཉམས་ལ་དབང་པོ་སྦྱོང་བའི་སྐལ་བ་ཡང་མེད་པའོ། །ལྔ་པ་ནི་དབང་རྟུལ་བདེར་གནས་ལས་མི་ཉམས་ཤིང་དབང་པོ་སྦྱོང་བའི་སྐལ་བ་ཡོད་པའོ། །རྟགས་པའི་སྐལ་པ་ནི་གོང་མ་ཐོས་པར་བྱར་ཡོད་པའོ། །དྲུག་པ་ནི་དབང་པོ་རྣོན་པོ་མཐོང་ཆོས་ཀྱི་བདེར་གནས་ལས་ཉམས་པར་མི་འགྱུར་བའོ། །དེའང་དྲུག་པོ་དེ་དག་འདོད་པའི་ཁམས་ན་ཐམས་ཅད་ཡོད་ལ། གོང་མ་གཉིས་ན་གནས་པ་ལས་མི་བསྐྱོད་པ་དང་མི་གཡོ་བའི་ཆོས་ཅན་གཉིས་ཡོད་པ་ཡིན་ནོ། །དེ་དག་ནི་ལྷག་བཅས་ཀྱི་རྟེན་བསྟན་པའོ། །ལྷག་མེད་ནི་བུད་ཤིང་ཟད་པའི་མེ་བཞིན་མྱ་ངན་ལས་འདས་དུས་ལུས་མེད་ལ། སེམས་འགག་པའི་ཡེ་ཤེས་འགོག་པའི་དབྱིངས་སུ་ཞུགས་པར་འདོད་དེ། ཆེད་དུ་བརྗོད་པའི་ཚོམས་ལས། གང་ན་ལུས་མེད་འདུ་ཤེས་འགགས། །

p. 1097

ཚོར་བ་ཐམས་ཅད་བྲལ་གྱུར་ཅིང་། །འདུ་བྱེད་ཉེ་བར་ཞི་བ་དང་། །རྣམ་པར་ཤེས་པ་ནུབ་གྱུར་པ། །ཞེས་སོ། །ཉན་ཐོས་ཀྱི་ས་བཤད་ཟིན་ཏོ། །གཉིས་པ་རང་སངས་རྒྱས་ཀྱི་ལམ་ལ་གསུམ་སྟེ། བསེ་རུ་ལྟ་བུ། ཚོགས་ན་སྤྱོད་པ་ཆེ་བ། ཚོགས་ན་སྤྱོད་པ་ཆུང་བའོ། །དང་པོ་ལ་ལྔ་ལས། རིགས་ཀྱི་ཁྱད་པར་ནི་རང་སངས་རྒྱས་ལ་གསུམ་དུ་ཕྱེ་བའི་དབང་པོ་རྣོན་པོ། ང་རྒྱལ་དང་སྐྱོ་ཤས་ཆེ་བ། གཞན་དོན་གྱི་སྙིང་རྗེ་ཆུང་བ་བསེ་རུ་ལྟར་གཅིག་པུར་གནས་པ་ལ་དགའ་བའོ། །ཚོགས་བསགས་པའི་ཁྱད་པར་ནི་ཚོགས་ལམ་གྱིས་བསྡུས་པའི་ཚོགས་བསྐལ་ཆེན་བརྒྱར་བསགས་པ་ཡིན་ཏེ། མཛོད་ལས། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་སོ། །དེའང་ཚོགས་བསགས་པའི་རྟེན་དེ་ཉིད་ལ་བྱང་ཆུབ་ཐོབ་པའི་སྐལ་བ་མེད་པར་ཤེས་ནས། སྨོན་ལམ་འགྲུབ་པར་བྱ་བའི་དོན་དུ་འཇིག་རྟེན་དུ་ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་བྱས་པའི་སྒོ་ནས་མཁས་པར་བྱས་ཏེ། སངས་རྒྱས་མི་བཞུགས་ཤིང་ཉན་ཐོས་ཀྱང་མེད་པའི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །སྐྱེས་པའི་རྟེན་དེ་ལ་ལམ་གྱི་རྟོགས་པ་རང་བྱུང་དུ་རྒྱུད་ལ་སྐྱེ་བར་གྱུར་ཅིག །གདུལ་བྱ་ལ་ལུས་ཀྱི་བརྡས་ཆོས་སྟོན་ཅིང་སྒྲའི་སྒོ་ནས་སྟོན་པར་མ་གྱུར་ཅིག་ཅེས་སྨོན་ལམ་གསུམ་འདེབས་སོ། །ལམ་འགྲུབ་པའི་ཁྱད་པར་ནི་རྩ་བ་ཤེས་རབ་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་བཤད་པ་ལྟར། སྐྱེ་བ་དེའི་འོག་ཏུ་སངས་རྒྱས་དང་ཉན་ཐོས་མེད་པའི་འཇིག་རྟེན་དུ་སྐྱེས་ནས། དུར་ཁྲོད་དུ་སོང་བ་ལས་རུས་པ་མཐོང་མ་ཐག་འཁོར་བ་ལས་ཡིད་བྱུང་སྟེ། ཀྱེ་མ་རུས་པ་འདི་དག་ཅི་ལས་བྱུང་། རྒ་ཤི་ལས་བྱུང་། རྒ་ཤི་ཅི་ལས་བྱུང་། སྐྱེ་བ་ལས་བྱུང་ཞེས་པ་ལ་སོགས་པའི་རྟེན་འབྲེལ་ལུགས་འབྱུང་བཅུ་གཉིས་ལ་བརྟགས་པ་དང་། འདི་ལས་ཇི་ལྟར་ཐར་བར་བྱ་སྙམ་པ་ལས། ཡང་མ་རིག་པ་འགག་ནས་འདུ་བྱེད་

p. 1098

འགག་པ་ནས་རྒ་ཤིའི་བར་དུ་འགག་པར་འགྱུར་བའི་རྟེན་འབྲེལ་ལུགས་བཟློག་བཅུ་གཉིས་ཀྱི་རྩ་བ་ཆོད་དེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་ཤེས་ནས་རྟེན་འབྲེལ་བཅུ་གཉིས་དང་བདེན་པ་བཞི་ལ་མི་རྟག་ལ་སོགས་བཅུ་དྲུག་ཙམ་དུ་བསྒོམས་པས་སྦྱོར་ལམ་སྐྱེའོ། །སྦྱོར་ལམ་བཞི་ཉན་ཐོས་ཀྱི་སྐབས་ལྟར་བསྒོམས་པས་བདེན་པ་མངོན་པར་རྟོགས་པའི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་དང་། སྒོམ་ལམ་བྱང་ཆུབ་སེམས་དཔའ་ལྟར་སྐྱེའོ། །དེའི་རྗེས་ལ་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་གཉིས་པོ་མངོན་དུ་བྱེད་པ་ཡིན་ནོ། །དེའང་སྟན་ཐོག་གཅིག་ཏུ་ལམ་ལྔ་མངོན་དུ་བྱེད་ཚུལ་བྱང་ཆུབ་སེམས་དཔའ་དང་མཐུན་ཏེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐར་རྟེན་གཅིག་ལ་ཀུན། །ཅེས་སོ། །གནས་པའི་ཁྱད་པར་ལ་གཉིས་ལས། སྐུ་གནས་པའི་ཁྱད་པར་ནི་བསེ་རུ་ལྟར་གཅིག་པུར་བཞུགས་ལ། ཐུགས་གནས་པའི་ཁྱད་པར་ནི་རྟེན་འབྲེལ་བཅུ་གཉིས་དང་། ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་ཡིད་ལ་བྱེད་ཅིང་གནས་པའོ། །རྟེན་འབྲེལ་བཅུ་གཉིས་ནི། མ་རིག་འདུ་བྱེད་རྣམ་ཤེས་མིང་དང་གཟུགས། །སྐྱེ་མཆེད་དྲུག་དང་རེག་པ་ཚོར་བ་དང་། །སྲེད་པ་ལེན་པ་སྲིད་པ་སྐྱེ་བ་དང་། །རྒ་ཤི་ཞེས་བྱ་རྟེན་འབྲེལ་བཅུ་གཉིས་ལགས། །དེའང་མི་ཤེས་པ་ནི་མ་རིག་པའོ། །དེའི་དབང་གིས་འཁོར་བར་ལྟུང་བས་འདུ་བྱེད་དོ། །དེ་ལས་འགྲོ་བའི་ཀུན་གཞི་ལས་མཆེད་པའི་རྣམ་ཤེས་འབྱུང་བས་རྣམ་པར་ཤེས་པའོ། །དེ་ལས་སོ་སོའི་ཚོར་བ་འདུ་ཤེས་འདུ་བྱེད་དེ་མིང་བཞིའི་ཕུང་པོ་དང་དེ་བརྟེན་པའི་གཟུགས་ཏེ་ཕུང་པོ་ལྔ་ནི་མིང་དང་གཟུགས་སོ། །དེའི་རྟེན་ལ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་མཆེད་དྲུག་གོ། དེ་ལས་ཡུལ་དབང་པོ་ཡིད་ལ་བྱེད་པ་གསུམ་འདུས་པས་རེག་པའོ། །དེ་ལས་བདེ་སྡུག་བར་མ་གསུམ་ཚོར་བའི་ཕྱིར་ཚོར་བའོ། །དེ་ལས་འདོད་པ་དང་། མི་འདོད་པ་ལ་སོགས་པའི་སོ་སོའི་ཡུལ་སྤོང་ལེན་དུ་

p. 1099

བདག་གིར་བྱེད་པས་སྲེད་པའོ། །དེ་ལས་རང་རང་གི་འདོད་པ་ལ་འདུན་པ་འབྱུང་བས་འབྲས་བུ་ལེན་པ་ནི་ལེན་པའོ། །དེ་ལས་ཕྱི་མར་མངལ་གནས་སུ་འཇུག་པ་ནི་སྲིད་པའོ། །དེ་ལས་ལུས་བཙའ་བ་ནི་སྐྱེ་བའོ། །དེ་ལས་དར་ལ་བབ་པ་ཡོལ་ནས་རྒ་བ་དང་། དེ་ལས་སྲོག་འགགས་པས་ཤི་བའོ། །འགྲོ་བ་རྣམས་ནི་རྟག་ཏུ་ལས་ཀྱིས་སྲིད་པ་ན་དེ་ལྟར་འཁོར་བའོ། །འདིའི་ཚུལ་རྒྱས་པར་ནི་ཤིང་རྟ་ཆེན་པོར་བལྟའོ། །ཆོས་སུམ་ཅུ་རྩ་བདུན་ནི། དྲན་པ་ཉེར་གཞག་བཞི་དང་ཡང་དག་སྤོང་བཞི་དང་། རྫུ་འཕྲུལ་རྐང་པ་བཞི་དང་དབང་པོ་རྣམ་པ་ལྔ། །སྟོབས་ལྔ་བྱང་ཆུབ་ལམ་བདུན་འཕགས་ལམ་བརྒྱད། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཡིན། །རྣམ་པར་ཐར་བའི་སྒོ་གསུམ་ནི། སྒྲིབ་ཀུན་རྣམ་པར་ཐར་པའི་སྒོ་ནི་གསུམ། །སྟོང་དང་མཚན་མ་མེད་དང་སྨོན་པ་མེད། །ཅེས་བྱའོ། །དེའང་ཤེས་བྱ་རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་མེད་པ་ནི་སྟོང་པ་ཉིད་དོ། །བདག་གིར་གཟུང་དུ་མེད་པ་ནི་མཚན་མ་མེད་པའོ། །མི་དམིགས་པའི་ནི་སྨོན་པ་མེད་པའོ། །ལམ་རྣམ་པར་ཐར་པའི་སྒོ་གསུམ་གྱི་འགོག་པ་ནི་སྟོང་པ་ཉིད་དོ། །ལམ་ནི་མཚན་མ་མེད་པའོ། །སྡུག་བསྔལ་དང་ཀུན་འབྱུང་གཉིས་ནི་སྨོན་པ་མེད་པའོ། །འབྲས་བུ་རྣམ་པར་ཐར་བའི་སྒོ་གསུམ་གྱི་ལྷག་མེད་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་ཡིན་ལ། ལྷག་བཅས་ནི་སྨོན་པ་མེད་པའོ། །ཆོས་སྟོན་པའི་ཁྱད་པར་ནི་རང་སངས་རྒྱས་རྣམས་འདོད་ཁམས་པ་ཡིན་པས་ཁམས་ཀྱི་ཟས་ལ་བརྟེན་པའི་ཕྱིར། གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་པ་ན་ལུས་ཀྱི་བརྡས་ཆོས་སྟོན་པར་བྱེད་དོ། །དེའང་གདུལ་བྱ་དགེ་བ་བཅུ་དང་། བདེན་པ་བཞི་དང་། རྟེན་འབྲེལ་བཅུ་གཉིས་དོན་དུ་གཉེར་བ་ལ་བརྡ་གཅིག་བསྟན་པས་སོ་སོར་གོ་བར་འགྱུར་ཏེ། མངོན་རྟོགས་རྒྱན་གྱི་རང་སངས་རྒྱས་ཀྱི་སྐབས་སུ། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་

p. 1100

དེ་དེ་ལྟར་སྣང་། །ཞེས་སོ། །གཉིས་པ་ཚོགས་ན་སྤྱོད་པ་ཆེ་བ་ལའང་ལྔ་ལས། རིགས་ཀྱི་ཁྱད་པར་ནི་དབང་པོ་འབྲིང་ང་རྒྱལ་དང་སྐྱོ་ཤས་ཆེ་བ། སྙིང་རྗེ་ཆུང་ཞིང་མང་པོའི་ཚོགས་ལ་དགའ་བའོ། །དེའང་ལྔ་བརྒྱ་ཙམ་ཕྱོགས་གཅིག་ཏུ་གནས་པར་བཤད་དོ། །ཚོགས་སོག་པའི་ཁྱད་པར་ནི་བཟོད་པ་འབྲིང་མན་ཆད་ཀྱིས་བསྡུས་པའི་ཚོགས་མི་ཚེ་བརྒྱ་ཙམ་སོག་པའོ། །དེའང་སྨོན་ལམ་འདེབས་པ་སྔར་དང་འདྲའོ། །ལམ་འགྲུབ་ཚུལ་ཡང་སྔ་མ་བཞིན་ནོ། །གནས་པའི་ཁྱད་པར་ལ་གཉིས་ལས། སྐུ་གནས་པའི་ཁྱད་པར་ནི་རང་སངས་རྒྱས་མང་པོ་དང་ལྷན་ཅིག་ནེ་ཚོ་ལྟར་ཁྱུས་ལྡིང་སྟེ་གནས་སོ། །ཐུགས་གནས་ཚུལ་སྔར་དང་གཅིག་གོ། ཆོས་སྟོན་པའང་དེ་བཞིན་ནོ། །གསུམ་པ་ཚོགས་ན་སྤྱོད་པ་ཆུང་བ་ལའང་ལྔ་ལས། རིགས་ནི་དབང་པོ་རྟུལ་པོ་ང་རྒྱལ་དང་སྐྱོ་ཤས་ཆེ་ཞིང་སྙིང་རྗེ་ཆུང་བའོ། །ཚོགས་སོག་པའི་ཁྱད་པར་ནི་མཐོང་ལམ་སྐད་ཅིག་བཅོ་ལྔ་མན་ཆད་ཀྱིས་བསྡུས་པའི་ཚོགས་མི་ཚེ་བཅུ་གསུམ་དུ་སོག་པའོ། །ལྷག་མ་ནི་ཚོགས་སྤྱོད་ཆེ་བ་དང་འདྲའོ། །དེ་ལ་དབང་པོ་རྣོ་རྟུལ་དུ་བཞག་པ་ནི། སྟན་ཐོག་གཅིག་ཏུ་ལམ་ལྔ་དང་བཞི་དང་གསུམ་མངོན་དུ་བྱེད་པའི་ཆ་ནས་བཞག་ལ། དེའང་སྔར་གྱི་ཚོགས་སོག་པའི་ཡུན་རིང་བ་དང་བར་མ་དང་ཐུང་བ་གསུམ་ལས་བྱུང་བའོ། །དེ་ལྟར་ཉན་རང་གི་དགྲ་བཅོམ་དེ་དག་ལྷག་མེད་དུ་འདས་ནས་འགོག་པའི་དབྱིངས་ན་ཞུགས་པ་ཡང་། ཉན་རང་རང་གི་ལུགས་ལ་དེ་ནས་རྟག་པར་ཞི་བའི་དབྱིངས་ལས་མི་གཡོ་བར་འདོད་ལ། ཐེག་ཆེན་པས་ཡས་གཞལ་ན། སྔར་ཚོགས་ཇི་ཙམ་བསགས་པའི་ཡུན་ཞིག་ཞི་བའི་དབྱིངས་སུ་བློའི་འཇུག་པ་ཐིམ་ཡང་། དེ་ནས་བདེ་བ་ཅན་དང་། མངོན་དགའ་དང་། པདྨོ་ཅན་ལ་སོགས་པ་དག་པའི་ཞིང་དུ་པདྨོའི་སྦུབས་སུ་སྐྱེས་ཏེ་ལོ་བདུན་དུ་པདྨོ་ཁ་ཟུམ་ནས་གནས་སོ། །དེའང་མ་རིག་པའི་བག་ཆགས་དང་ཤེས་བྱའི་སྒྲིབ་པ་ཕྲ་མོའི་མཐུས་སྐྱེས་པའི་དུས་ན། ཞིང་དེའི་

p. 1101

སངས་རྒྱས་ཀྱི་ཐུགས་རྗེའི་ཉི་མའི་མཐུས། གསུང་ངག་གི་འོད་ཟེར་གྲགས་པ་ལས་པདྨ་ཁ་འབྱེད་ཅིང་ཏིང་ངེ་འཛིན་གྱིས་མྱོས་ཤིང་བརྒྱལ་བ་སློང་བའི་ཚིགས་སུ་བཅད་པ་འབྱུང་བའི་ཚུལ་ནི། དམ་པའི་ཆོས་པདྨ་དཀར་པོ་ལས། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། །ཁྱོད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །ཞེས་ཐོས་མ་ཐག་ཏུ། ཐེག་པ་ཆེན་པོའི་ལམ་དུ་འཇུག་པའི་སྤྲོ་བ་སྐྱེས་པས་པདྨོ་ཁ་བྱེ་སྟེ། དེ་བཞིན་གཤེགས་པ་དེའི་དྲུང་དུ་སོང་ནས། གདོད་སེམས་བསྐྱེད་དེ་ལམ་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་སངས་རྒྱས་སོ། །དེའང་ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་སྐྱེ་བ་ལ་རང་དབང་ཐོབ་པའི་སྒོ་ནས་ཚོགས་གཉིས་ཡོངས་སུ་བསགས་ཏེ། སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་སོ། །དེའང་ལམ་དང་པོ་ཚོགས་ལམ་ཆུང་ངུ་ཁོ་ན་ནས་ཞུགས་ཏེ་ཐེག་ཆེན་ལམ་ལྔ་རྫོགས་པར་བྱེད་དོ། །འདི་ལ་ཁ་ཅིག་འཕགས་པ་སོ་སོ་སྐྱེ་བོར་ལྟུང་བར་ཐལ་ཏེ་ཚོགས་ལམ་ནས་འཇུག་པའི་ཕྱིར་ཞེས་པའང་མ་གོ་བའི་རྣམ་འགྱུར་ཏེ། ཚོགས་ལམ་ནས་ལས་དང་པོ་བ་སོ་སོ་སྐྱེ་བོ་ཞུགས་ན་སོ་སོ་སྐྱེ་བོའི་རྒྱུད་དེ་ཉིད་ད་དུང་འཕགས་པ་མ་ཐོབ་པས་སོ་སོས་སྐྱེ་བོའི་ས་ཞེས་བཞག་གི། ཉན་རང་ཞུགས་དུས་གང་ཟག་དེ་འཕགས་པ་ཡིན་ལ། ལམ་དང་པོ་དྲན་པ་ཉེར་གཞག་གི་ཡོན་ཏན་བསྒོམ་པ་ཡིན་ནོ། །དྲན་པ་ཉེར་གཞག་བསྒོམས་པས་སོ་སོ་སྐྱེ་བོར་འགྱུར་ན་ས་བཅུའི་ཚེའང་སོ་སོ་སྐྱེ་བོར་འགྱུར་པ་རང་སངས་རྒྱས་ཀྱི་ས་ནའང་དྲན་པ་ཉེར་གཞག་ཡོད་པས་སོ་སོ་སྐྱེ་བོར་འགྱུར་བའི་སྐྱོན་ཡོད་དོ། །འོ་ན་དྲན་པ་ཉེར་གཞག་བསྒོམ་དུས་ཀྱི་ཉན་རང་དེ་ཐེག་ཆེན་འཕགས་པར་ཐལ། འཕགས་པ་ཡིན་པ་གང་ཞིག་ཐེག་ཆེན་དྲན་པ་ཉེར་གཞག་པ་བསྒོམ་པའི་ཕྱིར་ཞེ་ན། ཐེག་ཆེན་ལ་ལྟོས་ནས་འཕགས་པ་མཚན་ཉིད་པ་མ་གྲུབ་སྟེ། སྤངས་རྟོགས་ཐེག་ཆེན་འཕགས་པ་དང་མི་མཉམ་པའི་ཕྱིར་རྟགས་ཟུར་

p. 1102

དང་པོ་མ་གྲུབ་པས་ཐེག་ཆེན་འཕགས་པར་མི་འགྱུར་ཞིང་། ཐེག་དམན་འཕགས་པ་ཡིན། ཐེག་ཆེན་དྲན་པ་ཉེར་གཞག་སྒོམ་ཡང་ཐེག་ཆེན་འཕགས་པར་མི་འགྱུར་བས་ཁྱབ་པ་ཡང་མ་གྲུབ་སྟེ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་སྦྱོང་བར་གསུངས་དུས། བྱང་ཆུབ་སེམས་དཔའ་དེ་ཆོས་ཅན་རྫོགས་པའི་སངས་རྒྱས་ཡིན་པར་ཐལ་བའི་སྐྱོན་ལ་སོགས་པ་དམིགས་པ་ཡིན་ནོ། །དེ་བས་ན་ཉན་རང་དགྲ་བཅོམ་ཐེག་ཆེན་ལམ་དུ་འཇུག་དུས་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ནས་འཇུག་དགོས་ཏེ། ཐེག་ཆེན་གྱི་སངས་རྒྱས་དེ་ཐེག་ཆེན་ལམ་ལྔ་དང་ལྡོག་པ་གྲུབ་དགོས་པའི་ཕྱིར་རོ། །དོན་གསུམ་པ་བྱང་ཆུབ་སེམས་དཔའི་ལམ་ལ་གསུམ་སྟེ། རྟེན་རིགས་ཀྱི་རང་བཞིན་རིགས་ཅན་གྱིས་སེམས་བསྐྱེད་པའི་ཚུལ། ཚུལ་དེས་ལམ་ཅི་ལྟར་བགྲོད་པའི་རིམ་པ་བསྟན་པའོ། །དང་པོ་ནི་སྡོང་པོ་བཀོད་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན་ནོ་ཞེས་པ་དང་། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་པས། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པའི་བདེན་པ་རང་བྱུང་གི་ཡེ་ཤེས་དེ་ནི། དྲི་མ་དང་བཅས་པའི་དུས་ན་རིགས་སམ་ཁམས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་ལ། དྲི་མ་དང་བྲལ་བའི་ཚེ་བྱང་ཆུབ་བམ་དེ་བཞིན་གཤེགས་པ་ཞེས་བྱ་བའི་རང་བཞིན་སྟེ་དེ་གཏན་ལ་དབབ་པ་ལ་དོན་རྣམ་པ་བཞི་སྟེ། རིགས་ཀྱི་རང་བཞིན། ཀུན་ལ་ཁྱབ་པའི་ཚུལ་རབ་ཏུ་དབྱེ་བ། རིགས་སྟོན་པའི་འཐད་པའོ། །དང་པོ་རྒྱུད་བླ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །

p. 1103

ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་པས། དབྱིངས་སྙིང་པོ་འདིའི་ངོ་བོ་ལ་དོར་བྱའི་དྲི་མ་ཡེ་ནས་མེད་དེ་རང་བཞིན་གྱིས་འོད་གསལ་ཞིང་དྲི་མ་མེད་པའི་ཕྱིར་རོ། །སྔར་མེད་ཀྱི་ཡོན་ཏན་ཕྱི་ནས་གསར་དུ་བསྒྲུབ་པ་མེད་དེ་ཡོན་ཏན་ལྷུན་གྲུབ་ཡིན་པའི་ཕྱིར་རོ། །དེ་ཉིད་ལས། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི། གཅིག་ཏུ་ཀུན་ནས་ཉོན་མོངས་པའི་སོ་སོ་སྐྱེ་བོའི་ས་ལ་ཡེ་ཤེས་རྣམ་པར་དབྱེར་མེད་པར་ཆོས་ཉིད་སྔ་ཕྱིི་ཁྱད་པར་མེད་པར་ཡོད་པའི་གནས་འདི་བསམ་གྱིས་མི་ཁྱབ་སྟེ་ཞེས་འགྲེལ་པར་ཐོགས་མེད་བཤད་དོ། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཅེས་སོ། །དེའང་དོན་དེ་ཉིད་ཀྱི་ངོ་བོ་ནི་ཡང་དག་པའི་ལྟ་བ་སྟེ། དེ་ཉིད་མཐོང་ནས་གློ་བུར་བའི་དྲི་མ་ཉོན་མོངས་པ་ཕྲུ་མ་འཐུམས་པ་ལྟ་བུ་ལས་གྲོལ་དུས། སྔར་ཡོད་ཀྱི་ཡོན་ཏན་མངོན་པ་ལ་བྱང་ཆུབ་ཏུ་བརྗོད་ཀྱང་། གསར་དུ་སྐྱེས་པ་མ་ཡིན་ནོ། །དེའི་ཕྱིར་དབྱིངས་སམ་སྙིང་པོའི་ངོ་བོ་ལ་ལྟོས་ནས་དྲི་མ་དང་སྐྱོན་གྱི་དངོས་པོ་རྣམ་པར་དབྱེ་བ་དང་བཅས་པའི་མཚན་ཉིད་ཀྱིས་སྟོང་ལ། ཡེ་ནས་རང་ཆས་སུ་ཡོད་པའི་ཡོན་ཏན་གྱིས་མི་སྟོང་པ་སྟེ། དེ་ཉིད་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཅེས་པ་དང་། དེའི་འགྲེལ་པ་ལས། འདིས་ཅི་བསྟན་ཅེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལས། བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་འགའ་ཡང་མེད་དེ། གློ་བུར་བའི་དྲི་མ་དང་བྲལ་བ་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་གཞག་པར་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེར་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་

p. 1104

དང་བྲལ་བ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པས་མི་སྟོང་ངོ་ཞེས་གསུངས་སོ་ཞེས་དཔལ་ཕྲེང་གི་མདོ་ལས་བཤད། མཆན། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མ་མཐོང་ལ། གང་ཞིག་དེར་ལྷག་པར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང་། སྐུར་བ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར། ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་སྟོན་ཏོ་ཞེས་གསུངས་སོ། །དེ་ལྟ་བུའི་རིགས་ལ་འཁོར་བའི་ཆོས་དང་། མྱ་ངན་ལས་འདས་པའི་ཆོས་ཇི་ལྟར་ལྡན་ཞེ་ན། འཁོར་བའི་ཆོས་ནི་ཉི་མ་ལ་སྤྲིན་ལྟར་བསྒྲིབ་བྱ་སྒྲིབ་བྱེད་དུ་ལྡན་ལ། མྱ་ངན་ལས་འདས་པའི་ཆོས་ནི་འོད་ཟེར་ལྟར་ངོ་བོ་གཅིག་པར་ལྡན་པ་ཡིན་ཏེ། རེ་ཞིག་རྟེན་དབྱིངས་ལ། བརྟེན་པ་འཁོར་བའི་ཆོས་དྲི་མ་དང་བཅས་པ་ཉིད། གཉེན་པོས་བསལ་བ་ན། མྱ་ངན་ལས་འདས་པའི་ཆོས་མངོན་པར་གྱུར་པའི་ཚུལ་ལོ་ཞེས་ཤེས་པར་བྱའོ། །འཁོར་བའི་ཆོས་རྣམས་ནི་གློ་བུར་དང་། ཡོན་ཏན་ཡེ་ནས་འདུས་མ་བྱས་སུ་ཡོད་པ་ཉིད་ཀྱང་དེ་ལས། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ལ་ཆོས་དབྱིངས་ནམ་མཁའ་ལྟར་འཕོ་འགྱུར་མེད་པའི་རིགས་ཀྱི་ངང་དུ་ཚེ་རབས་གྲངས་མེད་པར། འཁོར་བ་མུ་མཐའ་མེད་པར་བརྒྱུད་པའི་ལས་དང་བག་ཆགས་ལ་བརྟེན་ནས་ཕུང་པོ་འདོར་ལེན་བྱེད་ཚུལ་ནི། དེ་ཉིད་ལས། ཇི་ལྟར་འཇིག་རྟེན་ཐམས་ཅད་དུ། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །དེ་བཞིན་འདུས་མ་བྱས་དབྱིངས་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །ཅེས་སོ། །དེའང་དབང་པོ་ལས་དང་རྐྱེན་ལས་སྐྱེ་འཇིག་ཏུ་སྣང་ཡང་ཁམས་སྐྱེ་འཇིག་མེད་པའང་

p. 1105

བསྐལ་པའི་མེས། འཇིག་རྟེན་བསྲེགས་ཀྱང་ནམ་མཁའ་མི་འཚིག་པ་ལྟ་བུ་སྟེ། དེ་ཉིད་ལས། ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་ཚིག་པ་མེད་། །དེ་བཞིན་དེ་ནི་འཆི་བ་དང་། །ན་དང་རྒ་བའི་མེས་མི་འཚིག །ཅེས་སོ། །དེ་ལྟར་སྐྱེ་འཆི་བདེ་སྡུག་ཐམས་ཅད་ལས་དང་ཉོན་མོངས་ལས་བྱུང་ལ། དེའང་སེམས་ཚུལ་བཞིན་མ་ཡིན་པའི་ཀུན་ཏུ་རྟོག་པ་མ་རིག་པ་ལས་བྱུང་སྟེ། དེ་ཉིད་སེམས་འོད་གསལ་བའི་ངང་ལ་བརྟེན་པ་ནི་འཇིག་རྟེན་ནམ་མཁའ་ལ་བརྟེན་པ་ལྟ་བུ་སྟེ། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་བྱེད་དག་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ཅེས་སོ། །མྱ་ངན་ལས་འདས་པའི་ཡོན་ཏན་ནི་ཉི་མ་དང་འོད་ཟེར་ལྟར་ཡེ་ནས་ལྷན་ཅིག་ཏུ་གནས་ཏེ། སྣང་བའི་ཡོན་ཏན་སྐུ་དང་འོད་ཟེར་དང་ཞིང་ཁམས་དང་གཞལ་ཡས་ཁང་ལ་སོགས་པ་དང་། རིག་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟེ་ཤིན་ཏུ་རྒྱས་པ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས་བྱུང་པ་དག་བསྡུས་ཏེ། འདི་ཀུན་ཤེར་ལས་མཆན་ཡིན་པར་བཤད། རྒྱུད་བླ་མའི་འགྲེལ་བ་ལས། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི། གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོ་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པ་ཡོད་པའི་ཕྱིར་གནས་པ་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་དག་ནི་སེམས་ཅན་གྱི་རིགས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་

p. 1106

དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས། རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་འབྱུང་ངོ་། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་དར་ཡུག་ཆེན་པོ་གཅིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྫོགས་པར་བྲིས་པར་གྱུར་ཏེ། འདི་ལྟ་སྟེ་ཁོར་ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ཆེན་པོ་བྲིས། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཚད་དུ་ནི་སྟོང་གཉིས་པའིའཇིག་རྟེན་གྱི་ཁམས། སྟོང་གི་འཇིག་རྟེན་གྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི་རྒྱ་མཚོ་ཆེན་པོ། འཛམ་བུ་གླིང་གི་ཚད་དུ་ནི་འཛམ་བུ་གླིང་། ཤར་གྱི་ལུས་འཕགས་ཀྱི་ཚད་དུ་ནི་ཤར་གྱི་ལུས་འཕགས་གླིང་། ནུབ་ཀྱི་བ་ལང་སྤྱོད་ཀྱི་ཚད་དུ་ནི་ནུབ་ཀྱི་བ་ལང་སྤྱོད། བྱང་གི་སྒྲ་མི་སྙན་གྱི་ཚད་དུ་ནི་བྱང་གི་སྒྲ་མི་སྙན། རི་རབ་ཀྱི་ཚད་དུ་ནི་རི་རབ། ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་། འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི། འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་བྲིས་སོ། །དར་ཡུག་ཆེན་པོ་དེ་ཡང་ཆུ་ཞེང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་། རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་ཏོ། །ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་བཅུག་པ་དེ་བཞིན་དུ། རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཀྱི་དར་ཡུག་ཆེན་པོ་ནང་དུ་བཅུག་པར་གྱུར་ཏོ། །དེ་ནས་མཁས་པ་མཛངས་པ་གསལ་བ་ཡིད་གཞུངས་པ། དེར་ཉེ་བར་ཞུགས་པའི་སྤྱོད་པ་དང་ལྡན་པའི་སྐྱེས་

p. 1107

བུ་འགའ་ཞིག་སྐྱེས་ཏེ། དེའི་མིག་ལྷའི་མིག་ཏུ་གྱུར་ཅིང་ཀུན་ཏུ་ཡོངས་སུ་དག་པ་འོད་གསལ་བར་གྱུར་པ་ཅིག་ལ། དེས་ལྷའི་མིག་གིས་རྣམ་པར་བལྟས་ཏེ། འདི་ལྟ་བུར་གྱུར་པའི་དར་ཡུག་ཆེན་པོ་འདི་རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་འཁོར་བར་མ་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ལ་ལ་གང་དག་གིས་བརྩོན་པ་ཆེན་པོའི་སྟོབས་དང་མཐུས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་སྟེ། དར་ཡུག་ཆེན་པོ་འདི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་པས། དེ་བརྩོན་འགྲུས་ཆེན་པོའི་སྟོབས་ཀྱི་མཐུ་བསྐྱེད་དེ་རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཇི་ལྟ་བ་བཞིན་དུ། དར་ཡུག་ཆེན་པོ་དེས་འགྲོ་བ་མཐའ་དག་ཉེ་བར་འཚོ་བར་བྱེད་ཅིང་གཅིག་ལས་ཇི་ལྟ་བ་དེ་བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་དག་ལ་དེ་ཁོ་ན་བཞིན་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ་ཞེས་གསུངས་སོ། །དེའང་རང་གི་ངོ་བོ་ལ་ལྟོས་ན། ཡོན་ཏན་ལྷུན་གྱིས་གྲུབ་པ། སྐྱོན་གྱིས་གོས་མ་མྱོང་ལ། རྣམ་པ་ལ་ལྟོས་ན་ཉོན་མོངས་པ་དང་ལྡན་ཞིང་ཕྱིས་དག་པ་ལྟ་བུར་ཡོད་པ་སྟེ། དག་པའང་ཡིན་ལ་མ་དག་པའང་ཡིན་པ་གཉིས་མི་འགལ་བ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཏེ། དེ་ཉིད་ལས། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཅིག་ཅར་དུ་དུས་གཅིག་རྣམ་པར་དག་པའང་ཡིན་ལ། ཀུན་ནས་ཉོན་མོངས་པའང་ཡིན་པའི་ཕྱིར་གནས་འདིར་བསམ་གྱིས་མི་ཁྱབ་སྟེ་ཞེས་པ་དང་། དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ནི་སྔར་དྲི་མས་ཀུན་ནས་ཉོན་མོངས་པར་མ་གྱུར་ལ། ཕྱིས་རྣམ་པར་དག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་ཅེས་སོ། །གཉིས་པ་ཀུན་ལ་

p. 1108

ཁྱབ་པའི་ཚུལ་ལ་གསུམ་སྟེ། རང་བཞིན་ཀུན་ལ་ཁྱབ་ཚུལ། རིགས་ཀྱི་རྟགས། ཡོན་ཏན་ནོ། །དང་པོ་ནི་དཔལ་ཕྲེང་གི་མདོ་ལས། བདེར་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པ་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཅེས་སོ། །རིགས་ཀྱི་རྟགས་ལ་གཉིས་ལས། རིགས་ཡོད་ཀྱང་མ་སད་པའི་རྟགས་ནི་དེ་ཉིད་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལའང་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །ཅེས་པ་སྟེ། སྐྱེ་བོ་ཐ་ཤལ་ཁ་ཅིག་བཞིན་ནོ། །སད་པའི་རྟགས་ནི་དེ་ཉིད་ལས། སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་སོ། །དེ་གཉིས་མདོ་སྡེ་རྒྱན་དུ། ལ་ལ་ཐར་བའི་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པའང་རྒྱུ་དང་བྲལ། །ཅེས་མ་ཟད་པ་དང་རེ་ཞིག་ཆད་པ་བསྟན་ལ། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཡང་དག་བཤད། །ཅེས་སད་པ་བསྟན་ཏོ། །ཡོན་ཏན་ནི་ཐེག་དམན་ལས་ཆེས་འཕགས་པས་མཆོག་ཏུ་བསྟན་པ་ཡིན་ཏེ། དེ་ཉིད་ལས། ཡོན་ཏན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱའི་ཕྱིར། །རང་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར། །རིགས་མཆོག་དེ་ནི་རྩ་བ་བཟང་པོ་ལྟ་བུ་ཡིན། །ཅེས་སོ། །དེའང་རྒྱ་གར་གྱི་སྒྲ་ལས། གཽ་ཏྲ་ཞེས་པའི་གོ་གུ་ཎ་ཞེས་བསྒྱུར་ན་ཡོན་ཏན་ཡིན་ལ། ཏྲ་ཏར་ཞེས་བསྒྱུར་ན་སྒྲོལ་བ་སྟེ། ཡོན་ཏན་གྱིས་རྟེན་བྱས་ནས་འཁོར་བའི་ཕ་རོལ་དུ་སྒྲོལ་བས་ཏེ། དེ་ཉིད་ལས། ཡོན་ཏན་ནི། སྒྲོལ་བའི་དོན་

p. 1109

དུ་ཤེས་པར་བྱ་ཞེས་སོ། །གསུམ་པ་རབ་ཏུ་དབྱེ་བ་ལ་གསུམ་སྟེ། རྟེན་དང་བརྟེན་པའི་སྒོ་ནས་དབྱེ་བ་དང་། གནས་སྐབས་ཀྱི་སྒོ་ནས་དབྱེ་བ་དང་། དཔེ་དོན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི་མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དག །དེ་ནི་རྟེན་དང་བརྟེན་པ་དང་། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་པས། སྔར་བཤད་པའི་ཀུན་ཁྱབ་འོད་གསལ་བ་དེ་ནི་སྣང་སྟོང་གི་དབྱེ་བས་གཉིས་སུ་བཤད་དེ། དབྱིངས་སྟོང་པ་ནི་ཆོས་སྐུ་ངོ་བོ་ཉིད་སྐུའི་བྲལ་རྒྱུ་རྟེན་ཡིན་ལ། ཡེ་ཤེས་སྣང་བ་རང་འོད་མཚན་དཔེ་དང་བཅས་པ་ནི་བརྟེན་པ་གཟུགས་སྐུ་གཉིས་ཀྱི་བྲལ་གྱུར་གནས་པ་སྟེ། རྒྱུད་བླ་མ་ལས། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོའི་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ངོ་བོ་ཉིད་སྐུ་མཛེས་པ་ནི། །རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ། །རང་བཞིན་གྱིས་ནི་བྱས་མིན་དང་། །ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར། །ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། །རྫོགས་ལོངས་འཁོར་ལོས་སྒྱུར་བཞིན་ནོ། །གཟུགས་བརྙན་གྱི་ནི་རང་བཞིན་ཕྱིར། །སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ། །ཞེས་སོ། །དེའང་རང་བཞིན་དུ་གནས་པའི་རིགས་དང་། ཡང་དག་པར་བླང་བའི་རིགས་ལ་གཞི་དང་ལམ་གྱི་དབྱེ་བས་རྣམ་པ་གཉིས་སུ་དབྱེ་སྟེ། དབྱིངས་ཀྱི་རང་བཞིན་གཞི་ཀུན་ལ་ཁྱབ་པར་གནས་དུས་ན། འཆར་གཞི་དབྱིངས་ཀྱི་ཆ་ནི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲ་སྟེ། གང་འདོད་འབྱུང་བའི་གཞིར་གནས་ལ་དངོས་སུ་གང་དུའང་མ་ཆད་པ་བཞིན་དུ། ཆོས་སྐུ་ངོ་བོ་ཉིད་སྐུའི་དབྱིངས་ཏེ་སྐུ་དང་ཡེ་ཤེས་འཆར་བའི་གོ་འབྱེད་པས་ན་བཞག་ལ། ཤར་བའི་ཡེ་ཤེས་སྣང་བའི་ཆ་རིག་པ་དང་སྐུ་ནི་རྐྱེན་སྒྲིབ་པ་བྲལ་སྟོབས་ཀྱིས་རང་ལ་ཡོད་པའི་ཡོན་ཏན་མངོན་པར་འགྱུར་ངེས་ཀྱི་ཆ་ཙམ་

p. 1110

ནས་འབྲས་བུ་ཅན་གྱི་ལྗོན་ཤིང་གོང་དུ་འཕེལ་བའི་དཔེས་གསུངས་ཏེ། དག་རྒྱུ་ལ་དག་འབྲས་ཀྱི་མིང་གིས་བཏགས་པའོ། །མདོ་སྡེ་རྒྱན་ལས། གསེར་གྱི་རིགས་དང་རིན་ཆེན་མཆོག་གི་དཔེར་བཤད་པ་ཡིན་ནོ། །ཞར་ལ་ལམ་ལ་སློབ་དུས་ལྟར་བཤད་ན། དབྱིངས་ཀྱི་རིགས་དེ་གཉིས་ཀ་རང་བཞིན་ལྷུན་གྲུབ་ཏུ་ཡོད་པས་རང་བཞིན་གྱི་རིགས་ཟེར་ཏེ་རྟེན་དུ་གནས་ལ། དེའི་སྟེང་དུ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ས་བཅུ་རྒྱུན་མཐའི་བར་གྱི་དགེ་རྩ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་བསྡུས་པ་ཐམས་ཅད་ལ་ཡང་དག་པར་བླངས་པའམ་རྒྱས་འགྱུར་གྱི་རིགས་ཞེས་བྱ་སྟེ། དགེ་བ་དེ་ཡང་གཉེན་པོ་གསར་དུ་བླངས་པ་ཅན་རང་བཞིན་རིགས་ཀྱི་དྲི་མ་བསལ་སྟོབས་ཀྱིས་རང་ལ་ཡོད་པའི་ཡོན་ཏན་གསར་དུ་སྐྱེ་བ་ལྟར་སྟོན་པའི་ཕྱིར་རོ། །དེང་སང་ནི་གཞི་ལ་རིགས་དེ་གཉིས་མི་བརྩི་བར། གཞི་དེ་རང་བཞིན་དང་། ལམ་ནི་རྒྱས་འགྱུར་དུ་འཇོག་པ་ནི་དབྱིངས་མ་གོ་བའི་རྣམ་འགྱུར་དུ་སྣང་སྟེ། གཞི་ལ་སྣང་སྟོང་ལྷུན་གྲུབ་ཏུ་ཡོད་པ་དང་འགལ་བའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མར་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་གྱུར་པ། །ཞེས་པ་དང་། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོག་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་པས། སངས་རྒྱས་དེའང་བྲལ་བའི་རྒྱུ་འབྲས་ལས། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཀྱིས་བསྒྲུབས་པ་མ་ཡིན་ཏེ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར་ན། རིགས་གཉིས་ལས་སངས་རྒྱས་སྐུ་གསུམ་ཡེ་ལྡན་དུ་ཡོད་པའི་ཆ་ཤེས་པར་བྱའོ། །དེའང་སངས་རྒྱས་ཀྱི་སའི་རྒྱས་འགྱུར་སྣང་ཆ་ལོངས་སྐུ་དང་དེའི་སྟོང་ཆ་ཆོས་སྐུ་རང་བཞིན་གྱི་རིགས་དེ་དེ་གཉིས་དབྱེར་མེད་པའི་བྱིན་རླབས་ལས། འགྲོ་བའི་སྣང་ངོར་རང་རང་གི་སྐལ་བ་དང་མཐུན་པའི་སྤྲུལ་སྐུ་སྣང་བ་ཉིད། ནམ་མཁའ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྣང་བའི་གཟུགས་བརྙན་གསེར་

p. 1111

གྱི་རི་ངོགས་ལ་ཤར་བ་བཞིན་ནོ། །གཉིས་པ་གནས་སྐབས་ཀྱི་སྒོ་ནས་དབྱེ་ན་གསུམ་སྟེ། མ་དག་པ་སེམས་ཅན་གྱི་རིགས། མ་དག་པ་དག་པ་བྱང་ཆུབ་སེམས་དཔའི་རིགས། ཤིན་ཏུ་དག་པ་དེ་བཞིན་གཤེགས་པའི་རིགས་སམ་ཁམས་སོ། །དེའང་སངས་རྒྱས་ཀྱི་སར་དྲི་མ་དང་བྲལ་བས་རིགས་སམ་ཁམས་མཚན་ཉིད་པ་ལྡོག་ཀྱང་མིང་དེ་སྐད་བཏགས་པ་མི་འགལ་ཏེ། དེ་ཉིད་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །ཞེས་བཤད་པའི་ཕྱིར་རོ། །དེས་ན་གནས་སྐབས་གསུམ་ལ་ལྟོས་པར། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམས་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་པ་དང་དེའི་འགྲེལ་པར། འདི་ལྟ་སྟེ་མ་དག་པའི་གནས་སྐབས་སུ་ནི་སེམས་ཅན་གྱི་ཁམས་ཞེས་བྱ་བ་དང་། མ་དག་པ་དང་དག་པའི་གནས་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་སོ། །དེ་བཞིན་དུ་ཐེག་པ་གསུམ་གྱི་རིགས་གསུམ་དུའང་ཡོད་ལ། བསྒྲུབ་པའི་གནས་སྐབས་ཀྱི་རིགས་བཅུ་གསུམ་ལ་སོགས་པར་ཡང་བཞག་སྟེ། སེམས་ཉིད་དབྱིངས་གཅིག་པོ་དོན་གྱི་རིགས་ལ་བཟང་ངན་མེད་པར་ཀུན་ཁྱབ་ཏུ་ཡོད་པས་ཁྱབ་ལ། དེའི་སྟེང་དུ་གནས་སྐབས་ཐེག་པ་ཐ་དད་དང་། ས་ལམ་གོང་འོག་གི་དབྱེ་བས་མིང་འདོགས་ཐ་དད་དུ་གཞག་པ་ནི། བུམ་པ་གཅིག་ཉིད་ཀྱང་བཅུད་གང་བླུགས་ཀྱི་དུས་སུ་མིང་འགྱུར་བ་བཞིན་ཏེ། མངོན་རྟོགས་རྒྱན་ལས། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་སོ། །དེའང་དབྱིངས་འོད་གསལ་པའི་རིགས་དེ་འགྲོ་བ་བཟང་ངན། ཉན་རང་སངས་རྒྱས་ལ་སོགས་པ་འཕགས་པ་གོང་འོག་བཟང་ངན་དུ་སྣང་བ་ཐམས་ཅད་ལ་གནས་དུས་ངོ་བོ་ལ་བཟང་ངན་དང་བྲི་བསྣན་མེད་པར་ཡོད་དེ། དཔེར་ན་རྫ་སྣོད་དང་། ཤིང་སྣོད་དང་། རིན་པོ་ཆེའི་སྣོད་ལ་སོགས་པ་ཐ་དད་བཟང་ངན་

p. 1112

དུ་སྣང་ཡང་། སྣོད་དེ་དག་གི་ནང་གི་ནམ་མཁའ་ལ་བཟང་ངན་མེད་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །དེ་སྤྱིའི་མཚན་ཉིད་ངེས་པ་དང་། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པར་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཅེས་སོ། །བཟང་ངན་ལྟར་སྣང་བ་ནི་དྲི་མ་ལས་གྲོལ་མ་གྲོལ་གྱི་ཁྱད་པར་དེ། སྒྲིབ་པའི་མུན་པ་ཆེན་པོས་བསྒྲིབས་པ་སོ་སོ་སྐྱེ་བོ་ལ་ཡང་། ཡོན་ཏན་ཆ་ཤས་ཙམ་ལས་མེད་པ་ལས། དྲི་མ་བསྲབས་པ་ཉན་རང་གི་དགྲ་བཅོམ་ཡོན་ཏན་འཕགས་པ་དང་། དེ་དག་ཀྱང་མི་ཤེས་པའི་ས་པ་ཐམས་ཅད་མ་སྤངས་པ་ལས་གོང་མར་གྱུར་པ་ས་ཐོབ་པའི་སེམས་དཔའ་རྣམས་འཕགས་པར་སྣང་བ་དང་། དེ་བས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་འཕགས་པར་སྣང་བའོ། །ཚུལ་འདིའི་དབང་དུ་བྱས་ན་ཉན་རང་གི་དགྲ་བཅོམ་དེ་འཁོར་བའི་སྡུག་བསྔལ་ལས་རེ་ཞིག་ངལ་གསོ་བ་ཙམ་ལས་མྱང་འདས་མཚན་ཉིད་པར་མི་འདོད་དེ། དེ་ཉིད་ལས། གང་ཕྱིར་དེ་ནི་ཆོས་སྐུ་དེ་བཞིན་གཤེགས། དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་པ་དང་། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཅེས་སོ། །གསུམ་པ་དཔེ་དོན་གྱི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། དཔེ་དོན་རབ་ཏུ་དབྱེ་བ། དེའི་ཆོས་མཚུངས་སྦྱར་བ། སྙིང་པོའི་རང་བཞིན་བསྟན་པའོ། །དང་པོ་ནི་བཀའ་ཐ་མ་ལས་གསུངས་པ་ཡང་དག་ངེས་པ་དོན་གྱི་བསྟན་བཅོས་རྣམས་སུ་བཀྲོལ་བ་ལས། ཆོས་ཀྱི་དབྱིངས་སུ་བསྟོད་པར། ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཇི་ལྟར་འོ་མ་རྣམས་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམས་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཇི་ལྟར་མར་མེ་བུམ་ནང་ན། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་ན། །ཆོས་ཀྱི་དབྱིངས་ཀྱང་མི་

p. 1113

མཐོང་ངོ་། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པར་བུ་ག་བཏོད་གྱུར་པའི། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཇི་ལྟར་རིན་ཆེན་བཻ་ཌཱུཪྻ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་པ། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང་། འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། ཁམས་ཡོད་པས་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། ཁམས་མེད་པས་ནི་ལས་བྱས་ཀྱང་། །ཉོན་མོངས་འགའ་ཞིག་སྐྱེ་བར་ཟད། །ཇི་ལྟར་སྤུན་པས་གཡོགས་གྱུར་པ། །སོ་བ་འབྲས་བུ་མི་སྣང་ལྟར། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པ། །དེ་ནི་སངས་རྒྱས་ཞེས་མི་བཏགས། །ཇི་ལྟར་སྤུན་པ་ལས་གྲོལ་པས། །འབྲས་ཉིད་སྣང་བར་འགྱུར་བ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ། །ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་དཔེར་བྱེད་ཀྱང་། །དེ་ཡི་འབྲས་བུ་སྙིང་པོ་ཉིད། །དང་པོ་ཟ་བར་བྱེད་པ་ལྟར། །སྙིང་པོ་མེད་པའི་འཁོར་བ་ལས། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། །ཞེས་མར་དང་། མར་མེ་དང་། ནོར་བུ་དང་། གསེར་དང་། འབྲུ་དང་། ཤིང་འབྲས་དྲུག་གི་དཔེས། གཞི་དང་། ལམ་དང་། འབྲས་བུའི་གནས་སྐབས་གསུམ་

p. 1114

མཚོན་ནས་གསུངས་པ་ཉིད། བྱམས་པས་ནི་དཔེ་རྣམ་པ་དགུ་ལས། དཔེ་དང་པོ་པདྨའི་སྦུབས་ན་སངས་རྒྱས་གཏུམས་པ་ནི། རྒྱུད་བླ་མ་ལས། ཇི་ལྟར་མདོག་ངན་པདྨའི་ཁོང་གནས་པ། །མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི། །དྲི་མེད་ལྷ་ཡི་མིག་ལྡན་མིས་མཐོང་ནས། །ཆུ་སྐྱེས་པདྨོའི་སྦུབས་ནས་འབྱིན་བྱེད་ལྟར། །དེ་བཞིན་བདེ་གཤེགས་མནར་མེད་གནས་རྣམས་ལ། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། །སྒྲིབ་མེད་ཕྱི་མཐའི་མུར་གནས་ཐུགས་རྗེ་ཡི། །བདག་ཅག་སྒྲིབ་པ་ལས་ནི་གྲོལ་བར་བྱེད། །ཅེས་སོ། །དཔེ་གཉིས་པ་སྦྲང་མའི་སྦྲང་རྩི་ལྟ་བུ་ནི། །ཇི་ལྟར་སྲོག་ཆགས་ཚོགས་སྐོར་སྦྲང་རྩི་ནི། །སྐྱེས་བུ་མཁས་པས་དོན་དུ་གཉེར་བ་ཡིས། །མཐོང་ནས་དེ་དག་ཐབས་ཀྱིས་སྲོག་ཆགས་ཚོགས། །ཀུན་ནས་འབྲལ་བར་རབ་ཏུ་བྱེད་པ་བཞིན། །དྲང་སྲོང་ཆེན་པོ་ཀུན་མཁྱེན་སྤྱན་གྱིས་ནི། །རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་བ། །གཏན་ནས་རབ་ཏུ་སྤོང་བར་འཛད་པ་ཡིན། །ཅེས་སོ། །དཔེ་གསུམ་པ་སྦུན་པའི་ནང་གི་འབྲས་བུ་ལྟ་བུ་ནི། ཇི་ལྟར་སྦུན་ལྡན་འབྲས་བུའི་སྙིང་པོ་ནི། །མི་རྣམས་ཀྱིས་ནི་སྤྱོད་པར་མི་འགྱུར་བ། །ཟས་སོགས་དོན་དུ་གཉེར་བ་གང་ཡིན་པ། །དེ་དག་གིས་ནི་སྦུན་ནས་དེ་འབྱིན་ལྟར། །དེ་བཞིན་སེམས་ཅན་རྣམས་ཀྱི་ཉོན་མོངས་ཀྱི། །དྲི་མ་དང་འདྲེས་རྒྱལ་བ་ཇི་སྲིད་དུ། །ཉོན་མོངས་དྲི་མ་འདྲེས་ལས་མ་གྲོལ་བ། །དེ་སྲིད་རྒྱལ་མཛད་སྲིད་གསུམ་འདུ་མི་བྱེད། །ཅེས་སོ། །དཔེ་བཞི་པ་འདམ་རྫབ་ཀྱི་ནང་གི་གསེར་ལྟ་བུ་ནི། ཇི་ལྟར་རབ་ཏུ་རྒྱུ་ཚེ་མི་ཡི་གསེར། །ལྗན་ལྗིན་རུལ་བའི་ནང་དུ་ལྟུང་གྱུར་པ། །མི་འཇིགས་ཆོས་ཅན་དེ་ནི་དེར་དེ་བཞིན། །ལོ་བརྒྱ་མང་པོ་དག་ཏུའང་གནས་པ་ན། །ལྷ་མིག་དང་ལྡན་ལྷ་ཡི་དེར་དེ་ནི། །མཐོང་ནས་མི་ལ་འདི་ན་ཡོད་པའི་གསེར། །རིན་ཆེན་མཆོག་ནི་སྦྱངས་ཏེ་རིན་ཆེན་གྱིས། །བསྒྲུབ་པར་བྱ་བ་གྱིས་ཞེས་སྨྲ་བ་

p. 1115

ལྟར། །དེ་བཞིན་ཐུབ་པས་མི་གཙང་དང་འདྲ་བའི། །ཉོན་མོངས་འདམ་བྱིང་སེམས་ཅན་ཡོན་ཏན་ནི། །གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར། །སྐྱེ་དགུ་རྣམས་ལ་དམ་ཆོས་ཆར་བ་འབེབས། །ཞེས་སོ། །དཔེ་ལྔ་པ་ས་འོག་གི་གཏེར་ལྟ་བུ་ནི། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཤིང་གཏེར་དེ་ཡང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ་། །ཞེས་སོ། །དཔེ་དྲུག་པ་ཤུན་པའི་སྦུབས་ན་ལྗོན་ཤིང་གི་མྱུ་གུ་ལྟ་བུ་ནི། ཇི་ལྟར་ཨ་སྨྲ་ལ་སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས། །ས་རྨོས་ཆུ་སོགས་ལྡན་ལས་ལྗོན་ཤིང་གི། རྒྱལ་པོའི་དངོས་པོ་རིམ་གྱིས་བསྒྲུབས་པ་ལྟར། །སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །པགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང་། །དེ་བཞིན་དགེ་རྐྱེན་དེ་དང་དེ་བརྟེན་ནས། །རིམ་གྱིས་ཐུབ་པའི་རྒྱལ་བའི་དངོས་པོར་འགྱུར། །ཅེས་སོ། །དཔེ་བདུན་པ་གོས་རུལ་གྱི་ནང་གི་ནོར་བུའི་གཟུགས་ལྟ་བུ་ནི། ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས། །གོས་རུལ་དྲི་ངན་གྱིས་ནི་གཏུམས་གྱུར་པ། །ལམ་ནས་ལྷ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར། །ལམ་གནས་དོན་དེ་དེ་ལ་སྨྲ་བ་ལྟར། །དེ་བཞིན་ཐོག་མེད་རྣམ་པ་སྣ་ཚོགས་ཀྱིས། །ཉོན་མོངས་ཀྱིས་གཏུམས་བདེར་གཤེགས་དངོས་པོ་ཉིད། །དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་དེ། །ཐར་བར་བྱ་བའི་དོན་དུ་ཐབས་སྟོན་མཛད། །ཅེས་སོ། །དཔེ་བརྒྱད་པ་བུད་མེད་ངན་མའི་མངལ་ན་མི་བདག་གནས་པ་ལྟ་བུ་ནི། ཇི་ལྟར་བུད་མེད་གཟུགས་ངན་མགོན་མེད་འགའ། །མགོན་མེད་འདུག་གནས་སུ་ནི་འདུག་གྱུར་ལ། །མངལ་གྱི་རྒྱལ་པོའི་དཔལ་ནི་འཛིན་བྱེད་པ། །རང་ལྟོ་ན་ཡོད་མི་བདག་མི་ཤེས་ལྟར། །སྲིད་པར་སྐྱེ་

p. 1116

བ་མགོན་མེད་ཁྱིམ་བཞིན་ཏེ། །མ་དག་སེམས་ཅན་མངལ་ལྡན་བུད་མེད་བཞིན། །དེ་ལ་གང་ཞིག་ཡོད་པས་མགོན་བྱས་པ། །དྲི་མེད་ཁམས་ནི་དེ་ཡི་མངལ་གནས་བཞིན། །ཞེས་སོ། །དཔེ་དགུ་པ་སའི་འདམ་ན་གསེར་གྱི་གཟུགས་ལྟ་བུ་ནི། ཇི་ལྟར་ནང་གི་གསེར་ཞུན་གཟུགས་རྒྱས་པ། །ཞི་བའི་ཕྱི་རོལ་ས་ཡི་རང་བཞིན་ཅན། །མཐོང་ནས་དེ་ཤེས་པ་དག་ནང་གི་གསེར། །སྦྱང་ཕྱིར་ཕྱི་རོལ་སྒྲིབ་པ་སེལ་བྱེད་ལྟར། །རང་བཞིན་འོད་གསལ་དྲི་མེད་རྣམས་ཀྱང་ནི། །གློ་བུར་བར་ནི་རྣམ་པར་གཟིགས་གྱུར་ནས། །རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས། །སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ཆུབ་མཆོག །ཅེས་སོ། །དེ་ལྟར་སྙིང་པོ་ལ་སྒྲིབ་པའི་རང་བཞིན་དགུའི་དབང་གིས་དཔེ་དགུ་སྨོས་པ་རྣམས། སྤྱིར་སེམས་ཅན་པའི་ཁམས་ལ་ཡོད་པའི་དཔེར་རྣམ་པར་བཤད་པ་ལས། ཁྱད་པར་དུ་ལམ་དུ་མ་ཞུགས་པའི་སེམས་ཅན་ཙམ་གྱི་རྒྱུད་ལ་ཡོད་པའི་དྲི་མ་འཁོར་བ་འབའ་ཞིག་གི་རྒྱུར་གནས་པའི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དེ་གསུམ་ཆ་མཉམ་དུ་འདྲེས་པ་དྲག་པོའི་ཀུན་ནས་ལྡང་བའི་མཚན་ཉིད་རྣམ་པ་བཞི་ནི། པདྨ་དང་། སྦྲང་མ་དང་། སྦུན་པ་དང་། འདམ་རྫབ་བཞིས་བསྟན་པ་ཡིན་ནོ། །ཉན་ཐོས་རང་སངས་རྒྱས་གཉིས་ཀྱི་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་མ་རིག་པའི་བག་ཆགས་ཀྱིས་སྙིང་པོ་སྒྲིབ་པའི་རང་བཞིན་ནི། ས་འོག་གི་དབུལ་པོའི་གཏེར་གྱི་དཔེ་གཅིག་གིས་བསྟན་ནོ། །སློབ་པ་སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པའི་ཐེག་ཆེན་མཐོང་སྤངས་ཀྱི་དྲི་མ་དང་། འཕགས་པའི་རྒྱུད་ཀྱི་སྒོམ་སྤངས་ཀྱི་དྲི་མ་གཉིས་ནི། ཤུན་ལྤགས་དང་། གོས་རུལ་གཉིས་ཀྱིས་བསྟན་ཏོ། །སར་གནས་ཀྱི་ས་བཅུའི་དྲི་མའང་མ་དག་པ་བདུན་མན་ཆད་ལ་བརྟེན་པའི་དྲི་མ་དང་། དག་པ་ས་གསུམ་ལ་བརྟེན་པའི་དྲི་མ་ནི། མངལ་དང་། འདམ་གྱི་གསེར་གྱི་དཔེ་གཉིས་ཀྱིས་བསྟན་ཏོ། །དེ་སྐད་དུ། ཆགས་སྡང་རྨོངས་དེས་

p. 1117

ཀུན་ནས་ལྡང་དྲག་བག་ཆགས་དང་། །མཐོང་སྒོམ་ལས་སྤང་མ་དག་དག་པའི་སར་བརྟེན་པའི། །དྲི་མ་རྣམ་དགུ་པདྨའི་སྦུབས་སོགས་དཔེས་བསྟན་ཏོ། །ཉེ་བའི་ཉོན་མོངས་སྦུབས་དབྱེ་བྱེ་བ་མཐའ་ལས་འདས། །ཆགས་སོགས་ཉོན་མོངས་དགུ་པོ་འདི། །མདོར་བསྡུས་ནས་ནི་གོ་རིམས་བཞིན། །པདྨའི་སྦུབས་ལ་སོགས་པ་ཡི། །དཔེ་དགུ་དག་གིས་ཡང་དག་བསྟན། །དྲི་འདི་དག་གིས་བྱིས་རྣམས་དང་། །དགྲ་བཅོམ་སློབ་དང་སློབ་ལྡན་རྣམས། །རིམ་བཞིན་བཞི་དང་གཅིག་དང་ནི། །གཉིས་དང་གཉིས་ཀྱིས་མ་དག་ཉིད། །ཅེས་སོ། །གཉིས་པ་ཆོས་མཚུངས་སྦྱར་བ་ནི་དཔེ་དགུ་བོས་སྐྱོན་བསྟན་པས་དོན་དྲི་མ་དགུའི་སྦུབས་སྤང་བྱར་ཤེས་པར་བྱེད་པ་ནི། ཇི་ལྟར་པདྨ་འདམ་སྐྱེས་དེ། །མདུན་དུ་གྱུར་ན་ཡིད་དགའ་དང་། །ཕྱིས་ནས་དགའ་བ་མེད་གྱུར་བ། །འདོད་ཆགས་དགའ་བ་དེ་བཞིན་ནོ། །ཇི་ལྟར་སྲོག་ཆགས་སྦྲང་མ་ནི། །ཤིན་ཏུ་འཁྲུགས་ཏེ་མདུང་བརྡེགས་ལྟར། །དེ་བཞིན་ཞེ་སྡང་སྐྱེ་བ་ཡང་། །སྙིང་ལ་སྡུག་བསྔལ་སྐྱེད་པར་བྱེད། །ཇི་ལྟར་འབྲས་སོགས་སྙིང་པོ་ནི། །ཕྱི་རོལ་སྦུན་པས་བསྒྲིབས་པ་ལྟར། །དེ་བཞིན་སྙིང་པོའི་དོན་མཐོང་བ། །མ་རིག་སྒོ་ལྔའི་སྦུབས་ཀྱིས་བསྒྲིབས། །ཇི་ལྟར་མི་གཙང་མི་མཐུན་པ། །དེ་བཞིན་ཆགས་དང་བཅས་རྣམས་ཀྱིས། །འདོད་ལ་བརྟེན་པའི་རྒྱུ་ཡིན་ཕྱིར། །ཀུན་ནས་ལྡང་བ་མི་གཙང་འདྲ། །ཇི་ལྟར་ནོར་བུའི་སྒྲིབ་པ་ནི། །མི་ཤེས་གཏེར་མི་མཐོང་བ་ལྟར། །དེ་བཞིན་སྐྱེ་ལ་རང་བྱུང་ཉིད། །མ་རིག་བག་ཆགས་ས་ཡིས་བསྒྲིབས། །ཇི་ལྟར་མྱུག་སོགས་རིམ་སྐྱེས་པས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤངས་རྣམས་ནི་ལྡོག་པར་འགྱུར། །འཕགས་པའི་ལམ་དང་འབྲེལ་པ་ལས། །འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱིས། །སྒོམ་སྤངས་ཡེ་ཤེས་སྤང་བྱ་རྣམས། །གོས་རུལ་དག་དང་མཚུངས་པར་བསྟན། །ས་བདུན་ལ་བརྟེན་དྲི་མ་ནི། །མངལ་སྦུབས་

p. 1118

དྲི་མ་དག་དང་མཚུངས། །མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །ས་འདམ་གོས་བཞིན་ཤེས་བྱ་སྟེ། །བདག་ཉིད་ཆེན་པོ་རྡོ་རྗེ་ལྟའི། །ཏིང་ངེ་འཛིན་གྱིས་གཞོམ་བྱ་ཡིན། །ཅེས་སོ། །གསུམ་པ་སྙིང་པོའི་རང་བཞིན་བསྟན་པ་ནི། དེ་ལྟ་བུའི་ཁམས་བྱང་ཆུབ་ཀྱི་སྙིང་པོ་སེམས་ཅན་ལ་ལྷུན་གྲུབ་ཏུ་ཡོད་པ་དེ་ཡང་རང་བཞིན་གྱིས་དག་ཅིང་ཡོན་ཏན་རྫོགས་པའི་ཆ་ནས་ཆོས་ཀྱི་སྐུའི་རང་བཞིན་ཞེས་བྱ་སྟེ། པདྨའི་ཁོང་གི་སངས་རྒྱས་དང་། སྦྲང་རྩི་དང་། འབྲུའི་སྙིང་པོའི་དཔེ་གསུམ་གྱིས་བསྟན་ཏོ། །རང་ལ་ཡོད་རྟགས་སུ་མི་འགྱུར་འདུས་མ་བྱས་པའི་ཆ་ནས་དེ་བཞིན་ཉིད་ཀྱི་རང་བཞིན་ཞེས་བྱ་སྟེ། གསེར་གྱི་དཔེ་གཅིག་གིས་བསྟན་ཏོ། །ལམ་སྦྱངས་ནས་དྲི་མ་བྲལ་སྟོབས་ཀྱིས་སྐུ་གསུམ་བསྐྱེད་པ་ལྟར་སྣང་བའི་ཆ་ནས་རིགས་ཀྱི་རང་བཞིན་ཞེས་བྱ་སྟེ། གཏེར་དང་ཤིང་དང་། རིན་པོ་ཆེའི་སྐུ་དང་། འཁོར་ལོས་སྒྱུར་བ་དང་། གསེར་གྱི་གཟུགས་ཀྱི་དཔེ་ལྔས་བསྟན་ཏོ། །ཡང་རྒྱུད་བླ་མ་ལས། འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་དེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །ཞེས་སོ། །དེའང་ད་ལྟ་དྲི་མ་དང་བཅས་པའི་དུས་ནའང་ཁམས་འདི་ཉིད་གང་གི་དཔེས་ཀྱང་གོ་དོན་ལེགས་པར་མི་ལྷོངས་པས། ཆོས་སྐུ་ཉིད་དཔེར་བྱ་སྟེ། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དཔེ་ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་ཀྱི་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཅེས་སོ། །འདྲ་བ་བསྟན་པའི་ཆོས་སྐུ་གཉིས་ཏེ། བྲལ་རྒྱུ་ཁམས་དང་། བྲལ་འབྲས་དེ་བཞིན་གཤེགས་པའི་ངོ་བོ་རང་གི་རིག་པའི་ཡེ་ཤེས་སོ། །དེ་དང་རྗེས་སུ་མཐུན་པའི་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་རྣམ་པ་གཉིས་ཀྱང་བསྡུས་ཏེ། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་

p. 1119

སོ། །དེའང་རྒྱུའི་ཆོས་སྐུས་ཀུན་ལ་ཁྱབ་སྟེ་དེའི་འགྲེལ་པ་ལས། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུས་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ལ་ཁྱབ་པའི་དོན་གྱི་དབང་དུ་བྱས་ནས། སེམས་ཅན་འདི་དག་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བསྟན་ཏོ། །གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱི་རོལ་དུ་གྱུར་པའི་སེམས་ཅན་དེ་ནི་འགའ་ཡང་སེམས་ཅན་གྱི་ཁམས་ན་མེད་དེ། ནམ་མཁའི་ཁམས་ཀྱི་གཟུགས་ཀྱི་ཁམས་བཞིན་ནོ་ཞེས་སོ། །རང་བཞིན་འཕོ་འགྱུར་མེད་པ་ཡང་། །རང་བཞིན་འགྱུར་བ་མེད་པ་དང་། །དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་གྱི་ནི། །གཟུགས་དང་འདྲ་བར་བརྗོད་པ་ཡིན། །ཅེས་སོ། །རིགས་ཀྱི་རང་བཞིན་ནི་ཡོན་ཏན་སྐྱེ་བའི་ཆ་ནས་བརྗོད་པ་སྟེ། གཏེར་དང་ཤིང་གི་དཔེ་བརྗོད་ཟིན་ཏོ། །དེ་ལྟ་བུའི་ཁམས་དོན་དམ་གྱི་ངོ་བོ་ནི་ཚོགས་སྦྱོར་དུ་ཡོད་ངེས་སྙམ་དུ་ཡིད་དཔྱོད་ཀྱི་མོས་པ་ལས་མངོན་སུམ་དུ་མི་མཐོང་ངོ་། །ས་དང་པོ་ནས་ཕྱོགས་རེ་མཐོང་ལ། སངས་རྒྱས་ཀྱི་སར་རང་བཞིན་ཅི་ཡིན་པ་མངོན་སུམ་དུ་གྱུར་ནས་གཟིགས་ཏེ། ཉི་མ་ཤར་ཡང་མིག་མེད་པས་མི་མཐོང་ལ། ཡོད་པས་མཐོང་བ་བཞིན་ཏེ། རང་བྱུང་རྣམས་ཀྱི་དོན་དམ་སྟེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་ཡང་། །མིག་མེད་པས་ནི་མཐོང་བ་མེད། །ཅེས་སོ། །དེ་བས་ན་ཉན་རང་བྱང་ཆུབ་སེམས་དཔའ་སྟེ་འཕགས་པ་འོག་མ་གསུམ་གྱིས་ཇི་ལྟ་བ་བཞིན་མི་མཐོང་ལ། བྱང་ཆུབ་སེམས་དཔའ་འཕགས་པས་བུ་ཆུང་གིས་མཐོངས་ཀྱི་ཉི་མ་མཐོང་བ་ཙམ་ལས་རྒྱལ་ཁམས་ཐམས་ཅད་དུ་ཁྱབ་པའི་ཉི་མ་མི་མཐོང་བ་བཞིན་ཏེ། བཙས་པའི་ཁྱིམ་ནས་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་པ་དང་། སངས་རྒྱས་ཀྱིས་ཐམས་ཅད་གཟིགས་པར་རྒྱུད་བླ་མའི་འགྲེལ་པར། སྤྲིན་མཐོངས་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་རབ་ཏུ་མཐོང་

p. 1120

མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་རྣམ་དག་བློ་གྲོས་མཐའ་ཡས་པས། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་གསུངས་སོ། །དེའང་དོན་དམ་པའི་བདེན་པ་དབྱིངས་ཡིན་ལ། འདིའི་རང་བཞིན་མཐོང་བས་དོན་དམ་བདེན་པ་མཐོང་ཞེས་བྱའི། ཅིར་ཡང་མེད་པའི་སྟོང་ཉིད་ཀྱང་དོན་དམ་བདེན་པ་མ་ཡིན་ནོ། །དེའང་བྱིས་པ་སོ་སོ་སྐྱེ་བོ་དང་། ལས་དང་པོ་དག་བདག་ཏུ་ཞེན་པའི་གཉེན་པོར་བདག་མེད་པ་ལ་སོགས་པ་བསྟན་པ་ཡིན་གྱིས། དོན་ལ་དབྱིངས་འོད་གསལ་བ་འདུས་མ་བྱས་ཤིང་ལྷུན་གྲུབ་ཏུ་ཡོད་པ་ཤེས་པར་བྱ་སྟེ། དེ་ཉིད་ལས། མདོར་བསྡུས་ན་གང་ཟག་བཞི་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་བཞག་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། སོ་སོ་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི། འཇིག་ཚོགས་ལ་ལྟ་བར་ལྟུང་བ་རྣམས་དང་། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང་། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་བ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ་ཞེས་གསུངས་པ་ཡིན་ནོ། །ཞེས་སོ། །བཞི་པ་རིགས་བསྟེན་པའི་འཐད་པ་ལ་གཉིས་ཏེ། དོགས་པ་གཅད་པའི་སྒོ་ནས་དྲི་བ་དང་། དེའི་ལན་བཤད་པའོ། །དང་པོ་ནི། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །ཞེས་པ་སྟེ། དེའང་བཀའ་བར་པ་ཆོས་ཐམས་ཅད་མི་རྟག་པ་སྤྲིན་ལྟ་བུ་དང་། མི་བདེན་པ་རྨི་ལམ་ལྟ་བུ་དང་། རྒྱུ་རྐྱེན་ཚོགས་ཀྱང་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ལ་སོགས་པ་གསུངས་ལ། འདིར་ཡེ་ནས་འགྱུར་མེད་དུ་ཡོད་པས་རྟག་པ་དང་། རང་བཞིན་དུ་གནས་པས་དབེན་པ་དང་། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་སུ་བསྟན་པ་དག་འགལ་བའི་ཕྱིར་ཇི་ལྟར་

p. 1121

ལགས་ཞེས། བློ་དམན་རྣམས་ཀྱི་དགོས་པ་བསྡུ་བའི་ལན་དུ། སྙིང་པོ་འདིའང་སྐྱོན་དང་འདུས་བྱས་པ་ལ་སོགས་པས་སྟོང་པའི་ཕྱིར་སྟོང་པ་ཡིན་གྱིས། རང་གི་ཡོན་ཏན་གྱི་ཆོས་འདོར་པའི་སྟོང་པ་མ་ཡིན་ཏེ། རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཅེས་སྔར་ཡང་བརྗོད་ཟིན་ཏོ། །གཉིས་པ་དེའི་ལན་བཤད་པ་ནི། ཡང་དག་པའི་མཐའ་རང་བཞིན་རྣམ་དག་གི་ཁམས་ནི་འདུས་མ་བྱས་པ་ནམ་མཁའ་ལྟ་བུ་ལ། ལས་དང་ཉོན་མོངས་པ་དང་འཁོར་བའི་བདེ་སྡུག་རྟེན་པ་རྣམས་སྤྲིན་ལྟར་སྣང་སྟེ། དེའང་ཉོན་མོངས་པ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་སྡུག་བསྔལ་བ་ནི་སྤྲིན་དང་འདྲ་ལ། ལས་ནི་རང་བཞིན་མེད་ལ་སྣང་བས་རྨི་ལམ་གྱི་རྣམ་པ་ལྟ་བུ། ཉོན་མོངས་པ་དང་ལས་ཀྱིས་བསྐྱེད་པའི་ཕུང་པོ་རྣམས་ནི་སྒྱུ་མ་དང་། སྤྲུལ་པ་ལྟར་བསྟན་པས། བདག་ཏུ་མངོན་པར་ཞེན་པ་མཐའ་གཅིག་ཏུ་འཛིན་པའི་གཉེན་པོ་བྱེད་ལ། དེའི་འོག་ཏུ་སྟོང་པ་ཉིད་ལ་མཐར་འཛིན་པའི་སྒྲོ་སྐུར་དུ་ཞེན་པ་ལ་སོགས་པའི་ཉེས་པ་ལྔ་འབྱུང་བས། དེ་དག་བསལ་བའི་ཕྱིར་ཁམས་དོན་དམ་པ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཡིན་ནོ་ཞེས། ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡིས། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །སྔར་ནི་དེ་ལྟར་རྣམ་བཞག་ནས། །སླར་ཡང་བླ་མའི་རྒྱུད་འདིར་ནི། །ཉེས་པ་ལྔ་དག་སྤང་བའི་ཕྱིར། ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །ཅེས་སོ། །ཉེས་པ་ལྔ་གང་ཞེ་ན། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤོང་དོན་དུ་གསུངས། །

p. 1122

དེའང་བྱང་ཆུབ་ཀྱི་སྙིང་པོ་རང་ལ་ཡོད་པར་མ་མཐོང་བས། བདག་ལྟ་བུས་སངས་རྒྱས་མི་ཐོབ་ཅེས་སེམས་ཞུམ་ནས་བྱང་ཆུབ་ཏུ་སེམས་མི་བསྐྱེད་པ་དང་། བསྐྱེད་ཀྱང་བདག་བྱང་ཆུབ་སེམས་དཔའ་གཞན་ཐ་མལ་པ་ཞེས་སེམས་ཅན་ལ་བརྙས་པས་ལམ་གོང་མ་ཐོབ་པའི་གེགས་བྱེད་པ་དང་། སྟོང་ཉིད་མཐར་འཛིན་གྱི་དབང་གིས་དོན་དམ་པའི་རང་བཞིན་ཆོས་ཀྱི་དབྱིངས་ལ་མི་འཇུག་པས་ཡང་དག་པར་མི་འཛིན་པ་དང་། རྟག་ཆད་དུ་ལྷུང་བས་ཡང་དག་པའི་ཆོས་ལ་སྐུར་བ་འདེབས་པ་དང་། བདག་དང་སེམས་ཅན་མཉམ་པར་མ་མཐོང་བས། བདག་གཞན་དུ་འཛིན་པའི་ཉེས་པ་འབྱུང་བ་སྟེ། འདི་ལྟར་དེ་ནི་མ་ཐོས་པས། །བདག་ལ་བརྙས་པའི་ཉེས་པ་ཡིས། །སེམས་ནི་ཞུམ་པ་འགའ་ཞིག་ལ། །བྱང་ཆུབ་སེམས་ནི་སྐྱེ་མི་འགྱུར། །གང་ལ་བྱང་ཆུབ་སེམས་སྐྱེས་པས། །བདག་ལ་མཆོག་ཅེས་རློམ་པ་ན། །བྱང་ཆུབ་སེམས་མ་བསྐྱེད་པ་ལ། །དམན་པའི་འདུ་ཤེས་རབ་ཏུ་འཇུག །དེ་ལྟར་སེམས་པ་འདི་ལ་ནི། །ཡང་དག་ཤེས་པ་མི་སྐྱེ་བ། །དེས་ན་ཡང་དག་མི་འཛིན་ཅིང་། །ཡང་དག་དོན་དེ་རིག་མི་འགྱུར། །བཅོས་མ་གློ་བུར་པ་ཉིད་ཕྱིར། །སེམས་ཅན་སྐྱོན་དེ་ཡང་དག་མིན། །ཡང་དག་ཉིད་དེ་བདག་མེད་པ། །ཡོན་ཏན་རང་བཞིན་དག་པ་ཡིན། །ཡང་དག་མིན་པའི་ཉེས་འཛིན་ཅིང་། །ཡང་དག་ཆོས་ལ་སྐུར་འདེབས་པས། །བློ་ལྡན་བདག་དང་སེམས་ཅན་ནི། །མཚུངས་མཐོང་བྱམས་པ་ཐོབ་མི་འགྱུར། །ཅེས་སོ། །དེ་ལྟ་བུའི་ཁམས་རང་གཞན་ལ་ལྷུན་གྲུབ་ཏུ་ཡོད་པར་ཤེས་ན། རང་གི་སེམས་ཐར་བར་བསྒྲུབ་པ་ལ་དཀའ་བ་མེད་པར་ཤེས་ཏེ་སྤྲོ་བ་དང་སེམས་ཅན་ཐམས་ཅད་ལ་སངས་རྒྱས་བཞིན་དུ་གུས་པས་འཚེ་བ་དང་གནོད་པ་མེད་ཀྱི་སྟེང་དུ་ཕན་འདོགས་པ་དང་། དོན་དམ་པའི་དབྱིངས་རྟོགས་པའི་ཤེས་རབ་དང་། གནས་ལུགས་མཐོང་བའི་ཡེ་ཤེས་དང་། བྱམས་པ་ཚད་མེད་པའི་དཀྱིལ་འཁོར་རྒྱས་པས་གཞན་དོན་བསྒྲུབ་པར་ནུས་པ་སྟེ། འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་

