ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ། ཇ༽
ཐེམ་བྱང་རིན་ཆེན་ལྗོན་ཤིང་།
ཐེམ་བྱང་རིན་ཆེན་ལྗོན་ཤིང་བཞུགས་སོ། །
མཁའ་འགྲོ་ཡང་ཏིག་གི་ཁ་བྱང་རིན་ཆེན་ལྗོན་ཤིང་ཞེས་བྱ་བ་དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེའི་མཁྱེན་རབ་དཔག་བསམ་ཤིང་། །ཕན་བདེའི་རང་བཞིན་མེ་ཏོག་འབྲས་མང་ལྡན། །ཐུགས་རྗེའི་གྲིབ་བསིལ་ཤིན་ཏུ་རྒྱ་ཆེ་བས། །འགྲོ་བློའི་གདུང་སྐྱོབས་མཛད་ལ་ཕྱག་འཚལ་ལོ། །དག་པའི་མཁའ་ལ་བདུད་རྩིའི་སྤྲིན་འཁྲིགས་པས། །བྱམས་པའི་འབྲུག་སྒྲ་སྙིང་རྗེའི་གློག་ཕྲེང་ཅན། །ཞི་བདེའི་ཆོས་ཆར་ཤིན་ཏུ་རྨད་བྱུང་བས། །དགེ་ལེགས་བསམ་འཕེལ་མཛད་ལ་ཕྱག་འཚལ་ལོ། །དཔག་མེད་དུས་ནས་སྲིད་པའི་སེམས་ཅན་ལ། །ཞི་བའི་དོན་སྟོན་ཐར་པ་འདྲེན་པའི་ལྷ། །བདེ་གཤེགས་རིག་འཛིན་པདྨ་ཐོད་ཕྲེང་སྩལ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གུས་ཕྱག་འཚལ། །བདག་བློའི་པད་མཚོ་ཤིན་ཏུ་རྒྱ་ཆེ་བར། །མཁའ་འགྲོ་སྙིང་ཐིག་འོད་སྟོང་ཤར་བའི་མཐུས། །སྔོན་མེད་ཆོས་ཚུལ་བདུད་རྩིས་རབ་གང་སྟེ། །སྙིང་པོའི་འདབ་སྟོང་ཕྱོགས་བཅུར་རབ་ཏུ་རྒྱས། །དཔལ་ལྡན་གངས་རིའི་ཚལ་ན་དགའ་བའི་བློ། །ཤིན་ཏུ་རྨད་བྱུང་གཙུག་གི་ནོར་བུའི་གདུགས། །སྲིད་ལས་རྣམ་གྲོལ་ལྷ་ཡི་དཔག་བསམ་ཤིང་། །ཡིད་མཁའི་ཚལ་དུ་ལེགས་འོངས་བཟང་དགུས་བརྒྱན། །འདིར་ནི་སྐལ་ལྡན་སྲིད་མཚོ་བརྒལ་འདོད་རྣམས། །ངེས་དོན་སྙིང་པོའི་ཆོས་ཚུལ་རིན་ཆེན་གྲུ། །ཚེ་གཅིག་ཐར་གླིང་བསྒྲོད་འདིར་བརྟེན་མཛོད་
ལ། །ཇི་སྐད་གསུངས་བཞིན་བརྩོན་པས་གནས་པར་རིགས། །གང་གི་བྱིན་རླབས་རི་བོང་འཛིན་གཟུགས་ཅན། །ཚིག་དོན་རྣམ་བཀྲའི་རྒྱུ་སྐར་ཕྲེང་བ་འདི། །བདག་བློའི་ཡིད་མཁར་དེང་སང་ཤར་བའི་ཚེ། །སྲིད་པའི་མཚན་མོའི་མ་རིག་མུན་བསལ་ནས། །ཡེ་ཤེས་སྣང་བས་བདེ་ཆེན་ཐོབ་བྱའི་ཕྱིར། །ཟབ་མོའི་གནད་བསྡུས་སྙིང་པོའི་བཅུད་ཕྱུང་ནས། །སྐལ་བཟང་བློ་ཡི་ཀུནྡ་རྒྱས་བྱའི་ཕྱིར། །མཁའ་འགྲོ་སྙིང་ཏིག་གསལ་བར་རབ་ཕྱེ་ནས། །དུམ་དང་མ་བུས་དཀར་ཆག་ཆིག་དྲིལ་ཏེ། །ལུས་སུ་གྲུབ་པའི་རང་བཞིན་བརྩམས་པ་ནི། །དབང་གི་སྡོང་པོ་ཁྲིད་ཀྱིས་ཡལ་གས་བརྗིད། །རྒྱབ་ཆོས་འདབ་མ་མེ་ཏོག་འབྲས་མང་ལྡན། །རིན་ཆེན་ལྗོན་ཤིང་བཟང་པོར་གྲུབ་པ་འདི། །སྐལ་ལྡན་སྐྱེ་བོའི་བྱ་ཚོགས་དགའ་བར་མཛོད། །གསང་སྔགས་དབང་གི་ཆུ་བོ་རྒྱ་མཚོ་ཡིས། །རང་གཞན་རྒྱུད་རྣམས་ལེགས་པར་སྦྱངས་པ་འདི། །ཐ་བ་སྲ་བ་རླན་གྱིས་དངས་པ་བཞིན། །དབང་གིས་སྦྱང་ཕྱིར་མ་བུའི་གྲངས་བསྟན་པ། །དབང་གི་སྔོན་འགྲོ་གཏེར་འབྱུང་ལོ་རྒྱུས་དང་། །དམ་ཚིག་སྐོང་དང་མཁའ་འགྲོའི་བརྡ་དབང་དང་། །དབང་བཞིའི་རིམ་པ་བྱིན་རླབས་བླ་མའི་དབང་། །རིག་པའི་རྩལ་དབང་མཁའ་འགྲོའི་དོན་དབང་དང་། །གཞན་བཀའ་གཏད་རྒྱ་བཀའ་བསྲུང་བཀར་བསྒོ་སྟེ། །མ་དགུ་བུ་བཞིས་རིན་ཆེན་དབང་ཕྲེང་འགྲུབ།། དེ་དག་རྣམས་ནི་ཟབ་ཅིང་རྒྱ་ཆེ་
བས། །རིན་ཆེན་དཀར་ཤོག་ངོས་ལ་ལེགས་པར་མནན། །སྨིན་ཅིང་གྲོལ་བར་བྱེད་པའི་གདམས་པ་སྟེ། །དེ་ཡི་ལག་ལེན་མ་བུའི་གྲངས་བསྟན་པ། །བླ་མའི་གསོལ་འདེབས་དྲི་མེད་ཟླ་རྒྱས་དང་། །བདུད་རྩིའི་ཆུ་རྒྱུན་ཁྲིད་ཡིག་ནོར་བུ་ལུགས། །ཉི་ཟླ་གཟའ་སྐར་ཟབ་མོ་རབ་འབྱེད་དང་། །རིན་ཆེན་གསེར་ཕྲེང་མ་བུ་རྣམ་པ་དྲུག །ཡང་ཟབ་གནད་དེ་རབ་ཏུ་དཀོན་པས་ན། །རིན་ཆེན་ཤོག་འདྲའི་ངོས་ལ་ལེགས་པར་བཀོད། །དེ་དག་རྣམས་ཀྱི་རྒྱབ་ཆོས་བསྟན་པ་ནི། ཁྲེགས་ཆོད་ཐོད་རྒལ་ཟབ་དོན་སྣ་ཚོགས་གསུམ། །སོ་སོ་ཕྱེ་ནས་གོ་རིམ་ངེས་པའི་དོན། །དུམ་དང་མ་བུའི་གྲངས་ནི་འདི་དག་གོ ཁྲེགས་ཆོད་རྒྱབ་ཡིག་ནམ་མཁའ་སྐོར་གསུམ་ལ། །ནམ་མཁའ་རབ་འབྱམས་ལྟ་བ་བྱ་རྩོལ་མེད། །ནམ་མཁའ་ཀློང་ཡངས་སྒོམ་པ་བློ་ལས་འདས། །ནམ་མཁའ་དྲི་མེད་སྤྱོད་པ་བླང་དོར་མེད། །གདོད་མའི་ངང་དུ་གཉིས་མེད་ལ་ཟླ་འོ། །ཐོད་རྒལ་རྒྱབ་ཡིག་འོད་གསལ་སྐོར་གསུམ་ལ། མན་ངག་རིན་ཆེན་གསེར་གྱི་སྒྲོམ་བུ་ཡིས། །ཟབ་མོའི་གནད་རྣམས་མདོར་བསྡུས་གཅིག་ཏུ་དྲིལ། །ཚིག་དོན་རིན་ཆེན་བང་མཛོད་བཟང་པོ་ཡིས། །དེ་དག་དོན་རྣམས་སོ་སོར་ཕྱེ་སྟེ་བཤད། །ཟབ་དོན་རྒྱ་མཚོའི་སྤྲིན་གྱི་སྙིང་པོ་ཡིས། །ཤིན་ཏུ་རྒྱ་ཆེའི་རྣམ་གྲངས་དཔག་མེད་བཀོད། །གཉིས་ཀའི་དོན་བསྡུ་བོགས་འབྱིན་ཆིག་དྲིལ་བ། །གསང་སྤྱོད་རྡོ་རྗེ་ལམ་བསྟན་སྙིང་པོར་བསྟན། །དེ་དག་རྣམས་ནི་རིན་ཆེན་ཤོག་སྐྱར་བཀོད། །ཟབ་དོན་སྣ་ཚོགས་གབ་པའི་བཅུད་ཕྱུང་བ། །བདུད་རྩིའི་ཐིགས་པ་སྙིང་གི་སྙིང་པོ་ནི། །གང་དང་མི་འདྲ་བསྟན་པར་ཕངས་ན་ཡང་། །ཕྱི་རབས་སྐལ་ལྡན་བརྩེ་བའི་སེམས་བཟུང་སྟེ། །སྙིང་ཕྱུག་ལག་མཐིལ་དག་ཏུ་བཀོད་པ་འདི། །ཤིན་ཏུ་ཟབ་པའི་ཡང་ཟབ་ཤོག་སེར་ཅན། །སྙིང་དང་འདྲ་བས་མ་སྤེལ་སེམས་ལ་སྤོས། །དེ་ཡི་དུམ་དང་མ་བུས་གྲངས་བསྟན་པ། །རིག་འཛིན་མཆོག་སྒྲུབ་ཚེ་གཅིག་རིག་འཛིན་འགྲུབ། །ཡང་གསང་མཁའ་འགྲོ་བདེ་ཆེན་རྒྱ་མཚོ་
ལ། །བསྐྱེད་པའི་རིམ་པ་ཡིད་བཞིན་ནོར་བུ་དང་། །རྫོགས་པའི་རིམ་པ་ཡེ་ཤེས་འཁོར་ལོ་དང་། །རླུང་དྲུག་རྡོ་རྗེའི་ཆིངས་ཏེ་གསུམ་གྱིས་ཚད། །དེ་ཡིས་དངོས་གྲུབ་གང་འདོད་ལྷུན་གྱིས་གྲུབ། །རླུང་སྦྱོར་ཡེ་ཤེས་དྲ་བས་དེ་ཉིད་མཐོང་། །ཟབ་ལམ་བདེ་ཆེན་རྒྱ་མཚོས་ཏིང་འཛིན་འགྲུབ། །འོད་གསལ་འཁོར་ལོས་ཚེ་འདིར་འོད་ལུས་འགྲུབ། །གཞི་སྣང་ངོ་སྤྲོད་གྲོལ་བཞིའི་སྣང་བ་ཤེས། །འོད་གསལ་སྦུབས་འཇུག་མཚན་མོའི་འོད་གསལ་འགྲུབ། །སྒྲོན་མ་བཞི་སྐོར་ཡེ་ཤེས་རང་གནས་ཤེས། །དེ་ལྟར་མ་བུ་རྣམ་གྲངས་རྣམ་དགུ་ཡང་། །ཆོས་སྡེའི་རང་བཞིན་རྣམ་བདུན་དག་ཏུ་བསྡུས། །དེ་དག་རྣམས་ནི་ཡང་ཟབ་བླ་ན་མེད། །མཁའ་འགྲོའི་ཞལ་གདམས་ཤོག་སེར་ངོས་ལ་བཀོད། །རིགས་ལྔའི་གསང་སྒྲུབ་པདྨ་སྟོང་ལྡན་ལ། །ཕྱི་ནང་གསང་བ་ཡང་གསང་རྣམ་བཞིས་ཚང་། །དེ་ཡིས་གཙོ་བོར་རང་བཞིན་སྤྲུལ་སྐུ་ཐོབ། །རིགས་ལྔའི་བཅུད་ལེན་བདུད་རྩི་ཐིགས་པ་ལ། །ས་ཡི་བཅུད་ལེན་བདུད་རྩི་ཡང་ཞུན་དང་། །ཆུ་ཡི་བཅུད་ལེན་བདེ་ཆེན་རྒྱ་མཚོ་དང་། །མེ་ཡི་བཅུད་ལེན་བདེ་དྲོད་རང་འབར་དང་། །རླུང་གི་བཅུད་ལེན་དཔག་བསམ་ལྗོན་ཤིང་དང་། །ནམ་མཁའི་བཅུད་ལེན་ཡེ་ཤེས་གསང་སྐོར་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་འགྲུབ། །གེགས་སེལ་ནད་འདོན་བདུད་རྩི་སྤྲིན་ཕུང་ལ། །འཁོར་ལོ་ལྔ་སྟེ་ཕྱི་ནང་བར་ཆད་སེལ། །འཆི་བ་བརྟག་བསླུ་ཉི་ཟླ་གཟའ་བྲལ་ལ། །དུམ་བུ་གཉིས་ཏེ་རྣལ་འབྱོར་དོན་ཆེན་འགྲུབ། །བཏགས་གྲོལ་མན་ངག་རིན་ཆེན་སྙིང་པོ་ཡིས། །དེ་ཉིད་དོན་ཤེས་རང་གཞན་ཕན་པ་འགྲུབ། །འདི་དག་རིན་ཆེན་ཤོག་འདྲའི་ངོས་ལ་བཀོད། །སྲེག་སྦྱོང་ཆོ་ག་འོད་ཀྱི་སྙེ་མ་ཡིས། །
ཚེ་འདས་སྐུ་གདུང་ཇི་ལྟར་བཞུ་བ་བསྟན། །གཞན་ཕན་འོད་ཀྱི་འཁོར་ལོ་བཟང་པོ་ཡིས། །བར་དོའི་འགྲོ་བ་རྣམས་ལ་ཕན་བཏགས་བཤད། །མཆོད་རྟེན་རབ་གནས་རིན་ཆེན་དྲྭ་བ་ཡིས། །ཚྭ་ཚའི་སྒོ་ནས་ཚོགས་བསགས་སྒྲིབ་སྦྱོང་བསྟན། །རབ་གནས་ཆོ་ག་ཡེ་ཤེས་དྲི་མེད་ཀྱིས། །སྐུ་གསུང་ཐུགས་རྟེན་རབ་ཏུ་གནས་པར་བཤད། །མཐོང་སྣང་རིན་ཆེན་གསེར་གྱི་དྲྭ་བ་ཡིས། །ཉམས་སུ་བླངས་པའི་རྟགས་ཚད་འབྲས་བུ་བསྟན། །འདི་དག་རྣམས་ཀྱང་ཟབ་ཅིང་རྒྱ་ཆེ་བས། །རིན་ཆེན་དཀར་ཤོག་བཟང་པོའི་ངོས་ལ་མནན། །དེ་ལྟར་ཟབ་ཆོས་བསྟན་པ་བསྲུང་བའི་ཕྱིར། །བཀའ་སྲུང་སྒྲུབ་སྡེ་རྒྱ་མཚོའི་སྙིང་པོ་ལས། །ཤིན་ཏུ་ཡང་ཟབ་རིན་ཆེན་རྣམ་གསུམ་ལས། །གཡུ་སྒྲོན་སྒྲུབ་ཐབས་ཟླ་བ་འདོད་འཇོ་ཡིས། །ཅི་བསམ་འགྲུབ་ཅིང་རྐྱེན་ངན་བར་ཆད་སེལ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་འདྲ། །གཟའ་བདུད་གསང་སྒྲུབ་དུག་གི་སྤུ་གྲི་ཡིས། །གནོད་བྱེད་སྲོག་རྩ་སྐད་ཅིག་གཅོད་པས་ན། །འཇིགས་པའི་གནམ་ལྕགས་འཁོར་ལོ་བསྐོར་བ་འདྲ། །སྲོག་སྒྲུབ་གསང་སྒྲུབ་དུག་མདའ་ནག་པོ་ཡིས། །དགྲ་བགེགས་ཐལ་བའི་རྡུལ་དུ་རློག་པས་ན། །འཇིགས་པའི་སེར་སྤྲིན་མེ་ལྟར་འབར་བ་འདྲ། །འདི་དག་མཁའ་འགྲོ་སྙིང་ཏིག་རྣལ་འབྱོར་པའི། །ཉམས་ལེན་གསར་བའི་རྒྱབ་བརྟེན་ཡང་གསང་དུ། །ཇི་ལྟར་གསུངས་བཞིན་བདག་གིས་ཤོག་འདྲར་བཀོད། །ཟབ་མོའི་གནད་བསྡུས་བདག་གིས་ཚད་ཕབ་པས། །ཤིན་ཏུ་གསང་སྟེ་སྙིང་གི་ཚུལ་དུ་བཅངས། །ཕྱི་རབས་དད་བརྩོན་སྙིང་གི་བུ་གཅིག་ལ། །ལྷག་ཆད་མེད་པར་བྱིན་ནས་བཀའ་རྒྱས་ཐོབ། །དེས་ཀྱང་བསྟན་པའི་བཙས་སུ་བྱེད་པར་ཤོག །དེ་ལྟར་གསང་བའི་མན་ངག་སྙིང་པོའི་གྲངས། །དོན་རྣམས་བསྡུས་ཏེ་གཅིག་ཏུ་དྲིལ་བ་ནི། །དབང་གི་མ་བུའི་སྐོར་ལ་མ་བཅུ་གསུམ། །ཁྲིད་ཀྱི་སྐོར་ལ་མ་བུ་རྣམ་པ་དྲུགསིདྷི །རྒྱབ་ཆོས་སྐོར་ལ་མ་བུ་ལྔ་བཅུ་གཅིག །དེ་ལྟར་དྲིལ་བས་བདུན་ཅུ་ཐམ་པ་ནི། ཆ་ཤས་དབྱེ་བས་རྒྱ་ཆེར་བཀོད་པ་ཡིན། །སྡེ་ཚན་དབྱེ་བས་གྲངས་སུ་མདོར་བསྡུ་ན། །རིན་ཆེན་ཤོག་སྐྱ་ཤོག་སེར་ཤོག་འདྲ་གསུམ། །
ཤོག་སྐྱའི་སྡེ་ཚན་ལ་ནི་བཅུ་བཞི་དང་། །ཤོག་སེར་བཅོ་ལྔ་རིན་ཆེན་ཤོག་འདྲ་ལ། །སྡེ་ཚན་བཅུ་བཞིས་ལེགས་པར་གཏན་ལ་ཕབ། །སྡེ་ཚན་དབྱེ་ན་བཞི་བཅུ་རྩ་གསུམ་གྱིས། །མཁའ་འགྲོ་སྙིང་ཏིག་གསང་བའི་སྙིང་པོ་ཚང་། །དེ་ལས་མང་ཉུང་བྱུང་ན་གདམས་པ་འཆལ། །དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས། །ཨེ་མ་ཧོ། གངས་རིའི་ཁྲོད་འདིར་རྒྱལ་སྲས་པདྨ་ཡིས། །ཕྱོགས་བཞིར་ཟབ་གཏེར་སྦས་པའི་རིམ་པ་ལ། །ལྷོ་རུ་བསྐྱེད་རྫོགས་དྲིལ་བ་སྡོང་པོའི་སྐོར། །ནུབ་ཏུ་གསལ་བ་མེ་ཏོག་ཁ་བྱེ་འདྲ། །བྱང་དུ་རྒྱས་པ་ཡལ་འདབ་ཆེན་པོ་ལ། །ཤར་དུ་ལེགས་སྨིན་འབྲས་བུ་བཅུད་དུ་འདྲིལ། །དེ་ཡི་ནང་ནས་ཡང་ཟབ་འབྲས་བུའི་སྐོར། །རྡོ་རྗེ་སྙིང་པོའི་ཐེག་པ་མཐར་ཐུག་འདི། །ཀུན་གྱི་ཡང་རྩེ་ཡང་རབ་འགའ་ཡི་ཕུལ། །མཁའ་འགྲོ་སྙིང་ཏིག་གསང་བའི་མཛོད་དུ་སྦས། །དེང་སང་ཚེ་ལོ་ལྔ་བཅུ་ཁ་རལ་ལ། །ཟབ་མོའི་དགོངས་གཏེར་མི་ཡུལ་སྣང་བ་ནི། །ཆུ་མོ་གླང་ལ་ཤོག་སེར་སྒོ་ཕྱེ་ནས། །རྗོད་བྱེད་ཚིག་ལ་དབང་བའི་ཆ་ཙམ་ལས། །ཟབ་མོའི་དེ་ཉིད་རྟོགས་པའི་མཐུ་མེད་དོ། །དེང་སང་ཤིང་ཡོས་དཔྱིད་ཟླ་གསུམ་དག་ལ། །བླ་མ་མཁའ་འགྲོའི་བྱིན་རླབས་ལུང་བསྟན་ལས། །བརྗོད་བྱའི་དོན་རྣམས་བདག་གི་སྙིང་ལ་བབས། །མངོན་སུམ་ཉིད་དུ་མཁའ་འགྲོས་གནད་བསྟན་ནས། །ཚིག་དོན་མ་ལུས་རྟོགས་པའི་ཉི་ཤར་བས། །བདག་བློའི་པད་ཁ་རབ་ཏུ་རྒྱས་པར་བྱས། །དེ་དོན་མན་ངག་ཡང་ཟབ་སྙིང་པོའི་དོན། །ཇི་ལྟར་རྟོགས་བཞིན་འཁྲུལ་པ་མེད་པའི་བློས། །གབ་ཅིང་གཅུས་ཏེ་སྦས་པའི་གནད་རྣམས་ཀུན། །ཕྱི་རབས་དོན་དུ་མ་སྦས་གསལ་བར་བཀོད། །དོན་འདིར་བདག་བློ་འཁྲུལ་པ་མེད་པས་ན། །རིག་འཛིན་གོང་མའི་མན་ངག་རྣམས་དང་འདྲ། །ཐེ་ཚོམ་མི་དགོས་ནོར་བའི་དྲི་མ་མེད། །ཕྱི་རབས་སྐལ་ལྡན་རབ་ཏུ་དགའ་བར་མཛོད། །
ཟབ་མོའི་གནད་རྣམས་འདིར་བཀོད་དགེ་བ་དེས། །འགྲོ་ཀུན་ཐེག་མཆོག་རིན་ཆེན་འདིར་ཞུགས་ཏེ། །ཚེ་གཅིག་སངས་རྒྱས་འོད་ལུས་འདིར་འགྲུབ་ནས། །སྲིད་པའི་ཞིང་འདིར་འགྲོ་བའི་དོན་བྱེད་ཤོག །མ་ལུས་བདེ་གཤེགས་སྙིང་པོ་འགྲོ་བ་ཀུན། །མེད་སྣང་འཁྲུལ་པའི་འཁོར་བ་ལས་བརྒལ་ཏེ། །ཐམས་ཅད་ཕྱམ་གཅིག་གདོད་མའི་སར་ཕྱིན་ནས། །སྐུ་ལྔ་ཡེ་ཤེས་འདུ་འབྲལ་མེད་པར་ཤོག །མཁའ་འགྲོ་སྙིང་ཏིག་ལྷ་ཡི་དཔག་བསམ་ཤིང་། །བདག་བློའི་སྐྱེད་ཚལ་རྭ་བར་ལེགས་འཁྲུངས་པས། །དེ་དོན་མན་ངག་མེ་ཏོག་འབྲས་མང་དེས། །འགྲོ་ཀུན་བྱ་ཚོགས་རབ་ཏུ་དགའ་བར་ཤོག །ཆོས་ཚུལ་འདི་ནི་དྲི་མེད་འོད་ཟེར་གྱིས། །སྟོན་གསུམ་མེ་ཏོག་འབྲས་བུ་སྨིན་པའི་ཚེ། །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །ཨོ་རྒྱན་རྫོང་ཞེས་བྱ་བའི་གནས་སུ་བཀོད། །སྙིང་ཏིག་རྒྱུད་དོན་མན་ངག་རྒྱ་མཚོ་ལས། །ཟབ་དོན་རིན་ཆེན་སྙིང་པོ་འདི་བླངས་ཏེ། །ཚིག་དོན་སྣ་ཚོགས་འདོད་དགུའི་ཆར་ཕབ་པས། །འགྲོ་བའི་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །མཁའ་འགྲོ་སྙིང་ཏིག་གི་ཐེམ་བྱང་རིན་ཆེན་ལྗོན་ཤིང་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་འོད་ཟེར་གྱིས་བློའི་པདྨོ་རབ་ཏུ་རྒྱས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། །རང་གི་རྟོགས་པའི་དོན་ཇི་ལྟ་བ་བཞིན་ཕྱི་རབས་ཀྱི་སྐྱེ་བོ་དཔག་ཏུ་མེད་པས་རྟོགས་པར་བྱ་བའི་ཕྱིར་སྐལ་བཟང་གི་སློབ་མ་འོད་ཟེར་གོ་ཆས་གསོལ་བ་བཏབ་པའི་ངོར། སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ། གངས་རི་ཐོད་དཀར་གྱི་མགུལ་དུ་མཛད་པ་རྫོགས་སོ། །དགེ་ལེགས་སུ་གྱུར་ཅིག །འདི་ཉིད་ཕྱི་རབས་ཀྱི་ཚེ་སྐལ་བཟང་གི་རྣལ་འབྱོར་པ་རྣམས་ཀྱིས་དབང་ཁྲིད་གདམས་པ་དང་བཅས་པ་རིམ་པས་བཏབ་ནས། སྣོད་ལེགས་པར་བརྟགས་ཏེ་རང་གཞན་གྱི་
དོན་གྲུབ་ངོ་ཤེས་པའི་སློོབ་མ་གཅིག་ལ་ཐེམ་བྱང་གཏད་པས་འགྲོ་དོན་འགྲུབ་ཅིང་ཕན་ཐོགས་པས་དེ་ལྟར་བྱའོ། །གཞན་དག་ལ་ཐེམ་བྱང་རབ་ཏུ་སྦ་ཞིང་གསང་བར་བྱའོ། །གཟའ་བདུད་ཆེན་པོ་རཱ་ཧུ་ལ་དང་། བཤན་པ་སྲོག་སྒྲུབ་ནག་མོ་དང་། རྡོ་རྗེ་གཡུ་སྒྲོན་མ་གསུམ་ལ་བཀའ་འདི་གཏད་པ་ཡིན་པས་ཐུབ་པར་སྲུངས་ཤིག །ལས་མེད་ཀྱི་ལག་ཏུ་འགྲིམ་དུ་མ་འཇུག་ཅིག །ལས་ཅན་གྱི་ལག་ཏུ་སྤྲོད་ཅིག །འདྲ་མིན་དང་བཅོས་བསླད་བྱེད་པ་བྱུང་ན་སྙིང་ཁྲག་གཏིང་ནས་དྲོངས་ཤིག །ས་མ་ཡ། ས་མ་ཡ། ས་མ་ཡ། ཁ་ཐཾ་དགེའོ།། །།
གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས།
གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་ཞེས་བྱ་བ་བཞུགས་སོ། །རིན་ཆེན་ཤོག་སྐྱའི་སྐོར་ལས་ལོ་རྒྱུས་བཞུགས།
རྒྱ་གར་སྐད་དུ། རཏྣ་མ་དྷུ་ར་བྷ་ས་ལི་ནཱ་མ། བོད་སྐད་དུ། གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་ཞེས་བྱ་བ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཚོགས་གཉིས་སྣ་ཚོགས་ཁམས་ཅན་ཡེ་ཤེས་དུ་མའི་གང་ཆེན་མཚོ། །མཁྱེན་བརྩེའི་རང་བཞིན་གཏིང་མཐའ་དཔག་ཡས་རྣམ་གྲོལ་ཡིད་བཞིན་མཆོག་གི་གཏེར། །ཐུགས་རྗེའི་དུས་རླབས་རྒྱ་ཆེ་དང་ལྡན་སྔོན་མེད་ཆུ་སྲིན་འཛིན་ཁྲིའི་གནས། །སྐུ་གསུམ་འཕྲིན་ལས་ལྷུན་གྱིས་གྲུབ་དེ་ཀུན་ནས་དགའ་བའི་གཙུག་གིས་མཆོད། །རང་བཞིན་སྔོན་ནས་གོམས་པའི་ཐུགས་རྗེ་དང་། །སྣ་ཚོགས་ཐབས་ཚུལ་དཔག་མེད་སྟོབས་མངའ་བས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་ལ། །མཐའ་ཡས་ཕན་པ་མཛད་དེ་ཀུན་ཏུ་རྒྱལ། །གང་ཞིག་ཐོས་ནས་དད་པའི་སྟོབས་གཡོ་བས། །ལས་དང་ཉོན་མོངས་འཁོར་བ་ཕྱིར་བསྙིལ་ཞིང་། །མྱ་ངན་འདས་པ་མཆོག་ཏུ་ཞིར་འགྲོ་བའི། །རིན་ཆེན་ལོ་རྒྱུས་རྣ་བའི་བདུད་རྩི་ཉོན། །དེ་ལ་གདོད་མའི་གཞི་འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་རྒྱ་ཆད་ཕྱོགས་ལྷུང་མེད་པའི་སྔོན་རོལ་ན། ཡུལ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྟོང་ལ་གོ་འབྱེད་པ། ནམ་མཁའ་ཡངས་པའི་དཀྱིལ་ལྟ་བུ། དྭངས་ལ་མི་གཡོ་བ་རྒྱ་མཚོ་དྭངས་པའི་གཏིང་ལྟ་བུ། གསལ་ལ་སྒྲིབ་པ་མེད་པ་མེ་ལོང་གཡའ་དག་པའི་ངོས་ལྟ་བུ། ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེའི་གདངས་འགགས་པ་མེད་པར་བཞུགས་པ་ནི་གདོད་མའི་གནས་ལུགས་སོ། །དེའི་ངང་ལ་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ཡན་ལག་བཞིས་རྟ་བྱས་ཏེ། ཐུགས་རྗེ་རིག་པའི་སྙིང་པོ་ཕྱིར་གསལ་དུ་གཡོས་པ་ལས་ངོ་བོའི་ཆ་ལས་གོ་འབྱེད་པའི་ཡུལ་ལ། རང་བཞིན་གྱི་ཆས་ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་ཤར་དུས། ཐུགས་རྗེའི་ཆས་ཡུལ་འབྱེད་པའི་ཤེས་རབ་དཔྱོད་བྱེད་དུ་སྐྱེས་པའི་སྐད་ཅིག་ལ་རང་ཤར་དུ་ཤེས་པས་རང་ངོ་ཤེས་ཏེ་གདོད་མའི་གཞི་ཐོག་དེ་ཉིད་དུ་རང་གྲོལ་དུ་གྲོལ་བ་ནི་ཀུན་ཏུ་
བཟང་པོ་གཞི་ཐོག་ནས་མངོན་པར་བྱང་ཆུབ་པའོ། །འདིའི་དུས་ན་ནང་གསལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུའི་ཞིང་ཁམས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན་རང་རིག་པའི་ཡེ་ཤེས་ཤིན་ཏུ་ཕྲ་བའི་བདག་ཉིད་དུ་བཞུགས་པས་མཚན་མ་རིས་ཅན་གྱི་རྣམ་པའི་ཞལ་ཕྱག་གྲུབ་པ་ནི་མེད་དེ་འཆར་བའི་གཞིའི་གདངས་མ་འགགས་པ་ལས་རང་བཞིན་དང་ཐུགས་རྗེའི་སྣང་བ་འདུ་འབྲལ་མེད་པ་ཙམ་དུ་གནས་སོ། །དེའི་ཚེ་སྟོན་པ་ཕུན་སུམ་ཚོགས་པ་རང་ཤེས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དང་། ཆོས་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་དུས་བཞིའི་འཕོ་འགྱུར་མེད་པའི་རང་བཞིན་ཀུན་ཏུ་བཟང་མོའི་བདག་ཉིད་གཉིས་སུ་མེད་པ་ཉིད་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ན་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ལ་སྐུ་གསུང་ཐུགས་བྱས་པ་མེད་པའི་བསྟན་པ་རིན་པོ་ཆེ་འཕོ་འགྱུར་མེད་པའི་ངང་ལས་མི་གཡོ། མི་འབྱུང་། མི་གནས། མི་ལེན། མི་འདོར། མི་བསྐྱོད་པ་ཉིད་དུ་བཞུགས་སོ། །འདིའི་དུས་ན་སྐུ་ཕྱིའི་མཛད་པ་བཞི་ནི། མི་འགྱུར་བ་དང་། མི་འོངས་པ་དང་། མི་འགྲོ་བ་དང་། །མི་གནས་པ་ཉིད་དོ། །ནང་གི་བཞི་ནི། མི་སྣང་བ་དང་། མི་མཛད་པ་དང་། མི་འཕྲོ་བ་དང་། མི་འདུ་བའོ། །གསང་བའི་བཞི་ནི། མ་བྱས་པ་དང་། མི་བྱེད་པ་དང་། ནམ་མཁའ་ལྟ་བུ་དང་། མཉམ་རྫོགས་ཆེན་པོའོ། །གསུང་གི་ཕྱིའི་མཛད་པ་བཞི་ནི། བརྗོད་དུ་མེད་པ་དང་། བསྟན་དུ་མེད་པ་དང་། བལྟར་མེད་པ་དང་། ཅུང་ཟད་མེད་པའོ། །ནང་གི་བཞི་ནི། རང་བཞིན་དང་། གྱིན་འདའ་དང་། ཡུལ་ཅན་མ་ཡིན་པ་དང་། དུ་མ་མེད་པའོ། །གསང་བའི་བཞི་ནི། སོ་མ་དང་། གཉུག་མ་དང་། རྣལ་མ་དང་། མ་བཅོས་པའོ། །ཐུགས་ཀྱི་ཕྱིའི་མཛད་པ་བཞི་ནི། དྲི་མ་མེད་པ་དང་། སེངྒེ་རྣམ་པར་བསྒྱིངས་པ་དང་། དཔའ་བར་འགྲོ་བ་དང་། ཡིད་བཞིན་གྱི་ནོར་བུའི་ཏོག་གི་ཏིང་ངེ་འཛིན་ནོ། །ནང་གི་བཞི་ནི། རྒྱལ་མཚན་གྱི་རྩེ་མོ་རྣམ་པར་རོལ་པ་དང་། གློག་གི་ཕྲེང་བ་དང་། འཁོར་ལོ་ཆེན་པོ་དང་། །འོད་འབར་བའི་
ཏིང་ངེ་འཛིན་ནོ། །གསང་བ་བཞི་ནི། ཕྱག་རྒྱ་ཟིལ་གྱིས་གནོན་པ་དང་། འབར་ཆེན་མཉམ་པ་དང་། ཆོས་ཉིད་སྣ་ཚོགས་པ་དང་། རྣམ་པར་བཀོད་པ་རང་སྣང་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་དག་ཀྱང་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ། །དེ་དག་ཀྱང་ངོ་བོའི་ག ནས་པ་ཙམ་ལས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འཆར་གཞི་མེ་ལོང་ལྟ་བུའི་དབྱིངས་སུ་གནས་པས་མཛད་པ་ཞེས་བརྗོད་དོ། །དེ་ནས་བསྐལ་པ་ཆེན་པོ་གཅིག་ན་ཡང་སྔ་མ་ལྟ་བུའི་གཞི་ལས་ལྷུན་གྲུབ་ཡུ ལ་ཤར་བ་རང་ངོ་མ་ཤེས་པས། དཔྱོད་བྱེད་ཡུལ་ལ་ཤར་བའི་ཤེས་པ་འཕྲོ་མཐུད་དེ་གཟུང་འཛིན་གྱི་རྟོག་པར་འཁྲུལ་པས་ཐོག་མར་སྲིད་པའི་རྩེ་མོ་ནས་བཟུང་སྟེ་གཟུགས་མེད་ནས་ཤེས་པ་རགས་སུ་སོང་བས་གཟུགས་དང་། འདོད་པའི་བར་དུ་འཁྲུལ་བའི་སེམས་ཅན་རྣམས་བྱུང་ངོ་། །དེ་ནས་ལྷུན་གྲུབ་ཀྱི་ངང་ཆོས་ཀྱི་སྤྲོས་གཞི་མཐའ་གང་དུའང་མ་ལྷུང་བ་ལས། ཐུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་ཉིད་རྣམ་པར་གཡོས་ཏེ། ཕྱིར་གསལ་དུ་བཞེངས་པ་ཉིད་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་དང་། ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ་གདུལ་བྱའི་ཡུལ་དུ་འདུལ་བྱེད་ཀྱི་ཐུགས་གཡོས་པའོ། །དེའི་ཚེ་སྟོན་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ནས་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ། རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་འོད་ཁྱིམ་རྣམ་པར་དག་པ་ཤིན་ཏུ་བཀོད་ལེགས་པའི་ཁང་བུ་བརྩེགས་པར་གདུལ་བྱ་མ་ཡིན་འདུལ་བྱེད་རིན་པོ་ཆེ་མཛེས་པའི་འཁོར་ལོ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཞི་བ་དང་། ཁྲོ་བོའི་དཀྱིལ་འཁོར་ཚོམ་བུ་འབུམ་ཕྲག་གྲངས་མེད་པ་ལ། བསྟན་པ་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་སུས་ཀྱང་བྱས་པ་མེད་པའི་རང་བཞིན་མངོན་པར་འདུ་མི་བྱེད་པའི་དགོངས་པ་ལ། མི་གཡོ་མི་ལེན་མི་འདོར་བའི་ཚུལ་གྱིས་བྱིན་
གྱིས་བརླབས་ཀྱིས་རང་བཤད་དོ། །འདིའི་དུས་ན་ཐུགས་རང་བྱུང་གི་ཡེ་ཤེས་སུ་རང་བྱུང་བས་འོད་ཟེར་གྱི་འཕྲོ་འདུ་ལས་མཛད་པ་སུམ་ཅུ་རྩ་དྲུག་གི་རྒྱུད་རང་བྱུང་། གནས་པ་འོད་ཀྱི་ཐིག་ལེ་ལས་གནས་ཕུན་སུམ་ཚོགས་པ་དྲུག་ཅུ་ཐམ་པར་རང་གནས། དེ་ཉིད་ཀྱིས་བྱིན་གྱིས་བརླབས་དང་སྣང་ཆ་ལས་སངས་རྒྱས་ཀྱི་སྐུ་འབུམ་ཕྲག་ཁྲག་ཁྲིག་དཔག་ཏུ་མེད་ཅིང་བརྗོད་ཀྱིས་མི་ལང་བ་རྣམས་མཐོང་བ་རྣམ་པར་དག་པའི་སྤྱན་གྱིས་དཀྱིལ་འཁོར་ལ་རང་སྣང་། དེའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ཀྱི་ལྗགས་ཀྱི་དབང་པོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་རྩེ་མོ་ལས་ཡི་གེ་དྲུག་གི་སྒྲ་རང་བྱུང་སྟེ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མ་ལུས་པར་ཁྱབ་པར་བྱས་ཏེ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱའོ་ཞེས་ལན་གསུམ་དུ་བྱུང་བ་ཉིད་ཀྱིས་རང་བྱུང་གི་ཡེ་ཤེས་ཀུན་ཏུ་བཟང་པོའི་རང་བཞིན་འཛད་པ་མེད་པའི་ཐུགས་རྗེ་ཆེན་པོ་ཕྱོགས་བཅུར་འཕྲོས་སོ། །འདི་དག་བསོད་ནམས་རྣམ་པར་དག་པས་སྐུ་སྣང་ལ་རང་བཞིན་མེད་པ། ཞལ་ཕྱོགས་ཀུན་ཏུ་ཐལ་ལེ་བ། འོད་ཟེར་མཐའ་ཡས་པས་ནམ་མཁའི་ཁམས་ཀུན་ཏུ་ཁྱབ་པར་སྣང་ཞིང་། ལས་ཀྱི་བསགས་པ་རྣམ་པར་དག་པས་ཐུགས་ཀྱི་ཤེས་རབ་ཆེན་པོ་ཀློང་རྡོལ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ལོངས་སྤྱོད་པའོ། །འདིའི་དུས་ན་སྐུ་ཕྱི་མཛད་པ་བཞི་ནི། སྐུ་སྣང་ལ་རང་བཞིན་མེད་པ་དང་། འོད་ཀྱི་ཞལ་ཕྱག་རྫོགས་པ་དང་། མཚན་མའི་དངོས་པོ་ལས་འདས་པ་དང་། ཡེ་ཤེས་ཀྱི་རྣམ་པར་སྣང་བའོ། །ནང་གི་བཞི་ནི། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། འོད་ཟེར་མཐའ་ཡས་པ་དང་། ཞལ་ཕྱོགས་ཀུན་ཏུ་ཐལ་ལེ་བའོ། གསང་བའི་བཞི་ནི། སྐུ་མདུན་དང་རྒྱབ་མེད་པ་དང་། ཕྱི་ནང་ཀུན་ཏུ་ཟང་ཐལ་བ་དང་། རྩེ་མོ་ཕྱོགས་ཀུན་ཏུ་འཁྱིལ་བ་དང་། གསལ་ལ་མ་འདྲེས་པ་སྣང་བའོ། །གསུང་གི་ཕྱིའི་མཛད་པ་བཞི་ནི། །ཡི་གེ་དྲུག་གི་འཁོར་ལོ་འཕྲོ་བ་དང་། དེ་ཉིད་ཡབ་ཀྱི་
ཞལ་དུ་ཞུགས་པ་དང་། ཡུམ་གྱི་མཁའ་ལས་ཐོན་པ་དང་། འཕྲོ་ཞིང་འདུ་བར་བྱེད་པའོ། །ནང་གི་བཞི་ནི། རང་གི་ངོ་བོས་བཤད་པ་དང་། ཚིག་གི་བརྗོད་པ་ལས་འདས་པ་དང་། མངོན་པར་འདུ་མི་བྱེད་པ་དང་། ཁ་དོག་དཔག་ཏུ་མེད་པའི་འོད་ཟེར་ཞལ་གྱི་དཀྱིལ་འཁོར་ལ་འཕྲོས་པས་མཚན་མ་ཉེ་བར་ཞི་བའི་ཆོས་གོ་བར་མཛད་པའོ། །གསང་བའི་བཞི་ནི། སྐུ་དང་། གསུང་དང་། ཐུགས་དང་། ཞལ་གྱི་སྦྱོར་བ་རྣམ་པར་དག་པས་ཐམས་ཅད་མཁྱེན་པའི་ཆོས་ལ་ལོངས་སྤྱོད་པའོ། ཐུགས་ཀྱི་ཕྱིའི་མཛད་པ་བཞི་ནི། མངོན་པར་འདུ་མི་བྱེད་པ་དང་། ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་དང་། ཆོས་ཉིད་རྣམ་པར་སྣང་བ་དང་། ཟག་པ་ཟད་པའི་ཏིང་ངེ་འཛིན་ཏོ། །ནང་གི་བཞི་ནི། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོགས་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ལ་ལོངས་སྤྱོད་པའོ། །གསང་བའི་བཞི་ནི། །གསལ་སྟོང་དང་། ཡུལ་ཤེས་དང་། སྣང་སྟོང་དང་། འཁོར་འདས་དབྱེར་མི་ཕྱེད་པའི་ཆོས་ཉིད་ལ་འཕོ་འགྱུར་མེད་པར་བཞུགས་པའོ། །འདི་དག་ཀྱང་ཡུལ་དང་ཡུལ་ཅན་གྱི་མཛད་པ་ལྟར་ནི་མ་ཡིན་ལ། རང་སྣང་རྣམ་པར་དག་པའི་ཞིང་ན་སྣང་ཆའི་མཛད་པ་རྫོགས་པའི་ཆ་ཙམ་དུ་གནས་པར་བརྗོད་དོ། །དེ་ནས་རྒྱལ་བ་རྡོ་རྗེ་སེམས་དཔའ་ཡིས་འོག་མིན་གྱི་གནས་མཐའ་དང་དབུས་མེད་པར་ལོངས་སྐུའི་གཞིར་གནས་ཐུགས་རྗེ་རང་བྱུང་གི་ཡེ་ཤེས་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་ནས། རིག་འཛིན་དང་མཁའ་འགྲོ་མ་དང་འཁོར་གྱི་རིག་པ་འཛིན་པའི་ཚོགས་འཇིག་རྟེན་ལས་འདས་པ་དང་། མཆོག་གི་འཁོར་རང་གི་རྣམ་པར་འཕྲུལ་པ་ལས་བསྐྱེད་པ་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ། བསྟན་པ་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་སྒྲ་བརྙན་བཞིན་དུ་རང་གི་སྣང་བ་ལ་སྟོན་པས་གསུང་བར་སྣང་ངོ་། འདིའི་དུས་ན་སྐུའི་ཕྱིའི་མཛད་པ་བཞི་ནི། ཀུན་ཏུ་སྣང་བ་དང་། བལྟ་བས་མི་ངོམས་པ་དང་། རྣམ་པར་འཕྲུལ་པ་དང་
ནམ་མཁའི་མཐའ་ཀླས་པའོ། །ནང་གི་བཞི་ནི། གསལ་བ་དང་། འཚེར་བ་དང་། ལྷུན་སྟུག་པ་དང་། འོད་ཟེར་འཕྲོ་བའོ། །གསང་བའི་བཞི་ནི། ལྷན་ནེ་བ་དང་། ལྷག་གེ་བ་དང་། ཐལ་ལེ་བ་དང་། ཟང་ཐལ་བའོ། །གསུང་གི་ཕྱིའི་མཛད་པ་བཞི་ནི། དབྱངས་མཐའ་ཡས་པ་དང་། མོས་པ་འཚམས་པར་འབྱུང་བ་དང་། གསལ་བ་དང་། འཚེར་བའོ། །ནང་གི་བཞི་ནི། ཡིད་དུ་འོང་བ་དང་། ཟད་མི་ཤེས་པ་དང་། གྲངས་མེད་པ་དང་། རྒྱུན་མི་འཆད་པའོ། །གསང་བའི་བཞི་ནི། བསམ་གྱིས་མི་ཁྱབ་པ་དང་། དུས་ཐམས་ཅད་པ་དང་། རང་བཞིན་གྱིས་དག་པ་དང་། དཔེ་ལས་འདས་པའོ། །ཐུགས་ཀྱི་ཕྱིའི་མཛད་པ་བཞི་ནི། མི་གཡོ་བ་དང་། མི་བསམ་པ་དང་། ཇི་བཞིན་པ་དང་། ངང་གི་འོད་གསལ་བའོ། །ནང་གི་བཞི་ནི། །མ་བྱས་པ་དང་། མི་བྱེད་པ་དང་། བྱེད་པ་མེད་པ་དང་། བྱ་བའི་ཡུལ་ལས་འདས་པའོ། །གསང་བའི་བཞི་ནི། ཐམས་ཅད་གཟིགས་པ་དང་། གང་དུའང་མི་དམིགས་པ་དང་། ལྷུན་གྱིས་གྲུབ་པ་དང་། མཉམ་རྫོགས་ཆེན་པོའི་ངང་ལས་དུས་ཐམས་ཅད་དུ་མི་གཡོ་ཞིང་འཕོ་འགྱུར་མེད་པའོ། །འདི་དག་ནི་ཐུགས་རྗེ་མཐའ་ཡས་པས་རྣམ་པར་དག་པའི་འགྲོ་བ་ལ་སྐུ་མངོན་པར་སྣང་བ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་མེ་ལོང་ལྟ་བུའི་རང་བཞིན་གྱི་ཆོས་སྣང་བ་འཇིག་རྟེན་ལས་འདས་པའི་སྤྱོད་ཡུལ་རྣམ་པར་དག་པའོ། །དེ་ལྟར་སྣང་བའི་སྟོན་པ་དང་འཁོར་ནི་རྒྱལ་བ་ཉིད་ཀྱིས་རྒྱལ་བ་ཉིད་ལ་ཆེད་དུ་གླེང་པ་བཞིན་དུ་དགོངས་པས་བརྒྱུད་དེ་གསུངས་ཀྱི། གང་ཟག་ཐ་དད་པའི་རིམ་པ་ལྟར་དཔོན་སློབ་སོ་སོར་སྣང་བ་ནི་མ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ནས་འགྲོ་བ་ལ་མངོན་པར་སྣང་བའི་ཐོག་མ་ཡིན་པས་མོས་པ་དང་བློ་ཡི་རིམ་པས་ཆོས་ཀྱང་ཐ་དད་པའོ། །འོན་ཀྱང་རིག་འཛིན་གྱི་བརྒྱུད་པ་ནི་རང་གི་སྤྲུལ་པ་ཉིད་ལས་གཞན་མ་ཡིན་ནོ། །མཁའ་འགྲོ་མ་ལ་སོགས་པའི་འཁོར་གཞན་རྣམས་ནི་ཅི་རིགས་སུ་སྣང་བའོ། །རྒྱལ་བ་དགོངས་པས་བརྒྱུད་པའི་ལོ་རྒྱུས་
བཤད་ཟིན་ཏོ།། །།དེ་ནས་རིག་འཛིན་བརྡའི་བརྒྱུད་པ་ནི། རྒྱ་གར་ཆོས་ཀྱི་འབྱུང་གནས་རྡོ་རྗེ་གདན་གྱི་ནུབ་བྱང་ཨོ་རྒྱན་ཐོར་ཚུགས་ཅན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་ཞེས་བྱ་བ་ནས་བཀྲ་ཤིས་བདེ་བྱེད་བརྩེགས་པ་ཞེས་བྱ་བའི་གཙུག་ལག་ཁང་ལ་གཙུག་ལག་ཁང་ཕྲ་མོ་སྟོང་ཕྲག་དྲུག་བརྒྱ་དང་བརྒྱད་ཀྱིས་བསྐོར་བའི་བར་ན། གསེར་གྱི་ཐག་པ་ལ་དྲིལ་བུ་གཡེར་ཁའི་དྲྭ་བས་སྤྲས་ཤིང་མི་ཁྱིམ་འབུམ་ཕྲག་སུམ་ཅུ་རྩ་གཉིས་དང་ལྡན་པ་ན་རྒྱལ་པོ་ཨུ་པ་རཱ་ཛ་དང་བཙུན་མོ་འོད་ལྡན་མ་གཉིས་ཀྱི་སྲས་མོ་སུ་དྷརྨ་ཞེས་བྱ་བའ ི་དགེ་སློང་མ་ཞིག་དེ་ལས་དཔག་ཚད་གཅིག་འདས་པའི་ནུབ་ཕྱོགས་གསེར་གྱི་བྱེ་མ་བརྡལ་བའི་རྒྱ་མཚོའི་གླིང་ན་གདན་ལ་བཞུགས་པའི་རྨི་ལམ་ན་ཤེལ་ལས་གྲུབ་པའི་མི་དཀར་པོ་ཞིག་གིས་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་ཞིག་སྤྱི་བོར་བཞག་ནས་དབང་བསྐུར་བས་སྟོང་གསུམ་གྱི་འཇིག་རྟེན་འོད་དུ་གསལ་བ་དུས་གཅིག་ལ་མཐོང་བ་རྨིས་སོ། །དེ་ཉིད་གཡོག་མོ་ལ་གསུངས་པས་ཉིད་ལ་སངས་རྒྱས་ཀྱི་སྲས་ཤིག་འཁྲུངས་པའི་ལྷས་ལགས་ཟེར་རོ། །དེ་ནས་ཟླ་བ་དགུ་ངོ་དང་བཅུ་ན་རྩིབས་མ་གཡས་པའི་གོ་བར་ནས་ཁྱེའུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་བལྟམས་པ་དང་། ཡུམ་གྱིས་སྨྲས་པ། ཕ་མེད་བུ་འདི་འཇིག་རྟེན་འདྲེ་ལས་གཞན་པ་སུ། །གལ་ཏེ་ལྷ་དང་ལྷ་མིན་སྣ་ཚོགས་གཟུགས། །འདི་ལྟར་བྱུང་བའི་དཔེ་ནི་སུས་མཐོང་མེད། །འདི་ནི་ལོག་སྲེད་འགྲོ་བས་དཔྱས་གྱུར་སྡིག་རེ་ཆེ། །ཞེས་བརྗོད་ནས་ཐལ་བའི་ཁུང་བུར་བོར་བ་ལས་བར་སྣང་ནས་ལྷ་རྣམས་ཀྱིས་སྐུ་ཁྲུས་གསོལ་ཞིང་། མགོན་པོ་ཆེན་པོ་བཅོམ་ལྡན་འདས། །རང་བཞིན་སྣང་མཛད་འཇིག་རྟེན་མགོན། །བདག་ཀྱང་རབ་ཏུ་སྐྱབས་པ་དང་། །ནམ་མཁའི་རྡོ་རྗེ་དེང་བདག་གསོལ། །ཞེས་བཀྲ་ཤིས་བརྗོད་ཅིང་མཁའ་འགྲོ་མ་རྣམས་ཀྱིས་མཆོད་པའི་སྤྲིན་གཏིབས་ཏེ་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པས་ཙནྡན་དང་གུར་གུམ་གྱི་ཆར་འབེབས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཆོས་ཀྱི་རྔ་བོ་ཆེ་བརྡུངས་པ་དང་། དུང་འབུད་པ་དང་། རྒྱལ་
མཚན་འཛིན་པ་དང་། བ་དན་སློང་བ་དང་། དྲང་སྲོང་གི་རྒྱལ་པོ་རྣམས་ཀྱིས་ཀྱང་སྨན་དང་སྤོས་སྣ་ཚོགས་ཀྱི་སྤྲིན་ཕུང་གཏིབས་པ་མཐོང་ནས་སླར་བླངས་ནས་བཟོད་པར་གསོལ་ཏེ་སྤོས་ཆུ་དང་འོ་མས་བཀྲུས་ཏེ་གསོས་པས་མཚོ་ཆེན་པོ་ལ་གནས་པའི་པདྨ་ལྟར་ཆེར་བསྐྱེད་དོ། །དེ་ནས་ལོ་བདུན་ན་ཆོས་ཐམས་ཅད་ཀྱི་ཚིག་དོན་མ་བསླབས་པར་ཐུགས་སུ་འཁྲུངས་ཏེ། ཡུམ་ལ་པཎྜི་ཏའི་གནས་སུ་ཆོས་ཀྱི་གཏམ་གླེང་དུ་འགྲོ་བའི་སྐབས་དབྱེ་བར་ཞུས་པས་གནང་སྟེ། རྒྱལ་པོ་ཨུ་པ་རཱ་ཛའི་དྲུང་དུ་བྱོན་ནས་པཎྜི་ཏ་རྣམས་དང་མཇལ་བར་ཞུས་ཏེ་བྱོན་དུས་ཕན་ཚུན་ཕྱི་ནང་གི་ཆོས་ཐམས་ཅད་གཏན་ལ་ཕབ་པས་པཎྜི་ཏ་རྣམས་ཀྱིས་ཕྱག་འཚལ་ཏེ་ཞབས་སྤྱི་བོར་བླངས་ནས་སློབ་དཔོན་ཆེན་པོ་པྲ་ཛྙཱ་བྷ་ཝ་ཞེས་བྱ་བར་མཚན་གསོལ་ཏོ། །རྒྱལ་པོ་ཡང་ཤིན་ཏུ་དགྱེས་ཏེ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེར་མཚན་གསོལ་ཏོ། །ཡུམ་གྱིས་ཐལ་བའི་ཁུང་བུར་བོར་ཡང་མ་གཤེགས་པས་སློབ་དཔོན་ཆེན་པོ་རོ་ལངས་ཐལ་མདོག་ཅེས་མཚན་གསོལ་ཏོ། །ཡུལ་མི་རྣམས་ཀྱིས་ཡུམ་གྱིས་བཀྲོངས་ཀྱང་མ་གཤེགས་པས་ངོ་མཚར་ཆེ་ཞེས་བརྗོད་ནས་སློབ་དཔོན་ཆེན་པོ་རོ་ལངས་བདེ་བར་མཚན་གསོལ་ཏོ། །དེ་ནས་བྱང་ཕྱོགས་རི་བོ་ཉི་མ་རབ་ཏུ་སྣང་བྱེད་ལ་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་ཏིང་ངེ་འཛིན་ལ་བཞུགས་པའི་ཚུལ་བསྟན་ནས་འོག་མིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལས་རང་བཞིན་རྫོགས་པ་ཆེན་པོའི་དབང་ཡང་གསང་བླ་ན་མེད་པའི་གདམས་པ་དང་བཅས་པ་ཡོངས་སུ་རྫོགས་པར་ཞུས་ཏེ་གནས་པ་ལས། རི་བོ་དེ་ཉིད་ལ་མེ་ཏོག་གི་ཆར་འབེབས་ཤིང་མུ་སྟེགས་ཀྱི་བསྟན་པ་ཉམས་པར་བྱས་སོ། །ཞེས་པའི་སྒྲ་སྐབས་སུ་བྱུང་བར་དེ་དང་ཧ་ཅང་ཡང་མི་རིང་བ་ན་མུ་སྟེགས་ཀྱི་རྒྱལ་པོས་འདིའི་རྒྱུ་ཅི་ཡིན་གྲོང་ཁྱེར་ཀུན་ཏུ་དྲིས་པས་བ་གླང་རྫི་ཞིག་ན་རེ། བྲག་རིའི་དྲུང་ནས་དྲང་སྲོང་ཞིག་མཉམ་པར་བཞག་པའི་འཁོར་ཡུག་ཏུ་མེ་ཏོག་གི་ཆར་འབབ་ཅིང་རྣ་བར་རྭ་དུང་བུས་ཀྱང་མི་སད་པ་ཞིག་འདུག །དེ་ཡིན་
ལས་ཆེ་ཟེར་རོ། །དེའི་ཚེ་རྒྱལ་པོས་གཤེད་མ་ལ་བསྒོས་ནས་སློབ་དཔོན་གྱི་དྲུང་དུ་འོངས་པ་དང་རེངས་ཏེ། སློབ་དཔོན་ཡང་ཏིང་ངེ་འཛིན་ལས་བཞེངས་ནས་སྤྲིན་པའི་གསེབ་ལ་ལམ་ཕྱུང་སྟེ་གཤེགས་པ་མཐོང་ནས་ཐམས་ཅད་དང་དེ་རྒྱལ་པོ་འཁོར་དང་བཅས་པས་བཟོད་པར་གསོལ། ལྟ་བ་ལོག་པ་དོར་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཀོད་དོ། །དེ་ནས་སྔར་གྱི་སངས་རྒྱས་ཀྱིས་གསུངས་པའི་སྡེ་སྣོད་དང་ཁྱད་པར་དུ་རང་བཞིན་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས་རི་བོ་མ་ལ་ཡ་རིན་པོ་ཆེ་རྣམ་པར་སྤུངས་པའི་རྩེ་མོར་རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་བདེ་བའི་རོ་ལྡན་མ་དང་། བདེ་བྱེད་སེར་མོ་ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་གཉིས་ཀྱིས་ཞུས་ཏེ་ལོ་གསུམ་དུ་ཡི་གེར་བཀོད་ནས་མཁའ་འགྲོ་མ་རྣམ་པར་འདུ་བའི་ཕུག་ཏུ་བཞུགས་སོ། །དེ་ནས་རྡོ་རྗེ་གདན་གྱི་བྱང་ཤར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་འཇིག་རྟེན་དང་ལས་ལས་གྲུབ་པའི་མཁའ་འགྲོ་མི་བསྲུན་པ་སྣ་ཚོགས་ཀྱིས་གང་ཞིང་། གསེར་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ་དྲིལ་བུ་འཕྱར་སྣའི་སྒྲ་སྒྲོགས་ཤིང་དབུས་ན་དག་བྱེད་ཀྱི་མཚོ་ཡོད་སར་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཉིད་དགོངས་པ་མཛད་ཅིང་བཞུགས་སོ། །དེའི་ཚེ་རྒྱ་ནག་པོའི་ཡུལ་གྲོང་ཁྱེར་ཤོ་འཁྱམས་ནག་པོ་ན་ཁྱིམ་བདག་དགེ་ལྡན་བཟང་པོ་དང་ཡུམ་སྣང་གསལ་ལྡན་མའི་སྲས་ཤྲཱི་སེདྡྷ་ཞེས་བྱ་བ་འཁྲུངས་ཏེ། ལོ་བཅོ་ལྔ་ན་སློབ་དཔོན་ཧ་སྟི་བྷ་ལའི་དྲུང་དུ་སྒྲ་དང་ཚད་མ་དང་རྩིས་ལ་སོགས་པ་རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་པར་བསླབས་ནས་གྲོང་ཁྱེར་གསེར་ལྡན་དུ་འགྲོ་བའི་ལམ་ཁར་ནམ་མཁའི་དཀྱིལ་ནས་འཕགས་པ་སྤྱན་རས་གཟིགས་བྱོན་ནས་ལུང་བསྟན་པ། ཀྱེ་སྐལ་ལྡན་ཚེ་གཅིག་གིས་འབྲས་བུ་ངེས་པར་འདོད་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སོང་ཞིག་ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་འབྲས་བུ་གསང་སྔགས་ཉིད་མྱུར་དུ་རྟོགས་པར་བྱ་བའི་ཕྱིར་ལོ་བདུན་དུ་སྔགས་ཕྱི་ནང་གི་དོན་ལ་ཐོས་པ་བྱའོ་སྙམ་ནས་རི་བོ་རྩེ་ལྔའི་ཤར་ཕྱོགས་ན་གདོལ་པའི་སློབ་དཔོན་བྷེ་
ལ་རྐིརྟི་ལས་སྔགས་ཕྱི་ནང་གི་རྒྱུད་ལུང་མན་ངག་ཐམས་ཅད་རྫོགས་པར་བསླབས་ཏེ་རེ་ཞིག་སྔ་དྲོའི་ཚེ་ཁྲུས་ཀྱི་རྫིང་བུར་ཞུགས་པ་ན་ཐུགས་རྗེ་ཆེན་པོས་ཡང་སྔ་མ་བཞིན་དུ་ལུང་བསྟན་ནས་མི་སྣང་བ་ན་རྒྱ་གར་ནི་ཤིན་ཏུ་བགྲོད་པར་དཀའ། རྐང་མགྱོགས་བསྒྲུབ་ལ་འགྲོ་སྙམ་ནས་ལོ་གསུམ་བསྒྲུབས་པས་གྲུབ་པའི་འོག་ཏུ་རྐང་མགྱོགས་ཀྱི་རྫུ་འཕྲུལ་གྱིས་ས་ལ་ཁྲུ་གང་གིས་མ་རེག་པར་བྱོན་ཏེ་ཉིན་མཚན་དགུ་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་དང་མཇལ་ནས་ཕྱག་འཚལ་ཏེ་ཞབས་སྤྱི་བོར་བླངས་ཤིང་བདག་རྗེས་སུ་འཛིན་པར་ཞུས་པས་གནང་སྟེ་ལོ་ཉི་ཤུ་རྩ་ལྔར་ཐིག་ལེ་མཆོག་གི་རྒྱུད་ལུང་མན་ངག་དང་བཅས་པའི་དབང་ཁྲིད་ཞུས་ནས་ཉམས་སུ་བླངས་པས་འོད་གསལ་ཆུ་ཡི་ཟླ་བ་ལྟ་བུའི་ལུས་ཐོབ་ནས་མཆོག་གི་དངོས་གྲུབ་བརྙེས་པར་གྱུར་ཏོ། །དེའི་ཚེ་དུར་ཁྲོད་ན་གནས་པའི་མཁའ་འགྲོ་མ་རྣམས་དང་ཞིང་སྐྱོང་བའི་ལང་ཀ་ཆེན་པོ་རྣམས་ཀྱིས་རང་རང་གི་སྲོག་གི་སྙིང་པོ་ཕུལ་ཞིང་བསྟན་པ་སྐྱོང་བར་ཁས་བླངས་ནས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པའི་མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པས་གཏིབས་སོ། །དེ་ནས་སློབ་དཔོན་ཆེན་པོ་དཔལ་གྱི་སེངྒེ་ཉིད་དུར་ཁྲོད་དེ་ལས་ནུབ་བྱང་དུ་དཔག་ཚད་གསུམ་འདས་པ་ན་དུར་ཁྲོད་ཆེན་པོ་རྩུབ་འགྱུར་གྱི་ཚལ་ཞེས་བྱ་བ་ཉིན་བཞིན་དུ་རླུང་འཚུབས་ལ་མཚན་བཞིན་དུ་མེ་འབར་བ་འཇིག་རྟེན་གྱི་མ་མོ་དང་མཁའ་འགྲོ་མང་པོ་རྣམ་པར་རྒྱུ་བ་དག་བྱེད་ཀྱི་མཚོ་དང་བདེ་བྱེད་ཀྱི་མཆོད་རྟེན་དང་། འཇིག་རྟེན་པའི་ལྷ་དགའ་བྱེད་དབང་ཕྱུག་གི་གནས་ཡོད་སར་བྱོན་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་པའི་ཕྱིར་བཞུགས་སོ། །དེའི་ཚེ་དཔལ་ཨོ་རྒྱན་གྱི་ཡུལ་རིན་པོ་ཆེ་འབར་བའི་གྲོང་ཁྱེར་ན་བཻ་ཌཱུཪྱའི་ཕོ་བྲང་ཕྱི་ནང་ཤིན་ཏུ་རྣམ་པར་དག་པ་ནོར་བུ་སྒྲོན་མེའི་སྣང་བས་ཁྱབ་པ་ན། རྒྱལ་པོ་ཨིནྡྲ་བོ་དྷི་དེ་བཙུན་མོ་བརྒྱ་རྩ་བརྒྱད་དང་ལྷན་ཅིག་ཕྱི་ནང་གི་བློན་པོས་བསྐོར་ཏེ་བཞུགས་པ་ལ། སྲས་མི་མངའ་ནས་དབྱར་ཟླ་ར་
བའི་ཚེས་བཅོ་ལྔ་ལ་དཀོན་མཆོག་མཆོད་དེ་ཆོས་ཀྱི་སྤྲིན་ཞེས་བྱ་བའི་མདོ་སྡེ་བཏོན་ནས་སྦྱིན་གཏོང་གི་ཁང་པ་བརྩིགས་ཏེ་སྐྱེ་བོ་ཐམས་ཅད་ལ་སྦྱིན་པ་རླབས་པོ་ཆེ་གཏོང་ནས་ལོ་མང་ཞིག་ལོན་པ་ན་དཀོར་མཛོད་ཐམས་ཅད་ཟད་ཀྱང་སློང་མོ་བ་རྒྱུན་མ་ཆད་ནས་ལས་སུ་བསྐོས་པའི་མིས་ད་ནི་མཛོད་ཁང་ཐམས་ཅད་ཟད་པས་ཁྱེད་ཅག་ལ་སྦྱིན་དུ་མེད་དོ་ཞེས་སྨྲས་པ་དང་། གློ་བུར་ལྷགས་པ་ཁ་ཅིག་གིས་སྨྲས་པ། བདག་ཅག་རྣམས་ལ་མ་སྦྱིན་ན་སྔར་བྱིན་པ་ཐམས་ཅད་དོན་མེད་དོ་ཞེས་བརྗོད་པ་གསན་ནས་རྒྱལ་པོས་ལོངས་སྤྱོད་ཟད་མི་ཤེས་པའི་ཐབས་དྲིས་པས་ཕྱི་ཡི་རྒྱ་མཚོའི་གླིང་ན་ཀླུའི་བུ་མོ་མཛེས་ལྡན་མའི་གཙུག་ན་ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་བ་ཡོད་དེ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་སྙིང་རྗེ་ལྡན་པས་བསླང་ན་སྟེར་བར་འགྱུར་རོ་ཞེས་ཐོས་ནས་ཕྱི་ཡི་རྒྱ་མཚོ་ལས་ནོར་བུ་ལན་མང་དུ་བླངས་པའི་དེད་དཔོན་ཞིག་ཡོད་པ་ལ་བཀའ་བསྒོ་བ། ཁོ་བོ་ནི་རྒྱ་མཚོའི་གླིང་ལས་ནོར་བུ་ལེན་པར་འདོད་ཀྱིས་ལམ་བསྟན་པར་རིགས་སོ་ཞེས་གསུངས་པས་དེས་ཀྱང་ལེགས་སོ་ཞེས་གསོལ་ཏེ་རྒྱ་མཚོར་དགོས་པའི་ཡོ་བྱད་སྟ་གོན་དུ་བྱས་སོ། །བློན་པོ་རྣམས་ཀྱིས་མི་བཞུད་པར་གསོལ་ཀྱང་མ་གནང་སྟེ་ལེགས་པར་གྲུབ་པའི་ཉི་མ་ལ་གཟིངས་ཀྱི་ནང་དུ་ཚོང་པ་ལྔ་བརྒྱའི་འཁོར་དང་ལྷན་ཅིག་གཤེགས་སོ། །དེའི་ཚེ་ཕྱོགས་བཞིར་དར་པོ་ཆེ་བཞི་ཕྱར་བས་མཐུན་པའི་རླུང་གིས་བསྐྱོད་པའི་ཚེ་འགྲོ། མཚམས་བཞིར་ཞ་ཉེའི་ཕ་ཝང་བཞི་འཕྱངས་པས་མི་མཐུན་པའི་རླུང་གི་ཚེ་སྡོད། དུང་དང་ཕུག་རོན་དང་བྱ་རོག་རྣམས་ནི་རི་དང་ཆུ་སྲིན་བརྟགས་ནས་བསད་པ་དང་། རང་གི་ཡུལ་ཕྱོགས་ངོས་གཟུང་བའི་ཕྱིར་ཁྱེར་ཏེ་གཟིངས་ཀྱི་ཉག་ཐག་བཅད་ནས་དུས་དང་མཐུན་པའི་རླུང་གིས་བསྐྱོད་པའི་བ་དན་མཛེས་པས་ངང་པའི་རྒྱལ་པོ་མཁའ་ལ་འགྲོ་བ་བཞིན་དུ་སོང་སོང་བ་ལས་ཉིན་ཞག་འགའ་ན་རིན་པོ་ཆེའི་གླིང་ཐམས་ཅད་ཀྱང་ནོར་བུ་སྣ་ཚོགས་ཀྱི་བྱེ་མ་བརྡལ་བར་ཕྱིན་ཏོ། དེ་ཉིད་དུ་འཁོར་གཞན་རྣམས་བཞག་
སྟེ་རྒྱལ་པོ་དང་དེད་དཔོན་གཉིས་པོ་གྲུ་ཆུང་ངུར་ཞུགས་ནས་ཉིན་ཞག་འགར་སོང་བ་ལས། རི་དཀར་པོ་གཅིག་སྣང་ནས་དྲིས་པ་དང་དངུལ་གྱི་རི་ཡིན་ཟེར་རོ། །ཡང་དེ་ལས་ཀྱང་འདས་ཏེ་སོང་བ་ལས་རི་སྔོན་པོ་ནམ་མཁའ་དངས་པའི་མདོག་འདྲ་བ་ཞིག་མཐོང་ནས་དྲིས་པས་བཻཌཱུཪྱའི་རི་ཡིན་ཟེར་རོ། །དེ་ལས་ཀྱང་འདས་ཏེ་སོང་བའི་མཚམས་ན་རི་སེར་པོ་ཞིག་སྣང་ནས་དྲིས་པས་འདི་ནི་གསེར་གྱི་རི་ཡིན་ཏེ་བདག་ཅག་དོང་བའི་གནས་ལགས་སོ་ཞེས་སྨྲས་ཏེ་སོང་བ་ལས། རི་དེའི་དྲུང་ན་གསེར་གྱི་བྱེ་མ་བརྡལ་བའི་ས་གཞིའི་མཚམས་སུ་སླེབས་པ་དང་དེད་དཔོན་གྱིས་སྨྲས་པ། རིའི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱི་ཁང་བུ་བརྩེགས་པ་ཞིག་ཡོད་དོ། །དེའི་སྒོ་དྲུང་ན་རྡོ་རྗེའི་གཏུན་ཅིག་ཡོད་ཀྱིས་དེ་ཡིས་སྒོ་དེ་བརྡུང་ལ་སེམས་ཅན་ལ་ཕན་པའི་ཕྱིར་ནོར་བུ་འདོད་དོ་ཞེས་བརྡ་སྦྱར་ནས་ཅི་ཡང་མི་སྨྲ་བར་བཞུགས་ཤིག་དང་ཀླུའི་བུ་མོ་བརྒྱས་ནོར་བུ་འབུལ་དུ་འོང་གིས་དེ་དག་ལ་ཅི་ཡང་མ་སྨྲ་ཞིག །དེ་ནས་ཀླུའི་བུ་མོ་མཛེས་ལྡན་མས་ནོར་བུ་འབུལ་དུ་འོང་གིས་དེ་ཉིད་མྱུར་དུ་ལོང་ལ་མ་ཤོར་བར་གོས་ཀྱིས་གྲིལ་ཏེ་སྤྱི་བོར་བསྣམས་ལ་བྱོན་ཅིག་ཅེས་ལེགས་པར་གདམས་པ་བཞིན་རིན་པོ་ཆེའི་སྒོ་དྲུང་དུ་ཕྱིན་ནས་སྒོ་བརྡུངས་པས་ཐོག་མར་ཀླུ་མོ་བརྒྱས་རིན་པོ་ཆེ་ཕུལ་ཡང་མ་བླངས་པར་ད་དུང་སྒོ་བརྡུངས་པས་ཀླུའི་བུ་མོ་མཛེས་ལྡན་མ་སྔོན་མོ་ཤིན་ཏུ་མཛེས་ཤིང་ལྟ་བས་མི་ངོམས་པ་ཞིག་ཕྱིར་བྱུང་ནས་སྤྱི་གཙུག་གི་ནོར་བུ་ཕུལ་བ་དང་། མྱུར་བར་ལོག་སྟེ་དེད་དཔོན་དང་ལྷན་ཅིག་རང་གི་འཁོར་གྱི་གླིང་དེར་ནོར་བུའི་བྱིན་རླབས་ཀྱིས་ནམ་མཁའ་ལ་ཕྱིན་པས་ན་ཐམས་ཅད་ཡ་མཚན་སྐྱེས་ཏེ་ཕྱག་བྱས་པ་དང་དེད་དཔོན་གྱིས་ལེགས་པར་བརྟགས་པས་རིན་པོ་ཆེ་སྣ་བདུན་གཟིངས་སུ་ཡང་ལྕི་རན་པར་བརྫངས་ཏེ་ཁ་ལོ་བསྒྱུར་ནས་འོངས་པ་དང་། རྒྱ་མཚོའི་གླིང་ཞིག་ན་པདྨའི་སྡོང་པོ་ཤིན་ཏུ་མཛེས་པའི་སྟེང་ན། ཁྱེའུ་ལོ་བརྒྱད་ལོན་པའི་ན་ཚོད་ཅན་ཤིན་ཏུ་མཛེས་ཤིང་ལྟ་བས་མི་ངོམས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་མཐོང་ནས་དེའི་དྲུང་དུ་སོང་ནས་རྒྱལ་པོས་སྨྲས་པ། ཁྱེའུ་ཁྱོད་ཀྱི་ཕ་ནི་གང་། མ་ནི་གང་། རིགས་ནི་
གང་། མིང་ནི་གང་། ཡུལ་ནི་གང་། ཟས་ནི་གང་།འདིར་དོན་ཅི་སྤྱོད་དྲིས་པས། ཁྱེའུ་དེས་སྨྲས་པ། ཕ་ནི་རང་རིག་ཀུན་ཏུ་བཟང་། མ་ནི་ཆོས་དབྱིངས་ཀུན་བཟང་མོ། །རིགས་ནི་དབྱིངས་རིག་གཉིས་སུ་མེད། །མིང་ནི་པདྨ་འབྱུང་གནས་དཔལ། །ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད། །ཟས་ནི་གཉིས་སྣང་རྟོག་པ་ཟ། །དུས་གསུམ་རྒྱལ་བའི་སྤྱོད་པ་བྱེད། །ཅེས་གསུངས་པས་རྒྱལ་པོ་ངོ་མཚར་སྐྱེས་ནས་སྤྲུལ་པའི་སྐུ་ཞིག་འཁྲུངས་པས་བདག་གི་བུར་གསོལ་བ་གདབ་བོ་སྙམ་ནས་སྨྲས་པ། བདག་གི་མཆོད་གནས་དང་སྲས་སུ་གཤེགས་པར་ཅི་གནང་ཞུས་པས་དེ་ལྟར་བགྱིའོ་ཞེས་གནང་བ་དང་པདྨའི་སྡོང་པོ་བཅད་དེ་ཁྱེའུ་དེ་ཉིད་ནོར་བུ་རིན་པོ་ཆེ་དང་བཅས་པར་རང་གི་འཁོར་གྱིས་བསྐོར་ཏེ་ཨོ་རྒྱན་གྱི་ཡུལ་དུ་ཕྱིན་པ་དང་། ཕོ་བྲང་འཁོར་གྱི་སྐྱེ་བོ་ཐམས་ཅད་ཀྱིས་བསུ་བ་རྒྱ་ཆེན་པོ་བྱས་ཏེ་བཻ་ཌཱུཪྱའི་ཕོ་བྲང་དུ་གཤེགས་ནས་རྒྱལ་པོས་སྨོན་ལམ་བཏབ་པ། ངས་རྙེད་པའི་ནོར་བུ་འདི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་ཆེན་པོ་ཡིན་ན་ཕོ་བྲང་འདིར་ཁྱེའུ་འདི་བཞུགས་པའི་རིན་པོ་ཆེ་སྣ་བདུན་གྱི་ཁྲི་དང་གདུགས་ཀྱང་ཡོད་པར་ཤོག་ཅིག །ཅེས་བརྗོད་མ་ཐག་ཏུ་དེ་ཉིད་བྱུང་བར་འགྱུར་ཏོ། །དེ་ལ་རྒྱལ་བུ་བཞུགས་ཏེ་རྒྱལ་སྲིད་ལ་མངའ་གསོལ་བས་པདྨ་རྒྱལ་པོ་ཞེས་གྲགས་སོ། །དེའང་འདི་ཉིད་རྒྱ་མཚོའི་གླིང་གི་པདྨ་ལས་འཁྲུངས་ཤིང་རྒྱལ་སྲིད་ལ་མངའ་གསོལ་བའི་སླད་ཀྱིས་སོ། དེ་ནས་རྒྱལ་པོས་སྨོན་ལམ་བཏབ་པ་ངའི་ཕོ་བྲང་འཁོར་དུ་ཞག་བདུན་དུ་རིན་པོ་ཆེའི་ཆར་འབབ་ཅིང་བང་མཛོད་རྣམས་ཀྱང་སྔོན་པས་གང་བར་ཤོག་ཅིག་ཅེས་བརྗོད་མ་ཐག་ཏུ་དེ་བཞིན་དུ་གྱུར་ཏོ། །དེའི་ཚེ་རྔ་བོ་ཆེ་བརྡུངས་ནས་ཕྱོགས་ཐམས་ཅད་དུ་བསྒྲགས་པ། རྒྱལ་པོ་ཨིནྡྲ་བོ་དྷི་དེས་ནོར་བུ་ལས་དགོས་འདོད་ཀྱི་ཆར་ཆེན་པོ་འབེབས་ཀྱིས་སུ་ཅི་འདོད་པ་གང་ལ་གང་འདོད་པ་ཐམས་ཅད་ལོངས་ཤིག་ཅེས་བརྗོད་ནས་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེར་བཏགས་ཏེ་མཆོད་པས་མཆོད་ནས་རྒྱལ་པོས་ཁྲུས་བྱས་ཕྱག་བཙལ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་བ་བཏབ་བོ། ངས་རྙེད་
པའི་ནོར་བུ་འདི་ཡང་དག་པ་ཡིན་ངེས་ན་སེམས་ཅན་རྣམས་ལ་གང་འདོད་པ་དེའི་ཆར་ཕོབ་ཅིག་ཅེས་བརྗོད་མ་ཐག་ཏུ་ཕྱོགས་བཞི་ནས་རླུང་ལངས་ཏེ་ཡུལ་འཁོར་གྱི་མི་གཙང་བ་ཐམས་ཅད་ཕྱག་ཏེ་ཆར་ཟིམ་བུར་བབས་པས་རྡུལ་ཕྲན་ཐམས་ཅད་མི་ལྡང་པར་མནན་ཏེ་དང་པོར་ཁ་ཟས་རོ་བརྒྱ་པའི་ཆར་བབས་པས་བཀྲེས་ཤིང་སྐོམ་པ་ཐམས་ཅད་ཚིམས་པར་བྱས། དེ་ནས་གོས་ཀྱི་ཆར་བབས་པས་འཁྱགས་ཤིང་སྦྲེབས་པ་ཐམས་ཅད་བགོ་བ་དང་ལྡན། དེ་ནས་ནོར་གྱི་ཆར་བབས་པས་གང་ལ་ཅི་འདོད་པའི་རེ་བ་ཐམས་ཅད་ཡིད་བཞིན་དུ་གྲུབ་ནས་རྒྱལ་འབངས་ཐམས་ཅད་དབུལ་ཕོངས་དང་བྲལ་བ་ན་རྒྱལ་པོས་བཀའ་བསྒོ་བ། ཁྱེད་རྣམས་མི་དགེ་བ་ཐམས་ཅད་སྤོངས་ལ་རྟག་ཏུ་དམ་པའི་ཆོས་ལ་སྤྱོད་ཅིག་ཅེས་གསུངས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་བཅུག་པས་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་བོ། །དེ་ནས་སློབ་དཔོན་གྱིས་རྒྱལ་སྲིད་ནི་ཐར་པའི་ཆོས་དང་མི་མཐུན་ཞིང་སེམས་ཅན་གྱི་དོན་ཡང་མི་འབྱུང་བར་དགོངས་ནས་རྒྱལ་པོ་དང་བློན་པོ་རྣམས་སུན་དབྱུང་བའི་ཕྱིར་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ་གཅེར་བུ་རུས་པའི་རྒྱན་དང་ལྡན་པ་ཁ་ཊཱཾ་ཀ་རྩེ་གསུམ་པ་ཞིག་བཟུང་ནས་གར་མཛད་པས་ཕོ་བྲང་གི་རྩེར་གར་ལ་བལྟ་བའི་མི་མང་པོ་ཚོགས་པ་ལ་ཁ་ཊྭཱཾ་ཀ་ཕྱག་ནས་ཤོར་བ་ལྟར་མཛད་ནས། དེ་ནང་བློན་ཆེན་པོ་ཀ་མ་ཏའི་བུའི་མགོ་ལ་བསྣུན་ནས་ཤི་བར་གྱུར་པ་དང་། རྒྱལ་པོའི་ཁྲིམས་ལས་སུས་འདས་ཀྱང་ཆད་པའི་ལས་ལ་སྤྱོད་པས་བློན་པོ་ཀུན་ཚོགས་ཏེ་རྒྱལ་པོ་ལ་གསོལ་བ། ལྷ་རྒྱལ་བུར་མངའ་གསོལ་ཡང་བློན་པོའི་བུ་ཉེས་པ་མེད་པར་བསད་པས་གསལ་ཤིང་གི་རྩེ་ལ་བཞག་ནས་ཆད་པས་བཅད་འཚལ་ཞུས་པས། རྒྱལ་པོས་གལ་གྱིས་གཅུས་ཀྱང་མ་ཉན་ནས་འོ་ན་སྤྱུགས་པར་བྱའོ། །ཞེས་གསུངས་པས་ལེགས་སོ་ཞེས་བསྟོད་དོ། །དེ་ནས་རྒྱལ་པོ་ཐུགས་མ་བདེ་བཞིན་དུ་སློབ་དཔོན་ལ་གསུངས་པ། རིན་ཆེན་མཚོ་དཀྱིལ་པདྨའི་སྡོང་པོ་ལས། །ཕ་དང་མ་མེད་རང་བྱུང་སྤྲུལ་པའི་སྐུ། །བརྟུལ་ཞུགས་སྤྱོད་པས་བློན་
པོའི་ཕྲུག་གུ་བཀུམས། །བློན་པོ་རྣམས་ཀྱིས་རྒྱལ་ཁྲིམས་ཆད་པས་གཅོད། །གསོད་ལས་སྤྱུག་པར་གནང་བས་གང་དགར་བཞུད། ཅེས་བརྗོད་པ་དང་སློབ་དཔོན་གྱིས་གསུངས་པ། འཇིག་རྟེན་འདི་ན་ཕ་དང་མ་དཀོན་པར། །ཡབ་དང་ཡུམ་གྱིས་རྒྱལ་སྲིད་ཉིད་ལ་བཀོད། །ཡུལ་ལ་ཞེན་མེད་སྤྱུགས་ཀྱང་འཇིགས་པ་མེད། །སྐྱེ་ཤི་གཉིས་མེད་བསད་ཀྱང་འཇིགས་པ་མེད། །རྒྱལ་སྲིད་གཉན་པས་སྤྱུགས་ཀྱང་ཤིན་ཏུ་ལེགས། །ཡབ་ཡུམ་དག་ཀྱང་ཡུན་དུ་བདེ་བར་བཞུགས། །ལས་ཀྱིས་འབྲེལ་པས་ཕྱིས་ནས་མཇལ་བར་ངེས། །ཞེས་བརྗོད་ནས་ཕྱག་འཚལ་ཏེ་སོང་བ་ལས། བློན་པོ་རྣམས་ཀྱིས་ཨོ་རྒྱན་ཡུལ་གྱི་ལྷོ་ཕྱོགས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་མི་མ་ཡིན་དང་གཅན་གཟན་མ་རུངས་པ་རྣམས་ཀྱིས་གང་བ་འཇིགས་ཤིང་སྐྱི་བུང་བའི་ནང་དུ་བསྐྱལ་ལོ། །ཡུལ་དེའི་མི་ཤི་ཚད་དེ་རུ་སྐྱེལ་བས་རོ་ཟས་དང་རོ་གོས་ལ་ལོངས་སྤྱོད་ཅིང་བརྟུལ་ཞུགས་མཛད་པས་མཁའ་འགྲོ་མ་ཐམས་ཅད་དབང་དུ་འདུས་ཏེ་པདྨ་ཐོད་ཕྲེང་རྩལ་ཞེས་མཚན་གསོལ་ཏོ། །དེ་ནས་དུར་ཁྲོད་ཆེན་པོ་དགའ་བའི་ཚལ་དུ་སྤྱོད་པ་མཛད་པས་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདུད་འདུལ་མས་དབང་བསྐུར་ཞིང་བྱིན་གྱིས་བརླབས། སོ་སའི་གླིང་དུ་ཞི་བ་འཚོས་དབང་བསྐུར་ཞིང་མཁའ་འགྲོ་མ་ཐམས་ཅད་ཀྱིས་བསྟོད་དོ། །དེ་ནས་སྔར་པདྨ་ལས་འཁྲུངས་པའི་གླིང་དེར་བྱོན་ནས་རྒྱ་མཚོའི་གླིང་གི་མཁའ་འགྲོ་མ་བཞི་དབང་དུ་མཛད། རྡོ་རྗེ་ཕག་མོས་དབང་བསྐུར་ཞིང་རྒྱུད་དང་གདམས་པ་མཐའ་དག་གསུངས། རྒྱ་མཚོའི་ཀླུ་དང་། བར་སྣང་གི་གཟའ་དང་། ལྷ་མ་སྲིན་སྡེ་བརྒྱད་དང་། ཞིང་སྐྱོང་དང་། ལས་བྱེད་དང་། ཤུགས་འགྲོ་མ་ལ་སོགས་པ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་མཁའ་འགྲོ་ཐམས་ཅད་གྲུབ་ཅིང་དབང་དུ་མཛད་ནས་རྡོ་རྗེ་དྲག་པོ་རྩལ་ཏེ་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཆེན་པོ་བརྙེས་སོ། །དེ་ལྟར་གྲུབ་པ་ཐོབ་ཅིང་ཆོས་ཐམས་ཅད་ལ་མངའ་བརྙེས་ཏེ་རང་བཞིན་སྤྲུལ་པའི་སྐུ་ཆེན་པོར་བཞུགས་ཀྱང་འགྲོ་བའི་ཁམས་
དང་མོས་པ་སྣ་ཚོགས་པས་དེ་དག་སློབ་དཔོན་མེད་པས་མི་དད་པ་བཟློག་པའི་ཕྱིར་རྒྱ་གར་གྱི་མཁས་གྲུབ་རྣམས་ལ་ཐོས་བསམ་མཛད་པའི་ཚུལ་ནི། དེ་ནས་ཟ་ཧོར་གྱི་སློབ་དཔོན་ཆེན་པོ་བྲ་བྷ་ཧ་སྟིའི་དྲུང་དུ་རབ་ཏུ་བྱུང་སྟེ་ཤཱཀྱའི་སེངྒེར་མཚན་གསོལ་ནས་ཕྱི་ནང་གི་ཆོས་མཐའ་དག་དང་། ཁྱད་པར་དུ་རྣལ་འབྱོར་གྱི་རྒྱུད་ཡོ་ག་ཛ་མུན་ཏ་ཡཱ་དང་། ཏ་ཐཱ་སཾ་ཀྲ་ཧ་དང་། ཡོ་ག་ཙཪྱ་ལ་སོགས་པ་མ་ལུས་པར་མཁྱེན་པར་མཛད་ཅིང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་གཟིགས་ཏེ་ཡོ་ག་ཚེ་ཡི་རིག་འཛིན་ལ་མངའ་བརྙེས་སོ། །དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོ་ལས་སྒྲ་དང་། ཚད་མ་དང་། ནང་གི་དེ་ཁོ་ན་ཉིད་ངེས་པའི་གྲུབ་པའི་མཐའ་དབུ་མ་ཆེན་པོ་ལ་སོགས་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་མཐའ་དག་དང་། འབྲས་བུ་རྡོ་རྗེ་ཐེག་པ་མ་ལུས་པ་གསན་ནས་མཁྱེན་པ་མཛད་ཅིང་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་དཔག་ཏུ་མེད་པའི་ཞལ་གཟིགས་སོ། །དེ་ནས་མུ་སྟེགས་པ་དང་རྩོད་པ་མཛད་པས་གྲུབ་པའི་མཐའ་དང་རྫུ་འཕྲུལ་འགྲན་པས་མུ་སྟེགས་པ་ཕམ་ནས་ནགས་ཚལ་དུ་མཐུ་བྱས་པས་རྫུ་འཕྲུལ་གྱིས་ནགས་ལ་མེ་སྦར་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བཀོད་པས་སློབ་དཔོན་ཆེན་པོ་སེངྒེ་སྒྲ་སྒྲོགས་ཞེས་མཚན་གསོལ་ཏོ། །དེ་ནས་དགེ་སློང་མ་ཀུན་དགའ་མོའི་དྲུང་དུ་ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལ་སོགས་པ་པདྨ་གསུང་གི་སྒྲུབ་སྡེ་གསན་ཅིང་གྲུབ་པ་བརྙེས། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་སྤྱན་སྔར་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལ་སོགས་པ་གསང་སྔགས་བླ་ན་མེད་པའི་རྒྱུད་ལུང་མན་ངག་ཐམས་ཅད་གསན་ཅིང་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་ཞལ་གཟིགས། སློབ་དཔོན་ཧཱུྃ་ཀ་རའི་སྤྱན་སྔར་ཧེ་རུ་ཀ་གལ་པོའི་རྒྱུད་ལ་སོགས་པ་ཡང་དག་ཐུགས་ཀྱི་རྒྱུད་ལུང་མཐའ་དག་གསན་ཅིང་དངོས་གྲུབ་བརྙེས། སློབ་དཔོན་པྲ་བྷ་ཧ་སྟིའི་དྲུང་དུ་ཀཱི་ལ་ཡ་མངོན་འབྱུང་གི་རྒྱུད་ལ་སོགས་པ་རྡོ་རྗེ་ཕུར་པའི་ཆོས་སྡེ་མཐའ་དག་གསན་ནས་རྡོ་རྗེ་གཞོན་ནུའི་ཞལ་གཟིགས། སློབ་དཔོན་
སངས་རྒྱས་གསང་བའི་དྲུང་དུ་གསང་བའི་སྙིང་པོ་ལ་སོགས་པ་ཞི་ཁྲོ་སྒྱུ་འཕྲུལ་གྱི་རྒྱུད་སྡེ་མཐའ་དག་གསན་ཅིང་། སློབ་དཔོན་རྡོ་རྗེ་མི་འགྱུར་ལས་བདུད་རྩི་ཡོན་ཏན་གྱི་རྒྱུད་སྡེ་ཐམས་ཅད་གསན། སློབ་དཔོན་དྷ་ན་སཾ་སྐྲྀ་ཏ་ལས་སྲིད་པ་མ་མོའི་རྒྱུད་སྡེ་མཐའ་དག་གསན། སློབ་དཔོན་རམྦུ་གུ་ཡ་དྷེ་བའི་སྤྱན་སྔར་དམོད་པ་དྲག་སྔགས་ཀྱི་རྒྱུད་དང་། འཇིག་རྟེན་མཆོད་བསྟོད་ཀྱི་རིམ་པ་མཐའ་དག་མཁྱེན་པར་མཛད་པས་སློབ་དཔོན་ཆེན་པོ་བློ་ལྡན་མཆོག་སྲེད་དུ་མཚན་གསོལ་ཏེ། འཛམ་བུ་གླིང་ན་ཇི་སྙེད་བཞུགས་པའི་ཆོས་སོ་ཅོག་མ་ལུས་པ་མཁྱེན་པར་མཛད་ནས་སའི་སྟེང་ན་འགྲན་པའི་ཟླ་མེད་ཅིང་རྒྱན་དུ་གྱུར་ཏེ་མཁས་ཤིང་གྲུབ་པ་བརྙེས་པར་གྲགས་སོ། །རྒྱ་གར་ཤར་ནུབ་ལ་སོགས་པའི་ཕྱོགས་གང་དང་གང་དུ་བཞུགས་པ་ཐམས་ཅད་དུ་ཉི་མའི་ཟེར་ལ་ཆིབས་ནས་གཤེགས་པས་སློབ་དཔོན་ཆེན་པོ་ཉི་མ་འོད་ཟེར་ཞེས་མཚན་གསོལ་ཞིང་། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་བུ་མོ་མེ་ཏོག་མནྡྷཱ་ར་བ་དབང་དུ་མཛད་ནས་ནགས་ལ་བཞུགས་པ་ལས་འགྲོ་བ་འདུལ་བའི་དུས་ལ་བབས་ནས་ཡབ་ཡུམ་གཉིས་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་པས་མི་རྣམས་མ་དད་དེ་དགེ་སྦྱོང་གི་གཟུགས་ཅན་འདིས་རྒྱལ་པོའི་རིགས་བསླད་ཅིང་སངས་རྒྱས་ཀྱི་བསྟན་པ་ལ་རྨ་ཕྱུང་བས་དུར་ཁྲོད་དུ་སྲེགས་ཤིག་ཟེར་ནས་ཐམས་ཅད་ཀྱིས་ཙན་དན་གྱི་ཤིང་ཁུར་རེ་དང་ཏིལ་མར་ཁལ་རེ། རོ་རས་ཡུག་རེས་དྲིལ་ནས་བསྲེགས་པས་ཞག་དགུར་དུ་བ་མ་ཆད་ནས་བལྟས་པས་མེ་ལྕེ་ཕྱིར་འབར་ནས་རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཚིག་ཅིང་། ཏིལ་མར་རྒྱ་མཚོར་འཁྱིལ་བའི་དབུས་ན་པདྨའི་སྡོང་པོ་ལ་ཡབ་ཡུམ་གཉིས་བཞུགས་པ་མཐོང་ནས་འགྱོད་དེ་བཤགས་པ་བྱས་ནས་རྗེས་སུ་གཟུང་བར་ཞུས་པས་གྲོང་ཁྱེར་གྱི་མེ་ཞི་ཞིང་ཆོས་གསུངས་པས་ཐམས་ཅད་ཀྱིས་ཆོས་ཀྱི་མིག་རྡུལ་དང་བྲལ་བ་རྙེད་ནས་པདྨ་འབྱུང་གནས་ཞེས་བསྟོད་ཅིང་འདུན་ཏོ། །དེ་ནས་ཨོ་རྒྱན་གྱི་ཡུལ་དུ་བྱོན་པ་ན་སྔར་གྱི་མི་ཀུན་གྱིས་ངོ་ཤེས་ཏེ་བློན་པོའི་བུ་གསོད་པ་དེ་གནོད་པ་སྐྱེལ་དུ་
བྱུང་གིས་སྲེགས་ཤིག་ཅེས་བསྒྲགས་ཏེ་སྔ་མ་བཞིན་བསྲེགས་པས་ཞག་ཉི་ཤུ་རྩ་གཅིག་ཏུ་དུད་པ་མ་ཆད་ནས་བལྟས་པས་སྔ་མ་ལྟར་འདུག་པ་མཐོང་ནས་བཟོད་པར་གསོལ་ནས་པདྨ་ཐོད་ཕྲེང་རྩལ་ཞེས་བསྟོད་ཅིང་རྗེས་སུ་གཟུང་བར་ཞུས་པས་ལོ་བརྒྱད་བཞུགས་ཏེ་གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་ཆོས་གསུངས་པས་ཨོ་རྒྱན་གྱི་ཡུལ་ཁམས་ཐམས་ཅད་ཆོས་ལ་བཀོད། རྒྱལ་པོ་ཨིནྡྲ་བོ་དྷི་འཁོར་ཚོམ་བུ་དང་བཅས་པས་གྲུབ་པ་ཐོབ་ནས་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་རྡོ་རྗེ་ཕག་མོས་ལུང་བསྟན་པ། སྐལ་ལྡན་འབྲས་བུ་ཚེ་གཅིག་ངེས་པའི་ལུང་། །གང་དང་མི་འདྲ་ཀུན་གྱིས་མ་རྟོགས་པ། ཤྲཱྀ་སིདྷ་རྡོ་རྗེའི་ཐུགས་ལ་གནས། །རྩུབ་འགྱུར་ཚལ་དུ་དགོངས་པ་རྙེད་པར་འགྱུར། །ཞེས་གསུངས་པ་དང་སྐད་ཅིག་གིས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོར་རྫུ་འཕྲུལ་གྱིས་བྱོན་ཏེ་སློབ་དཔོན་ཆེན་པོ་ཤྲཱི་སིདྷ་ལ་ཕྱག་དང་བསྐོར་བ་མཛད་ནས་རྗེས་སུ་གཟུང་བར་ཞུས་པས་གནང་སྟེ། རྫོགས་པ་ཆེན་པོ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པ་སེམས་ཀློང་མན་ངག་གི་སྐོར་མཐའ་དག་གསུངས་ཤིང་། ཁྱད་པར་དུ་ཐིག་ལེ་ཕྱི་ནང་གསང་བའི་སྐོར་མ་ལུས་པ་གསན་དུས་ཡང་ཞུས་པ། སློབ་དཔོན་ཆེན་པོ་ལགས། ཚེ་འདི་ཉིད་ལ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་མཐོང་ཞིང་། ཆོས་ཀྱི་སྐུའི་ཞིང་ཁམས་སུ་སངས་རྒྱས་པའི་གདམས་ངག་ཅིག་གནང་བར་ཞུ་འཚལ་ཞེས་གསོལ་བ་དང་། ཤྲཱི་སིདྷས་གསུངས་པ། རིགས་ཀྱི་བུ་ཤིན་ཏུ་ལེགས་ཀྱིས་ཆོས་ཐམས་ཅད་ཀྱི་ཡང་རྩེ། ལྟ་བ་ཐམས་ཅད་ཀྱི་ཞེ་ཕུགས། ཐེག་པ་ཐམས་ཅད་ལས་འདས་ཤིང་།མཁའ་འགྲོ་ཐམས་ཅད་ཀྱི་སྙིང་ཏིག །གསང་བ་བས་ཀྱང་ཆེས་ཤིན་ཏུ་གསང་བའི་དོན། འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་ཆེན་པོ། སེམས་ལས་འདས་པ། ཡིད་དང་བྲལ་བ། རྣམ་པར་ཤེས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ། ཡིན་
མིན་གྱི་མཐའ་ལ་མི་གནས་ཤིང་ལྟ་སྒོམ་བསྐྱེད་རྫོགས་ཀྱི་ཡུལ་ལས་འདས་པ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ། རིག་འཛིན་ཆེན་པོ་རྣམས་ཀྱི་ཉེ་ལམ། མཐར་ཐུག་པའི་མན་ངག་བླ་ན་མེད་པ། ལོ་གསུམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པའི་གདམས་པ་ཞིག་ཡོད་ཀྱིས་བསྟན་པར་བྱའོ་གསུངས་ནས། རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གི་དབང་དང་། དེའི་ཉམས་ལེན་མན་ངག་ཡི་གེར་རབ་ཏུ་མང་པོ་དང་། དེའི་རྒྱབ་བརྟེན་དུ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད། ཡི་གེ་མེད་པ་གཞིའི་རྒྱུད། སྐུ་གདུང་འབར་བ་རྟགས་ཀྱི་རྒྱུད། །རྫོགས་པ་རང་བྱུང་དབང་གི་རྒྱུད། །དོ་སྤྲོད་སྤྲས་པའི་རྒྱུད། སྒྲོན་མ་འབར་བའི་རྒྱུད། རིག་པ་རང་ཤར་གྱི་རྒྱུད། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད། རིན་པོ་ཆེ་སྤུངས་པའི་རྒྱུད། ཉི་ཟླ་ཁ་སྦྱོར་གྱི་རྒྱུད། ནོར་བུ་ཕྲ་བཀོད་ཀྱི་རྒྱུད། རིག་པ་རང་གྲོལ་གྱི་རྒྱུད། མུ་ཏིག་ཕྲེང་བའི་རྒྱུད། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། བཀྲ་ཤིས་མཛེས་ལྡན་གྱི་རྒྱུད། སེང་གེ་རྩལ་རྫོགས་ཀྱི་རྒྱུད། ཀློང་དྲུག་པའི་རྒྱུད། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་རྒྱུད་དང་བཅོ་བརྒྱད་ཡོངས་སུ་རྫོགས་པར་གསུངས་ཤིང་བསྟན་པ་གཏད་དེ་ལོ་ཉི་ཤུ་རྩ་ལྔའི་བར་དུ་གདམས་པའི་ཐོས་བསམ་མཛད་ཅིང་བཞུགས་སོ། །དེ་ནས་དུར་ཁྲོད་ཆེན་པོ་སོ་སའི་གླིང་དུ་བྱོན། ལོ་གསུམ་ཉམས་སུ་བླངས་པས་སྐྱེ་ཤི་གཉིས་སྤངས་ཆུའི་ཟླ་བ་ལྟ་བུའི་སྐུ་གྲུབ་ནས། རྫུ་འཕྲུལ་གྱིས་གནས་རྣམ་པ་སྣ་ཚོགས་སུ་མི་དང་མི་མ་ཡིན་པའི་འགྲོ་བ་རབ་ཏུ་མང་པོ་ལ་ཕན་པ་མཛད་ཅིང་། ཁྱད་པར་རྒྱ་གར་གྱི་རྒྱལ་པོ་དྷརྨཱ་པ་ལའི་མཆོད་གནས་སུ་ཉིན་པར་བཞུགས་ཤིང་། མཚན་མོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དང་། སོ་ས་གླིང་དང་། རབ་ཏུ་སྣང་བྱེད་དང་། དགའ་བྱེད་དང་། བྷ་སིང་དང་། ཐ་ཆུང་དང་། འཇིགས་བྱེད་ལ་སོགས་པར་བྱོན་ཏེ། མཁའ་འགྲོ་འབར་བའི་སྤྲིན་ཕུང་དང་ལྷན་ཅིག་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པས་གནས་པར་མཛད་དོ།། །། ༈ དེའི་ཚེ་བོད་ཀྱི་ཡུལ་གངས་རིའི་ར་བས་བརྒྱན་པའི་ནང་བྲག་དམར་མཚོ་མོའི་མགུལ་དང་ཉེ་བ་ན།
བསིལ་ཁང་གི་ཕོ་བྲང་འོག་གཞི་པདྨའི་དྲྭ་བ་ལྟར་བཀོད་ལེགས་པའི་སྟེང་ཙནྡན་སྦྲུལ་གྱི་སྙིང་པོ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ལྡིང་ཁང་ན། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང་བཙུན་མོ་གྱིམ་ཤིང་ཀོང་ཇོ་གཉིས་རིན་པོ་ཆེའི་ཁྲི་ལ་གཟིམས་པའི་རྨི་ལམ་དུ་རྒྱ་ནག་པོའི་རི་བོ་རྩེ་ལྔ་ནས་འོད་ཉི་མ་ཤར་བ་ལྟ་བུའི་རྩེ་ལས་ཁྱེའུ་ཞིག་བྱུང་ནས་བཙུན་མོའི་ལྷུམས་སུ་ཞུགས་པ་རྨིས་ཏེ་རྒྱལ་པོ་ལ་བཤད་པས་ཧྭ་ཤང་མངོན་ཤེས་མཁན་ཞིག་བཞུགས་པ་ལ་དྲིས་པས། སྲས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྲུལ་པ་ཞིག་འཁྲུངས་པའི་ལྟས་ལེགས་པས་རིམ་གྲོ་ཆེར་བསྐྱེད་ཅིག་ཅེས་ཟེར་རོ། །དེ་ནས་ཟླ་བ་དགུ་ངོ་དང་བཅུ་ན་ཁྱེའུ་ཤིན་ཏུ་མཛེས་པ་མིའི་བུ་མི་འདྲ་བ་ལྷའི་སྲས་འདྲ་བ་གཅིག་བལྟམས་སོ། །དེའི་ཚེ་ཕོ་བྲང་གི་བྱང་ཤར་དུ་ཚེ་དཔག་ཏུ་མེད་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པའི་འཇིམ་པ་ལྷག་མ་ལས་མཆོད་རྟེན་གཅིག་བརྩེགས་པས་གཟུག་མ་ཐུབ་ནས་བྲེས་ཐག་གིས་བསྡམས་པས་གླེད་པོར་ཤོར་ཞེས་ཐམས་ཅད་བཞད་གད་དིར་དིར་བྱུང་བས་དེའི་མིང་མཆོད་རྟེན་གླེད་པོ་བྲེས་ཐག་ཅན་ཞེས་གྲགས་ཤིང་རྒྱལ་པོ་སྐུ་ཚེ་རིང་བར་རྟོགས་སོ། །རྟའི་ལོའི་དཔྱིད་ཟླ་ར་བའི་སྐར་མ་རྒྱལ་གྱི་ཉིན་པར་སྐུ་བལྟམས་པའི་བཙས་སྟོན་རྒྱ་ཆེན་པོ་མཛད་ནས་མཚོ་ཆེན་པོའི་པདྨ་ལྟར་ཆེར་བསྐྱེད་པ་ལས་ལོ་དུས་སུ་ཞབས་འཛུགས་པ་དང་མཚན་གསོལ་བའི་དགའ་སྟོན་གྱི་ཚེ་མིང་ཅི་གདགས་བཀའ་བགྲོས་པ་ལས་རྒྱལ་བུ་ཉིད་བཞེངས་ནས་གནམ་ལྷ་བབས་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག །མགོ་ནག་ཡོངས་ཀྱི་སྤྱི་རྗེ། སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལགས་སོ་ཞེས་གསུངས་པས། བོད་འབངས་ཐམས་ཅད་ཡ་མཚན་སྐྱེས་ནས་ཕྱག་འཚལ་ཞིང་འདུན་ནོ། །དེ་ནས་དགུང་ལོ་བཅུ་གསུམ་ལ་ཡབ་དགུང་དུ་གཤེགས་ནས་རྒྱལ་སྲས་མངའ་གསོལ་ཞིང་བཞུགས་པ་ལས། བློན་པོ་ཆེན་པོ་མ་ཞང་གྲོམ་པ་སྐྱེས་དབང་ཆེ་ནས་ཆོས་དར་དུ་ནི་མ་བཏུབ། ཐམས་ཅད་བོན་ལ་བཀོད་ནས་ཆབ་སྲིད་འཛིན་པའི་ཚེ་རྒྱལ་པོ་ཐུགས་མ་བདེ་ནས། བློན་པོ་ཆེན་པོ་འགོས་ལ་བོད་ཐམས་ཅད་དམ་པའི་
ཆོས་ལ་དགོད་པའི་ཐབས་དྲིས་པས། འགོས་ཀྱི་མཆིད་ནས་དེ་ཤིན་ཏུ་ལེགས་པས་རྒྱལ་པོ་སྐུ་ཆག་ཆེ་བའི་གླུད་དུ་བློན་པོ་ཆེན་པོ་གཉིས་ལོ་གསུམ་མ་ཆོད་པར་བཅུག་ན་ཕན་ཞེས་སྒྲོག་ཏུ་གཞུག་གིས། དེ་དུས་དེ་ལྟར་མཛད་པར་ཞུ་ཞེས་གླེང་ནས་མོ་རྩིས་པ་རྣམས་ལ་བརྔན་པ་བྱིན་ནས་སྒྲོག་ཏུ་བཅུག་པས་རྒྱལ་ཁམས་ཐམས་ཅད་དུ་བསྒྲགས་པའི་ཚེ་རྒྱལ་པོས་བློན་འཁོར་ཀུན་བསགས་ནས་ངའི་གླུད་ལ་འགྲོ་ནུས་སུ་ཡོད་དྲིས་པས། འགོས་རྒན་པོ་ལངས་ཏེ་ངས་གཅིག་འགྲོ་བར་ཞུ་ཟེར་བ་དང་། མ་ཞང་ཡང་འགྲན་པས་ལངས་ཏེ་ངས་ཀྱང་འགྲོ་བར་ཞུ་ཟེར་རོ། །དེ་ནས་སྟོད་ལུང་བྲང་མདར་མ་ཆོད་པ་བརྩིགས་ཏེ་ལོ་གསུམ་གྱི་ཡོ་བྱད་དང་བློན་ཆེན་པོ་གཉིས་བཅུག་དུས། གྱད་ཀྱི་སྐུ་བློན་ཏ་ར་ཀླུ་གོང་ལ་རྒྱལ་པོས་འགོས་རྒན་ཐོན་ཅིག་གསུངས་པས། ཏ་ར་ཀླུ་གོང་གིས་མ་ཆོད་པའི་སྒོ་ཕ་ཝང་ཆེན་པོས་གཅོད་དུས། འགོས་ཀྱིས་བྱ་རྒོད་ཀྱི་ལྷམ་དང་ཐུལ་པ་གྱོན་ནས། ཕབ་གོལ་གོལ་ཐོགས་ཏེ་བུག་སྒོར་འོངས་པའི་ཕྱི་བཞིན་མ་ཞང་གིས་ཀྱང་འབྲངས་པས། ཐལ་མོ་བརྡབས་ནས་ཕན་ཞེས་ལགས་པ་དེང་བྱས་པས། ཏ་ར་ཀླུ་གོང་གིས་ཡར་ཐེན་པ་ལ་མ་ཞང་གིས་འཇུས་པས་རྒོད་སྤུ་སྤར་གང་ཐོབ་ནས་ལུས་སོ། །དེ་ནས་ཀླུ་གོང་གི་སྒོ་བཅད་དེ་མཆད་པ་སྲུང་མི་བཞག་ནས་ཚུར་འོངས་ཏེ། རྒྱ་ཚ་ལྷས་སྣང་བྱང་མི་མེད་ལུང་སྟོང་དུ་གནག་རྟ་འཚོལ་བ་སྙད་བཏགས་ནས་སྤྱུགས། སྦལ་རྒྱལ་ཏོ་རི་འཛུམ་ལྟག་དགྱེད་ཀྱིས་ཤི་བས་ཆོས་ལ་མི་དགའ་བའི་བློན་པོ་ཅིག་ཀྱང་མེད་པའི་ཚེ། སྦ་སངས་ཤི་ལ་གསེར་ཕྱེ་བྲེ་གང་རྫོངས་ནས་པཎྜི་ཏ་གདན་འདྲེན་པར་མངགས་སོ། །དེ་ནས་འགོས་ཀྱི་རྒྱལ་པོ་ལ་གསོལ་པ། བོད་ཀྱི་བློན་འཁོར་ནི་ཆོས་ལ་དད་པ་ཉུང་བས་དང་པོ་ནས་གཙུག་ལག་ཁང་བཞེངས་པར་བྱས་ན་མི་དགའ་བས་ཐབས་བྱེད་དགོས་སོ། །ཐམས་ཅད་ཚོགས་པ་ན་སྔོན་གྱི་ཡབ་མེས་རྣམས་ཀྱི་ཕྱུག་རིས་དང་མངའ་ཐང་རྒྱ་ཆེར་མཛད་པའི་རྗེས་སུ་འཇུག་དགོས་པས། ཤངས་རི་མི་འགྱུར་རིན་པོ་ཆེའི་རྩེ་ལ་ཤེལ་གྱི་མཁར་ཐོག་སྟོང་དང་ལྡན་པ་ཤར་ཕྱོགས་སུ་ཞང་པོ་རྒྱ་ཡི་ཡུལ་མཐོང་བ་གཅིག་བརྩེག་
གམ། ཁས་པུ་རི་ཟངས་ཀྱི་སྦུབས་སུ་འཐུམ་མམ། ཝ་ལུང་གྲོག་པོ་གསེར་ཕྱེས་འགེངས་སམ། ཀ་ཆུའི་ཐང་ལ་ཁྲོན་པ་འདོམ་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཡོད་པ་ཞིག་འབྲུའམ། གཙུག་ལག་ཁང་བྲེའི་ཞབས་ཙམ་ཞིག་བཞེངས། གང་བྱེད་དྲིས་ཤིག་ཅེས་ཞུས་ནས། ལོ་གསར་རྒྱལ་གྱི་ཟླ་བ་ལ་ཐམས་ཅད་ཚོགས་པའི་ཚེ་རྒྱལ་པོས་དེ་སྐད་བཀའ་སྩལ་པ་དང་། ཐམས་ཅད་ལན་མ་ཐེབས་པར་ཁ་རོག་ལུས་པ་ལས་འགོས་ཀྱིས་ལངས་ཏེ། རྗེ་གཅིག་ལགས་ཤངས་རིའི་སྟེང་དུ་ཤེལ་གྱི་མཁར་ཞང་པོ་རྒྱ་ཡི་ཡུལ་མཐོང་བ་སུས་ཀྱང་མི་འགྱོངས། འགྱོངས་ཀྱང་དེ་ལ་དགོས་པ་ཆུང་། བོད་ཀྱི་ཕྲུ་བ་དང་གཟར་བུ་ཡན་ཆོད་ཟངས་སུ་སོང་ཡང་ཁས་པུ་རི་མི་ཐུམ། ཝ་ལུང་གྲོག་པོ་ཙང་འགྲམ་གྱི་བྱེ་མས་ཀྱང་མི་ཁེངས་ན་གསེར་ཕྱེས་ག་ན་ཁེངས། ཀ་ཆུའི་ཐང་ལ་ཁྲོན་པ་འདོམ་གང་འདྲུས་པ་དང་ཆུས་ཁེངས་ནས་འདྲུ་ས་མེད་ན་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཇི་ལྟར་འདྲུ། །དེ་བས་ཀྱང་གཙུག་ལག་ཁང་བྲེ་ཞབས་ཙམ་ཞིག་བཞེང་ན་ཚེ་འདི་ཕྱི་གཉིས་ཀར་བདེ་ཞིང་མཐར་ཐུགས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་འབྱུང་བས་དེ་མི་འཐད་ལགས་སམ་ཞེས་ཞུས་པས། བོད་འབངས་ཀྱི་བློ ན་འཁོར་ཐམས་ཅད་དགའ་སྟེ་འཐད་དི་རིར་བྱུང་ངོ་། །དེའི་ཚེ་སངས་ཤིས་བལ་ཡུལ་དུ་ཕྱིན་ཏེ་པཎྜི་ཏ་སུ་མཁས་དྲིས་པས། ཤཱནྟ་རཀྵི་ཏ་མཁས་པར་ཐོས་ནས་བཙལ་བས་བལ་པོ་ལྷ་མངས་ཀྱི་གཙུག་ལག་ཁང་ན་བཞུགས་པའི་དྲུང་དུ་གསེར་ཕྱེ་ཕུལ་ནས་ཞུས་པས། མཁན་པོ་ཞི་བ་འཚོའི་ཞལ་ནས་ངས་ལོ་དགུ་བརྒྱ་སྒུག་པ་ལས་ཁྱེད་ཀྱི་རྒྱལ་པོ་དེ་ད་དུང་མ་བྱུང་། རེ་འཕྱི་རྒྱལ་པོ་བཙས་དུས་ངའི་སོ་མེད་པ་ལས་གཅིག་པོ་འདི་ཕྱིས་སྐྱེས་སོ་ཞེས་གསུངས་ཏེ་བོད་ཡུལ་དུ་བྱོན་ནས་རྗེ་བློན་ཀུན་གྱིས་བསུ་བ་མཛད་དེ་གཙུག་ལག་ཁང་བརྩིག་པའི་བཀའ་བགྲོས་པ་ལས་རྒྱལ་པོའི་ཞལ་ནས་སྔར་གྱི་ཡབ་མེས་ཀྱིས་བཞེངས་པའི་ལྷ་ཁང་ལས་ཆེས་ལྷག་པ་འཛམ་བུའི་གླིང་ན་འགྲན་གྱིས་དོ་ཟླ་དང་བྲལ་བ་ཞིག་བཞེང་པས་བཀོད་པ་མཛད་པར་ཞུ་གསུངས་
པ་དང་། མཁན་པོ་བོ་དྷི་ས་ཏྭའི་ཞལ་ནས་འོ་ན་སྔོན་རྣལ་འབྱོར་པ་ཞིག་གིས་མི་རོ་གསེར་དུ་བསྒྲུབས་པའི་ལྕེ་ལས་མཁའ་སྤྱོད་དུ་འགྲོ་བའི་རྫུ་འཕྲུལ་ཕལ་ཆེར་གྲུབ་ནས། དགེ་ཚུལ་གཅིག་རོའི་ལྕེ་གཅོད་དུ་བཅུག་པའི་རལ་གྲི་བཟུང་བས་སུམ་ཅུ་རྩ་གསུམ་གྱི་ཡུལ་ནས་གླིང་བཞི་རི་རབ་དང་བཅས་པའི་བཀོད་པ་མཐོང་སྟེ། ཕྱིར་ལོག་ནས་རལ་གྲི་རྣལ་འབྱོར་པ་ལ་གཏད་པའི་བརྔན་པར་རོ་ཉིད་ཇི་ལྟར་བཅད་ཀྱང་གསེར་དུ་སོང་བ་ལས་གཞི་བླངས་ནས། རྒྱ་གར་ཤར་ཕྱོགས་ན་ཨོ་ཏན་ཏ་གཙུག་གི་ནོར་བུའི་གཙུག་ལག་ཁང་ཞེས་བྱ་བ་ཡོད་པས་དེ་ལ་དཔེ་བླངས་ཏེ་བཞེང་པར་བྱའོ་གསུངས་ནས་ས་གཞི་བྱིན་གྱིས་བརླབས་ཏེ་རྒྱལ་པོས་གསེར་གྱི་འཇོར་བསྣམས་ནས་བརྐོས་པས་འབྲས་ཕུལ་བདུན་དང་། རིན་པོ་ཆེ་སྣ་བདུན་གྱི་སིལ་མ་ཕུལ་གང་བྱུང་དུས་མཁན་པོའི་ཞལ་ནས། སི་ཏི་སི་ཏི། ཕ་ལ་ཕ་ལ་གསུངས་པས་ཅི་གསུང་དྲིས་པ་ན། ལོ་ཙཱ་བ་ན་རེ་འགྲུབ་བོ་འགྲུབ་བོ་བཟང་བཟང་ཞེས་གསུངས་པ་ཡིན་ཟེར་རོ། །དེ་ནས་རྨང་བཏིང་ནས་བརྩིག་པས་བྲག་དམར་གྱི་བུའི་རི་རྔ་མོ་འདྲ་བའི་རྩེ་ལ་བོད་ཀྱི་ལྷ་འདྲེ་ཀུན་ཚོགས་ནས་ལྷ་འདྲེའི་དམག་གིས་ཉིན་བརྩེགས་པ་ཀུན་མཚན་བཤིག་ནས་བརྩིག་ཏུ་མ་སྟེར་རོ། །དེའི་ཚེ་རྒྱལ་པོ་དང་བློན་པོ་ཆེན་པོ་འགོས་པདྨ་གུང་བཙན་གཉིས་ཀྱིས་པཎྜི་ཏ་ལ་ཞུས་པ། སྔར་མི་རྣམས་ཀྱིས་བར་ཆད་བྱས། ད་ནི་མི་མ་ཡིན་རྣམས་ཀྱིས་བར་ཆད་བྱས་པས་ཇི་ལྟར་བྱས་ཀྱང་དམ་པའི་ཆོས་དར་དུ་མི་སྟེར་བ་ལགས་སམ་ཇི་ལྟར་བགྱི་ཞེས་བརྗོད་དུས་མཁན་པོས་གསུངས་པ། བོད་ཀྱི་ཡུལ་ལྷ་མ་སྲིན་མ་བྱེ་བའི་ས་འདི་གདུལ་ཤིན་ཏུ་དཀའ་ཡང་ཐབས་མཆིས་ཏེ། སྔོན་རྒྱ་གར་གྱི་ཡུལ་མ་ག་ཏའི་གྲོང་ཁྱེར་ན་བྱ་རྫི་མོ་བདེ་མཆོག་ཅེས་བྱ་བ་ལ་བུ་གསུམ་ཡོད་པ་ལས། མ་ཚེའི་དུས་བྱས་པ་ན་བུ་རྣམས་ཀྱི་དེའི་དགེ་རྩར་མཆོད་རྟེན་བྱ་རུང་ཁ་ཤོར་ཤེས་བྱ་ཤིན་ཏུ་ཆེ་བ་གཅིག་བཞེངས་ནས་ཕུ་བོས་སྨོན་ལམ་བཏབ་པ། མ་འོངས་པའི་ཚེ་མཐའ་འཁོབ་ཆོས་མེད་པ་མུན་པའི་སྨག་རུམ་དང་འདྲ་བར་བདག་གིས་དམ་པའི་ཆོས་དར་
ཞིང་རྒྱས་པར་བྱེད་པའི་རྒྱལ་པོར་གྱུར་ཅིག་ཅེས་བརྗོད་པ་དང་། གཉིས་པ་དེའི་སྨོན་པ། དེའི་ཚེ་སངས་རྒྱས་ཀྱི་བསྟན་པ་དགོས་པས་རབ་ཏུ་བྱུང་བའི་མཁན་པོར་གྱུར་ཅིག་ཅེས་བརྗོད་པ་དང་། ཐ་ཆུང་དེས་སྨོན་པ། དེའི་ཚེ་ཆོས་ལ་བར་དུ་གཅོད་པ་ཐམས་ཅད་བསྲུང་བའི་སྔགས་མཁན་མཐུ་སྟོབས་དང་ལྡན་པར་གྱུར་ཅིག་ཅེས་བརྗོད་པ་དང་། ས་རྡོ་བ སྐྱེལ་བའི་བོང་བུ་དེས་སྨོན་པ། དེའི་ཚེ་ཆོས་ལ་མི་དགའ་བའི་བློན་པོ་དབང་པོ་ཆེ་ཞིག་ཏུ་གྱུར་ཅིག་ཅེས་བརྗོད་པ་དང་། བྲན་གཡོག་ཅིག་གིས་ཐོས་ནས་དེ་ཉིད་ལས་བཟློག་པར་སེམས་བསྐྱེད་དོ། །དེའི་ཚེ་དེའི་དུས་ཀྱི་ཕུ་བོ་ནི་རྒྱལ་པོའོ། །བར་མ་ནི་ཁོ་བོའོ། །གསུམ་པ་ནི་རྒྱ་གར་གྱི་ཡུལ་ན་རྒྱལ་པོ་དྷརྨཱ་ཕ་ལའི་མཆོད་གནས་སུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པ། མཐུ་དང་རྫུ་འཕྲུལ་ཐོགས་པ་མེད་པ་ཞིག་བཞུགས་པ་དེ་ཡིན་ནོ། །བོང་བུ་ནི་ཞང་གྲོམ་པ་སྐྱེས་སོ། །བྲན་གཡོག་ནི་འགོས་པདྨ་གུང་བཙན་ནོ། །དེ་བས་ན་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་སྤྱན་དྲོངས་ཤིག་གསུངས་སོ། །དེ་ནས་སྦས་མང་པོ་རྗེ་གསལ་སྣང་དང་། སེང་མགོ་ཀླུ་དཔལ་གཉིས་ལ་གསེར་ཕྱེ་བྲེ་གསུམ་དང་གཡོག་གསུམ་རྫོངས་ཏེ་མི་ལྔ་རྒྱ་གར་དུ་ཆས་པ་སློབ་དཔོན་གྱིས་མཁྱེན་ཏེ། རྒྱ་གར་ཡུལ་ནས་རྫུ་འཕྲུལ་གྱིས་མང་ཡུལ་རྫ་ཡི་ར་བར་གཡའ་རི་གོང་གི་བྲག་ཕུག་ཏུ་བྱོན་ཏེ་ཟླ་བ་གསུམ་དུ་བཞུགས་པའི་འོག་ཏུ་བང་ཆེན་པ་མི་ལྔ་དང་མཇལ་ཏེ་མཁྱེན་བཞིན་དུ་གར་འགྲོ་གསུངས་པས། དེ་རྣམས་ཀྱི་ངེད་བོད་ཀྱི་རྒྱལ་པོས་སློབ་དཔོན་ཆེན་པོ་པདྨ་གདན་འདྲེན་དུ་གཏོང་བས་རྒྱ་གར་དུ་འགྲོ་ཞེས་ཞུས་པ་དང་། སློབ་དཔོན་ཞབས་ས་ལ་མ་རེག་པར་བཞུགས་ཏེ་དེ་ནི་ང་ཡིན་ཏེ་ཁྱེད་རྣམས་རེ་འཕྱི། ཟླ་བ་གསུམ་དུ་འདིར་བསྡད་པ་ཡིན་གསུངས་པས་ཐམས་ཅད་དད་པ་སྐྱེས་ཏེ་ཐུགས་རྗེ་རེ་ཆེ་ཟེར་ནས་ཕྱག་འཚལ་བསྐོར་བ་བྱས་ནས་གསེར་རྣམས་ཕུལ་བས་ད་དུང་ཕུལ་ཅིག་གསུངས་པའི་ཚེ་རང་རང་གི་གོས་ལྷམ་ཡང་ཕུལ་དུས་ད་དུང་ཕུལ་ཅིག་གསུངས་པས་
རང་རང་བརྐྱང་ཕྱག་འཚལ་ཏེ་ལུས་ཕུལ་བས་ཤིན་ཏུ་མཉེས་ཏེ་གསུངས་པ། བོད་ཀྱི་དད་པ་ལ་གཡོ་ཟོག་ཨེ་འདུག་བལྟས་པ་ཡིན་གྱིས་གསེར་གྱིས་ཅི་བྱེད། འདོད་ན་སྣང་སྲིད་ཐམས་ཅད་གསེར་དུ་ཡོད་གསུངས་ནས་ཕུལ་བའི་གསེར་རྣམས་གཏོར་བས། བང་ཆེན་པ་རྣམས་སེམས་ཕོངས་ཅུང་ཟད་སྐྱེས་པ་ལ་ཐུ་བར་བྱེ་མ་བླུགས་ཏེ་དར་ཅིག་ན་གསེར་དུ་སོང་བས་ངོ་མཚར་སྐྱེས་སོ། །དེ་ནས་མང་ཡུལ་གྱི་གཡས་ཀྱི་རི་རྣམས་གཡོན་དུ་སྤོས། གཡོན་གྱི་རི་རྣམས་གཡས་སུ་བཞག་པས་དད་པ་ལྷག་པར་སྐྱེས་ནས་བརྐྱང་ཕྱག་བྱས་ཏེ་གཤེགས་པར་ཞུས་ནས་བྱོན་དུས། ཞང་ཞུང་གི་བསྟན་མ་མུ་ཛ་མེད་ཀྱིས་རི་གཉིས་སུ་བརྫུས་ནས་དེའི་བར་དུ་དཔོན་སློབ་ཀུན་བཙིར་བ་ན། ཁ་ཊྭཱཾ་ཀའི་ཡུ་བས་གཅིག་ཕར་བསྒྱེལ། གཅིག་ཚུར་བསྒྱེལ་ནས་སྡིགས་མཛུབ་མཛད་པས་མོ་དངངས་ཤིང་བྲེད་ནས་སྲོག་སྙིང་ཕུལ་ཏེ་སྲུང་མར་ཁས་བླངས་པས་གསང་མཚན་གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མར་བཏགས་སོ། །དེ་ནས་བྱང་གནམ་ཐང་ལ་བྱོན་པས་གནམ་སྨན་དཀར་མོས་ཐོག་ཕབ་པ་སློབ་དཔོན་གྱི་ཕྱག་གི་མཐིལ་དུ་ཆུ་མེ་ལོང་གང་བསྣམས་པར་བབས་པས་ཁྲག་སྲན་མའི་གའུ་ཙམ་བདུན་དུ་སོང་བས་ངོ་མཚར་སྐྱེས་ཏེ་ཕྱག་འཚལ་ཏེ་དཔལ་མོ་དཔལ་མཚོར་བྲས་པ་ལས་སློབ་དཔོན་གྱིས་རྡོ་རྗེ་གཅིག་བརྒྱབ་པས་མཚོ་ཁོལ་ཞིང་མིག་ཡ་གཅིག་ཞར་ནས་ཤ་རུས་བྱེ་སྟེ་ཀེང་རུས་ཀྱི་རྣམ་པར་བྱས་ནས་བཟོད་པར་གསོལ་ཏེ་སྲོག་སྙིང་ཕུལ་བས། མིང་ཡང་ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མར་བཏགས་སོ། །དེ་ནས་འོ་ཡུག་ན་མར་བྱོན་དུས་བོད་ཀྱི་བསྟན་མ་བཅུ་གཉིས་ཀྱིས་རི་ཡི་བར་དུ་བཙིར་བའི་རྫུ་འཕྲུལ་བསྟན་པས་ཕྱག་འཁར་གྱིས་སོ་སོར་བོར་ཏེ། གཡའ་རི་གངས་རི་སྨན་རི་ལ་སོགས་པ་བསྟན་མའི་གནས་ཕལ་ཆེར་བ་ཤིག ཁ་རག་ཚལ་པ་གཉིས་སུ་མཛད་པས་ཤིན་ཏུ་བྲེད་དེ་སྲོག་སྙིང་ཕུལ་ནས་བཀའ་ཡི་བསྲུང་མ་དང་བོད་དུ་མུ་སྟེགས་མི་འཇུག་པའི་དམ་ཚིག་ཁས་བླངས་སོ། །དེ་ནས་ལྕེ་ཡུལ་ཤ་བོ་ལུང་དུ་ཆགས་ཕེབས་དུས་ཤམ་པོས་གཡག་ཆེན་པོ་རི་དང་།
མཉམ་པར་བརྫུས་ནས་བར་ཆད་བརྩམས་པས། སྡིགས་མཛུབ་ཅིག་མཛད་དུས་བྱིས་པ་ཟུར་ཕུད་ལྔ་པ་ཅིག་ཏུ་སོང་ཏེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ། །དེ་ནས་སྐུ་ལྷ་ཐང་ལྷའི་རྩར་བྱོན་པ་ན་ཐང་ལྷས་གནོད་སྦྱིན་སྟོབས་པོ་ཆེར་སྤྲུལ་ཏེ་ཟ་བྱེད་ཀྱི་མཆེ་བ་གཙིགས་པ་ན་སྡིགས་མཛུབ་མཛད་པ་ཙམ་གྱིས་བྱིས་པ་ལོ་བརྒྱད་པའི་ཚུལ་ཙམ་དུ་སོང་ནས་བཟོད་པར་གསོལ་ཏེ་སྲོག་གི་སྙིང་པོ་ཕུལ་ནས་སློབ་དཔོན་དཔོན་སློབ་ལ་དྲོ་དྲངས་ཏེ། ཁ་ཟས་དང་སྤྱན་གཟིགས་དཔག་ཏུ་མེད་པས་མཆོད་དོ། །དེ་ནས་བྱང་ལམ་ལས་འཕན་ཡུལ་དུ་གཤེགས་པའི་ལམ་དུ་བྱང་གི་ཏིང་ཏིང་ཏིང་ལོ་སྨན་དང་། སྟག་སྨན་གྱི་སྡོང་དང་། བྱང་ཕུག་གནམ་སྨན་གསུམ་གྱིས་བྱང་ཐུན་གསུམ་གྱི་ལྷགས་པ་ཐམས་ཅད་དུས་གཅིག་ཏུ་བསྡུས་ནས་སློབ་དཔོན་འཁོར་དང་བཅས་པ་ལ་བརྒྱབ་པས། ཐམས་ཅད་མེ་ཕུང་གཅིག་ཏུ་སྒོམ་དུས་སྨན་གྱི་གནས་ཐམས་ཅད་ཚིག་ཅིང་བཟོད་པར་གསོལ་ཏེ་གནོད་སྦྱིན་མིང་སྲིང་མ་ལུས་པ་དམ་ལ་བཏགས་སོ། །དེའི་ཚེ་འཕན་ཡུལ་ལུང་པ་གཟིགས་པས་རྟ་རོ་དམར་པོ་ཁ་ཕྱེ་བ་འདྲ་བའི་ལུང་པ་ལ་མི་འགྲོ་གསུངས་ནས་སྟོད་ལུང་དུ་བྱོན་ཏེ། གྲམ་བུ་ཚལ་དུ་གུང་ཅིག་བཞུགས་ཏེ་བཙན་ཐམས་ཅད་དམ་ལ་བཏགས་ནས་ལམ་བར་བྱོན་དུས་བདུད་ཐམས་ཅད་དམ་ལ་བཏགས་ཤིང་། གཡའ་རི་གོང་དུ་རྒྱལ་པོ་ཐམས་ཅད་དམ་ལ་བཏགས་ནས། གཞོང་པར་ཆགས་ཕེབས་དུས་དྲོ་ལ་བབས་ནས་ཆུ་མེད་པ་ལ་ཁ་ཊྭཱཾ་གའི་ཡུ་བ་ལན་བདུན་ས་ལ་བརྡུངས་པའི་ཤུལ་ནས་ཡར་ལ་ཆུ་ཡན་ལག་བརྒྱད་དང་ལྡན་པ་རྐ་བདུན་བྱུང་བ་ལ་གཞོང་པའི་ལྷ་ཆུ་རྐ་བདུན་ཞེས་གྲགས་སོ། །དེ་ནས་ཟུར་མཁར་ལ་བྱོན་དུས་རྒྱལ་བློན་ཀུན་གྱིས་བསུ་བ་ཆེན་པོ་མཛད་དུས། རྒྱལ་པོའི་ཐུགས་དགོངས་ལ་ང་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པས་ཐོག་མར་ང་ལ་ཕྱག་བྱེད་དམ་སྙམ་པ་སློབ་དཔོན་གྱིས་མཁྱེན་ནས་ཆིབས་ལྕག་བྲག་ཁར་ཚུགས་ཤིག་གསུངས་ཏེ། ཕྱག་ཡ་གཅིག་དེངས་མཛད་པས་བྲག་འབྱུང་པོའི་སྙིང་དང་འདྲ་བ་ཚལ་པ་
གསུམ་དུ་གས་ཤིང་། འཇོལ་བེར་གྱི་མཐའ་ཆག་ལ་མེ་རམ་རམ་བྱུང་བས་འཇིགས་ཤིང་ངོ་མཚར་སྐྱེས་ནས་ཕྱག་དབུ་ཐོད་བུད་བུད་བཙལ་བསྐོར་བ་བྱས་ནས་ཕོ་བྲང་དུ་སྤྱན་དྲངས་པས་ཐོག་མར་རི་འདིའི་སྟེང་དུ་འགྲོ་གསུང་ནས་ཁས་པུ་རིའི་རྩེ་ལ་གཤེགས་ཏེ་རྡོ་ོལ་སྦྱིན་སྲེག་མཛད་པས་རང་བཞིན་གྱིས་མེ་འབར་ཏེ་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས་ཕོ་བྲང་དུ་སྤྱན་དྲངས་ཏེ་གསེར་གྱི་སེངྒེའི་ཁྲི་སུམ་བརྩེགས་ལ་བཞུགས་དུས། ཞལ་ཟས་དང་འཇིག་རྟེན་གྱི་སྤྱན་གཟིགས་སྣ་ཚོགས་བཤམས། གསེར་གྱི་མཎྜལ་ལ་གཡུ་ཡི་ཚོམ་བུ་བཀྲམ་པ་ཕུལ་ནས་ས་གཞི་འདུལ་བར་ཞུས་པས་སློབ་དཔོན་གྱི་ཞལ་ནས། བོད་ཀྱི་ཡུལ་འདི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བདག་བྱས་ཤིང་། ཁྱད་པར་ཀླུ་ཡི་དབང་བྱས་པར་འདུག་པས་ལམ་དུ་ཡང་མང་པོ་བཏུལ་ནས་མཆིས། བྱང་ཤར་གྱི་ཡུལ་ཕ་གི་ན་བོད་ཡུལ་དབུས་ལ་དབང་བྱེད་པའི་ཀླུ་ཞིག་འདུག་པས། དེར་ཀླུ་གཏེར་གཞུག་པར་བྱའོ་གསུངས་ནས་མལ་གྲོར་བྱོན་ཏེ་ཀླུའི་རྒྱལ་པོ་མལ་གྲོ་གཟི་བྱིན་ལས་ས་བསླངས་ཤིང་ཀླུ་གཏེར་རིན་པོ་ཆེ་སྣ་ཚོགས་བཅུག་ནས། མལ་གྲོའི་མདར་བྱོན་དུས་སྐམ་འཕྲང་ན་ཉི་ཚེ་བའི་དམྱལ་བ་མང་པོ་གཟིགས་ནས། དེ་དག་གི་དོན་དུ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་ཆོ་ག་དང་། ཡོ་ག་ངན་སོང་སྦྱོང་བའི་ཆོ་ག་མཛད་པས། ཉི་ཚེ་བའི་དམྱལ་བ་པ་རྣམས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ནས་མེ་ཏོག་གི་ཆར་བབས་སོ། །དེང་སང་ནི་མལ་གྲོ་སྐམ་འཕྲང་གི་རྡོ་བ་རྣམས་མིག་ཚགས་ལྟར་སྣང་ཞིང་། ས་ཕྱོགས་དེ་ཟབས་རིང་བའི་རྟགས་སུ་སྡིང་སྡིང་ཞེས་གྲགས་སོ། །དེ་ནས་ཧ ས་པོ་རིར་བྱོན་ནས་ཀླུ་སྨན་དང་ས་བདག་ལ་ཆུ་གཏོར་བྱིན་ནས་དམ་ལ་བཏགས་དུས། ཁམས་ཀྱི་རྨ་ཆེན་པོམ་ར་འོང་དུ་མ་བཏུབ་ནས་ལྕགས་ཀྱུའི་ཕྱག་རྒྱས་བཀུག་པས། རྐང་པ་ཡ་གཅིག་གཡེར་མོ་ཐང་ལ་བཞག །ཡ་གཅིག་ཧས་པོ་རི་ལ་བཞག་ནས་བདག་ནི་བཙན་ཞིང་ཆེ་བ་ཞིག་ལགས་ན་ཅི་བགྱི་ཟེར་དུས། རྒྱལ་པོའི་དགོངས་པ་ཐམས་ཅད་རྫོགས་པར་སྒྲུབས་ཤིག་ཅེས་བཀའ་བསྒོའོ། །དེའི་ཚེ་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་དབང་དུ་བསྡུས་ཤིང་དམ་ལ་བཏགས་ནས་
གཙུག་ལག་ཁང་རྩེག་པའི་གྲོགས་དང་། ཆོས་དར་བའི་དམ་ཚིག་ཁས་ལེན་དུ་བཅུག་སྟེ། ས་འདུལ་བར་དགོངས་ནས་ཇི་ཙམ་ཞིག་གི་རྒྱ་ཁྱོན་དང་མཉམ་པའི་ལྷ་ཁང་བཞེང་དྲིས་པས། རྒྱལ་པོ་ཉིད་ཀྱི་མདའ་རྒྱང་དང་མཉམ་པའི་གཙུག་ལག་ཁང་བརྩིག་པར་དམ་བཅས་པས། བློན་པོ་འཕྲུལ་གྱི་དགོངས་པ་མངའ་བ་རྣམས་ཀྱི་བགྲོས་པ། རྒྱལ་པོའི་མདའ་རྒྱང་ནི་ཕལ་པའི་རྩལ་པོ་ཆེ་གསུམ་ལས་རིང་བས་དེ་ཙམ་ནི་བཞེང་ཡང་མི་ཟིན། ཟིན་ཀྱང་ཕྱི་རབས་ཀྱི་ཚེ་བསྐྱང་བར་དཀའ་བས། མདའ་བློན་པོའི་མདའ་ལ་མཛད་པར་གསོལ་ནས་འཕེན་དུ་འཇུག་དགོས། བཀའ་སྩལ་པ་ལས་འགལ་ནའང་མི་རུང་ངོ་ཟེར་ནས་རྒྱལ་པོ་ལ་གསོལ་བས་དེ་ལྟར་བ གྱི་འོ་གསུངས་པའི་ཚེ། མདའི་སྨྱུག་མར་དངུལ་ཆུས་བཀང་ནས་མི་མངོན་པར་བྱས་ཏེ་ཕུལ་པ་ཉིད་འཕངས་པས། སྔོན་ལས་ཕྱེད་ཙམ་གྱིས་རྒྱང་ཐུང་བར་ལུས་པས་འདི་བས་རིང་བར་འགྲོ་སྙམ་ནས་མདའ་ལ་གཟིགས་པས་བློན་པོའི་འཕྲུལ་དུ་ཤེས་ཏེ་བོད་འབངས་ཀྱི་བསོད་ནམས་ལ་དེ་ལས་མ་ཤོང་། རྒྱལ་པོ་སྨྲ་བ་ལན་ཅིག་ཡིན་པས་ས་འདི་ཙམ་ཞིག་ལ་བརྩིག་པས་འདུལ་བར་ཞུ་གསུངས་སོ། །ད་ལྟ་ནི་ཕལ་པའི་མདའ་རྒྱང་ཕྱེད་དང་གཉིས་ལྕགས་རི་མུ་ཁྱུད་ཀྱི་ཤར་ནུབ་དང་ལྷོ་བྱང་གི་ཚད་དུ་སྣང་ངོ་། །དེ་ནས་སློབ་དཔོན་གྱིས་ཧེ་རུ་ཀའི་གར་དང་རྡོ་རྗེའི་འགྲོས་ཀྱིས་ས་བཏུལ་བའི་ཕྱི་བཞིན་རྨང་བཏིང་བས། ཕྱི་ལྕགས་རི་མུ་ཁྱུད་རྡོ་རྗེའི་འགྲོས་ཟུར་མིག་མངས་རིས་སུ་བྱུང་ངོ་། །དེའི་ཚེ་ལས་དཔོན་ཆེན་པོ་བཞི་བསྐོས་ཏེ་ཕྱོགས་བགོས་ནས་རྒྱ་དཀར་ནག །ཞང་ཞུང་། སུམ་པ། ལྷོ་བལ་གར་ལོག །ལི་མང་ཡུལ་ལ་སོགས་པའི་བཟོ་བོ་མཁས་པ་མང་པོས་ཉིན་པར་བཞེངས་ཤིང་། མཚན་མོ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ལས་དཔོན་བྱས་ཏེ་མི་མ་ཡིན་པ་རྣམས་ཀྱིས་བཞེངས་པས། ཉིན་བརྩིགས་པ་བས་ནུབ་བརྩིགས་པས་མཐོ་ཞིང་། རི་མོ་དང་། ཤིང་བཟོ་དང་། ལྡེར་ཚོ་ཡང་མཚན་མོས་ལེགས་པ་བྱུང་ངོ་། །དེ་ལྟར་བཞེངས་པའི་ཚེ་དབུ་རྩེ་ཆེན་པོར་ཤར་ཕྱོགས་མཆོད་རྟེན་སྔོན་པོ་དང་ཤར་གྱི་གླིང་གསུམ་ལྕགས་རི་དང་བཅས་པའི་ལས་དཔོན་ནི་མཆིམས་རྡོ་རྗེ་སྤྲེའུ་ཆུང་གིས་བྱས་ཏེ་
ཤར་བྱ་བཀྲས་བརྩིགས་སོ། །རིགས་གསུམ་གྱི་ལྷོ་ངོས་མཆོད་རྟེན་དཀར་པོ་ལྷོའི་གླིང་གསུམ་ལྕགས་རི་དང་བཅས་པའི་ལས་དཔོན་ཤུད་པུ་དཔལ་གྱི་སེངྒེས་བྱས་ནས་ལྷོ་ཤུད་པུས་བརྩེགས་སོ། །དབུ་རྩེ་ནུབ་ངོས་མཆོད་རྟེན་དམ ར་པོ་ནུབ་ཀྱི་གླིང་གསུམ་ལྕགས་རི་དང་བཅས་པའི་ལས་དཔོན་ཞང་རྒྱ་ཚ་ལྷས་སྣང་བྱང་ནས་བོས་ཏེ་བཅོལ་བས། ནུབ་སྣ་ནམ་པས་བརྩེགས་པས་ཅུང་ཟད་མི་ལེགས་པར་མངོན་པ་དེ་ཡིན་ནོ། །བྱང་ངོས་མཆོད་རྟེན་ནག་པོ་བྱང་གི་གླིང་གསུམ་ལྕགས་རི་དང་བཅས་པའི་ལས་དཔོན་སྦས་མང་པོ་རྗེས་བྱས་ནས་བྱང་སྦས་ནོན་གྱིས་བརྩིགས་སོ། །དེའི་ཚེ་ཉིན་མཚན་དུ་མི་དང་མི་མ་ཡིན་གྱིས་ས་རྡོ་དང་འཇིམ་གཟུགས་བྱེད་པའི་བསྭོ་སྒྲ་དང་འུར་སྒྲ་དཔག་ཏུ་མེད་པ་བྱུང་ངོ་། །དེའི་ཚེ་སློབ་དཔོན་གྱིས་མི་མ་ཡིན་རྣམས་དམ་ལ་འདུས་མ་འདུས་དགོངས་པ་ལ་བཞུགས་ཏེ་གཟིགས་པས་ཀླུའི་རྒྱལ་པོ་ལས་གཞན་རྣམས་བཀའ་ཉན་ཅིང་འདུས་ལ་ཀླུ་དེའི་ལུས་དམ་ལ་ཐོགས་པས་རྩིགས་གྲོགས་བྱེད། ངག་དམ་ལ་ཐོགས་པས་བཀའ་ཉན་ཟེར་གྱིན་འདུག་ཀྱང་ཡིད་དམ་ལ་མ་ཐོགས་པས་གནོད་སེམས་འཆང་བ་གཟིགས་ནས་མཆིམས་ཕུར་གཤེགས་ཏེ་ཀླུ་གཟིར་བའི་ཆོ་ག་ཞག་བདུན་མཛད་པར་བཞེད་ནས་ཞག་ལྔ་སོང་དུས་ཀླུས་ཤིང་ཐམས་ཅད་མི་སྣང་བར་སྦས་པས་ཤིང་བཟོ་བ་ཀུན་སྟིའུ་ཀླད་ལ་བསྐོར་ཞིང་ཤིང་ག་ན་ཡོད་ཟེར་དུས་རྒྱལ་པོའི་སྤྱན་སྔར་ཁྱེའུ་ལོ་བརྒྱད་ལོན་པའི་ན་ཚོད་ཅིག་བྱུང་ནས་སའི་སྟེང་ན་མིའི་རྒྱལ་པོ་ཁྱེད་ལས་ཆེ་བ་མེད། སའི་འོག་ན་ཀླུའི་རྒྱལ་པོ་ང་ལས་ཆེ་བ་མེད་པས་གྲོགས་པོ་བྱའོ། ཁྱེད་ཀྱི་གཙུག་ལག་ཁང་གི་ཤིང་ཐམས་ཅད་ངས་ཀླུའི་ཡུལ་ནས་དབུལ་ལོ། །ང་ལ་ཞུ་བ་ཅིག་ཡོད་པས་ཐུགས་ལ་འདོགས་པར་ཞུ་ཟེར་བ་ལ་རབ་ཏུ་དགྱེས་ཆེས་ནས་དེ་བཞིན་བགྱི་འོ་གསུངས་པ་དང་། ཀླུའི་རྒྱལ་པོ་མལ་གྲོ་རྒྱུ་དལ་གྱིས་རྒྱ་མཚོའི་གླིང་ལས་ཙནྡན་སྣ་ཚོགས་དང་། གླ་བ་དང་། གསོམ་དང་ཐང་ཤིང་ལ་སོགས་པ་ལ་རྡོ་རྗེའི་འདམ་བྱུགས་ནས་འཛིག་འཁྲུལ་མེད་པར་བྱས་ཏེ། མེ་ཡར་གྱི་མཚོ་ལ་དྲངས་པ་མི་རྣམས་ཀྱིས་བླངས་སོ། །དེ་ནས་ཀླུས་རྒྱལ་པོ་ལ་ད་ངའི་ཞུ་བ་དེ་ཐུགས་ལ་འདོགས་པར་ཞུ་ཞེས་བརྗོད་པས་ཅི་ཡིན་དྲིས་པའི་ལན་དུ། མཆིམས་ཕུ་ན་སློབ་དཔོན་པདྨ་ལ་དགོངས་པ་གློད་པར་ཞུས་ཤིག་ཟེར་རོ། །དེར་
རྒྱལ་པོས་སློབ་དཔོན་ལ་ཅིས་ཀྱང་དགོངས་པ་གློད་པར་ཞུས་པས། སློབ་དཔོན་གྱི་ཞལ་ནས་ཤིང་ལ་མི་ཐེགས་པ་ཡིན་ཏེ་བཀའ་ནན་ཆེ་བས་དེ་ལྟར་བགྱིའོ། །སླད་མའི་ཚེ་བོད་ཀྱི་ཡུལ་དུ་ས་བདག་ཀླུ་གཉན་གྱི་ནད་མི་འབྱུང་བ་ཞིག་བྱ་སྙམ་པ་ཡིན་ཏེ་ཕན་མེད། ཕྱི་མའི་དུས་ན་མཛེ་རིགས་བཅོ་བརྒྱད་དར་བས་སེམས་ཅན་ལ་གནོད་ཅིང་མི་ཡུལ་ཁ་ཅིག་ཆུས་གང་ནས་འཇིག་པ་འོང་གསུངས་སོ། །དེ་ལྟར་གླང་གི་ལོ་ལ་རྨང་བཏིང་ནས་འབྲུག་གི་ལོ་ལ་འབྱོངས་ཏེ། དབུས་སུ་རི་རྒྱལ་ལྷུན་པོ་ལ་དཔེ་བླངས་ཏེ་དབུ་རྩེ་རིག་གསུམ་ཡང་ཁང་ལྕོགས་བཞི་དང་། གསེར་གྱི་རི་དང་རོལ་པའི་མཚོས་བསྐོར་བ་ལྟར་འཁོར་ས་རིམ་པ་གསུམ་ལས་ཟུར་དུ་ཡཀྴ་ལྟག་འོག་ཉི་ཟླའི་ལྷ་ཁང་དང་བཅས་པ་བཞེངས། ཤར་གྱི་གླིང་གསུམ་ལྟར་མཁྱེན་རབ་འཇམ་དཔལ་གྱི་གླིང་ལ་རྣམ་དག་ཁྲིམས་ཁང་གླིང་དང་ཚང་མང་ཀེ་རུའི་གླིང་གཉིས་ཀྱིས་བརྟེན་པ། ལྷོའི་གླིང་གསུམ་ལྟར་ཨཱཪྱ་པ་ལོའི་གླིང་ལ་བདུད་འདུལ་སྔགས་པའི་གླིང་དང་སྒྲ་བསྒྱུར་རྒྱ་གར་གྱི་གླིང་གིས་བརྟེན་པ། ནུབ་ཀྱི་གླིང་གསུམ་ལྟར་དགའ་ལྡན་བྱམས་པའི་གླིང་ལ་བཻ་རོ་ཙ་ནའི་གླིང་དང་མི་གཡོ་བསམ་གཏན་གྱི་གླིང་གིས་བརྟེན་པ། བྱང་གི་གླིང་གསུམ་ལྟར་བྱང་ཆུབ་སེམས་བསྐྱེད་ཀྱི་གླིང་ལ་རིན་ཆེན་སྣ་ཚོགས་གླིང་དང་དཀོར་མཛོད་དཔེ་དཀར་གྱི་གླིང་གིས་བརྟེན་པ། ཟུར་བཞིར་འབྱུང་བ་བཞིའི་ཁ་ནོན་ལ་མེ་བཙའ་ཆེན་པོར་བཞིའི་མཆོད་རྟེན་བཞི། ཕྱོགས་མཚམས་བརྒྱད་དུ་ཕྱི་ནང་གི་གནོད་པ་ཞི་བའི་དོན་དུ་གཏེར་ཁ་བརྒྱད་ཀྱི་ཁྲོན་པ་ཙན་དན་གྱི་སྙིང་པོ་ཅན་བརྒྱད། མཐུ་རྩལ་ཀླུའི་གླིང་དུ་གཙུག་ལག་ཁང་ཡུན་རིང་དུ་གནས་པའི་ཕྱིར་ཀླུ་ཆེན་པོ་བརྒྱད་ཀྱི་ཁང་པ་རིན་པོ་ཆེ་སྤྲིན་གྱི་སྙིང་པོ་ཅན། དེ་ཐམས་ཅད་ཀྱི་ལོགས་དང་མཐིལ་རྒྱ་མཚོ་ཆུ་གཉེར་གྱི་ཞལ་བས་བྱུགས་པའི་མཐར་ལྕགས་རི་མུ་ཁྱུད་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བས་བརྒྱན་པའི་ཕྱོགས་བཞིར་
སྒོ་བཞི་དང་གཡས་གཡོན་དུ་མགོན་ཁང་གཉིས་གཉིས་ཏེ་བརྒྱད་ཀྱིས་མཛེས་པ་ནི་ཉི་འོག་གི་རྒྱལ་ཁམས་ན་འགྲན་ཟླ་དང་བྲལ་བར་གྲུབ་བོ། །དེ་དང་མཉམ་དུ་རྒྱལ་པོའི་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་ཁམས་གསུམ་ཟང་ཁང་གླིང་མེ་ཏོག་སྒྲོན་གྱི་ལྷ་ཁང་དང་། ཕོ་གྱོང་བཟའ་རྒྱལ་མོ་བཙུན་གྱིས་དབུ་ཚལ་གསེར་ཁང་གླིང་དགའ་ལྡན་བྱམས་སྒྲོལ་གྱི་ལྷ་ཁང་དང་། འབྲོ་བཟའ་བྱང་ཆུབ་སྨན་གྱིས་དགེ་རྒྱས་བྱེ་མའི་གླིང་དགེ་བ་མཐའ་རྒྱས་ཀྱི་ལྷ་ཁང་སོ་ཕག་ཁྲོ་ཆུས་སྦྱར་བ་ཙནྡན་སྦྲུལ་གྱི་སྙིང་པོའི་ཤིང་གིས་ཐོག་ཕུབ་པ་ན་དེ་བཞིན་གཤེགས་པ་འོད་སྲུངས་ཀྱིས་རབ་ཏུ་གནས་པ་བཞུགས་པའི་སྣང་བ་མཐའ་ཡས་གཙོ་འཁོར་བདུན་གྱི་སྨིན་མཚམས་ན་ནོར་བུ་ཉི་མའི་སྙིང་པོ་ལས་འོད་བྱུང་བས་སྒྲོན་མེའི་བྱ་བ་བྱེད་པ། ཙནྡན་གྱི་ཆུས་གང་བའི་ཁྲོན་པ་ཡོན་ཆབ་ཀྱི་ཚུལ་དུ་ཕུལ་བ་བུ་མོའི་དགེ་བའི་རྩ་བ་ལ་བཞེངས་སུ་གསོལ་ལོ། །དེ་ནས་སློབ་དཔོན་གྱིས་རབ་ཏུ་གནས་པ་མཛད་དུས་གཙུག་ལག་ཁང་རྣམས་ནས་ལྷ་ཐམས་ཅད་ཕྱིར་རང་བྱོན་པ་ལ་ལྷའི་བུ་རྣམས་ཀྱི་སྤྲིན་གྱི་གསེབ་ནས་མེ་ཏོག་གི་ཆར་འབེབས་པ་ཐམས་ཅད་ཀྱིས་མཐོང་ཞིང་། ཨཱཪྱ་པ་ལོའི་གླིང་གི་རྟ་མགྲིན་གྱིས་རྟ་སྐད་ཐེངས་གསུམ་བཏོན་པས་འཛམ་བུའི་གླིང་སུམ་གཉིས་སུ་ཐོས་པ་དང་། འོད་ཟེར་གྱི་དྲྭ་བས་བྲག་དམར་ཀྱི་ནམ་མཁའ་ཁྱབ་པ་ལ་སོགས་པ་ལྟས་བཟང་པོ་མང་པོ་བོད་འབངས་ཀུན་གྱིས་མཐོང་བ་བྱུང་ངོ་། །རབ་ཏུ་གནས་པའི་ལྟད་མོ་ལོ་བཅུ་གསུམ་དུ་བགྱིས་ཏེ་སྒྱུ་མ་མཁན་གྱི་རོལ་མོ་དང་། ཐག་རྩེད་དང་། ཤིང་རྩེད་དང་། གྲི་རྩེད་དང་། བྲོ་དང་ཤོན་ལ་སོགས་པ་རྣམ་གྲངས་དུ་མ་ཡུལ་ཐ་དད་པ་ན་ལྷགས་པའི་མི་རྣམས་ཀྱིས་བགྱིས་ཏེ་བདེ་སྐྱིད་ཀྱི་ཉི་མ་ཤར། དེ་ནས་གཙུག་ལག་ཁང་གི་སྲུང་མ་བསྐོ་བར་ཞུས་པས། སློབ་དཔོན་གྱི་ཞལ་ནས་ད་སྟེ་དུས་ཀྱི་ཐ་མ་ལ། བོད་ཡུལ་ཐམས་ཅད་ཧོར་གྱིས་འཛིན་པས་ན་དེ་དུས་གཙུག་ལག་ཁང་ལ་མཆོད་པ་དང་བོད་འབངས་ལ་བཀྲ་ཤིས་
པར་བྱ་བའི་ཕྱིར་དཔེ་དཀར་རྒྱལ་པོ་བསྐོ་བར་བགྱིའོ་གསུངས་ནས། བོད་ཀྱི་དམག་གིས་བྷ་ཏ་ཧོར་གྱིས་སྒོམ་གྲྭ་བཅོམ་སྟེ། འབའ་ཏི་དང་རྔ་བོ་ཆེས་བསུ་བ་བྱས་ནས་དཀོར་མཛོད་དཔེ་དཀར་གླིང་དུ་མངའ་གསོལ། དམ་ལ་བཏགས་ཏེ་ཆོས་འཁོར་མ་བུ་སྟོད་སྨད་ཀྱི་སྲུང་མར་བསྐོས་སོ། །དེ་ནས་སློབ་དཔོན་ཆེན་པོ་ཕོ་བྲང་གི་རིམ་ཁང་དུ་སྤྱན་དྲངས་ཏེ་འཇིག་རྟེན་སྤྱན་གཟིགས་སྣ་ཚོགས་ཀྱིས་མཆོད། དགྱེས་པའི་བཙུན་མོ་ཕུལ་ཏེ་འབྲས་བུ་གསང་སྔགས་ཀྱི་ཆོས་བསྒྱུར་བར་ཞུས་པས་གནང་སྟེ་སྒྲ་བསྒྱུར་རྒྱ་གར་གྱི་གླིང་དུ་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། སྤྲུལ་པའི་ལོ་ཙཱ་བཻ་རོ་ཙ་ན་དང་། གཉགས་ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག །ཨཱ་ཙཪྱ་ཡེ་ཤེས་དབྱངས། །ལི་བྱི་ཀྱི་ཆུང་རྣམས་ཀྱིས་བསྒྱུར་ཞིང་། ལྡན་མ་རྩེ་མང་། འགོས་འུམ་གྲུ་བྱིན་པདྨ་རྩེ་མོ་ལ་སོགས་པས་ཡི་གེ་པ་བགྱིས་ཏེ་གཏན་ལ་ཕབ་པ་ལ་ཐོག་མར་ཐུབ་པ་རྒྱུད་ཀྱི་ཐེག་པ་རྣམས་བསྒྱུར་ཏེ། ཀྲཱྀ་ཡ་སྤྱིིའི་རྒྱུད་དྲུག་ལ་རིག་སྔགས་ཐམས་ཅད་ཀྱི་ཁོག་དབུབ་པ་དཔུང་པ་བཟང་པོའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དབང་བསྐུར་བ་ལག་ན་རྡོ་རྗེ་དབང་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་གསང་བ་རིག་པ་མཆོག་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་འདུལ་བ་སུ་སིདྡྷི་ཀར་ལེགས་པར་གྲུབ་པའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་འཕྲིན་ལས་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དགོངས་པ་བསམ་གཏན་ཕྱི་མའི་རྒྱུད་དོ། །བྱེ་བྲག་གི་རྒྱུད་རིགས་གསུམ་སྤྱི། སྤྱན་རས་གཟིགས་ཀྱི་སྐོར་ལ། པདྨ་རྩེ་མོ་སྔགས་ཀྱི་རྒྱུད། པདྨ་ཅོད་པན་གྱི་རྒྱུད། ཆོ་ག་སྔགས་ཀྱི་རྒྱུད། ཡིད་བཞིན་ནོར་བུའི་རྒྱུད། ཨ་མོ་གྷ་པཱ་ཤའི་རྒྱུད་ལ་སོགས་པ་དང་། འཇམ་དཔལ་གྱི་སྐོར་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མ་མེད་པའི་རྒྱུད། འཇམ་དཔལ་རྣོན་པོ་
སྒྲིབ་པ་མེད་པའི་རྒྱུད། འཇམ་དཔལ་དྲ་བ་སྤྱོད་པའི་རྒྱུད། མཚན་ཡང་དག་པར་བརྗོད་པའི་གླུའི་རྒྱུད་ལ་སོགས་པ་དང་། ཕྱག་ན་རྡོ་རྗེའི་སྐོར་ལ། ཕྱག་ན་རྡོ་རྗེ་དབང་གི་རྒྱུད། རྡོ་རྗེ་ས་འོག་གི་རྒྱུད། རྡོ་རྗེ་བེ་ཅོན་གྱི་རྒྱུད། རྡོ་རྗེ་རྣོན་པོའི་རྒྱུད་ལ་སོགས་པ་དང་། གཟུངས་གྲྭ་ལྔ་ལ་སོགས་པ་བྱ་བའི་རྒྱུད་ཀྱི་ཁོངས་སུ་གཏོགས་པའི་གཟུགས་ཕྲན་བརྒྱ་དྲུག་ཅུ་བསྒྱུར་རོ། །ཨུ་པ་ཡའི་རྒྱུད་ལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད། མེ་ལོང་འབར་བའི་རྒྱུད། དབང་བསྐུར་བའི་རྒྱུད། རྣམ་པར་མི་རྟོག་པའི་རྒྱུད་ལ་སོགས་པའོ། ཡོ་གའི་རྒྱུད་ལ། རྡོ་རྗེ་དབྱིངས་རྩ་བའི་རྒྱུད། པ་ཤ་པ་ཀ་ཡ་རྡོ་རྗེ་རྩེ་མོའི་རྒྱུད། པདྨ་ཀ་ར་དཔལ་མཆོག་དང་པོའི་རྒྱུད། ས་མུན་ཛ་རྟོག་པ་བསྡུས་པའི་རྒྱུད་དེ་གཞུང་ཆེན་པོ་བཞི་དང་། ངན་སོང་སྦྱོང་བ་དཀྱིལ་འཁོར་ཆེན་པོ་བཅུ་གཉིས་ཀྱི་རྒྱུད། དཔལ་མཆོག་བསྡུས་པ་དེ་ཁོ་ན་ཉིད་ཀྱི་རྒྱུད་ལ་སོགས་པ་བསྒྱུར་ རོ། །ནང་པ་སྔགས་ཀྱི་ཐེག་པ་ལ་སྒྲུབ་པ་རྩ་བའི་རྒྱུད་དང་གདམས་པ་མན་ངག་གི་རྒྱུད་ལས། རྩ་བའི་རྒྱུད་ལ་བསྐྱེད་པ་མ་ཧཱ་ཡོ་ག་ཐབས་གཙོ་བོར་སྟོན་པ་གསང་བ་འདུས་པ་ནམ་མཁའ་དང་མཉམ་པའི་རྒྱུད། རི་རབ་ཟོམ་རྒྱ་མཚོ་དང་མཉམ་པའི་རྒྱུད། ཡེ་ཤེས་རྒྱས་པ་ས་གཞི་དང་མཉམ་པའི་རྒྱུད་ལ་སོགས་པའོ། །ལུང་ཨ་ནུ་ཡོ་ག་ཤེས་རབ་གཙོ་བོར་སྟོན་པ་ལ་ཐེག་ལེ་འདུས་པའི་རྒྱུད། སྒྱུ་མ་ཆེན་པོའི་རྒྱུད། ཟླ་གསང་ཐིག་ལེའི་རྒྱུད། རྡོ་རྗེ་གདན་བཞིའི་རྒྱུད་ལ་སོགས་པའོ། །ཨ་ཏི་ཡོ་གའི་རྒྱུད་ལ་ཀུན་འདུས་རིན་པོ་ཆེའི་མདོ། རྔམ་པ་གློག་གི་འཁོར་ལོའི་མ དོ། །དུར་ཁྲོད་ཁུ་བྱུག་རོལ་བའི་མདོ། །སེམས་ལུང་ཆེན་མོའི་མདོ། །དགོངས་པ་འདུས་པའི་མདོ་ལ་སོགས་པའོ། །གདམས་པ་མན་ངག་གི་རྒྱུད་ལ། བསྐྱེད་རྫོགས་ཐུན་མོང་དུ་བསྟན་པ་དང་། རྫོགས་པ་ཆེན་པོ་བྱེ་བྲག་ཏུ་བསྟན་པ་གཉིས་ལས། བསྐྱེད་པ་མ་ཧཱ་ཡོ་ག་ཐབས་ཀྱི་རིམ་པ་དང་།
དེ་དང་འབྲེལ་བའི་རྫོགས་རིམ་ལུང་ཨ་ནུ་ཡོ་ག་དྲིལ་ནས་གཅིག་ཏུ་བསྟན་པའི་རྒྱུད་ལ། སྒྲུབ་པའི་བར་ཆད་བསྲུང་བའི་ཕྱིར་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད་དང་། ཕུང་པོ་ལྷར་གསལ་བ་ཞི་བ་ལྷའི་རྒྱུད་དང་། གདུག་པ་ཚར་བཅད་པ་དྲག་པོ་སྔགས་ཀྱི་རྒྱུད་ལ། སྐུའི་རྒྱུད་མེ་ལྟར་འབར་བ། གསུང་གི་རྒྱུད་དབང་ཆེན་འདུས་པ། ཐུགས་ཀྱི་རྒྱུད་པུཎྜ་རཱི་ཀ །ཡོན་ཏན་གྱི་རྒྱུད་ལྷ་མོ་གསང་བ། འཕྲིན་ལས་ཀྱི་རྒྱུད་རིག་འཛིན་འདུས་པ། རིགས་སྔགས་སྤྱིའི་སྒྲུབ་པ། ཧེ་རུ་ཀའི་ཏནྟྲ། བྱེ་བྲག་གི་སྒྲུབ་པ་ལ། འཇམ་དཔལ་སྐུའི་རྒྱུད་ཟླ་གསང་ནག་པོ། པདྨ་གསུང་གི་རྒྱུད་རྟ་མཆོག་རོལ་པ། ཡང་དག་ཐུགས་ཀྱི་རྒྱུད་ཧེ་རུ་ཀ་གལ་པོ་ཆེ། ཕུར་པ་འཕྲིན་ལས་ཀྱི་རྒྱུད་བྱི་ཏོ་ཏ་མ་ལ་འབུམ་སྟེ། བདུད་རྩི་ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ་ཆེ་ཆུང་། མ་མོ་རྦོད་གཏོང་གི་རྒྱུད་མ་མོ་ཀུན་འདུས་རྣམས་སོ། །སྒྲུབ་པ་སྡེ་དྲུག་ལས་ཁ་ཚར་བསྟན་པའི་རྒྱུད་ལ། འཕྲིན་ལས་ཁ་སྐོང་བ་ཆོས་ཉིད་གཏོར་མའི་རྒྱུད། ལས་རྒྱ་མཚོ་ཇི་ལྟར་བྱ་བ་ཀརྨ་མཱ་ལེ་འ ཕྲིན་ལས་ཀྱི་རྒྱུད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ཚོགས་རྒྱུད་ཆེ་ཆུང་། མཆོད་པ་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་པ་ནམ་མཁའ་མཛོད་ཀྱི་རྒྱུད། སྒྲོལ་བ་གནས་སུ་དག་པ་སྟོབས་པོ་ཆེ་ཡོངས་སུ་སྒྲོལ་བའི་རྒྱུད། སྦྱོར་བ་གནས་སུ་དག་པ་ཐིག་ལེ་ཀློང་གི་རྒྱུད། བརྟུལ་ཞུགས་དྲག་པོའི་ཀུན་ཏུ་སྤྱོད་པ་གླང་པོ་ཆེ་རབ་འབོགས་ཀྱི་རྒྱུད། ལས་བཞི་མཐར་ཕྱིན་ཞིང་བཀྲ་ཤིས་པ་ཟ་བྱེད་རོལ་པ་སྦྱིན་སྲེག་གི་རྒྱུད། ལས་ཐམས་ཅད་གྱི་སྔོན་དུ་འགྲོ་བ་གཏོར་རྒྱུད་ཆེ་ཆུང་། བཀའི་འཁོར་ལྷག་མས་བསྐངས་ནས་ལས་ལ་བསྐུལ་བ་དཔལ་འབར་ཁྲོོ་མོའི་རྒྱུད། གདུག་པ་ཅན་གཟིར་མནན་གྱིས་ཚར་བཅད་པ་ཞིང་བཅུ་རོལ་པའི་རྒྱུད་རྣམས་བསྒྱུར་རོ། །དབང་པོ་ཡང་རབ་ལ་ཤིན་ཏུ་སྤྲོས་པ་དང་བྲལ་བ་རྫོགས་པ་
ཆེན་པོ་བྱེ་བྲག་ཏུ་བསྟན་པའི་རྒྱུད་ལ་སེམས་ཉིད་བྱ་རྩོལ་ལས་འདས་པ་ནམ་མཁའ་ཆེ་རྩ་བའི་རྒྱུད། དེ་ཉིད་ཉམས་སུ་བླང་པ་ནམ་མཁའ་ཆེ་ཕྱི་མའི་རྒྱུད། དེ་ཉིད་ཡོངས་སུ་རྫོགས་པའི་འབྲས་བུས་ནམ་མཁའ་ཆེ་ཕྱི་མའི་ཕྱི་མའི་རྒྱུད་ཡོངས་སུ་གྲོལ་བ། སེམས་ཉིད་འཕོ་འགྱུར་མེད་པ་ཆོས་ཉིད་རྒྱལ་པོའི་རྒྱུད། སེམས་ཉིད་ཐིག་ལེ་ཉག་གཅིག་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྒྱུད། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ཡེ་ཤེས་ཐིག་ལེའི་རྒྱུད། སེམས་ཉིད་ཐམས་ཅད་ཀྱི་རྩ་བ་རབ་བསྟན་པ་མན་ངག་ཕྲེང་བའི་རྒྱུད། སེམས་ཉིད་ཀུན་ཁྱབ་ཆེན་པོར་བསྟན་པ་གསང་བ་རྒྱལ་པོའི་རྒྱུད། སེམས་ཉིད་རང་གི་རིག་པར་བསྟན་པ་ཡེ་ཤེས་ཐིག་ལེའི་རྒྱུད། སེམས་ཉིད་ཀུན་ཏུ་བཟང་པོའི་རོལ་པར་བསྟན་པ་མཁའ་དབྱིངས་རྣམ་དག་གི་རྒྱུད། སེམས་ཉིད་ཀུན་གྱི་སྙིང་པོར་བསྟན་པ་མན་ངག་སྙིང་པོའི་རྒྱུད། སེམས་ཉིད་རང་གི་རིག་པས་ཡིད་ཆེས་པ་སྙིང་པོ་གསང་བའི་རྒྱུད། སེམས་ཉིད་དོན་གྱི་རྩ་བ་ནམ་མཁའ་ཆེ་རྩ་བ་ཅན་གྱི་རྒྱུད། སེམས་ཉིད་གཅིག་ཏུ་འདུས་པ་ཉག་གཅིག་དགོངས་པའི་རྒྱུད། སེམས་ཉིད་ཇི་བཞིན་པར་བཞག་པ་བསམ་གཏན་གཅིག་པུའི་རྒྱུད། སེམས་ཉིད་རྒྱུན་ཆགས་སུ་གོམས་པ་བསམ་གཏན་རྒྱུད་ཆགས་ཀྱི་རྒྱུད། སེམས་ཉིད་ཐམས་ཅད་ལས་གསུངས་པ་སྒོ་མང་མདོའི་རྒྱུད། སེམས་ཉིད་དབང་དང་སྦྱར་བ་ནམ་མཁའ་ཆེ་དབང་གི་རྒྱུད། སེམས་ཉིད་སྒྲ་ཚིག་ལས་འདས་པ་ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད། སེམས་ཉིད་གདོད་མའི་གནས་ལུགས་སུ་བསྟན་པ་ནམ་མཁའ་ཆེ་གཞིའི་རྒྱུད། སེམས་ཉིད་འོད་གསལ་བར་བསྟན་པ་རིན་པོ་ཆེ་འབར་བའི་རྒྱུད། སེམས་ཉིད་ཡོན་ཏན་ལྷུན་གྲུབ་ཏུ་བསྟན་པ་རིན་པོ་ཆེ་ཕྲེང་བའི་རྒྱུད། སེམས་ཉིད་ཁམས་གསུམ་དུ་གསལ་བ་ཁམས་གསུམ་སྒྲོན་མེའི་རྒྱུད། སེམས་ཉིད་སྤང་བླང་ལས་འདས་པ་ངེས་པ་སྙིང་པོའི་རྒྱུད།
སེམས་ཉིད་མི་འགྱུར་བ་རྡོ་རྗེ་གསང་བའི་རྒྱུད། སེམས་ཉིད་དུས་ཐམས་ཅད་དུ་སངས་རྒྱས་སུ་བསྟན་པ་ཡེ་ཤེས་རྒྱས་པའི་རྒྱུད་དེ་ཉི་ཤུ་རྩ་ལྔ་དང་། ལུང་བམ་པོ་བཅོ་བརྒྱད་ལ་ཐམས་ཅད་བྱང་ཆུབ་སེམས་ལས་བྱུང་བ་རིག་པའི་ཁུ་བྱུག །རྩོལ་སྒྲུབ་ཐམས་ཅད་ཟིལ་གྱིས་གནོན་པ་རྩལ་ཆེན་སྤྲུགས་པ། སེམས་ཉིད་དབྱིངས་སུ་རྫོགས་པ་ཁྱུང་ཆེན་རྫོགས་པ། ཆོས་ཉིད་ཡེ་གནས་ཀྱི་སྒོམ་པ་རྡོ་ལ་གསེར་ཞུན། སེམས་ཉིད་ལྷུན་གྱིས་གྲུབ་པ་མི་ནུབ་རྒྱལ་མཚན་ནམ་མཁའ་ཆེ། སེམས་ཉིད་ཡེ་ནས་སྟོང་པ་རྨད་བྱུང་རྒྱལ་པོ། སེམས་ཉིད་ཆོས་སྐུར་བསྟན་པ་ཡེ་ཤེས་དམ་པ། སེམས་ཉིད་ཐིག་ལེ་ཉག་ཅིག་ཏུ་བསྟན་པ་ཡང་ཏི་རྒྱལ་པོ། སེམས་ཉིད་སྐྱེ་ཤི་མེད་པ་སྲོག་གི་འཁོར་ལོ། སེམས་ཉིད་འདོད་དགུ་འབྱུང་བ་ཡིད་བཞིན་ནོར་བུ། སེམས་ཉིད་མཉམ་རྫོགས་ཆེན་པོ་ཐིག་ལེ་ཀུན་འདུས། སེམས་ཉིད་ཐེག་པ་ཀུན་རྫོགས་པ་ནམ་མཁའ་ཆེ་རྒྱལ་པོ། སེམས་ཉིད་ཀུན་གྱི་ཡང་རྩེར་བསྟན་པ་རྩེ་མོ་བྱུང་རྒྱལ། སེམས་ཉིད་སྤྲོས་པ་དང་བྲལ་བས་ཡེ་གནས་བ དེ་བ་རབ་འབྱམས། སེམས་ཉིད་ཉོན་མོངས་པ་ལས་འདས་ཤིང་ཟག་པ་མེད་པས་བདེ་བ་ཕྲ་བཀོད། སེམས་ཉིད་དུ་འཁོར་འདས་ཐམས་ཅད་རྫོགས་པས་གཏེར་ཆེན་ཡོངས་རྫོགས། སེམས་ཉིད་ཐེག་པ་ཀུན་གྱི་ཆིངས་སུ་བསྟན་པ་རྫོགས་པ་ཆེན་པོ་ལྷུན་རྫོགས་པ་སྤྱི་ཆིངས། སེམས་ཉིད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་བསྟན་པ་ནམ་མཁའ་མཐའ་དབུས་རྣམས་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་བྲིས་ཏེ། བོད་དཔེའི་སྟེང་ནས་རྒྱའི་སྐད་དུ་ཕར་ཞུས་ཤིང་མ་དག་པ་རྣམས་བཅོས་ཏེ། ཡང་རྒྱ་དཔེ་ལ་བསྒྱུར་བ། བོད་དཔེའི་སྟེང་དུ་གཏན་ལ་ཕབ་ནས་ཚིག་དོན་ཕྱིན་ཅི་མ་ལོག་པར་མཛད་དོ། །དེ་ནས་སློབ་དཔོན་མཆིམས་ཕུར་གཤིགས་ཏེ་བྲག་དགེ་འུར་དགོངས་པ་ལ་བཞུགས་དུས་
རྗེ་བློན་ཀུན་གྱིས་ཚོགས་ཀྱི་འཁོར་ལོ་བཤམས་ཏེ། རྒྱུད་རྣམས་ལ་ཉམས་སུ་བླང་བདེ་བའི་སྒྲུབ་ཐབས་ཞུས་པས་གནང་སྟེ་མཛད་པ་ལ། གཤིན་རྗེ་རོལ་པ་རྩ་བའི་རྒྱུད་དང་། གཤིན་རྗེ་དམར་ནག་གི་རྒྱུད་ལ་བརྟེན་ནས་འཇམ་དཔལ་སྐུའི་སྒྲུབ་ཐབས་རྣམས་མཛད། རྟ་མཆོག་རོལ་བ་རྩ་བའི་རྒྱུད་དང་པདྨ་དབང་ཆེན་གྱི་རྒྱུད་ལ་བརྟེན་ནས་པདྨ་གསུང་གི་སྒྲུབ་ཐབས་རྣམས་མཛད། ཧེ་རུ་ཀ་གལ་པོའི་རྒྱུད་དང་ཡེ་ཤེས་གསང་བའི་རྒྱུད་ལ་བརྟེན་ནས་ཡང་དག་ཐུགས་ཀྱི་སྒྲུབ་ཐབས་རྣམས་མཛད། ཕུར་པ་རོལ་པ་རྩ་བའི་རྒྱུད་དང་ཀཱི་ལ་ཡ་བཅུ་གཉིས་ཀྱི་རྒྱུད་ལ་བརྟེན་ནས་ཕུར་པ་འཕྲིན་ལས་ཀྱི་སྒྲུབ་ཐབས་རྣམས་མཛད། མ་མོ་རོལ་པ་རྩ་བའི་རྒྱུད་དང་མ་མོ་ཀུན་འདུས་ཀྱི་རྒྱུད་ལ་བརྟེན་ནས་མ་མོ་རྦོད་གཏོང་གི་སྒྲུབ་ཐབས་རྣམས་མཛད། བདུད་རྩི་རོལ་པ་རྩ་བའི་རྒྱུད་ཆེ་ཆུང་ལ་བརྟེན་ནས་བདུད་རྩི་ཡོན་ཏན་གྱི་སྒྲུབ་ཐབས་རྣམས་མཛད། རིག་འཛིན་རོལ་པ་རྩ་བའི་རྒྱུད་ལ་བརྟེན་ནས་རིག་འཛིན་སློབ་དཔོན་གྱི་སྒྲུབ་ཐབས་རྣམས་མཛད། དྲེགས་པ་འདུལ་བྱེད་ཀྱི་རྒྱུད་ལ་བརྟེན་ནས་འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་ཐབས་རྣམས་མཛད། དྲག་པོ་སྔགས་ཀྱི་རྒྱུད་ལ་བརྟེན་ནས་དམོད་པ་དྲག་སྔགས་ཀྱི་སྒྲུབ་ཐབས་རྣམས་མཛད། དེ་དག་གི་ནང་ནས་གཤིན་རྗེའི་འཁོར་ལོ་ཤེས་དཀའ་བས་འཁྲུལ་འཁོར་ལྡེ་མིག་གི་ཡི་གེ་བསྡུ་བ་དང་། ཕུར་པ་འགྲུབ་དཀའ་བས་ཀཱི་ལ་ཡ་གཞི་ཡང་སྙིང་གཅིག་ཏུ་དྲིལ་བ་དང་། མ་མོ་གྲུབ་ཀྱང་ལས་འགྱངས་པས་ཤིས་བསྟན་པའི་འཁོར་ལོ་དང་། ཕོ་རྒྱུད་འཁུ་ལྡོག་ཆེ་བས་ཆིངས་དང་ལོག་ནོན་གྱི་འཁོར་ལོ་རྣམས་མཛད་དོ། །ཡང་བདེ་གཤེགས་འདུས་པ་རྩ་བའི་རྒྱུད། དེ་ལ་ཕན་པ་ཕྱི་མའི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚང་བ་ཁ་སྐོང་བའི་རྒྱུད། འབྱེད་པར་བྱེད་པ་ལྡེ་མིག་གི་རྒྱུད་དང་ལྔ་ལ་བརྟེན་ནས་ཞི་བ་རིགས་བརྒྱ་དང་། བཞི་བཅུ་རྩ་གཉིས་དང་། དེ་ཉིད་རིགས་ལྔ་དང་།
གསང་ཆེན་རིགས་གཅིག་དང་། འཇིགས་བྱེད་ཆེན་པོ་དང་། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་རྣམས་མཛད་དེ། །ཞི་ཁྲོ་ཀུན་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་རྒྱལ་པོ་ཉིད་དང་། བཻ་རོ་ཙ་ན་དང་། གནུབས་ནམ་མཁའི་སྙིང་པོ་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་དང་། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་དང་། ཇོ་མོ་ཡེ་ཤེས་མཚོ་རྒྱལ་དང་། འབྲོག་མི་དཔལ་གྱི་ཡེ་ཤེས་དང་། རླངས་དཔལ་གྱི་སེང་གེ་དང་། ཉང་ཏིང་འཛིན་བཟང་པོ་ལ་སོགས་པ་ཉི་ཤུ་རྩ་ལྔ་ལ་དབང་བསྐུར་ནས་སྒྲུབ་ཐབས་སོ་སོའི་ལུང་མཛད་དེ་བསྒྲུབས་པས་རྒྱལ་པོའི་སྐུ་ཚེ་ལོ་བཅུ་གསུམ་གྱིས་ཕྱིར་བསྣུར། བཻ་རོ་ཙ་ན་ལྷག་མེད་དུ་སངས་རྒྱས། ནམ་མཁའི་སྙིང་པོས་ཉི་མ་བརྟོད་ལ་ནོན། སངས་རྒྱས་ཡེ་ཤེས་རིག་འཛིན་གྱི་ས་ཐོབ། རྒྱལ་བ་མཆོག་དབྱངས་རྟ་མགྲིན་གྱི་གྲུབ་པ་ཐོབ། དཔལ་གྱི་ཡེ་ཤེས་ལྷ་སྲིན་བྲན་དུ་འཁོར་བ་ལ་སོགས་པ་གྲུབ་རྟགས་ཐོན་པ་རེ་བྱུང་བས་མཆིམས་ཕུའི་གྲུབ་ཐོབ་ཉི་ཤུ་རྩ་ལྔར་གྲགས་སོ། །དེ་ནས་སློབ་དཔོན་གྱིས་ཕྱི་རབས་ཀྱི་འགྲོ་བ་ལ་ཕན་གདགས་པའི་ཕྱིར་རྒྱུད་ལུང་མན་ངག་རྣམས་ཡི་གེ་མཁས་པའི་མཆོག་ལེགས་སྦྱིན་ཉི་མ་དང་། སྐྱེན་པའི་ཕུལ་ཕྱིན་ལྡན་མ་རྩེ་མང་དང་། དག་པའི་རབ་ཨཱ་ཙར་ཡ་ཡེ་ཤེས་དབྱངས་ལ་སོགས་པས་ཤོག་སེར་དང་ཤོག་སྐྱ་དག་ཤོག་སྔོན་དང་ཤོག་སྨུག་རྣམས་སུ་བཀོད་དེ་སོ་སོར་སྦས་པ་ལ་ཆོས་གཏེར་བརྒྱ་དང་རྩ་བརྒྱད། འཚོ་བྱེད་སྨན་གྱི་གཏེར་དང་། འཕུང་བྱེད་ངན་སྔགས་ཀྱི་གཏེར་དང་། འབྱོར་བྱེད་ནོར་གྱི་གཏེར་ལ་སོགས་པ་གཏེར་ཕྲན་བྱེ་བ་གཅིག་ཡོད་དོ། །ལས་ཅན་རེས་ཐོན་པར་སྨོན་ལམ་དང་བཀའ་བསྒོ་མཛད་ནས་བཞག་པ་ནི། མཆིམས་ཕུའི་དགེ་འུས་ལ་སོགས་པར་ཆོས་ཀྱི་གཏེར་མཛོད་ཆེན་པོ་ལྔ། ཡང་མཛོད་སུམ་ཅུ་རྩ་གཉིས་སྦས། ལྷོ་བྲག་སྐྱེར་ཆུའི་ལྷ་ཁང་དུ་སྡེ་
སྣོད་ཀུན་འདུས་ལ་སོགས་པའི་རྒྱུད་བདུན་མན་ངག་དང་བཅས་པ་སྦས། མོན་ཁ་སེངྒེ་རྫོང་དུ་པདྨ་དབང་ཆེན་ལ་སོགས་པ་སྒྲུབ་པ་སྡེ་དྲུག་སྦས། བུམ་ཐང་དགེ་གནས་སུ་མ་མོ་ཀུན་འདུས་ལ་སོགས་པ་དྲེགས་པ་མོ་རྒྱུད་རྣམས་སྦས། བུམ་ཐང་རྩི་ལུང་དུ་སེམས་ཕྱོགས་རྒྱུད་ལུང་རྣམས་སྦས། གཙང་འགྲམ་ལྔ་ཁང་དང་། པྲ་དུན་རྩེ་དང་སྐྱོ་དུན་རྩེར་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་དང་ངན་སྔགས་བརྒྱ་རྩ་བརྒྱད་སྦས། ཉང་རོ་རྩིས་ཀྱི་ལྷ་ཁང་དུ་སྨན་དང་རིན་པོ་ཆེ་ལ་སོགས་པ་སྦས། ཁམས་ཀྱི་ཀློང་ཐང་སྒྲོལ་མ་ལྷ་མོའི་རྒྱུད་བཅུ་གསུམ་སྤུ་གྲི་མཆེད་གསུམ་དང་བཅས་པ་སྦས། ཤར་ཀོང་པོ་བུ་ཆུ་མཐར་ལེགས་ཀྱི་ལྷ་ཁང་དུ་མཐུ་དང་རྫུ་འཕྲུལ་མང་པོ་སྦས། བུ་ཆུ་རྫོང་ཁར་ཕྱི་ནང་གི་སྒྲུབ་ཐབས་རིན་ཆེན་བཟོའི་སྐོར་རྣམས་སྦས། གཡུ་རུ་ཁྲ་འབྲུག་ཏུ་དྲག་སྔགས་བཅུ་གསུམ་སྦས། ལྷོ་བྲག་མཁོ་མཐིང་དུ་བདེ་གཤེགས་འདུས་པ་རྒྱུད་ལུང་མན་ངག་དང་བཅས་པ་སྦས། སྤ་གྲོ་སྟག་ཚང་སེངྒེ་ཕུག་ཏུ་ཚེ་གཅིག་གིས་སངས་རྒྱས་པའི་ཆོས་མང་པོ་སྦས། མོན་ཁ་ནེ་རིང་དུ་སྤྱི་ཏི་ཡོ་ག་དང་རེག་ཆོད་བཞི་སྦས། སྒྲགས་ཡང་རྫོགས་ཤེལ་གྱི་ཕུག་པ་ཕུར་པ་དང་གཤིན་རྗེ་རྣམས་སྦས། སྤ་གྲོ་ཕུག་རྫོང་དང་སེངྒེ་ཕུག་ཏུ་ངན་སྔགས་ཟབ་དགུ་རྣམས་སྦས། ཕོ་མའི་རྫོང་དུ་བསེ་ཡི་ལྷ་མོའི་སྒྲུབ་ཐབས་རྣམས་སྦས། ལ་ཁ་ཕུག་མོ་ཆེར་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་དང་ཡིད་བཞིན་ནོར་བུ་སྦས། ལྷ་རིང་བྲག་དང་ཟངས་ཡག་བྲག་ལ་ཆོས་དང་ནོར་དང་སྨན་ལ་སོགས་པའི་གཏེར་ཁ་བརྒྱ་རྩ་བརྒྱད་སྦས། དྲག་དམར་ནམ་མཁའི་རྫོང་ལ་བོད་དུ་འགྱུར་ཚད་ཀྱི་ཕྱི་མོ་དང་སྒྲུབ་ཐབས་རྣམས་སྦས། བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གླིང་ཕྲན་མཆོད་རྟེན་དང་བཅས་པར་ཆོས་དང་སྨན་དང་དྲག་སྔགས་དང་ནོར་བུ་ལ་སོགས་པ་བརྒྱ་རྩ་བརྒྱད་སྦས། གཞན་ཡང་བྲག་རི་གཡའ་རི་རྫ་རི་ལ་སོགས་པར་རྫུ་འཕྲུལ་གྱིས་བྱོན་ནས་
ཆོས་དང་ནོར་དང་སྨན་ལ་སོགས་པ་ཕྱི་རབས་ཀྱི་འགྲོ་བ་རྣམས་ལ་གང་ལ་གང་ཕན་གྱི་ཚུལ་གྱིས་གཏེར་ཁ་དཔག་ཏུ་མེད་པ་སྦས་སོ། །གཏེར་འབྱུང་པོའི་དུས་ནི། ཟས་ངན་ལྕི་བ་ཟ། གོས་ངན་རེ་བ་གོན། གཏམ་ངན་ཁྲེལ་མེད་སྨྲ། བཀའ་ལ་ཉོ་ཚོང་བྱེད། ཆོས་འཁོར་འཐབ་ར་བྱེད། སྔགས་པ་མཐུ་རྒྱས་བྱེད། ལས་སུ་སྡིག་པ་སྤྱོད། བཙུན་པས་ཁྲིམས་མི་ཐུབ། བུད་མེད་ཀྱིས་ལུས་མི་ཐུབ། སྔགས་པས་དམ་ཚིག་མི་ཐུབ། སད་སེར་དང་ལོ་ཉེས་འོང་། ནད་དང་མུ་གེས་ཉེན་པའི་ཚེ། ཐམས་ཅད་ཀྱི་སྙིང་དུ་རྒྱལ་བསེན་ཞུགས་ཏེ་ཆོས་མ་ཡིན་པ་སྣ་ཚོགས་སུ་སྤྱོད་པ་ན་ས ས་གཏེར་མི་ཐུབ་སྟེ་གསེར་དངུལ་རིན་པོ་ཆེའི་གཏེར་རྣམས་རང་བརྡོལ། ཆོས་ཀྱི་གཏེར་རྣམས་མཁའ་འགྲོ་དང་གཏེར་བདག་གིས་ལུང་བསྟན་ཏེ་སྐལ་ལྡན་རེས་བཏོན་ནས་མི་ཡུལ་དུ་དར་ཞིང་རྒྱས་པར་འགྱུར་རོ། །དེ་དུས་པདྨ་ངའི་གཏེར་ཆོས་ལ་སྤྱོད་པ་ཐམས་ཅད་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱའོ་ཞེས་གསུངས་སོ། །དེ་ལྟར་མི་རྣམས་ཀྱི་དོན་མཛད་དུས་བོད་དང་ལྷོ་མོན་ལ་སོགས་པའི་མི་མ་ཡིན་རྣམས་ཀྱིས་བདག་ཅག་རྣམས་ལ་ཡང་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཞུས་པས་གནང་སྟེ་མི་མ་ཡིན་པ་རྣམས་ཀྱིས་སོ་སོའི་གནས་སུ་སྤྱན་དྲངས་ཤིང་མཆོད་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་གནས་ལ་མོན་པ་མིང་སྲིད་བདུན་གྱིས་ཐོག་དྲངས་ལྷོ་མོན་གྱི་མི་མ་ཡིན་གྱིས་སྤྱན་དྲངས་ཤིང་བཞུགས་པའི་གནས་མོན་བུམ་ཐང་སེངྒེ་རྫོང་དང་། མོན་ཁ་རིན་ཆེན་རྫོང་དང་། སྤ་གྲོ་སེངྒེ་ཕུག་དང་། ལྷོ་བྲག་མཁར་ཆུ་ལ་སོགས་པའི་བྲག་ཕུག་དང་ནགས་རོང་རྣམས་སོ། །བསྟན་མ་བཅུ་གཉིས་ཀྱིས་གདན་དྲངས་ཤིང་བཞུགས་པ་ལ་ཁ་རག་རིན་ཆེན་ཕུག་དང་། ཇོ་མོ་ནགས་རྒྱལ་དང་། ཤངས་ཀྱི་ཟམ་བུ་ལུང་ལ་སོགས་པའོ། །
མ་མོ་དང་ཕྲ་མེན་མ་རྣམས་ཀྱིས་སྤྱན་དྲངས་པ་ལ་ཏེ་སྒྲོ་བྲག་དཀར་དང་། རྔམ་པ་སྒྲ་སྒྲོགས་དང་། ལྷ་རི་ཟིལ་བ་དང་། བུ་ཆུ་རྫོང་ཁ་དང་། ཙཱ་རི་ཙཱ་གོང་དང་། གསལ་རྗེ་གངས་བཟང་ལ་སོགས་པའོ། །གཞན་ཡང་གནམ་སྨན་དང་མཚོ་སྨན་དང་གཟའ་བཙན་ལ་སོགས་པས་སྤྱན་དྲངས་ཏེ་ལོ་དང་ཟླ་བ་དང་ཞག་དང་དྲོ་སྐད་རེ་བཞུགས་པ་ལ་བསམ་གྱིས་མི་ཁྱབ་བོ། །དེའི་ཚེ་ལྕོག་རོ་འབྲི་འཚམས་ན་མང་རྗེ་ཐོད་དཀར་ལེགས་དང་། རུ་བཟའ་རྒྱལ་མོ་མཚོ་འདུས་ཏེ་ཁྱིམ་འཛིན་པ་ལས་རྒྱལ་མོ་མཚོའི་རྨི་ལམ་ན་ནམ་མཁའི་དཀྱིལ་ན་བུད་མེད་སྔོན་མོ་གཅིག་གིས་འོད་ཀྱི་སྐར་མ་གཅིག་འཕངས་པ་ཁང་པའི་ནང་དུ་སོང་བ་རྨིས་ནས་ཟླ་བ་དགུ་ངོ་དང་བཅུ་ནས་བུ་མོ་ཤིན་ཏུ་མཛེས་པ་དཔྲལ་བ་ན་རྡོ་རྗེ་རྒྱ་གྲམ་གྱི་རི་མོ་ཅན་ཨུ་པལ་ལའི་དྲི་ངད་དང་ལྡན་པ་གཅིག་བཙས་ཏེ་མཚོ་རྒྱལ་དུ་བཏགས་ནས་ཆེར་སྐྱེས་པ་ལས་རྒྱལ་པོའི་བཙུན་མོར་བླངས་པ་ན་སློབ་དཔོན་ལ་ཤིན་ཏུ་དད་ཅིང་འཁོར་བའི་ཆོས་ལ་སྐྱོ་ནས་རྒྱལ་པོ་ལ་ཆོས་བྱེད་པར་ཞུས་པས་གནང་སྟེ་སློབ་དཔོན་ལ་ཕུལ་ལོ། །དེ་ནས་སློབ་དཔོན་གྱིས་ལས་རྒྱ་བགྱིས་ཏེ་གང་དུ་གཤེགས་པ་ཐམས་ཅད་དུ་བྱོན་ནས་བསྙེན་བཀུར་དང་། ཞབས་ཏོག་མཛད་ཅིང་སྒྲུབ་པ་རྩེ་གཅིག་ཏུ་བྱས་པས་གྲུབ་པ་ཐོབ་སྟེ་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་སོ། །དེ་ནས་སློབ་དཔོན་ཡབ་ཡུམ་གཞོ་སྟོད་ཏེ་སྒྲའི་བྲག་ཏུ་སྒྲུབ་པ་མཛད་པའི་ཚེ། ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱིས་ཇོ་མོ་ལ་བསྐུལ་བ། སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུའི་ཐུགས་ལ་ཚེ་འདི་ཉིད་ལ་རྡོས་བཅས་ཀྱི་ཕུང་པོ་མི་སྣང་བར་ལོ་གསུམ་གྱིས་འཚང་རྒྱ་བའི་གདམས་པ་མངོན་སུམ་སྙིང་ཏིག་གི་མན་ངག་ཟབ་མོ་བཞུགས་པས་གསོལ་བ་ཐོབ་ཅིག་ཅེས་ལུང་བསྟན་ཏོ། །དེའི་ཚེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་མཆོད་དེ་ཞུས་པ། སློབ་དཔོན་ཆེན་པོ་ལགས་ཚེ་འདི་ཉིད་ལ་ཕུང་པོ་མི་སྣང་བར་འཚང་རྒྱ་བའི་གདམས་པ་མངོན་སུམ་སྙིང་ཏིག་གི་མན་ངག་དམ་པ་གནང་བར་
ཞུ་འཚལ་ཞེས་གསོལ་བ་བཏབ་སྟེ་ཕྱག་དང་བསྐོར་བ་གྲངས་མེད་པ་མཛད་དུས་སློབ་དཔོན་ཆེན་པོས་གསུངས་པ་མཚོ་རྒྱལ་ཁྱོད་ཀྱིས་ཞུས་པ་དེ་ཤིན་ཏུ་ལེགས་སྔར་དང་མི་འདྲ་བའི་གདམས་པ་ཐེག་པ་རིམ་དགུ་ཀུན་ལ་འདས་པའི་རྩེ་མོ། གནད་མཐོང་བས་བློས་བྱས་ཀྱི་ལྟ་སྒོམ་འཇིག་པ། འབད་མི་དགོས་པར་ས་ལམ་རྫོགས་པ། བཅོས་བསྒྱུར་དང་གཉེན་པོ་མི་དགོས་པར་ཉོན་མོངས་པར་རང་སར་གྲོལ་བ། རྒྱུས་མ་བསྐྱེད་པར་འབྲས་བུ་རང་ལ་རྫོགས་པ། ལྷུན་གྱིས་གྲུབ་པའི་དགོངས་པ་སྐད་ཅིག་ལ་འཆར་བ། རྡོས་བཅས་ཤ་ཁྲག་གི་ཕུང་པོ་ཚེ་འདི་ཉིད་ལ་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བ། འོག་མིན་གྱི་གནས་སུ་ལོ་གསུམ་གྱིས་བགྲོད་ནས་ཆོས་སྐུ་ལྷུན་གྲུབ་རིན་པོ་ཆེའི་ཞིང་དུ་གཏན་སྲིད་ཟིན་པར་བྱེད་པའི་གདམས་པ་ཡོད་ཀྱིས་བསྟན་པར་བྱའོ་གསུངས་ནས་ཚོགས་ཁང་ཆེན་མོར་ཞི་ཁྲོ་དོན་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་ཇོ་མོ་མཁར་ཆེན་བཟས་ཐོག་དྲངས་ཡེ་ཤེས་ཀྱི་མཁའ་འགྲོ་འབུམ་ཕྲག་གཅིག་ལ་དབང་བསྐུར་ནས་ཁྲིད་རྫོགས་པར་མཛད་ནས་རྒྱུད་བཅུ་བདུན་ཀློང་གསལ་ཉི་མའི་རྒྱུད་དང་བཅོ་བརྒྱད། དེའི་མན་ངག་རབ་ཏུ་མང་པོ་དང་བཅས་པ་རྣམས་གསུངས་སོ། །དེ་ནས་དེ་རྣམས་ལས་རྒྱུད་རབ་ཏུ་རྒྱས་པའི་མན་ངག་རྣམས་གཅིག་ཏུ་ཕྱེ། སློབ་དཔོན་ཉིད་ཀྱིས་མཛད་པ་ཀུ་སུ་ལའི་སྐོར་རྣམས་གཅིག་ཏུ་ཕྱེས་ཏེ་སོ་སོར་སློབ་དཔོན་དང་མཚོ་རྒྱལ་གཉིས་ཀྱིས་ཡི་གེར་བྲིས་ཏེ་དཀར་ཆག་ལ་མནན་ནོ། །དེའི་ཚེ་རྒྱལ་པོས་སྤྱན་དྲངས་ནས་སློབ་དཔོན་དང་རྒྱལ་པོ་ཡབ་ཡུམ་སྲས་རྣམས་མཆིམས་ཕུར་གཤེགས་ཏེ་ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་བརྒྱད་མཛད་པའི་དུས་སུ་བཙུན་མོ་དམ་པ་འབྲོ་བཟའ་བྱང་ཆུབ་སྨན་ལས་འཁྲུངས་པའི་སྲས་མོ་ལྷ་གཅིག་པདྨ་གསལ་ཞེས་བྱ་བ་དགུང་ལོ་བརྒྱད་ལོན་པ་ཞིག་ཤི་བས་ལྷ་སྲས་བུ་མོའི་རོ་ལ་གཟིགས་ཤིང་བཤུམས་ཏེ་དོག་ས་ལ་འགྱེལ་བ་དང་། མཚོ་རྒྱལ་
གྱིས་དར་དཀར་གྱི་སླེའུས་བསླངས་ཏེ་ཙན་དན་གྱི་ཆུས་གཏོར་བ་དང་བརྒྱལ་སངས་ཏེ་སློབ་དཔོན་གྱིས་བཀའ་སྩལ་པ། ཀྱེ་མངའ་བདག་རྗེ་སྤྱིར་འཇིག་རྟེན་གྱི་བྱ་བ་རྨི་ལམ་དང་འདྲ། འདུས་བྱས་ཀྱི་མཚན་ཉིད་སྒྱུ་མ་ཡིན། རྒྱལ་སྲིད་མ དང་གི་རྨི་ལམ་འདྲ། །ནོར་འབངས་རྩ་ཁའི་ཟིལ་པ་འདྲ། །ཚེ་མི་རྟག་ཆུ་ཡི་ལྦུ་བ་འདྲ། །འདུས་བྱས་ཐམས་ཅད་འཇིག་པ་ཡིན། །འདུས་པའི་ཐ་མ་འབྲལ་བས་ན། །འདུས་བྱས་ཐམས་ཅད་འདི་དང་འདྲ། །རྟག་ཅིང་བརྟན་པ་གཅིག་ཀྱང་མེད། །མི་རྟག་རྟག་པར་མ་འཛིན་པར། །སྐྱེ་མེད་ཆོས་སྐུའི་དོན་ལ་སྦྱོངས། །ཞེས་གསུངས་སོ། །དེར་རྒྱལ་པོ་བཞེངས་ཏེ་ཕྱག་དབུ་ཐོད་བུད་བུད་བཙལ་ནས་གསེར་སྐྱོགས་གཡུས་བཀང་བ་སློབ་དཔོན་ལ་ཕུལ་ཏེ་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། འདུས་བྱས་ཀྱི་མཚན་ཉིད་མི་རྟག་ན་ངའི་གཙུག་ལག་ཁང་འདི་ཇི་ཙམ་ན་འཇིག །སངས་རྒྱས་ཀྱི་བསྟན་པ་ནམ་འཇིག །དམ་ཆོས་གང་གིས་ནུབ་པའི་རྐྱེན་བྱེད། བུ་མོ་འདི་ཚེའི་དུས་བྱེད་པའི་རྒྱུ་རྐྱེན་ཅི་ལགས། འདིར་ལས་ཀྱིས་འབྲེལ་བ་ཅི་ལས་བྱུང་། ཕྱི་མ་སྐྱེ་བ་གང་དུ་ལེན། མཐར་བྱང་ཆུབ་པའི་སྐལ་བ་མཆིས་སམ་ཞེས་ཞུས་པས་སློབ་དཔོན་གྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་གསོན་ཅིག །རྒྱལ་པོའི་གཙུག་ལག་ཁང་འདི་ལ་ཞིག་རལ་མང་དུ་འབྱུང་ངོ་། །དྲུག་ཅུ་རྩ་གཅིག་གླང་གི་ལོར། །རྒྱལ་པོ་མི་རྟག་མྱ་ངན་འདའ། །རྒྱལ་ཁྲིམས་ཧོར་གྱི་དམག་གིས་འཇིག །ཐ་མ་དུ་རུ་ཀ་ཡིས་འཛིན། །སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་ཏེ་དར་གུད་མང་དུ་འབྱུང་ངོ་། །དེའང་རྒྱལ་པོ་ཉིད་ནས་གདུང་རབས་ལྔ་ན་སངས་རྒྱས་ཀྱི་བསྟན་པ་ཉམས་དམས་པར་འགྱུར་རོ། །དེ་ནས་བོད་ཡུལ་མངའ་ཐང་ཉམས་ཏེ་བཙུན་པས་འདུལ་ཁྲིམས་མི་ཐུབ། སྔགས་པས་དམ་ཚིག་མི་ཐུབ། སྡེ་འཁྲུགས་དང་ནང་
དམེ་བྱེད། སྐྱེ་བོས་མནའ་ཟ་ཁྲེལ་མེད་ཕ་མ་གསོད། བུད་མེད་ཀྱིས་ལུས་མི་ཐུབ་ལན་ཆགས་བྱིས་པ་གསོད། ཆོས་པ་རྣམས་ཀྱང་ཆོས་གཞུང་བཞིན་མི་བྱེད། བཀའ་ལ་རས་ཆོད་བྱེད་ཅིང་མཆན་ཏིག་ལ་སོགས་པས་བཀའ་འཆལ་དུ་འཇུག །སློབ་དཔོན་སྨོད་ཅིང་རང་གི་ཆེ་བ་འདོན། དམ་ཚིག་ཆུ་ལ་ཕོ་ནས་དངོས་གྲུབ་སྤྲིན་བཞིན་དེངས། །ཆོས་ལ་ལྟོ་ཟོང་བྱེད་ནས་ནོར་དང་ཡིག་སྣ་གསོག །འདུལ་ཁྲིམས་མེ་ལ་བསྲེགས་ནས་སེམས་བསྐྱེད་རླུང་ལ་བསྐུར། །མི་ཚེར་ཆོས་ལ་བསླབ་ནས་ལམ་དུ་ང་རྒྱལ་འཁྱེར། །རྟག་ཏུ་བསྒོམས་བསྒྲུབས་བྱས་ནས་སེམས་ཉིད་དོན་མ་མཐོང་། །ལྟ་བར་ཆད་ལྟ་བཟུང་ནས་དགེ་སྡིག་འཆོལ་བར་སྤྱོད། །ཏིང་འཛིན་ཕྲག་དོག་བསྒོམས་ནས་འབད་པ་ནོར་ལ་བྱེད། །ཆས་ལོག་དང་གསར་ངེས་ལ་དགའ། །བཙུན་པའི་ལུས་སྲུང་མཚོན་ལ་བྱེད། གྲུབ་ཐོབ་ཚོང་འདུས་འགྲིམ། སྒོམ་མེད་རི་འཁྲུགས་བྱེད། མི་དཔོན་སྤྲང་པོས་བྱེད། དགེ་བཤེས་དབུ་གཙོ་བྱེད། སྨྱོན་པས་བསོད་ནམས་སྡུད། ལྷ་རུ་འདྲེ་སྲིན་དང་འགོང་པོ་མཆོད། གཙོ་བོར་མོ་དང་བོན་ལ་འདུན་མ་གཏད། བྱང་ཆུབ་སེམས་དཔའི་ཐུགས་དཀྲུགས་ཤིང་དཀོན་མཆོག་དགྲར་ལེན། ནོར་དུམ་རེ་ལ་མནའ་ཟ། སྡིག་པ་ལ་སུས་ཐོབ་བྱེད། རྗེ་ལ་འབངས་མི་ཉན། དཔོན་ལ་གཡོག་མི་ཉན། ཕ་ལ་བུ་མི་ཉན། མ་ལ་བུ་མོ་མི་ཉན། བློ་བརྐུ་དང་ནང་ངན་གཤོམ། མཐུ་སེར་དང་དུག་སྦྱོར་དར། རྒྱལ་རིགས་དམངས་སུ་འབེབས། མགོ་མཐོ་ཐབས་ཀྱིས་སྨོད། བརྐུ་གསོད་དང་བརྡེག་ཕྲོག་བྱེད། ལོག་འཚོ་སྣ་ཚོགས་དར། རིགས་ངན་གྱིས་ཁ་དྲག་རློམ། ཆང་ཕོ ར་རེ་ལ་བལྟས་ནས་གསང་སྔགས་ཁྲོམ་དུ་ཀློག །གསེར་ཡ་མ་བརླ་རེ་ལ་བལྟས་ནས་བགྲོན་པོ་
ལ་ཡང་དབང་བསྐུར། ནོར་ལ་བལྟས་ནས་ལུང་མེད་ཀྱི་རྫུན་དབང་བྱེད། ལྟ་བ་ཉམས་གཏོང་། བུད་མེད་ཀྱིས་སྐྱེས་པ་འདེད། ཕས་བུ་ལ་ཡང་བློས་མི་ཁེལ་བའི་དུས་ཤིག་འབྱུང་། དེའི་དུས་སུ་བདུད་ཀྱི་ཆོས་པའི་ལུས་བླངས་ནས་ཆོས་ལོག་དང་སློབ་འབངས་རྒྱས་པར་འགྱུར་རོ། །དེའི་དུས་སུ་ཧོར་དམག་བོད་དུ་འབྱུང་ངོ་། །དེའི་ཚེ་སད་སེར་དང་མུ་གེ་དང་ནད་དང་མཚོན་དང་ས་གཡོ་བ་དང་མི་བདེ་བ་སྣ་ཚོགས་འབྱུང་ཞིང་། མི་རྣམས་ཕལ་ཆེར་བདུད་ཀྱི་དབང་དུ་སོང་བས་ངན་སོང་དུ་སྐྱེའོ། །ཆོས་བྱེད་རྣམས་བསོད་ནམས་ཆུང་ཞིང་ཚེ་ཐུང་སྟེ་བདུད་ཀྱི་དབང་གིས་ཀུན་གྱི་གཤེ་སྐུར་འདེབས་སོ། །དེ་དུས་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་ཞིང་བོད་ཁྲིམས་ཧོར་གྱིས་འཇིག །ལུང་པ་ཁྲག་མཚོར་འགྲོ། ས་གཞི་ཀེང་རུས་ཀྱིས་ཁྱབ། ལས་ཅན་དང་ཆོས་བྱེད་ཐམས་ཅད་ས་མཐར་འབྲོས་པས་རྒྱལ་པོ་ཉིད་ཀྱང་ཕྱག་དཔེ་རྣམས་སྦས་ན་མཐར་འགྲོ་དོན་ཆེ། དེ་དུས་བཀའ་མ་རྣམས་བཀའ་འཆལ་ཏེ་བྱིན་རླབས་ཆུང་བས་གྲུབ་པ་ཐོབ་པ་ཡང་ཉུང་ངོ་། །དུས་དེར་གཏེར་མ་འདི་བཀའ་མ་འཆལ་བས་བྱིན་རླབས་ཆེ། ལས་ཅན་རྣམས་ཀྱིས་གཏེར་སྒོ་ཕྱེ་ནས་དར་བར་འགྱུར་རོ། །ཞེས་གསུངས་པ་དང་། ཡང་རྒྱལ་པོས་ཞུས་པ། སློབ་དཔོན་ཆེན་པོ་ལགས་དེ་ལྟ་བུ་དེ་འོངས་པའི་རྒྱུ་གང་ལགས། ལོ་གང་ལ་འབྱུང་། དེ་ནམ་བཟློག་པར་འགྱུར། བཟློག་པའི་ཐབས་ཞུ་འཚལ་ཞེས་ཞུས་པས། སློབ་དཔོན་གྱིས་གསུངས་པ། ཀྱེ་རྒྱལ་པོ་དེ་འབྱུང་བའི་རྒྱུ་ནི་སྔོན་བཅོམ་ལྡན་འདས་དང་བདུད་ནུས་པ་འགྲན་པས་བདུད་ཕམ་ནས་དེའི་ཚེ་བདུད་ཀྱིས་ཤཱཀྱའི་བསྟན་པ་མཐའ་མ་ལ་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་དུས་ཀྱི་མཐའ་མ་ལ་ཕལ་ཆེར་བདུད་ཀྱིས་བྱིན་གྱིས་བརླབས་པས་ཆོས་དང་ནོར་ལ་ཆེ་འགྲན་བྱེད། ཕ་སྤད་དང་སྤུན་དུ་མི་འཆམས་
ཡུལ་འཁྲུགས་བྱེད། བཙུན་པས་རྒྱན་འདོགས། སྔགས་པས་བསྙེན་སྒྲུབ་དོར། སྐྱེ་བོ་ངོ་ཚ་བྲལ། བཙད་པོ་སྡིག་བྱེད། ཆོས་མེད་ཆོས་འཁོར་སྐྱོང་། ཞེ་སྡང་མེ་ལྟར་འབར། འདོད་ཆགས་ཆུ་བཞིན་ཁོལ། ཆོས་སྐྱོང་འདྲེར་ལྡང་སྨྱོ་འདྲེ་དར་བའི་དུས། བདུད་ཀྱིས་བྱིན་རླབས་སྔགས་བཙུན་སྲིའུ་གསོ། མཁས་བཙུན་འདྲེར་བརྡུང་ལྟ་བ་ཆད་ལྟ་སྟོན། གསང་སྔགས་ཀྱི་ཁ་ཚིག་ཁྲོམ་དུ་ཀློག་པའི་དུས། བདུད་ཀྱི་བསྟན་པ་དར་བའི་དུས་ཚོད་དེར། །ཧོར་དམག་བོད་ཀྱི་ཡུལ་དུ་ལྷགས། །ལྕགས་ཕོ་ཁྱི་ལ་གཡུལ་མགོ་འཚོལ། །ཆུ་བོ་རྟ་ལ་རྟ་བཞིན་རྒྱུག །མེ་མོ་གླང་ལ་གདུག་རྩུབ་ཆེ། །ཤིང་མོ་ལུགས་ལ་ཐེབས་གཅིག་བཟློག །དེ་ཡི་བཟློག་ཐབས་ཡུལ་ཁྲིམས་བཟང་པོ་དང་། །རི་རྒྱ་ཀླུང་རྒྱ་ཆོས་ཁྲིམས་རྒྱལ་ཁྲིམས་དང་། །འཆི་ངེས་སྲོག་བསླུ་མི་དགེ་མཐའ་དག་སྤང་། །དགེ་བཅུ་སྤྱད་ཅིང་བཙུན་ཁྲིམས་སྔགས་ཁྲིམས་བྱ། །གསུང་རབ་འདོན་ཞིང་གཙུག་ལག་ཉམས་པ་གསོ། །མཆོད་རྟེན་གསོ་ཞིང་ས་དགྲ་མནན་པ་དང་། །ནོར་གཏེར་མི་འདོན་ས་གཏེར་བརྐོ་མི་བྱ། །ཁྲོ་རྒྱལ་བསྒྲུབ་ཅིང་མ་སྲིང་ལས་ལ་བཀོལ། །ཚོགས་གཏོར་མཆོད་ཅིང་ལྷ་འདྲེ་མདོས་ཀྱིས་བསྐང་། །དེ་ལྟར་བྱས་ན་ཐེབས་གཅིག་བཟློག་པར་ངེས། །ཀུན་གྱི་ལས་ཡིན་རྨང་ནས་བཟློག་པ་མེད། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སྤྱོད་ངན་བྱས་ནས་དུས་ངན་ཟེར། །ཡུལ་ལ་ཞག་མེད་འཇག་སྐྱ་འཕྱོ། །ཚེ་ལ་ལོང་མེད་སྐར་མདའ་འདྲ། །ལེགས་པའི་ལན་ནི་ཉེས་ཀྱིས་གློན། །དེ་ཚེ་ཕྱི་དམག་བོད་ཡུལ་འཇོམས། །མི་རྣམས་མ་ལུས་གསོད་ལས་ཆེ། །སྡུག་བསྔལ་ཁྲག་གི་མཚོ་རྡོལ་ཚེ། །རང་སྡུག་རང་གིས་ཤོམ་པ་ལ། །སྙིང་རེ་རྗེ་སྟེ་བྱ་ཐབས་མེད། །ཅེས་གསུངས་སོ། །ཡང་གསུངས་པ། ཀྱེ་རྒྱལ་པོ་ཁྱོད་ཀྱི་ལྷ་ལྕམ་འདི་ཚེ་དུས་བྱེད་པའི་རྒྱུ་ནི། སྐྱེ་བ་འདིའི་གོང་
རོལ་དུ་རྒྱ་གར་གྱི་ཡུལ་ཀ་ལ་ཀི་ཏྲའི་གྲོང་ཁྱེར་དུ་རྒྱལ་པོ་བྷེ་ལ་ཀུ་ཏྲའི་བཙུན་མོར་སྐྱེས་ཏེ། བཙུན་མོ་གཉིས་ཡོད་པ་ལས་མོ་ལ་བུ་མེད། གཞན་དེ་ལ་བུ་ཡོད་པས་ཕྲག་དོག་གིས་བུ་བརྐུས་ནས་བསད་པའི་རྣམ་སྨིན་གྱིས་འདིར་ཚེ་མཐར་མ་ཕྱིན་པར་ཤི་བ་ཡིན་ནོ། །འདིར་ལས་ཀྱིས་འབྲེལ་བ་ནི་སྐྱེ་བ་འདིའི་ཡང་སྔ་ལ་པདྨ་བདག་དང་རྒྱལ་པོ་དང་བྷོ་དྷི་ས་ཏྭ་གསུམ་གྱིས་མ་ག་ཏའི་ཡུལ་དུ་མའི་དགེ་བར་མཆོད་རྟེན་བཞེངས་དུས་སྨོན་ལམ་བཏབ་པ་ན་བུ་མོ་འདི་སྦྲང་བུ་ཏྲེ་མ་བུ་གའི་ལུས་སུ་ཡོད་པ་དེས་ཐོས་པ་ལས་བྱུང་བའོ། །ཕྱི་མ་ནི་ལོ་མང་དུ་སྡུག་བསྔལ་སྤྱོད་པར་འདུག་སྟེ། བཤད་ན་རྒྱལ་པོའི་ཐུགས་ཁྲལ་དུ་འགྲོ་གསུངས་པ་དང་། ཡང་ཞུས་པས། སློབ་དཔོན་གྱི་ཞལ་ནས། རྒྱལ་པོ་དགྱེས་པའི་དོན་དུ་བཤད་ན་ལྷ་ལྕམ་འདི་སྐྱེ་བ་འདི་ཉིད་ཀྱི་གོང་རོལ་དུ་རྒྱ་གར་གྱི་ཡུལ་ཀོ་ཏ་ལའི་གཙུག་ལག་ཁང་དུ་བྲམ་ཟེའི་བུ་བཱ་ཡ་ཏ་ལ་ཞེས་བྱ་བར་སྐྱེས་ནས་དགེ་སློང་བྱེད་དོ། །གཙུག་ལག་ཁང་དེའི་མེ་ཏོག་ལྡུམ་རར་ཀུ་ཀུ་ར་ཆགས་པ་སྤྱོད་པ་མཐོང་བས་ཉོན་མོངས་པ་སྐྱེས་ཏེ་རིགས་ངན་གྱི་བུ་མོ་ལ་སྤྱད་པས་བསླབ་པ་ཉམས་པས་འགྱོད་དེ་ཀུ་ཀུ་ར་ལ་ཞེ་སྡང་སྐྱེས་ནས་འབྲས་སྤྲུ་བའི་ཐོ་བས་ཀུ་ཀུ་རའི་མཚན་མ་བརྡུངས་ཏེ་ཤིའོ། །དེའི་ཚེ་མར་མེའི་རྒྱུ་ཏིལ་མར་སྲང་བདུན་ཟོས་ཤིང་དགེ་སློང་གུ་པ་ཏ་ལ་ཚིག་རྩུབ་ཀྱང་བརྗོད་དོ། །ཡང་ལྷ་མེ་ཏོག་གིས་མཆོད་ནས་ཚེའི་དུས་བྱས་པའི་འོག་ཏུ་ཀུ་ཀུ་རའི་རྡོ་རྗེ་བརྡུངས་པའི་ལས་ཀྱི་རྣམ་པར་སྨིན་པས་དུད་འགྲོ་མོའི་ལུས་བརྩེགས་མར་ལེན་ཅིང་སྲོག་བཅད་པས་ཉི་ཚེ་བའི་དམྱལ་བར་སྐྱེའོ། །དེ་ནས་ཏིལ་མར་ཟོས་པའི་ལས་ཀྱིས་ཡི་དྭགས་སུ་སྐྱེའོ། །དེ་ནས་ཚིག་རྩུབ་བརྗོད་པའི་ལས་ཀྱིས་ལྷ་མ་ཡིན་དུ་སྐྱེས་པའི་འོག་ཏུ་མེ་ཏོག་ཕུལ་བའི་ལས་ཀྱིས་ལྷའི་སྐྱེ་བ་བཟུང་ནས། ཡང་ལས་སྔ་མའི་ལྷག་མས་བསམ་ཡས་འདི་ཉིད་དུ་ཁྱིའི་སྐྱེ་བ་བདུན་ལེན་ནོ། །དེ་ནས་ཡར་ལུང་སྟོད་དུ་བུད་མེད་གཟུགས་མི་སྡུག་ཅིང་བསོད་ནམས་ཆུང་བ་གསུམ་དུ་བརྒྱུད་པའི་
མཐར། པདྨ་བདག་དང་འཕྲད་ཅིང་བྱིན་གྱིས་བརླབས་པས་ལས་ཟད་དེ་མི་ལུས་ཁྱད་པར་ཅན་བླངས་ནས་སངས་རྒྱའོ། །ཞེས་གསུངས་པ་དང་། ཡང་རྒྱལ་པོས་ཞུས་པ་སློབ་དཔོན་ཆེན་པོ་ལགས། མི་ལུས་ནམ་ཐོབ། ཆོས་གང་ལ་སྤྱོད། དེ་ནས་སྐྱེ་བ་དུ་ན་འཚང་རྒྱ། འགྲོ་དོན་གང་དུ་སྤྱོད་ཅེས་ཞུས་སོ། །སློབ་དཔོན་གྱིས་གསུངས་པ། ཡང་རྒྱལ་པོ་གསོན་ཅིག །ལས་ངན་དེ་རྣམས་བྱང་ནས་སྒྲགས་གྲོང་གསར་དུ་བུད་མེད་དབང་པོ་ཚང་ལ་དད་པ་དང་ལྡན་པར་སྐྱེས་ནས་ངའི་གདམས་པ་དང་ལས་འབྲེལ་ཐོགས་པ་ཙམ་འབྱུང་ངོ་། །དེ་ནས་ལྷོ་ལ་ཡག་ཏུ་བུ་མོ་སྤྲེའུ་ལོ་མ་ཤེས་རབ་ཆེ་བ་ཞིག་ཏུ་སྐྱེས་ནས་མངའ་བདག་གསུང་གི་སྤྲུལ་པ་ཉང་རལ་གྱིས་རྗེས་སུ་བཟུང་ནས་ལམ་སྣ་ཟིན་པར་འགྱུར་རོ། །དེ་ནས་གཡས་རུ་གྲོང་དམར་དུ་སྐྱེས་པའི་ལུས་ཐོབ་སྟེ་སྔར་རབ་ཏུ་བྱུང་བའི་བག་ཆགས་ཀྱིས་དེར་ཡང་རབ་ཏུ་འབྱུང་སྟེ་ངའི་སྤྲུལ་པ་ཆོས་དབང་དང་འཕྲད་ནས་གདམས་པ་བྱིན་པས་རིག་པའི་ངོ་བོ་མཐོང་སྟེ་མཁའ་འགྲོས་རྗེས་སུ་འཛིན་པར་འགྱུར་རོ། །སྐྱེ་བ་དེའི་འོག་ཏུ་རྡོ་དང་མོ ན་བོད་ཀྱི་མཚམས་འབྲིན་ཐང་ཞེས་བྱ་བར་སྐྱེས་ཏེ་སྔ་མའི་བག་ཆགས་ཀྱིས་རབ་ཏུ་འབྱུང་བར་འགྱུར་རོ། །དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་བར་ཆད་བསྲུང་ཞིང་ལུང་བསྟན་ནས་ངའི་ཟབ་གཏེར་དང་འཕྲད་དེ་གཏེར་སྒོ་གསུམ་འབྱེད་པར་འགྱུར་རོ། །དེའི་དུས་སུ་སྙིང་ཏིག་མའི་གདམས་ངག་དང་འཕྲད་ཀྱང་འགྲོ་དོན་མི་འབྱུང་སྟེ་སྦས་པའི་ཚུལ་གྱིས་ཉམས་སུ་ལེན་པའི་དུས་ཡིན་ནོ། །དེའི་ཚེ་ངའི་ཟབ་ཆོས་ཀྱི་བདག་པོར་གྱུར་ནས་ལས་དང་ལྡན་པ་དང་མི་ལྡན་པའི་སློབ་མ་བདུན་ཅུ་འབྱུང་སྟེ་དེ་རྣམས་ལས་གདུལ་བྱ་ལས་ཅན་རྣམས་བདེ་བ་ཅན་དུ་སྐྱེ་ཞིང་ལས་མེད་ལ་ལ་ངན་སོང་དུ་སྐྱེའོ། །དེ་དུས་མཁའ་འགྲོས་ལུང་བསྟན་ཞིང་མཚན་དང་ལྡན་པའི་སློབ་མ་ཉི་ཤུ་རྩ་གཅིག་འབྱུང་། ཁྱད་པར་དུ་ཟབ་མོ་སྙིང་ཏིག་གསང་བའི་གཏེར་འདིའི་བདག་པོ་སྒྲགས་ཟུར་མཁར་གྱི་བུ་མོ་སྤྲེེའུ་ལོ་མ་ལུས་
ཕྲ་ལ་རྣམ་གཞག་ཚང་བ། ཤེས་རབ་ཆེ་ལ་ཆོས་ལ་མོས་པ། ཡིད་དུ་འོང་ཞིང་སོ་ཞོ་ཡོད་པ། སྨིན་མཚམས་ན་སྨེ་བ་པདྨ་འདྲ་བ་ཡོད་པ། མཚོ་རྒྱལ་གྱིས་བྱིན་གྱིས་བརླབས་པ་ཞིག་འབྱུང་བས་དེ་ལ་གདམས་པ་རྣམས་བྱིན་ན་ཁ་རག་གི་ཕུར་ལྷག་མེད་ལ་འཚང་རྒྱ་ཞིང་དར་ཆ་ཡང་བག་ཙམ་འབྱུང་ངོ་། །དེ་མིན་འགྲོ་དོན་མི་འབྱུང་ཞིང་ཐམས་ཅད་བདུད་ཀྱིས་བསམ་པ་བསྒྱུར་བས་དེ་ལ་མོས་པ་ཤིན་ཏུ་ཉུང་ངོ་། །དེ་དང་འབྲེལ་ཚད་དོན་དང་ལྡན་པས་ཐར་པའི་ལམ་སྣ་ཟིན་པར་འགྱུར་རོ། །དེའི་ཚེ་ཚད་དགུང་ལོ་ལྔ་བཅུ་རྩ་དགུ་སྟེ་ཚེའི་སྒྲུབ་པ་བྱས་ན་དར་ཅིག་ཕྱིར་བསྣུར་ཞིང་གཞན་དུ་བར་ཆད་ཀྱིས་ལྔ་བཅུ་རྩ་དགུའི་གོང་དུ་འདའ་བར་ཡང་སྲིད། དེ་ནས་དམ་སེལ་གྱིས་འདའ་བའི་ཚུལ་སྟོན་པས་དམ་སེལ་བཤགས་པ་ལ་འབུངས། དེ་ལྟར་བྱས་ན་དགུང་ལོ་ཚད་དུ་བཞུགས་པས་དེའི་དུས་སུ་མཁའ་འགྲོ་སྡེ་ལྔས་བྱིན་གྱིས་བརླབས་པའི་བུད་མེད་ཅིག་འབྱུང་སྟེ་དེས་ཕྱག་རྒྱ་བྱས་པས་ཚེ་ལ་གསོས་ཐེབས་ཏེ་ཚེ་ཚད་ལས་ལྷག་པར་བཞུགས་སོ། །དེ་དུས་ཟབ་གཏེར་རྣམས་བུམ་ཐང་སྨད་དུ་བསྐྱལ་ལོ། །གལ་ཏེ་མ་འཁྱོལ་ན་སྔར་གྱི་གཏེར་ཤུལ་ལམ་ལྷ་འདྲེ་མི་འཕོ་བའི་བྲག་ལ་སྦས་ན་ཕྱི་མ་ལ་ཐོན་པར་འགྱུར་རོ། །སྐྱེ་བ་དེ་འདས་ནས་ལོངས་སྐུའི་ཞིང་ཁམས་དར་ཅིག་ཉུལ་ལོ། །དེ་ནས་བུམ་ཐག་ཐར་པ་གླིང་དུ་སྐྱེས་ནས་ལོ་བཅོ་ལྔ་ན་བུམ་ཐང་སྨད་ཀྱི་བྲག་སེང་གེ་དང་འདྲ་བ་ལ་སྙིང་ཏིག་གི་རྒྱུད་མན་ངག་དང་བཅས་པ་ཐོན་ནས་འགྲོ་དོན་བྱེད་དོ། །དེ་ནས་གཏེར་སྒོ་མང་བར་འབྱེད་ཅིང་རྫུ་འཕྲུལ་ཡ་མ་ཟུང་སྟོན་ཏེ་བུད་མེད་ཀྱི་ལུས་བཟུང་བའི་མཁའ་འགྲོ་ལྔས་ཡུམ་བྱས་ནས་འགྲོ་དོན་འུར་བར་འགྱུར་རོ། །དྲི་མེད་འོད་ཟེར་ཞེས་གྲགས་ཏེ་རྟ་མགྲིན་གྱི་སྤྲུལ་པའི་སྲས་ཟླ་བ་གྲགས་པ་ཞེས་བྱ་བ་ཞིག་ཀྱང་འཁྲུངས་ཤིང་། སློབ་མའང་ཟབ་མོ་གནད་ཀྱིས་ཐེབས་པ་བརྒྱ་རྩ་བརྒྱད། ཆོས་ཀྱིས་འབྲེལ་པ་སྟོང་རྩ་བརྒྱད། འགྲོ་དོན་ནུས་པ་སུམ་ཅུ་འབྱུང་ངོ་། །སྦྱིན་བདག་ལ་སོགས་པ་ཟས་ནོར་
གྱིས་འབྲེལ་བ་ནི་ཤིན་ཏུ་མང་ངོ་། །དེའང་ལྷོ་བྲག་དང་མཁར་ཆུ་ལ་རྫོགས་ཆེན་གྱི་བསྟན་པ་དར་ཞིང་རྒྱས་པར་བྱེད་དོ། །དེ་དུས་ལྷོ་བྲག་གི་བྲག་སེངྒེའི་གདོང་པ་ཅན་ནས་སེམས་ཕྱོགས་ཀྱི་ཆོས་སྡེ་ཐམས་ཅད་ཐོན་པར་འགྱུར་རོ། །མོན་མཁར་སྟེང་ནས་བདག་གི་ངན་སྔགས་ཟབ་མོ་ཚོ་ཐོན་ཞིང་། མཆིམས་ཕུ་འདི་ཉིད་དུ་སྦས་པའི་ལྷ་ལྕམ་མོ་རང་གི་ཟབ་བེར་སྲུབས་མེད་དང་། གཡུ་གུང་རི་ཁ་དམར་དང་གཟི་མ ཆོང་སྤེལ་མའི་ལན་ཚར་དང་དངུལ་དཀར་གྱི་མེ་ལོང་རྒྱང་གསལ་དང་། ཨུ་རྒྱན་བདག་གི་ཆོས་གོས་གསེར་གྱི་ཧ་རིས་ཅན་དང་། ཐོད་པ་སྨུག་མཁྲེགས་ལེ་ཁ་བའི་ནང་དུ་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་དབང་བཞིའི་གདམས་པ་རྒྱུད་དང་བཅས་པ་སྦེད་པས་འདི་རྣམས་ལྷ་ལྕམ་སྐྱེ་བ་འཕོས་ཏེ་བུམ་ཐང་དུ་སྐྱེས་པའི་དུས་སུ་ཐོན་ནས་འགྲོ་དོན་དཔག་ཏུ་མེད་པ་བྱས་ཏེ་སྐྱེ་བ་དེ་ལ་མངོན་པར་རྫོགས་པར་འཚང་རྒྱས་ནས་ལོངས་སྐུའི་ཞིང་དུ་འགྲོ་དོན་བྱེད་ཅིང་སྐྱེ་བ་མི་ལེན་ནོ། །ཟངས་མདོག་དཔལ་རིར་རྒྱལ་པོ་ཉིད་དང་མཚོ་རྒྱལ་དང་། ལྷ་ལྕམ་དང་། པདྨའོ་སྐོལ་ཞལ་མཇལ་ལོ། །གསུངས་སོ། །དེར་རྒྱལ་པོ་དགྱེས་ཏེ་ཕྱག་དང་བསྐོར་བ་མང་པོ་མཛད་ནས་སློབ་དཔོན་ཆེན་པོ་ལགས། འཁོར་བའི་ཆོས་ལ་སྙིང་པོ་མི་གདའ་བས་ཚེ་འདིར་བདེ་ཞིང་ཕྱི་མར་སྐྱིད་ལ་ནམ་ཕུགས་སངས་རྒྱ་བའི་གདམས་ངག་ཅིག་ཞུ་འཚལ་ཞུས་པས། སློབ་དཔོན་གྱིས་རྒྱལ་པོ་ལ་ཡང་གསུངས་པ། ཨེ་མ་ཧོ། མངའ་བདག་རྒྱལ་པོ་ཆེན་པོ་ཡང་གསོན་ཅིག །འཇིག་རྟེན་ཆོས་ལ་སྙིང་པོ་མེད་པས་ན། །མུ་མཐར་འཁོར་ཞིང་ཡང་ཡང་སྡུག་བསྔལ་བས། །ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པར་མཛོད། །ཡུལ་གྱི་སྙིང་པོ་ཆོས་དབྱིངས་སྐྱེ་མེད་ཟུང་། །གནས་ཀྱི་སྙིང་པོ་ནགས་ཁྲོད་དབེན་པ་བརྟེན། །དགོན་པའི་སྙིང་པོ་ཆོས་ཉིད་སྟོང་གསལ་ལྟོས། ཁང་པའི་སྙིང་པོ་སེམས་ཉིད་གཉུག་མར་ཞོག །ཚང་མར་སྙིང་པོ་ཤེས་བཞིན་དྲན་པས་ཟུང་། །
མཛོད་གྱི་སྙིང་པོ་བྱང་ཆུབ་སེམས་གཉིས་བསྐྱེད། །ནོར་གྱི་སྙིང་པོ་ཚོགས་གཉིས་བརྟེན་པར་མཛོད། །སོ་ནམས་སྙིང་པོ་ཆོས་སྤྱོད་དགེ་བཅུར་འབོད། །ཕ་ཡི་སྙིང་པོ་སྙིང་རྗེས་འགྲོ་བ་ཟུང་། །མ་ཡི་སྙིང་པོ་སྟོང་བའི་གནས་ལུགས་སྐྱོང་། །བུ་ཡི་སྙིང་པོ་བསྐྱེད་རྫོགས་དབྱེར་མེད་བརྟེན། །ཆུང་མའི་སྙིང་པོ་བདེ་གསལ་མི་རྟོག་སྒོམས། །གྲོགས་ཀྱི་སྙིང་པོ་བདེ་གཤེགས་བཀའ་ལུང་ལྟོས། །ཞིང་གི་སྙིང་པོ་མི་ཕྱེད་དད་པ་བསྐྱེད། །ཟས་ཀྱི་སྙིང་པོ་སྐྱེ་མེད་བདུད་རྩི་ཟོ། །སྐོམ་གྱི་སྙིང་པོ་གདམས་ངག་བདུད་རྩི་འཐུང་། །གོས་ཀྱི་སྙིང་པོ་ངོ་ཚ་ཁྲེལ་ཡོད་གྱོན། །འཁོར་གྱི་སྙིང་པོ་མ་སྲིང་དམ་ཅན་བརྟེན། །ལོངས་སྤྱོད་སྙིང་པོ་ཆོས་སྤྱོད་སྒྲུབ་པ་མཛོད། །ལྟད་མོའི་སྙིང་པོ་རང་གི་སེམས་ལ་ལྟོས། །འདུ་འཛིའི་སྙིང་པོ་སྤྲོས་བཅས་དགེ་བ་མཛོད། །རྣམ་གཡེངས་སྙིང་པོ་བསྐྱེད་རིམ་འཕྲོ་འདུ་སྒོམས། །མཛའ་བཤེས་སྙིང་པོ་དབང་དང་དམ་ཚིག་བརྟེན། །ཆགས་སྡང་སྙིང་པོ་དུག་ལྔའི་རྩལ་སྦྱོང་གྱིས། །རྒྱན་གྱི་སྙིང་པོ་ཐོས་བསམ་ཕྱོགས་མེད་བརྟེན། །ལས་ཀྱི་སྙིང་པོ་ཟབ་མོའི་དཔེ་ཆ་བྲིས། །མགྲོན་གྱི་སྙིང་པོ་སྦྱིན་པ་ཕྱོགས་མེད་ཐོང་། །འདུན་མའི་སྙིང་པོ་བློ་ཕུགས་ཆོས་ལ་གཏོད། །མཆོད་གནས་སྙིང་པོ་དཀོན་མཆོག་གསུམ་པོ་མཆོད། །སྲི་ཞུའི་སྙིང་པོ་ཕ་མ་གུས་པས་མཆོད། །བཀུར་སྟིའི་སྙིང་པོ་རྡོ་རྗེ་སློབ་དཔོན་བསྟེན། །དམ་ཚིག་སྙིང་པོ་རང་སེམས་ཟོལ་མེད་གྱིས། །སྡོམ་པའི་སྙིང་པོ་སྡིག་པ་མཐའ་དག་སྤོང་། །ལྷ་ཁང་སྙིང་པོ་སྡོམ་གསུམ་གཙང་མ་བརྟེན། །དཀྱིལ་འཁོར་སྙིང་པོ་འོད་གསལ་འགྱུར་མེད་ལྟོས། །གདམས་པའི་སྙིང་པོ་རང་རྒྱུད་འདུལ་བར་མཛོད། །ལྟ་བའི་སྙིང་པོ་སྟོང་གསལ་འགྱུར་མེད་ལྟོས། །སྒོམ་པའི་སྙིང་པོ་སེམས་ཉིད་ཇི་བཞིན་ཞོག །སྤྱོད་པའི་སྙིང་པོ་གཉིས་འཛིན་འཁྲུལ་པ་གཞིག །འབྲས་བུའི་སྙིང་པོ་མ་བཙལ་ལྷུན་གྱིས་གྲུབ། །དེ་ལྟར་མཛད་ན་འདིར་བདེ་ཕྱི་མར་སྐྱིད། །མྱུར་དུ་རྫོགས་
པའི་སངས་རྒྱས་འཐོབ་པར་འགྱུར། །ཞེས་གསུངས་པས་རྒྱལ་པོ་དགྱེས་ཏེ་ཕྱག་དང་བསྐོར་བ་མང་དུ་མཛད་དོ། །དེ་ནས་ལྷ་ལྕམ་གྱི་ཟབ་བེར་གདམས་ངག་དང་བཅས་པ་བསེ་སྒྲོམ་བ་གམ་སྨུག་པོར་བཅུག་སྟེ་གཏེར་དུ་སྦས་ནས་ལྷ་ལྕམ་ཉིད་དང་འཕྲད་པར་སྨོན་ལམ་བཏབ་ནས་སློབ་དཔོན་གྱིས་ལྷ་ལྕམ་གྱི་རོའི་སྙིང་ཁར་ཤེས་རབ་མཚལ་གྱི་ནྲྀ་ཅིག་བྲིས་ཏེ་རྣམ་ཤེས་བཀུག་པས་དབུགས་ཕྱུང་སྟེ་སྨྲ་ཤེས་པ་བྱུང་ངོ་། །དེ་ནས་མཁའ་འགྲོ་སྙིང་ཏིག་གི་དབང་བསྐུར་ཏེ་གསང་མཚན་པདྨ་ལས་འབྲེལ་རྩལ་དུ་བཏགས་ཤིང་བུ་མོས་དཔེ་སྒྲོམ་སྤྱི་བོར་བཟུང་ནས་མ་འོངས་པའི་དུས་སུ་ཆོས་འདི་དང་འཕྲད་དེ་སེམས་ཅན་ལ་ཕན་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་སློབ་དཔོན་གྱིས་ལྷ་ལྕམ་ལ་ཚེ་སྔོན་གྱི་ལས་སད་པ་དང་ཡབ་སྲས་སློབ་དཔོན་དང་བཅས་ཏེ་འཕྲད་དོ་ཞེས་གསུངས་ནས་སླར་རྣམ་ཤེས་དོན་པ་དང་རོ་དེ་ཉིད་དུ་བསྲེགས་པའི་ཚུལ་བསྟན་ཞིང་མོའི་སྒྲིབ་པ་སྦྱང་བའི་ཕྱིར་སློབ་དཔོན་གྱིས་བསྣམས་ཏེ་སྐད་ཅིག་ལ་ཨོ་རྒྱན་དུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་མཛད་དོ། །ཡང་སྐད་ཅིག་ལ་བྱོན་ཏེ་གསུངས་པ། མཚོ་རྒྱལ་ཇི་ལྟར་བྱུང་བ་འདི་རྣམས་དཀར་ཆག་ལ་ཐོབ་ཅིང་། ཟབ་གཏེར་གྱི་ཟླ་ལ་སྦས་པས་ཕྱིས་མོ་རང་དང་འཕྲད་དུས་ཡིད་ཆེས་པའི་དགོས་པ་ཡོད་དོ་གསུངས་དུས་ཇོ་མོས་ཡི་གེར་བཏབ་བོ། །དེ་ནས་ཇོ་མོས་སློབ་དཔོན་ལ་ཞུས་པ། སྙིང་ཏིག་གསང་བའི་གདམས་པ་འདི་རྣམས་སྤེེལ་ལམ་སྦེད་པར་བྱ་ཞུས་པས་སློབ་དཔོན་གྱི་ཞལ་ནས་འདི་རྣམས་ད་ལྟ་སྤེལ་བའི་དུས་ལ་མ་བབས་པས་གཏེར་དུ་སྦེད་དགོས། ལྷ་ལྕམ་གྱི་དཔེ་སྒྲོམ་སྤྱི་བོར་བཞག་ནས་སྨོན་ལམ་བཏབ་པས་མོའི་ཆོས་སྐལ་ཡིན་མོད། ད་སྟེ་ལོ་འགའ་ན་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་འབྱོན་པས་ཁོང་གི་གདུལ་བྱ་དུས་ལ་བབས་ཏེ་སྙིང་ཏིག་གི་བསྟན་པ་རྒྱས་པར་འགྱུར་རོ། །བདག་གི་མཁའ་འགྲོ་སྙིང་ཏིག་གི་བསྟན་པ་འདི་སྙིང་ཏིག་སྔ་འགྱུར་འཆལ་ཏེ་ནུབ་ཏུ་ཉེ་བའི་དུས་སུ་བསྟན་པ་ནུབ་ཁར་གསལ་ཏེ་རྒྱས་ལ་དྲག་པ་ཡུན་
ཐུང་བ་མར་མེ་འཆི་ཁར་གསལ་བ་ལྟ་བུ་འབྱུང་ངོ་། །དེའང་སྤྱིར་རྙིང་མའི་བསྟན་པ་རྒྱས་ལ་ཡུན་ཐུང་། དེའི་ནང་ནས་གཏེར་གྱི་བསྟན་པ་ལྷག་པར་གཏེར་སྒོ་ཕྱེད་པ་དང་རྒྱས་པ་མཉམ་ཞིང་། སྐལ་ལྡན་གཏེར་གྱི་བདག་པོ་མི་བཞུགས་པ་ན་ཕལ་ཆེར་འགྲིབ་པ་ཡིན་ནོ། །དེའི་ཕྱིར་སྦ་བར་བྱའོ་གསུངས་ནས་ཀུ་སུ་ལའི་སྐོར་རྣམས་དྭགས་པོ་དང་ལུང་ཁྲ་མོ་བྲག་གི་བྲག་བྱ་སྐྱིབས་ཅན་ལ་སྦས་ཤིང་། རྒྱུད་དང་མན་ངག་རྒྱ་ཆེ་བ་མཁས་པ་པཎྜི་ཏའི་སྐོར་རྣམས་བུམ་ཐང་སྨད་ཀྱི་བྲག་སེངྒེ་འདྲ་བ་ལ་སྦས་ནས་གཟའ་དང་མ་མོ་དང་བདུད་དང་གཏེར་བདག་གི་མཁའ་འགྲོ་མང་པོ་ལ་གཏད་ནས་མི་ལོ་ལྔ་བཅུ་ཁ་རལ་ན་སྐལ་ལྡན་ལས་ཅན་དེ་ལ་གཏོད་ཅིག་ཅེས་བཀའ་བསྒོས་སོ། །དེའི་དུས་སུ་ཤིན་ཏུ་ཟབ་པའི་ཡང་གཏེར་ཆེན་པོ་ལྔ་སྦས་པ་ལ་དབུས་སུ་ཟུག་པ་རྩ་བའི་སྐོར་ལ་ཞི་ཁྲོ་བསྐྱེད་རྫོགས་སུ་འབྲེལ་བ་མཆིམས་ཕུར་སྦས་ཏེ་སྐུ་ཡི་གཏེར་རོ། །ལྷོ་ཕྱོགས་སུ་འདྲིལ་བ་སྡོང་པོའི་སྐོར་ལ་བདེ་གཤེགས་འདུས་པ་ལ་སོགས་པ་རྒྱས་པའི་ལས་གཙོ་བོར་གྱུར་པ་མཁར་ཆུར་སྦས་ཏེ་ཡོན་ཏན་གྱི་གཏེར་རོ། །སྨན་ལ་སོགས་པ་ཡོན་ཏན་དུ་གྲགས་པ་ནི་ཕལ་པ་སྟེ་མཆོག་གི་ཡོན་ཏན་གྱི་གཏེར་ལ་མ་རེག་གོ །ནུབ་ཕྱོགས་སུ་གསལ་བ་མེ་ཏོག་གི་སྐོར་ལ་རིག་འཛིན་དང་མཁའ་འགྲོའི་ཆོས་སྡེ་ཟབ་མོ་གཙོ་བོར་དབང་དང་འབྲེལ་པ་ལྷ་རིང་བྲག་ཏུ་སྦས་ཏེ་གསུང་གི་གཏེར་རོ། །བྱང་ཕྱོགས་སུ་གྱེས་པ་ཡལ་གའི་སྐོར་ལ་ཡང་ཕུར་རྟ་ཕག་དང་བཅས་པ་དྲག་སྔགས་ཕྲིན་སྒྲུབ་དང་འབྲེལ་བ་འཕྲིན་ལས་གཙོ་བོར་གྱུར་པ་ཟངས་ཡག་ནམ་མཁའ་རྫོང་དང་ཏི་སྒྲོ་བྲག་ལ་སྦས་ཏེ་འ ཕྲིན་ལས་ཀྱི་གཏེར་རོ། །ཤར་ཕྱོགས་སུ་སྨིན་པ་འབྲས་བུའི་སྐོར་ལ་ཞི་བ་མཆོག་གི་སྒྲུབ་པ་མངོན་སུམ་འོད་གསལ་གྱི་གདམས་པ་ཡེ་ཤེས་གཙོ་བོར་གྱུར་པ་མཁའ་འགྲོ་སྙིང་ཏིག་དེའི་ལེ་ལག་དང་བཅས་པ་དང་ལུང་ཁྲ་མོ་བྲག་དང་བུམ་ཐང་ལ་སྦས་ཏེ་ཞི་བ་ཐུགས་གཏེར་ཆེན་པོའོ། །དེ་ནས་དྲུག་ཅུ་རྩ་གཅིག་གླང་གི་ལོ་ལ་རྒྱལ་པོ་དགུང་དུ་
གཤེགས་དུས་སློབ་དཔོན་ཉིད་ཀྱང་དངོས་ཀྱིས་གདུལ་བྱ་དེ་ལས་མེད་པར་དགོངས་ནས་རྒྱལ་སྲས་མུ་ཏིག་བཙན་པོས་བཞུགས་པར་ཞུས་ཀྱང་མ་གནང་བར་གཤེགས་པའི་ཚེ་མང་ཡུལ་བྱེ་མའི་ལ་སོ་ལ་ཐུག་བར་བསྐྱལ་ནས་ཕྱག་དབུ་ཐོད་བུད་བུད་བཙལ་བསྐོར་བ་མང་པོ་བྱས་ཏེ། ངེད་བོད་ལ་ཐུགས་རྗེས་གཟུང་བར་ཞུས་ནས་སྤྱན་ཆབ་མང་པོ་བཏོན་པས། སློབ་དཔོན་ཆེན་པོའི་ཞལ་ནས། ལྷ་སྲས་བཙན་པོ་འཇིག་རྟེན་གྱི་སྣང་བ་སྒྱུ་མ་དང་འདྲ་བས་རྟག་ཏུ་ཆོས་སྐུའི་རྩལ་སྦྱོང་མཛོད་ཅིག །འདུས་བྱས་ཆུའི་ལྦུ་བ་དང་འདྲ་བས་འཇིགས་མེད་ཐར་པའི་ལམ་སྣ་ཟུང་ཞིག །མི་རྟག་པ་རྩ་ཁའི་ཟིལ་པ་དང་འདྲ་བས། སེམས་ཉིད་གཉུག་མའི་གཏན་སྲིད་ཟུང་ཞིག ། འདུས་བྱས་ཚོང་ཁང་གི་འགྲོན་པོ་དང་འདྲ་བས། འབྲལ་མེད་བདེ་ཆེན་གྱི་གྲོགས་དང་འགྲོགས་ཤིག །འདི་ཕྱིར་ཕན་པ་དམ་པའི་ཆོས་ལས་མེད་པས། རྗེ་འབངས་ཐམས་ཅད་དམ་པའི་ལྷ་ཆོས་མཛོད་ཅིག །སྤྲེལ་ལོ་སྤྲེལ་ཟླ་བའི་ཚེས་བཅུ་ལ་ང་ཡང་བོད་ཀྱི་ཡུལ་དུ་ལན་རེ་འོང་ཞིང་། ལས་ཅན་རྣམས་ལ་རྒྱུན་ཏུ་སྣང་བས་ཐུགས་ངལ་མ་མཛད་པར་ཡུན་རིང་དུ་ཅི་བདེར་བཞུགས་འཚལ་ལོ། །ཞེས་གསུངས་ནས་སློབ་དཔོན་ཆེན་པོ་དང་། ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གཉིས་ནམ་མཁའི་དཀྱིལ་ན་ཕར་འོད་ཟེར་དང་བཅས་ཏེ་ལྷོ་ནུབ་རྔ་ཡབ་ཀྱི་གླིང་ཕྲན་དུ་བུན་གྱིས་བཞུད་དོ། །དེ་ལྟར་རིམ་གྱིས་བྱོན་པའི་བླ་མ་བཞི་པོ་ཡང་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་། རྡོ་རྗེ་སེམས་དཔའི་རྣམ་པར་འཕྲུལ་པ་ཉིད་ལས། འགྲོ་བ་རང་རྒྱུད་པ་འགས་བསྒྲུབས་པས་གྲུབ་པ་ཐོབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་གདུལ་བྱའི་སྣང་བ་དང་བསྟུན་ནས་དེ་ལྟར་བྱོན་པའོ། །རིག་འཛིན་བརྡས་བརྒྱུད་པའི་ལོ་རྒྱུས་བཤད་ཟིན་ཏོ། །དེ་ནས་གང་ཟག་སྙན་ཁུང་བརྒྱུད་པ་ནི། དེ་ལྟར་སློབ་དཔོན་ཆེན་པོས་ལུང་བསྟན་པ་བཞིན་ལྷ་ལྕམ་པདྨ་གསལ་ཉིད་རིམ་གྱིས་སྐྱེ་བ་བརྒྱུད་པ་ལས། ཚེ་ལོ་ལྔ་བཅུ་ཁ་རལ་
ཏེ་མི་རྣམས་ཕལ་གྱིས་བཞི་བཅུ་རྩ་ཤས་ལས་མི་ཐུབ་པའི་དུས་ན། གསལ་རྗེ་གངས་ཀྱི་ཤར་ཕྱོགས་ལྕགས་སྒྲོ མ་འབར་བ་ལྟ་བུའི་ཡུལ་དུ་སྤ་སྒང་པ་རིན་ཆེན་རྡོ་རྗེ་ཞེས་བྱ་བར་སྐྱེས་ཏེ་དྭགས་པོ་དང་ལུང་ཁྲ་མོ་བྲག་ནས་ཟབ་གཏེར་རྣམས་གླང་གི་ལོ་ལ་གདན་དྲངས་ཏེ་གནས་པ་ལས་དེ་དུས་ཉམས་སུ་མ་བླངས་པར་འཁྱམས་པས་མཁའ་འགྲོའི་བཀའ་ཆད་ཀྱིས་ཚེའི་ཚད་མཐར་མ་འཁྱོལ་བར་གཤེགས་སོ། །དེའང་ཞུས་ལེན་གསེར་ཕྲེང་ལས། སྐྱེ་བ་དེ་འདས་ནས་ལོངས་སྐུའི་ཞིང་ཁམས་དར་ཅིག་ཉུལ་ཞེས་གསུངས་པའི་དོན་ཐོག་ཏུ་བབས་ཏེ་མངོན་སུམ་འོད་གསལ་གྱི་སྣང་བ་ལྔ་ལྡན་འོད་ཀྱི་དཀྱིལ་འཁོར་སྒོམ་པའི་རྣལ་འབྱོར་པ་རྣམས་ལམ་སྣང་བའི་འོག་མིན་དུ་གནས་པའོ། །དེ་ནས་གཡོ་རུ་གྲྭའི་ཕུ་སྟོད་གྲོང་ཞེས་བྱ་བར་ཡབ་སློབ་དཔོན་བསྟན་བསྲུང་བ་དང་། ཡུམ་འབྲོ་བཟའ་མོ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། ལོ་བདུན་ནས་ཀློག་བྱང་བར་ཤེས་ཏེ། བདེ་གཤེགས་འདུས་པ་དང་ཕུར་པ་དང་། གུ་རུའི་ལས་བྱང་ཕྲིན་སྒྲུབ་དང་བཅས་པ་ལ་སྦྱངས་པས་ལོ་བཅུ་ན་ཤེས་པར་གྱུར་ཅིང་རྩིས་དང་མདོས་ལ་སོགས་པ་ཡང་བསླབས་སོ། །དེ་ནས་ལོ་བཅུ་གསུམ་ན་རབ་ཏུ་བྱུང་ཏེ། མཁན་པོ་བསམ་འགྲུབ་རིན་ཆེན་གྱི་དྲུང་དུ་དམ་པའི་ཆོས་འདུལ་བ་ལ་སྦྱངས་ཤིང་། འདུལ་བ་ལུང་དང་། སོ་སོ་ཐར་པའི་མདོ་དང་འོད་ལྡན་ལ་སོགས་པ་ཕྲན་ཚེགས་རྣམས་ལ་གསན་པར་མཛད་དོ། །དེ་ནས་དཔལ་གསང་ཕུ་ནེའུ་ཐོག་ཏུ་སློབ་དཔོན་ཆེན་པོ་བླ་བྲང་པ་ལ་སོགས་པ་ལས་བྱམས་པའི་ཆོས་དང་རྟོག་གེའི་ཚུལ་ལ་སོགས་པ་ལ་ཐོས་པ་མཛད་དོ། །དེ་ནས་སློབ་དཔོན་གཞོན་ནུ་རྒྱལ་པོ་ལ་སོགས་པ་ལས་དབུ་མ་ཚིག་གསལ་དང་། འཇུག་པ་ལ་སོགས་པ་དབུ་མའི་གཞུང་དང་མན་ངག་རྣམས་ལ་ལེགས་པར་སྦྱངས་སོ། །དེ་ནས་སློབ་དཔོན་གཞོན་ནུ་དོན་འགྲུབ་ལ་སོགས་པ་ལས་གསང་བ་འདུས་པ་དང་། གསང་ལྡན་དང་། གཙུག་དགུ་དང་།
སྤྱོད་རྒྱུད་ལ་སོགས་པ་དང་། མདོ་རྒྱུད་ལུང་སེམས་ཕྱོགས་ཀྱི་རྒྱུད་ལུང་མན་ངག་དང་བཅས་པ་ལེགས་པར་གསན་ནོ། །དེ་ནས་སློབ་དཔོན་བཀྲ་ཤིས་རིན་ཆེན་ལ་སོགས་པ་ལས་བདེ་མཆོག་དང་། ལམ་འབྲས་དང་། སྦྱོར་དྲུག་དང་། ཞི་བྱེད་དང་། རྫོགས་ཆེན་སེམས་ཕྱོགས་ལ་སོགས་པ་མན་ངག་དུ་མ་དང་རྒྱུད་ལུང་ལ་སྦྱངས་སོ། །དེ་ནས་སློབ་དཔོན་གཞོན་ནུ་རྡོ་རྗེ་ལ་སོགས་པ་ལས་སྤྱོད་འཇུག་དང་བསླབ་བཏུས་དང་། བསྟན་རིམ་དང་། ལམ་རིམ་ལ་སོགས་པ་ཇོ་བོའི་ཆོས་སྐོར་བཀའ་གདམས་ལུགས་རྣམས་དང་། དོ་ཧ་དང་། ཕྱག་ཆེན་དང་། གཅོད་ཡུལ་ལ་སོགས་པའི་མན་ངག་དུ་མ་གསན་ནོ། །སློབ་དཔོན་དུ་མ་ལས་ཐུན་མོང་གི་སྒྲུབ་སྡེ་སྣ་ཚོགས་པ་གསན་ཞིང་མཁྱེན་པར་མཛད་དོ། །དེ་ནས་བླ་མ་དམ་པ་ཀུ་མ་རཱ་ཛའི་དྲུང་དུ་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་དབང་ཁྲིད་རྒྱུད་ལུང་མན་ངག་དང་བཅས་པ་དུ་མ་དང་། གུ་རུའི་གཏེར་ལུང་ཕྲན་ཚེགས་མང་པོའི་དོན་གསན་ཅིང་ཐུགས་ཉམས་སུ་བཞེས་སོ། །དེ་ནས་ཤིང་མོ་ཡོས་ཀྱི་ལོའི་དགུན་གཅིག་མཆིམས་ཕུའི་རི་ལ་སྒྲུབ་པ་མཛད་ཅིང་རི་མོ་ཅན་གྱི་གནས་སུ་སྐལ་ལྡན་ཕོ་མོ་བརྒྱད་ལ་གསང་བ་སྙིང་ཏིག་གི་དབང་ཁྲིད་བྱེད་དུས་གློ་བུར་དུ་མཁའ་འགྲོ་དང་། བཀའ་སྲུང་མང་པོ་བབས་ཏེ་མཁའ་འགྲོ་སྙིང་ཏིག་གི་ཆོས་བཀའ་འབྱེད་པར་བསྐུལ་ནས། རྣལ་འབྱོར་པ་འོད་ཟེར་གོ་ཆ་དཔེ་ལེན་དུ་བཏང་སྟེ་འཁོར་དུས། མཁའ་འགྲོའི་འདུ་བ་དཔག་ཏུ་མེད་པ་དེ་ན་ཡོད་པའི་རྣལ་འབྱོར་པ་ཀུན་གྱིས་མཐོང་ཞིང་། མཚན་མོ་ཕྱོགས་ཀུན་ཏུ་མཁའ་འགྲོའི་རང་སྒྲ་དི་རི་རི་དང་། རོལ་མོའི་སྒྲ་མང་པོ་ཡང་ཐོས་ཤིང་། རྣལ་འབྱོར་ཕོ་མོ་ཀུན་གཉིད་དུ་སོང་བྱས་པས་རྨི་ལམ་མེད་ཅིང་། མ་སོང་བྱས་པས་སད་རྒྱུ་ཡང་བྱུང་སྟེ། བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཉིན་མཚན་འཁོར་མོར་གནས་པ་ཟླ་བ་གཅིག་ཏུ་བྱུང་ཞིང་། ངོ་སྤྲོད་ཀྱི་དུས་སུ་མཐིང་ག་ཁྱབ་པ་ཆེན་པོའི་འོད་དང་། ལྔ་ལྡན་ཡེ་
ཤེས་ཀྱི་འོད་ཀྱང་ཀུན་གྱིས་མཐོང་ཞིང་། ཁྲིད་དུས་དང་རྒྱབ་ཆོས་ཐམས་ཅད་ཀྱི་ཚེ་ན་ནམ་མཁའ་འཇས་ཁེངས་པ་ཟླ་བ་གཅིག་ཏུ་བྱུང་ངོ་། །དེ་ནས་གངས་རི་ཐོད་དཀར་དུ་འོངས་དུས་ཀྱང་མཁའ་འགྲོའི་འདུ་བ་མང་པོ་དང་། རང་སྒྲ་དང་སིལ་སྙན་སྒྲོགས་པ་སྐབས་སུ་བྱུང་ཞིང་། ཁྱད་པར་དུ་སྟོན་སོར་འདིའི་ཡིག་ཆ་འཇོག་པར་འོད་ཟེར་གོ་ཆས་བསྐུལ་ཏེ། བསྟན་བཅོས་ལུས་གྲུབ་ཀྱི་འགོ་བརྩམས་པ་ནས་ཡོངས་སུ་རྫོགས་ཀྱི་བར་དུ་མཁའ་འགྲོའི་གནང་བ་དང་། བྱིན་རླབས་དང་། རང་སྒྲ་དང་། བྱིན་གྱིས་བརླབས་པའི་མཚན་མ་བཟང་པོ་སྣ་ཚོགས་སུ་བྱུང་ངོ་། །དེའི་ཕྱིར་ཆོས་འདི་ནི་ཤིན་ཏུ་གཉན་ཞིང་བྱིན་རླབས་ཀྱི་སྤྲིན་ཕུང་འདུ་བས། ཚེ་འདི་ཉིད་ལ་གྲོལ་བའི་གནད་དཔག་ཏུ་མེད་པ་ཡོད་དོ། །འདིའི་ངོ་མཚར་དང་ལྟས་ཀྱི་རིམ་པ་བྱུང་བ་དེ་ལྟ་བུ་གཏེར་ཁ་གཞན་ལ་བྱུང་བ་མ་ཐོས་ཤིང་། མི་སྣང་སྟེ་ཆོས་ཀྱི་གནད་དང་ཟབ་དོན་མི་གཅིག་པའི་ཕྱིར་རོ། །ངོ་མཚར་བའི་ལོ་རྒྱུས་ཞིབ་ཏུ་བཤད་ན་དཔག་ཏུ་མེད་དེ། དེང་སང་དུས་སྙིགས་པ་དང་། མི་རྣམས་ཕལ་ཆེར་བདུད་ཀྱི་ཕྱོགས་ལ་དད་པས། སྐུར་པ་འདེབས་ཤིང་ཟོག་ཏུ་མཐོང་བ་ཙམ་ལས་མེད་པས་མི་སྤྲོ་ཞིང་། ཡེ་ཤེས་དང་ལས་ལས་གྲུབ་པའི་མི་མ་ཡིན་པ་ཉིད་བདག་གི་དཔང་པོར་བཞུགས་པས་དེས་ཆོག་གོ །ད་ནི་ཕྱི་རབས་ཀྱི་དད་ལྡན་རྣམས་ལ་རྗེས་སུ་གདམས་པ། ལས་སྨོན་དག་པས་འབྲེལ་བའི་སློབ་མ་དང་། །དད་ལྡན་སྐྱེ་བོ་རྣམས་ལ་བསྐུལ་བའི་ཚིག །རྣ་བའི་བདུད་རྩི་སེམས་ཀྱི་སྨན་འདི་ཉིད། །སྙན་པའི་བཀའ་མཆིད་ལགས་ཀྱིས་གསན་པར་མཛོད། །ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ལང་ཚོ་མི་རྟག་སོས་ཀའི་མེ་ཏོག་འདྲ། །ལུས་ནི་མི་རྟག་གཞན་གྱི་གཡར་པོ་འདྲ། །ནོར་རྣམས་མི་རྟག་རྩ་བའི་ཟིལ་པ་འདྲ། །མཛའ་བཤེས་མི་རྟག་ཚོང་ཁང་མགྲོན་པོ་འདྲ། །འདུས་ཀྱང་འབྲས་བས་ལམ་མཐུན་གྲོགས་དང་འདྲ། །འཆི་བདག་མི་སྡོད་ནུབ་རིའི་གྲིབ་མ་འདྲ། །འཇིག་རྟེན་ཕྱི་མ་སོ་ཁའི་ཉ་རྔོས་འདྲ། །ཚེ་འདིའི་སྣང་བ་མདང་སུམ་རྨི་ལམ་འདྲ། །འདོད་ཡོན་རྣམས་
ནི་སྒེག་མོ་གཡོན་ཅན་འདྲ། །ནམ་ཡང་མི་ངོམས་སྲེད་པས་ཆང་འཐུང་འདྲ། །དོན་མེད་བྱ་བ་ཆུ་བོའི་གཉེར་མ་འདྲ། །འཁོར་བའི་སྡུག་བསྔལ་རྒྱ་མཚོའི་རྦ་རླབས་འདྲ། །གཅིག་ལས་གཅིག་བརྒྱུད་མེ་ཏོག་ཕྲེང་བརྒྱུས་འདྲ། །འགྲོ་དྲུག་འཁོར་བ་ཤིང་རྟའི་འཕང་ལོ་འདྲ། །གཅིག་ནས་གཅིག་བརྒྱུད་ཟོ་ཆུའི་འཁྱུད་མོ་འདྲ། །དལ་འབྱོར་རྙེད་དཀའ་རིན་ཆེན་གྲུ་བོ་འདྲ། །ནམ་འཇིག་མི་ཤེས་ཆུ་ཡི་ལྦུ་བ་འདྲ། །ངན་སོང་གནས་གསུམ་ཐེམ་རྩྭའི་གད་གཡང་འདྲ། །ལྷུངས་ནས་མི་ཐར་འཆི་བདག་ཁ་ནང་འདྲ། །ལས་དང་ཉོན་མོངས་མཚན་མོའི་མུན་རུམ་འདྲ། །གར་འགྲོ་ཆ་མེད་འགྲོན་པོ་ལམ་འཁྱམས་འདྲ། །རང་སེམས་དགེ་བ་སྤྲིན་རུམ་གློག་དང་འདྲ། །ཐར་ལམ་སྣང་བ་རིན་ཆེན་སྒྲོན་མེ་འདྲ། །དམ་པའི་བླ་མ་དེད་དཔོན་སྨན་པ་འདྲ། །གཅིག་ཏུ་ཕན་བརྩོན་བདེ་གཤེགས་དབང་པོ་འདྲ། །གདམས་པ་སྨན་འདྲ་ལེགས་པར་མཁྱེན་མཛོད་ལ། །ད་རེས་ཚེ་འདིའི་ཐར་ལམ་ཟིན་པར་མཛོད། །འདི་ཕྱིར་ཕན་པ་དམ་པའི་ཆོས་ཡིན་ལ། །དེ་ཉིད་སྤྱད་པས་འཁོར་བའི་ཕ་རོལ་འགྲོ། །འཆི་བ་བས་ཀྱང་སྐྱེ་བ་ཉམ་ང་ཞིང་། །གང་དུ་སྐྱེས་ཀྱང་སྲིད་ན་བདེ་བ་མེད། །མེ་ཆེན་འོབས་དང་འདྲ་བར་རྒྱལ་བས་གསུངས། །དམ་པའི་བླ་མ་རྣམས་དང་འཕྲད་གྱུར་ཅིང་། །ཟབ་མོའི་གདམས་པ་ལེགས་པར་ཐོབ་བཞིན་དུ། །བརྩོན་པའི་སྟོབས་ཀྱིས་སྒྲུབ་པར་མི་བྱེད་ན། །དེ་ལས་བསླུས་པ་བདག་ལ་གང་ཞིག་ཡོད། །ཐོས་པ་ཙམ་གྱིས་སྡུག་བསྔལ་མི་གྲོལ་ཏེ། །སྨན་དཔྱད་ཐོས་པས་ནད་ལས་གྲོལ་ནུས་སམ། །དང་པོར་ཐོས་པས་མ་ནོར་ཐག་བཅད་ནས། །བསམས་པས་ཐེ་ཚོམ་སྒྲོ་འདོགས་ཀུན་བཅད་དེ། །བསྒོམས་ཤིང་ཉམས་སུ་བླངས་པས་སྡུག་བསྔལ་གྲོལ། །དེ་ཕྱིར་མ་ནོར་ཟབ་མོའི་དོན་ཤེས་ནས། །གཅིག་པུར་ནགས་སུ་སྒྲུབ་པ་མཆོག་ཏུ་གཅེས། །དེང་སང་ཚེ་ལོ་ལྔ་བཅུ་ཁ་རལ་ཏེ། །ཚད་དུ་ཐུབ་ཀྱང་ཕྱེད་ཙམ་གཏི་མུག་གཉིད། །ཕྱེད་ལའང་སུམ་གཉིས་རྣམ་གཡེང་འདུ་འཛི་སྟེ། །སུམ་ཆ་གཅིག་ལའང་དབང་པོའི་ཆོམ་རྐུན་མང་། །དེ་ལྟར་དཔྱད་ནས་ཆོས་ལ་ངས་སྦྱངས་ཤེས། །ཡུན་དུ་སྒོམ་ཞིང་སྒྲུབ་པའང་
ཡི་མུག་སྐྱེ། །འགྲོ་བ་གཞན་རྣམས་སྨོས་ཀྱང་ཅི་ཞིག་དགོས། །ཉོན་མོངས་རྣམས་ནི་ཐོག་མ་མེད་དུས་ནས། །སེམས་ལ་གོམས་ཤིང་བག་ཆགས་རྒྱུན་མི་འཆད། །དེ་ཡི་དབང་གིས་འཁྲུལ་སྣང་འཁོར་བར་འཁྱམས། །འདི་ཙམ་དུས་ན་ཐར་ཞེས་ཚད་གཟུང་མེད། །འཆི་བའི་དུས་ན་དྲན་ཡང་རབ་ཏུ་འཕྱིས། །མགོ་བོ་བཅད་ལ་གསོས་སྨན་ཕན་ཅི་ཡོད། །འཁོར་བའི་གྲོང་ན་འགྲོ་ཀུན་ཉམ་རེ་ཐག །རྒྱལ་པོའི་བཙོན་རས་བཅིངས་པའི་མི་བཞིན་དུ། །ནམ་ཡང་བདེ་མེད་སྡུག་བསྔལ་རྒྱུན་རེ་རིང་། །སྲིད་ནས་ཐར་པའི་ཐབས་ལ་བརྩོན་པར་མཛོད། །སྟོན་པ་འཇིག་རྟེན་སྒྲོན་མེ་བྱོན་གྱུར་ཅིང་། །དམ་ཆོས་ཉི་མ་དམ་པའང་མ་ནུབ་ལ། །ཐར་པའི་ལམ་བཟང་ཕྱོགས་ནི་ཤེས་དུས་འདིར། །སྙིང་ནས་ཆོས་ཀྱི་ལམ་ལ་འབད་པར་མཛོད། །དལ་ཞིང་འབྱོར་པས་བརྒྱན་པའི་ལུས་འདི་ཡང་། །ནམ་འཇིགས་མི་ཤེས་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་གང་འབྱུང་ངེས་པ་མེད་པས་ན། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཚེ་འདིའི་བྱ་བ་ཤི་ཤིར་ཟིན་པ་མེད། །ནམ་གཞག་ཚེ་ན་ཟིན་པ་ཆོས་ཉིད་ཡིན། །ཆོས་ལ་དད་པའི་བསམ་པ་འབྱུང་དཀའ་བས། །ནམ་དྲན་ཚེ་ན་ཆོས་ལ་སྒྲུབ་པར་མཛོད། །འཁོར་དང་ལོངས་སྤྱོད་བསོད་ནམས་རྣམ་གཡེང་རྣམས། །བདུད་ཀྱི་ཆོས་ལ་བར་ཆད་སྤྲུལ་བས་ན། །རྙེད་དང་བཀུར་སྟིས་བློ་བྲིད་ཤེས་བྱས་ཏེ། །ཆོག་ཤེས་ལྡན་པས་དབེན་པའི་ནགས་སུ་སོང་། །མདོར་ན་སྐྱེས་པའི་ཐ་མ་འཆི་བ་སྟེ། །འདུས་པའི་ཐ་མ་དེ་བཞིན་འབྲལ་བ་ཡིན། །བསགས་པ་འཛད་ཅིང་འབྱོར་པ་རྒུད་པས་ན། །འཁོར་བའི་ཆོས་ལ་སྡུག་བསྔལ་ཤེས་བྱས་ལ། །ཞི་བའི་ལམ་ལ་ཡང་དག་འཛེགས་པ་དང་། །བྱམས་དང་སྙིང་རྗེའི་འགྲོ་བའི་དོན་བྱེད་ཅིང་། །སྟོང་ཉིད་སྙིང་རྗེས་ཉིན་མཚན་འདའ་བར་མཛོད། །དམན་སར་འགྲོ་བ་དམ་པའི་ལམ་མིན་ཞིང་། །
གཞན་དག་འདྲེན་པ་ཤིང་རྟ་ཆེན་པོའི་སྲོལ། །བྱང་ཆུབ་སེམས་ཀྱིས་ཆོས་ཀུན་ཟིན་པར་མཛོད། །ལྟ་བའི་རྒྱལ་པོར་རང་བྱུང་ཡེ་ཤེས་ལྟོས། །སྒོམ་པའི་རྒྱལ་པོར་འོད་གསལ་ལྷུན་གྲུབ་བསྒོམས། །སྤྱོད་པའི་རྒྱལ་པོར་སྣང་སྲིད་སྒྱུ་མར་སྦྱོངས། །འབྲས་བུའི་རྒྱལ་པོར་གདོད་མའི་ཟད་སར་སྐྱོལ། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་འགྱུར། །འདི་ནི་གཞི་རྫོགས་རང་བཞིན་གཉུག་མའི་དོན། །ཕན་པའི་གདམས་ངག་ལགས་ཀྱིས་ཐུགས་ལ་ཞོག །ཕྱི་དུས་མངོན་རྫོགས་རྒྱལ་པོའི་ཞིང་ཁམས་སུ། །བདག་དང་དད་ལྡན་འགྲོ་ཀུན་མཇལ་བར་སྨོན། །ཞེས་ལེགས་པར་གསུངས་སོ། །དེ་དག་ཀྱང་རང་གི་ཆེ་བའི་ཡོན་ཏན་མངོན་པར་རློམ་པ་མ་ཡིན་གྱིས། ཇི་ལྟར་གནས་པའི་དོན་བརྗོད་པས་ཕྱི་རབས་ཀྱི་དད་ལྡན་རྗེས་སུ་འཛིན་པའི་དགོས་པ་ཡོད་དོ། །གང་ཟག་སྙན་ཁུང་དུ་བརྒྱུད་པའི་ལོ་རྒྱུས་བཤད་ཟིན་ཏོ། །ཇི་ལྟར་ལེགས་བཤད་སྤྲིན་གྱི་གཞོན་པའི་བླ་རེ་ལས། །ཚིག་དོན་རྣམ་བཀྲའི་ཆར་གྱི་སྣང་བ་རབ་བསིལ་བས། །མ་ལུས་འགྲོ་ཀུན་དད་བརྒྱའི་ལོ་ཐོག་ལེགས་བསྐྲུན་ཏེ། །ཀུན་ཀྱང་བདེ་ཆེན་ཀུན་ཏུ་བཟང་པོའི་རང་བཞིན་ཤོག །དེང་ནས་ལུས་ཅན་ཐར་པའི་ལམ་ལ་བདག་གིས་མ་ལུས་རབ་བཀོད་དེ། །སྲིད་པའི་གྲོང་ལས་ཐམས་ཅད་ཞི་དབྱིངས་བདེ་གཤེགས་དབང་པོའི་སར་གཞོལ་ནས། །འཁོར་བའི་རྒྱ་མཚོ་མཐའ་དག་ཡོངས་སྟོང་ཕྱམ་ཅིག་མྱ་ངན་འདས་པ་ཡི། །རྒྱལ་བའི་ཕོ་བྲང་མ་ལུས་ཡོངས་གང་མཁའ་དབྱིངས་པདྨོའི་འཁྱིལ་བར་ཤོག །རིག་དང་གྲོལ་བའི་རྟ་བདུན་གྱིས་བསྐྱོད་བློ་གྲོས་ཡངས་པའི་ནམ་མཁའ་ལ། །དྲི་མེད་འོད་ཟེར་ཀུན་ནས་རྒྱས་པའི་ཉི་མའི་སྙིང་པོ་ཤར་བ་ཡིས། །གཏི་མུག་མུན་པ་རྨད་བྱུང་སེལ་ཞིང་ཉེས་པའི་ཆུ་གཏེར་ཡོངས་བསྐམས་ཏེ། །འགྲོ་ཀུན་ཐར་པའི་ལམ་བཟང་སྣང་ཞིང་སྐལ་བཟང་པདྨ་འཛུམ་པར་ཤོག །མ་ལུས་མི་ལུས་ལུས་པ་མེད་པའི་སྐྱབས་དང་
དཔུང་གཉེན་མཆོག་གཅིག་པུ། །ཇི་ལྟ་ཇི་སྙེད་ཇི་བཞིན་གཟིགས་པས་འགྲོ་ཀུན་འདྲེན་པའི་གཉེན་གཅིག་པུ། །སྲིད་ནས་སྲིད་འགྲོ་སྲིད་ལས་རྣམ་གྲོལ་དེད་དཔོན་བླ་ན་མེད་གཅིག་པུ། །ཆོས་དབྱིངས་ཆོས་ཉིད་ཆོས་སྐུ་མངོན་གྱུར་རང་བྱུང་པདྨས་འཛིན་པར་ཤོག །རིན་ཆེན་གྲུ་བོ་ཀུན་ནས་མཛེས་འདྲ་སྲིད་པའི་མཚོ་ཆེན་སྒྲོལ་བའི་གྲུ། །མཁའ་འགྲོ་སྙིང་ཏིག་ཆོས་ཚུལ་ཟབ་མོ་སྙིང་གི་པདྨ་ལ་རེག་ཅིང་། །དྲི་མེད་ལྷ་ཡི་དཔག་བསམ་ཤིང་འདྲ་འདོད་དགུའི་རེ་བ་ཡོངས་སྐོང་བ། །རྡོ་རྗེ་ཕག་མོ་མཁའ་འགྲོའི་ཚོགས་བཅས་སྤྲིན་བཞིན་འདུ་བས་བསྐྱང་བར་ཤོག །ཆོས་ཚུལ་འདི་ཡང་ནམ་མཁའ་ཇི་བཞིན་སེམས་ཅན་དབྱིངས་མཐའ་ཀུན་ཁྱབ་ཅིང་། །རྒྱ་མཚོ་ཇི་བཞིན་གཏིང་མཐའ་དཔག་ཡས་སྐལ་ལྡན་སྐྱེ་བོས་རྟོགས་པ་དང་། །ལྷུན་པོ་ཇི་བཞིན་འཕོ་འགྱུར་མེད་པས་མི་ནུབ་རྒྱལ་མཚན་ཡོངས་བཟུང་སྟེ། །ཉི་ཟླ་ཇི་བཞིན་ཀུན་ཏུ་སྣང་བས་ཕྱོགས་བཅུར་འཕྲོ་ཞིང་རྒྱས་པར་ཤོག །གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་མཁས་གྲུབ་ཆེན་པོ་མཚོ་སྐྱེས་རྡོ་རྗེའི་སྲས་དྲི་མེད་འོད་ཟེར་གྱིས། །གངས་རི་ཐོད་དཀར་གྱི་མགུལ་དུ་སྦྱར་བ་རྫོགས་སོ།། །།དགེ་ལེགས། །ཤུབྷཾ། །བྷ་ཝནྟུ།། །།
རིན་པོ་ཆེ་དབང་གི་ཕྲེང་བ།
རིན་པོ་ཆེ་དབང་གི་ཕྲེང་བ་བཞུགས་པ་ལེགས་སོ། །རིན་ཆེན་ཤོག་སྐྱའི་སྐོར།
རྒྱ་གར་སྐད་དུ། རཏྣ་ཨབྷི་ཥིཉྩ་མ་ལེ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་དབང་གི་ཕྲེང་བ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་དཔལ་རིགས་ལྔའི་གཙོ། །དགའ་རབ་རྡོ་རྗེ་ཤྲཱི་སིདྷ་དང་། ཨོ་རྒྱན་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་སྙིང་ཏིག་གསང་བའི་སྙིང་པོ་ལས། །གཞི་ཉིད་འབྲས་བུར་སྨིན་བྱེད་ཟབ་མོའི་ལམ། །རྒྱལ་བའི་ཡོན་ཏན་མ་ལུས་སྒྲུབ་བྱེད་པ། །རིན་ཆེན་དབང་གི་ཕྲེང་བ་བཤད་པར་བྱ། །དེ་ལ་བཅུད་ཁྱད་པར་ཅན་སྒྲུབ་པ་ལ་སྣོད་དྲི་མ་མེད་པ་དགོས་པས། ཨཱོཾཿ ཐོག་མར་དེ་བསྒྲུབ་པའི་ཕྱིར་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་ཞི་ཁྲོའི་ཐང་ཀ་ལ་སོགས་པ་དཀོན་མཆོག་གི་རྟེན་བཀྲམ་པའི་མདུན་དུ། མཎྜལ་ཀྱི་དབུས་མར་མེ་ཆེ་བ་གཅིག་གི་མཐར་སྣང་གསལ་གྱི་ཕྲེང་བ་ཅི་ཙམ་འབྱོར་པས་བསྐོར་བའི་མཐར་ཕྱི་ནང་གི་མཆོད་པ་ཚོགས་དང་བཅས་པ་ལེགས་པར་བཤམས་ལ། ཐམས་ཅད་ཁྲུས་བྱས་ཏེ་གྲལ་ལ་འཁོད་པ་ན། བླ་མས་རྣལ་འབྱོར་པ་རྣམས་ལ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཕོག་ནས་ཡི་གེ་བརྒྱ་པ་བརྗོད་པའི་ཚེ། བླ་མ་ཉིད་སྐད་ཅིག་གིས་སློབ་དཔོན་པདྨ་ཐོད་ཕྲེང་རྩལ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་པང་དུ་མཁར་ཆེན་བཟའ་མཚོ་རྒྱལ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀ་རིན་པོ་ཆེ་དང་རུས་པས་བརྒྱན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་ལ། མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བར་བསམ་པའི་འོད་ཀྱིས། ནུབ་ཕྱོགས་ཨོ་རྒྱན་ནས་དེ་ཁོ་ན་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་པས་མཆོད་དེ། བདག་ལ་ཐིམ་པར་བསམ། ཨཱོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཨཱཿཧཱུྃ། ཞེས་ཅི་འགྲུབ་བཟླས་ཏེ། སྣང་སྲིད་ཐམས་ཅད་སྟོང་པའི་ངང་ལས་འོག་མིན་གྱི་ཞིང་ཁམས་འོད་ཟེར་ལྔའི་རང་བཞིན་དུ་གསལ་བའི་དབུས་ན། གཞལ་ཡས་ཁང་སྒོ་རྟ་བབས་
དྲྭ་བ་དང་དྲྭ་བ་ཕྱེད་པ་ལ་སོགས་པས་མཛེས་པ། འོག་ཞི་བ་ལ་སྟེང་ཁྲོ་བོའི་དཀྱིལ་འཁོར་དུ་གསལ་བཏབ་ལ། རྡོ་རྗེ་དྲིལ་བུ་འཛིན་པས་དབྱངས་དང་བཅས་ཏེ། ཧཱུྃ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་གཟིགས་གྱུར་པའི། །ཞི་ཁྲོ་རབ་འབྱམས་འཁོར་བཅས་གནས་འདིར་གཤེགས་ཞེས་པས། སྟེང་གི་ནམ་མཁར་བྱོན་པ་ལ་མཆོད་ཅིང་བསྟོད་ནས། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་དང་གཉིས་སུ་མེད་པར་བསམ་ལ། ཉམས་ཆག་བསྐང་བ་སྣང་གསལ་གྱི་མཆོད་པ་ཐོག་མར་དབུལ་ཏེ། སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །དྲི་མེད་འོད་གསལ་གདོད་ནས་དག་པའི་ཆོས། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ་ལ་འབུལ། །ཉམས་དང་སྒྲིབ་པའི་རང་བཞིན་ཅི་མཆིས་པ། །མ་ལུས་སྦྱང་ཕྱིར་ཐུགས་རྗེ་བཞེས་མཛོད་ལ། །གཉིས་མེད་དོན་གྱི་ཡེ་ཤེས་ཆེན་པོ་ཡིས། །ཚངས་པ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །ༀ་བཛྲ་བཱ་རཱ་ཧཱི་ཨཱ་ལོ་ཀེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད་ནས། དམ་ཚིག་སྐོང་བ་ཕྱིའི་མཆོད་པ་ནི། །འཇིག་རྟེན་འདི་འམ་གཞན་དག་ན། །མེ་ཏོག་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །ཞི་ཁྲོ་རབ་འབྱམས་ཚོགས་ལ་འབུལ། །ༀ་བཛྲ་བཱ་རཱ་ཧཱི་པུཥྤེ། དེ་བཞིན་དུ། བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་ཀྱང་སོ་སོའི་སྔགས་དང་ཕྱག་རྒྱས་དབུལ་ལོ། །དེ་ནས་སོར་ཆུད་པ་ནང་གི་མཆོད་པ་ནི། དུང་ཆེན་ཡེ་ཤེས་ལྔ་ཡི་གཞལ་ཡས་སུ། །རྩ་བརྒྱད་སྟོང་ལ་སྦྱར་བའི་ཨ་མྲྀ་ཏ། །དུས་གསུམ་རྒྱལ་བ་རྒྱ་མཚོ་མཉེས་མཛད་འདིས། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་མཉེས་གྱུར་ཅིག །ༀ་བཛྲ་བཱ་རཱ་ཧཱི་ཨ་མྲི་ཏ་ཨཱཿཧཱུྃ། ཡེ་ནས་རྣམ་དག་རྒྱལ་བ་མཉེས་མཛད་མ། །མེ་ཏོག་བདུག་སྤོས་སྣང་གསལ་སྣ་ཚོགས་དྲི། །སྒེག་མོ་ཕྲེང་ཐོགས་གླུ་གར་ཡིད་འོང་མ། །ཞི་ཁྲོ་རབ་
འབྱམས་དཀྱིལ་འཁོར་མཉེས་གྱུར་ཅིག །ༀ་བཛྲ་བཱ་རཱ་ཧཱི་ཧཱུྃ་ཏྲཱཾ་ཧྲཱི་ཨཿཧཱུཾ། ཞེས་པས་མཆོད་ནས། སྐུ་གསུང་ཐུགས་ཉིད་མི་འགྱུར་ཀུན་ཏུ་བཟང་། །བདེ་གཤེགས་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །ལོངས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །མ་སྐྱེས་ཆོས་ཉིད་དག་པའི་ཕོ་བྲང་ནས། །ཞི་དང་ཁྲོ་ཚུལ་ཐབས་མཁས་ཐུགས་རྗེའི་ལྷ། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ། །ཞི་ཁྲོ་རབ་འབྱམས་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དེ། ངང་ཉིད་ཡེ་ནས་སྤྲོས་དང་བྲལ་བ་ལ། །བཤགས་དང་བཤགས་པར་བྱ་བ་མི་དམིགས་ཀྱང་། །ཀུན་རྫོབ་སྒྱུ་མ་ཙམ་དུ་བཤགས་པར་བགྱི། །ཚངས་པ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །ཅེས་པ་དང་། ཡེ་ཤེས་སྐུ་མཆོག་ཚར་གཅིག་གཉིས་གསུམ་བརྗོད་པའི་རྗེས་ལ། རྣལ་འབྱོར་པ་རྣམས་ལངས་ཏེ་ལུས་ངག་ཡིད་གསུམ་གྱི་འགྱོད་ཚངས་ཐམས་ཅད་འཕྲལ་དག་པར་བསམ་ཞིང་། བརྐྱངས་ཕྱག་འཚལ་བས། ན་རག་གི་སྐོང་བ་རྒྱས་པ་ཚར་གཅིག །འབྲིང་བདུན། ཆུང་བ་ཡིན་ན་ཉི་ཤུ་རྩ་གཅིག་གི་བར་དུ་བརྗོད་ནས་བཤགས་པར་བྱས་པས། སྒྲིབ་པ་དང་ཉམས་ཆག་མ་བསྐང་བའི་ཕྱོགས་ནས་མར་མེ་མི་གསལ་ཞིང་ངན་ལ། བསྐངས་པ་དང་དམ་ཚིག་གཙང་བའི་ངོས་ཀྱི་མར་མེ་གསལ་བས་ཐམས་ཅད་མ་བསྐངས་ཀྱི་བར་དུ་འགྱོད་ཚངས་ཀྱི་བཤགས་པ་བྱའོ། །དེ་ནས་ཐམས་ཅད་ཀྱིས་ཡེ་ཤེས་སྐུ་མཆོག་ཚར་གསུམ་བརྗོད་ལ། ཕྱི་ནང་གི་མཆོད་པ་དང་བསྟོད་པ་བྱས་ཏེ། ཚོགས་ཀྱི་དགའ་སྟོན་ཆེར་བྱའོ། །དེས་ནི་དམ་ཚིག་གི་ཉམས་ཆག་དང་སྡིག་སྒྲིབ་ཐམས་ཅད་དག་པར་བྱེད་པའི་སྤྱི་ཁྲུས་ཆེན་མོ་ཡིན་པས་ཕན་ཡོན་དཔག་ཏུ་མེད་དོ། །རྗེེས་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པ་སྟེ་སྣོད་ཁྱད་པར་ཅན་དུ་སྒྲུབ་པའོ། །ཨཱཿགཉིས་པ་བཅུད་ཁྱད་པར་ཅན་དུ་བསྒྲུབ་པའི་ཕྱིར།
དབང་དངོས་བསྟན་པ་ལ་བརྒྱད་ལས། དང་པོ་བྱིན་རླབས་ཀྱི་སྒོ་དབྱེ་བ་མཁའ་འགྲོ་བརྡའི་དབང་ལ་གསུམ་ལས། སྔོན་འགྲོ་ནི། ཚོགས་གཏོར་རྒྱ་ཆེར་བཤམས་ཏེ། བདུད་རྩིའི་ཆུས་ཁྲུས་བྱས་ཏེ་གྲལ་དུ་འཁོད་པ་ལ་བགེགས་བསྐྲད་དེ་དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ནས། དངོས་གཞི་ནི་བླ་མས་རང་ཉིད་བླ་མ་ཡབ་ཡུམ་དུ་གསལ་བཏབ་སྟེ། སློབ་མ་རྣམས་པད་ཟླའི་སྟེང་ན་གཡུང་དྲུང་འཁྱིལ་བའི་སྟེང་ན་ཧྲཱིཿལས་རྡོ་རྗེ་ཕག་མོ་གཅིག་པུ་གྲི་གུག་དང་ཐོད་པ་འཛིན་པ་གཡོན་བརྐྱངས་གཡས་བསྐུམས་པའི་རྟིང་པ་བ་ག་ལ་གཏད་པ་ནམ་མཁའི་དཀྱིལ་ན་ཡོད་པར་སྒོམ་དུ་བཅུག་པའི་རྗེས་ལ། བླ་མས་སྟེང་གི་ནམ་མཁའ་ནས་རྡོ་རྗེ་ཕག་མོ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ལ། དམིགས་པ་དཔོད་དེ་སློབ་མའི་སྙིང་གར་ཐིམ་པར་བསམ་ཞིང་། གཡུང་དྲུང་འཁྱིལ་བ་འཁོར་བ་ལ་དམིགས་པ་འཛིན་དུ་གཞུག་གོ །ཡང་ཤར་དང་། ལྷོ་དང་། ནུབ་དང་། བྱང་ནས་རྡོ་རྗེ་མཁའ་འགྲོ་དང་། རིན་ཆེན་མཁའ་འགྲོ་དང་། པདྨ་མཁའ་འགྲོ་དང་།ལས་ཀྱི་མཁའ་འགྲོ་རྣམས་བྱོན་པ། སྤྱི་བོ་དང་། མགྲིན་པ་དང་། ལྟེ་བ་དང་། གསང་བར་ཐིམ་པར་བསམ་ཞིང་། གཡུང་དྲུང་འཁྱིལ་བ་འཁོར་བས་ནམ་མཁའ་ན་ཕར་བུན་བུན་ཡོད་པ་ལ་དམིགས་པ་འཛིན་དུ་འཇུག །ཨཱོཾ་བྷུདྡྷ་ཌཱ་ཀི་ནི་ཧ་རི་ནི་ས་ས་མ་ཡ་ཛ་ཛ། བཛྲ་པྲ་ཝེ་ཤ་ཧོཿ དེ་བཞིན་དུ། བཛྲ་རཏྣ་པདྨ་ཀརྨ་ས་མ་ཡཱ་ཌཱ་ཀི་ནི་ཧ་རི་ནི་ས་མ་ཡ་ཛ་ཛཿཔྲ་ཝེ་ཤ་ཧོཿ པྲ་ཝེ་ཤ་ཧོཿ ཞེས་དྲག་ཏུ་བརྗོད་ཅིང་རོལ་མོའི་སྒྲ་ཆེར་བསྒྲག་ཅིང་ཚིལ་ཆེན་གྱི་དུད་པས་བདུག་གོ །དེས་ནི་འཁྲབ་པ་དང་། ངུ་བ་དང་། འདར་བ་ལ་སོགས་པ་ཡེ་ཤེས་ཕེབས་པའི་རྟགས་འོང་ངེས་སོ། །དེ་རྗེས་ཚོགས་ལ་རོལ་ཞིང་དགའ་སྟོན་དང་བཀྲ་ཤིས་བྱའོ། །དེས་ནི་མཁའ་འགྲོའི་བྱིན་རླབས་འཇུག་ཅིང་དབང་གི་སྒོ་ཕྱེ་བས་བར་ཆད་མེད་ཅིང་དངོས་གྲུབ་ཕུན་སུམ་ཚོགས་པར་འབྱུང་ངོ་། །གཉིས་པ་ལུས་ཀྱི་སྒྲིབ་པ་སྦྱང་ཞིང་སྤྲུལ་པའི་སྐུར་གྲོལ་བར་བྱེད་པ་སྤྲོས་བཅས་བུམ་པའི་དབང་ལ་གསུམ་ལས། སྔོན་འགྲོ་ཐུན་མོང་པ་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི་མཁའ་འགྲོ་བརྡ་དབང་གི་
རྗེས་ཉིད་ལ་གསོལ་བ་གདབ་པ་ནི། སློབ་མས་མེ་ཏོག་དོར་ལ་ཕྱག་འཚལ་ཏེ་མགྲིན་གཅིག་ཏུ། ཀྱེ་ཀུན་བཟང་རྡོ་རྗེ་འཛིན་པ་ཆེ། །ཡེ་ཤེས་ལྔ་ནི་ཐོབ་བྱའི་ཕྱིར། །རིགས་ལྔའི་དབང་མཆོག་བཤད་དུ་གསོལ། །ཅེས་པ་གསུམ་གྱི་རྗེས་ལ་བླ་མས། ཀྱེ་རིགས་ཀྱི་བུ་མཆོག་ཁྱེད་རྣམས་ཀྱིས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་དང་ནི་རྡོ་རྗེའི་སྤུན། །ཚོགས་མཆོད་ཡོན་གྱིས་མཉེས་ནུས་སམ། །ཞེས་དྲིས་པའི་ལན་དུ་སློབ་མས། ཀྱེ་ཇི་ལྟར་ཐུགས་ཀྱིས་དགོངས་མཛད་པ། །བདག་གིས་མ་ལུས་བསྒྲུབ་ལགས་པས། །དཔའ་བོས་བདག་ལ་གནང་དུ་གསོལ། །ཞེས་ཞུའོ། །དེ་ནས་སློབ་མ་རྣམས་ཡི་གེ་བརྒྱ་པའི་སྒོམ་བཟླས་ཅུང་ཟད་རེེ་བྱེད་དུ་བཅུག་ནས། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་སློབ་མའི་སྙིང་གར་ཕོག་པས་ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་གཡོགས་པར་བསྒོམ་དུ་བཅུག་ལ། དཔོན་སློབ་ཀུན་ཧཱུྃ་གི་སྒྲ་སྐད་དི་རི་རི་བཟླས་པས། སྟེང་འོག་ཐམས་ཅད་རྡོ་རྗེའི་རྭ་བ་གུར་བླ་རེ་མདའི་ར་བ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་སྲུང་འཁོར་དར་ཅིག་བསྒོམས་ནས། དམ་ཚིག་སྦྱིན་པ་ནི་བླ་མས། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །དམ་ཚིག་རྒྱུད་ལ་གནས་འདོད་ན། །ཐབས་ཤེས་གཉིས་ཀྱི་དམ་ཚིག་ཏུ། །མཚན་མ་ལ་ནི་མི་འགོངས་དང་། །རྡོ་རྗེ་སློབ་དཔོན་མལ་ཆ་དང་། །རྡོ་རྗེ་སྤུན་ལ་རྩོད་མི་བྱ། །དེ་ལྟར་བསྲུང་བར་ནུས་གྱུར་ཏམ། །ཞེས་པའི་ལན་དུ་སློབ་མས། ཀྱེ་སངས་རྒྱས་ཐམས་ཅད་འདུས་པ་ཡི། །རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བདག་ཅག་རྣམས་ནི་བསྲུང་བར་འཚལ། །ཞེས་བརྗོད་དོ། །དེ་ནས་དགའ་སྟོན་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་སའི་ཆོ་ག །ལེགས་པར་བཤམ་པ། སྟ་གོན་བྱ་བ་དང་གསུམ་ལས། དང་པོ་ནི་གཞི་བདག་ལ་གཏོར་མ་སྦྱིན་ལ་ས་བསླངས་ཏེ། མཎྜལ་པདྨ་འདབ་མ་བཞི་པ་ལ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་པྲྀ་ཐི་ཝི་དེ་ཝཱི་ཧྲཱིཿ ཞེས་པ་བཀོད་ལ། ཆུ་གཉིས་སྔོན་དུ་འགྲོ་བས་མཆོད་པ་ལྔ་དང་གཏོར་མ་གསུམ་བཤམས་ཏེ། རང་ཉིད་ས་གནོན་བྱས་པའི་སྲིན་ལག་ལས་འོད་ཟེར་འཕྲོས་པ་ས་འོག་ཏུ་སོང་བས་སའི་ལྷ་མོ་བརྟན་མ་སེར་མོ་རིན་པོ་ཆེའི་བུམ་པ་