p. 1123

བཞིན་གུས་དང་། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ། །ཆོས་ལྔ་སྐྱེ་ཕྱིར་དེ་ལས་ནི། །ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང་། །བདག་དང་སེམས་ཅན་མཚུངས་བྱས་ཏེ། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ། །ཅེས་སོ། །རིགས་ཀྱི་རྣམ་པར་གཞག་པ་འདི་ནི་དྲང་དོན་དུ་མི་ལྟ་བར། ངེས་དོན་འབའ་ཞིག་ཏུ་བཟུང་སྟེ་ཤེས་པར་བྱའོ། །གནས་འདི་ཐེག་པ་ཆེན་པོའི་ཚུལ་རབ་ཏུ་གཅེས་ཤིང་རྟོགས་པར་དཀའ་བའི་ཕྱིར་འདིར་རྒྱས་པར་བཤད་པའང་དེ་ཡིན་ནོ། །དོན་གཉིས་པ་རིགས་ཅན་གྱི་སེམས་ཇི་ལྟར་བསྐྱེད་པའི་ཚུལ་ལ་གསུམ་སྟེ། སེམས་བསྐྱེད་ཀྱི་རང་བཞིན་ཤེས་པར་བྱ་བ། ཤེས་ནས་ཇི་ལྟར་བསྐྱེད་པའི་ཚུལ། བསྲུང་བྱ་བསླབ་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། རྟེན་དང་རང་བཞིན་ནོ། །དང་པོ་ནི་སེམས་ཙམ་པ་ལྟར་ན་སོ་སོར་ཐར་པ་རིགས་བདུན་དང་ལྡན་པ་ནི་ལུས་ཀྱི་རྟེན་དུ་འདོད་དེ། ལམ་སྒྲོན་ལས། སོ་སོར་ཐར་བའི་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱིས་གཞན་དུ་མིན། །ཅེས་སོ། །དབུ་མ་བའི་ལུགས་ཀྱི་ཐེག་ཆེན་ལ་མོས་ཤིང་སངས་རྒྱས་ཐོབ་འདོད་ཅན་གྱི་ལྷ་དང་ཀླུ་ལ་སོགས་པ་ལའང་སྐྱེ་བར་འདོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། དེའི་ཚེ་ལྷའི་བུ་ཉི་ཁྲིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་པ་དང་། རྒྱ་མཚོས་ཞུས་པ་ལས། ཀླུ་ཉིས་ཁྲི་ཉིས་སྟོང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་པ་ལ་སོགས་པ་དང་། ཡུམ་བར་མ་ལས། དེའི་ཚེ་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་སོ། །སྐྱེས་ཟིན་གནས་པའི་རྟེན་ནི་འགྲོ་བ་རིགས་ལྔ་གང་ལའང་རུང་ངོ་། །བསྐལ་བཟང་ལས། རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་འོད་དེ་ལ། །ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་ནི། །དང་པོ་བྱང་ཆུབ་

p. 1124

མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པས། སེམས་བསྐྱེད་ཀྱི་རྟེན་དུ་སོ་སོར་ཐར་བའི་སྡོམ་པ་དགོས་པ་མ་ཡིན་ནམ་ཞེ་ན། དེ་ནི་དབུ་མ་བའི་སེམས་བསྐྱེད་ཡིན་ཡང་ཉིན་གཅིག་གི་སྲོག་གཅོད་སྤོང་བ་ཙམ་སོ་སོར་ཐར་པའི་སྡོམ་པ་མ་ཡིན་ལ། རྒྱུ་དགེ་རྩ་དེ་ལ་བརྟེན་ནས་སེམས་བསྐྱེད་པ་ཡིན་གྱི་རྟེན་དུ་བཤད་པའང་མ་ཡིན་ནོ། །བསམ་པའི་རྟེན་ནི་དད་སོགས་བསོད་ནམས་ཀྱི་བློ་ཁྱད་པར་ཅན་དང་ལྡན་པའོ། །གཉིས་པ་རང་བཞིན་ལ་གསུམ་སྟེ། ངོ་བོ། རྒྱུ། འབྲས་བུའོ། །དང་པོ་ལ་མཚན་ཉིད། དབྱེ་བ། སོ་སོའི་དོན་དང་གསུམ་ལས། དང་པོ་ནི་ཐེག་ཆེན་ལམ་གྱི་སེམས་གང་ཡིན་མཚན་གཞི། བྱང་ཆུབ་སེམས་ཀྱི་ཐ་སྙད་བྱ་རུང་དུ་མཚོན། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་སེམས་སྨོན་འཇུག་གིས་བསྡུས་པ་གང་ཞིག་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོར་གྱུར་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དབྱེ་ན་བདུན་ལས། གཉིས་ཚན་གྱི་སྒོ་ནས་དབྱེ་བ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་པའང་མྱ་ངན་འདས་པ་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་གཉིས་ཏེ། །སེན་ངྷ་པ་ཡི་སྒྲ་བཞིན་ནོ། །ཞེས་སོ། །གསུམ་ཚན་གྱིས་དབྱེ་ན། ཚུལ་ཁྲིམས་གསུམ་གྱི་རིམ་པས། དག་པར་བྱེད་པ་ཚུལ་ཁྲིམས་ཀྱི་བསླབ་པ། གནས་པར་བྱེད་པ་སེམས་ཀྱི་བསླབ་པ། གྲོལ་བར་བྱེད་པ་ཤེས་རབ་ཀྱི་བསླབ་པའི་སེམས་གསུམ་གྱི་རྣམ་པ་གསུམ་མོ། །བཞི་ཚན་གྱིས་དབྱེ་ན། ཚོགས་སྦྱོར་ན་ཡོད་པ་མོས་པས་སྤྱོད་པའི་སེམས་བསྐྱེད། ས་བདུན་པ་མན་ཆད་དང་པོ་ཡན་ཆད་ན་ཡོད་པ་ལྷག་བསམ་རྣམ་དག་གི་སེམས་བསྐྱེད། དག་པ་ས་གསུམ་ན་ཡོད་པ་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་ས་ན་ཡོད་པ་སྒྲིབ་པ་སྤངས་པའི་

p. 1125

སེམས་བསྐྱེད་དེ། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་གཉིས་སྤངས་པའོ། །ཞེས་སོ། །ལྔ་ཚན་གྱིས་དབྱེ་ན། ལམ་ལྔའི་སེམས་བསྐྱེད་པ་ལྔའོ། །དྲུག་ཚན་གྱིས་དབྱེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དྲུག་སྟེ་ཡུམ་བར་མ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སེམས་བསྐྱེད་པ་དྲུག་པོ་གང་དང་ལྡན་པས་ཞེས་སོ། །ས་མཚམས་ཀྱི་དབྱེ་བ་དཔེས་མཚོན་པ་ཉི་ཤུ་རྩ་གཉིས་ཏེ། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་ཀླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་སོ། །དཔེ་དེ་དག་གིས་མཚོན་པའི་དོན་ནི། འགྲེལ་པ་ལས། འདུན་པ་དང་། བསམ་པ་དང་། ལྷག་པའི་བསམ་པ་དང་། སྦྱོར་བ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་ལ་མཁས་པ་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མངོན་པར་ཤེས་པ་དང་། བསོད་ནམས་དང་། ཡེ་ཤེས་དང་། བྱང་ཆུབ་ཀྱི་ཕྱོགས་དང་། མཐུན་པའི་ཆོས་དང་། སྙིང་རྗེ་དང་། ལྷག་མཐོང་དང་། གཟུངས་དང་། སྤོབས་པ་དང་། ཆོས་ཀྱི་དགའ་སྟོན་དང་། བགྲོད་པ་གཅིག་པའི་ལམ་དང་། ཆོས་ཀྱི་སྐུ་དང་ལྡན་པ་ནི་ཞེས་སོ། །དེའང་དང་པོ་གསུམ་ནི་ཚོགས་ལམ་གསུམ་ལའོ། །སྦྱོར་བ་ནི་སྦྱོར་ལམ་ནའོ། །སྦྱིན་པ་ནས་ཡེ་ཤེས་ཀྱི་བར་བཅུ་ནི་ས་བཅུ་ལའོ། །མངོན་ཤེས་ནས་གཟུངས་སྤོབས་ཀྱི་བར་ལྔ་ནི་དག་པ་ས་གསུམ་ལའོ། །ཕྱི་མ་གསུམ་པོ་ས་བཅུ་པའི་སྦྱོར་བ་དང་། དངོས་གཞི་རྗེས་གསུམ་ན་ཡོད་དོ། །དེའང་ཁས་བླངས་པའི་ཆོ་གས་ཐོབ་པའི་སེམས་བསྐྱེད་ནི་སློབ་ལམ་ན་ཡོད་ཀྱི་སངས་རྒྱས་ཀྱི་ས་ན་མེད་དོ། །ཐུགས་རྗེ་ཆེན་པོ་སྒྲིབ་པ་དང་བྲལ་བའི་

p. 1126

སེམས་བསྐྱེད་ཀྱིས་དོན་མཛད་པ་ནི་སངས་རྒྱས་ཀྱི་ས་ན་ཡོད་པར་ཤེས་པར་བྱའོ། །སོ་སོའི་དོན་ལ་བདུན་ལས། སྨོན་འཇུག་གི་དོན་ནི། གཞན་དོན་དུ་བསམ་པས་སྨོན་པ་ནི་འགྲོ་བར་འདོད་པ་ལྟ་བུ། སྨོན་པ་སེམས་བསྐྱེད། འཇུག་པས་སྤྱོད་པ་འགྲོ་བཞིན་པ་ལྟ་བུ་འཇུག་པའི་སེམས་བསྐྱེད་དེ། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། །བསླབ་པ་གསུམ་གྱི་དོན་ནི་མི་དགེ་བའི་ཕྱོགས་ལས་རྒྱུད་སྡོམ་པ་ནི་ཚུལ་ཁྲིམས། ཏིང་ངེ་འཛིན་ལ་སོགས་པ་དགེ་བ་གོང་མར་སྤེལ་བ་ནི་སེམས། དོན་གཉིས་བསྒྲུབ་ཅིང་ཤེས་བྱ་འབྱེད་པ་ནི་ཤེས་རབ་ཀྱི་བསླབ་པའོ། །ས་རིམ་གྱི་དོན་ནི་རིགས་ལ་མོས་པས་སྤྱི་ཡུལ་དུ་བྱེད་དུས་མོས་པས་སྤྱོད་པ་ཕྱོགས་རེ་མཐོང་བ་ན་ལྷག་བསམ་དག་པ། ཞིང་ཁམས་དག་པ་ལ་སོགས་པ་དབང་ཐོབ་དུས་རྣམ་པར་སྨིན་པ་དེ་བཞིན་ཉིད་སྒྲིབ་པ་ཀུན་དང་བྲལ་དུས་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱའོ། །ལམ་ལྔའི་དོན་ནི་ལས་དང་པོ་པའི་ཚེ། ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་གཙོ་ཆེར་སྤྱོད་པས་ཚོགས་ལམ། རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་ལམ་ལ་སྦྱོར་བས་སྦྱོར་ལམ། ཆོས་ཉིད་དངོས་སུ་མཐོང་བས་མཐོང་ལམ། མཐོང་ཟིན་སྒོམ་པར་བྱེད་པས་སྒོམ་ལམ། བསླབ་བྱ་མཐར་ཐུག་ནས་བསྒོམ་དུ་མེད་པས་མི་སློབ་པའི་ལམ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་ནི་ཡོ་བྱད་སེར་སྣ་མེད་པར་གཞན་ལ་གཏོང་སེམས་དགེ་བ་སྦྱིན་པ། ཉེས་སྤྱོད་ལས་སེམས་བསྲུང་བ་ཚུལ་ཁྲིམས། རྣམ་འཚེ་བཟོད་པས་བཟོད་པ། དགེ་བ་ལ་སྤྲོ་བས་བརྩོན་འགྲུས། དམིགས་པ་གཅིག་ལ་རྩེ་གཅིག་ཏུ་འཇོག་པས་བསམ་གཏན། ཆོས་ཀྱི་རང་བཞིན་ཤེས་པ་ཤེས་རབ་བོ། །ས་མཚམས་དཔེའི་སྒོ་ནས་ཤེས་པའི་དོན་ལ། སློབ་དཔོན་མཆེ་བའི་སྡེ་ལ་སོགས་པ་འཇིག་རྟེན་པའི་ལམ་ཐམས་ཅད་སྨོན་པ་དང་། བདེན་མཐོང་ཡན་ཆད་ཀྱི་སེམས་བསྐྱེད་འཇུག་པར་འདོད་ལ།

p. 1127

ཨ་བྷྱཱ་ཀ་ར་ལ་སོགས་པ་ཁ་ཅིག་ཚོགས་ལམ་པའི་སེམས་བསྐྱེད་ཆུང་འབྲིང་ཆེ་གསུམ་སྨོན་པར་འདོད་ལ། སྦྱོར་ལམ་ཡན་ཆད་བཅུ་དགུ་པོ་རིལ་པོར་འཇུག་པར་འདོད་དེ། འདུན་སོགས་གསུམ་གྱི་དབྱེ་བ་ཡིས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པ་སེམས་ཞེས་བྱ་བ་ནི། །རྣམ་པ་བཅུ་དགུ་དག་ཏུ་བཞེད། །ཅེས་སོ། །རྒྱ་མཚོ་སྤྲིན་ལ་སོགས་པ་བྱང་ཆུབ་ཐོབ་འདོད་ཀྱི་བློས་མ་བསྐྱེད་པ་སྨོན་པ། བསྐྱེད་པ་འཇུག་པར་འདོད་པ་ལ་སོགས་པ་མང་ཡང་། འདིར་གཞན་དོན་དུ་བྱང་ཆུབ་འདོད་པ་ནི་སྨོན་པ། སྦྱོར་བས་ཁྱབ་ནས་ཞུགས་པ་ནི་འཇུག་པ་སྟེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་ཡིན་ནོ། །གཉིས་པ་རྒྱུ་ནི་སངས་རྒྱས་ལ་དམིགས་པའི་འདོད་པའི་དད་པ། སེམས་ཅན་ལ་དམིགས་པ་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཐོས་པ་དང་གསུམ་ལས་སྐྱེ་བ་ཉིད་དེ། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་པ་དང་། དཀོན་མཆོག་ཏ་ལ་ལའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ལ། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ན། །བློ་དང་ལྡན་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སོ། །འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ། དང་པོ་ལ་ལྔ་ལས། སྤྱོད་པ་རླབས་ཆེ་བ་ནི། མདོ་སྡེ་རྒྱན་ལས། བློ་ལྡན་སེམས་མཆོག་སྐྱེས་མ་ཐག་ཏུ་ཡང་། །མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡམས། །གཉིས་འཕེལ་བྱེད་པས་རྟག་ཏུ་དགེ་བ་དང་། །བརྩེ་ལྡན་བདེ་དང་སྡུག་བསྔལ་དག་གིས་དགའ། །ཞེས་སོ། །དེ་ལ་གཞན་དག་གི་ཕྱིར་བདག་གིས་དཀའ་བ་བྱས་པ་ན། གཞན་བདེ་བས་དགའ་ལ། རང་དཀའ་སྤྱད་ཀྱིས་སྡུག་བསྔལ་བ་ལ་དགའ་བ་སྐྱེས་པའོ། །མཚན་དོན་ལྡན་ཐོབ་པ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་པའི་སྐད་ཅིག་ལ། །འཁོར་

p. 1128

བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཅེས་སོ། །འདོད་པའི་དོན་ཐམས་ཅད་འགྲུབ་པ་ནི། སྡོང་པོ་བཀོད་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་གང་ཅི་འདོད་ཀྱང་རུང་སྟེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིག་དང་ཐོབ་པར་འགྱུར་རོ་ཞེས་པ་དང་། བྱང་ཆུབ་ཀྱི་སེམས་ནི་འདོད་པ་ཐམས་ཅད་འགྲུབ་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞེས་པ་ལ་སོགས་པ་གསུངས་སོ། །སྡིག་པ་ཐམས་ཅད་ཟད་པར་བྱེད་པ་ནི། སྤྱོད་འཇུག་ལས། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཅེས་སོ། །དགེ་བ་རླབས་པོ་ཆེ་འཕེལ་བ་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་ལས་ལྷག་པར་འགྱུར། །ཅེས་དང་། གཏམ་བྱར། སྐྱེས་བུ་གང་ཞིག་བྱང་ཆུབ་སེམས། །སྐད་ཅིག་ཙམ་ཞིག་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཅེས་སོ། །མཐར་ཐུག་གི་འབྲས་བུ་སངས་རྒྱས་མྱུར་དུ་ཐོབ་པ་སྟེ། སྡོང་པོ་བཀོད་པ་ལས། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་ན་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་ཞེས་པ་དང་། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་གཟུང་། །ཞེས་སོ། །དེའང་སེམས་མ་བསྐྱེད་ན་སངས་རྒྱས་སུ་མི་འགྲུབ་ལ་བསྐྱེད་ན་འགྲུབ་པའི་འཐད་པ་ཡང་། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་འཐོབ་ཅིང་། །འཁོར་བར་བདག་གཞན་དོན་བསྒྲུབ་པའི། །

p. 1129

ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ཤེས་ནས་སེམས་བསྐྱེད་པའི་ཚུལ་ལ་གསུམ་ལས། སྦྱོར་བ་ནི་དཀོན་མཆོག་གི་དྲུང་དུ་མཆོད་པ་བཤམས་སྟེ། སློབ་མས་ཕྱག་དང་མཎྜལ་ཕུལ་ལ། སློབ་དཔོན་གྱིས་སེམས་བསྐྱེད་པའི་ཕན་ཡོན་ལ་སོགས་པས་བློ་བཅོས་ཏེ། སེམས་ཙམ་པ་ལྟར་ན་བར་ཆད་དྲི་བ་དང་བསླབ་པ་ཁས་བླང་པ་ལ་སོགས་པ་བྱས་ནས་སེམས་བསྐྱེད་འབོགས་ཀྱང་། འདིར་དབུ་མ་པའི་ལུགས་ཀྱིས། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་བཤགས་པ། དགེ་ལ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བ་མྱ་ངན་ལས་མི་འདའ་བར་གསོལ་བ། དགེ་བ་སེམས་ཅན་ལ་བསྔོ་བ་སྟེ། ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་བྱས་ལ། དངོས་གཞི་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་བདེར་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པ་ལན་གསུམ་བརྗོད་དོ། །རྗེས་ནི་ཕན་ཡོན་བརྗོད་པས་སྤྲོ་བར་བྱ་སྟེ། སྤྱོད་འཇུག་ལས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་པ་ལ་སོགས་པ་བརྗོད་ནས། སྲུང་ཐབས་ཀྱང་བཤད་དོ། །གསུམ་པ་བསྲུང་བྱ་བསླབ་པའི་རང་བཞིན་ལ་གཉིས་ཏེ། བསླབ་པའི་རབ་ཏུ་དབྱེ་བ་དང་། དེ་ཇི་ལྟར་བསྲུང་བའི་ཚུལ་ལོ། །དང་པོ་ལ་གཉིས་ལས། སེམས་ཙམ་པ་ནི་རྩ་ལྟུང་

p. 1130

བཞིར་འདོད་དེ། སྡོམ་པ་ཉི་ཤུ་པ་ལས། རྩ་བའི་ལྟུང་བ་བཞི་པོ་ནི། །ཕམ་པ་འདྲ་བར་དགོངས་པ་ཡིན། །རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་སོ། །དབུ་མ་པ་ནི་བཅུ་དགུ་འམ་ཉི་ཤུར་འདོད་དེ། བསླབ་བཏུས་སུ། རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ངེས་པ་ལྔ། ཕལ་བ་ལ་ངེས་པ་བརྒྱད། ཐུན་མོང་པ་གཉིས་སམ་གཅིག་གོ། དང་པོ་ནི་དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་དང་། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ། ཆད་པ་གཅོད་པ་དང་། རབ་ཏུ་བྱུང་བ་བསླབ་པ་ལས་འབེབས་པ་དང་། མཚམས་མེད་པ་ལྔ་བྱེད་པ་དང་། ལོག་པར་ལྟ་བ་འཛིན་པའོ། །གཉིས་པ་ལྔ་ནི། གྲོང་དང་། ལྗོངས་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་འཇོམས་པའོ། །གསུམ་པ་བརྒྱད་ནི། བློ་མ་སྦྱངས་པ་ལ་སྟོང་པ་ཉིད་སྟོན་པ་དང་། ཐེག་ཆེན་ལ་ཞུགས་པ་ཕྱིར་བཟློག་པ་དང་། སོ་སོར་ཐར་པ་སྤངས་ཏེ། ཐེག་ཆེན་ལ་སྦྱོར་བ་དང་། ཉན་རང་གི་ཐེག་པ་འཛིན་ཅིང་འཛིན་དུ་འཇུག་པ་དང་། བསྙེན་བཀུར་གྱི་ཕྱིར་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང་། རང་གིས་ཟབ་མོ་བཟོད་པར་སྨྲ་བ་དང་། དཀོན་མཆོག་གསུམ་གྱི་དཀོར་སྦྱིན་ཅིང་ལེན་པ་དང་། ཞི་གནས་པའི་ནོར་ཁ་ཏོན་པ་ལ་སྦྱིན་པའོ། །ཐུན་མོང་པ་སྨོན་པ་བཏང་བ་དང་། དེའི་སྟེང་དུ་འཇུག་པ་བཏང་བ་བསྣན་པས་ཉི་ཤུར་གསུངས་སོ། །གཉིས་པ་དེ་ཇི་ལྟར་བསྲུང་བའི་ཚུལ་ནི། སྤྱོད་འཇུག་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཅེས་པས། དྲན་པ་དང་ཤེས་བཞིན་མ་

p. 1131

ཉམས་པས། ནག་པོའི་ཆོས་བཞི་དོར་ནས། དཀར་པོའི་ཆོས་བཞི་སྤྱད་པ་ལ་བསླབ་པར་བྱའོ། །ནག་པོའི་ཆོས་བཞི་ནི། དཀོན་མཆོག་བརྩེགས་པ་ལས། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་བསླུས་པ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་བསྔགས་པ་མ་ཡིན་པའི་མི་སྙན་པ་དང་། བརྗོད་པ་མ་ཡིན་པའི་སྒྲས་ཚིགས་སུ་བཅད་པ་བརྗོད་པ་དང་། སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་ཀྱིས་ལྷག་པའི་བསམ་པས་མ་ཡིན་པ་སྟེ་ཞེས་སོ། །དཀར་པོའི་ཆོས་བཞི་འང་དེ་ཉིད་ལས། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཞིང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན་སྲོག་གི་ཕྱིར་རམ་ཐ་ན་བཞད་བགད་ཀྱི་ཕྱིར་ཡང་རྫུན་གྱི་ཚིག་མི་སྨྲ་བ་དང་། སྒྱུ་དང་གཡོ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་དང་། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་བརྗོད་པ་དང་། ཉི་ཚེ་བའི་ཐེག་པ་མི་འདོད་པའི་ཕྱིར། སེམས་ཅན་གང་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ་ཞེས་སོ། །དེ་བཞིན་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། གཞོན་ནུ་འདུ་ཤེས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྟན་པོར་འགྱུར་ཏེ། བཞི་གང་ཞེ་ན་ཡང་དག་པ་དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་དང་། དེས་བསྟན་པའི་ཆོས་ལ་ལམ་གྱི་འདུ་ཤེས་དང་། དེ་ལ་སྒྲུབ་པ་རྣམས་ལ་ལམ་གྱི་གྲོགས་ཀྱི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་སོ་ཞེས་སོ། །གལ་ཏེའམ་རྒྱ་ལ་

p. 1132

ཉམས་ནའང་འགྱོད་པས་ཉེས་པ་བཤགས་ལ་སླར་ཡང་བླངས་པས་སོར་ཆུད་པར་འགྱུར་ཏེ། སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །མདོར་ན་ཉིན་མཚན་རྟག་ཏུ་སྤང་བྱ་རྣམས་སྤོང་ཞིང་བསྒྲུབ་བྱ་རྣམས་བསྒྲུབས་པས་གཞན་གྱི་དོན་དུ་སངས་རྒྱས་འདོད་པའི་བསམ་པ་དང་མ་བྲལ་བ་ལ་བསླབ་པར་བྱའོ། །འདི་དག་གི་དོན་རྒྱས་པར་ནི་ངེས་དོན་ཤིང་རྟ་ཆེན་པོ་ལས་རིག་པར་བྱའོ། །སེམས་བསྐྱེད་པའི་ཚུལ་བཤད་ཟིན་ཏོ། །དོན་གསུམ་པ་ཚུལ་དེས་ལམ་ཇི་ལྟར་བགྲོད་པའི་ཚུལ་ལ་ལྔ་སྟེ། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པ་དང་། མི་སློབ་པའི་ལམ་བཤད་པའོ། །དང་པོ་ལ་རྟེན་དང་། རང་བཞིན་གཉིས་ལས། རྟེན་ནི་ཐེག་ཆེན་གྱི་སེམས་བསྐྱེད་གསར་དུ་སྐྱེས་པའི་རྟེན་གང་ཡིན་པ་དེའོ། །དེའང་ཐེག་ཆེན་སེམས་བསྐྱེད་དང་པོར་ཐོབ་ནས་ཚོགས་ལམ་ཆུང་ངུར་འཇུག་ནུས་པ་ཡིན་ནོ། །རང་བཞིན་ལ། རྒྱུ། འབྲས་བུ། ངོ་བོ་གསུམ་ལས། རྒྱུ་ནི་རང་བཞིན་དུ་གནས་པའི་རིགས་ཐེག་ཆེན་ལ་ཐོས་བསམ་བྱས་པས་སད་པའོ། །འབྲས་བུ་ནི་སྦྱོར་མཐོང་སྒོམ་གསུམ་མི་སློབ་ལམ་དང་བཞིའོ། །ངོ་བོ་ལ་མཚན་ཉིད། མཚན་གཞི། རབ་ཏུ་དབྱེ་བ། ཁྱད་པར་གྱི་ཆོས་དང་བཞི་ལས། དང་པོ་ནི་ཐེག་ཆེན་ལ་དང་པོ་ཞུགས་ནས་ཐེག་ཆེན་དྲོད་མ་སྐྱེས་ཀྱི་བར་ཐེག་ཆེན་སེམས་བསྐྱེད་དང་མ་བྲལ་པའི་དགེ་བ་མཚན་གཞི། ཐེག་ཆེན་ཚོགས་ལམ་གྱི་ཐ་སྙད་བྱ་རུང་དུ་མཚོན། སངས་རྒྱས་ཐོབ་བྱེད་ཀྱི་དགེ་བ་ལས་དང་པོ་པས་བསྡུས་པ། གང་ཞིག་ཐེག་ཆེན་གྱི་དྲོད་སོགས་ངེས་འབྱེད་ཆ་མཐུན་གྱི་སྐད་ཅིག་དང་པོ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པ་སྟེ་འགྲེལ་ཆུང་ལས། ཐར་བའི་ཆ་དང་མཐུན་པ་སྐྱེས་པའི་སྤྲོ་བ་ཅན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས་སོ་ཞེས་སོ། །མཚན་གཞི་ནི་ཐེག་ཆེན་ལ་དང་པོ་ཞུགས་པ་ནས་ཐེག་ཆེན་གྱི་སྦྱོར་ལམ་མ་སྐྱེས་ཀྱི་བར་གྱི་རྫོགས་པའི་བྱང་ཆུབ་འདོད་པས་ཀུན་ནས་བསླང་བའི་ཚུལ་ཁྲིམས་དང་། དབང་པོའི་སྒོ་སྡོམ་པ་དང་། ཟས་ཀྱི་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་

p. 1133

པ་དང་། བླང་དོར་གྱི་བྱ་བ་ཤེས་བཞིན་དུ་གནས་པས་དགའ་བ་དང་། དགེ་བ་ལ་མི་འགྱོད་པ་དང་། སྤྲོ་བ་དང་དད་པ་དང་། མོས་པ་ལ་སོགས་པ་ཐར་བའི་རྒྱུར་གྱུར་པའི་དགེ་བ་གཞན་དང་། ཐོས་པ་དང་བསམ་པ་དང་། སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་བསྡུས་པ། སྦྱོར་ལམ་སྐྱེ་བའི་འོས་སུ་གྱུར་པ་རྣམས་སོ། །དབྱེ་ན་ཚོགས་ལམ་ཆུང་ངུ་། འབྲིང་། ཆེན་པོ་གསུམ་མོ། །ཆུང་ངུ་ནི། སངས་རྒྱས་ཐོབ་པའི་རྒྱུ་བསྐལ་པ་གྲངས་མེད་གསུམ་གྱི་མགོ་བརྩམ་པ་ལ་ཞུགས་པ། དྲན་པ་ཉེར་གཞག་བཞི་སྒོམ་པའི་དུས་སྦྱོར་ལམ་སྐྱེ་བའི་དུས་མ་ངེས་པའོ། །དེའང་ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དག །སེམས་བརྟན་ཁྱད་པར་འགྲོ་བ་ཡིས། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་བརྩོན་པར་མཛད་ཅེས་བརྗོད། །ཅེས་སོ། །འབྲིང་ནི་ཡང་དག་སྤོང་བ་བཞི་བསྒོམ་པའི་དུས་སྦྱོར་ལམ་ཚེ་ཕྱི་མ་ཕན་ཆོད་ཀྱི་སྐྱེ་དུས་ངེས་པའོ། །ཆེན་པོ་ནི་རྫུའཕྲུལ་གྱི་རྐང་པ་བཞི་བསྒོམ་པའི་དུས་སྦྱོར་ལམ་ཚེ་དེ་ཉིད་ལ་སྐྱེ་བར་ངེས་པའོ། །ཁྱད་པར་གྱི་ཆོས་ལྔ་ལས། གཉེན་པོའི་ཁྱད་པར་ནི་ཟག་བཅས་ཀྱི་འདུ་བྱེད་རྣམས་ལ་ཉེས་དམིགས་སུ་ལྟ་བ་རྣམ་པར་སུན་འབྱིན་པའི་གཉེན་པོའོ། །སྤངས་བའི་ཁྱད་པར་ནི་ཟག་བཅས་ཀྱི་འདུ་བྱེད་ལ་སྐྱོན་དུ་མཐོང་བས་མངོན་པར་ཞེན་པ་སྤངས་པའོ། །རྟོགས་པའི་ཁྱད་པར་ནི། བདག་མེད་གཉིས་ཐོས་བསམ་གྱི་ཤེས་རབ་ཀྱིས། དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཤས་ཆེ་ཞིང་སྒོམ་བྱུང་གི་རྟོགས་པའང་ཡོད་དེ་ཀུན་ལས་བཏུས་ལས་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱང་རུང་སྟེ་ཞེས་སོ། །ཡོན་ཏན་གྱི་ཁྱད་པར་ནི་སེམས་ལས་སུ་རུང་བས་བྱང་ཆུབ་ཀྱི་ལམ་སྣ་ཟིན་པ་དང་། ཏིང་ངེ་འཛིན་ཞི་གནས་དང་ལྷག་མཐོང་ལ། བློ་གནས་པ་ལ་སོགས་པའོ། །དེའི་མཐུས་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་འཐོབ་ཅིང་། སངས་རྒྱས་སྤྲུལ་བའི་སྐུ་ལས་གདམས་ངག་ཐོས་པར་བཤད་དེ། མདོ་སྡེ་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་

p. 1134

གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །དེར་ནི་ཚོགས་རྣམས་རྫོགས་བྱེད་ཅིང་། །གདམས་ངག་རྒྱ་ཆེན་ཐོབ་པར་འགྱུར། །ཅེས་སོ། །བསྒོམ་བྱའི་གདམས་ངག་གི་ཁྱད་པར་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིའི་དབང་དུ་བྱས་ཏེ་ཚོགས་ལམ་གསུམ་ཀར་ལུས་ངག་གི་འཇུག་ལྡོག་ལ་དམིགས་པའི་ཚུལ་ཁྲིམས་དང་། གསུང་རབ་ཀྱི་ཚིག་དོན་ལ་དམིགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང་། ཆོས་ཀྱི་ཕྱག་རྒྱ་བཞི་དང་། ཐར་པ་ཆ་མཐུན་ལྔ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ལུས་དང་། འཆི་བ་དང་། སྐྱེ་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྣམས་རྗེས་སུ་དྲན་པའོ། །ཕྱག་རྒྱ་བཞིའི་བསྒོམ་ཚུལ་ནི་སེམས་བསྐྱེད་ནས། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པའི་རང་བཞིན་འཁོར་བ་སྡུག་བསྔལ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བར་བསྒོམ་པའི་རྗེས་ལ་བསྔོ་བ་བྱེད་པའོ། །དེ་བཞིན་དུ་རང་གཞན་གྱི་ཚེ་མི་རྟག་པས་འཆི་བ་རྗེས་སུ་དྲན་པ་བསྒོམ་པ་དང་། ལུས་མི་གཙང་པའི་འདུ་ཤེས་དགུ་དང་། སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་དང་། སྤྱོད་ཡུལ་ཡོངས་སུ་དག་པ་རྣམས་བསྒོམ་པར་བྱའོ། །དེ་ལ་སྤྱོད་པ་རྣམས་སྦྱོང་བའི་ཆོས་ནི་དུག་གསུམ་སྤྱིའི་གཉེན་པོར་བསྒོམ་པ་སྟེ། དཔུང་བཟང་གིས་ཞུས་པ་ལས། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང་། པགས་པ་ཀེང་རུས་བལྟ་བས་རྣམ་པར་བཟློག །བྱམས་དང་སྙིང་རྗེའི་ཆུས་གདབ་ཞེ་སྡང་ལ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ཞེས་སོ། །མི་གཙང་བའི་འདུ་ཤེས་དགུ་ནི། རོ་རྣམ་པར་བམ་པ་དང་། འབུས་གཞིག་པ་དང་། དམར་བ་དང་། སྔོ་བ་དང་། གནག་པ་དང་། ཟོས་པ་དང་། འཐོར་བ་དང་། འཚིག་པ་དང་། རུལ་བའི་འདུ་ཤེས་བསྒོམ་པའོ། །སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་ནི། བདག་གིས་ནམ་ཞིག་སེམས་ཅན་གྱི་སྡུག་

p. 1135

བསྔལ་སེལ་ནུས་སྙམ་པ་དང་། ནམ་ཞིག་དབུལ་བས་ཉེན་པའི་སེམས་ཅན་རྣམས་འབྱོར་བ་ཆེན་པོ་ལ་འཇོག་ནུས་སྙམ་པ་དང་། ནམ་ཞིག་ཤ་ཁྲག་དང་བཅས་པའི་ལུས་འདིས་སེམས་ཅན་གྱི་དོན་བྱེད་ནུས་སྙམ་པ་དང་། ནམ་ཞིག་དམྱལ་བར་ཡུན་རིང་དུ་གནས་ནས་ཀྱང་སེམས་ཅན་གྱི་དོན་བྱེད་ནུས་སྙམ་པ་དང་། ནམ་ཞིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་བ་ཆེན་པོས་སེམས་ཅན་གྱི་རེ་བ་རྫོགས་པར་བྱེད་ནུས་སྙམ་པ་དང་། ནམ་ཞིག་སངས་རྒྱས་སུ་གྱུར་ནས་སེམས་ཅན་གྱི་སྡུག་བསྔལ་ངེས་པར་འབྱིན་ནུས་སྙམ་པ་དང་། སེམས་ཅན་ལ་མི་ཕན་པའི་སྐྱེ་བ་དང་དོན་དམ་པའི་རོ་ལ་གཅིག་ཏུ་སྤྱོད་པ་དང་། སྐྱེ་བོ་ཐམས་ཅད་ཚིམ་པར་མི་བྱེད་པའི་ཚིག་དང་། གཞན་ལ་མི་ཕན་པའི་འཚོ་བ་དང་ལུས་དང་ཤེས་རབ་དང་ནོར་དང་དབང་ཕྱུག་དང་ལྡན་པ་དང་། གཞན་ལ་གནོད་པར་བྱེད་པ་ལ་དགའ་བར་ཚེ་རབས་ཐམས་ཅད་དུ་མ་གྱུར་ཅིག་སྙམ་པ་དང་། སེམས་ཅན་གྱི་སྡུག་པའི་འབྲས་བུ་བདག་ལ་སྨིན་ཅིང་བདག་གི་དགེ་བའི་འབྲས་བུ་དེ་དག་ལ་སྨིན་པར་གྱུར་ཅིག་སྙམ་དུ་སེམས་པ་ཡིན་ནོ་ཞེས་གཞུང་འགྲེལ་ལས་བཤད་པ་ལྟར་རོ། །སྤྱོད་ཡུལ་ཡོངས་སུ་དག་པ་ནི་མདོ་སྡེ་རྒྱན་ལས། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་འདུ་ཤེས་སྣ་ཚོགས་འཇུག་གྱུར་པ། །དེ་ལྟ་དེ་ལྟར་རིགས་ཤིང་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་པའི་དོན་ནི། ཕལ་པོ་ཆེའི་སྤྱོད་ཡུལ་ཡོངས་སུ་དག་པ་བཞིན་ཤེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཁང་པའི་ནང་དུ་འཇུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱིས་ཐར་པའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ་ཞེས་པ་སྦྱར་ཏེ། ཉལ་པའི་ཚེ་སངས་རྒྱས་ཀྱི་སྐུ་ཐོབ་པར། རྨི་ལམ་རྨིས་ན་ཆོས་ཐམས་ཅད་རྨི་ལམ་ལྟར་རྟོགས་པར། གཉིད་སད་ཙ་ན་མ་རིག་པ་ལས་སད་པར། ལྡང་བ་ན་སངས་རྒྱས་ཀྱི་གཟུགས་སྐུ་ཐོབ་པར། གོས་གྱོན་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར། སྐེ་རགས་འཆིང་བ་ན་དགེ་

p. 1136

བའི་རྩ་བ་ཟུང་དུ་འབྲེལ་བར། སྟན་ལ་འདུག་པ་ན་རྡོ་རྗེའི་སྟན་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ་ཞེས་པ་ལ་སོགས་པ་གསུང་པ་བཞིན་ཉམས་སུ་བླང་ངོ་། །དབུགས་ཕྱི་ནང་དུ་རྒྱུ་བ་ནི་ཏིང་ངེ་འཛིན་བསྒྲུབ་པའི་སྔོན་རོལ་བའི་ཐབས་རྣམ་རྟོག་འདུལ་བ་སྟེ། ཁ་དང་སྣའི་རླུང་མདའ་གང་དུ་ཕར་སོང་ཚུར་འོང་བའི་ཁུག་པ་ལ་སེམས་བཟུང་བས་རྟོག་པ་འདུལ་བ་དང་། བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་བྱམས་སོགས་ཚད་མེད་བཞི་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་ངང་ལ་དྲན་བསམ་འཕྲོ་འདུ་མེད་པ་སྒོམ་པར་བྱེད་དེ། སྤྱོད་འཇུག་ལས། རྣམ་རྟོག་ཉེ་བར་ཞི་བ་དང་། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་བསྒོམ་པའི་ཚུལ་གསུམ་ལས། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བཞག་བཞི། བསྒོམ་པའི་དང་པོ་ལུས་དྲན་པ་ཉེར་བཞག་ནི། མཉམ་གཞག་ཏུ་ནམ་མཁའ་ལྟར་བསྒོམ་ཞིང་། རྗེས་ཐོབ་ཏུ་མི་གཙང་བ་དང་། སྒྱུ་མ་ལྟ་བུ་ལ་སོགས་པར་བསྒོམ་མོ། །ཚོར་བ་དྲན་པ་ཉེར་གཞག་ལའང་མཉམ་གཞག་ཏུ་མ་སྐྱེས་པ་དང་། རྗེས་ཐོབ་ཏུ་གང་ཅི་ཚོར་ཡང་སྡུག་བསྔལ་དང་། ཆུ་ཤིང་ལྟར་སྙིང་པོ་མེད་པར་བསྒོམ་མོ། །སེམས་ལའང་མཉམ་གཞག་ཏུ་རང་བཞིན་གྱིས་སྟོང་པ་དང་། རྗེས་ཐོབ་ཏུ་མི་འགག་ལ་མི་གནས་པར་བསྒོམ་མོ། །ཆོས་ལའང་མཉམ་གཞག་ཏུ་མཉམ་པ་ཉིད་དང་། རྗེས་ཐོབ་ཏུ་སྒྱུ་མའི་དཔེ་བརྒྱད་ལ་སོགས་པ་བསྒོམ་པར་བྱའོ། །དེའང་ཚོགས་ལམ་ཆུང་ངུ་དྲན་པ་ཉེར་གཞག་བཞི་བསྒོམས་པས་མཐོང་ལམ་གྱི་བདེན་པ་བཞི་ལ་འཇུག་གོ། འདི་ལྟར་དང་པོས་ལུས་སྡུག་བསྔལ་དུ་ཤེས་པས་སྡུག་བསྔལ་ཤེས་པ་ལ་འཇུག་གོ། གཉིས་པས་ཚོར་བ་སྡུག་བསྔལ་དུ་ཤེས་པས་ཀུན་འབྱུང་སྤོང་བ་ལ་འཇུག་གོ། སེམས་མི་རྟག་པར་བསྒོམས་པས་རྟག་འཛིན་འགག་པའི་འགོག་པ་མངོན་དུ་བྱེད་པ་ལ་འཇུག་གོ། ཆོས་བདག་མེད་པར་བསྒོམས་པས་བདག་ཏུ་ཞེན་པ་ལོག་ནས་ལམ་བསྒོམ་པ་ལ་འཇུག་སྟེ། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲེད་

p. 1137

རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་གཞག་པ་བསྒོམ། །ཞེས་སོ། །ཚོགས་ལམ་འབྲིང་དུ་མི་དགེ་བའི་ཆོས་རྣམས་མ་སྐྱེས་པ་མི་བསྐྱེད། སྐྱེས་པ་རྒྱུན་གཅད་པའི་ཕྱིར་དང་། དགེ་བའི་ཆོས་རྣམས་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ་པའི་ཕྱིར། བརྩོན་པར་བྱེད་ཅིང་གཉེན་པོ་བདག་མེད་པ་དང་། སྒྱུ་མའམ་རྨི་ལམ་ལ་སོགས་པ་སྒོམ་པར་བྱེད་དེ། དེ་ཉིད་ལས། མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ནས། །མི་དགེ་སྤང་ཕྱིར་བརྩོན་འགྲུས་ནི། །རྣམ་པ་བཞི་དག་རབ་ཏུ་འབྱུང་། །ཞེས་སོ། །ཚོགས་ལམ་ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་ཡང་། ནང་དུ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཞི་ལྷག་ཟུང་འབྲེལ་དུ་བསྒོམས་པས་སྤྱན་དང་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པའི་འདོད་དོན་འགྲུབ་པ་སྟེ། དབུས་མཐའ་ལས། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་བར་འགྱུར། །ཅེས་སོ། །སྐབས་འདིར་རྗུ་འཕྲུལ་ལ་སོགས་པ་བསམ་གཏན་གྱི་སེམས་ལས་སུ་རུང་སྟོབས་ཀྱིས་འགྲུབ་པའི་ཕྱིར་རྗུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེའང་འདུན་པ། བརྩོན་འགྲུས། སེམས། དཔྱོད་པའི་ཏིང་ངེ་འཛིན་བཞིའོ། །འདི་ལྟར་དང་པོར་དམིགས་རྟེན་གཅིག་ལ་ཡིད་བསྡུས་ནས་ལྷན་ནེ་བཞག་དུས། རྣམ་རྟོག་འཕྲོ་ན་དེ་མ་ཐག་མ་འབྱམས་པར་དམིགས་རྟེན་ལ་སེམས་རྩེ་གཅིག་ཏུ་བསྡུས་ལ། ཡང་ཡང་དེ་ལྟར་བསྒོམས་པ་སྟེ། མདོ་སྡེ་རྒྱན་ལས། དམིགས་པ་ཉིད་ལ་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །སླར་ཡང་དེ་ལ་བླན་པར་བྱ། །ཞེས་སོ། །གཉིས་པ་སྦྱོར་བའི་ལམ་ལའང་། རྟེན་དང་། རང་བཞིན་གཉིས་ལས། རྟེན་ནི་གཉིས། ལུས་ཀྱི་རྟེན་འགྲོ་བ་རིགས་ལྔ་གང་རུང་ངོ་། །བསམ་པའི་རྟེན་ནི་བསམ་གཏན་ས་དྲུག་གང་རུང་ཡིན་ནོ། །རང་བཞིན་ལ། རྒྱུ། འབྲས་བུ། ངོ་བོ་གསུམ་ལས། དང་པོ་ནི་ཐེག་ཆེན་

p. 1138

ཚོགས་ལམ་སྟེ། དབུས་མཐའ་ལས། ཐར་པའི་ཆ་དང་མཐུན་བསྐྱེད་ནས། །ཞེས་སོ། །འབྲས་བུ་ནི་མཐོང་སྒོམ་མི་སློབ་པའི་ལམ་གསུམ་མོ། །ངོ་བོ་ལ། མཚན་ཉིད། མཚན་གཞི། དབྱེ་བ། ཁྱད་པར་གྱི་ཆོས་དང་བཞི་ལས། མཚན་ཉིད་ནི་ཐེག་ཆེན་གྱི་ཚོགས་ལམ་རྫོགས་ལ་མཐོང་ལམ་གྱི་སྔར་བྱུང་བའི་དགེ་བ་ཐེག་ཆེན་དུ་གཏོགས་པ་རྣམས་མཚན་གཞི་ཐེག་ཆེན་སྦྱོར་ལམ་གྱི་ཐ་སྙད་བྱ་རུང་དུ་མཚོན། ཐེག་ཆེན་གྱི་ཚོགས་ལམ་རྫོགས་པའི་རྗེས་ལ་འབྱུང་ཞིང་ཐེག་ཆེན་དུ་གཏོགས་པ་གང་ཞིག་ཐེག་པ་ཆེན་པོ་མཐོང་ལམ་སྐད་ཅིག་དང་པོ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པའོ། །དབྱེ་ན་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞིའོ། །དེའང་དྲོད་རྩེ་གཉིས་སུ་དབང་པོ་ལྔ་དང་། བཟོད་ཆོས་གཉིས་སུ་སྟོབས་ལྔ་བསྒོམ་པ་སྟེ། དབུས་མཐའ་ལས། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་སོ། །དེ་ལ་དབང་པོ་ལྔ་ནི། དད་པའི་དབང་པོ། བརྩོན་འགྲུས་ཀྱི་དབང་པོ། དྲན་པའི་དབང་པོ། ཏིང་ངེ་འཛིན་གྱི་དབང་པོ། ཤེས་རབ་གྱི་དབང་པོ་དང་ལྔའོ། །ཇི་ལྟར་བསྒོམ་པའི་ཚུལ་ནི། སེམས་བསྐྱེད་ནས། བདེན་པ་བཞིའི་མི་རྟག་པ་ལ་སོགས་པའམ་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་པ་གཉིས་སུ་ཤེས་པའི་དོན་ལ། དད་པས་ཡིད་ཆེས་པའི་ཚུལ་གྱིས་བསྒོམ། བརྩོན་འགྲུས་གྱིས་སྤྲོ་བ། དྲན་པས་རྟོགས་པ་མ་བརྗེད་པ། ཏིང་ངེ་འཛིན་གྱིས་རྩེ་གཅིག་ཤེས་རབ་ཀྱིས་ནི་རང་བཞིན་ཤེས་པའི་ཚུལ་གྱིས་བསྒོམ་མོ། །དེའང་རྣམ་བྱང་བསྐྱེད་པ་ལ་དབང་པོ་ཞེས་བརྗོད་དེ། དེ་ཉིད་ལས། ཐར་པའི་ཆ་དང་མཐུན་བསྐྱེད་ནས། །འདུན་དང་སྦྱོར་བས་དབང་བྱེད་དེ། །དམིགས་པ་བརྗེད་པར་མ་གྱུར་དང་། །མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ། །ཞེས་སོ། །སྟོབས་ལྔ་ནི། དད་པའི་སྟོབས་ལ་སོགས་པ་ལྔ་སྟེ། སྒོམ་ཚུལ་དབང་པོ་དང་མཐུན་ནོ། །དེའང་མི་མཐུན་ཕྱོགས་འཇོམས་པས་སྟོབས་ཞེས་བྱ་སྟེ། མདོ་སྡེ་རྒྱན་ལས། མི་མཐུན་ཕྱོགས་ཉམས་

p. 1139

ཆུང་བས་ན། །དེ་དག་ཉིད་ལ་སྟོབས་ཞེས་བྱ། །ཞེས་སོ། །འདི་ལྟར་སྦྱོར་ལམ་ཆ་བཞི་བསྒོམ་དུས་ཀྱི་ཡེ་ཤེས་ཀྱི་ངོ་བོ་མཉམ་གཞག་གི་ཆ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། དེ་ལས་ལངས་པའི་རྗེས་ཐོབ་ནི་རྟོག་པ་རྟོག་མེད་ཅི་རིགས་སུ་ཡོད་དོ། །འོ་ན་རྣམ་རྟོག་བཞི་པོ་ལྡན་རྟེན་པ་ཞེས་པས་རྟོག་པ་མ་ཡིན་ནམ་ཞེ་ན། རྣམ་རྟོག་ལྡན་པས་རྟོག་པར་འགྲོ་ན་ཞྭ་ཅན་ཞྭར་འགྱུར་ཏེ་ཞྭ་ལྡན་པའི་ཕྱིར་རོ། །དེའང་རྣམ་རྟོག་བཞི་པོ་བརྟེན་པ་མི་ཟེར་བའི་ཕྱིར། རང་རྒྱུ་འདྲ་བ་ལས་འབྲས་བུ་འདྲ་བ་རྗེས་སུ་བྱེད་དེ། མཚན་བརྗོད་ཀྱི་འགྲེལ་པ་བདུད་རྩིའི་ཐིགས་པ་ལས། ཀོ་ཊ་བ་ཡི་ས་བོན་ལས། །སཱ་ལུའི་མྱུ་གུ་མི་འབྱུང་ལྟར། །དེ་བཞིན་རྣམ་པར་རྟོག་བཅས་ལས། །རྣམ་པར་རྟོག་མེད་འབྱུང་མི་འགྱུར། །ཅེས་པ་དང་འགལ་བའི་ཕྱིར་རོ། །འདི་དག་གི་ཚུལ་རྒྱས་པར་ནི་ཁོ་བོས་བྱས་པའི་རིན་ཆེན་ཐེམ་སྐས་ན་གསལ་བས་དེར་བལྟའོ། །ཡེ་ཤེས་དེ་དག་གི་རིམ་པའང་ཆུང་ངུ་འབྲིང་ཆེན་པོ་གསུམ་གསུམ་གྱི་དབྱེ་བས་ངེས་འབྱེད་ཆ་མཐུན་བཅུ་གཉིས་ཞེས་བྱ་སྟེ། མངོན་རྟོགས་རྒྱན་ལས། དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཅེས་སོ། །དེ་དག་གི་རིམ་པ་ཡང་བཞི་ལས། དྲོད་སྣང་བ་ཐོབ་པ་ནི་ཆོས་ཐམས་ཅད་ཡིད་ཀྱི་སྣང་བ་ཙམ་དུ་མཐོང་བ་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས། སྣང་བ་ཅུང་ཟད་ཐོབ་པ་དེས་དོན་དུ་འཛིན་པའི་གཉེན་པོ་བྱེད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དེ་ནས་དེ་འདྲར་གྱུར་བ་ཡི། །བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པར། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་སོ། །རྩེ་མོ་སྣང་བ་མཆེད་པ་ནི། ཆོས་ཀྱི་སྣང་བ་དེ་ཉིད་སྤེལ་བའི་ཕྱིར་བདག་མེད་བསྒོམ་པ་ལ་བརྩོན་པས་འཇིག་རྟེན་པའི་སྒོམ་བྱུང་གི་སྣང་བ་འབྲིང་དུ་ཐོབ་པ་ཡིན་ཏེ། དེ་ཉིད་ལས། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པས་ཀུན་ཏུ་བརྩམ། །ཞེས་སོ། །བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པ་ནི་སེམས་ཙམ་

p. 1140

དུ་གནས་པའི་འཇིག་རྟེན་པའི་སྒོམ་བྱུང་གི་སྣང་བ་རབ་ཏུ་ཐོབ་པས་ཕྱི་རོལ་དོན་དུ་ཞེན་པའི་གཉེན་པོ་བྱེད་པ་ཡིན་ཏེ། དེ་ཉིད་ལས། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་སྣང་བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡིས། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་བསྡུས། །ཞེས་སོ། །ཆོས་མཆོག་དེ་མ་ཐག་པ་ནི། དོན་དུ་འཛིན་པའི་རྣམ་གཡེང་མེད་པའི་འཇིག་རྟེན་པའི་སྒོམ་བྱུང་གི་སྣང་བ་ཡོངས་སུ་རྫོགས་པ། ཐེག་ཆེན་མཐོང་ལམ་དང་གཞན་གྱིས་བར་མ་ཆོད་པ་ཡིན་ཏེ། དེ་ཉིད་ལས། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཅེས་སོ། །དེ་འང་དྲོད་རྩེ་མོ་གཉིས་ནི་ཆུང་ངུ་སྟེ། མཐོང་ལམ་སྐྱེ་བའི་དུས་མ་ངེས་པའི་སྦྱོར་ལམ་མོ། །བཟོད་པ་ནི་འབྲིང་སྟེ་ཚེ་ཕྱི་མ་ལ་སྐྱེ་བར་ངེས་པའི་སྦྱོར་ལམ་མོ། །ཆོས་མཆོག་ནི་ཆེན་པོ་སྟེ། ཚེ་དེ་ཉིད་ལ་མཐོང་ལམ་སྐྱེ་བའི་སྦྱོར་ལམ་མོ། །བཞི་པ་ཁྱད་པར་གྱི་ཆོས་ལ་ལྔ་ལས། གཉེན་པོའི་ཁྱད་པར་ནི་སྤོང་བ་གཉེན་པོ་ལས། མགོ་གནོན་ནོ། །སྤྱིར་གཉེན་པོ་ལ་བཞི་སྟེ། སུན་འབྱིན་པའི་གཉེན་པོ། སྤོང་བའི་གཉེན་པོ། རྟེན་གྱི་གཉེན་པོ། ཐག་བསྲིང་གི་གཉེན་པོའོ། །སྤངས་པའི་ཁྱད་པར་ནི་སྒྲིབ་པའི་ས་བོན་དང་མངོན་འགྱུར་ཉམས་སྨད་པ་དང་སོ་སོ་སྐྱེ་བོའི་ཕོངས་པ་དང་རྒུད་པ་ལས་གྲོལ་བའོ། །རྟོགས་པའི་ཁྱད་པར་ནི་སྒོམ་བྱུང་གི་ཡེ་ཤེས་ཀྱིས་བདག་མེད་གཉིས་རྟོགས་པའོ། །ཡོན་ཏན་གྱི་ཁྱད་པར་ནི་ཏིང་ངེ་འཛིན་དང་སྤྱན་དང་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་དུ་མ་དང་ལྡན་པའོ། །ཚོགས་ལམ་ལས་འཕགས་པའི་ཁྱད་པར་ནི་ཚོགས་ལམ་ཆེན་པོ་དང་སྒོམ་བྱུང་དུ་འདྲ་ཡང་། མཐོང་ལམ་ལ་ཉེ་རིང་དང་ཡེ་ཤེས་ཀྱི་དྲོད་བརྟན་མི་བརྟན་གྱིས་ཁྱད་ཡོད་དེ། བརྒྱད་སྟོང་འགྲེལ་ཆེན་ལས། བར་ཆད་མེད་ན་མཐོང་བའི་ལམ་ཆེས་ཉེ་བར་འབྱུང་བ་ཞེས་བྱ་བ་ནི་ཐར་

p. 1141

པའི་ཆ་དང་མཐུན་པ་ལས་འདིའི་ཁྱད་པར་ཡིན་པར་རིག་པར་བྱའོ་ཞེས་སོ། །གསུམ་པ་མཐོང་བའི་ལམ་ལ་ཡང་། རྟེན་དང་། རང་བཞིན་གཉིས་ལས། རྟེན་ནི་གཉིས་ཀྱི་ལུས་ཀྱི་རྟེན་འགྲོ་བ་ལྔ་གང་རུང་སྟེ། བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་ཞེས་པ་ལ་སོགས་པའོ། །དེའང་ཆོས་ཀྱི་མིག་རྡུལ་མེད་ཅེས་པས་མཐོང་ལམ་ཐོབ་པ་ཡིན་ལ། ཤིན་ཏུ་རྣམ་པར་དག་གོ་ཞེས་པ་ནི་ས་བརྒྱད་པའི་ཡེ་ཤེས་སོ། །བསམ་པའི་རྟེན་ནི་བསམ་གཏན་བཞི་པའོ། །རང་བཞིན་ལ། རྒྱུ། འབྲས་བུ། ངོ་བོ་གསུམ་ལས། རྒྱུ་ནི་ཐེག་ཆེན་ཚོགས་སྦྱོར་རོ། །འབྲས་བུ་ནི་སྒོམ་ལམ་དང་མི་སློབ་ལམ་གཉིས་སོ། །ངོ་བོ་ལ་མཚན་ཉིད། མཚན་གཞི། དབྱེ་བ། ཁྱད་ཆོས་དང་བཞི་ལས། མཚན་ཉིད་ནི། ཐེག་པ་ཆེན་པོ་པའི་ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་འཁོར་དང་བཅས་པ་མཚན་ཉིད། ཐེག་ཆེན་མཐོང་ལམ་གྱི་ཐ་སྙད་བྱ་རུང་དུ་མཚོན། ཐེག་ཆེན་གྱི་སྦྱོར་ལམ་རྫོགས་པའི་རྗེས་ལ་འབྱུང་ཞིང་ཐེག་ཆེན་གྱི་དགེ་བས་བསྡུས་པ་གང་ཞིག་ཐེག་ཆེན་འཇིག་རྟེན་ལས་འདས་པའི་སྒོམ་ལམ་སྐད་ཅིག་དང་པོ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པའོ། །མཚན་གཞི་ནི་སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་གྱི་བདེན་པ་བཞི་པོ་རེ་རེ་ལའང་ཆོས་ཤེས་པའིབཟོད་པ། ཆོས་ཤེས་པ། རྗེས་སུ་ཤེས་པའི་བཟོད་པ། རྗེས་སུ་ཤེས་པ་བཞི་བཞི་སྟེ་བཅུ་དྲུག་འཁོར་དང་བཅས་པའམ། སའི་དབང་དུ་བྱས་ན། དང་པོ་རབ་ཏུ་དགའ་བའོ། །དེའང་མངོན་རྟོགས་རྒྱན་ལས། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང་། །བཟོད་ཤེས་སྐད་ཅིག་བཅུ་དྲུག་ནི། །ཞེས་སོ། །དེའང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོག་མར་ཐོབ་པ་དེའི་ཚེ་དགའ་བ་རྒྱ་ཆེན་པོ་སྔོན་བས་འཕགས་པ་

p. 1142

ཐོབ་པས་རབ་ཏུ་དགའ་བ་ཞེས་བྱ་སྟེ། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ཡང་ཉེ་བ་དང་། །སེམས་ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེས་གྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་སོ། །དབྱེ་ན་བདེན་པ་བཞིའི་རིམ་པས་སྐད་ཅིག་བཅུ་དྲུག་གི་རང་བཞིན་ཅན་རྣམས་སོ། །ཁྱད་པར་གྱི་ཆོས་ལ་ལྔ་ལས། དང་པོ་གཉེན་པོའི་ཁྱད་པར་ནི་ཆོས་བཟོད་བཞི་ནི་མཐོང་སྤངས་ཀྱི་ས་བོན་རྩ་བ་ནས་སྤོང་བའི་གཉེན་པོ་བར་ཆད་མེད་ལམ་མོ། །ཆོས་ཤེས་བཞི་ནི་རྟེན་གཉེན་པོ་རྣམ་གྲོལ་གྱི་ལམ་མོ། །རྗེས་བཟོད་བཞི་དང་རྗེས་ཤེས་བཞི་ནི་ཐག་བསྲིང་གི་གཉེན་པོ་ཁྱད་པར་གྱི་ལམ་མོ། །དེའང་སྡུག་བསྔལ་ལ་ཆོས་ཤེས་པ། ཀུན་འབྱུང་། འགོག་པ། ལམ་བཞིའི་ཆོས་ཤེས་པ་བཞི། བློ་རྫས་གཅིག་གི་ངོ་བོ་བདེན་བཞིའི་ལྡོག་པ་ལ་ལྟོས་ནས་བཞིར་བཞག་པ་བཞིན་དུ། དེ་དག་གི་རྗེས་བཟོད་དང་། རྗེས་སུ་ཤེས་པའང་མཐུན་ནོ། །སྤངས་པའི་ཁྱད་པར་ལ་ངོ་བོ་དང་། རྣམ་གྲངས་གཉིས་ལས། ངོ་བོ་ནི་རང་གི་ངོ་སྐལ་དུ་གྱུར་ཚད་ཀྱི་མཐོང་སྤངས་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཀྱི་ཆ་ལས་གྲོལ་བ་སྟེ། དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་གཉིས་སུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་སོ། །དེ་དག་གི་ངོ་བོ་ནི། རྒྱུད་བླ་མ་ལས། སེར་སྣ་ལ་སོགས་རྣམ་རྟོག་གང་། །ཉོན་མོངས་པ་ཡི་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པས། སེམས་རབ་ཏུ་མ་ཞི་བར་བྱེད་པ་གང་མི་དགེ་བའམ། སྒྲིབ་ལ་ལུང་དུ་མ་བསྟན་པའི་ངོ་བོ་སེར་སྣ་ལ་སོགས་པ་ནི་ཉོན་སྒྲིབ་ཡིན་ལ། འཁོར་གསུམ་ལ་བདེན་ཞེན་དང་མ་བྲལ་བ་གང་དགེ་བ་ཟག་བཅས་སམ་མ་བསྒྲིབས་ལུང་མ་བསྟན་གྱི་ངོ་བོ་གཟུང་འཛིན་གྱི་རྟོག་པ་ཡུལ་ཡུལ་ཅན་ནི་ཤེས་སྒྲིབ་ཡིན་ནོ། །དེ་དག་ལས་ཉོན་སྒྲིབ་ཀུན་བརྟགས་རྣམས་ནི་མཐོང་

p. 1143

སྤངས་ཡིན་ལ། ལྷན་སྐྱེས་ནི་སྒོམ་སྤངས་ཡིན་ནོ། །ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པ་རགས་པ་རྣམས་ནི་མཐོང་སྤངས་ཡིན་ལ། ཕྲ་བ་རྣམས་ནི་སྒོམ་སྤངས་ཡིན་ནོ། །གཉིས་པ་རྣམ་གྲངས་ལ་གསུམ་སྟེ། མཐོང་སྤངས་ཀྱི་མཚན་ཉིད། དབྱེ་བ། ཇི་ལྟར་སྤོང་ཚུལ་ལོ། །དང་པོ་ནི་ཀུན་བརྟགས་གང་ཞིག་མཐོང་ལམ་གྱི་གནོད་བྱར་གྱུར་པའོ། །དབྱེ་བ་ལ་གསུམ་ལས། ངོ་བོའི་སྒོ་ནས་དབྱེ་ན་དྲུག་སྟེ། ལྟ་བ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་མོ། །ལོག་པར་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། འཇིག་ཚོགས་ལ་ལྟ་བ། མཐར་འཛིན་པའི་ལྟ་བ། ལོག་པར་ལྟ་བ། ལྟ་བ་ལ་མཆོག་ཏུ་འཛིན་པའི་ལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྟེ་ལྔ་དང་། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་སྟེ་ལྟ་མིན་ལྔ་སྟེ་བཅུའོ། །དམིགས་པ་དང་ཁམས་དང་ལོག་པར་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན་མཐོང་སྤངས་བརྒྱ་བཅུ་གཉིས་སོ། །དེའང་ལྟ་བ་ལྔས་འདོད་པའི་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་བཞི་ལ་ཞུགས་པ་ན། ལྟ་མིན་ལྔས་རྗེས་སུ་མཐུན་པར་ཞུགས་ཏེ་བཅུ་བཅུ་ཡོད་པས་བཞི་བཅུ། ཁམས་གོང་མ་གཉིས་ཀྱི་བདེན་པ་བཞི་ལ། ཁོང་ཁྲོ་མ་གཏོགས་པ་དགུ་དགུ་འཇུག་པས། བསམ་གཏན་གྱི་སའི་བདེན་པ་བཞི་ལ་སུམ་ཅུ་རྩ་དྲུག །གཟུགས་མེད་ཀྱི་བདེན་པ་བཞི་ལ་སུམ་ཅུ་རྩ་དྲུག་རྣམས་བསྡོམས་པས་བརྒྱ་རྩ་བཅུ་གཉིས་ཡོད་པ་ནི། ཀུན་ལས་བཏུས་ལས། ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་རིས་ཞེས་སོ། །ཇི་ལྟར་སྤོང་པའི་ཚུལ་ནི་མཐོང་སྤངས་ཀྱི་ས་བོན་མགོ་ནོན་གྱི་ཚུལ་གྱིས་ནི་ངེས་འབྱེད་ཆ་མཐུན་གྱིས་སྤོང་ལ། རྩ་འདོན་གྱི་ཚུལ་གྱིས་ནི་ཆོས་ཤེས་པའི་བཟོད་པ་ལ་སོགས་པས་སྤོང་ངོ་། །དེའང་བདེན་པ་བཞིའི་ཆོས་ཤེས་པས་བཟོད་པའི་དངོས་རྒྱུ་དང་དུས་མཉམ་དུ་ཚོགས་པའི་མཐོང་སྤངས་ཀྱི་ས་བོན་གྱིས་ཉེར་ལེན་གྱི་རྒྱུ་བྱས། དངོས་རྒྱུ་དེས་ལྷན་ཅིག་

p. 1144

བྱེད་པའི་རྐྱེན་བྱས་ནས། ཆོས་བཟོད་དང་དུས་མཉམ་པའི་ས་བོན་རབས་ཆད་པོ་སྐྱེད། དེ་ལ་འཇིག་བྱེད་གཞན་མི་དགོས་པར་སྐད་ཅིག་གིས་འཇིག་པས་ན། སྐད་ཅིག་གཉིས་པ་ལ། ཆོས་ཤེས་ཀྱི་མཐོང་སྤངས་ཀྱི་ས་བོན་ལས་གྲོལ་བའི་གནས་འགྱུར་ཐོབ་པ་ཡིན་ནོ། །རྗེས་བཟོད་བཞི་དང་། རྗེས་ཤེས་བཞི་ནི་རང་རང་གི་སྤང་བྱ་ཆེས་ཕྲའི་གཉེན་པོ་མཐོང་ལམ་གྱི་ཡེ་ཤེས་སྔ་མ་གཉིས་ཀྱི་རྗེས་སུ་སྐྱེས་པ། ས་བོན་ལས་གྲོལ་བ་སྤང་བྱ་ཐག་སྲིང་བྱེད་ཡིན་ནོ། །དེའང་བདེན་བཞི་སོ་སོའི་སྐད་ཅིག་དང་དེའི་སྤང་བྱ་ལ་ལྟོས་ནས་དྲི་མ་རིམ་པའི་གཉེན་པོ་བྱེད་ལ། ཡེ་ཤེས་སྐྱེ་བ་ལ་ལྟོས་ནས་བར་ཆད་མེད་པ་དང་རྣམ་གྲོལ་ལམ་གཉིས་ཆོས་བཟོད་དུ་བྱུང་དུས་མ་མཐོང་མཐོང་ཕྱིར་མཐོང་བའི་ལམ་ཞེས་བཞག་གོ། དེ་དག་གི་སྤང་བྱ་ནུས་ལྡན་དང་། ཡེ་ཤེས་ཀྱི་བརྒྱུད་རྒྱུ་ཕྲད་པས་མགོ་མནན། ནུས་མེད་དང་དངོས་རྒྱུ་ཕྲད་པས་ཉམས་དམན། ཡེ་ཤེས་དངོས་སྐྱེ་དུས་སྤང་བྱ་ས་བོན་དང་བཅས་པ་འགགས་པ་དུས་མཉམ། ཡེ་ཤེས་ལྷག་མས་ཐག་བསྲིང་རྣམ་གྲོལ་ལམ་དུ་སོང་བའི་གཉེན་པོ་བྱེད་པ་ཡིན་ནོ། །དུས་ཀྱི་ཁྱད་པར་ནི་དང་པོར་བདེན་པ་བཞིས་ཕྱེ་བའི་ཆོས་བཟོད་བཞི་དུས་གཅིག་ལ་སྐྱེ། དེའི་འོག་ཏུ་ཆོས་ཤེས་བཞི་དུས་གཅིག་ལ་སྐྱེ། དེའི་འོག་ཏུ་རྗེས་བཟོད་བཞི་དུས་གཅིག་ལ་སྐྱེ། དེའི་འོག་ཏུ་རྗེས་ཤེས་བཞི་དུས་གཅིག་ལ་སྐྱེ་བས། བྱ་རྫོགས་ཀྱི་སྐད་ཅིག་བཞི་ལ་ངོ་བོ་རིགས་བཞི་ལྡོག་པ་བཅུ་དྲུག་ཏུ་སྐྱེ་བ་ཡིན་ཏེ། བདེན་བཞི་ཅིག་ཅར་དུ་རྟོགས་ཤིང་བཟོད་ཤེས་བཞི་རིམ་གྱིས་སྐྱེ་བའི་ཕྱིར་རོ། །རྟོགས་པའི་ཁྱད་པར་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་བདག་མེད་གཉིས་མངོན་སུམ་དུ་རྟོགས་པའོ། །དེའང་ཆོས་ཀྱི་དབྱིངས་དེ་རང་གཞན་ཐམས་ཅད་ལ་ཀུན་ཏུ་འགྲོ་བ་སྟེ། ཁྱད་པར་རྟོགས་པས་བདག་གཞན་མཉམ་པ་ཉིད་བྱང་ཆུབ་ཀྱི་སེམས་རྟོགས་པའོ། །ཡོན་ཏན་གྱི་ཁྱད་པར་ནི་དུས་སྐད་ཅིག་ལ་སྟོན་ནུས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། སྤྱན་དང་། མངོན་

p. 1145

ཤེས་དང་། རྫུ་འཕྲུལ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའང་དུས་སྐད་ཅིག་མ་ལ་སངས་རྒྱས་བརྒྱས་ཞལ་ལྟ་བ། སངས་རྒྱས་བརྒྱས་བྱིན་གྱིས་བརླབས་པར་ཤེས་པ། སྤྲུལ་པ་བརྒྱ་འགྱེད་པ། དུས་སྐད་ཅིག་བསྐལ་པ་བརྒྱར་སྟོན་པ། སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་འཇུག་པ། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་བ། སེམས་ཅན་བརྒྱ་སྨིན་པར་བྱེད་པ། ཞིང་བརྒྱ་གཡོ་བར་བྱེད་པ། ཞིང་བརྒྱ་འོད་ཀྱིས་གསལ་བར་བྱེད་པ། ཆོས་ཀྱི་སྒོ་མོ་བརྒྱ་འབྱེད་པ། རང་གི་ལུས་བརྒྱར་སྟོན་པ། ལུས་རེ་རེ་ལ་ཡང་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བར་སྟོན་པའོ། །ས་འདིར་གནས་པ་དེས་འཛམ་བུ་གླིང་གི་རྒྱལ་པོའི་སྐྱེ་བ་འཛིན་པར་ནུས་སོ། །བཞི་པ་བསྒོམ་པའི་ལམ་ལའང་། རྟེན་དང་། རང་བཞིན་གཉིས་ལས། རྟེན་ལ་ལུས་ཀྱི་རྟེན་ནི་གླིང་གསུམ་གྱི་སྐྱེས་པ་བུད་མེད་འདོད་གཟུགས་ཀྱི་ལྷ་དང་བཅས་པ་ལ་སྐྱེ་བ་ཤས་ཆེ་ཞིང་། གཞན་ལའང་སྐྱེར་རུང་སྟེ་མདོ་སྡེ་རྒྱན་ལས། བསམ་བཞིན་སྲིད་པ་ལེན་པ་དང་། །ཞེས་པས་གྲུབ་བོ། །སེམས་ཀྱི་རྟེན་ནི། བསམ་གཏན་བཞི་པའོ། །རང་བཞིན་ལ། རྒྱུ། འབྲས་བུ། ངོ་བོ་གསུམ་ལས། རྒྱུ་ནི་ཐེག་ཆེན་གྱི་ལམ་དང་པོ་གསུམ་མོ། །འབྲས་བུ་ནི་མི་སློབ་པའི་ལམ་མོ། །ངོ་བོ་ལ་མཚན་ཉིད། མཚན་གཞི། དབྱེ་བ། ཁྱད་ཆོས་དང་བཞི་ལས། མཚན་ཉིད་ནི་ས་གཉིས་པ་ཡར་བཅད་རྒྱུན་མཐའ་མར་བཅད་ཀྱི་ཐེག་ཆེན་གྱི་ལམ་མཚན་གཞི། ཐེག་ཆེན་སྒོམ་ལམ་གྱི་ཐ་སྙད་བྱ་རུང་དུ་མཚོན། ཐེག་ཆེན་གྱི་མཐོང་ལམ་རྫོགས་པའི་རྗེས་ལས་འབྱུང་ཞིང་ཐེག་ཆེན་གྱི་དགེ་བས་བསྡུས་པ་གང་ཞིག་ཐེག་ཆེན་མི་སློབ་པའི་ལམ་གྱི་སྐད་ཅིག་དང་པོ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པའོ། །མཚན་གཞི་ནི་ས་བཅུའི་རང་བཞིན་གྱི་འཁོར་དུ་གཏོགས་པའི་དགེ་བ་རྣམས་སོ། །དབྱེ་ན་སྒོམ་ལམ་ཆུང་ངུ་འབྲིང་ཆེན་པོ་གསུམ་ལས་གསུམ་གསུམ་ཕྱེ་བས་དགུའོ། །དེའང་ཆུང་ངུའི་ཆུང་ངུ་ས་གཉིས་པ་དྲི་མ་མེད་པ་སྟེ། ཚུལ་ཁྲིམས་

p. 1146

ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་གྱུར་པ་ནི། མདོ་སྡེ་རྒྱན་ལས། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཞེས་སོ། །ཆུང་ངུའི་འབྲིང་ས་གསུམ་པ་འོད་བྱེད་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ཉིད་ལས། ཆོས་ཀྱི་སྣང་པ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །ཞེས་སོ། །ཆུང་ངུའི་ཆེན་པོ་ས་བཞི་པ་འོད་འཕྲོ་བ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་ལས། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །ཞེས་སོ། །འབྲིང་གི་ཆུང་ངུ་ས་ལྔ་པ་སྦྱང་དཀའ་བ་ནི། ཡང་དེ་ཉིད་ལས། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བརྗོད་དོ། །ཞེས་སོ། །འབྲིང་གི་འབྲིང་ས་དྲུག་པ་མངོན་དུ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་སྟེ། དེ་ཉིད་ལས། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བྱ། །ཞེས་སོ། །འབྲིང་གི་ཆེན་པོ་ས་བདུན་པ་རིང་དུ་སོང་བ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ཉིད་ལས། བགྲོད་གཅིག་ལམ་དང་འབྲེལ་པའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་པ་དང་། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། འཁོར་བ་མཚོ་ཡིའདམ་བརྒལ་བས། །དེ་ལ་རིང་དུ་སོང་ཞེས་བྱ། །ཞེས་སོ། །ཆེན་པོའི་ཆུང་ངུ་ས་བརྒྱད་པ་མི་གཡོ་བ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མདོ་སྡེ་རྒྱན་ལས། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཡི་སར་འདོད་དོ། །ཞེས་སོ། །ཆེན་པོའི་འབྲིང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཅན་ལེགས་པའི་བློ་གྲོས་ནི། དེ་ཉིད་ལས། སོ་སོ་ཡང་དག་རིགས་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཅེས་སོ། །ཆེན་པོའི་ཆེན་པོ་ས་བཅུ་པ་ཆོས་ཀྱིི་སྤྲིན་ཡེ་ཤེས་ཀྱི་ཕ་

p. 1147

རོལ་ཏུ་ཕྱིན་པ་ནི། དེ་ཉིད་ལས། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཁམས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཅེས་སོ། །དེའང་ཏིང་འཛིན་དང་གཟུངས་ཀྱི་སྤྲིན་གཉིས་གདུལ་བྱའི་ནམ་མཁར་ཁྱབ་པས། ཆོས་ཀྱི་ཆར་འབབ་པས་དོན་བྱེད་པ་དེ་བཞིན་གཤེགས་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་སོ། །དེའང་འཕྲིན་ལས་ཀྱི་བྱེད་ཚུལ་འདྲ་བས་དེ་སྐད་བཏགས་ཀྱང་། བྱ་བ་དང་། བྱེད་པ་གཉིས་ཀའི་ཚུལ་སངས་རྒྱས་ལྷག་པ་དེ་ཉིད་ལས། དེ་ལྟ་མོད་ཀྱིས་ས་རྡུལ་དང་། །རྒྱ་མཚོ་བ་གླང་རྨིག་རྗེས་ཆུ། །ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་སོ། །དེ་ལྟར་སྒོམ་ལམ་ས་དགུ་ནི་རང་རང་གི་སྒྲིབ་པའི་གཉེན་པོ་ཆེ་འབྲིང་དགུའི་དབང་གིས། ཡོན་ཏན་གྱི་སྐྱེད་ཚུལ་དགུའི་དབང་གིས་ཕྱེ་བ་ཡིན་ནོ། །བཞི་པ་ཁྱད་པར་གྱི་ཆོས་ལ་ལྔ་ལས། གཉེན་པོའི་ཁྱད་པར་ནི་ས་དགུའི་དྲི་མ་སྤོང་པ་ལ་ལྟོས་ནས། སྦྱོར་བ་དང་བར་ཆད་མེད་ལམ་གཉིས་ནི་སྤོང་བའི་གཉེན་པོའོ། །རྣམ་གྲོལ་གྱི་ལམ་ནི་རྟེན་གྱི་གཉེན་པོའོ། །ཁྱད་པར་གྱི་ལམ་ནི་ཐག་བསྲིང་གི་གཉེན་པོའོ། །དེའང་སའི་སྔོན་རོལ་རང་རྒྱུས་དེ་དང་དེའི་སྤང་བྱ་གེགས་སུ་གྱུར་པ་རགས་པ་སྤོང་པ་ལ་སྦྱོར་བའི་ལམ་ཞེས་བྱའོ། །ས་དེ་དང་དེ་དང་པོར་སྐྱེ་བཞིན་པས་དྲི་མ་ངོ་སྐལ་དེའི་ས་བོན་དངོས་སུ་སྤོངས་པ་ནི་བར་ཆད་མེད་ལམ་མོ། །ས་དེའི་སྐད་ཅིག་གཉིས་པ་ནས་སའི་དངོས་གཞི་རྣམས་ནི་རྣམ་གྲོལ་ལམ་མོ། །སའི་མཇུག་ཏུ་ཡོན་ཏན་ཁྱད་པར་ཅན་ཐོབ་ནས་ས་གོང་མར་བགྲོད་བཞིན་པ་ནི་ཁྱད་པར་གྱི་ལམ་ཞེས་བྱའོ། །སྤངས་པའི་ཁྱད་པར་ནི། མཐོང་སྤངས་མ་ལུས་པ་སྤངས། སྒོམ་སྤངས་ངོ་སྐལ་པ་རྣམས་ཀྱི་རགས་པ་སྤངས། ཕྲ་བ་སྤོང་བ་ལ་འཇུག་པའོ། །དེའང་ངོ་བོ་ལྷན་སྐྱེས་ཀྱི་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཡིན་ལ། དབྱེ་ན་བཞི་

p. 1148

ལས། ངོ་བོའི་སྒོ་ནས་དྲུག་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་ལྟ་བ། མཐར་འཛིན་བའི་ལྟ་བའོ། ཁམས་ཀྱི་སྒོ་ནས་དབྱེ་ན། འདོད་པ་ན་དྲུག །ཁམས་གོང་མ་གཉིས་སུ་ཁོང་ཁྲོ་མ་གཏོགས་པ་ལྔ་ལྔ་སྟེ་བཅུ་དང་བསྡོམས་པས་བཅུ་དྲུག་གོ། སའི་སྒོ་ནས་དབྱེ་ན་འདོད་པ་ན་དྲུག །བསམ་གཏན་བཞི་ན་ལྔ་ཚན་བཞི། གཟུགས་མེད་བཞི་ན་ལྔ་ཚན་བཞི་སྟེ་བསྡོམས་པས་བཞི་བཅུ་རྩ་དྲུག་ཡོད་དོ། །ས་དང་ཆེ་འབྲིང་གི་སྒོ་ནས་དབྱེ་ན། འདོད་པ་དང་། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། གཟུགས་མེད་ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་མེད་པ་དང་། སྲིད་རྩེ་སྟེ་ས་དགུ་ན། འདོད་ཆགས་ཆེ་འབྲིང་དགུ་དགུ་སྟེ་བརྒྱད་ཅུ་རྩ་གཅིག་ཡོད་པ་བཞིན་དུ། ང་རྒྱལ་དགུ་ཚན་དགུ། མ་རིག་པ་དགུ་ཚན་དགུ། འཇིག་ཚོགས་ལ་ལྟ་བ་དགུ་ཚན་དགུ། མཐར་འཛིན་པའི་ལྟ་བ་དགུ་ཚན་དགུ་སྟེ་བརྒྱད་ཅུ་རྩ་གཅིག་པ་ཚན་ལྔ་བསྡོམས་པས་བཞི་བརྒྱ་དང་ལྔའི་སྟེང་དུ། འདོད་པའི་ཁོང་ཁྲོ་ཆེ་འབྲིང་དགུ་བསྣན་པས་བཞི་བརྒྱ་དང་བཅུ་བཞི་ཡོད་དོ། །དེ་དག་སྦྱོར་བ་དང་། བར་ཆད་མེད་ལམ་དང་། རྣམ་གྲོལ་དང་། ཁྱད་པར་ལམ་བཞིར་སོ་སོར་སྤང་པ་ཡིན་ནོ། །ཡོན་ཏན་གྱི་ཁྱད་པར་ནི་ས་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག་ས་གཉིས་པ་ལ་སྐད་ཅིག་རེ་རེ་ཞིང་སྟོང་འགྱུར་མངོན་དུ་བྱེད་དོ། །ས་གསུམ་པར་བརྒྱ་སྟོང་འགྱུར་དང་། ས་བཞི་པ་ལ་ཁྲག་ཁྲིག་འགྱུར་དང་། ས་ལྔ་པ་ལ་ཁྲག་ཁྲིག་ཕྲག་སྟོང་དང་། ས་དྲུག་པ་ལ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང་། ས་བདུན་པ་ལ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང་། ས་བརྒྱད་པ་ལ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། ས་དགུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་བ་སྙེད་དང་། ས་བཅུ་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་བ་སྙེད་ཀྱི་གྲངས་དང་མཉམ་པའི་

p. 1149

ཡོན་ཏན་སྟོན་པར་ནུས་པ་དང་། བ་སྤུའི་ཁུང་བུ་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་གསལ་བར་སེམས་ཅན་གྱི་དོན་དུ་མཛད་པ་བཅུ་གཉིས་ལ་སོགས་པ་དུས་མཉམ་དུ་སྟོན་པར་བྱེད་དོ། །དེ་ལྟ་བུའི་ཡོན་ཏན་ཡང་ཁམས་ཀྱི་སྟེང་གི་སྒྲིབ་པ་བྲལ་སྟོབས་ཀྱིས་གསར་དུ་མཐོང་ཡང་། སྔོོན་མེད་པ་སྐྱེས་པ་མ་ཡིན་ཏེ་ཡོན་ཏན་དེ་ལྟ་བུ་དང་གཞན་ཡང་ཚད་མེད་པ་ཉིད་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པས་སོ་སོར་ཁམས་གསར་དུ་མཐོང་བ་ཇེ་དག་ཏུ་སོང་བས་སྣང་བའི་ཕྱིར་རོ། །ལུས་འཛིན་པའི་ཁྱད་པར་ཡང་། ས་གཉིས་པ་ལ་གནས་པས་གླིང་བཞིའི་འཁོར་ལོས་སྒྱུར་བ་དང་། གསུམ་པས་བརྒྱ་བྱིན་དང་། བཞི་པས་མཚེ་མ་དང་། ལྔ་པས་དགའ་ལྡན་དང་། དྲུག་པས་འཕྲུལ་དགའ་དང་། བདུན་པས་གཞན་འཕྲུལ་དབང་བྱེད། བརྒྱད་པས་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་བདག་པོ་ཚངས་པ་དང་། དགུ་པས་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་བདག་པོ་ཚངས་པ་ཆེན་པོ་དང་། བཅུ་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ལྷའི་བུ་དབང་ཕྱུག་ཆེན་པོའི་སྐྱེ་བ་འཛིན་པར་ནུས་ཏེ། ཕལ་པོ་ཆེ་ལས། འདི་ལ་གནས་པ་དེ་དག་ཁམས་གསུམ་དབང་ཕྱུག་འགྱུར། །ཅེས་སོ། །དེའང་དེ་དག་གི་རྒྱལ་པོར་སྐྱེ་བ་འཛིན་པའི་ནུས་པ་ཡོད་ཀྱི་སྐྱེ་བ་འཛིན་པས་ཀྱང་མ་ཁྱབ་ལ། དེ་དག་གི་རྒྱལ་པོ་ཡིན་ཚད་ཀྱང་བྱང་ཆུབ་སེམས་དཔའི་ས་དེ་དག་ལ་གནས་པས་མ་ཁྱབ་སྟེ། ཁ་ཅིག་སོ་སོའི་སྐྱེ་བོ་བསོད་ནམས་རླབས་ཆེན་བསགས་པ་ཡིན་ལ། ཁ་ཅིག་ཏུ་དེ་བཞིན་གཤེགས་པའི་སྤྲུལ་པ་དེར་སྣང་བས་སེམས་ཅན་གྱི་དོན་མཛད་ཚུལ་གསུངས་པའི་ཕྱིར་རོ། །དེའང་ས་དང་པོ་ཡན་ཆད་ནས་ཚེ་ལ་དབང་ཐོབ་པས། སྐྱེ་ཤི་རང་མཚན་པ་མེད་ཀྱང་སེམས་ཅན་གྱི་དོན་དུ་དེ་ལྟར་འགྱུར་བ་སྟོན་པ་ཡིན་ཏེ། སྡུད་པ་ལས། རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཅེས་པ་དང་། རྒྱུད་བླ་མས། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཇི་བཞིན་

p. 1150

ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་རྒ་དང་ན་བར་སྟོན། །ཅེས་སོ། །ལྔ་པ་མི་སློབ་པའི་ལམ་ལའང་། རྟེན་དང་། རང་བཞིན་གཉིས་ལས་རྟེན་ལ་གཉིས་ལས། ལུས་ཀྱི་རྟེན་ཐུན་མོང་བ་ལྟར་ན་འཛམ་བུ་གླིང་པའི་རྒྱལ་རིགས་སམ་བྲམ་ཟེ་ལས་སངས་རྒྱ་བར་འདོད་ཀྱང་། ཐུན་མོང་མ་ཡིན་པ་ལྟར་ན་འོག་མིན་དུ་སངས་རྒྱ་བའི་རྟེན་གང་ཡིན་པ་ཡིན་ལ། དེ་ནས་འགྲོ་བ་སོ་སོའི་གནས་སུ་སྤྲུལ་པ་འཆར་བ་ན་སངས་རྒྱས་སུ་སྣང་བའི་རྟེན་གང་ཡིན་པ་དེ་ཡིན་པར་འདོད་དོ། །བསམ་པའི་རྟེན་ནི་བསམ་གཏན་བཞི་པའོ། །རང་བཞིན་ལ་རྒྱུ། འབྲས་བུ། ངོ་བོ་གསུམ་ལས། རྒྱུ་ནི་སློབ་ལམ་བཞིར་ཚོགས་གཉིས་མཐར་ཕྱིན་པའོ། །འབྲས་བུ་ནི་འཕྲིན་ལས་ཕུན་སུམ་ཚོགས་པས་འགྲོ་བ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད་པའོ། །ངོ་བོ་ལ་མཚན་ཉིད། མཚན་གཞི། དབྱེ་བ། ཁྱད་ཆོས་དང་བཞི་ལས། དང་པོ་ནི་སྐུ་གསུམ་ཡེ་ཤེས་དང་བཅས་པ་མཚན་གཞི། ཐེག་ཆེན་མི་སློབ་པའི་ལམ་གྱི་ཐ་སྙད་བྱ་རུང་དུ་མཚོན། ཐེག་ཆེན་གྱི་སྤངས་རྟོགས་མཐར་ཕྱིན་པའི་དགེ་བའོ། །གཉིས་པ་ནི་སངས་རྒྱས་ཀྱི་སའི་མི་སློབ་པའི་ཆོས་བཅུ། ཟག་མེད་ཀྱི་ཕུང་པོ་ལྔ། ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དབྱེ་ན་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་དང་གསུམ་ལས། དང་པོ་ནི་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་ལས། ཆོས་སྐུ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་དྲི་མ་མཐའ་དག་དང་བྲལ་བའི་ཡེ་ཤེས་རྟོགས་པ་མཐར་ཕྱིན་པ་ནམ་མཁའ་ལྟ་བུ་སྟེ། སངས་རྒྱས་གཙོ་ལས། ཆོས་སྐུ་མཁའ་འདྲ་གཟུགས་སྐུ་མཛེས་སྐུར་ལྡན། །ཅེས་པ་དང་། སྤྲིང་ཡིག་བདུད་རྩིའི་ཐིག་ལེ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་རྗེས་ཞུགས་ལྟར། །ཤེས་བྱ་སྤྲོས་བྲལ་དེ་ཉིད་དང་། །དབྱེར་མེད་ཡེ་ཤེས་རྣམས་འདྲེས་པ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཆོས་སྐུ་ཞེས་བྱར་བརྗོད། །

p. 1151

ཅེས་སོ། །འདི་ལ་དབྱེ་ན་གཉིས་ཏེ། དབྱིངས་དག་མཉམ་སྟོང་པ་སྐུ་རྣམས་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་ལ། ཡེ་ཤེས་སྤངས་རྟོགས་མཐར་ཕྱིན་པ་རིག་པའི་ངོ་བོ་སྟེ་སྡེ་ཚན་ཉི་ཤུ་རྩ་གཅིག་ནི་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་འདོད་དེ། སངས་རྒྱས་ཀྱི་ཡེ་ཤེས་ཡིན་པ་གང་ཞིག་དབྱིངས་རིག་མཐར་ཐུག་མངོན་དུ་གྱུར་པའི་ཕྱིར་རོ། །དང་པོར་ངོ་བོ་ཉིད་ཀྱི་སྐུ་ནི་མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཅེས་སོ། །རྟོགས་པ་ཡེ་ཤེས་ཆོས་སྐུ་ཚད་མེད་ནི། ཁམས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་རིག་ཆའི་ལྡོག་པས་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་སྟེ། དེ་ཉིད་ལས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམས་གསུམ་དང་། །དྲན་པ་ཉེར་བཞག་རྣམ་གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཅེས་སོ། །དེའང་ངོ་བོ་ཉིད་དབྱིངས་ནམ་མཁའ་ལྟ་བུའི་ངང་ན་རྟོགས་པ་ཡེ་ཤེས་ཉི་མ་ལྟ་བུ་གློ་བུར་གྱི་སྒྲིབ་པ་སྤྲིན་དྭངས་པ་ལྟར་སྣང་བ་ཉིད་དེ། རྒྱུད་བླ་མ་ལས། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་དབྱེ་བར། །ཉི་མཁའ་བཞིན་ཏེ་ཡེ་ཤེས་དང་། །སྤངས་པ་གཉིས་ཀྱི་མཚན་ཉིད་དེ། །འོད་གསལ་བྱས་མིན་དབྱེར་མེད་

p. 1152

པར། །འཇུག་ཅན་གངྒཱའི་ཀླུང་གིས་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་སོ། །དེའང་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཏེ། དེ་ཉིད་ལས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་གཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །གཞལ་མེད་གངྒཱའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་ཉིད་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་ཀུན་རྣམ་སྤངས་པའོ། །ཞེས་པ་སྟེ། མདོར་ན་དྲི་མ་བྲལ་སྟོབས་ཀྱིས་སྣང་ཡང་གསར་དུ་འདུས་མ་བྱས་པ་ལ་སོགས་པ་སྟེ། དེ་ཉིད་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པ་དེ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་འཁོར་བའི་ཆའི་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་དབྱིངས་སུ་ནུབ་པའི་སྟོབས་ཀྱི་ཆ་ནས་བཞག་པའི་གཞིའི་གནས་ལུགས་ཀྱི་སྣང་ཆའི་ཡོན་ཏན་མ་ལུས་པ་རྫོགས་པ་སྟེ། ངེས་པ་ལྔ་དང་ལྡན་པ་དེ་ཉིད་རྟག་ཏུ་ནོར་བུ་ལྟར་བཞུགས་ཀྱང་ཐ་མལ་སྣ་ཚོགས་ཀྱི་དངོས་པོ་ལྟར་རགས་པ་ཐེར་ཟུག་གི་རྣམ་པ་མི་རྟག་པར་སྣང་བའང་མ་ཡིན་ལ། རང་བཞིན་སྟོང་པ་ལྟར་སྣང་མི་ནུས་པའང་མ་ཡིན་ཏེ། འདོད་དགུ་འབྱུང་བའི་ནོར་བུ་དང་། སྣང་ལ་ངོ་བོ་མེད་པས་འཇའ་ཚོན་དང་། རིག་པའི་ཡེ་ཤེས་སུ་གནས་པ་ནི། རྒྱུད་བླ་མ་ལས། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་བསྒྲུབས་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་མིན། །ཅེས་སོ། །དེ་ལ་ངེས་པ་ལྔ་ནི། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། འཁོར་ངེས་པ་ས་བཅུའི་སེམས་དཔའ་

p. 1153

ལ། ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག །སྟོན་པ་ངེས་པ་རྣམ་པར་སྣང་མཛད་ཀྱིས། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་འབྱུང་བ་སྟེ། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་དང་། དེའི་འགྲེལ་བར། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་ལ་བཞུགས་པ་རྣམས་དང་། ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱིས་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་སྤྱོད་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ་ཞེས་སོ། །དེའང་སངས་རྒྱས་རྣམས་ཐོག་མར་མངོན་པར་བྱང་ཆུབ་པའི་གནས་ནི་འོག་མིན་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། གཟུགས་མེད་འདོད་དང་གཟུགས་རྣམས་དང་། །འདུ་ཤེས་མེད་པ་དེ་བཞིན་ཏེ། །ཁམས་ལས་འདས་སོ་སངས་རྒྱས་དག །བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། །ཞེས་སོ། །དེའང་ཁམས་གསུམ་ལས་འདས་པའི། གནས་སྟུག་པོ་བཀོད་པ་ན་སངས་རྒྱས་སོ། །དེ་ཕྱོགས་གང་ན་ཡོད་ཅེ་ན། རྨི་ལམ་ཉིད་གང་དུ་སོང་བ་དེར་འོང་གིས་འདི་ཁོ་ནར་ཡོད་དོ་ཞེས་མ་ཆད་པ་ལྟར། གང་དུ་སྒྲིབ་པ་མཐའ་དག་དང་བྲལ་ནས་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་འདྲེས་པ་དེ་ན་ཡོད་དོ། །ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། དབང་ཕྱུག་ཆེན་པོའི་གནས་མཆོག་དང་། །འོག་མིན་དེ་ཉིད་རྣམ་མཛེས་པ། །ཤེས་པ་གསུམ་པ་གཅིག་ཉིད་དུ། །འདྲེས་པར་གྱུར་ལ་བདག་སྨྲའོ། །ཞེས་པ་དང་། ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །སྔོན་གྱི་རྗེས་སུ་འབྲངས་པས་ན། །དེ་ལ་གདགས་པས་ཐ་དད་འབྱེད། །ཅེས་སོ། །འདིར་ཤཱཀྱ་ཐུབ་པའི་དབང་དུ་བྱས་ན། ཐོག་མ་མེད་པའི་དུས་སུ་འོག་མིན་དུ་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་པ་

p. 1154

ལས་མི་མཇེད་འདི་ཆགས་ནས་སེམས་ཅན་སོ་སོའི་སྣང་བ་དང་མོས་པ་མི་འདྲ་བའི་ངོར་ཐོག་མར་གཟུགས་ཁམས་ཀྱི་འོག་མིན་དུ་སངས་རྒྱས་ནས་ལྷ་རྣམས་བསྡུ་བར་མཛད་པའི་རྗེས་ལ། འཛམ་བུའི་གླིང་གི་རྡོ་རྗེའི་གདན་དུ་སངས་རྒྱ་བའི་ཚུལ་བསྟན་པར་འདོད་དེ། ཟླ་གསང་ཐིག་ལེའི་རྒྱུད་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་དེར་སངས་རྒྱ། །ཞེས་པ་དང་། གཟུགས་ཁམས་ཀྱི་ཤིན་ཏུ་མཐོང་བ་མན་ཆད་ལས་འདས་པ་ལ་སྤང་བར་བྱ་བའི་ཕ་རོལ་འོག་མིན་དུ་འདོད་པ་ཉིད་དེ། ལང་ཀར་གཤེགས་པ་ལས་ཀྱང་། གཙང་མའི་གནས་ནི་སྤངས་ནས་སུ། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱ། །ཞེས་སོ། །འཁོར་ངེས་པ་ནི་ས་དང་པོ་ནས་བཅུ་བའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ་སྟེ། ཡེ་ཤེས་སྣང་བ་རྒྱན་ལས། བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་བཞུགས་པ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་ཞེས་སོ། །ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག་གིས་འཁོར་ལོ་བསྐོར་བ་ནི། དེ་ལས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཚད་མེད་བསམ་གྱིས་མི་ཁྱབ་པ་སྙེད་ཡོངས་སུ་བསྐོར་ཏེ་ཞེས་པ་དང་བྱམས་པའི་སྨོན་ལམ་ལས། རྣམ་སྣང་ཆེན་པོ་དེ་བཞིན་གཤེགས། །སྐུ་ལས་འོད་ཟེར་ཉི་བཞིན་ཤར། །ཞལ་ནས་བདུད་རྩིའི་གསུང་བྱུང་བས། །ཁམས་གསུམ་གང་བའི་ནད་པ་གསོ། །ཞེས་སོ། །སྟོན་པ་ངེས་པ་དཔལ་རྣམ་པར་སྣང་མཛད། དེས་མཚོན་ནས་མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ་སྟེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་འབར་བའོ། །མཚན་སུམ་ཅུ་རྩ་གཉིས་ནི་མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་

p. 1155

ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་པ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཐགས་བཟངས་ཚད་མཉམ་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཅེས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་དེ་ཉིད་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། །མངོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །ཕྱི་དོར་བྱས་འདྲ་རིམ་པར་འཚམས། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་དབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་སུ་འཁྱིལ་བ་དང་། །ཀུན་ནས་

p. 1156

བལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་ཟབ་རིང་མདངས་ཡོད་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་སྙན་འཇམ་ལ་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་ཉིད་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་མཚམས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤང་བ་དང་། །དཔྲལ་པ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་ནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་བཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་སོ། །དུས་ངེས་པ་ནི་རྟག་ཏུ་བཞུགས་པས་བསམ་གྱིས་མི་ཁྱབ་པ་སྟེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་པ། །ཡིད་བཞིན་ནོར་བུ་ཇི་ལྟར་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཅེས་སོ། །རྟག་པའི་རྒྱུ་མཚན་ནི་ལོངས་སྐུ་དེ་ཉིད་ཆོས་སྐུ་དང་དབྱེར་མེད་ངོ་བོ་གཅིག་པས་ཆོས་སྐུ་འཕོ་འགྱུར་མེད་པ་ཉིད་དང་། ཡེ་ནས་ལྷུན་གྱིས་གྲུབ་ཅིང་འདུས་མ་བྱས་པ་ཉིད་དང་། གདུལ་བྱའི་བསོད་ནམས་ཚད་མེད་པ་འཁོར་བ་ཇི་སྲིད་པར་བསྐྲུན་པ་དེའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་པ་དང་། འཆི་མེད་ཞི་བའི་གནས་ཐོབ་སྟེ། །འཆི་བདག་རྒྱུ་བ་མེད་པའི་ཕྱིར། །འདུས་མ་བྱས་

p. 1157

པའི་རང་བཞིན་གྱིས། །ཐུབ་པ་གདོད་ནས་རབ་ཞིའི་ཕྱིར། །རྟག་པར་སྐྱབས་མེད་རྣམས་ཀྱི་ནི། །སྐྱབས་ལ་སོགས་པ་མཛད་པའི་ཕྱིར། །གཟུགས་ཀྱི་སྐུ་ཡི་རྟག་ཉིད་དེ། །ཕྱི་མ་གསུམ་གྱིས་སྟོན་པ་ཡི། །ཆོས་ཀྱི་སྐུ་ནི་རྟག་པ་ཉིད། །ཅེས་སོ། །སྤྲུལ་པའི་སྐུ་ནི་གདུལ་བྱའི་ངོར་ལོངས་སྐུའི་དབྱིངས་ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ་གང་ལ་གང་འདུལ་དུ་སྲིད་པ་ཇི་སྲིད་པ་སྣ་ཚོགས་སུ་འབྱུང་བས། རྒྱ་ཆེ་བའི་རྟག་པ་ཞེས་བྱ་སྟེ། དེ་ཉིད་ལས། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ལ་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིིན་ནོ། །ཞེས་སོ། །དེའང་གདུལ་བྱ་ཡོད་ན་ཡོད། མེད་ན་མེད་པ་ཆུ་ཟླའི་གཟུགས་ལྟ་བུ་སྟེ། སངས་རྒྱས་ཡོད་ཀྱང་སངས་རྒྱས་ལ་བསྐྲུན་པའི་དགེ་བ་མེད་ན་ས་བོན་རུལ་བ་འཕེལ་དུ་མི་རུང་བ་ལྟ་བུ་ནི། མངོན་རྟོགས་རྒྱན་ལས། རྒྱུད་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བས་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ་། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་སོ། །སྤྲུལ་པ་དེ་ཡང་གསུམ་སྟེ། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་དེ་བཞིན་དུ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་སོ། །དེའང་ལུགས་དང་བྲིས་དང་གླེགས་བམ་ལ་སོགས་པ་ཐམས་ཅད་ནི་འགྲོ་བའི་དཀར་པོ་མངོན་པར་འཕེལ་བའི་ཕྱིར་བཟོ་སྤྲུལ་པའོ། །དེས་པ་ལ་སོགས་པར་སྤྲུལ་ནས་ནད་དང་མུ་གེ་ལ་སོགས་པ་སྐྱོབས་པ་ནི་སྐྱེ་བ་སྤྲུལ་པའོ། །མཛད་པ་བཅུ་གཉིས་ལ་སོགས་པས་འདུལ་བ་ནི་བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་

p. 1158

པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་ན། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་སོ། །དེའང་ཆོས་སྐུ་ལ་གཟུགས་སྐུར་གནས་ཏེ། སྐུ་གསུམ་བརྙེས་པའི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་ཉིད་ལས། འདིར་ནི་དང་པོ་ཆོས་སྐུ་སྟེ། །ཕྱི་མ་དག་ནི་གཟུགས་ཀྱི་སྐུ། །ནམ་མཁའ་ལ་ནི་གཟུགས་གནས་བཞིན། །དང་པོ་ལ་ནི་ཐ་མ་གནས། །ཞེས་པ་དང་། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་ནི་སྤྲུལ་བའི་སྐུ་ཡིན་ནོ། །སྐུ་གསུམ་དག་གིས་རང་བཞིན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཅེས་སོ། །དེ་དག་གིས་རྟེན་སྐུ་བཤད་ཟིན་ཏོ། །དེ་ལའང་བརྟེན་པའི་ཡེ་ཤེས་བཤད་པ་ལ་གསུམ་སྟེ། ཐུན་མོང་གི་རབ་ཏུ་དབྱེ་བ། སོ་སོའི་རང་བཞིན། ཤེས་བྱ་མཁྱེན་པའི་ཚུལ་ལོ། །དང་པོ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཙམ་དབྱེ་བའི་གཞིའོ། །དབྱེ་བའི་ངོ་བོ་ནི་ཇི་ལྟ་བ་མཁྱེན་པ་དང་། ཇི་སྙེད་པ་མཁྱེན་པའོ། །དང་པོ་ནི་ངོ་བོ་རྒྱུ་འབྲས་ལ་སོགས་པའི་ཤེས་བྱ་ཐམས་ཅད་སྤྲོས་པའི་མཐའ་དང་བྲལ་བ་མངོན་སུམ་དུ་མཁྱེན་པ་ཡིན་ཏེ། ཡུམ་བར་མ་ལས། ཆོས་གཅིག་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་སྟེ། ཆོས་ཉིད་ཞི་བའི་རྣམ་པའོ་ཞེས་སོ། །གཞུང་འགའ་ཞིག་ཏུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་ཐ་སྙད་བྱའོ། །གཉིས་པ་ལ་གསུམ་སྟེ། རང་བཞིན་དབྱེ་བ། རྒྱུའོ། །དང་པོ་ནི་ངོ་བོ་རྒྱུ་འབྲས་ལ་སོགས་པའི་ཤེས་བྱ་

p. 1159

ཐམས་ཅད་སྒྱུ་མ་ལྟ་བུར་མངོན་སུམ་དུ་མཁྱེན་པ་སྟེ། དེ་ཉིད་ལས། རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པར་འགྱུར་རོ་ཞེས་པའོ། །གཉིས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་བཞི་སྟེ། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་དག་གི་རྒྱུ་ལ་གཉིས་ཏེ། སེལ་བྱེད་གཉེན་པོའི་རྒྱུ་དང་། བསལ་བྱ་རང་བཞིན་གྱི་རྒྱུའོ། །དང་པོ་ནི་སློབ་ལམ་དུ་ཆོས་ཀྱི་རྣམ་གྲངས་མང་དུ་ཐོས་པ་འཛིན་པ་དང་། བདག་གཞན་མཉམ་པ་ཉིད་དུ་བསྒོམ་པ་དང་། གདུལ་བྱ་ལ་ཆོས་སྐལ་བ་དང་འཚམས་པར་སྟོན་པ་དང་། གཞན་དོན་བསྒྲུབ་པའི་གྲོགས་བྱས་པས་ཡེ་ཤེས་བཞི་པོ་རང་ལ་ཡོད་པའི་ས་དྲི་མ་དག་ནས་འགྲུབ་པའི་རྒྱུ་བྱེད་པ་ནི། མདོ་སྡེ་རྒྱན་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། །བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །ཞེས་སོ། །གཉིས་པ་ནི་རང་ལ་ཡོད་པའི་ཡེ་ཤེས་དེའི་སྟེང་གི་སྒྲིབ་བྱེད་བྲལ་སྟོབས་ཀྱིས་སྣང་བའི་ཆ་ནས་གནས་གྱུར་དུ་བཏགས་པ་སྟེ། མ་དག་པའི་དུས་ཀྱི་རྣམ་ཤེས་ཚོགས་བརྒྱད་རྟེན་ཀུན་གཞི་དང་བཅས་པ་ལོག་པས། ཡེ་ཤེས་སུ་ཤར་བ་ལ། ཀུན་གཞི་དག་པས་ཆོས་ཀྱི་དབྱིངས། ཀུན་གཞིའི་རྣམ་ཤེས་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས། ཡིད་དག་པས་མཉམ་པ་ཉིད། ཉོན་ཡིད་དག་པས་སོ་སོར་རྟོག་པ། སྒོ་ལྔའི་རྣམ་ཤེས་དག་པས་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞི་དབྱིངས་སུ་ནུབ་པ་ནི་ཆོས་ཀྱི་དབྱིངས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱིི་ཡིད་དབྱིངས་སུ་ནུབ་

p. 1160

པ་ནི། སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི། བྱ་བ་གྲུབ་པའི་ཡེ་ཤེས་སོ་ཞེས་སོ། །གནས་གྱུར་འདོད་པའང་ཉོན་མོངས་པ་དེ་དག་རྟེན་དང་བཅས་པ་དག་པའི་ཆ་ལ་དེ་སྐད་བཏགས་ཏེ། དེ་མ་དག་ན་དེ་དག་གི་ཆས་བཞག་པའི་ཡོན་ཏན་རྣམས་མི་སྣང་བའི་ཕྱིར་རོ། །རང་མཚན་དུ་ཉོན་མོངས་པ་ཉིད་ཡེ་ཤེས་སུ་གནས་གྱུར་པ་མི་སྲིད་དེ་ཡེ་ཤེས་དང་ཤིན་ཏུ་འགལ་བའི་ཕྱིར་དང་། སྤང་བྱར་བཤད་པས་དག་དགོས་པའི་ཕྱིར་རོ། །གལ་ཏེ་རྒྱུ་མཚན་ཉིད་པ་ཡིན་ན་ཁམས་ལ་ལྷུན་གྲུབ་འདུས་མ་བྱས་སུ་ཡེ་ནས་ཡོད་པར་བཤད་པ་དང་འགལ་ཏེ། གསར་དུ་གནས་འགྱུར་གྱི་འདུ་བྱེད་དགོས་པའི་ཕྱིར་རོ། །འདོད་ན་མི་རྟག་པར་འགྱུར་ཏེ་འདུས་བྱས་ཡིན་པའི་ཕྱིར་རོ། །འདོད་ན་རྣམ་པར་གྲོལ་བ་འཕོ་འགྱུར་བྱེད་པས། ཡང་སྡུག་བསྔལ་བདེན་པར་ཐལ་པ་ལ་སོགས་པའི་རིགས་པས་གནོད་ལ། འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །ཅེས་པ་ལ་སོགས་པའི་ལུང་གིས་ཀྱང་གནོད་པས་དེ་ནི་ཐོས་པར་ཡང་མི་བྱ་ན། བདེན་པར་ཞེན་ནས་ཁས་བླང་བ་ལྟ་སྨོས་ཀྱང་ཅི་དགོས་པ་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་ལ་བཞི་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི། ངོ་བོ་ཆོས་ལྔ་དང་ལྡན་པ་སྟེ། ངར་འཛིན་གྱི་རིས་ཡོངས་སུ་བཅད་པ་མེད་པས་རྒྱུན་མ་ཆད་པ་དང་། ཡུལ་དེ་ན་ཡོད་པ་ཤེས་ལ་གཞན་ན་ཡོད་པ་མི་ཤེས་པ་མེད་པས་ཡུལ་མ་ཆད་པ་དང་། མི་རྟག་པ་དང་འཕོ་འགྱུར་མེད་པས་ཀུན་རྫོབ་ཀྱི་དུས་གསུམ་མེད་པའི་ཕྱིར་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་རྟག་ཏུ་ཡོད་པས་དུས་མ་ཆད་པ་དང་། ཆོས་ཅན་མ་ལུས་པ་མཁྱེན་པས་དམིགས་པ་མ་ཆད་པ་དང་། ཡུལ་གྱི་རྣམ་པ་ཤར་བ་ལ་མི་ལྟོས་པས་ཤེས་བྱ་ལ་ཡོད་ཙམ་གྱིས་མཁྱེན་པས་རྣམ་པ་མ་ཆད་པ་སྟེ། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཅེས་སོ། །གྲོགས་སུ་ཡེ་ཤེས་གཞན་གསུམ་

p. 1161

ལྡན་པ་ཡིན་ཏེ་དེ་ཉིད་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་སོ། །བྱེད་ལས་ནི་མེ་ལོང་བྱད་བཞིན་དང་ཕྲད་ན་གཟུགས་བརྙན་འཆར་བ་ལྟར། ཡེ་ཤེས་འདི་གདུལ་བྱ་དང་ཕྲད་ན་ལོངས་སྐུ་དང་ཡེ་ཤེས་གཞན་གསུམ་གཟུགས་བརྙན་གྱི་ཚུལ་དུ་འབྱུང་བས། སྤྲུལ་སྐུ་འཕྲོ་གཞི་བྱེད་པ་ནི་དེ་ཉིད་ལས། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་དེ། །ཞེས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ནི་འཁོར་འདས་ཀྱི་མཐའ་གཉིས་ལ་མི་གནས་པར་ཐམས་ཅད་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ་སྟེ། དེ་ཉིད་ལས། མི་གནས་ཞི་བར་བཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་བརྗོད། །ཅེས་སོ། །གྲོགས་བྱམས་པ་ཆེན་པོ་དང་ཐུགས་རྗེ་ཆེན་པོ་ལྡན་ལ། བྱེད་ལས་གདུལ་བྱའི་མོས་པ་དང་། མཐུན་པར་གཟུགས་སྐུའི་སྣང་བ་དངོས་སུ་སྟོན་པ་སྟེ། དེ་ཉིད་ལས། དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་སོ། །དེའང་སྐུའི་འཆར་གཞི་མེ་ལོང་ལྟ་བུས་བྱེད་ཀྱང་། གདུལ་བྱ་ལ་སྟོན་བྱེད་མཉམ་ཉིད་ཡེ་ཤེས་ཡིན་པར་ལྟའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ནི་ཆོས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཆོས་སྟོན་པ་ལ་མངའ་བརྙེས་པ་ཡིན་ཏེ། དེ་ཉིད་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཞེས་སོ། །གྲོགས་ཏིང་ངེ་འཛིན་དང་གཟུངས་ལ་སོགས་པ་དཔག་ཏུ་མེད་པ་ལྡན་ཏེ། དེ་ཉིད་ལས། ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །ཅེས་སོ། །བྱེད་ལས་འཁོར་གྱི་ནང་དུ་སྐུའི་འབྱོར་པ་སྣ་ཚོགས་བསྟན་ནས་ཆོས་ཀྱི་ཆར་འབེབས་པ་སྟེ། དེ་ཉིད་ལས། འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་

p. 1162

པ་ཐམས་ཅད་སྟོན་མཛད་ཅིང་། །ཐེ་ཚོམ་ཐམས་ཅད་གཅོད་མཛད་པའི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ནི་སྤྲུལ་པ་དཔག་ཏུ་མེད་པ་སྤྲུལ་ནས་སེམས་ཅན་གྱི་དོན་སྣ་ཚོགས་བསྒྲུབ་པའི་ཡེ་ཤེས་ཡིན་ཏེ། དེ་ཉིད་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཞིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་གྲུབ་པའོ། །ཞེས་སོ། །བྱེད་ལས་གདུལ་བྱའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་བསྒྲུབ་པའི་བྱེ་བྲག་དང་། །གྲངས་དང་ཞིང་གི་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་སོ། །གསུམ་པ་ཡེ་ཤེས་དེའི་ཤེས་བྱ་མཁྱེན་པའི་ཚུལ་ལ་གཉིས་ཏེ། ཕྱིན་ཅི་ལོག་གི་ལུགས་དོར་པ་དང་། ཡང་དག་པའི་ལྟ་བ་དགོད་པའོ། །དང་པོ་ལ་གསུམ་ལས། དབུ་མ་པར་འདོད་པ་ཁ་ཅིག་སངས་རྒྱས་ལ་ཡེ་ཤེས་མེད་པས། ཡེ་ཤེས་ཀྱི་མཁྱེན་པའང་མེད་དེ་ཤེས་བྱ་སྤྲོས་པ་ཡིན་ལ། དེ་དང་བྲལ་བའི་ཕྱིར་དང་། རིག་པ་མ་རིག་པའི་ཁྱབ་བྱ་ཡིན་ཏེ། ཁྱབ་བྱེད་མ་རིག་པ་ལྡོག་པས་ཁྱབ་བྱ་རིག་པ་ལྡོག་པའི་ཕྱིར། འཇུག་པ་ལས། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་པའི་ཕྱིར་རོ་ཞེ་ན། དེ་ནི་མི་རིགས་ཏེ། སྟོང་ངོས་ཆོས་སྐུ་ལ་ལྟོས་ན་ཡེ་ཤེས་ཡོད་མེད་གཉིས་ཀར་མ་གྲུབ་པས་ཡོད་ཅེས་བཞག་ཀྱང་འགོག་ལ། མེད་ཅེས་འདོད་ཀྱང་འགོག་པ་མཚུངས་པའི་ཕྱིར་མེད་པའང་མི་འཐད་ལ། སྣང་ངོས་གཟུགས་སྐུ་ལ་ལྟོས་ནས། གདུལ་བྱ་སྣང་ནས་དོན་མཛད་པ་སྣང་དགོས་པས་ཡེ་ཤེས་ཀྱང་སྣང་དགོས་པའི་ཕྱིར་དང་། ཤེས་བྱ་ཤེས་བྱེད་ལ་སོགས་པའི་གྲུབ་མཐའ་བཏགས་པ་ཐམས་ཅད་སྤྲོས་པ་ཡིན་ཡང་། གང་གིས་ཀྱང་མ་བཏགས་པར་སྣང་བའི་རྣམ་གཞག་གི་ཡུལ་རྣམས་སྤྲོས་པ་ཞེས་གཞག་ཏུ་མེད་པས། དེ་ཉིད་འཇིག་རྟེན་པས་ཀྱང་ཁས་

p. 1163

ལེན་པས་འགོག་པར་མི་རིགས་ཏེ། འཇིག་རྟེན་མཐུན་འཇུག་གི་མདོ་ལས། གང་འཇིིག་རྟེན་པས་ཡོད་པར་ཁས་ལེན་པ་དེ་ནི་ངས་ཀྱང་ཡོད་པར་རྣམ་པར་གཞག་གོ་ཞེས་པ་ལ་སོགས་པ་གསུངས་སོ། །རིག་པ་མ་རིག་པའི་རྟེན་ཡིན་གྱི་ཁྱབ་བྱེད་མ་ཡིན་པས་མ་རིག་པ་ལོག་པས་རིག་པ་ལྡོག་པར་མི་འགྱུར་ཏེ། ཁང་པ་ཞིག་ཀྱང་ས་གཞི་གནས་པ་བཞིན་ནོ། །སངས་རྒྱས་པའི་ཆོས་སྐུ་རིག་པས་མངོན་དུ་བྱེད་པར་གསུངས་ཏེ། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་ཁྱོད་ཀྱང་འདོད་པའི་ཕྱིར་རོ། །སེམས་འགགས་ཀྱང་ཡེ་ཤེས་ནི་མི་འགག་གི་སྟེང་དུ་ཆེས་བཟང་བ་དེ་རྟག་ཏུ་ཡོད་དོ། །གཞན་དུ་ན་སེམས་གང་གི་སྟེང་དུ་འགགས། འཇུག་པ་རྒྱུན་ཆད་ནམ་མཁའ་ལྟར་འདོད་ན་རྒྱང་འཕེན་པ་དང་མཚུངས་པར་འགྱུར་རོ། །དེས་ན་སེམས་སེམས་བྱུང་ཀུན་གཞི་ཚོགས་བརྒྱད་ཀྱིས་བསྡུས་པ་རིག་པ་ཡེ་ཤེས་ཀྱི་སྟེང་དུ་འགག་པར་བྱེད་དོ། །འཇུག་པའི་འགྲེལ་བར་ཡང་། གང་གི་དོན་དུ་མཛད་པ་འདི་མཛད་པ་བླ་ན་མེད་པའི་ཡེ་ཤེས་དེ་ཡང་བཅོམ་ལྡན་འདས་ཀྱིས་འོག་མིན་གྱི་གནས་ཁོ་ནར་བརྙེས་པར་མཛད་དོ་ཞེས་གསུངས་པས་ཡེ་ཤེས་ཡོད་པར་གསུངས་པའི་ཕྱོགས་འོས་པ་ཉིད་དོ། །གཉིས་པ་ནི་ཡང་སེམས་ཙམ་པ་འགའ་ཞིག་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཕྱི་རོལ་གྱི་དོན་མཁྱེན་པ་མི་འཐད་དེ། རྣམ་པ་དང་བཅས་པར་མཁྱེན་ན་གཟུང་འཛིན་དང་བཅས་པར་འགྱུར་ལ། རྣམ་པ་མ་ཤར་ཡང་མཁྱེན་ན་ཧ་ཅང་ཐལ་བའི་ཕྱིར་ཞེས་འདོད་པའང་རིགས་པ་མ་ཡིན་ཏེ། ཁྱོད་ཀྱི་ཕྱོགས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་པར་འགྱུར་ཏེ། ཕྱི་རོལ་གྱི་དོན་དུ་སྣང་བ་མི་མཁྱེན་ཅིང་ཤེས་པ་ལའང་རྣམ་པ་ཡོད་མེད་ཀྱི་བརྟགས་པ་མཚུངས་པའི་ཕྱིར་རོ། །གསུམ་པ་ནི་ཡང་དངོས་པོར་སྨྲ་བ་བདེན་གཉིས་པ་ཁ་ཅིག་སངས་རྒྱས་ཀྱི་ཡེ་ཤེས་ལ་མ་དག་པ་འཁོར་བའི་འཁྲུལ་སྣང་རང་མཚན་པ་དངོས་སུ་སྣང་ལ། དེ་ཉིད་ཇི་སྙེད་པའི་ཡེ་ཤེས་ཀྱིས་མཁྱེན་ནོ། །གལ་ཏེ་མི་མཁྱེན་ན་མ་དག་

p. 1164

པའི་སྣོད་བཅུད་ཤེས་བྱ་ལ་མི་སྲིད་པར་ཐལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མ་གཟིགས་པའི་ཕྱིར། སངས་རྒྱས་ཀྱིས་མ་གཟིགས་པ་ལ་ཤེས་བྱ་མེད་པས་ཁྱབ་སྟེ། མངོན་རྟོགས་རྒྱན་ལས། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཅེས་པ་དང་རྣམ་ངེས་ལས། ཐམས་ཅད་མཁྱེན་པས་གཟིགས་པ་ལོགས་པ་ནི་ཐམས་ཅད་ན་མེད་པར་གོ་བར་བྱའོ་ཞེས་པས་གྲུབ་བོ། །དེས་ན་མ་དག་པ་གཟིགས་ཀྱང་འཁྲུལ་པའི་ཉེས་པས་མི་གོས་པ་ཡིན་ནོ་ཞེས་འདོད་པའང་ཡང་དག་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཕར་ཞོག །དག་པ་ས་གསུམ་ནས་སྒོ་ལྔའི་རྣམ་ཤེས་གནས་གྱུར་པས་ཞིང་ཁམས་དག་པ་ལ་དབང་བར་བཤད་དེ། མདོ་སྡེ་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡི་གནས། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེ་འདོད་པ་ཡིན། །ཅེས་པ་འདིའི་དོན་ཇི་ལྟར་དྲང་། སངས་རྒྱས་ནི་འཁྲུལ་སྣང་གི་དྲི་མ་དང་བྲལ་བའི་ཕྱིར་རང་ངོ་ལ་ནམ་ཡང་འཁྲུལ་པ་སྣང་བར་མི་རིགས་སོ། །ཡང་ཁ་ཅིག་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དག་པའི་སྣོད་བཅུད་མཁྱེན་ཡང་། མ་དག་པའི་སྣོད་བཅུད་མཁྱེན་མི་སྲིད་དེ། དེ་དག་སེམས་ཅན་གྱི་ཉོན་མོངས་པ་དང་ལས་ཀྱིས་བསྐྱེད་པའི་ཕྱིར་དང་། མ་དག་པའི་སྣང་བ་ཐམས་ཅད་དག་པར་གནས་གྱུར་པའི་ཕྱིར་རོ་ཞེས་པའང་མི་རིགས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ནམ་མ་ཡིན། ཡིན་ན་འགྲོ་བའི་འཁྲུལ་སྣང་མི་མཁྱེན་པ་བུད་ལ། མ་ཡིན་ན་སངས་རྒྱས་ཀྱི་ཡེ་ཤེས་ཡིན་པ་ཉམས་སོ། །དེས་ན་ལུགས་དེ་ཐམས་ཅད་མཐུན་ཕྱོགས་ལ་མཐོང་ཙམ་མམ། མི་མཐུན་ཕྱོགས་ལ་མ་མཐོང་བས་ཞུགས་པའི་ཕྱིར་ཡང་དག་པ་མ་ཡིན་

p. 1165

ནོ། །གཉིས་པ་ཡང་དག་པའི་ལུགས་དགོད་པ་ལ་གཉིས་ཏེ་ཤེས་བྱ་གཟིགས་པའི་ཚུལ་དང་། རྩོད་པ་སྤང་པའོ། །དང་པོ་ནི་རང་སྣང་ལ་ལྟོས་ནས་འཁྲུལ་པ་ཐམས་ཅད་ཤིན་ཏུ་དག་པའི་ཕྱིར། འཁྲུལ་སྣང་རྡུལ་ཙམ་ཡང་གཟིགས་པ་མེད་དེ། འཁྲུལ་པ་གཏན་ནས་སྤངས་ཏེ་མ་གྲུབ་པའི་ཕྱིར་རོ། །གཞན་སྣང་འཁྲུལ་ངོ་ལ་ལྟོས་ནས་འགྲོ་བ་སོ་སོ་ལ་འཆར་ཚུལ་རྒྱུ་འབྲས་དང་བཅས་པ་མཐའ་དག་སྐྱུ་རུ་ར་ཕྱག་མཐིལ་དུ་བཞག་པ་ལྟར་མཁྱེན་ནོ། །དེའང་ཡེ་ཤེས་གཅིག་གིས་དུས་མཉམ་དུ་རང་གཞན་གྱི་སྣང་བ་ཐམས་ཅད་མཁྱེན་པ་ཡིན་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང་། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པ་ཡིན་ནོ། །འདི་གཉིས་ཀྱི་དོན་དཔེ་ཞིག་གིས་གོ་བར་འགྱུར་ཏེ། འདི་ལྟར་རིན་པོ་ཆེའི་ཁང་བཟངས་མཆོག་འབྱོར་པ་མཐའ་ཡས་པས་བརྒྱན་པ་ན། ཁྱིམ་བདག་སྤུན་གཉིས་ཡོད་པ་ལས། ཕུ་བོ་དེ་ནི་སྔ་རོལ་དུ་གཉིད་དུ་སོང་བ་ལས་སད་དེ་ཕ་རོལ་གྱི་སེམས་ཤེས་པའི་མངོན་ཤེས་ཅན་དུ་གྱུར་པ་དེའི་རྨི་ལམ་དུ། ནུ་བོ་དེ་ཡང་གཉིད་དུ་སོང་ནས་འགྲོ་དྲུག་སོ་སོའི་འཁྲུལ་སྣང་བདེ་བ་དང་སྡུག་བསྔལ་དང་བར་མ་སྣ་ཚོགས་པ་རྨི་བདོ་བའི་དུས་དེར། དེ་མ་ཐག་གཉིད་སངས་པ་མེད་པས་གཉིད་སློང་ཡང་ཕན་པ་མེད་ནས། ཕུ་བོ་དེས་ནུ་བོ་ལྷ་ལ་སོགས་པར་སྐྱེས་ཏེ་བདེ་སྡུག་ལ་སྤྱོད་པ་དེའི་དྲུང་དུ་དགེ་སྦྱོང་ངམ་བྲམ་ཟེའམ་སྐྱེས་པའམ་བུད་མེད་དམ་སངས་རྒྱས་སམ་ཉན་རང་ངམ་བྱང་ཆུབ་སེམས་དཔའམ། སོ་སོ་སྐྱེ་བོ་ལ་སོགས་པ་གང་རུང་གཅིག་ཏུ་སྤྲུལ་ནས། ཀྱེ་འདུས་བྱས་ཐམས་ཅད་ནི་མི་རྟག་པ། སྙིང་པོ་མེད་པ། ཡང་དག་པར་སྲིད་པ་མ་ཡིན་ཏེ། འཁྲུལ་སྣང་འདི་རྫུན་པས་བདེན་པར་མ་ཞེན་ཅིག །ཆོས་སྤྱོད་ཅིག་ཅེས་པ་ལ་སོགས་པའི་ཆོས་བསྟན་ནས། རྒྱུ་དེས་མི་དགེ་བ་དོར། དགེ་བ་བསྒྲུབས་པས་ཚེ་རབས་ཡང་

p. 1166

ཡང་འཕོས་པ་ལྟར་སྣང་དུས་མཐོ་རིས་ཀྱི་བདེ་བ་དང་ཆོས་སྤྱོད་པའི་རིགས་སུ་གྱུར་ཏེ་གནས་སྐབས་སུ་བདེ་བར་གྱུར་པ་ལས། གཉིད་ཀྱང་ཁད་ཀྱིས་བསྲབ་པའི་འོག་ཏུ་འཁོར་བ་རྫུན་པར་ཤེས་པའི་རྐྱེན་དེས་གཉིད་སད་པ་ན། སྔར་གྱི་མལ་ལས་མ་གཡོས་བཞིན་དུ་རྨི་ལམ་འབྱུང་བ་ཡང་མཐོང་ལ། ཕུ་བོས་སྤྲུལ་པ་བཀྱེ་ནས་དོན་བྱས་པའང་དྲན་བཞིན་དུ། ཕུ་བོ་དང་དོན་ལ་བཟང་ངན་མེད་པ་ཡིན་ཡང་། དར་ཅིག་བཟང་ངན་དུ་སྣང་བ་དེ་ཉིད་ལ། སྤུན་གཉིས་བཞད་གད་དུ་དོན་དེ་གླེང་བ་ཇི་ལྟ་བ་བཞིན་ཏེ། སངས་རྒྱས་དང་སེམས་ཅན་སྙིང་པོ་ཡེ་ཤེས་ཀྱི་ཁང་བཟངས་ལ་མཉམ་དུ་དབང་ཡང་རེ་ཞིག་གློ་བུར་བསྒྲིབ་པའི་གཉིད་སད་མ་སད་ཁྱད་ལྟ་བུས་ཁོང་དུ་ཆུད་པར་བྱའོ། །དེའང་ཤེས་བྱའི་མཁྱེན་ཚུལ་གཉིས་ལས། ཇི་ལྟ་བ་མཁྱེན་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་སྐྱེ་འགག་ལ་སོགས་པའི་སྤྲོས་པ་དང་མཚན་མར་འཛིན་པའི་སྒྲོ་འདོགས་མཐའ་དག་ཆོད་ནས་རང་བཞིན་དང་བཅས་པའི་ཤེས་བྱ་ཅུང་ཟད་ཀྱང་མ་དམིགས་པར་མངོན་སུམ་དུ་ཐུགས་སུ་ཆུད་པ་ལ། ཆོས་ཉིད་ཇི་ལྟ་བ་བཞིན་མཁྱེན་ཞེས་བྱ་སྟེ། མདོ་ལས། འགའ་ཡང་མཐོང་བ་མེད་པ་ནི་ཆོས་མཐོང་བ་ཡིན་ནོ་ཞེས་པ་དང་། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །ཇི་སྙེད་པ་མཁྱེན་ཚུལ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཉམ་པར་གཞག་པ་ལས་མ་གཡོས་བཞིན་དུ། ཤེས་བྱ་མཐའ་དག་རྫུན་པ་སྒྱུ་མ་ལྟ་བུར་མངོན་སུམ་དུ་མཁྱེན་པ་ནི་ཇི་སྙེད་པ་མཁྱེན་པ་ཡིན་ཏེ། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ་ཞེས་སོ། །དེའང་དབང་ཤེས་ལྟར་ཡུལ་སོ་སོར་འཛིན་པས་མཁྱེན་པ་མ་ཡིན་གྱིས། ཤེས་པ་རྫས་གཅིག་གིས་ཀྱང་ཆོས་ཅན་མ་ལུས་

p. 1167

པ་མཁྱེན་པ་ཡིན་ཏེ། ཕལ་པོ་ཆེ་ལས། རྒྱལ་བའི་ཡེ་ཤེས་བླ་མེད་ཀྱིས། །སྐད་ཅིག་གིས་ནི་དོན་ཀུན་རིག །ཅེས་སོ། །དུས་གསུམ་གྱི་ཤེས་བྱ་རྣམས་སྔ་ཕྱི་རིམ་གྱིས་མཁྱེན་པ་མ་ཡིན་གྱིས། དུས་ཅིག་ཅར་མཁྱེན་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང་། །ཞེས་སོ། །དེ་དག་ཀྱང་མཉམ་གཞག་གི་ངང་ལས་མ་གཡོས་པར་གཟིགས་ཀྱིས། རྗེས་ཐོབ་མཚན་ཉིད་པ་མེད་དེ། རྣམ་གཡེང་བག་ཆགས་དང་བཅས་པ་སྤང་བའི་ཕྱིར་རོ། །དེ་ཉིད་ལས། ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །ཅེས་སོ། །མཉམ་རྗེས་སུ་བཏགས་པ་ནི་རང་དོན་ཆོས་སྐུ་ལས་མི་གཡོ་བ་མཉམ་གཞག་ལ། དེའི་ངང་ལས་གཞན་དོན་འཕྲིན་ལས་འབྱུང་བ་རྗེས་ཐོབ་ཏུ་བརྗོད་པ་ཡིན་ཏེ། རྒྱུད་བླ་མ་ལས། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་བརྡ་ཙམ་གྱི་ཆ་ལ་དགོངས་ནས་བརྗོད་ཀྱང་། རྟག་ཏུ་མཉམ་གཞག་ལས་མི་གཡོ་བར་དཀོན་མཆོག་བརྩེགས་པ་ལས། གླང་ཆེན་བཞུགས་ཀྱང་མཉམ་པར་གཞག །གླང་ཆེན་གཟིམས་ཀྱང་མཉམ་པར་གཞག །གླང་ཆེན་མནལ་ཡང་མཉམ་གཞག་ཡིན། །ཅེས་གྲུབ་བོ། །གཉིས་པ་རྩོད་པ་སྤང་བ་ལ་གཉིས་ལས། ཇི་ལྟ་བ་མཁྱེན་པའི་ཡུལ་ཆོས་ཉིད་མི་སྲིད་པའི་ཕྱིར་དེ་གཟིགས་པའི་ཡེ་ཤེས་མི་སྲིད་པར་ཐལ་ཏེ། རྡོ་རྗེ་གཅོད་པ་ལས། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ཡོད་མི་ནུས། །ཞེས་པའི་ལན་ནི། ཆོས་ཉིད་དེ་ངོ་བོར་གྲུབ་པའི་ཤེས་བྱ་མ་ཡིན་པས་དེ་སྐད་གསུངས་ཀྱང་། བརྗོད་མེད་བསམ་གྱིས་མི་ཁྱབ་པ་མཐའ་བྲལ་ཙམ་དུ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པས་མཁྱེན་ཏེ་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་

p. 1168

མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ཡིན་ནོ། །ཇི་སྙེད་པའི་ཡེ་ཤེས་ཀྱི་ཡུལ་མ་དག་པ་རང་མཚན་པར་མི་སྲིད་པའི་ཕྱིར་དེ་གཟིགས་པའི་ཡེ་ཤེས་མི་སྲིད་པར་ཐལ་ཞེ་ན། བདེན་པ་མེད་ཀྱང་རྫུན་པ་ཡོད་པས་མཁྱེན་ནོ། །ཤེས་བྱའི་མཐའ་དང་། སེམས་ཅན་གྱི་གྲངས་དང་། འཁོར་བའི་ཐོག་མཐའ་མི་སྲིད་པའི་ཕྱིར། དེ་གཟིགས་པའི་ཡེ་ཤེས་མི་སྲིད་པར་ཐལ་ཞེ་ནའང་། ཤེས་བྱ་ལ་སྲིད་པ་སངས་རྒྱས་ཀྱིས་མཁྱེན་པར་ཁས་བླངས་ཀྱིས་མི་སྲིད་པ་དེ་ཤེས་བྱ་མ་ཡིན་པས་གཟིགས་པ་མ་ཡིན་ཏེ་རི་བོང་གི་རྭ་བཞིན་ནོ། །དེའང་རྒྱུད་བླ་མའི་འགྲེལ་བར། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །ཞེས་གསུངས་པས། ནམ་རྣམ་པར་དག་པ་ཐོབ་པ་རྣམས་ཀྱིས་ཉོན་མོངས་པ་ཕྱི་མ་དག་པ་ཡིན་ཏེ། ལེགས་པར་མཁྱེན་པ་ཡིན་ནོ། །དོན་གསུམ་པ་མཛད་པ་འཕྲིན་ལས་ནི་ལོངས་སྐུའི་ངང་ལས་སྤྲུལ་སྐུ་འགྲོ་བས་སྲིད་པ་ཇི་སྲིད་གནས་ཀྱི་བར་རྒྱུན་མི་འཆད་པར་འཕྲོ་བའི་མོས་པ་བཞིན་འབྱུང་སྟེ། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་པ་དང་། རྒྱུད་བླ་མ་ལས། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་ཇི་སྲིད་མཛད་མི་འཆད། །ཅེས་སོ། །ཇི་ལྟ་ཞེ་ན། སེམས་ཅན་གྱི་ཁམས་དང་། དེ་ཉིད་གང་གིས་འདུལ་དང་། ཐབས་ཀྱི་བྱ་བ་དང་། དུས་སུ་འདོམས་པ་ལས་ཡོལ་བ་མི་མངའ་བ་རྣམས་མཁྱེན་ནས་དོན་མཛད་དེ། དེ་ཉིད་ལས། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱིས་གདུལ་བྱའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་སོ། །ཇི་ལྟར་ལྷུན་གྱིས་གྲུབ་པར་འཇུག་

p. 1169

ཅེ་ན་དཔེ་དགུས་རིག་པར་བྱ་སྟེ། དེ་ཉིད་ལས། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང་། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་པའི་བར། །འབད་མེད་གཞན་དོན་བྱེད་དེ་རྣལ་འབྱོར་རིགས། །རིན་ཆེན་ལྷ་དབང་སྣང་ཞིང་སྟོན་པ་དེ། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་གནས་ལ་མ་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་སྤྲོ་གང་། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་དེ་ཉིད། །བྲག་ཅ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ལྟ་བུ་སྟེ། །ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ས་བཞིན་འགྲོ་བ་དཀར་པོ་ཡི། །ཆོས་ཀྱི་སྨན་ནི་མ་ལུས་པའི། །རྣམ་པ་ཀུན་ཏུ་གཞིར་གྱུར་པ། །སངས་རྒྱས་ཀྱི་ནི་ས་ཡིན་ནོ། །ཞེས་སོ། །དེ་ལྟར་ན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱང་། འགྲོ་བའི་ཁམས་ལ་སྐལ་བ་གང་ཡོད་དེར། །ཅིག་ཅར་འཇུག་པ་ཉི་མ་ལྟ་བུ་སྟེ། །དེ་ཉིད་ལས། གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེར་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །ཅེས་སོ། །དེའང་གདུལ་བྱའི་སེམས་ཀྱི་རྗེས་སུ་བྱེད་པ་ཉིད་ལའང་དེ་ལས། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོ་སྐུ་ཡི་གཟུགས་བརྙན་འཆར། །འགྲོ་བར་གཟུགས་བརྙན་འཆར་ནུས་རྙོག་མེད་དང་། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །ཅེས་སོ། །དེ་ལྟར་སྣང་བའི་འཕྲིན་ལས་སངས་རྒྱས་ཀྱིས་ཆོས་སྟོན་པ་ལ་སོགས་པའང་གདུལ་བྱ་རང་རང་གི་ལས་ཀྱིས་སྣང་བ་ཡིན་ཏེ། དེ་ཉིད་ལས། ཇི་ལྟར་ལྷ་ནང་

p. 1170

ལྷ་རྣམས་ཀྱི། །རྔ་སྒྲ་རང་གི་ལས་ལས་བྱུང་། །དེ་བཞིན་འཇིག་རྟེན་ཐུབ་པའི་ཆོས། །གསུངས་པ་རང་གི་ལས་ལས་བྱུང་། །ཞེས་སོ། །དཔེར་ན་སྒྲ་བརྙན་ཡོད་ཀྱང་རྣ་བ་མེད་པས་མི་ཐོས་པ་ལྟར། རང་གིས་སངས་རྒྱས་ལ་སོགས་པ་མཐོང་ནས་ཆོས་ཐོས་པའི་ལས་མ་བསགས་ན་མི་འབྱུང་པའང་། དེ་ཉིད་ལས། ཇི་ལྟར་རྣ་བ་དང་བྲལ་བས། །ཕྲ་མོའི་སྒྲ་ནི་མི་མྱོང་ཞིང་། །ཐམས་ཅད་ལྷ་ཡི་རྣ་བར་ཡང་། །རྣ་ལམ་དུ་ནི་མི་འགྲོ་ལྟར། །དེ་བཞིན་ཆོས་ཕྲ་མཆོག་ཏུ་ནི། །ཞིབ་མོའི་ཡེ་ཤེས་སྤྱོད་ཡུལ་ཡང་། །ཉོན་མོངས་མེད་ཡིད་འགའ་ཞིག་གི། རྣ་བའི་ལམ་དུ་འགྱུར་བ་ཡིན། །ཅེས་སོ། །མདོར་བསྡུ་ན་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་དོན་མཛད་ནས་འགྲོ་བ་རྣམས་ཞི་བའི་ལམ་ལ་འགོད་པའོ། །ཆོ་འཕྲུལ་གསུམ་ནི་རྒྱུད་བླ་མའི་འགྲེལ་བ་ལས། ལུས་ཀྱི་ཆོ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པ་ནི། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཅེས་བསྟན་ཏོ། །སེམས་ཀྱི་རྣམས་གྲངས་མཁྱེན་པས་དེ་རྟོགས་པ་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཟབ་མོ་སྣང་བ་ནི། ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །ངག་གིས་དབྱངས་བརྗོད་པས་ངེས་པར་འབྱིན་པའི་ལམ་ལས་བརྩམས་ཏེ་དེ་འདོམས་པ་དང་རྗེས་སུ་བསྟན་པ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཅེས་གསུངས་སོ། །བཞི་པ་མི་སློབ་པའི་ལམ་གྱི་ཁྱད་པར་གྱི་ཆོས་ལ་གསུམ་ལས། སྤང་བའི་ཁྱད་པར་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་སྤང་བ་སྟེ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་པ་དང་དེ་བཞིན་སྐྱེས། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ཡིན་མི་མཐུན་ཕྱོགས་ཆོས་བཅོམ། །དེང་འདིར་བཅོམ་ལྡན་འདས་སུ་བཤད། །ཅེས་པ་དང་། མདོ་སྡེ་རྒྱན་ལས། ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །ཅེས་སོ། །རྟོགས་པའི་ཁྱད་པར་ནི་ཆོས་ཐམས་ཅད་མངོན་སུམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་སྟེ། ཡུམ་བར་མ་ལས། དེ་བཞིན་

p. 1171

གཤེགས་པ་རྣམས་ཀྱིས་ནི་ཆོས་གང་ཡང་མངོན་པར་རྫོགས་པར་སངས་མ་རྒྱས་པའམ་མ་གཟིགས་པའམ། མ་མཁྱེན་པ་འགའ་ཡང་མེད་དེ། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་རབ་ཏུ་མཁྱེན་ཏོ་ཞེས་སོ། །ཡོན་ཏན་གྱི་ཁྱད་པར་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མ་ལུས་པ་དང་ལྡན་པ་སྟེ། དབྱེ་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་དྲུག་ཅུ་རྩ་བཞིའི་གཏེར་འཆང་བའོ། །དྲུག་ཅུ་རྩ་བཞི་ནི་རྒྱུད་བླ་མའི་འགྲེལ་པ་ལས། དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རྣམ་པ་གཅིག་ཏུ་མངོན་པར་བསྡུས་ཏེ་དྲུག་ཅུ་རྩ་བཞིར་འགྱུར་རོ་ཞེས་སོ། །སྟོབས་བཅུ་ནི་རྒྱུད་བླ་མ་ལས། གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་སྨིན་དང་ནི་དབང་པོ་དང་། ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་ཚོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དག་ཞི་བ་དག །མཁྱེན་པའི་སྟོབས་ནི་རྣམས་པ་བཅུ། །ཞེས་སོ། །མི་འཇིགས་པ་བཞི་ནི་དེ་ལས། ཆོས་ཀུན་རྫོགས་པར་བྱང་ཆུབ་དང་། །གེགས་ནི་འགོག་པར་བྱེད་པ་དང་། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིགས་པ་ནི་རྣམ་པ་བཞི། །ཞེས་སོ། །ཆོས་མ་འདྲེས་པ་ནི་དེ་ཉིད་ལས། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །འདུན་པ་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། །དུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དག་གཞན། །སྟོན་པའི་མ་འདྲེས་ཡོན་ཏན་ཡིན། །ཅེས་སོ། །མཚན་ཉིད་ཐེག་པ་

p. 1172

བཤད་ཟིན་ཏོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། ལམ་ཉམས་སུ་བླང་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།

གསང་སྔགས་དོན་གྱི་འགྲེལ་དགོད་པའི་ལེའུ་སྟེ་ལྔ་པ།

p. 1173

དེ་ནས་གསང་སྔགས་རྡོ་རྗེ་ཐེག་པ་བསྟན་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ལས་ཁྱད་པར་འཕགས་ཚུལ་བསྟན་པ་དང་། ཁྱད་པར་ཅན་གྱི་གསང་སྔགས་ཉིད་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐེག་པ་ཆེན་པོའི་དབྱེ་བ་སྤྱིར་བསྟན་པ་དང་། ཁྱད་པར་འཕགས་ཚུལ་བྱེ་བྲག་ཏུ་བཤད་པ་དང་། འབྲས་བུ་ཡིན་ཚུལ་ངོས་གཟུང་བའོ། །དང་པོ་ནི་ཐེག་པ་ཆེན་པོ་དེ་ཡང་རྒྱུ་མཚན་ཉིད་དང་འབྲས་བུ་གསང་སྔགས་གཉིས་ཏེ། ཐེག་པ་ཆེན་པོ་ཡོངས་སུ་གྲུབ་པའི་རྒྱུད་ལས། ཐེག་པ་ཆེན་པོ་རྣམ་གཉིས་ཏེ། །ཕ་རོལ་ཕྱིན་པའི་ཐེག་པ་དང་། །རྡོ་རྗེ་ཐེག་པ་བླ་ན་མེད། །ཅེས་པ་དང་། ལེགས་པར་གྲུབ་པའི་རྒྱུད་ལས། རྒྱུ་དང་འབྲས་བུའི་དབྱེ་བ་ཡིས། །ཕ་རོལ་ཕྱིན་པའི་ཐེག་པ་དང་། །རྡོ་རྗེ་ཐེག་པ་བླ་ན་མེད། །ཅེས་སོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་ཕྱིི་མཚན་ཉིད་ཀྱི་ཐེག་པ་ལས། ནང་གསང་སྔགས་ཀྱི་ཐེག་པ་ཆེས་ཁྱད་པར་ཏུ་འཕགས་ཏེ། དེ་ཡང་གཞི་འོད་གསལ་བའི་སྙིང་པོ་དང་། དེ་ལ་བརྟེན་པའི་ཆོས་རྣམས་གཏན་ལ་འབེབས་པར་དོན་གཅིག་ཀྱང་། མཚན་ཉིད་ཀྱིས་ཇི་ལྟ་བ་བཞིན་གཞི་ལམ་འབྲས་བུ་གཏན་ལ་འབེབས་པ་ལ་རྨོངས་ལ། སྔགས་ཀྱིས་མ་རྨོངས་པར་ཤེས་པའི་ཁྱད་པར་ཡོད་དེ། འདི་ལྟར་ཟབ་པ་དང་རྒྱ་ཆེ་བ་དག་འཇལ་བ་ན། མཚན་ཉིད་ཀྱིས་གཏན་ཚིགས་ཀྱི་སྒོ་ནས་གཞིག་སྟེ་རྗེས་དཔག་ངེས་པའི་ཚད་མས་གཞལ་པའི་དོན་དམ་གྱི་བདེན་པ་བློས་བྱས་ཀྱི་གཞི་དང་། དེའི་ངང་ལ་འབད་པས་འཇོག་པའི་ལམ་ཞི་ལྷག་ཙམ་དང་། དུས་བསྐལ་པ་མང་པོ་ན་ཐོབ་པ་ལ་ཕྱོགས་པའི་འབྲས་བུ་ལ་དམིགས་པའི་ཟབ་པ་ཙམ་དང་། རྒྱ་ཆེ་བའང་ཁམས་ལ་བརྟེན་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཀུན་རྫོབ་ཀྱི་

p. 1174

བདེན་པར་གཏན་ལ་ཕབ་ནས་བླང་དོར་འབའ་ཞིག་ཏུ་བྱེད་པ་ཙམ་ལས་མེད་དོ། །སྔགས་ནི་གཏན་ཚིགས་ལ་མ་ལྟོས་པར། ལུས་ངག་རྩ་རླུང་ཐིག་ལེ་ལ་སོགས་པའི་གནད་བསྣུན་པ་ཙམ་གྱིས། བློས་མ་བྱས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཆོས་སྐུའི་སྙིང་པོ་གཞིར་གཏན་ལ་ཕེབས་ནས། དེའི་ངང་དུ་རང་བཞིན་གྱི་བློས་གནས་པས་ཚེ་གཅིག་ལ་སོགས་པ་ན། དབྱིངས་དོན་དམ་པའི་བདེན་པ་རྟོགས་ནས་བྱང་ཆུབ་མངོན་དུ་བྱེད་པས་ཟབ་མོ་མངོན་སུམ་དུ་སྐྱེ་བ་ཉིད་དང་། རྒྱ་ཆེ་བའང་དབྱིངས་འོད་གསལ་གྱི་དཀྱིལ་འཁོར་དུ་ཡེ་ནས་གྲུབ་པ་གཞིའི་རྒྱུད་དུ་གཏན་ལ་ཕབ་ནས། དེ་ལ་བརྟེན་པའི་ཀུན་རྫོབ་པའི་རྣམ་པ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྤང་བླང་མེད་པར་ལྷ་དང་གཞལ་ཡས་ཁང་དང་ཞིང་གི་བཀོད་པར་གཏན་ལ་འབེབས་པའི་ལམ་གྱི་རྒྱུད་རྣམས་ཉམས་སུ་ལེན་པ་བསྟན་པས། གནས་སྐབས་སུ་གྲུབ་ཆེན་བརྒྱད་དང་མཐར་ཐུག་བྱང་ཆུབ་མཆོག་ལ་སོགས་པ་མངོན་དུ་བྱེད་ཅིང་། གང་ཡང་ལམ་དུ་གྱུར་པའི་ཆོས་སྟོན་པ་འབྲས་བུའི་རྒྱུད་གཏན་ལ་འབེབས་པའི་ཕྱིར་ཟབ་པ་དང་རྒྱ་ཆེ་བའི་དོན་ལ་རྨོངས་པ་མེད་པ་ཡིན་ནོ། །ཐབས་མང་བས་ཀྱང་འཕགས་ཏེ། སྤང་བྱ་འདོད་ཆགས་ལྟ་བུ་གཅིག་སྤོང་བ་ལ་ཡང་། ཐུན་མོང་དུ་བསྐྱེད་པས་བསྒྱུར་བ་དང་། ཐུན་མོང་མ་ཡིན་པ་གྱ་ནོམ་གྱི་འདོད་ཆགས་སོ་སོར་རྟོག་པ་བདེ་བ་ཆེན་པོར་ལམ་དུ་སློང་བ་ལ་སོགས་པས་མ་སྤངས་བཞིན་དུ་དབྱིངས་སུ་དག་པར་བྱེད་ལ། མཚན་ཉིད་ཀྱིས་ཡུལ་དང་ཡུལ་ཅན་སྤོང་བ་ལ་ལྟོས་ལ། བསྒྲུབ་བྱ་ཐུན་མོང་གི་ཡོ་བྱད་ལྟ་བུ་གཅིག་ལ་ཡང་། སྦྱིན་པའི་རྗེས་སུ་བྱེད་པས་སྔོན་གྱིི་ལས་སུ་བྱས་ཏེ། རྐྱེན་ཐ་མལ་པས་བསྒྲུབས་པ་ལྟར་ཚོང་སོ་ནམ་ལ་སོགས་འབད་པ་མཚན་ཉིད་ལས་གསང་སྔགས་འཕགས་ཏེ། ཆུ་དབང་དང་གནོད་མཛེས་ལ་སོགས་པའི་སྒྲུབ་པས་དངོས་སུ་འབྱོར་པ་འཕེལ་དུ་ཡོད་པས། སྔོན་ལས་དང་ཐ་མལ་གྱི་སྒྲུབ་ལུགས་ལས་འཕགས་པས་ན། ཚེ་སྤེལ་བ་དང་དབང་དུ་བྱ་བ་

p. 1175

ལ་སོགས་པ་རྣམས་གྲངས་མང་པོ་དོན་གཅིག་ལའང་གསུངས་པའི་ཕྱིར་འཕགས་སོ། །དཀའ་བ་མེད་པས་ཀྱང་འཕགས་ཏེ། མཚན་ཉིད་ཀྱི་ལམ་སྤོང་ལེན་དཀའ་སྤྱད་ཀྱིས་མཐར་ངལ་ཞིང་དུབ་པ་ལས། སྔགས་ནི་གང་ཡང་གྲོགས་སུ་འཆར་བས་སྤང་བླང་གི་ངོ་བོ་རང་བཞིན་དག་པའི་ཕྱིར་འདོད་པའི་ཡོན་ཏན་ལ་སོགས་པ་བརྟེན་པས་འགྲུབ་བོ། །དབང་པོ་རྣོན་པོའི་ལམ་ཡིན་པས་ཀྱང་འཕགས་ཏེ། ཚེགས་ཆུང་ལ་དོན་ཆེ་བ་མན་ངག་དམ་པའི་རང་བཞིན་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཚུལ་བཞིས་ཁྱད་པར་དུ་འཕགས་པ་ཡང་། ཚུལ་གསུམ་པའི་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །དེ་དག་ཀྱང་དམིགས་པ་དང་། གྲོགས་ལྟ་སྤྱོད་དང་རང་བཞིན་བསྒྲུབ་པ་དང་བཅས་པ་ཕུན་སུམ་ཚོགས་པས་སྔགས་ཀྱི་ཐེག་པ་ཆེན་པོར་གཞག་པ་ཡིན་ཏེ། ཐེག་པ་གསུམ་གྱི་རྣམ་གཞག་ལས། དམིགས་པ་རྣམ་པར་དག་པ་དང་། །གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་དང་ལྡན་པའི་ཐེག་པ་ནི། །ཆེན་པོའི་ཆེན་པོར་ཡོངས་སུ་གྲགས། །ཞེས་སོ། །གཉིས་པ་འཕགས་ཚུལ་རྒྱས་པར་བཤད་པ་ནི། ར་ལི་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ཉན་ཐོས་ལ་སོགས་ཐེག་ཆུང་ལ། །མན་ངག་ཡོད་པ་མ་ཡིན་ཏེ། །ལྟ་བ་སྤྱོད་པ་སེམས་བཟུང་དང་། །རྒྱུ་དང་ལམ་དང་འབྲས་བུ་ས། །དུས་དང་ལོངས་སྤྱོད་རྣལ་འབྱོར་དང་། །བདག་གཞན་དོན་དང་དགོས་པ་དང་། །ངལ་དུབ་མཐའ་སྤངས་ཚེགས་ཆུང་དང་། །ཚོགས་བསགས་པ་ཡི་ཁྱད་པར་དང་། །ཁྱད་པར་རྣམ་པ་བཅོ་ལྔ་ཡིས། །རིགས་འཛིན་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པས། མཚན་ཉིད་པ་ལྟ་བ་སྟོང་ཉིད་སྤྲོས་བྲལ་ཙམ་ལས། བདེན་པ་དབྱེར་མེད་གདོད་མ་ནས་ལྷ་དང་སྔགས་ཀྱི་རང་བཞིན་གནས་པར་མ་རྟོགས་ལ། སྔགས་ཀྱིས་རྟོགས་ཏེ། ཀུན་རྫོབ་ཀྱང་

p. 1176

མེད་ལ་སྣང་བ་སྤྲུལ་པ་ཙམ་དུ་ལྷར་དག་པ་སྦྱོོར་ལ། དོན་དམ་དབྱིངས་དང་ཡེ་ཤེས་ཡེ་ནས་གཉིས་སུ་མེད་པ་གཉིས། གདོད་མ་ནས་ངོ་བོ་ཉིད་མེད་པའི་ངང་དུ་དབྱེར་མེད་པར་རྟོགས་ཏེ། སྒྱུ་འཕྲུལ་ལམ་རིམ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པར། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་སོ། །ཕུང་པོ་ལྔ་ལྷར་དག་པ་ཡང་། ཡེ་ཤེས་གྲུབ་པའི་རྒྱུད་ལས། གཟུགས་ནི་རྣམ་པར་སྣང་མཛད་ཉིད། །ཚོར་བ་རིན་ཆེན་འབྱུང་ལྡན་ལ། །འདུ་ཤེས་སྣང་བ་མཐའ་ཡས་ཉིད། །འདུ་བྱེད་དོན་ཡོད་གྲུབ་པ་ལ། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཞེས་པ་དང་། འབྱུང་བ་ལྔ་ཡུམ་ལྔར་དག་པའང་དེ་ཉིད་ལས། འབྱུང་པ་ལྔ་ནི་ཡུམ་ལྔའི་དངོས། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀུན། །ཐམས་ཅད་དག་པ་སངས་རྒྱས་ཞིང་། །ཞེས་སོ། །སྒྱུ་འཕྲུལ་གསང་སྙིང་ལས་ཀྱང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏེ་ཞེས་སོ། །སྤྱོད་པའང་མཚན་ཉིད་ལ་བླང་དོར་གཉིས་བཅས་ལས་མེད་ལ། སྔགས་སུ་དག་མཉམ་སྒྱུ་མའི་རང་བཞིན་ལྷ་དང་གཞལ་ཡས་ཁང་གི་ངང་ལས། ཚོགས་དང་། མགོན་པོ་ཀུན་ཏུ་སྤྱོད་པ་ལ་སོགས་པ་དཀྱིལ་འཁོར་སོ་སོའི་སྐབས་སུ་འཆད་པ་ལྟ་བུས། ལྷ་མཆོད་པ་དང་། ཆོས་ཉིད་དང་མཐུན་པ་དང་། ཉོན་མོངས་པ་དག་པ་ལ་སོགས་པས་འཕགས་སོ། །སེམས་ཀྱི་ཏིང་ངེ་འཛིན་ལའང་། མཚན་ཉིད་ལས་ཞི་གནས་དང་ལྷག་མཐོང་བསྒྲུབ་པ་ལ་ཡུན་རིང་པོར་སེམས་འཛིན་གྱི་དཀའ་བ་ཆེན་པོས་འབད་དགོས་པ་ཉིད། སྔགས་སུ་མཚན་བཅས་བསྐྱེད་པའི་རིམ་པས་སྤྲོས་པ་ཞི་ནས། མཚན་མེད་རྫོགས་པའི་རིམ་པར་རྩ་རླུང་གི་གནད་གཅུན་པ་ཙམ་གྱིས་ཡེ་ཤེས་འཆར་བའི་ཕྱིར་འཕགས་སོ། །རྒྱུའང་མཚན་ཉིད་དུ་བསྐྱེད་བྱ་སྐྱེད་བྱེད་ཀུན་རྫོབ་སྔོན་དུ་སོང་བ་ལས་དོན་དམ་རྟོགས་པར་འདོད་ལ། སྔགས་སུ་དག་རྒྱུའམ་བྲལ་རྒྱུ་རང་གནས་ཀྱི་ཡེ་ཤེས་བཙན་ཐབས་སུ་ངོ་སྤྲད་ནས་བསྒོམས་པས་ད་ལྟ་ཉིད་དུ་

p. 1177

དོན་དམ་རྟོགས་པ་ལ་འཇུག་པས་འཕགས་སོ། །ལམ་ཡང་མཚན་ཉིད་དུ་ཚོགས་གཉིས་ལ་མཉམ་རྗེས་རེས་འཇོག་ཏུ་གྱུར་པས་ལམ་ལྔ་བསྐལ་པར་མི་བགྲོད་པ་ཉིད། སྔགས་སུ་དབྱེར་མེད་ཡེ་ཤེས་ཀྱི་ལམ་ལ་ཞུགས་པས་མྱུར་དུ་བགྲོད་པས་འཕགས་སོ། །འབྲས་བུའང་མཚན་ཉིད་དུ་དུས་རིང་ཞིག་ན་ཕྱིས་འབྱུང་བར་འདོད་ལ། སྔགས་ལ་ད་ལྟ་ལྷུན་གྲུབ་ཏུ་རང་གནས་སུ་འདོད་པས་འཕགས་སོ། །སའང་མཚན་ཉིད་དུ་སྤང་གཉེན་རིམ་ཅན་གྱི་དབྱེ་བས་བཅུ་གཅིག་ཏུ་འདོད་ལ། སྔགས་སུ་དབྱེར་མེད་ངོ་བོ་ཉིད་ཀྱིས་དབྱིངས་དེ་བཞིན་ཉིད་ལྷུན་གྱིས་གྲུབ་པ་དང་། དག་མཉམ་ཡེ་ཤེས་ཆེན་པོའི་ས་རིམ་གཉིས་འོད་གསལ་དམ་པ་དང་། ལྷུན་གྲུབ་ཆོས་མཆོག་དག་པའི་ས་འབྲས་བུ་རྣམ་དག་ཆེན་པོ་དང་གསུམ་མོ། །ཡང་ན་རྒྱུའི་ས་རྣམས་ཀྱི་སྟེང་དུ་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་དང་། བཅུ་གསུམ་རྡོ་རྗེ་འཛིན་པ་ལ་སོགས་པས་འཕགས་ཏེ། གསང་སྙིང་ལས། ས་ཡི་ཁྱད་པར་བཅུ་དང་གསུམ། །ཞེས་སོ། །དུས་ལའང་མཚན་ཉིད་ལས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པས་མི་གྲུབ་པ། སྔགས་ལ་བརྩོན་ཞིང་དམ་ཚིག་གཙང་བས་ཚེ་འདིར་འགྲུབ་སྟེ། དགོངས་པ་ལུང་སྟོན་ལས། ཤིན་ཏུ་གྲངས་མེད་བསྐལ་པ་རུ། །སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། །སྔགས་པ་རྣམས་ཀྱིས་དུས་གཅིག་ཏུ། །ཚེ་གཅིག་རྫོགས་པའི་བྱང་ཆུབ་ཐོབ། །ཅེས་སོ། །ལོངས་སྤྱོད་ལ་ཡང་མཚན་ཉིད་ཀྱིས་འདོད་ཡོན་སྤངས་ཏེ་བསྒྲུབ་པ། སྔགས་ལས་གྲོགས་སུ་བྱེད་པ་ཉིད་རྡོ་རྗེ་བཀོད་པ་ལས། གང་ལས་སྤངས་ཏེ་རྨད་དུ་གྱུར་པ་ཡི། །ལོངས་སྤྱོད་འདོད་ཡོན་རྣམས་པ་ལྔ། །ཐབས་ལྡན་སྔགས་ལ་གྲོགས་ཀྱི་མཆོག །སྐལ་པ་ལྡན་པས་རབ་སྤྱད་བྱ། །ཞེས་སོ། །རྣལ་འབྱོར་ལའང་མཚན་ཉིད་ལ་མཉམ་གཞག་མི་དམིགས་པ་ནམ་མཁའ་ལྟར་སྟོང་པ་བསྒོམ་ཞིང་། རྗེས་ཐོབ་སྒྱུ་མའི་རྣལ་འབྱོར་ལམ་དུ་བྱེད་ལ། སྔགས་ལས་དབྱེར་མེད་བསམ་

p. 1178

གྱིས་མི་ཁྱབ་པའི་རྣལ་འབྱོར་ལམ་དུ་བྱེད་པས་འཕགས་སོ། །བདག་གཞན་གྱི་དོན་བསྒྲུབ་པ་ལའང་། མཚན་ཉིད་ལས་གནས་སྐབས་སུ་ཅུང་ཟད་ཕན་པ་ཙམ་ལས་ཆེར་མི་འགྲུབ། སྔགས་ལས་ཆར་དབབ་པས་མུ་གེ་ཞི་བར་བྱེད་པ་དང་། རྣལ་འབྱོར་གྲུབ་པས་ཟས་སྐོམ་ནོར་བུ་ལ་སོགས་པའ ི་ཆར་འབེབས་པ་དང་། ནད་དང་འཁྲུག་པ་ཞི་བ་ལ་སོགས་པ་ཡུལ་འཁོར་ཙམ་དུ་བཀྲ་ཤིས་པ་གཞན་གྱི་དོན་དང་། རིམ་གཉིས་བསམ་གྱིས་མི་ཁྱབ་པས་ནང་གི་རྟོགས་པ་དང་ཏིང་ངེ་འཛིན་སྐད་ཅིག་རེ་རེས་ཀྱང་། གོང་ནས་གོང་དུ་འཕེལ་བ་རང་གི་དོན་བྱེད་པས་འཕགས་པ་ཡིན་ནོ། །དགོངས་པའང་མཚན་ཉིད་ལས་རྒྱུའི་ཐེག་པ་ཙམ་ལས་མ་ཤེས་པ་ཉིད། སྔགས་ལས་འབྲས་བུ་གསང་ཆེན་ངེས་པར་བྱེད་དེ། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་ཀྱི་མཚན་ཉིད་ནི། །སངས་རྒྱས་ཀུན་ཀྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཅེས་སོ། །བྱ་དཀའ་བ་མེད་པས་ངལ་དུབ་ཀྱི་མཐའ་སྤངས་ཏེ། ཚེགས་ཆུང་ངུས་འབྲས་བུ་ཆེན་པོ་འགྲུབ་པའི་ཕྱིར་ཡང་མཚན་ཉིད་ལས་འཕགས་ཏེ། ཐབས་མང་དཀའ་བ་མེད་པ་དང་། །ཞེས་སྔར་བཤད་པ་བཞིན་ནོ། །ཚོགས་བསགས་པའི་ཁྱད་པར་ལ་ཡང་། མཚན་ཉིད་ལས་ཐུན་མོང་གི་ཚོགས་སྦྱིན་པ་ཙམ་དང་། ཚུལ་ཁྲིམས་ཙམ་ལ་སོགས་པ་ཕར་ཕྱིན་དྲུག་ཙམ་ལས་མེད་པས། ཡུན་རིང་དུ་འགོར་བ་ལས། སྔགས་སུ་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་ཤེས་པས། ཅི་ལོངས་སྤྱོད་པ་ཐམས་ཅད་ཚོགས་སུ་འགྱུར་བའི་ཕྱིར་རྒྱ་ཆེ་བ་དང་། ཡོ་བྱད་བདུད་རྩིར་ཤེས་པས་བཟང་བ་དང་། རང་བཞིན་དག་མཉམ་དུ་རྟོགས་པས་མཆོག་ཏུ་གྱུར་པ་དང་། ཉོན་མོངས་རང་བཞིན་གྱིས་མ་སྤངས་ལ་དག་པས་ཚོགས་གཉིས་མྱུར་དུ་འདུམས་ཤིང་རྫོགས་པས་ཚེ་གཅིག་གི་སྐྱེ་བས་གྲོལ་བ་འགྲུབ་པ་ཡིན་ནོ། །དེ་ལྟར་ཐབས་ལྷག་པ་ལྟར་ཐབས་དེས་བཞག་པའི་ཤེས་རབ་ཀྱང་ལམ་སྤྱོད་པའི་ཚེ་བླ་ལྷག་ཏུ་ཡོད་པར་ཤེས་པར་བྱའོ། །མདོར་ན་ཐུགས་ཀྱི་གསང་བ་ལམ་དུ་བྱེད་པ་དང་། གསུང་གི་གསང་བ་ལམ་དུ་བྱེད་པ་དང་།