ཐུགས་ཀར་འཛིན་པ། ཕག་རྒོད་ལ་ཆིབས་པ་ལ་ས་བདག་ཀླུ་གཉན་གྱིས་བསྐོར་བ་སྤྱན་དྲངས་ཏེ་བཞུགས་པར་བསམས་ལ། ལྷ་མོ་ཆེན་མོ་ས་བདག་འཇིག་རྟེན་ཡུམ། །རིན་ཆེན་རྫོགས་དབང་མཆོག་གི་རྒྱན་གྱིས་བརྒྱན། །དོ་ཤལ་རྐང་གདུབ་སྒྲ་སྒྲོགས་སེམས་དཔས་མཆོད། །མཆོད་ཡོན་འདི་བཞེས་འདི་རུ་བྱིན་བརླབ་མཛད། །ཨཱོཾ་པྲི་ཐྀ་ཝི་དེ་ཝཱི་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ །དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ལྷ་མོ་ལ་ནི་འབུལ་བར་བགྱི། །ས་འདི་བདག་ལ་གནང་དུ་གསོལ། །ཨཱོཾ་པྲྀ་ཐི་ཝི་དེ་ཝཱི་ཨརྒྷཾ་པྲ་ཏཱི་ཙྪ་ཡེ་སྭཱཧཱ། ཞེས་པ་ནས། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝི་ཏེ། ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱས་མཆོད་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །བདག་རྡོ་རྗེ་འཛིན་པ་ཆེ་གེ་མོ། ཞེས་བྱ་བས་སའི་ཕྱོགས་འདིར་སེམས་ཅན་གྱི་དོན་དུ་དཀྱིལ་འཁོར་ཆེན་པོ་བཞེང་གིས། ལྷ་མོ་ཁྱོད་ཀྱིས་སའི་ཕྱོགས་འདི་བདག་ལ་གནང་བར་མཛོད་ཅིག །ཅེས་བརྗོད་པས། དེས་ཀྱང་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག །ཅེས་གསུངས་པར་བསམས་ལ། གཏོར་མ་གཅིག་ཨ་ཀཱ་རོས་ལྷ་མོ་ལ་འབུལ། གཅིག་དཀར་པོའི་ཕྱོགས་ལ་བྱིན་ནས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་ཕྱིན་པའི་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་བརྗོད་དོ། །གཅིག་ནག་པོའི་ཕྱོགས་ལ་བྱིན་ནས། ས་ཕྱོགས་འདིར་ནི་སློབ་དཔོན་བདག །དཀྱིལ་འཁོར་རྒྱལ་པོ་སྒྱུ་འཕྲུལ་ནི། །བཞེང་གིས་ས་འདིར་གནས་པའི་བགེགས། །འདི་རུ་མ་འདུག་གཞན་དུ་དེངས། ཨཱོཾ་སུ་བྷ་ནི་སུཾ་བྷ་ཧཱུྃ། གྷྲི་ཧྣ་གྷྲི་ཧྣ་ཧཱུྃ། གྷྲི་ཧྣ་པ་ཡ་གྷྲི་ཧྣ་པ་ཡ་ཧཱུྃ། ༀ་ཨཱ་ན་ཡ་ཧོ། བྷ་ག་ཝཱན། བཱིདྱ་རཱ་ཛ་ཧཱུྃ་ཕཊ་ཅེས་བརྗོད་ལ། ཨཱོཾ་བཛྲ་མུས། ལྷ་མོ་འཁོར་བཅས་གཤེགས། བགེགས་བསྐྲད་ནས། གྱོ་མོ་དང་རུས་
པ་ལ་སོགས་པ་བསལ་ནས་ས་མཉེན་བཟང་པོའི་སྟེགས་བུ་འདོམ་གང་པ་ལ་སོགས་པ་ཇི་ལྟར་འོས་པ་མེ་ལོང་གི་ངོས་ལྟར་སྙོམས་པ་ལ་ཤར་དང་བྱང་ཅུང་ཟད་གཞོལ་བའི་སྟེང་དང་འཁོར་ཡུག་ཏུ། ལག་མཐིལ་གཡས་པས་བསྐོར་ཞིང་། ཨཱོཾ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་པས། ལག་པ་ལས་འོད་ཟེར་བྱུང་ནས་མ་དག་པ་སྦྱངས། ཨཱོཾ་བྷུ་ཁཾ་ཞེས་བརྗོད་པས་ཕྱོགས་ཐམས་ཅད་ནམ་མཁར་གྱུར། ཨཱོཾ་མེ་དྷི་ནི་བཛྲཱི་བྷ་ཝ་བྷནྡྷ་ཧཱུྃ་ཧཱུྃ་ཕཊ་ཀྱིས་ས་ཕྱོགས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གྱུར། ཨཱོཾ་བཛྲ་རཀྵ་རཀྵ་ཧཱུྃ་གིས་བསྲུང་ཞིང་བརྟན་པར་བྱའོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཧཱུྃ་གི་གླུ་བླང་ཞིང་། རྡོ་རྗེའི་གར་བསྒྱུར་བས་རྐང་པ་གཡས་བསྐུམ་གཡོན་བརྐྱང་བ་དང་དོར་སྟབས་སུ་དཀྱིལ་འཁོར་ལ་བསྐོར་ཞིང་ཁྲོ་བོའི་དམིགས་པ་གསལ། རྡོ་རྗེ་དྲིལ་བུ་དཔུང་མགོར་ཐོད་དབྱུག་གདེངས་པ་ལྟར་བྱ་བ་དང་། འཁོར་ལོ་ལྟར་བསྐོར་བ་དང་། མདའ་ལྟར་འཕངས་པ་དང་། ལྕགས་ཀྱུ་ལྟར་བཀུར་པ་དང་། ཞགས་པ་ལྟར་འཕངས་པ་དང་། གཙོ་བོ་ལྔ་དང་སྒོ་མ་བཞིའི་སྔགས་སུམ་བྷ་ནི་དང་བཅས་པ་བརྗོད་དོ། །སའི་ཆོ་གའོ། །དེ་ཡང་བ་གླང་ལྷས་དང་ཁང་པ་དང་། གཙུག་ལག་ཁང་ལ་སོགས་པ་སྔར་ནས་ས་དུལ་བ་རྣམས་སུ་ནི་མི་དགོས་ལ། མ་དུལ་བ་རྣམས་སུ་བྱའོ། །གཉིས་པ་ལེགས་པར་བཤམས་པ་ནི་མཎྜལ་གྱི་སྟེང་དུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་ལྷའི་གྲངས་དང་མཉམ་པ་དགོད་ཅིང་ལྷ་སོ་སོའི་ས་བོན་ནམ་རྩ་སྔགས་བརྗོད། བླ་བྲེ་ཡོལ་བ་ལ་སོགས་པས་བརྒྱན་ཅིང་། རིན་པོ་ཆེའམ། རྫའི་བུམ་པ་ཡིན་ན་ལྔ་ནི་དབང་བསྐུར་བ་རྣམ་པར་རྒྱལ་བའི་བུམ་པ་ཡིན་པས་རིགས་ལྔའི་ཁ་དོག་ཏུ་བསྒྱུར་བ་ལ་སོ་སོའི་ཕྱག་མཚན་ནམ། ས་བོན་གྱི་ཡི་གེའི་མཚན་མ་གདབ་ལས་བུམ་དཀར་པོ་བྱ། དེ་རྣམས་ཀྱི་བགེགས་བསྐྲད། གུ་གུལ་གྱིས་བདུག་ཅིང་ཉུང་ཀར་གྱིས་བྲབ་ལ་ཆུ་གཙང་མས་སུམ་གཉིས་ཙམ་བཀང་ལ། འབྲུ་ལྔ། བདུད་རྩི་ལྔ། རིན་པོ་ཆེ་ལྔ། སྨན་ལྔ། དྲི་ལྔ་སྟེ་ལྔ་ལྔ་ཉི་ཤུ་རྩ་ལྔའི་བུམ་རྫས་བླུགས། དར་རམ་རས་དམར་པོས་མགུལ་བཅིངས། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན། རྡོ་རྗེ་གཟུངས་ཐག་དང་བཅས་པས་བརྒྱན་པ་སྟེགས་མཐོ་བའི་སྟེང་དུ་བཞག །སྟེགས་བུའི་མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ་རྣམས་རྒྱ་ཆེར་བཤམས། གཞན་ཡང་རྡོ་རྗེ་དང་། དྲིལ་བུ་དང་། ཀུ་ཤ་དང་། སྲུང་སྐུད་དང་། བདུད་རྩི་ལྔའི་རིལ་བུ་དང་
སོ་ཤིང་ལ་སོགས་པ་འདིར་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གསུམ་པ་སྟ་གོན་དུ་བྱ་བ་ལ་གསུམ་ལས། དང་པོ་བུམ་པ་སྟ་གོན་ནི། རང་ཉིད་སྐད་ཅིག་གིས་རང་བཞིན་གཞི་ཡི་ཀུན་ཏུ་བཟང་པོ་ཡབ་ཡུམ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསམས་ལ། ཀུ་ཤས་ཐོད་པ་ནས་བདུད་རྩིའི་བསང་ཆུ་གཏོར་ལ། ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ལན་གསུམ་བརྗོད་ནས། ཨཱོཾ་སྭ་བྷཱ་ཝ་ཤུདྡྷོཿསརྦ་དྷརྨཱ་སཱ་བྷཱ་ཝ་ཤུདྡྷོ྅ཧཾ། ཕྱི་དང་ནང་གིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཆེན་པོ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མ་དང་ཨ་ལས་ཟླ་བའི་སྟེང་དུ། བྷྲཱུཾ་ཡོངས་སུ་གྱུར་པ་ལས་རྣམ་པར་རྒྱལ་བའི་བུམ་པ་ལྔ། ལས་ཐམས་ཅད་པའི་བུམ་པ་དང་བཅས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མཆུ་འཕྱངས་པ། མགྲིན་པ་ཕྲ་བ། ལྷའི་གོས་པཉྩ་ལི་ཀས་མགྲིན་པ་དཀྲིས་ཤིང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོའི་རང་བཞིན་ཐམས་ཅད་ཀྱང་ཕྱི་བུམ་པའི་དབྱིབས་ཅན་ལ་ནང་ལྷའི་གཞལ་ཡས་ཁང་ཆེན་པོ། འོད་ཟེར་རབ་ཏུ་འཕྲོ་བའི་ནང་རྣམས་ན། སེང་གེ་དང་། གླང་པོ་དང་། རྟ་མཆོག་དང་། རྨ་བྱ་དང་། ཤང་ཤང་དང་རིན་པོ་ཆེའི་ཁྲི་སྟེགས་རྣམས་སུ། པཾ་ལས་པདྨ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་སྟེང་དུ། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཧཱུྃ། ཨེ་བཾ་ལཾ་རཾ་ཡཾ་བཾ་ལས། རྣམ་པར་སྣང་མཛད་དབྱིངས་ཀྱི་དབང་ཕྱུག་མ། །མི་བསྐྱོད་པ་དང་སངས་རྒྱས་སྤྱན་མ་དང་། །རིན་ཆེན་འབྱུང་ལྡན་རྡོ་རྗེ་མཱ་མ་ཀཱི །འོད་དཔག་མེད་དང་རྡོ་རྗེ་གོས་དཀར་མོ། །དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ་མ་ དང་། །རྡོ་རྗེ་སེམས་དཔའ་རྡོ་རྗེ་སྙེམས་མ་སྟེ། །ཀུན་ཀྱང་ཞལ་སྦྱོར་སྐྱིལ་ཀྲུང་རིན་ཆེན་བརྒྱན། །ཡབ་རྣམས་ཕྱག་གཡས་འཁོར་ལོ་རྡོ་རྗེ་དང་། །རིན་ཆེན་པདྨ་རྒྱ་གྲམ་རྡོ་རྗེ་དང་། །གཡོན་རྣམས་དྲིལ་བུ་ཡུམ་ལ་འཁྱུད་པ་སྟེ། །ཡུམ་རྣམས་གྲི་གུག་ཐོད་པས་ཡབ་ལ་འཁྱུད། །སྣང་ལ་རང་བཞིན་མེད་པའི་ཆུ་ཟླ་འདྲ། །སྟེང་གི་ནམ་མཁའ་ལས་དེ་བཞིན་གཤེགས་པ་རིགས་ལྔ་རྡོ་རྗེ་སེམས་དཔའ་དང་བཅས་པ་ཡབ་ཡུམ་བྱོན་པ་ལ། ཨརྒྷཾ་པ་ཏྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནི་ཝི་ཏྱ་ཤབྟ་ཨཱཿཧཱུྃ་
ཛཿཧཱུྃ་བཾ་ཧོཿ ལྷ་སོ་སོའི་བུམ་པའི་ལྷ་དང་གཉིས་སུ་མེད་པར་ཐིམ། དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཧཱུྃ་ཧཱུྃ་གིས་རྡོ་རྗེའི་གོ་ཞུབས་དང་ལྡན། ༀ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿ དེ་བཞིན་གཤེགས་པ་ལྔ་སྟེང་གི་ནམ་མཁའ་ལས་རང་བྱོན་ཏེ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་དབང་བསྐུར་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་བྱུང་བས་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས། བུམ་ནང་གི་ལྷ་སོ་སོའི་སྐུ་ལ་ཕོག། ཐུགས་དམ་གྱི་རྒྱུད་བསྐུལ། སྦྱོར་མཚམས་ནས་བདུད་རྩི་དཀར་དམར་གྱི་རྒྱུན་བབས་པས་བུམ་པའི་ནང་ཁེངས་པར་གྱུར། ཨཱོཾ་ཛཱི་ན་ཛི་ཀ་ལཾ་དེ་ཤྭ་ར་ཏི་སྟྭཾ། ཧཱུྃ་བཛྲ་དྷྲྀ་ཀ་མུཾ་དྷརྟུ་ཤྭ་རི་ཏི་སྟྭཾ། སྭཱ་རཏྣ་དྷྲྀ་ཀ་མཾ་མོ་ཧ་ར་ཏི་སྟྭཾཾ། ཨཱཾ་ཨ་རོ་ལི་ག་པཱཾ་ར་ག་ར་ཏི་སྟྭཾ། ཧཱ་པྲ་ཛྙཱ་དྷྲི་ཀ་ཏཾ་བཛྲ་ར་ཏི་སྟྭཾ། ཞེས་རྣམ་རྒྱལ་དང་། ཨཱོཾ་བཛྲ་ས་ཏྭ་ཧཱུྃ་བཾ་ཞེས་ལས་བུམ་ལ་དམིགས་ཏེ་ཅི་འགྲུབ་བཟླས་ཏེ། འཇིག་རྟེན་འདི་འམ་གཞན་དག་ན། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རྣམས། །རིགས་ལྔ་ཡབ་ཡུམ་རྣམས་ལ་འབུལ། །ཨཱོཾ་སརྦ་ཏ་ཥཱ་ག་ཏ། ཨརྒྷ་པཏྱཾ་པུཥྤེ་དྷུཔེ་ཨཱ་ལོ་ཀཻ་གྷནྡྷེ་ནཻ་ཝི་ཏེ། ཤབྟ་ཨཱ་ཧཱུྃ། ཕུང་པོ་གནས་འགྱུར་ཉོན་མོངས་ལྔ་དག་ཅིང་། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་སྐུ། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ། །ཡེ་ཤེས་ཡུམ་གྱུར་རྡོ་རྗེ་སྙེམས་མ་ལ། །རང་བཞིན་ལྷུན་གྱིས་གྲུབ་པས་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། བཛྲ་མུས་ཡེ་ཤེས་པ་གཤེགས། ཨཱོཾ་ཨཱཿཧཱུྃ་གིས་དམ་ཚིག་པ་ཆུར་ཞུ་བ་ལས་བྱུང་བའི་བདུད་རྩིས་བུམ་པ་ཁེངས་པར་བསམ་མོ། །གཉིས་པ་ལྷ་སྟ་གོན་ནི། ལས་བུམ་ནས་མེ་ཏོག་ཚོམ་བུ་ལ་བསང་ཆུ་གཏོང་ཞིང་། ཨ་མྲྀ་ཏ་ལན་གསུམ་བརྗོད་ནས། ཨཱོཾ་ཡོ་ག་ཤུདྡྷོ་སརྦ་དྷརྨ་ཡོ་ག་ཤུདྡྷོ་སྭ་བྷཱ་ཝ་བཛྲ་ཨཱདྨ་ཀོ྅ཧཾ། ཕྱི་དང་ནང་གི་ཆོས་ཐམས་ཅད་སྟོང་པ། ཨཱོཾ་སྭ་བྷཱ་ཝས་སྟོང་པའི་ངང་ལས་འབྱུང་བ་བཞི་རི་རབ་དང་བཅས་པ་ཡོངས་སུ་གྱུར་པ་ལས། པཾ་ལས་པདྨ་ཨ་
ལས་ཟླ་བ། རི་ལས་ཉི་མའི་སྟེང་དུ་བྷྲཱུཾ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་པ། སྒོ་བཞི། གྲུ་བཞི་རྩིག་པ་ལྔ་དང་ལྡན་པ་རྣམས་ཀྱང་ནང་ནས་རིམ་པ་བཞིན་མཐིང་ག །དཀར་པོ། དམར་པོ། སེར་པོ། ལྗང་གུ་རྣམས་ཀྱི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱངས་པ། དེའི་སྟེང་ན་རྡོ་ཀརྨ་ཤི་ཤ་ལས་གྲུབ་པའི་མདའ་ཡབ་དང་།རིན་པོ་ཆེའི་དྲྭ་མིག་གསེང་མས་བསྐོར་བའི་པུ་ཤུས་མཛེས་པའི་སྟེང་གཙང་ཁང་ཕྱུར་བུའི་རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་ཤིང་། ཕྱོགས་བཞིའི་རྟ་བབས་བང་རིམ་བཞི་བཞི་དང་ལྡན་པ་རྣམས་ལ་རིན་པོ་ཆེའི་གདུགས། ཤིན་ཏུ་མཛེས་པའི་རི་དྭགས། ལྷའི་གོས། རྣམ་པར་རྒྱལ་བའི་རྒྱལ་མཚན། ཡིད་དུ་འོང་བའི་འཕན། ཟླ་བ་རླུང་གིས་བསྐྱོད་པ། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་གཞལ་ཡས་ཁང་མཛེས་པར་བྱེད་པའི་རྒྱན་དུ་མས་བརྒྱན་པ། ཕྱི་རོལ་ན་འདོད་ཡོན་གྱི་སྣམ་བུ་ལ་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་གཞལ་ཡས་པའི་ལྷ་རྣམས་ལ་མཆོད་པར་བྱེད་པའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་དང་། སྲུང་བའི་འཁོར་ལོས་བརྒྱན་པ། ནང་ཀ་བ་ཆེན་པོ་བརྒྱད་ཀྱིས་བཏེག་ཅིང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་མཛེས་པར་ཕུབ་པའི། དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེ། ལྷོར་རྟ་མཆོག །ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་། རིན་པོ་ཆེའི་ཁྲི་རྣམས་ཀྱི་སྟེང་དུ་པདྨ་དང་ཟླ་བ་དང་། ཉི་མའི་དབུས་སུ་དེ་བཞིན་གཤེགས་པ་རིགས་རྣམ་པ་ལྔ་སྟེ། ༀ་ཨེ་ལས་རྣམ་པར་སྣང་མཛད་དང་། ཀུན་ཏུ་བཟང་མོ་མཐིང་ག་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ཧཱུྃ་བཾ་ལས་མདུན་དུ་མི་བསྐྱོད་པ་དང་མཱ་མ་ཀཱི་དཀར་མོ། ཏྲཱཾ་ལཾ་ལས་གཡས་སུ་རིན་ཆེན་འབྱུང་ལྡན་དང་། སངས་རྒྱས་སྤྱན་མ་སེར་མོ། ཧྲཱིཿ རཾ་ལས་རྒྱབ་ཏུ་འོད་དཔག་མེད་དང་གོས་དཀར་མོ། ཨཿཡཾ་ལས་གཡོན་དུ་དོན་ཡོད་གྲུབ་པ་དང་དམ་ཚིག་སྒྲོལ་མ་ལྗང་གུ་མཉམ་པར་སྦྱོར་བ། ཡབ་རྣམས་ཀྱི་ཕྱག་གཡས་པ་རྣམས་ན། འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་།
རྒྱ་གྲམ་རྣམས་བསྣམས་ཤིང་དེ་རྣམས་ཀྱིས་ཡུ་བ་བྱས་པའི་གཡོན་པ་རྣམས་ན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྣམས་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྲིལ་བ་དེ་ཐམས་ཅད་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ལོངས་སྤྱོད་རྫོགས་པ་སྐུའི་ཆ་ལུགས་ཅན་ནོ། །དེའི་ཕྱི་རོལ་དང་ནང་གི་མཚམས་ཀྱི་གྲྭ་བཞིར་པདྨ་དང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་ཏྲཱཾ་ཧྲཱིཿཨཿགཉིས་གཉིས་ཡོངས་སུ་གྱུར་པ་ལས། མེར་ནམ་མཁའི་སྙིང་པོ་དཀར་པོ་གཡས་གཡོན་རལ་གྲི་དང་དྲིལ་བུ་འཛིན་པས་སྒེག་མོ་དཀར་མོ་མེ་ལོང་བསྣམས་པ་དང་མཉམ་པར་སྦྱོར་བ། སྲིན་པོར་ས་ཡི་སྙིང་པོ་སེར་པོ་གཡས་གཡོན་རིན་པོ་ཆེའི་མྱུ་གུ་དང་དྲིལ་བུ་འཛིན་པས་ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ་དང་མཉམ་པར་སྦྱོར་བ། རླུང་དུ་སྤྱན་རས་གཟིགས་དམར་པོ་པདྨ་དང་དྲིལ་བུ་འཛིན་པས་གླུ་མ་དམར་སེར་པི་ཝང་འཛིན་པ་དང་མཉམ་པར་སྦྱོར་བ། དབང་ལྡན་དུ་ཀུན་ཏུ་བཟང་པོ་ལྗང་སྐྱ་གཡས་གཡོན་རིན་པོ་ཆེའི་སྙེ་མ་དང་དྲིལ་བུ་འཛིན་པས་གར་མ་ལྗང་གུ་རྡོ་རྗེ་རྩེ་གསུམ་འཛིན་པ་དང་མཉམ་པར་སྦྱོར་བའོ། །ཡང་ཕྱི་རིམ་གྱི་གྲྭ་བཞིར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཏྲཱཾ་ཧྲཱིཿཨཿགཉིས་གཉིས་ཡོངས་སུ་གྱུར་པ་ལས། ཤར་ལྷོར་བྱམས་པ་དཀར་པོ་གཡས་གཡོན་ཀླུ་ཤིང་དང་དྲིལ་བུ་འཛིན་པས་བདུག་སྤོས་མ་དཀར་སེར་བདུག་སྤོས་ཀྱི་གའུ་འཛིན་པ་དང་མཉམ་པར་སྦྱོར་བ། ལྷོ་ནུབ་ཏུ་སྒྲིབ་པ་རྣམ་སེལ་དམར་སེར་གཡས་གཡོན་པུ་ཏི་དང་དྲིལ་བུ་འཛིན་པས་མེ་ཏོག་མ་སེར་མོ་མེ་ཏོག་འཛིན་པ་དང་མཉམ་པར་སྦྱོར་བ། ནུབ་བྱང་དུ་འཇམ་དཔལ་དམར་པོ་གཡས་གཡོན་རལ་གྲི་དང་དྲིལ་བུ་འཛིན་པས་སྣང་གསལ་མ་དམར་མོ་སྣང་གསལ་འཛིན་པ་དང་མཉམ་པར་སྦྱོར་བ། བྱང་ཤར་དུ་ལག་ན་རྡོ་རྗེ་ལྗང་སྐྱ་གཡས་གཡོན་རྡོ་རྗེ་དང་དྲིལ་བུ་འཛིན་པས་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཕོར་བསྣམས་པ་དང་སྦྱོར་བའོ། །དེ་ཐམས་ཅད་ཀྱང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པའོ། །དེ་ཐམས་ཅད་ཀྱི་སྒོ་བཞིར་པདྨ་དང་ཉི་མའི་སྟེང་དུ་
ཛཿཧཱུྃ་བཾ་ཧོཿགཉིས་གཉིས་ཡོངས་སུ་གྱུར་པ་ལས། ཤར་སྒོར་ཁྲོ་བོ་རྣམ་པར་རྒྱལ་བ་དཀར་པོ་ལྕགས་ཀྱུ་དང་དྲིལ་བུ་འཛིན་པས་སྒོ་མ་ལྕགས་ཀྱུ་མ་དཀར་མོ་དང་སྦྱོར་བ། ལྷོ་སྒོར་ཁྲོ་བོ་གཤིན་རྗེ་གཤེད་སེར་པོ་དབྱུག་ཏོ་དང་ཞགས་པ་འཛིན་པས་སྒོ་མ་ཞགས་པ་མ་སེར་མོ་དང་སྦྱོར་བ་དང་། ནུབ་སྒོར་ཁྲོ་བོ་རྟ་མགྲིན་རྒྱལ་པོ་དམར་པོ་ལྕགས་སྒྲོག་དང་སྡིགས་མཛུབ་མཛད་པས་སྒོ་མ་ལྕགས་སྒྲོག་མ་དམར་མོ་དང་སྦྱོར་བ། བྱང་སྒོར་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པས་སྒོ་མ་དྲིལ་བུ་མ་ལྗང་གུ་དང་མཉམ་པར་སྦྱོར་བ། དེ་ཐམས་ཅད་ཀྱང་མེ་རི་འབར་བའི་ཀློང་ན་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པས་གཡས་བསྐུམ་གཡོན་བརྐྱང་དུ་བཞུགས་པའོ། །དེ་དག་གི་གདངས་ལས་ཐུབ་པ་དྲུག་ལ་སྟེང་ན་བརྒྱ་བྱིན་དཀར་པོ་པི་ཝང་བསྣམས་པ། ཤར་དུ་ཐགས་བཟང་རིས་མཐིང་ག་གོ་ཆ་འཛིན་པ། ལྷོར་ཤཱཀྱ་ཐུབ་པ་སེར་པོ་ལྷུང་བཟེད་དང་མཁར་གསིལ་བསྣམས་པ། ནུབ་ཏུ་སེང་གེ་རབ་བརྟན་མཐིང་ག་པུ་ཏི་འཛིན་པ། བྱང་དུ་ཁ་འབར་དེ་བ་དམར་པོ་རིན་པོ་ཆེའི་སྒྲོམ་བུ་བསྣམས་པ། འོག་ན་ཨ་བ་གླང་མགོ་མེ་ཆུ་བསྣམས་པའོ། །དེ་དག་གི་སྐུའི་གདངས་ལས་ཁྲག་འཐུང་གི་ལྷ་ཚོགས་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་མེ་རི་མེ་དཔུང་གི་ནང་ན་བཞུགས་པ་ནི། དབུས་ན་ཧེ་རུ་ཀ་རིགས་ལྔ་ལ་གནས་ཀྱི་ཀེའུ་རི་མ་བརྒྱད་ཀྱིས་བསྐོར་བའི་ཕྱི་རོལ་ན་ཡུལ་གྱི་ཕྲ་མེན་མ་བརྒྱད་དང་། སྒོ་མ་བཞི་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རང་རང་གི་སྐུ་མདོག་དང་ཕྱག་མཚན་ཡོངས་སུ་རྫོགས་པའི་ཚུལ་གྱིས་བཞུགས་ཤིང་། ཕོ་བྲང་གི་ཕྱི་ཡི་དུར་ཁྲོད་རྣམས་སུ། བླ་མ་དང་། ཡི་དམ་དང་། མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་ཕུང་གཏིབས་པ་ཙམ་དུ་མོས་པ་བྱས་ལ། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སེ་གོལ་གཉིས་བསྣོལ་ཏེ་དཔུང་པར་བརྡབ་ལ་སྤྱན་དྲངས་བ་ནི། ཧཱུྃ་དུས་གསུམ་བླ་མ་ཀུན་བཟང་ཆོས་ཀྱི་སྐུ། །ཉོན་མོངས་ལྔ་དག་ཕུང་པོ་གནས་འགྱུར་པའི། །
སྐུ་གསུམ་ལྔ་ལྡན་རིགས་ལྔ་ཡབ་ཡུམ་ཚོགས། །འགྲོ་བའི་དོན་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཨཱོཾ་གུ་རུ་བཛྲ་ཧཱུྃ་ཏྲཱཾ་ཧྲཱིཿཨཿབཛྲ་ཨཾ་གུ་ཤ་ས་མ་ཡ་ཛ་ཛཿ ཞེས་པས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཐིབས་ཀྱིས་བྱོན་པར་བསམ་ལ། ཧཱུྃ་སྒྱུ་མ་ཆུ་ཟླ་ཡེ་ཤེས་གཞལ་ཡས་ཁང་། །སྐྱོན་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས། །ཨཱོཾ་པདྨ་སཱུཪྱ་ཙནྡྲ་ཀ་མ་ལ་ཡ་སྟྭཾ། ཨཱོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤབྟ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཉིད་ཡེ་ནས་ཀུན་ཏུ་བཟང་། །སྐུ་ལྔ་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །ཐབས་མཁས་ཐུགས་རྗེ་འགྲོ་བའི་དོན་མཛད་པའི། །བླ་མ་ཀུན་བཟང་རིགས་ལྔའི་ཚོགས་ལ་བསྟོད། །ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་དང་གཉིས་སུ་མེད་པའི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿས་དེ་བཞིན་གཤེགས་པ་ལྔས་དབང་བསྐུར་བའི་ཆུ་ལྷག་མ་ཡར་ལུད་པ་ལས་དབུས་ཕྱོགས་པ་ལ་རྣམ་པར་སྣང་མཛད། ཤར་ལ་སོགས་པའི་ཕྱོགས་བཞི་ལ་མི་བསྐྱོད་པ་ལ་སོགས་པས་དབུ་བརྒྱན། མཆོད་པ་བསང་སྦྱངས་བྱས་ལ། ཧཱུྃ་སྲིད་པར་གཏོགས་པའི་མེ་ཏོག་སྣ་ཚོགས་རིགས། །དཀར་སེར་དམར་ལྗང་མཐིང་གའི་མདངས་ལྡན་པའི། །མཛེས་ལྡན་དྲི་ཞིམ་མེ་ཏོག་ཇི་སྙེད་རྣམས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སྲིད་པར་གཏོགས་པའི་བདུག་སྤོས་སྣ་ཚོགས་རིགས། །དུ་རུ་ཀ་དང་ཨ་ཀ་རུ་ལ་སོགས། །དྲི་ཞིམ་བསུང་ལྡན་སྤོས་མཆོག་ཇི་སྙེད་རྣམས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། ༀ་བཛྲ་དྡྷཱུ་པེ་ཨཱཿཧཱུྃ། སྲིད་པར་གཏོགས་པའི་སྣང་གསལ་སྣ་ཚོགས་རིགས། །འབྲུ་མར་རྩི་དང་རྩྭ་ཤིང་འོད་ཀྱི་གདངས། །དམར་གསལ་མདངས་ཆེན་སྣང་གསལ་ཇི་སྙེད་རྣམས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཨཱོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། སྲིད་པར་གཏོགས་པའི་དྲི་ཆབ་སྣ་ཚོགས་རིགས། །ཙནྡན་
གུར་གུམ་སིཧླའི་ལྡེ་གུ་སོགས། །རང་བྱུང་སྦྱར་བའི་བྱུག་པ་བདེ་བྱེད་རྣམས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། ཨཱོཾ་བཛྲ་གྷནྡྷེ་ཨཿཧཱུྃ། སྲིད་པར་གཏོགས་པའི་ཞལ་ཟས་སྣ་ཚོགས་རིགས། །རང་བྱུང་ལྷན་ཅིག་སྐྱེས་དང་སྦྱར་བའི་ཟས། །སྣ་ཚོགས་གཡོས་མཆོག་གཙང་མའི་ཞལ་ཟས་རྣམས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཨཱོཾ་བཛྲ་ནི་ཝི་དྱ་ཨཱཿཧཱུྃ། སྲིད་པར་གཏོགས་པའི་རོལ་མོ་སྣ་ཚོགས་རིགས། །རྔ་ཏིང་གཡེར་ཁ་དྲིལ་བུ་རྫ་རྔ་དང་། །འབྱུང་བའི་རང་སྒྲ་གླུ་གར་རོལ་མོའི་དབྱངས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཨཱོཾ་བཛྲ་ཤབྟ་ཨཱཿཧཱུྃ། དེ་ནས་ནང་མཆོད་ནི། ཧཱུྃ་སྣོད་བཅུད་སྣང་སྲིད་སྣ་ཚོགས་ཡིད་འོང་གཟུགས། །རྡོ་རྗེ་གཟུགས་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོཾ་བཛྲ་རཱུ་པ་པྲ་ཏཱིཙྪ་ཨཱཿཧཱུྃ། སྣོད་བཅུད་སྣང་སྲིད་སྣ་ཚོགས་ཡིད་འོང་སྒྲ། །རྡོ་རྗེ་སྒྲོན་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ༀ་བཛྲ་ཤབྟ་ཨཱཿཧཱུྃ། སྣོད་བཅུད་སྣང་སྲིད་སྣ་ཚོགས་དྲི་ཞིམ་སྤོས། །རྡོ་རྗེ་དྲི་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོཾ་བཛྲ་གྷནྡྷེ་ཨཱཿཧཱུྃ། སྣོད་བཅུད་སྣང་སྲིད་སྣ་ཚོགས་རོ་ལྡན་ཟས། །རྡོ་རྗེ་རོ་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོཾ་བཛྲ་ནི་ཝི་དྱ་ཨཱཿཧཱུྃ། སྣོད་བཅུད་སྣང་སྲིད་སྣ་ཚོགས་བདེ་བའི་རེག །རྡོ་རྗེ་རེག་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོཾ་བཛྲ་པ ར་ཤེ་ཨཱཿཧཱུྃ། དེ་ནས་གསང་མཆོད་ནི། ཧཱུྃ་གསང་མཆོད་བདེ་ཆེན་སྐུ་ཡི་རིག་མ་ནི། །སྐུ་མདོག་
དཀར་མཛེས་མེ་ལོང་པདྨ་བསྣམས།། ཤིན་ཏུ་ཡིད་འོང་བདེ་གཤེགས་མཉེས་མཛད་མ། །གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ། །ཨཱོཾ་བཛྲཱ་དང་ཤེ་ཨཱཿཧཱུྃ། ཧཱུྃ། གསང་མཆོག་གསུང་གི་བདེ་ཆེན་རིག་མ་ནི། །སྐུ་མདོག་དམར་མཛེས་རྔ་ཟླུམ་སྒྲ་སྒྲོགས་མ། །ཤིན་ཏུ་ཡིད་འོང་བདེ་གཤེགས་མཉེས་མཛད་མ། །གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ། །ཨཱོཾ་བཛྲ་མུར་རྫ་ཨཱཿཧཱུྃ། ཧཱུྃ། གསང་མཆོག་ཐུགས་ཀྱི་བདེ་ཆེན་རིག་མ་ནི། །སྐུ་མདོག་མཐིང་མཛེས་པི་ཝཾ་སྒྲ་སྒྲོགས་མ། །ཤིན་ཏུ་ཡིད་འོང་བདེ་གཤེགས་མཉེས་མཛད་མ། །གསང་མཆོག་བདེ་བའི་མཚོན་པ་བཞེས་སུ་གསོལ། །ཨཱོཾ་བཛྲ་ཝི་ནི་ཨཿཧཱུྃ། ཧཱུྃ། གསང་མཆོག་ཡོན་ཏན་བདེ་ཆེན་རིག་མ་ནི། །སྐུ་མདོག་སེར་མཛེས་གླིང་བུའི་སྒྲ་སྒྲོགས་མ། །ཤིན་ཏུ་ཡིད་འོང་བདེ་གཤེགས་མཉེས་མཛད་མ། །གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ། །ཨཱོཾ་བཛྲ་བཾ་སེ་ཨཱཿཧཱུྃ། ཧཱུྃ། གསང་མཆོག་ཕྲིན་ལས་བདེ་ཆེན་རིག་མ་ནི། །སྐུ་མདོག་ལྗང་མཛེས་རྫ་རྔའི་སྒྲ་སྒྲོགས་མ། །ཤིན་ཏུ་ཡིད་འོང་བདེ་གཤེགས་མཉེས་མཛད་མ། །གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ། །ཨཱོཾ་བཛྲ་མེ་དྷེ་ཨཱཿཧཱུྃ། ཞེས་པས་མཆོད་ལ། བསྟོད་པ་ནི། བླ་མ་ཀུན་བཟང་ཐིག་ལེའི་སྐུ། །ཉག་ཅིག་མཐའ་བྲལ་ལུ་གུ་རྒྱུད། །དབྱིངས་རིག་འདུ་འབྲལ་མེད་པ་ཡི། །ཅིར་མི་དགོངས་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཞེ་སྡང་རྣམ་ཤེས་རང་གྲོལ་དབྱིངས། །མེ་ལོང་ཡེ་ཤེས་དཀར་གསལ་སྐུ། །ཆུ་ཁམས་རྣམ་དག་ཡབ་ཡུམ་རོལ། །མི་བསྐྱོད་ཡབ་ཡུམ་ཕྱག་འཚལ་བསྟོད། །ཧཱུྃ། འདོད་ཆགས་འདུ་ཤེས་རྣམ་དག་དབྱིངས། །སོར་རྟོགས་ཡེ་ཤེས་དམར་གསལ་སྐུ། །མེ་ཁམས་རྣམ་དག་ཡབ་ཡུམ་རོལ། །སྣང་མཐའ་ཡབ་ཡུམ་ཕྱག་འཚལ་བསྟོད། །ཧཱུྃ། གཏི་མུག་གཟུགས་ཁམས་རང་གྲོལ་དབྱིངས། །ཆོས་དབྱིངས་ཡེ་ཤེས་མཐིང་གསལ་སྐུ། །ནམ་མཁའ་རྣམ་དག་ཡབ་ཡུམ་རོལ། །རྣམ་སྣང་ཡབ་ཡུམ་ཕྱག་འཚལ་བསྟོད། །ཧཱུྃ།
ང་རྒྱལ་ཚོར་བ་རྣམ་དག་དབྱིངས། །གཉམ་ཉིད་ཡེ་ཤེས་སེར་གསལ་སྐུ། །ས་ཁམས་རྣམ་དག་ཡབ་ཡུམ་རོལ། །རིན་འབྱུང་ཡབ་ཡུམ་ཕྱག་འཚལ་བསྟོད། །ཧཱུྃ། ཕྲག་དོག་འདུ་བྱེད་རྣམ་དག་དབྱིངས། །བྱ་གྲུབ་ཡེ་ཤེས་ལྗང་གསལ་སྐུ། །རླུང་ཁམས་རྣམ་དག་ཡབ་ཡུམ་རོལ། །དོན་གྲུབ་ཡབ་ཡུམ་ཕྱག་འཚལ་བསྟོད། །ཧཱུྃ། རྣམ་ཤེས་ཚོགས་བརྒྱད་སེམས་དཔའ་བརྒྱད། །ཉོན་མོངས་དྲུག་དག་ཐུབ་པ་དྲུག །མ་འགག་རིག་རྩལ་སྒོ་བ་བཞི། །འཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །ཧཱུྃ། རིགས་ལྔ་ཡེ་ཤེས་ལྔ་ཡི་གདངས། །དུག་ལྔ་རྣམ་དག་ཁྲོ་བོའི་སྐུ། །ལྔ་བཅུ་རྩ་བརྒྱད་འབར་བའི་ཚུལ། །འཇིགས་གཟུགས་སྟོན་ལ་ཕྱག་འཚལ་བསྟོད། །ཅེས་པའི་འོག་ཏུ་གསོལ་བ་གདབ་པ་ནི་ཐལ་མོ་སྦྱར་ལ། ཧོ་དགོངས་སུ་གསོལ། རྒྱལ་བ་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས། །སེམས་དཔའ་སེམས་མ་མ་ལུས་བདག་ལ་དགོངས། །རྒྱལ་བ་སྲས་བཅས་མཆོད་པ་དང་། །སློབ་བུ་ཁྱེད་ཀྱི་རྗེས་གཞུགས་ཕྱིར། །བདག་ཉིད་ཆེ་གེ་ཞེས་བགྱི་བས། །ནངས་པར་རྒྱལ་བའི་དཀྱིལ་འཁོར་བྲི། ཁྱེད་ཀྱི་ཐུགས་རྗེས་དགོངས་མཛོད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་བརྗོད་ནས། མཎྜལ་གྱི་ཤར་ཕྱོགས་སུ་སྟེགས་བུ་མ དའ་གང་བའི་སྟེང་དུ་ཟླུམ་བསྐོར་བཞིའི་ནང་མ་ལ་པད་འདབ་བཞི། གཉིས་པ་ལ་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་མཚན་མ་དང་ཐུབ་པ་དྲུག །གསུམ་པ་ལ་སྒོ་མ་བཞིའི་ཕྱག་མཚན་ནམ་བརྡ། བཞི་པ་ལ་བླ་མ་དང་དཔའ་བོ་ཆོས་སྐྱོང་དང་བཅས་པའི་མཚན་མ་བཀོད་ལ། དཀར་པོ་བྱས་ཏེ་ཞི་བའི་ཤིང་ཟླུམ་པོར་བརྩེགས་ལ་མེ་སྤར་བའི་ནང་དུ་མེ་ལྷ་དཀར་པོ་ར་སྐྱེས་ཀྱི་སྟེང་ན། ཞལ་གཅིག་ཕྱག་གཉིས་གྷནྡྷེ་དང་མེ་ཐབ་བསྣམས་པ་བསྐྱེད་ལ། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྦྱིན་མཛད་ཅིང་། །གེགས་སེལ་དངོས་གྲུབ་སྩོལ་བའི་ལྷ། །འདིར་གཤེགས་མཆོད་ཡོན་བཞེས་
སུ་གསོལ། ཨཱོཾ་ཨགྣེ་ཡ་ས་མ་ཡ་ཛ་ཛ། ཞེས་པས་མེ་ལྷའི་ཕྱག་རྒྱ་རྣ་དྲུང་དུ་གཡབ་པས། ཤར་ལྷོ་ནས་མེ་ལྷ་དེ་འདྲ་བ་བྱོན་ཏེ་ཐབ་ཀྱི་དམ་ཚིག་པ་ལ་ཐིམ་པར་བསམ་ལ། ཨཱོཾ་ཨགྣེ་ཡེ་ཆེ་གེ་མོ་འཁོར་དང་བཅས་པའི་སྡིག་པ་དང་སྒྲིབ་པ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། མར་ཁུ་དགང་བླུགས་བདུན་གྱིས་བྱོན་ཟན་ཕུལ། ཨརྒྷཾ་པཏྱཾ་པུཥྤེ་དྡྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤཔྟ་ཨཱ་ཧཱུྃ་གིས་མཆོད་ལ། སྔར་གྱི་སྔགས་དེ་ཉིད་ཀྱིས། ཡམ་ཤིང་དང་། མར་དང་། འབྲས་དང་། སོ་བ་དང་། ཏིལ་དང་། ནས་དང་། གྲོ་དང་། སྲན་མ་དང་། ཞོ་ཟན་དང་། དྲི་དང་། བདུག་པ་དང་། དཱུར་བ་རྣམས་སོ་སོའམ། སྣོད་གཅིག་ཏུ་བསྲེས་ལ་འབུལ་ལོ། །དེ་ལྟར་ཉི་ཤུ་རྩ་གཅིག་སོང་བ་དང་། མེ་ལྷའི་སྟེང་གི་ཆ་ལ་བླ་མ་དང་དཀོན་མཆོག་གསུམ་སྤྱན་དྲངས་ཏེ། བྱོན་ཟན་དང་མཆོད་པ་ཕུལ་ནས། ན་མོ་གུ་རུ་བྷྱ། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མོ་སང་གྷ་ཡ། ཨ་མྲྀ་ཏ་ཛྭ་ལ་རཾ། ཞེས་སྲེག་རྫས་ཕུལ་ཏེ། སངས་རྒྱས་ཐམས་ཅད་འདུས་པ་དང་། མགོན་པོ་ཐུགས་རྗེ་ཆེར་ལྡན་གྱིས་བསྟོད་ནས། གུ་རུ་སྤྱན་དྲངས་ཏེ། ཨཱོཾ་མཧཱ་གུ་རུ་པདྨ་སིདྡྷི་ཧོས་སྲེག་རྫས་ཕུལ་ལ་མཆོད་བསྟོད་བྱའོ། །མེ་ལྷའི་ལྟོ་བར་དཀྱིལ་འཁོར་བསྐྱེད་ཅིང་བསྟིམ་ལ། བྱོན་ཟན་བདུན་དང་། མཆོད་བསྟོད་མདོར་བསྡུས་བྱས་ནས། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཛཿཧཱུྃ་བཾ་ཧོཿ བདག་ཅག་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པས་སྲེག་རྫས་རྣམས་བརྒྱའམ་སྟོང་ལ་སོགས་པ་ཕུལ་ལ། སླར་ཡང་མཆོད་ཅིང་བསྟོད་ནས། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཨཱོཾ་བཛྲ་མུཿས་ཡེ་ཤེས་པ་གཤེགས། །དམ་ཚིག་པ་བདག་ལ་བསྡུས་ལ། ནོར་ལྷ་དང་། ཆོས་སྐྱོང་དང་། གཞི་བདག་དང་། འབྱུང་པོ་ཐམས་ཅད་པའི་བགྲོན་རྣམས་སྐད་ཅིག་མས་ཡིད་ཀྱིས་སྤྱན་དྲངས་ལ། རང་རང་གི་
སྔགས་སམ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། བི་ཤྭ་མུ་ཁེ་བྷྱེ། སརྦ་ཏད་ཁཾ་ཨུངྒ་ཏེ། སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གིས་ཕུལ་ལ། རང་རང་གི་གནས་སུ་སོང་བའི་རྗེས་ལ། མེ་ལྷ་གསལ་བཏབ་ནས་སྔར་གྱི་སྔགས་དེ་ཉིད་ཀྱིས་བརྒྱ་རྩ་བརྒྱད་ལ་སོགས་པ་ཕུལ་ལ། །འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བས། །དངོས་གྲུབ་མ་ལུས་སྩོལ་བར་མཛད་པ་ཡི། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་འདུད། །ཅེས་པས་བཏུད་དེ་བཟོད་པར་གསོལ་ལ། མེ་ལྷའི་ཕྱག་རྒྱ་སླར་བཀྲོལ་ཏེ། ཨཱོཾ་ཨགྣེ་ཡེ་གཙྪ་ཞེས་བརྗོད་པས་ཡེ་ཤེས་པ་གཤེགས་པར་བསམ་ལ། བསྔོ་བ་དང་བཀྲ་ཤིས་བརྗོད་པར་བྱའོ། །གསུམ་པ་སློབ་མ་སྟ་གོན་ནི། དེ་ནས་བླ་མས་འདི་སྐད་ཅེས་བཤད། འདིར་ཐེག་པ་ཆེན་པོའི་ཆོས་ལ་འཇུག་པ་ཤིན་ཏུ་ལེགས། དེ་ཡང་སྐྱེ་བར་དཀའ་བ་འཛམ་བུ་གླིང་དུ་སྐྱེས། ཐོབ་པར་དཀའ་བ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་རྟེན་འདི་ལ་འཁོར་བ་སྡུག་བསྔལ་གྱི་ཆུ་བོ་ལས་ཐར་པའི་ཐབས་ལ་མ་འབད་ན། ཚེ་མི་རྟག་པ་རི་གཟར་གྱི་འབབ་ཆུ་དང་འདྲ་བ་འདི་ནམ་འདོར་མི་ཤེས་པས་བརྩོན་དགོས། དེའང་ཐེག་པ་ཆེ་ཆུང་གཉིས་ལས་འདིར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པ་ལ་འཇུག་པའི་སྤྲོ་དགའ་དང་བཅས་པས་དབང་ཞུ་སྙམ་པའི་རྗེས་ཟློས་མཛོད་ཅིག །ཀྱེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང་། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །སོ་ཐར་བྱང་སེམས་དམ་ཚིག་རྣམས། །ཐར་པའི་གྲོང་དུ་འཇུག་བྱའི་ཕྱིར། །མགོན་པོས་བདག་ལ་གནང་དུ་གསོལ། །ཞེས་ལན་གསུམ་བརྗོད་ནས། བླ་མས། ཀྱེ་མ་སྣོད་དང་ལྡན་པའི་བུ། །གསང་སྔགས་ཆོ་ག་ཁྱེད་ལ་བསྟན། །འདས་དང་མ་བྱོན་ད་ལྟར་གྱི། །སངས་རྒྱས་མ་ལུས་ཐམས་ཅད་ཀྱང་། །གསང་སྔགས་ཆོ་ག་འདི་མཁྱེན་པས། །ཀུན་ཀྱང་སངས་རྒྱས་ཐོབ་པ་ཡིན། །ཀུན་བཟང་རྒྱལ་བ་རིགས་ལྔ་ཡིས། །བདུད་ཀྱི་དཔུང་ཡང་འདི་ཡིས་
བཅོམ། །དེ་ལྟར་ཁྱེད་ཀྱིས་ཐོབ་བྱའི་ཕྱིར། །འདི་ཡི་རྗེས་སུ་ཀུན་ཞུགས་མཛོད། །ཅེས་གནང་བ་བྱིན། མེ་ཏོག་དོར་ཏེ་ཐལ་མོ་སྦྱར་ལ། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམ་དགོངས། །རྐང་གཉིས་གཙོ་བོ་ཕྱོགས་བཅུའི་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས་རྣམས་དང་། །ཚོགས་མཆོག་འཕགས་པའི་དགེ་འདུན་ཐམས་ཅད་ལ། །བདག་ནི་གུས་པས་སྐྱབས་སུ་ཉེ་བར་མཆི། །ཞེས་པ་གསུམ་དང་ཡང་། ཀུན་བཟང་རིགས་ལྔའི་ལྷ་ཚོགས་ལ། །འདིར་ཟུང་བླ་མེད་བྱང་ཆུབ་བར། །གུས་པ་ཡིས་ནི་སྐྱབས་སུ་མཆི། །ཞེས་པ་གསུམ་དང་ཡང་། དཔའ་བོ་དཔའ་མོ་ཆོས་སྐྱོང་བཅས། །བྱང་ཆུབ་སེམས་དཔའ་སློབ་དཔོན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ཞེས་པ་གསུམ་དང་ཡང་། བླ་མ་ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པ་ལས་བཟློག་བདེ་བ་བསྒྲུབ། །དགེ་ཚུལ་དགེ་སློང་བྱང་ཆུབ་སེམས། །སོ་སོར་ཐར་པའི་སྡོམ་པ་ལ། བདག་ནི་རྒྱུན་དུ་གནས་ཤིང་བསྲུང་། །ཞེས་པ་གསུམ་དང་ཡང་། ཧོ་བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་གསུམ་དང་ཡང་། །སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་། །སྡོམ་པ་ལ་ནི་གནས་པ་ལྟར། །འདི་བཟུང་འཁོར་བ་མ་སྟོངས་བར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི། །ཕ་རོལ་ཕྱིན་དྲུག་སློབ་ཅིང་བསྒྲུབ། །བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ། །ཀུན་དོན་ཚུལ་ཁྲིམས་གསུམ་དག་གཟུང་། །བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས། །མ་གྲོལ་དགྲོལ་དང་མ་བསྒྲལ་བསྒྲལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །ཅེས་པ་གསུམ་དང་ཡང་། དཀོན་མཆོག་གསུམ་
ནི་མི་གཏང་ངོ་། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་དུས་རྣམ་རྟག་ཏུ་གཏང་། །རིན་ཆེན་རིགས་ཀྱི་དམ་ཚིག་ཡིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །པདྨ་རིགས་ཀྱི་སྡོམ་པ་ཡིན། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན། །ཞེས་སྡོམ་པ་བྱིན་ནས་ཡང་། །ཡར་མཆོད་གུས་ཤིང་མར་ལ་བརྩེ། །རྩ་བ་ཡན་ལག་དམ་ཚིག་བསྲུང་། །རྩ་བ་བཞི་ལས་འདའ་མི་བྱ། །ཞེས་པ་གསུམ་གྱིས་དམ་ཚིག་སྦྱིན་ལ། སློབ་མ་རྣམས་རྡོ་རྗེ་སེམས་དཔར་བསྐྱེད་པའི་གནས་གསུམ་དུ་དྲིའི་ཐིག་ལེས་བྱུག་ཅིང་། ཨཱོཾ་ཨཱཿཧཱུྃ་བཟླས་ལ། ཨཱོཾ་བཛྲ་པྲ་ཝེ་ཤྱ་ཧོཿ ཞེས་པ་གྲངས་མེད་པ་བརྗོད་ཅིང་། རོལ་མོ་དཀྲོལ་ལ། རིགས་ལྔའི་སངས་རྒྱས་དང་བླ་མ་ཡི་དམ་ཆར་བཞིན་བབས་པས་སློབ་མའི་སྤྱི་བོ་ནས་མར་ཐིམ་ཞིང་ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཛཿཧཱུྃ་བཾ་ཧོཿས་རིགས་ལྔའི་སངས་རྒྱས་དཔག་ཏུ་མེད་པ་བྱོན་ནས་དབང་བསྐུར་བར་བསམ་ལ་དར་ཅིག་རོལ་མོ་དཀྲོལ་ནས། བདུད་རྩི་ལྕེ་ཐོག་ཏུ་བཞག་གོ །དེ་ནས་དཀྱིལ་འཁོར་དེའི་ལྷོ་ཤར་དུ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མེ་ཏོག་གི་ཚོམ་བུ་བཀོད་ལ། སོ་ཤིང་མཐོ་གང་བའི་རྩེ་ལ་དར་གྱི་ཅོད་པན་ཡོད་པ་སློབ་མའི་ལག་པ་གཉིས་ཀྱི་སྙིམས་པའི་རྩེེས་ཁའི་ཐད་དུ་བཟུང་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་མཁའ་འགྲོའི་ཚོགས་དང་། སྲུང་མ་ཐམས་ཅད་ཀྱིས་བདག་ལ་དངོས་གྲུབ་བསྟན་དུ་གསོལ། ཞེས་སོས་བཟུང་ལ་མིག་བཙུམ་ནས། ཚོམ་བུའི་སྟེང་དུ་བསྒྱུར་རོ། །ཕྱོགས་བཞི་དབུས་དང་ལྔར་བྱུང་ན་རིགས་དེའི་དངོས་གྲུབ་ཐོབ་ཅིང་། མཚམས་བཞིར་དངོས་གྲུབ་ཕྲན་ཚེགས་འགྲུབ། སྟེང་དུ་བྱུང་ན་མཆོག་གི་དངོས་གྲུབ་འགྲུབ། རྩ་བ་རང་ལ་བསྟན་ན་སྐལ་བ་ཞན་
པས་བལྡབ་ལ་བསྐྱུར་རོ། །དེ་ནས་ཆོས་བཤད་པ་ནི། ཀྱེ་རིགས་ཀྱི་བུ་རྣམས་གསོན་ཅིག །འདི་ལྟ་བུའི་དཀྱིལ་འཁོར་མཐོང་བ་ནི་ཨུ་དུམ་ཝཱ་རའི་མེ་ཏོག་དང་འདྲ་བར་དཀོན་ཞིང་། ཐེག་པ་ཆེན་པོ་གསང་སྔགས་ལ་དད་པས་འཇུག་པ་ཡང་ཤིན་ཏུ་དཀོན་ལ། སྔགས་ལ་སྤྱོད་པ་ཡང་དཀོན་ན་དོ་ནུབ་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་གསང་སྔགས་རྡོ་རྗེ་ཐེག་པ་ལ་སྤྱོད་པ་ནི་སྐལ་པ་བཟང་སྟེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་གང་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གི་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །གང་ཞིག་སྡུག་བསྔལ་ཀུན་འབྱུང་བའི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་མེད་འཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ནས་སྲུང་སྐུད་དམར་པོ་ལྔ་སྒྲིལ་ལ་རྩ་བའི་སྔགས་བཟླས་ཏེ་སྐྱེས་པ་ལ་དཔུང་པ་གཡོན། །བུད་མེད་ལ་གཡས་སུ་བཅིངས་ནས། ཀུ་ཤ་ཚན་པ་གཉིས་ཨཱོཾ་ཨཱཿཧཱུྃ་གིས་སྔས་དང་སྟན་དུ་བྱིན་ལ་སེང་གེའི་ཉལ་སྟབས་ཀྱིས། རྨི་ལམ་བརྟག་ཏུ་
གཞུག་གོ །བླ་མ་དང་རིགས་ལྔའི་ལྷ་ཚོགས་ཀྱིས་དགེ་བ་དང་མི་དགེ་བའི་རྨི་ལམ་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་ལ། ཚོགས་གཏོར་རྒྱ་ཆེར་བཏང་ནས་ཉལ་ལོ། །ནངས་པར་སློབ་དཔོན་ལ་རྨི་ལམ་བརྗོད་དེ་ངན་ན་ཚོགས་གཏོར་གྱིས་བཟློག་པར་བྱའོ། །དབང་གི་སྔོན་འགྲོ་བསྟན་ཟིན་ཏོ། །གཉིས་པ་དངོས་གཞི་ལ། དཀྱིལ་འཁོར་བྲི་ཞིང་རྒྱན་བཀྲམ་པ། དཀྱིལ་འཁོར་བསྒྲུབ་ཅིང་བདག་འཇུག་བླང་བ་ཆོ་ག་དངོས་གཞི་ཇི་ལྟར་བྱ་བ་དང་གསུམ་ལས། དང་པོ་ཐིག་དང་ཚོན་གྱིས་བྲི་བ་གཉིས་ལས། དང་པོ་ལ་གཉིས་ལས། ཡེ་ཤེས་ཀྱི་ཐིག་གདབ་པ་ནི། ཐིག་སྐུད་ལྔ་སྒྲིལ་དཀྱིལ་འཁོར་གྱི་ཉིས་འགྱུར་ཡོད་པ། །ཨཱོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿལས་རིགས་ལྔ་ཡབ་ཡུམ་དུ་བསམས་ལ་ཡེ་ཤེས་པ་ཡིད་ཀྱིས་བསྟིམས་ནས་མཆོད་བསྟོད་མདོར་བསྡུས་བྱས་ལ། རྡོ་རྗེ་དང་དྲིལ་བུ་འཛིན་པས་དབྱངས་དང་བཅས་ཏེ། སུམ་བྷ་ནི་དང་། ཧཱུྃ་གིས་ཕྱོགས་མཚམས་བརྒྱད་བསྐོར་ཞི་བའི་དཀྱིལ་འཁོར་ལ་དམིགས་ཤིང་། ༀ་བཛྲ་ལཱ་སྱ་མཱ་ལེ་གཱིརྟི་ནཱིརྟི་པུཥྤེ་དྡྷཱུ་པི་ཨཱ་ལོ་ཀེ་གྷནྡྷེ་ནི་ཝི་ཏྱ་ཤཔྟ་ཨཱཿཧཱུྃ་གིས་གླུ་དབྱངས་ཕྱག་རྒྱ་དང་བཅས་པའི་གར་དང་། ཨཱོཾ་བཛྲ་ས་མ་ཡེ་ཧཱུྃ། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿས་རིགས་ལྔའི་ཕྱག་རྒྱ་དང་། ཨཱོཾ་སུ་པྲ་ཏིཥྛ་ཧཱུྃ་གིས་བཀྲ་ཤིས་ཀྱི་བྱིན་ཕབ་ལ། སློབ་དཔོན་ཤར་དུ་གཟིགས་ཤིང་སློབ་མས་ནུབ་ཏུ་བལྟ་བས་དཀྱིལ་འཁོར་གྱི་སྟེང་དུ་ཐིག་སྐུད་བཟུང་ལ། ཨེ་མ་རིགས་ལྔའི་སངས་རྒྱས་གཙོ། །འགྲོ་དོན་དུས་ནི་འདི་ལགས་པས། །ཀུན་ཏུ་བཟང་པོའི་ཐིག་གདབ་མཛོད། །ཅེས་བརྗོད་ནས། ཡི་གེ་ལྔའམ་རྩ་སྔགས་བཟླས་ཤིང་ཡེ་ཤེས་ཀྱི་ཚངས་ཐིག་བཞིའམ་བརྒྱད་དམ་བཅུ་དྲུག་བཏབ་པའི་སྒྲས་བསྐུལ་ནས་རིགས་ལྔའི་དཀྱིལ་འཁོར་སྐད་ཅིག་གིས་བསྐྱེད་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་བྱོན་ཏེ་སྟེང་གི་ནམ་མཁའ་ལ་བཞུགས་པར་བསམས་ལ། མཆོད་བསྟོད་ཅི་རིགས་སུ་བྱས་ཏེ། དམ་དཀྱིལ་འཁོར་མི་གཤེགས་པར་བཞུགས། ཚིག་གི་
ཐིག་མཐོང་བ་བརྒྱུད་པ་ལྟར་ཆ་ཆེན་བཅུ་དྲུག་བཏབ་ལ། དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞིར་བགོ་བར་བྱ། །གསུམ་པ་བཞི་པ་མི་གདབ་བཞག །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་ཆ་བཞིར་བགོ་བྱ་སྟེ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། །དེ་ནས་ཚོན་གྱི་ཆོ་ག་ནི། ཕྱོགས་བཞི་དབུས་དང་ལྔར། རིགས་ལྔའི་ཁ་དོག་བཞིན་བཀོད་ལ། སོ་སོའི་ས་བོན་བྲིས་ཏེ་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བསྟིམ། མཆོད་བསྟོད་བྱས་ནས། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿབདུན་བརྗོད་པས། ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་ཚོན་དུ་བསམ་ལ། རྡོ་རྗེ་སློབ་དཔོན་གྱིས་ཤར་ནས་ཚོན་ཐོགས་ཏེ། །སངས་རྒྱས་རིགས་ལྔ་ཡེ་ཤེས་གཙོ། །ཀུན་གྱི་དོན་རིག་བྱ་བའི་ཕྱིར། །ཡེ་ཤེས་ལྔ་ཡི་ཚོན་བཀྱེ་འོ། །ཞེས་བརྗོད་ལ་རེ་ཁཱ་སྦོམ་ཕྲ་སྙོམས་ལ་གཞི་ཚོན་སྲབ་མཐུག་སྙོམས་པར་བཀྱེ་འོ། །དེ་ཡང་དབུས་ནས་ཕྱོགས་བཞིའི་ཆ་ཆེན་རེ་རེའི་སར་ལྟེ་བ་བསྐོར། དེ་ནས་ཆ་ཆེན་གཉིས་སུ་བསྐོར་བའི་ནང་དུ་པདྨ་འདབ་བཞི་ཟུར་གྱི་པདྨ་ཁྱེའུ་བཞི་དང་བཅས་པ་བྲིས་པའི་མཐར་མུ་ཁྱུད་བསྐོར་ལ་རིགས་ལྔའི་ཕྱོགས་མཚོན་བཀྱེ། དེ་ནས་ཟུར་ཆོད་བཞིར་ནང་སྒེགས་བཞི་སེམས་དཔའ་བཞི་དང་བཅས་པའི་མཚན་མ་གཉིས་གཉིས། དེའི་ཕྱི་རིམ་ལྷ་སྣམ་གྱི་གྲྭ་བཞིར་ཕྱི་སྒེག་བཞི་དང་སེམས་དཔའ་བཞི་ཕྱོགས་བཞིར་ཐུབ་པ་དྲུག་དང་། གཞིའི་ཀུན་བཟང་ཡབ་ཡུམ་གྱི་བརྡ་མཚོན་གཉིས་གཉིས་བྱ། སྒོ་བཞིར་སྒོ་བ་ཡབ་ཡུམ་གྱི་བརྡ་བྱ། རྩིག་པ་ལྔ་ནང་ནས་མཐིང་ག་དཀར་དམར་སེར་ལྗང་གིས་བྲིས་ལ། འདོད་ཡོན་དམར། ཕ་གུ་སེར། དྲ་ཕྱེད་སྔོ། མདའ་ཡབ་དམར། པུ་ཤུ་མཛེས་ཚོན། རྟ་བབས་དེ་དང་འདྲ། རྡོ་རྗེའི་རྭ་ཕྱོགས་མདོག་ཅན། ཞིང་ཁམས་ལྗང་། དུར་ཁྲོད་བརྒྱད་ཀྱི་ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་མཛེས་ཚོན། ཉི་མ་དམར། ཟླ་བ་དཀར། པདྨའི་ར་བ་སྣ་ཚོགས་མདོག །རྡོ་རྗེའི་རྭ་བ་དེ་དང་འདྲ། །མི་རེ་ཡེ་
ཤེས་ལྔ་ཡི་མདོག །གསལ་ཞིང་སྙོམས་པར་བྲི་བར་བྱ། །དེ་ནས་རྒྱན་བཀྲམ་པ་ནི། དཀྱིལ་འཁོར་དེའི་དབུས་དང་ཕྱོགས་བཞིར་མཉྫིའི་སྟེང་དུ་སྔར་ལྟར་གྱི་རྣམ་རྒྱལ་བུམ་པ་ལྔ་མ་ནོར་བར་བཞག་ལ། གཟུངས་ཐག་ཕྱོགས་བཞིའི་ཕུར་པ་བཞི་ལ་སྦྲེལ། ཕྱོགས་བཞི་དང་མཚམས་བཞིར་སྒོ་མ་བཞིའི་ཕུར་པ་མཐོ་དོ་དོ་ཡོད་པ་རེ་བཙུགས་ལ་ཡེ་ཤེས་ལྔའི་གྲུ་གུས་དྲྭ་བ་རིས་སུ་སྦྲེལ། མཐའ་ཆག་གི་མེ་རི་ལ་མེ་རིའི་ཤོག་བསྐོར་གཏང་། མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ་ལེགས་པར་བཤམས། དེའང་གཡས་སུ་ཕྱི་མཆོད་ལ། གཡོན་ནས་ནང་མཆོད་བཤམས་པའམ། སྦྲག་མར་བཤམས། སྟེང་དུ་རྨ་བྱའི་གདུགས་དང་། ཟུར་བཞིར་རྒྱལ་མཚན་བཞི། ཕྱོགས་བཞིར་འཕན་བཞི། བུམ་པའི་ཁ་རྒྱན་གསེབ་ཏུ་ཤེལ་དང་རྨ་བྱ་མེ་ལོང་གཟུག །དེའི་སྟེང་དུ་བླ་བྲེས་ཕུག་ཅིང་དཀྱིལ་འཁོར་ལ་ཡོལ་བ་གྲུ་བཞིར་བྲེ། ས་གཞི་མཆོད་རྫས་ཀྱིས་བརྒྱན་ཞིང་གཏོར་ཚོགས་ཤིན་ཏུ་བཟང་བར་བཤམ་མོ། །གཉིས་པ་ལ་གཉིས་ལས། དཀྱིལ་འཁོར་བསྒྲུབ་པ་ནི། སྟ་གོན་དུ་བྱ་བའི་སྐབས་བཞིན་བྱས་ལ། མཆོད་བསྟོད་དང་བཀྲ་ཤིས་བརྗོད། བདག་འཇུག་བླང་བ་ནི། འདི་མན་ཆད་ཀྱི་ཆོ་ག་འདོན་པ་བསྒྱུར་ལ། སློབ་མའི་གནས་སུ་རང་གི་མིང་གཞུག་སྟེ། དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བར་བསམས་ལ། དབང་བཞི་རིམ་པས་བླང་ངོ་། །འདི་ཉིད་སློབ་དཔོན་གྱིས་དགོས་པ་སྟེ་གལ་པོ་ཆེའི་གནད་ཡོད་དོ། །གསུམ་པ་ཆོ་ག་དངོས་ཇི་ལྟར་བྱ་བ་ནི། ལས་ཀྱི་སློབ་དཔོན་གྱིས་ལས་བུམ་ཐོགས་ཏེ། སློབ་མ་རྣམས་ཁྲུས་བྱས་ལ་གདོང་གཡོགས་བཅིངས་ཏེ། ཐམས་ཅད་ལགས་པ་སྦྲེལ་ནས་ལས་ཀྱི་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་སྔ་མ་དེས་བཟུང་ནས། དཀྱིལ་འཁོར་ཡོལ་བས་བྲེས་པ་དེ་ཡི་ཕྱི་རོལ་ནས་བསྐོར་བ་ལན་གསུམ་བྱས་ཏེ། ཕྱི་སྒོ་བཅད་པའི་དྲུང་ནས་གསོལ་བ་
གདབ་པ་ནི། ཀྱེ་ཁྲོ་བོ་མི་བཟད་འཇིགས་པའི་སྐུ། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར། ཁྱེད་ཀྱིས་གནང་སྟེ་གཏད་དུ་གསོལ། །ཞེས་པ་གསུམ་གྱིས་ཞུས་པ་དང་། །ནང་ནས་བླ་མས། ཁྱེད་སུ་ཡིན་ཅི་བྱེད་ཅེས་ལན་གསུམ་དྲིས་པའི་ལན་དུ། ཕྱི་ནས་བདག་ནི་སྐལ་ལྡན་རིགས་ཀྱི་བུ་ཡིན། དཔལ་རིགས་ཀྱི་བདག་པོ་དབང་ཞུ་ཞེས་པ་གསུམ་གྱི་ལན་གདབ་བོ། །དེ་ནས་གུ་གུལ་གྱིས་བདུག་ཅིང་རོལ་མོའི་སྒྲ་དང་སུམ་བྷ་ནིས། སློབ་མའི་བགེགས་བསྐྲད་ལ་ཡི་གེ་བརྒྱ་པ་རེ་ཟློས་སུ་བཅུག་ལ་བླ་མས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེའི་རྭ་བ་གུར་ཟླ་བྲེ་ཡེ་ཤེས་ཀྱི་མེ་རི་འབར་བས་མཚམས་བཅད་ལ་བགེགས་ཀྱིས་བསྐལ་བའི་བར་དུ་མི་ཐར་བར་བསམས་ལ། སློབ་མས་ཕྱི་ནས་མཎྜལ་ལན་ལྔ་ཕུལ་ནས་མེ་ཏོག་བཟུང་སྟེ་གསོལ་བ་གདབ་པ་ནི། ཀྱེ་མ་རིགས་ལྔ་བདེ་བར་གཤེགས་པ་དང་། བླ་མ་ཡི་དམ་ཌཱ་ཀི་དགོངས། །སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། ཞེས་ལན་གསུམ་གྱིས། ཡོལ་བའི་སྒོ་ཕྱེ་ནས་ནང་དུ་བཏང་བས། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་གཟིགས་པར་བསམས་ལ། ཕྱག་འཚལ་ཏེ་མེ་ཏོག་གཏོར་ནས། ཡང་གཙོ་བོ་ལ་ཕྱག་དང་ཐལ་མོ་སྦྱར་ཏེ། ཀྱེ་བླ་མ་རྡོ་རྗེ་འཛིན་པ་དང་། དཀྱིལ་འཁོར་ལྷ་ཚོགས་སྤང་ན་ནི། །སྐྱོབ་པ་གཞན་ན་མི་མངའ་བས། ཁྱེད་ཀྱི་ཐུགས་རྗེས་བདག་ལ་སྩོལ། ཞེས་པ་གསུམ་གྱིས་མེ་ཏོག་གཏོར་ནས་བླ་མས། ཀྱེ་མ་ཁྱེད་ནི་སྣོད་མཆོག་དམ་པ་སྟེ། ཁྱོད་འདོད་པ་ནི་བདག་གིས་སྦྱིན། ཞེས་པ་དང་། སློབ་མས། བདག་ནི་འབྲས་བུ་གསང་སྔགས་ཀྱི། །དངོས་གྲུབ་བདུད་རྩིའི་ཆུ་རྒྱུན་གྱིས། །སྨིན་ཅིང་གྲོལ་བར་འདོད་པས་ན། །ཐུགས་རྗེས་བདག་ལ་གནང་བར་མཛོད། །ཅེས་པ་གསུམ་བརྗོད་པ་དང་། བླ་མས། ཨེ་མ་ཨེ་མ་རིགས་ཀྱི་བུ། ཁྱོད་ནི་
ལས་ཟད་འཁྲུལ་པ་ཞིག །རིགས་ཀྱི་བུ་མཆོག་ཁྱེད་ཡིན་པས། །ངས་ཁྱེད་ཀུན་བཟང་རིགས་ལྔ་ཡི། །དཀྱིལ་འཁོར་འཇུག་ཅིང་ཡེ་ཤེས་དབབ། །དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ། །དངོས་གྲུབ་དཀྱིལ་འཁོར་འདི་དག་ནི། །མ་མཐོང་པ་ལ་སྨྲས་པས་ན། དམ་ཚིག་ཉམས་ཏེ་དམྱལ་བར་ལྟུང་། །རིགས་ལྔ་ཡེ་ཤེས་རྣམ་པ་ལྔ། ཁྱེད་ཀྱི་ཐུགས་ལ་ཞུགས་པ་སྟེ། འདི་སྨྲས་ཡེ་ཤེས་ལྷ་དང་བྲལ། །ཞེས་པ་དང་། བདུད་རྩི་ལྕེ་ལ་བཞག་ནས། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །བསྲུངས་ན་དངོས་གྲུབ་ཐམས་ཅད་ཐོབ། །དམ་ཚིག་བདུད་རྩིའི་ཆུ་འདི་འཐུང་། །ༀ་ཨ་མྲྀ་ཏ་དམ་ལས་མ་འདའ་སྭཱཧཱ། །འོ་ཁྱོད་ཀྱི་སྟོན་པ་རིགས་ལྔའི་སངས་རྒྱས་ང་ཡིན་པས། །ངས་བཀའ་བསྒོ་བ་ལས་མ་འདའ་ཞིག །འདས་ན་མྱུར་དུ་རྡོ་རྗེ་དམྱལ་བར་སྐྱེས་ནས་ཐོན་པའི་དུས་མེད་དོ་ཞེས་བསྒྲག་གོ །ཡེ་ཤེས་དབབ་པ་ནི་སློབ་མ་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་སྙིང་གི་ནང་དུ་གཡུང་དྲུང་འཁྱིལ་པ་དམར་པོ་གཅིག་གི་ནང་དུ་ཟླ་བའི་དཀྱིལ་འཁོར་གཅིག་ལ་ཡཾ་གཅིག་བསམ། གཡུང་དྲུང་གི་ཡན་ལག་བཞི་ལ་ཧ་རི་ནི་ས་བསམས་ལ། ཡཾ་ལས་རླུང་བྱུང་བས་གཡུང་དྲུང་འཁྱིལ་བ་སྙིང་དང་བཅས་པ་གཡོན་དུ་འཁོར་བ་ལ་དམིགས་པ་འཛིན་དུ་བཅུག་ལ། བྱི་ལའི་བྲུན། རཀྟ། ཤ་ཆེན། གུ་གུལ་ནག་པོ། གླང་ཆེན། བདུད་རྩི་ལྔ། རའི་རྐང་ལག་བཞིའི་ཉ་ཤ །རང་རང་གི་སྐྲ་རྣམས་སྦྱར་བ་སོ ལ་མེ་ལ་བསྲེག་ཅིང་། རོལ་མོའི་སྒྲ་དང་རྩ་སྔགས་དྲག་ཏུ་བཟླས་ཤིང་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་རིགས་ལྔའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རིག་འཛིན་ཆེན་པོ་རྣམས་དང་། མཁའ་འགྲོ་དཔག་ཏུ་མེད་པ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་ནས་སློབ་མའི་སྙིང་ནང་དུ་སིབ་སི བ་ཐིམ་ནས་འཁྲབ་ཅིང་གར་བྱེད་པར་བསམས་པས་ཡེ་ཤེས་པ་ཕེབས་པའི་རྟགས་
སུ་ལུས་འཕར་འཁྲབ་འདར་སྤུ་ཟིང་ཟིང་པ་དང་། ངག་སྨྲ་བརྗོད་དུ་གླུ་ལེན་པ་དང་། སེམས་བདེ་གསལ་མི་རྟོག་པ་ཁྱད་པར་ཅན་སྐྱེའོ། །དེ་ནས་དཀྱིལ་འཁོར་གྱི་ཤར་སྒོར་སློབ་མ་ཁྲིད་དེ་ཕྱག་འཚལ་ལ། །ཀྱེ་ཤར་སྒོ་སྲུང་བའི་སྒོ་མ་ལྕགས་ཀྱུ་མ། །ཤར་གྱི་སྒོ་འདི་ཕྱེས་ལ་ནི། །བདག་ཅག་ཡི་དམ་ལྷ་དང་སྤྲོད། །ཅེས་པ་དང་། ལྷོ་སྒོར་ཕྱིན་ལ། ཀྱེ་ལྷོ་སྒོ་བསྲུང་པའི་སྒོ་མ་ཞགས་པ་མ། །ལྷོ་ཡི་སྒོ་འདི་ཕྱེས་ལ་ནི། །བདག་ཅག་ཡི་དམ་ལྷ་དང་སྤྲོད། །ཅེས་པ་དང་། ནུབ་སྒོར། ཀྱེ་ནུབ་སྒོ་བསྲུང་བའི་སྒོ་མ་ལྕགས་སྒྲོག་མ། །ནུབ་ཀྱི་སྒོ་འདི་ཕྱེས་ལ་ནི། །བདག་ཅག་ཡི་དམ་ལྷ་དང་སྤྲོད། །ཅེས་པ་དང་། བྱང་སྒོར། ཀྱེ་བྱང་སྒོ་བསྲུང་བའི་སྒོ་མ་དྲིལ་བུ་མ། །བྱང་གི་སྒོ་འདི་ཕྱེས་ལ་ནི། །བདག་ཅག་ཡི་དམ་ལྷ་དང་སྤྲོད། །ཅེས་བརྗོད་ནས་མེ་ཏོག་ཐོགས་ལ། ཀྱེ་བདེ་གཤེགས་རིགས་ལྔའི་ཕོ་བྲང་དུ། །འབྲེལ་བའི་མེ་ཏོག་འདི་བོར་བས། །འབྲེལ་བ་གང་ཡོད་ལྷ་དང་བདག་འཕྲད་ཤོག །པུཥྤེ་སི་ཏི་སྟྭཾ་ཞེས་པས་མེ་ཏོག་དོར་བས། མེ་ཏོག་གང་ལ་ཕོག་པའི་ལྷ་དང་རང་ངོ་སྤྲད་དེ་ལྷ་དེའི་རིགས་ཙམ་ཞིག་བཤད་དོ། །གདོང་གཡོགས་བཀྲོལ་བ་ནི། །སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། ཁྱེད་ཀྱི་མ་རིག་འཁོར་བའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བར་བྱ། །དེ་བཞིན་ཁྱོད་ཀྱིས་འགྲོ་བ་རྣམས། །ཡེ་ཤེས་སྤྱན་དུ་དབྱེ་བར་ཤོག །ཨཱོཾ་ཙ ཀྵུ་སྭཱཧཱ། ཨཱོཾ་ཞེས་པས་དཀྲོལ་ལོ། །ཡང་བླ་མས། ཀྱེ་མ་རིགས་ཀྱི་བུ་རྣམས་ཀུན། ཁྱེད་རྣམས་སྡིག་པ་ཀུན་ལས་གྲོལ། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ལུས་ངག་ཡིད་ཀྱི་དད་པ་བསྐྱེད། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་ཁྱེད་ཀྱིས་ཐོག །དམ་ཚིག་སྔགས་ལ་བརྩོན་པར་གྱིས། །ཞེས་བརྗོད་ནས། དཀྱིལ་འཁོར་དང་ལྷའི་རྣམ་དག་བཤད་པ་ནི། འོ་རིགས་ཀྱི་བུ་དཀྱིལ་འཁོར་
འདི་ལ་ལྟོས་ཤིག །དེ་ཡང་སེམས་ཅན་དང་སངས་རྒྱས་གཞི་གཅིག་པའི་རྟགས་སུ་དཀྱིལ་འཁོར་འཇམ་ཞིང་སྲུབ་མེད་པའོ། །ཕྱིན་ཅི་ལོག་གི་བདུད་རྣམས་སྲེག་པའི་རྟགས་སུ་མེའི་འོད་ཀྱི་ཕྲེང་བའོ། །ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སུ་རྡོ་རྗེའི་ཕྲེང་བའོ། །འགྲོ་བའི་ཡིད་བཞིན་དུ་དོན་བྱེད་པའི་རྟགས་སུ་པདྨའི་ཕྲེང་བའོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྟགས་སུ་ཉི་ཟླའི་གདན་ནོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་རང་སར་དག་པའི་རྟགས་སུ་དུར་ཁྲོད་བརྒྱད་དོ། །གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་བྱམས་པ་ཆེན་པོ་མངའ་བའི་རྟགས་སུ་གདུགས་ཀྱིས་ཕུབ་པའོ། །སེམས་ཅན་ལ་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སུ་ཆོས་ཀྱི་འཁོར་ལོའོ། །ཕྱིར་རྒོལ་བ་དང་རྣམ་རྟོག་གིས་དབེན་པའི་རྟགས་སུ་རི་དྭགས་སོ། །ཚད་མེད་པ་བཞི་སྒོམ་པའི་རྟགས་སུ་རྟ་བབས་བང་རིམ་བཞིའོ། །མཐར་ཕྱིན་པའི་ཡོན་ཏན་བརྙེས་པའི་རྟགས་སུ་རྩེ་མོའི་རིམ་པའོ། །ཆགས་པ་མེད་པའི་ཐུགས་རྗེས་འགྲོ་བའི་དོན་བྱེད་པའི་རྟགས་སུ་མདའ་ཡབ་བོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་རྣམ་པར་དག་པའི་རྟགས་སུ་དྲཱ་བ་དང་དྲཱ་ཕྱེད་དོ། །ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་རྟགས་སུ་རིན་པོ་ཆེའི་ཕ་གུའོ། །འདོད་ཡོན་ལྔ་མི་སྤངས་པའི་རྟགས་སུ་འདོད་ཡོན་གྱི་ལྷ་མོ་བཅུ་དྲུག་གོ །རིགས་ལྔའི་དགོངས་པ་ལམ་དུ་ཁྱེར་བའི་རྟགས་སུ་པཉྩ་ར་གའི་རྩིགས་པ་ལྔའོ། །རྣམ་པར་ཐར་པའི་ས་ནས་སྐྱེ་བ་མེད་པའི་སར་འགྲོ་བའི་རྟགས་སུ་སྒོ་བཞིའོ། །འཕགས་པའི་ཡོན་ཏན་མཆོག་ལ་མངའ་བརྙེས་པའི་རྟགས་སུ་ལྷའི་སྣམ་བུའོ། །ཕྲིན་ལས་བཞི་མཐར་ཕྱིན་པའི་རྟགས་སུ་གྲུ་ཆད་བཞིའོ། །སྐུ་གསུམ་འདུ་འབྲལ་མེད་པའི་རྟགས་སུ་མུ་ཁྱུད་གསུམ་མོ། །རིགས་ལྔའི་ཁ་དོག་སོ་སོར་མཚོན་པའི་རྟགས་སུ་པདྨ་བཞིའོ། །ཡབ་ཡུམ་གཉིས་སུ་མེད་པའི་རྟགས་སུ་མཚམས་བཞི་མཛེས་ཚོན་ནོ། །རྣམ་པར་སྣང་
མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་ལྔར་བྱུང་བ་འདི་ཡང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ལྔ་གནས་གྱུར་ནས་སྐུ་ལྔ་དང་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་རྟགས་ཡིན་ནོ། །ཡུམ་བཞིར་བྱུང་བ་འདི་འབྱུང་བ་བཞི་རྣམ་པར་དག་ཅིང་འཕྲིན་ལས་བཞིས་འགྲོ་བའི་དོན་བྱེད་པའི་རྟགས་སོ། །སེམས་དཔའ་ཡབ་ཡུམ་དུ་སྣང་བ་འདི་ཡང་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་ཡུལ་རྣམ་པར་དག་པའི་རྟགས་སོ། །ཐུབ་པ་དྲུག་ཀྱང་ཉོན་མོངས་པ་དྲུག་རྣམ་པར་དག་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་རྟགས་སོ། །ཀུན་བཟང་ཡབ་ཡུམ་གཉིས་སུ་སྣང་བ་ཡང་ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པས་ཐབས་དང་ཤེས་རབ་སྣང་སྟོང་རྣམ་པར་དག་པའི་རྟགས་ཡིན་ནོ། །སྒོ་བ་བཞི་ཡང་ཚད་མེད་པ་བཞིས་འགྲོ་བའི་དོན་བྱེད་པའི་རྟགས་སོ། །བུམ་པ་ལྔ་ཟླུམ་པོར་བྱུང་བ་འདི་ཡང་གདོད་མའི་ཆོས་སྐུ་ཀ་དག་ཆེན་པོ་མཐའ་དབུས་དང་བྲལ་བ་གཞོན་ནུ་བུམ་པའི་སྐུར་བཞུགས་པའི་རྟགས་སོ། ཁ་དོག་ལྔར་བྱུང་བ་འདི་ཡང་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སོ། ཁ་རྒྱན་ཕུན་སུམ་ཚོགས་པ་འདི་ཞི་ཁྲོ་འོད་ཟེར་གྱི་ཚུལ་དུ་ཡོད་པའི་རྟགས་སོ། །དེའི་གསེབ་ཀྱི་རྡོ་རྗེ་འདི་རང་རིག་ལས་འགྱུར་བ་མེད་པའི་རྟགས་སོ། །མགུལ་ཆིངས་ལྔ་དང་ལྡན་པ་འདི་ཡང་ཉོན་མོངས་པ་ལྔ་སྣང་ཡུལ་དུ་དག་པའི་རྟགས་སོ། །གཟུངས་ཐག་ལྔ་སྦྲེལ་བཏགས་པ་འདི་ཡང་ཐུགས་རྗེ་ཀུན་ཏུ་ཡོད་པའི་རྟགས་སོ། །ཤེལ་དཀར་དང་མེ་ལོང་གཉིས་ནི་རིག་པ་ལ་དྲི་མ་མེད་ཅིང་སྟོང་གསལ་མ་འགག་པར་ཡོད་པའི་རྟགས་སོ། །རྨ་བྱའི་གདུགས་འདི་ནི་སྒྲོན་མ་བཞི་དབྱིངས་སུ་འཁྱིལ་བ་གསལ་བའི་རྟགས་སོ། །རྒྱལ་མཚན་བཞི་ཟུར་བཞིར་མཛེས་པ་འདི་ནི་སངས་རྒྱས་ཀྱི་བསྟན་པ་མི་ནུབ་པར་བྱེད་པའི་རྟགས་སོ། །འཕན་དར་བཞི་ཕྱོགས་བཞིར་མཛེས་པ་འདི་ནི་སྙན་པའི་བ་དན་ཕྱོགས་བཅུར་
སྒྲོགས་པའི་རྟགས་སོ། །མཆོད་ཚོགས་དང་གཏོར་ཚོགས་རྒྱ་ཆེར་བཤམས་པ་འདི་ཡང་བླ་མ་ཡི་དམ་མཁའ་འགྲོ་མཉེས་པར་བྱེད་དགོས་པའི་རྟགས་སོ། །གཞན་ཡང་བཀོད་པའི་བྱེ་བྲག་རྒྱན་དང་བཅས་པ་འདི་ཡང་དབང་བསྐུར་བ་ལ་ཕུན་སུམ་ཚོགས་པ་ལྔ་ལྡན་ཚངས་དགོས་པའི་རྟགས་སོ། །རྡོ་རྗེ་སློབ་དཔོན་རྒྱན་དང་ལྡན་པ་འདི་ཡང་དབང་བསྐུར་བའི་ཚེ་བྱིན་རླབས་ཆེན་པོ་རང་བཞིན་གྱིས་འབེབས་པའི་རྟགས་སོ། །ཞེས་གསེར་གྱི་ཐུར་མས་སློབ་མ་ལ་ལྷ་ངོ་བསྟན་ནོ། །དེ་དག་ནི་དངོས་གཞིའི་སྦྱོར་བའོ། །ད་ནི་དབང་བསྐུར་བ་དངོས་ལ། སློབ་མས་མཎྜལ་ཕུལ་ནས། ཀུན་བཟང་ཡབ་ཡུམ་ཡེ་ཤེས་དབང་། བདག་ཅག་རྣམས་ལ་བསྐུར་དུ་གསོལ། ཞེས་པ་གསུམ་གྱིས་འགྲེངས་ཏེ་ཐལ་མོ་རེ་སྦྱར་ཞིང་ཕྱག་རེ་བཙལ་ནས། ཤར་སྒོར་སེང་གེའི་ཁྲི་བརྩིགས་པ་འམ་བྲིས་པ་འམ་བསྒོམས་པ་ལ་སློབ་མ་རྣམས་བཞག་ནས་མེ་ཏོག་གང་ལ་ཕོག་པའི་ལྷ་དེ་བསྒོམ་དུ་བཅུག་ལ། དཀྱིལ་འཁོར་གྱི་སྟེང་ནས་མེ་ཏོག་བླང་ནས་མགོ་འམ་མཐོངས་ཁ་གཡོན་ལ་བཏགས་ཏེ། སློབ་དཔོན་གྱིས་མེ་ཏོག་གང་ལ་ཕོག་པ་འདི། སྔོན་ནས་ཁྱེད་ཀྱི་ཡི་དམ་ལྷ། །རྟག་ཏུ་བསྒོམ་དང་བསྒྲུབ་པ་གྱིས། །ཨཱོཾ་བཛྲ་པུཥྤ་སི་ཏི་སྟྭཾ། འོ་ཁྱོད་ཀྱིས་ཡི་དམ་ལྷ་འདི་ཡིན་པས་དུས་རྒྱུན་དུ་སྒོམས་ལ་བསྐྱེད་རྫོགས་ཀྱི་དོན་ལ་གནས་པར་གྱིས་ཤིག །རིགས་ལྔའི་བསྐྱེད་རྫོགས་ཀྱི་ལུང་གང་མཁོ་བ་སློབ་མ་རེ་རེ་ལ་དབོག་གོ །དེ་ནི་དབང་ལ་སྔ་བ་ལྷ་དང་འབྲེལ་བའི་དབང་ངོ་། །དེ་ནས་རིགས་ལྔའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་དབང་བསྐུར་ཏེ། དང་པོ་སྐུ་ཡི་དབང་ནི་སློབ་མ་རྣམས་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་རྡོ་རྗེ་རྩེ་ལྔ་པ་རྟོད་དེ་ཐུགས་ཀར་འཛིན་ཅིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པའི་སྤྱི་བོར་པད་ཟླའི་སྟེང་དུ་ཨཱོཾ་དཀར་པོ་གཅིག་བསྒོམ་དུ་
གཞུག་ཅིང་། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་ཙམ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བྱོན་ནས་བཀྲ་ཤིས་བརྗོད་ཅིང་། བླ་མ་དང་རྡོ་རྗེ་སེམས་དཔའ་དབྱེར་མེད་དུ་སློབ་མའི་སྤྱི་བོར་ཞུགས་པ་ལ་དམིགས་པ་འཛིན་དུ་བཅུག་ལ། བླ་མས་དབུས་ཀྱི་བུམ་པ་དེ་བླངས་ནས་ཐོགས་ཏེ། སློབ་མའི་སྤྱི་བོར་བཞག་ལ་དབྱངས་དང་བཅས་པས། ཧཱུྃ་གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ༀ་བཛྲ་ཨབྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ནས། བུམ་ཆུ་དེ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ། འོ་རིགས་ཀྱི་བུ་ཁྱོད་ཀྱིས་ཆུ་འདི་འཐུངས་ཤིང་ཁྲུས་བྱས་པ་ཙམ་གྱིས་ལུས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་འདི་ཉིད་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ་པ་ཡིན་ནོ། ཁྱོད་ཀྱི་གཟུགས་ཀྱི་ཕུང་པོ་འདི་རྡོ་རྗེ་སེམས་དཔའ་ཉིད་དུ་སངས་རྒྱས་ཏེ། །ཆུའི་ཁམས་མཱ་མ་ཀཱིའི་རང་བཞིན་དུ་གནས་འགྱུར། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ཏེ། །སངས་རྒྱས་རྡོ་རྗེའི་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བ་ཐམས་ཅད་ཀྱི་དོན་ཕྱི་མར་འགྱུར་རོ། །ཞེས་བརྗོད་དོ། །དེ་ནས་གསུང་གི་དབང་ནི། །སློབ་མའི་མགྲིན་པར་པདྨ་དམར་པོ་དང་ཟླ་བའི་སྟེང་དུ་ཨཱཿདམར་པོ་བསམ་ཞིང་། དེ་ཉིད་སྣང་བ་མཐའ་ཡས་དམར་པོ་གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་ལ་སོགས་པའི་དམིགས་པ་སྔ་མ་བཞིན་བསམས་ཏེ། རྡོ་རྗེ་མགྲིན་པར་བཟུང་ནས། ཧཱུྃ་འདུ་ཤེས་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །ཨཱོཾ་པདྨ་ཨབྷི་ཥིཉྩ་ཧྲཱིཿ ཞེས་པས་རྡོ་རྗེ་ལག་ཏུ་གཏད་ལ། འོ་རིགས་ཀྱི་བུ་ཁྱོད་ཀྱི་ལག་ཏུ་རྡོ་རྗེ་འདི་གཏད་པ་ཙམ་གྱིས་འདིར་ངག་གི་སྒྲིབ་
པ་དག་ནས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ་པ་ཡིན་ནོ། །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཉིད་དུ་སངས་རྒྱས་ཏེ་མེའི་ཁམས་ཀྱང་གོས་དཀར་མོའི་རང་བཞིན་ཉིད་དུ་དག་ནས། །འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་ཉིད་དུ་གྲོལ་ཏེ། སངས་རྒྱས་པདྨའི་རིགས་ཀྱི་གསུང་འགག་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །དེ་ནས་ཐུགས་ཀྱི་དབང་བསྐུར་བ་ནི། སློབ་མ་རྣམ་སྣང་མཐིང་ག་ཕྱག་ན་འཁོར་ལོ་འཛིན་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ག་ལས་དམིགས་པ་གོང་དང་འདྲ་བས། ཧཱུྃ་རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་གཏི་མུག་སྐྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨཱོཾ་བུདྡྷ་ཨ་བྷི་ཥྀཉྩ་ཨཱོཾ། ཞེས་བརྗོད་ནས། མེ་ཏོག་གང་ལ་ཕོག་པའི་ལྷའི་མིང་བཏགས་ཏེ། འོ་རིགས་ཀྱི་བུ་ཁྱོད་ལ་མིང་ཆེ་གེ་མོ་ཞེས་བཏགས་པ་ཙམ་གྱིས་འདིར་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ་པ་ཡིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་ཡང་རྣམ་པར་སྣང་མཛད་དུ་སངས་རྒྱས་ཏེ། ནམ་མཁའི་ཁམས་ཀྱང་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མར་དག་ནས། གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དེ་བཞིན་གཤེགས་པའི་རིགས་ཀྱི་ཐུགས་འཁྲུལ་པ་མེད་པ་ཆོས་ཀྱི་སྐུ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །དེའང་སྐྱེས་པ་རྣམས་ལ་མེ་ཏོག་ཤར་དུ་བབ་པ་ལ། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ལེགས་པ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་ལ་སོགས་པའི་མིང་བཏགས་ཤིང་། བུད་མེད་ལ་རྡོ་རྗེ་མཱ་མ་ཀཱི་དང་། དབྱིངས་ཕྱུག་མ་ལ་སོགས་པའོ། །ལྷོར་རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་རྒྱལ་མཚན་དང་། རྡོ་རྗེ་བཞད་པ་ལ་སོགས་པ་
དང་། བུད་མེད་ལ་སངས་རྒྱས་སྤྱན་དང་། རིན་ཆེན་དབྱིངས་ཕྱུག་མ་ལ་སོགས་པའོ། །ནུབ་ཏུ་སྐྱེས་པ་ལ། རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་རྒྱུ་དང་། རྡོ་རྗེ་སྨྲ་བ་ལ་སོགས་པ་དང་། བུད་མེད་ལ་རྡོ་རྗེ་གོས་དཀར་མོ་དང་། པདྨ་དབྱིངས་ཕྱུག་མ་ལ་སོགས་པའོ། །བྱང་དུ་སྐྱེས་པ་ལ་རྡོ་རྗེ་ལས་དང་། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་ལ་སོགས་པ་དང་། བུད་མེད་ལ་རྡོ་རྗེ་སྒྲོལ་མ་དང་། ལས་ཀྱི་དབྱིངས་ཕྱུག་མ་ལ་སོགས་པའོ། །དེ་ནས་ཡོན་ཏན་གྱི་དབང་བསྐུར་བ་ནི། སློབ་མ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ་ཕྱག་ན་རིན་པོ་ཆེ་བསྣམས་པའི་ལྟེ་བར་པད་ཟླའི་སྟེང་དུ་ཏྲཱཾ་སེར་པོ་ལ་སོགས་པའི་དམིགས་པ་སྔ་མ་བཞིན་བསྒོམས་ལ་དབུ་རྒྱན་བསྐོན་ཏེ། ཧཱུྃ་ཚོར་བའི་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ཨཱོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། རིགས་ཀྱི་བུ་ཁྱོད་ལ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་འདིར་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ་པ་ཡིན་ནོ། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་སངས་རྒྱས་ཏེ། སའི་ཁམས་ཀྱང་སངས་རྒྱས་སྤྱན་དུ་དག་ནས་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །དེ་ནས་འཕྲིན་ལས་ཀྱི་དབང་ནི། སློབ་མ་དོན་ཡོད་གྲུབ་པ་རལ་གྲི་བསྣམས་པའི་གསང་བར་པད་ཟླའི་སྟེང་དུ་ཨཱཿལྗང་གུ་ལས་དམིགས་པ་སྔ་མ་བཞིན་བསྒོམས་ཏེ། དྲིལ་བུ་སྤྱི་བོར་བཞག་ལ། ཧཱུཾ་འདུ་བྱེད་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་འཕྲིན་ལས་དབང་བསྐུར་
རོ། །ཨཱོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དེ། དྲིལ་བུའམ། རལ་གྲི་ལག་ཏུ་གཏད་དེ། རིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་ལག་ཏུ་གཏད་པ་ཙམ་གྱིས་འདིར་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མ་ལུས་པ་དག་ནས་སངས་རྒྱས་ཐམས་ཅད་ཀྱི་འ ཕྲིན་ལས་ཀྱི་དབང་ཐོབ་པ་ཡིན་ནོ། །འདུ་བྱེད་ཀྱི་ཕུང་པོ་ཡང་དོན་ཡོད་གྲུབ་པར་སངས་རྒྱས་ཏེ། རླུང་གི་ཁམས་ཀྱང་དམ་ཚིག་སྒྲོལ་མར་དག་ནས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དོན་ཡོད་གྲུབ་པའི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །བདག་པོའི་དབང་ལྔའོ། །དེ་ནས་ཀུན་ཏུ་བཟང་པོའི་དབང་ནི། སློབ་མ་ཀུན་ཏུ་བཟང་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསམས་ལ། བླ་མའི་རྟོགས་པ་སློབ་མའི་རྒྱུད་ལ་འཕོ་བར་དམིགས་པ་འཛིན་དུ་བཅུག་ནས། ལག་ཏུ་རྡོ་རྗེ་དང་དྲིལ་བུ་གཏད་ལ། ཨཱོཾ་ཨཱཿཧཱུྃ། ཐབས་དང་ཤེས་རབ་དབྱེར་མེད་ཅིང་། སྣང་སྟོང་དབྱེར་མེད་འདི་ཟུང་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡིས། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་གཟུང་བར་གྱིས། །རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་དང་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཐམས་ཅད་མཁྱེན་པའི་ས་བོན་ཐེབས་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཀུན་ཏུ་བཟང་པོ་རིག་པའི་རྩལ་དབང་ཐོབ་པ་ཡིན་ནོ། །རང་གི་སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་སངས་རྒྱས་ཏེ། འདི་ལྟར་སྣང་བ་ཐམས་ཅད་གནས་སུ་དག་ནས། སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ། །ཞེས་བརྗོད་དོ། །དེ་ནས་ཆུའི་དབང་ནི་བུམ་པ་ལྔའི་ཆུ་གཙོ་བོའི་བུམ་པར་བསྡུས་པའམ། བུམ་པ་ལྔ་རེ་རེ་བཞིན་མ་ནོར་བར་སློབ་མའི་སྤྱི་བོར་དབང་བསྐུར་བས། ལྷ་ཐམས་ཅད་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་ཆུ་སྤྱི་བོ་ནས་བབས་པས་ལུས་ཐམས་ཅད་བདུད་རྩིས་གང་ནས་རྒྱལ་བ་རིགས་ལྔའི་ངོ་བོར་གྱུར། ནང་གི་
ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་གསལ་བའི་དམིགས་པ་དང་། ཡང་འོད་ཟེར་ཕྱིར་འཕྲོས་པས་ཕྱི་སྣོད་ལྷའི་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་རང་བཞིན་དུ་སྒོམས་ཤིག་བྱས་ལ། ཧཱུྃ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །མཱ་མ་ཀཱི་ཡི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨཱོཾ་ཨཱཿཧཱུྃ་གུ་རུ་ཌཱ་ཀི་ནི་སི་ཏི་ཧཱུཾ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ ཧ་རི་ནི་ས་ཨ་བྷི་ཥིཉྩ་བྷྲཱུཾ་སི་ཏི་ཕ་ལ་ཧཱུཾ་ཨ༔ ཧཱུཾ་སྣང་བ་མཐའ་ཡས་བཅོམ་ལྡན་འདས། །གོས་དཀར་མོ་ཡི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨཱོཾ་ཨཱཿ ཧཱུྃ་གུ་རུ་ཌཱ་ཀི་ནི་སི་ཏི་ཧཱུཾ། ཨཱོཾ་ཧཱུྃ་ཧྲཱིཿཨཿ ཧ་རི་ནི་ས་ཨ་བྷི་ཥིཉྩ་བྷྲཱུཾ་སི་ཏི་ཕ་ལ་ཧཱུྃ་ཨཿ། ཧཱུྃ་སྣང་བ་མཐའ་ཡས་བཅོམ་ལྡན་འདས། །གོས་དཀར་མོ་ཡི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ༀ་ཨཱཿཧཱུྃ་གུ་རུ་ཌཱ་ཀི་ནི་སི་ཏི་ཧཱུྃ། ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཿ། ཧ་རི་ནི་ས་ཨ་བྷི་ཥིཉྩ་བྷྲཱུཾ་སི་ཏི་ཕ་ལ་ཧཱུྃ་ཨཿ། ཧཱུྃ་རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཀུན་ཏུ་བཟང་མོའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ།། ཨཱོཾ་ཨཱཿཧཱུྃ་གུ་རུ་ཌཱ་ཀི་ནི་སི་ཏི་ཧཱུྃ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ ཧ་རི་ནི་ས་ཨ་བྷི་ཥིཉྩ་བྷྲཱུཾ་སི་ཏི་ཕ་ལ་ཧཱུཾ་ཨཿ ཧཱུྃ་རིན་ཆེན་འབྱུང་ལྡན་བཅོམ་ལྡན་འདས། །སངས་རྒྱས་སྤྱན་གྱི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨཱོཾ་ཨཱཿཧཱུཾ་གུ་རུ་ཌཱ་ཀི་ནི་སི་ཏི་ཧཱུྃ། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿ ཧ་རི་ནི་ཨ་བྷི་ཥིཉྩ་བྷཱུཾ་སི་ཏི་ཕ་ལ་ཧཱུྃ་ཨཿ ཧཱུྃ་དོན་ཡོད་གྲུབ་པ་བཅོམ་ལྡན་འདས། །དམ་ཚིག་སྒྲོལ་མའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨཱོཾ་ཨཱཿཧཱུྃ་གུ་རུ་ཌཱ་ཀི་ནི་སི་ཏི་ ཧཱུྃ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ ཧ་རི་ནི་ས་ས་མ་ཡ་ཨ་བྷི་ཥིཉྩ་བྷཱུཾ་སི་ཏི་ཕ་ལ་ཧཱུྃ་ཨཿ ཞེས་བརྗོད། རིགས་ཀྱི་བུ་ཁྱོད་ལ་དབང་ཐམས་ཅད་བརྟན་པར་བྱེད་པ་བུམ་པའི་དབང་འདི་བསྐུར་བ་ཙམ་གྱིས་སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན། ཕུང་པོ་ཁམས་དང་སྐྱེ་
མཆེད་ཐམས་ཅད་ལྷ་དང་ལྷ་མོར་གྱུར་པ་ཡིན་པས། ཕྱི་ནང་ཐམས་ཅད་ལ་བརྙས་པ་བྱས་ན་ལྟུང་བར་འགྱུར་བས་དག་སྣང་དང་མོས་པ་གྱིས་ལ། མཆོད་པ་དང་བསྟོད་པ་ལ་དགའ་བ་དང་ངོ་ཤེས་པར་གྱིས་ཤིག ། ཅེས་བརྗོད་ལ། བུམ་ཆུ་ཁོང་དུ་བཏང་བས་ཟག་མེད་ཀྱི་ཡེ་ཤེས་སྐྱེས་པར་བསམ་ཞིང་ལྷག་མས་ཁྲུས་བྱའོ། །དེ་ནས་བརྡའི་དབང་ནི་རིགས་ལྔའི་སྐུ་བསྟན་ལ། རིགས་ཀྱི་བུ་ཁྱོད་ལ་རིགས་ལྔའི་སྐུ་འདི་བསྟན་པ་ཙམ་གྱིས་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་གྱིས། །དེ་ཡང་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོར་བྱུང་བ་འདི་ཡང་ཉོན་མོངས་པ་ཞེ་སྡང་མི་མངའ་ཞིང་མེ་ལོང་ཡེ་ཤེས་དཀར་པོ་ཡོད་པའི་བརྡ་ཡིན་ནོ། །སྣང་བ་མཐའ་ཡས་སྐུ་མདོག་དམར་པོར་བྱུང་བ་འདི་ཡང་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དགོངས་པ་འདུས་ཤིང་ཉོན་མོངས་པ་འདོད་ཆགས་མི་མངའ་ཞིང་སོ་སོར་རྟོགས་པའི་ཡེ་ཤེས་འོད་དམར་པོར་ཡོད་པའི་བརྡ་ཡིན་ནོ། །རྣམ་པར་སྣང་མཛད་སྐུ་མདོག་མཐིང་གར་བྱུང་བ་འདི་ཡང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་འདུས་ཤིང་ཉོན་མོངས་པ་གཏི་མུག་མི་མངའ་ཞིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འོད་མཐིང་ག་ཡོད་པའི་བརྡ་ཡིན་ནོ། །རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོར་བྱུང་བ་འདི་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དགོངས་པ་འདུས་ཤིང་ཉོན་མོངས་པ་ང་རྒྱལ་མི་མངའ་ཞིང་མཉམ་པ་ཉིད་ཀྱི་ཡེ་ཤེས་འོད་སེར་པོར་ཡོད་པའི་བརྡ་ཡིན་ནོ། །དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུར་བྱུང་བ་འདི་ཡང་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་དགོངས་པ་འདུས་ཤིང་ཉོན་མོངས་པ་ཕྲག་དོག་མི་མངའ་ཞིང་བྱ་བ་གྲུབ་པའི་ཡེ་ཤེས་འོད་ལྗང་གུར་ཡོད་པའི་བརྡ་ཡིན་ནོ། །སོ་སོའི་ཡོན་ཏན་ཕུན་སུམ་ཚོགས་པ་འདི་ཡང་འཁོར་བ་ཐམས་ཅད་ཟིལ་གྱིས་ནོན་ཅིང་སྐྱོན་གྱིས་མ་གོས་པའི་བརྡ་ཡིན་ནོ། །ཞབས་ཐམས་ཅད་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་
འདི་ཡང་བདུད་ཀྱི་དམག་ཐམས་ཅད་ཀྱིས་མི་གཡོས་ཤིང་ཡང་དག་པར་སངས་རྒྱས་པའི་བརྡ་ཡིན་ནོ། །རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནི་དགོས་འདོད་ཐམས་ཅད་རང་ལས་འབྱུང་ཞིང་སྐུ་གསུམ་འདུ་འབྲལ་མེད་པའི་བརྡ་ཡིན་ནོ། །དེ་ཡང་རྡོ་རྗེ་སེམས་དཔའི་ཕྱག་མཚན་རྡོ་རྗེ་དང་རྡོ་རྗེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་འདི་ཡང་གསལ་སྟོང་གཉིས་སུ་མེད་པའི་བརྡ་ཡིན་ནོ། །སྣང་བ་མཐའ་ཡས་ཀྱི་ཕྱག་མཚན་པདྨ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་འདི་ཡང་བདེ་སྟོང་གཉིས་སུ་མེད་པའི་བརྡ་ཡིན་ནོ། །རྣམ་པར་སྣང་མཛད་ཀྱི་ཕྱག་མཚན་འཁོར་ལོ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་འདི་ཡང་རིག་སྟོང་གཉིས་སུ་མེད་པའི་བརྡ་ཡིན་ནོ། །རིན་ཆེན་འབྱུང་ལྡན་གྱི་ཕྱག་མཚན་རིན་པོ་ཆེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་འདི་ཡང་ཤར་སྟོང་གཉིས་སུ་མེད་པའི་བརྡ་ཡིན་ནོ། །དོན་ཡོད་གྲུབ་པའི་ཕྱག་མཚན་རལ་གྲི་དང་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་འདི་ཡང་སྣང་སྟོང་གཉིས་སུ་མེད་པའི་བརྡ་ཡིན་ནོ། །རིགས་ལྔ་ཡབ་ཡུམ་དུ་སྣང་བ་འདི་ཡང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་བརྡ་ཡིན་ནོ། །སེམས་དཔའ་སེམས་མ་བརྒྱད་དུ་སྣང་བ་འདི་ཡང་རྣམ་པར་ཤེས་པའི་ཚོགས་བརྒྱད་རང་སར་དག་པའི་བརྡ་ཡིན་ནོ། །ཐུབ་པ་དྲུག་ཏུ་སྣང་བ་འདི་ཡང་ཉོན་མོངས་པ་དྲུག་དག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའི་བརྡ་ཡིན་ནོ། །སྒོ་བ་བཞིར་སྣང་བ་འདི་ཡང་ཚད་མེད་པ་བཞིས་སེམས་ཅན་གྱི་དོན་བྱེད་པའི་བརྡ་ཡིན་ནོ། །ཞེས་བཤད་དོ། །དོན་གྱི་དབང་ནི། རིགས་ཀྱི་བུ་འདས་མ་འོངས་ད་ལྟར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་རིགས་ལྔར་མ་འདུས་པ་མེད་ཅིང་། མཐོ་སྲིད་པའི་རྩེ་མོ་ནས་དམའ་དམྱལ་བའི་གནས་ཡན་ཆད་དུ་འཁོར་འདས་སུ་སྣང་བ་ཐམས་ཅད་རིགས་ལྔ་ལས་མ་གྱེས་ཤིང་མ་འདུས་པ་རྡུལ་ཕྲ་རབ་ཙམ་ཡང་མེད་ལ། རིགས་ལྔ་ཡེ་ཤེས་ལྔ་རང་རང་གི་ལུས་སེམས་ལས་
ལོགས་ན་ཡོད་པ་མ་ཡིན་ཏེ། ལུས་འབྱུང་བ་ལྔ་ལས་གྲུབ་པ་འདི་ཉིད་རིགས་ལྔ་ཡབ་ཡུམ་ཡེ་ཤེས་ལྔའི་རང་གདངས་ཡིན་ཏེ། གདོད་མ་ནས་ཡེ་ཤེས་ཀྱི་རང་རྩལ་འབྱུང་བ་ལྔར་གྲུབ་དུས་ན་ས་ལས་ཤ་བྱུང་བས་སངས་རྒྱས་སྤྱན་ཡིན། ཆུ་ལས་ཁྲག་བྱུང་བས་མཱ་མ་ཀཱི་ཡིན། མེ་ལས་དྲོད་བྱུང་བས་གོས་དཀར་མོ་ཡིན། རླུང་ལས་དབུགས་བྱུང་བས་དམ་ཚིག་སྒྲོལ་མ་ཡིན། ནམ་མཁའ་ལས་སེམས་བྱུང་བས་ཀུན་ཏུ་བཟང་མོ་ཆོས་ཀྱི་སྐུ་ཡིན་ནོ། །དེ་ལྟར་འབྱུང་བ་བཞི་ལས་ལུས་གྲུབ་དུས་ཕུང་པོ་ལྔ་བྱུང་སྟེ། གཟུགས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་སྟེ་ཞེ་སྡང་གསལ་ལ་རང་བཞིན་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཏེ། འདོད་ཆགས་བདེ་སྟོང་སོ་སོར་རྟོགས་པའི་ཡེ་ཤེས་སོ། །རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་སྣང་མཛད་དེ་གཏི་མུག་རྣམ་པར་མི་རྟོག་པ་དྲི་མེད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་ཏེ་ང་རྒྱལ་སྣང་སྟོང་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་སྟེ་ཕྲག་དོག་རིག་སྟོང་བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཞན་ཡང་རང་རིག་ཐིག་ལེ་ཉག་གཅིག་གི་རང་རྩལ་ལས་ཐུགས་རྗེས་འགྱུ་ཆ་བསམ་པ་ཐམས་ཅད་རང་བྱུང་རིག་པའི་རང་རྩལ་ལས་མ་འདས་ཀྱང་། རེ་ཞིག་བསྡུས་ན་རིག་པའི་ཡེ་ཤེས་ལྔ་ཚན་དུ་བསྟན་པ་ལས་དེའི་དོན་བཀྲོལ་ནས་རང་གི་སེམས་ཐོག་ཏུ་ངོ་སྤྲད་པ་ནི། རང་རིག་པའི་ཡེ་ཤེས་མ་རིག་པའི་ལུས་ལ་གནས་པའི་རྩལ་ལས་སེམས་ཅན་གྱི་རང་རྒྱུད་ལ་རྟོག་ཚོགས་བཞི་བཅུ་བྱུང་བ་སྟེ། རང་རིག་པའི་ཡེ་ཤེས་ལས་མ་འདས་ཏེ། ལུས་ཀྱི་ཕུང་པོ་ལྔ་པོ་འདི་རིགས་ཀྱི་ཡབ་ལྔ་ཡིན་ནོ། །དེའང་གཟུགས་ནི་རྡོ་རྗེ་སེམས་དཔའ་སྟེ། །འདུ་ཤེས་སྣང་བ་མཐའ་ལས་ཉིད། །རྣམ་ཤེས་རྣམ་པར་སྣང་མཛད་དེ། །ཚོར་བ་རིན་ཆེན་འབྱུང་ལྡན་དང་། །འདུ་བྱེད་དོན་ཡོད་གྲུབ་པའོ། །
འབྱུང་བ་ལྔ་ཡང་ཡུམ་ལྔ་སྟེ། ཁྲག་ནི་རྡོ་རྗེ་མཱ་མ་ཀཱི །དྲོད་ནི་པདྨ་གོས་དཀར་མོ། །ཤ་ནི་རིན་ཆེན་སངས་རྒྱས་སྤྱན། །དབུགས་ནི་ལས་ཀྱི་དམ་ཚིག་སྒྲོལ། །སེམས་ནི་ཆོས་དབྱིངས་དབང་ཕྱུག་མ། །རང་རིག་རྩལ་ལས་ཐུབ་པ་དྲུག །ང་རྒྱལ་ལྷ་ཡི་ཐུབ་པ་སྟེ། །ཕྲག་དོག་ལྷ་མིན་ཐུབ་པའོ། །འདོད་ཆགས་མི་ཡི་ཐུབ་པ་སྟེ། །གཏི་མུག་བྱོལ་སོང་ཐུབ་པའོ། །སེར་སྣ་ཡི་དྭགས་ཐུབ་པ་སྟེ། །ཞེ་སྡང་དམྱལ་བའི་ཐུབ་པའོ། །རྣམ་ཤེས་ཚོགས་བརྒྱད་ཡུལ་ཡུལ་ཅན། །སེམས་དཔའ་སེམས་མ་བརྒྱད་ཡིན་ཏེ། །མིག་གཟུགས་ལཱ་སེ་ཡབ་ཡུམ་སྟེ། །རྣ་སྒྲ་གླུ་མ་ཡབ་ཡུམ་ཉིད། །སྣ་དྲི་བདུག་སྤོས་ཡབ་ཡུམ་ལ། །ལྕེ་རོ་པུཥྤེ་ཡབ་ཡུམ་ཉིད། །ལུས་རེག་མཱ་ལེ་ཡབ་ཡུམ་སྟེ། །ཡིད་ཆོས་གར་མ་ཡབ་ཡུམ་ཉིད། །ཉོན་ཡིད་གནྡྷེ་ཡབ་ཡུམ་སྟེ། །ཀུན་གཞིའི་རྣམ་ཤེས་སྣང་གསལ་ཉིད། །སྒོ་བཞི་སྒོ་བ་བཞི་ཡིན་ཏེ། །ཆུ་སྒོ་ལྕགས་ཀྱུ་ཡབ་ཡུམ་ལ། །ས་སྒོ་ཞགས་པ་ཡབ་ཡུམ་ཡིན། །མེ་སྒོ་ལྕགས་སྒྲོག་ཡབ་ཡུམ་སྟེ། །རླུང་སྒོ་དྲིལ་བུ་ཡབ་ཡུམ་མོ། །ཐིག་ལེ་དཀར་དམར་ཉི་ཟླ་གཉིས། །གཞི་ཡི་ཀུན་བཟང་ཡབ་ཡུམ་སྟེ། །སྣང་སྟོང་ཐབས་ཤེས་ཟུང་འཇུག་གོ །ཡང་རིག་པའི་རྩལ་ལས་སྐུ་ལྔར་ཡང་ཤར་ཏེ། རིག་པའི་ཡེ་ཤེས་འདི་ཅིར་ཡང་སྣང་བས་རྣམ་པར་སྣང་མཛད་ཀྱི་སྐུ་ཡིན་ནོ། །རིག་པའི་ཡེ་ཤེས་འདི་འགྱུར་བ་མེད་པས་མི་བསྐྱོད་རྡོ་རྗེའི་སྐུ་ཡིན་ནོ། །རིག་པའི་ཡེ་ཤེས་འདི་ནོར་བུ་རིན་པོ་ཆེ་དང་འདྲ་བས་རིན་ཆེན་འབྱུང་ལྡན་གྱི་སྐུ་ཡིན་ནོ། །རིག་པའི་ཡེ་ཤེས་འདི་ལ་མཐའ་མེད་པས་སྣང་བ་མཐའ་ཡས་ཀྱི་སྐུ་ཡིན་ནོ། །རིག་པའི་ཡེ་ཤེས་འདིས་དོན་ཐམས་ཅད་འགྲིབ་པས་དོན་ཡོད་གྲུབ་པའི་སྐུ་ཡིན་ནོ། །རིག་པའི་རྩལ་ལས་ཡེ་ཤེས་ལྔར་ཡང་ཤར་ཏེ། རིག་པའི་ངོ་བོ་མ་འགགས་པར་མངོན་སུམ་དུ་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རིག་པའི་ཡེ་ཤེས་
འདིས་ཀུན་ལ་ཁྱབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རིག་པའི་ཡེ་ཤེས་རྩལ་སྣ་ཚོགས་སུ་ཤར་བས་སོ་སོར་རྟོགས་པའི་ཡེ་ཤེས་སོ། །རིག་པའི་ཡེ་ཤེས་འདི་ཡོན་ཏན་ཐམས་ཅད་ཀྱི་ས་བོན་ཡིན་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཐམས་ཅད་ཀྱང་ངོ་བོ་ཀ་དག་ཏུ་འདུས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རིག་པའི་རྩལ་ལས་རིགས་ལྔར་ཡང་ཤར་ཏེ། སངས་རྒྱས་ཐམས་ཅད་རིག་པ་རྟོགས་ནས་སངས་རྒྱས་ཀྱི་ས་ལ་གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །རིག་པ་དེ་རྟོགས་ནས་མི་འགྱུར་ཞིང་མི་ལྡོག་པས་རྡོ་རྗེའི་རིགས་སོ། །རིག་པ་ཉིད་ལས་ཡོན་ཏན་ཐམས་ཅད་འབྱུང་བས་རིན་པོ་ཆེའི་རིགས་སོ། །རིག་པ་ལ་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ། །རིག་པ་མ་རྟོགས་ན་སངས་མི་རྒྱ་བས་ལས་ཀྱི་རིགས་སོ། །རིག་པའི་རྩལ་ལས་འོད་ལྔར་ཡང་ཤར་ཏེ། རིག་པ་ལ་དྲི་མ་གང་ཡང་མེད་པས་འོད་དཀར་པོ་ལྟར་ཡང་བྱུང་། ཡོན་ཏན་རྫོགས་པས་སེར་པོ། མ་བཙལ་རྫོགས་པས་དམར་པོ། བྱ་རྩལ་རྫོགས་པས་ལྗང་གུ །མི་འགྱུར་ཁྱབ་པས་མཐིང་ག་ལྟར་ཡང་ཤར་རོ། །རིག་པའི་རྩལ་ལས་ཤེས་རབ་ལྔ་སྟེ། རིག་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་མཁྱེན་པས་འབྱེད་པའི་ཤེས་རབ། དེ་ཡང་རིག་པ་ལས་མ་འདས་པས་སྡུད་པའི་ཤེས་རབ། རིག་པ་ཉིད་ཀྱི་རྩལ་སྣ་ཚོགས་སུ་ཤར་བས་དཔྱོད་པའི་ཤེས་རབ། རིག་པས་འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་ཕྱིན་པས་སྒྲོལ་བའི་ཤེས་རབ། ཐམས་ཅད་རིག་པར་མ་འདུས་པ་མེད་པས་རང་བྱུང་གི་ཤེས་རབ་བོ། །ཡང་རིག་པའི་རྩལ་ལས་རླུང་ལྔར་ཡང་ཤར་ཏེ། །རིག་པ་ལས་ཡེ་ཤེས་ཀྱི་དྲོད་འཆར་བས་མེ་དང་མཉམ་པའི་རླུང་ངོ་། །རིག་པ་དེས་འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་གི་རླུང་ངོ་། །རིག་པ་དེས་འཁོར་འདས་ལ་སོགས་པ་འབྱེད་པར་བྱེད་པས་འབྱེད་པའི་རླུང་ངོ་། །རིག་པ་དེས་འཁོར་འདས་ཐམས་ཅད་ལ་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་ངོ་། །རིག་པ་དེས་འཁོར་བ་དང་མ་
རིག་པའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་སྐྱེལ་བས་སྙིང་རྗེ་མེད་པའི་བསྐལ་པ་ལས་ཀྱི་རླུང་ངོ་། །དེ་ལྟར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་རིག་པ་ཡིན་ལ། རིག་པ་གསལ་སྟོང་འཛིན་མེད་ཆེན་པོ་ཡིན་ནོ། །གསལ་སྟོང་འཛིན་མེད་ཀྱང་མཐར་ཀློང་ཡངས་ཆེན་པོའི་དགོངས་པ་ཡིན་ནོ། །ཞེས་ངོ་སྤྲད་དོ། །དེ་ནས་དམ་ཚིག་གི་དབང་ནི། །བདུད་རྩི་ལྕེ་ལ་བཞག་ནས་སྤྱི་བོར་རྡོ་རྗེ་བཟུང་སྟེ། །ཀྱེ་རིགས་ཀྱི་བུ་དག་ཉོན་ཅིག །ཐུན་མོང་སྐྱབས་འགྲོ་ནས་བརྩམས་པའི། །སོ་ཐར་བྱང་སེམས་བསླབ་བྱ་དང་། །རིག་འཛིན་སྔགས་ཀྱི་དམ་ཚིག་ཀུན། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྲོག་གི་ཕྱིར་ཡང་མ་གཏང་ཞིག །དམ་ཚིག་ཉམས་ན་བསྐལ་པ་རུ། །ངན་སོང་གསུམ་ནས་ཐར་མི་སྲིད། །དེ་ཕྱིར་སྲུངས་ཤིག་རིགས་ཀྱི་བུ། ཁྱོད་ཀྱིས་གསང་སྔགས་ཀྱི་དབང་ཐོབ་པ་ཡིན་པས། དད་པ་དང་དམ་ཚིག་ལ་གནས་དགོས། དམ་ཚིག་ས་མ་ཡ་འབུམ་སྡེ་བཤད་ཀྱང་། ཀློང་གསལ་ལས། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ། །དམ་ཚིག་ཐམས་ཅད་འདུས་པར་བཤད། །ཅེས་པས། སྐུའི་དམ་ཚིག་ཏུ་རྡོ་རྗེའི་སློབ་དཔོན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཡི་དམ་མཁའ་འགྲོ་མཆེད་ལྕམ་རྡོ་རྗེ་སྤུན་དང་། སེམས་ཅན་ཐམས་ཅད་དང་འབྱུང་བ་ལྔ་ལ་སོགས་པ་ཐམས་ཅད་དང་རང་གི་ལུས་ལ་མ་གུས་པ་དང་། སྲོག་གཅོད་རྐུ་འཕྲོག་རྡེག་བཙོག་ངན་སྨྲས་ལ་སོགས་པ་དང་། དག་སྣང་ལོག་ཅིང་མི་དགེ་བའི་ལས་སྡིག་པར་གྱུར་པ་ཐམས་ཅད་མི་བྱ་བར། ཕྱི་ནང་སྣོད་བཅུད་རང་ལུས་ཐམས་ཅད་ཡི་དམ་ལྷར་མ་གྱུར་པ་མེད་པར། སྐུའི་རིགས་སུ་གྱུར་པ་ཐམས་ཅད་ལ་ཕྱག་མཆོད། མཆོད་བསྟོད་ལ་སོགས་པའི་དག་སྣང་ཕྱོགས་མེད་དུ་བྱའོ། །གསུང་གི་དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་གྱིས་ཅི་གསུངས་པ་ལས་མི་འདའ་ཞིང་། སངས་རྒྱས་ནས་གང་ཟག་ཕལ་པའི་གསུང་རབ་ཡན་ཆོད་ལ་བརྙས་པར་མི་བྱ། འབྱུང་བ་དང་འགྲོ་བའི་སྒྲ་སྐད་ཐམས་ཅད་ལ་ཞེ་སྡང་དང་ཁོང་ཁྲོ་མི་བྱ་བར་སངས་རྒྱས་
ཐམས་ཅད་ཀྱི་གསུང་དུ་དག་སྣང་དང་མོས་གུས་བྱའོ། །ཐུགས་ཀྱི་དམ་ཚིག་ཏུ་མི་དགེ་བའི་རྟོག་པ་སྐད་ཅིག་མ་ཡན་སྤངས་ལ་དགེ་བ་བྱང་ཆུབ་ཀྱི་སེམས་དུས་རྒྱུན་ཆད་མེད་པར་འགྲོ་བ་ཐམས་ཅད་ལ་ཅི་ཕན་དུ་བྱའོ། །སྐུའི་དམ་ཚིག་ཏུ་ཡི་དམ་ལྷའི་བསྐྱེད་རིམ་སྒོམ་ཞིང་། གསུང་གི་དམ་ཚིག་ཏུ་བཟླས་བརྗོད་དང་མ་བྲལ་བར། ཐུགས་ཀྱི་དམ་ཚིག་ཏུ་རྫོགས་རིམ་གྱི་འཁོར་ལོ་ལས་མི་འདའ་བར་བྱའོ། །དེ་ལྟར་སྐུའི་དམ་ཚིག་བསྲུངས་པས་གནས་སྐབས་སུ་ལུས་ཀྱི་ནད་མེད་ཅིང་། སེམས་ཅན་ལ་ཕན་ཐོགས་པས་མཐོང་ན་ཡིད་དུ་འོང་ཞིང་མཐོང་རེག་ཐམས་ཅད་དགེ་བ་ལ་འཁོད་ལ། མཐར་ཐུག་ལུས་ལ་རྡོ་རྗེའི་རྟེན་འབྱོན་ཞིང་གང་ན་བཞུགས་པ་དེར་གཞན་ལ་ཕན་ལ་སྐྱེ་བ་འཕོས་ནས་སྤྲུལ་པ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བྱེད་ཅིང་། མཚན་དང་དཔེ་བྱེད་དུ་འབར་བའི་སྐུས་འགྲོ་བའི་དོན་དུ་སངས་རྒྱས་ཀྱི་མཛད་པ་ཆེན་པོ་ལ་མངའ་བརྙེས་པར་འགྱུར་རོ། །སྐུའི་དམ་ཚིག་ཉམས་ན་གནས་སྐབས་སུ་ཚེ་ཐུང་ཞིང་ནད་མང་ལ། མི་འདོད་པ་ཐམས་ཅད་འབྱུང་ཞིང་མཐོང་རེག་ཐམས་ཅད་ངན་སོང་དུ་སྐྱེ་ལ། མཐར་ཐུགས་རྡོ་རྗེ་དམྱལ་བར་ལུས་ཀྱི་སྡུག་བསྔལ་ལས་ཐར་དུས་མེད་དོ། །གསུང་གི་དམ་ཚིག་བསྲུངས་ན་གནས་སྐབས་སུ་ངག་སྙན་ཞིང་ཐམས་ཅད་ཀྱིས་བདེན་པར་འཛིན་པས་ལྷ་འདྲེ་མི་གསུམ་གྱིས་བཀར་ཉན་པ། རྒྱུད་ལུང་མན་ངག་ཐམས་ཅད་ཤེས་ཤིང་ཆོས་ཀྱི་ཚིག་སྣ་ཚོགས་རང་རྡོལ་ནས་སྙན་ངག་བསྟན་བཅོས་བརྩམ་པར་ནུས་ཤིང་། གསུང་ཐོས་པ་ཐམས་ཅད་ཀྱི་གནོད་འཚེ་ཞི་ནས་བསམ་པ་ཐམས་ཅད་འགྲུབ་ཅིང་སྐྱེ་བ་གཅིག་གིས་གྲོལ་ལ། མཐར་ཐུག་གསུང་གི་སྤྲུལ་པས་འགྲོ་བའི་དོན་བྱེད་ཅིང་ཆོས་ཀྱི་འཁོར་ལོ་དྲི་མ་མེད་པར་བསྐོར་བར་འགྱུར་རོ། །གསུང་གི་དམ་ཚིག་ཉམས་ན་གནས་སྐབས་སུ་ལྕེ་འབབ་པའི་འཇིགས་པས་མི་ཁ་སྡང་ཞིང་གཏམ་གྱི་ཉེས་པས་རང་གཞན་ཐམས་ཅད་ལ་གནོད་ལ། དེའི་ཚིག་ཐོས་པ་ཐམས་ཅད་ཀྱང་བཀྲ་མི་ཤེས་ཤིང་ངན་སོང་དུ་སྐྱེ། མཐར་ཐུག་ལྕེ་ལ་རྨོན་དོར་ལྔ་བརྒྱ་
བཙུགས་ནས་སྡུག་བསྔལ་བར་འགྱུར་རོ། །ཐུགས་ཀྱི་དམ་ཚིག་བསྲུངས་པས་གནས་སྐབས་སུ་ཐུགས་ཀྱི་སྤྲུལ་པས་འགྲོ་བ་འདུལ་ཞིང་། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བས་འགྲོ་བའི་བསམ་པ་ལ་རང་བཞིན་གྱིས་བསམ་གཏན་ལ་གནས་པར་འབྱུང་ཞིང་དེ་བཞུགས་པའི་གནས་དེར་ཡང་ཏིང་ངེ་འཛིན་སྐྱེ་ཞིང་ཡུལ་ཕྱོགས་དེའི་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེའོ། །མཐར་ཐུག་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འཁོད་ཅིང་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པའི་ངང་དུ་མྱ་ངན་ལས་འདའོ། །ཐུགས་ཀྱི་དམ་ཚིག་ཉམས་ན་གནས་སྐབས་སུ་རྒྱུད་མི་དགེ་བས་རང་གཞན་ཀུན་ལ་གནོད་ཅིང་དེས་གང་ཡིན་ལ་བྱས་པ་དེའི་བསམ་པ་མི་འགྲུབ་ལ་བཀྲ་མི་ཤིས་ཤིང་ནད་གདོན་དང་སྙིང་རླུང་ལ་སོགས་པ་འབྱུང་། མཐར་ཐུག་ངན་སོང་ལས་ཐར་བའི་སྐབས་མེད་དོ། །མདོར་ན་སྨིན་བྱེད་དབང་གི་སྡོམ་པ་རྒྱུད་ལ་གནས་པ་ལ། དམ་ཚིག་བསྲུང་དགོས་པས་མི་དགེ་བ་མཐའ་དག་ལས་ལོག་ནས་དགེ་བ་འབའ་ཞིག་བསྒྲུབ་པར་བྱའོ། །ཞེས་བརྗོད་དོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་དགའ་སྟོན་ཟས་ལ། རྡོ་རྗེ་སློབ་དཔོན་ལ་གུས་པས་བཀའ་བཞིན་བསྒྲུབ་ཅིང་སྡོམ་པ་དང་དམ་ཚིག་ལ་གནས་པར་ བྱའོ། །ཚོགས་ཀྱི་འཁོར་ལོས་མཉེས་ཤིང་རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་དོ། །གསུམ་པ་ངག་གི་སྒྲིབ་པ་སྦྱོང་ཞིང་ངག་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བའི་གསང་དབང་ལ་ཡང་གསུམ་ལས། སྔོན་འགྲོ་ནི། ཐོད་པར་བུར་སྦྲང་ཆང་དང་ཨ་མྲྀ་ཏ་སྦྱར་བ་བཤམས། ནམ་གྱི་སྲོད་ལ་དཀྱིལ་འཁོར་དེའི་ལྷོ་ཕྱོགས་སུ་སློབ་མ་འདུག་སྟེ། མཎྜལ་ཕུལ་ནས། དངོས་སམ་ཡིད་ཀྱིས་རིག་མ་བླ་མ་ལ་འབུལ་བ་ན། ཨེ་མ་ཁྱོད་ནི་བདེ་བ་ཆེ། བདེ་ཆེན་པདྨ་ཧེ་རུ་ཀ །བདེ་གཤེགས་རྣམས་ཀྱི་བདེ་ཆེན་ཡབ། །བདེ་བའི་འབྱུང་གནས་བདེ་སྩོལ་མཛོད། །བྱང་ཆུབ་སེམས་ནི་ཡང་དག་དོན། །རྣམ་དག་མཆོག་ནི་ཡང་དག་པའི། །དྲི་མེད་བདུད་རྩི་དམ་པ་ཡིས། །བླ་མེད་མཆོག་གི་དབང་བསྐུར་ལྟར། །དེ་བཞིན་རིགས་ཀྱི་བུ་དག་ལ། །འཁོར་བ་སྡུག་བསྔལ་ཀུན་བསལ་མཛོད། །དྲི་མེད་
བདེ་ཆེན་བདུད་རྩི་ཡིས། །མ་རིག་ཉེས་པའི་དྲི་མ་འཇོམས། །བླ་མེད་བྱང་ཆུབ་བདེ་ཆེན་ཉིད། །དེང་འདིར་བདག་གིས་ཐོབ་མཛོད་ཅིག །ཅེས་པས་ཕུལ་བའི་རྗེས་སུ། བླ་མས་གཞིའི་ཀུན་བཟང་བསྒོམས་ལ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང་བསྟོད་པ་ཅི་འགྲུབ་བྱས་ཏེ། སློབ་མའི་གདོང་གཡོགས་ཤིང་མེ་ཏོག་ཐོགས་ཏེ་བསྐོར་བ་གསུམ་དང་ཕྱག་གསུམ་བྱེད་དུ་བཅུག་ལ། ཡེ་ཤེས་དབབ་པའི་ཕྱིར་སློབ་མ་རྣམས་ལངས་ཏེ། རྐང་པའི་ལོང་བུ་གཉིས་གཤིབས་ལ་སྙིང་གར་ཐལ་མོ་སྦྱར་ལ། བླ་མས། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཉོན། རང་ཉིད་སངས་རྒྱས་ཌཱ་ཀི་མ། །རྡོ་རྗེ་ཕག་མོར་གསལ་བར་སྒོམས། །དེ་ལྟར་གསལ་བའི་ལྟེ་བ་རུ། །ཆོས་འབྱུང་དམར་པོ་སུམ་བརྩེགས་སྒོམས། །དེ་ཡི་ལྟེ་བར་ཕག་མོ་ནི། །ཤིན་ཏུ་ཆུང་ལ་གསལ་བར་སྒོམས། །ཀྱེ་རིགས་ཀྱི་བུ་ཁྱེད་རང་སྐད་ཅིག་གིས་རྡོ་རྗེ་ཕག་མོ་དམར་མོ་གཅེར་བུ་སྐྲ་གྲོལ་བ་རུས་པའི་རྒྱན་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་ཕག་ཞལ་མཐིང་ནག་ངུར་བ། གཡས་གཡོན་གྲི་གུག་དང་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པའི་ལྟེ་བར་ཆོས་འབྱུང་སུམ་བརྩེགས་ཀྱི་ནང་དུ། དེ་འདྲའི་ཕག་མོ་ཚོ ན་གང་པ་གཅིག་སྒོམས་ཤིག །ཅེས་བརྗོད་ལ། བླ་མས་བྱིན་དབབ་ཅིང་རོལ་མོ་དཀྲོལ་བས། སློབ་མ་ལ་བདེ་སྟོང་གི་ཉམས་སྐྱེའོ། །དེའི་ངང་ལ་མ་ཡེངས་པར་སྒོམ་དུ་གཞུག་ཅིང་། གདོང་གཡོགས་བཀྲོལ་ལ་འོ་རིགས་ཀྱི་བུ་ཁྱོད་གསོན་ཅིང་། ཕྱི་བུམ་པའི་དབང་གི་དུས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དཔེའི་མཚོན་བྱར་ངོ་སྤྲོད་པ་ཡིན་གྱིས། དོན་དམ་པར་ན་རང་གི་ལུས་འདི་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཞུགས་པ་ཡིན་ཏེ། ཀློང་གསལ་ཉི་མའི་རྒྱུད་ལས། འབྱུང་བའི་གདངས་ལས་གྲུབ་པ་ཡིས། །ལུས་ནི་བདེ་གཤེགས་ཕོ་བྲང་ཉིད། །རིགས་ལྔ་ཡབ་ཡུམ་ལྔ་ཡི་གནས། །ཕུང་ཁམས་སྐྱེ་མཆེད་ལྷ་ཡི་སྐུ། །ཞེས་པས་རང་གི་རིག་པ་འདི་ཐོག་མར་འཁོར་འདས་གང་དུ་ཡང་མ་གྲུབ་པའི་སྔོན་རོལ་ན་འོད་གསལ་བདེ་བ་ཆེན་པོར་བཞུགས་ཏེ། དེ་ཉིད་རང་ངོ་རང་གིས་མ་ཤེས་པས་རང་རིག་འབྱུང་བཞིའི་སྦུབས་སུ་ཚུད་པའི་
ལུས་འདི་སངས་རྒྱས་ཐམས་ཅད་ཀྱི་བཞུགས་གནས་ཡིན་ཏེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་བཞུགས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རིན་ཆེན་མཁའ་འགྲོ་ཡབ་ཡུམ་བཞུགས། སྙིང་ག་ཆོས་ཀྱི་འཁོར་ལོ་ན་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་བཞུགས། ལྟེ་བ་སྤྲུལ་བའི་འཁོར་ལོ་ན་པདྨ་མཁའ་འགྲོ་ཡབ་ཡུམ་བཞུགས། གསང་གནས་བདེ་སྐྱོང་འཁོར་ལོ་ན་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་བཞུགས་པས། ཕུང་པོ་ཐམས་ཅད་དཔའ་བོ། ཁམས་ཐམས་ཅད་དཔའ་མོའི་རང་བཞིན། བ་སྤུའི་ཁུ་བུ་རེ་རེ་ན་ཡང་ལྷ་དང་ལྷ་མོའི་རང་བཞིན་དུ་བཞུགས་ཏེ། ཡང་ཀློང་གསལ་ལས། འབྱུང་བཞིའི་དཀྱིལ་འཁོར་སངས་རྒྱས་ཞིང་། །འཁོར་ལོ་ལྔ་ནི་རིགས་ལྔའི་གནས། །ཕུང་ཁམས་ཐམས་ཅད་ལྷ་ཚོགས་ཉིད། །སེམས་ནི་ཡེ་ཤེས་ཆེན་པོ་ཉིད། །ཅེས་གསུངས་པས། རང་ལུས་རྒྱལ་བའི་དཀྱིལ་འཁོར་ཏེ། ཁྱེད་ཀྱིས་མེ་ཏོག་དོར་བའི་ལྷ་ཡང་ལུས་ཀྱི་རང་གནས་ཀྱི་ལྷ་རྣམ་པར་སྣང་མཛད་ཡིན་ཏེ་སྙིང་ག་ཆོས་ཀྱི་འཁོར་ལོ་ན་གསལ་བ་འདི་ཡིན་ནོ། །ཞེས་རིགས་གང་ལ་མེ་ཏོག་ཕོག་པའི་ལྷའི་ངོ་སྤྲད་ལ། བླ་མའི་མདུན་དུ་དར་གྱི་ཡོལ་བས་བྲེས་པའི་ནང་དུ། བླ་མ་ཡབ་ཡུམ་སྟན་ལ་འཁོད་ལ། བསྐྱེད་རིམ་གསལ་བཏབ་སྟེ་ཡབ་དཔའ་བོ་རྟ་མགྲིན་དུ་གསལ་བའི་གནས་ལྔར་མཁའ་འགྲོ་ཡབ་ལྔ་སྤྱི་བོར་ཨོ་རྒྱན་པདྨ་ཐོད་ཕྲེང་དང་། ཡུམ་རྡོ་རྗེ་ཕག་མོའི་འཁོར་ལོ་ལྔར་དཔའ་མོ་ལྔ། སྤྱི་བོར་མཁར་ཆེན་བཟའ་འཚོ་རྒྱལ། །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་གསལ་བའི་ཡུམ་གྱི་མཁའ་གསང་ལ་པདྨ་འདབ་བཞི་དམར་པོ། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པར་བསྐྱེད་ལ། སྙོམས་པར་ཞུགས་པའི་བདེ་བས་འཁོར་ལོ་ལྔ་དང་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ལྷ་ཐམས་ཅད་སྦྱོར་བའི་བརྡས་བསྐུལ་ཏེ་མཉེས་པས་དྭངས་མ་ཡུམ་གྱི་བྷ་གར་ཕབ་པ། མེ་ལོང་གིས་བླངས་པའམ། བླངས་པར་བསམ་ལ་ཐོད་པ་ནས་བདུད་རྩི་སློབ་མའི་ལྕེ་ཐོག་ཏུ་བཞག་ལ། ཀྱེ་མ་ཀྱེ་མ་རིགས་ཀྱི་བུ། དུས་གསུམ་རྒྱལ་བ་ཀུན་གྱིས་ནི། །བྱང་ཆུབ་སྲས་པོ་དམ་པ་ལ། །
ཇི་ལྟར་དབང་ནི་བསྐུར་བ་ལྟར། །དེ་བཞིན་གསང་བའི་བྱང་སེམས་ཀྱིས། །ད་ལྟ་ཁྱེད་ལ་དབང་བསྐུར་རོ། །ཨཱོཾ་གུ་རུ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་བྷོ་དྷི་ཙིཏྟ་ཨ་མྲྀ་ཏེ་སརྦ་པཉྩ་ཨ་བྷི་ཥྀཉྩ་ཧཱུྃ། ཞེས་ལན་གསུམ་བརྗོད་ལ། དྭངས་མའི་ལམ་རྩ་དབུ་མ་མཐིང་ལ་དམར་བ་སྤུ་གུ་ཅན་ན་མར་སོང་བས་བདེ་སྟོང་གི་ཡེ་ཤེས་སྐྱེས་པར་སྒོམ་དུ་བཅུག་ཅིང་། འོག་རླུང་དྲག་ཏུ་འཐེན་ཅིང་སྟེང་རླུང་ཅུང་ཟད་མནན་ལ་དར་ཅིག་སྒོམ་དུ་བཅུག་པའི་ངང་ལ་ངོ་སྤྲད་དེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །བདེ་དང་སྟོང་པ་དབྱེར་མེད་པ། །དེ་ཉིད་ལྟོས་དང་ངོས་གཟུང་མེད། །རང་བཞིན་ལྷན་ཅིག་སྐྱེས་པའི་ངང་། །ཐམས་ཅད་རོ་མཉམ་བདེ་ཆེན་ནོ། །ཀྱེ་རིགས་ཀྱི་བུ་སེམས་ཀྱི་རྣམ་རྟོག་ཀུན་དང་བྲལ་ཞིང་བདེ་སྟོང་ངོས་གཟུང་ལས་འདས་པའི་ངང་འདི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་དབང་དམ་པ་ཡིན་གྱིས་ངོས་ཟུང་ཞིག་ཅེས་བརྗོད་དོ། །གསུམ་པ་རྗེས་དམ་ཚིག་འབོགས་པ་ནི། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱི། །གསང་བའི་དམ་ཚིག་ཆེན་པོ་ནི། །ཡེ་ཤེས་སྒྲུབ་རྫས་བདུད་རྩི་ལྔ། །དམར་ཆེན་ག་བུར་ཙན་དན་སྦྱར། །རྡོ་རྗེ་ཆུ་ཡི་ཀུན་ཏུ་བསྲེ། །དུས་གསུམ་རྒྱལ་བ་ཀུན་མཐུན་མཚུངས། །འདི་དང་འདོད་པའི་ཡོན་ཏན་ལྔ། །རྒྱུན་དུ་ཡང་དང་ཡང་དུ་བརྟེན། །འདི་ནི་དམ་ཚིག་བླ་ན་མེད། །མ་ཉམས་སྐལ་ལྡན་ཁྱོད་ཀྱིས་སྲུངས། །ཞེས་དཀྲོལ་ནས་ཀྱང་ལེགས་པར་དཔོག་གོ །དེ་ནས་ཀྱེ་རིགས་ཀྱི་བུ། ངག་གི་སྒྲིབ་པ་ཐམས་ཅད་དག་ཅིང་ངག་ནུས་པ་དང་ལྡན་པར་འགྱུར་བ་ཡིན་གྱིས། ཤ་ལྔ་བདུད་རྩི་ལྔ་བརྟེན་པ་དང་། གཏུམ་མོ་ཙ ཎ་ཌ་ལི་སྒོམས་ཤིག །ས་དགུ་པ་མན་ཆད་དང་སྐལ་བ་མཉམ་ཞིང་། རྒྱས་པའི་འ ཕྲིན་ལས་ཆེན་པོ་འགྲུབ་ལ་མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱ་བ་ཡིན་ནོ། །ཞེས་བརྗོད་ལ་ཚོགས་ཀྱི་དགའ་བ་བྱའོ། །བཞི་པ་ཡིད་ཀྱི་སྒྲིབ་པ་སྦྱོང་ཞིང་། བདེ་བ་ཆེན་པོའི་སྐུར་གྲོལ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ལའང་། སྔོན་འགྲོ་དངོས་
གཞི་རྗེས་དང་གསུམ་ལས། དང་པོ་ནི། དཀྱིལ་འཁོར་དེའི་ནུབ་ཕྱོགས་སུ་གུང་ལ་ཕྱག་རྒྱ་མཚན་ལྡན་ནམ་ཡིད་རིག་མོས་པས། སློབ་མ་ལ་དབང་བསྐུར་ཏེ། མཎྜལ་ཕུལ་ནས་སློབ་མ་རྣམས་མགྲིན་གཅིག་ཏུ། ཀྱེ་ཀྱེ་བཅོམ་ལྡན་བདེ་ཆེན་ཆོས་ཀྱི་དབྱིངས། །རྣལ་འབྱོར་རྡོ་རྗེ་མི་ཕྱེད་བདག། ཡང་དག་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་ནི་བྱུང་། །བདག་ཉིད་ཆེན་པོ་ཀུན་བདག་ཉིད། །མངའ་དབང་བདག་ལ་དེ་ཉིད་སྩོལ། །ཉོན་མོངས་འཁོར་བའི་འདམ་དུ་ནི། །བྱིངས་པའི་སྐྱབས་མེད་བདག་ལ་སྐྱོབས། །ཞེས་པ་གསུམ་གྱིས་གསོལ་བ་བཏབ་ནས། །བླ་མས་ཀྱེ་མ་གསང་བ་ཤེས་རབ་ཡེ་ཤེས་ཀྱི། །དམ་ཚིག་བསྲུང་བྱ་སེམས་ལ་ཆོངས། །བུད་མེད་མི་སྤང་དང་དུ་བླང་། །ཚངས་སྤྱོད་དོན་ལ་གནས་པར་བྱ། །ཡོན་ཏན་ཐམས་ཅད་འདི་ལས་འབྱུང་། །འདི་སྤངས་བདེ་བའི་དངོས་གྲུབ་མེད། །ཉམས་པ་མཁའ་འགྲོའི་ཆད་པ་ཡིས། །ཚེ་འཕོས་དམྱལ་བ་དག་ཏུ་ལྟུང་། །ཞེས་པ་གསུམ་གྱིས་དམ་ཚིག་བྱིན་ལ། དེའི་དོན་སློབ་མས་ཁས་བླང་བ་ནི། །ཤིའམ་སྲོག་ལ་བབས་གྱུར་ཀྱང་། །བྱ་དགའ་ཆེན་པོ་ཉིད་བྱུང་ཡང་། །དམ་ཚིག་བཀའ་ལས་འདའ་མི་བྱེད། །ས་མ་ཡ་ན་ར་ཀ ན། ཞེས་པ་གསུམ་བརྗོད་ནས། བླ་མ་ལ་དངོས་སམ་ཡིད་ཀྱིས་ཕྱག་དང་བསྐོར་བ་བྱས་ལ། བླ་མ་ཡི་དམ་གྱི་ལྷར་གསལ་བས་སློབ་མ་ལ་གདོང་གཡོགས་བཅིངས་ཏེ། ཡེ་ཤེས་པ་དབབ་པ་ནི། དཔོན་སློབ་ཀུན་རྡོ་རྗེ་ཕག་མོར་བསྒོམས་པའི་བླ་མའི་ཐུགས་ཀ་ནས་ཕག་མོ་མང་པོ་སྤྲོས་ཏེ། སློབ་མའི་སྙིང་ནང་དུ་ཐིམ་པར་བསྒོམ་དུ་བཅུག་ནས་བླ་མས། རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །ཉུང་འབྲུ་ཙམ་དུ་གསལ་བ་ལ། །བདེ་བས་མི་བཟོད་གར་བྱེད་པ། །བ་སྤུའི་བུ་ག་ཀུན་ཏུ་གང་། །ཡང་ཡང་སྒོམས་ཤིག་རིགས་ཀྱི་བུ། །ཞེས་བརྗོད་ལ་གདོང་གཡོགས་བཀྲོལ་ཏེ། ཡུམ་ལ་དངོས་སམ་ཡིད་ཀྱིས་ཕྱག་དང་བསྐོར་བ་བྱས་ལ། བླ་མས། འོ་རིགས་ཀྱི་བུ་
ཡུམ་གྱི་བྷ་ག་ནི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཕོ་བྲང་ཆེན་པོ་སྟེ། ཀློང་གསལ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྷ་གའི་དབྱིངས་ནས་རང་བྱུང་སྟེ། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཉིད། །བྷ་ག་གསང་སྔགས་ཀུན་གྱི་གནས། །བདེ་ཆེན་ཡེ་ཤེས་འབྱུང་གནས་ཡིན། །འདི་ཉིད་མ་བརྟེན་ཐབས་གཞན་མེད། །ཐབས་ཀྱི་རྒྱུད་ཀྱིས་གྲོལ་བ་ཡིན། །བདེ་ཆེན་འདི་བརྟེན་བདེ་བ་ཐོབ། །ཡང་དག་སངས་རྒྱས་འདི་ལས་བྱུང་། །ཞེས་པས་གསང་སྔགས་ཀྱི་ཆོས་ཐམས་ཅད་འདིར་འདུས་པར་གསུངས་ཤིང་། སངས་རྒྱས་ཐམས་ཅད་ཀྱང་ལམ་འདི་ལ་བརྟེན་ནས་སངས་རྒྱས། འཕྲལ་གྱི་བདེ་སྐྱིད་ཐམས་ཅད་ཀྱང་འདི་ལས་འབྱུང་བས་ཡུམ་གྱི་བྷ་ག་འདི་ལ་ཁྱོད་ཀྱིས་མཆོད་པར་གྱིས་ཤིག །བུད་མེད་ཙམ་ལ་ཁྲོ་བ་སྤོངས། །མཚན་ལྡན་ཡུམ་ལ་གུས་པར་གྱིས། །ཚེ་གཅིག་སངས་རྒྱས་བདེ་བ་ནི། །འདིས་སྟེར་ནུས་ཀྱིས་གཞན་གྱིས་མིན། །བུད་མེད་བརྙས་ཤིང་མཁའ་ལ་གཤེ། །བདེ་དང་བྲལ་ནས་ན་རག་སྤྱོད། །དེ་བས་རྟག་ཏུ་གུས་པར་གྱིས། །ཞེས་བརྗོད་ལ། ཕྱག་འཚལ་མེ་ཏོག་གཏོར་ནས། ཡུམ་དེས་འདི་སྐད་བརྗོད་དོ། །ཧཱུྃ་ང་ཡི་བྷ་ག་གསང་ཆེན་འདི། །གང་ཞིག་མོས་པས་སུས་བརྟེན་པ། །ཡོན་ཏན་དངོས་གྲུབ་ཐམས་ཅད་འབྱུང་། །བདེ་སྟོང་མཆོག་གི་དངོས་གྲུབ་ཐོབ། །ༀ་གུ་རུ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨཉྫ་ལི་ཧོཿས་བྷ་ག་ཅུང་ཟད་བསྟན་ནས། བླ་མས་ཕྱག་རྒྱའི་སྲིན་ལག་གཡོན་པ་བཟུང་ནས་སློབ་མ་ལ་གཏད་པ་ནི། ཧཱུཾ་ཡེ་ཤེས་ལྷ་མོ་བདེ་བའི་སྐུ། །ཀུན་ཏུ་བདེ་བའི་གནས་སྦྱིན་མ། །དགའ་བས་གཟུགས་མཛེས་ཡིད་འོང་མ། །རྟག་ཏུ་གུས་པས་མཆོད་པར་གྱིས། །ཨཱོཾ་མ་ཧཱ་སུ་ཀ་ཧོཿ ཞེས་པས་སློབ་མའི་ལག་ཏུ་གཏད་ནས། གཉིས་པ་དངོས་གཞི་ནི། ཡང་བརྗོད་པ། ཀྱེ་མ་ལས་ལྡན་རིགས་ཀྱི་བུ། ཁྱོད་ཉིད་པདྨ་ཧེ་རུ་ཀ །རྟ་མགྲིན་དབང་གི་སྐུ་རུ་སྒོམས། །ཡུམ་ནི་རྡོ་རྗེ་ཕག་མོར་བསྐྱེད། །གཉིས་ཀའི་ཕུང་ཁམས་སྐྱེ་མཆེད་རྣམས། །དཔའ་བོ་མཁའ་
འགྲོར་གསོལ་བཏབ་ནས། །བདག་དང་ཡུམ་གྱི་མཁའ་གསང་ནི། །རྡོ་རྗེ་པདྨར་བྱིན་གྱིས་རློབས། །དེའང་སྐད་ཅིག་དྲན་རྫོགས་སུ་རིགས་ཀྱི་བུ་ཉིད་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་གཡོན་ཐོད་པ་གཅེར་བུ་རུས་པའི་རྒྱན་གྱིས་མཛེས་པའི་སྤྱི་བོར་པདྨ་དང་ཉི་ཟླའི་སྟེང་དུ། པདྨ་ཐོད་ཕྲེང་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པ་བདེ་ཆེན་འཁོར་ལོར་ར་ལས་རྡོ་རྗེ་མཁའ་འགྲོ་དཀར་པོ། མགྲིན་པར་ཙ་ལས་རིན་ཆེན་མཁའ་འགྲོ་སེར་པོ། སྙིང་གར་ཨཱཿལས་ཆོས་དབྱིངས་མཁའ་འགྲོ་མཐིང་ག། ལྟེ་བར་ཧྲཱི་ལས་པདྨ་མཁའ་འགྲོ་དམར་པོ། གསང་བར་ཡ་ལས་ལས་ཀྱི་མཁའ་འགྲོ་ལྗང་གུར་གསལ་བའི་ལྷ་ཐམས་ཅད་གྲི་གུག་དང་ཐོད་པ་འཛིན་པའི་གསང་བར་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཁོང་སེང་ཅན་ཧཱུཾ་གིས་མཚན་པའོ། །ལྷ་མོ་ཉིད་རྡོ་རྗེ་ཕག་མོ་དམར་མོ། གཅེར་བུ་གྲི་གུག་དང་ཐོད་པ་འཛིན་པའི་སྤྱི་བོར་པད་ཟླ་དང་ཉི་མའི་སྟེང་དུ་མཁར་ཆེན་བཟའ་འཚོ་རྒྱལ་དམར་པོ། གྲི་གུག་དང་ཐོད་པ་འཛིན་པ། བདེ་ཆེན་འཁོར་ལོར་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། མགྲིན་པར་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ། །སྙིང་གར་མ་ལས་ཆོས་དབྱིངས་མཁའ་འགྲོ་མ་མཐིང་ག །ལྟེ་བར་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ། གསང་བར་ས་ལས་ལས་ཀྱི་མཁའ་འགྲོ་མ་ལྗང་གུ །ཐམས་ཅད་ཀྱང་གཙོ་མོ་དང་ཕྱག་མཚན་མཐུན་པའི་བྷ་ག་པདྨ་དམར་པོ་འདབ་བཞིའི་དབུས་སུ་ཟླ་གམ་ལ་ཕཊ་སེར་པོ་བསྒོམས་ལ་ཕན་ཚུན་སྙོམས་པར་ཞུགས་ཤིང་། ཀྱེ་སྐལ་ལྡན། ཡུམ་གྱིར་པདྨར་དལ་གྱིས་བཅིངས། །འོ་བྱ་ལུས་སེམས་བདེ་བ་བསྐྱེད། །བདེ་ལ་སེམས་བཟུང་དལ་བུས་བསྲུབས། །བྱང་སེམས་འཆོར་བ་སྙམ་བྱེད་ན། །མེ་ཏོག་སྟོང་པའི་རྒྱ་ཡིས་གདབ། །སྟོང་པར་ཡལ་དུས་བསྲུབས་པ་ཡིས། །ཡང་ཡང་བདེ་བ་སྤར་བར་བྱ། །བདེ་སྟོང་གཉིས་མེད་དོན་དེ་ལ། །དེར་འཛིན་མ་བྱེད་ངོ་ལ་ལྟོས། །གཉིས་ཤོར་གཉིས་མཉམ་དུས་འདི་རུ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར། །དེ་ནི་ངོ་ཡིས་ཟིན་པར་བྱ། །དེ་ལྟར་ལྷ་དང་ལྷ་མོའི་རང་བཞིན་དུ་སྙོམས་པར་ཞུགས་པའི་བདེ་བ་
སྤྱི་བོ་ནས་གཡོ་བ་ལ་ལྟོས་ཤིག །བདེ་སྟོང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་འདི་ཉིད་དགའ་བའི་ཡེ་ཤེས་སོ། །མགྲིན་པར་དངས་མ་ཆེར་བབས་པའི་ཡེ་ཤེས་ལ་བལྟས་པས་རྣམ་པར་མི་རྟོག་པ་ནི་མཆོག་དགའི་ཡེ་ཤེས་སོ། །སྙིང་གར་བབས་པ་ནི་དགའ་བྲལ་གྱི་ཡེ་ཤེས་སོ། །གསང་བར་བབས་དུས་ཕྲ་རགས་ཀྱི་རྣམ་རྟོག་ཀུན་འགགས་ནས་སྣང་སྲིད་བདེ་བ་ཆེན་པོར་ཤར་ལ་གཉིས་འཛིན་གྱི་རྣམ་རྟོག་ཕྲ་རགས་མཐའ་དག་དང་བྲལ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་གཉུག་མའི་ཡེ་ཤེས་སོ། །འདི་ཉིད་ཀྱི་ངང་ལ་འོག་རླུང་དྲག་ཏུ་འཐེན་ལ་དར་ཅིག་མཉམ་པར་ཞོག་ཅིག །ཡང་བསྐྱོད་པ་དང་བསྲུབས་པས་བདེ་བ་སྤར་བའི་ངང་ལ་དེར་འཛིན་གྱི་རྣམ་རྟོག་དང་བྲལ་བས་ཆེར་གྱིས་ལྟོས་ལ་མཉམ་པར་ཞོག་ཅིག །ད་ནི་གསང་བ་ནས་ལྟེ་བར་བཟློག་ལ་དེ་ཉིད་ཀྱི་ངང་ལ་ཞོག་ཅིག །དེ་བཞིན་དུ་སྙིང་ག་དང་མགྲིན་པ་དང་སྤྱི་བོར་བྱང་སེམས་སྐྱ་ནར་གྱིས་བཟློག་ལ་གང་ཡང་ཡིད་ལ་མི་བྱེད་པ་གདོད་མའི་ཀ་དག་གི་ངང་དུ་ལྷོད་ཀྱིས་མཉམ་པར་ཞོག་ཅིག །ཅེས་ངོས་མ་ཟིན་གྱི་བར་བསྐྱར་ཞིང་ངོ་སྤྲད་ལ་མཐོང་བ་བརྒྱུད་པའི་རིམ་པས་དབབ་བཟློག་དགྲམ་པའི་ལྟ་སྟངས་དང་འཁྲུལ་འཁོར་ལ་སློབ་ཅིང་སྦྱོང་ངོ་། །གསུམ་པ་རྗེས་ནི། བླ་མས་ཡང་བརྗོད་པ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ། །དེས་ནི་དག་བྱ་གང་དག་ན། །ཉོན་མོངས་ཡིད་ཀྱི་སྒྲིབ་པ་དག །ཡིད་ནི་མཐུ་དང་ལྡན་པར་འགྱུར། །ལས་ཀྱི་ཕྱག་རྒྱ་བརྟན་པར་དབང་། །སྐལ་བ་ས་བཅུ་དག་དང་མཉམ། །ཕྲིན་ལས་དབང་གི་ལས་རྣམས་འགྲུབ། །འབྲས་བུ་སྐྱེ་མེད་ཆོས་སྐུ་ཐོབ། །ཅེས་བརྗོད་ལ། ཚོགས་ཀྱི་དགའ་བ་རྒྱ་ཆེན་པོ་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་རྒྱ་ཆེར་བཤད་པའོ། །ལྔ་པ་ལུས་ངག་ཡིད་གསུམ་དུ་འཛིན་པའི་སྒྲིབ་པ་ཀུན་སྦྱོང་ཞིང་ཆོས་སྐུ་རྫོགས་པ་ཆེན་པོའི་ཟབ་དོན་མཐར་ཐུག་པ་ཚིག་དབང་རིན་པོ་ཆེ་ལ། སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ལས། དང་པོ་ནི་དཀྱིལ་འཁོར་གྱི་དབུས་སུ། ཐོད་པ་བདུད་རྩིས་བཀང་བའི་སྟེང་དུ་མེ་ལོང་ལ་ཆོས་འབྱུང་གཉིས་བརྩེགས་ཀྱི་དབུས་སུ་མཁའ་འགྲོ་ཡབ་ཡུམ་
གྱི་རྩ་སྔགས་དང་། མཐའ་སྐོར་ལ་རིག་འཛིན་གྱི་མཚན་བྲིས་ལ། ཁ་དགབ། ཕྱི་ནང་གི་ཚོགས་མཆོད་རྒྱ་ཆེར་བཤམས་ལ་བཞག །ཡང་ན་དཀྱིལ་འཁོར་གྱི་བྱང་དུ་མེ་ཏོག་ཚོམ་བུ་བཀོད་ལ། །དེར་བཞག་ཅིང་། བདེ་བའི་ཕྱག་རྒྱ་མ་དེ་ཉིད་དང་སློབ་མ་ཀུན་བྱང་དུ་འཁོད་ལ། མཎྜལ་ཕུལ་ཏེ་གསོལ་བ་གདབ་པ་ནི། །ཀྱེ་ཀྱེ་དུས་གསུམ་བླ་མ་རྗེ། །ཡང་དག་ཡེ་ཤེས་ངོ་བོ་ཉིད། །རིག་པའི་ངོ་བོ་ཡེ་ཤེས་ལ། །བདག་ཉིད་ངེས་པའི་ཤེས་པ་སྐྱེས། །གཉིས་མེད་ཡེ་ཤེས་མཆོག་འདི་ཉིད། །འགྲོ་གཞན་དག་ལ་ཡོད་པ་མིན། །དམ་ཆོས་བདུད་རྩིའི་མཆོག་འདི་ཉིད། །འཐུང་ཕྱིར་བདག་ཉིད་བླ་མ་ལ། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །གལ་ཏེ་དོན་ཐལ་བདག་གིས་འཚལ། །རྣམ་པ་ཀུན་ཏུ་མཆོག་གྱུར་པའི། །བཞི་པའི་དབང་བསྐུར་བདག་ལ་སྩོལ། །ཞེས་པ་གསུམ་གྱི་རྗེས་ལ་བླ་མ་ཡི་དམ་དུ་གསལ་བའི་ངང་ནས་དཀྱིལ་འཁོར་རམ་ཚོམ་བུའི་དབུས་སུ་དཀྱིལ་འཁོར་གྱི་ལྷ་བསྐྱེད། མཚམས་སུ་ཡབ་ཡུམ་བསྐྱེད་དོ། །དེའང་དབུས་སུ་རྡོ་རྗེ་ཕག་མོ་ཡབ་ཡུམ་ལ། །མཚམས་བཞིར་རིགས་བཞིའི་མཁའ་འགྲོ་ཡབ་ཡུམ་བསྐྱེད་ནས་ཡེ་ཤེས་པ་དགུག་ལ་ཡི་གེ་གསུམ་གྱིས་རྒྱས་གདབ་ཅིང་། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་ཕྱོགས་བཅུ་དུས་གསུམ་གྱི་བླ་མ་ཡི་དམ་གྱི་ལྷ་ཚོགས་རྣམས་བདུད་རྩིའི་རྣམ་པར་བྱོན་ནས་ཐོད་པའི་བདུད་རྩི་ལ་ཐིམ་པར་བསམ་ཞིང་། ཚོམ་བུའི་ལྷ་ཚོགས་ལ་མཆོད་བསྟོད་བྱས་པས་འོད་དུ་ཞུ་ནས་རང་གི་སྙིང་གར་ཐིམ། ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་ཐམས་ཅད་ལས་མཆོད་པའི་ལྷ་མོ་ལྔར་གྱུར་ཏེ། ནམ་མཁའ་ཁྱབ་པར་གང་ནས་མཆོད་སྤྲིན་སྣ་ཚོགས་ཐོགས་ཏེ། མེ་ལོང་གི་ཆོས་འབྱུང་གི་དབུས་སུ་རྡོ་རྗེ་ཕག་མོ་ཡབ་ཡུམ་དང་། མཐའ་བསྐོར་དུ་བླ་མ་བརྒྱུད་པ་བསྐྱེད་པ་ལ་མཆོད་ནས། དགྱེས་ཏེ་སྙོམས་པར་ཞུགས་པའི་བདུད་རྩི་བབས་པས་ཐོད་པ་གང་ཞིང་བདུད་རྩིས་བླ་མ་ཡི་དམ་ལ་མཆོད་ལ། ཚོགས་དབུལ་ཞིང་བརྒྱུད་པའི་བླ་མ་ལ་གསོལ་བ་བཏབ་ནས། དམ་ཚིག་སྦྱིན་པ་ནི། ཨཱོཾ་ཨཱཿཧཱུཾ་ཧྲཱིཿ
བསྲུང་དུ་མེད་པའི་དམ་ཚིག་ནི། །ཐམས་ཅད་རོ་མཉམ་ཆོས་ཉིད་དང་། །འཁོར་འདས་སྤང་བླང་བྲལ་བ་ཡི། །གང་ཤར་ཆོས་ཉིད་རོལ་པ་ལ། །མ་རིག་འཛིན་པས་མ་བསླད་སྲུངས། །འདས་ན་འཁོར་ལྡོག་ན་ར་ཀན། །ཞེས་བརྗོད་ནས། སློབ་མ་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་སྨིན་ཕྲག་ཏུ་གཡུང་དྲུང་དམར་པོ་ཞིག་གཡོན་དུ་མྱུར་བར་འཁོར་བར་དམིགས་ཏེ། བླ་མ་ཡི་དམ་མཁའ་འགྲོ་སྤྲིན་ཕུང་གཏིབས་པ་ཙམ་སྤྱན་དྲངས་ལ་བསྟིམ་ཞིང་རོལ་མོའི་སྒྲ་བསྒྲགས་པའི་རྗེས་ལ། དངོས་གཞི་ནི། འོ་རིགས་ཀྱི་བུ་དར་ཅིག་གློད་ལ་བཅོས་བསླད་མེད་པའི་ཤེས་པ་རང་སར་ཞོག་ཅིག །ཤེས་པ་བདེ་གསལ་མི་རྟོག་པའི་ཡེ་ཤེས་འབོལ་ལེ། །ཤིག་གེ །ལྷོོད་དེ་བ། སྐྱེ་མེད་སྤྲོས་པ་དང་བྲལ་བ་སྟོན་ཀའི་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ་འདི་ཉིད་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་རྫོགས་པ་ཆེན་པོ་ཡེ་ཇི་བཞིན་པའི་གནས་ལུགས་ཡིན་པས་ངོ་ཤེས་པར་གྱིས་ཤིག །ཅེས་བརྗོད་ལ། སློབ་མ་རྣམས་ལངས་ཏེ་ཕྱོགས་བཞིའི་ནམ་མཁའ་ལ་རིམ་གྱིས་བལྟ་བཅུག་ནས་བླ་མས་བརྗོད་པ། ཀྱེ་མ་ཀྱེ་མ་རིགས་ཀྱི་བུ། མིག་རྩེ་ནམ་མཁའི་ཤར་དུ་ལྟོས། །ཤར་གྱི་བར་སྣང་དག་ལ་ནི། །ཐོགས་པ་མེད་པར་འགྲོ་བར་སྒོམས། །ཀྱེ་མ་ཀྱེ་མ་རིགས་ཀྱི་བུ། །མིག་རྩེ་ནམ་མཁའི་ལྷོ་རུ་ལྟོས། །ལྷོ་ཡི་བར་སྣང་དག་ལ་ནི། །ཐོགས་པ་མེད་པར་འགྲོ་བར་སྒོམས། །ཀྱེ་མ་ཀྱེ་མ་རིགས་ཀྱི་བུ། །མིག་རྩེ་ནམ་མཁའི་ནུབ་ཏུ་ལྟོས། །ནུབ་ཀྱི་བར་སྣང་དག་ལ་ནི། །ཐོགས་པ་མེད་པར་འགྲོ་བར་སྒོམས། །ཀྱེ་མ་ཀྱེ་མ་རིགས་ཀྱི་བུ། །མིག་རྩེ་ནམ་མཁའི་བྱང་དུ་ལྟོས། །བྱང་གི་བར་སྣང་དག་ལ་ནི། །ཐོགས་པ་མེད་པར་འགྲོ་བར་སྒོམས། །འགྲོ་བར་བསམས་ན་འགྲོ་མཁན་མེད། །གང་དུ་འགྲོ་བསམ་ཕྱིན་པ་མེད། །འགྲོ་བར་བསམ་པ་རང་གི་སེམས། །སེམས་ནི་མཐའ་བྲལ་སྟོང་པ་ཡིན། །ཞེས་བརྗོད་ནས་ཡང་། ཀྱེ་མ་རིགས་
ཀྱི་བུ་ཁྱོད་ཀྱིས། །སེམས་ནི་དང་པོ་གང་ནས་བྱུང་། །རྒྱུ་རྐྱེན་ཅི་ལས་བྱུང་བར་ལྟོས། །ཞེས་པས་མ་རྙེད་པའི་ཚེ། ཡང་བརྗོད་པ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཉོན། །རྩ་བ་བྲལ་བའི་སེམས་ཉིད་ ལ། །གདོད་ནས་མ་སྐྱེས་དངོས་པོ་མེད། ཁ་དོག་དབྱིབས་མེད་ངོས་གཟུང་མེད། །གང་ནས་མ་བྱུང་སོང་བ་མེད། །ད་ལྟ་མི་གནས་རྒྱུ་རྐྱེན་མེད། །འདི་ཉིད་སེམས་ཀྱི་གནས་ལུགས་ཏེ། །བརྗོད་དུ་མེད་པར་ཤེས་པར་གྱིས། །ཞེས་བརྗོད་པའི་དོན་བཤད་ལ། །ཡང་ནམ་མཁའི་དཀྱིལ་ན་རིགས་ལྔའི་སྐུ་གཟུགས་བསྒོམ་དུ་བཅུག་ལ་བླ་མས་བརྗོད་པ། །ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱི། །རྒྱལ་བའི་སྐུ་གཟུགས་འདི་ལ་ལྟོས། །རྒྱན་དང་ཆ་ལུགས་དུ་མར་སྣང་། །སྣང་བར་འཛིན་པ་རང་གི་སེམས། །དེ་ལ་ལྟོས་དང་གཞི་རྩ་བྲལ། །དེ་བཞིན་ཡིད་ཡུལ་སྣང་བའི་གཟུགས། །ཡུལ་ཉིད་གསལ་ལ་མཁན་པོས་སྟོང་། །དེ་ནི་གསལ་སྟོང་ཆོས་སྐུ་ཡིན། །ཞེས་བརྗོད་ནས། དབྱུག་པ་རིང་པོ་ལ་དྲིལ་བུའི་ཕྲེང་བ་བརྒྱུས་ལ། ས་ལ་དབྱུག་པའི་རྩ་བ་བརྡུང་ཞིང་བརྗོད་པ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །འདི་ཡི་སྒྲ་ནི་སྙན་མི་སྙན། །ལེགས་པར་ཐོས་སམ་ངོ་བོར་ལྟོས། །སྒྲ་རུ་འཛིན་པ་རང་གི་སེམས། །སེམས་ནི་གྲགས་སྟོང་ཆོས་ཀྱི་སྒྲ། །དེ་ལ་ལྟོས་དང་གཞི་རྩ་བྲལ། །དེ་བཞིན་སྒྲ་རུ་གྲགས་པ་ཀུན། །སྣ་ཚོགས་ཐོས་ཀྱང་ངོ་བོས་སྟོང་། །གསལ་པོར་གྲགས་ཀྱང་རང་བཞིན་སྟོང་། །ཤར་དུས་གཞི་མེད་རྩ་བ་བྲལ། །ངོ་བོ་ངོས་གཟུང་མ་རྙེད་པ། །དེ་ནི་གྲགས་སྟོང་བྱ་བ་ཡིན། །ཞེས་པ་དང་ཡང་། སྤོས་དང་སྨན་ལ་སོགས་པའི་དྲི་སྣོམ་དུ་བཅུག་ལ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །སྤོས་དང་སྨན་སོགས་དྲི་ཞིམ་དང་། །དེ་བཞིན་མི་ཞིམ་དྲི་རྣམས་ལ། །དགའ་དང་མི་དགའ་སྐྱེས་པའི་ཚེ། །རང་གི་སེམས་ལ་ཚུར་ལྟོས་དང་། །གང་ལས་བྱུང་ཞིང་གང་དུ་སོང་། །དེ་ཡི་ངོ་བོ་ཅི་འདྲ་ཞིག །དགག་སྒྲུབ་སེམས་ཀྱི་ངོ་བོར་ལྟོས། །དེ་ནི་རྐྱེན་སྣང་ཤེས་པ་སྟེ། །གཉིས་འཛིན་ཤེས་
པ་གློ་བུར་ཡིན། །རྐྱེན་ཕྱིར་སྣང་ཡང་ངོ་བོས་སྟོང་། །ཞེས་བརྗོད་ནས། ཡང་རོ་མངར་སྐྱུར་མྱོང་དུ་བཅུག་ལ། །ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །བཟའ་བཏུང་རོ་མཆོག་མྱོང་བར་གྱིས། །མངར་སྐྱུར་ལན་ཚྭ་ཚ་ཁ་བསྐ། །རོ་དྲུག་མྱོང་བའི་མཁན་པོར་ལྟོས། །བལྟས་པས་མི་རྙེད་སྐྱེ་བ་མེད། །མཐའ་བྲལ་དབུ་མ་སྤྲོས་བྲལ་དང་། །རང་གྲོལ་ཆོས་སྐུར་ཤེས་པར་མཛོད། །ཡང་ཕྲག་པའི་གོས་ཕུད་ལ་རེག་བྱ་འཇམ་རྩུབ་རེག་ཏུ་བཅུག་ནས་བརྗོད་པ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ལ། །རེག་ལ་དགག་སྒྲུབ་སྐྱེས་པའི་སེམས། །དེ་ལ་གཉིས་འཛིན་གང་སྐྱེས་ཀྱང་། །རྣམ་པ་གསལ་ལ་རང་བཞིན་སྟོང་། །རང་གི་སེམས་སུ་ཤེས་པར་གྱིས། །སེམས་ནི་སྟོང་གསལ་ཆོས་སྐུའི་ངང་། །གདོད་ནས་རྩ་བ་བྲལ་བ་ཡིན། །ཞེས་བརྗོད་ནས་ཡང་། སྐྱིད་སྡུག་དགའ་མི་དགའ་ཆགས་སྡང་ལ་སོགས་པ་སྒོམས་ཤིག་བྱས་ལ། བརྗོད་པ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །རང་གི་སེམས་ལ་ཕར་ལྟོས་དང་། །སྐྱིད་སྡུག་དགག་སྒྲུབ་ཅིར་སྣང་ཡང་། །སྣང་མཁན་སེམས་ལ་ཚུར་ལྟོས་དང་། །དགའ་དང་མི་དགའ་སེམས་ལས་བྱུང་། །བདེ་དང་སྡུག་བསྔལ་གང་བྱུང་ཡང་། །གསལ་ལ་ངོ་བོ་རིག་སྟོང་ཡིན། །དཔེར་ན་ཆུ་ཟླ་ཇི་བཞིན་ནོ། །ཞེས་པ་དང་། ཡང་དུག་ལྔ་དུག་གསུམ་རང་ག་མའི་སེམས་སྐྱེར་བཅུག་ལ། བརྗོད་པ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ལ། །དུག་ལྔ་དུག་གསུམ་ཅི་སྐྱེས་ཀྱང་། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སེམས་ལ་སྣང་ཡང་ངོས་གཟུང་མེད། །ཉོན་མོངས་གཞི་མེད་རྩ་བ་བྲལ། ཁ་དོག་དབྱིབས་མེད་ངོས་གཟུང་མེད། །གདོད་ནས་མ་སྐྱེས་ཆོས་སྐུ་ཡིན། །ཉོན་མོངས་རྟོག་པའི་རང་བཞིན་ནི། །སེམས་ལས་ཤར་ཞིང་སེམས་ལ་ནུབ། །སྐྱེས་དང་གྲོལ་མཉམ་རྦ་རླབས་བཞིན། །རགས་དང་ཕྲ་བའི་རྣམ་རྟོག་ཀུན། །དེར་འཛིན་མེད་པར་རང་སར་ཞི། །དེ་ལྟར་རང་བཞིན་མ་གྲུབ་པ། །ཉོན་མོངས་རྟོག་པའི་མཚམས་རྟོགས་ན། །གཉེན་པོ་སྤང་
བླང་མེད་པར་གྲོལ། །ཅེས་ངོ་སྤྲད་དོ། །གསུམ་པ་རྗེས་ནི་བླ་མས། ཨེ་མ་སྐལ་ལྡན་རིགས་ཀྱི་བུས། །སྟོང་གསལ་ཆོས་སྐུའི་དབང་ཐོབ་པ། །དེས་ནི་དག་བྱ་གང་དག་ན། །ལུས་ངག་ཡིད་གསུམ་འཛིན་སྒྲིབ་དག །གསུམ་ཀ་ནུས་པ་ཚད་དུ་ཕྱིན། །བརྟེན་བྱ་བདེ་སྡུག་སྤང་བླང་བྲལ། །རྗེས་སུ་དབྱེར་མེད་བསྒོམ་པར་དབང་། །ས་ནི་བཅུ་གཅིག་ཀུན་ཏུ་འོད། །འཕྲིན་ལས་བཞི་པོ་མངོན་དུ་གྱུར། །འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ། །ཅེས་བརྗོད་ལ་ཚོགས་ཀྱི་དགའ་བ་བྱའོ། །དྲུག་པ་སེམས་ཉིད་ཀྱི་ངོ་སྤྲད་པ་བླ་མའི་དབང་ཀ་དག་རྩལ་དབང་ལ་སྔོན་འགྲོ་སྣོད་སྦྱོང་ཞིང་བྱིན་གྱིས་བརླབས་པ། དངོས་གཞི་བཅུད་བླུགས་ཏེ་སྨིན་གྲོལ་ལ་དགོད་པ། རྗེས་སྤྲོ་དགའ་བསྐྱེད་དེ་གཟེངས་བསྟོད་པ་གསུམ་ལས། དང་པོ་ནི་ཁྲེགས་ཆོད་ཀྱི་སྔོན་འགྲོར་བསྐུར་བ་སྟེ། པད་འདབ་བརྒྱད་འོད་ར་དང་རྡོ་ར་མེ་རི་བྲིས་ལ། དེའི་སྟེང་དུ་ཐོད་པ་བདུད་རྩིས་བཀང་བ་བཞག །ཕྱི་ནང་གི་མཆོད་པས་བསྐོར་ལ། ཐོད་པའི་དབུས་སུ་པདྨའི་སྡོང་པོ་ལ། ཨོ་རྒྱན་ཡབ་ཡུམ་རྩ་བའི་བླ་མ་དང་ཐ་དད་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ་ཟ་འོག་གི་འཇོལ་བེར་ཤ་བའི་སྙན་ཞྭ་ཐོད་པ་བདུད་རྩིས་བཀང་བ་དང་གྲི་གུག་འཛིན་པའི་སྐུ་དཀར་སེར་ཞལ་སྦྱོར་དུ་བསྒོམས་པའི། མདུན་དུ་རྡོ་རྗེ་མཁའ་འགྲོ། གཡས་སུ་རིན་ཆེན་མཁའ་འགྲོ། རྒྱབ་ཏུ་པདྨ་མཁའ་འགྲོ། གཡོན་དུ་ལས་ཀྱི་མཁའ་འགྲོ། སྟེང་དུ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་སོགས་པ་བརྒྱུད་པའི་བླ་མ་དང་། ཞི་ཁྲོའི་དཀྱིལ་འཁོར། དེ་དག་གི་མཐའ་སྐོར་རྣམས་སུ་དཔའ་བོ་དཔའ་མོ། བཀའ་སྲུང་དམ་ཅན་རྣམས་བསྐྱེད་ནས་ཡེ་ཤེས་པ་བསྟིམ། མཆོད་པ་དང་བསྟོད་པ་བྱས་ལ། ཕྱག་དང་བསྐངས་ཀྱི་རྗེས་ལ། བདག་དང་མཐའ་ཡས་སེམས་ཅན་རྣམས་ཞེས་པ་ལ་སོགས་པས་སེམས་བསྐྱེད་ནས། གསོལ་བ་གདབ་པ་ནི། ཀྱེ་ཀྱེ་བླ་མ་རྣམས་ཀྱིས་བདག་སྨིན་པར་མཛད་དུ་གསོལ། རིག་པ་རྩལ་གྱི་དབང་བཀའ་རབ་འབྱམས་བསྐུར་དུ་གསོལ། བདག་གྲོལ་བར་མཛད་དུ་གསོལ། མཆོག་དང་ཐུན་མོང་
གི་དངོས་གྲུབ་བསྩལ་དུ་གསོལ། ཞེས་པ་ལན་གསུམ་བརྗོད་དོ། །གཉིས་པ་དངོས་གཞི་ལ་ཀུན་འདུས་སྤྱིར་བསྐུར་བ་དང་། མཚན་བརྒྱད་བྱེ་བྲག་ཏུ་བསྐུར་བ་གཉིས་ལས། དང་པོ་ནི་བླ་མ་རྣམས་བྱོན་ནས་རང་ལ་ཐིམ་པར་བསྒོམ་དུ་བཅུག་ལ། ཨཱོཾ་གུ་རུ་ཀུན་བཟང་ཡབ་ཡུམ། རིགས་ལྔ་ཡབ་ཡུམ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིདྷ། པདྨ་མཚན་བརྒྱད། ཡེ་ཤེས་འཚོ་རྒྱལ། པདྨ་ལས་འབྲེལ་རྩལ། ས་མ་ཡ་ཛཿཞེས་བརྗོད་དོ། །སློབ་མ་རྣམས་ལངས་ཏེ་ཐལ་མོ་སྤྱི་བོར་སྦྱར་ལ་རླུང་ཁ་སྦྱོར་བཟུང་ཞིང་བླ་མས། འོ་ཁྱོད་རྣམས་མ་ཡེངས་པར་ཉོན་ཅིག །རང་གི་ལུས་འདི་ཐ་མལ་པ་ཤིན་ཏུ་མཛེས་ཤིང་ལང་ཚོ་རྒྱས་པ། ལོ་བཅུ་དྲུག་ལོན་པ་ལྟ་བུའི་སྙིང་ནང་དུ་ཨཱོཾ་དཀར་པོ་ཟླ་བའི་སྟེང་ན་ཡོད་པ་འཁོར་བ་ལ་སེམས་ཟུང་ཞིག །ཡང་འོག་མིན་དང་ཕྱོགས་བཅུའི་ཞིང་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྲིན་ཕུང་གཏིབས་པ་བཞིིན་བྱོན་ནས་སྙིང་ནང་གི་ཨཱོཾ་ལ་ཐིམ་པར་བསྒོམས་ཤིག །ཅེས་བརྗོད་ནས་རོལ་མོའི་སྒྲ་ཆེར་བྱས་ལ། ཡང་སྙིང་ནང་ནས་ཉི་མའི་སྟེང་དུ་ཨཱཿདམར་པོ་འཁོར་བར་དམིགས་ལ། ནམ་མཁའ་ནས་མར་རྡོ་རྗེ་ཕག་མོ་ལ་རིགས་བཞིའི་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་བྱོན་ནས་ཨཱཿལ་ཐིམ་པར་སྒོམས་ཤིག །ཅེས་བརྗོད་ལ་རོལ་མོ་བསྒྲག་གོ །ཡང་སྙིང་གི་ནང་དུ་ཉི་ཟླའི་སྟེང་དུ་ཧཱུྃ་མཐིང་ག་ཡོད་པ་དྲག་ཏུ་འཁོར་བར་དམིགས་ལ། རྩ་བའི་བླ་མ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་དང་གཉིས་སུ་མེད་པ་ལ་བརྒྱུད་པའི་བླ་མས་བསྐོར་བ་སྤྱན་དྲངས་པ་བྱོན་ནས་ཧཱུྃ་ལ་ཐིམ་པར་སྒོམས་ཤིག །ཅེས་བརྗོད་ལ་སྤོས་དང་ཚིལ་ཆེན་གྱིས་བདུག་ཅིང་རོལ་མོའི་སྒྲ་ཆེར་བྱའོ། །གཉིས་པ་ལ་སྐུ་ལྔ་ལྷུན་གྲུབ་ཏུ་དབང་བསྐུར་བ། །སྐུ་གསུམ་བདེ་ཆེན་དུ་དབང་བསྐུར་བ། ཐིག་ལེ་ཉག་གཅིག་ཏུ་དབང་བསྐུར་བ་གསུམ་ལས། དང་པོ་ནི། ཡང་སློབ་མ་རྣམས་ལངས་ཏེ་ཐལ་མོ་སྦྱར་བའི་ཚེ། བླ་མས། ཀྱེ་རིགས་ཀྱི་བུ་རྣམས་སྐད་ཅིག་གིས་སྟོང་པའི་ངང་ལས་པདྨ་ཟླ་བ་དང་། ཉི་མའི་
སྟེང་དུ་རང་ཉིད་པདྨ་མཁའ་འགྲོ་དམར་མོ་གཅེར་བུ་གྲི་གུག་དང་ཐོད་པ་འཛིན་པའི་འཁོར་ལོ་ལྔར། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱི༔ཨཿརྣམས་པདྨ་དང་ཟླ་ཉིའི་སྟེང་ན་རང་བཞིན་གྱིས་བསྐོར་བར་བསམས་ལ། ཡང་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་ཕོ་བྲང་ནས་བླ་མ་སེངྒེ་སྒྲ་སྒྲོགས་ཡབ་ཡུམ་གཉིས་མེད་ཆོས་སྐུའི་རང་བཞིན་མཐིང་ག་རྒྱན་དྲུག་དང་བཅས་པ་ལ་བླ་མ་རྣམས་ཀྱིས་བསྐོར་བ་བྱོན་ནས་སྙིང་གའི་ཧཱུཾ་ལ་ཐིམ་པར་སྒོམས་ཤིག །ཅེས་བརྗོད་ལ་རོལ་མོ་བསྒྲག་གོ །དེ་བཞིན་དུ་འོག་མིན་ནས་པདྨ་རྒྱལ་པོ་ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་སྐུ་བརྒྱུད་པའི་བླ་མས་བསྐོར་བ་སེར་པོ་མགྲིན་པའི་ཏྲཱཾ་ལ་ཐིམ་པར་སྒོམས་ཤིག །ཅེས་རོལ་མོ་བསྒྲག །ཨོ་རྒྱན་ནས་བློ་ལྡན་མཆོག་སྲེད་ཡབ་ཡུམ་ཅིར་ཡང་སྤྲུལ་པའི་སྐུ་བརྒྱུད་པའི་བླ་མ་དང་བཅས་པ་ལྟེ་བའི་ཧྲཱིཿལ་ཐིམ་པར་སྒོམས་ཤིག །ཅེས་དང་རོལ་མོ་བསྒྲག །ལྷོ་ནུབ་རྔ་ཡབ་ཀྱི་གླིང་ན་པདྨ་ས མ་བྷ་ཝ་མི་འགྱུར་རྡོ་རྗེའི་སྐུ་ཡུམ་དང་བཅས་པ་ལྗང་གུ་བརྒྱུད་པའི་བླ་མས་བསྐོར་བ་བདེ་སྐྱོང་འཁོར་ལོའི་ཨཱཿལ་ཐིམ་པར་སྒོམས་ཤིག །ཅེས་དང་རོལ་མོ་བསྒྲག །རྡོ་རྗེ་གདན་ནས་ཤཱཀྱ་སེངྒེ་མངོན་པར་བྱང་ཆུབ་པའི་སྐུ་ཡུམ་དང་བཅས་པ་དཀར་སེར་བརྒྱུད་པའི་བླ་མས་བསྐོར་བ་བྱོན་ནས་སྤྱི་བོའི་ཨཱོཾ་ལ་ཐིམ་པར་སྒོམས་ཤིག །ཅེས་རོལ་མོ་ཆེར་བསྒྲག་གོ །གཉིས་པ་ནི་ཡང་། པདྨ་མཁའ་འགྲོ་བསམས་པའི་སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ་པད་ཟླ་ཉི་མའི་སྟེང་དུ། ཨཱོཾ་ཨཱཿཧཱུྃ་བསམ་པ་འཁོར་ཞིང་། སྐུའི་བླ་མ་པདྨ་འབྱུང་གནས་དཀར་པོ་ཡུམ་དང་བཅས་པ་ལ་བརྒྱུད་པའི་བླ་མས་བསྐོར་བ་སྤྱི་བོའི་སྟེང་གི་ནམ་མཁའ་ལ་བྱོན་ནས་བཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པས་ལུས་ཐམས་ཅད་གང་། ཟག་མེད་ཀྱི་བདེ་བ་རྒྱས་ཤིང་སླར་སྤྱི་བོའི་ཨཱོཾ་ལ་ཐིམ། གསུང་གི་བླ་མ་ཉི་མའི་འོད་ཟེར་དམར་པོ་ཡུམ་དང་བཅས་པ་ལ་བརྒྱུད་པའི་བླ་མས་བསྐོར་བ་བྱོན་ནས་སྦྱོར་མཚམས་ནས་བདུད་རྩི་བབས་པས་གསུང་གི་དངོས་གྲུབ་ཐོབ་ཅིང་ལུས་གང་། སླར་མགྲིན་པའི་ཨཱཿ་ལ་ཐིམ། ཐུགས་ཀྱི་བླ་མ་པདྨ་ཐོད་ཕྲེང་མཐིང་ནག་ཡུམ་དང་བཅས་པ་ལ་བརྒྱུད་པའི་བླ་མས་
བསྐོར་བར་བྱོན་ནས་སྦྱོར་མཚམས་ནས་བདུད་རྩི་བབས་པས་ཐུགས་ཀྱི་དངོས་གྲུབ་ཐོབ་ཅིང་ལུས་ཐམས་ཅད་གང་ནས་བདེ་བ་རྒྱས་པའི་མཐར་སྙིང་གའི་ཧཱུཾ་ལས་ཐིམ་པར་བསམ་ཞིང་། གུ་གུལ་དང་སྤོས་དང་ཚིལ་ཆེན་གྱི་དུད་པ་རོལ་མོའི་སྒྲ་དང་བཅས་པ་ཆེར་བྱའོ། །གསུམ་པ་ནི། ཐམས་ཅད་གྲལ་ལ་འཁོད་པ་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལུས་སེམས་ཁོང་གློད་དེ་ཐོད་པ་ནས་དངོས་གྲུབ་ཀྱི་རྟེན་བདུད་རྩིི་རེ་བླུད་ལ། བླ་མས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ངང་དངས་རང་བཞིན་བདག་ཉིད་ཆེ། །རབ་འབྱམས་རིག་པའི་དབང་བསྐུར་ཉོན། །ད་ལྟ་ཤེས་པ་རང་སོར་ཞོག །བཅོས་བསླད་མ་བྱེད་ལྷོད་ཀྱིས་གློད། །སེམས་ཀྱི་འཕྲོ་འདུ་ལིངས་ཀྱིས་བསྒྱུར། །རྦད་ཀྱིས་ཆོད་ལ་ཕྱམ་གྱིས་ཞོག །སེམས་ཉིད་མ་སྐྱེས་གཉུག་མའི་དོན། །རང་བཞག་ཡོངས་གྲོལ་ནམ་མཁའ་འདྲ། །ཡེ་ནས་མ་སྐྱེས་གདོད་མའི་ངང་། །བསམ་མེད་ཡེ་ནས་རྫོགས་པ་ཆེ། །འདུ་འབྲལ་མེད་པའི་ཆོས་ཉིད་དོ། །ཞེས་ངོ་སྤྲད་ལ། སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ། །ཐིག་ལེ་ཉག་གཅིག་ཏུ་གཏིང་ཐག་བཅད་དོ། །གསུམ་པ་རྗེས་སྤྲོ་དགའ་བསྐྱེད་ཅིང་གཟེངས་བསྟོད་པ་ནི། འོ་རིགས་ཀྱི་བུ་ཁྱེད་རྣམས་ལ་བླ་མ་ཐམས་ཅད་ཀྱི་བྱིན་རླབས་ཞུགས་པས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཕུན་སུམ་ཚོགས་ཤིང་ཡིད་ལ་བསམ་པ་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པ་ཡིན་ནོ། །ཞེས་བརྗོད་ནས་ཚོགས་ཀྱི་དགའ་བ་རྒྱ་ཆེར་བྱའོ། །བདུན་པ་ཡེ་ཤེས་ཀྱི་གསང་སྒོ་དབྱེ་བ་རིག་པ་རྩལ་གྱི་དབང་ནི། ཐོད་རྒལ་གྱི་སྔོན་འགྲོར་བསྐུར་བ་ལས་འདི་ལ་ཡང་། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། དང་པོ་ནི་ཤོམ་ར་བླ་མའི་དབང་ལྟར་བཤམས་ལ། སློབ་མ་རྣམས་གྲལ་ལ་འཁོད་ནས་སེམས་བསྐྱེད་དོ། །གཉིས་པ་ནི་རང་གི་སྤྱི་བོར་པདྨ་འདབ་བཞི་དཀར་པོའི་དབུས་སུ། ཨཱོཾ་དཀར་པོ་ལས་འོད་འཕྲོས་རང་ལུས་ཨཱོཾ་དུ་གྱུར་པ་ལས་འོད་འཕྲོས་སྣང་སྲིད་ཐམས་ཅད་ཨཱོཾ་དུ་གྱུར་ནས་བདག་གཞན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་དག ། སྐུའི་དབང་དང་དངོས་གྲུབ་ཐོབ་པར་བསམ་ལ། ཨཱོཾ་ཨཱོཾ་ཨཱོཾ། ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །ཡང་མགྲིན་པར་པདྨ་དམར་པོ་འདབ་མ་བཞིའི་དབུས་སུ། ཨཱཿདམར་པོ་ལས་འོད་འཕྲོས་རང་ལུས་ཨཱར་གྱུར་པ་ལས་འོད་
འཕྲོས་སྣང་སྲིད་ཐམས་ཅད་ཨཱའི་རང་བཞིན་དུ་གྱུར་བདག་གཞན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་དག །གསུང་གི་དབང་དང་དངོས་གྲུབ་ཐོབ་བར་བསམ་ལ། ཨཱ་ཨཱ་ཨཱ་ཞེས་དབྱངས་དང་བཅས་པས་བརྒྱ་རྩ་གཅིག་བརྗོད་དོ། །ཡང་སྙིང་གར་པདྨ་སྔོན་པོ་འདབ་བཞིའི་དབུས་སུ་ཧཱུཾ་མཐིང་ག་ལས་འོད་འཕྲོས་རང་ལུས་ཧཱུྃ་དུ་གྱུར་པ་ལས་འོད་འཕྲོས་སྣང་སྲིད་ཐམས་ཅད་ཧཱུྃ་དུ་གྱུར་ནས་བདག་གཞན་ཐམས་ཅད་ཀྱི་ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་བསམ་ལ། ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྒྱ་རྩ་གཅིག་བརྗོད་དོ། །ཡང་ལྟེ་བར་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ཏྲཱཾ་སེར་པོ་ལས་འོད་འཕྲོས་རང་གི་ལུས་ཏྲཾ་དུ་གྱུར་པ་ལས་སྣང་སྲིད་ཐམས་ཅད་ལ་འོད་ཟེར་ཕོག་པས་ཏྲཱཾ་དུ་གྱུར་ནས། བདག་གཞན་ཐམས་ཅད་ཀྱི་ང་རྒྱལ་གྱི་སྒྲིབ་པ་དག །ཡོན་ཏན་གྱི་དབང་དང་དངོས་གྲུབ་ཐོབ་པར་བསམས་ལ་ཏྲཱཾ་ཏྲཱཾ་ཏྲཱཾ་ཞེས་བརྒྱ་རྩ་གཅིག་བརྗོད་དོ། །ཡང་གསང་བར་པདྨ་འདབ་བཞིའི་དབུས་སུ་ཕཊ་ལྗང་གུ་ལས་འོད་འཕྲོས་རང་གི་ལུས་ཕཊ་དུ་གྱུར་པ་ལས་འོད་འཕྲོས་སྣང་སྲིད་ཐམས་ཅད་ཕཊ་དུ་གྱུར་པས་བདག་གཞན་ཐམས་ཅད་ཀྱི་ཕྲག་དོག་གི་སྒྲིབ་པ་དག །ཕྲིན་ལས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་བསམས་ལ་ཕཊ་ཕཊ་ཕཊ་ཅེས་བརྒྱ་རྩ་གཅིག་བརྗོད་དོ། །དེ་ནི་ཡི་གེ་འཁོར་ལོའི་དབང་སྟེ་རྩ་ལམ་བྱང་ནས་འོད་གསལ་འཆར་སླ་བའོ། །དེ་ནས་ཐོད་པ་ནས་བདུད་རྩི་བྱིན་ནས་སེམས་སྤྲོ་བསྡུ་མེད་པར་བཞག་པས། རིག་པ་རང་དངས་ལ་རྩལ་མི་འགག་པ་ནི་རང་བྱུང་གི་རིག་པའི་དོན་གྱི་རྩལ་དབང་ཡིན་ནོ་ཞེས་ངོ་སྤྲད་དོ། །དེ་ནི་རང་བྱུང་རིག་པའི་རྩལ་དབང་ངོ་། །དེ་ནས་ལྷུན་གྲུབ་རིག་པའི་རྩལ་དབང་ནི་མངོན་སུམ་ངོ་སྤྲད་ལ་ཐེབ་པར་གདབ་བོ། །གསུམ་པ་རྗེས་ནི་ཚོགས་ཀྱི་དགའ་བ་བཀྲ་ཤིས་དང་བཅས་པ་བྱའོ། །བརྒྱད་པ་བྱིན་རླབས་མཐར་ཕྱིན་པ་མཁའ་འགྲོ་དོན་གྱི་དབང་ལ་གསུམ་ལས། སྔོན་འགྲོ་ནི་དབང་ཁྲིད་རྒྱབ་ཆོས་དང་བཅས་པ་ཚར་ལ་ཁད་པའི་ཞག་ཐ་མའི་སྔར་ནུབ་ཤོམ་ར་སྔ་མར་ལྟར་བཤམས་ལ། དོན་དམ་པའི་སེམས་བསྐྱེད་ནས་ལངས་ཏེ་ཐལ་མོ་སྦྱར་བ་ལ་བླ་མས། པདྨ་རཀྟ་དང་སིནྡྷུ་རའི་ཐིག་ལེའི་སྨིན་མཚམས་
སུ་བཀོད་ལ། འོ་དོ་ནུབ་མཁའ་འགྲོ་དོན་གྱི་དབང་བགྱིད་པས་མ་ཡེངས་པར་ཉོན་ཅིག་ཅེས་བརྗོད་དོ། །དངོས་གཞི་ཁྱད་པར་ཅན་དུ་སྒྲུབ་པ་སྟེ། འདིར་རང་གི་ལུས་དཔའ་བོ་རྟ་མགྲིན་དང་། །རྡོ་རྗེ་ཕག་མོ་འཁྲིལ་སྦྱོར་གྲི་གུག་དང་ཐོད་པ་འཛིན་པའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡབ་ཡུམ་སུམ་བརྒྱ་དྲུག་ཅུ་འཁྲབ་པ་ལས་འོད་འཕྲོས་པས། ཤར་ཕྱོགས་ཀྱི་ནམ་མཁའི་དཀྱིལ་ན་ཚུར་རྡོ་རྗེ་མཁའ་འགྲོ་དཔག་ཏུ་མེད་པས་ཕེཾ་ཕེཾ་ཧྲིཾ་ཡོམ་ཡོམ་ཞེས་བརྗོད་ཅིང་བྱོན་ནས་སྤྱི་བོར་ཐིམ་པར་སྒོམས་ཤིག །ཨཱོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་བཛྲཱ་ཌཱ་ཀི་ནི་ས་མ་ཡ་ཛ་ཛཿ དེ་བཞིན་དུ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རིན་ཆེན་མཁའ་འགྲོ་ཡབ་ཡུམ་བཅུ་དྲུག་གར་བྱེད་པའི་འོད་ཀྱིས་ལྷོ་ཕྱོགས་ནས་རིན་ཆེན་རིགས་ཀྱི་དཔའ་བོ་ཡབ་ཡུམ་བྱོན་ནས་མགྲིན་པར་ཐིམ། ཨཱོཾ་ཨཱཿཧཱུཾ་ཧྲཱིཿ་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་རཏྣ་ཌཱ་ཀི་ནི་ས་མ་ཡ་ཛ་ཛཿ། སྙིང་གར་ཆོས་ཀྱི་དབྱིངས་ཀྱི་མཁའ་འགྲོ་ཡབ་ཡུམ་སུམ་ཅུ་རྩ་གཉིས་འཁྲབ་པའི་འོད་ཟེར་གྱིས་སྟེང་གི་ནམ་མཁའ་ནས་མར་སངས་རྒྱས་མཁའ་འགྲོ་དཔག་ཏུ་མེད་པ་བྱོན་ནས་སྙིང་གར་ཐིམ་པར་སྒོམས་ཤིག །ཨཱོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་བྷུདྡྷ་ཌཱ་ཀི་ནི་ས་མ་ཡ་ཛ་ཛ་ཿ ལྟེ་བར་པདྨ་མཁའ་འགྲོ་ཡབ་ཡུམ་དྲུག་ཅུ་རྩ་བཞི་དགའ་བས་ལང་ལོང་བན་བུན་དུ་འཕྱོ་བའི་འོད་ཟེར་གྱིས། ནུབ་ཕྱོགས་ནས་པདྨ་མཁའ་འགྲོ་དཔག་ཏུ་མེད་པ་བྱོན་ནས་ལྟེ་བར་ཐིམ་པར་སྒོམས་ཤིག །ཨཱོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་པདྨ་ཌཱ་ཀི་ནི་ས་མ་ཡ་ཛ་ཛཿ གསང་བར་ལས་ཀྱི་མཁའ་འགྲོ་ཉི་ཤུ་རྩ་བརྒྱད་གར་མཛད་པའི་འོད་ཟེར་གྱིས་བྱང་ཕྱོགས་ཀྱི་ནམ་མཁའ་ནས་ཚུར་སྣ་ཚོགས་མཁའ་འགྲོ་དཔག་ཏུ་མེད་པ་བྱོན་ནས་གསང་བར་ཐིམ་པར་སྒོམས་ཤིག །ཨཱོཾ་ཨཱཿཧཱུཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཀརྨ་ཌཱ་ཀི་ནི་ས་མ་ཡ་ཛ་ཛཿ། གཞན་ཡང་ཕྱི་ནང་གི་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟ་བུ་རྣམས་ཆར་བཞིན་དུ་བབས་པས་ལུས་ཀྱི་ཕྱི་ནང་དང་བ་སྤུའི་ཁུང་བུ་ཐམས་ཅད་དུ་སིབ་སིབ་ཐིམ་པར་སྒོམས་ཤིག །ཨཱོཾ་ཨཱཿཧཱུཾ་ཧྲིཾ་མཾ་ཕེཾ་ཕེཾ་ཡོ་མ་ཧ་ཧོ་
ཧཱུྃ་ཧཱུྃ་ས་མ་ཡ་ཛ་ཛཿ། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་ལ་ཚིལ་ཆེན་གྱི་དུད་པ་འཐུལ་ཞིང་། ཐོད་རྔ་དང་རྐང་གླིང་དང་། རོལ་མོའི་སྒྲ་སྐད་ཆེར་བྱའོ། །དེ་དག་ནི་བསྐྱེད་རིམ་གྱི་དོན་དབང་ངོ་། །རྫོགས་རིམ་གྱི་དོན་དབང་ནི། བདུད་རྩི་བྱིན་ནས། རང་རིག་དངས་ཕྱིན་པར་གློད་པའི་ངང་ལ་ངོ་སྤྲད་དེ། རང་རིག་སྟོང་པ་དང་། གསལ་བ་དང་། རིས་མཉམ་པ་དང་། སོ་སོར་མ་འདྲེས་ལ་མི་རྟོག་པ་དང་། རང་གྲོལ་བ་རྣམས་ཆོས་དབྱིངས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ །རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ་དང་ལྔར་ངོ་སྤྲད་དོ། །རྗེས་ནི་ཚོགས་ཀྱི་དགའ་བ་རྒྱ་ཆེར་བྱའོ། །གསུམ་པ་རྗེས་གཞན་དོན་བཀའ་རྒྱ་དང་བཅས་པ་ལ། གཞན་བའ་། གཏད་རྒྱ། བཀའ་བསྒོ་དང་གསུམ་ལས། དང་པོ་ནི། དབང་ཁྲིད་རྒྱབ་ཆོས་དང་བཅས་པ་ཚར་བའི་ནུབ་མོ་གཞན་དོན་འགྲུབ་པ་རྣམས་ལ་གནང་བ་སྦྱིན་པ་ནི། ཚོགས་མཆོད་ལ་སོགས་སྔར་ལྟར་བཤམས་ལ་བླ་མ་བརྒྱུད་པའི་གསོལ་བ་བཏབ་ནས། རིག་འཛིན་གྱི་གཏོར་མ་མགོ་ཐོག་ཏུ་བཞག་ལ། འོ་རིགས་ཀྱི་བུ་ཁྱོད་ཀྱིས་འགྲོ་བ་དཔག་ཏུ་མེད་པ་ལ་ཟབ་མོའི་དབང་བསྐུར་ཆོས་ཤོད། བྱམས་པ་དང་སྙིང་རྗེས་འགྲོ་བའི་དོན་རྒྱ་ཆེར་མཛོད་ཅིག་ཅེས་ལན་གསུམ་བྱའོ། །རྗེས་ཚོགས་ཀྱི་འཁོར་ལོས་དགའ་བར་བྱའོ། །གཉིས་པ་ནི་སློབ་མ་མཆོག་གི་བཀའ་སྲོལ་རྣམས་ཆིག་བརྒྱུད་དུ་བཟུང་ནས་འཇིག་རྟེན་ན་ཡུན་དུ་གནས་པས་འགྲོ་བའི་དོན་རྒྱ་ཆེར་འབྱུང་བས། དེའང་བླ་མ་ལ་སངས་རྒྱས་སུ་མཐོང་ཞིང་གདམས་པ་ལ་ཡིད་ཆེས་སྐྱེས་ནས་ཤེས་རབ་དང་སྙིང་རྗེར་ལྡན་ཞིང་གཞན་དོན་འགྲུབ་པ་ལ་བྱ་སྟེ། བདུད་རྩིའི་ཐིག་ལེ་གནས་གསུམ་དུ་བྱས་ལ། འཁོར་ལོ་ལྔར་རིགས་ལྔའི་སངས་རྒྱས་དང་། མཁའ་འགྲོ་ལྔ་བསྐྱེད་ལ་སྟེང་དང་ཕྱོགས་བཞི་ནས་བླ་མ་ཐམས་ཅད་དང་རྣམ་སྣང་སངས་རྒྱས་མཁའ་འགྲོ་འཁོར་དང་བཅས་པ་སྤྱན་དྲངས་ལ་སྤྱི་བོར་ཐིམ་པས་སྐུའི་འགྲོ་དོན་ཕྱོགས་མེད་དུ་འགྲུབ་བར་བསམ་ཞིང་། ཨཱོཾ་ཨཱཿཧཱུཾ་གུ་རུ་སི་ཏི་ཕ་ལ་ཧ་རི་ནི་ས་ཨ་བྷི་ཥིཉྩ་མཾ། ཞེས་བརྗོད།
དེ་བཞིན་དུ་བླ་མ་དང་སྣང་མཐའ་པདྨ་མཁའ་འགྲོ་མགྲིན་པར་ཐིམ་པས་གསུང་གི་འགྲོ་དོན་འགྲུབ། བླ་མ་དང་མི་བསྐྱོད་པ་རྡོ་རྗེ་མཁའ་འགྲོ་སྙིང་གར་ཐིམ་ཐུགས་ཀྱི་འགྲོ་དོན་འགྲུབ། བླ་མ་དང་རིན་འབྱུང་རིན་ཆེན་མཁའ་འགྲོ་ལྟེ་བར་ཐིམ། ཡོན་ཏན་གྱི་འགྲོ་དོན་འགྲུབ། བླ་མ་དང་དོན་གྲུབ་ལས་ཀྱི་མཁའ་འགྲོ་གསང་བར་ཐིམ་ཕྲིན་ལས་ཀྱི་འགྲོ་དོན་འགྲུབ། བླ་མ་དང་དཔའ་བོ་མཁའ་འགྲོ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆར་བཞིན་བབས་པས་ལུས་ཀྱི་ཕྱི་ནང་ཀུན་ཏུ་ཐིམ། འགྲོ་དོན་མཐར་རྒྱས་པར་བསམ་ལ། སྐུ་རྟེན་ཞི་ཁྲོའི་ཐང་ཀ །གསུང་གི་རྟེན་སྙིང་ཏིག་གི་གླེགས་བམ། །ཐུགས་ཀྱི་རྟེན་རྡོ་རྗེ་སེམས་དཔའི་མེ་ལོང་རྣམས་གནས་གསུམ་དུ་བཞག་ཅིང་། འོ་རིགས་ཀྱི་བུ་ཁྱོད་ལ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གི་བསྟན་པ་གཏད་པ་ཡིན་པས། ཁྱོད་ཀྱིས་ཚེ་འདིའི་འདོད་པ་དང་གྲགས་པ་ལ་མ་བལྟ་བར་རང་དོན་གྱི་འཁྲི་བ་དང་དབྲལ་བས། སྐལ་ལྡན་གཞན་ལ་ཟབ་མོའི་གདམས་པ་ཅི་ནུས་སུ་སྟོན་ལ། བཀའ་རྒྱས་བཏབ་ནས་ཕྱི་མའི་ཚེ་སྐལ་པ་དང་ལྡན་པ་གཅིག་ལ་བསྟན་པ་རྒྱ་ཆེར་གཏོད་ཅིག །རང་ཡང་ཉམས་སུ་ལོངས་ལ་གཞན་དོན་ཕུན་སུམ་ཚོགས་པར་མཛོད་ཅིག །ཨཱོཾ་ཨཱཿཧཱུྃ་གུ་རུ་སི་ཏི་ཕ་ལ་ཧ་རི་ནི་ས་པུཥྚི་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད་ལ་མཎྜལ་སྟེང་གི་བདུད་རྩི་བྱིན་ནས། བཀྲ་ཤིས་རྒྱས་པར་བརྗོད་དོ། །རྗེས་གསེར་གྱི་མཎྜལ་ཕུལ་ལ་ཚོགས་ཀྱི་འཁོར་ལོས་དཀའ་བ་རྒྱ་ཆེར་བྱའོ། །ཧཱུཾཿ གསུམ་པ་ནི་གཞན་དོན་ལ་སྤྲོ་བའི་སྙིང་རྗེ་ཅན་དེའི་བར་ཆད་བསྲུང་བའི་ཕྱིར་བཀའ་བསྒོ་བྱ་བ་ནི། བཀའ་སྲུང་གི་དཔལ་གཏོར་མགོ་ཐོག་ཏུ་བཞག་ལ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱིས་ཇི་ལྟར་བཀའ་བསྒོས་ཤིང་དམ་ལ་གནས་པས་བར་ཆད་དང་དངོས་གྲུབ་ཕྲོག་པར་བྱེད་པའི་དགྲ་བགེགས་མ་རུངས་པ་རྣམས་མངོན་སྤྱོད་ཀྱི་ལས་མཛད་པའི་དཔལ་མགོན་དམ་པ་ཆོས་སྐྱོང་བའི་བསྲུངས་མ་ཐམས་ཅད་དང་། ཁྱད་པར་དུ་དཔལ་སྔགས་ཀྱི་བདག་མོ་སྲོག་སྒྲུབ་མ། གཟའི་རྒྱལ་པོ་འཁོར་དང་
བཅས་པ། མཁའ་འགྲོ་སྙིང་ཏིག་གི་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས། རིགས་ཀྱི་བུ་སྐལ་བ་བཟང་པོ་འདི་ལ་འགོ་ཞིང་སྟོངས་གྲོགས་རྒྱ་ཆེན་པོ་མཛད་པས་བཅོལ་བའི་འཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛོད་ཅིག །ཅེས་ལན་གསུམ་བརྗོད་ལ་ཚོགས་ཀྱི་དགའ་བ་དང་། གླུ་གར་བཟང་པོ་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་དོ། །འདི་ནི་ཤིན་ཏུ་གཉན་པས་ལེགས་པར་བརྟགས་ལ་བཀའ་བསྒོ་བྱེད་པ་ཡིན་ནོ། །དཔེ་འདི་ཉིད་ཆིག་བརྒྱུད་མ་གཏོགས་པ་ལས་ཚང་བར་མི་སྦྱིན་ཞིང་དབང་ཆོག་རྣམས་ལའང་བུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཚིག་དབང་རྩལ་དབང་རྣམས་ཕྱོགས་ཅིག་ཏུ་བྲིས་ཏེ་སྤེལ་ཞིང་། །གཞན་རྣམས་ཕྱོགས་གཅིག་ཏུ་བྱས་ཏེ་གསང་ཞིང་སྦས་ལ་སྐལ་ལྡན་གཅིག་ལ་ཚང་བར་བྱིན་ནོ། །དགེ་བ་འདི་ཡིས་སྲིད་པའི་སེམས་ཅན་ཀུན། །རྒྱལ་བའི་དཀྱིལ་འཁོར་མཆོག་ཏུ་རབ་ཞུགས་ཏེ། །མ་ལུས་ཕྱམ་ཅིག་ཐམས་ཅད་བྱང་ཆུབ་ནས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །ཨོ་རྒྱན་རྫོང་ཞེས་བྱ་བའི་གནས་མཆོག་ཏུ། །རིན་ཆེན་དབང་གི་ཕྲེང་བ་འདིར་བཀོད་པས། །ཕྱི་རབས་སྐལ་ལྡན་ཚོགས་རྣམས་དགའ་བར་མཛོད། །རིན་ཆེན་དབང་གི་ཕྲེང་བ་ཞེས་བྱ་བ། །གངས་རི་ཐོད་དཀར་གྱི་མགུལ་དུ་མེ་ཏོག་དང་འབྲས་བུ་སྨིན་པའི་སྟོན་ཀའི་ཚེ་པདྨ་ལས་འབྲེལ་རྩལ་གྱིས་བཀོད་པ་རྫོགས་སོ། །མངྒལཾ། །བྷ་ཝནྟུ།།
བདག་འཇུག་པདྨ་ཀློོང་ཡངས།
བདག་འཇུག་པདྨ་ཀློོང་ཡངས་བཞུགས་པ་ལགས་སོ། །རིན་ཆེན་ཤོག་སྐྱའི་སྐོར།
བདག་འཇུག་པདྨ་ཀློང་ཡངས་ཞེས་བྱ་བ། རིགས་ལྔ་བདེ་བར་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་ཆེན་གར་གྱིས་དགྱེས་མཛད་ཅིང་། །གཉིས་མེད་ཡེ་ཤེས་དུ་མའི་གང་ཆེན་མཚོ། །སྲིད་ཞིའི་བདེ་འབྱུང་བདེ་གཤེགས་པདྨ་ལ། །བདག་གཞན་དུས་རྣམས་ཀུན་ཏུ་ཕྱག་འཚལ་ལོ། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །རང་གཞན་དོན་གཉིས་ཕུན་སུམ་ཚོགས་བྱའི་ཕྱིར། །རང་བྱུང་པདྨའི་གཞུང་ལུགས་ལ་བརྟེན་ནས། །བདག་ཉིད་འཇུག་པའི་རིམ་པ་གསལ་བར་བྱ། །དེ་ལ་མཁའ་འགྲོ་སྙིང་ཏིག་གི་དཀྱིལ་འཁོར་དུ་དབང་ཐོབ་པའི་རྣལ་འབྱོར་པས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་དབང་བླངས་ཏེ་བྱང་ཆུབ་བསྒྲུབ་པའི་ཕྱིར་དབེན་པའི་གནས་སུ་རྟེན་གྱི་དྲུང་དུ་ཕྱི་ནང་གི་མཆོད་པ་དང་། གཏོར་མ་གསུམ་དང་། བུམ་པ་གཉིས་དང་། རྡོ་རྗེ་དྲིལ་བུ་ལ་སོགས་པ་འདིར་དགོས་པ་རྣམས་ཚོགས་པར་བྱས་ལ། བགེགས་གཏོར་བྱིན་ནས་རྣལ་འབྱོར་ལ་ག ནས་པར་གསོལ་བ་བཏབ་ནས། ཡི་གེ་བརྒྱ་པས་རྒྱུད་སྦྱངས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྲུང་འཁོར་བསྒོམ་པ་དང་། བདག་ཉིད་བསྐྱེད་དེ་མཆོད་པ་དང་། བསྟོད་པའི་བར་བྱས་ལ། དཀྱིལ་འཁོར་གྱི་དྲུང་ངམ་མཐའ་བསྐོར་གྱི་མཆོད་པ་རྣམས་བདུད་རྩིའི་ཆུས་བསང་ཞིང་སྦྱངས་ཏེ། ནམ་མཁའ་གང་བར་སྤྲུལ། རོལ་མོའི་སྒྲས་བྱིན་ཕབ་ནས། སྐད་ཅིག་གིས་སྲུང་འཁོར་གྱི་ནང་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་བསྐྱེད་པ་དང་། ཡེ་ཤེས་པ་གཞུག་ཅིང་མཆོད་བསྟོད་བྱས་ལ། གཏོར་མ་དང་པོ་དེ་བླ་མ་དང་། དཀྱིལ་འཁོར་ལྷ་ཚོགས་གཉིས་པ་གཏེར་བདག་དམ་ཅན། གསུམ་པ་མཁའ་འགྲོ་སྤྱི་ལ་ཕུལ་ནས། རྣམ་རྒྱལ་གྱི་བུམ་པར་རིགས་ལྔ་དང་། ལས་ཐམས་ཅད་པར་རྡོ་རྗེ་སེམས་དཔའ་བསྐྱེད་ནས། བཟླས་པ་ཚུལ་བཞིན་དུ་བྱས་ལ་མཆོད་བསྟོད་ལ་སོགས་པ་བྱའོ། །དེ་ནས་རང་ཉིད་ཀུན་བཟང་ཡབ་ཡུམ་དུ་གསལ་བཏབ་ནས་
བླ་མ་དང་གཙོ་བོ་ཐ་མི་དད་པའི་མདུན་དུ་དབང་བླངས་ཏེ། བླ་མས་མཛད་རྒྱུ་དེ་རྣམས་དེས་མཛད་ལ། ལས་ཀྱི་བྱ་བ་རྣམས་དེའི་ཐུགས་ཀ་ནས་སྤྲུལ་པའི་ཀུན་ཏུ་བཟང་པོས་མཛད་ཅིང་། སློབ་མའི་བྱ་བ་རྣམས་རང་གིས་དངོས་སུ་བྱའོ། །དེ་ནས་མཎྜལ་ཕུལ་ཐལ་མོ་སྦྱར་ལ། ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང་། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །སོ་ཐར་བྱང་སེམས་དམ་ཚིག་རྣམས། །ཐར་པའི་གྲོང་དུ་འཇུག་བྱའི་ཕྱིར། །མགོན་པོས་བདག་ལ་གནང་དུ་གསོལ། །ཞེས་པ་གསུམ་གྱིས་གསོལ་བ་བཏབ་པས་བླ་མས། ཨེ་མ་སྣོོད་དང་ལྡན་པའི་བུ།།གསང་སྔགས་ཆོ་ག་ཁྱེད་ལ་བསྟན། །འདས་དང་མ་འོངས་ད་ལྟར་གྱི།། སངས་རྒྱས་མ་ལུས་ཐམས་ཅད་ཀྱང་། །གསང་སྔགས་ཆོ་ག་འདི་མཁྱེན་པས།། ཀུན་ཀྱང་སངས་རྒྱས་འཐོབ་པ་ཡིན། །ཀུན་བཟང་རྒྱལ་བ་རིགས་ལྔ་ཡིས།། བདུད་ཀྱི་དཔུང་ཡང་འདི་ཡིས་བཅོམ། །དེ་ལྟར་ཁྱོད་ཀྱིས་འཐོབ་བྱའི་ཕྱིར།། འདི་ཡི་རྗེས་སུ་ཀུན་ཞུགས་མཛོད། །ཅེས་གནང་བ་བྱིན་ནས། ཐལ་མོ་སྦྱར་ཏེ། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དགོངས། །རྐང་གཉིས་གཙོ་བོ་ཕྱོགས་བཅུའི་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས་རྣམས་དང་། །ཚོགས་མཆོག་འཕགས་པའི་དགེ་འདུན་ཐམས་ཅད་ལ། །བདག་ནི་གུས་པས་སྐྱབས་སུ་ཉེ་བར་མཆི། །ཞེས་པ་གསུམ་དང་ཡང་། ཀུན་བཟང་རིགས་ལྔའི་ལྷ་ཚོགས་ལ། །འདི་བཟུང་བླ་མེད་བྱང་ཆུབ་བར། །གུས་པ་ཡིས་ནི་སྐྱབས་སུ་མཆི།། ཞེས་པ་གསུམ་དང་ཡང་། དཔའ་བོ་དཔའ་མོ་ཆོས་སྐྱོང་བཅས། །བྱང་ཆུབ་སེམས་དཔའ་སློབ་དཔོན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི།། ཞེས་པ་གསུམ་དང་ཡང་། བླ་མ་ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པ་ལས་ལྡོག་དགེ་བ་བསྒྲུབ། །
དགེ་ཚུལ་དགེ་སློང་བྱང་ཆུབ་སེམས། །སོ་སོར་ཐར་བའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུང་། །ཞེས་པ་གསུམ་དང་ཡང་། ཧོ་བླ་མ་ཀུན་བཟང་དགོངས་སུ་གསོལ།། འདི་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་གསུམ་དང་ཡང་། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་། །སྡོམ་པ་ལ་ནི་གནས་པ་ལྟར། །འདི་བཟུང་འཁོར་བ་མ་སྟོངས་པར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི། །ཕ་རོལ་ཕྱིན་དྲུག་སློབ་ཅིང་བསྒྲུབ། །བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ། །ཀུན་དོན་ཚུལ་ཁྲིམས་རྟག་ཏུ་བསྲུང་། །བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས། །མ་གྲོལ་དགྲོལ་དང་མ་བསྒྲལ་བསྒྲལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད།། ཅེས་པ་གསུམ་དང་ཡང་། །འདི་བཟུང་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་མི་གཏོང་ངོ་། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམས་བཞི་རྟག་ཏུ་གཏོང་། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་གྱི་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །ཞེས་སྡོམ་པ་བྱིན་ནས་ཡང་། །ཡར་མཆོད་གུས་ཤིང་མར་ལ་བརྩེ། །རྩ་བ་ཡན་ལག་དམ་ཚིག་བསྲུང་། །རྩ་བ་བཞི་ལས་འདའ་མི་བྱ། །ཞེས་བརྗོད་ནས་སློབ་མ་རྡོ་རྗེ་སེམས་དཔར་གསལ་བའི་གནས་གསུམ་དྲིའི་ཐིག་ལེ་བྱས་ལ། ༀ་བཛྲ་པྲ་ཝེ་ཤ་ཧོ། ཞེས་དྲིལ་བུའི་སྒྲ་རེས་འཇོག་གིས་བླ་མ་ཡི་དམ་ཆར་བཞིན་དུ་བབས་པས་སྤྱི་བོ་ནས་མར་ཐིམ་པར་བསམ་ཞིང་། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཛཿཧཱུྃ་བཾ་ཧོཿས་རིགས་ལྔའི་ལྷས་དབང་བསྐུར་བར་བསམ་ཞིང་བདུད་རྩི་ལྕེ་ཐོག་ཏུ་
བཞག་གོ །དེ་ནས་ཆོས་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འགྱུར་རོ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་གང་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་པ་འགྱུར། །གང་ཞིག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། ཁྱེད་རྣམས་དེར་ནི་དོང་བས་ནི། རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་དག་ནི་མཁྱེན་པ་ཡི། །གོ་འཕང་བླ་མེད་ཐོབ་པར་འགྱུར། །ཞེས་བརྗོད་ནས། ཡང་བླ་མས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དངས་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །དེ་བཞིན་དེ་ཉིད་ངེས་པར་འབྱུང་། །བདེན་པ་དེ་ནི་དཀྱིལ་འཁོར་འདིར། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་ལན་གསུམ་གྱིས་བདེན་པའི་སྟོབས་བརྗོད་ནས་གདོང་གཡོགས་བཅིངས་ཏེ་ཕྱི་སྒོ་བཅད་པའི་དྲུང་ནས་གསོལ་བ་གདབ་པ་ནི། ཀྱེ་ཀྱེ་ཁྲོ་བོ་མི་བཟད་འཇིགས་པའི་གཟུགས། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར། ཁྱོད་ཀྱིས་གནང་སྟེ་བཏང་དུ་
གསོལ། །ཞེས་པ་གསུམ་གྱིས་ཞུས་པས། །ནང་ནས་བླ་མས། ཁྱེད་སུ་ཡིན་ཅི་བྱེད་ཅེས་དྲིས་པའི་ལན་དུ། བདག་ནི་སྐལ་ལྡན་རིགས་ཀྱི་བུ་ལགས། དཔལ་རིགས་ཀྱི་བདག་པོ་ལ་དབང་ཞུ། ཞེས་ལན་བཏབ་ནས། བགེགས་བསྐྲད་དེ་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། ཀྱེ་རིགས་ལྔའི་བདེ་བར་གཤེགས་པ་དང་། །བླ་མ་ཡི་དམ་ཌཱ་ཀི་དགོངས། །སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །སྒོ་ཕྱི་ཐར་པའི་གྲོང་བསྟན་འཚལ། །ཞེས་གསུམ་བརྗོད་པས་ནང་དུ་ཕྱིན་པར་བསམས་ལ། ཐལ་མོ་སྦྱར་ཏེ། ཀྱེ་བླ་མ་རྡོ་རྗེ་འཛིན་པ་དང་།། དཀྱིལ་འཁོར་ལྷ་ཚོགས་སྤངས་ན་ནི། །སྐྱོབ་པ་གཞན་ནི་མི་མངའ་བས། ཁྱེད་ཀྱི་ཐུགས་རྗེས་བདག་ལ་སྩོལ། །ཞེས་བརྗོད་པ་དང་། བླ་མས། ཨེ་མ་ཁྱོད་ནི་སྣོད་མཆོག་དམ་པ་སྟེ། ཁྱོད་འདོད་པ་ནི་བདག་གིས་སྦྱིན། །ཞེས་པ་དང་། སློབ་མས། བདག་ནི་འབྲས་བུ་གསང་སྔགས་ཀྱི། །དངོས་གྲུབ་བདུད་རྩིའི་ཆུ་རྒྱུན་གྱིས། །སྨིན་ཅིང་གྲོལ་བར་འདོད་པས་ན། །ཐུགས་རྗེས་བདག་ལ་གནང་བར་མཛོད། །ཅེས་པ་གསུམ་བརྗོད་དུས། །བླ་མས། ཨེ་མ་ཨེ་མ་རིགས་ཀྱི་བུ། ཁྱེད་ནི་ལས་ཟད་འཁྲུལ་པ་ཞིག །རིགས་ཀྱི་བུ་མཆོག་ཁྱེད་ཡིན་པས། །ངས་ཁྱོད་ཀུན་བཟང་རིགས་ལྔ་ཡི། །དཀྱིལ་འཁོར་འཇུག་ཅིང་ཡེ་ཤེས་དབབ། །དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་འཐོབ། །དངོས་གྲུབ་དཀྱིལ་འཁོར་འདི་དག་ནི། །མ་མཐོང་བ་ལ་སྨྲས་པ་ན། །དམ་ཚིག་ཉམས་ཏེ་དམྱལ་བར་ལྟུང་། །བསྲུངས་ན་དངོས་གྲུབ་ཁྱེད་ཀྱིས་ཐོབ། །དམ་ཚིག་བདུད་རྩིའི་ཆུ་འདི་འཐུངས། །ཨཱོཾ་ཨ་མྲྀ་ཏ་དམ་ལས་མ་འདའ་སྭཱ་ཧཱ། འོ་ཁྱོད་ཀྱི་སྟོན་པ་རིགས་ལྔའི་སངས་རྒྱས་ང་ཡིན་པས། །ངས་བསྒོ་བ་ལས་མ་འདའ་ཞིག ། འདས་ན་མྱུར་དུ་རྡོ་རྗེ་དམྱལ་བར་སྐྱེས་ནས་ཐོན་པའི་དུས་མེད་དོ། །ཞེས་དམ་ཚིག་བསྒྲག་གོ །ཡེ་ཤེས་པ་དབབ་པ་ནི། སྙིང་ནང་དུ་གཡུང་དྲུང་དམར་པོའི་ནང་དུ་ཟླ་བའི་སྟེང་དུ་ཡཾ། ཡན་ལག་བཞི་ལ། ཧ་རི་
ནི་ས་བཞི་བསམས་ལ། ཡཾ་ལས་རླུང་བྱུང་བས་གཡུང་དྲུང་གཡོན་དུ་འཁོར་བར་བསམས་ལ། གུ་གུལ་ནག་པོ། བདུད་རྩི་ལྔ། བྱི་ལའི་བྲུན། ཟླ་མཚན། རའི་ཉ་ཤ་རྣམས་སྦྱར་བ་བསྲེགས་ལ། རོལ་མོའི་སྒྲ་དང་རྩ་སྔགས་བརྗོད་ཅིང་། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རང་ལ་སིབ་སིབ་ཐིམ་པར་བསམ་མོ། །དེ་ནས་སྒོ་བཞིར་རིམ་གྱིས་ཕྱིན་པར་མོས་ལ། ཀྱེ་ཤར་སྒོ་སྲུང་བའི་སྒོ་བ་ལྕགས་ཀྱུ་མ། །ཤར་གྱི་སྒོ་འདི་ཕྱེ་ལ་ནི། །བདག་ཅག་ཡི་དམ་ལྷ་དང་སྤྲོད། །ཀྱེ་ལྷོ་སྒོ་སྲུང་བའི་སྒོ་བ་ཞགས་པ་མ། །ལྷོ་ཡི་སྒོ་འདི་ཕྱེ་ལ་ནི། །བདག་ཅག་ཡི་དམ་ལྷ་དང་སྤྲོད། །ཀྱེ་ནུབ་སྒོ་སྲུང་བའི་སྒོ་བ་ལྕགས་སྒྲོག་མ། །ནུབ་ཀྱི་སྒོ་འདི་ཕྱེ་ལ་ནི། །བདག་ཅག་ཡི་དམ་ལྷ་དང་སྤྲོད། །ཀྱེ་བྱང་སྒོ་སྲུང་བའི་སྒོ་བ་དྲིལ་བུ་མ། །བྱང་གི་སྒོ་འདི་ཕྱེ་ལ་ནི། །བདག་ཅག་ཡི་དམ་ལྷ་དང་སྤྲོད། །ཅེས་བརྗོད་ནས་མེ་ཏོག་ཐོགས་ལ། ཀྱེ་བདེ་གཤེགས་རིགས་ལྔའི་ཕོ་བྲང་དུ། །འབྲེལ་བའི་མེ་ཏོག་འདི་དོར་བས། །སྔོན་ནས་འབྲེལ་པ་གང་ཡོད་པའི། །ཡི་དམ་ལྷ་དང་བདག་འཕྲད་ཤོག །ཨཱོཾ་བཛྲ་པུཥྤེ་སི་ཏི་སྟྭཾ། ཞེས་མེ་ཏོག་དོང་ནས། བླ་མས། སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། ཁྱེད་ཀྱི་མ་རིག་འཁོར་བའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བར་བྱ། །དེ་བཞིན་ཁྱོད་ཀྱིས་འགྲོ་བ་རྣམས། །ཡེ་ཤེས་སྤྱན་དུ་འབྱེད་པར་ཤོག །ཨཱོཾ་ཙཀྵུ་སྭཱཧཱ། ཞེས་པས་གདོང་གཡོགས་བཀྲོལ་ལོ། །ཡང་། ཀྱེ་མ་རིགས་ཀྱི་བུ་རྣམས་ཀུན། ཁྱེད་རྣམས་སྡིག་པ་ཀུན་ལས་གྲོལ། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ལུས་ངག་ཡིད་ཀྱིས་དད་པ་བསྐྱེད། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་འཐོབ། །དམ་ཚིག་སྔགས་ལ་བརྩོན་པར་གྱིས། །ཞེས་པས་དཀྱིལ་འཁོར་བལྟས་ཏེ། བུམ་དབང་གི་དོན་དུ། །མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། །ཀུན་བཟང་ཡབ་ཡུམ་ཡེ་ཤེས་དབང་། །བདག་ཅག་རྣམས་ལ་
བསྐུར་དུ་གསོལ། །ཞེས་པ་གསུམ་བརྗོད་ནས། ཤར་སྒོ་སེང་གེའི་ཁྲི་ལ་འདུག་པར་གྱུར་པ་ལ། མེ་ཏོག་གང་ལ་ཕག་པ་འདི། །སྔོན་ནས་ཁྱོད་ཀྱི་ཡི་དམ་ལྷ། །རྟག་ཏུ་བསྒོམ་དང་བསྒྲུབ་པར་གྱིས། །ཨཱོཾ་བཛྲ་པུཥྤེ་སི་ཏི་སྟྭཾ། ཞེས་པས་མེ་ཏོག་བླངས་ཏེ་གང་ལ་ཕོག་པའི་ལྷར་བསྒོམ་ནས། ཡང་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡབ་ཡུམ་དུ་བསམ་པའི་སྤྱི་བོར་ཨཱོཾ་དཀར་པོ་ལས་འོད་འཕྲོས། ཕྱོགས་བཅུའི་བླ་མ་དང་དཀྱིལ་འཁོར་གྱི་ལྷའི་དངོས་གྲུབ་ཐོབ་པར་བསམ་ཞིང་། བླ་མས་རྣམ་རྒྱལ་བུམ་པ་བཟུང་བར་བསམ་ལ། ཧཱུྃ་གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ཨཱོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། རིགས་ཀྱི་བུ་ཁྱོད་ཀྱིས་ཆུ་འདི་འཐུངས་ཤིང་བཀྲུས་པ་ཙམ་གྱིས་ལུས་ཀྱི་སྒྲིབ་པ་ཐམས་ཅད་དག་ནས་འདི་ཉིད་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ་པ་ཡིན་ནོ། ཁྱོད་ཀྱི་གཟུགས་ཀྱི་ཕུང་པོ་འདི་རྡོ་རྗེ་སེམས་དཔའ་ཉིད་དུ་སངས་རྒྱས་ཏེ། ཆུ་ཡི་ཁམས་མཱ་མ་ཀཱི་ཡི་རང་བཞིན་དུ་གནས་འགྱུར། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེ་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པར་གྱུར་ཅིག །ཅེས་བརྗོད་དོ། །གསུང་གི་དབང་ནི། སློབ་མ་སྣང་བ་མཐའ་ཡས་དམར་པོར་བསམ་པའི་མགྲིན་པར་ཨཱཿལས་སྔ་མ་བཞིན་བསམ་ཞིང་། བླ་མས་རྡོ་རྗེ་བཟུང་ནས། ཧཱུཾ་འདུ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །ཨཱོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི། འོ་རིགས་ཀྱི་བུ་ཁྱོད་ཀྱི་ལག་ཏུ་རྡོ་རྗེ་འདི་གཏད་པ་ཙམ་གྱིས་ངག་གི་སྒྲིབ་པ་དག་ནས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ་པ་ཡིན་ནོ། །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཉིད་དུ་སངས་རྒྱས་ཏེ། མེའི་ཁམས་ཀྱང་གོས་དཀར་མོའི་རང་བཞིན་ཉིད་དུ་གནས། འདོད་ཆགས་
སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨ་རིགས་ཀྱི་གསུང་འགགས་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །ཐུགས་ཀྱི་དབང་ནི། སློབ་མ་རྣམ་སྣང་མཐིང་གའི་ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་སྔ་མ་བཞིན་དམིགས་ཏེ་བླ་མས། ཧཱུཾ་རྣམས་ཤེས་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་གཏི་མུག་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨཱོཾ་བྷུདྡྷ་ཨ་བྷི་ཥིཉྩ་ཨཱོཾ། འོ་རིགས་ཀྱི་བུ་ཁྱོད་ལ་པདྨ་ལས་འབྲེལ་རྩལ་ཞེས་མིང་བཏགས་པ་ཙམ་གྱིས། འདིར་ཡིད་ཀྱི་སྒྲིབ་པ་དག་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ་པ་ཡིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་ཡང་རྣམ་པར་སྣང་མཛད་ཉིད་དུ་སངས་རྒྱས་ཏེ། ནམ་མཁའི་ཁམས་ཀྱང་ཆོས་ཀྱི་དབྱིངས་ཀྱི་དབང་ཕུག་མར་དག་ནས། གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དེ་བཞིན་གཤེགས་པའི་རིགས་ཀྱི་ཐུགས་འཁྲུལ་པ་མེད་པ་ཆོས་ཀྱི་སྐུ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། ཡོན་ཏན་གྱི་དབང་ནི། སློབ་མ་རིན་ཆེན་འབྱུང་ལྡན་དུ་བསམ་པའི་ལྟེ་བར་ཏྲཱཾ་ལས་འོད་འཕྲོས་ཕྱོགས་བཅུའི་བླ་མ་དང་དཀྱིལ་འཁོར་གྱི་ལྷའི་དངོས་གྲུབ་ཐོབ་པར་བསམ་ལ། དབུ་རྒྱན་བསྐོན་པར་བསམ་ཞིང་། ཧཱུྃ་ཚོར་བའི་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། དཔལ་ལྡན་ཡོན་ཏན་དབང་བསྐུར་རོ།།ཨཱོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། འོ་རིགས་ཀྱི་བུ་ཁྱོད་ལ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་འདིར་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ་པ་ཡིན་ནོ། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་སངས་རྒྱས་ཏེ། སའི་ཁམས་ཀྱང་སངས་རྒྱས་སྤྱན་དུ་དག་ནས་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་པ་
ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །ཕྲིན་ལས་ཀྱི་དབང་ནི། སློབ་མ་དོན་གྲུབ་ཏུ་དམིགས་པའི་གསང་བར་ཨཱཿལས་འོད་འཕྲོས་ཕྱོགས་བཅུའི་བླ་མ་དང་དཀྱིལ་འཁོར་གྱི་ལྷའི་དངོས་གྲུབ་ཐོབ་པར་བསམ་ཞིང་། བླ་མས་དྲིལ་བུ་བཟུང་སྟེ། ཧཱུཾ་འདུ་བྱེད་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །ཨཱོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ འོ་རིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་འདིར་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མ་ལུས་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ་པ་ཡིན་ནོ། །འདུ་བྱེད་ཀྱི་ཕུང་པོ་ཡང་དོན་ཡོད་གྲུབ་པར་སངས་རྒྱས་ཏེ། རླུང་གི་ཁམས་དམ་ཚིག་སྒྲོལ་མར་དག་ནས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དོན་ཡོད་གྲུབ་པའི་ཕྲིན་ལས་ཐོགས་པ་མེད་པ་གྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །ཀུན་ཏུ་བཟང་པོའི་དབང་ནི། སློབ་མ་ཀུན་ཏུ་བཟང་པོ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསམ་ལ། བླ་མས་རྡོ་རྗེ་དྲིལ་བུ་བཟུང་སྟེ། ཨཱོཾ་ཨཱཿཧཱུཾ། ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །སྣང་སྟོང་དབྱེར་མེད་འདི་ཟུང་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་གཟུང་བར་གྱིས། །འོ་རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་དང་དྲིལ་བུ་འདི་གཏད་པ་ཙམ་གྱིས། ཐམས་ཅད་མཁྱེན་པའི་ས་བོན་ཐེབས་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཀུན་ཏུ་བཟང་པོ་རིག་པའི་རྩལ་དབང་ཐོབ་པ་ཡིན་ནོ། །རང་གི་སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་སངས་རྒྱས་ཏེ། འདི་ལྟར་སྣང་བ་ཐམས་ཅད་མ་སྤངས་གནས་སུ་དག་ནས་སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་དཔག་ཏུ་མེད་པར་འགྲུབ་པར་འགྱུར་རོ།། ཞེས་བརྗོད་དོ། །ཆུས་དབང་ནི། བླ་མས་བུམ་པ་རང་གི་སྤྱི་བོར་བཟུང་བར་བསམ་ལ། ཧཱུྃ་རྡོ་རྗེ་སེམས་དཔའ་
བཅོམ་ལྡན་འདས། །མཱ་མ་ཀཱི་ཡི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཧཱུྃ་སྣང་བ་མཐའ་ཡས་བཅོམ་ལྡན་འདས། །གོས་དཀར་མོ་ཡི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཧཱུྃ་རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཀུན་ཏུ་བཟང་མོའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཧཱུྃ་རིན་ཆེན་འབྱུང་ལྡན་བཅོམ་ལྡན་འདས། །སངས་རྒྱས་སྤྱན་མའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཧཱུྃ་དོན་ཡོད་གྲུབ་པ་བཅོམ་ལྡན་འདས། །དམ་ཚིག་སྒྲོལ་མའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨཱོཾ་ཨཿཧཱུྃ་གུ་རུ་དྷེ་ཝ་དྷཱཀྐི་ནི་སིདྡྷི་ཕ་ལ་ཧཱུཾ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཧ་རི་ནི་ས་ཨ་བྷི་ཥིཉྩ་བྷྲཱུཾཾ་སི་ཏི་ ཕ་ལ་ཧཱུྃ་ཨཱཿ། འོ་རིགས་ཀྱི་བུ་ཁྱོད་ལ་དབང་ཐམས་ཅད་བརྟན་པར་བྱེད་པ་བུམ་པའི་དབང་འདི་བསྐུར་བ་ཙམ་གྱིས། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་གྱུར་པ་ཡིན་པས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་བརྙས་པ་བྱས་ན་ལྟུང་བར་འགྱུར་བས་དག་སྣང་དང་མོས་གུས་གྱིས་ལ་མཆོད་པ་དང་བསྟོད་པ་ལ་དགའ་བས་ལྷའི་རང་བཞིན་དུ་ངོ་ཤེས་པར་གྱིས་ཤིག །ཅེས་བརྗོད་ལ་བུམ་ཆུ་ཅུང་ཟད་འཐུངས་པ་དང་ཁྲུས་བྱའོ། །དེ་ནས་བརྡའི་དབང་ནི། བླ་མས་འོ་རིགས་ཀྱི་བུ་ཁྱོད་ལ་རིགས་ལྔའི་སྐུ་བསྟན་པ་ཙམ་གྱིས་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་གྱིས། རིགས་ལྔའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྷུན་གྱིས་གྲུབ་པའི་དགོངས་པ་རྟོགས་ནས་སེམས་ཅན་གྱི་དོན་རླབས་པོ་ཆེ་བྱེད་པར་འགྱུར་རོ།། ཞེས་བརྡ་བསྟན་པར་བྱའོ། །དོན་གྱི་དབང་ནི་བླ་མས། འོ་རིགས་ཀྱི་བུ་དུས་
གསུམ་གྱི་སངས་རྒྱས་དང་སེམས་ཅན་གཉིས་ཀྱང་རང་གི་རིག་པའི་དོན་ལས་ལོགས་ན་མ་གྲུབ་པས། ལུས་སེམས་གཉིས་ཀྱི་འབྱུང་བ་དང་། ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱང་སངས་རྒྱས་རིགས་ལྔ་ཡབ་ཡུམ་དུ་ལྷུན་གྱིས་གྲུབ་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པར་ཡིད་ཆེས་པར་གྱིས་ཤིག །ཅེས་ངོ་ཤེས་ཤིང་དྲན་པར་བྱའོ། །དེ་ནས་དམ་ཚིག་གི་དབང་ནི། བདུད་རྩི་ལྕེ་ལ་བཞག་ནས། བླ་མས་ཨེ་མ་རིགས་ཀྱི་བུ་ཉོན་ཅིག །ཐུན་མོང་སྐྱབས་འགྲོ་ནས་བརྩམས་པའི། སོ་ཐར་བྱང་སེམས་བསླབ་བྱ་དང་། །རིག་འཛིན་སྔགས་ཀྱི་དམ་ཚིག་ཀུན། །བྱང་ཆུབ་མ་ཐོབ་བར་དུ་ ནི། །སྲོག་གི་ཕྱིར་ཡང་མ་གཏོང་ཞིག །དམ་ཚིག་ཉམ་ན་བསྐལ་པ་རུ། །ངན་སོང་གསུམ་ནས་ཐར་མི་སྲིད། །དེ་ཕྱིར་སྲུངས་ཤིག་རིགས་ཀྱི་བུ། །ཞེས་བརྗོད་པས་དོན་དྲན་པར་བྱའོ། །དེས་ནི་ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་བ་དང་། ལུས་ཀྱི་སྡིག་པ་དག་ནས་སངས་རྒྱས་ཀྱི་སྐུའི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྡོ་རྗེ་དྲིལ་བུ་ལ་སོགས་པ་དམ་ཚིག་གི་རྫས་རྣམས་བརྟེན་ཞིང་བྱམས་པ་དང་སྙིང་རྗེས་འགྲོ་བ་ལ་ཕན་པར་བྱའོ། །ཞེས་བླ་མས་གདམས་པར་བསམ་མོ། །དེ་ནས་གསང་དབང་གི་དོན་དུ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་འདུག་པར་བསམས་ནས་མཎྜལ་ཕུལ་ཏེ། ཡིད་ཀྱིས་བླ་མ་ལ་རིག་མ་ཕུལ་ལ། ཨེ་མ་ཧོ་ལྷ་མོ་བདེ་བ་ཆེ། །བདེ་ཆེན་པདྨ་ཧེ་རུ་ཀ །བདེ་གཤེགས་རྣམས་ཀྱི་བདེ་ཆེན་ཡབ། །བདེ་བའི་དབང་ཕྱུག་བདེ་སྩོལ་མཛོད། །བྱང་ཆུབ་སེམས་ནི་ཡང་དག་དོན། །རྣམ་དག་མཆོག་ནི་ཡང་དག་པའི། །དྲི་མེད་བདུད་རྩི་དམ་པ་ཡིས། །བླ་མེད་མཆོག་གི་དབང་བསྐུར་ལྟར། །དེ་བཞིན་རིགས་ཀྱི་བུ་དག་ལ། །འཁོར་བའི་སྡུག་བསྔལ་ཀུན་བསལ་མཛོད། །དྲི་མེད་ཡེ་ཤེས་བདུད་རྩི་ཡིས། །མ་རིག་ཉེས་པའི་དྲི་མ་འཇོམས། །བླ་མེད་བྱང་ཆུབ་བདེ་ཆེན་ཉིད། །དུས་འདིར་བདག་གིས་ཐོབ་
མཛོད་ཅིག །ཅེས་ཕུལ་བའི་རྗེས་ལ། གདོང་གཡོགས་བཅིངས་ལ་རྡོ་རྗེ་ཕག་མོར་སྐད་ཅིག་གིས་གསལ་བའི་ལྟེ་བར་ཆོས་འབྱུང་སུམ་བརྩེགས་ཀྱི་དབུས་སུ་ཕག་མོ་ཚོན་གང་བ་གཅིག་བསྒོམས་ཏེ་རོལ་མོའི་སྒྲས་རྩ་སྔགས་ཟློས་ཤིང་ཡེ་ཤེས་ཕབ་ནས། གདང་གཡོགས་ཕྱེ་ལ་བླ་མས། འབྱུང་བའི་གདང་ལས་གྲུབ་པ་ཡི། །ལུས་འདི་བདེ་གཤེགས་ཕོ་བྲང་ཉིད། །རིགས་ལྔ་ཡབ་ཡུམ་ལྔ་ཡི་གནས། །ཕུང་ཁམས་སྐྱེ་མཆེད་ལྷ་ཡི་སྐུ། །ཞེས་པས་ལྷར་ངེས་ཤེས་བསྐྱེད་ནས། །མེ་ཏོག་ཕོག་པའི་ལྷ་ལུས་ལ་ངོ་སྤྲད་ལ། བདུད་རྩིའི་རིལ་བུ་ལྕེ་ཐོག་ཏུ་བཞག་ནས། དབང་དངོས་བསྐུར་བ། ཀྱེ་མ་ཀྱེ་མ་རིགས་ཀྱི་བུ། །དུས་གསུམ་རྒྱལ་བ་ཀུན་གྱི་ནི། །བྱང་ཆུབ་སྲས་པོ་དམ་པ་ལ། །ཇི་ལྟར་དབང་ནི་བསྐུར་བ་ལྟར། །དེ་བཞིན་གསང་བའི་བྱང་སེམས་ཀྱིས། །ད་ལྟ་ཁྱོད་ལ་དབང་བསྐུར་རོ། །ཨཱོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཧ་རི་ནི་ས་ཙ་ཧྲི་ཡ་བྷོ་དྷི་ཙིཏྟ་ཨ་མྲྀ་ཏེ་སརྦ་པཉྩ་ཨ་བྷི་ཥིཉྩ་མཾ། ཞེས་པ་གསུམ་གྱིས་ལུས་ཐམས་ཅད་བདེ་སྟོང་དུ་གསལ་བཏབ་ནས་བླ་མས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །བདེ་དང་སྟོང་པ་དབྱེར་མེད་པ། །དེ་ཉིད་ལྟོས་དང་ངོས་བཟུང་བྲལ། །རང་བཞིན་ལྷན་ཅིག་སྐྱེས་པའི་ངང་། །ཐམས་ཅད་རོ་མཉམས་བདེ་ཆེན་ཉིད། །ཅེས་པ་གསུམ་གྱིས་ངོ་སྤྲད་ལ། རྗེས་སུ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །གསང་བའི་དམ་ཚིག་གཉན་པོ་འདི། །ཡེ་ཤེས་སྒྲུབ་རྫས་བདུད་རྩི་ལྔ། །དམར་ཆེན་ག་པུར་ཙནྡན་སྦྱར། །རྡོ་རྗེ་ཆུ་ཡིས་ཀུན་ཏུ་བསྲེ། །དུས་གསུམ་རྒྱལ་བ་ཀུན་མཐུན་མཚུངས། །འདི་དང་འདོད་པའི་ཡོན་ཏན་ལྔ། །རྒྱུན་དུ་ཡང་དང་ཡང་དུ་བརྟེན། །འདི་ནི་དམ་ཚིག་བླ་ན་མེད། །མ་ཉམས་སྐལ་ལྡན་ཁྱོད་ཀྱིས་སྲུངས། །ཞེས་བརྗོད་པར་བྱའོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ་ནས། ནུབ་ཕྱོགས་སུ་འདུག་པར་མོས་ལ་གསོལ་བ་གདབ་པ། ཀྱེ་ཀྱེ་
བཅོམ་ལྡན་བདེ་ཆེན་ཆོས་ཀྱི་དབྱིངས། །རྣལ་འབྱོར་རྡོ་རྗེ་མི་ཕྱེད་བདག །ཡང་དག་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་ནི་བྱུང་། །བདག་ཉིད་ཆེན་པོ་ཀུན་བདག་ཉིད། །མངའ་དབང་བདག་ལའང་དེ་ཉིད་སྩོལ། །ཉོན་མོངས་འཁོར་བའི་འདམ་དུ་ནི། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་པ་གསུམ་བརྗོད་ནས་བླ་མས། ཨེ་མ་གསང་བ་ཤེས་རབ་ཡེ་ཤེས་ཀྱི། །དམ་ཚིག་བསྲུང་བྱ་སེམས་ལ་ཆོངས། །བུད་མེད་མི་སྤང་དང་དུ་བླང་། །ཚངས་སྤྱོད་དོན་ལ་གནས་པར་བྱ། །ཡོན་ཏན་ཐམས་ཅད་འདི་ལས་འབྱུང་། །འདི་སྤངས་བདེ་བའི་དངོས་གྲུབ་མེད། །ཉམས་པ་མཁའ་འགྲོའི་ཆད་པ་ཡིས། །ཚེ་འཕོས་དམྱལ་བ་དག་ཏུ་ལྟུང་། །ཞེས་པ་གསུམ་གྱིས་དམ་ཚིག་བྱིན་ནས། སློབ་མས། ཤིའམ་སྲོག་ལ་བབ་གྱུར་ཏམ། བྱ་དགའ་ཆེན་པོ་ཉིད་བྱུང་ཡང་། །དམ་ཚིག་བཀའ་ལས་འདའ་མི་བྱེད། །ས་མ་ཡ་ན་ར་ཀ ན། ཞེས་པ་གསུམ་བརྗོད་ནས། ཡེ་ཤེས་དབབ་པ་ནི། ཐམས་ཅད་རྡོ་རྗེ་ཕག་མོར་བསྒོམས་ལ། བླ་མའི་ཐུགས་ཀ་ནས་རྡོ་རྗེ་ཕག་མོ་ཕྲ་མོ་མང་པོ་བྱུང་བ་སློབ་མའི་སྙིང་ནང་དུ་ཐིམ་པར་བསམ་ཞིང་རོལ་མོ་དཀྲོལ་ནས། གདོང་གཡོགས་ཕྱེ་ལ་བླ་མས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྷ་གའི་དབྱིངས་ནས་རང་བྱུང་སྟེ། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཉིད། །བྷ་ག་གསང་སྔགས་ཀུན་གྱི་གནས། །བདེ་ཆེན་ཡེ་ཤེས་འབྱུང་བ་ཡིན། །འདི་ཉིད་མ་བརྟེན་ཐབས་གཞན་མེད། །ཐབས་ཀྱི་རྒྱུད་ཀྱིས་གྲོལ་བ་ཡིན། །བདེ་ཆེན་འདི་བརྟེན་བདེ་བ་ཐོབ། །ཡང་དག་སངས་རྒྱས་འདི་ལས་བྱུང་། །བུད་མེད་ཙམ་ལ་ཁྲོ་བ་སྤངས། །མཚན་ལྡན་ཡུམ་ལ་གུས་པར་གྱིས། །ཞེས་བརྗོད་པས། ཡུམ་གྱིས། ཧཱུྃ་ང་ཡི་བྷ་ག་གསང་ཆེན་འདི། །གང་ཞིག་མོས་པས་སུས་བརྟེན་པ། །ཡོན་ཏན་དངོས་གྲུབ་ཐམས་ཅད་འབྱུང་། །བདེ་སྟོང་མཆོག་གི་དངོས་གྲུབ་ཐོབ། །ཨཱོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨཉྫ་ལི་ཧོཿ ཞེས་བརྗོད་པར་བསམས་ནས། བླ་མས་སློབ་མ་ལ་གཏད་པ།
ཧཱུྃ་ཡེ་ཤེས་ལྷ་མོ་བདེ་བའི་སྐུ། །ཀུན་ཏུ་བདེ་བའི་གནས་སྦྱིན་མ། །དགའ་བས་གཟུགས་མཛེས་ཡིད་འོང་མ། །འདི་ཁྱེད་དཔའ་བོ་སེམས་དཔའ་ཆེ། །རྟག་ཏུ་གུས་པས་མཆོད་པར་གྱིས། །ཨོཾ་མཧཱ་སུ་ཁ་ཧོཿ ཞེས་བརྗོད་ནས། སྙོམས་པར་ཞུགས་པར་བསམས་ཏེ་བླ་མས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །བདེ་སྟོང་གཉིས་མེད་དོན་དེ་ལ། །དེར་འཛིན་མ་བྱེད་ངོ་ལ་ལྟོས། །གཉིས་ཤོར་གཉིས་མཉམ་དུས་འདི་རུ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར། །དེ་ནི་དེ་ཡིས་ཟིན་པར་མཛོད། །ཅེས་བརྗོད་ནས་ཡང་། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །དེས་ནི་དག་ཕྱག་གང་དག་ན། །ཉོན་མོངས་ཡིད་ཀྱི་སྒྲིབ་པ་དག །ལས་ཀྱི་ཕྱག་རྒྱ་བརྟེན་པར་དབང་། །སྐལ་པ་ས་བཅུ་དག་དང་མཉམ། །འཕྲིན་ལས་དབང་གི་ལས་རྣམས་འགྲུབ། །འབྲས་བུ་སྐྱེ་མེད་ཆོས་སྐུ་ཐོབ། །ཅེས་བརྗོད་དོ། །དེ་ནས་ཚིག་དབང་རིན་པོ་ཆེའི་དོན་དུ་བྱང་ནས་མཎྜལ་ཕུལ་བར་བསམས་ལ་གསོལ་བ་གདབ་པ་ནི། ཀྱེ་ཀྱེ་དུས་གསུམ་བླ་མ་རྗེ། །ཡང་དག་ཡེ་ཤེས་ངོ་བོ་ཉིད། །རིག་པའི་ངོ་བོ་ཡེ་ཤེས་ལ། །བདག་ཉིད་ངེས་པའི་ཤེས་པ་སྐྱེ། །གཉིས་མེད་ཡེ་ཤེས་མཆོག་དེ་ཉིད། །འགྲོ་གཞན་དག་ལ་ཡོད་པ་མིན། །དམ་ཆོས་བདུད་རྩིའི་མཆོག་འདི་ཉིད། །འཐུང་ཕྱིར་བདག་གི་བླ་མ་ལ། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །གལ་ཏེ་དོན་ཐལ་བདག་གིས་འཚལ། །རྣམ་པ་ཀུན་ཏུ་མཆོག་གྱུར་པའི། །བཞི་པའི་དབང་བསྐུར་བདག་ལ་སྩལ། །ཞེས་པ་གསུམ་བརྗོད་པ་དང་། བླ་མས། ཨཱོཾ་ཨཱཿཧཱུྃ་ཧྲཱིཿམ། བསྲུང་དུ་མེད་པའི་དམ་ཚིག་ནི། །ཐམས་ཅད་རོ་སྙོམས་ཆོས་ཉིད་ངང་། །འཁོར་འདས་སྤང་བླང་བྲལ་བ་ཡི། །གང་ཤར་ཆོས་ཉིད་རོལ་པ་ལ། །མ་རིག་འཛིན་པས་མ་བསླད་སྲུངས། འདས་ན་འཁོར་ལྡོག་ན་ར་ཀན། །ཞེས་བརྗོད་ནས། སློབ་མའི་སྨིན་ཕྲག་ཏུ་གཡུང་དྲུང་དམར་པོ་འཁོར་བ་ལ་དམིགས་ཤིང་། །བླ་མ་ཡི་དམ་སྤྲིན་ཕུང་
གཏིབས་པ་ཙམ་ཐིམ་པར་བསམས་ནས། དར་ཅིག་མཉམ་པར་གཞག་གོ །དེ་ནས་ནམ་མཁའི་ཕྱོགས་བཞིར་སློབ་མས་རིམ་པར་བལྟ་ཞིང་བླ་མས། ཨེ་མ་ཨེ་མ་རིགས་ཀྱི་བུ། །མིག་རྩེ་ནམ་མཁའི་ཤར་དུ་ལྟོས། །ཤར་གྱི་བར་སྣང་དག་ལ་ནི། །ཐོགས་པ་མེད་པ་འགྲོ་བར་སྒོམས། །ཀྱེ་མ་ཀྱེ་མ་རིགས་ཀྱི་བུ། །མིག་རྩེ་ནམ་མཁའི་ལྷོ་དང་ནུབ། །བྱང་དུ་བལྟས་ཏེ་འགྲོ་བར་སྒོམས། །འགྲོ་བར་བསམས་ན་འགྲོ་མཁན་མེད། །གང་དུ་འགྲོ་བསམ་ཕྱིན་པ་མེད། །འགྲོ་བར་བསམ་པ་རང་གི་སེམས། །སེམས་ནི་མཐའ་བྲལ་སྟོང་པ་ཡིན། །ཞེས་པ་དང་ཡང་། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །སེམས་ནི་དང་པོ་གང་ནས་བྱུང་། །རྒྱུ་རྐྱེན་ཅི་ལས་བྱུང་བ་ལྟོས། །ཞེས་པ་དང་ཡང་། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཉོན། །རྩ་བ་བྲལ་བའི་སེམས་ཉིད་ལ། །གདོད་ནས་མ་སྐྱེས་དངོས་པོ་མེད། ཁ་དོག་དབྱིབས་མེད་ངོས་གཟུང་མེད། །གང་ནས་མ་བྱུང་སོང་བ་མེད། །ད་ལྟར་མི་གནས་རྒྱུ་རྐྱེན་མེད། །འདི་ཉིད་སེམས་ཀྱི་གནས་ལུགས་ཏེ། །བརྗོད་དུ་མེད་པར་ཤེས་པར་གྱིས། །ཞེས་པ་དང་། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །རྒྱལ་བའི་སྐུ་གཟུགས་འདི་ལ་ལྟོས། །རྒྱན་དང་ཆ་ལུགས་དུ་མར་སྣང་། །སྣང་བར་འཛིན་པ་རང་གི་སེམས། །དེ་ལ་ལྟོས་དང་གཞི་རྩ་བྲལ། །དེ་བཞིན་ཡིད་ཡུལ་སྣང་བའི་གཟུགས། །ཡུལ་ཉིད་གསལ་ལ་མཁན་པོས་སྟོང་། །དེ་ནི་གསལ་སྟོང་ཆོས་སྐུ་ཡིན། །ཞེས་པ་དང་ཡང་། ཨེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །འདི་ཡི་སྒྲ་ནི་སྙན་མི་སྙན། །ལེགས་པར་ཐོས་སམ་ངོ་བོར་ལྟོས། །སྒྲ་རུ་འཛིན་པ་རང་གི་སེམས། །སེམས་ནི་གྲགས་སྟོང་ཆོས་ཀྱི་སྐུ། །དེ་ལ་ལྟོས་དང་གཞི་རྩ་བྲལ། །དེ་བཞིན་སྒྲ་རུ་གྲགས་པ་ཀུན། །སྣ་ཚོགས་ཐོས་ཀྱང་ངོ་བོས་སྟོང་། །གསལ་པོར་གྲགས་ཀྱང་རང་
བཞིན་སྟོང་། །ངོས་གཟུང་མ་རྙེད་གཞི་རྩ་བྲལ། །དེ་ནི་གྲགས་སྟོང་ཆོས་སྐུ་ཡིན། །ཞེས་པ་དང་ཡང་། ཨེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །སྤོས་དང་སྨན་སོགས་དྲི་ཞིམ་དང་། །དེ་བཞིན་དྲི་མི་ཞིམ་སྣོམ་ལ། །དགའ་དང་མི་དགའ་སྐྱེས་པའི་སེམས། །དེ་ཉིད་ངོ་ལ་ཚུར་ལྟོས་དང་། །དེ་ཡི་ངོ་བོ་ཅི་འདྲ་ཞིག །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཉིས་འཛིན་ཤེས་པ་གློ་བུར་ཡིན། །རྐྱེན་ཕྱིར་སྣང་ཡང་ངོ་བོས་སྟོང་། །ཞེས་པ་དང་ཡང་། ཨེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །བཟའ་བཏུང་རོ་མཆོག་མྱོང་བར་གྱིས། །མངར་སྐྱུར་ལན་ཚྭ་ཚ་ཁ་བསྐ། །རོ་དྲུག་མྱོང་བའི་མཁན་པོར་ལྟོས། །བལྟས་པས་མེ་རྙེད་སྐྱེ་བ་མེད། །མཐའ་བྲལ་དབུ་མ་སྤྲོས་བྲལ་དང་། །རང་གྲོལ་ཆོས་སྐུར་ཤེས་པར་མཛོད། །ཅེས་པ་དང་ཡང་། ཨེ་མ་རིགས་ཀྱི་བུ་ཁྱོད་ལ། །རེག་ལ་དགག་སྒྲུབ་བསྐྱེད་པའི་སེམས། །དེ་ལ་གཉིས་འཛིན་གང་བྱུང་ཡང་། །རྣམ་པ་གསལ་ལ་རང་བཞིན་སྟོང་། །ངོ་བོ་མེད་ལ་གཞི་རྩ་བྲལ། །ཡེ་ནས་སྟོང་གསལ་ཆོས་སྐུ་ཡིན། །ཞེས་པ་དང་ཡང་། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །རང་གི་སེམས་ལ་ཚུར་ལྟོས་དང་། །དགག་སྒྲུབ་བདེ་སྡུག་ཅིག་ཤར་ཡང་། །གསལ་ལ་ངོ་བོ་རིག་སྟོང་ཡིན། །དཔེར་ན་ཆུ་ཟླ་ཇི་བཞིན་ནོ། །ཞེས་པ་དང་ཡང་། ཀྱེ་མ་རིགས་ཀྱི་བུ་ཁྱོད་ལ། །ཉོན་མོངས་སྣ་ཚོགས་ཅི་སྐྱིས་ཀྱང་། །མེ་ལོང་ནང་གི་གཟུགས་བརྙན་འདྲ། །སེམས་ལ་སྣང་ཡང་ངོས་གཟུང་མེད། །ཉོན་མོངས་གཞི་མེད་རྩ་བ་བྲལ། ཁ་དོག་དབྱིབས་མེད་ངོས་གཟུང་མེད། །གདོད་ནས་མ་སྐྱེས་ཆོས་སྐུ་ཡིན། །ཉོན་མོངས་རྟོག་པའི་རང་བཞིན་ནི། །སེམས་ལས་བྱུང་ཞིང་སེམས་སུ་ནུབ། །སྐྱེས་དང་གྲོལ་མཉམ་རྦ་རླབས་བཞིན། །ཕྲ་རགས་སེམས་དང་རྣམ་རྟོག་ཀུན། །ཡེ་སྟོང་
གཞི་མེད་རྩ་བྲལ་ཡིན། །དེ་ལྟར་རྟོག་པའི་མཚང་རྟོགས་ན། །གཉེན་པོ་སྤང་བླང་མེད་པར་གྲོལ། །ཅེས་བརྗོད་ཅིང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་གསལ་གདབ་བོ། །རྗེས་ནི་ཡང་བླ་མས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྟོང་གསལ་ཆོས་སྐུའི་དབང་ཐོབ་པ། །དེས་ནི་དག་བྱ་གང་དག་ན། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་དག །གསུམ་ཀའི་ནུས་པ་ཚད་དུ་ཕྱིན། །བརྟན་བྱ་བདེ་སྡུག་སྤང་བླང་བྲལ། །རྗེས་སུ་དབྱེར་མེད་བསྒོམ་པར་གནད། །ས་ནི་བཅུ་གཅིག་ཀུན་ཏུ་འོད། །འཕྲིན་ལས་བཞི་པ་མངོན་དུ་གྱུར། །འབྲས་བུ་སྐུ་ལྔ་ལྷུན་གྲུབ་ཐོབ། །ཅེས་བརྗོད་པ་དང་། །མཎྜལ་ཕུལ་ལ། དེང་ནས་བརྩམས་ཏེ་བདག་གིས་ནི། །ལུས་དང་ལོངས་སྤྱོད་དངོས་ཀུན་གྱིས། །དཔལ་ལྡན་བླ་མ་ཁྱེད་མཆོད་ཀྱིས། །ཁྱེད་ཀྱི་རྗེས་སུ་གཟུང་བར་མཛོད། །ཅེས་པས་གཏང་རག་ཕུལ་ནས། དེས་འདུས་པ་རྣམས་ལ་ཚོགས་ཀྱི་དགའ་བས་མཉེས་པར་བྱས་ཏེ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །བདག་དང་སེམས་ཅན་ཐམས་ཅད་མ་ལུས་ཀུན། །ཀུན་ཏུ་བཟང་པོ་རྒྱལ་བའི་དཀྱིལ་འཁོར་དུ། །མ་ལུས་ཕྱམ་ཅིག་ཐམས་ཅད་ལྷུན་གྲུབ་ནས། །བདེ་གཤེགས་རྣམས་དང་སྐལ་པ་མཉམ་པར་ཤོག །ཅེས་དངོས་དང་རས་བྲིས་ལ་སོགས་པ་བརྟན་པར་གྱུར་པ་མི་གཤེགས་པར། །ཚོམ་བུ་ལ་སོགས་པའི་ལྷ་དང་མགྲོན་རྣམས་ནི། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། ཨཱོཾ་བཛྲ་མུཿས་ཡེ་ཤེས་པ་གཤེགས། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་བདག་ལ་ཐིམ་པར་བསམས་ལ། ཨཱོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་བསྲུངས་ཏེ། ལྷག་མའི་གཏོར་མ་
དང་། རྡོ་རྗེའི་གླུ་དང་། བཀྲ་ཤིས་བརྗོད་པར་བྱའོ། །ཆོས་ཚུལ་འདི་ནི་ཟབ་ཡངས་རྒྱ་མཚོའི་སྤྲིན། །སྐལ་ལྡན་སྐྱེ་བོའི་ཕུན་ཚོགས་སྒྲུབ་བྱེད་ཡིན། །གང་འདིར་སྙིང་ག་འོད་ཀྱི་པདྨ་ལ། །བདེ་གཤེགས་ཉི་མའི་འོད་ཟེར་ཕོག་པ་ཡིས། །བྱམས་དང་སྙིང་རྗེའི་འདབ་མ་རབ་རྒྱས་ཏེ། །དད་ལྡན་རྐང་དྲུག་ཉེར་འཚོའི་ལོངས་སྤྱོད་དུ། །པདྨ་ལས་འབྲེལ་རྩལ་གྱིས་ལེགས་པར་བཀོད། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །རྒྱལ་བའི་དཀྱིལ་འཁོར་མཆོག་ཏུ་རབ་བཞུགས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །སྟོན་གསུམ་མེ་ཏོག་འབྲས་བུར་སྨིན་པའི་ཚེ། །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །འཕགས་པའི་རི་ངོགས་དབེན་ཞིང་ཉམས་དགའ་བར། །པདྨ་ཀློང་ཡངས་རབ་ཏུ་རྒྱས་པ་ཡིས། །ལྷ་དང་དྲང་སྲོང་མཁའ་འགྲོ་རྒྱ་མཚོ་དང་། །བློ་གསལ་སྦྲང་རྩིར་སྤྱོད་རྣམས་དགའ་བར་མཛོད། །བདག་འཇུག་པདྨ་ཀློང་ཡངས་ཞེས་བྱ་བ། །ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་གི་གནས་མཆོག་དམ་པར་སྟོན་གྱི་ཚེ་མེ་ཏོག་དང་འབྲས་བུ་སྨིན་པའི་དུས་སུ་བཀོད་པའོ། །ཕྱོགས་དུས་ཀུན་ཏུ་བདེ་ཆེན་གྱི་ཆར་བསྐལ་པ་རྫོགས་ལྡན་གྱི་དུས་སུ་ཉེ་བར་གནས་པ་བཞིན་འབབ་པར་ཤོག་ཅིག །ཤུབྷཾ།། །།
ཤོག་སྐྱའི་སྐོར་ལས། ཚོགས་མཆོད་རྒྱ་མཚོའི་སྤྲིན།
ཤོག་སྐྱའི་སྐོར་ལས། ཚོགས་མཆོད་རྒྱ་མཚོའི་སྤྲིན་བཞུགས་སོ། །
ཚོགས་མཆོད་རྒྱ་མཚོའི་སྤྲིན་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་རྒྱ་མཚོའི་སྙིང་པོ་ལས། །རྒྱལ་བའི་སྤྲིན་ཚོགས་ཐུགས་རྗེའི་གློག་ཕྲེང་ཅན། །ཕན་བདེའི་ཆར་གྱིས་འགྲོ་བ་ཚིམ་མཛད་པ། །དངོས་གྲུབ་མཐའ་ཡས་རྙེད་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་འཁོར་བཅས་མཆོད་པ་དང་། །བགེགས་དང་ལོག་འདྲེན་བར་ཆད་ཞི་བ་དང་། །ཚེ་རིང་ནད་མེད་འདོད་དགུ་བསྒྲུབ་བྱའི་ཕྱིར། །ཚོགས་མཆོད་རྒྱ་མཚོའི་སྤྲིན་གྱིས་མཉེས་པར་བགྱི། །དེའང་དབེན་ཞིང་ཡིད་ཤིན་ཏུ་དྭངས་པའི་གནས་སུ། བྲིས་སྐུའམ་མེ་ཏོག་གི་ཚོམ་བུ་ལ་སོགས་པ་བཀོད་པའི་དྲུང་དུ། ཕྱི་ནང་གི་མཆོད་པ་དང་། ཚོགས་དང་གཏོར་མའི་ཡོ་བྱད་རྒྱ་ཆེར་བཤམས་ལ། ལས་ཀྱི་སློབ་མས་ཚོགས་ཀྱི་སློབ་དཔོན་ཚོགས་དང་བཅས་པ་ལ། མཎྜལ་དང་མེ་ཏོག་ཕུལ་ནས་ཕྱག་འཚལ་ཏེ། ཧོ་དགོངས་སུ་གསོལ། རང་བཞིན་གྱིས་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་ཕོ་བྲང་། ལྷ་དང་ལྷ་མོའི་སྤྲིན་ཕུང་གིས་གང་བ་འདིར། བླ་མ་རྡོ་རྗེ་སློབ་དཔོན་འཁོར་དང་བཅས་པ་རྣམས་རང་བཞིན་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ལ་གནས་པར་ཞུ་འཚལ། ཞེས་གསོལ་བ་གདབ་བོ། །དེ་ནས་བགེགས་ལ་གཏོར་མ་བྱིན་ནས་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་འཇིགས་པར་བསམས་ཏེ། ཧཱུཾ་ཉོན་ཅིག་བགེགས་དང་ལོགས་འདྲེན་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །ང་ཡི་བཀའ་ལས་འདས་གྱུར་ན། །ཐལ་བའི་རྡུལ་བཞིན་བརླག་པར་འགྱུར། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་གུ་གུལ་གྱི་དུད་པ་དང་རོལ་མོའི་སྒྲ་ཆེར་བསྒྲགས་པས། བགེགས་ཐམས་ཅད་ཕྱིའི་རྒྱ་མཚོའི་མཐར་བྱེར་སྟེ། མེ་རི་འབར་བས་མཚམས་བཅད་ནས་བསྐལ་བའི་བར་མི་ཐར་བར་བསམ་མོ། །དེ་ནས་སྐད་ཅིག་གིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རི་མེ་ཕུང་གིས་འཁྲིགས་པར་བསམས་ལ། ཧཱུཾ་ཡེ་ནས་མ་སྐྱེས་རྫོགས་པ་ཆེ། ཁྱབ་གདལ་མི་དམིགས་ཆོས་སྐུ་དག་པ་ལས། །རྡོ་རྗེ་ར་བ་བསྐལ་པའི་མེ་དཔུང་འབར། །རབ་འཇིགས་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་འདིར། །རྡོ་རྗེ་ཕྲ་མེན་སྒོ་སྐྱོང་ཆེན་མོ་བཞིས། །
རང་བཞིན་གདོད་ནས་དག་པའི་མཚམས་ཆོད་ཅིག །ཨཱོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ། གྷྲི་ཧྣ་གྷྲི་ཧྣ་ཧཱུཾ། གྷྲི་ཧྣ་པ་ཡ་གྷྲི་ཧྣ་པ་ཡ་ཧཱུཾ། ཨ་ན་ཡ་ཧོ། བྷ་ག་ཝཱན། བྷིདྱ་ར་ཙ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་པོར་སྐད་ཅིག་གིས་ཝལ་གྱིས་གསལ་བའི་ངང་ལས་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་ལ། །ཨཱོཾ་སྭ་བྷཱ་ཝ་ཤུདྡྷཿ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾཿ ཆོས་སྐུ་མ་སྐྱེས་མཉམ་པ་ཆེན་པོ་ལས། །འབྱུང་བཞི་རིམ་བརྩེགས་ཉི་ཟླ་པདྨའི་སྟེང་། །བྷྲཱུཾ་ལས་བདེ་གཤེགས་ཞི་བའི་གཞལ་ཡས་ཁང་། །སྒོ་བཞི་གྲུ་བཞི་རྩིགས་པ་ལྔ་དང་ལྡན། །རྟ་བབས་བཞི་དང་འཁོར་ལོ་རྒྱལ་མཚན་གདུགས། །རྒྱན་རྣམས་ཡོངས་རྫོགས་མཆོད་པའི་ལྷ་མོས་མཛེས། །དེ་དབུས་བདེ་གཤེགས་རིགས་ལྔ་ཡབ་ཡུམ་དང་། སེམས་དཔའ་སེམས་མ་སྒོ་མ་ཡབ་ཡུམ་བཞི། །ཐུབ་པ་དྲུག་རྣམས་སྣང་ལ་རང་བཞིན་མེད། །ནམ་མཁའི་འཇའ་ཚོན་མེ་ལོང་གཟུགས་བརྙན་འདྲ། །དེ་སྟེང་ཁྲོ་བོའི་ཞིང་ཁམས་སྣང་བ་ནི། །འཇིགས་གཟུགས་མི་བཟད་བསྐལ་བའི་མེ་དཔུང་ཁྲོ། །ཀུན་ཀྱང་ཡབ་ཡུམ་རྒྱན་རྣམས་རྫོགས་པ་ལ། །མཚན་དང་དཔེ་བྱད་འོད་ཟེར་ཕྱོགས་བཅུར་འཕྲོ། །ཨཱོཾ་བཛྲ་ས་མ་ཡ་ཛཿ ནམ་མཁའི་དཀྱིལ་ནས་ཞི་ཁྲོའི་གཞལ་མེད་ཁང་། །རང་བཞིན་ལྷུན་གྱིས་གྲུབ་པར་རབ་བྱོན་ཏེ། །བདག་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། ཛཿཧཱུྃ་བོ་ཧོཿ ཕྱི་དང་ནང་ཀུན་འོག་མིན་དག་པའི་ཞིང་། །ཐམས་ཅད་རྣམ་དག་ལྷ་དང་ལྷ་མོའི་ངང་། །སྐྱེ་མེད་ལྷུན་རྫོགས་འོད་གསལ་ཆེན་པོ་ལ། །བདག་གཞན་མ་ལུས་ངང་གིས་གནས་པར་གྱུར། །ཅེས་བདག་དང་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོར་གསལ་གདབ་བོ། །དེ་ནས་སྐད་ཅིག་གིས་མདུན་གྱི་ནམ་མཁར་བླ་མ་དང་ཞི་ཁྲོ་དཔག་ཏུ་མེད་པའི་དཀྱིལ་འཁོར་བསམས་ལ། བསོད་ནམས་ཀྱི་ཞིང་སྤྱན་དྲང་པ་ནི། ཧཱུཾ་ཆོས་སྐུ་མཉམ་པའི་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་རང་སྣང་འོད་གསལ་ཐུགས་རྗེའི་ལྷ། །ཀུན་བཟང་ཡབ་ཡུམ་རིགས་ལྔ་རྡོ་རྗེ་འཆང་། །རྡོ་རྗེ་སེམས་དཔའ་དགའ་
རབ་རྡོ་རྗེ་དང་། །ཤྲཱྀ་སིདྷ་པདྨ་ཐོད་ཕྲེང་རྩལ། །མཁར་ཆེན་མཚོ་རྒྱལ་རིགས་བཞི་མཁའ་འགྲོ་དང་། །རྡོ་རྗེ་ཕག་མོ་འཁོར་དང་བཅས་པ་དང་། དགོངས་གཏེར་ཟབ་མོའི་སྲུང་མར་བཀའ་བསྒོས་པ། སྲོག་སྒྲུབ་ལ་སོགས་དམ་ཅན་རྒྱ་མཚོའི་ཚོགས། །མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་སྣང་སྲིད་འཁོར་འདས་འཇིག་རྟེན་ན། །གང་བཞུགས་སངས་རྒྱས་སེམས་ཅན་ཇི་སྙེད་པ། །བསོད་ནམས་ཞིང་ལ་དུས་འདིར་སྤྱན་འདྲེན་གྱི། །དགྱེས་པ་ཆེན་པོས་གནས་འདིར་གཤེགས་སུ་གསོལ། །ཞེས་པས། བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་སྐད་ཅིག་གིས་བྱོན་ནས། སྔར་གྱི་དམ་ཚིག་པ་དང་གཉིས་སུ་མེད་པ་ལ་གདན་དབུལ་ཞིང་བཞུགས་སུ་གསོལ་བ་ནི། ཧཱུཾ། གནས་ལྔ་ཡེ་ཤེས་ལྷུན་གྲུབ་དཀྱིལ་འཁོར་དུ། །ཐབས་དང་ཤེས་རབ་པདྨ་ཉི་ཟླའི་གདན། །སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་སོགས། །མཛེས་ཤིང་ཡིད་འོང་བཤམས་པའི་གདན་སྟེང་དུ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོས་བཞུགས་སུ་གསོལ། །ཨཱོཾ་པདྨ་ཙནྡྲ་སུཪྱ་མ་དྷ་ལ་ཀ་མ་ལ་ཡེ་སྟྭཾ། ཞེས་པས་བཞུགས་པར་བསམས་ལ་ཕྱག་འཚལ་བ་ནི། ཧཱུཾ། དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །ནམ་མཁའི་མཐའ་ཁྱབ་བདག་གི་ལུས་སྤྲུལ་ཏེ།། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་ཡིད་ཀྱིས་ཕྱག་བྱས་ཏེ། སོ་སོའི་མཚན་ནས་བརྗོད་ཅིང་། སརྦ་པཉྩ་ཨ་མྲྀ་ཏས་བདུད་རྩིར་མཆོད་པ་ཙམ་ཕུལ། ཚོགས་མཆོད་བྱིན་གྱིས་བརླབ་པ་ནི། བདུད་རྩིའི་བསང་ཆུ་ཡོ་བྱད་ཀུན་ལ་གཏོར་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་མེའི་ཕུང་པོ་འབར་བའི་མཐར། ཀེཾ་ལས་ཐོད་པའི་སྒྱེད་པོ་རི་རབ་དང་མཉམ་པ་གསུམ་གྱི་སྟེང་དུ། ཨ་ལས་ཚོགས་གཏོར་གྱི་སྣོད་ཐོད་པ་དུམ་བུ་གཅིག་པ། ཕྱི་དཀར་བ། ནང་དམར་བ། དཔྲལ་བ་རང་ལ་བསྟེན་པའི་ནང་དུ་
ཚོགས་ཀྱི་ཡོ་བྱད་རྣམས་ཤ་ལྔ་བདུད་རྩི་ལྔར་གྱུར་ཏེ། སྣོད་སྟོང་གསུམ་དང་མཉམ་པ་བསམ་གྱིས་མི་ཁྱབ་པའི་ནང་ཁེངས་པར་གྱུར་པའི་སྟེང་དུ། ཨ་ལས་ཟླ་བའི་ཁ་གཅོད་ཀྱི་དབུས་སུ། རྡོ་རྗེ་རྩེ་ལྔ་པའི་ཡུ་བ། ཨཱོཾ་ཨཱཿཧཱུྃ་གི་ལྟེ་བ་དང་། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿས་རྭ་རྣམས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཡཾ་ལ་ཕོག །ཡཾ་ལས་རླུང་གཡོས། མེ་སྦར་ཏེ། ཐོད་པའི་བདུད་རྩི་ཁོལ་བའི་རླངས་པའི་ཡི་གེ་ལྔ་ལ་ཕོག་པས་རིགས་ལྔ་ཡབ་ཡུམ་དུ་གྱུར་ཏེ། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་འབབས་པའི་རྡོ་རྗེའི་ཁོང་སེང་ན་མར་སོང་སྟེ་ཐོད་པའི་ནང་ཡེ་ཤེས་ཀྱི་བདུད་རྩིས་གང་། ལྟེ་བའི་ཨཱོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས་ཕྱོགས་བཅུའི་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པ་སྙོམས་པར་ཞུགས་པའི་བདུད་རྩིའི་རྒྱུན་ཐོད་པའི་ནང་ན་མར་བབས་པས་ཡེ་ཤེས་ལྔའི་བདུད་རྩིས་ཁེངས། ཟླ་བའི་ཁ་ཆོད་རྡོ་རྗེ་དང་བཅས་པ་ཡང་འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་བསམ་མོ།།དེ་ནས་མཆོད་པ་ལ་བདུན་ལས། དང་པོ་ཕྱིའི་མཆོད་པ་རྣམས་རྒྱས་པའམ་རེ་ཞིག་བསྡུས་པས། བླ་མ་ཡི་དམ་མཁའ་འགྲོ་ལ། །མཛེས་པའི་མེ་ཏོག་རྒྱན་གྱིས་མཆོད། །དྲི་ཞིམ་བདུག་སྤོས་ཤངས་ལ་མཆོད། །སྣང་གསལ་མར་མེ་སྤྱན་ལ་མཆོད། །ཞལ་ཟས་རོ་མཆོག་ལྗགས་ལ་མཆོད། །ཡིད་འོང་དྲི་མཆོག་ཐུགས་ཀར་མཆོད། །རོལ་མོ་སིལ་སྙན་སྙན་ལ་མཆོད། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་ཨཱཿཧཱུྃ། གཉིས་པ་ནང་གི་མཆོད་པ་ནི། །བླ་མ་བདེ་གཤེགས་མཁའ་འགྲོ་མ། །དབང་པོ་རྣམ་ལྔའི་མེ་ཏོག་མཆོད། །གསུར་ཆེན་དྲི་ཡི་བདུག་སྤོས་མཆོད། །ཞུན་ཆེན་སྣང་གསལ་མར་མེས་མཆོད། །རྡོ་རྗེ་དྲི་ཆུའི་བྱུག་པས་མཆོད། །རྡོ་རྗེ་དྲི་ཆེན་ཞལ་ཟས་མཆོད། །རྐང་གླིང་ཐོད་པའི་རོལ་མོས་མཆོད། །བྱང་སེམས་
དཀར་དམར་བདུད་རྩིས་མཆོད། །དུག་ལྔ་ཡེ་ཤེས་ལྔ་རུ་མཆོད། །དུག་གསུམ་སྐུ་གསུང་ཐུགས་སུ་མཆོད། །སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐཱ། གསུམ་པ་གསང་བའི་མཆོད་པ་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། །ཡབ་ཡུམ་གཉིས་མེད་མཁའ་གསང་ལས། །འཁྲིལ་སྦྱོར་བྱང་ཆུབ་སེམས་ཀྱིས་མཆོད། །བདེ་བའི་རོ་མཉམ་མཆོད་པར་བཞེས། །ཨཱོཾ་ཨཱཿཧཱུཾ་ཧྲཱིཿཐཱ། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། །བདེ་གསལ་རིག་པ་ཡེ་ཤེས་དང་། །སྣང་བ་སྣ་ཚོགས་ཐམས་ཅད་ཀུན། །བདེ་སྟོང་གསལ་སྟོང་རིག་པ་སྟོང་། །མི་རྟོགས་རང་བཞིན་སྣང་བས་སྟོང་། །ཡེ་ཤེས་ལྔ་ལྡན་ངང་དུ་བཞེས། །ཨཱོཾ་ཨཱཿཧཱུཾ་ཧྲཱིཿཐཱ། ལྔ་པ་བདུད་རྩིའི་མཆོད་པ་ནི། བླ་མ་བདེ་གཤེགས་མཁའ་འགྲོའི་ཚོགས་རྣམས་ལ། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །དུག་ལྔ་གནས་གྱུར་ཡེ་ཤེས་སྒྲུབ་པའི་རྫས། །རོ་མཆོག་ཡོན་ཏན་ཀུན་དང་ལྡན་པས་མཆོད། །ༀ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། དྲུག་པ་གཏོར་མའི་མཆོད་པ་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། །གཏོར་མའི་མཆོད་པ་འབུལ་བ་ནི། །ཞལ་ཟས་སྣ་ཚོགས་གཏོར་ཆེན་ ལ། །ཤ་ལྔ་བདུད་རྩིས་རྒྱན་དང་ལྡན། །དྲི་དང་རོ་མཆོག་ལྡན་པས་མཆོད། །ཨཱོཾ་གུ་རུ་དྷེ་བ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་དཾ་གྷྲི་ན་བྷ་ལིཾ་ཏ། ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་སྤྱིར་ཕུལ་ནས། བླ་མ་ཡི་དམ་བཀའ་སྲུང་སོ་སོའི་མཚན་རེ་རེ་ནས་བརྗོད་ཅིང་། བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔའམ། བདུན་གྱིས་མཆོད་པས་དགྱེས་ཤིང་རོལ་བར་བསམ། བདུན་པ་ཚོགས་ཀྱི་མཆོད་པ་ནི། ཚོགས་ཕུད་གཏོར་མར་བྲན་ལ། ཀུན་བཟང་ཡབ་ཡུམ་ཞི་ཁྲོ་རབ་འབྱམས་ཚོགས། །དུས་གསུམ་བདེ་གཤེགས་རིག་འཛིན་བླ་མ་དང་། །སློབ་དཔོན་ཆེན་པོ་པདྨ་ཡབ་ཡུམ་ལ། །བདེ་ཆེན་ཚོགས་ཀྱི་མཆོད་པ་དམ་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སྐུ་གསུང་ཐུགས་ཀྱི་ཉམས་ཆག་བསྐང་
གྱུར་ཅིག །རྡོ་རྗེ་ཕག་མོ་བདེ་གཤེགས་རིགས་ཀྱི་ཡུམ། །མཁའ་འགྲོ་སྡེ་ལྔ་སོ་སོའི་སྤྲིན་ཚོགས་དང་། །སྲོག་སྒྲུབ་ལ་སོགས་དམ་ཅན་རྒྱ་མཚོའི་ཚོགས། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །སྙིང་ཏིག་བསྟན་པ་བསྲུང་བར་ཞལ་བཞེས་པ། །འཇིག་རྟེན་ལས་གྲུབ་ཡེ་ཤེས་ཚོགས་བཅས་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་ལྷ་སྲིད་བརྒྱད། །ཡུལ་ལྷ་གཞི་བདག་འདིར་འདུས་མགྲོན་རྣམས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །དགྱེས་མཛད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་རྣམས་མ་ལུས་བཟློག་པ་དང་། རྣལ་འབྱོར་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཨཱོཾ་ཨཱཿཧཱུཾ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ །བཾ་ལཾ་རཾ་ཡཾ་ཨེ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཤྲྀ་མ་ཧཱ་ཀ་ལི་མ་མ་རག་མོ། ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི། གྷ་ན་ཙ ཀྲ་པཱུཙྪ་ཁ་ཁ་ཁཱ་ཧི། མ་ཧཱ་སུ་ར་ཏ་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། སི་ཏ་ཕ་ལ་ཨཱཿ་ཧཱུྃ། ཞེས་རོལ་མོའི་སྒྲ་དང་བཅས་པས་མཆོད་དོ། །དེ་ནས་བསྟོད་པ་ནི། ཧཱུྃ། ངང་ཉིད་མ་སྐྱེས་ཆོས་སྐུ་དག་པ་ལས། སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་སྟོན་མཛད་པ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་ལ། བཤགས་པ་བྱ་བ་ནི། ཧཱུཾ་དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །དབང་གྱུར་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ། །ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་སྐུ། །ཡེ་ནས་བདག་དང་དབྱེ་བ་མེད་པ་ལས། །མ་རིག་དབང་གིས་བདག་གཞན་གཉིས་སུ་སྣང་། །གཉིས་འཛིན་ཐེ་ཚོམ་ལོག་ལྟ་ཅི་བགྱིས་པ། །ངང་དང་རིག་པའི་ཀློང་དུ་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། རྡོ་རྗེ་ཌཱཀྐི་གཙོ་འཁོར་ཡབ་ཡུམ་བཅས། །སུམ་བརྒྱ་དྲུག་ཅུ་གསན་ཅིང་དགོངས་སུ་གསོལ། །ལྟ་བ་མ་རྟོགས་ལོག་དང་རྟོགས་བརྫུས་དང་། ཁ་ལྟ་བདུད་དབང་སོང་དང་
ལོག་པར་བལྟས། །ཡིད་དཔྱོད་མཐའ་བྲལ་ཀློང་དུ་མཐོལ་ལོ་བཤགས། །ཧཱུྃ། རིན་ཆེན་ཌཱ་ཀི་ཡབ་ཡུམ་གཙོ་འཁོར་བཅས། །ཡབ་ཡུམ་བཅུ་དྲུག་གསན་ཅིང་དགོངས་སུ་གསོལ། །མཉམ་གཞག་ཏིང་འཛིན་དོན་ལས་གཡེལ་གྱུར་ཏེ། །མ་གསལ་མ་རིག་བསྐྱེད་རྫོགས་དོན་མ་བསྒོམས། །གསལ་སྟོང་བདེ་ཆེན་ངང་དུ་མཐོལ་ལོ་བཤགས། །ཧཱུྃ། པདྨ་ཌཱ་ཀི་ཡབ་ཡུམ་གཙོ་འཁོར་བཅས། །ཡབ་ཡུམ་དྲུག་ཅུ་རྩ་བཞི་གསན་ཅིང་དགོངས་སུ་གསོལ། །དུས་ལ་མ་བབས་སྤྱོད་པ་ཆོས་དང་འགལ། །མ་རིག་དབང་གིས་ལོག་པར་ཅི་སྤྱད་པ། །དམིགས་མེད་ཤར་གྲོལ་ཀློང་དུ་མཐོལ་ལོ་བཤགས། །ཧཱུྃ། སངས་རྒྱས་ཌཱ་ཀི་ཡབ་ཡུམ་གཙོ་འཁོར་བཅས། །ཡབ་ཡུམ་སུམ་ཅུ་རྩ་གཉིས་གསན་ཅིང་དགོངས་སུ་གསོལ། །ཡང་དག་དོན་གྱི་གནས་ལུགས་མ་ཤེས་ཏེ། །ཐེ་ཚོམ་དབང་གིས་འབྲས་བུའི་དོན་དང་འགལ། །རེ་དོགས་མཐའ་བྲལ་ཀློང་དུ་མཐོལ་ལོ་བཤགས། །ཧཱུཾ་ལས་ཀྱི་ཌཱ་ཀི་ཡབ་ཡུམ་གཙོ་འཁོར་བཅས། །ཡབ་ཡུམ་ཉི་ཤུ་རྩ་བརྒྱད་གསན་ཅིང་དགོངས་སུ་གསོལ། འཕྲིན་ལས་རྣམ་བཞིའི་བསྲུང་དོན་མ་ཤེས་པས། །བྱ་བ་ཀུན་ལ་ལོག་པ་ཅི་བགྱིས་པ། །ཀུན་མཁྱེན་གསལ་བའི་ཀློང་དུ་མཐོལ་ལོ་བཤགས། །ཧཱུཾ་ཀེའུ་རི་མ་བརྒྱད་སིདྷ་ཕྲ་མེན་བརྒྱད། སྒོ་མ་བཞི་དང་དབང་ཕྱུག་ཉི་ཤུ་བརྒྱད། །ལང་ཀ་བརྒྱད་དང་མ་བདུན་སྲིང་མོ་བཞི། །གིང་ཆེན་བཅོས་བརྒྱད་ཕོ་ཉ་དྲུག་ཅུ་བཞི། །བསྟན་མ་བཅུ་གཉིས་འཇིག་རྟེན་པ་ལ་སོགས། །ཀུན་གྱི་ཐུགས་དང་འགལ་བར་ཅི་གྱུར་པ། །ཕྱི་ནང་གསང་མཆོད་བདུད་རྩི་གཏོར་ཚོགས་དང་། །ལྟ་སྒོམ་སྤྱོད་པའི་ཏིང་འཛིན་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ཞིང་ཉམས་བཤགས་དངོས་གྲུབ་ཞུ། །བདག་ཅག་མ་རིག་ལུས་ངག་ཡིད་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ། །ཞལ་ཟས་ཚོགས་གཏོར་མཆོད་པས་སོ་སོར་བཤགས། །བདག་གིས་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་པ་དང་།
ཡི་གེ་བརྒྱ་པ་བརྗོད་ནས། འཕྲིན་ལས་བསྐུལ་བ་ནི། བྷྱོ་གནས་ལྔ་ཡེ་ཤེས་གཞལ་ཡས་ནས། །རིགས་ལྔའི་མཁའ་འགྲོ་དཔག་མེད་ཚོགས། །ཡེ་ཤེས་ལྔ་ལྡན་དུག་ལྔ་འཇོམས། །སྤྱན་གསུམ་གདངས་མིག་དགྲ་ལ་ལྟ། །ཞལ་ནས་ངན་སྔགས་དགྲ་ལ་སྒྲོགས། །ཤངས་ནས་ནད་ཀྱི་འཚུབས་མ་འཐོར། །གཏོར་ཚོགས་མཆོད་པ་འདི་བཞེས་ལ། །དགྲ་བགེགས་རང་བཞིན་དབྱིངས་སུ་སྒྲོལ། །བྷྱོ་རབ་འཇིགས་དུར་ཁྲོད་ནག་མོའི་གླིང་། །རྡོ་རྗེ་ཕག་མོ་ཡབ་ཡུམ་བཞུགས། །དམ་རྫས་བདུད་རྩི་འདི་གསོལ་ལ། །རྣམ་རྟོག་དགྲ་བགེགས་དབྱིངས་སུ་སྒྲོལ། །མཁའ་དབྱིངས་བདེ་བ་ཆེན་པོ་ནས། །རིགས་ལྔའི་མཁའ་འགྲོ་དཔག་མེད་ཚོགས། །སྐུ་མ དོག་ཕྱག་མཚན་སྣ་ཚོགས་ཏེ། །རྒྱན་ཆ་མང་པོ་པུ་རུ་རུ། །སིལ་སྙན་མང་པོ་སི་ལི་ལི། །རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན། །མཁའ་ལ་ཐོགས་མེད་བུན་ནུ་ནུ། །ལག་པ་གསེར་གྱི་གདུ་བུ་ཅན། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །ཕྲིན་ལས་སྣ་ཚོགས་ལས་མཛད་མ། །གཏོར་ཚོགས་མཆོད་པ་འདི་བཞེས་ལ། །འདོད་དགུའི་འཕྲིན་ལས་ཐོགས་མེད་སྒྲུབས། །ཧཱུཾ་ཡུལ་གནས་ཉི་ཤུ་རྩ་བཞི་ནས། །དཔའ་བོ་དཔའ་མོ་ཉི་ཤུ་བཞི། །མཁའ་འགྲོ་བྱེ་བའི་འཁོར་དང་བཅས། །གཙོ་མོ་མི་མངོན་དབྱིངས་ན་བཞུགས། །འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ། །ལ་ལ་བུད་མེད་རྒན་མོ་ལ། །རོ་ཤུན་རྙིངས་པའི་ན་བཟའ་གསོལ། ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །ལ་ལ་བུད་མེད་གཞོན་ནུ་མ། །བཅུ་དྲུག་གཟུགས་མཛེས་ལང་ཚོ་རྒྱས། །སྙན་པའི་གླུ་ལེན་ཡིད་འཕྲོག་མ། །ལ་ལ་བུད་མེད་ཐ་མལ་གཟུགས། །འཇིག་རྟེན་སྤྱོད་པ་སྣ་ཚོགས་བྱེད།། ལ་ལ་སྒྱུར་བྱེད་ཚོས་མཁན་མོ། །ལ་ལ་མྱོས་བྱེད་ཆང་འཚོང་མ། །ལ་ལ་སྦྱོར་བྱེད་སྨད་འཚོང་མ། །ལ་ལ་དག་བྱེད་ཁྲུས་མཁན་མོ། །ལ་ལ་གསོད་བྱེད་ཤན་པ་མོ། །ལ་ལ་དཀའ་ཐུབ་བྲམ་ཟེ་མོ། །ལ་ལ་ཕྲོག་བྱེད་ཆོམ་རྐུན་མོ། །དེ་ལ་སོགས་ཏེ་མཐའ་ཡས་
རྣམས། །གཏོར་ཚོགས་མཆོད་པ་འདི་བཞེས་ལ། །ནད་གདོན་གནོད་པ་བཟློག་པ་དང་། །བསམ་པའི་དོན་རྣམས་འགྲུབ་པར་མཛོད། །ཅེས་པས་འཕྲིན་ལས་བཅོལ་ནས། ལས་ཀྱི་སློབ་མས་ཕྱག་འཚལ་ཏེ། རྣམ་ལྔ་འདོད་པའི་ཕྱག་རྒྱ་བསྐོར་ལ། ཧོ་དཔའ་བོ་ཆེན་པོ་དགོངས་སུ་གསོལ། །འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེར་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧཱུཾ་སུ་ཀ་ཧོཿ ཞེས་ཐབས་ཤེས་གཉིས་ཀྱི་རྫས་ལག་པ་གཉིས་ཀྱིས་བཟུང་བ་བསྣོལ་ལ་དྲང་ངོ་། །ལེན་པ་པོས་ཀྱང་ཕྱག་རྒྱ་བྱ་ཞིང་མཉམ་དུ། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་སྤངས།། གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོ། ཞེས་པས་བླངས་ལ། ལག་པའི་སོར་མོ་གཡས་པ་ལྔ་ལ་དཔའ་བོ་སྔ་དང་མཐིལ་དུ་རྟ་མགྲིན། གཡོན་དཔའ་མོ་ལྔ་དང་རྡོ་རྗེ་ཕག་མོ་བསམས་ཏེ། སྤྲུལ་པའི་མཁའ་འགྲོ་འཕྲོ་བས་ཕུད་ཀྱིས་བླ་མ་ཡི་དམ་མཁའ་འགྲོ་སོ་སོའི་མཚན་ནས་བརྗོད་ཅིང་གཡོན་པའི་མཐེབ་སྲིན་གྱིས་མཆོད་ལ། ལག་པའི་དཔའ་བོ་ཡབ་ཡུམ་བཟའ་བཏུང་བཅུད་ཀྱིས་མཉེས་ཏེ་མཆོད་པས་ཚིམ་པར་བསམ་ཞིང་། འཁོར་ལོ་ལྔར་མཁའ་འགྲོ་དང་། ལུས་ཕྱི་ནང་དུ་དཔའ་བོ་མཁའ་འགྲོ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ཙམ་དང་། ཞི་ཁྲོ་དང་བླ་མ་བརྒྱུད་པ་རྣམས་ནང་དུ་གསལ་བཏབ་ལ། བཟའ་བཏུང་རོལ་བས་མཉེས་པ་དང་། ཡ་རྐན་མ་རྐན་ལ་མཁའ་འགྲོ་ཡབ་ཡུམ་ལྔ་གསལ་བཏབ་ལ། ལྕེ་མཆོད་པའི་ལྷ་མོས་མཆོད་རྫས་ཕུལ་བས་ཤིན་ཏུ་མཉེས་པར་བསམས་ལ་རོལ་ཕྱིན་པ་དང་། དགྱེས་ཤིང་ཚིམ་པས་ལོངས་སྤྱོད་དོ། །ཚོགས་ཁང་ལྷ་ཡི་གཞལ་ཡས་ཁང་།། འགྲོ་ཀུན་ལྷ་ཡི་དཀྱིལ་འཁོར་ཏེ། །བཟའ་བཏུང་བདེ་ཆེན་མཆོད་པའི་རྫས།། ཐམས་ཅད་ཡེ་ཤེས་ཆེན་པོའི་ངང་། །དགྱེས་ཤིང་རོལ་པས་ལོངས་སྤྱོད་པ།། བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཡིན།། ཤིན་ཏུ་
བཟའ་བར་མི་བྱ་ཞིང་། །རྩོད་དང་ཀུ་ཅོ་བྱ་བ་མིན། །རྡོ་རྗེའི་གླུ་དང་བཀྲ་ཤིས་བརྗོད། །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །ཕྱི་མ་མངོན་པར་སངས་རྒྱས་ཞིང་། །བདེ་ཆེན་མཁའ་སྤྱོད་གནས་སུ་འགྲོ། །དེ་ནས་ལྷག་མའི་གཏོར་མ་བསྡུས་ཏེ། །ཚོགས་ཀྱི་སློབ་དཔོན་གྱིས་ཁ་ཕྲུ་བཏབ་ལ་མདོ་ཕྱོགས་བཞག་ལ། བྷྱོ་ལས་ཀྱི་མཁའ་འགྲོ་མི་བསྲུན་མ། །འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །ཤ་ཟ་མཁའ་འགྲོ་ཡང་སྤྲུལ་དང་། །གཞན་ཡང་མཁའ་འགྲོའི་ཚོགས་མང་པོ། །ལྷག་མའི་གཏོར་མ་འདི་ཁྱེར་ལ། །བགེགས་དང་བར་ཆད་ཞི་བ་དང་། །ཡིད་ལ་བསམ་པ་ཀུན་འགྲུབ་མཛོད། །ཨཱོཾ་སྣ་ཚོགས་ཌཱ་ཀི་ནི། ཤ་ཟ་ཌཱ་ཀི་ནི། འཇིག་རྟེན་ཌཱ་ཀི་ནི་ཧ་རི་ནི་ས་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་གཏོང་ངོ་། །དེ་ནས་གཏོར་མ་གཤེགས་ལ། དམིགས་བསལ་ཡོད་ན་ཟོར་འཕངས་པ་སྟེ། དེའི་ཕྱོགས་སུ་བཏང་བ་ནི། བྷྱོ་ང་ནི་རྣལ་འབྱོར་དམ་ཚིག་ཅན། །དགྲ་བགེགས་སྟེང་དུ་ཟོར་ཅིག་འཕེན། །མཁའ་འགྲོ་དམ་ཅན་རྒྱ་མཚོ་དང་།། འཇིག་རྟེན་དྲེགས་བྱེད་སྡེ་བརྒྱད་ཚོགས། །ཀུན་ཀྱང་དྲག་པོའི་ཟོར་ཐོགས་ནས། །དགྲ་བགེགས་སྟེང་དུ་མཱ་ར་ཡ། །ཉོན་མོངས་དུག་ལྔའི་དགྲ་བགེགས་ལ། །ཡེ་ཤེས་རྣམ་ལྔའི་ཟེར་འཕངས་པས། །སྲིད་གསུམ་འཁོར་བ་རབ་སྟོངས་ཏེ། །ཐམས་ཅད་བདེ་ཆེན་སངས་རྒྱས་ཤོག །ཅེས་བརྗོད་ནས། བསྟན་མ་སྐྱོང་བ་ནི། བྷྱོ་དཔལ་ཆེན་ཡབ་ཡུམ་བཀའ་ཉན་མ། །ཤར་ནས་གཤེགས་པའི་མཁའ་འགྲོ་བདུན། །དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་བ་མཛད། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་བདུན། །དམ་རྫས་གཏོར་མ་འདི་བཞེས་ལ། ཁྱོད་ཀྱིས་ཞི་བའི་ལས་མཛོད་ཅིག །བྷྱོ་དཔལ་ཆེན་ཡབ་ཡུམ་བཀའ་ཉན་པ། །ལྷོ་ནས་གཤེགས་པའི་མཁའ་འགྲོ་བདུན། །དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་བ་མཛད། །རིན་ཆེན་རིགས་ཀྱི་མཁའ་འགྲོ་བདུན། །དམ་རྫས་གཏོར་མ་འདི་བཞེས་པ། ཁྱོད་ཀྱིས་རྒྱས་པའི་ལས་མཛོད་ཅིག །བྷྱོ་དཔལ་ཆེན་ཡབ་ཡུམ་བཀའ་ཉན་མ། །ནུབ་ནས་གཤེགས་པའི་མཁའ་འགྲོ་བདུན། །དྲུག་ནི་
ཡེ་ཤེས་དབྱིངས་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་བ་མཛད། །པདྨ་རིགས་ཀྱི་མཁའ་འགྲོ་བདུན། །དམ་རྫས་གཏོར་མ་འདི་བཞེས་ལ། ཁྱོད་ཀྱིས་དབང་གི་ལས་མཛོད་ཅིག །བྷྱོ་དཔལ་ཆེན་ཡབ་ཡུམ་བཀའ་ཉན་མ། །བྱང་ནས་གཤེགས་པའི་མཁའ་འགྲོ་བདུན། །དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་བ་མཛད། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་བདུན། །དམ་རྫས་གཏོར་མ་འདི་བཞེས་ལ། ཁྱོད་ཀྱིས་དྲག་པོའི་ལས་མཛོད་ཅིག །བྷྱོ་དཔལ་ཆེན་ཡབ་ཡུམ་བདེ་གཤེགས་བཀའ་ཉན་ཚོགས། །དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་སུམ་ཅུ་གཉིས། །གིང་ཆེན་བཅོ་བརྒྱད་ལང་ཀ་དུར་ཁྲོད་བདག །མ་བདུན་སྲིང་བཞི་འབར་བརྒྱད་དྲུག་ཅུ་བཞི། །བསྟན་པ་བཅུ་གཉིས་སོ་སོའི་གཡག་འཁོར་བཅས། །བཤེས་གཉེན་ཀློང་རྫོགས་པདྨའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་བཀའ་ཡི་གཏོར་མ་ལོངས། །ཞི་རྒྱས་དབང་དྲག་དགུག་བཅིང་མནན་གཟིར་སོགས། །བཅོལ་བའི་འཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཅེས་རོལ་མོའི་སྒྲས་གཏོར་མ་བཏང་ལ། ཕྱིར་ལོག་པ་དང་གཏོར་གཞོང་སྦུབས་ལ། དགྲ་བགེགས་ཡོད་ན་དེའི་འོག་ཏུ་ལིངྒ་བཅུག་ནས། བྲོ་བརྡུང་བ་ནི། ཧྲཱི་དམར་ནག་གྲུ་གསུམ་མེ་ཡི་དཀྱིལ་འཁོར་ནས། །འཇིགས་བྱེད་ཁྲོ་རྒྱལ་རྟ་མགྲིན་ཁྲོས་པའི་སྐུ། །གཉིས་མེད་འཁྲིལ་སྦྱོར་རྡོ་རྗེ་ཕག་མོ་ཡུམ། །མཁའ་འགྲོ་དཔའ་བོ་དམ་ཅན་རྒྱ་མཚོའི་ཚོགས། །གཉིས་འཛིན་འཁོར་བའི་བག་ཆགས་ལ།། གཉིས་མེད་རྟ་བྲོ་ཆེམས་སེ་ཆེམ། །རྟ་བྲོ་འཁོར་གཅིག་དང་པོ་ལ། །བདུད་འདུལ་འཇོམས་པ་ཆེན་པོའི་བྲོ། །ང་རྒྱལ་འཇོམས་པའི་མཁའ་འགྲོ་མ། །ཞིང་བཅུའི་ཚོགས་ལ་ད་རྡུངས་ཤིག །རྟ་བྲོ་འཁོར་གཉིས་བར་མ་ལ། །སྲིན་པོ་ཤ་ཟའི་ལོངས་སྤྱོད་བྲོ། །ཞེ་སྡང་འཇོམས་པའི་མཁའ་འགྲོ་མ། །འབྱུང་པོའི་ཚོགས་ལ་ད་རྡུངས་ཤིག །རྟ་བྲོ་འཁོར་གསུམ་ཐ་མ་ལ། ཁམས་གསུམ་ཁྲག་ནད་ནད་ཀྱི་བྲོ། །གཏི་མུག་འཇོམས་པའི་མཁའ་འགྲོ་མ། །འཁོར་བའི་གཅོང་ནད་སྐྲན་ལ་རྡུངས། །རྡུལ་དུ་རློགས་ཤིག་དགྲ་
དང་བགེགས། །རྒྱ་མཚོའི་གཏིང་སྦ་རི་རབ་མནན། །འཁོར་བསྐྱོན་ཆུ་སྲིན་ཁ་རུ་བོར། །ཨཱོཾ་ཨཱཿཧཱུཾ་སྟྭཾ་བྷ་ཡ་ནན། ཞེས་བྲོ་བརྡུང་ངོ་། །དེ་ནས་མེ་ཏོག་ཐོགས་ལ། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བརྗོད་ལ། ཡི་གེ་བརྒྱ་པ་བཟླས་ནས་ཐལ་མོ་སྦྱར་ཏེ། །ཡེ་ཤེས་རྣམ་དག་ལྷུན་གྱིས་གྲུབ་པའི་ལྷ། །བླ་མ་བདེ་གཤེགས་ཡེ་ཤེས་མཁའ་འགྲོ་དང་། །དུས་རྣམས་ཀུན་ཏུ་འདུ་འབྲལ་མེད་པ་ཡི། །བདེ་ཆེན་ས་ལ་རྟག་ཏུ་རོལ་བར་ཤོག །ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་དང་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །བདག་གི་དགེ་བའི་རྩ་བ་འདི་ཡིས་ནི། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་བ་དང་། །ཕྱོགས་རྣམས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །གནས་སྐབས་མཐར་ཐུག་བསམ་པ་འགྲུབ་པར་ཤོག །ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨཱོཾ་བཛྲ་མུཿས་ཡེ་ཤེས་པ་གཤེགས་ནས། །ཛཿཧཱུྃ་བཾ་ཧོཿས་དམ་ཚིག་གི་དཀྱིལ་འཁོར་བདག་ལ་བསྡུས་ཏེ། །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་མོས་པར་བྱས་ལ། །ཡང་བཀྲ་ཤིས་ཀྱི་ལྷ་ཚོགས་བསམས་ཏེ། །མེ་ཏོག་དང་རོལ་མོའི་སྒྲས་མགྲིན་གཅིག་ཏུ། །ངོ་བོ་རང་བཞིན་ཐུགས་རྗེ་མངོན་དུ་གྱུར། །ཆོས་དབྱིངས་རྣམ་དག་ཀློང་ལ་མངའ་བརྙེས་པའི། །བླ་མ་ཡི་དམ་རྣམས་ཀྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དཀར་མོ་ཞི་མཛད་གར་སྒྱུར་སྒེག་པ་མོ། །མེ་ལོང་ཡེ་ཤེས་རྡོ་རྗེ་མཁའ་འགྲོ་མ། །སྐུ་ལ་དབང་བསྒྱུར་བཀྲ་ཤིས་གང་ལེགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སེར་མོ་རྒྱས་མཛད་གར་སྒྱུར་སྒེག་པ་མོ། །མཉམ་ཉིད་ཡེ་ཤེས་རིན་ཆེན་མཁའ་འགྲོ་མ། །ཡོན་ཏན་དབང་བསྒྱུར་བཀྲ་ཤིས་གང་
ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དམར་མོ་དབང་མཛད་གར་སྒྱུར་སྒེག་པ་མོ། །ཀུན་རྟོག་ཡེ་ཤེས་པདྨ་མཁའ་འགྲོ་མ། །གསུང་ལ་དབང་བསྒྱུར་བཀྲ་ཤིས་གང་ལགས་པ།། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྗང་གུ་ལས་མཛད་གར་སྒྱུར་སྒེག་པ་མོ། །བྱ་གྲུབ་ཡེ་ཤེས་ལས་ཀྱི་མཁའ་འགྲོ་མ། །ཕྲིན་ལས་དབང་བསྒྱུར་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མཐིང་གསལ་བྱང་ཆུབ་གར་སྒྱུར་སྒེག་པ་མོ། །ཆོས་དབྱིངས་ཡེ་ཤེས་སངས་རྒྱས་མཁའ་འགྲོ་མ། །ཐུགས་ལ་དབང་བསྒྱུར་བཀྲ་ཤིས་གང་ལགས་པ།།བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྣ་ཚོགས་མཁའ་འགྲོ་དུར་ཁྲོད་བརྒྱད་ཀྱི་བདག །ཚོགས་ལ་དབང་བསྒྱུར་འཇིག་རྟེན་མཁའ་འགྲོ་མ།།བཀའ་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་དོ། །རང་བཞིན་དགེ་བའི་ཕུན་ཚོགས་ཆུ་གཏེར་ལས། །སྟོང་པའི་འདབ་སྟོང་སྙིང་རྗེའི་སྙིང་པོ་ཅན། །ཀུན་དགའི་དུས་སྟོན་རྒྱ་ཆེར་འཕེལ་བྱེད་འདིས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །སྐུ་བཞིའི་རྒྱ་མཚོ་བདེ་ཆེན་ཆུ་བཞིའི་གནས། །ཡེ་ཤེས་ཀླུ་དབང་འབྱོར་བའི་རང་བཞིན་ལས། །ཚོགས་མཆོད་རྒྱ་མཚོའི་སྤྲིན་གྱི་བླ་བྲེ་འདིས། །རང་གཞན་དོན་གཉིས་ལྷུན་གྱིས་འ གྲུབ་པར་ཤོག །ཚོགས་མཆོད་རྒྱ་མཚོའི་སྤྲིན་ཞེས་བྱ་བ། ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ། སྟོན་རྣམས་ཀྱི་ཟླ་བ་དང་པོ་ལ་བཀོད་པ་རྫོགས་སོ། །ཤུབྷཾ།། །།
ཕྱག་འཚལ་དྲི་མེད་ཟླ་རྒྱས།
ཕྱག་འཚལ་དྲི་མེད་ཟླ་རྒྱས་བཞུགས། རིན་ཆེན་ཤོག་འདྲ། །
ཨཱོཾ་བཛྲ་གུ་རུ་པདྨ་ སི་ཏི་ཨཱཿཧཱུྃ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་གང་ཆེན་མཚོའི་རྒྱ་མཚོ་ལས་ལྷུན་གྱིས་གྲུབ་པའི་རང་བཞིན་རྒྱལ་སྲས་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། །མགོན་པོ་གདོད་ནས་རྫོགས་སངས་རྒྱས། །བདེ་ཆེན་ཡོན་ཏན་འབྱུང་བའི་མཛོད། །སངས་རྒྱས་ཀུན་གྱི་བླ་མ་མཆོག །ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །རྡོ་རྗེ་འཆང་གི་ངོ་བོ་ཉིད། །ཞི་དང་ཁྲོ་ཚུལ་དཔག་མེད་སྟོན། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །རྒྱལ་པོའི་འཕྲིན་ལས་དཔག་མེད་ལས། །རང་བྱུང་རིག་འཛིན་ཀུན་གྱི་གཙོ། །ལྷ་མིའི་སྟོན་པ་བླ་ན་མེད། །དགའ་རབ་རྡོ་རྗེ་ལ་ཕྱག་འཚལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་ཤིང་། །སྐུ་དང་འཕྲིན་ལས་བསམ་ཡས་ཀྱི། །འགྲོ་བའི་དོན་གཉིས་རྫོགས་མཛད་པ། །ཤྲཱི་སིདྷ་ལ་ཕྱག་འཚལ། བདེ་གཤེགས་རྒྱ་མཚོའི་རྣམ་འཕྲུལ་ལས། །རང་བྱུང་གེ་སར་པདྨའི་སྟེང་། །མཚན་རྫོགས་དཔེ་བྱད་འབར་བའི་སྐུ། །པདྨ་འབྱུང་གནས་ལ་ཕྱག་འཚལ། །ངོ་བོ་ཡེ་ནས་ཀུན་ཏུ་བཟང་། །རང་བཞིན་བདེ་གཤེགས་འོད་དཔག་མེད། །ཐུགས་རྗེ་པདྨ་སྐུ་སྤྲུལ་པ། །ཤཱཀྱ་སེང་གེ་ལ་ཕྱག་འཚལ། །སྐུ་གསུམ་མཛད་པའི་འཕྲིན་ལས་ཀྱིས། །གདུལ་བྱའི་རེ་བ་རྣམ་སྐོང་ཞིང་། །མཁའ་འགྲོ་འབར་བའི་སྤྲིན་འཕྲོ་བ། །པདྨ་རྒྱལ་པོ་ལ་ཕྱག་འཚལ། །ཇི་སྙེད་ཇི་བཞིན་ཐམས་ཅད་མཁྱེན། །སྣ་ཚོགས་ཆོས་ཀྱི་རྔ་སྒྲ་ཡིས། །བདུད་དང་མུ་སྟེགས་ཚར་གཅོད་པའི། །བློ་ལྡན་མཆོག་སྲེད་ལ་ཕྱག་འཚལ། །ཀུན་མཁྱེན་ཡེ་ཤེས་གངས་རི་ལས། །རྣམ་གྲོལ་མཆོག་གི་གོ་འཕང་བརྙེས། །དཔག་མེད་འཁོར་བའི་ཚོགས་ནང་ན། །སེང་གེའི་སྒྲ་སྒྲོགས་ལ་ཕྱག་འཚལ། །ཐུགས་རྗེའི་ཆར་སྤྲིན་རོལ་པ་ལས། །ཕན་བདེའི་གློག་ཕྲེང་ཆར་འབེབས་ཤིང་། །འགྲོ་བློའི་ཕུན་ཚོགས་
རྒྱས་མཛད་པ། །པདྨ་སཾ་བྷ་ལ་ཕྱག་འཚལ། །མཁྱེན་བརྩེའི་འོད་སྟོང་དཀྱིལ་འཁོར་གྱིས། །གསུང་རབ་པདྨ་རྒྱས་མཛད་ཅིང་། །འགྲོ་བའི་ལམ་ཡངས་དཀར་པོར་མཛད། །ཉི་མ་འོད་ཟེར་ལ་ཕྱག་འཚལ། །རྣམ་སྤྲུལ་དྲག་པོས་འདུལ་བ་ལ། །འཇིགས་རུང་གར་དགུའི་ཉམས་ལྡན་ཞིང་། །ལྷ་སྲིན་གདུག་པ་ཚར་གཅོད་པའི། །རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ། །མཁའ་འགྲོ་འབར་བའི་སྤྲིན་ཕུང་ལས། །དངོས་གྲུབ་བདུད་རྩིའི་ཆར་འབེབས་ཤིང་། །བདེ་ཆེན་རྒྱལ་བ་མཉེས་མཛད་ཡུམ། །མཁར་ཆེན་མཚོ་རྒྱལ་ལ་ཕྱག་འཚལ། །ཤེས་བྱའི་དཀྱིལ་འཁོར་རབ་རྒྱས་ཤིང་། །དམ་ཆོས་རིན་ཆེན་མཛོད་འཛིན་པ། །ཟབ་མོའི་དགོངས་གཏེར་རྒྱས་མཛད་པའི། །དྲི་མེད་འོད་ཟེར་ལ་ཕྱག་འཚལ། །འདི་ནས། སྐུ་གསུམ་སྙིང་པོའི་དོན་རྟོགས་ཤིང་། །མཁྱེན་བརྩེའི་རོལ་པ་དཔག་ཡས་ཀྱིས། །འགྲོ་བའི་ལམ་བཟང་སྟོན་མཛད་པ། །སྤྲུལ་སྐུ་ལེགས་ལྡན་ལ་ཕྱག་འཚལ། །ཐུགས་རྗེའི་མངའ་བདག་ཤཱཀྱའི་སྲས། །བསླབ་གསུམ་རྒྱན་གྱིས་རབ་མཛེས་ཤིང་། །ཐེག་གསུམ་སྙིང་པོའི་དོན་རྟོགས་པ། །ཤནྟ་དེ་བ་ལ་ཕྱག་འཚལ། །མདོ་རྒྱུད་ཤེས་བྱའི་གནས་ལ་མཁས། །བསླབ་གསུམ་རིན་ཆེན་རྒྱན་གྱིས་མཛེས། །ཨ་ཏི་གསང་མཛོད་འཛིན་པའི་ཕ། །ཆོས་ཀྱི་གྲགས་པ་ལ་ཕྱག་འཚལ། །གྲུབ་ཐོབ་རྗེ་ཡི་རྒྱུད་པར་འཁྲུངས། །སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ། །གནས་ལྔ་རིག་པའི་པཎྜི་ཏ། །ཉི་མ་འོད་ཟེར་ལ་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ། །སྐུ་ལྔ་ཡོངས་རྫོགས་འགྲོ་བའི་མགོན། །བྱང་སེམས་ཆེན་པོ་ལ་ཕྱག་འཚལ། །རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན་ཅིང་། །འགྲོ་བའི་གཉེན་མཆོག་སངས་རྒྱས་མི་གཟུགས་ཅན། །གུ་རུའི་སྤྲུལ་པ་གཙུག་རྒྱན་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །འདི་ཡན་ཁ་བསྐང་། །ཆོས་དབྱིངས་བདེ་ཆེན་ནམ་མཁའི་ཀློོང་། །ཡེ་ཤེས་
མཁའ་འགྲོའི་སྤྲིན་འཕྲོ་བ། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །རྡོ་རྗེ་ཕག་མོ་ལ་ཕྱག་འཚལ། །རང་ཉིད་ཆོས་དབྱིངས་རོལ་པ་ལས། །སྣ་ཚོགས་ཐབས་ཀྱི་རྣམ་འཕྲུལ་གྱིས། །འཕྲིན་ལས་རྣམ་བཞིའི་ལས་མཛད་པ། །དམ་ཅན་རྒྱ་མཚོ་ལ་ཕྱག་འཚལ། །གཞན་ཡང་ཕྱོགས་བཅུའི་རིག་འཛིན་དང་། །བདེ་གཤེགས་ཚོགས་དང་འཕགས་པའི་ཚོགས། །མཁའ་འགྲོ་བདེ་ཆེན་རྒྱ་མཚོ་དང་། །མཆོད་འོས་ཀུན་ལ་བདག་ཕྱག་འཚལ། །ཞིང་རྣམས་ཀུན་གྱི་རྡུལ་ཕྲན་གྱིས། །གྲངས་དང་མཉམ་པའི་ལུས་སྤྲུལ་ཏེ། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །ནམ་མཁའ་རབ་འབྱམས་ཡོངས་བཀང་སྟེ། །བླ་མེད་བླ་མའི་ཚོགས་རྣམས་དང་། །རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས། །མཆོད་འོས་རྣམས་ལ་མཆོད་པར་བགྱི། །ཐོག་མ་མེད་ནས་ལུས་དང་ངག །ཡིད་ཀྱིས་སྡིག་པའི་ལས་བགྱིས་པ། །དེ་ཀུན་རབ་ཏུ་འགྱོད་སེམས་ཀྱིས། །མཆོད་འོས་རྣམས་ཀྱི་སྤྱན་སྔར་བཤགས། །ཤེས་དང་མི་སྤང་དང་དུ་བླང་། །སྒྲུབ་དང་ཁས་བླངས་ལ་སོགས་པ། །རྩ་བ་ཡན་ལག་དམ་ཚིག་ལས། །འགལ་ཞིང་ཉམས་པ་སོ་སོར་བཤགས། །བདག་གཞན་ཀུན་གྱི་དུས་གསུམ་གྱི། །དགེ་བ་ཀུན་ལ་ཡི་རང་ཞིང་། །འགྲོ་བའི་ཁམས་དང་མོས་པ་དང་། །བློ་ཡི་རིམ་པ་ཇི་བཞིན་དུ། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དེང་ནས་སྲིད་པ་མ་སྟོངས་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །ཐུགས་རྗེའི་རྣམ་འཕྲུལ་དཔག་ཡས་ཀྱི། །འགྲོ་བའི་དོན་གཉིས་མཛད་པར་གསོལ། །བདག་གཞན་དུས་གསུམ་དགེ་བ་ཀུན། །མ་ལུས་བློ་ཡིས་གཅིག་བསྡུས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྒྱལ་བའི་གོ་འཕང་ཐོབ་པར་ཤོག །དུས་གསུམ་སྲིད་པའི་སེམས་ཅན་ཀུན། །རྡོ་རྗེ་ཐེག་ལ་རབ་བཞུགས་ནས། །གཉིས་མེད་ཡེ་ཤེས་དོན་རྟོགས་ནས། །ཚེ་འདི་ཉིད་ལ་སངས་རྒྱས་ཤོག །རྣམ་སྨིན་འབྱུང་བའི་ལུས་འདི་ཡང་། །མངོན་སུམ་
འོད་གསལ་བསྒོམས་པ་ཡིས། །རང་དེངས་འོད་ཀྱི་ཕུང་པོ་རུ། །ཚེ་འདི་ཉིད་ལ་འགྲུབ་པར་ཤོག །ཕྱོགས་མཐའ་གཏུག་པའི་སེམས་ཅན་ཀུན། །བདེ་ཐོབ་སྡུག་བསྔལ་ཀུན་བྲལ་ཏེ། །དམ་པ་རྣམས་ལས་ཆོས་ཐོབ་ནས། །ཐར་པའི་གྲོང་དུ་ཕྱིན་པར་ཤོག །བདག་ཀྱང་དེང་ནས་དུས་ཀུན་ཏུ། །ཟབ་མོའི་ཆོས་རྣམས་འཛིན་པ་དང་། །རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །འགྲོ་ཀུན་མ་ལུས་སྒྲོལ་པར་ཤོག །བདག་གི་བདེ་བའི་ཆ་ཤས་ཀྱིས། །སེམས་ཅན་རྣམས་ནི་ཉེར་འཚོ་ཞིང་། །སེམས་ཅན་སྡུག་བསྔལ་མ་ལུས་ཀུན། །བདག་ལ་སྨིན་ནས་གྲོལ་བར་ཤོག །བདག་གི་བརྩམས་པ་ཐམས་ཅད་ཀུན། །སེམས་ཅན་དོན་ལས་མ་གཏོགས་པ། །གཞན་དུ་རྡུལ་ཙམ་མི་དམིགས་པས། །འགྲོ་བའི་དོན་གཉིས་འགྲུབ་པར་ཤོག །བར་དོའི་ཡུལ་ལ་འཇུག་པའི་ཚེ། །འོད་གསལ་རང་ངོ་ཤེས་པ་ཡིས། །གདོད་མའི་གཞི་ལ་མཐར་ཕྱིན་ནས། །སེམས་ཅན་ཀུན་དོན་འགྲུབ་པར་ཤོག །ཡེ་ཤེས་དག་པའི་རང་བཞིན་གྱིས། །སྲིད་པའི་བར་དོ་མི་མཐོང་ཞིང་། །ཕྱོགས་བཅུ་རང་བཞིན་སྤྲུལ་པའི་ཞིང་། །བགྲོད་ནས་འགྲོ་བ་སྒྲོལ་བར་ཤོག །པདྨའི་མཚོ་ལ་བུང་བ་ལྟར། །འགྲོ་ལ་ལས་འབྲེལ་ཡོངས་སྩལ་ཏེ། །དྲི་མེད་ཡེ་ཤེས་འོད་ཟེར་གྱིས། །སྐལ་ལྡན་སྣང་བ་འབྱེད་པར་ཤོག །བདག་བློའི་དགེ་ལེགས་ཕུན་ཚོགས་ཀྱིས། །འགྲོ་བའི་བསམ་པ་ཀུན་འགྲུབ་སྟེ། །སྲིད་ན་འགའ་ཡང་མི་གནས་པར། །ཕྱམ་ཅིག་སངས་རྒྱས་འགྲུབ་པར་ཤོག །མཁའ་འགྲོ་སྙིང་ཏིག་གི་ཕྱག་འཚལ་དྲི་མེད་ཟླ་རྒྱས་ཞེས་བྱ་བ། ཨོ་རྒྱན་པདྨའི་ཐུགས་ཀྱི་འོད་ཟེར་བློའི་པདྨོར་རེག་པས་འཛུམ་པར་བྱས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། སྟོན་གསུམ་གངས་རི་ཐོད་དཀར་དུ་སྦྱར་བ་རྫོགས་སོ། །དྲི་མེད་འོད་ཟེར་གྱི་རྗེས་སུ་སྐུ་གསུམ་སྙིང་པོ་ཞེས་པ་ནས་དཔལ་ལྡན་བླ་མ་ལ་ཕྱག་འཚལ་ཞེས་པའི་བར་ཁ་བསྐང་བྱས་པ་ཞིག་ཡིན་འདྲ་བས་ངེས་པར་མཛོད།། །།
གསོལ་འདེབས་བདུད་རྩིའི་ཆུ་རྒྱུན།
གསོལ་འདེབས་བདུད་རྩིའི་ཆུ་རྒྱུན་བཞུགས། རིན་ཆེན་ཤོག་འདྲ།
ཨཱོཾ་ཨཱཿཧཱུྃ། བྱིན་རླབས་བདུད་རྩིའི་སྤྲིན་འཁྲིགས་ཤིང་། །དངོས་གྲུབ་རྒྱ་མཚོའི་ཆར་འབེབས་པའི། །བླ་མ་ཀུན་ལ་གསོལ་བ་འདེབས། །ཅི་བསམ་འགྲུབ་པར་བྱིན་གྱིས་རློབས། །རང་བཞིན་གདོད་མའི་ཕོ་བྲང་དུ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །ཀུན་བཟང་ཡབ་ཡུམ་གསོལ་བ་འདེབས། །གཞི་ཐོག་གྲོལ་བར་བྱིན་གྱིས་རློབས། །བདེ་ཆེན་འོག་མིན་ཕོ་བྲང་དུ། །རིགས་ལྔ་བདེ་གཤེགས་རྡོ་རྗེ་འཆང་། །རྡོ་རྗེ་སེམས་དཔར་གསོལ་བ་འདེབས། །ལྷུན་གྲུབ་རྟོགས་པར་བྱིན་གྱིས་རློབས། །མེ་རི་འབར་བའི་ཕོ་བྲང་དུ། །ཐབས་མཁས་ཐུགས་རྗེེའི་སྤྲིན་ཚོགས་ཅན། །དགའ་རབ་རྡོ་རྗེར་གསོལ་བ་འདེབས། །རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །རྩུབ་འགྱུར་ཚལ་གྱི་ཕོ་བྲང་དུ། །ཡེ་ཤེས་ལྔ་ལྔར་འགྲོ་བའི་ཡབ། །ཤྲཱི་སིདྷར་གསོལ་བ་འདེབས། །གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །སོ་ས་གླིང་གི་ཕོ་བྲང་དུ། །མཆོག་དང་ཐུང་མོང་དངོས་གྲུབ་བརྙེས། །པདྨ་ཐོད་ཕྲེང་གསོལ་བ་འདེབས། །སྐུ་གསུམ་འགྲུབ་པར་བྱིན་གྱིས་རློབས། །ཨོ་རྒྱན་ཡུལ་གྱི་ཕོ་བྲང་དུ། །མཁའ་འགྲོ་དཔག་མེད་ཀུན་གྱི་གཙོ། །ཡེ་ཤེས་མཚོ་རྒྱལ་གསོལ་བ་འདེབས། །བདག་རྒྱུད་གྲོལ་བར་བྱིན་གྱིས་རློབས། །རང་བྱུང་ཡེ་ཤེས་ཕོ་བྲང་དུ། །སྙིང་པོའི་དོན་རྟོགས་བྱིན་རླབས་ལྡན། །དྲི་མེད་འོད་ཟེར་གསོལ་བ་འདེབས། །འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །ཆོས་སྡིངས་དཔལ་གྱི་ཕོ་བྲང་དུ། །ཐེག་མཆོག་ཆོས་འཁོར་ཀུན་གྱི་བདག །ཆོས་ཀྱི་གྲགས་པར་གསོལ་བ་འདེབས། །གཞན་དོན་འགྲུབ་པར་བྱིན་གྱིས་རློབས། །གྲོག་རི་ཨོ་རྒྱན་ཡང་དབེན་དུ། །བསླབ་གསུམ་ནོར་བུའི་རྒྱལ་མཚན་འཛིན། །ཉི་མ་འོད་ཟེར་གསོལ་བ་འདེབས། །དགོས་འདོད་འགྲུབ་པར་བྱིན་གྱིས་རློབས། །དཀར་པོ་ཆོས་ལུང་དགོན་པ་རུ། །རྡོ་རྗེ་སྙིང་པོའི་དངོས་གྲུབ་བརྙེས། །ཀུན་
དགའ་རྒྱལ་མཚན་གསོལ་བ་འདེབས། །ཟབ་ལམ་མཐར་ཕྱིན་བྱིན་གྱིས་རློབས། །ཀུན་བཟང་གླིང་གི་ཕོ་བྲང་དུ། །ཟབ་དོན་རྒྱ་མཚོའི་བསྟན་པ་འདི། །ཆོས་དབྱིིངས་གྲགས་པར་གསོལ་བ་འདེབས། །ཐམས་ཅད་མཁྱེན་པར་བྱིན་གྱིས་རློབས། །སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །སྨིན་གྲོལ་མཆོག་གི་དངོས་གྲུབ་བརྙེས། །རྩ་བའི་བླ་མར་གསོལ་བ་འདེབས། །སྐུ་ལྔ་ལྷུན་གྲུབ་བྱིན་གྱིས་རློབས། ཁྲ་མོ་བྲག་གི་ཕོ་བྲང་དུ། །ཚེ་གཅིག་སངས་རྒྱས་འགྲུབ་པའི་མཆོག །མཁའ་འགྲོ་སྙིང་ཏིག་གསོལ་བ་འདེབས། །ལྷག་མེད་འགྲུབ་པར་བྱིན་གྱིས་རློབས། །ལས་ཅན་འདུ་བའི་ཕོ་བྲང་དུ། །མཐུ་སྟོབས་རྫུ་འཕྲུལ་ཐོགས་པ་མེད། །གཏེར་སྲུང་རྣམས་ལ་གསོལ་བ་འདེབས། །བར་ཆད་ཞི་བར་བྱིན་གྱིས་རློབས། །གར་བཞུགས་ཆོས་ཀྱི་ཕོ་བྲང་དུ། །བསླབ་གསུམ་སྒྲུབ་པའི་རྒྱལ་མཚན་འཛིན། །ཆོས་མཛད་ཡོངས་ལ་གསོལ་བ་འདེབས། །བསྟན་པ་གནས་པར་བྱིན་གྱིས་རློབས། །རང་ལུས་ལྷ་ཡི་ཕོ་བྲང་དུ། །སྟོང་གསལ་ཡེ་ནས་ལྷུན་གྱིས་གྲུབ། །ཞི་ཁྲོ་རབ་འབྱམས་གསོལ་བ་འདེབས། །འོད་གསལ་འབྱོངས་པར་བྱིན་གྱིས་རློབས། །གྲགས་སྟོང་གསུམ་གི་ཕོ་བྲང་དུ། །རྩ་གནས་ཡི་གེའི་འཁོར་ལོ་ཉིད། །རང་བྱུང་ཡེ་ནས་གསོལ་བ་འདེབས། །ཚངས་དབྱངས་ཐོབ་པར་བྱིན་གྱིས་རློབས། །སེམས་ཉིད་དོན་གྱི་ཕོ་བྲང་དུ། །ཐམས་ཅད་མ་སྐྱེས་མཉམ་པ་ཉིད། །རིག་སྟོང་ཆོས་སྐུར་གསོལ་བ་འདེབས། །རང་ཤར་རང་གྲོལ་བྱིན་གྱིས་རློབས། །སྣང་སྲིད་སྣོད་བཅུད་ཕོ་བྲང་དུ། །ཐམས་ཅད་ཡེ་ནས་སངས་རྒྱས་ཞིང་། །སྲིད་གསུམ་ཡོངས་ལ་གསོལ་བ་འདེབས། །མཉམ་ཉིད་རྟོགས་པར་བྱིན་གྱིས་རློབས། །མཐའ་གྲོལ་ཀློང་ཡངས་ཕོ་བྲང་དུ། །མཐའ་བྲལ་གཉིས་མེད་ནམ་མཁའི་དོན། །ལྟ་བ་མཆོག་ལ་གསོལ་བ་འདེབས། །ཕྱོགས་ལྷུང་མེད་པར་བྱིན་གྱིས་རློབས། །འོད་གསལ་དོན་གྱི་ཕོ་བྲང་དུ། །གསལ་སྟོང་གཉིས་
མེད་གཉུག་མའི་དོན། །སྒོམ་པ་མཆོག་ལ་གསོལ་བ་འདེབས། །གསལ་འགྲིབ་མེད་པར་བྱིན་གྱིས་རློབས། །བླང་དོར་མེད་པའི་ཕོ་བྲང་དུ། །ཐམས་ཅད་ཡེ་ཤེས་སྒྱུ་མའི་ངང་། །སྤྱོད་པ་མཆོག་ལ་གསོལ་བ་འདེབས། །གཉིས་འཛིན་ཞིག་པར་བྱིན་གྱིས་རློབས། །རེ་དོགས་མེད་པའི་ཕོ་བྲང་དུ། །རང་རིག་འོད་གསལ་འཕོ་འགྱུར་མེད། །འབྲས་བུ་མཆོག་ལ་གསོལ་བ་འདེབས། །ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །དུས་གསུམ་བདེ་གཤེགས་ཐམས་ཅད་དང་། །མཆོད་འོས་རྣམས་ལ་དུས་ཀུན་ཏུ། །སྙིང་ནས་གུས་པས་གསོལ་བ་འདེབས། །འཕྲིན་ལས་འགྲུབ་པར་བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་འབྱོངས་པ་དང་། །ངེས་འབྱུང་སྐྱོ་ཤས་སྐྱེ་བ་དང་། །ཉིན་མཚན་ཆོས་ཀྱི་འདའ་བ་དང་། །བློ་སྣ་ཐུང་བར་བྱིན་གྱིས་རློབས། །སྣང་སྲིད་བླ་མར་རྟོགས་པ་དང་། །བྱིན་རླབས་རྒྱུན་ཆད་མེད་པ་དང་། །དག་སྣང་ཕྱོགས་མེད་འཆར་བ་དང་། །མོས་གུས་སྐྱེ་བར་བྱིན་གྱིས་རློབས། །རྟག་ཏུ་དབེན་པར་གནས་པ་དང་། །རྣམ་གཡེང་འདུ་འཛི་མེད་པ་དང་། །དངོས་འཛིན་འཁྲུལ་པ་ཞིག་པ་དང་། །ལམ་སྣ་ཟིན་པར་བྱིན་གྱིས་རློབས། །ཚེ་འདི་ཆོས་ཀྱི་འདའ་བ་དང་། །རྟག་ཏུ་བླ་མ་མཉེས་པ་དང་། །སྒྲུབ་པ་མཐའ་རུ་ཕྱིན་པ་དང་། །གཞན་དོན་འགྲུབ་པར་བྱིན་གྱིས་རློབས། །ལས་དང་ཉོན་མོངས་ཟད་པ་དང་། །བྱང་ཆུབ་ལམ་ལ་བརྩོན་པ་དང་། །ས་དང་ལམ་རྣམས་རྫོགས་པ་དང་། །སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདིར་འོད་ལུས་འགྲུབ་པ་དང་། །བར་དོ་རང་ངོ་ཤེས་པ་དང་། །རང་བཞིན་སྤྲུལ་པར་སྐྱེ་བ་དང་། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །གསོལ་འདེབས་བདུད་རྩིའི་ཆུ་རྒྱུན་གྱི། །དགེ་བས་སྲིད་པའི་སེམས་ཅན་ཀུན། །འཁོར་བའི་རྒྱ་མཚོ་རབ་བརྒལ་ཏེ། །ཕྱམ་ཅིག་སངས་རྒྱས་འགྲུབ་པར་ཤོག །གསོལ་འདེབས་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ། །མཁའ་འགྲོ་སྙིང་ཏིག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་དུས་སུ་སྦྱར་བ་དགེའོ། །དྲི་མེད་འོད་ཟེར་གྱི་རྗེས་ཀྱི་ཤླཽ་ཀ་ལྔ་ཁ་སྐོང་ཡིན་པ་འདྲའོ།། །།
ཁྲིད་ཡིག་ནོར་བུ་ལུགས།
ཁྲིད་ཡིག་ནོར་བུ་ལུགས་བཞུགས་པ་ལེགས་སོ། །རིན་ཆེན་ཤོག་འདྲ།
མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཡིག་ནོར་བུ་ལུགས་སུ་གདབ་པ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་ཆོས་སྐུའི་མཁའ་དབྱིངས་ལས། །ངེས་པ་ལྔ་ལྡན་གཟུགས་སྐུའི་དཀྱིལ་འཁོར་རྒྱས། །མཛད་པའི་ཟེར་གྱིས་གདུལ་བྱའི་པད་ཚལ་འཛུམ། །འགྲོ་ཀུན་འདྲེན་པ་དེ་ལ་ཕྱག་འཚལ་ལོ། །མཚོ་དབུས་གེ་སར་པདྨའི་སྙིང་པོ་ལ། །ཡ་མཚན་མཆོག་བརྙེས་བདེ་གཤེགས་པདྨ་ནི། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ ཡིས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་ལ་འདུད། །དཔལ་གྱི་མཆིམས་ཕུ་པདྨའི་ནགས་ཁྲོད་དུ། །མཁའ་དབྱིངས་རྣམ་དག་མཁའ་འགྲོས་བྱིན་བརླབས་ནས། །གསང་བའི་ཁྲིད་ཡིག་རབ་གསང་སྙིང་པོའི་དོན། །ནོར་བུའི་དབང་པོ་ནོར་བུའི་ལུགས་འདི་རྩོམ། །འདིར་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གཏན་ལ་འབེབས་པར་བྱེད་དེ། དེ་ལ་བླ་མ་བརྒྱུད་པའི་རིམ་པ་དང་། དེ་ལས་བྱུང་བའི་མན་ངག་གཉིས་ལས། དང་པོ་ནི་གནས་ཕུན་སུམ་ཚོགས་པ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལས། ལོངས་སྐུ་རིགས་ལྔ་ལྷུན་རྫོགས་ཀྱི་རྣམ་པར་བཞེངས་ཏེ། །ཆོས་ཕུན་སུམ་ཚོགས་པར་རང་བཞིན་རྫོགས་པ་ཆེན་པོ་འོད་ལྔ་ལྷུན་གྲུབ་ཀྱིས་བསྟན་པ། འཁོར་ཕུན་སུམ་ཚོགས་པ་ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ། དུས་ཕུན་སུམ་ཚོགས་པ་གཞིར་རྫོགས་འཕོ་འགྱུར་མེད་པའི་ཚེ། རང་བཞིན་གྱི་བྱིན་གྱིས་བརླབས་ཀྱིས་གསུངས། དེས་དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་སུ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས། དེས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ། སློབ་དཔོན་ཆེན་པོ་ཤྲཱྀ་སིདྷ་ལ་གསུངས། དེས་དུར་ཁྲོད་ཆེན་པོ་སོ་སའི་གླིང་དུ། ཨོ་རྒྱན་གྱི་སློབ་དཔོན་པདྨ་ཐོད་ཕྲེང་
རྩལ་ལ་གསུངས། དེས་གཞོ་སྟོད་ཏེ་སྒྲོ་བྲག་དཀར་དུ་རྡོ་རྗེ་ཕག་མོ་དང་དབྱེར་མེད་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསུངས། དེས་མཆིམས་ཕུ་དཔལ་གྱི་ནགས་ཁྲོད་རི་མོ་ཅན་གྱི་དབེན་གནས་སུ་པདྨ་ལས་འབྲེལ་རྩལ་ལ་གསུངས་སོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་ནི་ཆོས་ཀྱི་སྐུའི་བསྟན་པ་ཕུན་སུམ་ཚོགས་པ་སྟེ། ཐུན་མོང་གི་སྔོན་འགྲོས་སེམས་སྦྱང་བ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོས་སྨིན་གྲོལ་གྱི་ལམ་ལ་འགོད་པ་གཉིས་ལས། དང་པོ་ལ། སྣང་སྲིད་བུམ་པའི་ལམ་ཁྱེར། སྒྲིབ་སྦྱོང་མཎྜལ་གྱི་ལམ་ཁྱེར། ཚེ་མི་རྟག་པའི་ལམ་ཁྱེར། འཁོར་བ་རྒྱུ་འབྲས་ཀྱི་ལམ་ཁྱེར། ཚད་མེད་བཞིའི་ལམ་ཁྱེར། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལམ་ཁྱེར། སྒྲིབ་སྦྱོང་ཡིག་བརྒྱའི་ལམ་ཁྱེར་དང་བདུན་ལས། དང་པོ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ངང་ལས། ཨོ་རྒྱན་གྱི་ཡུལ་འོད་ལྔའི་ཞིང་ཁམས་རྣམ་པར་དག་པ་ན། ཐོད་པ་སྐམ་རློན་གྱི་གཞལ་མེད་ཁང་སྒོ་བཞི་རྟ་བབས་དང་ལྡན་པ་དཀྱིལ་འཁོར་གྱི་རྒྱན་ཡོངས་སུ་རྫོགས་པའི་དབུས་ན། སེང་གེ་རིན་པོ་ཆེའི་ཁྲི་རྐང་གིས་བཏེག་པའི་སྟེང་ཉི་ཟླ་པདྨའི་གདན་ལ་ཧཱུཾ་མཐིང་ནག་ལས། རང་ཉིད་པདྨ་ཐོད་ཕྲེང་སྐུ་མདོག་མཐིང་ནག་གྱད་ཀྱི་དོར་སྟབས་སུ་བཞུགས་པ། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་དང་མཉམ་པར་སྦྱོར་བ། དབུ་སྐྲ་དམར་སེར་སྦྲུལ་ནག་དང་ཐོད་སྐམ་གྱི་བརྒྱན་པའི་པང་ན་ཡུམ་མཁར་ཆེན་བཟའ་མཚོ་རྒྱལ་དང་མཁའ་ལྡིང་བཟའ་གཉིས་མར་མེའི་གྲིབ་མ་ལྟར་གཉིས་སུ་སྣང་ཡང་ངོ་བོ་གཅིག་པས། གྲི་གུག་དང་ཐོད་པ་འཛིན་ཅིང་ཡབ་ལ་འཁྱུད་པ། དམར་མོ་རིན་པོ་ཆེ་དང་རུས་པས་བརྒྱན་པ་སྟེ། སྒེག་པ། དཔའ་བ། མི་སྡུག་པ། རྒོད་དང་གཤེ་དང་འཇིགས་སུ་རུང་བ། སྙིང་རྗེ་རྔམ་དང་ཞི་བ་སྟེ། གར་དགུའི་ཉམས་དང་ལྡན་པའོ། །ཕྱོགས་བཞིར་ཧ་རི་ནི་ས་ལས་མཁའ་འགྲོ་བཞི་དང་། སྒོ་མ་བཞིའི་མཚན་པའོ། །གཙོ་བོའི་སྙིང་ནང་དུ་རྩ་བའི་བླ་མ་ཧེ་རུ་ཀའི་རྣམ་པར་བཞུགས་པ། སྨིན་མཚམས་སུ་པདྨ་ཐོད་ཕྲེང་ཁྲོ་བོའི་རྣམ་པ་ལ་
མཚན་བརྒྱད་ཀྱིས་བསྐོར་བ། སྤྱི་བོར་ཀུན་བཟང་ཡབ་ཡུམ་ལ་བརྒྱུད་པའི་བླ་མས་བསྐོར་བའི་འོད་ཟེར་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་ནས། ཨཱོཾ་བཛྲ་གུ་རུ་པདྨ་སིདྡྷི་ཐོད་ཕྲེང་རྩལ་ཨཱཿཧཱུྃ། ཞེས་བཟླས་པས། སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོར་གྱུར་པ་ཐམས་ཅད་ཀྱིས་དེ་སྐད་ཅེས་བཟླས་པར་བསམས་ནས། མཐར་ཐུགས་ཀའི་བླ་མ་ལ་བསྡུས་པ་ཡང་མི་དམིགས་པར་བསམས་ལ་བསྔོ་བ་བྱའོ། །གཉིས་པ་སྒྲིབ་སྦྱོང་མཎྜལ་གྱི་ལམ་ཁྱེར་ནི། ལེགས་པར་བཀོད་དེ་གཉིས་ཀྱིས་ལངས་ལ། ཕྱོགས་བཞི་ཐལ་མོས་སྐྱོར་ཏེ་ཕྱིའི་མཎྜལ་ཚངས་ཆེན་གྱི་བསྐལ་པ་གཅིག་བླ་མ་ཡི་དམ་མཁའ་འགྲོ་གཏེར་སྲུང་དང་བཅས་པ་ལ་འབུལ་བ་ནི། རིགས་ལྔའི་སྐུ་ལས་ཆགས་པ་འཇིག་རྟེན་ནམ་མཁའི་མཐའ་ཀླས་པ། ཟླུམ་པོ་དང་། གྲུ་བཞི་དང་། གྲུ་གསུམ་དང་། སོག་ཁ་དང་། གཞི་ཕྱལ་བ་ལ་སོགས་པར་བསམས་ལ། ཨཱོཾ་ཨཱ༔ཧཱུྃ། རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་སྤྲིན། རིགས་ལྔའི་ཞིང་ཁམས་རྒྱ་མཚོས་བརྒྱན་པ་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་པ་གསུམ་དང་། གཉིས་པ་བཀོད་ལ། ཚངས་པ་རྔ་སྒྲའི་འཇིག་རྟེན་འོག་མིན་གྱི་གནས། །རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་། །དཀྱིལ་འཁོར་གྱི་བཀོད་པ་ཕུན་སུམ་ཚོགས་པར་དམིགས་ལ། ཡེ་ཤེས་མཎྜལ་རིན་ཆེན་གཞལ་མེད་ཁང་། །སྒོ་བཞི་རྟ་བབས་འཁོར་ལོ་རྒྱལ་མཚན་སོགས། །བཀོད་པའི་སྤྲིན་ཕུང་རྒྱ་མཚོ་ལེགས་ཕུལ་བས། །འགྲོ་ཀུན་མཁའ་སྤྱོད་བདེ་ཆེན་བགྲོད་པར་ཤོག །ཅེས་པ་གསུམ་དང་། གསུམ་པ་བཀོད་ལ། རྡོ་རྗེ་སྙིང་པོའི་འཇིག་རྟེན་རང་སྣང་རྣམ་པར་དག་པའི་འོད་གསལ་ལ་དམིགས་ལ། རང་བཞིན་མ་སྐྱེས་གདོད་ནས་འོད་གསལ་ཞིང་། །སྐུ་དང་ཐིག་ལེས་ལེགས་པར་བརྒྱན་པ་འདི། །དངོས་པོ་མཚན་མ་མེད་
པར་ཕུལ་བ་ཡིས། །འགྲོ་ཀུན་གདོད་མའི་གནས་སུ་གྲོལ་བར་ཤོག །ཅེས་པ་གསུམ་གྱིས་དབུལ་ལོ། །གསུམ་པ་ཚེ་མི་རྟག་པའི་ལམ་ཁྱེར་ནི། ཕྱི་དུས་བཞིའི་འགྱུར་བ། ནང་འབྱུང་བཞིའི་འགྱུར་བ། གསང་བ་འབྱུང་བཞི་ཐིམ་ཚུལ། སྐད་ཅིག་ཐང་ཅིག་མི་རྟག་པས་ཀྱང་རང་གི་ཚེ་མི་རྟག་པར་འཆི་བར་ངེས་པར་བསྒོམས་པའོ། །བཞི་པ་འཁོར་བ་རྒྱུ་འབྲས་ཀྱི་ལམ་ཁྱེར་ནི། འཁོར་བའི་བདེ་སྡུག་དགེ་སྡིག་གི་ལས་ལས་གྱུར་བར་ཤེས་པས་སྔར་བྱས་ཀྱི་སྡིག་པ་བཤགས། ཕྱིས་བསྡམ་ཞིང་དགེ་བ་འབའ་ཞིག་སྒྲུབ་པར་དམ་བཅའོ། །ལྔ་པ་ཚད་མེད་བཞིའི་ལམ་ཁྱེར་ནི། སེམས་ཅན་བདེ་བ་དང་མི་ལྡན་པ་རྣམ་བདེ་བ་ཕུན་སུམ་ཚོགས་པ་དང་ཕྲད། སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་དེ་དང་བྲལ། བདེ་བ་དང་སྐྱིད་པ་སེམས་ཅན་ལ་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་ཅན་རྣམས་སེམས་སྙོམས་པར་ཤོག་ཅིག་སྙམ་དུ་སྙིང་ནས་བསྒོམ་པའོ། །དྲུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལམ་ཁྱེར་ནི། འདི་ལྟར་འཁོར་བའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་སྙམ་དུ་ཀུན་རྫོབ་དང་། རང་གི་སེམས་དོན་དམ་པ་སྟོང་པ་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་གསལ་གདབ་པ་དོན་དམ་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་གསུམ་བརྗོད་པའོ། །བདུན་པ་སྒྲིབ་སྦྱོང་ཡིག་བརྒྱའི་ལམ་ཁྱེར་ནི། །སྐད་ཅིག་གིས་པད་ཟླའི་སྟེང་དུ་རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཡབ་ཡུམ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུཾ་ལ་ཡི་གེ་བརྒྱ་པ་མཐིང་དམར་དཀར་གསུམ་གྱིས་བསྐོར་བ་ལས་འོད་ཟེར་བྱུང་། བདག་དང་སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱི་
སྒྲིབ་པ་དག་པར་བསམས་ལ་ཡི་གེ་བརྒྱ་པ་ཅི་འགྲུབ་བཟླས་ཏེ། རྗེས་མི་དམིགས་པའི་ངང་ལས། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ཏེ། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་ཉིད་ཐོབ་ཤོག །ཅེས་བསྔོ་བ་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ། སྨིན་གྲོལ་གྱི་ལམ་ལ་འགོད་པའི་མན་ངག་ལ། མ་སྨིན་པ་སྨིན་པར་བྱེད་པའི་དབང་དང་། སྨིན་པ་གྲོལ་བར་བྱེད་པའི་གདམས་པ་གཉིས་ལས། དང་པོ་ནི་སྐབས་འདིར་དབང་བསྐུར་རོ།། གཉིས་པ་ལ་སྔོན་འགྲོ་རྣམ་པ་གསུམ་གྱིས་སེམས་ཀྱི་ངོ་བོ་ངོ་སྤྲད་པ། དངོས་གཞི་རྣམ་པ་གསུམ་གྱིས་ཡེ་ཤེས་ཀྱི་ངོ་བོ་ངོ་སྤྲད་པ། རྗེས་རྒྱབ་ཆོས་གསུམ་གྱིས་ཡིད་ཆེས་བསྐྱེད་པ་གསུམ་ལས། དང་པོ་ལའང་ཕྱི་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོས་སྒོ་གསུམ་གྱི་འཁྲུལ་པ་བཤིག་པ། ནང་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོས་སྒོ་གསུམ་གྱི་སྒྲིབ་པ་སྦྱང་བ། གསང་བ་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོས་སྒོ་གསུམ་གྱི་གནས་ལུགས་བསྟན་པ་དང་གསུམ་ལས། དང་པོ་ལའང་གཉིས་ལས། རུ་ཤན་དབྱེ་བ་ནི་མི་མེད་པའི་ལུང་པ་སྟོང་པར་སོང་སྟེ། འགྲོ་དྲུག་ལུས་ཀྱི་སྤྱོད་པ་སྣ་ཚོགས་བྱས་པའི་མཐར། སངས་རྒྱས་ཀྱི་བཞུགས་སྟངས་བྱའོ། །འདིར་ཞག་གསུམ་བྱས་པས་ཕྱིས་སོ་སོར་མ་བྱས་ཀྱང་ཆོག་པའོ། །གཉིས་པ་སྔོན་འགྲོ་དངོས་ནི། ལག་པ་སྤྱི་བོར་ཐལ་མོ་སྦྱར། རྒལ་ཚིགས་བསྲང་། རྐང་པའི་མཐིལ་སྤྲད་དེ་ཉིན་མཚན་མེད་པར་གནས་པའོ། །གཉིས་པ་ངག་ལའང་གཉིས་ལས། རུ་ཤན་དབྱེ་བ་ནི་དབེན་པར་སྒྲ་སྐད་སྣ་ཚོགས་པ་བརྗོད་པའི་མཐར། ཆོས་ཀྱི་སྒྲ་དབྱངས་ལ་བསླབ་བོ། །སྔོན་འགྲོ་དངོས་ལ། རྒྱས་གདབ་པ། རྩལ་སྦྱང་བ། མཉེན་བཙལ་ཞིང་ལམ་དུ་འཇུག་པ་གསུམ་ལས། དང་པོ་ལ་ཕྱི་སྣང་བ་ལ་རྒྱས་གདབ་པ་དང་། ནང་ཕུང་པོ་ལ་
རྒྱས་གདབ་པ་གཉིས་ལས། དང་པོ་ནི་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཧཱུཾ་དུ་ཤར་ཤར་གསལ་བ་ལ། ཧཱུཾ་ཆུང་མང་པོས་གང་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་འོད་གསལ་གྱི་ཞིང་ཁམས་ཧཱུྃ་ཡེ་ཤེས་ལྔའི་རང་འོད་དང་བཅས་པས་མེ་རེ་རེ་ཁེངས་པར་བསམ་མོ། །དེའང་རི་ཧཱུཾ་ཆེན་གྱི་རྩི་ཤིང་ནགས་ཚལ་ཧཱུཾ་ཆུང་ལ་ལོ་འདབ་ཧཱུཾ་ཕྲན་དུ་བསམས་ཏེ། ཧཱུཾ་གི་གླུ་སྙན་ལ་རིང་བར་སོ་དང་། མཆུ་མ་རེག་ཙམ་དུ་བླང་ངོ་། །གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཕྱིའི་ཧཱུཾ་དེ་རྣམས་རང་གི་ཁོང་པའི་ནང་དུ་ཁ་སྣ་དང་བ་སྤུའི་ཁུང་བུ་ནས་ཚུར་ལ་སིབ་སིབ་ཐིམས་ནས་ལུས་ཀྱི་ནང་ཁེངས་པར་བསམ་མོ། །དེ འང་རི་ལྟ་བུའི་ཧཱུཾ་ཆེ་བ་ནང་དུ་འཇུག་དུས་རང་གི་ལུས་ཀྱང་དེ་དང་འཚམས་པའི་ཆེ་བའམ། ཡང་ན་ཏིལ་འབྲུ་ཙམ་གྱི་ནང་དུ་ཚུད་པར་བསམ་པ་ནི། སྣང་བ་ངེས་མེད་ལ་རིག་པ་གཏད་མེད་ཤར་ནས་གྲོལ་བའོ། །གཉིས་པ་རྩལ་སྦྱང་བ་ལའང་གཉིས་ལས། ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི། ཧཱུཾ་མཐིང་ནག་ཡེ་ཤེས་ལྔའི་མེ་འོད་རེག་པ་ཙམ་གྱིས་ཐལ་བྱུང་དུ་འབིགས་པར་ནུས་པ། གང་འབིགས་པའི་ཡུལ་དང་འཚམས་པར་བསམས་ལ། སྟེང་འོག་ཕྱོགས་མཚམས་མེད་པ་འབིགས་པར་བསམས་ཞིང་། ཧཱུཾ་གི་གླུ་དྲག་ལ་ངར་ཆེ་བར་བརྗོད་དོ། །དེ་ཡང་སྣང་བ་ཐམས་ཅད་སང་སིང་། ཁྲལ་ཁྲོལ་འཇའ་ཚོན་ལྟ་བུར་མོས་པ་བྱའོ། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། རང་གི་ལུས་ཆེ་ཆུང་ཅི་རིགས་པར་སྤྲུལ་ལ། ཧཱུཾ་དེས་ཁེ་ཁོལ་མེད་པར་ཕུག་པས་ལུས་སུ་སྣང་ལ་རགས་པར་མ་གྲུབ་པར་ཆུའི་ཟླ་བ་ལྟ་བུར་མོས་པར་བྱའོ། །གསུམ་པ་མཉེན་བཙལ་ཞིང་ལམ་དུ་གཞུགས་པ་ལའང་གཉིས་ལས། མཉེན་བཙལ་པ་ནི། ཤིང་སྡོང་དང་རི་ལ་སོགས་པ་ལ་ཧཱུཾ་གིས་དྲུ་བུ་ལྟར་དཀྲིས་ནས། ཕྱིར་ཕྲོལ་བ་ལ་ཤེས་པ་གཏད་ཅིང་ཧཱུཾ་གི་གླུ་རིང་བར་བླང་ངོ་། །གཉིས་པ་ལམ་དུ་གཞུག་པ་ནི། ཁྲུ་རེའི་སར་རི་མོ་སྲིན་འགྲོས་སུ་བྱས་ལ། མཐོང་སྣང་
མ་ཟད་ཀྱི་བར་ལམ་གཏོད་པ་ལ་ཧཱུཾ་ཁྲུ་གང་པ་མཐིང་ནག་གཅིག་འགྲོན་པོ་འགྲོ་བ་ལྟར་སོང་ནས། མཐོང་བ་ལས་འདས་པའི་ཕྱོགས་སུའང་སྔར་བཞིན་སོང་སྟེ་ཕྱིར་མི་ལྡོག་པར་ཧཱུཾ་དེ་སོང་བར་བསམ་ཞིང་། ཧཱུཾ་གི་གླུ་རིང་པོ་བླང་ངོ་། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལའང་གཉིས་ལས། དང་པོ་རུ་ཤན་དབྱེ་བ་ནི། དབེན་པར་འགྲོ་དྲུག་གི་བདེ་སྡུག་དང་། ཆོས་དང་ཆོས་མིན་དགག་སྒྲུབ་སྣ་ཚོགས་བསམས་པའི་མཐར། བསྐྱེད་རྫོགས་ཀྱི་དོན་ལ་གཞག་གོ །གཉིས་པ་སྔོན་འགྲོ་དངོས་ལ་གསུམ་ལས། དང་པོ་བྱུང་ས་ལ་བརྟག་པ་ནི། སེམས་ནི་དང་པོ་གང་ནས་བྱུང་། ཕྱི་ནང་གི་ཡུལ་དང་ལུས་རྡུལ་ཕྲན་དུ་གཞིག་ཅིང་བརྟགས་པས། མ་རྙེད་པ་ནི་ཡེ་སྟོང་རྩ་བ་དང་བྲལ་བའི་དོན་རྟོགས་པའོ། །གཉིས་པ་ད་ལྟ་གང་ན་གནས་བརྟགས་པས། མ་རྙེད་པ་ནི་གཞི་མེད་ངོས་གཟུང་དང་བྲལ་བར་རྟོགས་པའོ། །གསུམ་པ་ཐ་མ་གར་འགྲོ་བརྟགས་པས་མ་རྙེད་པ་ནི་སེམས་འགྲོ་འོང་མེད་པའི་དོན་རྟོགས་པའོ། །གཉིས་པ་ནང་སྒོ་གསུམ་གྱི་སྔོན་འགྲོས་སྒྲིབ་པ་སྦྱང་བ་ནི། སྤྱི་བོར་ཨ། མགྲིན་པར་སུ། སྙིང་གར་ནྲྀ། ལྟེ་བར་ཏྲི། གསང་བར་པྲེ། རྐང་མཐིལ་དུ་དུ་བསམས་ལ། འགྲོ་དྲུག་གི་ལས་དང་བག་ཆགས་ཀྱིས་གང་བ་སོལ་དོང་གི་དུ་བ་འཐུལ་བ་ལྟ་བུའི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ་གསུམ་ལས་མེ་འབར་བས་ཡི་གེ་དྲུག་དང་བག་ཆགས་ཀྱི་སྡིག་སྒྲིབ་ཐམས་ཅད་བསྲེགས་ནས་ལུས་ཤེལ་གོང་ལྟར་བསམས་ལ། ཨཱོཾ་ཨཱཿཧཱུཾ་གི་གླུ་སྙན་ལ་རིང་བ་འབུམ་ཚོ་བདུན་བཟླའོ། །གསུམ་པ་གསང་བ་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་སྒོ་གསུམ་གྱི་གནས་ལུགས་བསྟན་པ་ལ། ཞི་གནས་ཀྱི་རང་བཞིན་རྒྱུད་ལ་བསྐྱེད་པ་དང་། ལྷག་མཐོང་གི་རང་བཞིན་ངོ་སྤྲད་པ་དང་། ཟུང་འབྲེལ་གྱི་རང་བཞིན་ལ་བཟླ་བ་གསུམ་ལས། དང་པོ་ལའང་སྔོན་འགྲོ་རྣལ་དུ་དབབ་པས་ཞི་གནས་མ་སྐྱེས་པར་སྐྱེས་པར་བྱེད་པ་དང་། དངོས་གཞི་སོར་
འཇུག་པས་སྐྱེས་པ་ངོ་སྤྲད་དེ་ཉམས་སུ་བླང་ཚུལ། རྗེས་ལྟ་སྟངས་གསུམ་གྱིས་རྐྱེན་དང་བསྲེས་ཏེ་བོགས་དབྱུང་ཞིང་རྩལ་སྤྱོད་པ་གསུམ་ལས། དང་པོ་ནི་བདེ་བའི་མལ་དུ་ཉལ་ལ་ལུས་འགུལ་བསྐྱོད་དང་བྲལ་བ། ངག་སྨྲ་བརྗོད་དང་བྲལ་བ། སེམས་དྲན་བསམ་དང་བྲལ་བས་སད་ལ། ཁོང་སློད་བག་ཕབ་ལ་ཕྱམ་གྱིས་སྐྱེ་མེད་བསམ་བརྗོད་དང་བྲལ་བའི་ངང་ལ་འཇོག་པའོ། །དེས་ནི་སེམས་སྤྲོས་བྲལ་ཞི་གནས་ཀྱི་དོན་སྐྱེ་ངེས་སོ། །གཉིས་པ་ནི་ཉན་ཐོས་ཀྱི་ལྟ་སྟངས་རྣམ་སྣང་གི་ཆོས་བདུན་བཅས་ལ། མཉམ་པར་གཞག་ནས་ཅུང་ཟད་བརྟན་པ་དང་། བྱང་ཆུབ་སེམས་དཔའི་ལྟ་སྟངས་མིག་བར་སྣང་ལ་མདའ་གང་ཙམ་དུ་གཏད་པས་ཤེས་པ་གསལ་སྟོང་རྣམ་པར་མི་རྟོག་པའི་ཞི་གནས་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སྐྱེ་བས་དེ་ཉིད་ངོ་སྤྲད་དོ། །གསུམ་པ་ནི་འདི་ཉིད་ཅུང་ཟད་བརྟན་ནས་ཁྲོ་བོའི་ལྟ་སྟངས། དང་པོ་གྱད་ཀྱི་དོར་སྟབས་ནི་ལངས་ཏེ་གོམ་པ་བགྲད་མིག་ཧར་པོར་བལྟས་ལ་ཞི་གནས་བསྒོམ་མོ། །གཉིས་པ་འཇིགས་པའི་སྒེག་འགྲོས་ནི། གོམ་པ་དལ་གྱིས་འདོར་ཞིང་ཞི་གནས་དང་བསྲེའོ། །གསུམ་པ་སེང་གེའི་མཆོངས་སྟངས་ནི། མཆོངས་རྒྱུག་རྒོད་སེམས་དགག་སྒྲུབ་ཏུ་འཕྲོར་བཅུག་ནས་ཞ་ིག ནས་ཀྱི་དོན་ལ་རྩལ་སྦྱངས་པས། ཕྱིས་སྤྱོད་ལམ་ཐམས་ཅད་ཞི་གནས་སུ་འཆར་ངེས་སོ། །གཉིས་པ་ལྷག་མཐོང་གི་རང་བཞིན་ངོ་སྤྲད་པ་ནི་གསུམ་ཏེ། སྔོན་འགྲོ་གསུམ་གྱིས་མ་སྐྱེས་པ་བསྐྱེད་པ། དངོས་གཞི་གསུམ་གྱིས་སྐྱེས་པ་ངོ་སྤྲད་པ་དང་། རྗེས་རང་གྲོལ་གསུམ་གྱིས་བོགས་དབྱུང་ཤིང་རྩལ་སྦྱང་བའོ། །དང་པོ་ལའང་གསུམ་ལས། དང་པོ་རྟོག་པ་རྩད་གཅོད་པ་ནི། ལུས་ངག་ཡིད་གསུམ་པོ་འདིའི་བྱེད་པ་པོ་གང་དུ་འདུག །སྐྱེ་བ་སྔ་ཕྱིར་གང་ལ་འགྲོ་བར་འདུག ། དགག་སྒྲུབ་གང་ལས་འབྱུང་བར་
འདུག་བརྟགས་པས་སེམས་སུ་ཤེས་པའོ། །གཉིས་པ་བར་དུ་སེམས་ཀྱི་མཚང་བཙལ་བ་ནི། དེ་ལྟར་སེམས་དང་ལུས་ངག་ཡིད་གསུམ་གཅིག་ཏུ་འདུག་གམ་ཐ་དད་དུ་འདུག །དགའ་མི་དགའ་སྙན་མི་སྙན་སྐྱིད་སྡུག་ཏུ་བྱུང་དུས་སེམས་དང་དེ་དག་གཅིག་ཏུ་འདུག་གམ། ཐ་དད་དུ་འདུག །གཅིག་ན་སེམས་ལ་ཁ་དོག་ཡོད་པར་གྱུར་ཏེ་ལུས་དང་གཅིག་པའི་ཕྱིར་རོ། །ཐ་དད་ན་སོ་སོར་གང་ན་འདུག་བརྟགས་ཤིང་དཔྱད་པས། གཅིག་ཐ་དད་རྟོགས་པས་བརྟགས་པ་མ་རྟོགས་པར་མེད་པར་ཤེས་པས་ཐམས་ཅད་སྒྲོ་བཏགས་གློ་བུར་བར་གཏན་ལ་ཕེབས་སོ། །གསུམ་པ་ཐ་མ་བྱུང་གནས་འགྲོ་གསུམ་ལ་བརྟག་པ་ནི། དེ་ལྟར་སྒྲོ་བཏགས་གློ་བུར་གི་སེམས་དེ་ཕྱི་ནང་སྣོད་བཅུད་གང་ལས་བྱུང་། སེམས་ཁོ་རང་ལས་སེམས་བྱུང་ངམ་སྙམ་དུ་སེམས་ལ་དཔྱད་པས། སྐྱེ་བའི་རྒྱུས་སྟོང་། གནས་ས་གནས་མཁན་ལ་བརྟགས་པས། གནས་པའི་ངོ་བོས་སྟོང་། འགྲོ་ས་འགྲོ་མཁན་ལ་དཔྱད་པས་རང་གི་ངོ་བོས་སྟོང་པར་ཤེས་པས་དུས་གསུམ་རྩ་བ་དང་བྲལ་བའི་སེམས་སུ་ཐག་ཆོད་ཀྱི་རྟོག་པ་ཉི་མ་ཤར་བ་ལྟར་ལྷག་གིས་སྐྱེ་ངེས་སོ། །གཉིས་པ་སྐྱེས་པ་ངོ་སྤྲད་ཚུལ་ལ། གནས་པ་སེམས་ཀྱི་རྒྱུན་དུ་ཤར་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ། གཉིས་མེད་མཉམ་པའི་ངང་དུ་གནས་པའི་ངོ་སྤྲད་པ་གསུམ་ལས། དང་པོ་ནི། འཆར་ཚུལ་སྣ་ཚོགས་སུ་ཤར་ཡང་། གྲུབ་པ་གང་དུའང་མ་གྲུབ་པའི་སེམས་འདི་ལ་ལེགས་པར་ལྟོས་དང་། དགའ་མི་དགའ་ལ་སོགས་པའི་རྣམ་པ་རྣམས་སེམས་ལས་གཞན་དུ་གྲུབ་པ་ཨེ་འདུག །དགག་སྒྲུབ་ཀྱི་ཤེས་པ་དང་། དེའི་རང་བཞིན་སོ་སོར་ཨེ་འདུག ། གང་སྣང་གི་ཤེས་པ་དེར་འཛིན་དང་བྲལ་བའི་ངང་ནས་ཕཊ་གྱིས་ལ། ཅེར་གྱིས་ལྟོས་ལ་ཕྱ མ་གྱིས་ཞོག་དང་། རྒྱ་མཚོའི་རྦ་རླབས་ཞི་བ་ལྟར་རྟོག་ཚོགས་ཆོས་ཉིད་ཀྱི་ངང་དུ་ལྷན་གྱིས་གནས་པ་ནི། རང་གནས་ཆོས་ཉིད་ཀྱི་ངོ་བོ་ངོས་བཟུང་ཕྱིན་ཆད་སེམས་ཇི་ལྟར་གནས་ཀྱང་དེའི་ངང་ལ་ཕྱམ་
གྱིས་ཞོག་ཅིག ། གཉིས་པ་ནི་ཡང་དེའི་ངང་ལས་རྟོག་པ་སྣ་ཚོགས་སུ་སྤྲོས་དང་། སྤྲོས་པའི་སེམས་དེ་སྣ་ཚོགས་སུ་ཤར་ཡང་། ངོ་བོར་མ་གྲུབ་པར་རང་གྲོལ་ཆུའི་རྦ་རླབས་དང་འདྲ་བ་འདི་ལ། འདི་ཡིན་གྱི་ཆེད་འཛིན་མ་བྱེད་པར་གང་ཤར་གྱི་རིག་པ་གཏད་མེད་ཀྱི་ངང་ལ་རང་སར་ཡན་དུ་ཆུག་དང་། ཇི་ལྟར་འཕྲོས་ཀྱང་འཕྲོས་པ་དང་གྲོལ་བ་དུས་མཉམ་དུ་གནས་པ་ནི་ཡེ་ནས་སེམས་ཀྱི་གནས་ལུགས་ཡིན། ད་ཕྱིན་ཆད་སྣ་ཚོགས་ཀྱི་རྟོག་པ་ལ་དགག་སྒྲུབ་ཀྱི་སྐྱེལ་བསུ་མ་བྱེད་པར། ད་ལྟར་གྱི་ཤེས་པ་རང་གྲོལ་གྱི་ར་བར་གཉེར་ག་དང་ཆེད་འཛིན་མ་བྱེད་པར་ཡན་དུ་ཆུག་མཛོད། །གསུམ་པ་ནི་དེ་ལྟར་འཕྲོ་བདོ་བའི་དུས་ན་མཚང་ཤེས་པས་གཞི་ལས་འཕགས་མི་ནུས་པར་གནས་བདོ། །གནས་བདོ་བའི་དུས་ན་རང་ཤར་གྱི་རིག་པ་འགག་མེད་དུ་འཕྲོ་བདོ་ཡང་། འཕྲོ་གནས་གཉིས་སུ་མེད་པ་རྒྱ་མཚོ་ལ་རླབས་བུ་ཆུང་ཤར་ནས་ཐིམ་པ་ལྟ་བུ་སྟེ། གང་ལྟར་ཤར་ཞིང་གནས་ཀྱང་། དེར་འཛིན་གྱི་འཕྲོ་མ་མཐུད་ན་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བས། ད་ཕྱིན་ཆད་འཕྲོ་གནས་གཉིས་སུ་མེད་པ་ལ་རེ་དོགས་དགག་སྒྲུབ་ཀྱི་འཛིན་པས་མ་བསླད་པར་མཐའ་གྲོལ་ཀློང་ཡངས་ཆེན་པོར་ངོས་ཟུང་ཞིག །གསུམ་པ་ཟུང་འཇུག་གཉིས་མེད་དུ་ལ་བཟླ་བ་ནི། དེ་ལྟར་གནས་པའི་ཆ་ནས་ཞི་གནས། གསལ་སྟོང་ཤར་གྲོལ་གྱི་ཆ་ནས་ལྷག་མཐོང་དུ་ངོ་སྤྲད་ཀྱང་། འདི་ཡིན་གྱི་གཟའ་གཏད་དང་ངོས་གཟུང་གི་ངོ་བོར་གྲུབ་པ་གང་ཡང་མེད་པས། བཟང་ངན་གྱི་ཉམ་སྣང་དང་རྟོག་ཚོགས་ཀྱི་རོལ་པ་ཐམས་ཅད་ཆོས་ཉིད་ཀྱི་རྦ་རླབས་ཤར་བ་ཡིན་པས་ཡེ་སྟོང་རྩ་བྲལ་ཆེན་པོར་ལ་ཟློས་ཤིག །གཉིས་པ་དངོས་གཞི་ཡེ་ཤེས་ཆེན་པོ་ལ་ངོ་སྤྲད་པ་ལ། རབ་ཚེ་འདིར་སངས་རྒྱས་པའི་གདམས་ངག །འབྲིང་བར་དོར་གྲོལ་བའི་གདམས་ངག །ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་སངས་རྒྱ་བའི་གདམས་ངག་གསུམ་ལས། དང་པོ་ལ་
བཞུགས་སྟངས་གསུམ་ལ་གཞི་བཅའ་བ། གཟིགས་སྟངས་གསུམ་གྱིས་གནད་བསྟན་པ། སྣང་བ་བཞིའི་འཆར་ལུགས་ངོས་གཟུང་བ་དང་གསུམ་ལས། དང་པོ་ནི་སྐུ་གསུམ་གྱི་བཞུགས་སྟངས་གསུམ་སྟེ། ཆོས་སྐུའི་བཞུགས་སྟངས་སེང་གེ་ནི། ཁྱི་ཚུགས་མོར་རྐང་མཐིལ་གཉིས་སྤྲད་པའི་སྟོངས་སུ། ལག་པའི་ཁུ་ཚུར་བཞག་པ་བསྲང་ནས་མཇིང་པ་ཡུད་ཙམ་དགྱེད་དེ་མིག་སྨིན་ཕྲག་གི་ནམ་མཁའ་ལ་ཧར་པོར་བལྟ་བའོ། །ལོངས་སྐུའི་བཞུགས་སྟངས་གླང་པོ་ནི་པུས་བྲང་སྦྱར་ལ། ལག་པའི་གྲུ་མོ་ས་ལ་བཙུགས་ཏེ་སོར་མོ་འགྲམ་པ་ལ་བརྟེན་ཅིང་སྦྱར་བའོ། །སྤྲུལ་སྐུའི་དྲང་སྲོང་ཙོག་པུ་ནི། །ཙོག་པུའི་ལག་པ་མཁལ་ཁུང་དུ་འཁྱུད་པའམ། །པུས་མོའི་སྟེང་དུ་བསྣོལ་ནས་བཀབ་པའོ། །གཉིས་པ་ནི་མིག་གྱེན་དུ་གཟིགས་པ་འཕྲེད་དུ་བལྟ་བ། མཐུར་ལ་ཕྱེད་བཙུམ་རབ་ཏུ་ཟིམ་པས་ཉི་མའི་ངོས་ནས་ཁྲུ་གང་གི་ས ར་མ་ཡེངས་བར་བལྟ་བའོ། །གསུམ་པ་ནི་སྣང་བ་མི་འདྲ་བ་བཞི་འཆར་ཏེ། ཆོས་ཉིད་མངོན་སུམ་གྱི་སྣང་བ། ཉམས་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བ་དང་བཞི་ལས། དང་པོ་ནི་དེའི་ཚེ་ནམ་མཁའ་སྟོང་པ་ལ་རིག་གདངས་སྣང་བ་ཤར་ཏེ། དབྱིངས་འོད་ཁྱིམ། ཐིག་ལེ་འགྲོ་འོང་། རྡོ་རྗེ་ལུ་གུ་རྒྱུད་གསུམ་དུས་གཅིག་ཏུ་ཤར་ནས། དབྱིངས་ཀྱི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མའི་དབུས་སུ་རྡོ་རྗེ་ལུ་གུ་རྒྱུད་བཞག་ནས་བལྟས་པས། ཤེས་པ་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཤེས་རབ་རང་བྱུང་གི་སྒྲོན་མ་ཤར་ཏེ། ཉམས་སུ་བླངས་པས་ཐིག་ལེ་སུམ་སྦྲེལ་གྱི་སྣང་བ་མཐོང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ནས་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ། དང་པོ་དབྱིངས་སྣང་ལིང་ཚེ་ཟ་འོག་རིས་ཁྲུ་གང་པ་དང་། ཐིག་ལེ་སྲན་མ་ཙམ་དང་། རིག་པ་སྐར་མདའ་རྒྱུག་པ་ཙམ་དང་། དེ་ནས་ཡང་གོམས་པས་རིམ་གྱིས། དབྱིངས་ཀྱི་སྣང་བ་རེ་ལྡེ་ཙམ་དང་།
ཡུལ་གྲུ་ཙམ་དང་། སྟོང་གསུམ་ཙམ་དུ་སྣང་བ་ཐམས་ཅད་ཀྱང་། རིན་པོ་ཆེ་འདྲ་བ་དང་། དྲྭ་བ་འདྲ་བ་དང་། དེ་བཞིན་དུ་པདྨ་སྟོང་ལྡན་དང་། ཡེ་ཤེས་མཁར་ཐབས་དང་། ཉི་ཟླ་གཟའ་བྲལ་དང་། མདའ་ལྟ་བུ་དང་། མདུང་རྩེ་དང་། རྡོ་རྗེ་དང་། དྲིལ་བུ་དང་། འཁོར་ལོ་དང་། རལ་གྲི་དང་། རྩེ་གསུམ་དང་། གྲི་གུག་དང་། ཉ་མིག་གི་རྣམ་པ་འདྲ་བ་ལ་སོགས་པའོ། །ཐིག་ལེ་མེ་ལོང་ཙམ་དང་། འཁར་གཞོང་ཙམ་དང་། བསེ་ཕུབ་ཙམ་དུ་སྣང་ཞིང་། རིག་པ་འདབ་ཆགས་ལྡིང་བ་ཙམ་དང་། རི་དྭགས་རྒྱུག་པ་ཙམ་དང་། བུང་བ་བཅུད་ལ་འཁོར་བ་ཙམ་དང་། མི་འགུལ་བར་སྡོད་ཅིང་། ཐིག་ལེ་དང་རིག་པའི་བར་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་རྐྱང་པ་ཕྲ་མོ་རེ་སྣང་བ་ཚུན་ཆད་ཉམས་གོང་འཕེལ་གྱི་སྣང་བའོ། །དེ་ནས་སྐུ་ལྔ་ལྔ་ཟུང་འབྲེལ་དུ་སྣང་བའི་ཐུགས་ཀ་དང་། རང་གི་སྙིང་གར་ཟེར་ཐག་ཕྲ་མོས་འབྲལ་བ་ནི་རིག་པ་ཚད་ཕེབས་ཀྱི་སྣང་བའོ། །དེ་ནས་ཕྱི་ནང་གི་རྡོས་བཅས་ཉོན་མོངས་དང་རྣམ་རྟོག །འཕེལ་སྣང་དང་བཅས་པ་ཟད་དེ། སྐབས་སུ་རང་གི་ལག་སོར་ཙམ་འོད་དུ་སྣང་བ་ནི་ཆོས་ཉིད་ཟད་པའི་སྣང་བའོ། །སྣང་བ་བཞི་པོ་དེ་རྫོགས་ནས་ནང་གསལ་གདོད་མའི་གཞི་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་ཐེ་ཚོམ་མེད་པ་ཡིན་ནོ། །གཉིས་པ་འབྲིང་བར་དོར་འཚང་རྒྱ་བ་ལ། མཚོན་བྱེད་དཔེའི་ངོ་སྤྲད་ཀྱིས་སྤྱིར་བསྟན་པ་དང་། མཚོན་བྱ་དོན་གྱི་ངོ་སྤྲོད་ཀྱིས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ལ། འཁོར་འདས་གང་དུའང་མ་ཕྱེ་བའི་སྔོན་རོལ་ན། རང་གི་རིག་པའི་ཡེ་ཤེས་དྲི་མ་མེད་པ། སྐུ་གསུམ་ཡེ་ཤེས་དང་བཅས་པ་འདི་བཞིན་དུ་གནས་ཏེ། དེ་ཡང་མན་ཤེལ་དྲི་མ་མེད་པ་ངོ་བོ་ཀ་དག་གི་སྦུབས་ན། སྐུ་ལྔ་ཡེ་ཤེས་ལྔ་དང་བཅས་པ་འོད་གསལ་དུ་གནས་པ་གཞོན་ནུ་བུམ་པའི་སྐུ་ལ་ཐུགས་རྗེ་རིག་པའི་སྙིང་པོ་ཅན་དུ་བཞུགས་པ་ནི་ཡེ་ཐོག་
གཞིའི་གནས་ལུགས་སོ། །དེ་ནས་འོད་ཕྱིར་བསྟན་ལ། གཞི་སྟོང་པ་ཀ་དག་གི་ངང་ལ་ལྷུན་གྲུབ་འོད་ལྔའི་རང་བཞིན་ཕྱིར་གསལ་དུ་ཤར་དུས། འོད་ལྔ་ཡེ་ཤེས་ཀྱི་རང་གདངས་ལས། དཀར་པོ་ཕྲ་ཕྲོ་ཐུགས་རྗེར་རིག་པས། རང་སྣང་རང་ཤར་དུ་ཤེས་པས་གདོད་མའི་ཀུན་ཏུ་བཟང་པོ་གཞི་ཐོག་དེ་ཉིད་དུ་གྲོལ་བའི་དཔེའོ། །མ་ཤེས་པས་སྐད་ཅིག་གཉིས་པར་འཛིན་པ་འཕྲོ་མཐུད་པ་ལས། འོད་ལྔས་ཡུལ་དང་ལུས་ཀྱི་འཁྲུལ་གཞི་བྱས། ཕྲ་ཕྲོ་ལྟར་རིག་པ་ཐུགས་རྗེའི་རྩལ་སེམས་སུ་འཁྲུལ་ཏེ། ལས་དང་བག་ཆགས་སྣ་ཚོགས་སུ་བསགས་པས་ཁམས་གསུམ་འཁོར་བར་འཁྱམས་སོ། །ད་ལྟ་རང་གི་སྙིང་དབུས་ན་གདོད་མའི་མགོན་པོ་འོད་མི་འགྱུར་བ་དེ་མཚན་ཉིད་གསུམ་ལྡན་དུ་བཞུགས་ཏེ། །ངོ་བོ་སྟོང་པ་ཤེལ་དྲི་མ་མེད་པ་ལྟར་ཀ་དག་གི་ངང་ནས། རང་བཞིན་གསལ་བ་འོད་ལྔ་ལྷུན་གྲུབ་ཏུ་གསལ་བ་ལ། ཐུགས་རྗེ་རིག་པ་ཕྲ་ཕྲོ་སྣང་བ་ལྟར་སེམས་སུ་ཡོད་དེ། ཡེ་ཤེས་ནི་སྙིང་ན་གནས་ཏེ། དེའི་གདངས་གློ་བར་སོང་བ་རླུང་གི་རྟས་ཁུར་བས་སེམས་ཞེས་བྱ་བར་སོང་སྟེ། སྣ་ཚོགས་པ་རྟོགས་ལ་ངོ་བོ་མེད་པར་ཤར་བ་འདི་རང་ཡིན་ནོ། །ཕྱིས་བེམས་རིག་བྲལ་དུས་རླུང་བར་སྣང་ལ་ཡལ་བས་གདངས་ནང་དུ་འདུས་ཏེ། རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ནང་གསལ་དུ་དར་ཅིག་གནས་པ་ལས། རྣམ་ཤེས་ནམ་མཁའ་ལ་ཐིམ། ནམ་མཁའ་འོད་གསལ་ལ་ཐིམ་དུས། སྐད་ཅིག་དང་པོར་སྟོང་གསལ་སྤྲོས་པ་དང་བྲལ་བར་གདོད་མའི་ཀ་དག་གི་སྣང་བ་དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འཆར་རོ། །དེ་རང་ངོ་ཤེས་པས་སྐད་ཅིག་ལ་གདོད་མའི་ངང་དུ་གྲོལ་ལོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་ཞི་ཁྲོའི་དཀྱིལ་འཁོར་སྣང་ཞིང་། ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་ཡེ་ཤེས་བཞི་སྦྱོར་སྣང་ཞིང་། ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་པས་ཡར་ཀ་དག་གི་སྣང་བ། བར་འོད་གསལ་གྱི་འཇིག་རྟེན།
མར་འགྲོ་དྲུག་གི་སྣང་བ་མཐོང་སྟེ། བླ་མའི་གདམས་ངག་གིས་གྲོལ་བ་ནི། ཤེལ་གྱི་ཕྱི་འོད་ནང་དུ་ཐིམ་པ་ལྟར་སྣང་ངོ་། །དེའི་ཚེ་ཤེལ་དྲི་མ་མེད་པ་ནི། ངོ་བོ་ཀ་དག་གི་སྣང་བའོ། །ཕྲ་ཕྲོ་དང་འོད་ལྔ་སྦུབས་སུ་འཁྱིལ་བ་ནི། སྤྲུལ་སྐུ་དང་ལོངས་སྐུ་ཆོས་སྐུར་ཐིམ་ནས་ནང་གསལ་བུམ་པའི་སྐུར་ཐིམ་ལ་མ་རྨུགས་པ་གཞོན་ནུ་བུམ་པའི་སྐུར་ཐུགས་རྗེ་རིག་པའི་སྙིང་པོར་བཞུགས་པའི་དཔེའོ། །དེའི་དུས་ན་འོད་ཕྱིར་མི་གསལ་ཡང་ནང་ན་ཕྲ་བའི་རྣམ་པར་ཡོད་པ་བཞིན། ཆོས་སྐུ་ཀ་དག་གི་ངང་ན་རང་བཞིན་འོད་དང་། ཐུགས་རྗེ་རིག་པའི་ཆ་ཙམ་དུ་བཞུགས་པ་ནི་ཤེས་རབ་མཁའ་ལ་འཁྱིལ་བའི་བདེ་བའོ། །གཉིས་པ་མཚོན་བྱ་དོན་གྱི་ངོ་སྤྲོད་ཀྱིས་བྱེ་བྲག་ཏུ་བཤད་པ་ལ། འོད་གསལ་ཆོས་སྐུའི་སྣང་བ་ལ་གཙོ་བོར་གྲོལ་བ་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་གསང་ལམ་རྒྱུད་བུ་ཆུང་གི་ངོ་སྤྲོད་ལོངས་སྤྱོད་རྫོགས་པ་སྐུའི་སྣང་བ་ལ་གཙོ་བོར་གྲོལ་བ་ཞི་ཁྲོ་དོན་གྱི་ངོ་སྤྲོད། སྤྲུལ་པ་སྐུའི་སྣང་བ་ལ་གཙོ་བོར་གྲོལ་བ་ལྷུན་གྲུབ་རིན་པོ་ཆེའི་ངོ་སྤྲོད་དང་གསུམ་ལས། དང་པོ་ལ་ཆོས་སྐུའི་སྣང་བ་ངོས་གཟུང་། ཁོང་སེང་གི་ལམ་ལ་རིག་པ་འཕོ་ཚུལ། ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའི་གདམས་པ། གྲོལ་ནས་སེམས་ཅན་གྱི་དོན་འབྱུང་ཚུལ་དང་ལྔར་ཤེས་པར་བྱའོ། །གཉིས་པ་ལ་ཀླད་པ་དུང་ཁང་ནས་ཁྲོ་བོའི་འཆར་ཚུལ། ཙིཏྟ་རིན་པོ་ཆེ་ནས་ཞི་བའི་འཆར་ཚུལ། ཐུན་མོང་དུ་སྙིང་ཏིག་གི་དགོངས་པས་རྒྱས་པར་བསྟན་ཚུལ། དེ་རང་ངོ་ཤེས་པའི་མན་ངག་གི་གདོད་མར་གྲོལ་ཚུལ་དང་གསུམ་ལས། མན་ངག་ལ་ཞི་ཁྲོ་རང་སྣང་དུ་ཤེས་པ་མེ་ལོང་ལ་བྱད་ཤར་བ་ལྟ་བུའི་གདམས་ངག །རང་སྣང་ལྷུན་གྲུབ་ཏུ་ཤེས་པ་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུའི་གདམས་ངག །ལྷུན་གྲུབ་རང་ངོ་ཤེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག །དེ་ལ་བཙན་ས་ཟིན་པ་རྒྱལ་པོས་རྒྱལ་སྲིད་ཟིན་པ་ལྟ་བུའི་གདམས་ངག །དེ་ནས་གཞན་དོན་འབྱུང་བ་རྒྱལ་འབངས་བདེ་བ་ལ་འགོད་པ་ལྟ་བུའི་གདམས་ངག་
གདུལ་བྱའི་དོན་མཐར་ཕྱིན་ནས་སྐུ་གསུམ་དབྱིངས་སུ་འཁྱིལ་བ་འོད་ཁྱིམ་སྦུབས་སུ་ཚུད་པ་ལྟ་བུའི་གདམས་ངག་དང་དྲུག་ཏུ་ཤེས་པར་བྱས་ལ་ངོ་སྤྲོད་དོ། །གསུམ་པ་ནི་ལྷུན་གྲུབ་ཀྱི་འཆར་ཚུལ། རང་སྣང་དུ་ཤེས་ཚུལ་བསམ་གཏན་ལ་གནས་ཚུལ། དེ་ཉིད་གྲོལ་ཚུལ་དང་བཞིར་ངོ་སྤྲད་དོ། །གསུམ་པ་བརྩོན་འགྲུས་ཐ་མའི་གྲོལ་ཚུལ་ནི། ཆོས་ཉིད་བདེན་པའི་བྱིན་རླབས་ལས། ཤར་ཕྱོགས་མངོན་དགར་སྤྲུལ་སྐུའི་ཞལ་མཐོང་ནས་ཆོས་ཐོས། ལྷོ་ཕྱོགས་དཔལ་དང་ལྡན་པར་དབང་བསྐུར། ནུབ་ཕྱོགས་པདྨ་བརྩེགས་པར་ལུང་བསྟན། བྱང་ཕྱོགས་ལས་རབ་རྫོགས་པར་དབུགས་དབྱུང་། དབུས་ཁྲོ་བོའི་ཞལ་མཐོང་བས་གྲོལ་ཚུལ་དང་ལྔར་ངོ་སྤྲད་དོ། །གདམས་པའི་ངོ་སྤྲོད་བཤད་ཟིན་ཏོ།། །།གསུམ་པ་རྗེས་རྒྱབ་ཆོས་གསུམ་གྱིས་ཡིད་ཆེས་བསྐྱེད་པ་ལ་མ་སྨིན་པ་སྨིན་པར་བྱེད་པ་དབང་གི་རྒྱབ་ཆོས། སྨིན་པ་གྲོལ་བར་བྱེད་པ་གདམས་པའི་རྒྱབ་ཆོས། ཐུན་མོང་གི་མཐུན་རྐྱེན་བསྒྲུབས་ཏེ་རྒྱ་མཚོའི་རྒྱབ་ཆོས་དང་གསུམ་ལས། དང་པོ་ལ་དབང་བཞི་རིག་པའི་རྩལ་དབང་། དེ་ཉམས་སུ་བླངས་པ་བདེ་སྟོང་གཏུམ་མོ་དང་བཅས་པ། ཞལ་གདམས་གནད་ཡིག་དང་བཅས་པ་གསུམ་མོ། །གཉིས་པ་ལ་ཁྲིད་ཡིག་ངོ་སྤྲོད་དང་བཅས་པ། རྒྱབ་ཆོས་རྟགས་ཚད་དང་བཅས་པ། བཏགས་གྲོལ་འདས་རྗེས་དང་བཅས་པ་གསུམ་ལས། དང་པོ་ལ་འདས་རྗེས་དོན་ཁྲིད་དང་། ནོར་བུའི་སྙིང་པོ་དང་། སྐུ་གསུམ་ལམ་གྱི་དོན་ཁྲིད་དང་གསུམ་གསུམ་མོ། །གཉིས་པ་ལ་དོན་གསལ་མེ་ལོང་དང་། སྙིང་པོ་གསལ་བ་དང་། རྣལ་འབྱོར་བཞི་དང་། རྟགས་ཚད་བསྟན་པ་སྟེ་བཞིའོ། །གསུམ་པ་ལ་བཏགས་གྲོལ་སྐོར་དང་། འདས་རྗེས་རྣམ་པ་གསུམ་ཏེ་གཉིས་སོ། །གསུམ་པ་ལ་རིགས་ལྔའི་བསྐྱེད་རྫོགས། མཁའ་འགྲོའི་གནད་ཡིག །བཀའ་སྲུང་གི་གཏད་རྒྱ་སྟེ་གསུམ་མོ། །དེ་དག་ནི་རགས་རིམ་ཕྱེ་བ་སྟེ། ཞིབ་ཏུ་བར་དོའི་སྐོར་དང་། དེའི་བཅུད་ལེན་ལ་སོགས་པ་ཆོས་སྡེ་བརྒྱད་ཅུ་རྩ་ལྔ་པོ་ཡོངས་སུ་རྫོགས་པར་
སྐལ་ལྡན་སྙིང་གི་བུ་ལ་བསྟན་ནོ། །དེས་ཀྱང་ཉམས་སུ་བླངས་ཏེ་འོད་ལུས་བསྒྲུབ་པར་བྱའོ། །འདིར་ནི་མན་ངག་སྙིང་པོའི་བཅུད་བསྡུས་ནས། །མཁའ་འགྲོ་སྙིང་ཏིག་གསང་བའི་ཁྲིད་དུ་བསྡེབས། །ཕྱི་རབས་སྐལ་ལྡན་མྱུར་དུ་ཐར་འདོད་རྣམས། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་གྱིས། །བདག་གིས་སྔོན་རབས་སྐྱེ་བར་འབད་པའི་ཆོས། །དེང་སང་ཚེ་འདིར་ཡོངས་རྫོགས་དོན་མཐོང་ནས། །གངས་རི་ཐོད་དཀར་མགུལ་དུ་ལུས་གཅིག་དྲིལ། །ཟབ་གཏེར་ཡོངས་གཏེར་དགོངས་གཏེར་སྙིང་ལ་བབས། །ཡི་གེ་མི་ཤེས་དོན་རྣམས་མ་སྦས་པར། །ཤོག་སེར་ཤོག་སྐྱ་ཤོག་འདྲའི་ངོས་ལ་བཀོད། །ཕྱི་རབས་སྐལ་ལྡན་རྣམས་དང་འཕྲད་པར་ཤོག །འདིར་ནི་ཁྲིད་ཡིག་ཡིད་བཞིན་ནོར་བུའི་ལུགས། །ཤིང་མོ་ཡོས་ལ་མཆིམས་ཕུར་ལུང་བསྟན་དུས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ། །གསོལ་བ་བཏབ་ནས་རགས་རིམ་ཡི་གེར་བཀོད། །དཔྱིད་དུས་བབས་ལུགས་ཟབ་དོན་སྙིང་པོ་རྣམས། །དངོས་དང་རྨི་ལམ་ལུང་བསྟན་ལ་བརྟེན་ནས། །ཨོ་རྒྱན་རྫོང་ཞེས་བྱ་བའི་གནས་མཆོག་ཏུ། །སྟོན་གསུམ་མེ་ཏོག་འབྲས་བུ་སྨིན་པའི་ཚེ། །འོད་ཟེར་གོ་ཆས་གསོལ་བ་བཏབ་པའི་ངོར། །ཞིབ་མོར་བསྡུས་ཏེ་ཚན་པ་གསུམ་དུ་ཕྱེ། །རྒྱ་ཆེ་རབ་ཟབ་ཤོག་སྐྱའི་ངོས་ལ་བཀོད། །ཡང་ཟབ་གནད་རྣམས་ཤོག་འདྲའི་ངོས་ལ་མནན། །ཟབ་མོའི་ཡང་ཟབ་ཤོག་སེར་ངོས་ལ་བཏབ། །འདི་ནི་ཤོག་འདྲའི་ཁྲིད་ཡིག་གསང་བའི་དོན། །ངོ་མཚར་རྨད་དུ་བྱུང་བའི་ཡི་གེ་ཡིན། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་བརྒལ་ཏེ། །མྱ་ངན་འདས་པ་མཆོག་ཏུ་ཞིར་འགྲོ་བའི། །རིན་ཆེན་གླིང་དུ་ཐམས་ཅད་ཕྱིན་པར་ཤོག །བདག་ཀྱང་དེང་ནས་གངས་ཀྱི་རི་བོ་ ལྟར། །རིང་དུ་གསལ་བས་འགྲོ་བའི་དོན་བྱེད་ཅིང་། །ཟབ་མོའི་དགོངས་གཏེར་དཔག་མེད་སྣང་བ་ཡིན། །འདོད་དགུའི་རེ་བ་ཡིད་བཞིན་འགྲུབ་པར་ཤོག །མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཡིག་ནོར་བུ་ལུགས་སུ་གདབ་པ་ཞེས་བྱ་བ་ཨོ་རྒྱན་པདྨའི་ཐུགས་ཀྱི་འོད་ཟེར་སྙིང་གི་པདྨོར་ཤར་བས་རྒྱས་པར་བྱས་པའི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ།། །།
ཁྲིད་ཡིག་ཉི་ཟླ་གཟའ་སྐར།
ཁྲིད་ཡིག་ཉི་ཟླ་གཟའ་སྐར་བཞུགས་པ་ལགས་སོ། །རིན་ཆེན་ཤོག་འདྲའི་སྐོར། །
ཨཱོཾ་ཨཱཿཧཱུྃ། པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་ལ་ཕྱག་འཚལ་ལོ། །ལས་དང་སྐལ་བར་ལྡན་པ་ཞིག །སྣང་བྱེད་འོད་ཀྱི་ལུས་སྒྲུབ་ན། །དེ་ཡི་ཁྲིད་ཀྱི་རིམ་པ་ནི། །ཉི་ཟླ་གཟའ་སྐར་ལུགས་སུ་གདབ། །འདིར་མཁའ་འགྲོ་སྙིང་ཏིག་གི་མན་ངག་གི་ཁྲིད་ཚར་བ་དང་གྲོལ་བ་དུས་མཚུངས་པར་འདོད་ན། དཔོན་སློབ་ཀུན་འཇིག་རྟེན་གྱི་བྱ་བ་སྙིང་ནས་ཐོངས་པས། རབ་ཏུ་དབེན་པའི་ནགས་ཁྲོད་དམ། རྒྱ་མཚོ་ཆུ་གླིང་ངམ། དུར་ཁྲོད་དམ། མི་མེད་པའི་ལུང་སྟོང་ཆེན་པོར་ཕྱིན་ལ། ལྟོ་གོས་ཀྱི་ཞེན་པ་བཅད། རྡོའི་བཅུད་ལེན་དང་། གཏུམ་མོའི་ལག་ཁྲིད་བསླབས་ལ། བླ་མས་སློབ་བུ་ལ། ཕྱི་ནམ་ཟླ་དུས་བཞི། ནང་འབྱུང་བཞིའི་འགྱུར་ལྡོག །གསང་བ་སྐད་ཅིག་ཐངས་གཅིག་ཡུད་ཙམ་འགྱུར་བས་ཀྱང་རང་གི་ཚེ་མི་རྟག་པར་འཆི་ངེས་པའི་སྐྱོ་ཤས་དྲག་པོ་ཟླ་བ་གཅིག་ཏུ་བསྒོམ་དུ་བཅུག་ནས། མི་ནས་བཟུང་སྟེ་འགྲོ་དྲུག་གི་སྡུག་བསྔལ་དང་འཁོར་བའི་ཉེས་དམིགས་སེམས་པ་ལ་ཟླ་བ་གཅིག་བློ་སྦྱོང་ངོ་། །དེ་ནས་འཁོར་བའི་རྒྱུ་མི་དགེ་བར་ཤེས་པས་འདོར་ཞིང་བཤགས་པ་དང་། མྱ་ངན་ལས་འདས་པའི་རྒྱུ་དགེ་བར་ཤེས་པས་འདོར་ལེན་ལ་ཟླ་བ་གཅིག་སྦྱོང་ངོ་། །དེ་ནས་དལ་འབྱོར་རྙེད་དཀའ་བསམ་སྟེ། སྒྲིབ་པ་སྦྱོང་པའི་མཆོག་ཡི་གེ་བརྒྱ་པའི་སྒོམ་བཟླས་ལ་ཟླ་བ་གཅིག་སྦྱོང་ངོ་། །དེ་ནས་ཚོགས་བསགས་པའི་ཡན་ལག་ཕྱི་ནང་གསང་བའི་མཎྜལ་ཟླ་བ་གཅིག་སྦྱོང་ངོ་། །དེ་ནས་བྱིན་རླབས་འཇུག་པའི་གཙོ་བོ་པདྨ་ཐོད་ཕྲེང་གི་ཐུགས་སྒྲུབ་ལ་ཟླ་བ་གཅིག་སྦྱོང་ངོ་། །དེ་ནས་དབང་དང་གདམས་པ་གཉིས་ཆུན་གཅིག་གིས་རྫོགས་པར་བྱེད་དེ། ཐོག་མར་མཁའ་འགྲོའི་དབང་བསྐུར་ནས། དེའི་སྒྲུབ་པ་ལ་ཟླ་བ་གསུམ་སྦྱོང་ངོ་། །དེ་ནས་སྤྲོས་བཅས་བུམ་དབང་བསྐུར་ནས། རིགས་ལྔའི་ཕྱི་ནང་གི་སྒྲུབ་པ་ལ་ཟླ་བ་དྲུག་སྦྱོང་ངོ་། །དེ་ནས་ལུས་རུ་ཤན་འབྱེད་པའི་སྤྱོད་པ་ལ་ཞག་ཉི་ཤུ་དང་། རྡོ་རྗེ་སྐྱིལ་ཀྲུང་ཞག་བཅུར་སྦྱང་ངོ་། །དེ་ནས་སྤྲོས་མེད་གསང་དབང་
བསྐུར་ལ། ངག་རུ་ཤན་འབྱེད་པའི་སྤྱོད་པ་ཞག་ཉི་ཤུ་བྱས་ལ། ཕྱི་སྣང་བ་ལ་རྒྱས་གདབ། ནང་ཕུང་པོ་ལ་རྒྱས་གདབ། རྩལ་སྦྱང་གཉིས། མཉེན་བཙལ་ལམ་གཞུག་དང་བཅས་པ་རྣམས་ལ། ཞག་ཉི་ཤུ་ཉི་ཤུ་བྱས་ནས། ནང་གི་སྔོན་འགྲོ་ཡི་གེ་གསུམ་གྱི་བཟླས་པ་ཟླ་བ་གཅིག་དང་ཞག་བཅུ་བྱས་ལ། གཏུམ་མོ་ཟླ་བ་གཅིག་དང་། རླུང་ཟླ་བ་གསུམ་བསྒོམ་མོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་རྟེན་ཅན་ནམ། རྟེན་མེད་དུ་བསྐུར་ལ་ཡུམ་མཁའ་ངོ་སྤྲོད་ནས། སེམས་རུ་ཤན་འབྱེད་པའི་སྤྱོད་པ་ལ་ཞག་ཉི་ཤུ། བྱུང་གནས་འགྲོ་གསུམ་ལ་ཞག་དགུར་བརྟགས་ལ། རྣལ་འབེབས་ཞག་གསུམ་དང་། སོར་འཇུག་ཞག་གསུམ་གྱིས་ཞི་གནས་ངོ་སྤྲད་ལ། མ་ནིང་གི་རླུང་ཟླ་བ་གཅིག་བསྒོམས་ལ། རྡོ་རྗེ་ཆུ་འཐུང་དང་། ཆུ་འདྲེན་ཟླ་བ་གཉིས་སྦྱངས་ཏེ། རང་ལུས་སམ་གཞན་ལུས་ལ་བརྟེན་ནས་ཟླ་བ་གསུམ་དང་ཞག་བཅུར་བདེ་སྟོང་ལ་བསླབ་བོ། །དེ་ནས་ཚིག་དབང་བླ་མའི་དབང་བསྐུར་ལ། །དང་པོར་རྟོག་པ་རྩད་བཅད་པ་ལ་ཞག་གསུམ་བར་དུ་སེམས་ཀྱི་མཚང་བཙལ་བ་ལ་ཞག་གསུམ། ཐ་མ་བྱུང་གནས་འགྲོ་གསུམ་ལ་ཞག་གསུམ་གྱི་རྗེས་ལ། ལྷག་མཐོང་གི་ཡེ་ཤེས་ཁྲེག་ཆོད་ངོ་སྤྲད་དེ། བོགས་འབྱིན་དང་རྩལ་སྦྱོང་ལ་ལུས་ངག་ཡིད་གསུམ་དྲིལ་བའི་སྤྱོད་པ་ཞག་ཉི་ཤུ་རྩ་གཅིག་བྱའོ། །དེ་ནས་སྒོ་གསུམ་གྱི་བྱ་བ་བཏང་བ་ལ་ཞག་གསུམ། བཞུགས་སྟངས་གསུམ་ལ་ཞག་གསུམ་སོང་ནས། རྩལ་དབང་བསྐུར་ཏེ་མངོན་སུམ་ངོ་སྤྲད་ནས། ཉིན་དུས་འོད་གསལ་གྱི་སྣང་བ་དང་། མཚན་དུས་བདེ་སྟོང་གི་འོད་གསལ་ཉི་ཟླ་ཁ་སྦྱོར་ཟླ་བ་དྲུག་བསྒོམས་པས། ཉམས་གོང་དུ་འཕེལ་ཏེ། ཟླ་བ་བཅུ་གཅིག་བསྒོམས་པས་རིག་པ་ཚད་ལ་ཕེབས་སོ། །དེ་ནས་ཟླ་བ་བཅུ་གསུམ་ན་ཆོས་ཉིད་ཟད་པའི་སྣང་བ་མཐོང་སྟེ་ཀ་དག་གི་གྲོལ་གཞི་ལ་བཙན་ས་ལོ་ཕྱེད་ནས་ཟིན་ཏེ་འོད་ལུས་སུ་ཡལ་ཏེ་འཚང་རྒྱའོ། །དེ་ཡང་ཆོས་ཉིད་མངོན་སུམ་གྱི་དུས་ན་བདེ་སྟོང་འོད་གསལ་དུ་ནུབ་པར་བྱེད་དོ། །ཉམས་
གོང་འཕེལ་གྱི་དུས་ན་འོད་གསལ་འཛིན་མེད་དུ་ནུབ་པར་བྱེད་དོ། །རིག་པ་ཚད་ཕེབས་ཀྱི་དུས་ན་འཛིན་མེད་ཀྱི་ཤེས་པའང་མཐའ་གྲོལ་དུ་ནུབ་པར་བྱེད་དོ། །ཆོས་ཉིད་ཟད་པའི་དུས་ན་མཐའ་གྲོལ་གདོད་མའི་ཀ་དག་གི་སར་ནུབ་པར་བྱེད་དོ། །གདོད་མའི་ཀ་དག་བུམ་པའི་སྐུར་ནང་གསལ་དུ་གནས་པས། དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་ལ་ལྷུན་གྱིས་གྲུབ་བོ། །དེ་ལྟར་མདོར་དྲིལ་བས་ཟླ་བ་བདུན་ཅུ་རྩ་གཉིས་ཏེ། ལོ་དྲུག་ན་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་གདོད་མའི་ས་ལ་འཚང་རྒྱ་བར་ངེས་པའོ། །དེ་ལྟར་རབ་གསལ་བླ་མེད་སྙིང་པོའི་དོན། །ཉི་ཟླ་གཟའ་སྐར་འཆར་ནུབ་ཚུལ་བཞིན་དུ། །འོད་གསལ་ཁ་སྦྱོར་རིན་ཆེན་སྙིང་པོའི་ཁྲིད། །ཤིང་མོ་ཡོས་ལོ་དཔྱིད་འབྲིང་ནག་པས་ཉ། །གཟའ་ཚེས་འཛོམ་པར་དཔལ་གྱི་མཆིམས་ཕུ་དེར། །པད་མ་ལས་འབྲེལ་རྩལ་ལ་དགོངས་གཏེར་བབས། །ཡང་ཅིག་དེ་ཡི་སྔ་ལོ་སྟོན་འབྲིང་ལ། །པདྨ་དཀར་པོར་བཀའ་སྲུང་སྲོག་སྒྲུབ་མས། །དགོངས་གཏེར་དཔེ་རྣམས་དངོས་སུ་གཏད་པ་རྨིས། །དེ་ནས་བཟུང་སྟེ་གཏེར་སྲུང་མཁའ་འགྲོ་རྣམས། །ལུས་དང་གྲིབ་མ་ཇི་བཞིན་ཡོད་པར་མངོན། །འདིར་ནི་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་། །དབེན་ཞིང་ཉམས་དགའ་རིག་པ་འཛིན་པའི་གནས། །སྟོན་གསུམ་མེ་ཏོག་འབྲས་བུ་སྨིན་པའི་ཚེ། །ཉི་ཟླ་གཟའ་སྐར་གསང་བའི་ཁྲིད་ཡིག་འདི། །ཤོག་འདྲའི་ངོས་ལ་ཕྱི་རབས་དོན་དུ་བཀོད། །དགེ་བ་དེ་ཡིས་སྲིད་པའི་འགྲོ་བ་ཀུན། །ཚེ་འདིར་འབྲས་བུ་འོད་གསལ་ལུས་འགྲུབ་ནས། །སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ཏེ། །འཕོ་བ་ཆེན་པོས་གཞན་དོན་འགྲུབ་པར་ཤོག ། མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཡིག་ཉི་ཟླ་གཟའ་སྐར་ལུགས་སུ་གདབ་པ་ཞེས་བྱ་བ་པདྨ་ལས་འབྲེལ་རྩལ་གྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།། །།
ཟབ་མོ་རབ་འབྱེད།
ཟབ་མོ་རབ་འབྱེད་ཅེས་བྱ་བ་བཞུགས་སོ། །ཚོགས་བསགས་པ་ཡང་ཡོད། རིན་ཆེན་ཤོག་འདྲའི་སྐོར།
ཟབ་མོ་རབ་འབྱེད་ཅེས་བྱ་བ། དཔལ་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །ཡེ་ཤེས་འོད་སྟོང་ཉི་ཟླའི་དཀྱིལ་འཁོར་གྱིས། །བདེ་ཆེན་གླིང་བཞིའི་འཇིག་རྟེན་སྣང་བྱེད་ཅིང་། །ཀུན་གྱི་ལམ་སྟོན་ཡེ་ནས་སངས་རྒྱས་པ། །གདོད་མའི་མགོན་པོ་དེ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་སྙིང་ཏིག་བཀའ་གསང་རྒྱ་ཆེ་ལས། །ཟབ་མོའི་གནད་རྣམས་རབ་ཏུ་དབྱེ་བར་བྱ། །འདིར་ཆོས་སྐུའི་བསྟན་པ་ཕུན་སུམ་ཚོགས་པ་འཆད་པ་ལ། བླ་མ་བརྒྱུད་པའི་སྒོ་ནས་ཡིད་ཆེས་བསྐྱེད་པ་དང་། མན་ངག་གི་སྒོ་ནས་ཉམས་སུ་བླང་བ་གཉིས་ལས། དང་པོ་ནི་སྐུ་གསུམ་བདེ་བ་ཆེན་པོའི་བརྒྱུད་པ་རྣམས་སོ། །གཉིས་པ་ལ་མ་སྨིན་པར་བྱེད་པའི་དབང་ཐོབ་ནས། དེ་ཉིད་གྲོལ་བར་བྱེད་པའི་གདམས་པ་ལ། བརྩོན་འགྲུས་རབ་ཚེ་འདིར་འཚང་རྒྱ་བའི་གདམས་ངག །འབྲིང་བར་དོར་གྲོལ་བའི་གདམས་ངག །ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པར་བྱེད་པའི་གདམས་ངག་དང་གསུམ་ལས། དང་པོ་ལའང་སྔོན་འགྲོས་རྣལ་ལ་དབབ། དངོས་གཞི་ངོ་སྤྲོད། མཇུག་ཉམས་སུ་བླང་ཚུལ་གསུམ་ལས། དང་པོ་ལ་སྔོན་འགྲོ་གསུམ་ཇི་ལྟར་བྱ་བ་དང་། དེས་མཉམ་པ་ཉིད་ཀྱི་ངང་དུ་དབབ་པ་གཉིས་ལས། དང་པོ་ལ་ལུས་ངག་ཡིད་དེ་རྣམ་པ་གསུམ་མོ། །གཉིས་པ་ལུས་ངག་ཡིད་གསུམ་ཆུ་ཆད་པའི་རང་ཐག་ལྟར་འབད་རྩོལ་བྱར་མེད་ཀྱི་ངང་ལ་གནས་པའོ། །གཉིས་པ་དངོས་གཞི་ངོ་སྤྲད་པ་ལ་གཉིས་ལས། གཞི་ཁྲེགས་ཆོད་ནི་གང་ཤར་འཛིན་མེད་ཀྱི་ཤེས་པ་གཉེན་པོའི་བློ་དང་བྲལ་བ་སྟེ། དེའང་གནས་པ་སེམས་ཀྱི་རྒྱན་དུ་ཤར་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ། གཉིས་མེད་མཉམ་པའི་ངང་ལ་གནས་པ་གསུམ་ལས། དང་པོ་ནི་རང་སེམས་ཡེ་ནས་སྤྲོ་བསྡུ་དང་བྲལ་བའི་ངང་དུ། གནས་སྐབས་སེམས་ཀྱི་འཇུག་པ་ནུབ་པ་རྒྱ་མཚོ་ལ་རླབས་ཞི་པ་ལྟ་བུའོ། །གཉིས་པ་ནི་སེམས་ཉིད་མ་བཅོས་རྒྱ་མཚོའི་ངང་ལས། རྟོག་
ཚོགས་དབའ་རླབས་ཀྱི་རོལ་པར་ཤར་བ་རང་འགྲོས་སུ་གྲོལ་བའོ། །གསུམ་པ་ནི་འཕྲོ་གནས་གཉིས་སུ་མེད་པས་དགག་སྒྲུབ་རེ་དོགས་གཞི་བྲལ་ཆེན་པོར་གནས་པའོ། །གཉིས་པ་ལ་ཐོད་རྒལ་སྒོམ་པ་རྣམ་དག་གིས་རྡོས་བཅས་འོད་ལུས་སུ་དག་པར་བྱེད་པ་ནི་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་ནས་དེ་བཞིན་གཤེགས་པའི་གསང་སྒོ་ཕྱེ་ནས་ཕྱི་ཡི་དབྱིངས་རྣམ་པར་དག་པའི་ནམ་མཁའ་ལ། ནང་གི་དབྱིངས་ཡེ་ཤེས་ཀྱི་སྒྲོན་མ་ཤར་བས། སྣང་སེམས་འོད་གསལ་དུ་གྲོལ་བར་བྱེད་པ་སྟེ། མཐོང་བ་བརྡའི་ཡུལ་དུ་དབང་པོས་བལྟར་ཡོད་པའོ། །གསུམ་པ་མཇུག་ཉམས་སུ་ལེན་ཚུལ་བསྟན་པ་ལ་བཞུགས་སྟངས་གསུམ་ལ་གཞི་བཅའ་བ། གཟིགས་སྟངས་གསུམ་གྱིས་གནད་བསྟན་པ། སྣང་བ་བཞིའི་འཆར་ལུགས་བསྟན་པ་དང་གསུམ་ལས། དང་པོ་ནི་སེང་གེ་གླང་པོ་དྲང་སྲོང་གསུམ་གྱིས་སྐུ་གསུམ་གཞི་ལ་བཞུགས་ཚུལ་བསྟན་པའོ། །གཉིས་པ་ནི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱིས་འཆར་སྒོ་གསུམ་གྱི་གནད་བསྟན་པའོ། །འཆར་སྒོ་གསུམ་ནི། ངོ་བོ་ཆོས་སྐུའི་འཆར་སྒོ་སྟོང་ལ་ངོས་གཟུང་དང་བྲལ་བ། རང་བཞིན་ལོངས་སྐུའི་འཆར་སྒོ་འོད་ལྔ་ལྷུན་གྲུབ་ཏུ་གསལ་བ། ཐུགས་རྗེ་སྤྲུལ་སྐུའི་འཆར་སྒོ་འཕེལ་སྣང་འཕྲོ་འདུ་དང་བཅས་པའོ། །གསུམ་པ་ནི་སྣང་བ་བཞིའི་འཆར་སྒོས་ལམ་བཞིའི་དྲོད་ཚད་བཟུང་བ་སྟེ། ལམ་བཞིའི་དྲོད་ཚད་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་ཐིག་ལེ་སུམ་སྦྲེལ་དུ་མཐོང་བས་ཚོག་ལམ་གསུམ་ཇི་ལྟར་རྫོགས་ཚུལ། ཉམས་གོང་འཕེལ་གྱི་སྣང་བ་དབྱིངས་རིག་རྒྱ་ཆེར་སྣང་བས། རྨི་ལམ་འོད་གསལ་དུ་གྲོལ་ཏེ། སྦྱོར་ལམ་བཞི་ཇི་ལྟར་སྐྱེལ་ཚུལ། རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྐུ་དང་ཡེ་ཤེས་སུ་སྣང་བས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སུ་འཆར་ཚུལ། ཆོས་ཉིད་ཟད་པའི་སྣང་བ་ལ་མཐོང་ཟིན་གྱི་དོན་ལས་བསྒོམ་དུ་མེད་པས། ཕྱི་ནང་གི་རྡོས་
བཅས་རྟོག་ཚོགས་དང་བཅས་པ་ཆེ་འབྲིང་ཆུང་དགུ་ཟད་པས། སྒོམ་ལམ་ས་དགུ་ཇི་ལྟར་བགྲོད་པའི་ཚུལ་བསྟན་པའོ། །གཉིས་པ་ནི། བར་དོ་དང་པོ་ཞི་བ་ཆོས་ཀྱི་སྐུའི་སྣང་བ་ལ་ཀ་དག་ཏུ་གྲོལ་ཚུལ། གཉིས་པ་ལྷུན་གྲུབ་ལོངས་སྐུའི་བར་དོ་ལ། ལྷུན་གྲུབ་ཏུ་གྲོལ་ཚུལ། གསུམ་པ་ལྷུན་གྲུབ་སྤྲུལ་སྐུའི་སྣང་བ་ལ་གཉིས་མེད་ཡེ་ཤེས་སུ་གྲོལ་ཚུལ་དང་གསུམ་མོ། །གསུམ་པ་རང་བཞིན་སྤྲུལ་པའི་སྣང་བ་མཐོང་ཚུལ། དེ་ཉིད་དུ་ཉོན་མོངས་པའི་བག་ཆགས་སྦྱོང་ཚུལ། ཁྲོ་བོའི་སྣང་བ་ལ་གཞི་ཐོག་ཡེ་ཤེས་སུ་གྲོལ་ཚུལ་གསུམ་མོ། །དེ་དག་ཏུ་གྲོལ་བའི་ཚེ་མཐར་ཕྱིན་མི་སློབ་པའི་ལམ་དུ་སངས་རྒྱས་བྱང་ཆུབ་རིག་པ་གསུམ་བརྙེས་ནས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས། སེམས་ཅན་གྱི་དོན་རང་བཞིན་ལྷུན་གྲུབ་ཏུ་མཛད་པའོ། །དེ་ལྟར་ཟབ་དོན་སྙིང་པོའི་དབྱེ་བ་ཡིས། །སྙིང་ཏིག་རྒྱ་ཆེའི་དོན་རྣམས་བདེ་བླག་ཏུ། །རྟོགས་པར་བྱ་ཕྱིར་དྲི་མེད་འོད་ཟེར་གྱིས། །གངས་རི་ཐོད་དཀར་ཨོ་རྒྱན་རྫོང་ཞེས་པར། །རིན་ཆེན་ཤོག་འདྲའི་ངོས་ལ་ལེགས་པར་བཀོད། །དགེ་བ་འདི་ཡིས་འགྲོ་ཀུན་གྲོལ་བར་ཤོག །ཟབ་མོ་རབ་འབྱེད་ཅེས་བྱ་བ། མཁའ་འགྲོ་སྙིང་ཏིག་གི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ་གྱིས་སྟོན་ཀའི་དུས། མེ་ཏོག་དང་འབྲས་བུ་ལེགས་པར་སྨིན་པའི་ཚེ་བཀོད་པ་རྫོགས་སོ།། །།དགེ་ཞིང་བཀྲ་ཤིས། ཚོགས་བསགས་པ་བཞུགས། ན་མོ་པདྨ་བཛྲ་ཡེ། མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་གདམས་པ་ལ་འཇུག་པའི་སྔོན་དུ་ཀུན་ཏུ་བཟང་པོའི་རོལ་པས་རིག་པ་ཁྱད་པར་ཅན་གྱི་ཚོགས་བསག་པ་ནི། ལས་ཀྱི་རྡོ་རྗེ་གསུམ་ལ་སོགས་པ་རྣམས་གཙོ་བོ་ལ་ཕྱག་འཚལ་ཏེ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དབྱིངས་ནས་སྤྱན་འདྲེན་ཞིང་བཞུགས་པ་ལ་ཕྱི་ནང་གི་མཆོད་པ་དང་། ཁྲུས་དང་ན་བཟའ་དབུལ་ཞིང་། མཆོད་བསྟོད་གྱི་རིམ་པ་རྣམས་དམིགས་པ་སྔགས་དང་ཕྱག་རྒྱ་གཅིག་པས་མགྲིན་གཅིག་ཏུ་དབྱངས་སྙན་
པོས་མཆོད་པ་ནི། ཧོཿ ཆོས་དབྱིངས་རྣམ་དག་ལྷུན་གྲུབ་ཆེན་པོ་ནས། དཔག་ཡས་ཐུགས་རྗེའི་རྣམ་འཕྲུལ་འགྱེད་པའི་ལྷ། །ཀུན་བཟང་རིགས་ལྔ་རིག་འཛིན་མཁའ་འགྲོ་བཅས། །འདིར་གཤེགས་བདག་ལ་དགོངས་ཤིང་བྱིན་གྱིས་རློབས། །གདོད་ནས་བྱང་ཆུབ་རྡོ་རྗེ་སྙིང་པོའི་གདུང་། །དཀོན་མཆོག་གསུམ་དངོས་དམ་ཆོས་རིན་ཆེན་མཛོད། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །ད་ལྟ་དངོས་བཞུགས་བླ་མས་བྱིན་གྱིས་རློབས། །ཨོཾ་བཛྲ་ས་མ་ཡ་ཛཿ ཨོཾ་བཛྲ་ས་མ་ཡ་སྟྭཾ། རོལ་མོ་དབྱངས་སྙན་ཡིད་འོང་བདུད་རྩིའི་ཆུས། །ཡོན་ཏན་རྒྱ་མཚོའི་ཚོགས་ལ་ཁྲུས་གསོལ་ཞིང་། །ན་བཟའ་རིན་ཆེན་རྒྱན་མཆོག་འདི་ཕུལ་བས། །འགྲོ་ཀུན་སྐྱོན་བྲལ་ཡོན་ཏན་རྫོགས་པར་ཤོག །ཨོཾ་སརྦ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྃ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཿ ཀཱ་ཡ་བྷི་ཤོ་དྷ་ན་ཡེ་ཧཱུྃ། ཨོཾ་བཛྲ་ཝསྟྲ་ཨ་ལཾ་ཀ་ར་ཡ་སྭཱ་ཧཱ། སྣང་སྲིད་རྣམ་དག་སངས་རྒྱས་ཞིང་ཁམས་འདིར། །ཀུན་བཟང་མཆོད་པའི་སྤྲིན་ཕུང་འདི་ཕུལ་བས། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་རྣམས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤཔྟ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མངོན་པར་བྱང་ཆུབ་ཆོས་སྐུ་དག་པ་ལས། །མཛད་པའི་རྣམ་འཕྲུལ་སྒྱུ་མའི་སྐུར་བཞེངས་པ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་གུས་ཕྱག་འཚལ། །རྡོ་རྗེ་གདུང་འཚོབ་རྣལ་འབྱོར་ཚོགས་རྣམས་ཀྱིས། །འགལ་འཁྲུལ་ཉམས་ཆག་དེང་འདིར་སྐོང་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བ་དང་། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། སིདྡྷི་ཕ་ལ་ཧོ། ཞེས་བརྗོད་ནས་ཕྱག་འཚལ་ཏེ། །མཎྜལ་རྒྱས་བསྡུས་ཅི་རིགས་སུ་འབུལ་ལོ། །ཚུལ་འདི་ནི་ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་དུ་ལེགས་པར་བཀོད་པ་དགེ་ལེགས་འཕེལ།། །།
ཁྲིད་ཡིག་རིན་པོ་ཆེ་གསེར་གྱི་ཕྲེང་བ།
ཁྲིད་ཡིག་རིན་པོ་ཆེ་གསེར་གྱི་ཕྲེང་བ་བཞུགས་སོ། །རིན་ཆེན་ཤོག་འདྲའི་སྐོར།
རྒྱ་གར་སྐད་དུ། རཏྣ་སོ་ན་མཱ་ལེ་ནཱ་མ། བོད་སྐད་དུ། རིན་ཆེན་གསེར་ཕྲེང་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འདོད་དགུའི་ཕུན་ཚོགས་འབྱུང་བའི་གཞི། །ཀུན་བཟང་རིགས་ལྔ་རྡོ་རྗེ་འཆང་ཆེན་དང་། །དགའ་རབ་རྡོ་རྗེ་ཤྲཱི་སིདྡྷ་དང་། །ཨོ་རྒྱན་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །རང་བཞིན་ཟབ་ཡངས་ངེས་དོན་སྙིང་པོའི་མཁར། །མཁའ་འགྲོ་སྙིང་ཏིག་བདུད་རྩིའི་སྤྲིན་འཁྲིགས་ཏེ། །ཡང་གསང་མཐར་ཐུག་ཟབ་མོའི་ཆར་འབབ་བས། །བདག་བློའི་པད་མཚོ་ངང་གིས་གང་བ་དེར། །མཁྱེན་བརྩེའི་ཆུ་ལྷ་གཞོན་ནུ་གསལ་གྱུར་པས། །ཇི་སྙེད་ཇི་བཞིན་དགའ་བའི་བློ་མིག་གིས། །དེ་ཉིད་ལེགས་མཐོང་འཛམ་བུའི་ཆུ་ཀླུང་ལས། །རིན་ཆེན་གསེར་ཕྲེང་བཟང་པོའི་རྒྱན་འདི་སྤྲོ། །དེ་ལ་འདིར་རྡོ་རྗེ་སྙིང་པོའི་ཐེག་པའི་རྒྱལ་པོ་འོད་གསལ་ཆོས་ཀྱི་སྐུའི་བསྟན་པ་ཕུན་སུམ་ཚོགས་པ་ཉིད་འཆད་པ་ལ། རང་བཞིན་རྫོགས་པ་ཆེན་པོའི་བླ་མ་བརྒྱུད་པ། དེ་ལས་བྱུང་བའི་གདམས་པ་དངོས། གཙིགས་ཆེ་བ་བཀའ་རྒྱས་གདབ་པ་དང་གསུམ་ལས། དང་པོ་ནི་གནས་ཕུན་སུམ་ཚོགས་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཁའ་ཀློང་རྣམ་པར་དག་པ་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ། ཆོས་སྐུ་དྲི་མ་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལས། ལྷུན་གྲུབ་ཡེ་ཤེས་ཀྱི་རྣམ་པར་བཞེངས་ཏེ། རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་དུ། འཁོར་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས་མཚན་རྫོགས་རྡོ་རྗེ་འཆང་དང་བཅས་པ་ལ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་འོད་ལྔ་ལྷུན་གྲུབ་ཀྱི་བསྟན་པ། དུས་ཕུན་སུམ་ཚོགས་པ་རང་བཞིན་མཉམ་པ་ཆེན་པོའི་ཆོས་ཉིད་ལ་འཕོ་འགྱུར་མེད་པའི་ཚེ། ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་རང་ཤེས་རིག་གི་རྒྱལ་པོར་དགོངས་པ་ཀློང་རྡོལ་ནས། ཐམས་ཅད་མཁྱེན་པའི་ཐུགས་རྗེ་ལྷུན་གྲུབ་ཡེ་ཤེས་རིན་པོ་ཆེའི་སྦུབས་ནས་བྱིན་གྱིས་བརླབས་ཀྱིས་རང་བཤད། དེ་ཉིད་ཀྱི་ངང་ལས་རྡོ་རྗེ་འཆང་ཡོན་ཏན་
ཕུན་སུམ་ཚོགས་པའི་མངའ་བདག་ཏུ་རང་བྱོན་ནས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། དཔལ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་བྱིན་གྱིས་བརླབས་ཀྱིས་གསུངས། དེ་ཉིད་ཀྱི་ངང་ལས་ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དཔལ་རྡོ་རྗེ་སེམས་དཔས། དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ཁང་ཆེན་པོར། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས། དེ་ཉིད་ཀྱིས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོར་མཁས་པ་ཤྲཱི་སིདྷ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་གསུངས། དེ་ཉིད་ཀྱིས་དུར་ཁྲོད་ཆེན་པོ་སོ་སའི་གླིང་དུ། རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་སྐྱེ་ཤི་འདས་གྲོངས་མི་མངའ་བ་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པ་དེ་ལ་གནས་ལུགས་ཡིད་དཔྱོད་དང་ཕྲལ་ནས་གསུངས། དེ་ཉིད་ཀྱིས་གཞོ་སྟོད་ཏེ་སྒྲོ་བྲག་གི་ཚོགས་ཁང་ཆེན་མོར་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པའི་ཡུམ་མཁར་ཆེན་བཟའ་མཚོ་རྒྱལ་ལ་ལྔ་ལྡན་ཡེ་ཤེས་ཀྱི་སྙིང་པོ་རང་གསལ་མངོན་སུམ་དུ་གཏན་ལ་ཕབ་ནས་གསུངས། དེ་ཉིད་ཀྱིས་མཆིམས་ཕུ་དཔལ་གྱི་ནགས་ཁྲོད་རི་མོ་ཅན་གྱི་དབེན་གནས་དམ་པར། ཨོ་རྒྱན་ཡབ་ཡུམ་གྱིས་དངོས་སུ་བྱིན་གྱིས་བརླབས་པའི་པདྨ་ལས་འབྲེལ་རྩལ་ལ། མངོན་སུམ་འོད་གསལ་གྱི་དགོངས་པ་དབང་བཞི་ཡེ་ཤེས་ཀྱི་ཆུ་བོ་གཞི་སྣང་འཆར་ཚུལ་དང་བཅས་པ་མ་ལུས་ཤིང་ཡོངས་སུ་རྫོགས་པར་གསུངས་པའོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ། བརྩོན་འགྲུས་རབ་ཚེ་འདི་ཉིད་ལ་འཚང་རྒྱ་བའི་གདམས་ངག །འབྲིང་བར་དོར་འཚང་རྒྱ་བའི་གདམས་ངག །ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བའི་གདམས་ངག་དང་གསུམ་ལས། དང་པོ་ལ་སྔོན་འགྲོ་སེམས་ཀྱི་ཁང་བུ་གཤིག་པས་རང་བཞིན་མ་བཅོས་རྣལ་དུ་དབབ་པ། དངོས་གཞི་རིག་པའི་རང་ངོ་སྤྲད་པས་འོད་གསལ་ཆོས་སྐུ་ཅེར་མཐོང་ལ་བསྟན་པ། རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པས་དེ་ཉིད་ཉམས་སུ་ལེན་ཚུལ་བསྟན་པ་དང་གསུམ་ལས་དང་པོ་ལའང་། ཐུན་མོང་གི་སྔོན་འགྲོས་འཁོར་བ་ལས་ངེས་པར་འབྱུང་
བ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོས་སེམས་ཀྱི་གནས་ལུགས་བསྟན་པ་གཉིས་ལས། དང་པོ་ལའང་། སྣང་སྲིད་བླ་མའི་ལམ་ཁྱེར། སྒྲིབ་སྦྱོང་མཎྜལ་གྱི་ལམ་ཁྱེར། འཁོར་བ་རྒྱུ་འབྲས་ཀྱི་ལམ་ཁྱེར། ཚེ་མི་རྟག་པའི་ལམ་ཁྱེར། བྱམས་སྙིང་རྗེའི་ལམ་ཁྱེར་དང་ལྔ་ལས། དང་པོ་ནི་སྟན་བདེ་བ་ལ་འདུག་སྟེ་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱ། དེའི་ཆེད་དུ་བདག་གིས་བླ་མའི་རྣལ་འབྱོར་བསྒོམ་སྙམ་དུ་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དོན་དམ་བྱང་ཆུབ་ཀྱི་སེམས་ནི་རང་གི་སེམས་ཉིད་ཡེ་ནས་སངས་རྒྱས་པར་གསལ་གདབ་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་གསུམ་བརྗོད་ལ། ཨོཾ་ཡོ་ག་ཤུདྡྷོ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་གིས། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་ནམ་མཁའི་དཀྱིལ་ལྟ་བུའི་ངང་ལས། ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་དབུས་སུ། བྷྲཱུཾ་བི་ཤུདྡྷེ་ཛྙ་ན་བཛྲ་ཧཱུཾ་གིས། པདྨ་དང་ཟླ་བ་དང་ཉི་མའི་དབུས་སུ་ཐོད་པ་བརྩེགས་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་། སྒོ་བཞི་གྲུ་བཞི་རྩིག་པ་ལྔ་དང་ལྡན་པའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་དང་། ནང་ཀ་བ་བརྒྱད་ཀྱིས་བཏེག་པའི་དབུས་སེང་གེ་དང་རིན་པོ་ཆེའི་ཁྲི་པདྨ་དང་ཉི་ཟླས་བརྒྱན་པའི་སྟེང་དུ་ཧཱུཾ་ལས་རང་ཉིད་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་ཀུན་འདུས་ལོངས་སྤྱོད་རྫོགས་པ་སྐུའི་རང་བཞིན་དཔལ་རྡོ་རྗེ་འཆང་གི་རྣམ་པ་མཐིང་ག་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བའི་པང་ན། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གཅེར་བུ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རིན་པོ་ཆེ་དང་རུས་པས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་མཛད་པའི་སྙིང་གར་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང་། ཐོད་པར་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་འཇའ་ཚོན་ལྟར་
འོད་གསལ་བའི་ཤར་ཕྱོགས་སུ་པདྨ་ཉི་ཟླའི་སྟེང་ན། པདྨ་འབྱུང་གནས་དཀར་པོ་ཡུམ་དང་བཅས་པ། ལྷོ་རུ་ཤཱཀྱ་སེངྒེ་སེར་པོ། ནུབ་ཏུ་ཉི་མ་འོད་ཟེར་དམར་པོ། བྱང་དུ་པདྨ་ས མ་བྷ་ལྗང་གུ ། ཤར་ལྷོར་བློ་ལྡན་མཆོག་སྲེད་དཀར་སེར། ལྷོ་ནུབ་ཏུ་པདྨ་རྒྱལ་པོ་དམར་སེར། ནུབ་བྱང་དུ་སེང་གེ་སྒྲ་སྒྲོགས་དམར་ལྗང་། བྱང་ཤར་དུ་རྡོ་རྗེ་གྲོ་ལོད་མཐིང་ནག །དེ་ཐམས་ཅད་ཀྱང་ཡུམ་དང་བཅས་པ་རིན་པོ་ཆེ་དང་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། དར་གྱི་ན་བཟའ་དང་རིན་པོ་ཆེའི་པད་ཞྭ་རྒོད་སྒྲོའི་རྩེ་རྒྱན། དར་སྣ་ལྔས་བརྒྱན་པ། ཡབ་རྣམས་ཀྱི་ཕྱག་མཚན་གཙོ་བོ་དང་མཐུན་པ། ཡུམ་ཐམས་ཅད་ཀྱི་ཕྱག་མཚན་གཙོ་མོ་དང་མཐུན་པའི་སྒོ་བཞིར་ཤར་ནས་རིམ་པ་བཞིན། ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པའི་ཡབ་བཞི་ཡང་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་དང་མཉམ་པར་སྦྱོར་བ། རིན་པོ་ཆེ་དང་རུས་པས་བརྒྱན་ཅིང་། བཞེངས་པའི་ཚུལ་གྱིས་བར་གྱི་ལྷའི་སྣམ་བུ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་ཡབ་ཡུམ་སོ་སོའི་རིགས་དང་མཐུན་པའི་གྲི་གུག་དང་ཐོད་པ་དང་རིགས་ལྔའི་ཕྱག་མཚན་འཛིན་པའི་འཁོར་ལ། གཞལ་ཡས་ཁང་གི་ཕྱི་རོལ་གྱི་ས་དང་ནམ་མཁའ་གང་བར་འཇིག་རྟེན་གྱི་མཁའ་འགྲོ་དཔག་ཏུ་མེད་པ་སྤྲིན་ཕུང་འཐིབས་པ་ལྟར་བསམས་ལ། ཨཱོཾ་བཛྲ་ས་མ་ཡ་ཛཿ། ཞེས་པས་འོག་མིན་དང་ཕྱོགས་བཅུའི་འཇིག་རྟེན་ནས་དེ་ཁོ་ན་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ལ། མཆོད་ནས་གཉིས་སུ་མེད་པར་ཛཿ་ཧཱུཾ་བཾ་ཧོཿས་ཐིམ་པར་བསམས་ལ། གནས་གསུམ་དུ་ཨཱོཾ་ཨཱཿཧཱུྃ་གིས་རྒྱས་གདབ། དེ་བཞིན་གཤེགས་པ་ལྔས་བདུད་རྩིའི་བུམ་པས་དབང་བསྐུར་བའི་ཆུ་ལྷག་མ་ཡར་ལུད་པ་ལས། དེ་བཞིན་གཤེགས་པ་དེ་དག་གཅིག་ཏུ་གྱུར་པའི་རང་བཞིན་མི་བསྐྱོད་པས་དབུར་བརྒྱན་པར་བསམ་ལ། ལྷ་དང་མིའི་མཆོད་པ་ནམ་མཁའ་གང་བས་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་དབྱངས་སྙན་པོས་བསྟོད་
པར་བསམས་ལ། དར་ཅིག་མཉམ་པར་བཞག་པའི་སྐུ་ལས་འོད་འཕྲོས་པས་སྣང་སྲིད་སྣོད་བཅུད་ཐམས་ཅད་ལ་ཕོག །ལས་དང་སྡིག་སྒྲིབ་ཐམས་ཅད་སྦྱངས། སྣོད་འོད་གསལ་ཡེ་ཤེས་ཀྱི་ཨོ་རྒྱན་སྣང་ལ་རང་བཞིན་མེད་པ་རང་བཞིན་སྤྲུལ་པ་སྐུའི་ཞིང་ལྟ་བུ། བཅུད་ཀྱི་སེམས་ཅན་ཐམས་ཅད་མཁའ་འགྲོ་དཔའ་བོ་དཔའ་མོའི་རང་བཞིན་ལྷ་དང་ལྷ་མོར་གྱུར་ནས། གླུ་གར་དང་མཆོད་པ་བྱེད་པས་རང་སྣང་གི་གཞལ་ཡས་ཁང་ལ་མཆོད་པར་བསམས་ལ། ཨཱོཾ་བཛྲ་གུ་རུ་པདྨ་སིདྡྷི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲིཿཡ་སིདྡྷི་ཕ་ལ་ཨཱཿཧཱུྃ། ཞེས་ཅི་འགྲུབ་ཏུ་བཟླས་པས། ཕྱི་ནང་གི་ལྷ་ཐམས་ཅད་ཀྱང་དེ་བཞིན་དུ་དི་རི་རི་བཟླས་པར་བསམས་ལ། གྲགས་སྟོང་ཆོས་སྐུའི་ངང་ནས་ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་ཀྱི་འཁོར་ལོ་གསུམ་ལས་མི་འདའ་བར་བྱའོ། །རྗེས་ལ་སྣང་སྲིད་ཕྱི་ནང་གི་ཞིང་ཁམས་ཐམས་ཅད་སྙིང་གའི་ཧཱུཾ་ལ་བསྡུས་ལ། དེ་ཡང་རབ་ཏུ་མི་དམིགས་པ་ཆོས་ཀྱི་སྐུའི་ངང་ནས། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ཏེ། །སྲིད་པར་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་ཉིད་ཐོབ་ཤོག །ཅེས་པ་གསུམ་གྱིས་བསྔོ་བ་བྱའོ། །གཉིས་པ་སྒྲིབ་སྦྱོང་མཎྜལ་གྱི་ལམ་ཁྱེར་ལ་གསུམ་ལས། དང་པོ་ཚངས་ཆེན་གྱི་བསྐལ་པ་ཆེན་པོ་མཎྜལ་དུ་འབུལ་བ་ནི། ཚོམ་བུ་སུམ་ཅུ་སོ་བདུན་བཀོད་ལ། གཉིས་ཀྱིས་ལངས་ཏེ་ཐལ་མོ་གྲུ་བཞིར་སྦྱོར་ལ་མགྲིན་གཅིག་ཏུ། ཨཱོཾ་ཨཱཿཧཱུྃ། དབང་ཆེན་གསེར་གྱི་ས་གཞི། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། བཀྲ་ཤིས་ཀྱི་རྫས་བརྒྱད། གཏེར་གྱི་བུམ་པ། དཔག་བསམ་གྱི་ཤིང་། མ་རྨོས་པའི་ལོ་ཏོག །ཡིད་དུ་འོང་བའི་འདོད་ཡོན།
ཤིན་ཏུ་མཛེས་པའི་ལྷ་མོ། ཉི་མ་ཟླ་བ་དབུས་སུ་ལྷ་དང་མིའི་འདོད་པའི་ཡོན་ཏན་མ་ཚང་བ་མེད་པས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལེགས་པར་བཀོད་དེ། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་སོགས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རིགས་ལྔ་གང་ཆེན་མཚོའི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་བརྟེན་པའི་ཞིང་ཁམས་འབྱམ་ཀླས་པ་ཚངས་ཆེན་གྱི་བསྐལ་པ་ཆེན་པོ། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པར་དམིགས་ཏེ་དབུལ་ལོ། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་རྙེད་རི་རབ་གླིང་བཞིའི་འཇིག་རྟེན་ཁམས། །ལྷ་དང་མི་ཡི་འདོད་ཡོན་ཕུན་ཚོགས་བདེ་གཤེགས་མཆོད་པའི་སྤྲིན་ཕུང་ཅན། །ཚངས་ཆེན་བསྐལ་པས་ལེགས་པར་བརྒྱན་པའི་དགེ་ལེགས་རྒྱ་མཚོའི་བསོད་ནམས་ཞིང་། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །འདོད་དགུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་པ་ལན་གསུམ་ཕུལ་བས་ལུས་ཀྱི་སྒྲིབ་པ་དག །སྐུའི་དངོས་གྲུབ་ཐོབ་རང་བཞིན་སྤྲུལ་པའི་ཞིང་ཁམས་དག་པར་སྐྱེས་ནས་སངས་རྒྱས་ཀྱི་མཛད་པ་མཐར་ཕྱིན་པའི་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་རོ། །གཉིས་པ་ཚངས་པ་རྔ་སྒྲའི་ཞིང་ཁམས་མཎྜལ་དུ་འབུལ་བ་ནི། ཚོམ་བུ་དགུ་བཀོད་ལ་སྔ་མ་བཞིན་ལངས་ཏེ་ཐལ་མོ་གྲུ་བཞིས་མགྲིན་གཅིག་ཏུ། ཨཱོཾ་ཨཱ་ཧཱུྃ། འོག་མིན་གྱི་གནས་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་། ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པའི་ཞིང་ཁམས་ན། ཤིན་ཏུ་ཡིད་དུ་འོང་བའི་གཞལ་མེད་ཁང་ཆེན་པོ། སྒོ་བཞི་གྲུ་བཞི་རྟ་བབས་བཞི་དང་ལྡན་པ། རིན་པོ་ཆེའི་གདུགས། ཚོགས་ཀྱི་འཁོར་ལོ། ཤིན་ཏུ་
མཛེས་པའི་རི་དྭགས། ལྷའི་གོས། རྣམ་པར་རྒྱལ་བའི་རྒྱལ་མཚན། ཡིད་དུ་འོང་བའི་འཕན། ཟླ་བ་རླུང་གིས་བསྐྱོད་པ། རྔ་ཡབ་ནོར་བུའི་ཡུ་བ་ཅན། གསེར་གྱི་དྲིལ་བུ་གཡེར་ཁའི་ཕྲེང་བ། རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག །རྩིག་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་ཕ་གུ །ནོར་བུ་སྣ་ཚོགས་ཀྱི་དྲྭ་ཕྱེད། རྡོ་ཀརྨ་ཤི་ཤའི་མདའ་ཡབ། རིན་པོ་ཆེའི་དྲྭ་མིག །སེང་མའི་པུ་ཤུ། རབ་ཏུ་མཐོ་བའི་ཕྱུར་བུ། འདོད་ཡོན་གྱི་སྣམ་བུ། སྒེག་མོ་མ། ཕྲེང་བ་མ། གླུ་མ། །གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཞལ་ཟས་མ། སིལ་སྙན་མ། མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་ཕྱི་ནང་ཀུན་ཏུ་ཡང་ལེགས་པར་བཀོད་པའི་གནས། ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོ་ཡེ་ཤེས་རིན་པོ་ཆེའི་སྤྲིན་གྱི་དྲ་བས་བརྒྱན་པ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པ་རྒྱུན་གྱི་འཁོར་ལོར་འབུལ་ལོ། །བདེ་ཆེན་གནས་འདིར་ཤིན་ཏུ་མཐའ་ཡས་བཀོད་པའི་སྤྲིན་གྱི་འོད་ཟེར་ཅན། །སྒོ་བཞི་གྲུ་བཞི་རྟ་བབས་བཞི་ལྡན་ཡེ་ཤེས་ལྔ་ཡི་རྩིག་པས་བརྒྱན། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་མཆོད་པའི་སྤྲིན་གྱི་འོད་འཕྲོ་བ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་ལྷུན་གྲུབ་ཞིང་ལ་སྤྱོད་པར་ཤོག །ཅེས་པ་གསུམ་གྱིས་ངག་གི་སྒྲིབ་པ་དག །གསུང་གི་དངོས་གྲུབ་ཐོབ། རང་སྣང་འོག་མིན་གྱི་ཞིང་ལ་ལོངས་སྤྱོད་པར་འགྱུར་རོ། །གསུམ་པ་རྡོ་རྗེ་སྙིང་པོའི་ཞིང་ཁམས་མཎྜལ་དུ་འབུལ་བ་ནི། ཚོམ་བུ་ལྔ་བཀོད་ལ་ལངས་ཏེ་ཐལ་མོ་གྲུ་བཞིར་སྦྱོར་ནས་མགྲིན་
གཅིག་ཏུ། ཨཱོཾ་ཨཱཿཧཱུཾ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས། གདོད་མ་ནས་ངོ་བོ་ཉིད་ཀྱིས་རྣམ་པར་དག་ཅིང་། ནམ་མཁའ་ལྟར་སྟོང་ལ་མཐའ་དབུས་མེད་པ། ཉི་ཟླ་གཟའ་སྐར་ལྟར་བཀྲ་ཞིང་ལྷུན་གྱིས་གྲུབ་པ། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་མ་ཕྱེ་མི་འབྱེད་འབྱེད་པ་མེད་པའི་རང་བཞིན། སངས་རྒྱས་ཀྱི་ཞིང་དང་འགྲོ་བ་དྲུག་གི་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པའི་འབྱུང་གནས་ཆེན་པོ། ལྷུན་གྲུབ་རིན་པོ་ཆེའི་སྦུབས། སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་། དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས། གཞོན་ནུ་བུམ་པ་སྐུའི་ཞིང་ཁམས། །ཕྱི་དང་ནང་མེད་པར་ཀུན་ཏུ་ཡང་ནང་དུ་གྱུར་པ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུའི་འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་། ནམ་མཁའི་མཐའ་ཀླས་པར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཆེན་པོས། ལེགས་པར་བརྒྱན་པའི་བཀོད་པ་ཚད་མེད་པའི་མངའ་ཐང་ཆེན་པོ་ལ་དབང་འབྱོར་པ། འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས། རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། དགོངས་ཀློང་རྣམ་པར་དག་པའི་ངང་དུ་ཡེ་ཤེས་ཀྱི་མཆོད་པ་དམ་པ་འབུལ་ལོ། །གདོད་ནས་རྣམ་དག་འོད་གསལ་ཞིང་ནི་མ་སྐྱེས་ལྷུན་རྫོགས་འདུས་མ་བྱས། །སྣ་ཚོགས་མི་དམིགས་སྤྲོས་ཀུན་ཉེར་ཞི་ཡེ་ཤེས་རྣམ་ལྔའི་གཞལ་ཡས་ཁང་། །སྐུ་གསུམ་མཛད་པའི་འོད་ཟེར་དང་བཅས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །འོད་གསལ་ལྷུན་གྲུབ་ཡེ་ཤེས་རྣམ་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་པ་ལན་གསུམ་གྱིས་ཕུལ་བས་ཡིད་ཀྱི་
སྒྲིབ་པ་དག །ཐུགས་ཀྱི་དངོས་གྲུབ་ཐོབ། གདོད་མའི་གཞི་ལ་ལྷུན་གྱིས་གྲུབ་ནས་ཕྱོགས་བཅུར་སྐུ་དང་ཡེ་ཤེས་ཀྱི་རོལ་པས་འགྲོ་བའི་དོན་ལྷུན་གྱིས་གྲུབ་པའི་འབྲས་བུ་ཐོབ་པར་འགྱུར་རོ། །གསུམ་པ་འཁོར་བ་རྒྱུ་འབྲས་ཀྱི་ལམ་ཁྱེར་ནི། འདི་ལྟར་ཕྱི་ནང་སྣོད་བཅུད་འཁོར་བའི་རང་བཞིན་བདེ་སྡུག་སྣ་ཚོགས་སུ་སྣང་བ་ཐམས་ཅད། རང་རང་གི་ལས་སྣ་ཚོགས་སུ་བསགས་པའི་འབྲས་བུ་སྟེ། རྒྱུ་མི་དགེ་བ་ལས་ཀུན་འབྱུང་དང་དེའི་འབྲས་བུ་སྡུག་བསྔལ་གྱི་བདེན་པ་ཁམས་གསུམ་དང་རིགས་དྲུག་ན་རང་རང་གི་སྡུག་བསྔལ་སོ་སོར་མྱོང་བ་ཟོ་ཆུའི་འཁོར་ལོ་ལྟར་འཁོར་བ་མཐོ་དམན་དུ་འཁོར་ཞིང་། བསོད་ནམས་ཆ་མཐུན་གྱི་འབྲས་བུ་མཐོ་རིས་དང་། སྡིག་པས་ངན་སོང་དུ་སྐྱེ་ལ། རྒྱུ་ཐར་པ་ཆ་མཐུན་གྱི་དགེ་བས་ལམ་དང་དེའི་འབྲས་བུ་འགོག་པའི་བདེན་པ་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པས། དེའི་ཕྱིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བདག་དང་འགྲོ་བ་ཐར་བར་བྱ་དགོས། དེའི་ཆེད་དུ་ཐར་པའི་རྒྱུར་འགྱུར་བའི་དགེ་བ་འབའ་ཞིག་ལ་བསླབ་ཅིང་བསྒྲུབ་དགོས། དེ་ལྟར་མ་བྱས་ན་སྤྱིར་འཁོར་བའི་སྡུག་བསྔལ། བྱེ་བྲག་ཏུ་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་པའི་དུས་མི་འདུག་པས། དེ་རིང་ཉིད་ནས་ཐར་པའི་ལམ་སྣ་ཅིས་ཀྱང་ཟིན་པར་བྱ་དགོས། མི་ལུས་རིན་པོ་ཆེ་རྙེད་པར་དཀའ་བ་དལ་འབྱོར་གྱི་གྲུ་བོ་འདི་དོན་ཡོད་པར་བྱ་དགོས་སྙམ་དུ། སྙིང་ནས་འཁོར་འདས་དགེ་སྡིག་ལ་སྤང་བླང་གི་བློ་བསྒོམ་པ་ལ་འབད་དོ། །བཞི་པ་ཚེ་མི་རྟག་པའི་ལམ་ཁྱེར་ལ་གསུམ་ལས། དང་པོ་ནི་ཕྱི་དུས་བཞི་འགྱུར་བ་ལ་བསམས་ཏེ་ཚེ་མི་རྟག་པར་བསྒོམ་པ་ནི། ཕྱི་ནམ་ཟླའི་བྱེ་བྲག་དགུན་ནས་དཔྱིད། དཔྱིད་ནས་དབྱར། དབྱར་ནས་སྟོན་དུ་སོ་སོར་འགྱུར་ཞིང་ཞག་དང་ཟླ་བས་མི་རྟག་པ་བཞིན་དུ། རང་གི་ཚེ་ཡང་ངེས་པར་ཟད་པའི་རྟགས་ཡིན་ཏེ། ནམ་འཆི་འམ་སྙམ་དུ་སྙིང་ཐག་པ་ནས་བསྒོམ་མོ། །གཉིས་པ་ནང་འབྱུང་བཞི་འགྱུར་བ་ལ་བརྟེན་ནས་རང་གི་ཚེ་མི་རྟག་པར་བསྒོམ་པ་ནི། རང་གཞན་ཐམས་
ཅད་ཀྱི་ན་ཚོད་དང་ལང་ཚོ་ཡང་སོ་ཀའི་མེ་ཏོག་བཞིན་དར་ཅིག་རྒྱས་ཀྱང་ནམ་ཞིག་གུད་ལ་རྒས་པའི་རང་བཞིན་ཅན་ནད་དང་སྡུག་བསྔལ་གྱི་འབྱུང་གནས་འདི་ཡང་། སོ་སོར་ཞིག་ཅིང་རྣམ་པར་འཐོར་བ་དུར་ཁྲོད་ཀྱི་ཆོས་ཅན་དུ་ནམ་ཞིག་འགྱུར་ན་སྙམ་དུ་བསམ་པའོ། །གསང་བ་འབྱུང་བཞི་ཐིམ་ཚུལ་ལ་བསམས་ཏེ་ཚེ་མི་རྟག་པར་བསྒོམ་པ་ནི། ཐམས་ཅད་སྐད་ཅིག་གིས་མི་རྟག་ཅིང་འཇིག་པའི་ཆོས་ཅན། རྒན་གཞོན་དུ་རིམ་གྱིས་སོང་བ་རྣམས་བསམ་ཞིང་། རང་ཉིད་ཀྱང་འཆི་བའི་ཆོས་ཅན་ལས་མ་འདས་ཏེ་སྐྱེས་པའི་ཐ་མ་ངེས་པར་འཆི་བའི་རང་བཞིན་ནམ་འབྱུང་ངམ་སྙམ་པ་ནས། དེ་རིང་ནི་འཇིག་རྟེན་འདི་ན་འདུག་པའི་ཐ་མ་ཡིན་ལ། གྲོགས་དང་ཟས་གོས་དང་མལ་སྟན་གྱི་ཐ་མ་ཡིན་ངེས་སོ་སྙམ་པ་ནས་འབྱུང་བཞི་ཐིམ་ཚུལ་རྣམས་རང་གི་སྟེང་ནས་འབྱུང་བར་བསམས་ཏེ་སྙིང་ནས་མི་རྟག་པ་ཐུན་མོང་མ་ཡིན་པ་བསྒོམ་མོ། །ལྔ་པ་བྱམས་སྙིང་རྗེའི་ལམ་ཁྱེར་ལ་གསུམ་ལས། དང་པོ་སེམས་ཅན་བདེ་བ་དང་མི་ལྡན་པ་རྣམས་ལ་བྱམས་པ་བསྒོམ་པ་ནི། ཁམས་གསུམ་རིགས་དྲུག་གི་སེམས་ཅན་འདི་རྣམས་རྟག་ཏུ་འཁོར་བའི་སྡུག་བསྔལ་གྱིས་ཉམ་ཐག་ནས་བདེ་བ་དང་མི་ལྡན་པ་འདི་རྣམས་སྙིང་རེ་རྗེ། བདག་གི་ཕ་དང་མར་མ་གྱུར་པ་གཅིག་ཀྱང་མེད་ལ། ཕ་མ་ཉམ་ཐག་པ་འདི་རྣམས་ནམ་ཞིག་ན་འཁོར་བ་ལས་ཐར་བར་འགྱུར་ན་སྙམ་དུ་སྙིང་ནས་བསྒོམ་པའོ། །གཉིས་པ་སྙིང་རྗེ་ནི་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་དེ་དང་བྲལ་བར་ཤོག་ཅིག་སྙམ་པ་སྟེ། རེ་ཞིག་ངན་སོང་གི་གནས་ན་ཚ་གྲང་བཀྲེས་སྐོམ་གྱིས་ཉམ་ཐག །མི་རྣམས་སྐྱེ་རྒ་ན་འཆིའི་ཆུ་བོ་བཞིས་ཉམ་ཐག །ལྷ་མ་ཡིན་འཐབ་རྩོད་འཁྲུགས་ལོང་གིས་ཉམས་ཐག །ལྷ་རྣམས་འཆི་འཕོ་ལྟུང་བའི་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་མིག་སྔར་དུ་ཡོད་པ་ཙམ་ལ་དམིགས་ཏེ། འགྲོ་དྲུག་གི་སེམས་ཅན་དྲིན་ཅན་འདི་རྣམས་སྙིང་རེ་རྗེ་ན། འཁྲུལ་སྣང་འཁོར་བའི་སྡུག་བསྔལ་འདི་ལས། བདག་གི་ལུས་ལོངས་སྤྱོད་
དགེ་བའི་རྩ་བ་འདི་དག་གིས་ད་ལྟ་ཉིད་དུ་ཐར་ནས་བདེ་ཆེན་གྱི་ས་ལ་ཕྱིན་པར་ཤོག་ཅིག་སྙམ་དུ་ཡུན་རིང་དུ་བསྒོམ་པའོ། །གསུམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་སྨོན་པ་སྟེ། འདི་ལྟར་འཁོར་བ་ན་འཁྱམས་པའི་སེམས་ཅན་ཐམས་ཅད་ཐོག་མཐའ་མེད་པའི་དུས་ནས་གཏན་དུ་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་ཅིང་འཁོར་བ་རྣམས། བདག་ཁོ་ནས་སེམས་ཅན་གཅིག་ཙམ་ཡང་མ་ལུས་པར་འཁོར་བ་ནས་དྲངས་ཏེ་སངས་རྒྱས་ཀྱི་བྱང་ཆུབ་ལ་འགོད་པར་གྱུར་ཅིག་སྙམ་ཞིང་ཚིག་ཏུ་ཡང་བརྗོད་ནས་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་ཞིང་། སྤྱོད་ལམ་ཐམས་ཅད་དུ་སེམས་ཅན་གྱི་དོན་ལས་བྱ་རྒྱུ་མེད་པར་བློ་སྦྱོང་ངོ་། །དེ་དག་གི་དགོས་པ་ཡང་གཉིས་ཏེ། གནས་སྐབས་སུ་བླ་མའི་རྣལ་འབྱོར་གྱིས་བྱིན་རླབས་ཀྱི་སྒོ་འབྱེད། མཎྜལ་གྱི་རིམ་པས་སྒྲིབ་པ་གཉིས་ཀྱི་ལས་དག ། རྒྱུ་འབྲས་བསམ་པས་དགེ་སྡིག་གི་མཚང་ཤེས། མི་རྟག་པ་བསྒོམས་པས་ངེས་འབྱུང་དང་སྐྱོ་ཤས་སྐྱེ་སྟེ་འཇིག་རྟེན་གྱི་བྱ་བ་ལས་ལྡོག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བ སྒོམ་པས་ཐེག་ཆེན་གྱི་ལམ་དུ་འགྱུར་བ་དང་། མཐར་ཐུག་སངས་རྒྱས་ཐོབ་པའི་དགོས་པ་ཡོད་དོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོས་སེམས་ཀྱི་གནས་ལུགས་བསྟན་པ་ལ་བཞི་སྟེ། རུ་ཤན་དབྱེ་བ། སྒྲིབ་པ་སྦྱང་བ་སྔོན་དུ་འགྲོ་བ། རྣལ་དུ་དབབ་པའོ། །དང་པོ་ལ་གསུམ་ལས་རུ་ཤན་དབྱེ་བ་ནི་མི་མེད་པའི་ལུང་པ་སྟོང་པར་སོང་སྟེ། གཞི་བདག་ལ་གཏོར་མ་བྱིན་ནས། ད་ནི་སེམས་ཅན་གྱི་དོན་དུ་འཁོར་འདས་རུ་ཤན་དབྱེ་སྙམ་དུ་སེམས་བསྐྱེད་ནས། ལུས་རྡོ་རྗེ་མེ་འབར་བའི་སྤྱི་བོར་བླ་མའི་རྣལ་འབྱོར་བསྒོམས་ལ། འགྲོ་དྲུག་སྣ་ཚོགས་ཀྱི་སྤྱོད་པ་དྲན་པས་འགྲོ་བ་དང་། འདུག་པ་དང་མཆོངས་པ་དང་རྒྱུག་པ་ལ་སོགས་པ་དྲན་དགུ་བྱས་པའི་མཐར་ཞི་ཁྲོ་ལ་སོགས་པའི་བཞུགས་སྟངས་བྱའོ། །ངག་རུ་ཤན་འབྱེད་པ་ནི། འགྲོ་དྲུག་སོ་སོའི་སྐད་སྣ་ཚོགས་དང་། ཕཊ་དང་ཧཱུཾ་ལ་
སོགས་པ་སྨྲ་བརྗོད་དྲན་དགུ་བྱས་པའི་མཐར་ཆོས་ཀྱི་ཚིག་བརྗོད་པར་བྱའོ། །སེམས་རུ་ཤན་འབྱེད་པ་ནི། འགྲོ་དྲུག་གི་བདེ་སྡུག་དང་ཚོང་དང་འཁྲུགས་པ་དང་ཉོན་མོངས་པ་དང་ཆོས་དང་། ཆོས་མ་ཡིན་པའི་དྲན་བསམ་སྣ་ཚོགས་སྤྲོས་པའི་མཐར་ལྷའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །སྤྱོད་པ་གསུམ་པོ་དེ་ཆུན་གཅིག་ཏུ་སེམས་ལ་དྲན་པ་དང་། མཐུན་པར་ངག་ཏུ་བརྗོད་ཅིང་ལུས་ཀྱི་སྤྱོད་ཚུལ་དེ་དང་འདྲ་བར་ཉི་མ་གསུམ་དུ་བྱས་ནས། མཚན་མོ་ལུས་མི་གཡོ། ངག་མི་བརྗོད། སེམས་མི་རྟོག་པའི་ངང་ལ་རྣལ་དུ་དབབ་པར་བྱའོ། །དགོས་པ་ནི་ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག །བར་ཆོད་ཞི། མངོན་ཞེན་ལྡོག །སྐུ་གསུང་ཐུགས་རྡོ་རྗེར་འཚང་རྒྱ་བའོ། །གཉིས་པ་སྒྲིབ་པ་སྦྱོང་བ་ནི། སྦྱང་བྱ་རང་ཉིད་ཐ་མལ་པའི་སྤྱི་བོའི་ནང་དུ་ཨ་དཀར་ནག་ལ་ལྷའི་བག་ཆགས་ང་རྒྱལ། མགྲིན་པར་སུ་སེར་ནག་ལ་ལྷ་མ་ཡིན་གྱི་ཕྲག་དོག །སྙིང་གར་ནྲྀ་སྔོ་ནག་ལ་མིའི་འདོད་ཆགས། ལྟེ་བར་ཏྲི་དམར་ནག་ལ་དུད་འགྲོའི་གཏི་མུག །གསང་བར་པྲེ་ལྗང་ནག་ལ་ཡི་དྭགས་ཀྱི་སེར་སྣ། རྐང་མཐིལ་དུ་དུ་དུད་ཁ་ལ་དམྱལ་བའི་ཞེ་སྡང་གི་བག་ཆགས་རྣམས་ཡི་གེའི་ཁ་དོག་དང་མཐུན་པར་ཡོད་པ་ལ། ལས་དང་ཉོན་མོངས་པ་འཁོར་དང་བཅས་པ་སོལ་དོང་ནས་དུ་བ་འཕྱུར་བ་ལྟར་བསམས་ལ། སྦྱོང་བྱེད་སྐུ་གསུང་ཐུགས་ཀྱི་ཡི་གེའང་། སྤྱི་བོར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་མཐིང་ག་གསུམ་ལས་ཡེ་ཤེས་ཀྱི་མེ་འབར་བས་ཡི་གེ་དྲུག་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས་ནས་འཁོར་བ་ངན་སོང་གི་རྒྱུ་འབྲས་ཐམས་ཅད་དག་སྟེ། ལུས་ཤེལ་གོང་ཕྱིས་པ་ལྟར་བསམ་ཞིང་། ཨཱོཾ་ཨཱཿཧཱུཾ་དབྱངས་དང་བཅས་པས་བརྗོད་དོ། །དགོས་པ་གསུམ་ལས། ཐུན་མོང་དུ་སྒོ་གསུམ་གྱི་སྡིག་པའི་ས་བོན་འདག་ཅིང་བར་ཆད་ཞི་ནས་ཞེན་པ་བཟློག་པའོ། ཁྱད་པར་དུ་ཞེན་པ་ལོག་པས་ཕྱིས་འཁོར་བར་མི་འཇུག་པའོ། །མཐར་ཐུག་ཏུ་
སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཐོབ་པའོ། །གསུམ་པ་སྔོན་དུ་འགྲོ་བ་ལ་གསུམ་ལས། དང་པོ་ལུས་ཀྱི་སྔོན་དུ་འགྲོ་བ་ནི། རྐང་མཐིལ་གཉིས་སྤྲད། ལག་པ་སྤྱི་བོར་ཐལ་མོ་སྦྱར་ནས། རྡོ་རྗེ་མཐིང་ག་མེ་འབར་བ་གཅིག་ཏུ་བསྒོམ་མོ། །ལུས་ཁང་རུལ་ཞིག་པའི་རྣམ་པ་ལྟ་བུ་དང་། ཁོལ་བུར་ན་བ་དང་། དྲོད་སྐྱེ་བ་དང་། སེམས་མི་རྟོག་པའི་ངང་ལ་གནས་པ་ནི་ཚད་དོ། །དགོས་པ་གསུམ་ལས། ཐུན་མོང་དུ་སྡིག་པ་དག །བར་ཆོད་ཞི། མངོན་ཞེན་ལྡོག ཁྱད་པར་དུ་ལུས་འཁོར་བར་ལྡོག་ཅིང་སྤྲུལ་སྐུར་གྲོལ་བའོ། །མཐར་ཐུག་སྐུ་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བའོ། །ངག་གི་སྔོན་དུ་འགྲོ་བ་ལའང་། རྒྱས་གདབ་པ་དང་། རྩལ་སྦྱོང་བ་དང་། མཉེན་བཙལ་བ་དང་། ལམ་དུ་གཞུག་པ་བཞི་ལས། དང་པོ་ལ་གཉིས་ལས། ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། སོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུཾ་གསུམ་གཅིག་ཏུ་བསྲེས་ལ། ཧཱུཾ་གི་གླུ་སྙན་ལ་རིང་བར་བླངས་པས་སྣང་བ་ཐམས་ཅད་ཧཱུཾ་དུ་མེ་རེ་རེ་ཁེངས་པར་བསམ་མོ། །ཕྱི་སྣང་བའང་ཧཱུཾ་དུ་མེ་རེ་རེ་བྱུང་བ་ནི་ཚད་དོ། །ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཧཱུཾ་བརྗོད་དུས་ཕྱིའི་ཧཱུཾ་དེ་དག་ཁ་སྣའི་སྒོ་ནས་ཞུགས་སྟེ། ལུས་ཀྱི་ནང་དུ་སིབ་སིབ་ཐིམ་པར་བསྒོམས་པས། ལུས་མི་བདེ་བ་སྙམ་པ་དང་། ཧཱུཾ་གིས་གང་བ་སྙམ་པ་ནི་ཚད་དོ། །དགོས་པ་ནི་ཕྱི་ནང་གི་སྣང་བ་ཐམས་ཅད་རང་བཞིན་མེད་པར་འགྱུར་བའོ། །གཉིས་པ་རྩལ་སྦྱང་བ་ལའང་གཉིས་ལས། ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། ཧཱུཾ་མཐིང་ནག་མེ་འབར་བ་ཞིག་གིས་ཕྱི་རོལ་གྱི་གཟུགས་ཆེ་ཆུང་ཐམས་ཅད་ཕར་ཐལ་ཚུར་ཐལ་མར་ཐལ་ཡར་ཐལ་ཕུག་པར་བསམ་ཞིང་ཧཱུཾ་དྲག་ལ་ངར་ཆེ་བར་བརྗོད་དོ། །སྣང་བ་སང་སེང་ཁྲལ་ཁྲོལ་དུ་སོང་སྙམ་པ་ནི་ཚད་དོ། །ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། དམིགས་པ་དེ་ཉིད་ཀྱིས་རང་གི་ལུས་ཁེ་ཁོལ་མེད་པར་དབུག་གོ །ལུས་ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པའི་ཉམས་སྐྱེས་པ་ནི་འབྱོངས་པའི་ཚད་དོ། །དགོས་པ་ནི་ཕྱི་ནང་གི་ཆོས་རྡོས་བཅས་སུ་སྣང་བ་རྣམས་འོད་གསལ་འཇའ་ཚོན་
ལྟར་གྲོལ་བར་འགྱུར་རོ། །གསུམ་པ་མཉེན་བཙལ་བ་ནི། མདུན་དུ་དབྱུག་པ་བཙུགས་པ་ལ་ཧཱུཾ་གིས་བ་ཐག་དཀྲིས་པས་རྩེ་མོར་སླེབས་དུས་ཕྱིར་གྲོལ་བ་ལྟ་བུ་ལ་ཤེས་པ་གཏད་ནས་ཧཱུཾ་རིང་བར་བརྗོད་པས། ཤེས་པ་གང་གཏད་དུ་ལྷམ་མེར་སྡོད་པ་སྙམ་པ་ནི་ཚད་དོ། །དེས་ནི་དམིགས་པ་གང་དུའང་བསྒྱུར་དུ་བཏུབ་པའི་དགོས་པ་ཡོད་དོ། །བཞི་པ་ལམ་དུ་གཞུག་པ་ནི། མདུན་ན་ཕར་སྲིན་འགྲོས་ལྟ་བུའི་ལམ་ཕར་འཁྱོག་ཚུར་འཁྱོག་རྒྱང་རིང་པོའི་རི་རྩེ་ཟད་མཚམས་ལ་ཐུག་པར་བསམས་ལ། ཧཱུཾ་རིང་པོར་བརྗོད་ཅིང་དེའི་ཕ་རོལ་ཏུའང་མཐའ་མེད་པར་ཕྱིན་པ་ལ་སེམས་གཏད་པས་དགའ་བ་སྐྱོ་བ་ལ་སོགས་པའི་ཉམས་སྐྱེས་པ་ནི་ཚད་དོ། །དེས་ནི་ལུས་ངག་གི་ལམ་སྲོལ་དུ་ཚུད་པའི་དགོས་པ་ཡོད་དོ། །དེ་ལྟར་ངག་གི་སྔོན་འགྲོ་བྱས་པ་ལ་དགོས་པ་གསུམ་ལས། ཐུན་མོང་དུ་ངག་གི་སྡིག་པ་འདག་ཅིང་། ཡོན་ཏན་འཐོབ་མངོན་ཞེན་ལྡོག་པའོ། ཁྱད་པར་དུ་ངག་ཕྱིས་འཁོར་བར་མི་འཇུག་ཅིང་། ལོངས་སྐུར་གྲོལ་བའོ། །མཐར་ཐུག་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བའོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལའང་། དང་པོར་རྩད་བཅད་པ། བར་དུ་མཚང་བཙལ་བ། ཐ་མར་གནས་ལུགས་ལ་བརྟག་པ་གསུམ་ལས། རྩད་བཅད་པ་ནི། ལུས་ངག་ཡིད་གསུམ་པོ་འདི་གང་འཁོར་བར་འཁྱམས་པ་ཡིན། བདེ་སྡུག་དང་དགག་སྒྲུབ་ཐམས་ཅད་ཀྱི་བྱེད་པ་པོ་གང་ཡིན། ཚེ་སྔ་ཕྱིར་ཡང་གང་འཕོས་ཤིང་བརྒྱུད་པ་ཡིན། གཙོ་གང་དུ་འདུག་སྙམ་དུ་བརྟགས་པས། སེམས་གཙོ་ཆེ་བར་ཤེས་པ་ནི་རྐུན་མ་ངོས་ཟིན་པ་ལྟ་བུའོ། །མཚང་བཙལ་བ་ནི། སེམས་དང་དེའི་ཡུལ་སྣང་གཉིས་གཅིག་གམ་ཐ་དད་ལ་བརྟག་པ་སྟེ། །དེའང་ལུས་ངག་སེམས་གསུམ་པོ་གཅིག་གམ་ཐ་དད། གཅིག་ན་ལུས་ངག་ལྟར་སེམས་ཀྱང་མཐོང་ཐོས་སུ་འགྱུར་ལ། ཐ་དད་ན་ལུས་རྡུལ་ཕྲན་ཆ་མེད། །ངག་རྗེས་མེད་གཏད་ཡལ། སེམས་བྱ་ལམ་རྗེས་མེད་དུ་སོང་རྗེས། ཐ་དད་བྱ་དང་། དད་
བྱེད་འདུག་གམ། དཔྱད་ན་འབྲེལ་བ་མ་གྲུབ་པའི་ཕྱིར་གཅིག་དང་ཐ་དད་མ་ཡིན་ནོ། །དེ་ལྟར་ན་གཉིས་ཡིན་དང་། གཅིག་མ་ཡིན་གྱི་ཕུང་པོ་གསུམ་པའང་ཞར་ལ་ཁོག་པས་གཅིག་དང་ཐ་དད་དུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་ཕྱི་གཟུགས་སྒྲ་དྲི་རོ་རེག་དང་། ནང་སེམས་ལ་སེམས་ཀྱི་འཛིན་དུས་ན། གཟུགས་ཡུལ་དུ་སྣང་བ་དང་། འཛིན་བྱེད་ཤེས་པ་གཉིས་གཅིག་དང་ཐ་དད་ལ་བརྟགས་པས། ཡུལ་མེད་རྟེན་འབྲེལ་གཅིག་ཏུ་རྟོག་ཏེ། གཟུང་འཛིན་གྱི་རྩ་བ་ཆད། །གཉིས་འཛིན་གྱི་མཁར་པོ་འགྱེལ། །བདག་གཞན་གྱི་སྣང་བ་ནུབ། །དགྲ་གཉེན་གྱི་འཁྲུལ་འཛིན་ཞིག །དགག་སྒྲུབ་ཀྱི་སྤྲིན་ཚོགས་དེངས། །ཆོས་ཉིད་ནམ་མཁའ་ལྟ་བུའི་དགོངས་པ་ལ་ཕྱིན་ཏོ། །གནས་ལུགས་ལ་བརྟག་པ་གསུམ་ལས། དང་པོ་བྱུང་ས་བྱུང་མཁན་ལ་བརྟག་པ་ནི། སེམས་ནི་ཡུལ་ལ་འཆར་དུས་ན། ཡུལ་ལས་སེམས་བྱུང་ངམ། སེམས་ལས་སེམས་བྱུང་། ཡུལ་ལས་སེམས་བྱུང་ན་ཡུལ་དེ་རགས་པ་ཡིན་ན་རྡུལ་ཕྲན་ཆ་མེད་དུ་བསིལ་བས་མ་གྲུབ་པས་དེའི་ཆོས་བྱུང་བའི་ཡུལ་མེད་པས་དེ་ལས་བྱུང་བའི་སེམས་མི་འགྲུབ་བོ། །ཕྲ་བ་ཡིན་ན་ཁ་དོག་དང་དབྱིབས་དང་ཆ་ཤས་བརྟག་པས་མི་རྙེད་དོ། །སེམས་ལས་སེམས་བྱུང་ན་སྐད་ཅིག་རང་དུས་ན་སེམས་ཆ་གཉིས་སུ་འགྱུར་ཏེ། བྱུང་ས་དང་བྱུང་མཁན་ཆ་གཉིས་སུ་ཡོད་པའི་ཕྱིར་རོ། །དེ་ལྟར་ན་སེམས་སྐད་ཅིག་ལ་ཆ་གཉིས་མེད་པས་ཀྱང་སེམས་ལས་སེམས་བྱུང་ས་མ་གྲུབ་བོ། །འོན་ཀྱང་བྱུང་ངོ་སྙམ་ན། སེམས་དེས་དེ་སྐད་ཟེར་རམ། ཡི་གེ་བྲིས་པ་འདུག་གམ། ཁྱོད་རང་སྙམ་པ་ཡིན་ནམ། དེ་སྐད་ཟེར་བ་དང་བྲིས་པ་འདུག་ན་ག་རེ། ཅི་ཡང་མི་འདུག་གོ་སྙམ་པས་དེར་འགྲོ་ན། སྣང་བ་འདི་མུན་པའོ། །སྙམ་པ་བྱས་དུས་དེར་འགྲོའམ། དེས་ན་བློས་བཀོད་པ་སྒྲོ་བཏགས་པ་ཡིན་པས་ཀྱང་རང་བཞིན་མ་གྲུབ་ལ། དེ་ལས་གཞན་དུའང་སྐྱེ་ས་དང་སྐྱེ་མཁན་མེད་པས། སེམས་དང་པོར་སྐྱེ་བ་མེད་པར་གཏན་ལ་ཕེབས་པས། ཆོས་སྐུ་བློ་བྲལ་ཆེན་པོ་
ཐོག་མའི་ཟད་ས་ཤེས་སོ། །བར་དུ་གནས་ས་གནས་མཁན་ལ་བརྟག་པ་ཡང་དེ་དང་འདྲ་སྟེ། ཡུལ་དྲུག་གི་རང་བཞིན་ལ་དཔྱད་པས་གཞི་མེད་ནམ་མཁའ་ལྟར་དག་སྟེ་གནས་པའི་ཡུལ་མེད། གནས་མཁན་རང་གི་སེམས་ལ་བརྟགས་པས། ཁ་དོག་དང་དབྱིབས་དང་ངོ་བོ་དང་ངོས་གཟུང་མ་རྙེད་པས། འཛིན་བྱེད་ཤེས་པའི་རང་བཞིན་མ་རྙེད་དེ །གཟུང་འཛིན་སེམས་ཀྱི་འཁྲུལ་པ་སྟོང་ནས། གནས་ས་མེད་པའི་སེམས་ཉིད་ལོངས་སྐུ་གཞི་བྲལ་གསལ་དག་ཆེན་པོ་ཆོས་ཉིད་རང་བབས་ཀྱི་དགོངས་པར་ཤེས་སོ། །ཐ་མར་འགྲོ་ས་འགྲོ་མཁན་ལ་བརྟག་པས། ཡུལ་ཐོག་དུ་ཤར་བའི་སེམས་ཞེས་མ་གྲུབ་སྟེ། དང་པོ་མ་སྐྱེས་པས་བར་དུ་མི་གནས། མི་གནས་པ་ལ་འགག་པ་མེད་པས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཉིད། ཤར་གནས་རིས་མེད་མཉམ་པ་ཆེན་པོར་ལ་བཟླ་སྟེ། རིག་སྟོང་རང་གྲོལ་སྤྲུལ་པའི་སྐུར་ཐག་ཆོད་པས། ཕྱ མ་མཉམ་ཡངས་པ་ཕྱོགས་ཡན་ཆེན་པོར་བློ་བདེ་བའོ། །དེ་ལྟར་སེམས་ཀྱི་སྔོན་འགྲོ་བྱས་པ་ལ་དགོས་པ་གསུམ་ལས། ཐུན་མོང་དུ་སེམས་ཀྱི་སྡིག་པ་འདུག །ཡོན་ཏན་སྐྱེ་མངོན་ཞེན་ལྡོག་པའོ། ཁྱད་པར་དུ་ཕྱིས་འཁོར་བར་མི་འཇུག་ཅིང་ཆོས་སྐུར་གྲོལ་བའི། མཐར་ཐུག་ཐུགས་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བའོ། །བཞི་པ་རྣལ་དུ་དབབ་པ་ནི། བདེ་བའི་མལ་དུ་ལུས་སོ་མ་སྒུལ་བསྐྱོད་དང་བྲལ་བ། ངག་སོ་མ་སྨྲ་བརྗོད་དང་བྲལ་བ། ཡིད་སོ་མ་དྲན་རྟོག་དང་བྲལ་བར་ལྷོད་ཀྱིས་གློད་ལ་རང་བབས་སུ་ཉལ་ལོ། །དགོས་པ་གསུམ་ལས། ཐུན་མོང་དུ་རྩ་རླུང་ཁོད་སྙོམས་པས་འབྱུང་བ་མི་འཁྲུགས་ཤིང་ནད་མེད་པའོ། ཁྱད་པར་དུ་ཏིང་ངེ་འཛིན་རང་བབས་སུ་སྐྱེ་ཞིང་ལུས་སེམས་ངང་གིས་བདེ་བའོ། །མཐར་ཐུག་སྒོ་གསུམ་གྱི་འཛིན་པ་རང་གྲོལ་དུ་འགྲོ་བའོ། །དོན་གཉིས་པ་དངོས་གཞི་རིག་པའི་རང་ངོ་སྤྲད་པས་འོད་གསལ་ཆོས་སྐུ་ཅེར་མཐོང་དུ་བསྟན་པ་ལ། ཀ་དག་ཆོས་ཟད་དུ་ལ་བཟླ་བ་གཞི་ཁྲེགས་ཆོད་དང་། ལྷུན་
གྲུབ་འོད་གསལ་དུ་འགག་བསྡོམ་པ་ལམ་ཐོད་རྒལ་དུ་ངོ་སྤྲད་པ་གཉིས་ལས། དང་པོ་ཁྲེགས་ཆོད་ལ་ངོ་སྤྲད་པ། རྩལ་སྦྱང་བ། བོགས་དབྱུང་བ་གསུམ་ལས། དང་པོ་ནི་ཚོགས་གཏོར་བཤམས། གསོལ་བཏབ་བརྒྱུད་པའི་བཤར་བཏབ་པའི་རྗེས་ལ། དཔོན་སློབ་ཀུན་ཤེས་པ་ཁོང་གློད། རིག་པ་དྭངས་ཕྱུང་། ས་ལེ་ཡེ་རེ་བའི་རང་ངོ་སྤྲད་པར་བྱ་སྟེ། ཀྱཻ་སྐལ་ལྡན་ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་ལྟོས་དང་། རྟོག་པར་མ་འཕྲོས། རྩེ་གཅིག་ཏུ་མ་བཟུང་། སྤང་བླང་དང་རེ་དོགས་ཀྱིས་མ་བསླད་པ། གསལ་བ་ལ་འཛིན་པ་མེད་པ། དྭངས་པ་ལ་ཕྱི་ནང་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་པ། ངང་དང ས་ལ་ངོས་གཟུང་མེད་པ། ཟང་ཐལ་ལ་ཕྱ མ་བརྡལ་བ། རང་བབས་རྗེན་པ་འདི་ཉིད་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ། ཆོས་སྐུ་འགྱུར་བ་མེད་པའི་རང་བཞིན་དུ་རང་ངོ་ཤེས་པར་གྱིས་ལ། རང་དངས་འཛིན་མེད་ཆེན་པོར་སྐྱོངས་ཤིག །དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །སལ་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་ག ཡོ་དངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་ཞོག །འཕྲོས་ནས་རང་རིག་དངས་སངས་སྐྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པ་དང་། ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་ཐེབས་པར་གདབ་བོ། །གཉིས་པ་རྩལ་སྦྱང་བ་ལ། རང་གནས་བསམ་གཏན་གྱི་ངང་ལ་རྩལ་སྦྱང་བ་དང་། རང་དངས་ཡེ་ཤེས་ཀྱི་རོལ་པ་ལ་རྩལ་སྦྱང་བ་གཉིས་ལས། དང་པོ་ལའང་རང་གནས་ཀྱི་བསམ་གཏན་ངོས་གཟུང་བ་དང་། མཉམ་རྗེས་བསྲེ་བའི་ཐབས་བསྟན་པ་གཉིས་ལས། དང་པོ་ནི་སྐྱིལ་ཀྲུང་བཅས་ལ། མིག་མི་འགུལ་བས་ཅུང་ཟད་ཐུར་དུ་བལྟས་པས། སེམས་དྭངས་
ལ་མི་རྟོག་པའི་ངང་དེ་ཉིད་ཀྱི་དུས་ན་མིག་དྲང་ཐད་དུ་ཧ་རེ་གཏད་པས། སྔར་གྱི་མི་རྟོག་པའི་དྭངས་དེ་ཞིག་ཀྱང་། བྱུང་ཚོར་གྱི་རྟོག་པ་དང་དྲན་འཛིན་གྱི་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་པ། གཞི་ཕྱལ་པ་གཅིག་འཆར་ཏེ། དེ་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་དུ་ཤེས་པར་བྱའོ། །དེ་ཉིད་ངོས་ཟིན་ནས་ཕྱིས་ཤེས་པ་གནས་སམ་འཕྲོའམ། དགག་སྒྲུབ་དང་། ཉོན་མོངས་དང་། མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་ལ་སོགས་པ་གང་གི་དུས་སུའང་རང་རིག་རང་བབས་ལ་ཆེར་གྱིས་གཏད་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་དེ་རྗེན་སངས་ཀྱིས་འཆར་ཏེ། འདི་ཁོ་ན་མ་བྱས་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བོ་ལྟ་བུ་ཡིན་ནོ། །དེ་ངོ་མ་ཤེས་ན་རྐྱེན་རེས་འགའ་བའི་སྒོམ་པས་རྐྱེན་མི་ཐུབ་ཅིང་། བར་དོའི་བསམ་གཏན་ངོས་མི་ཟིན་པའི་སྐྱོན་ཡོད་དོ། །དེ་ཉིད་ཀློང་དྲུག་པ་ལས་ཀྱང་།། རང་བཞིན་གནས་པའི་བསམ་གཏན་དང་། །རྩ་རླུང་སེམས་ཀྱི་ངལ་གསོ་གཉིས། །འདྲོའོ་འདྲའོ་ནོར་ར་རེ། །ཞེས་གསུངས་པ་ཡིན་ནོ། །གནད་འདི་ཆོས་འདིའི་དཀའ་བའི་གནས་ཏེ། རང་བྱུང་པདྨའི་བྱིན་རླབས་ལས་རང་བབས་ཤེས་པ་ཡིན་ནོ། ཕྱིན་ཆད་རང་བཞིན་གྱི་བསམ་གཏན་ངོས་ཟིན་པ་དག་ནི་ཡི་གེ་འདིའི་མཐུ་དང་། །བདག་གི་བརྒྱུད་པ་ལས་བྱུང་བར་བལྟའོ། །མཉམ་རྗེས་བསྲེ་བའི་ཐབས་ནི། དེའི་ངང་ལ་ཅུང་ཟད་བརྟན་པ་ཐོབ་ནས་བསྡད་པ་ལས་ལངས་ཏེ་ཁྲོ་བོའི་སྟངས་སྟབས། གྱད་གྱི་དོར་སྟབས། སེང་གེའི་མཆོངས་སྟངས་གསུམ་ལ་བསླབ་པ་ལས། དང་པོ་ནི་ལྷན་ནེ་བསྡད་དུས་ཀྱི་བསམ་གཏན་གྱི་ངང་མ་ཤོར་བ་ལས་ལངས་ཏེ། གཡས་བསྐུམ་གཡོན་བརྐྱང་དུ་བྱེད་ཅིང་། མིག་ཕར་འཕྲུལ་ཚུར་འཕྲུལ་བྱས་ལ་བསམ་གཏན་དང་བསྲེ་བའོ། །དེ་བརྟན་ནས་གྱད་ཀྱི་དོར་སྟབས་ནི་བསམ་གཏན་གྱི་ངང་མ་ཤོར་བས་གོམ་པ་དལ་བུས་གྱ་ཚོམས་སུ་འདོར་བའོ། །དེ་བརྟན་ནས་སེངྒེའི་མཆོངས་སྟངས་ནི། བསམ་གཏན་གྱི་ངང་མ་ཤོར་བས་དྲག་ཏུ་འགྲོ་ཞིང་རིང་དུ་མཆོངས་པ་དང་། དལ་བུས་
འགྲོ་ཞིང་ས་ལ་སྡོད་པ་དང་། སྐད་ཅིག་ལ་ལངས་ཤིང་ཅ་ཅོར་སྒྲོགས་པ་དང་། དྲན་བསམ་དུ་སྤྲོ་ཞིང་རྟོག་མེད་དུ་འཇོག་པ་ལ་སོགས་པ་ལ་བསླབས་པས། སྤྱོད་ལ་ཐམས་ཅད་རང་བཞིན་གྱི་བསམ་གཏན་དང་འདྲེས་ནས། བྱ་བྱེད་དང་། སྨྲ་བརྗོད་དང་། དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་ཏེ་མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། བླང་དོར་གྱི་ཆོས་མེད། བསྒོམ་བྱའི་བློ་མེད། ཡིན་མིན་གྱི་རྩིས་མེད་པར་ཐམས་ཅད་རིག་པའི་རང་གདངས་རོལ་པ་གཅིག་ཏུ་འདྲེས་ཏེ། རྒྱ་ཡན་དུ་སོང་ཡང་ཕྱལ་བ་མ་ཤོར། ཆེད་དུ་མ་བསྒོམས་ཀྱང་ཏིང་ངེ་འཛིན་དང་མི་འབྲལ་བས། ཆོས་ཉིད་ཟད་པའི་དགོངས་པ་དགེ་སྡིག་བླང་དོར་ལས་འདས་པ་ལྟ་སྒོམ་སྤྱོད་འབྲས་ཀྱི་ཕན་གནོད་མེད་པར་རྟོགས་པས། སྒོམ་མེད་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་པ་རང་བཞིན་གྱིས་གནས་པར་འགྱུར་རོ། །གཉིས་པ་ལ། གནས་པ་སེམས་ཀྱི་རྒྱན་དུ་ཤར་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ། གཉིས་མེད་མཉམ་པའི་ངང་དུ་གནས་པ་གསུམ་ལས། དང་པོ་ནི་ལུས་ངག་ཡིད་གསུམ་ཁོང་གློད་ལ་སོས་བརྡལ་ཏེ་ལྷན་ནེར་གནས་པའི་ཚེ། དགག་སྒྲུབ་ཀྱི་རྟོག་པ་སྣ་ཚོགས་སུ་འཕྲོར་བཅུག་ལ། ཕྱམ་གྱིས་བཞག་ལ་ཆེར་ཀྱིས་བལྟས་པའི་ཚེ། རྒྱ་མཚོ་ལ་རླབས་ཞི་བ་ལྟར་འཕྲོ་མཁན་གྱི་ཤེས་པ་དང་། འཕྲོ་བྱའི་ཡུལ་གཉིས་སུ་མ་གྲུབ་པར་ཕྱམ་གྱིས་སེམས་གཞི་མེད་རྩ་བ་དང་བྲལ་བ་རང་བཞིན་གཞིའི་ངང་དུ་རང་བབས་སུ་གནས་པ་ནི། གདོད་མ་ཀ་དག་གི་གནས་ལུགས་ཆོས་སྐུ་འཕོ་འགྱུར་མེད་པའི་དགོངས་པ་ལ་ངོ་སྤྲད་པའོ། །གཉིས་པ་ནི། དེ་ཉིད་ཀྱི་ངང་ལས་སྣ་ཚོགས་ཀྱི་རྟོག་པ་སྤྲོས་ལ། དགག་སྒྲུབ་དང་རེ་དོགས་མེད་པར་གང་ཤར་གྱི་རྟོག་པ་དེར་འཛིན་པ་མེད་པས་རྒྱ་ཡན་དུ་བཅུག་ལ། སྔ་ཕྱི་དྲན་བསམ་གྱི་མདུད་པ་བོར་ནས། ད་ལྟའི་རིག་པ་ཐོལ་སྐྱེས་ཐོལ་ནུབ་ཏུ་འགྲོ་བ་གཤིས་ཀྱི་གནས་ལུགས་ཇི་ལྟར་འཕྲོས་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བར་རྒྱ་མཚོ་ལས་རླབས་པོ་ཆེ་ཤར་བ་ལྟ་བུ། རང་གྲོལ་རང་ཤར་
གྱི་ངོ་བོ་ཐུགས་རྗེ་འགག་པ་མེད་པའི་དགོངས་པ་ལ་ངོ་སྤྲད་པའོ། །གསུམ་པ་ནི་འཕྲོ་གནས་གཉིས་སུ་མེད་པ་སྟེ། གནས་བདོ་བའི་དུས་ན་མིག་སྒྲིལ་བས་འཕྲོ་ཡ ང་རང་བབས་སུ་བཞག་པས་གནས་ལ། འཕྲོ་བདོ་བའི་དུས་སུ་མིག་མ་འགུལ་བར་ཕྱམ་གྱིས་བཞག་པས་གནས་ཏེ། འཕྲོ་བ་དང་གནས་པ་གཉིས་སུ་མེད་པ་རྒྱ་མཚོ་ལས་རླབས་བུ་ཆུང་ཤར་བ་ཉིད་རྒྱ་མཚོར་ཞི་བ་ལྟ་བུའི་ངང་ལ་བཞག་གོ །དེའང་གནས་པ་མི་བསྲིང་། འཕྲོ་བ་མི་དགག་མཉམ་པ་མི་བསྒྲུབ། སེམས་ཇི་ལྟར་ཤར་ཡང་དེ་ལྟར་མི་འཛིན་པས་དགག་སྒྲུབ་བླང་དོར་རེ་དོགས་ལས་འདས་པའི་ཆོས་ཉིད་ཡེ་གྲོལ་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ལ་ངོ་སྤྲད་པའོ། །དེ་ལྟར་ན་རང་ཤར་དུ་འདུག་པས་རང་གྲོལ་དུ་གྲོལ། ངེས་མེད་དུ་འདུག་པས་འཛིན་མེད་དུ་གྲོལ། ཡེ་གྲོལ་དུ་འདུག་པས་གཞི་བྲལ་དུ་གྲོལ། ཐོག་བབས་སུ་འདུག་པས་ཅར་ཕོག་ཏུ་གྲོལ། རང་གྲོལ་དུ་འདུག་པས་སྣང་སྟོང་དུ་གྲོལ་བའོ། །དེའང་རྣམ་རྟོག་མ་སྤངས་གཞི་ནས་གྲོལ་བས་བསྐྱར་ནས་གྲོལ་བྱེད་འབད་སྩོལ་ཞིག་པའི་གདེང་ཆོས། གང་ཤར་གྱི་རྣམ་རྟོག་རང་སར་གྲོལ་བས་དྲན་འཛིན་གྱི་གཉེན་པོ་ལ་མི་ལྟོས་པའི་གདེང་ཆོས། ཡུལ་དྲུག་ཅེར་མཐོང་དུ་གྲོལ་བས་སྔ་ཕྱིར་འཛིན་པའི་ཤེས་པ་དང་བྲལ་བའི་གདེང་ཆོས། བཟང་ངན་ཡོངས་གྲོལ་དུ་ཤེས་པས་བླང་དོར་ཕྱོགས་འཛིན་དང་བྲལ་བའི་གདེང་ཆོས། མདོར་ན་གང་ཤར་གྱི་རིག་པ་བཅིངས་གྲོལ་ལས་འདས་པའི་རང་བཞིན་འགྲོ་འོང་དང་བྲལ་བར་གཏན་ལ་ཕེབས་ཏེ། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་དགྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པར་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱི་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་
རྩོལ་སྒྲུབ་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་རྩོལ་མེད། ཅེས་ངོ་སྤྲད་དོ། །གསུམ་པ་ལ་གསུམ་ལས། དང་པོ་དུག་ལྔ་རང་གྲོལ་ནི། ཕྱི་ནང་གི་འདོད་ཆགས་མི་བཟོད་པ་ཅི་སྐྱེས་པའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཕྱམ་གྱིས་བཞག་པས་བདེ་སྟོང་གཉིས་སུ་མེད་པའི་ངང་ལ་རང་གྲོལ་ལོ། །ཞེ་སྡང་རགས་པའི་ངོ་བོ་ལ་ཅེར་གྱི་བལྟས་ནས་ཕྱམ་གྱིས་བཞག་པས་གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་གྲོལ་ལོ། །གང་ཡང་མི་རྟོག་པའི་ཤེས་པ་ལུང་མ་བསྟན་རྨུགས་འཐིབས་པ་ལ་སོགས་བྱུང་དུས་གཏི་མུག་གི་ངོ་བོ་ལ་ཅེར་གྱིས་བལྟས་ལ་ཕྱམ་གྱིས་བཞག་ནས་གནས་པའི་ཞི་གནས་དེ་ཡང་བཤིག་ལ་རང་གྲོལ་དུ་ཕྱམ་གྱིས་བཏང་བ་ནི། ཆོས་སྐུ་གཞི་བྲལ་གྱི་ཡེ་ཤེས་སུ་རང་གྲོལ་ལོ། །ང་རྒྱལ་ཕྲག་དོག་གི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཕྱམ་གྱིས་བཞག་པས་རང་གསལ་གཉུག་མའི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གྲོལ་ལོ། །གཉིས་པ་སྒོ་ལྔ་རང་གྲོལ་ནི། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་འཛིན་པ་གང་སྐྱེས་པ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཕྱམ་གྱིས་བཞག་པས་ཆོས་སྐུ་ཀ་དག་ཆེན་པོར་རང་གྲོལ་ལོ། །གསུམ་པ་ཚོགས་དྲུག་རང་གྲོལ་ནི། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། ཡིད་ཀྱི་བྱུང་ཚོར་དྲན་རིག་གི་དགག་སྒྲུབ་ཆགས་སྡང་ཅི་སྐྱེས་པ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཕྱམ་གྱིས་བཞག་པས་ཡེ་སྟོང་རྩ་བྲལ་ཆེན་པོའི་ངང་དུ་ལ་ཟློས་ཏེ་གནས་ལུགས་སྟོང་གསལ་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་བོ། །དེས་ནི་གང་ཤར་བླང་དོར་རེ་དོགས་ལས་འདས་པ་མ་བསྒོམས་ཡེ་ཤེས་ལྷུག་པའི་རང་བཞིན་དུ་ཁྲེགས་ཆོད་པའོ། །དོན་གཉིས་པ་ལྷུན་གྲུབ་འོད་གསལ་དུ་འགག་བསྡམ་པ། ལམ་ཐོད་རྒལ་དུ་ངོ་སྤྲད་པ་ལ། སྔོན་འགྲོ་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཚུལ། དངོས་གཞི་དེ་ཉིད་ངོ་སྤྲད་པའི་ཚུལ། རྗེས་རྣལ་འབྱོར་བཞིས་ཉམས་སུ་བླང་བའི་ཚུལ་དང་གསུམ་ལས། དང་པོ་ནི་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་
ཕྲུགས་སུ་བཏང་སྟེ་དལ་བར་གནས་པའོ། །དེའང་ལུས་ཕྱིའི་བྱ་བ་ཚོང་སོ་ནམ་ལ་སོགས་པ་འཇིག་རྟེན་གྱི་འཁྲུལ་པའི་ཀུན་སྤྱོད་སྣ་ཚོགས། ནང་ཕྱག་དང་བསྐོར་བ་ལ་སོགས་པ་དམན་པའི་དགེ་བ། གསང་བ་རྣམ་གཡེང་དང་འདུ་ཛི་སྤངས་ཏེ་གཅིག་པུར་འདུག་པའོ། །ངག་གི་ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་སྣ་ཚོགས། གསང་བ་སྨྲ་བརྗོད་ཀྱི་རྣམ་པ་བཀག་ནས་ལྐུགས་པ་ལྟར་རོ། །ཡིད་ཀྱི་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་སྣ་ཚོགས། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་དྲན་རིག་གི་རྣམ་རྟོག་སྣ་ཚོགས་བཀག་ནས་རྟོག་མེད་ཀྱི་ངང་ལ་གནས་པའོ། །དེ་ལྟར་བྱས་པ་ལ་དགོས་པ་གཉིས་ལས། གནས་སྐབས་སུ་བྱ་བ་ཐེངས་པས་འཁྲུལ་ཕྱིར་མི་འབྲང་ལ། མཐར་ཐུག་ཟག་མེད་ཀྱི་ཡེ་ཤེས་མྱུར་དུ་འཆར་བའི་དགོས་པ་ཡོད་དོ། །གཉིས་པ་ལ་གསུམ་ལས། ལུས་ཀྱི་གནད་བཞུགས་སྟངས་གསུམ་ལ་གནས་པའོ། །དེའང་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི་ཙོག་པུ་རྐང་མཐིལ་གཉིས་སྤྲད་དེ་པུས་མོ་གཉིས་ཕྱིར་བསྒྲད་ལ། ལག་མཐིལ་བརླའི་ཕྱི་ནས་ས་ལ་བཙུགས་པའམ། ནང་དུ་བཙུགས་པའི་མཐེ་བོང་བཅངས་ཏེ་མཇིང་པ་ཡུད་ཙམ་གྱེན་དུ་གཏོད་ལ། སྨིན་ཕྲག་གི་ནམ་མཁའ་ལ་མ་འགུལ་བར་བལྟའོ། །ལོངས་སྐུའི་བཞུགས་སྟངས་གླང་པོ་ནི་ཁ་སྦུབ་ཀྱིས་པུས་བྲང་སྦྱར་ལ་གྲུ་མོ་གཉིས་ས་ལ་བཙུགས་ཏེ། ལག་མཐིལ་གཉིས་ཀྱིས་ཨོལ་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར་ཞིང་། སྒལ་ཚིགས་བསྲངས་ཏེ་མིག་ནམ་མཁའ་ལ་ཟུར་གྱིས་རིག་པར་བལྟ་འོ། །སྤྲུལ་པའི་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ནི། ཙོག་པུར་འདུག་པའི་རྐང་པའི་ལོང་བུ་གཤིབས་ཏེ་ལག་པ་གཉིས་མཁལ་ཁུང་ངམ་པུས་མོ་ལ་བསྐོར་ནས་སྒལ་ཚིགས་བསྲངས་ཏེ་མིག་བར་སྣང་ལ་ཟིམ་བུར་བལྟའོ། །དེ་ལྟར་བྱས་པའི་དགོས་པ་ནི། གནས་སྐབས་སུ་བཞུགས་སྟངས་དང་པོས་ནང་གི་འབྱུང་བ་རྣམས་འཛད་པ་དང་། གཉིས་
པས་གཡོ་བྱེད་ཀྱི་རླུང་ཟིན་པ་དང་། གསུམ་པས་དྲོད་སྐྱེ་ཞིང་འབྱུང་བ་སྙོམས་པའོ། །མཐར་ཐུག་ནི་རིམ་པ་བཞིན་ཀ་དག་གི་དོན་རྟོགས་པ་དང་། ལྷུན་གྲུབ་ཀྱི་དོན་འཆར་བ་དང་། །འཁྲུལ་སྣང་ཞིང་ཁམས་སུ་འཆར་བའོ། །གཉིས་པ་ངག་གི་གནད་ལ་གསུམ་ལས། དང་པོ་གནས་པ་ནི་སྨྲ་བ་བཅད་དེ་འཁྲུལ་གཏམ་བཀག་ནས། བརྟན་པ་ནི་རང་གི་ཁ་ཏོན་བཟླས་བརྗོད་ཅུང་ཟད་ཙམ་ལས་མི་བརྗོད། ལ་བཟླས་པ་ནི་བརྡ་ཙམ་ལས་བརྗོད་པ་ཅུང་ཟད་ཀྱང་མི་བྱེད་པའོ། །དེ་ལྟར་བྱས་པའི་དགོས་པ་ནི། གནས་སྐབས་སུ་འཁྲུལ་པ་དང་ཉོན་མོངས་པ་མི་འཕེལ། མཐར་ཐུག་རིག་པའི་དོན་ལ་རེག་ཅིང་། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཀློང་དུ་མྱ་ངན་ལས་འདའོ། །གསུམ་པ་སེམས་ཀྱི་གནད་ནི། ནམ་མཁའ་སྤྲིན་དང་བྲལ་བ་ལ་སེམས་མ་ཡེངས་པར་གཏད་པས། ཡུལ་སྟོང་པ་ལ་རིག་པ་སྟོང་པ་འཆར་བའོ། །དེ་ལྟར་བྱས་པའི་དགོས་པ་ནི། གནས་སྐབས་སུ་རིག་པ་མངོན་སུམ་དུ་གསལ་བར་མཐོང་ལ། མཐར་ཐུག་ལྷག་མེད་དུ་འཚང་རྒྱའོ། །གསུམ་པ་ཡེ་ཤེས་ཀྱི་གསང་ལམ་མཚོན་ཚུལ་ནི། སྙིང་ནས་མིག་ཏུ་རྩ་དར་དཀར་གྱི་སྐུད་པ་ལྟ་བུས་འབྲེལ་བ་དེའི་ནང་ནས་ཡར་ཡེ་ཤེས་རྒྱ་སྐར་གྱི་ཉི་ཞུར་ལྟར་འཆར་བས་མིག་གི་ནང་དུ་གཟིགས་སྟངས་བྱ་སྟེ། ཆོས་སྐུའི་གཟིགས་སྟངས་གྱེན། ལོངས་སྐུའི་ཟུར་ལ་དལ་ཞིང་སྙོམས་པར། སྤྲུལ་སྐུའི་ཕབ་ལ་ཕྱེད་བཙུམ་རབ་ཏུ་ཟིམ་པར་བྱས་ལ་བལྟའོ། །རླུང་གི་གནད་དུ་མཆུ་དང་སོ་གཉིས་བག་ཙམ་མ་རེག་པར་བྱས་ལ་རླུང་ཁ་ནས་རབ་ཏུ་དལ་བར་གཏང་ངོ་། །རིག་པའི་གནད་དུ་ལུ་གུ་རྒྱུད་ཤར་བ་ལ་མ་འགུལ་བར་བལྟའོ། །དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་ལ། མཐར་ཐུག་སྣང་བ་བཞི་ཟད་དེ་ལྷག་མེད་དུ་འཚང་རྒྱའོ། །གཉིས་པ་དངོས་གཞི་དེ་ཉིད་ངོ་སྤྲད་པ་ནི། རྣམ་པ་མང་ཡང་། འདིར་བསྡུ་ན་ལྔ་ཚན་བདུན་ལས། དང་པོ་སྐུ་ལྔར་ངོ་སྤྲད་པ་ནི། དེ་ལྟར་གནད་ཀྱི་མཐོང་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྐུ་དང་ཡེ་ཤེས་ཀྱི་རང་གདངས་
འོད་དང་ཐིག་ལེར་སྣང་བ་འདི་རང་ངོ་འོད་གསལ་དུ་སྣང་བས་རྣམ་སྣང་གི་སྐུ། འོད་གསལ་འགྱུར་བ་མེད་པས་མི་བསྐྱོད་རྡོ་རྗེའི་སྐུ། དེ་ཉིད་འཕེལ་བ་དང་བཅས་པས་རིན་ཆེན་འབྱུང་ལྡན་གྱི་སྐུ། སྣང་བ་ཚད་མེད་པས་སྣང་བ་མཐའ་ཡས་ཀྱི་སྐུ། འོད་ལྔ་ལྷུན་གྲུབ་ཏུ་ཤར་བས་དོན་ཡོད་གྲུབ་པའི་སྐུ་སྟེ་གཞི། དེར་སྣང་གཟུང་འཛིན་དང་བྲལ་བས་སྟོང་གསལ་དུ་སྒོམ་པ་ལམ། རིགས་ལྔ་སོ་སོའི་སྐུར་གསལ་དུས་འབྲས་བུའོ། །གཉིས་པ་ཡེ་ཤེས་ལྔར་ངོ་སྤྲད་པ་ནི། འོད་གསལ་དེ་ཉིད་དྲི་མ་མེད་ཅིང་སྐུའི་འཆར་གཞི་བྱེད་པས་མེ་ལོང་ཡེ་ཤེས། དེ་ཉིད་དབྱེར་མེད་པས་མཉམ་ཉིད་ཡེ་ཤེས། དེ་ལ་བློའི་བྱེ་བྲག་སོ་སོར་འཆར་བས་སོ་སོར་རྟོགས་པའི་ཡེ་ཤེས། དེ་ཉིད་མ་བཙལ་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས། དེ་ཐམས་ཅད་ཡེ་སྟོང་རྩ་བ་དང་བྲལ་བས་ཆོས་དབྱིངས་ཡེ་ཤེས་ཏེ་གཞི། དེ་ཉིད་ས་ལེ་སིང་ངེ་བསྒོམས་པ་ལམ། དེ་མཐར་ཕྱིན་ནས་སྣང་སྲིད་འོད་སྣང་དུ་ཤར་བ་འབྲས་བུའོ། །གསུམ་པ་རིགས་ལྔར་ངོ་སྤྲད་པ་ནི། འོད་གསལ་གྱི་སྣང་བ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་དེ་བཞིན་གཤེགས་པའི་རིགས། དེ་ཉིད་འོད་གསལ་ལས་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས། ཡོན་ཏན་འབྱུང་བས་རིན་པོ་ཆེའི་རིགས། སྐྱོན་གྱིས་མ་གོས་པས་པདྨའི་རིགས། དེ་ཉིད་གོམས་ན་ལྷག་མེད་འགྲུབ་པས་ལས་ཀྱི་རིགས་ཏེ་གཞི། དེའི་ངང་ལ་ཡེ་རེ་ཝལ་ལེ་སྒོམ་པ་ལམ། མཐར་ཕྱིན་ནས་ཕྱིར་མི་ལྡོག་པ་འབྲས་བུའོ། །བཞི་པ་འོད་ལྔར་ངོ་སྤྲད་པ་ནི། འོད་གསལ་དེ་ཉིད་དྲི་མ་མེད་པས་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། མ་བཙལ་སྣང་བས་དམར་པོ། བྱ་རྩལ་རྫོགས་པས་ལྗང་གུ །མི་འགྱུར་བརྟན་པས་མཐིང་ག་སྟེ་གཞི། དེ་ཉིད་བསྒོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །ལྔ་པ་རླུང་ལྔར་ངོ་སྤྲད་པ་ནི། འོད་གསལ་དེ་ཉིད་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་དང་མཉམ་པའི་རླུང་། འཁོར་འདས་ཀྱི་
སྲོག་འཛིན་པས་སྲོག་འཛིན་པའི་རླུང་། དེ་ཉིད་གོམས་པས་འཁོར་འདས་སོ་སོར་འབྱེད་པས་དྭངས་སྙིགས་འབྱེད་པའི་རླུང་། དག་མ་དག་ཀུན་ནས་འོད་ལྔ་དང་ཡེ་ཤེས་དེས་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་བསྐྱེལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྟེ་གཞི། དེ་ཉིད་བསྒོམས་པ་ལམ། དེ་ཉིད་མཐར་ཕྱིན་པ་འབྲས་བུའོ། །དྲུག་པ་ཤེས་རབ་ལྔར་ངོ་སྤྲད་པ་ནི། འོད་གསལ་རྟོགས་མ་རྟོགས་ལས་འཁོར་འདས་གཉིས་སུ་འབྱེད་པས་འབྱེད་པའི་ཤེས་རབ། ཡེ་ཤེས་སུ་སྡུད་པས་སྡུད་པའི་ཤེས་རབ། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ། འོད་སྣང་འགྲོ་འོང་དང་བཅས་པས་བསྐྱོད་པའི་ཤེས་རབ། དེ་ཉིད་འཁོར་བ་ལས་སྒྲོལ་བས་སྒྲོལ་བའི་ཤེས་རབ་སྟེ་གཞི། དེ་ཉིད་བསྒོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །བདུན་པ་མཁའ་འགྲོ་ལྔར་ངོ་སྤྲད་པ་ནི། འོད་མཐིང་ག་སངས་རྒྱས་མཁའ་འགྲོ །དཀར་པོ་རྡོ་རྗེ་མཁའ་འགྲོ །སེར་པོ་རིན་ཆེན་མཁའ་འགྲོ །དམར་པོ་པདྨ་མཁའ་འགྲོ །ལྗང་གུ་ལས་ཀྱི་མཁའ་འགྲོ་སྟེ་གཞི། དེ་ཉིད་བསྒོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །གསུམ་པ་རྗེས་རྣལ་འབྱོར་བཞིས་ཉམས་སུ་བླང་ཚུལ་ལ། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་བཞི་ལས། དང་པོ་ནི་འོད་གསལ་གྱི་ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་འགག་མེད་དུ་འཆར་བ་དེ་མཉམ་གཞག་གི་ལྟ་བ། རྗེས་ལ་སྣང་སྲིད་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་གཟུགས་བརྙན་དང་འདྲ་བར་རྟོགས་པ་རྗེས་ཐོབ་ཀྱི་ལྟ་བའི་ངང་ལས་དུས་ཐམས་ཅད་དུ་མི་འབྲལ་བར་བྱའོ། །གཉིས་པ་དེ་ཉིད་ཀྱི་ངང་ལས་གསལ་སྟོང་སྤྲོས་པ་དང་བྲལ་བར་སྒོམ་པའོ། །གསུམ་པ་ནི་དེའི་ཚེ་གང་ལའང་གཟའ་གཏད་དང་ཆེད་འཛིན་ཞིག་པ་རང་བཞིན་སྨྱོན་པ་ལྟ་བུར་བླང་དོར་རེ་དོགས་དང་བྲལ་བར་སྤྱོད་པའོ། །བཞི་པ་ནི་གོམས་པ་ཀློང་དུ་གྱུར་པས་སྣང་སྟོང་འོད་གསལ་གྱི་འཆར་ཚུལ་ལ་དགག་སྒྲུབ་རེ་དོགས་དང་།
བྲལ་བར་སྤྱད་པས་རང་ཤར་རང་གྲོལ་དུ་སོང་བའོ། །དེ་ལྟར་ངོ་སྤྲད་པ་ལ་དགོས་པ་གཉིས་ཏེ། གནས་སྐབས་སུ་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་མ་མཐོང་ལ་མཐར་ཐུག་མངོན་སུམ་མཐོང་བའི་གནད་ཀྱིས་དགེ་སྡིག་གིས་མི་གོས་ཤིང་ཚེའི་བར་ཆད་ཀྱང་རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་བའོ། །དོན་གསུམ་པ་རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པས། དེ་ཉིད་ཉམས་སུ་བླང་ཚུལ་བསྟན་པ་ལ། སྣང་བ་བཞིའི་འཆར་ཚུལ་ངོས་གཟུང་། མཐའ་བརྟེན་བཞིའི་རང་བཞིན་གོམས་ཚུལ། གྲོལ་ས་ཆེན་པོའི་རང་ས་ཟིན་ལུགས་གསུམ་ལས། དང་པོ་ལ་ཆོས་ཉིད་མངོན་སུམ་གྱི་སྣང་བ། ཉམས་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བ་བཞི་ལས། དང་པོ་ནི་དེ་ལྟར་ངོ་སྤྲད་པའི་འོད་གསལ་གྱི་སྣང་བ་སྒྲོན་མ་བཞིར་སྣང་བ་སྟེ། དེའང་རྒྱང་ཞག་ཆུའི་སྒྲོན་མ་ལས། དབྱིངས་རྣམ་པར་དག་པའི་སྒྲོན་མ་སྤྲིན་མེད་པའི་ནམ་མཁའ་སྟོང་པ་ལ་ཤར་བའི་དབུས་སུ། ཐིག་ལེ་སྟོང་པའི་སྒྲོན་མ་སྣང་བའི་ནང་དུ་རིག་པ་ལུ་གུ་རྒྱུད་གསལ་ལ་མ་ཡེངས་པར་བལྟས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གིས་སྐྱེས་པའི་ངང་ལས་མི་གཡོ་བར་མཉམ་པར་འཇོག་པའི་ཤེས་པ་གསལ་བ་དྭངས་པ་ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པ་དེ་ཉིད་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་སྟེ། གདོད་མའི་གཞི་ལ་ད་ལྟར་གྱི་སྣང་སེམས་གྲོལ་བར་བྱེད་པ་སྟེ། གཞི་ཡི་གནས་ལུགས་ཉིད་འབྲས་བུ་ཡེ་གྲོལ་དུ་སྨིན་པར་བྱེད་པའི་ཤེས་རབ་ཅེས་བྱ་བ་སྟེ། གཞི་ཉིད་འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡིས། །ཞེས་པའི་དོན་ཉམས་སུ་བླངས་པས་དབྱིངས་ཀྱི་ར་བར་རིག་པ་ཚུད་དེ། ཐིག་ལེ་གསུམ་འབྲེལ་གྱི་སྣང་བ་དབང་པོས་མངོན་སུམ་དུ་མཐོང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེའང་ཙིཏྟ་རིན་པོ་ཆེའི་སྦུབས་ན་གདོད་མའི་མགོན་པོ་འོད་མི་འགྱུར་བ་དབྱིངས་འོད་ཟེར་གྱི་ཕུང་པོ་ཆེན་པོའི་
དབུས་ན། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེའི་རིག་པའི་སྙིང་པོ་ཅན་རྨ་བྱ་སྒོ་ང་ལྟར་ནང་གསལ་དུ་བཞུགས་པའི་གདངས་ལས། ཞི་ཁྲོའི་སྣང་བ་སྐུ་དང་ཐིག་ལེའི་ཞིང་ཁམས་འོག་མིན་གྱི་གནས་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་ཆེན་པོར། ལྷུན་གྱིས་གྲུབ་པའི་སྣང་བ་སྒྱུ་མའི་ལུས་ཀྱི་འཇིག་རྟེན་གྱི་ཁམས་རྣམ་པར་བཀོད་པའི་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་རང་བཞིན་གྱིས་གང་ཞིང་ཆོས་དང་། འཁོར་དང་། གནས་དང་། དུས་དང་། སྟོན་པ་ཕུན་སུམ་ཚོགས་པའི་མངའ་ཐང་ཆེན་པོས། དབང་འབྱོར་པའི་ཚུལ་རྒྱ་མཚོ་ཇི་སྙེད་ལ་སྐལ་བ་དང་ལྡན་པའི་རྣལ་འབྱོར་པས་ནམ་དབང་ཐོབ་པ་ནི། བདེ་ཆེན་མཁའ་སྤྱོད་ཀྱི་གནས་འོག་མིན་ཆེན་པོར་གཤེགས་ཏེ་སངས་རྒྱས་པ་ཞེས་ཀྱང་བྱ། རང་བཞིན་དག་པའི་ཞིང་དུ་དབང་ཐོབ་པ་ཞེས་ཀྱང་བྱ་སྟེ། སྙིང་ག་ཡེ་ཤེས་ཀྱི་འཇིག་རྟེན་གྱི་རང་གདངས་གསང་ལམ་ཆུའི་སྒྲོན་མ་ལས་སྣང་བ་ཕྱིའི་ནམ་མཁའ་སྟོང་པ་ལ་ཤར་བའི་ཚེ། དབྱིངས་ཀྱི་རྟགས་སུ་འོད་ཁྱིམ་རྣམ་པར་དག་པའི་སྒྲོན་མའི་ནང་དུ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་དང་། ཐིག་ཕྲན་གྲངས་མེད་པ་སྣང་བའི་དབུས་སུ། སྐུའི་རྟགས་སུ་ལུ་གུ་རྒྱུད་ཤར་བ་ལ་བལྟས་པས། ཐུགས་རྗེའི་རྟགས་ཤེས་པ་རང་གསལ་ཆེན་པོ་ཉིད། ངོ་བོའི་རྟགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ། མཉམ་པ་ཉིད་ཆོས་སྐུའི་གཞི། རྫོགས་པ་ཆེན་པོ་གདོད་མ་ཀ་དག་གི་ནང་དུ་དྷ་ཐིམ་མོ།། ཤིན་ཏུ་གསང་བའི་དོན་མངོན་སུམ་དུ་བསྟན་པའོ། །དེ་ལྟར་མངོན་གསུམ་གྱི་སྣང་བ་མཐོང་བ་ལ་དགོས་པ་གཉིས་ཏེ། གནས་སྐབས་སུ་ཆོས་ཉིད་ཡིད་དཔྱོད་དང་བྲལ། མཐར་ཐུག་གདོད་མའི་ཟད་སར་གྲོལ་བའོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། ཤེས་ཉམས་བདེ་གསལ་མི་རྟོག་པ་ལ་སོགས་པ་སྣ་ཚོགས་ཀྱང་མ་