p. 1179

སྐུའི་གསང་བ་ལམ་དུ་བྱེད་པ་དང་གསུམ་དུ་རིག་པར་བྱ་སྟེ། ཡེ་ཤེས་གྲུབ་པའི་རྒྱུད་ལས། རྒྱུ་ཡི་ཐེག་པ་ཆེན་པོ་ལས། །སྐུ་གསུང་ཐུགས་ཀྱི་ལམ་རྣམས་ཀྱི། །གསང་བ་ཆེ་ལས་གསང་སྔགས་མཆོག །རབ་ཏུ་འཕགས་པའི་རིག་པར་བྱ། །ཞེས་སོ། །དེའང་མཚན་ཉིད་དུ་སྐུ་སྣང་ལ་སྒྱུ་མའི་རང་བཞིན་དང་། ལུས་ཀྱི་བྱ་བ་ཐ་མལ་གྱི་སྒོ་ནས་དགེ་བ་ལ་འཇུག་པ་ལས་མེད། སྔགས་སུ་སྐུའི་གསང་བ་སྣང་སྲིད། ལྷ་དང་གཞལ་ཡས་ཁང་དང་། ལུས་དཀྱིལ་འཁོར་དུ་རྫོགས་པ་ལ་ཕྱག་རྒྱ་གར་ལ་སོགས་པའི་འདུ་འཕྲོ་ལམ་དུ་བྱེད་པས་འཕགས་སོ། །མཚན་ཉིད་དུ་གསུང་བྲག་ཅ་ལྟར་སྟོང་པ་དང་། ངག་ཁ་ཏོན་ནམ་འཇུག་པ་བསྡམས་ཏེ་སྨྲ་བ་བཅད་པས་དགེ་བ་ལ་འཇུག་པ་ལས། སྔགས་སུ་གསུང་གི་གསང་བ་སྒྲ་དབྱངས་ཨཱ་ལི་ཀཱ་ལིའི་རང་བཞིན་དུ་ཤེས་པས་ཆོས་ཀྱི་ཆར་དུ་ཕབ་པ་དང་། ངག་གསུང་གི་དཀྱིལ་འཁོར་དུ་ཡེ་ནས་གནས་པས་སྒྲ་ཚིག་སྔགས་སུ་རང་བཞིན་གྱིས་ཤར་ཏེ་བཟླས་བརྗོད་ཀྱིས་ནུས་པ་ཐོགས་པ་མེད་པས་དོན་གྲུབ་པའི་ཕྱིར་འཕགས་སོ། །མཚན་ཉིད་དུ་ཐུགས་དྲན་རྟོགས་རང་བཞིན་མེད་པར་རྒྱས་འདེབས་པ་དང་། ཡིད་ཐ་མལ་གྱི་རྣམ་རྟོག་འཕྲོ་འདུ་ལོག་ནས་ཆེད་དུ་བཀག་པའི་ཞི་ལྷག་བསྒྲུབ་པ་ལ། སྔགས་སུ་ཐུགས་ཀྱི་གསང་བ་དྲན་རྟོག་ཆོས་ཉིད་ཀྱི་རོལ་བར་ཤར་བ་ལས། ཡིད་རང་གསལ་རང་བྱུང་གི་ཡེ་ཤེས་སུ་ཤར་བས། ཏིང་ངེ་འཛིན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་གྲུབ་པའི་ཕྱིར། ཐུགས་མི་རྟོག་པར་འཆར་བའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པས་འཕགས་སོ། །གཞན་ཡང་ཌོམྦྷི་ཧེ་རུ་ཀས། འདིར་ནི་སྣོད་ཀྱི་ཁྱད་པར་དང་། །སྣོད་དུ་བྱེད་པའི་ཆོས་དང་ནི། །གཞུང་དང་ལམ་གྱི་ཁྱད་པར་དང་། །འབྲས་བུ་དག་གི་ཁྱད་པར་གྱིས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང་། ཨིནྡྲ་བྷཱུ་ཏིས། བླ་མའི་ཁྱད་པར་དང་སྣོད་དང་ཆོ་ག་དང་ལས་དང་དམ་ཚིག་དང་སྒོམ་པའི་ལྟ་བ་དང་སྤྱོད་པའི་ཁྱད་པར་ཀྱིས་འཕགས་སོ་ཞེས་དང་། སྒྱུ་འཕྲུལ་དྲ་བ་ལས། དེ་དག་ཀུན་གྱི་གསང་སྔགས་

p. 1180

ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །ཞེས་སོ། །ཁྱད་པར་དུ་འཕགས་ཚུལ་རྒྱས་པ་ནི་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་ཡོད་དོ། །གསུམ་པ་འབྲས་བུའི་ཡིན་ཚུལ་ངོས་བཟུང་བ་ལ་གསུམ་ལས། དུས་མྱུར་བ་ལ་ལྟོས་ནས་འབྲས་བུར་བཞག་པ་དང་། ཐབས་མཆོག་ཏུ་གྱུར་པས་འབྲས་བུར་བཞག་པ་དང་། འབྲས་བུ་དང་འདྲ་བ་ལམ་དུ་བྱེད་པས་འབྲས་བུར་བཞག་པའོ། །དང་པོ་ནི་ཐབས་གང་གིས་བྱང་ཆུབ་དུས་ཉེ་བར་ཐོབ་པས་འབྲས་བུར་བཞག་སྟེ། དཔེར་ན་མཚོན་རྣོན་པོས་ཤིང་མྱུར་པོར་ཆོད་པ་ལ་འདིས་ཤིང་ཆོད་ཅེས་བརྗོད་ལ། རྟུལ་པོས་དལ་གྱིས་བསྲིངས་ན་ཆོད་ཀྱང་འདིས་མི་ཆོད་ཅེས་བཏགས་པ་ལྟར། མཚན་ཉིད་ཀྱི་ཐེག་པས་རིང་པོར་མི་ཐོབ་པའི་བྱང་ཆུབ་སྔགས་སུ་ཚེ་རབས་གཅིག་ལ་སོགས་པས་ཐོབ་པའི་ཕྱིར་དུས་ཉེ་རིང་གི་སྒོ་ནས་ཀྱང་འབྲས་བུའི་ཐེག་པ་ཞེས་བྱའོ། །དེའང་བརྩོན་འགྲུས་ཆེན་པོས་ཚེ་གཅིག་ལ་ཐོབ་པར་བཤད་དེ། སཾ་བུ་ཊི་ལས། བསྐལ་བ་བྱེ་བ་དུ་མ་རུ། །བསྒྲུབ་པར་དཀའ་བའི་སངས་རྒྱས་ཀྱང་། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་པ་དང་། སངས་རྒྱས་མཉམ་སྦྱོར་ལས། བསྐལ་པ་བྱེ་བ་གྲངས་མེད་ཀྱིས། །སངས་རྒྱས་ཀུན་དངོས་མི་ཐོབ་པ། །གསང་སྔགས་ཚེ་འདིའི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཅེས་སོ། །བརྩོན་འགྲུས་འབྲིང་གིས་བར་དོར་གྲོལ་བ་ནི། རྡོ་རྗེ་གདན་བཞི་ལས། བུ་ག་དགུ་ཡི་སྟེང་ཕྱོགས་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ན། །ཉིན་ཞིང་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་པ་དང་། འཇམ་དཔལ་ཞལ་ལུང་ལས། གཟུགས་ཅན་ཕུང་པོ་རང་ལུས་འདིས། །ཚེ་འདི་ཉིད་ལ་མ་གྲུབ་ཀྱང་། །ཡིད་ནི་རྡོ་རྗེའི་སྐུ་གྲུབ་ནས། །བར་དོར་ཡང་དག་

p. 1181

འགྲུབ་པར་འགྱུར། །ཅེས་པ་དང་། ལམ་རིམ་ལས། བརྩོན་པ་འབྲིང་གི་རྣལ་འབྱོར་བ། །རྣམ་སྨིན་འབྱུང་བའི་ལྷག་ལུས་བཞག །རྡོ་རྗེ་འཆང་སར་རིག་པས་འགྲོ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་པ་དང་། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤངས་མ་ཐག །བླ་ན་མེད་པའི་ཡེ་ཤེས་སྐུ། །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །བརྩོན་འགྲུས་ལྡན་ན་སྨོས་ཅི་དགོས། །ཞེས་སོ། །དབང་པོ་ཐ་མའི་རབ་རྣམས་སྐྱེ་བ་ཕྱི་མ་ལ་གྲོལ་ཏེ། མཚན་བརྗོད་ལས། སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་པ་དང་། སངས་རྒྱས་ཐོད་པའི་རྒྱུད་ལས། དེ་ཕྱིར་རྣལ་འབྱོར་བློ་ལྡན་གྱིས། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང་། །སྐྱེ་གཞན་སྲིད་པར་དངོས་གྲུབ་ཐོབ། །ཅེས་སོ། །ཐ་མའི་འབྲིང་ནི་སྐྱེ་བ་བདུན་ན་གྲོལ་ཏེ། གསང་བ་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒོམས་ཀྱང་ནི་འགྲུབ་པར་འགྱུར། །ཅེས་སོ། །ཐ་མའི་ཐ་མས་ཀྱང་སྐྱེ་བ་བཅུ་དྲུག་ན་འགྲུབ་སྟེ། རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་པའི་ཐེག་པས་ནི། །བསྐལ་བ་གྲངས་མེད་མི་འཐོབ་པ། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །སོ་སོ་སྐྱེ་བོ་སངས་རྒྱས་ཉིད། །འགྲུབ་པར་འགྱུར་གྱིས་གཞན་དུ་མིན། །ཞེས་གསུངས་སོ། །གཉིས་པ་ཐབས་མཆོག་ཏུ་གྱུར་པས་འབྲས་བུར་བཞག་པ་ནི། དཔེར་ན་གཅིག་གིས་ཉིན་བདུན་དུ་འབད་པའི་བྱ་བ་དེ། གཅིག་གིས་སྐད་ཅིག་ལ་ཐབས་ཀྱི་བྱ་བ་དེ་གྲུབ་དུས། བྱ་བ་དེ་གཉིས་ཀྱི་འབད་པ་ཆེ་ཆུང་མི་འདྲ་ཡང་ངོ་བོ་འདྲ་བ་ལྟར། མཚན་ཉིད་དུ་སེམས་རབ་ཏུ་འབད་པས་བསྒྲུབ་པའི་ཞི་ལྷག་ལོ་དང་ཟླ་བས་མི་འགྲུབ་པ་དུས་རིང་མོ་ཞིག་ན་འགྲུབ་ནས་མཉམ་པར་བཞག་པ་ལ་སོགས་པ་དེ་ཉིད། སྔགས་ཀྱི་ལམ་དུ་ཉིན་ཞག་གཅིག་ཙམ་ལ་ལུས་དང་རྩའི་གནད་ལས་

p. 1182

འཆར་བ་དངོས་སུ་གཏན་ལ་དབབ་ཏུ་ཡོད་པས་ཀྱང་། འབྲས་བུ་ལམ་དུ་བྱེད་པར་བཞག་སྟེ། པདྨ་རྩེ་མོ་ལས། ཤིན་ཏུ་དཀའ་བས་མི་གྲུབ་པ། །སྐད་ཅིག་ཡང་དག་སྦྱོར་བའི་ཕྱིར། །རྒྱུ་སྔོན་སོང་ལ་མ་ལྟོས་པར། །གནད་ལས་འབྲས་བུ་འབྱིན་པའི་ཕྱིར། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་སོ། །གསུམ་པ་འབྲས་བུ་རང་དང་འདྲ་བ་ལམ་དུ་བྱེད་པས་འབྲས་བུའི་ཐེག་པར་གཞག་པ་ནི། སངས་རྒྱས་དེ་དྲི་མ་ཐམས་ཅད་དང་བྲལ་དུས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་རྫོགས་པར་འཆར་བ་དེ་དང་འདྲ་བ་ཞིག་བསྒོམས་པས། དབྱིངས་ལ་དེ་ལྟར་ཡོད་པའི་དྲི་མ་བསལ་སྟོབས་ཀྱིས། མངོན་དུ་བྱེད་པའི་ཕྱིར་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། དེ་ཉིད་ལས། དྲི་མེད་དབྱིངས་ཀྱི་རང་བཞིན་ནི། །སྐུ་གསུམ་ཡེ་ཤེས་ཞིང་དང་བཅས། །གང་ཚེ་དག་པ་དེ་ཉིད་དུ། །རང་གསལ་མངོན་དུ་འཆར་བ་དང་། །འདྲ་བ་ལམ་དུ་བྱེད་པ་ལ། །འབྲས་བུའི་ཐེག་པར་ཡང་དག་བརྗོད། །ཅེས་བྱུང་བས། དབྱིངས་ངོ་བོ་ཉིད་ཀྱི་འབྲས་བུ་དམ་པར། ཡེ་ནས་བཞུགས་པ་དེའི་རང་བཞིན་ཤེས་པ་གཞིར་བྱས་ནས། དེ་ཉིད་ལ་སློབ་པའི་ཕྱིར་འབྲས་བུའི་ཐེག་པ་ཞེས་བྱའོ། །དེའང་དྲི་མ་སེལ་བ་ལ་ལྟོས་ནས་བསྐྱེད་པ་དང་རྫོགས་པ་བསྒོམ་སྟེ། དེ་ཁོ་ན་ཉིད་ལ་སྦྱངས་པས་གློ་བུར་གྱི་དྲི་མ་དག་པར་བྱེད་དོ། །དེའི་ཕྱིར་ཡིད་ཀྱིས་སྒོམ་པ་ལྷ་དང་། དཀྱིལ་འཁོར་ལ་སོགས་པ་རང་གི་སེམས་ཀྱི་རྣམ་འཕྲུལ་ཡིན་ཡང་། དབྱིངས་ཀྱི་འབྲས་བུ་ལྷ་དང་དཀྱིལ་འཁོར་དངོས་ལམ་དུ་བྱས་ཏེ་སྒོམ་པ་མ་ཡིན་ཡང་། དབྱིངས་དེའི་དོན་དང་ཉེ་བའི་ཕྱིར་ལམ་ཟབ་མོ་སླུ་བ་མེད་པ་ཡིན་པར་ལྟའོ། །དེས་ན་དབྱིངས་དངོས་ལམ་དུ་བྱ་མི་ནུས་པར་རྒྱུའི་ཐེག་པ་དང་འདྲ་ཡང་། རྣམ་པ་འདྲ་བ་དང་མི་འདྲ་བའི་ཁྱད་ཀྱིས་ལམ་ཉེ་རིང་ལ་ཁྱད་ཆེ་སྟེ། ནོར་བུ་དང་མར་མེ་གཉིས་མཚན་མོ་བསྒྲིགས་ཡོད་པ་ལས་རྐུན་པོ་གཉིས་ཀྱིས་འོད་ལ་ནོར་བུར་ཞེན་ནས་བླངས་བ་ལས། རྐུན་བུ་རྨོངས་པ་དེས་མར་མེ་ཐོབ་ལ། མ་རྨོངས་

p. 1183

པའི་མཁས་པ་དེས་ནོར་བུ་ཐོབ་པ་བཞིན་དུ། འདོད་དོན་མྱུར་དུ་ཐོབ་པ་དང་མི་ཐོབ་པའི་རྒྱུ་བྱེད་པ་ལ་ཁྱད་ཆེ་བ་ཉིད་དེ་རྣམ་ངེས་ལས། ནོར་བུ་སྒྲོན་མེའི་འོད་དག་ལ། །ནོར་བུའི་བློ་ཡིས་མངོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང་། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །ཅེས་བཤད་པ་བཞིན་ནོ། །དེས་ན་འདིར་འབྲས་བུ་ནི་སྐུ་གསུང་ཐུགས་ཡིན་ལ། དེ་དང་འདྲ་བ་མངོན་དུ་བྱེད་ཚུལ་ཡང་། དང་པོ་དབང་བསྐུར་བའི་ཚེ་སློབ་དཔོན་མཚན་ཉིད་དང་ལྡན་པས། བསྙེན་པ་དང་། ས་ཆོག་དང་། སྟ་གོན་བྱས་ཏེ། དཀྱིལ་འཁོར་བྲི་བ་དང་། བསྒྲུབ་པ་དང་། མཆོད་པའི་རྗེས་ལ། སློབ་དཔོན་ཉིད་བདག་འཇུག་བླངས་ནས། སློབ་མ་བཅུག་སྟེ་དམ་ཚིག་དང་སྡོམ་པ་ཕོག་ནས་ཡེ་ཤེས་མངོན་དུ་ཕབ་པ་ནི་ཐུགས་མངོན་དུ་བྱས་པ་ཡིན་ལ། མེ་ཏོག་དོར་གདོང་གཡོགས་བཀྲོལ་ནས་དཀྱིལ་འཁོར་བསྟན་པ་ནི། སྐུ་མངོན་སུམ་དུ་བྱས་པའོ། །དབང་བསྐུར་བའི་རྗེས་ལ་སྔགས་དང་ཕྱག་རྒྱའི་རྗེས་གནང་སྦྱིན་པ་ནི། གསུང་མངོན་དུ་བྱས་པ་ཞེས་བྱ་སྟེ། ལུས་ངག་ཡིད་གསུམ་ལ་དབང་བཞི་བསྐུར་བས་དྲི་མ་དག་ནས། སྐུ་གསུང་ཐུགས་མངོན་དུ་བྱས་པ་སྟེ་དང་པོར་དབང་མནོས་ནས། གྲོལ་ལམ་གྱི་ཚེ་དེའི་རྒྱུན་སྒོམ་ཞིང་སྐུ་གསུམ་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པས་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་སྟེ། གསང་བ་རྒྱ་མཚོའི་རྒྱུད་ལས། ཤེས་བྱའི་དཀྱིལ་འཁོར་མ་ལུས་ཐམས་ཅད་ནི། །སྐུ་གསུམ་ཡོངས་སུ་གྲུབ་པ་གསང་སྔགས་ཐེག་ཆེན་ཏེ། །སྐུ་གསུམ་ཉིད་ལ་འཇུག་པ་འབྲས་བུའི་ཐེག་པ་ཡིན། །སྐུ་གསུམ་འདུ་འབྲལ་མེད་པ་རྡོ་རྗེའི་ཐེག་པའོ། །ཞེས་སོ། །ལམ་དུ་སྐུ་དང་ཡེ་ཤེས་ཇི་ལྟར་བྱེད་ན་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལས། བསྒོམ་པའི་དང་པོར་སྟོང་པ་ཉིད་བསྒོམ་པ་ནི་ཆོས་སྐུ། དེའི་ངང་ནས་ལྷའི་སྐུ་བསྒོམ་པ་ལོངས་སྐུ། འོད་ཟེར་གྱི་སྤྲོ་བསྡུས་སེམས་ཅན་གྱི་དོན་བྱེད་པ་སྤྲུལ་སྐུ། ཉོན་མོངས་པ་ལྔ་ཐབས་ཀྱིས་དག་པ་ཡེ་ཤེས་རྣམ་པ་ལྔ་སྟེ། གསང་འདུས་

p. 1184

ལས། འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོ་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཅེས་པ་དང་། དུར་ཁྲོད་རྒྱན་ལས། སྟོང་པ་མངོན་འགྱུར་ཆོས་སྐུ་ལ། །མཚན་དཔེ་བདེ་བ་ལོངས་སྤྱོད་སྐུ། །རོལ་པ་མཛད་པ་སྤྲུལ་སྐུ་ལ། །ཞེས་པ་དང་། ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པའི་རྒྱུད་ལས། ཆོས་དབྱིངས་ཡེ་ཤེས་ཆེན་པོ་ལས། །བདེ་བ་ཆེན་པོའི་ངོ་བོ་ཉིད། །ལོངས་སྤྱོད་རྫོགས་པ་རྨད་དུ་བྱུང་། །སྙིང་རྗེ་ཆེན་པོ་ལས་བྱུང་བ། །སྤྲུལ་སྐུ་རྨད་བྱུང་རོལ་བར་ཤར། །ཅེས་སོ། །སྔགས་ཀྱི་ཐེག་པ་ཡང་དྲི་མ་སྦྱོང་བྱེད་ལམ་གྱི་ཆར་གྱུར་ན། འབྲས་བུ་ལམ་དུ་བྱེད་ཅེས་པ་གང་། རྒྱུའི་ཐེག་པ་དྲི་མ་སྦྱོང་བྱེད་དུ་བསྐྱེད་པའི་ཕྱིར་མཚུངས་སོ་སྙམ་ན། ཁམས་ཀྱི་དྲི་མ་ཅིག་ཅར་དག་ནས་སངས་རྒྱས་གྲུབ་པར་གཅིག་མོད་ཀྱང་། དུས་ཉེ་རིང་དང་། མཚན་ཉིད་ཀྱིས་ཡུན་རིང་འབད་པའི་ལམ་གྱི་དྲོད་ཙམ་སྔགས་ཀྱི་སྐད་ཅིག་ལ་ལམ་དུ་བྱེད་ཀྱང་། དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་པ་ཇི་ལྟ་བ་དང་མཚུངས་པ་བསྒོམ་པས་སྤང་བྱའང་གྲོགས་སུ་འཆར་བའི་ཕྱིར། འབྲས་བུ་ལམ་དུ་བྱེད་པ་ཡིན་གྱིས་མཐར་ཐུག་གི་འབྲས་བུ་ཇི་ལྟ་བ་དངོས་སུ་ལམ་དུ་བྱེད་པ་མ་ཡིན་པའི་ཕྱིར་ལམ་ཟབ་ལ་རྒྱ་ཆེ་བ་བསྒོམ་དགོས་པར་བྱུང་ངོ་། །སྤྱིར་རྒྱུ་འབྲས་ཀྱི་རྣམ་པར་བཞག་ནས་ཀུན་རྫོབ་གོ་བར་བྱེད་པས། འབད་པ་ཚེགས་ཆེན་པོའི་རྒྱུས་བསྐྱེད་པའི་ཏིང་ངེ་འཛིན་ལ་སོགས་པའི་འབྲས་བུའི་ཚོགས་རྫོགས་ཤིང་སྒྲིབ་པ་སྦྱོང་བའི་ལམ་ལ་རྒྱུ་ཞེས་བཏགས་ཏེ་མཚན་ཉིད་ཀྱི་ཐེག་པའོ། །ཚེགས་ཆུང་ངུས་ཐོབ་པའི་ཏིང་ངེ་འཛིན་ལ་སོགས་པ་ཚོགས་དང་འབད་རྒྱུས་མ་བསྐྱེད་པའི་ཕྱིར། འབྲས་བུར་བཞག་པ་དེས་དྲི་མ་སྦྱོང་བ་ལ་འབྲས་བུའི་ཐེག་པ་ཞེས་བརྗོད་དོ། །དེ་དག་གི་ཆོས་ཀྱི་རྣམ་གྲངས་ཀྱང་དང་པོ་ནས་རྒྱུ་རྐྱེན་གྱི་རྣམ་གཞག་ལམ་གཙོ་བོར་བསྟན་ནས་མཐར་ཐུག་འབྲས་བུ་སྟོན་པ་དང་། དང་པོ་ནས་དབྱིངས་དག་པའི་དཀྱིལ་འཁོར་འབྲས་བུའི་རྣམ་གཞག་འདུས་མ་བྱས་པ་བླང་དོར་རོ་མཉམ་ཡེ་

p. 1185

ནས་སངས་རྒྱས་པ་གཙོ་བོར་སྟོན་པ་ཡིན་ནོ། །རྒྱུ་འབྲས་ལྟར་དབྱེ་དུས་སྐུ་གསུམ་ཡེ་ཤེས་དང་བཅས་པ་ལམ་དུ་བླངས་པས་འབྲས་བུ་ཡང་དེ་འདྲ་བ་སྐྱེ་བར་རིགས་ཏེ། ཁམས་ཀྱི་དྲི་མ་དེ་དག་སྟོབས་ཀྱིས་ཡོན་ཏན་གསར་དུ་སྣང་བ་ནས་མཐར་རྫོགས་པའི་སངས་རྒྱས་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པ་ཐོབ་ངེས་སོ། །མཚན་ཉིད་ལས་ཚོགས་གཉིས་ཙམ་ལས། སྐུ་དང་ཡེ་ཤེས་སུ་བསྒོམ་པ་མེད་པས་རྒྱུ་འབྲས་རྣམ་པ་འགལ་བའི་ཕྱིར། ཡུན་རིང་དུ་མི་ཐོབ་པའང་རྒྱུ་འབྲས་རང་གི་གྲུབ་མཐའ་ནང་འགལ་བའི་ཕྱིར་གསང་སྔགས་འཕགས་པར་གྲུབ་པ་ཡིན་ནོ། །དོན་གཉིས་པ་ཁྱད་པར་ཅན་གྱི་གསང་སྔགས་ཉིད་བཤད་པ་ལ་གཉིས་ཏེ། གསང་སྔགས་ཇི་ལྟར་བྱུང་བའི་ཚུལ་དང་། གསང་སྔགས་ཀྱི་རྣམ་པར་གཞག་པ་དངོས་སོ། །དང་པོ་ནི་ཐོག་མ་དང་ཐ་མ་མེད་དུས་ནས། གྲངས་མེད་པའི་རྡོ་རྗེ་འཆང་རིམ་པས་བྱོན་ཅིང་བཞུགས་ལ་སླད་ཀྱིས་འབྱོན་པ་ཐམས་ཅད་ཀྱིས་དབང་པོ་ཤིན་ཏུ་རྣོ་བའི་གདུལ་བྱ་རྣམས་ལ། རྣམ་གྲངས་དཔག་ཏུ་མེད་པས་གསུངས་ཏེ། མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །ཞེས་པས། དུས་དང་ཚད་དང་རིས་སུ་ཆད་པ་འགའ་ཡང་མེད་དེ། ཐོག་མ་མེད་པའི་སྔོན་རོལ་ནས་རྡོ་རྗེ་འཆང་བྱོན་ནས་གསུངས་པ་རྣམས། ཕྱག་ན་རྡོ་རྗེ་ལ་སོགས་པ་སངས་རྒྱས་ཉིད་སེམས་དཔའི་ཚུལ་དུ་བསྟན་པ་ཚད་མེད་པའི་ཚོགས་ཀྱིས། བླ་ན་མེད་པའི་ཆོས་ཀྱི་རྣམ་གྲངས་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་རྣམས་གཟུང་ཞིང་། ཞིང་ཁམས་འདི་དང་ཕྱོགས་བཅུ་གཞན་དུ། རྡོ་རྗེ་འཆང་དཔག་ཏུ་མེད་པ་སྔ་ཕྱིར་གཤེགས་ཏེ། ད་ལྟར་བཞུགས་པ་དང་བཅས་པའི་མདུན་དུ་དུས་རྟག་པར་གནས་པས་ཐོས་པ་བཟུང་ནས། ཞིང་དེ་དག་ནས་མ་གཡོས་བཞིན་དུ། ཞིང་ཁམས་ཐ་དད་པ་རྣམས་སུ་འགྲོ་བ་སོ་སོའི་ནང་དུ་རྒྱུད་ཀྱི་མིང་དང་རྣམ་གྲངས་ཚད་མེད་པ་སྟོན་པར་

p. 1186

བྱེད་དེ། དེའང་སངས་རྒྱས་རྣམས་ཀྱི་ཐུགས་རྡོ་རྗེ་ཕྱག་ན་རྡོ་རྗེ། གསུང་རྡོ་རྗེ་སྤྱན་རས་གཟིགས། སྐུ་རྡོ་རྗེ་འཇམ་དབྱངས་ལ་སོགས་པ་འབྲས་བུའི་སེམས་དཔའ་ཚད་མེད་པས་རང་གིས་གསུང་པ་པོ་དང་། ཞུ་བ་པོ་དང་། སྡུད་པ་པོ་དང་། ཆོས་དང་གནས་ཀྱི་རོལ་པ་མཛད་ནས་གསང་བ་ཆེན་པོ་རྣམས་འགྲོ་བའི་དོན་དུ་སྣང་བར་མཛད་པ་ཡིན་ཏེ། ཧེ་བཛྲ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་སྡུད་འཁོར་ཀྱང་ང་། །འཇིག་རྟེན་འཇིག་རྟེན་འདས་པའང་ང་། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་ཕྱག་ན་རྡོ་རྗེ་ནི་སྔོན་རོལ་བའི་སངས་རྒྱས་ཏེ། ངན་སོང་སྦྱོང་རྒྱུད་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །ཅེས་བྱུང་ངོ་། །དེས་གསུངས་པའི་རྒྱུད་ལ་དུས་འདི་ཙམ་ནས་གསང་སྔགས་བྱུང་ཞེས་ཐོག་མཐའ་བསམ་པར་མི་ནུས་ལ། སྟོན་པའང་འདི་ཁོ་ནས་གསུངས་ཞེས་ཚད་གཟུང་དུ་མེད་དེ། འཇིག་རྟེན་གྱི་ཁམས་ན་རྡོ་རྗེ་འཆང་གི་རོལ་བ་ཚད་མེད་པའི་ཕྱིར། རེ་ཞིག་མི་མཇེད་འདིའི་དབང་དུ་བྱས་ན། སྣོད་བཅུད་ཀྱི་རིམ་པ་ཆགས་ནས་མ་སྟོངས་ཀྱི་བར་ལ་ཐུན་མོང་གི་སངས་རྒྱས་སྟོང་དང་། སེམས་དཔའ་གཉིས་བྱོན་པའི་ཚུལ་བསྟན་ནས། དང་པོའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་ཕྱིའི་རྒྱུད་སྡེ་འགའ་གསུངས་པར་འདོད་ལ། ཤཱཀྱ་ཐུབ་པས་རྒྱུད་བཞི་རྫོགས་པར་གསུངས་པའང་། ཁ་ཅིག་ཏུ་ཤཱཀྱ་ཐུབ་པའི་རྣམ་པས་དངོས་སུ་གསུངས་ཏེ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ། །ཞེས་པ་དང་། དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་གསུངས་པ་ལ་སོགས་པ་དང་། གསང་བ་འདུས་པ་ལ་སོགས་རྡོ་རྗེ་འཆང་གི་རྣམ་པར་བཞེངས་ཏེ་གསུངས་པར་འདོད་ལ། མ་འོངས་པ་ན་སངས་རྒྱས་མོས་པས་གསུང་བར་འདོད་དོ། །དེ་དག་ཀྱང་ཕྱག་ན་རྡོ་རྗེ་དང་མཁའ་འགྲོ་མ་རྣམས་

p. 1187

ཀྱིས་བཟུང་ནས་རྟག་པར་གནས་ལ། ཐུན་མོང་མ་ཡིན་པའི་སྟོན་པ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། རིགས་ལྔའི་སངས་རྒྱས་བརྗོད་དུ་མེད་པའི་ཚོགས་ཀྱིས་འོག་མིན་ན་རྟག་པར་བཞུགས་ནས། འཁོར་དཔག་ཏུ་མེད་པ་ལ་སྔར་གསུངས་ད་ལྟ་གསུང་། ཕྱིས་ཀྱང་གསུང་བའི་ཕྱིར་དུས་ཁོ་ར་ཁོར་ཡུག་ཏུ་སྣང་བ་ཡིན་ནོ། །དེ་དག་གིིས་གསུངས་པའི་རྒྱུད་ཀྱང་སྔོན་བསྐལ་པ་དང་པོ་ནས་འདིའི་བར་ལ་ཕྱག་ན་རྡོ་རྗེ་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་གྲུབ་ཐོབ་དང་རིག་སྔགས་འཆང་དང་། མཁའ་འགྲོ་མ་རྣམས་ཀྱིས་བཟུང་ནས། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མིའམ་ཅི་དང་། མཁའ་འགྲོ་མའི་གནས་སོ་སོ་ན། དར་ཞིང་སྤྱོད་པ་ལས། ཁྱད་པར་དུ་འཛམ་བུའི་གླིང་གི་ཟ་ཧོར་དང་། སིངྒ་ལ་དང་། ཨུ་རྒྱན་ལ་སོགས་མཁའ་འགྲོའི་གནས་ན་བཞུགས་པ་ལས། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོ་དང་། པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་ལ་སོགས་པས་སྤྱན་དྲངས་ནས་སྐལ་ལྡན་སོ་སོ་ལ་བརྒྱུད་པ་དག་གིས་ཉམས་སུ་བླངས་པས་གྲུབ་པ་བརྙེས་པའི་གྲུབ་ཆེན་བརྒྱད་ཅུ་ལ་སོགས་པ་རྒྱ་གར་དུ་བྱོན་པ་དང་། སྔོན་རྒྱལ་བློན་གྱི་དུས་སུ་ཡང་བོད་དུ་མང་དུ་བྱོན་པ་ཡིན་ནོ། །རྣམ་གཞག་འདི་ལྟར་ཁོང་དུ་མ་ཆུད་པའི་བློ་ཆུང་སྒྲོ་སྐུར་དུ་སྨྲ་བ་དག་རྒྱ་གར་དུ་མ་གྲགས་པས་རྒྱུད་ཡང་དག་པ་མ་ཡིན་ཏེ་བོད་ཀྱིས་བྱས་པའོ་ཞེས་ཡང་དག་པའི་རྒྱུད་ལུང་དང་མདོ་མང་པོ་ལ་སྐུར་པ་འདེབས་པ་ནི་ངན་འགྲོར་ཡུན་རིང་དུ་གནས་པའི་རྒྱུ་སོག་པ་ཁོ་ནའོ། །དེའང་རྒྱ་གར་གྱི་རྒྱུད་རྣམས་ཀྱང་ཨུ་རྒྱན་དང་། ཤམྦྷ་ལ་དང་། མ་ལ་ཡ་ལ་སོགས་པའི་ཡུལ་ནས་གྲུབ་ཐོབ་ཆེན་པོ་རྣམས་ཀྱིས་སྤྱན་དྲངས་ཏེ། རྒྱུད་ཐམས་ཅད་ནི་རྒྱ་གར་ནའང་བཞུགས་པ་མ་ཡིན་ལ། གལ་ཏེ་བཞུགས་སུ་ཆུག་ཀྱང་ཁྱེད་ཀྱིས་ལན་རེ་ཙམ་ཕྱིན་པས་དེ་ཐམས་ཅད་མཐོང་བར་མི་ནུས་ལ། གཙུག་ལག་ཁང་ཆུང་རེ་ན་བཞུགས་པའི་མདོ་རྒྱུད་ཀྱི་མིང་བྱང་དུ་མ་འདུས་པས་གཞན་རྣམས་མིན་པར་མི་འགྱུར་བའི་ཕྱིར་སྔོན་གྱི་ལམ་སྟོན་ཆེན་པོ་རྣམས་ལ་སྨད་པར་

p. 1188

མི་བྱའོ། །བོད་འདིར་རྒྱ་གར་ན་ཡོད་པ་དང་། མེད་པའི་མདོ་དང་རྒྱུད་མང་པོ་བཞུགས་ཏེ། སྔོན་གྱི་སློབ་དཔོན་པདྨ་ལ་སོགས་པས་ཨུ་རྒྱན་ལ་སོགས་པ་མཁའ་འགྲོའི་གླིང་རྣམས་ནས་རྒྱུད་སྡེ་མང་དུ་བསྣམས་ནས་བྱོན་ཏེ་བསྒྱུར་ཞིང་། མདོ་ཡང་ཉི་མ་དངོས་གྲུབ་ཀྱིས་མེས་མ་ཚིག་གོང་དུ་རྒྱ་ནག་ལ་འགྱུར་བའི་མདོ་རྣམས་ལས། ཕལ་པོ་ཆེ་དང་། མྱ་ངན་ལས་འདས་པ་དང་། འདུལ་བ་ལུང་ལ་སོགས་པ་མང་པོ་ཞིག་རྒྱ་ནག་གི་པཎྜི་ཏ་ཧ་ཤང་མ་ཧཱ་ཡཱ་ནའི་བློ་ལས་བཻ་རོ་ཙ་ན་དང་འབའ་སངས་ཤིས་ལོ་ཙཱ་བྱས་ཏེ་བསྒྱུར་བ་ཡིན་ནོ། །དེའི་ཕྱིར་ཆོས་དང་གང་ཟག་གི་ཚད་ནི་ཐམས་ཅད་མཁྱེན་པ་ལས་གཞན་གྱིས་གཟུང་བར་མི་ནུས་ཏེ། དཀོན་བརྩེགས་ལས། འོད་སྲུངས་ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་གཟུང་བར་རུང་གིས། གཞན་དག་གིས་ནི་མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ་ཞེས་སོ། །ཆོས་ཀྱང་བཀའ་ཡང་དག་པ་ནི་སངས་རྒྱས་ཀྱི་གསུང་སྟེ། སྤྲུལ་སྐུ་དེ་ཡང་སྔོན་བྱུང་གིས་ད་ལྟ་མེད་དོ་མི་བསམ་སྟེ། རྟག་ཏུ་མོས་པའི་ངོར་འབྱུང་ལ། དེས་སྔོན་མདོ་དང་རྒྱུད་མ་གྲགས་པ་གསལ་བར་བྱེད་པའང་སྲིད་པས་སྐུར་པ་མི་བཏབ་ལ། ཆོས་གང་ལ་ཐར་བའི་ལམ་དུ་འཇུག་ཅིང་འཁོར་བ་སྤོང་བ་སྟོན་པ་ཐམས་ཅད་སངས་རྒྱས་ཀྱི་གསུང་རབ་ཚད་མར་བཞག་སྟེ། རྒྱུད་བླ་མ་ལས། ཁམས་གསུམ་དག་ན་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཅེས་པས་གྲུབ་ལ། སངས་རྒྱས་ནི་རྟག་པར་བཞུགས་པས། གདུལ་བྱའི་དོན་མཛད་ལ། བྱིན་གྱིས་བརླབས་པའི་བཀའ་ཡང་། རི་དང་ཤིང་དང་པདྨོ་དང་དཔག་བསམ་གྱི་ཤིང་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། བྱ་དང་རི་དྭགས་ལས་ཆོས་ཀྱི་རྣམ་གྲངས་ཀྱི་སྒྲ་འབྱུང་བ་དེ་ཡང་བཀར་གསུངས་པ་ཡོད་ན། སྔར་བྱུང་གིས་ད་ལྟ་མི་སྲིད་ཅེས་ལོག་པར་མི་ལྟ་སྟེ། བྱིན་གྱིས་བརླབས་པ་དག་འབྱུང་སྲིད་པའི་ཕྱིར་རོ། །དེས་ན་གང་ལ་ཡིད་ཆེས་པས་དམ་པར་བཟུང་ནས་ཡི་དམ་

p. 1189

དུ་བྱ་བ་འཐད་ཀྱིས། གཞན་ལ་སྐུར་པ་ནམ་ཡང་གདབ་པར་མི་བྱ་བ་ཁོ་ནའོ། །གསང་སྔགས་རྙིང་མའི་རྒྱུད་ཀྱི་བྱུང་ཚུལ་འགའ་ཞིག་ལས། ཕྱག་ན་རྡོ་རྗེས་ཟ་ཧོར་གྱི་ཡུལ། མ་ལ་ཡའི་རི་ལ། རྒྱལ་པོ་ཛ་ཞེས་བྱ་བ་ལ་དབང་བསྐུར་ཞིང་གླེགས་བམ་གྱི་ཆར་ཕབ་ནས་མིའི་ཡུལ་དུ་སྣང་བར་བྱས་པ་ལ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ལ་སོགས་པ་དང་། སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་མང་དུ་བྱུང་བར་གསུངས་པའང་དེ་ཁོ་ན་བཞིན་ཏེ་དགོངས་པ་ལུང་སྟོན་ལས། འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་དྲ་མ་ཆེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ཕྱག་ན་རྡོ་རྗེས་སྟོན་པར་འགྱུར། །ཅེས་བྱུང་ལ། རྡོ་རྗེ་ས་འོག་གི་རྒྱུད་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་བཞིན་ཏུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཅེས་གསུངས་པ་དང་ཡང་མཐུན་པ་ཡིན་ནོ། །སྔོན་གྱི་དུས་སུ་བྱུང་བ་དག་བཅོས་མ་ཡིན་ན། རྩོམ་གཞི་གང་ལ་བྱས། དེ་ལྟར་ན་ཕྱིས་འབྱུང་བ་རྣམས་བཅོས་མར་འགྱུར་ཏེ། དོན་སྔོན་བས་ལྷག་ཏུ་མ་བྱུང་། ཚིག་ཅུང་ཟད་མི་འདྲ་བ་དང་། མང་ཉུང་བྱུང་བ་ལས་མེད་པའི་ཕྱིར་རོ། །དེས་ན་གསར་རྙིང་གི་རྒྱུད་ཆེན་པོ་འདི་དག་ལ་སློབ་དཔོན་གྲུབ་ཆེན་མང་དུ་བྱོན་ཞིང་། དབང་དང་བྱིན་རླབས་ཟམ་མ་ཆད་པར་འདུག་པས་ཡང་དག་པ་འབའ་ཞིག་སྟེ། སློབ་དཔོན་དེ་དག་གིས་འགྲེལ་པ་དང་མན་ངག་མང་དུ་མཛད་པས་ཡིད་ཆེས་པར་གཟུང་ངོ་། །དེའང་རྒྱ་གར་ན་གསང་སྔགས་ཞེས་པ་ཙམ་ལས། འདི་ནི་གསར་མའོ། །འདི་ནི་རྙིང་མའོ་ཞེས་སོ་སོར་དབྱེ་བ་མེད་ན་ཡང་བོད་འདིར་འགྱུར་སྔ་ཕྱིས་སོ་སོར་གྲགས་ཏེ། བཻ་རོ་ཙ་ན་ལ་སོགས་པ་རྒྱལ་བློན་སྔ་དར་གྱི་དུས་སུ་བསྒྱུར་བ་ནས་བཟུང་སྟེ་པཎྜི་ཏ་སྨྲྀ་ཏིའི་བར་དུ་བསྒྱུར་བའི་རྒྱུད་ལ་རྙིང་མ་ཞེས་འདོད་ལ། ལོ་ཙཱ་བ་རིན་ཆེན་བཟང་པོ་མན་ཆོད་བསྒྱུར་བའི་རྒྱུད་རྣམས་ལ་གསར་མ་ཞེས་གྲགས་སོ། །འདི་གཉིས་ལ་གོ་

p. 1190

དཀའ་སླ་དང་། དབྱིངས་འཇལ་བ་རླབས་ཆེ་ཆུང་ལྟར་འདུག་པ་ནི། སྔོན་གྱི་ལོ་ཙཱ་བ་རྣམས་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་རང་དབང་བསྒྱུར་ནུས་པའི་ཕྱིར་རླབས་ཆེ་བར་མངོན་ནོ། །དུས་ཕྱིས་ཀྱི་ལོ་ཙཱ་བ་རྣམས་གང་ཟག་ཕལ་པའི་ལུགས་ཀྱི་མཁས་པ་རྣམས་བྱོན་པས། ཚིག་གྲིམས་ལ་གོ་བར་དཀའ་བ་སྟེ། རྒྱ་དཔེའི་ཚིག་གི་རིམ་པ་ཙམ་ལས་དོན་འགྱུར་མ་ནུས་པས་དེ་ལྟར་བྱུང་བའོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། གསང་སྔགས་དོན་གྱི་འགྲེལ་དགོད་པའི་ལེའུ་སྟེ་ལྔ་པའོ།། །།

ཐུགས་རྡོ་རྗེ་གསང་བའི་ལེའུ་སྟེ་དྲུག་པ།

p. 1191

གཉིས་པ་གསང་སྔགས་ཀྱི་རྣམ་པར་གཞག་པ་དངོས་ལ་གཉིས་ཏེ། གསང་སྔགས་གསར་མའི་རྣམ་གཞག་དང་། རྙིང་མའི་རྣམ་གཞག་གོ། དང་པོ་ལ་བཞི་སྟེ། གསང་སྔགས་སྤྱིའི་རང་བཞིན། དབྱེ་བ། ཕྱི་ནང་གཉིས་ཀྱི་ཁྱད་པར། ནང་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་སྤྱིའི་རང་བཞིན་ལ་བཞི། མཚན་གཞི། མཚན་ཉིད། ངེས་ཚིག །མིང་གི་རྣམ་གྲངས་སོ། །དང་པོ་མཚན་གཞི་ནི། འོད་གསལ་བའི་རང་བཞིན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་རང་བཞིན་གྱིས་དག་པ་དང་དེ་ལ་བརྟེན་པའི་ཆོས་སྦྱང་བྱ་སྦྱོང་བྱེད་དང་བཅས་པ་ཐམས་ཅད་ཡིན་ནོ། །དེའང་སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་རྣམ་པ་བཞིར་འདུས་ཏེ། དབྱིངས་འོད་གསལ་བའི་ཆོས་ཉིད་རང་བཞིན་རྣམ་དག་ནི་སྦྱང་བའི་གཞིའོ། །གློ་བུར་གྱི་སྒྲིབ་པ་ལས་དང་ཉོན་མོངས་པ་འཁོར་བའི་ཆོས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ནི་སྦྱང་བར་བྱ་བའི་དྲི་མའོ། །དེའང་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ནི་འཁོར་བའི་རྩ་བ་ཡིན་པས་ལྡོག་ལ། གནས་ལུགས་དོན་གྱི་ཀུན་གཞིའི་དོན་མི་ལྡོག་ཀྱང་། ཐ་སྙད་ཀུན་གཞིར་བཏགས་པའི་མིང་གི་ཆ་དེ་ལོག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བར་འགྱུར་བའོ། །རྣམ་ཤེས་གཞན་རྣམས་ལྡོག་པའི་ཆ་ལས་ཡེ་ཤེས་ལྷག་མ་བཞི་འཆར་ཚུལ་ནི་བཤད་ཟིན་ཏོ། །སྨིན་བྱེད་

p. 1192

དབང་བཞི་བསྐུར་ནས། གྲོལ་བྱེད་བསྐྱེད་རྫོགས་སྒོམ་པས་གསར་དུ་ཡོན་ཏན་སྐྱེ་བ་དང་བཅས་པའི་ཆ་ལས་ཡེ་ཤེས་ལམ་གྱི་ཆར་གཏོགས་པ་རྣམས་ནི་སྦྱོང་བྱེད་ཀྱི་ཆོས་སོ། །དེ་ལྟར་སྦྱངས་པས་དབྱིངས་ལ་སྒྲིབས་པ་ཐམས་ཅད་དག་ནས་ཁམས་བྱང་ཆུབ་ཏུ་འགྱུར་བས། སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པ་མངོན་དུ་འགྱུར་ཏེ། རང་དང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི་ངོ་བོ་ནི་ཁམས་ལ་དྲི་མ་སྤྱངས་པའི་འབྲས་བུ་ཡིན་པར་ཤེས་པར་བྱའོ། །དེ་སྐད་དུའང་གསང་བ་གྲུབ་པ་ལས། དབྱིངས་ལ་བྲལ་བ་དག་ཐོབ་འབྲས། །གསང་སྔགས་རྣམ་པ་བཞིར་བཤད་དོ། །ཞེས་སོ། །གཉིས་པ་མཚན་ཉིད་ནི། དབྱིངས་རང་བཞིན་གྱིས་དག་པ་དང་རྗོད་བྱེད་ཐུགས་རྡོ་རྗེའི་གསང་བ་འཁོར་དང་བཅས་པ་སྟེ། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་ཀྱི་མཚན་ཉིད་ནི། །སངས་རྒྱས་ཀུན་ཀྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཅེས་སོ། །གསུམ་པ་ངེས་ཚིག་ནི་མནྟྲ་ཡཱ་ན་ཞེས་པས་སྔགས་ཀྱི་ཐེག་པ་སྟེ། མ་ལ་ནའི་རྐྱེན་བྱིན་པས་མ་ལ་ནི་ཡིད་དེ་བདག་ཏུ་འཛིན་པའི་དོན་གྱི་ཡིད་དོ། །ཏྲ་ལ་ཐའི་རྐྱེན་བྱིན་པས་ཏྲ་ཐ་ལ་ནི་སྐྱོབ་པ་སྟེ། དེའང་མྱུར་དུ་སྐྱོབ། བདེ་བར་སྐྱོབ་ཅེས་པའོ། །མྱུར་བ་ནི་སྐད་ཅིག་གིས་ཉོན་མོངས་པའི་ཕྱོགས་ཡེ་ཤེས་སུ་བསྒྱུར་བ་ལ་སོགས་པ་མི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་པ་ཡིན་ལ། བདེ་བར་སྐྱོབ་པ་ནི་དཀའ་ཐུབ་ལ་སོགས་པའི་སྡུག་བསྔལ་མེད་པར་འདོད་ཡོན་གྲོགས་སུ་འཆར་བའི་དོན་ཏེ། མ་ཧཱ་མཱ་ཡཱ་ལས། འདོད་པའི་ཡོན་ཏན་ལྔ་རྣམས་ལ། །ཅི་བདེ་བར་ནི་བརྟེན་པས་འགྲུབ། །ཅེས་སོ། །དེ་དག་གི་དོན་ནི་ཡིད་ཀྱི་རྣམ་པར་ཤེས་པ་འཁོར་བའི་འཇིགས་པ་ལས་མྱུར་དུ་སྐྱོབ་པ་བདེ་བར་སྐྱོབ་པས་སྔགས་ཞེས་བྱ་སྟེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། མ་ནི་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་བར་བྱེད་པའི་དོན། །ཅེས་པ་དང་། ར་ལི་གསང་བ་བདུད་རྩིའི་རྒྱལ་པོ་ལས། ཡིད་སྐྱོབ་ཕྱིར་ན་སྔགས་ཡིན་

p. 1193

ཏེ། །རང་སེམས་ལས་སུ་རུང་བ་དང་། །རྣམ་རྟོག་གདོན་རྣམས་ལས་སྐྱོབ་ཕྱིར། །འདི་ནི་སྔགས་ཀྱི་རྒྱལ་པོར་གསུངས། །ཞེས་སོ། །ཡ་ལ་ཧེ་དུའི་རྐྱེན་བྱིན་ནས་ཡ་ཧེ་ཏུ་ཞེས་པ་རྒྱུའི་རང་བཞིན་ཡིན་ཏེ། གཞི་ལྷུན་གྲུབ་ཏུ་གནས་པ་དེས་འདོང་པས་ན་ཐེག་པའོ། །དེ་ལ་བརྟེན་པའི་ཉོན་མོངས་ཀྱང་ཐབས་ཀྱིས་གྲོགས་སུ་འཆར་ཏེ། གཞི་ཡི་དུས་སུ་དུག་གསུམ་པོ་ཉིད། ལམ་ཐབས་ཤེས་གཉིས་མེད་དུ་ཤེས་ནས་སྦྱངས་པས་མཐར་ཕྱིན་པའི་ཚེ་སྐུ་གསུམ་གྱི་སར་འདོང་བའི་ཕྱིར་ཐེག་པ་ཞེས་བྱའོ། །ཡ་མ་རྒ་ཞེས་པས། ལམ་གྱི་དུས་སུ་དུག་གསུམ་པོ་སྨིན་གྲོལ་གཉིས་ཀྱིས་སྦྱངས་པས་བདེ་གསལ་མི་རྟོག་པ་གསུམ་ཟུང་འཇུག་ཏུ་ཤར་ཏེ། སྐུ་གསུམ་གྱི་རང་བཞིན་དུ་ཤེས་པའོ། །ཡ་མའི་སྒྲ་ནི་མ་ཞེས་པས། འབྲས་བུ་འདིར་འདོང་བས་ན་ཐེག་པ་སྟེ། འབྲས་བུའི་དུས་སུ་དབྱིངས་ལ་དུག་གསུམ་དག་སྟོབས་ཀྱིས། གཏི་མུག་མི་རྟོག་པ་ཆོས་ཀྱི་སྐུ། འདོད་ཆགས་བདེ་བ་ལོངས་སྤྱོད་རྫོགས་པའི་སྐུ། ཞེ་སྡང་གསལ་བ་སྤྲུལ་པའི་སྐུ་ཡིན་པའོ། །དེའང་དུག་གསུམ་ཐ་མལ་དུ་སྤྱོད་པ་ཐབས་ཀྱིས་གྲོལ་ཏེ། དམ་ཚིག་དང་སྡོམ་པས་རྒྱུད་བསྡམས་པ་ནི་སྔགས་ཀྱི་ཐེག་པ་སྟེ། གསང་འདུས་ལས། འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བ། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱི་བསྲུང་བ་ནི། །སྔགས་ཀྱི་ཐེག་པ་ཞེས་བཤད་དོ། །ཞེས་པ་དང་། རྡོ་རྗེ་མཁའ་འགྲོ་རྒྱ་མཚོ་ལས། ཐེག་ཆེན་ཀུན་ལ་རབ་འཇུག་པས། །སྔགས་ཀྱི་ཐེག་པ་ཉིད་དུ་བྱེད། །ཅེས་སོ། །བཞི་པ་མིང་གི་རྣམ་གྲངས་བཤད་པ་ནི། སྔགས་ཀྱི་ཐེག་པ། རྡོ་རྗེ་ཐེག་པ། འབྲས་བུའི་ཐེག་པ་ཞེས་བྱའོ། །ཉོན་མོངས་པ་ལ་སོགས་སྤང་བྱ་གནས་སུ་དག་པ་དང་། བསྒྲུབ་བྱ་ཐོབ་པའི་ཐབས་ལ་མཆོག་ཏུ་བསྔགས་པས་སྔགས་སྟེ། རིག་པ་མཆོག་ལས། དབང་ཐོབ་ཡང་དག་སྦྱོར་བ་ལ། །མཆོག་ཏུ་བསྔགས་པས་སྔགས་ཞེས་བརྗོད། །ཅེས་སོ། །དབྱེ་ན་གསུམ་སྟེ། དགོངས་པ་གྲུབ་པའི་རྒྱུད་ལས། སྔགས་རྣམས་

p. 1194

ཀུན་གྱི་དབྱེ་བ་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །རིགས་སྔགས་ཐབས་ཀྱི་ངོ་བོ་ཡིན། །གཟུངས་སྔགས་ཤེས་རབ་ངོ་བོ་ཡིན། །གསང་སྔགས་གཉིས་མེད་ཡེ་ཤེས་སོ། །ཞེས་སོ། །རྡོ་རྗེ་ཐེག་པ་ནི་སྐུ་གསུང་ཐུགས་རྡོ་རྗེའི་དོན་ལ་ཐབས་ཆེན་པོས་སྦྱོར་བ་ཡང་། དབྱིངས་ལས་མ་གཡོས་པར་འབྱུང་བ་སྟེ། གསང་འདུས་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །རྡོ་རྗེ་ཐེག་པར་རབ་སྟོན་པ། །ཞེས་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །རྡོ་རྗེ་ལ་དགའ་དག་པར་གནས། །དེས་ན་སངས་རྒྱས་ཀུན་གྱི་ཐབས། །རྡོ་རྗེ་ཐེག་པ་ཞེས་བཤད་དོ། །ཞེས་སོ། །གཉིས་པ་གསང་སྔགས་ཀྱི་དབྱེ་བ་ལ་གསུམ་སྟེ། དབྱེ་བ་དངོས་དང་། བཞིར་ངེས་པའི་རྒྱུ་མཚན། སོ་སོའི་རྣམ་གྲངས་དགོད་པའོ། །དང་པོ་ནི་དབྱིངས་རང་བཞིན་གྱིས་དག་པའི་སྟེང་དུ། བརྗོད་བྱ་གཞི་ལམ་འབྲས་བུ་གསུམ། སྟོན་པའི་རྒྱུད་ཀྱི་ངོ་བོ་ལ་དབྱེ་བ། རྗོད་བྱེད་རྣམ་གྲངས་ཀྱིས་དབྱེ་ན་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པ་དང་རྒྱུད་སྡེ་བཞིར་འདུས་པ་ཡིན་ཏེ། རྡོ་རྗེ་སྙིང་པོ་བཀོད་པའི་རྒྱུད་ལས། བདེ་བར་གཤེགས་པས་དགོངས་པའི་རྒྱུད། །རྣམ་པ་བཞི་རུ་ཡང་དག་བཤད། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་སོ། །དེ་ལ་དང་པོ་བྱ་བའི་རྒྱུད་ནི། ཀྲཱི་ཡ་ཏནྟྲ་ཞེས་འབྱུང་སྟེ། ལུས་ངག་གི་བྱ་བ་གཙོ་བོར་སྟོན་པའི་ཕྱིར་རོ། །བསམ་གཏན་ཕྱི་མའི་རྒྱུད་འགྲེལ་ལས། རྒྱུད་འདི་ནི་སྤྱིར་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པས་ན་བྱ་བའི་རྒྱུད་ཅེས་བྱའོ་ཞེས་པ་དང་། སུ་སིདྡྷི་ཀ་ར་ལས། ཇི་ལྟར་ལས་ལ་འཇུག་པའི་དུས་དག་ཏུ། །ལུས་འདི་ས་ཡིས་དྲིལ་ཕྱིས་བྱས་ནས་སུ། །ཆུ་ཆེན་རྙོག་པ་མེད་པའི་ནང་ཞུགས་ནས། །ཇི་ལྟར་འདོད་པ་དག་ཏུ་བཀྲུ་བར་བྱ། །ཞེས་སོ། །དེའང་ལུས་ཀྱི་བྱ་བ་ཁྲུས་ཆེན་པོ་གསུམ་ཕྲ་མོའི་ཁྲུས་དང་བཅས་པ་དང་། གོས་གསུམ་བརྗེ་བ་དང་། ཟས་གསུམ་ཟ་བ་དང་། སྨྱུང་བར་

p. 1195

གནས་པ་དང་། གཙང་སྦྲ་དང་དཀའ་ཐུབ་དང་། འདུག་སྟངས་ཀྱི་ཁྱད་པར་སྐྱིལ་ཀྲུང་དང་། ཕྱག་རྒྱ་འཆིང་བ་ལ་སོགས་པའི་སྒོ་ནས། ངག་གི་བྱ་བ་བཟླས་བརྗོད་གཙོ་བོར་བྱས་ནས། སེམས་ཀྱིས་བདག་བྲན་དང་། ལྷ་རྗེ་དཔོན་དུ་ལྟ་བའི་སྒོ་ནས་བསྒྲུབ་པས་བྱ་བའི་རྒྱུད་དེ། དཔུང་བཟངས་ལས། དུས་སུ་ཟོས་ནས་དུས་སུ་ཁྲུས་བྱས་ཏེ། །ཕྲེང་བ་མེ་ཏོག་མར་མེ་སྤོས་དང་དྲི། །ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ། །ཀུ་ཤའི་ཁྲི་ལ་འདུག་ནས་བཟླས་བརྗོད་བརྩམ། །ཞེས་པ་དང་། བསམ་གཏན་བདེ་བ་འགྲུབ་པར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པས་སྨྱུང་བ་རྗེས་སུ་གསུངས། །ཞེས་པ་དང་། གྲྭ་ལྔ་ལས། ལུས་དང་ངག་གི་གཙང་སྦྲ་དང་། །གསུམ་པ་ཡིད་ཀྱི་གཙང་སྦྲ་དང་། །བཞི་པ་བདེན་པར་སྨྲ་བ་དང་། །ལྔ་པ་ཕྱི་ཡི་གཙང་སྦྲར་བཤད། །ཅེས་སོ། །གཉིས་པ་སྤྱོད་པའི་རྒྱུད་ནི་ཨུ་པ་ཏནྟྲ་ཞེས་པས། ལུས་ངག་གི་བྱ་བ་ཆ་མཉམ་ནས་སྤྱོད་ཅིང་། སེམས་ཀྱིས་རང་དང་ལྷ་གཉིས་གྲོགས་ལྟར་བསྒྲུབ་པ་སྟེ། རྣམ་སྣང་མངོན་བྱང་གི་དོན་བསྡུས་ལས། རྒྱུད་འདི་ནི་གཙང་སྦྲ་ལ་སོགས་པ་སྨད་པས་འཇིག་རྟེན་པ་དང་འགལ་བར་སྤྱོད་པས་སྤྱོད་པའི་རྒྱུད་ཅེས་བྱའོ། །དེའང་ལུས་ངག་གི་བྱ་བ་མི་འདྲ་བ་དུ་མ་དང་། སེམས་ཀྱི་སྒོམ་པ་ཆ་མཉམ་ནས་སྤྱོད་པ་ཡིན་ནོ། །གསུམ་པ་རྣལ་འབྱོར་གྱི་རྒྱུད་ནི། ཡོ་ག་ཏནྟྲ་ཞེས་པས། ལུས་ངག་གི་བྱ་བ་གཙོ་བོར་མི་སྟོན་ལ། སེམས་ཀྱི་བྱ་བ་གཙོ་བོར་སྟོན་པ་སྟེ། སློབ་དཔོན་ཀུན་དགའ་སྙིང་པོས། རྣལ་འབྱོར་གྱི་རྒྱུད་འདིར་སྒོམ་པ་གཙོ་བོར་སྟོན་པ་ཡིན་པས། ཅི་དགའ་བའི་བཟླས་པ་བསྟན་པའི་ཕྱིར་ཞེས་པ་དང་། དེ་ཁོ་ན་ཉིད་སྣང་བར་བྱེད་པའི་དོན་བསྡུས་ལས། རྒྱུད་འདིར་ནི་ཏིང་ངེ་འཛིན་སྒོམ་པ་གཙོ་བོར་སྟོན་པས་ན་རྣལ་འབྱོར་གྱི་རྒྱུད་ཅེས་སོ། །དེའང་རང་ཉིད་དམ་ཚིག་པ་ལ་ལྷ་ཡེ་ཤེས་པ་བཞུགས་པས་མཉམ་པར་བསྒོམ་པ་ཡིན་ནོ། །བཞི་པ་རྣལ་འབྱོར་ཆེན་པོའི་རྒྱུད་ནི། མ་ཧཱ་ཡོ་ག་ཏནྟྲ་ཞེས་པས། སེམས་ཀྱི་བྱ་བ་ཡེ་ཤེས་ཆེན་པོ་གཙོ་བོར་སྟོན་པ་ཡིན་ལ། བླང་དོར་མེད་པས་ལུས་ངག་གི་བྱ་བའང་འདོད་ཡོན་ལྔ་

p. 1196

ཐབས་ཀྱིས་སྤྱོད་པ་སྟེ། གསང་འདུས་ལས། དཀའ་ཐུབ་སྡོམ་པ་མི་བཟད་པས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ཡོན་ཏན་ཐམས་ཅད་ལ། །བརྟེན་ནས་དངོས་གྲུབ་ཐོབ་པར་འགྱུར། །ཅེས་པ་དང་། བདེ་མཆོག་ལས། 8དེས་ན་བདེ་བས་བདེ་བ་ཉིད། །བདེ་བ་མཆོག་ནི་བསྒྲུབ་པར་བྱ། །ཞེས་པ་དང་། ཨཱཪྱ་དེ་བས། བདེ་བ་ཆེན་པོའི་འབྲས་བུ་ཐོབ་པར་བྱེད་པ་ལ། བདེ་བ་ཆེན་པོའི་ཐབས་ལས་གཞན་མེད་དེ། དེའི་དོན་དུ་ཟས་དང་གནས་ལ་སོགས་པའི་བདེ་བས། དབང་ཕྱུག་ཆེན་པོ་བརྒྱད་དང་ལྡན་པའི་བདེ་བ་བསྒྲུབ་པར་བྱའོ་ཞེས་སོ། །དབང་ཕྱུག་བརྒྱད་ནི་ཐུན་གསང་ལས། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །ཐུགས་ཀྱི་དབང་ཕྱུག་དེ་བཞིན་འཕྲིན་ལས་དང་། །རྫུ་འཕྲུལ་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང་། །གང་འདོད་གནས་དང་ཁྱད་པར་དོན་བརྒྱད་དོ། །ཞེས་པ་དང་། བདེ་མཆོག་ལས། ཕྲ་ཞིང་ཡངས་ལ་ཕྲ་བར་ནུས་པ་དང་། །སྤྱོད་པ་ནུས་དང་བདག་ཉིད་ཆེན་པོ་དང་། །དགའ་མགུར་བྱེད་དང་ཐམས་ཅད་དབང་དུ་འགྱུར། །ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཞེས་སོ། །བསྒྲུབ་ལུགས་ནི་གསུམ་ལས། ཐུགས་ཀྱི་དབང་ཕྱུག་ཁྱད་པར་གྱི་དོན་ཕྲ་བ་ཡེ་ཤེས་ཀྱི་རླུང་། དབུ་མའི་ས། ཐམས་ཅད་ཡེ་ཤེས་སུ་འདྲེས་པས་ཆེས་ཕྲ་བ་གསུམ་ལ། སྲོག་རྩོལ་གྱི་རླུང་ཨ་ཝ་དྷཱུ་ཏཱིར་ཚུད་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་དབུ་མར་མཐོང་པའི་ཡེ་ཤེས་འཆར་ལ། རྩ་དབུ་མ་མཐོང་བ་འབྱུང་ལ། དེའི་དུས་སུ་ཡེ་ཤེས་ཀྱི་རླུང་དབུ་མར་འདུས་པའི་རྟེན་འབྲེལ་གྱིས་རྫུ་འཕྲུལ་དང་མངོན་ཤེས་འཆར་ལ། རང་བཞིན་གཉིས་སུ་འཛིན་པ་ནུབ་ནས་འོད་གསལ་གྱི་འཁོར་ལོ་རྒྱུན་མི་འཆད་པའོ། །སྐུའི་དབང་ཕྱུག་རྫུ་འཕྲུལ་ལ་སོགས་པ་འགྲོ་བའི་མོས་པ་གང་ཡོད་དུ་འགྲོ་བའི་འཕྲིན་ལས་ཅན། ཡབ་ཡུམ་གཉིས་སུ་མེད་པའི་དགའ་བ། དབང་སྒྱུར་བའི་བདག་ཉིད། དོན་སྤྱོད་པའི་ནུས་པ་གསུམ་ལ། དབུ་མར་ཡེ་ཤེས་ཀྱི་རླུང་འཛིན་དུས། ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ་སྤྱོད་

p. 1197

པས་ལོངས་སྤྱོད་འདུ་བ་དང་། མཚན་དཔེས་བརྒྱན་པའི་སྐུ་སྣང་བ་དང་། གང་ལ་གང་འདུལ་དུ་སྤྲུལ་ནུས་པས་སེམས་ཅན་གྱི་དོན་བྱེད་པ་རྣམས་རང་གི་སྣང་བ་ཙམ་དུ་འབྱུང་ངོ་། །གསུང་གི་དབང་ཕྱུག་ཆོས་ཀྱི་རྣམ་གྲངས་གང་འདོད་པ་ལ་དབང་བསྒྱུར་བ་ཅན། སེམས་ཅན་གྱི་དབང་པོའི་སྐལ་པ་བཞིན་ཆོས་ཅི་འདོད་སྟོན་པ་དང་། འགྲོ་བ་དབང་དུ་བསྒྱུར་བར་བྱ་བ་གཉིས་ལ། དབུ་མར་རླུང་སེམས་འདྲེས་པའི་སྟོབས་ཀྱིས་ཚོགས་རྫོགས་པས། འགྲོ་བ་མཉན་པ་དང་། སྒྲ་སྐད་སྣ་ཚོགས་ཤེས་པས་ཆོས་སྟོན་པ་ན། སེམས་ཅན་གྱི་དོན་འབྱུང་བའོ། །དེ་ལྟ་བུའི་ནུས་པ་ལ་དབང་ཐོབ་པས་དབང་། ཟག་མེད་ཀྱི་ཡོན་ཏན་ལ་དངོས་སུ་སྤྱོད་ནུས་པས་ན་ཕྱུག་ཅེས་བྱའོ། །གཉིས་པ་རྒྱུད་སྡེ་བཞིར་ངེས་པའི་རྒྱུ་མཚན་དགོད་པ་ལ་ལྔ་ལས། དང་པོ་མི་རིགས་བཞི་ལ་དགོངས་ནས་རྒྱུད་སྡེ་བཞིར་གསུངས་ཏེ། བྲམ་ཟེ་རྣམས་ཁྲུས་དང་གཙང་སྦྲ་གཙོར་སྟོན་པ་ལ་བྱ་བའི་རྒྱུད། རྗེའུའི་རིགས་རྣམས་ཕྱི་ཁྲུས་དང་གཙང་སྦྲ་ནང་ངོ་ཚ་དང་ཁྲེལ་ཡོད་ཀྱིས་གནས་པ་ལ་སྤྱོད་པའི་རྒྱུད། རྒྱལ་རིགས་ཡོན་ཏན་དང་འབྱོར་པ་ཆེན་པོས་ཡུལ་ཁམས་སྐྱོང་བ་ལ། རྣལ་འབྱོར་རྒྱུད། དམངས་རིགས་གཙང་བཙོག་ཆུང་ཞིང་ཉོན་མོངས་རགས་པ་ལ། བྱ་བ་དང་སྤྱོད་པ་དམན་པ་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་གསུངས་ཏེ། བདེ་མཆོག་རོལ་བའི་རྒྱུད་ལས། བྱ་བ་བྲམ་ཟེ་གཙང་དང་བསྟུན། །སྤྱོད་པ་རྗེའུ་རིགས་དེ་བས་ལྷག །རྣལ་འབྱོར་རྒྱལ་པོ་འཁོར་ཚོགས་མང་། །གཞི་རྨོངས་གདོད་ནས་གྲོལ་བ་སྟེ། །གཞན་དུ་སུ་ལའང་མ་བསྟན་པར། །མཛེས་མ་ཁྱོད་ལ་བསྟན་པ་ཡིན། །ཅེས་པ་དང་། དུར་ཁྲོད་རྒྱན་གྱི་རྒྱུད་ལས་ཀྱང་། བྲམ་ཟེ་རྗེའུ་རིགས་རྒྱལ་རིགས་དང་། །དམངས་རིགས་གདོལ་བ་འདུལ་དོན་དུ། །རྒྱུད་ནི་རྣམ་པ་བཞིར་གསུངས་ཏེ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་སོ། །གཉིས་པ་གང་ཟག་གི་བློ་རིགས་བཞི་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། དབང་པོ་རབ་ཀྱིས་ཐ་མ་ལ་བྱ་བ། འབྲིང་ལ་སྤྱོད་པ། རབ་ལ་རྣལ་

p. 1198

འབྱོར། ཡང་རབ་ལ་བླ་མེད་དེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་སོ། །གསུམ་པ་དུས་ལ་ལྟོས་ནས་ཀྱང་བཞིར་གསུངས་ཏེ། བསྐལ་པ་དང་པོ་རྫོགས་ལྡན་གྱི་དུས་ན་འཛམ་བུ་གླིང་གི་མི་རྣམས་ལ་ཡོན་ཏན་བཞི་ཡོད་དེ། ཚེ་ལོ་དཔག་ཏུ་མེད་པ་ཐུབ། ཁ་ཟས་བདུད་རྩི་ལ་སྤྱོད་པ། ལུས་ལ་འོད་ཡོད་པ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བའོ། །དེའི་དུས་སུ་བྱ་བའི་རྒྱུད་དོ། །དེ་ནས་ཡོན་ཏན་སྔར་བས་ཆུང་དུ་སོང་སྟེ། ཚེ་དང་། འོད་དང་། རྫུ་འཕྲུལ་རྣམས་འགྲིབས་ཀྱང་། ད་དུང་ཚེ་ལོ་གྲངས་མེད། ཁ་ཟས་བདུད་རྩི་ལ་སྤྱོད། འོད་ཆག་གང་། རྫུ་འཕྲུལ་རྐང་པ་ས་ལ་མ་རེག་ཙམ་དུ་འགྲོ་བས། ཡོན་ཏན་གསུམ་ལྡན་གྱི་དུས་སུ་སྤྱོད་པའི་རྒྱུད་དོ། །དེ་ནས་ལོངས་སྤྱོད་བདག་ཏུ་བཟུང་བས་བདུད་རྩིའི་ཁ་ཟས་འགྲིབས་ཏེ་སའི་ཞག་ཟ་ཞིང་། ཁ་དོག་གསལ་བ་ཙམ་ཡོད་པས་གཉིས་ལྡན་གྱི་དུས་སུ་རྣལ་འབྱོར་རྒྱུད་དོ། །དེ་ནས་རྫུ་འཕྲུལ་མེད་པས་ཞག་ཀྱང་མེད་འབྲས་སཱ་ལུ་ཟ་ཞིང་། ཕོ་མོའི་མཚན་མ་དོད་པས་རྩོད་ལྡན་དུ་འགྱུར་དུས་བླ་མེད་གསུངས་པ་སྟེ། ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །གསུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད། །གཉིས་ལྡན་གསུམ་པ་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་བ་བླ་མེད་དོ། །དུས་བཞི་ལ་ནི་དགོངས་ནས་ཀྱང་། །རྒྱུད་ནི་རྣམ་པ་བཞིར་བཤད་དོ། །ཞེས་པ་དང་། དུར་ཁྲོད་རྒྱན་ལས། བསྐལ་པ་རྫོགས་ལྡན་གསུམ་གཉིས་དང་། །རྩོད་ལྡན་དུས་བཞིའི་རིམ་པ་ཡིས། །རྒྱུད་ཀྱང་རྣམ་པ་བཞིར་གསུངས་ཏེ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་སོ། །བཞི་པ་སྦྱངས་གཞི་འདོད་ཆགས་ཀྱི་འཇུག་ཚུལ་བཞི་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། དེའང་རྫོགས་ལྡན་གྱི་དུས་ན་ཉོན་མོངས་པ་འདོད་ཆགས་ཤས་ཆུང་སྟེ། གཅིག་ལ་གཅིག་བལྟས་པ་ཙམ་གྱིས་ཚིམ་པས་དེའི་དོན་དུ་བྱ་བའི་རྒྱུད་གསུངས་ཏེ། ལྷ་རྣམས་ཕན་ཚུན་

p. 1199

གཅིག་ལ་གཅིག་བལྟ་བ་དང་བཅས་པ་ནི། རྡོ་རྗེ་གཙུག་ཏོར་ལས། དཀར་པོའི་རས་ལ་བཏགས་གནས་ཤིང་། །དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། །ཕོ་ཡང་མོ་ལ་བལྟ་བ་དང་། །མོ་ཡང་ཕོ་ལ་བལྟ་བ་བྲི། །ཞེས་པ་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། དབུས་སུ་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་བྲིའོ། །དེའི་གཡོན་དུ་ན་བཟའ་དཀར་མོ་བཅོམ་ལྡན་འདས་ལ་བལྟ་བ་བྲིའོ་ཞེས་པ་དང་། རྣམ་སྣང་མངོན་བྱང་ལས། རིགས་ལྔའི་ལྷ་མོ་ལྔ་པོ་ནི། །རྒྱལ་བ་ལྔ་ཡི་ཕྱོགས་སུ་བྲི། །ཞེས་པ་དང་། བཅོམ་ལྡན་འདས་ཀྱིས་གོས་དཀར་མོ་ལ་གཟིགས་སོ་ཞེས་པས། བྱ་བའི་རྒྱུད་ཀྱི་ལྷ་ཐམས་ཅད་སྤྱན་རྒྱས་པར་འབྱུང་བ་ཡིན་ནོ། །གསུམ་ལྡན་གྱི་དུས་སུ་བགད་པས་ཚིམ་པའི་འདོད་ཆགས་འབྱུང་སྟེ། དེའི་དོན་དུ་སྤྱོད་པའི་རྒྱུད་གསུངས་པའང་། རྣམ་སྣང་མངོན་བྱང་ལས། མགོན་པོ་རལ་པའི་ཐོར་ཚུགས་ཅན། །དེ་ཡི་གཡོན་ཕྱོགས་ལྷ་མོ་ནི། །ཅུང་ཟད་ཡིད་ནི་འཛུམ་བཅས་བྲི། །ཞེས་པ་དང་། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །ཡིད་ཙམ་འཛུམ་པའི་ཞལ་དུ་བྲི། །ཞེས་པས་སྤྱོད་པའི་རྒྱུད་ཀྱི་ལྷ་ཐམས་ཅད་ཞལ་འཛུམ་པ་དང་བཅས་པ་འབྱུང་ངོ་། །གཉིས་ལྡན་གྱི་ཚེ་གཅིག་ལ་གཅིག་རེག་ཅིང་འཁྱུད་པས། ཚིམ་པའི་འདོད་ཆགས་བྱུང་བས་དེའི་དོན་དུ་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ། དཔལ་མཆོག་དང་པོ་ལས། དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། །དཔུང་པ་ཡིད་ཙམ་དམ་པར་བཞག །ཅེས་པ་དང་། རྡོ་རྗེ་རྩེ་མོ་ལས། ལྷ་མོ་རྡོ་རྗེ་ཅ་ཅོ་སྒྲོག །དཔུང་འཁྱུད་རང་གི་ལྷ་མོ་ནི། །འཛུམ་བཅས་ཀུན་ཏུ་བལྟ་བ་ཡིས། །བཅོམ་ལྡན་འདས་ཀྱི་ཞབས་ལ་འཁྱུད། །ཅེས་སོ། །དེས་ན་ཡོ་གའི་ལྷ་ཐམས་ཅད་ཕྱག་རྒྱ་དང་འབྲེལ་པར་འབྱུང་ངོ་། །རྩོད་ལྡན་གྱི་དུས་སུ་དབང་པོ་གཉིས་དངོས་སུ་སྦྱོར་བའི་འདོད་ཆགས་འབྱུང་བས། དེའི་དོན་དུ་བླ་མེད་གསུངས་ཏེ། བརྟག་གཉིས་ལས། བོལླ་ཀཀྐོ་ལ་སྦྱར་བ། །དེ་ཡི་བདེ་བ་ཁྱད་པར་འཕགས། །ཞེས་པ་དང་། གསང་འདུས་ལས། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། །ཞེས་པ་དང་། བདེ་མཆོག་རྩ་རྒྱུད་ལས། མཚན་མ་གཉིས་ལ་བསྔགས་བྱས་ཏེ། །སྔགས་པ་མཁའ་འགྲོ་མ་ལ་སྦྱོར། །ཅེས་སོ། །དེའི་ཕྱིར་བླ་མེད་ཀྱི་ལྷ་ཐམས་ཅད་ཡབ་ཡུམ་

p. 1200

འཁྲིལ་སྦྱོར་དུ་འབྱུང་བ་ཡིན་ནོ། །དེ་སྐད་དུ་སྒྲོན་གསལ་ལས། སྐྱེས་བུ་འདོད་ཆགས་ཅན་དོན་དུ། །དེ་ཡི་བྱེད་པ་རྡོ་རྗེ་སེམས། །ཞེས་པ་དང་། གསང་བའི་དེ་ཉིད་ལས། དུས་ནི་རྣམ་བཞིའི་དབྱེ་བ་ཡིས། །རྒྱུད་ནི་རྣམ་པ་བཞིར་གསུངས་ཏེ། །བགད་པ་དང་ནི་བལྟ་བ་དང་། །དེ་བཞིན་གཞན་གྱི་ལག་བཅངས་ཉིད། །གཉིས་གཉིས་འཁྱུད་པ་གང་ཡིན་པ། །དེ་ལྟར་རྒྱུད་ནི་རྣམ་པ་བཞི། །ཞེས་སོ། །མི་རྣམས་ཀྱི་རིམ་པ་ལྟར། འདོད་པའི་ལྷའི་རིམ་པས་ཀྱང་བཞག་སྟེ། གཞན་འཕྲུལ་དབང་བྱེད་ལ་སོགས་པ་ན་བལྟས་པས་ཚིམ་པའི་དོན་དུ་བྱ་བ། འཕྲུལ་དགའ་ལ་སོགས་ན་བགད་པས་ཚིམ་པ་ལ་སྤྱོད་པ། དགའ་ལྡན་ལ་སོགས་ན་འཁྱུད་པས་ཚིམ་པ་ལ་རྣལ་འབྱོར། སུམ་ཅུ་རྩ་གསུམ་མན་ཆད་ན་དབང་པོ་གཉིས་སྦྱོར་བ་ལ་བླ་མེད་དེ། བརྟག་གཉིས་ལས། བལྟས་དང་བགད་དང་ལག་བཅངས་དང་། །འཁྱུད་དང་གཉིས་སྤྲོད་ལ་སོགས་པའི། །རྒྱུད་ཀྱང་རྣམ་པ་བཞིར་གསུངས་སོ། །ཞེས་པ་དང་། སམྦུ་ཊི་ལས། བལྟས་དང་བགད་དང་ལག་བཅངས་དང་། །གཉིས་གཉིས་འཁྱུད་པ་གང་ཡིན་པ། །སྲིན་བུ་མེ་ཡི་ཚུལ་གྱིས་སུ། །རྒྱུད་ནི་རྣམ་པ་བཞིར་གསུངས་སོ། །ཞེས་སོ། །ལྔ་པ་ལྷ་བཞིའི་རྗེས་སུ་འཇུག་པའི་ཕྱིན་ཅི་ལོག་བཞི་གཟུང་བའི་དོན་དུ་རྒྱུད་སྡེ་བཞིར་གསུངས་ཏེ། གཏི་མུག་ཅན་ཚངས་པ་ནི་གཙང་སྦྲ་ཆོས་སུ་སྨྲ་སྟེ། བསམ་གཏན་ཕྱི་མ་ལས། འདག་ཆལ་དག་གིས་བགོས་པའི་གོས། །དྲི་མ་མེད་པར་འགྱུར་བ་བཞིན། །ལུས་ལ་མཆོད་སྦྱིན་གྱིས་བགོས་ལ། །འབབ་སྟེགས་བཀྲུས་པ་དེ་ཡིས་འདག །ཅེས་པའི་ཚུལ་གཟུང་བའི་ཕྱིར་བྱ་བའི་རྒྱུད་དོ། །ལེགས་པར་གྲུབ་པ་ལས། ཁྲུས་བྱས་གཙང་མ་གཟུང་བྱ་སྟེ། །བཀྲ་ཤིས་ངོ་མཚར་བཟུང་བྱས་ལ། །བསྒྲུབ་པའི་རྫས་ནི་རྗེས་སུ་བཟུང་། །ཞེས་པའི་ཚུལ་གྱིས་སོ། །ཞེ་སྡང་ཅན་ཁྱབ་འཇུག་འཚེ་བ་ཆོས་སུ་སྨྲ་བའི་དོན་དུ་སྤྱོད་པ་སྟེ། རྒྱལ་རིགས་ལ་ནི་རྒྱལ་རིགས་དང་། །བྲམ་ཟེ་འདོད་ལ་བྲམ་ཟེ་བསད། །ཞེས་པ་དང་། རྗེས་སུ་མཐུན་པར་རྣམ་སྣང་མངོན་བྱང་ལས། ཨེ་མ་ཧོ་གསོད་པ་འདི་ནི་བཟང་། །གསོད་