བསྟན་པས། ལམ་གྱི་ཚད་ངེས་པར་མི་བསླུ་བ་ཡེ་ཤེས་སྣང་བའི་ཉམས་ཕྱིར་ཤར་བས། རིག་པ་ནང་དུ་གྲོལ་བའི་ཚད་ཟིན་པ་ནི་ཆོས་འདིའི་ཁྱད་པར་གྱི་དགོང་པ་ཟབ་མོ་སྟེ། ཤིན་ཏུ་སྦས་པའི་ཉེ་ལམ་ཆེན་པོའོ། །དེའང་སྔ་མའི་དོན་བླ་མའི་གདམས་ངག་བཞིན་དུ་ཉམས་སུ་བླངས་པས་དབྱིངས་རིག་ཀྱང་རེས་གསལ་རེས་འགྲིབ་པ་ཙམ་ལས་ཡང་ཉམས་སུ་ལེན་པ་ལ་བརྩོན་པས་དབྱིངས་རིག་སྨིན་མཚམས་ལས་བྲལ་ཏེ། དབང་པོའི་མངོན་སུམ་དུ་གསལ་ལོ། །ཐིག་ལེའི་སྣང་བ་དེ་དག་ཀྱང་སྲན་མ་ཙམ་དུ་སྣང་ཞིང་། དབྱིངས་ཀྱང་ཁྲུ་གང་ཙམ་དུ་སྣང་ཞིང་། རིག་པ་ལུ་གུ་རྒྱུད་ཀྱང་སྐར་མདའ་འགྲོ་བ་ཙམ་མོ། །ཡང་ཉམས་སུ་བླངས་པས། འོད་ལྔའི་དབྱིངས་སྣང་དུམ་བུ་དང་། གྱེན་འགྲེང་དང་། རྩིབས་ཤར་དང་། མདུང་རྩེ་ལྟ་བུ་དང་། རེ་ལྡེའི་རྣམ་པ་ཙམ་གྱིས་རང་གི་མདུན་ཕྱོགས་ཁྱབ་པར་འཆར་བའི་ནང་དུ་ཐིག་ལེ་ཡང་མེ་ལོང་ཙམ་ལ་རིག་པའང་འདབ་ཆགས་འཕུར་སྐྱེན་ཙམ་དུ་སྣང་ངོ་། །དེ་ནས་ཉམས་སུ་བླངས་པས། དབྱིངས་ཀྱི་སྣང་བ་དེ་དག་རིན་པོ་ཆེ་དང་། འོད་ཀྱི་དྲ་བ་དྲ་ཕྱེད་དང་། མིག་མངས་རིས་དང་། མིག་ཚགས་དང་། མདུང་རྩེའི་རྣམ་པ་དང་། མདའ་དང་། པདྨ་སྟོང་ལྡན་དང་། ཉི་ཟླ་འོད་ལྡན་དང་། ཡེ་ཤེས་མཁར་ཐབས་དང་། རལ་གྲི་དང་། རྡོ་རྗེ་དང་། འཁོར་ལོ་དང་། གྲི་གུག་དང་། མེ་ལྕེ་དང་། ཉ་མིག་གི་རྣམ་པ་ལྟ་བུར་འཆར་ཞིང་། །སྣང་བ་དེས་རང་གནས་པའི་ལུང་པ་དེ་འགགས་པར་འགྱུར་རོ། །ཐིག་ལེ་ཡང་ཁམ་ཕོར་ཙམ་ལ། རིག་པ་ནི་རི་དྭགས་སྤང་རྩིབས་ལ་རྒྱུག་པ་ཙམ་མོ། །དེ་ནས་ཡང་ཉམས་སུ་བླངས་པས། འོད་ནི་ཡུལ་ཁམས་ཙམ་དུ་འཆར་ཞིང་། ཐིག་ལེ་ནི་བསེ་ཕུབ་ཙམ། རིག་པ་ཡང་ཤ་ར་ཎ་དལ་གྱིས་འགྲོ་བ་ཙམ་མོ། །དེ་ནས་ཉམས་སུ་བླངས་པས། འོད་ནི་སྟོང་གསུམ་གང་དུ་བལྟས་ཚད་ཁྱབ་ཅིང་། དབྱིངས་རིག་ལ་ཉིན་མཚན་མེད་པར་གསལ་ཏེ། ཐིག་ལེའི་ནང་དུ་སྐུ་རྐྱང་པར་སྣང་ལ། རིག་པའི་ནང་དུའང་སྐུ་རྐྱང་པ་རེ་སྣང་ལ། རིག་པའི་བར་དུ་ཡང་རིགས་ལྔའི་སྐུ་ཕྲ་མོ་འབྱུང་ཞིང་འགུལ་འཕྲིགས་མེད་པར་
སྡོད་དོ། །དེ་ལྟར་ཤར་བས་བར་དོའི་སྣང་བ་ད་ལྟར་མཐོང་བས་ཕྱིས་བར་དོ་མེད་དོ། །དེ་ལྟར་ཉམས་སྣང་གོང་དུ་འཕེལ་བས་གནས་སྐབས་སུ་ཉམས་སྣང་གི་ཡོན་ཏན་རྣམས་ཐོབ་པ། མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་དུ་ཁྱབ་པས་ས་ཆུ་མེ་རླུང་གི་སྣང་བ་གང་ཡང་མེད་ཅིང་། ཐིག་ལེ་རྣམས་དང་རིག་པའི་ནང་དུ་རྣམ་པར་སྣང་མཛད་དང་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། རྡོ་རྗེ་སེམས་དཔའ་དང་མཱ་མ་ཀཱི། རིན་ཆེན་འབྱུང་ལྡན་དང་སངས་རྒྱས་སྤྱན། སྣང་བ་མཐའ་ཡས་དང་གོས་དཀར་མོ། དོན་ཡོད་གྲུབ་པ་དང་དམ་ཚིག་སྒྲོལ་མ་སྟེ། སྟེང་ཕྱོགས་སུ་རྣམ་སྣང་གིས་གཙོ་བྱས་པའི་ལྔ་ཚན་ནས། ཕྱོགས་བཞིར་རིགས་རེ་རེས་གཙོ་བྱས་པའི་རིགས་ལྔ་ཡབ་ཡུམ་ཚོམ་བུའི་དཀྱིལ་འཁོར་འབུམ་ཕྲག་གྲངས་མེད་བརྗོད་ལས་འདས་པ་ནམ་མཁའི་མཐའ་ཁྱབ་པར་འཆར་ཞིང་། རང་ཉིད་ཀྱང་འོད་ཀྱི་པདྨ་ཆེན་པོའི་སྟེང་འོད་དུ་གསལ་བའི་སྤྱི་བོ་ན་ཡར་ཐིག་ལེ་འཁར་གཞོང་རྩེགས་མ་ལྟ་བུ་ལྔའམ་དགུ་གྱེན་དུ་སྣང་ཞིང་། རང་དང་ཚོམ་བུའི་ལྷ་རྣམས་ཀྱི་ཐུགས་ཀར་འོད་ཀྱི་ཟེར་ཐག་སྙེ་ཚོན་སྒྲིལ་མ་ལྟ་བུས་འབྲེལ་ནས་རང་ལུས་རྡོས་བཅས་སུ་སྣང་བ་མེད་དེ་ལོངས་སྐུ་གྲོལ་བའོ། །དེ་ནས་ཉམས་སུ་མ་བླངས་ཀྱང་འགྱུར་བ་མེད་དོ། །དེའི་ཚེ་ཕྱི་སྣང་བ་འོད་གསལ་དུ་གྲོལ་བས་རྡོས་བཅས་ས་རྡོའི་སྣང་བ་རང་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་ཤ་ཁྲག་གི་ཕུང་པོར་རང་ནུབ། གསང་བ་ཉོན་མོངས་པ་འོད་གསལ་དུ་གྲོལ་བས་སྒྲིབ་གཉིས་ཀྱི་སྣང་བ་རང་ནུབ། ཡང་གསང་སྐུ་དང་ཡེ་ཤེས་སུ་སྣང་བས་འོག་མིན་གྱི་ཞིང་ཁམས་རང་སྣང་། བླ་མེད་མཁྱེན་པའི་ཡེ་ཤེས་སུ་རྒྱས་པས་ཤེས་བྱའི་དཀྱིལ་འཁོར་རང་གསལ་ལོ། །དེ་ལྟར་རིག་པ་ཚད་ལ་ཕེབས་པས། གནས་སྐབས་སུ་མ་བསྒོམ་ཀྱང་ཚད་ལ་ཕེབས་ཤིང་མཐར་ཐུག་ལོངས་སྐུ་ངོས་ཟིན་པས་སྐུའི་འཛིན་པ་རང་གྲོལ་ལོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོགས་ཚོགས་ཀྱི་སེམས་ཟད།
ཚིག་དང་འཁྲུལ་པ་ཐམས་ཅད་རང་ཟད་དེ། སྣང་བ་དང་མི་སྣང་དུ་འཛིན་པའི་བློ་ཟད་ནས། འོད་ཀྱི་ནང་ནས་སོར་མོ་ཙམ་སྣང་བ་ལས་འཁོར་འདས་ཀྱི་འདུ་ཤེས་བྲལ་ཏེ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་བོ། །དེའི་ཚེ་འབྱུང་བའི་དགྲས་མི་ཚུགས། ཉི་ཟླའི་སྣང་བ་མེད། འགྲོ་འདུག་གི་འདུ་ཤེས་ནུབ། དྲན་པ་ཝལ་པོ་རྗེས་མེད་ཅིང་། མངོན་པར་ཤེས་པ་ཐོགས་པ་མེད། ཐུགས་རྗེའི་ཆ་ལས་གསལ་བ་ཙམ་དུ་གནས་པའོ། །དེ་ལྟར་ཆོས་ཉིད་ཟད་པའི་སྣང་བ་མཐོང་བ་ལ་དགོས་ཆེད་གཉིས་ཏེ། གནས་སྐབས་སུ་སྣང་བ་བཞིའི་ཚད་ཟིན་པས་སོ་མཚམས་ཕྱེད་ལ། མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་འཚང་རྒྱ་བར་ཐག་ཆོད་པའོ། །གཉིས་པ་མཐའ་རྟེན་བཞིའི་གོམས་ཚུལ་ལ། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིས་གྲོལ་ཚད་བསྟན་པ་བཞི་ལས། དང་པོ་ནི་བཞུགས་སྟངས་གསུམ་ལ་རྒྱུན་དུ་གནས་པ་སྟེ། དེ་ཡང་ལུས་མི་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། དེ་ཉིད་ཀྱིས་འགྱུ་བྱེད་རྒྱུན་ཆད་ནས། རིག་པ་གཡོ་འགུལ་མེད་པར་གནས་པའི་དགོས་པ་ཡོད་དོ། །མིག་གཟིགས་སྟངས་གསུམ་ལས་མ་འགུལ་བར་བྱ་སྟེ། དེའང་རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོོ ན་མའོ། །རྩ་མ་འགུལ་བས་མིག །མིག་མ་འགུལ་བས་སྒྲོན་མ། སྒྲོན་མ་མ་འགུལ་བས་སེམས། སེམས་མ་འགུལ་བས་རྟོག་ཚོགས་འབྱུང་མི་སྲིད་དོ། །དེས་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །དེའང་རྟོག་ཚོགས་ནི་བརྟགས་ན་ཡེ་ཤེས་ཀྱི་རྩལ་ཡིན་ཡང་རང་ངོ་མ་ཤེས་པས་འཁོར་བའི་ངོ་བོ་སྟེ། མེད་བཞིན་སྣང་བས་གཟུགས་བརྙན་དང་འདྲའོ། །ཐུགས་རྗེའི་རིག་པ་མེ་ལོང་གི་ངོས་ལྟ་བུ་སྟེ་ཕྱིར་གསལ་དུ་ཡོད་རིང་ལ། ཡུལ་སྣ་ཚོགས་ཀྱི་རྐྱེན་གྱིས་གཟུགས་བརྙན་མི་འགགས་པར་འཆར་བས་བློས་ཆེད་དུ་བཟུང་ན་འཆིང་ལ། མ་བཟུང་ན་གྲོལ་བ་སྟེ། བཟུང་ན་ལྟ་སྒོམ་དགེ་
བས་ཀྱང་འཆིང་སྟེ། གཟུགས་མ་བསྡུས་པར་གཟུགས་བརྙན་སྣང་བ་བཞིན། མ་བཟུང་ན་ཉོན་མོངས་དུག་ལྔས་ཀྱང་གྲོལ་ཏེ། གཟུགས་བརྙན་གྱི་གནད་ཤེས་པས་མེ་ལོང་ལ་མི་གོས་པ་བཞིན་ནོ། །ཐུགས་རྗེ་ནང་དུ་ཐིམ་དུས་མེ་ལོང་གི་རྒྱབ་ཕྱིར་བསྟན་པ་བཞིན་བཟང་ངན་གྱི་གཟུགས་བརྙན་གང་ཡང་མི་སྣང་ལ། མེ་ལོང་ནང་གསལ་གྱི་ངོས་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ཉག་གཅིག་མི་གཡོ་བར་བཞུགས་སོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། དབྱིངས་རིག་ལ་ཡུན་རིང་པོར་གནས་པས། བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་སྤྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུར་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་གཟུང་བ་དང་། རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་འཆད། འབྲིང་ལ་འོད་གསལ་བདེ་བ་ཆེན་པོར་འཆར། ཐ་མ་ལ་རྨི་ལམ་རྨི་ལམ་དུ་ཤེས་པས་ཟིན་པ་འབྱུང་ངོ་། །རྟགས་སྒོ་གསུམ་ལ་འཆར་བ་ནི། སྣང་བ་བཞི་ལ་གསུམ་གསུམ་སྟེ་བཅུ་གཉིས་ལ ས། དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་ནི། ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟར་བྱ་བྱེད་གཡོ་འགུལ་མེད་པར་ས་གཅིག་ཏུ་འདུག་ཚུགས། ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟར་འཕྲོ་བ་བཞིན་སྣང་ཡང་གར་གཏད་དུ་ཟིན་པའོ། །ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟར་བྱི་དོར་དང་རྒྱན་ཆའི་སྒེག་ཆོས་བྲལ། ངག་སྨྱོན་པ་ལྟར་གཏམ་ཐམས་ཅད་དོན་མེད་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཟིན་པ་ལྟར་ཁམས་གསུམ་དུ་ཕྱིར་མི་ལྡོག་པའོ། །རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་ལྟར་སྐད་ཅིག་མ་ལ་འབྱུང་བ་ལྔ་ལ་ཟང་ཐལ་དུ་འགྲོ། ངག་གྲུལ་བུམ་གྱི་ཕྲུག་གུ་ལྟར་ཅི་སྨྲས་གཞན་ལ་ཕན་ཅིང་དད་པའི་རྒྱུ་བྱེད། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར་ཕྱིས་
ཁམས་གསུམ་དུ་མི་ལྡོག་པར་ཡིད་ཆེས་པའོ། །ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་ལྔ་བརྒྱས་མཐའ་བསྐོར་ཡང་ཡ་ང་བ་དང་བག་ཚ་བ་མེད། ངག་བྲག་ཆ་ལྟར་གཏམ་གྱི་ཟུངས་ཟད་དེ་གཞན་གྱི་རྗེས་ཟློས་བྱེད། སེམས་བར་སྣང་གི་ན་བུན་ལྟར་སྐར་ཅིག་མ་ལ་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ལ་གསུམ་ལས། དང་པོ་སྐྱེ་བ་ལ་རང་དབང་ཐོབ་པ་ནི། འདིའི་དུས་སུ་ཕུང་པོའི་སྣང་བ་འགགས་ནས་རྡོས་བཅས་སུ་མི་སྣང་བའི་ཚེ་སེམས་ཅན་གྱི་དོན་བྱ་བར་འདོད་ན། རང་གི་ལག་སོར་ལ་རིག་པ་གཏད་ཅིང་བལྟས་པས། སྣང་བ་དེ་ཀུན་རང་ལོག་སྟེ་སྣང་བྱེད་ཆུའི་ཟླ་བ་ལྟ་བུའི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད་པས། མི་ལ་སོགས་པའི་སེམས་ཅན་ལ་རིག་པ་བཅུག་ན། མཚམས་མེད་པ་ལྔ་བྱས་པ་ཡིན་ཡང་འདི་ཉིད་ལ་འབྱུང་བ་རང་དག་ནས་འཚང་རྒྱ་སྟེ། དེའང་རིག་པ་རང་བྱུང་གི་ཡེ་ཤེས་གནས་པའི་གནད་ཀྱིས་སོ། །དེའི་ཚེ་བེམས་པོ་ལ་རིག་པ་བཅུག་ཀྱང་འགུལ་བ་དང་། སྐད་འབྱིན་ནུས་པ་འོང་ངོ་། །གཉིས་པ་འཇུག་པ་ལ་རང་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ནས་རང་ལུགས་སུ་བཞག་པས། དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ། །གསུམ་པ་རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་སེམས་ལས་སུ་རུང་བས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང་། སེམས་ཅན་གཞན་ཚེ་འཕོ་བའི་དུས་སུ་དེ་ལ་རང་གི་རིག་པ་བཅུག་པས། དེས་མཚམས་མེད་པ་ལྔ་བྱས་ཀྱང་རང་དང་མཉམ་དུ་སངས་རྒྱ་སྟེེ། ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ། །བེམས་པོ་རྣམས་ལ་ཐོགས་མེད་དུ་ཟང་ཐལ་ཞིང་མངོན་པར་ཤེས་པ་ཐོགས་མེད་དུ་འཆར་རོ། །བཞི་པ་གདེང་བཞིས་གྲོལ་ཚད་བསྟན་པ་ལ་གཉིས་ལས། ཡར་གྱི་གདེང་གཉིས་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པའི་སེམས་མེད་དེ། རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདེང་གཉིས་ནི། འགྲོ་དྲུག་གི་ཚེ་ཚད་དང་། སྡུག་བསྔལ་ཐོས་ཀྱང་འཁོར་བར་མི་ལྟུང་དུ་རེ་བ་དང་། ལྟུང་གིས་དོགས་པ་གཉིས་མེད་དེ་རྣམས་རྟོག་དབྱིངས་སུ་ཐིམ་པས་འཁོར་བར་ལྟུང་མཁན་མ་གྲུབ་པར་རྟོགས་པའི་ཕྱིར་རོ། །དེ་ལྟར་མཐའ་རྟེན་ལ་དགོས་པ་གཉིས་ལས། གནས་སྐབས་སུ་སོ་སོའི་དགོས་
པ་འགྲུབ་ལ། མཐར་ཐུག་གོང་མའི་རྒྱབ་བརྟེན་བྱས་ནས་ལྷག་མེད་དུ་སངས་རྒྱའོ། །གསུམ་པ་གྲོལ་ས་ཆེན་པོའི་རང་ས་ཟིན་ལུགས་ནི། དེ་ལྟར་སྣང་བ་བཞི་རྫོགས་ནས་གདོད་མའི་ཀ་དག་ཆེན་པོར་རང་གྲོལ་བ་ནི། དཔེར་ན་ཤེལ་གོང་དྲི་མ་སྦྱངས་པ་ལས་འོད་འབྱུང་སྟེ་ཉི་ཟེར་གྱི་རྐྱེན་དང་བྲལ་མ་ཐག །འོད་ལྔ་ནང་གསལ་དུ་ཐིམ་ནས་གནས་པ་ལྟར། དང་པོའི་ཀ་དག་ལས་ཕྱི་གསལ་དུ་ཤར་བ་རང་ངོ་མ་ཤེས་པས་གཟུང་འཛིན་འཁྲུལ་པའི་འདབ་རྫབ་ཀྱིས་དྲི་མས་གོས་ཀྱང་། སྣང་བ་བཞིའི་གདམས་ངག་ཉམས་སུ་བླངས་པས་འདག་སྟེ་འོད་ལྔ་ཤར་བ་ལྟར་རིག་པ་ཚད་ཕེབས་ཀྱི་སྣང་བ་ཤར་ནས། ཆོས་ཉིད་ཟད་ས་ལ་ཐུག་སྟེ། སླར་ཡང་འོད་ལྔ་ནང་ཐིམ་ལྟར་གདོད་མའི་གཞི་ཐོག་དེ་ཉིད་དུ་ཐིམ་དུས་གཞོན་ནུ་བུམ་པའི་སྐུ་བརྙེས་པ་ཞེས་བྱ་སྟེ་ཐིམ་པ་ལ་མ་རྨུགས་པ། གསལ་བ་ལ་མི་འཕྲོ་བ། རིག་པ་ལ་མི་རྟོག་པ་ཉིད་དུ་ལྷུན་གྱིས་གྲུབ་ནས། ངོ་བོ་སྟོང་པས་ཆོས་སྐུ། རང་བཞིན་གསལ་བས་ལོངས་སྐུ། ཐུགས་རྗེ་རིག་པས་སྤྲུལ་པའི་སྐུ། ཡེ་ཤེས་དང་བཅས་པ་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་བོ། །སླར་ཡང་སེམས་ཅན་གྱི་དོན་དུ་ཆོས་སྐུ་དེ་ཉིད་ལས་མ་གཡོས་བཞིན་དུ་ལོངས་སྐུ་དང་སྤྲུལ་སྐུའི་སྣང་བས་གང་ལ་གང་འདུལ་དུ་སྐད་ཅིག་གཅིག་ལ་མཛད་པའི་ཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པ་དང་། རྒྱུན་མི་འཆད་པ་དང་། རྒྱ་ཆེ་བའི་རྣམ་པར་འཕྲུལ་པ་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར་འབྱུང་བའོ། །དེ་དག་གིས་ཚེ་འདིར་གྲོལ་བའི་གདམས་པ་རྒྱ་ཆེར་བཤད་པའོ། །དོན་གཉིས་པ་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བའི་གདམས་ངག་ལ་བཞི་སྟེ། སྐྱེ་གནས་ཀྱི་བར་དོ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པ། རྒྱ་ཁྲ་ཚང་དུ་འཇུག་པའམ། དེད་དཔོན་གསེར་གླིང་དུ་ཕྱིན་པ་ལྟ་བུའི་གདམས་ངག །འཆི་ཁའི་བར་དོ་ལ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་བལྟ་བའམ། རྒྱལ་པོའི་བཀའ་འཕྲིན་བསྐུར་བ་ལྟ་བུའི་གདམས་ངག །ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་ལམ་ཚོལ་གྲོགས་དང་འཕྲད་པའམ། མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག །སྲིད་པའི་བར་དོར་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་གོ །དང་པོ་ནི་རྒྱ་ཁྲ་དེའང་ཚང་ལེགས་པར་རྟོགས་པའམ་
དེད་དཔོན་རྒྱ་མཚོ་ནོར་བུ་ལེན་དུས་བྱ་རོག་དང་དུང་ལ་སོགས་པས་ཆུ་སྲིན་གྱི་སྒྲོ་འདོགས་བཅད་ནས་འགྲོ་བ་བཞིན་དུ། འདིར་ཡང་བླ་མའི་དྲུང་དུ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་ནས་བར་དོའི་འོད་གསལ་ལ་འཇུག་པ་སྟེ། དེའང་དབང་པོ་རབ་འབྲིང་ཐ་གསུམ་ལས། རབ་ཀྱི་རབ་སྦྲུལ་མདུད་མཁའ་ལ་བོར་བ་ལྟར་གྲོལ་བ་དང་། རབ་ཀྱི་འབྲིང་མཚོ་ནང་དུ་ཁ་བ་བབས་པ་ལྟར་གྲོལ་བ་དང་། རབ་གྱི་ཐ་མ་འཁྱགས་རོམ་ཆུར་ཞུ་བ་ལྟར་གྲོལ་བའོ། །དང་པོ་ནི་བླ་མའི་བྱིན་རླབས་དང་ཟབ་མོའི་གདམས་པ་བཏབ་པ་ཙམ་གྱིས་སྣོད་ལྡན་གྱི་སློབ་མ་དེ་ཡེ་ཐོག་ཀུན་ཏུ་བཟང་པོའི་གཞི་ལ་རྩོལ་མེད་དུ་ལྷུག་པར་གྲོལ་བའོ། །གཉིས་པ་ནི་ཟབ་མོའི་གདམས་པ་ཉམས་སུ་བླངས་པས་ཉོན་མོངས་པ་ཅི་སྐྱེས་ཀྱང་ཆོས་ཉིད་ཀྱི་ངང་དུ་རོ་གཅིག་པར་རྟོགས་ནས་རང་གྲོལ་བའོ། །གསུམ་པ་ནི་གདམས་ངག་ངོ་སྤྲད་པ་རྣམ་པ་ལྔས་ཉམས་སུ་བླངས་པས་རིམ་གྱིས་འཁྲུལ་པ་རང་སྣང་དུ་ངོ་ཤེས་ཏེ་རང་གྲོལ་བའོ། །གཉིས་པ་འཆི་ཁའི་བར་དོ་ནི། འཆི་ནད་ཀྱི་ཐེབས་པ་སྟེ། དེའང་སྒེག་མོས་མེ་ལོང་བལྟས་པས་རང་གི་བཞིན་གསལ་བར་མཐོང་བའམ། རྒྱལ་པོའི་བཀའ་འཕྲིན་བསྐུར་བས་མི་དེ་ཆད་པས་འཇིགས་ནས་འཕྲིན་མི་བརྗེད་པ་ལྟར། བར་དོའི་གདམས་པ་གསལ་བཏབ་པས་རང་ཉིད་འཁོར་བར་སྐྲག་ནས་གདམས་པ་མི་བརྗེད་པ་སྟེ། དེའང་དབང་པོ་རབ་འབྲིང་གསུམ་ལས། འབྲིང་གི་རབ་སྙིང་སྡུག་མཛའ་བོ་མཐོང་བ་ལྟ་བུ། འབྲིང་གི་འབྲིང་མེ་ལོང་དུ་བྱད་གསལ་བ་ལྟ་བུ། འབྲིང་གི་ཐ་མ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུའོ། །དང་པོ་ནི་འཆི་ལྟས་ཚང་བའི་དུས་སུ་ཚེ་འདིའི་ཞེན་འཛིན་མེད་པར་བླ་མའི་གདམས་ངག་འབའ་ཞིག་ཡིད་ལ་གསལ་དུང་དུང་པ་འདུག་ན་དེས་ཆོག་གོ །གཉིས་པ་ནི་འཆི་ཁའི་དུས་དེར་བླ་མའམ་མཆེད་གྲོགས་དམ་ཚིག་དང་ལྡན་པས་རྣ་བར་སྦུགས་མཆུ་བཙུགས་པའི་ནང་ནས་མར། ཨེ་མ་རིགས་ཀྱི་བུ་ཆོས་ཉིད་ཀྱི་བར་དོ་ལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བས་དེ་རང་སྣང་དུ་ངོ་ཤེས་པར་མཛོད་ཅིག །ཚེ་འདིའི་སྣང་བ་ལ་མ་ཆགས་པར་བདེ་བར་གཤེགས་ཤིག་ཅེས་ལན་གསུམ་གདབ་བོ། །འདེབས་ལོང་མེད་པར་དབུགས་བསྡུས་ན་རང་གི་ཁ་སྣ་དང་ཁོའི་ཁ་སྣ་སྤྲད་ལ་རང་གི་ཁ་སྣའི་དབུགས་གསུམ་ཨཱོཾ་ཨཱཿ་ཧཱུཾ་གསུམ་དུ་བསམ་པ་ཁོའི་ཁོང་པར་ཧ་ཞེས་འཕངས་པས་
མིག་ཧྲིག་གིས་བྱུང་དུས་སུ་གསལ་གདབ་བོ། །གསུམ་པ་ནི་བར་དོའི་གདམས་པ་སྐད་ཅིག་ཀྱང་མ་ཡེངས་པར་བསྒོམ་པའོ། །དེ་ཡང་ས་ས་ལ་ཐིམ་པས་ལུས་ལྕི་ཞིང་ལྡང་མི་ནུས། ཆུ་ཆུ་ལ་ཐིམ་པས་ཁ་ཆུ་སྣ་ཆུ་འཛག །མེ་མེ་ལ་ཐིམ་པས་ལུས་ཀྱི་དྲོ་སྡུད་པས། ཁ་སྣའི་སྒོ་སྐོམ། རླུང་རླུང་ལ་ཐིམ་པས་མིག་གྱེན་ལ་ལྡོག་ཅིང་ངར་ངར་རྐང་ལག་གཡབ། དེའི་ཚེ་སྐྱོད་བྱེད་ཀྱི་རླུང་བྲོས་པས་ལུས་མི་ཐེག་སྒྱིད་པ་བསྒྱུར་ཡན་ལག་མི་འདུས། སྨྲ་བ་དཀའ། མིག་གྱེན་དུ་ལྡོག །དབུགས་ཕྱིར་འཕུལ་ལོ། །བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས་ལུས་དང་ཁ་སྣའི་སྒོར་བལ་དུད་འཆགས། ཤ་ཚ་ཁ་སྐམ་གཤིན་དྲི་མནམ། དངས་སྙིགས་འབྱེད་པའི་རླུང་བྲོས་པས་བཟའ་བཏུང་མི་ལེན་ལུས་སྟོབས་ཤོར་རོ། །མེ་དང་མཉམ་པའི་རླུང་བྲོས་པས་ལུས་ཀྱི་དྲོད་མཐའ་ནས་འཆོར་རོ། །སྐལ་པ་ལས་ཀྱི་རླུང་བྲོས་པས་ཤེས་པ་ཟང་ཟིང་ཕྱད་ཕྱོད་བྱེད་ཅིང་། རྩ་ཕྲན་གྱི་ཁྲག་རྣམས་སྲོག་རྩའི་ནང་དུ་འདུའོ། །དེའི་ཚེ་ཕྱིའི་སྣང་བ་ས་སྲོས་པ་བཞིན་འཐིབས་ཀྱིས་སོང་། རིག་པ་སྙིང་གི་དཀྱིལ་དུ་འདུས་ནས་དྲན་པ་ཉམས་དུས་དེར། སྲོག་རྩའི་ནང་ནས་ཁྲག་ཐིགས་དང་པོ་གཅིག་སྙིང་དུ་བརྒྱབ་པས་ཁ་མིག་སྐྱ་ལོག་གིས་འགྲོ །གཉིས་པས་མགོ་ཁུག་པ་ཅིག་བྱུང་ནས་ཧ་ཟེར་དབུགས་ཕྱིར་མདའ་གང་དུ་སོང་ནས་འཆད། ཁྲག་ཐིགས་གསུམ་པས་ཨིག་ཅེས་དབུགས་འདོམ་གང་དུ་སོང་ནས་ཕྱི་དབུགས་འཆད་དོ། །དེ་དུས་རིག་པ་སྙིང་གི་ནང་ན་ཁྲག་གིས་བརྒྱལ་ནས་མི་གཅིག་ཟན་ཟ་བའི་རིང་དུ་དྲན་རྟོག་གང་ཡང་མེད་དོ། །གསུམ་པ་ཆོས་ཉིད་བར་དོ་ནི་ལམ་འཕྲང་གི་དགྲ་རང་གི་གྲོགས་སུ་ཤེས་པས་འཇིགས་པ་མེད་པའམ། མ་བུ་འཕྲད་པས་ཡིད་ཆེས་པ་ལྟར་དབང་པོའི་བྱེ་བྲག་གིས། ཐ་མའི་རབ་བུམ་པ་ཆག་པ་ལྟ་བུ་ནི། དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནང་དབུགས་ཆད། རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པས་སེམས་དབྱིངས་སུ་ཐིམ་སྟེ་དར་ཅིག་བརྒྱལ་བ་དེ་སངས་མ་ཁད་ལ། ཞི་བ་ཆོས་ཀྱི་སྐུའི་ནམ་མཁའ་ཞེས་བྱ་བ། དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་སྣང་བ་ཤར་ཏེ། དེ་ཉིད་ངོས་ཟིན་པ་ཙམ་གྱིས་ཀ་དག་གི་གཞི་ལ་རང་གྲོལ་བའོ། །དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་བ། རང་གི་མིག་གཉིས་ནས་འོད་ཀྱི་ཟེར་ཐག་ནམ་མཁའི་མཐོངས་སུ་ཤར་བ་ནི་མིག་ཐུགས་རྗེ་རྒྱུན་མི་འཆད་ཀྱི་ཐག་པ་ཞེས་བྱ་སྟེ། དེ་ལ་རིག་པ་གཏད་པས་ཡར་གྱི་ཟང་ཐལ་ཀ་དག་
གི་ངང་དུ་གྲོལ་ལོ། །དེ་ངོས་མ་ཟིན་ན་ཟེར་ཐག་དེ་ལས་མཆེད་པས་དུས་མ་འགྱུར་བར་སྣང་བ་འགྱུར་ཏེ། འོད་གསལ་གྱི་ཞིང་ཁམས་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟར་སྣང་བ་ནི། ཕྱི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ། ཉི་མ་ཟླ་བ་ལ་སོགས་པའི་སྣང་བ་རྣམས་ནུབ་ནས། ནང་ཆོད་ཉིད་འོད་གསལ་གྱི་རང་སྣང་རྣམ་པར་དག་པ་ཕྲ་ལ་དངས་པ། གསལ་ལ་འཚེར་བ། རང་བཞིན་གྱི་བཀྲ་ལ་ཉམས་ང་བ། ཕྱིའི་རྒྱ་མཚོ་ཆེན་པོ་མཐོང་བ་ལྟར་ནམ་མཁའི་མཐས་ཁྱབ་པར་ཀུན་ཏུ་མེ་རེ་རེ་ཤར་བས་སྣང་སྲིད་འོད་དང་འོད་ཟེར་གྱིི་ཕུང་པོར་འབར་བ། བཏེག་ན་འཕར་ཞིང་། མནན་ན་ནེམ་ཞེས་བྱེད་པ་ན། རང་ཉིད་སྣང་བྱེད་འོད་ཀྱི་ལུས་སུ་གསལ་ཞིང་ཕྱོགས་ཀུན་ཏུ་འོད་ཟེར་རྣམ་ལྔའི་ར་བ་གུར་བླ་བྲེ་ཆེན་པོས་ཁྱབ་པར་སྣང་བ་ཐམས་ཅད་རྒྱ་ཆེ་ལ་ལྷུན་སྡུག་ཅིང་དམིགས་སུ་མི་ཚུད་པར་འཆར་རོ། །དེའི་ཚེ་སྣང་བ་མཆེད་པ་རྣམས་རང་སྣང་དུ་ངོ་ཤེས་པས་རང་སྣང་དུ་གྲོལ་ལོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་བ་ནི་སྣང་བ་དེ་རྣམས་ཞི་ཁྲོའི་ཚོམ་བུར་འཆར་ཏེ། དེའི་ཚེ་ཐ་མའི་འབྲིང་སེང་གེའི་གསོབ་མཐོང་བ་ལྟ་བུའི་གྲོལ་ལུགས་འབྱུང་སྟེ། སྐད་ཅིག་གདངས་ཀྱི་སྐུ་རྣམས་འཕྲོ་བས་སྒྲ་འོད་ཟེར་གསུམ་གྱི་རྣམ་པས་ཁྲོ་བོའི་དཀྱིལ་འཁོར་རིམ་གྱིས་ཤར་བའི་ཚེ། སྔར་གོམས་པའི་གདམས་པ་གཞིའི་འོད་གསལ་མ་དང་། ཕྱིས་ཤར་བ་བུ་རང་བྱུང་གི་འོད་གསལ་གཉིས་མ་བུ་འདྲེས་ཏེ་རང་ཤར་རང་སྣང་དུ་གྲོལ་ལ། དེ་ནས་ཡང་ཟུང་འཇུག་ཆེན་པོའི་སྣང་བ་ཞེས་བྱ་བ། སྙིང་གའི་ཞི་བའི་ཚོམ་བུ་ལྔ་ཚན་ལྔ་རིམ་གྱིས་འཆར་བས། ཞག་དང་པོ་ལ་འབྱུང་བ་ནམ་མཁའ་རྣམ་པར་དག་པའི་གདངས་མཐིང་གའི་དབུས་སུ་རྣམ་སྣང་གིས་གཙོ་བྱས་རིགས་ལྔའི་ཚོམ་བུ་འབུམ་ཕྲག་གྲངས་མེད་པ་འཆར་ཏེ། རང་སྣང་དུ་ཤེས་པས་རྣམ་སྣང་གི་ངོ་བོར་གྲོལ་ལོ། །དེ་བཞིན་དུ་ཞག་ལྷག་མ་བཞི་ལ་རིགས་གཞན་བཞིའི་ཚོམ་བུ་སོ་སོའི་ཕྱོགས་ཀྱི་སེམས་དཔའ་དང་། སེམས་མ་དང་། སྒོ་མར་བཅས་པ་སྟེ། ཚོམ་བུའི་དཀྱིལ་འཁོར་ལྔ་ཚན་འབུམ་ཕྲག་བརྗོད་དུ་མེད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རིགས་ལྔ་ལྔ་ལྡན་དང་། ཡུམ་དང་བཅས་པས་བཅུ་ལྡན་དང་། དེ་ཉིད་ཀྱང་འབྱུང་བ་དང་།
ཡེ་ཤེས་ཀྱི་དབྱེ་བས་རེ་རེ་བཞིན་བཅུ་བཅུ་སྟེ་བརྒྱ་ལྡན་དང་། དེ་ཉིད་ཕྱོགས་བཅུར་བརྒྱ་ཕྲག་བཅུར་སྣང་བས་སྟོང་ལྡན་དང་། དེ་ཉིད་ཀྱི་གདངས་ལས་ཡང་ཕྱོགས་བཅུར་དེ་སྙེད་སྣང་བས་འབུམ་ལྡན་དང་། དེ་ཉིད་ཀྱི་སྣང་བ་ལས་མཆེད་པའི་སངས་རྒྱས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ནམ་མཁས་གར་ཁྱབ་པ་ཀུན་ཏུ་གསལ་བར་འཚེར་བ། ལྷུན་སྡུག་པ། དཔངས་མཐོ་ཞིང་བཀོད་ལེགས་པས་བརྒྱན་པར་འཆར་རོ། །དེའི་ཚེ་གནད་གསུམ་གྱི་གདམས་པ་དྲན་པར་བྱ་སྟེ། འཇུག་པ་ཤེས་པའི་གནད། གྲོལ་བ་ལུས་ཀྱི་གནད། མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ། །དང་པོ་ལའང་གཉིས་ལས། རིག་པ་འོད་ལ་ཕར་འཇུག་པ་ནི། རང་གི་སྙིང་ག་ནས་འོད་ཟེར་ཀྱི་ཟེར་ཐག་ཤིན་ཏུ་ཕྲ་བ་སྙེ་ཚོན་སྒྲིལ་མ་ལྟ་བུ་ཞིག་ཚོམ་བུའི་ལྷ་རྣམས་ཀྱི་ཐུགས་ཀར་འབྲེལ་ཏེ། ཟེར་ཐག་དེ་ལ་ཡང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཆར་རོ། །དེའི་ཚེ་ཚོམ་བུའི་ཐུགས་ཀར་རིག་པ་གཏད་དེ་གསལ་སྟོང་གི་ངང་ལ་བཞག་པས་ཚོམ་བུའི་སྐུ་དང་གཉིས་སུ་མེད་པར་གྲོལ་ལོ། །གཉིས་པ་འོད་རིག་པ་ལ་ཚུར་འཇུག་པ་ནི། ཚོམ་བུའི་ཐུགས་ཀ་ནས་ཀྱང་འོད་ཀྱི་ཟེར་ཐག་ཤར་བ་ལ་སླར་འདུས་ཏེ་སྐད་ཅིག་ལ་རང་གི་སྙིང་གར་ཐིམ་མོ། །དེའི་ཚེ་རང་ཤར་རང་ལ་ཐིམ་པ་བུ་ཆུང་མའི་པང་དུ་ཞུགས་པ་ལྟ་བུའི་གདམས་ངག་གིས་གསལ་སྟོང་གི་ངང་ལ་བཞག་པས་གྲོལ་ལོ། །ཡང་དེ་ཉིད་ལ་གདིང་མ་ཐོབ་ན་གཉིས་པ་གྲོལ་བ་ལུས་ཀྱི་གནད་ནི། ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་བ། རང་གི་སྙིང་ག་ནས་སྟེང་གི་ནམ་མཁར་འོད་ཁ་དོག་བཞིའི་ཐག་པ་ཟུག་སྟེ། མ་ཡེངས་པར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེས་པ་ཤིན་ཏུ་རྒྱ་ཆེ་བ་འཆར་ཏེ། རྒྱ་སྐར་གྱི་ཉི་ཞུར་ལྟ་བུ་བཞི་བརྩེགས་པའི་སྟེང་རྣམས་ན་རང་རང་གི་ཁ་དོག་དང་མཐུན་པའི་ཐིག་ལེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཏིང་གདངས་དང་བཅས་པ་གསལ་ལ་འཚེར་བ་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །དེའི་སྟེང་དུ་དཀར་པོའི་སྣམ་བུ་ལ་ཐིག་ལེ་དཀར་པོ་དང་། དེའི་སྟེང་དུ་སེར་པོའི་སྣམ་བུ་ལ་ཐིག་ལེ་སེར་པོ་དང་། དེའི་སྟེང་དུ་དམར་པོའི་སྣམ་བུ་ལ་ཐིམ་ལེ་དམར་པོས་བརྒྱན་པའོ། །དེའི་
སྟེང་དུ་འོད་ཟླུམ་པོ་རྨ་བྱའི་གདུགས་ལྟ་བུའི་སྣང་བ་འཆར་རོ། །དེ་ནི་སྒྲོན་མ་བཞི་དབྱིངས་སུ་འཁྱིལ་བའི་སྣང་བའོ། །སྔ་མ་བཞི་ནི་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། དེའི་དུས་སུ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དྲན་པར་བྱའོ། །དེའང་སྙིང་ཆུ་ཞུགས་པ་གསེར་གྱི་ཐུར་མས་ཡིད་གཞུངས་ཏེ་འདྲེན་པ་ལྟར། འོད་སྣང་གི་སྣམ་བུ་ལ་མ་ཡེངས་པ་རང་སྣང་དུ་ཤེས་ནས་བལྟས་པས་རྒྱུན་གྱི་ཏིང་ངེ་འཛིན་སྐྱེའོ། །དེ་ཉིད་དུ་གྲོལ་བ་ཡིན་ནོ། །གསུམ་པ་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་ནི། དེའི་ཚེ་སྔར་གྱི་སྣང་བ་དེ་རྣམས་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟར་དྲན་པས་གྲོལ་བ་དང་། སྔར་འདྲིས་ཀྱི་མི་ཕྱིས་མཐོང་བས་ངོ་ཤེས་ཏེ་སྒྲོ་འདོགས་ཆོད་པ་ལྟར། སྔར་གྱི་གདམས་པའི་དོན་ངོ་ཤེས་པས་གྲོལ་བ་དང་། མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུས་མ་ཡེངས་པ་རང་སྣང་གི་ཏིང་ངེ་འཛིན་ལ་གནས་པས་གྲོལ་བའོ། །དེ་ནས་ཕྱིར་མི་ལྡོག་པ་མངལ་ནས་སྐྱེས་པའི་སྐྱེས་བུའམ་གྱད་རྩལ་པོ་ཆེའི་མདའ་ལྟར། རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ་པའི་ཚེ། ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་པ་ཞེས་བྱ་སྟེ། རང་སྣང་ཐམས་ཅད་སྟོན་ཀའི་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་མཐའ་མ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ་ནི་ཉི་མ་འཇས་འཁྱིལ་བ་ལྟ་བུ་སྟེ་དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་དུ་འཆར་རོ། །དེའི་ནང་རྣམས་སུ་ཞི་བ་དང་ཁྲོ་བོའི་སྐུ་སྣང་ལ་རང་བཞིན་མེད་པ་གྲངས་མེད་པ་ཀུན་ཏུ་སྣང་ངོ་། །དེའི་སྟེང་རྣམས་ན་འོད་ཟླུམ་པོ་ཁ་དོག་ལྔ་ལྡན་ཤིན་ཏུ་གསལ་བ་རེ་འཆར་རོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དུ་སྣང་ལ། ཐད་ཀར་རང་བཞིན་སྤྲུལ་པའི་སྣང་བ་འཆར་ཞིང་། མར་འགྲོ་བ་རིགས་དྲུག་གི་འཇིག་རྟེན་ལྟར་སྣང་བ་ཐམས་ཅད་ཀྱང་། གཟུགས་དང་སྒྲ་སྐད་སྣ་ཚོགས་པ་སྣང་ལ་ངོས་གཟུང་དང་བྲལ་བར་འཆར་རོ། །དེ་ལྟར་སྣང་བ་ལ་འཆར་ལུགས་བརྒྱད་དེ། ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་དུ་རང་
གསལ། སྐུ་ལྟར་ཤར་བས་ཤེས་པ་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལ་ཡང་མི་གནས། མ་དག་པ་སྲིད་པའི་སྒོ་ལྟར་ཤར་བས་སྲིད་པའི་འབྱུང་ཁུངས་མི་འགག །དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུ་འབྲེལ་ལོ། །ཡང་དེའི་ཚེ་དབང་པོ་དང་། སེམས་ལས་སུ་རུང་བ་དང་། ཤེས་རབ་ལ་དབང་ཐོབ་པ་དང་། ཡེ་ཤེས་ལ་གཟིགས་པ་རྣམ་པར་དག་པ་དང་། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང་། སངས་རྒྱས་ཀྱི་གཟིགས་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་སྟེ། དྲུག་ཕྲག་དྲུག་འཆར་རོ། །ཡང་སྐུ་གསུང་ཐུགས་ཀྱི་མངོན་པར་མཁྱེན་པ་དགུ་སྐད་ཅིག་ལ་འཆར་ཏེ། སྐུའི་གསུམ་ནི། ཡར་གྱི་ཆོས་སྐུ་སྐྱེ་བ་མེད་པར་ཤེས། བར་ལོངས་སྐུའི་ཚོམ་བུར་རང་གསལ་དུ་ཤེས། མར་སྤྲུལ་སྐུ་དང་རིགས་དྲུག་གི་སྐྱེ་གནས་ཤེས་པའོ། །གསུང་གི་གསུམ་ནི། ཡར་ཆོས་སྐུའི་གསུང་བརྗོད་དུ་མེད་པར་ཤེས། བར་ལོངས་སྐུའི་གསུང་གསལ་གདངས་ཆེན་པོར་ཤེས། །མར་སྤྲུལ་སྐུའི་གསུང་རིགས་དྲུག་གི་སྒྲ་སྐད་སྣ་ཚོགས་ཤེས་པའོ། །ཐུགས་ཀྱི་གསུམ་ནི། ཡར་ཆོས་སྐུའི་ཐུགས་ཀ་དག་ཆེན་པོར་ཤེས། བར་ལོངས་སྐུའི་ཐུགས་ལྷུན་གྲུབ་ཆེན་པོར་ཤེས། མར་སྤྲུལ་སྐུའི་ཐུགས་འཁོར་འདས་ཀྱི་བསམ་པ་ཤེས་པའོ། །དེ་ལྟར་དངོས་པོ་གཤིས་ཀྱི་འདུག་ཚུལ་རྟོགས་པ་ནི་རྗེས་སུ་དྲན་པ་ལས་བྱུང་སྟེ། བླ་མ་རྗེས་སུ་དྲན་པས་ཟབ་མོའི་གདམས་པ་ལ་དབང་བསྒྱུར། གདམས་པ་རྗེས་སུ་དྲན་པས་བར་དོ་རང་སྣང་གི་ཆོས་ཉིད་ལ་དབང་བསྒྱུར། ལྟ་བ་རྗེས་སུ་དྲན་པས་མི་འགྱུར་བའི་གདིང་དུ་ཐག་ཆོད། སྒོམ་པ་རྗེས་སུ་དྲན་པས་ཞག་ལྔར་རང་བཞིན་གྱི་བསམ་གཏན་ལ་གནས། སྤྱོད་པ་རྗེས་སུ་དྲན་པས་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་དག་པའི་ཡེ་ཤེས་ལ་སྤྱོད། ལྷ་རྗེས་སུ་དྲན་པས་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་དུ་གྲོལ། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་
སུ་དབུགས་འབྱིན་པའོ། །དེ་ནས་མི་བརྗེད་པའི་གཟུངས་དང་ཏིང་ངེ་འཛིན་ཐོབ་པས་འཁོར་བར་མི་ལྡོག་ངེས་སོ། །དེ་ནས་ལྷུན་གྲུབ་ལ་གདིང་ཐོབ་པའི་ཚེ་ཐིམ་ལུགས་བརྒྱད་འབྱུང་བ་ནི། སྔར་ཕྱི་ཤར་ལུགས་བརྒྱད་པོ་ནང་དུ་ཐིམ་པ་སྟེ། དེའང་ཐུགས་རྗེ་ཕྱིར་གསལ་ནང་གི་ཐུགས་རྗེ་ལ་ཐིམ་པས་དཔེར་ན་ཉི་མ་ནུབ་པའི་འོད་ཟེར་ལྟ་བུའོ། །དེ་བཞིན་ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་མ་པང་དུ་བུ་ཞུགས་པ་ལྟ་བུ། འོད་འོད་ལ་ཐིམ་པ་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུ། སྐུ་སྐུ་ལ་ཐིམ་པ་བུམ་པའི་སྐུ་ལྟ་བུ། གཉིས་མེད་གཉིས་མེད་ལ་ཐིམ་པ་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟ་བུ། མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་བུམ་ནང་གི་ནམ་མཁའ་བུམ་པ་ཆག་པས་ཕྱིའི་ནམ་མཁའ་ཆེན་པོ་ལ་ཐིམ་པ་ལྟ་བུ། མ་དག་པ་འཁོར་བའི་སྒོ་རིགས་དྲུག་གི་སྣང་བ་དེ་རྣམས་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པས་སྒྲའི་ཆོན་ཐག་བསྡུས་པ་ལྟ་བུ། དག་པ་ཡེ་ཤེས་ཀྱི་སྒོ་སྤྲུལ་སྐུ་དང་ལོངས་སྐུའི་སྣང་བ་དེ་རྣམས་ངོ་བོའི་སྐུ་ཀ་དག་ཆེན་པོའི་ནང་དུ་ཐིམ་པས་སེང་གེས་གངས་ཟིན་པ་ལྟ་བུའོ། །དེའི་ཚེ་གཟིགས་སྣང་ཐམས་ཅད་མྱ་ངན་ལས་འདས་པ་ཞེས་བྱ་བ། ཕྱིར་གསལ་དུ་མེད་ལ་ནང་གསལ་དུ་ཕྲ་མོར་ཡོད་པ་ཤེལ་འོད་ཉི་ཟེར་དང་བྲལ་བ་ལྟ་བུས་གདོད་མའི་ས་ལ་སངས་རྒྱས་བྱང་ཆུབ་ཕྱིར་མི་དོག་པས་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་སོ། །འདིའི་དབང་པོ་ཐ་མ་ལ་ནི་དེ་ལ་གྲོལ་བའི་གདིང་མ་རྙེད་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་སྐྱེ་ལ། འགྲོ་བ་ཕལ་པ་རྣམས་ལ་སྲིད་པ་བར་དོའི་སྣང་བ་འཆར་རོ། །བཞི་པ་སྲིད་པའི་བར་དོ་ལ་ལས་བཟངས་ཀྱི་འཕྲོ་མཐུད་པ་ཡུར་བ་ཁ་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། དེ་ལྟར་ལྷུན་གྲུབ་ཀྱི་སྣང་བ་ནུབ་ནས། སྲིད་པའི་བར་དོ་རྨི་ལམ་གྱི་སྣང་བ་ལྟར་དབང་པོ་ཚང་ཞིང་རྫུ་འཕྲུལ་དང་ལྡན་པ་ཀུན་ཏུ་འཇུག་ཅིང་འཇིགས་པ་དང་བཅས་པས། བར་དོར་ཇི་ཙམ་གནས་པའི་ཕྱེད་སྔ་མའི་གཟུགས་དང་བག་ཆགས་སུ་སྣང་ལ། ཕྱེད་ཕྱི་མ་གང་དུ་སྐྱེ་བའི་གཟུགས་དང་སྣང་བ་འཆར་ཏེ། དེའང་ལྷ་མི་གཉིས་སུ་སྐྱེ་ན་འོད་དཀར་པོ་འདོམ་གང་པས་བརྒྱན་ནས་
མགོ་གྱེན་དུ་བལྟ་ལ། ལྷ་མ་ཡིན་དང་དུད་འགྲོར་སྐྱེ་ན་སེར་པོར་སྣང་བས་མགོ་འཕྲེད་དུ་བལྟ་ཞིང་། དམྱལ་བ་དང་ཡི་དྭགས་ནག་པོར་སྣང་བས་མགོ་ཐུར་དུ་བསྟན་ཞིང་འགྲོ་བ་སྙམ་བྱེད་དོ། །ཡང་སྐྱེ་གནས་སོ་སོར་འཇུག་དུས། ལྷ་ཁང་དང་སྐྱེད་མོས་ཚལ་ནི་ལྷའི་སྐྱེ་གནས། འོད་ཀྱི་འཁོར་ལོ་ལྷ་མིན། ནམ་རྨུགས་པ་མི་ལུས་ཙམ་པོ། སྐྱེ་བོ་མང་པོའི་དབུས་མི་ལུས་རིན་པོ་ཆེ། ས་ཕུག་གམ་སྤྱིལ་པོ་བྱོལ་སོང་། གྲོག་པོ་སྟོང་པ་དང་ཕུག་རྡུགས་ཡི་དྭགས། མུན་ནག་ཆར་འཐིབས་ནི་དམྱལ་བའི་སྐྱེ་གནས་སོ། །འདིའི་ཚེ་དབང་པོ་གསུམ་ལས། ཐ་མའི་རབ་ཀྱི་མའི་མངལ་ལ་སོགས་པ་བདེན་མེད་དུ་ཤེས་པའམ། ཞེན་ལོག་གིས་བཀག་སྟེ་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པའི་ཞིང་ཁམས་ཡིད་ལ་བྱས་པས། འགྲོ་དྲུག་གི་མངལ་དུ་མི་འཇུག་པར། དག་པའི་ཞིང་དུ་པདྨ་ལས་རྫུས་ཏེ་སྐྱེེའོ། །ཐ་མའི་འབྲིང་གིས་སྒྱུ་མ་ལྟ་བུའི་བསྐྱེད་རིམ་གསལ་བཏབ་པ་ཁ་ཅིག་ཡི་དམ་གྱི་ལྷར་གྲོལ་ལ། མངལ་ཆོས་འབྱུང་དུ་གསལ་བའི་ནང་ན་པདྨ་ཉི་ཟླའི་སྟེང་དུ་ཨཱོཾ་ཨཱཿཧཱུཾ་ལ་སོགས་པའི་ཡི་དམ་གྱི་ས་བོན་གསལ་བཏབ་ནས་རྣམ་ཤེས་དེ་ལ་ཞུགས་ཏེ། ཕ་མ་ཡི་དམ་ཡབ་ཡུམ་དུ་གསལ་བཏབ་པས་མི་ལུས་རིན་པོ་ཆེ་རྟག་ཏུ་ཆོས་ལ་སྤྱོད་པར་སྐྱེས་ནས། བླ་མ་དགེ་བའི་བཤེས་གཉེན་མཐུན་པའི་ཞབས་དྲུང་དུ་སྐྱེས་ཏེ་ཟབ་མོའི་ཆོས་དང་འཕྲད་དོ། །ཐ་མའི་ཐ་མ་སྐྱབས་འགྲོས་བཟློག་པ་ནི། སྣང་བ་དེ་དག་གི་དུས་སུ་བླ་མ་དང་ཕྱོགས་བཅུའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱས་ཏེ། རྟག་ཏུ་ཆོས་ལ་སྤྱོད་པའི་རིགས་སུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ཅིང་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་ལ་རྗེས་སུ་དྲན་པས་སྐྱེ་གནས་ངན་པ་ལས་ལྡོག་སྟེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་ནས་དཀོན་མཆོག་གསུམ་ལ་མངོན་པར་དད་པས་ཐར་པའི་ཆོས་ལ་སྤྱོད་པར་སྐྱེའོ། །འདི་དག་ནི་མངོན་སུམ་གྱི་དོན་མ་མཐོང་བར་ཚེ་དུས་བྱས་པ་རྣམས་ཀྱི་དབང་དུ་བྱས་པའོ། །དོན་གསུམ་པ་བརྩོན་འགྲུས་ཐ་མ་རང་བཞིན་
སྤྲུལ་སྐུའི་ཞིང་དུ་དབུགས་ཕྱུང་སྟེ་བར་དོ་མེད་པར་གྲོལ་བའི་གདམས་ངག་ནི། འདིར་ཆོས་ཉིད་མངོན་སུམ་གྱི་དོན་མཐོང་ཡང་བསྒོམས་ལོང་མ་བྱུང་སྟེ། བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོས་མ་ཟིན་ཏེ། སྲིད་པའི་བར་དོར་རྨི་ལམ་གྱི་ཆ་ཙམ་དུ་སྣང་བ་ལས་ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨའི་ཐུགས་རྗེས་རྨི་ལམ་སད་པའི་ཆ་ཙམ་ལ་ཤར་ཕྱོགས་མངོན་པར་དགའ་བ་མི་འགྱུར་རྡོ་རྗེའི་ཞིང་དུ་སྐྱེའོ། །དེའང་ཞིང་ཁམས་དཀར་པོ་ཤེལ་ལས་གྲུབ་པ། གཞལ་ཡས་ཁང་དང་། ཆོས་འཆད་པའི་རིན་པོ་ཆེའི་ཁྲི་དང་། ཆོས་ཀྱི་འཁོར་ལོ་དང་། རྒྱལ་མཚན་དང་། མཆོད་པའི་ལྷ་མོས་བཀྲ་ཤིས་ཀྱི་གླུ་དབྱངས་བརྗོད་པ་དང་། ཡན་ལག་བརྒྱད་ལྡན་གྱི་ཆུ་ལ་སྤྲུལ་པའི་ངང་པས་བརྒྱན་པ་དང་། རིན་པོ་ཆེ་པདྨའི་སྙིང་པོ་དང་དཔག་བསམ་གྱི་ཤིང་དང་། ས་གཞི་རེག་ན་འཇམ་ཞིང་བཏེག་ན་འཕར་བ་མནན་ན་ནེམ་པ་སྙམ་པ་ན། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་རྡོ་རྗེའི་རིགས་ཀྱི་འཁོར་འབུམ་ཕྲག་དཔག་ཏུ་མེད་པ་མང་པོ་ལ་ཆོས་སྟོན་པར། རང་ཡང་རྡོ་རྗེ་རིགས་ཀྱི་སེམས་དཔའ་དཀར་པོའི་གཟུགས་ཅན་ཤིན་ཏུ་མཛེས་པར་ལྷུན་གྱིས་གྲུབ་སྟེ། སྟོན་པའི་ཞལ་མཐོང་གསུང་ཐོས་པས་ཞེ་སྡང་ལས་གྱུར་པའི་ཉོན་མོངས་པ་དག་སྟེ། ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པ་ལས། སྐད་ཅིག་གིས་ལྷོ་ཕྱོགས་དཔལ་དང་ལྡན་པའི་འཇིག་རྟེན་དུ་སྐྱེས་ཏེ། ཞིང་ཁམས་སེར་པོ་འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ་ན། གཞལ་ཡས་ཁང་སྒོ་བཞི་རྟ་བབས་བཞིས་བརྒྱན་པ་ཟུར་བཞིར་རིན་པོ་ཆེའི་མཆོད་རྟེན་ལ་གསེར་གྱི་དྲིལ་བུ་གཡེར་ཁའི་ཕྲེང་བ་འཁྲོལ་བའི་ཆོས་ཀྱི་སྒྲ་འབྱུང་བ་ལ་སོགས་སྔ་མ་ལྟར་གནས་པ་ན། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་རིན་ཆེན་རིགས་ཀྱི་འཁོར་དཔག་ཏུ་མེད་པ་ལ་ཆོས་སྟོན་པར་རང་ཉིད་རིན་ཆེན་རིགས་ཀྱི་སེམས་དཔར་གྱུར་ཏེ། སྟོན་པས་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དང་གཏི་མུག་དག་ནས་ལོ་བརྒྱ་ཉི་ཤུ་
རྩ་ལྔར་གནས་པ་ལས། སྐད་ཅིག་གིས་ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་སུ། པདྨ་རིགས་ཀྱི་སེམས་དཔར་སྐྱེས་ཏེ། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱིས་མངོན་སུམ་དུ་ལུང་བསྟན་ནས། འདོད་ཆགས་དག་སྟེ་ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པ་ལས། སྐད་ཅིག་གིས་བྱང་ལས་རབ་རྫོགས་པའི་ཞིང་ཁམས་སུ་ལས་ཀྱི་སེམས་དཔར་བརྫུས་ཏེ་སྐྱེས་པ་ལ་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པས་དབུགས་ཕྱུང་སྟེ་ཉོན་མོངས་པ་ཕྲག་དོག་དག་ཅིང་ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པ་ལས། སྐད་ཅིག་གིས་སྟེང་གི་ནམ་མཁར་མི་མཇེད་བརྩེགས་པ་ལ་དུར་ཁྲོད་མེ་རི་འབར་བའི་གནས་སུ་ཁྲོ་བོའི་ཞིང་ཁམས་མཐོང་སྟེ། གདོད་མའི་གཞི་ལ་སྐད་ཅིག་དེ་ཉིད་དུ་གྲོལ་ནས། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལ་དུས་གསུམ་འདུ་འབྲལ་མེད་པར་བཞུགས་ནས་ནམ་མཁའི་མཐས་ཀླས་པའི་སེམས་ཅན་ལ་གང་ལ་གང་འདུལ་གྱི་སྐུ་མངོན་པར་སྣང་བས་འཁོར་བ་མ་སྟོངས་ཀྱི་བར་དུ་འཛད་པ་མེད་པའི་ཐུགས་རྗེས་རྒྱུན་མི་འཆད་པའི་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འགྲོ་བའི་ཡིད་དང་མཐུན་པར་སྣང་ཞིང་། མཐར་ཐུག་གདོད་མའི་ཀུན་ཏུ་བཟང་པོ་ལ་འགོད་པར་མཛད་དོ། །དོན་གསུམ་པ་གཙིགས་ཆེ་བ་བཀའ་རྒྱས་གདབ་པ་ནི། འདི་ལྟ་བུའི་གདམས་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་བས་ཀྱང་ཆེས་ཤིན་ཏུ་དཀོན་པས། ཕྱི་རབས་ཀྱི་སྐལ་བ་དང་ལྡན་པ། བླ་མ་ལ་གུས་ཤིང་གཏོང་ཕོད་ཆེ་བ། དམ་ཚིག་དང་སྡོམ་པ་ལ་གནས་ཤིང་སྒྲུབ་པ་ལ་བརྩོན་པ། རང་བཞིན་རྫོགས་པ་ཆེན་པོའི་སྣོད་དུ་རུང་ཞིང་མཁའ་འགྲོའི་མཚན་རྟགས་ཚང་བ་མ་གཏོགས་པ་ལ་རླུང་གི་ཕྱོགས་ཙམ་དུའང་མི་བསྒྲག་ཅིང་ཆུ་སྲིན་གྱི་གྲེ་བའི་ནོར་བུ་བཞིན་དུ་བསྡམ་མོ། །མཚན་རྟགས་ཚང་ཞིང་མཁའ་འགྲོའི་ལུང་བསྟན་འོངས་པའི་དུས་སུ་གདམས་པ་ཚང་བར་སྐལ་པ་མཆོག་དང་ལྡན་པ་གཅིག་ལ་བྱིན་ཏེ། དེས་ཀྱང་མངོན་ཞེན་དང་ལེ་ལོ་སྤངས་ཏེ་ཐོག་མར་རང་གིས་བསྒྲུབ་ཅིང་། བར་དོའི་གྲོལ་ཚད་དང་ལྡན་པ་ཡན་ཆད་ནས། རང་ལས་གཞན་གཅེས་ཀྱི་སྙིང་རྗེ་ཆེན་པོས་གཞན་
དོན་སྐྱོ་ངལ་མེད་ཅིང་སྤྲོ་བར་རང་བཞིན་ལྷུན་གྱིས་གྲུབ་པར་མཛོད་ཅིག །དེ་ལྟར་རྒྱུད་དོན་མན་ངག་རྒྱ་མཚོ་ལས། ཟབ་མོའི་བཅུད་རྣམས་ཡང་ནས་ཡང་བསྡུས་པ། ངེས་གསང་སྙིང་པོ་ཚེ་གཅིག་སངས་རྒྱས་ལམ། །མཁའ་འགྲོ་སྙིང་ཏིག་གསང་བའི་སྒོ་ཕྱེ་ནས། །ཕྱི་རབས་སྐལ་ལྡན་འཇུག་པའི་ཐེམ་སྐས་སུ། །ཟབ་དོན་སྙིང་པོའི་ཡི་གེ་འདི་བརྩམས་ཏེ། །རྡོ་རྗེ་སྙིང་པོའི་ལམ་བཟང་སྲོལ་གཏོད་ནས། །མ་ནོར་ཇི་བཞིན་ལེགས་པར་བཀོད་པ་ཡིན། །ཉི་མ་ཟླ་བ་ལྷུན་པོ་རྒྱ་མཚོར་བཅས། །རྒྱུན་རིང་བརྟན་པས་འགྲོ་བའི་དོན་བྱེད་ལྟར། །བདག་གི་ཆོས་ཚུལ་རྒྱ་མཚོ་འདི་ཡིས་ཀྱང་། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །ཨོ་རྒྱན་རྫོང་ཞེས་བྱ་བའི་གནས་མཆོག་ཏུ། ཁྲིད་ཡིག་རིན་ཆེན་གསེར་ཕྲེང་འདི་བརྩམས་པས། །འགྲོ་བའི་ཡིད་ལ་བསམ་པ་འགྲུབ་པར་ཤོག །རིན་ཆེན་གསེར་ཕྲེང་ཞེས་བྱ་བ་ཨོ་རྒྱན་ཡབ་ཡུམ་གྱིས་དངོས་སུ་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་ཞེས་བྱ་བས། བསྟན་པ་ལྔ་བརྒྱ་ཕྲག་གཅིག་གི་སྲོག་ཤིང་མི་ནུབ་པའི་རྒྱལ་མཚན་ཆེན་པོ་གཟུག་པའི་ཕྱིར་སྐལ་བ་དང་ལྡན་པའི་བུ་མཆོག་འོད་ཟེར་གོ་ཆས་སྦྱིན་བདག་བགྱིས་ཏེ་གསོལ་བ་བཏབ་པའི་ངོར། ཟབ་མོའི་དོན་རྣམས་གཅིག་ཏུ་བསྡུས་ནས། ཕྱི་རབས་ཀྱི་འགྲོ་བ་སྨིན་ཅིང་གྲོལ་བའི་དོན་དུ། ཁྲིད་ཡིག་སྔ་མ་ལས་གསལ་བར་ཕྱེ་སྟེ། མཁའ་འགྲོ་དུ་མའི་ལུང་བསྟན་དང་མཐུན་པར་རིན་ཆེན་ཤོག་འདྲའི་ངོས་ལ་ཕྱིན་ཅི་མ་ལོག་པར། གངས་རི་ཐོད་དཀར་གྱི་མགུལ། ཨོ་རྒྱན་རྫོང་གི་དབེན་གནས་སུ་སྟོན་གྱི་ཟླ་བ་མེ་ཏོག་འབྲས་བུ་དུ་མ་སྨིན་པའི་ཚེ་བཀོད་པ་རྫོགས་སོ། །འདིས་འགྲོ་བ་དཔག་ཏུ་མེད་པ་ལ། ཕན་པ་དང་བདེ་བ་བསྐལ་བ་རྫོགས་ལྡན་གྱི་དུས་སུ་ཉེ་བར་གནས་པ་བཞིན་དུ་བྱེད་པར་གྱུར་ཅིག །རྒྱ། དགེའོ།། །།
ཤོགསྟོང་།
ནམ་མཁའ་སྐོར་གསུམ་ལས། ནམ་མཁའ་རབ་འབྱམས།
ནམ་མཁའ་སྐོར་གསུམ་ལས། ནམ་མཁའ་རབ་འབྱམས་བཞུགས་པ་ལེགས། །རིན་ཆེན་ཤོག་སྐྱའི་སྐོར་རྒྱབ་ཆོས་ཀྱི་རིམ་པ་ལས།
ནམ་མཁའ་རབ་འབྱམས་ཞེས་བྱ་བ། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཡེ་ནས་མ་བཅོས་རང་བཞིན་རྫོགས་པ་ཆེ། །བརྗོད་མེད་བསམ་འདས་མཉམ་ཉིད་ངང་ཉིད་ལས། །སྣ་ཚོགས་འཆར་སྒོ་ཡེ་ཤེས་རིགས་ལྔའི་གདངས། །རང་ཤར་རང་སར་གྲོལ་ལ་ཕྱག་འཚལ་ལོ། །ཤར་སྣང་འགྱུ་བ་ཡེ་ཤེས་རོལ་པའི་དབྱིངས། །དྲན་འཛིན་གཉེན་པོའི་བློ་ལས་འདས་པ་ནི། །གང་དང་མི་འགལ་ཀུན་ལས་འདས་པའི་དོན། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །རང་བཞིན་གདོད་ནས་དག་པའི་ངང་ཉིད་ལས། །སྐྱེ་མེད་ལྷུན་རྫོགས་སྙིང་པོའི་གདངས་ཤར་བ། །ཡོན་ཏན་རང་བཞིན་ཅན་ཡང་འཛིན་པའི་བློས། །སྣ་ཚོགས་འཁོར་བའི་སེམས་ཞེས་བཏགས་པར་སྣང་། །རང་གི་རང་བཞིན་ཡང་ནས་ཡང་ཤར་བ། །ཆུ་དང་རླབས་བཞིན་ཡེ་ཤེས་རྒྱ་མཚོའི་ངང་། །གཞི་མེད་རྩ་བྲལ་རིག་པའི་རླབས་ཤར་བ། །ཆོས་ཉིད་ངང་ལས་བྱུང་ཞིང་ངང་དུ་ཐིམ། །རང་ཤར་རང་གྲོལ་ཆོས་སྐུའི་རོལ་པ་ཆེ། །སྣ་ཚོགས་འཆར་སྒོ་ཆོས་དབྱིངས་ཀུན་ཏུ་བཟང་། །དེ་ཉིད་འཛིན་མེད་ཀུན་ཏུ་བཟང་མོའི་ཀློང་། །ཉོན་མོངས་དུག་ལྔ་ཡེ་ཤེས་རིགས་ལྔའི་གདངས། །ཞི་ཁྲོའི་རང་བཞིན་ཅན་དེ་ལྷུན་གྱིས་གྲུབ། །རྨོངས་པ་རྣམས་ཀྱི་ཀུན་ཏུ་རྟོག་ཅེས་བཏགས། །བདེ་ཆེན་གནས་དེ་སྤོང་བའི་ཐབས་ལ་བརྩོན། །ཡེ་ཤེས་རྒྱ་མཚོ་ཉིད་ལས་འཕྲོས་པའི་རླབས། །ངོ་བོ་རྟེན་བྲལ་རང་བཞིན་སོ་སོར་གསལ། །ཐུགས་རྗེས་སེམས་ཅན་ཀུན་ལ་ཁྱབ་པའི་ཚུལ། །མཁས་པ་རྣམས་ཀྱིས་མཐོང་ནས་རབ་ཏུ་གྲོལ། །སྣ་ཚོགས་འཆར་གཞི་མ་འགགས་རིག་པའི་རྩལ། །ཡོན་ཏན་རང་བཞིན་ཅན་ཡང་སྐྱོན་ལྟར་སྣང་། ཀྱེ་མའོ། །སྲིད་པའི་རང་བཞིན་ལོག་པའི་བློ། །རང་གིས་ཉེ་བར་བཏགས་པས་བསླད་པར་ཟད། །རང་བཞིན་ཉིད་ལ་རྣམ་པར་འཕྲོས་པའི་སེམས། །གང་ལྟར་ཤར་ཡང་ཇི་ལྟར་མ་གྲུབ་པ། །ཤར་ཙམ་ཉིད་ནས་རང་ཤར་རང་སར་གྲོལ། །གཉེན་པོས་མ་བསླད་སྤང་བྱས་
བསྒྱུར་དུ་མེད། །སོ་མ་གཉུག་མ་མ་བཅོས་རང་ཀ་མ། །རང་བཞིན་ལྷུག་པ་ཡེ་གྲོལ་ཆོས་ཉིད་ལ། །བཅིངས་དང་གྲོལ་མེད་ནམ་མཁའི་མདུད་པ་བཞིན། །སྤང་བླང་འཁྲུལ་པའི་བྱུང་ཁུངས་ཟད་པ་ཡིན། །ཆེད་འཛིན་གཉེར་ཁ་མ་བྱེད་ཡན་དུ་ཆུག །བཟང་ངན་བླང་དོར་ཐམས་ཅད་སྤྲོས་པའི་བློ། །དེ་ལ་ཆེད་འཛིན་ཞིག་ན་ཡེ་ཤེས་དངོས། །ཐད་ཀར་བསྒོམ་ཡང་ཅི་དགོས་གང་བདེར་ཐོང་། །གང་ལ་འཛིན་པ་ཡོད་ན་འཆིང་བྱེད་ཉིད། །གཉིས་འཛིན་རྟོག་པའི་གཟེབ་ཡིན་དགོས་པ་མེད། །དགག་སྒྲུབ་སྤང་བླང་མེད་པ་སྣ་ཚོགས་སེམས། །གང་ཤར་གང་ཡིན་ཡིན་གྱིས་རོལ་དུ་ཆུག །ཐམས་ཅད་འདི་ཡིན་མེད་ཀྱིས་གཉུག་མའི་སེམས། །སྣ་ཚོགས་འཆར་སྒོ་མ་འགག་གཞི་བྲལ་དང་། །ཡུལ་དང་དུས་མེད་སྣང་ལ་ངོས་གཟུང་བྲལ། །སྟོང་ལ་ཀུན་ཁྱབ་འཆར་ནུབ་རྙོག་བྲལ་བ། །དག་པའི་སེམས་ལ་འཛིན་པས་མ་བསླད་ཅིག །རང་འགྲོས་སེམས་དེ་ཡེ་ཤེས་ཁྱབ་གདལ་ལོ། །མི་མཁས་མི་དག་མཚན་མོའི་མུན་རུམ་ན། །ཅང་ཤེས་རྟ་དག་རང་འགྲོས་མི་བཏང་བར། །རང་གིས་བསྒྱུར་བས་ལམ་ནོར་སྡུག་བསྔལ་ཞིང་། །མཁས་པ་དག་གིས་དེ་ལས་བཟློག་པ་ཡིས། །འདོད་པའི་གནས་སུ་རང་གར་ཕྱིན་པ་བཞིན། །མི་མཁས་བྱིས་པ་དག་གིས་སེམས་བཟུང་སྟེ། །བདེ་གནས་མི་རྟོག་སྟོང་ཉིད་སྙིང་པོའི་བློས། །ལུས་བཅིངས་ངག་བསྡམས་སེམས་སྒྲིམས་མཉམ་པར་འཇོག །སྔགས་ཟློས་ལྷ་བསྐྱེད་ཁ་ལོ་བསྒྱུར་བ་ཡིས། །རྩོལ་ཞིང་འབད་པ་དེ་སྲིད་ལམ་འཁྱམས་ཏེ། །འཁོར་བའི་གནས་ལས་གྲོལ་བའི་སྐབས་མེད་དོ། །མཁས་པ་དག་གིས་གང་ཤར་རིག་པའི་སེམས། །མ་གཟུང་མ་བསླད་མ་བསྒྱུར་རང་བབས་དང་། །ཐ་མལ་ཤེས་པ་རང་གྲོལ་ཉིད་བཏང་བས། །རང་ཀའི་སེམས་ཏེ་ཅང་ཤེས་ཡེ་ཤེས་རྟ། །བདེ་ཆེན་གནས་སུ་འབད་མེད་ཕྱིན་པར་བྱེད། །ཀྱེ་མ་རྨོངས་པ་དག་ནི་སེམས་ཞུམ་སྟེ། །ཐ་མལ་ཤེས་པ་གཉེན་པོས་བཞུ་བཏུལ་བྱེད། །ཀྱི་ཧུད་དེ་ལྟར་འབད་པས་འཁོར་བར་འཆིང་། །
སྡུག་བསྔལ་ཉིད་ལས་གྲོལ་བའི་སྐབས་མེད་དོ། །རང་བཞིན་དག་པའི་མཚོ་ལས་ཤར་བའི་རླབས། །དགག་ཅིང་སྒྲུབ་མེད་རང་བཞིན་ཤེས་པས་གྲོལ། །གྲོགས་དག་ཚུར་ཉོན་ཤེས་རབ་རིག་པའི་མཚོན། །རང་གི་སེམས་ལ་འདི་ལྟར་བརྟག་འཚལ་ལོ། །སྣ་ཚོགས་འགྱུ་བ་རླུང་འདྲ་བརྟགས་ན་མེད། །མ་བརྟག་ལྟར་སྣང་འདི་ལ་སོམས་དང་ཀྱེ། །ད་ལྟར་གར་གནས་དང་པོ་གང་ནས་བྱུང་། །ཐ་མ་གར་འགྲོ་ཁ་དོག་དབྱིབས་འདུག་གམ། བལྟས་པས་མཐོང་ངམ་འདི་ཞེས་ངོས་གཟུང་འདུག །ལེགས་པར་རྟོགས་དང་དྲན་བསམ་ཀུན་ལས་འདས། །གང་ལས་མ་བྱུང་གང་དུ་མ་སོང་ཞིང་། །གང་ནའང་མི་གནས་སྣ་ཚོགས་རིག་པའི་སེམས། །མ་བརྟག་སྣང་ཡང་སྣང་བའི་སེམས་འདུག་གམ། །རང་བཞིན་འདི་ཞེས་རི་མོར་བྱས་པའི་གཟུགས། །དགག་སྒྲུབ་ཡིན་ཞེས་སོ་སོར་བྲིས་འདུག་གམ། །དགག་སྒྲུབ་སེམས་དེ་ང་ཡིན་འདིར་ཡོད་ཅེས། །བརྗོད་མཁན་འདུག་གམ་རང་གིས་བརྟགས་ལ་སོམས། །རང་གི་བཏགས་པ་ཉིད་ལས་གཞན་མེད་དོ། །དེ་ལྟར་བཏགས་ཀྱང་བརྟགས་པའི་དོན་དུ་མེད། །ཚ་བའི་མེ་ལ་བསིལ་བའི་ཆུར་བཏགས་ཀྱང་། །མེ་ཉིད་ཆུར་འགྱུར་མངོན་སུམ་སྲིད་དམ་ཅི། །བརྟགས་པས་དོན་དེར་འགྱུར་བ་ག་ལ་ཡིན། །མ་བཏགས་དོན་ཞེས་དེ་ལས་ལོགས་ན་མེད། །བཏགས་དང་མ་བཏགས་ཐ་སྙད་རྨི་ལམ་འདྲ། །དེས་ན་དགག་སྒྲུབ་དགྲ་གཉེན་འཁོར་འདས་ཆོས། །བཏགས་པ་ཙམ་སྟེ་དོན་ལ་གྲུབ་པ་མེད། །མེད་ཅེས་བརྗོད་པའང་རང་གིས་བཏགས་པ་ཙམ། །བརྟགས་པའི་དོན་ལ་འདི་ཞེས་ངོས་གཟུང་མེད། །དེས་ན་སྣ་ཚོགས་དགག་སྒྲུབ་ཅིར་ཤར་ཡང་། །དེ་ལྟར་སོམས་དང་དོན་ལ་གྲུབ་འདུག་གམ། །བཏགས་པའི་ཆོས་ལ་དོན་དུ་བཟུང་བས་འཁྲུལ། །འཁྲུལ་པའི་སེམས་དེ་རང་འགྲོས་བཏང་བས་གྲོལ། །གྲོལ་བའི་སེམས་གང་སྔོན་ནས་བཅིངས་པ་མེད། །མེད་པའི་ཆོས་ལ་སྤུ་རིས་སོ་སོར་འབྱེད། །འབྱེད་མཁན་འདུག་གམ་རིག་པའི་མཚོན་གྱིས་གཞིག །ཀྱེ་ཧོ་འགྲོ་
ཀུན་བཅིངས་དང་གྲོལ་བ་མེད། །གང་གིས་གང་བཅིངས་འཆིང་རྒྱུ་འདུག་གམ་ཅི། །མ་བཅིངས་སེམས་དེ་གྲོལ་བ་རྡུལ་ཙམ་མེད། །འགྲོ་བ་དྲུག་ཅེས་བརྡ་ཙམ་བཏགས་པ་ཙམ། །གང་དུ་གང་འཁོར་འཁོར་མཁན་སོམས་དང་ཀྱེ། །འཁོར་བ་པོ་མེད་ངོས་གཟུང་དམིགས་སུ་མེད། ཁ་དོག་དབྱིབས་བྲལ་སྐྱོན་ཡོན་གཟུང་འཛིན་འདས། །དེ་འདྲའི་སེམས་ལ་སྐྱེ་ཤི་འདུག་གམ་ཅི། །འཆི་མེད་སྐྱེ་ཤི་ཀུན་ལས་འདས་པའི་སེམས། །བར་དོའི་ཡུལ་ལ་འཇུག་པ་ག་ལ་འགྱུར། །མོ་གཤམ་བུ་དེ་སྐྱེ་ཤི་བར་དོར་འཇུག །སྣ་ཚོགས་སྡུག་བསྔལ་མྱོང་ཞེས་ལྟར་འདུག་གམ། །འོན་ཀྱང་མོ་གཤམ་བུ་ཞེས་མིང་ཙམ་བཏགས། །དེ་བཞིན་བསལ་བཞག་འགྲོ་འོང་མེད་པའི་སེམས། །མི་ཙམ་ཉིད་ལས་ངོས་གཟུང་རྡུལ་ཙམ་མེད། །སྐྱེ་ཤི་སྣང་བ་ཐ་སྙད་རྨི་ལམ་འདྲ། །ཇི་ལྟར་རྨི་ལམ་ནང་ན་བདག་ཉིད་ཤི། །དེ་ནས་བར་དོར་འཇུག་དང་སྐྱེར་སྣང་ཡང་། །རང་གི་མལ་ལ་ཅུང་ཟད་གཡོས་པ་མེད། །སྐྱེ་མེད་ཤི་མེད་བར་དོར་ཕྱིན་པ་མེད། །ཡེ་གྲོལ་ཆོས་ཉིད་ངང་ལས་གཡོས་པ་མེད། །ཐམས་ཅད་ནམ་མཁའ་འདྲ་བར་རྟོགས་པར་བྱ། །ཀྱེ་ཧོ་གྲོགས་དག་རང་གི་སེམས་ལ་ལྟོས། །གང་གིས་གང་བསྒོམ་སྒོམ་རྒྱུ་འདུག་གམ་ཅི། །བསྒོམས་པས་སེམས་དེ་གངས་རི་ལྟར་དཀར་ཞིང་། །མ་བསྒོམས་སོལ་བའི་མདོག་བཞིན་འགྲོ་འདུག་གམ། །རྟོགས་དང་རྟོག་མེད་བདེ་གསལ་བསྐྱེད་དང་རྫོགས། །གང་ཞིག་བསྒོམས་པས་སེམས་དེ་དེར་གྱུར་ན། །ཕྱིན་ཆད་གཞན་འབྱུང་རྟོག་ཚོགས་ཁེགས་སམ་ཅི། །ཅུང་ཟད་བསྒོམས་པས་ཁེགས་པ་ལྟར་སྣང་ཡང་། །འབད་པ་རྫིང་བུར་བསྐྱིལ་བའི་ཆུ་བཞིན་དུ། །ཀུན་རྟོག་སྤྲོས་པའི་ཆུ་ཀླུང་ཡུལ་ལ་འབབས། །སྣ་ཚོགས་རྟོག་པ་སྔོན་བས་རགས་པར་སྣང་། །དེ་བཞིན་འཁྲུལ་པའི་རྟོག་པ་གང་ཤར་བས། །སེམས་ནི་བསྒྱུར་ཞིང་ནག་པོར་འགྲོར་འདུག་གམ། །དེ་ལྟར་གྱུར་ན་མི་རྟོག་དགེ་བའི་སེམས། །འགྲོ་བ་རྣམས་ལ་སྐབས་འགར་
འབྱུང་མི་སྲིད། །དེས་ན་གང་ཤར་རྩིས་གདབ་མ་བྱེད་ཅིག ། འཕྲོས་སམ་འགྱུས་ཀྱང་མི་དགར་དོན་ལ་མེད། །གནས་སམ་ཟིན་ཡང་དེ་ལ་དགར་ཅི་ཡོད། །རང་བཞིན་བབས་ཡིན་བཅོས་བསླད་མ་བྱེད་ཅིག །བདེ་བའི་སེམས་ལ་སྟོང་པའི་རྒྱས་གདབ་ཀྱང་། །འདོད་པའི་ཁམས་ལས་ཅུང་ཟད་མི་འདའ་ཞིང་། །གསལ་དང་མི་རྟོག་གཟུགས་དང་གཟུགས་མེད་དེ། །ཆགས་པ་བཀག་ནས་སྟོང་པར་བསྒོམ་ཀྱང་སླའི། །བདེར་འགྲོའི་གནས་གསུམ་དག་ལས་འདའ་མི་ནུས། །ཆགས་ན་ངན་སོང་གནས་གསུམ་སོ་སོར་འཆིང་། །གང་ལྟར་བྱས་ཀྱང་སྲིད་ལས་གྲོལ་མི་ནུས། །གང་ལྟར་ཤར་ཡང་དེ་ལྟར་མི་འཛིན་ན། །སྲིད་པར་མི་གནས་མྱ་ངན་འདའ་མི་གནས། །རང་གྲོལ་མཉམ་པའི་ངང་དུ་མྱ་ངན་འདའ། །གྲོགས་དག་སོམས་དང་ཇི་ལྟར་བསྒོམས་ཀྱང་སླའི། །བསྒོམས་པའི་དོན་དེར་སེམས་དེ་ཡོད་དམ་མེད། །ཡོད་ན་གྲུབ་ཟིན་སྒོམ་ཡང་ཅི་ཞིག་དགོས། །མེད་ན་བསྒོམས་ཀྱང་དོན་མེད་ངལ་བའི་རྒྱུ། །བདེན་ཏེ་དོན་དེར་གསལ་འདེབས་ཡིན་ཞེ་ན། །མེད་ན་མི་གསལ་ཡོད་ན་དགོས་པ་མེད། །གང་ལྟར་བྱས་ཀྱང་བློ་ནི་གཉེན་པོའི་ཆོས། །དེ་ལ་འཁྲུལ་པའི་གཟེབ་ཡོད་འཆིང་བྱེད་ཡོད། །གང་དུའང་མི་གཟོ་རང་དགར་གཏམ་ཤེས་ན། སུས་ཀྱང་མི་འཆིང་སྲིད་ཞིའི་མཐའ་ལས་འདས། །ཇི་སྲིད་སྒོམ་ཡོད་ལྟ་དང་སྤྱོད་པ་ཡོད། །དེ་སྲིད་ཆོས་ཡོད་ཐེག་པའི་ཞེ་འདོད་ཡོད། །དེ་ལ་སྲིད་ཡོད་འཁོར་བའི་སྡུག་བསྔལ་ཡོད། །གང་ལ་ཆོས་མེད་ཐེག་པའི་ཞེ་འདོད་མེད། །དེ་ལ་སྲིད་མེད་སྲིད་པའི་སྡུག་བསྒལ་མེད། །ནམ་མཁའ་འདྲ་སྟེ་གང་གིས་གོས་པར་འགྱུར། །དེ་ལྟར་གཞི་དང་རྩ་བ་ལེགས་ཆོད་ནས། །ཉིན་དང་མཚན་མོ་ཅིར་སྣང་ཁྱད་པར་མེད། །དྲན་པའི་རྩིས་མེད་རྨི་ལམ་བཟུང་ཅི་དགོས། །སྤེལ་དང་བསྒྱུར་མེད་སྦྱང་རྒྱུ་ཅི་ཞིག་ཡོད། །ཇི་ལྟར་རྨི་ལམ་སྐྱེ་བོ་འགྲོ་དང་འདུག །འཆག་དང་ཉལ་དང་ཟ་དང་འཐུང་བ་དང་། དགའ་དང་མི་དགའ་སྣ་ཚོགས་ཅིར་སྣང་ཡང་། །རང་འགྲོས་ཉིད་ལས་དྲན་འཛིན་གཉེན་པོ་མེད། །རྨི་ལམ་འདི་ཡིན་རྨིས་པ་པོ་འདི་
ཞེས། །གཉིས་སུ་མི་རྟོག་གཉིས་མེད་རྟོག་པ་མེད། །གང་ཤར་དོན་ལས་ལོགས་པའི་རྩིས་གདབ་མེད། །དེ་ཚེ་རྨི་ལམ་དགེ་སྡིག་ཅི་སྣང་ཡང་། །དེར་འཛིན་མེད་པས་ལས་མེད་རྣམ་སྨིན་མེད། །དེ་བཞིན་གཉིད་སད་ཉིན་དུས་སྣང་བ་ཡང་། །འདི་བཞིན་མི་འཛིན་རྨི་ལམ་སྐྱེས་བུ་བཞིན། །རང་བབས་ཉིད་ལས་གཉེན་པོས་མི་གཟོ་ན། །འཆིང་བའི་གཟེབ་མེད་ལས་འབྲས་རྣམ་སྨིན་མེད། །ཀྱེ་ཧོ་གྲོགས་དག་དྲན་རིག་འགྱུར་བའི་སེམས། །བུ་ཆུང་བཞིན་ཏེ་རང་བབས་གང་དགར་ཐོང་། །དྲན་བསམ་འཛིན་བྲལ་སྨྱོན་པའི་བརྟུལ་ཞུགས་ཅན། །གང་བབས་གང་བྱུང་ཐོག་བབས་ཆེན་པོར་ཐོངས། །རང་བབས་ལྷོད་ཆགས་རྒན་པོའི་ངང་ཚུལ་ཅན། །གཟེབ་བྲལ་ཁོང་ཡངས་གང་ཤར་རག་བབས་ཐོང་། །རྣལ་འབྱོར་ཆེན་པོའི་དགོངས་ཀློང་ཡངས་པ་ཡིན། །སྣ་ཚོགས་དྲན་རིག་ཐམས་ཅད་ཡེ་ཤེས་དངོས། །རང་ཤར་རང་གྲོལ་ཀུན་བཟང་ཆོས་ཀྱི་སྐུ། །ལྷུན་གྲུབ་ངང་ཡིན་ཡེ་ནས་གནས་པ་ཡིན། །དེ་ལྟར་ཀུན་བཟང་ཉིད་ལས་གཞན་པའི་ཆོས། །རྡུལ་ཙམ་མི་རྙེད་ཡེ་ནས་སངས་རྒྱས་ཡིན། །དེ་ལྟར་ཤེས་ཏེ་འཆིང་གྲོལ་ཀུན་ལས་འདས། །རང་བཞིན་གཞི་ཡི་དགོངས་ཀློང་ཡངས་པ་ཡིན། །ཀྱེ་ཧོ་གྲོགས་དག་སྣ་ཚོགས་རིག་པའི་སེམས། །གང་དུ་ཤར་ཡང་དེར་འཛིན་མེད་པའི་ཚེ། །ཇི་ལྟར་སྣང་ཡང་གང་གིས་མི་གོས་པ། །མེ་ལོང་དངོས་ལ་ཤར་བའི་གཟུགས་བརྙན་འདྲ། །སེམས་ཉིད་ཡེ་ནས་དག་པའི་མེ་ལོང་ལ་། །སྣ་ཚོགས་དགག་སྒྲུབ་གཟུགས་བརྙན་ཅི་ཤར་ཡང་། །དེ་ཡིས་མི་གོས་འཆར་གཞི་དགག་ཏུ་མེད། །རང་བཞིན་སྒྲུབ་མེད་རང་སྣང་བདེན་པས་སྟོང་། །ཇི་ལྟར་མེ་ལོང་མདུན་གྱི་གཟུགས་དེ་ཡང་། །འཆར་གཞིའི་རྒྱུ་བྱེད་མེ་ལོང་ནང་ཤར་ཡང་། །གཟུགས་དེ་མེ་ལོང་ངོས་ལ་འཕོས་པ་མེད། །དེ་བཞིན་སྣང་ལ་སྣང་ཡང་ངོས་གཟུང་མེད། །མེ་ལོང་གཟུགས་དེར་ཡེ་ནས་གྲུབ་པ་མེད། །དེ་བཞིན་ཡེ་ནས་དག་པའི་མེ་ལོང་འདི། །གང་དུ་མ་གྲུབ་གང་གིའང་འཆར་གཞི་བྱེད། །དགེ་སྡིག་དགག་སྒྲུབ་ཕྱི་རོལ་
རྐྱེན་གྱི་གཟུགས། །སྣ་ཚོགས་སྣང་ཚེ་དེ་ཡི་གཟུགས་བརྙན་སེམས། །དགེ་སྡིག་དགག་སྒྲུབ་ལྟར་སྣང་ཡོད་མོད་ཀྱང་། །སེམས་ལ་དེ་མེད་དངོས་བཟུང་ཀུན་ལས་འདས། །འཛིན་མེད་དགེ་སྡིག་དགག་སྒྲུབ་ཅི་ཤར་ཡང་། །རང་བཞིན་དག་པའི་སེམས་ལ་གོས་པ་མེད། །སྣ་ཚོགས་སེམས་འདི་གང་དུའང་མ་གྲུབ་པས། །གང་དུའང་སྣང་བའི་འཆར་གཞི་མེ་ལོང་འདྲ། །གཅིག་ཉིད་ཡིན་ན་དུ་མའི་འཆར་གཞིར་འགལ། །དུ་མར་མ་ངེས་ངོས་གཟུང་ཅུང་ཟད་མེད། །དེ་ཕྱིར་སེམས་ལ་དགེ་སྡིག་དགག་སྒྲུབ་མེད། །ཕྱི་རོལ་རྐྱེན་གྱིས་སྣ་ཚོགས་སོ་སོར་སྣང་། །རྐྱེན་ལ་མ་གཟུང་དེ་ཡིས་གོས་པ་མེད། །བཟུང་ན་འཆིང་ལ་མ་བཟུང་རང་སར་གྲོལ། །སྣ་ཚོགས་ཤར་ཡང་གང་གིས་མ་གོས་པ། །དྲི་མེད་སེམས་ཉིད་དག་པའི་མེ་ལོང་འདྲ། །དེ་བཞིན་སྒྱུ་མ་སྨིག་རྒྱུ་ཆུ་ཟླ་དང་། །རང་བཞིན་སྤྲུལ་པ་ལྟ་བུར་སྣང་བའི་སེམས། །གཞི་མེད་རྟེན་བྲལ་སྣང་ལ་ངོས་གཟུང་མེད། །རང་བཞིན་གདོད་ནས་དག་པར་ཤེས་པར་གྱིས། །གང་གིས་མ་བཟུང་བཅོས་བསླད་མེད་པའི་སེམས། །རང་བཞིན་ཉིད་དེ་གང་བབས་རང་དགའི་ངང་། །སྲིད་འབྱུང་སྒྱུ་མར་རྣམ་སྤྱོད་ཡེ་ཤེས་དངོས། །ཐུགས་རྗེའི་རང་བཞིན་ཡང་ནས་ཡང་ཤར་བ། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ཁྱབ་པའོ། །མི་ཤེས་བྱིས་པ་དག་གིས་དེ་བསླད་དེ། །སྲིད་པའི་ནགས་ཁྲོད་འཐུག་པོར་རང་ཉིད་འཆིང་། །ལས་དང་ཉོན་མོངས་སྡུག་བསྔལ་དགྲས་གཙེས་ཤིང་། །ཡན་ལག་བཅུ་གཉིས་རྣམ་འགྲོས་ལུགས་སུ་འཇུག །རང་བཞིན་ཤེས་པ་དག་གིས་འདི་རིག་ན། །འཁོར་བའི་འབྲོག་དགོན་དག་ནི་རབ་བརྒལ་ཞིང་། །མ་རིག་ལ་སོགས་ལུགས་ལས་ལྡོག་པའི་ཆོས། །རང་བཞིན་དེ་རིག་ཤེས་རབ་ཕ་རོལ་ཕྱིན། །བྱང་ཆུབ་སྙིང་པོའི་སེམས་དེ་ཁྱབ་གདལ་བ། །གཞི་མེད་རྟེན་བྲལ་རང་གྲོལ་ཆོས་ཀྱི་སྐུ། །གང་ལྟར་ཤར་ཡང་སྣ་ཚོགས་རིག་པའི་སེམས། །ཤེས་རབ་རྟོགས་པའི་མེ་ལོང་ངོས་ཤར་བའི། །གཟུགས་བརྙན་གསལ་བ་འགྲོ་ཀུན་སྙིང་ལ་
གནས། །གང་ཤར་བློ་རྣམས་རང་གྲོལ་སྐད་ཅིག་མ། །ཞེན་འཛིན་འཁྲུལ་པར་སྣང་ཡང་དགག་ཅི་དགོས། །སྟོན་ཀའི་མཁའ་ལ་དྲི་མེད་འོད་སྟོང་ལྡན། །ཆུ་སྐྱེས་པདྨོའི་སྦུབས་སུ་འོངས་པ་བཞིན། །རྟོགས་པའི་ཉི་མ་ནང་ནས་ཤར་བའི་གཟུགས། །ཐེ་ཚོམ་མུན་པ་མ་ལུས་ཀུན་བཅོམ་ཞིང་། །མཐའ་བྲལ་བློ་ཡི་པད་ཁ་རབ་རྒྱས་ཏེ། །བདེ་ཆེན་འོད་ཀྱི་སྣང་བས་འཇིག་རྟེན་ཁྱབ། །ད་ནི་སྲིད་པའི་གྲོང་ལས་འདས་པ་སྙམ། །འདི་ལྟར་རྟོགས་ནས་སུ་ལའང་དྲི་རྒྱུ་མེད། །སྐྱིད་པའི་ཉི་མ་ནང་ནས་ཤར་བའི་མཐུས། །དེ་རིང་བདག་བློ་དགའ་བའི་དཔལ་འདི་རྒྱས། །ཀྱེ་ཧོ་གྲོགས་དག་རང་བཞིན་སྙིང་པོའི་སེམས། །སྣ་ཚོགས་ཤར་ཡང་དེ་ཡིན་དགག་སྒྲུབ་མེད། །ཆེད་དུ་མ་འཛིན་ཡེ་ནས་རང་བཞིན་གྲོལ། །འབད་པས་མ་ཡིན་རྩོལ་མེད་བློ་བདེ་བའོ། །གང་དགར་འཁྲོལ་བས་རང་བཞིན་རིགས་ལྔའི་གདངས། །ཡེ་ཤེས་ཆེན་པོ་ཡེ་ནས་རང་ཤར་བ། །མི་རྟོག་དྲན་བསམ་བྲལ་བའི་སེམས་ཉིད་ནི། །རྣམ་སྣང་ཆོས་དབྱིངས་ཡེ་ཤེས་བདེ་གཤེགས་རིགས། །སྣ་ཚོགས་འཆར་གཞི་མ་འགགས་རང་ཤར་བ། །མི་བསྐྱོད་མེ་ལོང་ཡེ་ཤེས་རྡོ་རྗེའི་རིགས། །གང་ལ་གཉིས་མེད་མཉམ་པའི་རང་བཞིན་སེམས། །རིན་འབྱུང་མཉམ་ཉིད་ཡེ་ཤེས་རིན་ཆེན་རིགས། །སྣ་ཚོགས་གང་ཤར་མ་འདྲེས་སོ་སོར་འབྱེད། །འོད་དཔག་སོར་རྟོགས་ཡེ་ཤེས་པདྨའི་རིགས། །སྣ་ཚོགས་གང་བསམ་དོན་གྲུབ་རིག་པའི་སེམས། །དོན་ཡོད་བྱ་གྲུབ་ཡེ་ཤེས་ལས་ཀྱི་རིགས། །འཕྲོས་སམ་འགྱུར་སམ་གནས་པའི་དྲན་རིག་སེམས། །གང་ལྟར་ཤར་ཡང་ཡེ་ཤེས་རིགས་ལྔའི་གདངས། །ཇི་ལྟར་སྣང་ཡང་དགག་སྒྲུབ་བྱ་ཅི་དགོས། །སྐྱེ་མེད་ལྷུན་རྫོགས་ཡེ་གྲོལ་ཆོས་ཉིད་ལ། །མ་བཅོས་རྒྱལ་པོ་རང་བབས་ལྷུན་འབྱམས་ཤིང་། །ཐོག་བབས་རང་ཤར་ལྷུན་གྲུབ་ཆེན་པོའི་གདངས། །རང་བཞིན་རྫོགས་ཆེན་ནམ་ཞིག་སུས་མཐོང་བ། །སྐྱེ་མེད་ལྷུན་རྫོགས་ནམ་མཁའི་ངང་དུ་གྲོལ། །གཞི་
དང་སྙིང་པོ་ཀུན་གྱི་བཅུད་ཕྱུང་བ། །དག་པའི་ནམ་མཁར་ཤར་བའི་ཉི་མའི་གཟུགས། །སྣ་ཚོགས་དྲན་རིག་ཀུན་བཟང་ཀློང་དུ་ཤར། །མི་ནུབ་འོད་ཀྱི་སྣང་བས་འཇིག་རྟེན་ཁྱབ། །འདི་ལྟར་རྟོགས་ན་གང་སྣང་འོག་མིན་གནས། །སུ་དང་འགྲོགས་ཀྱང་རང་བཞིན་རྡོ་རྗེ་སྤུན། །ཇི་ལྟར་འགྱུས་ཀྱང་ཏིང་འཛིན་ཡངས་པའི་ཀློང་། །གདོད་མའི་གནས་སུ་མངོན་པར་བྱང་ཆུབ་ཡིན། །སྐལ་བཟང་སྐྱེ་བོ་མཆོག་སྟེ་རིག་འཛིན་ཆེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །འོག་མིན་གནས་སུ་མངོན་པར་བྱང་ཆུབ་སྟེ། །ཐུགས་རྗེའི་མཛད་པས་སྲིད་པའི་སེམས་ཅན་ལ། །བླ་མེད་ཆོས་ཀྱི་དགའ་སྟོན་འགྱེད་པ་ཡིན། །དེ་ལྟར་སྒོམ་མེད་ཡེ་ཤེས་རྡོ་རྗེའི་གླུ། །ནམ་མཁའ་རབ་འབྱམས་ངང་དུ་བླངས་པ་འདིས། །འགྲོ་ཀུན་རང་བཞིན་རྫོགས་པ་ཆེན་པོའི་གནས། །གཉིས་མེད་མཉམ་པའི་ངང་དུ་གྲོལ་བར་ཤོག །བདག་བློའི་ཡིད་ཀྱི་ནམ་མཁའ་ཡངས་པ་ལ། །རྟོགས་པའི་འོད་སྟོང་དྲ་བ་འབྱེད་པ་ཡིས། །ཕྱི་ནང་ཡིད་མཁའི་མུན་པ་ཀུན་གསལ་ཏེ། །སྐལ་ལྡན་བློ་ཡི་པདྨོ་རྒྱས་པར་ཤོག །ཚིག་ཙམ་མ་ཡིན་རང་བཞིན་རྟོགས་པའི་དོན། ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན་དུ་བཀོད། །འབད་མེད་རང་སར་གྲོལ་བའི་ཡི་གེ་འདིས། །འགྲོ་བའི་དོན་ཀུན་ལྷུན་གྱིས་གྲུབ་པར་ཤོག ཁྲེགས་ཆོད་ཀྱི་ཡི་གེ་ཆེན་པོ་ནམ་མཁའ་རབ་འབྱམས་ཞེས་བྱ་བ། རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་འོད་ཟེར་ཀུན་ནས་ཕོག་པའི་ཕྲིན་ལས་ཀྱིས་རང་བཞིན་གཞིར་རྫོགས་ཀྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། རང་གིས་རྟོགས་པའི་དོན་ཇི་ལྟ་བར་སྐལ་བཟང་གི་སློབ་མ་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་འགའི་རྟོགས་པ་ཐག་གཅད་པའི་ཕྱིར། ལྷུན་གྲུབ་པདྨ་དཀར་པོའི་གནས་སུ་བཀོད་པ་རྫོགས་སོ།། །།དགེའོ།།
ནམ་མཁའ་ཀློང་ཡངས།
ནམ་མཁའ་ཀློང་ཡངས་ཞེས་བྱ་བ་བཞུགས་སོ། །རིན་ཆེན་ཤོག་སྐྱའི་སྐོར།
ནམ་མཁའ་ཀློང་ཡངས་ཞེས་བྱ་བ། རང་བཞིན་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །ཡེ་ནས་མ་བཅོས་གཞི་རྫོགས་གཉུག་མའི་ངང་། །བལྟར་མེད་བསམ་ཡུལ་འདས་པའི་རིག་པ་ནི། །གང་ལྟར་སྣང་ཡང་དེ་ལྟར་མ་གྲུབ་པ། །རང་ཤར་རང་སར་གྲོལ་ལ་ཕྱག་འཚལ་ལོ། །འདིར་ནི་སྐྱེ་མེད་ལྷུན་རྫོགས་སྙིང་པོའི་དོན། །རང་བཞིན་བྱས་པ་མེད་པའི་ཆོས་ཉིད་ལ། །སུས་ཀྱང་བཅོས་སུ་མེད་པ་རྣལ་མའི་དོན། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །དུས་གསུམ་འཕོ་འགྱུར་མེད་པའི་སེམས་ཉིད་འདི། །རང་བཞིན་གདོད་ནས་སྟོང་པའི་ཆོས་སྐུ་སྟེ། །འདི་ཞེས་མི་མཚོན་ལྟ་བའི་རྒྱལ་པོ་མཆོག །རྩ་བྲལ་སྟོང་པ་ལེགས་པར་མཁྱེན་པར་མཛོད། །གང་གིས་མ་སྒྲིབ་གཉིས་མེད་རིག་པའི་སེམས། །རང་ཤར་ཡེ་ནས་དག་པའི་འོད་གསལ་ཏེ། །གང་བབས་ངང་བཞག་སྒོམ་པའི་རྒྱལ་པོ་མཆོག །དྲན་བས མ་བློ་ལས་འདས་པར་མཁྱེན་པར་མཛོད། །གཉིས་མེད་བླང་དོར་བྲལ་བའི་རིག་པ་འདི། །ཤར་གྲོལ་འཛིན་མེད་ཡངས་པའི་སྤྲུལ་སྐུ་སྟེ། །ཤུགས་འབྱུང་འགགས་མེད་སྤྱོད་པའི་རྒྱལ་པོ་མཆོག །ཅིར་སྣང་དགག་སྒྲུབ་མེད་པར་མཁྱེན་པར་མཛོད། །རེ་དོགས་འབད་རྩོལ་ཞིག་པའི་སེམས་ཉིད་འདི། །མ་བྱས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་དེ། །ཡེ་གྲོལ་ཕྱམ་བརྡལ་འབྲས་བུའི་རྒྱལ་པོ་མཆོག །གདོད་མའི་ཟད་སར་ལེགས་པར་མཁྱེན་པར་མཛོད། །སྣང་སེམས་ཐམས་ཅད་རིག་པའི་ཆོ་འཕྲུལ་ཏེ། །རིག་པའི་རང་བཞིན་སྐྱེ་མེད་ནམ་མཁའི་ངང་། །གཉིས་འཛིན་འཁྲུལ་པའི་བྱུང་ཁུངས་ཟད་པ་ཡིན། །དེ་ལྟར་རྟོགས་ན་གཞི་བྲལ་ཆོས་སྐུ་སྟེ། །འདི་ཞེས་ཆེད་འཛིན་ཞིག་ན་མཐོང་བ་ཡིན། །ཧ་ཧ་གྲོགས་དག་གང་བབས་རིག་པའི་གནད། །གང་ཡིན་ཡིན་གྱིས་སེམས་ཀྱི་ཚོལ་འཕྲོ་ཞོག །འདི་ཡིན་མེད་ཀྱིས་དམིགས་གཏད་ཞེན་པ་ཐོང་། །ཡིན་མིན་མེད་ཀྱིས་ཕྱོགས་ལྷུང་འཛིན་པ་དོར། །གཟའ་གཏད་མེད་ཀྱིས་དགག་སྒྲུབ་འཕྲོ་མ་མཐུད། །ཀྱེ་ཧོ་ཕྱམ་ཅིག་ཆོས་སྐུའི་དོན་ལ་ཉོན། །
ནན་ལྟར་བྱས་ན་དགག་སྒྲུབ་གཞི་གནས་མེད། །གཟུང་བའི་ཡུལ་མེད་འཛིན་པའི་སེམས་མེད་དེ། །བྱ་རྒྱུའི་ཆོས་མེད་ལྟ་སྒོམ་སྤྱོད་འབྲས་མེད། །ཐམས་ཅད་ཕྱམ་ཅིག་ཡེ་ནས་བྱང་ཆུབ་བོ། །ཧོ་ཧོ་འཁོར་འདས་སྒྱུ་མའི་རྩེད་མོ་ལ། །དོན་མེད་བདེན་པར་བཟུང་བས་འགྲོ་བ་འཁྲུལ། །སྨིག་རྒྱུའི་ཆུ་ལ་རི་དྭགས་སྙེགས་པ་བཞིན། །ནམ་ཡང་དངོས་པོ་མེད་པའི་ཆོས་ཀྱིས་བསླུས། །མེད་སྣང་འཁྲུལ་པས་བཅིངས་པའི་འགྲོ་བ་ཀུན། །གྲོང་ཁྱེར་དྲུག་ཏུ་ཡུན་རིང་འཁྱམས་པ་ནི། །སྒྱུ་མའི་སྐྱེས་བུ་ནམ་མཁའི་ཞགས་པས་བཟུང་། །རྨི་ལམ་གྲོང་དུ་བདེ་སྡུག་མྱོང་བ་བཞིན། །མེད་བཞིན་སྣང་ལ་འཛིན་པས་སྡུག་བསྔལ་ལོ། །ཀྱེ་མ་དུས་རིང་འཁོར་བའི་གྲོང་ཁྱེར་ན། །འགྲོ་དྲུག་འཁྲུལ་པའི་སེམས་ཅན་ཉོན་རེ་མོངས། །ཐོག་མཐའ་དུས་མེད་སེམས་ཅན་སྙིང་རེ་རྗེ། །རང་སྣང་འཁྲུལ་པའི་སྣང་བ་སྤང་རེ་དཀའ། །བཟོད་དཀའི་བག་ཆགས་སྣ་ཚོགས་སྙུགས་རེ་རིང་། །ཐར་དཀའ་སྲིད་པའི་རྒྱ་མཚོ་ནམ་ཞིག་བརྒལ། །འོན་ཀྱང་བདེ་གཤེགས་ཐུགས་རྗེའི་འོད་ཟེར་གྱིས། །སྲིད་པའི་ཆུ་གཏེར་སྒྲོལ་ལ་ཐག་མི་རིང་། །ཧེ་ཧེ་དེ་ཀུན་མདང་སུམ་རྨི་ལམ་འདྲ། །མེད་སྣང་འཁྲུལ་པའི་རང་བཞིན་རྟོགས་པས་གྲོལ། །རང་སྣང་ཡིན་པས་ལོགས་སུ་སྤངས་མི་དགོས། །སྦྲུལ་འཁྲུལ་ཐག་པ་རང་བཞིན་ཤེས་པས་གྲོལ། །སྒྱུ་མའི་རང་བཞིན་མཐོང་བས་བློ་བདེ་འོ། །ཧ་ཧ་གྲོགས་དག་ཆོས་ཉིད་ཕྱམ་བརྡལ་ལོ། །བྱ་རྒྱུ་བྱེད་མཁན་མེད་པའི་སེམས་ཉིད་ལ། །འཁྲུལ་གཞི་འཁྲུལ་མཁན་མེད་པས་ཉམས་རེ་དགའ། །འཁོར་བའི་རང་བཞིན་གཞི་ནས་མེད་པ་སྟེ། །རགས་པར་སྣང་བ་གཞིག་ན་རྡུལ་ཕྲན་ལ། །དེ་ཡང་ཆ་མེད་དངོས་པོར་ཡེ་ནས་མེད། །འཁོར་བྱ་འཁོར་བྱེད་འཁོར་བའི་རང་བཞིན་སྟོང་། །མེད་སྣང་འཁྲུལ་བའི་སེམས་ལ་བལྟས་པས་ཀྱང་། ཁ་དོག་དབྱིབས་མེད་དུས་གསུམ་ཕྱི་ནང་མེད། །སེམས་ཞེས་བཏགས་ཀྱང་འདོགས་མཁན་བལྟས་པས་སྟོང་། །བཙལ་བས་མ་རྙེད་དངོས་མེད་ནམ་
མཁའ་འདྲ། །གཟུང་འཛིན་སྒྲིབ་པ་གཞི་བྲལ་གང་ལ་བརྟེན། །ལས་དང་བག་ཆགས་རྩ་བ་སྟོང་པས་ན། །དེ་ལ་འཁོར་བ་འཁོར་མཁན་སོམས་དང་ཀྱེ། །དེ་ལྟར་གཞིག་ཅིང་ལེགས་པར་དཔྱད་པའི་ཚེ། །མྱ་ངན་མེད་པས་མྱ་ངན་འདས་པའང་མེད། །དེ་ལྟར་འཁོར་འདས་གཞི་ནས་མེད་པ་ལ། །བླང་དོར་གཉིས་འཛིན་རེ་དོགས་སྐྱེ་བོ་འཁྲུལ། །མ་བཀྲོལ་གཞི་ནས་གྲོལ་བའི་ཆོས་ཉིད་ལ། །འབད་ཅིང་རྩོལ་བའི་འགྲོ་བ་ཐང་རེ་ཆད། །དེ་ཉིད་རྟོགས་པའི་དོན་ལ་སྒོམ་མེད་པར། །ལྟ་སྒོམ་སྤྱོད་པའི་ཉམས་ཀྱིས་རྣལ་འབྱོར་འཆིང་། །ཇི་ཙམ་འབད་པ་དེ་ཙམ་སྒྲིབ་པ་སྟེ། །གནས་ལུགས་འཆིང་བའི་གཟེབ་ཡིན་དགོས་པ་མེད། །རེ་དོགས་ཆེད་འཛིན་ཞིག་ན་གཉུག་མའི་དོན། །གང་ཤར་རྟོགས་པའི་གྲོགས་ཡིན་ངོ་མཚར་ཆེ། །གྲོགས་དག་གནད་ཀྱི་མེ་ལོང་བསྟན་གྱིས་ལྟོས། །སྒོམ་མེད་དོན་དེ་བསྒོམས་པས་མཐོང་མི་འགྱུར། །དཔྱད་པས་མི་ཤེས་རྟོག་པའི་གཟེབས་ལས་འདས། །སྒོམ་མེད་བསྒོམས་ན་སྒོམ་པའི་གཟེབ་ཏུ་འཆིང་། །གོམ་པས་ཕྱིན་ན་འགྲོ་འོང་མི་འཆད་བཞིན། །མ་བསྒོམ་ལྷུག་པ་ཐ་མལ་སེམས་ལ་འཆར། །རང་སར་བསྡད་ན་འགྲོ་འོང་མེད་པ་བཞིན། །དཔྱད་ཀྱང་མི་མཐོང་རྟོག་པའི་འཕྲོ་འདུ་ཉིད། །ཞེན་པའི་ཕྲེང་ཐག་ཡིན་པས་དགོས་པ་མེད། །གནས་ལུགས་དོན་ལ་སེམས་ཀྱི་དྲན་བསམ་ཞོག །མ་བསམ་མ་དཔྱད་ཐ་མལ་རིག་པའི་གནད། །འགྱུས་པས་འགགས་ལ་སྣང་བས་རང་སར་གྲོལ། །དྲན་འཛིན་གཉེན་པོ་མི་དགོས་རང་གྲོལ་ཡིན། །ཆགས་སྡང་ལ་སོགས་རྟོག་ཚོགས་སྔ་མ་རྣམས། །བལྟས་དང་གློད་པས་རང་གྲོལ་ཡིན་སྙམ་ཡང་། །ཕྱི་མའི་ཚེ་ན་སྔ་མ་འགགས་པ་ནི། །གཤིས་ཀྱི་གནས་ལུགས་ཡིན་པ་མི་ཤེས་སམ། །རྟོག་པ་སྔ་ཕྱི་དུས་གཅིག་མི་སྡོད་པས། །སྔ་མ་འགག་ཕྱིར་བསྒོམས་པ་ངན་མེད་ངལ། །ཕྱི་མའི་སེམས་ཀྱང་རྟོག་ལས་མ་འདས་པས། །རྟོག་ལ་རྟོག་མཐུད་ཐག་རུལ་འབྲེང་
རུལ་འདྲ། སེམས་རྒྱུན་སྔ་ཕྱི་དུས་གཅིག་གཉིས་མི་སྲིད། །ཕྱི་མའི་དུས་ན་སྔ་མ་འགགས་ནས་མེད། །དེ་བས་སྔ་མའི་རྟོག་ཚོགས་གྲོལ་བྱའི་ཕྱིར། །ཕྱི་མའི་སེམས་ཀྱིས་གྲོལ་ཀྱང་རང་གྲོལ་མིན། །སྔ་ཕྱི་ཡིན་ཕྱིར་གཞན་གྲོལ་ཤེས་པ་ལ། །རང་གྲོལ་ཉིད་ཅེས་འཛིན་པ་བླུན་པོའི་བློ། །བ་གླང་སྐྱོང་ཞེས་ལོགས་ན་ཅི་ཞིག་ཡོད། །གཞན་ཡང་སྔ་མའི་སེམས་ལ་ཕྱི་མས་བལྟ། །རྟོག་པའི་འཕྲོ་མཐུད་ཡིན་པས་ལུ་གུ་རྒྱུད། །མི་གཡོ་བསམ་གཏན་མཆོག་ལས་རྒྱང་རིང་འགྱུར། །ཞི་གནས་ལྷག་མཐོག་ཟུང་འཇུག་མཉམ་གཞག་ཀྱང་། །རྟོག་པའི་འཕྲོོ་གནས་མཉམ་སྦྱོར་གནས་པ་ཙམ། །གཞི་བྲལ་དོན་གྱི་རྟོགས་པ་མ་སྐྱེས་ན། །གོང་མའི་སྐྱེ་གནས་ཉིད་ལས་འདའ་མི་ནུས། །རྟོག་པ་འགག་ཕྱིར་སྒོམ་པའང་གནས་ལུགས་མིན། །བཀག་པས་མི་ཁེགས་སྔོན་ལས་རགས་པར་འཆར། །རྫིང་བུའི་ཆུ་བཞིན་ནམ་ཞིག་ཉོན་མོངས་གྲོགས། །ཆོས་ཀུན་ཡེ་ནས་རང་བཞིན་མཉམ་པ་ཉིད། །འདི་ཞེས་མི་མཚོན་གཟའ་གཏད་མེད་པ་ལ། །བློ་ཡིས་བཅོས་ཤིང་བསྒྱུར་བས་བསླད་པ་ཡིན། །གང་ལྟར་ཤར་ཡང་དེ་ལྟར་མ་གྲུབ་པས། །སྣ་ཚོགས་ཤར་ཡང་རང་གྲོལ་གཉུག་མའི་ངང་། །ཆུ་དང་རླབས་བཞིན་ཡེ་ཤེས་རྒྱ་མཚོའི་ངང་། །རྟོག་མེད་གནས་ཀྱང་མ་བཅོས་ཆོས་ཉིད་དང་། །རེས་ཤར་རེས་འགག་གཞི་ཀློང་ཡངས་པའི་ངང་། །དགག་སྒྲུབ་མི་དགོས་རང་ཤར་གདོད་མའི་ངང་། །མི་འགྱུར་གཞི་ཡི་དགོངས་ཀློང་ཡངས་པ་ཡིན། །སྣ་ཚོགས་ཆོས་རྣམས་སྒྱུ་མར་མཐོང་བ་དང་། །འཛིན་པའི་སེམས་ལ་དགག་སྒྲུབ་ཞིག་པ་དང་། །འདི་ཡིན་གཟའ་གཏད་རྡུལ་ཙམ་མེད་པའི་ཚེ། །ཕྱི་ནང་ཆོས་རྣམས་སྟོང་པར་རྟོགས་པ་ཡིན། །གང་ཤར་ཆོས་ལ་ཅི་དགར་རོལ་པས་ཆོག །མཁའ་ལ་རྫས་བཞིན་ཀུན་གྱིས་གོས་པ་མེད། །ཟས་ནོར་རྙེད་ཀུན་ཞེན་པ་མེད་པ་དང་། །བསྟོད་སྨད་སྒྲ་རྣམས་བྲག་ཆར་རྟོགས་པ་དང་། །དགྲ་གཉེན་ཆགས་
སྡང་གཉིས་འཛིན་མེད་པའི་ཚེ། །དགག་སྒྲུབ་འཁྲུལ་པའི་རི་བོ་ཞིག་པ་ཡིན། །སྣང་སྲིད་གང་དགའི་ངོས་ལ་དེ་ལྟར་ཐོངས། །སྦྲུལ་མདུད་བཞིན་དེ་རང་ས་རང་གིས་གྲོལ། །ཀུན་ལས་བདག་ཉིད་དམན་པར་མཐོང་བ་དང་། །སྙིང་ནས་མི་རྟག་བློ་སྣ་ཐུང་བ་དང་། །འཁོར་བའི་ཆོས་ལ་ངེས་འབྱུང་སྐྱེས་པའི་ཚེ། །ཆོས་ཀྱི་སེམས་ལ་ལེགས་པར་ཕན་པ་ཡིན། །ཚུལ་འཆོས་མི་དགོས་སྤྱོད་ལམ་རྣལ་མར་བྱ། །དབང་པོའི་གཙོ་བོ་རང་སེམས་ཟོལ་མེད་ཡིན། །སྣ་ཚོགས་མཛད་སྤྱོད་དགོངས་པར་ཤེས་པ་དང་། །སྙིང་ནས་མོས་གུས་རྒྱུན་ཆད་མེད་པ་དང་། །རྟོགས་པའི་རྟེན་འབྲེལ་སེམས་ལ་འཆར་བ་དང་། བྱམས་དང་སྙིང་རྗེ་ཕྱོགས་རིས་མེད་པ་དང་། །ཆོས་མཛད་རྣམས་ལ་དག་སྣང་སྐྱེས་པའི་ཚེ། །བླ་མའི་བྱིན་རླབས་སྙིང་ལ་ཞུགས་པ་ཡིན། །རང་སྣང་དག་པས་གཞན་དོན་ངང་གིས་འགྲུབ། །དངོས་གྲུབ་སྤྲིན་ཚོགས་ནམ་མཁའི་མཐའ་དང་མཉམ། །འཁོར་འདས་དགག་སྒྲུབ་རེ་དོགས་ཞིག་པ་དང་། །བདེ་སྡུག་རྐྱེན་ངན་ལམ་དུ་ལོངས་པ་དང་། །ཐེ་ཚོམ་ཁུ་འཕྲིག་སྙེམས་ཐག་ཆོད་པའ་ིཚེ། །རྟོགས་པའི་ཉི་མ་ནང་ནས་ཤར་བ་ཡིན། །རང་སྣང་དངོས་ལ་གཟའ་གཏད་ཀུན་བྲལ་བས། །ཟང་ཐལ་རིག་པ་ཐོག་བབས་བཏང་བས་ཆོས། །གང་ཡང་བདེ་ཀློང་གཅིག་ཏུ་འཁྱིལ་བ་ཡིན། །ཀྱེ་ཧོ་གྲོགས་དག་བདག་དང་འགྲོ་བ་ཀུན། །ཡེ་ནས་མ་སྐྱེས་རྨི་ལམ་སྒྱུ་མ་ལ། །སྣང་ཞིང་སྲིད་པ་ཐམས་ཅད་ཆོས་ཉིད་ངང་། །རྟོགས་དང་མི་རྟོག་ཡེ་ནས་མཉམ་པ་ཉིད། །དག་དང་མ་དག་དེ་བཞིན་གཉིས་སུ་མེད། །སྒྱུ་མའི་གྲོང་ན་བདེ་སྡུག་སྣང་བ་བཞིན། །མེད་སྣང་འགྲོ་བ་དྲུག་ཅེས་བཏགས་པ་ཙམ། །སྣ་ཚོགས་སྣང་ཡང་ཡེ་ནས་དག་པའི་ཞིང་། །མངོན་པར་བྱང་ཆུབ་གཞི་ཀློང་ཡངས་པ་ཡིན། །རྦ་རླབས་རི་བོ་འདྲ་བ་རྒྱ་མཚོའི་ངང་། །དྲན་རིག་བདེ་སྡུག་སྣ་ཚོགས་སེམས་ཉིད་ངང་། །སེམས་ཉིད་ནམ་མཁའ་འདྲ་བ་ཆོས་ཉིད་ངང་། །
ཆོས་ཉིད་ཡེ་ནས་མ་སྐྱེས་སྟོང་པའི་ངང་། །སྟོང་པ་ཕྱ མ་བརྡལ་གཞི་རྫོགས་སྙིང་པོ་འོ། །ཀྱེ་ཧོ་ལྷུན་རྫོགས་མཉམ་ཉིད་གདོད་མའི་ངང་། །སྐྱེ་མེད་མཁའ་ཀློང་ཡངས་པའི་ནམ་མཁའ་ལ། །ཉི་ཟླ་གཟའ་སྐར་སྤྲིན་ཚོགས་གྲངས་མེད་ཀྱང་། །ནམ་མཁའི་ངང་བཞིན་མི་གཡོ་སྤྲོས་དང་བྲལ། །དེ་བཞིན་སེམས་ཉིད་ཡངས་པའི་ནམ་མཁའ་ལ། །རྟོགས་དང་མི་རྟོག་སྣང་སྲིད་ཅིར་ཤར་ཡང་། །ཐམས་ཅད་མ་སྐྱེས་རང་བཞིན་སྤྲོས་དང་བྲལ། །འདི་ཞེས་མི་མཚོན་ངོས་བཟུང་ཅུང་ཟད་མེད། །དུས་གསུམ་མི་འགྱུར་ཀུན་ཏུ་བཟང་པོའི་ངང་། ཁྱབ་གདལ་འུབ་ཆུབ་མཐའ་གྲོལ་ཀློང་ཡངས་ཤིང་། །སྣ་ཚོགས་སྒྱུ་མའི་རོལ་པ་གཟིགས་མོར་ཆེ། །ཀྱེ་ཧོ་འགྲོ་ཀུན་རྨི་ལམ་ལྟ་བུ་སྟེ། །ལེགས་ཉེས་ཤོར་ཐོབ་དགག་སྒྲུབ་ཅི་བྱུང་ཡང་། །རྨི་ལམ་ནོར་སྟོར་སྒྱུ་མའི་རྩེད་མོ་བཞིན། །ཡེ་ནས་དགག་སྒྲུབ་ཤོར་གོད་མ་མཐོང་ངོ་། །སྒོམ་ཉམས་དྲོད་ཚད་བཟང་ངན་དེ་དང་འདྲ། །སེམས་གོམས་བཏགས་པའི་དོན་སྣང་གཟུགས་བརྙན་ལ། །བྱིས་པའི་ཁང་བུ་བཞིན་དུ་བདེན་པར་འཛིན། །དེ་ཀུན་བཟང་ངན་རྡུལ་ཙམ་མ་མཐོང་ཡང་། །འཇིག་རྟེན་འཁྲུལ་ལ་སྒོམ་མཁན་བཟང་པོར་རློམ། །ཨ་ཧོ་ཐམས་ཅད་མཉམ་ཉིད་ཕྱམ་བརྡལ་ལོ། །འཁྲུལ་པ་རྟོགས་ན་ཡེ་ཤེས་ལོགས་ན་མེད། །མ་རིགས་སེམས་དེ་རིག་པས་ཆོས་ཉིད་དངོས། །ཐག་པའི་རང་བཞིན་ཤེས་པས་སྦྲུལ་འཛིན་གྲོལ། །དེ་བཞིན་སྣང་སྲིད་འཁྲུལ་སྣང་གཟུགས་བརྙན་ཙམ། །ཡོད་མེད་སྤྲོས་པའི་ཡུལ་ལས་འདས་པ་ཡིན། །འདིར་ནི་གཅིག་ཏུ་ངེས་པའི་བློས་དཔྱད་དེ། །སྣ་ཚོགས་སྣང་བའི་ཡུལ་ལ་ཕར་བལྟས་པས། །རྨི་ལམ་སྒྱུ་མ་གཉིས་མེད་ཆོས་སྐུའི་ངང་། །གཟུང་བའི་ཡུལ་མེད་འཛིན་པའི་སེམས་མེད་དོ། །དེ་ཉིད་འབྱེད་པའི་བློ་ལ་ཚུར་བལྟས་པས། །ལྟ་མཁན་མ་གྲུབ་གཟུང་འཛིན་མཁན་པོ་སྟོར། །ཡུལ་སེམས་གཉིས་མེད་གདོད་མའི་ངང་དུ་གྲོལ། །ཧ་ཧ་འགྲོ་ཀུན་འཁོར་བའི་
གྲོང་ཁྱེར་ན། །འཆིང་དང་གྲོལ་མེད་ནམ་མཁའི་མདུད་པ་བཞིན། །ཐམས་ཅད་ཡེ་ནས་རྫོགས་སངས་རྒྱས་པར་མཐོང་། །འཁོར་བར་འཛིན་པ་མང་ཙམ་གློ་བུར་ཏེ། །གློ་བུར་རྐྱེན་ལ་ངོས་གཟུང་འགའ་མེད་དོ། །ཐམས་ཅད་ཡེ་ནས་མ་གྲོལ་གཅིག་ཀྱང་མེད། །བཅིངས་པ་འགའ་མེད་ཡེ་སངས་རྒྱས་པ་ལ། །འཁོར་འདས་གཉིས་སྣང་འཛིན་པ་དགོད་རེ་བྲོ། །སྣང་སྲིད་སྒྱུ་མའི་ཡུལ་ལ་ཕར་བལྟས་པས། །ཐམས་ཅད་ཕྱ མ་ཕྱམ་གཞི་ནས་གྲོལ་བར་མཐོང་། །ཡ་མཚན་དགོད་པོ་བྲོ་བའི་སྣང་བ་ལ། །འཛིན་མེད་གཟའ་གཏད་བྲལ་བའི་རྟོགས་པ་ཤར། །སྣང་སེམས་གཉིས་མེད་སྒོམ་དང་མི་བསྒོམ་མེད། །ལྟ་སྤྱོད་གཉིས་མེད་བླང་དང་དོར་བ་མེད། །གཟུང་འཛིན་གཉིས་མེད་རྨི་ལམ་སྣང་བ་འདྲ། །དེ་ལྟར་རྟོགས་ན་རང་གྲོལ་སྐུ་ཡིན་ཏེ། །ལྷག་པར་སྒོམ་མེད་ཐ་མལ་གནས་པས་བདེ། །སྔ་ཕྱིར་མི་འཛིན་ད་ལྟར་འཛིན་པ་ཞིག །དུས་གསུམ་དུས་མེད་དུས་བཞི་མཉམ་པ་ཉིད། །ཐམས་ཅད་ཕྱམ་ཕྱམ་ནམ་མཁའི་ཀློང་ཡངས་སོ། །འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཐམས་ཅད་པ། །རྩིས་མེད་རིས་བྲལ་མ་བཅོས་བློ་བདེ་འོ། །སོ་གཉུག་རྣལ་མ་བུ་ཆུང་ལྟ་བུ་སྟེ། །རེ་དོགས་གཉིས་མེད་ཚོང་ཟིན་སྐྱེ་བོ་འདྲ། །བླང་དང་དོར་མེད་དགག་སྒྲུབ་ཀུན་ལས་འདས། །དུས་རྣམས་ཀུན་ཏུ་ཀུན་ཏུ་བཟང་པོའི་ངང་། །བདེ་ཆེན་ས་ལ་བདེ་ཀློང་གཅིག་ཏུ་འཁྱིལ། །རང་བཞིན་གཉིས་སུ་མེད་པའི་བློ་བདེ་འོ། །ཨེ་མ་གྲོགས་དག་འཁྲུལ་པ་ནང་ནས་ཞིག །སྐུ་གསུམ་ས་ལ་མ་ཕྱིན་ལྷུན་གྱིས་གྲུབ། །མཛད་པའི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ། །དུས་གསུམ་རིག་འཛིན་སྔ་ཕྱི་དགོངས་པ་གཅིག །གདོད་མའི་གཞི་ལ་ལྷུན་རྫོགས་བློ་བདེ་འོ། །ད་ནི་བསམ་རྫོགས་ཡེ་ཀློང་ཡངས་པའི་ངང་། །ཆོས་ཟད་བློ་ཟད་འཁོར་འདས་འཛིན་པ་ཟད། །རང་བཞིན་ལྷུན་འབྱམས་མ་བཅོས་གཉུག་མའི་དོན། །རང་བཞིན་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ནི། །ཡེེ་གྲོལ་
སོར་བཞག་ཀུན་བཟང་རོལ་པའི་ཞིང་། །བཟང་ངན་བླང་དོར་རེ་དོགས་འདས་པ་ནི། །སྣང་སྲིད་མ་ལུས་སྐུ་གསུམ་འདུ་འབྲལ་མེད། །ཡེ་ནས་ཕྱམ་ཅིག་ཐམས་ཅད་ཆོས་ཟད་དོ། །མེད་སྣང་སྟོང་ལ་ཕྱོགས་རིས་འདས་པ་ནི། །ངོ་བོ་རང་བཞིན་ཐུགས་རྗེའི་འཆར་ཚུལ་ཏེ། །འདི་ཞེས་ཆེད་འཛིན་ཞིག་ན་གདོད་མའི་ངང་། །གཞི་རྫོགས་ཡེ་གྲོལ་ཕྱམ་ཅིག་སངས་རྒྱས་ཏེ། །སྐུ་གསུམ་འདུ་འབྲལ་མེད་པའི་ངང་ཉིད་དོ། །དེ་ལྟར་རྟོགས་ན་རང་སྣང་ཆོས་སྐུའི་ཞིང་། །མ་ལུས་འགྲོ་ཀུན་སྒྱུ་མའི་སངས་རྒྱས་ཏེ། །སྣ་ཚོགས་དྲན་རིག་ཏིང་འཛིན་ཡངས་པའི་ཀློང་། །མི་འགྱུར་གཞི་རྩ་ཀུན་ལས་འདས་པ་ནི། །འོག་མིན་གནས་སུ་མངོན་པར་བྱང་ཆུབ་ཡིན། །འདི་ཞེས་ཞེན་འཛིན་ཡོད་ན་འཁོར་བ་སྟེ། །དེ་ལ་ཆེད་འཛིན་ཞིག་ན་མྱ་ངན་འདས། །མི་འགྱུར་མཉམ་པའི་ངང་ཡིན་གནས་ལུགས་ཡིན། །འོད་གསལ་དག་པའི་ཞིང་ཡིན་སངས་རྒྱས་ཞིང་། །ཡངས་སོ་ཆེ་འོ་མ་བྱས་ལྷུན་མཐོ་འོ། །རང་བཞིན་གདོད་ནས་སྟོང་པའི་ཆོས་ཉིད་ལ། །སྣང་སྲིད་སྣ་ཚོགས་སྣང་བ་དགོད་རེ་འཆོར། །མ་སྤངས་རང་སར་གྲོལ་བ་བཞད་གད་ཆེ། །ཡེ་ནས་སངས་རྒྱས་ཡིན་པ་བློ་རེ་བདེ། །ཀྱེ་ཧོ་གྲོགས་དག་གནས་ལུགས་མཐོང་འདོད་ན། །བལྟས་པས་མི་མཐོང་ལྟ་བའི་ཚོལ་འཕྲོ་ཞོག །བསྒོམས་པས་མི་རྙེད་དྲན་འཛིན་དམིགས་གཏད་བཤོལ། །སྤྱད་པས་མི་གྲུབ་སྒྱུ་མར་འཛིན་པ་མཐོང་། །བཙལ་བས་མི་རྙེད་འབྲས་བུའི་ཞེན་པ་བོར། །ད་ལྟར་ཤེས་པ་བཟོ་མེད་ལྷུག་པ་ལ། །ཕྱོགས་རིས་མ་བྱེད་འཛིན་པས་མ་སླད་ཅིག །གང་བབས་ཤེས་པ་རང་ཤར་རང་གྲོལ་ལ། །སྔ་ཕྱིའི་རྟོག་པས་མ་བསླད་ཡན་དུ་ཆུག །ཇི་ལྟར་ནམ་མཁའི་བྱ་ལམ་མི་མངོན་བཞིན། །དྲན་བསམ་སྔ་ཕྱི་ད་ལྟ་མ་འཛིན་པར། །གང་ལྟར་ཤར་བ་དེ་ལྟར་ཡན་དུ་ཆུག །དེ་ཡི་ཕན་གནོད་ཤོར་གོད་འཕུང་འཚིངས་མེད། །
གཟེ་རེ་མ་བྱེད་ཁོང་ཡངས་སོས་རྡོལ་ཅིག །འདི་ལྟར་རྟོགས་ན་ཡིན་མིན་གཟའ་གཏད་མེད། །སྒྱུ་མའི་སྐྱེ་བོ་སྣ་ཚོགས་ཡུལ་ལ་སྤྱོད། །རྨི་ལམ་དྲི་ཟིའི་གྲོང་དང་ཁྱད་ཅི་ཡོད། །ཇི་ལྟར་ཤར་བ་དེ་ལྟར་རིག་པའི་རྩལ། །སྣ་ཚོགས་རྟོག་པའི་རྩལ་སྦྱོང་མེ་ལོང་སྟེ། །སྣང་སེམས་རོ་གཅིག་འདོད་ཡོན་སེམས་ཀྱི་རྒྱན། །ལས་དང་བག་ཆགས་ཀུན་གྱིས་མི་གོས་སོ། །འདི་ལྟར་ཆོས་ཉིད་སེམས་ཉིད་དབྱེར་མེད་པས། །ཆོས་ཉིད་དོན་ལ་བཟང་ངན་བླང་དོར་མེད། །དགེ་སྡིག་དགག་སྒྲུབ་བློ་ལས་འདས་པ་ཡིན། །སྔ་ཕྱིར་འཛིན་པའི་བག་ཆགས་སེམས་ལ་བརྟེན། །སེམས་ནི་གཞི་མེད་རྩ་བ་ཀུན་དང་བྲལ། །ལས་དང་བག་ཆགས་ཕྱམ་ཅིག་ཡེ་ནས་ཟད། །གདོད་མའི་གཞི་ལ་ཆོས་ཀུན་མཐར་བྱོན་ནོ། །ཐ་མལ་རྣམས་དང་རྣལ་འབྱོར་ཤེས་པ་ལ། །དགག་སྒྲུབ་ལ་སོགས་འཆར་བར་ཁྱད་མེད་ཀྱང་། །ཐ་མལ་སེམས་ལ་གཟུང་འཛིན་ཨ་འཐས་ཏེ། །རྣལ་འབྱོར་སེམས་ལ་སྐད་ཅིག་འཛིན་པ་མེད། །དེས་ན་དགག་སྒྲུབ་བཟུང་དང་མ་བཟུང་པས། །འཆིང་དང་མི་འཆིང་རྣམ་པ་གཉིས་སུ་ཤར། །ཐག་པ་དངོས་དང་མེར་ཚིག་གཟུགས་བརྙན་བཞིན། །རྣལ་འབྱོར་དགག་སྒྲུབ་རྟོགས་པའི་རྩལ་སྦྱོང་སྟེ། །ཡེ་གྲོལ་སེམས་ཉིད་དག་པའི་མེ་ལོང་ལ། །སྣང་སྲིད་སེམས་ཀྱི་གཟུགས་བརྙན་ཅི་ཤར་ཡང་། །དེ་ཡིས་མི་གོས་རང་སྣང་སྤྲོས་དང་བྲལ། །མེད་བཞིན་སྣང་བའི་གཟུགས་བརྙན་སྟོང་པས་གྲོལ། །སྣང་སེམས་གདོད་ནས་ཆུ་ཟླའི་རང་བཞིན་ལ། །མི་མཁས་བདེན་པར་བཟུང་བས་རབ་འཁྱམས་ཀྱང་། །རྟོགས་པའི་རྣལ་འབྱོར་སེམས་ཀྱི་རྩལ་སྦྱོང་ཚེ། །གང་སྣང་རང་སར་གྲོལ་བའི་རང་བཞིན་ནོ། །དེ་ལྟར་རྟོགས་ནས་འཆིང་གྲོལ་མེད་པའི་ངང་། །ཡེ་ནས་དག་པའི་རྣལ་འབྱོར་ནམ་མཁའ་འདྲ། །ཡངས་དོག་མེད་པའི་ངང་ནས་བློ་རེ་བདེ། །ཐམས་ཅད་ལྷུན་འབྱམས་གདོད་མའི་གནས་ལུགས་ཏེ། །སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པར་ཕྱིན། །ཕྱི་ནང་སྣོད་བཅུད་སྣང་སྲིད་ཆོས་
རྣམས་ཀུན། །མ་ལུས་ཕྱམ་གཅིག་ཐམས་ཅད་བྱང་ཆུབ་བོ། །ཧ་ཧ་འཁྲུལ་པ་ཞིག་པའི་སྣང་བ་ལ། །འདི་ཡིན་གཟའ་གཏད་མེད་པ་དགོད་རེ་འཆོར། །བན་བུན་ཕྱད་ཕྱོད་འལ་འོལ་སྒྱུ་མ་འདྲ། །སང་སེང་ཁྲལ་ཁྲོལ་ཆུ་ཟླ་སྨིག་རྒྱུ་བཞིན། །སྣང་བས་སྟོང་སྟེ་འདི་ཞེས་ཆེད་འཛིན་མེད། །གང་ཤར་རྩིས་གདབ་མེད་པའི་རིག་པ་ལ། །དམིགས་གཏད་ཞེན་ཆགས་མེད་པའི་སྣང་བ་ཤར། །འདི་ཡིན་གཟའ་གཏད་མེད་པས་ཉམས་རེ་དགའ། །སྣང་སེམས་ཡེ་ནས་གྲོལ་བས་བློ་རེ་བདེ། །མ་བཙལ་ལྷུན་གྱིས་གྲུབ་པས་བག་རེ་དྲོ། །བདེ་ཆེན་རྒྱུན་ཆད་མེད་པས་བྱིན་རེ་ཆེ། །དེ་ལྟར་ཆོས་ཀུན་མཐར་ཐུག་སྙིང་པོའི་དོན། །ཡེ་ནས་གྲོལ་བའི་རང་བཞིན་གླུར་བླངས་པས། །འགྲོ་ཀུན་ཕྱམ་ཅིག་གདོད་མའི་ཁང་བཟང་དུ། །རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཤོག །རྟོགས་པའི་འོད་སྟོང་ཉི་ཟེར་གྱིས་ཕྱེ་བའི། །མེ་ཏོག་མ་རྙིང་ཡིད་འོང་པདྨོའི་མཚོས། །འགྲོ་ཀུན་ཡིད་ཀྱི་བུང་བ་དགའ་བསྐྱེད་ནས། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག །ཚུལ་འདི་བློ་གྲོས་ཡངས་པའི་ནམ་མཁའ་ལ། །དྲི་མེད་འོད་ཟེར་བརྒྱ་སྟོང་རབ་འཕྲོ་བས། །སྐལ་བཟང་དད་བརྒྱའི་པདྨོ་འཛུམ་པ་དེས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །དགེ་བ་དེ་ཡིས་སྲིད་པའི་སེམས་ཅན་ཀུན། །གཞི་རྫོགས་གདོད་མའི་ངང་དུ་གྲོལ་བར་ཤོག །ནམ་མཁའ་ཀློང་ཡངས་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་སློབ་མ་རྣལ་འབྱོར་གྱི་དབང་ཕྱུག་པདྨ་ལས་འབྲེལ་རྩལ་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་མཛད་པ་རྫོགས་སོ།། །།དགེའོ།།
ནམ་མཁའ་དྲི་མེད།
ནམ་མཁའ་དྲི་མེད་བཞུགས་པ་ལགས། རིན་ཆེན་ཤོག་སྐྱའི་སྐོར།
ནམ་མཁའ་དྲི་མེད་ཅེས་བྱ་བ། དཔལ་གཉུག་མ་ཆེན་པོ་ལ་ཕྱག་འཚལ་ལོ། །སྙིང་པོའི་ཡེ་ཤེས་ཡེ་ནས་རྫོགས་པ་ཆེ། །རང་བཞིན་འོད་གསལ་སྣ་ཚོགས་སྤྲོས་ཀུན་ཞི། །རང་བྱུང་ཐུགས་རྗེ་འགག་མེད་རང་ཤར་ལ། །འདུ་འབྲལ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ངོ་བོ་མ་སྐྱེས་ཡེ་ནས་དག་པ་ལ། །རང་བཞིན་ལྷུན་གྲུབ་ཐུགས་རྗེ་ཕྱོགས་རིས་མེད། །སྣ་ཚོགས་མི་གཉིས་སྐྱེ་མེད་སྙིང་པོའི་དོན། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །ཆོས་ཀུན་གཞི་རྫོགས་བསམ་ཡུལ་འདས་པ་ལ། །འདི་ཞེས་མི་མཚོན་བསམ་བྱའི་དངོས་པོར་མེད། །རང་བཞིན་མི་དམིགས་ཡོད་མེད་མཐའ་ལས་འདས། །བཏགས་པ་ཙམ་སྟེ་དེ་ཀུན་གྲུབ་པ་མེད། །ཡིན་མིན་ཡོད་མེད་དགག་སྒྲུབ་བླང་དོར་སོགས། །ཇི་ལྟར་སྣང་ཡང་དེ་ལྟར་རང་བཞིན་མེད། །ཡེ་གྲོལ་ལྷུན་འབྱམས་གཞི་རྩ་ཀུན་ལས་འདས། །ནམ་མཁའ་བཞིན་ཏེ་མཚོན་པའི་ལུས་མེད་དོ། །མི་མཁས་བྱིས་པ་རྣམས་ནི་ཡུལ་གྱིས་བཅིངས། །སྨིག་རྒྱུའི་ཆུ་ལ་རི་དྭགས་རྒྱུག་པ་བཞིན། །གཟུགས་སོགས་ཡུལ་ལྔའི་དངོས་ལ་སྲེད་པས་བསླུས། །ཆགས་སོགས་ཉོན་མོངས་ཆུ་བོ་ལྔ་ཡིས་བཅིངས། །འཁོར་བའི་གནས་ལས་ཐར་བའི་སྐབས་མེད་དོ། །བསྒོམས་པའི་བསམ་གཏན་པ་རྣམས་བློ་ཡིས་བཅིངས། །སྲིན་བུའི་ཁ་ཆུས་རང་ཉིད་འཆིང་བ་བཞིན། །བསྒོམས་པའི་ཉམས་ཀྱིས་གཉུག་མའི་ཡེ་ཤེས་བསླུས། །ལྟ་སྒོམ་སྤྱོད་པའི་གཟེབ་ཀྱིས་རྟོགས་པ་འཆིང་། །ཞེན་འཛིན་གཉེན་པོའི་ར་བར་རྟག་ཏུ་འཁོར། །གཉིས་མེད་རྣལ་འབྱོར་པ་རྣམས་སྙེམས་ཀྱིས་བཅིངས། །མིག་གི་དབང་པོས་རང་ཉིད་མི་མཐོང་བཞིན། །ཆོས་ཉིད་གདེང་གིས་གདོད་མའི་གནས་ལུགས་བསྒྲིབས།། འདི་ཞེས་མི་མཚོན་མཐའ་བྲལ་ངང་དུ་འཆིང་། །གཉིས་མེད་མཐའ་ལས་གྲོལ་བའི་དུས་མེད་དོ། །ཀྱེ་ཧོ་གྲོགས་དག་ལེགས་པར་སོམས་མཛོད་དང་། །རྒྱལ་
པོ་རང་གི་སྲིད་ལ་ཆགས་པ་དང་། བློན་པོ་གཉེན་འཁོར་རྫས་ལ་ཆགས་པ་དང་། །དབུལ་པོ་ཁབ་ཙམ་ཞེན་པས་ཆགས་པ་དག །སྲིད་པའི་སེམས་ལ་ཁྱད་པར་འགའ་མེད་པས། །གང་ལ་ཞེན་པ་འཆིང་བའི་ཐག་པ་སྟེ། །བཟང་ངན་བླང་དོར་ཕྱོགས་འཛིན་མེད་པར་རོལ། །སྣ་ཚོགས་གང་ཤར་ཡུལ་ལ་མ་ཞེན་ན། །ཉོན་མོངས་དུག་ལྔས་སུ་ལ་ཕན་གནོད་ཡོད། །ཡེ་ཤེས་ཉིད་ཅེས་རང་རིག་གཟའ་གཏད་བྲལ། །རྟོགས་པའི་རྩལ་སྦྱོང་ཡིན་ཕྱིར་གཟིགས་མོར་ཆེ། །འདོད་ཡོན་མ་སྤངས་སེམས་ཀྱི་རྒྱན་དུ་རྟོགས། །གདོད་ནས་མ་སྐྱེས་རང་ཤར་ཆེན་པོའི་ངང་། །གཞི་བྲལ་སྟོང་པའི་ཉམས་ཞེས་འཛིན་པ་ཡོད། །གནས་ལུགས་ངང་དེར་གནས་ཀྱང་འཆིང་བྱེད་ཉིད། །ཤེས་བྱའི་སྒྲིབ་དེས་ནམ་ཡང་ཐར་བ་མེད། །གང་ལ་ཆེད་འཛིན་ཞེན་པའི་སེམས་མེད་ཅིང་། །ཐ་མལ་ཤེས་པ་རང་འགྲོས་ཟང་ཀ་མ། །གང་བབས་བླང་དོར་འཛིན་པས་མི་འཆིང་ན། །ཡེ་གྲོལ་ཉིད་དེ་དེ་ལ་བཅོས་ཅི་དགོས། །གཞི་ནས་མ་བཅོས་ལམ་དུ་མི་འཆོས་ན། །འབྲས་བུ་གཞི་ཐོག་མ་བཅོས་ལྷུན་གྱིས་གྲུབ། །གང་གིས་བཅོས་ན་འཇིགས་པ་ཆོས་ཉིད་དེ། །སྟོང་ཉིད་བསྒྲིམས་ཀྱང་མི་རྟོག་བློ་ཡི་ཉམས། །རྒྱལ་བའི་ཆོས་སྐུ་འཇིགས་མེད་འགྲུབ་མི་འགྱུར། །གདོད་མའི་གནས་ལུགས་བྱར་མེད་ཡེ་གྲོལ་ལ། །ལམ་དུ་བྱ་རྩོལ་གང་གིས་བསྒོམས་པའི་མཐར། །བྱར་མེད་རྒྱལ་པོ་ཆོས་སྐུ་འཕོ་འགྱུར་མེད། །རང་བཞིན་ལྷུན་གྲུབ་ཐོབ་པར་རློམ་པ་ནི། །རྒྱུ་འབྲས་འགལ་ལ་གནས་ལུགས་ཕྱིན་ཅི་ལོག །གཞི་ཉིད་ནས་སུ་བློ་ཡིས་ཐག་བཅད་ནས། །ལམ་དུ་བྲ་བོའི་ས་བོན་བཏབ་ལ་འབད། །འབྲས་བུ་ནས་བཟང་ཐོབ་ཅེས་རློམ་པར་ཟད། །གཞི་ནས་གཤིས་ཀྱི་གནས་ལུགས་མ་བཅོས་ལ། །ལམ་དུ་མ་བཅོས་འབད་རྩོལ་བྱར་མེད་ན། །འབྲས་བུ་གདོད་མའི་གནས་ལུགས་ཅི་འདྲ་ཐོབ། །ཀྱེ་ཧོ་གྲོགས་དག་རང་བཞིན་སྙིང་པོའི་སེམས། །གཏད་མེད་རྒྱལ་པོ་འཛིན་མེད་ཤར་
བའི་ཚེ། །རང་གྲོལ་རྒྱལ་པོ་དུས་གསུམ་འཕོ་འགྱུར་མེད། །ཨེ་མ་ད་དུང་ལེགས་པར་སོམས་དང་ཀྱེ། །གཞི་ནས་མ་བཅོས་དོན་གྱི་ཡེ་ཤེས་ལ། །ལམ་དུ་ལྟ་སྒོམ་སྤྱོད་པས་འཆོས་པ་ནི། །ཕྱིན་ཅི་ལོག་སྟེ་གདོད་མའི་གནས་ལུགས་མིན། །གཞི་ལམ་འཛོལ་བས་འབྲས་བུ་ཐོབ་མི་འགྱུར། །ཧ་ཧ་སྙིང་པོའི་དོན་ལ་སྒོམ་དུ་མེད་པ་ལ། །བལྟར་མེད་སྤྱད་མེད་འབྲས་བུའི་ཞེན་པ་ཟད། །འདི་ཞེས་མི་མཚོན་ཡེ་ཡིན་རྫོགས་པ་ཆེ། །དག་པའི་སེམས་ལ་འཛིན་པས་མ་བསླད་ཅིག །གང་ལ་འཛིན་མེད་རྟོད་ཕུར་སྤངས་པའི་ཚེ། །སྐུ་དང་ཡེ་ཤེས་རང་བཞིན་འདུ་འབྲལ་མེད། །གང་ཤར་སྤྲོས་བྲལ་ཡེ་སྟོང་ཆོས་ཀྱི་སྐུ། །སྣ་ཚོགས་འཆར་གཞི་མི་འགག་ལོངས་སྤྱོད་རྫོགས། །ཤར་གྲོལ་འཛིན་མེད་གང་སྣང་སྤྲུལ་པའི་སྐུ། །ཡེ་གྲོལ་སོར་བཞག་མི་འགྱུར་རྡོ་རྗེའི་སྐུ། །གནས་ལུགས་ཕྱམ་ཅིག་མངོན་པར་བྱང་ཆུབ་སྐུ། །སྣང་སེམས་གཉིས་མེད་གདོད་མའི་ངང་དུ་གྲོལ། །ངོ་བོ་རང་བཞིན་ཐུགས་རྗེའི་སྙིང་པོ་ཅན། །གཉམ་པའི་རྒྱལ་པོ་འདུ་འབྲལ་འཕོ་འགྱུར་མེད། །དེ་ཚེ་གཟུང་འཛིན་མི་དམིགས་དང་གཅིག་པ། །ཡིན་མིན་མཐའ་ལས་འདས་པ་ཆོས་ཀྱི་དབྱིངས། །སྣ་ཚོགས་འཆར་གཞི་འོད་གསལ་མེ་ལོང་འདྲ། །དགག་སྒྲུབ་བླང་དོར་གཉིས་མེད་མཉམ་ཉིད་དང་། །སྣང་སེམས་ཀུན་ཁྱབ་ཕྱོགས་བྲལ་སོ་སོར་རྟོགས། །ཐོག་བབས་རང་བྱུང་ཤར་གྲོལ་བྱ་བ་གྲུབ། །ཡེ་ཤེས་ལྔ་ལྡན་ཡེ་ནས་རང་ཤར་བས། །གཟུང་འཛིན་ཞེན་པ་མ་བྱེད་རང་གར་ཞོག །གང་དགའི་སེམས་ཀྱིས་ཐ་མལ་རང་སར་གྲོལ། །ངང་ཡིན་ཡེ་ཡིན་རྫོགས་པ་ཆེན་པོ་ཡིན། །ཀྱེ་ཧོ་གྲོགས་དག་དྲན་རིགས་སྣ་ཚོགས་སེམས། །གཟུང་འཛིན་གཉིས་སྣང་འདི་ལ་སོམས་དང་ཀྱེ། ཁ་དོག་དབྱིབས་མེད་ངོ་བོ་ངོས་གཟུང་མེད། །བཅོས་ཤིང་བསྒྱུར་མེད་ཡེ་ནས་དག་པ་ལ། །འདི་ཞེས་དགག་སྒྲུབ་བླང་དོར་བྱེད་པ་ནི། །འགའ་ཡིས་མཁའ་ལ་ཡིད་ཀྱིས་མདུད་པ་བོར། །དམ་ལྷོད་ལ་སོགས་
སོ་སོར་ཞེན་བྱ་སྟེ། །ཕྱི་ནས་དེ་གྲོལ་ནམ་མཁའི་མདུད་པ་ཞིག །དེ་ལ་སོམས་དང་དགག་སྒྲུབ་ཅིར་འོང་གིས། །བྱིས་པའི་བློ་ཡིས་བརྟགས་པའི་ཆོས་རྣམས་ལ། །རྒྱུ་མཚན་གཟའ་གཏད་འདི་ཡིན་དོན་ལ་མེད། །མེད་པའི་ཆོས་ལ་སོ་སོར་ཞེན་པས་འཁོར། །ནམ་མཁའི་རང་བཞིན་ཡེ་ནས་དག་པ་ལ། །བཅོས་ཤིང་བསྒྱུར་མེད་མདུད་པ་ག་ལ་ཡོད། །རང་གིས་བཅིངས་གྲོལ་ཡིད་ཀྱིས་བྱས་པར་ཟད། །དེ་བཞིན་སེམས་ཉིད་ནམ་མཁའི་རང་བཞིན་ལ། །དགག་སྒྲུབ་བླང་དོར་མདུད་པ་བརྒྱ་བྱས་ཀྱང་། །དགག་ཅིང་སྒྲུབ་མེད་བླང་དོར་རེ་དོགས་བྲལ། །འབད་ཅིང་རྩོལ་མེད་འཆིང་བའི་གཟེབ་ལས་འདས། །དེ་ཀུན་རང་ཡིན་ནམ་མཁའི་མདུད་པ་ཙམ། །དོན་མེད་ཚིག་ལ་དགག་སྒྲུབ་བྱེད་དང་མཚུངས། །སྣང་སྲིད་བདེ་སྡུག་འགྲོ་དྲུག་འཁྲུལ་སྣང་འདི། །ངར་འཛིན་གཟུགས་བརྙན་བདེན་བདེན་ལྟར་སྣང་ཡང་། །མི་བདེན་སྒྱུ་མ་ཆུ་ཟླའི་གཟུགས་བརྙན་འདྲ། །མེད་སྣང་འཁྲུལ་པའི་རང་བཞིན་མ་རྟོགས་པས། །དོན་མེད་དངོས་ལ་བྱིས་པ་ཨ་ཐང་ཆད། །འཁོར་འདས་གཉིས་མེད་སྒྱུ་མའི་རྩེད་མོ་ལ། །མ་རྟོགས་བདེན་པར་བཟུང་བས་འགྲོ་བ་འཁྲུལ། །རྟོགས་པའི་རྣལ་འབྱོར་འཁོར་འདས་རང་སར་གྲོལ། །དག་པའི་སེམས་ཉིད་ཡེ་ཤེས་རྒྱ་མཚོ་ལ། །གཉིས་འཛིན་འཁྲུལ་རྟོག་གློ་བུར་ཆབ་རོམ་དག །བྱུང་ནས་བཤིག་སྟེ་ཆབ་རོམ་ཆུ་རུ་གྲོལ། །ཐོག་མེད་དུས་ནས་གོམས་པའི་བག་ཆགས་ཀྱང་། །ཡུན་རིང་མུན་པར་སྒྲོན་མེ་བཏེགས་པ་བཞིན། །སྐད་ཅིག་རྟོགས་པས་རང་གྲོལ་མྱ་ངན་འདས། །ཀྱེ་ཧོ་འཁོར་བའི་རང་བཞིན་རྟོགས་པའི་ཚེ། །འཁོར་བ་འདི་ཞེས་ལོགས་སུ་སྤང་མི་དགོས། །སོ་པ་ཐག་པ་ལ་ཁའི་ཐོ་ཡོར་རྣམས། །རང་བཞིན་ཤེས་པས་དགྲ་སྦྲུལ་འཇིགས་མེད་ཚེ། །དེ་དག་སྣང་བ་སྤང་མི་དགོས་པ་བཞིན། །
ཇི་ལྟར་གསེར་མིན་ཁུངས་སུ་ལོགས་པའི་ཚེ། །དེ་བཞིན་གཞན་དུ་བཟློག་པ་མེད་པ་བཞིན། །འཁྲུལ་པའི་བྱུང་ཁུངས་འཁོར་བའི་ངང་བཟློག་པས། །འཁྲུལ་གཞི་ཆོམས་ནས་འཁྲུལ་མཁན་རང་སར་གྲོལ། །ཀྱེ་ཧོ་གྲོགས་དག་འཁྲུལ་སྣང་ལྟར་སྣང་ཡང་། །སྣང་དུས་ཉིད་ནས་དེ་ཉིད་ཡོད་མ་མྱོང་། །རགས་པ་རྡུལ་ཕྲན་དེ་ཡང་ཕྱོགས་ཆ་མེད། །སེམས་ནི་དངོས་མེད་རང་བཞིན་སྟོང་པའི་ངང་། །དེ་ལ་གང་དང་གང་ཞིག་འཁྲུལ་བར་སྣང་། །འཁྲུལ་སྣང་གཞི་མེད་རང་གྲོལ་ཆོས་ཀྱི་སྐུ། །མེད་བཞིན་སྣང་བས་མེ་ལོང་གཟུགས་བརྙན་འདྲ། །དག་པའི་སེམས་ཉིད་མེ་ལོང་ངོས་ཤར་བས། །སྣ་ཚོགས་རྐྱེན་གྱི་གཟུགས་བརྙན་ཅིར་སྣང་ཀུན། །སེམས་ལས་མ་བྱུང་སེམས་ལ་སྣང་བ་ཙམ། །སྣང་བས་སེམས་ལ་གོས་པ་ཅུང་ཟད་མེད། །མེ་ལོང་གཟུགས་བརྙན་རྐྱེན་སྣང་ཤར་བ་ཙམ། །མེ་ལོང་ནང་ནས་བྱུང་བ་ཡིན་ནམ་ཅི།། དེ་ལྟར་མ་ཡིན་དེ་ལ་སྣང་བ་ཙམ། །དེ་ཕྱིར་སེམས་ལ་འཁྲུལ་སྣང་ཡོད་མ་མྱོང་། །སེམས་ཉིད་མེ་ལོང་གཞི་ཡི་སངས་རྒྱས་ཉིད། །ཀུན་གྱི་འཆར་གཞི་མི་འགག་གཟུགས་བརྙན་འཛིན། །དེ་ཉིད་རང་བཞིན་ཤེས་པས་གཟུང་འཛིན་གྲོལ། །དེ་ཕྱིར་སེམས་ལས་འཁྲུལ་པ་མ་བྱུང་ལ། །འཁྲུལ་པར་སྣང་དེ་སེམས་ལས་གཞན་ན་མེད། །དེ་ཕྱིར་འཁྲུལ་སྣང་རང་བཞིན་སེམས་ཉིད་དེ། །འཆིང་གྲོལ་མེད་བཞིན་འཆིང་གྲོལ་སྣང་བ་མཚར། །དེ་ལྟར་རྟོགས་ན་འཆིང་གྲོལ་ཀུན་ལས་འདས། །དེ་སྐད་སྨྲས་ཀྱང་ད་དུང་ཆེད་འཛིན་ན། །གོ་བའི་ཡུལ་དེ་རྟོགས་པ་ཡོད་རེ་ཀན། །འདི་ཉིད་ཐོས་ནས་གཟའ་གཏད་ཀུན་བྲལ་ན། །དུས་གསུམ་རིག་འཛིན་གྲལ་ལ་འཁོད་པ་སྟེ། །ཀུན་བཟང་ས་ལ་བཙན་ས་ཟིན་པ་ཡིན། །ཀྱེ་ཧོ་གྲོགས་དག་
དུས་རྣམས་ཐམས་ཅད་དུ། །རྣལ་འབྱོར་ཤེས་པ་ནམ་མཁའི་བྱ་ལམ་འདྲ། །བྱ་རྗེས་འདས་པ་འགགས་ནས་མི་མཐོང་ལྟར། །དྲན་བསམ་སྔ་མ་འགགས་ཤིང་མཐོང་བ་མེད། །དེ་ལ་རྗེས་སྙོགས་འཛིན་པ་མ་མཐུད་ཅིག །བྱ་རྗེས་ཕྱི་མ་མ་འོངས་དངོས་མེད་ལྟར། །དྲན་བསམ་ཕྱི་མའི་བསུན་མ་མ་བྱེད་ཅིག །བྱ་རྗེས་ད་ལྟ་ཁ་དོག་དབྱིབས་མེད་ལྟར། །ད་ལྟའི་དྲན་བསམ་ཐ་མལ་རང་འགྲོས་ལ། །འདི་ཞེས་གཉེན་པོས་བཅོས་བསླད་མ་བྱེད་ཅིག །གང་ཡིན་ཡིན་གྱིས་ཆེད་ཀར་མ་འཛིན་ཅིག །འདི་ཡིན་མེད་ཀྱིས་ཕྱོགས་རིས་མ་གཅད་ཅིག །གཟའ་གཏད་མེད་ཀྱིས་དགག་སྒྲུབ་མ་བྱེད་ ཅིག །ཇི་ལྟར་ཤར་ཡང་དེ་ལྟར་མ་འཛིན་ཅིག །འདི་ནི་མཐར་ཐུག་སྙིང་པོའི་ལམ་ཁྱེར་ཡིན། །གང་ལྟར་ཤར་ཡང་དེ་ལྟར་མ་བཟུང་ན། །ཉོན་མོངས་རང་ཡན་ཡེ་ཤེས་ཆེན་པོ་ཡིན། །འདི་ཞེས་ཆེད་འཛིན་ཞེན་པའི་སེམས་ཡོད་ན། །ཡེ་ཤེས་རང་ཡན་ཉོན་མོངས་ཆེན་པོ་ཡིན། །རྟོགས་པ འི་གནད་འདི་གང་ལ་ཡོད་གྱུར་ན། །ཐ་མལ་རང་ཡན་ཆུ་བོའི་རྣལ་འབྱོར་ཡིན། །བབས་ལུགས་འདི་མེད་ཆུ་བོའི་རྣལ་འབྱོར་ཡང་། །ཐ་མལ་གནས་སུ་ནན་གྱིས་ལྟུང་བ་ཡིན། །གཞི་ཡི་དོན་དེ་ལམ་དུ་སློང་ཤེས་ན། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཆེན་པོ་ཡིན། །དག་པའི་སེམས་ལ་འཛིན་པས་མ་བསླད་ན། །གཉིས་མེད་རང་གྲོལ་ཀུན་ཏུ་བཟང་པོ་ཡིན། །མཐར་འཛིན་ཕྱོགས་ལྷུང་ཁས་ལེན་མེད་པ་ན། །རྡོ་རྗེ་སྙིང་པོའི་ཐེག་པ་མཐར་ཐུག་ཡིན། །རྒྱ་མཚོའི་དབྱིངས་སུ་ཆུ་བྲན་འདུ་བ་ལྟར། །སྙིང་པོའི་དོན་རྣམས་རྟོགས་པའི་ངང་འདིར་འདུས། །ནམ་མཁའི་དབྱིངས་སུ་ཡངས་དོག་མེད་པ་ལྟར་། །སེམས་ཉིད་རྟོགས་ནས་ཐམས་ཅད་ཕྱམ་ཕྱམ་
མོ། །ཐམས་ཅད་གཞི་རྫོགས་ལྷུན་གྲུབ་མཉམ་པ་ཉིད། །མ་སྐྱེད་རྒྱལ་པོ་འཕོ་འགྱུར་མེད་པའི་ངང་། །ཡེ་གྲོལ་ལྷུན་འབྱམས་གཞི་ཀློང་ཡངས་པའི་ངང་། །རང་བཞིན་བདེ་ཆེན་སྤྲོས་ཀུན་ཉེར་ཞི་ལ། །ཀྱེ་ཧོ་གྲོགས་དག་ཞེན་འཛིན་འཆིང་བའི་རྒྱུ། །སྣ་ཚོགས་རྟོག་པའི་གཟེབས་ཡིན་དགོས་པ་མེད། །མ་བྱས་ཤེས་པ་རང་གྲོལ་ཐ་མལ་ངང་། །འདི་ཡིན་གཟའ་གཏད་མེད་པ་ཡེ་ཤེས་དངོས། །དེ་ཡིན་ཀུན་ཡིན་ཡེ་ཡིན་རང་བབས་ཡིན། །ཐམས་ཅད་མ་བཅོས་རྩོལ་སྒྲུབ་འཔྲལ་བ་ཡིན། །ཧ་ཧ་སྣང་སྟོང་ཟང་ཐལ་ཆེན་པོ་ལ། །རང་གྲོལ་ཤེས་པ་གཏད་མེད་ཟང་ཐལ་བར། །གང་བབས་གཞི་གྲོལ་འབད་རྩོལ་ཞིག་པ་ནི། །སྨྱོན་པ་བུ་ཆུང་ལས་ཟིན་སྐྱེས་བུ་འདྲ། །གང་ཤར་འཛིན་པ་མེད་ན་རང་དགར་རོལ། །དེ་ལ་ཆེད་འཛིན་མ་བྱེད་ངོས་གཟུང་མེད། །ཡིན་མིན་རྩིས་གདབ་མེད་ན་བློ་འདས་ངང་། །གཞི་བྲལ་ཆོས་སྐུ་ཡིན་ཏེ་གང་བདེར་ཐོངས། །གཉིས་མེད་མཉམ་པའི་ངང་སྟེ་ཁྱབ་གདལ་བ། །མ་བྱས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་དོ། །ཀྱེ་ཧོ་གདོད་ནས་མ་སྐྱེས་མཉམ་པའི་ངང་། །སྐྱེ་བོའི་ཆོ་འཕྲུལ་སྣང་སྲིད་ཅིར་སྣང་ཡང་། །ཐམས་ཅད་སྐྱེ་མེད་རྫོགས་ཆེན་བྱ་རྩོལ་འདས། །ཨ་ཧོ་ཡེ་ནས་གྲོལ་བའི་སེམས་ཉིད་ལ། །གློ་བུར་རྐྱེན་གྱིས་གྲོལ་བ་དགོད་རེ་འཆོར། །དོན་མེད་བྱིས་པའི་རྩེད་མོ་འདྲ་བ་ལ། །གཟུང་འཛིན་གཟེབ་ཏུ་འཆིང་བ་ཡ་རེ་ཆ། །མ་སྐྱེས་རྩ་བ་བྲལ་བའི་རིག་པ་ལ། །དགག་སྒྲུབ་གཉིས་སྣང་རི་མོ་བཀྲག་རེ་ཆེ། །མེད་སྣང་འཁྲུལ་པའི་གཟུགས་བརྙན་རང་ཤར་ལ། །བདག་གཞན་སོ་སོར་འབྱེད་པ་ཉོན་རེ་མོངས། །དེ་ལྟར་དོན་མེད་དངོས་ལ་གོམས་པའི་བློ། །འཁྲུལ་ཕྱིར་འབྲེང་ཡང་འཁྲུལ་པ་གདོད་ནས་དག །མ་འཁྲུལ་རིག་ངོ་རིག་ན་དེ་ཀར་གྲོལ། །
འཁྲུལ་པའི་སེམས་ལ་བག་ཆགས་འདིར་ཡོད་ཅེས། །སྤུངས་ཤིང་བསགས་མེད་པ་དག་མཐུད་པ་ཙམ། །གང་དུ་ཆད་པ་དེ་རུ་རྩ་བ་སྟོར། །སྐད་ཅིག་གྲོལ་བ་ཆོས་ཀྱི་སྐུ་ཞེས་བྱ། །རང་ངོ་རིགས་པས་འཁྲུལ་པ་གཞི་ལ་སངས། །མདོར་ན་སེམས་ནི་སྐད་ཅིག་ཉིད་ཡིན་པས། །གཟུང་འཛིན་གཉིས་མེད་འཁྲུལ་དང་འཁྲུལ་གཞི་མེད། །གང་ཤར་གཅིག་དེ་དེ་ཉིད་རང་གྲོལ་བས། །སྔ་ཕྱིའི་ལས་དང་བག་ཆགས་སྐད་ཅིག་ལ། །དེ་ཡང་དུ་མ་ཆ་ཤས་ཉིད་བྲལ་བས། །གཉིས་མེད་རང་གྲོལ་སྐད་ཅིག་རིག་པས་གྲོལ། །རང་བཞིན་བྱས་པ་མེད་པའི་སེམས་ཉིད་ལ། །སུས་ཀྱང་བཅོས་སུ་མེད་དེ་གང་བདེར་ཞོག །འདི་ཡིན་གཟའ་གཏད་མེད་པའི་རིག་པ་ལ། །དྲན་བསམ་མཐུད་མ་མ་གདགས་རང་འགྲོས་ཐོང་། །སྣང་སེམས་ཡེ་ནས་གྲོལ་བའི་རང་བཞིན་ལ། །དགག་སྒྲུབ་བླང་དོར་མ་བྱེད་རང་བབས་ཞོག །ཀྱེ་ཀྱེ་གདོད་ནས་དག་པའི་རང་བཞིན་ནི། །བསམ་ཡུལ་བློ་ལས་འདས་པས་ལྟ་བ་མེད། །ངོ་བོ་གཞི་ནས་བྲལ་བས་སྒོམ་དུ་མེད། །རང་གྲོལ་མཐང་ལས་འདས་པས་སྤྱད་དུ་མེད། །རྩོལ་སྒྲུབ་ཞེན་པ་འདས་པས་འབྲས་བུ་མེད། །ངོ་བོ་སྟོང་ཉིད་ཡིན་པས་སྤངས་ཐོབ་མེད། །རང་བཞིན་གསལ་སྟོང་ཡིན་པས་རྩོལ་སྒྲུབ་ཞིག ། ཐམས་ཅད་འགག་མེད་ཡིན་པས་ཕྱོགས་རིས་མེད། །གང་ལྟར་ཤར་ཡང་དེ་ལྟར་མ་འཛིན་ཅིག །སྣང་ཞིང་སྲིད་པའི་ཆོས་རྣམས་བཏགས་པ་ཙམ། །བཏགས་པའི་དོན་ལ་ངོས་གཟུང་མེད་པས་ན། །གང་ལའང་ཆེད་འཛིན་མ་བྱེད་རང་བབས་ཞོག །འདིར་ནི་ངང་དང་ཀློད་དང་གྲོལ་ལ་སོགས། །གཉེན་པོའི་རང་བཞིན་དམིགས་སུ་མེད་པ་སྟེ། །དེ་སྐད་ཚིག་ཏུ་གོ་བ་སླ་ཕྱིར་བརྗོད། །དྲན་འཛིན་གཉེན་པོ་མེད་པས་བློ་བདེ་འོ། །འདི་ལྟར་
རྟོགས་ནས་འཆིང་གྲོལ་ཀུན་ལས་འདས། །གདོད་ནས་མ་སྐྱེས་ནམ་མཁའི་རྣལ་འབྱོར་ལ། །ཕྱོགས་ལྷུང་ཞེན་པའི་སྤྲིན་ཚོགས་དེངས་པ་ཡིན། །སྐྱེ་མེད་བསམ་འདས་ཡེ་གྲོལ་ལྟ་བ་སྟེ། །ཡན་ལྟར་བྱས་ན་ལྟ་རྒྱུ་མེད་པ་ལགས། །རང་བབས་ལྷོད་ཆགས་གང་ཤར་སྒོམ་པ་སྟེ། །ཡན་ལྟར་བྱས་ན་སྒོམ་རྒྱུ་མེད་པ་ལགས། །སྤང་བླང་གཉིས་མེད་འབྲས་བུའི་རང་བཞིན་ཏེ། །ཡན་ལྟར་བྱས་ན་དཔྱད་རྒྱུ་མེད་པ་ལགས། །རེ་དོགས་གཉིས་མེད་འབྲས་བུའི་རང་བཞིན་ཏེ། །ཡན་ལྟར་བྱས་ན་འབྲས་བུ་མེད་པ་ལགས། །གང་སྣང་སེམས་ལ་བརྟེན་པའི་ཆོས་རྣམས་ནི། །བྱས་ཀྱང་ཆོག་ལ་རང་བཞིན་བཞག་ཀྱང་ཆོག །ཡན་ལྟར་བྱས་ན་བྱ་བྱེད་འདས་པ་ལགས། །ད་ནི་གཞི་རྫོགས་པདྨ་ལས་འབྲེལ་རྩལ། །ཆོས་ཟད་བློ་ཟད་འཁྲུལ་སྣང་གཞི་ནས་ཟད། །ཐམས་ཅད་རང་ཟད་ཡེ་གྲོལ་མཐར་ཕྱིན་པས། །གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་མི་འཆད། །འཁོར་འདས་འཁྲུལ་གཞི་རང་བཞིན་རྒྱུན་ཆད་དོ། །གང་ལ་ཆོས་ཟད་འོད་གསལ་གཉིས་མེད་ངང་། །འཛིན་མེད་མཐའ་གྲོལ་ཆོས་ཉིད་ཟད་པའི་ས། །གདོད་མའི་ངང་ཡིན་བསམ་ཡུལ་འདས་པ་ཡིན། །དེ་ལྟར་རྟོགས་ཏེ་སྐུ་གསུམ་འདུ་འབྲལ་མེད། །བདེ་ཆེན་ས་ལ་རྒྱུན་དུ་གནས་པ་ཡིན། །ཀྱེ་ཧོ་གཞི་ནས་དག་པའི་ཆོས་ཉིད་དེ། །མཐའ་མེད་མཐའ་དབུས་དངས་པའི་མཚོ་ནང་ན། །ཉི་མའི་དབང་པོ་འོད་གསལ་རྒྱུན་ཆད་མེད། །རང་བཞིན་ཡིད་མཚོར་རྟོགས་པའི་ཉི་མ་ཤར། །མི་ནུབ་སྟོང་ཁམས་བརྡལ་བ་ཀུན་ལ་ཁྱབ། །ཡེ་ཀློང་ཆེན་པོར་བདེ་ཀློང་གཅིག་ཏུ་འཁྱིལ། །གང་དུ་འཁྲུལ་སྣང་སྤྲུལ་སྐུར་ཐིམ་པའི་ཚེ། །སྤྲུལ་སྐུ་ལོངས་སྐུར་ལོངས་སྐུ་ཆོས་སྐུར་ཐིམ། །ཆོས་སྐུ་མཐའ་གྲོལ་གདོད་མའི་ཀློང་དུ་ཐིམ། །ནང་གསལ་ཡེ་ཤེས་བུམ་པའི་སྐུ་དེ་
ཉིད། །ངོ་བོ་རང་བཞིིན་ཐུགས་རྗེ་རྒྱུན་མི་འཆད། །སྐུ་གསུམ་ས་ལ་རང་བཞིན་ལྷུན་གྲུབ་བོ། །བདེ་ཆེན་རོལ་པས་གཞན་དོན་རྒྱུན་མི་འཆད། །ནམ་ཞིག་བདག་ཀྱང་དེ་འདྲར་འགྱུར་བར་ཤོག །འདི་ནི་རྒྱལ་སྲས་པདྨ་འབྱུང་གནས་ཀྱིས། །ཐུགས་རྗེའི་བྱིན་རླབས་འོད་སྟོང་ཤར་བའི་ཚེ། །མཁའ་འགྲོ་སྙིང་ཏིག་གསང་བའི་དོན་བསྡུས་ནས། །ཕྱི་རབས་སྐལ་ལྡན་སྨིན་ཅིང་གྲོལ་བྱའི་ཕྱིར། །པདྨ་ལས་འབྲེལ་རྩལ་གྱིས་ལེགས་པར་བཀོད། །དགེ་བ་དེ་ཡིས་སྲིད་པའི་སེམས་ཅན་རྣམས། །མ་ལུས་ཕྱམ་ཅིག་ཐམས་ཅད་བྱང་ཆུབ་ནས། །གཞི་རྫོགས་འོད་གསལ་སྙིང་པོའི་ཞིང་ཁམས་སུ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཤོག །ནམ་མཁའ་དྲི་མེད་ཅེས་བྱ་བ་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་རྒྱལ་པོའི་སློབ་མ་རྣལ་འབྱོར་གྱི་དབང་ཕྱུག་དྲི་མེད་འོད་ཟེར་གྱིས། སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ། གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་ཞེས་བྱ་བའི་གནས་མཆོག་དམ་པར་བཀོད་པ་རྫོགས་སོ།། །།དགེའོ།།
མན་ངག་རིན་པོ་གསེར་གྱི་སྒྲོམ་བུ།
མན་ངག་རིན་པོ་གསེར་གྱི་སྒྲོམ་བུ་ཞེས་བྱ་བ་བཞུཊ་སོ། །རིན་ཆེན་ཤོག་སྐྱའི་སྐོར། །
རྒྱ་གར་སྐད་དུ། རཏྣ་ཨུ་པ་དེ་ཤ་སོ་ནཱ་ཛཱ་དྷ་ནཱ་མ། བོད་སྐད་དུ། མན་ངག་རིན་པོ་ཆེ་གསེར་གྱི་སྒྲོམ་བུ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མགོན་པོ་གདོད་ནས་རྫོགས་སངས་རྒྱས། །རང་བཞིན་སེམས་པ་མི་མངའ་ཞིང་། །འོད་གསལ་རིན་ཆེན་གདངས་ལྔའི་སྐུ། །འགྱུར་བ་མེད་ལ་ཕྱག་འཚལ་ལོ། །ཐོགས་མའི་ཀུན་ཏུ་བཟང་པོ་དང་། ཁམས་གསུམ་སྲིད་པའི་སེམས་ཅན་ཀུན། །ཇི་ལྟར་བྱུང་དང་འཁྲུལ་དང་གྲོལ། །རྒྱལ་བའི་ལུང་ལ་བརྟེན་ནས་བཤད། །དེ་ཡང་གཞི་ལམ་འབྲས་བུ་ལས། །གཞི་ལ་ཀ་དག་ལྷུན་གྲུབ་སྟེ། །སྣང་སྟོང་འདུ་འབྲལ་མེད་པར་གནས། །རིག་པ་འོད་ལྔའི་ཀློང་དཀྱིལ་ན། །མ་བྱིང་མ་རྨོངས་ནང་གསལ་ཉིད། །ཕྱི་རུ་མ་འཕྲོས་བུམ་སྐུར་གནས། །དེ་ཚེ་གང་དུའང་མ་ངེས་པ། །ཐོག་མའི་སྤྱི་གཞི་ཞེས་བྱ་འོ། །གདོད་མའི་མགོན་པོ་འོད་མི་འགྱུར། །མེས་ཆེན་ཞེས་ཀྱང་དེ་ལ་ཟེར། །དེ་ནས་སྐྱེ་མེད་བསམ་ཡུལ་འདས། །ཐོག་མའི་ཀ་དག་ངང་ཉིད་ལས། །ལྷུན་གྲུབ་འོད་ལྔ་ཕྱིར་ཤར་བས། །ཐུགས་རྗེ་རིག་པའི་གདངས་ཉིད་ཀྱང་། །དེ་དང་མཉམ་དུ་རིག་སྟེ་ཤར། །དཔེར་ན་ཤེལ་གོང་དག་པ་ལ། །རྣམ་ལྔའི་འོད་དང་ཕྲ་ཕྲོའི་འོད། །ཇི་ལྟར་མཉམ་དུ་ཤར་བ་བཞིན། །དེ་ནས་རིག་པ་ཡོན་ཏན་ཉིད། །ཡུལ་ལ་འབྱེད་ཅིང་རྟོག་པར་ཤར། །འོད་ལྔའི་གདངས་ལ་འདི་སྙམ་དུ། །འདི་ལྟར་སྣང་བའི་རང་བཞིན་ལས། །བདག་ཉིད་བྱུང་ངམ་འོད་སྣང་འདི། །རང་ལས་བྱུང་ཞེས་དཔྱོད་པ་ན། །སྐད་ཅིག་དེ་ལ་རང་རིག་པས། །ཐོག་མའི་ཀུན་ཏུ་བཟང་པོ་ནི། །གཞི་ཐོག་ཉིད་དུ་བྱང་ཆུབ་བོ། །དེ་ལྟར་རང་འོད་ཤར་བ་ལ། །རང་དུ་མ་ཤེས་གཉིས་འཛིན་མཐུན། །དེ་ཚེ་འཛིན་པའི་སེམས་དེ་ལ། །རྩ་བའི་མ་རིག་ཞེས་བྱ་འོ། །སེམས་དེ་རགས་པར་མེད་པས་ན། །མི་གསལ་གསལ་བའི་བདག་ཉིད་ཅན། །ཡོད་མིན་མེད་མིན་ཞེས་བྱ་སྟེ། །མྱུ་གུའི་སེམས་
ཞེས་དེ་ལ་བྱ། །དེ་ཚེ་ཀུན་བཟང་ཆེན་པོ་དེའི། །ཀ་དག་ངང་ལས་སྐུ་སྤྲུལ་པ། །དགུ་ཕྲུགས་རིམ་གྱིས་སྟོན་པ་ཡི། །ལོངས་སྐུ་སྤྲུལ་སྐུའི་སྣང་བ་ལས། མི་མཇེད་ལ་སོགས་འཇིག་རྟེན་གྱི། །ཐོག་མའི་མགོ་ཡང་བརྩམ་པར་མཛད། །དེ་ནས་སེམས་ཅན་སེམས་ཉིད་དེས། །ཅི་ཡང་མེད་པར་འཁྲུལ་པ་དང་། །ས་གཞི་རྒྱ་མཚོའི་བར་ཆགས་ཏེ། །རྣམ་ཤེས་ནམ་མཁའ་མཐའ་ཡས་འཁྲུལ། །དེ་ཚེ་རྒྱ་མཚོ་འཁྲུགས་པར་སྣང་། །དེ་ནས་གཟུགས་ཁམས་ཡས་རིམ་ཆགས། །དེ་ཚེ་རི་དང་གླིང་རྣམས་ཀྱང་། །མས་རིམ་གྲུབ་སྟེ་འདོད་པའི་ལྷ། །རི་རབ་དག་ལ་བརྟེན་ནས་བྱུང་། །དེ་ཚེ་སྤྲུལ་སྐུའི་ཆོས་སྐུ་ཡང་། །སྟོན་པའི་ཐུགས་རྗེ་འོད་ཟེར་ལས། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་བཞི། །འོག་མིན་རྣམ་སྣང་ཕྱོགས་བཞིར་སྣང་། །དེ་ལྟར་ཞིང་ལྔའི་སྟོན་པ་ལས། །སྤྲུལ་སྐུ་ལོངས་སྐུའི་རྣམ་འཕྲུལ་ཏེ། །སྣང་བ་དམ་པ་ལ་སོགས་པའི། །སངས་རྒྱས་སྟོང་སྤྲུལ་སེམས་ཅན་བཏུལ། །དེ་དག་ཀུན་ལས་རྣམ་འཕྲུལ་བ། །སྤྲུལ་པའི་སྤྲུལ་པ་ཞེས་བྱ་སྟེ། །བཟོ་དང་སྐྱེ་བ་ལ་སོགས་པའོ། །དེ་ལྟར་འཁྲུལ་པའི་སེམས་ཅན་ལ། །སངས་རྒྱས་སྙིང་པོ་སྙིང་ལ་གནས། །རིག་པའི་ངོ་བོ་ཀ་དག་ལ། །རང་བཞིན་འོད་གསལ་གདངས་དང་བཅས། །ཐུགས་རྗེ་འགགས་མེད་རིག་པ་གསལ། །ཟེར་དང་གདངས་སུ་འཕྲོ་བའོ། །ལུས་ཀྱི་རྩ་བདུན་སྲོག་རྩར་བརྟེན། །དེ་ལྟར་བརྒྱད་ལ་རླུང་གི་རྟས། །རིག་པ་སྙིང་གི་གདངས་ཁུར་བས། །རྣམ་པར་ཤེས་པ་ཞེས་བྱར་བཏགས། །སེམས་ནི་རླུང་ཅན་གྲོང་ནས་རྒྱུ། །དབང་པོ་ལྔ་ལས་ཕྱིར་ཐོན་ནས། །ཡུལ་འཛིན་པ་ལ་སོ་སོར་འཇུག །བག་ཆགས་སྣ་ཚོགས་སོགས་པ་འོ། །ཡེ་ཤེས་སྙིང་ན་གནས་པའི་གདངས། །དུང་ཁང་ཁྲོ་བོའི་དཀྱིལ་འཁོར་ལ། །རྩ་རྣམས་ནང་ན་སྒྲོམ་མར་གསལ། །
ཐིག་ལེ་ཐིག་ཕྲན་འོད་ལྔས་བརྒྱན། །དེ་ལྟར་སྙིང་ནས་ཡེ་ཤེས་གདངས། །དར་དཀར་རྩ་ནས་རྒྱ་མཚོར་ཤར། །སྤྲིན་མེད་མཁའ་ལ་སྣང་བ་འོ། །དེ་ནི་གཞི་ཡི་བཞུགས་ཚུལ་ལོ། །ད་ནི་ལམ་གྱི་འཁྱེར་ཚུལ་ལ། ཁྲེགས་ཆོད་ཐོད་རྒལ་རྣམ་གཉིས་སོ། །དེ་ཡང་ཤེལ་གྱི་ཕྲ་ཕྲོ་ལྟར། །སྣ་ཚོགས་འཛིན་པའི་སེམས་འདི་ཉིད། །ཡེ་ཤེས་གདངས་ཏེ་ངོས་གཟུང་མེད། །སྔ་ཕྱི་ད་ལྟ་དུ་ཡང་མེད། ཁ་དོག་དབྱིབས་མེད་མཚན་མ་མེད། །དེ་ལྟར་ལྟ་བས་ཐག་བཅད་ནས། །དབང་པོ་རབ་འབྲིང་ཐ་མ་ཡིས། །དེ་ཉིད་ཉམས་སུ་ལེན་པའི་ཚེ། །ཐ་མས་རྟོག་པ་རྩད་བཅད་ལ། །སྐྱེ་འགག་མེད་པའི་ངང་ལ་གཞག །འབྲིང་གིས་ཕཊ་ཅེས་རང་ངོར་བལྟ། །རྦད་ཀྱིས་བཅད་ནས་ཕྱམ་གྱིས་གཞག །རབ་ཀྱིས་གང་ཤར་ཡེ་ཤེས་གདངས། །སྤང་བླང་འཛིན་མེད་རང་སར་གྲོལ། །ཐོག་བབས་གང་ཤར་རང་འགྲོས་གཏང་། །ཡངས་སོ་ཆ་ེ འོ་རིག་པའི་སེམས། །སྣ་ཚོགས་སྣང་བའི་ཡུལ་རྣམས་ལ། ཕྱོད་དེ་བུན་ནེ་འཛིན་པ་མེད། །གང་ཤར་རྟོག་པ་རོལ་དུ་ཆུག །ཡེངས་དང་མ་ཡེངས་བསྒོམ་དུ་མེད། །ལྟ་དང་མི་བལྟ་དཔྱད་དུ་མེད། །ཐམས་ཅད་ཀུན་བཟང་རོལ་པར་ཁྱེར། །དེ་ལྟར་གཞི་རྩ་ཆོད་པ་དེས། །ལུས་དང་ཡུལ་གྱི་རྡོས་བཅས་ཉིད། །འོད་གསལ་ངང་དུ་གྲོལ་བྱའི་ཕྱིར། །བཞུགས་སྟངས་གསུམ་ལ་གཞི་བྱས་ཏེ། །གཟིགས་སྟངས་གསུམ་གྱིས་གནད་བཀྲོལ་ནས། །སྐྱེས་པ་བུད་མེད་བྱེ་བྲག་གིས། །རྒྱ་མཚོ་གཡས་གཡོན་རིག་པ་གདོན། །དབྱིངས་ཀྱི་ངང་དུ་ལུ་གུ་རྒྱུད། །འགུལ་འཁྲིགས་མེད་པར་བཞག་པ་ལ། །མིག་གཏད་སེམས་ཀྱིས་བཟུང་མི་བྱ། །འོད་སྣང་ཆགས་ཞེན་མེད་པ་བལྟ། །དེ་ཚེ་ཆུ་ཡི་སྒྲོན་མ་ལས། །ཕྱི་དབྱིངས་ནམ་མཁའ་སྤྲིན་བྲལ་ལ། །ནང་དབྱིངས་རྣམ་དག་སྒྲོན་མ་ནི། །འཇའ་འམ་རྨ་བྱའི་མདོངས་ལྟར་འཆར། །དེ་ནས་ཐིག་ལེ་སྟོང་སྒྲོན་ན། །ལྔ་ལྡན་འོད་ཀྱི་མུ་ཁྱུད་ཅན། །སུམ་སྦྲེལ་ལ་སོགས་ཤར་བའི་དབུས།
རིག་པ་རྡོ་རྗེ་ལུ་གུ་རྒྱུད། །ཕྲ་ལ་འགྲོ་འོང་བྱེད་པ་ནི། །མི་འགུལ་མིག་གིས་ལྟ་བ་དང་། །རླུང་ནི་ཁ་ནས་དྲངས་པ་ཡིས། །གསལ་སྟོང་སྐྱེ་མེད་ལྷག་ཤར་བ། །ཤེས་རབ་རང་བྱུང་སྒྲོན་མ་སྟེ། །དེ་ཉིད་ངང་ལ་རྒྱུན་དུ་བཞག །བྱིང་རྒོད་བྱུང་ན་རབ་གསལ་ཏེ། །ཟས་གོས་བསིལ་ལ་ལྟ་སྟངས་བསྟོད། །གནས་ནི་དངས་ཤིང་མཐོ་སར་བསྒོམ། །ཉམས་མ་འཕེལ་ན་སྤྱོད་པ་བྱ། །དུར་ཁྲོད་ལུང་སྟོང་ལ་སོགས་སུ། །སྨྱོན་པ་ལྟ་བུའི་བརྟུལ་ཞུགས་ཀྱིས། །ཅིར་སྣང་དགག་སྒྲུབ་མེད་པར་སྤྱད། །མངོན་ཞེན་དགག་སྒྲུབ་རང་སར་གྲོལ། །མཚན་དུས་འོད་གསལ་སྙིང་ལ་བསྡུ། །རང་གསལ་འོད་ལྔའི་ཕོ་བྲང་ན། །འོད་གསལ་རིགས་ལྔ་སྣང་བ་ལ། །མ་ཡེངས་ཤེས་པ་སྐྱེ་མེད་བཞག །གཉིད་རྣམས་འོད་གསལ་ཆོས་སྐུར་གྲོལ། །ལྡང་དུས་སྣང་སྲིད་ཆོས་སྐུའི་ཞིང་། །སེམས་ཅན་ལྷ་དང་ལྷ་མོའི་ངང་། །འགྲོ་ཀུན་ལྷ་ཡི་དཀྱིལ་འཁོར་ལ། །གྲགས་པའི་སྒྲ་རྣམས་སྔགས་སུ་ཤེས། །དྲན་རིག་རང་གྲོལ་ཆོས་ཉིད་ངང་། །སྣང་སྲིད་སྒྱུ་མའི་ལམ་ཁྱེར་བྱ། །ཉལ་དུས་གཞི་བྲལ་གདོད་མའི་ངང་། །ཆོས་ཀུན་མཉམ་པ་ཆེན་པོ་རུ། །སྐྱེ་མེད་འོད་གསལ་གོམས་པར་བྱ། །ཉི་མའི་ཕྱོགས་ནས་ཁྲུ་གང་སར། །མིག་གཏད་ཟུར་ལ་བགས་ཀྱིས་ཁྲིད། །དེ་ཡིས་འོད་སྣང་འཆར་བ་ཡིན། །མངོན་སུམ་གོང་འཕེལ་ཚད་ཕེབས་ཏེ། །ཕྱི་ནང་རྡོས་བཅས་རྟོག་མཐའ་ཟད། །དེ་ཚེ་འཁྲུལ་སྣང་ལོངས་སྐུར་ཟད། །ལོངས་སྐུ་ཉིད་ཀྱང་འཛིན་མེད་པར། །ཀ་དག་ངང་དུ་མྱ་ངན་འདའ། །ཇི་ལྟར་སྔོན་ཐོག་ཉིད་ཀྱི་གཞི། །ཐིམ་ལ་མ་རྨུགས་བུམ་པའི་སྐུ། །ནང་གསལ་ཕྱི་རྒྱ་མ་རལ་བ། །རང་ངོ་ནང་བལྟས་ཐམས་ཅད་མཁྱེན། །རྣམ་པའི་ཡུལ་རྣམས་ཕྱི་རོལ་མཁྱེན། །གདུལ་བྱ་གཟིགས་ནས་སྐུ་འགྱེད་དེ། །ངོ་བོ་ཉིད་ཀྱི་ཆོས་སྐུ་ལས། །ལྷུན་གྲུབ་ལོངས་སྐུ་རིགས་ལྔའི་གདངས། །དེ་ལས་སྣ་ཚོགས་སྤྲུལ་པ་ཡིས། །འགྲོ་བའི་དོན་ཀུན་རབ་
རྫོགས་ནས། །ཐོག་མའི་ངང་དུ་སླར་ཐིམ་འགྱུར། །དེ་ལྟར་རབ་ཏུ་བརྩོན་པ་ཡིས། །ལོ་དྲུག་ཕུང་པོ་ལྷག་མེད་འགྲུབ། །བརྩོན་འགྲུས་འབྲིང་རྣམས་འདིར་སྦྱོང་ནས། །ཆོས་ཉིད་བར་དོར་མྱ་ངན་འདའ། །དེ་ཡང་སྐྱེ་གནས་བར་མ་དོར། །དམ་པའི་དྲུང་དུ་སེམས་ཐག་བཅད། །དང་པོར་ཐོས་པས་ཐག་བཅད་དེ། །ཅིར་སྣང་ཡེ་ཤེས་ལྷུན་གྲུབ་གདངས། །བྱུང་ཚོར་རྣམ་རྟོག་ཡེ་ཤེས་དངོས། །ཡིན་མིན་རོལ་པར་ངང་གཅིག་སྟེ། །གཞན་སྣང་མེད་དེ་རང་སྣང་དངོས། །ཐམས་ཅད་ཡེ་ཡིན་ཡེ་ཤར་དུ། །སྣང་སེམས་ལྟ་བས་ཐག་བཅད་ནས། །བར་དུ་དེ་ཉིད་འདི་ལྟར་བསྒོམ། །ཉིན་དུས་ཆོས་ཉིད་བར་དོ་ལ། །ལྷུན་གྲུབ་འོད་ལྔའི་རྩལ་སྦྱོང་བྱ། །འཇུག་དང་ཤེས་པ་གྲོལ་བའི་གནད། །རྣལ་འབྱོར་པ་ཡིས་ཤེས་པར་བྱ། །ཉལ་དུས་དབང་པོའི་འགགས་ཚུལ་དང་། །བར་དོའི་གདམས་པ་དྲན་པར་བྱ། །གཉིད་དུས་འོད་གསལ་སེམས་ཉིད་ལ། །གོམས་པས་གདོད་མའི་ངོ་སྤྲོད་དྲན། །རྨི་ལམ་བར་དོའི་འཆར་ཚུལ་དུ། །ངོས་གཟུང་ཡང་ཡང་རྩལ་སྦྱང་བྱ། །སད་དུས་སྔར་བཞིན་གསལ་གདབ་བོ། །ཐ་མར་དེ་ཉིད་གོམས་པ་ཡིས། །དུས་ཀུན་བར་དོ་དྲན་པ་དང་། །ཕྱོགས་བཞི་གསུམ་གཉིས་མདུན་ངོས་ཙམ། །འོད་ཀྱི་སྣང་བས་ཁྱབ་པ་དང་། །སེམས་ལ་དགག་སྒྲུབ་རྣམ་རྟོག་ཆུང་། །འཁྲུལ་པའི་རྨི་ལམ་རྒྱུན་ཆད་དང་། །ཅིར་སྣང་གང་ཤར་འཛིན་པ་མེད། །གར་གཏད་ཏིང་འཛིན་ཤེས་པ་གནས། །རྩ་བྲལ་ཀ་དག་རྟོགས་པར་ལྡན། །དེ་ལྟར་གོམས་པའི་རྣལ་འབྱོར་པ། །འཆི་ཁའི་བར་དོ་གསལ་གདབ་སྟེ། །རང་རིག་གདོན་ལ་སླར་གདབ་བོ། །བླ་མའམ་ནི་རྡོ་རྗེའི་སྤུན། །དམ་ཚིག་ལྡན་པས་དྲན་པ་གསོ། །བར་དོར་འཆར་བའི་རང་སྣང་ལ། །རང་སྣང་ཉིད་དུ་ཤེས་པར་མཛོད། །བདེ་བར་གཤེགས་ཞེས་ལན་གསུམ་བརྗོད། །ས་ཆུ་མེ་རླུང་འབྱུང་བ་བཞི། །རང་རང་ལ་ནི་ཐིམ་དུས་སུ། །ཤེས་པ་མིག་
ནས་མཁའ་ལ་བལྟ། །སྔར་གྱི་གདམས་པ་དྲན་པར་བྱ། །རྣམ་ཤེས་ནམ་མཁའི་ངང་དུ་ཐིམ། །དེ་ཚེ་སེམས་རིག་དབུགས་དང་བྲལ། །རིག་གདངས་རྟ་ཡང་ནམ་མཁར་ཡལ། །ནང་དབུགས་ཆད་དེ་ནམ་མཁའ་འདྲ། །འཛིན་པའི་སེམས་ནུབ་གཟུང་བ་ཐིམ། །ཕྲ་རགས་རྣམ་རྟོག་རང་ནུབ་སྟེ། །ནམ་མཁའ་འོད་གསལ་ཐིམ་པའི་ཚེ། །རང་བཞིན་གདོད་མའི་འོད་གསལ་ནི། །ཀ་དག་ནམ་མཁའ་འདྲ་བ་ལ། །ལྷུན་གྲུབ་ཉི་ཟླ་གཟའ་སྐར་ལྟར། །ནམ་མཁའ་ཁྱབ་པའི་སྣང་བ་འཆར། །ལ་ལ་འདི་ནས་གྲོལ་བ་ཡོད། །འོད་གསལ་ཟུང་འཇུག་ཐིམ་པའི་ཚེ། །ཚོམ་བུའི་དཀྱིལ་འཁོར་སྣང་བ་སྟེ། །སྒྲ་འོད་ཟེར་དུ་འཁྲིགས་པ་དང་། ཁྲོ་བོའི་དཀྱིལ་འཁོར་མངོན་པར་སྣང་། །རང་སྣང་ཤེས་པས་གྲོལ་བ་ཡིན། །དེ་ནས་ཞི་བའི་དཀྱིལ་འཁོར་ནི། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་མཐའ་དོན་ཡོད་གྲུབ་པ་སྟེ། །སོ་སོའི་ཡབ་ཡུམ་སེམས་དཔའ་དང་། །སེམས་མ་སྒོ་མའི་རང་བཞིན་རྣམས། །ཞག་ལྔར་རིམ་གྱིས་འཆར་བ་ཡིན། །དེ་ཚེ་རང་ལུས་འོད་གསལ་གྱི། །སྙིང་ག་ནས་ནི་ཟེར་ཐག་བྱུང་། །འོད་ལྔའི་ཚོམ་བུའི་ཐུགས་ཀར་འབྲེལ། །རིག་པ་འོད་ལ་འཇུག་པ་སྟེ། །སྣང་བ་དེ་ཀུན་རང་ཡིན་པས། །དཔག་ཆེན་མངའ་ཡི་གདམས་པ་ནི། །ཚོམ་བུའི་ཐུགས་ཀར་རང་རིག་འཕངས། །འདྲེས་པས་མི་རྟོག་ཏིང་འཛིན་འབྱུང་། །དེ་ལ་སེམས་གཟུང་རང་ས་ཟིན། །སྐད་ཅིག་གསུམ་ལ་གྲོལ་བ་ཡིན། །སྤྲུལ་པ་བཀྱེ་ནས་དོན་བྱེད་དོ། །དེ་ནས་གདོད་མར་རབ་ཐིམ་གྱུར། །དེ་ལྟར་མ་གྱུར་རྣལ་འབྱོར་པ། །སྣང་བ་དེ་ཀུན་ཟེར་ཐག་ལ། །འདུས་ནས་རང་ལ་ཐིམ་པ་ནི། །འོད་ནི་རིག་པར་འཇུག་པ་སྟེ། །དེ་ཚེ་མ་པང་བུ་འཇུག་སྟེ། །གདམས་ངག་འདི་ལྟར་དྲན་པར་བྱ། །རང་ཤར་རང་སྣང་རང་ལ་ཐིམ། །དེ་ཉིད་རང་ལ་སེམས་བཟུང་སྟེ། །མི་རྟོག་ཏིང་འཛིན་མཉམ་གཞག་
པས། །རང་གྲོལ་གཞན་སྣང་སྤྲུལ་པ་འགྱེད། །ཀ་དག་ངང་དུ་མྱ་ངན་འདའ། །གདོད་མའི་ས་ལ་མཐར་ཕྱིན་ནོ། །དེ་ལ་ངེས་པ་མ་རྙེད་ན། །ཟུང་འཇུག་ཡེ་ཤེས་ལ་ཐིམ་ཚེ། །ཡེ་ཤེས་བཞི་སྦྱོར་སྣང་བ་འཆར། །སྙིང་ག་ནས་ནི་ནམ་མཁའ་ལ། །འོད་ཀྱི་ཉི་ཞུར་རྩེགས་མ་ནི། །མཐིང་ག་དཀར་སེར་དམར་བའི་གདངས། ཁ་དོག་མཐུན་པའི་ཐིག་ལེས་བརྒྱན། །དེ་ཚེ་རང་སྣང་མི་འགྱུར་བ། །གསེར་གྱི་ཐུར་མའི་གདམས་ངག་ནི། །འོད་དང་ཐིག་ལེར་སེམས་བཟུང་བས། །ཀ་དག་ས་ལ་བཙན་ས་ཟིན། །དེ་ལ་ངེས་པ་མ་རྙེད་ན། །ཡེ་ཤེས་ལྷུན་གྲུབ་ཐིམ་པའི་ཚེ། །ཕྱོགས་རྣམས་སྟོན་ཀའི་ནམ་མཁའ་ལྟར། །སྣང་བ་མུ་ཁྱུད་ལྔ་དང་ལྡན། །ཀུན་གྱི་ནང་ན་ལྷ་ཡི་སྐུ། །ཞི་དང་ཁྲོ་ཚུལ་དཔག་མེད་སྣང་། །ཡར་ལ་ཀ་དག་ཟད་ས་མཐོང་། །མར་ལ་རིགས་དྲུག་སྣང་བ་མཐོང་། །བར་དུ་འཇའ་ཚོན་ལྷ་སྐུ་མཐོང་། །དེ་ཚེ་རང་སྣང་རང་རིག་པས། །དཔག་ཆེན་མདའ་ལྟར་ཕྱིར་མི་ལྡོག །འཆར་ཚུལ་བརྒྱད་དང་མངོན་ཤེས་དྲུག །རྗེས་དྲན་དྲུག་གིས་མཐར་ཕྱིན་ནི། །རོལ་པའི་རྩལ་དུ་ཐིམ་ཚུལ་བརྒྱད། །དེ་ལྟར་རིམ་གྱིས་སྔ་ཕྱི་རུ། །གྲོལ་བ་སྔར་གྱི་གོམས་པས་བཟུང་། །སྐད་གཅིག་དང་པོར་རང་ངོ་ཤེས། །གཉིས་པར་མི་རྟོག་བསམ་གཏན་སྐྱེ། །གསུམ་པར་གཞི་ཐོག་གྲོལ་བ་ཡིན། །འདི་ལ་དབང་པོའི་ཁྱད་པར་གྱིས། །ཕྱོགས་བཞི་འོད་སྣང་རྟོགས་པར་ལྡན། །བཅོ་ལྔའི་ཉི་ཟླ་འཆར་ནུབ་བཞིན། །དབུགས་ཆད་གྲོལ་བ་དུས་མཉམ་མོ། །འབྲིང་རྣམས་འོད་གསལ་ཟུང་འཇུག་གྲོལ། །ཐ་མ་ཡེ་ཤེས་ལྷུན་གྲུབ་ལ། །ངེས་པ་རྙེད་ནས་གྲོལ་བ་ཡིན། །ཐ་མས་སྤྲུལ་པ་མི་འབྱིན་ཞེས། །རྒྱུད་དང་མན་ངག་དག་ལས་གསུངས། །ཡེ་ཤེས་ལྔ་སྦྱོར་མི་སྣང་བ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཀ་དག་གྲོལ་གཞི་ལྗང་གུར་གནས། །དེ་ཉིད་མི་སྣང་དེ་ཡི་ཕྱིར། །ཡེ་ཤེས་བཞི་སྦྱོར་སྣང་བར་འདོད། །དེའང་བར་དོར་སྣང་བ་ལ། །སྐད་ཅིག་རང་ངོ་ཤེས་ཙམ་གྱིས། །གྲོལ་བ་གཞི་སྣང་མཐོང་བ་དང་། །འོད་ལུས་ཡིན་པར་ཤིན་ཏུ་
སླ། །དཔེར་ན་རྨི་ལམ་འཇིགས་སྐྲག་ལ། །རྨི་ལམ་ཤེས་པས་སྐད་ཅིག་ལ། །སྣང་བ་རང་ལོག་བདེ་བ་བཞིན། །གདོད་མའི་གཞི་ལ་སྐད་ཅིག་གིས། །རང་གནས་ཀ་དག་ཆེན་པོར་གྲུབ། །དབང་པོ་འབྲིང་གི་གྲོལ་ལུགས་སོ། །ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་། །བར་དོ་མེད་པར་གྲོལ་བ་ནི། །ཚེ་འདིར་འོད་གསལ་གོམས་གྱུར་ནས། །ཤེས་རབ་རྟོགས་པར་མི་ལྡན་པས། །རྨི་ལམ་བཟང་བར་གྱུར་པ་དེ། །སྣང་སྲིད་རང་བཞིན་སྤྲུལ་སྐུའི་ཞིང་། །སེམས་ཅན་ལྷ་དང་ལྷ་མོ་རུ། །འགྲོ་འཆག་ཉལ་སད་སྣང་བ་དང་། །སྤྱོད་ལམ་ཀུན་ཏུ་དྲན་པར་བྱ། ཁྱད་པར་མི་གནས་རང་རིག་ནི། །སྐབས་སུ་སྤྲུལ་སྐུའི་སྟོན་པ་ཉིད། །བསམ་པའི་ཐུགས་ཀར་འཕངས་པར་བྱ། །འཆི་དུས་རིག་པ་མིག་ནས་ནི། །སྤྲུལ་སྐུའི་ཞིང་དྲན་དེ་རུ་འཕངས། །དེ་ལ་གོམས་པ་མཆོག་གྱུར་པས། །དབུགས་ཆད་མངོན་དགར་སྐྱེ་བ་མཉམ། །འབྲིང་དང་ཐ་མའི་སྤྱོད་ཡུལ་ནི། །བར་དོ་རྣམས་ཀྱང་རིམ་ཤར་ནས། །ལྷུན་གྲུབ་ནུབ་དང་དུས་མཉམ་དུ། །ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། །མངོན་དགའི་ཞིང་དུ་རྫུས་ཏེ་སྐྱེ། །ཐ་མས་སྲིད་པའི་བར་དོ་ཉིད། །ཉུག་ཙམ་ཤར་ནས་མངོན་དགར་སྐྱེ། །ཡང་མཐས་སྲིད་པའི་བར་དོ་རུ། །རིང་ཞིག་ལོན་ནས་རྨི་ལམ་བཞིན། །མངོན་དགའི་ཞིང་དུ་སྐྱེ་བ་ཡིན། །དེ་ཚེ་མངོན་དགའ་རྡོ་རྗེའི་ཞིང་། །རྡོ་རྗེ་སེམས་དཔའི་ཞལ་མཐོང་ནས། །ཆོས་ཐོས་ཞེ་སྡང་ཉིད་དག་སྟེ། །མེ་ལོང་ཡེ་ཤེས་དེ་ཡིས་ཐོབ། །དེ་ནས་བར་དོ་མི་སྣང་བར། །སྐད་ཅིག་རྫུས་སྟེ་དཔལ་དང་ལྡན། །རིན་ཆེན་འབྱུང་ལྡན་དབང་བསྐུར་ནས། །ང་རྒྱལ་དག་ཅིང་མཉམ་ཉིད་རྟོགས། །དེ་ནས་པདྨ་བརྩེགས་པ་རུ། །སྣང་བ་མཐའ་ཡས་ལུང་བསྟན་ནས། །འདོད་ཆགས་དག་ཅེས་སོར་རྟོགས་ཐོབ། །ལས་རབ་གྲུབ་པར་དབུགས་ཕྱུང་ནས། །ཕྲག་དོག་དག་བྱེད་བྱ་བ་གྲུབ། ཁྲོ་བོའི་ཞིང་མཐོང་སྐད་ཅིག་ལ། །བདེན་པ་མཐོང་ནས་རྣམ་པར་གྲོལ། །ལྷུན་གྲུབ་ཀ་དག་ཉིད་ཐིམ་ནས། །ཀ་དག་ནང་གསལ་ཆོས་སྐུ་ལ། །རང་ས་ཟིན་ཏེ་འདུ་འབྲལ་མེད། །གདུལ་བྱ་གཟིགས་ནས་སྤྲུལ་པ་འགྱེད། །དེ་ཡང་ལྷུན་
གྱིས་གྲུབ་པར་འབྱུང་། །གདུལ་བྱ་ཟད་ནས་སྤྲུལ་པ་ཡང་། །མི་གནས་གདོད་མའི་ངང་དུ་ཐིམ། །དེ་ལྟར་སངས་རྒྱས་ཆོས་རྣམས་ཀྱང་། །འབད་མེད་རང་སར་གྲོལ་བ་ཡིན། །ཇི་ལྟ་ཇི་ལྟར་སེམས་ཅན་གྱི། །བྱེ་བྲག་བསམ་གྱིས་མི་ཁྱབ་ལྟར། །དེ་ལྟ་དེ་ལྟར་སངས་རྒྱས་ཀྱི། །གྲོལ་བའི་ཆོས་ཀྱང་བསམ་མི་ཁྱབ། །ལ་ལར་ཐུན་མོང་རྒྱུ་འབྲས་ཏེ། །གྲངས་མེད་བསྐལ་པས་གྲོལ་བ་དང་། །ལ་ལར་འབྲས་བུ་ལམ་བྱེད་པས། །བཅུ་དྲུག་སྐྱེ་བས་གྲོལ་བ་དང་། །ལ་ལ་ཚེ་གཅིག་གྲོལ་ལོ་ཞེས། །ཕ་མ་གཉིས་སུ་མེད་རྒྱུད་དུ། །གསུངས་ཤིང་བསྟན་ཡང་དགོངས་དོན་ཙམ། །སངས་རྒྱས་སྙིང་པོ་འོད་གསལ་ཞིང་། །ཚེ་འདིར་རྡོས་བཅས་མི་ནུབ་པས། །ཡང་དག་མ་ཡིན་ངེས་དོན་མིན། །འདིར་ནི་ཀུན་ཏུ་བཟང་པོ་ཡིས། །མཆོག་གསང་ཡང་རབ་དབང་པོ་ལ། །ཆོས་ཀྱི་སྐུ་ཡི་བསྟན་པ་ནི། །བླ་མེད་རྡོ་རྗེ་སྙིང་པོ་གསུངས། །དེ་ཡིས་ཚེ་འདིའི་ལོངས་སྐུའི་ཞིང་། །བགྲོད་ནས་ཆོས་སྐུ་མཐར་ཕྱིན་འགྱུར། །གཞན་རྣམས་སྤྲུལ་སྐུའི་བསྟན་པ་སྟེ། །སེམས་ལས་སངས་རྒྱས་གྲུབ་པར་རློམ། །འདིར་ནི་སེམས་ལས་སངས་རྒྱས་མེད། །ཡེ་ཤེས་འོད་གསལ་ལམ་བྱེད་པས། །གདོད་མའི་གཞི་ལ་མཐར་ཕྱིན་ན། །གཞི་ལམ་འབྲས་བུ་འོད་གསལ་ཏེ། །སེམས་ནི་རིགས་གདངས་རླུང་ལྟར་ཞོན། །སྒྱུ་ལུས་ཞིག་ཚེ་འདོར་བར་འདོད། །དེ་ཕྱིར་ཀུན་དང་འདི་མི་མཚུངས། །དམ་པའི་སྙིང་གི་སྙིང་པོའི་ལམ། །སྙིང་ཏིག་གསང་བའི་མན་ངག་འདི། །ཤིན་ཏུ་ཡང་ཟབ་ཀུན་གྱི་རྩེ། །གྲོལ་བ་རྣམས་ཀྱི་མཐར་ཕྱིན་ཏོ། །རྒྱལ་སྲས་པདྨའི་བཀའ་དྲིན་གྱིས། །དྲི་མེད་འོད་ཟེར་རྣལ་འབྱོར་པས། །སྟོན་གསུམ་གངས་རི་ཐོད་དཀར་དུ། །མན་ངག་གསེར་གྱི་སྒྲོམ་བུ་བཀོད། །དགེ་བས་སྲིད་གསུམ་སེམས་ཅན་ཀུན། །འོད་གསལ་ཞིང་དུ་གྲོལ་བར་ཤོག །མན་ངག་རིན་པོ་ཆེ་གསེར་གྱི་སྒྲོམ་བུ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་མཁས་པ་ཆེན་པོ་རང་བྱུང་པདྨའི་བྱིན་རླབས་ལས། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་པ་མང་དུ་ཐོས་པའི་ནང་ནས། རྒྱལ་མཚན་གྱི་རྩེ་མོ་བཞིན་མངོན་པར་མཐོ་བའི་པདྨ་ལས་འབྲེལ་རྩལ་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ་མཛད་པ་རྫོགས་སོ། །དགེ་ཞིང་བཀྲ་ཤིས་པ་ལགས་སོ།། །།
ཚིག་དོན་རིན་པོ་ཆེའི་བང་མཛོད།
ཚིག་དོན་རིན་པོ་ཆེའི་བང་མཛོད་བཞུགས་སོ། །དགེའོ། །ཤོག་སྐྱའི་སྐོར།
རྒྱ་གར་སྐད་དུ། རཏྣ་སམ་བྷ་ཏྲ་ཀོ་ཤ་ནཱ་མ། བོད་སྐད་དུ། ཚིག་དོན་རིན་པོ་ཆེའི་བང་མཛོད་ཅེས་བྱ་བ། དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །ཤེས་བྱའི་དཀྱིལ་འཁོར་མ་ལུས་རབ་གཟིགས་ཤིང་། །སྐུ་གསུམ་མཛད་པའི་ཕྲིན་ལས་བཟང་པོ་ཅན། །ཀུན་བཟང་རྒྱལ་བ་ལོངས་སྐུ་རིགས་ལྔའི་ཚོགས། །རིག་འཛིན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་བློའི་རྣམ་དཔྱོད་ལྡེ་མིག་བཟང་པོ་ཡིས། །མཁའ་འགྲོ་སྙིང་ཏིག་རིན་ཆེན་སྒོ་ཕྱེ་སྟེ། །ཚིག་དོན་རྣམ་བཀྲའི་འབྱོར་ཚོགས་དཔག་མེད་ཀྱིས། །སྐལ་ལྡན་སྐྱེ་བོའི་ཡིད་རབ་ཚིམ་པར་བྱ། །དེ་ལ་འཁོར་འདས་གཉིས་ཀྱི་སྔོན་རོལ་ན། །གཤིས་ཀྱི་གནས་ལུགས་བསྟན་པ་དང་གཅིག །ཀུན་ཏུ་བཟང་པོའི་གྲོལ་ཚུལ་དང་གཉིས། ཁམས་གསུམ་འཁོར་བའི་འཁྲུལ་ཚུལ་དང་གསུམ། སེམས་ཅན་ལ་ཡེ་ཤེས་ཀྱི་གནས་ཚུལ་དང་བཞི། ལམ་དང་སྒོ་གང་ནས་སྣང་ཚུལ་དང་ལྔ། ཡུལ་གང་ལ་སྣང་ཚུལ་དང་དྲུག །ཚེ་འདིར་ཇི་ལྟར་ཉམས་སུ་བླང་ཚུལ་དང་བདུན། བར་དོར་ཇི་ལྟར་འཆར་ཚུལ་དང་བརྒྱད། རང་བཞིན་སྤྲུལ་སྐུའི་སྣང་ཚུལ་དང་དགུ །གྲོལ་ས་གང་དུ་འབྲས་བུ་ཐོབ་ཚུལ་དང་བཅུ་ལས། དང་པོ་ནི་སྟོང་གསལ་འདུས་མ་བྱས་པའི་ཀ་དག་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་ངང་ནས། འོད་གསལ་ལྷུན་གྱིས་གྲུབ་པའི་སྣང་བ། ཉི་ཟླ་གཟའ་སྐར་ལྟར་ནང་གསལ་ཡེ་ཤེས་ཀྱི་འོད་ལྔ་མ་འགགས་ཤིང་། ཐུགས་རྗེ་རིག་པའི་སྙིང་པོ་ཅན་དུ་བཞུགས་ཏེ། རྩ་བའི་རྒྱུད་རིག་པ་རང་ཤར་ལས། གདོད་མ་ངོ་བོ་ཆོས་ཉིད་ཀྱིས་དག་པའི་གནས་ལུགས་འདི་ལྟ་སྟེ། རྒྱ་མ་ཆད་པའ ི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་སངས་རྒྱས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་མཐའ་དང་བྲལ་བའི་རིག་པ། དག་པ་ཆེན་པོའི་སྣང་བ། ཕྱོགས་ལྷུང་མེད་པའི་ལྟ་བ། ཡངས་པ། གསལ་བ། མི་འགྱུར་བ། ཡེ་ཤེས་མི་འགག་པ། མི་འཁྲུལ་བའི་ཆོས་ཉིད། ཕྱི་རྒྱ་མ་རལ་བ། ནང་ཡེ་ཤེས་ཀྱི་འོད་ལྔ་མ་འགག་པ། སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་སོ་ཞེས་པ་དང་། སྒྲོན་མ་འབར་བ་ལས། གདོད་མའི་ཀ་དག་ཆེན་པོ་ལ། །རང་བཞིན་ཉིད་ནི་འདི་ལྟ་བུ། །
སུས་ཀྱང་མ་བྱས་རང་གསལ་བར། །ཡེ་ཉིད་ནས་ནི་རང་བཞིན་ནོ་ཞེས་སོ། །དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་ཏེ། ཉི་ཟླ་ཁ་སྦྱོར་ལས། གཞི་གནས་ཀྱི་ཡེ་ཤེས་ནི་གསུམ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས་དང་། །རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དང་། །ཐུགས་རྗེ་རང་སྣང་གི་ཡེ་ཤེས་སོ། །ཞེས་སོ། །ཡེ་ཤེས་གསུམ་པོ་དེའི་ངོ་བོ་ནི་ཀློང་གསལ་ལས། ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་མདངས་ཉིད་དུ་གནས། །ཐུགས་རྗེས་ཀུན་ཁྱབ་ཡེ་ཤེས་ནི། །འགག་མེད་སྣང་སྟོང་ཉིད་དུ་གནས། །ཞེས་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཆོས་སྐུའི་ཡེ་ཤེས་བསམ་འདས་བརྗོད་མེད་ངང་། །ལོངས་སྐུའི་ཡེ་ཤེས་ཁ་དོག་མ་འདྲེས་གསལ། །སྤྲུལ་སྐུའི་ཡེ་ཤེས་ཅིར་ཡང་སྒྱུར་དུ་བཏུབ། །ཅེས་སོ། །དེའང་ནང་གསལ་ཡེ་ཤེས་ཀྱི་འོད་ལྔ་ལ་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ཡན་ལག་བཞི་ལྡན་ཐུགས་རྗེ་འཆར་བྱེད་ཀྱི་རྣམ་པར་གནས་ཏེ། ལུང་ཡེ་ཤེས་མར་མེའི་རྒྱུད་ལས། ཡན་ལག་རླུང་བཞི་མེ་སྟག་ཟེར་བཞིན་དུ། །རིག་པའི་ཀློང་ན་མ་འགག་གསལ་བ་འོ། །ཞེས་པས། རྩ་བ་ཐུགས་རྗེ་རིག་པའི་ཆ་ནི། སྲོག་རླུང་རྩལ་སྟབས་སྐྱོན་ཡོན་སྣ་ཚོགས་ཀྱི་འཆར་གཞི་མ་འགགས་པ་ལས། གྱེན་དུ་རྒྱུ་ཤེས་རབ་ཀྱི་རྟ་རིག་པ་དང་། ཐུར་སེལ་ཤེས་རབ་ཀྱི་ཟེར་གདངས་འོད་ལྔ་དང་། མེ་དང་མཉམ་པ་སྨིན་པར་བྱེད་པའི་སྟབས་ཅན་དང་། ཁྱབ་བྱེད་རྫོགས་པར་བྱེད་པའི་སྟབས་ཅན་ཏེ། དབྱིངས་སུ་ནི་མ་འཕྲོས། འཕྲོ་གཞི་མ་འགགས་པའི་སྙིང་པོར་གནས་པའོ། །དེ་ལྟར་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཐ་དད་མེད་དེ། ཐལ་འགྱུར་ལས། ཡེ་ཤེས་རང་ངོར་གནས་པ་ལས། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་གཞིའ་ིདྲི་མ་རང་སངས་ཉིད། །ཅེས་སོ། །གཉིས་པ་ནི་གདོད་མའི་གཞི་འོད་ཀྱི་ཁང་པ་ཅན། ཆོས་ཉིད་དག་པའི་ཡེ་གདངས་ཆེན་པོ་ལས།
ཡེ་ཤེས་རླུང་ཐུགས་རྗེ་རིག་པའི་སྙིང་པོ་ཅན་གཡོས་པས། ནང་གསལ་ཕྱིར་ཤར་ཏེ། ཀ་དག་གི་ནམ་མཁའ་ལ་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་ཉི་ཟླ་གཟའ་སྐར་དང་བཅས་པ། ཤེལ་འོད་ཕྱིར་སྣང་བ་ལྟར་སྣང་ལ། ཡུལ་འོད་གསལ་གྱི་སྣང་བ་བྱད་དང་མེ་ལོང་གི་གཟུགས་བརྙན་ལྟར་རང་སྣང་རང་གདངས་ཆེན་པོར་ཐུགས་རྗེའི་རིག་པའི་ཡེ་ཤེས་ཀྱི་རང་ངོ་ཤེས་པའི་སྐད་ཅིག་མ་གཅིག་གིས་བྱེ་བྲག་ཕྱེད་དེ། སྐད་ཅིག་མ་ཕྱི་མ་དེ་ལ་དང་པོའི་གཞི་ཐོག་ཉིད་དུ་སངས་རྒྱས་ཏེ། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེའང་སྐད་ཅིག་མ་ལ་འགྱུར་བ་རང་ཐོག་གདོད་མའི་གཞིར་ཆོད་པ་ཉིད། ཐལ་འགྱུར་ལས། སངས་རྒྱས་འཁྲུལ་པར་མ་གྱུར་པས། །གཞི་ནས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་ཤེས་པས། །འགྱུ་བ་རང་ཐོག་ཆོད་པ་འོ། །ཞེས་སོ། །དེའི་ཚེ་སྐད་ཅིག་དང་པོར་རིག་པས་མ་རིག་པའི་རྩ་བ་ཆད་དེ། ནང་གསལ་ཉིད་དུ་ལྷུན་གྱིས་གྲུབ་པར་ནི། ཡེ་ཤེས་ནམ་མཁའ་མཉམ་རྒྱུད་ལས། དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །གཞི་ཤེས་མ་རིག་དྲུག་བཅོམ་ནས། །ཉུག་ཙམ་ལས་ནི་རིག་ཙམ་སྟོངས། །རེག་ཙམ་བྱུང་བས་རིག་འགྲིབ་བརླག །སལ་གྱི་གསལ་ལས་མུན་ངོས་སངས། །ཝལ་གྱིས་བྱུང་བས་འཐིབས་པ་མེད། །སྒྲོ་སྐུར་བྲལ་བས་མ་རིག་དང་། །འགྱུར་བ་མེད་པས་ནམ་མཁའ་འདྲ། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །འཁྲུལ་པ་མ་རིག་ལོག་བཅོམ་པས། །ལུང་མ་བསྟན་པར་རང་བརླག་སྟོངས། །བེམས་རིག་ཕྱེད་པས་གཞི་དང་འཕྲད། །དེ་ཕྱིར་མ་རིག་མུན་པ་སངས། །རི་བོ་ཏ་ལར་ཉི་ཤར་འདྲ། །ཞེས་སོ། །གསུམ་པ་ནི་དེ་ལྟར་གཞི་གདོད་མའི་ངང་ལས་རང་གདངས་ཕྱིར་ཤར་བའི་ཚེ། རང་བཞིན་འོད་ལྔའི་ཡུལ་ལ། ཐུགས་རྗེ་རིག་པའི་ཆས་ཡུལ་དེ་ཁ་དོག་གིས་མཚན་མར་གཟུང་སྟེ། །དཔྱོད་བྱེད་འཛིན་པ་འཕྲོ་མཐུད་པ་ལས། ངོ་བོས་གཏི་མུག་གི་ཆ་རང་ངོ་མ་ཤེས་པས། རང་
བཞིན་འོད་དུ་སྣང་བ་ལ་ཐུགས་རྗེས་སེམས་སུ་འཁྲུལ་པས། ལུས་དང་ཕྱི་རོལ་གྱི་ཡུལ་དེ་རྡོོས་བཅས་དང་རྟོག་ཚོགས་ཀྱི་ཕུང་པོ་འགྲུབ་སྟེ་ཀློང་གསལ་ལས། ཡེ་ཤེས་ཉིད་ལས་མ་རིག་འཁྲུལ། །ཡེ་ཤེས་ཁ་དོག་འབྱུང་བ་ལྔ། །འབྲལ་བ་མེད་དེ་མ་རིག་འཁྲུལ། །ཅེས་སོ། །དེའང་འཁོར་འདས་གཉིས་རྒྱུ་ཡེ་ཤེས་སུ་གཅིག་པ་ལས། རྐྱེན་རིག་མ་རིག་གིས་ཐ་དད་དུ་སྣང་བ་ནི་ལག་པའི་མདུན་རྒྱབ་ཙམ་མོ། །ཤེལ་གཅིག་ཉིད་དཀར་ནག་གི་ཡུལ་གཉིས་ཀྱིས་སོ་སོར་སྣང་བ་བཞིན་ནོ། །དེའང་ཀློང་གསལ་ལས། ཡེ་ཤེས་མ་རིག་ཡུལ་ལ་གཟུང་། །དེར་འཛིན་རླུང་སེམས་འདུས་པ་ལས། །འབྱུང་བ་བཞི་ཡི་སྦུབས་སུ་ཚུད། །དེར་ཚུད་འབྱུང་བའི་སྐྱེ་འཇིག་ལས། །ཉོན་མོངས་ཕུང་པོ་ལྔ་ལྔ་གྲུབ། །ལྔ་འདུས་མཚན་མ་སྦྱོར་བ་ལས། །ཉོན་མོངས་ལྔ་དང་ཡིད་དྲུག་དང་། །ཡེ་ཤེས་ལྔ་ཡི་བདག་ཉིད་དོ། །ཞེས་པས། འོད་ལྔ་ཡུལ་དུ་བཟུང་བས། འགྲོ་དྲུག་སོ་སོའི་ལུས་ཡུལ་དང་བཅས་པ་ལས། གཟུགས་མེད་ཡིད་ཀྱི་ལུས། མིང་བཞིའི་ཕུང་པོ་ལ་བརྟེན་པ་དང་། གཟུགས་ཁམས་འོད་ཀྱི་ལུས་ཁ་དོག་ལྔ་ལྡན་ལ་བརྟེན་པ་དང་། འདོད་ཁམས་ཤ་ཁྲག་གི་ལུས་རྡོས་བཅས་ཕུང་པོ་ལ་བརྟེན་པའོ། ཁྱད་པར་དུ་འདོད་པ་ཕ་མའི་ཐིག་ལེ་དཀར་དམར་ལས། ཞག་བདུན་ཚན་བདུན་དུ་མེར་མེར་པོ་དང་། ནུར་ནུར་པོ་དང་། ལྟར་ལྟར་པོ་དང་། འཁྲང་འགྱུར་དང་། ཁྱབ་འཇུག་ཉའི་རྣམ་པ་ལྟ་བུ་དང་། རུས་སྦལ་གྱི་རྣམ་པ་ལྟ་བུ་ནས། རིམ་གྱིས་ལུས་གྲུབ་སྟེ། ཟླ་བ་བཅུ་ན་སྐྱེས་ཏེ། དར་ལ་བབས་པ་དང་། ན་བ་དང་། རྒས་པ་དང་། འཆི་བའི་སྡུག་བསྔལ་ལ་སོགས་པས་འགྲོ་བ་སོ་སོར་འཁོར་རོ། །བཞི་པ་ནི་དེ་ལྟར་འཁྲུལ་དུས་ནའང་སངས་རྒྱས་ཀྱི་སྙིང་པོ། སྐུ་དང་ཡེ་ཤེས་ལྔ་ལྡན་དུ་གནས་ཏེ། ཀློང་གསལ་ལས། ཐོག་མ་མཐའ་མ་བར་གསུམ་དུ། །སྐུ་གསུམ་དབྱེ་བ་མེད་པ་རུ། །སེམས་ཅན་ཀུན་གྱི་རྒྱུད་ལ་གནས། །ཞེས་པ་དང་། ཐོག་མའི་རིག་རྩལ་ཡེ་ཤེས་ལྔ། །མ་རིག་འཁྲུལ་པས་འབྱུང་བར་གྲུབ། །དེས་ན་ལུས་
ནི་སངས་རྒྱས་དངོས། །ཡེ་ཤེས་ཆེན་པོའི་འབྱུང་གནས་ཉིད། ལུས་ཅན་ཀུན་ལ་བཟང་ངན་མེད། །བདེ་གཤེགས་ངོ་བོ་འགྲོ་ཀུན་ལ། །ཏིལ་ལ་མར་ཁུས་ཁྱབ་བཞིན་གནས། །མ་རིག་གྲོལ་ཚེ་འབྱུང་བའི་ལུས། །ལྷག་མེད་ཡེ་ཤེས་ངང་དུ་བཟློག །སེམས་ཅན་རང་རྒྱུད་རྟོག་ཚོགས་ནི། །བཞི་བཅུ་ཞེ་གཉིས་སངས་རྒྱས་ཏེ། །ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ། །དུག་ལྔ་སེར་སྣ་ཐུབ་པ་དྲུག །ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་ བརྒྱད། །སྒོ་བཞི་སྒོ་བ་ཡབ་ཡུམ་བཞི། །གཡས་གཡོན་ཉི་མ་ཟླ་བ་འོ། །ཞེས་པས། ཕུང་པོ་ལྔ་པོ་འདི་ཡབ་ལྔ། འབྱུང་བ་ལྔ་ནི་ཡུམ་ལྔ། རྣམ་ཤེས་ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་བརྒྱད། འབྱུང་བཞི་བསྐྱེད་པའི་སྒོ་བཞི་སྒོ་བ་ཡབ་ཡུམ་བཞི། དུག་ལྔ་སེར་སྣ་དང་དྲུག །ཐུབ་པ་དྲུག་གི་རང་བཞིན་དུ་གནས་སོ། །དེ་ཡང་ཙིཏྟ་རིན་པོ་ཆེའི་སྦུབས་སུ། སྙིང་ག་ཆོས་ཀྱི་འཁོར་ལོ་དང་། །སྤྱི་གཙུག་བདེ་ཆེན་འཁོར་ལོ་དང་། །མགྲིན་པ་ལོངས་སྤྱོད་འཁོར་ལོ་དང་། །ལྟེ་བ་སྤྲུལ་པའི་འཁོར་ལོ་དང་། །གསང་གནས་བདེ་སྐྱོང་འཁོར་ལོ་ལྔའི་དབུས་ན། རོ་མ་རྐྱང་མ་ཀུན་དྷར་མ་གསུམ་ཀ་བ་ལྟར་གནས་པའི་དབུ་མའི་དབུས་ན་འོད་རྩ་ཤེལ་སྦུག་ཅན། ཕྲ་བར་གནས་པའི་གཡས་གཡོན་རོ་རྐྱང་ལ་ཐིག་ལེ་དཀར་དམར། ཤེལ་སྦུག་ཅན་ནས་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་གནས་པར་བཞེད་དོ། །དེའང་ཤེལ་སྦུག་མའི་འགྲེང་བུ་གཉིས་ཆུའི་སྒྲོན་མར་ཟུག་ཅིང་། རྐྱང་མའི་སྣ་གཉིས་ཀྱང་དབང་པོའི་དངས་མ་ལ་ཟུག་གོ ། དེའང་ཐལ་འགྱུར་ལས། རོ་མ་རྐྱང་མ་ཀུན་དྷར་མ། །ཀ་ཏི་ཤེལ་གྱི་སྦུ་གུ་ཅན། །འཁོར་ལོ་ལྔ་ཡི་དབུས་དག་ནས། །དབང་པོའི་སྒོ་ལ་ཟུག་པར་གནས། །ཞེས་སོ། །འཁོར་ལོ་ལྔ་ནས་རྒྱུའི་ཐིག་ལེ་ཡི་གེའི་ཚུལ་དུ་གནས་པ་ལ། འོད་གསལ་གྱི་ཐིག་ལེ་བརྟན་པ་ནི་སྣུམ་དང་སྡོང་བུ་ལ་མར་མེ་འབར་བ་བཞིན་ནོ། །རྩ་དེ་དག་ཀྱང་གྲངས་ཅན་སྟོང་ཕྲག་བདུན་ཅུ་རྩ་གཉིས། །གྲངས་མེད་བ་སྤུའི་གྲངས་དང་མཉམ་པ། གཙོ་བོ་གསུམ་མམ་བཞི་ནི་སྙིང་པོའི་ཚུལ་དུ་གནས་སོ། །དེ་དག་ནས་རླུང་ཡང་གྲངས་ཅན་ཉི་ཁྲི་
ཆིག་སྟོང་དྲུག་བརྒྱ་རྒྱུ་སྟེ་དེ་ཉིད་ལས། རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག ། དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་བ་ཆེན་པོའི་རླུང་དུ་འདོད། །ཅེས་སོ། གཙོ་བོ་གྱེན་རྒྱུ་ཐུར་སེལ། མཉམ་གནས་གསུམ་སྟེ། དེ་ཉིད་ལས། གྱེན་དུ་རྒྱུ་དང་ཐུར་དུ་སེལ། །མཉམ་གནས་དང་ནི་གསུམ་དུ་འདོད། །ཅེས་སོ། དེ་དག་ཀྱང་ཕོ་མོ་མ་ནིང་གི་རླུང་གསུམ་དུ་གནས་སོ། ཁྱད་པར་དུ་འོད་གསལ་གྱི་གནས་བཞི་སྟེ། ཀློང་གསལ་ལས། སྙིང་དང་རྩ་དང་དུང་ཁང་དང་། མིག་དང་བཞི་བཞིའི་གཞལ་ཡས་ན། །ཡེ་ཤེས་ཆེན་པོ་དེ་ན་གནས། །ཞེས་པ་དང་། ནོར་བུ་ཕྲ་བཀོད་ལས། རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་། །འགྱུ་བྱེད་རྩ་ཡི་གཞལ་ཡས་དང་། །དུང་ཁང་བྷནྡྷའི་གཞལ་ཡས་དང་། །ལྟ་བྱེད་མིག་གི་གཞལ་ཡས་སོ། །གཞལ་ཡས་ཆེན་པོ་དེ་བཞི་ན། །གསང་སྔགས་ཀུན་གྱི་གསང་ཆེན་གནས། །ཞེས་སོ། །དེའང་སྙིང་ག་ན་ཞི་བའི་སྐུ་འོད་ཟེར་གྱི་ཕུང་པོར་གསལ་བའི་རང་གདངས་ལས། དུང་ཁང་ན་ཁྲོ་བོ་དང་། རྩ་རྣམས་ན་སྒྲོན་མར་སྣང་བས། མིག་ལ་གསལ་བ་སྟེ། དེའང་ཕྲ་བཀོད་ལས། ཨེ་མ་རིག་པའི་གནས་ལུགས་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །ཡབ་དང་ཡུམ་གྱི་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་དང་རིག་པར་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །དེ་ནི་ཞི་བའི་བཞུགས་ཚུལ་ལོ། །རང་རང་མགོ་ལ་ཁྲོ་བོར་གནས། །ཡབ་དང་ཡུམ་དུ་མངོན་པར་སྣང་། ཁྲོ་དང་ཁྲོ་མོའི་ཚུལ་འཆར་ཞིང་། །ཡེ་ཤེས་ལྔ་ལྔ་དག་དང་ལྡན། །སྐུ་ཡི་ཡེ་ཤེས་རེ་རེ་ལ། །དབུ་ཡི་ཡེ་ཤེས་ལྔ་ལྔ་འོ། །ཞེས་སོ། །དེའང་ཕྱི་ལྟར་ན་ཁྲོ་བོའི་སྐུ། །ནང་ལྟར་ན་མཁའ་འགྲོ་ལྔ། གསང་བ་ལྟར་ན་ཡི་གེ་ལྔ། ཡང་གསང་ལྟར་ན་ཐིག་ལེ་གཅིག་སྟེ་ཀློང་གསལ་ལས། ལུས་ལ་གནས་པའི་རིག་པ་ཡང་། །ཕྱི་ལྟར་ཞི་ཁྲོའི་རང་བཞིན་ལ། །ནང་ལྟར་ཌཱ་ཀི་ཡབ་ཡུམ་དང་། །
གསང་བ་ཡི་གེ་ལྔ་ཡིན་ཏེ། །ཡང་གསང་ཐིག་ལེ་གཅིག་ཏུ་གནས། །ཞེས་སོ། །ལྔ་པ་ལ་ལམ་གང་ནས་རྒྱུ་བ་དང་། སྒོ་གང་ནས་འཆར་བ་གཉིས་ལས། དང་པོ་ནི་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་ཁྲག་དང་ཆུ་སེར་མེད་པ་ན་ཡར། གོང་གི་རིག་པའི་རང་གདངས་འོད་དང་ཐིག་ལེ་རྒྱ་སྐར་གྱི་ཉི་ཞུར་ལྟར་གནས་ཏེ། ཀློང་གསལ་ལས། རིག་པ་ལྔ་ཡི་རང་མདངས་ནི། །རྩ་ཡི་ནང་ན་ཐིག་ལེ་དང་། །འོད་ཟེར་ལྟ་བུར་གནས་པའོ། །ཞེས་སོ། །གཉིས་པ་རྩའི་སྒོ་མིག་གཉིས་སུ་ཟུག་པ་ནས་སྣང་སྟེ། སེངྒེ་རྩལ་རྫོགས་ལས། འགག་མེད་གསལ་བའི་སྒོ་གཉིས་མཛོད། །དབྱིངས་དང་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང་། སྔ་མ་ལས། རིག་པ་སྐུ་ཡི་རང་གདངས་འོད། །རྩ་ཡི་ནང་ནས་ཉི་ཟེར་བཞིན། །དབང་པོའི་སྒོ་ནས་ངེས་ཐོན་ཏེ། །སྒྲོན་མ་ནམ་མཁའི་མཐོངས་སུ་གསལ། །ཞེས་པ་དང་། ཡེ་ཤེས་སྙིང་གི་དཀྱིལ་ན་གནས། །དར་དཀར་སྐུད་པ་ལྟ་བུ་ཡིས། །རྩ་ཡི་ལམ་ནས་སྣང་བར་བྱེད། །ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དངས་མ་ཀུན་འདུས་པའི། །ཙཀྵུ་ཞེས་པའི་སྒོ་ནས་དོན། །གཉིས་ཀྱི་ཆ་འཛིན་སྣང་བ་སྟོན། ཁྱད་པར་སྐྱོན་ཡོན་དངས་འབྱེད་པའི། །བ་མེན་རྭ་འདྲ་འཁྱིལ་བ་ལས། །ཨ་འབྲས་ཞེས་པ་དཀར་ནག་འབྱེད། །རིག་ཅིང་གཟུགས་རྣམས་འཛིན་པ་དང་། །ཤེས་པའི་རང་རྩལ་རྫོགས་པར་སྟོན། །འདི་ལས་དངོས་སུ་འབྱུང་བ་སྟེ། །ཞེས་སོ། །དེ་ལྟར་གནས་པའི་དཔེ་ནི། ཀློང་གསལ་ལས། རིག་པའི་སྐུ་ནི་བུམ་སྐུ་འདྲ། །ཡེ་ཤེས་བུམ་པའི་མར་མེ་འདྲ། །ཐུག་རྗེ་མེ་ལོང་ངོས་ལྟར་གསལ། །ལོངས་སྤྱོད་སྐུ་ལ་སྐུ་གསུང་ཐུགས། །ཡོན་ཏན་དང་ནི་ཕྲིན་ལས་སོ། །སྐུ་ནི་སྣང་ལ་རང་བཞིན་མེད། །གསུང་ནི་འགག་མེད་རིག་པའི་གསུང་། །ཐུགས་ནི་མི་རྟོག་ཆོས་ཀྱི་ སྐུ། །ཞེས་སོ། །དེའང་རྩ་ནས་མིག་ཏུ་སྣང་བའི་སྒྲོན་མ་ནི། །ཐུགས་རྗེའི་ཟེར་གདངས་དེ་ཉིད་ལས། །ཐུགས་རྗེ་ལས་བྱུང་སྒྲོན་མ་ཉི་ཟེར་བཞིན། །སྒྲོན་མའི་འོད་ཟེར་སྟོང་ལ་ཐུག་པ་མེད། །གནས་པའི་
འོད་ནི་ཙིཏྟའི་ནང་ན་གསལ། །རང་བཞིན་འོད་མིན་ནམ་མཁའི་མཐོང་ན་གས ལ། །ཞེས་སོ། །སྒྲོན་མ་དུ་ཞེ་ན་རང་ཤར་ལས། །སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་འོ། །སེམས་ཅན་ཀུན་ལ་གནས་པ་འོ། །ཞེས་སོ། །དྲུག་པ་ནི་རྐྱེན་བྲལ་གསུམ་ལ་སྣང་བ་སྟེ། །ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་འཆར་བར་འགྱུར་ཞེས་པས། དབང་པོ་རྐྱེན་དང་བྲལ་བ་ཆུའི་སྒྲོན་མ། གནས་རྐྱེན་དང་བྲལ་བ་དངས་ཤིང་མཐོ་བ། ཡུལ་རྐྱེན་དང་བྲལ་བ་ནམ་མཁའ་སྤྲིན་མེད་པའོ། །དེའང་ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་མཐོངས་སུ་བལྟ། །འོད་ནི་ཕྲ་ལ་འདྲིལ་བ་འབྱུང་། །ཞེས་པ་དང་། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། ཕྱི་ནི་སྤྲིན་བྲལ་ནམ་མཁའ་འཛིན། །ནང་གི་སྒྲོན་མ་ལམ་དུ་ུའོ། །ཞེས་སོ། །བདུན་པ་ལ་དང་པོ་ངོ་སྤྲད་པ་དང་། སྣང་བ་བཞིའི་འཆར་ཚུལ་ངོས་བཟུང་བ། མཐའ་བརྟེན་གྱི་མན་ངག་གསུམ་ལས། དང་པོ་ནི་ལུས་འདུག་སྟངས་གསུམ་དང་། གཟིགས་སྟངས་གསུམ་གཅུན་ ལ། རླུང་རབ་ཏུ་དལ་བས་དབྱིངས་ལ་ལྟ་བས་ཏེ། དེ་ཉིད་ལས། ལུས་ནི་སེང་གེ་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །མིག་ནི་ལྡོག་པ་ཟུར་གྱིས་བལྟ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །དེ་ནས་ཡུལ་ལ་ཤར་བའི་རིག་པ་འདི་ལྟར་ངོ་སྤྲད་དེ། ཕྱིར་དབྱིངས་ནམ་མཁའི་སྟོང་པ་ལ། ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ཁྱིམ་གྱི་ནང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་སམ་མཚོར་རྡོ་བོར་བ་ལྟ་བུའི་ནང་དུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་མ་འགུལ་བར་ལྟོས་ཤིག །དེའི་ཚེ་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཤར་བ་དེ་ཉིད་ཤེས་རབ་རང་བྱུང་གི་སྒྲོན་མ་ཡིན་པས་ངོས་ཟུང་ལ་སྒོམས་ཤིག །ཅེས་སོ། །འདིའི་དགོས་པ་ནི་ཀློང་གསལ་ལས། །རྒྱང་ཞག་ལས་ནི་གཟུགས་
བསྡུས་ཏེ། །རླུང་གིས་བསྐྱེད་ཅིང་འཕེལ་བར་བྱེད། །འོང་དང་འགྲོ་བའི་འཕེལ་འགྲིབ་ཀྱིས། །ཡེ་ཤེས་དག་ནི་སྡུད་པར་བྱེད། །ཐིག་ལེ་སྟོང་པས་ལས་ཀུན་བྱེད། །འདས་པ་ལས་ཀྱི་རླུང་བཟུང་ནས། །རླུང་གིས་བཀྲག་དང་གཟི་མདངས་བསྐྱེད། །བསྒྱུར་ཞིང་ཡེ་ཤེས་སྣང་བ་སྟོན། །ཤེས་རབ་རང་བྱུང་སྒྲོོན་མ་ཡིས། །ཆོས་ཀུན་མཉམ་པར་རོ་གཅིག་ཏུ། །བསྡུས་ཏེ་རང་སྣང་འཛིན་པར་བྱེད། །འདིས་ནི་བག་ཆགས་འབྲལ་རྒྱུན་གཅོད། །དབྱིངས་ཀྱི་དངས་མ་སྐུད་པ་དང་། །རིག་པའི་སྐུ་རྣམས་འཛིན་པ་དང་། །གནད་གསུམ་བཅུད་དུ་སྨིན་པས་ཏེ། །འཁོར་བ་ཉིད་ནི་སྤོང་བར་བྱེད། །དེ་ལྟར་མིག་ལ་སྒྲོན་ཤར་བས། །སངས་རྒྱས་དགོངས་པའི་གནད་བསྡུས་པར། །རང་སྣང་ཡུལ་རྣམས་འཛིན་པ་འོ། །ཞེས་སོ། །དེའང་ཁྲེགས་ཆོད་ཀྱིས་གང་ཤར་གྱི་རྟོག་པ་རང་གྲོལ་དུ་ཉམས་སུ་ལེན་ཞིང་། ཐོད་རྒལ་གྱི་ཉིན་མཚན་འོད་གསལ་ལ་གནས་པས། ཚོགས་གཉིས་རྫོགས། སྒྲིབ་པ་གཉིས་སྦྱངས། སྐུ་གཉིས་འགྲུབ་སྟེ། ཁྲེགས་ཆོད་ཀྱིས་སེམས་ལ་སྒྲིབ་པར་ཤེས་བྱའི་བུད་ཤིང་བསྲེག་ཅིང་། ཐོད་རྒལ་གྱིས་གཟུང་ཡུལ་རྡོས་ཡུལ་ལ་སྒྲིབ་པ་ཉོན་མོངས་པའི་བག་ཆགས་སྟོང་ནས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འོད་གསལ་གདོད་མའི་ངང་དུ་ཕྱིན་པར་བྱེད་དོ། དེའང་མུ་ཏིག་ཕྲེང་བ་ལས། ཉམས་བླངས་ཁྲེགས་ཆོད་ཐོད་རྒལ་ལོ། །ཞེས་སོ། །གཉིས་པ་ལ་བཞི་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ནས་ངེས་ཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཞེས་པ་དང་། ཀློང་གསལ་ལས། རྐྱེན་བྲལ་མཁའ་ལ་བླ་མ་ཡིས། །གཟིགས་སྟངས་གཅུན་ཅིང་ངོ་སྤྲད་པས། །དབང་པོའི་སྒོ་ལས་སྒྲོན་མ་ནི། །འཇའ་འམ་རྨ་བྱའི་མདོངས་ལྟ་བུ། །ཐིག་ལེ་ལུག་རྒྱུད་འབྲེལ་བ་ལས། །འགུལ་འཕྲིག་རྒྱུ་བའི་རྣམ་པར་རྒྱུ། །དེ་ལྟར་གསལ་བའི་དབྱིངས་རིག་ནི། །ཉི་མ་འོད་ཀྱི་ཚུལ་དུ་གནས། །ཞེས་
སོ། །དེ་ཉིད་མཐོང་བས་ཁམས་གསུམ་དུ་མི་ལྡོག་སྟེ། འདས་རྗེས་ལས། མངོན་སུམ་གནད་འདི་སུ་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། སྔ་མ་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་ཕྱུང་ནས། །གྱེན་འགྲེང་དང་ནི་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དང་། །རགས་པར་སྣང་བའི་ཡུལ་ལས་གསལ། །ཞེས་པས། དེའང་སྔ་མ་བཞིན་ཉམས་སུ་བླངས་པས། འོད་ལྔའི་སྣང་བ་རེ་ལྡེ་ཙམ་དང་། ཐིག་ལེ་སྲན་མ་ཙམ་དང་། རིག་པ་འདབ་ཆགས་འཕུར་བ་ཙམ་དུ་སྣང་ཞིང་། ཡང་ཉམས་སུ་བླངས་པས་འོད་ཁ་དོག་ལྔ་ལྡན་དང་གྱེན་འགྲིང་དང་། རྩིབས་ཤར་དང་། མདུང་རྩེ་ལྟ་བུ་དང་། མདའ་ལྟ་བུ་དང་། པདྨ་ལྟ་བུ་དང་། མཆོད་རྟེན་འདྲ་བ་དང་། རྡོ་རྗེ་དང་། འཁོར་ལོ་དང་། རལ་གྲི་དང་། གྲི་གུག་དང་། མུ་ཏིག་གི་དྲ་བ་དྲ་ཕྱེད་ལྟ་བུ་དང་། མིག་ཚགས་དང་། མིག་མང་རིས་དང་། ཉ་མིག་དང་། ཟ་འོག་གུར་ཁྱིམ་དང་། ཡེ་ཤེས་མཁར་ཐབས་དང་། ཉི་ཟླ་གཟའ་བྲལ་དང་། པདྨ་སྟོང་ལྡན་འདྲ་བ་ལ་སོགས་པ་སྣང་བ་མི་འདྲ་བ་གྲངས་མེད་པ་འཆར་རོ། །ཐིག་ལེ་མེ་ལོང་ཙམ་སྣང་ཞིང་། རིག་པའང་རི་དྭགས་སྤང་ལ་འགྲོ་བ་ཙམ་དང་། བུང་བ་འཁོར་བ་ཙམ་མོ། །ཡང་ཉམས་སུ་བླངས་པས་འོད་ཡུལ་གྲུ་ཙམ་དང་། ཐིག་ལེ་ཁམ་ཕོར་ཙམ་དང་། རིགས་པ་རི་དྭགས་དལ་བུས་འགྲོ་བ་ཙམ་མོ། །ཡང་འོད་ཡུལ་ཁམས་ཙམ་དང་། སྟོང་གསུམ་ཙམ་སྣང་ཞིང་། ཐིག་ལེ་འཁར་གཞོང་ཙམ་དང་། བསེ་ཕུར་ཙམ་སྣང་བ་དང་། རིག་པའི་བར་དུ་སྐུ་རེ་རེའང་འཆར་རོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུ་མཚན་དཔེར་གསལ་བ་སྟེ། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ནས་ལྔ་ལྔ་ཟུང་དང་བཅས། །རབ་ཏུ་གསལ་
བའི་ཐིག་ལེར་འབྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་པས། དང་པོ་ཐིག་ལེ་དང་རིག་པ་ནང་དུ་སྐུ་ཡབ་ཡུམ་ཟུང་སྦྲེལ་རེ་དབུས་ན་གསལ་བ་ལས། དེ་ནས་ཕྱོགས་བཞིར་ཡབ་ཡུམ་བཞི་བཞི་སྣང་བའོ། །འདིའི་ཚེ་ཕྱི་ཡུལ་གྱི་འཁྲུལ་སྣང་ཞིང་ཁམས་སུ་གྲོལ་བས། འོག་མིན་ལོངས་སྐུའི་ཕོ་བྲང་དུ་ལྷུན་གྱིས་གྲུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས། ཤ་ཁྲག་རྡོས་བཅས་ཀྱི་འབྱུང་བཞི་ནུབ་པས། སྐྱེ་རྒས་ན་འཆིའི་འཁོར་བའི་སྡུག་བསྔལ་ལས་རང་གྲོལ། གསང་བ་རླུང་སེམས་སྟོང་པས་ཉོན་མོངས་རྟོག་ཚོགས་ཀྱི་བག་ཆགས་དབྱིངས་སུ་ཐིམ་པའོ། །དེའང་རྡོས་བཅས་ཤ་ཁྲག་གི་ཕུང་པོ་དག་པས། སྙིང་ཁའི་ཞི་བའི་ཚོམ་བུ་ནམ་མཁའ་ལ་རང་གསལ་བའོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། །སྔ་མ་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་མེད། །རྟོག་ཚོགས་འཁྲུལ་པ་ལས་བྲལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་པས། ཕྱི་ནང་གི་ཉམས་སྣང་དུ་འཛིན་པ་དང་། རྟོག་ཚོགས་དང་བཅས་པ་ཟད་ནས་འོད་ཀྱི་ནང་ན་ལག་སོར་བཀྲམ་པ་ཙམ་ལས་མི་མངོན་ཏེ། འཁོར་འདས་ཀྱི་འདུ་ཤེས་ནུབ་ནས། སྣང་བ་ཅིའི་ངོ་བོར་ཡང་གྲུབ་པ་མེད་དོ། །དེའི་ཚེ་འགྲོ་དྲུག་དང་ཉི་ཟླའི་སྣང་བ་མེད་དོ། །གཟུང་འཛིན་གྱི་འཁྲུལ་པ་མེད་པས། ཆོས་སྐུ་རང་དག་གི་དགོངས་པ་ཆོས་ཉིད་ཟད་སར་ཐུག་པ་ཞེས་བྱའོ། །དེ་ནས་ན་བུན་ནམ་སྤྲིན་ཡལ་བ་ལྟར་ཕུང་པོ་མི་སྣང་བར་གདོད་མའི་ཀ་དག་ནམ་མཁའ་ལྟ་བུའི་རང་དུ་རང་གྲོལ་ལོ། །གསུམ་པ་མཐའ་རྟེན་གྱི་མན་ངག་ནི། ཀློང་གསལ་ལས། དེ་ལ་མཐའ་རྟེན་མན་ངག་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་པ་དང་། ཐལ་འགྱུར་ལས། དེ་ལ་མཐའ་བརྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པ་འོ། །སྡོད་པ་གསུམ་གྱིས་ཚད་གཟུང་བས། །རྨི་ལམ་ལོག་དང་ལུས་ངག་ཡིད། །རྟགས་དང་ཚད་
ནི་ངེས་གཟུང་བ་འོ། །ཐོབ་པ་གསུམ་གྱིས་གཟེར་གཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བ་འོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཚད་ནི་གདིང་བཞིའི་རྣལ་འབྱོར་ཉིད། །ཅེས་པས། དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་མི་འགུལ་བ་བཞུགས་སྟངས་གསུམ་ལ་སློབ་བོ། །མིག་མི་འགུལ་བ་གཟིགས་སྟངས་གསུམ་ལ་སློབ་བོ། །རླུང་རིག་མི་འགུལ་བས་ཅི་ནས་ཀྱང་དལ་བ་ལ་སློབ་བོ། །གཉིས་པ་སྡོད་པ་གསུམ་གྱི་ཚད་བཟུང་བ་ནི། དབྱིངས་རིག་ལ་གོམས་པས། ཕྱི་སྣང་བ་བསྐྱོད་པའི་རླུང་ཟད་པས། དབྱིངས་རིག་ལ་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས། ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་འགྱུར་བྱེད་ཀྱི་རླུང་ཟད་པས། རྣམ་རྟོག་འགྱུར་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱི་གཟུང་བ་དང་། རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་འབྱུང་ངོ་། །དེའང་བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ། འབྲིང་ལ་འོད་གསལ་དུ་འཆར། ཐ་མས་རྨི་ལམ་ཟིན་པའོ། །རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་ལ་བཅུ་གཉིས་ལས། དང་པོ་ནི་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་ནི། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་གཡོ་འགུལ་མེད་པར་སྡོད། ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟར། རྣམ་རྟོག་གར་གཏད་དུ་སྡོད་པའོ། །ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར། རྒྱན་དང་བྱི་དོར་མེད་པས་ངོ་ཚའི་རྣམ་རྟོག་དང་བྲལ། ངག་སྨྱོན་པའི་རང་ཚིག་ལྟར་དོན་མེད་སྨྲ། སེམས་རྩི་དུག་གིས་ཟིན་པ་ལྟར། ཁམས་གསུམ་དུ་མི་ལྡོག་པའོ། །རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་ལྟར་འབྱུང་བ་ཟང་ཐལ། ངག་གྲུལ་བུམ་གྱི་ཕྲུག་གུ་ལྟར་གཞན་གྱི་ཡིད་དུ་འོང་ཞིང་ཕན་ཐོགས་པའོ། །སེམས་འབྲུམ་ནད་བྱང་པ་ལྟར་བསྐྱར་ནས་ཁམས་གསུམ་དུ་
མི་ལྡོག་པར་ངེས་པའོ། །ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་ལྔ་བརྒྱས་བསྐོར་ཡང་ཉམ་མི་ང་བ་དང་། འཇིགས་སྐྲག་མེད། ངག་བྲག་ཆ་ལྟར་གཞན་གྱི་ལད་མོ་ཟློས། སེམས་བར་སྣང་གི་ན་བུན་ལྟར་སྐད་གཅིག་ལ་མི་སྣང་བར་སངས་རྒྱའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། འདིའི་དུས་སུ་སྐྱེ་བ་ལ་རང་དབང་ཐོབ་པས། སེམས་ཅན་གྱི་དོན་བྱ་བར་འདོད་ན། རང་གི་ལག་སོར་ལ་གཏད་ཅིང་བལྟས་པས། སྣང་བ་དེ་ཀུན་རང་ལོག་སྟེ། སྐབས་སུ་བེམས་པོ་འགུལ་ཞིང་སྒྲ་ཐོས་པས། སྣང་བྱེད་ཆུའི་ཟླ་བ་ལྟ་བུའི་ལུས་ཀྱིས་སེམས་ཅན་གྱི་དོན་བྱེད་དོ། །དེའང་སེམས་ཅན་ལ་རིག་པ་བཅུག་པས་འཚང་རྒྱ་བ་དང་། བེམས་པོ་ལ་རིག་པ་བཅུག་པས་འགུལ་ཞིང་སྒྲ་འབྱིན་པ་དང་། ཚེ་འཕོ་བའི་སེམས་ཅན་ལ་རིག་པ་བཅུག་པས་བར་དོར་གྲོལ་ལོ། །འཇུག་པ་ལ་རང་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ནས་རང་ལུགས་སུ་བཞག་པས། དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ། །རླུང་སེམས་ལ་རང་དབང་ཐོབ་པ་ནི། མངོན་པར་ཤེས་པ་ཐོགས་པ་མེད་པ་དང་། རྫུ་འཕྲུལ་དུ་མ་སྟོན་ནུས་པའོ། །བཞི་པ་གདིང་བཞི་ནི། ཡར་དཀོན་མཆོག་གི་ཡོན་ཏན་ཐོས་ཀྱང་རེ་བ་དང་དོགས་པ་མེད། མར་རིགས་དྲུག་གི་སྡུག་བསྔལ་དང་ཚེ་ཚད་ཐོས་ཀྱང་རེ་བ་དང་དོགས་པ་མེད་པའོ། །བརྒྱད་པ་བར་དོར་ཇི་ལྟར་འཆར་ཚུལ་ལ་བཞི་ལས། དང་པོ་སྐྱེ་གནས་ཀྱི་བར་དོ་ལ་དེད་དཔོན་གསེར་གླིང་དུ་ཕྱིིན་པ་ལྟ་བུའི་གདམས་ངག་ནི། བླ་མའི་དྲུང་དུ་ཐོས་བསམ་གྱི་སྒྲོ་འདོགས་བཅད་ནས། འོད་གསལ་གྱི་སྣང་བ་ལ་ཡིད་ཆེས་པར་བྱེད་དོ། །གཉིས་པ་འཆི་ཁའི་བར་དོ་ལ་གསལ་གདབ་པ་སྒེག་མོ་མེ་ལོང་ལྟ་བ་ལྟ་བུའི་གདམས་ངག་ནི། ཆོས་ཉིད་བར་དོར་འཆར་བའི་རང་སྣང་རྣམས་ཡིད་ལ་གསལ་བར་གསལ་འདེབས་པའོ། །དེའང་འདིའི་སྐབས་སུ་ས་ས་ལ་ཐིམ་པས་ལུས་ལྗི། །ཆུ་ཆུ་ལ་ཐིམ་པས་ཁ་སྣའི་ཆུ་ཕྱིར་འཛག །མེ་མེ་ལ་
ཐིམ་པས་ལུས་ཀྱི་དྲོད་སྡུད། །རླུང་ལ་རླུང་ལ་ཐིམ་པས་ཡན་ལག་གཡབ་ཅིང་མིག་གྱེན་ལ་ལྡོག །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དར་ཅིག་བརྒྱལ། ཁྲག་ཐིག་གསུམ་སྙིང་ནང་དུ་འདུའོ། །རྣམ་ཤེས་ནམ་མཁའ་ལ་ཐིམ་པས་ཤེས་པ་སྟོང་གསལ་དབྱེར་མེད་སྟོན་གྱི་ནམ་མཁའ་འདྲ་བར་འཆར་རོ། །གསུམ་པ་ཆོས་ཉིད་ཀྱི་བར་དོ་ལ། །རང་སྣང་ལ་ཡིད་ཆེས་པས་མེ་ལོང་དུ་བྱད་གསལ་བའམ། །མ་པང་དུ་བུ་འཇུག་པའི་མན་ངག་ནི། །དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ། །མིག་ནས་ཐུགས་རྗེ་རྒྱུན་གྱི་ཟེར་ཐག་ལས། འོད་གསལ་གྱི་སྣང་བས་འཇིག་རྟེན་ཐམས་ཅད་ཁྱབ་པར་འཆར་ཏེ། ཐལ་འགྱུར་ལས། འདིར་ནི་ཆོས་ཉིད་བར་དོ་བཤད། །འཆི་ཁ་ལས་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལུས་དང་གྲིབ་མ་བཞིན་དུ་འགྱུར། །དེ་ཚེ་འོད་སྣང་དུ་མ་བུའི་ཚེ། །མཁས་པ་སྣང་བ་མཆེད་པ་བཟུང་། །ཞེས་པས། འོད་སྣང་མཆེད་པས་རང་སྣང་དུ་ཤེས་པས་གྲོལ་ལོ། །དེ་ནས་འོད་གསལ་ཟུང་འཇུག་གི་སྐུ་ལ་ཐིམ་པ་ནི། སྐད་ཅིག་དང་པོའི་ཁྲོ་བོའི་སྣང་བས་སྒྲ་འོད་ཟེར་གསུམ་དུ་སྣང་སྟེ། ཀློང་གསལ་ལས། དེ་ཚེ་སྒྲ་འོད་ཟེར་དུ་འཁྲིགས། །སྐུ་ཡི་སྣང་བས་སྐྲག་པར་བྱེད། །ཅེས་པས། ཁྲོ་བོའི་གཟུགས་འཇིགས་སུ་རུང་བ་དང་། འོད་གསལ་གྱི་ཟེར་མཚོན་ཆའི་རྣམ་པ་འདྲ་བ་དང་། ཧཱུཾ་དང་ཕཊ་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བ་སེང་གེའི་གསོབ་མཐོང་བ་ལྟར་མཚང་ཕུག་ནས་རིག་སྟེ། རང་སྣང་དུ་ཤེས་པས་གྲོལ་ལོ། །དེ་ནས་ཞི་བའི་ཚོམ་བུའི་རིགས་ལྔའི་དཀྱིལ་འཁོར་ལྔ་ཚན་ལྔ་རིམ་གྱིས་ཕྱོགས་མཐར་ཁྱབ་པར་བརྒྱ་སྟོང་གྲངས་མེད་པ་འཆར་ཏེ། ཐལ་འགྱུར་ལས། འཇུག་ཅིང་སྨིན་པའི་རླུང་ལ་ཡང་། །ཕྱོགས་བཞི་མཚམས་དང་སྟེང་
འོག་གྲུབ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་མངོན་པར་སྣང་། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུམ་དང་བཅས་པར་སྣང་། །སོ་སོའི་ཚོམ་བུ་རྫོགས་པ་ལ། །ལྔ་ལྡན་བཅུ་ལྡན་བརྒྱ་ལྡན་དང་། །ཚོམ་བུ་སྟོང་དང་འབུམ་ཕྲག་ནི། །བསམ་ངོ་རང་བཞིན་དག་པ་ཡི། །བརྗོད་ཀྱིས་མི་ལང་གྲངས་མེད་འཆར། །ཞེས་པས། རིགས་ལྔའི་སྐུ་ཤར་བའི་ཐུགས་ཀ་ནས། རང་གི་སྙིང་གར་ཟེར་ཐག་ཤར་བའི་ཚེ། གནད་གསུམ་གྱི་གདམས་ངག་དྲན་པར་བྱའོ། །དེའང་དང་པོ་འཇུག་པ་ཤེས་པའི་གནད་ལ་གཉིས་ལས། རིག་པ་འོད་ལ་འཇུག་པ་ནི་ཟེར་ཐག་འབྲེལ་བའི་ཚེ། རང་བཞིན་གྱི་བསམ་གཏན་ལ་གནས་པས་ངོས་གཟུང་ངོ་། །འོད་རིག་པ་ལ་འཇུག་པ་ནི། སྣང་བ་དེ་ཀུན་རང་ལ་ཐིམ་པའི་ཚེ། མ་པང་བུ་འཇུག་གིི་གནད་དྲན་པས་གྲོལ་ལོ། །གཉིས་པ་གྲོལ་བ་ལུས་ཀྱི་གནད་ནི། རང་ལུས་འོད་གསལ་དུ་ཡོད་པ་ལ་དང་པོ་ཤེས་པས་གྲོལ་ལོ། །མཐར་ཕྱིན་པ་ངོ་ཤེས་པའི་གནད་ནི། བར་སྣང་དུ་ངོ་ཤེས་པས་སྐད་ཅིག་ལ་ནང་གསལ་དུ་གྲོལ་ལོ། །དེར་གདིང་མ་ཐོབ་ན། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་བ་ནི། ཉི་ཟླ་ཁ་སྦྱོར་ལས། རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་གཅིག་འཆར་རོ། །དེའང་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་ངོ་། །དེའི་དུས་སུ་རང་གིས་མ་ཡེངས་པར་བལྟས་པས། སྣང་བ་དེ་ཉིད་གཞན་དང་མ་འདྲེས་པར་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེའང་དང་པོ་མཐིང་ཁའི་སྣམ་བུའི་སྟེང་དུ། ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ་སྟེ། དཔེར་ན་མུ་མེན་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་ལ། ཡེ་ཤེས་ཀྱི་གཏིང་གདངས་དང་ལྡན་པ་ཤིན་ཏུ་གསལ་ལ་འཚེར་བ། དེ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །དེའི་མཐའ་དང་དབུས་མེད་པར་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པར་འཆར་རོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་
ཤིན་ཏུ་གསལ་ཞིང་དཀར་བའི་གདངས་ཆགས་པ། དཔེར་ན་ཤེལ་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་ཡེ་ཤེས་ཀྱི་གཏིང་གདངས་དང་བཅས་པ་འཆར་རོ། །ཡང་སེར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་གསེར་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་འཆར་རོ། །དེའི་སྟེང་དུ་དམར་པོའི་སྣམ་བུ་ལ་ཐིག་ལེ་པདྨ་རཱ་གའི་ཕོར་པ་སྦུབ་པ་ལྟ་བུ་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་རྨ་བྱའི་གདུགས་ལྟར་འཆར་རོ། །དེ་དག་ཀྱང་ཡེ་ཤེས་ལྔའི་སྣང་བ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ནི་རྩལ་མ་རྫོགས་པས་མི་སྣང་ངོ་། །དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་བ་སྟེ་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱའོ། །ཞེས་གསུངས་སོ། །དེའི་དུས་སུ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་ནི་སྣང་བ་དེ་ལ་མ་ཡེངས་པར་རང་ངོ་ཤེས་པས་བལྟའོ། །དེར་ནི་རང་གྲོལ་ལོ། །དེར་གདེང་མ་རྙེད་ན། ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པ་ཞེས་བྱ་བ་ནི་སྔ་མ་ལས། རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ་པའི་ཚེ། རང་གི་སྣང་བ་ཁ་དོག་མཐིང་ག་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ། ཐ་མ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ་ནི། དཔེར་ན་ཉི་མ་འཇས་འཁྱིལ་བ་ལྟ་བུ་དབང་པོའི་ཁྱབ་ཚད་དུ་སྣང་ངོ་། །དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་ཞིག་གདུགས་ལྟར་འཆར་རོ། །ཅེས་སོ། །འདིའི་དུས་སུ་འཆར་ལུགས་བརྒྱད་འབྱུང་སྟེ། དེའང་རིག་པ་འདི་ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་འོད་དུ་གསལ། སྐུ་ལྟར་ཤར་བས་ཤེས་པ་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་ཤེས་པ་མཐའ་གང་ལའང་མི་གནས། མ་དག་པ་སྲིད་པའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མི་འགག
དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུ་འབྲེལ་བ་སྟེ། རིན་ཆེན་སྤུངས་པ་ལས། ཐུགས་རྗེ་ལྟ་བུར་འཆར་ཚུལ་ལས། །སེམས་ཅན་ཀུན་གྱི་སྐྱབས་པའི་གནས། །སྣང་བ་རང་གསལ་འགགས་མེད་ལས། །འོད་ལྔའི་གསལ་བྱེད་ཚུལ་དུ་སྣང་། །མཁྱེན་པའི་སྣང་ཆ་མ་འགགས་པས། །ཡེ་ཤེས་དག་པའི་སྒོ་ཉིད་དུ། །སྣང་བ་འགགས་མེད་ལམ་ལྟར་ཤར། །རང་སྣང་ལུས་ཀུན་མཐའ་རྫོགས་ཕྱིར། །ཆོས་རྣམས་ཀུན་གྱི་སྐུ་ལྟར་སྣང་། །ཤེས་པའི་ངོ་བོ་གཅིག་ཡིན་པས། །གཉིས་སུ་མེད་པ་ལྟར་ཡང་ཤར། །དེ་ཉིད་རང་སར་གནས་མེད་པས། །མཐའ་གྲོལ་ཆེན་པོའི་སྣང་བ་ནི། །ངེས་མེད་ལྷུན་གྲུབ་གཞི་ལ་སྣང་། །རིག་པ་ཟང་ཐལ་ཚིག་རྫོགས་ཕྱིར། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་དང་འབྲེལ་བ་འོ། །བྱུང་ཚུལ་འགགས་པ་མེད་པའི་ཕྱིར། །སེམས་ཅན་རྣམས་ཀྱི་བྱུང་ཁུངས་སོ། །མ་དག་འཁོར་བའི་སྒོ་ལྟར་ཡང་། ཁྱབ་བྱེད་སྣང་བའི་ཆ་ལས་ཤར། །ཞེས་སོ། དེའི་ཚེ་ཕྱིར་མི་ལྡོག་པ་གྱད་ཀྱི་མདའ་ལྟ་བུའི་གདམས་ངག་ནི། རང་སྣང་རང་ངོ་ཤེས་པས་གྲོལ་བ་དེའི་ཚེ། མངོན་པར་ཤེས་པ་དྲུག་ཕྲག་དྲུག་འཆར་ཏེ། དབང་པོའི་མངོན་པར་ཤེས་པ་དྲུག །སེམས་ལས་སུ་རུང་བའི་མངོན་པར་ཤེས་པ་དྲུག ། ཤེས་རབ་ལ་དབང་ཐོབ་པའི་མངོན་པར་ཤེས་པ་དྲུག །ཡེ་ཤེས་མཐོང་བ་རྣམ་པར་ཤེས་པའི་མངོན་པར་ཤེས་པ་དྲུག །ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག །སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་འཆར་ཏེ། ཀློང་གསལ་ལས། དེ་ཚེ་རིགས་ཀྱི་བུ་དེ་ལ། མངོན་པར་ཤེས་པ་དྲུག་འཆར་ཏེ། ཞེས་སོ། དེ་ཚེ་ཡར་གཞིའི་སྣང་བ་ཀ་དག་ཆེན་པོ་གསལ། ཐད་ཀར་རིགས་ལྔ་གཙོ་འཁོར་གྱི་ཚོམ་བུ་གསལ། མར་འགྲོ་བ་རིགས་དྲུག་གི་སྐྱེ་གནས་དང་། ལས་དང་སྡུག་བསྔལ་དང་ཚེ་ཚད་ལ་
སོགས་པ་གསལ་ལོ། །དེ་ལྟར་མཐོང་བའི་གཞི་ལས་གྲོལ་བ་ནི། རྗེས་སུ་དྲན་པ་ལས་བྱུང་སྟེ། བླ་མ་དང་གདམས་པ་རྗེས་སུ་དྲན་པས་རང་སྣང་ལ་གཉིས་སུ་མེད་པར་སྤྱོད། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་ངོ་ཤེས་སོ། །སྒོམ་པ་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས། སྤྱོད་པ་རྗེས་སུ་དྲན་པས་རང་སྣང་དག་པའི་ཆོས་ཉིད་ལ་སྤྱོད། ལམ་རྗེས་སུ་དྲན་པས་བར་དོའི་ཆོས་ཉིད་ལ་དབང་བསྒྱུར། ལྷ་རྗེས་སུ་དྲན་པས་རང་སྣང་དཀྱིལ་འཁོར་དུ་གྲོལ། སྐྱེ་གནས་རྗེས་སུ་དྲན་པས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་འབྱིན། མི་བརྗེད་པའི་གཟུངས་དང་ཏིང་ངེ་འཛིན་ཐོབ་པས་སྔར་མ་ཐོབ་པའི་ཆོས་རྣམས་ཀྱང་འཆར་རོ། །དེ་ལྟར་ལྷུན་གྲུབ་རིན་པོ་ཆེར་གྲོལ་བའི་སྐད་ཅིག་གསུམ་པ་ལ། ཐིམ་ལུགས་བརྒྱད་དུས་གཅིག་ལ་འབྱུང་སྟེ། ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི། ཉི་མ་རྒས་པའི་ཟེར་འདུས་པ་ལྟར། རིགས་དྲུག་གི་སྣང་ཆ་རང་ལ་འདུས་པས་མ་དག་པ་འཁོར་བའི་མིང་མེད། འོད་འོད་ལ་ཐིམ་པས་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར། ཁ་དོག་མཚན་མའི་སྣང་བ་མེད་པས་སྟོང་པ་ངོས་བཟུང་དང་བྲལ་བའི་དབྱིངས་སུ་རོ་གཅིག །སྐུ་སྐུ་ལ་ཐིམ་པས་བུམ་པའི་སྐུ་ལྟར་ཤེས་བྱ་ནང་དུ་གསལ་བས་མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་མ་གྲུབ་པས་རང་ངོ་རྣམ་པར་དག །ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་ཞུགས་པ་ལྟར་ཆོས་ཉིད་མ་དང་བུ་རིག་པ་གཉིས་འདྲེས་པས་གཉིས་མེད་གཅིག་ཏུ་གྱུར། གཉིས་མེད་གཉིས་མེད་ལ་ཐིམ་པས་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟར་གདོད་མའི་ངང་དུ་གྲོལ་བས་ཆོས་སྐུར་རོ་གཅིག །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར་སྟོང་པ་ལ་གཏད་པའི་ཡུལ་མེད་པས། དམིགས་གཏད་དང་ཆེད་འཛིན་ལས་འདས། མ་དག་པ་འཁོར་བའི་སྒོ་དག་
པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པས་སྦྲའི་ཆོན་ཐག་བསྡུས་པ་ལྟར་ཐིག་ལེ་ཉག་གཅིག་ལ་འདུས་པས་སྐུ་གསུམ་དུ་འདུ་འབྲལ་མེད། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པས་སེང་གེས་གངས་ཟིན་པས། ཡ་ང་བག་ཚ་དང་བྲལ་བ་ལྟར་གདོད་མའི་གཞི་ལ་ནང་གསལ་འཕོ་འགྱུར་མེད་པའི་དགོངས་པ་ལ་ལྷུན་གྱིས་གྲུབ་པའོ། །དེ་སྐད་དུའང་སྔ་མ་ལས། རོལ་པ་ཙམ་དུའང་སྔ་མ་ལས། རོལ་པ་ཙམ་དུ་ཐིམ་ལུགས་བརྒྱད། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། རང་གི་ངོ་བོ་རང་ཐིམ་པས། དཔེར་ན་ཉི་མའི་སྙིང་པོ་ལ། རང་གི་ཟེར་རྣམས་ཐིམ་པ་ལྟར། །རང་གི་གདངས་དང་བཅས་པ་ཡིས། །གཟིགས་སྣང་ཐམས་ཅད་མྱ་ངན་འདའ། །ཞེས་སོ། །དེ་ཡང་དབང་པོའི་ཁྱད་པར་གྱིས་སྐད་ཅིག་མ་གསུམ་དང་ཞག་ལྔ་དང་ཉི་ཤུ་རྩ་གཅིག་གིས་གྲོལ་བར་བཤད་པ་ནི། ཉི་ཟླ་ཁ་སྦྱོར་ལས། དེ་ལྟར་ན་དབང་པོ་ནི་གསུམ་སྟེ། རབ་ཀྱིས་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་གིས་ཞག་ལྔ་ན་བརྟན་པ་ཐོབ་པ་ཡང་ཡོད་དེ། ཐ་མས་ཉི་ཤུ་རྩ་གཅིག་ན་བརྟན་པ་ཐོབ་པར་ངེས་པ་ཡིན་ནོ། །ཡང་ཐ་རྣམས་ནི་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་བར་དོ་མེད་པར་སངས་རྒྱས་པ་ཡིན་ནོ། །ཞེས་སོ། །བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་ཁ་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། དེ་ལྟར་ཤར་ཡང་བརྟན་པ་མ་ཐོབ་ན། སྲིད་པའི་བར་དོ་ལ་ཕྱེད་སྔ་མ་དང་ཕྱེད་ཕྱི་མའི་སྣང་བས། དབང་པོ་ཀུན་ཚང་ཞིང་ལས་ཀྱི་རྫུ་འཕྲུལ་ཐོགས་པ་མེད་པས་འགྲོ་དྲུག་སོ་སོའི་སྣང་བ་ལ་སྤྱོད་པ་རྨི་ལམ་གྱི་ལུས་ལྟར་སྣང་བའི་ཚེ། རབ་ཀྱིས་བདེན་མེད་དུ་ཤེས་པས་གྲོལ། འབྲིང་གིས་ཡི་དམ་ལྷའི་བསྐྱེད་རིམ་སྒྱུ་མ་ལྟ་བུས་མངལ་སྒོ་བཀག་ནས་ཞིང་དག་པར་སྐྱེ། ཐ་མས་སྐྱབས་འགྲོ་དང་སེམས་བསྐྱེད་བྱས་ནས་མངལ་སྒོ་བཟང་པོ་འདམ་པའོ། །དེའང་འགྲོ་དྲུག་གི་མངལ་སྒོ་
དྲུག་ལ། སྐྱེད་མོས་ཚལ་དང་གཞལ་མེད་ཁང་ལྷ། ནམ་རྨུགས་པ་དང་། སྐྱེ་བོ་མང་པོའི་དབུས་མི། འོད་ཀྱི་འཁོར་ལོ་ལྷ་མ་ཡིན། ཕུག་པ་དང་། སྤྱིལ་པོ་བྱོལ་སོང་། གྲོག་པོ་ཡི་དྭགས། མུན་ནག་ཆར་ཐིབས་དམྱལ་བའི་སྐྱེ་གནས་སོ། །དེའི་ཚེ་ངན་པ་རྣམས་ལ་གཟབས་ཏེ། བཟང་པོ་ལ་ཕ་མ་ཡི་དམ་གྱི་ལྷ་ཡབ་ཡུམ་དུ་གསལ་བཏབ་ནས། ཞུགས་པས་མི་ལུས་རིན་པོ་ཆེ་ཐོབ་ནས་ཟབ་མོའི་གདམས་པ་དང་འཕྲད་དེ་འཚང་རྒྱའོ། །བར་དོའི་གྲོལ་ཚུལ་ལོ། །དགུ་པ་རང་བཞིན་སྤྲུལ་སྐུའི་སྣང་ཚུལ་ནི། ཆོས་འདིིའི་དབང་པོ་ཡང་མཐའ་རྣམས་སྲིད་པའི་བར་དོ་ལ་རྨི་ལམ་གྱི་ཆ་ཙམ་སྣང་བ་ལས། ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་བ་ནི་རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། ཞེས་པས། རྨི་ལམ་ས ད་པའི་ཚུལ་ཙམ་དུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་རྡོ་རྗེ་རིགས་ཀྱི་སྤྲུལ་པའི་ཞལ་མཐོང་། ལྷོ་དཔལ་དང་ལྡན་པའི་ཞིང་ཁམས་སུ་རིན་ཆེན་རིགས་ཀྱི་སྤྲུལ་པས་དབང་བསྐུར། ནུབ་པདྨ་བརྩེགས་པའི་ཞིང་ཁམས་སུ་པདྨ་རིགས་ཀྱི་སྤྲུལ་པས་མངོན་སུམ་དུ་ལུང་བསྟན། བྱང་ལས་རབ་རྫོགས་པའི་ཞིང་དུ་ལས་ཀྱི་རིགས་ཀྱི་སྤྲུལ་པས་བག་ཆགས་ཀྱི་མཐའ་ཟད་པར་བྱས་ཏེ། དེ་ཉིད་དུ་ཁྲོ་བོའི་ཞིང་སྣང་དུར་ཁྲོད་མེ་རི་འབར་བ་མཐོང་བ་ཙམ་གྱིས་གྲོལ་ལོ། །བཅུ་པ་ནི་ཡེ་ཐོག་དང་པོའི་གཞིར་གྲོལ་ཏེ། མུ་ཏིག་ཕྲེང་བ་ལས། གྲོལ་བ་ཉིད་ནི་ཐོག་མ་འོ། །ཞེས་པས་དེར་གྲོལ་བའི་ཚེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་ཏེ། ངོ་བོ་ཆོས་སྐུ་ཀ་དག་ཆེན་པོ། རང་བཞིན་ལྷུན་གྲུབ་རང་གསལ་ཆེན་པོ། ཐུགས་རྗེ་ཀུན་ཁྱབ་རིག་སྟོང་ཆེན་པོར་བཞུགས་ཏེ། འཁོར་བའི་རྒྱུ་མ་རིག་པ་དང་། སྒྲིབ་གཉིས་ཆ་དང་བཅས་པའི་མུན་པ་སངས། ཡེ་ཤེས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་ཏེ། རང་ཤར་ལས། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས།། སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །ཞེས་སོ། །དེ་ཚེ་སེམས་
ཅན་གྱི་དོན་དུ། ཆོས་སྐུ་ནང་གསལ་ཆེན་པོ་ལས་མ་གཡོས་བཞིན་དུ་སྤྲུལ་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་ལ་སོགས་པའི་ཞི་ཁྲོ་སོ་སོའི་དཀྱིལ་འཁོར་རྫོགས་པར་འོག་མིན་ན་གསལ་བས། ས་གནས་ཀྱི་སེམས་དཔའ་རྣམས་ལ་སྣང་ཞིང་དོན་བྱེད་ལ། ཤཱཀྱ་ཐུབ་པ་ལ་སོགས་པ་འགྲོ་བ་འདུལ་བ་སྤྲུལ་པའི་སྐུ། ལོངས་སྐུ་ལས་མ་དག་པའི་ཞིང་དུ་སྣང་བ་ནི། ནམ་མཁའི་ཟླ་བ་ལས་ཆུ་ཟླ་ལྟར་ཤར་ཞིང་། སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་བྱེད་ཅིང་། དེ་ལས་མ་དག་པ་སྤྲུལ་པའི་སྐུ་སོ་སོ་གང་འདུལ་དུ་ཚངས་པ་ལ་སོགས་པ། འགྲོ་དྲུག་ཕལ་པའི་གཟུགས་དང་། སྐྱེ་རྒས་ན་འཆི་དང་གཟེངས་དང་ཟམ་པ་དང་། ནོར་བུ་ལ་སོགས་པར་སྤྲུལ་ནས། སེམས་ཅན་རྣམས་ཀྱི་ཡིད་དང་མཐུན་པར་དོན་བྱེད་དེ། ནམ་གདུལ་བྱ་མེད་པ་དེའི་ཚེ། ཆུ་སྣོད་མེད་པ་ལས་ཟླ་བ་མི་སྣང་བ་ལྟར་གདོད་མའི་གཞི་ནང་གསལ་ཉིད་དུ་ལྷུན་གྱིས་གྲུབ་བོ། །དེ་ལྟར་བདག་བློ་རིན་ཆེན་བང་མཛོད་ལས། །ཚིག་དོན་ཕུན་ཚོགས་འདོད་དགུའི་ལོངས་སྤྱོད་ཀྱིས། །སྐལ་ལྡན་སྐྱེ་བོའི་ཚོགས་རྣམ་དགའ་བསྐྱེད་དེ། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག །ཚུལ་འདི་མཁའ་འགྲོ་སྙིང་ཏིག་གསང་བའི་ལམ། །ཚེ་གཅིག་སངས་རྒྱས་སྒྲུབ་བྱེད་ཐེག་པའི་མཆོག །དགོངས་གཏེར་སྙིང་པོ་མི་ཡུལ་འཇིག་རྟེན་དུ། །དྲི་མེད་འོད་ཟེར་བདག་གིས་སྣང་བར་བྱས། །ལྷུན་པོ་རྒྱ་མཚོ་ནམ་མཁའ་གནས་ཀྱི་བར། །ཆོས་ཚུལ་འདིས་ཀྱང་འགྲོ་བའི་དོན་བྱེད་ཅིང་། །སྲིད་པའི་འཁོར་བ་མ་ལུས་རབ་སྟོངས་ནས། །གཞི་རྫོགས་གདོད་མའི་ངང་དུ་ཕྱིན་པར་ཤོག །གངས་རི་ཐོད་དཀར་ཨོ་རྒྱན་རྫོང་ཉིད་དུ། །འོད་ཟེར་གོ་ཆས་གསོལ་བ་བཏབ་པའི་ངོར། །པདྨ་ལས་འབྲེལ་རྩལ་གྱིས་ལེགས་པར་བཀོད། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཚིག་དོན་རིན་པོ་ཆེའི་བང་མཛོད་ཅེས་བྱ་བ། པདྨ་ལས་འབྲེལ་རྩལ་གྱིས་གངས་རི་ཐོད་དཀར་དུ་སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ་བཀོད་པ་རྫོགས་སོ།། །། དགེ་ཞིང་བཀྲ་ཤིས།
མཁའ་འགྲོ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་ཁོག་དབུབ་ས་བཅད་འདུས་དོན་དོན་གསལ་ཉི་མའི་འོད་ཟེར།
མཁའ་འགྲོ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་ཁོག་དབུབ་ས་བཅད་འདུས་དོན་དོན་གསལ་ཉི་མའི་འོད་ཟེར་བཞུགས་སོ། །རིན་ཆེན་ཤོག་སྐྱའི་སྐོར་ལས།
ཨཱོཾ་སྭ་སྟི། ཆོས་སྤྱི་མཐུན་གྱི་ཁུངས་བཙུན་ཡིད་ཆེས་པའི་ཕྱིར། རྒྱལ་བ་སྐུ་གསུམ་རིམ་བཞིན་འཕྲོ་ཚུལ་བཤད། དོན་ཇི་བཞིན་ཁོ་ཐག་ཆོད་ཕྱིར་བར་དོ་གསུམ་ན་རིམ་བཞིན་ངོས་གཟུང་བཤད། འཁྲུལ་གྲོལ་སྐྱོན་ཡོན་གྱི་ཤན་འབྱེད་ཕྱིར་གཞི་དང་གཞི་སྣང་ལས་མ་དག་གློ་བུར་འཁྲུལ་ཚུལ་བསྟན། ལམ་མཐར་ཟད་གཟིགས་སྣང་ལས་འདས་ཏེ་རྣམ་གྲོལ་གྱི་ཡོན་ཏན་ཤེས་བྱའི་རྣམ་པ་རང་ངོར་ཐོབ་སྟེ་བཙན་ས་ཟིན་ཚུལ་བསྟན། རྟགས་ཡིད་ཆེས་བསྐྱེད་ཕྱིར་གནད་མངོན་སུམ་གྱིས་རིམ་བཞིན་སྤྲོད་ཚུལ་བསྟན། མངོན་སུམ་གྱི་མན་ངག་གནད་དུ་ཟབ་ཕྱིར་ཀུན་གྱི་འཁྲུལ་མ་མྱོང་བར་ངོ་འཕྲོད་དེ་གྲོལ་བ་ཐོབ་ཚུལ་བསྟན། དེ་མངོན་སུམ་རང་དབང་ཐོབ་ཕྱིར་ས་བརྒྱད་ཀྱི་སེམས་དཔའ་གཅིག་གི་ཁོང་དུ་ཆུད་ཚུལ་བསྟན། ཡུལ་གདུལ་བྱ་སྤྲོ་བ་བསྐྱེད་ཕྱིར་དགོས་པའི་རྒྱུ་མཚན་ལ་བསམ་སྟེ་ཡི་གེ་བཀོད་ཚུལ་བསྟན། ཚུལ་འདི་བཞིན་དགོས་ལ་དོན་ཡིན་བཞིན་མ་ནོར་བ་གལ་ཆེའོ། །ཡང་སྐུ་གསུམ་གྱི་ཕྱི་ནང་གསང་བའི་མཛད་པ་རྣམས་ཀྱང་། ཕྱི་གཉེན་པོའམ་མཐུན་འཇུག་གི་ཐབས་གཙོ་བོར་དགོངས་པ་དང་། ནང་ངོ་བོ་ངོས་གཟུང་ཆེ་ཚུལ་དང་། གསང་བ་མཚན་ཉིད་ཀྱི་ཆོས་ལ་བཞག་སྟེ། གནད་མ་འཕྱུགས་པ་གལ་ཆེའོ། །རྫོགས་སོ།། །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེའི་མཁྱེན་རབ་དཔག་བསམ་ཤིང་། །ཕན་བདེའི་རང་བཞིན་མེ་ཏོག་འབྲས་མང་ལྡན། །ཐུགས་རྗེའི་བསིལ་གྲིབ་ཤིན་ཏུ་རྒྱ་ཆེ་བས། །འགྲོ་བློའི་གདུང་སྐྱོབ་མཛད་ལ་ཕྱག་འཚལ་ལོ། །དག་པའི་མཁའ་ལ་བདུད་རྩིའི་སྤྲིན་འཁྲིགས་པས། །བྱམས་པའི་འབྲུག་སྒྲ་སྙིང་རྗེའི་གློག་ཕྲེང་ཅན། །ཞི་བདེའི་ཆོས་ཆར་ཤིན་ཏུ་རྨད་བྱུང་བས། །དགེ་ལེགས་བསམ་འཕེལ་མཛད་ལ་ཕྱག་འཚལ་ལོ། །ཡུལ་རིང་དུས་ནས་སྲིད་པའི་སེམས་ཅན་ལ། །ཞི་བའི་དོན་སྟོན་ཐར་པར་འདྲེན་པའི་ལྷ། །བདེ་གཤེགས་རིག་འཛིན་པདྨ་ཐོད་ཕྲེང་དང་། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གུས་ཕྱག་འཚལ། །བདག་བློའི་སྐྱེ་
ཚལ་ཡངས་ཤིང་རྒྱ་ཆེ་བ། །མཁའ་འགྲོ་སྙིང་ཏིག་དཔག་བསམ་རྒྱས་པའི་མཐུས། །དེ་ཡི་དོན་འདྲིལ་དངོས་གྲུབ་ལྗོན་པའི་ཤིང་། །ཟབ་ཅིང་རྒྱ་ཆེའི་ཡལ་འདབ་རྒྱས་པར་སྤྲོ། །དཔལ་ལྡན་གངས་རིའི་ཚལ་ན་དགའ་བའི་བློ། །ཤིན་ཏུ་རྨད་བྱུང་གཙུག་གི་ནོར་བུའི་ཏོག །སྲིད་ལས་རྣམ་གྲོལ་ལྷ་ཡི་དཔག་བསམ་ཤིང་། །ཡིད་མཁའི་ཚལ་དུ་ཡིད་འོང་བཟང་དགུས་བརྒྱན། །དེ་སླད་སྐལ་ལྡན་བྱང་ཆུབ་ཆོས་འདོད་རྣམས། །ཐེག་མཆོག་སྙིང་པོའི་དངོས་གྲུབ་ཞིང་འདིར་བསྟན། །ལེགས་པའི་མེ་ཏོག་རིན་ཆེན་ཆར་ཕབ་ཅིང་། །སྲིད་གསུམ་གདུང་སྐྱོབ་ཚེ་འདིར་འབྲས་བུ་འཐོབ། །ཐེག་པའི་ནང་ནས་ཡང་རབ་བླ་ན་མེད། །འོད་གསལ་རྡོ་རྗེ་སྙིང་པོ་ཀུན་གྱི་རྩེ། །གསང་བ་ལས་ཀྱང་ཆེས་གསང་རྨད་བྱུང་འདི། །སྐལ་ལྡན་སྲིད་པ་ཐ་མའི་དམ་ཆོས་ལགས། །འདི་དང་སུ་འཕྲད་མྱུར་དུ་གྲོལ་ངེས་པས། །འབྲས་བུའི་དམ་ཆོས་བདུད་རྩི་ཆེན་པོ་འདི། །ཨོ་རྒྱན་པདྨའི་ཟབ་གཏེར་ཀུན་གྱི་མཆོག །འདི་ཉིད་དེང་སང་གདུལ་བྱའི་ཡིད་མཁར་བབས། །དེ་ཕྱིར་དོན་གསལ་ཉི་མའི་འོད་ཟེར་བྲི། །དེ་ལ་འདིར་མཁས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་པས་མཛད་པའི་ཟབ་དོན་རྒྱ་མཚོ་འདི་ལ་སྤྱི་དོན་གསུམ་སྟེ། །ཀླད་དོན་དང་། གཞུང་དོན་དང་། མཇུག་དོན་ནོ། །དང་པོ་ལ་གསུམ་སྟེ། མཚན་དང་། ཕྱག་དང་། དམ་བཅའོ། །ཕྱག་ལ་གཉིས་ཏེ། སྤྱི་དང་བྱེ་བྲག་གོ །དམ་བཅའ་བ་ལ་གཉིས་ཏེ། བརྩམས་ཚུལ་དང་། དམ་བཅའ་དངོས་སོ། །གཉིས་པ་གཞུང་དོན་ལ་གསུམ་སྟེ། མཚན་ཉིད་བདུན་གྱིས་གདམས་པ་ལ་འཇུག་པའི་རྒྱུ་བསྟན་པ་དང་། །ཕུན་སུམ་ཚོགས་པ་ལྔས་གླེང་གཞིའི་གདམས་པ་མདོར་བསྟན་པ། །གཞི་ལམ་འབྲས་བུ་གསུམ་གྱི་གདམས་པ་རྒྱས་པར་བཤད་པའོ། །དང་པོ་ལ་བདུན་ཏེ། བླ་མའི་མཚན་ཉིད་དང་། སློབ་མའི་མཚན་ཉིད་དང་། ཇི་ལྟར་བསྟན་པའི་མཚན་ཉིད་དང་། གྲོགས་ཀྱི་མཚན་ཉིད་དང་། ཡོ་བྱད་ཀྱི་མཚན་ཉིད་དང་། གནས་ཀྱི་མཚན་ཉིད་དང་། དུས་
ཀྱི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། བླང་བྱ་དང་། དོར་བྱའོ། །གསུམ་པ་ཇི་ལྟར་བསྟན་པ་ལ་གསུམ་སྟེ། ཟང་ཟིང་དང་། ལུས་ངག་ཡིད་གསུམ་དང་། སྒྲུབ་པས་མཉེས་པར་བྱ་བའོ། །སྤྱི་དོན་གཉིས་པ་ཕུན་སུམ་ཚོགས་པ་ལྔས་གླེང་གཞིའི་གདམས་པ་མདོར་བསྟན་པ་ལ་གཉིས་ཏེ། ཐུན་མོང་གི་གླིང་གཞི་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ལ་གསུམ་སྟེ། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུའི་གླེང་གཞིའོ། །དང་པོ་ལ་ལྔ་སྟེ། གནས་དང་། སྟོན་པ་དང་། འཁོར་དང་། ཆོས་དང་། དུས་སོ། །གཉིས་པ་ལོངས་སྐུ་ལ་ལྔ་སྟེ། རྣམ་པར་སྣང་མཛད་གང་ཆེན་མཚོ་དང་། རྡོ་རྗེ་སེམས་དཔའ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པའོ། །གསུམ་པ་སྤྲུལ་སྐུའི་གླེང་གཞི་ལ་གཉིས་ཏེ། ལྷ་ཡུལ་དྲུག་དང་། མི་ཡུལ་དུ་བྱོན་ཚུལ་དྲུག་གོ །གཉིས་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ལ་གསུམ་སྟེ། གཞི་འདུག་ཚུལ་གྱི་ཕུན་སུམ་ཚོགས་པ་ལྔ། ལམ་ཉམས་སུ་བླང་པ་དང་། མཐར་ཐུག་འབྲས་བུའི་ཕུན་སུམ་ཚོགས་པ་ལྔའོ། །བར་པ་ལ་གཉིས་ཏེ། གནས་པའི་ལུས་ཀྱི་དང་། འཆར་བའི་ཡུལ་གྱིས་སོ། །སྤྱི་དོན་གསུམ་པ་གཞི་ལམ་འབྲས་བུ་གསུམ་གྱི་གདམས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། དང་པོ་གཞིའི་གནས་ལུགས་བསྟན་པ། བར་དུ་ལམ་གྱི་ཁྱེར་ཚུལ་བསྟན་པ། ཐ་མ་འབྲས་བུའི་གྲོལ་ཚུལ་བསྟན་པའོ། །དང་པོ་ལ་ལྔ་སྟེ། འཁོར་འདས་གང་དུའང་མ་གྲུབ་པའི་སྔོན་རོལ་ན་གཞི་གཤིས་ཀྱི་གནས་ལུགས་བསྟན་པ་དང་། དེ་ལས་ལྷུན་གྲུབ་ཀྱི་འཆར་ཚུལ་བསྟན་པ། དེ་ཉིད་རིག་པ་ཐོག་མའི་ཀུན་ཏུ་བཟང་པོའི་གཞི་ཐོག་ཏུ་ཇི་ལྟར་གྲོལ་ཚུལ། མ་རིག་པ་ཁམས་གསུམ་གྱི་སེམས་ཅན་འཁོར་བར་ཇི་ལྟར་འཁྱམས་ཚུལ། སེམས་ཅན་གྱི་ཁམས་ལ་གདོད་མའི་སངས་རྒྱས་ཇི་ལྟར་བཞུགས་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། གདོད་མའི་གཤིས་ཀྱི་འདུག་ཚུལ་འཁོར་འདས་ཀྱི་འཆར་གཞི་བྱེད་ཚུལ། དེ་ལ་རྩོད་པ་
སྤངས་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ངོ་བོ། རང་བཞིན། ཐུགས་རྗེའོ། གཉིས་པ་འཁོར་འདས་ཀྱི་འཆར་གཞི་བྱེད་ཚུལ་ལ་གཉིས་ཏེ། དཔེ་དང་། དོན་ནོ། དེ་ལ་གཉིས་ཏེ། མ་དག་པ་དང་། དག་པའོ། །གསུམ་པ་རྩོད་པ་སྤོང་བ་ལ་གསུམ་སྟེ། སྣང་མི་སྣང་ཡང་རྟོགས་ནས་མི་འཐད་པ་སྤང་པ་དང་། གཅིག་དང་ཐ་དད་ལ་དང་། འཁྲུལ་མ་འཁྲུལ་ལའོ། །གཉིས་པ་ལྷུན་གྲུབ་ཀྱི་འཆར་ཚུལ་ལ་གཉིས་ཏེ། དངོས་དང་། ཡེ་ཤེས་དེ་གང་དུ་འཆར་བའི་དཔེ་ཉེ་བར་མཚོན་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་ན་དང་། བྱེ་བྲག་ཏུ་བཤད་པའོ། །དེ་ལ་བཞི་སྟེ། ལྷུན་གྲུབ་རིན་པོ་ཆེའི་སྣང་བ་དང་། གཞི་སྣང་ཆེན་པོའི་འཆར་ལུགས་དང་། ལོངས་སྐུ་དང་། སྤྲུལ་སྐུའི་འཆར་ལུགས་སོ། །དང་པོ་ལ་བཞི་སྟེ། འཆར་ལུགས་རྣམ་པ་དྲུག །སྒོ་རྣམ་པ་གཉིས་ཡོན་ཏན་ཡོད་ཚུལ། བྱུང་ཚུལ་རྣམ་པ་དགུའོ། །བཞི་པ་སྤྲུལ་སྐུ་ལ་གསུམ་སྟེ། རང་བཞིན་དང་། འགྲོ་འདུལ་དང་། མ་དག་སྤྲུལ་སྐུའོ། །གསུམ་པ་ཀུན་བཟང་གི་གྲོལ་ཚུལ་ལ་གསུམ་སྟེ། རྟོགས་ཚུལ་དང་། ངོ་བོ་དང་། དོན་མཛད་ཚུལ་ལོ། །སྤྱི་དོན་བཞི་པ་མ་རིག་པས་སེམས་ཅན་གྱི་འཁྲུལ་ཚུལ་ལ་གསུམ་སྟེ། ཁམས་གསུམ་དུ་འཁྲུལ་ཚུལ་མདོར་བསྟན་པ་དང་། བྱེ་བྲག་ཏུ་ལུས་གྲུབ་ཚུལ་རྒྱས་པར་བཤད་པ་དང་། ཀུན་གཞི་ལ་ལས་སོག་ཚུལ་གྱི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། འཁྲུལ་པ་ཕྱི་ལྟར་བཤད་པ་དང་། ནང་ལྟར་དང་། གསང་བ་ལྟར་རོ། །གཉིས་པ་བྱེ་བྲག་ཏུ་ལུས་གྲུབ་ཚུལ་ལ་གསུམ་སྟེ། བཀོད་པ་ལུས་ཀྱི་ཆ་ལུགས་ཀྱིས་མདོར་བསྟན། གནས་པ་རྩ་ཐིག་རླུང་གསུམ་གྱིས་རྒྱས་པར་བཤད། གཉིས་མེད་ཡེ་ཤེས་ཆེན་པོས་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། རྩ་ཡེ་ཤེས་འདྲ་བའི་གནས་ལུགས་བསྟན་པ། རླུང་རིན་ཆེན་འོད་འཕྲོ།
ཁམས་བདེ་ཆེན་རྒྱ་མཚོའི་གནས་ལུགས་སོ། །གཉིས་པ་རླུང་ཆེན་འོད་འཕྲོ་ལ་གསུམ་སྟེ། རང་བཞིན་ཡེ་ཤེས་ཀྱི་རླུང་ངོས་གཟུང་བ། དེའི་གདངས་ལས་ཀྱི་རླུང་མདོར་བསྟན་པ། དེའི་བྱེ་བྲག་དབྱེ་བ་རྒྱས་པར་བཤད་པའོ། དང་པོ་ལ་གཉིས་ཏེ། ངོ་བོ་ངོས་གཟུང་བ་དང་། དབྱེ་བ་རྒྱས་པར་བཤད་པའོ། །གསུམ་པ་ཀུན་གཞི་ལ་ལས་སོག་ཚུལ་ལ་གསུམ་སྟེ། ཀུན་གཞི་དང་ཚོགས་བརྒྱད་ཀྱི་དབྱེ་བ་བསྟན། རྟེན་འབྲེལ་བཅུ་གཉིས་ཀྱི་དབྱེ་བ་བསྟན། །ལས་གསུམ་གྱི་སོག་ཚུལ་བརྗོད་པའོ། །གཉིས་པ་ལ་གསུམ་སྟེ། དང་པོ་འཁོར་བར་གྲུབ་ཚུལ་གྱིས་དང་། བར་དུ་ལས་སོགས་ཚུལ་དང་། ཐ་མ་འཁྲུལ་པ་ལྡོག་ཚུལ་གྱིས་སོ། །གསུམ་པ་ལ་གསུམ་སྟེ། དགེ་བ། མི་དགེ་བ། མི་གཡོ་བའི་ལས་སོ།། བསམ་གཏན་བཞིའི་སེམས་ཇི་ལྟར་སྐྱེ་ཚུལ། །གོལ་མ་གོལ་གྱི་ཁྱད་པར་བཤད་ཚུལ། ཡང་དག་པའི་ལམ་དུ་འགྲོ་ཚུལ་བཤད། །དོན་ལྔ་པ་སེམས་ཅན་གྱི་ཁམས་ལ་གདོད་མའི་སངས་རྒྱས་བཞུགས་ཚུལ་ལ་གསུམ་སྟེ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བཞུགས་ཚུལ་མདོར་བསྟན། སེམས་ཡེ་ཤེས་ཀྱི་དབྱེ་བ་བཞུགས་ཚུལ་རྒྱས་པར་བཤད་པ། དེ་ཉིད་འཁོར་འདས་ཀྱི་རྟེན་བྱེད་ཚུལ་གྱིས་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། སྙིང་པོ་ཡེ་ཤེས་ཀྱི་བཞུགས་ཚུལ། དེའི་མདངས་སེམས་ཀྱི་བཞུགས་ཚུལ། དེ་གཉིས་ཇི་ལྟར་འཕྲད་ཅིང་གྱེེས་ཚུལ་ལོ། དང་པོ་ལ་གསུམ་སྟེ། འོད་གསུམ་གྱིས་ངོ་བོར་རྒྱས་པར་བཤད། ཕྱི་ནང་གསང་བ་གསུམ་གྱིས་རང་བཞིན་དང་། རླུང་ཤེས་རབ་སྐུ་གསུམ་གྱི་ཐུགས་རྗེའོ། །གཉིས་པ་ལ་གསུམ་སྟེ། ཕྱི་ལྟར་སྐུ་དང་སྦྱར་ནས་ཞི་ཁྲོའི་སྐུར་གནས་ཚུལ། ནང་ལྟར་གསུང་དང་སྦྱར་བས་འཁོར་ལོ་ལྔ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་ཡི་གེར་གྲུབ་ཚུལ། གསང་བ་ཐུགས་དང་སྦྱར་ནས་སྙིང་པོ་འོད་གསལ་སྤྲོས་པ་དང་བྲལ་བའི་ཐིག་ལེར་གནས་ཚུལ་ལོ། །དང་པོ་ལ་གསུམ་སྟེ། གནས་དང་། ངོ་བོ་དང་། དཔེའོ། །ངོ་བོ་ལ་གསུམ་སྟེ། ངོ་བོ་སྐུ་རུ་བཞུགས་ཚུལ།
རང་བཞིན་འོད་དང་ཐིག་ལེར། ཐུགས་རྗེ་སྒྲོན་མར་རོ། །གཉིས་པ་གདངས་སེམས་ལ་གསུམ་སྟེ། སེམས་གནས་ཁམས་ངོ་བོ་གསུམ་གྱིས་སྤྱིར་བསྟན། ཡེ་ཤེས་ཀྱི་གདངས་ཡིན་ཚུལ་གྱིས་བྱེ་བྲག་ཏུ་བཤད། སངས་རྒྱས་ཀྱི་རང་བཞིན་དུ་ཇི་ལྟར་བཞུགས་ཚུལ་གྱིས་དོན་བསྡུ་བའོ། །གསུམ་པ་ཇི་ལྟར་འཕྲད་ཅིང་གྱེས་པའི་ཚུལ་ལ་གཉིས་ཏེ། ད་ལྟ་འཕྲད་ཚུལ་དང་། ཕྱིས་གྱེས་ཚུལ་ལོ། །དེ་ལ་གཉིས་ཏེ། གནས་སྐབས་དང་། མཐར་ཐུག་གོ །སྤྱི་དོན་གཉིས་པ་བར་དུ་ལམ་གྱི་ཁྱེར་ཚུལ་ལ་གཉིས་ཏེ། སྨིན་བྱེད་དབང་དང་། གྲོལ་བྱེད་གདམས་པའོ། །དང་པོ་ལ་ལྔ་སྟེ། བསྐུར་བའི་ཡོན་ཏན། མ་བསྐུར་བའི་སྐྱོན། རིག་པ་དང་དངོས། དམ་ཚིག་གོ །བཞི་པ་དབང་བསྐུར་བ་དངོས་ལ་ལྔ་སྟེ། སྤྲོས་བཅས། སྤྲོད་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད། བླ་མེད་རྩལ་དབང་ངོ་། །དང་པོ་ལ་གཉིས་ཏེ། མ་ཐོབ་པ་ཐོབ་པར་བྱ་བ། ཐོབ་པ་རྒྱུད་ལ་བརྟེན་པའོ། །དོན་གཉིས་པ་གྲོལ་བྱེད་གདམས་པ་ལ་གཉིས་ཏེ་ཡིད་ཆེས་པའི་ལོ་རྒྱུས་དང་། དེ་ལས་བྱུང་བའི་གདམས་པའོ། །དང་པོ་ལ་གསུམ་སྟེ། མ་བཤད་པའི་སྐྱོན། བཤད་པའི་ཡོན་ཏན། བཤད་པ་དངོས་སོ། །གཉིས་པ་གདམས་པ་ལ་གསུམ་སྟེ། བརྩོན་འགྲུས་རབ་ཚེ་འདིར་སངས་རྒྱས་པའི་གདམས་ངག་དང་། འབྲིང་བར་དོར། ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་སངས་རྒྱས་པའི་གདམས་ངག་གོ །དང་པོ་ལ་བཞི་སྟེ། སྔོན་འགྲོའི་རིམ་པ་ཇི་ལྟར་བསྟན་པའི་ཚུལ། དངོས་ཀྱིས་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་བརྟེན་པའི་ཚུལ། རྗེས་སུ་སྣང་བ་བཞིའི་འཆར་ཚུལ། མཐའ་བརྟེན་གྱི་མན་ངག་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐུན་མོང་ཆོས་སྤྱིའི་སྔོན་འགྲོ། །ཐུན་མོང་མ་ཡིན་པ་རང་གི་སྔོན་འགྲོ་དང་། གནས་ལུགས་ཀྱི་ངོ་བོ་ཁྲེགས་ཆོད་གདབ་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མ་རིག་པ་དང་། སྙིང་རྗེ་དང་། བྱམས་སེམས་དེ་ལ་བདུན་ནོ། །གཉིས་
པ་རང་གི་སྔོན་འགྲོ་ལ་གསུམ་སྟེ། ཕྱི་ལུས་ངག་ཡིད་གསུམ་རུ་ཤན་དབྱེ་ཞིང་སྔོན་དུ་འགྲོ་བ། ནང་ལུས་ངག་ཡིད་གསུམ་རུ་ཤན་དབྱེ་ཞིང་སྒྲིབ་པ་སྦྱང་བ། གསང་བ་ལུས་ངག་ཡིད་གསུམ་རྣལ་དུ་དབབ་ཅིང་སོར་བཞག་པའོ། །དང་པོ་ལ་གསུམ་སྟེ། ལུས་དང་། ངག་དང་། ཡིད་དོ། །དང་པོ་ལ་གཉིས་སྟེ། རུ་ཤན་དབྱེ་བ་དང་། སྔོན་འགྲོའོ། །གཉིས་པ་ངག་ལ་ཡང་གཉིས་ཏེ། དངོས་དང་སྔོན་འགྲོའོ། །དེ་ལ་བཞི་སྟེ། རྒྱས་གདབ། རྩལ་སྦྱང་། མཉེན་བཙལ། ལམ་ཞུག་གོ །གསུམ་པ་ཡིད་ལ་གཉིས་ཏེ། དངོས་དང་སྔོན་འགྲོའོ། །དེ་ལ་གསུམ་སྟེ། བྱུང་གནས། འགྲོ་གསུམ་བརྟག་པའོ། །གསུམ་པ་ཁྲེགས་ཆོད་ལ་གསུམ་སྟེ། སྔོན་འགྲོ་གསུམ་གྱིས་ཞི་ལྷག་ཟུང་འཇུག་གི་གནས་ལུགས་མ་སྐྱེས་པར་སྐྱེ་བར་བྱ་བ། དངོས་གཞི་གསུམ་གྱིས་སྐྱེས་པ་ངོ་སྤྲད་པར་བྱ་བ། རྗེས་རང་གྲོལ་གསུམ་གྱིས་སྐྱེས་པ་བོགས་དབྱུང་ཞིང་རྩལ་སྦྱང་བའོ། །དང་པོ་ལ་གསུམ་སྟེ། དང་པོ་རྟོག་པ་རྩད་བཅད། བར་དུ་སེམས་ཀྱི་མཚང་བཙལ། ཐ་མ་བྱུང་གནས་འགྲོ་གསུམ་གྱི་མཐའ་བརྟག་པའོ།། གཉིས་པ་ངོ་སྤྲད་ལ་གསུམ་སྟེ། གནས་པ་སེམས་ཀྱི་རྒྱན་དུ་ཤར་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ། གཉིས་མེད་མཉམ་པའི་ངང་དུ་གནས་པའོ།། གསུམ་པ་རྩལ་སྦྱང་བ་ལ་གསུམ་སྟེ། དུག་གསུམ་རང་གྲོལ། སྒོ་ལྔ། ཚོགས་དྲུག་གོ །དོན་གཉིས་པ་དངོས་གཞི་ལ་གསུམ་སྟེ། སྔོན་འགྲོ་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཚུལ། དངོས་གཞི་དེ་ཉིད་ངོ་སྤྲད་པ། རྗེས་རྣལ་འབྱོར་བཞིས་ཉམས་སུ་བླང་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ལུས་ངག་ཡིད་གསུམ་གྱི་བྱ་བ་བཏང་ཚུལ། སྒོ་གསུམ་གྱི་གནད་གཟིར་ཚུལ། ཡེ་ཤེས་གསུམ་གྱི་གསང་ལམ་མཚོན་ཚུལ་ལོ། །གཉིས་པ་ལ་གསུམ་སྟེ། ལུས་དང་། ངག་དང་། སེམས་སོ། གསུམ་པ་གསང་ལམ་ལ་གསུམ་སྟེ། སྒོའི་གནད། ཡུལ་གྱི་གནད། རླུང་རིག་གི་གནད་དོ། །གཉིས་པ་ངོ་སྤྲད་ལ་གསུམ་སྟེ།
སྐུ་གསུམ་དང་། དཀོན་མཆོག་གསུམ་དང་། ལྔ་ཚན་བདུན་དུ་ངོ་སྤྲད་དོ། །གསུམ་པ་ཉམས་སུ་བླང་ཚུལ་ལ་བཞི་སྟེ། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ལ་དྲུག ། ངོ་བོ། རྫོགས་ཚུལ། ངེས་ཚིག །དབྱེ་བ། ཉམས་སུ་བླང་ཚུལ། མཚན་ནོ། གསུམ་པ་སྣང་བའི་འཆར་ཚུལ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ་དང་། ཉམས་གོང་འཕེལ་དང་། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བའོ། །བདུན་པ་ལ་གཉིས་ཏེ། ཤེས་ཉམས་དང་། སྣང་ཉམས་སོ། །བཞི་པ་མཐའ་བརྟེན་ལ་བཞི་སྟེ། མི་འགུལ་བ་གསུམ་གྱིས་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་གཟུང་། ཐོབ་པ་གསུམ་གྱིས་གཟེར་གདབ། །གདིང་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ལ་གསུམ་སྟེ། ལུས། མིག་དབྱིང་རིག་གོ །འདི་ལ་ཚད་རྨི་ལམ་གྱིས་གཟུང་། རྟགས་ལུས་ངག་སེམས་ལས་འབྱུང་ངོ་། །གསུམ་པ་ཐོབ་པ་ལ་གསུམ་སྟེ། སྐྱེ་བ། འཇུག་པ། རླུང་སེམས་སོ། །བཞི་པ་གདིང་བཞི་ལ་བཞི་སྟེ། ཡར་གཉིས། མར་གཉིས། གཉིས་པ་འབྲིང་ལ་གཉིས་ཏེ། བར་དོ་སྤྱིའི་རྣམ་གཞག །བྱེ་བྲག་ཉམས་སུ་བླང་ཐབས་བསྟན་པའོ། །དང་པོ་ལ་བཞི་སྟེ། དབྱེ་བ། ས་མཚམས། གནས་ལུགས། སྣང་ལུགས་སོ། །གཉིས་པ་ལ་བཞི་སྟེ། སྐྱེ་གནས་ཀྱི་བར་དོ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་བཅད་པ་རྒྱ་ཁྲ་ཚང་དུ་འཇུག་པའམ། དེད་དཔོན་གསེར་གླིང་དུ་འགྲོ་བ་ལྟ་བུའི་གདམས་ངག །འཆི་ཁ་བར་དོ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་བལྟ་བའམ། རྒྱལ་པོའི་བཀའ་འཕྲིན་བསྐུར་བ་ལྟ་བུའི་གདམས་ངག །ཆོས་ཉིད་བར་དོ་ལ་རང་སྣང་ལ་ཡིད་ཆེས་པ་ཆོམ་པོ་གྲོགས་དང་འཕྲད་པའམ། མ་པང་དུ་བུ་འཇུག་པ་ལྟ་བུ་དང་། སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུའོ། །དང་པོ་ལ་གསུམ་སྟེ། སྦྲུལ་མདུད་ནམ་མཁའ་ལ་གྲོལ་བ་དང་། མཚོ་ནང་དུ་ཁ་བབས་པ་དང་། འཁྱགས་རོམ་ཆུར་ཞུ་བའོ། །གཉིས་པ་ལ་
སྙིང་སྡུག་མཛའ་བོ་མཐོང་བ་དང་། མེ་ལོང་ལ་བྱེད་བཞིན་གསལ་བ། ཁབ་མིག་ཏུ་སྐུད་པ་འཛུད་པའོ། །གསུམ་པ་བུམ་པ་ཆག་པ་དང་། སེང་གེའི་གསོབ་མཐོང་བ་དང་། འབྲས་ཀྱི་ལྗང་པ་ལྟ་བུའོ། །འདི་ལ་གསུམ་སྟེ། འཇུག་པ་ཤེས་པ་དང་། གྲོལ་བ་ལུས། མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ། །གསུམ་པ་འབྲས་བུ་ལ་གསུམ་སྟེ། གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་གི་འབྲས་བུ་དང་། ཞར་ལ་ཡོངས་སུ་རྫོགས་པ་མཇུག་གི་དོན་ནོ། དང་པོ་ལ་གསུམ་སྟེ། སའི་ནོན་ཚུལ། སངས་རྒྱས་ཚུལ། རྟགས་འབྱུང་ཚུལ་ལོ། །གཉིས་པ་མཐར་ཐུག་ལ་གསུམ་སྟེ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའོ། །ཡང་སྐུ་གསུམ་ཐུགས་ཡོན་ཏན་ཕྲིན་ལས་སོ། །གསུམ་པ་ལ་གསུམ་སྟེ། ཟབ་གཏེར་གྱི་ཕན་ཡོན་བསྟན་པ། གཏེར་འབྱུང་གི་ལོ་རྒྱུས་བཤད་པ། སྐྱོན་དང་བྲལ་བའི་ཕན་ཡོན། །སྨོན་ལམ་གྱི་མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཕན་ཡོན་དངོས་བཤད་པ། ཆོས་ཀྱི་ཆེ་བ་བརྗོད་པ། ལྟ་བའི་ཚུལ་བཤད་པའོ། །དང་པོ་ལ་ལྔ་སྟེ། མཐོང་གྲོལ་ཁྱད་པར་དུ་འཕགས་པའི་ཕན་ཡོན་དང་། དགེ་སྡིག་ཕན་གནོད་ད ང་བྲལ་བའི། འདི་ལས་གཞན་གྱིས་མི་གྲོལ་བའི། འབྲེལ་ཚད་དོན་དང་ལྡན་པའི། མཁའ་འགྲོས་བུ་བཞིན་སྐྱོང་བའི་ཕན་ཡོན་ནོ། །གཉིས་པ་གཏེར་འབྱུང་གི་ལོ་རྒྱུས་ལ་གསུམ་སྟེ། སྟོན་པ་དང་། བསྟན་པ་ཕུན་སུམ་ཚོགས་པ་སྤྱིར་བསྟན། བསྡུ་བ་པོ་གནས་ཕུན་སུམ་ཚོགས་པ་བྱེ་བྲག་ཏུ་བཤད། དུས་དང་སྐལ་ལྡན་ཕུན་སུམ་ཚོགས་པ་རྒྱ་ཆེར་བསྔགས་པའོ། །སྤྱི་དོན་གསུམ་པ་མཇུག་དོན་ལ་གསུམ་སྟེ། བརྩམས་ཚུལ་བསྔོ་བ་སྨོན་ལམ་དང་། བདག་གཞན་ཞི་བར་སྨོན་ཚུལ་དང་། བརྩམས་པ་རྫོགས་ཚུལ་ལོ། །མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན་ཞེས་བྱ་བའི་ས་བཅད་བསྡུས་དོན་དོན་གསལ་ཉི་མའི་འོད་ཟེར་རྫོགས་སོ།། །།
ཟབ་དོན་རྒྱ་མཚོའི་སྤྲིན།
ཟབ་དོན་རྒྱ་མཚོའི་སྤྲིན་ཞེས་བྱ་བ་བཞུགས་སོ། །ཤོག་སྐྱའི་སྐོར།
རྒྱ་གར་སྐད་དུ། ཌཱ་ཀི་ནི་ཙི་ཏ་མ་ཀྲི་ཨུ་པ་དྷེ་ཤ་དྷཱརྟུ་བྷི་ཤ་ཀ་ལ་ཀོ་ཏྲི་ནཱ་མ། བོད་སྐད་དུ་མཁའ་འགྲོ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ངོ་བོ་རྣམ་དག་ཆོས་སྐུའི་ཁམས་དབྱིངས་ལས། །རང་བཞིན་འོད་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུས་འགྲོ་དོན་མཛད། །བརྒྱུད་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མཚོ་དབུས་གེ་སར་པདྨའི་སྡོང་པོ་ལས། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ། །རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་ནི། །མཁའ་འགྲོའི་སྤྲིན་ཕུང་འཕྲོ་ལ་ཕྱག་འཚལ་ལོ། །རང་བཞིན་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེའི་རྣམ་འཕྲུལ་སྣ་ཚོགས་སྟོན་མཛད་ཅིང་། །ཟབ་གཏེར་མངའ་མཛད་སྐལ་ལྡན་བུ་བཞིན་སྐྱོང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་གུས་ཕྱག་འཚལ། །སངས་རྒྱས་རྣམས་ཀྱི་བཀའ་གསང་རྒྱ་ཆེ་ལས། །སེམས་དང་འོད་གསལ་ལམ་བྱེད་རྣམ་པ་གཉིས། །སྤྲུལ་དང་ཆོས་སྐུའི་བསྟན་པར་རབ་ཕྱེ་ནས། །དམན་དང་མཆོག་གི་གདུལ་བྱ་གཉིས་ལ་བསྟན། །རིམ་དགུའི་ཐིག་པ་སེམས་ལ་གདེང་འཆའ་བ། །ཀུན་ལས་འདས་སོ་འོད་གསལ་སྙིང་པོའི་ལམ། །གང་དང་མི་འདྲ་ཀུན་གྱིས་མ་རྟོགས་པ། །རྡོ་རྗེ་སྙིང་པོ་ཐེག་པ་ཀུན་གྱི་རྩེ། །དགོངས་གཏེར་ཟབ་མོ་བདག་ལ་བབས་པའི་མཐུས། །ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ། །ཚིག་ཉུང་དོན་འདྲིལ་ཉམས་སུ་བླང་བདེ་བ། །ཟབ་ཅིང་རྒྱ་ཆེའི་ལམ་འདི་གསལ་བར་བྱ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ། ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་ལས། ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔ་ཡབ་ཡུམ་དུ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ། སྤྲུལ་པའི་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་རྗེ་ཆེན་པོས། གདུལ་བྱ་སེམས་ཅན་གྱི་ཉོན་མོངས་པའི་གཉེན་པོར། འདུལ་བྱེད་ཀྱི་ཐེག་པ་བསམ་གྱིས་
མི་ཁྱབ་པ་གསུངས་ཀྱང་། བསྡུ་ན་ཐེག་པ་ཐམས་ཅད་མཐར་ཐུག་པ་བཀའ་རྫོགས་པ་ཆེན་པོར་འདུས་ཤིང་། དེ་ལ་ཡང་ཕྱི་ནང་གསང་བ་བསམ་གྱིས་མི་ཁྱབ་པ་བཞུགས་ཀྱང་། ཡང་གསང་བླ་ན་མེད་པ་རྡོ་རྗེ་སྙིང་པོའི་ཐེག་པ་མངོན་སུམ་སྙིང་ཏིག་ཏུ་འདུས་ཏེ། ཀློང་གསལ་ལས། སྟོན་པ་ཐུགས་རྗེ་ཆེན་པོ་ཡིས། །འདུལ་བྱེད་ཐེག་པ་མང་གསུངས་ཀྱང་། །ཡང་གསང་རྫོགས་པ་ཆེན་པོར་འདུས། །ཞེས་པས། འདི་ལ་མཚན་ཉིད་བདུན་གྱིས་གདམས་པ་ལ་འཇུག་པའི་རྒྱུ་བསྟན་པ་དང་གཅིག །ཕུན་སུམ་ཚོགས་པ་ལྔའི་གླེང་གཞིའི་གདམངས་པ་མདོར་བསྟན་པ་དང་གཉིས། གཞི་ལམ་འབྲས་བུ་གསུམ་གྱི་གདམས་པ་རྒྱས་པར་བཤད་པ་དང་གསུམ་ལས། དང་པོ་ནི་བླ་མའི་མཚན་ཉིད། སློབ་མའི་མཚན་ཉིད། ཇི་ལྟར་བསྟན་པའི་མཚན་ཉིད། གྲོགས་ཀྱི་མཚན་ཉིད། ཡོ་བྱད་ཀྱི་མཚན་ཉིད། གནས་ཀྱི་མཚན་ཉིད། དུས་ཀྱི་མཚན་ཉིད་དང་བདུན་ལས། བླང་བྱའི་བླ་མ་ནི། སྤྱིར་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ལ་མཁས་ཤིང་གཞན་ལ་སྟོན་པ། ཁྱད་པར་གསང་སྔགས་རྡོ་རྗེའི་ཐེག་པ་ལ་མཁས་ཤིང་བསྐྱེད་རྫོགས་ལ་རྟགས་ཐོན་པ། བདག་འཛིན་དང་འདོད་ཞེན་ཆུང་ཞིང་འཇིག་རྟེན་གྱི་བྱ་བ་བཏང་བས་གཅིག་པུ་དབེན་པར་བཞུགས་པ་ལ་དགྱེས་པ། མངོན་སུམ་སྙིང་ཏིག་གི་དོན་ལ་མཁས་ཤིང་ལྟ་སྒོམ་སྤྱོད་པ་གསུམ་ལ་དྲོད་རྟགས་ཐོབ་པ། འདི་ཕྱི་བར་དོ་གསུམ་གང་རུང་དུ་གྲོལ་བའི་ཚད་དང་ལྡན་ཞིང་། གཞན་ལ་སྐྱོ་ངལ་མེད་པའི་བྱང་ཆུབ་ཀྱི་སེམས་མངའ་བ། མཁྱེན་རབ་ཀྱི་རླབས་ཆེ་བས་གདུལ་བྱར་གང་འདོད་ཀྱི་ཆོས་སྟོན་ཞིང་། ང་རྒྱལ་དང་རློམ་སེམས་མེད་པ་སྟེ། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལྡན་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་ལྟར་མཚན་ཉིད་དང་ལྡན་པའི་བླ་མ་བསྟེན་པས་གནས་སྐབས་སུ་ལེགས་པ་ཐམས་ཅད་
འགྲུབ་ཅིང་། མཐར་ཐུག་རྒྱལ་བའི་གོ་འཕང་ཐོབ་སྟེ། ཀློང་གསལ་ལས། མཚན་ཉིད་ལྡན་པའི་བླ་མ་ཡིས། །དབང་བསྐུར་བས་ནི་སྡུག་བསྔལ་གྲོལ། །ཞེས་པའོ། །གཉིས་པ་དོར་བྱའི་བླ་མ་ནི། སྔར་བསྟན་པའི་ཡོན་ཏན་དེ་རྣམས་དང་མི་ལྡན་ཞིང་། ཁྱད་པར་དུ་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་ཚིག་དོན་ལེགས་པར་མི་ཤེས་ཤིང་། ཐོས་བསམ་སྒོམ་པ་ཕྱོགས་རེ་ཙམ་གྱིས་ཁེངས་ཤིང་ང་རྒྱལ་ཆེ་བ་དང་། རང་ཉིད་རྨོངས་པས་བླ་མ་ཡང་རྨོངས་པའི་ཚིག་གིས་ཕྱིར་འབྲང་ཞིང་དེ་ལ་ཡིད་ཆེས་པ་དང་། གསང་སྔགས་ཀྱི་དོན་གབ་པ་དང་། སྦས་པ་དང་། གཅུས་པ་རྣམས་མཐའ་དྲུག་ཚུལ་བཞིའི་སྒོ་ནས་འབྱེད་པར་མི་ཤེས་པ་དང་། རང་རྒྱུད་ངན་ཞིང་རབ་ཏུ་མ་དུལ་བས་ཁེངས་ཤིང་གཞན་གྱི་ཞེ་གཅོད་པ་དང་། ལྟ་སྒོམ་སྤྱོད་པའི་དོན་ཕྱིན་ཅི་མ་ལོག་པ་ཁོང་དུ་མ་ཆུད་པས་ཚིག་རླབས་པོ་ཆེ་འགའ་ཞིག་སྒྲ་ཇི་བཞིན་པ་ཉམས་སུ་བླངས་པས། ལམ་གོལ་ཞིང་འཁྱམས་ཏེ་ལོག་པ་ལ་ཞུགས་པ་དང་། བུམ་པ་ལ་སོགས་པ་ཐུན་མོང་དང་མཐུན་པའི་དབང་དང་། འོད་གསལ་ཡེ་ཤེས་ཀྱི་དབང་ལ་སོགས་པ་ཐུན་མོང་མ་ཡིན་པ་མངོན་སུམ་རིག་པའི་རྩལ་དབང་གི་དཀྱིལ་འཁོར་རྫོགས་པར་མ་མཐོང་བ་དང་། སྐུ་གསུམ་ཐུགས་རྩ་བ་དང་ཡན་ལག་གི་སྡོམ་པ་དང་ཚིག་ལ་མི་གནས་ཤིང་འཆལ་བ་དང་། འཁོར་གྱི་ཐེ་ཚོམ་གྱི་དོན་བརྒལ་ཞིང་བརྟག་པ་ལ་སོགས་པའི་སྒོ་ནས་དྲིས་པ་ལ་དོན་དང་མཐུན་པའི་ལན་མི་ཐེབས་པ་དང་། ཐེག་པ་ཆེ་ཆུང་དང་གསང་སྔགས་ཕྱི་ནང་ལ་སོགས་པ་རང་དང་གཞན་གྱི་གྲུབ་པའི་མཐའ་རྣམས་ལ་ཐོས་པ་ཆུང་བ་དང་། ཐུན་མོང་གི་ཡོན་ཏན་དང་རིགས་དང་ནོར་ལ་སོགས་པས་མངོན་པར་རློམ་ཞིང་རང་གི་མཐོང་བས་ང་རྒྱལ་ཆེ་བ་སྟེ། ཡང་དག་པའི་སློབ་མ་ཐར་པར་འགྲོ་བ་རྣམས་ཀྱི་བར་དུ་གཅོད་པའི་བདུད་ཡིན་པས་སྤངས་དགོས་ཏེ། རིག་པ་རང་ཤར་གྱི་རྒྱུད་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་
ཁེངས་ཚིག་ལྡན། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་ད་ལ་ཞལ་མ་མཐོང་། །དམ་ཚིག་ཕྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལེན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་ཡིས། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱ་འོ། །ཞེས་གསུངས་སོ། །དེ་ལྟ་བུའི་བླ་མ་དང་འགྲོགས་ན་གནས་སྐབས་སུ་ལེགས་པ་ཐམས་ཅད་ལས་ཉམས་ཤིང་མཐར་ཐུག་འཁོར་བ་དང་ངན་སོང་དུ་ལྟུང་བ་སྟེ། ཀློང་གསལ་ལས། མཚན་ཉིད་མི་ལྡན་བླ་མས་ནི། དབང་བསྐུར་བྱས་ན་གཉིས་ཀ་འཕུང་། ཞེས་སོ། །གཉིས་པ་སློབ་མའི་མཚན་ཉིད་ལའང་གཉིས་ལས། བླང་བྱའི་སློབ་མ་ནི། དད་པ་དང་བརྩོན་འགྲུས་ཆེ་བས་གསང་སྔགས་ལ་མོས་ཤིང་སྒྲུབ་པ་ལ་བརྩོན་པ། འཛིན་ཆགས་དང་རྣམ་རྟོག་ཆུང་བས་བློ་ཆེ་ཞིང་གཏོང་བ་ལ་སྤྲོ་བ། ཤེས་རབ་དང་སྲི་ཞུ་ཆེ་བས་བླ་མ་ལ་གུས་ཤིང་སྡོམ་པ་དང་དམ་ཚིག་ལ་གནས་པ་སྟེ། རིག་པ་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས་པ་དང་། གཞན་ཡང་སློབ་དཔོན་ཆེན་པོ་པདྨས་དོན་ཁྲིད་ནོར་བུའི་སྙིང་པོ་ལས། སྣོད་བརྟག་པའི་མཚན་ཉིད་ནི་བཅུ་དགུ་དང་ལྡན་པ་སྟེ། དང་པོ་དད་པ་ཆེ་བས་ཆོས་ལ་མོས་པའོ། །བརྩོན་འགྲུས་ཆེ་བས་ཆོས་ལ་བརྩོན་པའོ། །ཤེས་རབ་ཆེ་བས་ཚིག་དོན་ཐམས་ཅད་གོ་བའོ། །འཛིན་ཆགས་མེད་པས་ཚེ་འདིའི་བྱ་བ་ལ་མི་འཇུག་བའོ། །ཕུ་དུད་ཆེ་བས་བླ་མ་ལ་ལུས་ངག་ཡིད་གསུམ་གྱི་ཞབས་ཏོག་བྱེད་པའོ། །གསང་སྔགས་ཀྱི་དོན་ལ་བློ་ངེས་པས་སྤྱོད་པའོ། །རྟོག་པ་ཆུང་བས་གསང་སྔགས་ཀྱི་སྤྱོད་པ་ལ་དངངས་སྐྲག་མི་སྐྱེ་བའོ། །གཡེང་བ་ཆུང་བས་བབས་ཀྱིས་ཆོས་ལ་གནས་པའོ། །དམ་ཚིག་གཙང་བས་ཉེས་ལྟུང་མི་
འབྱུང་བའོ། །སྒྲུབ་པ་ལ་བརྩོན་པས་དངོས་གྲུབ་མྱུར་དུ་ཐོབ་པའོ། །ཡང་དད་པ་དང་སྙིང་རྗེ་ཆེ་བས་ཆོས་ལས་མི་འགྱུར་ཞིང་འགྲོ་བ་ལ་ཕན་ཐོགས་པའོ། །གཏོང་ཕོད་ཆེ་བས་བླ་མ་དང་ཌཱ་ཀི་མཉེས་ཤིང་ཚོགས་རྫོགས་པའོ། །རྒྱུད་དུལ་བས་ཉོན་མོངས་པ་བགས་ཀྱིས་ཆུང་བའོ། །སྡིག་པ་ལ་འཛེམས་པས་རྣམ་སྨིན་གྱིས་མི་གོས་པའོ། །དབང་པོ་རྣོ་བས་ཆོས་དང་ཆོས་མིན་ཕྱེད་པའོ། །གསང་ཐུབ་པས་བཀའ་ཆད་མི་འབྱུང་བའོ། །འགྱུར་བ་མེད་པས་ཆོས་དང་མི་འབྲལ་བའོ། །སྐྱོ་ཤས་ཆེ་བས་བློ་སྣ་ཐུང་བའོ། །སྡུག་བསྲན་དང་སྙིང་རུས་ཆེ་བས་གྲུབ་རྟགས་ཐོན་པའོ། །དེ་ནི་གསང་སྔགས་ཀྱི་སྣོད་དམ་པ་ཡིན་པས། དེ་ལྟ་བུ་ལ་གདམས་པ་བསྟན་ནོ་ཞེས་གསུངས་སོ། ཁྱད་པར་དུ་དད་པ་དང་སྙིང་རྗེ་ཆེ་བ། བློ་བརྟན་ཞིང་སྒྲུབ་པ་ལ་བརྩོན་པ། ཤེས་རབ་དང་དག་སྣང་ཆེ་བ། ཉོན་མོངས་པ་དང་ལོག་རྟོག་ཆུང་བ། ཁོང་ཡངས་ཤིང་གཞུང་བཟང་བ། གསང་ཐུབ་ཅིང་ངང་ཚུལ་བཟང་བ། ཟོལ་ཟོག་མེད་ཅིང་སྙིང་རུས་ཆེ་བ། འཇིག་རྟེན་ལ་ཞེན་པ་ལོག་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པ། བླ་མ་ལ་གུས་པས་བཀའ་བཞིན་དུ་བསྒྲུབ་པ་སྟེ། འདི་ཉིད་ཀྱི་སྣོད་དང་སྤེལ་བའི་དུས་བརྟག་པ་ལས། ཡང་གསང་མཐར་ཐུག་འཕྲད་ཆོག་སྙིང་ཏིག་འདི། །སྦྱིན་ཅིང་སྤེལ་བའི་གནང་བ་སྦྱིན་པ་ནི། །དད་ལྡན་ཤེས་རབ་སྙིང་རྗེ་གཏོང་ཕོད་ཅན། །བློ་བརྟན་སྒྲུབ་བརྩོན་དམ་ཚིག་གཞུང་བཟང་ལ། ཁོང་ཡངས་གསང་ཐུབ་ངང་ཚུལ་རིག་པ་རྣོ། །ཟོག་མེད་དག་སྣང་ཆེ་ཞིང་བླ་མར་གུས། །ལོག་རྟོག་ཆུང་ལ་སྙིང་རུས་བརྩོན་འགྲུས་ཆེ། །བླ་མའི་བཀའ་སྒྲུབ་ཞེན་ལོག་བྱང་སེམས་ལྡན། །དེ་འདྲའི་སློབ་མ་བྱུང་ན་ཆོས་བཀའ་གཏད། །ཅེས་གསུངས་སོ། །དེའི་ནང་ནས་ཡོངས་སུ་རྫོགས་པར་སྦྱིན་པའི་སྣོད་ནི། དབང་ཁྲིད་གདམས་པ་དང་བཅས་པ་ཅི་རིགས་སུ་བསྟན་ནས། ལོ་གཅིག་གི་བར་དུ་ངང་ཚུལ་དང་བསྒྲུབ་བློ་དང་། བརྩོན་འགྲུས་དང་
དད་གུས་ལ་སོགས་པ་ཕྱོགས་དུ་མ་ལ་བརྟགས་ཏེ་གདམས་པའི་སྣོད་དུ་མཐོང་ནས་རྫོགས་པར་སྦྱིན་པ་ནི། དེ་ཉིད་ལས། ཁྱད་པར་སྙིང་ཏིག་རྫོགས་པར་སྦྱིན་པའི་བུ། །རྣམ་ཐར་གོང་མ་རྫོགས་ནས་ལོ་དུས་བརྟག །ཅེས་སོ། །ཇི་ལྟར་སྦྱིན་ན། དབང་ཁྲིད་གདམས་པ་དང་བཅས་པ་རྣམས་ཞག་དང་ལོ་དང་ཟླ་བ་ལ་སོགས་པས་བར་དུ་བཅད་དེ། ཉམས་ལེན་ཆ་ཚང་བ་ཙམ་བྱེད་དུ་འཇུག་ཅིང་ཡེ་ཤེས་འོད་གསལ་གྱི་སྣང་བ་ལ་ཡིད་ཆེས་ཤིང་། ཉམས་ལེན་གྱི་དམ་བཅའ་བཀའ་སྲུང་གི་མདུན་དུ་ཁས་ལེན་ནུས་ན་སྦྱིན་དགོས་ཏེ། ཡང་དེ་ཉིད་ལས། དེ་ཡང་དུས་གཅིག་མ་ཡིན་རིམ་པས་སོ། །དབང་ཁྲིད་རྫོགས་ནས་ལོ་དང་ཟླ་རེས་བར། །དུས་གཅིག་མི་སྦྱིན་རིམ་པ་བཞིན་དུ་བསྟན། །ཐིག་ལེ་ཉིད་ལ་སློབ་བུས་འཕྲིགས་ཚུད་ནས། །ཉམས་ལེན་མནའ་རྒྱ་ནུས་ན་རྫོགས་པར་སྦྱིན། །ཞེས་སོ། །དེ་ལྟ་བུའི་སློབ་མ་དམ་པ་ལ་གདམས་པ་བྱིན་པས་གནས་སྐབས་སུ་སྒྲུབ་པ་ལ་བརྩོན་ཞིང་གདམས་པའི་བཀའ་མི་འཆད་པས་འཇིག་རྟེན་ཡུན་རིང་དུ་གནས་ཤིང་། མཐར་ཐུག་འགྲོ་བ་མཐའ་དག་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འདྲེན་པ་སྟེ། ཀློང་གསལ་ལས། གསང་སྔགས་སྙིང་པོའི་སྣོད་དུ་རུང་། འགྲོ་བ་འདྲེན་པའི་བུ་ཆེན་མཆོག །ཅེས་སོ། དེ་ལྟ་བུའི་སློབ་མ་མཆོག་ལ་མ་བྱིན་ན་དགོངས་གཏེར་ཟབ་མོ་དོན་མེད་པར་འགྱུར་ཞིང་། དཔེ་བརྒྱུད་དང་བཀའ་བརྒྱུད་ནུབ་པས་བླ་མ་ཡི་དམ་མཁའ་འགྲོ་རྣམས་མི་མཉེས་ལ། འགྲོ་དོན་སྤངས་པའི་ལྟུང་བས་ཐེག་པ་དམན་པར་ལྡང་བ་ལ་སོགས་པའི་ཉེས་པ་འབྱུང་སྟེ། སྔ་མ་དེ་ཉིད་ལས། འདི་ཉིད་སྦྱིན་པའི་གནས་ལ་མ་བསྟན་ན། །ཟབ་མོའི་ཆོས་གཏེར་ནུབ་པར་གྱུར་ཏ་རེ། །དུས་ལ་བབས་ཚེ་རང་གིས་མ་བསྟན་ན། །འགྲོ་དོན་རྒྱུན་ཆད་ལྟུང་བ་ཕོག་ཏ་རེ། །ཞེས་གསུངས་སོ། །གཉིས་པ་དོར་བྱའི་སློབ་མ་ནི། ཕན་པའི་དྲིན་མི་གཟོ་ཞིང་ཤེས་རིག་ཆུང་བ། གསལ་ངེས་དང་ཁ་གསག་ཆེ་བ། མདུན་དུ་བསྟོད་ཅིང་ལྐོག་ཏུ་གཤེ་བ། ཁ་མཁས་ཤིང་ལག་དམ་པ། བཟང་
ཆུང་ཞིག་གཡོ་སྒྱུ་ཆེ་བ། བླ་མའི་བཀའ་གཅོག་ཅིང་བསྒོ་བ་ལ་མི་ཉན་པ། ཡོན་ཏན་མི་མཐོང་ཞིང་སྐྱོན་ལ་རྟོགས་པ་ཇི་ཙམ་ཕན་པའི་ལན་དུ་གནོད་པ་འབའ་ཞིག་སྐྱེལ་བ། དབྱེན་གཅུགས་དང་ཕྲ་མ་ལ་དགའ་བ། རང་བསྟོད་དང་བྱས་ཡུས་རྩོད་པ། རིགས་རྒྱུད་དང་སྤྱོད་པ་ངན་པ། ཁོང་ཁྲོ་དང་ཀོ་ལོང་དམ་པ། སྡོམ་པ་དང་དམ་ཚིག་ལ་མི་གནས་པ། སྒྲུབ་པ་དང་ཉམས་ལེན་འཆལ་བ། མཐོང་ན་སྐྱུག་ལོག་ཅིང་འགྲོགས་ན་ཞེ་སུན་པ་སྟེ། ངེས་པར་སྤངས་ཤིང་གདམས་པ་མི་སྦྱིན་པ་ཉིད་དེ། ཀློང་གསལ་ལས། སྣོད་དང་མི་ལྡན་སློབ་མ་ནི། ཤེས་ཆུང་ཁ་གསགས་གདོང་ལྟས་ཆེ། ཁ་མཁས་ལག་དམ་གཡོ་སྒྱུ་ཆེ། བླ་མའི་གསུང་གཅོག་དྲིན་ལ་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོགས། །རིགས་བརྒྱུད་ངང་རྒྱུད་ངན་པ་དང་། བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །སྡོམ་དང་དམ་ཚིག་ཉམས་ལེན་འཆལ། །སློབ་མ་མ་བརྟག་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དབང་དང་ནི། དོན་དམ་གདམས་པ་བསྟན་མི་བྱ། །ཞེས་སོ། ཁྱད་པར་སྙིང་ཏིག་སྦྱིན་པར་མི་འོས་པའི་སྣོད་ནི་སྐྱོན་དེ་རྣམས་ཀྱི་སྟེང་དུ་ཟབ་མོའི་དོན་ཉམས་སུ་མི་ལེན་ཅིང་དཔེ་གསོག་པ་ལ་དགའ་བ། འདོད་སྲེད་ཆེ་ཞིང་ཚེ་འདི་འབའ་ཞིག་དོན་དུ་གཉེར་བ་ལ་གདམས་པ་མི་སྦྱིན། སྦྱིན་ཡང་གདམས་གཞུག་ཟབ་ཟབ་དང་ངོ་སྤྲོད་ཆིག་བརྒྱུད་མ་གཏད་རྒྱའི་སྐོར་ལ་སོགས་པ་གསང་ཞིང་མིང་ཙམ་ཡང་མི་བརྗོད་དེ། སྣོད་དང་དུས་བརྟག་པ་ལས། ཉམས་སུ་མི་ལེན་དཔེ་གསོག་འདོད་སྲེད་ཅན། ཚེ་འདིའི་ཞེན་པ་ཅན་ལ་གདམས་གཞུག་སྦ། །ཞེས་སོ། །དེ་ལྟར་སྣོད་མ་ཡིན་པ་ལ་བསྟན་པས་གནས་སྐབས་སུ་གང་ཟག་དེ་ལ་ཕན་མི་ཐོགས་ཀྱི་སྟེང་དུ་ཁ་ལྟ་ཡུག་པོར་སོང་ནས་མི་དགེ་བའི་རྩ་བ་བྱེད་ཅིང་གདམས་པ་འཆལ་ཏེ་བྱིན་རླབས་ཆུང་དུ་འགྲོ་ཞིང་། མཐར་ཐུག་དམྱལ་བར་འགྲོ་སྟེ། ཀློང་གསལ་ལས། ཡང་གསང་བཅུད་ཀྱི་བདུད་རྩི་ནི། སྣོད་ངན་རྣམས་སུ་བླུགས་གྱུར་ན། །སྣོད་འཆག་བཅུད་འབོ་
དམྱལ་བར་འགྲོ། །ཞེས་སོ། ཁྱད་པར་ཡང་སྙིང་ཏིག་གི་བདུད་རྩི་འདི་སྣོད་མིན་ལ་བསྟན་ན་དཔོན་སློབ་གཉིས་ཀ་ལ་དངོས་གྲུབ་མེད་ཅིང་སྒྲོ་སྐུར་དུ་གྱུར་ནས་མཁའ་འགྲོའི་བཀའ་ཆད་དྲག་པོས་མི་རུང་བ་སྣ་ཚོགས་སུ་འབྱུང་སྟེ། སློབ་དཔོན་གྱི་ཞལ་ནས། གལ་ཏེ་མཚན་ཉིད་མི་ལྡན་ལ་བསྟན་ན། དམ་ཅན་ཌཱ་ཀིའི་བཀའ་ཆད་འབྱུང་ཏ་རེ། དངོས་གྲུབ་མེད་ཅིང་སྒྲོ་སྐུར་འབྱུང་བར་འགྱུར། ཞེས་གསུངས་སོ། །གསུམ་པ་ཇི་ལྟར་བསྟན་པའི་མཚན་ཉིད་ནི། བླ་མ་མཚན་ཉིད་དང་ལྡན་པའི་སློབ་མ་དེ་བུ་གཅིག་པ་ལ་ཕ་མས་བརྩེ་བ་ལྟར་བྱམས་ཤིང་། ཡིད་དུ་འོང་བས་ཆོས་དང་ཟང་ཟིང་གི་སྒོ་ནས་ཀྱང་བསྲི་ཕངས་མེད་པས་ཚེ་འདི་ཕྱི་ཐམས་ཅད་དུ་བསྐྱང་ཞིང་། སློབ་མས་བླ་མ་མཚན་ཉིད་དང་ལྡན་པ་ཇི་ལྟར་བསྟེན་པ་ལ་ཟང་ཟིང་དང་། ལུས་ངག་དང་། སྒྲུབ་པས་མཉེས་པར་བྱ་བ་གསུམ་ལས། དང་པོ་ནི་བླ་མ་ཉིད་བཞེད་པ་མེད་ཀྱང་འབྲུ་དང་སྨན་དང་རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་འབུལ་ཞིང་། བཟའ་བ་དང་བཏུང་བ་ཡིད་དུ་འོང་བའི་ཕུད་ཀྱིས་མཆོད་པ་དང་། བཞེད་ན་རང་གི་བུ་དང་བུ་མོ་དང་བྲན་དང་ཆུང་མ། གཞན་གྱི་བུ་དང་བུ་མོ་ལ་སོགས་པ་བསླུས་ལ་དབུལ་ཞིང་ནོར་རྫས་ཀྱི་རྣམ་པ་གང་ལ་མཉེས་པས་བཀུར་སྟི་བྱ་སྟེ། ཀློོང་གསལ་ལས། རིན་ཆེན་བུ་དང་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་སོ། །ཡོན་ཏན་ནི་བདུད་རྩི་རྒྱ་མཚོ་འབྱུང་བའི་རྒྱུད་ལས། ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་རིན་ཆེན་སྤྲས་པ་ཡིས། །སྟོང་གསུམ་གང་བ་ཕུལ་གྱུར་བས། །བླ་མའི་བ་སྤུ་ཉག་རེ་ལ། །མར་གྱི་ཐིགས་པ་གཅིག་བྱུགས་པས། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །ཅེས་སོ། །གཉིས་པ་ལ་གསུམ་ལས་ལུས་ཀྱིས་མཉེས་པར་བྱ་བ་ནི། བླ་མའི་བྱ་བ་ལ་ལུས་ཀྱིས་བསྲི་ཕངས་མེད་པར་སྒྲུབ་པ་དང་། ཕྱག་དང་བསྐོར་བ་དང་བཞེངས་པ་ན་ལྡང་བ་ལ་སོགས་པ་དང་། བླ་མ་ལ་རྒོལ་བ་བྱུང་ན་ཕྱིར་རྒོལ་བ་ཚར་གཅོད་ནུས་པ་ལ་སོགས་པ་སྟེ།
དཔལ་བདུད་རྩི་འབྱུང་བའི་རྒྱུད་ལས། གལ་ཏེ་བླ་མ་ལ་གནོད་པའི། །མ་རུངས་སེམས་ཀྱིས་རྩོམ་པ་ལ། །བདག་ཉིད་ཀྱིས་ནི་བསད་བྱས་ན། །སེམས་ཅན་འབུམ་གྱི་སྲོག་བཏོན་པས། །བསོད་ནམས་འདི་ཡི་ཆར་མི་ཕོད། །བླ་མའི་བྱ་བ་རྫོགས་བྱས་ན། །འདི་ཡང་དེ་དང་མཉམ་པ་འོ། །ཞེས་སོ། །ངག་གིས་མཉེས་པར་བྱ་བ་ནི། བླ་མའི་གསུང་སྒྲོས་བཟུང་ནས་གཞན་ལ་སྟོན་པ་དང་། ཡོན་ཏན་བརྗོད་པ་དང་། ཞེ་ས་དང་སྙན་པར་སྨྲ་བ་ལ་སོགས་པས་ཐུགས་དང་མཐུན་པར་བྱེད་པ་སྟེ། ཡོན་ཏན་ནི་འཁོར་ལོ་ཆུབ་པ་རོལ་པའི་རྒྱུད་ལས། ཤེས་རབ་མཆོག་གིས་བླ་མ་ལ། ངག་གིས་མཉེས་པར་བྱས་པ་ནི། །སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས། །བསྐལ་པ་བརྒྱ་ཕྲག་མང་པོར་ཡང་། །སུ་ཡིས་བཀླགས་ཤིང་བརྗོད་པ་བས། །བསོད་ནམས་འབུམ་ཕྲག་བསམ་ཡས་སོ། །ཞེས་སོ། །ཡིད་ཀྱིས་མཉེས་པར་བྱ་བ་ལ་གཉིས་ལས་དད་པ་དང་གུས་པས་མཉེས་པར་བྱ་བ་ནི། དུས་རྟག་ཏུ་བླ་མའི་ཡོན་ཏན་དྲན་པས་མོས་གུས་ཀྱིས་གདུང་བ་ཆེན་པོ་བྱ་བ་སྟེ། ཡོན་ཏན་ནི། དེ་ཉིད་ལས། ཡོན་ཏན་ནང་ན་དད་པ་མཆོག ། སྟོང་གསུམ་གང་བའི་སངས་རྒྱས་ལ། །མཆོད་པས་སྟོང་གསུམ་མཆོད་པ་བས། །འདི་ཡིས་མཉེས་པའི་ཆར་མི་ཕོད། །ཅེས་སོ། །གཉིས་པ་ཏིང་ངེ་འཛིན་གྱིས་མཉེས་པར་བྱ་བ་ནི། བླ་མའི་རྣལ་འབྱོར་བསྒོམ་པ་སྟེ། ཕྱི་བླ་མ་སྤྲུལ་པའི་སྐུ། ནང་བླ་མ་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུ། གསང་བ་བླ་མ་ཞི་བ་ཆོས་ཀྱི་དབྱིངས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ལ་སོགས་པ། སོ་སོའི་སྒྲུབ་ཐབས་ནས་འབྱུང་བ་ལྟར་རམ། ཡང་ན་རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་སྤྱི་བོར་སྣ་ཚོགས་པདྨའི་སྟེང་དུ་ཉི་ཟླ་ཁ་སྦྱོར་གྱི་བར་ནས་ཨ་དཀར་པོ་ལས་འོད་འཕྲོས་པས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་ཞིང་དུ་གསལ་གདབ། བླ་མ་སྐུ་གསུམ་བདེ་བ་ཆེན་
པོའི་རང་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དཔའ་མོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ཏེ། སྤྱི་བོར་པད་ཟླ་ལ་བཞུགས་པ་ལ། ཡིད་ཀྱིས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། འཁོར་བ་མ་སྟོངས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། རང་ཉིད་རྟོགས་པ་དང་ཏིང་ངེ་འཛིན་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་གང་འདོད་པའི་དོན་ལ་གསོལ་བ་གདབ་པས། བླ་མ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་པས། སྒོ་གསུམ་གྱི་སྒྲིབ་པ་སྦྱངས། ཉམས་ཆག་བསྐངས། གང་འདོད་པའི་དངོས་གྲུབ་ཐོབ་པར་བསམས་པའི་མཐར་བླ་མའི་ཞབས་ཀྱི་མཐེ་བོང་ལས་བྱང་ཆུབ་སེམས་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་བབས་པས། རང་གི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ལྔར་ལྷུད་ཀྱིས་གང་བས་དུག་ལྔ་དག །སྐུ་ལྔ་ཐོབ། ཡེ་ཤེས་ལྔའི་རང་བཞིན་གྱི་དངོས་གྲུབ་ཐོབ་ནས། བླ་མ་དེ་དག་འོད་དུ་ཞུ་སྟེ་བདག་ལ་ཐིམ། བདག་ཀྱང་འོད་དུ་ཞུ་ནས་གང་གི་ངོ་བོར་ཡང་མ་གྲུབ་པ་རང་བཞིན་རྫོགས་པ་ཆེན་པོའི་ངང་ལ་མཉམ་པར་གཞག །རྗེས་དགེ་བ་སེམས་ཅན་གྱི་དོན་དུ་བསྔོའོ། །དེ་ལྟར་ཉིན་མཚན་ཐུན་བཞིའི་རྣལ་འབྱོར་ལ་སོགས་པ་ལ་བསྒོམས་པའི་ཡོན་ཏན་ནི། གནས་སྐབས་སུ་ཀུན་གྱི་ཡིད་དུ་འོང་བ་དང་། ཇི་ལྟར་བསམ་པ་ཐམས་ཅད་འགྲུབ་པ་དང་། ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་རྒྱུན་དུ་སྐྱེ་བ་དང་། ཏིང་འཛིན་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང་། བླ་མ་མཉེས་ཤིང་གསང་མཛོད་དམ་པ་གསུང་བ་དང་། ལྟ་སྒོམ་སྤྱོད་པའི་བོགས་ཐོན་ཞིང་མཁའ་འགྲོ་སྤྲིན་བཞིན་འདུ་བ་དང་། འཁོར་དང་ལོངས་སྤྱོད་ཆེ་ཞིང་སྙན་པའི་གྲགས་པ་འབྱུང་ལ།
མཐར་ཐུག་རྫོགས་པའི་སངས་རྒྱས་འགྲུབ་པ་སྟེ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། བསྟན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ལས། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །ཅེས་སོ། །དེ་ལས་བསོད་ནམས་རླབས་པོ་ཆེ་ཐོབ་པ་ནི། བཀོད་པ་ཆེན་པོ་ལས། གང་གི་ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མའི་སྐུ་ལ་དམིགས་པ་མ་ལོག་ན། །བསོད་ནམས་བརྒྱ་ཕྲག་སྟོང་གི་ཆར་མི་འགྲོ། །བསྙེན་སྒྲུབ་བཟླས་བརྗོད་ས་ཡ་དུང་ཕྱུར་བས། །བླ་མའི་གསོལ་ཚིག་ལན་གསུམ་བརྗོད་པ་ནི། །ནུས་པ་འབུམ་ཕྲག་ཆར་ཡང་མི་ཕོད་དོ། །རྫོགས་པའི་རིམ་པ་བསྐལ་བའི་བར་དུ་ཡང་། །གང་གིས་འདུ་འཛི་སྤངས་ནས་བསྒོམས་པ་བས། བླ་མ་རང་སེམས་དཀྱིལ་དུ་ཤར་བ་ཙམ། །བསོད་ནམས་སྟོང་ཕྲག་ཉི་ཤུས་ཆར་མི་ཕོད། །བླ་མ་སྒོམ་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཅིག་ཆར་འགྲུབ་པ་ངེས། །ཞེས་སོ། །གསུམ་པ་སྒྲུབ་པས་མཉེས་པར་བྱ་བ་ནི། བླ་མས་གསུངས་པའི་གདམས་པ་རྣམས་བསྐྱེད་རྫོགས་ཟུང་འཇུག་ལ་སོགས་པའི་སྒོ་ནས་ཉམས་སུ་ལེན་ཞིང་གཞན་ཡང་དེ་ལ་འགོད་པ་དང་། ཁྱད་པར་དུ་ཚེ་འདི་བློས་བཏང་འཁྲི་བ་བཙན་ཐབས་སུ་བཅད། རི་དྭགས་སྨས་མ་ལྟར་གཅིག་པུར་དབེན་པའི་གནས་སུ་སོང་སྟེ་མངོན་སུམ་སྙིང་ཏིག་གི་དོན་ལ་ཉིན་མཚན་དུ་བརྩོན་པ་སྟེ། ཡོན་ཏན་ནི་ཆུབ་པ་རོལ་པའི་རྒྱུད་ལས། བསྐྱེད་རིམ་བསྐལ་པ་གསུམ་བསྒོམས་པས། །བསྒྲུབས་པས་བླ་མ་མཉེས་པ་ནི། །བསོད་ནམས་སྐད་ཅིག་ཁྱད་པར་འཕགས། །ཞེས་སོ། །མདོར་ན་ལུས་ལོངས་སྤྱོད་སྒྲུབ་པ་ལ་སོགས་པ་གང་གི་སྒོ་ནས་ཀྱང་བླ་མ་མཉེས་པར་བྱའོ། །དེས་ནི་དངོས་གྲུབ་ཐམས་ཅད་འགྲུབ་ཅིང་ཉམས་ཆག་བསྐངས་ལ་མཚམས་མེད་པ་ལྔ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་བརླབས་པོ་ཆེ་ཐམས་ཅད་ཟད་པར་འབྱུང་ཏེ། དམ་ཚིག་མཆོག་གི་རྒྱུད་ལས། དངོས་གྲུབ་འདོད་པའི་དད་པ་ཅན། །དངོས་གྲུབ་
བླ་མ་མཉེས་ལས་འབྱུང་། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཉེས་པ་ཐམས་ཅད་ཟད་པར་འགྱུར། །ཞེས་སོ། །དེས་ན་ཀུན་གྱི་ཐོག་མར་བླ་མ་མཆོད་ཅིང་བཀུར་བར་བྱའོ། །དེས་ནི་བསོད་ནམས་ཀྱི་ཚོགས་ཐམས་ཅད་རྫོགས་པ་དང་། དཀའ་ཐུབ་དང་བརྟུལ་ཞུགས་ཆེན་པོ་ཐམས་ཅད་བརྟན་པར་འགྱུར་བ་དང་། དཀྱིལ་འཁོར་དང་ཉེ་བའི་དཀྱིལ་འཁོར་ཐམས་ཅད་མཆོད་པ་དང་། རྡོ་རྗེ་སེམས་དཔའ་མཉེས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མྱུར་དུ་ཐོབ་པར་བྱེད་པ་སྟེ། དཔལ་སྡོམ་པ་འབྱུང་བའི་རྒྱུད་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ལ། །བླ་མའི་མཆོད་པ་ཡང་དག་བརྩམས། །དེ་མཉེས་པ་ལ་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། །བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ནི། །དེ་ཡིས་བསོད་ནམས་མ་བསགས་ཤིང་། །དཀའ་ཐུབ་མ་བརྟེན་ཅི་ཞིག་ཡོད། །ཅེས་སོ། །ཞར་ལ་བླ་མ་མ་མཉེས་པའི་སྐྱོན་དང་། ཉེས་པ་བཤགས་པའི་ཚད་བསྟན་པ་གཉིས་ལས། །དང་པོ་ནི་བླ་མ་ལ་སྒོ་གསུམ་གྱིས་རྨི་ལམ་ཙམ་དུ་མོས་པ་ལོག་ཅིང་བརྙས་ན་ཡང་ཉེས་པ་བསམ་གྱིས་མི་ཁྱབ་སྟེ། དམ་ཚིག་བཀོད་པའི་རྒྱུད་ལས། རྨི་ལམ་དུས་ན་ལུས་ངག་ཡིད། །གལ་ཏེ་རྡོ་རྗེ་སློབ་དཔོན་ལ། །ཉེས་པ་ཕྲ་མོ་ཙམ་བྱས་ན། ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས། །རྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །དེ་ནས་སེམས་ཅན་དམྱལ་བ་ཡི། །ཚ་གྲང་གཉིས་ཀའི་སྡུག་བསྔལ་ཉིད། །ཉམས་སུ་མྱོང་བ་ཁོ་ན་འོ། །ཞེས་པ་དང་། རྡོ་རྗེ་ཕུར་པའི་རྒྱུད་ལས། །སློ་དཔོན་ལས་ནི་དངོས་གྲུབ་ཐོབ། །གལ་ཏེ་དེ་ལ་བརྙེས་བྱེད་ན། །དམྱལ་བའི་སྡུག་བསྔལ་རབ་ཏུ་འཐོབ། །གལ་ཏེ་དེ་ལས་ཐར་ན་ཡང་། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ། །དམ་ཆོས་མིང་ཡང་མི་ཐོས་སོ། །ཞེས་པ་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། བླ་མ་ལ་ནི་སྨོད་པ་དང་། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལ། །
ཆུ་དེ་སྐྲ་ཡིས་གཏོར་ནུས་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང་། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཞེས་པ་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་ལ་ནི་གང་སྨོད་པ། །ཚེ་འདི་ཉིད་ལ་སྡུག་བསྔལ་འབྱུང་། །རིམས་དང་དུག་དང་འབྱིག་དུག་དང་། །ཌཱ་ཀི་རྣམས་ཀྱིས་གཙེས་པ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །ཞེས་སོ། །ཉེས་པ་བཤགས་པའི་ཚད་ནི་མོས་པ་ལོག་པ་དང་། བརྙས་པའི་གྲངས་བདུན་ནམ་བཅུ་ཙམ་བཤགས་པས་འདག་ཅིང་ལོ་གྲངས་ལས་འདས་ན་མི་འདག་སྟེ། དམ་ཚིག་བཀོད་པའི་རྒྱུད་ལས། གལ་ཏེ་བླ་མ་བརྙས་པའི་མིས། །ལན་གྲངས་བདུན་ནམ་བཅུ་དག་ལ། །འགྱོད་པ་བྱས་ཏེ་བཤགས་པས་འབྱང་། །རང་ལོ་འདས་ནས་བཤགས་པའི་ཡུལ། །རྡོ་རྗེ་སེམས་དཔའ་མ་གནང་ངོ་། །ཞེས་གསུངས་པས། དུས་ཐམས་ཅད་དུ་བླ་མའི་འཁྲུལ་པ་མི་རྟོག་ཅིང་ཡོན་ཏན་དྲན་པར་བྱས་ལ། སྒོ་གསུམ་གཡོ་སྒྱུ་དང་ཟོག་ཁྲམ་མེད་པས། ནད་པས་སྨན་པ་བསྟེན་པའམ། གྲུ་པས་མཉེན་པ་བསྟེན་པའམ། ཚོང་པས་དེད་དཔོན་བསྟེན་པའམ་འགྲོན་པོས་སྐྱེལ་མ་བསྟན་པ་ལྟར་ཉོན་མོངས་པ་ཞི་བར་བྱ་བ་དང་། སྡུག་བསྔལ་གྱི་ཆུ་བོ་ལས་བརྒལ་བར་བྱ་བ་དང་། འདོད་པའི་འབྲས་བུ་འགྲུབ་པར་བྱ་བ་དང་། འཁོར་བའི་འཇིགས་པ་གྲོལ་བར་བྱ་བའི་ཕྱིར་རྟག་པར་གུས་པས་རྒྱུན་མི་ཆད་པར་བླ་མ་དམ་པ་བསྟེན་པར་བྱའོ། །བཞི་པ་གྲོགས་ཀྱི་མཚན་ཉིད་ཀྱང་དམ་ཚིག་གཙང་ཞིང་དག་སྣང་ཆེ་བ། དུག་ལྔ་ཆུང་ཞིང་ཤེས་རབ་ཆེ་བ། རང་བཞིན་ལྷོད་ཅིང་བློ་ཡངས་པ། ངང་རྒྱུད་རིང་ཞིང་སྙིང་ཉེ་བ་སྟེ། ཀློང་གསལ་ལས། དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔའི་ཤུགས་ཆུང་བློ་ལྡན་ཁོང་ཡངས་ཆེ། །ངང་རྒྱུད་རིང་ཞིང་བརྩེ་བའི་
གྲོགས་དང་འགྲོགས། །ཞེས་སོ། །དེ་དང་འགྲོགས་པའི་ཡོན་ཏན་ནི། གནས་སྐབས་སུ་སྒོ་གསུམ་སྒྲུབ་པ་ལ་བརྩོན་པས་ཆོས་དང་ལྡན་ཞིང་། །མཐར་ཐུག་བྱང་ཆུབ་འགྲུབ་པ་སྟེ། དེ་ཉིད་ལས། གྲོགས་མཆོག་དམ་པས་ཆོས་ལྡན་བྱང་ཆུབ་འཐོབ། །ཅེས་སོ། །དེ་ལས་ལྡོག་པའི་གྲོགས་དང་འགྲོགས་པའི་སྐྱོན་ནི། ཡང་དེ་ཉིད་ལས། བདེ་བའི་གྲོགས་སྤངས་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་སོ། །དེ་བས་ན་གྲོགས་དམ་པ་སྡོམ་པ་དང་དམ་ཚིག་ལ་གནས་ཤིང་། ལྟ་སྒོམ་དང་སྤྱོད་པ་མཐུན་པ། དཀའ་ཐུབ་དང་དཀའ་སྤྱད་བཟོད་ཅིང་། རྟག་ཏུ་དབེན་པ་ལ་དགའ་བ། སྙིང་རུས་དང་སྡུག་བསྲན་ཆེ་ཞིང་སྐྱོ་ཤས་དང་བློ་སྣ་ཐུང་བ། དག་སྣང་དང་མོས་གུས་ཆེ་ཞིང་ཉོན་མོངས་དང་རྣམ་རྟོག་ཆུང་བ། ཤེས་རབ་དང་སྙིང་རྗེ་ཆེ་ཞིང་སྒོ་གསུམ་རང་རྒྱུད་དུལ་བ། ཕན་འདོགས་དང་བརྩེ་གདུང་ཆེ་ཞིང་རྟག་ཏུ་ཕྱི་ཐག་རིང་བ། མི་གཞི་དང་ངང་རྒྱུད་རིང་ཞིང་རང་བཞིན་གྱིས་ལྷོད་ཆགས་པ། ཅི་བྱེད་ཆོས་དང་མཐུན་པའི་སྐྱེས་བུ་དམ་པ་དང་རྟག་ཏུ་འགྲོགས་ཤིང་སྐད་ཅིག་ཀྱང་མི་འབྲལ་བར་བྱའོ། །ལྔ་པ་ཡོ་བྱད་ཀྱི་མཚན་ཉིད་ནི། གློང་གསལ་ལས། གསང་སྔགས་ཐབས་ཀྱི་ལམ་ཡིན་ཕྱིར། རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསག །ཅེས་པས། འཚོ་བའི་ཡོ་བྱད་ཟས་གོས་མཐའ་གཉིས་སུ་མ་ལྷུང་བ་དང་། བརྟེན་བའི་ཡོ་བྱད་གསང་སྔགས་ཀྱི་དམ་རྫས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་དང་། མཚོན་པའི་ཡོ་བྱད་རྡོ་རྗེ་དྲིལ་བུ་ཐོད་རྔ་ལ་སོགས་པ་དང་། མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་ཟབ་མོ་ལ་སོགས་པ་དང་། མཉེས་པའི་ཡོ་བྱད་དབང་ཡོན་གཏོར་ཚོགས་ལ་སོགས་པ་དང་། མཆོག་གི་ཡོ་བྱད་ཐོས་བསམ་སྒོམ་པའི་རྟོགས་པ་དང་། དེ་དང་མཐུན་པའི་དཔེ་ཆ་ལ་སོགས་པ་སྟེ། མདོར་ན་བྱང་ཆུབ་བསྒྲུབ་པ་ལ་ཉེ་བར་མཁོ་བའི་མཐུན་རྐྱེན་རྣམས་ཚང་བར་བྱ་སྟེ། དེ་ཉིད་ལས། ཕྱག་རྟེན་མེ་ཏོག་དབང་ཡོན་གཏོར་ཚོགས་རྒྱུ། །ཉམས་
ལེན་དུས་སུ་ཁམས་ཀྱི་རྟེན་སོ་བཙལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །ཞེས་སོ། དེའི་ཡོན་ཏན་ནི་སྔ་མ་ལས། ཡོན་ཏན་ཀུན་ལྡན་ཆོས་ཀྱི་དངོས་གྲུབ་འབྱུང་། །ཞེས་སོ། །མ་ཚང་བའི་སྐྱོན་ནི་སྔ་མ་ལས། རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར། ཞེས་སོ། །དྲུག་པ་གནས་ཀྱི་མཚན་ཉིད་ནི། སྤྱིར་ཆོས་སྒྲུབ་པའི་གནས་དབེན་ཞིང་ཡིད་དང་མཐུན་པ། ཆོམ་རྐུན་ལ་སོགས་པའི་འཚེ་བ་མེད་པ། མཐུན་རྐྱེན་སྒྲུབ་པར་སླ་ཞིང་རྣམ་གཡེང་ཤས་ཆུང་བ། ཡུལ་ཕྱོགས་རང་བཞིན་དགེ་ཞིང་ས་དགྲ་དང་ལམ་དགྲ་མེད་པ། གྲུབ་ཐོབ་གོང་མ་རྣམས་ཀྱི་ཞབས་ཀྱིས་བཅགས་ཤིང་གྲུབ་པ་བརྙེས་པའི་བཞུགས་གནས་གངས་རིའམ། མཚོ་གླིང་ངམ། རི་སུལ་ལམ། ནགས་ཁྲོད་དམ། ལུང་སྟོང་ངམ། བྲག་རྫོང་ལ་སོགས་པ་བཟང་ཞིང་། ཁྱད་པར་ཡང་། གསང་བ་སྙིང་ཐིག་ཉམས་སུ་ལེན་པའི་གནས་ནི་རང་བཞིན་གྱིས་རིག་པ་དྭངས་ཤིང་ས་ཕྱོགས་མཐོ་བ། ཤར་གྱི་མདངས་འཕྲོག་ཅིང་། ནུབ་ཀྱི་ཟེར་སྡུད་པ། ཉི་ཚེ་རིང་ཞིང་སྔ་མོར་འཆར་བ། ཆུ་འཇམ་ཞིང་སྡོད་བདེ་བ། འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བའི་ལུང་སྟོང་ངམ། གངས་རིའམ། རི་རྩེའམ། དུར་ཁྲོད་དམ། བྲག་རྫོང་ལ་སོགས་པ་བཟང་སྟེ། ཀློང་གསལ་ལས། ལུང་སྟོང་གངས་ཁྲོད་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་པ་དངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུ་ཉམས་ལེན་བྱེད་པའི་གནས། །ཞེས་སོ། །དེའང་ལུང་སྟོང་ནི་དགེ་སྦྱོར་རང་བཞིན་གྱིས་འཕེལ་བའོ། །གངས་ཁྲོད་ནི་རིག་པ་དྭངས་བའོ། །རི་རྩེ་ནི་རིག་པ་གསལ་བའོ། །དུར་ཁྲོད་ནི་སྐྱོ་ཤས་སྐྱེ་བའོ། །ཤིན་ཏུ་དབེན་པ་ནི་ཉམས་འཕེལ་བའོ། །དྭངས་ཤིང་མཐོ་བ་ནི་དབྱིངས་རིག་གསལ་བའོ། །གནས་ཁྱད་པར་ཅན་དེར་ཕྱིན་པས། གནས་སྐབས་སུ་དགེ་སྦྱོར་ངང་གིས་འཕེལ་ཞིང་མཐར་ཐུག་དབྱིངས་རིག་ལ་བརྟན་པ་མྱུར་དུ་ཐོབ་པའི་དགོས་པ་ཡོད་དེ། དེ་ཉིད་ལས། བསམ་གཏན་
འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ། ཅེས་སོ། །དེ་ལས་ལྡོག་པའི་གནས་སུ་ཕྱིན་པའི་སྐྱོན་ཡང་། སྔ་མ་ལས། མཚན་ལྡན་གནས་བྲལ་རྐྱེན་དབང་ཉིད་དུ་འགྱུར། ཞེས་སོ། །བདུན་པ་དུས་ཀྱི་མཚན་ཉིད་ནི། ཀློང་གསལ་ལས། ངོ་སྤྲོད་དུས་ཀྱི་ཁྱད་པར་ཕྱིར། མཁས་པས་དུས་གནད་བཙལ་བར་བྱ། ཞེས་པས། དེ་ཡང་སྟོན་སོར་མེ་ཏོག་འབྲས་བུ་རྒྱས་ཤིང་ཆར་རྐང་བབས་ཀྱིས་ཆགས་པ་དང་། སྟོན་དང་དགུན་བུ་ཆུང་བསིལ་དྲོད་སྙོམས་པའི་དུས་དང་། སོ་ཀ་མེ་ཏོག་དང་ཤིང་ལོའི་འདབ་མ་ཁ་བྱེ་བའི་དུས་རྣམས་མཆོག་ཏུ་བཟང་སྟེ། དེ་ཉིད་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ ཡིན། །ཞེས་པས། ལས་དང་པོ་པ་ལ་ངོ་སྤྲོད་པའི་ཉི་མའི་དུས་ནི་སྔ་དྲོ་རྩེ་ཤར་དང་། ཕྱི་དྲོ་ནུབ་ཀ་གཉིས་བཟང་སྟེ་མངོན་སུམ་གསལ་ཞིང་འཆར་སྣང་རྒྱ་ཆེ་བའོ། །རྒྱུན་དུ་ཉམས་སུ་ལེན་པའི་དུས་ནི་སྟོན་སོར་འབྲས་བུ་སྨིན་པས་སྒྲུབ་པ་འཕེལ་ཞིང་བསྒྲུབ་སླ། སྟོན་འབྲས་བུ་བཅུད་སྡུད་པས་ནང་དུ་ཁམས་སྨིན་ཞིང་སྙིང་པོའི་དོན་རྟོགས་སླ། དགུན་ཆུང་བསིལ་དྲོད་སྙོམས་པས་ཁམས་བདེ་ཞིང་སྒོམ་སྙིང་འདོད། སོ་ཀ་རྩི་ཤིང་ཁ་འབུས་པས་ཡོན་ཏན་གསར་དུ་སྐྱེ། དེ་ལས་དུས་གཞན་ས་ཚུབས་དང་སེར་བུ་མེད་ཅིང་ནམ་མཁའ་དྭངས་པའི་ཚེ་དབྱིངས་རིག་རྒྱ་ཆེ་གསལ་བའོོ། །དེ་ལྟར་དུས་གནད་ཤེས་པས་གནས་སྐབས་སུ་ངོ་འཕྲོད་མགྱོགས་ཤིང་། མཐར་ཐུག་ཉམས་ཀྱི་འཕེལ་ཆེ་བ་སྟེ། སྔ་མ་དེ་ཉིད་ལས། ངོ་འཕྲོད་མགྱོགས་ཤིང་ཉམས་སྣང་གོང་དུ་འཕེལ། ཞེས་སོ། །དེ་ལས་ལྡོག་པའི་སྐྱོན་ནི་སྔ་མ་ལས། མཁས་པས་དུས་གནད་བསྟན་པར་མ་བྱས་ན། ངོ་བོ་འགག་ཅིང་ཉམས་ཀྱི་འཕེལ་དང་བྲལ། ཞེས་སོ། །དེ་ལྟ་བུའི་དུས་དང་གནས་སུ་བསམ་གཏན་གྱི་ཁང་པ་དབྱར་འཇག་མ་དང་སྨྱུག་མའི་བསིལ་ཁར་ལ་སོགས་པ་དང་། དགུན་ས་ཕུག་དང་བྲག་ཕུག་དྲོ་བ་དང་། སྟོན་དཔྱིད་
བསིལ་དྲོད་སྙོམས་པའི་རྡོ་ཁང་ལ་སོགས་པར་ཡིད་དང་མཐུན་པར་རབ་གཅིག་པུར་བསྒོམ། འབྲིང་མཚས་དང་འདག་སྦྱར་བྱ། ཐ་མའང་གྲོགས་ཁྱད་པར་ཅན་ལས་གཞན་དང་མི་འགྲོགས་པར་མངོན་སུམ་གྱི་དོན་ལ་བསྒོམ་པའི་བློ་ཁྱད་པར་ཅན་ནི་མཚན་ཉིད་བདུན་གྱིས་གདམས་པ་ལ་འཇུག་པའི་རྒྱུ་བསྟན་པའོ། །དོན་གཉིས་པ་ཕུན་སུམ་ཚོགས་པ་ལྔའི་གླེང་གཞིིའི་གདམས་པ་མདོར་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། ལུགས་ནི་གླེང་གཞི་རྣམ་པ་གཉིས། །གཞན་ལས་ཁྱད་པར་འཕགས་དོན་དུ། །ཐུན་མོང་མིན་པས་ཁྱད་པར་ཏེ། །ཐེག་པ་ཀུན་ལས་འཕངས་པའི་རྟགས། །ཐུན་མོང་གླེང་གཞིའི་རྒྱུ་དང་རྐྱེན། །གཞན་དང་ལུང་ཙམ་སྒོ་བསྟུན་ཕྱིར། །ཐུན་མོང་བ་ཞེས་གྲགས་པ་འོ། །ཞེས་གསུངས་པས། འདི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གླེང་གཞི་གཉིས་ལས། ཐུན་མོང་གི་གླེང་གཞི་ཐོག་མར་སྟོན་པ་ནི། ཐེག་པ་ཐུན་མོང་པ་རྒྱུ་དང་རྐྱེན་གྱི་རྣམ་པ་དུ་མས་སེམས་ལམ་དུ་བྱེད་པ་རྣམས་ལ་ཡང་སྟོན་པའི་བྱོན་ཚུལ་ལ་སོགས་པ་ཕུན་སུམ་ཚོགས་པའི་གླེང་གཞི་ཟར་མ་བརྩེགས་སུ་ཡོད་ན། འདིར་དེ་རྣམ་པས་ཆེས་ལྷག་པ་རྡོ་རྗེ་སྙིང་པོ་ཡེ་ཤེས་ལམ་དུ་བྱེད་པའི་ཐེག་པ་ལ། སྟོན་པའི་བྱོན་ཚུལ་ལ་སོགས་པ་ངོ་མཚར་རྨད་དུ་བྱུང་བ་ཡོད་དོ་ཞེས་རྒྱུ་སྟོན་པའི་ཐུགས་རྗེ། རྐྱེན་གདུལ་བྱའི་མོས་པ། དགོས་བྱེད་ཕྱི་རབས་ཀྱི་འགྲོ་བ་དྲང་བའི་ཕྱིར། ཐེག་པ་གཞན་དང་ཕུན་སུམ་ཚོགས་པའི་ལུང་ཙམ་སྒོ་བསྟུན་ཏེ་འདིར་རེ་ཞིག་བརྗོད་ན། འོ་སྐོལ་གྱི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་ཉིད། གཞི་གདོད་མའི་གནས་ལུགས་ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ་སྟེ། སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པས། ཐུགས་རིག་པ་རང་བྱུང་གི་རྒྱལ་པོ་གཡོས་ཏེ་ངོ་བོས་རྒྱུ་བྱས། རང་བཞིན་གྱིས་ཡུལ་བྱས། ཐུགས་རྗེས་ཡུལ་སྤྱོད་པའི་རྐྱེན་བྱས་ཏེ་ཤར་བ་ལས། སྐད་ཅིག་མ་གཅིག་
ལ་ངོ་བོ་ཡེ་ནས་སྟོང་པ་ཆོས་སྐུ། རང་བཞིན་འོད་དུ་གསལ་བའི་ལོངས་སྐུ། ཐུགས་རྗེ་ཀུན་ལ་ཁྱབ་པའི་སྤྲུལ་སྐུར་རྟོགས་པས། སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་རང་ལ་ཤར་བ་རིག་ནས་གཞི་ཐོག་དེ་ཉིད་དུ་བྱང་ཆུབ་ནས། སྒྱུ་འཕྲུལ་དྲ་བ་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པའི་དོན་མངོན་དུ་གྱུར་ནས་གདོད་མའི་སངས་རྒྱས་ཉིད་དུ་ལྷུན་གྱིས་གྲུབ་ནས་སངས་རྒྱས་དང་སེམས་ཅན་ཀུན་ལ་ལམ་སྲོལ་བཏོད་པའི་འབྱུང་གནས་ཆེན་མོར་གདོད་མའི་གཞི་ཐོག་ཉིད་དུ་ཡེ་ཇི་བཞིན་པར་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་སོ། །འདིའི་དུས་ན་གནས་ཕུན་སུམ་ཚོགས་པ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ། སྟོན་པ་ཕུན་སུམ་ཚོགས་པ་རང་ཤེས་རིག་གི་རྒྱལ་པོ་ཐུགས་རྗེའི་ཆ་ཙམ་ལས་ཕྱིར་མ་འཕྲོས་པར་སྒོ་ལྔའི་རིག་པ་ལྟར་ཐིམ་ལ་མ་རྨུགས་པར་ནང་རང་གསལ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཞི་གནས་ཀྱི་ཐུགས་རྗེར་བཞུགས་པ་ལས་ཡེ་ཤེས་རིན་པོ་ཆེའི་སྦུབས་ན་རང་སྣང་སྐུ་དང་ཡེ་ཤེས་སུ་ངང་གིས་འོད་གསལ་བ་ལས། འཁོར་ཕུན་སུམ་ཚོགས་པ་ཉིད་དུ་བརྡ་བཏགས་ཏེ་གང་ལ་ཡང་མ་ཕྱེ་མི་འབྱེད་འབྱེེད་པ་མེད་པའི་ཆོས་ཉིད་ཀློང་ཡངས་པའི་ཆོས་ཕུན་སུམ་ཚོགས་པ་ཞི་བ་ཆེན་པོ་ཉིད་ཀྱི་དགོངས་པ་ལ་རོལ་ཞིང་། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་ལ་འགྱུར་བ་མེད་པའི་རང་བཞིན་གདོད་མའི་གཞིར་སྣང་ཆེན་པོ་ཉིད་དུ་དུས་གསུམ་མ་གྲུབ་པ་མཉམ་པ་ཉིད་ཀྱི་དུས། སྤྲོས་པ་དང་མཚན་མ་གང་དུ་ཡང་མ་ངེས་པའི་དུས་ཞེས་རང་བཞིན་གྱི་རྣམ་པར་དག་པའི་ངང་དེར་བཞུགས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ལམ། ཡེ་ཤེས་རིན་པོ་ཆེའི་རྒྱུད་ལས། ཆོས་ཀྱི་ཕོ་བྲང་ན་རང་བྱུང་རིག་པའི་རྒྱལ་པོ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ལ་ཞིང་ཁམས་གསུམ་ཐེག་པའི་སྣང་བ་རང་ལ་རང་ཆས་སུ་བསྟན་པས་ཆོས་ཟད་པའི་ངང་དུ་ཐིམ་མོ་ཞེས་
གསུངས་པའི་དགོངས་པའི་བསྐལ་པ་ཆེན་པོ་གཅིག་གི་བར་ལ་མཉམ་པར་བཞག་སྟེ། ནང་གསལ་ཡེ་ཤེས་རིན་པོ་ཆེའི་སྦུབས་ལས་ཕྱི་རྒྱ་མ་རལ་བར་བཞུགས་པ་ནི་གདོད་མའི་ཀ་དག་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་རང་བཞིན་གྱིས་དག་པ་ན་ལྷུན་གྱིས་གྲུབ་པར་བཞུགས་པའོ། །དེ་ནས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་རིམ་གྱིས་རང་བྱོན་པ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ང་ནི་མི་ཤིག་རྡོ་རྗེ་ལས། །ཕྱི་རོལ་དམིགས་པ་གཅིག་ཀྱང་མེད།།ནང་དུ་ཡིད་གཡོས་རིག་རིག་ཆས། །འབྱེད་མེད་རྒྱུ་ལས་རླུང་གིས་ཕུལ།། མི་རྟོག་རྩེ་གཅིག་ས་བོན་ལས། །འཕེན་པའི་ཡེ་ཤེས་ཉིད་ཀྱིས་བསྐྱོད། །མུན་དང་སྣང་མཚམས་ལྷུམས་སུ་ཞུགས། །ཐབས་ནི་ཕའི་ཆ་ཤེས་རབ་མ། །ལྷུན་གྲུབ་སྟོང་པའི་ཡུལ་ལ་ཤར། །ཞེས་གསུངས་པའི་དོན་རྒྱ་ཆེར་བཤད་ན། གདོད་མའི་ངང་ཆོས་ཀྱི་སྤྲོས་གཞི་མཐའ་གང་དུའང་མ་ལྷུང་བའི་དབྱིངས་སུ་བསྐལ་པ་ཆེན་པོ་གཅིག་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པར་ནང་གསལ་དུ་བཞུགས་པ་ཉིད་ལས། སླར་ཡང་ཕྱིར་གསལ་དུ་བཞེང་བར་བཞེད་དེ། ཐུགས་རྗེ་རང་བྱུང་གི་ཡེ་ཤེས་ཆེན་པོ་ཉིད་རྣམ་པར་གཡོས་པ་ལས། རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རྒྱན་དང་ཁ་དོག་གི་འཁོར་ལོ་རང་བྱུང་དུ་བྱོན་ནོ།།འདིའི་དུས་ན་ཐུགས་རྗེ་རང་བྱུང་གི་ཡེ་ཤེས་སུ་རང་བྱུང་བས་འོད་ཟེར་གྱི་འཕྲོ་འདུ་ལས་མཛད་པ་སུམ་ཅུ་རྩ་དྲུག་གི་རྒྱུར་རང་བྱུང་། གནས་པ་འོད་ཀྱི་ཐིག་ལེ་ལས་གནས་ཕུན་སུམ་ཚོགས་པ་དྲུག་ཅུ་ཐམ་པར་གནས་པར་མཛད། དེ་ཉིད་ཀྱི་རང་བཞིན་གྱིས་བྱིན་རླབས་ལས། སངས་རྒྱས་ཀྱི་སྐུ་འབུམ་ཕྲག་ཁྲག་ཁྲིག་དཔག་ཏུ་མེད་ཅིང་བརྗོད་ཀྱི་མི་ལང་བ་རྣམས་མཐོང་བ་རྣམ་པར་དག་པའི་སྤྱན་གྱི་དཀྱིལ་འཁོར་ལ་སྣང་། སྐུ་དེ་དག་ཀྱང་ཉིད་ཀྱི་འོད་ཀྱི་ཁ་དོག་ལས་རིགས་ལྔའི་སངས་རྒྱས་སུ་འདུས་ཤིང་རིགས་ལས་མངོན་པར་བྱུང་ངོ་། །དེའི་ཚེ་ལྗགས་ཀྱི་དབང་པོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་ཐམས་ཅད་ལས་
གསུང་རང་བྱུང་གི་ཡི་གེ་དྲུག་གི་སྒྲར་རང་བྱུང་སྟེ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་དོ། །ཞེས་ལན་གསུམ་དུ་བྱུང་བ་ཉིད་ཐུགས་ཡེ་ཤེས་རྣམ་པར་དག་པ་ལས། རང་བྱུང་གི་ཡེ་ཤེས་རང་ཤེས་རིག་གི་རྒྱལ་པོ་ཀུན་ཏུ་བཟང་པོ་ཉིད་དུ་རང་བྱུང་ནས། རང་བཞིན་གྱི་དམིགས་པ་མེད་པའི་ཐུགས་རྗེ་ཕྱོགས་བཅུར་འཕྲོས་སོ། །དེ་ཉིད་ཀྱི་ངང་ལ་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་མཚན་དང་དཔེ་བྱད་དུ་འབར་བ་ལས་རྡོ་རྗེ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་ལ་སོགས་པས་བསྐོར་བའི་དཀྱིལ་འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་ཅིང་། གྲངས་མེད་དཔག་གིས་མི་ལང་བ་རྣམས་ཆོས་ཉིད་ཀུན་ཏུ་བཟང་པོ་ཉིད་ཀྱི་ལོངས་སྤྱོད་དུ་འདུས་པ་དང་། རྫོགས་པ་ཆེན་པོའི་སྐུར་འོད་འབར་རོ། །དེ་བཞིན་དུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་ལ་སོགས་པའི་སངས་རྒྱས་གྲངས་མེད་པ་སོ་སོའི་དཀྱིལ་འཁོར་དང་བཅས་པ་ཉིད་ཀྱི་ལོངས་སྤྱོད་ཆོས་སྐུའི་སྟོན་པ་ལ་འདུས་ཤིང་རྫོགས་པ་ཆེན་པོའི་སྐུར་འོད་འབར་རོ། །དེ་ལྟར་ཡན་ལག་བཅུ་གཉིས་སུ་བྱུང་བས་ཆོས་ཐམས་ཅད་ཀྱི་ལོངས་སྤྱོད་རྣམ་པར་དག་པ་ཉིད་ལ་ལོངས་སྤྱོད་ཅིང་རྫོགས་སོ། །དེའི་ཚེ་ན་ཆོས་ཐམས་ཅད་ཀྱི་རང་བཞིན་དྲི་མ་མེད་ཅིང་རྡུལ་དང་བྲལ་བ་རྙེད་དོ། །དེ་ནས་ཐུགས་ཡིད་དུ་རང་བྱུང་ལས་ཐུགས་ཡིད་ཅེས་བྱ་སྟེ། ཡུལ་གཅིག་དང་དུ་མ་ལ་དགོངས་པ་རང་བྱུང་རང་ཤར་དུ་བྱུང་ངོ་། །དེའི་ཚེར་ན་འོད་ཁྱིམ་རྣམ་པར་དག་པ་ཤིན་ཏུ་བཀོད་ལེགས་པའི་གནས་རྣམ་པར་དག་པའི་ཁང་བུ་བརྩེགས་པ་ནི། སྟོན་པ་རྣམ་པར་དག་པ་རང་ཤེས་རིག་གི་རྒྱལ་པོ་རྣམ་པར་སྣང་མཛད་གང་ཆེན་མཚོ་ཞེས་བྱ་བ། དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཏུ་རང་བྱོན་ཏེ་རྫོགས་པ་ཆེན་པོའི་སྐུར་འོད་འབར་རོ། །དེ་བཞིན་དུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་གང་ཆེན་མཚོ་ཞེས་བྱ་བ་
སོ་སོའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཏུ་རང་བྱོན་ཏེ་རྫོགས་པ་ཆེན་པོའི་སྐུར་འོད་འབར་རོ། །འདིའི་དུས་ན་སྐུ་གསུང་ཐུགས་རང་བྱུང་བྱས་པ་མེད་པ་མེད་པའི་བསྟན་པ་རིན་པོ་ཆེའི་ངང་ལས་མི་གཡོ། མི་འབྱུང་། མི་གནས། མི་ལེན། མི་འདོར་ཞིང་མི་བསྐྱོད་པ་ཉིད་དུ་རང་བྱུང་ངོ་། །དེའི་ཚེ་རིགས་ལྔའི་སངས་རྒྱས་དེ་དག་གི་གདུལ་བྱ་མ་ཡིན། སྟོན་པ་ཉིད་དང་ངོ་བོ་གཅིག་པས་འདུལ་བྱེད་རིན་པོ་ཆེ་མཛེས་པའི་འཁོར་ཚོམ་བུ་འབུམ་ཕྲག་གྲངས་མེད་པ་གཙོ་བོ་ལ་མངོན་པར་ཕྱོགས་པར་བསྐོར་བ་ལྟར། སྣང་བ་ཐམས་ཅད་ཀྱང་སྟོན་པ་ཉིད་ཀྱི་སྐུ་དང་། གསུང་དང་། ཐུག་དང་། ཡོན་ཏན་དང་། ཕྲིན་ལས་ཉིད་ལས་འཕྲོ་ཞིང་འདུའོ། །དེ་ལྟར་སྣང་བའི་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོ་དེ་ཉིད་སྟོན་པ་ཐུགས་རྗེ་ཆེན་པོ་ཉིད་ལས་གཞན་ལ་མི་སྣང་བའི་ཕྱིར། སྟེང་དང་འོག་དང་ཕྱོགས་བཅུའི་འཇིག་རྟེན་མ་ཡིན་ཞིང་། ཐམས་ཅད་འོད་གསལ་གྱི་ཞིང་ཁམས་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་སངས་རྒྱས་དཔག་ཏུ་མེད་ཅིང་བརྗོད་ཀྱིས་མི་ལང་བ་དག་ཏུ་རང་བྱུང་སྟེ་ལྷམ་མེ་ལྷན་ནེ་ལྷང་ངེར་སྣང་བ་ཐམས་ཅད་ཀྱང་རང་བྱུང་ཡེ་ཤེས་ཀྱི་ངང་རང་རིག་རང་གསལ་བ་ཉིད་ཚངས་པར་རྔ་སྒྲའི་ཞིང་ཁམས་ན། སྐུའི་འོད་ལ་ཞུགས་ཤིང་གསུང་གི་ཟེར་ལ་རོལ་པ་ཉིད་ཐུགས་ཀྱི་དགོངས་པ་ལ་བཞུགས་པས། སྐུ་གསུམ་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པའོ། །དེ་ནས་རང་བྱུང་གི་ཡེ་ཤེས་ཐུགས་རྗེ་ཆེན་པོ་དེ་ཉིད་རང་གཡོས་པ་ལས། སྤྲུལ་པའི་སྐུ་ཉིད་དུ་རྣམ་པར་འཕྲུལ་ཏེ། འདི་ནི་བསྐལ་པ་ཆེན་པོ་བདུན་གྱི་འོག་ཏུ་མ་རིག་པ་འཁྲུལ་པ་བདག་ཏུ་འཛིན་བྱེད་གྱི་རྟོག་པ་ལས། རྒྱུ་འཁོར་བའི་ཡིད་ཀྱི་ཆོས་ཉིད་མ་དག་པས་རྐྱེན་བྱས་པས་ཆ་མེད་པའི་ཉོན་མོངས་པས་གཞི་བྱས། ཡུལ་འོད་དང་འོད་ཁྱིམ་ལ་བདག་རྟོག་གི་ཆ་ཕྲ་མོ་ཁ་ཕྱིར་བལྟས་པ་ལས་བདག་པོའི་རྐྱེན་ཞེས་དུས་གཡོ་བས་རྐྱེན་བྱས། ཡུལ་ལྷུན་གྲུབ་ཀྱི་
ཡོན་ཏན་དུ་མ་ཤེས་ཡོན་ཏན་སྐྱོན་དུ་སོང་བ་ལས། དམིགས་པའི་རྐྱེན་སྐུ་དང་ཡེ་ཤེས་ལ་བདག་ཏུ་སྤྱོད་པའི་རྒྱུའི་ཆ་ཙམ་པས་དམིགས་པ་སོ་སོའི་ཁ་དོག་གིས་རྐྱེན་བྱས་སོ། །དེ་ལྟར་ཆོས་ཀྱི་སྐུ་དང་སྤྲུལ་པའི་སྐུ་གཉིས་ལོངས་སྤྱོད་རྫོགས་པའི་སྐུ་ལ་དུས་མཚུངས་པས་ཆོས་སྐུ་སྤྲོས་པ་མེད་པའི་གནས་ལུགས་ལས། རང་བྱུང་གི་ཡེ་ཤེས་ཁ་ཕྱིར་འཁྱལ་བ་ལས། དེ་ཉིད་མ་དག་པ་ལ་དུས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །འདི་དག་གི་དུས་རྣམས་སུ་གཞི་མེད་པ་ལས་རང་གི་རང་རྐྱེན་དུ་འཇུག་པ་ཉིད་ལ་རྐྱེན་ཞེས་བྱའོ། །འདིའི་དུས་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཡོན་ཏན་གྱི་རྩལ་དུ་མར་སྣང་བ་ལས་ཐབས་ཞེས་རྟོག་པ་རང་ཤར་བས་ཕའི་རྒྱུ་བྱས། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའི་རྩལ་ཡོན་ཏན་སྐྱོན་དུ་སོང་བ་ལས་ཤེས་རབ་ཅེས་ཤེས་རིག་ཕྱོགས་མེད་དུ་གསལ་བས་རྐྱེན་བྱས། རྒྱུ་རྐྱེན་འཛོམ་པ་ལས་ཆོས་ཉིད་ཀུན་ཏུ་བཟང་མོ་ཆོས་ཐམས་ཅད་ཀྱི་གཞི་མ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཡོན་ཏན་སྣ་ཚོགས་པ་ཉིད་དུ་ཤར་རོ། །དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་དེ་ཉིད་ཀྱིས་སྣང་ཆ་ལས་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་གི་སྐུ་ཡོན་ཏན་ཐམས་ཅད་རྫོགས་པའི་ཁྱད་པར་དུ་བྱུང་བ་ནི་འདུ་བ་ཁྱད་པར་གྱི་རྟེན་མངོན་པར་བསྒྲུབས་པ་ལས་བྱུང་བ་སྟེ། ལོངས་སྐུ་རང་སྣང་རྣམ་པར་དག་པ་དང་དེའི་སྣང་ཆ་ལས་མངོན་པར་གྲུབ་པའི་མཚན་རྫོགས་རྡོ་རྗེ་འཆང་གི་སྐུ་རིགས་ལྔའི་ཚོམ་བུ་འབུམ་ཕྲག་དཔག་ཏུ་མེད་པས་སྣང་བ་འདི་དག་བསོད་ནམས་རྣམ་པར་དག་པས། སྐུ་སྣང་ལ་རང་བཞིན་མེད་པ་ཆུའི་ཟླ་བ་ལྟ་བུ་ལས་ཀྱི་བསགས་པ་རྣམ་པར་དག་པས་རང་བྱུང་གི་ཡེ་ཤེས་ཐུགས་ཀྱི་ཤེས་རབ་ཀློང་རྡོལ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ལ་ལོངས་སྤྱོད་པའོ། །དེ་ལྟར་སྣང་མཛད་རྡོ་རྗེ་འཆང་ཆེན་པོ་རང་བཞིན་གྱི་ཡོན་ཏན་རྫོགས་པའི་སྐུར་རང་བྱོན་པ་ནི་འགྲོ་བའི་མོས་པ་རྣམ་པར་དག་པའི་མཐུ་དང་། སེམས་
ཅན་གྱི་རྒྱུད་ལ་ཕྲིན་ལས་སྣ་ཚོགས་པའི་འཇུག་པ་རྣམ་པར་དག་པ་ལས། ལྷུན་གྱིས་གྲུབ་པར་རང་བྱུང་བའོ། །དེ་ལྟར་རང་སྣང་རྣམ་པར་དག་པ་བདེ་བའི་ཞིང་ཆོས་ཀྱི་སྐུའི་སྟོན་པ་ཚོམ་བུའི་དཀྱིལ་འཁོར་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དུ་ལོངས་སྤྱོད་རྫོགས་ཏེ། གནས་ཕུན་སུམ་ཚོགས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དཔག་ཏུ་མེད་ཅིང་དམིགས་སུ་མི་ཚུད་པ་ན། སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ་རང་བཞིན་གྱི་མཛད་པ་མ་ལུས་པ་ལྷུན་གྱིས་གྲུབ་པར་མཛད་ཅིང་། འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་ཆར་ལོངས་སྤྱོད་རྫོགས་པ་དང་དེའི་རྩལ་ལས་ལྷུན་གྱིས་གྲུབ་པའི་རྡོ་རྗེ་འཆང་འབུམ་ཕྲག་གྲངས་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་ཆོས་ཀྱི་རྡོ་རྗེ་སུས་ཀྱང་འདུས་མ་བྱས་པ་རང་བྱུང་འོད་གསལ་གྱི་དགོངས་པ་ཆེན་པོ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་ལ་མཐོང་བ་རྣམ་པར་དག་པའི་ཚེ་ཚིག་དང་ཡི་གེ་ལས་འདས་པར་རང་བྱུང་རང་ཤར་དུ་གསུངས་ཏེ། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། །རང་བཞིན་ཀློང་ནས་བཀའ་སྩལ་པ། །གནས་ལུགས་རང་སྣང་འཁོར་རྣམས་གསོན། །ཉག་གཅིག་རང་བྱུང་ཡེ་ཤེས་ཉིད། །སངས་རྒྱས་ཀུན་གྱི་སྲས་གཅིག་ཡིན། །ཞེས་སོ། །འདིའི་དུས་ན་སྐུའི་ཕྱིའི་མཛད་པ་བཞི་ནི། མི་འགྱུར་བ་དང་། མི་འོང་བ་དང་། མི་འགྲོ་བ་དང་། མི་གནས་པ་ཉིད་དོ། །ནང་གི་བཞི་ནི། མི་སྣང་བ་དང་། མི་མཛད་པ་དང་། མི་འཕྲ་བ་དང་། མི་འདུ་བའོ། །གསང་བའི་བཞི་ནི ལྷང་ངེ་བ་དང་། ལྷན་ནེ་བ་དང་། ལྷག་གེ་བ་དང་། ཐལ་ལེ་བའོ། །གསུང་གི་ཕྱིའི་མཛད་པ་བཞི་ནི། བརྗོད་དུ་མེད་པ་དང་། བསྟན་དུ་མེད་པ་དང་། བལྟར་མེད་པ་དང་། ཅུང་ཟད་མེད་པའོ། །ནང་གི་བཞི་ནི། རང་བཞིན་
དུ་དང་། གྱིན་འདའ་དང་། ཡུལ་ཅན་མ་ཡིན་པ་དང་། དུ་མ་མེད་པའོ། །གསང་བའི་བཞི་ནི། སོ་མ་དང་། གཉུག་མ་དང་། རྣལ་མ་དང་། མ་བཅོས་པའོ། །ཐུགས་ཀྱི་ཕྱིའི་མཛད་པ་བཞི་ནི། དྲི་མ་མེད་པའི་ཏིང་ངེ་འཛིན་དང་། སེངྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང་། དཔལ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ཡིད་བཞིན་ནོར་བུའི་ཏོག་གི་ཏིང་ངེ་འཛིན་ནོ། །ནང་གི་བཞི་ནི། རྒྱལ་མཚན་གྱི་རྩེ་མོ་རྣམ་པར་རོལ་པ་དང་། གློག་གི་ཕྲེང་བ་དང་། འཁོར་ལོ་ཆེན་པོ་དང་། འོད་འབར་བའི་ཏིང་ངེ་འཛིན་ནོ། །གསང་བའི་བཞི་ནི། ཕྱག་རྒྱ་ཟིལ་གྱིས་གནོན་པ་དང་། འབར་ཆེན་མཉམ་པ་དང་། ཆོས་ཉིད་སྣ་ཚོགས་པ་དང་། རྣམ་པར་བཀོད་པ་རང་སྣང་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་སུམ་ཅུ་རྩ་དྲུག་ནི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་རང་བཞིན་གྱི་མཛད་པ་ཞེས་བྱའོ། །དེ་དག་རྣམས་ཀྱང་ངོ་བོའི་གནས་པ་ཙམ་ལས་སྐུའི་མཛད་པ་བཅུ་གཉིས་སུ་བྱུང་བས་ཆོས་ཀྱི་སྐུ་ཙམ་གྱི་མཛད་པ་མ་ལུས་པ་རྫོགས་པར་མཛད་དོ། །རང་བཞིན་གྱི་ཆ་ནས་གནས་པ་ཙམ་ལས་གསུང་གི་མཛད་པ་བཅུ་གཉིས་སུ་བྱུང་བས་ལོངས་སྐུ་འགགས་པ་མེད་པའི་ཆ་ཙམ་ལ་ལོངས་སྤྱོད་རྫོགས་པའི་མཚན་ཉིད་རྫོགས་པར་མཛད་དོ། །ཐུགས་རྗེའི་རྩལ་འགགས་པ་མེད་པ་ཙམ་དུ་གནས་པ་ལས། ཐུགས་ཀྱི་མཛད་པ་བཅུ་གཉིས་མཉམ་གཞག་གི་དུས་ན་མ་ཕྱེ་མི་འབྱེད་དོ། །རྗེས་ལ་སྣང་བ་རང་སྣང་བ་དང་། གསལ་ལ་མི་རྟོག་པ་དང་། ཡིད་ལ་བདག་ཏུ་མེད་པས་སྤྲུལ་པའི་སྐུའི་མཚན་ཉིད་རྫོགས་པར་མཛད་དོ། །དེ་ལྟར་གདོད་མའི་གཞི་ལས་རང་སྣང་འོད་གསལ་གྱི་ཞིང་ཁམས་སུ་བཞེངས་ཏེ། སྐུ་གསུམ་གྱི་སྣང་བ་མ་ལུས་པ་རྫོགས་པར་མཛད་པ་ནི་ཞི་བ་ཆོས་ཀྱི་སྐུའི་གནས་ལུགས་སོ། །དེ་ཉིད་ཀྱི་ཆོས་སྐུ་ལ་བྱ་བ་དང་བྱེད་པའི་ཡུལ་ལས་འདས་པས་རྩལ་དང་མཚོན་པའི་རིས་མེད་དོ། །ལོངས་སྐུ་
དང་སྤྲུལ་སྐུ་ལས་རྣམ་པར་འཕྲུལ་ཏེ། འགྲོ་བའི་གནས་དང་། སྟོན་པའི་བྱོན་ཚུལ་ནི། དེ་ནས་ཟབ་པ་ལོངས་སྐུའི་སྣང་ཆའི་རྩལ་ལས་རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུར་བྱོན་པ་ནི། ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་གནང་སྟེ། གནས་ཕུན་སུམ་ཚོགས་པ་རྣམ་དག་སྟུག་པོ་བཀོད་པར། སྟོན་པ་ཕུན་སུམ་ཚོགས་པ་རྣམ་པར་སྣང་མཛད་གང་ཆེན་མཚོའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་འཁོར་ལོ་རིན་པོ་ཆེའི་ཁོང་སེང་ལས་པདྨའི་སྡོང་པོ་ཆེན་པོའི་ཟེ་བ་དང་། ཕྲུམ་ཕྲུམ་དང་། སྙིང་པོ་རྣམས་ཀྱི་སྟེང་ན་སྟོང་གསུམ་གྱི་འཇིག་རྟེན་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་དབུས་སྙིང་པོ་ལ་གནས་པའི་བཅུ་གསུམ་པ་ན་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱས་ལེགས་པར་བཀོད་པ་འདི་ཉིད་གནས་སོ། །དེ་ལྟར་བརྩེགས་མའི་འཇིག་རྟེན་དེ་དག་ཀྱང་ཡས་མན་དུ་རྒྱ་ཐེབ་བརྩེགས་པ་ལྟ་བུ་ལ། ཕན་ཚུན་དུ་ཟ་འོག་གི་གུར་ཁྱིམ་བཀྲམ་པ་ལྟ་བུ་ན་སྟོན་པ་དང་། བསྟན་པ་དང་། འཁོར་དང་། ཆོས་དང་། དུས་ཕུན་སུམ་ཚོགས་པ་ལྔ་ལྔའི་རང་བཞིན་དཔག་ཏུ་མེད་པས་བརྒྱན་པའོ། །ཞབས་ཀྱི་སྐྱིལ་མོ་ཀྲུང་མན་ཆད་ལ་ཞིང་ཁམས་ཆེན་པོ་བཅུ་དྲུག་གནས་པ་ནི། ཡན་མན་དུ་རིན་པོ་ཆེའི་གདུགས་རྣམ་པར་བརྩེགས་པ་ལྟ་བུ་ལ། ཕན་ཚུན་འབྲུའི་ཕུང་པོ་དཔག་ཏུ་མེད་པ་བཀྲམ་པ་ལྟ་བུ་གང་ལ་གང་འདུལ་གྱི་སྟོན་པ་དང་ཆོས་ཀྱི་བརྒྱན་པའོ། །བ་སྤུའི་བུ་ག་ཐམས་ཅད་ནས་སྤོས་ཆུའི་རྒྱུན་གང་ཆེན་མཚོ་བབས་པ་ཐམས་ཅད་ལས་འཇིག་རྟེན་གྱི་ཁམས་གང་ཆེན་མཚོའི་དབྱིབས་དང་། རྣམ་པ་དཔག་ཏུ་མེད་པས་བརྒྱན་པ་ན་རྣམ་པར་སྣང་མཛད་གང་ཆེན་མཚོ་བཞུགས་པ་ཐམས་ཅད་ལས་སྔ་མ་བཞིན་དུ་འཇིག་རྟེན་གྱི་ཁམས་གང་ཆེན་མཚོ་རྣམ་པར་བཀོད་པ་ན་ཡང་རྣམ་པར་སྣང་མཛད་གང་ཆེན་མཚོ་ལ་
སྔ་མ་བཞིན་དུ་བཀོད་པ་སྟེ། འཇིག་རྟེན་དང་སྟོན་པས་ནམ་མཁས་གར་ཁྱབ་པར་སྣང་བ་ནི་སེམས་ཅན་ཡང་དེ་ཙམ་དུ་ཁྱབ་པ་རྣམས་གདུལ་བའི་ཕྱིར་སྣང་བ་ཁོ་ནར་ཟད་དོ། །དེ་བཞིན་དུ་ཤར་ཕྱོགས་སུ་རྡོ་རྗེ་མི་བསྐྱོད་པ་གང་ཆེན་མཚོའི་བདུད་འདུལ་གྱི་ཕྱག་རྒྱ་ལས་རྡོ་རྗེ་རིན་པོ་ཆེའི་ཁོང་སེང་ན་རྡོ་རྗེ་བརྒྱན་པའི་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔ་ནས་སྐུ་ལ་ཞིང་ཁམས་བསྟན་པ་སྔ་མ་བཞིན་དུ་ནམ་མཁའི་མཐའ་དང་མཉམ་པར་གནས་ཤིང་། ལྷོའི་ཕྱོགས་སུ་རིན་ཆེན་འབྱུང་ལྡན་གང་ཆེན་མཚོའི་མཆོད་སྦྱིན་ལས་ནོར་བུ་རིན་པོ་ཆེའི་ཁོང་སེང་ལ་རིན་པོ་ཆེའི་བརྒྱན་པའི་ཞིང་ཁམས་བརྩེགས་མ་ལ་སོགས་པ་སྔ་མ་བཞིན་བསམ་གྱིས་མི་ཁྱབ་ཅིང་། ནུབ་ཕྱོགས་སུ་སྣང་བ་མཐའ་ཡས་གང་ཆེན་མཚོའི་མཉམ་གཞག་གི་སྟེང་ན་པདྨའི་ཁོང་སེང་ལ་པདྨ་ཆེན་པོའི་སྟེང་ནམ། པདྨ་བརྩེགས་པའི་འཇིག་རྟེན་གྱི་ཁམས་སྔ་མ་བཞིན་དུ་འབྱམས་ཀླས་ཤིང་། བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་གང་ཆེན་མཚོའི་སྐྱབས་སྦྱིན་ལས་རྡོ་རྗེ་རྒྱ་གྲམ་གྱི་ཁོང་སེང་ནས་པདྨའི་སྡོང་པོ་ལ། ལས་རབ་གྲུབ་པའི་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔ་སྔ་མ་བཞིན་གནས་པས། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར་སེམས་ཅན་གྱི་ཁམས་ཀྱིས་རྣམ་པ་ཁྱབ་པ་ཐམས་ཅད་དུ། དེ་བཞིན་གཤེགས་པ་དེ་དག་གིས་ཁྱབ་ཅིང་གང་ལ་གང་འདུལ་གྱི་སྟོན་པ་དང་། འཁོར་དང་ཆོས་ལ་སོགས་ཕྱི་མའི་མཐའི་མུར་ཐུག་པ་ཐམས་ཅད་དུ་གནས་པ་ནི་ཚངས་ཆེན་གྱི་བསྐལ་པ་ཆེན་པོ་གཅིག་སྟེ། དཔལ་ཀུན་ཏུ་བཟང་པོ་གཞི་ཐོག་ནས་བྱང་ཆུབ་པ་དེའི་འདུལ་ཞིང་ཆེན་པོ་གཅིག་ཏུ་ལྷུན་གྱིས་གྲུབ་པས། སེམས་ཅན་ཐམས་ཅད་འཁོར་བ་ལས་མ་གྲོལ་གྱི་བར་དུ་བཞུགས་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་འཇིག་རྟེན་དང་བསྐལ་པ་ཆེན་པོ་དེ་དག་ཏུ་གང་གིས་འདུལ་བའི་སངས་རྒྱས་ཀྱི་རྣམ་པ་དང་། ཆོས་དང་། དགེ་འདུན་དང་། དྲང་སྲོང་དང་། བྲམ་ཟེ་དང་། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པའི་རྣམ་པར་སྤྲུལ་ནས་རང་བཞིན་ཤུགས་ཀྱང་མཛད་པས། འཁོར་བ་སྟོངས་པར་མཛད་པ་ནི། ཚངས་ཆེན་ལ་བརྟེན་
པའི་འཇིག་རྟེན་ཞེས་བྱ་སྟེ་འདུལ་བྱེད་ཀྱི་སྟོན་པ་རྣམ་པར་དག་པས་ཁོལ་བུར་སེམས་ཅན་གྱི་དོན་བྱེད་པའོ། །འཇིག་རྟེན་གྱི་ཁམས་དང་སྟོང་པ་ཉིད་གནས་པའི་ཡུལ་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱིས་བཏུལ་ཏེ། མཐར་རྡོ་རྗེ་སྙིང་པོའི་ཐེག་པར་བཀོད་ནས་སེམས་ཅན་གཅིག་ཙམ་ཡང་མི་གནས་པར་སངས་རྒྱས་པ་ན་ཀུན་ཏུ་བཟང་པོའི་མཛད་པ་མཐར་ཕྱིན་ཏེ། ཚངས་ཆེན་གྱི་བསྐལ་བ་ཆེན་པོ་སྟོང་པ་ཞེས་བྱའོ། །དེ་ལྟར་གང་ཆེན་མཚོ་རིགས་ལྔའི་སངས་རྒྱས་དེ་དག་གིས་བསྟན་པ་ནི་རང་བྱུང་གི་ཡི་གེ་ཆེན་པོ་སུས་ཀྱང་བཀོད་པ་མེད་པར་རང་སྣང་བ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་རྔ་སྒྲ་རྒྱུན་མི་འཆད་པའོ། །དུས་ཕུན་སུམ་ཚོགས་པ་ནི་ཆོས་ཉིད་ལ་འགྱུར་པ་མེད་པའོ། །འཁོར་ཕུན་སུམ་ཚོགས་པ་ནི་རིགས་ལྔའི་སངས་རྒྱས་དཔག་ཏུ་མེད་པ་རྣམས་སོ། །དེ་ལྟར་ཚངས་ཆེན་གྱི་བསྐལ་པ་ལ་རྣམ་དག་སྟུག་པོ་བཀོད་པའི་ཞིང་ན་བཞུགས་པའི་སྟོན་པ་གང་ཆེན་མཚོ་ཇི་སྙེད་པ་དེ་དག་ཀྱང་མཛད་པ་སུམ་ཅུ་རྩ་དྲུག་གི་ངོ་བོར་བཞུགས་ཏེ། དེ་ཡང་ལོངས་སྐུའི་དུས་ན་སྐུའི་ཕྱིའི་མཛད་པ་བཞི་ནི། སྐུ་སྣང་྄བ་ལ་རང་བཞིན་མེད་པས་རྡོས་བཅས་རྣམ་པར་དག་པར་མཛད། ཡེ་ཤེས་ཀྱི་ཞལ་ཕྱག་ཏུ་རྫོགས་པས་སྐུ་རང་གི་ངོ་བོའི་མཛད་པ་མ་ལུས་པ་རྫོགས་པར་མཛད། འོད་ཀྱི་ཞལ་ཕྱག་ཏུ་གསལ་བས་རང་སྣང་རང་གྲོལ་བར་མཛད། ཤེས་རབ་ཀྱི་ཞལ་ཕྱག་གི་རྣམ་པར་སྣང་བས་མཁྱེན་པ་ཡོངས་སུ་རྫོགས་པའི་མཛད་པ་མ་ལུས་པ་རྫོགས་པར་མཛད་དོ། །ནང་གི་བཞི་ནི། མཚན་བཟང་པོ་སུམ་ཅུ་རྩ་གཉིས་འོད་ཟེར་གྱི་རྣམ་པར་བྱུང་བས་སྐུའི་ཡོན་ཏན་མ་ལུས་པ་རྫོགས་པར་མཛད། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པས་རྣམ་པར་དག་པའི་ཆོས་ཉིད་ཀྱི་མཛད་པ་མ་ལུས་པ་རྫོགས་པར་མཛད། སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་བྱུང་བས་སངས་རྒྱས་ཀྱི་ཁྱད་པར་གྱི་ཡོན་ཏན་མ་ལུས་པ་རྫོགས་པར་མཛད། ཞལ་ཕྱོགས་ཀུན་ཏུ་ཐལ་ལེར་བཞུགས་པས་ལོངས་སྤྱོད་པའི་
མཚན་ཉིད་མ་ལུས་རྫོགས་པར་མཛད་དོ། །སྐུའི་གསང་བའི་མཛད་པ་བཞི་ནི། མདུན་དང་རྒྱབ་མེད་པར་བཞུགས་པས་སྣང་ཆ་མ་ལུས་པ་རྫོགས་པར་མཛད། ནང་ནས་བལྟས་ན་ཕྱི་གསལ་བ་ཉིད་དུ་བཞུགས་པས་སྟོང་ཆའི་མཛད་པ་མ་ལུས་པ་རྫོགས་པར་མཛད། །ཕྱི་ནས་བལྟས་ན་ནང་གསལ་བ་ཉིད་དུ་བཞུགས་པས་གཉིས་སུ་མེད་པའི་ཡོན་ཏན་མ་ལུས་པ་རྫོགས་པར་མཛད། །རྩེ་མོ་ཕྱོགས་ཀུན་ཏུ་ཟང་ཐལ་བར་བསྒྲུབས་པའི་གནས་འགག་པ་མེད་པའི་མཛད་པ་མ་ལུས་པ་རྫོགས་པར་མཛད་དོ། །གསུང་གི་ཕྱིའི་མཛད་པ་བཞི་ནི། རང་བྱུང་གི་ཡི་གེ་དྲུག་ལྗགས་ཀྱི་དབང་པོ་ལས་འཕྲོས་པས་བདག་ཏུ་མེད་པའི་ཆོས་ཉིད་ཀྱི་མཛད་པ་མ་ལུས་པ་རྫོགས་པར་མཛད། དེ་ཡབ་ཀྱི་ཞལ་དུ་ཞུགས་པས་མཚན་མ་མེད་པའི་ཆོས་ལ་ལོངས་སྤྱོད་དོ། །དེ་ཡུམ་གྱི་མཁའ་ལས་ཐོན་པས་གཉིས་སུ་མེད་པའི་ཆོས་ཉིད་ལ་ལོངས་སྤྱོད་དོ། །དེ་རབ་ཏུ་འཕྲོ་ཞིང་འདུས་པ་ལས་ཆོས་ཐམས་ཅད་རང་བཞིན་མེད་པའི་མཛད་པ་མ་ལུས་པ་རྫོགས་པར་མཛད་དོ། །ནང་གི་བཞི་ནི། རང་གི་ངོ་བོ་བཤད་པས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་སྒྲ་ལ་དབང་བསྒྱུར་རོ། །ཚིག་ཙམ་མ་ཡིན་པས་སྨྲ་བསམ་ལས་འདས་པའི་ཆོས་ཉིད་ལ་ལོངས་སྤྱོད་དོ། །སྒྲ་ཐམས་ཅད་རང་སར་དག་པས་མངོན་པར་འདུ་མི་བྱེད་པའི་ཆོས་ཉིད་ལ་ལོངས་སྤྱོད་དོ། ཁ་དོག་དཔག་ཏུ་མེད་པའི་འོད་ཞལ་གྱི་དཀྱིལ་འཁོར་ལས་འཕྲོས་པས་གདུལ་བྱ་འདུལ་བྱེད་ཀྱི་ཆོས་ལ་ལོངས་སྤྱོད་དོ། །གསུང་གི་གསང་བའི་མཛད་པ་བཞི་ནི། སྐུའི་སྦྱོར་བ་རྣམ་པར་དག་པས་རང་བྱུང་གི་ཆོས་ལ་ལོངས་སྤྱོད་དོ། །གསུང་གི་སྦྱོར་བ་རྣམ་པར་དག་པས་ཟག་པ་མེད་པའི་ཆོས་ལ་ལོངས་སྤྱོད་དོ། །ཐུགས་ཀྱི་སྦྱོར་བ་རྣམ་པར་དག་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ལོངས་སྤྱོད་དོ། །ཞལ་གྱི་སྦྱོར་བ་རྣམ་པར་དག་པས་ཐམས་ཅད་མཁྱེན་པའི་ཆོས་རྣམས་ལ་ལོངས་སྤྱོད་དོ། །
དེ་ནི་སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་རང་སྒྲར་བྱུང་བའོ། །ཐུགས་ཀྱི་ཕྱིའི་མཛད་པ་བཞི་ནི། མངོན་པར་འདུ་མི་བྱེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། བྱ་བ་དང་རྟོག་པའི་མཛད་པ་རྣམས་མཁྱེན། ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་མཁྱེན་པ་ཡོངས་སུ་རྫོགས་པའི་མཛད་པ་ཡོངས་སུ་རྫོགས་པར་མཛད། ཆོས་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཆོས་སྤྱི་དང་རང་གི་མཚན་ཉིད་མ་ལུས་པ་མཁྱེན་པར་མཛད། ཟག་པ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་རྣམ་པར་དག་པའི་རོལ་པ་མ་ལུས་པ་རྫོགས་པར་མཛད་དོ། །དེ་ནི་གནས་པའི་ཆ་ནས་བྱུང་བའོ། །ནང་གི་བཞི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཁྱེན་ཆ་ནང་དུ་གསལ་བས་དཔེ་ཐམས་ཅད་ལ་ལོངས་སྤྱོད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མཁྱེན་ཆ་ནང་དུ་གསལ་བས་དོན་ཐམས་ཅད་ལ་ལོངས་སྤྱོད་དོ། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་མཁྱེན་ཆ་ནང་དུ་གསལ་བས་དབང་པོ་རྣམས་ལ་ལོངས་སྤྱོད་དོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་མཁྱེན་ཆ་ནང་དུ་གསལ་བས་ཆོས་ཐམས་ཅད་དང་བྲལ་བ་ལ་ལོངས་སྤྱོད་དོ། །དེ་དག་ནི་གསལ་བའི་ཆ་ནས་བྱུང་བའོ། །གསང་བའི་བཞི་ནི། གསལ་སྟོང་དབྱེར་མེད་དུ་བཞུགས་པས་ཡུལ་ཤེས་གཉིས་མེད་དུ་གསལ། སྣང་སྟོང་དབྱེར་མེད་དུ་བཞུགས་པས་འཁོར་འདས་གཉིས་མེད་དུ་གསལ། རིག་སྟོང་དབྱེར་མེད་དུ་བཞུགས་པས་གཟུང་འཛིན་གཉིས་མེད་དུ་གསལ། ལུས་སེམས་དབྱེར་མེད་དུ་བཞུགས་པས་གཟུང་འཛིན་གྱི་རྟོག་མཐར་ཆོད་པའོ། །དེ་དག་ནི་རང་བཞིན་བཞུགས་ཚུལ་གྱི་ཆ་ནས་བྱུང་བའོ། །དེ་ལྟར་བཅུ་གཉིས་ཀྱིས་ལོངས་སྐུའི་ཐུགས་ཡེ་ཤེས་གཉིས་མེད་ཀྱི་དགོངས་པ་དྲན་བསམ་རང་རྒྱུད་དུ་ཞེན་པའི་འཇིག་རྟེན་རྟོག་པ་ལས་གྲོལ་བའོ། །འདི་དག་ཀྱང་གཟུང་བའི་ཡུལ་དུ་ནི་མ་ཡིན་ལ་མཁྱེན་པའི་ཆ་ཙམ་ལས་དགོངས་པའོ། །དེ་ལྟར་
ལོངས་སྐུ་ལས་རྒྱལ་བ་སྤྲུལ་པའི་སྐུར་བྱོན་པ་ནི་ཐུགས་རང་བྱུང་གི་ཡེ་ཤེས་དཔྱོད་བྱེད་ཁ་ཕྱེད་བལྟས་པ་ལས། འགྲོ་བའི་འདུལ་བྱེད་དུ་ད པ ལ་རྡོ་རྗེ་སེམས་དཔའ་ཉིད་ཞི་བ་དང་ཁྲོ་བོའི་རང་བཞིན་སྣ་ཚོགས་པས་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་ཏུ་རང་བྱུང་སྟེ་སྟོན་པ་ཕུན་སུམ་ཚོགས་པར་ལྷུན་གྱིས་གྲུབ་པའོ། །བསྟན་པ་ཕུན་སུམ་ཚོགས་པ་ནི་རང་བཞིན་རྫོགས་པ་ཆེན་པོ་འོད་གསལ་བའི་དགོངས་པའོ། །འཁོར་ཕུན་སུམ་ཚོགས་པ་ནི་རང་གི་ཐུགས་རྗེ་ལས་འགྲོ་བའི་འདུལ་བྱེད་དུ་སྤྲུལ་པ་ཕྱག་ན་རྡོ་རྗེ་ལ་སོགས་པའོ། །དུས་ཕུན་སུམ་ཚོགས་པ་ནི་གཉིས་མེད་རང་སྣང་ཆེན་པོའི་དུས་ནའོ། །གནས་ཕུན་སུམ་ཚོགས་པ་ནི་ཡེ་ཤེས་སྟུག་པོ་བཀོད་པའི་ཞིང་ནའོ། །སྟོན་པས་གསུང་ཚུལ་ནི་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་སོ། །དེ་དག་གི་སྐུ་གསུམ་ཇི་ལྟར་འཆར་བའི་ཚུལ་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་སྐྱིར་བསྟན་ནས། ཁྱད་པར་དུ་ཆོས་དང་སྟོན་པ་ཕུན་སུམ་ཚོགས་པ་བྱེ་བྲག་ཏུ་བཤད་པ་ན། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཆོས་དང་ལོངས་སྤྱོད་རྫོགས་པའི་སངས་རྒྱས་དེ་དག་གི་ཐུགས་ཡེ་ཤེས་གཉིས་སུ་མེད་པ་ལས་འགྲོ་བ་འདུལ་བྱེད་དུ་རང་བྱོན་པའི་སྟོན་པ་ཕུན་སུམ་ཚོགས་པ་དཔལ་དྲུག་པ་རྡོ་རྗེ་འཆང་ཆེན་པོས་འཁོར་ཕུན་སུམ་ཚོགས་པ་ཆོས་དབྱིངས་རིགས་ཀྱི་མཁའ་འགྲོ་རྡོ་རྗེ་རིགས། རྡོ་རྗེ་ཕག་མོ་ལ་རིགས་བཞིའི་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་བ་ལས། ཆོས་ཕུན་སུམ་ཚོགས་པ་ཀློང་གསལ་ཉི་མའི་རྒྱུད། དུས་ཕུན་སུམ་ཚོགས་པ་བསྐལ་པ་ཀུན་གྱི་སྔོན་ཐོག་ཏུ་གསུངས་ཏེ། དོན་གསལ་མེ་ལོང་ལས། ཡེ་ཤེས་ཁྱབ་གདལ་ཆོས་ཀྱི་ཕོ་བྲང་དུ། །ཅིར་ཡང་མ་གྲུབ་ཆོས་དབྱིངས་གསལ་བའི་ཡུམ། །ཀུན་ཏུ་བཟང་མོ་རིགས་བཞིའི་མཁའ་འགྲོ་དང་། །ཌཱ་ཀི་གྲངས་ལས་འདས་པའི་འཁོར་ཚོགས་ལ། །ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་རྒྱུད། །བཤད་དེ་བརྒྱུད་ནས་ཤྲཱི་སིདྷ་ཡིས། །འདི་རྒྱུད་བཅུ་བདུན་བདག་
ལ་རྫོགས་པར་གཏད། །ཅེས་སོ། །དེ་ནས་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པའི་དུས་སུ་བསྐལ་བ་དང་པོ་དགའ་ལྡན་བརྩེགས་པ་ཞེས་བྱ་བ་ལ། གནས་ཕུན་སུམ་ཚོགས་པ་འཛམ་གླིང་ལྷོ་ཕྱོགས་སུ་མེ་ཏོག་པདྨའི་སྡོང་པོ་འདབ་མ་སྟོང་དང་ལྡན་པ་ལ་སྟོན་པ་རྡོ་རྗེ་འཆང་ཉིད་བྱིས་པ་གཞོན་ནུའི་གཟུགས་སུ་འཁྲུངས་པའི་ཚུལ་བསྟན་པའི་གཡས་གཡོན་དུ་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང་། ཟླ་བ་དྲི་མ་མེད་པ་གཉིས་རྫུས་ཏེ་སྐྱེས་ཤིང་། འདབ་མ་སྟོང་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ཁྱེའུ་གཞོན་ནུ་སྤྲུལ་པའི་སྐུའི་ཆ་བྱད་དང་ལྡན་པར་སྤྲུལ་ཏེ་བཞུགས་པ་ནི། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་གིས་འདུལ་བར་དགོངས་པའོ། །དེ་ཡང་སྟོན་པ་ཉིད་འོད་གསལ་ཆོས་སྐུའི་བསྟན་པས་གདུལ་བྱ་མང་རབ་རྣམས་འདུལ་བ་ལ་དགོངས་ནས། སེང་གེ་དྲང་སྲོང་གླང་པོ་གསུམ་གྱི་བཞུགས་སྟངས་གསུམ་དང་། སྐུ་གསུམ་གྱི་གཟིགས་སྟངས་གསུམ་གྱི་ཚུལ་གྱིས། ཆོས་ཕུན་སུམ་ཚོགས་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པ་མངོན་སུམ་སྙིང་ཐིག་གི་བསྟན་པ་རྣམས། དུས་ཕུན་སུམ་ཚོགས་པ་བསྐལ་པ་བཟང་པོ་འདིའི་ཐོག་མ་ལ་གསུངས་སོ། །དེ་སྐད་དུ་བཀོད་པ་ཆེན་པོ་ལས། གདུལ་བྱའི་དང་པོ་བསྐལ་པ་ལས། །སྐྱེ་དགུའི་ཚེ་ལོ་དཔག་མེད་དུས།། བརྫུས་ནས་སྐྱེས་བུ་གདུལ་བྱ་ནི། །ཉི་མ་རབ་ཏུ་སྣང་བྱེད་དང་། །ཟླ་བ་དྲི་མེད་ཅེས་བྱ་ལ། །ང་ནི་ལྟ་སྟངས་གསུམ་དང་བཅས། །པདྨ་ཆུ་ཡི་སྙིང་པོ་ལས། །མེ་ཡི་བདེ་བ་བཟུང་ནས་འོངས། །ཡུལ་དེ་དགའ་ལྡན་བརྩེགས་པར་གྲགས། །ལོ་བརྒྱད་མཛེས་པའི་ཟུར་ཕུད་ཅན། ཁ་དོག་དཀར་པོའི་ལུས་བླངས་སོ། །འཁོར་ནི་སངས་རྒྱས་སྟོང་ཕྲག་གཅིག །རང་རང་འདུལ་བའི་ཕྱག་རྒྱར་ལྡན། །འབུམ་ཕྲག་དག་ནི་དྲུག་ཅུ་བཞི། །འོད་ཐིག་ཡང་ཞུན་བཅུ་བདུན་ནི། །ནམ་མཁའ་འོད་སྣང་ཡེ་ཤེས་འབར། །བསྟན་པའི་བུ་གཅིག་སྒྲ་དང་
བྲལ། །ཡང་ཏིག་སྙིང་པོའི་རྟགས་སུ་ུའོ། །ཞེས་སོ། །དེ་ནས་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བྱེ་བ་གཅིག་ཐུབ་པ་ན་ཐམས་ཅད་ཀྱང་འབྱུང་བཞི་འདུས་པའི་འོད་ཀྱི་སྒོ་ང་ལས་སྐྱེ་བ་ཤ་སྟག་སྟེ། །དེའི་ཚེ་གནས་ཕུན་སུམ་ཚོགས་པ་འཇིག་རྟེན་མི་མ ཇེད་ཅེས་བྱ་བར་སྟོན་པ་རྡོ་རྗེ་འཆང་ཆེན་པོ་འོད་ལྔ་འདུས་པའི་སྒོ་ང་ལས་གཞོན་ནུ་ལོ་བཅུ་དྲུག་གི་ཚོད་ཙམ་དུ་ཁྱེའུ་འོད་མི་འཁྲུགས་པ་ཞེས་བྱ་བར་སྤྲུལ་ནས་བྱོན་ཏེ། འཁོར་ཕུན་སུམ་ཚོགས་པ་ཡིད་སྙུང་རྡོ་རྗེ་མ་ལ་སོགས་པ་རིགས་བཞིའི་མཁའ་འགྲོ་འབུམ་ཕྲག་གཉིས། ཆོས་ཕུན་སུམ་ཚོགས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བྱེ་བ་གཅིག་ཐུབ་པ་ན་གསུངས་ཏེ། སྔ་མ་དེ་ཉིད་ལས། དེ་ནས་ཚེ་ལོ་བྱེ་བ་ལ། །སྒོ་ང་ལས་སྐྱེས་གཟུགས་དག་བྱུང་། །འབྱུང་ལྔ་འདུས་པའི་སྒོ་ང་ལས། །རྒྱུ་རྐྱེན་འཛོམས་ནས་བདག་ལུས་རྫོགས། །བཅུ་དྲུག་མཛེས་པའི་ཚུལ་དུ་འོང་། །མདའ་གང་འོད་ཀྱི་རང་ལུས་བརྒྱན། །ཤེས་རབ་ཆ་ལས་བསྐྱེད་པ་ཡིས།། མཁའ་འགྲོའི་ཚོགས་ནི་འབུམ་ཕྲག་གཉིས། །ཡུལ་ནི་འཇིག་རྟེན་མི་མཇེད་ཅེས། །ཞེས་པ་ནས། ང་ནི་སྒོ་ང་ལས་སྐྱེས་ཚེ། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཡོན་ཏན་ཕྲིན་ལས་རྒྱུད་ལྔར་བསྟན། །ཞེས་སོ། །དེ་ནས་ཚེ་ལོ་འབུམ་ཕྲག་ཐུབ་པའི་དུས་ན་ཐམས་ཅད་ཀྱང་དྲོད་གཤེར་ལས་སྐྱེས་པ་སྟེ། དེའི་ཚེ་གནས་ཕུན་སུམ་ཚོགས་པ་དྲོད་གཤེར་འདུས་པ་འོད་ཀྱི་སྤུངས་པ་ཞེས་བྱ་བར། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཉིད་དྲོད་གཤེར་ལས་འཁྲུངས་པའི་ཚུལ་བསྟན་ཏེ། དཔལ་འཇིག་པ་སྐྱོབས་པའི་ཡིད་ཅེས་བྱ་བར་སྤྲུལ་ནས།། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ། ཆོས་ཕུན་སུམ་ཚོགས་པ་འཁོར་བ་དོང་སྤྲུགས་དང་། རྨ་བྱ་མཇིང་བསྣོལ་དང་། དཔལ་འབྱུང་བཞི་ཟད་པའི་རྒྱུད་རྣམས། དུས་ཕུན་སུམ་
ཚོགས་པ་ཚེ་ལོ་འབུམ་པའི་དུས་ན་གསུངས་ཏེ། སྔ་མ་ལས། དེ་ནས་ཚེ་ལོ་འབུམ་པ་ལ། དྲོད་དང་གཤེར་ལས་ལུས་སུ་གྲུབ། །དེ་ཚེ་བདག་ནི་དྲོད་རླན་ལས། །ལུས་བོངས་ལྡན་ཞིང་ཁ་དོག་ལྡན། །ས་རླན་ཕ་རྒྱུ་རླུང་དྲོད་མ། །དེ་ལྟར་རྒྱུ་རྐྱེན་ལས་བསྐྱེད་དོ།། ཐབས་ནི་རྒྱུ་ལས་བསྐྱེད་པའི་ཕྱིར། །བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག །རིགས་ལྡན་འཁོར་གྱི་ཚུལ་དུ་འབྱུང་། །ཞེས་པ་དང་། ང་ནི་དྲོད་རླན་ལས་སྐྱེས་ཚེ། །དོང་སྤྲུགས་རྨ་བྱ་མཇིང་བསྣོལ་དང་། །འབྱུང་བཞི་ཟད་པའི་རྒྱུད་རྣམས་བསྟན། །ཞེས་སོ། །དེ་ནས་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་ཐམས་ཅད་ཀྱང་མངལ་ནས་སྐྱེ་བ་སྟེ། དེའི་ཚེ་གནས་ཕུན་སུམ་ཚོགས་པ་ཆགས་འབྱུང་མངལ་དུ་སྣང་བ་ན། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་མངལ་ནས་སྐྱེ་བའི་ཚུལ་བསྟན་ཏེ། གཞོན་ནུ་རྣམ་པར་རོལ་བས་བརྩེ་བ་ཞེས་བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་གནོད་སྦྱིན་དང་བྲག་སྲིན་སྟོང་ཕྲག་གཅིག་ལ། ཆོས་ཕུན་སུམ་ཚོགས་པ་སེམས་སྡེ་རྩ་བའི་རྒྱུད་ལྔ། ཡན་ལག་གི་རྒྱུད་དྲུག་སྟེ་བཅུ་གཅིག །དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱད་ཁྲི་པའི་དུས་ན་གསུངས་ཏེ། ཡང་སྔ་མ་ལས། བརྒྱད་ཁྲི་དག་གི་དུས་ཀྱི་ཚེ། །བདག་ནི་མངལ་སྐྱེས་གཟུགས་ཅན་ཏེ། །ལྷ་དབང་མཆོག་རབ་གཙུག་ཕུད་དང་། །འདོད་ཡུམ་བརྩེ་ལྡན་རྒྱུ་རྐྱེན་ལས། །བུས་པ་དག་གིས་གཟུགས་སུ་འོངས། །ཞེས་པ་ལ་སོགས་པའོ། །དེ་ནས་ཚེ་ལོ་བདུན་ཁྲི་པའི་དུས་སུ། གནས་ཕུན་སུམ་ཚོགས་པ་སུམ་ཅུ་རྩ་གསུམ་དུ། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཉིད། ཕྱི་འགྲོ་བ་དྲུག །ནང་ཐུབ་པ་དྲུག །གསང་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གཟིགས་ནས། དྲུག་པ་རྡོ་རྗེ་འཆང་ཞེས་བྱ་བར་སྤྲུལ་ཏེ། འཁོར་ཕུན་སུམ་ཚོགས་པ་ཉིད་ཀྱི་རྣམ་པར་རོལ་པ་ལས་བྱུང་བ། རྣམ་པར་གཟིགས། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། འཁོར་བ་འཇིག །གསེར་ཐུབ། འོད་སྲུངས། ཤཱཀྱ་ཐུབ་
པ་སྟེ་བདུན་དང་། དབང་པོ་བརྒྱ་བྱིན་དང་། ཐགས་བཟང་རིས་དང་། ཤཱཀྱ་སེང་གེ་དང་། སེང་གེ་རབ་བརྟན་དང་། ཁ་འབར་དེ་བ་དང་། ཆོས་ཀྱི་རྒྱལ་པོ་སྟེ་དྲུག་ལ། ཆོས་ཕུན་སུམ་ཚོགས་པ་གདུང་བ་སེལ་བའི་ཆོས་དྲུག་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འབད་པ་དང་བཅས་པ་དང་། འབད་པ་མེད་པ་གཉིས་ལས། སྦྱིན་པ་ལ་སོགས་པ་དྲུག་ལ་གསུམ་གསུམ་དུ་ཕྱེ་བས་བཅོ་བརྒྱད་དང་། ནང་དུ་ལུང་སྦྲགས་ཐོག་མ་བྱས་པའང་འདུག་མ་བཅོ་བརྒྱད་ཀྱི་འཁོར་ལོ་བསྐོར། འབད་པ་མེད་པ་ལ་ཕྱི་ཕྱག་ན་རྡོ་རྗེ་ལ་གཟིགས་ནས་ཕྱག་ན་རྡོ་རྗེ་མེ་ལྕེ་ཕྲེང་བའི་རྒྱུད་ལེའུ་དགུ་པ་དང་། ནང་སྤྱན་རས་གཟིགས་ལ་དགོངས་ནས་སྤྱན་རས་གཟིགས་སེང་གེ་སྒྲའི་རྒྱུད་ལེའུ་བཅུ་གསུམ་པ་དང་། གསང་བ་འཇམ་དཔལ་ལ་གཟིགས་ནས། འཇམ་དཔལ་ཡེ་ཤེས་རྒྱན་གྱི་རྒྱུད་ལེའུ་བདུན་པ་དང་། ཁྱད་པར་གྱི་འཁོར་སངས་རྒྱས་རབས་བདུན་ལ་གཟིགས་ནས་ཐིག་ལེ་མཆོག་གི་རྒྱུད། ཡེ་ཤེས་ཀུན་ཏུ་གསལ་བའི་རྒྱུད་ལེའུ་བདུན་ཅུ་པ་ལ་སོགས་པ་རྫོགས་པ་ཆེན་པོ་བྱ་བ་དང་བྲལ་བའི་རྒྱུད་རྣམས། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བདུན་ཁྲི་པའི་དུས་ན་གསུངས་ཏེ། བཀོད་པ་ཆེན་པོ་ལས། སུམ་ཅུ་རྩ་གསུམ་ཞེས་བྱ་བ། །དགའ་དང་ལྡན་པའི་ཡུལ་དེ་རུ། །ང་ནི་དྲུག་པ་རྡོ་རྗེ་འཆང་། །བྱང་ཆུབ་སེམས་དཔའི་གཟུགས་སུ་འཁྲུངས། །སངས་རྒྱས་འོད་སྲུངས་ལ་སོགས་ཏེ། །རབས་ནི་བདུན་པོ་འཁོར་དུའོ། །ཞེས་པ་ནས། དེ་ནས་སུམ་ཅུ་རྩ་གསུམ་གྱ། །རྣམ་པར་རྒྱལ་བའི་ཁང་བཟངས་སུ། །རིག་དྲུག་ཉོན་མོངས་གདུང་གཅད་ཕྱིར། །གདུང་བ་སེལ་བའི་དམ་ཆོས་དྲུག །བློ་རིམ་གཉིས་སུ་སྣང་བའི་ཕྱིར། །རྩོལ་སྒྲུབ་འབད་པས་གྲོལ་བ་དང་། །འབད་མེད་རང་སར་གྲོལ་བ་གཉིས། །འབད་བཅས་དག་ནི་ཚིག་གི་དོན། །འབུམ་ཚོ་གཉིས་སུ་རྣམ་བཤད་དོ། །དེ་ཡང་རྒྱས་པ་འབུམ་དང་
གཅིག །བཞི་ཁྲི་སྟོང་ཕྲག་བརྒྱད་དུ་བསྟན། །འབད་མེད་ཡོངས་སུ་བཤད་པ་དང་། །ཀུན་གསལ་དང་ནི་རིགས་གསུམ་རྒྱུད། །རྣམ་པར་ཕྱེ་སྟེ་བསྟན་པ་འོ། །ཞེས་སོ། །དེ་ནས་ཚེ་ལོ་དྲུག་ཁྲི་པའི་ཚེ་གནས་ཕུན་སུམ་ཚོགས་པ་རི་རབ་ཀྱི་བྱང་ཤར། དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོ་ཞེས་བྱ་བ་རྡོ་རྗེ་འཆང་དུ་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་གོང་གི་ཐུབ་པ་དྲུག །གནོད་སྦྱིན་གྱི་བུ་ལེགས་སྤྱོད་དང་བདུན་ནི་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་ཞེས་བྱའོ། །གཞན་ཡང་དཔག་ཏུ་མེད་པའོ། །ཆོས་ཕུན་སུམ་ཚོགས་པ་ཕྱི་ལྟར་བྱམས་པ་ལ་གཟིགས་ནས་ཐབས་ཕའི་རྒྱུད་བྱེ་བ་དགུ །ནང་ལག་ན་རྡོ་རྗེ་ལ་གཟིགས་ནས་ཤེས་རབ་མའི་རྒྱུད་བྱེ་བ་གཉིས། གསང་བ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལ་གཟིགས་ནས་གཉིས་སུ་མེད་པའི་རྒྱུད་རིག་པ་རང་ཤར་ལེའུ་བརྒྱད་ཅུ་རྩ་དྲུག་ལ་སོགས་པ་འབུམ་ཕྲག་དྲུག་ཅུ་རྩ་དགུ་གསུངས་སོ། །དུས་ཕུན་སུམ་ཚོགས་པ་ཚེ་ལོ་དྲུག་ཁྲི་པ་སྟེ། སྔ་མ་ལས། ཉོན་མོངས་གདུག་རྩུབ་མཁའ་འགྲོའི་གནས། །གསང་ཆེན་རོལ་པའི་དུར་ཁྲོད་དུ། །གནོད་སྦྱིན་རཀྴ་སེང་གདོང་དང་། །འདོད་པའི་དབང་མོའི་ལྷུམས་ནས་སྐྱེས། །ཡིད་ཁྲོས་འཇིགས་པའི་གཟུགས་སུ་བྱས། །གཞོན་ནུ་དཔའ་བོ་སྟོབས་དང་ལྡན། །འཁོར་ནི་བྱང་ཆུབ་སེམས་དཔའ་བདུན། །མཁའ་འགྲོ་པུརྣ་ཉེར་ཞི་དང་། ཚངས་པ་ཉིད་ཞི་དུང་གི་མགྲིན། །སེང་གེའི་གདོང་ཅན་ལ་སོགས་ཏེ། །དྲང་སྲོང་ཟླ་འོད་གཞོན་ནུ་དང་། །འདི་དག་གདུལ་བྱའི་ཡུལ་དུ་བྱས། །ཚེ་ལོ་དྲུག་ཁྲིའི་དུས་སུའོ། །ཞེས་པ་ནས། དེ་ནས་དུར་ཁྲོད་གསང་ཆེན་དུ། །ཤེས་རབ་ཆགས་པ་ཅན་དག་ལ། །འདོད་ཆགས་ཉིད་ཀྱིས་གདུལ་བའི་ཕྱིར། །མ་ཡི་རྒྱུད་ནི་བྱེ་བ་གཉིས། །ཆགས་པ་ཅན་གྱི་དོན་དུ་བསྟན། །ཐབས་ཀྱིས་སྐྱེས་པ་གདུལ་བའི་ཕྱིར། །ཕ་ཡི་རྒྱུད་ནི་བྱེ་བ་དགུ། །
སྐྱེས་པ་རྣམས་ཀྱི་དོན་དུ་གསུངས། །མ་ཡི་རྒྱུད་ལས་རྣམ་བསྡུས་པ། །འབུམ་ཚོ་ལྔ་ཡི་བདག་ཉིད་དོ། །ཕ་ལས་ཁྱད་པར་རྣམ་བསྡུས་པས། །གསང་མཆོག་བླ་ན་མེད་པ་ཡི། །བཀོད་པ་གསང་བའི་རྒྱུད་རྣམས་བསྟན། །ཞེས་སོ། །དེ་ཡན་ཆད་ཀྱིས་ཚེ་ལོ་དཔག་མེད་བསྐལ་པ་དང་པོ་ལ་འཛམ་བུ་གླིང་གི་མི་དང་ལྷའི་གནས་སྤེལ་མར་བསྟན་པའོ། །དེའང་གནས་འདི་ལྟ་བུ་རྒྱུ་འབྲས་ཀྱི་ཐེག་པར་མ་གྲགས་པ་ཉིད། གསང་ཆེན་ངེས་པའི་ཐེག་པ་འདིར་གྲགས་པས་ཆེས་ཁྱད་པར་འཕགས་པའི་གནས་ཡིན་ནོ། །དེ་ནས་འཛམ་བུའི་གླིང་གི་ནུབ་ཕྱོགས་རྒྱ་མཚོའི་གླིང་ཞེས་བྱ་བ་རིག་གནས་ཕུན་སུམ་ཚོགས་པར་སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་དྲང་སྲོང་ཁྲོས་པའི་རྒྱལ་པོ་ཞེས་བྱ་བར་སྤྲུས་ནས། འཁོར་ཕུན་སུམ་ཚོགས་པ་སྲིན་པོ་བྱེ་བ་གཅིག་ལ་ཆོས་ཕུན་སུམ་ཚོགས་པ་རིགས་པ་འདུལ་བའི་རྒྱུད་བཅུ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ཁྲི་པའི་དུས་གསུངས་ཏེ། སྔ་མ་ལས། ཚེ་ལོ་ཁྲི་པའི་དུས་སུ་ཡང་། །སྲིན་པོ་པུརྣའི་ཡུལ་དག་ཏུ། །ང་ནི་དྲང་སྲོང་ཁྲོས་པར་འོངས། །འཁོར་ནི་སྲིན་པོ་བྱེ་བ་གཅིག །ཅེས་པ་ནས། དེ་ནས་སྲིན་པོ་འདུལ་བའི་ཡུལ། །རགས་པ་འདུལ་བའི་རྒྱུད་བཅུ་བསྟན། །ཞེས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་དགྲ་བཅོམ་པ་གསེར་འོད་དམ་པར་སྤྲུལ་ཏེ། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་རྫུ་འཕྲུལ་དང་ལྡན་པ་དཔག་ཏུ་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་འདུལ་བ་ཁྲི་ཕྲག་གཅིག །དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་སྟོང་པའི་དུས་ན་གསུངས་པར་ལོ་རྒྱུས་ཆེན་མོ་ལས་བཤད་དོ། །དེ་ནས་གནས་ཕུན་སུམ་ཚོགས་པ་སོག་པོ་གཡུའི་སྨིན་མ་ཅན་གྱི་ཡུལ་དུ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་སྟོང་གི་ཚེ། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་བརྩེ་བས་རྣམ་པར་རོལ་པའི་བློ་གྲོས་ཞེས་
བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་མང་པོ་ལ། ཆོས་ཕུན་སུམ་ཚོགས་པ་ཕྲ་རྒྱུད་བདུན་པ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། སོག་པོའི་ཡུལ་དུ་ཕྲ་རྒྱུད་བདུན། ཞེས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་བརྒྱ་པའི་དུས། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་འོད་སྲུངས་བགྲེས་པོ་ཞེས་བྱ་བར་སྦྲུལ་ནས། འཁོར་ཕུན་སུམ་ཚོགས་པ་ཤཱ་རིའི་བུ་སྐར་མ་འོད་བཟང་པོ་ལ་སོགས་པ་དགྲ་བཅོམ་པ་བདུན་དང་། བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་ལ། ཆོས་ཕུན་སུམ་ཚོགས་པ་མདོ་སྡེ་དང་ཀྲི་ཡ་དང་། ཨ་ནུ་ཡོ་ག་ལ་སོགས་པ་གསུངས་ཏེ། དེ་ཉིད་ལས། དེ་འོག་ད་ལྟ་ཕུང་པོའི་རིང་། །འོད་སྲུངས་བགྲེས་པོ་ཞེས་བྱ་བ། །རྒས་པའི་སྡུག་བསྔལ་ཞི་བྱའི་ཕྱིར། །དགེ་སློང་རྡོ་རྗེ་འཛིན་པ་དང་། །དགྲ་བཅོམ་བདུན་གྱི་འཁོར་སྣང་བ། །ཐོག་མའི་སངས་རྒྱས་བདུན་ལ་སོགས། །དཀྱིལ་འཁོར་གཅིག་བསྡུས་འཁོར་ཡིན་ནོ། །ད་ལྟ་ཚེ་ལོ་ལྔ་བརྒྱ་ལ། །གདུང་བ་གཅད་ཕྱིར་འདི་ལྟར་རོ། །ཞེས་སོ། །འདིར་ནི་མདོ་སྡེ་འབུམ་ཕྲག་ནི། །ཉི་ཤུ་རྩ་ལྔ་ཉིད་དུ་བསྟན། །སྔགས་ནི་ཁྲི་ཕྲག་གཉིས་སུ་བསྟན། །ལུང་ནི་ཁྲི་ཕྲག་ཕྱེད་དང་བརྒྱད། །དེ་ལྟར་རྣམ་པར་ཕྱེ་བ་འོ། །ཞེས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་རྡོ་རྗེའི་གདན་བྱང་ཆུབ་ཤིང་དྲུང་དུ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་སུམ་བརྒྱ་པའི་ཚེ། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་མངོན་རྫོགས་རྒྱལ་པོ་ཞེས་བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་རིགས་གསུམ་མགོན་པོ་ལ། ཆོས་ཕུན་སུམ་ཚོགས་པ་སྙིང་པོ་ངེས་པའི་དོན་གསུངས་སོ། །དེ་ནས་དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་པའི་ཚེ། གནས་ཕུན་སུམ་ཚོགས་པ་ཝཱ་རཱ་ཎ་སཱི་དང་བྱ་རྒོད་ཕུང་པོ་དང་མཉན་དུ་ཡོད་པ་ལ་སོགས་
པར། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཉིད་ལྷ་དང་མི་རྣམས་ཀྱི་སྟོན་པ་དཔལ་ཤཱཀྱ་ཐུབ་པར་སྤྲུལ་ཏེ། མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་གྱིས། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་དང་ཀླུ་ལ་སོགས་པ་ལ་ཆོས་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་གདུལ་བྱའི་རིམ་པ་དང་སྦྱར་ནས་གསུངས་སོ། །འདི་དག་གི་ངེས་པ་ནི་བབས་ལུགས་ཆེན་མོ་ལས་རྒྱ་ཆེར་བཤད་པས་དེར་རྒྱས་པར་བལྟའོ། །དེ་ལྟར་གནས་རིམ་པ་ཐ་དད་པར་སྟོན་པ་ལ་སོགས་པ་ཕུན་སུམ་ཚོགས་པ་ལྔ་ལྔའི་ཚུལ་གྱིས་གསུངས་པ་ནི་ཐུན་མོང་པ་རྒྱུ་ལམ་དུ་བྱེད་པའི་མདོ་དང་རྒྱུད་ལ་སོགས་པར་ཕུན་སུམ་ཚོགས་པ་ལྔས་བསྟན་པ་རྣམས་དང་གོ་བསྟུན་པའམ། དེ་དག་ལས་ཆེས་ཁྱད་པར་དུ་འཕགས་པར་བསྟན་པས། རང་བཞིན་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་རྡོ་རྗེ་སྙིང་པོའི་ཐེག་པ་བསྟན་པ་ཀུན་གྱི་ཐོག་མར་བྱུང་བ་ནས་བཟུང་སྟེ། དེང་སང་གི་བར་དུ་ཟམ་མ་ཆད་པས་རླབས་ཆེ་ཞིང་དཀོན་མཆོག་གི་འཁོར་ཕུན་སུམ་ཚོགས་པ་ལྔ་རྒྱུན་མི་འཆད་པར་དུས་ཐམས་ཅད་དུ་འབྱུང་བས་ཐེག་པ་ཐུན་མོང་པ་རྣམས་ཀྱི་ལུགས་ལྟར་སྟོན་པ་རེ་བྱོན་ནས་བསྟན་པ་རེ་བྱུང་བ་ཡང་ནུབ། ཡང་བྱུང་བ་ལྟར་འཕེལ་འགྲིབ་ཏུ་སྣང་བ་ལས་ཁྱད་པར་དུ་འཕགས་ཤིང་། ཆོས་འབད་རྩོལ་ཆེན་པོས་བསྐལ་པ་དུ་མ་དང་། མི་ཚེ་མང་པོར་རྒྱུ་འབྲས་འབའ་ཞིག་གཙོ་བོར་བླངས་ཏེ་འཁོར་བ་མཐོ་དམན་དུ་བྱེད་པ་རྣམས་ལས། འོད་གསལ་ལམ་དུ་བྱེད་པ་ཚེ་གཅིག་གིས་འོག་མིན་གྱི་ཞིང་དུ་རིགས་ལྔར་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་འབད་རྩོལ་ལས་འདས་པ་འདི་ལྟ་བུ་ཁྱད་པར་དུ་འཕགས་པའི་ཕྱིར་ན་ཐུན་མོང་གི་གླེང་གཞི་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་དུ་བསྟན་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ནི། སྒྲ་ཐལ་འགྱུར་ལས།
གཞན་ལས་ཁྱད་པར་འཕགས་དོན་དུ། ཐུན་མོང་མིན་པས་ལུས་ལ་སྦྱར། ཞེས་གསུངས་པས། སྔར་བསྟན་པའི་ཚུལ་གྱིས་ཐུན་མོང་བའི་ཐེག་པའི་གླེང་གཞི་ལྔ་ལས་ཁྱད་པར་དུ་འཕགས་པའི་རྡོ་རྗེ་སྙིང་པོའི་གླེང་གཞི་ཕུན་སུམ་ཚོགས་པར་བསྟན་པ་དེ་ཡང་རྗོད་བྱེད་ཚིག་གི་གླེང་གཞིའི་རིམ་པ་སྟེ། གླེང་གཞི་དེས་མཚོན་པའི་བརྗོད་བྱ་དོན་གྱི་གླེང་གཞི་ནི་ཟབ་ཅིང་རྒྱ་ཆེ་བ་སྟེ། དེ་ཡང་གདོད་མ་གཞིའི་དུས་ནའང་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་བཞུགས་ཤིང་། དེ་ལས་འཁྲུལ་ཏེ་ཁམས་གསུམ་འཁོར་བའི་སེམས་ཅན་གྱི་དུས་ནའང་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་ཡོད་ལ། འཁྲུལ་པ་དེ་མཐར་ཐུག་གྲོལ་བའི་དུས་ནའང་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་གནས་པར་བསྟན་པས་ན་འདི་ལ་དོན་རྣམ་པ་གསུམ་སྟེ། གཞི་འདུག་ཚུལ་གྱི་ཕུན་སུམ་ཚོགས་པ་ལྔ། ལམ་ཉམས་སུ་བླང་བའི་ཕུན་སུམ་ཚོགས་པ་ལྔ། མཐར་ཐུག་འབྲས་བུའི་ཕུན་སུམ་ཚོགས་པ་ལྔའོ། །དང་པོ་ལ་ལྔ་ཡོད་པའི། གཞིའི་གནས་ཕུན་སུམ་ཚོགས་པ་ནི་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའོ། །གཞིའི་སྟོན་པ་ཕུན་སུམ་ཚོགས་པ་ནི་རང་བྱུང་གི་ཡེ་ཤེས་སོ། །གཞིའི་འཁོར་ཕུན་སུམ་ཚོགས་པ་ནི་སྐུ་དང་ཡེ་ཤེས་སོ། །གཞིའི་བསྟན་པ་ཕུན་སུམ་ཚོགས་པ་ནི་བདེ་ཆེན་འགགས་པ་མེད་པའོ། །ཞེས་ཀྱང་འདུག་གནས་ལུགས་རྫོགས་པ་ཆེན་པོའི་དེ་བཞིན་ཉིད་དོ། །གཞིའི་དུས་ཕུན་སུམ་ཚོགས་པ་ནི་ཐོག་མ་དང་ཐ་མ་མེད་པའོ། །དེ་སྐད་དུའང་རིན་ཆེན་སྤུངས་པ་ལས། མེད་པའི་སྟོང་གནས་ཆོས་འབྱུང་ལས། །ཡེ་ཐོག་དང་པོའི་སངས་རྒྱས་ཀྱིས། །རིགས་དང་ཡེ་ཤེས་ཁྱད་པར་ལས། །ཆོས་ཉིད་ལྟོས་པའི་རང་སྒྲར་ནི། །ཡེ་ནས་ཆོས་ཀྱི་འཁོར་ལོ་བསྐོར། །ཐོག་མ་བར་དང་མཐའ་མེད་པར། །ཞེས་སོ། །གཉིས་པ་ལ། གནས་པ་ལུས་ཀྱི་ཕུན་སུམ་ཚོགས་པ་ལྔ་དང་འཆར་བ་ཡུལ་གྱི་ཕུན་སུམ་ཚོགས་པ་ལྔ་སྟེ་གཉིས་ལས། དང་པོ་ལུས་
ཀྱི་གནས་ཕུན་སུམ་ཚོགས་པ་ནི་ཙིཏྟ་དང་དུང་ཁང་གི་གཞལ་ཡས་སོ། །དེ་ན་གནས་པའི་སྟོན་པ་ཕུན་སུམ་ཚོགས་པ་ནི་ངོ་བོ་ཀ་དག་རིག་པའི་སྙིང་པོ་ཅན་ནོ། །དེའི་འཁོར་ཕུན་སུམ་ཚོགས་པ་ནི་ལྷུན་གྲུབ་རང་གསལ་གྱི་ཚོམ་བུའོ། །དེའི་བསྟན་པ་ཕུན་སུམ་ཚོགས་པ་ནི་རྩ་རླུང་ཐིག་ལེའི་ཡོན་ཏན་འོད་གསལ་བའོ། །དེའི་དུས་ཕུན་སུམ་ཚོགས་པ་ནི་ལུས་ཀྱི་རྟེན་འབྲེལ་ཚང་བའོ། །དེ་སྐད་དུ། ཐལ་འགྱུར་ལས། འཁོར་དང་འདས་པའི་ཐོག་མར་ནི། །རང་བྱུང་བྱས་པ་མེད་པ་ལས། །འབྱུང་བ་འདུས་པའི་ཕུང་པོར་ཤར། །ས་ཆུ་མེ་རླུང་རིན་ཆེན་གཞི། །འདུས་ཤིང་བསྐྱེད་པའི་གཞལ་མེད་ན། །རང་བྱུང་རིག་པ་བཅོས་པ་མེད། །འཁྲུལ་པ་ཡོངས་སུ་དག་པ་ལ། །བདེ་ཆེན་འདུས་པའི་འཁོར་གྱིས་བསྐོར། །སྐུ་དང་ཡེ་ཤེས་ཤེས་རབ་རླུང་། །མི་ཕྱེད་སྣ་ཚོགས་དམིགས་པ་ཡི། །རྩ་རླུང་ཐབས་ཀྱི་བདེ་ཆེན་ཆོས། །སོ་སོའི་ཉམས་དང་མཐུན་པར་བཤད། །འདས་དང་མ་འོངས་ད་ལྟར་མེད། །མ་ཕྱེ་འབྱེད་པ་ཡོངས་སུ་མེད། །ཐམས་ཅད་རང་བྱུང་ཡེ་ཤེས་སོ། །ཞེས་སོ། །གཉིས་པ་འཆར་བ་ཡུལ་གྱི་གནས་ཕུན་སུམ་ཚོགས་པ་ནི། ཕྱི་དབྱིངས་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ལ། ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཤར་བའོ། །དེའི་སྟོན་པ་ནི་རྡོ་རྗེ་ལུ་གུ་རྒྱུད་དོ། །དེའི་འཁོར་ཕུན་སུམ་ཚོགས་པ་ནི་སྐུ་དང་ཐིག་ལེའི་སྣང་བའོ། །དེའི་བསྟན་པ་ཕུན་སུམ་ཚོགས་པ་ནི་རང་རིག་གསལ་ལ་རྣམ་པར་མི་རྟོག་པའོ། །དེའི་དུས་ཕུན་སུམ་ཚོགས་པ་ནི་ལྟ་སྟངས་དང་གཟིགས་སྟངས་གང་རུང་ལ་འཛོམ་པའོ། །དེ་སྐད་དུའང་ཉི་ཟླ་ཁ་སྦྱོར་ལས། དེ་ཉིད་ཕྱི་དང་ནང་ཁྱད་ལས། །རང་རིག་སྔོན་བྱུང་སྟོན་པ་སྟེ། །སྐུ་དང་ཡེ་ཤེས་ཐིག་ལེ་རྣམས། །མི་རྟོག་རྣམ་གྲངས་འཁོར་དུ་བྱུང་། །གདམས་པ་ཉམས་ལེན་བསྟན་པའི་ཚུལ། །དེ་ཉིད་གོམས་པས་དུས་ཀྱང་
ཡིན། །ཞེས་སོ། །གསུམ་པ་མཐར་ཐུག་འབྲས་བུའི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་ནི་གདོད་མའི་ཟད་པ་ཀ་དག་ཆོས་ཀྱི་དབྱིངས་ཆེན་པོའོ། །དེའི་སྟོན་པ་ཕུན་སུམ་ཚོགས་པ་ནི་རང་རིག་པའི་ཡེ་ཤེས་ཐམས་ཅད་མཁྱེན་པའོ། །དེའི་འཁོར་ཕུན་སུམ་ཚོགས་པ་ནི་སྐུ་དང་ཡེ་ཤེས་སུ་སྣང་བའི་ཚོམ་བུ་ལ་ལོངས་སྤྱོད་པའོ། །དེའི་བསྟན་པ་ཕུན་སུམ་ཚོགས་པ་ནི་ཟག་པ་མེད་པའི་བདེ་ཀློང་གཅིག་ཏུ་འཁྱིལ་བའོ། །དེའི་དུས་ཕུན་སུམ་ཚོགས་པ་ནི་སྐུ་གསུམ་འདུ་འབྲལ་མེད་པ་མཐར་ཐུག་པའི་རྟོགས་པ་མངོན་དུ་གྱུར་པ་ནའོ། །དེ་སྐད་དུའང་སྒྲོན་མ་འབར་བ་ལས། སྟོང་པ་ཉིད་ཀྱི་གཞི་ཚད་མེད་པ་གསལ་བའི་དཀྱིལ་འཁོར་ནས། མི་མཇེད་ཆེན་པོའི་འདུག་སྟངས་སོ་སོ་མ་ཡིན་ཐ་དད་པ་མ་ཡིན་པའི་སྣང་བ་ཆེན་པོ་རྣམ་པར་བཀོད་ཅིང་ཡེ་ནས་རང་གསལ་ཆེན་པོའི་སྤྱོད་པ་འགགས་མེད་དུ་ཤར་བའི་ཀློང་ནས། འགགས་པ་མེད་པའི་རིག་པ་རང་ཤར་ནས། བརྗོད་དུ་མེད་པའི་དོན་འདི་གསུངས་སོ། །ཞེས་སོ། །དེ་ལྟར་གླེང་གཞི་རྣམ་པ་གཉིས་ཀྱིས་ཚིག་དོན་མཐར་ཐུག་པའི་ཕུན་སུམ་ཚོགས་པ་ལྔ་ལེགས་པར་བསྟན་ཏོ། །མདོར་ན་ཡང་དག་པའི་སྟོན་པ་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པས་གར་ཁྱབ་པ་ན་སྙིང་པོ་དོན་གྱི་ཡེ་ཤེས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་བདག་ཉིད་ཆེན་པོར་འཁོར་འདས་ཐམས་ཅད་ལ་ཡེ་ཁྱབ་ཆེན་པོར་ལྷུན་གྱིས་གྲུབ་པས་ཐམས་ཅད་ཡེ་ནས་སངས་རྒྱས་པའོ། །དེ་དག་གིས་གླེང་གཞི་ཕུན་སུམ་ཚོགས་པའི་གདམས་པ་མདོར་བསྟན་པ་བཤད་ཟིན་ཏོ། །དོན་གསུམ་པ་གཞི་ལམ་འབྲས་བུ་གསུམ་གྱི་གདམས་པ་རྒྱས་པར་བཤད་པ་ལ། དང་པོ་གཞིའི་གནས་ལུགས་བསྟན་པ་དང་གཅིག །བར་དུ་ལམ་གྱི་འཁྱེར་ཚུལ་བསྟན་པ་དང་གཉིས། ཐ་མར་འབྲས་བུའི་གྲོལ་ཚུལ་བསྟན་པ་དང་གསུམ་ལས། དང་པོ་ལ་ལྔ་སྟེ། འཁོར་འདས་གང་དུའང་མ་གྲུབ་པའི་སྔོན་རོལ་ན་གཞི་གཤིས་
ཀྱི་གནས་ལུགས་བསྟན་པ་དང་། དེ་ལས་ལྷུན་གྲུབ་ཀྱི་འཆར་ལུགས་བསྟན་པ་དང་། དེ་ཉིད་རིག་པས་ཐོག་མའི་ཀུན་ཏུ་བཟང་པོ་གཞི་ཐོག་ཏུ་ཇི་ལྟར་གྲོལ་བའི་ཚུལ་དང་། མ་རིག་པས་ཁམས་གསུམ་གྱི་སེམས་ཅན་འཁོར་བར་ཇི་ལྟར་འཁྱམས་ཚུལ་བསྟན་པ་དང་། སེམས་ཅན་གྱི་ཁམས་ལ་གདོད་མའི་སངས་རྒྱས་ཇི་ལྟར་བཞུགས་ཚུལ་བསྟན་པའོ། །དང་པོ་ལ་གདོད་མ་གཤིས་ཀྱི་བཞུགས་ཚུལ། འཁོར་འདས་འཆར་གཞི་བྱེད་ཚུལ། དེ་ལ་རྩོད་པ་སྤངས་ཚུལ་གསུམ་ལས། དང་པོ་ལ་མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི་སྒྲོན་མ་འབར་བ་ལས། ཐོག་མའི་ཀ་དག་ཆེན་པོ་ལས། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་བར། །དེ་ཉིད་ནས་ནི་རང་བཞིན་ནོ། །ཞེས་པ་དང་། སྙིང་གི་མེ་ལོང་ལས། གཞིའི་ཆོས་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་ཤིག །དེ་ཡང་ངོ་བོའི་ཆོས་ཐམས་ཅད་སྟོང་པར་ཤེས་པར་གྱིས་ཤིག །རང་བཞིན་གྱི་ཆོས་ཐམས་ཅད་གསལ་བར་ཤེས་པར་གྱིས་ཤིག །ཐུགས་རྗེའི་ཆོས་ཐམས་ཅད་ཀུན་ལ་ཁྱབ་པར་ཤེས་པར་གྱིས་ཤིག །ཅེས་སོ། །དེ་ལྟ་བུའི་ཚུལ་ངོ་བོ་གཅིག་ལ་རྣམ་པ་མ་འདྲེས་པ་ཇི་ལྟར་བཞུགས་ཞེ་ན། རིག་པ་རང་ཤར་ལས། དེ་ཡང་འདི་ལྟ་སྟེ། རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་སངས་རྒྱས། སྤྲོས་པ་དང་བྲལ་བའི་ཆོས་ཉིད། མཐའ་དང་བྲལ་བའི་རིག་པ། དག་པ་ཆེན་པོའི་སྣང་བ། ཕྱོགས་ལྷུང་མེད་པའི་ལྟ་བ། ཡངས་པ། གསལ་བ། མི་འགྱུར་བ། ཡེ་ཤེས་མི་འགགས་པ། མི་འཁྲུལ་བའི་ཆོས་ཉིད། ཕྱི་རྒྱ་མ་རལ་པ། ནང་ཡེ་ཤེས་ཀྱི་འོད་ལྔ་མ་འགོགས་པ། སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་སོ། །ཞེས་པས་ཡེ་ཐོག་གཞིའི་
དུས་ན་ཤེས་བྱ་རྣམ་པར་དག་པ། ཡུལ་ཆོས་ཀྱི་དབྱིངས་སྟོང་ལ་གོ་འབྱེད་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། གསལ་ལ་སྒྲིབ་པ་མེད་པ་མེ་ལོང་དག་པའི་ངོས་ལྟ་བུ། དངས་ལ་མི་གཡོ་བ་རྒྱ་མཚོ་དངས་པའི་གཏིང་ལྟ་བུ། དེའི་སྙིང་པོར་གཞི་འཛིན་པའི་རིག་པ་སྐུ་གསུམ་དུ་གནས་པ། སངས་རྒྱས་དང་སེམས་ཅན་གང་དུའང་མ་གྲུབ་ལ། གང་ལྟར་ཡང་འཆར་བའི་གཞི་མ་འགགས་པ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་ཏེ། ཐལ་འགྱུར་ལས། ཡེ་ཤེས་རང་ངོས་གནས་པ་ལས། གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་པ་དང་། ཡེ་ཤེས་རྣམ་དག་རང་གི་ངོ་བོ་ལ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་ལྡན། ཞེས་སོ། །དེ་གསུམ་ཡང་ནང་གསལ་དུ་ཡོད་ལ། ཕྱིར་གསལ་དུ་མེད་པ་ཤེལ་དང་བུམ་ནང་གི་མར་མེ་ལྟ་བུ། གསལ་སྟོང་དབྱེར་མེད་ལ་རིག་པའི་སྙིང་པོས་བརྒྱན་པ་རྨ་བྱའི་སྒོ་ང་ལྟ་བུ། ངོ་བོ་ཆོས་སྐུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན་རང་བཞིན་འོད་གསལ་ནང་གསལ་གྱི་ཚུལ་གྱིས་སྐུ་དང་ཡེ་ཤེས་ཀྱི་ཚོམ་བུར་གནས་པའི་ནང་ན། ཐུགས་རྗེ་རིག་པའི་སྙིང་པོ་ཅན་དུ་བཞུགས་པ་གཡུ་སྒོང་འབར་བ་ལྟ་བུའི་དཔེས་ཤེས་པར་བྱའོ། །དེའང་ཆོས་སྐུའི་ངང་ལས་ལོངས་སྐུ། ལོངས་སྐུའི་ངང་ལས་སྤྲུལ་སྐུ་རིག་པར་གནས་པ་ལ་སྐུ་གསུམ་འདུ་འབྲལ་མེད་པ་ལྷུན་གྲུབ་རིན་པོ་ཆེའི་གནས་ལུགས་ཞེས་བྱའོ། །དཔེ་ངོ་བོ་གདོད་ནས་སྟོང་པ་ཆོས་ཀྱི་སྐུའི་རང་མདངས་མཐིང་ག་ནམ་མཁའ་རྣམ་པར་དག་པ་ལྟ་བུ་ལ། རང་བཞིན་སྐུ་དང་ཡེ་ཤེས་ཀྱི་ཚོམ་བུ་ལོངས་སྤྱོད་རྫོགས་པ་ཉི་ཟླ་གཟའ་སྐར་ཤར་བ་ལྟ་བུ་ལས། ཐུགས་རྗེ་ཀུན་ཁྱབ་རིག་པའི་ཡེ་ཤེས་ཕྱོགས་བཅུར་འཕྲོ་བའི་འོད་ཟེར་གྱི་ཚུལ་དང་འདྲ་བར་ཤེས་པར་བྱ། མདོར་ན་ངོ་བོ་ཀ་དག་གི་ཀློང་ན་རང་བཞིན་ལྷུན་གྲུབ་ཀྱི་ཟེར་མདངས་སྐུ་དང་ཚོམ་བུར་གསལ་བ་ཐམས་ཅད། ཐུགས་རྗེ་རང་སྣང་གི་ཡེ་ཤེས་ཕྱིར་མ་འཕྲོས་པར་
ནང་གསལ་དུ་བཞུགས་ཏེ། ཀློང་གསལ་ལས། ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་མདངས་ཉིད་དུ་གནས། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགགས་མེད་སྣང་སྟོང་ཉིད་དུ་གནས། །ཞེས་སོ། །དེ་དག་ཀྱང་བསྡུ་ན་ཡེ་ཤེས་གསུམ་ལས་གཞན་དུ་མེད་དེ། ཉི་ཟླ་ཁ་སྦྱོར་ལས། གཞི་གནས་ཀྱི་ཡེ་ཤེས་ནི་གསུམ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དང་། ཐུགས་རྗེ་རང་སྣང་གི་ཡེ་ཤེས་སོ། །ཞེས་བཤད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། དེ་ཡང་གདོད་མའི་གཞི་ངོ་བོའི་ངོས་ནས་གཞལ་ན། སྟོང་པ་སྤྲོས་པ་དང་བྲལ་བ་ནམ་མཁའ་རྣམ་པར་དག་པ་ལྟ་བུ་ཡོད་པ་མ་ཡིན་མེད་པ་མ་ཡིན། སྣང་བ་མ་ཡིན། མི་སྣང་བ་མ་ཡིན། གཉིས་ཀ་མ་ཡིན། གཉིས་ཀ་མ་ཡིན་པ་ཡང་མ་ཡིན། འཁོར་བ་མ་ཡིན། མྱ་ངན་ལས་འདས་པ་མ་ཡིན། དགེ་བ་མ་ཡིན། སྡིག་པ་མ་ཡིན། བྱས་པ་མ་ཡིན། མ་བྱས་པ་མ་ཡིན། སྣང་བ་མ་ཡིན། སྟོང་པ་མ་ཡིན། དངོས་པོ་མ་ཡིན། དངོས་པོ་མེད་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། ཁ་དོག་མེད། དབྱེ་བས་མེད། ངོ་བོ་མེད། ངོས་གཟུང་མེད། བརྗོད་བྱའི་དོན་མ་གྲུབ། རྗོད་བྱེད་ཀྱི་ཚིག་མ་གྲུབ། མཚོན་པའི་ཡུལ་མ་གྲུབ། གནས་པའི་གཞི་མ་གྲུབ། གདོད་མའི་ངང་མ་གྲུབ། བྱུང་བའི་ས་མེད་པས། སྔར་འདས་པ་མེད་དོ། །འགྲོ་འོང་གི་ཡུལ་མེད་པས། ཕྱིས་འབྱུང་བ་མེད་དོ། །བརྟེན་པའི་གནས་མེད་པས་ད་ལྟར་དམིགས་སུ་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །རྣམ་པར་སྨིན་པ་མེད་དོ། །རིག་པ་མེད་དོ། །མ་
རིག་པ་མེད་དོ། །སེམས་མེད་དོ། །ཤེས་རབ་མེད་དོ། །སྣང་བ་དང་། མི་སྣང་བ་དང་། ཡོད་པ་དང་། མེད་པ་དང་། ཡིན་པ་དང་། མ་ཡིན་པ་ལ་སོགས་ཚིག་དང་། དོན་དང་མིང་དང་། ཡི་གེའི་རྣམ་པ་གང་གིས་ཀྱང་མཚོན་ཞིང་བསྟན་དུ་མེད་པ། བློའི་ཡུལ་ལས་འདས་པ་སྟེ། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་པ་དང་། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དོ། །གང་དུ་མ་ཕྱེ་ཆིག་ཆོད་ལ། །ཡེ་ཤེས་ཙམ་དུ་གྲུབ་པ་མེད། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་པའི་ཕྱིར། །རྩལ་དང་ཡོན་ཏན་འགགས་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་བརྗོད་པའི་གཞི་མ་འོ། །ཞེས་པ་དང་། ཡི་གེ་མེད་པ་ལས། རང་བྱུང་ཡེ་ཤེས་ཀྱི་ལྟ་བ་ལ་སྤྱད་པའི་ཡུལ་མེད་དོ། །སྔར་འདས་པ་མེད་དོ། །ཕྱིས་འབྱུང་བ་མེད་དོ། །ད་ལྟར་གནས་པ་གང་ཡང་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཤེས་རབ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ། །དེ་ཐམས་ཅད་འཛིན་པ་མེད་པ་ལས་བྱུང་ངོ་། །ཞེས་པ་དང་། རིག་པ་རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། མཐའ་བཞིའི་དྲི་མ་རང་སངས་ཉིད། ཅེས་སོ། །འོ་ན་གདོད་མའི་ཀ་དག་གང་ཡང་མེད་པའི་ཕྱང་ཆད་ནམ་མཁའ་སྟོང་པ་ཁོ་ན་དང་འདྲའམ་ཞེ་ན། སྟོང་ལ་གོ་འབྱེད་པས་ནམ་མཁའ་རྣམ་པར་དག་པ་ལ་དཔེར་བྱས་ཀྱི། སྣང་བ་དང་
རིག་པ་གང་ཡང་མེད་པའི་ངོས་ན་དཔེ་བཞག་པ་ནི་མ་ཡིན་ཏེ། ཐལ་འགྱུར་ལས། སྟོང་གསལ་རིག་ཅིང་འགྱུར་བ་མེད། ཅེས་པ་དང་། ཡི་གེ་མེད་པ་ལས། ཨེ་མ་ཧོ། ང་ལ་སྟོང་པ་དང་སྣང་བ་མ་སྤངས་པར་རྫོགས་སོ། །ཞེས་པ་དང་། ཀློང་གསལ་ལས། སྟོང་དང་གསལ་དང་མི་འགགས་ཕྱིར། །རྒྱ་ཆད་ཕྱོགས་ལྷུང་མེད་པའོ།།ཞེས་པ་དང་། རང་ཤར་ལས། ང་མེད་པའི་སྔོན་རོལ་ན་གཞིའི་གནས་ལུགས་འདི་ལྟར་གནས་ཏེ། གཞི་ཀ་དག་ཆེན་པོ་ཞེས་བྱ་བ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ། །ངོ་བོ་མི་འགྱུར་བའི་ཡེ་ཤེས་མ་འགགས་པ་གསལ་བ་གཞོན་ནུ་བུམ་པ་སྐུའི་གནས་ལུགས་ཞེས་བྱའོ། །རང་བཞིན་འོད་ལྔའི་སྣང་བ་མ་འགགས་པའོ། །ཐུགས་རྗེའི་སྣང་བ་ནི་དཔེར་ན་ནམ་མཁའ་སྤྲིན་མེད་པ་ལྟ་བུའོ། །དེ་དག་ནི་ངོ་བོ་ཀ་དག་གི་གནས་ལུགས་ཞེས་བྱ་སྟེ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་བའོ། །ཞེས་སོ། །དེའི་ཕྱིར་ཐོག་མའི་ཀ་དག་དེ་ཡང་། ངོ་བོ་སྟོང་པའི་ཡེ་ཤེས་ཆོས་སྐུ། རང་བཞིན་གསལ་བའི་ཡེ་ཤེས་ལོངས་སྐུ། ཐུགས་རྗེ་རང་སྣང་གི་ཡེ་ཤེས་སྤྲུལ་སྐུ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྟོན་ཀའི་ནམ་མཁའ་རྣམ་པར་དག་པ་ལྟ་བུའོ། །གཉིས་པ་རང་བཞིན་རྒྱས་པར་བཤད་ན། དེ་ཡང་གདོད་མའི་གཞི་དེ་རང་བཞིན་གྱི་ངོས་ནས་གཞལ་ན་གསལ་ལ་སྒྲིབ་གཡོག་དང་བྲལ་བ། མེ་ལོང་གཡའ་དག་པའི་ངོས་ཀྱི་གཟུགས་བརྙན་ནམ། བུམ་ནང་གི་མར་མེའམ། ཆུ་ནང་གི་ཟླ་བ་ལྟར། གང་དུའང་འཆར་བའི་གཞི་མ་འགགས་པ། ཕྱི་རྒྱ་མ་རལ་བར་རྟོག་མེད་དག་པའི་ཆོས་སྐུའི་ནང་ན་འོད་གསལ་བར་སྣང་ལ་རང་བཞིན་གྱིས་སྟོང་པ། རྟག་ཆད་གང་གི་ཡང་མཐར་མ་ལྷུང་བ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་ལ་སོགས་
པ་ཡེ་ཤེས་ཀྱི་འོད་ལྔའི་ཀློང་ན་རིགས་ལྔའི་ཚོམ་བུ་མ་འགགས་པར་ངང་གིས་འོད་གསལ་བ། ཡངས་པ། གསལ་བ། མི་འགྱུར་བ་འཁྲུལ་མ་མྱོང་བའི་སྣང་བ། གྲོལ་མ་མྱོང་བའི་ཡེ་ཤེས། རང་སྣང་དག་པའི་ཆོས་ཉིད། ཡེ་ནས་གསལ་སྟོང་དུ་ལམ་མེ་བཞུགས་པ་ཡིན་ཏེ། རང་ཤར་ལས་རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པས་སངས་རྒྱས། སྤྲོས་པ་དང་བྲལ་བའི་ཆོས་ཉིད། དག་པ་ཆེན་པོའི་སྣང་བ། ཕྱོགས་ལྷུང་མེད་པའི་ལྟ་བ། ཡངས་པ། གསལ་བ། མི་འགྱུར་བ། ཡེ་ཤེས་མི་འགགས་པ། མི་འཁྲུལ་བའི་ཆོས་ཉིད། ཕྱི་རྒྱ་མ་རལ་བ། ནང་ཡེ་ཤེས་ཀྱི་འོད་ལྔ་མ་འགགས་པ། སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་སོ། །ཞེས་པ་དང་། ཀློང་གསལ་ལས། འགགས་མེད་རྩལ་ནི་ཅིར་ཡང་འཆར། །སྟོང་གསལ་རིག་ཅིང་འགྱུར་བ་མེད། །ཅེས་པ་དང་། རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་མདངས་ཉིད་དུ་གནས། །ཞེས་སོ། །འོ་ན་དེ་ལྟ་བུའི་རང་བཞིན་འོད་གསལ་གྱི་སྣང་བ་དེ་རྟག་པ་ཐེར་ཟུག་དངོས་པོ་ཅན་ཞིག་ཡིན་ནམ་སྙམ་ན་མ་ཡིན་ཏེ། སྔ་མ་ལས། སྟོང་གསལ་རང་མདངས་མི་འགགས་ཕྱིར། །རྒྱ་ཆད་ཕྱོགས་ལྷུང་མེད་པའོ། །ཞེས་པ་དང་། རང་ཤར་ལས། རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །ཞེས་པ་དང་། རང་གྲོལ་ལས། མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་པས། སྣང་བ་ཉིད་ཀྱི་སྟོང་པས་རྟག་པའི་མཐར་མ་ལྷུང་བ་ཆུ་ཟླ་ལྟ་བུ། སྟོང་པ་ཉིད་ཀྱི་སྣང་བས་ཆད་པའི་མཐར་མ་ལྷུང་བ་གཟུགས་བརྙན་ལྟ་བུ། སྣང་བ་དང་སྟོང་པ་གཉིས་སུ་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ། སྣང་སྟོང་ལ་སོགས་པའི་སྤྲོས་པ་གང་དུ་ཡང་མ་གྲུབ་པས་དབང་པོའི་མངོན་སུམ་ལྟ་བུར་ཡེ་གདོད་མ་ནས་ནང་གསལ་ཆེན་པོར་བཞུགས་སོ། །དེའི་ཕྱིར་ཐོག་མའི་ལྷུན་གྲུབ་དེ་ཡང་གསལ་བའི་ངོ་བོ་ཡེ་ནས་སྟོང་པ་ཆོས་སྐུ། གསལ་བའི་རང་བཞིན་སྣ་ཚོགས་སུ་སྣང་བ་ལོངས་སྐུ་
གསལ་བའི་ངོས་ནས་རིག་པ་མ་འགགས་པར་འཆར་བ་ཐུགས་རྗེ་སྤྲུལ་པའི་སྐུ། གསལ་སྟོང་འགྱུར་བ་མེད་པ་ཉི་ཟླའི་དཀྱིལ་འཁོར་འོད་གསལ་བ་ལྟ་བུར་བཞུགས་སོ། །གསུམ་པ་ཐུགས་རྗེ་རྒྱས་པར་བཤད་པ་ནི། དེ་ཡང་གདོད་མའི་གཞི་དེ་ཐུགས་རྗེའི་ངོས་ནས་གཞལ་ན་ངོ་བོ་སྟོན་ཀའི་ནམ་མཁའ་དག་པ་ལྟ་བུ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་ན་རང་བཞིན་མཁྱེན་པའི་ཡེ་ཤེས་སུ་གསལ་བ་མེ་ལོང་དག་པའི་ངོས་ལྟ་བུ་གཞི་གནས་ཀྱི་ཡེ་ཤེས་ནང་གསལ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚན་ཉིད་ལྔ་ལྡན་དུ་བཞུགས་པ་ནི། ནང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དེ་ཡང་། ངོ་བོ་སྟོང་ལ་འགྱུར་བ་མེད་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། རང་བཞིན་གསལ་ལ་འཆར་གཞི་མི་འགགས་པས་མེ་ལོང་ལྟ་བུའི་ཡེ་ཤེས། རང་སྣང་གི་སྐུ་དང་ཡེ་ཤེས་ཙམ་ལ་ཡང་གཉིས་བཅས་ཀྱི་འཛིན་པ་དབྱིངས་སུ་ནུབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། ཤེས་བྱ་གང་ལ་ཡང་མ་འདྲེས་པར་མཁྱེན་ཆ་ནང་དུ་གསལ་བས་སོ་སོར་རྟོགས་པའི་ཡེ་ཤེས། དོན་གཉིས་ལྷུན་གྱིས་གྲུབ་པའི་གཞི་མར་ཡེ་གདོད་མ་ནས་བཞུགས་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཆེན་པོར་བཞུགས་སོ། །དེའི་ངང་ནས་ཕྱིར་གསལ་གྱི་རིག་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འཆར་གཞི་མི་འགགས་པས་སེམས་ཅན་གྱི་ཁམས་ལ་རང་བཞིན་ཤུགས་ཀྱི་ཐུགས་རྗེ་འབྱུང་བའི་གཞི་བྱེད་པ་ནི་འཁོར་འདས་ཀྱི་འབྲེལ་བ་ཉེ་བར་མཚོན་པ་སྟེ། དེ་ཡང་ཡེ་ཤེས་འདི་འཆར་གཞིའི་ཚུལ་དུ་ནང་ན་གདོད་མའི་གཞི་ལ་མེད་ན། གཞི་ཐོག་ཏུ་སངས་རྒྱས་ནས་སེམས་ཅན་གྱི་དོན་མི་འབྱུང་ལ། ཕྱིར་གསལ་རགས་པ་ལྟར་ཡོད་ན་གཞོན་ནུ་བུམ་པའི་སྐུ་ཕྱི་རྒྱ་མ་རལ་བའི་མཚན་ཉིད་ནང་ཡེ་ཤེས་རིན་པོ་ཆེའི་གནས་ལུགས་ཕྱི་དང་ནང་མེད་པས་ཀུན་ཏུ་ཡང་ནང་དུ་གྱུར་བའི་ངོ་བོ་དང་འགལ་བས་ན། ནང་གསལ་གྱི་རིག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤིན་ཏུ་ཕྲ་བའི་བདག་ཉིད་ཕྱིར་མ་འཕྲོས་ལ། འཕྲོ་བའི་གཞིར་མི་འགགས་
པས་མཁྱེན་པ་གཉིས་འབྱུང་བའི་ཕྱི་མོར་གནས་པའོ། །དེའང་མཁྱེན་པ་གཉིས་སུ་འཕྲོ་ཚུལ་ནི། ནང་གསལ་གྱི་ངང་ལས་ཕྱིར་གསལ་དུ་ཡེ་ཤེས་ཡུལ་གྱི་རྣམ་པ་ལ་འཇུག་པ་ན། ཡུལ་སྣ་ཚོགས་སུ་སྣང་ཡང་དེ་གདོད་མ་ནས་གཞིའི་ངོ་བོ་ལས་མ་གཡོས་པར་སྟོང་པ་ཆེན་པོར་གཟིགས་པ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཏེ། དོན་དམ་དཔེ་ལས་འདས་པའི་ཆོས་ཉིད་མཁྱེན་ནས་སེམས་ཅན་གྱི་ཁམས་ལ་རང་བཞིན་གྱིས་སྟོང་པའི་ཆོས་སྟོན་ཏོ། །ཡུལ་སྣ་ཚོགས་སུ་སྣང་བ་དེའི་རང་བཞིན་དག་པ་དང་མ་དག་པ་ལ་སོགས་པའི་ཆོས་ཅན་མ་འདྲེས་པར་སྣང་བ་ཆེན་པོར་གཟིགས་པ་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། ཆུ་ཟླ་ལྟ་བུའི་ཆོས་ཅན་མཁྱེན་ནས་སེམས་ཅན་གྱི་ཁམས་ལ་འཁྲུལ་བ་དང་མ་འཁྲུལ་བ་དང་འཁྲུལ་པ་བཟློག་པའི་ཐབས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་ཐེག་པ་ཐ་དད་པ་རྣམས་གསུངས་སོ། །དེས་ན་གཞིི་གདོད་མའི་ཡེ་ཤེས་ཐུགས་རྗེའི་འཆར་གཞི་ནང་གསལ་དུ་གནས་པ་དེ་ལ་ཡེ་ཤེས་འདི་གཉིས་འཆར་གཞིར་ཡོད་ལ། རང་བཞིན་དུ་ནང་གསལ་མཉམ་པ་ཆེན་པོ་དེ་ལ་གང་དུ་ཡང་སྣང་བ་དང་གྲུབ་པ་མེད་དེ། ཐལ་འགྱུར་ལས། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །མཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །འདི་མེད་འཁོར་འདས་ལྟེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བ་འོ། །ཞེས་སོ། །འོ་ན་གཞིའི་དུས་ཀྱི་ནང་གསལ་གྱི་རིག་པ་དེ་རིག་ཙམ་ལས་གང་དུ་ཡང་མ་གྲུབ་པ་རྟོག་པ་ལྟ་བུར་ཡོད་དམ། རྟག་པ་ཐེར་ཟུག་ཏུ་ཡོད་དམ། མེད་པ་ཕྱང་ཆད་དུ་ཡོད་དམ། དེ་ལས་གཞན་དུ་ཡོད་སྙམ་ན། ཀློང་གསལ་ལས། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགགས་མེད་སྣང་སྟོང་ཉིད་དུ་སྣང་། །ཞེས་པས། རང་བཞིན་དུ་རིག་པ་འོད་ཀྱི་ཁང་པ་ན། འོད་མཐའ་མེད་པའི་ཡུལ་ཅན་རྨ་བྱའི་སྒོ་ང་ལྟ་བུའི་ནང་ན་རིག་པ་
གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རིག་ཆར་གནས་ལ། རྟོག་ཆར་མ་འཕྲོས་པ་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལམ། འོད་གསལ་གྱི་ངང་ལ་མཉམ་པར་བཞག་པའི་དུས་ཀྱི་ཏིང་ངེ་འཛིན་གྱི་ཤེས་པ་ལྟ་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་ངོ་བོ་སྟོང་ལ་རང་བཞིན་གསལ་ཞིང་ཐུགས་རྗེ་འཆར་གཞི་མི་འགགས་པའི་ཚུལ་གྱིས་བཞུགས་ཏེ། ཐོག་མཐའ་བཅད་པ་ལས་ཐོག་མའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་དཔེ་རྨ་བྱའི་སྒོ་ང་ལྟར་གནས་སོ།། ཞེས་པ་དང་། ཐལ་འགྱུར་ལས། ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་པ་དང་། དེ་ཉིད་མདངས་ཀྱི་གོ་ནས་ཕྱེ་ན་དོན་གསལ་མེ་ལོང་ལས་སྟོང་པའི་རིག་པ་གསལ་བར་གནས་སོ། །གསལ་བའི་རིག་པ་སྐུ་རུ་གནས་སོ། །སྐུའི་རིག་པ་སྣང་སྟོང་དུ་གནས་སོ། །ཡང་གཞིའི་རིག་པ་ཀ་དག་ཆེན་པོ་ཡིན། ལྷུན་གྲུབ་ཀྱི་རིག་པ་སྐུ་དང་ཡེ་ཤེས་ཡིན། ཐུགས་རྗེའི་རིག་པ་མ་འགགས་ལུ་གུ་རྒྱུད་དོ། །ཞེས་བཤད་དོ། །དེའི་ཕྱིར་ཐོག་མའི་ཐུགས་རྗེ་ནང་གསལ་གྱི་རིག་པ་དེ་ཡང་། ངོ་བོ་རྣམ་པར་མི་རྟོག་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ཆོས་སྐུ། རང་བཞིན་མེ་ལོང་གཡའ་དག་པ་ལྟར་ཐམས་ཅད་མཁྱེན་པའི་ངང་ལས། རྣམ་པ་ཐམས་ཅད་མཁྱེན་པའི་འཆར་གཞི་མ་འགགས་པར་འོད་གསལ་བ་ལོངས་སྐུ། ཐུགས་རྗེ་ནང་གསལ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་རིག་པའི་རྒྱལ་པོར་བཞུགས་པ་སྤྲུལ་པའི་སྐུ་རིག་སྟོང་འགྱུར་བ་མེད་པ་ཆོས་ཉིད་ལ་མཉམ་པར་བཞག་པ་ལྟ་བུར་བཞུགས་སོ། །གསུམ་པ་དོན་བསྡུ་བ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཆོས་སྐུའི་ཡེ་ཤེས་བསམ་འདས་བརྗོད་མེད་དང་། །ལོངས་སྐུའི་ཡེ་ཤེས་ཁ་དོག་མ་འདྲེས་གསལ། །སྤྲུལ་སྐུའི་ཡེ་ཤེས་ཅིར་ཡང་བསྒྱུར་དུ་བཏུབ། །ཅེས་པ་དང་། ནོར་བུ་ཕྲ་བཀོད་ལས། ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགགས་པ་མེད། །ཐུགས་རྗེ་ཀུན་
ལ་རབ་སྣང་ཞིང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། གནས་ལུགས་རྣམ་པ་མང་བཤད་ཀྱང་། །ཡེ་ཤེས་རྣམ་པ་གསུམ་ཡིན་ནོ། །ཞེས་པས། མདོར་བསྡུ་ན་གདོད་མའི་གཞི་སྟོང་ལ་སྤྲོས་པ་མེད་པའི་ཀློང་ན། གསལ་ལ་ངོས་གཟུང་མེད་པའི་འོད་ལྔ་ཐུགས་རྗེ་རིག་པའི་སྙིང་པོར་དུས་གསུམ་འདུལ་འབྲལ་མེད་པའི་ཚུལ་གྱིས། འཁོར་འདས་གང་དུའང་མ་གྲུབ་པའི་སྔོན་རོལ་ན། གདོད་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་བར་རིག་པ་འོད་ཀྱི་ཁང་པ་ཅན། ཚོན་ལྔའི་དྲུ་བུ་བསྡོག་པ་ལྟར་ནང་གསལ་དུ་བཞུགས་ཏེ། བསྟན་པ་རིན་པོ་ཆེ་གསེར་གྱི་ཡི་གེ་ཅན་ལས། མ་བྱུང་མ་སྐྱེས་སྔོན་རོལ་ན། །ཐོག་མའི་མགོན་པོ་འོད་མི་འགྱུར། །རང་བཞིན་ལྷུན་གྲུབ་སངས་རྒྱས་ཏེ། །ཀུན་གྱི་འབྱུང་གནས་ཆེན་པོར་གནས། །ནམ་མཁའ་རྒྱ་མཚོ་རིན་ཆེན་བཞིན། །ཆད་པ་མ་ཡིན་འོད་གསལ་སྐུ། །རྟག་པ་མ་ཡིན་དངོས་པོ་མེད། །མཁའ་དང་འཇའ་ཚོན་ཚུལ་དུ་གནས། །ཀུན་གྱི་འབྱུང་གནས་ཆེན་པོ་སྟེ། །ཀུན་གྱི་དངོས་གཞིར་གྱུར་པ་ལ། །རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ། །དབྱེར་མེད་ལྷུན་གྱིས་གྲུབ་པར་གནས། །ཞེས་གསུངས་སོ། །གཉིས་པ་འཁོར་འདས་ཀྱི་འཆར་གཞི་བྱེད་ཚུལ་ནི། གདོད་མའི་གཞི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་འཁྲུལ་མ་འཁྲུལ་གང་དུའང་མ་གྲུབ་པ་དེས་འཁོར་འདས་ཀྱི་འཆར་གཞི་ཇི་ལྟར་བྱེད་ཚུལ་ལོ། །དཔེ་དོན་གཉིས་ལས་དཔེ་མེ་ལོང་གཡའ་དག་པ་དང་འདྲ་སྟེ། མེ་ལོང་དེ་ཉིད་ཀྱི་ཕྱི་རོལ་རྣམ་པ་གཏོད་བྱེད་ཀྱི་གཟུགས་གང་དུ་ཡང་གྲུབ་པ་མེད་ཀྱང་། གཟུགས་བརྙན་གྱི་རྣམ་པ་དཀར་ནག་གང་ཡང་འཆར་བའི་གཞི་བྱེད་པ་ལྟར་གདོད་མའི་གནས་ལུགས་སྟོང་གསལ་སྤྲོས་པ་དང་བྲལ་བའི་རང་བཞིན་གང་དུ་ཡང་མ་གྲུབ་པ་མེ་ལོང་ལྟ་བུ་ལ། དེ་ཉིད་རིག་པ་དང་མ་རིག་པའི་རྣམ་པ་གཏོད་བྱེད་སོ་སོར་ཤར་བས། འཁོར་འདས་གཉིས་ཀྱི་གཟུགས་བརྙན་ཐ་དད་དུ་སྣང་ཡང་། སྣང་དུས་དེ་ཉིད་ན་གདོད་
མའི་གཞི་མེ་ལོང་ལྟ་བུ་དེ་བཟང་ངན་གང་དུ་ཡང་འགྱུར་བ་མེད་དེ། དཔེར་ན། གཟུགས་བརྙན་དཀར་ནག་གང་ཤར་ཡང་མེ་ལོང་ལ་བཟང་ངན་མེད་པ་བཞིན་དུ་འཁོར་འདས་ཀྱི་གཟུགས་བརྙན་ཅི་ཤར་ཡང་གདོད་མའི་ངོ་བོ་ལ་འགྱུར་བ་མེད་པའི་ཆོས་ཉིད་ཡིན་ཏེ། ཇི་ལྟར་སྔོན་དེ་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཅེས་པ་དང་། ཡེ་ཤེས་གསང་འཁོར་གྱི་རྒྱུ་ལས། ཡིན་ཚུལ་ངེས་པ་མེད་པ་ལ། །སྣང་ཚུལ་ཅན་གྱི་ཅི་ཡང་སྣང་། །ཞེས་སོ། །འོ་ན་འཁོར་འདས་སུ་སྣང་བ་དེས་གཞི་ལ་ཕན་གནོད་མེད་པས་འཁྲུལ་པ་དག་པར་བྱ་མི་དགོས་སམ་ཞེ་ན། ངོ་བོ་ལ་ཕན་གནོད་མེད་ཀྱང་། རྣམ་པ་ལ་ཕན་གནོད་དུ་སྣང་བ་རྨི་ལམ་གྱི་རྣམ་པ་ལྟ་བུར་ཤར་བས། འཁོར་བའི་འཁྲུལ་སྣང་མེད་བཞིན་སྣང་བས་འགྲོ་བ་དྲུག་ཏུ་སྡུག་བསྔལ་བ་མྱ་ངན་ལས་འདས་པའི་སྣང་བ་མེད་བཞིན་སྣང་བའི་རང་བཞིན་གྱིས་སྦྱངས་ཏེ། དེ་ཡང་གདོད་མའི་གཞི་ལ་མྱ་ངན་ལས་འདའ་དགོས་པ་ནི་འཁྲུལ་སྣང་བཟང་ངན་ཡིན་པའི་གནད་ཀྱིས་སོ། །གཉིས་ཀ་མེད་བཞིན་སྣང་བའི་འཁྲུལ་སྣང་ཡིན་པར་མདོ་ལས། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། ཞེས་དུས་བསྟན་ཏོ། །རབ་འབྱོར་ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་བརྟགས་པ་མེད་བཞིན་དུ་སྣང་བས་ན་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུའོ། །ཞེས་སོ། །དེ་ཡང་གདོད་མའི་གཞི་ནི་སྤྲོས་པ་དང་བྲལ་བའི་རང་བཞིན་ཆོས་ཀྱི་དབྱིངས་སོ། །དེ་ལས་མཆེད་པ་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ནི་མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་སོ། །དེ་ཉིད་ཀྱི་སྣང་བ་ལས་ལོངས་སྤྲུལ་གྱི་རྣམ་པ་དང་སྦྱོང་བགྲོད་ཀྱི་ཐོབ་པར་སྣང་བའི་སྐུ་རྣམ་པ་གཉིས་ནི་མྱ་ངན་
ལས་འདས་པའོ། །དེ་ཉིད་ཀྱི་འཁོར་བའི་སྒོ་ལྟར་ཤར་བ་དང་། རགས་པར་འཁྲུལ་པའི་འགྲོ་དྲུག་གི་སྣང་བ་ནི་སྲིད་པའི་འཁོར་བ་ཞེས་བྱའོ། །དེ་བས་ན་འདིར་རྡོ་རྗེ་སྙིང་པོའི་ཐེག་པས་བལྟས་ན་མེ་ལོང་གི་རང་བཞིན་ལྟར་གདོད་མའི་གཞི་ནང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་མ་རྟོགས་པ། མེ་ལོང་གི་གཟུགས་བརྙན་དཀར་ནག་ཤར་བ་ལྟར་འཁོར་འདས་བདེ་སྡུག་གི་སྣང་བ་ཐམས་ཅད་མེད་སྣང་འཁྲུལ་པའི་རང་བཞིན་དུ་མཐོང་བས། འཁོར་འདས་གཉིས་ཀ་གདོད་མའི་གཞི་ཐོག་ཏུ་མཉམ་དུ་གྲོལ་དགོས་པར་འདོད་དོ། །ཅིས་མངོན་ཞེ་ན། སངས་རྒྱས་མྱ་ངན་ལས་འདའ་འོ་ཞེས་ཆོས་ཐམས་ཅད་ནས་བཤད་མོད། དེའི་དོན་མྱ་ངན་ལས་འདས་པའི་བཟང་སྣང་མེད་སྣང་འཁྲུལ་པ་དེ་ཡང་གདོད་མར་ཐིམ་པའི་གནས་ལུགས་ལ་ཟེར་རོ། །ཡང་བར་དོའི་སྐུ་དང་ཡེ་ཤེས་སུ་སྣང་བ་རང་སྣང་དུ་ཤེས་པས་གྲོལ་དུས་ནའང་ཤེལ་གྱི་ཕྱི་འོད་ནང་གསལ་དུ་ཐིམ་པ་ལྟར། གདོད་མའི་གཞི་ལ་བཙན་ས་ཟིན་པར་བཤད་པས་ཀྱང་ཤེས་སོ། །མདོར་ན་གདོད་མའི་གཞི་དེ་གང་དུ་ཡང་མ་གྲུབ་ལ། གང་གིའང་འཆར་གཞི་བྱེད་པ་མེ་ལོང་དང་འདྲ་བའོ། །གཉིས་པ་དོན་ལ་གཉིས་ལས། མ་དག་པའི་གཞི་བྱེད་ལུགས་ནི། གདོད་མའི་གཞི་ནང་གསལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། ངོ་བོ་རིས་མེད་སྟོང་པའི་རང་མདངས་ཀྱི་ཕྱིར་ཡུལ་ནམ་མཁའ་སྟོང་པ་ཀུན་གྱི་གོ་སྐབས་འབྱེད་པའི་ཡུལ་གྱི་འཁྲུལ་གཞི་བྱེད་ལ། ངོ་བོ་རིག་སྟོང་ཕྲ་མོས་ནང་དུ་ཀུན་གཞིའི་ཡུལ་ཚོགས་བརྒྱད་ཀུན་གྱི་རྟེན་བྱེད་པའི་འཁྲུལ་ཡུལ་བྱེད་དོ།།རང་བཞིན་གསལ་མདངས་འོད་ཀྱི་རང་བཞིན་ལས་འོད་གཉིས་སྣང་བའི་རང་བཞིན་གྱི་འོད་ཀྱི་ནང་དུ་ལུས་ཀྱི་འཁྲུལ་གཞི་ཁ་དོག་དང་མཚན་མ་རིས་ཅན་དུ་བྱེད་ལ། དེ་ལས་སྣང་བ་གཟུགས་བརྙན་གྱི་འོད་ཀྱིས་ཕྱིར་འབྱུང་བ་བཞི་སོ་སོར་སྣང་བའི་ཡུལ་བྱེད་དོ། །ཐུགས་རྗེས་རིག་
རྩལ་མ་འགགས་པར་སྣང་བས། ཕྲ་རགས་གཉིས་ལས། ཀུན་གཞི་ལས་གཡོས་ཚོགས་བདུན་དུ་ཤར་བའི་བར་གྱི་ཤེས་པ་ཡུལ་གང་ལ་འཕྲོས་པའི་སྐད་ཅིག་ལྔ་ལ་སོགས་ཀྱིས་ཤེས་པ་མེ་ལོང་གི་ངོས་ལྟ་བུ་འཆར་གཞི་ཡོད་པའི་རིག་ཙམ་མ་འགགས་པར་ཕྱི་མའི་སྐད་ཅིག་གི་རྐྱེན་དུ་གྲུབ་ཅིང་། ཤར་ཡུལ་དངོས་སུ་མ་གྲུབ་པས་ཡུལ་གྱི་རྣམ་པ་མི་འཛིན་པས་གཉིད་དུ་འགྲོ་ཁའི་ཤེས་པ་ལྟ་བུ་སྣང་ཡུལ་དུ་ཡོད་ཀྱང་འཛིན་ཡུལ་དུ་མ་སྐྱེས་པའི་ཕྲ་བའི་རྟེན་དུ་འཁྲུལ་ལ། དེ་ལས་སྐད་ཅིག་གཉིས་པར་ཉོན་མོངས་པ་དང་། ལུང་མ་བསྟན་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཡུལ་བདུན་པོ་ལ་དགག་སྒྲུབ་ཀྱི་རྣམ་པར་སྐྱེས་པའི་ཤེས་པ་རགས་པ་ཚོགས་བདུན་གྱི་རྟེན་དུ་འཁྲུལ་བས། འཁོར་བའི་བག་ཆགས་སྣ་ཚོགས་སུ་ཀུན་གཞི་ལ་སོགས་པར་བྱེད་དོ། །འདི་ལྟར་ད་ལྟ་ཉིན་དུས། ཤེས་པ་འཕྲོ་བ་ན་ཡང་ཀུན་གཞི་ལས་མཆེད་དེ། ཡུལ་དང་མཐུན་པའི་ཚོགས་སུ་འཆར་ལ་མཚན་དུས་གཉིད་ལ་འགྲོ་བ་ནའང་། ཀུན་གཞི་ལ་ཐིམ་ནས་ཀུན་གཞི་གདོད་མའི་དབྱིངས་སུ་དར་ཅིག་ཐིམ་པར་འདོད་དེ། དེ་ཡང་ཕྱོགས་རེའི་དཔེར་མཚོན་ན། སྐྱེས་བུ་གཅིག་ངལ་གསོ་བ་ལྟ་བུའི་ཚེ་ཤེས་པ་དར་ཅིག་གང་དུ་ཡང་མི་རྟོག་པར་ལུང་མ་བསྟན་དུ་གནས་པ་ཀུན་གཞི། དེ་ལས་དར་ཅིག་སྣང་ཡུལ་མ་འགགས་པར་ལམ་མེ་གསལ་ཡང་། དེར་འཛིན་མ་ཞུགས་པས་གསལ་ལ་རྟོག་མེད་ཀྱི་རྣམ་པ་དེ་ཀུན་གཞིའི་རྣམ་པར་ཤེས་པ། དེ་ལ་སྒྲ་ལྷང་ངེ་བ་ལྟ་བུ་ལ་ཡིད་རྩེར་བྱུང་ནས་སྙན་མི་སྙན་དུ་རྟོག་པ་དེ་རྣ་བའི་རྣམ་པར་ཤེས་པའོ། །དེ་བཞིན་དུ་སྒོ་གཞན་ལ་ཡང་ཤེས་པར་བྱའོ། །ཡང་མཚན་མོ་ཉལ་དུས། གཟུགས་སྒྲ་དྲི་རོ། རེག་བྱ་ལ་སོགས་པ་ལ་རྟོག་པའི་ཚོགས་བདུན་རགས་པ་སྟེ། གཉིད་དུ་འགྲོ་ཁའི་ཤེས་པ་གསལ་ལ་རྟོག་མེད་ཀུན་གཞིའི་རྣམ་ཤེས་སུ་ཐིམ་ནས། ཀུན་
གཞིའི་རྣམ་ཤེས་དེ་ཡང་རིམ་གྱིས་རྟོག་མེད་གཉིད་ཀྱི་ཤེས་པ་ཀུན་གཞིར་ཐིམ་ནས། དེ་ཡང་སྐྱེ་མེད་བསམ་ཡུལ་ལས་འདས་པའི་ཆོས་སྐུར་ཐིམ་སྟེ་དར་ཅིག་གནས་སོ། །དེ་ཉིད་ཟིན་པ་ལ་མི་རྟོག་པ་གཞིའི་འོད་གསལ་ཟིན་པ་ཞེས་བྱའོ། །དེ་ནས་དེ་ཉིད་ལས་མ་གཡོས་ན་གཉིད་འོད་གསལ་དུ་འཆར་ལ། གཡོས་ན་ཆོས་སྐུ་ལས་ཀུན་གཞིར་མཆེད། ཀུན་གཞི་ལས་ཀུན་གཞིའི་རྣམ་ཤེས་ལ་རྨི་ལམ་སྣ་ཚོགས་ཀྱི་རྣམ་པ་སྣང་ངོ་། །དེ་ལས་སད་དུས་ཀུན་གཞིའི་རྣམ་ཤེས་ལས་ཚོགས་བདུན་གྱི་རྣམ་པར་འཆར་ཏེ། ཉིན་དུས་དགག་སྒྲུབ་ཀྱི་ཡུལ་ལ་སྤྱོད་པའོ། །གཉིས་པ་དག་པའི་གཞི་བྱེད་ལུགས་ནི། གདོད་མའི་གཞི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ངོ་བོ་སྟོང་གསལ་སྤྲོས་པ་དང་བྲལ་བ་དེས་ཆོས་སྐུའི་གཞི་བྱེད་དོ། །རང་བཞིན་འོད་གསལ་སྣང་སྟོང་ཆེན་པོ་དེས་ལོངས་སྐུའི་གཞི་བྱེད་དོ། །ཐུགས་རྗེ་མ་འགགས་རིག་པ་དང་བཅས་པ་དེས་སྤྲུལ་སྐུའི་གཞི་བྱེད་དོ། །དེ་ལྟར་འཁོར་འདས་གང་དུ་སྣང་ཞིང་གསལ་བའི་དུས་ནའང་ངོ་བོར་རང་བཞིན་ཐུགས་རྗེ་གསུམ་ལས་མ་འདས་ཏེ། སྐུའི་རྒྱུད་ཟ་འོག་བེར་ཁྱིམ་གྱི་ལེའུ་ལས། རྟོགས་ཏེ་སངས་རྒྱས་པའི་དུས་ནའང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་མ་འདས་སོ། །འཁྲུལ་ཏེ་འཁོར་བར་འཁྱམས་པའི་དུས་ནའང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་མ་འདས་སོ། །ཞེས་གསུངས་སོ། །གསུམ་པ་དེ་ལ་རྩོད་པ་སྤངས་པ་ལ་གསུམ་ལས། སྣང་མི་སྣང་ལ་བརྟགས་ནས་མི་འཐད་པ་སྤང་། གཅིག་ཐ་དད་ལ་བརྟགས་ནས་མི་འཐད་པ་སྤང་། འཁྲུལ་མ་འཁྲུལ་ལ་བརྟགས་ནས་མི་འཐད་པ་སྤང་བའོ། །དང་པོ་ལ་གཉིས་ལས། རྩོད་པ་ནི་གདོད་མའི་གཞི་དེ་སྣང་བ་ཡིན་ནམ་མི་སྣང་བ་ཡིན། དང་པོ་ལྟར་ན་རགས་པའི་སྣང་བ་ལྟར་འཁྲུལ་པ་དང་བཅས་པར་འགྱུར་ཞིང་། གཉིས་པ་ལྟར་ན་སྐུ་དང་ཡེ་ཤེས་སུ་སྣང་བ་ཡང་མེད་པར་ཐལ་ལོ་ཞེ་ན། གཉིས་པ་ལན་ནི། ཕྱིར་གསལ་དུ་སྣང་བ་གང་ཡང་མེད་ཅིང་
ངོ་བོ་ཀ་ནས་དག་པས་རགས་པར་ཐལ་བའི་སྐྱོན་མེད། ནང་གསལ་དུ་སྐུ་གསུམ་འདུ་འབྲལ་མེད་པས་ཡེ་ཤེས་སུ་སྣང་བ་མེད་པར་ཐལ་བའི་སྐྱོན་གཉིས་པོ་གང་ཡང་མེད་དོ། །གཉིས་པ་ལའང་གཉིས་ལས་རྩོད་པ་ནི། འོ་ན་གདོད་མའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་པོ་དེ་ངོ་བོ་གཅིག་ཡིན་ནམ་ཐ་དད་ཡིན། དང་པོར་ལྟར་ན་ངོ་བོ་སྟོང་པ་ལྟར་རང་བཞིན་དང་ཐུགས་རྗེ་ཡང་སྟོང་པ་ཁ་དོག་དང་རིག་པ་མེད་པར་ཐལ། དེ་གསུམ་ངོ་བོ་གཅིག་ཡིན་པའི་ཕྱིར། གཉིས་པ་ལྟར་ན་དེ་གསུམ་འདུ་འབྲལ་མེད་པར་མ་ཡིན་པར་ཐལ། དེ་གསུམ་ངོ་བོ་ཐ་དད་ཡིན་པའི་ཕྱིར་ཞེ་ན། ལན་ནི། ངོ་བོའི་ངོས་ནས་གཅིག་ཐ་དད་གང་དུ་ཡང་མ་གྲུབ་པས་རྩོད་པའི་གཞི་མ་གྲུབ། རང་བཞིན་གྱི་ངོས་ནས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པས་གཅིག་པའི་སྐྱོན་དང་། ཐ་དད་པའི་སྐྱོན་སོ་སོར་ཐ་དད་པ་མེད་ཅིང་ཐུགས་རྗེའི་ངོས་ནས་ནང་གསལ་སྤྲོས་པ་དང་བྲལ་བས་གཅིག་ཐ་དད་ཀྱི་འཛིན་པ་ལས་འདས་ཏེ་ངོ་བོ་གཅིག་ཐ་དད་ཀྱི་རྟོག་པའི་རི་མོ་གདགས་སུ་མེད་དོ། །གསུམ་པ་ལའང་གཉིས་ལས། རྩོད་པ་ནི། གདོད་མའི་གཞི་དེ་ལ་འཁྲུལ་པ་ཡོད་དམ་མེད། ཡོད་ན་གདོད་མའི་གཞི་དེ་ཡང་དག་པའི་གནས་ལུགས་མ་ཡིན་པར་འགྱུར་ན། ཅིའི་ཕྱིར་འཁྲུལ་པ་ཡོད། མེད་ན་འཁྲུལ་པ་རྒྱུ་མེད་པར་ཐལ། འཁྲུལ་པའི་བྱུང་ས་ལ་འཁྲུལ་པའི་རྒྱུ་མེད་དེ། དེ་ལས་གཞན་ལ་འཁྲུལ་རྒྱུ་མེད་པར་བཏགས་པ་མཚུངས་པའི་ཕྱིར་ཞེ་ན། གཉིས་པ་ལན་ནི། གཞི་ལ་འཁྲུལ་པ་གྲུབ་པ་མེད་པས། འཁྲུལ་རྒྱུ་ཡོད་མ་མྱོང་ལ། འཆར་གཞི་མ་འགགས་པས་མེ་ལོང་དང་འདྲའོ། །ཞེས་སྔར་བཤད་ཟིན་ཏོ། །འོ་ན་འཁྲུལ་གཞི་མེད་པ་ལ་འཁྲུལ་བ་མི་འཐད་དོ་ཞེ་ན། གཉིད་རྟོག་མེད་ལ་རྨི་ལམ་སྣ་ཚོགས་ཀྱི་འཆར་གཞི་མ་གྲུབ་བཞིན་དུ་སྣང་བ་དང་། བད་ཀན་གྱི་རྐྱེན་གྱིས་དུང་དཀར་པོ་ལ་སེར་པོའི་གཞི་མེད་ཀྱང་སེར་པོར་སྣང་བའི་འཆར་གཞི་བྱེད་པ་མི་
འགལ་བ་བཞིན་ནོ། །ཡང་གདོད་མའི་ཐུགས་རྗེ་ནང་གསལ་གྱི་རིག་པ་ཕྲ་མོ་དེ་ཀུན་གཞིའམ། ཀུན་གཞིའི་ཤེས་པ་ཉིད་དུ་ཐལ། གཞི་གནས་ཀྱི་ཤེས་པ་ཀུན་གྱི་འཆར་གཞི་བྱེད་པའི་ཕྲ་མོར་གནས་པའི་ཕྱིར་ཞེ་ན། མ་ཡིན་ཏེ་གདོད་མའི་གཞི་དེ་འཁོར་འདས་གང་དུ་ཡང་མ་ཆད་པའི་རིག་པ་ཡིན་ལ། སྒྲིབ་པའི་རྟེན་མི་བྱེད་པའི་ཕྱིར་ཀུན་གཞི་ནི་མ་རིག་པའི་ཤེས་པ་ལུང་མ་བསྟན་ལས་སྣ་ཚོགས་པའི་རྟེན་བྱེད་པས་ས་གཞི་འམ། ཟ་འོག་གི་གདིང་བ་ལྟ་བུ་ཡིན་པའི་ཕྱིར་རོ། །ཡང་གདོད་མའི་གཞི་གཅིག་པོ་དེས་འཁོར་འདས་རིགས་མི་འདྲ་བ་གཉིས་ཀྱི་སྐྱེ་རྟེན་མི་བྱེད་པར་ཐལ། རྒྱུ་ངོ་བོ་གཅིག་ཉིད་ལས། འབྲས་བུ་རིགས་མི་འདྲ་བ་གཉིས་མི་འཐད་པའི་ཕྱིར་ཏེ་མི་སྲིད་པའི་ཕྱིར་རོ་ཞེ་ན། གཉིས་པ་ལན་ནི། ལྷ་སྦྱིན་གཅིག་ཉིད་གཉེན་དང་དགྲའི་ངོ་བོ་སོ་སོ་ལ་བདེ་སྡུག་གི་བྱེད་པ་ཐ་དད་པ་དེ་ཡང་མི་འཐད་པར་ཐལ། ཤེས་པའི་སྣང་ཡུལ་གཅིག་ལས་སྐྱེས་པའི་ཕྱིར། གཞན་ཡང་ཤེལ་སྒོང་གཅིག་ཉིད་མཚན་མོ་ཟླ་བ་ཤར་བའི་རྐྱེན་གྱིས་ཆུ་འབྱུང་ལ། ཉི་མ་ཤར་བའི་རྐྱེན་གྱིས་མེ་འབྱུང་བ་བཞིན། གཞི་དེ་ཉིད་རིག་མ་རིག་གི་རྐྱེན་གྱིས་འཁོར་འདས་གཉིས་ཀྱི་འཆར་གཞི་བྱེད་པ་འཐད་དེ། གདོད་མའི་གཞི་དེ་ལ་འཁོར་འདས་གང་དུའང་མ་གྲུབ་པར། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །སངས་རྒྱས་སེམས་ཅན་གཞི་ལ་མེད། །འཁྲུལ་དང་རྟོག་པ་མེད་པའི་དུས། །མཚོན་ཚིག་སྤྱོད་པའི་ཡུལ་མེད་པས། །ཞེས་སོ། །འཁོར་འདས་གཉིས་ཀྱི་འཆར་གཞི་ཡིན་པར། ཡེ་ཤེས་ནམ་མཁའ་མཉམ་རྒྱུད་ལས། །ད་ཡང་འདུས་པའི་འཁོར་རྣམས་ཉོན། རང་བྱུང་ངོ་བོ་ཉིད་སྐུ་ནི། །འདུ་འབྲལ་མེད་ཕྱིར་འཁོར་འདས་གཞི། །ཆོས་རྣམས་ཀུན་གྱི་རྩ་བ་ནི། །ཡེ་ནས་རང་བྱུང་ལྷུན་གྱིས་གྲུབ། །
ཅེས་པ་དང་། གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་ལས། སྟོང་གསལ་ཏི་ལ་ཉག་གཅིག་འདི། །འཁོར་འདས་ཀུན་གྱི་རྩ་བ་ཡིན། །ཞེས་པ་དང་། ཀློང་གསལ་ལས། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རྩ་བ་ཐིག་ལེ་གཅིག་ལས་གྱེས། །ཞེས་སོ། །དེ་ལྟ་བུའི་གཞི་དེ་ཀ་དག་ཡིན་ནམ་ལྷུན་གྲུབ་ཡིན་ཞེ་ན། ངོ་བོ་ཀ་ནས་དག་པ་ལ། ཡོན་ཏན་ལྷུན་གྱིས་གྲུབ་པ་ཡིན་ཏེ། སྒྲོན་མ་རྣམ་བཀོད་ལས། ཀ་དག་ལྷུན་གྲུབ་དོན་ལ་གདོད་ནས་རྣམ་པར་དག ། ཅེས་སོ། །མདོར་ན་གདོད་མའི་གཞི་དེ་ངོ་བོ་ཡེ་ནས་སྟོང་པས་དངོས་པོ་དང་མཚན་མར་མ་གྲུབ། ཀུན་གྱི་གོ་འབྱེད་པས་སྟོང་པ། ཡོངས་ལ་ཁྱབ་པའི་བདག་ཉིད་དུ་གནས། རང་བཞིན་འོད་དུ་གསལ་བས་ཕྲ་རགས་ཀྱི་འབྱུང་བ་ལས་འདས། སྐུ་དང་ཡེ་ཤེས་ཀྱི་སྣང་བ་གསལ་བ། འཚེར་བ། ལྷུན་སྡུག་པའི་དཀྱིལ་འཁོར་དུ་རྫོགས། ཐུགས་རྗེ་རྣམ་པར་མི་རྟོག་པས་ཀུན་གཞི་ཚོགས་བརྒྱད་ཀྱི་ཡུལ་ལས་འདས། རང་བྱུང་གི་ཡེ་ཤེས་ཡིན་པས་མཁྱེན་པ་བརྩེ་བ། མཛད་པའི་ཕྲིན་ལས་སྣ་ཚོགས་ཀྱི་འཆར་གཞི་བྱེད་པའོ། །དེ་ཡང་ངོ་བོ་སྟོང་པས་རྟག་པའི་མཐར་མ་ལྷུང་། རང་བཞིན་གསལ་བས་ཆད་པའི་མཐར་མ་ལྷུང་། ཐུགས་རྗེས་ཀུན་ལ་ཁྱབ་པས་སྐུ་གསུམ་འདུ་འབྲལ་མེད་པའོ། །འོ་ན་གཞི་དེ་ལྟ་བུ་ལ་འཁོར་འདས་ཐམས་ཅད་ཀྱི་འཆར་གཞི་བྱེད་པ་ཅི་ཡིན་ཞེ་ན། ས་གཞི་གཅིག་པོ་འདི་ལས་རྩི་ཤིང་སྣ་ཚོགས་སྐྱེ་བའི་འཆར་གཞི་བྱེད་པ་ཅི་ཡིན། མེ་ལོང་གཅིག་པོ་འདི་ལས་གཟུགས་སྣ་ཚོགས་པའི་འཆར་གཞི་བྱེད་པ་ཅི་ཡིན་ཞེས་དྲིའོ། །དེ་ཐམས་ཅད་སྐྱེ་བ་དང་འཆར་བའི་གཞིར་དང་པོ་ནས་གྲུབ་བོ་ཞེ་ན། འདིར་ཡང་གདོད་མའི་གཞི་དེ། རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཚུལ་གྱིས་འཁོར་འདས་ཐམས་ཅད་ཀྱི་འཆར་གཞི་ཆེན་པོར་ཡེ་ནས་ལྷུན་གྱིས་གྲུབ་བོ་ཞེས་ལེགས་པར་ལན་ཐེབས་སོ། །དེ་ལྟ་བུའི་གཞི་དེ་ཀུན་གྱི་ཐོག་མར་གང་གིས་ཤེས་ན། ཀློང་
གསལ་ལས། འཁོར་དང་འདས་པའི་ཐོག་མར་ནི། །རང་བྱུང་ཡེ་ཤེས་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་འབྱུང་ངོ་། །ཞེས་སོ། །དེ་དག་གི་གདོད་མའི་གཞི་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ཇི་ལྟར་འཆར་ཚུལ་བསྟན་པ་ལ་གཉིས་ལས། ལྷུན་གྲུབ་ཀྱི་འཆར་ཚུལ་དངོས་དང་། ཡེ་ཤེས་དེ་གང་དུ་འཆར་བའི་དཔེས་ཉེ་བར་མཚོན་པའོ། །དང་པོ་ནི་བཀོད་པ་ཆེན་པོ་ལས། ང་ནི་མི་ཤིགས་རྡོ་རྗེ་ལས། །ཕྱི་རོལ་དམིགས་པ་གཅིག་ཀྱང་མེད། །ནང་དུ་ཡིད་གཡོས་རིག་རིག་ལས། །འབྱེད་མེད་རྒྱུ་ལས་རླུང་གིས་ཕུལ། །མེ་རྟོག་རྩེ་གཅིག་ས་བོན་ལས། །འཕེན་པའི་ཡེ་ཤེས་ཉིད་ཀྱིས་བསྐྱེད། །མུན་དང་སྣང་མཚམས་ལྷུམས་སུ་ཞུགས། །ཐབས་ནི་ཕ་ཆ་ཤེས་རབ་མ། །ལྷུན་གྲུབ་སྟོང་པའི་ཡུལ་ལ་ཤར། །ཞེས་པ་དང་། བཏགས་གྲོལ་སྙིང་པོའི་རྒྱུད་ལས། མ་བྱུང་མ་སྐྱེས་སྔོན་རོལ་ན། །ཐོག་མའི་སངས་རྒྱས་འོད་མི་འགྱུར། །ཀུན་གྱི་འབྱུང་གནས་ཆེན་པོར་གནས། །སྙིང་པོ་ལྷུན་གྲུབ་འོད་གསལ་སྐུ། །དབྱིངས་ཀྱི་སྙིང་པོ་འོད་མདངས་ཤར། །འོད་མདངས་སྙིང་པོ་སྐུ་གསུམ་འགྲུབ། །སྐུ་གསུམ་སྙིང་པོ་ཆོས་སྐུར་གནས། །ཕ་ནི་ཐབས་མཆོག་དཔག་ཏུ་མེད། །མ་ནི་ཤེས་རབ་བརྗོད་ལས་འདས། །ང་ནི་རང་བྱུང་ཡེ་ཤེས་ཡིན། །རྡོ་རྗེ་རིན་ཆེན་ང་ཡི་གདུང་། སྟོང་པ་ཉིད་ནི་ང་ཡི་ཡུམ། །མུན་སྣང་གཉིས་ཀྱི་མཚམས་ནས་འོངས། །བདག་མེད་སྐུ་ནི་སྟོན་པར་ཆེ། །སྲོག་མེད་སྐུ་ནི་འཁོར་དུ་ཆེ། །རང་བྱུང་ཡེ་ཤེས་བསྟན་པར་ཆེ། །མ་བྱས་གཞལ་ཡས་ཁང་དུ་ཆེ། །ཡེ་ནས་ལྷུན་གྲུབ་དུས་སུ་ཆེ། །ངོ་བོ་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་བ། །དཔེར་ན་འོད་དང་གཟུགས་བརྙན་བཞིན། །ཞེས་གསུངས་པའི་དོན་ནི། གདོད་མའི་གཞི་ནང་གསལ་ལྷུན་གྲུབ་རིན་པོ་ཆེའི་ནང་ནས་ཤེས་རབ་སྟོབས་སུ་གྱུར་པའི་སྲོག་རླུང་བཞིས། ཐུགས་རྗེ་རིག་པའི་ཡེ་ཤེས་རིག་ཙམ་གཡོས་པ་ལས། ནང་གི་རང་བཞིན་ལྷུན་གྲུབ་ཀྱི་འོད་མདངས་དེ་དང་མཉམ་དུ་ཕྱིར་ཤར་དུས། ངོ་བོ་
སྟོང་པའི་ཡུལ་ལ་སྐུ་དང་ཡེ་ཤེས་སུ་ཤར་བས། ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནང་གསལ་ཤར་ནས། ཡེ་ཤེས་འོད་ཀྱི་སྦུབས་ཀྱི་སྣང་བ་ལ་གནས་པ་ཞེས་བྱ་སྟེ། སྤྱོད་བྱེད་ཐུགས་རྗེའི་ཆ་ཕྱིར་ཤར་བ་རྟོག་པར་མ་འཕྲོས་ཀྱང་གཞི་ལས་གཡོས་པས་རིག་པ་འཆེའོ་ཞེས་བྱའོ། །དེ་ཡང་སྣང་བ་འདི་གདོད་མའི་གནས་ལུགས་ལས་ཕྱིར་གསལ་དུ་སྣང་ལ། མ་རིག་པའི་སེམས་ཅན་དུ་མ་འཁྲུལ་བའི་བར་ན་སྣང་བས་མུན་སྣང་གཉིས་ཀྱི་མཚམས་ཞེས་བྱ་སྟེ། ཀུན་གསལ་ལས། དང་པོ་གཞིར་སྣང་གོང་དུ་གནས། །མཚོན་སྣང་འོད་དུ་གོང་དུ་བྱུང་། །སངས་རྒྱས་སེམས་ཅན་འོག་ཏུ་གནས། །དེ་གཉིས་བར་དུ་རྩལ་འབྱོར་པ། །བར་གྱི་བསྐལ་པར་བཤད་པ་ཡིན། །ཞེས་པས། འདི་ངེས་པར་བྱ་བ་དངོས་ནི། ནང་གསལ་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་གདོད་མའི་ཀ་དག་ཆེན་པོ་ལས། རྩལ་ཕྱིར་སྣང་བ་ནི་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་བསམ་གཏན་གྱི་ཞག་བཞི་རིམ་པས་འཆར་བའི་ཚུལ་ནི། རང་ཤར་ལས། ང་མེད་པའི་སྔོན་རོལ་ན་ཐོག་མ་གཞིའི་གནས་ལུགས་འདི་ལྟར་གནས་ཏེ། གཞི་ཀ་དག་ཆེན་པོ་ཞེས་བྱ་བ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ། །དེའི་འོག་ན་ལྷུན་གྲུབ་རིན་པོ་ཆེའི་གནས་ལུགས་ཞེས་བྱའོ། །དེའི་འོག་ན་གཞི་སྣང་ཆེན་པོ་ཞེས་བྱ་བ་ཡོད་དོ། །དེའི་འོག་ན་ལོངས་སྐུའི་སྣང་བ་ཡོད་དོ། །ཞེས་གསུངས་པས། གདོད་མའི་ཀ་དག་ཆེན་པོ་སྔར་བཤད་པ་བཞིན་ནང་གསལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྩེ་ཅིག་རྣམ་པར་མི་རྟོག་པ་ཉིད་དུ་གནས་པ་ལས། འཕེན་པའི་ཡེ་ཤེས་ཐུགས་རྗེ་ཉིད་གཞི་ལྷུན་གྲུབ་འོད་ཀྱི་ཁང་པ་ན་རིག་པའི་ཡེ་ཤེས་ནང་གསལ་ཕྱོགས་ལྷུང་མེད་པའི་ཤེས་རབ་མེ་སྟག་ལྟར་སྲོག་གམ་སྙིང་པོའི་ཚུལ་དུ་དབུས་ན་བཞུགས་པ་ལ། གྱེན་དུ་རྒྱུ་ཤེས་རབ་ཀྱི་རྟ་དང་། ཐུར་དུ་སེལ་ཤེས་རབ་ཀྱི་ཟེར་མདངས་འོད་དང་། མེ་དང་མཉམ་པ་སྨིན་པར་བྱེད་པའི་སྟོབས་ཅན་དང་། ཁྱབ་བྱེད་རྫོགས་པར་བྱེད་པའི་སྟོབས་ཅན་དང་། སྲོག་རླུང་ཡན་
ལག་བཞི་འཆར་གཞིའི་ཚུལ་ཤིན་ཏུ་ཕྲ་བར་ཡོད་ཀྱང་དངོས་སུ་གྲུབ་པ་མེད་པས་དབྱིངས་སུ་ནི་འཕྲོས། འཕྲོ་གཞི་མ་འགགས་པའི་ཚུལ་དུ་མི་གསལ་གསལ་བའི་བདག་ཉིད་ཅན་ཡོད་པ་ལས། ནང་གསལ་གྱི་ཐུགས་རྗེ་རིག་ཙམ་ཞིག་གཡོས་པ་རླུང་གི་རྟ་བྱས་ཕྱི་གསལ་དུ་རྣམ་པར་མི་རྟོག་པའི་རིག་པ་མཁྱེན་པའི་ཡེ་ཤེས་སུ་བསྐྱེད་པས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཤར་རོ། །གཞི་ཐོག་ནས་གཡོས་པའི་སྐད་ཅིག་གཉིས་པ་ལ་ནང་འོད་གསལ་གྱི་སྐུ་དང་ཡེ་ཤེས་ཐུགས་རྗེ་དུས་གཅིག་ལ་ཕྱིར་ཤར་བས་ཡེ་ཤེས་འོད་ཀྱི་སྦུབས་སམ་སྣང་བ་ཤར་བ་ནི་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ཞེས་བྱ་སྟེ། འདི་ལ་ཞག་དང་པོར་ལྷུན་གྲུབ་ཀྱི་འཆར་ལུགས་བསྟན་པ་དང་གཅིག །གཉིས་པ་གཞིར་སྣང་ཆེན་པོའི་འཆར་ལུགས་བསྟན་པ་དང་གཉིས། གསུམ་པར་ལོངས་སྐུའི་འཆར་ལུགས་དང་གསུམ། བཞི་པར་སྤྲུལ་སྐུའི་སྣང་ལུགས་དང་བཞི་ལས། དང་པོ་ནི་གདོད་མའི་ནང་འོད་ཐུགས་རྗེ་གཉིས་ངོ་བོའི་ཡུལ་ལ་ཕྱིར་ཤར་བའི་བསམ་གཏན་གྱི་ཞག་དང་པོའི་སྣང་བ་ལ་འཆར་ལུགས་རྣམ་པ་དྲུག །སྒོ་རྣམ་པ་གཉིས། ཡོན་ཏན་གྱི་ཡོད་ཚུལ་དགུ་དང་། བྱུང་ཚུལ་རྣམ་པ་དགུ་སྟེ་ཆོས་ཉི་ཤུ་རྩ་དྲུག་ཡོད་དོ། །དེ་སྐད་དུ་ཡང་རང་ཤར་ལས། དེའི་འོག་ན་ལྷུན་གྲུབ་རིན་པོ་ཆེའི་གནས་ལུགས་ཞེས་བྱ་བ་ཡོད་དོ། །དེ་ལ་འཆར་ལུགས་རྣམ་པ་དྲུག་ཡོད་དོ། །སྒོ་རྣམ་པ་གཉིས་ཡོད་དོ། །དེ་ནི་ལྷུན་གྲུབ་ཅེས་ཀྱང་བྱའོ། །གཞི་མ་ངེས་པ་ཞེས་ཀྱང་བྱའོ། །གཞི་སྣ་ཚོགས་སུ་འཆར་བ་ཞེས་ཀྱང་བྱའོ། །དེ་མན་ཆད་ན་ལྡོག་པའི་ས་ཡོད་དོ། །ཞེས་པས། འདི་ལ་ཡོན་ཏན་གྱི་ཡོད་ཚུལ་དང་། བྱུང་ཚུལ་ཐོག་མར་བཤད་དེ། དེ་ལྟར་སྣང་བའི་ཞག་དང་པོ་ལ། ནང་འོད་ངོ་བོའི་ཡུལ་ལ་ཤར་བས་ཕྱིའི་ཡུལ་སྣང་སྟོན་ཀའི་ནམ་མཁའ་དྲི་མ་མེད་པ་ལྟ་བུའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད། འོད་གསལ་གྱི་ཞིང་ཁམས་ཉི་ཟླ་གཟའ་སྐར་ལྟར་སྣང་བས་སྣང་སྲིད་ཐམས་ཅད་སྐུ་རུ་ཤར་བ་ནི་གསལ་བ་འཚེར་
བ་ལྷུན་སྡུག་པ་འོད་ཟེར་འཕྲོ་བའོ། །དེ་ལྟ་བུའི་སྣང་བ་ལས་ཡེ་ཤེས་བྱུང་། འོད་བྱུང་། རིག་པ་བྱུང་། ཐུགས་རྗེ་བྱུང་། ཡོད་པར་སྣང་བ་བྱུང་། དེ་བཞིན་དུ་མ་རིག་པ་བྱུང་། ལས་བྱུང་། སངས་རྒྱས་བྱུང་། སེམས་ཅན་བྱུང་། ཡང་སྣང་བ་དེ་ལ་ངོ་བོ་ཡོད། ཐུགས་རྗེ་ཡོད། རྩལ་ཡོད། སྣང་བ་ཡོད། ད་གཟོད་འབྱུང་རུང་དུ་སེམས་ཡོད། ཡིད་ཡོད། འཁྲུལ་པ་ཡོད། ཡང་མ་འཁྲུལ་པ་ཡོད་དོ། །དེ་ལྟར་སྣང་བ་དེ་ལ་དག་མ་དག་གཉིས་ཀའི་གཞི་ཕྲ་མོ་ས་བོན་གྱི་ཚུལ་དུ་ཡོད་པས་འཁོར་འདས་ཐམས་ཅད་འབྱུང་བའི་འབྱུང་བ་ཆེན་པོ་ཡིན་ཏེ། མཚན་བརྗོད་ལས་ཀྱང་། འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ཞེས་བཤད་དོ། །འཆར་ལུགས་དྲུག་ནི་ཐུགས་རྗེ་ལྟར་འཆར་བས། སེམས་ཅན་ལ་སྙིང་རྗེ་འབྱུང་། འོད་ལྟར་འཆར་བས་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་ཁྱབ་པར་སྣང་། སྐུ་ལྟར་འཆར་བས་སྣང་བ་ཐམས་ཅད་རིགས་ལྔའི་ཚོམ་བུར་སྣང་། ཡེ་ཤེས་ལྟར་འཆར་བས་སངས་རྒྱས་ཀྱི་ཞིང་ཁམས་དག་པ་དབང་པོའི་མངོན་སུམ་ན་གསལ། གཉིས་མེད་ལྟར་འཆར་བས་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས། མཐའ་གྲོལ་ལྟར་འཆར་བས་ཆོས་ཉིད་ལ་དར་ཅིག་གནས་པའོ། །སྒོ་གཉིས་དེ་ལྟར་རང་སྣང་གི་ཡེ་ཤེས་སུ་སྣང་བ་དེ་རང་གི་རིག་ན་གདོད་མའི་གཞི་ལ་ཀུན་ཏུ་བཟང་པོ་མངོན་པར་བྱང་ཆུབ་པའི་སྒོ་དང་། མ་རིག་ན་སེམས་ཅན་འཁོར་བར་འཁྲུལ་བའི་སྒོ་གཉིས་ཡོད་དོ། །སྣང་བ་འདིའི་ཡར་འཁྲུལ་མར་འཁྲུལ་ལས། ཀུན་ཏུ་བཟང་པོའི་གྲོལ་གཞི་ཤེས་པར་བྱའོ། །དེ་སྐད་དུ་བཀྲ་ཤིས་མཛེས་ལྡན་ལས། དེ་ལ་ལྷུན་གྲུབ་རིན་པོ་ཆེའི་སྣང་ལུགས་འབྱུང་སྟེ། དེ་ནི་སངས་རྒྱས་པའི་ཆོས་ཐམས་ཅད་འབྱུང་བའི་གཞི་ཞེས་བྱའོ། །དེ་ལས་ནི་སངས་རྒྱས་བྱུང་ངོ་། །སེམས་ཅན་བྱུང་ངོ་། །ཡེ་ཤེས་བྱུང་ངོ་། །འོད་བྱུང་ངོ་། །རིག་པ་བྱུང་ངོ་། །མ་རིག་པ་བྱུང་ངོ་། །ལས་བྱུང་ངོ་། །ཐུགས་རྗེ་བྱུང་ངོ་། །ཡོད་པར་ལྟར་སྣང་བ་བྱུང་ངོ་། །དེ་ལ་ངོ་བོ་ཡོད། རང་བཞིན་ལྟར་སྣང་བ་ཡོད། ཐུགས་རྗེ་ལྟར་སྣང་བ་ཡོད།
རྩལ་ཡོད། སྣང་བ་ཡོད་དོ། །སེམས་ཡོད་དོ། །ཡིད་ཡོད་དོ། །འཁྲུལ་པ་ཡོད་དོ། །མ་འཁྲུལ་པ་ཡང་ཡོད་དོ། །ཐམས་ཅད་འབྱུང་བ་ཆེན་པོའོ། །དེ་ནི་སངས་རྒྱས་དང་སེམས་ཅན་གྱི་སྤྱི་ས་ཆེན་མོ་ཞེས་བྱའོ། །ཞེས་སོ། །གཉིས་པ་ནི་སྣང་བ་དེ་རང་སྣང་དུ་མ་རིག་པའི་འོག་ཏུ་སྔ་མ་ནུབ་སྟེ་ཞག་གཉིས་པ་ལ་གཞི་སྣང་ཆེན་པོ་ཞེས་བྱ་བ། ཡེ་ཤེས་ཀྱི་སྣམ་བུ་ཁ་དོག་ལྔ་ལྡན་ཕྱོགས་བཅུར་འཇའ་ཚོན་རྩེགས་མ་ཤར་བ་ལྟར་སྣང་ལ་ཁ་དོག་ལྔའི་ཚོམ་བུས་བརྒྱན་པའི་ཡེ་ཤེས་ཀྱི་སྣང་བས་ཁྱབ་པར་ཤར་རོ། །ལ་ལ་སྣང་བ་འདི་རང་ངོ་ཤེས་པས་གདོད་མའི་གཞི་ལ་གྲོལ་བར་ཡང་གསུངས་སོ། །དེ་སྐད་དུ་དེ་ལས་གཞི་སྣང་བ་ཆེན་པོའི་སྣང་བ་འབྱུང་སྟེ་ཡེ་ཤེས་ཀྱི་སྣམ་བུ་ཚད་མེད་པས་ཁྱབ་པར་སྣང་ངོ་། །ཞེས་སོ། །གསུམ་པ་ནི་སྣང་བ་སྔ་མ་ནུབ་སྟེ་ཞག་གསུམ་པ་ལ་ལོངས་སྐུའི་སྣང་བ་ཞེས་བྱ་བ། ཕྱོགས་ཐམས་ཅད་འོད་གསལ་གྱི་སྣང་བ་ལ་མཚན་དང་དཔེ་བྱད་ཀྱི་འབར་བའི་རིགས་ལྔའི་ཚོམ་བུ་ཡབ་ཡུམ་དུ་གསལ་བ་ལ་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་ཞིང་འཁོར་ལྔ་ལྔས་བརྒྱན་པ་ཐམས་ཅད་ཀྱང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་ལོངས་སྤྱོད་དུ་རྫོགས་ཤིང་། གསལ་བ། དྲོ་བ། ཡངས་པ། བསིལ་བ། གཡོ་བའི་བདག་ཉིད་འཛིན་པ་སྟེ། སྔ་མ་ལས། དེ་ལས་ལོངས་སྐུའི་སྣང་ལུགས་བྱུང་སྟེ། དེ་ནི་ལམ་མངོན་པར་སྣང་བའི་གཞི་ཞེས་བྱའོ། །དེ་ཡང་གསལ་བ། དྲོ་བ། བསིལ་བ། ཡངས་པ། གཡོ་བའི་བདག་ཉིད་འཛིན་པ་སྐུ་ལྔ་དང་ལྡན་པ། ཡེ་ཤེས་ལྔ་དང་ལྡན་པ། རིགས་ལྔ་དང་། ཁ་དོག་ལྔ་དང་། འོད་ལྔ་དང་། ཡུམ་ལྔ་དང་། གཟུགས་ལྔ་དང་། སྒྲ་ལྔ་དང་། དྲི་ལྔ་དང་། རོ་ལྔ་དང་། རེག་བྱ་ལྔ་དང་། ཆོས་ལྔ་དང་། སྣང་བ་ལྔ་དང་། གཙོ་བོ་ལྔ་དང་། འཁོར་ལྔ་དང་ལྡན་པའོ། །དེ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པའོ། །ཡངས་པའི་ཆོས་
དྲུག་དང་ལྡན་པའོ། །ཞེས་སོ། །བཞི་པ་ནི་ཞག་བཞི་པ་ལ་སྤྲུལ་པ་སྐུའི་སྣང་བ་ཞེས་བྱ་བ། སྔ་མའི་སྐུ་དང་ཡེ་ཤེས་དེ་དག་གི་སྣང་ཆ་ལས། འོད་ཕྱི་མ་ནང་ལྟར་ཤར་བའི་གཟུགས་བརྙན་ལས། སྤྲུལ་པའི་སྐུ་གསུམ་སྣང་བའི་རང་བཞིན་སྤྲུལ་པའི་སྐུ་ནི་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ལྟར་སྣང་བའི་ཁ་དོག་དཀར་པོར་སྣང་བ་ནི་རིན་པོ་ཆེའི་ཁང་བུ་བརྩེགས་པའི་ནང་རྡོ་རྗེ་མི་བསྐྱོད་པ་རྡོ་རྗེ་རིགས་ཀྱིས་བསྐོར་བའི་བཀོད་པ་ཕུན་སུམ་ཚོགས་པ་དང་། ལྷོར་དཔལ་དང་ལྡན་པའི་ཞིང་ཁམས་སེར་པོ་རིན་ཆེན་འབྱུང་ལྡན་འཁོར་བཅས་དང་། ནུབ་པདྨ་བརྩེགས་པར་སྣང་བ་མཐའ་ཡས་འཁོར་བཅས་དང་། བྱང་ལས་རབ་གྲུབ་པར་དོན་ཡོད་གྲུབ་པ་འཁོར་བཅས་ལ་སོགས་པའི་སྣང་བ་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟར་སྣང་ངོ་། །དེའི་སྣང་ཆ་ལས་གཉིས་པ་འགྲོ་བ་འདུལ་བར་སྤྲུལ་པའི་སྐུ་ཐུབ་པ་དྲུག་གི་ཁ་དོག་སོ་སོར་སྣང་བ་ནི་དེའི་ཚེ་ཡར་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་ནི། སངས་རྒྱས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རང་སྣང་ཐད་ཀར་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་འོད་གསལ། མར་འགྲོ་བ་དྲུག་གི་ཡུལ་ཁམས་སོ་སོའི་བདེ་སྡུག་སྣ་ཚོགས་མཐོང་བ་རྣམ་པར་དག་པའི་སྤྱན་ལ་མ་འགགས་པར་གསལ་བས་ན་ཐུབ་པ་དྲུག་གི་སྟོན་པས་འགྲོ་བ་འདུལ་ལོ། །དེའི་སྣང་ཆ་ལས་རིགས་དྲུག་གི་སྣང་བ་གང་གིས་འདུལ་བའི་སྐྱེ་རྒ་ན་འཆིའི་སྟོན་པ་ལ་སོགས་པ་མ་དག་པ་སྤྲུལ་པའི་སྐུ་སྣ་ཚོགས་སུ་འཕྲོ་བ་རྨི་ལམ་ལྟར་རྟོག་མེད་དུ་གསལ་སྣང་དུ་མཐོང་ངོ་། །ལ་ལ་འདི་ཉིད་ནས་གྲོལ་ཞིང་། ལ་ལ་འགྲོ་དྲུག་གི་སྣང་བ་ལ་འཛིན་པ་ཞུགས་པས་རྨི་ལམ་སད་པ་ལྟར་དེ་ཉིད་ཀྱི་རྗེས་ཐོག་ཉིད་དུ་འཁོར་བར་འཇུག་པ་གསུངས་སོ། །དེ་ལྟར་འཁོར་འདས་ཡེ་ནས་མ་འཁྲུལ་ལ་སྣང་བར་ཅིས་ཤེས་ན། དབང་རྣམ་པར་བཀོད་པ་ལས། འཁོར་བ་ངན་སོང་རོལ་པ་ཡེ་ཤར་ལ། ཡང་དག་སངས་རྒྱས་འདོད་པ་ཡོང་རེ་འཁྲུལ། ཞེས་རྡོ་རྗེ་འཆང་གིས་གསུངས་པས་གསལ་
ལོ། །དེ་ལྟར་སྤྲུལ་སྐུའི་སྣང་བ་དེའི་དུས་ན་སྐུ་དང་ཡེ་ཤེས་སུ་སྣང་ལ་མི་རྟོག །མ་དག་པ་རིགས་དྲུག་གི་ཡུལ་དང་། སྒྲ་སྐད་རྣམ་པ་སྣ་ཚོགས་ཐོས་ཀྱང་ཡིད་ཕྱིར་མི་འཕྲོ། གསལ་བ་ལ་ངོས་གཟུང་མེད་པ། སྣང་བ་ལ་འཛིན་པ་མེད་པ། དབང་པོའི་མངོན་སུམ་སྐད་ཅིག་དང་པོ་ལྟ་བུར་སྣང་ངོ་། །སྣང་བ་འདི་དག་ནི་ཁོ་བོས་ཡིད་ཆེས་པར་མཐོང་ངོ་། །ཤེས་བྱེད་ནི་སྔ་མ་དེ་ཉིད་ཀྱི་མཇུག་ཐོག་ཁོ་ནར་འབྲལ་བར་གསུངས་པ། དེའི་སྣང་བ་ལས། རང་བཞིན་སྤྲུལ་པ་སྐུའི་སྣང་བ་དང་། འགྲོ་བ་འདུལ་བ་སྤྲུལ་པ་སྐུའི་སྣང་ལུགས་ལས། མ་དག་པ་སྤྲུལ་པ་སྐུའི་ཆགས་ལུགས་སོ། །དེ་ཡང་རང་བཞིན་སྤྲུལ་པ་སྐུ་ནི་ངོ་བོ་ལྷུན་གྲུབ་ལས་ཤར་བའོ། །རང་བཞིན་སྤྲུལ་པ་སྐུའི་སྣང་ལུགས་ནི། འཁོར་མི་ཟད་པ། ལོངས་སྤྱོད་མི་ཟད་པ། ཡོན་ཏན་ཟད་མི་ཤེས་པ། སྟོབས་ཟད་མི་ཤེས་པ། རྩལ་ཟད་མི་ཤེས་པ། ཆོ་འཕྲུལ་ཟད་མི་ཤེས་པ། ཚེའི་གྲངས་ཚད་མེད་པ། ནད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བ། གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པ། ཆོས་བསམ་གྱིས་མི་ཁྱབ་པའོ། །དེ་ནི་རང་བཞིན་སྤྲུལ་པའི་སྐུའི་སྣང་ལུགས་སོ། དེ་ལས་འགྲོ་བ་འདུལ་བ་སྤྲུལ་པའི་སྐུ་བྱུང་ངོ་། །དེ་ཡང་སྣ་ཚོགས་སུ་སྣང་བས་སྣ་ཚོགས་ཀྱི་དོན་ཤེས་པ། སྣང་ཡང་རྗེས་སུ་མ་ཆད་པའོ། །དེ་ལས་མ་དག་པ་སྤྲུལ་པའི་སྐུ་བྱུང་བའོ། །དེ་ཡང་སེམས་ཅན་ཀྱི་མོས་པ་དང་མཐུན་པར་གང་གིས་འདུལ་བར་དེའི་རྣམ་པར་སྣང་བའོ་ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་ལ་ཡེ་ཤེས་དེ་གང་དུ་ཡང་འཆར་བའི་དཔེས་ཉེ་བར་མཚོན་པ་ནི། ཀློང་གསལ་ལས། གཞི་དང་ཡེ་ཤེས་ལྷུན་གྲུབ་ནི། །བར་དོའི་ཡུལ་ལ་མངོན་པར་འཆར། ཞེས་པས། དེ་ཡང་གདོད་མའི་གཞི་ཡེ་ཤེས་ནང་གསལ་གསུམ་ནམ་མཁའ་འོད་གསལ་ལ་ཐིམ་དུས་འཆར། ལྷུན་གྲུབ་ཀྱི་ཞག་བཞི་རིམ་པ་བཞིན་དུ་ཟུང་འཇུག་དང་། ཡེ་ཤེས་བཞི་སྦྱོར་ལྷུན་གྲུབ་རིན་པོ་ཆེ་སྟེ་བསམ་གཏན་གྱི་ཞག་ལྔ་ལ་འཆར་བ་དེས་ཤེས་སོ། །དེ་ལྟར་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་བཞི་