p. 1201

པས་བྱང་ཆུབ་ཐོབ་པར་བྱེད། །ཅེས་སོ། །ང་རྒྱལ་ཅན་བརྒྱ་བྱིན་རྗེས་སུ་གཟུང་བའི་ཕྱིར་རྣལ་འབྱོར་གསུངས་པ་ཡང་། དབང་ཕྱུག་འབྱོར་པ་ལྷ་ཡི་རྒྱུད། །རྣལ་འབྱོར་ཡང་དག་བཤད་པའོ། །ཞེས་སོ། །འདོད་ཆགས་ཅན་དབང་ཕྱུག་ནི་འདོད་ཆགས་ཆོས་སུ་སྨྲ་སྟེ། གཽ་ཏཾ་བུད་མེད་མེ་ཡིན་ཏེ། །དེ་ཡི་ཉེ་གནས་ཐབ་ཁུང་ཡིན། །ཅེས་པ་འདུལ་བའི་དོན་དུ་བླ་མེད་གསུངས་ཏེ། གསང་འདུས་ལས། བུད་མེད་གཟུགས་དང་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱིས་བརླབས་ཏེ་གནས་གསུམ་དུ། །དབེན་པར་མཆོད་པ་རབ་ཏུ་བརྩམ། །ཞེས་སོ། །གསུམ་པ་སོ་སོའི་རྣམ་གྲངས་དགོད་པ་ལ། སྤྱིར་སྔགས་ཀྱི་རྒྱུད་སྡེ་སེམས་ཅན་གྱི་བློ་དང་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་བྱེད་པས་མཐའ་དང་གྲངས་དང་ཚད་དཔག་པར་གཟུང་དུ་ག་ལ་རུང་སྟེ། རྡོ་རྗེ་འཆང་གྲངས་མེད་པས་ཐོག་མ་མེད་པའི་དུས་ནས་འཁོར་ཚད་མེད་པའི་ནང་དུ་གསུངས་པའི་ཕྱིར་ནམ་མཁའ་བཞིན་ནོ། །འདིར་སྡེ་ཚན་གྱི་ནང་དུ་འདུས་ཚུལ་གྱི་རྣམ་གྲངས་ཅུང་ཟད་དགོད་ན། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རིམ་པས་དེར་འབབ་པའི་ཁམས་དང་རླུང་གི་འདུ་བ་ལས་ཡེ་ཤེས་སམ་ཆོས་ཀྱི་རྣམ་གྲངས་དེ་ཙམ་ཞིག་འཆར་བ་དང་བསྟུན་ནས་བརྗོད་དེ། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་འབབ་པར་ནི་ཤེས་པར་བྱ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །བྱང་ཆུབ་སེམས་ནི་རབ་ཏུ་འབབ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་བར་ནི་ཤེས་པར་བྱ། །ཞེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་རིམ་ལྔའི་འགྲེལ་པ་ལས། སྔགས་ཀྱི་དབྱེ་བ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ་ཞེས་སོ། །དེ་དག་གི་མཚན་ཅུང་ཟད་རེ་བསྟན་ན་རྒྱུད་སྡེ་བཞིའི་དང་པོ་བྱ་བའི་རྒྱུད་ལ་ཆིངས་གསུམ་ལས། སྤྱི་ལྟར་བཅིངས་ན་མཆོད་པ་དང་གཏོར་མ་གཙོ་བོར་སྟོན་པ་ལེགས་པར་གྲུབ་པ། ཏིང་ངེ་འཛིན་བསྒྲུབ་པ་གཙོ་བོར་སྟོན་པ་བསམ་གཏན་ཕྱི་མ། དཀྱིལ་འཁོར་གྱི་ཆོ་ག་གཙོ་བོར་སྟོན་པ་གསང་བ་སྤྱིའི་རྒྱུད། སྤྱོད་པ་གཙོ་བོར་སྟོན་པ་དཔུང་པ་བཟང་པོ་དང་བཞིའོ། །བྱེ་བྲག་ཏུ་སྐུ་གསུང་ཐུགས་ལྟར་བཅིངས་ན། སྐུའི་རྩ་རྒྱུད་རྡོ་རྗེ་གཙུག་ཏོར། བཤད་པའི་རྒྱུད་ལ་འཇམ་དཔལ་རྩ་རྒྱུད། མངོན་པར་

p. 1202

བྱང་ཆུབ་པའི་རྒྱུད། གསང་བའི་རྒྱུད་རྣམ་པར་རོལ་པ། འཇམ་དཔལ་རྣམ་པར་རོལ་པ་ཡིད་བཞིན་མཆོག་གི་རྒྱུད། བསྟོད་པ་གླུར་བླངས་ཀྱི་རྒྱུད། རྡོ་རྗེ་འཕྲེང་བ་བཤད་རྒྱུད་ཆོ་ག་འདུས་པ་ལ་སོགས་པའོ། །གསུང་གི་རྩ་རྒྱུད་པདྨ་བརྩེགས་པ། བཤད་རྒྱུད་པདྨ་ཅོད་པན་ལ་སོགས་པའོ། །ཐུགས་ཀྱི་རྩ་རྒྱུད་རིག་པ་མཆོག །བཤད་རྒྱུད་མི་འཁྲུགས་པའི་གཟུངས་ལ་སོགས་པའོ། །བྱུང་ཚུལ་ལྟར་བཅིངས་ན། སངས་རྒྱས་ཀྱི་དབུ་ལས་གདུགས་དཀར་མོ་ཅན། ལྗགས་ལས་པདྨ་བརྩེགས་པ། དཔུང་པ་ལས་དཔུང་པ་བཟང་པོ། ཐུགས་ལས་རིགས་པ་མཆོག །ཕྱག་ལས་ཕྱག་ན་རྡོ་རྗེ་དབང་བསྐུར་བ། ལྟེ་བ་ལས་སུ་སི་ཏི་ཀ་ར། གསང་བ་ལས་དོན་ཡོད་ཞགས་པ། ཞབས་ལས་འབྱུང་པོ་འདུལ་བྱེད། སྐྱེ་མཆེད་ལས་ཡིད་བཞིན་ནོར་བུ། དངོས་གྲུབ་བུམ་པ། འོད་ཟེར་ཅན། སྒྲོལ་མ་ལ་སོགས་པའོ། །མདོར་ན་མདོ་སྡེ་དང་གཟུངས་འབུམ་གྱི་ནང་ན། ལ་ལ་ལ་རྟོགས་པ་ཞེས་བྱ། ལ་ལ་ལ་གཟུངས་ཞེས་བྱ་བ་རབ་ཏུ་མང་བ་རྣམས་ཏེ། བསྡུ་ན་རྒྱུད་སྡེ་སྟོང་ཕྲག་བཞིའོ། །སྤྱོད་པའི་རྒྱུད་ཀྱི་རྩ་རྒྱུད་རྣམ་སྣང་མངོན་བྱང་། བཤད་རྒྱུད་ཀུན་ནས་བཀོད་པ་རྒྱན་ཆེན་པོ་གླང་པོ་ཆེ་རོལ་པ། བདེ་བའི་མྱུ་གུ་ལ་སོགས་པའོ། །ཁ་ཅིག་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལེའུ་ཁྲི་དྲུག་སྟོང་པ་ལ་སོགས་པ་འཇམ་དཔལ་གྱི་སྐོར་རྣམས་ཡིན་པར་འདོད་ཀྱང་། རྣལ་འབྱོར་ཆེན་པོར་གཏོགས་པ་བདེ་བའི་མྱུ་གུ་བཞེད་པས་མི་འཐད་དོ། །སློབ་དཔོན་སངས་རྒྱས་གསང་བ་ནི་སྤྱོད་པའི་རྒྱུད་ཅེས་མིང་དུ་ཡོད་ཀྱང་ངོ་བོ་མེད་དེ་བྱ་བ་དང་རྣལ་འབྱོར་རྒྱུད་གཉིས་སུ་འདུས་ཟེར་ཡང་། ཆ་མཉམ་དུ་སྟོན་པ་ཡོད་པས་ལོགས་སུ་ཡོད་པར་འཐད་དོ། །རྣལ་འབྱོར་གྱི་རྒྱུད་ལ། རྩ་རྒྱུད་དེ་ཉིད་འདུས་པ། བཤད་རྒྱུད་རྡོ་རྗེ་རྩེ་མོ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ། སངས་རྒྱས་གསང་བ། དམ་ཚིག་མངོན་པར་འབྱུང་བ། དུམ་བུ་བཞི་པ། རྡོ་རྗེ་དབྱིངས་ཀྱི་དུམ་བུ། དོན་ཐམས་ཅད་གྲུབ་པའི་དུམ་བུ། ངན་སོང་སྦྱོང་བའི་དུམ་བུ། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དུམ་བུ། རྡོ་རྗེ་སེམས་དཔའི་རྒྱུད་གསུམ། བྱིན་གྱིས་བརླབས་པའི་རྒྱུད། ངན་སོང་སྦྱོང་རྒྱུད་རྟོགས་པ་བདུན་ཅུ་པ། ཐམས་ཅད་གསང་བའི་རྒྱུད་ལ་

p. 1203

སོགས་པའོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ། ཐབས་ཕའི་རྒྱུད། ཤེས་རབ་མའི་རྒྱུད། གཉིས་སུ་མེད་པ་བླ་ན་མེད་པའི་རྒྱུད་དང་གསུམ་ལས། དང་པོ་ལ་རྩ་བའི་རྒྱུད་ལ་གསང་བ་འདུས་པ་རྩ་རྒྱུད་འབུམ་པ། མིའི་ཡུལ་ན་བཞུགས་པ་ལེའུ་བཅུ་བདུན་པ། བཤད་པའི་རྒྱུད་ལ་དགོངས་པ་ལུང་སྟོན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། རྡོ་རྗེ་འཕྲེང་བ་ལྷ་མོ་བཞིས་ཞུས་པ། འཕྲོས་པ་ཆ་མཐུན་གྱི་རྒྱུད་ལ། གཤིན་རྗེ་གཤེད་དགྲ་ནག །གཤེད་དམར་ལ་སོགས་པའོ། །དུམ་བུའི་རྒྱུད་ལ་སྒྱུ་འཕྲུལ་ཆེན་མོའི་རྒྱུད་ལེའུ་འབུམ་དང་ཉི་ཁྲི་ལྔ་སྟོང་པའི་ནང་ནས། སློབ་དཔོན་ལ་ལི་ཏ་བཛྲས་ཕྱུང་བ་ལ་གཙོ་བོར་འཆི་བདག་གཤིན་རྗེ་འདུལ་བའི་གཉེན་པོར་གསུངས་པ། གཤིན་རྗེ་གཤེད་ནག་པོ་ཞལ་གསུམ་པའི་རྒྱུད། གཞོན་ནུ་གདོང་དྲུག་འདུལ་བའི་གཉེན་པོར་གཞོན་ནུ་གདོང་དྲུག་པའི་རྒྱུད། དབང་ཕྱུག་ཆེན་པོ་འདུལ་བའི་གཉེན་པོར་འཇིགས་བྱེད་རྟོགས་པ་བདུན་པ་ཞལ་དགུ་པའི་རྒྱུད་དོ། །ཡན་ལག་གི་རྒྱུད་ལ། རྡོ་རྗེ་སྙོམས་འཇུག་གསང་བའི་རྒྱུད། ཁྲོ་བོ་བཅུའི་རྒྱུད། སྔགས་དོན་གསལ་བ་རྡོ་རྗེ་རྒྱས་འདེབས། རྡོ་རྗེ་དྲི་མ་མེད་པ། དབང་བསྐུར་བ་ཀུན་ནས་བཀོད་པ། རྡོ་རྗེ་སྙིང་པོ་འབྱུང་བ། རྡོ་རྗེ་མངོན་པར་འབྱུང་བ་ལ་སོགས་པའོ། །མའི་རྒྱུད་ལ། ཀུན་གྱི་རྩ་བ་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཀོད་པ། སྐུའི་རྒྱུད་བདེ་མཆོག་འཁོར་ལོ། གསུང་གི་རྒྱུད་མ་ཧཱ་མཱ་ཡཱ། ཐུགས་ཀྱི་རྒྱུད་ཀྱཻའི་རྡོ་རྗེ། ཡོན་ཏན་གྱི་རྒྱུད་ཐིག་ལེ་ཆེན་པོ། འཕྲིན་ལས་ཀྱི་རྒྱུད་རྡོ་རྗེ་གདན་བཞིའོ། །མ་རྒྱུད་སྡེ་བཞི་ལ། མཁའ་འགྲོ་མ་བདེ་བའི་རྒྱུད། རྒྱ་མཚོ་བདེ་བའི་རྒྱུད། ནམ་མཁའ་དང་མཉམ་པའི་རྒྱུད། གསེར་གྱི་ཆར་པ་ལྟ་བུའི་རྒྱུད་དོ། །འཕྲོས་པ་ཆ་མཐུན་གྱི་རྒྱུད་ལ། འཕྲིན་ལས་ལ་དགའ་ཆེན་ཟླ་ནུས་ཀྱི་རྒྱུད། བདེ་ཆེན་སྒེག་མ་མཱ་མ་ཀཱིའི་རྒྱུད། གསང་བ་ཡིད་བཞིན་བདེ་བའི་རྒྱུད། རྒྱུད་དེ་རྣམས་ལ་ཕན་པ་རྡོ་རྗེ་མཁའ་འགྲོ་བསྐྱེད་རིམ་རྣམ་དབྱེ་རྒྱས་པར་སྟོན་པ། ངེས་བརྗོད་བླ་མའི་རྒྱུད། བསྡུས་པར་སྟོན་པ་རྣལ་འབྱོར་མ་ཀུན་སྤྱོད། མོ་འབའ་ཞིག་སྟོན་པ་ཕག་མོ་མངོན་འབྱུང་། དེའི་ཁྱད་པར་སྟོན་པ་ཁྲག་འཐུང་མངོན་འབྱུང་། རྫོགས་རིམ་གཙོ་བོར་སྟོན་པ་རྡོ་རྗེ་མཁའ་འགྲོའི་རྒྱུད། ལས་གཙོ་བོར་སྟོན་པ་ལས་རྒྱ་མཚོའི་རྒྱུད། རྡོ་རྗེ་སློབ་

p. 1204

དཔོན་གྱི་ལས་སྟོན་པ་སྡོམ་པ་རྒྱ་མཚོའི་རྒྱུད། འཕྲིན་ལས་སྟོན་པ་མཁའ་འགྲོ་རྒྱ་མཚོའི་རྒྱུད། དབང་བཞི་སྟོན་པ་ལྟ་བ་རྒྱ་མཚོའི་རྒྱུད། མངོན་སྤྱོད་སྟོན་པ་དུས་གནད་རྒྱ་མཚོའི་རྒྱུད། རླུང་གི་ལས་སྟོན་པ་སྡོམ་པ་འབྱུང་བ། བརྟུལ་ཞུགས་ཀྱི་ལས་སྟོན་པ་སངས་རྒྱས་ཐོད་པ། ཐུན་མོང་གི་གནས་ལ་གདམས་པ་ར་ལི་ལ་སོགས་པའོ། །གཉིས་སུ་མེད་པའི་རྒྱུད་ལ། འཇམ་དཔལ་རྩ་རྒྱུད་སྒྱུ་འཕྲུལ་དྲ་བ། དུས་ཀྱི་འཁོར་ལོ་ལ་སོགས་པའོ། །འདི་དག་དེང་སང་རྒྱ་བོད་ཕལ་ལ་གྲགས་ཆེ་བར་རགས་པར་བཀོད་པ་སྟེ། ཕྲན་ལ་བསམ་གྱིས་མི་ཁྱབ་པར་བཞུགས་ཏེ། སྡོམ་འབྱུང་སངས་རྒྱས་ཐོད་པ་ལས། རྣལ་འབྱོར་ཕ་རྒྱུད་རྣམས་ཀྱི་ཚད། །བྱེ་བ་ཕྲག་ནི་དགུ་བཅུར་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲངས། །ཞེས་སོ། །དོན་གསུམ་པ་གསང་སྔགས་ཕྱི་ནང་གི་ཁྱད་པར་ལ། བྱ་བ་སྤྱོད་པ། རྣལ་འབྱོར་གསུམ་ནི་ཕྱི་པ་ཡིན་ལ། རྣལ་འབྱོར་བླ་ན་མེད་པ་ནི་ནང་པ་ཡིན་ཏེ། སྨིན་བྱེད་དབང་དང་། གྲོལ་བྱེད་ལམ་བསྒོམ་པའི་ཁྱད་པར་གཉིས་ལས། དང་པོ་ནི་རྒྱུད་སྡེ་གང་དུའང་དབང་བཞི་ཚང་བར་མི་སྟོན་ཞིང་། ཁྱད་པར་དུ་རིག་པའི་དབང་ཙམ་ལས་མི་སྟོན་ན་ཕྱི་པ་ཡིན་ཏེ། དཔལ་ཡེ་ཤེས་གསང་བའི་རྒྱུད་ལས། བུམ་པ་ཆུ་ཡི་དབང་བསྐུར་བ། །བྱ་བའི་རྒྱུད་ལ་ཞུགས་པ་སྟེ། །ཅོད་པན་དག་གི་དབང་བསྐུར་བ། །སྤྱོད་པའི་རྒྱུད་ལ་ཞུགས་པ་ཡིན། །རྡོ་རྗེ་དྲིལ་བུ་བྱིན་པ་ཡིས། །རྣལ་འབྱོར་རྒྱུད་དུ་གཏོགས་པའོ། །ཞེས་པ་དང་། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་ཅོད་པན་དབང་། །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱ། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མེད་ཀྱི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ལྟར་དེ་བཞིན་ནོ། །ཞེས་པས་བུམ་པའི་དབང་ཡན་ཆད་ནི་ཕྱི་པའོ། །རྒྱུད་སྡེ་གང་དུའང་དབང་བཞི་རྫོགས་པར་བསྐུར་ན་ནང་པ་ཡིན་ཏེ། གསང་འདུས་ལས། བུམ་པའི་དབང་བསྐུར་དང་པོ་སྟེ། །གཉིས་པ་གསང་བའི་དབང་བསྐུར་དང་། །གསུམ་པ་ཤེས་རབ་ཡེ་ཤེས་དང་། །བཞི་

p. 1205

པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །གཉིས་པ་གྲོལ་ལམ་གྱི་ཁྱད་པར་ལ་དྲུག་ལས། དང་པོ་རྟོགས་པ་ལྟ་བའི་ཁྱད་པར་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་དཀྱིལ་འཁོར་གསུམ་དུ་ཤེས་པས་དག་མཉམ་བླང་དོར་མེད་པར་རྟོགས་པའི་དབྱིངས་གཞིར་བྱེད་ན་ནང་པ། མི་བྱེད་ན་ཕྱི་པའོ། །གཉིས་པ་བསྒོམ་པ་ལྷའི་ཁྱད་པར་ལ། ལྷ་ཅི་ཙམ་ཡོད་ཀྱང་ཞལ་སྦྱོར་མེད་ན། ཕྱི་པ་ཡིན་ལ། ཡོད་ན་ནང་པའོ། །གསུམ་པ་གནས་ཀྱི་ཁྱད་པར་ནི། རྒྱལ་པོའི་ཁང་བཟངས་དང་། རི་རབ་ཀྱི་སྟེང་ལ་སོགས་པའི་གནས་གཙང་མར་མོས་པ་བྱེད་པ་ནི་ཕྱི་པ་ཡིན་ལ། དུར་ཁྲོད་དམ་ཨུ་རྒྱན་ལ་སོགས་པར་མོས་པ་བྱེད་ན་ནང་པའོ། །བཞི་པ་བྱ་རིམ་སྤྱོད་པའི་ཁྱད་པར་ནི། ཁྲུས་དང་གཙང་སྦྲ་ལ་སོགས་པ་གཙོ་བོར་བྱེད་ན་ཕྱི་པ་སྟེ། བསམ་གཏན་ཕྱི་མ་ལས། འབགས་པ་དང་ནི་མ་དག་པ། །དོགས་པའི་འདུ་ཤེས་བྱུང་ན་ཡང་། །དབེན་པར་གཙང་སྦྲས་གནས་པར་བྱ། །ཞེས་སོ། །གཙང་སྦྲ་མི་བྱེད་ཅིང་བཟའ་བཏུང་ཅི་དགའ་ལ་ལོངས་སྤྱོད་ནུས་ན་ནང་པ་སྟེ། གསང་འདུས་ལས། ཤ་ལ་སོགས་པ་བརྟགས་ཏེ་བཟའ། །ཞེས་སོ། །ལྔ་པ་སྣོད་སྤྱད་ཀྱི་ཁྱད་པར་ནི། རིན་པོ་ཆེ་ལ་སོགས་པ་གཙང་བར་མོས་ན་ཕྱི་པ། ཀ་པཱ་ལ་ལ་གཙོ་བོར་བྱེད་ན་ནང་པ་སྟེ། གསང་བ་སྤྱོད་པ་ལས། བཟང་པོའི་སྣོད་ནི་དུམ་བུ་གཅིག །དེ་ཡི་ནང་དུ་བཟའ་བར་བྱ། །ཞེས་སོ། །དྲུག་པ་རྫས་ཀྱི་ཁྱད་པར་ནི། དཀར་གསུམ་མངར་གསུམ་ལ་སོགས་གཙང་མའི་ཟས་ལ་སྤྱོད་པ་ནི་ཕྱི་པ། ཤ་ལྔ་བདུད་རྩི་དངོས་སམ་བདུད་རྩི་རིལ་བུ་ཙམ་གྱིས་བྱིན་གྱིས་བརླབས་ཏེ་མོས་པ་བྱེད་པ་ནི་ནང་པ་སྟེ། ལེགས་པར་གྲུབ་པ་ལས། ངས་ནི་བསྔགས་པ་ཁ་ཟས་དཀར་གསུམ་དང་། །རྩ་བ་སྡོང་བུ་འབྲས་བུའི་ཚོད་མ་དང་། །འབྲུ་མར་ཚིག་མ་དར་བ་འོལ་སྐོམ་དང་། །ཐུག་པ་རྣམས་ནི་བཟའ་བཏུང་ཡིན་པར་གསུངས། །ཞེས་པ་དང་། གསང་འདུས་ལས། བཤང་གཅི་དང་ནི་ཁྲག་དག་བཟའ། །ཆང་ལ་སོགས་པ་རྟག་ཏུ་བཏུང་། །ཤ་ཆེན་རྟག་ཏུ་བཟའ་བར་བྱ། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །དོན་བཞི་པ་གསང་སྔགས་ནང་པ་བྱེ་བྲག་ཏུ་བཤད་པ་ལ་

p. 1206

གཉིས་ཏེ། ཐུན་མོང་གི་རབ་ཏུ་དབྱེ་བ་དང་། དབྱེ་བ་སོ་སོའི་དོན་ནོ། །དང་པོ་ནི་རྒྱུད་སྡེ་གསུམ་དུ་དབྱེ་བ་ཡང་གཉིས་སུ་འདུས་ཏེ། གཉིས་སུ་མེད་པ་ནི་ཐབས་ཤེས་ཆ་མཉམ་དབྱེར་མེད་དུ་སྟོན་པ་ལས། དག་པ་དང་། རྣམ་གྲངས་དང་། གྲུབ་མཐའ་མི་གཅིག་པ་མེད་པའི་ཕྱིར་ན་གཉིས་སུ་བཤད་དེ། དགོངས་པ་ཀུན་ཏུ་གྲགས་པའི་རྒྱུད་ལས། ཐེག་མཆོག་བླ་ན་མེད་པ་ཡང་། །ཡེ་ཤེས་ཆེ་བའི་ཁྱད་པར་ལས། །རྒྱུད་ཀྱི་དབྱེ་བ་གཉིས་སུ་བཤད། །ཕ་རྒྱུད་བླ་ན་མེད་པ་དང་། །མ་རྒྱུད་བླ་ན་མེད་པའོ། །ཞེས་སོ། །གཉིས་སུ་ཕྱེ་བའི་རྒྱུ་མཚན་ལ། སྤྱིར་ན་སེམས་ཅན་གྱི་ཁམས་ལ། ཕོ་དང་མོ་གཉིས་སུ་འདུས་པས། དེ་གཉིས་ཀྱི་དོན་དུ་ཐབས་དང་ཤེས་རབ་ཀྱི་རྒྱུད་གཉིས་སུ་གསུངས་པ་ཡིན་ཏེ། རྡོ་རྗེ་གུར་ལས། སྐྱེས་པ་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་བསྟན་ཅིང་། །བཙུན་མོ་རྣམས་ནི་དགའ་བའི་ཕྱིར། །ཕྱི་ནས་རྣལ་འབྱོར་མ་རྒྱུད་གསུང་། །ཞེས་སོ། །དེ་གཉིས་ཀྱི་ཁྱད་པར་ལ། སྤྱིར་སྣང་བ་བསྐྱེད་པའི་རིམ་པ་ཐབས་དང་། རྫོགས་རིམ་ལས་རླུང་གཙོ་བོར་བྱུང་ན་ཕའི་རྒྱུད་ལ། སྟོང་པ་རྫོགས་པའི་རིམ་པ་ཤེས་རབ་དང་། རྫོགས་རིམ་ལས་ཐིག་ལེ་གཙོ་བོར་འདོན་ན་མའི་རྒྱུད་དེ། གསང་བ་གྲུབ་པ་ལས། རྣལ་འབྱོར་མཆོག་ལ་རྣམ་པ་གཉིས། །ཐབས་ཉིད་བསྐྱེད་པ་རླུང་དང་ནི། །ཤེས་རབ་རྫོགས་པ་བྱང་ཆུབ་སེམས། །འཁོར་ལོ་བཞི་ཡི་གནས་དག་ཏུ། །ཡེ་ཤེས་ནམ་མཁའི་ཁམས་སྡུད་པའོ། །ཞེས་པས་ཕྱེ་ལ། བྱེ་བྲག་ཏུ་ཁྱད་པར་བདུན་གྱིས་ཤེས་པར་བྱ་བ་ལས། དང་པོ་དེ་ཁོ་ན་ཉིད་ཀྱི་ཁྱད་པར་ལ། གང་དུ་དབང་དང་། སྤྱིན་སྲེག་དང་། རབ་གནས་དང་། དངོས་གྲུབ་དང་། འཕྲིན་ལས་བསྒྲུབ་པ་ལ་སོགས་པའི་ཆོ་ག་མི་འདྲ་བ་དཔག་ཏུ་མེད་པའི་རང་བཞིན་ཀྱིས་རྒྱ་ཆེ་བ་གཙོ་བོར་སྟོན་ན་ཕའི་རྒྱུད་ལ། གང་དུ་བསྐྱེད་རིམ་དང་། རྫོགས་རིམ་དང་། དངོས་གྲུབ་ལ་སོགས་པ་ཟབ་པ་གཙོ་བོར་སྟོན་ན་མའི་རྒྱུད་དོ། །གཉིས་པ་སྐྱེད་རིམ་གྱི་ཁྱད་པར་ལ། དཀྱིལ་འཁོར་གང་དུ་གཙོ་བོ་གོ་འཕོ་ཞིང་གཙོ་མོ་མི་འཕོ་ན་མའི་རྒྱུད་ལ། གཙོ་མོ་འཕོ་ཞིང་གཙོ་བོ་མི་འཕོ་ན་ཕའི་རྒྱུད་དེ། ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་གི་བསྟོད་འགྲེལ་ལས། གང་ཞིག་

p. 1207

གཙོ་བོ་འཕོ་བྱེད་ཅིང་། །གཙོ་མོ་དག་ནི་མི་འཕོ་ན། །བྱིས་པ་དག་གིས་རྟོག་བྱའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་དུ་བཤད། །གང་ཞིག་གཙོ་མོ་འཕོ་བྱེད་ཅིང་། །གཙོ་བོ་དག་ནི་མི་འཕོ་ན། །རྣལ་འབྱོར་ཕ་ཡི་རྒྱུད་དུ་བཤད། །ཅེས་སོ། །དཔེར་བརྗོད་ན། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་གཙོ་བོ་རྣམ་སྣང་ཡིན་ལ། གཙོ་མོ་དབྱིངས་ཕྱུག་མ་གནས་པ་ལས། རྣམ་སྣང་གི་ཤུལ་དུ་མི་བསྐྱོད་པ་བྱུང་ནས། དབྱིངས་ཕྱུག་ཡུམ་དུ་གནས་ན། མའི་རྒྱུད་དེ་ཤཱན་ཏི་པས། འཁོར་ལོ་ཅན་གྱི་རྟེན་གནས་ཀྱིས། །གང་ཞིག་རྒྱལ་གཞན་དབུས་མར་འགྱུར། །དེ་ཡི་གནས་སུ་མི་བསྐྱོད་གྱུར། །ཅེས་པ་དང་། མར་མེ་མཛད་ཀྱིས་བཏུས་པ་ལས། དེ་ཡི་དབུས་གནས་གང་ཡིན་པ། །དེ་ཡི་འཁོར་ལོ་དེ་ཞེས་བྱ། །དེ་བཞིན་གཤེགས་པ་ཀུན་བདག་པོ། །དེ་ནས་མི་བསྐྱོད་ཡང་དག་གནས། །གཞན་ལ་རྡོ་རྗེ་དེ་གནས་ལ། །རང་བདག་ཁོ་ན་རང་གི་བདག །ཕྱུང་ནས་སྔོན་དུ་བློ་ལྡན་པས། །ཆོ་ག་བཞིན་དུ་ཐིམ་པར་བྱ། །ཞེས་སོ། །དེའི་ཚེ་རིགས་བདག་ཀྱང་མི་བསྐྱོད་པ་བྱུང་བས་ཐུགས་ཀྱི་དཀྱིལ་འཁོར་ཏེ། མཁའ་འགྲོ་རྒྱ་མཚོ་ལས། གང་ཞིག་གང་གི་ལྷ་བདག་པོ། །དེ་ནི་དེ་དང་དེ་རྒྱས་གདབ། །ཅེས་པ་དང་ཤཱན་ཏི་པས། གང་ཚེ་འཁོར་གཙོ་སངས་རྒྱས་འགྱུར། །ཕྱུང་བ་དེར་ནི་བསྟིམ་པར་བྱ། །བྱང་ཆུབ་སེམས་དཔའ་གཙོ་བོར་འགྱུར། །དེ་ཡི་རིགས་བདག་བསྟིམ་པར་བྱ། །རྒྱལ་བ་ལ་གཞན་དཀྱིལ་འཁོར་ལ། །གལ་ཏེ་འཁོར་ལོའི་གཙོར་བྱེད་ན། །དབུས་མ་དེ་ཡང་དེ་བཞིན་ཉིད། །རང་གནས་སུ་ཡང་གཞན་དེ་ཉིད། །ཅེས་སོ། །དེ་བཞིན་དུ་རིགས་གཞན་རྣམས་ཀྱང་ཕན་ཚུན་དུ་གོ་བརྗེ་ལ། གཙོ་མོ་གོ་མི་བརྗེ་བ་ནི་མའི་རྒྱུད་དོ། སྐུ་ཡིས་སྐུའི་ཚེ་རྣམ་སྣང་ཉིད་ལ། སྐུའི་དཀྱིལ་འཁོར་དེར་སྐུའི་གསུང་བསྒྲུབས་ན་འོད་དཔག་མེད། སྐུའི་ཐུགས་ལ་མི་བསྐྱོད་པ། སྐུའི་ཡོན་ཏན་ལ་རིན་འབྱུང་། སྐུའི་ཕྲིན་ལས་ལ་དོན་གྲུབ། དབུས་སུ་གཙོ་བོ་འཕོས་པའི་ཤུལ་དེར། དབུས་མའི་རྣམ་སྣང་འཕོས་ན། དེ་བའི་ཡུམ་དང་སྦྱོར་བས་གོ་བརྗེ་བ་ཡིན་ནོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ཚེ་དཔག་མེད་ལྟ་བུའི། གསུང་གིས་གསུང་གི་ཚེ་དཔག་མེད། གོས་དཀར་མོ་དབུས་སུ་གནས་པ་ལས། གསུང་གི་སྐུ་བསྒྲུབས་ན་རྣམ་སྣང་། ཐུགས་ལ་མི་བསྐྱོད་པ། ཡོན་ཏན་ལ་རིན་འབྱུང་། ཕྲིན་ལས་ལ་དོན་གྲུབ། དབུས་སུ་གོས་

p. 1208

དཀར་མོ་དང་གནས་ལ། དབུས་ཀྱི་ཚེ་དཔག་མེད་གཞན་དེའི་ཤུལ་གྱི་ཡུམ་དང་སྦྱོར་བ་ཡིན་ནོ། །དེ་བཞིན་དུ་ཐུགས་མི་བསྐྱོད་པའི་དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་པ་གཞན་དང་གོ་བརྗེ་ཚུལ། ཡོན་ཏན་རིན་འབྱུང་གི་དཀྱིལ་འཁོར་གྱི་གཙོ་བོར་རིན་འབྱུང་དང་གཞན་བཞི་བརྗེ་ཚུལ། ཕྲིན་ལས་དོན་ཡོད་གྲུབ་པ་དང་གཞན་བཞི་བརྗེ་ཚུལ་དེ་བཞིན་དུ་ཤེས་པར་བྱའོ། །མའི་རྒྱུད་ཀྱིའང་ཚུལ་དེ་དག་བཟློག་པའི་དཔེས་ཁོང་དུ་ཆུད་པར་བྱའོ། །དེས་ན་དཀྱིལ་འཁོར་གཅིག་ཏུའང་དཀྱིལ་འཁོར་རིགས་ལྔ་ལྔ་སྒྲུབ་པར་བྱེད་ལ། གང་ཟག་གཅིག་གི་དབང་དུ་བྱས་ནའང་མེ་ཏོག་གང་ལ་ཕོག་པའི་རིགས་དེའི་གཙོ་བོར་དབུས་སུ་བརྟེན་ནས་བསྒྲུབས་ན་དངོས་གྲུབ་ཉེ་བ་ཡིན་ཏེ། ཉེ་བའི་དཀྱིལ་འཁོར་གྱི་རིགས་ཡིན་པའི་ཕྱིར་རོ། །གསུམ་པ་རྣམ་པའམ་ཆ་ལུགས་ཀྱི་ཁྱད་པར་ལ། གང་དུ་ལྷ་ཕོའི་རྣམ་པ་མང་ཞིང་ཁྱད་པར་དུ་རིགས་བཞིའི་གནས་སུ་ལྷ་ཕོའི་དབྱིབས་འབྱུང་ན། ཆ་ལུགས་འཇིག་རྟེན་པ་དང་མཐུན་པར་སྟོད་གཡོགས་དང་སྨད་གཡོགས། དབུ་རྒྱན་དང་རྣ་རྒྱན་དང་། རིན་པོ་ཆེ་དང་། སྦྲུལ་ལ་སོགས་པས་བརྒྱན་པ་ནི་ཕ་རྒྱུད་ཡིན་ལ། གང་དུ་ལྷ་མོའི་རྣམ་པ་མང་ཞིང་ཁྱད་པར་དུ་རིགས་བཞིའི་གནས་སུ་ལྷ་མོའི་དབྱིབས་འབྱུང་ཞིང་། གཅེར་བུར་སྐྲ་གྲོལ་བ། ཐལ་བའི་གོས་དང་རུས་པའི་རྒྱན་དང་། རོའི་གདན་ལ་སོགས་པ་ཡོད་ན་མ་རྒྱུད་དེ། ཧེ་བཛྲ་ལས། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །མགུལ་གྱི་འཕྲེང་བ་རིན་ཆེན་གདགས། །ཞེས་པ་དང་། ར་ལི་ལས། གདན་གྱི་ཁྱད་པར་རོ་ཡི་གདན། །རྒྱན་གྱི་ཁྱད་པར་རུས་པའི་རྒྱན། །གོས་ཀྱི་ཁྱད་པར་ཐལ་བའི་གོས། །ཞེས་སོ། །བཞི་པ་ཕྱོགས་ཀྱི་ཁྱད་པར་ལ། མངོན་རྟོགས་ལ་སོགས་པའི་ཚེ་གཡས་སྐོར་དུ་བསྐོར་བ་ཕ་རྒྱུད་ལ། གཡོན་སྐོར་བྱེད་པ་མ་རྒྱུད་དེ། ངེས་འབྱེད་བླ་མ་ལས། གཡོན་སྐོར་དུ་ནི་བསྐོར་བ་ཡིས། །མཆོད་པ་དགོད་དང་གཏོར་མ་བྱ། །ཞེས་སོ། །ལྔ་པ་མཚོན་པར་བྱ་བའི་ཁྱད་པར་ལ། གཙོ་བོར་སྐྱེས་པས་མཚོན་ཅིང་། དུས་ཉིན་མོ་དང་། ཡར་ངོ་གཙོ་ཆེར་བྱེད་པ་ཕ་རྒྱུད་ལ། དེ་ལས་བཟློག་པ་མ་རྒྱུད་དེ། བདེ་མཆོག་ལས། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་བརྟག་པར་བྱ། །ཞེས་སོ། །དྲུག་པ་རྫོགས་རིམ་གྱི་ཁྱད་པར་ལ་གང་དུ་

p. 1209

རྩའི་སྒོ་ནས་ཐིག་ལེའི་བདེ་བ་ལམ་དུ་བྱེད་པ་མ་རྒྱུད་ལ། རླུང་གི་སྒོ་ནས་གསལ་བ་ལམ་དུ་བྱེད་པ་ཕ་རྒྱུད་དེ། མཁའ་འགྲོ་མ་གསང་བའི་རྒྱུད་ལས། གསང་བ་མཆོག་གི་ཁྱད་པར་ནི། །བདེ་བ་ལམ་དུ་བྱེད་པ་སྟེ། །རྩ་ཡི་དེ་ཉིད་རྟོགས་གྱུར་པ། །དེ་ཉིད་རྣལ་འབྱོར་མ་ཡི་རྒྱུད། །རླུང་གི་དེ་ཉིད་རྟོགས་གྱུར་པ། །དེ་ཉིད་རྣལ་འབྱོར་ཕ་ཡི་རྒྱུད། །ཅེས་པ་དང་། རིན་ཆེན་འཕྲེང་བ་ལས། དཔལ་ལྡན་གསང་བ་འདུས་པ་རུ། །སྟེང་འོག་རླུང་ལ་ཟུང་དུ་འཇུག །ཤེས་རབ་རྣལ་འབྱོར་བླ་མ་རུ། །སི་ལ་ག་བུར་ཟུང་དུ་འཇུག །ཅེས་སོ། །བདུན་པ་རྣམ་དག་གི་ཁྱད་པར་ལ། གཙོ་ཆེར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམ་པར་དག་པ་ལྷ་དང་ལྷ་མོར་སྟོན་པ་ཕ་རྒྱུད་དེ། གསང་འདུས་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི། །རྡོ་རྗེ་འཛིན་པ་དེ་ཉིད་ཡིན། །ཅེས་སོ། །རྩ་དང་ཁམས་རྣམ་པར་དག་པ་དཔའ་བོ་དང་རྣལ་འབྱོར་མར་སྟོན་པ་ནི་མ་རྒྱུད་དེ། བདེ་མཆོག་ལས། སོ་དང་སེན་མོ་རྣམ་པར་དག་པ་ནི་དཔའ་བོ་ཀེང་རུས་ཆེན་པོའོ་ཞེས་པ་དང་། སཾ་བུ་ཊི་ལས། གནས་དེར་བཞུགས་པའི་རྣལ་འབྱོར་མ། །རྩ་ཡི་གཟུགས་སུ་ཡང་དག་གནས། །ཞེས་པ་དང་། བརྟག་གཉིས་ལས། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེའང་རྣམ་པ་གསུམ་དུ་བཤད། །རོ་མ་རྐྱང་མ་ཀུན་འདར་མ། །བདག་མེད་རྣལ་འབྱོར་མར་ཤེས་བྱ། །ཞེས་སོ། །དེའང་གཙོ་ཆེ་ཆུང་གི་སྒོ་ནས་བཞག་གི། གཞན་དུ་ན་རྩ་རླུང་ཁམས་ཀྱི་དག་པ་ཕ་རྒྱུད་ལས་ཀྱང་སྐབས་འགར་བཤད་ལ། ཕུང་ཁམས་སྐྱེ་མཆེད་དག་པ་མ་རྒྱུད་ལས་ཀྱང་གསུངས་ཏེ། སཾ་བུ་ཊི་ལས། གཟུགས་ཕུང་རྣམ་པར་སྣང་མཛད་དེ། །ཚོར་བ་རྡོ་རྗེ་ཉི་མའོ། །འདུ་ཤེས་པདྨ་གར་དབང་ཕྱུག །དེ་བཞིན་འདུ་བྱེད་རྡོ་རྗེ་རྒྱལ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཐམས་ཅད་རང་བཞིན་ཧེ་རུ་ཀ། ཞེས་པ་དང་། ར་ལིའི་དམ་ཚིག་ཆེན་པོ་ལས། གཟུགས་ཕུང་རྣམ་པར་སྣང་མཛད་ལ། །ཚོར་བ་ལ་སོགས་དེ་དང་འདྲ། །ས་ནི་སངས་རྒྱས་སྤྱན་ཡིན་ཏེ། །ཆུ་ལ་སོགས་པ་དེ་བཞིན་ཏེ། །མིག་ལ་སོགས་པའང་དེ་བཞིན་ནོ། །ཞེས་འདོད་པའི་ཕྱིར་རོ། །དེས་ན་གཙོ་ཆེ་ཆུང་གི་དབང་གིས་དེ་ལྟར་རྣམ་པར་གཞག་པའོ། །མདོར་བསྡུ་ན་བདེ་བ་ཁམས་ལས་ཏིང་ངེ་འཛིན་བསྒྲུབས་ཏེ། མཆོག་བསྒྲུབ་པ་མའི་རྒྱུད་ལ། གསལ་བ་རླུང་གི་ཐབས་ལས་མཆོག་འདོད་པ་ཕའི་རྒྱུད་དེ། དེ་གཉིས་ཀའི་གཙོ་དེ་ལྟར་

p. 1210

བྱེད་པ་ལས། གྲོགས་སུ་རྩ་རླུང་ཁམས་སུ་གནད་དུ་བསྣུན་པ་ལས། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་གྱི་ཐབས་ལས། སྐུ་དང་ཡེ་ཤེས་ཀྱི་གནས་ལུགས་མངོན་དུ་བྱེད་པར་འདོད་དོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། ཐུགས་རྡོ་རྗེ་གསང་བའི་ལེའུ་སྟེ་དྲུག་པའོ།། །།

ཆོས་ཐམས་ཅད་རྫོགས་པར་གཏན་ལ་ཕབ་པའི་ལེའུ་སྟེ་བདུན་པ།

p. 1211

དོན་གཉིས་པ་གསང་སྔགས་རྙིང་མའི་རྣམ་པར་གཞག་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ལ་སོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་པ་ཐམས་ཅད་ཀྱིས། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་གྱི་དོན་དུ། འཇིག་རྟེན་གྱི་སྒྲོན་མ་རྣམ་པར་བཀོད་དེ་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཅོག་ཐམས་ཅད་ཀྱང་བསྡུ་ན་རྣམ་པ་གསུམ་དུ་གསུངས་ཏེ། བཀོད་པ་ཆེན་པོ་ལས། བསྟན་པའི་ལུགས་ནི་རྣམ་པ་གསུམ། །ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །དབང་པོའི་དོན་དུ་བསྟན་པ་དང་། །འོ་མ་ལས་ནི་མར་བཞིན་དུ། །བསྡུ་བའི་དོན་དུ་བསྟན་པ་དང་། །ཚ་བའི་ནད་ལ་ག་བུར་བཞིན། །གཉེན་པོའི་དོན་དུ་བསྟན་པའོ། །ཞེས་པ་དང་། སྒྲ་ཐལ་འགྱུར་ལས། གསུངས་ཚུལ་དགོངས་པ་གསུམ་དང་བཅས། །གཉེན་པོ་བསྡུ་དང་དབང་པོའི་དོན། །ཚིག་རྣམས་བསྡུས་ཏེ་སྣང་བར་བྱས། །དེ་མ་ཡིན་པ་བརྗོད་པའི་ཚིག །དུས་གསུམ་རྒྱལ་བས་གསུངས་པ་མེད། །ཅེས་སོ། །དེ་ལྟར་ཚུལ་རྣམ་པ་གསུམ་ལས། གཉེན་པོ་ལ་དགོངས་ཏེ་གསུངས་པ་ནི། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་དང་རྣམ་གྲངས་དེ་སྙེད་ཅིག་བསྟན་པ་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ལས། ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར། ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ་ཞེས་སོ། །བསྡུ་བ་ལ་དགོངས་ཏེ་གསུངས་པ་ནི་ཆོས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་ཀྱི་ནང་ནས་ཆོས་ཟབ་ཅིང་རྒྱ་ཆེ་བ། རྡོ་རྗེ་སྙིང་པོའི་ཐེག་པ་སྟེ། ཡེ་ཤེས་གྲུབ་པ་ལས། སྟོན་པའི་གསུང་ནི་རྒྱ་མཚོ་ཀུན། །བསྡུས་ཏེ་སྙིང་པོའི་བཅུད་ཕྱུང་བ། །གསང་ཆེན་ངེས་པ་འདི་ཡིན་ཏེ། །འདི་མ་སྣང་བར་གྲོལ་

p. 1212

བ་མེད། །ཅེས་པ་ལྟ་བུའོ། །དབང་པོ་ལ་དགོངས་ཏེ་གསུངས་པ་ནི་འཇིག་རྟེན་པ་ལྷ་མིའི་ཐེག་པ་དང་། འཇིག་རྟེན་ལས་འདས་པ་ཐེག་པ་གསུམ་གྱི་རིམ་པ་སྟེ་ཆེ་ལོང་དང་། སོར་བཞག་ལྷ་མིའི་ཐེག་པ། ཕྱིན་ཅི་ལོག་མུ་སྟེགས་ཀྱི་ཐེག་པ། ཡང་དག་པ་ནང་པའི་ཐེག་པ་སྟེ། ཞིབ་བརྩེགས་ལ་དགོངས་ནས་གསུངས་པ་ཡང་ཐལ་འགྱུར་ལས། ཐེག་པ་རྣམ་པ་གཉིས་དག་གིས། །འགྲོ་བ་རྣམས་ལ་ཆོས་བསྟན་ཏོ། །ཞེས་པ་དང་། འཇིག་རྟེན་པ་དང་འདས་པ་སྟེ། །ཐེག་པ་དག་ནི་གཉིས་སུ་འདོད། །གཞི་ནི་འཇིག་རྟེན་པ་ཡིན་ཏེ། །འདི་ལ་འདོད་པ་རྣམ་པ་གཉིས། །འདས་པ་རྒྱུ་དང་འབྲས་བུ་ལས། །རྒྱུ་ལ་གསུམ་དང་འབྲས་ལ་གཉིས། །གཉིས་པོ་ལས་ཕྱེད་དྲུག་ཏུ་འགྱུར། །འདི་ལྟར་དབང་པོའི་རིམ་པས་སོ། །ཞེས་པ་དང་། བཀོད་པ་ཆེན་པོ་ལས། རིམ་དགུ་བློ་དང་བསྟུན་ནས་ནི། །ཆེ་ལོང་དང་ནི་ཞིབ་བརྩེགས་སོ། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། རྣམ་དབྱེ་སྤྱིར་བསྟན་པ་དང་། གསང་སྔགས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་ཐེག་པའི་རིམ་པ་དང་སྦྱར་ན་དགུ། རྒྱུད་སྡེ་དྲུག་ཏུ་དབྱེ་བ་ལས། ཐེག་པ་དགུ་ནི་ཆུང་ངུའི་ཆུང་ངུ་ཉན་ཐོས། འབྲིང་རང་རྒྱལ། ཆེན་པོ་བྱང་སེམས་ཏེ་གསུམ་པོ་ནི་རྒྱུའི་ཐེག་པ་ཡིན་ལ། དྲུག་ནི་འབྲས་བུའི་ཐེག་པ་སྟེ། འབྲིང་གི་ཆུང་ངུ་ཀྲཱི་ཡ། འབྲིང་ཨུ་པ། ཆེན་པོ་ཡོ་ག་གསུམ་ནི་ཕྱི་པ། མ་ཧཱ་ཨ་ནུ། ཨ་ཏི་གསུམ་ནི་ནང་པ་སྟེ། རྒྱུད་སྡེ་དྲུག་དང་བཅས་པ་ནི་ཐལ་འགྱུར་ལས། འདས་པ་རྒྱུ་དང་འབྲས་བུ་ལས། །རྒྱུ་ལ་གསུམ་དང་འབྲས་ལ་གཉིས། །གཉིས་པོ་ལས་ཕྱེ་དྲུག་ཏུ་འགྱུར། །འདི་ལྟར་དབང་པོའི་རིམ་པས་སོ། །དེ་ལྟར་དགུ་ལ་བརྟེན་ནས་ནི། །ཁམས་གསུམ་པོ་ཡང་ཡང་དག་གི། ལམ་དུ་འཛུད་པར་བྱེད་པའོ། །ཞེས་སོ། །གཉིས་པ་གསང་སྔགས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་གསང་སྔགས་ཆེན་པོའི་ཐེག་པའོ། །དང་པོ་ནི་གཙང་སྦྲ་དང་སྒོ་གསུམ་གྱི་བྱ་བྱེད་གཙོ་བོར་སྟོན་པས་སྤྲུལ་སྐུའི་ཐེག་པ་ཆུང་ངུ་གསུམ་

p. 1213

དང་ཆོས་མཐུན་པའི་ཕྱིར། ཕྱི་ཐུབ་པ་ཞེས་བསྟན་ལ། གསང་སྔགས་ཀྱི་ཁོངས་སུ་གཏོགས་པའི་ཆོས་ཆེན་པོར་གྱུར་པ་གཞི་དང་། ལམ་དང་འབྲས་བུའི་རྣམ་གཞག་ཟམ་མ་ཆད་པས་རྒྱུད་དུ་གཞག་པ་འདི་ལ་དབྱེ་ན་གསུམ་སྟེ། ཀྲཱི་ཡ། ཨུ་པ། ཡོ་གའོ། །དང་པོ་ལའང་གཞི། ལམ། འབྲས་བུ། དེ་དག་གི་རང་བཞིན་ངེས་པར་བྱེད་པ། རྒྱུད་སྡེའི་རྣམ་གྲངས་བསྟན་པ་དང་བཞི་ལས། དང་པོ་ནི་ལེགས་པར་སྦྱར་བའི་སྒྲ་ལས། ཀྲཱི་ཡ་སྟེ་ལུས་ངག་གི་བྱ་བ་གཙོ་བོར་བྱེད་པའི་དོན་ལ་ཏནྟྲ་ནི་རྒྱུད་སྡེ་འབྲེལ་བ་ཅན་དུ་འབྱུང་བ་ཞེས་བྱ་བའི་དོན་ཏོ། །འདིའི་གྲུབ་མཐའ་ཀུན་རྫོབ་འཁྲུལ་པར་སྣང་བ་འདི་དག་སྦྱང་བྱ་དྲི་མའི་ཆོས་ཏེ། དོན་དམ་དབྱིངས་ཀྱི་རང་བཞིན་སྦྱང་གཞི་བདེན་པ་དབྱེར་མེད་ལ་འཇུག་པའི་ངོ་བོ་རྟོགས་པར་བྱ་བའི་གཞིར་བྱེད་དེ་དབྱིངས་རང་བཞིན་གྱིས་དག་པའི་ལྷ་ཁས་ལེན་ཏོ། །གཉིས་པ་ལམ་ལ་ཀུན་རྫོབ་ཏུ་སྣང་བ་ཐམས་ཅད་ལྷ་དྲུག་གི་རང་བཞིན་དུ་ཤེས་པས། ཡི་དམ་གྱི་ལྷ་ཡེ་ཤེས་སེམས་དཔའ་རྗེ་དང་། བདག་དམ་ཚིག་སེམས་དཔའ་ཁོལ་གྱི་ཚུལ་དུ་བསྒྲུབ་ཅིང་། དོན་དམ་པར་མ་སྐྱེས་པའི་ཆོས་ཉིད་འོད་གསལ་བ་ལ་འཇུག་གོ། ལྷ་དྲུག་གི་ཚུལ་ལ་སྣང་ཙམ་ལྷའི་སྐུ་སྒྱུ་མ་ལྟར་གསལ་བས། གཅིག་དང་དུ་མའི་མཐའ་ལ་མི་གནས་ཏེ། སྣང་བ་གཟུགས་ཀྱི་ལྷར་གྲོལ་བའོ། །གསུང་ཡིག་འབྲུ་སྒྲའི་ལྷར་གསལ་བས་གྲག་སྟོང་བཟླས་པའི་འཁོར་ལོ་ཟམ་མ་ཆད་དེ་ཡི་གེའི་རང་བཞིན་དུ་གྲོལ་ལོ། །ཐུགས་ཕྱག་མཚན་ལ་དམིགས་པས་དྲན་བསམ་ཏིང་ངེ་འཛིན་དུ་གསལ་ཏེ། རྣམ་རྟོག་བསམ་གཏན་གྱི་ལྷར་གྲོལ་བའོ། །འཕྲོ་འདུ་སྐུ་མདོག་ཏུ་གསལ་བས་སྤྲོ་བསྡུ་འོད་ཀྱི་ལྷར་གྲོལ་ཏེ་ཡིག་འབྲུ་ཡེ་ཤེས་ཀྱི་ངང་དུ་གྲོལ་ལོ། །གསལ་བ་བཞུགས་ཚུལ་གྱི་ལྷ་གདན་ཁྲི་ཆ་ལུགས་སུ་གསལ་བས་གང་སྣང་གཞལ་ཡས་ཁང་པར་གྲོལ་ལོ། །གྲོལ་བ་ཡེ་ཤེས་ཀྱི་ལྷ་སྣང་སྲིད་ཆོས་

p. 1214

སྐུར་གསལ་བས་སྤང་བྱ་ཡེ་ཤེས་སུ་གྲོལ་ལོ། །དེ་བཞིན་དུ་ཡུལ་དྲུག་ལ་མངོན་པར་ཞེན་པ་དྲུག་གྲོལ་བས། སྣང་བ་གཟུགས་ཀྱི་ལྷ་ལ་སོགས་པ་དྲུག་ཏུ་ཤེས་པས་ཉོན་མོངས་པ་སྦྱོང་བར་བྱེད་དོ། །གསུམ་པ་འབྲས་བུ་ནི་གནས་སྐབས་སུ་ལྟ་བ་དང་ཏིང་ངེ་འཛིན་གྱི་ཡོན་ཏན་གོང་ནས་གོང་དུ་ཐོབ་ཅིང་། མཐར་ཐུག་མི་ཚེ་བཅུ་དྲུག་ན་ལྷའི་སྐུར་སངས་རྒྱ་བར་འདོད་པ་ཡིན་ཏེ། རྡོ་རྗེ་ལྷུན་པོ་རི་རབ་ཟོམ་གྱི་རྒྱུད་ལས། གང་དག་སྔགས་པ་སྐལ་བཟང་ཆེ། །གཙང་སྦྲ་དག་པས་དག་བརྩོན་པ། །དེ་ཚེ་བཅུ་དྲུག་སྐྱེ་བ་ན། །རྣམ་གྲོལ་ཡེ་ཤེས་མཆོག་ལ་རེག །ཅེས་སོ། །དེའང་གྲོགས་སྤྱོད་པ་དཀར་གསུམ་ཟ་བ་དང་། གོས་གསུམ་བརྗེ་བ་དང་། ཁྲུས་དང་ཀུན་ཏུ་སྤྱོད་པ་ལ་སོགས་པ་གསར་མར་འདོད་པ་དང་གཅིག་གོ། བཞི་པ་ངེས་བྱེད་རྒྱུད་སྡེའི་རྣམ་གྲངས་དགོད་པ་ནི་རྒྱལ་བློན་སྔ་དར་གྱི་ཚེ་སློབ་དཔོན་ཆེན་པོ་ཞི་བ་འཚོ་དང་། པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་ལ་སོགས་པས་པཎྜི་ཏ་བགྱིས། བཻ་རོ་ཙ་ན་དང་། གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྨ་རིན་ཆེན་མཆོག་དང་། ཨ་ཙཱཪྱ་ཡེ་ཤེས་དབྱངས་ལ་སོགས་པས་ལོ་ཙཱ་བ་བགྱིས་ཏེ། ཕྱི་ནང་གི་རྒྱུད་སྡེ་མང་དུ་བསྒྱུར་བ་ལ། དང་པོ་བྱ་བའི་རྒྱུད་ཀྱི་ཀྲཱི་ཡ་སྤྱིའི་རྒྱུད་དྲུག་ལ། རིགས་སྔགས་ཐམས་ཅད་ཀྱི་ཁོག་འབུབས་པ་དཔུང་པ་བཟང་པོའི་རྒྱུད། རིགས་སྔགས་ཐམས་ཅད་ཀྱིས་དབང་བསྐུར་བ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། རིགས་སྔགས་ཐམས་ཅད་ཀྱི་གསང་བ་བསྟན་པ་རིག་པ་མཆོག་གི་རྒྱུད། རིགས་སྔགས་ཐམས་ཅད་ཀྱི་འདུལ་བ་བསྟན་པ་སུ་སི་ཏི་ཀ་ར་ལེགས་པར་གྲུབ་པའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་འཕྲིན་ལས་སྟོན་པ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དགོངས་པ་སྟོན་པ་བསམ་གཏན་ཕྱི་མའི་རྒྱུད་དོ། །བྱེ་བྲག་གི་རྒྱུད་ལ་རིགས་གསུམ་གྱི་སྤྱན་རས་གཟིགས་ཀྱི་སྐོར་ལ། པདྨ་རྩེ་མོ་སྔགས་ཀྱི་

p. 1215

རྒྱུད། པདྨ་ཅོད་པན་གྱི་རྒྱུད། ཆོ་ག་སྔགས་ཀྱི་རྒྱུད། ཡིད་བཞིན་ནོར་བུའི་རྒྱུད། ཨ་མོ་གྷ་པཱ་ཤའི་རྒྱུད། གནོད་སྦྱིན་གར་མཁན་གྱི་རྒྱུད། ཁ་འབར་མ་དབུགས་དབྱུང་བའི་རྒྱུད། ནམ་མཁའ་མཛོད་ཀྱི་རྒྱུད་ལ་སོགས་པའོ། །འཇམ་དཔལ་གྱི་སྐོར་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མ་མེད་པའི་རྒྱུད། འཇམ་དཔལ་རྣོན་པོ་སྒྲིབ་པ་མེད་པའི་རྒྱུད། འཇམ་དཔལ་དྲ་བ་སྤྱོད་པའི་རྒྱུད། བསྟོད་པ་གླུར་བླངས་པའི་རྒྱུད་ལ་སོགས་པའོ། །ཕྱག་ན་རྡོ་རྗེའི་སྐོར་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། རྡོ་རྗེ་ས་འོག་གི་རྒྱུད། དྲག་པོ་གསུམ་འདུལ་གྱི་རྒྱུད། རྡོ་རྗེ་བེ་ཅོན་གྱི་རྒྱུད། རྡོ་རྗེ་རྣོན་པོའི་རྒྱུད་ལ་སོགས་པའོ། །ལས་ཕྲན་ཚེགས་ཀྱི་རྒྱུད་ལ། གཟུངས་གྲ་ལྔ་དང་། འོད་ཟེར་ཅན་དང་། རྣམ་པར་རྒྱལ་མ་དང་། མཛོད་སྤུ་ནོར་བུ་ལ་སོགས་པའི་གཟུངས་ཕྲན་དཔག་ཏུ་མེད་པའོ། །གཉིས་པ་སྤྱོད་པའི་རྒྱུད་ཨུ་པ་ཡ་ཏནྟྲ་ལའང་། སྤྱོད་པ་ཀྲཱི་ཡ་ལྟར་གཙང་སྦྲ་དག་པར་སྤྱོད་ཅིང་། ལྟ་བ་ཡོ་ག་ལྟར་སྤྱོད་པས་གཉིས་ཀ་རྒྱུད་ཀྱི་ཐེག་པ་ཞེས་བྱ་སྟེ། གཞི་ལམ་འབྲས་བུ་རྣམས་བྱ་བ་དང་རྣལ་འབྱོར་རྒྱུད་དུ་འབྱུང་བ་བཞིན་ནོ། །ཁྱད་པར་དུ་སྒོམ་པ་ལྷའི་རྣལ་འབྱོར་ནི། རང་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་སེམས་དཔའ་སྤུན་ནམ་གྲོགས་ལྟར་བསྒོམས་པས་དངོས་གྲུབ་སྐྱེ་བ་བདུན་ན་ལེན་པའོ། །ངེས་འབྱེད་ཀྱི་རྒྱུད་སྡེ་ལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད། མེ་ཀློང་འབར་བའི་རྒྱུད། དབང་བསྐུར་བའི་རྒྱུད། རྣམ་པར་མི་རྟོག་པའི་རྒྱུད་ལ་སོགས་པའོ། །གསུམ་པ་ཡོ་ག་ཏནྟྲ་ནི་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་བ་སྟེ། ངོ་བོ། དབྱེ་བ། ངེས་པར་འབྱེད་པའི་རྣམ་གྲངས་དང་གསུམ་ལས། དང་པོ་ནི་སྒོམ་པ་ཏིང་ངེ་འཛིན་ཡིད་ཀྱི་ལས་གཙོ་བོར་སྟོན་ཅིང་། ལུས་ངག་གི་སྤྱོོད་པ་གྲོགས་ཙམ་དུ་སྟོན་པས། དངོས་གྲུབ་བསྒྲུབ་པའོ། །དེའང་ཀུན་རྫོབ་ཏུ་ལྷའི་དཀྱིལ་

p. 1216

འཁོར་ཡོངས་སུ་རྫོགས་པའམ། དཔལ་མཆོག་གཅིག་པུའི་རང་བཞིན་གྱིས། རང་ཉིད་དམ་ཚིག་སེམས་དཔའ་ལ་ལྷ་ཡེ་ཤེས་སེམས་དཔའ་འོག་མིན་ནམ་རང་བཞིན་གྱི་གནས་ནས་སྤྱན་དྲངས་པ་བསྟིམ་སྟེ། འཕྲོ་འདུ་འོད་ཀྱི་དྲ་བ་ལ་སེམས་བཟུང་ནས་བཟླས་པ་བྱ་སྟེ། རྗེས་ལ་ཡེ་ཤེས་པ་གཤེགས་པར་བྱེད་དོ། །བརྟུལ་ཞུགས་དེས་མི་ཚེ་གསུམ་ན་གྲོལ་བ་གྲུབ་པར་འདོད་པའོ། །དབྱེ་ན་ཏིང་ངེ་འཛིན་གཙོ་བོར་བྱེད་པས་བསྒྲུབ་པ་དང་། ལས་གཙོ་བོར་བྱེད་པས་བསྒྲུབ་པ་གཉིས་ལས། དང་པོ་ནི་སྦྱོར་བ་དང་ཡོངས་སུ་དག་པའི་ཏིང་ངེ་འཛིན་མངོན་བྱང་ལྔས་བསྐྱེད་པ་དང་རྫོགས་པ་བསྒོམ་པའོ། །དེའང་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པ་ན། གདན་ཉི་ཟླ་ལ་བརྟེན་ནས་བྱང་ཆུབ་པ་ནི། པདྨའི་དབུས་སུ་ཉི་ཟླ་བསྒོམ་པ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་མཚོན་པའོ། །ཐུགས་ཕྱག་མཚན་ལས་བྱང་ཆུབ་པ་ནི། དེའི་སྟེང་དུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་། རལ་གྲི་དང་འཁོར་ལོ་ལ་སོགས་པ་བསྒོམས་ཏེ། རིགས་སོ་སོའི་ཆ་མཚོན་པར་བྱེད་པའོ། །སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་ནི་དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ལ་སོགས་པ་སོ་སོའི་ལྷར་གསལ་བ་ནི། མཛད་པ་ཆེན་པོ་ཡོངས་སུ་སྟོན་པའོ། །གསུང་ཡིག་འབྲུ་ལ་བརྟེན་ནས་བྱང་ཆུབ་པ་ནི། ཨཱ་ལི་ཀཱ་ལིའི་འཁོར་ལོ་སྟེ། ལྷ་སོ་སོའི་གསུང་གིས་ནམ་མཁའི་དབྱིངས་སུ་གྲག་པར་བསྒོམས་ཏེ་བཟླས་པ་ནི། གསང་བ་ཆེན་པོའི་འཁོར་ལོ་བསྐོར་བའོ། །རྣམ་དག་ཡེ་ཤེས་སེམས་དཔའི་སྒོ་ནས་བྱང་ཆུབ་པ་ནི། རང་ཉིད་དམ་ཚིག་པ་ལ་ཡེ་ཤེས་པ་བསྟིམ་ནས་ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པའོ། །དེ་ནི་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་མཚོན་བྱེད་དོ། །དེ་ལྟར་ལྔ་ནི་སངས་རྒྱས་པའི་ཚེ་འོག་མིན་དུ་ཕུན་སུམ་ཚོགས་པ་ལྔ་ཉེ་བར་འབྱུང་པའི་མཚོན་བྱེད་དུ་འབྱུང་བའོ། །དེ་ལྟ་བུའི་ངང་དུ་མ་

p. 1217

ཡེངས་པར་སེམས་སྦྱངས་པས་ཏིང་ངེ་འཛིན་གཙོ་བོར་བྱེད་པ་ཞེས་བྱའོ། །གཉིས་པ་ནི་ཆོ་ག་ཞིབ་མོ་དང་ཐོར་བུ་ལ་གཙོ་བོར་བྱེད་པས། ལས་གཙོ་བོར་བྱེད་པ་ཞེས་བྱ་སྟེ། དེའང་མཆོད་པ་དང་བསྟོད་པ་དང་། བཟླས་པ་ལ་སོགས་པ་ཆོ་གའི་ཡན་ལག་གང་རུང་གཅིག་གིས་དངོས་གྲུབ་འདོད་པ་ལ་སློབ་ན་ལས་ཐོར་བུ་བ་ཡིན་ལ། གཏོར་མ་དང་། སྦྱིན་སྲེག་དང་། སྦྱོོར་བ་དང་པོའི་ཏིང་ངེ་འཛིན་ནི་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ལས་ཀྱི་བྱེ་བྲག་ལྔའམ་དྲུག་གི་དངོས་གྲུབ་འདོད་པ་ལ་ལས་རྒྱལ་མཆོག་ཅེས་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་ནི་སའི་ཆོ་ག་དང་། དཀྱིལ་འཁོར་བྲི་བ་དང་། བསྒྲུབ་པ་དང་། དབང་བསྐུར་བ་དང་། རྣལ་འབྱོར་དུ་བྱེད་པ་ལྔས་དངོས་གྲུབ་ཏུ་འདོད་པའོ། །འདི་དག་གིས་ཕྱིར་ཕུང་པོ་ལྔ། ནང་དུ་དབང་པོ་ལྔ། གསང་བ་ཉོན་མོངས་པ་ལྔ་རྣམ་པར་དག་ནས་རིགས་ལྔའི་སངས་རྒྱས་སུ་བསྒྲུབ་པར་འདོད་པའོ། །ངེས་འབྱེད་རྒྱུད་སྡེའི་རྣམ་གྲངས་དགོད་པ་ལ། རྡོ་རྗེ་དབྱིངས་རྩ་བའི་རྒྱུད་སྟོང་ཕྲག་ལྔ་པ་ལེ་ལག་དང་བཅས་པ། པ་ཤ་ཀ་ར་རྡོ་རྗེ་རྩེ་མོའི་རྒྱུད། པདྨཱ་ཀ་ར་དཔལ་མཆོག་དང་པོའི་རྒྱུད། ས་མུ་ཙྪ་རྟོགས་པ་བསྡུས་པའི་རྒྱུད་དེ། དེ་དག་གཞུང་ཆེན་པོ་བཞི། མཱུ་ལ་ཏནྟྲ་རྩ་བའི་རྒྱུད། ངན་སོང་སྦྱོང་བ་དཀྱིལ་འཁོར་བཅུ་གཉིས་ཀྱི་རྒྱུད། དཔལ་མཆོག་བསྡུས་པ་དེ་ཁོ་ན་ཉིད་ཀྱི་རྒྱུད་ལ་སོགས་པའོ། །དེ་ལྟར་ཕྱིའི་རྒྱུད། གསུམ་ནི་དབང་པོ་འབྲིང་པོ་ཚེ་རབས་ཀྱིས་གྲོལ་བ་སྒྲུབ་པ་སྟེ། བཀོད་པ་ཆེན་པོ་ལས། འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཅེས་གསུངས་པ་ཡིན་ཏེ་གསང་སྔགས་ཕྱི་པ་བཤད་ཟིན་ཏོ། །གཉིས་པ་ནང་པ་གསང་སྔགས་ཆེན་པོའི་ཐེག་པ་སྟོན་པ་ལ་གཉིས་ཏེ། ཁྱད་པར་དང་། ཁྱད་པར་ཅན་ངོས་གཟུང་བའོ། །དང་པོ་ནི་ལྟ་བའི་ཁྱད་ལ། ཕྱི་པས་བདེན་པ་སོ་

p. 1218

སོར་འདོད་ལ། ནང་པས་དབྱེར་མེད་དུ་འདོད་དོ། །སྒོམ་པའང་ཕྱི་པས་ལྷ་ཞལ་སྦྱོར་མི་སྒོམ་ལ་ནང་པས་སྒོམ་པའོ། །སྤྱོད་པའང་ཕྱི་པས་གཙང་སྦྲ་སྤྱོད་ཅིང་ཤ་ལྔ་ལ་སོགས་བསྟེན་པར་མི་ནུས་ལ། ནང་པས་ནུས་པའོ། །ཁྱད་པར་ཅན་ངོས་བཟུང་ནས། ཁྱད་པར་ཅན་གྱི་ནང་པ་དེ་ཡང་རྣམ་པ་གསུམ་སྟེ། བཀོད་པ་ཆེན་པོ་ལས། ཆེན་པོ་རིགས་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོ། །དེའང་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བ་ལ་སྣང་བ་ཐབས་ཀྱི་རང་བཞིན་ཕའི་རྒྱུད་མ་ཧཱ་ཡོ་ག་བསྟན་ལ། འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པ་ལ་དགའ་བ་ལ། སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མའི་རྒྱུད་ཨ་ནུ་ཡོ་ག་བཤད་ཅིང་། གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ཅན་ལ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་གསུངས་སོ། །དེ་ལ་དང་པོ་བསྐྱེད་པ་ནི་ཐབས་ཀྱི་གཞི་ལ། དེའི་ངང་ནས་རྫོགས་པ་ནི་ཤེས་རབ་ཀྱི་ལམ་སྟེ། དེ་ནས་བླང་དོར་གཉིས་སུ་མེད་པར་རྫོགས་པ་ནི་འབྲས་བུ་སྟེ། སེང་གེ་རྩལ་རྫོགས་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་རྣམས་ཀྱི་གཞི་ལྟ་བུའོ། །ལུང་ཨ་ནུ་ཡོ་ག་ནི་ཆོས་རྣམས་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཨ་ཏི་ཡོ་ག་ནི་ཆོས་རྣམས་ཀྱི་འབྲས་བུ་ལྟ་བུའོ་ཞེས་སོ། །དེ་ལྟར་གསུམ་དུ་ཡོད་པ་ལས། དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ལ་གསུམ་སྟེ། ངོ་བོ། དབྱེ་བ། ངེས་འབྱེད་དོ། །དང་པོ་ནི་མ་ཧཱ་ཡོ་ག་ཏནྟྲ་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་ཅེས་བྱ་སྟེ། སྣང་སྲིད་ལྷ་དང་གཞལ་ཡས་ཁང་པར་གསལ་ཞིང་། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལྷར་གསལ་བས། རླུང་ལྔ་གཙོ་བོར་གྱུར་པའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་གཉིས་མེད་ལམ་དུ་བྱས་པས་ཚེ་འདིར་གྲོལ་བར་འདོད་པའོ། །དབྱེ་ན་ངོ་བོ་གཞི་ལམ་འབྲས་བུ་གཙོ་བོར་འདོད་པ་དང་། ཐབས་ལམ་སྒྲུབ་པ་གཙོ་བོར་འདོད་པ་དང་།

p. 1219

སྣ་ཚོགས་ལམ་འགྱུར་གཙོ་བོར་འདོད་པ་དང་གསུམ་ལས། དང་པོ་ནི་གཞི་རང་བཞིན་གྱི་རྒྱུད་སེམས་ཉིད་འོད་གསལ་བ་དང་དེ་མཚོན་བྱེད་མིང་ཚིག་ཡི་གེར་སྣང་བ་རྟོགས་པར་བྱས་ནས། ལམ་སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་རྩེ་གཅིག་ཏུ་མི་གཡོ་བའི་དྲོད་ལས་ཡོན་ཏན་གོང་ནས་གོང་དུ་བསྒྲུབས་ཏེ་འབྲས་བུ་རང་བྱུང་གི་ཡེ་ཤེས་མངོན་དུ་བྱེད་པ་མཆོག་གི་བསྒྲུབས་པ་གཙོ་བོ་ཡིན་པར་འདོད་དོ། །ཐབས་ལམ་བསྒྲུབ་པ་ནི་དཀྱིལ་འཁོར་ལྔ་གང་རུང་གི་བསྒྲུབ་པ་ལ་བརྟེན་ནས་རྟོགས་པ་དང་ཏིང་ངེ་འཛིན་རྗེས་ལ་སྐྱེ་བས་བསྒྲུབས་པ་ལས་དངོས་གྲུབ་འདོད་དེ། སྐུའི་དཀྱིལ་འཁོར་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལམ་དུ་བྱེད་པ་དང་། གསུང་གི་དཀྱིལ་འཁོར་པདྨ་སྒྱུ་འཕྲུལ་དྲ་བ་ལམ་དུ་བསྒྲུབ་པ་དང་། ཐུགས་ཁྲག་འཐུང་། ཡོན་ཏན་རིན་པོ་ཆེ། འཕྲིན་ལས་ཀྱི་དཀྱིལ་འཁོར་སྒྱུ་འཕྲུལ་དྲ་བ་བསྒྲུབ་པ་ལམ་དུ་བྱེད་པའོ། །ལམ་བསྒྲུབས་པས་གཞི་དང་འབྲས་བུ་ཞར་ལ་འདོད་པའོ། །སྣ་ཚོགས་ལམ་དུ་འགྱུར་ལ། རྒྱུད་དང་། ནོ་པི་ཀ་གཉིས་ལས། རྒྱུད་ལ་བསྐྱེད་རྫོགས་རིམ་ཅན་དང་། དུས་གཅིག་ཏུ་འདོད་པ་སྟེ་འབྲས་བུ་བསྒྲུབས་པས་གཞི་ལམ་ཞོར་ལ་འདོད་པའོ། །ནོ་པི་ཀ་ལ་གཉིས་ལས། སོ་ཏ་ནོ་པི་ཀ་ཐམས་ཅད་སེམས་ཀྱི་རོལ་པར་ཤེས་ནས་བསྒྲུབ་པ་དང་། མཎྜ་ལ་ནོ་པི་ཀ་དཀྱིལ་འཁོར་དུ་འཇུག་པ་ཚོགས་གཙོ་བོར་བྱས་ཏེ་བསྒྲུབ་པའོ། །ངེས་འབྱེད་རྒྱུད་སྡེའི་རྣམ་གྲངས་ལ་རྩ་རྒྱུད་དང་། མན་ངག་གི་རྒྱུད་གཉིས་ལས། རྩ་བའི་རྒྱུད་ལ་དཔལ་གསང་བ་འདུས་པ་ནམ་མཁའ་དང་མཉམ་པའི་རྒྱུད། རི་རབ་ཟོམ་རྒྱ་མཚོ་དང་མཉམ་པའི་རྒྱུད། ཡེ་ཤེས་རྒྱས་པ་ས་གཞི་དང་མཉམ་པའི་རྒྱུད་དོ། །གདམས་པ་མན་ངག་གི་རྒྱུད་ལ། བར་ཆད་བསྲུང་བ་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། རྔོམ་བྱེད་མེ་ལྟར་འབར་བའི་རྒྱུད། ཟ་བྱེད་རོལ་བ་

p. 1220

སྦྱིན་སྲེག་གི་རྒྱུད། སྟོབས་པོ་ཆེ་ཡོངས་སུ་སྒྲོལ་བའི་རྒྱུད། ཟླ་གསང་ནག་པོའི་རྒྱུད། ཞི་བ་ལྷའི་རྒྱུད་ལ་སོགས་པའོ། །གཉིས་པ་ལུང་ཨ་ནུ་ཡོ་ག་ལ། ངོ་བོ། དབྱེ་བ། ངེས་འབྱེད་གསུམ་ལས། དང་པོ་ནི་ཨ་ནུ་ཡོ་ག་ཏན་ཏྲ་ནི་དབྱིངས་བདེ་ཆེན་རྣལ་འབྱོར་གྱི་རྒྱུད་ཆེན་པོ་སྟེ། སྣོད་བཅུད་ལྷའི་རང་བཞིན་དུ་དབྱིངས་ནས་སངས་རྒྱས་པ་ཙམ་དུ་རྟོགས་པའི་ངང་ནས་བསྐྱེད་པ་ཐབས་ཤས་ཆུང་ཞིང་། རྫོགས་པ་རྩ་ཐིག་རླུང་གི་རྣལ་འབྱོར་བདེ་གསལ་མི་རྟོག་པའི་ཡེ་ཤེས་ལམ་དུ་བྱེད་པས་ཚེ་འདིར་གྲོལ་བར་འདོད་དོ། །དབྱེ་ན་ལུང་དང་། མདོ་གཉིས་ལས། ལུང་ལ་བསྟན་པའི་ལུང་དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན། བརྗོད་པའི་ལུང་ཚིག་དང་ཐ་སྙད་ལས་གོ་བར་བྱེད་པའོ། །མདོ་ལ་སྒྱུ་འཕྲུལ་བཞི་ལམ་གྱི་ངོ་བོ་ཡེ་ཤེས་རྔམ་གློག །ཕུར་བུ་ཐལ་འབྱིན་གྱི་དོན་ངེས་པ་མཚོན་པ། དུར་ཁྲོད་ཁུ་བྱུག་རོལ་པ་ཡེ་ཤེས་ཐོད་རྒལ་དུ་སྨྲ་བ་དང་། ཕྱག་རྒྱ་དབྱེར་མེད་དུ་སྨྲ་བ་ཀུན་འདུས་རིག་པའི་མདོ། མངོན་པར་རྟོགས་པ་རང་གསལ་དུ་སྨྲ་བས་དབྱིངས་ཡེ་ཤེས་ལྷུན་གྲུབ་ཏུ་འདོད་པ་སངས་རྒྱས་ཐམས་ཅད་ཀྱིི་དགོངས་པ་འདུས་པའི་མདོ། སེམས་དང་ཡེ་ཤེས་འབྱེད་པ་ཡི་གེ་རྣམ་དག་གི་མདོ་དང་དྲུག་གི་རྗེས་སུ་འབྲངས་ནས། བདེ་སྟོང་དབྱིངས་དང་ཡེ་ཤེས་ཀྱི་རིམ་པ་ཅིག་ཅར་དུ་འདོད་པ་དང་། རིམ་གྱིས་འདོད་པ་དང་། ཐོད་རྒལ་དུ་འདོད་པ་དང་། ཐར་ཆགས་སུ་འདོད་པ་ལ་སོགས་པ་རྣམས་སོ། །ངེས་འབྱེད་རྒྱུད་སྡེའི་རྣམ་གྲངས་ལ་སྔར་གྱི་མདོ་དྲུག་དང་། རྩ་བའི་རྒྱུད་ལ། ཐིག་ལེ་འདུས་པའི་རྒྱུད། སྒྱུ་མ་ཆེན་པོའི་རྒྱུད། ཟླ་གསང་ཐིག་ལེའི་རྒྱུད། རྡོ་རྗེ་གདན་བཞིའིི་རྒྱུད་དོ། །གདམས་པ་མན་ངག་གི་རྒྱུད་ལ། སྐུའི་རྒྱུད་མེ་ལྟར་འབར་བ། གསུང་གི་རྒྱུད་དབང་ཆེན་འདུས་པ། ཐུགས་ཀྱི་རྒྱུད་པུཎྜ་རཱི་ཀ། ཡོན་ཏན་གྱི་རྒྱུད་ལྷ་མོ་གསང་བ། འཕྲིན་ལས་ཀྱི་རྒྱུད་རིགས་འཛིན་འདུས་པ།