པོ་ནི་རྒྱུད་ལུང་མན་ངག་ཆེན་པོ་རྣམ་ནས་ལེགས་པར་གསུངས་ཀྱང་གདོད་མའི་གཞི་སྣང་ཆེན་པོ་ངོ་བོ་ཀ་དག་གི་སྣང་བ་ལ་ནང་གསལ་དེར་འཁྲུལ་ནས་དེང་སང་ནི་གདོད་མའི་གཞི་དང་འགྲོ་དྲུག་འཁྲུལ་པའི་བར་ན་ཡེ་ཤེས་འོད་གསལ་གྱི་སྦུབས་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་འདི་ཡོད་པར་མི་ཤེས་པར་རྫོགས་པ་ཆེན་པོར་རློམ་པ་རྣམས་ཀྱང་ཤིན་ཏུ་རྨོངས་པར་མཐོང་ངོ་། ཁོ་བོས་ནི་སྣང་བ་འདི་ཀུན་རང་བྱུང་པདྨ་ཡབ་ཡུམ་གྱི་བྱིན་རླབས་ལས་མཐོང་ཞིང་རང་ཤར་གྱི་ལུང་དང་ཡང་ཤིན་ཏུ་འབྲེལ་བར་སྣང་ངོ་། །འདི་ལྟར་མཐོང་ནས་ཕྱི་རབས་ཀྱི་དོན་དུ་བཀོད་པ་ལ་རིག་འཛིན་གྱི་བླ་མ་དམ་པ་རྣམས་དགྱེས་ཏེ། ཨ་ལ་ལ་ཞེས་གསུང་བར་ཐེ་ཚོམ་མི་ཟའོ། །དེ་དག་གིས་རང་བཞིན་ལྷུན་གྲུབ་ཀྱི་འཆར་ཚུལ་བསྟན་ཏོ། །དོན་གསུམ་པ་དེ་ཉིད་རིག་པས་ཀུན་ཏུ་བཟང་པོའི་གྲོལ་ཚུལ་ནི། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། མྱུག་ཙམ་ལས་ནི་རིག་ཙམ་བྱུང་། ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ། ཞེས་པས། གདོད་མའི་གཞི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ནང་གསལ་དུ་ཡོད་པ་ལས་རིག་པའི་ཡེ་ཤེས་གཡོས་པ་སྲོག་རླུང་བཞིས་རྟ་བྱས། ཕྱིར་ཐུགས་རྗེ་རིག་པ་མྱུག་ཙམ་ཤར་བ་དང་མཉམ་དུ་རང་བཞིན་ལས་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་ཉི་མ་ཤར་བ་ལྟར་གསལ་བ་དེ་ཐུགས་རྗེས་རང་སྣང་དུ་ཝལ་གྱིས་རང་མདངས་ཕྱིར་ཤར་བར་རིག་པས་སྐད་ཅིག་ལ་རྟོགས་པ་སྐྱེས་ནས་སྒྲོ་འདོགས་པ་མྱ་ངན་ལས་འདས་པའི་སྣང་བ་ཕྱིར་གསལ་སྐུ་དང་། འོད་གསལ་གྱི་སྣང་བ་དང་སྐུར་འདེབས་ཀྱི་སྣང་བ་དེ་ལ་འཁོར་བའི་སྒོ་རིགས་དྲུག་གི་འཆར་གཞི་མ་དག་པའི་ས་བོན་ཨ་ནྲི་པྲེ་དུ་སུ་ཏྲི་ལ་སོགས་པ་ཡོད་པར་རང་དག་རང་ལོག་སྟེ་བྲལ་ནས་སྐད་ཅིག་གཉིས་པ་ལ་ཕྱིར་གསལ་ཐམས་ཅད་ནང་དུ་ཐིམ་སྟེ། སྔོན་ཇི་ལྟ་བ་བཞིན་ཕྱིིས་འགྱུར་བ་མེད་པར་ནང་གསལ་ཆེན་པོར་བཞུགས་པས། གཞི་འབྲས་བུར་སྨིན། འབྲས་བུ་བཙན་ས་ཟིན་ཏེ། ཕྱིས་རྒྱུར་མི་ལྡོག་པ་བསེ་ཤིང་གི་འབྲས་བུ་ལྟར་བཞུགས་སོ། །དེ་ལྟར་གདོད་མའི་གཞི་དེ་
འབྲས་བུ་སྨིན་པ་གང་ལས་གྱུར་ན། ནང་གསལ་ཐུགས་རྗེའི་རིག་པ་མེ་སྟག་ལྟར་གནས་པའི་ཤེས་རབ་ཕྱིར་སྲོག་རླུང་བཞིས་རྟ་བྱས་ནས་འཕྲོས་པས། རང་སྣང་གི་འོད་གསལ་རང་དང་ངོ་བོ་གཅིག་པའི་རང་མདངས་སུ་ཤེས་པས། ཤེས་རབ་དེ་སྐུ་དང་ཡེ་ཤེས་ཀྱི་སྨིན་ནས། ངོ་བོའི་ས་ལ་སྔོན་བཞིན་ཆོས་སྐུ་རྟོག་མེད་ཆེན་པོར་བཞུགས་པ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འཁོར་འདས་ཀྱི་སྐྱོན་ཡོན་རིག་པས་ཕྱིས་འཁོར་འདས་གང་དུའང་མི་འཇུག་པར་ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ་སེམས་ཅན་གྱི་དོན་གང་མོས་སུ་བྱེད་པའི་ཐུགས་རྗེ་མཛད་པ་དང་བཅས་པ་འབྱུང་ངོ་། །དེ་སྐད་དུ་སྒྲོན་མ་འབར་བ་ལས། གཞི་ཉིད་འབྲས་བུར་སྨིན་བྱེད་དེ། །ཤེས་རབ་སྐུ་རུ་སྨིན་པ་ཡི། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡི་ཡེ་ཤེས་རྒྱུན་མ་ཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དེ་ལྟར་གཞི་ཐོག་ན་སྔོན་བཞིན་བཞུགས་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཇི་ལྟར་ཡོད་སྙམ་ན། སྐུ་ནང་གསལ་ཡེ་ཤེས་རིན་པོ་ཆེའི་སྣང་བ་ལ་སྟོང་གསལ་འགྱུར་བ་མེད་པའི་ཚུལ་གྱིས་བཞུགས་ཏེ། དེ་ཉིད་ལས། སྟོང་གསལ་ཆུ་སྦུའི་གཟུགས་བརྙན་བཞིན། ཞེས་སོ། །གསུང་ནི་མི་གསུང་མི་བརྗོད་སྨྲ་བསམས་ལས་འདས་པའི་ངང་ནས་ཆོས་ཉིད་ཀྱི་རང་སྒྲ་རྒྱུན་མི་འཆད་པར་སྒྲོགས་པའི་འཆར་གཞི་མ་འགགས་པ་བྱེད་པ་སྟེ། དེ་ཡང་སྲོག་རླུང་ཡན་ལག་བཞིའམ་ལྔའི་ཀློང་ནས་འཆར་བའོ། །ཐུགས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡེ་ཤེས་ལྔ་དང་ལྡན་པ་ལས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་པ་གཉིས་ཀྱི་འཆར་གཞིའི་ཚུལ་དུ་ཡོད་དོ། །དེ་ཡང་སྔ་མ་ལས། དེ་ཡི་གསུང་གི་གནས་ལུགས་ནི། ཡན་ལག་རླུང་བཞི་མེ་སྟག་ཟེར་བཞིན་དུ། རིག་པའི་ཀློང་ན་འཆར་གཞི་མ་འགགས་གསལ། དེ་ཡི་ཐུགས་ཀྱི་གནས་ལུགས་ནི། སྲོག་རླུང་རང་གི་ངོ་བོ་བོའི་ཏེ། ཕྱོགས་ལྷུང་མེད་པའི་ཤེས་རབ་མེ་སྟག་ལྟར། སྙིང་པོས་སྙིང་པོ་ཡེ་ཤེས་ལྔར་བཞུགས་སོ། །
ཞེས་སོ། །ཡོན་ཏན་ནི་ཡེ་ནས་མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པའི་སྐུ་གསུང་ཐུགས་ཀྱི་མཚན་དཔེ་འོད་ཟེར་དང་བཅས་པ་ཆོས་ཀྱི་གསུང་དབྱང་རྒྱ་མཚོའི་འཆར་གཞི་སྒྲིབ་གཉིས་གཞི་ལ་སངས་ཤིང་མཁྱེན་པ་ནང་དུ་རྒྱས་ཏེ། སྒྲོན་མ་རྣམ་བཀོད་ལས། དོན་གྱི་སྙིང་པོ་ཐག་ཆོད་པས། གཞི་ལ་གྲུབ་པའི་ཤེས་རབ་གསུམ། །ས་བོན་ཚུལ་དུ་གནས་པ་སྟེ། །རྐྱེན་ལས་བྱུང་བའི་ཤེས་རབ་ཀྱིས། །འབྲས་བུའི་ཚུལ་དུ་སྨིན་པ་ཡིན། །མ་རིག་པ་ཡི་མུན་པ་སངས། །ཤེས་བྱའི་སྒྲིབ་པ་ཡང་དག་པས། །མ་བཙལ་འབྲས་བུ་ལྷུན་གྱིས་གྲུབ། །ཅེས་སོ། །ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་སྟེ། འཁོར་འདས་ཀུན་གྱི་སྔོན་རོལ་དུ། བྱང་ཆུབ་ནས་སངས་རྒྱས་ཐམས་ཅད་ཀྱི་སྟོན་པ་མཛད་པས་ཡབ་ཏུ་གྱུར་ཅིང་། སེམས་ཅན་ཐམས་ཅད་ཀྱི་སྣང་བ་མཛད་པས་སེམས་ཅན་བདེ་བ་ལ་འགོད་པའི་ཡུམ་ཆེན་མོས། ནམ་མཁའ་དང་མཉམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་མ་ལུས་པ་ཐམས་ཅད་ཀྱིས་གང་ལ་ཅི་ཕན་པའི་དོན་མཛད་ཅིང་། མཐར་གདོད་མའི་གཞི་ཐོག་ཏུ་མངོན་པར་བྱང་ཆུབ་པ་ལ་སྦྱོར་བར་མཛད་དོ། །དེ་སྐད་དུ་ཡང་རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་དང་། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ད་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །ཉོན་མོངས་སྡུག་བསྔལ་སྤང་ཕྱིར་རོ། །དང་པོ་གསུམ་གྱིས་རང་དོན་དུ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །དེ་ལྟར་ཤིན་ཏུ་རྨད་དུ་བྱུང་ཞིང་བསམ་དུ་མེད་པའི་ཡུལ་སངས་
རྒྱས་ཉིད་དེ། གཞན་ལས་མ་ཐོས་པར་རང་ཉིད་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་ཀྱིས་བརྗོད་དུ་མེད་པའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་རྗེས་སུ་རྟོག་པ་ལ་རྟོགས་པ་དང་མི་ལྡན་པ་དམུས་ལོང་དུ་གྱུར་པ་གཞན་དག་ཀྱང་རྟོགས་པར་བྱ་བའི་ཕྱིར། བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་དང་ལྡན་པ་ཉིད་དུ་རིག་པར་བྱའོ་ཞེས་པ་དང་། རྫོགས་པ་ཆེན་པོའི་དོན་འདུས་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཀུན་རིག་རྒྱལ་པོས་བཀའ་སྩལ་པ། །ང་ཡི་རྟོགས་དོན་ངས་བཤད་ཀྱིས། །འཁོར་འདས་བྱུང་བས་མ་བསླད་ཚེ། །འཁྲུལ་དང་རྟོག་པ་མེད་པའི་དུས། །མཚོན་ཚིག་དཔྱོད་པའི་ཡུལ་མེད་པས། །གང་གི་འཛིན་བློ་མ་ཞུགས་ཕྱིར། །དེ་ཉིད་དོན་དུ་རང་རིག་སྟེ། །སྒྲོ་སྐུར་མ་བཏགས་རང་གསལ་བ། །དེ་ཡང་མི་འགྱུར་ཆོས་སྐུར་ཤེས། །སྔར་མ་འཁྲུལ་བས་བསྟན་མ་དགོས། །མ་བསྟན་རིག་པ་རང་ལ་ཤར། །དེ་ཉིད་དུས་ན་མ་རིག་སངས། །བག་ཆགས་མེད་ཕྱིར་ཡེ་ཤེས་རྒྱས། །རང་གི་རང་རིག་ཆོས་ཀྱི་སྐུ། །དེ་ལས་མ་གཡོས་ལྷུན་གྱིས་གྲུབ། །དེ་ཕྱིར་རང་བྱུང་རྒྱུ་རྐྱེན་མེད། །དེ་ལ་ཡིད་ཆེས་གདེང་དང་ལྡན། །རྒྱུན་བཞིས་བསྐྱེད་པའི་ལམ་རིག་བྲལ། །དེ་ཕྱིར་འཁོར་བར་ལྷུར་མ་མྱོང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །སེམས་མེད་རང་རིག་ཆོས་སྐུར་ཤེས། །ཆེ་བའི་ཡོན་ཏན་བསྒྲུབ་མ་དགོས། །དྲང་དོན་བདེ་སྐྱིད་སངས་རྒྱས་མེད། །དེ་ཕྱིར་མྱ་ངན་འདས་མ་མྱོང་། །ཀུན་བརྟགས་མེད་ཕྱིར་སྒྲིབ་པ་མེད། །དེ་དོན་རང་བྱུང་སྙིང་པོ་ལ། །སྤངས་ཐོབ་མེད་པས་རེ་དོགས་བྲལ། །གང་གི་སྐྱོན་གྱི་མ་གོས་པར། །མ་བསྒྲུབ་ཡོན་ཏན་མཐའ་དག་རྫོགས། ཀུན་ཏུ་བཟང་པོ་རང་ལ་བཏགས། །རྒྱུ་རྐྱེན་གཉེན་པོ་མེད་པའི་ཕྱིར། །དམིགས་མེད་ཆོས་ཀྱི་སྐུ་ཞེས་བྱ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །སངས་རྒྱས་སེམས་ཅན་གཞི་ལ་མེད། །སེམས་མེད་རང་བྱུང་ཀུན་བཟང་ལ། །སློབ་དཔོན་མེད་ཕྱིར་རང་བྱུང་སྐུ། །ཐོས་བསམ་མ་བྱས་རང་རིག་རྟོགས། །མ་རིག་མེད་ཕྱིར་སེམས་དང་བྲལ། །
ངོ་མཚར་རིག་པ་རྒྱལ་བའི་གསུང་། །སེམས་མེད་རྣམ་པ་ཐམས་ཅད་མཁྱེན། །འབྱུང་བཞི་མེད་ཕྱིར་འདུས་མ་བྱས། །དེ་ཕྱིར་གཟུགས་མེད་ཡེ་ཤེས་སྐུ། །འཁོར་བ་མེད་པས་རྣམ་པར་དག །སངས་རྒྱས་ཀུན་གྱི་ངེས་པའི་དོན། །ཕྱི་རབས་ཀུན་གྱི་ལུང་དུ་ཆེ། །དེ་རྟོགས་ང་ཡི་བྱིན་རླབས་ལས། །དུས་གསུམ་སངས་རྒྱས་གསན་པ་མཛད། །མྱང་འདས་ཐོག་མཐའ་མེད་ལས་བྱུང་། །འགྲོ་དོན་གཟུགས་སྐུ་རྣམ་གཉིས་སྟོན། །ཞེས་སོ། །ཡང་དགོངས་པ་བཀའ་བགྲོས་རྒྱུད་ལས་ཀྱང་། ཐོག་མའི་ཀུན་ཏུ་བཟང་པོ་གཞི་ཐོག་ཏུ་གྲོལ་ཚུལ་གསུངས་པ། ད་ཡང་འདུས་པའི་སེམས་དཔའ་ཉོན། །དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །གཞི་ཞེས་མ་རིག་དྲུག་བཅོམ་ནས། །མྱུག་ཙམ་ལས་ནི་ཡིད་ཙམ་སྟོངས། །རིག་ཙམ་བྱུང་བས་རིག་འགྲིབས་བརླག ། སལ་གྱིས་གསལ་བས་མུན་སོང་སངས། །ཝལ་གྱིས་བྱུང་བས་འཐིབས་པ་མེད། །སྒྲོ་སྐུར་བྲལ་བས་མ་རིག་དག ། འགྱུར་བ་མེད་པས་ནམ་མཁའ་འདྲ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །འཁྲུལ་པ་མ་རིག་ལོག་བཅོམ་པས། །ལུང་མ་བསྟན་པར་རང་བརླག་སྟོངས། །བེམས་རིག་ཕྱེད་པས་གཞི་དང་ཕྲད། །དེ་ཕྱིར་མ་རིག་མུན་པ་སངས། །རི་བོ་ཏ་ལར་ཉི་ཤར་འདྲ། །ཞེས་པས། གདོད་མའི་གཞི་ལས་སྐད་ཅིག་དང་པོ་ཤར་དུས། དེ་ལྟར་སྣང་བ་ལྷུན་གྲུབ། ལྷུན་གྲུབ་རང་སྣང་། རང་སྣང་ཡེ་ཤེས། ཡེ་ཤེས་ཡེ་གྲོལ། ཡེ་གྲོལ་རང་རིག ། རང་རིག་ཆོས་སྐུ་ཡིན་པས་ཐུགས་རྗེའི་རིག་པ་ཕྱིར་གསལ་སྐད་ཅིག་མ་མྱུག་ཙམ་ཤར་བས། ཆོས་དྲུག་པོ་དེ་རྟོགས་ནས། དེའི་ངོ་བོ་ལས་ལེགས་པའི་མ་རིག་པ་དྲུག་རང་དག་སྟེ། གཟུང་འཛིན་དུ་སྣང་བ་ལས་རང་གྲོལ་ནས། རང་སྣང་སྐུ་དང་ཡེ་ཤེས་སུ་སལ་གྱིས་གསལ་བས་རང་མ་རིག་པས་མུན་པར་སོང་བ་ཐམས་ཅད་སངས་ཏེ། རང་རིག་གི་ཡེ་ཤེས་ཝལ་གྱིས་བྱུང་བས་སྐད་ཅིག་གཉིས་པ་དེ་ལ་གདོད་མའི་གཞི་ཐོག་ནང་གསལ་ཆེན་པོར་བཞུགས་ཀྱང་། རྨུགས་འཐིབས་གང་ཡང་མེད་
པ་བུམ་ནང་གི་མར་མེ་ལྟ་བུ་གཞོན་ནུ་བུམ་པའི་སྐུར་བྱང་ཆུབ་ནས། སྒྲོ་འདོགས་པ་མྱ་ངན་ལས་འདས་པའི་སྣང་བ་ཤར་བ་དང་། སྐུར་བ་འདེབས་པ་འཁོར་བའི་སྣང་བ་སྟེ། སྒོ་གཉིས་ཀྱི་རེ་དོགས་དང་བྲལ་ནས་གདོད་མའི་གཞི་ལ་མཐར་ཕྱིན་ཏེ་མི་འགྱུར་བ་ནམ་མཁའ་ལྟ་བུར་གནས་སོ། །དེའི་ཚེ་རང་རིག་པ་འཁྲུལ་པ་ཐམས་ཅད་རང་དག་སྟེ། རིག་མཁན་གྱི་ཤེས་པ་དགེ་སྡིག་གང་དུ་ཡང་མ་གྲུབ་པའི་ལུང་མ་བསྟན་སྐད་ཅིག་མ་དང་པོ་མྱུག་ཙམ་བྱུང་བ་ཕྱིར་གསལ་དེ་ཉིད་ཀྱང་སྐད་ཅིག་མ་གཉིས་པར་ནང་དུ་ཐིམ་པས་རང་བརླགས་པ་ཞེས་བྱ་བ་སྟེ། རིག་པ་དེ་ཉིད་དུ་སོ་མ་ཐུབ་པར་ཉམས་པའི་ཕྱིར་རོ། །དེའི་ཚེ་ཕྱིར་གསལ་བེམས་པོར་མ་འཁྲུལ་བར་རིག་པར་ཤེས་པས་བེམས་རིག་ཕྱེད་དེ་ཕྱིར་སྣང་འོད་ལྔའི་སྣང་བ་ཡང་སྐད་ཅིག་དེ་ཉིད་ལ་ནང་འོད་ཀྱི་རང་བཞིན་ལ་ཐིམ་པས་གཞི་གདོད་མའི་སྣང་རིག་མ་བུ་འཕྲད་པ་ཞེས་བྱའོ། །དེའི་ཕྱིར་ཤེས་པ་གདོད་མའི་གཞི་ཐོག་ཏུ་ཕྱིན་པས་མ་རིག་པའི་མུན་པ་སངས་སྣང་བ་གདོད་མའི་གཞི་ཐོག་ཏུ་ཕྱི་པས་རི་བོ་ཏ་ལར་ཉི་མ་ཤར་བ་ལྟར། ངོ་བོ་ཆོས་ཀྱི་དབྱིངས་མཐིང་ག་རིན་པོ་ཆེའི་སྦུབས་སུ་རང་བཞིན་འོད་གསལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཚུད་པས། ཐུགས་རྗེ་ནང་གསལ་རིག་པའི་ཡེ་ཤེས་རྣམ་པར་མི་རྟོགས་པ་ཐམས་ཅད་མཁྱེན་པའི་དགོངས་པ་དབྱིངས་སུ་འཁྱིལ་བ་ནི། སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ཉི་མ་ཤར་བ་ལྟ་བུའོ། །དེ་ལྟ་བུའི་ནང་གསལ་གྱི་འོད་ལྔ་ཐུགས་རྗེ་དང་བཅས་པ་སྟེ། ངོ་བོ་ལྷུན་གྲུབ་རིན་པོའི་སྦུབས་ན་བཞུགས་པའི་ཚེ། ཆོས་ཉིད་དག་པའི་ཡེ་མདངས་ཞེས་བྱ་སྟེ། རིག་པ་འོད་ཀྱི་ཁང་པ་ཅན་འོད་མཐའ་མེད་པའི་སྣང་བ་ལ་བཞུགས་སོ། །དེ་སྐད་དུ་སྒྲོན་མ་རྣམ་བཀོད་ལས། ཚོན་གང་འོད་ཀྱི་རང་བཞིན་སྐུ། །རྟག་པ་མ་ཡིན་དངོས་པོ་མེད། །ཆད་པ་མ་ཡིན་འོད་གསལ་སྐུ། །ཉི་མ་འཇའ་ཚོན་ནམ་མཁའ་བཞིན། །ཞེས་སོ། །མདོར་ན་གདོད་མའི་ཀུན་ཏུ་བཟང་པོ་དེས་སྐད་ཅིག་གཅིག་གིས་རྟོག་པའི་བྱེ་བྲག་ཕྱེད་ནས་སངས་རྒྱས་པ་ཡིན་ཏེ།
སྒྱུ་འཕྲུལ་དྲ་བ་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེ་ལྟར་གྲོལ་བའི་ཀུན་ཏུ་བཟང་པོ་ལ་རང་བྱུང་གི་ཆོས་གསུམ་ཡོད་དེ། ལུང་ལས་མ་བྱུང་བའི་མན་ངག ། སེམས་ལས་མ་བྱུང་བའི་སངས་རྒྱས། རྒྱུ་ལས་མ་བྱུང་བའི་འབྲས་བུའོ། །དང་པོ་ནི་ལུང་སྟོན་པའི་བླ་མ་མེད་པར་རང་བྱུང་གི་རྟོགས་པ་རང་ཤར་དུ་བྱུང་བས་སངས་རྒྱས། གཉིས་པ་ནི་འཁོར་བར་མ་འཁྲུལ་བས་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་མེད་པའི་རིག་པ་རང་གྲོལ་དུ་ཤེས་པས་བྱང་ཆུབ། གསུམ་པ་ནི་ཚོགས་གཉིས་ལ་སོགས་པའི་དགེ་བ་སྤུ་ཙམ་ཞིག་མ་བསགས་པར་གཞིའི་གནས་ལུགས་མཐོང་བས་རིག་པ་གསུམ་བརྙེས་ཏེ། གཞི་ཇི་བཞིན་པའི་ངང་དུ་ཡེ་ཇི་བཞིན་པར་ལྷུན་གྱིས་གྲུབ་པའོ། །དེ་ལྟར་ཀུན་ཏུ་བཟང་པོའི་གྲོལ་གཞི་འདི་ཡང་ཕལ་གྱིས་རྟོགས་པར་དཀའ་བའི་སྤྱོད་ཡུལ་དུ་འདུག་པས་གསལ་པོར་ལེགས་པར་བསྟན་ཟིན་ཏོ། །དོན་བཞི་པ་མ་དག་པ་སེམས་ཅན་གྱི་འཁྲུལ་ཚུལ་ལ། ཁམས་གསུམ་དུ་འཁྲུལ་ཚུལ་མདོར་བསྟན། བྱེ་བྲག་འདོད་པར་ལུས་གྲུབ་ཚུལ་རྒྱས་པར་བཤད། ཀུན་གཞི་ལ་ལས་སོགས་ཚུལ་གྱི་དོན་བསྡུ་བ་གསུམ་ལས། དང་པོ་ལ་འཁྲུལ་པ་ཕྱི་ལྟར་བཤད་པ། ནང་ལྟར་བཤད་པ། གསང་བ་ལྟར་བཤད་པ་གསུམ་ལས། དང་པོ་ནི་ཀུན་གསལ་ལས། གཞི་ཉིད་རང་ངོ་མ་ཤེས་པས། །གཟུང་འཛིན་སྐྱེས་པའི་དུས་ན་འཁྲུལ། །སྣོད་བཅུད་སྲིད་པ་རིམ་གྱིས་ཆགས། །ཞེས་པ་དང་། ཀློང་གསལ་ལས། ཡེ་ཤེས་ཉིད་ལས་མ་རིག་འཁྲུལ། །ཡེ་ཤེས་ཁ་དོག་འབྱུང་བ་ལྔ། །གདོད་ནས་ཡེ་ཤེས་ཙམ་ཉིད་དུ། །འབྲལ་བ་མེད་དེ་མ་རིག་འཁྲུལ། །ཞེས་པ་དང་། བཀོད་པ་ཆེན་པོ་ལས། ལྷུན་གྲུབ་སྟོང་པའི་ཡུལ་ལ་ཤར། །དེ་ཚེ་རྐྱེན་བཞིའི་འཁྲུལ་འཁོར་ལས། །འཛིན་པའི་རྒྱ་དང་བཅས་པར་གྱུར། །རླུང་ཆུ་མེ་སའི་དངོས་པོ་ལས། །རྟེན་དང་ཡུལ་གྱི་ཁྱད་པར་བྱུང་། །
གཟུགས་མེད་གཟུགས་དང་འདོད་པ་ཡི། །གནས་བཅུ་དག་ནི་ཐོག་མར་བྱུང་། །ཞེས་པས། འོད་གསལ་སྒྱུ་མའི་སྦུབས་ལྷུན་གྲུབ་ཀྱི་སྣང་བ་རང་སྣང་དུ་མ་ཤེས་པས། ངོ་བོའི་ཆ་ཙམ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པས་རྒྱུ་བྱས། ཡུལ་འོད་དུ་སྣང་བས་རྐྱེན་བྱས། ཐུགས་རྗེའི་རྩལ་འཛིན་པར་གཡོས་པས་བདག་པོའི་རྐྱེན་བྱས། དེ་གསུམ་ཡུལ་ལ་སྤྱོད་བྱེད་དུ་དུས་མཚུངས་པས་དེ་མ་ཐག་པའི་རྐྱེན་བྱས་ཏེ། གཟུང་འཛིན་དུ་འཁྲུལ་བས་འོད་ཀྱི་སྦུབས་ཤོར་ནས་རྣམ་སྨིན་བག་ཆགས་ཀྱི་སྦུབས་སུ་ཚུད་དེ། ངོ་བོའི་ཆ་ལ་ཅི་ཡང་མ་ཡིན་པའི་སྟོང་པའི་ཡུལ་ལ་རང་བཞིན་གྱི་ཆ་ནས་རང་བཞིན་དང་གཟུགས་བརྙན་འོད་ཙམ་དུ་ཤར། ཐུགས་རྗེའི་ཆ་ལས་ཤེས་པ་ཕྲ་མོས་དཔྱོད་བྱེད་ཡུལ་ལ་འཛིན་པས། རང་བཞིན་གྱི་འོད་ལས་ལུས་གྲུབ། གཟུགས་བརྙན་གྱི་ཁ་དོག་ལྔ་ལས་ཕྱི་རོལ་གྱི་ས་ཆུ་མེ་རླུང་ནམ་མཁའི་ཁ་དོག་དང་བཅས་པར་གྲུབ། ངོ་བོའི་ཆ་ཅི་ཡང་མ་ཡིན་པ་ལ་ཐུགས་རྗེའི་དཔྱོད་བྱེད་ཤེས་པ་ཕྲ་མོས་ས་བོན་གྱི་ཚུལ་དུ་བྱས་ཏེ་སྔོན་ལྷུན་གྲུབ་ཀྱི་དུས་སུ་རྣམ་པར་མི་རྟོག་པའི་ངང་དུ་གོམས་པའི་རིག་པ་རིགས་འདྲ་བས་ཡོད་མེད་གང་དུ་ཡང་མ་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་གནས་པས། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དུ་འཁྲུལ་ལོ། །དེ་ནས་སེམས་ཉིད་སྟོོང་པའི་བག་ལ་ཉལ་ལངས་ཏེ། །ཅི་ཡང་མེད་དོ་སྙམ་དུ་གནས་པས་ཅི་ཡང་མེད་པའི་སྐྱེ་མཆེད་དུ་འཁྲུལ་ལོ། །དེ་ནས་སེམས་ཙམ་དུ་རིག་ཅིང་གསལ་བ་ལས། །གཞན་གང་དུ་ཡང་མ་བརྟགས་པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འཁྲུལ་ལོ། །དེ་ནས་ནམ་མཁའ་དྭངས་པ་ལྟར་མཐའ་ཡས་པ་ལ་སེམས་གནས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འཁྲུལ་ལོ། །དེ་ནས་ནམ་མཁའ་སྟོང་པ་ལ་ཁ་དོག་གིས་གསལ་བ་ཙམ་ཡུལ་དུ་ཤར་བ་དེ་ལ་གསལ་ལ་མི་རྟོག་ཅིང་རྟོག་པའི་ས་བོན་བག་ལ་ཉལ་གྱི་ཚུལ་དུ་བརྟེན་པས་འོག་མིན་ལ་སོགས་པ་བསམ་གཏན་གྱི་གཟུགས་ཁམས་བཅུ་བདུན་དུ་རིམ་གྱིས་འཁྲུལ་ལོ། །དེ་ནས་སེམས་རགས་པ་ལས་ལུས་ཀྱང་རགས་པ་འདོད་པའི་
ཁམས་གནས་རིགས་ཉི་ཤུར་འཁྲུལ་ལོ། །གཉིས་པ་འཁྲུལ་པ་ནང་ལྟར་བཤད་པ་ནི། ཀློང་གསལ་ལས། དང་པོར་མ་རིག་དྲུག་ལས་བྱུང་། །ཞེས་པས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚན་ཉིད་མ་ཤེས་ཤིང་། ངོ་བོ་མ་རིག་པ་དངོས། རང་བཞིན་གྱིས་ཡུལ། ཐུགས་རྗེས་རྒྱན་བྱས་ནས། ཁམས་གསུམ་གྱི་སེམས་ཅན་གྱིས་སྡིག་པ་སྤུ་ཙམ་ཞིག་མ་བྱས་པ་འཁོར་བར་འཁྱམས་ཏེ། ཐལ་འགྱུར་ལས། འཁྲུལ་བའི་རྒྱུ་ནི་མ་རིག་པ། །མ་རིག་པ་ནི་རྣམ་པ་གསུམ། །ཞེས་པས། བདག་ཉིད་གཅིག་པའི་མ་རིག་པ། ལྷན་ཅིག་སྐྱེས་པའི་མ་རིག་པ། ཀུན་ཏུ་བརྟགས་པའི་མ་རིག་པ་གསུམ་གྱིས་རྒྱུ་བྱས། རྒྱུའི་རྐྱེན། དམིགས་པའི་རྐྱེན་དེར་འཛིན་གྱི་རྐྱེན་གསུམ་གྱིས་ཡེ་ཤེས་ཀྱི་སྣང་བ་ལས་འཁྲུལ་པས། ཡེ་ཤེས་ལ་འཁྲུལ་པ་མེད་ཀྱང་། རྒྱུ་རྐྱེན་གྱིས་འཁྲུལ་པ་དཔེར་ན་ཉི་མ་ལ་མུན་པ་དང་སྒྲིབ་པ་མེད་ཀྱང་བར་དུ་སྤྲིན་གྱིས་བསྒྲིབས་པས་ཉི་མ་མི་གསལ་བ་ལྟར། ཡེ་ཤེས་ནུབ་ནས་འཁོར་བའི་མུན་པར་འཁྱམས་པའོ། །དེ་ཡང་རྒྱུའི་རྐྱེན་ནི་ངོ་བོ་སྟོང་པའི་གསལ་ཆ་ལ་ཡེ་ཤེས་ཀྱི་རང་གདངས་འོད་ཁྱིམ་གྱི་ཚུལ་དུ་གནས་པ་ལས། རིག་པའི་རྐྱེན་ལས། ལས་ཀྱི་རླུང་གི་ཁ་དོག་ཕྱིར་གསལ་དུ་ཤར་བ་དེ་ཡེ་ནས་ལྷུན་གྲུབ་ཀྱི་ཡེ་ཤེས་སུ་མ་ཤེས་པས་གཉིས་སྣང་གི་འཛིན་པ་ཞུགས་པ་དེའོ། །དེ་ཉིད་འཁོར་བའི་ཐོག་མ་ཡིན་ཏེ། ཐལ་འགྱུར་ལས། རྒྱུ་གཅིག་བྱེད་མེད་རྩ་བ་སྟེ། རང་ངོ་ཡིན་པར་མ་ཤེས་ཏེ། །འདི་ནི་འཁོར་བའི་ཐོག་མ་འོ། །ཞེས་སོ། །འཁྲུལ་པ་དེ་ཅི་ལས་བྱུང་ན། མུ་ཏིག་ཕྲེང་བ་ལས། སེམས་ལས་དྲན་སེམས་འཆར་བའི་ཕྱིར། །ངོ་བོ་ཉིད་ནི་རྟོག་པས་སྦགས། །ཞེས་པས། འཆར་གཞིའི་རིག་པ་མེ་ལོང་དང་འདྲ་བ། དེ་རང་ངོ་མ་ཤེས་པས་སེམས་སུ་སོང་བ་དང་། སེམས་དང་རྟོག་པ་ངོ་བོ་གཅིག་པས་དེ་ཉིད་སྒྲིབ་པ་ཡིན་པའི་ཕྱིར། རང་བྱུང་ཡེ་ཤེས་ཀྱི་རིག་པ་ལ་སྦགས་ཤིང་བསླད་དོ། །རྒྱུ་དེ་ལ་བདག་རྟོག་
ཡུན་ཅན་དངོས་སུ་གཟུང་བས་དམིགས་པའི་རྐྱེན་ཞེས་བྱའོ། །སེམས་དེ་ལས་ཡིད་དྲུག་འཛིན་པ་རང་གསལ་དུ་ཤར་བས་འབྱུང་བ་ལྔ་བྱུང་། དེ་ཉིད་ཡེ་ཤེས་ལྔར་མ་ཤེས་པས་དེར་འཛིན་དེ་ལ་བརྟེན་ནས་འབྱུང་བ་ལྔ་གཅིག་ཏུ་འདུས། དེ་འདུས་པས་གཅིག་གྲོགས་གཅིག་གིས་བྱས་ནས་ལུས་གྲུབ། དེ་ཉིད་ལས་གཟུང་འཛིན་དུ་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཡིད་དྲུག་འཛིན་ཆ་མ་འགགས་ཕྱིར། །ཆོས་སྐུ་ཉིད་ཀྱང་གཟུང་བས་བཅིངས། །ཞེས་པ་དང་། ཀློང་གསལ་ལས། ཡེ་ཤེས་མ་རིག་ཡུལ་ལ་གཟུང་། །དེར་འཛིན་རླུང་སེམས་འདུས་པ་ལས། །འབྱུང་བ་ལྔ་ཡི་སྦུབས་སུ་ཚུད། །དེར་ཚུད་འབྱུང་བའི་སྐྱེ་འཇིག་ལས། །ཉོན་མོངས་ཕུང་པོ་ལྔ་ལྔ་གྲུབ། །ཅེས་སོ། །ལྷུན་གྲུབ་ཀྱི་རང་གདངས་འབྱུང་བ་ལྔ་ལས། ཡེ་ཤེས་ཀྱི་བྱིན་གྱི་རླབས་ཀྱིས་མི་མཇེད་ཀྱི་འཇིག་རྟེན་ཆགས། ཕྱིའི་འབྱུང་བ་ལྔ་པོ་དེའི་དྭངས་མ་ལས་ནང་བཅུད་ཀྱི་སེམས་ཅན་ཆགས་སོ། །དེ་ལྟར་སེམས་ཀྱི་རང་རྩལ་འབྱུང་བ་ལྔ་དང་དུག་ལྔར་ཤར། དུག་ལྔའི་སྣང་བ་ཕ་མ་སྦྱོར་བ་བྱེད་པ་ལ་འདུས། དེར་སྲེད་ལན་བྱུང་སྟེ་མ་རིག་པས་མངལ་དུ་འཇུག་པ་ནི། ཀློང་གསལ་ལས། ལྔ་འདུས་མཚན་མ་སྦྱོར་བ་ལས། །ཉོན་མོངས་ལྔ་དང་ཡིད་དྲུག་དང་། །ཡེ་ཤེས་ལྔ་ཡི་བདག་ཉིད་དོ། །ཞེས་སོ། །དེ་ནས་བཙས་ཏེ་གཟུང་འཛིན་འཁྲུལ་པས་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ལ་རྟག་ཏུ་འཁྱམས་པ་ནི་འཁོར་བའི་ཆོས་སོ། །དེའང་སྣོད་བཅུད་ཀྱི་ཆགས་ལུགས་རྒྱས་པར་བཤད་ན། ཀློང་གསལ་ལས། ཕྱི་ནང་གསང་བ་ལ་སོགས་པ། །དར་གུད་འཕོ་འགྱུར་འབྱུང་བའི་ལས། །ཞེས་པས། ས་ཆུ་མེ་རླུང་ནམ་མཁའ་སྟེ་ཕྱིའི་འབྱུང་བ་ལྔ་དང་། སེམས་ཅན་རྣམས་འབྱུང་བའི་རྒྱུ་ཇི་ལྟར་ཡིན་ན། ཐོག་མ་ནམ་མཁའ་སྟོང་པ་རང་བཞིན་གྱིས་རྣམ་པར་དག་པ་དང་ཡེ་ཤེས་དབྱེར་མེད་དུ་གནས་ཏེ་ཡེ་གདོད་མ་ནས་ཤེས་རབ་ཀྱི་ཆར་གནས་པས་ཡེ་ཤེས་ཞེས་བྱའོ། །དེ་ལྟར་ནམ་མཁའ་སྟོང་པ་རྣམ་པར་དག་པ་དེ་
ལ་ཡེ་ཤེས་ཀྱི་རང་གདངས་འོད་ལྔ་གསལ་ལམ་མེ་ལྷུན་གྲུབ་ཏུ་གནས་ཏེ། དེ་ལ་དགེ་སྡིག་འཁོར་འདས་གང་དུ་ཡང་མ་གྲུབ་པས་ཀ་དག་ཅེས་བྱ། ཡེ་ནས་གནས་པས་ལྷུན་གྲུབ་ཅེས་བྱ་སྟེ། དེ་ལྟ་བུའི་དོན་དེ་ལ་འཁོར་འདས་གང་དུ་ཡང་གྲུབ་པ་མེད་དོ། །དེ་ལྟར་ཡེ་ནས་མེད་ན་བསྒྲུབས་པས་འབྲས་བུ་ཡེ་ཤེས་འབྱུང་བ་མི་སྲིད་དོ། །ཆུ་བསྲུབས་ཀྱང་མེ་མི་འབྱུང་བ་བཞིན། །དེས་ན་གདོད་མའི་གནས་ལུགས་ལ་ཡེ་ཤེས་སུ་ཡོད་པ་བར་དུ་འཁྲུལ་ཡང་ཐ་མར་འཁྲུལ་པ་སངས་ནས་སངས་རྒྱས་པའི་ཚེ་ཆོས་ཀྱི་སྐུའི་ངང་ནས་གཟུགས་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་དབྱེར་མེད་དུ་བཞུགས་ནས། སེམས་ཅན་གྱི་དོན་མཛད་པའི་གནས་ཀྱང་དེ་ཡིན་ནོ། །དེ་ལྟར་སྟོང་པའི་ངང་ལས་ཡེ་ཤེས་ཀྱི་རྩལ་ཤར་བས་འོད་ལྔ་བྱུང་། དེ་ལ་མ་འགགས་པའི་རིག་པ་ཡོད་པས་འོད་ལྔ་ལ་འཛིན་པ་བྱུང་། འཛིན་པ་དེ་ལ་རླུང་ཞེས་བྱ་སྟེ། སྣང་གསལ་གྱི་ཐུགས་རྗེའི་རྩལ་ཕྱིར་འཕྲོས་པ་ཡིན་ནོ། །དེ་ཡང་སྣང་བའི་ཡུལ་འོད་ལྔ་ལ་ཐུགས་རྗེའི་རྩལ་འཛིན་པས་ཐ་དད་དུ་གཟུངས་བས་འབྱུང་བ་རགས་པར་ཇི་ལྟར་གྲུབ་ན། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་གདངས་འོད་དམར་པོ་དེ་ལ་དངོས་འཛིན་དུ་འཁྲུལ་པས་མེ་དམར་པོ་བྱུང་། དེ་ལ་རླུང་རིག་པའི་རྩལ་གྱིས་དྲོད་བྱུང་། ཡང་མཉམ་པ་ཉིད་ཀྱི་རང་གདངས་འོད་སེར་པོ་གསལ་བ་དེ་ལ་འཛིན་པ་སྐྱེས་པས་ས་སེར་པོ་བྱུང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་གདངས་འོད་དཀར་པོར་ཤར་བ་ལ་འཛིན་པ་སྐྱེས་པས་ཆུ་དཀར་པོ་བྱུང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་གདངས་འོད་ལྗང་གུ་ཤར་བ་ལ་འཛིན་པ་སྐྱེས་པས་རླུང་ལྗང་གུ་བྱུང་། འབྱུང་བ་ནམ་མཁའ་ནི་ཡེ་གདོད་མ་ནས་ཡེ་ཤེས་དང་མཉམ་དུ་གནས་ཏེ་འཕོ་འགྱུར་མེད་དོ། །ཡེ་ཤེས་ཀྱི་རང་གདངས་འོད་རྣམས་ལ་འཛིན་པ་སྐྱེས་པས་ས་ཆུ་མེ་རླུང་བཞི་བྱུང་། དེ་དག་ལ་རིག་རྩལ་རླུང་གིས་ཁྱབ་པས་ལས་ཀུན་བྱེད་དོ། །དེ་ལྟར་ཡེ་ཤེས་ལྔ་ལ་འཛིན་པ་སྐྱེས་པས་འབྱུང་བ་དངོས་
སུ་གྲུབ་བོ། །དེ་ཡང་ཐོག་མར་མ་རིག་པའི་རྩལ་གྱིས་བསྐྱེད་པས་འབྱུང་བ་ལྔ་ལ་སོ་སོའི་རྩལ་བྱུང་ནས། དེ་རྣམས་གཅིག་ཏུ་འཛོམ་པས་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཏེ། ཡེ་ནས་སྟོང་པའི་ནམ་མཁའ་ལ་འཛིན་པ་སྐྱེས་པས་རླུང་གི་དཀྱིལ་འཁོར་ཆགས། དེ་ནས་འབྱུང་བ་སོ་སོ་ལ་འཛིན་པ་སྐྱེས་པས་དེའི་སྟེང་དུ་ཆུ་དང་ས་ཆགས་ཏེ་ལྕགས་རི་མུ་ཁྱུད་གླིང་བཞི་རི་རབ་དང་བཅས་པའི་གྲོང་ཁྱེར་གྲུབ་བོ། །མེ་ནི་རླུང་གི་རྩལ་ཏེ་འབྱུང་བ་གསུམ་ཀ་ལ་ཁྱབ་པར་ཡོད་དོ། །དེ་དག་གིས་ཕྱི་སྣོད་གྲུབ་ཚུལ་ལོ། །གཉིས་པ་བཅུད་ཀྱི་སེམས་ཅན་གྲུབ་ཚུལ་ནི། རང་ཤར་ལས། འདོད་དང་གཟུགས་དང་གཟུགས་མེད་ཀྱི། ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་མེད་མིན་ཅི་ཡང་མེད། །རྣམ་ཤེས་ཅུང་ཟད་མེད་པ་ཡིས། །གཟུགས་མེད་རྣམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་གཟུགས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པ་འོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་སྟེ། །བྱོལ་སོང་ཡི་དྭགས་དམྱལ་བ་དང་། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ལྟར་འཇིག་རྟེན་གསུམ་པོ་ཉིད། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །ཅེས་པས། སྣོད་ལས་བཅུད་གྲུབ་ཚུལ་ནི། དེ་ཡང་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཡེ་ཤེས་ཀྱི་རྩལ་དྲོད་བག་ཙམ་ཞིག་བྱུང་སྟེ། དེ་ཆུའི་དཀྱིལ་འཁོར་ལ་ཕོག་པས་ཆུ་ལ་རླངས་པ་མཐོངས་ཁུང་གི་དུ་བ་ཙམ་ཞིག་བྱུང་ངོ་།། རླངས་པ་དེ་སའི་དཀྱིལ་འཁོར་ལ་ཕོག་པས་ཆན་ལ་ཕབ་བཏབ་པའི་དྲོད་ཙམ་གྱིས་ཐམས་ཅད་ལ་ཁྱབ་པས་འབྱུང་བ་བཞིའི་དྭངས་མ་འདུས། དྭངས་མ་དང་ཡེ་ཤེས་ཀྱི་རང་འོད་འདྲེས་པས་འོད་ཕུབ་ཆུང་ཙམ་གཉིས་བྱུང་སྟེ། ནམ་མཁའ་ལ་འཁྱིལ་བའི་གོང་མ་ལས་སྣང་ལ་རང་བཞིན་མེད་པའི་འོད་གསལ་
གྱི་ལྷ་བྱུང་། དེ་ལས་འོད་ཟེར་ཚུལ་དུ་གཟུགས་མེད་སྐྱེ་མཆེད་མུ་བཞི་བྱུང་། དེ་ལས་རིག་རྩལ་དེ་གཡོས་པའི་འཛིན་ཆགས་ལས་རིམ་གྱིས་གཟུགས་ཁམས་གནས་རིགས་བཅུ་བདུན་བྱུང་། དེ་ལས་འདོད་ལྷ་རིགས་དྲུག་བྱུང་། དེ་དང་འོད་གསལ་གྱི་ལྷ་དང་། ཁྱད་པར་རྒྱལ་ཆེན་བཞི་ལས་གླིང་བཞིའི་མི་བྱུང་། དེ་དག་དངོས་སུ་དུག་གསུམ་རགས་པས་དམྱལ་བ་ཡི་དྭགས་དུད་འགྲོ་བྱུང་། ང་རྒྱལ་དང་བསོད་ནམས་ཆ་མཐུན་འདྲེས་པའི་ལས་ཀྱིས་ལྷ་མིན་བྱུང་། དེ་ལྟར་འབྱུང་བའི་དྭངས་མ་དང་། རིག་པ་གཞི་ནས་འཕགས་པ་འདྲེས་ཏེ་ལུས་གྲུབ་པས་བཅུད་ཀྱི་སེམས་ཅན་ཞེས་བྱའོ། །འོད་གཉིས་པ་ལས་ནི་དུས་རིང་ཞིག་ན་ཉི་མ་ཟླ་བ་བྱུང་སྟེ། དེའང་ནམ་མཁའི་བཅུད་ལས་བྱུང་བས་ནམ་མཁའ་ལ་འདུག །ཡེ་ཤེས་ཀྱི་རྩལ་ལས་བྱུང་བས་ཀུན་ལ་གསལ་ནུས། རླུང་གི་དྭངས་མ་ལས་བྱུང་བས་འགྲོ་འོང་བྱེད། མེའི་དྭངས་མ་ལས་བྱུང་བས་དྲོད་ཡོད། དེ་ཡང་ཉི་མ་ལ་མེའི་དྭངས་མ་གཙོ་ཆེ་བས་ཚ། ཟླ་བ་ཆུའི་དྭངས་མ་གཙོ་ཆེ་བས་བསིལ། དེ་གཉིས་ཀྱི་རྩལ་ལས་གཟའ་སྐར་དུ་མ་འོད་ཀྱི་ཚུལ་དུ་སྣང་བའོ། །དེ་ནས་འབྱུང་བ་རྣམས་གཅིག་གྲོགས་གཅིག་གིས་བྱས་ཏེ་བསྐྱེད་པས་སོས་ཀ་ནས་དབྱར་ཟླ་བ་གསུམ་དུ་རྩི་ཤིང་མེ་ཏོག་རྒྱས་ཤིང་ཉི་མ་རིང་ལ་ཚ། འབྱུང་བ་རྣམས་བག་ཙམ་སྟོབས་ཆུང་བས་གཅིག་དགྲ་གཅིག་གིས་བྱས་ཏེ། རྒུད་པའི་དུས་ཀྱི་སྟོན་སྨད་ནས་དགུན་ཟླ་བ་གསུམ་ཉི་མ་ཐུང་ལ་དྲོད་ཆུང་། འབྱུང་བའི་དྭངས་མ་སྐྱེད་བྱེད་དུ་མཉམ་དུས་དགུན་སྨད་ནས་དཔྱིད་ཟླ་བ་གསུམ་དང་། དྭངས་མ་འཕེལ་ཞིང་རྒྱས་པར་མཉམ་པའི་དུས་དབྱར་སྨད་ནས་སྟོན་ཟླ་བ་གསུམ་ནམ་ཉི་མ་མཉམ་པའོ། །འབྱུང་བ་རྣམས་ཀྱི་དྭངས་མ་དུས་གཅིག་ལ་བྱེར་བས་ཉི་ཟླ་ཤར་བ་ཡིན་ནོ། །ཡང་རླུང་གིས་བསྡུས་པས་སྔ་མ་བཞིན་ནོ། །ཟླ་བ་དང་སྐར་མའི་འཕོ་འགྱུར་ལས། དར་གུད་ཀྱང་འབྱུང་བའི་དར་གུད་ཀྱི་རྗེས་སུ་བྱེད་དོ། །ཡང་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ནས་དྲོད་བྱུང་ཆུ་ལ་ཕོག །
ཆུའི་རླངས་པ་བྱུང་བ་སའི་དཀྱིལ་འཁོར་ལ་ཕོག་སྟེ་ཁྱབ། རླུང་གི་རྩལ་དྲོད་རང་ཤུགས་སུ་བྱུང་བ་ཤིང་གཉིས་དྲག་ཏུ་བསྲུབས་པས་མེ་འབྱུང་བ་ལྟར་ས་ལ་དྲོད་ཀྱིས་ཁྱབ་པས་རླངས་པ་ནམ་མཁའ་ལ་སོང་བའི་ན་བུན་སྤྲིན་དུ་འཁྲིགས་པ་ལས་ཆར་བབས་པ་ནི། ཁོག་མའི་ཆུ་ཁོལ་བའི་ཁ་ཆོད་ཀྱི་རླངས་པ་ལས་ཟིལ་པ་ཕྲ་མོ་འབྱུང་བ་བཞིན་ས་ལ་བབས་པས། འབྱུང་བ་གཅིག་གྲོགས་གཅིག་གིས་བྱས་པས་འབྱུང་བ་རྒྱས་པའི་དྭངས་མ་ལས་རྩི་ཤིང་ནགས་ཚལ་ནས་མྱུ་གུ་ལོ་མ་མེ་ཏོག་འབྲས་བུའི་བར་རིམ་གྱིས་བྱུང་ནས། སྟོན་འབྱུང་བ་རྩལ་མཉམ་དུས་འབྲས་བུ་སྨིན་ཡང་འབྱུང་བ་རྣམས་ཀྱི་བྱེད་ལས་མཐོ་དམན་ཙམ་ལས་ལོགས་པ་མེད་དོ། །དེ་བཞིན་དུ་རང་གིས་ཟས་ཟོས་པ་མེས་བཞུས། རླུང་གིས་དྭངས་སྙིགས་ཕྱེ། ཆུས་བསྡུས། སས་སྲ་བར་བྱས་ཏེ། ལུས་སྟོབས་བསྐྱེད་ནས་ཤ་ཁྲག་གི་དྭངས་མ་ལས་རྐང་། རྐང་མར་གྱི་དྭངས་མ་ལས་ཐིག་ལེར་འཕེལ་ཏེ། སྐྱེས་ནས་ལོ་བཅུ་དྲུག་གི་དུས་སུ་རྒྱས་ཏེ། དེ་ནས་ལོ་སུམ་ཅུའི་བར་དུ་རྩལ་མཉམ་པས་དྭངས་མ་རང་སོ་ལ་གནས། དེ་ནས་འབྱུང་བ་གཅིག་དགྲ་གཅིག་གིས་བྱས་ཏེ་མར་བསྡུས་པས་དྭངས་མ་རྣམས་རིམ་གྱིས་བསྐམས་ཏེ་དབང་པོ་ཉམས་པས་རྒས་ཤིང་གུད་ནས་འབྱུང་བ་རྣམས་འཁྲུགས་ཏེ། བྱེར་བས་ཚེའི་དུས་བྱེད་པ་ནའང་འབྱུང་བའི་དར་གུད་ལས་གཞན་མེད་དོ། །དེ་ལྟར་ཕྱི་ནང་གི་འབྱུང་བ་ལྔ་ནི་ཡེ་ཤེས་ཀྱི་སྐུ་བདག་ཏུ་གཟུང་བས་གཉིད་སྣང་ལྟར་གྲུབ་ཀྱང་། ཡེ་ནས་གཉིས་མེད་ཡེ་ཤེས་ཆེན་པོ་རིགས་ལྔའི་སངས་རྒྱས་ཀྱི་ཞིང་དུ་གནས་ཏེ། སེང་གེ་རྩལ་རྫོགས་ལས། ཡུལ་ལྔ་ལས་ནི་འོད་ལྔའི་སྐུ། །སྲིད་པ་གསུམ་ཉིད་སངས་རྒྱས་ཞིང་། །ཞེས་གསུངས་སོ། །གསུམ་པ་འཁྲུལ་པ་གསང་བ་ལྟར་བཤད་པ་ནི། བཀོད་པ་ཆེན་པོ་ལས། ལྷུན་གྲུབ་སྟོང་པའི་ཡུལ་ལ་ཤར། །དེ་ཚེ་རྐྱེན་བཞིའི་འཁྲུལ་འཁོར་ལས། །འཛིན་པའི་རྒྱ་དང་བཅས་པར་འགྱུར། །ཞེས་པ་དང་། སྒྲོན་མ་སྣང་བྱེད་ལས། སྔོན་བྱུང་ཐོག་མ་ཀ་དག་གཞི། །
ངོ་བོ་རང་བཞིན་ཐུགས་རྗེ་ནི། །ཡེ་ཤེས་གསུམ་གྱི་བདག་ཉིད་དོ། །དེ་ལས་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང་། །ཤེས་པ་སྦགས་པའི་འཁྲུལ་པ་འོ། །ཞེས་པ་དང་། ཡང་རྒྱུ་དང་འཁྲུལ་པའི་ས་བོན་ནི། །གསལ་བའི་ཆ་ནི་ཕྱིར་ཤར་བས། ཤེས་པ་གསལ་གསལ་རིག་རིག་དེ། །མ་རིག་པ་ནི་གསུམ་དག་ལས། །ཡུད་ཙམ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་དེ་བདག་ཏུ་གཟུང་བའི་བློས། །གཞི་དང་གཞི་ཡིས་སྣང་ཆ་ལ། །གཞི་དང་གཞི་ཞེས་ཁྱད་པར་འཁྲུལ། །འཁྲུལ་པའི་རྒྱུ་ལས་ཡུལ་རྐྱེན་འཕྲད། །རྐྱེན་བཞི་དམིགས་པ་མ་དག་པས། །སྣ་ཚོགས་སྣང་བའི་གསལ་ཆ་འདྲེས། །ཡིད་དྲུག་འཛིན་ལ་མ་འགགས་པས། །ཉོན་མོངས་དྲུག་གིས་བདག་བཅིངས་པས། །ཡུལ་དྲུག་སོ་སོའི་སྣང་བ་འཆར། །དེ་ལྟར་ཡུལ་ལ་བདག་བཟུང་བས། །དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མས་གཟུགས་བཏུས་པས། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའི། །ཞེས་པས། གདོད་མ་ཀ་དག་གི་གཞི་ནང་གསལ་དེ་ལས་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་བཞི་ཤར་བ་རང་གདངས་སུ་མ་ཤེས་པས། རྒྱུ་བདག་ཉིད་གཅིག་པ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པར་གྱུར་ནས། ཡུལ་འོད་སྣང་ལ་ཡུལ་དུ་འཛིན་པ་སྐྱེས་པ་ནི། ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ། རིག་པ་ནང་གསལ་སྲོག་རླུང་བཞིའི་རྟས་བསྐྱང་ནས་རིག་ཙམ་ཡུལ་ལ་ཤར་བའོ། །དེ་ལྟར་མ་རིག་པ་གསུམ་འཛོམ་པའི་ཤེས་པ་སྐད་ཅིག་མ་གཅིག་པོ་དེས་ཡུལ་ལ་བདག་ཏུ་བཟུང་བར་འཁྲུལ་ཏེ། དེའང་བཟུང་འཛིན་གྱི་ཞག་དང་པོ་གསུམ་གྱི་སྣང་བ་ནུབ་ནས། བཞི་པ་ལ་མ་རིག་པ་གསུམ་གྱི་འཛིན་པས་ཡར་སྐུ་དང་ཡེ་ཤེས། བར་རང་བཞིན་སྤྲུལ་སྐུའི་སྣང་བ་ཡང་ནུབ་སྟེ། དེའི་གདངས་མར་འགྲོ་བ་རིགས་དྲུག་གི་གནས་ན་ཐུབ་པ་དྲུག་གི་སྣང་བ་ལ། ལྷ་མིའི་ཡུལ་ལ་ཆགས། ངན་སོང་ལ་སྡང་
བའམ། རང་སྣང་གང་རུང་རེ་ལ་ཡིད་ཀྱི་འཛིན་པ་ཞུགས་པས། ཀུན་གཞིའི་སྟེང་དུ་འགྲོ་དྲུག་གི་བག་ཆགས་བཞག་སྟེ། དེ་དག་ཏུ་སྐྱེ་བའི་ས་བོན་ཨ་ནྲི་པྲེ་དུ་སུ་ཏྲི་དྲུག་གསལ་བཏབ་པའི་ཐོག་མ་བྱས་པས་སྐད་ཅིག་མ་གཉིས་པར་འགྲོ་བ་འདུལ་བ་སྤྲུལ་པ་སྐུའི་ཞིང་དེའི་སྣང་བ་ཡང་ནུབ་ནས། གོང་གི་སྣང་བ་ལ་དེར་འཛིན་ཞུགས་པས་འགྲོ་དྲུག་སོ་སོའི་ཡུལ་དེར་འཁྲུལ་བར་བྱེད་པས་ན་རྨི་ལམ་སད་པ་ལས་རང་གི་ཡུལ་སྣང་བ་བཞིན་སྣོད་བཅུད་སོ་སོའི་གྲུབ་ཚུལ་ནི། དེ་ལྟར་གོང་གི་སྣང་བ་ལས། ངོ་བོ་སྟོང་པ་རིས་མེད་ཀྱི་ཆ་ནས་ནམ་མཁའ་ཙམ་ལས་གོ་སྐབས་འབྱེད་པ་ཡུལ་གྱི་རྣམ་པ་བྱས། རང་བཞིན་གསལ་བ་འོད་ཀྱི་ཆ་ལས། དངོས་ཀྱི་འོད་སྣང་སྐུ་དང་ཡེ་ཤེས་སུ་སྣང་བ་ནུབ། རང་བཞིན་གྱི་འོད་དང་གཟུགས་བརྙན་གྱི་འོད་གཉིས་ཕྱི་མ་ནང་དུ་ཤར་བ་ལ་འཛིན་པ་སྐྱེས་པས། སོ་སོ་སྔར་གང་ཡིན་སྣང་ཡུལ་དྲུག་པོ་ལ་བག་ཆགས་བཞག་པ་དང་མཐུན་པར། གཟུགས་བརྙན་གྱི་འོད་ལས་ཕྱིར་འགྲོ་དྲུག་གི་ཡུལ་སྣང་རིགས་མི་འདྲ་བ་དྲུག་སོ་སོར་ཤར་ཏེ། དེའང་བསམ་གཏན་གྱི་ལྷ་ལ་འོད་གསལ་གྱི་ཡུལ། གཟུགས་མེད་ཀྱི་ལྷ་ལ་མི་རྟོག་པ་ཡིད་ཀྱི་ཡུལ། འདོད་པའི་ལྷ་ལ་དགའ་བདེ་རགས་པའི་ཡུལ། མི་རྣམས་ལ་གླིང་བཞི་སོ་སོའི་ཡུལ། ངན་སོང་གསུམ་ལ་རང་སྣང་ལོག་པའི་ཡུལ་དྲུག་སོ་སོར་གྲུབ་ལྟར་སྣང་། རང་སྣང་མཐུན་པ་རྣམས་ལ་མཐུན་པ་ལྟར་སྣང་ཡང་། དོན་ལ་ཐ་དད་དུ་གྲུབ་པ་མེད་དེ། རང་སྣང་དག་མ་དག་ཐ་དད་ལ་སྣང་ཡུལ་མི་འདྲ་བ་རྨི་ལམ་གྱི་སྣང་ཡུལ་བཞིན་ནོ། །དེ་དག་གི་རྒྱུ་ནི་ཡེ་ཤེས་ཀྱི་སྣང་ཡུལ་གཅིག་ལས་ཐ་དད་དུ་སྣང་བ་ལས་གཞན་མེད་དེ། ཀློང་གསལ་ལས། ཡེ་ཤེས་ངོ་བོ་གཅིག་ཉིད་ལས། །འཛིན་པ་ལོག་པས་ཐ་དད་སྣང་། །ཞེས་སོ། །སྣང་དུས་དེ་ནའང་སེམས་གཅིག་ལས་ཐ་དད་དུ་སྣང་བ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པ་ཉིད་དུ་མཐོང་། །ཞེས་གསུངས་པ་བཞིན་ནོ། །འོ་ན་ཕྱི་རོལ་གྱི་ཡུལ་སྣང་འདི་དག་རྡུལ་ཕྲན་
འདུས་པ་ལས་བསྐྱེད་པའི་བེམས་པོ་རང་མཚན་པ་མ་ཡིན་ནམ། སྲ་སྲ་འཐས་འཐས་ལྟར་སྣང་གི་འདུག་པ་སྙམ་ན། མ་ཡིན་ཏེ་ཐེག་པ་ཐུན་མོང་བ་དང་ཉན་ཐོས་པས་འདོད་པ་ཡིན་གྱི། ཐེག་པ་ཆེན་པོ་བ་ནི་མེད་བཞིན་སྣང་བ་བག་ཆགས་འཁྲུལ་པའི་ཆོས་འཕྲུལ་རྨི་ལམ་སྒྱུ་མ་ཙམ་དུ་སྣང་བར་འདོད་དོ། །འཕགས་པ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ཏུ་གསུངས་པ། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་ནོ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པའང་གསུངས། །རྨི་ལམ་གྱི་སྣང་དུས་དེ་ནའང་ས་རྡོ་རི་བྲག་རྟ་གླང་ནགས་ཚལ་ལ་སོགས་པ་བདེན་བདེན་ཡོད་པ་ལྟར་སྣང་ཡང་རང་སེམས་གཉིད་ཀྱིས་མྱོས་པའི་ཆོ་འཕྲུལ་ཙམ་དུ་སྣང་བ་བཞིན་ནོ། །དེས་ན་ཕྱི་ཡུལ་དུ་སྣང་བའི་འཁྲུལ་པ་འདི་སྐྱེ་འགགས་གནས་གསུམ་ལྟར་སྣང་ཡང་། རྨི་ལམ་སྒྱུ་མ་ལྟར་མེད་སྣང་འཁྲུལ་པའི་རང་བཞིན་ཡེ་ཤེས་ཀྱི་རྩལ་ལས་འཁྲུལ་པར་ཤེས་པར་བྱའོ། །དེའང་བསྐལ་པ་ཆགས་པ་ལྟར་སྣང་། གནས་པ་ལྟར་སྣང་། འཇིག་པ་ལྟར་སྣང་བ་ཡེ་ཤེས་ཀྱི་གདངས་གཟུགས་བརྙན་གྱི་འོད་ལ་ཡུལ་དུ་དཔྱོད་པའི་འཁྲུལ་སྣང་སྟེ། མེད་བཞིན་སྣང་བ་རྨི་ལམ་སྒྱུ་མ་དང་འདྲ་བ་ཤེས་སོ། །དེ་སྐད་དུ་ཡེ་ཤེས་གསང་འཁོར་ལས། །ཡུལ་དུ་འཁྲུལ་པ་རྨི་ལམ་ཙམ། །དོན་ལ་ཡེ་ཤེས་རྩལ་དུ་སྣང་། །ཞེས་སོ། རང་བཞིན་གྱི་འོད་ལ་འཛིན་པ་སྐྱེས་པས། ཕུང་པོ་ལྔ་དང་། དབང་པོ་ལྔ་དང་། དོན་སྙིང་ལྔ་དང་། ཡན་ལག་ལྔ་དང་ལྡན་པའི་འདོད་པའི་གཟུགས་དང་། སྣང་ལ་རང་བཞིན་གྱིས་མ་གྲུབ་པ་འོད་གསལ་གཟུགས་ཁམས་ཀྱི་གཟུགས་དང་། སྟོང་ལ་སེམས་དཔའ་དང་བཅས་པ་གཟུགས་མེད་ཀྱི་གཟུགས་སུ་གྲུབ་དུས། རང་བཞིན་གྱི་འོད་དེ་ཡང་ནུབ་བོ། །དེ་ཡང་སྔར་ལྷུན་གྲུབ་ཀྱི་དུས་ན་ཡིད་དྲུག་གི་འཛིན་པ་མ་འགགས་པས་འགྲོ་བ་དྲུག་གི་སྣང་བ་ལ་གང་དུ་བཟུང་བ་དེ་རང་སྣང་གི་ཡུལ་དང་ལུས་སུ་འཁྲུལ་ནས་སེམས་རང་ངོ་མ་ཤེས་པས་གཏན་
དུ་འཁོར་བར་འཁྱམས་པ་ནི། མེད་བཞིན་སྣང་བའི་སྡུག་བསྔལ་གྱི་ཉོན་མོངས་པ་རྨི་ལམ་གྱི་བདེ་སྡུག་བཞིན་ནོ། །རྨི་ལམ་དེའང་གཉིད་ལ་སོང་བའི་དུས་ནའང་མེད། སད་དུས་ནའང་མེད་ཀྱང་གཉིད་དུས་འབབ་ཞིག་ན་ཡོད་པ་བཞིན། འཁྲུལ་སྣང་གི་བདེ་སྡུག་སྣ་ཚོགས་འདི་གདོད་མ་གཞིའི་དུས་ནའང་མེད། འཁྲུལ་པ་གྲོལ་བའི་འབྲས་བུ་ལའང་མེད་ཀྱང་། ད་ལྟ་གྲོང་ཁྱེར་དྲུག་ན་བདེ་སྡུག་སྣ་ཚོགས་སུ་སྣང་སྟེ་དོན་ལ་མ་གྲུབ་པས། ཟབ་མོའི་གདམས་པ་འདི་ལྟ་བུ་དང་འཕྲད་ན་གྲོལ་བ་ལ་ཚེགས་མེད་པའི་གནད་དེ་ཡིན་ནོ། །དེའང་ལྷུན་གྲུབ་ཀྱི་སྣང་བ་དེ་ལས་འཁྲུལ་པར་ཅིས་ཤེས། དེ་ནས་འཁྲུལ་པའི་རྒྱུ་མཚན་ཅི་ཡིན། ཡང་གདོད་མའི་གཞི་ནས་མ་འཁྲུལ་ན་དེའི་ཆོག་མོད་སྙམ་ན། མ་ཡིན་ཏེ་གདོད་མའི་གཞི་ནི་ནང་གསལ་འཁྲུལ་པ་མེད་པའི་བདག་ཉིད་གྲོལ་བ་གཅིག་པོ་ཉིད་དུ་བཞུགས་ལ། དེ་ལས་ཕྱིར་གསལ་དུ་ཤར་བའི་ལྷུན་གྲུབ་ནི་རིག་ན་ཀུན་ཏུ་བཟང་པོའི་གྲོལ་གཞིར་འོང་ལ། མ་རིག་ན་སེམས་ཅན་གྱི་འཁྲུལ་གཞིར་བྱུང་བས་མ་ངེས་པའི་ལྷུན་གྲུབ་ཅེས་ཀྱང་བྱ། གཞི་སྣང་ཆེན་པོ་ཞེས་ཀྱང་བྱ། སྐུ་དང་ཡེ་ཤེས་སུ་ཕྱིར་སྣང་བས་ལོངས་སྐུའི་སྣང་བ་ཞེས་ཀྱང་བྱ། སྤྲུལ་སྐུའི་སྣང་བ་ཤར་བས་སྤྲུལ་སྐུའི་སྣང་བ་ཞེས་ཀྱང་བྱ་སྟེ། འདི་ནས་འཁྲུལ་གཞིར་འབད་དེ། སྒྲོན་མ་སྣང་བྱེད་ལས། ཐོག་མ་ཀ་དག་འཁྲུལ་མེད་ལས། །ངེས་པ་མེད་པའི་ལྷུན་གྲུབ་ཤར། །དེ་ཉིད་སྣ་ཚོགས་འཆར་ཚུལ་ལས། །འགགས་པ་མེད་པའི་རོལ་པ་ནི། །ཅིར་ཡང་མཛད་ཅིང་ཅིར་ཡང་འཆར།། ངེས་མེད་སྣང་བ་དུ་མ་འོ། །དེ་ཉིད་གཟུ་བོའི་བློ་ཅན་ལ། །མཐོང་བ་མ་འགགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ་། །དེ་ལྟར་གནས་པའི་གཞི་དེ་ལ། །རྒྱུ་དང་འཁྲུལ་པའི་ས་བོན་ནི། །ཤེས་པ་གསལ་གསལ་རིག་རིག་སྟེ། །ཞེས་པ་ནས། ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །ཞེས་པའི་བར་འཁོར་བར་འཁྲུལ་བར་གསུངས་སོ། །གཟུ་བོའི་བློ་ཅན་ནི་རང་ངོ་ཤེས་
པའོ། །མཐོང་བ་མ་འགགས་ནང་གསལ་ནི། །འོད་ཕྱིར་མཐོང་བ་མ་འགགས་པ་རང་གདངས་སུ་རིག་པས་སྐད་ཅིག་ལ་བྱེ་བྲག་ཕྱེད་པའོ། །ནང་གསལ་གདོད་མའི་གཞི་ལ་བྱང་ཆུབ་པའོ། །དེ་ལ་ངེས་པའི་ཆར་གཟུང་བ་ནི་ཀ་དག་ལ་བཙན་ས་ཟིན་པའོ། །མདོར་ན་དེ་ལྟར་མ་ངེས་པའི་ལྷུན་གྲུབ་ཀྱི་སྣང་བ་ལ་རང་ངོ་མ་ཤེས་པས་རིག་པ་དེ་ཉིད་མ་རིག་པ་གསུམ་དུ་ཤར་ཏེ། རྒྱུའི་རྐྱེན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་མ་རིག་པས་ཁྱབ། བདག་རྐྱེན་རིག་པ་ཉིད་འཛིན་པར་སྐྱེས་པས་བྱས། དམིགས་པའི་རྐྱེན་འོད་ལྔ་ཡུལ་དུ་སྣང་བས་བྱས། དེ་གསུམ་དུས་མཉམ་པ་ལས་མཚུངས་པ་དེ་མ་ཐག་པའི་རྐྱེན་བྱས་ཏེ། ཐག་པ་ལ་སྤྲུལ་དུ་འཁྲུལ་བའམ། སྨིག་རྒྱུ་ལ་ཆུར་འཁྲུལ་བའམ། ཐོ་ཡོར་ལ་མིར་འཁྲུལ་པ་བཞིན་དུ། རང་བཞིན་གྱིས་སྣང་ཆ་ལས་འོད་ཕྱི་མ་ནང་ལ་འཛིན་པ་སྐྱེས་པས། དེ་དང་རྣམ་པ་མཚུངས་པའི་ཡུལ་དང་ལུས་སུ་འཁྲུལ། ངོ་བོའི་ཆ་རིག་མེད་སྟོང་པ་ལས་གོ་སྐབས་འབྱེད་པའི་ཡུལ་དང་། ངོ་བོའི་ཆ་རིག་བཅས་མི་རྟོག་པ་གང་དུ་ཡང་མ་གྲུབ་པ་ལས། དེ་དང་ཚུལ་མཐུན་པའི་ཀུན་གཞི་ལུང་མ་བསྟན་དུ་འཁྲུལ། ཐུགས་རྗེའི་ཆ་རིག་ཅིང་གསལ་བ་ལས། སྒོ་ལྔའི་ཚོགས་བདུན་གྱི་ཡུལ་དང་ཤེས་པ་འཁྲུལ་ཏེ། གཟུགས་མེད་ཏིང་ངེ་འཛིན་ཡིད་ཀྱི་ལུས། གཟུགས་ཁམས་བསམ་གཏན་འོད་ཀྱི་ལུས། འདོད་ཁམས་རྡོས་བཅས་ཤ་ཁྲག་གི་ལུས་གསུམ་དུ་འཁྲུལ་ནས། གཟུགས་མེད་ན་ཞི་གནས་རྩེ་གཅིག་པའི་སེམས་མི་རྟོག་པའི་མིང་བཞིའི་ཕུང་པོ་ལ་བརྟེན། གཟུགས་ཁམས་སུ་བསམ་གཏན་གྱི་སེམས་ཡང་དག་པའི་ཤེས་རབ་དང་མ་འབྲེལ་བའི་ཤེས་པ་ལྷག་མཐོང་ཤས་ཆེ་བ་འོད་ལྔའི་ཕུང་པོ་ལ་བརྟེན། འདོད་པ་རྟོག་བཅས་སེམས་སྣ་ཚོགས་སུ་འགྱུར་བའི་སེམས་རྡོས་བཅས་ཤ་ཁྲག་གི་ལུས་ལ་བརྟེན་ནོ། །འོ་ན་ཁམས་གོང་མ་གཉིས་སུ་རྟོག་མེད་ཀྱི་ཤེས་པ་ཏིང་ངེ་འཛིན་དུ་ཡོད་ལ། འདོད་
པར་རྟོག་པ་ཉིད་དུ་འོང་བ་ཅི་ཡིན། ཁམས་གསུམ་དུ་འཁོར་བ་ནི་མཉམ་ཞེ་ན། འཁོར་བར་མཉམ་ཡང་རྟེན་མི་འདྲ་བ་ཐ་དད་པར་ཡོད་དེ། གོང་མ་གཉིས་ན་ལུས་རྡོས་བཅས་སུ་མེད་པས། རྩ་རླུང་ཐིག་ལེ་རགས་པ་མེད། དེ་མེད་པས་རིག་པའི་མདངས་ནང་གསལ་ལས་རྟོག་པ་མི་འཕྲོ་བ་ཡིན། དེ་ཡང་གཟུགས་མེད་ན་ཤེས་པ་ནང་གསལ་མི་རྟོག་པ་རྩེ་གཅིག་ལས་ཕྱིར་དམིགས་པའི་ཡུལ་མེད། གཟུགས་ཁམས་ན་དེ་བས་ཤེས་པ་རགས་ཀྱང་། རྟོག་པ་མངོན་གྱུར་འདོད་པའི་ཁམས་པ་བཞིན་མེད་དེ། རྟེན་སྣང་བྱེད་འོད་ཀྱི་ལུས་ཡོད་པའི་ཕྱིར། འདོད་པ་ན་ལུས་རྡོས་བཅས་སུ་ཡོད་པས་རྩ་རླུང་ཐིག་ལེར་རགས་པ་ཡོད། དེ་ཡང་རིག་པའི་མདངས་འགྱུ་བ་རླུང་གི་རྟས་བསྐྱོད་དེ་ཕྱི་ནང་གི་ཡུལ་སྣ་ཚོགས་ལ་གཟུང་འཛིན་དུ་རྟོག་པའི་རྟོག་པ་རགས་པར་འཆར་བ་དེ་ཡིན་ནོ། །འོ་ན་གཟུགས་ཁམས་ན་འོད་ལུས་ཡོད་ན་འབད་མེད་དུ་གྲོལ་བར་རིགས་ཏེ། གསང་བ་སྙིང་ཐིག་པ་ཁྱེད་འོད་ལུས་ཐོབ་པས་གྲོལ་བར་འདོད་པའི་ཕྱིར་ཞེ་ན། གཟུགས་ཁམས་ཀྱི་འོད་ལུས་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་རྩལ་མ་རྫོགས་པས་གྲོལ་བར་མི་རིགས་ལ། འདོད་པ་ན་འཁྲུལ་དུས་རྩལ་རྫོགས་པས་འོད་ལུས་གྲུབ་པ་ན་གྲོལ་བ་ཡིན་ནོ། །ཡང་གཟུགས་ཁམས་ན་འོད་གསལ་ཡེ་ཤེས་ཀྱི་སྣང་བ་འཆར་བའི་རྩ་མེད་པས་སྐུ་གསུམ་གྱི་ཞིང་ཁམས་མི་མཐོང་ལ། འདོད་པ་ན་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ལས། རྒྱང་ཞགས་ཆུའི་སྒྲོན་མར་འབྲེལ་བའི་རྩ་ཡོད་པས་འོད་གསལ་མཐོང་བ་ཡིན་ནོ། །གཞན་ཡང་གཟུགས་ཁམས་ཀྱི་འོད་ལུས་དེ་རྣམ་སྨིན་བག་ཆགས་ལས་ཐོབ་པའི་ལུས་ཏེ་སྒྲིབ་པ་ཡིན་ལ། རྫོགས་ཆེན་ནས་འདོད་པའི་འོད་ལུས་ནི་ཡེ་ཤེས་འོད་གསལ་གྱི་གོམས་པས་རྣམ་སྨིན་བག་ཆགས་མེད་པའི་འོད་ལུས་ཡིན་པས་སྐྱོན་དེ་རིགས་པ་མ་ཡིན་ནོ། །དེ་ལྟར་འཁྲུལ་གཞི་གསུམ་དུ་བཤད་པ་ཐམས་ཅད་ཀྱང་ལྷུན་གྲུབ་ཡུལ་ལ་ཤར་བ་ཐུགས་རྗེས་བཟུང་བས། ཁམས་གསུམ་རིགས་དྲུག་ཏུ་འཁོར་བ་ལ ས་ལོགས་པའི་འཁྲུལ་གཞི་
མེད་དོ། །མུ་ཏིག་ཕྲེང་བ་ལས། འཁྲུལ་གཞིའི་སྣང་བ་མང་བཤད་ཀྱང་། །ལྷུན་གྲུབ་དང་ནི་ཐུགས་རྗེའོ། །ཞེས་སོ། །འོ་ན་འཁྲུལ་ལུགས་གསུམ་པོ་གང་ལྟར་ཡིན་ཞེ་ན། ཐ་དད་འདི་ལྟར་ཡིན་ཏེ། ཡུལ་གཅིག་ཏུ་ཕྱོགས་ཐ་དད་པ་གསུམ་ནས་འོངས་པའི་ལམ་གསུམ་སོ་སོར་སྣང་ཡང་ཡུལ་གཅིག་ཏུ་འདུ་བ་ལྟར། གདོད་མའི་གཞི་ནས་རིག་པའི་འཆར་ཚུལ་མི་འདྲ་བ་གསུམ་དམིགས་པ་ལས་འབྲས་བུ་དེ་དང་འདྲ་བའི་འཁྲུལ་ལུགས་གསུམ་དུ་སྣང་ནས་སྣོད་བཅུད་གཅིག་ཏུ་གྲུབ་བོ།། ཡང་གཞི་གཅིག་ལ་བལྟ་ལུགས་ཐ་དད་པ་གསུམ་གྱི་ངོས་ནས་གཞལ་ན། རྣམ་པ་གསུམ་འཆར་ཡང་། དོན་གཅིག་ལས་མ་འདས་པ་བཞིན་དུ། གཞི་ནས་འཕགས་པའི་འགྱུ་བ་རིག་པའི་སྙིང་པོ་ཅན་དེ་ལ་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བའི་རྣམ་པ་གསུམ་ནས། ཕྱི་ནང་གསང་བ་གསུམ་དུ་ཕྱེ་ཡང་འཁྲུལ་པར་སྒྲུབ་བྱེད་ཀྱི་ཤེས་པ་གཅིག་པོ་དེ་ཉིད་གཞལ་བ་ཡིན་ནོ། །དེ་སྐད་དུ་གསང་འཁོར་ལས། འཁྲུལ་གཞི་རྣམ་པ་གསུམ་བཤད་ཀྱང་། །འཁྲུལ་པའི་ཤེས་པ་ཕྲ་རགས་གསུམ། །ངོ་བོ་གསུམ་གྱི་བདག་ཉིད་དུ། །ཐ་དད་ཕྱེ་བ་ཁོ་ནར་ཟད། །ཅེས་སོ།།དེ་ཡང་འཁྲུལ་ཚུལ་ནི་ཤིན་ཏུ་བརྟགས་ན་ཤེས་པར་དཀའ་བའི་བདག་ཉིད་དུ་མཐོང་བས་སྔོན་གྱི་སློབ་དཔོན་རྣམས་ཀྱང་བཞེད་པ་མི་མཐུན་པ་མང་ཞིང་རྒྱུད་ལུང་ཐ་དད་ནས་རྣམ་པ་མི་འདྲ་བ་དུ་མ་གསུངས་པས། ཕྱི་རབས་ཀྱི་དོན་དུ་བདག་གིས་ལེགས་པར་རྟོགས་པའི་དོན་གསལ་པོར་བཀོད་པ་ཡིན་པས་ད་ནི་མཐོང་བས་ཤེས་པར་ཟད་དོ། །གཉིས་པ་བྱེ་བྲག་ཏུ་འདོད་པར་ལུས་གྲུབ་ཚུལ་རྒྱས་པར་བཤད་པ་ནི། ཀློང་གསལ་ལས། ཡེ་ཤེས་མ་རིག་ཡུལ་ལ་གཟུང་། །དེར་འཛིན་རླུང་སེམས་འདུས་པ་ལས། །འབྱུང་བ་ལྔ་ཡི་སྦུབས་སུ་ཚུད། །དེར་ཚུད་འབྱུང་བའི་སྐྱེ་འཇིག་ལས། །ཉོན་མོངས་ཕུང་པོ་ལྔ་ལྔ་གྲུབ། །ཅེས་པས་འདིར་རྡོ་རྗེའི་ལུས་ཀྱི་གྲུབ་ཚུལ་བསྟན་པ་ལ། བཀོད་པ་ལུས་ཀྱི་ཆགས་
ལུགས་ཀྱིས་མདོར་བསྟན། གནས་པ་རྩ་ཐིག་རླུང་གསུམ་གྱིས་རྒྱས་པར་བཤད། གཉིས་མེད་ཡེ་ཤེས་ཆེན་པོར་དོན་བསྡུ་བ་རྣམ་པ་གསུམ་ལས། དང་པོ་ནི་སྔར་བཤད་པའི་ཚུལ་གྱིས་འཁོར་བ་ན་འཁྲུལ་པའི་ཤེས་པ་དེ་བར་མ་དོ་ཡིད་ཀྱི་ལུས་སུ་གནས་པ་ལས། ཕོ་མོ་འཁྲིག་པ་སྤྱོད་པའི་དྲུང་དུ་ལྷགས་ཏེ། ཕོར་སྐྱེས་ན་ཕ་ལ་སྡང་ཞིང་མ་ལ་ཆགས། མོར་སྐྱེས་ན་མ་ལ་སྡང་ཞིང་ཕ་ལ་ཆགས་པའི་སེམས་ཀྱིས་མའི་བཤང་ལམ་ནས་ཞུགས་པ་དང་། ཕ་མ་བདེ་བ་གཉིས་མཉམ་གྱི་ཐིག་ལེ་དཀར་དམར་འདྲེས་པའི་སྦུབས་སུ་ཚུད། ལུས་ལེན་པའི་རླུང་སེམས་དང་ཕ་མའི་ཐིག་ལེ་དཀར་དམར་བཞི་དཀྲུག་གིས་འདྲེས་པས། དེ་ལྟར་རྒྱུ་རྐྱེན་ཁུ་ཁྲག་གཉིས་ལས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་ཀྱི་བྱེད་ལས་སུ་གྱུར། རླུང་སེམས་གཉིས་ལས་དོན་དམ་གྱི་འབྱུང་བ་བཞིའི་བྱེད་པ་ཅན་དུ་སོང་བས། བདུན་ཚན་བརྒྱད་དུ་ལུས་ཆགས་ཤིང་བསྐྱེད་པའི་ལས་བྱེད་དེ། མེར་མེར་ནུར་ནུར་གོར་གོར་ལྟར་ལྟར་པོ། །འཁྲང་འགྱུར་ཁྱབ་འཇུག་ཉ་དང་རུས་སྦལ་བརྒྱད། །འབྱུང་བཞིའི་བྱེད་ལས་བསྡུས་ཤིང་གཏོར་བ་ལས། །བསྡུས་ཤིང་སྨིན་ཏེ་རྡོ་རྗེའི་ལུས་གྲུབ་བོ། །དེ་ལའང་ཞག་དང་པོ་ལ་ཆུའི་བྱེད་པའི་ལས་ཀྱིས་བཞི་པོ་དེ་དག་གཅིག་ཏུ་བསྡུས་པ་ལས། མེར་མེར་པོའི་གཞི་ཉུང་འབྲུའི་ཆ་ཙམ་གཉིས་སུ་བྱས་ཏེ། ཞག་གཉིས་པ་ལ་སའི་བྱེད་ལས་ཀྱིས་དེ་གཉིས་གཅིག་ཏུ་གནས་ཤིང་བརྟན་པར་བྱས། གསུམ་པ་ལ་མེའི་བྱེད་ལས་ཀྱིས་ཐིག་ལེ་མེར་མེར་གྱུ་གྱུ་བ་དངུལ་ཆུའི་རྣམ་པ་ལྟ་བུར་འཆར་ཞིང་གཞན་དང་མ་འདྲེས་པར་བྱས། བཞི་པ་ལ་རླུང་གི་བྱེད་ལས་ཀྱིས་ཐིག་ལེ་ཕྲ་མོ་དེ་བརྒྱ་སྟོང་དུ་གཏོར་ནས། སླར་བསྡུས་ཏེ་དངུལ་ཆུ་བཞིན་ཉུང་འབྲུ་ཕྱེད་ཙམ་དུ་སྨིན་པར་བྱས་སོ། །དེ་ནས་ལྔ་པ་ལ་ཆུས་དྭངས་སྙིགས་བསྡུས་པ་སས་ཉུང་འབྲུ་ཙམ་དུ་བརྟན་པར་བྱས། དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་གནས་པས་ཉུང་འབྲུ་ཉིས་འགྱུར་ཙམ་དུ་གྱུར། བདུན་པ་
ལ་ཉུང་འབྲུ་ཉིས་འགྱུར་ཙམ་པའི་ཐིག་ལེ་མེར་མེར་པོའི་ནང་དུ་མིག་ཆུང་ཤིན་ཏུ་ཕྲ་བ་གཉིས་ཆགས། དེ་ནས་འབྱུང་བའི་བྱེད་ལས་འཁྲུགས་ཏེ་ཆུའི་རླན་གྱིས་བཤིག ། སའི་ལྕིད་ཀྱིས་མནན། མེའི་དྲོད་ཀྱིས་བསྲེགས། རླུང་གིས་རྡུལ་ཕྲན་ཙམ་དུ་གཏོར་བ་ལས། ཡང་ལས་དང་བག་ཆགས་ཀྱི་སྟོབས་ཀྱིས་ནུབ་བརྒྱད་པ་ལ་ཆུས་གཅིག་ཏུ་བསྡུས་ནས་ནུར་ནུར་པོ་སྲན་མ་བཅུ་ཆའི་ཚོད་ལས་ཤར་གྱི་རྩ་ཀི་རི་འོད་བསྐྱེད། དགུ་པ་ལ་སས་བསྲེས་ནས་སྲན་མའི་དགུ་ཆ་ཙམ་ལས་ལྷོའི་རྩ་བསྐྱེད། བཅུ་པ་ལ་མེས་དྲོད་གཡོས་པས་སྲན་མ་བདུན་ཆའི་ནང་དུ་ནུབ་ཀྱི་རྩ་བསྐྱེད། བཅུ་གཅིག་ན་རླུང་གིས་བསྐྱེད་པས་སྲན་མ་ལྔ་ཆ་ཙམ་གྱི་ནང་དུ་བྱང་གི་རྩ་བསྐྱེད། དེ་ནས་ཡང་གོང་ལྟར་གཉིས་གཉིས་ཀྱིས་ལས་བྱས་པས་སྲན་མའི་རྡོག་པོ་ཙམ་ལ་ནུར་ནུར་པོ་མིག་ཆུང་ཤིན་ཏུ་གསལ་བ་གཉིས་དང་འབྱུང་བའི་རྩ་བཞི་རེ་ཐག་བརྒྱངས་པ་ལྟར་ཆགས་པ་ལས། ཡང་འབྱུང་བ་བཞི་འཆར་གྱི་བྱེད་པའི་ལས་འཁྲུགས་ནས་གོང་ལྟར་བཤིགས་པ་ལས། ཟླ་བ་ཕྱེེད་པའི་ནུབ་མོ་ལྟར་ལྟར་པོས་རྒྱུ་སྲན་མ་ཙམ་གཉིས་ལས་གོང་ལྟར་འཕེལ་བས་མཐེ་བོང་ཙམ་དུ་བསྐྱེད་ནས། ཡང་སས་བཤིག །རླུང་གིས་གཏོར། མེས་བཟུང་ཏེ་གོར་གོར་པོ་སྒ་ོང་ཙམ་དུ་གྱུར་ཏེ། ཞག་ལྷག་མ་རྣམས་རིམ་པ་བཞིན་མེས་སྨིན་པས་འཁོར་ལོ་བཞིའི་རྩ་དང་། དབང་པོའི་རྟེན་གྱི་རྩ་དང་། དབང་པོའི་འདབ་མ་དྲུག་ཅུ་རྩ་བཞི་དང་། རླུང་སེམས་ཀྱི་རྟེན་སྤྱན་གསུམ་གསལ་ཞིང་། ཁྱད་པར་དུ་དྲན་པ་རྣམ་བཀོད་ན་སུམ་ཅུ་རྩ་གཉིས་དང་། ཡང་མེས་འཕེལ་བས་རོ་རྣམས་འདུས་པ་ནི་བཅུ་དྲུག་དང་སྤྱན་གཉིས་བསྐྱེད། དེ་ལས་རྩེ་མོ་རྣམ་བཀོད་ན་རྩ་སུམ་བརྒྱ་དྲུག་ཅུ་དང་། སྤྱན་གཉིས་སྨིན། ཡང་རླུང་གིས་བསྐྱོད། སོ་སོར་ཕྱེ། ཆུས་བསྡུས། སས་བསྲེས་ཏེ་བཟུང་བས་འཁྲང་འགྱུར་སྲ་བ་གཅིག་ཏུ་གྱུར། མེས་སྨིན་པས་དབུས་སུ་རྩ་གསུམ་ཀ་བ་ལྟར་
བསྐྱེད། ཡང་འབྱུང་བ་ལས་ཀྱིས་འཁྲང་འགྱུར་ཞིག་ནས་ཁྱབ་འཇུག་ཉའི་རྣམ་པ་ལྟ་བུར་གྱུར། དེ་ནས་ཞག་བདུན་དུ་ཆུས་བསྡུས་གཟུགས་སུ་གྲུབ། སས་བཟུང་། མེས་སྨིན། དབང་པོའི་སྒོ་དོད། དབང་པོ་གསལ་བ་ལས་ཆུས་བསྐྱེད། སས་སྲ་ཞིང་གྲུབ་སྟེ་ཁྱབ་འཇུག་རུས་སྦལ་གྱི་རྣམ་པ་ལྟ་བུ་མའི་མཁྱིད་གང་པར་གྱུར། ཡང་མེས་ཡན་ལག་བསྐྱེད། རླུང་གཡོས་པས་ཨ་ཝ་དྷཱུ་ཏིར་ཚུད། དུས་དེར་ལུས་ཀྱི་རྟེན་འབྲེལ་འབྱུང་བ་སྙོམས་ཡེ་ཤེས་བསྐྱེད་པའོ། །ཡང་ཆུས་སྨིན་པའི་རྒྱུ་བྱས། སས་ཐེན་པས་ཤ་ཁྲག་གྲུབ་ནས་ཁྱབ་འཇུག་སྦལ་བའི་རྣམ་པ་མའི་མཐོ་གང་བ་འགྱུར། དེ་ནས་མེས་ཤེས་པ་དང་མིག་གསལ་བར་བྱས། ཡན་ལག་བསྐྱེད། རླུང་གིས་ཡན་ལག་དང་། དོན་སྙིང་དང་། རྣམ་ཤེས་དང་། ཕུང་པོ་ཁམས་དང་། སྐྱེ་མཆེད་ཀུན་གསལ་བར་བྱས་སོ། །དེའང་ཀློང་གསལ་ལས། གཟུང་འཛིན་སྲེད་པའི་སྦྱོར་མཚམས་སུ། །ལྟེ་བའི་གྲུ་གསུམ་རྩ་མདུད་དུ། །རླུང་སེམས་ཐིག་ལེ་རྣམ་པར་ཕྲ། །མིག་གི་རྣམ་པ་ལྟ་བུ་རུ། །མེར་ནུར་གོར་དང་རུས་སྦལ་ལྟར། །ལྟེ་བ་དག་ནས་འབྱུང་བཞིས་བསྐྱེད། །ཅེས་སོ། །དེ་ཡང་ཕ་མ་གཉིས་ཀྱི་དྭངས་མ་དྲུག་མཉམ་དུ་འདྲེས་ན་མི་དེ་སྟོབས་དང་གཟུགས་དང་དཔའ་རྩལ་དང་ལྡན་པ་བསོད་ནམས་ཆེ་ཞིང་བློ་རྣོ་བར་སྐྱེ། བཞི་མཉམ་དུ་འདྲེས་ན་འབྲིང་སྟོད། གསུམ་འདྲེས་ན་འབྲིང་། གཉིས་འདྲེས་ན་འབྲིང་སྨད། རེ་རེ་འདྲེས་ན་ཐ་མའོ། །ཕ་མའི་དྭངས་མ་མཉམ་དུ་འདྲེས་ན་ཕོ་མོ་གང་ཡང་སྔོན་གྱི་བསགས་པ་དང་། འཕྲལ་གྱི་གདམ་ངག་གིས་བསྒྱུར། ཕའི་དངས་མ་གཅིག་དང་མའི་དངས་མ་གཉིས་འདྲེས་ན་མོར་སྐྱེ་ཞིང་། དེ་ལས་ལོག་ན་ཕོར་བཙའ། མཉམ་པོ་ལ་ཕའི་དངས་མ་སྟོབས་ཆེ་ན་མི་ཤ་ཆུང་ལ་རུས་སྟོབས་ཆེ་བ་འོང་ཞིང་། མའི་སྟོབས་ཆེ་ན་ཤ་ཆེ་ལ་མདོག་དམར་བ་འོང་། དངས་མ་དང་སྙིགས་མ་གཉིས་འདྲེས་ན་མི་སྡར་བ་དང་། གླེན་པ་དང་། ལྐུགས་པ་འོང་
ཕ་མ་ནད་བུ་ཅན་གྱི་དངས་མ་ལ་མི་ནད་བུ་ཅན་འོང་། ཕ་མའི་དངས་མ་སྟོབས་མཉམ་པའི་དུས་སུ་ཆགས་ན་མ་ནིང་དུ་འོང་། དངས་མ་མ་སྙོམས་ན་དབང་པོ་དང་ཡན་ལག་ཉམས་པ་སྐྱེའོ། །དེའང་འདོད་པ་སྤྱོད་པའི་དུས་ན་ཐིག་ལེ་དཀར་ཞིང་སྔོ་ལ་འཚེར་བ་དངུལ་ཆུའི་རྣམ་པ་འདྲ་བ་ཉུང་ཀར་ཙམ་དྲུག་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོའི་ནང་ན་ཡོད་པས། འདི་སྤྲུལ་པ་སྐུའི་རྒྱུ་ཡིན་པར་བཞེད་དོ། །མའི་དྭངས་མ་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟ་བུ་སྲན་མ་ཙམ་སྣུམ་ཞིང་འཚེར་བ་དང་། ཕའི་དངས་མ་འདྲེས་པ་ལས་མེར་མེར་པོ་ནས་བཟུང་སྟེ་སྦལ་པའི་རྣམ་པའི་བར་དུ་ཆགས་ནས། མའི་ཟས་ཟོས་པའི་དྭངས་མས་ཆེར་བསྐྱེད་དོ། །དྭངས་མ་ལ་འབྱུང་བཞིའི་རྩལ་ཆེ་ཆུང་གིས་མི་ལ་འབྱུང་བའི་ཁམས་རྣམས་ཆེ་ཆུང་དུ་འོང་བའོ། །འབྱུང་བ་དག་མ་དག་གིས་ཤེས་པ་དང་། དབང་པོའི་གཟུགས་ཡན་ལག་ལ་སོགས་པའི་ལེགས་ཉེས་ཐམས་ཅད་འབྱུང་ངོ་། །དེ་ལྟར་ལུས་ཆགས་ནས་ཞག་བདུན་ཚན་བརྒྱད་དུ་བསྐྱེད་ཅིང་ཆགས་སོ། །དེའང་མའི་ཟོས་འཐུངས་བྱས་པས་ཞག་གོང་མའི་བདུན་ཚན་ཐ་མ་ལ་སོགས་པ་དང་བ་སྤུ་དང་སྐྲ་རྣམས་སྐྱེ། ཉོན་མོངས་པ་བག་ལ་ཉལ་དང་། རླུང་གིས་འགུལ་འཕྲིགས་བྱས། མེས་ཤེས་པ་མཆེད་དེ། མངལ་དུ་ཚུད་ནས་ཟླ་བ་གསུམ་དང་ཞག་ཉི་ཤུ་རྩ་གཅིག་ན་ལུས་དང་ཤེས་པ་འགུལ་ཞིང་འཕྲིགས་སོ། །གོང་གི་ཞག་ཙམ་ན་མས་ཟས་མྱངས་པས། ས་ཆུ་མེ་གསུམ་གྱིས་གཟུགས་བསྡུས། བཅུད་དུ་སྨིན་པར་བྱས། རླུང་གིས་ཕྱེ། ལུས་རྫོགས། ལུས་འགུལ་བས་ཡན་ལག་བསྐྱེད་དོ། །དེ་ནས་ཟླ་བ་གཉིས་དང་ཞག་ཉི་ཤུ་རྩ་དྲུག་ན་ཕྱིར་འབྱོན་པ་ནི་སྐུ་གསུམ་དངོས་སུ་གྲུབ་པར། ཀློང་གསལ་ལས། ཞུགས་ནས་དོན་ཏེ་སྤྲུལ་པའི་སྐུ། །ཞེས་པ་དང་། མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། ཟླ་བ་བཅུ་ནི་ས་བཅུའི་ཚུལ། །སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །ཞེས་པས་
བར་དོ་ནས་ལུས་ཚོལ་བའི་དུས་ཚོགས་ལམ། མངལ་དུ་ལུས་ལེན་པ་དངོས་ལ་སྦྱོར་བ་སྦྱོར་ལམ། མངལ་དུ་ཞུགས་དུས་དང་པོ་ཐིག་ལེ་དཀར་དམར་གཉིས་འདྲེས་པ་ནི། གདན་པད་ཟླ་ལས་མངོན་པར་བྱང་ཆུབ་པ། དེ་ནས་སྤྱན་གཉིས་ཀྱི་དུས་སུ་ཐིག་ལེ་དེ་ཉིད་ལས་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་དང་། འཁོར་ལོའི་རི་མོ་ལྟ་བུར་སྣང་བ་ནི། ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ། དེ་ནས་རྩ་དེ་དག་གི་ནང་དུ་ཡི་གེ་ཕྲ་མོའི་རྣམ་པར་གྲུབ་པ་ནི། གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ། དེ་ནས་ལུས་དང་དབང་པོ་ཚང་བར་གྲུབ་པ་ནི། སྐུ་ཡོངས་སུ་རྫོགས་པའི་མངོན་པར་བྱང་ཆུབ་པ། རིག་པའི་ཡེ་ཤེས་ནང་གསལ་དུ་ལྷུན་གྱིས་གྲུབ་པ་ནི་རྣམ་དག་ཡེ་ཤེས་སེམས་དཔའི་གོ་ནས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་མངལ་དུ་རྫོགས་ནས། ཟླ་བ་བཅུའི་ངོ་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་མཚོན་པའོ། །དེ་ནས་བཙའ་བ་ནི་སྤྲུལ་པའི་སྐུའོ། །དེས་དོན་བྱས་པའི་གཞོན་ནུའི་དུས་ལོ་བཅུ་དྲུག་སྤྲུལ་སྐུ་རྫོགས་པའོ། །དེ་ནས་ཡུམ་དང་ལྷན་ཅིག་ལོངས་སྤྱོད་རྫོགས་པར་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ནས་འཆི་བ་ནི་དོན་དམ་པའི་བདེན་པ་སྟེ། ཞི་བ་ཆོས་ཀྱི་སྐུའི་ངང་དུ་མྱ་ངན་ལས་འདའ་བའོ། །དེ་ལྟར་མ་དག་པ་འཁྲུལ་དུས་ནའང་སྐུ་གསུམ་གྱི་ཆོས་ཚང་བ་ནི། དག་མ་དག་ཐམས་ཅད་དུ་སྐུ་གསུམ་འདུ་འབྲལ་མེད་པའི་རྟགས་ཡིན་ཏེ། ཀློང་གསལ་ལས། ཐོག་མ་ཐ་མ་བར་གསུམ་དུ། །སྐུ་གསུམ་དབྱེ་བ་མེད་པ་རུ། །སེམས་ཅན་ཀུན་གྱི་རྒྱུད་ལ་གནས། །ཞེས་སོ། །དེ་ནས་བར་དོར་ཡང་སྐུ་གསུམ་འཆར་ཏེ། བར་དོ་དང་པོ་འོད་གསལ་ཆོས་ཀྱི་སྐུའི་བར་དོ། གཉིས་པ་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུའི་བར་དོ། གསུམ་པ་སྣ་ཚོགས་སྤྲུལ་པ་སྐུའི་བར་དོའོ། །དེ་སྐད་དུའང་། སྒྲོན་མ་རྣམ་བཀོད་ལས། བར་དོ་རྣམ་པ་གསུམ་ཉིད་དུ། །སྐུ་གསུམ་པོ་ནི་རིམ་བཞིན་འཆར། །
ཞེས་སོ།། འགྲོ་བས་ངོ་མ་ཤེས་ཀྱང་། སྐུ་གསུམ་རྒྱལ་བའི་དགོངས་པ་དུས་གཏན་དུ་འཆར་ཞིང་། སྐུ་གསུམ་གྱི་སྣང་བ་ལ་སྤྱོད་པ་ཡིན་ནོ། །དེ་ཉིད་སྤྱོད་པའི་རྣལ་འབྱོར་པ་རྣམས་དག་མ་དག་གང་ལྟར་ཤར་ཡང་། དག་པ་ཆེན་པོའི་སྣང་བ་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་སྤྱོད་པས་གྲོལ་བ་ཡིན་ནོ། །སེམས་ཅན་གྱིས་མ་ཤེས་པས་འཁོར་བར་གཏན་དུ་འཆིང་ངོ་། །དེའི་ཕྱིར་དག་པ་སྐུ་གསུམ་གྱི་འཁོར་ལོ་རྒྱུན་ཆད་མེད་པའི་དགོངས་པ་ལ་གནས་པ་གལ་ཆེའོ། །གཉིས་པ་གནས་པ་རྩ་ཐིག་རླུང་གསུམ་གྱིས་རྒྱས་པར་བཤད་པ་ལ། རྩ་ཡེ་ཤེས་དྲྭ་བའི་གནས་ལུགས་བསྟན་པ། རླུང་རིན་ཆེན་འོད་འཕྲོའི་གནས་ལུགས་བསྟན་པ། ཁམས་བདེ་ཆེན་རྒྱ་མཚོའི་གནས་ལུགས་བསྟན་པ་གསུམ་ལས་དང་པོ་ནི། འོད་གསལ་ཡེ་ཤེས་ཀྱི་ངོ་བོ་ཐིག་ལེ་ཉག་གཅིག་གི་དབང་དུ་བྱས་ནས། སྙིང་ག་ཡེ་ཤེས་ཀྱི་སྒྲོན་མའི་རྩ་འདབ་འཁོར་ལོ་གཅིག་ཏུ་བསྟན་པ་དང་། ཞི་ཁྲོ་གཉིས་ཀྱི་འོད་གདངས་ལ་བརྟེན་ནས་ཙིཏྟ་དུང་ཁང་གི་ནང་ན་ཐབས་དང་ཤེས་རབ་ཀྱི་འཁོར་ལོ་གཉིས་སུ་བསྟན་པ་དང་། སྐུ་གསུམ་བདེ་ཆེན་གྱི་དབང་དུ་བྱས་ནས་འཁོར་ལོ་གསུམ་དུ་བསྟན་པ་དང་། སྐུ་དང་ཡེ་ཤེས་དག་དགའ་བ་བཞི་དང་སྐད་ཅིག་མ་བཞིའི་རིམ་པས། འཁོར་ལོ་བཞིར་བསྟན་པ་དང་། འབྱུང་བ་དང་། ཉོན་མོངས་པ་དང་། ཡེ་ཤེས་དང་། རིགས་དང་། སྐུ་དང་མཁའ་འགྲོའི་རིམ་པས་འཁོར་ལོ་ལྔར་བསྟན་པ་དང་། འགྲོ་བ་དང་དེ་འདུལ་བྱེད་སྟོན་པའི་བྱེ་བྲག་གིས་གཙུག་ཏོར་ཆེན་པོ་ལ་སོགས་པའི་རྩ་འཁོར་ལོ་དྲུག་ཏུ་བསྟན་པ་སྟེ་རྣམ་གྲངས་མང་དུ་གསུངས་ཀྱང་། འདིར་མཁའ་འགྲོ་སྙིང་ཏིག་གི་དབང་དུ་བྱས་ནས། འཁོར་ལོ་བཞི་དང་ལྔའི་རིམ་པས་ངེས་པར་བྱེད་དོ། །དེའང་སྤྱིར་གྲངས་མེད་པའི་རྩ་ནི་བ་སྤུའི་གྲངས་ཇི་ཙམ་པ་རྩའི་གྲངས་ཡིན་ལ། གྲངས་ཅན་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། དཔལ་ཀྱེའི་རྡོ་རྗེ་ལས། སྟོང་ཕྲག་
བདུན་ཅུ་རྩ་གཉིས་སུ། རྩ་རྣམས་ཀྱི་ནི་རིགས་བཤད་དོ། །ཞེས་གསུངས་ལ། དེ་ཡང་བསྡུ་ན་རྩའི་གཙོ་བོ་གསུམ་ཀ་བའི་ཚུལ་དུ་གནས་པ་ལས། འཁོར་ལོ་བཞིའམ་ལྔ་གདུགས་བརྩེགས་པ་ལྟར་གནས་པའི་རོ་མ་དཀར་བ་གཡས་ལ། རྐྱང་མ་དམར་བ་གཡོན་ཏེ། ཀུན་དྷར་མའམ། དབུ་མ་དབུས་ན་ཡོད་པ་དེ་ཉིད་ལས། རོ་མ་གཡས་ལ་རྐྱང་མ་གཡོན། །ཀུནྡྷར་མ་ནི་དབུས་གནས་ཏེ། །ཞེས་སོ། །དེ་ཉིད་ཟར་མའི་མེ་ཏོག་མཐིང་སྐྱར་གནས་པའི་རོ་མ་ནི། ཀུན་ཁྱབ་ཀྱི་དུས་ན་འབྱུང་བ་ཆུས་བསྐྱེད་ལ། རྐྱང་མ་སས་བསྐྱེད་ལ། ཀུན་དྷར་མ་ནི་རླུང་གིས་བསྐྱེད་དོ། །རླུང་གི་དྭངས་མའི་མེ་ལས། དབུ་མའི་ནང་ན་ཡེ་ཤེས་ཀྱི་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བ་ཤིན་ཏུ་དྭངས་ཤིང་གསལ་བ་ཡེ་ཤེས་ཆེན་པོ་འོད་གསལ་གྱི་ཐིག་ལེ་རྒྱུ་བ་དང་རྩ་བཞིར་འདི་ནས་བཞེད་དེ། ཐལ་འགྱུར་ལས། རོ་མ་རྐྱང་མ་ཀུན་དྷར་མ། །ཀ་ཏི་ཤེལ་གྱི་སྦུ་གུ་ཅན། །ཡེ་ཤེས་དབུ་མའི་ནང་ན་གནས། །ཞེས་སོ། །དེའང་ཀུན་རྫོབ་རྩ་དེ་གསུམ་མ་རིག་པ་ལས་གཡོན་འདོད་ཆགས། གཡས་ཞེ་སྡང་། དབུས་གཏི་མུག་གི་རྟེན་བྱེད་ལ། ཤེལ་སྦུག་ཅན་ནི་གང་གི་ཡང་མ་དག་པའི་རྟེན་དུ་མེད་དོ། །དོན་དམ་པའི་དུས་སུ་སྤྱིར་ཐམས་ཅད་ཡེ་ཤེས་ལས་གྲུབ་ཀྱང་། ཁྱད་པར་དུ་གཡས་ཐབས་ཀྱི་རང་བཞིན། གཡོན་ཤེས་རབ་ཀྱི་རང་བཞིན་དབུས་གཉིས་སུ་མེད་པའི་རང་བཞིན་ལས་གྲུབ་ཅིང་། ལམ་དུ་གཡོན་བདེ་བ། གཡས་གསལ་བ། དབུས་མི་རྟོག་པ་གསུམ་གྱི་རྟེན་བྱས་པས། འབྲས་བུར་དབུས་ཆོས་སྐུ། གཡས་ལོངས་སྐུ་དང་སྤྲུལ་སྐུ་གཡོན་བདེ་བ་ཆེན་པོ་འོད་གསལ་ནམ་མཁའི་མཐའ་ཁྱབ་པའི་རྟེན་བྱེད་དོ། །དེ་ལྟར་རྩ་དེ་གསུམ་གྱི་ནང་ན་རང་བྱུང་གི་ཡི་གེ་ཨཱོཾ་ཨཱཿཧཱུྃ་གསུམ་དཀར་དམར་མཐིང་གསུམ་དུ་གཡས་གཡོན་དབུས་གསུམ་ན་གནས་པས། རང་བཞིན་སྐུ་གསུམ་གྱི་རྟེན་བྱེད་དོ། །མ་དག་པས་དུག་གསུམ་གྱི་རྟེན་བྱེད།
དག་པས་ཕྱིར་ལུས་ངག་ཡིད་གསུམ། ནང་དུ་སྐུ་གསུམ་ཐུགས་ཏེ། གསང་བར་སྐུ་གསུམ་དངོས་སུ་འཆར་བའི་གཞི་བྱེད་དོ། །དེ་ཡང་འཁོར་ལོ་བཞིའི་དབང་དུ་བྱས་ན། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་རྩ་བཞ། སྙིང་ག་ཆོས་ཀྱི་འཁོར་ལོ་ན་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་བཅུ་དྲུག །སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ན་སུམ་ཅུ་རྩ་གཉིས་ཏེ་བརྒྱ་ཉི་ཤུ་གནས་ལ། འབྱུང་བ་དང་། སྐུ་དང་། ཡེ་ཤེས་ཀྱི་མཁའ་འགྲོའི་བྱེ་བྲག་གི་ལྔར་བཤད་ན། གསང་གནས་བདེ་སྐྱོང་གི་འཁོར་ལོ་ན་རླུང་གི་དྭངས་མ་ལས་གཙོ་ཆེར་གྲུབ་པའི་རྩ་འདབ་ཉི་ཤུ་རྩ་བརྒྱད། ལྟེ་བར་སྐྱེད་བྱེད་སྤྲུལ་པའི་འཁོར་ལོར་མེའི་དངས་མ་ལས་གཙོ་ཆེར་གྲུབ་པའི་རྩ་འདབ་དྲུག་ཅུ་རྩ་བཞི། སྙིང་ཁར་དྲན་པ་རྣམ་བཀོད་ཆོས་ཀྱི་འཁོར་ལོར་ནང་གི་ནམ་མཁའ་རྣམ་པར་དག་པའི་གདངས་ལས་འབྱུང་བཞི་འདུས་པའི་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པར་རོ་རྣམས་འདུས་པ་ལོངས་སྤྱོད་ཀྱི་འཁོར་ལོ་སའི་དྭངས་མ་ལས་གཙོ་ཆེར་གྲུབ་པའི་རྩ་འདབ་བཅུ་དྲུག །སྤྱི་གཙུག་རྩེ་མོ་རྣམ་བཀོད་བདེ་ཆེན་འཁོར་ལོར་ཆུའི་དྭངས་མ་ལས་གྲུབ་པའི་རྩ་འདབ་སུམ་བརྒྱ་དྲུག་ཅུ་སྟེ། ལྔ་བརྒྱ་གནས་ལ། དེ་ཉིད་ཀྱི་གསང་གནས་མ་གཏོགས་པའི་འཁོར་ལོ་བཞི་བགྲངས་ན། བཞི་བརྒྱ་དང་བདུན་ཅུ་རྩ་གཉིས་ནི་གྲངས་ཅན་དུ་གནས་སོ། །དེ་ཡང་རོ་རྐྱང་གཉིས་ཀྱི་མདུད་པ་ཉི་ཤུ་རྩ་གཅིག ། དབུ་མ་ལ་འཛུབ་མོ་སྦྲེལ་བ་ལྟར་ལུ་གུ་རྒྱུད་དུ་འབྲེལ་བའི་གཡས་གཡོན་གྱི་ཡར་སྣེ་སྨིན་མཚམས་ལ། མར་སྣེ་ལྟེ་འོག་སྤུ་ན་གུའི་མཚས་སུ་ཟུག་པའི་ཡལ་ག་ཕྲ་མོ་མཚན་མ་དང་བཤང་ལམ་ལ་ཟུག །ཡར་སྣེ་ལས་ཡལ་ག་དགུར་གྱེས་པའི་རོ་མ་སྙིང་རྩེ་གཡས་ནས་ཐོན་ཏེ་མགྲིན་པ་ན་ཚུར་བྱུང་ནས་རྩེ་མོ་གསུམ་དུ་གྱེས་པའི་གཉིས་སྣ་གཉིས་ལ་ཟུག་པས། སྣའི་རྣམ་ཤེས་ཀྱི་རྟེན་བྱེད། གཅིག་ལྕེ་ལ་གཟུག་པས་ལྕེའི་རྣམ་ཤེས་ཀྱི་རྟེན་བྱེད། རྐྱང་མ་སྙིང་རྩེ་གཡོན་ནས་ཐོན་ཏེ་མགྲིན་པའི་རྩའི་དྲ་བ་ལས་ཐོན་ནས་
རྩེ་མོ་གསུམ་དུ་གྱེས་ཏེ། དབུས་མ་དེ་ལུས་ཐམས་ཅད་ལ་ཕྱོགས་ཐམས་ཅད་དུ་ཟུག་པའི་ཡལ་ག་གྲངས་མེད་པས་ལུས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད། གཡས་གཡོན་གཉིས་ཐོད་པའི་ནང་ན་ཚུར་བྱུང་ན ས་མིག་གཉིས་ལ་ཟུག་པ་རྩ་བ་ཕྲ་ལ་རྩེ་མོ་ཆེ་བ་བ་མེན་གྱི་རྭ་འདྲ་བས་མིག་གི་རྣམ་པར་ཤེས་པའི་རྟེན་བྱས་ཏེ་གཟུགས་ལ་སྤྱོད་ཅིང་། ཁྱད་པར་འོད་གསལ་ཡེ་ཤེས་ཀྱི་སྣང་བ་མཐོང་བར་བྱེད་པའོ། །ཀུན་དྷར་མ་དབུས་དྲང་པོ་ན་གནས་པའི་རྩེ་མོ་གསུམ་དུ་གྱེས་ནས། རྩེ་མོ་དབུས་མ་ཚངས་བུག་ལ་ཟུག །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྐུ་འཆར་བའི་རྟེན་བྱེད། མ་དག་པའི་དུས་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་དོ། །རྩེ་མོ་གཡས་གཡོན་གཉིས། རྣ་བ་གཡས་གཡོན་གཉིས་ལ་ཟུག་ནས། རྣ་བའི་རྣམ་ཤེས་ཀྱི་རྟེན་བྱེད། དེ་ལྟར་རྩ་གསུམ་པོ་དེ་དག་ལས་དབང་པོ་སྒོ་ལྔ་རྣམ་ཤེས་ཚོགས་དྲུག་གམ། ཉོན་ཡིད་ལ་ཆགས་སྡང་གང་སྐྱེས་དེས་བརྟེན་པས་ཚོགས་བདུན་ནམ་སྲོག་པ་རྩར་ཡིད་བརྟེན་པ་ལས་དེའི་སྒོ་ལྔ་ལ་སོགས་པ་ཤེས་པ་ཀུན་གྱི་རྟེན་ཀུན་གཞིིའི་རྣམ་ཤེས་སྲོག་རྩར་བརྟེན་པ་དེ་དང་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟེན་བྱེད་པས་ན་དེ་གསུམ་ལ་རྩའི་གཙོ་བོ་གསུམ་ཞེས་བྱའོ། །དབུ་མའི་ནང་གི་འོད་རྩ་ཤེལ་གྱི་སྦུ་གུ་ཅན་ལས་འོད་ཀྱི་འགྲེང་བུའི་ཚུལ་དུ་སྙིང་གར་ཟུག་པའི་ཚུལ་དུ་སྤྱི་གཙུག་ཏུ་འཕྲོས། ཀླད་པ་དུང་ཁང་ན་གནས་པ་ལས་ཁྲོ་བོའི་སྐུར་གསལ་རྩེ་མོ་གཉིས་མིག་གཉིས་ལ་ཟུག་གོ །དེའང་རྩ་དར་དཀར་གྱི་སྐུད་པ་འདྲ་བ་འོད་གསལ་ཞིང་ཕྲ་བ་ཁྲག་དང་ཆུ་སེར་མེད་པ་དེ་སྙིང་ག་ནས་མགྲིན་པའི་ལམ་གྲེ་བ་ནས་ཐོན་ནས། ཀླད་པའི་ནང་ནས་ཚུར་བྱུང་སྟེ་རྩེ་མོ་གཉིས་སུ་གྱེས་པ། རྩ་བ་ཕྲ་ཞིང་རྩེ་མོ་ཆེ་བ་བ་མེན་གྱི་རྭ་ལྟ་བུ་གཉིས་པོ་དེ་མིག་གཉིས་ལ་ཟུག་པ་ལས་ཡེ་ཤེས་འོད་གསལ་གྱི་གདངས་སྐུ་དང་ཐིག་ལེ་འོད་ཁྱིམ་གྱི་སྣང་བ་སྣ་ཚོགས་པ་རྣམས་སུ་འཆར་བ་ཡིན་ནོ། །འོ་ན་མིག་ལ་རྩ་བ་མེན་གྱི་རྭ་འདྲ་བ་གཉིས་ཡོད་དམ་ཞེ་ན། ཡོད་དེ་ཀ་ཏི་ཤེལ་གྱི་སྤུ་གུ་ཅན་ནི་དབང་པོ་དང་ཤེས་པ་ལས་
འདས་པ་འོད་གསལ་འཆར་བའི་ལམ་ཡིན་ལ། རྐྱང་མའི་རྩེ་གཉིས་ནི་གཟུགས་ལ་འཛིན་པ་མིག་གི་རྣམ་ཤེས་ཀྱི་རྟེན་ཡིན་ཏེ། འོད་གསལ་གྱི་གདངས་ལ་ལྟ་བྱེད་དུ་བྱུང་བའོ། །འདྲ་འདྲ་ལ་འདི་གཉིས་མ་ཕྱེད་པ་ཤིན་ཏུ་མང་ངོ་། །དེ་སྐད་དུ་ཀློང་གསལ་ལས། རྩ་ཡི་གཙོ་བོ་གསུམ་ལས་ནི། །ཡལ་ག་གྲངས་ལས་འདས་པར་གྱེས། །ཐད་སོར་དབང་པོའི་སྒོ་རྟེན་བྱེད། །དེ་ཡིས་ཆོས་ཀུན་སྟོན་པར་བྱེད། ཁྱད་པར་ཙིཏྟ་ནས་འབྲེལ་བའི། །དར་སྐུད་བ་མེན་རྭ་འདྲའི་ཁ། །དབང་པོའི་མིག་ལ་ཟུག་པ་སྟེ། །དེ་ནི་ཆོས་ཉིད་ཀུན་གྱི་ལམ། །ཞེས་སོ། །དེའང་རྩ་དེ་གསུམ་གྱི་གཡས་ནས་ཐབས་ཀྱི་ཆ་ཀུན་ཁྱབ་ཀྱི་ཐིག་ལེ་དཀར་པོ། གཡོན་ནས་ཤེས་རབ་ཀྱི་ཆ་དོན་དམ་གྱི་ཐིག་ལེ་དམར་པོ། དབུ་མའི་དབུས་ཤེས་སྦུ ག་ཅན་ནས་ཡེ་ཤེས་ཀྱི་ཐིག་ལེ་འོད་གསལ་རྒྱུའོ། །དེའང་གཡས་ནས་རླུང་། གཡོན་ནས་ཐིག་ལེ་རྒྱུ་བར་གསུངས་པ་ནི་ཤས་ཆེ་ཆུང་ལ་དགོངས་པའོ། །བུད་མེད་རྣམས་ལ་གཡས་གཡོན་གོ་ལྡོག་ནས་གནས་སོ། །རྩ་སྣ་སུམ་ཅུ་རྩ་གཉིས་ཀྱི་གྲངས་ལྷག་དང་བཅས་པས། ཉོན་མོངས་པ་སྐྱེས་པ་བས་རགས་པར་འཆར་བ་ཡིན་ནོ། །གཉིས་པ་རླུང་རིན་ཆེན་འོད་འཕྲོའི་གནས་ལུགས་བསྟན་པ་ལ། རང་བཞིན་ཡེ་ཤེས་ཀྱི་རླུང་ངོས་གཟུང་བ། དེའི་གདངས་ལས་ཀྱི་རླུང་མདོར་བསྟན་པ། དེའི་བྱེ་བྲག་དབྱེ་བས་རྒྱས་པར་བཤད་པ་གསུམ་ལས། དང་པོ་ནི་ཐལ་འགྱུར་ལས། སེམས་ཅན་ཀུན་གྱི་ལུས་སྤྱི་ལ། །ཆོས་ཉིད་རླུང་གི་ཚུལ་དུ་ཁྱབ། །ཕྲ་དང་ཡང་དག་འགྱུ་དང་འབྱེད། །ཅེས་པས། ངོ་བོ་ངོས་གཟུང་བ། དབྱེ་བས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་གདོད་མའི་གཞི་ལ་ཐུགས་རྗེ་རིག་པའི་ཆར་གནས་པ་ལ་གང་དུ་ཡང་འཆར་བའི་འཕྲོ་གཞི་མ་འགགས་པ། སྲོག་རླུང་ལྔར་ས་བོན་གྱི་ཚུལ་དུ་གནས་པ་དེ་ཡེ་ཤེས་ཀྱི་རྩལ་གྱིས་ཕྱིར་སྤྱོད་པའི་ཡུལ་རིག་པའི་ཤེས་པ་ཐུགས་རྗེའི་ཆར་གནས་པ་
ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྩལ་ཡུལ་ལ་འཕྲོ་རྟོག་མི་འགགས་པའི་གཞི་རིག་པ་དེའོ། །གཉིས་པ་ནི་དབྱེ་ན། ངོ་བོ་ལྔ་དང་གདངས་ལྔ་ལས། ངོ་བོ་ནི་ཤེས་པ་རྟོག་མེད་དངས་གསལ་ཆེན་པོ་ཆོས་དབྱིངས་ཡེ་ཤེས་ཀྱི་ཆར་གནས་པ། ཕྱོགས་ལྷུང་མེད་པའི་ཤེས་རབ་ཀྱི་ཡེ་ཤེས་ཀྱི་རླུང་དང་། མེ་ལོང་ལྟར་གཟུགས་བརྙན་དུ་མའི་འཆར་གཞི་རྫོགས་པ་བཞིན། ཡེ་ཤེས་དུ་མའི་འཆར་གཞི་ཡེ་ཤེས་ཀུན་ལ་ཁྱབ་བྱེད་རྫོགས་པར་བྱེད་པའི་སྟོབས་ཅན་དང་། རིན་པོ་ཆེ་ལྟར་རང་གི་ཡོན་ཏན་འབྱུང་བ་ཐབས་ཀྱི་རང་བཞིན་གྱེན་རྒྱུ་ཤེས་རབ་ཀྱི་རྟ་དང་། པདྨ་ལྟར་འཁོར་འདས་ཀྱི་སྐྱོན་གང་གིས་ཀྱང་མ་གོས་པའི་རིག་པ་ཐུར་སེལ་ཤེས་རབ་དངོས་དང་། སྨིན་བྱེད་མེ་དང་འདྲ་བ་བྱ་བ་གྲུབ་པའི་ཡེ་ཤེས་སུ་གནས་པ་མེ་དང་མཉམ་ཞེས་བྱ་བ་ལྔའོ། །གཉིས་པ་དེའི་གདངས་ལྔ་ནི་འཁོར་འདས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་དང་། དབང་པོའི་ཡུལ་དང་ཁ་དོག་གསལ་བར་དངས་སྙིགས་འབྱེད་པས་འབྱེད་བྱེད་ཀྱི་རླུང་དང་། འཁོར་འདས་ཀུན་གྱི་སྲོག་འཛིན་པས་སྲོག་འཛིན་གྱི་རླུང་དང་། རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པས་མེ་དང་མཉམ་པའི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་འཕེན་པས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ་། མདོར་ན་ཡེ་ཤེས་ཀྱི་རླུང་ནི་ཐུགས་རྗེ་རིག་པའི་ངོ་བོ་ལ་མིང་དུ་བཏགས་ཏེ། དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པའི་བདག་ཉིད་དུ་བཞུགས་པས་ཡེ་ཤེས་ཞེས་བྱ་བ་ལ། དེ་ཡང་འགྱུ་ཙམ་རིག་ཙམ་རླུང་དང་ཆོས་མཐུན་པའི་རླུང་ཞེས་བྱའོ། །རླུང་དངོས་ནི་དེའི་རྩ་བ་སེམས་སུ་ཤར་བ་ལ་བྱ་སྟེ། ཡེ་ཤེས་ཀྱི་གདངས་རིག་ཙམ་དེ་རླུང་གི་རྟས་ཁུར་ནས་རྣམ་ཤེས་ཀྱི་ཚོགས་དུ་མར་འབྱུང་བའོ། །ཡེ་ཤེས་ཀྱི་རླུང་ལ་ངོ་བོའི་ཆ་ནས་སྟོང་པས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། རང་བཞིན་གྱི་ཆས་ནས་གསལ་བས་སྐུ་དང་ཡེ་ཤེས་སུ་སྣང་བ། ཐུགས་རྗེའི་
ཆ་ནས་རིག་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཤར་བའོ། །འདི་ཉིད་རླུང་དུ་བཏགས་ཀྱང་ཡེ་ཤེས་ནང་གསལ་དང་། དེའི་གདངས་རྣམ་པར་དག་པ་ཕྱིར་ཤར་བ་རྣལ་འབྱོར་པའི་ལམ་དུ་སྣང་བའོ། །དོན་འདི་ཉིད་མི་ཤེས་པའི་རྨོངས་པ་ཐེག་པ་འོག་མའི་རྩ་རླུང་པ་རྣམས། རླུང་འགྱུ་བའི་ངོ་བོ་སྤྲོས་པ་མེད་པ་ལ། ཡེ་ཤེས་ཀྱི་རླུང་དུ་བྱས་ནས། དེ་ཟིན་པ་དེ་དབུ་མར་རླུང་རགས་པ་གཡས་གཡོན་གཉིས་ནས་ཚུད་པ་དང་། གཡས་ཀྱི་རླུང་གིས་གསལ་བ། གཡོན་གྱིས་བདེ་བ། དབུས་ཀྱིས་མི་རྟོག་པ་བྱས་ནས། བདེ་གསལ་མི་རྟོག་པ་གསུམ་དབུ་མར་གནས་པས་ཐིག་ལེ་དང་འཇའ་འོད་འབྱུང་སྟེ། དེ་ཡང་འབྱུང་བ་ལྔའི་རླུང་ལྔ་ཟིན་པའི་རྟགས་ཡིན་ནོ། ཞེས་སྨྲའོ། དེ་ནི་ཕྱིན་ཅི་ལོག་སྟེ། རླུང་འགྱུ་བ་ལྔ་ལ་ཁ་དོག་ཡོད་ན་ཁ་སྣའི་རླུང་འདི་ལ་ཁ་དོག་ཅིའི་ཕྱིར་མི་འོང་། འདི་ཉིད་ཟིན་ནས་བརྟན་པ་ཐོབ་པ་ནི་ཡེ་ཤེས་ཀྱི་རླུང་ཟིན་པར་འདོད་མོད། དེས་ན་ནང་ཡེ་ཤེས་ཀྱི་རླུང་དེ་དག་གི་མིང་ཙམ་ཐོས་པ་ལས། དོན་གྱི་ཆ་ལ་རྡུལ་ཙམ་ཤེས་ཤིང་རིག་པ་མེད་དོ། ཁོ་བོ་ཅག་ཁ་སྣའི་རླུང་བཟུང་བས་བྱང་ཆུབ་ཐོབ་པར་མི་འདོད་དེ། ཐེག་པ་འོག་མའི་ལམ་པས། ཡེ་ཤེས་ཀྱི་རླུང་དེ་ཟིན་པས་དབུགས་མི་རྒྱུ་བའི་རྟོག་མེད་ཙམ་ལས་མི་འདོད་པའི་ཕྱིར་རོ། །དེ་ནི་སྦུད་པའི་གང་སྟོང་དང་འདྲ་སྟེ། རྩོལ་བ་བཞག་དུས་ཡོན་ཏན་མེད་ཀྱི་སྟེང་དུ། ལུས་གྲང་ཞིང་འདར་ལ། ངག་རྡོལ་ཐབས་མུ་ཅོར་སྨྲ་ཞིང་། སེམས་གཟུང་འཛིན་གྱི་རྟོག་པ་སྔོན་བས་རགས་ཤིང་རྐྱེན་མི་ཐུབ་པར་སྣང་ངོ་། །འདིར་སྐུ་གསུམ་གྱིས་ལྟ་སྟངས་དང་གཟིགས་སྟངས་གསུམ་འཛོམ་པའི་དུས་གཅིག་ན། ངོ་བོ་སྟོངས་པས་སྤྲོས་པ་དང་བྲལ་ཞིང་། རང་བཞིན་གསལ་བས་འོད་གསལ་དུ་སྣང་ལ། ཐུགས་རྗེ་རིག་པས་རྣམ་པར་མི་རྟོག་པའི་ཤེས་པ་སལ་ལེ་སིང་
ངེ་ཡེར་རེ། གང་ལ་ཡང་མི་རྟོག་བཞིན་དུ་གང་ལྟར་སྣང་བ་ལ་མཐོང་ཆ་མ་འགགས་པར་གནས་པ་ལ་འདོད་པས་ཡེ་ཤེས་ཀྱི་རླུང་ཞེས་ཚིག་ཏུ་བརྗོད་ན་དེ་ལྟ་བུ་ཟིན་པ་ལ་ཟེར་རོ། །གཉིས་པ་ལས་ཀྱི་རླུང་མདོར་བསྟན་པ་ནི། དེའང་ཡེ་ཤེས་ཀྱི་གདངས་འགྱུ་བའི་རླུང་དང་འདྲེས་པས་སེམས་ཞེས་བྱ་ལ། སེམས་ནི་ཀུན་ཏུ་རྟོག་པ། འགྱུ་བའི་རླུང་བཟུང་ན་སྡོད་པ་ལྟར་སྣང་བ་ལས་ཀྱི་རླུང་དང་འདྲེས་པས་དབྱེར་མེད་དོ། །དེའང་ཐལ་འགྱུར་ལས། རླུང་སེམས་གཉིས་སུ་མེད་འདྲེས་ཏེ། ཞེས་སོ། རླུང་དངོས་ནི། འབྱུང་བ་བཞི་སོ་སོ་ལ་བཞི་བཞི་ཡོད་པའི་རླུང་གི་ཆ་འགྱུ་ཞིང་གཡོ་བ་དང་བཅས་པ་དེ་ཡིན་ཏེ། དེའང་གཡས་རོ་མ་ནས་ཕོ་རླུང་། གཡོན་རྐྱང་མ་ནས་མོ་རླུང་། དབུ་མ་ནས་མ་ནིང་གི་རླུང་གསུམ་རྩ་རྣམས་ཀྱི་ནང་ལ་འགྱུ་བ་ནི། ས་རླུང་ལྔ་སྟོང་བཞི་བརྒྱ། ཆུ་དང་། མེ་དང་། རླུང་གི་རླུང་ལྔ་སྟོང་བཞི་བརྒྱ་བཞི་བརྒྱ་སྟེ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཞག་རེ་ལ་དབང་པོ་དང་འབྱུང་བ་མ་འཁྲུགས་པ་གཅིག་ལ་རྒྱུ་བར་འདོད་དེ། ཐལ་འགྱུར་ལས། རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་བ་ཆེན་པོའི་རླུང་དུ་འདོད། །ཅེས་སོ། །དེ་དག་གི་བྱེད་ལས་ནི་འབྱུང་བཞི་རང་གི་ངོ་བོ་ལ་རླུང་གི་གྱེན་རྒྱུ་ཐུར་སེལ་གྱི་ལས་བྱེད་དོ། །གསུམ་པ་དེའི་བྱེ་བྲག་རྒྱས་པར་བཤད་པ་ལ། རྩ་བའི་དབྱེ་བ་ནི་རྩ་གསུམ་ལ་ཕོ་རླུང་མོ་རླུང་མ་ནིང་གི་རླུང་གསུམ། མ་དག་པས་དུག་གསུམ་གྱི་རྟ་བྱེད་ཅིང་། དག་པས་ཐབས་ཤེས་རབ་གཉིས་སུ་མེད་པ་གསུམ་གྱི་རྟ་བྱས་ཏེ། མ་དག་པས་ཁམ་གསུམ་དང་ཁྱད་པར་ངན་སོང་གསུམ་དུ་འཕེན་ཞིང་། དག་པས་ཡེ་ཤེས་གསུམ་དང་། སྐུ་གསུམ་དུ་འཕེན་པར་བྱེད་དོ། །ཡན་ལག་གི་དབྱེ་བ་ནི་གྱེན་རྒྱུ་ལུས་ཀྱི་སྟོད་ན་གནས་པས་དབང་པོ་སོ་སོའི་སྒོ་ལ་འཇུག་ཅིང་། ཁྱད་པར་ཁ་སྣ་གཉིས་ནས་འགྲོ་འོང་བྱེད་ལ། ཐུར་སེལ་ལུས་ཀྱི་སྨད་ན་གནས་པས་འགྲོ་འོང་གཡོ་བའི་ལས་བྱེད་ཅིང་། ཁྱད་པར་བཤང་གཅིི་ཐུར་
དུ་འཕེན་ཅིང་སེལ་བར་བྱེད་དོ། །མཉམ་གནས་ལུས་ཀྱི་བར་ན་གནས་ཤིང་ཁྱད་པར་ཕོ་བར་ཟས་ཀྱི་དྭངས་སྙིགས་འབྱེད་དོ། །གསུམ་པ་ཉིང་ལག་གི་དབྱེ་བ་ནི། འགྱུ་བ་ཆེ་ཆུང་གཉིས་ལས། ཆེན་པོ་ནི་འབྱུང་བ་བཞིའི་རླུང་ལྔ་སྟོང་བཞི་བརྒྱ་བཞི་བརྒྱ་སྟེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡིན་ཏེ་སྔར་བཤད་ཟིན་ཏོ། །འགྱུ་བ་ཆུང་བ་ནི། ཐལ་འགྱུར་ལས། རྩ་ནས་ངེས་པར་རྒྱུ་བ་ནི། འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཉིས། །སྟོང་ཕྲག་དྲུག་དང་བརྒྱ་ཕྲག་དྲུག །རྩ་ནས་ངེས་པར་རྒྱུ་བ་སྟེ། །རྒྱུ་བ་ཆུང་ངུའི་རླུང་དུ་འདོད། །ཅེས་སོ། །མདོར་ན་རྩ་གང་ན་གནས་པ་ན་རླུང་དང་ཡེ་ཤེས་ཉི་མ་དང་འོད་ཟེར་གྱི་རྣམ་པར་གནས་སོ། །གསུམ་པ་ཁམས་བདེ་ཆེན་རྒྱ་མཚོའི་གནས་ལུགས་ནི། རང་ཤར་ལས། ལུས་ལ་ཡེ་ཤེས་ཆེན་པོས་ཁྱབ། ཏིལ་འབྲུ་ལ་ནི་མར་བཞིན་དུ། ལུས་ཀྱི་བཀྲག་དང་གཟི་མདངས་ནི། ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ཅེས་པས། ཐོག་མའི་ཡེ་ཤེས་ཀྱི་རྩལ་གཡོས། འོད་ལ་འཛིན་པ་སྐྱེས་པས། འཁྲུལ་དུས་འབྱུང་བ་ལྔར་གྲུབ་ལ། དེའི་དྭངས་མ་འདུས་པ་ལས་ལུས་གྲུབ། དེ་ལ་རྩ་རླུང་ཐིག་ལེ་གྲུབ། ཐིག་ལེའི་དྭངས་མ་ལ་ཡེ་ཤེས་བརྟེན་པས་ན། དྭངས་མ་དེ་ལའང་སྙིགས་མ། དྭངས་མ། དྭངས་མ་ཆེན་པོ་གསུམ་ལས། སྙིགས་མ་ནི་ལུས་ཀྱི་ཤ་ཙམ་བསྐྱེད་པའི་ཁ་ཆུ་ལྟ་བུའོ། །དྭངས་མ་ནི། དེའི་ཡང་དྭངས་མ་དངུལ་ཆུའི་རྣམ་པ་ལྟ་བུ་བཅུ་དྲུག་ཡོད་དེ། དོན་དམ་གྱི་བརྒྱད། ཀུན་རྫོབ་ཀྱི་བརྒྱད་དོ། །དང་པོ་ནི་མ་བཟུང་བར་བཏང་ཡང་ཕྱིར་མི་འགྲོ་ཞིང་། སྲོག་འཛིན་ལ། ལུས་ཟུངས་བསྐྱེད་པས་དོན་དམ་ཞེས་བྱའོ། །དེ་ཡང་ཡི་གེའི་གཟུགས་སུ་འཁོར་ལོ་ལྔའི་རྩ་མདུད་ཀྱི་དབུས་ན་གནས། སྙིང་གའི་རྩ་མདུད་ཀྱི་དབུས་ན་གཙོ་བོ་དོན་དམ་པའི་ཐིག་ལེ་ཞེས་བརྒྱད་པོ་ཀུན་གྱི་གཙོ་བོར་གནས་ཏེ། དེའང་ཉུང་འབྲུ་འམ་ཏིལ་འབྲུ་ཙམ། གསལ་བ། འདྲིལ་བ། སྣུམ་པ། ཡེ་ཤེས་འོད་གསལ་གྱི་རྟེན་འོད་དང་ཁ་དོག་གི་ཚུལ་དུ་གནས་ཏེ། རང་ཤར་
ལས། ཉུང་འབྲུ་འམ་ནི་ཏིལ་འབྲུ་ཙམ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །ཞེས་པ་དང་། རིན་ཆེན་ཟུར་བརྒྱད་སྙིང་དཀྱིལ་ན། །ཀུན་ཁྱབ་ཡེ་ཤེས་ངོ་བོ་ནི། །ས་བོན་ཡེ་གེའི་ཚུལ་དུ་གནས། །ཞེས་པ་དང་། ཐལ་འགྱུར་ལས། འབྱུང་བཞི་འདུས་པའི་ཕུང་པོ་ལ། །ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞེས་པ་དང་། ཀློང་གསལ་ལས། ལུས་ལ་ཡེ་ཤེས་ཀུན་ཁྱབ་ཀྱང་། །རྩ་ཡི་དབུས་ན་དངས་མ་ཡིན།།ཐིག་ལེའི་ཡི་གེ་ཐབས་ཤེས་ཚུལ། །ལྔར་གནས་ཁྱད་པར་ཙིཏྟའི་ནང་།། དར་དཀར་རྩ་ཡི་འབྲེལ་ཐག་ལས། །ཡེ་ཤེས་མིག་གི་ཚུལ་དུ་གནས། །ཞེས་པ་དང་། ཡང་ཐལ་འགྱུར་ལས། སྤྱི་དང་ཙིཏྟ་རྩ་ནང་ན། །མ་བཅོས་དག་པའི་ཆོས་ཉིད་གནས། །ཞེས་སོ། །ཀུན་རྫོབ་ཀྱི་ཐིག་ལེ་བརྒྱད་ནི་སྙིགས་མའི་དྭངས་མ་བདེ་བ་བསྐྱོད་པའི་ཚེ་བཟུང་བས་མི་ཟིན། མི་བཟློག་པ་ཉུང་འབྲུ་ཙམ་གཉིས་དང་། བཟུང་བས་ཟིན་པ་དྲུག་ཡོད་དེ། དེའང་སྙིགས་མའི་དྭངས་མ་དྲུག་ནི་ཉུང་འབྲུ་ཙམ་ལ་ཉ་མིག་འདྲ་བ་དངུལ་ཆུ་བཞིན་འཚེར་བ་སྟེ། མའི་ཐིག་ལེ་དང་འདྲེས་ན་བུ་ཚའི་རྒྱུར་འགྱུར་བ་དེ་ཡིན་ནོ། །རྣལ་འབྱོར་པ་རིགས་བརྒྱུད་འཇོག་ན་འདི་དག་བཏང་བས་སྤྲུལ་པའི་སྐུ་འཁྲུངས་པ་ཡིན་ནོ།།གཞན་ཡང་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་ཆུའི་དྭངས་མ་གཙོ་ཆེ་བ་དབུ་མའི་ཡར་སྣ་སྨིན་ཕྲག་གི་དབུས་ཀྱི་ཐད་ཀ་ན་གནས་ལ། མ་ལས་ཐོབ་པའི་དྭངས་མ་མེའི་དྭངས་མ་གཙོ་ཆེ་བ་དམར་པོ་ཕོ་ལ་རྡོ་རྗེ་དང་། མོའི་པདྨའི་ཟེའུ་འབྲུ་ལ་གནས་སོ། །འཆི་བའི་ཚེ་འདི་གཉིས་འཁྲུགས་ཏེ། གནས་བསྐྱོད་ནས་སྙིང་ཁར་ཨ་ཧཾ་དཀར་དམར་འདུས་པ་ལས། བདེ་བའི་འོད་གསལ་དར་ཅིག་ཤར་ཏེ། ཉི་མ་ཡར་ཐོན་ནས་སྣ་བུག་ཏུ་བྱུང་། ཟླ་བ་མར་བབས་རྡོ་རྗེའམ། པདྨའི་རྩེར་ཐོན་ནས་ཚེའི་དུས་བྱས་པ་ཡིན་ནོ། །དེའང་ད་ལྟར་ཐིག་ལེ་འདི་རྣམས་འཁྲུགས་པས་ནད་འབྱུང་ཞིང་། ནད་བྱུང་བས་ཀྱང་ཐིག་ལེ་རྣམས་འཁྲུགས་པ་ཡིན་ནོ། །འདི་དག་རྒྱས་པས་བདེ་ཞིང་ཚེ་རིང་ལོངས་སྤྱོད་དང་དཔལ་དང་ལྡན་པའོ། །དེའང་ཙནྡན་གྱི་སྡོང་པོ་ལ་དྲིས་ཁྱད་མེད་དུ་ཁྱབ་ཀྱང་། ཁྱད་པར་རྐང་ལ་
བཟང་བ་ལྟར། འཁོར་ལོ་ལྔའི་དབུས་ན་དོན་དམ་གྱི་ཐིག་ལེ་བརྒྱད་པོ་མཆོག་ཏུ་འོད་གསལ་ཞིང་། གཞན་རྣམས་སུ་ཀུན་རྫོབ་གྱི་ཐིག་ལེ་རྒྱུ་ལ། རྩ་ཁམས་གཞན་ལའང་ཅི་རིགས་སུ་ཁྱབ་ནས་གནས་སོ། །དེའང་དོན་དམ་གྱི་ཐིག་ལེ་འཁོར་ལོ་ལྔའི་དབུས་ན་ཡེ་ཤེས་ཀྱི་ཐིག་ལེའི་རྟེན་བྱས་ཏེ། སྡོང་པོ་སྣུམ་ལྡན་ལ་མར་མེ་འབར་བ་ལྟར་གནས་པ་ནི། ཕྱི་ལྟར་ན་འབྱུང་བ་ལྔ། ནང་ལྟར་ན་ཕུང་པོ་ལྔ། གསང་བ་ལྟར་ན་དངས་མ་ལྔ། ཡང་གསང་ལྟར་ན་ཡི་གེ་ལྔ། བླ་མེད་ལྟར་ན་མཁའ་འགྲོ་ལྔ་སྟེ། ཀློང་གསལ་ལས། འཁོར་ལོ་ལྔ་ཡི་དབུས་གནས་པས། །དངས་མའི་ཡེ་ཤེས་དོན་དམ་བརྒྱད། །ཕྱི་ལྟར་འབྱུང་བ་རྣམ་ལྔ་སྟེ། །ནང་ལྟར་དེ་བཞིན་ཕུང་པོ་ལྔ། །གསང་བར་དངས་མ་རྣམ་ལྔ་སྟེ།།ཡང་གསང་ཡི་གེ་རྣམ་པ་ལྔ། །བླ་མེད་མཁའ་འགྲོ་ལྔ་ཡིན་ནོ། །ཞེས་སོ།།དེ་ལྟར་གནས་པ་ཐམས་ཅད་ཀྱང་དང་པོ་ཡེ་ཤེས་ཀྱི་རྩལ་ལས་བྱུང་བ་དང་། ཕུང་པོར་གྲུབ་པས་ཀྱང་ཕུང་པོ་ཡེ་ཤེས་དངོས་ཡིན་ལ། ཡེ་ཤེས་ཀྱི་དངས་མ་ལས་འཁོར་ལོ་ལྔའི་དབུས་སུ་དོན་དམ་གྱི་དྭངས་མར་གནས་པ་ལ་ཐོག་མའི་སྐུ་ལྔ་ཡེ་ཤེས་ལྔའི་རྟེན་བྱེད་པས་ཀྱང་དངས་མ་བརྒྱད་པོ་ཡེ་ཤེས་ཀུན་རྫོབ་པ་རྒྱུའི་ཐིག་ལེ་ཞེས་བྱ་སྟེ། ཕྱི་ལྟར་འབྱུང་བ་ལྔ། ནང་ལྟར་ཡུམ་ལྔ། གསང་བ་ལྟར་མཁའ་འགྲོ་ལྔ། ཡང་གསང་ཡེ་ཤེས་ལྔ། ཡང་ཕྱི་ལྟར་ཕུང་པོ་ལྔ། ནང་ལྟར་དུག་ལྔ། གསང་བ་ལྟར་སྐུ་ལྔ། ཡང་གསང་ལྟར་ཡེ་ཤེས་ལྔར་གནས་ཏེ། ཀློང་གསལ་ལས། ཐོག་མའི་ཀ་དག་ཡེ་ཤེས་རྩལ། །འབྱུང་བ་ལྔ་ཡི་ཡུལ་ལ་ཤར། །འབྱུང་ལྔའི་འོད་ལ་འཛིན་པ་འདུས། །དེ་ཉིད་མ་གྲོལ་དེར་འཛིན་ལས། །འབྱུང་བ་ལྔ་ཡི་དངས་མ་འདུས། །གཅིག་གྲོགས་གཅིག་གིས་བསྐྱེད་པ་ལས། །ཤ་ཁྲག་ལུས་རྩ་ཐིག་ལེ་གྲུབ། །ཡི་གེ་སྐུ་དང་ཡེ་ཤེས་གྲུབ། །ཕྱི་ལྟར་འབྱུང་ལྔ་ནང་ལྟར་ན། །ཡུམ་ཆེན་ལྔ་ནི་དངོས་ཡིན་ནོ། །གསང་བ་
ལྟར་ན་མཁའ་འགྲོ་ལྔ། །ཡང་གསང་ཡེ་ཤེས་ལྔ་ཡིན་ཏེ། དེ་བཞིན་ཕྱི་ལྟར་ཕུང་པོ་ལྔ། །ནང་ལྟར་ཉོན་མོངས་དུག་ལྔ་སྟེ། །གསང་བ་ལྟར་ན་སྐུ་ལྔ་ལ། །ཡང་གསང་ཡེ་ཤེས་ལྔ་ཡིན་ནོ། །རྒྱུ་ཡི་ཐིག་ལེ་སྤོང་བ་ནི། །སྔགས་ཀྱི་དམ་ཚིག་གཏན་ནས་ཉམས། །འབྲས་བུ་རྒྱབ་ཀྱིས་ཕྱོགས་ནས་སུ། །བསྐལ་པ་འབུམ་ཁྲིར་ན་རག་སྤྱོད། །ཅེས་སོ། །ཡི་གེའི་ཚུལ་དུ་ཇི་ལྟར་གནས་ཞེ་ན། དེའང་འཁོར་ལོ་ལྔའི་དབུས་ཀྱི་དངས་མའི་ཐིག་ལེ་ཉུང་འབྲུ་ཙམ་པ་དེ་དག་གི །རང་བཞིན་ཐིག་ལེ། རྣམ་པ་ཡི་གེ །ངོ་བོ་ཡེ་ཤེས་རྣམ་པ་ལྔ་དང་། སྐུ་ལྔར་གནས་པ་ལས། དེ་ཡང་སྤྱི་བོ་ན་ཧ་དང་ར་དཀར་པོ། མགྲིན་པ་ན་རི་དང་ཙ་སེར་པོ། སྙིང་ག་ན་ཨ་དང་མ་མཐིང་ག །ལྟེ་བ་ན་ནི་དང་ཧྲཱིཿདམར་པོ། གསང་བ་ན་ས་དང་ཡ་ལྗང་གུ་སྟེ། གའུ་ཁ་སྦྱོར་དུ་གནས་པའི་འདབ་མ་བཞི་བཞི་ལ། ཧ་རི་ནི་ས་བཞི་བཞི་སོ་སོའི་མཁའ་འགྲོའི་རིགས་དང་མཐུན་པར་གནས་སོ།།གཞན་ཡང་རྩའི་ཁམས་ཐམས་ཅད་ན་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་གནས་སོ། །དེ་ལྟར་གནས་པས་ལུས་ལ་མཁའ་འགྲོ་གསལ་གདབ་སྟེ། ལུས་དངས་མའི་དབབ་ཟློག །ངག་རང་གནས་ཀྱི་བཟླས་པ། སེམས་འཁོར་ལོ་ལྔའི་ལྷ་ཚོགས་ལ་དམིགས་པས་གྲུབ་པ་ཐོབ་པ་ཡང་གནད་འདིས་འབྱུང་བ་ཡིན་ནོ། །འོ་ན་བདེ་མཆོག་འཁོར་ལོ་ལ་སོགས་པ་ནས་དེ་དག་གི་དཀྱིལ་འཁོར་དུ་བཤད་པ་དང་། འདི་ནས་མཁའ་འགྲོར་བཤད་པ་གང་ཡིན་སྙམ་ན། མཁའ་འགྲོ་ལྔའི་དཀྱིལ་འཁོར་དུ་ཡོད་པས། བདེ་དགྱེས་ལ་སོགས་པ་སོ་སོའི་དཀྱིལ་འཁོར་དུ་གྲུབ་པ་ཡིན། དེའང་ལྷ་མང་ཉུང་ནི་རྩ་འདབ་ཀྱི་དབྱིབས་སོ་སོར་ཕྱེ་བ་ཙམ་ལས་དོན་ལ་ཁྱད་མེད་དོ། །ལུས་ལ་ལྷ་གཅིག་ཏུ་བཤད་པ་དང་། བརྒྱ་སྟོང་གི་དཀྱིལ་འཁོར་བཤད་པ་རྩ་འདབ་འཁོར་ལོ་བཞིའི་དབྱེ་བ་རྩིང་ཞིབ་ལས་ལོགས་སུ་མ་གྲུབ་སྟེ། ཐམས་ཅད་ཡེ་ཤེས་ལྔར་འདུས་པ་ཡིན་ལ། འདིར་ཡང་དང་པོ་ཡེ་ཤེས་ལྔ་ལས་གྲུབ་ནས། ད་
ལྟ་ཡང་ཡེ་ཤེས་ལྔའི་རང་བཞིན་དུ་གནས། ཐ་མ་ཡང་ཡེ་ཤེས་ལྔར་གྲོལ་བར་འདོད་པ་ཡིན་ནོ། །གསུམ་པ་གཉིས་མེད་ཡེ་ཤེས་ཆེན་པོར་དོན་བསྡུ་བ་ནི། དེ་ལྟར་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་གསུམ་དུ་བསྟན་ཡང་། དོན་ལ་ཡེ་ཤེས་གཅིག་གི་ངོ་བོ་ལས་ཐ་དད་གྲུབ་པ་མེད་དེ། རང་ཤར་ལས། རྩ་དང་རླུང་དང་ཐིག་ལེ་ཡང་། །ཡེ་ཤེས་ངང་ལས་མ་འདས་སོ། །ཞེས་བཤད་པས། མ་དག་པའི་དུས་ནའང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་མ་འདས་ཏེ། སེང་གེ་རྩལ་རྫོགས་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །སྙིང་པོའི་ཡེ་ཤེས་སུམ་བརྩེགས་ཏེ། །ཞེས་སོ། །ཡང་ལུས་སེམས་ལ་ཡོན་ཏན་ཐམས་ཅད་ཡེ་ནས་རྫོགས་ཏེ། མུ་ཏིག་ཕྲེང་བ་ལས། འདས་པ་དཀར་པོའི་ཆོས་རྣམས་ནི།།ལུས་དང་སེམས་ལ་ཐམས་ཅད་རྫོགས། །ཞེས་སོ། །དེ་བཞིན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་དང་སེམས་ལ་ཚང་བར། ཀློང་གསལ་ལས། འཁོར་དང་འདས་པའི་ཆོས་རྣམས་ནི། །ལུས་དང་སེམས་ལ་མ་ཚང་མེད།།ཅེས་གསུངས་པས། མདོར་ན་ཐོག་མར་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་འཁྲུལ་བས། ད་ལྟ་ཡང་དེ་གསུམ་གྱི་ངོ་བོར་རང་ལུས་རྒྱལ་བའི་དཀྱིལ་འཁོར་སྐུ་གསུམ་འདུ་འབྲལ་མེད་པར་གནས་ཏེ། སེང་གེ་རྩལ་རྫོགས་ལས། ལུས་དང་སེམས་ལ་བརྟེན་པ་ཡི། །ཉོན་མོངས་ལྔ་ལ་ཡེ་ཤེས་ལྔ། །ཡུམ་ལྔ་ལས་ནི་འོད་ལྔའི་སྐུ། །ཕུང་པོ་ལྔ་ལས་སངས་རྒྱས་ལྔ། །འབྱུང་བ་ལྔ་ལས་ཡུམ་ལྔ་སྟེ། །སྲིད་པ་གསུམ་ཉིད་སངས་རྒྱས་ཞིང་། །ཞེས་པས། འདོད་ཡོན་ཐམས་ཅད་ལུས་སེམས་ཀྱི་མཆོད་པར་རོལ་ཞིང་སྣོད་བཅུད་སྣང་སྲིད་ཐམས་ཅད་ཡེ་ཤེས་ཀྱི་ཞིང་དུ་ཤེས་ན། མཐར་ཐུག་གདོད་མའི་གཞི་ལ་འོད་གསལ་དུ་ལྷུན་གྱིས་གྲུབ་པའོ། །དོན་གསུམ་པ་ཀུན་གཞི་ལ་ལས་སོགས་ཚུལ་གྱིས་དོན་བསྡུ་བ་ལ། ཀུན་གཞི་དང་ཚོགས་བརྒྱད་ཀྱི་དབྱེ་བ་བསྟན། རྟེན་འབྲེལ་བཅུ་གཉིས་ཀྱི་
རང་བཞིན་བཤད་དོ། །ལས་གསུམ་གྱིས་སོགས་ཚུལ་བརྗོད་པ་གསུམ་ལས། དང་པོ་ནི་ངོ་བོའི་ཆ་ལས་འཁྲུལ་བའི་ཤེས་པ་ལུང་མ་བསྟན་ཐམས་ཅད་ཀྱི་རྟེན་ས་གཞི་ཆེན་པོ་ལྟ་བུ་ལ། རྣམ་ཤེས་དགེ་མི་དགེ་ལུང་མ་བསྟན་ཚོགས་བརྒྱད་པོའི་འཆར་ཚུལ་དུ་མའི་གཞི་བྱེད་དོ། །དེ་ལས་ཀུན་གཞིའི་རྣམ་ཤེས་ཡུལ་གྲུ་ལྟར་རྣམ་ཤེས་གཞན་བདུན་གྱི་རྟེན་བྱེད་དོ། །དེ་ལས་ཡིད་ཀྱི་རྣམ་ཤེས་སྔ་མ་ཁང་ཁྱིམ་ལྟར་གནས་པ་ལས། སྒོ་ལྔའི་རྟེན་བྱེད་ལ། དེ་ལས་ཤེས་པ་འཕྲོ་མཐུད་པ་ནི་ཡིད་ཀྱི་རྣམ་ཤེས་ཕྱི་མ་སྟེ། ཀུན་ཏུ་རྟོག་པ་དེས་ཡུལ་ལ་གཟུང་འཛིན་ཞེན་པའི་ཆར་བཟུང་ནས་ཤེས་པ་ཕྱི་མ་དགག་སྒྲུབ་དུ་མར་འཛིན་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་སྟེ། དེས་ལས་སྣ་ཚོགས་སུ་བསགས་པ་ཀུན་གཞིའི་སྟེང་དུ་གནས་པར་བྱེད་དོ། །ཀུན་གཞིའི་སྟེང་གི་ལས་ས་བོན་གྱི་ཚུལ་དུ་གནས་པ་དེ་དགེ་མི་དགེ་ཕྱི་མའི་རྐྱེན་གྱིས་ཆུ་ལུད་བྲན་པ་བཞིན་སོང་སྟེ། འཁོར་བ་ན་བདེ་སྡུག་སྣ་ཚོགས་ཀྱི་འབྲས་བུ་སོ་སོར་སྨིན་པས་ཟོ་ཆུའི་འཁྱུད་མོ་བཞིན་དུ་འགྲོ་བ་དྲུག་ན་ཡང་དང་ཡང་དུ་འཁོར་ཞིང་ཐར་བའི་སྐབས་མེད་དོ། །གཉིས་པ་རྟེན་འབྲེལ་བཅུ་གཉིས་ཀྱི་རང་བཞིན་བཤད་པ་ལ། དང་པོ་འཁོར་བ་གྲུབ་ཚུལ་གྱི་རྟེན་འབྲེལ་བཅུ་གཉིས། བར་དུ་ལས་སོགས་ཚུལ་གྱི་རྟེན་འབྲེལ་བཅུ་གཉིས། ཐ་མར་འཁྲུལ་པ་ལྡོག་ཚུལ་གྱི་རྟེན་འབྲེལ་བཅུ་གཉིས་དང་གསུམ་ལས། དང་པོ་ནི་གདོད་མའི་གཞི་ལས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡུལ་ལ་ཤར་དུས་རང་སྣང་ངོ་མ་ཤེས་པས་མ་རིག་པ་རྒན་མོ་ལོང་མ་ལྟ་བུ། དེ་ནས་ཀུན་ཏུ་བརྟགས་པའི་མ་རིག་པས་ཡུལ་ལ་བཟུང་བས་འཁོར་བར་འདུ་བྱེད་རྫ་མཁན་ལྟ་བུའོ། །དེ་ནས་བག་ཆགས་ཀྱིས་རིག་པ་བསླད་པས་ཀུན་གཞིར་གྱུར། ཀུན་གཞི་ལས་ཀུན་གཞིའི་རྣམ་ཤེས་དང་ཡིད་ཀྱི་རྣམ་ཤེས་གཉིས་སུ་གྱུར་ནས་ཡུལ་གྱི་རྣམ་པ་ལ་བློས་དེ་དང་མཚུངས་པར་འཛིན་པས་ཕྱི་མའི་ཡུལ་སོ་སོར་སྤྱོད་པས་རྣམ་པར་ཤེས་པ་སྤྲེའུ་ལྟ་བུའོ། །དེ་ལས་ཁམས་གསུམ་དུ་འཁྲུལ་ཏེ།
དེའང་གཟུགས་མེད་དུ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའི་ཕུང་པོ་སྟེ། མིང་བཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་ཅིང་། གཟུགས་ཁམས་དང་འདོད་པར་ས་ཆུ་མེ་རླུང་སྟེ། རྒྱུའི་གཟུགས་འབྱུང་བ་བཞི་དང་། མིག་ལ་སོགས་པ་དབང་པོ་ལྔ་དང་། གཟུགས་ལ་སོགས་པ་ཡུལ་ལྔ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་འབྲས་བུའི་གཟུགས་བཅུ་གཅིག་ལ་སེམས་ཀྱི་རྒྱུད་བརྟེན་པས་སྲིད་པ་གསུམ་དུ་འཇུག་པས་མིང་དང་གཟུགས་གྲུར་ཞུགས་པ་ལྟ་བུའོ། །དེ་ལས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་སྐྱེ་མཆེད་དེ་ཕྱིའི་དྲུག་དང་། མིག་རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་སྐྱེ་མཆེད་དེ་ནང་གི་དྲུག་སྟེ་སྐྱེ་མཆེད་བཅུ་གཉིས་མཁར་ལྟ་བུའོ། །ཡུལ་དང་རྣམ་ཤེས་དབང་པོ་གསུམ་འདུས་ནས་ཡུལ་ལ་སྤྱད་པས་རེག་པ་འོ་བྱེད་པ་ལྟ་བུའོ། །དེས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་དུ་མྱོང་བས་ཚོར་བ་མིག་ལ་མདའ་ཟུག་པ་ལྟ་བུའོ། །ཡུལ་ལ་སྲེད་པས་ཆགས་པ་ནི་སྲེད་པ་ཆང་འཐུང་བ་ལྟ་བུའོ། །དེ་ལྟར་བག་ཆགས་བསགས་པས་ཁམས་གསུམ་སོ་སོའི་ལུས་ལེན་པས་ལེན་པ་ཤིང་ཐོག་བསྙབས་པ་ལྟ་བུའོ། །དེ་ལྟར་སྲེད་ལེན་གཉིས་ཀྱིས་སོ་སོའི་ལུས་ཀྱི་སྦུབས་སུ་ཚུད་པས་སྲིད་པ་བུ་ཆགས་པ་ལྟ་བུའོ། །དེ་ནས་མངལ་སོ་སོ་ནས་བཙའ་བས་སྐྱེ་བ་བུ་སྐྱེ་བ་ལྟ་བུའོ། །དེ་ནས་རིམ་གྱིས་དབང་པོ་རྣམས་གུད་དེ་སྟོབས་ཟད་པས་རྒས་ཏེ་ཤི་བ་ནི་རྒ་ཤི་རོ་ཁུར་བ་ལྟ་བུའོ། །དེ་ནས་བར་དོར་རང་སྣང་ངོ་མ་ཤེས་ན་སྔ་མ་བཞིན་འཁོར་བའོ། །གཉིས་པ་ནི་དགེ་མི་དགེ་ཐ་དད་པ་རྣམས་ལ་བརྩི་སྟེ། དཔེར་ན་ཤ་ལ་སྲེད་པས་སྲོག་གཅོད་པ་ལྟ་བུ་ལ། དང་པོ་མི་དགེ་བའི་རང་བཞིན་མི་དགེ་བས་དེ་ལ་འཇུག་པས་མ་རིག་པའོ། །དེ་ནས་སྲོག་གཅོད་པའི་ལས་ལ་འཇུག་པ་འདུ་བྱེད་དོ། །དེ་ནས་སྲོག་གཅོད་བྱའི་ཡུལ་ར་དང་ལུག་གི་རྣམ་པའི་བྱེ་བྲག་ངེས་པ་ནི་རྣམ་པར་ཤེས་པའོ། །དེ་ལས་རང་ཉིད་དང་ཡུལ་དེའི་
མིང་གཟུགས་ནི་མིང་དང་གཟུགས་སོ། །ཡང་ན་ལས་དེ་མི་དགེ་བར་གྲུབ་པས་མིང་དང་གཟུགས་སོ། །དེ་ལས་ཡུལ་དང་རང་གི་ཡུལ་དྲུག་ལ་མི་དགེ་བའི་ཤེས་པ་སྔ་མ་སྐྱེ་ཞིང་ཕྱི་མ་མཆེད་པས་སྐྱེ་མཆེད་དྲུག་གམ་བཅུ་གཉིས་ལ། ཡང་ན་ཡུལ་དེའི་ཡུལ་དྲུག་ཕྱིའི་སྐྱེ་མཆེད་ལས། རང་གི་ཤེས་པ་དྲུག་མཆེད་པས་ན་སྐྱེ་མཆེད་ཟུང་དུ་བགྲངས་ན་དྲུག་གོ །དེ་ནས་ཤེས་པ་ཡུལ་ལ་རེག་པས་རེག་པའོ། །དེ་ནས་ཡུལ་དེའི་སྡུག་བསྔལ་རང་གི་བདེ་བར་ཚོར་བས་ན་ཚོར་བའོ། །དེ་ལས་ཆགས་པ་འཕེལ་བས་སྲེད་པའོ། །དེ་ནས་ཕྱི་མ་ངན་འགྲོའི་ལུས་ལེན་པས་ན་ལེན་པའོ། །དེ་ནས་ནམ་ཞིག་ངན་སོང་ལྟ་བུའི་མངལ་དུ་ཞུགས་པས་སྲིད་པའོ། །དེ་ནས་སྐྱེ་བས་སྐྱེ་བའོ། །དེའི་རྟེན་ལ་རྒས་ནས་ཤི་བས་རྒ་ཤིའོ། །དེ་བཞིན་དུ་མི་དགེ་བ་གཞན་དང་། འཁོར་བ་མཐོ་དམན་དུ་བསྒྲུབ་པའི་ལས་ཐམས་ཅད་ལ་སྦྱོར་རོ། །དེ་ལྟར་འཁོར་བ་ན་གཟུང་འཛིན་གྱི་ལས་དུ་མ་བསགས་པའི་འབྲས་བུ་རྣམ་པ་སྣ་ཚོགས་པས་ལྷ་དང་། ལྷ་མ་ཡིན་དང་། མི་དང་། དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བར་འཁོར་ཏེ། གཟུགས་མི་འདྲ་བ། རྟོག་པ་མི་འདྲ་བ། ལས་མི་འདྲ་བ་མང་བ་དང་ལྡན་ཏེ། ཐལ་འགྱུར་ལས། ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་ལས་ཀྱི་ཚོགས་པ་འདུས། །ཉོན་མོངས་ལུས་ལ་དཔག་མེད་པས། །འགྲོ་བའི་ལུས་ཀྱི་རྟོག་ཚོགས་སྡུད། །རྟེན་འབྲེལ་ཚོགས་པ་དུ་མ་ལས། །མི་མཐུན་གཟུགས་སོགས་བྱེ་བྲག་གོ །ཞེས་སོ། །དེ་ལྟར་འཁོར་བ་ན་རྒྱལ་པོའི་བཙོན་རར་ཚུད་པའི་སྐྱེ་བོ་ལྟར། རྟེན་འབྲེལ་བཅུ་གཉིས་ཀྱི་ཁང་པ་ནས་ཐར་པའི་སྐབས་མེད་པར་རྒྱུན་དུ་སྡུག་བསྔལ་བ་ནི། མུ་ཏིག་ཕྲེང་བ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཟུང་འཛིན་དག་གིས་བཟུང་ནས་ནི། །འཁོར་བ་ཉིད་ལ་ཡུན་རིང་གནས། ཁམས་གསུམ་པོ་ཡི་ཁང་པ་རུ། །མིང་དང་གཟུགས་ཀྱི་བཙོན་
རར་ཚུད། །མ་རིག་ལ་སོགས་ལྕགས་ཀྱིས་བསྡམས། །འཁོར་བའི་མུན་པ་མཐུག་པོས་གཡོགས། །འདོད་ཆགས་ཚ་བའི་རོ་ལ་ཆགས། །གཏི་མུག་ཞགས་པས་དམ་དུ་བཅིངས། །ཞེ་སྡང་མེ་ཡི་ཚད་པས་གདུངས། །ང་རྒྱལ་དག་གིས་མགོ་གཏུམས་ཏེ། །ཕྲག་དོག་ཉིད་ཀྱིས་སྒོ་མོ་འཁྲིགས། ཁོང་ཁྲོ་ལ་སོགས་དམག་གིས་བསྐོར། །གཟུང་འཛིན་ཞགས་པས་སྐེ་ནས་བསྡམས། །སྔ་ཕྱིའི་བག་ཆགས་འདམ་དུ་བྱིང་། །རྣམ་སྨིན་གཉིས་དང་ལག་སྦྲེལ་ཏེ། །ལས་ཀྱི་མ་བུ་མཚམས་སྦྱར་ནས། །གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན། །བཟང་ངན་རིམ་པས་ལུས་བླངས་ཏེ། །སོ་སོའི་གཟུགས་སུ་སྐྱེ་བར་བྱེད། །ངར་འཛིན་རབ་ལ་འབོགས་ནས་ནི། །སྡུག་བསྔལ་རྒྱ་མཚོའི་གཏིང་དུ་བྱིང་། །ངན་སོང་ལྕགས་ཀྱུས་གཏིང་ནས་བཟུང་། །རང་གིས་རང་བཅིངས་ཉོན་མོངས་དགྲ། །དམྱལ་བ་ལ་སོགས་མེ་ཆུར་ནག་། །ཡི་དྭགས་རྣམས་ལ་བཀྲེས་དང་སྐོམ། །བྱོལ་སོང་རྣམས་ལ་ན་བུན་ལྟར། །མི་རྣམས་ཕུང་པོ་ཁམས་རྣམས་དང་། སྐྱེ་མཆེད་འབྱུང་བ་ལྔ་རུ་སྣང་། །དེ་ཡང་བདེ་སྡུག་བཏང་སྙོམས་སོ། །ལྷ་མིན་རྣམས་ལ་གོ་མཚོན་ཏེ། །ལྷ་རྣམས་འདོད་པའི་ཡོན་ཏན་ནོ། །དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་བར་ཡུན་རིང་གནས། །དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་དང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་ཉིད། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །ཞེས་པས། དང་པོ་གཞིའི་ངང་ལས་ཡེ་ཤེས་ཀྱི་མདངས་ལ་གཟུང་ཡུལ་དུ་འཁྲུལ་བས། ཐག་པ་ལ་སྦྲུལ་དུ་མཐོང་བ་ལྟར་ཕྱིན་ཅི་ལོག་ཏུ་བཟུང་བས། ལུས་དང་། ཡུལ་དང་། དགྲ་དང་། གཉེན་དང་། རི་ཁང་ཁྱིམ། སྐྱེས་པ་བུད་མེད། རྟ་གླང་། ནགས་ཚལ་
ལ་སོགས་པ་དཔག་ཏུ་མེད་པ་ཞིག །རྨི་ལམ་འཁྲུལ་བའི་སྣང་བ་ལྟར་མི་བདེན་པ་ལ་སྣ་ཚོགས་སུ་སྣང་བ་འདིས་ཁམས་གསུམ་གྱི་སེམས་ཅན་རྣམས་འཁོར་བར་འཁྱམས་ཏེ། ང་མེད་པ་ལ་ངར་འཛིན། བདག་མེད་པ་ལ་བདག་ཏུ་འཛིན། སྡུག་བསྔལ་རྒྱུ་དང་བཅས་པ་ལ་བདེ་བར་འཛིན། ཕྱིན་ཅི་ལོག་ལ་བདེན་པར་འཛིན་ཅིང་། འཇིག་རྟེན་གྱི་སྣང་བ་བྱ་བ་ལ་ཉིན་མཚན་མེད་པར་བརྩོན་པས་མ་ཤིིའི་བར་དུ་མི་ཚེ་འཁྲུལ་སྣང་ཉིད་ཀྱིས་འདས་པས་བར་དོར་ཡང་དེ་ཉིད་ཀྱི་སྣང་བས་ཁྲིད་ནས་འཁྱམས་ཤིང་། ལས་བཟང་ངན་གྱིས་འཁོར་བ་མཐོ་དམན་དུ་སྐྱེ་ཞིང་། འཁྲུལ་པ་སྣ་ཚོགས་ལ་སྤྱད་པས་འཁོར་བ་ནས་ཐོན་པའི་དུས་མེད་དོ། །དེ་ཡང་བརྟགས་ན་འཁྲུལ་སྣང་འདི་རྨི་ལམ་ལྟར་འལ་འོལ་གཞི་མེད་རྩ་བ་དང་བྲལ་བ་མེད་བཞིན་སྣང་བའི་ཆོས་ཅན། སང་སེང་ཁྲལ་ཁྲོལ་ཙམ་ལས་བདེན་པར་གྲུབ་པ་མེད་དེ་བར་སྐབས་སུ་བདེན་འཛིན་ཕྲ་མོས་རྒྱུ་བྱས་པས་ད་ལྟ་སྣ་ཚོགས་སུ་ཆེ་ཆེ་མོར་སྣང་བ་འདི་དཔེར་ན་ཐང་སྟོང་ཐག་རིང་ན་བྱ་རོག་གཡག་དང་རིའི་རྒྱུད་དུ་སྣང་བ་དང་ཆོས་མཚུངས་ཏེ། ཆོས་ཀྱི་གྲགས་པའི་ཞལ་ནས། ཇི་ལྟར་ཐག་རིང་ཉམ་ང་བ། །ཆུང་ངུ་ཆེན་པོར་སྣང་བ་བཞིན། །ཞེས་པ་དང་ཆོས་མཐུན་ནོ། །དེ་ལྟར་མཐོང་བའི་རྣལ་འབྱོར་པ་རྣམས་ལ་ནི་འཁོར་བ་རྨི་ལམ་དང་འདྲ་བར་ཁོང་དུ་ཆུད་པས་འཁྲུལ་པའི་རྩ་བ་ཆོད་ཅིང་སེམས་ཉིད་སྐྱེ་ཤི་ལས་འདས་པའི་དོན་མཐོང་བས་འཁྲུལ་སྣང་གཞི་བྲལ་ཆེན་པོར་ལྷུན་གྱིས་གྲུབ་སྟེ། སྲིད་པའི་མཚོ་བརྒལ་བདེ་ཆེན་གྱི་བཙན་ས་ཟིན་པ་ཡིན་ནོ། །གསུམ་པ་མ་རིག་པ་ལོག་ན་རྒ་ཤིའི་བར་ཐམས་ཅད་ལོག་སྟེ་འཁོར་བ་ལས་གྲོལ་བ་ནི་དཔེར་ན། བར་དོའི་རང་སྣང་ལ་རང་ངོ་ཤེས་པས་མ་རིག་པ་ལོག །དེ་ལས་འདུ་བྱེད་ལོག །དེས་རྣམ་པར་ཤེས་པ་ལོག །དེ་ལོག་པས་མིང་དང་གཟུགས་ཀྱི་འཛིན་པ་ལོག །དེ་ལོག་པས་སྐྱེ་མཆེད་དྲུག་གི་འཛིན་པ་ལོག དེ་ལོག་པས་གཟུང་འཛིན་ཡུལ་ལ་སྤྱོད་པའི་རེག་པ་ལོག །དེ་ལོག་
པས་ཚོར་བ་ཐམས་ཅད་ལོག །དེས་ཡུལ་ལ་སྲེད་པ་ལོག །དེ་ལྟར་ཡུལ་ལ་ཆགས་པ་ལོག་པས་སྐྱེ་བ་ཕྱི་མ་ལེན་པའི་ལས་ལོག །དེ་ལོག་པས་ཕྱི་མར་མངལ་དུ་སྲིད་པ་འཛིན་པ་ལོག །མངལ་དུ་ཞུགས་པ་ལོག་པས་སྐྱེ་བ་ལོག །མ་སྐྱེས་པས་ཤི་བ་མེད་པས་རྒ་ཤི་ལོག་སྟེ། སྐད་ཅིག་མ་གཅིག་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་རྒྱུན་ཆད་ནས། གདོད་མའི་གཞི་ལ་ནང་གསལ་ཡེ་ཤེས་རིན་པོ་ཆེའི་སྦུབས་སུ་སངས་རྒྱས་བྱང་ཆུབ་རིག་པ་གསུམ་བརྙེས་སོ། །གསུམ་པ་ལས་གསུམ་གྱི་སོགས་ཚུལ་ལ་གསུམ་ལས། དེའང་སྦྱིན་པ་བཏང་། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས་པ་ལ་སོགས་པས་ཀུན་གཞིའི་སྟེང་དུ་ནུས་པ་གཞག་སྟེ། ཇི་ཞིག་ན་སྦྱིན་པས་ལོངས་སྤྱོད་ཆེ་ཞིང་། ཚུལ་ཁྲིམས་ཀྱི་བདེ་འགྲོའི་ལུས་ཐོབ། བཟོད་པས་ནད་མེད་ཅིང་ཡིད་དུ་འོངས་པའི་ལུས་གྲུབ་པ་ལ་སོགས་པའོ། །གཉིས་པ་མི་དགེ་བ་ཡང་དེ་དང་ཚུལ་མཐུན་ཏེ། མི་དགེ་བ་སྔ་མས་རྒྱུ་བྱས་ནས་ཕྱི་མར་སྡུག་བསྔལ་དུ་སྨིན་པའོ། །མདོར་ན་འཁོར་བ་ན་སྡུག་བསྔལ་ཐམས་ཅད་མི་དགེ་བ་ལས་བྱུང་ཞིང་། བདེ་བ་ཐམས་ཅད་ནི་དགེ་བ་ལས་བྱུང་སྟེ། གཉིས་ཀ་ལས་གྲོལ་ན་ཐར་པ་ཡིན་པར། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བར་གསུངས་པ། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དགེ་བ་ལས་ནི་བདེ་འགྲོ་སྟེ། །གཉིས་ལ་མི་གནས་ཐར་པ་ལགས། །ཞེས་སོ། །གཞན་ཡང་རྒྱུ་མ་བཀག་ན་རྒྱུ་ལས་འབྲས་བུ་མི་འདོད་ཀྱང་འབྱུང་བས་མི་དགེ་བའི་རྒྱུ་དོར་བ་ལ་འབད། དེ་གང་གིས་འདོར་ན་དགེ་བ་ཕུན་སུམ་ཚོགས་པར་སྤྱད་པས་སྡུག་བསྔལ་མེད་ཅིང་བདེ་བ་ཐོབ་པར། སོ་སོ་ཐར་པ་ལས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སོ། །
གསུམ་པ་མི་གཡོ་བའི་ལས་ནི་ཁམས་གོང་མ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམས་པ་ལས་བྱུང་བ་སྟེ། དེ་ཉིད་ཇི་ལྟར་གོམས་པ་བཞིན་བསམ་གཏན་གཟུགས་མེད་ཀྱི་གནས་སུ་སྐྱེ་བ་ལས་ཁམས་གཞན་དུ་མི་འཕོ་བའི་ཕྱིར་མི་གཡོ་བའི་ལས་སོ། །འདིར་དེའི་དོན་ངེས་པར་བྱ་བ་ལ་གསུམ་སྟེ། བསམ་གཏན་བཞིའི་སེམས་ཇི་ལྟར་སྐྱེ་བའི་ཚུལ། གོལ་མ་གོལ་གྱི་ཁྱད་པར་བཤད། ཡང་དག་པའི་ལམ་དུ་གྲོལ་ཚུལ་བསྟན་པའོ། །དང་པོ་ནི་བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་འདུག་སྟེ། རྣམ་སྣང་གི་ཆོས་བདུན་དང་ལྡན་པས་བསམ་གཏན་དང་པོ་བསྒོམ་པ་ལ་ཉེར་བསྡོགས་ནི་ད་ལྟར་གྱི་ཤེས་པ་བཅོས་བསླད་མེད་པ་གསལ་ལ་འཛིན་པ་མེད་པའི་ངང་ལ་མཉམ་པར་བཞག་པས། ཇི་ཞིག་ཙམ་ན་གསལ་ལ་མི་རྟོག་པ་མྱོང་བའི་དྲན་འཛིན་གྱི་རྟོག་པ་ཕྲ་མོ་དང་། གསལ་སྟོང་དུ་ཤེས་པའི་སྤྱོད་པ་ཙམ་ལས་རྣམ་རྟོག་གཞན་གང་ཡང་མེད་པའི་སེམས་སྟོང་གསལ་སྔར་མེད་ལྷག་གིས་གསར་དུ་ཤར་བས་ཆུང་ངུ་། དེ་གོམས་པས་འབྲིང་། བརྟན་པ་ཐོབ་པས་ཆེན་པོ་གསུམ་སྐྱེས་པ་ནི་བསམ་གཏན་དང་པོའི་དངོས་གཞི་སྟེ། དེ་ཉིད་ཀྱི་གསལ་ཆ་ལས་དངས་ཆ། དངས་ཆ་ལས་ཡུལ་ཐམས་ཅད་སྒྲིབ་གཡོགས་ཀྱིས་བར་དུ་མ་ཆོད་པ་བཞིན་ཕ་རོལ་མཐོང་བའི་སྤྱན་དང་། སྔོན་དང་ཕྱི་མའི་གནས་ལ་སོགས་པ་ཤེས་པའི་མངོན་པར་ཤེས་པ་འཆར་རོ། །དེ་ཉིད་ཆུང་ངུར་གོམས་པ་ལ་ཤི་ན་བསམ་གཏན་དང་པོའི་ཚངས་རིགས་སུ་སྐྱེའོ། །འབྲིང་དུ་གོམས་པས་ཚངས་པ་ཆེན་པོའི་འཁོར་ཡིན་པས་ཚངས་པ་ཀུན་འཁོར་རམ། བློན་པོ་ལྟ་བུ་ཡིན་པས་ཚངས་པ་མདུན་ན་འདོན་དུ་སྐྱེའོ། །ཆེར་གོམས་པས་ཚངས་ཆེན་དུའོ། །བསམ་གཏན་གཉིས་པ་ནི་དང་པོ་བརྟན་པའི་རྒྱུ་ལས་སྐྱེ་བས་བསམ་གཏན་དང་པོ་ཐོབ་པ་དེས་སྔ་མ་བཞིན་མཉམ་པར་འཇོག་པ་ནི་གཉིས་པའི་ཉེར་བསྡོགས་སོ། །དེའང་ཅི་ཞིག་ལྟར་ན་གསལ་སྟོང་གི་ངང་ལ་འཇོག་པའི་
དྲན་རྟོག་ཕྲ་མོ་དེ་ཡང་མེད་པར་སྟོང་གསལ་ཙམ་ཉམས་སུ་མྱོང་བའི་འཛིན་པའམ། སྤྱོད་པ་ཙམ་དང་ལྡན་པའི་ཏིང་ངེ་འཛིན་སྔར་མེད་གསར་དུ་ལྷག་གིས་སྐྱེས་པ་ནི་གཉིས་པའི་དངོས་གཞིའོ། །དེ་ཉིད་ཆུང་ངུར་གོམས་དུས་ཚེའི་དུས་བྱས་ན། བསམ་གཏན་གཉིས་པས་འོད་ཆུང་། འབྲིང་གིས་ཚད་མེད་འོད། ཆེན་པོས་འོད་གསལ་དུ་སྐྱེའོ། །བསམ་གཏན་གསུམ་པ་ལའང་གཉིས་ལས། ཉེར་བསྡོགས་ནི་བསམ་གཏན་གཉིས་པའི་དངོས་གཞི་བསྟན་པ་དེ་ཉིད་ཀྱི་ངང་ལ་མཉམ་པར་བཞག་པས། ཡང་རྟོག་དཔྱོད་གང་ཡང་མེད་པའི་གསལ་སྟོང་འཛིན་མེད་ཀྱི་ཏིང་ངེ་འཛིན་སྔར་མེད་གསར་དུ་ལྷག་གིས་སྐྱེས་པ་ནི་གསུམ་པའི་དངོས་གཞིའོ། །དེ་ཉིད་ཆུང་ངུར་ཐོབ་པས་བསམ་གཏན་གསུམ་པའི་དགེ་ཆུང་། འབྲིང་གི་ཚད་མེད་དགེ །ཆེན་པོས་དགེ་རྒྱས་སོ། །བསམ་གཏན་བཞི་པ་ལ་སོ་སོ་སྐྱེ་བོའི་གནས་གསུམ་འཕགས་པའི་གནས་ལྔ་ཡོད་པས། དང་པོ་སོ་སོ་སྐྱེ་བོའི་བསམ་གཏན་བཞི་ནི། ཉེར་བསྡོགས་བསམ་གཏན་གསུམ་པའི་དངོས་གཞི་བསྟན་པའི་དོན་བསྒོམས་པས། ཡང་ཏིང་ངེ་འཛིན་ལས་སྐྱེས་པའི་བདེ་གསལ་མི་རྟོག་པའི་དགའ་བ དེ་སྔོན་དང་མི་འདྲ་བ་ལྷག་གིས་སྐྱེས་པ་ནི་བཞི་པའི་དངོས་གཞིའོ། །དེ་ཉིད་ལ་གོམས་པས་ཆུང་ངུས་སྤྲིན་མེད། འབྲིང་གིས་བསོད་ནམས་སྐྱེས། ཆེན་པོས་འབྲས་བུ་ཆེར་སྐྱེའོ། །གཉིས་པ་གོ ལ་མ་གོལ་གྱི་ཁྱད་པར་བཤད་པ་ནི། འབྲས་བུ་ཆེ་བའི་སེམས་བསམ་གཏན་གྱི་དགའ་བདེ་ཁྱད་པར་ཅན་སྐྱེས་པའི་ངང་ལ་རྩེ་གཅིག་ཏུ་གནས་པའི་ཚེ། །ཞི་གནས་རྐྱང་གཅིག་པ་ལ་གོལ་བས་གཟུགས་མེད་དུ་སྐྱེ་བ། ལྷག་མཐོང་རྣམ་པར་མི་རྟོག་པས་འཕགས་པའི་གནས་གཞན་གཙང་མ་རིས་ཀྱི་ལྷ་ལྔར་སྐྱེས་ཏེ་གྲོལ་བ་ཐོབ་པ་ཡིན་ནོ། །དེ་ཡང་འབྲས་བུ་ཆེ་བའི་ཏིང་ངེ་འཛིན་དེའི་ངང་ལས། ཞི་གནས་ཀྱི་སེམས་གང་ལའང་
མི་རྟོག་པའི་ངང་ལ་གོམས་པས། ཇི་ཞིག་ལྟར་ན་ཆོས་ཐམས་ཅད་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལྟར་གང་དུའང་མ་གྲུབ་ལ་རིག་པ་གསལ་བ་ཙམ་མ་འགགས་པའི་ཏིང་ངེ་འཛིན་སྔོན་དང་མི་འདྲ་བ་སྐྱེས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སེམས་ཐོབ་པའོ། །ད་ལྟ་སེམས་དེ་ཐོབ་པའི་ངང་ལ་ཚེའི་དུས་བྱས་ན་དེར་སྐྱེའོ། །དེ་ནས་ཡང་དེ་ཉིད་ཀྱི་ངང་ལ་གོམས་པས་ཇི་ཞིག་ན་ནམ་མཁའ་ལྟ་བུའི་གསལ་དྭངས་དེའང་མེད་པར་ནང་དུ་སེམས་རྩེ་གཅིག་པའི་རྣམ་པར་ཤེས་པ་རྣམ་རྟོག་ཞི་བ་ཙམ་གྱིས་ཏིང་ངེ་འཛིན་སྔར་དང་མི་འདྲ་བ་སྐྱེས་པ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སེམས་ཐོབ་པའོ། །འདིར་སེམས་དེའི་ངང་ལ་ཚེ་འཕོས་ན་དེར་སྐྱེའོ། །དེ་ནས་དེའི་ངང་ལ་གོམས་པས་ཇི་ཞིག་ན་ནང་དུ་སྤྲོས་པ་ཞི་བ་ཙམ་གྱིས་ཚོར་བ་ཕྲ་མོའི་ཤེས་པ་དེ་ཡང་ནུབ་སྟེ། ཅི་ཡང་མེད་པའི་ཤེས་པ་རྩེ་གཅིག་པའི་ཞི་གནས་ཀྱི་སེམས་སྔོན་དང་མི་འདྲ་བ་སྐྱེས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དོ། །ད་ལྟ་དེའི་སེམས་གོམས་པ་ལས་ཚེ་འཕོས་པ་ཀུན་དེར་སྐྱེའོ། །དེ་ནས་དེའི་ངང་ལ་གོམས་པས་ཇི་ཞིག་ན་ཅི་ཡང་མེད་པ་ཙམ་དུ་འཛིན་པའི་སེམས་དེ་ཡང་ཡོད་མེད་གང་དུ་ཡང་མ་གྲུབ་པའི་ཞི་གནས་རྐྱང་གཅིག་ལ་སོང་ནས། སྔོན་དང་མི་འདྲ་བའི་གནས་ཆ་མཐུག་པོ་གང་ཡང་མི་རྟོག་པ་སྐྱེ་བ་ནི། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་སྟེ། དེ་ཉིད་གོམས་པ་ཀུན་ཐབས་དང་མི་ལྡན་ན་དེར་སྐྱེའོ། །དེ་ནི་སྲིད་རྩེའི་སེམས་ཐོབ་པ་ཞེས་བྱའོ། །རྟེན་དེ་ལ་ཚོར་བ་དང་འདུ་ཤེས་བཀག་པས་འཇིག་རྟེན་པའི་ཚོར་བ་དང་འདུ་ཤེས་འགོག་པའི་ཏིང་ངེ་འཛིན་ཐོབ་པ་ཞེས་བྱ་སྟེ། བསམ་གཏན་བཞི་གཟུགས་མེད་བཞི་སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །དེ་ཡང་འཕགས་པ་རྣམས་ནི་སེམས་དེ་དག་མངོན་དུ་བྱས་ཏེ་བསྒོམས་ཀྱང་དེར་མི་སྐྱེའོ། །འོ་ན་སོ་སོ་སྐྱེ་བ་རྣམས་དེ་དག་ཏུ་སྐྱེ་བ་ཅིས་ལན་ཞེ་ན། རང་རང་བསམ་གཏན་དང་། གཟུགས་མེད་སྒོམ་
དུས་རགས་པའི་སེམས་ཀྱི་ཏིང་ངེ་འཛིན་ལ་རགས་པ་ཞེས་བྱ་སྟེ། ཞེ་སྡང་སོགས་རགས་པ་མེད་པས་འོག་མར་མི་སྐྱེ་ལ། གོང་མ་ལ་ཞི་བ་སྟེ། ཡོན་ཏན་ཅན་དུ་ཤེས་པས་བླང་བྱར་འཛིན་ཅིང་ཆགས་པར་བྱས་ཏེ་བསྒོམས་པས་གོང་མ་གོང་མར་སྐྱེ་བའོ། །འོ་ན་དེ་ལྟ་བུའི་ཏིང་ངེ་འཛིན་ཡོད་ཀྱང་ཡང་འཁོར་བ་འཁྱམས་པ་ཅིས་ལན་ན། རང་ངོ་མ་ཤེས་ཤིང་བདག་རྟོག་བག་ལ་ཉལ་བའི་ཆ་ཀུན་གཞི་ལ་ཡོད་པ་རང་བཞིན་མེད་པར་ཤེས་པའི་ཤེས་རབ་ཀྱི་མ་རྟོགས་པས་ཡང་དང་ཡང་དུ་ཏིང་ངེ་འཛིན་དེ་ལྟ་བུ་སྐྱེས་ཀྱང་འཁོར་བར་འཁྱམས་སོ། །དེ་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །བདག་རྟོག་བག་ལ་ཉལ་བ་མ་སྤངས་པས། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། ཞེས་སོ། །ཡང་དེ་ཉིད་བསམ་གཏན་ཡིན་པས་སེམས་ཀྱི་རྣམ་རྟོག་དང་དངོས་པོ་ལ་འཛིན་པ་ཆུང་ཞིང་སྤྱན་དང་མངོན་ཤེས་སྐྱེ་བས། ཉོན་མོངས་པ་མངོན་གྱུར་མགོ་གནོན་པ་ལས། ཡང་དག་པའི་ལྷག་མཐོང་མེད་པས་འཁོར་བ་ནི་འཁོར་ཏེ། སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པར་འདོད། །རིགས་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་བསྒྲུབ། །ཤེས་རབ་ཀྱི་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། ཞེས་སོ། །གཉིས་པ་མ་གོལ་བའི་བསམ་གཏན་ལ། དེ་ལྟར་འབྲས་བུ་ཆེ་བའི་སེམས་ཏིང་ངེ་འཛིན་གྱི་དགའ་བདེས་བརླན་པ་ལ་གནས་པའི་ཚེ། ཉན་རང་བྱང་ཆུབ་སེམས་དཔའ་གང་གི་ལམ་ལ་ཞུགས་པའི་ཐབས་ཀྱིས་ཟིན་པའི་ཏིང་ངེ་འཛིན་གསལ་ལ་མི་རྟོག་པའི་ངང་ལ་མཉམ་པར་བཞག་པས། ཇི་ཞིག་ན་རང་རང་གི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྔར་མ་མཐོང་བ་མངོན་སུམ་གྱིས་མཐོང་སྟེ། རབ་ཏུ་
དགའ་བའི་ཏིང་ངེ་འཛིན་གྱི་སེམས་སྔོན་པས་འཕགས་པ་ཐོབ་ཀྱང་འཕངས་པའི་ཡེ་ཤེས་གོང་མ་ལ་ལྟོས་ན་ཆུང་ངུར་སྣང་བས་མི་ཆེ་བའི་ལྷའི་སེམས་སྐྱེའོ། །བྱང་ཆུབ་སེམས་དཔའ་དང་པོ་རབ་ཏུ་དགའ་བའོ། །དེ་ལྟ་བུའི་སེམས་ལ་གོམས་པས། ཡང་གསལ་ལ་མི་རྟོག་པའི་སེམས་འཕགས་ལམ་བརྒྱད་ཀྱི་རྣམ་པ་ཅན་སྔོན་པས་འཕགས་པ་སྐྱེས་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གདུང་བ་དང་བྲལ་བས་མི་གདུང་བའི་སེམས་སོ། །དེའང་སྒོམ་ལམ་ཆུང་ངུ་གསུམ་སྟེ་བྱང་ཆུབ་སེམས་དཔའི་ས་གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ་གསུམ་ཐོབ་པའོ། །དེ་ནས་ཡང་དེ་ཉིད་ལ་གོམས་པས་འཕགས་པའི་ཡེ་ཤེས་མཆོག་གཙོ་བོ་ཕུལ་དུ་ཕྱིན་པ་སྔར་མེད་གསར་དུ་ཐོབ་པ་ནི། གྱ་ནོམ་སྣང་བ་སྟེ་སྒོམ་ལམ་འབྲིང་གསུམ་མོ། །བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་བ། བདུན་པ་རིང་དུ་སོང་བའོ། །དེ་ནས་ཡང་དེ་ཉིད་ལ་གོམས་པས་སྔོན་པས་ཀྱང་འཕགས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་མཐོང་བས་ཤིན་ཏུ་མཐོང་བ་སྟེ་སྒོམ་ལམ་ཆེན་པོ་གསུམ་མོ། །བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ། །དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ནོ། །དེ་ནས་དེ་ཉིད་ལ་གོམས་པ་མཐར་ཕྱིན་པས་རང་རང་གི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་ནས་ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལུས་དེ་ཉིད་ཀྱང་མེད་པར་མྱ་ངན་ལས་འདས་པའི་སེམས་ཐོབ་པ་ནི་འོག་མིན་ཏེ། སྒྲིབ་པ་མེད་པ་དགྲ་བཅོམ་པའི་ས་ཐོབ་པའོ། །བྱང་ཆུབ་སེམས་དཔའ་རྣམས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ནས། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པ་བྱེ་བ་ཕྲག་བརྒྱས་སེམས་ཅན་གྱི་དོན་བྱེེད་པར་འདོད་པའོ། །དེ་ཡང་ཉན་རང་འཕགས་པ་ཁ་ཅིག་ནི་གཙང་མ་རིས་ཀྱི་ལྷ་དེ་དག་ཏུ་སྐྱེ་བ་བཟུང་
ནས་དགྲ་བཅོམ་པ་ཐོབ་པ་ཡང་ཡོད་ལ། ཁ་ཅིག་འདོད་པའི་རྟེན་ལས་དེ་དག་གི་སེམས་མངོན་དུ་བྱས་ནས་དགྲ་བཅོམ་པ་ཐོབ་པའོ། །བྱང་ཆུབ་སེམས་དཔའ་ནི་འདོད་པའི་རྟེན་ཁོ་ན་ལ་དེ་དག་གི་སེམས་མངོན་དུ་བྱས་ནས་རང་སྣང་རྣམ་པར་དག་པ་སངས་རྒྱས་པའི་ས་དེ་ཉིད་འོད་མིན་དུ་བྱས་ཏེ། སེམས་ཅན་གྱི་དོན་ལ་བྱང་ཆུབ་སེམས་དཔའ་ས་ཐོབ་པ་ཆེན་པོ་རྣམ་ལ་ལོངས་སྐུ་དང་། མ་དག་པའི་སྐྱེ་བོ་ལ་སྤྲུལ་སྐུའི་དོན་བྱེད་པར་འདོད་པའོ། །གསུམ་པ་ཡང་དག་པའི་ལམ་དུ་འགྲོ་ཚུལ་བསྟན་པ་ནི། དེ་ལྟར་བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། འགོག་པའི་སེམས་རྩེ་གཅིག་པ་སྟེ་དགུ་པོ་ནི་ཐབས་ཁྱད་པར་ཅན་གྱིས་མ་ཟིན་ན་ནི་འཁོར་བའི་སེམས་ཏེ། ཡང་ཁམས་གསུམ་དུ་འཁོར་བ་ལས་གཞན་མེད་དོ། །ཟིན་ན་ཐར་པའི་ལམ་ཆུང་འབྲིང་ཆེ་གསུམ་དུ་འགྲོ་བའོ། །དེ་ཡང་རང་དོན་དུ་འཁོར་བ་ལས་གྲོལ་བར་འདོད་པའི་གང་ཟག་གིས་བདག་མེད་དང་། དེའི་སྟེང་དུ་ཕྱི་བཟུང་བ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་ན། ཉན་རང་གི་ལམ་དུ་ཞུགས་ཏེ་ཐེག་དམན་གྱི་བྱང་ཆུབ་གཉིས་མངོན་དུ་བྱེད་པའི་རྒྱུར་འགྱུར་རོ། །ཡང་སེམས་ཅན་ཐམས་ཅད་འཁོར་བ་ལས་གྲོལ་བར་འདོད་པའི་ཐབས་སྙིང་རྗེ་ཆེན་པོ་དང་། གང་ཟག་གི་བདག་ང་དང་ང་ཡིར་འཛིན་པ་ཆ་དང་བཅས་པ་དང་། ཆོས་ཀྱི་བདག་ཕྱི་གཟུང་ཡུལ་རྨི་ལམ་སྒྱུ་མ་ལྟར་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་དང་། ནང་འཛིན་བྱེད་ཀྱི་ཤེས་པ་དུས་གསུམ་རྩ་བྲལ་དུ་ཤེས་པའི་ཤེས་རབ་དང་ལྡན་ན། བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་བྱེད་དོ། །དེའང་འདོད་པ་དང་བསམ་གཏན་བཞི་པའི་འབྲས་བུ་ཆེ་བ་མན་ཆད་དུ་ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ་དུ་དྲན་པ་ཉེར་བཞག་བཞི་ཡང་དག་པར་སྤོངས་པ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་རྫོགས་པར་བྱེད་ཅིང་། གཟུགས་མེད་བཞིའི་སེམས་ཀྱི་རྟེན་ལ་སྦྱོར་ལམ་མངོན་དུ་བྱེད་དེ། དེ་ཡང་དྲོད་རྩེ་མོ་གཉིས་སུ་དབང་པོ་ལྔ།
བཟོད་པ་ཆོས་མཆོག་གཉིས་སུ་སྟོབས་ལྔ་རྫོགས་པར་བྱེད་དོ། །དེ་ནས་མི་ཆེ་བའི་སེམས་ཀྱི་རྟེན་ལ་རང་རང་གི་མཐོང་ལམ་དུ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་མངོན་དུ་བྱེད་ཅིང་། མི་གདུང་བ། གྱ་ནོམ་སྣང་། ཤིན་ཏུ་མཐོང་བའི་སེམས་ཀྱི་རྟེན་གསུམ་ལ་སྒོམ་ལམ་དུ་འཕགས་པའི་ལམ་ཡན་ལག་བརྒྱད་མངོན་དུ་བྱས་པའི་མཐར། འོག་མིན་གྱི་སེམས་ལ་རང་རང་གི་དགྲ་བཅོམ་པའི་འབྲས་བུ་སངས་རྒྱས་མངོན་དུ་བྱས་ཏེ་སྟོབས་བཅུ། མི་འཇིགས་པ་བཞི། ཆོས་མ་འདྲེས་པ་བཅོ་བརྒྱད། བྱམས་པ་ཆེན་པོ། སྙིང་རྗེ་ཆེན་པོ་རྣམས་མངོན་དུ་གྱུར་ཏེ་སངས་རྒྱས་བྱང་ཆུབ་རིག་པ་གསུམ་བརྙེས་པར་འདོད་དོ། །འདི་དག་ནི་སེམས་ལམ་དུ་བྱེད་པ་རྣམས་ཀྱི་ས་མཚམས་དང་། ཏིང་ངེ་འཛིན་གྱི་གནད་གལ་པོ་ཆེ་སྟེ་འདིར་རྡོ་རྗེ་སྙིང་པོའི་ཐེག་པར་ཐེག་པ་ཐམས་ཅད་ཀྱི་དོན་རྫོགས་པར་འཆད་པས་མཐོ་དམན་གྱི་ཁྱད་པར་ཤེས་པའི་དོན་དུ་བསྟན་པའོ། །དོན་ལྔ་པ་སེམས་ཅན་གྱི་ཁམས་ལ་གདོད་མའི་སངས་རྒྱས་ཇི་ལྟར་བཞུགས་པ་བསྟན་པ་ནི། ཐལ་འགྱུར་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །དེ་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་པ་དང་། བརྟགས་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ལུས་གནས་ལུས་ལ་མ་སྐྱེས་པའོ། །ཞེས་པ་དང་། སམ་བྷུ་ཊི་ལས། རང་ལུས་རྡོ་རྗེ་སངས་རྒྱས་ཉིད། །རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་ནས་སངས་རྒྱས་བསྟན་དུ་མེད། །ཅེས་པ་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། རིགས་ཡོད་ཕྱིར་ན་འགྲོ་བ་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པ་དང་། ཀློང་གསལ་ལས། ཐོག་མའི་རིག་རྩལ་ཡེ་ཤེས་ལྔ། །མ་རིག་འཁྲུལ་པས་འབྱུང་བར་གྲུབ། །དེས་ན་ལུས་འདི་སངས་རྒྱས་དངོས། །ཡེ་ཤེས་ཆེན་པོའི་འབྱུང་གནས་ཉིད། །ལུས་ཅན་ཀུན་ལ་བཟང་ངན་མེད། །བདེ་གཤེགས་
ངོ་བོས་འགྲོ་ཀུན་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་གནས། །མ་རིག་གྲོལ་ཚེ་འབྱུང་བའི་ལུས། །ལྷག་མེད་ཡེ་ཤེས་ངང་དུ་ལྡོག །ཅེས་གསུངས་པའི་ཚུལ་གྱིས་གདོད་མའི་མགོན་པོ་འོད་མི་འགྱུར་བ་ལུས་ཅན་ཀུན་གྱི་སྙིང་གི་ནང་ན་བཞུགས་པའི་ཚུལ་ངེས་པར་བྱ་བ་ལ་དོན་རྣམ་པ་གསུམ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བཞུགས་ཚུལ་མདོར་བསྟན། སེམས་དང་ཡེ་ཤེས་ཀྱི་དབྱེ་བས་བཞུགས་ཚུལ་རྒྱས་པར་བཤད། དེ་ཉིད་འཁོར་འདས་ཀྱི་རྟེན་ཕྱེད་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ནི་མུ་ཏིག་ཕྲེང་བ་ལས། གནས་ལུགས་རྣམ་པ་མང་བཤད་ཀྱང་། །ཡེ་ཤེས་རྣམ་པ་གསུམ་ཡིན་ནོ། །ཞེས་པ་དང་། སྒྲོན་མ་རྣམ་བཀོད་ལས། སེམས་ཅན་ཀུན་གྱི་སྙིང་ནང་ན། །གདོད་མའི་མགོན་པོ་འོད་མི་འགྱུར། །སྐུ་གསུམ་ཡེ་ཤེས་གསུམ་ཉིད་དོ། །ཡེ་ནས་ལྷུན་གྱིས་གྲུབ་པར་གནས། །ཞེས་པས། དེ་ཡང་སྙིང་གི་ནང་ན་ཀུན་རྫོབ་རྒྱུའི་ཐིག་ལེ་ཉུང་འབྲུ་ཙམ་གྱིས་རྟེན་བྱས་ཏེ། གདོད་མའི་མགོན་པོ་འོད་མི་འགྱུར་བ་ངོ་བོ་ཡེ་ནས་སྟོང་པ་ཀ་དག་ཆོས་ཀྱི་སྐུའི་ངང་ལ་རང་བཞིན་འོད་དུ་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་ཀྱི་ཟེར་གདངས་དང་བཅས་པའི་སྦུབས་ན། ཐུགས་རྗེ་རིག་པའི་སྙིང་པོ་ཅན་སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས། རྣམ་པ་ཐམས་ཅད་མཁྱེན་པའི་འཕྲོ་གཞིར་མ་འགགས་པའི་འཆར་གཞི། གཞི་གནས་ཀྱི་ཡེ་ཤེས་སྲོག་ཏུ་གྱུར་པའི་རླུང་ཡན་ལག་བཞི་དང་ཤེས་རབ་ལྔའི་རྟེན་དུ་གྱུར་པ་བུམ་ནང་གི་མར་མེ་ལྟར་གནས་པའི་མདངས་ལས་སེམས་དང་འོད་གསལ་གྱི་སྣང་བ་སྣ་ཚོགས་སུ་སྣང་བ་དེ། ཀློང་གསལ་ལས། རིག་པའི་རྩལ་ལས་ཡེ་ཤེས་གསུམ། །ངོ་བོ་སྟོང་པའི་ཡེ་ཤེས་དང་། །རང་བཞིན་གསལ་བའི་ཡེ་ཤེས་དང་། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་སོ། །ཞེས་པ་དང་། ཕྲ་བཀོད་ལས། ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་པས། དེ་ཡང་སྙིང་ག་ན་ཡེ་ཤེས་གནས་པའི་གདངས་དུང་ཁང་ན་གསལ་ཞིང་། དེ་གཉིས་ཀའི་ཟེར་གདངས་རྩ་རྣམས་ཀྱི་ནང་ན་ཐིག་ལེ་སྒྲོན་མའི་ཚུལ་གྱིས་ལུ་གུ་རྒྱུད་ཀྱི་རྣམ་
པར་གནས་སོ། །གཉིས་པ་ལ་སྙིང་པོ་ཡེ་ཤེས་ཀྱི་བཞུགས་ཚུལ། དེའི་གདངས་སེམས་ཀྱི་བཞུགས་ཚུལ། དེ་གཉིས་ཇི་ལྟར་ཕྲད་ཅིང་གྱེས་པའི་ཚུལ་གསུམ་ལས། དང་པོ་ལ་འོད་གསུམ་གྱི་ངོ་བོ་རྒྱས་པར་བཤད། ཕྱི་ནང་གསང་བ་གསུམ་གྱི་རང་བཞིན་རྒྱས་པར་བཤད། རླུང་ཤེས་སྐུ་གསུམ་གྱི་ཐུགས་རྗེ་རྒྱས་པར་བཤད་པ་གསུམ་ལས། དང་པོ་ནི་ཀློང་གསལ་ལས། གདོད་ནས་དག་པའི་ངོ་བོ་ལ། །དམིགས་སུ་མེད་པའི་ཆོས་སྐུའི་འོད། །ཡེ་ནས་ལྷུན་གྲུབ་ལོངས་སྐུའི་འོད། །ཀུན་ལ་ཁྱབ་པས་སྤྲུལ་སྐུའི་འོད། །ཅེས་པས། ངོ་བོ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ནམ་མཁའ་དྲི་མ་མེད་པ་ལྟར་སྟོང་གསལ་འདུས་མ་བྱས་པ་དེ་ལ་གང་དུའང་མ་གྲུབ་པས་སྤྲོས་པ་དང་མཚན་མ་མེད་པ་ནི་ཞི་བ་ཆོས་ཀྱི་སྐུ་ཡེ་སྟོང་རྩ་བྲལ། དེ་ལྟ་བུའི་དོན་མཐའ་གྲོལ་ཆེན་པོ་ཉིད་སུས་ཀྱང་མ་བྱས་པར་ཡེ་ནས་ལྷུན་གྱིས་གྲུབ་པས་སྐྱེ་མེད་ཆོས་ཉིད་ཀྱི་ལོངས་སྐུ་འགག་མེད་ཆེན་པོ་དེ་ཉིད་སྣང་སྲིད་འཁོར་འདས་ཐམས་ཅད་ལ་ཁྱབ་ཅིང་། སྣང་སྲིད་འཁོར་འདས་ཐམས་ཅད་ཀྱང་ཡེ་གྲོལ་སྟོང་པའི་ཆོས་ཉིད། དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་ལས་མ་འདས་པ་དེ་མ་སྐྱེས་ལྷུན་རྫོགས་ཀྱི་སྤྲུལ་སྐུ་བརྡལ་ཁྱབ་ཆེན་པོའོ། །དེ་ལྟར་གཞི་ནས་མ་སྐྱེས་པའི་ཆོས་ཉིད། ཡེ་སྟོང་རྩ་བ་དང་བྲལ་བ། བྱར་མེད་ལྷུན་རྫོགས་ཀྱི་གནས་ལུགས་ཆེན་པོ་ནི། ཆོས་ཐམས་ཅད་ཀྱི་ངོ་བོར་བཞུགས་པས་རིག་པ་ཡེ་ཤེས་ཀྱི་ངོ་བོར་ཡང་སྟོང་ལ་སྤྲོས་པ་དང་བྲལ་བའོ། །ཞེས་པའི་དགོངས་པ་དེ་ཡིན་ནོ། །གཉིས་པ་ནི་ཀློང་གསལ་ལས། ལུས་ལ་གནས་པའི་རིག་པ་ཡང་། །ཕྱི་ལྟར་ཞི་ཁྲོའི་རང་བཞིན་ལ། །ནང་ལྟར་ཌཱ་ཀི་ཡབ་ཡུམ་མོ། །གསང་བ་ཡི་གེའི་རང་བཞིན་ལ། །ཡང་གསང་ཐིག་ལེ་ཉག་གཅིག་གོ །ཞེས་པས། འདི་ལ་ཕྱི་ལྟར་ན་སྐུ་
དང་སྦྱར་ནས་ཞི་ཁྲོའི་དཀྱིལ་འཁོར་གནས་ཚུལ། ནང་ལྟར་ན་གསུང་དང་སྦྱར་ནས་འཁོར་ལོ་ལྔ་ན་ཡེ་ཤེས་ཀྱི་མཁའ་འགྲོ་ཡི་གེར་གྲུབ་ཚུལ། གསང་བ་ལྟར་ཐུགས་དང་སྦྱར་ནས་སྙིང་གར་འོད་གསལ་སྤྲོས་པ་དང་བྲལ་བའི་ཐིག་ལེ་ཡོད་ཚུལ་གསུམ་ལས། དང་པོ་ལ་གནས་གང་ན་གནས་པ། དེ་ན་འོད་གསལ་གྱི་དཀྱིལ་འཁོར་གྲུབ་ཚུལ། འདི་ཉིད་བཞུགས་པའི་དཔེ་བཤད་པ་དང་གསུམ་ལས། དང་པོ་ནི་ནོར་བུ་ཕྲ་བཀོད་ལས། རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་། །འགྱུ་བྱེད་རྩ་ཡི་གཞལ་ཡས་དང་། །དུང་ཁང་བྷནྡྷའི་གཞལ་ཡས་དང་། །ལྟ་བྱེད་མིག་གི་གཞལ་ཡས་སོ། །གཞལ་ཡས་ཆེན་པོ་དེ་བཞི་ནི། །གསང་སྔགས་ཀུན་གྱི་གསང་ཆེན་གནས། །ཞེས་པ་དང་། ཐལ་འགྱུར་ལས། སྤྱི་དང་ཙིཏྟ་རྩ་ནང་ན། །མ་བཅོས་དག་པའི་ཆོས་ཉིད་གནས། །ཞེས་པ་དང་། ཀློང་གསལ་ལས། སེམས་ཅན་ཀུན་གྱི་ལུས་ཀྱི་ནང་། །ཙིཏྟ་དུང་ཁང་རྩ་ནང་སྒོ། །དེ་ནི་རིག་པའི་གནས་ཡིན་ནོ། །ཞེས་སོ། །གཉིས་པ་ཀློང་གསལ་ལས། ངོ་བོ་སྟོང་གསལ་སྐུ་རུ་གནས། །རང་བཞིན་གསལ་སྟོང་ཏི་ལ་འོད། །ཐུགས་རྗེ་སྣང་སྟོང་སྒྲོན་མར་སྣང་། །ཞེས་པས། འདི་ལ་ངོ་བོ་ཞི་ཁྲོའི་སྐུར་གནས་ཚུལ། རང་བཞིན་འོད་དང་ཐིག་ལེར་གནས་ཚུལ། ཐུགས་རྗེ་ཡེ་ཤེས་ཀྱི་སྒྲོན་མར་གནས་ཚུལ་གསུམ་ལས། དང་པོ་ནི་ཐལ་འགྱུར་ལས། ཙིཏྟའི་ནང་ན་སྐུར་གནས་ཏེ། །མདངས་ཀྱི་སྐུ་ནི་རྣམ་པ་ལྔས། །སོ་སོའི་རིགས་ཀྱི་མཚན་ཉིད་འཛིན། །ཞེས་སོ། མཚན་ཉིད་ཇི་ལྟར་འཛིན་པ། སེང་གེ་རྩལ་རྫོགས་ལས། གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད། །རིག་པའི་ཡེ་ཤེས་ཡབ་ཡུམ་ཚུལ། །དོན་འཁྱིལ་བྷན་དྷ་གཞལ་ཡས་མཛོད། །རིག་པའི་ཡེ་ཤེས་ཁྲོ་སྐུར་གནས། །ཞེས་པ་དང་།
ཕྲ་བཀོད་ལས། ཨེ་མ་རིག་པའི་གནས་ལུགས་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །ཡབ་དང་ཡུམ་གྱི་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུར་དུ་གནས། །དབྱིངས་དང་རིག་པས་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །དེ་ནི་ཞི་བའི་བཞུགས་ཚུལ་ལོ། །རང་རང་མགོ་ལ་ཁྲོ་བོར་གནས། །ཡབ་དང་ཡུམ་དུ་མངོན་པར་སྣང་། ཁྲོ་དང་ཁྲོ་མོའི་ཚུལ་འཆང་ཞིང་། །ཡེ་ཤེས་ལྔ་ལྔ་དག་དང་ལྡན། །སྐུ་ཡི་ཡེ་ཤེས་རེ་རེ་ལ། །དབུ་ཡི་ཡེ་ཤེས་ལྔ་ལྔའོ། །ཞེས་པ་དང་། ཀློང་གསལ་ལས། རང་རིག་ངོ་བོ་སྐུར་གནས་ཏེ། །གསལ་ལ་རང་བཞིན་མ་གྲུབ་པ། །སྙིང་ནང་ཡབ་ཡུམ་ཞི་བའི་ཚུལ། །དུང་ཁང་ཁྲོ་བོའི་ཚུལ་དུ་གནས། །ཞེས་པས། ད་ལྟ་རང་གི་ལུས་ལ་ཞི་ཁྲོའི་དཀྱིལ་འཁོར་གཉིས་རང་ཆས་སུ་ཟ་འོག་གི་ཟེར་ཁྱིམ་ལྟར་བཀྲ་ལམ་མེ་ནང་གསལ་དུ་བུམ་ནང་གི་མར་མེ་ལྟར་གནས་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ཞེས་པས། འདི་ཉིད་རྒྱས་པར་བཤད་པ་ལ། ཞི་དང་ཁྲོ་བོའི་དཀྱིལ་འཁོར་གཉིས་ལས། ཐོག་མར་ཞི་བའི་དཀྱིལ་འཁོར་རང་གི་སྙིང་། ཙིཏྟ་རིན་པོ་ཆེའི་སྦུབས་ན་ཀུན་རྫོབ་ཀྱི་ཐིག་ལེ་ཉུང་འབྲུ་ཙམ་ལ་བརྟེན་ནས། འོད་ལྔའི་ཀློང་ན་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བཞུགས་པ་ནི། དེ་ཡང་འོད་ལྔ་ཟང་ཐལ་ལ་ཟ་འོག་གི་གུར་ཁང་ལྟ་བུའི་དབུས་ན། རང་བཞིན་གདོད་མའི་མགོན་པོ་འོད་མི་འགྱུར་བ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་གདོད་མའི་ཀ་དག་ཆེན་པོའི་གདངས་ཀྱི་སྐུ་མཐིང་སྐྱ་ཞལ་སྦྱོར་དུ་བཞུགས་པའི་ཡེ་ཤེས་ལྔའི་གདངས་ལས་བར་ན་ལོངས་སྐུ་རིགས་ལྔ་ཡབ་ཡུམ་འཇའ་ཚོན་ལྟ་བུར་གནས་ཏེ། དེ་ཡང་དབུས་སེང་གེ་པད་ཟླ་ཉི་མས་བརྒྱན་པའི་ཁྲི་
ལ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་གདངས་མཐིང་ཀ་ཡབ་ཡུམ་ནམ་མཁའ་དབྱིངས་ཕྱུག་མ་དང་ཞལ་སྦྱར་ནས་བཞུགས་པ་ནི། དབུས་ཀྱི་ཀུན་བཟང་ཡབ་ཡུམ་དང་དབྱེར་མི་ཕྱེད་ལ་སོ་སོར་སྣང་བ་མར་མེའི་གྲིབ་མ་བརྩེགས་མ་ལྟར་ཟང་ཐལ་དུ་རྣམ་སྣང་གི་དབུས་ན་ཀུན་བཟང་ཡོད་པའམ། ཀུན་བཟང་གི་དབུས་ན་རྣམ་སྣང་ཡོད་པ་ལྟར་བཞུགས་སོ། །ཤར་དུ་གླང་པོ་ཆེ་པད་ཟླ་ཉི་མའི་སྟེང་དུ་རྡོ་རྗེ་མི་བསྐྱོད་པ་མཱ་མ་ཀཱི་དང་གཉིས་སུ་མེད་པ། མེ་ལོང་ཡེ་ཤེས་ཀྱི་གདངས་ལས་སྐུ་མདོག་དཀར་པོར་བཞུགས་སོ། །ལྷོར་རྟ་མཆོག་པད་ཟླ་ཉི་མའི་སྟེང་ན་རིན་ཆེན་འབྱུང་ལྡན་སངས་རྒྱས་སྤྱན་མ་དང་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གདངས་ལས་སྐུ་མདོག་སེར་པོར་བཞུགས་སོ། །ནུབ་ཏུ་རྨ་བྱ་པད་ཟླ་ཉི་མའི་སྟེང་དུ་སྣང་བ་མཐའ་ཡས་གོས་དཀར་མོ་དང་གཉིས་སུ་མེད་པ་ཀུན་རྟོགས་ཡེ་ཤེས་ཀྱི་གདངས་ལས་སྐུ་མདོག་དམར་པོར་བཞུགས་སོ། བྱང་དུ་ཤང་ཤང་པད་ཟླ་ཉི་མའི་སྟེང་དུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་གདངས་ལས་དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ་མ་དང་གཉིས་སུ་མེད་པར་སྐུ་མདོག་ལྗང་གུར་བཞུགས་སོ། །གཙོ་བོ་རྣམས་ནི་འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་གྱིས་ཡུ་བ་བྱས་པའི་རལ་གྲི་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྣམས་ནི་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། རིན་པོ་ཆེ་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས། སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེའི་ཕྱི་རིམ་འོད་ལྔའི་སྣང་བ་ལ་ཕྱོགས་ཀྱི་གཙོ་བོ་བཞིའི་ཡེ་ཤེས་ལྔའི་གདངས་ལས་གྲུབ་པའི་སྤྲུལ་པའི་སྐུ་སེམས་དཔའ་སེམས་མ་བཅུ་དྲུག །སྒོ་བ་ཡབ་ཡུམ་བཞི། ཐུབ་པ་དྲུག་དང་བཅས་པ་འོད་གསལ་ཆུ་ཟླ་ལྟ་བུར་སྣང་སྟེ། ཤར་ལྷོར་ནམ་མཁའི་སྙིང་པོ་དང་རྡོ་རྗེ་སྒེག་མོ། ལྷོ་ནུབ་ཏུ་སའི་སྙིང་པོ་དང་ཕྲེང་བ་མ། ནུབ་བྱང་དུ་སྤྱན་རས་གཟིགས་དང་གླུ་མ། བྱང་ཤར་ཏུ་ཀུན་ཏུ་བཟང་པོ་དང་གར་མའོ། །
ཡང་དེའི་ཕྱི་རིམ་གྱི་ཤར་ལྷོར་བྱམས་པ་དང་བདུག་སྤོས་མ། ལྷོ་ནུབ་ཏུ་སྒྲིབ་པ་རྣམ་སེལ་དང་མེ་ཏོག་མ། ནུབ་བྱང་དུ་འཇམ་དཔལ་དང་སྣང་གསལ་མ། བྱང་ཤར་དུ་ཕྱག་ན་རྡོ་རྗེ་དང་དྲི་ཆབ་མའོ། །ཤར་སྒོར་ཁྲོ་བོ་རྣམ་པར་རྒྱལ་བ་དང་སྒོ་མ་ལྕགས་ཀྱུ་མ། ལྷོ་སྒོར་ཁྲོ་བོ་གཤིན་རྗེ་གཤེད་པོ་དང་ཞགས་པ་མ། ནུབ་སྒོར་ཁྲོ་བོ་རྟ་མགྲིན་རྒྱལ་པོ་དང་ལྕགས་སྒྲོག་མ། བྱང་སྒོར་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་སྒོ་མ་དྲིལ་བུ་མ་ཞལ་སྦྱར་ནས་བཞུགས་སོ། །སྤྱི་བོ་བདེ་བ་ཆེན་པོའི་རྩ་ནང་ན་ལྷའི་ཐུབ་པ་བརྒྱ་བྱིན་དཀར་པོ། ལྟག་པའི་རྩ་བ་མེན་གྱི་རྭ་འདྲ་བ་ན་ལྷ་མ་ཡིན་གྱི་ཐུབ་པ་ཐགས་བཟང་རིས་མཐིང་ག ། སྲོག་པ་རྩ་ཤེལ་གྱི་སྦུ་གུ་ན་མིའི་ཐུབ་པ་ཤཱཀྱ་སེང་གེ་སེར་པོ། གསང་བའི་རྩ་བདེ་བ་བསྐྱེད་པ་ན་བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟེན་མཐིང་ནག །ལྟེ་བ་སྤྲུལ་པའི་འཁོར་ལོ་ན་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་དྷེ་བ་དམར་པོ། རྐང་པའི་རྩ་ཞགས་སྒོར་འཁྱིལ་བ་ན་དམྱལ་བའི་ཐུབ་པ་ཨ་བ་གླང་མགོ་ནག་པོའོ། །དེ་ཐམས་ཅད་ཀྱང་སོ་སོའི་ཕྱག་མཚན་རྒྱན་དང་བཅས་པ་རྫོགས་ཤིང་སྐུ་ཉུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་བཞུགས་སོ། །ཕུལ་ཐག་ནི་སྐད་རྙིང་པ་སྟེ། འཚམས་པ་ཞེས་བྱ་བ་ཡིན་པས། སྐུ་དེ་དང་འཚམས་པའི་སྤྱན་ཡོད་ཅེས་པའོ། །དེ་སྐད་དུ་གསང་བ་རིན་པོ་ཆེ་བསྟན་བུའི་རྒྱུད་ལས། རང་སྣང་འོད་གསལ་འོག་མིན་གནས། །ཡེ་ཤེས་ཟང་ཐལ་ཕྱི་ནང་མེད། །དབུས་ན་སྐུ་གཉིས་འོད་དཔག་མེད། །ཀུན་བཟང་ཡབ་ཡུམ་ཆོས་སྐུར་གནས། །བར་ན་འཇའ་ཚོན་ལོངས་སྐུར་གནས། །རྣམ་པར་སྣང་མཛད་ཀུན་བཟང་མོ། །རྡོ་རྗེ་སེམས་དཔའ་སངས་རྒྱས་སྤྱན། །རིན་ཆེན་འབྱུང་ལྡན་མཱ་མ་ཀཱི། །སྣང་བ་མཐའ་ཡས་གོས་དཀར་མོ། །དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ། །ལོངས་སྐུ་ཡབ་ཡུམ་རིག་ལྔ་ཡིན། །ཕྱི་ནང་འོད་ལྔ་འབར་བའི་སྐུ། །བཅུ་དྲུག་སྤྲུལ་པའི་སྐུ་ཡིན་ཏེ། ནམ་མཁའི་སྙིང་པོ་ལཱ་སེ་མ། །
ས་ཡི་སྙིང་པོ་མཱ་མེ་མ། །བྱམས་པ་དང་ནི་དྷཱུ་པེ་མ། །སྒྲིབ་པ་རྣམ་སེལ་པུཥྤེ་མ། །འཇམ་དཔལ་དང་ནི་ཨཱ་ལོ་ཀེ། །སྤྱན་རས་གཟིགས་དང་གྷནྡྷེ་མ། །ཕྱག་ན་རྡོ་རྗེ་གཱི རྟི་མ། །སེམས་དཔའ་ཀུན་བཟང་ནཱི རྟི་མ། །གཡས་པ་ཐབས་ཡིན་ཡབ་ཏུ་གསལ། །གཡོན་པ་ཤེས་རབ་ཡུམ་དུ་གསལ། །དོན་ལ་འོད་གསལ་སྟོང་པའི་ སྐུ། །ཞེས་པས་ཚོམ་བུའི་དཀྱིལ་འཁོར་དུ་བྱས་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཡས་སུ་ཤར་ལྷོའི་སེམས་དཔའ་གཉིས། གཡོན་དུ་ཤར་ལྷོའི་སེམས་མ་གཉིས་ཀྱིས་བསྐོར་བའོ། །ལུས་གྲུབ་ཀྱི་དཀྱིལ་འཁོར་ལ་སྔ་མ་བཞིན་འདོད་དོ། །དོན་ལ་ཁྱད་མེད་དེ། ད་ལྟ་འོད་ལྔའི་ཀློང་ན་གཙོ་འཁོར་གྱི་ཚུལ་དུ་ཡོད་པ་བར་དོར་ཚོམ་བུའི་དཀྱིལ་འཁོར་དུ་འཆར་རོ། །དེའང་སྙིང་དགོངས་ནས་གཞིའི་ཀུན་ཏུ་བཟང་མོ་དཀར་པོ་ཀུན་ཏུ་བཟང་པོ་མཐིང་གར་གསུངས་ཀྱང་རྒྱུད་ཚིག་གཅུས་པར་མངོན་ཏེ། ཐོག་མའི་ཀ་དག་དེ་རིན་པོ་ཆེ་གསང་བའི་སྦུབས་མཐིང་གའི་ཀློང་ན་དེ་གཉིས་ཀ་དག་ཆོས་སྐུའི་རང་མདངས་སུ་བཞུགས་པ་མཇལ་དགོས་པས། གཉིས་ཀ་མཐིང་སྐྱར་འཐད་ལ། རྣམ་སྣང་ཡབ་ཡུམ་དཀར་པོར་བཤད་པའང་འཁྲུགས་ཏེ། མི་བསྐྱོད་པ་མཐིང་ག་དང་སྐུ་མདོག་ཡུལ་བརྗེའོ། །དེའང་རྣམ་སྣང་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་གདངས་ཡིན་པས་མཐིང་གར་འཐད་ལ། མི་བསྐྱོད་པ་མེ་ལོང་ཡེ་ཤེས་ཀྱི་གདངས་ཡིན་པས་དཀར་པོར་འཐད་དོ། །འདི་ལ་ལུང་རིག་མན་ངག་དུ་མའི་སྒྲུབ་བྱེད་ཡོད་དེ་ཡི་གེར་འཇིགས་ནས་མ་སྤྲོས་སོ། །མཚམས་ཀྱི་ལྷ་རྣམས་ཀྱང་བདེ་མཆོག་ལྟར་ཕྱེད་ཞལ་དུ་ཐོབ་སྟེ་ཡེ་ཤེས་གཉིས་འདུས་ཀྱི་གདངས་འཇལ་དགོས་པའི་ཕྱིར་རོ། །གཉིས་པ་ཁྲོ་བོའི་བཞུགས་ཚུལ་ནི། །སྙིང་གའི་གདངས་ལས་ཀླད་པ་དུང་ཁང་སྟེ། བྷན་དྷ་སྨུག་ནག་འབར་བའི་གཞལ་ཡས་ཁང་རིན་པོ་ཆེར་ཡེ་ཤེས་འོད་ཀྱི་རང་གདངས་རྣམ་ལྔ་འཇའ་ཚོན་འཁྲུགས་པ་ལྟར་སྣང་བའི་དབུས་ན་བྷུདྡྷ་ཧེ་རུ་ཀ་ཡུམ་བྷུདྡྷ་ཀྲོ་ཏི་ཤྭ་རཱི་མ་དང་
གཉིས་སུ་མེད་པ་སྨུག་ནག །ཤར་ན་བཛྲ་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རཱི་མ་དང་གཉིས་སུ་མེད་པ་མཐིང་ནག །ལྷོ་ན་རཏྣ་ཧེ་རུ་ཀ་རཏྣ་ཀྲོ་ཏི་ཤྭ་རཱི་མ་དང་གཉིས་སུ་མེད་པ་སེར་ནག །ནུབ་ན་པདྨ་ཧེ་རུ་ཀ་པདྨ་ཀྲོ་ཏི་ཤྭ་རཱི་མ་དང་གཉིས་སུ་མེད་པ་དམར་ནག །བྱང་དུ་ཀརྨ་ཧེ་རུ་ཀ་ཀརྨ་ཀྲོ་ཏི་ཤྭ་རཱ་མ་དང་གཉིས་སུ་མེད་པ་ལྗང་ནག་འཇིགས་སུ་རུང་བའོ། །དེ་དག་གི་ཕྱི་རོལ་གྱི་ཤར་ན་ཀེའུ་རི་མ་དཀར་མོ། ལྷོ་ན་ཙོའུ་རི་མ་སེར་མོ། །ནུབ་ན་པྲ་མོ་ཧ་དམར་མོ། བྱང་ན་བེ་ཏ་ལི་ནག་མོ། ཤར་ལྷོོ་པུ་ཀ་སི། ལྷོ་ནུབ་ཏུ་ཀསྨ་རི། ནུབ་བྱང་དུ་ཙནྡྷ་ལི། བྱང་ཤར་དུ་སྨེ་ཤ་ནི། མཚམས་ཀྱི་ཕྱེད་ཞལ་ལོ། དེ་དག་ནི་གནས་ཀྱི་ཀེའུ་རི་མ་བརྒྱད་དོ། །དེའི་ཕྱི་རོལ་གྱི་ཤར་དུ་སེང་ཧ་མུ་ཁ། ལྷོ་ན་བྱ་གྲི་མུ་ཁ། ནུབ་ན་སྲི་ལ་མུ་ཁ། བྱང་ན་ཤྭ་ན་མུ་ཁ་ཕྱོགས་ཀྱི་གཙོ་བོ་དང་མདོག་མཐུན་ནོ། །ཤར་ལྷོར་ཀྲྀ་ཏ་མུ་ཁ། ལྷོ་ནུབ་ཏུ་ཀངྐ་མུ་ཁ། ནུབ་བྱང་དུ་ཁྭ་ཁྭ་མུ་ཁ། བྱང་ཤར་དུ་ཧུ་ལུ་མུ་ཁ་སྟེ། ཡུལ་གྱི་ཕྲ་མེན་མ་བརྒྱད་ཀྱང་མཚམས་ཀྱི་ཕྱེད་ཞལ་ལོ། །དེའི་ཕྱི་རོལ་གྱི་སྒོ་བཞིའི་ཤར་ན་རྟ་གདོང་ལྕགས་ཀྱུ་མ། ལྷོ་ན་ཕག་གདོང་ཞགས་པ་མ། ནུབ་ན་སེང་གདོང་ལྕགས་སྒྲོག་མ། བྱང་ན་སྦྲུལ་གདོང་དྲིལ་བུ་མ་བཞི་ཡང་ཕྱོགས་ཀྱི་མདོག་ཅན་ནོ། །ཧེ་རུ་ཀ་དྲག་པོའི་ལྷ་སུམ་ཅུའི་རྩལ་ལས། དེའི་ཕྱི་རོལ་ན་ཕྱི་ལྟར་ན་རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ནང་ལྟར་ན་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ནི། སྲིན་མོ་སྨུག་ནག་རྡོ་རྗེ་ཐོད་ཁྲག་འཛིན་པ་དང་། ཚངས་པ་དམར་སེར་པདྨ་འཛིན་པ་དང་། ལྷ་ཆེན་དཀར་ལྗང་རྡོ་རྗེ་ཐོགས་པ་དང་། གཏོགས་འདོད་སྔོན་མོ་འཁོར་ལོ་འཛིན་པ་དང་། དགའ་བ་སེར་མོ་སྤུ་གྲི་ཐོགས་པ་དང་། གཞོན་ནུ་དམར་པོ་མདུང་ཐུང་འཛིན་པ་དང་། བརྒྱ་བྱིན་
དཀར་མོ་རྒྱུ་ཞགས་ཐོགས་པ་དང་། ཞི་བ་དམར་མོ་བུམ་པ་ཐོགས་པ་དང་། བདུད་རྩི་དམར་མོ་པདྨ་ཐོགས་པ་དང་། ཟླ་བ་དཀར་མོ་རྡོ་རྗེ་ཐོགས་པ་དང་། བེ་ཅོན་ལྗང་ནག་དབྱུག་ཏོ་འཕྱར་བ་དང་། སྲིན་མོ་དམར་ནག་ཐོད་ཁྲག་འཐུང་བ་དང་། ཟ་བ་ལྗང་ནག་བེ་ཅོན་འཛིན་པ་དང་། དགའ་བ་དམར་ནག་ཁོག་ཆེན་ཐོགས་པ་དང་། སྟོབས་ཆེན་དཀར་མོ་དབྱུག་ཐོ་འཛིན་པ་དང་། སྲིན་མོ་དམར་ནག་རྡོ་རྗེ་དྲིལ་བུ་འཛིན་པ་དང་། འདོད་པ་དམར་མོ་མདའ་གཞུ་འགེངས་པ་དང་། ནོར་སྲུང་ལྗང་གུ་བུམ་པ་འཛིན་པ་དང་། རླུང་ལྷ་ལྗང་སྔོན་བ་དན་འཕྱར་བ་དང་། མེ་མོ་དམར་མོ་གསལ་ཤིང་འཛིན་པ་དང་། ཕག་མོ་དམར་མོ་མཆེ་ཞགས་སྡོམ་པ་དང་། རྡོ་རྗེ་དམར་མོ་ཞིང་ཆུང་འཛིན་པ་དང་། སྣ་ཆེན་ལྗང་ནག་ཐོད་ཁྲག་འཐུང་བ་དང་། ཆུ་ལྷ་སྔོན་མོ་སྦྲུལ་ཞགས་བསྣམས་པའོ། །དེའི་ཕྱི་རོལ་སྒོ་བཞི་ན། རྡོ་རྗེ་དཀར་སེར་དམར་ལྗང་བཞི། །དེ་ལྟར་ཁྲག་འཐུང་ལྔ་བཅུ་བརྒྱད། །སྟོང་གསལ་རྒྱན་རྣམས་རྫོགས་པར་བཞུགས། །ཞིབ་ཏུ་ནི་མན་ངག་སྙིང་ཏིག་གི་དགོངས་པར་བལྟའོ། །དེ་ལྟར་ཞི་ཁྲོའི་དཀྱིལ་འཁོར་དེ་དག་སྐུ་སྣང་ལ་རང་བཞིན་མེད་པའི་བཞུགས་ཚུལ་ལོ། །གསུམ་པ་དཔེ་ནི་བུམ་ནང་གི་མར་མེ་ལྟ་བུ་སྟེ་འོག་ཏུ་སྟོན་ནོ། །གཉིས་པ་ནང་ལྟར་འཁོར་ལོ་ལྔ་ན་ཡེ་ཤེས་ཀྱི་མཁའ་འགྲོ་ལྔ་གསུང་ཡིག་འབྲུའི་ཚུལ་དུ་བཞུགས་པ་ནི་ཀློང་གསལ་ལས། ནང་ལྟར་ཌཱ་ཀི་ཡབ་ཡུམ་ལྔ། །རྩ་རྣམས་ནང་ན་ཡི་གེར་གསལ། །དེ་ཡང་གསུང་གི་ཚུལ་དུ་ུའོ། །ཞེས་པས། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ན་ཧ་དང་རའི་ཡི་གེ་ལས་རྡོ་རྗེ་ཌཱ་ཀི་ཡབ་ཡུམ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་པ་གཡོན་ཐོད་པ་བདུད་རྩིས་བཀང་བ་ཡབ་ལ་སྟོབ་པ། ཡུམ་གྱིས་གྲི་གུག་དང་ཐོད་པ་འཛིན་པ་གྲུ་མོ་ན་ཁ་ཊྭཱཾ་ག་རོའི་གདན་ལ་བཞུགས་པའོ། །རྩ་འདབ་སུམ་བརྒྱ་དྲུག་ཅུ་ལ་དེ་དང་འདྲ་བའི་འཁོར་རྣམས་ཡེ་ཤེས་ལྔའི་གདངས་ལས་གྲུབ་པའོ། །མགྲིན་པར་རི་དང་རྩ་ལས་རིན་ཆེན་ཌཱ་ཀི་ཡབ་ཡུམ་སེར་པོ་
རིན་ཆེན་དང་ཐོད་པ་བསྣམས་པའོ། །རྩ་འདབ་བཅུ་དྲུག་ལ་དེ་དང་འདྲ་བའི་འཁོར་བཅུ་དྲུག་ཡབ་ཡུམ་གྱི་ཚུལ་དུ་གནས་སོ། །སྙིང་གར་ཨ་དང་མ་ལས་ཆོས་དབྱིངས་མཁའ་འགྲོ་ཡབ་ཡུམ་འཁོར་ལོ་དང་ཐོད་པ་བསྣམས་པ་རྩ་འདབ་སུམ་ཅུ་རྩ་གཉིས་ལ་དེ་དང་འདྲ་བའི་འཁོར་རོ། །ལྟེ་བར་ནི་དང་ཧྲཱིཿལས་པདྨ་ཌཱ་ཀི་ཡབ་ཡུམ་དམར་པོ་པདྨ་དང་ཐོད་པ་འཛིན་པ་རྩ་འདབ་དྲུག་ཅུ་རྩ་བཞི་ལ་དེ་དང་འདྲ་བའི་འཁོར་གནས་སོ། །གསང་བར་ས་དང་ཡ་ལས་ལས་ཀྱི་ཌཱ་ཀི་ཡབ་ཡུམ་ལྗང་གུ་རྡོ་རྗེ་རྒྱ་གྲམ་གྱི་ཡུ་བ་བྱས་པའི་རལ་གྲི་དང་ཐོད་པ་འཛིན་པ། རྩ་འདབ་ཉི་ཤུ་རྩ་བརྒྱད་ལ་དེ་དང་འདྲ་བའི་འཁོར་གནས་པའོ། །དེ་རྣམས་པད་ཟླ་དང་ཉི་མའི་གདན་ནི་རྩ་དང་ཐིག་ལེ་དཀར་དམར་མཚོན་པའོ། །རོའི་གདན་ནི་རྟོག་པ་མེད་པའོ། །ཡབ་ཡུམ་ནི་སྣང་སྟོང་འོད་གསལ་གྱི་རང་བཞིན་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །རྡོ་རྗེ་ནི་རྡོ་རྗེའི་རིགས་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་མཚོན་པའོ། །རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་རལ་གྲི་དང་། འཁོར་ལོ་ནི་དེ་དག་གི་རིགས་དང་ཡེ་ཤེས་ལྷག་མ་བཞི་མཚོན་པའོ། ཁ་ཊྭཱཾ་ག་ནི་སྐུ་གསུམ་མཚོན་པའོ། །སྤྱན་གསུམ་ནི་སྐུ་གསུང་ཐུགས་ཀྱི་ཐུགས་རྗེས་སེམས་ཅན་ལ་དུས་གསུམ་དུ་གཟིགས་པ་མཚོན་པའོ། །མདོར་ན་མཁའ་འགྲོ་ལྔ་ནི་སྐུ་ལྔ་དང་ཡེ་ཤེས་ལྔ་དང་འབྱུང་བ་ལྔ་མཚོན་པ་སྟེ་དོན་ལ་ཡེ་ཤེས་གྱི་གདངས་ལྔའི་ཀློང་ན་ཡི་གེའི་གཟུགས་གསལ་ལ་རང་བཞིན་མེད་པར་ཡོད་པ་ལས་སངས་རྒྱས་དུས། གསུང་ཆོས་ཀྱི་འཁོར་ལོས་སེམས་ཅན་གྱི་དོན་འབྱུང་ལ། ད་ལྟ་འགྲོ་བའི་སྒྲ་སྐད་སྣ་ཚོགས་སུ་གྲགས་པའི་རྒྱུ་བྱེད་དོ། །གསུམ་པ་གསང་བ་ལྟར་ན་ཡེ་ཤེས་ཀྱི་ཐིག་ལེ་ཉག་གཅིག་ཏུ་བཤད་པ་ནི། དེའང་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་དབུས་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་རིག་པ་སྟོང་གསལ་འདུས་མ་བྱས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་བའི་ཡེ་ཤེས་ཆེན་པོ་དེ་ཡིན་ནོ། །དེའང་མདོ་
ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པ་དང་། སློབ་དཔོན་ཆོས་ཀྱི་གྲགས་པས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་པའི་དོན་ཏེ་སེམས་ལ་སེམས་མ་མཆིས་པ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་གདོད་མ་ནས་དག་པའི་ཆོས་སྐུ་ཕུན་སུམ་ཚོགས་པ་བསྟན་ཏོ། །སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་གཟུགས་སྐུ་ཕུན་སུམ་ཚོགས་པ་བསྟན་ཏོ། །འོ་ན་དོན་དེ་ཡེ་ཤེས་ཀྱི་རང་བཞིན་ཡིན་པ་ལས་སེམས་ཀྱི་རང་བཞིན་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། སེམས་ནི་ཡེ་ཤེས་ཀྱི་རྩལ་ཡིན་པས་དེ་སྐད་དུ་བཏགས་ཏེ། དཔེར་ན་ཉི་མའི་རྩལ་ཉི་མའི་འོད་ཟེར་ལ་ཉི་མར་བཏགས་ནས་འགའ་ཞིག་ཉི་མ་དང་ཚེའི་སྟོད་དུ་སླེབས་སོ་ཞེས་བརྗོད་པ་དང་ཚུལ་མཚུངས་སོ། །གཉིས་པ་རང་བཞིན་ཡེ་ཤེས་ཀྱི་འོད་དང་ཐིག་ལེར་བཞུགས་ཚུལ་ནི། གོང་གི་ཞི་ཁྲོའི་རང་མདངས་རྩ་ཐམས་ཅད་ཀྱི་ནང་དུ་འཕྲོས་པས་འོད་དང་ཐེག་ལེ་འོད་རྩའི་གདངས་ལས་རྡོ་རྗེ་ལུ་གུ་རྒྱུད་རྩའི་རྣམ་པར་ཕྲ་ལ་བྲེང་ཆགས་པར་གསལ་ཏེ། ནོར་བུ་ཕྲ་བཀོད་ལས། རྩ་རྣམས་ནང་ན་ཐིག་ལེའི་སྐུ་ལྟར་གནས། ཆེ་བའི་ཚད་ནི་ནམ་མཁའི་མཐའ་དང་མཉམ། །ཆུང་བའི་ཚད་ནི་རྟ་རྔ་བཅུར་གཤགས་ཙམ། །གསལ་བའི་ཚད་ནི་ཉི་ཟླའི་དཀྱིལ་འཁོར་འདྲ། །དེ་ཡང་གསལ་འཚེར་ལྷུན་སྡུག་གཟི་བརྗིད་འཕྲོ། །འགྲོ་དང་འོང་དང་རང་བཞིན་གནས་པའོ། །ཞེས་པས། ཆེ་ཆུང་ནི་ད་ལྟ་ལུས་ལ་གནས་པ་དང་། ཕྱིས་བར་དོ་ཤར་དུས་ཡིན་ལ། འགྲོ་འོང་རང་བཞིན་གནས་པ་ནི། ད་ལྟ་མངོན་སུམ་བལྟ་དུས་ནམ་མཁའི་མཐོངས་སུ་བྱེད་པའོ། །འོད་དང་གཟི་བརྗིད་ཐམས་ཅད་དུ་ཡོད་པའོ། །མདོར་ན་གོང་དུ་བཤད་པའི་སྐུའི་གདངས་ལུས་ཀྱི་རྩ་ནང་ན་ཁྱབ་པ་དང་། སྐུའི་བཞུགས་གནས་འོད་ཁྱིམ་དུ་སྣང་བ་ཐམས་ཅད་ཡིན་ཏེ། ཕྲ་བཀོད་ལས། འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་
དང་རིག་པས་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །ཞེས་སོ། །གསུམ་པ་ཐུགས་རྗེ་སྒྲོན་མར་གནས་པ་ནི་དེ་ལྟར་སྐུ་དང་ཡེ་ཤེས་ཀྱི་རང་གདངས་འོད་དང་ཐིག་ལེར་གསལ་བ་རྩའི་ནང་ནས་ཡར་ཐོན་ཏེ་རྒྱང་ཞགས་ཆུའི་སྒྲོན་མར་གནས་ཏེ་སྣང་བའི་གོ་འབྱེད་པ་ནི་རྩལ་རྫོགས་ལས། འགགས་མེད་གསལ་བའི་སྒོ་གཉིས་མཛད། །དབྱིངས་དང་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང་། ཀློང་གསལ་ལས། རིག་པ་སྐུ་ཡི་རང་གདངས་འོད། །རྩ་ཡི་ནང་ན་ཉི་ཟེར་བཞིན། །དབང་པོའི་སྒོ་ནས་ངེས་འཐོན་ ཏེ། །སྒྲོན་མ་ནམ་མཁའི་མཐོངས་སུ་གསལ། །ཞེས་སོ། །ཇི་ལྟར་གསལ་ན་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་འཁོར་ལོ་ལྔའི་དབུས་ན་གནས་པ་ལས། སྙིང་ནས་དུང་ཁང་དུ་ཆུའི་སྒྲོན་མ་ལ་ཟུག་པ་ལས་ཡར་གོང་གི་སྐུ་དང་ཡེ་ཤེས་ཀྱི་གདངས་འོད་དང་ཐིག་ལེ་ལུ་གུ་རྒྱུད་དང་བཅས་པ་རྒྱ་སྐར་གྱི་ཉི་ཞུར་ལྟར་ཐལ་གྱིས་འཆར་རོ། །དེ་ཉིད་དོན་དམ་ཡེ་ཤེས་ཀྱི་ཟེར་གདངས་ཡིན་ཏེ། ཐལ་འགྱུར་ལས། དེ་ཡི་འབྱུང་བྱེད་ཅིས་ཤེ་ན། དོན་དམ་ཆོས་ཉིད་འབྱུང་བ་ལས། །སྒྲོན་མ་རྣམ་པ་བཞི་ཞེས་ཏེ། །ཞེས་སོ། །དེ་ལྟར་འཆར་བའི་སྒྲོན་མ་བཞི་གང་ཞེ་ན། རང་ཤར་ལས། །སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་འབྱུང་སྒྲོན་མ་དང་། །རྒྱང་ཞགས་ཆུ་ཡི་སྒྲོན་མའོ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་པས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི་མིག་གི་དྭངས་མ་གཉིས་ཏེ། དེ་ལས་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་རྨ་བྱའི་མདོངས་ལྟ་བུ་འཆར་རོ། །དེའི་གདངས་ལས་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་འམ་ཡི་གེ་ན་རོ་ལྟ་བུ་འཆར་རོ། །དེའི་ཤེས་པའི་རྩལ་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་འཆར་བ་ནི་ཤེས་རབ་རང་བྱུང་གི་སྒྲོན་མའོ། །དེ་ཉིད་ཀྱི་ངང་ལས་སྤྱི་བོ་ནས་རྟོག་མེད་ཀྱི་སྐུ་འཆར་རོ། །དེ་ལྟར་སྒྲོན་མ་བཞིའི་བྱེད་ལས་ནི། རྒྱང་ཞགས་ཆུའི་སྒྲོན་མས་
ཡེ་ཤེས་འཆར་བའི་རྟེན་བྱེད་དེ། དེ་ལས་ཡེ་ཤེས་ཀྱི་རླུང་གིས་ལམ་བྱེད་དོ། །དབྱིངས་རྣམ་དག་གི་སྒྲོན་མས་ཕྱིའི་དབྱིངས་ནམ་མཁའི་སྒྲོན་མ་འཆར་བའི་ཡུལ་བྱེད། ནང་དབྱིངས་རྣམ་དག་གི་སྒྲོན་མས་དྭངས་མ་རྣམས་སྡུད་ཅིང་སྐུ་འཛིན་པ་དང་། གནད་གསུམ་བཅུད་དུ་སྨིན་པས་འཁྲུལ་སྣང་སྟོང་པར་བྱེད་དོ། །ཐིག་ལེ་སྟོང་པའི་སྒྲོན་མས་ཡེ་ཤེས་ཀྱི་འཕེལ་རྒྱས་པ་དང་རླུང་གི་གནས་བྱེད་ དོ། །རླུང་གིས་ཡེ་ཤེས་ཀྱི་བཀྲག་དང་གཟི་མདངས་བསྐྱེད་ཅིང་སྣང་བ་མི་འདྲ་བ་དུ་མ་གོང་ནས་གོང་དུ་བསྒྱུར་ཞིང་སྣང་བར་བྱེད་དོ། །རླུང་ནི་སྔར་བཤད་པའི་ཡེ་ཤེས་སྲོག་རླུང་རིག་པའི་ཆར་གནས་པ་ཡིན་ནོ། །ཤེས་རབ་རང་བྱུང་གི་སྒྲོན་མས་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་སྡུད་པ་སྟེ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་དུ་བྱེད་དོ། །དེའི་གནས་ཆ་རྟོག་མེད་ཀྱི་སྐུས་ཆོས་ཉིད་ཀ་དག་གི་ཡེ་ཤེས་མངོན་དུ་བྱེད་དོ། །དེའང་ཀློང་གསལ་ལས། རྒྱང་ཞགས་ལས་ནི་གཟུགས་བསྡུས་ཏེ། །རླུང་གིས་བསྐྱེད་ཅིང་འཕེལ་བར་བྱེད། །འོད་དང་འགྲོ་བའི་འཕེལ་འགྲིབ་ཀྱིས། །ཡེ་ཤེས་དག་ནི་སྡུད་པར་བྱེད། །ཐིག་ལེ་སྟོང་པས་ལས་ཀུན་བྱེད། །འདས་པ་ལས་ཀྱི་རླུང་བཟུང་ནས། །རླུང་གི་བཀྲག་དང་གཟི་མདངས་བསྐྱེད། །བསྐྱུར་ཞིང་ཡེ་ཤེས་སྣང་བ་སྟོན། །ཤེས་རབ་རབ་བྱུང་སྒྲོན་མ་ཡིས། །ཆོས་ཀུན་མཉམ་པ་རོ་གཅིག་ཏུ། །བསྡུས་ཏེ་རང་སྣང་འཛིན་པར་བྱེད། །འདིས་ནི་བག་ཆགས་འབྲེལ་རྒྱུན་གཅོད། །དབྱིངས་ཀྱི་དྭངས་མ་སྡུད་པ་དང་། །རིག་པའི་སྐུ་རྣམས་འཛིན་པ་དང་། གནད་གསུམ་བཅུད་དུ་སྨིན་པ་སྟེ། འཁོར་བ་ཉིད་ནི་སྤོང་བར་བྱེད། །དེ་ལྟར་མིག་ལ་སྒྲོན་ཤར་བས། །སངས་རྒྱས་དགོངས་པའི་གནད་བསྡུས་པར། །རང་སྣང་ཡུལ་རྣམས་འཛིན་པའོ། །ཞེས་སོ། །དེ་ལྟར་ངོ་བོ་སྐུ། རང་བཞིན་འོད་དང་ཐིག་ལེ། ཐུགས་རྗེ་སྒྲོན་མར་གནས་པའི་དཔེ་གསུམ་ནི། ཀློང་གསལ་ལས། རིག་པའི་སྐུ་ནི་བུམ་སྐུ་འདྲ། །ཡེ་ཤེས་བུམ་པའི་མར་མེ་འདྲ། །
ཐུགས་རྗེ་མེ་ལོང་ངོས་ལྟར་གསལ། །ཞེས་པས། སྐུ་ནང་གསལ། འོད་བར་གསལ། ཐུགས་རྗེ་ཕྱིར་གསལ་ཏེ། མེ་ལོང་གི་གཟུགས་བརྙན་ལྟ་བུ་ནང་སྐུ་དང་འོད་བྱད་ལྟར་གནས་སོ། །མདོར་ན་རིག་པའི་ཡེ་ཤེས་ཙིཏྟ་རིན་པོ་ཆེའི་སྦུབས་དང་། དུང་ཁང་ན་ངོ་བོ་སྐུར་གནས། རང་བཞིན་འོད་དུ་གནས་པའི་གདངས་འཁོར་ལོ་ལྔས་ཐོག་དྲངས། རྩ་ཐམས་ཅད་ཀྱི་ནང་ན་གནས་པའི་རང་མདངས་དང་། སྙིང་ནས་མིག་ཏུ་ཤེལ་སྦུགས་ཅན་ལས་ཐུགས་རྗེ་སྒྲོན་མ་བཞི་འཆར་བའི་རྟེན་བྱེད་དོ། །དེའང་སངས་རྒྱས་ངོ་སྤྲོད་པའི་ལུང་ལས། ཀྱེ་ཀྱེ་སྟོན་པ་ཐུགས་རྗེ་ཅན། །སངས་རྒྱས་ཡེ་ཤེས་ལུས་ཅན་གྱི། །རྟེན་དང་གནས་དང་ལམ་དང་སྒོ། །རང་གི་ངོ་བོ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག བདེ་བར་གཤེགས་པ་ཡེ་ཤེས་ཀྱི་ལུས་ཅན་བརྟེན་པ་རང་གི་བྱང་ཁོག་སྟོད་འདི་ན་བརྟེན་ནས་ཡོད་དོ། གནས་པ་སྙིང་གི་ནང་ན་གནས་སོ། །ལམ་ནི་སྙིང་ནས་མིག་ཏུ་རྩ་དར་དཀར་གྱི་སྐུད་པ་ཙམ་ཞིག་མཉེན་ལ་ཁྲག་དང་ཆུ་སེར་མེད་པ་ཞིག་གིས་སྦྲེལ་ནས་ཡོད་དོ། དེ་ནི་ཡེ་ཤེས་ཀྱི་ལམ་ཡིན་ནོ། །སྒོ་ནི་མངོན་དུ་གྱུར་པ་དང་། ལྐོག་ཏུ་གྱུར་པའི་སྒོ་གཉིས་སོ། །མངོན་དུ་གྱུར་པའི་སྒོ་གཉིས་ནི་མིག་གཉིས་ཡིན་ནོ། །ལྐོག་ཏུ་གྱུར་པའི་སྒོ་གཉིས་ནི་རང་གི་རྣ་བ་གཉིས་ཡིན་ནོ། །རང་གི་ངོ་བོ་དག་པ་ཆོས་ཀྱི་སྐུའི་ངོ་བོ་སྟོང་པར་བཞུགས་སོ། །སྙིང་པོ་གསལ་བར་བཞུགས་སོ། །ཡེ་ཤེས་ཟང་ཐལ་དུ་བཞུགས་སོ། །ངོ་བོ་སྟོང་པར་བཞུགས་པ་ནི། རང་གི་རིག་པ་འདི་ཉིད་དངོས་པོའམ་མཚན་མ་གང་ཡང་མ་གྲུབ་པར་ངོ་བོ་སྟོང་པར་འདུག་པ་འདི་ཡིན་ནོ། །སྙིང་པོ་གསལ་བར་བཞུགས་པ་ནི། རིག་པ་རང་གི་ངོ་བོ་མ་འགགས་པར་གསལ་བ་སངས་རྒྱས་ཀྱི་དགོངས་པ་ཡིན་ནོ། །ཡེ་ཤེས་ཟང་ཐལ་དུ་བཞུགས་པ་ནི། སངས་རྒྱས་སྙིང་གི་དཀྱིལ་ན་ཤ་ཁྲག་གི་ལུས་ཀྱིས་གཏུམས་ཀྱང་མ་ཐུམ་པར་རང་གི་མིག་གི་རྣམ་པར་ཤེས་པ་ལ་
མཐོང་བ་མ་འགགས་པར་འོད་དུ་གསལ་བ་འདི་ཡིན་ནོ། །འདི་ཁོ་ན་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ཡིན་ནོ། །ཞེས་བཀའ་སྩལ་ཏེ། དེ་དག་གིས་ཕྱི་ལྟར་ན། ངོ་བོ་སྐུ། རང་བཞིན་འོད། ཐུགས་རྗེ་སྒྲོན་མར་གནས་པར་བསྟན་ཏོ། །གཉིས་པ་ནང་ལྟར་ན་ཡི་གེར་གྲུབ་ཚུལ་ནི། ཀློང་གསལ་ལས། སྒྱུ་མ་ལུས་ཀྱི་རྩ་ནང་ན། རིག་པའི་ངོ་བོ་ཡི་གེར་གྲུབ། །ཅེས་པ་དང་། གསང་བ་ལྟར་ན། ཕྲ་བཀོད་ལས། ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །ཞེས་པ་དང་། སྔ་མ་ལས། ཐམས་ཅད་རང་བྱུང་ཀ་དག་ཉིད། །ཅེས་པའི་དོན་སྔར་བཤད་ཟིན་ཏོ། །གསུམ་པ་རླུང་ཡེ་ཤེས་སྐུ་གསུམ་གྱི་ཐུགས་རྗེ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ཐུགས་རྗེའི་རིག་པ་རླུང་ལྔར་གནས་ཏེ། རང་ཤར་ལས། རིག་པ་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་སོ། །རིག་པ་ཉིད་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་དང་མཉམ་པའི་རླུང་། རིག་པ་དེ་འཁོར་འདས་ཀྱི་སྲོག་ཡིན་པས་སྲོག་འཛིན་པའི་རླུང་། རིག་པ་དེས་འབྱུང་བའི་དྭངས་སྙིགས་འབྱེད་པ་དང་། འཁོར་འདས་སུ་འབྱེད་པས་དྭངས་སྙིགས་འབྱེད་པའི་རླུང་། རིག་པའི་ཡེ་ཤེས་དེ་ཐམས་ཅད་ལ་ཁྱབ་པས་ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་བསྐྱེལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ་། །གཉིས་པ་ཤེས་རབ་ལྔར་ཡང་གནས་ཏེ། དེ་ཉིད་ལས། དེ་ཡང་རིག་པའི་ངོ་བོ་ལ། ཤེས་རབ་རྣམ་པ་ལྔ་དང་ལྡན། །ཞེས་པས། རིག་པ་དེ་འཁོར་འདས་གཉིས་ཀྱི་འབྱུང་བཞིར་བྱུང་བས་འབྱེད་པའི་ཤེས་རབ། དེའང་རིག་པ་ལས་མ་འདས་པས་སྡུད་པའི་ཤེས་རབ། རིག་པ་དེ་ཉིད་ཀྱི་ངོ་བོས་ཐམས་ཅད་ལ་ཁྱབ་པས་ཁྱབ་པའི་ཤེས་རབ། རིག་པ་དེ་ཉིད་ཀྱི་གསལ་ཆ་ལས་ཡེ་ཤེས་ཀྱི་རླུང་བྱུང་བས་བསྐྱོད་པའི་ཤེས་རབ། འཁོར་འདས་གཉིས་རིག་པ་ཡེ་ཤེས་སུ་སྒྲོལ་བས་བསྒྲལ་བའི་ཤེས་
རབ་བམ། དེ་ཉིད་སྒྲོ་འདོགས་གཅོད་པས་གཅོད་པའི་ཤེས་རབ་བོ། །གསུམ་པ་སྐུ་གསུམ་དུ་ཡང་གྲུབ་སྟེ། རང་ཤར་ལས། རིག་པ་རྟོག་པ་མེད་པ་ཆོས་ཀྱི་སྐུ། །རིག་པ་འགགས་པ་མེད་པས་ལོངས་སྐུ་ཡིན། །རིག་པ་ཅིར་ཡང་སྣང་བ་སྤྲུལ་སྐུ་ཡིན། །ཞེས་སོ། གཞན་ཡང་ཐུགས་རྗེའི་རིག་པ་གསལ་ལ་མ་འགགས་པ་དེ་ཉིད་སྐུ་ལྔ། ཡེ་ཤེས་ལྔ། རིགས་ལྔ། འོད་ལྔ། རླུང་ལྔ། ཤེས་རབ་ལྔ་ལྟར་ཡང་གནས་ཏེ། ཀློང་གསལ་ལས། རང་བྱུང་རིག་པའི་རང་རྩལ་ལས། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །རིགས་ལྔ་འོད་ལྔ་རླུང་ནི་ལྔ། །ཤེས་རབ་ལྔ་ལ་སོགས་པར་གནས། །ཞེས་པས། ཐུགས་རྗེ་རིག་པའི་ཡེ་ཤེས་རྣམ་པ་ཐམས་ཅད་དུ་སྣང་བ་དེ་ནི་རྣམ་པར་སྣང་མཛད་ཀྱི་སྐུ། རིག་པའི་ཡེ་ཤེས་དེ་རྣམ་པར་རྟོག་པའི་རླུང་གིས་མི་བསྐྱོད་པས་མི་བསྐྱོད་རྡོ་རྗེའི་སྐུ། ཡིད་བཞིན་ནོར་བུ་ལྟར་རིག་པ་རྟོགས་པ་ལས་དགོས་འདོད་འབྱུང་བ་རིན་ཆེན་འབྱུང་ལྡན་གྱི་སྐུ། རིག་པ་དེ་ཉིད་འོད་མཐའ་ཡས་པའི་སྣང་བ་ལ་ཞུགས་ཤིང་ཚད་མེད་པས་སྣང་བ་མཐའ་ཡས་ཀྱི་སྐུ། ཐུགས་རྗེ་མ་འགགས་པའི་རིག་རྩལ་རང་ཤར་ཆེན་པོ་སྟེ་དོན་ཡོད་གྲུབ་པའི་སྐུའོ། །ཡང་ཐུགས་རྗེའི་རིག་པ་དེ་ཉིད་ཡེ་ནས་སྟོང་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ངོ་བོ་ལ་དྲི་མ་མེད་པས་གང་གིའང་འཆར་གཞི་མ་འགགས་པར་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས། རིག་པ་ལྟར་སྣང་དུས་ཉིད་ནས་གང་དུའང་དབྱེ་བར་མ་གྲུབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། རིག་པའི་ཡེ་ཤེས་སོ་སོར་སྣང་བའི་གསལ་ཆ་ནི་སོ་སོར་རྟོགས་པའི་ཡེ་ཤེས། རིག་པའི་ཡེ་ཤེས་གང་ལའང་ཐོགས་རྡུགས་མེད་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡང་རིག་པ་གསལ་སྟོང་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་དེ་བཞིན་གཤེགས་པའི་རིགས། རིག་པའི་ངོ་བོ་མི་འགྱུར་བརྟེན་པས་རྡོ་རྗེའི་རིགས། རིག་པ་ལ་ཡོན་ཏན་ལྷུན་གྲུབ་ཏུ་བྱུང་བས་རིན་པོ་ཆེའི་རིགས། རིག་པའི་ཡེ་ཤེས་ལ་སྐྱོན་གྱིས་མ་གོས་པས་པདྨའི་རིགས།
རིག་པའི་ངོ་བོ་དེ་ཉིད་མ་རྟོགས་ན་སངས་མི་རྒྱ་བས་ལས་ཀྱི་རིགས་སོ། །ཡང་རིག་པའི་ཡེ་ཤེས་ལ་གདོད་མ་ནས་དྲི་མ་མེད་པའི་ཆ་ནས་འོད་དཀར་པོ། དེ་བཞིན་དུ་ཡོན་ཏན་རྫོགས་པས་སེར་པོ། མ་བཙལ་བཞག་པས་དམར་པོ། བྱ་རྩོལ་རྫོགས་པས་ལྗང་གུ། མི་འགྱུར་བརྟན་པར་མཐིང་གའོ། །རླུང་ལྔ་དང་ཤེས་རབ་ལྔ་བཤད་ཟིན་ཏོ། །ཡང་རིག་པའི་ཡེ་ཤེས་ལ་གསུམ་དུ་གསུངས་ཏེ། ཀློང་གསལ་ལས། རིག་པའི་རྩལ་ལས་ཡེ་ཤེས་གསུམ། །ངོ་བོ་སྟོང་པའི་ཡེ་ཤེས་དང་། །རང་བཞིན་གསལ་བའི་ཡེ་ཤེས་དང་། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་སོ། །ཞེས་སོ། །ཡང་རིག་པའི་ངོ་བོ་དམིགས་མེད། རང་བཞིན་གསལ་སྟོང་། ཐུགས་རྗེ་སྣ་ཚོགས་སུ་འཆར་བས་འོད་གསུམ་དུ་བྱུང་བ་ནི། སྔ་མ་ལས། དམིགས་སུ་མེད་པས་ཆོས་སྐུའི་འོད། །མ་འགགས་གསལ་བས་ལོངས་སྐུའི་འོད། །སྣང་བ་སྣ་ཚོགས་སྤྲུལ་སྐུའི་འོད། །ཅེས་སོ། ཡང་ཡུལ་ཅན་དྲུག་ཏུའང་བཤད་དེ། རིག་པའི་ཡེ་ཤེས་འདི་ལ་གཟུགས་སྣ་ཚོགས་སུ་ཤར་ཡང་འཛིན་པ་དང་བྲལ་བས་གཟུགས་སྣང་སྟོང་གི་ཡུལ། སྒྲ་སྣ་ཚོགས་སུ་གྲགས་ཀྱང་སྟོང་པས་གྲགས་སྟོང་གི་ཡུལ། དྲི་སྣ་ཚོགས་ལ་འཛིན་པ་སྟོང་པས་དྲིས་སྟོང་གི་ཡུལ། རོ་སྣ་ཚོགས་མྱོང་ཡང་མི་འཛིན་པས་རོས་སྟོང་གི་ཡུལ། རེག་བྱ་སྣ་ཚོགས་ལ་མི་འཛིན་པས་རེག་སྟོང་གི་ཡུལ། ཡིད་དྲན་རིག་སྣ་ཚོགས་ལ་རང་ཤར་རང་གྲོལ་བས་རང་གྲོལ་དུས་མཉམ་གྱི་ཡུལ་ལོ། །དྭངས་མ་ལྔ་དང་འདྲེས་པའི་ཆ་ནས་རིག་པ་ཡེ་ཤེས་ལ་དྭངས་མ་ལྔར་བརྗོད་དེ། རིག་པ་ནམ་མཁའ་ལྟ་བུར་འཛིན་པ་སྐྱེས་པས། རིག་པ་ནམ་མཁའ་ལྟ་བུར་འཛིན་བྱེད་དེ་སྟོང་གསལ་གྱི་དྭངས་མ་འཛིན་བྱེད་ལས་རླུང་བྱུང་བས། རླུང་གི་དྭངས་མ་དེ་རིག་ཅིང་གཡོ་བ། རླུང་ལས་དྲོད་བྱུང་བས་མེའི་དྭངས་མ་དྲོད་ལ་འཛིན་བྱེད་དུ་ཤར་བ། མེ་ལས་གཟུགས་དངོས་སུ་བྱུང་བས་སའི་དྭངས་མ་གཟུགས་ལ་འཛིན་བྱེད་དུ་བྱུང་བ། དེ་ལ་དྲོད་ཀྱི་རླངས་
པའི་ཚུལ་དུ་བྱུང་བའི་ཆུའི་དྭངས་མ། ཚུལ་དེར་འཛིན་དུ་བྱུང་བས། དེ་ལ་རྒྱུའི་ཐིག་ལེ་ལས་ལུས་བྱུང་བ་ལ་བདག་ཏུ་འཛིན་བྱེད། དེ་ལས་ཡེ་ཤེས་མགོ་མཇུག་ཏུ་ཁྱབ་པ་ནི་ཐམས་ཅད་རིག་པ་ཡེ་ཤེས་ཀྱི་རྩལ་ལས་བྱུང་བས་ཡེ་ཤེས་དངོས་ཡིན་ནོ། །དག་མ་དག་ནི་དེར་འཛིན་ཡོད་མེད་ལས་རིག་མ་རིག་གི་བྱེ་བྲག་གིས་འཁོར་འདས་སུ་བྱུང་བའོ། །ལྔ་ཚན་དུ་མའི་ཐུགས་རྗེ་བཤད་པའོ། །དེ་ལྟར་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཐ་དད་དུ་བཤད་ཀྱང་སོ་སོར་མེད་དེ། ཐལ་འགྱུར་ལས། ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་པས། ཆོས་ཉིད་ཀྱི་ངོས་ནས་ངོ་བོ་ཞེས་བྱ་སྟེ། སྟོང་ལ་སྤྲོས་པ་དང་བྲལ་བ། ཆོས་ཅན་གྱི་ངོས་ནས་རང་བཞིན་ཞེས་བྱ་སྟེ། སྣང་ལ་ངོས་གཟུང་དང་བྲལ་བ། ཟུང་འཇུག་གཉིས་མེད་ཀྱི་ངོས་ནས་ཐུགས་རྗེ་ཞེས་བྱ་སྟེ་རིག་སྟོང་རྟག་ཆད་དང་བྲལ་བའོ། །དོན་གཉིས་པ་དེའི་གདངས་སེམས་ཀྱི་བཞུགས་ཚུལ་ལ། སེམས་ཀྱི་གནས་ལུགས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་སྤྱིར་བསྟན། ཡེ་ཤེས་ཀྱི་མདངས་ཡིན་ཚུལ་གྱིས་བྱེ་བྲག་ཏུ་བཤད། སངས་རྒྱས་ཀྱི་རང་བཞིན་དུ་ཇི་ལྟར་གནས་ཚུལ་གྱིས་དོན་བསྡུ་བ་གསུམ་ལས། དང་པོ་ནི་སངས་རྒྱས་ངོ་སྤྲོད་པའི་ལུང་ལས། གསང་བའི་བདག་པོ་ཡང་ཉོན་ཅིག །སེམས་ཀྱི་རྟེན་ནི་རང་གི་ལུས་ཤ་ཁྲག་གི་ཕུང་པོ་བྱང་ཁོག་སྟོད་འདི་ཡིན་ནོ། །གནས་ནི་གློ་བའི་ནང་ན་གནས་སོ། །ལམ་ནི་གློ་བ་དང་མགྲིན་པར་རྩ་གྲོ་སོགས་གི་སྦུ་གུ་ཙམ་གྱིས་སྦྲེལ་ནས་ཡོད་དོ། །དེ་ནས་ཡར་དབུགས་རྒྱུ་བས་སེམས་ཀྱི་ལམ་རྩ་ཡིན་ནོ། །སྒོ་ནི་འདོད་པའི་སྒོ་གསུམ་སྟེ་སྣ་བུག་གཉིས་ཁ་དང་གསུམ་ཡིན་ནོ། །འདོད་པའི་ཤེས་པ་དེ་ནས་བྱུང་ངོ་། །སེམས་རང་གི་ངོ་བོ་རྣམ་པར་རྟོག་པ་དང་བཅས་པའོ། །རྣམ་རྟོག་ནི་དབུགས་ཕྱི་ནང་དུ་རྒྱུ་བ་འདི་རང་ཡིན་ནོ། །ཞེས་སོ། །གཉིས་པ་ནི་སྙིང་ག་ན་ངོ་བོ་རང་
བཞིན་ཐུགས་རྗེ་གསུམ་གྱི་རིག་པ་གནས་པའི་ཐུགས་རྗེའི་རིག་མདངས་སྙིང་ནས་གློ་བར་རྩ་སོག་མའི་སྦུ་གུ་ཙམ་གྱིས་སྦྲེལ་བའི་ནང་ན་ཕར་སོང་བས། གློ་བ་ན་ཤེས་པ་མེད་པའི་རླུང་ཡོད་པ་དང་འདྲེས་པས་ཤེས་པའམ། རིག་པ་ཡེ་ཤེས་ཀྱི་མདངས་ཀྱིས་བྱས་པ་ནི་མི་འཕྱེེ་འོ་མིག་ཅན་ལྟ་བུ་ཡིན་ལ། གྱ་མ་གྱུར་ཡུལ་སྣ་ཚོགས་ལ་འགྱུ་བ་རླུང་གིས་བྱེད་པས་རྟ་ལོང་བ་རྐང་ཅན་ལྟ་བུ་སྟེ། དེ་གཉིས་སྡོད་གནས་གློ་བ་ན་ཡོད་པའི་གདངས་གློ་བ་ནས་སྒོ་ལྔ་ལ་རྩ་རེ་ཟུག་པའི་ནང་ན་ཕར་སོང་ནས་ཡུལ་ལ་རྟོག་པའི་རྣམ་རྟོག་སྣ་ཚོགས་པ་ཤར་རོ། །དེའང་རླུང་ཁོ་རའི་རང་ལུགས་ནི་འགྱུ་ཡང་མི་རྟོག་སྟེ། གཉིད་མཐུག་པོར་སོང་བའི་ཚེ་རླུང་དང་འདྲེས་པའི་རིག་མདངས་སྙིང་གར་ཐིམ་པས་ཀུན་གཞི་འོད་གསལ་ལ་ཐིམ་པ་དང་། འོད་གསལ་ཡེངས་དུས་རིག་པའི་གདངས་གློ་བ་ན་ཕར་མི་འཇུག་པར་མིག་ལས་ཐོན་པས་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས། ཤེས་རབ་རང་བྱུང་གི་སྒྲོན་མར་གྱུར་པ་ལྟ་བུའོ། །ཡང་རིག་པའི་རང་ལུགས་ཀྱང་རླུང་དང་མ་འདྲེས་ན། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་ཏེ། བར་དོའི་འོད་གསལ་གྱི་དུས་དང་། ད་ལྟའི་འོད་སྣང་ལ་གསལ་སྟོང་དུ་གནས་པ་ལྟ་བུའོ། །དེས་ན་སེམས་ནི་རིག་པའི་རྩལ་ཡིན་ཏེ། ཀློང་གསལ་ལས། སེམས་ནི་དྲན་བསམ་རིག་པའི་རྩལ། །སྣང་ཤེས་དག་ཏུ་གྱུར་ཚད་ཀུན། །རིག་པ་ཉིད་ལས་ལོགས་ན་མེད། །ཅེས་སོ། །དེས་ན་རིག་པའི་རྩལ་ལམ་གདངས་རླུང་གི་རྟས་ཁུར་ནས་དབང་པོ་ལ་ཐོན་ནས་ཡུལ་སྣ་ཚོགས་རགས་པ་དང་། ཕྲ་བ་དང་། ལུང་དུ་མ་བསྟན་པའི་རྟོག་པ་སྣ་ཚོགས་སུ་ཤར་ཡང་། ཐུགས་རྗེའི་རི་གདངས་ཀྱི་ཆ་ཁ་དོག་ཏུ་མེད་པ་དེ་རླུང་གི་རང་བཞིན་འགྱུ་ཡང་། ཁ་དོག་ཏུ་མེད་པ་དང་གཉིས་འདྲེས་ནས་ཕྱིར་འཕྲོའམ། ནང་དུ་གནས་ཀྱང་ཁ་དོག་མེད། དབྱིབས་མེད། ངོ་བོ་ངོས་གཟུང་མེད། ཝལ་གྱིས་བྱུང་ནས་གར་སོང་ཆ་མེད་པ་ལྟར་སོང་ཡང་
དེ་ཉིད་ཀྱི་ངོ་ནས་གཞལ་ན། དང་པོར་བྱུང་ས་མེད། བྱུང་མཁན་གྱི་སེམས་ཞེས་ངོས་གཟུང་དུ་མ་གྲུབ། ད་ལྟ་གང་དུ་ཡང་མི་གནས། ཐ་མ་གང་དུ་ཡང་མི་འགྲོ་བའི་ཆོས་ཉིད་བརྟག་ན་མེད་ལ། མ་བརྟག་ན་སྣང་སྣང་འདྲ་མོ་ཞིག་ཏུ་གནས་པ་ནི། ཡེ་ཤེས་ཀྱི་རྩལ་རླུང་དང་འདྲེས་པ་ལས་སེམས་ཞེས་གློ་བུར་དུ་བཏགས་ཀྱང་སེམས་ཞེས་ལོགས་པར་གྲུབ་པ་མེད་དེ། རླུང་ནི་ངོ་བོ་ངོས་གཟུང་མེད། ཡེ་ཤེས་ཀྱི་རྩལ་ནི་ཀ་དག་གི་ངང་ལས་བྱུང་ལ། ཀ་དག་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །དེ་ཡང་སེམས་གར་ཡོད་དུ་ཡེ་ཤེས་ཡོད་ལ། ཉི་མ་དང་འོད་ཟེར་གྱི་ཚུལ་ཏེ། ཀློང་གསལ་ལས། ཉི་མའི་འོད་ཟེར་ཚུལ་བཞིན་དུ། །སེམས་ནི་ཡེ་ཤེས་རིག་པའི་རྩལ། །ཡེ་ཤེས་མེད་ན་སེམས་མེད་དེ། །ཞེས་སོ། དེས་ན་སེམས་ནི་ཐུགས་རྗེ་རིག་པའི་ཡེ་ཤེས་ཀྱི་རྩལ་ལམ་མདངས་ཡིན་ནོ། །དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་མདངས་གསུམ་ཡོད་དེ། ངོ་བོའི་མདངས་སྟོང་ལ་སྤྲོས་པ་དང་བྲལ་བ་རྟོག་མེད་ཆོས་ཀྱི་སྐུ། རང་བཞིན་གྱི་མདངས་གསལ་ལ་ངོས་གཟུང་མེད་པ་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུ། ཐུགས་རྗེའི་མདངས་རིག་པ་སྣ་ཚོགས་སུ་འཕྲོ་བ་ཀུན་ཁྱབ་སྤྲུལ་པའི་སྐུའོ། །གསུམ་པ་སངས་རྒྱས་ཀྱི་རང་བཞིན་ཇི་ལྟར་གནས་ཀྱི་དོན་བསྡུ་བ་ནི། ཐལ་འགྱུར་ལས། ལུས་ཅན་སེམས་ཀྱི་ཁྱབ་པའི་ཕྱིར། །སངས་རྒྱས་མ་ཡིན་སེམས་ཅན་མེད། །ཅེས་པ་དང་། གསང་འདུས་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་པས། སེམས་སྙིང་གའི་ཡེ་ཤེས་ཀྱི་མདངས་ཡིན་ལ། སྙིང་གའི་ཡེ་ཤེས་ལ་ཞི་བ་བཞི་བཅུ་རྩ་གཉིས་ཚང་བ་བཞིན། དེའི་མདངས་སེམས་ལའང་རྩི་ཡོད་དགོས་ཏེ། མེ་ལོང་ལ་བྱད་བལྟས་པ་ནི་བྱད་ཀྱི་མདངས་གཉིས་པ་ཞིག་མེ་ལོང་ལ་འཆར་དགོས་པ་བཞིན་ནོ། །དེས་ན་ཀློང་གསལ་ལས། སེམས་ཅན་རང་རྒྱུད་རྟོགས་ཚོགས་ནི། །བཞི་བཅུ་རྩ་གཉིས་
སངས་རྒྱས་ཏེ། །ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ། །དུག་ལྔ་སེར་སྣ་ཐུབ་པ་དྲུག །ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་བརྒྱད། །སྒོ་བཞི་སྒོ་བ་ཡབ་ཡུམ་བཞི། །གཡས་གཡོན་ཉི་མ་ཟླ་བ་འོ། །ཞེས་པས། ཕུང་པོ་ལྔ་ལ་ཡུལ་དུ་རྟོག་པ་ལྔ་ནི་ཡབ་ལྔ། ཡུལ་ཅན་དུ་རྟོག་པ་ལྔ་ནི་ཡུམ་ལྔ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སེར་སྣ་དག་གི་རྣམ་པར་རྟོག་པ་དྲུག་ནི་ཐུབ་པ་དྲུག །ཀུན་གཞིའི་རྣམ་ཤེས་ལ་སོགས་པ་བརྒྱད་ཀྱི་ཡུལ་བརྒྱད་ཀྱི་རྟོག་པ་ནི་སེམས་དཔའ་བརྒྱད། ཡུལ་ཅན་བརྒྱད་ཀྱི་རྟོག་པ་ནི་སེམས་མ་བརྒྱད། ཁོང་ཁྲོ་བ་དང་། རྣམ་པར་སྡང་བ་དང་། མངོན་པར་མི་དགའ་བ་དང་། ཆགས་སྡང་གི་ཀུན་ཏུ་རྟོག་པའི་ཡུལ་བཞི་ནི་སྒོ་བ་ཡབ་བཞི། ཡུལ་ཅན་བཞི་ནི་ཡུམ་བཞི། གཟུང་བ་དང་འཛིན་པར་རྟོག་པ་གཉིས་ནི་ཉི་ཟླ་སྟེ། ཀུན་བཟང་ཡབ་ཡུམ་གཉིས་ཏེ་བཞི་བཅུ་རྩ་གཉིས་ནི་སངས་རྒྱས་བཞི་བཅུ་རྩ་གཉིས་སོ། །དེ་ཡང་ངན་པ་ལྟར་སྣང་ཡང་ཡེ་ཤེས་ཀྱི་རྩལ་ཡིན་པས་དོན་ལ་རང་ངོ་ཤེས་པ་ན་བཟང་པོ་ཡིན་ཏེ། ཡེ་ཤེས་ཀྱི་གདངས་ཡིན་པའི་ཕྱིར། དཔེར་ན་རྒྱ་མཚོའི་དབྱིངས་བཟང་ན་རླབས་ཀྱང་བཟང་དགོས་པ་བཞིན་ནོ། །གཞན་ཡང་འདའ་ཀ་ཡེ་ཤེས་པས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་ནས་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྐྱེད་པར་བྱའོ། །ཞེས་གསུངས་སོ། །དེ་ཡང་སེམས་ཀྱི་གཞི་རྩ་ཆོད་ན་ཡེ་ཤེས་ཡིན་ལ་ཡེ་ཤེས་ཀྱི་གཞི་རྩ་ཆོད་ན་གདོད་མའི་ཀ་དག་ཡིན་པས། སྣང་སེམས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཞིང་ཁམས་ཆེན་པོར་གནས་སོ། །མདོར་ན་སེམས་ནི་ཡེ་ཤེས་ཀྱི་རང་མདངས་རིག་སྟོང་མཐའ་གྲོལ་ཆེན་པོར་བཞུགས་སོ། །དོན་གསུམ་པ་དེ་གཉིས་ཇི་ལྟར་འཕྲད་ཅིང་གྱེས་པའི་ཚུལ་ལ་གཉིས་ལས། ད་ལྟ་འཕྲད་ཚུལ་ནི་གློ་བ་ནས་སྙིང་དུ་འབྲེལ་བའི་རྩ་ནང་ན་ཕར་རླུང་འགྱུ་བས། ཡེ་ཤེས་ཀྱི་རྩལ་གློ་བར་ཚུར་འོངས་པ་གཉིས་དུས་གཅིག་པས། རླུང་གི་མདངས་སྙིང་གའི་འོད་གསལ་
དང་འཕྲད་དེ། སངས་རྒྱས་ངོ་སྤྲད་པའི་ལུང་ལས་ད་ལྟ་འཕྲད་ཚུལ་དྲིས་པའི་ལན་དུ། དེ་ལྟར་རིག་པ་འོད་ལྔའི་ལུས་སུ་ཡོད་པས། རང་གི་སྙིང་ནང་ན་མེ་རེ་རེ་ཡོད་དོ། །སེམས་གློ་བ་ན་ཡོད་དོ། །གློ་བ་ནས་སྙིང་དུ་རྩ་སོགས་མའི་སྦུ་གུ་ཙམ་ཞིག་གིས་སྦྲེལ་ནས་ཡོད་དེ། སེམས་གློ་བའི་ནང་ནས་ཐོན་ན ས་རྩ་སོག་མའི་སྦུ་གུ་ཙམ་དེའི་ནང་ནས་ཡར་དབུགས་རྒྱུ་བས་སྙིང་གི་ནང་ནས་ཡར་སྐུ་གསུམ་ཡེ་ཤེས་ལྔ་ཡོད་པ་དང་འཕྲད་དེ། རང་གི་སྙིང་གའི་དཀྱིལ་དུ་རིག་པ་དབུགས་ཀྱི་རྟ་དང་འཕྲད་པས་དབུགས་མེད་པའི་འགྱུ་བ་ཞེས་བྱའོ། །ཞེས་གསུངས་པས། སྙིང་དུ་རླུང་དང་ཡེ་ཤེས་འཕྲད་དུས་སྒོ་གཞན་བཞི་འགྱུར་བ་རགས་པར་མེད་དེ། རིག་ཙམ་ལས་གཡོ་བ་མེད་པའི་ཕྱིར་རོ། །འོན་ཀྱང་དབྱིངས་ཀྱི་སྣང་བས་འགྲོ་འོང་དང་བཅས་པའི་རྟ་སྙིང་ནང་གི་རླུང་དང་འདྲེས་པའི་ཆ་དེས་བྱེད་པས་ལུས་དང་དབང་པོ་མི་འགུལ་བའི་ཚེ། སྙིང་གི་རླུང་དེ་མི་གཡོ་བས་འོད་གསལ་ནམ་མཁའ་ལ་སྣང་བས་མི་འགུལ་བ་ཡིན་ལ། རྟོག་པར་འགྱུས་སམ་མིག་དང་ལུས་འགུལ་ན་རླུང་གཡོ་བས་སྣང་བ་རྣམས་ཀྱང་འགྲོ་འོང་བྱེད་པའོ། །འོ་ན་སྣང་བ་རྣམས་རྩ་ནང་གི་སྒྲོན་མའི་གདངས་ཡིན་མོད། སྙིང་ནང་དུ་རླུང་དང་ཕྲད་པའི་གཡོ་མི་གཡོར་མི་འཐད་སྙམ་ན། སྒྲོན་མ་རྣམས་སྙིང་ནང་གི་གདངས་ཡིན་ལ། དེ་མཁའ་ལ་སྣང་བས་འཐད་པ་ཡིན་ནོ་ཞེས་ལན་བཏབ་ཟིན་ཏོ། །གཞན་ཡང་འོད་སྣང་ལ་རྟོགས་པས་གསལ་འགྲིབ་ལེགས་ཉེས་སུ་སྤྱོད་པ་ན་ཡང་སེམས་ཡེ་ཤེས་དང་འཕྲད་པའོ། །གཉིས་པ་གྱེས་ཚུལ་ལ་གཉིས་ལས། ད་ལྟ་ཡང་འོད་གསལ་གྱི་ངང་ལ་གསལ་སྟོང་འཛིན་མེད་ཆེན་པོར་གནས་དུས། གློ་བའི་ནང་དུ་ཕར་མདངས་འཕྲོས་པ་སྙིང་གཉིད་དུ་ལོག་ནས་གཞི་ཐོག་ན་གནས་པས། རླུང་ཁོ་རང་ཇི་ལྟར་འགྱུ་ཡང་རྟོག་པ་མེད་པའི་གནད་དེ་ཡིན་པས་དར་ཅིག་རྒྱབ་གྱེས་སོ། །སྒྲོག་ཐོག་མ་བྲལ་བས་ཡང་གདངས་གློ་བར་འཕྲོས་པས་རླུང་དང་འདྲེས་ཏེ་སྒོ་སོ་སོ་ལ་
འཕྲོས་པས་སེམས་མི་དྲན་དགུ་དྲན་གྱི་རྟོག་པ་ཤར་རོ། །ཐ་མ་རྒྱབ་ཀྱིས་ཚུལ་ནི་དེ་ཉིད་ལས། ཐ་མ་རྒྱབ་ཀྱིས་ཚུལ་ནི་རང་འཆི་བའི་དུས་སུ་སེམས་གློ་བའི་ནང་ནས་དོན། ལམ་གྲོ་སོག་གི་བུག་པ་ཙམ་དེ་ནས་སྣ་བུག་གཉིས་ཁ་དང་གསུམ་ནས་ཧ་ཟེར་ནས་དབུགས་ཕར་ལ་རྒྱུ། ཧུ་ཟེར་ནས་ཚུར་ལ་འདྲེན་ནོ། །གསང་བའི་བདག་པོ་སྲིད་པའི་རི་བོ་ལས་བརྒལ་བའི་དུས་སུ་འགྱུ་བའི་རླུང་ནང་ནས་ཕྱིར་འདྲེན་པ་སྟོབས་ཆེ། འདུས་མ་བྱས་པས་ནམ་མཁའ་ལ་ཕྱིར་འདྲེན་པ་སྟོབས་ཆེ། ནང་དུ་འདྲེན་པའི་རླུང་གིས་ཕྱིའི་ནམ་མཁའ་ནས་ནང་དུ་དྲངས་ནས་ཚུར་འདུས། ཐུགས་རིག་པའི་ཡེ་ཤེས་ལ་ཐིམ་མོ། །ཕར་འཕྲོས་འདུས་མ་བྱས་ཀྱི་ནམ་མཁའ་ལ་ཐིམ་པས། རྣམ་པར་ཤེས་པ་རླུང་ཞོན་གྱི་དགོངས་པ་ཞེས་བྱའོ། །ཐ་མ་ཧ་ཟེར་ནས་ཕར་ལ་སོང་ནས། ཧུས་ཚུལ་ལ་མི་འདུས་པའི་ཚེ་གྱེས་སོ། །ཞེས་པས། འཆི་བའི་ཚེ་གྱེན་རྒྱུ་ཕྱི་ཆད། ཐུར་སེལ་ནང་དུ་ལོག །མཉམ་གནས་སྙིང་གར་ཐིམ་དུས་སེམས་ཀྱི་རྟ་རླུང་མེད་པས། ཡེ་ཤེས་ཀྱི་རྩལ་ནང་དུ་ཐིམ་པས་སེམས་དང་ཡེ་ཤེས་རྒྱབ་གྱེས་ཏེ། རྟ་ལོང་བ་རྐང་ཅན་གྱིས་མི་འཕྱེའོ་མིག་ཅན་བོར་བ་ཞེས་བྱའོ། །དེའི་ཚེ་ཡེ་ཤེས་འབའ་ཞིག་ནང་དུ་གསལ་བ་ནི། མཚན་བརྗོད་ལས། ཤེས་པ་འབའ་ཞིག་ངེས་གསལ་བ། ཞེས་སོ། །དོན་གསུམ་པ་དེ་གཉིས་ཀྱིས་འཁོར་འདས་ཀྱི་རྟེན་བྱེད་ཚུལ་ནི། སྔ་མ་དེ་ཉིད་ལས། རིགས་ཀྱི་བུ་སེམས་དང་སེམས་ལས་བྱུང་བ་རྣམས་འཁོར་བའི་རྒྱུ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །ཞེས་པས། སེམས་ནི་མ་རིག་པ་དཀར་ནག་གི་ལས་བག་ཆགས་ཀྱི་རྟེན་བྱེད་པས་འཁོར་ལོ་ལྟར་འཁོར་བའི་རྒྱུའམ་ངོ་བོ་ཡིན་ལ། ཡེ་ཤེས་ནི་སྒྲིབ་པ་ཐམས་ཅད་ལས་འདས་ཏེ། ཐལ་འགྱུར་ལས། ཡེ་ཤེས་ཡེ་ནས་འོད་གསལ་བས། །མ་རིག་པ་ཡིས་སྒྲིབ་པ་མེད། །གདོད་ནས་མྱ་ངན་འདས་པ་སྟེ། །མྱ་ངན་འདས་པ་ཀུན་གྱི་རྟེན། །ཞེས་སོ། དེ་དག་གིས་གཞིའི་གནས་ལུགས་