p. 1221

རིག་སྔགས་སྤྱིའི་སྒྲུབ་པ་ཧེ་རུ་ཀའི་ཏནྟྲ། བྱེ་བྲག་གི་སྒྲུབ་པ་ལ། འཇམ་དཔལ་སྐུའི་རྒྱུད་ཟླ་གསང་ནག་པོ། པདྨ་གསུང་གི་རྒྱུད་རྟ་མཆོག་རོལ་པ། ཡང་དག་ཐུགས་ཀྱི་རྒྱུད་ཧེ་རུ་ཀ་ཀལྤོ་ཆེ། ཕུར་པ་འཕྲིན་ལས་ཀྱི་རྒྱུད་བྱི་ཏོ་ཏ་མ་ལ་འབུམ་སྡེ། བདུད་རྩི་ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ་ཆེ་ཆུང་། མ་མོ་རྦོད་གཏོང་གི་རྒྱུད་མ་མོ་ཀུན་འདུས་སོ། །སྒྲུབ་པ་སྡེ་དྲུག་ལས་ཁ་ཚར་གྱི་རྒྱུད་ལ། འཕྲིན་ལས་ཁ་སྐོང་བ་ཆོས་ཉིད་གཏོར་མའི་རྒྱུད། ལས་རྒྱ་མཚོ་ཇི་ལྟར་བྱ་བ་ཀརྨ་མཱ་ལེ་འཕྲིན་ལས་ཀྱི་རྒྱུད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ཚོགས་ཀྱི་རྒྱུད་ཆེ་ཆུང་། མཆོད་པ་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་པ་ནམ་མཁའ་མཛོད་ཀྱི་རྒྱུད། སྒྲོལ་བ་གནས་སུ་དག་པ་སྟོབས་པོ་ཆེ་ཡོངས་སུ་སྒྲོལ་བའི་རྒྱུད། སྦྱོར་བ་གནས་སུ་དག་པ་ཐིག་ལེ་ཀློང་གི་རྒྱུད། བརྟུལ་ཞུགས་དྲག་པོས་ཀུན་ཏུ་སྤྱོད་པ་གླང་པོ་ཆེ་རབ་འབོག་གི་རྒྱུད། ལས་བཞི་མཐར་ཕྱིན་པ་ཟ་བྱེད་རོལ་པ་སྦྱིན་སྲེག་གི་རྒྱུད། ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་གཏོར་རྒྱུད་ཆེ་ཆུང་། བཀའི་འཁོར་ལྷག་མས་བསྐངས་ནས་ལས་ལ་བསྐུལ་བ་དཔལ་འབར་ཁྲོ་མོའི་རྒྱུད། གདུག་པ་ཅན་གཟིར་མནན་གྱིས་ཚར་གཅད་པ་ཞིང་བཅུ་རོལ་པའི་རྒྱུད་ལ་སོགས་པའོ། །འདི་དག་གི་རྒྱུད་ཀྱི་གཙོ་ཆེ་ཆུང་ལས། རང་བཞིན་དུ་མ་ཧཱ་དང་། ཨ་ནུ་གཉིས་ཀར་རྟོགས་པའི་མན་ངག་གི་རྒྱུད་དུ་ཤེས་པར་བྱའོ། །དོན་གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་གཉིས་ཏེ། འོག་མ་ལས་འཕགས་པའི་ཚུལ་དང་། ཁྱད་པར་ཅན་གྱི་གསང་ཆེན་བཤད་པའོ། །དང་པོ་ནི་དབྱིངས་རང་བཞིན་གྱིས་དག་པའི་སེམས་ཉིད་འོད་གསལ་བ་ལྷུན་གྲུབ་རང་གནས་ཆེན་པོར་ཡེ་ནས་གནས་པ་ནི་རང་བྱུང་གི་ཡེ་ཤེས་སུ་བཅོས་བསྒྱུར་མེད་པ་གཞིར་འདོད་པ་ལས། ཐེག་པ་འོག་མ་ཐམས་ཅད་བཅོས་བསླད་ཀྱི་རྩོལ་སྒྲུབ་ཀྱིས་བླང་དོར་

p. 1222

བྱས་པས་རེ་དོགས་ཀྱི་སྒྲིབ་པས་རང་བྱུང་གི་ཡེ་ཤེས་བསྒྲིབས་ཏེ། རྣལ་མའི་དོན་ལ་རེག་པའི་དུས་སྐབས་མེད་པ་ཉིད་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀྱེ་སེམས་དཔའ་ཆེན་པོ་འདི་ཉོན་ཅིག །འཁོར་གྱི་སྟོན་པ་རྣམ་གསུམ་གྱི། །བསྟན་པ་གསུམ་ནི་གོལ་སྒྲིབ་སྟེ། །དེ་ཡང་ཇི་ལྟ་བུ་ཞེ་ན། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །དེ་ཡང་ཇི་ལྟ་བུ་ཞེ་ན། །བྱང་ཆུབ་སེམས་དཔའ་མདོ་སྡེ་ནི། །ཀུན་ཏུ་འོད་ཀྱི་ས་འདོད་པ། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །ཆོས་ཉིད་སྟོང་པ་ནམ་མཁར་འདོད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་འདས་ལ་མདོ་སྡེས་བསྒྲུབས། །རྫོགས་ཆེན་རྟོག་དང་དཔྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲཱི་ཡ་རྡོ་རྗེ་འཛིན་འདོད་པ། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་འཛིན་དག་པའི་ཡུལ་ལ་གནས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་ལ་ཀྲཱི་ཡས་བསྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པ། །ཀྲཱི་ཡ་དག་ཏུ་གོལ་བར་བཤད། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲཱི་ཡ་སྤྱོད་ཅིང་ཡོ་ག་བསྒྲུབ། །ལྟ་སྤྱོད་འབྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་མ་རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །གཉིས་སུ་མེད་ལ་ཨུ་པས་བསྒྲིབས། །རྫོགས་ཆེན་གཉིས་སུ་བྱེད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །ཡོ་ག་སྟུག་པོ་བཀོད་འདོད་པ། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་དེ། །བླང་དོར་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གའི་བསྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་

p. 1223

བར་བཤད། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞི་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་པ་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་སོ། །རང་བཞིན་རྫོགས་པ་ཆེན་པོ་འོད་གསལ་དབྱིངས་ཀྱི་ངོ་བོ་རང་བྱུང་གི་ཡེ་ཤེས་ཏེ། འདི་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་རྐྱེན་དང་བཅས་པ་མེད་པས་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཡེ་ནས་ཡོད་པར་ཀུན་བྱེད་ལས། ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་དང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་པ་ལ་སོགས་པས་ཀྱང་བསྟན་ཏེ། དོན་དམ་པའི་བདེན་པ་དབྱིངས་འོད་གསལ་འཕོ་འགྱུར་མེད་པ་སྟོང་པ་ནམ་མཁའ་ལྟ་བུ་འཕོ་འགྱུར་དང་དག་མ་དག་གི་ཆོས་གང་དུའང་མ་ཆད་པ། སྣང་ཞིང་གསལ་བ་ལྷུན་གྱིས་གྲུབ་པས་ཕྱང་ཆད་མ་ཡིན་ཉི་ཟླའི་དཀྱིལ་འཁོར་ལྟ་བུ། ངོ་བོ་ལ་རྒྱུ་འབྲས་མེད་པས་འཁོར་འདས་གང་དུའང་མ་ཆད་ལ། གང་གིའང་འཆར་གཞི་བྱེད་པས་དབྱིངས་ཞེས་གོ་འབྱེད་པའམ། ཆོས་ཀུན་འབྱུང་བའི་གནས་སམ་རྟེན་དུ་ཡོད་པ་དེ་ཉིད་གཞི་ཡིན་པ་ལ། ཐེག་པ་འོག་མས་རྩོལ་སྒྲུབ་སྤོང་ལེན་དུ་བྱས་པ་དེ་ཉིད་ཀྱིས་གོལ་ཞིང་བསྒྲིབས་སོ། །དེའང་གཞི་ལམ་དུ་བྱེད་པས་ལམ་

p. 1224

ཟེར་ན། གཞི་བཅོས་བསྒྱུར་མེད་པ་དངོས་པོ་ཙམ་དུ་མ་བྱས་པས། གཞི་ལམ་དུ་བྱས་པར་མ་སོང་སྟེ་གཞི་ལམ་འགལ་ལོ། །དེས་འབྲས་བུ་ཐོབ་དུས་མེད་དེ་ནམ་མཁའ་ལྟ་བུའི་སེམས་ཉིད་ལ་བཅོས་ཤིང་བསྒྱུར་མི་དགོས་པ་ཉིད་བསླད་པའི་ཕྱིར་རོ། །དེ་སྐད་དུ་ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། རྫོགས་པ་ཆེན་པོའི་ལྟ་སྤྱོད་ནི། །རྒྱུ་འབྲས་སྒྲུབ་དང་མི་འདྲ་སྟེ། །ལྟ་སྤྱོད་བྱང་ཆུབ་སེམས་འདི་ནི། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྟོག་དཔྱོད་འདས། །གང་ཞིག་རྟོག་དཔྱོད་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་བཞིན་མི་འགྲུབ། །ལྟ་སྤྱོད་ནམ་མཁའི་རང་བཞིན་ལ། །གང་ཞིག་གཟུང་དང་འཛིན་བྱེད་པ། །ནམ་མཁའ་བྱང་ཆུབ་དེས་མི་འགྲུབ། །གཟུང་འཛིན་གཉིས་བྱུང་གོལ་སྒྲིབ་བོ། །ལྟ་སྤྱོད་རྣམ་པ་གཉིས་བྱུང་ནས། །ནམ་མཁའ་གཉིས་སུ་མེད་པ་བཞིན། །བྱང་ཆུབ་ལ་ནི་གཉིས་སུ་མེད། །གང་ཞིག་གཉིས་སུ་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །ལྟ་སྤྱོད་གཉིས་བྱུང་གོལ་སྒྲིབ་བོ། །བྱང་ཆུབ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་བླང་དོར་མེད། །གང་ཞིག་བླང་དོར་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །བླང་ཞིང་དོར་བ་གོལ་སྒྲིབ་བོ། །བྱང་ཆུབ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྩོལ་སྒྲུབ་མེད། །གང་ཞིག་རྩོལ་དང་སྒྲུབ་བྱེད་པ། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །རྩོལ་ཞིང་བསྒྲུབ་པ་གོལ་སྒྲིབ་བོ། །བྱང་ཆུབ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྒྱུ་འབྲས་མེད། །གང་ཞིག་རྒྱུ་འབྲས་གཉིས་ལྟ་བས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །རྒྱུ་འབྲས་ལྟ་བ་གོལ་སྒྲིབ་བོ། །ཞེས་སོ། །དེའང་དབྱིངས་ངོ་བོ་ཉིད་ཀྱིས་དག་པའི་དོན་དམ་ལ་རྒྱུ་འབྲས་མེད་ཀྱིས། མ་དག་པ་འཁོར་བ་དང་ལམ་ལ་སོགས་པ་འདུས་བྱས་སོ་ཅོག་རྣམས་རྒྱུ་འབྲས་ཀྱིས་བསྐྱེད་པས་རྐྱེན་གྱིས་འཇིག་པར་བསྟན་པས། རྒྱུ་འབྲས་ལ་ལྟོས་པའི་དོན་གལ་

p. 1225

ཆེ་བ་བསྟན་ཏོ། །དེའང་རྒྱུ་རྐྱེན་བླང་དོར་དུ་བྱེད་པའི་ཆོས་ཐམས་ཅད་ཀྱི་ལུང་དང་ཁྱད་པར་དུ་སྔགས་ཕྱི་ནང་གི་རང་བཞིན་བཅུས་རྣལ་མའི་དོན་ལ་བཅོས་སུ་མེད་པར་བསྟན་པ་ཡང་དེ་ཉིད་ལས། ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །ས་ལ་སྦྱང་མེད་ལམ་ལ་བགྲོད་དུ་མེད། །འཕྲིན་ལས་བཙལ་མེད་དབང་ལ་བསྐུར་དུ་མེད། །སྒོ་གསུམ་རྩོལ་མེད་དཀྱིལ་འཁོར་བསྐྱེད་དུ་མེད། །རྒྱུ་འབྲས་གཉིས་མེད་ནམ་མཁའ་ལྟ་བུའོ། །ཞེས་པ་དང་། བྱང་ཆུབ་སེམས་ནི་ཡེ་ནས་མ་ནོར་ཡིན། །ཡེ་ནས་ཡིན་ལ་ཡེ་ནས་ནོར་བ་མེད། །ནོར་བ་མེད་ལ་བདེན་རྫུན་སྒྲོས་མི་འདོགས། །རྒྱུ་རྐྱེན་འབྲས་བུ་རྩོལ་སྒྲུབ་ཀུན་ལས་འདས། །བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། །རྩོལ་སྒྲུབ་བྱ་བྱེད་སྒོམ་པས་འགྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །ཅེས་སོ། །འོ་ན་ལམ་བླང་དོར་གྱིས་ཁམས་ཀྱི་དྲི་མ་སྦྱངས་ནས་སངས་རྒྱས་མི་འདོད་ན་ཇི་ལྟར་བྱ། ཐ་མལ་པ་དང་ཁྱད་པར་ཅི་ཡོད་སྙམ་ན། རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོ་ཉིད་ཡེ་ནས་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས། སྐུ་གསུམ་རང་ཆས་སུ་ཚང་བའི་ཕྱིར་ལོགས་ནས་བཙལ་མི་དགོས་པས། འདི་ཉིད་མ་བཅོས་ཇི་བཞིན་པའི་ངང་ནས་མ་གཡོས་པས་འགྲུབ་པར་བསྟན་ཏེ། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་སུ་མེད། །དེས་ན་སངས་རྒྱས་སེམས་ལས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ལོངས་སྤྱོད་སྐུ། །སེམས་ལས་བྱུང་བའི་གཟུགས་རྣམས་ལ། ལོངས་སྤྱོད་རྫོགས་ལས་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལས། །འགྲོ་བའི་དོན་མཛད་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་

p. 1226

ཆུབ་སེམས་ལས་གཞན་མེད་དོ། །སྔ་རབས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་སེམས་དེ། །མ་བཅོས་ཇི་བཞིན་རྟོགས་གྱུར་པས། །ད་ལྟར་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་སེམས་བྱང་ཆུབ་སེམས་ཉིད་འདི། །སྔ་མ་བཅོས་པར་ལུང་མ་བསྟན། །ད་ལྟར་ཏིང་འཛིན་སེམས་མི་འཆོས། །མ་བཅོས་ལམ་དུ་ཞུགས་ནས་བྱོན། །ཅེས་པ་དང་། གསང་སྙིང་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །དེའི་ཕྱིར་སེམས་ཉིད་གཡོ་བ་མེད་པའི་ཆོས་སྐུ་བྱང་ཆུབ་ཀྱི་སེམས་ནི་བྱ་རྩོལ་ལས་འདས་པ་རྫོགས་པ་ཆེན་པོའི་རང་བཞིན་ཏེ། ཀུན་བྱེད་ལས། སེམས་ནི་ཇི་བཞིན་པ་ཡི་དངོས་པོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་འགྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་བསྒྲུབས་ཤིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་བསྒྲུབས་ཟིན་པས་ད་བསྒྲུབ་མ་བྱེད་པར། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག །ཅེས་གསུངས་སོ། །གཉིས་པ་ཁྱད་པར་ཅན་གྱི་གསང་ཆེན་ཉིད་བཤད་པ་ལ་རྣམ་པ་གསུམ་སྟེ། ངོ་བོ། དབྱེ་བ། རྣམ་གྲངས་ངེས་པར་བྱ་བའོ། །དང་པོ་ནི་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་སྟེ། སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ཐེག་པ་ཀུན་གྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པས་རྩེ་མོར་གྱུར་པ་སྟེ། ཀུན་བྱེད་ལས། གཅིག་རྫོགས་གཉིས་རྫོགས་སེམས་ལ་རྫོགས། །གཅིག་རྫོགས་སེམས་ཀྱིས་བྱས་པར་རྫོགས། །གཉིས་རྫོགས་ཕུན་སུམ་ཚོགས་པར་རྫོགས། །ཀུན་རྫོགས་

p. 1227

བྱང་ཆུབ་སེམས་སུ་རྫོགས། །ཞེས་སོ། །དེ་ལ་སེམས་ཀྱིས་བྱས་པ་ནི་མ་དག་པ་འཁོར་བའི་ཆོས་སྣང་སྲིད་སྣོད་བཅུད་དུ་སྣང་བ་ཕུང་པོ་ཁམས་དང་སྐྱེེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་དང་། ལྟ་སྒོམ་སྤྱོད་པ་ཐེག་པ་རྣམས་ཀྱི་གཞི་ལམ་འབྲས་བུར་བརྟགས་སོ་ཅོག་རྣམས་སེམས་ཀྱི་བག་ཆགས་འཁྲུལ་པ་སྟེ། སེམས་ཀྱི་བཟོ་བོས་གློ་བུར་དུ་བྱས་པའི་ཕྱིར་རོ། །དེ་དག་ད་ལྟར་འཁྲུལ་སྣང་འཁྲུལ་འཛིན་དུ་ཤར་བས་བདེན་བདེན་འདྲ་ཡང་དོན་ལ་ངོ་བོ་མ་གྲུབ་པས་རང་བྱུང་ཡེ་ཤེས་ཀྱི་ངང་ལས་མ་གཡོས་པའི་ཕྱིར་རྫོགས་པའོ། །ཕུན་སུམ་ཚོགས་པར་རྫོགས་པ་ནི་རང་བྱུང་གི་ཡེ་ཤེས་འོད་གསལ་བའི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་རིག་པ་སྤྲུལ་སྐུ་སྟེ་སྐུ་གསུམ་ཡེ་ནས་རང་ཆས་སུ་ཚང་པས་གཞན་ནས་རྩོལ་སྒྲུབ་མི་དགོས་པར་རྫོགས་པའོ། །བྱང་ཆུབ་སེམས་སུ་རྫོགས་པ་ནི། ཇི་ལྟར་སྣང་ཞིང་སྲིད་པའི་ཆོས་དག་མ་དག་ཏུ་སྣང་བ་ཐམས་ཅད་རྩ་བ་རང་བྱུང་ཡེ་ཤེས་ཀྱི་ངང་དུ་འདུས། ངང་ལས་ཤར། ངང་ལ་གནས་པ་སྐྱེས་བུའི་གཉིད་དང་རྨི་ལམ་དུ་སྣང་བ་མི་འདྲ་བ་རྣམས་རིག་པའི་ངང་དུ་འདུས། ངང་ལས་ཤར། ངང་ལ་བརྟེན་པ་བཞིན་དུ་གནས་པས་སེམས་ཉིད་བྱང་ཆུབ་ཀྱི་སེམས་སུ་རྫོགས་པའོ། །དེའང་སེམས་ནི་ཀུན་རྟོག་པ་ཀུན་གཞི་ལས་ཚོགས་བརྒྱད་དུ་ཤར་བ་ཡིན་པས་དག་བྱ་དྲི་མ་ཡིན་ལ། བྱང་ཆུབ་ཀྱི་སེམས་སེམས་ཉིད་འོད་གསལ་བ། སེམས་ཀྱི་དམ་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་དབྱིངས་ཆོས་སྐུ། དོན་དམ་པའི་བདེན་པ་དེ་བཞིན་ཉིད། རྫོགས་པ་ཆེན་པོ་ཞེས་པ་རྣམས་རང་བྱུང་གི་ཡེ་ཤེས་བྱང་ཆུབ་ཀྱི་སྙིང་པོ་དོན་དུ་གཉེར་བྱ་མཐར་ཐུག་གི་ངོ་བོ་ལ་ངོས་གཟུང་བར་བྱའོ། །གཉིས་པ་དབྱེ་ན་གསུམ་སྟེ། བཀོད་པ་ཆེན་པོ་ལས། འོན་ཀྱང་ང་འདས་འོག་དག་ཏུ། །འདི་ལྟར་རྣམ་པར་སྣང་བར་འགྱུར། །ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་

p. 1228

བྲལ་ལ་མན་ངག་གོ། ཞེས་སོ། །དེའང་ཕྱི་ནང་གི་ཆོས་རྣམས་དོན་གཞན་ནམ། དཀྱིལ་འཁོར་ལ་སོགས་པ་མཐའ་གཅིག་ཏུ་ཞེན་པ་རྣམས་ལ་གཉིས་འཛིན་རང་རྒྱུད་པ་སྤང་བའི་ཕྱིར། ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་བ་སྟེ། མ་དག་པ་སྣོད་བཅུད་དང་བཅས་པ་སེམས་ཀྱི་འཁྲུལ་སྣང་། དག་པ་མྱང་འདས་ཀྱི་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་སྣང་བ་དང་རོལ་པར་བསྟན་པས་གཉིས་མེད་མཐའ་གྲོལ་ཆེན་པོར་དབྱིངས་སུ་སྡུད་པའི་དགོས་པ་ཡོད་དོ། །དེ་ནས་དེ་ལའང་ཞེན་པ་གྲོལ་བར་བྱེད་པ་ཆོས་ཐམས་ཅད་ཡོད་མ་མྱོང་མེད་མ་མྱོང་ཡེ་གྲོལ་ཡེ་རྫོགས་ཆེན་པོ། ཕྱམ་བརྡལ་བས་གཉེན་པོར་ཞེན་པའང་གྲོལ་ཏེ། དབྱིངས་དག་མཉམ་ཀ་དག་ཆེན་པོ་ལ་འཇུག་པའི་དགོས་པ་ཡོད་དོ། །དེ་ནས་གཉེན་པོ་བླང་བྱ་ཆོས་ཉིད་མཐའ་གྲོལ་སྟོང་པར་ཞེན་པའི་ཕྱོགས་ཀྱང་གཞོམ་པ་དང་། ལྷུན་གྲུབ་རང་གསལ་ཆེན་པོ་དག་པའི་དབྱིངས་ལ་ཇི་ལྟར་གནས་པ་ཐད་དྲང་དུ་སྟོན་པ་མན་ངག་གི་སྡེ་གསུངས་པས། མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་མཐོང་ནས་ཚེ་འདི་ཉིད་ལ་གྲོལ་བའི་དགོས་པ་ཡོད་དོ། །མདོར་བསྡུ་ན་སྤང་བྱ། གཉེན་པོ་གཉིས་ཀའི་མཐའ་ལས་གྲོལ་བ་དོན་རང་གི་མཚན་ཉིད་བསྟན་པ་དང་གསུམ་གྱི་རིམ་པས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་རིག་པར་བྱའོ། །དང་པོ་སེམས་ཀྱི་སྡེ་ལ་ངོ་བོ་སྣ་ཚོགས་སུ་སྣང་ཡང་སེམས་ཉིད་གཅིག་གི་རོལ་པ་ལས་མ་འདས་པར་འདོད་དེ་མེ་ལོང་གི་ངོས་གཅིག་ལ་དཀར་དམར་སྣ་ཚོགས་སུ་ཤར་བ་བཞིན་ནོ། །སྣ་ཚོགས་སུ་ཤར་བ་སེམས་ཀྱི་སྣང་བ་ཡིན་ལ། དོན་ལ་མ་གྲུབ་ཅིང་གཉིས་སུ་མེད་པ་སེམས་ཀྱི་ངོ་བོ་སེམས་ཉིད་འོད་གསལ་བ་རང་བྱུང་གི་ཡེ་ཤེས་སུ་འདོད་དེ་ཀློང་གསལ་ལས། སྣ་ཚོགས་སེམས་ཀྱི་སྣང་བ་དེས། །དེ་གཞི་གཉིས་མེད་སེམས་ཉིད་ནི། །རང་བྱུང་ཡེ་ཤེས་མི་གཡོའི་བདག །འོད་གསལ་སྤྲོས་དང་བྲལ་བར་བརྗོད། །ཅེས་སོ། །དེང་སང་ནི་གཏི་མུག་ཅན་རྣམས་རྫོགས་པ་ཆེན་པོས་སྣང་བ་སེམས་

p. 1229

སུ་འདོད་པ་ཡིན་ཟེར་རོ། །ཤིན་ཏུའང་མི་འཐད་དེ་སེམས་ཁ་དོག་ངོས་གཟུང་ཕྱོགས་ཆ་དང་བཅས་པར་ཐལ་ཏེ། སྣང་བ་དེ་ལྟར་སྣང་བའི་ཕྱིར་རོ། །དེས་ན་སྣ་ཚོགས་སུ་སྣང་བ་སེམས་ལ་སྣང་བའི་ཚེ་ཆོ་འཕྲུལ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དོན་ལ་མེད་ལ་བློ་ངོར་སྣང་བའི་རང་བཞིན་བག་ཆགས་འཁྲུལ་པའི་རྣམ་ལྡན་དུ་ཤེས་པར་བྱའོ། །སེམས་ཉིད་ནི་འཆར་གཞི་མེ་ལོང་གི་ངོས་ལྟ་བུ་རྒྱ་ཆད་ཕྱོགས་ལྷུང་མེད་པ་སོ་སོ་རང་རིག་གི་ངོ་བོ་གཅིག་དང་དུ་མ་ལ་སོགས་པ་སྤྲོས་པའི་མཐའ་ལས་འདས་པར་རིག་པར་བྱའོ། །འདི་ལ་དབྱེ་ན་བདུན་ཏེ། དང་པོ་འབྲས་བུ་སེམས་ཀྱི་བྱུང་སར་འདོད་པའི་སེམས་ཕྱོགས་པ་ནི། འབྲས་བུ་གདོད་མའི་དབྱིངས་ལ་ཟེར་བས། ཆོས་ཉིད་ལ་འགྱུར་བ་མེད་པས་སེམས་ཉིད་ལ་འཕོ་འགྱུར་མེད་དེ་ཆོས་ཅན་མཚན་མར་སྣང་བ་ཡེ་ནས་གྲོལ་བ་ཡིན་ལ། གྲོལ་གཞིའི་སྣང་བ་ལྷུན་གྲུབ་ཏུ་གནས་ཏེ། འཁྲུལ་པར་སྣང་བ་ཁམས་གསུམ་སྣོད་བཅུད་ཐམས་ཅད་དོན་ལ་མེད་ལ་སྣང་བས་མེད་པའི་ཆ་ནས་གཞི་ལས་མ་གཡོས། མི་གཡོ་གཡོ་བར་མི་འགྱུར་བས་མ་དག་པའི་རང་མཚན་གྱིས་སྟོང་ལ། སྣང་བའི་ཆ་ནས་དང་པོ་དབྱིངས་ལས་བྱུང་། ད་ལྟ་དབྱིངས་ལ་གནས། ཐ་མའང་དབྱིངས་སུ་གྲོལ་བ་ནི་ནམ་མཁའི་ཆོ་འཕྲུལ་ལྟ་བུ་སྟེ་ཐོག་མཐའ་མེད་པའི་ལྷུན་གྲུབ་གཞི་གཞག་ཅེས་བྱའོ། །དེའང་ཡེ་གཞག་ཡིན་པས་གཟོད་བསྐྱར་ནས་གཉེན་པོས་གྲོལ་དུ་མེད་པ། རང་གཞག་ཡིན་པས་གཉེན་པོ་དངོས་མེད་པ། འབད་རྩོལ་བྱ་མི་དགོས་པས་སྣ་ཚོགས་མུ་མཐའ་དང་བྲལ་བའི་ལྷུན་གྲུབ་ཅེས་འདོད་དོ། །གཉིས་པ་གོལ་སྒྲིབ་ལ་བཟླ་བའི་སེམས་ཕྱོགས་པ་ནི་རིམ་པ་བརྒྱད་པོ་རྣམས་ནི་བློས་བཏགས་གཞི་ལས་གོལ་བའི་ཆོས་སུ་སོང་བས་ཡང་དག་ཏུ་མ་གྲུབ་ལ། འདིར་རང་བྱུང་གི་ཡེ་ཤེས་ངོ་བོ་བློ་དང་བྲལ་བས་རྒྱུ་རྐྱེན་ལ་བཟླ་བའི་ཆོས་ཉིད་ཡེ་སྟོང་ཆེན་པོ་དྲན་བསམ་ཕྱོགས་འཛིན་

p. 1230

དང་བྲལ་བར་འདོད་དེ། སྣང་སྲིད་སྣོད་བཅུད་མ་དག་པ་ལྟར་སྣང་ཡང་། དང་པོ་གང་ལས་ཀྱང་མ་བྱུང་སྟེ་བྱུང་ཁུངས་ཀྱི་གཞི་མེད། ད་ལྟ་གར་ཡང་མི་གནས་ཏེ་གནས་ས་དང་གནས་པའི་ཆོས་མེད། མཐར་གར་ཡང་མི་འགྲོ་སྟེ་འགྲོ་ས་དང་འགྲོ་མཁན་གྱི་ཆོས་མེད། དེས་ན་8འཁུལ་ཞེས་བྱ་བ་ཡང་མིང་ཙམ་ལས་མེད་པས་ཁམས་གསུམ་གཞི་གྲོལ་ཆེན་པོ་ལ། གྲོལ་འཁྲུལ་དང་ཡིན་མིན་དུ་འདོད་པ་གཤིས་ལ་མེད་པས། སྤང་གཉེན་གཞི་མེད་ཕྱམ་གཅིག་ཏུ་ལ་བཟླ་བར་འདོད་པའོ། །གསུམ་པ་གཏན་ཚིགས་ཁུངས་རྡིབ་ཀྱི་སེམས་ཕྱོགས་པ་ནི། གཞི་སེམས་ཉིད་ལ་ངོས་གཟུང་མེད་པས། དེའི་ངང་ལས་བྱུང་བའོ་ཞེས་བཏགས་པའི་སེམས་ལ་ཁུངས་མེད་པས་ངོས་གཟུང་དུ་ཅུང་ཟད་མེད་དེ། དེ་ལ་སྣང་བ་དང་བརྟགས་པའི་ཆོས་ཐམས་ཅད་མེད་སྣང་ཁུངས་རྡིབ་གཅིག་ཏུ་ཡེ་ནས་གྲོལ་བས། ལས་དང་བག་ཆགས་ཀྱི་རྟེན་མེད། གསོག་བྱེད་སེམས་ཀྱང་མ་གྲུབ་པས་ལས་དང་བག་ཆགས་ཀྱི་བྱེད་མཁན་མེད། བསགས་པའི་ལས་ཀྱང་གང་དང་གང་དུ་བརྟགས་ན་རྒྱུ་མཚན་དང་ངོས་གཟུང་མེད་པས་རྣམ་སྨིན་དང་འབྲས་བུ་མ་གྲུབ། དེས་ན་འཁོར་བ་མིང་མེད་དུ་ཡེ་གྲོལ་ཆེན་པོར་གནས་ལ། སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེ་བ་མེད་པའི་དབྱིངས་ལས། རོལ་བ་འགག་མེད་ཀྱི་ཡེ་ཤེས་ཕྱོགས་ཡན་དུ་ཤར་བས་སྤང་བླང་དགག་སྒྲུབ་མེད་པར་ཡིད་ཆེས་ཏེ། ཆོས་ཉིད་ཡེ་སྟོང་། རང་སོང་། མཐའ་གྲོལ་ཆེན་པོའི་གཏན་ཚིགས་ཁོང་ནས་ཤར་བས་འཁོར་འདས་ཕྱོགས་འབྱམ་ཏུ་གྲོལ་བར་འདོད་དོ། །བཞི་པ་རྒྱ་ཆད་ཕྱོགས་ལྷུང་མེད་པར་འདོད་པའི་སེམས་ཕྱོགས་པ་ནི་རང་བྱུང་ཡེ་ཤེས་ཀྱི་ངོ་བོས་འཁོར་འདས་ཀུན་ལ་ཁྱབ་པས། དག་མ་དག་སྣ་ཚོགས་སུ་སྣང་བ་ཀུན་རང་བྱུང་ཡེ་ཤེས་ལས་ཤར་བའི་རོལ་བར་བྱུང་སྟེ། དོན་ལ་འགག་མེད་ཀྱི་རྩལ་ལས་དེ་ལྟར་སྣང་ཡང་ངོ་བོ་ལ་འཁོར་འདས་སོ་སོ་དང་གཅིག་པ་དང་དབྱེར་མེད་ཙམ་དུའང་གྲུབ་པ་མེད་དེ། སྣང་ངོ་

p. 1231

ཐ་དད་ལ་སྣང་ཡང་རང་བཞིན་རྣམ་དག །འཁོར་འདས་དོང་སྤྲུགས། ཁྱབ་པ་ཡེ་རྫོགས་ཀྱི་ལྟ་བ་ལས་མ་འདས་ཏེ། ཡོད་མེད་སྣང་སྟོང་གི་ཕྱོགས་སུ་མ་ལྷུང་བས་བྱ་བཙལ་བདེ་སྡུག་ལས་འདས་པའི་ཆོས་ཉིད་དུ་འདོད་པའོ། །ལྔ་པ་ཕྱོགས་འཛིན་གྲུབ་མཐའི་སེམས་ཕྱོགས་པ་ནི། སེམས་ཀྱི་ཕྱོགས་ལ་ངོ་བོ་མཐོང་དུ་མེད་པས་འཁོར་འདས་གང་དུའང་མི་གནས་པ་སྟེ་དབྱིངས་རང་བྱུང་གི་ཡེ་ཤེས་ལ། གང་དུའང་མ་གྲུབ་པས་གང་དུའང་འཆར་ཞིང་། ཤར་ཚད་སེམས་ཀྱི་རོལ་པར་སྣང་སྟེ། དེ་ཡང་ཡིན་གང་ཡང་མ་ཡིན་ལ། སྣང་སྣ་ཚོགས་སུ་སྣང་བ་སྟེ། སྣང་སེམས་ཐམས་ཅད་རྒྱ་ཡན་ཕྱོགས་མེད་དུ་ཡེ་ནས་རང་གྲོལ་བས་བྱ་བ་དང་རྩོལ་བ་ལས་འདས་པའི་རང་བཞིན་དུ་འདོད་པའོ། །དྲུག་པ་བློ་བྲལ་ཕྱོགས་འཛིན་ལས་འདས་པའི་སེམས་ཕྱོགས་པ་ནི། རང་བྱུང་གི་ཡེ་ཤེས་ལ་བློ་དང་བྲལ་བས་དངོས་པོར་མ་གྲུབ་ལ། དངོས་སྣང་རང་ཤར་བས་བློ་རྟོག་རང་གྲོལ་ཏེ། ཇི་ལྟར་སྣང་ཡང་སྣང་ངོ་བདེན་རྫུན་དུ་མ་གྲུབ་པས་ཡོད་མེད་མཐའ་གྲོལ་ཆེན་པོའི་རོལ་པར་འདོད་པའོ། །བདུན་པ་སེམས་ཀྱི་ཕྱོགས་ཡིན་དུ་སྨྲ་བའི་ཕྱོགས་པ་ནི། འདི་ལྟར་སྣོད་བཅུད་སྣང་སྲིད་དུ་སྣང་བ་འདི་དག་སེམས་ཀྱི་རོལ་པ་ཡིན་པས་སྣ་ཚོགས་སུ་སྣང་ཡང་། སེམས་ཉིད་ངོ་བོ་མེད་པས་སྣ་ཚོགས་སུ་སྣང་བའང་ངོ་བོ་མེད་པའི་ཕྱིར། སྣང་བརྟགས་ཀྱི་ཆོས་མ་གྲུབ་པའི་འཐད་པའང་དེ་ཉིད་དུ་འདོད་ཅིང་། གང་ཤར་བ་སེམས་ཀྱི་རྣམ་པ་འཛིན་བྱེད་དང་། སྣང་བ་གཟུང་བར་བྱུང་བ་གཉིས་ཀའང་སྣང་བ་ཐ་དད་དུ་སྣང་ཡང་། ཡིན་གང་ཡང་མ་ཡིན་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་དབྱེར་མེད་པས། ཆོས་སུ་སྣང་བ་སེམས་ཀྱི་རོལ་པར་འདོད་པའོ། །དེའང་སེམས་ཀྱི་རོལ་པ་ནི་སེམས་ལས་བྱུང་ཞིང་སེམས་ལ་སྣང་། སེམས་ལས་ཤར་ཡང་། སེམས་ཉིད་ངོ་བོ་མེད་པའི་རོལ་པ་དང་གཅིག་ཐ་དད་དུ་འདོད་པ་ནི་མ་ཡིན་ནོ། །དེའང་ཕྱི་དོན་དུ་སྣང་བ་ཕྱི་

p. 1232

རོལ་གྱི་དོན་དུ་མ་གྲུབ་པར་བསྟན་པ་ཙམ་ཡིན་གྱིས། ཐམས་ཅད་རང་བྱུང་གི་ཡེ་ཤེས་ལས་བཟུང་མ་མ་བཟུང་གིས། དག་མ་དག་འཁོར་འདས་སུ་ཤར་ཡང་། ཤར་ས་དང་ཤར་མཁན་དབྱིངས་སུ་དག་པ་ནི་འདིའི་ཁྱད་པར་གྱི་ཆོས་སོ། །དེ་ལྟར་ན་སེམས་ཀྱི་སྡེ་ལ་རྗོད་བྱེད་ཀྱི་རྒྱུད་ཤླཽ་ཀ་འབུམ་ཕྲག་ཉི་ཤུ་རྩ་གཉིས་གསུངས་པ་རྣམས། ཀློང་གསུམ་དུ་བསྡུས་པ་ནི། ཆོས་ཉིད་ལ་བརྗོད་དུ་མེད་པའི་ཀློང་དང་། ལྟ་བ་ལ་མིན་པ་མེད་པའི་ཀློང་དང་། སྤྱོད་པ་ལ་ཡིན་པ་མེད་པའི་ཀློང་སྟེ། བམ་པོ་སྟོང་ཕྲག་དྲུག་དང་སུམ་བརྒྱར་གནས་པ་ཉིད། གནས་པ་གཞི་ཐོག་ཏུ་འབེབས་པའི་འཕྱོང་དང་། སྣང་བ་རང་སར་གྲོལ་བའི་འཕྱོང་དང་། ངོ་མཉམ་ཐ་དད་མེད་པའི་འཕྱོང་དང་གསུམ་དུ་བསྡུ་སྟེ། ཆོས་ཉིད་ལ་འཆུགས་པ་མེད་པའི་གཟེར་བུ་ལྔ་བཅུ། ཡུལ་སེམས་ལ་ལྟ་བའི་གནས་ལྔ་བརྒྱ་དང་བཅུ་གཅིག །སྣང་སེམས་གཅིག་ཅར་དུ་ཤན་འབྱེད་པའི་གནད་ཁྲི་ཕྲག་གཉིས། ལྟ་བ་ཐོད་རྒལ་དུ་ལ་བཟླ་བ་ཁྲི་ཕྲག་ལྔ། སྒོམ་ཡོད་རྟོག་པ་གཅོད་པའི་གནད་སྟོང་ཕྲག་གཅིག་ཏུ་དབྱེ་བ་རྣམས་མིང་ཐོགས་ཀྱི་རྒྱུད་སྟོང་དང་གསུམ་དུ་བཞུགས་པ་ཡང་། སེམས་ཀྱི་ཕྱོགས་འཛིན་པ། སེམས་ཀྱི་གནད་འཛིན་པ། སེམས་ཀྱི་གདེང་འཛིན་པ་དང་གསུམ་དུ་བཞུགས་པ་ཡིན་ནོ། །གཉིས་པ་ཀློང་གི་སྡེའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་དང་དེའི་ངང་ལས་ཤར་བའི་ཆོས་ཐམས་ཅད་ཡེ་གྲོལ་རང་དག་ཆེན་པོ་སྟེ། ཡོད་སྣ་ཚོགས་སུ་རང་ཤར་ཡང་། མེད་འབྲས་བུ་ཡེ་དག་ཏུ་ཡེ་གྲོལ་བས། སེམས་དང་སེམས་སྣང་གི་རོལ་པ་ཙམ་ཡང་བཞག་ཏུ་མེད་དོ། །ཡིན་མིན་ཕྱོགས་བྲལ་ཆེན་པོའི་རིག་པ་ལ། སྣང་དུ་ཆུག །ཤར་དུ་ཆུག །མི་སྣང་དུ་ཆུག །དག་པའམ་མ་དག་པ་ལ་སོགས་གང་ལྟར་བརྟགས་ཀྱང་། རང་ངོ་སྣང་དུས་ཉིད་ནས། ཡོད་མེད་ཡིན་མ ིན་ལས་འདས་པ། ཡེ་གྲོལ་ཕྱོགས་འབྱམས་ཆེན་པོ་སྟེ། རྟོག་པ་ཨ་འཐས་སུ་བརྟགས་པའི་གྲུབ་མཐའ་

p. 1233

སྣ་ཚོགས་སུ་གཞལ་བ་རང་སྟོང་འཁྲུལ་པར་གཏན་ལ་ཕབ་ནས། སྣང་ཤར་གང་གི་དུས་ནས་ཕྱོགས་ཡན་ནམ་མཁའ་འདྲ་བར་ཕྱམ་གདལ་ཀུན་མཉམ་ཆེན་པོར་འདོད་པའོ། །འདི་ལ་དབྱེ་ན་བཞི་སྟེ། ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བ། ཀློང་ཁྲ་བོ་སྣ་ཚོགས་སུ་སྨྲ་བ། ཀློང་དཀར་པོ་སེམས་སུ་སྨྲ་བ། ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླ་བའོ། །དང་པོ་ཀློང་ནག་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་འགྱུར་མེད་རང་རྫོགས་སུ་རྒྱུ་རྐྱེན་ལས་འདས་ཏེ་ཕྱོགས་ཆར་མེད་པས་ཆོས་ཅན་དང་ཆོས་ཉིད་ལ་མི་ལྟོས་པའོ། །དབྱེ་ན་མཛད་པ་ཀློང་ནག་གི་སྡེ། ཐུགས་རྗེ་ཀློང་ནག་གི་སྡེ། སྤྲུལ་པ་ཀློང་ནག་གི་སྡེ་དང་གསུམ་ལས། དང་པོ་ནི་རང་བྱུང་ཡེ་ཤེས་ཀྱི་དབྱིངས་ལས། ཤར་སྣ་ཚོགས་སུ་ལྡན་པ་ལྟར་ཤར་བ་ནས། སྣང་ངོ་རིས་མེད་དུ་སྣང་བ་རྣམས་རང་སྟོང་པས་རྒྱུ་རྐྱེན་རང་མཚན་དུ་མ་གྲུབ་ཅིང་། སྣང་བ་ནས་གྲོལ་བས་འཁོར་འདས་མིང་མེད་དུ་འུབ་ཆུབ་སྟེ། ཡིན་མིན་ཕྱོགས་མཉམ་གྱི་གཏན་ཚིགས་ཀྱིས་རྫོགས་པ་ཆེན་པོ་མུ་མཐའ་དང་བྲལ་བའི་ལྟ་བར་བསྒྲུབ་པའོ། །གཉིས་པ་ནི་ཤར་བ་ཡེ་ཤེས་ཡིན་པས་མཁྱེན་པ་གཞན་ལ་མི་ལྟོས་ལ། གྲོལ་བ་སེམས་ཉིད་ཡིན་པས་རྒྱུ་རྐྱེན་ལ་བཟླ་བ་སྟེ། ཤར་གྲོལ་གཉིས་མེད་དུ་གནས་པས་འབྲས་བུ་ཡེ་གྲོལ་དུ་གནས་པ་ཉིད། མཐུན་སྣང་རང་དག་གི་གཏན་ཚིགས་ཀྱིས་རྫོགས་པ་ཆེན་པོ་སྣང་བ་ནས་ཡེ་གྲོལ་དུ་འདོད་པའོ། །གསུམ་པ་ནི་རང་བྱུང་གི་ཡེ་ཤེས་རོལ་པ་དང་བཅས་པའི་ཆོས་ཐམས་ཅད་སྣང་དུས་ནས་ཡིན་མིན་ཕྱོགས་གཏད་དང་བྲལ་བས་རང་གཞན་གཉིས་བཅས་སུ་མ་གྲུབ། རྒྱུ་མེད་ཡེ་དག་ཏུ་གནས་པས་བྱས་བཅོས་ལྟོས་པ་མེད་དེ་ཡེ་གྲོལ་དུ་ཕྱོགས་མཉམ་གྱི་ཡེ་རྒྱས་བཏབ་པས། རང་དག་མི་གནས་པའི་ཡེ་ཤེས་ཆེན་པོར་ཡེ་ནས་གྲོལ་བས་ལྟོས་གཞི་ཟད་པའོ། །དེའང་འཁྲུལ་སེམས་ལ་བཟླ་བའི་གཏན་ཚིགས་ཀྱིས། བརྟགས་པ་རང་སར་གྲོལ་བར་

p. 1234

འདོད་པའོ། །གཉིས་པ་ཀློང་ཁྲ་བོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཀྱི་རོལ་པར་སྣང་བ་རྣམས། ཡིན་སྣ་ཚོགས་རང་ཤར་དུ་སྣང་བ་ཆོས་ཉིད་ཀྱི་རོལ་བ་ལ། མིན་ཕྱོགས་མེད་ཀུན་ཁྱབ་ཏུ་ཤར་བ་རོལ་པ་དགག་སྒྲུབ་ལས་འདས་པར་འདོད་དོ། །དེ་ལ་དབྱེ་ན་ཡོད་སྨྲ་སེམས་སྡེ་དང་མཐུན་པའི་ཀློང་ཁྲ་བོ་དང་། མེད་སྨྲ་རང་གནས་དང་མཐུན་པའི་ཀློང་ཁྲ་བོ་དང་། ཡོད་མེད་མན་ངག་དང་མཐུན་པར་སྨྲ་བའི་ཀློང་ཁྲ་བོ་དང་གསུམ་ལས། དང་པོ་ནི་རང་བྱུང་གི་ཡེ་ཤེས་ལ། གནས་གྲོལ་གང་དུའང་མ་ཕྱེས་བས་ངོ་བོ་རང་དག །དགག་སྒྲུབ་གཉིས་བཅས་སུ་མ་གྲུབ་པས་རང་བཞིན་འོད་གསལ། མཚན་ཉིད་གཉིས་སུ་མེད་པས་ཤར་གྲོལ་སེམས་ཉིད་དུ་འདུས་པར་འདོད་དོ། །དེའང་རོལ་པ་འགག་མེད་དུ་ཤར་བས་སྣང་སེམས་གཉིས་མེད་དུ་གྲོལ་བ་སྟེ། བློ་བྲལ་ངོ་བོ་ཉིད་ཀྱི་གཏན་ཚིགས་ཀྱིས་སྣང་བརྟགས་འཁོར་འདས་ཀྱི་ཆོས་རྣམས་རང་ས་ནས་ཡེ་གྲོལ་དུ་གནས་པ་ཞེས་བྱའོ། །གཉིས་པ་ནི་ངོ་བོ་མཐོང་སྣང་རང་ས་ནས་གྲོལ་བས་ཡོད་ཆོས་ཉིད་སྣ་ཚོགས་སུ་ཤར་བ་ལ། མེད་སྣང་བ་རང་ས་ནས་གྲོལ་བས་ལས་དང་རྣམ་སྨིན་ལས་འདས་པ་སྟེ། འགྱུ་བ་སྟོང་ཡལ་གྱི་གཏན་ཚིགས་ཀྱིས་མེད་སྣང་རང་དག་ཏུ་བསྒྲུབ་པའོ། །གསུམ་པ་ནི་ངོ་བོ་ཡེ་སྟོང་དུ་གནས་པས་ཡེ་དག་རྒྱུ་འབྲས་ལ་མི་ལྟོས། རྐྱེན་བྱུང་འདུས་བྱས་སུ་སྣང་བ་སྣང་སར་སྟོང་བས་འཁོར་འདས་ཕྱོགས་ཡན་དུ་གྲོལ། སྣང་བརྟགས་ཡེ་སྟོང་དུ་ཤར་བ་རང་བྱུང་གཞི་ལས་མ་གཡོས་པའི་གཏན་ཚིགས་སུ་ཤར་བས། བརྗོད་མེད་བློ་འདས་སུ་ཡེ་ནས་འདུག་པའི་ཕྱིར་བལྟར་མེད་གོམས་པ་མེད་པའི་གནད། གནས་འགྱུ་གཉིས་མེད་དུ་གྲོལ་བས་སེམས་ཉིད་འཕོ་འགྱུར་མེད་པའི་གནད། བྱས་ཆོས་གློ་བུར་དུ་ཤར་བས་འདུས་བྱས་ཡིད་དཔྱོད་ཀྱི་ལྟ་སྒོམ་གྱི་ངོ་བོ་ཡེ་གྲོལ་མི་རྟོག་པའི་གནད་དེ། གནད་གསུམ་གྱིས་འཁོར་འདས་རྩོལ་སྒྲུབ་མེད་པར་ལ་ཟློ་བ་ཡིན་ནོ། །གསུམ་པ་ཀློང་དཀར་པོ་སེམས་སུ་སྨྲ་བའི་ངོ་བོ་རང་བྱུང་རིག་པའི་ངང་ལ་ཕྱི་སྣང་ནང་རིག་

p. 1235

པར་ཤར་པ་རྣམས་སེམས་ཀྱི་རོལ་བ་སྟེ། སྣང་རྐྱེན་རང་གྲོལ་བས་བྱར་མེད་རྒྱུ་ནས་དག་སྟེ་གནས་ལུགས་ལ་བསྒྲུབ་ཏུ་མེད་པའོ། །དབྱེ་ན་བརྗོད་མེད་རང་ཤར་ཆེན་པོའི་ཀློང་དཀར་པོ་དང་། ལྟ་སྒོམ་གཉིས་སུ་མེད་པའི་ཀློང་དཀར་པོ་གཉིས་ལས། དང་པོའི་ངོ་བོ་མཐོང་བྱེད་ཅེར་གྲོལ་ལ། མཐོང་བ་རང་དག་པས་ཡུལ་སེམས་གཉིས་མེད་དུ་འདོད་དེ། དབྱེ་ན་རྒྱ་མཚོའི་ཀློང་དང་ནམ་མཁའི་ཀློང་གཉིས་ལས། རྒྱ་མཚོའི་ཀློང་ནི་ངོ་བོ་ཡེ་གྲོལ་གྱི་སྟེང་དུ་གནད་བྱར་མེད་དུ་མཐོང་བས་དྲན་བསམ་རང་གྲོལ་དུ་ཤེས་པ་ནི་ཡེ་གྲོལ་ཡོངས་གྲོལ་དུ་ཤར་བས་གཉིས་མེད་བློ་འདས་སུ་ཐག་ཆོད་པའོ། །དབྱེ་ན་རྒྱ་མཚོའི་ཀློང་ཆེ་ཆུང་གཉིས་ལས། ཆེ་བ་ནི་སེམས་རང་སྣང་སྟོང་པ་ཡེ་ནས་གྲོལ་བས་སེམས་ཉིད་སྟོང་པ་ལ་ལྟོས་པ་དག་སྟེ། སྣང་སེམས་རང་དག་གི་ངོ་བོར་ཆོས་ཉིད་ཡེ་འདས་ཆེན་པོར་ཐམས་ཅད་ཕྱོགས་གཅིག་པས། སྐྱེ་འགག་གནས་པས་སྟོང་ལ། སྟོང་པས་གང་དུའང་མ་གྲུབ་པར་འདོད་ཅིང་། ཀློང་ཆུང་བས་རྟེན་གཞི་ངོ་བོ་མེད་པས་སེམས་ལ་དྲི་མ་མེད་ལ། རྟེན་ཆོས་ཀུན་ལ་ཁྱབ་ཀྱང་རང་གསལ་འཕོ་འགྱུར་མེད་པས་འཁོར་རྐྱེན་རང་དག་སྟེ། འཁོར་བ་གཡུལ་བཟློག་ཆེན་པོར་འདོད་དོ། །ནམ་མཁའི་ཀློང་གི་ངོ་བོ་སེམས་ཉིད་བཅོས་སུ་མེད་པས་དེའི་ངང་ལས་ཤར་བའི་སེམས་རང་གྲོལ་བའོ། །དབྱེ་ན་ཉི་ཟླའི་ཀློང་དང་། རིན་པོ་ཆེའི་ཀློང་དཀར་པོ་གཉིས་སོ། །ཉི་ཟླའི་ཀློང་གི་ངོ་བོ་རྣམ་དག་སྟོང་པ་རང་བཞིན་སྐྱེ་མེད་ཡེ་གྲོལ་ལོ། །རིན་པོ་ཆེའི་ཀློང་གི་ངོ་བོ་ཡེ་ནས་ཡོན་ཏན་རང་རྫོགས་སུ་ཤར་བས་རྩོལ་སྒྲུབ་འབད་བཅས་ཀྱི་རྒྱུ་འབྲས་རང་དག །སེམས་ལ་བྱ་བ་མེད་པས་ཆོས་ཉིད་ལྷུན་གྲུབ་ཏུ་འདོད་པའོ། །བཞི་པ་ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླ་བའི་ངོ་བོ་ནི་རང་བྱུང་ཡེ་ཤེས་ཀྱི་ངང་ལས་ཤར་བའི་ཆོས་རྣམས་ནི། སྣང་བར་སེམས་ཀྱིས་ཤེས་ལ། མི་སྣང་བར་གནས་ལུགས་ཀྱིས་ཤེས་པར་འདོད་དོ། །དེ་ལ་དབྱེ་ན་བཞི་

p. 1236

སྟེ། བྱ་བ་དང་བྲལ་བ་ཕྱིའི་རབ་འབྱམས། གྲུབ་མཐའ་རང་གཞུང་དུ་སྨྲ་བ་ནང་གི་རབ་འབྱམས། གེགས་བསལ་བ་གསང་བའི་རབ་འབྱམས། གནད་བཀྲོལ་བ་དེ་ཁོ་ན་ཉིད་ཀྱི་རབ་འབྱམས་སོ། །དང་པོའི་ངོ་བོ་རང་བྱུང་གི་ཡེ་ཤེས་ལ་རྒྱུ་མེད་པས་ལྡོག་པ་མེད་པའི་གནད། རྐྱེན་མེད་པས་སྣ་ཚོགས་སུ་སྣང་བས་མི་གནོད་པའི་གནད། རྒྱུ་རྐྱེན་གཉིས་ཀ་མེད་པས་འཁོར་འདས་གང་དུའང་མ་གྲུབ་པའི་གནད་དང་གསུམ་གྱིས་སྤང་བླང་བྱ་རྩོལ་ལས་འདས་པར་འདོད་དོ། །དེའང་སེམས་ཀྱི་ངོ་བོ་ལ་བྱར་མེད་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བའི་གནད། སེམས་ལ་རྒྱུ་མཚན་མེད་པས་གཅིག་དང་ཐ་དད་ལས་འདས་པར་ཡེ་ནས་ཤར་བའོ། །གཉིས་པའི་ངོ་བོ་ནི་ཐེག་པ་བརྒྱད་ལ་རང་བྱུང་ཡེ་ཤེས་མི་ལྟོས་པས་རིམ་རྩོལ་བློར་གོལ་ཞིང་རྒྱུ་འབྲས་འཁོར་བའི་གཟེབ་ལས་མ་འདས་པར་བསལ་ཏེ། གཤིས་བྱར་མེད་ཕྱོགས་འབྱམས་ལ། སྣ་ཚོགས་སུ་སྣང་ཡང་གནས་ལུགས་གཅིག་ཏུ་གྲོལ་བས། རང་བྱུང་རྩོལ་སྒྲུབ་ལས་འདས་པ་ཞེས་བྱའོ། །དཔེར་ན་ཤིང་སྣ་ཚོགས་ཀྱི་གྲིབ་མ་སྣ་ཚོགས་མེད་པའམ། ཤིང་སྣ་ཚོགས་ཀྱིས་མེ་གཅིག་བསྐྱེད་པ་ལྟ་བུའོ། །དེའང་གནས་ལུགས་ཡེ་རྫོགས་ཀྱི་རྫོགས་པ་ཆེན་པོ། སྣ་ཚོགས་ཕྱོགས་མེད་ཀུན་ཁྱབ་ཏུ་ཤར་ཡང་། ཡེ་ནས་ཡེ་གྲོལ་ཅོག་གཞག་གི་དགོངས་པ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་རང་བཞིན་དུ་འདོད་དོ། །གསུམ་པའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལ་སྣང་སེམས་གང་ཡང་ཡོད་མ་མྱོང་བ་ལ། ཕྱོགས་འཛིན་གྱི་བློས་སྣང་བ་སེམས་སུ་གོལ་བའི་གེགས་རང་ངོ་ཡེ་དག་ཏུ་གསལ་བས། སྣང་སེམས་མ་སྤངས་རང་གྲོལ་ཆེན་པོར་རྫོགས་ཏེ་གཉིས་མེད་མཁའ་མཉམ་གཅིག་ཏུ་འུབ་ཆུབ། འགྱུ་བ་བློའི་གེགས་དྲན་བསམ་རང་ངོ་ནས་དག་པ་ཅེར་མཐོང་དུ་གསལ་བས་འཕྲོ་འདུ་ཆོས་ཉིད་དུ་ཤར་ཏེ་འགྱུ་བ་སྟོང་དག་ཆེན་པོར་འུབ་ཆུབ། ཡུལ་སྣ་ཚོགས་སུ་སྣང་བ་ཕར་ཆད། བློ་དེར་འཛིན་དུ་རིག་པ་ཚུར་

p. 1237

ཆད། གཅིག་ལ་གཅིག་མ་རེག་མ་འབྲེལ་བའི་ཆོས་ཉིད་དུ་ཡེ་ནས་ཡོད་པ་ལ། ངོ་མ་ཤེས་པས་གཉིས་བཅས་གཟུང་འཛིན་དུ་ཞེན་པ་རང་དག་ཅོག་གཞག་ཆེན་པོར་འུབ་ཆུབ་བོ། །དེའང་ལྟ་བ་ལ་ཡིན་པ་མེད་པས་ཚིག་དང་ཐ་སྙད་ལས་འདས། བསྒོམ་པ་ལ་མིན་བ་མེད་པས་བླང་དོར་དང་དགག་སྒྲུབ་མེད། སྤྱོད་པ་ལ་ཡིན་མིན་མེད་པས་བྱས་ཆོས་ཆོས་ཉིད་དུ་གྲོལ། འབྲས་བུ་ལ་སྤང་ཐོབ་མེད་པས་རང་གཞག་ལྟོས་པ་དང་བྲལ་བར་འདོད་དོ། །བཞི་པའི་ངོ་བོ་ནི་འཁོར་འདས་ཀྱི་ཆོས་རྣམས་སྣང་ཤེས་སྐུ་དང་ཡེ་ཤེས་སུ་ཤར་བས་འཁོར་འདས་གང་དུའང་མ་ཕྱེ་བའི་ཆོས་ཉིད་ཆེན་པོར་ད་ལྟའི་དུས་ནས་ཕྲི་བསྣན་མེད་པར་ཡུལ་སེམས་གང་སྣང་དེ་ཀར་འདོད་ལ། དེ་ལའང་ཡིན་ཐོག་ངོས་ཟིན་པ་དེར་ཅེར་རེ་ལྷན་ནེར་ཡེང་མེད་ཆེན་པོར་གློད་པས། མི་འགྱུར་ལྷུན་གྲུབ་ཆེན་པོའི་གཟེར་གཟུང་འཛིན་གཉིས་ཀྱི་བར་དུ་ཐེབས་པ་ཞེས་བྱ་སྟེ། འཁོར་བ་འཁྲུལ་པར་སྣང་བ་མ་བསྒྱུར་མ་སྤངས་པར་ཆོས་ཉིད་བྱ་རྩོལ་མེད་པར་ཀུན་ཏུ་བཟང་པོའི་དགོངས་པར་ལ་ཟློ་སྟེ། རང་ངོ་ཅེར་མཐོང་གི་གནད་དྲན་སེམས་རང་སར་གཞག་པས་སྤྲོས་པས་བསམ་པ་ཁོང་དག་གི་ངོ་བོ་ཕྱི་ནང་ཡུལ་མེད་དུ་གྲོལ་ནས་རྟེན་མེད་ཡོངས་གྲོལ་ཆེན་པོར་སངས་རྒྱ་བ་ཞེས་བྱ་སྟེ། དྲན་པས་མ་ཚོལ་ཁྲོ་མེད་པས་བློ་ལས་འདས་པ། གང་སྣང་རྟེན་མེད་དུ་ཤར་བས་ཡུལ་ལས་འདས་པ། གང་ཤར་དེ་ཉིད་དུ་ཞིག་པས་སྤང་གཉེན་ལས་འདས་པ། སྣང་བརྟགས་རོ་མཉམ་དུ་ཤར་བས་བྱ་རྩོལ་རྒྱུ་འབྲས་ལས་འདས་པ་ཞེས་བྱའོ། །དེ་དག་ཀྱང་བསྡུ་ན་རོལ་པ་རྒྱན་ཆོས་ཉིད་བྱ་བྲལ་གྱི་ཀློང་བཞིར་འདུས་པ་ལས། རོལ་པའི་ཀློང་ནི་ཡིན་ཕྱོགས་མེད་ཀྱི་རོལ་པ་འགག་མེད་དུ་ཤར་བའི་ངང་ནས་འཁོར་འདས་མི་གཡོ་འཕོ་འགྱུར་མེད་ལ། མིན་ངོས་མེད་ཀྱི་རོལ་བ་མཐར་འཛིན་དུ་མ་གྲུབ་པས། ཕྱོགས་ཡན་ནམ་མཁའ་དང་འདྲ་བའི་དགོངས་པར་ཤེས་པར་བྱའོ། །རྒྱན་གྱི་ཀློང་ནི་སྣང་བ་སེམས་ཀྱི་རྒྱན་དུ་ཡེ་ཤར།

p. 1238

སེམས་ཉིད་རང་བྱུང་གི་རྒྱན་དུ་ཡེ་ཤར། རང་བྱུང་བཅོས་བསླད་མེད་པའི་རྒྱན་དུ་ཡེ་ཤར་ཏེ། སྐྱེ་མེད་ཀྱི་ངང་ལས་འགག་མེད་དུ་ཤར་བས་སྣང་སེམས་མི་དགག་མི་བསྒྲུབ། རང་འགྲོས་རང་གཞག་རང་གསལ་ཆེན་པོའི་དགོངས་པར་ཤེས་པར་བྱའོ། །ཆོས་ཉིད་ཀྱི་ཀློང་ནི་ཐམས་ཅད་གང་ནས་ཀྱང་མ་འོངས། གང་དུ་ཡང་མི་གནས། གར་ཡང་མི་འགག་པ་ཆོས་ཉིད་ཀྱི་ངང་ལས། ཆོས་ཉིད་ཀྱི་སྣང་བའམ་རོལ་པའམ་རྩལ་སྣ་ཚོགས་སུ་སྣང་བ་མཚར་ཆེ། འབྱུང་བཞིའི་འཕོ་འགྱུར་ནམ་མཁའི་དབྱིངས་སམ་ངང་ལས་མ་གཡོས་པ་ལྟར། ཆོས་ཉིད་ཡེ་སྟོང་ཡེ་གྲོལ། ཡེ་གཞག་ཆེན་པོའི་ངང་དུ། བློ་འབྱུང་འཇུག་རེ་དོགས་དང་བྲལ་བར་ཕྱམ་གདལ་བ་ཡིན་ནོ་ཞེས་འདོད་དོ། །བྱ་བ་དང་བྲལ་བའི་ཀློང་ནི་ཆོས་གང་ལའང་ཆེད་དུ་འབད་རྩོལ་གྱིས་བླང་དོར་མི་དགོས་ཏེ། མ་བྱས་ཡེ་ཟིན། མ་གྲོལ་ཡེ་གྲོལ། མ་སྦྱངས་ཡེ་དག །མ་བསྒྲུབས་ཡེ་གྲུབ་ཏུ་འདུག་པས། ནམ་མཁའ་འཕོ་འགྱུར་དང་བཅོས་བསླད་མེད་པ་ལྟར་ཤེས་པར་བྱའོ་ཞེས་འདོད་དོ། །དེ་ལྟར་ཀློང་གི་སྡེ་རྣམས་བསྡུས་ན་དགུར་འདུས་ཏེ། ལྟ་བ་ལ་འཕོ་འགྱུར་མེད་པའི་ཀློང་། སྒོམ་པ་ལ་ཡིན་མིན་མེད་པའི་ཀློང་། འབྲས་བུ་ལ་རེ་དོགས་མེད་པའི་ཀློང་། ངོ་བོ་ལ་གྲུབ་བསལ་མེད་པའི་ཀློང་། རང་བཞིན་ལ་མ་འགགས་རོལ་པའི་ཀློང་། མཚན་ཉིད་ལ་སྣང་སེམས་གྲོལ་བའི་ཀློང་། དབྱིངས་ལ་འཕོ་འགྱུར་མེད་པའི་ཀློང་། རོལ་པ་འགག་མེད་རང་ཤར་གྱི་ཀློང་། ལྷུན་མཉམ་ཡེ་གྲོལ་ཅོག་གཞག་གི་ཀློང་ངོ་། །དེ་དག་ཀྱང་བསྡུ་ན་གསུམ་དུ་འདུས་ཏེ། ལྷུན་གྲུབ་ཡངས་པ་ཆེན་པོའི་ཀློང་། རང་གསལ་བྱ་རྩོལ་མེད་པའི་ཀློང་། མ་བྱས་ཡེ་ནས་གྲུབ་པའི་ཀློང་ངོ་། །དེ་དག་གི་ཚུལ་རྒྱས་པར་སྟོན་པའི་རྒྱུད་སྟོང་ཕྲག་གསུམ་གྱི་མཚན་གྱིས་བསྡུས་པ་རྣམས་ལ། ལེའུ་ཁྲི་ཕྲག་གཅིག་དང་ཆིག་སྟོང་། ཤླཽ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད་པ་རྣམས། ལ་བཟླ་བ་ཁྲི་ཕྲག་བརྒྱད་དུ་འདུས་ལ། དེའང་

p. 1239

ཤན་འབྱེད་པ་ཁྲི་ཁྲག་གཉིས་སུ་འདུས། དེའང་གེགས་དགུ་བརྒྱར་འདུས་ཏེ། གནད་སྟོང་ཕྲག་གཉིས། གཟེར་བུ་ལྔ་བཅུ་དང་བཅས་པ་ཐམས་ཅད་བྱས་གྲོལ། གཞག་གྲོལ། ཅེར་གྲོལ་གྱི་འཕྱོངས་གསུམ་དུ་འདུས་པའོ། །དོན་གསུམ་པ་མན་ངག་གི་སྡེ་ལ་གསུམ་སྟེ། ཁྱད་པར། ངོ་བོ། དབྱེ་བའོ། །དང་པོ་ནི་སེམས་ཀློང་གཉིས་ལས། ཆེས་ཁྱད་པར་དུ་འཕགས་ཏེ། བཀོད་པ་ཆེན་པོ་ལས། ཀྱེ་རྡོ་རྗེ་འཛིན་པ། དེ་ལྟར་གཏན་ལ་མ་ཕབ་ན། །ཡིད་དཔྱོད་འཛིན་པ་རྣམས་དང་ནི། །ཁྱད་པར་ཅི་ཡང་མེད་པར་འགྱུར། །དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེའམ། །བ་གླང་རྣམས་ལས་གླང་ཆེན་ནམ། །གཅན་གཟན་རྣམས་ལས་སེང་གེའམ། །རྐང་ཐང་རྣམས་ལས་རྟ་པ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་པས། སེམས་སྡེ་སེམས་ཡིན་པ་ལ་ལ་ལས་ཡིད་དཔྱོད་འཛིན་ལ། ཀློང་སྡེ་ཆོས་ཉིད་ལ་འཛིན་པས་ཡིད་དཔྱོད་དུ་སོང་བ་ལས། མན་ངག་གི་སྡེ་ནི་གནས་ལུགས་རང་གསལ་དུ་བྱེད་པས་འཕགས་སོ། །གཉིས་པ་ངོ་བོ་ནི་ཡིན་སྙམ་ཡིད་དཔྱོད་དུ་མ་ལུས་པར་གནད་ཐོག་ཏུ་ཕེབས་པས་མེ་བཙའ་ལྟ་བུའོ། །དབྱེ་ན་གསུམ་སྟེ། ཁ་འཐོར། ཁ་གཏམ། རྒྱུད་རང་གཞུང་དུ་གསུངས་པའོ། །དང་པོ་ངོ་བོ་ནི་བློ་འདས་རང་བྱུང་གི་ཡེ་ཤེས་གནད་ལ་བརྟེན་ནས་སྐད་ཅིག་ལ་འཆར་བའོ། །དབྱེ་ན་གཉིས་ལས། བཞག་པ་ལམ་གྱི་མཐའ་གཅོད་པའི་མན་ངག་ནི་གཞིའི་ཁྱད་སྤྲོས་གཞི་ཚིག་ཙམ་དུའང་མ་གྲུབ་པས་མིང་ཚིག་ལས་འདས་ཏེ་ཡི་གེ་མེད། ལམ་གྱི་ཁྱད་དེ་ལྟར་རང་ངོ་སྤྲོས་བྲལ་ལམ་དུ་ཤར་བ་ན་བྱ་རྩོལ་མེད་པས་འབྲས་བུ་རང་ས་ཟིན་པ་ལྟར་ཆོས་ཉིད་ལ་འཕོ་འགྱུར་མེད་པའོ། །དེའང་བྱ་བྱེད་རྒྱུ་རྐྱེན་མེད་པའི་གཏན་ཚིགས་ཀྱིས་འཁོར་བ་དོང་སྤྲུགས་མྱང་འདས་རང་ས་ན་གྲོལ་བར་འདོད་དོ། །གྲོལ་བ་སྟོབས་དག་པས་ལམ་མངོན་དུ་གྱུར་བའི་མན་ངག་ནི། ཆོས་ཉིད་གནས་པའི་ཆ་

p. 1240

ནས་སེམས་ལ་འགྱུར་བ་མེད་པས་གཞི་བྱས་ཏེ། སྐུ་གསུམ་ལམ་ལ་སྣང་བའི་དུས་ན་མ་གྲོལ་བ་གང་ཡང་མེད་ལ། འབྲས་བུ་གནད་ལ་ཕེབས་པའི་དུས་ན་ཆོས་ཉིད་མ་དང་ཕྲད་པར་འདོད་པའོ། །ཁ་གཏམ་གྱི་ཚུལ་དུ་གསུངས་པའི་ངོ་བོ་བློ་བྲལ་མ་འཁྲུལ་བ། རང་བཞིན་རྣམ་རྟོག་ཁུངས་ཟད་པ། མཚན་ཉིད་གཉིས་མེད་ངོས་གཟུང་དང་བྲལ་བའོ། །དབྱེ་ན་གཉིས་ལས། གླེང་བ་ཡེངས་ལ་བོར་བའི་ཁ་གཏམ་ནི་རྩ་གནད་ཀྱི་རླུང་རླུང་གི་གནད་ཀྱིས་སེམས་རང་ཞིར་ཐིམ་པས་ཡེ་ཤེས་གསལ་ལ་དོན་དེ། སྒོ་གསུམ་འབྲེལ་ཐག་ཆོད་ནས། འགྱུ་བ་རང་སར་གྲོལ་ཏེ་སངས་རྒྱས་དང་སེམས་ཅན་གླེང་བ་ཆད་པའི་མན་ངག་གོ། ཁར་ཕོག་དུས་མེད་པའི་ཁ་གཏམ་ནི་དབྱིངས་རྒྱ་ཆེ་བའི་ངོས་ནས་གང་ཡང་མ་ཤོང་བ་མེད་པས་འཁོར་འདས་ཀྱི་ཁྱབ་བརྩི་བ་དང་། ཆོས་དབྱིངས་སྟོང་པ་ལ་ངོས་གཟུང་མེད་པས་ངོ་བོ་འགྱུར་བརྩི་བ་དང་། དབྱིངས་ལ་བྱ་རྩོལ་མེད་པས་རང་བྱུང་གི་ཡེ་ཤེས་ངོས་གཟུང་བའོ། །གསུམ་པ་རྒྱུད་རང་གཞུང་དུ་གསུངས་པའི་མན་ངག་གི་ངོ་བོ་བཀའ་ཐམས་ཅད་ཀྱི་བྱུང་སར་གྱུར་པ། རང་བཞིན་འཁོར་འདས་དང་བྲལ་བས་སྤང་བླང་བྱ་རྩོལ་མེད་པ། ཆོས་ཉིད་སྒྲ་ཚིག་དང་བྲལ་བས་སྟོང་ཉིད་རྩོད་གཞི་དང་བྲལ་བའོ། །དབྱེ་ན་བཞི་སྟེ། ལྟ་བ་དགོངས་དྲིལ་བ། གཏར་ག་གེགས་སེལ་བ། གབ་པ་མངོན་དུ་ཕྱུང་བ། བཤད་པ་རང་གསལ་གྱི་ཚུལ་དུ་བཀའ་སྩལ་བའོ། །དང་པོའི་ངོ་བོ་སྤྲོས་མེད་གཞི་ལ་ཁྱབ་པས་ལས་ལ་བཟང་ངན་མེད་དེ་ཁམས་གསུམ་ཡོངས་གྲོལ་དུ་ཤར། རང་བཞིན་སྟོང་གསལ་དུ་གནས་པས་དགེ་སྡིག་ཕན་གནོད་དང་བྲལ་ཏེ་སངས་རྒྱས་དང་སེམས་ཅན་མེད། མིང་ཚིག་ཡི་གེ་མེད་པས་ཐེག་པ་སྣ་ཚོགས་ཀྱི་ཆོས་ཀྱིས་སངས་མི་རྒྱ་བས་དབང་པོ་ཅིག་ཅར་གྲོལ་བར་བསྟན་ཏོ། །དབྱེ་ན་གཉིས་ལས། སྣང་བརྟགས་ལྟ་བར་འདོད་པ་བྱར་མེད་པ་ནི་ངོ་བོ་ལ་ཆོས་མེད་པས་སངས་རྒྱས་མིང་དུའང་མེད། རང་བཞིན་རྩལ་དུ་ཤར་བས་འཁོར་བ་སོ་སོར་སྣང་། མཚན་ཉིད་གཅིག་ཏུ་

p. 1241

མ་ངེས་པས་ལྟ་སྒོམ་ལ་ཚད་མེད་པའོ། །སེམས་རྟོག་ལྟ་བར་དྲིལ་བའི་ངོ་བོ་སྐྱེ་མེད་དུ་དག་པས་ཉོན་མོངས་རང་སར་གྲོལ། རང་བཞིན་འགག་མེད་དུ་ཤར་བས་སྤང་བླང་དགག་སྒྲུབ་མེད། མཚན་ཉིད་ཡེ་གྲོལ་དུ་ཤར་བས་འཁོར་འདས་ཀྱི་ལམ་ཟད་པའོ། །གཉིས་པ་གཏར་ག་གེགས་སེལ་གྱི་ཚུལ་དུ་བཀའ་སྩལ་པའི་ངོ་བོ་ཆོས་ཉིད་ཀྱི་གཤིས་བསྟན་པས་འཁོར་འདས་ཀྱི་མཚམས་ཕྱེད། རང་བཞིན་འཆུགས་ས་མེད་པས་བློ་མ་བུའི་སྡེབས་མེད། མཚན་ཉིད་གཞི་དག་པས་འཁྲུལ་བ་རང་ཐོག་ཏུ་བསལ་པའོ། །དབྱེ་ན་དངོས་པོ་འདུག་ཚུལ་གྱི་གེགས་བསལ་བ་དང་། ལྟ་སྒོམ་དྲོད་ཚད་ཀྱི་གེགས་བསལ་པའོ། །དང་པོ་ནི་ངོ་བོ་བཅོས་སུ་མེད་པས་ཅིར་སྣང་སེམས་ཡིན་དུ་གྲོལ། རང་བཞིན་རྒྱུ་འབྲས་མེད་པས་ཁམས་གསུམ་མིང་མེད་དུ་སྟོངས། མཚན་ཉིད་གོམས་མ་དགོས་པས་ཤེས་བྱ་གཞན་ལ་མི་ལྟོས་པའོ། །གཉིས་པ་ནི་ལྟ་བའི་དྲོད་འཁོར་འདས་གཉིས་རོ་མཉམ་དུ་འདྲེས་པ་སྟེ། དེའང་ལྟ་བ་གཡོ་བའི་དུས་འཁོར་བའི་ཆོས་ཉིད་ངོས་ཟིན་པ་འདྲེ་རྐུན་ངོས་ཟིན་པ་ལྟ་བུའོ། །ལྟ་བ་ཐོབ་པའི་དུས་ལུས་ངག་ལ་དྲོད་ཐོབ་པ་སྟེ་མེ་འབར་བ་ལ་ཤིང་བསྣན་པ་ལྟ་བུའོ། །ལྟ་བ་བརྟན་པའི་དུས་འཁོར་འདས་ཀྱི་ཤན་ཕྱེད་པ་སྟེ་དམག་མི་གཡུལ་ལས་རྒྱལ་བ་ལྟ་བུའོ། །སྒོམ་པ་གཡོ་བའི་དུས་རླུང་སེམས་ལ་བྱན་ཚུད་པ་ཕྱུག་པོའི་མཛོད་ཁང་དུ་ཕྱིན་པ་ལྟ་བུའོ། །སྒོམ་པ་ཐོབ་པའི་དུས་སེམས་ལམ་དུ་ཚུད་པ་གླང་པོ་ཆེ་བྲེས་ན་ཉལ་བ་ལྟ་བུའོ། །སྒོམ་པ་བརྟན་པའི་དུས་རིག་པ་སྟོབས་རྙེད་པ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་པ་ལྟ་བུའོ། །སྤྱོད་པ་གཡོ་བའི་དུས་ཤེས་པའི་གཏད་འཛིན་ཡལ་བ་སྨྱོན་པ་ཁྲོག་ལངས་པ་ལྟ་བུའོ། །སྤྱོད་པ་ཐོབ་པའི་དུས་འཁྲུལ་སྣང་ཟིལ་གྱིས་ནོན་པ་ཁྱུང་ནམ་མཁར་ལྡིང་བ་ལྟ་བུའོ། །སྤྱོད་པ་བརྟན་པའི་དུས་སུ་སྐུ་གསུམ་གྱི་དྲོད་ཚད་ཟིན་པ་བྲམ་ཟེའི་བུ་མོ་ལས་ཟིན་པ་ལྟ་བུའོ། །དེའང་སྤྱོད་པས་སྣང་བའི་གེགས་བསལ་བས་སྣང་རྐྱེན་

p. 1242

གྲོགས་སུ་ཤར་ཏེ་ཆོས་ཉིད་ལས་འགྲོ་ས་མེད། སྒོམ་པས་འགྱུ་བའི་གེགས་བསལ་བས་དྲན་བསམ་ཏིང་ངེ་འཛིན་ལས་འགྲོ་ས་མེད། ལྟ་བས་ཆོས་ཉིད་ཀྱི་གེགས་བསལ་བས་ཆོས་ལ་མ་བརྟེན་ཡང་སངས་རྒྱས་ལས་འགྲོ་ས་མེད་པའོ། །གསུམ་པ་གབ་པ་མངོན་བྱུང་གི་ཚུལ་དུ་བཀའ་སྩལ་བའི་ངོ་བོ་ཐོབ་ཏུ་མེད་པས་གང་ལའང་གདེང་མི་འཆའ། རང་བཞིན་ལ་ཕྱོགས་རིས་མེད་པས་རེ་དོགས་ཀྱི་འཕྲེང་མི་འཆའ། མཚན་ཉིད་ལ་བརྟགས་ན་མི་རྙེད་པས་འཁོར་འདས་ཀྱི་རྩ་བ་རུལ་བ་ཞེས་བྱའོ། །དབྱེ་ན་གཅིག་གབ་ནས་གཉིས་མངོན་དུ་ཕྱུང་བ་དང་། གཉིས་གབ་ནས་གཅིག་མངོན་དུ་ཕྱུང་བ་གཉིས་ལས། དང་པོ་ནི་ལྟ་སྤྱོད་གཉིས་མངོན་ལ་སྒོམ་པ་གབ་ན། དེའི་ངོ་བོ་ཟུང་འཇུག་ལ་ཐོག་མཐའ་མེད་པས་འཁོར་འདས་ཀྱི་ཐོག་མཐའ་ཆད་དོ། །རང་བཞིན་ཐ་དད་མ་ཡིན་པས་ཐིག་ལེ་ལ་ཕྱི་ནང་མེད། མཚན་ཉིད་ལ་ལྟོས་པ་མེད་པས་རྒྱུ་མེད་ཟང་ཐལ་བའོ། །ཡང་སྤྱོད་པ་གབ་ནས་ལྟ་སྒོམ་གཉིས་མངོན་ལ་སྟོང་པས་སྟོང་པ་དག་པ་ཞེས་བྱའོ། །ལྟ་བ་གབ་ནས་སྤྱོད་སྒོམ་གཉིས་གསལ་ན་འཛིན་མེད་ཀྱི་ཤེས་པ་ཕྱོགས་མེད་དུ་ཤར་བས་ཡུལ་མེད་ཀྱི་རིག་པ་གཏད་མེད་དུ་གྲོལ་བ་ཞེས་བྱའོ། །གཉིས་པ་ནི་སྒོམ་པ་ཕྱུང་ནས་ལྟ་སྤྱོད་གབ་ན་གཏད་མེད་ཀྱི་རིག་པ་ལྟོས་མེད་དུ་ཕྱུང་བས་རྒྱུ་མེད་ཀྱི་འབྲས་བུ་རང་ལ་གནས་པ་ཞེས་བྱའོ། །སྤྱོད་པ་ཕྱུང་ནས་ལྟ་སྒོམ་གབ་ན་ལུས་གཡང་སར་བོར་ནས་སེམས་ཆོས་ཉིད་དུ་སོང་བ་ཞེས་བྱའོ། །ལྟ་བ་ཕྱུང་ནས་སྤྱོད་སྒོམ་གཉིས་གབ་ན་སེམས་སྟོང་ཉིད་དུ་བསྐྱལ་བས་ལུས་ངག་གནད་ལ་ཕེབས་པ་ཞེས་བྱའོ། །ཚུལ་འདི་ལྟ་བུའི་རྒྱུད་ལུང་ཤིན་ཏུ་མང་སྟེ། ཁ་ཅིག་ཏུ་དབྱིངས་ལྟ་བ་གཙོ་བོར་བསྟན་ནས་གཞན་ཞོར་ལ་སྟོན་པ་ཀུན་བྱེད་ལ་སོགས་པ་བཞིན་ནོ། །བཞི་པ་བཤད་པ་རང་གསལ་གྱི་ཚུལ་དུ་བཀའ་སྩལ་པའི་ངོ་བོ་ནི་སྒྲ་ཚིག་ལས་འདས་པས་གྲུབ་པའི་མཐའ་ལ་མི་གནས་པ། རང་བཞིན་ཀ་ནས་དག་པའི་ཆོས་ཉིད་ཕྱོགས་མེད་དུ་རང་ཤར། མཚན་ཉིད་བློ་

p. 1243

ལས་འདས་པས་འགྱུ་བྱེད་འཕྲོ་འདུ་དང་བྲལ་བའོ། །དབྱེ་ན་གསུམ་སྟེ་འཁྲུལ་བ་བདེད་དུ་འདོད་པ། འཁྲུལ་བ་གཞི་ལ་བཟློག་པ། ཐིག་ལེ་རང་གནད་ལ་ཕེབས་པའོ། །དང་པོའི་ངོ་བོ་འཁྲུལ་པ་མ་རིག་པའི་རྩ་བས་ཁམས་གསུམ་འཁོར་བའི་གཞི་བཏིང་བ་དེ་ཉིད་རང་དུ་དེད་པས་མ་རིག་པ་རྩད་ཆོད། རང་རིག་དང་པོའི་གཞི་ལ་འཁྱོལ་ཏེ་བཟློག་པ་མེད་པའོ། །རང་བཞིན་སྣ་ཚོགས་སུ་བྱུང་བས་རྒྱུ་རྐྱེན་གྱི་བདེད་ནས་དམིགས་པའི་གདར་ཤ་ཆོད། འཁོར་བ་འཁྲུལ་བའི་གཞི་ཟད་ཡེ་དག་ཆེན་པོ་ཞེས་བྱའོ། །མཚན་ཉིད་འཁྲུལ་བ་རང་དག་པས་ཤེས་པ་འཁྲུལ་བའི་ལམ་ཟད་པའོ། །དབྱེ་ན་གསུམ་ལས། འཁྲུལ་བ་རྩད་བཅད་པས་འཁོར་འདས་ལྟོ་བཟློག་པའི་ལུགས་ཀྱི་ངོ་བོ་ནི་འཁྲུལ་བའི་རྩ་བ་མ་རིག་པ་ཉིད་རང་གྲོལ་བར་ཤེས་པས་ཡེ་ནས་འཁྲུལ་མ་མྱོང་བའི་རྒྱས་ཐེབས་པ་སྟེ་འཁྲུལ་མ་འཁྲུལ་ལས་འདས། རང་བཞིན་སོ་སོར་འཁྲུལ་པས་ཀུན་བརྟགས་གློ་བུར་བའི་ཚད་ཟིན་ཏེ་གཟུང་འཛིན་གྱི་ཡུལ་ལས་འདས། མཚན་ཉིད་འཁྲུལ་པ་ངོ་ཤེས་པས་མ་འཁྲུལ་བའི་ཡེ་ཤེས་ཀྱི་དྲོད་ཚད་ཟིན་པའོ། །འཁྲུལ་པ་རང་སོ་ལ་བཞག་པས་མ་འཁྲུལ་པའི་ཆོས་ཉིད་ངོས་ཟིན་པའི་ངོ་བོ་ནི་དང་པོ་འཁྲུལ་མ་མྱོང་བས་མ་རིག་པའི་རྒྱུ་དག །ད་ལྟར་འཁྲུལ་བར་མི་གནས་པས་ལས་དང་ཉོན་མོངས་པའི་གཞི་སྟོངས། ཕྱིས་འཁྲུལ་མི་སྲིད་པས་ལས་དགེ་སྡིག་གི་མཐའ་ཆོད་པའོ། །རང་བཞིན་ལ་དབྱེར་མེད་པས་འཁོར་འདས་རིག་པར་གཞི་གཅིག་སྟེ་འཁྲུལ་བ་རང་དག །མཚན་ཉིད་ལ་འཁྲུལ་རྒྱུ་མེད་པས་ཁམས་གསུམ་དོང་སྤྲུགས་པའོ། །འཁྲུལ་གཞི་མགོ་བསྐོར་བས་འཁྲུལ་འཁོར་རྒྱུན་ཆད་པའི་ངོ་བོ་འཁོར་བར་ལྟུང་བྱེད་གཞི་སྟོངས་པས་མ་རྙེད་པའི་གཞི་འཆོས། རང་བཞིན་རྩིས་ལས་འདས་པས་འཁྲུལ་མ་འཁྲུལ་དུ་མ་གྲུབ་སྟེ། མཚན་ཉིད་འཁྲུལ་མ་འཁྲུལ་གྱི་བློ་དང་བྲལ་བའོ། །ཐིག་ལེ་རང་གནད་ལ་འབེབས་པའི་རང་ངོ་ཉག་གཅིག་སྤྲོས་པ་དང་བྲལ་བས་གཅིག་དང་དུ་

p. 1244

མ་མེད། རང་བཞིན་གཉིས་སུ་མེད་པས་ཐ་སྙད་ཚིག་ལས་འདས། མཚན་ཉིད་ངོ་སྤྲད་པས་ཡིད་ཆེས་ཏེ་ཐག་ཆོད་པའོ། །དབྱེ་ན། སྙན་བརྒྱུད་དང་། བཤད་རྒྱུད་གཉིས་སོ། །སྙན་བརྒྱུད་ནི་ངོ་བོ་གཅིག་ནས་གཅིག་ཏུ་དངོས་སུ་བརྒྱུད་པས་འབྲེལ་བས་ཉེ་ལ། རང་བཞིན་རྣ་བའི་དབང་པོ་དང་འབྲེལ་བས་བར་མ་ཆོད། མཚན་ཉིད་ནོར་འཆུགས་མེད་པས་ཡིད་ཆེས་གདེང་དང་བཅས་པའོ། །དབྱེ་ན་ཡི་གེ་ཅན་དང་ཡི་གེ་མེད་པའི་སྙན་བརྒྱུད་ཚིག་དོན་གྱི་མན་ངག་ཏུ་བབ་པ་རྣམས་སོ། །བཤད་རྒྱུད་ཀྱི་ངོ་བོ་བྱ་རྩོལ་མེད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལ་རྒྱུ་མེད་པས་ཁམས་གསུམ་དུ་ལྡོག་པའི་གཞི་མེད། རང་བཞིན་འོད་གསལ་དྲི་མ་མེད་པས་ཡེ་ཤེས་ལྔའི་མཚན་ཉིད་ཤེས། མཚན་ཉིད་རྟོག་དཔྱོད་ལས་འདས་པས་སྐུ་གསུམ་ཡེ་ཤེས་ལྔའི་དགོངས་པ་ལ་རྟག་ཏུ་གནས་པའོ། །དབྱེ་ན་བཞི་སྟེ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པའི་སྐོར་རོ། །དང་པོ་ཕྱི་སྐོར་གྱི་ངོ་བོ་ཉོན་མོངས་པ་སྤང་དུ་མེད་པས་དུག་ལྔ་ལམ་ཁྱེར་ལ་གནས། རང་བཞིན་རྩོལ་སྒྲུབ་མེད་པས་ཅིར་སྣང་ཆོས་ཉིད་དུ་འཆར། མཚན་ཉིད་ཕྱོགས་ཆ་མེད་པས་སྟོང་ཉིད་གང་དུའང་མ་ཕྱེ་བའོ། །ནང་སྐོར་གྱི་ངོ་བོ་གཟུགས་ཅན་རང་མཚན་དུ་མེད་པས་མཚན་མ་མེད་པའི་ཆོས་ཉིད། རང་བཞིན་འགྲོ་འོང་མེད་པས་དུས་རྟག་པར་གནས་པའི་ཡེ་ཤེས། མཚན་ཉིད་ཟུག་པའི་ངོས་ནས་རྩ་བ་ལྟར་བྱུང་། འདྲིལ་བའི་ངོས་ནས་སྡོང་པོ་ལྟར་བྱུང་། རྒྱས་པའི་ངོས་ནས་ལོ་འདབ་ལྟར་བྱུང་། གསལ་བའི་ངོས་ནས་མེ་ཏོག་ལྟར་བྱུང་། སྨིན་པའི་ངོས་ནས་འབྲས་བུ་ལྟར་བྱུང་བའོ། །གསང་སྐོར་གྱི་ངོ་བོ་ངོ་སྤྲད་པ་དང་རྟོགས་པ་ཐོབ་པ་དུས་མཉམ་པས་ཐོས་བསམ་སྒོམ་གསུམ་ལ་རག་མ་ལུས། རང་བཞིན་དབུགས་ཆད་པ་དང་སངས་རྒྱ་བ་དུས་མཉམ་པས། བརྩོན་འགྲུས་དང་གོམས་སྟོབས་ལ་རག་མ་ལུས། མཚན་ཉིད་སངས་རྒྱས་པ་དང་ཐུགས་རྗེ་འབྱུང་བ་དུས་མཉམ་པས་རྒྱུ་ཚོགས་གཉིས་རྫོགས་པ་ལ་རག་མ་ལུས། གསང་བ་བླ་

p. 1245

མེད་སྐོར་གྱི་ངོ་བོ་ཚིག་ལ་མ་བརྟེན་པས་རྟོག་དཔྱོད་ཀྱི་ཤེས་རབ་ལ་རག་མ་ལུས། རང་བཞིན་མངོན་སུམ་དུ་ཤེས་པས་ཡིད་དཔྱོད་འཛིན་པའི་ལྟ་བ་ལ་མི་གནས། མཚན་ཉིད་སྣང་བ་བཞི་ཚད་ལ་ཕེབས་པས་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལ་རེ་ལྟོས་མི་འཆའ་བའོ། །དེའང་ཡེ་ནས་ལྷུན་གྱིས་གྲུབ་པ་ཚེ་འདིར་མངོན་དུ་འགྱུར་བའི་ཕྱིར་རོ། །དེ་དག་གི་རང་བཞིན་ལུང་གིས་ཡིད་ཆེས་པར་བྱ་བ་ནི། སློབ་དཔོན་བི་མ་ལའི་སྒྲོན་མ་སྣང་བྱེད་ལས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བསྟན། །ནང་སྐོར་མིག་དང་འདྲ་སྟེ་མཐོང་བ་བརྡ་ཡི་ཆོས། །གསང་སྐོར་སྙིང་དང་འདྲ་སྟེ་དྲན་བྱེད་ཟུངས་ཀྱི་ཆོས། །འདི་ནི་ལུས་ཀུན་རྫོགས་པའི་སྐྱེས་བུ་འདྲ། །ཞེས་སོ། །དེ་ལྟ་བུའི་རྫོགས་པ་ཆེན་པོ་མན་ངག་གི་སྡེ་སྐོར་ཕྱི་ནང་གསང་བ་བླ་མེད་བཞི་ལ་རྗོད་བྱེད་ཀྱི་རྒྱུ་མཚན་སོ་སོ་བ་ཁྲི་ཕྲག་གཉིས་དང་བཅུ་གཉིས། ལེའུ་སྟོང་ཕྲག་སུམ་ཅུ་རྩ་ལྔ། ཤླཽ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། གནད་སྟོང་ཕྲག་ལྔ། འཕྱོང་ཆེན་པོ་བརྒྱད། གཟེར་བུ་བརྒྱ་དང་བརྒྱད་ཅུ། གེགས་སྟོང་ཕྲག་དགུ་བརྒྱ། ཤན་འབྱེད་ཁྲི་ཕྲག་བདུན། ལ་བཟླ་བ་འབུམ་ཕྲག་ཕྱེད་དང་གཉིས་ཏེ་བརྗོད་བྱ་ནམ་མཁའི་མཐའ་དང་མཉམ་པ། བཀའ་སྩལ་པ་ནི་མཐར་ཕྱིན་པ་མན་ངག་གི་སྡེའོ། །དེ་ལྟར་མན་ངག་གི་སྡེ་གསུམ་པོ་རྣམས་ཀློང་གསུམ་དུ་འདུས་ཏེ། རོལ་པ་འགག་པ་མེད་པའི་ཀློང་། བློ་ལ་མ་གྲོལ་བ་མེད་པའི་ཀློང་། ངོ་བོ་ལ་བཟང་ངན་མེད་པའི་ཀློང་ངོ་། །མན་ངག་གི་སྙིང་པོའང་གནད་བཀྲོལ་བ་དང་། འགག་བསྡམ་པ་དང་། ངོ་སྤྲད་པ་དང་། མངོན་སུམ་རང་གནད་ལ་དབབ་པ་དང་བཞིར་འདུས་པ་ཡིན་ནོ། །དོན་གསུམ་པ་རྣམ་གྲངས་ངེས་པར་བྱ་བ་ལ་གཉིས་ལས། སོ་སོར་བཤད་པ་ནི་སེམས་སྡེའི་རྒྱུད་ལ། བོད་དུ་འགྱུར་བ་ལ་སེམས་སྨད་བཅོ་བརྒྱད་དུ་གྲགས་པའི་སྔ་འགྱུར་ལྔ་ནི། རིག་པའི་ཁུ་བྱུག །རྩལ་ཆེན་སྤྲུག་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན་ནམ་མཁའ་ཆེའོ། །

p. 1246

དེ་དག་བཻ་རོ་ཙ་ནས་བསྒྱུར་བའོ། །བི་མ་ལ། ཀུ་མཱ་ར། གཡུ་སྒྲ་གསུམ་གྱིས་བསྒྱུར་བའི་ཕྱི་འགྱུར་བཅུ་གསུམ་ནི། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ། བདེ་བ་འཕྲུལ་བཀོད། རྫོགས་པ་སྤྱི་ཆིངས། བྱང་ཆུབ་སེམས་ཏིག །བདེ་བ་རབ་འབྱམས། སྲོག་གི་འཁོར་ལོ། ཐིག་ལེ་དྲུག་པ། རྫོགས་པ་སྤྱི་སྤྱོད། ཡིད་བཞིན་ནོར་བུ། ཀུན་འདུས་རིག་པ། རྗེ་བཙན་དམ་པ། སྒོམ་པ་དོན་གྲུབ་བོ། །དེ་དག་གི་སྟེང་དུ་བཻ་རོས་སྔར་བསྒྱུར་བའི་ཀུན་བྱེད། རྨད་བྱུང་། མདོ་བཅུ་གསུམ་བསྡོམས་པས་སེམས་སྡེ་ཉེར་གཅིག་གོ། ལུང་བམ་པོ་བཅོ་བརྒྱད་རྣམས་མིང་གི་རྣམ་གྲངས་ལ་ལ་འདྲ་ཡང་། ལ་ལ་སྔ་ཕྱི་དང་མང་ཉུང་བསྒྱུར་མཁན་མི་འདྲའོ། །ཀློང་སྡེའི་རྒྱུད་ལ། འཁོར་བ་དོང་སྤྲུགས། རིན་པོ་ཆེ་གསང་བའི་རྒྱུད། བྱ་རྩོལ་མེད་པའི་རྒྱུད། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལ་སོགས་པ་འབུམ་ཕྲག་གཅིག་ཏུ་གསུངས་སོ། །མན་ངག་གི་རྒྱུད་ལའང་། པདྨ་ཀློང་གསལ། པདྨ་དབང་རྒྱས། ཡིད་བཞིན་ཏོག་གི་རྒྱུད་ལ་སོགས་པ་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གཅིག་གོ། ཁྱད་པར་དུ་སངས་རྒྱས་མཉམ་སྦྱོར། ཐིག་ལེ་སྐོར་གྱི་སྙིང་པོའི་རྒྱུད་ལྔ་སྟོང་སུམ་བརྒྱ། སྒྲ་ཐལ་འགྱུར་ལ་སོགས་པ་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་ཁྲོས་མ་དང་བཅས་ཏེ་བཅོ་བརྒྱད། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འཕྲོས་ཏེ་བྱོན་པ་རྣམས་སོ། །རྫོགས་པ་ཆེན་པོ་སྤྱིའི་རྒྱུད་ལ། སེམས་ཉིད་བྱ་རྩོལ་ལས་འདས་པ་ནམ་མཁའ་ཆེ་རྩ་བའི་རྒྱུད་དང་། དེ་ཉིད་ཉམས་སུ་བླང་བ་ནམ་མཁའ་ཆེ་ཕྱི་མའི་རྒྱུད། དེ་ཉིད་ཡོངས་སུ་རྫོགས་པའི་འབྲས་བུ་ནམ་མཁའ་ཆེ་ཕྱི་མ་ཕྱི་མའི་རྒྱུད་ཡོངས་སུ་བགྲོ་བ། སེམས་ཉིད་འཕོ་འགྱུར་མེད་པ་ཆོས་ཉིད་རྒྱལ་པོའི་རྒྱུད། སེམས་ཉིད་ཐིག་ལེ་ཉག་གཅིག་ཏུ་སྟོན་པ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྒྱུད། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་བ་ཡེ་ཤེས་ཐིག་ལེའི་རྒྱུད། སེམས་ཉིད་ཐམས་ཅད་ཀྱི་རྩ་བར་བསྟན་པ་མན་ངག་ཕྲེང་བའི་རྒྱུད། སེམས་ཉིད་ཀུན་

p. 1247

ཁྱབ་ཆེན་པོར་བསྟན་པ་གསང་བ་རྒྱལ་པོའི་རྒྱུད། སེམས་ཉིད་རང་རིག་ཏུ་བསྟན་པ་ཡེ་ཤེས་དམ་པའི་རྒྱུད། སེམས་ཉིད་ཀུན་ཏུ་བཟང་པོའི་རོལ་པར་སྟོན་པ་མཁའ་དབྱིངས་རྣམ་དག་གི་རྒྱུད། སེམས་ཉིད་ཀུན་གྱི་སྙིང་པོ་སྟོན་པ་མན་ངག་སྙིང་པོའི་རྒྱུད། སེམས་ཉིད་རང་རིག་ཏུ་ཡིད་ཆེས་པ་སྙིང་པོ་གསང་བའི་རྒྱུད། སེམས་ཉིད་ཀུན་གྱིི་རྩ་བ་ནམ་མཁའ་ཆེ་རྩ་བ་ཅན་གྱི་རྒྱུད། སེམས་ཉིད་གཅིག་ཏུ་འདུས་པ་ཉག་གཅིག་དགོངས་པའི་རྒྱུད། སེམས་ཉིད་ཇི་བཞིན་པར་བཞག་པ་བསམ་གཏན་ཆེན་པོའི་རྒྱུད། སེམས་ཉིད་རྒྱུན་ཆགས་སུ་གོམས་པ་བསམ་གཏན་རྒྱུན་ཆགས་ཀྱི་རྒྱུད། སེམས་ཉིད་ཐམས་ཅད་དུ་གསུངས་པ་སྒོམ་པ་མདོའི་རྒྱུད། སེམས་ཉིད་དབང་དང་སྦྱར་བ་ནམ་མཁའ་ཆེ་དབང་གི་རྒྱུད། སེམས་ཉིད་སྒྲ་ཚིག་ལས་འདས་པ་ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད། སེམས་ཉིད་གདོད་མའི་གནས་སུ་བསྟན་པ་ནམ་མཁའ་ཆེ་གཞིའི་རྒྱུད། སེམས་ཉིད་འོད་གསལ་དུ་བསྟན་པ་རིན་ཆེན་འབར་བའི་རྒྱུད། སེམས་ཉིད་ཡོན་ཏན་ལྷུན་གྲུབ་ཏུ་བསྟན་པ་རིན་པོ་ཆེ་ཕྲེང་བའི་རྒྱུད། སེམས་ཉིད་ཁམས་གསུམ་ལ་གསལ་བ་ཁམས་གསུམ་སྒྲོན་མའི་རྒྱུད། སེམས་ཉིད་སྤང་བླང་ལས་འདས་པར་སྟོན་པ་ངེས་པ་སྙིང་པོའི་རྒྱུད། སེམས་ཉིད་འཕོ་འགྱུར་མེད་པར་སྟོན་པ་རྡོ་རྗེ་གསང་བའི་རྒྱུད། སེམས་ཉིད་ཡེ་ནས་སངས་རྒྱས་པར་སྟོན་པ་ཡེ་སངས་རྒྱས་པའི་རྒྱུད་སྡེ་ཉི་ཤུ་རྩ་ལྔ་དང་། ལུང་བམ་པོ་བཅོ་བརྒྱད་ལ། ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་རིག་པའི་ཁུ་བྱུག །རྩོལ་སྒྲུབ་ཟིལ་གྱིས་གནོན་པ་རྩལ་ཆེན་སྤྲུགས་པ། སེམས་ཉིད་དབྱིངས་སུ་རྫོགས་པ་ཁྱུང་ཆེན་རྫོགས་པ། ཆོས་ཉིད་ཡེ་གནས་ཀྱི་དགོངས་པ་རྡོ་ལ་གསེར་ཞུན། སེམས་ཉིད་ལྷུན་གྲུབ་ཀྱི་ལྟ་བ་མི་ནུབ་རྒྱལ་མཚན། སེམས་ཉིད་ཡེ་ནས་སྟོང་པ་རྨད་བྱུང་རྒྱལ་པོ། སེམས་ཉིད་ཆོས་སྐུར་བསྟན་པ་ཡེ་ཤེས་དམ་པ། སེམས་ཉིད་ཐིག་ལེར་བསྟན་པ་ཡང་ཏིག་རྒྱལ་པོ། སེམས་ཉིད་སྐྱེ་ཤི་མེད་པར་སྟོན་པ་སྲོག་གི་འཁོར་ལོ། །སེམས་ཉིད་འདོད་

p. 1248

དགུ་འབྱུང་བར་སྟོན་པ་ཡིད་བཞིན་ནོར་བུ། སེམས་ཉིད་མཉམ་རྫོགས་ཆེན་པོར་སྟོན་པ་ཐིག་ལེ་ཀུན་འདུས། སེམས་ཉིད་ཐེག་པ་ཀུན་རྫོགས་སུ་སྟོན་པ་ནམ་མཁའ་ཆེ་རྒྱལ་པོ། །སེམས་ཉིད་ཀུན་གྱི་ཡང་རྩེར་སྟོན་པ་རྩེ་མོ་བྱུང་རྒྱལ། སེམས་ཉིད་ཡེ་བདེ་སྤྲོས་བྲལ་དུ་སྟོན་པ་བདེ་བ་རབ་འབྱམས། སེམས་ཉིད་ཉོན་མོངས་མེད་ཅིང་ཟག་མེད་དུ་སྟོན་པ་བདེ་བ་འཕྲ་བཀོད། སེམས་ཉིད་འཁོར་འདས་ཀྱི་གཞི་འདུས་པར་བསྟན་པ་གཏེར་ཆེན་ཡོངས་རྫོགས། སེམས་ཉིད་ཐེག་པ་ཀུན་གྱིི་སྤྱི་ཆིངས་སུ་བསྟན་པ་ལྷུན་རྫོགས་སྤྱི་ཆིངས། སེམས་ཉིད་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་སྟོན་པ་ནམ་མཁའ་མཐའ་དབུས་ཀྱི་རྒྱུད་རྣམས་སོ། །འདི་དག་ཏུ་ངེས་པའི་དོན་གྱི་སྙིང་པོ་རྣམས་ཡོངས་སུ་ཚང་བར་བསྟན་པས། སྤྱིའི་རྒྱུད་དུ་རྣམ་པར་གཞག་པ་ཡིན་ནོ། །དེ་དག་གིས་ཟབ་པ་དང་རྒྱ་ཆེ་བའི་གནད་རྣམས་མདོ་ཙམ་ཞིག་ལེགས་པར་གཏན་ལ་ཕབ་ཟིན་ཏོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་རྫོགས་པར་གཏན་ལ་ཕབ་པའི་ལེའུ་སྟེ་བདུན་པའོ།། །།

ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས་ཡིད་བཞིན་དྲྭ་བ་རྡོ་རྗེ་སྙིང་པོའི་ལེའུ་སྟེ་བརྒྱད་པ།

p. 1249

དེ་ནས་འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། འོག་མ་ལས་འཕགས་ཚུལ་བརྗོད་པ་དང་། བླ་ན་མེད་པའི་ཐེག་པ་ཉིད་བཤད་པའོ། །དང་པོ་ནི་རིན་པོ་ཆེ་སྤུངས་པའི་རྒྱུད་ལས། བླ་མེད་རྒྱུད་འདི་མི་ཤེས་པར། །ཉམས་སུ་ལེན་པར་འདོད་པ་དེ། །ཁ་བྲག་ལམ་དུ་ཞུགས་པ་འདྲ། །ཞེས་གསུངས་ཏེ། ཐེག་པ་འོག་མ་པ་རྣམས་ཡིད་དཔྱོད་ཚིག་གི་ལྟ་བ་ལ་གདེང་བཅས་ནས། བསྐལ་པའམ་ཚེ་རབས་སམ་ཚེ་གཅིག་གམ་བར་དོ་ལ་སོགས་པར་གྲོལ་ལོ་སྙམ་དུ་བྱང་ཆུབ་དུས་ཅན་དུ་སེམས་པས། རང་བྱུང་གི་ཡེ་ཤེས་དངོས་ད་ལྟ་བལྟ་བར་མི་ནུས་པའི་ཕྱིར་ཡང་དག་པ་མ་ཡིན་ལ། ཐིག་ལེ་སྐོར་གསུམ་གྱིས་ཀྱང་མངོན་སུམ་ཡེ་ཤེས་ཀྱི་དོན་ལ་སྐད་ཅིག་གིས་བལྟ་བར་མི་ནུས་ཏེ། གཡུ་ཡིག་ཅན་ལས། ཨེ་མ་ཧོ། རིགས་ཀྱི་བུ་ཡང་གབ་སྦས་པའི་སྙིང་

p. 1250

ཏིག་འདིའི་ཚད་མ་ཟིན་པར། ཕྱི་ནང་གསང་གསུམ་གྱི་ངོ་སྤྲོད་ལ་ཡིད་ཆེས་པར་བྱེད་པའི་གང་ཟག་ནི། རྒྱུ་ཁ་བའི་ས་བོན་ལ་འབྲས་བུ་མངར་བ་འདོད་པ་དང་འདྲའོ་ཞེས་པ་དང་། ཨེ་མ་ཧོ་རིགས་ཀྱི་བུ་གསང་བ་ཡང་གསང་སྙིང་ཏིག་གི་དོན་མ་མཐོང་བར་ཕྱི་ནང་གསང་བའི་བར་དོ་བཞི་ལ་ཕུག་གཏོད་པ་ནི་ནམ་མཁའི་སྤྲིན་ལ་འཛོལ་འཛུག་པ་དང་འདྲ་བའོ་ཞེས་སོ། །འདི་ཉིད་རང་བྱུང་གི་ཡེ་ཤེས་སྐད་ཅིག་གིས་ནང་དུ་འཆར་བའི་རྟགས་རང་བཞིན་གྱི་སྣང་བ་ཡེ་ཤེས་ལྔ་ལ་དབང་པོས་བལྟར་ཡོད་པས། ཚིག་དང་ཡི་གེ་དང་རྟོག་བསམ་མི་རྟོག་པའི་ཏིང་ངེ་འཛིན་བློས་བྱས་ཀྱི་སྒོམ་པ་ཀུན་ལས་ཁྱད་པར་དུ་འཕགས་ཏེ་ནོར་ས་དང་འཛོལ་བའི་ས་མེད་ཅིང་། བརྩོན་འགྲུས་བསྐྱེད་ན་དབང་པོ་རྣོ་རྟུལ་མེད་པས་རྩོལ་མེད་ཡེ་ཤེས་ཀྱི་རང་སྣང་མངོན་དུ་བྱས་ཏེ། སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ཞིང་ལ་ཚེ་འདིར་དངོས་སུ་སྤྱོད་དེ་གསང་བ་སྒྲའི་རྒྱུད་ལས། དངོས་གྲུབ་མཆོག་རྣམས་མཐར་ཐུག་པ། །འབད་ཅིང་རྩོལ་བས་མ་ཡིན་པར། །གང་སུ་ཕྲད་པས་གྲོལ་བར་ངེས། །དེས་ན་རྫོགས་ཆེན་བྱ་བ་བྲལ། །གཞན་འབད་པ་ལས་བྱུང་བ་མིན། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ཞེས་སོ། །ཐ་ན་དབང་བསྐུར་བ་དང་ངོ་སྤྲད་པ་ཙམ་ཡང་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། རང་བཞིན་སྤྲུལ་པར་དབུགས་འབྱིན་ལ། ཅུང་ཟད་ཉམས་སུ་བླངས་ནས་འདས་ཀྱང་བར་དོར་གྲོལ་བའི་རྟགས་སུ་ས་གཡོ་ཞིང་འཇའ་འོད་འཁྱིལ་པ་དང་། རུས་པ་ལས་སྐུ་དང་། གདུང་དང་། རིང་བསྲེལ་འབྱུང་བར་དེང་སང་གི་བར་དུ་ཀུན་ལ་སྣང་བ་མངོན་སུམ་གྱིས་ཡིད་ཆེས་ཤིང་། ཚིག་གི་རྒྱུད་ཀྱི་གླེགས་བམ་བྲིས་ཏེ་བཅངས་པ་ལའང་གཞན་ལས་འཕགས་པའི་ཕན་ཡོན་གསུངས་ཏེ། རིན་པོ་ཆེ་སྤུངས་པ་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིག་རྩལ་གྱི་དབང་ཐོབ་སྟེ། །རྒྱུད་

p. 1251

འདི་བཅངས་བ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་པར་འགྱུར། །རྒྱུད་འདི་སུ་ཡིས་བཀླག་པ་ཡིས། །ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡིས་བྲིས་པ་དེས། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །དེ་ཡི་ཕྱིར་ན་དམ་པར་གཟུང་། །ཞེས་པ་དང་། ཉི་ཟླ་ཁ་སྤྱོར་གྱི་རྒྱུད་ལས། ང་ཡི་རྒྱུད་འདི་སུས་བཟུང་བ། །འཇིག་རྟེན་ཕན་པའི་འབྲས་བུ་དང་། །ངེས་པར་སྣང་བའི་ས་ཐོབ་སྟེ། །སྐུ་གསུམ་ལ་ཡང་ལོངས་སྤྱོད་དོ། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །མ་བསྒོམས་བསམ་གཏན་འབབ་པ་དང་། །མ་བསླབས་ཆོས་རྣམས་ཤེས་པ་དང་། །མ་བསྟན་གདམས་ངག་ཉིད་གོམས་དང་། །མ་བཤད་རྒྱུད་རྣམས་རང་ཤེས་དང་། །མ་བསྐྱེད་ལྷ་ཡང་མངོན་དུ་སྣང་། །དེ་ཡི་ཕྱིར་ན་རྒྱུད་འདི་དག །རྣལ་འབྱོར་གང་ཞིག་སྐལ་ཆེ་བས། །འདི་ཉིད་བཅངས་པས་དངོས་གྲུབ་འཐོབ། །སངས་རྒྱས་མཛད་སྤྱོད་དང་དུ་ལོང་། །ངན་སོང་གནས་གསུམ་དོང་སྤྲུགས་ཏེ། །བདེ་བ་ཆེན་པོའི་ལམ་དུ་འཛུད། །རང་སྣང་གོམས་པའི་གདེང་ཐོབ་ནས། །དབྱིངས་སུ་འཕྱོ་བའི་འཇིགས་མེད་རྙེད། །ཅེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་བླ་ན་མེད་པའི་ཐེག་པ་ཉིད་བཤད་པ་ལ་གཉིས་ཏེ། ཐེག་པའི་རང་བཞིན་སྤྱིར་བསྟན་པ་དང་། དེའི་ངེས་བྱེད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ལྔ་སྟེ། རང་བཞིན་གཞིའི་གནས་ལུགས། དེ་ལས་སེམས་ཅན་གྱི་འཁྲུལ་ལུགས། །འཁྲུལ་དུས་འོད་གསལ་གྱི་གནས་ལུགས། གནས་ལུགས་ཉམས་སུ་བླང་ལུགས། མཐར་ཕྱིན་འབྲས་བུའི་གྲུབ་ལུགས་སོ། །དང་པོ་གདོད་མའི་གཞི་རང་བྱུང་གི་ཡེ་ཤེས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་དེ་ཉིད་ངོ་བོ་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་གསལ་བ་ཉི་ཟླ་ལྟ་བུ། ཐུགས་རྗེ་ཁྱབ་པ་འོད་ཟེར་ལྟ་བུའོ། །དེ་གསུམ་ངོ་བོ་དབྱེར་མེད་པ་སྐུ་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་ཡེ་ནས་རྟག་པར་འཕོ་བ་དང་འགྱུར་བ་མེད་པའི་དབྱིངས་སུ་གནས་ཏེ། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ།

p. 1252

ཐུགས་རྗེ་ཁྱབ་པ་སྤྲུལ་པའི་སྐུའི་སྙིང་པོ་ཅན་འཁོར་འདས་གང་ཡང་མ་ཡིན་ལ། གོ་འབྱེད་པའི་ཆ་ནས་དབྱིངས་རང་བཞིན་གྱིས་རྣམ་དག་ཆེན་པོ་ཞེས་བཏགས་པའོ། །ཚུལ་འདི་ཉིད་མདོ་སྡེ་ལས་ཀྱང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་ཀྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པ་ཡིན། །ཅེས་གསུངས་སོ། །དེའང་འཁོར་འདས་གཉིས་ཀྱི་འཕྲོ་གཞིར་བྱུང་སྟེ། དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །གཉིས་པ་ནི་གཞི་དེ་ལྟ་བུའི་གནས་ལུགས་མ་ཤེས་པས་འགྲོ་བ་སོ་སོའི་ཁམས་གསུམ་ལས་ཀྱི་དབང་གིས་འཁྲུལ་ཏེ་བདེ་སྡུག་སྣ་ཚོགས་ལ་སྤྱོད་པ་ཉིད་ཡི་གེ་མེད་པའི་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ནི་གཞི་ཅིར་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ལོ་ཞེས་པ་དང་། གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱི་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །ཅེས་སོ། །གསུམ་པ་ནི་དེ་ལྟར་འགྲོ་དྲུག་ཏུ་འཁྲུལ་དུས་ལུས་ངག་ཡིད་གསུམ་གྱི་རྣམ་པར་འཁྲུལ་ཏེ། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་མི་སྣང་ཡང་། མེད་པ་མ་ཡིན་ཏེ། ལུས་ལ་རྩ་བརྟེན། རྩ་ལ་རླུང་དང་ཁམས་བརྟེན། དེའི་དྭངས་མ་འཁོར་ལོ་བཞིའི་དབུས་རང་བྱུང་ཡེ་ཤེས་ཀྱི་གཞལ་ཡས་ཁང་། སྙིང་ག་ཆོས་ཀྱི་ཕོ་བྲང་ན་རང་བྱུང་གི་ཡེ་ཤེས་འོད་གསལ་བའི་ངོ་བོ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་དང་བཅས་པ་བརྟན་པར་ཡོད་དེ་ནོར་བུ་འཕྲ་བཀོད་ལས། རང་བྱུང་ཡེ་ཤེས་ཆེན་པོ་ནི། །ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞེས་སོ། །དེའང་ལུས་ཆགས་པའི་དང་པོར་ཕ་མའི་རྒྱུ་ཀུན་རྫོབ་ཀྱི་ཐིག་ལེ་དཀར་དམར་འདྲེས་པ་ལ། རླུང་སེམས་

p. 1253

དབྱེར་མེད་དུ་གྱུར་པས་ཐིག་ལེ་ཤིན་ཏུ་ཕྲ་བ་ཉུངས་འབྲུའི་བཅུ་ཆ་ཙམ་གྱི་མིག་ཆུང་ཤིན་ཏུ་གསལ་བ་གཉིས་ལྟེ་བའི་རྩ་མདུད་ལ་ཆགས་པ་ནས་བཟུང་སྟེ་ལུས་གྲུབ་ནས་བཙས་ཏེ་གནས་པའི་བར་དུ་རྡོ་རྗེ་ལུས་ལ་རྩ་གསུམ་འཁོར་ལོ་བཞི་ལ་སོགས་པ་གཞན་དང་འདྲ་བ་ལས། རང་བྱུང་ཡེ་ཤེས་ཀྱི་རྩ་དང་ཐིག་ལེའི་ཁྱད་པར་ཡོད་དེ་སྒྲོན་མ་འབར་བའི་རྒྱུད་ལས། ཐོག་མར་རང་གི་ལུས་བསྐྱེད་པའི། །མ་ཡི་མངལ་དུ་ཞུགས་པའི་ཚེ། །ལུས་ཀུན་གྱི་ནི་དངས་མ་རུ། །ལྟེ་བའི་རྩ་མདུད་ཆེན་པོ་ལས། །དབུས་ཀྱི་འབྲུ་གསུམ་ཉིད་དུ་ཡང་། །ཕ་མའི་རྒྱུ་རྐྱེན་དངས་མ་ལས། །མིག་གི་འབྲས་བུ་ཉིད་དུ་ཆགས། །དེ་ཡང་ཕ་མའི་ཆ་ཉིད་ལས། །དཀར་ནག་འདྲེས་པ་ཉིད་དུའོ། །ཞེས་པ་དང་། སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ། །ཙིཏྟ་རིན་ཆེན་གཞལ་ཡས་ལས། །རྩ་ནི་སྟོང་ཕྲག་གྲངས་མང་ཡང་། །ཁྱད་པར་ཆེན་པོའི་རྩ་བཞི་ལས། །ཀ་ཏི་ཤེལ་གྱི་རྩ་ཆེན་དང་། །དར་དཀར་སྣལ་མ་ལྟ་བུ་དང་། །ཕྲ་ལ་འདྲིལ་དང་ཤེལ་སྦུག་ཅན། །འདི་བཞིའི་ནང་དུ་ཁྱད་པར་དུ། །གནས་ཤིང་རླུང་གི་རྟ་ལ་ཞོན། །འབྱུང་དང་འཇུག་དང་རང་ཤར་དང་། །སྣང་བ་ཡི་ནི་བདག་ཉིད་དུ། །ཡེ་ནས་སྤྲོས་པ་མེད་པར་ཡང་། །གཞི་ཡི་ཐིག་ལེ་བཟང་པོ་དང་། །ལམ་གྱི་ཐིག་ལེ་དེ་བཞིན་བཟང་། །བཟང་པོ་རྣམས་ཀྱི་རྩེ་མོ་དང་། །བཟང་པོའི་རྒྱན་དང་ལྡན་པར་ཡང་། །རྩ་རྣམས་ཀྱི་ནི་ནང་ན་གནས། །ཞེས་སོ། །འདི་དག་གི་དོན་ཅུང་ཟད་དབྱེ་ན། ལུས་ཀྱི་དབུས་ན་རྩ་གསུམ་གནས་པར་འདོད་པ་དེ་ཡང་སྒལ་ཚིགས་ཀྱི་འདབ་འབྱོར་ན་ཡོད་དེ། གཡས་ན་རོ་མ་དཀར་བ། གཡོན་ན་རྐྱང་མ་དམར་བ། དབུས་ན་དབུ་མ་སྔོ་སྐྱ། དེའི་དབུས་ན་འོད་གསལ་མཆོག་ཏུ་མི་འགྱུར་བའི་རྩ་ཆེན་ཀ་ཏི་གསེར་གྱི་རྩ་ཞེས་བྱ་བ་གནས་སོ། །དེ་དག་གི་ནང་ན་གཡས་ན་དངས་མ་དཀར་པོ་དང་། གཡོན་ན་དམར་པོ། དབུས་ན་རླུང་རྒྱུ་བས་རྟོག་མེད་ཀྱི་ཆར་གྱུར། དེའང་རང་བཞིན་དུ་རྩ་གསུམ་ནས་ཕོ་མོ་མ་ནིང་གི་རླུང་གསུམ་རྒྱུ་ཡང་། རོ་རྐྱང་གཉིས་རྟོག་མེད་མ་ནིང་གི་

p. 1254

རླུང་དུ་ཆ་ཤས་རྒྱུ་བས་དབུས་ནས་རླུང་རྒྱུ་ཞེས་བརྗོད་ཅིང་། དེར་ཁམས་དང་རླུང་ཚུད་དུས་བདེ་གསལ་མི་རྟོག་པའི་ཉམས་གསུམ་དང་འོད་གསལ་གསུམ་འཆར་ལ། དེ་ཡང་དངས་མའི་འོད་རྩར་འདུས་པས་བསམ་མི་ཁྱབ་ཀྱི་འོད་གསལ་ཤར་ཞེས་བྱའོ། །གནད་འདི་གསང་དོན་ཆེན་པོ་རྟོགས་དཀའ་བའི་གནས་སོ། །དབུ་མ་དེའི་དབུས་ན་འོད་གསལ་གྱི་རྩ་ནང་ན་གཞི་ལྷུན་གྲུབ་འོད་ཀྱི་ཐིག་ལེ་གནས་པའོ། །འཁོར་ལོ་བཞི་ལ། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་བའི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་རྩ་བཞིའོ། །དེ་དག་གིའང་རོ་མ་ལས་གྱེས་པ་ཀུན་ཏུ་དངས་མ་དཀར་པོར་འབབ་ལ། རྐྱང་མ་ནས་གྱེས་པ་ཐམས་ཅད་ནས་དམར་པོ་དང་ཁྲག་འབབ་ཅིང་། དབུ་མ་ལས་གྱེས་པ་ཀུན་ནས་རླུང་རྒྱུ་ཞིང་། འོད་གསལ་ལས་གྱེས་པ་འཁོར་ལོ་བཞིའི་དབུས་ན་འོད་རྩ་ཕྲ་མོ་ལ་འོད་ཀྱི་ཐིག་ལེ་དང་ཟེར་གནས་པའོ། །ཡལ་ག་ཕྲ་མོ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། ཧེ་བཛྲ་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་རྣམས་ཀྱི་ནི་རིགས་བཤད་དོ། །ཞེས་སོ། །དེའང་འོད་གསལ་གནས་པས་ཁྱད་པར་ཆེན་པོའི་རྩ་བཞི་ལ། ཀ་ཏི་གསེར་གྱི་རྩ་ཆེན་དབུ་མའི་དབུས་དང་། དེ་ལས་སྙིང་གི་དབུས་ན་འབྲེལ་བས་ཀུན་ཏུ་བཟང་པོ་གཞིའི་ཐིག་ལེས་གང་བར་གནས་སོ། །དར་དཀར་སྣལ་མ་ལྟ་བུ་ནི་འོད་རྩ་ལས་ཚངས་བུག་ལ་ཡར་བསྟན་པའི་ཆ་ནས་བཏགས་ཏེ། ཆོས་ཉིད་སྐྱེ་མེད་ཀྱི་ལམ་དུ་འཇུག་པའི་ཐིག་ལེ། རིག་པ་རྟོག་མེད་ཀྱི་སྐུ་འཆར་ཞིང་རྟེན་ལ་རྣམ་ཤེས་འཕོ་བ་སྦྱོང་བའི་ལམ་སྟེ་བུ་ག་དགུའི་སྟེང་རོལ་ཡིན་པའི་ཕྱིར་རོ། །ཕྲ་ལ་འདྲིལ་བ་ནི་འཁོར་ལོ་བཞིའི་དབུས་ནས་འོད་གསལ་གྱི་རྟེན་བྱེད་དེ་བཟང་པོ་རྩེ་མོའི་ཐིག་ལེ་འོད་ལྔ་ཟེར་དང་ཐིག་ཕྲན་དུ་གནས་པའོ། །ཤེལ་སྦུག་ཅན་ནི་སྙིང་ནས་མིག་ཏུ་འབྲེལ་ཏེ་བཟང་པོའི་རྒྱན་དང་ལྡན་པའི་ཐིག་ལེ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་གྲངས་མེད་པ་འཆར་བའི་རྟེན་

p. 1255

བྱེད་པའོ། །དེའང་སྙིང་གའི་དབུས་དངས་མའི་དངས་མ་ལ་རྟེན་པ་འོད་རྩ་འོད་གསལ་དང་བཅས་པ་བརྟེན་པ་ལས། རྩ་ཕྲན་ཀུན་ཏུ་ཟེར་འཕྲོ་བ་ལྟར་སྣང་བས། བདེར་གཤེགས་སྙིང་པོས་ཁྱབ་པ་ཞེས་བྱའོ། །རིག་པ་དེ་ཡང་ངོ་བོ་སྟོང་། རང་བཞིན་འོད་ལྔར་གནས་ལ། ཐུགས་རྗེ་ཟེར་དུ་ཁྱབ་པ་སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་ཆེན་པོར་བཞུགས་ཀྱང་། ངོ་བོ་ཆོས་སྐུ་སྟོང་པ་ཡེ་ཤེས་གཟིགས་པ་དག་པའི་ཆ་ལ་ཀུན་གཞི་དང་ཚོགས་བརྒྱད་ཀྱིས་བསྒྲིབས། རང་བཞིན་འོད་ལྔར་གསལ་བ་ལ། རྡོས་བཅས་ཤ་ཁྲག་གི་ཕུང་པོས་བསྒྲིབས། ཐུགས་རྗེ་ཟེར་དང་རིག་པ་འཆར་བྱེད་དུ་གནས་པ་ལ་ལས་དང་བག་ཆགས་ཀྱིས་བསྒྲིབས་ཏེ། ཤིན་ཏུ་བལྟ་བར་དཀའ་བའི་བདག་ཉིད་དུ་བཞུགས་ན་ཡང་། མེད་པ་མ་ཡིན་ཏེ་སེམས་ཅན་ཀུན་ལ་ཁྱབ་པར་རང་རང་གི་ལུས་ལ་རྟེན་བཅས་ནས་ཡོད་དེ། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པ་དང་། དོ་ཧ་ལས། ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་པ་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་ནི་དབྱེར་མེད་ཕྱིར། །རིག་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཅེས་སོ། །དེའང་རིག་པ་བདེ་གཤེགས་སྙིང་པོ་དེ་ཉིད་ཐ་མལ་ལུས་ཀྱི་དྲ་བར་གཏུམས་པས་ལུས་ཅན། ཚོགས་བརྒྱད་སེམས་ཀྱི་དྲྭ་བས་གཏུམས་པས་སེམས་ཅན། ལས་དང་བག་ཆགས་ཀྱིས་གཏུམས་པས་སྒྲིབ་པ་ཅན། མ་རིག་པའི་རང་བཞིན་གྱིས་བསྒྲིབས་པས་མུན་པ་ཅན་ཞེས་པ་ལ་སོགས་པའི་མིང་གིས་སྲིད་པ་ན་གནས་དུས་བརྗོད་པ་ཡིན་ནོ། །གསང་སྔགས་འོག་མར་གབ་པ་རྣམས་འདིར་མངོན་དུ་བྱུང་སྟེ་བསྟན་པའོ། །དེའི་ཕྱིར་གདོད་མའི་དབྱིངས་རང་བྱུང་གི་ཡེ་ཤེས་བདེར་གཤེགས་སྙིང་པོ་དེ་ད་ལྟ་ལུས་ལ་ཀུན་ཁྱབ་ཏུ་གནས་པའོ། །བཞི་པ་གནས་ལུགས་ཉམས་སུ་བླང་ལུགས་ནི། དང་པོར་གཞི་རིག་པ་དེ་ཉིད་རང་ལ་ཡོད་ཀྱང་རྐྱེན་བླ་

p. 1256

མ་དམ་པའི་གདམས་པས་མ་ཟིན་ན་གྲོལ་བར་མི་འགྱུར་བས་ཟིན་དགོས་ལ། དེའང་དང་པོ་སྨིན་བྱེད་དབང་བཞི་བསྐུར་བ་ནི་ལམ་གྱི་གཞི་བྱེད་པ་སྟེ་སྒྲ་ཐལ་འགྱུར་གྱིི་རྒྱུད་ལས། སྤྲོས་བཅས་སྤྲོས་པ་མེད་པ་ལ་དང་། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །ཞེས་པས་དང་པོ་ཕྱི་སྤྲོས་བཅས་བུམ་པའི་དབང་གིས་ལུས་ཀྱི་སྒྲིབ་པ་སྦྱོང་། སྐུའི་ནུས་པ་འཇུག །བསྐྱེད་རིམ་སྒོམ་པ་ལ་དབང་། དེ་ནས་ནང་སྤྲོས་མེད་གསང་བའི་དབང་གིས་ངག་གི་སྒྲིབ་པ་སྦྱོང་། གསུང་གི་ནུས་པ་འཇོག །རྫོགས་རིམ་གཏུམ་མོ་ཙནྜ་ལཱི་དང་ཡི་གེ་འཁོར་ལོ་སྔགས་བཟླས་པ་ལ་དབང་། དེ་ནས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་ཀྱི་སྒྲིབ་པ་སྦྱོང་། ཐུགས་ཀྱི་ནུས་པ་འཇུག །བདེ་ཆེན་ཟུང་འཇུག་བསྒོམ་པ་དང་ཀ་དག་ཆོས་ཉིད་ཀྱི་ཡེ་ཤེས་རྟོགས་པ་ལ་དབང་། དེ་ནས་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེས་སྒྲིབ་པ་ཐམས་ཅད་པ་ཤེས་བྱ་ལ་རྨོངས་པའི་རང་བཞིན་སྦྱོང་། རང་བྱུང་འོད་གསལ་གྱི་ནུས་པ་འཇུག །མངོན་སུམ་ལྷུན་གྲུབ་ཀྱི་དོན་ཉམས་སུ་ལེན་པ་ལ་དབང་བའོ། །དེ་ལྟར་དབང་རྣམས་རྫོགས་པར་ཐོབ་དགོས་ཏེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གསང་སྔགས་དབང་དང་མི་ལྡན་བསྒྲུབས་ཀྱང་འགྲུབ་མི་འགྱུར། །དཔེར་ན་མཉན་པ་ལག་སྐྱ་མེད་པ་བཞིན། །ཅེས་པ་དང་། གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་རྫོགས་པར་མ་བསྐུར་ན། །ཉན་པ་ལ་སོགས་བརྩམས་པ་རྣམས། །འབྲས་བུ་མེད་ཅིང་རླག་པར་འགྱུར། །ཅེས་སོ། །དེ་ཡང་དམ་པ་དང་པོའི་རྒྱུད་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང་། །ཟབ་མོ་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང་། །དམྱལ་བར་འགྱུར་གྱིས་གྲོལ་བ་མེད། །ཅེས་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བར། དབང་བསྐུར་མེད་པས་རྒྱུད་འཆད་པ། །སྒྲུབ་པས་སྔགས་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མར་མཚུངས་པ་ནི། །ཤིན་

p. 1257

ཏུ་ངུ་འབོད་ཆེན་པོར་ལྟུང་། །ཞེས་སོ། །དབང་རྫོགས་པར་ཐོབ་ན། གནས་སྐབས་ཀྱི་འདོད་པ་ཐམས་ཅད་འགྲུབ་ཅིང་། ལམ་ཉམས་སུ་ལེན་པའི་དུས་འོད་རྩ་དག་པ་དང་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་ལ། སངས་རྒྱས་ཐམས་ཅད་ཀྱི་སྲས་སུ་གྱུར་པས་རྒྱལ་བའི་རིགས་འཛིན་པ་དང་། ཚེ་རིང་ཞིང་ལོངས་སྤྱོད་དབང་ཕྱུག་དང་ལྡན་ཞིང་། ངན་སོང་ཐམས་ཅད་མེད་པ་དང་། མཐོ་རིས་ཀྱི་བདེ་དཔལ་ཆེན་པོ་མྱོང་ལ། མཐར་ཐུག་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་དེ། དེ་ཉིད་ལས། སྙིང་པོ་ལྔ་ཡི་དབང་བསྐུར་ན། །དུས་འདིར་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་སོ། །དེ་ལྟར་དབང་རྣམས་རྫོགས་ནས། གྲོལ་བྱེད་ལམ་བསྒོམ་པ་ལ་འཇུག་སྟེ། དེའང་ཐུན་མོང་གི་ལམ་དུ་བསྐྱེད་རྫོགས་བསྒོམ་པ་གཙོ་བོར་གསུངས་ཀྱང་ཡིད་དཔྱོད་བསྒོམ་པ་ལས་མི་འདའ་བའི་ཕྱིར་དོར་ཏེ། ཐུན་མོང་མ་ཡིན་པའི་ལམ་འདིར་བློས་བྱས་ཡིད་ལ་བྱེད་པ་ཀུན་ལས་འདས་པ་མངོན་སུམ་འོད་གསལ་གྱི་ཡེ་ཤེས་ལྟ་བར་བྱེད་དེ། དེའང་ཐུན་མོང་གི་སྔོན་འགྲོས་ཐེག་པ་འོག་མ་ཡིད་ཆེས་པར་བྱས་ཏེ་གོང་དུ་འཇུག་པའི་རྐང་སྟེགས་བྱས་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣལ་དབབ་དང་བཅས་པ་རྫོགས་ནས་དངོས་གཞི་ངོ་སྤྲད། རྗེས་དེ་དག་ཉམས་སུ་ལེན་ཚུལ་དང་བཅས་པ་རྫོགས་པར་བཤད་ནས། སྐལ་ལྡན་དེ་དག་ཀྱང་དུར་ཁྲོད་དམ་ལུང་སྟོང་ངམ་མཚོ་གླིང་ལ་སོགས་པ་རབ་ཏུ་དབེན་པའི་སར་བསྒོམ་པ་ལས། སྣང་བ་བཞི་རིམ་གྱིས་ཤར་ནས་རབ་ལོ་གསུམ། འབྲིང་ལྔ། ཐ་མ་བདུན་ན་རྡོས་བཅས་སུ་སྣང་བ་འོད་གསལ་དུ་གྲོལ་ནས་རང་སྣང་འོག་མིན་དུ་སངས་རྒྱས་མངོན་དུ་བྱེད་པའོོ། །དེའང་སྐབས་འདིར་མངོན་སུམ་འོད་གསལ་ལ་ལྟ་བའི་རིག་པ་སྐད་ཅིག་དེ་ཉིད་ལ་འཁོར་བའི་སེམས་གསུམ་ཀུན་གཞིའི་ལྡོག་ཚུལ། ཡེ་ཤེས་ཀྱི་ངོ་བོ་དགོངས་པའི་ཚང་ཚུལ། འོག་མའི་སྙིང་པོ་གོང་མར་འདུས་ཚུལ་དང་གསུམ་བརྩི་བར་བྱ་སྟེ། དང་པོ་ནི་ཡང་དག་པའི་ཏིང་ངེ་འཛིན་

p. 1258

འཇིག་རྟེན་ལས་འདས་པ་ཐར་པའི་ལམ་སྣ་ཟིན་ངེས་གཅིག་ལ། ཁམས་གསུམ་པའི་སེམས་དང་སེམས་བྱུང་ཀུན་གཞིར་བཅས་པ་ལྡོག་པ་ཞིག་འབྱུང་སྟེ། དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལས། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་ལ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ་ཞེས་གསུངས་ཏེ། རྟེན་ཀུན་གཞིའི་རྣམ་པར་ཤེས་པའི་སེམས་དང་། ཉོན་ཡིད་ཡིད་ཤེས་དང་། སྒོ་ལྔའི་རྣམ་ཤེས་རྣམས་མེད་པའི་ཏིང་ངེ་འཛིན་ལ། མངོན་སུམ་ལ་ལྟ་བས་ན་ནང་ཀུན་རྟོག་འཕྲོ་འདུ་མེད་པས་འདོད་པའི་སེམས་ལོག །གསལ་བའི་ངང་ལ་གསལ་བར་འཇོག་བྱེད་ཀྱི་གཉེན་པོ་མེད་པས་གཟུགས་ཀྱི་སེམས་ལོག །རྟོག་མེད་རྩེ་གཅིག་ལ་ཆོས་ཉིད་ཀྱི་ངང་དུ་ཞེན་པའི་བློ་མེད་པས་གཟུགས་མེད་ཀྱི་སེམས་ལོག་པས་ཁམས་གསུམ་པའི་སེམས་ཉེ་བར་ཞི་བའོ། །དེའང་ཀུན་གཞི་ནི་རྟོག་མེད་དངས་མ་ཕྱེད་པ་ལུང་མ་བསྟན་ཡིན་ལ། འདིར་ངང་ལ་རིག་པའི་ཕྱིར་ཀུན་གཞི་ལོག །ཀུན་གཞི་རྣམ་ཤེས་གསལ་བ་ཙམ་རིས་སུ་མ་ཆད་པར་གནས་པའི་ཆ་དེ་རང་རིག་པའི་ངོ་བོར་མ་ཤེས་པ་ལས། འདིར་རང་བྱུང་གི་ཡེ་ཤེས་སུ་ཐག་ཆོད་པས་དྭངས་གསལ་སྤྲོས་པ་དང་བྲལ་བས་དེ་དང་མི་འདྲ་བས་ལོག །སྒོ་ལྔའི་རྣམ་ཤེས་ཡུལ་སོ་སོར་གསལ་བ་ལས། འདིར་སྣང་བ་འོད་གསལ་གྱི་ཡུལ་སྣང་བས་ཐ་མལ་གཟུགས་འཛིན་མིག་གི་རྣམ་ཤེས་ལས་ལོག །དེ་བཞིན་དུ་སྒྲ་ལ་སོགས་པའི་རྗེས་སུ་མི་འཕྲོ་ཞིང་མི་འཛིན་པས་རྣ་བའི་རྣམ་ཤེས་ལས་ལོག །དེ་ལ་སོགས་པ་གཞན་ནས་ཀྱང་ལོག །དེའི་ཚེ་རྟོག་པ་དང་དཔྱོད་པ་ཆགས་སྡང་གང་ཡང་མེད་པས་ཡིད་ཤེས་དང་ཉོན་ཡིད་ལས་ལོག་སྟེ། ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཁམས་གསུམ་པའི་སེམས་ལས་རྣམ་པར་གྲོལ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཞི་བ་ཉིད་ལས་གཞན་མ་ཡིན་པས་མཐར་ཐུག་པའོ། །

p. 1259

གསང་སྔགས་འོག་མ་དག་རོ་རྐྱང་གི་རླུང་སེམས་དབུ་མར་ཚུད་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ན་ལྷན་ཅིག་སྐྱེས་པར་འདོད་པ་དེ་ཉིད་ཀུན་གཞི་ཚོགས་བརྒྱད་ལས་མ་ལོག་སྟེ། ཚོར་བ་བདེ་བ་ནི་ཡིད་དང་ཉོན་ཡིད་དངས་མ་ཕྱེད་པའི་རྟོག་མེད་ཀུན་གཞི། ཅུང་ཟད་གསལ་དངས་ཙམ་ཀུན་གཞིའི་རྣམ་ཤེས། གཟུགས་སྒྲ་ལ་སོགས་ཡུལ་ལྔ་རགས་པ་དང་དབང་ཤེས་སོ་སོ་ལ་སྣང་བ་སྒོ་ལྔའི་རྣམ་ཤེས་སོ། །དེ་དག་མ་ལོག་ན་འཁོར་བ་ལས་མི་གྲོལ་ཏེ་འཁོར་བའི་སེམས་ལས་མ་གྲོལ་བའི་ཕྱིར་རོ། །འདི་ལྟར་གྲངས་ཅན་གྱི་གཞུང་ལས། འཁོར་ལོ་གསུམ་དབུས་གཅིག་ཏུ་འདྲེས། །རྡུལ་དང་མུན་པ་སྙིང་སྟོབས་དག །ཆ་མཉམ་མི་རྟོག་གསལ་བ་ཅན། །གཙོ་བདག་རང་བཞིན་གཅིག་ཉིད་དུ། །གྱུར་པ་དེ་འདིར་དོན་དམ་ཉིད། །རྩ་ཡི་གཟུགས་ཀྱིས་ཡང་དག་བརྗོད། །རླུང་རྣམས་རྒྱུ་བ་དབུས་སུ་ནུབ། །གསལ་ལ་ཡུལ་མེད་མི་གཡོ་བ། །བདག་ཅེས་གྲོལ་བ་དེ་ཁོ་ན། །གཞིག་ཅིང་གཞོམ་མེད་རྟག་པ་ཉིད། །ཅེས་པ་དེ་དང་ཉམས་སུ་ལེན་ལུགས་ཐ་དད་མེད་པའི་ཕྱིར་ཏེ། བསམ་གཏན་གཟུགས་མེད་ཀྱི་སེམས་ཙམ་ལས་གྲོལ་བ་མི་འགྲུབ་པ་ཡིན་ནོ། །དེ་དག་རྩ་རླུང་ཐིག་ལེ་རོ་གཅིག་ཏུ་འདྲེས་པའི་དགའ་བ་རྣལ་མའི་དོན་དུ་འདོད་པས། རླུང་དང་ཁམས་རྣམས་རོ་རྐྱང་ནས་དབུ་མར་འཇུག་ཅིང་རྩ་མདུད་རེ་གྲོལ་སྟོབས་ཀྱིས་ཡོན་ཏན་རེ་འཆར་བར་འདོད་པས། གེགས་མང་ལ་འགྲོ་དྲུག་གི་རྩ་འདབ་ཏུ་རང་རླུང་ཞུགས་པས་འཁྲུལ་སྣང་མང་པོ་འཆར་ཞིང་། གོལ་མ་གོལ་དུ་མ་འབྱུང་བའི་གནད་ཀྱང་དེ་ཡིན་ནོ། །འདིར་ནི་རླུང་རྣམས་རང་ཞིར་འཇོག་པས་དབུ་མར་འཇུག་ཏུ་མེད་ལ། རྩ་འདབ་སོ་སོའི་རླུང་རང་དག་ལ་སོང་དུས། འོད་རྩའི་ཡེ་ཤེས་ཀྱི་རླུང་རང་ས་ན་རང་གསལ་བས་དག་པ་ཡེ་ཤེས་ཀྱི་སྣང་བ། སྐུ་དང་འོད་དང་ཞིང་ཁམས་ལ་སོགས་པ་སྣང་ཞིང་འཁྲུལ་སྣང་མི་འཆར་ལ། དབུ་མའི་འོད་རྩ་འཕེལ་བས་རྩ་མདུད་རྣམས་རིམ་གྱིས་འོད་དུ་སོང་བ་ལ་གྲོལ་བ་ཞེས་འདོད་དེ། སའི་ཡོན་ཏན་རྣམས་རང་སྣང་དུ་འཆར་རོ། །དེའང་

p. 1260

རྩ་མདུད་དང་པོ་གཉིས་འོད་དུ་གྲོལ་བས་ཕྱིར་སྣང་འོད་ཀྱི་ནང་དུ་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་ཕྲག་བཅུ་གཉིས་འཆར་བ་དང་། དེ་དག་ཏུ་འོད་ཟེར་འགྱེད་པ་དང་། རང་སྣང་དུ་འདུས་པས་བགྲོད་པ་དང་། ལུས་འགུལ་ན་འགུལ་བས་ཞིང་བརྒྱ་གཡོ་བ་དང་། གསལ་བ་དང་། ནང་དུ་ཆོས་ཉིད་མི་རྟོག་པའི་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེའི་ཕྱིར་ན་ཐེག་པ་འོག་མའི་ས་ལས་ཆེས་ཁྱད་དུ་འཕགས་སོ། །དེའང་ཉམས་སུ་ལེན་དུས་འཁོར་བའི་སེམས་ཡིན་ན། འབྲས་བུ་འཁོར་བ་ཉིད་དེ་རྒྱུ་འབྲས་མི་སླུ་བར་བྱེད་པ་གཅིག་པའི་ཕྱིར་འགལ་བ་སྡུད་པ་ཉིད་དུ་སྣང་ལ། འདིར་ནི་ལམ་ནས་འཁོར་བའི་སེམས་ལས་གྲོལ་བས་མྱུར་དུ་འབྲས་བུ་རང་ཐོག་ཏུ་ཕེབས་པའི་གནད་དེ་ཡིན་ནོ། །དེང་སང་སེམས་ལས་སངས་རྒྱས་འདོད་པ་དག་གནད་མ་གོ་བས། ཡེ་ཤེས་དང་སེམས་གཉིས་ཕན་ཚུན་རྫས་འགལ་བས་ལམ་མ་ཡིན་ཏེ། ངེས་དོན་བསྡུས་པའི་རྒྱུད་ལས། དེ་ཡང་འདུས་པའི་སྙིང་པོ་ཉོན། །རང་བྱུང་སྙིང་པོ་ཆོས་སྐུ་ལ། །ཚོགས་བརྒྱད་མེད་ཕྱིར་སེམས་དང་བྲལ། །སྣ་ཚོགས་སེམས་ལ་ཞེན་གྱི་བར། །རང་གི་སེམས་ཞེས་དེ་ལ་བྱ། །སྐྱོན་གྱི་རྩ་བ་སེམས་ཡིན་པས། །དེ་ཕྱིར་སེམས་ཀྱིས་སངས་མི་རྒྱ། །ཞེས་པ་དང་། སེམས་ནི་འཁོར་བའི་རྩ་བ་སྟེ། །ཡུལ་ནི་སྣ་ཚོགས་སྣང་བ་ལ། །སེམས་ཀྱིས་རྟོག་པ་སྣ་ཚོགས་ཞེན། །དེ་ཕྱིར་སེམས་ནི་འཁོར་བའི་རྒྱུ། །ཞེས་པ་དང་། ངེས་དོན་མ་མཐོང་གླེན་པ་ཀུན། །སེམས་ལས་མ་གཏོགས་ཆོས་མེད་ཟེར། །དེ་ཕྱིར་རྨོངས་པའི་བློ་རེ་ནོར། །གླེན་བསྒོམ་མུན་པ་བསྒོམས་པས་ཕུང་། །གང་དྲན་སེམས་ཀྱི་ཆོས་འདི་ལོག །ཅེས་པ་དང་། མ་རིག་རྨོངས་པའི་གང་ཟག་ཀུན། །ཆོས་སྐུ་རང་ཡང་སེམས་ཡིན་ཟེར། །དེ་ཕྱིར་ཚིག་ལས་དོན་མ་གོ། མིང་ལས་ངེས་དོན་ཤེས་པ་དཀོན། །དེ་ཕྱིར་སེམས་ཀྱིས་བྱང་མི་ཆུབ། །སེམས་ལས་སངས་རྒྱས་འདོད་པ་ནི། །མོ་གཤམ་བུ་དང་གཉེན་བྱེད་འདྲ། །སྣང་བ་

p. 1261

སེམས་ཡིན་ཟེར་བ་དེ། །ར་གན་གསེར་དུ་བྱེད་པ་འདྲ། །མ་རིག་སངས་ནས་རང་སེམས་རླག །དེ་ཕྱིར་ཆོས་སྐུ་འགྱུར་བ་མེད། །འཛིན་བྲལ་སེམས་མེད་ཡེ་ཤེས་སྐུ། །དེ་དོན་འབྲལ་མེད་བྱང་ཆུབ་ཀློང་། །སེམས་བྲལ་ཏིང་འཛིན་རྒྱུན་དུ་གནས། །ཞེས་སོ། །དེས་ན་སེམས་དང་ཡེ་ཤེས་ཕྱེད་ནས་ཡེ་ཤེས་རང་གསལ་གྱི་དགོངས་པ་ལ་དེ་ལྟར་གནས་པ་ནི་འདི་ཡི་ཁྱད་པར་གྱི་ཆོས་གསང་བ་ཡིན་ནོ། །དེའང་སེམས་ནི་ཡུལ་འཛིན་པའི་རྟོག་དཔྱོད་གཟུང་འཛིན་དུ་སྐྱེས་པ། ཁམས་གསུམ་པའི་སེམས་སེམས་བྱུང་གི་གཞི་རུ་གནས་ཏེ། མ་དགུའི་དྲི་མ་སྐྱེས་པ་ཅན། རྟོག་དཔྱོད་དང་བསམ་གཏན་གཟུགས་མེད་ཀྱི་རྣམ་པ་དགུའོ། །ཡེ་ཤེས་ནི་དེ་ལས་འདས་པའི་ངོ་བོ་སྤྲོས་བྲལ་གྱི་རིག་པའོ། །རིག་པ་ནི་ཐམས་ཅད་པའི་ཚེ་རིག་ཆར་གནས་པས་རང་བྱུང་འཕོ་འགྱུར་མེད་པའི་ཕྱིར། དེ་བཞིན་ཉིད་དོན་དུ་གནས་པར་ཤེས་པར་བྱའོ། །གཉིས་པ་ཡེ་ཤེས་ཀྱི་ངོ་བོ་ལ་དགོངས་པའི་ཚང་ཚུལ་ནི། དེ་ལྟར་གནད་ལས་མཐོང་བའི་མངོན་སུམ་ལ་ལྟ་བའི་སྐད་ཅིག་ལ། དངས་ལ་མི་གཡོ་བ་སྤྲོ་བསྡུ་དང་བྲལ་བའི་ཡེ་ཤེས་ནང་དུ་ཤར་བ་ནི་ཁྲེགས་ཆོད་ཆོས་སྐུ་རང་ཐོག་ཏུ་ཕེབས་པ་ཡིན་ལ། ཕྱིར་སྣང་འོད་གསལ་དུ་སྣང་བའི་ཐབས་ནི་ཐོད་རྒལ་ལྷུན་གྲུབ་ཏུ་ཤར་བའི་རང་བཞིན་གཟུགས་སྐུ་ལམ་དུ་བྱེད་པས། ཕྱིར་སྣང་བསྐྱེད་རིམ་ཐབས་སུ་ཤར་བའི་གནད་ལས། ནང་གསལ་སྐྱེ་མེད་སྤྲོས་ཀུན་ཞི་བའི་རྫོགས་རིམ་མུ་མཐའ་དང་བྲལ་བའི་ཤེས་རབ་མངོན་དུ་གྱུར་པས། ཐབས་དང་ཤེས་རབ། བསྐྱེད་པ་དང་རྫོགས་པ། ཆོས་སྐུ་དང་གཟུགས་སྐུ། སྣང་བ་དང་སྟོང་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་ཁྲེགས་ཆོད་དང་ཐོད་རྒལ་སྒོམ་པའི་སྐད་ཅིག་ལ་རྫོགས་པའོ། །དེའི་ཚེ་སྐུ་ལྔ་ཡེ་ཤེས་དང་བཅས་པའང་ཚང་སྟེ། རྩེ་གཅིག་སྤྲོས་པ་དང་བྲལ་བས་ཆོས་སྐུ། རང་གསལ་འཛིན་པ་མེད་པས་ལོངས་སྐུ། སྣ་ཚོགས་ཡུལ་ལ་ཤར་བས་སྤྲུལ་སྐུ། ཚོགས་བརྒྱད་རྣམ་ཤེས་ལོག་པས་བྱང་ཆུབ་ཀྱི་སྐུ། དབྱིངས་ལ་འཕོ་

p. 1262

འགྱུར་མེད་པས་རྡོ་རྗེའི་སྐུའོ། །ཡེ་ཤེས་ལྔ་ལས། དམིགས་བསམ་སྤྲོས་དང་བྲལ་བས་ཆོས་དབྱིངས་ཡེ་ཤེས། གསལ་ལ་འགྲིབ་པ་མེད་པ་མེ་ལོང་ཡེ་ཤེས། རོ་མཉམ་ངང་ལ་གནས་པ་མཉམ་ཉིད་ཡེ་ཤེས། སྣང་བ་འོད་ལྔ་མ་འདྲེས་ཀུན་རྟོག་ཡེ་ཤེས། གཟུང་འཛིན་གཉིས་སྣང་གྲོལ་བས་བྱ་གྲུབ་ཡེ་ཤེས་སོ། །ཡེ་ཤེས་དེ་དག་མཁའ་འགྲོ་ལྔའི་རང་བཞིན་དུའང་གནས་ཏེ། སངས་རྒྱས་ཀྱི་དགོངས་པ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་སྐད་ཅིག་ལ་ཚང་བའོ། །གསུམ་པ་འོག་མའི་སྙིང་པོ་གོང་མར་འདུས་ཚུལ་ནི། འོད་གསལ་གྱི་སྐད་ཅིག་ལ་གནས་པ་དེའི་ཚེ། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པ་མེད་པས་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ལྟ་བའི་དགོངས་པ་འདུས་སོ། །ལུས་ངག་ཡིད་གསུམ་ཉོན་མོངས་པའི་དྲི་མ་མེད་པས་གཙང་སྦྲར་སྤྱོད་པ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་གྱི་ཡེ་ཤེས་དྲི་མེད་གསུམ་དུ་འདུས་སོ། །སྣང་བ་རིག་པ་གཉིས་མེད་གསུམ་ཟུང་དུ་ཆུད་དེ་རྟོགས་པ་ཏིང་ངེ་འཛིན་ཁྱད་པར་ཅན་མངོན་དུ་གྱུར་པས་མ་ཧཱ་ཨ་ནུ་ཨ་ཏི་གསུམ་གྱི་དགོངས་པ་འདུས་སོ། །དེ་བཞིན་དུ་གཟུངས་དང་། ཏིང་ངེ་འཛིན་དང་ས་ལམ་རྣམས་ཀྱང་རིག་པའི་ཡེ་ཤེས་དྲི་མ་མེད་པ་ལ་གནས་པའི་ཆས་བཞག་པས་དེ་དག་ཀྱང་འདུས་ཏེ། ཐེག་པ་འོག་མར་ཉམས་སུ་ལེན་པའི་ཏིང་ངེ་འཛིན་དང་རྟོགས་པའི་ཡོན་ཏན་གྱི་ཆ་རྣམས་འདིར་འདུས་ལ། སྐྱོན་གྱི་ཆ་རྣམས་མེད་པས་མ་འདྲེས་ཡོངས་རྫོགས་ཀྱི་ཐེག་པ་ཞེས་བྱའོ། །དེ་ལྟར་ལམ་ཉམས་སུ་ལོན་པའི་ཚེ་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་སྐུ་གསུང་ཐུགས་སུ་བསྡུས་ནས་ཇི་སྐད་གསུངས་པ་བཞིན་བསྲུང་དགོས་ཏེ། མ་བསྲུངས་ན་ཉེས་པ་མང་ཞིང་རྣམ་སྨིན་ལྕི་བས་ཡུན་རིང་དུ་ངན་སོང་དུ་འཚེད་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་སྲ་བ་འབྱུང་གནས་ཀྱི་རྒྱུད་ལས། དམ་ཚིག་ཉམས་པའི་འཆལ་བ་དག །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་རྣམས་ནི་འདུ་བ་དང་། །བསྒྲུབ་པ་ཐམས་ཅད་ལོག་ནས་ནི། །

p. 1263

བསྲེག་དང་སྤྲིབས་ལ་ཡུན་རིང་གནས། །ཞེས་སོ། །ལེགས་པར་བསྲུང་ན་ཕན་ཡོན་དཔག་ཏུ་མེད་དེ་གསང་སྙིང་ལས། རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱི་སྐུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་འཇུག །འཇིག་མེད་ཀུན་ཏུ་བཟང་པོར་སྦྱོར། །ཅེས་སོ། །ལྔ་པ་མཐར་ཕྱིན་འབྲས་བུའི་གྲུབ་ལུགས་ནི། དེ་ལྟར་སྣང་བ་བཞིའི་ལམ་རྫོགས་པ་ན། ལུས་དེས་གཞན་དོན་འགྲུབ་པར་གཟིགས་ནས་སྲིད་པ་ཇི་སྲིད་བཞུགས་པར་དགོངས་པ་དེ་སྲིད་དུ་སྐུ་དེ་ཉིད་ཆུའི་ཟླ་བ་ལྟར། སྣང་གཟུགས་ཡོད་ཀྱང་རག་གཟུགས་མེད་པར་བཞུགས་ནས་སེམས་ཅན་གྱི་དོན་མཛད་པ་འཕོ་བ་ཆེན་པོའི་སྐུར་བཞེངས་པ་ནི། སློབ་དཔོན་ཆེན་པོ་བི་མ་ལ་དང་པདྨ་ལྟ་བུ་རྫུ་འཕྲུལ་དང་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྐད་ཅིག་གཅིག་ལ་སྟོན་པའོ། །ལུས་དེས་གཞན་དོན་རྒྱ་ཆེར་མི་འགྲུབ་པར་གཟིགས་ན་འོད་གསལ་དུ་གྲོལ་བའི་ངང་དེ་ཉིད་དབྱིངས་གདོད་མའི་སར་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པས། ཆོས་སྐུའི་ཞིང་ན་ཀུན་ཏུ་བཟང་པོར་བཞུགས་བཞིན་དུ་དེའི་ངང་ལས་ལོངས་སྐུའི་ཞིང་ལྷུན་གྲུབ་སྟུག་པོ་བཀོད་པར་རང་སྣང་ལོངས་སྤྱོད་རྫོགས་པར་བཞེངས་པའི་བྱིན་རླབས་ལས། དག་པའི་ཞིང་དུ་རིགས་ལྔར་སྣང་བས་ས་ལ་གནས་པའི་སེམས་དཔའ་རྣམས་ཀྱིས་དོན་མཛད་ཅིང་། འགྲོ་བ་དྲུག་གི་གནས་སུ་རང་རང་གི་སྟོན་པར་སྣང་ནས་དོན་མཛད་པ་མཆོག་གི་སྤྲུལ་པ་དང་། བཟོ་དང་སྐྱེ་བ་སྤྲུལ་པ་ལ་སོགས་པ་སྲིད་པ་ཇི་སྲིད་པར་འཕྲིན་ལས་རྒྱུན་མི་འཆད་པར་སོ་སོའི་སྣང་བ་བཞིན་འབྱུང་བའོ། །སངས་རྒྱས་དེ་དག་གི་ཡེ་ཤེས་ཀྱང་སྔར་བཤད་པ་བཞིན་མངའ་བས་རྟག་པ་རྒྱུན་མི་འཆད་པར་བཞུགས་པའོ། །དེ་ལྟར་གདོད་མའི་སྤྱི་གཞི་ནས་འབྲས་བུའི་བར་རྣམ་པ་ལྔར་བཤད་པ་དེ་དག་གི་ངེས་པའང་མུ་ཏིག་ཕྲེང་བའི་རྒྱུད་ལས། གནས་ལུགས་བསམ་གྱིས་མི་ཁྱབ་ཀྱང་། །ཡེ་ཤེས་རྣམ་པ་

p. 1264

གསུམ་ཡིན་ནོ། །འཁྲུལ་གཞི་རྣམ་པ་མང་བཤད་ཀྱང་། །ལྷུན་གྲུབ་དང་ནི་ཐུགས་རྗེའོ། །རང་གནས་སྐུ་རིག་ཡེ་ཤེས་སོ། །གནས་པ་ཐུགས་དེ་ཙིཏྟའི་དཀྱིལ། །ལམ་ནི་རྩ་བཞི་འཇུ་བྱེད་རླུང་། །འཆར་བྱེད་སྒོ་ནི་མིག་སོགས་སོ། །ནམ་མཁའ་རྐྱེན་བྲལ་ཡུལ་དུ་འདུས། །ཉམས་བླང་ཁྲེགས་ཆོད་ཐོད་རྒལ་ལོ། །ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །བར་དོ་མ་བུ་གཉིས་སྦྱོར་བ། །གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་སོ། །དེའང་རང་བྱུང་ཡེ་ཤེས་སྒྲིབ་པ་དང་བྲལ་བའི་མཐར་ཐུག་པའི་ཚེ་ཐོག་མའི་གྲོལ་ས་ཞེས་བརྗོད་པར་ཟད་ཀྱིས་ཐོག་མའི་གྲོལ་ས་སྒྲིབ་པ་དང་བཅས་པ་ཁམས་ཞེས་བྱ་བ་དྲི་མ་དང་བཅས་པས་དེ་བཞིན་ཉིད་ཡིན་ལ། ལམ་གྱིས་སྦྱངས་པས་དྲི་མ་མེད་པའི་དེ་བཞིན་ཉིད་བྱང་ཆུབ་ཏུ་གྱུར་པའི་གནས་སྐབས་ཡིན་པར་རིག་པར་བྱའོ། །དེས་ན་འབྲས་བུ་གཞི་ཐོག་ཏུ་གྲོལ་ཞེས་བརྗོད་པས། དབྱིངས་འཕོ་འགྱུར་མེད་པ་མཐར་ཐུག་པའི་རང་བཞིན་གོ་བར་བྱེད་པ་ལ་དགོངས་ཀྱིས་གཞི་ཐོག་ཏུ་གྲོལ་བ་དངོས་མི་སྲིད་དེ། གཞི་དྲི་བཅས་སུ་ཡང་ལྡོག་པ་མི་སྲིད་པའི་ཕྱིར་རོ། །སྲིད་ན་ཡང་འཁྲུལ་བར་འགྱུར་ཏེ་གཞི་ཐོག་ནས་ཡང་འཁྲུལ་གཞི་བྱེད་པའི་ཕྱིར་རོ། །དེས་ན་དབྱིངས་རང་བྱུང་གི་ཡེ་ཤེས་ལ། དྲི་མ་དང་བཅས་དུས་གཞི། དྲི་མ་སྦྱོང་དུས་ལམ། དྲི་མ་མཐའ་དག་དང་བྲལ་དུས་འབྲས་བུ་ཞེས་བྱ་བ་ཡིན་པས། གཞི་དང་གྲོལ་ས་ཕྱེད་པ་ཤིན་ཏུ་གལ་ཆེའོ། །དེང་སང་ནི་རྣམ་དབྱེ་ཕྱེད་པ་ཤིན་ཏུ་ཉུང་ངོ་། །དོན་གཉིས་པའི་ངེས་བྱེད་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྒྱ་ཆེན་རྒྱུད་ཀྱི་ངེས་བྱེད་དང་། ཡང་ཟབ་མན་ངག་གི་ངེས་བྱེད་དོ། །དང་པོ་ལ་གཉིས་ཏེ། རྒྱུད་ཀྱི་ངོ་བོ་དང་། རབ་ཏུ་དབྱེ་བའོ། །དང་པོ་ནི་གཞི་ལམ་འབྲས་བུའི་བརྗོད་བྱ་དང་རྗོད་བྱེད་དུ་གནས་པ་འཁོར་དང་བཅས་པའོ། །དེ་ལ་གཞིའི་རྒྱུད་རང་བྱུང་གི་ཡེ་ཤེས། ལྷུན་གྲུབ་འཕོ་འགྱུར་མེད་པའོ། །ལམ་གྱི་རྒྱུད་དབང་དང་གདམས་པས་རྟོགས་པ་དང་ཏིང་ངེ་འཛིན་གོང་ནས་གོང་དུ་ཐོབ་

p. 1265

པ། རྟོགས་པའི་རྒྱུད་ལས་དང་པོ་ཆོས་ཉིད་མངོན་སུམ་ལ་གནས་པ་ནས་འོད་གསལ་དབྱིངས་སུ་མ་གྲོལ་བའི་བར་གྱི་རིག་པའི་ཡོན་ཏན་ལྟ་བ་དང་ཏིང་ངེ་འཛིན་ལ་སོགས་པའོ། །ལུང་ནི་རྒྱུད་སྡེ་ལྟར་ཉམས་སུ་ལེན་པའི་ཐབས་སུ་བྱུང་བའི་མིང་ཚིག་ཡི་གེར་སྣང་བ་གླེགས་བམ་དུ་བཅས་པ་རྣམས་སོ། །གཉིས་པ་དབྱེ་ན་གཉིས་ཏེ། མུ་ཏིག་ཕྲེང་བ་ལས། ཨེ་མ་རྡོ་རྗེ་འཛིན་པ་ཉོན། །དེ་ཉིད་རྣམ་པར་བཤད་བྱ་བ། །དོན་གྱི་རྒྱུད་དང་ཚིག་གི་རྒྱུད། །ཅེས་པས། གཞི་རིག་པའི་གནས་ལུགས་ཀུན་ལ་ཁྱབ་པར་ཡོད་པ་ནི་དོན་གྱི་རྒྱུད་ཡིན་ལ། དེ་མཚོན་ཅིང་ཉམས་སུ་ལེན་པའི་ཐབས་ཡན་ལག་དང་བཅས་པ་སྟེ་སྡེེ་ཚན་སོ་སོར་བསྟན་པ་ནི་ཚིག་གི་རྒྱུད་དོ། །དང་པོ་དོན་གྱི་རྒྱུད། དེའི་རྣམ་གྲངས་དབྱེ་ན་ཐབས་ཀྱི་རྒྱུད་དང་། རང་བཞིན་གྱི་རྒྱུད་གཉིས་ཏེ། དེ་ཉིད་ལས། གསང་བའི་རྒྱུད་ཀྱི་ཐབས་དང་ནི། །རང་བཞིན་ཇི་ལྟ་བུ་གཅིག་ལ། །ཞེས་སོ། །དང་པོ་ནི་དབྱིངས་ཀྱི་དོན་མཚོན་བྱེད་སྟོན་པར་བྱེད་པའོ། །དབྱེ་ན་མཚོན་བྱ་ཐབས་ཀྱི་རྒྱུད་དང་། མཚོན་བྱེད་ཐབས་ཀྱི་རྒྱུད་གཉིས་ཏེ། དེ་ཉིད་ལས། གཞི་གཅིག་ངོ་བོའི་ཁྱད་པར་ལས། །མཚོན་བྱ་དང་ནི་མཚོན་བྱེད་དོ། །ཞེས་སོ། །དེའང་བརྗོད་བྱ་དོན་གྱི་རྣམ་སྤྱི་དེ་མཚོན་བྱའོ། །དེའི་ཡིན་ཚུལ་འབྱེད་པ་མཚོན་བྱེད་དེ་དོན་དང་ཐ་སྙད་ལ་ཟེར་རོ། །དེའང་རང་རིག་འོད་གསལ་ཀུན་ཁྱབ་ཆེན་པོ་ནི་མཚོན་བྱའི་རྒྱུད་དེ། དེ་ཉིད་ལས། མཚོན་བྱ་རྒྱུད་གཅིག་ཀུན་ཁྱབ་པས། །ཐམས་ཅད་དེ་ཡི་རྗེས་སུ་འབྲང་། །ཞེས་སོ། །ཇི་ལྟར་ཁྱབ་ན། དབྱིངས་སྟོང་པ་ཀ་དག་ཆོས་ཉིད་དང་། ཡེ་ཤེས་སྣང་པ་ལྷུན་གྲུབ་ཆེན་པོ་དབྱེར་མེད་པའི་ཚུལ་གྱིས་ཁྱབ་སྟེ། དེ་ཉིད་ལས། ཁྱབ་པ་རྣམ་པ་གཉིས་ཡིན་ཏེ། །སྟོང་པས་ཁྱབ་དང་གསལ་བས་ཁྱབ། །ཅེས་སོ། །མཚོན་བྱེད་ནི་དེ་ཉིད་རྟོགས་པར་བྱེད་པའི་ཐབས་སུ་གྱུར་པ། ཁྲེགས་ཆོད་ཡེ་གྲོལ་ཆེན་པོ་དང་། ཐོད་རྒལ་འོད་ལྔ་རང་སྣང་སྒྲོན་མ་དང་བཅས་པ་རང་ཆས་སུ་ཡེ་ནས་ཡོད་པའི་ཆ་ལ་བཏགས་ཏེ། མུ་ཏིག་ཕྲེང་བ་ལས།