བསྟན་པའོ། །དོན་གསུམ་པ་བར་དུ་ལམ་གྱི་འཁྱེར་ཚུལ་བསྟན་པ་ལ། གཞི་མ་སྨིན་པ་སྨིན་པར་བྱེད་པའི་དབང་དང་། སྨིན་པ་གྲོལ་བར་བྱེད་པའི་གདམས་པ་གཉིས་ལས། དང་པོ་དབང་བསྐུར་བའི་ཡོན་ཏན། མ་བསྐུར་བའི་སྐྱོན། ཇི་ལྟར་བསྐུར་བའི་རིམ་པ། དབང་བསྐུར་བ་དངོས་དེའི་དམ་ཚིག་དང་ལྔ་ལས། དང་པོ་ནི་སྙིང་གི་མེ་ལོང་ལས། དབང་རྣམས་རབ་ཏུ་ཐོབ་བྱས་ན། །གསང་སྔགས་ཐམས་ཅད་མ་བསྒྲུབ་འགྲུབ། །ཅེས་པ་དང་། ཀློང་གསལ་ལས། དབང་ཐོབ་རྒྱུད་སྨིན་ཆོས་སྒོ་ཕྱེད། །གསང་སྔགས་དོན་ཀུན་འགྲུབ་པར་འགྱུར། །ཞེས་པས། གོང་མའི་བྱིན་རླབས་འཇུག་པས་གསང་སྔགས་ཀྱི་སྣོད་དུ་རུང་། ཟབ་མོའི་ཆོས་སྒོ་ཕྱེད་པས་སྨིན་གྲོལ་གྱི་ལམ་ལ་དབང་ལ། གསང་སྔགས་ཀྱི་དངོས་གྲུབ་འགྲུབ་པས་རང་གཞན་གྱི་འདོད་དགུ་འབྱུང་བའོ། །གཉིས་པ་ནི། སྙིང་གི་མེ་ལོང་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་མི་འགྱུར། །དཔེར་ན་མཉེན་པ་ལག་སྐྱ་མེད་པ་བཞིན། །ཞེས་པ་དང་། ཕྱག་རྒྱ་ཆེན་པོ་ཁ་སྦྱོར་ཐིག་ལེ་ལས། །དབང་མ་ཐོབ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །ཞེས་པས། དེ་ཁོ་ན་ཉིད་ཀྱི་སྣོད་དུ་མི་ རུང་། ཡང་དག་པའི་བྱིན་རླབས་མི་འཇུག །དངོས་གྲུབ་ཀྱི་རྩ་བ་ཆད་པའོ། །གསུམ་པ་ནི་ཐལ་འགྱུར་ལས། དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པར་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱ། །ཞེས་པ་དང་། ཀློང་གསལ་ལས། སྤྲོས་བཅས་ཕྱི་ཡི་བུམ་དབང་དང་། །སྤྲོས་མེད་ནང་གི་གསང་དབང་དང་། །ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་དབང་། །རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ། །སྣོད་ལྡན་བུ་ལ་རིམ་པ་བཞིན་དུ་བསྐུར། །ཞེས་པ་དང་། མངོན་སུམ་ཉིད་ནི་གནད་དུ་དབབ་པའི་ཕྱིར།
ཀུན་ཏུ་སྤྲོས་མེད་ཁྱད་པར་དབང་ལྔ་བསྐུར། ཞེས་པ་དང་། བཏགས་གྲོལ་སྙིང་པོའི་རྒྱུད་ལས། དེ་ནས་རིག་པའི་རྩལ་དབང་བསྐུར། །ཞེས་པས། དང་པོ་སྤྲོས་བཅས་ཕྱི་བུམ་པའི་དབང་། དེ་ནས་སྤྲོས་མེད་ནང་གསང་བའི་དབང་། དེ་ནས་ཤིན་ཏུ་སྤྲོས་མེད་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེ་ནས་རབ་ཏུ་སྤྲོས་མེད་ཡང་གསང་ཚིག་དབང་རིན་པོ་ཆེ། དེ་ནས་ཀུན་ཏུ་སྤྲོས་མེད་བླ་ན་མེད་པ་རིག་པའི་རྩལ་དབང་རྣམས་རིམ་པ་བཞིན་དུ་བསྐུར་རོ། །དེའང་དབང་རེ་བསྐུར་ནས་དེའི་གདམས་པ་རེ་བསྟན་ཏེ། རྟགས་མ་བྱུང་གི་བར་བསྒོམ་ཞིང་། བྱུང་ནས་དབང་ཕྱི་མ་རྣམས་རིམ་པས་ལོ་ཟླས་བར་དུ་ཆོད་པར་བསྐུར་བ་དུམ་བུའི་ལུགས་དང་། དབང་རྣམས་ཞག་སྦྲེལ་ཏེ་བར་མ་ཆད་པར་གཅིག་སྟེང་གཅིག་བསྐུར་བ་ཁྲིགས་ཆགས་ལུགས་གང་ལྟར་བྱས་ཀྱང་འགལ་བ་མེད་དོ། །བཞི་པ་ལ། ཕྱི་སྤྲོས་བཅས་བུམ་པའི་དབང་། ནང་སྤྲོས་མེད་གསང་བའི་དབང་། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་། ཡང་གསང་ཚིག་དབང་རིན་པོ་ཆེ། བླ་མེད་རིག་པའི་རྩལ་དབང་ལྔ་ལས། དང་པོ་ལ། བུམ་དབང་མ་ཐོབ་པ་ཐོབ་པར་བྱ་བ། ཐོབ་པ་རྒྱུད་ལ་བརྟན་པའི་ཚུལ་གཉིས་ལས། དང་པོ་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་ལས། སྦྱོར་བ་སྔོན་དུ་འགྲོ་བའི་ཆོས་ལ་བཅུ་གཅིག་སྟེ། བླ་མའི་མཚན་ཉིད། སློབ་མའི་མཚན་ཉིད། གསོལ་བ་གདབ་པ། བསྙེན་པ་བྱ་བ། སའི་ཆོ་ག །སྟ་གོན་གྱི་ཆོ་ག །ཐིག་གི་ཆོ་ག །ཚོན་གྱི་ཆོ་ག །དཀྱིལ་འཁོར་བསྒྲུབ་པའི་ཆོ་ག །དེ་ཉིད་མཆོད་པའི་ཆོ་ག །སློབ་མ་འཇུག་པའི་ཆོ་གའོ། །དང་པོ་དང་གཉིས་པ་ནི་སྔར་བཤད་ཟིན་ཏོ། །དགོས་པ་ནི་དཔོན་སློབ་མཚན་ཉིད་དང་ལྡན་པས་དབང་བསྐུར་ནོད་པར་བྱས་ན་སྡུག་བསྔལ་ཀུན་ལས་གྲོལ་ལ། མི་ལྡན་ན་གཉིས་ཀ་འཕུང་སྟེ། ཀློང་གསལ་ལས། མཚན་ཉིད་ལྡན་པའ་ིབླ་མ་ཡིས། །དབང་བསྐུར་བས་ནི་སྡུག་བསྔལ་གྲོལ། །མཚན་ཉིད་མི་ལྡན་བླ་མས་ནི། །དབང་བསྐུར་བྱས་ན་
གཉིས་ཀ་འཕུང་། །ཞེས་སོ། །གསུམ་པ་ལ་སྤྱིར་གསོལ་བ་གདབ་པ། སྡོམ་པ་ཐུན་མོང་པ་སྦྱིན་པ། ཐོག་མའི་དགའ་སྟོན་བྱ་བ། སྡིག་པ་སྦྱོང་བ། སྲུང་འཁོར་བསྒོམ་པ། དམ་ཚིག་བསྒྲག་པ། བཀའ་བཞིན་བསྒྲུབ་པ་དང་བདུན་ལས། དང་པོ་ནི་མཚན་ཉིད་དང་ལྡན་པའི་སློབ་མ་དེས། བླ་མ་མཚན་ཉིད་དང་ལྡན་པ་དེ་ལ་རབ་ལོ་གསུམ། འབྲིང་གཉིས། ཐ་མ་གཅིག་ནས། བདག་ལ་དབང་བསྐུར་བར་ཞུ་ཞེས་གསེར་གྱི་མཎྜལ་ཕུལ་ལ་གསོལ་བ་གདབ། བླ་མས་ཀྱང་སྣོད་དུ་རུང་ན་བྱའོ་ཞེས་ཞལ་གྱིས་བཞེས་ལ། གཉིས་ཀས་བརྟག་གོ ། དགོས་པ་ནི་དཔོན་སློབ་གྱི་མཚན་ཉིད་བརྟགས་པས་ངན་ན་འཇོག །བཟང་ན་ཞུགས། ཆོས་ལ་གུས་པ་བསྐྱེད་པའོ། །གཉིས་པ་ནི་དེ་ནས་དུས་ལ་བབས་པ་དང་། དྲང་དོན་གྱིས་དད་པ་བསྐྱེད་ལ། སྔར་ལམ་ལ་མ་ཞུགས་པ་ཡིན་ན་སྐྱབས་འགྲོ་ཐུན་མོང་པ་ནས་སེམས་བསྐྱེད་དང་། རིག་པ་འཛིན་པའི་སྡོམ་པའི་བར་ཐེག་པ་རིམ་དགུའི་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། དབང་དང་། གདམས་པ་ལ་སོགས་པ་ཅི་རིགས་སུ་བསྟན་ཏེ། ཐལ་འགྱུར་ལས། དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །ཐུན་མོང་སྡོམ་པ་རྫོགས་པར་སྦྱིན། །ཅེས་སོ། །གསུམ་པ་ནི་ཚོགས་ཀྱི་འཁོར་ལོ་བཟང་པོ་བཤམས་ལ། ཀྱེ་ཀྱེ་ཀུན་བཟང་རྡོ་རྗེ་འཛིན། །ལ་སོགས་པས་གསོལ་བ་གསུམ་གདབ་པ་ནི་ཞུ་བས་སྐབས་དབྱེ་བའི་དགོས་པ་ཡོད་དོ། །བླ་མས། ཀྱེ་ཀྱེ་རིགས་ཀྱི་བུ་མཆོག་ཁྱེད་རྣམས་ཀྱིས་ཞེས་པ་ལ་སོགས་པ་ལན་ཅིག་བརྗོད་པ་ནི་བར་ཆད་དྲིས་པས་འགྱོད་སེམས་མི་སྐྱེ་བའི་དགོས་པ་ཡོད་དོ། །དེ་ནས་སློབ་མས། ཀྱེ་ཀྱེ་ཇི་ལྟར་ཐུགས་ཀྱིས་དགོངས་མཛད་པ། ཞེས་བརྗོད་པ་ནི་སྤྲོ་བར་ཁས་ལེན་པ་སྟེ། གཏོང་ཕོད་ཆེ་བའི་དགོས་པ་ཡོད་དོ། །དེ་ལྟར་དགའ་སྟོན་བྱས་པའི་ཡོན་ཏན་གྱིས། ཀློང་གསལ་ལས། དགའ་སྟོན་བར་ཆད་སེལ་བ་དང་། ཡོན་ཏན་ཀུན་རྫོགས་འགྲུབ་པར་འགྱུར། ཞེས་
པ་དང་། ཐལ་འགྱུར་ལས། འཁོར་དང་ལོངས་སྤྱོད་རྣམས་ཀྱི་ རྟེན། །ལུས་ངག་སྤྱོད་པས་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །བསྟེན་པ་དེ་ལ་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །ཅེས་པས། དགའ་སྟོན་གྱིས་བླ་མ་མཉེས་པར་བྱའོ། །སྐྱོན་ནི་སྔ་མ་དེ་ཉིད་ལས། དགའ་སྟོན་ཚོགས་ཡོན་མེད་པ་ན། །བར་ཆད་རྐྱེན་ནི་སྣ་ཚོགས་འབྱུང་། །དབང་གི་རྒྱལ་ས་ཞིག་པ་དང་། །དངོས་གྲུབ་མི་ཐོབ་ཡི་དྭགས་སྐྱེ། །ཞེས་སོ། །བཞི་པ་སློབ་མ་རྣམས་ཡི་གེ་བརྒྱ་པའི་བསྒོམ་བཟླས་བྱེད་དུ་འཇུག་པ་ནི། དེ་ཉིད་ལས། སྔོན་འགྲོ་ཡི་གེ་བརྒྱ་པའི་བཟླས་བརྗོད་བྱ། །ཞེས་སོ། །དགོས་པ་ནི་རྒྱུད་ཀྱི་སྡིག་པ་བསྲབས་པས་དབང་གི་སྣོད་དུ་རུང་བའོ། །ལྔ་པ་ནི་ཀློང་གསལ་ལས། བར་ཆད་མི་ཞུགས་བསྲུང་བྱའི་ཕྱིར། ཧཱུཾ་གི་སྦྱོར་བས་བསྲུང་མཚམས་བྱ། ཞེས་པས། སློབ་དཔོན་གྱི་ཐུགས་ཀ་ནས་སློབ་མའི་སྙིང་གར་ཧཱུཾ་ལས་འོད་འཕྲོས་པས་ལུས་ཐམས་ཅད་རྡོ་རྗེའི་གོ་ཞུབ་ཏུ་གྱུར་པར་བསམ་པའི་དགོས་པ་ནི། ད་ལྟའི་བར་ཆད་མི་འཇུག་ཅིང་མ་འོངས་པའི་བགེགས་ཚར་གཅོད་པའོ། །དེ་ལྟར་མ་བྱས་པའི་སྐྱོན་ནི། དེ་ཉིད་ལས། དེ་ལྟར་བསྲུང་བར་མ་བྱས་ན། །བདུད་དང་བར་ཆད་རྐྱེན་དབང་གྱུར། །དངོས་གྲུབ་བྱིན་རླབས་འཕྲོག་ཅིང་ཡལ། ཞེས་སོ། །དྲུག་པ་ནི་ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། ཞེས་པ་ལ་སོགས་པ་ལན་ཅིག་བརྗོད་པ་ནི། ཀློང་གསལ་ལས། དམ་ཚིག་ཁས་ལེན་གྱུར་ན་སྦྱིན། །ཅེས་སོ། དགོས་པ་ནི་དམ་ཚིག་བསྲུངས་ནུས་པས་མི་ཉམས་ཤིང་གོང་དུ་འཕེལ་བའོ། །བདུན་པ་ནི། ཀྱེ་ཀྱེ་སངས་རྒྱས་ཐམས་ཅད་འདུས་པ་ཡིས། ཞེས་པ་ལ་སོགས་པ་སློབ་མས་ཁས་བླངས་པས་བཀའ་བཞིན་རྗེས་སུ་སྒྲུབ་པ་སྟེ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །དེ་ལྟར་མ་བྱས་པའི་སྐྱོན་ནི་
སྔ་མ་དེ་ཉིད་ལས། དམ་ཚིག་དེ་རྣམས་མ་བསྲུང་ན། །དབང་གི་ཡོན་ཏན་མི་འབྱུང་ཞིང་། །ཉམས་པས་དམྱལ་བ་ཉིད་དུ་ལྷུང་། །ཞེས་སོ། །བཞི་པ་བསྙེན་པ་བྱ་བ་ནི་སློབ་དཔོན་གྱི་ཆོས་ཏེ་རིགས་ལྔའི་སྒྲུབ་ཐབས་ཕྱི་ནང་ལྟར་བྱའོ། །དགོས་པ་ནི་བསྙེན་པ་རྫོགས་པས་དབང་བྱིན་རླབས་དང་ལྡན་པས་སློབ་མའི་རྒྱུད་སྨིན་ནུས་པའོ། །ལྔ་པ་ནི་དཀྱིལ་འཁོར་བཞེང་པ་སྟེ། ཀློང་གསལ་ལས། བཀྲ་ཤིས་རྫས་དང་ས་བཟང་ལ། །རིན་པོ་ཆེ་ཡིས་ལེགས་པར་རྩིག །རབ་ནི་ཇི་ལྟར་འགྲུབ་པ་ལ། །ཐ་མ་མདའ་གང་མདུང་གང་ཚད། །ཅེས་པས། རབ་ཁྲུ་སྟོང་ལ་སོགས་པའི་ངེས་པ་མེད་པའི་ཆེན་པོ་རྒྱུ་ཡང་རིན་པོ་ཆེ་ལ་སོགས་པའོ། །འབྲིང་འདོམ་གང་། ཐ་མ་ནི་མདའ་གང་པ་ལ་བྱ་བ་ནི་རྟེན་ཁྱད་པར་ཅན་དུ་བསྒྲུབ་པའོ། །བ་བྱུང་དང་དྲི་ལ་སོགས་པ་བྱུགས་པ་ནི་གཙང་བར་བྱ་བའི་དོན་ཏེ། ཡེ་ནས་དྲི་མ་མེད་པ་མཚོན་པའོ། །དེ་ལྟར་ལྷ་མཆོད་ཅིང་བསྟོད་ནས། ཀུན་ཏུ་བཟང་པོ་སངས་རྒྱས་རིགས་ལྔའི་གཙོ། ལ་སོགས་པ་བརྗོད་པ་ནི་མཁྱེན་པར་གསོལ་བ་སྟེ། ཐུག་ཐུབ་ཏུ་མ་འཇུག་པའི་དགོས་པ་ཡོད་དོ། །དེའང་རྫོགས་པ་རང་བྱུང་ལས། གསོལ་བ་བཏབ་པས་བྱིན་རླབས་འཇུག །ལྷ་བསྐྱེད་མཆོད་དང་བསྟོད་པ་ཡིས། །བྱིན་གྱིས་བརླབ་པ་ཉིད་དུ་འགྱུར། །དེ་ལྟར་བྱས་པར་མ་གྱུར་ན། །དེ་ལ་བྱིན་ཉིད་ཕེབས་མི་འགྱུར། །ཞེས་སོ། །དྲུག་པ་ནི། ཀློང་གསལ་ལས། རྡོ་རྗེ་སློབ་དཔོན་བྱ་བའི་ལས། །བུམ་པ་ལྷ་དང་སྦྱིན་སྲེག་དང་། །སློབ་མ་སྟ་གོན་ཉེ་བར་བྱ། །ཞེས་པས། དང་པོ་བུམ་པ་མཚན་ཉིད་དང་ལྡན་པ་ཁ་དོག་ལྔར་བྱ་བ་ནི། རིགས་ལྔའི་རང་བཞིན་མཚོན་ལ་བུམ་རྫས་ཉི་ཤུ་རྩ་ལྔ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལ་ཡེ་ཤེས་ལྔ་ལྔ་སྟེ་ཡེ་ཤེས་ཉི་ཤུ་རྩ་ལྔ་མཚོན་ནོ། །ལས་བུམ་དཀར་པོས་ནི་བྱ་བ་རྣམས་འགྲུབ་པའོ། །དེ་དག་ཏུ་རིགས་ལྔ་སོ་སོའི་ལྷ་བསྒོམས་ལ། །བཟླས་པ་བྱས་པས་དབང་གི་དུས་སུ་ཉེ་བར་མཁོ་བ་ཉིད་
དོ། །ལྷ་སྟ་གོན་དུ་བྱ་བ་ནི། མཎྜལ་གྱི་སྟེང་དུ་བསྐྱེད་ལ་མཆོད་ཅིང་བསྟོད་ནས། ཧོ་དགོངས་སུ་གསོལ་ལ་སོགས་པས་གསོལ་བ་བཏབ་པས་བདག་དང་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་དགོས་པ་ཡོད་དོ། །དེ་ནས་སྤྱིན་སྲེག་ནི་ཐབ་དང་རྫས་ཀུན་ཞི་བ་ལྟར་བྱས་པས་བར་ཆོད་དང་སྡིག་པ་ཞི་བའི་དགོས་པ་ཡོད་དོ། །དེ་ནས་སློབ་མ་སྟ་གོན་དུ་བྱ་བ་ནི། སློབ་མས། ཀྱེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང་།།ལ་སོགས་པས་གསོལ་བ་བཏབ་ནས། བླ་མས། ཀྱེ་མ་སྣོད་དང་ལྡན་པའི་བུ། ལ་སོགས་པ་བརྗོད་པས་དཀྱིལ་འཁོར་དུ་གནད་ཐོབ་པའི་དགོས་པ་ཡོད་དོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ཞེས་པ་ལ་སོགས་པས་སྡོམ་པ་བླང་བ་ནི་སྔགས་ཀྱི་རྟེན་དུ་རུང་བའི་དགོས་པ་ཡོད་དོ། །དེ་ནས་སོ་ཤིང་དོར་བ་ནི་དངོས་གྲུབ་ཀྱི་ལྟས་བརྟག་པའི་དགོས་པ་ཡོད་དོ། །དེ་ནས་ཆོས་བཤད་པས་སློབ་མའི་བློ་དག་ཅིང་སྔགས་ལ་སྤྲོ་དགའ་ཁྱད་པར་ཅན་སྐྱེ་བའི་དགོས་པ་ཡོད་དེ། སྲུང་སྐུད་བཏགས་ཏེ་ཀུ་ཤ་བྱིན་ནས་རྨི་ལམ་བརྟགས་པས་བར་ཆད་དང་བྲལ་བའི་དགོས་པ་ཡོད་དོ། །བདུན་པ་ཐིག་གི་ཆོ་ག་ནི། ཀློང་གསལ་ལས། ཐིག་སྐུད་ཡེ་ཤེས་ལྔ་སྒྲིལ་ལ། །དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ། །ཚངས་ཐིག་ཆ་ཆེན་དག་ཀྱང་གདབ། །སྐད་ཅིག་དེ་ལ་ལྷ་ཚོགས་བསྐྱེད། །མཆོད་པ་དང་ནི་བསྟོད་པ་བྱ། །ཞེས་པས། དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་ཐིག་གདབ་པ་ནི་མཁའ་འགྲོ་ཡེ་ཤེས་ཀྱི་ཐིག་ཅེས་བྱ་བ་སྟེ་ཡེ་ནས་རྣམ་པར་དག་པའི་དཀྱིལ་འཁོར་རྩ་བའི་འཁོར་ལོ་མཚོན་པའོ། །དེ་ནས་སྒོ་རྐྱང་གི་ཐིག་རྫོགས་པར་གདབ་པ་ནི། དམ་ཚིག་གི་ཐིག་ཅེས་བྱ་བ་སྟེ་ལུས་ཆགས་པ་ན་གནས་པའི་རྩ་ཁམས་མཚོན་པའོ། །བརྒྱད་པ་ཚོན་གྱི་ཆོ་ག་ནི། རིན་པོ་ཆེ་ལ་སོགས་པའི་ཚོན་རྩི་ལ་བསྐྱེད་ཆོག་བྱས་པས་དཀྱིལ་འཁོར་རྫོགས་པར་བྲི་བ་ནི། ཡེ་ཤེས་ཀྱི་ཁམས་ལྔ་ལས་ཐམས་ཅད་གྲུབ་པ་མཚོན་པའོ། །དགུ་པ་དཀྱིལ་འཁོར་སྒྲུབ་པ་ནི། ལྷ་
བསྐྱེད་ནས་མཆོད་ཅིང་བསྟོད་ལ་བཀྲ་ཤིས་ཀྱི་བར་བརྗོད་པ་སྟེ་དབང་བསྐུར་བའི་རྟེན་དུ་དགོས་པའོ། །ཕུར་པ་བརྒྱད་ནི་སྒོ་མཚམས་མ་བརྒྱད་མཚོན་པའོ། །ཡེ་ཤེས་ལྔའི་དྲུ་བུའི་དྲ་བ་རིས་ནི་སྙིང་གར་ཡེ་ཤེས་ཀྱི་ཀློང་ན། ངོ་བོ་སྐུ། རང་བཞིན་འོད། ཐུགས་རྗེ་སྒྲོན་མར་གནས་པ་མཚོན་པའོ། །དེ་ནས་སློབ་མ་རྣམས་བསྐོར་བ་གསུམ་བྱས་ལ། ཀྱེ་ཁྲོ་བོ་མི་བཟད་འཇིགས་པའི་སྐུ། ལ་སོགས་པ་བརྗོད་པ་ནི་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ནང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་འཇུག་པའི་དགོས་པ་ཡོད་དོ། །དེ་ནས་བླ་མས་དྲི་ཞིང་ལན་བརྗོད་པས་སྣོད་དུ་རུང་བ་མཚོན་པའོ། །བགེགས་བསྐྲད་པ་ནི་བར་ཆད་མི་འབྱུང་བའི་དགོས་པ་ཡོད་དོ། །དེ་ནས་སློབ་མས། ཀྱེ་ཀྱེ་རིགས་ལྔ་བདེ་བར་གཤེགས་པ་དང་། ལ་སོགས་པ་བརྗོད་པས་ཐར་པ་ཆེན་པོའི་སྒོ་འབྱེད་པ་མཚོན་པའོ། །ཡང་ཀྱེ་ཀྱེ་བླ་མ་རྡོ་རྗེ་འཛིན་པ་དང་། ཞེས་པ་ལ་སོགས་པས་རྡོ་རྗེ་སློབ་དཔོན་ལ་གུས་པས་བསྐྱེད་ཅིང་ཞུ་བ་འབུལ་བའོ། །བླ་མས། ཀྱེ་ཀྱེ་ཁྱེད་ནི་སྣོད་མཆོག་དམ་པ་སྟེ། ཞེས་པས་སྤྲོ་བས་གནང་བ་སྦྱིན་པའོ། །སློབ་མས། བདག་ནི་འབྲས་བུ་གསང་སྔགས་ཀྱི། ལ་སོགས་པས་འདོད་དོན་ལ་གསོལ་ བའོ། །བླ་མས། ཨེ་མ་ཨེ་མ་རིགས་ཀྱི་བུ། ལ་སོགས་པས་དམ་ཚིག་གི་མནའ་ཆུ་བླུད་པས་དམ་ལ་མ་འདའ་བར་བྱེད་པའོ། །དེ་ནས་ཡེ་ཤེས་ཕབ་པས་རྒྱུད་བྱིན་གྱིས་བརླབས་པའི་དགོས་པ་ཡོད་དོ། །དེ་ནས་སྒོ་མ་བཞི་ལ་གསོལ་བ་བཏབ་པས་ཡེ་ཤེས་ཀྱི་གསང་སྒོ་ཕྱེད་པའི་དགོས་པ་ཡོད་དོ། །མེ་ཏོག་དོར་བས་རང་གི་ལས་འབྲེལ་ཡོད་པའི་ལྷ་ངོས་ཟིན་པའི་དགོས་པ་ཡོད་དོ། །དེ་ནས་སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། ལ་སོགས་པས་མིག་དར་དཀྲོལ་བས་ཡེ་ཤེས་ཀྱི་སྤྱན་ཐོབ་པའི་དགོས་པ་ཡོད་དོ། །དེ་ནས་དཀྱིལ་འཁོར་བསྟན་པས་རིགས་ལྔ་ཡེ་ཤེས་ཀྱི་ཞིང་ཁམས་རྟོགས་པའི་དགོས་པ་ཡོད་དོ། །དེ་ནས་དཀྱིལ་འཁོར་གྱི་རྣམ་དག་བཤད་པས་ལུས་བརྟེན་པ་དཀྱིལ་འཁོར་གཅིག་ཏུ་ཤེས་ཤིང་། ལྷའི་རྣམ་དག་བཤད་པས་རང་གི་ལུས་
ལ་ཞི་ཁྲོའི་ལྷ་ཚོགས་ཡོད་པར་རྟོགས་ནས་རང་ལུས་འོག་མིན་གྱི་ཞིང་དུ་མཐོང་སྟེ། བཟའ་བཏུང་ཚོགས་ཀྱི་ཡོ་བྱད་དུ་ཤེས་པས་མྱུར་དུ་སངས་རྒྱས་འགྲུབ་པའི་དགོས་པ་ཡོད་དོ། །དེའང་མདོ་ཙམ་དུ་བརྗོད་ན། དཀྱིལ་འཁོར་འཇམ་ཞིང་སྲུབས་མེད་པ་ནི་སེམས་ཅན་དང་སངས་རྒྱས་ཡེ་ཤེས་སུ་གཅིག་པའོ། །མེ་རི་ཡེ་ཤེས་ལྔའི་རང་བཞིན་ནོ། །སྟོང་ཞིང་བདག་མེད་པས་རྡོ་རྗེའི་ཕྲེང་བའོ། །སྐྱོན་གྱིས་མ་གོས་པས་པདྨའི་ཕྱེད་པའོ། །འབྲས་དང་ཤེས་རབ་དག་པའི་ཉི་ཟླའི་གདན་ནོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་དག་པའི་དུར་ཁྲོདབརྒྱད་དོ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རྟགས་སུ་པཉྩ་རཱ་གའི་རྩིག་པ་ལྔའོ། །རྣམ་པར་ཐར་པའི་ས་ནས་སྐྱེ་བ་མེད་པའི་ཕོ་བྲང་དུ་འགྲོ་བའི་ཕྱིར་ཚད་མེད་པའི་སྒོ་བཞིའོ། །དྲན་པ་ཉེ་བར་གཞག་པ་བཞི་དག་པས་རྟ་བབས་བཞིའོ། །བྱམས་པ་ཆེན་པོ་མངའ་བས་གདུགས་དང་། སེམས་ཅན་ལ་ཆོས་ཀྱི་སྒོ་ཚད་མེད་པ་སྟོན་པས་འཁོར་ལོ་དང་། བདུད་དང་ཕྱིར་རྒོལ་བ་བཅོམ་ཞིང་རྣམ་པར་མི་རྟོག་པས་རི་དྭགས་དང་། འཕགས་པའི་ལོངས་སྤྱོད་ཚད་མེད་པས་རྒྱན་རྣམས་པ་སྣ་ཚོགས་དང་། སྲིད་པ་གསུམ་ལས་རྣམ་པར་རྒྱལ་བས་རྒྱལ་མཚན་དང་། ཆོས་ཀྱི་སྒྲ་དབྱངས་མི་ཟད་པས་བ་དན་ཉི་ཤུ་རྩ་བཞི་ལ་དྲིལ་བུ་གཡེར་ཁའི་ཕྲེང་བ་འཁྲོལ་བ་དང་། ཡེ་ཤེས་རྣམ་པར་དག་པས་ཟླ་བ་རླུང་གིས་བསྐྱོད་པ་དང་། གདུང་བ་མེད་པས་རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། སྒྲིབ་པ་མེད་པས་མེ་ལོང་གི་ཕྲེང་བ་དང་ལྡན་པའོ། །ཆེ་བའི་ཡོན་ཏན་ཚད་མེད་པས་རྩིག་པའི་སྟེང་ན་རིན་པོ་ཆེའི་ཕ་གུའོ། །འགྲོ་བ་སྐྱོབ་བས་མདའ་ཡབ་བོ། །ས་དང་ལམ་ཐམས་ཅད་མཐར་ཕྱིན་པས་རྩེ་མོའི་རིམ་པའོ། །དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་ཐམས་ཅད་དུ་ཁྱབ་པའི་ཕྱིར་གཙང་ཁང་དུ་ཕྱུར་བུའོ། །སྙིང་པོ་ཡེ་ཤེས་ལྔ་དང་ལྡན་པས་རྡོ་རྗེ་རྩེ་ལྔ་པའི་ཏོག་གོ །འདོད་དགུ་འབྱུང་བས་རྩེ་མོ་རིན་པོ་ཆེས་མཚན་པའོ། །འདོད་ཡོན་ལྔ་མི་སྤང་ཞིང་ཡེ་ཤེས་ཀྱི་རོལ་པར་
འཆར་བས་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་ལ་ལྷ་མོ་བཅུ་དྲུག་གོ །སྐུ་གསུམ་འདུ་འབྲལ་མེད་པས་ནང་མུ་ཁྱུད་རིམ་པ་གསུམ་མོ། །རིགས་ལྔའི་ཁ་དོག་ལྷུན་གྱིས་གྲུབ་པ་མཚོན་པའི་ཕྱིར་དབུས་དང་འདབ་མ་བཞི་མཐིང་ལ་དཀར་སེར་དམར་ལྗང་ངོ་། །ཡབ་ཡུམ་གཉིས་སུ་མེད་པའི་པདྨའི་མཚམས་བཞི་མཛེས་ཚོན་ནོ། །ཆོས་སྐུ་མུ་མཐའ་དང་བྲལ་བས་བུམ་པ་ལྔ་ཟླུམ་པོའོ། །ཡེ་ཤེས་ལྔ་ལྡན་དུ་ཡོད་པས་ཁ་དོག་ལྔའོ། །ཞི་བ་ལ་ཁྲོ་བོ་འོད་ཟེར་དུ་ཡོད་པས་ཁ་རྒྱན་དང་བཅས་པའོ། །གདོད་མའི་རིག་པ་འགྱུར་བ་མེད་པས་དེའི་གསེབ་ན་རྡོ་རྗེ་ཡོད་པའོ། །ཉོན་མོངས་པ་ལྔ་སྣང་ཡུལ་དུ་དག་པས་མགུལ་ཆིངས་ལྔ་དང་ལྡན་པའོ། །ཡེ་ཤེས་ལྔའི་ཐུགས་རྗེ་ཀུན་ཁྱབ་ཏུ་ཡོད་པས་གཟུངས་ཐག་ལྔ་སྒྲིལ་ལོ། །རིག་པ་སྟོང་གསལ་དྲི་མ་མེད་པས་ཤེལ་དང་མེ་ལོང་ཁ་རྒྱན་གྱི་གསེབ་ཏུ་བྱུང་བའོ། །སྒྲོན་མ་བཞི་དབྱིངས་སུ་འཁྱིལ་བའི་རྟགས་སུ་སྟེང་གི་རྨ་བྱའི་གདུགས་སོ། །བསྟན་པ་མི་ནུབ་པའི་ཕྱིར་ཟུར་བཞིར་རྒྱལ་མཚན་བཞིའོ། །སྙན་པའི་གྲགས་པ་སྒྲོགས་པས་ཕྱོགས་བཞིར་བ་དན་བཞིའོ། །དམ་ཅན་མཁའ་འགྲོ་མཉེས་པའི་ཕྱིར་ཚོགས་གཏོར་ཕུན་སུམ་ཚོགས་པའོ། །དབང་བསྐུར་བ་ལ་ཕུན་སུམ་ཚོགས་པ་ལྔ་ལྡན་ཚང་བའི་ཕྱིར། གནས་དང་བླ་མ་ལ་སོགས་པའོ། །གཉིས་པ་ལྷའི་དག་པ་ནི་དབུས་རྣམ་པར་སྣང་མཛད་ལ་སོགས་པ་སོ་སོའི་སྐུ་མདོག་ལྔར་བྱུང་བ་ནི་ཉོན་མོངས་པ་ལྔ་མ་སྤང་གནས་སུ་དག་ཅིང་། ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དགོངས་པའི་འདུས་པའི་རྟགས་སོ། །ཡབ་ལྔ་ནི་ཕུང་པོ་ལྔ་དང་། ཡུམ་ལྔ་ནི་འབྱུང་བ་ལྔ་དག་ལ་ཟུང་སྦྱོར་ནི་འཁོར་བ་ཟིལ་གྱིས་གནོན་ཅིང་སྐྱོན་གྱིས་མ་གོས་པའི་བདེ་བ་ཆེན་པོར་རོ་གཅིག་པའོ། །སེམས་དཔའ་སེམས་མ་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད་དག་པའོ། །སྒོ་བ་ཡབ་ཡུམ་བཞི་ནི་དམིགས་པ་མེད་པའི་
ཚད་མེད་པ་བཞིའོ། །ཐུབ་པ་དྲུག་ནི་འགྲོ་དྲུག་དབྱིངས་སུ་འདྲེན་ཅིང་། ཉོན་མོངས་པ་དྲུག་དག་པའི་རྟགས་སོ། །ཐམས་ཅད་སྐྱིལ་ཀྲུང་མཛད་པ་ནི། བདུད་ཀྱིས་མི་འཕྲོགས་ཤིང་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་ལ་བཞུགས་པའོ། །རྒྱན་སྣ་ཚོགས་པས་བརྒྱན་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པའི་རྟགས་སོ། །རིག་སྟོང་། གསལ་སྟོང་། ཤར་སྟོང་། བདེ་སྟོང་། སྣང་སྟོང་ཟུང་འཇུག་གི་རྟགས་སུ་རིགས་ལྔའི་ཕྱག་མཚན་སོ་སོས་མཛེས་པའོ། །སྣང་སྲིད་སྣ་ཚོགས་ཡེ་སྟོང་རྩ་བ་དང་བྲལ་བས་འཁོར་རྣམས་ནི་ཕྱག་མཚན་སྣ་ཚོགས་པའོ། །བུམ་དབང་གི་སྔོན་འགྲོའོ། །གཉིས་པ་དངོས་གཞི་ལ་ལྷ་དང་ལས་ཀྱིས་འབྲེལ་བའི་དབང་། རིགས་ཀྱི་བདག་པོའི་དབང་། འདུ་འབྲལ་མེད་པ་ཀུན་ཏུ་བཟང་པོའི་དབང་། ཡེ་ཤེས་རྣམ་དག་ཆུའི་དབང་། དེ་ཉིད་མཚོན་པ་བརྡའི་དབང་། གཤིས་ཀྱི་ངོ་བོ་དོན་གྱི་དབང་། བརྟན་ཞིང་མཐར་ཕྱིན་དམ་ཚིག་གི་དབང་དང་བདུན་ལས། དང་པོ་ནི་ཀློང་གསལ་ལས། མཎྜལ་ཡོན་ཕུལ་གསོལ་བ་གདབ། །མེ་ཏོག་གང་ལ་ཕོག་པ་ཡིས། །རིགས་སྦྱོང་རིག་པའི་དབང་ལྔ་བསྐུར། །ཞེས་པས། སློབ་མས་གསོལ་བ་བཏབ་ནས། བླ་མས་མེ་ཏོག་གང་ལ་ཕོག་པ། ཞེས་པ་ལ་སོགས་པས་དབང་བསྐུར་བས་སོ་སོའི་སྔོན་ནས་འབྲེལ་བའི་ལྷ་མྱུར་དུ་གྲུབ་ནས་དངོས་གྲུབ་འབྱུང་བའི་དགོས་པ་ཡོད་དོ། །གཉིས་པ་ནི་ཀློང་གསལ་ལས། སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དག་གི་དབང་བསྐུར་བྱ། །ཞེས་པས། སློབ་མ་རིགས་ལྔར་བསམས་ལ། ཧཱུྃ་གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ལ་སོགས་པས་དབང་བསྐུར་བས། དུག་ལྔ་དག་ཅིང་ཡེ་ཤེས་ལྔ་ཐོབ་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ལ་རང་དབང་ཐོབ་པའི་ནུས་པ་འཇོག་པའི་དགོས་པ་ཡོད་དོ། །གསུམ་པ་ནི། ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །ལ་སོགས་པས་དབང་བསྐུར་བས། ཐབས་ཤེས་རབ་
གཉིས་སུ་མེད་ཅིང་། སྐུ་གསུམ་འདུ་འབྲལ་མེད་པས་ཚད་མེད་བཞིའི་སྒོ་ནས་ཡེ་ཤེས་ལྔས་སེམས་ཅན་གྱི་དོན་བྱེད་པའི་དགོས་པ་ཡོད་དོ། །བཞི་པ་ནི་བུམ་པའི་ཆུའི་དབང་བསྐུར་བས། ཉོན་མོངས་པ་ལྔ་དག ། སྐུ་ལྔ་དང་ཡེ་ཤེས་ལྔ་ཐོབ། ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་གསལ་བའི་དགོས་པ་ཡོད་དོ། །ལྔ་པ་ནི། བརྡའི་དབང་བསྐུར་བས། རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་རང་གནས་རྟོགས་པའི་དགོས་པ་ཡོད་དོ། །དྲུག་པ་ནི་དེ་ཉིད་ལས། །དེ་ལྟར་བརྡ་ཡི་ངོ་སྤྲོད་ཀྱང་། །ལོགས་ན་ཡོད་པ་མ་ཡིན་ཏེ། །རང་གི་ལུས་སེམས་འདི་ལ་ཚང་། །ཞེས་པས། རང་ཉིད་ལས་རིག་པའི་ཡེ་ཤེས་ལྔ་ཚན་དུ་ངོ་སྤྲད་པས་སངས་རྒྱས་རང་ལ་ཡོད་པར་ཡིད་ཆེས་པའི་དགོས་པ་ཡོད་དོ། །དེའང་སྐུ་ལྔ་ཡེ་ཤེས་ལྔ་རིགས་ལྔ་རླུང་ལྔ་ཤེས་རབ་ལྔ་མཁའ་འགྲོ་ལྔར་ངོ་སྤྲད་པ་ནི་སྔར་བཤད་ཟིན་ཏོ། །བདུན་པ་ནི། ཐལ་འགྱུར་ལས། དབང་བརྟན་པ་ཡི་དམ་ཚིག་བཤད། །དབྱེ་ན་བརྗོད་ཀྱིས་མི་ལང་ཡང་། །མདོར་བསྡུས་སྐུ་དང་གསུང་དང་ཐུགས། །རྣལ་འབྱོར་ལུས་ངག་ཡིད་ལ་སྦྱར། །ཞེས་པ་ལ་སོགས་པས། དམ་ཚིག་གི་བསྲུང་མཚམས་འཆད་པར་འགྱུར་བ་རྣམས་བརྗོད་པས་སྔར་གྱི་སྡོམ་པ་རྣམས་མི་ཉམས་ཤིང་བརྟན་ལ། ཡོན་ཏན་གསར་དུ་སྐྱེ་བས་དངོས་གྲུབ་ཐམས་ཅད་འགྲུབ་པའི་དགོས་པ་ཡོད་དོ། །དབང་དངོས་གཞིའོ། །གསུམ་པ་རྗེས་ལ་དགའ་སྟོན་བྱ་བ། བཀའ་བཞིན་བསྒྲུབ་པ། སྐྱོན་ཡོན་བསྟན་པ་གསུམ་ལས། དང་པོ་ཀློང་གསལ་ལས། དབང་བསྐུར་ཐོག་མ་ཐ་མ་ རུ། །དགའ་སྟོན་མ་བྱས་དངོས་གྲུབ་མེད། །དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་དེ་ཡི་འཁོར། །དེ་བཞིན་རང་གི་རྡོ་རྗེ་སྤུན། །གཅིག་དང་གཉིས་དང་གསུམ་དག་ནས། །བརྒྱ་སྟོང་གྲངས་མེད་དག་ལ་ནི། །ཚོགས་ཀྱི་དགའ་བ་སུས་བྱས་པ། །སྟོན་མོ་ཡོན་དང་བཅས་པ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་
པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་པ་དང་། རང་ཤར་ལས། དེ་ལྟར་མན་ངག་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །རིན་ཆེན་གསེར་ནི་རང་ལུས་ཙམ། །བླ་མ་ལ་ཡང་ཡོན་དུ་དབུལ། །མན་ངག་ལུང་གི་སློབ་དཔོན་ལ། ཁུ་བོ་ཕ་དང་མ་དང་མིག །བུ་དང་ཆུང་མ་ནོར་གྱི་མཆོག །སྒོ་གསུམ་ཟོལ་ཟོག་མེད་པ་ཡིས། །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་སོ། །དེ་ལྟར་མ་བྱས་ན་སྔ་མ་ལས། བླ་མ་ཡི་དམ་མཁའ་འགྲོ་དང་། །མཆེད་གྲོགས་རྡོ་རྗེ་སྤུན་ལ་སོགས། །ཚོགས་མཆོད་ཡོན་གྱི་མ་མཉེས་ན། །ནད་མང་ཚེ་ཐུང་བར་ཆད་འབྱུང་། །ཐུན་མོང་དངོས་གྲུབ་མེད་པ་དང་། །མཆོག་ལས་རིང་དུ་སོང་བ་དང་། །ཚེ་འཕོས་ཡི་དྭགས་སྐྱེ་བ་བརྒྱུད། །ཅེས་སོ། །དགོས་པ་ནི་ཐམས་ཅད་མཉེས་པས་དངོས་གྲུབ་ཐོབ་པའོ། །གཉིས་པ་ཀློང་གསལ་ལས། བླ་མ་དང་ནི་དབང་མཆོག་གི །གསུང་དང་གཞུང་ལས་འགལ་བ་ན། ན་རག་སྡུག་བསྔལ་མྱོང་བར་འགྱུར། ཞེས་པས། བཀའ་བཞིན་བསྒྲུབས་ན་མངོན་མཐོ་དང་། །ངེས་ལེགས་མྱུར་དུ་འགྲུབ་པའོ། །གསུམ་པ་ལ་གཉིས་ལས། དེ་ལྟར་དབང་ཐོབ་པའི་ཡོན་ཏན་ནི་སྔར་ཡང་བསྟན་ལ། ཁྱད་པར་ཀློང་གསལ་ལས། དབང་ཐོབ་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་འགྲུབ་དང་། །ཕྱི་མ་མངོན་པར་རྫོགས་སངས་རྒྱས། །ཞེས་སོ། །སྐྱོན་ནི་དེ་ཉིད་ལས། དཔེར་ན་ཞིང་ས་གཤིན་པོ་ལ། །སོ་ནམ་རིམ་པར་མ་བྱས་ན། །འབྲས་བུ་སྨིན་པར་མི་འགྱུར་ལྟར། །སེམས་ལ་ཆོས་ཉིད་གནས་གྱུར་ཀྱང་། །དབང་གིས་སྨིན་པར་མ་བྱས་ན། །རྣལ་འབྱོར་དངོས་གྲུབ་ག་ལ་ཐོབ། །དབང་མེད་འཁོར་བའི་མཐའ་སྙེགས་ཏེ། །འདི་ཕྱིའི་བདེ་བ་ཐོབ་པ་མེད། །ཅེས་སོ། །མདོར་ན་ཐར་པའི་གྲོང་ཁྱེར་དུ་མྱུར་དུ་འཇུག་པའི་དགོས་པ་ཡོད་དོ། །དེ་དག་གིས་བུམ་དབང་བསྟན་ཟིན་ཏོ། །གཉིས་
པ་དེ་ཉིད་རྒྱུད་ལ་བརྟེན་ཚུལ་ལ། ཕྱི་ནང་གསང་བ་གསུམ་ལས། དང་པོ་ནི་རིགས་ལྔ་ཕྱི་ལྟར་བསྒྲུབ་པ་སྟེ། ཀློང་གསལ་ལས། ལུས་ཀྱི་ཁྱབ་ཚད་ཐམས་ཅད་ལ། །ཕུང་པོ་ལྔ་ནི་རིགས་ལྔ་དངོས། ཁམས་ལྔ་ཡུམ་ལྔ་ཉིད་དུ་གནས། །ཞེས་པས་བསྐྱེད་རྫོགས་གཉིས་ལས། །དང་པོ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ལ། སྟོང་པའི་ངང་ལས་ཧཱུཾ་ལས་ཨེ་རཾ་ཡཾ་ཁཾ་ལཾ་འཕྲོས། འབྱུང་བ་ལྔ་རིམ་བརྩེགས་ཀྱི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་ཡོངས་སུ་རྫོགས་པར་སེང་གེ་གླང་པོ་རྟ་མཆོག་རྨ་བྱ་ཤང་ཤང་ལྔའི་སྟེང་དུ་པདྨ་ཉི་ཟླ་ལ། ཨཱོཾ་ཧཱུཾ་ཧྲཱཾ་ཏྲཱཾ་ཧྲཱིཿཨཿལྔ་ལས་འོད་འཕྲོས་སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོར་གྱུར། སླར་འདུས་ཡོངས་སུ་གྱུར་པ་ལས། དབུས་དང་ཕྱོགས་བཞིར་རིགས་ལྔ་ཡབ་ཡུམ་དང་བཅས་པའི་མཚམས་བཞིར་སེམས་དཔའ་ཡབ་ཡུམ་བརྒྱད། ཕྱོགས་བཞིར་ཐུབ་པ་དྲུག་གི་བཞི །སྟེང་འོག་གཉིས་སུ་རེ་རེ། སྒོ་བཞིར་སྒོ་བ་ཡབ་ཡུམ་བཞི་བསྐྱེད་པའི་གནས་གསུམ་དུ་ཨཱོཾ་ཨཱཿཧཱུཾ་གསུམ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས་ལ་རང་ལ་ཐིམ་པར་བསྒོམས་ཏེ། ཨཱོཾ་ཛི་ན་ཛི་ཀ །ལཾ་ཏེ་ཤྭ་ར་ཏི་སྟྭཾ། ཧཱུཾ་བཛྲ་བྷྲྀཀ །མུཾ་དྷརྟུ་ཤྭ་རཱི་སྟྭཾ། སྭཱ་རཏྣ་དྷྲིཀ །མཾ་མོ་ཧ་ར་ཏི་སྟཾ། ཨཱཾ་ཨ་རོ་ལིག །པྱཱཾ་ར་ག་ར་ཏི་སྟྭཾ། ཧ་པྲ་ཛྙཱ་དྷྲྀཀ །ཏཾ་བཛྲ་ར་ཏི་སྟྭཾ། ཧཱུཾ་ཏྲཱཾ་ཧྲཱིཿཨ་ཛཿཧཱུཾ་བཾ་ཧོཿསི་ཏི་ཧཱུཾ་ཧཱུཾ་ཞེས་པ་བཟླས་པའི་འོད་ཟེར་སྙིང་ག་ནས་འཕྲོས་པས། སེམས་ཅན་ལ་ཕོག་པས་སྒྲིབ་པ་སྦྱངས་ནས་ལྷ་དང་ལྷ་མོར་དམིགས་ཏེ་ཅི་འགྲུབ་ཟླས་སོ། །གཉིས་པ་རྫོགས་རིམ་ནི། སྣོད་བཅུད་ཐམས་ཅད་རིམ་གྱིས་བསྡུས་ལ་སྙིང་གའི་ས་བོན་མི་དམིགས་པ་ནམ་མཁའ་ལྟ་བུའི་ངང་དེ་ལ་མཉམ་པར་གཞག་ནས་བསྔོ་བ་བྱས་ལ། ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ་ཕྱོགས་མེད་དུ་འཆར། སྒྲིབ་པ་དག །རབ་ཚེ་འདིར། འབྲིང་བར་དོ། །ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་སངས་རྒྱའོ། །གཉིས་པ་ནང་ལྟར་སྒྲུབ་པ་ནི། ཀློང་གསལ་ལས། སྟོང་དང་སྣང་བ་ཀུན་
བདག་ཉིད། །ཡབ་ཡུམ་འཁྲིལ་སྦྱོར་གཅིག་གི་ངང་། །ཞེས་པས། བསྐྱིད་རིམ་ནི་སྐད་ཅིག་དྲན་རྫོགས་ཀྱིས་རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་གིས་ལོངས་སྤྱོད་རྫོགས་པའི་སྐུར་བཞུགས་པའི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མགྲིན་པར་རིན་ཆེན་འབྱུང་ལྡན་ཡབ་ཡུམ། སྙིང་གར་རྣམ་པར་སྣང་མཛད་ཡབ་ཡུམ། ལྟེ་བར་སྣང་བ་མཐའ་ཡས་ཡབ་ཡུམ། གསང་བར་དོན་ཡོད་གྲུབ་པ་ཡབ་ཡུམ་ཚིགས་བརྒྱད་ལ་སེམས་དཔའ་ཡབ་ཡུམ་བརྒྱད། ཡན་ལག་བཞི་ལ་སྒོ་བ་ཡབ་ཡུམ་བཞི་བསྐྱེད་ལ། ཨཱོཾ་ཨཱཿཧཱུཾ ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཿསིདྡྷི་ཕ་ལ་ཧཱུཾ་ཛཿཞེས་བཟླས་སོ། །རྫོགས་རིམ་ནི། བདག་དང་སྣང་སྲིད་ཐམས་ཅད་ཡེ ནས་དག་པའི་འོད་གསལ་སྣང་ལ་རང་བཞིན་མེད་པའི་དབང་དུ་ལུས་ལྷ། ངག་སྔགས། སེམས་སྟོང་གསལ་ཆོས་ཉིད་ལས་མི་འདའ་ཞིང་། སེམས་ཅན་ལ་བྱམས་སྙིང་རྗེ་བསྐྱེད་པའོ། །ཡོན་ཏན་ནི་ཚེ་འདིར་བསམ་པ་ཐམས་ཅད་འགྲུབ་ཅིང་ཕྲིན་ལས་ཐོགས་པ་མེད་པས། ཕྱི་མ་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་སེམས་ཅན་གྱི་དོན་བྱེད་པའོ། །གསུམ་པ་གསང་བ་ལྟར་སྒྲུབ་པ་ལ་ཐབས་ཤེས་རབ་གཉིས་སུ་མེད་པ་གསུམ་ལས། དང་པོ་ནི། སྐད་ཅིག་གིས་བདག་ཉིད་རྡོ་རྗེ་ཕག་མོ། དམར་མོ་ཁྲོ་ཞལ་སྤྱན་གསུམ་ཕག་ཞལ་མཐིང་གས་སྤྱི་གཙུག་བརྒྱན་པ། གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡོན་བརྐྱངས་པའི་བརླ་ལ་གཡས་བསྐུམས་པའི་མཐེ་བོང་བཏད་པ། གྲུ་མོ་ན་ཁ་ཊཱཾ་དང་མེ་ལོང་དྲིལ་བུའི་སྒྲ་འཁྲོལ་བ། པདྨ་དང་ཉི་ཟླ་རོའི་སྟེང་མེ་རི་འབར་བའི་ནང་ན་བཞུགས་པའི་སྤྱི་བོར། རྡོ་རྗེ་ཌཱ་ཀི་མ་དཀར་མོ་གཡས་རྡོ་རྗེ་ཡུ་བ་བྱས་པའི་གྲི་གུག །མགྲིན་པར་རིན་ཆེན་ཌཱ་ཀི་མ་སེར་མོ་གཡས་རིན་པོ་ཆེས་ཡུ་བ་བྱས་པའི་གྲི་གུག །སྙིང་གར་ཆོས་དབྱིངས་ཌཱ་ཀི་མ་སྔོན་མོ་གཡས་འཁོར་ལོས་ཡུ་བ་བྱས་པའི་གྲི་གུག །
ལྟེ་བར་པདྨ་ཌཱ་ཀི་མ་དམར་མོ་གཡས་པདྨས་ཡུ་བ་བྱས་པའི་གྲི་གུག །གསང་བར་ལས་ཀྱི་ཌཱ་ཀི་མ་ལྗང་གུ་གཡས་རྒྱ་གྲམ་གྱིས་ཡུ་བ་བྱས་པའི་གྲི་གུག་དང་། གཡོན་པ་ཀུན་ཐུགས་ཀར་ཐོད་པ་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ཀ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སྙིང་གར་རང་རང་གི་ས་བོན་ལ་ཧ་རི་ནི་ས་བཞི་བཞིས་བསྐོར་བའི་འོད་ཀྱིས་སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོར་བསམས་ལ་རང་ལ་བསྟིམ་ཞིང་། ཨཱོཾ་ཨ་ཧ་རི་ནི་ས་བུདྡྷ་ཌཱ་ཀི་ནི་ཧཱུཾ་ཛཿ དེ་བཞིན་དུ་བཛྲ། རཏྣ། པདྨ། ཀརྨ་ཌཱ་ཀི་ནི་ཧཱུཾ་ཛཿ ཞེས་བཟླས་པས། སྣང་སྲིད་དབང་དུ་འདུས་པར་བསྒོམ་མོ། །རྫོགས་རིམ་ནི་དེ་དག་སྤྲོས་བྲལ་གྱི་ངང་ལ་བཞག་གོ །ཟས་ནོར་ཆར་བཞིན་བབས། །དངོས་གྲུབ་གང་འདོད་འོངས། །སྐྱེ་བོ་སྤྲིན་བཞིན་འདུའོ། །གཉིས་པ་ཤེས་རབ་ལྟར་སྒྲུབ་པ་ནི། སྐད་ཅིག་དྲན་རྫོགས་ཀྱིས་རང་ཉིད་རྡོ་རྗེ་ཕག་མོ་གོང་དང་འདྲ་བའི་སྤྱི་བོར་རྩ་འདབ་སུམ་བརྒྱ་དྲུག་ཅུ་ལ་རྡོ་རྗེ་རིགས་ཀྱི་དཔའ་བོ་ཡབ་ཡུམ། མགྲིན་པར་རྩ་འདབ་བཅུ་དྲུག་ལ་རིན་ཆེན་རིགས། སྙིང་གར་རྩ་འདབ་སུམ་ཅུ་རྩ་གཉིས་ལ་ཆོས་དབྱིངས་རིགས་། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་ལ་པདྨའི་རིགས། གསང་བར་རྩ་འདབ་ཉི་ཤུ་རྩ་བརྒྱད་ལ་ལས་ཀྱི་རིགས་ཀྱི་དཔའ་བོ་ཡབ་ཡུམ། སྐུ་མདོག་ཕྱག་མཚན་སྔ་མ་ལྟར་བསྒོམ་ལ། རླུང་ཁ་སྦྱར་ཏེ། ལྷ་རྣམས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གསུམ་དབང་དུ་བསྡུས། ཟས་ནོར་གྱི་ཆར་ཕབ་པར་བསྒོམ་ལ། ཨཱོཾ་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲི ང་ཧྲིང་ཛ་ཛཿ དེ་བཞིན་དུ། ཨཱོཾ་བུདྡྷ་ཌཱ་ཀི་ནི། བཛྲ། རཏྣ། པདྨ། ཀརྨ་ཌཱ་ཀི་ནི་ར་ཙ་ཧྲི་ཡ་ཙིཏྟ་ཧྲི ང་ཧྲི ང་ཛ་ཛཿ། ཞེས་བཟླས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་བཀུག་པར་བསམ་ལ་བཟླས་སོ། །རྫོགས་རིམ་ནི་སྣང་སྲིད་གཟུགས་སུ་གྱུར་ཚད་དཔའ་བོ་དཔའ་མོ། །སྒྲ་ཐམས་ཅད་ཧ་རི་ནི་ས། དྲན་རིག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ལམ་དུ་བྱའོ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །སེམས་ཅན་ཀུན་ལ་བྱམས་
པ་བསྒོམས། །རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ། །ཆགས་ཞེན་མི་བྱ་སྦྱིན་པ་གཏོང་། །པདྨ་མཁའ་འགྲོའི་དམ་ཚིག་ཏུ། །བུད་མེད་མི་སྤང་བདེ་སྟོང་སྒོམས། །ལས་ཀྱི་ཌཱ་ཀིའི་དམ་ཚིག་ཏུ། །ཤུགས་འབྱུང་རང་གའི་སྤྱོད་པ་སྐྱོངས། །དེ་ལྟར་བྱས་པའི་ཡོན་ཏན་ནི། །རྡོ་རྗེ་མཁའ་འགྲོས་ཞི་བ་འགྲུབ། །རིན་ཆེན་པདྨ་ལས་གསུམ་གྱིས། །རྒྱས་པ་དབང་དང་མངོན་སྤྱོད་འགྲུབ། །རྡོ་རྗེ་ཕག་མོའི་དམ་ཚིག་ཏུ། །ཆོས་ཉིད་བདེ་ཆེན་རོལ་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ། །གསུམ་པ་གཉིས་མེད་ལྟར་སྒྲུབ་པ་ནི། ཀློང་གསལ་ལས། སྟོང་གསལ་རིག་པའི་ཡེ་ཤེས་ལྔ། །ཐབས་ཤེས་ཟུང་འཇུག་ངང་ཉིད་དངོས། །ཞེས་པས། གང་ཤར་ཆོས་ཉིད་ཀྱི་རོལ་པ། ཐུགས་ཕྲད་ཤུགས་འབྱུང་གི་སྤྱོད་པ། རེ་དོགས་གཉིས་མེད་ཀྱི་འབྲས་བུ་རང་ཤར་རང་གྲོལ་ཆེན་པོར་ལམ་དུ་བྱ་བ་ནི། ལྟ་བའི་སྙིང་པོ་སྟོང་གསལ་འགྱུར་མེད་ལྟོས། །སྒོམ་པའི་སྙིང་པོ་རང་གྲོལ་འཛིན་མེད་སྐྱོངས། །སྤྱོད་པའི་སྙིང་པོར་ཚོགས་དྲུག་ལྷུག་པར་ཞོག །འབྲས་བུའི་སྙིང་པོར་རེ་དོགས་ཞིག་པ་ཡིན། །མུ་མཐའ་བྲལ་ན་ལྟ་བའི་རྒྱལ་པོ་མཆོག །གཟའ་གཏད་བྲལ་ན་སྒོམ་པའི་རྒྱལ་པོ་མཆོག །བླང་དོར་རྟོགས་ན་སྤྱོད་པའི་རྒྱལ་པོ་མཆོག ། ཡེ་བཞིན་རྟོགས་ན་འབྲས་བུའི་རྒྱལ་པོ་མཆོག ། རྟོགས་སུ་མེད་ཀྱི་ལྟ་བའི་དམིགས་གཏད་ཤོལ། །བསྒོམ་དུ་མེད་ཀྱི་གང་བྱུང་གང་བདེར་ཐོང་། །སྤྱད་དུ་མེད་ཀྱི་ཤུག་འབྱུང་རྩིས་གདབ་མེད། །ཐོབ་ཏུ་མེད་ཀྱི་ཡེ་བཞིན་ལྷུན་གྱིས་གྲུབ། །འདི་ཡིན་མེད་ཀྱི་ཆེད་འཛིན་མ་བྱེད་ཅིག །གང་ཡིན་ཡིན་གྱི་སྤང་བླང་མ་བྱེད་ཅིག །གཟའ་གཏད་མེད་ཀྱི་རེ་དོགས་མ་བྱེད་ཅིག །ཡིན་མིན་མེད་ཀྱི་ཕྱོགས་འཛིན་མ་བྱེད་ཅིག །སྣ་ཚོགས་ཡུལ་རྣམས་ཀུན་ལ་ཕར་ལྟོས་དང་། །སྣང་ཞིང་སྲིད་པ་ཐམས་ཅད་གཟུགས་བརྙན་འདྲ། །སྣང་སྟོང་གྲགས་སྟོང་
རང་བཞིན་ངོ་བོས་སྟོང་། །དེ་གཉིས་འབྱེད་པའི་སེམས་ལ་ཚུར་ལྟོས་དང་། །དྲན་སྟོང་རིག་སྟོང་ཚོར་སྟོང་བདེན་པས་སྟོང་། །ཇི་བཞིན་གཉུག་མ་ཡེ་བཞིན་ཆོས་ཉིད་དང་། །སྐྱེ་མེད་སྤྲོས་བྲལ་སྤྲོས་ཀུན་ཞི་བ་ཉིད། །ཅེས་པ་ནི་སྙིང་པོ་ཡེ་ཤེས་ཀྱི་རིགས་ལྔ་གསང་བར་སྒྲུབ་འོ། །མདོར་ན་བསྐྱེད་རྫོགས་ཟུང་འཇུག་གི་དོན་སྒོམ་པ་ནི་བུམ་དབང་གི་དེ་ཁོ་ན་ཉིད་རྒྱུད་ལ་བརྟེན་པའོ། །གཉིས་པ་སྤྲོས་མེད་གསང་བའི་དབང་ལ། གསང་དབང་མ་ཐོབ་པ་ཐོབ་པར་བྱ་བ་དང་། དེ་ཉིད་རྒྱུད་ལ་ཇི་ལྟར་བརྟེན་པའི་ཐབས་གཉིས་ལས། དང་པོ་ལ་སྔོན་འགྲོ །དངོས་གཞི། རྗེས་གསུམ་ལས། དང་པོ་ལ་དུས་དང་ཡོ་བྱད་ཀྱི་ཁྱད་པར། ཕྱག་རྒྱ་དབུལ་ཞིང་གསོལ་བ་གདབ། བྱིན་དབབ་ཅིང་རང་ལུས་དཀྱིལ་འཁོར་དུ་ངོ་སྤྲད་པ་གསུམ་ལས། དང་པོ་ནི་དབང་བཞི་ཞག་སོ་སོར་དབྱེ་ན། སྲོད་ལ་དཀྱིལ་འཁོར་གྱི་ལྷོར་གསང་དབང་། གུང་ལ་ཤེས་རབ་ཡེ་ཤེས། ཐོ་རངས་ཚིག་དབང་བསྐུར་ལ། ཞག་གཅིག་ལ་བྱེད་ན་སྔོན་འགྲོ་ཞག་གཅིག་གི་སོང་ནུབ་སྲོད་ལ་དཀྱིལ་འཁོར་གྱི་ཤར་དུ་བུམ་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག །ཞི་བའི་ཕྲིན་ལས་འགྲུབ། གུང་ལ་ལྷོར་གསང་དབང་བསྐུར་བས་ངག་གི་སྒྲིབ་པ་དག །རྒྱས་པའི་ཕྲིན་ལས་འགྲུབ། ཐོ་རངས་ནུབ་ཏུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག །དབང་གི་ཕྲིན་ལས་འགྲུབ། ཉི་མ་རྩེ་ཤར་ལ་བྱང་དུ་ཚིག་དབང་བསྐུར་བས་ཤེས་སྒྲིབ་དག །དྲག་པོའི་ལས་འགྲུབ། སྦྱོར་སྒྲོལ་གྱི་དགོངས་པ་མཐར་ཕྱིན་ཏོ། །གཉིས་པ་ནི་གསེར་གྱི་མཎྜལ་འབུལ་བ་ལ་སོགས་པའོ། །གསུམ་པ་ནི་ཕྱག་རྒྱ་དབུལ་བས་བདེ་ཆེན་གསང་བའི་དབང་མྱུར་དུ་ཐོབ་པའི་དགོས་པ་ཡོད་དོ། །བཞི་པ་ནི། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཉོན། ལ་སོགས་པས་བྱིན་ཕེབས་ནས་སྣོད་དུ་རུང་ལ། རང་ལུས་ཡེ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ངོ་སྤྲད་པས།
གནས་ལུགས་ཀྱི་དགོངས་པ་རང་ལ་ཡོད་པར་གོ་བའི་དགོས་པ་ཡོད་དོ། །དེའང་ཀློང་གསལ་ལས། འབྱུང་བའི་གདངས་ལས་གྲུབ་པ་ཡི། །ལུས་འདི་བདེ་གཤེགས་ཕོ་བྲང་ཉིད། །རིགས་ལྔ་ཡབ་ཡུམ་ལྔ་ཡི་གནས། །ཕུང་ཁམས་སྐྱེ་མཆེད་ལྷ་ཡི་སྐུ། །ཞེས་པས། རང་གི་རིག་པ་འདི་འཁོར་འདས་གང་དུའང་མ་གྲུབ་པའི་སྔོན་རོལ་ན་འོད་གསལ་བདེ་བ་ཆེན་པོར་བཞུགས་པ་ལས། རང་ངོ་མ་ཤེས་པས་རང་རིག་འབྱུང་བའི་སྦུབས་སུ་ཚུད་ཀྱང་། ད་ལྟ་སངས་རྒྱས་ཀྱི་ཕོ་བྲང་དངོས་ཡིན་ཏེ། འཁོར་ལོ་ལྔ་ན་མཁའ་འགྲོ་ལྔ་ལྷུན་གྲུབ་ཏུ་བཞུགས། ཕུང་པོ་ཐམས་ཅད་དཔའ་བོ། ཁམས་ཐམས་ཅད་དཔའ་མོ། །སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་ཡེ་ནས་གནས་སོ་ཞེས་པའོ། །སློབ་མས་བླ་མའི་གནས་ལྔ་གང་རུང་དུ་མེ་ཏོག་དོར་ལ་བླ་མས་ངོ་སྤྲད་པས་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་གང་ཐོག་མར་འགྲུབ་ཤེས་དེའི་དགོས་པ་ཡོད་དོ། །གཉིས་པ་དངོས་གཞི་ནི། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་གསང་བའི་དབང་བསྐུར་བས། ངག་གི་སྒྲིབ་པ་དག །གཏུམ་མོ་ཙཎྜ་ལི་བསྒོམ་པའི་དབང་ཐོབ་པའོ། །དེའང་གསང་འདུས་ལས། བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །སྐལ་བཟང་སློབ་མ་བཟང་པོའི་མན་ངག་ཐོབ། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། །ཞེས་པའི་དོན་ནི། བླ་མ་ཆགས་བྲལ་ཡིན་ན་ཡིད་ཀྱི་རིག་མ་ལ་བརྟེན་ལ། ཆགས་ཅན་ཡིན་ན་དངོས་ཀྱི་རིག་མ་ལ་བརྟེན་ཏེ། གསུམ་པ་མཇུག་ནི། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། ལ་སོགས་པས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་བརྟེན་པར་གདམས་པ་སྟེ་ཁམས་འཕེལ་བའི་རྟེན་འབྲེལ་ཕུན་སུམ་ཚོགས་ཤིང་ཕྱི་ནང་གི་མཁའ་འགྲོ་མཉེས་པའི་དགོས་པ་ཡོད་དོ། །གཉིས་པ་གསང་དབང་རྒྱུད་ལ་ཇི་ལྟར་བརྟེན་པ་ལ། ཐུན་
མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་དམ་རྫས་རྣམས་བརྟེན་པ་ཡིན་ནོ། གཉིས་པ་ནི་མཁའ་འགྲོའི་གཏུམ་མོ་བསྒོམ་པ་སྟེ། དེའང་སྟན་བདེ་བ་ལ་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། རང་ཉིད་རྡོ་རྗེ་ཕག་མོར་བསྐྱེད་ལ། འཁོར་ལོ་ལྔའི་རྩ་འདབ་དང་། དབུས་རོ་རྐྱང་ཀུན་དྷར་མ་གསུམ་གསལ་བཏབ་སྟེ། རླུང་རོ་གསུམ་ཕྱིར་བུས་ལ། འཇམ་རླུང་དལ་བུས་རིང་བར་ནང་དུ་དྲངས་པ་རྩ་གཉིས་ནས་དབུ་མར་སོང་བས་རྒྱུ་མ་ཕུས་བཏབ་པ་བཞིན་སོང་བའི་རླུང་གིས། ལྟེ་བ་ནས་གསང་བར་སྦུད་པ་ལྟར་བུས་པས། ལྟེ་བའི་འོག་ནས་ཨཿཤད་དམར་པོ་མར་མེ་ཙམ་པ་ལ་ཕོག་པས་མེ་འབར་བས་ལྟེ་བའི་པདྨ་ཌཱ་ཀི་ཡབ་ཡུམ་ལ་ཕོག་པས། སྦྱོར་མཚམས་ནས་ཐིག་ལེའི་རྣམ་པ་བྱུང་བས་གསང་བར་བབས་པས། བདེ་སྐྱོང་འཁོར་ལོ་གང་བར་བསྒོམས་པས་གསང་བ་དང་། ལྟེ་བར་དྲོད་སྐྱེས་པ་དང་། འཁོར་ལོ་གོང་མ་རྣམས་སུའང་དེ་ལྟར་བསྒོམ། ཕྱི་ནང་ཐམས་ཅད་མེ་འུར་འུར་འབར་བར་བསྒོམ་ལ་རླུང་ཁ་སྦྱར་ཏེ། ཐུབ་ཐང་བཟུང་ལ་གཏོང་དུས་རྫོགས་པར་མི་བཏང་བར་ལྷག་མ་ནང་དུ་གཟུང་ལ་བརྔུབས་པས་ནང་དུ་སྔ་མ་བཞིན་དགང་། དེ་ལྟར་བརྩོན་པས་ཞག་བཅུ་གཅིག་ན་རྩ་ཁ་བྱེ་ནས་ཁྲག་དྲོས། བདེ་བ་གཡོས་ནས། ལུས་ལ་བདེ་དྲོད་མེ་ལྟར་འབར་ཞིང་སེམས་ལ་རྟོགས་པ་ནམ་མཁའ་ལྟར་ཡངས་ཏེ་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུས་ནས་དངོས་གྲུབ་སྣ་ཚོགས་ཆར་བཞིན་འབབ་བོ། །གསང་དབང་བསྟན་ཟིན་ཏོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། མ་ཐོབ་པ་ཐོབ་པར་བྱ་བ་དང་། དེ་ཉིད་རྒྱུད་ལ་བརྟེན་པའི་ཐབས་གཉིས་ལས། དང་པོ་ནི་ཀློང་གསལ་ལས། ཡིད་སྒྲིབ་དག་དང་ནུས་ལྡན་ཕྱིར། །དེ་ལ་དེ་ཡི་ནུབ་ཕྱོགས་སུ། །དུས་ནི་ནམ་ཕྱེད་དུས་དག་ཏུ། །གསུམ་པའི་ཕྱག་རྒྱ་མཚན་ལྡན་མ། ཁྲུས་བྱས་རྒྱན་
གྱིས་སྤྲས་པ་བཞག །ཅེས་པས། སྔོན་འགྲོ ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ་ཡོན་དབུལ་ཞིང་གསོལ་བ་གདབ་པ། དམ་ཚིག་སྦྱིན་ཞིང་ཁས་བླངས་པ། གདོང་གཡོགས་བཅིངས་དགྲོལ་ཡེ་ཤེས་དབབ་པ། གུས་པ་བསྐྱེད་ནས་ཡུམ་མཁའ་ངོ་སྤྲད་པ་དང་བཞི་ལས། དང་པོ་ནི་མཎྜལ་ཕུལ་ལ། ཀྱེ་ཀྱེ་བཅོམ་ལྡན་བདེ་ཆེན་ཆོས་ཀྱི་དབྱིངས། ལ་སོགས་པས་གསོལ་བ་གདབ་བོ། །དགོས་པ་ནི་ཟབ་མོའི་དེ་ཉིད་གནང་བར་འགྱུར་རོ། །གཉིས་པ་ནི་བླ་མས། ཀྱེ་མ་གསང་བ་ཤེས་རབ་ཡེ་ཤེས་ཀྱི། ལ་སོགས་པས་བྱིན་ལ། སློབ་མས་ཁས་བླངས་པས་དམ་ཚིག་ལ་གནས་པའི་དགོས་པ་ཡོད་དོ། །གསུམ་པ་གདོང་གཡོགས་བཅིངས་པ་ནི། སྔར་གསང་བ་མ་མཐོང་བར་མཚོན་ལ། བྱིན་ཕབ་པས་ཡེ་ཤེས་འཇུག་ཅིང་། གདོང་གཡོགས་ཕྱེ་བས་ཟབ་མོའི་དེ་ཉིད་མཐོང་བར་བྱེད་པའོ། །བཞི་པ་ཕྱག་དང་། བསྐོར་བ་དང་། མེ་ཏོག་གིས་ཡུམ་མཉེས་པར་བྱས་ཏེ། བླ་མས་ཡུམ་མཁའ་ངོ་སྤྲད་པས། སངས་རྒྱས་ཐམས་ཅད་ཀྱི་གསང་དོན་ཟབ་མོའི་གནས་ལུགས་རྟོགས་པའི་དགོས་པ་ཡོད་དོ། །དེའང་ཀློང་གསལ་ལེའུ་བརྒྱད་པ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྷ་གའི་དབྱིངས་ནས་རང་བྱུང་སྟེ། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཉིད། །བྷ་ག་གསང་སྔགས་ཀུན་གྱི་གནས། །བདེ་ཆེན་ཡེ་ཤེས་འབྱུང་བ་ཡིན། །འདི་ཉིད་མ་བརྟེན་ཐབས་གཞན་མེད། །ཐབས་ཀྱི་རྒྱུད་ཀྱིས་གྲོལ་བ་ཡིན། །བདེ་ཆེན་འདི་བརྟེན་གྲོལ་བ་ཐོབ། །ཡང་དག་སངས་རྒྱས་འདི་ལས་བྱུང་། ཞེས་པས། གསང་སྔགས་ཀྱི་ལམ་ནི་ཟབ་མོ་ཐབས་ཀྱིས་གྲོལ་བ་ཡིན་ལ། ཐབས་ཀྱི་མཆོག་ནི་བདེ་བ་ཆེན་པོ་བསྒོམ་པ་སྟེ། དེའི་འབྱུང་གནས་ནི་ཡུམ་ལས་འབྱུང་ལ། ཡུམ་གྱི་ལུས་ཀྱི་རང་
བཞིན་བྷ་ག་ཡེ་ཤེས་ཀྱི་མཁའ་དབྱིངས་ཆེན་པོ་འདི་ཉིད་ལ་གུས་པས་བརྟེན་པར་མཛོད་ཅིག ། བུད་མེད་ཐམས་ཅད་ལ་དཔའ་མོའི་བློས་དངོས་སམ་ཡིད་ཀྱིས་ཕྱག་དང་བསྐོར་བ་ལ་སོགས་པ་གྱིས་ཤིག །དེའི་ཅིའི་ཕྱིར་ཞེ་ན། ཀློང་གསལ་ལས། བུད་མེད་བརྙས་ཤིང་མཁའ་ལ་གཤེ །བདེ་དང་བྲལ་ན་ན་རག་སྤྱོད། ཅེས་གསུངས་སོ། ཞེས་ཆེ་བ་བརྗོད་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ། མཁའ་གསང་བསྟན་ཞིང་བྱིན་གྱིས་བརླབ་པ། སྦྱོར་བས་བསྐུལ་ཞིང་བདེ་བ་སྤར་བ། ཡེ་ཤེས་ཆེན་པོར་ངོ་སྤྲད་པ་གསུམ་ལས། དང་པོ་ནི་ཡུམ་དེས། ཧཱུཾ་ང་ཡི་བྷ་ག་གསང་ཆེན་འདི། །ལ་སོགས་པས་ཆོས་འབྱུང་སངས་རྒྱས་ཐམས་ཅད་ཀྱི་སྐྱེད་བྱེད་དུ་མཚོན་ལ། བྱིན་གྱིས་བརླབས་པས་ཐ་མལ་དུ་མི་འགྱུར་བའི་དགོས་པ་ཡོད་དོ། །གཉིས་པ་ནི་ཡབ་ཡུམ་སྙོམས་པར་ཞུགས་ཏེ་དྭངས་མ་གསང་བར་བབས་དུས། གང་དུའང་འཛིན་པ་མེད་པས་བདེ་བ་མ་ཕེབས་ཀྱི་བར་དུ་སྤྱོད་ཅིང་སྙོམས་པར་ཞུགས་པས་ཡེ་ཤེས་ཀྱི་གནས་ལུགས་རྟོགས་པའི་དགོས་པ་ཡོད་དོ། །གསུམ་པ་ནི་གསང་བར་དྭངས་མ་བབས་པས་རྡོ་རྗེ་ནོར་བུ་ནས་པདྨའི་ཁྱམས་སུ་སྐད་ཅིག་དང་པོར་ཤོར་དུས། གཟུང་འཛིན་གྱི་རྟོག་པ་ཕྲ་རགས་ཐམས་ཅད་ནུབ་སྟེ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་སུ་མེད་པའི་ངང་ལ་མཉམ་པར་གནས་པའི་དོན་ངོ་སྤྲད་པས། སྡུག་བསྔལ་ཐམས་ཅད་བདེ་བར་ཤར་ནས་བདེ་བ་སྟོང་བར་ངོ་འཕྲོད་པས་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ལ་རྒྱུན་དུ་གནས་པའི་དགོས་པ་ཡོད་དོ། དེ་ལྟར་ངོས་ཟིན་ནས་རང་ལུས་ཐབས་ལྡན་ནམ། གཞན་ལུས་ཤེས་རབ་གང་ལ་བརྟེན་ཡང་དྭངས་མ་མ་ཉམས་པས་བདེ་སྟོང་གི་དོན་ལ་ཡེ་སྟོང་གི་རྩིས་བཟུང་ནས་བསྐྱངས་པས་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་ངོ་། །གསུམ་པ་རྗེས་ནི། ལས་ཀྱི་ཕྱག་རྒྱ་བརྟེན་དུ་རུང་བ་དང་། ཡིད་ཀྱི་སྒྲིབ་པ་འདག་པ་དང་། སྲིད་པ་གསུམ་དབང་དུ་འདུ་བ་དང་། བདེ་བ་ཆེན་པོའི་སྐུ་
འགྲུབ་པས་བདེ་སྟོང་བསྒོམ་ལ། དེ་དང་མཐུན་པའི་དམ་རྫས་བརྟེན་ཅིག་ཅེས་པའོ། །གཉིས་པ་དེ་ཉིད་རྒྱུད་ལ་ཇི་ལྟར་བརྟེན་པའི་རིམ་པ་ལ། སྔོན་འགྲོ་དངོས་གཞི་རྗེས་རྣམ་པ་གསུམ་ལས། དང་པོ་ལ་ཕྱག་རྒྱ་བརྟག་པ། དགུག་པ། བསྒྱུར་བ། སྨིན་པར་བྱ་བ་བཞི་ལས། དང་པོ་ལ་སྤྱིར་བརྟག་པ་དང་། བྱེ་བྲག་ཏུ་བརྟག་པ་གཉིས་ལས། དང་པོ་ལ་གསུམ་ལས། བཅུ་གཉིས་མ་ནི། སྒྱུ་འཕྲུལ་ལས། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་སོ། བཅུ་དྲུག་མ་ནི། མཚན་བརྗོད་ལས། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་སོ། །ཉི་ཤུ་མ་ནི། རྣམ་པ་ཉི་ཤུའི་བྱང་ཆུབ་པ། །ཞེས་པས། མཆོག་ཏུ་བསྔགས་པའོ། །གཉིས་པ་སྤང་བྱའི་མཚན་ཉིད་དང་། བརྟེན་བྱའི་མཚན་ཉིད་གཉིས་ལས། དང་པོ་ཀློང་གསལ་ལས། དད་དང་ངོ་ཚ་མེད་པ་དང་། རིགས་དང་རང་བཞིན་ཉམས་པ་སྤང་། །ཞེས་པས། དད་པ་མེད་པ་དང་། ངོ་ཚ་དང་ཁྲེལ་མེད་པ་དང་། རིགས་ལྔའི་མཚན་ལྟས་བཟང་པོ་ཉམས་པ་དང་། རང་བཞིན་ངན་ལ་རྩུབ་པ། སྒོ་གསུམ་རྣམ་པར་མི་དགེ་བའོ། །ཡང་དེ་ཉིད་ལས། རྩ་ཞིག་རྩ་ཞ་རྩ་གུད་གསུམ། །བདེ་བ་མེད་པས་སྤང་བར་བྱ། །ཞེས་པས། རྩ་ཞིག་ནི། བུ་ཚ་སྐྱེས་པ་སྟེ་རུས་ཚིགས་བྱེར་ཞིང་ལྷོད་པའོ། །ཞ་བ་ནི་ནད་གཅོང་ལ་སོགས་པས་གཏར་སྲེག་བྱས་པའི་བདེ་བའི་ལམ་ཉམས་པའོ། །གུད་པ་ནི་ལས་དྲག་པོ་དང་། མྱ་ངན་དང་། ཟས་བཅུད་མེད་བརྟེན་པ་ལ་སོགས་པས་བདེ་བ་སྟེར་མི་ནུས་སོ། །ཡང་མ་སྨིན་ཡལ་དང་ཟད་པ་དང་། ཆུང་དང་ཉམས་དང་སྐྱོན་ཅན་སྤང་། ཞེས་པས། མ་སྨིན་པ་ནི་ཁམས་ནར་མ་རྫོགས་པ་ལོ་བཅུ་མན་ཆད་པའོ། །ཡལ་བ་ནི་དྭངས་མ་ཟག་ནས་མེད་པ་སྟེ་སུམ་ཅུ་ལ་སོགས་པ་ཡན་ཆད་དོ། །ཟད་པ་ནི་བུ་ཚ་སྐྱེས་པའམ་ཟས་མེད་པ་ལ་སོགས་པས་ཁམས་ཉམས་པའོ། །ཆུང་བ་ནི་ཁམས་ཉུང་བའི་
བུད་མེད་ཀྱི་རིས་ཅན་བདེ་བ་ཤས་ཆུང་བའོ། །ཉམས་པ་ནི་ཁམས་ཟག་པའོ། །སྐྱོན་ཅན་ནི་ནད་བུ་ཡོད་པའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་མ་ཚང་བ་སྤང་ལ་ཚང་བ་བརྟེན་ནོ། །གཉིས་པ་ལ་མཚན་ཉིད་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་སློབ་དཔོན་གྱིས་རྡོ་རྗེ་ཆུ་འདྲེན་དུ་གསུངས་པ། བུ་མོ་ཡིད་འོང་དད་པ་ཅན། །བདེ་ཆེན་རྒྱུན་གནས་བཅུ་དྲུག་ཡུམ། །བོངས་མཚམས་སོ་ཚགས་དམ་པ་དང་། །སྐྲ་སེར་ནུ་མ་གཏིང་ཕྲ་མ། །སྐེད་ཕྲ་ཤ་འཇམ་སྐད་སྙན་ཞིང་། །སྙིང་རྗེ་བློ་ཆེ་རྒྱུད་དུལ་ཞིང་། །རང་ལ་མོས་ཤིང་དྲི་ཞིམ་པ། །རིགས་ལྔའི་མདོག་ལ་མདངས་དང་ལྡན། །བྷ་ག་རུབ་ཅིང་བདེ་བ་ཆེ། །དེ་ལྟ་བུ་ལ་བདེ་བ་བླང་། །ཞེས་པ་དང་། ཀློང་གསལ་ཉི་མའི་རྒྱུད་ལས། ཕྱི་ནང་གསང་བའི་རྟགས་ཚང་ཞིང་། །དྲི་ཞིམ་སྐད་སྙན་ཡིད་འོང་མཛེས། །བདེ་བའི་མདངས་ལྡན་ཆོས་ལ་མོས། །གསང་ཐུབ་ཤེས་རབ་ཆེ་བ་འོ། །ཞེས་པས། ཕྱི་ལུས། ནང་རྩ། གསང་བ་སེམས་ཀྱི་རྟགས་གསུམ་ཚང་བ་སྟེ། དེའང་ལུས་འདི་ལང་ཚོ་དར་ལ་བབས་པ། ལོ་བཅུ་གཉིས་སམ་བཅུ་དྲུག་ནས་ཉི་ཤུ་རྩ་བརྒྱད་ཀྱི་བར་གོང་གི་སྐྱོན་དང་བྲལ་བའོ། །ཡོན་ཏན་ནི། ལུས་རྒྱས་པས་རྩ་རྒྱས། རྩ་རྒྱས་པས་རླུང་རྒྱས། རླུང་རྒྱས་པས་ཐིག་ལེ་རྒྱས། ཐིག་ལེ་རྒྱས་པས་བདེ་བ་ཤིན་ཏུ་རྒྱས་པའོ། །བདེ་བ་རྒྱས་པས་རྣལ་འབྱོར་པའི་ཐིག་ལེ་འཕེལ་ཞིང་བདེ་སྟོང་གི་ཡོན་ཏན་སྐྱེ་བའོ། །དེའང་གཞོན་ནུ་མ་དེའི་ནང་གི་བདེ་བའི་སྟོབས་ཕྱིར་ཤར་བས་གཞན་གྱི་མིག་ཏུ་མཛེས་ཤིང་ཡིད་དུ་འོང་བའོ། །སྐྲ་ལི་ཞིང་སོ་ལེགས་ལ་ཡན་ལག་གི་ཤ་རྒྱས་པའོ། །དེ་ཉིད་ག་ན་གནས་པའི་ཡུལ་དང་རྣལ་འབྱོར་པ་ལ་བཀྲ་ཤིས་པའོ། །དེའང་དྲི་ཞིམ་པས་བདེ་བ་མི་སུན་ཞིང་སྤྲོ་ལ་སྐད་སྙན་པས་བདེ་བ་ལ་ཡིད་འཇུག །སྐེད་པ་ཕྲ་བས་མཉེན་ཞིང་བདེ་བ་རྒྱུན་མི་འཆད། སྨད་ཀྱི་
ཞིང་རྒྱས་བྷ་ག་རུབ་པས་རྩ་བཙལ་སླ། ཆགས་པའི་མདངས་དང་ལྡན་པས་བདེ་བ་རང་དབང་མེད་པར་སྐྱེ་བའི་དགོས་པ་ཡོད་དོ། །ནང་གི་རྟགས་ནི་གསང་ཐུབ་པས་གསང་སྤྱོད་གཞན་དུ་མི་སྨྲ་ཞིང་། བདེ་བའི་སྐད་འབྱིན་པས་བདེ་བ་ཁ་གཡོ་ལ། བྷ་གའི་ནང་ན་རྩའི་རྩེ་མོ་རིང་བས་དེ་ལས་རྡོ་རྗེ་རེག་པ་ཙམ་གྱི་བདེ་བ་མི་བཟོད་པ་སྐྱེ་ཞིང་སྐད་འབྱིན་པའོ། །གསང་བ་ནི་དད་པ་ཆེ་ཞིང་ཆོས་ལ་མོས་པས་ལོག་པའི་ལམ་དུ་མི་འགྲོ། ཤེས་རབ་ཆེ་བས་བླ་མའི་བརྡ་དང་གསུང་སྒྲོས་ཕྱིན་ཅི་མ་ལོག་པར་གོ །དམ་ཚིག་གཙང་ལ་དབང་ཐོབ་པས། གསང་སྤྱོད་ལ་སྐུར་བ་མི་འདེབས་པའི་དགོས་པ་ཡོད་དོ། །མདོར་ན་ཀློང་གསལ་ལས། སྐྱོན་ཅན་སྤང་ཞིང་ཡོན་ཏན་ལྡན་པ་བསྟེན། འབྲས་བུ་གནས་སྐབས་མཐར་ཐུག་ཕུན་སུམ་ཚོགས། ཞེས་སོ། །གཉིས་པ་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི་རྣམ་པ་དྲུག་སྟེ། པདྨ་ཅན་དང་། དུང་ཅན་མ་དང་། རི་མོ་ཅན་དང་། རི་དྭགས་ཅན་དང་། གླང་པོ་ཅན་མ་དང་། སྣ་ཚོགས་མའོ། །དེ་ལས་པདྨ་ཅན་རབ་ནི་ལུས་ཧ་ཅང་རིང་བ་མ་ཡིན། ཐུང་བ་མ་ཡིན། བྱད་ཧ་ཅང་བཟུར་བ་མ་ཡིན། ལེབ་པ་མ་ཡིན། ཤ་རྩི་ཧ་ཅང་སྔོ་བ་མ་ཡིན། སེར་བ་མ་ཡིན། ཅི་ནས་ཀྱང་མཛེས་པ། བྱད་དཀར་ལ་རྩ་དམར་བ། སྐྲ་སེར་ཞིང་ལི་བ། སྐྱེས་པ་བས་རྩ་སྣ་བདུན་ཅུ་རྩ་གཉིས་ཀྱི་མང་བ། ལུས་ལ་ཙན་དན་གྱི་དྲི་བྲོ་བ། ཁ་ནས་ཨུཏྤ་ལའི་དྲི་ལྡང་བ། ལུས་རྒྱས་ཞིང་སྐེད་པ་ཕྲ་བ། བདེ་བ་བསྐྱེད་པའི་རྩ་བཟང་བ། རྐང་ལག་བྱ་ལྟར་དམར་ཞིང་ཕྲ་བ། མཆུ་སྐོར་ཅུང་ཟད་ཆེ་ཞིང་མཆུ་ལ་པདྨའི་རི་མོ་ཡོད་པ། སོ་ལེགས་པ་ཚགས་དམ་པ། མཆུ་ལ་བུང་བ་འདུ་བ། ལྟེ་བ་ལ་པདྨའི་རི་མོ་ཡོད་པ། སོ་ལ་པད་མའི་རི་མོ་འབའ་ཞིག་འདྲི་བ། ལྟེ་བའི་འོག་ན་རི་མོ་འགྲེང་བུ་གསུམ་ཡོད་པ། འོག་སྒོའི་རྩ་ཤིན་ཏུ་བཟང་བ། སྨིན་མཚམས་སུ་རི་མོ་གསུམ་གྱེན་དུ་འགྲེང་བ། སྐྲ་མཚམས་དང་
མུར་གོང་ན་དར་ཐོད་ལྟ་བུའི་རི་མོ་ཡོད་པ། ལྕེ་ལ་རལ་གྲི་ལྟ་བུའི་རི་མོ་ཡོད་པ། ཕྲག་གོང་ངམ་སོག་ཕྲག་ན་གཡུང་དྲུང་འཁྱིལ་བ་ལྟ་བུའི་རི་མོ་ཡོད་པ། ནུ་མ་ཕྲ་ལ་འབུར་བ། བྷ་ག་རུབ་པ། བྷ་གའི་ཐ་མ་རུས་སྦལ་གྱི་རྒྱབ་འདྲ་ཞིང་སྤུ་མེད་པ་ཤའི་སྒང་མཐོ་བས་བདེ་བ་ཆེ་བ། གཞན་གྱི་བློ་བཅོས་དཀའ་བ། གཞན་དགའ་བ་བསྐྱེད་ཅིང་བྱིན་གྱིས་བརླབས་པར་ནུས་པ། སྐད་ཐོས་པའམ། གཟུགས་མཐོང་པའམ་རེག་པ་ཙམ་གྱིས་བདེ་བ་སྟེར་བ་སྟེ། དེ་ཉིད་གང་ན་བཞུགས་པའི་ཡུལ་ཕྱོགས་ཙམ་བཀྲ་ཤིས་ཤིང་ཐ་མལ་པ་ལའང་བདེ་བ་སྟེར་ནུས་པའོ། །དེའང་མཚན་ཉིད་དེ་ལྟ་བུ་དང་ལྡན་ན་ཁྱད་པར་འཕགས་པ་ཉིད། མ་ཧཱ་མ་ཡ་ལས། སྒྱུ་མ་དག་ནི་ཐམས་ཅད་ལ། བུད་མེད་སྒྱུ་མ་ཁྱད་པར་འཕགས། ཞེས་སོ། །པདྨ་ཅན་འབྲིང་ནི། ཤ་དཀར་ལ་རུས་ཁྱིམ་ཆེ་ཞིང་རགས་པ། སྤྱོད་ལམ་གཙང་ཞིང་ཁོང་དལ་བ། འཇིག་རྟེན་གྱི་བྱ་བ་ལ་མཁས་ཤིང་བུ་ཁྱེའུ་འབའ་ཞིག་སྐྱེ་བ། མཛེས་ཤིང་བཅོས་དཀའ་བའོ། །ཐ་མ་ནི་དཀར་ཞིང་ལེགས་ཀྱང་ཡིད་འཛིན་མི་ནུས་པ། གཟུགས་འཆོས་ཤིང་བྱི་དོར་ལ་བརྩོན་པའོ། །དགོད་ཁ་ཡང་ཞིང་གསང་མི་ཐུབ་པ་མིག་ཕྲ་ཞིང་བསླུ་ཁ་ཡང་བ་སྟེ་སྤང་ངོ་། །དུང་ཅན་མ་རབ་ནི་ཤ་སེར་ལ་མདོག་སྣུམ་པ། སྐྲ་རྩེ་འཁྱིལ་ཞིང་རྩ་དམར་བ། ཚིག་དལ་ལ་ཟུར་མིག་བལྟ་བ། ཟུར་རྣོ་ཞིང་ཤེས་རབ་ཆེ་བ། སྤྱོད་ལམ་མཁས་ལ་འདུག་ཚུགས་ལེགས་པ། ཤ་ལུས་སྦོམ་ཞིང་སྐད་གདངས་ཆེ་བ། སྐད་ངར་ཆེ་ཞིང་ཤ་ཚུགས་འཇམ་པ་སྟེ་བཟང་བའོ། །འབྲིང་ནི་ལུས་མཛེས་ཤིང་མངོན་ཆུང་བ། རྒྱབ་ནས་བལྟས་ན་དགྱེ་བ་སྙམ་ཞིང་མདུན་ནས་བལྟས་ན་དགུ་བ་སྙམ་བྱེད་པ། ནང་དུ་མགོ་འཕང་དམའ་བ། བྱད་ཀྱི་གཟུགས་ཐུང་ལ་ཨོག་ཀོ་ལེགས་པ། ལུས་འདྲེས་ནས་སྙིང་ཉེ་ཞིང་སེམས་གདུང་བའོ། །ཐ་མ་ནི་ཤ་སེར་ལ་མིག་འབོར་ཆེ་བ། བློ་རྣོ་ལ་དྲན་པ་གསལ་བ། འདུག་མི་
ཚུགས་ཤིང་འགྲོ་ལ་དགའ་བ། ལག་པ་ཙབ་ཙུབ་མང་བ། ཆད་མི་བཙན་ཞིང་གཞུང་ངན་པ། སྐྱེས་པ་ལ་དད་པ་ཆེ་བ་དེ་མི་བརྟེན་ནོ། །རི་མོ་ཅན་རབ་ནི་ཤ་རྩི་སྔོ་ལ་བྱད་དཀྱུས་དང་ཡན་ལག་རིང་བ། མཆུ་སྐོར་ཆེ་ཞིང་ཤ་ལུས་སྦོམ་པ། མིག་དཀྱུས་རིང་ཞིང་ལེགས་པ། བྱད་ལུས་ལ་སྨེ་བ་ཆུང་ངུ་ཡོད་པ་སོ་མཉམ་པ། སྐད་སྙན་ཞིང་ཡིད་དུ་འོང་བ། ཞི་དལ་ཆེ་ཞིང་སྤྱོད་ལམ་འཇམ་པ། བྱ་བ་ཐམས་ཅད་ལ་ཁམས་ཆེ་བ། གཟུགས་བཟང་ཞིང་ཤེས་པ་མཁས་པ། དབྱིབས་ཕྱེད་ཅིང་སྨིན་ཕྲག་ན་རྩེ་གསུམ་ལྟ་བུའི་གཉེར་མ་གསུམ་གྱེན་ལ་འགྲེང་བ། དེའི་གོང་ན་ཐོད་བཅིང་ལྟ་བུའི་རི་མོ་གཅིག་གམ་གསུམ་ཕྲེད་ལ་ཡོད་པའོ། །འབྲིང་ནི་ཤ་སྔོ་སངས་ལ་དཔྲལ་བའི་དབྱེས་ཆེ་བ། ཡན་ལག་ཕྲ་ཞིང་ངག་དལ་བ། བྱད་གཟུག་བཟང་ཞིང་གདངས་སྙན་པ། སྨིན་ཕྲག་ན་སྨེ་བ་གཅིག་གམ་གསུམ་ཡོད་པའོ། །ཐ་མ་ནི་ཤ་རྩ་ནག་ཅིང་དཔྲལ་བ་སེར་བ། མིག་ཆུང་ཞིང་གཏིང་མིག་ཏུ་ཡོད་པ། ཁ་ཡང་ཞིང་གཏམ་མང་བ། སྐྱེས་པ་ལ་དད་པ་ཆེ་བ་སྟེ་སྤང་ངོ་། །རི་དྭགས་ཅན་མ་ནི་རི་དྭགས་ཀྱི་རོ་སྟོད་འདྲ་བ། ཤ་རྒྱས་ཤིང་ནུ་མ་ཆེ་བ། རི་དྭགས་ཀྱི་སྨད་འདྲ་བ་ཤ་རྒྱས་ཤིང་བྷ་ག་རུབ་པ། དབུགས་དང་ཉེ་གནས་ལ་གླ་རྩི་བྲོ་བ། སྐེད་པ་ཕྲ་ཞིང་འགྲོས་དལ་བ། སྐྱེས་པ་ལ་མིག་མི་འཛུམས་པར་བལྟ་བ་སྐད་སྙན་པ་སྟེ། དེའང་ཤེས་རབ་དང་དད་པ་ཆེ་བ་རབ། མོས་གུས་དང་གདུང་སེམས་ཆེ་བ་འབྲིང་། དེ་གང་དང་ཡང་མི་ལྡན་ན་ཐ་མ་སྟེ་སྤང་ངོ་། །གླང་པོ་ཅན་རབ་ནི་མིག་དཀྱུས་རིང་ལ་སྨིན་ཕྲག་ཡངས་པ། ལུས་མི་རིང་ཞིང་ཁོང་དལ་བ། གཞན་གྱི་ངག་མི་གཅོག་པ། རྣ་བ་ཆེ་ཞིང་ཡན་ལག་ཐུང་བ། ངོ་ཚ་ཆེ་ཞིང་ཁ་དབང་ཆེ་བ། སྤྱོད་ལམ་སྒྲིམ་པོ་མི་ཤེས་ཤིང་ལྷོད་ཆགས་པ། སྐད་སྙན་ལ་དྲི་ཞིམ་པའོ། །འབྲིང་ནི་བྱད་སྔོ་ལ་གཟེངས་
མཐོ་བའོ། ལུས་ཁྱིམ་ལེགས་ཤིང་ཡིད་དུ་འོང་བ། ཁོང་ཤས་ཆེ་བས་དོན་མི་འཆོར་ཞིང་བསླུར་མི་བཏུབ་པ། མདོ་ཆེ་ལ་ངང་རིང་བའོ། །ཐ་མ་ནི་རྫུན་ཆེ་ལ་ཁྲོ་འདོད་པ། མདོག་ངན་ལ་བཞིན་མི་སྡུག་པའོ། །མ གུ་སླ་ལ་འཁོན་སྐྱེན་པ། གདོང་ཆུང་ལ་སེར་སྣ་ཆེ་བས་སྤང་ངོ་། །སྣ་ཚོགས་ཅན་མ་ནི་གོང་གི་མཚན་རྟགས་བཟང་པ་འགའ་རེ་དང་ལྡན་པ་སྟེ། དུང་ཅན་མ་ལ་སོགས་པའི་རྩ་ཅི་རིགས་སུ་ཡོད་པས་བདེ་བ་སྟེར་ནུས་ཤིང་། རི་དྭགས་ཅན་མ་ལྟར་དད་པ་ལ་སོགས་པ་རབ་འབྲིང་དུ་ཕྱེ་བའོ། །གཉིས་པ་དགུག་པ་ནི་རྫས་དང་། སྔགས་དང་། འཁོར་ལོ་དང་། དམིགས་པ་ལ་སོགས་པའི་མན་ངག་ཕྲ་མོ་གཞན་ནས་བཤད་པ་དང་མཐུན་ལ། ཁྱད་པར་དུ་ཁམས་རྒྱས་པས་ཡང་ཡང་ཡིད་ལ་བྱས་ན་དབང་དུ་བྱ་བ་རྣམས་ཀྱི་མཆོག་གོ ། གསུམ་པ་ནི་དྲང་དོན་གྱི་ཆོས་རྣམས་ཀྱིས་ཆོས་ལ་བློ་བསྒྱུར་བའོ། །བཞི་པ་ནི་སྐྱབས་སུ་འགྲོ་བ་ནས་བརྩམས་ཏེ་དགེ་བསྙེན་ལ་སོགས་པའི་སྡོམ་པ་སྔོན་དུ་འགྲོ་བས་དབང་བསྐུར་ལ་རྒྱུད་སྨིན་པར་བྱའོ། །གཉིས་པ་དངོས་གཞི་ལ། ཡབ་ཡུམ་ལྷའི་སྐུར་བསྐྱེད་ལ་རང་གི་ཐིག་ལེ་སྦྱང་བ། ཡུམ་གྱི་དྭངས་མ་དྲང་བ། ཡེ་ཤེས་བཞི་དང་ངོ་སྤྲད་པ་བཞི་ལས། དང་པོ་ལ་གསུམ། སེམས་བསྐྱེད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པ། གཉིས་པ་ལྷ་བསྐྱེད་པ་ནི་ཡབ་ཀྱིས་ཡུམ། ཡུམ་གྱིས་ཡབ། གཉིས་ཀས་གཉིས་སུ་མེད་པར་བསྐྱེད་དེ། དེའང་སྐད་ཅིག་དྲན་རྫོགས་སུ་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་གཡོན་གྲི་གུག་དང་ཐོད་པ་བསྣམས་པས་ཡུམ་ལ་འཁྱུད་པ། གཅེར་བུ་རུས་པའི་རྒྱན་དང་ལྡན་པའི་སྤྱི་བོར་ར་ལས་རྡོ་རྗེ་མཁའ་འགྲོ། མགྲིན་པར་ཙ་ལས་རིན་ཆེན་མཁའ་འགྲོ ། སྙིང་གར་ཨ་ལས་
སངས་རྒྱས་མཁའ་འགྲོ །ལྟེ་བར་ཧྲཱིཿལས་པདྨ་མཁའ་འགྲོ །གསང་བར་ཡ་ལས་ལས་ཀྱི་མཁའ་འགྲོ་སྔར་བསྟན་པའི་སྐུ་མདོག་ཕྱག་མཚན་བཞིན་བསྒོམ། དེའི་པང་དུ་རྡོ་རྗེ་ཕག་མོ་དམར་མོ་གཅེར་བུ་རུས་པའི་རྒྱན་དྲུག་དང་ལྡན་པ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་སྤྱི་བོ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་དང་། མགྲིན་པར་རི་ལས་རིན་ཆེན་མཁའ་འགྲོ་མ། སྙིང་གར་མ་ལས་སངས་རྒྱས་མཁའ་འགྲོ་མ། ལྟེ་བར་ནི་ལས་པདྨ་མཁའ་འགྲོ་མ། གསང་བར་ས་ལས་ལས་ཀྱི་མཁའ་འགྲོ་མ་བསྐྱེད་དོ། །དེ་ལྟར་བདག་དང་ཡུམ་འཁྲིལ་སྦྱོར་གྱི་སྤྱི་བོར་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པས་པང་ན་ཡུམ་མཁར་ཆེན་བཟའ་འཚོ་རྒྱལ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རིན་པོ་ཆེ་དང་རུས་པས་བརྒྱན་ཞིང་སྙོམས་འཇུག་མཛད་པར་བསྒོམ་མོ། །གསུམ་པ་མཁའ་གསང་བྱིན་གྱིས་བརླབ་པ་ནི། ཡབ་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ཁོང་སེང་ན་ཧཱུཾ་སྔོན་པོས་བུག་པ་བཀག་ཅིང་། ཡུམ་གྱི་བྷ་ག་པདྨ་དམར་པོ་འདབ་བཞིའི་དབུས་ན་ཕཊ་སྔོན་པོས་བུག་པ་བཀག་པར་བསམ་མོ།། གཉིས་པ་ལ་ལྔ་སྟེ། ཐིག་ལེ་དབབ་པ། བསྐྱིལ་བ། བཟློག་པ། དགྲམ་པ། ཡེ་ཤེས་ཆེན་པོར་ལ་བཟླ་བའོ། །དང་པོ་དབབ་པ་ལ་མཁས་པ་ལུགས་མཁན་ཞུན་བྱེད་པ་ལྟ་བུ་ནི། ཡབ་ཡུམ་ལྷའི་སྐུ་སྒྱུ་མའམ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་སྙོམས་པར་ཞུགས་ལ། དལ་བུས་སྤྱོད་ལ། སྤྱི་བོར་བདེ་བ་སྐྱེས་པ་དང་དེ་གཉིས་ཀྱི་ངང་ལ་བདེ་སྟོང་ཆེན་པོར་ཕྱམ་ལ་དར་ཅིག་མཉམ་པར་གཞག །ཡང་སྤྱོད་ལ་མགྲིན་པར་མཉམ་པར་བཞག །དེ་བཞིན་དུ་སྙིང་ག་དང་། ལྟེ་བར་མཉམ་པར་གཞག་ལ། གོམས་པ་ཤས་ཆུང་བས་དེ་ནས་ཡང་རིམ་བཞིན་བཟློག་ཅིང་མཉམ་པར་གཞག་གོ །གོམས་ཆ་དང་རླུང་ནུས་ཆེ་བས་ནོར་བུའི་
རྩ་བ་དང་བུམ་པར་བཟུང་ལ་སྔ་མ་བཞིན་བདེ་སྟོང་ཀ་དག་ཆེན་པོའི་ངང་ལ་གཞག་གོ །གཉིས་པ་བསྐྱིལ་བ་ལ་མཁས་པ་རྫ་མའི་ཐེམ་བུ་བསྡམ་པ་ལྟ་བུ་ནི། ཐིག་ལེ་ནོར་བུའི་བུམ་པར་ཕབ་ལ་སྟེང་རླུང་ཅུང་ཟད་མནན། འོག་རླུང་དྲག་ཏུ་འཐེན། རྒྱ་མཚོའི་རི་རབ་ཀྱི་ངོས་ལ་སྦྱར། ཉི་ཟླ་བར་སྣང་གི་ཁམས་སུ་བཟློག །ནོར་བུའི་ཧཱུཾ་མཐིང་ནག་དང་། སྤྱི་བོའི་བླ་མ་ཡབ་ཡུམ་གྱི་བདེ་བ་ལ་སེམས་བཟུང་། དེས་ཀྱང་མི་ཟིན་པ་འདྲ་ན། གསང་རྩ་མནན་ལ་ཐུར་སེལ་གྱེན་དུ་དྲང་ཞིང་། ཤེས་པ་ཀ་དག་ཆེན་པོར་ཕྱམ་གྱིས་གཞག་གོ །དེས་མི་ཟིན་མི་སྲིད་དོ། །གོམས་པ་ཆེ་བས་ནི་དེ་ཉིད་ཀྱི་ངང་ལ་ཡུན་རིང་དུ་མཉམ་པར་གཞག་པས། གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་གི་ཏིང་ངེ་འཛིན་མྱུར་དུ་འབྱོངས་སོ། །ཤིན་ཏུ་བྱང་བས་དེ་ཉིད་ཀྱི་ངང་ལ་ཉིན་ཞག་འདའོ། །གསུམ་པ་བཟློག་པ་ལ་མཁས་པ་ཁྲོན་ཆུ་གྱེན་ལ་འདྲེན་པ་ལྟ་བུ་ནི། གསང་བར་ཟིན་ཀྱང་གྱེན་དུ་མ་འདྲོངས་ན་ཆུ་དང་བསྡོངས་ནས་འཆོར་བས། བདེ་ཆེན་འཁོར་ལོར་དྲང་བ་ནི། ལུས་ངག་ཡིད་ཀྱི་གནད་གསུམ་ལས། ལུས་གནད་གླིང་བཞི་རི་བོའི་ངོས་སུ་བསྡུ། སྦྲུལ་ཚང་དྲག་ལ་སྦྱར་ལ། ནེ་ཚོ་མཁར་ལ་བཟློག །ཉི་ཟླ་གྱེན་ལ་བསྒྲིལ། དར་པོ་ཆེ་རླུང་གིས་བསྐྱོད། འོག་རླུང་དྲག་ཏུ་འཐེན་ལ་འཁོར་ལོ་ལྔ་དང་ཨ་ཝ་དྷཱུ་ཏི་རྒྱུ་མ་ཕུས་བཏབ་པ་ལྟ་བུའི་ནང་ན་ཡར་གསང་བའི་ཐིག་ལེ་ཧཱུཾ་གིས་ཕྲེང་བ་བརྒྱུས་པ་ལྟ་བུ་བསམས་ལ། ཧཱུཾ་ཐུང་གསུམ་བསྟུད་མར་བྱུང་བས། རྡོ་རྗེ་ནོར་བུའི་རྩེ་མོ་ནས་ལྟེ་བར་ཐིག་ལེ་རྣམས་སྦུབས་མཆུས་ཆུ་བཏུང་བ་བཞིན་དྲངས་ཏེ། པདྨ་མཁའ་འགྲོ་ཡབ་ཡུམ་ལ་སེམས་བཟུང་སྟེ་བདེ་སྟོང་གི་ངང་ལ་དར་ཅིག་བཞག །དེ་བཞིན་དུ་ཧཱུཾ་རིང་དང་། ཧྲཱི་རིང་གིས། སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་དྲངས་ལ་སྔ་མ་བཞིན་གཞག་གོ ། དེའང་གོམས་པ་རབ་ཀྱིས་གསང་གནས་ནས་འདྲོངས་སོ། །བཞི་པ་དགྲམ་པ་ལ་མཁས་པ་སྦྱིན་ཤུགས་
ཅན་ཡོ་ལོང་འགྱེད་པ་ལྟ་བུ་ནི། དེ་ལྟར་འདྲོངས་ཀྱང་མ་ཁྲེམས་ན་ནད་དུ་འགྲོ་བས། རྩ་གནས་ཀུན་ཏུ་དགྲམ་པ་ནི་སེང་མོའི་བཞེད་ཚུལ་གྱིས་རླུང་རོ་ལན་གསུམ་ཕྱིར་འདོན། ཝ་མོའི་སྣོམ་ཚུལ་གྱིས་ལན་གསུམ་ནང་དུ་དྲངས། ཚ་མེད་ཀྱི་བསྐྱིལ་ཚུལ་གྱིས་སྟེང་འོག་གི་རླུང་མནན། རི་དྭགས་ཀྱི་སྤུངས་སྟངས་ཀྱིས་ལན་གསུམ་གྱེན་དུ་དྲངས། སྟག་མོའི་སྐྱུགས་སྟངས་ཀྱིས་ལན་གསུམ་ནང་དུ་འཐེན། གཡང་མོའི་སྤྲུགས་སྟངས་ཀྱིས་ལན་གསུམ་སྤྲུགས། གྱི་ལིང་གི་འཕྲ་ཚུལ་གྱིས་ལན་གསུམ་འཕྲའོ། །དེ་དུས་དམིགས་པ་སྤྱི་བོའི་ཐིག་ལེ་སྐྱ་ཕྲུ་མེ་བ་རྣམས་ལུས་དང་འཁོར་ལྔའི་རྩ་འདབ་ཐམས་ཅད་དུ་ཁྱབ་པར་བསམ་མོ། རྗེས་ལ་ལུས་སེམས་ཁོང་གློད་ལ་ཀ་དག་གི་ངང་ལ་མཉམ་པར་གཞག་གོ །དམིགས་པ་མཚན་བཅས་ཀྱིས་གང་དུ་བསྒོམས་པའི་སར་ཐིག་ལེ་འཁྲིལ་ཏེ་ནད་དུ་འགྲོའོ། །དེའང་རླུང་སེམས་ཐིག་ལེ་གསུམ་གནད་གཅིག་པའི་ཕྱིར་རོ། །ལྔ་པ་ནི་དེ་ལྟར་བཀྲམ་པའི་རྗེས་ལ་ལུས་དྲང་པོར་བསྲང་བའམ། གན་རྐྱལ་དུ་ཉལ་ལ་འགུལ་བསྐྱོད་མི་བྱ། ངག་མི་བརྗོད། སེམས་མི་བསམ་པར་ལྷོད་ཀྱིས་གློད་པས། ཡིན་ལུགས་སྤྲོས་པ་དང་བྲལ་བ། བློ་ངོ་བོ་ཉིད་ཀྱིས་དག་པ། རིག་པ་དགག་སྒྲུབ་ལས་འདས་པ། སྣང་ལ་ངོས་གཟུང་མེད་པ་སེམས་ཡེངས་པའི་སྣང་ཡུལ་ལྟ་བུ། སྟོང་པ་ལ་མཚན་མ་མེད་པ་ངལ་སོས་པའི་བདེ་བ་ལྟ་བུ། འདི་ཡིན་གྱི་གཟའ་གཏད་མེད་པ་སྨྱོན་པ་སེམས་ཡེངས་པ་ལྟ་བུ། དྲན་འཛིན་གྱི་གཉེན་པོ་མེད་པ་ཡུལ་ལ་ཡེངས་པའི་ཤེས་པ་ལྟ་བུ། སྒོ་གསུམ་མ་བཅོས་ལྷུག་པ་རྒན་པོ་ཉི་མ་ལྡེ་བ་ལྟ་བུ། ཚོགས་དྲུག་རང་ཡུལ་གྲོལ་བ་བུ་ཆུང་ལྟོ་འགྲངས་པ་ལྟ་བུ། གང་ལྟར་སྣང་ཡང་བདེ་བར་ཤར་བ་གཞོན་ནུ་མ་ཡིད་སོས་པ་ལྟ་བུའི་ཉམས་དང་རྟོགས་པ་སྐྱེའོ། །གསུམ་པ་ཡུམ་གྱི་དྭངས་མ་དྲང་བ་ལ་རྩ་བཙལ་བ། ཐིག་ལེ་
དབབ་པ། དྲང་བ། ཡེ་ཤེས་ཆེན་པོར་ལ་བཟླ་བ་དང་བཞི་ལས། དང་པོ་ནི་དབེན་པར་ཆགས་པའི་གཏམ་དང་། འཁྱུད་པ་དང་། འོ་བྱ་བ་དང་། ནུ་མ་མཉེ་བ་ལ་སོགས་པ་བྱས་པས། རྩ་བཟང་བ་རྣམས་རྙེད་ལ། དེ་ལས་ནུས་པ་ཆུང་བ་ལ་ཞག་འགའ་དལ་དུ་བཅུག་ལ། ཟས་བཅུད་ཅན་དང་ཆང་དང་སྦྲང་རྩི་མར་ནག་གི་བྱུག་པ་བརྟེན་ཞིང་། ལྟོ་སྟོང་ལ་ཉི་དགའ་དང་གཡེར་མའི་རིལ་བུ་བཏང་བས་རྩ་ཁ་འབྱེད་དོ། །དེ་ནས་ཕྱིང་འབོལ་རང་གི་རྡོ་རྗེ་དང་མཉམ་པ་དར་གྱིས་གཏུམས་པ་ལ་བྱ་རྒོད་ཀྱི་ཚིལ་བུ་དང་། འབྲུ་མར་བྱུགས་ལ་ཕྱག་རྒྱའི་བཤང་ལམ་དུ་གཞུག་ཅིང་མཁལ་ཁུང་གཉིས་སུ་དྲུ་བུ་ཁུ་ཚུར་ཙམ་རེ་སྐ་རགས་སྲབ་མོས་བསྡམས་ལ་རྒྱབ་ནས་རྟ་སྒ་གཏད་དེ། གན་རྐྱལ་དུ་ཉལ་བས། མཁལ་མ་གཉིས་དང་བཤང་ལམ་ནང་དུ་འགྲོའོ། །དེ་གཉིས་ནང་དུ་སོང་བས་བྷ་གའི་གཡས་གཡོན་གཉིས་སུ་ནུ་མ་འདྲ་བའི་འབུར་འབུར་གཉིས་འོང་། དེ་ནས་བྷ་ག་ཕྱེ་ནས་བལྟས་པས་རྩ་སྣ་རིབ་རིབ་འོང་སྟེ། དེའང་དུང་ཅན་མ་ནི་རྩ་སྣ་འཁྱིལ་ནས་འོང་། པདྨ་ཅན་ནི་རྩ་སྣ་པདྨ་འདྲ་བའོ། །རི་དྭགས་ཅན་མ་ནི་རི་དྭགས་ཀྱི་མཇིང་པ་ལྟར་འོང་། བྱ་གདོང་མ་རྩ་སྣ་བྱ་རོག་གི་མཆུ་ལྟར་འོང་། བདེ་བྱེད་མ་ནི་རྩ་སྣ་གཟུགས་མོ་བྱི་ཐུར་ལྟར་འོང་། མ་ནིང་གི་རྩ་ནི་མདུད་པ་ཅན་དུ་འོང་། རྩ་ཕལ་པ་ནི་ཐང་ཁུག་བཀྱིགས་པའི་ཁ་ཕྱིར་བགྲད་པ་ལྟར་འོང་། དེའང་རྩ་སྦོམ་ན་ཁུག་ཆོས་རྩ་བ་ར་དཀར་མོའི་འོ་མ། སྦྲང་རྩི། ཀ་ར། རྩི་མར། ད་བྱིད་ཤཁྱི་ཚིལ་རྣམས་སྦྱར་ནས་རྩ་ལ་བྱུགས་པས། རྩ་སྣ་རིང་ན་སོར་དྲུག །འབྲིང་སོར་བཞི། ཐ་མ་སོར་གསུམ་འོང་ངོ་། །གཉིས་པ་ནི་ཕྱག་རྒྱའི་ཐིག་ལེ་འབེབས་པ་ལ་མཁས་པ་བུང་བ་རྩི་འཚོལ་བ་ལྟ་བུ་སྟེ། དེའང་རྩ་སྣ་དེ་རང་གི་རྡོ་རྗེའི་བུག་པར་བཅུག་ནས་རྡོ་རྗེ་ཡར་ཕུལ་བ་ལྟར། ཕྱིང་པ་མར་ལ་འཐེན་ནས་འོ་དང་འཁྱུད་པ་ལ་སོགས་པ་བྱས་པས་ཕྱག་རྒྱ་མ་
ཆགས་པ་རྒྱས་དུས་དུམ་རེ་འགུལ་ཞིང་མི་སྤྱོད་པར་བཞག་པས་ཐིག་ལེ་རྩ་མིག་ཏུ་ལུད་འོང་ངོ་། །གསུམ་པ་ནི་དུས་ཀྱི་ཆུ་དང་སྙུགས་སྦུབས་ལྟ་བུ་སྟེ། ཕྱག་རྒྱ་རབ་ལ་རྩའི་རྩེ་མོ་ན་དྭངས་མ་ཡོད། འབྲིང་ལ་སྐེད་པ། ཐ་མ་ལ་གཏིང་ན་ཡོད་པས། དྲང་ཐབས་གསུམ་ལས་རབ་ལ་རྡོ་རྗེ་གསང་བར་བཅུག་ལ་མི་སྤྱོད་པར་རིག་པ་སྐྱེ་མེད་ཀྱི་ངང་ལ་བཞག་པས་དྭངས་མ་འདྲོངས་སོ། །འདྲོངས་པའི་རྟགས་སུ་རྡོ་རྗེ་མགོ་འཁྱོགས་པའམ་ལུས་སྦྲིད་ཆིལ་བ་འབྱུང་ངོ་། །དེས་མ་འདྲོངས་ན་འབྲིང་ནི་ལུས་ཀྱིས་འགུལ་ཞིང་དལ་བུས་སྤྱོད་པས་བདེ་བ་སྐྱེ་དུས་གློད་ལ་དྲངས། རྟགས་སྔ་མ་བཞིན་ནོ། །དེས་ཀྱང་མ་འདྲོངས་ན་ཐ་མ་ལ་དྲག་ཏུ་བསྐྱོད་ཅིང་བདེ་བ་ཡུན་རིང་དུ་བཟུང་། བདེ་བ་དུས་མཉམ་གྱིས་དུས་སུ་སྟེང་རླུང་མནན། འོག་རླུང་དྲག་ཏུ་འཐེན་རྐང་ལག་བརྐྱང་ལ་དྭངས་མ་དྲང་བའི་འཁྲུལ་འཁོར་གོང་ལྟར་བྱའོ། །དམིགས་པ་ནི་སྙུག་སྦུབས་ཀྱིས་ཆུ་འཐུང་པ་ལྟར་འུབ་ཀྱིས་དྲག་པར་འཐེན་ལ་ཧཱུྃ་དྲག་ལ་རྒྱུན་མི་འཆད་པར་བགྲང་ངོ་། །དྭངས་མ་འདྲོངས་པའི་རྟགས་སུ་ཡུམ་གྱི་སྣང་བ་འུབ་ཀྱིས་བཏུང་བ་སྙམ་བྱེད་ཅིང་ཡུམ་གྱི་བདེ་བ་དེ་འདྲོག་ལ་ཡལ་ན་ཐེ་ཚོམ་མེད་པར་འདྲོངས་སོ། །ཡང་ན་སྔ་མ་བཞིན་རྡོ་རྗེ་བྷ་གའི་གཏིང་དུ་ཕུ ལ་བས་ཡུམ་བདེ་བ་མི་བཟོད་པ་སྐྱེས་དུས་རང་གི་ལུས་མ་འཆུས་པར་དྲང་པོར་བྱས་ལ། སེམས་ཀྱི་དམིགས་པ། ལུས་ཀྱི་འཁྲུལ་འཁོར། ངག་གི་བརྗོད་པ་གསུམ་གྱིས་དྲངས་ཏེ། དེའང་ཡུམ་གྱི་རྩ་ནང་གི་སྙིགས་མ་སྦང་མ་ལྟ་བུའི་ནང་ནས་དྭངས་མ་ཆང་ལྟ་བུ་དེ་རང་གི་རྡོ་རྗེའི་གསང་ལམ་ནས་ཡར་ལ་བ་ཐག་ལྟར་བྲེང་མ་ཆད་པར་དྲངས་ལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་སིམ་སིམ་སོང་བར་བསམ་ཞིང་ངག་ཏུ་ཧཱུཾ་དྲག་ལ་རྒྱུན་མི་ཆད་པར་བགྲང་ངོ་། །ལུས་ནི་འོག་རླུང་དྲག་ཏུ་འཐེན་ལ་མིག་གྱེན་ལ་བགྲད། རྐང་པའི་མཐེ་བོང་གཉིས་ནང་དུ་དགུག །གུང་མོ་
དང་སྲིན་ལག་དྲག་ཏུ་གཤིབ་ཅིང་རྒྱུ་ཞབས་སྒལ་པ་ལ་དྲག་ཏུ་སྦྱར་། ལྕེ་ཡ་རྐན་ལ་སྒྲིལ་ཞིང་ཡིད་ཀྱིས་ཧཱུཾ་དྲག་ཏུ་བརྗོད་ནས་འཐེན་པས། ཡུམ་དྲན་པ་མེད་པ་དང་དྲུ་བུ་ལྟར་འགྲོ་ཞིང་རྩུབ་རྩུབ་པའམ་རང་དབང་མེད་པར་སྐད་བྱུང་ན་འདྲོངས་པའི་རྟགས་སོ། །དེ་ནས་དལ་གྱིས་འཕྲོ་བཅད་དེ་ཡི་དམ་དུ་གསལ་བས་ཡན་ལག་བཞི་དང་ལུས་ཐམས་ཅད་སྤྲུགས་སོ། །དེའང་རྣལ་འབྱོར་པའི་རྡོ་རྗེ་མགོ་འཁྱོགས་པའམ་ཚ་ཆིལ་ཆིལ་སྦྲིད་བེ་བེར་པ་འོང་། དྭངས་མ་རབ་ཏུ་ལོན་ན་ལུས་ཐམས་ཅད་ཚ་ཆིལ་གྱིས་འགྲོ། འབྲིང་༷༵གིས་ལུས་བདེ་ལྷན་ནེར་འོང་། ཐ་མས་ཀྱང་སེམས་བདེ་སྟོང་ལ་གནས་པའོ། །ཕྱག་རྒྱའི་བཀྲག་འཆོར་ཞིང་བདག་ཉིད་བྱི་རུ་ལྟར་དམར་ལམ་གྱིས་འགྲོ་བས་ཡུམ་གྱི་ལུས་ཟུངས་གསོའོ། །བཞི་པ་ནི་བདེ་བའི་རང་བཞིན་གྲོལ་བ་ལ་མཁས་པ་མཁའ་ལ་ན་བུན་དྭངས་པ་ལྟ་བུ་སྟེ། བདེ་བའི་ངོ་བོ་ཇི་ལྟར་གནས་ཀྱང་ཡེ་སྟོང་རྩ་བྲལ་ཆེན་པོ་གདོད་མའི་ཀ་དག་གི་ངང་དུ་ལ་བཟླའོ། །དེའང་ཐེག་པ་འོག་མའི་བདེ་སྟོང་ལྟར་བདེ་བ་ལ་སྟོང་པས་རྒྱས་འདེབས་པ་དང་། བདེ་ཉམས་ལ་ཆགས་པ་མ་ཡིན་ཏེ། འདིར་དང་པོའི་བདེ་བ་གཡོ་བ་ནས་མཐར་ཀ་དག་ཏུ་ལ་བཟླ་བའི་བར་གདོད་མའི་གནས་ལུགས་ཡེ་སྟོང་རྩ་བྲལ་གྱི་རྟོགས་པ་དང་མ་བྲལ་བས། བདེ་བ་ལ་བདེ་བའི་རང་བཞིན་སྟོང་པར་འཛིན་པ་ཙམ་ལས་ཀྱང་འདས་སྟེ། མཐའ་གྲོལ་བློ་འདས་ཆེན་པོའི་ཆགས་བྲལ་དུ་བསྒྲུབས་ཏེ། འདོད་ཆགས་ཀྱི་འཛིན་པ་ཡེ་སྟོང་ཆེན་པོར་ལ་བཟླའོ། །དེའང་རྟོགས་པ་ཇི་སྙེད་བདེ་བར་བསྡུས་ནས། བདེ་བ་འཛིན་མེད་དུ་ངོ་སྤྲད་དེ། འཛིན་མེད་ཀ་དག་ཆེན་པོར་ཕྱམ་བརྡལ་ནས་ཡེ་བདེ་བའི་སྟེང་དུ་བློ་བདེ་རྒྱུན་མི་འཆད་པས་གཞི་བདེ་བའི་ངོ་བོ་ལྷུན་གྲུབ་ཆོས་ཉིད་ཀྱི་རོལ་པར་འཆར་བ་ལ་རྣལ་འབྱོར་པའི་སྐྱེལ་སོ་བྱེད་དོ། །འདིར་ཚིགས་སུ་བཅད་པ། བདེ་ཆེན་གནས་ནས་བདེ་གསང་ནོར་བུའི་རྩེར། །ཉི་མ་ཟླ་བ་སྐད་ཅིག་ཉིད་ཤར་བ། །རི་
རབ་ལྷ་ཡི་ཁང་པའི་རྩེར་བརྒྱན་ཏེ། །གླིང་བཞིའི་འཇིག་རྟེན་བདེ་ཆེན་འོད་ཀྱིས་འགེངས། །བདེ་ཆེན་གནས་ནས་བདེ་སྐྱོང་འཁོར་ལོའི་བར། །དབབ་པ་བཞི་ལས་ཡས་བརྟེན་དགའ་བ་བཞི། །བསམ་གཏན་བཞི་སྟེ་བདེ་སྟོང་ཆོས་ཉིད་ངང་། །དེ་བཞིན་མས་བཟློག་མས་བརྟེན་དགའ་བ་བཞི། །གཟུགས་མེད་བཞི་སྟེ་སྐྱེ་མེད་གཉུག་མའི་དོན། །ཡས་བརྟེན་མས་བརྟེན་ཐིག་ལེའི་འགྲེམས་སྡུད་བརྒྱད། །བཅུ་དྲུག་བྱེད་པའི་ཐིག་ལེ་བརྒྱད་ཅེས་བྱ། །དེ་དག་བར་དུ་སྐྱེ་མེད་རྣམ་པ་བརྒྱད། །བཅུ་དྲུག་ཕྱེད་ལ་ཐིག་ལེ་མེད་པ་ཡིན། །ཀུན་ཀྱང་གདོད་ནས་འདུ་ཤེས་ཚོར་བ་འགོག །རང་བཞིན་མ་སྐྱེས་སྤྲོས་དང་བྲལ་བ་འདི། །བདེ་སྟོང་མཐར་གྱིས་གནས་པའི་སྙོམས་འཇུག་དགུ །དེ་བཞིན་རྣམ་ཐར་གསུམ་དང་ཚད་མེད་བཞི། །བསླབ་གསུམ་ཕ་རོལ་ཕྱིན་དྲུག་སྨོན་འཇུག་གཉིས། །ཐེག་པའི་ལམ་རྣམས་ལྷུན་གྱིས་གྲུབ་པས་ན། །བདེ་སྟོང་ཤིང་རྟ་ཆེན་པོའི་ལམ་ཡིན་ནོ། །གང་འདི་བདག་སྙིང་དགའ་བའི་སྐྱེད་མོས་ཚལ། །མི་ནུབ་རྒྱལ་མཚན་ནམ་མཁའི་དཀྱིལ་དུ་འཛུགས། །ཕྱི་རབས་རྩེ་གཅིག་སངས་རྒྱས་འདོད་པ་རྣམས། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །བཞི་པ་ཡེ་ཤེས་བཞི་དང་ངོ་སྤྲད་པ་ནི། །དེ་ཡང་སྙོམས་པར་ཞུགས་ཏེ་སྤྱི་བོ་ནས་བདེ་བ་གཡོས་མགྲིན་པར་བབས་པས། བདེ་བའི་ངོ་བོར་སྟོང་པར་ཤར་བ་དེ་དགའ་བའི་ཡེ་ཤེས་ཏེ། རྣམ་རྟོག་རགས་པ་རྣམས་སྤོང་ཞིང་ཉན་རང་གི་གྲུབ་མཐའ་རྟོགས། བསམ་གཏན་དང་པོའི་དགའ་བའོ། །དེ་ནས་སྙིང་གར་སླེབ་དུས་མཆོག་དགའི་ཡེ་ཤེས་ཏེ། བདག་ཏུ་འཛིན་པའི་རྣམ་རྟོག་སྤང་ཞིང་བྱང་ཆུབ་སེམས་དཔའི་གྲུབ་མཐའ་རྟོགས་ཏེ་བསམ་གཏན་གཉིས་པའི་དགའ་བའོ། །དེ་ནས་ལྟེ་བར་སླེབས་དུས་དགའ་བྲལ་གྱི་ཡེ་ཤེས་
ཏེ་ཕྱག་རྒྱར་འཛིན་པའི་རྟོག་པ་སྤོང་ཞིང་། གསང་སྔགས་ཀྱི་གྲུབ་མཐའ་ཏེ་བསམ་གཏན་གསུམ་པའི་དགའ་ བའོ། །དེ་ནས་གསང་བར་སླེབས་དུས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ་དགའ་བ་གསུམ་དུ་འཛིན་པའི་རྟོག་པ་མཐའ་དག་སྤོང་ཞེས་གསང་བ་བླ་ན་མེད་པའི་གྲུབ་མཐའ་རྟོགས་ཏེ་བསམ་གཏན་བཞི་པའི་དགའ་བའོ། །མདོ་ལས། དགེ་སློང་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པའི་བདེ་བ་ལྟ་བུ་ཞེས་པའང་འདི་དང་དོན་གཅིག་གོ །ཡས་བརྟེན་གྱི་དགའ་བ་བཞིའོ། །དེ་བཞིན་དུ་གསང་བ་ནས། ལྟེ་བར་དྭངས་མ་ལྡོག་སྟེ། མཉམ་པར་བཞག་པ་ནི། ནམ་མཁའམཐའ་ཡས་སྐྱེ་མཆེད་དོ། །སྙིང་གར་རྣམ་ཤེས་མཐའ་ཡས་སོ། །མགྲིན་པར་ཅི་ཡང་མེད་པའོ། །སྤྱི་བོར་ཡོད་མེད་ཀྱི་སྤྲོས་པ་ཞི་བས་སྲིད་རྩེའི་སེམས་ཏེ་ཡོད་མིན་མེད་མིན་ནོ། །དེ་ནས་དུས་གསུམ་སྐྱེ་མེད་ཀྱི་ངང་ལ་གཞག་པ་ནི་འགོག་པའི་ཏིང་ངེ་འཛིན་ནོ། །དེ་བཞིན་དུ་འཁོར་ལོ་གསུམ་དུ་བབས་དུས་སྐྱེ་འགག་གནས་གསུམ་དུ་མ་གྲུབ་པས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཡེ་ཤེས་སོ། །དེ་བཞིན་དུ་འཁོར་ལོ་བཞིར་བབས་པས་ཚད་མེད་པ་བཞི་ལས་དམིགས་པ་མེད་པའི་ཚད་མེད་པ་བཞིའི་ཡེ་ཤེས་སོ། །དེ་བཞིན་དུ་དྭངས་མ་མི་འཛག་པས་སོ་སོ་ཐར་པའི་སྡོམ་པ། གོང་དུ་འཕེལ་བས་བྱང་ཆུབ་སེམས་དཔའི་སྡོམ་པ། ཡེ་ཤེས་ཆེན་པོས་རིག་པ་འཛིན་པའི་སྡོམ་པའོ། །དེ་བཞིན་དུ་ཕ་རོལ་དུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དྲུག་རྣམ་པར་དག་པས་ཕ་རོལ་ཏུ་ཕྱིན་པ་གཉིས་ཀྱི་ནང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ ཁམས་དཀར་དམར་གཉིས་མི་ཉམས་ཤིང་འཕེལ་བས་སྨོན་འཇུག་གི་སེམས་གཉིས་སོ། །མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དུ་མའི་གང་ཆེན་མཚོའོ། །
གསུམ་པ་མཇུག་གི་དོན་ལ། བདེ་བའི་འཆར་ལུགས་ངོས་བཟུང་། འབྲས་བུ་ལེགས་པར་བསྟན། གེགས་སེལ་རྒྱས་པར་བཤད་པ་གསུམ་ལས། དང་པོ་ལ་བཅོ་ལྔ་ལས། དང་པོ་ལ་བདེ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྦྱར་བ་ནི། ཡབ་ཡུམ་ལྷར་བསྐྱེད་པས་ཚོགས་རྫོགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཐིག་ལེ་མི་ཉམས་པ་ཚུལ་ཁྲིམས། སྣང་བ་ཐམས་ཅད་བདེ་བར་ཤར་བ་ལ་བཟོད་པས་བཟོད་པ། སྦྱོར་བ་བྱེད་པ་ལ་ལེ་ལོ་མེད་པས་བརྩོན་འགྲུས་སོ། །བདེ་སྟོང་ལ་སེམས་གནས་པས་བསམ་གཏན། བདེ་སྟོང་གི་དོན་མཐར་ཕྱིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཉིས་པ་ལམ་ལྔ་དང་སྦྱར་བ་ནི། ཡབ་ཡུམ་ལྷན་ཅིག་ལ་ཚོགས་ཏེ་ལྷའི་སྐུར་བསྐྱེད་པ་ཚོགས་ལམ། ཡབ་ཡུམ་སྙོམས་པར་ཞུགས་པ་སྦྱོར་ལམ། དགའ་བ་བཞིའི་ཡེ་ཤེས་མཐོང་བས་མཐོང་ལམ། དེའི་རྗེས་ཤེས་སྐྱོང་བས་སྒོམ་ལམ། བདེ་སྟོང་གི་ཡེ་ཤེས་མངོན་དུ་གྱུར་པས་མི་སློབ་པའི་ལམ་མོ། །གསུམ་པ་ཐེག་པ་དགུ་དང་སྦྱར་བ་ནི། དང་པོ་ལུས་ཐ་མལ་དུ་གནས་པ་ལྷའི་ཐེག་པ། བདེ་བ་ཐ་མལ་དུ་སྤྱོད་པ་ཕྱི་མའི་ཐེག་པ། བདེ་བ་རང་དོན་དུ་སྤྱོད་པ་ཉན་རང་གི་ཐེག་པ། བདེ་བ་རང་རིག་ཏུ་ཤེས་པ་བྱང་ཆུབ་སེམས་དཔའི་ཐེག་པ། ཐ་མལ་གྱི་ལུས་ངག་ཡིད་གསུམ་ལྷར་དག་པ་ཀྲི་ཡའི་ཐེག་པ། ཕྱག་རྒྱ་ཆེན་པོ་རྟོགས་པ་ཨུ་པའི་ཐེག་པ། ཕྲིན་ལས་བཞི་འགྲུབ་པས་ཡོ་གའི་ཐེག་པ། ཕུང་ཁམས་ལྷར་ཤེ་པ་མ་ཧཱའི་ཐེག་པ། བདེ་སྟོང་དབྱེར་མེད་དུ་རྟོགས་པ་ཨ་ནུའི་ཐེག་པ། ཐམས་ཅད་ཡོངས་གྲོལ་དུ་རྟོགས་པ་ཨ་ཏིའི་ཐེག་པའོ། །བཞི་པ་རྒྱུད་སྡེ་བཞི་དང་སྦྱར་བ་ནི། དང་པོའི་ཡབ་ཡུམ་ལྷར་བསྐྱེད་པ་བྱ་བའི་རྒྱུད། སྙོམས་འཇུག་བྱེད་པ་སྤྱོད་པའི་རྒྱུད། དེ་ལས་བདེ་སྟོང་སྐྱེས་པ་རྣལ་འབྱོར་གྱི་རྒྱུད། །དགའ་བཞིའི་ཡེ་ཤེས་མཐའ་ཕྱིན་པ་བླ་ན་མེད་པའི་རྒྱུད་དོ། །ལྔ་པ་
ཐེག་པ་གསུམ་དང་སྦྱར་བ་ནི། རང་དོན་དུ་སྤྱོད་པས་ཉན་རང་གི་ཐེག་པ། གཞན་དོན་དུ་སྤྱོད་པས་བྱང་ཆུབ་སེམས་དཔའི་ཐེག་པ། མཐའ་གྲོལ་དུ་སྤྱོད་པས་རྡོ་རྗེའི་ཐེག་པའོ། །དྲུག་པ་སྒྲུབ་པ་བཀའ་བརྒྱད་དང་སྦྱར་བ་ནི། ཡབ་ཡུམ་ལྷའི་སྐུར་གསལ་བ་འཇམ་དཔལ་སྐུ། བདེ་བའི་སྒྲ་སྟོང་པར་ཤེས་པས་པདྨ་གསུང་། ངོ་བོ་རིག་སྟོང་དུ་ཤེས་པས་ཡང་དག་ཐུགས། ངོ་བོ་བདེ་སྟོང་དུ་ཤེས་པས་བདུད་རྩི་ཡོན་ཏན། ངོ་བོ་སྣང་སྟོང་དུ་ཤེས་པས་ཕུར་པ་ཕྲིན་ལས། ཐམས་ཅད་སྟོང་པར་རྟོགས་པ་མ་མོ་རྦོད་གཏོང་། ཐམས་ཅད་རླུང་རིག་གི་རྩལ་དུ་ཤེས་པས་འཇིག་རྟེན་མཆོད་བསྟོད་དོ། །བདུན་པ་དབང་བཞི་དང་སྦྱར་བ་ནི། ཡབ་ཡུམ་ལྷའི་སྐུར་བསྐྱེད་པ་བུམ་པའི་དབང་། སྦྱོར་བ་བྱེད་པ་གསང་དབང་། བདེ་སྟོང་གི་ཉམས་ལ་གནས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། མཐར་བློ་བྲལ་ཡེ་གྲོལ་དུ་ཤེས་པ་ཚིག་དབང་རིན་པོ་ཆེའོ། །བརྒྱད་པ་རིགས་ལྔ་དང་སྦྱར་བ་ནི། བདེ་སྟོང་གི་ངོ་བོ་འགྱུར་བ་མེད་པ་རྡོ་རྗེའི་རིགས། ཆགས་སེམས་དག་པས་པདྨའི་རིགས། ཡོན་ཏན་འབྱུང་བས་རིན་པོ་ཆེའི་རིགས། ཕྲིན་ལས་འགྲུབ་པས་ལས་ཀྱི་རིགས། ཆོས་ཉིད་རྟོགས་པས་དེ་བཞིན་གཤེགས་པའི་རིགས་སོ། །དགུ་པ་ཡབ་ལྔ་དང་སྦྱར་བ་ནི། བདེ་སྟོང་གི་རྣམ་པར་སྦྱོར་བ་མཛད་པས་རྣམ་པར་སྣང་མཛད། ངོ་བོ་མི་འགྱུར་བས་མི་བསྐྱོད་པ། ཡོན་ཏན་འབྱུང་བས་རིན་ཆེན་འབྱུང་ལྡན། བདེ་བའི་སྣང་བ་ཚད་མེད་པས་སྣང་བ་མཐའ་ཡས། ཡེ་ཤེས་བཞི་གྲུབ་པས་དོན་ཡོད་གྲུབ་པའོ། །བཅུ་པ་ཡུམ་ལྔ་དང་སྦྱར་བ་ནི། བྷ་ག་དང་རྡོ་རྗེ་སངས་རྒྱས་སྤྱན། གཡོ་བ་དང་སྤྱོད་པ་དམ་ཚིག་སྒྲོལ་མ། སྤྱོད་པས་དྲོད་འབྱུང་བ་གོས་དཀར་མོ། །ཐིག་ལེ་མ་ཉམས་པ་མཱ་མ་ཀཱི། དེ་ཐམས་ཅད་མི་རྟོག་པའི་ཡེ་ཤེས་དབྱིངས་ཀྱི་དབང་ཕྱུག་མའོ། །བཅུ་གཅིག་པ་ཡེ་ཤེས་ལྔ་དང་སྦྱར་བ་ནི། ལྷ་དང་ཡེ་ཤེས་ངོ་བོ་
གསུམ་གསལ་བས་མེ་ལོང་ཡེ་ཤེས། བྱེ་བྲག་ཕྱེད་པས་སོར་རྟོགས་ཡེ་ཤེས། ངོ་བོ་གཅིག་པས་མཉམ་ཉིད་ཡེ་ཤེས། ཆོས་སྐུ་རྟོགས་པས་ཆོས་དབྱིངས་ཡེ་ཤེས། ཕྲིན་ལས་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །བཅུ་གཉིས་པ་འབྱུང་བ་ལྔ་དང་སྦྱར་བ་ནི། བྷ་ག་དང་རྡོ་རྗེ་དངོས་སུ་གྲུབ་པས་ས། གཡོ་བས་རླུང་། ཐིག་ལེ་ཆུ། དྲོད་མེ། མཐར་མི་རྟོག་པས་སྔོན་བཞིན་གནས་པ་ནམ་མཁའོ། །བཅུ་གསུམ་པ་ས་བཅུ་དང་སྦྱར་བ་ནི། ཡབ་ཡུམ་ཕན་ཚུན་མཐོང་བས་དགའ་བ་སྐྱེས་པ་དེས་དྲང་པོར་རབ་ཏུ་དགའ་བ། ལྷའི་སྐུར་བསྐྱེད་པས་ཐ་མལ་གྱི་དྲི་མ་མེད་པ་ས་གཉིས་པ་དྲི་མ་མེད་པ། སྦྱོར་བ་བྱས་པས་ཐིག་ལེ་རྩ་ནང་ཀུན་ལ་ཁྱབ་པས་ས་གསུམ་པ་འོད་བྱེད་པ། བདེ་བ་འབར་བས་ས་བཞི་པ་འོད་འཕྲོ་བ། གསང་བར་ཐིག་ལེ་ཟིན་པས་ས་ལྔ་པ་སྦྱང་དཀའ་བ། ཟིན་དུས་ཡེ་ཤེས་མྱོང་བས་ས་དྲུག་པ་མངོན་དུ་གྱུར་པ། བཟློག་ཅིང་ཁྲེམས་པས་རིང་དུ་སོང་སྟེ་ས་བདུན་པ་རིང་དུ་སོང་བ། དེ་ནས་བློ་བྲལ་དུ་གནས་པས་ས་བརྒྱད་པ་མི་གཡོ་བ། དེ་ལས་བདེ་སྟོང་གི་ཉམས་སུ་མྱོང་བ་ནི་ས་དགུ་པ་ལེགས་པའི་བློ་གྲོས། སྣང་བ་གང་ཤར་བདེ་སྟོང་དུ་གྲོལ་བ་ནི་ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །བཅུ་བཞི་པ་སྐུ་ལྔ་དང་སྦྱར་བ་ནི། ཡབ་ཡུམ་སྦྱོར་བ་བྱེད་པ་སྤྲུལ་པའི་སྐུ། ལྷའི་སྐུར་བསྐྱེད་པ་ལོངས་སྐུ། བདེ་སྟོང་གི་ཉམས་ཤར་བ་ཆོས་སྐུ། ངོ་བོ་འཛིན་པ་ལས་གྲོལ་བ་ངོ་བོ་ཉིད་ཀྱི་སྐུ། ཕྲིན་ལས་མཐའ་དག་འགྲུབ་པས་མངོན་པར་བྱང་ཆུབ་པའི་སྐུའོ། །བཅོ་ལྔ་པ་རྒྱུད་སྡེ་གསུམ་དང་སྦྱར་བ་ནི། ཡབ་ཡུམ་བདེ་བ་མྱོང་བ་མའི་རྒྱུད། ཐིག་ལེ་བཟུང་འདྲེན་འགྲེམས་པ་ཕའི་རྒྱུད། བདེ་སྟོང་གཉིས་སུ་མེད་པ་གཉིས་སུ་མེད་པའི་རྒྱུད་དོ། །གཉིས་པ་འབྲས་བུ་
བསྟན་པ་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། དང་པོ་ལ་ཉམས་སུ་བླངས་པ་སྔོན་འབྱུང་གི་འབྲས་བུ་དང་། སྤྲུལ་སྐུ་འབྱེད་པ་ཕྱིས་འབྱུང་གི་འབྲས་བུ་གཉིས་ལས། དང་པོ་ནི་གནས་སྐབས་སུ་བདེ་བ་ལ་རང་དབང་ཐོབ་པས་སྣང་སྲིད་བདེ་བར་འཆར། སྡུག་བསྔལ་ཆོས་ཉིད་དུ་གྲོལ། དཔའ་བོ་དང་མཁའ་འགྲོ་འདུ། གྲུབ་པ་བརྒྱད་ཀྱི་ཡོན་ཏན་ཐོབ། ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། ཅི་བསམ་པ་ཐམས་ཅད་འགྲུབ་བོ། །གཉིས་པ་ནི་རང་གི་ཟབ་ཆོས་དང་རིགས་རྒྱུད་ཁྱད་པར་ཅན་ཡུན་རིང་དུ་གནས་པས་འཇིག་རྟེན་ན་སེམས་ཅན་གྱི་དོན་འབྱུང་ན། སྐུའི་བརྒྱུད་པ་གཟུང་བ་གལ་ཆེ་སྟེ། དེའང་ཡུམ་མཚན་དང་ལྡན་པ་ལ་མཁས་པ་ལྔའི་སྒོ་ནས་ཐིག་ལེ་གཏོང་སྟེ། སེམས་བསྐྱེད་ཁྱད་པར་ཅན་གྱིས་ཐེག་ཆེན་གྱི་ལམ་ལ་མཁས་པ། བདེ་བས་ཕུང་པོ་སྐྱེ་མཆེད་ཀྱི་ལྷ་མཆོད་པ་ལ་མཁས་པ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་འཛིན་པ་ལ་མཁས་པ། དོན་གཉིས་ལྷུན་གྱིས་གྲུབ་པ་ལ་མཁས་པ། སྤྲུལ་སྐུས་འགྲོ་དོན་མཛད་པ་ལ་མཁས་པའོ། །འོ་ན་ཐིག་ལེ་ཉམས་ན་ན་རག་ཏུ་ལྟུང་བར་བཤད་ཡོད་དམ་སྙམ་ན། བསམ་པ་ཁྱད་པར་ཅན་གྱིས་ཟིན་ན་ཉེས་པ་མེད་དེ། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་རྒྱུད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བླངས་ནས། །གཞན་དོན་ལྷུར་ལེན་སེམས་དཔའ་ཡིས། །སྤྲུལ་པ་འཛིན་ལ་ཉེས་པ་མེད། །ཅེས་སོ། །དེ་ལས་གཞན་དུ་ཉམས་ན་ཉེས་པ་དཔག་ཏུ་མེད་དོ། །དེའང་སྦྱོར་བ་བྱེད་དུས་སུ་སྤྲུལ་སྐུ་དེར་ཤེས་རབ་དང་། སྙིང་རྗེ་དང་། མཐུ་སྟོབས་དང་། ཚེ་དང་ནོར་ལ་སོགས་པ་འཕེལ་བར་འདོད་ན། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་དང་། ཚེ་དཔག་མེད་དང་། ཛམྦྷ་ལ་སོགས་པར་ཡབ་ཡུམ་གཉིས་བསྐྱེད་ལ། ཡུམ་གྱི་ལྷུམས་དཀྱིལ་འཁོར་གྱི་དབུས་སུ་ཡུམ་
གྱི་ཐིག་ལེ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡབ་ཀྱི་ཐིག་ལེ་ལྷ་སྐུར་བྱོན་ནས་བཞུགས་པར་བསམ་སྟེ། བྷ་ག་དཀྱིལ་འཁོར་གྱི་སྒོར་བསམ་ལ། སྒོ་སྲུང་གིས་བར་ཆོད་བསྲུང་བར་བསམ་སྟེ། ཡུམ་གྲིབ་ལ་གཟབ། གཡེམས་མི་ཤོར་རོ། །ཟླ་བ་བཅུ་ན་སྤྲུལ་སྐུ་ངེས་པར་འབྱོན་ནོ། །དེར་ཅིས་ཤེ་ན་ཀུན་རྫོབ་རྒྱུའི་ཐིག་ལེ་དེ་སྟོབས་རྒྱས་པའི་དུས་སུ་བསམ་པ་གང་ལྟར་བཏང་བ་བཞིན་དུ་འབྱུང་བ་ནི། རླུང་སེམས་དྭངས་མ་གསུམ་གནད་གཅིག་པའི་ཕྱིར་རོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། ཚེ་གཅིག་གིས་སངས་རྒྱས་ཏེ་སེམས་ཅན་གྱི་དོན་རླབས་པོ་ཆེ་གང་ལ་གང་འདུལ་དུ་འབྱུང་བའོ། །གསུམ་པ་གེགས་སེལ་རྒྱས་པར་བཤད་པ་ལ། བྱེ་བྲག་གི་གེགས་སེལ་མདོར་བསྟན། སྤྱིའི་གེགས་སེལ་རྒྱས་པར་བཤད། དེ་གཉིས་ཀའི་དོན་བསྡུ་བ་གསུམ་ལས། དང་པོ་ལ་གེགས་སེལ་དངོས་དང་། དེའི་མཐུན་ཕྱོགས་བཤད་པ་གཉིས་ལས། དང་པོ་རང་གི་ཐིག་ལེའི་གེགས་ནི་ཕྱག་རྒྱ་མ་དམ་ཚིག་མ་དག་ན་ཐིག་ལེ་ཉམས་པས་ཏིང་ངེ་འཛིན་མི་སྐྱེ། གསང་སྒོ་འཆོལ་བས་གསང་སྔགས་ཀྱི་ཆེ་བ་ཉམས། ཉམས་གྲིབ་ཆེ་བས་ཚེ་ཐུང་ཞིང་ནད་མང་། ལུང་ལས་འགལ་བས་མཁའ་འགྲོའི་བཀའ་ཆད་འབྱུང་། གསང་མ་ཐུབ་པས་བསྟན་པ་ལ་གནོད་པ་བསྐྱེལ། བསྐྱེད་རིམ་མ་གསལ་ན་ཐ་མལ་དུ་འགྲོ །དགའ་བ་བཞིའི་ཡེ་ཤེས་ངོས་མ་ཟིན་ན་སངས་རྒྱས་ཀྱི་ལམ་དུ་མི་འགྲོ །ཐིག་ལེ་ཉམས་ན་ཡོན་ཏན་གང་ཡང་མི་སྐྱེའོ། །ཉམས་ལེན་གྱི་གེགས་ནི་ཐིག་ལེ་འབེབས་པའི་དུས་སུ་གཟབས་དགོས། རྩ་ངན་ན་མྱུར་དུ་འཆོར་བས་བཟུང་དུས་མ་ཤོར་བ་གལ་ཆེ། ཟིན་ནས་མྱུར་དུ་མ་བཟློག་ན་ཆུའི་ཟླ་ལ་འཆོར་བས་བཟློག་དགོས། བཟློག་ནས་མྱུར་དུ་མ་བཀྲམ་ན་ནད་དུ་འགྲོ་བས་ཁྲེམས་དགོས། འགྲེམས་
དུས་དམིགས་པ་བསྒོམ་པར་བཤད་ཀྱང་མཚན་བཅས་སུ་བསྒོམ་ན་དེར་འཁྲིལ་ནས་ནད་དུ་འགྲོ་བས་དམིགས་མེད་ཀ་དག་གི་ངང་ལ་བཞག །དྭངས་མ་མ་ཁྲེམས་པར་རྩ་ལ་བྱེར་ན་འབྲས་དང་རྐོང་པོ་ལ་སོགས་པ་པགས་པའི་ནད་དུ་འགྲོ་ཞིང་། འཁོར་ལོ་ལྔའི་དབུས་སུ་འཁྱིལ་བས་འཁྲུལ་སྣང་སྣ་ཚོགས་སུ་འཆར། སྨད་ཀྱི་ཆུ་སོར་ལྟུང་ན་གྲང་བ་དང་ཆུ་འགག་འོང་། གཞན་ཡང་དྭངས་མ་ཉམས་པ་དང་། རུལ་པ་དང་། སྐམ་པ་ལ་སོགས་པ་འབྱུང་ངོ་། །དེ་ཡང་ཡུམ་དམ་ཚིག་མ་གཙང་བ་དང་། ཁ་ཟས་དང་གདོན་ལ་སོགས་པས་ཉམས་པ་ལ་བཤགས་པ་བྱ། གྲིབ་ལ་གཟབས་དྲག་སྔགས་ལ་སོགས་པ་བཟླའོ། །རུལ་བ་ནི་མཁྲེམས་པ་ཡིན་ཏེ་དགྲམ་ཞིང་། སྐམ་པ་ནི་ལུས་སྟོབས་ཉམས་པའོ། །གེགས་གང་བྱུང་ཡང་ཕྱིའི་སྟོང་ར་ཡི་དམ་གྱི་ལྷར་གསལ། ནང་གི་སྟོང་ར་དབུ་མ་མདའ་སྙུག་ཙམ་པ་དང་། དོང་པ་ཙམ་པ་དང་། ཕྲུ་མ་ཕུས་བཏབ་པ་ལྟར་ལུས་ཐམས་ཅད་སྟོང་པར་བསྒོམས་ལ། སྟོད་དུ་གེགས་བྱུང་ན་སྨད་དུ་གཏུམ་མོ་བསྒོམས་པས་སེལ་ཞིང་། སྨད་དུ་བྱུང་ན་ཕྱག་རྒྱ་མཚན་ལྡན་བརྟེན་པས་སེལ་ལོ། །མགོ་ན་ན་སྒྲིལ་ཞིང་སྤྲུགས། སྟོད་ན་ན་གསིག་ཅིང་གཅུ། གཞུ་འགེངས་པའི་ཕྱག་རྒྱ་བྱ། སྨད་ན་ན་སྐོར་ཞིང་བརྡབ། ཡན་ལག་ན་ན་གཅུ། མཉེ། སྤྲུགས། ཞགས་པ་འཕེན་པ་ལྟར་བྱའོ། །དེ་དག་གི་དུས་སུ་རླུང་གཟུང་བ་གལ་ཆེའོ། །དེས་ཀྱང་མ་སོས་ན་ཕྱག་རྒྱ་མཚན་དང་ལྡན་པ་ལ་དམིགས་པ་དང་བཅས་པས་དབུལ་ལོ། །དེས་སེལ་ལོ། །གཉིས་པ་ནི་རང་བཞིན་དང་རྐྱེན་གྱིས་འཕེལ་བ་གཉིས་ལས། དང་པོ་ནི་འབྱུང་གཞིའི་དྭངས་མ་རྒྱུའི་ཐིག་ལེ་དེ་ཚེས་གཅིག་ནས་རིམ་གྱིས་འཕེལ་ཏེ། གསང་གནས་སུ་ཁམས་རྒྱས་འོངས་པས། དེ་དུས་གསང་གནས་བདེ་སྐྱོང་གི་འཁོར་ལོའི་རྩ་མདུད་ཀྱི་ནང་དུ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་
གྱི་སྦྱོར་མཚམས་ནས་དྭངས་མ་ཁ་དོག་ལྔ་ལྡན་བབས་པས་གསང་བའི་རྩ་འདབ་ནས་རིམ་གྱིས་ལུས་ཐམས་ཅད་གང་བར་བསམ་ལ། བདེ་སྟོང་གི་ངང་ལ་བཞག་གོ །དེས་ནད་མེད་ཅིང་ཏིང་འཛིན་སྐྱེའོ། །ཡང་དྭངས་མ་ཡར་འཕེལ་ཏེ་ཚེས་བཞི་ལ་ལྟེ་བར་རྒྱས་པས་ལྟེ་བའི་རྩ་མདུད་དུ་པདྨ་མཁའ་འགྲོ་སྔ་མ་བཞིན་བསྒོམ་མོ། ཚེས་བརྒྱད་ལ་སྙིང་གར་རྒྱས་པས་ཆོས་ཀྱི་འཁོར་ལོའི་རྩ་མདུད་དུ་སངས་རྒྱས་མཁའ་འགྲོ་སྔ་མ་བཞིན་བསྒོམ་མོ། །ཚེས་བཅུ་གཉིས་ལས་མགྲིན་པར་རྒྱས་པས་མགྲིན་པའི་རྩ་མདུད་དུ་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སྔར་བཞིན་བསྒོམ་མོ། །ཉའི་ཉིན་པར་སྤྱི་གཙུག་ཏུ་རྒྱས་པས་བདེ་ཆེན་འཁོར་ལོར་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་སྔ་མ་བཞིན་བསྒོམ་མོ། །སྤྱི་གཙུག་ཏུ་སྐྲ་མཐེབ་གང་བཞར་ལ་ཏིལ་མར་གླ་རྩི་ཙན་དན་བསྲེས་ལ་བྱུགས་ཤིང་བསྐུ་མཉེ་བྱ། དེས་འབྱུང་བ་མི་འཁྲུགས་སོ། །དེ་དུས་གཏར་སྲེག་དང་བྱང་སེམས་ལ་གནོད་པའི་ལས་མི་བྱ། བྱས་ན་ཉམས་ལ་འཕེལ་འགྲིབ་འོང་ངོ་། །དེ་ནས་མར་འཕེལ་ཏེ་ཚེས་བཅུ་དགུ་ལ་མགྲིན་པར་རྒྱས་པས་རིན་ཆེན་མཁའ་འགྲོ་སྔ་མ་བཞིན་བསྒོམ་མོ། །ཉེར་གཉིས་ལ་སྙིང་གར་རྒྱས་པས་སངས་རྒྱས་མཁའ་འགྲོ་སྔ་མ་བཞིན་བསྒོམ་མོ། །ཉེར་ལྔ་ལ་ལྟེ་བར་རྒྱས་པས་པདྨ་མཁའ་འགྲོ་སྔ་མ་བཞིན་བསྒོམ་མོ། །གནམ་གང་ལ་གསང་བ་དང་རྐང་མཐིལ་དུ་རྒྱས་པས་ལས་ཀྱི་མཁའ་འགྲོ་སྔ་མ་བཞིན་བསྒོམ་ཞིང་འབྲུ་མར་སྣ་ཚོགས་པ་དང་། སྦྲང་རྩི་དང་ཛཱ་ཏི་རྣམས་ཀྱི་ལྡེ་གུ་རྐང་མཐིལ་དུ་བྱུགས་ལ་ཉི་མ་ལ་བསྲོའོ། དེས་ཁམས་རྒྱས་འབྱུང་བ་མི་འཁྲུགས་དགེ་སྦྱོར་འཕེལ་ལོ། །དྭངས་མ་རང་བཞིན་གྱིས་འཕེལ་བ་ལ་དམིགས་པའི་ཁ་ཚར་གདབ་པའོ། །གཉིས་པ་ལ་རྩ་བ་ལྔའི་སྨན་མར་དང་། འབྲས་བུ་ལྔ་
དང་། ད་བྱིད་ཀྱི་ཤ་དང་། རྩང་པའི་ཤ་དང་། སྦྲུལ་ཤ་དང་། ལུག་ཚེར་ཐོང་གི་ཚང་རའི་ཤ་རྣམས་བུར་སྦྲང་ཆུ་བ ཅད་པ་ལ་བཏབ་སྟེ་སྒོར་བ་དུམ་རེ་ཟོས་ན་མཆོག་ཏུ་འཕེལ་ལོ། །ཕྱག་རྒྱ་མཚན་ལྡན་ལས་འཕེལ་བས་བརྟེན་ནོ། །གཉིས་པ་ལ་འདུ་བ་བཞིའི་གེགས་སེལ་སྤྱིར་བསྟན་པ་དང་། ཚ་གྲང་གཉིས་སུ་བསྡུས་ནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་འདོད་ཆགས་ཀྱིས་རྐྱེན་བྱས་ནས་མེའི་རླུང་མཐུ་རྒྱས་ཏེ་ཚད་པ་འཇུག །ཞེ་སྡང་གིས་རྐྱེན་བྱས་ནས་རླུང་མཐུ་རྒྱས་ཏེ་རླུང་ནད་འཇུག །གཏི་མུག་གིས་རྐྱེན་བྱས་ནས་སའི་རླུང་རྒྱས་ཏེ་བད་ཀན་འཇུག །ང་རྒྱལ་ཕྲག་དོག་གཉིས་ཀྱིས་རྐྱེན་བྱས་ནས་ཆུའི་རླུང་རྒྱས་ཏེ་གྲང་བ་འཇུག་གོ །འབྱུང་བ་མཐོ་དམན་གང་ཆ་མ་སྙོམས་ཀྱང་ནད་དུ་འགྲོ། ཉིན་དུས་གཉིད་དུ་སོང་བས་ཀྱང་ནད་འཇུག་སྟེ་འབྱུང་བ་གཅིག་གིས་དགྲ་གཅིག་གིས་བྱས་ནས་ནད་འཇུག་ཅིང་། ལྡང་ངོ་། མི་མཐུན་པའི་ཟས་གོས་དང་། གདོན་དང་། སྤྱོད་ལམ་ལ་སོགས་པས་ཀྱང་ནད་འཇུག་གོ ། དེའང་ཕོ་བ་ལྟ་བུར་འབྱུང་བཞིའི་དྭངས་མ་འཁྲུགས་ཏེ་ན་ན། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་པདྨ་ཌཱ་ཀི་ཡབ་ཡུམ་དམིགས་ཏེ། གྲང་བ་ལ་མེའི་རྣམ་པ་ཚ་ཞིང་འབར་བ་མར་མེའི་འོད་ཟེར་ལྟ་བུ་སྦྱོར་མཚམས་ནས་བབས་པས་ལྟེ་བའི་རྩ་ཐམས་ཅད་གང་ནས་ན་སར་བྱུང་བས། ཕོ་བའི་མེ་དྲོད་སྐྱེས་པར་བསམ་མོ། །གྲང་བ་ལ་པདྨ་ཌཱ་ཀི་ཡབ་ཡུམ་གྱིས་སེལ་ལོ། །ཚད་པ་ལ་བདེ་ཆེན་འཁོར་ལོ་ནས་རྡོ་རྗེ་མཁའ་འགྲོ་ལས་དྭངས་མ་དངུལ་ཆུའི་རྣམ་པ་ལྟ་བུ་བབས་པས་སངས་སངས་ཞི་བར་བསམ་མོ། །འདུས་པའི་ནད་ལ་སྙིང་ག་ནས་སངས་རྒྱས་མཁའ་འགྲོ་ལས་དྭངས་མ་བབས་པས་ན་ས་དང་། ལུས་ཐམས་ཅད་ཞོ་རྐྱལ་བཞིན་ཁེངས་པས་བདེ་བར་ཕྲིལ་གྱིས་སོང་ནས་ནད་ཐམས་ཅད་ཞི་བར་བསྒོམ་མོ། །བད་ཀན་ལ་པདྨ་མཁའ་འགྲོ་
ལས་གཏུམ་མོ་སྦར་ཞིང་ལས་ཀྱི་མཁའ་འགྲོ་ལས་རླུང་གི་དྭངས་མས་ཞི་བར་བསྒོམ་མོ། །རླུང་ལ་རིན་ཆེན་མཁའ་འགྲོ་ལས་སའི་དྭངས་མ་སེར་པོའི་རྒྱུན་བབས་པས་ལུས་ཁེངས་ནས་ནད་ཞི་བར་བསྒོམས་པས་སེལ་ལོ། །གཉིས་པ་ནི་ནད་ཐམས་ཅད་ཚ་གྲང་གཉིས་སུ་འདུས་པས་དེ་བསལ་བའི་ཐབས་ལ། སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་ནད་ཚུར་བླངས་ཏེ། སེམས་ཅན་ཐམས་ཅད་ནད་མེད་པར་བདེ་བར་བསམ། དེ་ནས་ཡི་དམ་གྱི་ལྷར་བསྒོམས་ལ་ལུས་ཀྱི་ནང་ཕྲུ་མ་ཕུས་བཏབ་པ་བཞིན་ཡོད་པ་ལ་འཁོར་ལོ་ལྔ་གསལ་གདབ། གང་ན་སར་ནད་ཐམས་ཅད་ནག་ཉིལ་འདུས་པར་བསྒོམས་ལ་རླུང་བཟུང་སྟེ་གང་ན་བའི་འཁོར་ལོའི་མཁའ་འགྲོ་གསལ་གདབ་པ་ལས། གྲང་བ་ཡིན་ན་སྦྱོར་མཚམས་ནས་མེའི་ཐིག་ལེ་དམར་ཞིང་ཚ་བ་བབས་པ་དང་། ལུས་ཀྱི་ནང་མེར་འུར་འབར་བས་ནད་དེ་ཐུལ་གྱིས་ཚིག་པར་བསྒོམ་ལ། ཨ་ཙ་ནི་ཧྲཱིཿ ཞེས་བསྡམས་པ་སོ་སོར་དྲག་ཏུ་བཟླས་པས་ནད་ཕྱིར་བུད་པར་བསམ་མོ། །ཚད་པ་ལ་ཐིག་ལེ་དངུལ་ཆུ་ལྟ་བུ་བསིལ་ཞིང་གྲང་བ་བབས་པས་ཚད་པའི་ནད་མེའི་རྣམ་པར་བསམ་པ་དེ་འཕྲལ་ལ་ཞི་ནས་ནད་རོ་ཕྱིར་བུད་པར་བསམ་མོ། །ངག་ཏུ་ཨ་ཧ་ཡ་མ་ར་ཞེས་པ་དྲིལ་བའམ་སོ་སོར་ངག་ཏུ་བཟླས་ཤིང་རླུང་ཕྱིར་ཕུའོ། །བད་རླུང་གྲང་བ་ལ་མེ་དམིགས་གཟུང་ལ་རླུང་ཐོག་མར་ཕུ་ལ་ནང་དུ་གཙོ་ཆེར་གཟུང་། དེ་ལས་གཞན་ལ་གྲང་དམིགས་ཀྱིས་བཅོས་སོ། །དེའང་འཁོར་ལོ་རེ་རེའི་ཐད་ཀར་གང་ན་བ་དེར་འཁོར་ལོ་དེའི་མཁའ་འགྲོའི་དམིགས་པ་བྱ་ཞིང་། སྐབས་སུ་རླུང་མ་གཏོགས་པ་ལ་ཧ་ཞེས་བརྗོད་པས་ནད་དེ་ཕྱིར་རྒྱང་རྒྱང་སོང་ནས་ནམ་མཁའ་ལ་ཐིམ་པར་བསྒོམ་མོ། །རླུང་ལ་ནང་དུ་ཞི་བར་བསམས་ལ་དྭངས་མ་དམར་སེར་གྱིས་ལུས་མེར་གྱིས་བཀངས་བས་ཞི་བར་འགྱུར་རོ། །འདི་ནི་ནད་འདོན་རྣམས་ཀྱི་ནང་ནས་མཆོག་ཏུ་འཕགས་སོ། །གསུམ་
པ་དེ་གཉིས་ཀའི་དོན་བསྡུ་བ་ནི། ཉོན་མོངས་པའི་བསམ་པ་རང་རྒྱུད་དུ་འཛིན་པས་འབྱུང་བའི་དངས་མ་འཁྲུགས་ཏེ་ནད་འབྱུང་བ་ཡིན་ཏེ། ཉོན་མོངས་པ་དུག་ལྔའི་རྣམ་རྟོག་གང་སྐྱེས་ཀྱང་རང་རྒྱུད་ལ་མི་གཏང་བར་ཆོས་ཉིད་ཀྱི་ངང་དུ་རོ་མཉམ་པར་བྱའོ། །དེས་ནད་གདོན་བར་ཆད་ཐམས་ཅད་སེལ་ལོ། །བཞི་པ་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ལ། མ་ཐོབ་པར་ཐོབ་པ་བྱ་བ་དང་། དེ་རྒྱུད་ལ་བརྟེན་པའི་ཚུལ་གཉིས་ལས། དང་པོ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི་མཎྜལ་ཕུལ་ཏེ་གསོལ་བ་བཏབ་པས། ཡང་དག་པའི་དོན་ཐོབ་པའི་དགོས་པ་ཡོད་དོ། །ཐོད་པ་དང་མེ་ལོང་གིས་ནི་མཆོག་འགྲུབ་པའི་རྟེན་མཚོན་པའོ། །དམ་ཚིག་སྦྱིན་ནས་ཁས་བླངས་པས་གསང་སྔགས་རབ་ཏུ་གསང་བའི་དོན་ཉེ་བར་མཚོན་པའོ། །ཡེ་ཤེས་དབབ་པས་སྣོད་ཁྱད་པར་ཅན་དུ་གྲུབ་པའི་དགོས་པ་ཡོད་དོ། །གཉིས་པ་ལ་དྲུག་ལས། དང་པོ་གནས་ལ་ངོ་སྤྲད་པ་ནི། དེའི་ངང་ལ་གློད་པ་ནི། ལ་སོགས་པས་སེམས་ཉིད་སྤྲོས་པ་དང་བྲལ་བའི་གནས་ལུགས་མཚོན་པའི་དགོས་པ་ཡོད་དོ། །གཉིས་པ་འགྲོ་ས་ལ་ངོ་སྤྲད་པ་ནི། ཀྱེ་མ་ཀྱེ་མ་རིགས་ཀྱི་བུ། །ལ་སོགས་པས་འགྲོ་འོངས་མེད་པའི་དོན་རྟོགས་པའི་དགོས་པ་ཡོད་དོ། །གསུམ་པ་བྱུང་ས་ལ་ངོ་སྤྲད་པ་ནི། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ཞེས་པ་ལ་སོགས་པས། སེམས་བྱུང་ས་མེད་པར་རྟོགས་པས་རྩ་བ་དང་བྲལ་བའི་དོན་རྟོགས་པའི་དགོས་པ་ཡོད་དོ། །བཞི་པ་དེ་ནས་ཚོགས་དྲུག་ལ་ངོ་སྤྲད་པ་ནི། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ཞེས་པ་ལ་སོགས་པས་གཟུགས་སོགས་ཡུལ་དྲུག །འཛིན་མཁན་གྱི་སེམས་དྲུག་ཡེ་སྟོང་རྩ་བ་དང་བྲལ་བར་རང་ཤར་རང་གྲོལ་དུ་རྟོགས་པའི་དགོས་པ་ཡོད་དོ། །ལྔ་པ་དེ་ནས་ཉོན་མོངས་རང་གྲོལ་དུ་ངོ་སྤྲད་པ་ནི། དེ་སོགས་དུག་ལྔ་དུག་གསུམ་ཡང་། ཞེས་པ་ལ་སོགས་པས་ཉོན་མོངས་པ་རྩ་བྲལ་ཡེ་ཤེས་ཆེན་པོར་རྟོགས་པའི་དགོས་པ་ཡོད་དོ། །དྲུག་པ་དེ་ནས་ལུང་དང་སྦྱར་བའི་སྤང་བླང་གཉིས་སུ་མེད་པར་ལ་བཟླ་བའི་
དགོས་པ་ཡོད་དོ། །གསུམ་པ་མཇུག་ནི། དེས་ནི་དག་བྱ་གང་དག་ན། །ཞེས་པ་ལ་སོགས་པས་བླང་དོར་ཡོན་ཏན་གྱི་སྐྱེ་ཚུལ་ལ་སོགས་པ་རྟོགས་པའི་དགོས་པ་ཡོད་ཅིང་དགའ་སྟོན་གྱིས་ཚོགས་རྫོགས་པའོ། །གཉིས་པ་དེ་ཉིད་རྒྱུད་ལ་བརྟེན་ཚུལ་ནི་ཁྲེགས་ཆོད་ཀྱི་དོན་བསྒོམ་པ་སྟེ། ཡེ་ནས་རྩ་བ་བྲལ་བའི་སེམས་ཉིད་ལ། བཅོས་ཤིང་བསྒྱུར་མེད་རང་བཞིན་ཤེས་པས་གྲོལ། །སྨིག་རྒྱུ་མཐོ་ཡོར་ཐག་པ་སྦྲུལ་མཐོང་བཞིན། །གང་གིས་མ་བསླད་རང་བཞིན་དག་པའི་སེམས། །ལྟ་སྒོམ་མེད་དེ་སྤྱོད་པས་ཕན་ཅི་ཡོད། །ཡེ་གྲོལ་ལྷུག་པར་རང་བབས་ཆོས་ཉིད་ལ། །སྣང་དང་མཐོང་མེད་བདེན་རྫུན་མཐའ་ལས་འདས། །ཡོད་མེད་ཡིན་མིན་སེམས་ཀྱི་རོལ་པ་ཙམ། །སྣང་སྲིད་འཁོར་འདས་སྒྱུ་མའི་རང་བཞིན་ལ། །དོན་མེད་བདེན་པར་བཟུང་བས་བྱིས་པ་བསླུས། །སྣ་ཚོགས་ཆོས་རྣམས་སེམས་ཀྱི་ངང་དུ་གཅིག །དབའ་རླབས་གཡོ་བ་རྒྱ་མཚོའི་ངང་དུ་གཅིག །སེམས་ཉིད་མ་བཅོས་གདོད་མའི་ངང་དུ་གཅིག །སྒྲ་བརྙན་ཆུ་ཟླ་སྟོང་པའི་ངང་དུ་གཅིག །དེ་ལྟར་རྟོགས་ན་འཆིང་དང་གྲོལ་བ་མེད། །ནམ་མཁའི་པདྨོ་ལ་ནི་བུང་བ་འཁོར། །སྨིག་རྒྱུའི་ཐག་པས་འགྲོ་བ་བཅིངས་པར་ཟད། །ཀྱེ་ཧོ་ཆོས་ཀུན་གདོད་ནས་མ་སྐྱེས་ཏེ། །བླང་དོར་རེ་དོགས་དགག་སྒྲུབ་རྩིས་ལས་འདས། །དེ་ལ་ཆེད་འཛིན་མ་བྱེད་གང་དགར་ཞོག །ངས་ནི་ཆོས་རྣམས་བྱ་རྒྱུ་མ་རྙེད་པས། །བྱར་མེད་གཉུག་མ་བཞི་པའི་ཡེ་ཤེས་ཡིན། ཁྲེགས་ཆོད་དོན་དེ་གཟའ་གཏད་ཀུན་དང་བྲལ། །ཀུན་ཏུ་བཟང་པོའི་དགོངས་ཀློང་ཡངས་པ་ཡིན། །ཕྱི་རབས་རྣལ་འབྱོར་རྣམས་ཀྱང་དེ་བཞིན་མཛོད། །གཉུག་མའི་ཡེ་ཤེས་རང་བཞིན་རྫོགས་པ་ཆེ། །བྱར་མེད་རྒྱལ་པོ་ལྷུན་རྫོགས་བློ་བདེ་བ། །པདྨ་ལས་འབྲེལ་རྩལ་གྱིས་བསྟན་ནས་སོང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །ལྔ་པ་བླ་མེད་རིག་པའི་རྩལ་དབང་ལ་གཉིས་ལས། དེ་མ་ཐོབ་པ་ཐོབ་པར་བྱ་བ་དང་།
དེ་ཉིད་རྒྱུད་ལ་བརྟེན་པའི་ཚུལ་དང་གཉིས་ལས། དང་པོ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་མཎྜལ་ཕུལ་བས་རིག་པ་མེ་ལོང་ལྟ་བུའི་དོན་རྟོགས་པའི་དགོས་པ་ཡོད་དོ། །གཉིས་པ་ལ་གཉིས་ལས། སྨིན་བྱེད་རིག་པའི་རྩལ་དབང་ནི། གནས་ལྔར་ཡི་གེ་བཀོད་པའི་འཕྲོ་འདུ་ལས་བཟླས་པ་བྱ་བ་ནི། འཁོར་ལོ་ལྔ། སྐུ་ལྔ། ཡེ་ཤེས་ལྔར་གསལ་བས་ཉོན་མོངས་པ་ལྔ་དག་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རྩལ་དབང་གིས་ནི་འོད་གསལ་སྙིང་པོའི་དཀྱིལ་འཁོར་མཐོང་བས་ཆོས་ཉིད་ཟད་པའི་ས་ལ་ཕྱིན་པའི་དགོས་པ་ཡོད་དོ། །གསུམ་པ་རྗེས་དགའ་སྟོན་བྱ་བས་བླ་མ་མཁའ་འགྲོ་མཉེས་ནས་དངོས་གྲུབ་ཆེན་པོ་ཐོབ་པའི་དགོས་པ་ཡོད་དོ། །གཉིས་པ་དེ་ཉིད་རྒྱུད་ལ་བརྟེན་པའི་ཚུལ་ནི། སྣང་བ་བཞིའི་དོན་ལ་གོམས་པར་བྱེད་པ་དེ་འོག་ཏུ་འཆད་པར་འགྱུར་བས་འདིར་མ་བཀོད་དོ། །ཞར་ལ་གཏེར་ཆོས་ཀྱི་དབང་ལ་ལོག་རྟོག་དགག་པ་ནི། རང་གི་བློ་གྲོས་ཀྱི་ཉི་མ་དྲི་མ་མེད་པའི་མིག་མི་ཤེས་པའི་རབ་རིབ་ཀྱིས་ལྡོངས་ཤིང་ཕྱོགས་ལྷུང་གི་དྲ་བ་མི་བཟད་པས་བཅིངས་ཏེ་ཕྲག་དོག་གི་མེ་ལྕེ་བཟོད་པར་དཀའ་བས་ཕ་རོལ་གྱི་རྒྱུད་སྲེག་པར་བྱེད་པའི་སྐྱེ་བོ་བ་གླང་སྐྱོང་ཁ་ཅིག་ན་རེ། གཏེར་མ་འདི་ས་ཆོས་དང་རྡོ་ཆོས་ཡིན་པས་བླ་མ་བརྒྱུད་པ་མེད། བྱིན་རླབས་ཀྱི་བཀའ་ཆད་པས་བསྒྲུབས་ཀྱང་འབྲས་བུ་མི་འབྱུང་སྟེ། ཆོས་སྐལ་ཆད་པས་གཏེར་མ་ཉན་བྱ་བ་ཡིན་ཟེར་རོ། །དེའང་སློབ་དཔོན་ཆོས་ཀྱི་གྲགས་པས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་བྱ་བ། བླུན་པོ་དེ་དག་གི་ལན་ཁྱི་རྣམས་ཟུག་པ་སྙམ་ཡང་མི་སེམས་པས་ལན་ཐེབ་མོད། དེ་ལ་བརྩད་དུ་ཅི་ཡོད། འོན་ཀྱང་གཏེར་ཆོས་ལ་དད་པའི་གང་ཟག་ཁ་ཅིག་དོགས་པར་འགྱུར་བས། དེ་བསལ་བའི་ཕྱིར་བཤད་པ། སྤྱིར་རྙིང་མ་ལ་བཀའ་གཏེར་གཉིས་སུ་བཞུགས་ཏེ། གང་གི་དབང་བྱེད་ཀྱང་བརྒྱུད་པ་དྲུག་ཚང་དགོས་ཤིང་། ཁྱད་པར་དུ་གཏེར་ཆོས་འདི་ལ་དྲུག་ཀ་ཚང་བས་སྐལ་ལྡན་སྨིན་པར་བྱེད་དོ། དྲུག་ནི་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་
ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པའོ། །གཏེར་ལུང་ཆེན་མོ་ལས། སྤྲུལ་སྐུའི་ཆོས་རྣམས་གསུངས་པ་ཡང་། །སྒྲ་ཚིག་དོན་ལས་ལོག་པ་མེད། །གཏེར་ཡིག་སྤྲུལ་པའི་སྐུ་ཡིན་ཕྱིར། །དེ་ཡི་བརྗོད་ཚིག་སྒྲ་ཡང་ཡིན། །དེ་ཉིད་གོ་བ་དོན་ཡིན་ནོ། །ཞེས་པས། སྤྲུལ་སྐུས་གསུངས་པའི་སྙན་བརྒྱུད་ལ་ཡང་བླ་མ་དེས་གསུངས་པ་སློབ་མས་གོ་བ་ཉམས་སུ་ལེན་པ་ལས་མེད། གཅིག་ཏུ་ན་གདུལ་བྱའི་སྣང་བ་ལ་སྤྲུལ་པས་གསུངས་པ་ལྟར་སྣང་ཡང་། སངས་རྒྱས་སྤྲུལ་སྐུ་དེས་ཆོས་རང་མཚན་པ་མ་གསུངས་པར། རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་གཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །ཕྱི་དང་ནང་ནའང་གནས་མ་ཡིན། །ཞེས་པ་དང་ཤིན་ཏུའང་མཐུན་ཏེ། །སངས་རྒྱས་སྒྲ་མེད་ཀྱང་གདུལ་བྱའི་སྣང་བ་ལ་སྒྲ་ཚིག་ཏུ་གོ་བ་ལྟར། གཏེར་ཡིག་ལ་སྒྲ་མེད་ཀྱང་གཏེར་འདོན་གྱི་བླ་མ་དེས་དང་པོར་ཚིག་དོན་གོ་ལ། དེ་གཞན་ལ་བསྟན་པས་འབྲས་བུ་ཐོབ་པ་ཡིན་ནོ། །དེས་ཀྱང་དབང་བསྐུར་བར་རིགས་སོ། །ཡང་གཏེར་ལུང་ལས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །དབང་བསྐུར་ཆོས་བཤད་བྱེ་མཁན་མེད། །རང་སེམས་ཆོས་སྐུར་ཤེས་ཙམ་ན། །དུས་གསུམ་རྒྱལ་བའི་དབང་ལུང་ཐོབ། །བརྒྱུད་པར་འཛིན་པ་རྟོགས་པ་ཡིན། །ཞེས་པས་གདོད་མའི་མགོན་པོས་སུ་ལའང་མ་ཉན་ཀྱང་གོ་ཆོད་པར་བྱུང་འདུག །ཅི་ནས་ཀྱང་བླ་མ་ཡིན་ཟེར་བའི་ཉོན་མོངས་པར་རགས་ལ་འདོད་ཁ་ཆེ་བ། ཅི་བྱེད་ཆོས་དང་མི་མཐུན་པ་ཅིག་ལ་ཞུ་དགོས་པའི་ངེས་པ་མེད་པས་ཉན་ལ། ཤཱཀྱ་ཐུབ་པ་ལ་ཡང་སློབ་དཔོན་མེད་པར་རང་བྱུང་གིས་ཆོས་སྟོན་པའོ། །དེ་སྐད་དུ་འདུལ་བ་ལུང་ལས། ང་ལ་མཁན་པོ་གང་ཡང་མེད། །ང་ལ་སློབ་དཔོན་མེད་པས་ན། །ང་ཉིད་རང་བྱུང་དགེ་སློང་ཡིན། །ཞེས་པས་ཀྱང་ཤེས་སོ། །དེ་སྐུ་ཚེ་སྔ་མ་ལ་སློབ་དཔོན་ཡོད་པས་གོ་ཆོད་མོད་ཟེར་ཡང་། འདིར་ཡང་ཚེ་སྔ་མ་ལ་སློབ་དཔོན་པདྨ་ལ་སོགས་པའི་སློབ་མ་ཡིན་པས་ལས་ཀྱི་འཕྲོ་ཡོད་པས་སད་པ་ཡིན་ཏེ།
མ་འོངས་ལས་ཅན་གཅིག་དང་འཕྲད་པར་ཤོག་ཅེས་པས་མཚུངས་སོ། །ཡང་བུམ་དབང་རྣམ་པར་ཕྱེ་བ་ལས། རྒྱལ་བ་དགོངས་པའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། རྒྱལ་བ་རིགས་ལྔས་རིམ་པ་བཞིན་དུ་སྣོད་ལྡན་ལ་དགོངས་པ་ཙམ་གྱིས་རིག་པའི་རྩལ་དབང་ཐོབ། བདག་འདྲ་པདྨས་ཀྱང་མ་འོངས་པ་ལ་དགོངས་ནས་ཟབ་གཏེར་དབང་བཀའ་དང་བཅས་པ་སྦས་པས། དེ་སུས་ཐོན་པ་ལ་རྒྱལ་བ་དགོངས་པའི་བཀའ་ཡོད་པའོ།།རྒྱལ་བའི་གཏེར་ལུང་ལས། རྒྱལ་བ་དགོངས་པ་གཉིས་ཀྱི་ཚུལ།། དགོངས་པ་བབས་པ་དབང་གི་མཆོག །ཅེས་སོ། རིག་འཛིན་བརྡའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། ཀུན་ཏུ་བཟང་པོ་ནས་རིགས་ལྔའི་སངས་རྒྱས་སུ་བརྒྱུད་པ་ཐམས་ཅད་ཕྱག་རྒྱས་བརྡ་བསྟན་པ་ཙམ་གྱིས་དབང་དང་དངོས་གྲུབ་ཐོབ། བདག་འདྲ་པདྨས་ཀྱང་མ་འོངས་པའི་སྣོད་ལྡན་ལ་དབང་བསྐུར་བ་འདི་ལྟར་གྱིས་ཤིག །ཅེས་པའི་གཏེར་དཔེ་བཞག་པས། སློབ་བུས་དེ་བཞིན་དུ་བསྐུར་བས་བྱིན་རླབས་དང་དངོས་གྲུབ་ཐོབ་སྟེ་དབང་བཀའ་ཡོད་པ་ཡིན་ནོ། །རིག་པ་བདུན་པའི་རྒྱུད་ལས། བརྡ་དང་བརྡ་མཚོན་གོ་བ་ནི། དབང་གི་ནང་ནས་དབང་བཀའ་འོ། །ཞེས་པས་ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པའང་འདི་ལ་ཚང་སྟེ། ཀུན་ཏུ་བཟང་པོ་ནས་རིམ་པ་བཞིན་དུ་བྱིན་གྱིས་བརླབས་པ་ཙམ་གྱིས་རིག་པ་ལ་དབང་ཐོབ་སྟེ། བདག་འདྲ་པདྨས་ཀྱང་མ་འོངས་པའི་དོན་དུ་ཟབ་གཏེར་འདི་སྦས་པས་དེ་སུས་ཐོན་པ་ལ་བྱིན་རླབས་ཞུགས་ཏེ་རིག་པའི་རྩལ་དབང་ཐོབ་ནས་སློབ་བུ་ལའང་བྱིན་རླབས་ཀྱི་དབང་བསྐུར་ནུས་པས་ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པའོ། །གཏེར་ལུང་ལས། གང་གི་བྱིན་རླབས་ཞུགས་པ་དེ། །དབང་གི་དམ་པ་མཆོག་ཏུ་དབང་། །ཞེས་སོ། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། ཀུན་ཏུ་བཟང་པོ་ནས་རིམ་པ་བཞིན་དུ་སྣོད་ལྡན་དང་མ་འཕྲད་ཀྱི་བར་དུ་རྒྱས་བཏབ་ནས། ཌཱ་ཀི་མ་ལ་གཉེར་གཏད་ནས་སྣོད་མིན་སྲུངས་ལ། སྣོད་ལྡན་ལ་གཏོད་གསུངས་པས། དེས་རྒྱལ་བའི་བཀའ་
བཞིན་དུ་གཏད་པས། དབང་ཐོབ་ནས་ཡང་དག་པར་སངས་རྒྱས་པ་བཞིན་དུ། བདག་འདྲ་པདྨས་ཀྱང་མ་འོངས་པའི་དོན་དུ་གཏེར་དུ་སྦས་ནས་ཌཱ་ཀི་མ་དང་། འཇིག་རྟེན་གྱི་ལྷ་འདྲེ་ལ་གཏད་ནས། སྣོད་ལྡན་འདི་ལ་གཏེར་འདི་གཏོད། སྣོད་མིན་ལེན་ལ་དབང་པོ་སྣུབས། ཞེས་གཏད་པས། གཏེར་སྲུང་རྣམས་ཀྱིས་ཀྱང་སྣོད་དང་ལྡན་པ་ལ་གཏད་པས་དབང་གི་ལུང་ཐོབ་པ་ཡིན་ཏེ། གཏེར་ལུང་གཏད་རྒྱ་མ་ལས། གཏད་རྒྱ་གང་ལ་གཏད་པ་ནི།། སངས་རྒྱས་ཀུན་གྱི་དབང་འཛིན་པ། །ཞེས་སོ། །སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། ཆོས་ཐམས་ཅད་སྨོན་ལམ་གྱིས་མཐའ་བསྒྱུར་བས་སྨོན་ལམ་ནི་སངས་རྒྱས་ཀྱི་བདེན་པའི་བཀའ་ཡིན་ཏེ། བཀའ་འདི་མི་བསླུ་དབང་གི་མཆོག །ཅེས་སོ། །བདག་འདྲ་པདྨས་ཀྱང་གཏེར་དུ་གཏམས་ཚད་ལ་མ་འོངས་ལས་ཅན་ཅིག་དང་འཕྲད་པར་ཤོག་ཅེས་སྨོན་ལམ་བཏབ་པས། དེའི་མཐུས་ལས་ཅན་ཅིག་དང་འཕྲད་ངེས་པ་ཡིན་ཏེ། ལས་མེད་ཀྱི་ལག་ཏུ་མི་འབྱུང་ངོ་། །དབང་གི་དམ་པ་སྨོན་ལམ་ཡིན་ཏེ་སྨོན་ལམ་དབང་གིས་བཀའ་མ་ཆད་པ་འདི་ཡིན་ནོ། །གཏེར་ལུང་ལས། སྨོན་ལམ་དབང་ནི་དབང་བསྐུར་མཆོག །ཅེས་གསུངས་སོ། །དེ་ལྟར་བརྒྱུད་པ་དྲུག་ལྡན་གྱི་བཀའ་བབས་དབང་གི་ཆུ་བོ་མ་ཉམས་པ། བདག་འདྲ་པདྨ་ལས་འབྲེལ་རྩལ་ལ་ཆུ་མོ་གླང་གི་ལོ་ལ་ཤོག་སེར་གཏེར་དཔེ་རྣམས་གཏད་ནས་མིའི་ཡུལ་དུ་སྣང་བར་བྱས་པའི་འོག་ཏུ། དེང་སོང་ལོངས་སྐུའི་ཞིང་ཁམས་དར་ཅིག་ཉུལ་དུས་ཤིང་མོ་ཡོས་ལ་བླ་མ་ཡབ་ཡུམ་དང་། མཁའ་འགྲོ་དུ་མས་དབང་གི་བཀའ་གཏད་དེ་གཞན་ལ་སྤེལ་ཅིག་པར་ལུང་བསྟན་པས། ཟབ་ཆོས་ཀྱི་བསྟན་པ་དར་བའི་མགོ་འཛིན་པ་ནི་ལོའི་དུས་ཏེ་སྣོད་དང་སྤེལ་བའི་དུས་བརྟག་པ་ལས། ཆུ་མོ་གླང་ནས་ཤིང་མོ་ཡོས་ཀྱི་བར། །གཏེར་བདག་བརླ་སྨེ་ཅན་གྱི་སྙིང་ལ་གཏད། །མེ་རྟའི་ལོ་ལ་དཀར་ཤོག་དག་ལ་མནན། །སྙིང་གི་བུ་མཆོག་ལྔ་ཙམ་ཡོང་གིས་སྤེལ། །དེ་ཡང་དུས་གཅིག་མ་ཡིན་རིམ་པས་སུ། །དབང་ཁྲིད་
རྫོགས་ནས་ལོ་དང་ཟླ་རེའི་བར། །དུས་གཅིག་མི་སྦྱིན་རིམ་པ་བཞིན་དུ་བསྟན། །ཅེས་པ་དང་། སྤེལ་བའི་ལོ་དུས་མ་ཚང་འདི་སྤེལ་ན། །དངོས་གྲུབ་མི་འབྱུང་སྒྲོ་སྐུར་འབྱུང་བར་འགྱུར། །དུས་ལ་བབས་ཚེ་རང་གིས་མ་བསྟན་ན། །འགྲོ་དོན་རྒྱུན་ཆད་ལྟུང་བ་ཕོག་ཏ་རེ། །འོན་ཀྱང་ཌཱ་ཀིས་ལུང་བསྟན་བྱུང་གྱུར་ན། །ལོ་མ་ཐེམ་ཡང་དུས་ཚོད་དེ་ཀར་སྤེལ། །ཞེས་གསུངས་པའི་དོན་དུས་ལ་བབས་ཤིང་མཁའ་འགྲོའི་ལུང་བསྟན་དང་། ཆོ་འཕྲུལ་བྱུང་ཚུལ་རྣམས་ནི་བསམ་གྱིས་མི་ཁྱབ་སྟེ་འདིར་ཡི་གེས་འཇིགས་ནས་མ་བྲིས་སོ། །དེས་ན་ཟབ་གཏེར་མི་ཡུལ་དུ་བྱུང་དུས་དེ་ཉིད་གདན་འདྲེན་མཁན་དེ་སློབ་དཔོན་གྱིས་དངོས་སུ་བྱིན་གྱིས་བརླབས་པའི་ལས་ཅན་ཡིན་ངེས་པས། དབང་ཁྲིད་མན་ངག་དང་བཅས་པའི་བཀའ་མེད་པར་དོགས་པར་མི་བྱའོ། །གཏེར་དཔེ་འདོན་མཁན་དེ་ནས་རིམ་པ་ལྟར་བརྒྱུད་དགོས་ཏེ། །བཀའ་བབས་ཀྱི་སྲོལ་མི་ཉམས་པར་བྱ་བའི་ཕྱིར་རོ། །དེ་དག་གིས་མ་སྨིན་པ་སྨིན་པར་བྱེད་པའི་དབང་དངོས་བསྟན་ཟིན་ཏོ། །ལྔ་པ་དེའི་དམ་ཚིག་བསྟན་པ་ནི། ཐལ་འགྱུར་ལས། དབང་བརྟེན་པ་ཡི་དམ་ཚིག་བཤད། །དབྱེ་ན་བརྗོད་ཀྱིས་མི་ལང་ཡང་། །མདོར་བསྡུས་སྐུ་དང་གསུང་དང་ཐུགས། །རྣལ་འབྱོར་ལུས་ངག་ཡིད་ལ་སྦྱར། །ཞེས་པས། འདི་ལ་སྐུ་གསུང་ཐུགས་གསུམ་ལས། དང་པོ་ལའང་ཕྱི་ནང་གསང་གསུམ་ལས། ཕྱིའི་དམ་ཚིག་ཏུ་མ་བྱིན་པ་ལེན་པ། མི་ཚང་བར་སྤྱོད་པ། སྲོག་གཅོད་པ་གསུམ་མི་བྱ་སྟེ། བྱས་ན་ཕྱིའི་ཕྱི། ཕྱིའི་ནང་། ཕྱིའི་གསང་བ་གསུམ་གྱི་དམ་ཚིག་ཉམས་པར་འགྱུར་ཏེ། རིན་པོ་ཆེ་རྣམ་པར་སྤུངས་པའི་རྒྱུད་ལས། སྐུ་ཡི་ཕྱི་ཡི་དམ་ཚིག་ལ། །རྣམ་པ་གསུམ་དུ་བརྟག་ཏེ་ཕྱེ། །མ་བྱིན་བླངས་པས་ཕྱི་ཡི་ཡང་། །སྐུ་ཡི་དམ་ཚིག་ཉམས་པར་འགྱུར། །དེ་ཡི་རྟགས་སུ་ཡན་ལག་ནད། །མི་བཟོད་སྣ་ཚོགས་ལུས་ལ་འབྱུང་། །མི་ཚང་སྤྱད་པ་ནང་ཡིན་ཏེ། །རྟགས་སུ་དབང་པོའི་ནད་རྣམས་སོ། །སྲོག་གཅོད་པ་ནི་གསང་བ་སྟེ། །
དེ་ཡི་རྟགས་སུ་དོན་སྣོད་ནད། །རྣལ་འབྱོར་པ་ཡིས་མྱོང་བའོ། །ཞེས་སོ། །དེ་དག་བསྐང་བའི་ཆོ་ག་ཡང་། །དམ་ཚིག་མཆོག་གི་རྒྱུད་ལས། །རྟགས་དང་སྦྱར་བའི་རྣལ་འབྱོར་པས། །ཕྱི་ཡི་ཕྱི་ལ་ལྡེར་ཚོ་དང་། །རི་མོའི་ལས་ནི་ལན་བདུན་གྱིས། །དེ་ཡིས་སྡིག་པ་ལས་གྲོལ་བའོ། །ཞེས་པས། །སྔགས་ཕྱིའི་ལྷའི་སྐུ་གཟུགས་ལན་བདུན་བྱའོ། །ནང་གི་ཉམས་ན་དེ་ཉིད་ལས། ཕྱི་ཡི་ནང་ལ་ལུགས་སྐུ་བདུན། །རབ་ཏུ་གནས་པ་རྩོལ་བས་བཞེངས། །བླ་མ་མཆོག་ལ་ཕུལ་བས་འགྲུབ། །ཅེས་པས། ནང་གི་ལྷ་ཚོགས་ཀྱི་ལུགས་སྐུ་བདུན་བཞེངས་པ་བླ་མ་ལ་ཕུལ་བས་སོ། །གསང་བ་དེ་ཉིད་ལས། ཕྱི་ཡི་གསང་བའི་རྟགས་བྱུང་ན། །རྡོ་རྗེ་དང་ནི་དྲིལ་བུ་ཉིད། །དགུ་འམ་བཅུ་གཅིག་བླ་མ་ལའོ། །དེས་ནི་ནད་ལས་གྲོལ་བ་དང་། །འདོད་པ་ཕུན་སུམ་ཚོགས་པ་དང་། །དགེ་དང་ཞི་བའི་ལས་འགྲུབ་དང་། །འགྲོ་བ་རྣམས་ནི་བྱམས་པར་འགྱུར། །ཞེས་སོ། །དེས་ན་སྐུའི་ཕྱིའི་དམ་ཚིག་ཏུ་ལུས་ཀྱི་མི་དགེ་བ་རྣམས་བསྲུང་སྟེ། རང་གཞན་ལྷའི་དཀྱིལ་འཁོར་དུ་གསལ་བ་ལས་མི་འདར་བར་བྱའོ། །སྐུའི་ནང་གི་དམ་ཚིག་ལ་གསུམ་ལས། གསེར་གྱི་ཁང་བུ་བརྩེགས་པའི་རྒྱུད་དུ་གསུངས་པ། །ནང་གི་ཕྱི་ནི་སྤུན་དང་ཡང་། །གང་གི་ཕ་དང་མ་ཉིད་དང་། །རང་གི་ལུས་ལ་མི་སྨད་དོ། །ནང་གི་ནང་ཉིད་ཕྱིར་ན་ཡང་། །ཐེག་པ་ཆེ་ཆུང་ཆོས་རྣམས་ལ། །འཇུག་པར་འདོད་དང་ཞུགས་པ་དང་། །ཞུགས་ཏེ་གཟུགས་བརྙན་འཛིན་པའི་ལུས། །སྨད་ཅིང་མཐོ་བརྩམས་རྒྱན་སྨད་ན། །སངས་རྒྱས་སྐུ་ནི་བརྒྱ་ཕྲག་བསླུས། །ནང་གི་གསང་བ་རང་གི་ལུས། །ལྷ་ཡི་དཀྱིལ་འཁོར་ཡིན་པའི་ཕྱིར། །སྨན་དང་ཟས་ལ་དུག་བསྲེས་ཟོས། །གལ་ཏེ་མཚོན་གྱིས་བཏབ་ན་ཡང་། །ཟག་པའི་ལམ་མེད་ལུས་བརྒྱ་བླང་། །དེ་འོག་ཚ་བའི་དམྱལ་བ་མྱོང་། །ཞེས་པས། དེ་དག་སྤང་བར་བྱའོ། །སྐུའི་གསང་བའི་གསུམ་ནི། སྔ་མ་ལས། སྐུ་ཡི་གསང་བའི་
ཕྱི་ཡི་ནི། །རྡོ་རྗེ་སྤུན་ནམ་སྲིང་མོ་ཡི། །ལུས་ཀྱི་རྒྱན་ལ་དཔྱས་པ་དང་། །མཐོ་བཙམས་ལག་གི་བརྡེག་པའི་ཚུལ། །གལ་ཏེ་གཞན་གྱིས་བྱེད་བཅུག་ནའང་། །འདིར་ཡང་མནར་མེད་རྒྱུར་འཕེལ་འགྱུར། །ནང་གི་ཤིན་ཏུ་འདྲེས་པའི་མཆེད། །ཀུ་རེ་རྩེད་མོའི་ཚུལ་ཙམ་ཡང་། །བརྡེག་གམ་བརྡེག་པར་བརྩམ་པའམ། །རྨི་ལམ་ན་ཡང་ཡུམ་ལ་གཙེས། །དེ་མ་ཐག་ཏུ་མ་བཤགས་ན། །འདི་ཡང་སྔར་དང་སྡིག་མཉམ་མོ། །གསང་བའི་གསང་བ་བླ་མ་ཡིས། །སྐུ་ཡི་གྲིབ་མ་མི་འགོང་ལ། །བླ་མའི་སྤྱན་ལམ་དག་ཏུ་ཡང་། །མཚོན་ཆ་གཟུང་བར་མི་བྱ་འོ། །རྐང་ལག་བརྐྱང་དང་ཉལ་མི་བྱ། །སྐྱིལ་ཀྲུང་འདུག་དང་རྒྱབ་མི་བསྟན། །ལྷམ་དང་སྟན་དང་བཞོན་པ་དང་། །གདུགས་སོགས་སྒེག་པའི་རྒྱན་རྣམས་སྤང་། །བླ་མའི་གཟིམ་ཁང་དག་ལ་ཡང་། །ལག་པས་མཚོན་ནམ་རྡོ་དག་གིས། །བརྩམ་པར་བྱ་བ་མ་ཡིན་ནོ། །དེ་དག་ལས་ནི་འབུམ་འགྱུར་དུ། །བླ་མའི་གནས་ཁང་བཤིག་པ་དང་། །སྐུ་ལ་བརྩམས་ཤིང་སྡིག་བྱས་པ། །འདི་ཡི་སྡིག་པ་ཕ་མཐའ་ཡས། །གལ་ཏེ་བླ་མ་བག་མེད་པས། །མ་སྤྱད་སྟོང་ནའང་ཕ་མཐའ་ཡས། །མཆེད་སྤུན་སྐུ་ལ་བརྙས་བྱས་ན། །འདི་ཡི་རྣམ་སྨིན་བརྗོད་མི་ནུས། །ཞེས་པས་ལེགས་པར་བསྲུང་ངོ་། །དེ་དག་བྱུང་ན་དེ་མ་ཐག་ཏུ་བཤགས་པར་བྱའོ། །གཉིས་པ་གསུང་གི་དམ་ཚིག་ནི། །བཀྲ་ཤིས་ཉི་མ་འབུམ་གྱིས་བརྒྱན་པའི་རྒྱུད་ལས། །གསུང་གི་དམ་ཚིག་ཁྱད་པར་ངེས་བྱེད་ན། །སྐྱོབ་པ་ལྔ་ཡི་རྣལ་འབྱོར་ལམ་གཟུད་ཕྱིར། །རྣམ་གྲངས་དབྱེ་ན་བཀོད་པ་བསམ་ཡས་ཀྱང་། །ངེས་པར་བསྡུ་ན་བསྲུངས་མཚམས་བཅུ་གཉིས་སོ། །ཕྱི་དང་ནང་དང་གསང་བ་གསུམ་དག་ལས། །གསུམ་གསུམ་དག་ནི་དབྱེ་ན་དགུར་འགྱུར་ཏེ། །རྩ་བ་གསུམ་སྟེ་བཅུ་གཉིས་ཁོ་ནའོ། །ཞེས་པས། གསུང་གི་ཕྱིའི་དམ་ཚིག་ཏུ་རྫུན་དུ་མི་སྨྲ་སྟེ། །འཁོར་ལོ་རྣམ་པར་བརྩེགས་
པའི་རྒྱུད་ལས། སྔགས་ཀྱི་མོས་པ་སྤྱོད་པ་ཡིས། །འགྲོ་བ་ཕལ་པ་དག་ལ་ཡང་། །བརྫུན་གྱི་ཚིག་ནི་རང་འདོད་ཀྱིས། །སྨྲ་ལ་རྟག་ཏུ་དགའ་བ་ལ། །སྔགས་བཟླས་ནུས་པ་མི་འབྱུང་ཞིང་། །གཞན་ལ་སྨྲས་པ་བཙུན་པ་མིན། །རང་གི་ངག་ཉིད་ཉམས་པ་ཡིས། །འགྲོ་བ་གཞན་གྱི་ལྕེ་འབབས་འགྱུར། །མ་འོངས་དུས་ན་སྨེ་ཤའི་ལུས། །བྱང་གི་ཕྱོགས་སུ་མྱོང་བར་འགྱུར། །དེ་འོག་ང ན་སོང་སྡུག་བསྔལ་ཡང་། །རྣམ་པ་སྣ་ཚོགས་མྱོང་བར་འགྱུར། །ཞེས་སོ། །ཕྱིའི་ནང་དུ་ཕྲ་མ་མི་སྨྲ་སྟེ། །དེ་ཉིད་ལས། སྔགས་ལ་གཞུགས་པའི་གང་ཟག་དང་། །གཞན་གཉིས་དབྱེན་འཇུག་ཕྲ་མ་སྨྲ། །ཆོས་སྨྲས་འཁོར་རྣམས་མི་འདུ་དང་། །ཅིས་བྱས་ལོག་པར་འགྱུར་བ་དང་། །མ་དཔྱད་རྣམས་ནི་དགྲར་འགྱུར་དང་། །ལུས་ལ་མཚོན་གྱིས་འདེབས་པ་དང་། །ཤི་འཕོས་ནས་ནི་སྡེར་བཅས་ལུས། །དེ་ནས་ངན་སོང་གསུམ་དུ་མྱོང་། །ཞེས་སོ། །ཕྱིའི་གསང་བ་གཞན་གྱི་ཞེ་མི་བཅད་དེ། །དེ་ཉིད་ལས། རྟག་ཏུ་ཞེ་གཅོད་ཚིག་སྨྲ་བ། །སྔ་མའི་ལས་དང་ཕྱི་མའི་རྟགས། །འགྲོ་བ་བྱམས་བྲལ་བཤེས་ཀྱང་སྡང་། །ཆོས་ཀྱི་ཚིག་ཀྱང་འཆོལ་བར་འགྱུར། །ཤི་འཕོས་རབ་ཏུ་དྲེད་པའི་ལུས། །དེ་ནས་ངན་སོང་གསུམ་དུ་འཁོར། །ཞེས་པས་སྤང་ངོ་། །གསུང་གི་ནང་གི་དམ་ཚིག་གསུམ་བསྡོམས་ཏེ་བཤད་པ་ནི། དམ་ཚིག་རྣམ་པར་བཀོད་པའི་རྒྱུད་ལས། །སྔགས་པ་སྡོམ་ལ་གནས་པ་ཡི། །ཆོས་སྨྲ་རྣམས་དང་ཆོས་བསྒྲུབ་དང་། །ཆོས་ནི་བསྒོམ་པའི་གང་ཟག་ལ། །སྒྲོ་ཞིང་སྐུར་བ་བཏབ་པ་དང་། །གཤེ་ཞིང་སྨད་པའི་ཚིག་སྨྲས་ན། །གཞན་གྱི་མོས་པ་ཉམས་པ་དང་། །རང་གི་རྟོགས་པ་ཉམས་པ་དང་། །རང་གི་ཆོས་རྣམས་བརྗེད་ངེས་ཏེ། །ཡིད་དཔྱོད་འདྲ་མིན་འཆོལ་བར་འགྱུར། །ཞེས་སོ། །དེའང་གཞན་ལ་སྒྲོ་བཏགས་ན། །ཕྱིའི་དམ་ཚིག་ཉམས། །སྐུར་བ་བཏབ་ན་ནང་གི་དམ་ཚིག་ཉམས། །གཤེ་ཞིང་སྨད་ན་གསང་བའི་དམ་ཚིག་
ཉམས་པས་སྤོང་ངོ་། །གསུང་གི་གསང་བའི་ཕྱི་ནི། །རྡོ་རྗེ་སྤུན་སྲིང་ལ་གཤེ་སྐུར་མི་བྱ་ཞིང་། །ནང་ལ་བླ་མའི་ཕྱག་རྒྱ་དང་ཉེ་འཁོར་མི་སྨད། །གསང་བ་བླ་མ་ལ་མི་སྨད་དེ། །ཕྱག་རྒྱ་གཉིས་སྦྱོར་གྱི་རྒྱུད་ལས། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ཚིག་གི་སྨྲས་དང་ངག་བཅག་ན། །བསྐལ་པ་བརྒྱ་ཕྲག་བྱེ་བར་ནི། །ངན་སོང་སྡུག་བསྔལ་དྲག་པོ་མྱོང་། །སྔ་མ་བྱས་དང་ད་ལྟའི་རྟགས། །རིམ་པས་མྱོང་བར་འགྱུར་བའོ། །སྔ་མ་བྱས་པས་ཚེ་འདི་ལ། །བར་ནས་ཐ་མར་མྱོང་བ་ལ། །ཡང་སྔ་ཚེ་ཡི་སྟོད་ལ་ནི། །སྐྱེས་མ་ཐག་ཏུ་མྱོང་བར་འགྱུར། །འདི་ལ་བྱས་པའི་ལས་མཐའ་ནི། །ཚེ་ཡི་ཞབས་ལ་ངག་གི་ལས། །འཁོར་འདས་གཞན་གྱི་ལྕེ་འབབ་དང་། །གློ་བུར་དག་ཏུ་སྨྲ་རྒྱུན་འགགས། །བླ་མའི་བུ་དང་ཆུང་མ་དང་། །གང་དག་ཉེ་གནས་དག་ཀྱང་རུང་། །བཀའ་ལས་འདས་ཤིང་ངག་འདས་ན། །སྔ་མ་ལས་ནི་ཉམས་འགྱུར་རོ། །ཞེས་སོ། །བསྐང་བ་ནི་རྡོ་རྗེ་ཉི་མ་ལས། གལ་ཏེ་རྨི་ལམ་དག་ཏུ་ཡང་། །བྱུང་ན་ཡིད་ཀྱིས་བཤགས་པ་བྱའོ། །ཞེས་སོ། །གསུམ་པ་ཐུགས་ཀྱི་དམ་ཚིག་ལ་ཡང་གསུམ་ལས། །ཐུགས་ཀྱི་ཕྱི་ཡི་ཕྱི་ནི། །སྙིང་པོའི་དོན་རྣམ་པར་ལེན་པའི་རྒྱུད་ལས། །གང་དག་སྔགས་པ་རྡོ་རྗེ་འཛིན། །སེམས་ཅན་གཞན་ནམ་རང་ཡང་རུང་། །གནོད་པར་བྱ་བའི་ལས་འཆང་ན། །འདི་ནི་ཤུ་བ་ཅན་གྱི་ལུས། །གྲང་བའི་རེག་དང་ལྡན་པ་ཡི། །ལུས་ནི་སྟོང་ཕྲག་ལྔ་བླངས་ནས། །གྲང་བའི་དམྱལ་བར་ངེས་པར་འགྱུར། །ཞེས་སོ། །མདོར་ན་བརྣབ་སེམས་ཆ་དང་བཅས་པ་སྤང་ངོ་། །ཕྱིའི་ནང་གི་གནོད་སེམས་སྤང་སྟེ། གནམ་ལྕགས་མེ་ལྟར་འབར་བའི་རྒྱུད་ལས། གལ་ཏེ་སེམས་ཅན་ཕལ་པ་ལ། །ཡུལ་གྱུར་གནོད་པའི་སེམས་སྐྱེས་ན། །འགྲོ་བ་ཐུན་མོང་ལུས་ཅན་ནི། །བརྒྱ་ཕྲག་གསུམ་གྱི་སྲོག་བཅད་པས། །འདི་ཡི་སྡིག་པ་ཕ་མཐའ་ཡས། །གལ་ཏེ་བསྟན་པའི་རྟགས་འཛིན་པའི། །གཟུགས་ཅན་རྣམས་ལ་ལོག་
འགྱུར་རོ། །སྔགས་ལ་ཞུགས་པ་ལྔ་ཕྲག་འགྱུར། །རྡོ་རྗེ་སྤུན་སྲིང་བདུན་ཕྲག་གོ ། བརྒྱུད་པའི་བླ་མ་བརྒྱ་ཕྲག་གོ ། རང་གི་བླ་མ་དེ་ཡི་བརྒྱ། །སྔགས་ཀྱི་སྒོར་ཞུགས་དབང་ཐོབ་པ། །མཆོག་ཏུ་རྣམ་སྨིན་དེ་ལྟར་རོ། །ཞེས་སོ། །ཕྱིའི་གསང་བར་ལོག་ལྟ་སྤང་སྟེ། །བཀོད་པ་ཆེན་པོ་ལས། རང་ངམ་གཞན་གྱི་གྲུབ་མཐའ་ཡིས། །ཆོས་ལ་སྨོད་པ་ལོག་པའི་ལམ། །རྩ་བའི་དམ་ཚིག་ལས་འདས་ནས། །བསྲེགས་བཅད་མེ་ཡི་སྡུག་བསྔལ་ལ། །ཡུན་རིང་བར་དུ་གནས་པའོ། །རང་གི་གྲུབ་མཐར་ལོག་ལྟ་སྐྱེས། །དམྱལ་བ་ཉིད་ལས་ཐར་སྐབས་མེད། །ཅེས་སོ། །ཐུགས་ཀྱི་ནང་ལ་གསུམ་ལས། ཕྱི་ནི་སྤྱོད་པ་ལོག་པ། ནང་ནི་སྒོམ་པ་ལོག་པ། གསང་བ་ལྟ་བ་ལོག་པ་སྟེ། ཤེལ་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། ལྟ་དང་སྒོམ་དང་སྤྱོད་པ་ལོག །འདི་ནི་ལམ་ལོག་ཆེན་པོ་སྟེ། །སེམས་ཅན་ཀུན་གྱི་སྡུག་བསྔལ་གང་། །འདི་ཡི་སེམས་ལ་སྨིན་པར་ངེས། །ཞེས་སོ། །ཐུགས་ཀྱི་གསང་བའི་གསུམ་ནི། ལྟ་སྒོམ་སྤྱོད་པ་སྙོམས་ལས་སུ་གྱུར་པས་ཡིད་ལ་མ་བྱས་པ་ཕྱི། ཡི་དམ་གྱི་ལྷ་ཡིད་ལ་མ་བྱས་པ་ནང་། བླ་མ་དང་རྡོ་རྗེ་སྤུན་སྲིང་ཡིད་ལ་མ་བྱས་པ་གསང་བ་སྟེ། པདྨ་ཀློང་ཡངས་ལས། སུ་ཡིས་ཡིད་ཀྱིས་ལས་འཁྱལ་ཏེ། །ཡིད་ལ་བྱ་བའི་ཆོས་རྣམས་ལ། །ཡིད་ལ་མ་བྱས་ཉམས་པ་དང་། །འདས་དང་ཞིག་པའི་ལས་ཀྱི་མཐའ། །མནར་མེད་སྡུག་བསྔལ་མྱོང་བ་འོ། །ཞེས་པ་དང་། དམ་ཚིག་རྣམ་པར་བཀོད་པ་མཆོག་གི་སྡོང་པོའི་རྒྱུད་ལས། །དམ་བཅའ་འདའ་བར་མི་བྱ་ཞིང་། །བླ་མའི་ཁས་བླངས་མི་བཅག་གོ ། བླ་མའི་བྱ་བ་མ་ལོག་དང་། །རང་གི་མན་ངག་སེམས་རྣམས་ཀུན། །ཆོས་ལས་གཞན་པར་མི་བྱ་འོ། །སེམས་ཅན་ཀུན་གྱི་དོན་བྱ་ཞིང་། །རྟག་ཏུ་བླ་མ་ལ་གུས་དང་། །དམ་ཚིག་མཆོག་ལས་འདའ་མི་བྱ། །རྡོ་རྗེ་དྲིལ་བུ་གཟུང་བ་དང་། །སྔགས་ལ་འོས་པའི་རྫས་རྣམས་གཟུང་། །སྤྱིར་ཡང་
རྩ་བའི་དམ་ཚིག་ལས། །གསང་བར་འོས་དང་གཉེར་གཏད་དང་། །གསང་བར་ཁས་བླངས་བསྟན་པ་དང་། །སྨྲས་དང་ཡིད་ཀྱིས་ལོག་སྤྱད་ན། །འདི་ཡང་མནར་མེད་རྒྱུར་འགྱུར་རོ། །དབང་ལས་བྱུང་བའི་ཁྱད་པར་ཆོས། །གཞན་དུ་མི་བསྒྲགས་སེམས་ལ་སྦྱར། །བླ་མའི་ཐུགས་ལ་གནོད་པ་ཡི། །ལུས་སམ་ངག་གམ་ཡིད་དག་གིས། །བྱ་བ་ལོག་པ་མི་བྱ་འོ། །དེ་བཞིན་རྡོ་རྗེ་སྤུན་ཟླ་ལ། །གཞན་ལས་ཁྱད་པར་མན་ངག་རྣམས། །གཞན་ལ་གསང་ལ་སེམས་བཞག་ན། ཁྱད་པར་དངོས་གྲུབ་མཆོག་ཏུ་འགྱུར། །དེས་ན་དམ་ལས་མི་འདའོ། །ཞེས་སོ། །དེ་ལྟར་སྐུ་གསུང་ཐུགས་ལས་ཆེ་བ་ཉི་ཤུ་རྩ་བདུན་པོ་དང་། དེའི་ནང་ནས་བླ་མ་དང་རྡོ་རྗེ་སྤུན་སྲིང་ལ་བརྟེན་པ་རྣམས་ལྕི་བས་མྱུར་བར་བཤགས་པར་བྱའོ། །དེའང་དམ་ཚིག་ལས་འགལ་བ་ནི་ཉིན་ཞག་གིས་བར་མ་ཆོད་པའི་ལྟུང་བ་དམ་ཚིག་ལས་ཕྱིར་གྱུར་པ་རྣམས་སོ། །ཉམས་པ་ནི་ཟླ་བས་བར་མ་ཆོད་པའི་ལྟུང་བ་རྣམས་སོ། །འདས་པ་ནི་ལོས་བར་མ་ཆོད་པའི་ལྟུང་བ་རྣམས་སོ། །ལོ་གཉིས་སམ་གསུམ་སོང་བའི་ལྟུང་བ་ལ་ནི་དམ་ཚིག་རལ་བ་ཞེས་བྱའོ། །ལྕི་ཡང་ཀྱང་གོ་རིམ་བཞིན་ཡོད་དེ། རྡོ་རྗེ་ཉི་མ་དམ་ཚིག་བཀོད་པའི་རྒྱུད་ལས། སྤྱིར་ན་དམ་ཚིག་ཁྱད་པར་ལས། །དུས་ལ་ཁྱད་པར་ངེས་ཕྱེ་བ། །དམ་ལས་འགལ་ཞེས་ཉེས་བྱས་གང་། །ཞག་གིས་བར་མ་ཆོད་པར་ནི། །དམིགས་པའི་ཡུལ་ལ་བཤགས་བྱས་ན། །དེས་ནི་སོར་ཡང་ཆུད་པ་འོ།། ཉམས་ཞེས་ཟླ་བས་མ་ཆོད་པར། །འགྱོད་པ་དྲག་པོས་བཤགས་པས་སོ།། དམ་ལས་འདས་ན་ལོ་དག་གིས། །བར་དུ་མ་ཆོད་བཤགས་པས་སོ། །ལོ་ནི་གཉིས་ནས་གསུམ་དག་ལ། །དམ་ཚིག་རལ་བ་ཞེས་བྱ་བ། །མཆོག་ཏུ་དྲག་ན་གསོ་རུ་རུང་། །ལོ་གསུམ་དག་ལས་འདས་པ་ནི། །དེ་ནས་གསོར་ཡང་མི་རུང་སྟེ། །གལ་ཏེ་བླངས་ན་གཉིས་ཀའི་ཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལ།། རྒྱུན་དུ་སྤྱོད་པ་ཁོ་ན་འོ། །ཞེས་སོ། །བསྐང་
བའི་ཐབས་ནི་དེ་ཉིད་ལས། འགལ་ན་ཚོགས་ཀྱི་འཁོར་ལོས་བཤགས། །ཉམས་ན་རང་གི་བདོག་པས་བསྐང་། །འདས་ན་བུ་དང་ཆུང་མ་དང་། །ཉེ་འཁོར་ལུས་དང་ངག་དག་དང་། །ཡིད་དང་བདོག་པར་བཅས་པས་བསྐང་། །རལ་པ་རང་གི་སྲོག་གིས་བསྐང་། །དེ་ལས་ཕྱིར་ཡང་གྱུར་པ་ན། །ཉམས་པ་ཆེན་པོ་ཞེས་བྱ་སྟེ། །གསོ་བ་རུང་བ་མ་ཡིན་ནོ། །ཞེས་སོ། །དམ་ཚིག་གི་སྒྲ་དོན་ནི། །རྒྱ་གར་གྱི་སྒྲ་ལས། །ས་མ་ཡ་ཞེས་པ། །བོད་སྐད་དུ་དམ་ཚིག་ཅེས་བྱ་བ་སྟེ། སོ་སོར་བཤད་ན། དམ་ཚིག་རྣམ་བཀོད་ལས། ས་ཞེས་བྱ་བ་བསྐྱེད་པ་ལ། །མ་ཞེས་བྱ་བ་མ་ཉམས་ན། །དངོས་གྲུབ་ཐམས་ཅད་སྟེར་བ་ཉིད། །ཡ་ཞེས་ཉམས་ན་ཡས་པར་འགྱུར།། ཞེས་པ་དང་། དམ་ཞེས་བྱ་བ་བཅིངས་པ་སྟེ། །དེ་ཉིད་གྲོལ་ན་ཉམས་པ་སྟེ།། དེ་ལས་འདས་ན་གསོར་མི་རུང་། །ཚིག་ཅེས་ཡ་བ་དེ་འདས་ན། །མེ་ཡི་སྡུག་བསྔལ་མྱོང་བ་འོ། །ཡང་ན་དམ་པ་བསྲུང་བ་ཉིད། །སྐུ་དང་གསུང་དང་ཐུགས་དག་ལ། །སུ་ཡིས་འདས་པ་ཚིག་པར་བྱེད། །བསྐལ་པ་བརྒྱ་ཕྲག་དག་ཏུ་ུའོ། །ཞེས་པ་དང་། མདོར་ན་དམ་ཚིག་ཅེས་བྱ་བ། །རང་སེམས་ཚིག་པ་མེད་པ་ལ། །གཡོ་སྒྱུ་རྣམས་དང་བྲལ་བ་འོ། །ཞེས་སོ། །མདོར་ན་གསང་སྔགས་ཀྱི་ཆེ་བ་བླ་མ་ལས་བྱུང་བས་དེ་མཉེས་པར་བྱ་བ་ནི་སྔར་ཡང་བཤད་ལ། ཁྱད་པར་དུ་དམ་ཚིག་རྣམ་བཀོད་ལས། །དངོས་གྲུབ་མཆོག་ཏུ་འདོད་པའི་མིས། །ཇི་སྐད་བླ་མས་གསུངས་བཞིན་བསྒྲུབ། །བླ་མ་མཆོག་གིས་བཀའ་སྩལ་པ། །གལ་ཏེ་ཉེས་པའི་སྐྱོན་རིག་ནའང་། །ཇི་སྐད་སྨྲས་པ་དེ་བཞིན་བྱ།། དེ་བཞིན་བླ་མའི་བྱ་བ་ལ། །ལུས་ཀྱི་སྡུག་བསྔལ་མཆོག་གྱུར་ཀྱང་། །རང་གི་ནུས་པས་འབད་དེ་བྱ། །བླ་མའི་ཐུགས་ནི་སྐད་ཅིག་ཀྱང་། །དཀྲུགས་པར་བྱ་བ་མ་ཡིན་ནོ། །བླ་མའི་ཟས་དང་ནོར་རྣམས་ལ། །རང་གི་སྲོག་གི་ཕངས་པ་བཞིན། །རྣལ་འབྱོར་པས་ནི་རྟག་ཏུ་བསྲུངས། །གལ་ཏེ་བླ་མའི་ཞིང་ཁམས་སུ། །
ཆོས་བཤད་དབང་བསྐུར་རབ་གནས་དང་། །བསམ་གཏན་བསྒོམ་པར་བྱ་བ་རྣམས། །རྗེས་མ་གནང་བར་མི་བྱ་འོ། །མདོར་ན་ལུས་དང་ངག་ཡིད་ཀྱིས།། བྱ་བའི་རྣམ་པ་གང་བྱེད་ཀྱང་། །བླ་མར་མ་ཞུས་མ་གནང་བར། །ཅུང་ཟད་ཙམ་ཡང་མི་བྱ་འོ། །གཞན་ཡང་དགེ་བའི་ལས་གང་ཡང་། །བླ་མ་ལ་ཞུས་བརྩམ་པར་བྱ། །རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ། །བླ་མ་མཆོག་དང་འབྲལ་མི་བྱ། །དུས་གསུམ་ཟས་ནི་ནམ་ཟ་ཡང་། །སུམ་ཆར་བཅད་པའི་ཕུད་རྣམས་ཀྱིས། །བླ་མ་མཆོག་ལ་དབུལ་བར་བྱ། །ནོར་དང་དཀོན་པའི་རིན་པོ་ཆེས།། བླ་མ་རྡོ་རྗེ་འཛིན་པ་ལ། །འདོད་པ་མེད་ཀྱང་ཕྱོགས་སུ་དབུལ། །ཅི་དང་ཅི་ཡི་ཕུད་རྣམས་ཀྱིས། །བླ་མ་མཆོག་ལ་བསྔོས་ཏེ་དབུལ། །མདོར་ན་བདག་གི་བསམ་པ་ནི། །རྣམ་པར་དག་པ་ཟོལ་མེད་པས། །བླ་མའི་ཕྱོགས་སུ་དམིགས་པར་བྱའོ། །རྣམ་དག་མཆོག་ཏུ་དགེ་བས་ནི། །ལེགས་པའི་ཡོན་ཏན་ཐམས་ཅད་འཐོབ། །དེས་ན་བླ་མ་མཉེས་པར་བྱའོ། །ཞེས་སོ། །དེ་ལྟར་དམ་ཚིག་བསྲུང་ཞིང་། བླ་མ་མཉེས་ན་ཡོན་ཏན་དཔག་ཏུ་མེད་པ་ཉིད་དེ། རྡོ་རྗེ་ཉི་མའི་རྒྱུད་ལས། །རྩ་བ་གསུམ་ལས་ངེས་ཕྱེ་བ། །དགུ་ཡི་རྣམ་པར་ཕྱེ་བ་ལས། །ཉི་ཤུ་བདུན་གྱིས་དབྱེ་བ་ཡིས། །སྔགས་ལས་ཁྱད་པར་སྣང་བ་ཡི། །དམ་ཚིག་རྣམ་པར་བསྡུས་ཏེ་ཕྱེ། །འདི་ལས་འགལ་བར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་ཐོབ་པར་ངེས། །དེས་ན་སྔགས་པས་འབད་པ་དང་། །ཤེས་བཞིན་གྱིས་ནི་ཟིན་པར་བྱ། །མཆོག་ཏུ་དངོས་གྲུབ་འདོད་པས་ནི། །བླ་མ་བསླུ་བར་མི་བྱ་ཞིང་། །མཆེད་ལ་བརྩེ་གདུང་རྒྱུན་མི་གཅད། །ཅེས་པ་དང་། རྡོ་རྗེ་སྙིང་པོ་སྲ་བ་འབྱུང་གནས་ཀྱི་རྒྱུད་ལས། དམ་ཚིག་སྡོམ་པ་རྣམ་བཤད་པ། །ཀུན་ཀྱང་རང་གི་སེམས་ལས་སོ། །དེ་ཡི་འཕེན་པ་བླ་མས་ཤེས། །དེ་ཕྱིར་སེམས་ལ་འདྲིས་པའི་མིས། །སངས་རྒྱས་ཞིང་ཁམས་མཐོང་བ་དང་། །སྐུ་གསུམ་ཚད་དུ་འབྱོངས་པ་དང་། །སངས་རྒྱས་ཡོན་ཏན་
མངོན་པར་འགྲུབ། །བླ་མ་རྟག་ཏུ་བསྟེན་པའི་མིས། །མཁའ་འགྲོའི་གཟུགས་རྣམས་མཐོང་བ་དང་། །དེ་ཡི་བྱིན་རླབས་འཇུག་པ་དང་། །དུས་གསུམ་ལུང་ཡང་སྟོན་པ་དང་། །སྐྱེ་ཤི་གཉིས་ལ་དབང་ཐོབ་འགྱུར། །གྲོགས་ལ་བརྩེ་གདུང་ལྡན་པའི་མིས། །འགྲོ་བ་ཐམས་ཅད་འདུལ་བ་དང་། །ཀུན་གྱིས་སྙན་པར་གྲགས་པ་དང་། །དེ་ཡི་བྱིན་རླབས་འཇུག་པ་དང་། །གཟུགས་ཅན་ཀུན་ཀྱང་བྱམས་པ་དང་། །རྟག་ཏུ་དམ་ཚིག་ལ་གནས་དང་། །མཁའ་འགྲོ་མ་རྣམས་འདུ་བ་དང་། །མ་བསྒྲུབ་དངོས་གྲུབ་འབྱུང་བ་དང་། །ངག་ལ་ནུས་པ་འབར་བ་དང་། །དེ་བཞིན་མཆོག་དང་ཐུན་མོང་གི །དངོས་གྲུབ་ཐམས་ཅད་རྫོགས་པར་འགྲུབ། །རྟག་ཏུ་དགོན་པར་གནས་པའི་མིས། །རླུང་སེམས་ཚད་རྣམས་ཟིན་པ་དང་། །སྣང་བ་གྲོགས་སུ་འཆར་བ་དང་། །རང་གི་སེམས་ལ་དབང་ཐོབ་འགྱུར། །བླ་མར་བསྙེན་བསྐུར་བྱས་པའི་མི། །ལོངས་སྤྱོད་མཆོག་དང་ལྡན་པ་དང་། །འཁོར་འདས་རྒྱས་ཤིང་བསོད་ནམས་ལྡན། །འགྲོ་བ་ཡོངས་ལས་རྒྱལ་བར་འགྱུར། །རྟག་ཏུ་དབང་རྫོགས་ཐོབ་པའི་མི། །འགྲོ་བའི་གཙོ་བོར་འགྱུར་བ་དང་། །ཀུན་གྱིས་མཐོང་ན་དགའ་བ་དང་། །ཡེ་ཤེས་མངོན་དུ་འབྱོངས་པ་དང་། །སངས་རྒྱས་རྣམས་ཀྱིས་བྱིན་རླབས་འགྱུར། །རྟག་ཏུ་གཏོར་མའི་ལས་བྱེད་པས། །བསོད་ནམས་ཚོགས་རྣམས་རྫོགས་པ་དང་། །བར་ཆད་མེད་ཅིང་ལས་རྣམས་འགྲུབ། །འདོད་པ་ཕུན་སུམ་ཚོགས་པ་དང་། །མཁའ་འགྲོ་བྲན་བཞིན་འཁོར་བར་འགྱུར། །ཞེས་གསུངས་སོ། །དེ་དག་གིས་སྨིན་བྱེད་དབང་གི་རིམ་པ་རྣམས་བསྟན་ཟིན་ཏོ། །དོན་གཉིས་པ་སྨིན་པ་གྲོལ་བར་བྱེད་པའི་གདམས་པ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པའི་ཡན་ལག་ཏུ་བརྒྱུད་པའི་ལོ་རྒྱུས་དང་། དེ་ལས་བྱུང་བའི་གདམས་པ་དངོས་གཉིས་ལས། དང་པོ་ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། ཞེས་པས། འདི་ལ་མ་བཤད་པའི་
སྐྱོན། བཤད་པའི་ཡོན་ཏན། བརྒྱུད་པ་དངོས་ཇི་ལྟར་བཤད་པ་གསུམ་ལས། དང་པོ་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། གསང་ཆེན་ངེས་པའི་བཀའ་འདི་ལ། ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། ཞེས་སོ། །གཉིས་པ་ནི་སྔ་མ་ལས། བརྒྱུད་པ་ཁྱད་པར་འཕགས་པ་དང་། །གདམས་པ་ཟབ་ཕྱིར་ངེས་ཤེས་སྐྱེ། ཞེས་སོ། །གསུམ་པ་ཀློང་གསལ་ལས། བརྒྱུད་པ་ཉེ་ཟབ་ཁུངས་བཙུན་ཕྱིར། ཀུན་ཏུ་བཟང་ནས་རིམ་པས་བཤད། ཅེས་པ་དང་། འདི་ཉིད་ཀྱི་བཏགས་གྲོལ་སྙིང་པོ་ལས། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། །ཉིད་ལས་མི་གཞན་སེམས་དཔའི་སྣོད། །བྱིན་གྱིས་བརླབས་ཀྱིས་བདག་ཉིད་ལ། །བཏགས་པས་གཅིག་ཤེས་ཆོས་ཀུན་གྲོལ། །བཅིངས་དང་གྲོལ་བའི་མཐའ་ལས་འདས། །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །རབ་བྱུང་དགའ་རབ་ཐུགས་ལ་ཤར། །སིང་ཧ་ཉིད་ལ་རྒྱུད་གཏད་པ། །འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད། །ཨོ་རྒྱན་པདྨ་ཉིད་ལ་གཏད། །ལྔ་ལྡན་བུ་ལ་འདི་སྟོན་ཅིག །ཅེས་གསུངས་པས། དེ་ནས་མཁའ་ཀློང་རྣམ་པར་དག་པའི་གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་སྐུ་དྲི་མ་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལས། ལོངས་སྐུ་མཚན་རྫོགས་རྡོ་རྗེ་འཆང་གི་རྣམ་པར་བཞེངས་ནས། ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ནས་འོག་མིན་གྱི་གནས་སུ་དཔལ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་གྱིས་བྱིན་གྱིས་བརླབས་ཀྱིས་བཤད། དེ་ཉིད་ཀྱི་སྣང་ཆ་ལས་ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དཔལ་རྡོ་རྗེ་སེམས་དཔའ་བྱོན་ཏེ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ཁང་ཆེན་པོར་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་བཤད། དེས་སློབ་དཔོན་ཆེན་པོ་ཤྲཱི་སིང་ཧ་ལ་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོར་མངོན་སུམ་རང་ཐོག་ཏུ་ཕབ་ནས་བསྟན། དེས་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ཞེས་བྱ་བ་རྡོ་རྗེ་
ལྟ་བུའི་སྐུ་སྐྱེ་ཤི་འདས་གྲོངས་དང་བྲལ་བ་དེ་ལ་དུར་ཁྲོད་ཆེན་པོ་སོ་སའི་གླིང་དུ་གནས་ལུགས་ཡིད་དཔྱོད་དང་ཕྲལ་ནས་བསྟན། དེས་མཁའ་འགྲོ་མ་ཐམས་ཅད་ཀྱི་ལུང་བསྟན་ཞིང་གནང་བ་ཐོབ་པས་ཡུམ་མཁར་ཆེན་བཟའ་འཚོ་རྒྱལ་ལ། གཞོ་སྟོད་ཏི་སྒྲོ་བྲག་གི་ཚོགས་ཁང་ཆེན་པོར་གླེན་སྒོམ་ཡིད་དཔྱོད་དང་ཕྲལ་ནས། ལྔ་ལྡན་ཡེ་ཤེས་ཀྱི་སྙིང་པོ་རང་གསལ་མངོན་སུམ་དུ་གཏན་ལ་ཕབ་ནས་གསུངས། དེས་མཁའ་འགྲོ་དུ་མས་ལུང་བསྟན་ཞིང་བླ་མ་ཡབ་ཡུམ་གྱི ས་དངོས་སུ་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ་ལ། མཆིམས་ཕུ་རིག་འཛིན་ཞི་བ་སྒྲུབ་པའི་ནགས་ཁྲོད་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་མཆོག་དམ་པར་མངོན་སུམ་འོད་གསལ་གྱི་དགོངས་པ་དབང་གི་ཆུ་བོ་མ་ཉམས་པའི་ངོ་སྤྲོད་གཞི་སྣང་འཆར་ཚུལ་དང་བཅས་པ་གནད་འཕྱུགས་པ་མེད་པར་གསུངས་སོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་ལ། བརྩོན་འགྲུས་རབ་ཚེ་འདིར་སངས་རྒྱས་པའི་གདམས་ངག །འབྲིང་བར་དོར་འཚང་རྒྱ་བའི་གདམས་ངག །ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་འཚང་རྒྱ་བའི་གདམས་ངག་དང་གསུམ་ལས། དང་པོ་ལ་སྔོན་འགྲོའི་རིམ་པ་ཇི་ལྟར་བསྟན་པའི་ཚུལ་དང་། དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེད་པའི་ཚུལ་དང་། རྗེས་སྣང་བ་བཞི་ཇི་ལྟར་འཆར་བའི་ཚུལ་དང་། མཐའ་རྟེན་གྱི་མན་ངག་བཤད་པའི་ཚུལ་དང་བཞི་ལས། དང་པོ་ལ་ཐུན་མོང་ཆོས་སྤྱིའི་སྔོན་འགྲོ །ཐུན་མོང་མ་ཡིན་པ་རང་གི་སྔོན་འགྲོ །གནས་ལུགས་ཀྱིི་ངོ་བོ་ཁྲེགས་ཆོད་གདབ་ཚུལ་དང་གསུམ་ལས། དང་པོ་ཀློང་གསལ་ལས། བྱམས་དང་སྙིང་རྗེ་ཆོས་སྤྱིའི་ལམ། །ཐེག་པ་ཆེན་པོར་འཇུག་ཕྱིར་དུ། །ཞེས་པ་དང་། འདས་རྗེས་ལས། མི་རྟག་སྙིང་རྗེ་བྱང་སེམས་སྦྱང་། ཞེས་པས། ཕྱི་ནང་གི་སྔོན་དུ་འགྲོ་བའི་ཐོག་མར་མི་རྟག་པ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་སྦྱོང་ཚུལ་བསྟན་པ་ལ་གསུམ་ལས། དང་པོ་ནི་ཕྱི་དུས་བཞིའི་
འགྱུར་བ་ལ་བརྟེན་ནས་རང་གི་ཚེ་མི་རྟག །ནང་འབྱུང་བཞི་འགྱུར་བ་ལ་བརྟེན་ནས་རང་གི་ཚེ་མི་རྟག །གསང་བ་སྐད་ཅིག་ཡུད་ཙམ་ཐང་ཅིག་འགྱུར་བ་ལ་བརྟེན་ནས་རང་གི་ཚེ་མི་རྟག །སྐྱེ་འགྲོ་དུ་མ་རིམ་གྱིས་སོང་བ་ལ་བརྟེན་ནས་རང་གི་ཚེ་མི་རྟག །འབྱུང་བཞི་ཐིམ་ཚུལ་བསམས་པ་ལ་བརྟེན་ནས་རང་གི་ཚེ་མི་རྟག་པ་རྣམས་བསམ་པར་བྱ་སྟེ། རྒྱ་ཆེ་རོལ་པ་ལས། སྲིད་པ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཉེ་བར་ལེན་པའི་ལུས་འདི་འཇིག་ཅིང་བྲལ། །དུས་བཞི་མི་རྟག་འགྱུར་ཞིང་སྙིང་པོ་མེད། །རྒས་ཤིང་རྒུད་པ་འཆི་བའི་ཆོས་ཅན་ཏེ། །ཐང་ཅིག་ཡུད་ཙམ་སྐད་ཅིག་གནས་པ་མེད། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབས་ཆུ་འདྲ། །ཞེས་སོ། །གཉིས་པ་བྱམས་པ་བསྒོམ་ཚུལ་ནི། འདི་ལྟར་འཁོར་བའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་འཁོར་བ་ན་འཁྱམས་པའི་ཚེ། ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་འདི་ཐམས་ཅད་བདེ་བ་ཕུན་སུམ་ཚོགས་པ་དང་འཕྲད་པར་གྱུར་ཅིག་སྙམ་པ་སྟེ། སྙིང་རྗེ་མཆོག་གི་མདོ་ལས། བྱམས་པའི་རང་བཞིན་སྲིད་པའི་སེམས་ཅན་ལ། །བདེ་བའི་སྨན་ཤིང་གཅིག་པུ་བླ་མེད་པས། ཁྱབ་པར་གྱུར་ཅེས་ཐུགས་རྗེའི་སྤྲིན་ཚོགས་ཅན། །གཉིས་མེད་ཡེ་ཤེས་མཆོག་གིས་གནས་པ་ལགས། །ཞེས་སོ། །གསུམ་པ་སྙིང་རྗེ་ནི། ངན་སོང་གསུམ་པོ་ལ་སོགས་པའི་སེམས་ཅན་སྡུག་བསྔལ་བ་རྣམས་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག་སྙམ་པ་སྟེ། བུ་མོ་ཟླ་མཆོག་གིས་ཞུས་པའི་མདོ་ལས་ཀྱང་། འགྲོ་བ་སྡུག་བསྔལ་གྱུར་པའི་ཚོགས་མཐོང་ནས། །ཐུགས་རྗེས་མི་བཟོད་སྡུག་བསྔལ་བྲལ་གྱུར་ཅེས། །རྟག་ཏུ་ཕན་པ་འབའ་ཞིག་སྦྱོར་མཛད་པ། །སྙིང་རྗེའི་ལྗོན་ཤིང་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །བཞི་པ་བྱང་ཆུབ་ཀྱི་སེམས་ནི། དེ་ལྟར་འཁོར་བའི་སེམས་ཅན་འདི་དག །བདག་གིས་སྐྱེ་རྒ་ན་འཆི་བཞིའི་ཆུ་བོ་བཞི་དང་ཕྲལ་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་
ཅིག་སྙམ་པ་སྟེ། སྡོང་པོ་བཀོད་པ་ལས། ཀྱེ་རིགས་ཀྱི་བུ་འཁོར་བ་ན་རྒྱུ་བའི་སེམས་ཅན་འདི་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་གནས་པར་གྱུར་ཅིག་སྙམ་དུ། བྱང་ཆུབ་ཀྱི་སེམས་བླ་ན་མེད་ཅིང་གཞལ་དུ་མེད་པ་དེའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ལྟར་དཔག་ཏུ་མེད་དོ་ཞེས་སོ། །དེ་ལྟར་བསྒོམས་པའི་དགོས་པ་ནི། ཚེ་མི་རྟག་པས་འཇིག་རྟེན་གྱི་བྱ་བ་ལས་བློ་ལོག་སྟེ་ཅི་བྱས་ཆོས་སུ་འགྲོ་བ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གྱིས་ཐེག་པ་དམན་པ་ལས་བློ་ལོག་སྟེ་ཅི་བྱས་གཞན་དོན་དུ་འགྱུར་བའི་དགོས་པ་ཡོད་དོ། །ཀློང་གསལ་ལས། མི་རྟག་སྙིང་རྗེ་བྱང་སེམས་ཀྱིས། །ཆོས་འཇུག་ཐེག་ཆེན་ལམ་དུ་འགྲོ། །ཞེས་སོ། །དེ་ལྟར་མ་བསྒོམས་ན་དེ་ལས་ལོག་པའི་སྐྱོན་ཡོད་དོ། །གཉིས་པ་ཐུན་མོང་མ་ཡིན་པ། རང་གི་སྔོན་འགྲོ་ལ་ཕྱི་ལུས་ངག་ཡིད་གསུམ་རུ་ཤན་དབྱེ་ཞིང་སྔོན་དུ་འགྲོ་བ། ནང་ལུས་ངག་ཡིད་གསུམ་རུ་ཤན་དབྱེ་ཞིང་སྒྲིབ་པ་སྦྱང་བ། གསང་བ་ལུས་ངག་ཡིད་གསུམ་རྣལ་དུ་དབབ་ཅིང་སོར་གཞུག་པ་གསུམ་ལས། དང་པོ་ལུས་ངག་ཡིད་གསུམ་ལས། ལུས་ལའང་རུ་ཤན་དབྱེ་བ་དང་། སྔོན་འགྲོ་གཉིས་ལས། དང་པོ་ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེད་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བཤད། །ཅེས་པས། དང་པོ་ལུས་འདི་རྒྱུ་མ་རིག་པ་ལས་བསྐྱེད་པས་དུས་རྒྱུན་དུ་འཁོར་བར་འཁྱམས་ཏེ། ད་ཕན་ཆད་འཁོར་བ་མི་འཁྱམས་པར་བྱ་བའི་ཕྱིར། ལུས་དང་འཁོར་བ་གཉིས་རུ་ཤན་དབྱེ་བ་ནི། འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པ་བྱ། །ཞེས་པས། མི་མེད་པའི་རི་ལ་ཕྱིན་ཏེ། ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ལུས་དང་འཁོར་བ་རུ་ཤན་ཕྱེ་ལ། ལུས་འདི་ཕྱིས་འཁོར་བར་མི་ལྡོག་པར་བྱ་སྙམ་དུ་སེམས་བསྐྱེད་ནས། དེ་ནས་དམྱལ་བ་ཚ་གྲང་། ཡི་དྭགས་
བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་སྐྱེ་ཤི། ལྷ་མ་ཡིན་འཐབ་རྩོད། ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་རྣམས་ཡིད་ཀྱིས་རང་གི་རྒྱུད་ཐོག་ཏུ་བསམས་ལ། དེ་དག་གིས་བདེ་སྡུག་གི་སྤྱོད་པ་དང་། སྒྲ་སྐད་སྣ་ཚོགས་དྲན་ཚད་བྱའོ། །དེ་ནས་ལུས་ལ་ཆགས་ཞེན་དགག་སྒྲུབ་བཀྲེས་སྐོམ་མེད་པའི་ཉམས་འདུག་ན་ཕྱེད་པའི་རྟགས་ཡིན་ཏེ་དེ་མ་བྱུང་གི་བར་དུ་བསྐྱར་རོ། །གཉིས་པ་སྔོན་འགྲོ་དངོས་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ། ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པས། དེ་ནས་རྡོ་རྗེ་སྐྱིལ་ཀྲུང་ནི་རྐང་མཐིལ་གཉིས་སྤྲད་དེ་ལུས་དྲང་པོར་བསྲང་། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར་ཏེ་ཡར་རྩེ་མར་རྩེ་གཉིས་རྡོ་རྗེ་རྭ་གསུམ་པ་འདྲ་བ་ལ་ཉིན་མཚན་དུ་འབད་དོ། །རྟགས་ནི་ལུས་ཁོལ་བུར་ན་བ་དང་། ཁང་རུལ་ཞིག་པ་ལྟར་ཚུགས་མི་ཐུབ་ཅིང་དྲོད་སྐྱེ་བ་དང་རྣམ་རྟོག་མེད་པ་འབྱུང་ངོ་། །དེ་ཡང་ཡར་རྩེ་གསུམ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཚོན་ལ། མར་རྩེ་གསུམ་ནི་སྐུ་གསུམ་མཚོན་ཞིང་། སྐེད་པ་གཅིག་ཏུ་འདྲིལ་བ་ནི་ཉམས་ལེན་ཁྲེགས་ཆོད་ཐོད་རྒལ་གཉིས་ངོ་བོ་གཅིག་པ་ལམ་དུ་བྱེད་པ་མཚོན་པའོ། །དེ་ལྟར་ལུས་ཀྱི་སྔོན་འགྲོ་བྱས་པ་ལ་དགོས་པ་གསུམ་སྟེ། ཐུན་མོང་། ཁྱད་པར། མཐར་ཐུག་གོ །དང་པོ་ལུས་ཀྱི་སྡིག་པ་མ་ལུས་པར་འདག་པ་དང་། ལུས་རྡོ་རྗེ་མེ་འབར་བ་ལྟར་མཐོང་བས་ལུས་ཀྱི་གདོན་བགེགས་དང་བར་ཆད་ཞི་བ་དང་། ལུས་ཀྱི་ཞེན་པ་ལྡོག་པའི་དགོས་པ་ཡོད་དོ། །གཉིས་པ་དེ་ལྟར་ཞེན་པ་ལོག་པས་ཕྱིན་ཆད་འཁོར་བར་མི་འཇུག་ཅིང་ལུས་སྤྲུལ་པའི་སྐུར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་ལུས་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གདོད་མའི་གནས་སུ་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ། །གཉིས་པ་ངག་ལ་གཉིས་ལས། དང་པོ་རུ་ཤན་དབྱེ་བ་ནི། འདས་རྗེས་ལས། ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ། །
རྣམ་པ་སྣ་ཚོགས་གཉིས་ལ་སྤྱད། །ཅེས་པས། དེའང་མ་རིག་པ་ལས་གྲུབ་པའི་ལུས་ལ་ངག་ཅེས་པའི་བྱ་བའི་སྒྲ་འདི་བརྟེན་པས་འཁོར་བར་འཁྱམས་པས། ད་ཕྱིན་ཆད་འཁོར་བར་མི་འཇུག་པར་བྱ་བའི་ཕྱིར། ངག་དང་འཁོར་བ་གཉིས་རུ་ཤན་ཕྱེ་བ་གལ་ཆེ་བས། མི་མེད་པའི་སར་ཕྱིན་ཏེ་ད་ནི་སེམས་ཅན་གྱི་དོན་དུ་ངག་དང་འཁོར་བ་གཉིས་རུ་ཤན་དབྱེ་ལ། ཕྱིས་མི་ལྡོོག་པར་བྱ་སྙམ་དུ་སེམས་བསྐྱེད་ནས། རིགས་དྲུག་གི་སྒྲ་སྐད་སྣ་ཚོགས་དང་། ཞི་བའི་གསུང་དབྱངས་དང་། ཁྲོ་བོའི་གད་མོ་དང་། འབྱུང་བཞིའི་སྒྲ་སྐད་རྣམ་པ་སྣ་ཚོགས་ཡིད་ལ་དྲན་ཚད་ངག་ཏུ་བརྗོད་དོ། །རྟགས་ནི་བླ་མའི་གདམས་ངག་ལ་གོ་བ་སྐྱེས་ནས་ཆེད་དུ་མ་གཟུང་བར་རང་རྡོལ་བ་དང་། ཆོས་ཀྱི་ཚིག་དོན་མང་པོ་རང་རྡོལ་དུ་འབྱུང་ངོ་། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ། །གཉིས་པ་ངག་གི་སྔོན་འགྲོ་དངོས་ནི། ཐལ་འགྱུར་ལས། ངག་ནི་ཧཱུཾ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །མཉེན་བཙལ་ལམ་དུ་ཞུགས་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །ཞེས་པས། འདི་ལ་རྒྱས་གདབ་པ་དང་རྩལ་སྦྱང་བ། མཉེན་བཙལ་བ། ལམ་དུ་གཞུག་པ་བཞི་ལས། དང་པོ་རྒྱས་གདབ་པ་ལའང་གཉིས་ལས། ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། ཧཱུཾ་ཧཱུཾ་ཧཱུཾ་ཞེས་རིང་བར་བརྗོད་པས། ཕྱི་སྣང་བ་ཆེ་ཆུང་ཐམས་ཅད་ཧཱུཾ་ཆེ་ཆུང་དུ་ལམ་ལམ་སོང་བར་བསམ་ཞིང་། སོ་དང་མཆུ་མ་རེག་ཙམ་དུ་བྱ་སྟེ། རླུང་དང་སྣང་བ་ཤེས་པ་གསུམ་གཅིག་ཏུ་གཏད་ལ་མ་ཡེངས་པར་བྱའོ། །དེ་ནས་སྣང་བ་ཐམས་ཅད་བན་བུན་དུ་སོང་ན་རྒྱས་ཐེབས་པའི་རྟགས་སོ། །དེས་ནི་ཕྱི་སྣང་བ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་སྐྱིལ་མོ་ཀྲུང་བྱས་ཏེ་ཕྱིའི་ཧཱུཾ་རྣམས་གཅིག་བྱུང་གཉིས་བྱུང་ལ་ཐམས་ཅད་ལུས་ཀྱི་ནང་དུ་བྱུང་བར་བསྒོམ་ལ། ཧཱུཾ་ཞེས་རིང་བར་བརྗོད་ཅིང་། ཧཱུཾ་རོང་ངེ་བ་སྙམ་བྱེད་ན་རླུང་བསྡམས་པ་
གནད་ཡིན་ནོ། །དེས་ནི་ནང་ཤ་ཁྲག་རྡོས་པའི་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་རྩལ་སྦྱང་བ་ལ་ཡང་གཉིས་ལས། དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི། ཧཱུཾ་མཐིང་ནག་ཆེ་ཆུང་གང་ལ་འབིགས་པའི་ཡུལ་དང་མཚམས་པ། རེག་པ་ཙམ་གྱིས་ཕྱིར་ཐལ་ནང་ཐལ་དུ་འགྲོ་བར་བསམས་ལ་ཧཱུཾ་དྲག་ལ་ཐུང་བར་བརྗོད་ནས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཁྲལ་ཁྲོལ་དུ་ཁེ་ཁོལ་མེད་པར་དབུག་གོ །རྟགས་ནི་ཕྱིའི་སྣང་བ་ཐམས་ཅད་སང་སེང་ཁྲལ་ཁྲོལ་སྣང་ལ་རང་བཞིན་མེད་པའི་ཉམས་འབྱུང་ངོ་། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ། །གཉིས་པ་དེ་ལྟར་བྱས་པས་ཕྱི་སྣང་བ་ཐམས་ཅད་བདེ་གསལ་རང་གྲོལ་འཇའ་ཚོན་ལྟ་བུར་འགྲོ་བའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། ཧཱུཾ་མཐིང་ནག་མཐོ་གང་པ་རང་གི་ལུས་ལ་ཕྱིར་ཐལ་ནང་ཐལ་སྐོར་ཚེར་མེད་པར་ཕུག་པས་སེང་སེང་དུ་བསམ་ཞིང་ཧཱུཾ་དྲག་ལ་ཐུང་བར་བརྗོད་པས་འབྱོངས་པའི་རྟགས་ནི་ལུས་ཀྱི་ཤ་ཁོལ་ཚེར་འཕར་བ་དང་ཁྲལ་མ་ཁྲོལ་དུ་སོང་བའི་སྣང་བ་འབྱུང་ངོ་། །མ་བྱུང་གི་བར་དུ་བསྐྱར་རོ། །དེས་ནི་ནང་ཕུང་པོའི་ནད་གདོན་ཞི་བ་དང་། ཕུང་པོ་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། རང་གི་མདུན་དུ་ཤིང་ལ་སོགས་པའི་མཚན་མ་བཙུགས་ལ། ཧཱུཾ་ཞེས་བརྗོད་པས་ཧཱུཾ་གི་ཐེག་པ་དྲུ་བུ་ལྟར་དཀྲིས་ཤིང་འཇིག་པ་མེད་པ་ལ་ཤེས་པ་གཏད་ནས། ཧཱུཾ་བརྗོད་པས་ཤེས་པ་ལྷན་ནེ་བ་འོང་ཞིང་གྲོལ་བ་སྙམ་བྱེད་ན་འབྱོངས་པའོ། །དེས་ནི་དམིགས་པ་གང་དུའང་བསྒྱུར་དུ་བཏུབ་པའི་དགོས་པ་ཡོད་དོ། །གཉེན་བཤེས་མཐུན་པས་ཡིད་བསྒྱུར་ཐུབ་པ་བཞིན་ནོ། །བཞི་པ་ལམ་དུ་འཇུག་པ་ནི། ཧཱུཾ་མཐིང་ག་ཁྲུ་གང་པ་གཅིག་རི་མོའི་འཁྱོགས་མཚམས་སྲིན་འགྲོས་ལྟ་བུ་ཁྲུ་རེ་ཙམ་ན་ཡོད་པ་ལ་ཞུགས་ཏེ། མཐོང་ཡུལ་གྱི་རི་ལ་སོགས་པའི་བར་ནས། མི་མཐོང་བའི་ས་ཕྱོགས་དང་བཅས་པ་ན་ཕར་འགྲོན་པོ་དོན་གཉེར་བ་བཞིན་ཞུགས་ནས་སོང་བར་བསམས་ལ།
ཧཱུཾ་རིང་བར་བརྗོད་པས་ཤེས་པ་བདེ་ལམ་པ་དང་འབོལ་ཤིག་པ་འབྱུང་ངོ་། །དེས་ནི་རང་གི་ལུས་ངག་གི་ལམ་སྲོལ་དུ་ཚུད་པའི་དགོས་པ་ཡོད་དོ། །དེ་ལྟར་ཧཱུཾ་བརྗོད་པ་ཐམས་ཅད་ཀྱི་རྗེས་ལ་ཤེས་པ་བདེ་གསལ་ལ་མི་རྟོག་པའི་ངང་ལ་རང་བབས་སུ་ལྷོད་ལྷོད་གནས་པ་ཡིན་པས། དེ་ཉིད་ཀྱི་ཐོག་ཏུ་དར་རེ་མཉམ་པར་གཞག་ཅིང་། དེ་དག་གི་རྗེས་ཀྱི་ཤེས་པ་ཇི་ལྟར་འདུག་ཀྱང་རང་གི་རྒྱུད་ལ་བཀལ་ལ་བལྟའོ། །དེའང་ཧཱུཾ་བརྗོད་དུས་རླུང་སེམས་རྩེ་གཅིག་ཏུ་ཕྱི་ནང་གར་གཏད་པ་དེར་གཟུང་བ་ཡིན་པས། རྣམ་རྟོག་འགགས་ཡུལ་གཞན་ལས་ཆེ་བ་ནི་རྟེན་འབྲེལ་གྱི་ཆེ་བ་ཡིན་ནོ། །དེ་ལྟར་ངག་གི་སྔོན་འགྲོའམ་སྤྱོད་པ་བྱས་པའི་དགོས་པ་ཡང་གསུམ་སྟེ། ཐུན་མོང་། ཁྱད་པར། མཐར་ཐུག་གོ །དང་པོ་ནི་ངག་གི་སྡིག་པ་མ་ལུས་པར་འདག་པ་དང་། ངག་གི་བྱ་བས་གོང་གི་ཡོན་ཏན་རྣམས་ཐོབ་པ་དང་། ངག་གི་བར་ཆད་ཞི་བ་དང་། ངག་གི་ཞེན་པ་ལྡོག་པའི་དགོས་པ་ཡོད་དོ། །གཉིས་པ་ནི་ངག་གི་ཞེན་པ་ལོག་པས་ཕྱིན་ཆད་ངག་འཁོར་བ་མི་ལྡོག་ཅིང་ངག་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་ནི་ངག་དེ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང་གཉིས་སུ་མེད་པར་གདོད་མའི་ངང་དུ་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ། །དེ་ལྟར་སྔོན་འགྲོ་མ་བྱས་ན། དེ་ཉིད་ལས་ལྡོག་པའི་སྐྱོན་ཡོད་དོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལའང་གཉིས་ལས། དང་པོ་རུ་ཤན་དབྱེ་བ་ནི། འདས་རྗེས་ལས། ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། །ཞེས་པས། སེམས་ནི་དང་པོ་ཆོས་སྐུ་ཡིན་ཡང་ཡིན་པར་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་ཏེ། ད་ཕྱིན་ཆད་འཁོར་བར་མི་འཁྱམས་པར་བྱ་བའི་ཕྱིར། སེམས་དང་འཁོར་བ་གཉིས་རུ་ཤན་དབྱེའོ། །དེའང་མི་མེད་པའི་ལུང་པ་དབེན་པར་ཕྱིན་ཏེ་ད་ནི་སེམས་ཅན་གྱི་དོན་དུ་སེམས་འཁོར་འདས་རུ་ཤན་ཕྱེ་ལ། ཕྱིར་མི་ལྡོག་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས། རིགས་དྲུག་གི་བདེ་སྡུག་ཐམས་ཅད་བདག་གི་རྒྱུད་
ལ་བཀལ་ལ་ཉམས་སུ་མྱོང་བའི་ཚུལ་དུ་བསམ། དེ་དག་གི་རྗེས་ཀྱི་ཤེས་པ་ཡང་རང་གི་རྒྱུད་ལ་བཀལ་ལ་བལྟའོ། །འབྱོངས་པའི་རྟགས་སུ་སེམས་གསལ་ལ་དྭངས་པ་དང་། འཁྲུལ་བ་མེད་པ་དང་། བྲོད་པ་སྐྱེ་བ་དང་། སྣང་བ་ཐམས་ཅད་དགའ་བདེའི་ཉམས་འབར་བར་འབྱུང་ངོ་། །མ་བྱུང་གི་བར་ལ་བསྐྱར་རོ། །གཉིས་པ་སྔོན་འགྲོ་དངོས་ནི། །ཐལ་འགྱུར་ལས། སེམས་ནི་ཐོག་མ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་པས། དང་པོ་སེམས་ཀྱི་བྱུང་ས་ལ་བརྟག་པ་ནི། སེམས་འདི་ཕྱི་སྣོད་དང་ནང་བཅུད་གང་ནས་བྱུང་། སྟོང་པ་དང་། སྣང་བ་དང་། ཡོད་པ་དང་། མེད་པ་ལ་སོགས་པ་གང་ནས་བྱུང་། སེམས་ཉིད་ལས་སེམས་བྱུང་བ་ཡིན་སྙམ་དུ་བརྟགས་པས། དེའང་ཕྱིའི་རི་ཁང་ཁྱིམ་ལ་སོགས་པ་ནས་བྱུང་སྙམ་ན། དེའང་རྡུལ་ཕྲན་བཞིན་དུ་གཞིག་ལ་བརྟགས་པས། ཕྱི་སྣོད་ནས་མ་བྱུང་། ནང་རང་གི་ལུས་ལས་བྱུང་སྙམ་ན། དེའང་ཕྱེད་ཚལ་ནས་རྡུལ་ཕྲན་གྱི་བར་བཙལ་བས་མི་རྙེད། སྟོང་པ་ནས་མ་བྱུང་སྟེ། བྱུང་ས་མ་གྲུབ། སྣང་བ་ལས་མ་བྱུང་སྟེ། རྡུལ་ཕྲན་དུ་བཙལ་ཡང་མི་རྙེད་དེ། ཡོད་མེད་གང་ལས་བྱུང་བ་བཙལ་ཡང་ངོ་བོ་མ་མཐོང་། སེམས་ལས་སེམས་བྱུང་བ་མེད། བྱུང་ས་དང་བྱུང་མཁན་གཉིས་མ་གྲུབ། ཚོལ་མཁན་གྱིས་སེམས་ལ་ཚུར་བལྟས་པས། ངོ་བོ་ངོས་གཟུང་དང་བྲལ་ཏེ། བྱུང་མཁན་གྱི་སེམས་མ་གྲུབ་པས་བྱུང་སའི་ངོས་གཟུང་མ་གྲུབ་པར་ཤེས་ཏེ། བྱུང་ས་དང་རྒྱུ་མཚན་བཙལ་དུ་མ་རྙེད་པ་ནི། སེམས་ཉིད་སྟོང་པ་ངོས་གཟུང་དང་བྲལ་བར་གཏན་ལ་ཕེབས་པ་ཡིན་ནོ། །དེ་ལྟར་སེམས་ལ་བྱུང་ས་མ་རྙེད་ཅིང་བྱུང་མཁན་གྱི་སེམས་མ་གྲུབ་པས། སེམས་དང་པོར་སྐྱེ་བའི་རྒྱུས་སྟོང་པ་ཡིན་ནོ། །དེས་ན་སེམས་གཞི་མེད་རྩ་བ་དང་བྲལ་བ་ཆོས་སྐུ་སྐྱེ་བ་མེད་པ་ངོ་འཕྲོད་པ་ཡིན་ནོ། །གཉིས་པ་སེམས་ཀྱི་གནས་ས་ལ་བརྟག་
པ་ནི། སེམས་ཉིད་གར་གནས། ཕྱི་ནང་སྣོད་བཅུད། ལུས་མགོ་མཇུག་ལ་སོགས་པར་བརྟགས་པས། དེ་དག་གང་དུའང་མ་མཐོང་བ་དེའི་ཚེ། རྟོག་བྱེད་ཀྱི་ཤེས་པ་ཉིད་ལ་ཚུར་བལྟས་པས། ཤེས་པ་གསལ་ཞིང་སྣང་ཡང་རང་བཞིན་མ་གྲུབ་པས། གཞི་མེད་རྩ་བྲལ་ཡེ་སྟོང་ཆེན་པོར་གཏན་ལ་ཕེབས་སོ། །དེ་ལྟར་ན་སེམས་ལ་གནས་ས་མ་རྙེད་ཅིང་། གནས་མཁན་གྱི་སེམས་ལ་ངོས་གཟུང་མེད་པས་སེམས་བར་དུ་གནས་པའི་རྒྱུས་སྟོང་པ་ཡིན་ནོ། །དེས་ནི་སེམས་གསལ་ལ་རང་བཞིན་མ་གྲུབ་པ་ལོངས་སྐུ་འགགས་པ་མེད་པ་དང་ངོ་འཕྲོད་པ་ཡིན་ནོ། །གསུམ་པ་སེམས་ཀྱི་འགྲོ་ས་བརྟག་པ་ནི། སེམས་ནི་ཝལ་གྱིས་བྱུང་ནས་ཡལ་གྱིས་སོང་བ་སྙམ་བྱེད་ཅིང་། ཐ་མ་གང་དུ་འགྲོ་བ རྟགས་པས། ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་ལ་སོགས་པ་གང་དུའང་འགྲོ་ས་མ་རྙེད། འགྲོ་མཁན་གྱི་སེམས་ལ་བརྟགས་པས་ངོ་བོ་ངོས་གཟུང་མ་མཐོང་བ་དེའི་ཚེ། སེམས་སྐྱེ་མེད་བློ་འདས་ཆེན་པོར་གཏན་ལ་ཕེབས་སོ། །དེ་ལྟར་སེམས་ལ་འགྲོ་ས་མ་རྙེད་ཅིང་། འགྲོ་མཁན་གྱི་སེམས་ལ་ངོས་གཟུང་མེད་པས་སེམས་ཐ་མ་འགགས་པའི་རྒྱུས་སྟོང་པ་ཡིན་ནོ། །དེ་ནི་སེམས་རིག་སྟོང་འགྲོ་འོང་དང་བྲལ་བ་སྤྲུལ་པའི་སྐུར་གཏན་ལ་ཕེབས་ཤིང་ངོ་འཕྲོད་པ་ཡིན་ནོ། །དེ་ལྟར་སེམས་ཀྱི་སྔོན་འགྲོ་འམ། སྤྱོད་པ་བྱས་པ་ལ་དགོས་པ་གསུམ་སྟེ་ཐུན་མོང་། ཁྱད་པར། མཐར་ཐུག་གོ །དང་པོ་སེམས་ཀྱི་སྡིག་པ་མ་ལུས་པར་འདག་པ་དང་། སེམས་ཀྱི་བར་ཆད་ཞི་བ་དང་། སེམས་ཀྱི་མངོན་ཞེན་ལྡོག་པའི་དགོས་པ་ཡོད་དོ། །གཉིས་པ་སེམས་དེར་ཆོས་སྐུར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པར་གདོད་མའི་གཞི་ཐོག་ཏུ་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ། །དེ་ལྟར་སེམས་རུ་ཤན་མ་ཕྱེད་ན་གོང་གི་ཡོན་ཏན་དེ་ལས་ལྡོག་པའི་སྐྱོན་ཡོད་དོ། །འོ་ན་སྐུ་གསུམ་ཐོབ་པ་དེ་དང་། སངས་
རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་མྱ་ངན་ལས་འདའ་བ་དེ་གཉིས་གཅིག་མོད། ཁྱད་པར་དང་མཐར་ཐུག་གི་དགོས་པ་ཞེས་ཐ་དད་དུ་བརྗོད་པ་ལ་ཤེས་འདོད་མེད་དོ་ཞེ་ན། ཁྱད་ཡོད་དེ། ལུས་ངག་ཡིད་གསུམ་སྐུ་གསུམ་དུ་ཐོབ་པ་ནི། ཕྱིར་གསལ་འགྲོ་བ་ལ་སྣང་བ་ཡིན་ལ། མྱ་ངན་ལས་འདས་པ་ནི་ནང་གསལ་གདོད་མའི་གཞི་ཐོག་ཏུ་ཕྱིན་པའོ། །དེ་ལྟར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མཐར་ཕྱིན་པ་དེས་ནི་ཕྱི་འཁྲུལ་པའི་རྐྱེན་སྣང་ཟད་པར་བྱེད་པ་ཡིན་ནོ། །གཉིས་པ་ནང་ལུས་ངག་ཡིད་གསུམ་རུ་ཤན་དབྱེ་ཞིང་སྒྲིབ་པ་སྦྱང་བ་ནི། ཀློང་གསལ་ལས། འཁྲུལ་རྒྱུ་ཟད་པར་བྱ་བའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་དབྱེ། །ཞེས་པས། དེའང་གོང་གི་སྔོན་འགྲོ་གསུམ་གྱིས་ཕྱི་འཁྲུལ་པའི་རྐྱེན་སྣང་ཟད་ཀྱང་། ནང་ལུས་ངག་ཡིད་གསུམ་གྱི་འཁྲུལ་པའི་རྒྱུ་དང་ས་བོན་མ་ཟད་པས། དེ་ཟད་པར་བྱ་བའི་ཕྱིར་ལུས་ངག་ཡིད་གསུམ་ནང་ལྟར་འཁོར་བ་དང་རུ་ཤན་དབྱེ་དགོས་སོ། །དབྱེ་བ་དངོས་ནི་འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེས་རྩལ་སྦྱོང་རུ་ཤན་དབྱེ། །ཞེས་སོ། །ས་བོན་དྲུག་ཇི་ལྟར་གནས་ན། ཀློང་གསལ་ལས། སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་བ་རྐང་མཐིལ་དུ། ཨ་སུ་ནྲྀ ཏྲི་པྲེ་དུ་གནས། །ཞེས་པས། སྦྱང་གཞི་འགྲོ་བའི་གནས་དྲུག་ཏུ། སྦྱོང་བྱེད་སྐུ་གསུམ་གྱི་ཡི་གེས་སྦྱོང་བ་ནི། རང་གི་ལུས་ཀྱི་སྤྱི་བོར་ཨ་དཀར་པོ་ལ་ལྷའི་བག་ཆགས་དཀར་མོག་སྒྲིབ་པའི་རྣམ་པ་ཅན་དུ་འདུས་པར་བསམ། དེ་བཞིན་དུ་མགྲིན་པར་སུ་ལྗང་སེར་ལ་ལྷ་མ་ཡིན་གྱི་བག་ཆགས། སྙིང་གར་ནྲྀ་སྔོ་སྐྱ་ལ་མིའི་བག་ཆགས། ལྟེ་བར་ཏྲི་དམར་ནག་ལ་དུད་འགྲོའི་བག་ཆགས། གསང་བར་པྲེ་ལྗང་གུ་ལ་ཡི་དྭགས་ཀྱི་བག་ཆགས། རྐང་མཐིལ་དུ་དུ་དུད་ཁ་ལ་དམྱལ་བའི་བག་ཆགས་རྣམས་འདུས་པར་བསྒོམས་པའི་སྤྱི་བོར་སྐུའི་ས་
བོན་ཨཱོཾ་དཀར་པོ་ལས་འོད་ཟེར་འཕྲོ་བ། མགྲིན་པར་ཨཱཿདམར་པོ་ལས་འོད་ཟེར་འཕྲོ་བ། སྙིང་གར་ཧཱུཾ་མཐིང་ག་ལས་འོད་ཟེར་འཕྲོ་བའི་འོད་ཀྱིས་ས་བོན་དྲུག་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ། མ་རིག་འཁྲུལ་པའི་བག་ཆགས་ཐམས་ཅད་ཐུལ་ཐུལ་ཚིག་པར་བསམས་ཤིང་བཟླས་སོ། །ཨཱོཾ་ཨཱཿཧཱུྃ་འབུམ་ཚོ་བདུན་དབྱངས་སྙན་པོས་གླུ་དང་བཅས་པས་བཟླས་སོ། །དེའི་དུས་སུ་བདག་ཇི་ལྟ་བ་བཞིན་སེམས་ཅན་ཐམས་ཅད་ཀྱི་གནས་གསུམ་གྱི་ཡི་གེ་ལས་མེ་འབར་ཏེ། ས་བོན་དྲུག་ཚིག་པར་བསམས་ཤིང་བཟླས་སོ། །འབྱོངས་པའི་རྟགས་སུ་སྡིག་པ་ཟད་པའི་རྨི་ལམ་དང་། མཚན་མ་སྣ་ཚོགས་པ་དང་། ལུས་ངག་ཡིད་གསུམ་ཐ་མལ་གྱི་ཞེན་པ་འགགས་ཏེ་ཤེལ་སྒོང་དག་པ་ལྟར་སལ་སལ་ལ་སོང་བ་སྙམ་བྱེད་པའོ། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ། །འདི་ནི་དམིགས་པ་རྣམས་ཀྱི་ནང་ནས་ནོར་བུ་དབང་གི་རྒྱལ་པོ་བསམ་འཕེལ་ལོ། །དེའང་རང་ངོ་མ་ཤེས་པས་འཁོར་བར་འཁྱམས་དུས་ལས་སྣ་ཚོགས་སུ་བསགས་པ་རྣམས་ཡི་གེ་དྲུག་པོ་ལ་བག་ཆགས་ཏེ། ལས་བཟང་ངན་གྱིས་འཁོར་བ་མཐོ་དམན་དུ་བྱེད་པ་ན། གང་དུ་སྐྱེ་བའི་ལས་དེས་ཡི་གེ་དེའི་རྩ་ཁམས་སུ་རླུང་སེམས་འདུས་ནས་འགྲོ་བ་རིགས་དྲུག་གི་སྣང་བ་མི་འདྲ་བ་དྲུག་ཏུ་འཆར་ཞིང་། དེ་ཡང་ལས་བཟང་ངན་སྣ་ཚོགས་སུ་བསགས་པའི་ཡི་གེ་དྲུག་ལ་བག་ཆགས་ཏེ་འཁོར་བ་ཕྱི་མ་འདྲེན་པར་བྱེད་དོ། །དེས་ན་ལས་བཟང་ངན་གྱི་བརྟེན་པ་ཡི་གེ་དྲུག །སྐུ་གསུམ་གྱི་ཡི་གེ་གསུམ་གྱིས་ཚིག་པ་ན། འཁོར་བ་བདེ་སྡུག་གི་འཕྲང་ལས་ཐར་ཏེ་མྱ་ངན་ལས་འདའོ། །དེ་ལྟར་འདས་པའི་དུས་ཀྱི་རྗེས་ཤེས་ཀྱི་ཤེས་པ་ཇི་ལྟར་འདུག་ཀྱང་རང་གི་རྒྱུད་ལ་བཀལ་ནས་བལྟའོ། །དེ་ལྟར་རུ་ཤན་དབྱེ་བའི་ཡོན་ཏན་ནི། ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་དབྱེ་བ། །འཁྲུལ་རྒྱུད་འཁོར་བའི་ས་བོན་སྟོངས། །གསུམ་པོ་འཁོར་བར་ལྡོག་པ་མེད། །ཅེས་སོ། །མ་ཕྱེ་བའི་སྐྱོན་ནི་དེ་ལས། དེ་
ལྟར་ས་བོན་མ་ཟད་ན། །འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར། །ཞེས་སོ། །ནང་ལྟར་རུ་ཤན་ཕྱེ་བའི་དགོས་པ་ནི། ཐལ་འགྱུར་ལས། འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བརྟགས། །ཞེས་པ་དང་། ཀློང་གསལ་ལས། ལུས་ངག་ཡིད་གསུམ་སྔོན་འགྲོ་ནི། །ཐུན་མོང་ཁྱད་པར་མཐར་ཐུག་གི །དགོས་པ་གསུམ་དུ་ཤེས་པར་བྱ། །ཞེས་པས། དང་པོ་ཐུན་མོང་གི་དགོས་པ་ནི་ལུས་ངག་ཡིད་གསུམ་གྱི་སྡིག་པའི་ས་བོན་རྩ་བ་ནས་འདག ལུས་ངག་ཡིད་གསུམ་གྱི་བར་ཆད་འབྱུང་བའི་ས་བོན་རྩ་བ་ནས་ཞི་ལ། ལུས་ངག་ཡིད་གསུམ་གྱི་ཞེན་པའི་ས་བོན་རྩ་བ་ནས་ལྡོག་པའོ། །གཉིས་པ་ཁྱད་པར་གྱི་དགོས་པ་ནི། ལུས་ངག་ཡིད་གསུམ་གྱི་ཞེན་པ་རྩ་བ་ནས་ལྡོག་པ་ལ་བརྟེན་ནས། ད་ཕྱིན་ཆད་ལུས་ངག་ཡིད་གསུམ་འཁོར་བར་ལྡོག་པའི་ས་བོན་མེད་པས་མི་ལྡོག་ངེས་པའི་དགོས་པ་ཡོད་དོ། །ལུས་ངག་ཡིད་གསུམ་སྐུ་གསུམ་དུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཐར་ཐུག་གི་དགོས་པ་ནི། ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ། །དེ་ལྟར་ལུས་ངག་ཡིད་གསུམ་རུ་ཤན་མ་ཕྱེ་ན། འཁོར་བའི་ས་བོན་ཡོད་པས་གོང་གི་ཡོན་ཏན་དེ་ལས་ལྡོག་པའི་སྐྱོན་ཡོད་དོ། །གསུམ་པ་གསང་བ་ལུས་ངག་ཡིད་གསུམ་རྣལ་དུ་དབབ་ཅིང་སོར་གཞུག་པ་གཉིས་ལས་དང་པོ་རྣལ་དུ་དབབ་པ་ནི། སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེ་ནས་ནི། ལུས་ངག་ཡིད་གསུམ་རྣལ་དུ་དབབ། ཅེས་པ་དང་། ཐལ་འགྱུར་ལས། འདི་དུས་ལུས་ངག་སེམས་ཀྱི་གནད། རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། ཞེས་པས། གོང་གི་སྔོན་འགྲོ་ལ་རྣམས་བྱས་པས། རྩ་ཁམས་དང་འབྱུང་བ་རྣམས་འཁྲུགས་ཏེ། ལུས་ངག་ཡིད་གསུམ་དེ་ཁོ་ན་ཉིད་ཀྱི་དགེ་སྦྱོར་ལ་མི་འཇུག་པས། འབྱུང་བ་དང་རྩ་ཁམས་མི་འཁྲུགས་པའི་ཕྱིར་རྣལ་དུ་དབབ་པ་ནི། འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ།། རྣལ་དུ་དབབ་ལ་
མཁས་པར་བྱ། །ཞེས་པས། དེའང་ལུས་ངག་ཡིད་གསུམ་བདེ་བའི་མལ་དུ་ཉལ་ནས་བསྒུལ་བསྐྱོད་དང་། སྨྲ་བརྗོད་དང་། དྲན་བསམ་ཐམས་ཅད་བཀག་ལ་ལྷོད་དེར་གནས་པར་བྱའོ། །དེའང་ལུས་རྣལ་དུ་ཕེབས་པས་མི་འགུལ། ངག་རྣལ་དུ་ཕེབས་པས་སྨྲ་མི་འདོད། ཡིད་རྣལ་དུ་ཕེབས་པས་འཕྲོ་འདུའི་རྟོག་པ་ཐམས་ཅད་རང་སར་ཞི་བའོ། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ། །དེ་ལྟར་རྣལ་དུ་ཕབ་པའི་ཡོན་ཏན་ནི། ཀློང་གསལ་ལས། འདི་ལྟར་རྣལ་དུ་སུས་ཕབ་པས། །འབྱུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ཞེས་སོ། །མ་ཕབ་པའི་སྐྱོན་ནི། དེ་ཉིད་ལས། ཡོན་ཏན་རྣམས་ལས་ལྡོག་སྐྱོན་ཡོད། །ཅེས་སོ། །དགོས་པ་ནི་གཉིས་ལས། གནས་སྐབས་སུ་ལུས་ངག་ཡིད་གསུམ་རྣལ་དུ་ཕེབས་པས་འབྱུང་བ་མི་འཁྲུགས་ཤིང་ནད་རྐྱེན་མི་འབྱུང་བས། རང་བཞིན་གྱི་བསམ་གཏན་ལ་གནས་པའི་དགོས་པ་ཡོད་དོ། །མཐར་ཐུག་ཏུ་ལུས་ངག་ཡིད་གསུམ་གྱི་འཛིན་པ་རང་དག་ཏུ་འགྲོ་བའི་དགོས་པ་ཡོད་དོ། །དེ་ལྟར་རྣལ་དུ་མ་ཕབ་ན་གོང་གི་ཡོན་ཏན་རྣམས་ལས་ལྡོག་པའི་སྐྱོན་ཡོད་དོ། །གཉིས་པ་སོར་གཞུག་པ་ནི་ཀློང་གསལ་ལས། ཀ་དག་དོན་ནི་རྟོགས་བྱའི་ཕྱིར། །རྣལ་དུ་ཕབ་ནས་སོར་ནི་འཇུག །ཅེས་པར། སྔར་གྱི་དེ་ཉིད་ལས་ལྟ་སྟངས་ཀྱི་སོར་འཇུག་པ་ཀ་དག་གིི་རྟོགས་པར་རྒྱུད་ལ་སྐྱེ་བའི་ཕྱིར་རོ། །སོར་འཇུག་པ་དངོས་ནི། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །དེས་ནི་གསུམ་པོ་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །ཞེས་པས། དང་པོ་ཉན་ཐོས་ཀྱི་ལྟ་སྟངས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། རྩེ་གཅིག་ཏུ་མཉམ་པར་གཞག་ཅིང་བསམ་བརྗོད་གང་ཡང་མི་བྱའོ། །དེ་སྐད་དུ་ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་སོ། །གཉིས་
པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་སྐྱིལ་ཀྲུང་བཅས་པ་མིག་བར་སྣང་ལ་ཧར་པོར་བལྟ་ཞིང་སེམས་གང་དུ་ཡང་མི་གཡོ་བ་སྟེ། དེ་ཉིད་ལས། བོ་དྷི་ས་ཏྭའི་ལྟ་སྟངས་ཀྱིས། །རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར། །ཞེས་སོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། རྐང་པ་གྱད་ཀྱི་དོར་སྟབས་སུ་བགྲད། མིག་བར་སྣང་ལ་གྱེན་དུ་བགྲད། ཧ་ཧ་དང་ཧི་ཧི་ལ་སོགས་པ་བརྗོད་ཅིང་སེམས་སྤྲོས་པ་དང་བྲལ་བར་བཞག་གོ །དེ་སྐད་དུ་ཀློང་གསལ་ལས། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་སོ། །དེ་ལྟར་ཉན་ཐོས་ཀྱི་ལྟ་སྟངས་ཀྱིས་ལུས་ངག་ཡིད་གསུམ་མི་གནས་པ་གནས་པར་བྱ། བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱ། ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱའོ། །དེ་ལྟར་སོར་ཆུད་པ་ལ་དགོས་པ་གཉིས་ལས། གནས་སྐབས་སུ་ལུས་ངག་ཡིད་གསུམ་ལ་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་སྐྱེ། མཐར་ཐུག་ལྷག་མཐོང་ཀ་དག་གི་དགོངས་པ་རྟོགས་པར་འགྱུར་རོ། །དེ་ལྟར་སོར་མ་ཆུད་ན་གོང་གི་ཡོན་ཏན་དེ་དག་ལས་ལྡོག་པའི་སྐྱོན་ཡོད་དོ། །གསུམ་པ་གནས་ལུགས་ཀྱི་ངོ་བོ་ཁྲེགས་ཆོད་གདབ་ཚུལ་ནི། འདས་རྗེས་དོན་ཁྲིད་ལས། ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱ་སྟེ། དང་པོ་རྟོག་པ་རྩད་བཅད། དེ་ནས་སེམས་ཀྱི་མཚང་བཙལ། དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟག །དེ་ནས་རྣམ་རྟོག་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད། སྟོང་པ་སྣང་བར་ངོ་སྤྲད། སྣང་སྟོང་གཉིས་མེད་དུ་ངོ་སྤྲད། གཉིས་མེད་རང་གྲོལ་དུ་ངོ་སྤྲད། དུག་ལྔ་རང་གྲོལ་དུ་ངོ་སྤྲད། སྒོ་ལྔ་རང་གྲོལ་དུ་ུངོ་སྤྲད། ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་དོ། །དེ་ལྟར་རྣལ་དུ་དབབ་སྟེ་ཁྲེགས་ཆོད་ཀྱི་དོན་གཏན་ལ་ཕེབས་ཞེས་གསུངས་པས་འདི་ལ་སྔོན་འགྲོ་གསུམ་གྱིས་ཞི་ལྷག་ཟུང་འཇུག་གི་གནས་ལུགས་མ་སྐྱེས་པ་བསྐྱེད་པར་བྱ་བ། དངོས་གཞི་གསུམ་གྱིས་སྐྱེས་པ་ངོ་སྤྲད་པར་བྱ་བ། རྗེས་རང་གྲོལ་གསུམ་གྱིས་སྐྱེས་པ་བོག་
དབྱུང་ཞིང་རྩལ་སྦྱོང་བ་གསུམ་ལས། དང་པོ་རྟོག་པ་རྩད་བཅད། བར་དུ་སེམས་ཀྱི་མཚང་བཙལ། ཐ་མ་བྱུང་གནས་འགྲོ་གསུམ་ལ་བརྟག་པའོ། །དང་པོ་ནི་ལུས་ངག་ཡིད་གསུམ་ལས། འཁོར་བར་འཁྱམས་མཁན་གང་དུ་འདུག །དགག་སྒྲུབ་བྱེད་པ་པོ་སུ་ཡིན། སྐྱེ་བ་སྔ་མ་ནས་འདི། འདི་ནས་ཕྱི་མར་འགྲོ་མཁན་སུ་ཡིན། གཙོ་གང་ཆེ་ཞེས་དྲི་ཞིང་བརྟགས་པས། སེམས་གཙོ་ཆེ་ཞིང་དེ་ལྟར་ཤེས་པ་ནི་དང་པོ་རྟོག་པ་རྩད་བཅད་པའོ། །གཉིས་པ་དེ་ལྟར་བྱེད་པ་པོའི་སེམས་འདི་ཐམས་ཅད་བདག་དུ་འཛིན་ཅིང་ང་ཞེས་བདེན་པར་ཞེན་ན། ལུས་ངག་ཡིད་གསུམ་པོ་དེ་གཅིག་ཏུ་འདུག་གམ། ཐ་དད་དུ་འདུག །གཅིག་ན་སེམས་བལྟར་མེད་པ་བཞིན་དུ། ལུས་བལྟར་མེད་པར་འགྱུར་ལ། ལུས་རགས་གཟུགས་སུ་གྲུབ་པ་བཞིན་དུ་སེམས་དང་ངག་ཀྱང་རགས་གཟུགས་སུ་ཡོད་དགོས། ངག་སྒྲར་གྲགས་པ་བཞིན་དུ་ལུས་སེམས་གཉིས་ཀྱང་དེ་བཞིན་དུ་འགྱུར་རོ། །ཞེས་པ་ལ་སོགས་བརྟགས་པས། གཅིག་ཐ་དད་ཡིན་མིན་དགག་སྒྲུབ་ཐམས་ཅད་སེམས་ཀྱིས་བཟོས་པ་ལས་ལོགས་སུ་མ་གྲུབ་པར་ཤེས་པ་ནི་བར་དུ་སེམས་ཀྱི་མཚང་བཙལ་བའོ། །གསུམ་པ་དེ་ལྟར་དོན་མེད་པ་ལ་བདག་ཏུ་འཛིན་མཁན་གྱི་སེམས་འདི། དང་པོ་གང་ནས་བྱུང་བའི་རྣམ་པར་འདུག །ད་ལྟར་གར་གནས། ཐ་མ་གང་དུ་འགྲོ་བ་ཞིག་འདུག་ཅེས་སེམས་དེ་ཉིད་ལ་བརྟགས་པས། བྱུང་གནས་འགྲོ་གསུམ་དུ་མ་གྲུབ་ཅིང་། ངོ་བོ་ངོས་གཟུང་དང་བྲལ་བ། རིག་སྟོང་ཝལ་པོ་རྗེས་མེད་གཟའ་གཏད་དང་བྲལ་བར་རྟོགས་པ་ནི། ཐ་མ་བྱུང་གནས་འགྲོ་གསུམ་ལ་བརྟགས་པ་སྟེ། གནས་ལུགས་ཀྱི་དོན་མ་སྐྱེས་པ་སྐྱེས་པར་བྱེད་པའོ། །འོ་ན་སྔར་ཡང་བྱུང་གནས་འགྲོ་གསུམ་ལ་བརྟག་པ་བཤད་པ་དང་ཟློས་སོ་ཞེ་ན། མི་ཟློས་ཏེ་སྔར་གྱི་དེ་ཡུལ་ལ་བརྟགས་ནས་མ་གྲུབ་པ་ཡིན་ལ། འདི་ཉིད་ཡུལ་ཅན་ལ་བརྟགས་ནས་ངོ་བོའི་སྟེང་དུ་