p. 1266

ཐབས་ཞེས་ཁྱད་པར་ཉིད་ཀྱང་ངོ་། །གང་ཟག་བློ་ཡི་བྱེ་བྲག་གིས། །རིམ་པ་ཇི་ལྟར་བཤད་བྱ་བ། །འབད་རྩོལ་མེད་པར་རང་གྲོལ་དང་། །འབད་བཅས་ཉམས་སུ་བླང་བའོ། །ཞེས་པ་ནས། དེ་ལྟར་མཚོན་བྱེད་ཐབས་ཀྱི་རྒྱུད། །རང་གི་རྒྱུད་ལ་མ་སྐྱེས་རྫོགས། །མཚོན་པར་བྱེད་པས་ཐབས་ཡིན་ཏེ། །རྒྱུན་དུ་གནས་པས་རྒྱུད་ཅེས་བྱ། །ཞེས་པའི་བར་དུ་གསུངས་སོ། །དེའང་ཐབས་དེ་དག་དོན་དང་འདུ་འབྲལ་མེད་པར་ཡེ་ནས་རང་ཆས་སུ་ཡོད་པ་ལས། རྡོ་རྗེ་འཆང་གིས་ཡོད་པ་ལ་ཡོད་པར་གཟིགས་ཤིང་གསལ་བར་གསུངས་པ་ཙམ་ལས། གཤིས་རིག་པ་ལ་མེད་པ་གསུངས་པ་ནི་མེད་དེ། རིག་པ་འབད་མེད་ཅོག་གཞག་ཐབས་ཡེ་གྲོལ་ཁྲེགས་ཆོད་དང་། འོད་གསལ་རང་སྣང་ཐོད་རྒལ་དུ་གནས་པ་གོམས་པས་གྲོལ་ངེས་སུ་གནས་པ་ཡེ་ཡོད་ཕྱིས་གསལ་བར་བྱས་པ་ཙམ་མོ། །དེ་ལྟར་བསྟན་པའི་མཚོན་བྱའི་ངོ་བོ་དབྱིངས་རིག་འདུ་འབྲལ་མེད་པས་ཁྱབ་པ་ཡིན་ལ། ངེས་ཚིག་དེ་ལས་ཁྱབ་པའི་ཕྱིར་ན་རྒྱུད་ཅེས་བྱའོ་ཞེས་སོ། །དབྱེ་ན་སྟོང་པ་དང་གསལ་བ་གཉིས་སོ། །མཚོན་བྱེད་ཐབས་ཀྱི་ངོ་བོ་རྟོགས་པར་བྱེད་པའི་ཐབས་སུ་གནས་པ་དེ། དེ་ཉིད་ལས། དེ་དག་མངོན་པར་རྟོགས་པ་ནི། །ཐབས་ཞེས་ཁྱབ་པ་ཉིད་ཀྱང་ངོ་། །ཞེས་སོ། །ངེས་ཚིག་ནི་དེ་ལས། མཚོན་པར་བྱེད་པས་ཐབས་ཡིན་ནོ། །ཞེས་སོ། །དབྱེ་ན་འབད་བཅས་ཐོད་རྒལ་དང་། འབད་མེད་ཁྲེགས་ཆོད་གཉིས་ཏེ་དེ་ཉིད་ལས། འབད་རྩོལ་མེད་པར་རང་གྲོལ་དང་། །འབད་བཅས་ཉམས་སུ་བླང་བའོ། །ཞེས་སོ། །གཉིས་པ་རང་བཞིན་གྱི་རྒྱུད་ཀྱི་ངོ་བོ་ནི་རིག་པའི་རང་བཞིན་རང་འོད་སྒྲོན་མ་དང་བཅས་པ་སྟེ། དེ་ཉིད་ལས། དེ་བཞིན་གཤེགས་པའི་རང་བཞིན་ཅན། །རྒྱུད་ཀྱི་སྙིང་པོ་རབ་ཏུ་དབྱེ། །འཁོར་དང་འདས་པ་གང་གིས་ཀྱང་། །འདི་ཉིད་ཤེས་པ་མ་ཡིན་ཏེ། །མི་འབྱེད་རྡོ་རྗེའི་རང་བཞིན་ཅན། །རང་རྒྱུད་མཚོན་པའི་གཞི་གཅིག་པའི། །རང་བཞིན་སྟོང་པ་ཉིད་དུ་གཅིག །རྫོགས་པའི་སངས་རྒྱས་བསྐྱེད་

p. 1267

པའི་ཡུམ། །ཞེས་སོ། །དབྱེ་ན་གསུམ་སྟེ། གཞིའི་རྒྱུད། སྙིང་པོའི་རྒྱུད། བཅུད་ཀྱི་རྒྱུད་དོ། །དེ་ཉིད་ལས། རང་བཞིན་རྒྱུད་ནི་འདི་ལྟ་སྟེ། །གཞི་དང་སྙིང་པོ་བཅུད་ཉིད་དོ། །ཞེས་སོ། །དང་པོ་གཞིའི་རྒྱུད་ཀྱི་ངོ་བོར་རང་བྱུང་གི་ཡེ་ཤེས། ཐོག་མའི་འོད་གསལ་སྙིང་པོ་ནི། གདོད་མའི་མགོན་པོ། འོད་མི་འཁྲུགས་པ། དབྱིངས་རྣམ་དག །མར་མེ་མཛད། འོད་མི་འགྱུར་བ་ཞེས་བཏགས་པ་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དེ་ཡིན་ནོ། །དབྱེ་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྟེ། དེ་ཉིད་ལས། གཞི་ནི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་ཀུན་ལ་ཁྱབ་ཅིང་འཆར། །ཅེས་སོ། །སྙིང་པོའི་རྒྱུད་ཀྱི་ངོ་བོ་ནི་སྙིང་གའི་འོད་གསལ་གདངས་ཕྱིར་སྣང་དང་བཅས་པ་སྟེ། དེ་ཉིད་ལས། སྙིང་པོ་རྫོགས་པའི་རང་བཞིན་རྒྱུད། །སྣང་བ་ཐམས་ཅད་རྒྱུད་ཡིན་ཏེ། །ཐམས་ཅད་ཐམས་ཅད་འབྲེལ་ཞིང་ཆགས། །རང་བཞིན་ཙིཏྟའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་སྙིང་པོ་ཆེ། །དེ་ཕྱིར་དྲིལ་བའི་སྙིང་པོ་སྟེ། །ཀུན་གྱི་སྲོག་ཏུ་གྱུར་པའི་ཕྱིར། །སྙིང་པོའི་རྒྱུད་ཅེས་རྣམ་པར་བཤད། །ཅེས་སོ། །དབྱེ་ན་ནང་གི་སྙིང་པོ་ཡེ་ཤེས་དང་ཕྱིའི་སྙིང་པོ་འོད་གདངས་སོ། །བཅུད་ཀྱི་རྒྱུད་ཀྱི་ངོ་བོ་སྙིང་པོའི་དོན་སྦྱོར་བས་མཐོང་བ་སྟེ། ཕྲེང་བ་ལས། སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །ངོ་བོ་ཐམས་ཅད་བཅུད་ཕྱུང་བའི། །སྙིང་པོ་བསྡུས་པས་བཅུད་ཅེས་ཏེ། །སྟོང་གསལ་རིག་པ་བཅུད་དུ་དྲིལ། །ཅེས་སོ། །དབྱེ་ན་གཞིའི་བཅུད་སྐུར་སྣང་བ། སྙིང་པོའི་བཅུད་ཡེ་ཤེས་སུ་གསལ་བ། མེ་ཏོག་གི་བཅུད་སྒྲོན་མ་བཞིར་ཤར་བ་སྟེ། དེ་ཉིད་ལས། སངས་རྒྱས་ཀུན་གྱི་བདེ་གསང་ཆེ། །གཞི་དང་སྙིང་པོ་མེ་ཏོག་ཅན། །རང་རིག་རྣམས་ཀྱི་ངོ་བོ་ཉིད། །ཅེས་སོ། །ལེགས་པར་བསྡུས་ན། བཅུད་ཀྱི་རང་བཞིན་གསུམ་པོ་འདིས་གྲོལ་བའི་ཆ་ཚང་ལ་མ་ནོར་བར་སྟོན་པའི་ཕྱིར་ཀུན་ལས་འཕགས་ཏེ། གསེར་གྱི་མེ་ཏོག་སྙིང་པོ་ལས། སངས་རྒྱས་རྣམས་ཀྱི་བཅུད་བསྡུས་

p. 1268

ནས། །འགྲོ་བ་ཀུན་གྱི་སྙིང་ལ་བཅུག །དེ་ཡི་སྙིང་པོ་ལུ་གུ་རྒྱུད། །དངས་མ་འདུས་པས་བཅུད་ཅེས་བྱ། །ཞེས་པ་དང་། བརྩོན་པ་དོན་ལྡན་གྱི་རྒྱུད་ལས། བསྟན་པ་ཀུན་གྱི་ཡང་བཅུད་ནི། །ཆོས་ཉིད་མངོན་སུམ་ལམ་ཞེས་བྱ། །ཞེས་པ་དང་། རྡོ་རྗེ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་དང་སྙིང་པོ་མེ་ཏོག་ནི། །སངས་རྒྱས་རྣམས་ཀྱི་རང་བཞིན་རྒྱུད། །ཁྱད་པར་གསང་མཆོག་བཅུད་དུ་དྲིལ། །འདི་ནི་འཁོར་བའི་ཕ་རོལ་དུ། །སྐྱེས་བུས་མདའ་འཕངས་ཇི་བཞིན་ནོ། །ཞེས་སོ། །དེ་ལྟར་རང་བཞིན་གྱི་རྒྱུད་རྣམས་གཞི་ལམ་འབྲས་བུ་གསུམ་གྱི་རང་བཞིན་དུ་གནས་ཏེ་མུ་ཏིག་འཕྲེང་བ་ལས། གཞི་དང་ལམ་དང་འབྲས་བུ་ཡིས། །གཟུང་བར་ངེས་པས་རང་བཞིན་རྒྱུད། །ཅེས་སོ། །གཞིའི་རྒྱུད་རིག་པ། ལམ་གྱི་རྒྱུད་སྣང་བ་བཞི། འབྲས་བུའི་རྒྱུད་བཅུད་དང་རྣམ་པ་གསུམ་མོ། །དེའང་སྙིང་པོ་རིག་པའི་ཡེ་ཤེས་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་པ་ནི་དངས་མ་གསུམ་ཡིན་ལ། རིག་པ་སྐུར་གསལ་བ། དབྱིངས་ཁ་དོག་ཏུ་གསལ་བ་ནམ་མཁའ་ལ་དབྱིངས་རིག་གསལ་བ་གསུམ་ནི་གསལ་བ་གསུམ་ཞེས་བྱའོ། །གདེང་གསུམ་ནི་ལྟ་བ་རང་བྱུང་གི་ཡེ་ཤེས་ཡེ་ནས་གྲོལ་བས་འབད་རྩོལ་བྱ་མི་དགོས་པའི་གདེང་། རང་སྣང་ཡེ་ཤེས་ཀྱི་ཡུལ་སྐུ་དང་ཡེ་ཤེས་སུ་གསལ་བས་ཞིང་ཁམས་ལོགས་ནས་བསྒྲུབ་མི་དགོས་པའི་གདེང་། འཁོར་འདས་ལ་རེ་དོགས་དང་སྤང་ཐོབ་བྲལ་བས་སངས་རྒྱས་ལོགས་ནས་བསྒྲུབ་ཏུ་མེད་པར་ཐག་ཆོད་པའི་གདེང་ངོ་། །དེའི་ཚེ་མི་ལྡོག་པ་གསུམ་འབྱུང་བ་ནི། རིག་པ་མི་ལྡོག་པས་སྐུར་སྨིན། སྣང་བ་མི་ལྡོག་པས་འོད་གསལ་དུ་གྲོལ། རྟོག་པ་མི་ལྡོག་པས་ཡེ་ཤེས་སུ་སངས་རྒྱས་པའོ། །དེ་དག་གི་དག་བྱ་དང་དག་བྱེད་ཀྱི་གཞི་སྣང་བ་གསུམ་དང་སྟོང་པ་གསུམ་དུ་འདུས་ཏེ། འཁྲུལ་སྣང་། དག་སྣང་། བར་དོ་སྒྱུ་མའི་སྣང་བ་དང་གསུམ་ནི། ད་ལྟ་སེམས་ཅན་སྤྱི་བཙན་ལ་སྣང་བ། སྣང་བ་བཞི་སྦྱངས་

p. 1269

ན་དག་སྣང་དུ་འགྱུར་ལ། མ་སྦྱངས་ཀྱང་བར་དོར་འོད་གསལ་གཞིའི་སྣང་བ་འཆར་བ་ཡིན་ནོ། །སྟོང་པ་གསུམ་ནི་དྲི་མ་སྦྱོང་བ་སྣང་བ་བཞིའི་གནས་སྐབས་ཏེ། དང་པོར་ཆོས་མིན་ལས་ལྡོག་པས་སྒོ་གསུམ་འཁྲུལ་པ་ལས་གྲོལ་བས་འཁྲུལ་པ་སྟོངས། དེ་ནས་ཆོས་སུ་འཛིན་པའི་དྲི་མ་སྟོངས་ཏེ་རླུང་ལྔ་དབྱིངས་སུ་དག །དེ་ནས་ཕྱི་ནང་འོད་གསལ་དུ་གྲོལ་བས་ཕྲ་རགས་ཀྱི་འབྱུང་རྐྱེན་སྟོངས་པའོ། །དེ་སྐད་དུ་མུ་ཏིག་ཕྲེང་བ་ལས། དེ་ཡང་བཅུད་ཀྱི་རང་བཞིན་ནི། །སྙིང་པོ་བསྡུས་པས་དངས་མ་གསུམ། །གསལ་བ་གསུམ་དང་ཤེས་པས་ཁྱབ། །གདེང་གསུམ་མི་ལྡོག་གསུམ་གྱིས་ནི། །བཅུད་མི་འགྱུར་བའི་ངེས་པ་ཐོབ། །སྣང་བ་གསུམ་དང་སྟོང་པ་གསུམ། །བཅུད་ནི་རང་བཞིན་དག་པ་ཡིས། །རྒྱུད་དུ་གཏན་ལ་ཕབ་པའོ། །ཞེས་སོ། །དེ་ལྟར་ཐབས་ཀྱི་རྒྱུད། རང་བཞིན་གྱི་རྒྱུད། སོ་སོའི་རྣམ་དབྱེ་མང་པོ་བཤད་ཀྱང་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོ་ལ་བརྟགས་ནས་སོ་སོར་ལྡོག་པས་ཕྱེ་བ་ཡིན་གྱིས། དོན་ཐ་དད་དུ་འགྱུར་བ་མེད་དེ། གཤིས་ཀྱི་ཡིན་ལུགས་ཀྱི་སྟེང་ནས་རང་བཞིན་གྱི་རྒྱུད། མཚོན་བྱ་དོན་གྱི་རྒྱུད། གཞིའི་རྒྱུད་ཅེས་བརྗོད་ལ། དེ་དག་གི་ཡིན་ཚུལ་ཉམས་ལེན་གྱི་དོན་ཡེ་ནས་རང་བྱུང་གི་ཡེ་ཤེས་ཉིད་ལ་གནས་པའི་ཆ་ནས། ཐབས་ཀྱི་རྒྱུད། མཚོན་བྱེད་ཀྱི་རྒྱུད། བཅུད་ཀྱི་རྒྱུད་ཅེས་པ་ལ་སོགས་པ་བཏགས་ཀྱང་། མི་གཅིག་ལ་མིང་མང་པོ་བཏགས་པ་ན་མིང་མང་པོར་བྱུང་ཡང་དོན་གཅིག་ལས་མ་འདས་པ་ལྟ་བུ་སྟེ། དེ་ཉིད་ལས། གཞི་དང་ལམ་དང་འབྲས་བུ་ཡིས། །གཟུང་བར་ངེས་པ་རང་བཞིན་རྒྱུད། །དེ་ཕྱིར་རྒྱུད་ཅེས་འབྲེལ་པས་གྲུབ། །རང་བཞིན་བབས་ཀྱིས་གྲུབ་པས་ན། །རང་བཞིན་ཉིད་ཀྱི་རྒྱུད་ཅེས་བྱ། །གཞི་གཅིག་ངོ་བོའི་ཁྱད་པར་ལས། །ཐབས་དང་རང་བཞིན་རྒྱུད་ཅེས་ནི། །བཏགས་པ་ཙམ་དུ་དེར་སྣང་ཀྱང་། །ངོ་བོ་གཞི་གཅིག་རང་བཞིན་སྟོང་། །ཐ་དད་མ་ཡིན་འགྱུར་བ་མེད། །དཔེར་ན་སྐྱེས་བུ་གང་ཞིག་ལ། །མིང་ནི་མང་པོ་ཡོད་གྱུར་པ། །གང་ནས་

p. 1270

བོས་ཀྱང་དེར་སྣང་ལྟར། །འགྱུར་མེད་དོན་ཀྱང་དེ་བཞིན་ནོ། །ཞེས་སོ། །དོན་གཉིས་པ་ཚིག་གི་རྒྱུད་ཀྱི་རིམ་པ་བཤད་པ་ལ་བརྒྱད་དེ། ངོ་བོ་དབྱེ་བ། སྡུད་ཚུལ། གོ་རིམས་སམ་སོ་སོའི་དོན། དགོས་ཆེད། བཤད་ཐབས། མ་བུ་ངེས་པའི་ཁ་བྱང་བསྟན་པའོ། །དང་པོ་རྒྱུད་ཀྱི་ངོ་བོ་ཚིག་དོན་འབྲེལ་བར་སྣང་བ་བཀོད་པས་གང་ཟག་གི་ཤེས་རྒྱུད་གྲོལ་བའོ། །ངེས་ཚིག་ནི་མིང་ཚིག་ཡི་གེར་བརྗོད་ཅིང་གསལ་བའོ། །དབྱེ་བ་ལ་རྣམ་པ་བཅོ་བརྒྱད་དེ། རྒྱ་མཚོ་ལྟ་བུའི་རྒྱུད་རིག་པ་རང་ཤར། ཉི་མ་ལྟ་བུའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། སེང་གེ་ལྟ་བུའི་རྒྱུད་སེང་གེ་རྩལ་རྫོགས། རི་རྒྱལ་ལྟ་བུའི་རྒྱུད་ཡི་གེ་མེད་པ། འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། ལྡེ་མིག་ལྟ་བུའི་རྒྱུད་སྒྲ་ཐལ་འགྱུར། རལ་གྲི་ལྟ་བུ་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། གསལ་ཤིང་ལྟ་བུ་རྒྱུད་སྒྲོན་མ་འབར་བ། གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་འཕྲ་བཀོད། མ་བུ་འབྲེལ་པ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་རྒྱུད་མུ་ཏིག་ཕྲེང་བ། སྦྲུལ་མདུད་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ཁྱུང་ཆེན་ལྟ་བུའི་རྒྱུད་ཀློང་དྲུག་པ། ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་། སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ། རྒྱལ་པོ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ། བང་མཛོད་ལྟ་བུའི་རྒྱུད་རིན་ཆེན་སྤུངས་པའོ། །དེ་སྐད་དུའང་མུ་ཏིག་ཕྲེང་བ་ལས། རྒྱ་མཚོ་དང་ནི་ཉི་མ་དང་། །སེང་གེ་དང་ནི་རི་རྒྱལ་དང་། །འཁོར་ལོ་དང་ནི་ལྡེ་མིག་དང་། །རལ་གྲི་དང་ནི་གསལ་ཤིང་དང་། །གསེར་ཞུན་དང་ནི་མ་བུ་འབྲེལ། །མེ་ལོང་དང་ནི་མུ་ཏིག་བརྒྱུས། །སྦྲུལ་མདུད་དང་ནི་ཁྱུང་ཆེན་དང་། །ཆུ་རྒྱུན་དང་ནི་སྤུ་གྲི་དང་། །རྒྱལ་པོ་དང་ནི་བང་མཛོད་དང་། །དེ་དག་རྣམ་པར་ཕྱེ་བས་ནི། །ཚིག་རྒྱུད་གསལ་བར་བྱེད་པའོ། །དེ་ཡི་དོན་རྣམས་རྣམ་དབྱེ་བས། །ངོ་བོ་ཉིད་ཀྱང་མཐོང་བར་འགྱུར། །ཅེས་སོ། །རྒྱུད་དེ་དག་སོ་སོའི་དོན་གྱི་ཆིངས་སྡུད་ཚུལ་གྱི་

p. 1271

སྒོ་ནས་བཤད་པ་ནི་རང་ཤར་རང་གྲོལ། ཡི་གེ་མེད་པ་གསུམ་ནི་རྒྱུད་ཀྱི་སྙིང་པོ་གསུམ་སྟེ། རྗེ་འབངས་འཛོམས་པ་ལྟ་བུའོ། །ནོར་བུ་འཕྲ་བཀོད་མེ་ལོང་གཉིས་ཏེ་གསུམ་ནི་རྒྱུད་ཀྱི་དངས་མ་གསུམ་སྟེ་རྒྱུད་ཐམས་ཅད་ཀྱི་དོན་མཐོང་བ་རི་རྒྱལ་གྱི་རྩེར་ཕྱིན་པ་ལྟ་བུའོ། །མུ་ཏིག་ཕྲེང་བ་སེང་གེ་རྩལ་རྫོགས་བཀྲ་ཤིས་མཛེས་ལྡན་གསུམ་ནི་རྒྱུད་ཀུན་གྱི་དགོངས་དོན་ཟབ་མོ་གསལ་བས་མེ་ཏོག་གསུམ་སྟེ་ཉི་མ་གསུམ་ཤར་བ་ལྟ་བུའོ། །རྫོགས་པ་རང་བྱུང་གི་རྒྱུད་ནི་རྒྱུད་ཀུན་གྱི་སྡོམ་འདུས་པ་གཅིག་སྟེ་མཁར་གྱི་རྨིང་རྡོ་ལྟ་བུའོ། །ངོ་སྤྲོད་སྤྲས་པ་ནི་དཔེ་དོན་གསལ་བས་སྣང་བ་གཏིང་ནས་རྫོགས་པ་སྟེ། མཁར་རྩེ་སྒྲོན་མེ་ལྟ་བུའོ། །ཉི་ཟླ་ཁ་སྦྱོར་ནི་བར་དོར་གྲོལ་བས་ཡེ་ཤེས་གཡུལ་བཟློག་སྟེ་སྐར་ཁུང་བཏོད་པ་ལྟ་བུའོ། །རིན་ཆེན་སྤུངས་པ་དང་། སྐུ་གདུང་འབར་བ་ནི་རྒྱུད་ཀྱི་མ་ཚང་བ་ཁ་སྐོང་བའི་ཡན་ལག་སྟེ་བ་གམ་ལྟ་བུའོ། །སྒྲོན་མ་འབར་བ་ནི་ཉམས་ལེན་གསལ་བས་རྣལ་འབྱོར་གྲོལ་བའི་རྒྱུད་དེ་རྒྱལ་པོ་ཕོ་བྲང་གི་རྩེར་བཞུགས་པ་ལྟ་བུའོ། །ཀློང་དྲུག་པ་ནི་དགོངས་པ་དྲང་ཐད་དུ་སྟོན་པས་སྙིང་དང་འདྲ་ཞིང་མཚན་འཛིན་གྱི་དམག་མི་འཇུག་པས་སྒོ་བཅད་པ་ལྟ་བུའོ། །ཐལ་འགྱུར་ནི་རང་གི་གྲུབ་པའི་མཐའ་གསལ་ཞིང་ཕ་རོལ་གྱི་རྒོལ་བས་མི་ཚུགས་པས་གསང་བ་རང་གཞུང་སྟེ་ལྕགས་རི་ལྟ་བུའོ། །ནག་མོ་ཁྲོས་མ་ནི་འགལ་བྱེད་ཚར་གཅོད་པས་མཚོན་ཆ་ལྟ་བུ་སྟེ་སྒོ་སྲུངས་གོ་ཞུབས་ཅན་ལྟ་བུའོ། །དེ་སྐད་དུའང་མུ་ཏིག་ཕྲེང་བ་ལས། རྒྱུད་ཀྱི་སྙིང་པོ་གསུམ་ཤེས་ན། །རྒྱལ་བློན་འབངས་གསུམ་འཛོམ་པ་འདྲ། །རྒྱུད་ཀྱི་དངས་མ་གསུམ་ཤེས་ན། །རི་གསུམ་རྩེ་མོར་ཕྱིན་པ་འདྲ། །རྒྱུད་ཀྱི་མེ་ཏོག་གསུམ་ཤེས་ན། །མཁའ་ལ་ཉི་མ་གསུམ་ཤར་འདྲ། །རྒྱུད་ཀུན་སྡོམ་གཅིག་ཤེས་པ་ན། །མཁར་གྱི་འགྲམ་རྡོ་ལེགས་ཚུགས་འདྲ། །སྣང་བ་གཏིང་རྫོགས་རྒྱུད་ཤེས་ན། །རྩེ་མོར་འབྱོངས་པའི་མཁར་དང་འདྲ། །ཡེ་ཤེས་གཡུལ་བཟློག་རྒྱུད་ཤེས་ན། །ཕྱོགས་བཞིར་སྐར་ཁུང་བཏོད་པ་འདྲ། །ཡན་ལག་རྒྱུད་ཆེན་གཉིས་ཤེས་ན། །ངོས་བཞིར་

p. 1272

བ་གམ་བཏགས་པ་འདྲ། །རྣལ་འབྱོར་གྲོལ་བའི་རྒྱུད་ཤེས་ན། །རྒྱལ་པོ་མཁར་གྱི་རྩེར་བཞག་འདྲ། །སྙིང་དང་འདྲ་བའི་རྒྱུད་ཤེས་ན། །དེ་ལ་སྒོ་མོ་དམ་བསྒྲིགས་འདྲ། །གསང་བ་རང་གཞུང་རྒྱུད་ཤེས་ན། །མཐའ་མ་ལྕགས་རིས་བསྐོར་བ་འདྲ། །མཚོན་ཆ་ལྟ་བུའི་རྒྱུད་ཤེས་ན། །གོ་ཞུབས་ལྡན་པའི་སྒོ་སྲུངས་འདྲ། །ཞེས་སོ། །རྒྱུད་དེ་དག་གི་གོ་རིམས་དོན་གྱིཆིངས་ངེས་པའང་དེ་ཉིད་ལས། དེ་ལ་རྒྱུད་ཀྱི་རིམས་པ་ནི། །རྩ་བའི་རྒྱུད་ཆེན་རྣམ་གཉིས་ཀྱི། །ཆོས་ཀུན་ངོ་བོ་གཅིག་པར་བཤད། །བཤད་རྒྱུད་མ་བུ་གཉིས་ཀྱིས་ནི། །ལོ་འདབ་རྒྱས་པའི་ཚུལ་དུ་བཤད། །ཡན་ལག་རྒྱུད་ནི་གཉིས་དག་གིས། །རྒྱ་མཚོར་གཟའ་སྐར་ཤར་བཞིན་བཤད། །ལུང་རིགས་གསལ་བའི་རྒྱུད་གཉིས་ཀྱིས། །མེ་ཏོག་ཁ་ཕྱེའི་ཚུལ་དུ་བཤད། །མན་ངག་རྒྱུད་སྡེ་བཞི་ཡིས་ནི། །འབྲས་བུ་སྨིན་པའི་ཚུལ་དུ་བཤད། །དགོངས་པ་རང་གནས་རྒྱུད་གསུམ་གྱིས། །མཐོང་བྱེད་མིག་གི་ཚུལ་དུ་བཤད། །འཇུག་པ་རང་གྲོལ་རྒྱུད་གཉིས་ཀྱིས། །དྲན་གཞི་སྙིང་གི་ཚུལ་དུ་བཤད། །མཁས་པ་ཆོ་གའི་རྒྱུད་ཀྱིས་ནི། །མེལ་ཚེ་བྱེད་པའི་ཁྱི་ལྟར་བཤད། །ཅེས་སོ། །དེའང་རྫོགས་པ་རང་བྱུང་རྩ་བའི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ་ལ་བརྟེན་ནས་ཕྱི་སྤྲོས་བཅས་ཀྱི་དབང་གིས་སྤྲོས་པ་ལ་དགའ་བ་རྣམས་སྨིན་པར་བྱེད། ཡི་གེ་མེད་པའི་རྒྱུད་ལེའུ་དྲུག་པ་ལ་བརྟེན་ནས་སྨིན་ཟིན་གྲོལ་བར་བྱེད་པའི་མན་ངག་གི་གནད་རྫོགས་པར་བསྟན་པས་རྩ་བའི་རྒྱུད་ཆེན་གཉིས་པོས་ཆོས་ཐམས་ཅད་ངོ་བོ་དབྱེར་མེད་དུ་བཤད་པའོ། །རིག་པ་རང་ཤར་ལེའུ་བརྒྱད་ཅུ་རྩ་དྲུག་ལ་བརྟེན་ནས་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིའི་བརྗོད་བྱ་ཁྱད་པར་གསལ་བར་བྱེད་ལ། རིག་པ་རང་གྲོལ་ལེའུ་དགུ་བ་ལ་བརྟེན་ནས་དམིགས་བསལ་བར་བྱེད་དེ། དེ་ལྟར་བཤད་རྒྱུད་མ་བུ་གཉིས་ཀྱིས་ཤིང་ལོ་འདབ་རྒྱས་པ་ལྟར་བཤད་དོ། །རིན་ཆེན་སྤུངས་པ་ལེའུ་ལྔ་པས་ཡོན་ཏན་རང་རྫོགས་སུ་བསྟན་པ་དང་། སྐུ་གདུང་འབར་བས་རྟགས་རྣམས་བསྟན་པ་སྟེ།

p. 1273

ཡན་ལག་གི་རྒྱུད་གཉིས་ཀྱིས་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཤད་དོ། །སྒྲ་ཐལ་འགྱུར་ལེའུ་དྲུག་པས་སྡེ་སྣོད་ཀུན་གྱི་རྩ་བར་བསྟན་པ་དང་། བཀྲ་ཤིས་མཛེས་ལྡན་ལེའུ་བདུན་གྱིས་འཁྲུལ་པ་བཟློག་ཚུལ་ངོས་བཟུང་སྟེ། ལུང་རིགས་གསལ་བའི་རྒྱུད་གཉིས་པོ་དེས་མེ་ཏོག་ཁ་ཕྱེ་བའི་ཚུལ་དུ་བཤད་དོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལེའུ་བརྒྱད་པས་ངོ་སྤྲད་པ་དང་དབང་དང་དམ་ཚིག་གི་མན་ངག་བསྟན། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལེའུ་བདུན་པས་གོལ་སྒྲིབ་ཤན་འབྱེད་དུ་བསྟན། ངོ་སྤྲོད་སྤྲས་པ་ལེའུ་གསུམ་པས་དཔེ་དོན་གྱི་ཡིད་ཆེས་བསྐྱེད་པ་བསྟན། མུ་ཏིག་ཕྲེང་བ་ལེའུ་བརྒྱད་པས་མན་ངག་ཐ་དད་པའི་ཐབས་ཀྱིས་གྲོལ་བར་བསྟན་ཏེ། དེ་ལྟར་མན་ངག་གི་རྒྱུད་ཆེན་བཞིས་འབྲས་བུ་སྨིན་པའི་ཚུལ་དུ་བཤད་དོ། །ཀློང་དྲུག་པ་ཀློང་དྲུག་གིས་རིགས་དྲུག་གནས་སུ་དག་པར་བསྟན། སྒྲོན་མ་འབར་བ་ལ་ལེའུ་བཞི་པས་སྒྲོན་བཞི་བསྟན། ཉི་ཟླ་ཁ་སྤྱོར་ལེའུ་བཞི་པས་བར་དོ་བསྟན་ཏེ། དེ་ལྟར་དགོངས་པ་རང་གནས་ཀྱི་རྒྱུད་གསུམ་གྱིས་མཐོང་བྱེད་མིག་གི་ཚུལ་དུ་བཤད་དོ། །སེང་གེ་རྩལ་རྫོགས་ལེའུ་བཅུ་གསུམ་པས་ལྟ་བ་ཕྱོགས་རིས་མེད་པར་བསྟན། ནོར་བུ་འཕྲ་བཀོད་ལེའུ་བཅུ་བཞི་པས་ལམ་སྲོལ་དུ་འཇུག་པར་བསྟན་ཏེ། དེ་ལྟར་འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་པོས་དྲན་གཞི་སྙིང་གི་ཚུལ་དུ་བཤད་དོ། །མཁས་པ་ཆོ་གའི་རྒྱུད་དཔལ་ནག་མོ་ཁྲོས་མས་བསྟན་པ་སྲུང་པའི་ལས་རྒྱས་པར་བསྟན་ཏེ་ཁྱི་བཟང་པོས་མེལ་ཚེ་བྱེད་པ་ལྟར་བཤད་དོ། །དེ་ལྟར་སྡེ་ཚན་བརྒྱད་དུ་རྒྱུད་བཅོ་བརྒྱད་བསྡུས་ཏེ་བཤད་པ་ནི་དགོངས་པའི་དབང་གིས་བཞག་གོ། དེའང་རྩ་བའི་རྒྱུད་གཉིས་མེད་ན་སྡོང་པོ་རྩ་བ་རུལ་བས་ཡལ་ག་ལོ་འབྲས་མི་འབྱུང་བ་དང་འདྲའོ། །བཤད་རྒྱུད་གཉིས་མེད་ན། ལོ་མ་མེད་པས་མེ་ཏོག་འོང་མི་སྲིད་པ་དང་འདྲའོ། །ཡན་ལག་གི་རྒྱུད་གཉིས་མེད་ན་ལག་རྡུམ་གྱིས་བྱ་བ་མི་འགྲུབ་པ་དང་འདྲའོ། །འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་མེད་ན་སྙིང་

p. 1274

མེད་པའི་རོ་དང་འདྲའོ། །ལུང་རིགས་གསལ་བའི་རྒྱུད་གཉིས་མེད་ན་མེ་ཏོག་མེད་པས་འབྲས་བུ་མི་འབྱུང་བ་དང་འདྲའོ། །མན་ངག་གི་རྒྱུད་བཞི་མེད་ན་འབྲས་བུ་མི་འབྱུང་བ་ལ་སོ་ནམ་བྱས་ཀྱང་དོན་མེད་པ་དང་འདྲའོ། །དགོངས་པ་རང་གནས་ཀྱི་རྒྱུད་གསུམ་མེད་ན་མིག་མེད་ཀྱིས་སྣང་བ་མི་མཐོང་བ་དང་འདྲའོ། །མཁས་པ་ཆོ་གའི་རྒྱུད་མེད་ན་མེལ་ཚེ་མེད་པས་དགྲ་རྐུན་འོང་བ་དང་འདྲའོ། །དེ་ལྟར་དོན་ཚན་བརྒྱད་མེད་ན་བསྟན་པ་གཅིག་གི་ཆ་རྐྱེན་མ་རྫོགས་ལ། དེ་བས་མང་ཡང་དགོས་པ་མེད་པས་བརྒྱད་དུ་གྲངས་ངེས་ཤིང་དོན་གྱི་གོ་རིམས་ངེས་པའི་འཐད་པའང་དེ་ཡིན་ནོ། །དེ་དག་སོ་སོའི་དོན་ལ་ཟུག་པ་རྩ་བ་ལྟར་བཤད་པས་རྩ་བ་རང་བྱུང་གི་ཡེ་ཤེས་སུ་འདུས་པ་ལ་དགོངས། རྒྱས་པ་ལོ་འདབ་ལྟར་བཤད་པས་ཚིག་དོན་འདྲེས་པ་ལ་དགོངས། ཡན་ལག་ནི་འདྲིལ་བ་སྡོང་པོ་ལྟར་བཤད་པས་དབྱིངས་རིག་གཉིས་མེད་ལ་དགོངས། ལུང་རིགས་ནི་གསལ་བ་མེ་ཏོག་ལྟར་བཤད་པས་སྒྲོན་མའི་རང་ངོ་མངོན་སུམ་དུ་འཛིན་པ་ལ་དགོངས། མན་ངག་ནི་སྨིན་པ་འབྲས་བུ་ལྟར་བཤད་པས་སྐུ་གསུམ་ལམ་དུ་བྱེད་པ་ལ་དགོངས། དགོངས་པ་རང་གནས་གྲོལ་ལམ་མཐོང་བྱེད་ལྟར་བཤད་པས་མངོན་སུམ་གནད་ལ་དགོངས། འཇུག་པ་རང་གྲོལ་ནི་དྲན་རིག་ལམ་དུ་སློང་བས་སྒྲོན་མ་རང་ངོ་སྤྲོད་པ་ལ་དགོངས། མཁས་པ་ཆོ་གས་ནི་བསྟན་པ་བསྲུང་བ་ལ་དགོངས་ཏེ། དེ་ལྟར་དགོངས་ཚུལ་བརྒྱད་ཀྱིས་རྫོགས་པར་བཤད་པའོ། །དེ་དག་གི་འབྲས་བུ་ནི་རྩ་བ་རིག་པ་ལ་འདུས་ལ། རིག་པ་སྟོང་པ་ངོས་གཟུང་དང་བྲལ་བའོ། །རྒྱུད་དེ་ཉིད་རང་རིག་ཏུ་བཟུང་བས་ཡེ་ཤེས་དང་ངོ་འཕྲད། བཅངས་པས་ཏིང་འཛིན་རང་ལ་གནས། །བཀླགས་པས་བརྗོད་བྱ་སེམས་ལ་འཆར། །བཤད་པས་རང་གཞན་གྱི་དགོས་འདོད་སྐོང་། བསྒོམས་པས་འཁོར་བ་དོང་ནས་སྤྲུགས། མཉན་པས་སྙིང་པོའི་དོན་ལ་རེག་པའོ། །བཤད་རྒྱུད་ལོ་འདབ་རྒྱས་པ་ལྟ་བུ་ནི་ཚིག་གི་སྤྲོས་པ་ལ་བརྟེན་ནས་སྤྲོས་མེད་ཀྱི་ཡེ་ཤེས་སྐྱེ་བའོ། །

p. 1275

ཡན་ལག་གི་རྒྱུད་ཀྱི་ཚོགས་དྲུག་ཡུལ་སྣང་ལ་སྒོ་ལྔ་ཅེར་གྲོལ་དུ་སྟོན་པ་རྒྱ་མཚོར་གཟའ་སྐར་ཤར་བ་ལྟ་བུའོ། །ལུང་རིགས་གསལ་བས་རྒྱལ་བའི་ལུང་དང་ཡང་དག་པའི་རིག་པ་རྣལ་འབྱོར་པའི་ཤེས་རྒྱུད་ལ་སྦྱོར་བ་མེ་ཏོག་ཁ་ཕྱེ་བ་ལྟ་བུའོ། །མན་ངག་གི་རྒྱུད་ཀྱིས་ཚིག་དོན་གྱི་སྤྲོས་པ་གནད་ཐོག་ཏུ་ཆོད་པས་སངས་རྒྱས་པ་འབྲས་བུ་སྨིན་པ་ལྟར་རོ། །དགོངས་པ་རང་གནས་ཀྱིས་ཐུན་མཚམས་ལས་འདས་པའི་དགོངས་པ་ཉིན་མཚན་ཆུ་བོའི་རྒྱུན་དུ་བྱེད་པ་མིག་དང་འདྲའོ། །འཇུག་པ་རང་གྲོལ་ནི་སྣང་བ་ལ་རིག་པ་ཞུགས་དུས། སྣང་བ་རང་ཐོག་ཏུ་གྲོལ་བས་འཇུག་པ་རང་སངས། རིག་པ་སྣང་ཐོག་ཏུ་གྲོལ་བས་རང་ཤར་རང་གྲོལ། སྣང་སེམས་གཉིས་མེད་དུ་གྲོལ་བས་གཉིས་མེད་ཕྱོགས་ཡན་དེ་སྙིང་དང་འདྲའོ། །མཁས་པ་ཆོ་གའི་རྒྱུད་ཀྱིས་མ་མོའི་གནད་ངེས་པས་འགལ་བྱེད་ཆམ་ལ་ཕེབས་ཏེ་རང་ཕྱོགས་བསྲུང་བ་མེལ་ཚེ་བྱེད་པའི་ཁྱི་ལྟར་བྱུང་བའོ། །དེ་ལྟར་སྡེ་ཚན་བརྒྱད་པོའི་དོན་ཡིད་ལ་བཟུང་བས་ཡེ་ཤེས་དང་ངོ་ཕྲད། བཅངས་པས་ཏིང་ངེ་འཛིན་ལ་གནས། བཀླགས་པས་མཐར་ཐུག་གི་དོན་གོ། བཤད་པས་རང་གཞན་གྱི་མུན་པ་སེལ། བསྒོམས་པས་འཁོར་བའི་རྒྱ་མཚོ་སྐམ། ཉན་པས་ངེས་པའི་དོན་ལ་རེག་པའོ། །དེ་དག་ཀྱང་བློ་དམན་པ་སྤྲོས་པ་ལ་དགའ་བའི་ངོར་རྣམ་པ་བཅོ་བརྒྱད་དུ་བསྟན་ལ། འབྲིང་པོ་རྣམས་ལ་དོན་ཚན་བརྒྱད་པོ་དེར་བསྟན་ཞིང་། དབང་པོ་རབ་ལ་མཚོན་བྱ་ཐབས་ཀྱི་རྒྱུད་དང་མཚོན་བྱེད་གཉིས། གཞི་རང་བཞིན་གྱི་རྒྱུད་དང་། སྙིང་པོ་རང་བཞིན་གྱི་རྒྱུད་གཉིས། བཅུད་རང་བཞིན་གྱི་རྒྱུད་དང་ལྔས་རྟོགས་པར་བསྟན་ཏོ། །ཤིན་ཏུ་ཡང་རབ་རྣམས་ལ་ཚིག་གི་རྒྱུད་དང་། དོན་གྱི་རྒྱུད་གཉིས་ཀྱིས་རྟོགས་པར་བསྟན་ཏོ། །རབ་ཏུ་སྤྲོས་པ་མེད་པ་རྣམས་ལ་རྒྱུད་བཅུ་བདུན་པོ་རང་གི་རིག་པ་ལ་ཚང་བར་བསྟན་ཏོ། །སྒྲ་ཐལ་འགྱུར་ལས། རང་གི་ངོ་བོ་ཡི་གེ་མེད། །རང་རིག་ཡེ་ཤེས་སྒྲོན་འོད་འབར། །ཆོས་ཉིད་དག་

p. 1276

པས་བཀྲ་ཤིས་མཛེས། །ལྟ་བ་འཇིགས་བྲལ་སེང་རྩལ་རྫོགས། །རང་རིག་སྨིན་པས་རྫོགས་རང་བྱུང་། །ལུ་གུ་རྒྱུད་འབྲེལ་མུ་ཏིག་ཕྲེང་། །ཉམས་ཀྱི་སྣང་བ་ནོར་འཕྲ་བཀོད། །རང་སྣང་སྟོན་པས་སྙིང་མེ་ལོང་། །གོལ་ས་རང་ཆོད་ཐུགས་མེ་ལོང་། །གཞན་ལས་མ་བྱུང་རང་ཤར་ཉིད། །རང་བྱུང་ཡིན་པས་རང་གྲོལ་ལ། །དབྱིངས་སུ་གཅིག་པས་ཀློང་ཡང་དྲུག །ཡོན་ཏན་རྫོགས་པས་རིན་ཆེན་སྤུངས། །རང་རིག་བསྟན་པས་ངོ་སྤྲོད་སྤྲས། །སྣང་བ་དག་པས་ཉི་ཟླ་སྦྱོར། །རིག་པ་སྨིན་ཕྱིར་སྐུ་གདུང་འབར། །འདི་དག་རྣམས་ཀྱང་གཞི་ལས་ཤར། །འདི་ལྟར་ཆོས་ཉིད་བརྗོད་མེད་ལས། །ཐ་དད་ཚིག་གི་གཞི་མར་ཤར། །ཚིག་བརྗོད་རིམ་པ་རྣམ་དག་པས། །ད་ལྟ་བརྗོད་མེད་ངང་ལ་རྫོགས། །ཞེས་སོ། །དེ་ལྟར་རྒྱུད་སྡེ་དེ་དག་གི་དགོས་ཆེད་ནི་རིག་པ་རང་གྲོལ་གྱི་རྒྱུད་ལས། དགོས་པའི་དོན་ནི་འདི་ལྟ་སྟེ། །རིག་པ་ཡེ་ཤེས་གཏན་ལ་ཕེབས། །དེ་ཡི་དགོས་པ་བསྟན་པ་ལ། །རྒྱུད་ལུང་མན་ངག་ཐམས་ཅད་མཐུན། །འདི་ཡིས་ཡང་དག་གྲོལ་བའི་ཕྱིར། །དགོས་ཆེད་གཉིས་སུ་བསྟན་པའོ། །ཞེས་སོ། །དེ་ལྟ་བུའི་ཚིག་རྒྱུད་དག་འཆད་པ་ན་བཤད་ཐབས་ཀྱི་མན་ངག་ལ་ཆིངས་ཆེན་པོ་ལྔ། ཡན་ལག་བཞི་བཤད་པར་བྱའོ། །ཆིངས་ལྔ་ནི་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །རྩ་བ་དོན་གྱིས་མ་བཤད་ན། །ཆོས་རྣམས་རིག་པར་མི་འདུས་པས། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་ག་དོན་གྱིས་མ་བཤད་ན། །ཐེག་པའི་རུ་ཤན་མི་ཕྱེད་པས། །ཆེ་ཆུང་རིམ་པ་དོན་མེད་འགྱུར། །ཚིག་གི་དོན་གྱིས་མ་བཤད་ན། །རྒྱུད་རྣམས་རིམ་པར་གསལ་བའི་ཚིག །འབྲུ་མི་ཆོམས་པའི་སྐྱོན་དུ་འགྱུར། །དགོས་ཆེད་དོན་གྱིས་མ་བཤད་ན། །རྫོགས་

p. 1277

ཆེན་བྱ་རྩོལ་མེད་པ་ལ། །དོན་མེད་པ་ཡི་སྐྱོན་དུ་འགྱུར། །ཅེས་སོ། །ཡན་ལག་བཞི་ནི་རིག་པ་རང་གྲོལ་ལས། ཁྱུང་ཆེན་མཁའ་ལྡིང་ལྟ་བུའི་བློས། །དོན་གྱི་ཁོག་རྣམས་ཕུབ་སྟེ་བཤད། །སྟག་མོའི་མཆོངས་སྟངས་ཤེས་རབ་ཀྱིས། །དོན་གྱི་ས་ཆེན་བཅད་དེ་བཤད། །རུས་སྦལ་ནུར་འགྲོས་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་ཆོམས་པར་བཤད། །མུ་ཏིག་བསྟར་བརྒྱུས་ལྟ་བུའི་བློས། །མན་ངག་དོན་དུ་བསྡེབས་ཏེ་བཤད། །ཅེས་པས། དོན་གྱིས་ཁོག་འབུབས། དཀྱུས་ཀྱིས་ས་བཅད། ཚིག་གིས་དོན་བཤད། མན་ངག་གི་དོན་བསྡུས་པ་དང་བཞིའོ། །ཕུན་སུམ་ཚོགས་པ་ལྔའི་ཆིངས་ཀྱིས་བཤད་དེ། ཐུན་མོང་མ་ཡིན་པ། ཐུན་མོང་གི་གླེང་གཞི་ནི་ཕུན་སུམ་ཚོགས་པ་ལྔས་མདོར་བསྟན་པ་དང་། ལུང་དངོས་རྒྱས་པར་བཤད་པ་སྟེ། སྟོན་པ་དང་། ཆོས་དང་། དུས་དང་། འཁོར་དང་། གནས་ཕུན་སུམ་ཚོགས་པའོ། །དེའང་ཐུན་མོང་པ་རྣམས་ལས། གླེང་གཞི་གང་རུང་གཅིག་ལས་མི་འབྱུང་ལ། འདིར་གཞི་རང་བཞིན་གྱིས་འོད་གསལ་བ་ཆོས་དབྱིངས་དོན་གྱི་འོག་མིན་དུ་རང་བྱུང་གི་རིག་པ་འཕོ་འགྱུར་མེད་པས་བླང་བ་དང་དོར་བ་མེད་པའི་རང་བཞིན་སྟོན་པ་འདི་སྐད་བདག་གིས་བསྟན་ཅིང་བཤད་པའི་དུས་ན་ཞེས་འབྱུང་ལ། ཚིག་གི་རྒྱུད་དེ་ཉིད་གནས་གང་དུ་བྱུང་བས་ཉམས་སུ་ལེན་པ་ད་ལྟར་བའི་དུས་མཚོན་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་གླེང་གཞི་གཉིས་སུ་བཀའ་སྩལ་བ་ཡིན་ནོ། །དེ་དག་གིས་མ་བུ་ངེས་པའི་ཁ་བྱང་ལ་རིག་པ་རང་ཤར་ལ། བཤད་པའི་ཡང་ཏིག །དེའི་བསྡུས་དོན་སྒྲ་དོན་བསྡུས་ཡིག །སྒྲ་གནས་འཁོར་ལོ། དེའི་རྒྱབ་ཡིག །དེ་བསྡུས་དཔེའུ་ཆུང་སྟེ། མ་བུ་བདུན་བཞུགས་སོ། །སྙིང་གི་མེ་ལོང་ལ། གཞུང་དོན་འགྲེལ་པ། གསང་བའི་དོན་

p. 1278

བསྡུས། གསང་བའི་རྒྱབ་ཡིག་སྟེ་མ་བུ་བཞིའོ། །སེང་གེ་རྩལ་རྫོགས་ལ། བཤད་ཏིག་ཆེན་པོ། མཚམས་སྦྱར་ལྡེ་མིག །ལེའུའི་མཚན་བཤད། དོན་སྐོར་བསྡུས་པ། དགོངས་པའི་ཏི་ག །དམིགས་སེལ་བདུན་པ། ལྟ་བའི་གཟེར་བཀོད། དེའི་རྟགས་ཡིག །གསང་བའི་རྒྱབ་ཡིག་སྟེ་མ་བུ་བཅུའོ། །ཡི་གེ་མེད་པ་ལ། པདྨ་ཁ་འབྱེད། དོན་བསྡུས་སྒྲོན་མ། གསང་བའི་ཞལ་ཆེམས། གསང་བའི་རྒྱབ་ཡིག་སྟེ་མ་བུ་ལྔའོ། །བཀྲ་ཤིས་མཛེས་ལྡན་ལ། འཁྲུལ་གཞི་གསལ་བའི་མེ་ལོང་། འཁྲུལ་པའི་སྡེབས་ཡིག་ཆེན་པོ། སྒྲོན་མ་འདུས་པ། དེ་ཉིད་དོན་བསྡུས། ལྷུན་གྲུབ་ཡི་གེ། ཀ་དག་ཡི་གེ། འཁོར་ལོ་དྲུག་རིམ། གསང་བའི་རྒྱབ་ཡིག་སྟེ་མ་བུ་དགུའོ། །ཐལ་འགྱུར་ལ། འབྱུང་བཞིའི་གནད་ཡིག །སྒྲ་བཞི་མཚམས་སྦྱོར། རིན་ཆེན་སྒྲོན་མ། དོན་བསྡུས་ཡང་སྙིང་། གསང་བའི་རྒྱབ་ཡིག་སྟེ་མ་བུ་དྲུག་གོ། ཐུགས་ཀྱི་མེ་ལོང་ལ། ཐེག་པའི་རུ་ཤན། སྨྲ་བའི་མཚོན་ཆ། འཕྲ་རྒྱུད་དྲིལ་བ། སྒྲོན་མ་འོད་འབར། དེ་ཉིད་བསྡུས་དོན་ཏེ་མ་བུ་དྲུག་གོ། སྒྲོན་མ་འབར་བ་ལ། སྒྲོན་མའི་ཁུངས་གཅད། མུ་ཏིག་ཕྲེང་བརྒྱུས། དོན་བསྡུས་ཡང་ཏིག །གསང་བའི་རྒྱབ་ཡིག་སྟེ་མ་བུ་ལྔའོ། །ནོར་བུ་འཕྲ་བཀོད་ལ། འཕྲ་བཀོད་བཅུ་པ། ཕྱག་རྒྱ་འདུས་པ། ལྷའི་ཕྱག་སོར། སྣང་བ་བསྡུས་པ། རིན་ཆེན་བཀོད་པ། དོན་བསྡུས་ཆེན་པོ་སྟེ་མ་བུ་བདུན་ནོ། །ཉི་ཟླ་ཁ་སྦྱོར་ལ། འོད་ཀྱི་ཚུལ་བཤད། རིན་ཆེན་གསེར་འཕྲེང་། དོན་བསྡུས་ལྡེ་མིག །སྙིང་གཟེར་ཆེན་པོ། རིན་ཆེན་གསེར་ཡིག་སྟེ་མ་བུ་དྲུག་གོ། ངོ་སྤྲད་སྤྲས་པ་ལ། ངོ་སྤྲོད་གསུམ་པ། ཡེ་ཤེས་ལག་སྤྲད། སྐུ་གསུམ་ལག་ཁྲིད། འོད་གསལ་ལྡེ་མིག །ཡེ་ཤེས་ལྔ་སྐོར། རིག་པའི་མེ་ཏོག །གསལ་བའི་སྒྲོན་མ།

p. 1279

བདུད་རྩི་ཡང་ཞུན། རིམ་པ་དྲུག་པ། སྣང་བ་བསྡུས་པ། ལྟ་བའི་དམིགས་སེལ། ཁྲེགས་ཆོད་བདུན་པ་སྟེ་མ་བུ་བཅོ་ལྔའོ། །མུ་ཏིག་ཕྲེང་བ་ལ། མུ་ཏིག་གསལ་བྱེད། དེ་ཉིད་དོན་བསྡུས། གསང་བའི་རྒྱབ་ཡིག་སྟེ་མ་བུ་བཞིའོ། །རིག་པ་རང་གྲོལ་ལ། ཡི་གེའི་སྦྱོར་བཤད། རིན་ཆེན་འཁོར་ལོ། དེ་ཉིད་བསྡུས་དོན་ཏེ་མ་བུ་བཞིའོ། །རྫོགས་པ་རང་བྱུང་ལ། དབང་གི་རྩ་བ། དབང་གི་དག་བྱེད། འཁོར་ལོ་དྲུག་པ། དབང་གི་ལས་བྱང་། དབང་གི་ཕྲ་ཏིག །དབང་བཀོད་ཆེན་པོ། སྤྲོས་མེད་གོ་ཆ། དབང་གི་ལྡེ་མིག །དབང་གི་པྲ་ཁྲིད། དོན་བསྡུས་གསལ་བྱེད། གསང་བའི་རྒྱབ་ཡིག་སྟེ་མ་བུ་བཅུ་གཉིས་སོ། །ཀློང་དྲུག་པ་ལ། ཀློང་ཆེན་དྲུག་པ། རིན་ཆེན་གསལ་འཕྲེང་། དེའི་དོན་བསྡུས། གསང་བའི་རྒྱབ་ཡིག་སྟེ་མ་བུ་བཞིའོ། །སྐུ་གདུང་འབར་བ་ལ། པདྨ་ཀློང་ཡངས། བཀོད་པ་ལྔ་པ། བབས་ལུགས་བཅུ་གཅིག །སྒྲོན་མ་འཕྲེང་བཀོད། དེ་ཉིད་དོན་བསྡུས། གསང་བའི་རྒྱབ་ཡིག་སྟེ་མ་བུ་བདུན་ནོ། །རིན་ཆེན་སྤུངས་པ་ལ། ཤེས་རབ་འཁོར་ལོ། དགོས་འདོད་བཞི་པ། གཅོད་བྱེད་མེ་ལྕེ། དེའི་བསྡུས་དོན། གསང་བའི་རྒྱབ་ཡིག་སྟེ་མ་བུ་དྲུག་གོ། ནག་མོ་ཁྲོས་མ་ལ། ཐུན་དྲུག་དྲིལ་བ། ཐུན་གྱི་བརྒྱུད་དྲིལ། སྔགས་ཀྱི་ནང་ཐེམ། བསྙེན་སྒྲུབ། སྤྱི་འདུས། དེའི་རྟགས་ཡིག །དེའི་ཚད་ཡིག །བསམ་གྲུབ་ལེའུ། རྫས་སྒྲུབ་དྲུག་པ། སྐུ་རྐྱང་སྒྲུབ་པ། སྣ་ཚོགས་ལས་སྒྲུབ། གསང་བའི་ཏི་ག །གསང་བའི་རྒྱབ་ཡིག་སྟེ་མ་བུ་བཅུ་གསུམ་མོ། །དེ་ལྟར་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་ཁྲོས་མ་དང་བཅས་པ་ལ། རྩ་བ་མ་རྣམས་ནི་རྒྱུད་དངོས་ཡིན་ལ། བུ་རྣམས་ནི་རིག་འཛིན་སོ་སོས་མཛད་པའི་བཤད་ཏིག་ཡིན་ཏེ། བསྡོམས་པས་རྒྱུད་མ་བུ་ངེས་པའི་ཁ་བྱང་ཞེས་བྱ་བ་ཡིན་ནོ། །དོན་གཉིས་པོ་ཡང་ཟབ་མན་ངག་གི་ངེས་འབྱེད་ལ་གཉིས་ཏེ། ཟབ་པ་དང་རྒྱ་ཆེ་བའོ། །དང་པོ་ནི་ཤིན་ཏུ་ཟབ་པའི་པོ་ཏི་བཞིར་རིན་པོ་ཆེའི་ཡི་གེ་ལྔ་བསྡུས་ཏེ་ཁ་བྱང་ཉི་མས་བརྒྱན་པར་བསྟན་པའི་རིམ་པ་ལ། གསེར་ཡིག་ཅན་ལ་བསྟན་

p. 1280

པའི་བུ་གཅིག །མཆོད་པའི་དུས་གནད་ངེས་པ། འདས་རྗེས་འདྲེན་དང་མ་བུ་དགུའོ། །ཟངས་ཡིག་ཅན་ལ། སྤྲོས་བཅས་དུམ་བུ་བཅུ་དྲུག །དེའི་རྒྱབ་ཡིག་གསང་བ། གནད་ཡིག་དང་མ་བུ་བཅོ་བརྒྱད་དོ། །དུང་ཡིག་ཅན་ལ། སྒྲོན་མ་སྣང་བྱེད། དེའི་རྒྱབ་ཡིག །གནད་ཡིག་དང་མ་བུ་གསུམ་མོ། །འཕྲ་ཡིག་ཅན་ནི་ཟངས་ཡིག་ཅན་གྱི་ཁོངས་སུ་གཏོགས་པའི་བུ་རྣམས་ཏེ། རླུང་གི་པྲ་ཁྲིད། ཆགས་པའི་པྲ་ཁྲིད། ཡང་གབ་སྦས་པའི་དུམ་བུ་ཚད་ཀྱི་ཡི་གེ། རྟགས་ཀྱི་ཡི་གེ་དང་ལྔའོ། །གཡུ་ཡིག་ཅན་ལ། སྐབས་དོན་བཅུ་གཉིས་མ། གཅེས་པའི་སྙིང་པོ། དཔེའི་སྒྲོན་མེ། འཆི་བ་བརྟག་པ། ཀ། འཇམ་དཔལ་བཤེས་གཉེན་གྱིས་འདི་གསུམ་མཛད། འཆི་བ་བསླུ་བ། ཀ། ཤྲཱྀ་སེང་ཧས་མཛད། ལྟ་བུའི་སྙིང་པོ། ཀ། ཡེ་ཤེས་མདོ། ཀ། བི་མ་ལས་རིན་ཆེན་པྲ་ཁྲིད་དང་མ་བུ་བཅོ་བརྒྱད་དོ། །དེའང་པོ་ཏི་བཞི་ལ། རིན་པོ་ཆེའི་ཡི་གེ་ལྔ་ཞེས་བྱའོ། །དེའང་གསེར་ཡིག་ཅན། གཡུ་ཡིག་ཅན། དུང་ཡིག་ཅན་གསུམ་ལ་རེ་རེ། ཟངས་ཡིག་ཅན་དང་འཕྲ་ཡིག་ཅན་བསྡོམས་པས་གཅིག་སྟེ་བཞི་གཏེར་ནས་བྱོན་པའོ། །འདི་དག་རྒྱལ་བློན་རྗེ་འབངས་སུ་ལའང་མ་གནང་བར་མཆིམས་ཕུར་གཏེར་དུ་གདམས་སོ། །རྒྱུད་དང་མན་ངག་གཞན་རྣམས། རྗེ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང་། སྲས་མུ་ནེ་བཙན་པོ་གཉིས། འབངས་ཉང་ཏིང་ངེ་འཛིན་བཟང་པོ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་གསུམ་སྟེ་ལྔའོ། །འདི་དག་གིས་བསྒྱུར་ཏེ་ཞྭ་ལྷ་ཁང་དུ་གཏེར་དུ་གདམས་ནས། ཉམས་སུ་བླངས་པས་ཉང་གིས་ལྷག་མེད་གྲུབ། གཞན་གཉིས་པོ་རང་བཞིན་སྤྲུལ་པ་གྲུབ་པ་ཡིན་ནོ། །རྒྱུས་ལ་མི་མཁས་པ་དག་རྗེ་བློན་གཉིས་ལས་སུ་ལའང་མ་གནང་ཞེས་པའི་ཚིག་གིས་རྒྱལ་པོ་དང་ཉང་གཉིས་ལས་མེད་པར་འདོད་པ་ནི་ཤིན་ཏུ་མི་རིགས་ཏེ། རྒྱུད་ལུང་ཕལ་ཆེར་སྐ་ཅོག་གིས་བསྒྱུར་ཞིང་། བཅུད་དུ་མ་འཕྲུལ་དུ་མ། མུ་ནེ་བཙན་པོས་ཟངས་ཡག་བྲག་ལ་སྦས་པའི་ཕྱིར། སྙིང་ཏིག་མ་ཐོབ་ན་དེ་དག་ག་ལ་འོང་། ཡི་གེ་རྣམས་ཕལ་གྱི་མཇུག་ན་འདི་ལྟར་བཀོད་པ་ལ་ཅེ་རེ་ལོང་དུ་སོང་བ་ཡིན་ནོ། །གཉིས་པ་རྒྱ་ཆེ་བ་ལ་མན་ངག་བརྒྱ་དང་བཅུ་དགུ་སྟེ། དེའང་མན་ངག་དུམ་དུམ་

p. 1281

ཁྲིག་དང་། པོ་ཏི་སྨུག་ཆུང་དང་། འཁྲུལ་གཞི་གསལ་བའི་མེ་ལོང་དང་། འབྱུང་གཞི་གནད་ཀྱི་ཡི་གེ་དང་། སྣང་བྱེད་སྒྲོན་མ་དང་། འོད་གསལ་ལྡེ་མིག་དང་། ཤེས་བྱ་བུམ་སྐོར་དང་། གསར་བའི་སྒོམ་བྱང་དང་། སྒྲ་བརྟགས་འཁོར་ལོ་དང་། སྐུ་གསུམ་ལག་ཁྲིད་དང་། བབས་ལུགས་གསུམ་སྐོར་དང་། འཁྲུལ་བའི་སྡེབས་ཡིག་དང་། གསང་ཐིག་ཆེན་པོ་དང་། གསེར་བྱང་བཀོལ་པ་དང་། ལམ་ཁྲིད་ཆེན་པོ་དང་། ཡེ་ཤེས་ལག་འཕྲད་དང་། དཀའ་འགྲེལ་ཆེན་མོ། གསང་བའི་མེ་ལོང་། བསམ་གཏན་རང་གནས། གསང་བ་ཉི་ཁོལ། སྣང་བ་བསྡུས་པ། གནས་པ་བྱུང་ཁུངས། ཁྲེགས་ཆོད་བདུན་པ། ཐོད་རྒལ་དགུ་པ། ཀློང་ཆེན་དྲུག་པ། སྤྱོད་ལམ་བསྡུས་པ། ལྟ་བའི་གསེར་བཀོད། པདྨ་ཀློང་ཡངས། ལྷའི་ཕྱག་སོར། གསེར་གྱི་ཨུཏྤལ། དྲན་པ་རྒྱུན་གཅོད། རགས་པ་ལམ་སློང་། གསལ་བའི་སྒྲོན་མ། སེང་གེ་རྩལ་སྤྲུགས། ཨ་ཏི་རྣལ་འབྱོར། དགོངས་དོན་བཞི་པ། རྡོ་རྗེ་ལམ་བསྟན། ལྷག་པའི་འཁོར་ལོ། ཁྱུང་ཆེན་མཁའ་ལྡིང་། ལྟ་བའི་དམིགས་བསལ། བླ་མའི་རིམ་པ། དྲང་བའི་ཚིག་རྒྱུན། འཁྲུལ་གཞི་རྩད་གཅོད། སེམས་ཀྱི་དམིགས་དྲུག །སྒོམ་པའི་འཁོར་ལོ། དབང་གི་ལྡེ་མིག །དབང་གི་ལས་བྱང་། སྤྲོས་མེད་དབང་ཆོག །དབང་གི་རྩ་བ། དབང་གི་རིགས་འབྱེད། དབང་གི་འཕྲ་ཏིག །འཁོར་ལོ་དྲུག་པ། དམ་ཚིག་རབ་འབྱེད། དབང་དགོད་ཆེན་མོ། དབང་སྦྱོར་པྲ་ཁྲིད། རིག་པའི་མེ་ཏོག །སེམས་ལུང་ཆེན་པོ། མན་ངག་རྩ་བ། ལུང་ཏིག་བཅོ་བརྒྱད། རིམ་པ་དྲུག་པ། སེམས་ལུང་སྒོམ་ཁྲིད། ཡང་གསང་དྲིལ་བ། སྦས་པ་ཉི་མ། འཕྲ་བཀོད་བཅུ་པ། ལུང་ཏིག་བསྡུས་པ། བདུད་རྩི་ཡང་ཞུན། ལུང་གསུམ་འདུས་པ། མན་ངག་རྒྱལ་པོ་གཡུ་ཡིག་ཅན། དུང་ཡིག་ཅན། ཟངས་ཡིག་ཅན། འཕྲ་ཡིག་ཅན། གསེར་ཡིག་ཅན། སྙིང་གཟེར་ཆེན་པོ། སྙིང་གཟེར་ཆུང་བ། བསམ་གཏན་ཉལ་བའི་འཁོར་ལོ། འཕྲུལ་ཡིག་ཆེན་པོ། འཕྲུལ་ཡིག་ཆུང་བ། མཁའ་འགྲོ་མཛོད། འཕོ་བ་ཆེན་པོ། རྩ་གནས་འཁོར་ལོ། རིག་པའི་ས་འབྱེད། ཡེ་ཤེས་

p. 1282

སྦུག་འཇུག །ལོ་རྒྱུས་ཆེན་པོ། གསང་བའི་ཞལ་ཆེམས། ཐེག་པའི་རུ་ཤན། གསང་བའི་སྒྲ་ཡིག །སྒྲ་བཞི་མཚམས་སྦྱོར། བསྟན་པའི་གོ་ཆ། འགྱུར་མེད་ཐིག་ལེ། དངོས་པོ་ཁ་བསྒྱུར། འབྲས་བུ་མངོན་བྱེད། ཐི་བྱ་ཚང་འཇུག །གསལ་བ་རིན་ཆེན། ལྷུན་གྲུབ་ཡེ་ཤེས། ཤེས་རབ་འཁོར་ལོ། སྨྲ་བའི་མཚོན་ཆ། ཡེ་ཤེས་ལྔ་སྐོར། འོད་ཀྱི་ཚུལ་བཤད། འབྱུང་བའི་གནད་འབྱེད། སྒྲོན་མ་ཁུངས་གཅོད། ཕྱག་རྒྱ་འདུས་པ། བཀོད་པ་ལྔ་པ། རྒྱ་མཚོ་ཨར་གཏོད་རླུང་གི་སྡོམ་སྦྱང་། ངོ་སྤྲོད་གསུམ་པ། བབས་ལུགས་བཅུ་གཅིག །རྩ་ཐིག་ཆེན་པོ། རིག་པའི་གནས་ས། མིག་གི་བསམ་གཏན་ཏེ་བརྒྱ་དང་དྲུག་དང་། པདྨ་ཁ་འབྱེད་ལ་སོགས་པ། རྒྱུད་ཀྱི་དོན་གསལ་བའི་གནས་མན་ངག་ཏུ་མི་ཐེ་བ་བཅུ་གསུམ་དང་། བསྡོམས་པས་བརྒྱ་དང་བཅུ་དགུར་བཞུགས་སོ། །དེའང་རྒྱུད་ཀྱི་བུར་བགྲངས་ཀྱང་རྒྱུད་བཅུ་བདུན་བཀའ་སྲུངས་དང་བཅོ་བརྒྱད་ལས་མེད་དོ། །བུར་བགྲངས་པ་དེ་དག་མན་ངག་གི་རྣམ་གྲངས་ཏེ་རྒྱུད་ཀྱི་མན་ངག་གསང་བ་ཡིན་ནོ། །ཁ་ཅིག་ཕྱིས་བི་མ་ལས་ཁ་སྐོང་བར་འདོད་པ་ནི། རྟོག་དཔྱོད་རྩིངས་པ་ཡིན་ནོ། །འདི་དག་གིས་ནི་བསམ་གྱིས་མི་ཁྱབ་སྟེ་མཚན་ཙམ་བཀོད་པ་ལས། སོ་སོའི་དུམ་བུའི་གྲངས་ནི་མན་ངག་མ་བུ་ངེས་པའི་ཁ་བྱང་ཉིད་དུ་བལྟ་བར་བྱའོ། །དེ་ལྟ་བུའི་ཟབ་པ་དང་རྒྱ་ཆེའི་མན་ངག་གིས་ཡི་གེ་རྣམས་ཀྱི་དོན་ཚིག་ཉུང་ལ་གནད་འདུས་པར་བསྟན་པ་ནི་ཐེག་མཆོག་རིན་པོ་ཆེའི་མཛོད་རིམ་ཁང་ཉི་ཤུ་རྩ་ལྔ་པ་དང་། ཚིག་དོན་རིན་པོའི་ཆེའི་མཛོད་རྡོ་རྗེའི་གནས་བཅུ་གཅིག་པ་དང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལེའུ་བཅུ་གསུམ་པ་དང་། གནས་ལུགས་རིན་པོ་ཆེའི་མཛོད་རྡོ་རྗེའི་གནས་བཞི་པ་དང་། མཁའ་འགྲོ་ཡང་ཏིག་དངོས་གྲུབ་ལྗོན་ཤིང་ཆོས་སྡེ་ལྔ་བཅུ་རྩ་བཞི་པ་དང་། ཟབ་མོ་ཡང་ཏིག་ཆོས་སྡེ་བཞི་བཅུ་ཞེ་བརྒྱད་པ་དང་། ཁོ་བོས་བསྡེབས་པའི་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྡེ་ལྔ་བཅུ་རྩ་གཅིག་པར་ཤིན་ཏུ་གསལ་བར་བྱས་ཏེ་ཕྱི་རབས་སྐལ་བ་དང་ལྡན་པའི་དོན་དུ་སྨོན་ལམ་གྱི་གཏད་རྒྱ་དང་བཅས་པ་ཡིད་བཞིན་བསམ་འཕེལ་དུ་བྱས་པའོ། །གཞན་ཡང་གནད་འཐོར་བུ་བའི་ཡི་གེ་གསེར་གྱི་སྒྲོམ་བུ་དང་། སངས་རྒྱས་མཉམ་སྦྱོར་དང་། ཁྱུང་ཆེན་གཤོག་རྫོགས་དང་། ཡིད་བཞིན་ནོར་བུ་དང་། བདུད་རྩི་བུམ་པ་དང་། ཡང་གསང་སྙིང་ཏིག་ལ་སོགས་པ་གྲངས་མང་བར་བཀོད་པའི་ཁ་བྱང་གི་རྗེས་སུ། མིང་གི་རྣམ་གྲངས་དུ་མ་སྦྱར་བ་ཡོད་དེ། ཀློང་ཆེན་རབ་འབྱམས་དང་། ཀློང་གསལ་དྲི་མེད་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་སེམས་དཔའ་དང་། དྲི་མེད་འོད་ཟེར་དང་།

p. 1283

བློ་གྲོས་མཆོག་ལྡན་དང་། ཚུལ་ཁྲིམས་བློ་གྲོས་དང་། ངག་གི་དབང་པོ་དང་། པདྨ་ལས་གྲོལ་དང་། སྣ་ཚོགས་རང་གྲོལ་དང་། བསམ་ཡས་པ་ཞེས་བྱ་བས་རྫོགས་ཚིག་གི་གནས་སུ་བསྟན་པའོ། །འདི་དག་སྨོས་པས་ཁོ་བོའི་མན་ངག་ཡིན་པ་བཙལ་སླ་བ་སྟེ། སྐལ་ལྡན་གྱི་སློབ་མ་སྤྲོ་བ་བསྐྱེད་ཅིང་ཆོས་ཀྱི་ཚུལ་དར་ཞིང་རྒྱས་པ་ཡུན་རིང་དུ་གནས་པའི་མི་ནུབ་པའི་རྒྱལ་མཚན་ཕྱོགས་བཅུར་འཛུགས་པའི་ཆེ་བ་ལྷུན་གྱིས་གྲུབ་པ་ཡིན་ནོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས་ཡིད་བཞིན་དྲྭ་བ་རྡོ་རྗེ་སྙིང་པོའི་ལེའུ་སྟེ་བརྒྱད་པའོ།། །།དེ་ལྟར་ཆོས་ཚུལ་ཤིན་ཏུ་རྒྱ་ཆེ་ས་གསུམ་འབྱོར་བ་དམ་པའི་གཞི། །མདོ་རྒྱུད་ཡིད་བཞིན་སྙིང་པོས་ལེགས་འབྱོར་བདག་བློའི་ཁང་བཟང་རིན་ཆེན་ནས། །སྣ་ཚོགས་ཐེག་པའི་དགའ་སྟོན་འགྱེད་པས་ཆོས་བཀྲའི་དགེ་ལེགས་གསལ་བ་ཅན། །དེ་ཡིས་འགྲོ་ཀུན་ཐར་པའི་གླིང་བགྲོད་ཆོས་ཀྱི་དགའ་སྟོན་འཕེལ་བར་ཤོག །ཟབ་ཡངས་ཐོས་སྤྲིན་སྙིང་པོ་ལས་འཐོན་པ། །ཆོས་དཀར་དགེ་བ་བདུད་རྩིའི་རང་བཞིན་གྱིས། །ས་གསུམ་སྐྱེ་དགུའི་ཉོན་མོངས་གདུང་སེལ་ཞིང་། །དམ་ཆོས་རིན་ཆེན་ཕྱོགས་བཅུར་རྒྱས་པར་ཤོག །བློ་གྲོས་ཆུ་འཛིན་ཐོས་པའི་གློག་གི་འཕྲེང་བ་ཅན། །དོན་ཟབ་འབྲུག་སྒྲ་ཕྱོགས་ཀྱི་མཐར་ཁྱབ་སྒྲོགས་པ་ལས། །བྱུང་བའི་དགེ་བ་ཞི་བདེ་བསིལ་བའི་ཚོགས་མང་པོས། །མཐའ་ཡས་འགྲོ་ཀུན་ཚོགས་གཉིས་ལོ་ཐོག་རྣམས་འཕེལ་ཤོག །བདག་བློའི་པད་ཚལ་སྐལ་བཟང་ཉི་ཟེར་གྱིས་བསྐུལ་བས། །ཆེས་བཀྲའི་ཆོས་ཚུལ་རང་གཞན་གྲུབ་མཐའི་སྐྱེད་མོས་ཚལ། །ཤིན་ཏུ་བཀོད་ལེགས་བློ་གསལ་ཉེར་འཚོའི་བསྟི་གནས་འདིར། །དོན་གཉེར་འགྲོ་བ་ཀུན་འགའི་དུས་སྟོན་འཕེལ་བར་མཛོད། །རིན་ཆེན་ཆུ་མཚོ་མེ་ཏོག་གིས་བཀྲམ་མ་ལུས་འདོད་གཏེར་རོལ་པ་ཅན། །རྒྱ་ཆེ་གཏིང་ཟབ་ནམ་མཁའི་ཀློང་ཁྱབ་བློ་མཚོའི་ཕ་རོལ་ཕྱིན་རྣམས་ཀྱིས། །ལམ་ལྡན་དེར་ཞུགས་ཆ་ཤས་གསལ་བའི་རང་བཞིན་འདིར་ནི་སྣང་བྱས་པ། །གང་དེ་དཔལ་ལྡན་པདྨའི་ཕྲིན་ལས་ལེགས་པར་

p. 1284

འོངས་གྱུར་ནོར་བ་མེད། །རང་གཞན་ཀུན་གྱི་གྲུབ་མཐའ་རིན་ཆེན་མཛོད། །རྒྱ་ཆེན་ཐོས་པའི་དགའ་སྟོན་དང་ལྡན་པ། །གསུང་རབ་རིན་ཆེན་མཛོད་ཀྱི་ལྡེ་མིག་སྟེ། །མཐོང་བ་ཙམ་གྱིས་དོན་ཀུན་གསལ་བར་བྱེད། །ཚུལ་འདི་ཆོས་མོས་ལྷག་པའི་ཤེས་རབ་ཅན། །སྐལ་བཟང་སློབ་མ་གཞོན་ནུ་སངས་རྒྱས་ཀྱིས། །བསྐུལ་བའི་དོན་དུ་ལེགས་པར་བཀོད་པ་ཡིན། །འདི་ནི་མདོ་རྒྱུད་བལྟ་བའི་མེ་ལོང་སྟེ། །ཟབ་ཅིང་རྒྱ་ཆེའི་དོན་ཀུན་གསལ་བར་བྱེད། །ཆོས་ཚུལ་རིན་ཆེན་སྣང་བ་རྒྱ་ཆེ་ཞིང་། །ཐར་གླིང་མ་ལུས་ཀུན་ནས་སྣང་བྱེད་ཡིན། །འདི་ནི་སྣ་ཚོགས་ཐེག་པའི་མཛོད་ཁང་སྟེ། །རང་གཞན་གྲུབ་མཐའི་དོན་ཀུན་གསལ་བར་བྱེད། །མ་རིག་ལྡོངས་པའི་མུན་པ་རབ་སེལ་ཞིང་། །ཤེས་བྱའི་བློ་མིག་རབ་ཏུ་རྒྱས་བྱེད་ཡིན། །འདི་ནི་བླ་མེད་ཐེག་པའི་སྙིང་པོ་སྟེ། །མཆོག་དང་དམན་པའི་བྱེ་བྲག་ལེགས་ཤེས་ནས། །བློ་ཆེན་ལྡན་རྣམས་ཆོས་ཅན་མཆོག་ཞུགས་ཏེ། །མྱུར་དུ་ཐར་པའི་གྲོང་ཁྱེར་བགྲོད་བྱེད་ཡིན། །དེ་ཕྱིར་དཔག་མེད་ལེགས་པའི་ལམ་འདི་སྔོན་གྱི་དྲང་སྲོང་ཆེན་པོའི་ལུགས། །མཁས་གྲུབ་ཀླུ་དབང་ཉེར་བསྟེན་ལས་འོངས་མང་ཐོས་རྒྱ་མཚོའི་གླིང་གནས་པ། །དྲི་མེད་འོད་ཟེར་ཀུན་ནས་སྣང་ལྡན་ཐེག་མཆོག་སྙིང་པོའི་རྣལ་འབྱོར་པས། །ལེགས་སྦྱར་རིན་ཆེན་བསམ་འཕེལ་མཛོད་འདི་འགྲོ་བློའི་གཙུག་གི་རྒྱན་གྱུར་མཛོད། །གླིང་བཞི་བརྒྱན་གྱུར་འཇིག་རྟེན་ཉི་ཟླའི་འོད། །རབ་གསལ་དཀྱིལ་འཁོར་གང་བས་མཛེས་བྱས་པ། །དེ་ཡི་དཔལ་དང་རིན་ཆེན་མཛོད་འདི་གཉིས། །ཡུན་རིང་འཇིག་རྟེན་བརྒྱན་ཕྱིར་གནས་པ་ཡིན། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ཅེས་བྱ་བ་བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་མདོ་དང་། རྒྱུད་དང་། ལུང་དང་། རིགས་པ་དང་མན་ངག་གི་དོན་ལ་མང་དུ་ཐོས་ཤིང་ཐེག་པ་སྣ་ཚོགས་ཀྱི་རང་བཞིན་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཚུལ་ཁོང་དུ་ཆུད་པའི་ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་རང་བྱུང་པདྨའི་གནས་སུ་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

Pecha page