འབེབས་པའོ། །གཉིས་པ་དངོས་གཞི་གསུམ་གྱིས་སྐྱེས་པ་ངོ་སྤྲད་པ་ལ། གནས་པ་སེམས་ཀྱི་རྒྱན་དུ་ཤར་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ། གཉིས་མེད་མཉམ་པའི་ངང་དུ་གནས་པ་གསུམ་ལས། དང་པོ་ཅོག་བཞག་གསུམ་ལ་བརྟེན་ནས། སེམས་ཇི་བཞིན་དུ་གནས་པ་སྟེ། རིན་ཆེན་སྒྲོན་མ་ལས། ཅོག་བཞག་གསུམ་གྱི་རང་བཞིན་ལས། ཀ་དག་དོན་ཉིད་མངོན་དུ་འགྱུར། ཞེས་པས། རི་བོ་ཅོག་བཞག་ནི་ལུས་རྡོ་རྗེ་སྐྱིལ་ཀྲུང་མི་གཡོ་བའོ། །རྒྱ་མཚོ་ཅོག་བཞག་ནི་མིག་མདའ་གང་ཙམ་དུ་གཏད་དེ་མི་འགུལ་བའོ། །རིག་པ་ཅོག་བཞག་ནི་རང་བབས་ཆོས་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པའོ། །དེའི་ཚེ་དགག་སྒྲུབ་དགེ་སྡིག་བླང་དོར་ལ་སོགས་པའི་སྤྲོས་པ་ཉེ་བར་ཞི་བ་སྟེ། གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མའི་ཀ་དག་གི་ངང་ལ་གནས་པ་ཉིད། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །གང་དུ་མ་ཕྱེ་ཆིག་ཆོད་ལ། །ཡེ་ཤེས་ཙམ་དུ་གྲུབ་པ་མེད། །ཅེས་པ་དང་། རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། མཐའ་བཞིའི་དྲི་མ་རང་སངས་ཉིད། ཅེས་སོ། །དེའི་ཚེ་སེམས་ཉིད་སྤྲོས་པ་དང་བྲལ་བ་ཆོས་སྐུ། གསལ་ལ་འཛིན་པ་མེད་པ་ལོངས་སྐུ། སྣ་ཚོགས་འཆར་གཞི་མ་འགགས་པ་སྤྲུལ་པའི་སྐུ་སྟེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་སྟེ། ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགགས་པ་མེད། །ཐུགས་རྗེ་ཀུན་ལ་རབ་སྣང་ཞིང་། །ཞེས་པ་དང་། ཐལ་འགྱུར་ལས། ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལས། །འཁྲུལ་པ་ཙམ་དུ་བརྗོད་དུ་མེད། །དེ་བཞིན་
མ་འཁྲུལ་པ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་སོ། མདོར་ན་སེམས་ཉིད་ངང་ལ་མི་གཡོ་བ། རྒྱ་མཚོ་ངང་ལས་མི་གཡོ་བ་ལྟ་བུ་ཇི་བཞིན་གྱི་ངང་ལ་རེ་བཞིན་ལྷུན་གྱིས་གྲུབ་བའོ། །གཉིས་པ་དེ་ཉིད་ཀྱི་ངང་ལ་དགག་སྒྲུབ་ཀྱི་རོལ་པ་ཅི་ཤར་ཡང་། ཤར་དུས་གཉེན་པོ་མེད་པ་རང་གྲོལ་བ་སྦྲུལ་མདུད་ལྟ་བུ་སྟེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །གཉེན་པོ་མེད་ཕྱིར་འབད་རྩོལ་ཞིག །ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ། །ཞེས་པ་དང་། ཕྲ་བཀོད་ལས། འགགས་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཅེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་གྲོལ་པ་ཡང་ཅི། །ཞེས་པ་སྟེ། རྒྱ་མཚོ་ལ་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ངང་ལས་མ་འདས་པ་བཞིན་དུ། སེམས་ལ་རྣམ་རྟོག་ཇི་ལྟར་ཤར་ཡང་ཆོས་ཉིད་ཀ་དག་གི་ངང་ལས་མ་འདས་པའོ། །དེས་ན་གང་ཤར་གྱི་རྟོགས་པ་ལ་སྔ་ཕྱིའི་སྐྱེ ལ་བསུ་མི་བྱེད་པར་རང་ཤར་གྱི་ངང་ལ་ཡན་དུ་འཇུག་པ་ནི་རྟོག་པ་ཆོས་ཉིད་ཀྱི་རོལ་པར་རྟོགས་པས། སྤང་བླང་དགག་སྒྲུབ་ཀྱི་ཡུལ་ལས་འདས་པའོ། །དོ་ཧ་ལས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་བདག་ཉིད་དེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་པ་དང་མཐུན་ནོ། །དེ་ལྟར་ན་འཕྲོ་བ་མ་བཀག་པར་ཆོས་ཉིད་དུ་གྲོལ་བ། །རྒྱ་མཚོའི་དབའ་རླབས་རྒྱ་མཚོ་ཉིད་དུ་ཞི་བ་ལྟ་བུ་སྟེ། རྨད་བྱུང་རྒྱལ་པོའི་རྒྱུད་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་ལྟར། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་སོ། ཡང་ན་ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུ་སྟེ། ས་ར་ཧའི་ཞལ་ནས། ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་བཞིན་སེམས་ནི་རང་ལ་ཐིམ་པ་འམ། །གང་ལྟར་འཕྲོ་བའི་རྟོག་པ་ཡན་དུ་བཅུག་པས། སླར་དང་པོའི་བྱུང་ས་ལ་ཐིམ་པ་ནི། དོ་ཧ་ལས། ཇི་ལྟར་གཟིངས་ལས་
འཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་བསྐོར་ཡང་སླར་ཡང་དེ་རུ་འབབ། །ཅེས་པ་དང་ཚུལ་མཐུན་ནོ། །གསུམ་པ་འཕྲོ་གནས་གཉིས་སུ་མེད་པ་རྒྱ་མཚོ་ལས་རླབས་བུ་ཆུང་ཤར་བ་ལྟ་བུ་སྟེ། གནས་པ་སྣ་ཚོགས་སུ་འཆར་བ། འཕྲོ་བ་གཟུང་འཛིན་དང་བྲལ་བ། མཉམ་ལ་དེར་འཛིན་མེད་པ་སྟེ། ཕྱི་སྣ་ཚོགས་སུ་སྣང་ཡང་སྣང་བས་སེམས་མི་གཡོ་བ་དབང་པོའི་མངོན་སུམ་ལྟ་བུ། ནང་སྣ་ཚོགས་སུ་འཕྲོ་ཡང་དེར་འཛིན་དང་བྲལ་བ་རྨི་ལམ་གྱི་ཤེས་པ་ལྟ་བུ། ཡུལ་དྲུག་སྣ་ཚོགས་སུ་སྤྱོད་ཀྱང་དགག་སྒྲུབ་དང་རེ་དོགས་མེད་པ་བུ་ཆུང་གི་ཤེས་པ་ལྟ་བུ། རྟོག་པ་སྣང་ཡུལ་ལ་ཞི་བ་ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུ། གང་ཤར་དེར་འཛིན་དང་བྲལ་བ་སྨྱོན་པ་རེ་དོགས་མེད་པ་ལྟ་བུ་སྟེ། ཡུལ་སྣང་ལ་དེར་འཛིན་མེད་པའི་ཚེ་ཕྱི་ནང་སྟོང་ཉིད་དུ་རྟོགས་པ་ཞེས་བྱའོ། །དེ་ཉིད་ཀྱི་དོན། བཏགས་གྲོལ་སྙིང་པོའི་རྒྱུད་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། ཅེས་སོ། །དེ་ལྟར་སེམས་གནས་ན་གདོད་མའི་ངང་དུ་ཕྱིན་ལ། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་འཆར་ཞིང་། མཉམ་ན་གཉིས་མེད་ཀྱི་བར་ཡན་པ་ནི་ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པའོ། །དེའི་ཚེ་རྣམ་རྟོག་མ་སྤངས་གཞི་ནས་གྲོལ་བར་བསྐྱར་ནས་གྲོལ་བྱེད་འབད་རྩོལ་ཞིག་པའི་གདེང་ཐོབ། གང་ཤར་རང་སར་གྲོལ་བས་དྲན་འཛིན་གཉེན་པོ་ལ་མི་ལྟོས་པའི་གདེང་ཐོབ། ཡུལ་དྲུག་ཅེར་མཐོང་དུ་གྲོལ་བས་སྔ་ཕྱི་འཛིན་པའི་ཤེས་པ་དང་བྲལ་བའི་གདེང་ཐོབ། བཟང་ངན་ཡོངས་གྲོལ་དུ་ཤེས་པས་བླང་དོར་ཕྱོགས་འཛིན་དང་བྲལ་བའི་གདེང་ཐོབ་སྟེ་ཐལ་འགྱུར་ལས། རང་གི་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་ཆེན་པོ་བཞི་དང་བཅས། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གི་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་རྩོལ་མེད། །ཅེས་སོ། །དེ་ལྟར་གྲོལ་
བའི་ཤེས་པའམ། །རྣམ་རྟོག་དེ་རྣམས་གང་ནས་ཀྱང་མ་བྱུང་། །གང་དུ་ཡང་མ་སོང་བ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། ཇི་ལྟར་ཤར་ཡང་དེ་ལྟར་མ་གཟུང་ན་གཞི་ལ་ཕན་གནོད་དང་བྲལ་བ་སྟེ། དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། གཅིག་ནས་གཅིག་ཏུ་སོང་བ་མིན། །གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་བལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །ཅེས་སོ། །མདོར་ན་གང་ཤར་གྱི་རིག་པ་གཟའ་གཏད་དང་བྲལ་བ་འདི་རང་ཤར་དུ་འདུག་པས་རང་གྲོལ་དུ་གྲོལ། ངེས་མེད་དུ་འདུག་པས་འཛིན་མེད་དུ་གྲོལ། ཡེ་གྲོལ་དུ་འདུག་པས་གཞི་བྲལ་དུ་གྲོལ། ཐོག་བབས་སུ་འདུག་པས་ཅར་ཕོག་ཏུ་གྲོལ། ཤར་གྲོལ་དུ་འདུག་པས་སྣང་སྟོང་དུ་གྲོལ་བའོ། །འདིར་ཚིགས་སུ་བཅད་པ། རང་བཞིན་ཡེ་ནས་གྲོལ་བའི་སེམས་ཉིད་འདི། །གང་བྱུང་གང་བདེར་བཞག་པས་གྲོལ་བ་མཚར། །མ་སྐྱེས་གདོད་ནས་དག་པའི་ཆོས་ཉིད་འདི། །མ་བཙལ་ལྷུན་གྱིས་གྲུབ་པ་ཡ་མཚན་ཆེ། །དུས་གསུམ་རྩ་བ་བྲལ་བའི་སེམས་ཉིད་འདི། །མ་བསྒོམ་མངོན་དུ་སྣང་བས་བློ་རེ་བདེ། །ཐོག་མ་ཐ་མ་རང་བཞིན་དག་པའི་ཆོས། །ཡེ་གྲོལ་ཡོངས་གྲོལ་འབད་རྩོལ་ཞིག་པ་མཚར། །རྟོགས་པར་སླ་ལ་མཐོང་བས་བློ་བདེ་བ། །ཐ་མལ་རང་ལུགས་གཟོ་མེད་ལྷུག་པ་འདི། །ཡེ་གྲོལ་སོར་གཞག་རང་བབ་ཆོས་ཉིད་ངང་། །རྒྱལ་བའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཡིན། །ཇི་སྲིད་སེམས་ཀྱིས་བསྒོམ་ཞིང་འབད་པའི་བར། །སེམས་ཉིད་གནས་ལུགས་གཉུག་མ་མཐོང་མི་འགྱུར། །མ་བསམ་མ་དཔྱད་ཐ་མལ་ཆོས་ཉིད་ལ། །སྒོམ་དང་མི་བསྒོམ་ཡེངས་དང་མ་ཡེངས་
མེད། །འདི་ལྟར་བསྒོམས་པས་རྟོག་པ་མི་འགགས་ཤིང་། །མ་སྒོམ་ལྷུག་པས་མང་དུ་གྲོལ་བ་མིན། །གྲོལ་དང་མ་གྲོལ་དེ་བཞིན་གཉིས་སུ་མེད། །གནས་ལུགས་ཤེས་ན་རྩོལ་མེད་བློ་བདེ་འོ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་རང་གྲོལ་གསུམ་གྱིས་རྐྱེན་དང་བསྲེས་ཏེ་རྩལ་སྦྱང་བ་ལ་གསུམ་ལས། དུག་གསུམ་རང་གྲོལ་ནི་འདོད་ཆགས་ཞེ་སྡང་གཏི་མུག་གང་སྐྱེས་ཀྱང་དེ་ཉིད་རང་བབས་ཆེན་པོར་བཞག་པས། འཛིན་མེད་ཡེ་གྲོལ་ཆེན་པོར་ཕྱམ་གདལ་ལོ། །གཉིས་པ་སྒོ་ལྔ་རང་གྲོལ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་འཛིན་པ་གང་སྐྱེས་ཀྱང་དེའི་སྟེང་དུ་རང་བབས་ཆེན་པོར་བསྲེས་ལ་བཞག་པས་ཀ་དག་ཏུ་རང་གྲོལ་ལོ། །གསུམ་པ་ཚོགས་དྲུག་རང་གྲོལ་ནི་སྒོ་ལྔ་ཡིད་དང་བཅས་པའི་ཡུལ་དྲུག་ལ་དགག་སྒྲུབ་ཅི་བྱུང་བ་དེ་ཉིད་ཀྱི་ངང་ལ་རང་བབས་ཆེན་པོར་གློད་པས་གཞི་གྲོལ་དུ་འགྲོའོ། །དུག་གསུམ་སྒོ་ལྔ་ཚོགས་དྲུག་ཡུལ་རྣམས་ལ། །གང་བབས་གཞི་བྲལ་ཡེ་གྲོལ་རང་བབས་བཞག །མ་སྤངས་མི་གནས་ཆོས་ཉིད་ངང་དུ་གྲོལ། །གཏད་མེད་རྒྱལ་པོ་འཛིན་མེད་ཤར་བ་ཡིན། །ཞེས་པའོ། །མདོར་ན། གནས་ན་གདོད་མའི་གཞི་ལ་གནས། རང་བྱུང་ཀ་དག་ཆེན་པོ་འོ། །འཕྲོ་ན་ཡེ་ཤེས་རོལ་པ་སྟེ། །རྩིས་མེད་གཟའ་གཏད་ཀུན་དང་བྲལ། །འཕྲོ་གནས་གཉིས་མེད་ཡེ་ཤེས་ནི། །གཞི་རྫོགས་ལྷུན་གྲུབ་རོལ་པ་ཉིད། །སྣང་ན་ཆོས་ཉིད་བརྡལ་བར་སྣང་། །སྟོང་ན་ཁམས་གསུམ་འཁོར་བ་སྟོང་། །ཡོད་ན་སྐུ་དང་ཡེ་ཤེས་ཡོད། །མེད་ན་ལས་དང་བག་ཆགས་མེད། །ཡོད་མེད་ཡིན་མིན་བཏགས་པ་ཙམ། །འཁོར་འདས་བཟང་ངན་རྨི་ལམ་ཙམ། །བླང་དོར་རེ་དོགས་འཛིན་པ་ཙམ། །སྣང་སྟོང་ཆོས་ཉིད་རོལ་པ་ཙམ། །སྣ་ཚོགས་སྣང་བ་གཟུགས་བརྙན་ཙམ། །ཐམས་ཅད་ཡེ་ནས་ཡོད་མེད་མེད། །ཡིན་མིན་ངོས་གཟུང་ཅུང་ཟད་མེད། །འདི་ལྟར་འགྲོ་ཀུན་འཁོར་བའི་གྲོང་ཁྱེར་
ན། །བདེ་སྡུག་ལས་ཀྱི་སྣང་བ་སྣ་ཚོགས་ཀུན། །དྲི་ཟའི་གྲོང་ན་སྒྱུ་མའི་སྐྱེ་བོ་ལྟར། །མེད་བཞིན་སྣང་ལ་རང་བཞིན་མ་གྲུབ་བོ། །དེ་ལྟར་མཐོང་ནས་སྣང་སྲིད་གཟུགས་བརྙན་ཙམ། །རང་བཞིན་བདེན་པ་མེད་ཅེས་གོམས་པར་མཛོད། །ཆོས་ཀུན་མ་སྐྱེས་སྟོང་པའི་མེ་ལོང་ལ། །སྣ་ཚོགས་རྐྱེན་གྱིས་གཟུགས་བརྙན་ཅི་ཤར་ཡང་། །དེ་ཉིད་ངོ་བོ་མེད་ཅེས་བདག་གི་མཐོང་། །རྨི་ལམ་སྒྱུ་མ་འཁྲུལ་ཞེས་རྟོག་པ་ཙམ། །བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཀུན་ཏུ་བརྟགས། །འཁྲུལ་དང་འཁྲུལ་གཞི་གཉིས་མེད་གདོད་མའི་ངང་། །རང་བཞིན་གཞི་ནས་དག་པའི་ཆོས་ཉིད་དེ། །པདྨ་ལས་འབྲེལ་རྩལ་གྱིས་དེ་རིང་མཐོང་། །སྣ་ཚོགས་མི་གཉིས་ཕོ་བྲང་ལྷུན་མཐོ་བ། །དྲི་མེད་འོད་ཟེར་བདག་གིས་བསྟན་ནས་སོང་། །ཞེས་བྱ་བ་ནི་རང་གིས་རྟོགས་པའི་དུས་ངེས་པ་ཕྱི་རབས་ཀྱི་དོན་དུ་སྨྲས་པའོ། །གཉིས་པ་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཚུལ་ལ། སྔོན་འགྲོ་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཚུལ་དངོས་གཞི་དེ་ཉིད་ངོ་སྤྲད་པའི་ཚུལ། རྗེས་རྣལ་འབྱོར་བཞིས་ཉམས་སུ་བླང་བའི་ཚུལ་དང་གསུམ་ལས། དང་པོ་ལུས་ངག་ཡིད་གསུམ་གྱི་བྱ་བ་གཏང་ཚུལ། སྒོ་གསུམ་གྱི་གནད་གཟིར་ཚུལ། ཡེ་ཤེས་གསུམ་གྱི་གསང་ལམ་མཚོན་ཚུལ་དང་གསུམ་ལས། དང་པོ་ནི་འདས་རྗེས་ལས། གནས་བརྟན་གྲོལ་བའི་གདེང་ཐོབ་ནས།།ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་པ་དང་། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་གཏོང་། །ཞེས་སོ། །ཇི་ལྟར་རྣམ་པ་དགུ་ཞེ་ན། །དེ་ཉིད་ལས། ལུས་ཀྱི་བྱ་བ་གཏང་བའི་ཕྱིར། །ཆོས་དང་འཇིག་རྟེན་བྱ་བ་གཏོང་། །གྲོགས་མེད་གཅིག་པུར་གནས་པར་བྱ། །ངག་ནི་འཁྲུལ་གཏམ་ཆོས་སྤྱོད་སྤང་། །ལྐུགས་པ་ལྟ་བུ་ཉིད་ལ་བསླབ། །སེམས་ནི་ལོ་ཀ་འདས་པ་ཡི། །འགྱུ་བ་བཅད་ལ་གནས་པར་
བྱ། །ཞེས་པས། ལུས་ངག་ཡིད་གསུམ་གྱི་བྱ་བ་བཏང་ན། ཉམས་ལེན་ལ་མི་གནས་པས་དགུ་ཕྲུགས་སུ་བཏང་སྟེ། དང་པོ་ལུས་ཀྱི་གསུམ་ལས། ཕྱི་འཇིག་རྟེན་གྱི་བྱ་བ་ཚོང་སོ་ནམ་ལ་སོགས་པ་སྣ་ཚོགས་པ་དང་། ནང་དམན་པའི་དགེ་བ་ཕྱག་དང་བསྐོར་བ་ལ་སོགས་པ་དང་། གསང་བ་རྣམ་གཡེང་དང་འདུ་འཛི་སྤངས་ཏེ་གཅིག་པར་གནས་པའོ། །ངག་ལ་ཡང་གསུམ་ལས། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་བཟླས་བརྗོད་མདོ་འདོན། གསང་བ་སྨྲ་བརྗོད་ཀྱི་སྙེད་པ་བཀག་ནས་ལྐུགས་པ་ལྟ་བུར་གནས་པའོ། །ཡིད་ལ་གསུམ་ལས། ཕྱི་འཇིག་རྟེན་འཁྲུལ་རྟོག་སྣ་ཚོགས། ནང་ཆོས་སྤྱོད་ཀྱི་བསམ་བློ་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་སྣ་ཚོགས་བཀག་ནས་དྲན་བསམ་རྣམ་རྟོག་དང་བྲལ་བར་གནས་པའོ། །དེ་ལྟར་བྱ་བ་བཏང་བའི་ཡོན་ཏན་ནི། ཀློང་གསལ་ལས། ལུས་ངག་འཁྲུལ་པ་རྒྱུན་ཆད་ནས། །ཡེ་ཤེས་རྒྱུད་ལ་གནས་པར་འགྱུར། །ཞེས་སོ། །མ་བཏང་བའི་སྐྱོན་ནི། དེ་ཉིད་ལས། བྱར་མེད་རྒྱུད་ལ་མ་གནས་ན། །རིག་པའི་དོན་ལ་རིག་པ་མེད། །ཅེས་སོ། །དེ་ལྟར་བྱ་བ་བཏང་བའི་དགོས་ཆེད་གཉིས་ལས། གནས་སྐབས་སུ་སྒོ་གསུམ་གྱི་བྱ་བ་ཐེངས་པས། ལུས་ངག་ཡིད་གསུམ་འཁྲུལ་ཕྱིར་མི་འབྲང་ལ་མཐར་ཐུག་ཟག་མེད་ཀྱི་ཡེ་ཤེས་མྱུར་དུ་འཆར་བའི་དགོས་པ་ཡོད་དོ། །དེ་ལྟར་མ་བཏང་ན་དེ་ཉིད་ལས་ལྡོག་པའི་སྐྱོན་ཡོད་དོ། །ཚད་ནི་སྒོ་གསུམ་གང་ལའང་མི་འཇུག་པའོ། །དེ་མན་ཆད་དུ་ཚེའི་དུས་བྱས་ན་ཁ་ཅིག་ཕྱི་མ་ལ་ཆོས་འདི་དང་འཕྲད་ནས། ལྷག་མེད་དུ་འཚང་རྒྱ་ལ། ཕལ་ཆེར་བར་དོར་ཀ་དག་གི་ངང་ལ་གྲོལ་བ་ལ་ཐེ་ཚོམ་མེད་དོ། །གཉིས་པ་སྒོ་གསུམ་གྱི་གནད་གཟིར་ཚུལ་ལ། ལུས་ངག་ཡིད་གསུམ་གྱི་གནད་གསུམ་ལས། དང་པོ་བཞུགས་སྟངས་གསུམ་དང་། གཟིགས་སྟངས་གསུམ་ལས་མི་འདའ་བར་བྱེད་པ་སྟེ། ཐལ་འགྱུར་ལས་
མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་ནི་ངེས་པར་བསྟུན། །དེ་ཡང་ལུས་འདི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱ་འོ། །ཞེས་པ་དང་། ཀློང་གསལ་ལས། རིག་པ་ལུས་ལ་གནས་གྱུར་ཀྱང་། །འཁྲུལ་འཁོར་དག་གིས་མ་བཅུན་ན། །ཡེ་ཤེས་དབང་པོར་སྣང་མི་ནུས། །ཞེས་པ་དང་། སྒྲོན་མ་སྣང་བྱེད་ལས། རིག་པའི་རྟེན་ས་ལུས་ཡིན་ཏེ། །ལུས་གཅིག་མེད་ན་མེད་པ་སྟེ། །ཡོད་ན་ཡེ་ཤེས་ཡོད་པར་ངེས། །དེ་ལྟར་ལུས་ལ་ཡོད་པ་དེ། །ཆོས་ཅན་སྤྱི་ཡི་མཚན་ཉིད་ཀྱིས། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར། །བརྟག་དཔྱད་རྣམ་པ་སྣ་ཚོགས་ཀྱིས། །དཔྱད་པས་དེ་ཉིད་རྙེད་པ་མིན། །མོ་དང་པྲ་ལ་སོགས་པ་ཡི། །རྩིས་ནི་རྣམ་པ་སྣ་ཚོགས་ཀྱིས། །བལྟས་ཤིང་དཔྱད་ཀྱང་རྙེད་པ་མིན། །འོ་ན་གཏན་མེད་ཡིན་ཞེ་ན། །གཏན་དུ་མེད་པ་མ་ཡིན་ཏེ། །ལུས་ངག་གཏེམས་ན་མངོན་དུ་སྣང་། །དཔེར་ན་ལུས་ལ་ཁྲག་ཁྱབ་སྟེ། །སྐྱེས་བུ་གླེན་པ་འགའ་ཞིག་གིས། །གང་གང་ལུས་ལ་ཁྲག་བཙལ་བས། །གཅིག་ཀྱང་བྱུང་བ་མ་ཡིན་ནོ། །འོ་ན་ལུས་ལ་ཁྲག་མེད་དམ། །ལུས་ལ་མེད་པ་མ་ཡིན་ཏེ། །ཐམས་ཅད་ཁྱབ་ཅིང་ཁྲག་ལ་བརྟེན། །སྐྱེས་བུ་ཐབས་དང་ལྡན་པ་ཡིས། །རྩ་ལ་གཏར་ན་ཁྲག་འབྱུང་ལྟར། །ལུས་གནས་ཡེ་ཤེས་དེ་བཞིན་ནོ། །ཞེས་སོ། །གནད་དངོས་ནི་ཐལ་འགྱུར་ལས། །ལུས་ནི་སྐུ་གསུམ་བཞུགས་སྟངས་ལས། །རྒྱུན་དུ་འདའ་བར་མི་བྱ་འོ། །ཞེས་པ་དང་། འདས་རྗེས་ལས། གླང་ཆེན་དྲང་སྲོང་བཞུགས་སྟངས་བཅའ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་པས། དང་པོ་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། གདན་གྱི་ཐོག་ཏུ་ཁྱི་ཚུགས་མོར་འདུག་ལ་རྐང་མཐིལ་གཉིས་སྤྲད། པུས་མོ་ཕྱིར་བགྲད་ལ་
ལག་མཐིལ་གཉིས་ས་ལ་བཙུགས་ཏེ་མཐེ་བོང་བཅང་ངོ་། །རོ་སྟོད་སེང་གེ་ལྟར་སེང་ངེ་བ་ལ་མཇིང་པ་ཡུད་ཙམ་གྱེན་དུ་བསྟོད་ལ། སྨིན་ཕྲག་གི་ནམ་མཁའ་ལ་མིག་མི་འགུལ་བར་བལྟའོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། སྟན་ལ་ཁ་སྦུབས་ཏེ་པུས་བྲང་སྦྱར་ལ། གྲུ་མོ་གཉིས་ས་ལ་བཙུགས་ཏེ་ལག་མཐིལ་གཉིས་ཀྱིས་ཨོག་ཀོ་བརྟེན་ལ་སོར་མོ་འགྲམ་པ་ལ་སྦྱར། སྒལ་པ་བསྲང་སྟེ། མིག་ནམ་མཁའ་ལ་ཟུར་གྱིས་ཧྲིག་པོར་བལྟའོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་ནི། སྟན་གྱི་ཐོག་ཏུ་རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག་སྟེ། ལག་པ་གཉིས་མཁལ་ཁུང་ངམ་པུས་མོ་ལ་བསྐོར། སྒལ་ཚིགས་བསྲངས་ཏེ་མིག་ཟིམ་བུར་བར་སྣང་ལ་གཏད་དོ། །དེ་ལྟར་བྱས་པའི་ཡོན་ཏན་ནི། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྦྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བར་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་སོ། །མ་གཟིར་བའི་སྐྱོན་ནི། ཀློང་གསལ་ལས། ལུས་ཀྱི་གནད་ནི་མ་གཟིར་ན། །འབྱུང་ཚད་རླུང་ནི་མི་ཟིན་ཅིང་། །དེ་བཞིན་ལུས་ལ་དྲོད་མི་སྐྱེ། །རིག་པ་དངོས་སུ་སྣང་མི་ནུས། །ཞེས་སོ། །དེ་ལྟར་བཞུགས་སྟངས་བྱས་པ་ལ་དགོས་པ་གཉིས་ཏེ། གནས་སྐབས་དང་། མཐར་ཐུག་གོ ། དང་པོ་ཆོས་སྐུའི་བཞུགས་སྟངས་ཀྱིས་ནང་གི་འབྱུང་བ་རྣམས་ཟད་པར་འགྱུར་ཞིང་། ལོངས་སྐུས་གཡོ་བྱེད་ཀྱི་རླུང་ཟིན་ལ། སྤྲུལ་སྐུས་ལུས་ལ་དྲོད་སྐྱེ་ཞིང་འབྱུང་བ་སྙོམས་པའི་དགོས་པ་ཡོད་དོ། །གཉིས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་དུ་གྲོལ་ཏེ་མྱ་ངན་ལས་འདས་པའི་དགོས་པ་
ཡོད་དོ། །གཉིས་པ་ངག་གི་གནད་གཟིར་བ་ནི། ཀློང་གསལ་ལས། རང་གི་གནད་གཟིར་མཆོག་ཏུ་གཅེས། ཞེས་སོ། །ཇི་ལྟར་གཟིར་བ་ནི། ཐལ་འགྱུར་ལས། ངག་ནི་བསླབ་དང་གནས་པ་དང་། ལ་བཟླ་བ་ཉིད་བསྟན་པར་བྱ། ཞེས་པ་དང་། འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་དང་། གནས་པ་བརྟན་ཞིང་ལ་ཡང་བཟླ། ཞེས་པས། འཁྲུལ་པའི་གཏམ་འགགས་ཤིང་བརྗོད་མེད་ཀྱི་དོན་རྒྱུད་ལ་བསྐྱེད་པའི་ཕྱིར་དང་པོ་སྨྲ་བཅད་ཡུན་ཐུང་བ་ལ་བསླབ། དེ་ནས་རིང་བ་ལ་བསླབ། དེ་ནས་གནས་སྐབས་སུ་ངག་གནས་པའི་རིམ་པ་རང་གི་ཆོས་སྤྱོད་རྣམས་གསལ་པོར་བརྗོད་ཅིང་། གཞན་དང་ཚིག་གཅིག་ཀྱང་མི་སྨྲ་བས་ལུས་ཀྱིས་བརྡ་ཙམ་བྱ། དེ་ནས་བརྗོད་པ་མཐའ་དག་བཀག་ལ་ལྐུགས་པ་ལྟ་བུར་གནས་པར་བྱའོ། །དེའི་ཡོན་ཏན་ནི་ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་རྐྱེན་ཟད་མྱ་ངན་འདའ། །ཞེས་སོ། །དེ་ལྟར་མ་བྱས་པའི་སྐྱོན་ནི་དེ་ཉིད་ལས། ངག་གི་གནད་ནི་མ་གཟིར་ན། །བརྗོད་མེད་དོན་ནི་མི་རྟོགས་ཤིང་། །འཁྲུལ་པའི་གཏམ་གྱིས་དོན་ལ་བསྒྲིབ། །ཅེས་སོ། །དེ་དག་གི་དགོས་པ་ལ་ཡང་གཉིས་ལས། གནས་སྐབས་སུ་འཁྲུལ་གཏམ་དང་ཉོན་མོངས་པ་མི་འཕེལ། མཐར་ཐུག་རིག་པའི་དོན་ལ་མྱུར་དུ་རེག་ཅིང་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཀློང་དུ་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ། །གསུམ་པ་སེམས་ཀྱི་གནད་ནི་རླུང་རིག་གཉིས་ཏེ། རླུང་དལ་བས་དབང་པོ་མདུང་ཚུགས་སུ་མཁའ་ལ་གཏད་པ་ནི། ཀློང་གསལ་ལས། གནད་གཟིར་གཏད་པའི་འབེམ་ཉིད་བཅའ། །ཞེས་ཇི་ལྟར་གཏད་འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་པ་དང་། སེམས་ཉིད་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་དུ་སྣང་། །ཞེས་པ་སྔ་མ་ལས་བཤད་པ་དང་།
ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། ཅེས་པ་དང་། ཡེ་གེ་མེད་པ་ལས། མིག་ནི་ནམ་མཁའི་མཐོངས་སུ་བརྟགས། ཞེས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་མིག་དང་སེམས་མ་ཡེངས་པར་བལྟས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་རིག་པ་སྟོང་གསལ་དུ་འཆར་བའོ། །དེའི་ཡོན་ཏན་ནི་ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་སོ། །མ་གཟིར་བའི་སྐྱོན་ནི་དེ་ཉིད་ལས། སེམས་ཀྱི་གནད་ཉིད་མ་གཟིར་ན། །དབྱིངས་དག་རིག་པ་མི་མཐོང་བས། །ཞེས་པ་དང་། དེ་ལྟར་སེམས་ཀྱི་གནད་མེད་ན། །རིག་པའི་ཡུལ་ལ་ལྡོག་པར་འགྱུར། །ཞེས་སོ། །དེ་ལ་དགོས་པ་གཉིས་ལས། གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་ནུས་ལ། མཐར་ཐུག་ལྷག་མེད་དུ་འཚང་རྒྱའོ། །དེ་ལྟར་མ་བྱས་ན་ཡོན་ཏན་དེ་དག་ལས་ལྡོག་པའི་སྐྱོན་ཡོད་དོ། །གསུམ་པ་ཡེ་ཤེས་གསུམ་གྱི་གསང་ལམ་མཚོན་ཚུལ་ནི། ཀློང་གསལ་ལས། གནད་གསུམ་སྔོན་དུ་མ་གཟིར་ན། །མངོན་སུམ་རང་ཐོག་མི་ཕེབས་ཏེ། །ཡིད་དཔྱོད་འཛིན་དང་ཁྱད་མེད་པས། །གནད་གསུམ་བཙལ་བ་མཆོག་ཏུ་གཅེས། །ཞེས་པ་དང་། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་པ་དང་། འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྟུན་པས།། ཡུལ་ལ་ཡེ་ཤེས་མངོན་དུ་སྣང་། །ཞེས་པས། འདི་ལ་འཆར་བྱེད་སྒོ་ཡི་གནད།། འཆར་གཞི་ཡུལ་གྱི་གནད། །ཇི་ལྟར་འཆར་བ་རླུང་གི་གནད་དང་གསུམ་ལས། དང་པོ་ནི་ཐལ་འགྱུར་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵུ་ཞེས་པའི་སྒོ་ནས་འདོན། །གཉིས་ཀྱི་ཆ་འཛིན་སྣང་བ་སྟོན།
ཁྱད་པར་སྐྱོན་ཡོན་དྭངས་འབྱེད་པའི། །བ་མེན་རྭ་འདྲ་འཁྱིལ་བ་ལས། །ཨ་འབྲས་ཞེས་པ་དཀར་ནག་ཕྱེད། །རིག་ཅིང་གཟུགས་རྣམས་འཛིན་པ་དང་། །ཤེས་པའི་རང་རྩལ་རྫོགས་པར་སྟོན། །འདི་ལས་དངོས་སུ་འབྱུང་བ་སྟེ། །ཞེས་པ་དང་། སྒྲོོན་མ་འབར་བ་ལས། འཆར་བའི་སྒོ་ནི་མིག་གཉིས་དང་། །ཞེས་པས་ཡེ་ཤེས་དངོས་དེ་སྙིང་གི་ནང་ན་བུམ་ནང་གི་མར་མེ་ལྟར་གསལ་བའི་མདངས་རྩ་རྣམས་ཀྱི་ནང་ན་སྒྲོན་མ་བཞིའི་འཆར་གཞིའི་འོད་དང་ཐིག་ལེར་ཡོད་པའི་རང་གདངས། སྙིང་ནས་མིག་ཏུ་རྩ་དར་དཀར་གྱི་སྐུད་པ་ཙམ་གྱི་ནང་ན་ཡར་རྒྱ་སྐར་གྱི་ཉི་ཞུར་ལྟར་འཆར་ཏེ། ཀློང་གསལ་ལས། ཡེ་ཤེས་སྙིང་གི་དཀྱིལ་ན་གནས། །དར་དཀར་སྐུད་པ་ལྟ་བུ་ཡི།། རྩ་ཡི་ལམ་ལ་སྣང་བར་བྱེད། །ཅེས་པ་དང་དེ་ཉིད་ལས། །འཁོར་ལོ་ལྔ་ཡི་དབུས་དག་ན། །རོ་མ་རྐྱང་མ་ཀུན་དྷར་མ། །དབང་པོའི་སྒོ་ལ་ཟུག་པར་གནས། །རྩ་ཡི་གཙོ་བོ་གསུམ་ལས་ནི། །ཡལ་ག་གྲངས་ལས་འདས་པར་གྱེས།།ཐད་སོར་དབང་པོའི་སྒོ་རྟེན་བྱེད། །དེ་ཡིས་ཆོས་ཀུན་སྟོན་པར་བྱེད།། ཁྱད་པར་ཙིཏྟ་ནས་འབྲེལ་བའི། །དར་སྐུད་བ་མེན་རྭ་ཡི་ཁ། །དབང་པོའི་མིག་ལ་ཟུག་པ་སྟེ། །དེ་ནི་ཆོས་ཉིད་ཀུན་གྱི་ལམ། །ཞེས་པས། ཡེ་ཤེས་ཀྱི་ལམ་ཤེལ་སྦུག་ཅན་སྙིང་གའི་དབུས་ན་གནས་པའི་ཡལ་ག་གཉིས་མིག་གཉིས་ལ་ཟུག་པ་དེ་ཡིན་ནོ། །ལམ་དེ་ལས་ཐོན་ནས་སྒོ་མིག་གཉིས་ལ་འཆར་ན། མིག་གི་གནད་ཇི་ལྟ་བུ་ཞེ་ན། དེ་ཉིད་ལས། ཡེ་ཤེས་འཆར་བའི་སྒོ་ནི་མིག །འཆར་གནད་ལྡོག་པ་ཟུར་ལ་མནན། །ཞེས་པ་དང་འདས་རྗེས་ལས། སྒོ་གནད་ལྡོག་ཕབ་ཟུར་ལ་བལྟ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། སྒོ་ཡི་དེ་ཉིད་མ་འགུལ་ན། །རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང་། །ཞེས་པས། ཆོས་སྐུའི་གཟིགས་སྟངས་དྭངས་མ་འདྲེན་བྱེད་གྱེན་ལ་བལྟ་བའམ་
ལོངས་སྐུའི་གཟིགས་སྟངས་གཡས་གཡོན་གྱི་ཟུར་ལ་ཡུད་ཙམ་དལ་ཞིང་སྙོམས་པར་བལྟ་བའམ། སྤྲུལ་སྐུའི་གཟིགས་སྟངས་ཕབ་ལ་ཕྱེད་བཙུམ་རབ་ཏུ་ཟིམ་པས་ཉི་མའི་ངོས་ནས་ཁྲུ་གང་ཙམ་གྱིས་མ་རེག་པའི་སར་བལྟའོ། །དེ་ལྟར་སྒོའི་གནད་འབྱོངས་པའི་རྟགས་སུ། །མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་པའོ།། གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། །ཐལ་འགྱུར་ལས། སྒོ་ནི་སྒྲིབ་བྱེད་བྲལ་བ་ལ། །ནམ་མཁའ་རྐྱེན་བྲལ་ཡུལ་དུ་འདུས། །ཞེས་པ་དང་། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་ལམ་དུ་ུའོ། །ཞེས་པ་དང་འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་པ་དང་། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་པ་དང་ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བལྟ། །འོད་ནི་ཕྲ་ལ་འདྲིལ་བ་འབྱུང་། །ཞེས་པ་དང་སྡུད་པ་ལས། དོན་ནི་གང་ཡིན་ནམ་མཁའ་དག་ལ་བརྟག་པར་བགྱི། །ཞེས་པས། ཡུལ་རྐྱེན་དང་བྲལ་བ་ནམ་མཁའ་སྟོང་པ། །དབང་པོ་རྐྱེན་དང་བྲལ་བ་ཆུའི་སྒྲོན་མ། །གནས་རྐྱེན་དང་བྲལ་བ་དྭངས་ཤིང་མཐོ་ལ་རབ་ཏུ་དབེན་པའི་ཚེ་ན་སྣང་བའོ། །གསུམ་པ་རླུང་རིག་གི་གནད་ནི་ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། ཅེས་པས། འདི་ལ་གཉིས་ལས། རླུང་རིག་གི་གནད་ནི་འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་ལ་བསླབ། །ཅེས་པ་དང་། ཀློང་གསལ་ལས། ཕྱི་ཡི་རླུང་ནི་དལ་ཞིང་སྙོམས། །ཡུད་ཙམ་ཕྱི་རུ་འདུས་པ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་པས། མཆུ་སོ་གཉིས་བག་ཙམ་མ་རེག་པར་བྱ་སྟེ། རླུང་སྣ་ལས་མི་བཏང་བར་ཁ་ལས་དལ་བུས་ཕྱི་རྒྱུ་ནང་རྒྱུ་སྙོམས་ཤིང་ཕྱིར་འཛིན་ཅུང་ཟད་བྱའོ། །དེས་ནི་ཇི་ཙམ་རླུང་གི་འགྲོ་འོང་ཆད་ནས་རྟོག་པའི་འཕྲོ་
འདུ་ཟད་དེ། དབྱིངས་རིག་མི་འགུལ་བར་སྡོད་པའོ། །གཉིས་པ་རིག་པའི་གནད་ནི་ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། །དངོས་སྣང་དལ་བ་ཉིད་ཀྱིས་བརྟེན། །ཞེས་པ་དང་། འདས་རྗེས་ལས། ལུག་རྒྱུད་རིག་པ་བཙོན་དུ་བཟུང་། །ཞེས་པ་དང་། སྒྲོན་མ་འབར་བ་ལས། དབྱིངས་ཀྱི་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞུག་པར་བྱ། །ཞེས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བར། ནང་གི་དབྱིངས་རྣམ་དག་གི་སྒྲོན་མའི་དཀྱིལ་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བྱད་དང་འདྲ་བ་ལྷག་གིས་ཤར་བ་ལ་གཡོ་འགུལ་མེད་པར་གཏད་པའོ། །མདོར་ན་མཁའ་འགྲོ་ལྔའི་རང་བཞིན་འོད་གསལ་བདེ་བ་ཆེན་པོའི་ཞིང་ཁམས་སྔར་མེད་གསར་དུ་ཤར་བ་སྟེ། ཀློང་གསལ་ལས། སངས་རྒྱས་མཁའ་འགྲོའི་ཞིང་ཁམས་སུ། །རྡོ་རྗེ་མཁའ་འགྲོའི་མེ་ལོང་ལ། །རིན་ཆེན་མཁའ་འགྲོས་དེ་སྒོ་ཕྱེ། །སྒོ་ལ་ལས་ཀྱི་ཌཱ་ཀི་བྱོན། །པདྨ་ཌཱ་ཀིས་མངོན་སུམ་བསྟན། །ཞེས་སོ། །ཇི་ལྟར་བསྟན་ན་དེ་ཉིད་ལས། ཡུལ་ལ་སྣང་བའི་མཚན་ཉིད་ནི། །ནམ་མཁའ་སྔོ་སངས་རྫི་མེད་ལ། །འོད་དང་ཁ་དོག་དབྱིབས་ཉིད་དང་། །ཡེ་ཤེས་ལྔ་ཡི་རང་སྣང་སྟོན། །དག་པ་དབྱིངས་ཀྱི་སྒྲོན་མ་ལ། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་ཉིད་དང་ངོ་བོ་ཉིད། །གཉིས་མེད་འདུ་འབྲལ་མེད་པར་སྣང་། །འདི་དུས་ཟད་པའི་མཚན་ཉིད་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་ནོ། །ཞེས་པ་དང་། རིག་པ་ཡེ་ཤེས་ལུ་གུ་རྒྱུད། །ཡེ་ནས་གཞི་ལ་གནས་མེད་ཀྱང་། །བར་དུ་རྐྱེན་མེད་རྐྱེན་གྱིས་གསལ། །ཞེས་པས། ལུ་གུ་རྒྱུད་དབང་པོའི་མངོན་སུམ་དུ་གསལ་བའོ། །འདིར་ཚེའི་དུས་བྱས་ན་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་ལོ་ལྔ་བརྒྱ་ན་བར་དོ་མེད་པར་འཚང་རྒྱའོ། །དེ་ལྟར་གནད་བསྟུན་པའི་ཡོན་ཏན་ནི། འདས་རྗེས་ལས། སྒོ་ཡུལ་
རླུང་གི་གནད་བསྟུན་པས། །ཡུལ་ལ་ཡེ་ཤེས་མངོན་དུ་སྣང་། །ཞེས་སོ། །མ་བསྟུན་པའི་སྐྱོན་ནི་ཀློང་གསལ་ལས། གནད་གསུམ་བསྟུན་པར་མ་བྱས་ན། །རིག་པའི་དོན་ལ་རེག་མི་འགྱུར། །ཞེས་སོ། །དེ་ལ་དགོས་པ་གཉིས་ལས། གནས་སྐབས་སུ་རིག་པའི་ཡེ་ཤེས་དབང་པོའི་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ་ཏེ། ཚེའི་དུས་བྱས་ཀྱང་བདེན་པ་མཐོང་བའི་གནད་ཀྱིས་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་འགྲོ་ལ། མཐར་ཐུག་མངོན་སུམ་གྱི་དོན་ཉམས་སུ་བླངས་པས། སྣང་བ་བཞི་མཐར་ཕྱིན་ནས་ལྷག་མེད་འགྲུབ་པའི་དགོས་པ་ཡོད་དོ། །དེ་ལྟར་མངོན་སུམ་རང་ཐོག་ཏུ་མ་ཕབ་ན་གོང་གི་ཡོན་ཏན་དེ་ལས་ལྡོག་པའི་སྐྱོན་ཡོད་དོ། །གཉིས་པ་དངོས་གཞི་དེ་ཉིད་ངོ་སྤྲོད་པའི་ཚུལ་ནི། ཀློང་གསལ་ལས། ངོ་སྤྲོད་བླ་མས་རྒྱས་པར་གདབ། ཅེས་པས། འདི་ལ་སྐུ་གསུམ་དུ་ངོ་སྤྲད་པ། །དཀོན་མཆོག་གསུམ་དུ་ངོ་སྤྲད་པ། །ལྔ་ཚན་བདུན་དུ་ངོ་སྤྲད་པ་གསུམ་ལས། དང་པོ་ཐལ་འགྱུར་ལས། གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་ནས་བཙལ་མི་དགོས། །ཞེས་པ་སྟེ། ཐོག་མ་ཡེ་ཤེས་ལྔའི་རང་གདངས་ལས་གྲུབ་པས་རང་གི་ལུས་ངག་ཡིད་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ་གསུམ་དུ་ལྷུན་གྱིས་གྲུབ་པས། ད་ཕྱིན་ཆད་ལུས་སྐུ་གསུམ་གྱི་བཞུགས་སྟངས་གསུམ་དང་། ངག་བརྗོད་དུ་མེད་པ་ཆོས་སྐུའི་ངང་དང་། སེམས་སྐྱེ་མེད་བསམ་ཡུལ་ལས་འདས་པའི་དོན་ལས་མི་འདའ་བར་བྱའོ། །ཞེས་སོ། །གཉིས་པ་ཀློང་གསལ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་པས། སེམས་ཉིད་སྤྲོས་པ་དང་བྲལ་བ་མ་འཁྲུལ་པ་གཞིའི་སངས་རྒྱས། བརྗོད་ཚིག་ཡི་གེ་དང་བྲལ་བ་གཉིས་མེད་དོན་གྱི་དམ་ཆོས། རང་ལུས་གཡོ་འགུལ་དང་བྲལ་བ་སྐྱེ་མེད་སྙིང་པོའི་དགེ་འདུན་ཏེ་ཡེ་ནས་ལྷུན་གྲུབ་ཏུ་གནས་སོ། །ཞེས་པའོ། །གསུམ་
པ་ཀློང་གསལ་ལས། སེམས་ཅན་ཀུན་རིག་དྲི་མ་མེད། །ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ། །རྩ་ཁམས་སྐྱེ་མཆེད་སེམས་དཔའི་ཚོགས། །སྲིད་གསུམ་དཀྱིལ་འཁོར་རང་ལུས་རྫོགས། །ཞེས་པས། སྔར་བསྟན་པའི་གཞི་གནས་ཀྱི་ཡེ་ཤེས་ཞི་ཁྲོའི་གདངས་དང་བཅས་པ་ངོ་སྤྲད་ལ། ཁྱད་པར་དུ་དེ་ཉིད་ལས། རང་བྱུང་རིག་པའི་རང་རྩལ་ལས། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །རིགས་ལྔ་འོད་ལྔ་རླུང་ནི་ལྔ། །ཤེས་རབ་ལྔ་ལ་སོགས་པར་གནས། །ཞེས་པས། དང་པོ་སྐུ་ལྔ་ནི་ཀློང་གསལ་ལས། རང་གི་རིག་རྩལ་སྐུ་ལྔར་ཤར། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་མཐའ་དོན་ཡོད་གྲུབ་པར་ཤར། །ཞེས་པས། ཙིཏྟ་རིན་པོ་ཆེའི་སྦུབས་ན་ཐིག་ལེ་ཡེ་ཤེས་ས་བོན་གྱི་ཆ་ཙམ་ལས། ངོ་བོ་ཀ་དག་དྲི་མེད་དེའི་མདངས་སྐུ་དང་ཡེ་ཤེས་དབྱེར་མེད་དུ་བུམ་ནང་གི་མར་མེ་ལྟར་གསལ་ཆའི་འོད་གདངས་ནམ་མཁའི་མཐོངས་སུ། འོད་དང་ཐིག་ལེ་རྡོ་རྗེ་ལུ་གུ་རྒྱུད་གསལ་ལ་ཕྲ་བ་སྣང་བ་འདི་སྐུ་ལྔར་མཚོན་ན། རིག་པའི་ཡེ་ཤེས་རྣམ་པ་ཐམས་ཅད་དུ་འོད་གསལ་ཆེན་པོར་སྣང་བ་འདི་རྣམ་སྣང་གི་སྐུ། དེར་སྣང་གི་འཛིན་པ་མེད་པ་ནི་ལམ། མཐར་ཐུག་གོམས་པས་རྣམ་སྣང་དུ་འགྲུབ་པ་ནི་འབྲས་བུའོ། །འོད་གསལ་འཕོ་འགྱུར་མེད་པ་མི་བསྐྱོད་རྡོ་རྗེའི་སྐུ། དེ་གསལ་ལ་མི་རྟོག་པ་ལམ། དེ་མཐར་ཕྱིན་ནས་དེར་སངས་རྒྱས་པ་འབྲས་བུའོ། །འོད་གསལ་འཕེལ་ཆ་དང་བཅས་པ་དེ་རིན་ཆེན་འབྱུང་ལྡན་གྱི་སྐུ། དེར་འཛིན་མེད་པ་ལམ། དེར་གྲུབ་དུས་འབྲས་བུའོ། །སྟོང་གསལ་གྱི་སྣང་བ་ཚད་མེད་པས་སྣང་བ་མཐའ་ཡས་ཀྱི་སྐུ། དེར་འཛིན་བྲལ་བ་ལམ། དེར་གྲུབ་པ་འབྲས་བུའོ། །འོད་ལྔ་ལྷུན་གྲུབ་ཀྱི་སྣང་བ་དོན་ཡོད་གྲུབ་པའི་སྐུ། དེར་འཛིན་མེད་པ་ལམ། དེ་མཐར་ཕྱིན་ནས་དོན་ཡོད་གྲུབ་པའི་སྐུ་ཐོབ་པ་འབྲས་བུའོ། །རིག་པ་ཡེ་ཤེས་ལྔར་གནས་ཏེ། ཐལ་འགྱུར་ལས། མེ་ལོང་མཉམ་ཉིད་
སོ་སོར་རྟོགས། བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་སོ། །ཞེས་པས། ཐོག་མ་འཁོར་འདས་གཉིས་གང་དུའང་མ་ཕྱེ་བའི་གོང་རོལ་ན། རིག་པའི་ཡེ་ཤེས་དེའི་ངོ་བོ་ལ་དྲི་མ་མེད་ཅིང་འོད་གསལ་བས་མེ་ལོང་ཡེ་ཤེས། དབང་པོའི་ཡུལ་དུ་འོད་གསལ་གྱི་དོན་ལ་མ་ཡེངས་པར་སལ་ལི་སིང་ངེ་བསྒོམས་པ་ལམ། དེ་མཐར་ཕྱིན་པ་འབྲས་བུའོ། །དེ་ལྟ་བུའི་ཡེ་ཤེས་འོད་ལྔ་གསལ་བའི་ངོ་བོ་ཉིད་གང་དུའང་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་ཉིད་ཀྱི་སྣང་བ་ཕྱོགས་ལྷུང་མེད་པར་བསྒོམས་པ་ལམ། དེ་མཐར་ཕྱིན་པ་འབྲས་བུའོ། །འོད་གསལ་བའི་ངོ་བོ་མཉམ་པ་ཉིད་ལ་བློའི་བྱེ་བྲག་སོ་སོར་འཆར་བས་སོ་སོར་རྟོག་པའི་ཡེ་ཤེས། དེའི་གསལ་ཆ་སྣ་ཚོགས་སུ་སྣང་བ་འཛིན་མེད་དུ་བསྒོམས་པ་ལམ། དེ་མཐར་ཕྱིན་པ་འབྲས་བུའོ། །དེ་ལྟར་ཤར་བ་ཉིད་མ་བཅོལ་ལྷུན་གྱིས་གྲུབ་པ་བྱ་གྲུབ་ཡེ་ཤེས། དེ་ཉིད་ཀྱི་དོན་ལ་བསྐལ་པ་མང་པོར་དཀའ་ཐུབ་མི་དགོས་པས་ཅིག་ཅར་བསྒོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །དེ་ཐམས་ཅད་ཡེ་སྟོང་རྩ་བ་དང་བྲལ་བས་ཆོས་དབྱིངས་ཡེ་ཤེས། དེའི་ངང་ལ་བསྒོམས་མི་བསྒོམ་དང་བྲལ་བ་ལམ། མཐར་ཕྱིན་པ་འབྲས་བུའོ། །ཡང་རིགས་ལྔར་གནས་ཏེ། རང་ཤར་ལས། དེ་བཞིན་གཤེགས་པའི་རིགས་དང་ནི། །རྡོ་རྗེ་དང་ནི་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །ཞེས་པས། འོད་གསལ་སྣང་སྟོང་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས། དེ་བཞིན་གཤེགས་པའི་རིགས། འཕོ་འགྱུར་མེད་པས་རྡོ་རྗེའི་རིགས། ཡོན་ཏན་འབྱུང་བས་རིན་པོ་ཆེའི་རིགས། སྐྱོན་གྱིས་མ་གོས་པས་པདྨའི་རིགས། དེ་ཉིད་གོམས་ན་ལྷག་མེད་འགྲུབ་པས་ལས་ཀྱི་རིགས་ཏེ་བཞི། དེའི་ངང་ལ་གོམས་པ་ལ། མཐར་ཕྱིན་པ་འབྲས་བུའོ། །འོད་ལྔར་ཡང་གནས་ཏེ། ཀློང་གསལ་ལས། རིག་པའི་ཡོན་ཏན་འོད་ལྔར་གསལ། །ཞེས་པས། འོད་གསལ་དྲི་མ་མེད་པ་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། མ་བཙལ་བཞག་པས་དམར་པོ། བྱ་བ་རྩལ་རྫོགས་པས་ལྗང་གུ །མི་འགྱུར་བརྟན་པས་མཐིང་ག་སྟེ་གཞི། དེའི་ངང་ལ་གནས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །
རླུང་ལྔར་ཡང་གནས་ཏེ་རང་ཤར་ལས། རིག་པ་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པ་འོ། །ཞེས་པས། འོད་གསལ་གྱི་སྣང་བ་འདི་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་དང་མཉམ་པའི་རླུང་། འཁོར་འདས་ཀྱི་སྲོག་ཡིན་པས་སྲོག་འཛིན་པའི་རླུང་དྭངས་སྙིགས་འབྱེད་པས་དྭངས་སྙིགས་འབྱེད་པའི་རླུང་། །ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་བསྐྱེལ་བས། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྟེ་གཞི། དེ་ཉིད་གོམས་པས་ལམ། མཐར་ཕྱིན་པས་འབྲས་བུའོ། །འོད་གསལ་འདི་རྟོགས་ན་མྱང་འདས། མ་རྟོགས་ན་འཁོར་བའི་སྲོག་འཛིན་ཏོ། །དེ་ཉིད་ལ་ལེགས་པར་གོམས་པས་འཁོར་བ་དང་། དངས་སྙིགས་འབྱེད་དོ། །དག་མ་དག་ཐམས་ཅད་ལ་འོད་ལྔས་ཁྱབ་པའོ། །ཤེས་རབ་ལྔར་ཡང་གནས་ཏེ། སྔ་མ་ལས། དེ་ཡང་རིག་པའི་ངོ་བོ་ལ། ཤེས་རབ་རྣམ་པ་ལྔ་དང་ལྡན། ཞེས་པས། འོད་གསལ་འདི་རྟོགས་མ་རྟོགས་ལས་འཁོར་འདས་སུ་འབྱེད་པས་འབྱེད་པའི་ཤེས་རབ། ཡེ་ཤེས་སུ་སྡུད་པས་སྡུད་པའི་ཤེས་རབ། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ། གསལ་ཆ་འགྲོ་འོང་དང་བཅས་པས་བསྐྱོད་པའི་ཤེས་རབ། དེ་ཉིད་རྟོགས་ན་འཁོར་བ་ལས་སྒྲོལ་བས་སྒྲོལ་བའི་ཤེས་རབ་སྟེ་གཞི། དེ་ཉིད་གོམས་པས་ལམ། མཐར་ཕྱིན་པ་འབྲས་བུའོ། །མཁའ་འགྲོ་ལྔར་ཡང་གནས་ཏེ། ཀློང་གསལ་ལས། སྟོང་གསལ་རིག་པའི་ཡེ་ཤེས་ནི། །མཁའ་འགྲོ་རྣམ་པ་ལྔར་གནས་སོ། །ཞེས་པས། འོད་མཐིང་གས་སངས་རྒྱས་མཁའ་འགྲོའི་ཞལ་མཐོང་། ཉོན་མོངས་པ་གཏི་མུག་དག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་རེག་གོ །དེ་བཞིན་དུ་དཀར་པོས་རྡོ་རྗེ་མཁའ་འགྲོ །ཞེ་སྡང་དག །མེ་ལོང་ཡེ་ཤེས་ལ་རེག་གོ ། སེར་པོས་རིན་ཆེན་མཁའ་འགྲོ། །ང་རྒྱལ་དག །མཉམ་ཉིད་ཡེ་ཤེས་ལ་རེག་གོ ། དམར་པོས་པདྨ་མཁའ་འགྲོ། འདོད་
ཆགས་དག །ཀུན་རྟོག་ཡེ་ཤེས་ལ་རེག་གོ ། ལྗང་གུས་བྱ་གྲུབ་ཡེ་ཤེས་ལ་རེག །ལས་ཀྱི་མཁའ་འགྲོ་མཐོང་། ཕྲག་དོག་དག་པ་རྣམས་གཞི། དེ་དག་ལ་གོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །མདོར་ན་དབྱིངས་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་ཡིན་ལ། ཀ་དག་རྣམ་པར་དག །རིག་པའི་རང་བཞིན་འོད་གསལ་བ་ཐོབ་སྟེ། ལྷུན་གྲུབ་ཀྱི་ངོ་བོར་སྣང་སྟོང་འདུ་འབྲལ་མེད་པ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་སོ། །དེ་ལྟར་སྣང་བ་དེ་ཡང་ཀུན་རྫོབ་འདུས་བྱས་འཇིག་པའི་ཆོས་སུ་མེད་དེ། ཐལ་འགྱུར་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལ། །སུས་ཀྱང་བྱས་པ་མ་ཡིན་པས། །དེས་ན་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །མངོན་སུམ་བསྟན་པའི་སྐལ་ལྡན་ལ། ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །དེ་ལྟར་སྣང་བའི་འོད་གསལ་འདི་དག་འཇིག་རྟེན་གྱི་མིག་འཕྲུལ་རྣམ་པར་སྣང་བ་ལྟ་བུ་མ་ཡིན་ཏེ། སྒྲོན་མ་སྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་གོམས་པས་བྱུང་བ་མིན། །ཡེ་ཉིད་ནས་ནི་གཞི་གནས་པའོ། །དེ་ལྟར་གདེང་ཚུད་རྣལ་འབྱོར་དེ། །ཤར་བས་དགའ་བའི་སེམས་མེད་དེ། །འདུག་ཚུལ་དེ་ལྟར་ཡེ་ནས་ཡིན། །རིག་དང་སྒྲོན་མའི་སྣང་བ་ལ། །ས་ཆུ་མེ་རླུང་འབྱུང་བའི་དགྲས། །དེ་ཉིད་བཤིག་པར་ནུས་པ་མིན། །ལུང་དུ་མ་བསྟན་གང་ཟག་གིས། །གསལ་བའི་མེ་ལོང་སྟོང་དག་གམ། །མིག་སྟོང་དག་གིས་བལྟས་གྱུར་ཀྱང་། །དེ་ཉིད་མཐོང་བ་མ་ཡིན་ནོ། །གྲུབ་པའི་མཐའ་དང་ལྟ་སྒོམ་གྱིས། །དེ་ཉིད་དཔྱད་ཀྱང་རྙེད་པ་མིན། །ཕྱྭ་དང་དབང་ཕྱུག་གིས་མ་བྱས། །འཇིག་རྟེན་ལྟར་སྣང་འཁྲུལ་བ་མིན། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །དེ་ཉིད་ཡེ་ནས་
སྒྲིབ་པ་མིན། །རང་སྣང་རང་ལ་ཤར་བ་དང་། །ཤེས་རབ་ཀྱི་ཀྱང་དཔྱད་དུ་མེད། །རྒྱུད་ལུང་མན་ངག་རྣམས་ཀྱིས་ནི། །དེ་ཉིད་བརྟགས་ཀྱང་མཐོང་བ་མིན། །དམྱལ་བ་བྱོལ་སོང་ཡི་དྭགས་དང་། །རིགས་དྲུག་སྣང་བ་དེ་རང་ཉིད། །ཆེད་དུ་བསྒྲུབ་པ་མ་ཡིན་ཏེ། །ཡེ་ནས་དེ་ལྟར་ཤར་ནས་ཡོད། །སྐྱེས་བུས་རྩོལ་བས་བྱུང་བ་མིན། །དཀྱིལ་འཁོར་དེ་ཡིན་ལྷ་དེ་རང་། །སྔགས་དང་ཕྱག་རྒྱ་མཆོད་པ་དེ། །བསྐྱེད་དང་རྫོགས་པའི་རིམ་པ་དེ། །སངས་རྒྱས་སེམས་ཅན་འཁོར་འདས་ཡིན། །དབང་དང་སྡོམ་པ་དམ་ཚིག་ཡིན། །རང་གི་བླ་མ་ལྷ་ཡང་ངོ་། །ཞེས་པས། ཡེ་ནས་མ་བྱས་ཤིང་རང་ཤར་ཆེན་པོ་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་པས་སྒོམ་པ་ལ་བརྩོན་པར་མཛོད་ཅིག་ཅེས་བརྗོད་དོ། །གསུམ་པ་དེ་ཉིད་རྣལ་འབྱོར་བཞིས་ཉམས་སུ་བླང་བ་ནི། དེ་ཉིད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་པས། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་ལས། དང་པོ་ལ་དྲུག་ལས། དང་པོ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །དེའང་ངོ་བོ་ནི་ལྟ་སྟངས་ལ་གནས་དུས་སྟོང་ཉིད་སྤྲོས་པ་དང་བྲལ་བའོ། །རང་བཞིན་ནི་སྟོང་པའི་རང་མདངས་མ་འགགས་པར་འོད་དུ་གསལ་བའོ། །ཐུགས་རྗེ་ནི་གང་ཤར་གྱི་རྟོག་པ་རང་སར་གྲོལ་བ་སྟེ། ཐལ་འགྱུར་ལས། ལྟ་བའི་ངོ་བོ་མཐོང་བ་ལ། །ཡིད་དཔྱོད་ཚིག་གིས་འགྱུས་པ་མེད། །ཅེས་སོ། །གཉིས་པ་རྟོགས་ཚུལ་ནི། ཕྱི་ནང་གསང་བ་གསུམ་ལས། ཕྱི་ཚོགས་དྲུག་གིས་བསྡུས་པའི་ཡུལ་སྣང་ཕྲ་རགས་ལ་བལྟས་པས། སྣང་ལ་རང་བཞིན་མེད་པ་རྒྱ་མཚོ་ནང་གི་གཟའ་སྐར་ཤར་བ་ལྟར་མཐོང་ཞིང་རྟོགས། ནང་ཆོས་ཉིད་སྟོང་པའི་ངོ་བོ་ལ་བལྟས་པས་ཐམས་ཅད་རང་བཞིན་མེད་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟར་མཐོང་ཞིང་རྟོགས། གསང་བ་རེག་པ་ལ་བལྟས་པས་ཡིད་
དཔྱོད་ཚིག་ཕྱིར་མ་ལུས་པར་དབང་པོས་མངོན་སུམ་དུ་མཐོང་ཞིང་རྟོགས་པ་སྟེ། ཀློང་གསལ་ལས། ཕྱི་ནང་གསང་བ་ཐམས་ཅད་ཀྱང་། ངོ་བོ་ཉིད་ནི་མཐོང་ཞིང་རྟོགས། ཞེས་སོ། །གསུམ་པ་ངེས་ཚིག་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དབང་པོས་མངོན་སུམ་དུ་མཐོང་བ་ལ་བལྟས་པས་ལྟ་བ་ཞེས་བྱ་སྟེ། ཐལ་འགྱུར་ལས། ཆོས་ཉིད་དབང་པོས་མངོན་མཐོང་བས། ལྟ་བ་ཞེས་ནི་དེ་ལ་བྱ། ཞེས་པ་དང་། སྒྲོན་མ་སྣང་བྱེད་ལས། ཡུལ་ལ་སྣང་བས་དེ་ཉིད་ཤར། །དེ་ཕྱིར་ལྟ་བ་མིག་དང་འབྲེལ། །ཞེས་སོ། །བཞི་པ་དབྱེ་བ་ནི། ཆོས་ཅན་སྤྱིའི་ལྟ་བ་དང་། ཆོས་ཉིད་རང་གི་ལྟ་བ་གཉིས་ཏེ། དེ་ཉིད་ལས། ལྟ་བ་རྣམ་པ་གཉིས་ཡིན་ཏེ། །ཆོས་ཅན་ལྟ་དང་ཆོས་ཉིད་ལྟ། །ཨ་ནུ་མན་ཆད་རང་འདོད་པས། །ཆོས་ཅན་དོན་ལ་བལྟས་བལྟས་ནས། །ཆོས་ཉིད་དོན་ལ་རྡུལ་རེག་མེད། །ཨ་ཏི་རྣམ་པ་ཁ་ཅིག་གིས། །འདི་ཉིད་ཕྱོགས་ཙམ་མཐོང་བ་མེད། །རྫོགས་པ་ཆེན་པོ་ཐིག་ལེའི་སྐོར། །ཕྱི་དང་ནང་དང་གསང་བས་ཀྱང་། །འདི་ཉིད་དོན་ལ་རེག་པ་མེད། །དེ་ཕྱིར་གསང་ཆེན་མན་ངག་འདི། །ལྟ་ཉིད་ཤིན་ཏུ་གསང་བ་འོ། །བྱས་པ་མེད་པའི་ལྟ་བ་ལ། །ལྟ་བྱེད་མེད་པའི་མིག་གིས་མཐོང་། །ཞེས་པས། སྤྱིའི་ལྟ་བ་ཐེག་པ་རིམ་པ་དགུའི་གྲུབ་མཐའ་མི་འདྲ་བ་རྣམས་ཏེ། ཀློང་གསལ་ལས། རིམ་དགུ་སོ་སོའི་འདོད་པ་ལ། །ཡིད་དཔྱོད་འཛིན་པ་ཉིད་དུ་འདོད། །ཅེས་སོ། །རང་གི་ལྟ་བ་ནི་གོང་དུ་ཕྱི་ནང་གསང་བ་གསུམ་དུ་བསྟན་པ་དེའོ། །ལྔ་པ་ཉམས་སུ་བླང་ཚུལ་ནི་ཕྱི་ཡུལ་གྱི་སྣང་བ་ལ་བལྟས་པས། ཐམས་ཅད་རྨི་ལམ་སྒྱུ་མར་མཐོང་ནས་འཁྲུལ་པ་མ་སྤངས་གནས་སུ་དག་ནས་ཉོན་མོངས་པ་རང་སར་གྲོལ་བའོ། །ནང་འགྱུ་བྱེད་དྲན་པའི་སེམས་ལ་ཁྲེགས་ཆོད་ལྟར་བལྟས་པས། རྟོག་པ་སྣ་ཚོགས་བར་སྣང་གི་ན་བུན་ལྟར་རང་ཡལ་དུ་སོང་བའོ། །དེ་སྐད་དུ་ཉི་ཟླ་ཁ་
སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་གང་གོམས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཚོགས་དྲུག་མ་འགགས་རང་སར་ཤར། །ཞེས་པ་དང་། ཀློང་གསལ་ལས། འགྱུ་བྱེད་ཉིད་ལ་ཚུར་བལྟས་པས། །མ་སྤངས་རང་གྲོལ་སེར་བུ་འདྲ། །ཞེས་སོ། །གསང་བའི་འོད་གསལ་ལ་བལྟས་པས་ཆོས་ཅན་དང་ཆོས་ཉིད་སྐྱེ་མེད་བློ་འདས་ཀྱི་ངང་དུ་འཇོག་པའི་འཛིན་པ་ཙམ་ཡང་མེད་དེ། ཡི་གེ་མེད་པ་ལས། ལྟ་བ་མེད་པས་དེ་ལ་བལྟ་རྒྱུ་མེད། །ལྟ་བ་བྱར་མེད་ངང་དུ་ཤེས་པར་བྱ། །དེ་ལྟར་གཉིས་མེད་ལྟ་བའི་དོན་རྟོགས་ན། །ལྟ་བའི་དོན་ལ་བལྟ་བ་རང་གིས་མེད། །དེ་ཡོད་མ་ཡིན་མེད་པ་མ་ཡིན་པས། །འོད་གསལ་དེ་ཉིད་ངང་དུ་གནས་པར་བྱ། །ཞེས་པ་དང་རང་ཤར་ལས། གནས་ནི་ཙིཏྟའི་དཀྱིལ་དུ་གནས། །ལམ་ནི་འབྲི་གུ་ཏ་ནས་བྱུང་། །ཡུལ་ནི་ནམ་མཁའ་སྟོང་པ་འོ། །རྟོག་མེད་གསལ་བའི་ངོ་བོ་ལ། །འཛིན་པའི་རྣམ་རྟོག་ངང་གིས་མེད། །འཛིན་མེད་རང་གསལ་དེ་བཞིན་ནོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། སངས་རྒྱས་ཀུན་གྱི་ལྟ་ཕུགས་ནི། །དབྱིངས་རིག་གཉིས་ལས་མ་འདས་སོ། །ཞེས་སོ། །དྲུག་པ་ལྟ་བའི་ཚད་ནི། བྱ་བྲལ་ཡོངས་རྫོགས་ཀྱི་ལྟ་བ་ཞེས་བྱ་སྟེ། བརྩོན་འགྲུས་རབ་ཚེ་འདིར་ལྷག་མེད་དུ་སངས་རྒྱའོ། །འབྲིང་བར་དོ། ཐ་མ་སྤྲུལ་སྐུའི་ཞིང་དུ་སངས་རྒྱས་ཏེ། ཉི་ཟླ་ཁ་སྦྱོར་ལས། རབ་ལ་སྐྱེ་གཉིས་མི་དགོས་ཏེ། །འབྲིང་རྣམས་སྐྱེ་གཉིས་མཚམས་སུ་འོ། །ཐ་མ་རྣམས་ནི་དབུགས་ཕྱུང་སྟེ། །སྤྲུལ་པ་པོས་ནི་རང་རྒྱུད་གྲོལ། །ཅེས་སོ། །ཐེག་པ་གཞན་དག་གིས་འདིའི་དོན་མི་མཐོང་ལ། འདིའི་རྣལ་འབྱོར་པས་ཐམས་ཅད་མཐོང་ཞིང་གྲོལ་ཏེ། སྒྲོན་མ་སྣང་བྱེད་ལས། དཔེར་ན་རི་རྒྱལ་རྩེར་ཕྱིན་ན། །
དམའ་བའི་ལུང་རྣམས་མཐོང་བ་བཞིན། །འོག་མའི་རྒྱུད་དོན་ཇི་བཞིན་མཐོང་། །འོག་མས་གོང་མ་མཐོང་བ་མེད། །ཅེས་སོ། །གཉིས་པ་སྒོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ལའང་དྲུག་ལས། དང་པོ་ངོ་བོ་ནི། ལྟ་བའི་དོན་དེ་བཞིན་ཉིད་ཆེན་པོ་ལ་རྒྱུན་དུ་གནས་པ་སྟེ། དེ་ཉིད་ལས། རྒྱུན་དུ་གནས་པས་ཤར་བའོ། །དེ་ཕྱིར་སྒོམ་པ་ཉིད་དང་འབྲེལ། །ཞེས་སོ། །དེའང་མཉམ་གཞག་ཏུ་གསལ་སྟོང་འཛིན་པ་མེད་པའི་དོན་ལ་སྒོམ་ཞིང་རྗེས་ཐོབ་ཏུ་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱེད་པའོ། །གཉིས་པ་ངེས་ཚིག་ནི། བསམ་གཏན་ལ་བློ་གནས་པ་སྟེ། ཀློང་གསལ་ལས། ངེས་ཚིག་སྒོམ་པ་གནས་པ་འོ། །ཞེས་པའོ། །གསུམ་པ་མཚན་ཉིད་ནི་ལྟ་བའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྟེ། སྔ་མ་ལས། ལྟ་བ་དེ་ཉིད་དོན་ལ་བསྒོམ་ཞེས་བྱ། །ཞེས་སོ། །བཞི་པ་དབྱེ་བ་ནི་ཐབས་ཤེས་རབ་ཟུང་འཇུག་གསུམ་ལས། འདིར་ཟུང་འཇུག་སྟེ། ཀློང་གསལ་ལས། ཟུང་འཇུག་སྒོམ་པ་མཆོག་ཏུ་ཟབ། །ཅེས་སོ། །ལྔ་པ་སྒོམ་ཚུལ་ནི་དེ་ཉིད་ལས། ལེ་ལོ་སྙོམས་ལས་རབ་སྤངས་ལ། །རྒྱུད་དུ་སྒོམ་ལ་གནས་པར་བྱ། །ཞེས་སོ། །དྲུག་པ་ཉམས་སུ་བླང་ཚུལ་ལ་གཉིས་ལས། སྤྲོས་པ་ཅན་ལ་ཐུན་བཞིའི་རྣལ་འབྱོར་ཏེ། སྔ་དྲོ་ཕྱི་དྲོ་སྲོད་ཐོ་རེངས་སོ། །དེའང་ནམ་ལངས་ནས་ཉི་མ་རྩེ་ཤར་གྱི་བར་ལ་ཁ་ཏོན་དང་དཔེ་ལྟ་བ་ལ་སོགས་པའོ། །ཉི་མ་ཤར་ནས་གུང་གི་བར་ཐོད་རྒལ་བསྒོམ་ཞིང་གུང་ལ་ཕྱག་དང་བསྐོར་བ་ལ་སོགས་པ་བྱ། ཕྱི་དྲོ་ཐོད་རྒལ་བསྒོམ་ཞིང་། དགོངས་མོ་གཏོར་མ་ཆོས་སྤྱོད་ཀྱི་རིམ་པ་རྣམས་བྱ། སྲོད་ཐུན་དང་པོོ་ལ་འཆི་བ་མི་རྟག་པ་བསྒོམ། བར་པ་ལ་བསྐྱེད་རིམ་དང་བཟླས་བརྗོད་བྱ། གུང་ཐུན་ལ་གཉིད་ལོག་གོ །ཐོ་རངས་དང་པོ་ལ་བླ་མ་ལ་གསོལ་བ་གདབ། བར་པ་ལ་ཁྲེགས་ཆོད་བསྒོམ། ཐ་མ་ལ་བདེ་སྟོང་དང་གཏུམ་མོ་བསྒོམ། ཐུན་མགོ་ཐམས་ཅད་ལ་སེམས་བསྐྱེད་
དང་། ཐུན་དངོས་མི་དམིགས་པ་དང་། ཐུན་མཇུག་བསྔོ་བ་བྱ་སྟེ། ཀློང་གསལ་ལས། དགེ་སྦྱོར་སྲང་དུ་འཇུག་པའི་ཕྱིར། །ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ། །ཅེས་སོ། །གཉིས་པ་སྤྲོས་པ་མེད་པའི་གང་ཟག་གིས་ཉིན་མཚན་དུ་ཁྲེགས་ཆོད་ཐོད་རྒལ་གཉིས་ལས་མི་འདའ་བར་བྱ་སྟེ། སྒྲོན་མ་སྣང་བྱེད་ལས། བསྒོམ་པའི་མན་ངག་རིམ་ལྟ་བུ། །ཉིན་མཚན་ཁ་སྦྱར་རིམ་ཐེབས་བཞིན། །ཞེས་པས། ཉིན་དུས་འོད་གསལ་གྱི་དོན་ལ་བསླབ་སྟེ། ཐོག་མར་སྦྲུལ་སྐུའི་གཟིགས་སྟངས་ཀྱི་ཉི་མ་ནས་ཁྲུ་གང་གི་བར་ལ་གཏད་ལ་མིག་མི་འགུལ་བས། དབྱིངས་རྣམ་དག་གི་སྒྲོན་མ་འཇའ་ཚོན་སྣང་བའི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་ཐིག་ལེ་ཕུབ་སྒོར་ལྟ་བུར་བཞག་པའི་ནང་ན་རྡོ་རྗེ་ལུ་གུ་རྒྱུད་འོང་བར་བྱས་ལ། དར་ཅིག་བལྟས་ནས་ལོངས་སྐུའི་གཟིགས་སྟངས་ཀྱིས་ཟུར་ནས་ཉི་མ་དང་ཁད་ཀྱིས་ཕྲལ་ལ་གཡས་ཕྱོགས་སུ་གཏད་དེ་བལྟའོ། །དེ་ནས་ཆོས་སྐུའི་གཟིགས་སྟངས་ཀྱི་སྟེང་དང་། གཞན་གཉིས་པོས་ཐུར་དང་ཐད་སོར་གང་མོས་ཀྱིས་གཏད་དེ་བལྟས་པས། དབྱིངས་ཀྱི་སྣང་བ་ཁ་དོག་ལྔ་ལྡན་ཁྲུ་གང་ཙམ་དུ་མཐོང་ཞིང་། སྒྲོན་མའི་སྣང་བ་ཐིག་ལེ་ཟླུམ་ཁྲིགས་སུ་མཐོང་ཞིང་། རིག་པའི་སྣང་བ་ལུ་གུ་རྒྱུད་ཕྲ་ལ་འགྱུར་བར་མཐོང་ངོ་། །དེ་ལྟར་བལྟས་ཀྱང་དབྱིངས་དང་ཐིག་ལེ་མ་མཐོང་ན་མིག་གཉིས་མཉམ་པར་བལྟ་བ་གནད་ཡིན་ནོ། །མཐོང་ནས་ཟུར་ལ་ཁྲིད་པར་བྱའོ། །དེ་ལྟར་བལྟ་ལུགས་གང་བྱེད་ཀྱང་སྟེང་དུ་སེང་གེ་ལྟར་གྱེན་ལ་ལྡོག །ཐད་ཀར་རི་བོང་ལྟར་ཧར་པོར་གཏད། ཟུར་ལ་མདའ་བསྲང་བ་ལྟར་དྲང་པོར་བལྟ། དེ་ལས་ཅུང་ཟད་ཐུར་དུ་གླང་པོ་ལྟར་བལྟ་བ་སྟེ། སྔ་མ་ལས། སེང་གེ་གླང་དང་རི་བོང་དང་། །མདའ་བསྲང་ལྟ་བུའི་ལྟ་སྟངས་བཞི། །ཉིན་དུས་རྣལ་འབྱོར་པ་ཡིས་བལྟ། ཞེས་སོ། །མཚན་
མོའི་སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི། ལྟེ་བ་པདྨ་དམར་པོ་འདབ་མ་བཞིའི་སྟེང་དུ་ཨ་ཐུང་དམར་པོ་ཚ་བ་ལས་མེ་འབར་བས་དབུ་མ་ནས་ཡར་འོང་སྟེ། སྤྱི་བོའི་ཧཾ་ལ་ཕོག་པས་ཐིག་ལེ་འཐིགས་པས་མེའི་གསོས་བྱས་ཏེ་འབར་བས་ལས་དང་བག་ཆགས་བསྲེགས། བདེ་བ་རྒྱས་ནས་བདེ་སྟོང་གི་ངང་ལ་བཞག་གོ །གུང་ལ་ཤེས་བྱ་བུམ་པར་བསྡུ་བ་ནི། སྔ་མ་ལས། མཚན་དུས་ཤེས་བྱ་བུམ་པར་གཞུག །ཤེས་པ་ཉིད་ནི་སྙིང་ལ་བསྡུ། །སྒྲོན་མ་ཙིཏྟའི་དཀྱིལ་དུ་བརྟེན། །ཐིག་ལེ་རྩ་ཡི་ནང་དུ་སྦ། །དེས་ནི་ཡེ་ཤེས་ནང་ན་གསལ། །ཞེས་པས། སྙིང་གི་ནང་དུ་ཨ་དཀར་པོ་འཚེར་བ་ཞིག །ཚངས་པའི་བུ་གར་ཨ་དཀར་པོ་གཅིག །དེ་གཉིས་ཀྱི་བར་ཨ་བ་དྷཱུ་ཏིའི་ནང་ན་ཨ་ཕྲ་མོ་ཕྲེང་བ་བརྒྱུས་པ་ལྟ་བུ་གཅིག་ཐིམ་གཉིས་ཐིམ་ལ། སྙིང་གར་འོད་གསལ་གྱི་ངང་ནས་འོད་ཟེར་རྩའི་ནང་ན་རྒྱ་སྐར་གྱི་ཉི་ཞུར་ལྟར་གསལ་བར་བསྒོམ་པ་ནི་གཉིད་འོད་གསལ་གྱི་སྦུབས་སུ་སྦའོ། །ཐོ་རངས་རིག་པ་རང་གསལ་དུ་གཏོད་པ་ནི། ཐོ་རངས་ལངས་ཏེ་ཧ་ཞེས་དབུགས་རིང་བ་གསུམ་བུས་ལ། སེང་གེའི་འདུག་སྟངས་ཀྱིས་སྤྱི་གཙུག་གི་ནམ་མཁའ་གཞུ་གང་ཙམ་ན་སྙིང་གའི་ཨ་ལས་ཨ་དཀར་པོ་གཅིག་མཆེད་དེ་ལིང་ངེ་འདུག་པ་ལ་སེམས་བཟུང་ལ་བསྒོམ་པས། གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གདོད་མའི་ཀ་དག་གི་གནས་ལུགས་ཤེས་པར་འགྱུར་རོ། །དེའང་སྲོད་ལ་དྲང་སྲོང་། གུང་ལ་སེང་གེ །ཐོ་རངས་ཆོས་སྐུའི་འདུག་སྟངས་གསུམ་བྱའོ། །དེ་ནི་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱའོ། །དེ་ལྟར་སྟོང་གསལ་ཉིན་མཚན་དུ་བསྒོམས་པ་ནི། སྒོམ་པ་ཀུན་གྱི་མཆོག་ཡིན་པར། ཀློང་གསལ་ལས། སྟོང་གསལ་ཡིད་གཉིས་བསྒོམ་དང་བྲལ། །སྒོམ་པ་ཀུན་གྱི་མཆོག་ཡིན་ནོ། །ཞེས་སོ། །གསུམ་པ་སྤྱོད་པ་ལ་རྣལ་འབྱོར་དུ་བྱེད་པ་ལའང་དྲུག་ལས། ངོ་བོ་ནི་སྔ་མ་ལས། སྤྱོད་པའི་ངོ་བོ་རོ་སྙོམས་ཉིད། །རང་ཤར་རང་གྲོལ་ལམ་དུ་སྤྱད། །
ཅེས་པས་བདེ་སྡུག་ཅི་ཤར་ཡང་རང་ཤར་རང་གྲོལ་དུ་ཤེས་པས་ལྟ་སྒོམ་ལ་བོགས་འདོན་པའོ། །ངེས་ཚིག་ནི་རང་ཤར་ལས། རང་བྱུང་བཅོས་བསླད་མེད་ན་སྤྱོད་པ་ཡིན། །ཞེས་པས། སྣང་བ་གང་ཤར་མི་དགག་པར་སྤྱོད་པས་ན་སྤྱོད་པའོ། །མཚན་ཉིད་ནི་སྔ་མ་ལས། སྤྱོད་པ་བརྟུལ་ཞུགས་དབང་བསྒྱུར་ཉིད། །ཅེས་པས། མི་ཕོད་པ་ཐོག་འགེལ་དུ་བརྫི་བའོ། །སྤྱོད་ཚུལ་ནི་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དོན་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །འདྲེན་པ་རྣམས་ཀྱི་གཤེགས་ཤུལ་ཡིན། །ཞེས་པ་ནི་ལས་དང་པོ་པའི་སྤྱོད་ཚུལ་ལོ། །བར་དུ་སྤྱོད་པ་རྣལ་འབྱོར་པའི་སྤྱོད་ཚུལ་ནི། །ཉི་ཟླ་ཁ་སྦྱོར་ལས། འཁོར་འདས་རུ་ཤན་དབྱེ་བ་ལུས་ཀྱི་སྤྱོད་པ་དང་། ཞེས་པས། མི་མེད་པའི་རི་ལ་དེ་ལྟར་བྱེད་པའོ། །དེ་ནས་བརྟུལ་ཞུགས་རླུང་འཛིན་ནི་སྔ་མ་ལས། བརྟུལ་ཞུགས་ལམ་དུ་བླང་བར་བྱེད་པ་གྲོགས་ཀྱི་སྤྱོད་པ་དང་། ཞེས་པས། ངོ་འཕྲོད་པའི་གང་ཟག་གི་བོགས་འདོན་པ་ལ་དུར་ཁྲོད་དམ། ལུང་སྟོང་དུ་རི་དྭགས་སྨས་མའམ། སྤྲང་པོ་ལྟར་རྒྱུ་ཞིང་། དེའི་གྲོགས་སུ་ཆགས་ཅན་ཡིན་ན་ལས་ཀྱི་ཕྱག་རྒྱ་དང་འགྲོགས། ཆགས་བྲལ་ཡིན་ན་ཉམས་མྱོང་གི་ཕྱག་རྒྱ་དང་འགྲོགས་པའོ། །དབྱེ་བ་ནི་ཉི་ཟླ་ཁ་སྦྱོར་ལས། བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་རྣམས་ཀུན་གྱི་རོ་མྱོང་བྱ། །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་ཡུལ་རྐྱེན་འགྱུར་རྣམས་སྤང་། །ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་ངག་ནི་མ་ལུས་སྤང་། །ཐི་བྱ་ལྟ་བུའི་སྤྱོད་པ་ཡིས། །གསང་བ་ཐབས་ཀྱི་ཐེ་ཚོམ་གཅད། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤང་། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ། ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས། །གཙང་དང་དམེ་པའི་རྣམ་རྟོག་སྤང་། །ཞེས་སོ། །ཉམས་སུ་བླང་ཐབས་ནི་རང་གི་རྒྱུད་ཚོད་དང་བསྟུན་ལ་
བདུན་པོ་གང་རུང་ནས་སྤྱད་ཅིང་། །རྣལ་འབྱོར་པས་ཤུགས་འབྱུང་འགགས་པ་མེད་པར་རྐྱེན་ཐོག་ཏུ་སྤྱོད་པའོ། །དེ་སྐད་དུ་སྒྲོན་མ་སྣང་བྱེད་ལས། སྤྱོད་པའི་མན་ངག་ཆང་ལྟ་བུ། །སྣང་བ་དབང་བསྒྱུར་ར་རོ་འདྲ། །ཞེས་སོ། །བཞི་པ་འབྲས་བུའི་རྣལ་འབྱོར་དུ་བྱེད་པ་ལའང་དྲུག་ལས། ངོ་བོ་ནི་ཀློང་གསལ་ལས། འབྲས་བུ་ཞེས་བྱ་བཙན་ས་ཟིན། །རྒྱལ་པོ་གདན་ལ་ཟིན་པ་ལྟར། །མི་འགྱུར་ལྡོག་པ་མེད་པ་འོ། །ཞེས་པས། འབྲས་བུ་རྒྱུར་མི་ལྡོག་པ་སད་ཀྱིས་ཁྱེར་བའི་འབྲས་བུའམ། བསེ་ཤིང་གི་འབྲས་བུ་ལྟ་བུའོ། །ཚུལ་ལམ་ཐབས་ནི། བརྟན་པ་ཐོབ་ནས་རྐྱེན་གྱིས་མི་གནོད་པས་སྟེ། དེ་ཉིད་ལས། འབྲས་བུ་སྨིན་ཚུལ་བསྟན་པ་སྟེ། །རྐྱེན་གྱིས་མི་འཇིག་ལྡོག་པ་མེད། །ཅེས་སོ། །ངེས་ཚིག་ནི་ལམ་སྨིན་པས་འབྲས་བུ་ཞེས་བྱ་སྟེ་དེ་ཉིད་ལས། སྨིན་པས་འབྲས་བུ་ཞེས་བརྗོད་དོ། །ཞེས་སོ། །དབྱེ་ན་གནས་སྐབས་སུ་ཉམས་སུ་བླངས་པས་ཡོན་ཏན་ཐོབ་ཅིང་། །མཐར་ཐུག་ལས་དང་བག་ཆགས་དང་། སྡིག་སྒྲིབ་དང་། རྣམ་རྟོག་བག་ཆགས་ཐམས་ཅད་སྦྲུལ་མདུད་ལྟར་རང་ཤར་རང་གྲོལ་བ་སྟེ། ཀློང་གསལ་ལས། འབྲས་བུ་དབྱེ་བ་གཉིས་སུ་འདུས།། གནས་སྐབས་དང་ནི་མཐར་ཐུག་གོ ། ཞེས་སོ། །ཉམས་སུ་བླང་ཚུལ་ནི་རིག་པ་རང་ཤར་གྱི་སྟེང་དུ་བཞག་པས་བརྟན་པ་ཐོབ་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ལས་ཕྱིར་མི་ལྡོག་པར་ཤེས་པར་གྱིས་ཤིག །ཅེས་སོ། །འབྲས་བུའི་མིང་ནི་རྣམ་དག་ལྷུན་གྲུབ་ཀྱི་འབྲས་བུ་ཞེས་བྱ་སྟེ། ཚེ་གཅིག་གིས་སངས་རྒྱས་ཀྱི་ས་ལ་སྦྱོར་བའི་ཕྱིར། ཐལ་འགྱུར་ལས། འབྲས་བུ་བརྗོད་པར་མི་ནུས་ཀྱང་། །ཆོས་རྣམས་ཟད་པར་ཕྱིན་པ་དང་། རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་པས། །ཆོས་སྐུའི་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་བ་མེད་པས་འོང་བ་མེད་པའོ། །ཞེས་པ་དང་། སྒྲོན་མ་སྣང་བྱེད་ལས། འབྲས་བུའི་ཚད་ནི་
རིག་པས་གཟུང་། །དེ་ལྟར་འབྲས་བུའི་ཚད་ཟིན་ན། །ཚད་ནད་སངས་པའི་སྐྱེས་བུ་བཞིན། །རིམས་ནད་བྱང་བའི་སྐྱེས་བུ་དང་། །སྙིང་ལ་མདའ་ཕོག་ཤི་བ་དང་། རྩི་ཡིས་ཤི་བའི་སྐྱེས་བུ་བཞིན། །ཕྱིར་ལ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །གསུམ་པ་རྗེས་སྣང་བ་བཞིའི་འཆར་ཚུལ་བསྟན་པ་ནི། ཀློང་གསལ་ལས། སྣང་བཞིའི་འཆར་ཚུལ་མི་ཤེས་ན། །ས་ཟིན་མེད་པའི་སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། །ཞེས་པས། ས་མཚམས་ཤེས་པའི་ཕྱིར་བཞིར་ངེས་པ་ནི། ཐལ་འགྱུར་ལས། དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །ཉམས་སྣང་གོང་འཕེལ་སྣང་བ་ཡིས། །འཁྲུལ་བའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བ་རྒྱུན་ཐག་གཅད། །ཅེས་པ་དང་འདས་རྗེས་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབ། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ལ་ཕེབས་པ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་བཞི་ལ་མཐར་ཕྱིན་ན། །མྱང་འདས་གཞན་ནས་བཙལ་དུ་མེད། །ཅེས་པས་ཆོས་ཉིད་མངོན་སུམ་གྱི་སྣང་བ། ཉམས་སྣང་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བ་དང་བཞི་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ནས་ངེས་ཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གས ལ། །ཞེས་པ་དང་། ཀློང་གསལ་ལས། རྐྱེན་བྲལ་མཁའ་ལ་བླ་མ་ཡིས། །གཟིགས་སྟངས་གཅུན་ཞིང་ངོ་སྤྲད་པས། །དབང་པོའི་སྒོ་ལ་སྒྲོན་མ་ནི། །འཇའ་འམ་
རྨ་བྱའི་མདོངས་ལྟ་བུ། །ཐིག་ལེ་ལུག་རྒྱུད་འབྲེལ་བ་ལས། །འགུལ་འཕྲིགས་འགྱུ་བའི་རྣམ་པར་རྒྱུ། །ཞེས་པས། གོང་གི་གཟིགས་སྟངས་ཀྱི་གཅུན་ཏེ་བླ་མས་ངོ་སྤྲད་པས། རང་གི་སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ། བར་སྣང་གི་འཇའ་འམ་རྨ་བྱའི་མདོངས་ལྟ་བུ་གཅིག་འཆར་རོ། །དེ་དག་གི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ། ཀོ་མོའི་ནང་དུ་རྡོ་བོར་བའམ་ཕུབ་ཀྱི་སྦ་སྐོར་ལྟ་བུ་ལ་ཉུང་འབྲུའམ་སྲན་འབྲུ་ཙམ་འཆར་རོ། །དེའི་ནང་དུ་རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུའམ། མུ་ཏིག་ལྟར་ལ་བརྒྱུས་པ་ལྟ་བུའམ། ལྕགས་ཐག་བརྐྱང་པ་ལྟ་བུའམ། མེ་ཏོག་གི་དྲ་བ་དྲ་བྱེད་རླུང་གིས་བསྐྱོད་པ་ལྟ་བུ་གཉིས་སྦྲེལ་ལམ་གསུམ་སྦྲེལ་ལ་སོགས་པ་འཆར་རོ། །དེ་ནི་རང་གི་ངོ་བོ་ཐིག་ལེ་ཉག་གཅིག་ཅེས་བྱའོ། །དེའང་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གནས་ཏེ། ཀློང་གསལ་ལས། དེ་ལྟར་གསལ་བའི་དབྱིངས་རིག་ནི། ཉི་མའི་འོད་ཀྱི་ཚུལ་དུ་གནས། ཞེས་སོ། །དེའང་དབྱིངས་ཀྱི་རྟགས་སུ་འོད་འཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད་དེ། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་འོད་དུ་གསལ། །དེ་ཡང་འོད་དང་འགྲོ་བ་དང་། །འགུལ་བ་དང་ནི་འཕྲིགས་པ་དང་། །ཞེས་པ་དང་། རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་འདི། ཡེ་ཤེས་ལུ་གུ་རྒྱུད་དུ་གསལ། ཞེས་སོ། །དེའི་གནས་ལུགས་ཙིཏྟ་རིན་པོ་ཆེ་ངོ་བོ་ཀ་ནས་དག་པ། རང་བཞིན་སྐུ་དང་འོད་དུ་གསལ་བ། ཐུགས་རྗེ་ཀུན་ལ་ཁྱབ་པར་བཞུགས་ཏེ། ཀློང་གསལ་ལས། དེ་ཡང་ངོ་བོ་ཀ་དག་ལ། །རང་བཞིན་ལྷུན་གྲུབ་ཉིད་དུ་སྟེ། །ཐུགས་རྗེ་ཀུན་ལ་ཁྱབ་པ་ཉིད། །ཙིཏྟ་དག་ནས་རྩ་ལ་འཆར། །ངོ་བོ་མངོན་སུམ་སྒོ་ལ་འཆར། །རིག་པ་མངོན་སུམ་ཞེས་སུ་བརྗོད། །ཡིད་དཔྱོད་རྣམས་དང་བྲལ་བ་འོ། །ཞེས་པས། དེ་དག་གི་ལམ་སྣང་དབང་
པོའི་མངོན་སུམ་ན་མཐོང་བར་ཡོད་པས། ཡིད་དཔྱོད་འཛིན་པའི་ལྟ་བ་དེ་ཚིག་དང་། བློ་དང་། ཤེས་རབ་དང་། རྟོག་ཚོགས་ཀྱིས་ཕོ་ཚོད་བྱེད་པ་བསྣུབས་སོ། །དེ་ལྟར་མི་གནས་འཆར་བ་ཉིད། ཕྲ་བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་རིག་པ་ལུ་གུ་རྒྱུད་ཀྱི་སྐུར་ཡོངས་སུ་གསལ་ལོ། །ཞེས་སོ། །དེ་དག་གོམས་པ་ལས་དབྱིངས་ཁྲུ་གང་པ་དང་། ཐིག་ལེ་ཟླུམ་འཁྲིགས་གསུམ་སྦྲེལ་དང་། རྡོ་རྗེ་ལུ་གུ་རྒྱུད་ཕྲ་ལ་འགུལ་བ་སྟེ། དང་པོར་གོམས་པའི་ཚད་ཡིན་པར། སྒྲོན་མ་རྣམ་བཀོད་ལས། ཉམས་བླངས་ཚད་ནི་རྣམ་གསུམ་སྟེ། །མཐོང་བའི་ཚད་དང་གོམས་པའི་ཚད། །བསྟན་པའི་ཚད་དང་གསུམ་དུ་བསྟན། །མཐོང་བའི་ཚད་ནི་འོད་ཡིན་ཏེ། །མི་འགྱུར་མཐིང་ག་དབྱིངས་ཀྱི་ཚད། །ཟླུམ་འཁྲིགས་གསལ་བ་སྒྲོན་མེའི་ཚད། །ཕྲ་ལ་འབྱུང་བ་རིག་པའི་ཚད། །མཐོང་བའི་དུས་སུ་ཤེས་པར་བྱ། །གོམས་པའི་ཚད་ནི་རྣམ་གསུམ་སྟེ། །མཐིང་ག་ལས་མཆེད་ཁ་དོག་ལྔ། ཁྲུ་གང་ཙམ་དུ་སྣང་བ་ནི། །དང་པོ་གོམས་པའི་ཚད་ཡིན་ནོ། །ཞེས་པ་དང་། སྒྲོན་མ་ནི་དེ་ཉིད་ལས། ཟླུམ་འཁྲིགས་ལས་ནི་ཟ་འོག་རིས། །རང་གི་སྣ་རྩེ་ལ་ཤར་ན། །དང་པོ་གོམས་པའི་ཚད་ཡིན་ནོ། །ཞེས་པ་དང་། རིག་པ་འདབ་ཆགས་ལྡིང་བ་ཙམ། །དང་པོ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །ཆོས་ཉིད་མངོན་སུམ་མཐོང་བའི་ཡོན་ཏན་ནི། ཀློང་གསལ་ལས། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་པ་དང་འདས་རྗེས་ལས། མངོན་སུམ་གནད་ནི་སུས་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །མ་མཐོང་བའི་སྐྱོན་ནི་སྔ་མ་ལས། མངོན་སུམ་རིག་པ་མ་མཐོང་ན། །ཡིད་དཔྱོད་རིག་པའི་མཐའ་འཁོར་ནས། །འཁོར་བ་ཉིད་དུ་རྣམ་པར་འཁོར། །ཞེས་སོ། །དེ་ཉིད་མཐོང་བ་ལ་དགོས་པ་གཉིས་ལས། གནས་སྐབས་སུ་ཡིད་དཔྱོད་ཀྱི་ལྟ་བ་དང་བྲལ་ལ་མཐར་ཐུག་དགེ་སྡིག་
གིས་མི་གོས་ཤིང་ཁམས་གསུམ་དུ་ཕྱིར་མི་ལྡོག་པའོ། །དེ་ཉིད་མ་མཐོང་ན་ཡོན་ཏན་དེ་དག་ལས་ལྡོག་པའི་སྐྱོན་ཡོད་དོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། ཀློང་གསལ་ལས། གོང་དུ་འཕེལ་བའི་སྣང་བ་ཡིས། ཉམས་ཀྱི་འཕེལ་ཤན་དབྱེ་བ་གཅེས། ཞེས་པས། ཤེས་ཉམས་དང་སྣང་ཉམས་གཉིས་ལས། ཤེས་ཉམས་ནི་བློའི་འཛིན་པ་ཡིན་པས་གཏད་པའི་དུས་མེད་དེ། དེ་ཉིད་ལས། བློ་ནི་ཀུན་རྫོབ་འཁྲུལ་པར་བཤད། ཅེས་པས། ཤེས་ཉམས་སེམས་ཀྱི་མཐོ་དམན་ཡིན་ལ། སེམས་ནི་མི་བདེན་པ་སྣ་ཚོགས་སུ་སྣང་བས་འདིར་སྤང་བྱར་འདོད་པའི་ཕྱིར་མི་སྟོན་ནོ། །སྣང་ཉམས་ཡེ་ཤེས་ཀྱི་འོད་གདངས་མི་འགྱུར་བ་ཕྱིར་འཕེལ་བ་དང་། ནང་རྩ་འོད་དུ་སོང་བ་དང་། གསང་བ་ཉོན་མོངས་པ་གྲོལ་བ་གསུམ་མཉམ་པོར་སྟོན་པས་དེའི་ཕྱིར་ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་དང་ནི་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དང་། །རགས་པར་སྣང་བའི་ཡུལ་ལས་འདས། །ཞེས་པ་དང་། ཀློང་གསལ་ལས། ཉམས་སྣང་གོང་དུ་འཕེལ་བ་ནི། །འོད་ནི་སྣ་ཚོགས་འགྱུར་འཕེལ་དང་། །ཐིག་ལེ་འཕེལ་ཞིང་རིག་བརྟན་ཚད། །ས་བོན་འབྲས་བུ་བར་བཞིན་འབྱུང་། །ཞེས་པས། སྔ་མའི་སྣང་བ་ལས་བླ་མའི་གདམས་ངག་བཞིན་ཉམས་སུ་བླངས་པས། དབྱིངས་རིག་རེས་གསལ་རེས་མི་གསལ་བ་དག་འབྱུང་། དེ་ནས་ཡང་ཉམས་སུ་བླངས་པས། དབྱིངས་རིག་སྨིན་མཚམས་ལས་བྲལ་ཏེ་ཐིག་ལེའི་རྣམ་པ་དེ་དག་ཀྱང་སྲན་མ་ཙམ་དུ་སོང་བ་ནི་བར་དུ་གོམས་པའོ། །དེ་བཞིན་དུ་གོམས་པས་དབྱིངས་སྣང་དུམ་བུ་དང་གྱེན་འགྲེང་དུ་མཐོང་བའི་ཚེ་མིག་ཐུར་ལ་བལྟའོ། །དེའང་གྲུ་བཞི་ལ་གཡས་སུ་གཅུན། ཟླུམ་པོ་ལ་གཡོན་དུ་གཅུན། ཟླ་གམ་ལ་སྟེང་དུ་བལྟ། གྲུ་གསུམ་ལ་ཐུར་དུ་དབབ་བོ། །དེ་ནས་རྩིབས་རྒྱུག་དང་། མདུང་རྩེ་ལྟ་བུ་དང་། རེ་ལྡེ་ཙམ་དུ་སྣང་ཞིང་སྒྲོན་མའི་འཕེལ་སྣང་ནི་ཐིག་ལེ་མེ་ལོང་ཙམ་པ་དང་། རིག་པ་འདབ་ཆགས་འཕུར་སྐྱེན་ཙམ་
པ་དང་། དེ་ལས་ཅུང་ཟད་བུལ་བར་སྣང་སྟེ། སྒྲོན་མ་སྣང་བྱེད་ལས། དེ་ནས་དེ་ལ་རབ་འདྲིས་ནས། །རེ་ལྡེའི་རྣམ་པ་ཙམ་འཆར་བས། །ཞེས་པ་དང་། དེ་ནས་གོང་དུ་སྨིན་པའི་མཚམས། །མེ་ལོང་ཙམ་དུ་གསལ་གྱུར་ནས། །བར་དུ་གོམས་པའི་ཚད་ཡིན་ནོ། །ཞེས་པ་དང་། དེ་ནས་རབ་ཏུ་ཉམས་བླངས་ན། རི་དྭགས་བང་དང་མཉམ་པ་ནི། བར་དུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ནས་ཡང་ཉམས་སུ་བླངས་པས། དབྱིངས་ཀྱི་སྣང་བ་རིན་པོ་ཆེ་འདྲ་བ་དང་། འོད་ཀྱི་དྲ་བ་དྲ་ཕྱེད་དང་། འོད་ལྔའི་སྣང་བ་པད་མ་འདྲ་བ་དང་། མཆོད་རྟེན་འདྲ་བ་དང་། རྡོ་རྗེ་དང་། འཁོར་ལོ་དང་། རལ་གྲི་དང་། མུ་ཏིག་གི་དྲྭ་བ་ལྟ་བུ་དང་། འོད་ཀྱི་དུམ་བུ་མིག་མངས་རིས་དང་། མིག་ཚགས་དང་། མདའ་ལྟ་བུ་དང་། པད་མ་སྟོང་ལྡན་དང་། ཉི་ཟླ་ལྟ་བུ་དང་། ཡེ་ཤེས་མཁར་ཐབས་དང་། མེ་ལྕེ་དང་། ཉ་མིག་གི་རྣམ་པ་ལྟ་བུ་འཆར་རོ། །ཐིག་ལེའང་ཁམ་ཕོར་ཙམ་དུ་འགྲོའོ། །རིག་པ་ནི་རི་དྭགས་སྤང་རྩིབས་ལ་རྒྱུག་པ་ཙམ་དུ་སྣང་ ངོ་། །ཡང་ཉམས་སུ་བླངས་པས་འོད་ནི་ཡུལ་ཁམས་ཙམ་དུ་འཆར་ཞིང་། ཐིག་ལེ་བསེ་ཕུབ་ཙམ་དང་། རིག་པ་བུང་བ་བཅུད་ལ་འཁོར་བ་ཙམ་སྟེ། སྔ་མ་ལས། དེ་ནས་ཡུལ་གྲུ་ཙམ་དུ་སྟེ། ཞེས་པ་དང་། མེ་ལོང་ཙམ་དུ་གསལ་གྱུར་ནས། ཞེས་པ་དང་། དེ་ཉིད་ཡང་དང་ཡང་བལྟས་ན། བུང་བ་བཅུད་ལ་འཁོར་བ་ཙམ། ཞེས་སོ། །ཡང་ཉམས་སུ་བླངས་པས་འོད་ནི་སྟོང་གསུམ་གང་དུ་བལྟས་ཚད་ལས་ཁྱབ་ཅིང་། སྒྲོན་མའི་སྣང་བ་ནི་ཐིག་ལེ་དཔག་ཏུ་མེད་པའི་ནང་རྣམས་ན་སྐུ་ཕྲ་མོའི་དབུ་དང་། ཕྱེད་ཞལ་དང་། རྫོགས་པའི་རྣམ་པ་དང་། རིག་ནང་དུའང་སྐུ་ཕྲ་མོ་རེ་སྣང་ངོ་། །སྐུ་ནི་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། རྣམ་པར་སྣང་མཛད་དོ། །སྔ་མ་ལས། དེ་ལ་མཆོག་ཏུ་གོམས་པ་ན། །སྣང་བ་ཐམས་ཅད་འོད་སྣང་དུ། །ཤར་བས་གོམས་པའི་ཚད་ཟིན་པའོ། །ཞེས་པ་དང་། སྣང་བ་ཐམས་ཅད་ཐིག་ལེ་རུ། །ཤར་བས་དཀྲིག་གེར་གནས་པ་ལ། །མཆོག་ཏུ་གོམས་པའི་
ཚད་ཡིན་ནོ། །ཞེས་པ་དང་། བལྟས་པའི་ས་དེར་སྡོད་གྱུར་ན། མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ཉིད་ལ་བར་དོའི་སྣང་འབྱུང་གཏན་ལ་ཕེབས་པས་ཕྱིས་བར་དོ་མེད་ དོ། །ཉམས་གོང་འཕེལ་གྱི་ཡོན་ཏན་ནི། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་འབྱུང་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས། །ཞེས་སོ། །མ་འཕེལ་བའི་སྐྱོན་ནི་དེ་ཉིད་ལས། ཉམས་སྣང་གོང་དུ་མ་འཕེལ་ན། །བར་དོ་ལས་ནི་གྲོལ་མི་འགྱུར། །ཞེས་སོ། །དགོས་པ་ལའང་གཉིས་ལས། གནས་སྐབས་སུ་ཉམས་སྣང་གི་རིམ་པའི་ཡོན་ཏན་རྣམས་ཐོབ་ལ། མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའོ། །དེ་ལྟར་མ་འཕེལ་ན་ཡོན་ཏན་དེ་ལས་ལྡོག་པའི་སྐྱོན་ནོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། ཀློང་གསལ་ལས། རིག་པ་ཚད་ལ་མ་ཕེབས་ན། །རྣལ་འབྱོར་དྲོད་ཚད་རྙེད་མི་འགྱུར། །ཞེས་པས། རིག་པ་ཚད་ལ་ཕེབས་པ་ནི། ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུ་མཚན་དཔེར་གསལ་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ནས་ལྔ་ལྔ་ཟུང་དང་བཅས། །རབ་ཏུ་གསལ་བའི་ཐིག་ལེར་འབྲེལ། །ཡབ་ཡུམ་སྐུ་ཡི་རྣམ་པ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་པས། དབྱིངས་ཀྱི་སྣང་བས་ས་ཆུ་མེ་རླུང་གང་གི་སྣང་བ་ཡང་མེད་ཅིང་། འོད་གསལ་ཆེན་པོའི་སྣང་བ་རྣམ་པར་དག་པའི་ཞིང་ཁམས་ན། སྒྲོན་མ་ནི་ཐིག་ལེ་རེ་རེའི་ནང་དུ་སྐུ་ཡབ་ཡུམ་དུ་འབྲེལ་བ་དང་། དེ་ནས་སྐུ་ལྔ་ལྔ་ཡབ་ཡུམ་དུ་སྣང་པའོ། །རིག་པའི་མཚམས་སུའང་སྐུ་ལྔ་ལྔ་ཡབ་ཡུམ་དུ་སྣང་བའོ། །འདི་ཡི་དུས་ན་རང་ལུས་རྡོས་བཅས་དག་ནས་འོད་དུ་སྣང་བའི་སྤྱི་བོ་ནས་ཡར་ལ་ཐིག་ལེ་ཁམས་ཕོར་བརྩེགས་མ་ལྟ་བུ་དགུ་སྣང་ཞིང་། རང་ལུས་འོད་ཀྱི་འཁོར་ལོར་འཁྱིལ་པ་སྟེ་སྒྲོན་མ་སྣང་བྱེད་ལས། ཤིན་ཏུ་ཡང་དག་གོམས་པའི་ཚད། །འགུལ་དང་འཕྲིགས་པ་མེད་པ་དང་། །ཉིན་དང་མཚན་མོ་མེད་སྣང་དང་། །རབ་ཏུ་
གོམས་པའི་ཚད་ཡིན་ནོ། །རང་སྣང་སྐུར་སྣང་ལུ་གུ་རྒྱུད། །ཚིག་དང་འདྲ་བའི་བར་དག་ཏུ། །ཐིག་ལེ་ཉུང་འབྲུ་ཙམ་ནང་དུ། །སྐུ་ནི་ཤིན་ཏུ་ཕྲར་ཤར་ནས། །སྣང་བ་ཐམས་ཅད་སྐུར་ཤར་ན། །རིག་པ་བརྟན་པའི་ཚད་ཡིན་ནོ། །ས་ཆུ་མེ་རླུང་སྣང་བ་དང་། །འབྱུང་བཞི་སྣང་བ་འགགས་གྱུར་ནས། ཁ་དོག་ལྔ་ཡི་འོད་སྣང་གིས། །གང་དུ་བལྟས་པ་དེར་སྣང་ན། །དབྱིངས་ནི་བརྟན་པའི་ཚད་ཡིན་ནོ། །རང་ལུས་འོད་ཀྱི་སྟེང་དག་ཏུ། །འཁར་གཞོང་བརྩེགས་པ་ལྟ་བུ་ཡི། །ཐིག་ལེ་བརྩེགས་མ་གྱེན་ཤར་ན། །སྒྲོན་མ་བརྟན་པའི་ཚད་ཡིན་ནོ། །ཞེས་པས་དེའི་ཚེ་སྐུ་རྣམས་ཀྱི་ཐུགས་ཀ་དང་རང་གི་སྙིང་གར་འོད་ཀྱི་སྙེ་ཚོན་ཟེར་ཐག་སྦྲེལ་བ་ལྟ་བུས་འབྲེལ་ལོ། །དེ་ནས་མ་བསྒོམས་ཀྱང་ཚད་ལ་ཕེབས་པས་འགྱུར་བ་མེད་དོ། །དེའི་ཚེ་ཕྱི་སྣང་བ་འོད་གསལ་དུ་གྲོལ་བས་ས་རྡོའི་སྣང་བར་རང་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་རྡོས་བཅས་ཀྱི་སྣང་བར་རང་ནུབ། གསང་བ་སེམས་ཀྱི་ཟེར་གདངས་སྙིང་གར་ཐིམ་པས་གཟུང་འཛིན་འཁྲུལ་པའི་སྣང་བ་རང་ནུབ། ལས་དང་བག་ཆགས་ཀྱི་འབྲེལ་ཆད་པའོ། །དེ་ལྟར་རིག་པ་ཚད་ལ་ཕེབས་པའི་ཡོན་ཏན་ནི། ཀློང་གསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། ཕྱི་ནང་གཟུང་འཛིན་རྡོས་བཅས་གྲོལ། ཅེས་པ་དང་། མ་ཕེབས་པའི་སྐྱོན་ནི། དེ་ལྟར་ཚད་ལ་མ་ཕེབས་ན། ཕུང་པོའི་སྣང་འཛིན་དག་མི་འགྱུར། ཞེས་སོ། །དགོས་པའང་གཉིས་ལས། གནས་སྐབས་སུ་མ་བསྒོམས་ཀྱང་ཆོག་ལ། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུས་ངོས་ཟིན་པས། ལོངས་སྐུའི་ཞིང་ན་བདེ་ཆེན་འདུ་འབྲལ་མེད་དོ། །དེ་ལྟར་མ་ཡིན་ན་ལྡོག་པའི་སྐྱོན་ཡོད་དོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཉམས་སྣང་དེ་དག་གི་འཕེལ་ཟད་དེ། སྣང་དང་མི་སྣང་དུ་འཛིན་པའི་ངོ་བོ་མེད་པ་ནི་ཆོས་ཉིད་ཟད་པའི་སྣང་པ་ཞེས་བྱ་སྟེ། ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །
ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་རང་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བ་འོ། །ཞེས་པས། ཉམས་དང་། ལུས་དང་། དབང་པོ་དང་། རྟོག་ཚོགས་དང་། ཚིག་དང་འཁྲུལ་པ་ཐམས་ཅད་ཟད་ནས་འོད་ལུས་སུ་འཚང་རྒྱའོ། །དེའང་སྣང་བ་འདིའི་ཚེ་འོད་ཀྱི་ནང་ན་ལག་སོར་བཀྲམ་པ་ཙམ་ལས་མི་སྣང་སྟེ། འཁོར་འདས་གཉིས་ཀྱི་འདུ་ཤེས་དང་བྲལ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་བོ། །དེ་ལྟར་གྱུར་ཀྱང་རིག་པ་དེ་ཐོག་མ་ནས་ཆེར་སོང་བ་དང་ཆུང་དུ་སོང་བ་གང་ཡང་མེད་དེ། བྲི་བ་མེད་ཅིང་འཕེལ་བ་མེད་པའི་ཕྱིར། དེའི་ཚེ་འབྱུང་བའི་དགྲས་མི་ཚུགས། དྲན་པ་ཝལ་པོ་རྗེས་མེད་དུ་འགྲོ། ཉི་ཟླའི་སྣང་བ་མེད། འགྲོ་འདུག་གི་སྣང་བ་མེད། འཁྲུལ་སྣང་ཐམས་ཅད་ནུབ་པ་ནི་རིག་པ་འབྱོངས་པའི་ཚད་དོ། །དེ་ལས་འབྲལ་མི་སྲིད་དོ། །སྣང་བ་རང་ཡལ་དུ་གྲོལ་ནས་འདི་ལྟར་ཡིན་ནོ་མ་གྲུབ་པ་ནི་ཆོས་སྐུ་རང་དག་ཆོས་ཐམས་ཅད་ཟད་སར་ཐུག་པ་ཞེས་བྱའོ། །རང་གི་རིག་པའི་ངོ་བོ་ལ་ཆེ་ཆུང་བཟང་ངན་གང་དུ་ཡང་མ་གྲུབ་སྟེ། ཐུག་རྗེའི་ཆ་ལས་གསལ་བ་ཙམ་དུ་གནས་པའོ། །མངོན་ཤེས་ཐོགས་པ་མེད་ཅིང་བསམ་པ་རང་ཡལ་ཏེ། ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱའོ། །འདིའི་དུས་སུ་འཕོ་བའི་སྐུས་སེམས་ཅན་གྱི་དོན་བྱེད་ན་སྐབས་སུ་ལག་པའི་སོར་མོ་ལ་བལྟས་པས་སྣང་བ་དེ་ལས་རང་ལོག་སྟེ། སྣང་བྱེད་ཆུའི་ཟླ་བ་ལྟ་བུའི་ལུས་སྐྱེ་ཤི་མེད་པ་རྡོ་རྗེའི་སྐུས་སེམས་ཅན་གྱི་དོན་བྱེད་པ་ནི། སློབ་དཔོན་ཆེན་པོ་བི་མ་ལ་དང་། པད་མ་འབྱུང་གནས་ལྟ་བུའོ། །དེའི་ཡོན་ཏན་ནི་ཀློང་གསལ་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་སངས་རྒྱ་འོ། །ཞེས་པ་དང་། སྐྱོན་ནི། ཆོས་ཉིད་ཟད་པར་མ་གྱུར་ན། ལྷག་མེད་ཉིད་དུ་འགྱུར་བ་མིན། ཞེས་སོ། །དགོས་པའང་གཉིས་ལས། གནས་སྐབས་སུ་སྣང་བ་བཞིའི་ཚད་ཟིན་པས་སོ་སོའི་ས་མཚམས་བྱེད་ལ། མཐར་ཐུག་ཆོས་
ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་ཏུ་སངས་རྒྱའོ། །དེ་ལྟར་མ་ཡིན་ན་ལྡོག་པའི་སྐྱོན་ཡོད་དོ། །བཞི་པ་མཐའ་རྟེན་གྱི་མན་ངག་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། གོང་མའི་རྒྱབ་ཏུ་མེད་ཐབས་མེད། ཅེས་པས། དོན་གྱི་ས་ཟིན་མེད་ཀྱང་གོང་མ་བཞིའི་རྒྱབ་ཏུ་དགོས་པས། འདི་ལ་མི་འགུལ་བ་གསུམ་གྱིས་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིས་གྲོལ་ཚད་བསྟན་པ་དང་བཞི་ལས། དང་པོ་ཐལ་འགྱུར་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། མི་འགུལ་གསུམ་ལ་གཞི་བཅས་པས། རླུང་སེམས་གནད་དུ་ཕེབས་པ་འོ། །ཞེས་པས། འདུག་སྟངས་གསུམ་ལས་མི་འགུལ་པར་བྱ་སྟེ། ལུས་མ་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། སེམས་མ་འགུལ་བས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གནས་པའི་དགོས་པ་ཡོད་དོ། །མིག་ནི་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་སྒྲོན་མ་མི་འགུལ། དེས་སེམས་མི་འགུལ་བས་རྣམ་རྟོག་མི་འབྱུང་། དེས་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །གཉིས་པ་ནི། སྔ་མ་ལས། སྡོད་པ་གསུམ་གྱིས་ཚད་གཟུང་བ། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངོས་གཟུང་བ་འོ། །ཞེས་པས། དབྱིངས་རིག་ལ་རྒྱུན་དུ་གནས་པས་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ། ཕྱི་སྣང་བ་བསྐྱོད་པའི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་འགུལ་བ་མེད་པར་སྡོད། གསང་བ་རྟོག་པ་འགྱུ་བྱེད་ཀྱི་རླུང་ཟད་པས་སེམས་རྣམ་རྟོག་འགྱུ་འཕྲོ་མི་སྲིད་པར་སྡོད་
པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་གཟུང་བ་དང་། རྟགས་སྒོ་གསུམ་ལ་འཆར་བ་གཉིས་འབྱུང་། དེའང་བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་མི་རྨི། འབྲིང་ལ་འོད་གསལ་དུ་འཆར། ཐ་མས་རྨི་ལམ་དུ་ཤེས་པའོ། །རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་ནི། སྣང་བ་བཞི་ལ་རྟགས་བཞི་གསུམ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བའི་རྟགས་གསུམ་ནི། ལུས་རུས་སྦལ་འཁོར་གཞོང་དུ་བཅུག་པ་ལྟར་འགུལ་བ་མེད་པ་ནི། འཁར་གཞོང་འཇམ་པོར་རུས་སྤལ་བཅུག་པས་མི་འགུལ་བ་བཞིན་ནོ། །ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟ་བུ་སྟེ། བྱ་སྙི་ལ་ཟིན་ནས་འཕུལ་བར་འདོད་ཀྱང་འགྲོ་རྒྱུ་མེད་པ་ལྟར། སེམས་འཕྲོ་བ་ལྟར་འདུག་ཀྱང་གར་གཏད་སྡོད་པའོ། །ཉམས་གོང་འཕེལ་གྱི་སྣང་བ་མཐོང་བའི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟར་རྒྱན་དང་བྱི་དོར་དང་བྲལ། ངག་སྨྱོན་པའི་ཚིག་ལྟར་དོན་མེད་ཅལ་ཅོལ་དུ་འབྱུང་། སེམས་འཆི་ངེས་ཀྱི་དུག་གིས་ཟིན་པ་ལྟར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །རིག་པ་ཚད་ཕེབས་ཀྱི་སྣང་བ་མཐོང་བའི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་ལྟ་བུ་སྟེ། གླང་པོ་ཆེ་འདམ་དུ་ཚུད་ཀྱང་སྟོབས་ཆེ་བས་སྐད་ཅིག་ལ་ཐོན་པ་ལྟར། འབྱུང་བ་ལྔ་ལ་ཐོགས་པ་མེད་པར་འགྲོའོ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་འགྱུར་ཏེ། གྲུལ་བུམ་གྱི་ཕྲུག་གུ་ངག་སྙན་པས་གཞན་གྱི་ཡིད་འཕྲོག་པ་ལྟར། ཅིར་སྨྲས་པ་ལ་གཞན་དད་ཅིང་ཕན་ཐོགས་པའོ། །སེམས་འབྲུམ་ནད་བྱང་པ་ལྟ་བུ་སྟེ། འབྲུམ་ནད་བྱང་བ་བསྐྱར་ནས་མི་འོང་པ་ལྟར། ཁམས་གསུམ་དུ་མི་ལྡོག་པར་ཡིད་ཆེས་པའོ། །ཆོས་ཉིད་ཟད་པའི་སྣང་བ་མཐོང་བའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟ་བུ་སྟེ། གཤེད་མ་བརྒྱ་བྱུང་ཡང་ཉམ་ང་བ་དང་བག་ཚ་བ་མེད་པའོ། །ངག་བྲག་ཆ་ལྟར་ཟུངས་ཟད་ནས་གཞན་གྱི་ལད་མོ་ཟློས་སོ། །སེམས་བར་སྣང་གི་ན་བུན་
ལྟ་བུ་སྟེ། ན་བུན་དེ་དག་སྐད་ཅིག་མ་ལ་ཡལ་ནས་འགྲོ་བ་ལྟར། སྐད་ཅིག་མ་ལ་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཀློང་གསལ་ལས། ཐོབ་པ་གསུམ་གྱིས་གཟེར་གདབ་པས། ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པས། དང་པོ་སྐྱེ་བ་ལ་རང་དབང་ཐོབ་པ་ནི། ཕུང་པོའི་སྣང་བ་འགགས་ནས་རྡོས་བཅས་སུ་མི་སྣང་བས་སེམས་ཅན་གྱི་དོན་བྱེད་ན་ལག་སོར་ལ་རིག་པ་གཏད་པས་སྣང་བ་དེ་ཀུན་རང་ལོག་སྟེ། སྐབས་སུ་བེམས་པོ་ཀུན་འགུལ་ཞིང་སྒྲ་ཐོས་པ་འབྱུང་སྟེ། མི་ལ་སོགས་པའི་སེམས་ཅན་ལ་རིག་པ་བཅུག་ན་དེ་དག་ལ་རིག་པ་རང་བྱུང་གི་ཡེ་ཤེས་གནས་པའི་གནད་ཀྱིས། ལས་ལ་བཟང་ངན་མེད་པར་མཚམས་མེད་པ་ལྔ་བྱས་པ་ཡིན་ཡང་། འདི་ཉིད་ལ་འབྱུང་བ་རང་དག་ནས་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ། འདིའི་དུས་སུ་བེམས་པོ་ལ་རིག་པ་བཅུག་ཀྱང་དེ་ཉིད་འགུལ་བ་དང་། སྐད་འབྱིན་ནུས་པར་འོང་ངོ་། །འཇུག་པ་ལ་རང་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ནས་རང་ལུགས་སུ་བཞག་པས་དེ་ཉིད་ལ་མི་སྣང་བར་སངས་རྒྱའོ། །རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་ལས་སུ་རུང་པས་རླུང་སེམས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་། སེམས་ཅན་གཞན་ཚེ་འཕོ་བའི་དུས་སུ་དེ་ལ་རིག་པ་བཅུག་པས། དེས་མཚམས་མེད་པ་ལྔ་བྱས་ཀྱང་རང་དང་མཉམ་པོ་འཚང་རྒྱའོ། །དེའང་ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ། །རི་བྲག་རྣམས་ལ་ཟང་ཐལ་ཞིང་མངོན་པར་ཤེས་པ་ཕྱོགས་མེད་དུ་འཆར་རོ། །བཞི་པ་གདེང་བཞི་ནི། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། ཅེས་པ་དང་། རིན་པོ་ཆེ་སྤུངས་པ་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། མི་རྟོག་ཡེ་ཤེས་ཚད་ཀྱང་གཟུང་། །ཞེས་པས། ཡར་གྱི་གདེང་གཉིས། མར་གྱི་གདེང་གཉིས་ཏེ་བཞིའོ། །དང་པོ་ནི་དེའི་ཚེ་དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐོས་
ཀྱང་བྲོད་པ་མི་སྐྱེ་སྟེ། རང་གི་རིག་པ་ལས་གཞན་མེད་པར་རྟོགས་པའི་ཕྱིར་རོ། །དེ་དུས་སངས་རྒྱས་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པ་གཉིས་མེད་པས་ཡར་གྱི་གདེང་གཉིས་སོ། །གཉིས་པ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དང་། ཚེ་ཚད་ཐོས་ཀྱང་འཇིགས་སྐྲག་མེད་དེ། རང་གི་རིག་པ་ཡེ་ནས་འཁྲུལ་པ་མེད་པར་ཤེས་པའི་ཕྱིར་རོ། །དེ་དུས་འཁོར་བར་འཁྱམས་མཁན་མེད་པར་ཐག་ཆོད་པས་འཁོར་བར་ལྟུང་གིས་དོགས་པ་དང་། བདེ་འགྲོ་ཐོབ་ཏུ་རེ་བ་མེད་པས་མར་གྱི་གདེང་གཉིས་སོ། །དེ་ལྟར་མཐའ་རྟེན་གྱི་ཡོན་ཏན་ནི། ཀློང་གསལ་ལས། མཐའ་རྟེན་དག་གི་མན་ངག་གིས། །གོང་མའི་ཡོན་ཏན་མཐའ་རུ་འབྱིན། །ཞེས་སོ། །མེད་པའི་སྐྱོན་ནི་དེ་ཉིད་ལས། མཐའ་རྟེན་གནད་ཀྱི་རྒྱབ་མེད་ན། རྫོགས་ཆེན་ཉམས་ལེན་མཐའ་མི་ཕྱིན། ཅེས་སོ། །དགོས་པ་ལའང་གཉིས་ལས། གནས་སྐབས་སུ་ཐད་སོའི་དོན་འགྲུབ་ལ། མཐར་ཐུག་གོང་མའི་རྟོགས་པ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །དེ་ལྟར་རྒྱབ་བརྟེན་བཞི་མེད་ན་དེ་དག་ལས་ལྡོག་པའི་སྐྱོན་ཡོད་དོ། །དེ་དག་གིས་བརྩོན་འགྲུས་རབ་ཀྱི་གྲོལ་ལུགས་བསྟན་ཟིན་ཏོ། །གཉིས་པ་འབྲིང་བར་དོར་གྲོོལ་བའི་གདམས་ངག་ནི། རྡོ་རྗེ་ལམ་གྱི་མཚན་ཉིད་ལས། དད་ཅན་ལེ་ལོ་དབང་པོ་ཐ་མ་ཡིས། །གོམས་པའི་ཤུགས་ཆུང་གདམས་ངག་ལྡན་པ་ཉིད། །ཆོས་ཉིད་བར་དོའི་གྲོལ་ལུགས་བསྟན་པ་ནི། །བར་དོའི་སྤྱི་གཞག་ཉམས་སུ་བླང་ཐབས་སོ། །ཞེས་པས། འདི་ལ་བར་དོ་སྤྱིའི་རྣམ་པར་གཞག་པ་དང་། བྱེ་བྲག་ཉམས་སུ་བླང་ཐབས་བསྟན་པ་གཉིས་ལས། དང་པོ་ཀློང་གསལ་ལས། བར་དོའི་དབྱེ་བ་ས་མཚམས་དང་། །གནས་ལུགས་སྣང་ལུགས་བཞི་ཉིད་དོ། །ཞེས་པས། དང་པོ་དབྱེ་བ་ནི། སྐྱེ་གནས་ཀྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་འོད་གསལ་གྱི་བར་དོ། སྲིད་པའི་བར་དོའོ། །གཉིས་པ་ས་མཚམས་ནི། སྐྱེས་ནས་འཆི་ནད་ཀྱིས་ཐེབས་པ་ཚུན་ཆད་དང་
པོའོ། འབྱུང་བ་བཞིའི་ཐིམ་ལུགས་ནས་ནང་དབུགས་ཆད་པ་ཚུན་ཆད་གཉིས་པའོ། །ནང་དབུགས་ཆད་ནས་ལྷུན་གྲུབ་ཀྱི་སྣང་བ་ཚུན་ཆད་གསུམ་པའོ། །དེ་ནས་མངལ་དུ་ཚུད་པ་ཚུན་ཆད་བཞི་པའོ། །གསུམ་པ་གནས་ལུགས་ནི། རྡོས་བཅས་གྲུབ་པས་ཡེ་ཤེས་ཀྱི་སྣང་བ་འགགས་པ་ནི་དང་པོ་སྟེ། ཉི་ཟླ་ཁ་སྦྱོར་ལས། ཁམས་རྣམས་དང་ནི་ཕུང་པོ་དང་། །སྐྱེ་མཆེད་རྣམས་དང་དབང་པོ་དང་། །ཡུལ་དང་ཡུལ་ཅན་ཤེས་པ་རྣམས། །ཞེས་སོ། །གཉིས་པའི་གནས་ལུགས་ནི། ཀློང་གསལ་ལས། འཆི་རྐྱེན་ནད་ཀྱི་འབྱུང་བ་འཁྲུགས། །ལུས་ངག་ཡིད་གསུམ་སྡུག་བསྔལ་ལོ། །ཞེས་སོ། །གསུམ་པ་དེ་ཉིད་ལས། བདག་འཛིན་ལུས་ཀྱི་རྟེན་བོར་གནས། །ཆོས་ཉིད་དོན་ལ་སྤྱོད་པའོ། །ཞེས་སོ། །བཞི་པ་ཐལ་འགྱུར་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚངས་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་སོ། །བཞི་པ་སྣང་ལུགས་ནི། དེ་ཉིད་ལས། བར་མ་དོ་ཡི་སྣང་བ་ནི། །རང་བཞིན་གནས་པས་ཕུང་པོ་དང་། ཁམས་དང་ཉོན་མོངས་ཡུལ་དུ་སྣང་། །འཆི་ཁའི་ལང་ལིང་བན་བུན་དང་། །ཤེས་པ་གཅིག་ཏུ་མི་གནས་པའོ། །ཆོས་ཉིད་བར་དོའི་སྐུ་དང་ཡང་། ཡེ་ཤེས་འོད་དང་ཁ་དོག་དང་། །ཐིག་ལེ་འབྱེད་དང་འབྱུང་སྣང་དང་། །ཅིར་སྣང་ཆོས་ཉིད་གཞལ་ཡས་སོ། །སྲིད་པའི་སྣང་བ་ཕྱད་ཕྱོད་དང་། །ཡད་ཡུད་རྨི་ལམ་སྣང་བ་ལྟར། །བདེན་སྣང་རྫུན་པ་ཡིད་ཀྱི་ཡུལ། །དཀར་སེར་ལ་སོགས་རིགས་དྲུག་འོད། །སོ་སོའི་དམིགས་ཡུལ་སྣང་བའོ། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་ཉམས་སུ་བླང་པ་ལ་བཞི་སྟེ། སྐྱེ་གནས་ཀྱི་བར་དོ་ལ། ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་རྒྱ་ཁྲ་ཚང་དུ་འཇུག་པའམ། དེད་དཔོན་གསེར་གླིང་དུ་ཕྱིན་པ་ལྟ་བུའི་གདམས་ངག་དང་གཅིག །འཆི་ཁ་བར་དོ་ལ་གསལ་གདབ་པ་སྒེག་མོས་མེ་ལོང་བལྟ་བའམ་རྒྱལ་
པོའི་བཀའ་འཕྲིན་བསྐུར་བ་ལྟ་བུའི་གདམས་ངག་དང་གཉིས། ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ལ་ཡིད་ཆེས་པ་ལ མ་ཚོལ་གྲོགས་དང་འཕྲད་པའམ། མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་དང་གསུམ། སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་ཁ་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་དང་བཞིའོ། །དང་པོ་ནི་རྒྱ་ཁྲ་དེའང་ཚང་ལེགས་པར་བ རྟགས་པའམ། དེད་དཔོན་རྒྱ་མཚོ་ལ་ནོར་བུ་ལེན་དུས། བྱ་རོག་དང་དུང་ལ་སོགས་པས་ཆུ་སྲིན་གྱི་སྒྲོ་འདོགས་ལེགས་པར་བཅད་ནས་འགྲོ་བ་བཞིན་དུ། འདིར་ཡང་བླ་མའི་དྲུང་དུ་ཡང་དག་པའི་གདམས་པ་ལ་ཐོས་བསམ་གྱིས་ལམ་མི་འཕྱུགས་པར་བྱེད་པ་སྟེ། དབང་པོར་བ་འཕྲིད་ཐ་མ་གསུམ་ལས། རབ་ཀྱི་རབ་སྦྲུལ་མདུད་ནམ་མཁའ་ལ་བོར་ལྟར་གྲོལ་བ་དང་། རབ་ཀྱི་འབྲིང་མཚོ་ནང་དུ་ཁ་བ་བབས་པ་ལྟར་གྲོལ་བ་དང་། རབ་ཀྱི་ཐ་མ་ཆབ་རོམ་ཆུ་རུ་ཞུ་བ་ལྟར་གྲོལ་བ་སྟེ། དང་པོ་ནི། བླ་མའི་བྱིན་རླབས་དང་ཟབ་མོའི་གདམས་པ་བཏབ་པ་ཙམ་གྱིས་སྣོད་ལྡན་གྱི་སློབ་མ་དེ་ཡེ་ཐོག་དང་པོའི་ཀུན་ཏུ་བཟང་པོའི་གཞི་ཐོག་དུ་རྩོལ་མེད་ལྷུག་པར་གྲོལ་བའོ། །གཉིས་པ་ཟབ་མོའི་གདམས་པ་ཉམས་སུ་བླང་པས་ཉོན་མོངས་པ་ཅི་སྐྱེས་ཆོས་ཉིད་ཀྱི་ངང་དུ་རོ་གཅིག་པར་རྟོགས་ནས་རང་གྲོལ་བའོ། །གསུམ་པ་གདམས་ངག་ངོ་སྤྲད་པ་རྣམ་པ་ལྔས་ཉམས་སུ་བླངས་པས་རིམ་གྱིས་འཁྲུལ་པ་རང་སྣང་དུ་ངོ་ཤེས་ཏེ་གྲོལ་བའོ། །གཉིས་པ་འཆི་ཁ་བར་དོ་ནི་གསུམ་སྟེ། གདམས་པའི་མཚོན་ཚུལ། འབྱུང་པའི་སྡུད་ཚུལ། ངོ་སྤྲ྄ོད་ཀྱི་གདབ་ཚུལ་ལོ། །དང་པོ་སྒེག་མོས་མེ་ལོང་ལ་བལྟས་པས་རང་གི་བཞིན་གསལ་པོ་མཐོང་བའམ། མི་ཞིག་ལ་རྒྱལ་པོས་འཕྲིན་བ སྐུར་ན་ཆད་པ་བྱུང་གིས་དོགས་པས་འཕྲིན་མི་བརྗེད་པ་ལྟར། བར་དོའི་གདམས་པ་གསལ་བཏབ་པས་རང་ཉིད་འཁོར་བར་ལྟུང་གིས་དོགས་ནས་མི་བརྗེད་པ་སྟེ། དེའང་འབྲིང་གི་རབ་སྙིང་སྡུག་མཛའ་བོ་མཐོང་བ་ལྟ་བུ། འབྲིང་གི་འབྲིང་མེད་ལོང་ལ་བྱད་གསལ་བ་ལྟ་བུ། འབྲིང་གི་ཐ་མ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུ་གསུམ་
ལས། དང་པོ་འཆི་ལྟས་ཚང་བའི་དུས་སུ་ཚེ་འདིའི་ཞེན་འཛིན་མེད་པར། བླ་མའི་གདམས་ངག་འབའ་ཞིག་ཡིད་ལ་གསལ་དུང་དུང་འདུག་པ་དེས་ཆོག་པའོ། །གཉིས་པ་འཆི་ཁའི་དུས་དེར་བླ་མའམ་མཆེད་གྲོགས་དམ་ཚིག་དང་ལྡན་པས་ཆོས་ཉིད་བར་དོའི་གདམས་པ་རྣམས་གསལ་བཏབ་བས་གསལ་ལམ་གྱིས་འགྲོ་བ་སྟེ་དེས་ཆོག་པའོ། །གསུམ་པ་སྐད་ཅིག་ཀྱང་གདམས་པའི་དོན་ལས་མ་ཡེངས་པར་བྱེད་པའོ། །གཉིས་པ་ཀློང་གསལ་ལས། གང་ཞིག་སྐྱེས་བུའི་འཆི་བའི་ཚེ། །རྟགས་ནི་རྣམ་པ་གཉིས་སུ་བཤད། །ཅེས་པས། ཕྱི་ནང་གི་རྟགས་གཉིས་འབྱུང་སྟེ། །དེའང་སྔ་མ་ནས་འཆི་ལྟས་བརྟགས་ལ། འཆི་བས་སླུ་བའི་ཐབས་ལ་འབད། མི་སླུ་བའི་ཚེ་ཡོ་བྱད་ཅི་བདོག་པ་བླ་མ་དགེ་འདུན་ལ་སྤངས་དག་བྱས་ལ་རབ་གངས་ཁྲོད་དམ་རིའི་རྩེ་ལ་སོགས་པར་ཕྱིན་ནས་འཆི། འབྲིང་སྤྲང་པོ་ལྟར་རྒྱུས་མེད་པའི་ཡུལ་དུ་འཆི། ཐ་མ་རི་ཁྲོད་ལ་སོགས་པ་དབེན་པར་ཆོས་གྲོགས་གཅིག་ཙམ་ཉེ་དྲུང་དུ་བཞག་ལ་དཀོན་མཆོག་ལམ་མཆོད་པ་དང་། འབྱུང་པོ་ལ་གཏོར་མ་ཕུལ་ལ། གདམས་པ་གསལ་གདབ་པར་བྱའོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། སྐྱེ་བུའི་ལུས་ལ་ནད་བཏབ་ནས། །རྟགས་འདི་སུ་ལ་བྱུང་བ་ནི། །འཆི་བའི་དུས་ནི་བཏབ་པ་ཡིན། །ས་ནི་ས་ལ་ཐིམ་པ་དང་། །དེ་བཞིན་མེ་དང་ཆུ་དང་རླུང། །སོ་སོ་རང་ལ་ཐིམ་པ་ནི། །སྐྱེས་བུའི་ལུས་ལ་འདི་ལྟར་འོང་། །ཞེས་པས། འདི་ལ་འབྱུང་བའི་ཐིམ་ཚུལ། རླུང་གི་འབྲོས་ཚུལ། སྣང་བའི་སྡུད་ཚུལ་གསུམ་ལས། དང་པོ་ནི། དེ་ཉིད་ལས། ས་ནི་ས་ལ་རང་ཐིམ་པས། །ལུས་ནི་ལྕི་ཞིང་ལྡང་མི་ནུས། །ལངས་ནས་འགྲོ་བའི་སྟོ བས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །ལུས་ཀྱི་བཀྲག་དང་གཟིམ་དངས་ཉམས། དེ་བཞིན་
རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་གཡོབ། །མིག་ཀྱང་གྱེན་ལ་ལྡོག་པར་བྱེད། །རྟགས་འདི་སུ་ལ་བྱུང་བ་དེ། །འདི་ལ་མི་གནས་ཕ་རོལ་འགྲོ ། དེ་ཚེ་བླ་མའི་གདམས་ངག་རྣམས། །རང་གི་རྒྱུད་ལ་འདྲིས་པར་བྱ། །ཞེས་སོ། །གཉིས་པ་ཀློང་གསལ་ལས། འདེགས་བྱེད་དོན་གྱི་རླུང་འབྲོས་པས། །ལུས་ནི་མི་ཐིག་སྒྱིད་པ་སྐྱུར། །ཡན་ལག་མི་འདུས་སྨྲ་བ་དཀའ། །མི་ལྡོག་དབུགས་ནི་ཕྱི་རུ་འཕུལ། །བཀྲག་མདངས་བསྐྱེད་པའི་རླུང་འབྲོས་པས། །ལུས་ཉམས་ཁ་སྣར་བལ་དུད་ཆགས། །ཤ་ཚ་ཁ་སྐམ་གཤིན་དྲི་བ སྣམས། །དྭངས་སྙིགས་འབྱེད་པའི་རླུང་འབྲོས་པས། །བཟའ་བཏུང་མི་ལེན་ལུས་སྟོབས་འཆོར། །མེ་དང་མཉམ་པའི་རླུང་བྲོས་པས། །ལུས་ཀྱི་དྲོད་ནི་མཐའ་ནས་འཆོར། །བསྐལ་པ་ལས་ཀྱི་རླུང་བྲོས་པས། །ལུས་ལ་ཟང་ཟིང་ཕྱད་ཕྱོད་ལ། །རྩ་བྲན་ཁྲག་ནི་སྲོག་རྩར་འདུས། །ཞེས་སོ། །གསུམ་པ་ཀློང་གསལ་ལས། དེ་ཚེ་སྣང་བ་འདི་ལྟར་འདུ། །ཕྱི་ཡི་དབང་པོ་དྲན་བྱེད་རྣམས། །མུན་སྲོས་བཞིན་དུ་འུབ་ཀྱིས་འདུས། །རིག་པ་སྙིང་གི་དཀྱིལ་དུ་འདུས། །སྨྲ་ཡང་མི་ཤེས་དྲན་པ་ཉམས། །དེ་ནས་ལུས་ཀྱི་ཁྲག་འདུས་ནས། །སྲོག་རྩའི་ནང་ནས་སྙིང་དུ་བརྒྱབ། ཁ་དང་མིག་ནི་སྐྱ་ལོག་འགྲོ ། དབུགས་ནི་ཁྲུ་གང་ཙམ་དུ་འཆད། །དེ་ནས་ཁྲག་ཐིགས་གཉིས་བརྒྱབ་པས། །མགོ་དགུག་དབུགས་ནི་མདའ་གང་འཆད། །དེ་ནས་ཁྲག་ཐིགས་གསུམ་བརྒྱབ་པས། །ཨིག་ཅིང་དབུགས་ནི་འདོམ་གང་ཆད། དེ་ནས་ཕྱི་དབུགས་ཆད་པ་དང་། །རིག་པ་སྙིང་དཀྱིལ་བརྒྱལ་ནས་སྡོད། །དེ་ནས་ནང་གི་དབུགས་ཆད་ནས། ཆོས་ཉིད་བར་དོ་འཆར་བ་ཡིན། །ཞེས་པས་ཁྲག་ཐིགས་རྣམས་བྱུང་དུས་རྒྱལ་པོ་གདན་ལ་བཞུགས་པ་ལ། བློན་པོས་སྒྱོགས་རྡོ་འཕངས་པ་ཞེས་བྱ་སྟེ། དབུགས་རིང་ཕྱིར་མདའ་གང་འདོམ་གང་ཙམ་སོང་བ་ན། རྩ་རྦད་ཀྱིས་ཆད་ནས། ཐ་མ་སྙིང་ནང་དུ་ཁྲག་ཐིགས་གསུམ་གྱིས་འོད་གསལ་གྱི་རྩ་
གང་བར་བྱས་དུས་མི་གཅིག་ཟན་ཟ་བའི་རིང་དུ་དྲན་མེད་ལ་བརྒྱལ་བའོ། །དེ་ནས་ཨ་ཧཾ་གཉིས་གར་འཕྲད་ནས་འོད་གསལ་ལ་འཆར་རོ། །གསུམ་པ་ཉི་ཟླ་ཁ་སྦྱོར་ལས། བླ་མ་མཆེད་དང་རྡོ་རྗེ་སྤུན། །ཤེས་པའི་གསལ་ཡང་གདབ་པར་བྱ། །ཞེས་པས། དེ་ལྟར་འབྱུང་བ་རྣམས་ཐིམ་པར་མ་གྱུར་ཙམ་ལ། བླ་མའམ་རྡོ་རྗེ་སྤུན་སྲིང་དམ་ཚིག་དང་ལྡན་པས། རྣ་བར་སྨྱུག་མའམ་ཤོག་བུའི་སྦུབས་ལ་མཆུ་བཙུགས་པའི་ནང་ན་ཕར། རིགས་ཀྱི་བུ་ཅི་ལ་ཡང་མ་ཆགས་ཤིག །ཆོས་ཉིད་བར་དོ་ལ་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་འཆར་གྱིས་དེ་རང་སྣང་དུ་ཤེས་པར་གྱིས་ཤིག །བདེ་བར་གཤེགས་ཤིག་ཅེས་ལན་གསུམ་བརྗོད་པར་བྱའོ། །གསུམ་པ་ནི་ལམ་འཕྲང་ལ་དགྲ་བྱུང་ནས་དངངས་པ་ལས། རང་གི་གྲོགས་སུ་ཤེས་པས་སྐད་ཅིག་ལ་འཇིགས་སྐྲག་དང་བྲལ་ནས་བདེ་བའམ། མ་བུ་དང་འཕྲད་པས་ཡིད་ཆེས་ལྟ་བུའི་དབང་པོའི་བྱེ་བྲག་གིས་གསུམ་ལས། ཐ་མའི་རབ་བུམ་པ་ཆག་པ་ལྟ་བུ་ནི། དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནང་དབུགས་ཆད། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་དབུགས་བར་སྣང་ལ་ཡལ། དེའི་ཚེ་རིག་གདངས་སྙིང་གར་འདུས་པས་ལུས་སེམས་འབྲེལ་ཐག་ཆད། འོད་གསལ་གྱི་སྣང་བ་ཤར་བའི་དུས་དེར་སེམས་དང་ཡེ་ཤེས་རྒྱབ་གྱེས་པས་འཁོར་འདས་རྒྱབ་གྱེས་ཏེ། འཁོར་བ་ཉིད་མྱ་ངན་ལས་འདས་པར་གྲོལ་བ་ཞེས་བྱའོ། །དེའི་ཚེ་ནམ་མཁའ་འོད་གསལ་ལ་ཐིམ་པས་སྐད་ཅིག་དང་པོ་ལ་དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འབྱུང་སྟེ། དེ་ཉིད་ངོས་ཟིན་ན་ཀ་དག་གི་གཞི་ལ་རང་གྲོལ་བའོ། །དེ་ནས་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་ཀྱི་མཐོང ས་ཞེས་བྱ་བ་ཚོན་སྣ་ལྔའི་དྲུ་བུ་བརྐྱང་པ་ལྟ་བུ་མིག་ནས་ཟུག་པར་སྣང་སྟེ། མིག་ཐུགས་རྗེ་རྒྱུན་མི་འཆད་ཀྱི་ཐག་པ་རྡོ་རྗེ་སེམས་དཔའི་ཁོང་སེང་གི་ལམ་ལ་གཏད། རིག་པ་སྟོང་གསལ་འདུས་མ་བྱས་པ་ལ་གཏད་དོ། །
དེ་ཉིད་ལ་མ་ཡེངས་པས་ཡར་གྱི་ཟང་ཐལ་དུ་སྐད་ཅིག་ལ་རང་གྲོལ་བའོ། །དེའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་ནས་ཕྱི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཉི་མ་ཟླ་བ་ལ་སོགས་པའི་སྣང་བ་རྣམས་ནུབ། ནང་ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་རྣམ་པར་དག་པ་ཕྲ་ལ་དྭངས་པ་གསལ་ལ་འཚེར་བ། རང་བཞིན་གྱིས་བཀྲ་ལ་ཉམ་ང་བ། ཕྱིའི་རྒྱ་མཚོ་ཆེན་པོ་མཐོང་བ་བཞིན་མེ་རེ་རེ་ཤར་པས། འཇིག་རྟེན་གྱི་ཁམས་བརྡལ་ནས་འཆར་རོ། །དེའང་ཁ་དོག་ལྔ་ལྡན་དུ་སྣང་བ་ལ་མནན་ན་ནེམ་ཞེས་བྱེད་ཅིང་། བཏེག་ན་འ ཕར་ཞེས་བྱེད་པ་སྙམ་པ་སྟེ། ཐལ་འགྱུར་ལས། འདིར་ནི་ཆོས་ཉིད་བར་དོར་བཤད། །འཆི་ཁ་ལས་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལུས་དང་གྲིབ་མ་བཞིན་དུ་འགྱུར། །དེའི་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པ་གཟུང་། །གཡོ་བ་རླུང་དག་མཆེད་པ་ཡིས། ཁ་དོག་ལྔ་ཡི་འོད་ཟེར་རྣམས། །མ་ངེས་འཇའ་ཚོན་རིས་སུ་སྣང་། །ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། རང་བཞིན་དག་པའི་སྣང་བ་འདི་ལྟ་སྟེ། སྐྱེས་བུ་རྣམས་ཀྱི་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། དབུགས་ཕྱི་ནང་གི་འགྲུལ་ཐག་ཆད་མ་ཐག་ཏུ། །རང་གི་དབང་པོ་རྣམས་ཀྱི་ཆ་ལས་དངོས་པོར་སྣང་བ་མེད་དེ། །ཡོད་པ་སྙམ་པའི་ཤེས་པ་ནི་འབྱུང་ངོ་། །རྡོས་བཅས་ཀྱི་ལུས་ནི་མི་སྣང་སྟེ་འོད་ཀྱི་ལུས་སུ་གསལ་ལོ། །དེའི་ཚེ་མཐོང་ཚད་ཙམ་དུ་འོད་ཟེར་ལྔའི་ད་ལར་སྣང་བའོ། །དེ་ཡང་སྣང་བའི་འོད་ཟེར་དེ་དག་ཕྱི་ནས་བལྟས་ན་ནང་གསལ་ཞིང་། ནང་ནས་བལྟས་ན་ཕྱི་གསལ་བ་ལ། སོ་སོར་མ་འདྲེས་པར་བལྟས་ན་ཤིན་ཏུ་ཕྲ་བ། འགྱུར་བ་འགུལ་བ་འཕྲིགས་པ་རབ་ཏུ་འཚེར་ལ་ལྷུན་སྡུག་པའོ། །ཤིན་ཏུ་རྒྱ་ཆེ་བ་དཔག་ཅིང་བསམ་པའི་དམིགས་སུ་མ་ཚུད་པ། དཔངས་མཐོ་ལ་རྩེ་མོ་ཡངས་བ་ཞེས་བྱ་སྟེ། དེ་ཉིད་ཐམས་ཅད་ཀྱི་འབྱུང་གནས་སུ་
བཞུགས་སོ། །དེ་དག་ནི་ཁ་དོག་ལྔ་ལྡན་ཏེ་དཀར་པོ་རང་ས་ན་གསལ་ལ་འོད་ཟེར་འཕྲོ་བ་དེ་བཞིན་དུ་སེར་པོ་དང་དམར་པོ་དང་ལྗང་གུ་དང་མཐིང་ག་རྣམས་ཀྱང་རང་ས་ན་གསལ་ལ་འོད་ཟེར་འཕྲོ་བ་སྟེ། དེ་དག་ཀྱང་འབྱར་ལ་མ་རེག་ཅིང་མ་འདྲེས་པར་ཁ་དོག་གསལ་ལ་ཤིན་ཏུ་ལྷུན་སྡུག་པར་གནས་སོ། །ཞེས་སོ། །དེའི་ཚེ་སྣང་བ་མཆེད་པ་རྣམས་རང་སྣང་དུ་བཟུང་སྟེ་རང་ངོ་ཤེས་པས་སྐད་ཅིག་ལ་གྲོལ་བའོ། །དེ་ཡང་བར་དོའི་སྣང་བ་འདི་དག་སྔར་བཤད་པའི་གདོད་མའི་གཞི་དང་། ལྷུན་གྲུབ་ཀྱི་སྣང་བ་རྣམས་འཆར་བ་ཡིན་པས། དེ་ཉིད་རང་ངོ་ཤེས་པ་ཙམ་གྱིས་ནང་གསལ་གདོད་མའི་གཞི་ལ་གྲོལ་བའོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་བ་ཞི་ཁྲོའི་དཀྱིལ་འཁོར་མངོན་པར་སྣང་བ་སྟེ། ཐ་མའི་འབྲིང་སེང་གེའི་གསོ བ་མཐོང་བ་ལྟ་བུའི་གྲོལ་ལུགས་འབྱུང་བས། གདངས་ཀྱི་སྐུ་ཐོག་མར་སྣང་བ་ནི། ཀློང་གསལ་ལས། དེ་ཚེ་སྒྲ་འོད་ཟེར་དུ་འཁྲིགས། །སྐུ་ཡི་སྣང་བས་སྐྲག་པར་བྱེད། །ཅེས་པས། སྐད་ཅིག་མ་དེ་ལ་ལུས་བོར་བའི་གནད་ཀྱིས་ལྷུན་གྲུབ་རང་གནས་ཀྱི་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་སྔར་བཤད་པ་དེ་རྣམས་ཤར་སྟེ། ཆེ་བ་རི་རབ་ཙམ་དང་། འབྲིང་རི་བོ་ཙམ། ཆུང་བ་ཉུང་འབྲུ་ཙམ་པ་ཤིན་ཏུ་མང་ཞིང་མགོ་བརྙན་སྣ་ཚོགས་པས་མཚོན་ཆ་སྣ་ཚོགས་པ་ཐོགས་ནས་རང་ཉིད་གང་དུ་འགྲོ་བའི་ཕྱོགས་སུ་རྒྱུག་ཅིང་། བརྡེག་པར་སྣང་བ་དང་། འོད་ཟེར་མཚོན་ཆའི་སྣང་བས་བརྡེག་པ་དང་ཟུག་པར་སྣང་ངོ་། །འོད་ཀྱི་ནང་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་པས་རྒྱོབ་ཅིག་སོད་ཅིག་དང་། ཟུང་ཤིག་ལ་སོགས་པའི་སྒྲ་སྐད་མི་སྙན་པ་སྣ་ཚོགས་པའི་འོད་ཀྱིས་འཇིགས་སོ། །སྒྲ་དང་ཟེར་གྱིས་སྐྲག་གོ ། དེའང་རང་སྣང་དུ་མ་ཤེས་པ་རྣམས་ལ་བདུད་དང་གཤིན་རྗེའི་སྣང་བ་ཆེན་པོ་འབྱུང་ངོ་། །དེའང་ལྷ་ཚོགས་དེ་རྣམས་གནས་ཀྱང་ཐོག་གི་དུང་ཁང་ན་ཉུང་འབྲུ་ཙམ་ལས་མེད་ཀྱང་བར་དོར་འཇིག་རྟེན་གྱི་ཁམས་ཁྱབ་པར་སྣང་ངོ་། །
དེ་ཉིད་རང་སྣང་དུ་ཤེས་པས་སྐད་ཅིག་ལ་ཁྲག་འཐུང་གི་སྐུར་གྲོལ་ནས་སངས་རྒྱས་པ་ནི། །བླ་མའི་གདམངས་ངག་གི་རང་སྣང་རིག་པའི་རྩལ་དུ་ངོ་ཤེས་པས་སེང་གེའི་གསོབ་མཐོང་བ་ལྟ་བུར་མཚང་ཕུག་ནས་རིག་སྟེ་སྔར་གོམས་པའི་གདམས་པ་འོད་གསལ་མ་དང་། ཕྱིས་ཤར་བ་བུ་རང་བྱུང་གི་འོད་གསལ་གཉིས་མ་བུ་འདྲེས་ཏེ། རང་ཤར་རང་གྲོལ་ལ་རང་གསལ་དུ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་རིག་རང་གསལ་དུ་རང་གྲོལ་བའོ། །འདིའི་ངོ་སྤྲོད་མ་ཐོབ་ན་གང་ཟག་བཟང་པོ་རྣམས་ཀྱང་འདི་ནས་ལྡོག་སྟེ། མན་ངག་སྙིང་གི་དགོངས་པ་ལས། ཀྱཻ་གསང་བའི་བདག་པོ་ད་ལྟ་ངོ་མ་འཕྲོད་ན་སྒོམ་སྒྲུབ་ཇི་ཙམ་བྱས་ཀྱང་འཚང་མི་རྒྱའོ། །གདམས་ངག་དང་མ་འཕྲད་པས་འོད་ཀྱིས་འཇིགས་སོ། །སྒྲས་དངངས་སོ། །ཟེར་གྱིས་སྐྲག་གོ ། གདམས་པའི་གནད་མ་ཤེས་ན་སྒྲ་འོད་ཟེར་གསུམ་ངོ་མ་ཤེས་པས་འཁོར་བར་འཁྱམས་སོ། །ཞེས་གསུངས་སོ། །དེ་ནས་ཐ་མའི་ཐ་མ་འབྲས་ཀྱི་ལྗང་བུ་ལྟ་བུ་ནི། རིམ་གྱིས་འཆར་ཚུལ་རྣམས་འབྱུང་བ་ལ་གྲོལ་ཏེ། ཐལ་འགྱུར་ལས། འཇུག་ཅིང་སྨིན་པའི་རླུང་ལ་ཡང་། །ཕྱོགས་བཞི་མཚམས་དང་སྟེང་འོག་གྲུབ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་མངོན་པར་སྣང་། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུམ་དང་བཅས་པར་སྣང་། །སོ་སོའི་ཚོམ་བུ་རྫོགས་པ་ལས། །ལྔ་ལྡན་བཅུ་ལྡན་བརྒྱ་ལྡན་ལ། །ཚོམ་བུ་སྟོང་དང་འབུམ་ཕྲག་ནི། །བསམ་ངོ་རང་བཞིན་དག་པ་ཡིས། །བརྗོད་ཀྱིས་མི་ལངས་གྲངས་མེད་འཆར། །ཞེས་པ་དང་། སྔ་མའི་འཕྲོ་ལས། ཡང་སྔ་མ་དེ་དག་སྐུའི་སྣང་བ་རང་འཆར་ཏེ་སྐུ་དེ་དག་ཀྱང་མི་ཆེ་བ། མི་ཆུང་བ། ཆ་མཉམ་པ། རྒྱན་དང་། ཁ་དོག་དང་། བཞུགས་ཚུལ་དང་། གདན་ཁྲི་དང་། རང་རང་གི་ཕྱག་རྒྱ་དང་བཅས་པ་སྟེ། སྐུ་དེ་དག་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ། ལྔ་ཚན་རེ་རེ་ལ་འོད་ལྔ་ལྔའི་མུ་ཁྱུད་དང་བཅས་པ། ཡབ་ཀྱི་ཆ་འཛིན་པའི་རིགས་དང་།
ཡུམ་གྱི་ཆ་འཛིན་པའི་རིགས་དང་། སེམས་དཔའ་དང་། སེམས་མའི་རིགས་དང་། དཀྱིལ་འཁོར་ཐམས་ཅད་ལ་རྫོགས་པར་གནས་སོ། །ཞེས་པས་ཞག་ལྔར་སྣང་སྲིད་ཐམས་ཅད་འོད་དང་སྐུར་འཆར་ཏེ། །དེའང་ཞག་དང་པོར་རྣམ་སྣང་ཡུམ་དང་བཅས་པ། ཤར་དུ་མི་བསྐྱོད་པ། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་ཡོད་གྲུབ་པ་ཡུམ་དང་བཅས་པ། སེམས་དཔའ་བརྒྱད། སེམས་མ་བརྒྱད་དང་བཅས་པ། སྒོ་བ་ཡབ་ཡུམ་བཞི་དང་བཅས་པ་འཆར་རོ། །དེ་བཞིན་དུ་ཞག་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་རྣམས་སུ་མི་བསྐྱོད་པ་ལ་རིགས་ལྔས་བསྐོར་བ་སྔ་མ་བཞིན་འཆར་རོ། །རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་ལ་སྔ་མ་བཞིན་བསྐོར་བའི་ཚོམ་བུའི་དཀྱིལ་འཁོར་ལྔ་ལྡན་དང་། བཅུ་ལྡན་དང་། བརྒྱ་ལྡན་དང་། སྟོང་ལྡན་དང་། འབུམ་ལྡན་དང་། གྲངས་མེད་ལྡན་རྣམས་འཆར་ཏེ། ཕྱོགས་བཅུར་རིགས་ལྔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཛད་པའི་རྣམ་པར་རོལ་པ་རྣམས་ལ་ལྔ་ལྡན་ནས་གྲངས་མེད་ལྡན་གྱི་བར་སྦྱར་ཏེ། ནམ་མཁས་གར་ཁྱབ་པར་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོས་ཁྱབ་ཅིང་། རང་ཉིད་ཀྱང་འོད་ལུས་སུ་སྣང་བའི་སྙིང་གདང་དཀྱིལ་འཁོར་དེ་དག་གི་ཐུགས་ཀར་འོད་ཟེར་ལྔའི་ཟེར་ཐག་སྦྲེལ་མས་འབྲེལ་བར་སྣང་ངོ་། །དེ་དག་ཐམས་ཅད་ཀྱང་ཕྱི་ནང་ཀུན་ཏུ་གསལ་ལ་ལྟེམ་མེར་རེ་ཁྱིལ་ལེ་བ་ཁ་དོག་སོ་སོར་གསལ་ཞིང་མ་འདྲེས་པ་ལ། ཕྲ་བ། འགྱུ་བ། འཕྲིགས་པ། རབ་ཏུ་འཚིར་བ། རྒྱ་ཆེ་བ། ལྷུན་བརྗིད་པ། དཔངས་མཐོ་བ། དམིགས་སུ་མི་ཚུད་པ། །འོད་ཟེར་མཐའ་ཡས་པ། །ཀུན་ཏུ་འཕྲོ་བ་སྟེ། ཀློང་གསལ་ལས། དེ་ལྟར་སྣང་བ་དེ་དག་ལ། རིགས་ལྔ་ཡབ་ཡུམ་ཚོམ་བུར་གསལ། །དཔག་མེད་གྲངས་ལས་འདས་པ་ལ། །དེ་དག་ཕྱག་རྒྱ་རྒྱན་དང་ལྡན། །
གདན་ཁྲི་བཞུགས་ཚུལ་ཆ་སྙོམས་པར། །ལྔ་ལྔའི་ཟུང་ལ་འོད་ཀྱིས་བསྐོར། །ཡབ་ཡུམ་སོ་སོའི་ཆ་འཛིན་པ། སེམས་དཔའ་དང་ནི་སེམས་མར་བཅས། །དཀྱིལ་འཁོར་ཆིག་རྫོགས་ཉིད་དུ་འཆར། །ཞེས་སོ། །འདིའི་དུས་སུ་དུས་གསུམ་གནད་ཀྱི་གདམས་པ་དྲན་པར་བྱ་བ་ལ་འཇུག་པ་ཤེས་པའི་གནད། གྲོལ་བ་ལུས་ཀྱི་གནད། མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ། །དང་པོ་རིག་པ་འོད་ལ་ཕར་འཇུག་པ་དང་། འོད་རིག་པ་ལ་ཚུར་འཇུག་པ་གཉིས་ལས། དང་པོ་ཀློང་གསལ་ལས། དེ་ཚེ་རང་གི་སྙིང་ག་ནས། ཟེར་ཐག་འོད་ཀྱི་ལུ་གུ་རྒྱུད། ཚོམ་བུའི་ཐུགས་ཀར་འབྲེལ་སྙམ་ལས། །དེ་དག་ཐིག་ལེ་རབ་བརྒྱན་པས། །ཤེས་པ་ཟིན་པས་བསམ་གཏན་སྐྱེ། །ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། དེ་ཚེ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་གཅིག་འཆར་ཏེ། ཚོམ་བུའི་འོད་ཟེར་དང་རང་གི་སྙིང་གའི་འོད་ཟེར་དེ་གཉིས་འབྲེལ་བའི་ཚེ། སྐུ་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་ཏེ་འཆར་རོ། །དེ་ལ་རང་གི་ཤེས་པ་ཟིན་ཏེ་ཟེར་ཐག་དེ་ལ་ཡང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཆར་རོ། །ཞེས་སོ། །གཉིས་པ་དེ་ནས་ཚོམ་བུའི་འོད་སྣང་གི་སྐུ་རྣམས་རང་ལ་ཐིམ་པ་ནི། སྔ་མ་ལས། དེ་ནས་རང་གི་སྙིང་ག་ནས། །འོད་ཟེར་ཚོན་སྐུད་སྒྲིལ་བ་གཅིག ། ཚོམ་བུའི་ཐུགས་ཀར་འབྲེལ་བར་སྣང་། །དེ་ནས་ཚོམ་བུའི་སྐུ་དེ་རྣམས། །རང་ལ་ཐིམ་པའི་སྣང་བ་འཆར། །ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། དེ་ནས་ཡང་རང་གི་སྙིང་ག་ནས་འོད་ཟེར་གྱི་ཟེར་ཐག་ཚོན་སྐུད་སྒྲིལ་བ་ཙམ་ཞིག་འཆར་ཏེ། དེ་ནས་སྐུ་དེ་དག་ཐམས་ཅད་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ། དེ་ནི་འོད་རང་གི་རིག་པ་ལ་ཚུར་འཇུག་པ་ཞེས་བྱའོ། །དེའི་ཚེ་སྐྱེས་བུ་རྣམས་ཀྱིས་ཡིད་ཆེས་པ་ཕ་མ་དང་བུ་ཚ་འཕྲད་པ་ལྟ་བུའི་གདམས་ངག་དྲན་པར་གྱིས་ཤིག །ཅེས་སོ། །གཉིས་པ་གྲོལ་བ་ལུས་ཀྱི་གནད་ནི། ཀློང་གསལ་ལས། ཕུང་པོ་ལྔ་ཡི་གཟུང་འཛིན་དྭངས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་གྲོལ། །འབྱུང་བ་ཉོན་མོངས་རང་
གྲོལ་བས། །འོད་གསལ་མ་བུར་རིག་པ་གྲོལ། །ཅེས་པས། དེ་དུས་སུ་ཕུང་པོ་ལྔའི་བདག་ཏུ་འཛིན་པ་རང་སར་དེངས་ཏེ་ལུས་འོད་གསལ་དུ་གྲོལ་ནས། ཆོས་ཉིད་ལ་གནས་ཤིང་འབྱུང་བ་ཕྲ་རགས་ལས་གྲོལ་བས། །སྣང་བ་ཐམས་ཅད་འོད་གསལ་བདེ་བ་ཆེན་པོར་གྲོལ་ལ། ཉོན་མོངས་པ་ཕྲ་རགས་ལས་གྲོལ་བས་རིག་པའི་ཡེ་ཤེས་མ་ལ་བུ་ཐིམ་དུ་སོང་བའོ། །དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་སྟེ། འདིའི་དུས་སུ་ཡེ་ཤེས་བཞི་སྦྱོར་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་འཆར་བ་ནི། རང་གི་སྙིང་ག་ནས་འོད་ཁ་དོག་བཞིའི་ཐག་པ་སྟེང་གི་ནམ་མཁའ་ལ་ཟུག་པའི་སྣང་བ་འཆར་ཏེ། ཉི་ཟླ་ཁ་སྦྱོར་ལས། རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཤིན་ཏུ་ཕྲ་བ་ཞིག་འཆར་རོ། །དེ་ནི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་ངོ་། །དེའི་དུས་སུ་རང་གིས་མ་ཡེངས་པར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེས་པར་སྣང་བས་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་དང་པོ་མཐིང་གའི་སྣམ་བུས་སྟེང་དུ་ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུ བས་པ་ཙམ། དཔེར་ན་མུ་མན་གྱི་ཕོར་པ་ཁ་སྦུབ་བ་ལྟ་བུ་ལ་ཡེ་ཤེས་ཀྱི་གཏིང་མ དངས་དང་ལྡན་པ་ཤིན་ཏུ་གསལ་ལ་འཚེར་བ། དེ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །དེའི་མཐའ་དང་དབུས་མེད་པར་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་འཆར་རོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་ཤིན་ཏུ་གསལ་བ། དཔེར་ན་ཤེལ་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུའི་ཡེ་ཤེས་ཀྱི་གཏིང་མདངས་དང་བཅས་པ་སྔ་མ་ལྟར་འཆར་རོ། །ཡང་སེར་པོའི་སྣམ་བུའི་སྟེང་དུ་དཔེར་ན་གསེར་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་ལ་གོང་དང་འདྲ་བ་འཆར་རོ། །ཡང་དེའི་སྟེང་དུ་དམར་པོའི་སྣམ་བུའི་སྟེང་དུ་དཔེར་ན་པདྨ་རཱ་གའི་ཕོར་པ་ཁ་སྦུབ་པ་ལྟ་བུ་ལ་གོང་དང་འདྲ་བར་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་རྨ་བྱའི་གདུགས་ལྟ་བུར་འཆར་རོ། །དེ་དག་ཀྱང་ཡེ་ཤེས་བཞིའི་སྣང་བ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་རྩལ་མ་རྫོགས་པས་མི་སྣང་ངོ་། །དེ་ནི་ཡེ་ཤེས་བཞི་སྦྱོར་
གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱའོ། །ཞེས་གསུངས་སོ། །དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དྲན་པར་བྱའོ། །གསུམ་པ་དེ་ནས་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་སྐྱེ་སྟེ། སྔར་གྱི་སྣང་བ་དེ་རྣམས་ལ་ཡིད་ཆེས་པ་མ་བུ་འཕྲད་པ་ལྟ་བུ་དྲན་པས། སྔར་འདྲིས་ཀྱི་མི་ཕྱིས་མཐོང་བས་ངོ་ཤེས་ཏེ་སྒྲོ་འདོགས་ཆོད་པ་ལྟར་རང་སྣང་དུ་ངོ་ཤེས་པས་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུ་སྟེ། དེ་ཡང་སྨན་པ་མཁས་པས་སྙིང་ཆུ་ཞུགས་པ་གསེར་གྱི་ཐུར་མས་ལམ་དུ་འདྲེན་པ་ལྟར། ཆོས་ཉིད་རྣམ་པར་དག་པའི་ལམ་འགྱུར་བ་མེད་པར་ཡིད་ཆེས་པས་རྒྱུན་གྱི་ཏིང་ངེ་འཛིན་སྐྱེའོ། །དེ་ནས་ཕྱིར་མི་ལྡོག་པ་མངལ་ནས་སྐྱེས་པའི་བུའམ། གྱད་རྩལ་པོ་ཆེ་མདའ་འཕངས་པ་ལྟར་རིག་པ་ལྷུན་གྲུབ་རིན་པོ་ཆེའི་སྐུ་ལ་ཐིམ་པའི་ཚེ། །ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པ་ཞེས་བྱ་སྟེ། རང་སྣང་ཐམས་ཅད་སྟོན་ཀའི་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་ཐ་མ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ། དཔེར་ན་ཉི་མ་འཇས་འཁྱིལ་པ་ལྟ་བུ་དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཁ་དོག་ལྔ་ལྡན་ཤིན་ཏུ་གསལ་བ་གཅིག་འཆར་རོ། །དེའི་ཚེ་ཀློང་གསལ་ལས། ལྷུན་གྲུབ་རིག་པའི་འཆར་ཚུལ་ལས། རྣམ་པ་བརྒྱད་དུ་འཆར་བའོ། །ཞེས་པས། དེའང་རིག་པ་འདི་ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བ་སྣང་བ་ཐམས་ཅད་ནང་དུ་གསལ། སྐུ་ལྟར་ཤར་པས་ཤེས་པ་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལ་ཡང་མི་གནས། མ་དག་པ་སྲིད་པའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མི་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུ་འབྲེལ་བའོ། །དེའང་སྣང་བ་དེ་ཀུན་གྱི་ནང་ན་ལྷའི་སྐུ་སྣ་ཚོགས་དང་། མར་འགྲོ་བ་
རིགས་དྲུག་གི་ཡུལ་སྣ་ཚོགས་པ་སྣང་ཞིང་དེ་དག་གི་སྒྲ་སྐད་སྣ་ཚོགས་སུ་ཤེས་པ། ཡར་ཀ་དག་གི་སྣང་བ་མཐོང་ལ། ཐད་ཀར་སངས་རྒྱས་ཀྱི་ཞིང་ཁམས་ཚད་མེད་པ་མཐོང་བས་སོ། །དེའང་རིན་པོ་ཆེ་སྤུངས་པ་ལས། ཐུགས་རྗེ་ལྟ་བུའི་འཆར་ཚུལ་ལས། །སེམས་ཅན་ཀུན་གྱི་སྐྱབས་པའི་གནས། །སྣང་བ་རང་གསལ་འགགས་མེད་ལས། །འོད་ལྔའི་གསལ་བྱེད་ཚུལ་དུ་སྣང་། །མཁྱེན་པའི་སྣང་ཆ་མ་འགགས་པས། །ཡེ་ཤེས་དག་པའི་སྒོ་ཉིད་དུ། །སྣང་བ་འགགས་མེད་ལམ་ལྟར་ཤར། །རང་སྣང་ལུས་ཀུན་མཐའ་རྫོགས་ཕྱིར། །ཆོས་རྣམས་ཀུན་གྱི་སྐུ་ལྟར་སྣང་། །ཤེས་པའི་ངོ་བོ་གཅིག་ཡིན་པས། །གཉིས་སུ་མེད་པ་ལྟར་ཡང་ཤར། །དེ་ཉིད་རང་སར་གནས་མེད་པས། །མཐའ་གྲོལ་ཆེན་པོའི་སྣང་བ་ནི། །ངེས་མེད་ལྷུན་གྲུབ་གཞི་ལ་སྣང་། །རིག་པ་ཟང་ཐལ་ཆིག་རྫོགས་ཕྱིར། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་དང་འབྲེལ་བ་འོ། །འབྱུང་ཚུལ་འགགས་པ་མེད་པའི་ཕྱིར། །སེམས་ཅན་ཀུན་གྱི་འབྱུང་ཁུངས་སོ། །མ་དག་འཁོར་བའི་སྒོ་ལྟར་ཡང་། ཁྱབ་བྱེད་སྣང་བའི་ཆ་ལས་ཤར། །ཞེས་སོ། །དེའི་སྐད་ཅིག་ལ་མངོན་པར་ཤེས་པ་དྲུག་ཕྲག་དྲུག་ཀྱང་འཆར་ཏེ། ཀློང་གསལ་ལས། དེ་ཚེ་རིགས་ཀྱི་བུ་དེ་ལ། མངོན་པར་ཤེས་པ་དྲུག་ཕྲག་དྲུག །ཅེས་པས། དབང་པོའི་མངོན་པར་ཤེས་པ་དྲུག །སེམས་ལས་སུ་རུང་བའི་མངོན་པར་ཤེས་པ་དྲུག །ཤེས་རབ་ལ་དབང་ཐོབ་པའི་མངོན་པར་ཤེས་པ་དྲུག །ཡེ་ཤེས་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག །ཆོས་ཉིད་ཕྱིན་ཅི་མ་ལོག་པའི་མངོན་པར་ཤེས་པ་དྲུག །སངས་རྒྱས་ཀྱི་གཟིགས་པ་ཕྱིན་ཅི་མ་ལོག་པའི་མངོན་པར་ཤེས་པ་དྲུག་འཆར་རོ། །ཡང་སྐད་ཅིག་མ་དེ་ལ་མངོན་པར་ཤེས་པ་དགུ་ཡང་འཆར་ཏེ། དེའི་ཚེ་རིགས་ཀྱི་བུ་དེ་ལ། །མངོན་པར་ཤེས་པ་དགུ་འཆར་ཏེ། །ཞེས་པས་སྐུའི་གསུམ་ནི་ཡར་ཆོས་ཀྱི་སྐུ་སྐྱེ་བ་མེད་པ་ཤེས། བར་ལོངས་
སྐུའི་ཚོམ་བུ་རང་གསལ་དུ་ཤེས། །མར་སྤྲུལ་སྐུ་དང་རིགས་དྲུག་གི་སྐྱེ་གནས་ཤེས་པའོ། །གསུང་གི་གསུམ་ནི་ཡར་ཆོས་སྐུའི་གསུང་བརྗོད་མེད་ཆེན་པོར་ཤེས། །བར་ལོངས་སྐུའི་གསུང་གསལ་གདངས་ཆེན་པོར་ཤེས། །མར་སྤྲུལ་སྐུའི་གསུང་རིགས་དྲུག་གི་སྒྲ་སྐད་ཤེས་པའོ། །ཐུགས་ཀྱི་གསུམ་ནི་ཡར་ཆོས་སྐུའི་ཐུགས་ཀ་དག་ཆེན་པོར་ཤེས། བར་ལོངས་སྐུའི་ཐུགས་ལྷུན་གྲུབ་ཆེན་པོར་ཤེས། མར་སྤྲུལ་སྐུའི་ཐུགས་འཁོར་འདས་ཀྱི་བསམ་པ་ཤེས་པའོ། །དངོས་པོ་གཤིས་ཀྱི་འདུག་ཚུལ་དེ་ཡང་རྗེས་སུ་དྲན་པ་བདུན་ལས་བྱུང་སྟེ། བླ་མ་རྗེས་སུ་དྲན་པས་ཟབ་མོའི་གདམས་པ་ལ་དབང་བསྒྱུར། གདམས་པ་རྗེས་སུ་དྲན་པས་བར་དོར་རང་གི་ཆོས་ཉིད་ལ་དབང་བསྒྱུར། ལྟ་བ་རྗེས་སུ་དྲན་པས་མི་འགྱུར་བའི་གདེང་དུ་ཐག་ཆོད། སྒོམ་པ་རྗེས་སུ་དྲན་པས་རང་བཞིན་གྱི་བསམ་གཏན་ལ་ཞག་ལྔར་གནས། སྤྱོད་པ་རྗེས་སུ་དྲན་པས་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་དག་པའི་ཡེ་ཤེས་ལ་སྤྱོད། ལྷ་རྗེས་སུ་དྲན་པས་རང་སྣང་དཀྱིལ་འཁོར་དུ་རང་གྲོལ། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པའོ། །དེ་ནས་མི་བརྗེད་པའི་གཟུང་དང་ཏིང་ངེ་འཛིན་ཐོབ་པས་སྔོན་ཐོས་པའི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ཏུ་འཆར་ཞིང་། མ་དག་པའི་སྣང་བ་མི་སྐྱེ་ངེས་སོ། །དེ་བཞིན་དུ་སྔར་མ་ཐོས་པའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ། །རྒྱུན་གྱི་ཏིང་ངེ་འཛིན་ནི་རྒྱུད་ལ་རང་བཞིན་གྱིས་འཆར་བས་རྣམ་རྟོག་ངན་པ་ཐམས་ཅད་གཏན་ནས་མི་སྐྱེའོ། །དེ་ནས་སྐད་ཅིག་མ་གསུམ་པ་ལ་ལྷུན་གྲུབ་ཀྱི་ས་ལ་ངེས་པའམ་གདེང་རྙེད་ནས་ཐིམ་ལུགས་བརྒྱད་ཀྱང་དུས་གཅིག་ལ་འབྱུང་སྟེ། རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་རང་ཉིད་ཀྱི་སྟོབས་སུ་གྱུར་ནས། བདེན་པ་མཐོང་བའི་ཚེ་ཐིམ་ལུགས་བརྒྱད་པོ་ངོ་ཤེས་པར་བྱའོ། །དེའང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་འོད་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་
དུ་བུ་ཞུགས་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བསྡུས་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོའི་སྒོ་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །ཞེས་པས། དེའང་ལྷུན་གྲུབ་ཀྱི་ས་ལ་གདེང་རྙེད་པའི་ཚེ་ཕྱིར་གསལ་གྱི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ནང་གསལ་ལ་ཐིམ་པ་ངོས་འཛིན་པ་སྟེ། དེའང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་ཉི་མ་རྒས་པའི་དུས་ན་ཟེར་ཉི་མ་ལ་འདུས་པ་ལྟར། རིགས་དྲུག་གི་སྣང་བ་རང་ལ་འདུས་ནས་མ་དག་པ་འཁྲུལ་པའི་མིང་མེད་དེ་མཐོང་སྣང་ལས་འདས་སོ། །འོད་འོད་ལ་ཐིམ་པ་ནི་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་འོད་དང་ཁ་དོག་མཚན་མའི་རིས་མེད་དེ། སྟོང་པ་ངོས་གཟུང་དང་བྲལ་བའི་དབྱིངས་སུ་རོ་གཅིག་གོ །སྐུ་སྐུ་ལ་ཐིམ་པས་བུམ་པའི་སྐུ་ལྟར་ཤེས་བྱ་ནང་དུ་གསལ་བས། མཚན་མ་རིས་ཅན་གྱིས་ཞལ་ཕྱག་ཏུ་གྲུབ་པ་མེད་པས་རང་ངོ་རྣམ་པར་དག་གོ ། ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་ཞུགས་ཏེ་ཆོས་ཉིད་མ་དང་བུ་གཉིས་གཉིས་མེད་དུ་འདྲེས་སོ། །གཉིས་མེད་གཉིས་མེད་ལ་ཐིམ་པས་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟར་དབྱེར་མེད་སྤྲོས་པ་དང་བྲལ་བའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར་སྟོང་པ་ལ་གཏད་པའི་ཡུལ་མེད་དོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པས་སྦྲའི་ཆོན་ཐག་བསྡུས་པ་ལྟར་ཐིག་ལེ་ཉག་གཅིག་ལ་འདུས་སོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཉིད་ལ་ཐིམ་པས་སེང་གེས་གངས་ལ་ཟིན་པ་ལྟར་ཡ་ང་བ་དང་བྲལ་བའོ། །རིན་ཆེན་སྤུངས་པ་ལས། རོལ་པ་ཙམ་དུ་ཐིམ་ལུགས་བརྒྱད། ཡོན་
ཏན་ཚུལ་དུ་འདི་ལྟར་རོ། །ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོ་རང་ཐིམ་པས། །དཔེར་ན་ཉི་མའི་སྙིང་པོ་ལ། །རང་གི་ཟེར་རྣམས་ཐིམ་པ་ལྟར། །གཟིགས་སྣང་ཐ་དད་མྱ་ངན་འདས། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ནས་ཀ་དག་གི་ས་ལ་གྲོལ་ནས་རྣམ་པ་ཐམས་ཅད་མཁྱེན་པར་འཚང་རྒྱའོ། །བར་དོའི་གྲོལ་ཚད་ནི་སེང་གེ་རྩལ་རྫོགས་ལས། ཞག་ལྔ་དག་ཏུ་ཏིང་འཛིན་ནི། ཞེས་པ་དང་། སྐུ་གདུང་འབར་བ་ལས། བར་མ་དོ་ཡི་ཆོས་ཉིད་ལ། །སྐད་ཅིག་ལྔ་ལ་གྲོལ་བར་འགྱུར། །ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། དེ་ལྟར་ན་དབང་པོ་ནི་གསུམ་སྟེ། རབ་ཀྱིས་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་ཞག་ལྔ་ན་བརྟན་པ་ཐོབ་པ་ཡང་ཡོད་དོ། །ཐ་མ་ནི་ཞག་ཉི་ཤུ་རྩ་གཅིག་ན་བརྟན་པ་ཐོབ་པར་ངེས་པ་ཡིན་ནོ། །འདིའི་དབང་པོ་ཡང་མཐའ་ནི་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་བར་དོ་མེད་པར་འཚང་རྒྱ་བ་ཡིན་ནོ། །ཞེས་དང་། རང་ཤར་ལས། དབང་པོའི་བྱེ་བྲག་གིས་ཆོས་ཉིད་ཀྱི་བར་དོ་ལ་ཞག་ཉི་ཤུ་རྩ་གཅིག་ཏུ་བཤད་དོ། །ཞེས་སོ། །གསུམ་པ་སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་ཁ་ཆག་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། དཔེར་ན་ཡུར་བ་ཁ་ར ལ་ཝ་བཙུགས་པས་ཆུ་བར་མ་ཆད་པར་འདྲོངས་པ་ལྟར། འདིའི་སྒོམ་མཐོང་ཡང་ཁྲེགས་ཆོད་ཙམ་མམ་རུ་ཤན་འབྱེད་པའི་སྤྱོད་པས་ལུས་ངག་གི་སྔོན་འགྲོ་བྱེད་དུས་ཚེའི་བར་ཆད་པ་རྣམས་ལས་བཟངས་ཀྱི་འཕྲོ་མཐུད་པས་སྲིད་པའི་བར་དོ་ནས་འཁོར་བའི་རུ་ལྡོག་པའོ། །དེ་ལ་གསུམ་ལས། ཡང་མཐའི་རབ་མངལ་སྒོ་དགག་སྟེ་བཟློག་པ་ནི། དེ་ཡང་བར་མ་དོ་ཡིད་ཀྱི་ལུས་ལ་དབང་པོ་ཀུན་ཚང་བས་ཐོགས་པ་མེད་པར་འགྲོ་བ་ནི་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུ་ཕྱད་ཕྱོད་བན་བུན་ཡད་ཡུད་ཀུན་ལ་བལྟ་ཞིང་འཇུག་པའི་དུས་སུ་བསམ་བློ་གཅིག་བཏང་བས། ད་ནི་ཤི་བ་ཡིན་པར་འདུག་སྙམ་ནས་སྡུག་བསྔལ་དྲག་པོ་བྱུང་ནས་ཤེས་པ་སྔར་བས་བདུན་འགྱུར་གྱིས་གསལ་ཞིང་བར་དོའི་སེམས་ཅན་ཐམས་ཅད་
ལུས་འཚོལ་དུ་འགྲོ་དུས། ཕོ་མོ་སྦྱོར་བ་བྱེད་པ་མཐོང་བ་ན། བླ་མ་ཡི་དམ་དུ་མོས་པ་བྱས་ཏེ་བདེ་སྟོང་གི་དོན་ལ་མཉམ་པར་བཞག །ཡང་ན་ཞེན་ལོག་བསྒོམས་པས་དེར་མི་འཇུག་གོ ། དེའི་དུས་སུ་ལྷ་མི་གཉིས་འོད་དཀར་པོ། བྱོལ་སོང་། ལྷ་མིན་སེར་པོ། དམྱལ་བ་ཡི་དྭགས་ནག་པོར་སྣང་ཞིང་། ལྷ་མི་གཉིས་མགོ་གྱེན་དུ་བལྟས་ནས་འགྲོ་བ་སྙམ་བྱེད། ལྷ་མིན་བྱོལ་སོང་མགོ་འཕྲེད། དམྱལ་བ་ཡི་དྭགས་མཐུར་དུ་བསྟན་ནས་འགྲོ་བ་སྙམ་བྱེད་དོ། །དེའང་བར་དོར་ཇི་ཙམ་གནས་པའི་ཕྱེད་སྔར་གྱི་རྣམ་པར་སྣང་ཞིང་། ཕྱེད་ཕྱི་མའི་སྣང་བ་འཆར་རོ། །དེ་ཡང་ལྷ་ཁང་དང་སྐྱེད་མོས་ཚལ་གྱི་ནང་ན་འདུག་པ་སྙམ་བྱེད་ན་ལྷར་སྐྱེ། དེ་བཞིན་དུ་འོད་ཀྱི་འཁོར་ལོ་ལྷ་མིན་དང་། ནང་རྨུགས་པ་ནི་མི་ལུས་ཙམ་པོ་དང་། སྐྱེ་བོ་མང་པོའི་དབུས་ན་འདུག་པ་ནི་མི་ལུས་རིན་པོ་ཆེ་དང་། སྤྱིལ་པོའམ་ས་ཕུག་ནི་བྱོལ་སོང་དང་། གྲོག་པོ་ནི་ཡི་དྭགས་དང་། མུན་ནག་ཆར་འཐིབས་ནི་དམྱལ་བར་སྐྱེ་བས། དེའི་གསེབ་ཏུ་མི་འགྲོ་བར་གཟབས་པར་བྱའོ། །ཐ་མའི་འབྲིང་གིས་སྒྱུ་མ་ལྟ་བུའི་བསྐྱེད་རིམ་གྱིས་བཟློག་པ་ནི་གོང་གི་སྣང་བ་དེ་རྣམས་ཤར་བའི་དུས་སུ་ཡི་དམ་གྱི་ལྷར་བསྒོམས་ནས་བསྐྱེད་རིམ་གྱི་ངང་ལ་བཞག་པས་ཁ་ཅིག་གྲོལ་བ་ཡང་ཡོད་ཅིང་། དེར་མངལ་ནས་ཡི་དམ་ཡབ་ཡུམ་དུ་གསལ་བཏབ་ནས་བསྐྱེད་རྫོགས་བསྒོམས་པའི་བྱིན་རླབས་ཀྱིས་རྟག་ཏུ་ཆོས་ལ་སྤྱོད་པའི་རིགས་སུ་སྐྱེའོ། །ཐ་མ་སྐྱབས་འགྲོས་བཟློག་པ་ནི། གོང་གི་སྣང་བ་ཤར་བའི་དུས་སུ་བླ་མ་ཡི་དམ་ཕྱོགས་བཅུའི་སངས་རྒྱས་རིགས་ལྔ་བདེ་བར་གཤེགས་པ་ལ་སོགས་པ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་པས་མངལ་སྒོ་ངན་པ་རྣམས་ཁེགས་ཏེ་མི་ལུས་རིན་པོ་ཆེ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་ལུས་ཐོབ་ནས་སྐྱེ་བ་དེ་ལ་བླ་མ་དགེ་བའི་བཤེས་གཉེན་དམ་པའི་ཞབས་དྲུང་དུ་སྐྱེས་ཏེ། ཟབ་མོའི་ཆོས་ཐོས་ནས་འཚང་རྒྱའོ། །འདི་ནི་མངོན་སུམ་གྱི་ངོ་སྤྲོད་མ་ཐོབ་པ་རྣམས་ཀྱི་དབང་དུ་བྱས་པའོ། །ཐོབ་པ་རྣམས་ནི་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་གྲོལ་བར་ངེས་སོ། །
དོན་གསུམ་པ་བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་འཚང་རྒྱ་བའི་གདམས་ངག་ནི། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུར་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་པ་དང་། སྐུ་གདུང་འབར་བ་ལས། འདི་ནི་སྤྲུལ་པའི་ཞིང་ཁམས་སུ། །དབུགས་ཕྱུང་སྐྱེ་བ་གཅིག་གིས་ཐོགས། །ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། རང་དགར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུང་ནས། །བར་དོ་མེད་པར་སངས་རྒྱས་རྙེད། །ཅེས་པས། འདིའི་དབང་པོ་ཡང་མཐའ་བརྩོན་འགྲུས་ཅན་ཐ་མ་ནི་མངོན་སུམ་མཐོང་ཡང་ཡུན་དུ་བསྒོམས་པས། ཆོས་ཉིད་བར་དོ་མ་ཟིན་ཏེ་དབང་པོ་ཁ་འཁྱལ་ནས་སྲིད་པའི་བར་དོའི་སྣང་ཆ་ཙམ་དུ་གནས་པ་ལས། རྨི་ལམ་སད་པའི་ཚུལ་ཙམ་དུ་རང་བཞིན་སྤྲུལ་པའི་ཞིང་དུ་སྐྱེའོ། །དེའང་ཤར་ཕྱོགས་མངོན་པར་དགའ་བ་མི་འགྱུར་རྡོ་རྗེའི་ཞིང་ཁམས་རྣམ་པར་དག་པ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ས་གཞི་ལ་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་ལས་བཀོད་པ། སྒོ་བཞི་གྲུ་བཞི་རྟ་བབས་དག་ལྡན་པ། གདུགས་དང་རྒྱལ་མཚན་དང་འཁོར་ལོ་ལ་སོགས་པས་མཛེས་ཤིང་ཁོད་སྙོམས་ལ་ཡིད་དུ་འོང་བར་ཡན་ལག་བརྒྱད་ལྡན་གྱི་ཆུ་འབབ་པ། མཆོད་པའི་ལྷ་མོ་མང་པོས་བཀྲ་ཤིས་ཀྱི་གླུ་ལེན་ཅིང་འབྱུང་བ་བཞིའི་གནོད་པ་དང་བྲལ་བ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གང་ཡང་མེད་ཅིང་། དེར་སྣང་བའི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་གདུལ་བྱའི་སེམས་རྒྱུད་འདུལ་བའི་ཆོས་ཀྱི་རྔ་སྒྲ་ཆེན་པོ་དུས་བཞིར་སྒྲོགས་པས་མཛེས་པ། རྡོ་རྗེ་རིགས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པར་སྣང་བ། རང་ཉིད་ཀྱང་རྡོ་རྗེ་རིགས་ཀྱི་སེམས་དཔའ་གཞོན་ནུའི་གཟུགས་ཅན་མཆོག་ཏུ་དཀར་བའི་ལུས་བླངས་ནས་སྟོན་པའི་ཞལ་མཐོང་སྟེ། ཉོན་མོངས་པ་ཞེ་སྡང་བག་ཆགས་དང་བཅས་པ་གྲོལ་ཏེ། ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པ་སྙམ་བྱེད་དོ། །འཇིག་རྟེན་གྱི་ཁམས་དེ་
ཡང་རང་སྣང་རྣམ་པར་དག་པ་ལྷུན་གྲུབ་ཀྱི་གདངས་ལས་ཤར་བ་སྟེ། ཐེག་པ་ཐུན་མོང་བའི་རིགས་ལྔའི་ཞིང་ལྟར་ཕྱོགས་ག་ཤེད་ན་ཡོད་པ་ནི་མ་ཡིན་ནོ། དེའང་སྔར་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་གནད་ཀྱི་ལྷུན་གྲུབ་ཀྱི་སྣང་བ་ལས་ཤར་བའི་རང་བཞིན་སྤྲུལ་སྐུའི་ཞིང་དེ་ཉིད་རང་སྣང་ལ་སྣང་བའོ། །ཤར་ལ་སོགས་པའི་ཕྱོགས་སུ་བཤད་པ་ནི་སྙིང་ནས་ཤར་ཏེ་མདུན་གྱི་འོད་གསལ་གྱི་མདངས་ལས་སྣང་བ་ན་སྣང་བ་དེ་ཡོད་པས་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཕྱོགས་གཞན་རྣམས་ཀྱང་དེས་མཚོན་ཏེ། སྙིང་གི་དབུས་ན་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི་གདངས་ལས། བར་ན་རིགས་ལྔ་འཇའ་ཚོན་ལྟ་བུ་དེའི་གདངས་ལས་ཕྱི་རོལ་སྒྲུབ་པའི་ཞིང་དང་སྐུར་སྣང་བ་སྟེ། རང་བཞིན་སྤྲུལ་པའི་ཞིང་དང་། འགྲོ་བ་འདུལ་བ་སྤྲུལ་པའི་སྐུ་དང་། མ་དག་པ་སྤྲུལ་པའི་སྐུ་མངོན་པར་སྣང་བ་ཡིན་ནོ། །དེ་ནས་སླར་ཡང་ལྷོ་ཕྱོགས་དཔལ་དང་ལྡན་པ་གསེར་དུ་སྣང་བ་ན། བཀོད་པ་སྔ་མ་ལྟ་བུ་ལས་སྟོན་པ་རིན་ཆེན་འབྱུང་ལྡན་རིན་ཆེན་རིགས་ཀྱི་སེམས་དཔའ་དཔག་ཏུ་མེད་པ་ལ་ཆོས་སྟོན་པར་སྐྱེས་ཏེ། དབང་བསྐུར་བ་ཐོབ་པས་ང་རྒྱལ་དག་ནས་ལོ་བརྒྱ་ཉི་ཤུ་རྩ་ལྔ་ན། ནུབ་པདྨ་བརྩེགས་པའི་ཞིང་ཁམས་མར་གཏྟ་དང་། མུ་ཏིག་དམར་པོ་ལས་གྲུབ་པར་སྟོན་པ་འོད་དཔག་མེད་པདྨ་རིགས་ཀྱི་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བར་སྐྱེས་ཏེ། མངོན་སུམ་དུ་ལུང་བསྟན་ནས་ཉོན་མོངས་པ་འདོད་ཆགས་དག་སྟེ། ལོ་བརྒྱ་ཉི་ཤུ་རྩ་ལྔ་ནས་བྱང་ཕྱོགས་ལས་རབ་གྲུབ་པའི་འཇིག་རྟེན་ཨིནྡྲ་ནཱི་ལའི་རང་བཞིན་ལྗང་གུ་འཚེར་བ་ན་རིན་པོ་ཆེའི་གཞལ་མེད་ཁང་དང་། ཡིད་དུ་འོང་བའི་བྱ་སྐད་སྣ་ཚོགས་སྒྲོགས་པ་ལ་སོགས་པ་སྔ་མ་བཞིན་སྣང་བར། སྟོན་པ་དོན་ཡོད་གྲུབ་པ་ལས་ཀྱི་སེམས་དཔའ་དུ་མས་བསྐོར་ནས་བཞུགས་པས་དབུགས་ཕྱུང་སྟེ། ཕྲག་དོག་དང་གཏི་མུག་ལ་སོགས་པ་ལས་དང་བག་ཆགས་མ་ལུས་པར་ཟད་དེ། ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པ་ལས། །མདུན་གྱི་ནམ་མཁའ་མི་མཇེད་བརྩེགས་པ་ན། འཇིགས་པའི་དུར་ཁྲོད་མེ་རི་འབར་བ་ཁྲོ་བོའི་ཞིང་ཁམས་ཨ་ལ་ལ་ཞེས་
སྒྲོགས་པ་མཐོང་སྟེ་དེ་ཉིད་ལ་གདོད་མའི་གཞི་ཐོག་ཏུ་གྲོལ་བར་འགྱུར་རོ། །དེ་སྐད་དུ་བཀོད་པ་ཆེན་པོ་ལས། དེ་ནས་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བ་ལས་བཞེངས་ཏེ་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་འདི་ནི་མི་ཡུལ་དུ་དག་ཏུ་སྣང་། །དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་བ་འགྱུར། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདེང་དུ་མ་གྱུར་ཀྱང་། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་ཏེ། །བཅུ་གཅིག་ཀུན་ཏུ་འོད་དང་སྤྲུལ་པའི་ཞིང་། །རྫུས་སྐྱེས་གནས་སུ་དག་པས་མངལ་གྱི་རྒྱ་དང་བྲལ། །ཤར་ཕྱོགས་མངོན་པར་དགའ་བ་མི་འགྱུར་རྡོ་རྗེའི་ཞིང་། །མི་བསྐྱོད་སྟོན་པས་འཁོར་གྱི་ཤེས་རྒྱུད་འགྲོལ། །གདུལ་བྱ་རང་སྣང་ཡོན་ཏན་བསམ་མི་ཁྱབ། །དཔལ་དང་ལྡན་པ་པདྨ་བརྩེགས་པ་དང་། །ལས་རབ་ཉིད་ནི་ཡོངས་སུ་རྫོགས་པའི་ཞིང་། །རིན་ཆེན་འབྱུང་དང་པདྨ་གར་དབང་རྟ། །སྟོན་པའི་བསྟན་པས་ཤེས་བྱའི་སྒྲིབ་པ་སྦྱང་། །དཀར་སེར་དམར་དང་ལྗང་གུའི་ཁ་དོག་ལ། ཁོད་སྙོམས་ཡིད་འོང་བྱ་སྐད་སྣ་ཚོགས་སྒྲོགས། །དྲི་བསུང་ངད་འཇམ་ལྟ་བས་ཆོག་མི་ཤེས། །དབང་པོ་ཚིམ་བྱེད་ཡོན་ཏན་ཀུན་དང་ལྡན། ཁ་དོག་ལུས་རྫོགས་ཟས་གོས་དུས་ཅིག་རྫོགས། །ལུས་ཀྱི་རྩོལ་བྲལ་རླུང་བསྐྱེད་འགྲོ་དང་འདུག །རླུང་མ ཁྲིས་བད་ཀན་འདུས་པའི་ནད་རྣམས་མེད། །ཡན་ལག་བརྒྱད་ལྡན་རོ་བརྒྱ་འདུས་པའི་ཆུ། །འཐུངས་པས་ཚིམ་བྱེད་རེག་ན་ལུས་ཀྱང་འཇམ། །ས་ཆུ་མེ་རླུང་འབྱུང་བས་ཕན་གནོད་བྲལ། །བཀྲེས་དང་སྐོམ་དང་ཚ་གྲང་སྡུག་བསྔལ་མེད། །འདོད་ཆགས་ཞེ་སྡང་གཏི་མུག་ཉོན་མོངས་རྣམས། །སྐྱེ་བའི་རྒྱུ་མེད་ཤེས་པ་བག་ཡངས་སོ། །བལྟས་རྒོད་ལག་བཅངས་གཉིས་འཁྱུད་འདོད་ཆགས་མེད། །ཆོག་ཤེས་སྲེད་བྲལ་རྟག་ཏུ་ཆོས་ལ་ཉན། །སྒྲིབ་གཉིས་བྲལ་ནས་སྐྱེ་བ་གཅིག་གིས་ཐོགས། །མ ཆོད་པའི་ལྷ་མོས་ཡིད་འོང་བཀྲ་ཤིས་བརྗོད། །གཞལ་ཡས་ཁང་མཛེས་སྒོ་བཞི་རྟ་
བབས་ལྡན། །ཤེལ་དང་གསེར་དང་མར་གད་ཨིནྡྲ་ནཱིལ། །བཀྲ་ཤིས་གདུགས་དང་འཁོར་ལོ་རྒྱལ་མཚན་མཛེས། །དེ་ལྟར་རང་བཞིན་ཕྱོགས་བཅུ་སྤྲུལ་པའི་ཞིང་། །རང་རང་སྟོན་པས་རང་རང་འཁོར་རྒྱུད་འདུལ། །མདུན་གྱི་ནམ་མཁའ་མི་མཇེད་བརྩེགས་པ་ན། །འཇིགས་པའི་ཁྲོ་གནས་དུར་ཁྲོད་མེ་རི་འབར། །འཇིགས་པའི་སྒྲ་དག་ཁྲོ་གཟུགས་ཨ་ལ་ལ། །འདི་ཉིད་མཐོང་བ་ཙམ་གྱིས་དེར་གྲོལ་འགྱུར། །སྐལ་ལྡན་སྟོབས་མེད་སྙིང་པོའི་དོན་འཛིན་པ། །དེར་ནི་དབུགས་ཕྱུང་སྐྱེ་བ་གཅིག་པ་སྟེ། །ལྔ་བརྒྱ་དག་ན་ངེས་པའི་སར་གྲོལ་ལོ། །ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་དག་གིས་དབང་པོ་ཐ་མའི་གྲོལ་ཚུལ་ཏེ། ལམ་ཉམས་སུ་ལེན་པའི་ཚུལ་རྣམས་ལེགས་པར་བསྟན་ཟིན་ཏོ། །དོན་གསུམ་པ་ཐ་མ་འབྲས་བུའི་གྲོལ་ཚུལ་བསྟན་པ་ལ་གནས་སྐབས་ཀྱི་འབྲས་བུ། མཐར་ཐུག་གི་འབྲས་བུ། ཞར་ལ་ཡོངས་སུ་རྫོགས་པ་མཇུག་གི་དོན་དང་གསུམ་ལས། དང་པོ་སའི་ནོན་ཚུལ། སངས་རྒྱས་ཚུལ། རྟགས་བྱུང་ཚུལ་གསུམ་ལས། དང་པོ་རང་ཤར་ལས། ས་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ཏེ། བདེན་པ་མཐོང་བའི་གང་ཟག་གཅིག་ལ་ས་རྣམས་རྫོགས་ནས་ཡོད་དོ། །དེ་ཡང་ངོ་སྤྲོད་བསྟན་པའི་གང་ཟག་དེ་དང་པོ་བདེན་པ་མཐོང་བའི་དུས་ན། དེ་ཡང་དགའ་བ་སྐྱེས་པ་དེ་ནི་ས་དང་པོ་རབ་ཏུ་དགའ་བའོ། །དེའང་རང་གི་སྣང་བ་ཡིན་པར་ཤེས་པ་དེ་ནི་ས་གཉིས་པ་དྲི་མ་མེད་པ་ཡིན་ནོ། །དེ་ནས་དེ་ལ་གོམས་པ་དེ་ནི་ས་གསུམ་པ་འོད་བྱེད་པ་ཐོབ་པ་ཡིན་ནོ། །དེ་ནས་དེ་ལ་གོམས་ནས་འོད་ཀྱི་སྣང་བ་མཐོང་བ་དེ་ནི་ས་བཞི་པ་འོད་འཕྲོ་བའི་ས་ནོན་པའོ། །དེའི་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དེ་ལ་གོམས་ནས་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་སྦྱངས་ནས། ཡེ་ཤེས་མཐོང་བ་དེ་ནི་ས་ལྔ་པ་སྦྱང་དཀའ་བའི་ས་ནོན་པའོ། །དེ་ནས་འོད་ལས་ཐལ་བའི་སྐུ་མཐོང་བ་དེ་ནི་ས་དྲུག་པ་མངོན་དུ་གྱུར་པའི་ས་ནོན་པའོ། །དེ་ནས་གོམས་པ་མཐར་ཕྱིན་ནས་ཉོན་མོངས་པ་རིང་དུ་སྤངས་པའི་ཚེ་ས་བདུན་པ་རིང་དུ་སོང་བའི་ས་ནོན་པའོ། །དེ་ནས་དེའི་ངང་ལ་ཡོན་ཏན་རྫོགས་པ་ནི་ས་བརྒྱད་པ་མི་
གཡོ་བའི་ས་ནོན་པའོ། །དེ་ནས་གོམས་པ་མཐར་ཕྱིན་ནས་ཡོན་ཏན་དེ་དག་ལས་མི་གཡོ་བར་གནས་པ་ནི་ས་དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར་བ་ནི་ཆོས་ཀྱི་སྤྲིན་ལྟ་བུ་མཐོང་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ནོན་པའོ། །དེ་ནི་གང་ཟག་བདེན་པ་མཐོང་བས་དབུགས་འདི་ཉིད་མ་བོར་བ་ལ་ས་ནོན་པའོ། །གང་ཟག་དབུགས་བོར་བ་རྣམས་ལ་འདི་ལྟར་ས་ནོན་པ་ཡིན་ནོ། །འཁྲུལ་སྣང་འགགས་ནས་ཚོམ་བུའི་སྣང་བ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པའོ། །དེ་ཡང་སྣང་བ་དེ་ལ་མ་ཆགས་པར་ཕྱི་ནང་གི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ནི་ས་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ནོན་པའོ། །ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས་ནམ་མཁའི་མཐོངས་ནས་འོད་ཀྱི་ཚོམ་བུ་ལྔའི་འཁོར་ལོའི་ཚུལ་དུ་གནས་པ་ནི་ས་བཅུ་གསུམ་པ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་གནས་པ་ནི་བཅུ་བཞི་པ་བདེ་བ་ཆེན་པོའི་ས་ནོན་པའོ། །དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི་བཅོ་ལྔ་པ་ཏིང་ངེ་འཛིན་གྱི་ས་ནོན་པའོ། །དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤར་ནས་དེའི་གོང་ན་ས་གཞན་མེད་པ་ནི་བཅུ་དྲུག་པ་ཡེ་ཤེས་བླ་མའི་ས་ནོན་པའོ། །ཞེས་པ་དང་། ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་པའོ། །རིམ་པས་ཉམས་སུ་བླངས་བས་འབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུ་ཐོབ་ཚུལ་ལོ། །ཞེས་གསུངས་སོ། །གཉིས་པ་ཐུན་མོང་པ་དང་བསྟུན་ནས་སངས་རྒྱས་ཞེས་བྱ་སྟེ། །ཕུང་པོ་དེ་ཉིད་རྡོས་བཅས་ཡིན་པས་ལྷག་མ་དང་བཅས་ཏེ་བོར་མ་ཐག་ཏུ་སངས་རྒྱ་བ་ཡིན་ནོ། །དེའང་ཐེག་པ་ཐུན་མོང་པ་ཀུན་གཟུགས་སྐུ་ལྷག་བཅས་ཡིན་ལ། ཆོས་སྐུ་ལྷག་མེད་དུ་འདོད་པས་གཟུགས་སྐུའི་ལྷག་མ་བུད་ཤིང་ཟད་པའི་མེ་ལྟར་ཆོས་སྐུའི་ངང་དུ་ལྷག་མ་མེད་པར་འདོད་པའི་རྟེན་ལ་མྱ་ངན་ལས་འདའ་བར་འདོད་ལ། འདིར་ཡང་བར་དོའི་གྲོལ་ཚད་ཡོད་པའི་ལུས་དེ་སྤངས་མ་སྤང་ལས་ལྷག་བཅས་ལྷག་མེད་ཅེས་བརྡ་བཏགས་པའོ། །
གསུམ་པ་སྐྱེས་བུ་དེ་འདས་པའི་ཚེ་བར་དོར་གྲོལ་བའི་རྟགས་ནི། རྟགས་ཀྱི་ཡི་གེ་གསང་བ་ཆེན་པོ་ལས། འོད་ཀྱི་ཚད་ནི་འོད་དུ་སྣང་བ་ཡིན། །ཐིག་ལེའི་ཚད་ནི་གདུང་དུ་སྣང་བ་ཡིན། །རླུང་གི་ཚད་ནི་ཕྱི་ནས་དེ་བཞིན་སྒྲ །དབྱིངས་ཀྱི་ཚད་ནི་ས་རྣམས་གཡོ་བ་ཡིན། །སྐུ་ཡི་ཚད་ནི་ཕྱི་ནང་དེ་བཞིན་སྐུ། །འདི་རྣམས་ཀྱང་ནི་རིག་པའི་ཡོན་ཏན་ཡིན། །ཞེས་པས། འོད་གསལ་ལ་བརྟེན་པ་ཐོབ་པས། པུར་སྦྱོང་བའམ་བསྐྱལ་བའི་ཚེ་འོད་ལྔ་ལྡན་དུ་སྣང་བའོ། །སྒྲོན་མ་ལ་བརྟན་པ་ཐོབ་པས་གདུང་འབྱུང་བའོ། །གཞིའི་སྲོག་རླུང་ལྔ་ལ་བརྟན་པ་ཐོབ་པས་སྒྲ་འབྱུང་བའོ། །དབྱིངས་ལ་ཚད་ཟིན་པས་ས་གཡོ་བའོ། །སྐུ་ལ་གཏན་ས་ཟིན་པས་རུས་པ་ལ་སྐུ་འབྱོན་པའོ། །དེ་ཡང་པུར་སྦྱོང་བའི་ཚེ་པུར་ཁང་གི་དབུས་སུ་འཇལ་འཁྱིལ་བ་དང་། དུད་པ་སྔོན་པོ་གྱེན་ལ་འགྲེང་བ་དང་། གཡས་སུ་འཁྱིལ་བ་དང་། མེའི་འོད་དཀར་ལ་གསལ་བ་དང་། གཡོ་འགུལ་མེད་ཅིང་མེ་ལྕེའི་རིགས་འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་དང་། རྒྱ་གྲམ་དང་། ཨུཏྤལ་དང་། གྲི་གུག་ལ་སོགས་པ་ཕྱག་མཚན་གྱི་རྣམ་པར་འབྱུང་བ་ནི་ཕྱིར་མི་ལྡོག་པར་གྲོལ་བ་སྟེ། བཏགས་གྲོལ་སྙིང་པོའི་རྒྱུད་ལས། དེ་ཉིད་འདས་ཚེ་གདུང་བཞུ་བས། །འཇའ་འོད་ཟེར་དང་མེ་འོད་དུད་པའི་རྟགས། །གདུང་རིགས་ལྔ་འམ་གཅིག་འབྱུང་ངེས། །རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས། །ཞེས་སོ། །དེའང་གདུང་རིགས་ལྔ་ནི་དེ་ཉིད་ལས། །རྡོ་རྗེ་རིན་ཆེན་པདྨའི་གདུང་། །ལས་དང་དེ་བཞིན་གཤེགས་པའི་གདུང་། །ཤ་ཁྲག་རུས་པ་ཡན་ལག་དང་། །འབྱུང་འདུས་ལྔ་ལ་བརྟེན་དུ་འབྱུང་། །ཤ་རཱི་རམ་དང་ཆུ་རཱི་རམ། བ་རཱི་རམ་དང་ཉི་རཱིི་རམ། པཉྩ་རམ་དང་ལྔ་ལྡན་གདུང་། །རིགས་ལྔའི་གདུང་སྟེ་སྐུ་ཡང་འབྱུང་། །དེ་རྣམས་སྐུ་ཐོབ་རྟགས་ཡིན་ཏེ། །ཞེས་པས། ཤའི་རྟེན་དུ་གདུང་ཤཱ་རཱི་རམ་དཀར་སེར་རིན་པོ་ཆེའི་གདུང་སྟེ་ཡང་དག་གི་རྟེན་དུ་བཞག་པའོ། ཁྲག་གི་རྟེན་དུ་ཆུ་རཱི་རམ་མཐིང་ག་རྡོ་རྗེའི་གདུང་སྟེ་སྲ་ཞིང་མཁྲེགས་
པས་རྡོ་རྗེའི་གདུང་དུ་བཞག་པའོ། །རུས་པའི་རྟེན་དུ་བ་རཱི་རམ་སེར་པོ་རིན་པོ་ཆེའི་གདུང་དུ་བྱོན་ཏེ། རྒྱལ་ཚབ་ཉིད་ཀྱི་རྟེན་དུ་བཞག་པའོ། །ཡན་ལག་གི་རྟེན་དུ་ཉ་རཱི་རམ་ལྗང་གུ་ལས་ཀྱི་གདུང་སྟེ་ཤིན་ཏུ་སྲ་མཁྲེགས་ལས་ཀྱི་གདུང་དུ་བཞག་པའོ། །འབྱུང་བ་བཞིའི་དྭངས་མ་ལས་པཉྩ་རམ་འབྱོན་ཏེ་ཁ་དོག་ལྔ་ལྡན་དེ་བཞིན་གཤེགས་པའི་གདུང་དུ་བཞག་པའོ། །དེ་དག་ནི་སྐུ་ཐོབ་པའི་རྟགས་སོ། །གསུང་ནི་དེ་ཉིད་ལས། གསུང་ཐོབ་རྟགས་སུ་མེ་འོད་སྒྲ། །ཞེས་པས། མེ་འོད་འཇའ་ཚོན་འཁྱིལ་བ་ལྟ་བུ་དང་། གྱེན་ལ་འགྲེང་བ་དང་སྒྲ་འུར་འུར་བའོ། །ཐུགས་ནི་དེ་ཉིད་ལས། འཇའ་ཚོན་ནམ་མཁའ་དྭངས་གསལ་བ། །ངེས་པར་ཐུགས་ཐོབ་རྟགས་ཡིན་ནོ། །ཞེས་པས། སྙིང་གི་ནང་ན་གདོད་མའི་མགོན་པོའི་འོད་ཟེར་ལྔ་ལྡན་དུ་འོད་གསལ་བའི་ལྷུན་གྲུབ་ཀྱི་རྟགས་སུ་འཇའ་ཚོན་ལྔ་ལྡན་དང་། ཀ་དག་གི་རྟགས་སུ་ནམ་མཁའ་དྭངས་ཤིང་གསལ་བའོ། །དེ་ཡང་སྔར་གྱི་གདུང་ལྔ་པོ་དེ་དག་གང་ལས་བྱུང་ན། དེ་ཉིད་ལས། གདུང་རིགས་ལྔ་ནི་འདི་ལས་འབྱུང་། །མགོ་དང་ཁྲག་དང་སྒལ་ཚིགས་དང་། །རྐང་དང་སྙིང་ལས་འབྱུང་བ་ཡིན། །ཞེས་པས། གདུང་ཤཱ་རཱི་རམ་མགོ་ལས་འབྱུང་། །ཆུ་རཱི་རམ་ཁྲག་ལས་འབྱུང་། །བ་རཱི་རམ་སྒལ་ཚིགས་ལས་ འབྱུང་། །ཉི་རཱི་རམ་རྐང་ལས་འབྱུང་། །པཉྩ་རམ་སྙིང་ལས་འབྱུང་ངོ་། །འབྲས་བུ་གང་ཐོབ་ན་དེ་ཉིད་ལས། །རྟགས་ལ་འབྲས་བུ་འདི་བཞིན་འབྱུང་། །ཤ་རཱི་ཆུ་རཱི་བ་རཱི་ཡིས། །སྐྱེ་མེད་ཡོན་ཏན་ལོངས་སྐུ་ཐོབ། །ཉ་རཱི་པཉྩ་རམ་གྱིས་ནི། །སྤྲུལ་པ་སྐུ་ལྔ་ངེས་པར་ཐོབ། །ཅེས་པས། གདུང་ཤ་རཱི་རམ་གྱིས་སྐྱེ་མེད་ཐོབ། །ཆུ་རཱི་རམ་གྱིས་ཡོན་ཏན་ཕེལ། །བ་རཱི་རམ་གྱིས་ལོངས་སྐུ་ཐོབ། །ཉ་རཱི་རམ་གྱིས་སྤྲུལ་སྐུ་ཐོབ། །པཉྩ་རམ་གྱིས་སྐུ་ལྔ་ཐོབ་པའོ། །དེ་ལྟར་ན་འོད་དང་། སྒྲ་དང་། གདུང་དང་། སྐུ་དང་། ས་གཡོ་བ་ལ་སོགས་པ་རྟགས་ཀུན་གྱིས་མཐོང་ནས་བར་དོར་གྲོལ་བ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ལ། འོད་ལུས་སུ་ཡལ་བ་ནི་དེ་དག་མེད་པས་མི་མངོན་པ་ཡིན་ཡང་། ལྷག་མ་མེད་པས་ཀ་དག་གི་གཞི་ལ་ཡང་དག་
པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །དེའང་ལྷག་བཅས་བར་དོར་གྲོལ་ཚད་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཟེར་ལ་དེ་བཞིན་དུ་སྤྲུལ་པའི་ཞིང་དུ་གྲོལ་བ་ཡང་འདིར་བསྡུ་ཞིང་། ལྷག་མེད་ཚེ་འདིར་གྲོལ་བ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟེར་ཏེ། ཀུན་ཏུ་བཟང་པོ་གཞི་ཐོག་ཏུ་གྲོལ་བ་ནི་འདི་ཉིད་དུ་འདུས་པ་ཡིན་ནོ། །གཉིས་པ་ཤེས་བྱེད་ཀྱི་ལུང་དགོད་པ་ནི། སྙིང་གི་མེ་ལོང་ལས། མངོན་པར་རྫོགས་པ་སངས་རྒྱས་པ་ཞེས་བྱ་བ་ནི། འོད་དང་། སྒྲ་དང་། སྐུ་དང་། གདུང་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་སོ། །གསུམ་པ་འབྲས་བུ་ནི་སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་ལྷུན་གྲུབ་ཏུ་བྱེད་པ་སྟེ། དེ་ཡང་གོང་དུ་གྲོལ་ཀྱང་རུང་སྟེ། སྔར་གྱི་སྣང་བ་ཕྱིར་གསལ་དེ་རྣམས་ནང་གསལ་གདོད་མའི་གཞི་ལ་ཐིམ་ནས་གཞོན་ནུ་བུམ་པའི་སྐུའི་གནས་ལུགས་ལ་བཙན་ས་ཟིན་དགོས་པ་ནི། ཤེལ་གྱི་ཕྱིར་གསལ་གྱི་འོད་ལྔ་ནང་གསལ་དུ་འདུས་པ་ལྟར། ཐོག་མ་ཀ་དག་གི་གྲོལ་གཞི་ཡེ་ཤེས། ལྷུན་གྲུབ་རིན་པོ་ཆེ་ལ་སེམས་ཀྱི་འཆར་གཞི་ཐུགས་རྗེ་དང་ལུས་དང་ཡུལ་གྱི་འཆར་གཞི་འོད་ལྔའི་ངོ་བོ་གདོད་མའི་གཞི་ལ་ནང་ཐིམ་དུ་བཞུགས་པའི་ཚེ། ཐིམ་ལ་མ་རྨུགས་པ་བུམ་ནང་གི་མར་མེ་ལྟ་བུ་གསལ་ལ་མི་རྟོག་པ་ཉི་མའི་སྙིང་པོ་ལྟ་བུ། རིག་ལ་མ་འཕྲོས་པ་ཆོས་ཉིད་ལ་མཉམ་པར་བཞག་པ་ལྟ་བུར་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ནང་གསལ་དུ་བཞུགས་ཏེ། ངོ་བོ་སྟོང་པས་སྤྲོས་པའི་མཐའ་ལས་འདས། རང་བཞིན་གསལ་བས་ལོངས་སྐུའི་འཆར་གཞི་མ་འགགས། ཐུགས་རྗེ་ཀུན་ཁྱབ་ཏུ་བཞུགས་པས་གཞན་དོན་ངང་གིས་འབྱུང་བ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལྷུན་གྲུབ་ཆེན་པོར་བཞུགས་སོ། །དེའི་ཚེ་ཉོན་མོངས་པ་མ་ལུས་པ་དང་། འབྱུང་བའི་ལུས་ཀྱི་རྡོས་བཅས་ཐམས་ཅད་རང་སར་སངས་ཤིང་ངོ་བོ་ཆོས་སྐུར་རྒྱས་པས་སྟོང་གསལ་སྤྲོས་པ་དང་བྲལ། རང་བཞིན་ལོངས་སྐུར་རྒྱས་པས་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་བྱེད། ཐུགས་རྗེ་ཕྲིན་ལས་
སུ་རྒྱས་པས་འགྲོ་དོན་རྒྱུན་མི་འཆད་པ་སྟེ། ཀློང་གསལ་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། །ཞེས་སོ། །དེའི་ཚེ་ནང་གསལ་གཞི་གནས་ཀྱི་ཡེ་ཤེས་ལས་ངང་ངམ་ཤུགས་ཀྱིས་གཞན་དོན་གྱི་ཐུགས་རྗེ་འབྱུང་སྟེ། སྒྲོན་མ་སྣང་བྱེད་ལས། ཆོས་སྐུའི་ཡེ་ཤེས་གཞི་གནས་སྟེ། ཤེས་པའི་ཆ་ནི་གསལ་བྱེད་ལ། །འཛིན་པ་རགས་པའི་རྟོག་པ་མེད། །ངང་ངམ་ཤུགས་ཀྱི་ཐུགས་རྗེ་འོ། །གསལ་ཞིང་ཤེས་པ་རིག་དང་བཅས། །ཆ་ལ་འདྲེས་པ་མེད་པར་གནས། །ཞེས་སོ། །དེ་ལྟར་གདོད་མའི་གཞི་ནང་གསལ་ཀ་དག་གི་སངས་རྒྱས་ལ་ཡེ་ཤེས་རགས་པ་མེད་ལ་ཕྲ་བར་མ་འདྲེས་གསལ་རིག་ཙམ་དུ་བཞུགས་པའོ།།དེའང་ཡེ་ཤེས་མེད་ན་ནམ་མཁའ་སྟོང་པ་དང་འདྲ་ལ་ཆད་པར་འགྱུར་ཏེ། ལོངས་སྐུ་དང་སྤྲུལ་སྐུའི་འཆར་གཞི་མི་འཐད་ཅིང་། རགས་པར་ཡོད་ན་རྟག་པ་ཐེར་ཟུག་ཏུ་འགྱུར་བའི་སྐྱོན་ཡོད་དེ། དེ་ཉིད་ལས། དེ་ལྟར་ཡེ་ཤེས་ཆ་མེད་ན། །ཕྱི་རོལ་ནམ་མཁའ་སྟོང་པ་དང་། ཁྱད་པར་ཉིད་ནི་ཡོད་པ་མིན། །དེ་ཕྱིར་གཞི་གནས་ཡེ་ཤེས་ཁྱབ། །ཡེ་ཤེས་མེད་ན་ཆད་པ་དང་། ཁྱད་པར་ཅི་ཡང་ཡོད་མི་འགྱུར། །རགས་པའི་ཡེ་ཤེས་ཡོད་གྱུར་ན། །འོན་ཏེ་རྟག་པ་ཉིད་དང་མཉམ། །དེ་ཕྱིར་ཤེས་བྱ་ཉིད་དུ་ནི། །བརྟན་ནས་ཡོད་པ་མ་ཡིན་ཏེ། །ཕྲ་བའི་ཡེ་ཤེས་ཉིད་དུ་གནས། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་ལ་ཞི་བ་ཆོས་ཀྱི་སྐུ། གདོད་མའི་གྲོལ་ས། ཡེ་ཐོག་གཞིའི་གནས་ལུགས་ཟེར་ཏེ་དེའི་ནང་གསལ་ཡེ་ཤེས་རིན་པོ་ཆེའི་སྐུ་ནི་སྟོང་གསལ་མཚན་མ་མེད་ལ། ལོངས་སྐུའི་འཆར་གཞི་ཙམ་དུ་གསལ་བས་ནང་གསལ་དུ་རིག་པ་འོད་ཀྱི་ཁང་བུ་ཅན། ངོ་བོ་ཉིད་ཀྱི་སྣང་བ་ལ་ངོ་བོ་ཉིད་ཀྱི་སྐུ་རང་སྣང་དུ་ཤར་ཡང་། ཕྱིར་གསལ་གདུལ་བྱའི་སྣང་ཡུལ་དུ་མཚན་མ་རིས་ཅན་གྱི་སྐུ་ཞལ་ཕྱག་དང་བཅས་པར་མ་གྲུབ་པས། ཆོས་སྐུ་སྟོང་གསལ་ཀུན་ཁྱབ་ཆེན་པོར་བཞུགས་སོ། །དེའི་གསུང་ནི་སྒྲ་ཚིག་དང་བྲལ་བ་བརྗོད་མེད་ཡེ་ཤེས་ཆེན་པོའི་རང་བཞིན་ནོ། །
ཐུགས་ནི་རྣམ་པར་མི་རྟོགས་པའི་ཆོས་ཉིད་དྲན་བསམ་དང་བྲལ་བའོ། །ཡོན་ཏན་ནི་བཙན་ས་ཟིན་པས་རང་ཕྱིར་མི་ལྡོག་ཅིང་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འགགས་པ་མེད་པར་བཞུགས་སོ། །ཕྲིན་ལས་ནི་ནང་གསལ་དུ་མི་འཛད་ལ་ཕྱིར་གསལ་གྱི་འཕྲོ་གཞི་མ་འགགས་པས། འགྲོ་བའི་དོན་རྒྱུན་མི་འཆད་པ་སྟེ། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ཡི་སྐུ་དང་གསུང་། །ཐུགས་དང་ཡོན་ཏན་ཕྲིན་ལས་སོ། །སྐུ་ནི་སྟོང་དང་གསལ་བ་དང་། །མཚན་མ་མེད་པའི་རང་བཞིན་ནོ། །གསུང་གི་སྒྲ་ཚིག་མིང་བྲལ་ནས། །བརྗོད་ཅིང་གླེང་གཞི་ཉིད་བྲལ་ལོ། །ཐུགས་ནི་བསམ་དང་འགྱུར་མེད་པས། །འཕྲོ་ཞིང་སྤྱོད་པ་རྣམས་ལས་འདས། །ཡོན་ཏན་ཕྱིར་མི་འོང་དང་ལྡོག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱད་པར་དང་། །རང་བཞིན་བཅོས་པ་མེད་པ་འོ། །ཕྲིན་ལས་མ་བྱུང་མ་སྐྱེས་བྱས་པ་མེད། །ཤུགས་འབྱུང་བ་དང་འགགས་པ་མེད། །མ་བྱས་བྱེད་པ་མེད་པ་འོ། །ཞེས་སོ། །དེ་ལྟར་ནང་གསལ་གྱི་དུས་ན་སྐུ་དང་ཡེ་ཤེས་དང་ཐུགས་རྗེའི་རོལ་པ་རྒྱ་མཚོར་ཆུ་བྲན་འདུས་པ་ལྟར། ཡེ་མདངས་ཆེན་པོའི་ངང་དུ་འདུས་པ་སྟེ། ལུང་ཡེ་ཤེས་མར་མེའི་རྒྱ་ཆེར་འགྲེལ་པ་མུན་སེལ་སྒྲོན་མེ་ལས། ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནས་ཆོས་ཀྱི་སྐུ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་རང་བཞིན་རྣམ་དག་གི་སྣང་བ་ལ་ཤར་བའི་དུས་ན་རྒྱ་མཚོར་ཆུ་བྲན་འདུས་པའམ། ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུར་གྱུར་པས། རིག་སྟོང་དབྱེར་མི་ཕྱེད་པའི་དུས་ན། ཡེ་ཤེས་ཀྱི་སྤྱན་ལ་སྒྲིབ་པ་མེད་པར་ཕྱོགས་མེད་ཀྱི་ཡེ་ཤེས་ཆེན་པོ་ནི་སངས་རྒྱས་ཀུན་གྱི་དགོངས་པ་སྟེ། མི་འདྲ་བ་དང་མི་མཐུན་པ་མེད་པས་ཉག་གཅིག་རང་གསལ་འཛིན་མེད་དུ་གནས་སོ། །ཞེས་གསུངས་སོ། །མདོར་ན་གདོད་མའི་གཞི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་པོ་དེ་ཡིན་དེ། །ཐལ་འགྱུར་ལས། གྲོལ་ས་ཐག་མ་གང་ཡིན་པའོ། །ཞེས་པས་གོང་དུ་རྒྱ་ཆེར་བསྟན་ཟིན་པས་སྤྲོས་པས་ཆོག་གོ །གཉིས་པ་དེ་ལས་ལོངས་སྤྱོད་རྫོགས་སྐུའི་འཆར་ལུགས་ནི། ནང་གསལ་ཆོས་སྐུའི་གདངས་ལས་འགྲོ་བ་འདུལ་
བྱེད་དུ་ཐུགས་རྗེ་གཡོས་པ་ལས། རིགས་ལྔའི་སངས་རྒྱས་ཆུའི་ཟླ་བ་ལྟ་བུ་མཚན་དང་དཔེ་བྱད་ཀྱི་འཁོར་ལོར་རང་བྱོན་ཏེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་རྒྱུན་མི་འཆད་པ་ཉིད་ཐལ་འགྱུར་ལས། །གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་བྱུང་རང་སྣང་དང་། །སྤྲོ་བསྡུ་སྣང་བའི་འཁོར་ལོ་འོ། །ཐུགས་ནི་རྒྱུན་ཆད་མེད་གཟིགས་དང་། །མཁྱེན་པའི་རྩལ་དང་དགོངས་པ་འོ། །ཡོན་ཏན་མཚན་དཔེ་རྫོགས་པ་ལ། །དགོངས་གསལ་མངོན་ཤེས་རྫོགས་པ་འོ། །ཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམ་སྤྲོས་ཏེ། །སོ་སོའི་རིགས་ཀྱི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལོ་རང་གི་ངོ་བོས་སྟོན། །ཅེས་སོ། །དེའང་སྐུ་སྣང་ལ་རང་བཞིན་མེད་པ་གསུང་རང་བྱུང་གི་ཡི་གེ་དྲུག་ལྗགས་ཀྱི་དབང་པོ་ལས་སྤྲོས་པས། གང་ལ་གང་འདུལ་གྱི་ཆོས་སངས་རྒྱས་དང་སེམས་ཅན་ཀུན་ལ་ཁྱབ་པར་སྒྲོགས་པ། ཐུགས་རྗེ་ཡེ་ཤེས་ལྔའི་མཚན་ཉིད་རྒྱུན་ཆད་མེད་པས་སེམས་ཅན་ལ་གཟིགས་པའོ། །ལོངས་སྐུ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྔ་ཐད་ཀར་རང་གི་འཁོར་ལ་གཟིགས་པའོ། །དེའང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་གདོད་མའི་ངང་ལས་མི་གཡོ་བར་མཛད། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ནང་དུ་མཁྱེན་པ་མ་འགགས་པར་མཛད། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་གཉིས་སུ་མེད་པའི་ཆོས་ལ་ལོངས་སྤྱོད། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་ཕྱི་ནང་གི་ཤེས་བྱ་མ་འདྲེས་པར་མཁྱེན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་མཛད་པ་ཕྲིན་ལས་ནམ་མཁའི་མཐའ་ཀླས་པར་རྒྱུན་མི་འཆད་པའོ།།དེའང་ཆོས་སྐུ་ལྟར་ནང་གསལ་དུ་མེད་ལ། སྤྲུལ་སྐུ་ལྟར་ཕྱིར་གསལ་རགས་པའི་ཡུལ་སྤྱོད་བྱེད་དུ་མེད་ཀྱང་། ཐད་ཀར་གསལ་སྟོང་གཉིས་སུ་མེད་པའི་ངང་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་རྗེ་རིག་པའི་ཆར་བཞུགས་སོ། །ཡེ་ཤེས་འོད་ཀྱི་སྦུབས་ན་སྣང་བྱེད་ཆུ་ཟླའི་གཟུགས་ཀྱིས་འགྲོ་བའི་སྟོན་པར་གཞི་ཐོག་ནས་འཕགས་པ་
རང་བྱོན་པས་ལོངས་སྐུ་ཞེས་བྱའོ། །རྒྱས་པར་ནི་སྔར་བསྟན་པས་མི་སྤྲོའོ། །གསུམ་པ་དེ་ལས་སྤྲུལ་པའི་སྐུ་མངོན་པར་སྣང་བ་ནི། །ལོངས་སྐུའི་གདངས་ལས་རང་བཞིན་སྤྲུལ་པའི་སྐུས་ཕྱོགས་བཅུར་ལས་དག་པའི་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་རྣམས་ཀྱི་དོན་མཛད་ལ། དེའི་གདངས་ལས་འགྲོ་བ་འདུལ་བ་སྤྲུལ་པའི་སྐུས་འགྲོ་བ་དྲུག་ཏུ་ཐུབ་པ་དྲུག་གི་རྣམ་པར་སྤྲུལ་ཏེ་དོན་མཛད་པ་ནི། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱས་སེམས་ཅན་གྱི་དོན་མཛད་པ་བཞིན་ནོ། །དེ་ལས་མ་དག་པའི་སྤྲུལ་སྐུ་འགྱེད་པ་ནི། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། བཟོ་སྣ་ཚོགས་དང་། ལམ་པོ་ཆེ་དང་། ལྗོན་ཤིང་དང་། འབབ་ཆུ་དང་། རྫིང་དང་། ཉ་བོ་ཆེ་དང་། ནོར་བུ་དང་། པདྨ་དང་། དཔག་བསམ་གྱི་ཤིང་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། བརྒྱ་བྱིན་དང་། བྲམ་ཟེ་དང་། བུ་མོ་དང་། ཁྱེའུ་དང་། རི་དྭགས་དང་སྐྱེད་མོས་ཚལ་ལ་སོགས་པ་གང་ལ་གང་མཁོ་ཞིང་གང་གིས་འདུལ་བ་དེའི་གཟུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་རྒྱ་ཆེ་ལ་རྒྱུན་མི་འཆད་ཅིང་ཐབས་ལ་མཁས་པའི་མཛད་པའོ། །འོ་ན་སྔར་གྱི་ལོངས་སྐུ་དང་། རང་བཞིན་སྤྲུལ་པའི་སྐུ་གཉིས་ཀས་བྱང་ཆུབ་སེམས་དཔའི་སར་གནས་པའི་དོན་བྱེད་པ་འདྲའོ་སྙམ་ན། མི་འདྲ་སྟེ། སྔར་གྱི་ལོངས་སྐུས་རང་བཞིན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་སྣང་བ་ལ་ཆོས་སྟོན་པ་ལྟར་སྣང་ཡང་། གདུལ་བྱ་དང་འདུལ་བྱེད་མ་ཡིན་ཏེ། བཏགས་གྲོལ་ལས། ཉིད་ལས་མི་གཞན་སེམས་དཔའི་སྣོད། །ཅེས་པས། རང་བཞིན་སྤྲུལ་སྐུའི་སར་གནས་ཀྱི་བྱང་ཆུབ་སེམས་དཔའི་དོན་བྱེད་པའོ། །དེ་ལྟར་སྤྲུལ་པའི་སྐུ་དེའི་སྐུ་ནི་གདུལ་བྱ་དང་མཐུན་པར་མཚན་དཔེས་བརྒྱན་པའམ་མཚན་མ་མེད་པའོ། །གསུང་ནི་ཚངས་པའི་དབྱངས་དྲུག་ཅུ་ལ་སོགས་པས་རང་རང་གི་སྣང་བ་དང་མཐུན་པར་ཆོས་སྟོན་པའོ། །ཐུགས་ནི་ཕྱི་རོལ་ཡུལ་གྱི་རྣམ་པ་སྤྱོད་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། །ཆོས་
ཉིད་ཇི་ལྟ་བ་མཁྱེན་ནས་དོན་དམ་པའི་ཆོས་ཟབ་པ་ཞི་བ་གཅིག་ཏུ་སྤྲོས་པ་དང་བྲལ་བར་གསུང་ཞིང་། ཆོས་ཅན་སྣ་ཚོགས་པ་མ་འདྲེས་པར་མཁྱེན་ནས་ཀུན་རྫོབ་ཀྱི་ཆོས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་དང་། ལམ་དང་འགྲོ་བའི་གནས་ལ་སོགས་པ་སྤང་བླང་དུ་མས་འགྲོ་བ་འདུལ་བའོ། །ཡོན་ཏན་ནི་མཁྱེན་རབ་བསམ་གྱིས་མི་ཁྱབ་པའོ། །ཕྲིན་ལས་ནི་མཛད་པ་དུ་མས་སེམས་ཅན་ཐར་པར་འདྲེན་པ་ལ་ལྷུན་གྲུབ་ཏུ་འབྱུང་བ་སྟེ། ཐལ་འགྱུར་ལས། སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །སྐུ་ནི་མཚན་དང་དཔེ་བྱད་ལ། །གདུལ་བྱ་གང་འདུལ་ལུས་སྤྲུལ་ཏེ། །གསུང་ནི་ཚིགས་སྦྱོར་ལེགས་པ་ལ། །ཚངས་པའི་དབྱང་ནི་ཡན་ལག་དྲུག །ཐུགས་ནི་ཤེས་བྱའི་ཡེ་ཤེས་གཉིས། །རང་གཞན་དོན་གཉིས་རྫོགས་པར་གནས། །ཡོན་ཏན་མཁྱེན་པ་རྫོགས་པ་དང་། །ཕྲིན་ལས་ཕྱི་ནང་གསང་བ་ཡི། །མཛད་པ་མ་ལུས་རྫོགས་པ་འོ། །ཕུན་སུམ་ཚོགས་པ་ལྔར་གནས་སོ། །ཞེས་སོ། །དེའང་གདུལ་བྱ་ཡོད་ན་ཐམས་ཅད་དུ་དེ་དང་མཐུན་པར་སྐད་ཅིག་ལ་སྣང་ལ། མེད་ན་སྤྲུལ་སྐུ་ལོངས་སྐུར་ཐིམ། ལོངས་སྐུ་གདོད་མའི་གཞི་ཆོས་སྐུའི་ངང་དུ་ཐིམ་ནས་ནང་གསལ་ཉིད་དུ་ལྷུན་གྱིས་གྲུབ་བོ། །ཡང་གདུལ་བྱ་སྣང་ན་སྐད་ཅིག་ལ་སྐུ་གསུམ་མམ་དགུ །གཅིག་ལས་གཅིག་མཆེད་དེ་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་གདོད་མའི་ཀུན་ཏུ་བཟང་པོ་བཞིན་མཛད་དོ། །མདོར་ན་ལུས་ངག་ཡིད་གསུམ་གྱི་འཛིན་ཆགས་རྡོས་པ་དང་བཅས་པ་སངས་ནས་ཡོན་ཏན་ཕྲིན་ལས་སུ་རྒྱས་ཏེ། སྐུ་ལྔའི་འཛིན་པ་སྟོངས་ནས། ཐོག་མའི་གཞི་ཀ་དག་ཆེན་པོར་རང་གྲོལ་ཏེ། རང་ཤར་ལས། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །ཞེས་སོ། །དེ་ལྟར་སངས་རྒྱས་པའི་སྐུ་ལྔ་ནི། ཆོས་སྐུ་སྤྲོས་པ་དང་བྲལ་བ། །ལོངས་སྐུ་མཚན་དཔེར་གསལ་བ། །སྤྲུལ་སྐུ་སྣ་ཚོགས་སུ་སྣང་བ། །མི་འགྱུར་རྡོ་རྗེའི་སྐུ་ནི་དེ་དག་གི་ཆོས་ཉིད། །ངོ་བོ་ཉིད་ཀྱི་
སྐུ་ནི་དག་པ་གཉིས་ལྡན་ཏེ། །རང་བཞིན་གདོད་མ་ནས་དྲི་མ་མེད་ཅིང་གློ་བུར་གྱི་དྲི་མ་རང་ངོ་ཤེས་པས་དག་པའོ། །མངོན་པར་བྱང་ཆུབ་པའི་སྐུ་ནི། དམིགས་པ་མེད་པའི་ཐུགས་རྗེའི་ཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པའོ། །དེ་ལྟར་སྐུ་ལྔའི་རང་བཞིན་གདོད་མའི་གཞི་ལ་མཐར་ཕྱིན་པ་ནི་རྫོགས་པ་ཆེན་པོ་རང་བཞིན་ལྷུན་གྲུབ་ཀྱི་འབྲས་བུ་གདོད་མ་ཀ་དག་གི་ས་ལ། གཞི་ཇི་བཞིན་པར་སངས་རྒྱས་བྱང་ཆུབ་ཕྱིར་མི་ལྡོག་པའི་ཡེ་ཤེས་བརྙེས་པ་ཞེས་བྱའོ། །གསུམ་པ་ཡོངས་སུ་རྫོགས་པ་མཇུག་གི་དོན་ལ། ཟབ་གཏེར་གྱི་ཕན་ཡོན་བསྟན། གཏེར་འབྱུང་གི་ལོ་རྒྱུས་བཤད། སྨོན་ལམ་གྱི་མཇུག་བསྡུ་བ་གསུམ་ལས། དང་པོ་ཕན་ཡོན་བཤད། ཆོས་ཀྱི་ཆེ་བ་བརྗོད། ལྟ་བའི་ཚུལ་བཤད་པ་དང་གསུམ་ལས། དང་པོ་མཐོང་གྲོལ་ཁྱད་པར་དུ་འཕགས་པའི་ཕན་ཡོན། དགེ་སྡིག་ཕན་གནོད་དང་བྲལ་བའི་ཕན་ཡོན། འདི་ལས་གཞན་གྱིས་མི་གྲོལ་བའི་ཕན་ཡོན། འབྲེལ་ཚད་དོན་དང་ལྡན་པའི་ཕན་ཡོན། མཁའ་འགྲོས་བུ་བཞིན་སྐྱོང་བའི་ཕན་ཡོན་དང་ལྔ་ལས། དང་པོ་ཀློང་གསལ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་གྲོལ་བར་འགྱུར། །མངོན་སུམ་གནད་འདི་སུས་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་བཏགས་གྲོལ་ལས། རྒྱུད་འདི་མ་རྟོགས་དགེ་བ་བཅུ། །སྤྱད་ཀྱང་འཁོར་བ་ལས་མི་གྲོལ། །དེ་སྔར་མཚམས་མེད་ལྔ་སྤྱད་ཀྱང་། །འདི་འཕྲད་ངན་སོང་ལྟུང་མི་སྲིད། །འདི་རིག་གཡོ་མེད་སྐྱེས་བུ་དེ། །བསྒོམ་མི་དགོས་ཏེ་མཐོང་གྲོལ་འགྱུར། །ཞེས་པ་དང་། དོན་གསལ་མེ་ལོང་ལས། །མངོན་སུམ་གནད་འདི་སུས་མཐོང་བ། །ཆོས་ཉིད་བར་དོར་འཚང་རྒྱའོ། །ཅིའི་ཕྱིར་འདི་ནི་ཡེ་ཤེས་དངོས། །མཐོང་བས་ཤེས་གྲོལ་དུས་མཉམ་འགྱུར། །ཅིའི་ཕྱིར་ཐེག་པ་གཞན་དག་གིས། །ལོ་སྟོང་བསྒོམས་ཀྱང་འདི་མི་མཐོང་། །འདིས་ནི་སྐད་ཅིག་ཉིད་ལ་མཐོང་། །ལོ་སྟོང་སྡིག་པ་སྤྱད་པས་ཀྱང་། །འདི་ཉིད་
ལོ་དྲུག་ཉམས་བླངས་ན། །ལྷག་མ་མེད་པར་འཚང་རྒྱའོ། །ཅིའི་ཕྱིར་ངོ་བོ་ཅིར་མཐོང་ཡིན། །རིག་པའི་ཡེ་ཤེས་ངོ་བོ་ལ། །སྡིག་པའི་སྐྱོན་གྱིས་གོས་པ་མེད། །དགེ་བ་བྱས་ཀྱང་ཕན་མ་བཏགས། །རིག་པ་དགེ་སྡིག་དོན་ལས་འདས། །ཞེས་སོ། །གསུམ་པ་བཏགས་གྲོལ་ལས། །ཕ་རོལ་ཕྱིན་བཅུ་སྙིང་པོའི་རྒྱུད། །ཡང་དག་རྒྱུད་འདི་མ་རྟོགས་ན། །དུས་གསུམ་ཀུན་ཏུ་སངས་མི་རྒྱ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །འདི་ལ་བཏགས་གྲོལ་སངས་རྒྱས་ཏེ། །སྐུ་ལྔ་འགྲོ་དོན་ལྷུན་གྱིས་གྲུབ། །རང་རིག་རྣམ་དག་ས་གཅིག་ལ། །ཐེག་པ་ཀུན་འདུས་ས་ལམ་རྫོགས། །ཞེས་པ་དང་། དོན་གསལ་ལས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །གནད་འདི་མ་རྟོགས་དགེ་བ་བཅུ། །སྤྱད་ཀྱང་འཁོར་བ་ལས་མི་གྲོལ། །སྔར་དུས་མཚམས་མེད་ལྔ་བྱས་ཀྱང་། །འདི་འཕྲད་ངན་སོང་ལྟུང་མི་སྲིད། །འདི་དང་བཏགས་གྲོལ་གཉིས་སྦྲེལ་ན། །ལོ་དྲུག་ཕུང་པོ་ལྷག་མེད་འགྲོ། །འདི་མེད་གང་ཟག་གཞན་སྤྱོད་པ། །བསྐལ་པར་ཉན་བསམ་བསྒོམས་བསྒྲུབས་ཀྱང་། །བསྐལ་པར་སངས་རྒྱས་རེ་བ་མེད། །ཅིའི་ཕྱིར་མངོན་སུམ་གནད་མ་རྟོགས། །ཐེག་གསུམ་རིམ་དགུའི་ཆོས་རྣམས་ཀྱིས། །འདི་ཉིད་དོན་ལ་རེག་པ་མེད། །འདི་ནི་ཀུན་ལས་ཁྱད་པར་འཕགས། །ཞེས་སོ། །བཞི་པ་དེ་ཉིད་ལས། འདི་དང་ཚིག་གིས་འབྲེལ་བ་ཡང་། །སྐྱེ་བ་གསུམ་དུ་མི་ཐོགས་གྲོལ། །སྒྲ་ཙམ་རྣ་བར་ཐོས་པ་ཡང་། །ཐ་མལ་སྐྱེ་བ་འདིས་ཆོད་འགྱུར། །མངོན་སུམ་གནད་འདི་སུས་མཐོང་བ། །ཆོས་ཉིད་བར་དོར་འཚང་རྒྱའོ། །ཞེས་པ་དང་། སྣོད་སྤེལ་བའི་དུས་བཏག་པ་ལས། ཡང་གསང་སྙིང་ཐིག་འདི་ལ་སུས་སྤྱོད་པ། །སྔོན་དུས་ལས་ཅན་སྐྱེ་མཐའ་མིན་རེ་ཀན། །མངལ་དུ་མི་འཇུག་ཚེ་གཅིག་སངས་རྒྱས་ཡིན། །འདི་ཉིད་བྲིས་སམ་བཅངས་པས་སངས་རྒྱས་འཐོབ། །ལན་ཅིག་བཀའ་ཤོག་མཐོང་བ་ཐམས་ཅད་ཀྱང་། །ཨོ་རྒྱན་སྨོན་ལམ་མཐུ་ཡིས་ངན་སོང་ཁེགས། །དབང་ཐོབ་ཙམ་གྱིས་པདྨ་ཅན་དུ་སྐྱེ། །ཉམས་
སུ་ལེན་པས་འབྲས་ཐོབ་སྨོས་ཅི་དགོས། །འདི་ལ་སྤྱོད་ཚད་ཨོ་རྒྱན་ང་ཡི་སྲས། །སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཡིན། །ཞེས་སོ། །ལྔ་པ་མེ་ལོང་ལས། གཞི་ལ་ཤེས་རབ་ལྷུན་གྱིས་གྲུབ། །ཐབས་ཀྱིས་མངོན་སུམ་སྐད་ཅིག་ལ། །མཐོང་སྟེ་གྲོལ་འགྱུར་ཐེ་ཚོམ་མེད། །དེ་ཕྱིར་མཁའ་འགྲོ་དངོས་ཀྱི་སྟོན། །འདི་ལ་སྤྱོད་པའི་སྐྱེས་བུ་ནི། །ཀུན་བཟང་ཡུམ་དང་དབྱེ་རུ་མེད། །ཌཱ་ཀི་ལུས་དང་གྲིབ་མར་འགྲོགས། །ཞེས་པས། འདི་ཉིད་སྟོན་པའི་བླ་མ་དེ་ཡང་། མཁའ་འགྲོ་དངོས་ཡིན་པས་གུས་པ་མཆོག་ཏུ་བསྐྱེད་པར་བྱ་ཞིང་མཁའ་འགྲོའི་ཟབ་ཆོས་མཁའ་འགྲོ་མ་ཡིན་པས་འཆད་ཅིང་སྤེལ་བར་མི་ནུས་པས། དེ་ཉན་པའི་སྣོད་ཀྱང་ཕལ་ཆེར་མཁའ་འགྲོ་འདུ་བ་ཡིན་ཏེ། གྲོགས་ལའང་དག་སྣང་དང་མོས་གུས་བསྐྱེད་པ་ལ་འབད་པར་བྱའོ། །དོགས་པར་མ་བྱེད་ཅིག །འདི་ལྟར་བདག་ཀྱང་སངས་རྒྱས་མཁའ་འགྲོའི་མཚན་ལྟས་ཐུན་མོང་མ་ཡིན་པ་འགའ་དང་ལྡན་པས་མཁའ་འགྲོ་འདུ་ཞིང་ཟབ་གཏེར་ལ་དབང་བ་ཡིན་ནོ། །གཉིས་པ་ཆོས་ཀྱི་ཆེ་བ་བརྗོད་པ་ནི། དུས་བརྟག་པ་ལས། ཨེ་མ་གསང་སྔགས་མཐར་ཐུག་སྙིང་པོའི་ཆོས། །ཐེག་པ་རིམ་དགུའི་ཉམས་ལེན་དོན་རྫོགས་འདི། །ཀུན་ལས་ཁྱད་འཕགས་ཨེ་མ་ངོ་མཚར་ཆེ། །བོད་ཡུལ་ཀུན་ཏུ་གཏེར་ཕྲན་བྱེ་བ་སྦས། །གཏེར་ཆེན་བརྒྱ་དང་ཉེར་བརྒྱད་སར་སྦས་ཀྱང་། །གདམས་པའི་མཐར་ཐུག་འདི་མིན་སྦས་རེ་ཀན། །ཞེས་པ་དང་། མེ་ལོང་ལས། ཨེ་མ་ཧོ། །འདི་འདྲའི་གདམས་པ་རྒྱ་བོད་གཉིས་ན་མེད། །ཀུན་ལ་མ་བསྟན་རང་ཉིད་ཉམས་སུ་ལོངས། །ཚིག་ཙམ་རླུང་གི་ཕྱོགས་སུ་ཟག་པ་ན། །ཚེ་ཡི་བར་ཆད་བྱེད་པར་ཐེ་ཚོམ་མེད། །འདི་རང་ཉིད་ཀྱིས་ཉམས་སུ་ལེན་པ་དང་། །ཌཱ་ཀི་ཉིད་ལ་གཏད་དེ་གཏེར་དུ་སྦོས། །ལས་ཅན་ཅིག་གི་དོན་དུ་སྨོན་ལམ་ཐོབ། །ཅེས་སོ། །གསུམ་པ་ལྟ་བའི་ཚུལ་བཤད་པ་ནི། དེ་ཉིད་ལས། གང་གིས་འདི་ཉིད་ལྟ་བའི་དུས་སུ་ཡང་། །ཚོགས་དང་གཏོར་མ་རྒྱ་ཆེར་
བྱས་ལ་བལྟ། །འདི་ཡི་རླུང་གི་ཕྱོགས་ཀྱི་སེམས་ཅན་ཡང་། །ཌཱ་ཀི་རྣམས་ཀྱིས་བྱིན་རླབས་བདེ་བ་ཐོབ། །འདི་ལ་རེག་པ་ཨོ་རྒྱན་ང་དང་མཉམ། །ཞེས་སོ། །གཉིས་པ་གཏེར་འབྱུང་གི་ལོ་རྒྱུས་བཤད་པ་ནི། རྒྱལ་པོས་སློབ་དཔོན་བོད་དུ་གདན་དྲངས་ནས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཏེ་དགའ་སྟོན་མཛད་པའི་དུས་སུ། མཆིམས་ཕུར་ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་བརྒྱད་བཏང་བ་དང་། རྒྱལ་པོའི་སྲས་མོ་པདྨ་གསལ་དུས་ལས་འདས་པ་ལ་རྒྱལ་པོས་མྱ་ངན་མཛད་པ་ལ། སློབ་དཔོན་ཡབ་ཡུམ་གྱིས་ཐུགས་གསོས་ཏེ། །བུ་མོའི་རྣམ་ཤེས་བཀུག་ནས་དབང་བསྐུར་ཏེ། །ཟབ་གཏེར་གྱི་སྒྲོམ་བུ་སྤྱི་བོར་བཞག་ནས། མ་འོངས་པ་ན་རང་གཞན་ལ་ཕན་པའི་སྨོན་ལམ་བཏབ་ནས་གཏེར་དུ་སྦས་པའོ། །འདི་ལ་སྟོན་པ་དང་བསྟན་པ་ཕུན་སུམ་ཚོགས་པས་སྤྱིར་བསྟན། བསྡུ་བ་པོ་དང་གནས་ཕུན་སུམ་ཚོགས་པ་བྱེ་བྲག་ཏུ་བཤད། དུས་དང་སྐལ་ལྡན་ཕུན་སུམ་ཚོགས་པ་རྒྱ་ཆེར་བསྔགས་པ་གསུམ་ལས། དང་པོ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་རང་བྱུང་པདྨའི་སྡོང་པོ་ལ་རང་བཞིན་ལྷུན་གྱིས་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཏེ། གཞོ་སྟོད་ཏེ་སྒྲོའི་ཚོགས་ཁང་ཆེན་མོར་མཁའ་འགྲོ་སྙིང་ཐིག་གི་གདམས་པ་གསུངས་ལ། སྔོན་འབྱུང་གི་གཡའ་རི་གོང་གི་བྲག་ཕུག་ཏུ་གྲུབ་པ་བརྙེས་པ་སྟེ། དོན་གསལ་ལས། ཨོ་རྒྱན་པདྨ་བདག་གིས་སུ། །གཡའ་རི་གོང་གི་བྲག་ཕུག་ཏུ། །འདི་ཉིད་བསྒོམས་པས་ཟག་བཅས་ཕུང་པོ་ཡལ། །ཟག་མེད་སྒྱུ་མའི་ཕུང་པོ་ལ། །སྣང་ལ་མ་གྲུབ་སྐྱེ་འཆི་བྲལ། །འདི་ཉིད་གང་ཟག་སྤྲོས་མེད་ཀྱི། །བློ་ཅན་མྱ་ངན་འདའ་དོན་དུ། །གཡའ་རི་གོང་དུ་ཡི་གེར་བཏབ། །རྒྱུད་དང་གདམས་པ་ཀུན་ཁྱེར་ཏེ། །འགྲོ་བའི་དོན་དུ་བོད་ལ་མཆིས། །ཞེས་སོ། །འདིའི་དུས་སུ་སྙིང་ཐིག་གི་གདམས་པ་འདི་དུས་ལ་མ་བབས་པས་གཏེར་དུ་སྤེད་པར་དགོངས་པ་ནི། དེ་ཉིད་ལས། མངའ་བདག་རྒྱལ་པོ་ལ་སོགས་པ། །
སྐལ་ལྡན་ལས་འབྲེལ་མང་ལགས་ཀྱང་། །འདི་ཉིད་བསྟན་པའི་དུས་མ་བབས། །བི་མ་མི་ཏྲ་འབྱོན་དགོངས་ནས། །ཚིག་ཙམ་རླུང་ཕྱོགས་ཙམ་དུ་ཡང་། །འདི་ཉིད་ཚིག་ཙམ་བཤད་པ་མེད། །ཕྱི་རབས་སྐལ་ལྡན་དོན་བྱེད་དུ། །དངས་ལུང་ལྡང་ལྷའི་བྲག་ལ་སྦེད། །ཅེས་སོ། །གཉིས་པ་མཁར་ཆེན་འཚོ་རྒྱལ་གྱིས་བསྡུ་བ་པོ་བྱས་ཏེ། དངས་ལུང་ཁྲ་མོ་བྲག་ལ་གཏེར་དུ་སྦས་པ་ནི། དེ་ཉིད་ལས། མཚོ་རྒྱལ་ཁྱོད་ལ་གཏད་པ་ནི། ཀུ་སུ་ལུ་ཡི་གདམས་པའི་སྐོར། །དངས་ལུང་ལྡང་ལྷའི་བྲག་ལ་སྦོས། །ད་ལྟ་བསྟན་པའི་དུས་མ་བབས། །ཞེས་སོ། །མཁས་པ་པཎྜི་ཏའི་གདམས་པ་སྤྲོས་པ་གལ་ཆེ་བ་བུམ་ཐང་ན་ཡོད་པར། དེ་ཉིད་ལས། བཅོ་བརྒྱད་རྒྱུད་དང་གདམས་པར་བཅས། །མ་འོངས་སྐལ་ལྡན་དོན་དུ་ནི། །བུམ་ཐང་སེང་གེའི་བྲག་ལ་སྦོས། །སྙིགས་མར་འགྲོ་དོན་རྒྱ་ཆེར་འབྱུང་། །ཞེས་སོ། །གསུམ་པ་ཡང་དེ་ཉིད་ལས། ཚེ་ལོ་ལྔ་བཅུ་ཁ་རལ་དུས། །གསལ་རྗེ་གངས་ཀྱི་ཤར་ཕྱོགས་ངོས། །ལྕགས་སྒྲོམ་ལྟ་བུའི་ཡུལ་གྱི་སྟོད། །འབྲོང་པོ་ཉལ་འདྲའི་སྤྱི་སྟེངས་སུ། །མཁའ་འགྲོ་སྡེ་ལྔས་བྱིན་རླབས་པའི། །ཆུ་ཁམས་འབྲུག་གམ་སྤྲེལ་ཡོས་ལོ། །སྤྲེ་རིང་ཐེག་ཆེན་ཆོས་ལ་མོས། །སྦས་ཚུལ་འཁོར་བའི་ཆ་འཛིན་ཅིང་། །མ་འགགས་སྤྱོད་པ་སྣ་ཚོགས་སྐྱོང་། །ད་ལྟའི་ལྷ་ལྕམ་པདྨ་གསལ། །སྙིགས་མའི་དུས་སུ་དེ་ལྟར་སྐྱེ། །དེ་དུས་གདམས་པ་འདི་དང་འཕྲད། །ཟབ་མོའི་གཏེར་དང་འཕྲད་པའི་རྟགས། །སྙིང་ཐིག་ཐབས་ཀྱི་ཆ་ཡིན་ཕྱིར། །དེ་ཡི་དངོས་སུ་མཐོང་བའི་རྟགས། །བརླ་གཡས་པ་ཡི་ནང་ལོགས་ན། །ཤ་སྨེ་མཁའ་འགྲོའི་སྤྱན་འདྲ་ཡོད། །དེ་ལྟར་མཚན་རྟགས་རྫོགས་པ་ཡིས། །ལས་ལྡན་སྐྱེ་བུ་དེ་དང་འཕྲད། །དེ་དུས་འགྲོ་དོན་མི་འབྱུང་སྟེ། །ཕྱི་མ་འགྲོ་དོན་བརྒྱ་ལོག་སྤྱོད། །དྲི་མེད་འོད་ཟེར་ཞེས་བྱར་གྲགས། །གཏེར་གྱི་སྒོ་འབྱེད་བསྟན་པ་སྐྱོང་། །ལྷོ་ཡི་ཕྱོགས་སུ་ངེས་པར་འབྱུང་། །ལྡང་ལྷས་བཀའ་ཡི་བྱ་ར་གྱིས། །རྟགས་དང་ལྡན་
པ་དེ་ལ་གཏོད། །ཅེས་པ་དང་། སྣོད་དང་དུས་བརྟག་པ་ལས། ང་ཡི་ཐུགས་སྲས་ཤེས་རབ་བློ་དང་ལྡན། །ཌཱ་ཀིའི་སྤྱན་མཚན་དོན་གྱི་སྙིང་རྗེ་ཅན། །པདྨ་ལས་འབྲེལ་རྩལ་དང་འདི་འཕྲད་ཤོག །དེ་ལ་དད་མོས་འདུད་ཚད་ལས་ཅན་ཡིན། །རྟག་ཏུ་འགྲོགས་པ་རྣམས་ལ་སྨོས་ཅི་དགོས། །འདི་ལ་འབྲེལ་ཚད་བདེ་བ་ཅན་དུ་སྐྱེ། །གང་ཞིག་སྐྱེ་བ་དམན་པའི་བུད་མེད་ཀྱང་། །འདི་འཕྲད་མི་ལུས་དེ་ཡིས་ངན་སོང་ཁེགས། །རྟག་ཏུ་འགྲོགས་རྣམས་བདེ་ཆེན་མཁའ་སྤྱོད་ཡིན། །གང་ཞིག་སྡིག་སྤྱོད་སྨོད་ཅིང་སྐུར་འདེབས་རྣམས། །འདི་དང་དུས་མཚུངས་འཁོར་བ་མཐའ་ཡོད་ཡིན། །ཅིའི་ཕྱིར་དེ་ཡི་ཐུགས་རྗེས་ངེས་པར་སྐྱོ བ། །ཅེས་པ་དང་། ཌཱ་ཀིའི་ཞལ་གདམས་ལས། བདག་འདྲ་ཨོ་རྒྱན་ཐུགས་ཀྱི་སྲས། །མ་འགགས་སྤྱོད་པ་སྣ་ཚོགས་སྤྱོད། །ལུས་ལ་ཤ་སྨེ་སྤྱན་འདྲས་མཚན། །སྒེག་པར་ཆེས་ལ་སྤྱོད་པ་རྩིང་། །སྦས་པའི་རྣལ་འབྱོར་དང་འཕྲད་ཤོག །དེ་ལ་འདུད་བྱེད་ཌཱ་ཀིའི་སྲས། །རྨིས་ལྟས་ཚང་བ་བཞི་འབྱུང་བས། དེ་ལ་གནད་ཀྱི་གདམས་པ་གཏད། །གཞན་ལ་ཚིག་གཅིག་བརྗོད་ན་འཕུང་། །སྦས་པའི་རྣལ་འབྱོར་ཌཱ་ཀིའི་བུ། །ཤ་སྨེ་སྤྱན་འདྲས་མཚན་པ་དེའི། །ལུས་དང་གྲིབ་བཞིན་ཌཱ་ཀིས་སྐྱོབ། །ཕྲིན་ལས་དུས་ལ་མ་བབས་པས། །དེ་ལ་འདུད་བྱེད་ཤིན་ཏུ་ཉུང་། །འདི་ལ་མོས་ཚད་ཌཱ་ཀིའི་བུ། །སྤྲུལ་པ་ཡིན་པར་ངས་ལུང་བསྟན། །འདི་ལ་མོས་བྱེད་སྐྱེས་པ་རྣམས། །དཔའ་བོ་སྡེ་ལྔའི་སྤྲུལ་པ་ཡིན། །འདི་ལ་ཟབ་ཆོས་ལུས་ཀྱི་འབྲེལ། །ཕྱི་མ་དེ་ཡི་གདུལ་བྱར་སྐྱེས། །སྐྱེས་པ་ཕོ་མོ་གང་ཡང་རུང་། །འདི་དང་ལྷན་ཅིག་འགྲོགས་པས་ཀྱང་། །ཡོན་ཏན་སྣ་རེ་ཕྱི་མར་འཐོབ། །ཕོ་མོ་གང་ཡང་རུང་བས་སུ། །འདི་དང་རྟག་ཏུ་འགྲོགས་པ་དེས། །འདི་ཉིད་འདས་པའི་ཚུལ་བསྟན་ཚེ། །སྐྱེས་བུ་དེ་ཡི་སྤྱི་བོ་ནས། །གཡུ་ཡི་བུད་མེད་རྒྱན་དྲུག་ཅན། །འཇའ་ཚོན་ལྟ་བུ་མཁྱིད་གང་བ། །ཕྱག་ན་མེ་ཏོག་དམར་པོ་བསྣམས། །ཕཊ་ཀྱི་སྒྲ་འབྱིན་ནམ་མཁའ་ལ། །
བུན་ཀྱིས་གཤེགས་པ་མཐོང་བར་འགྱུར། །དེ་ཡི་སྙིང་ལ་ལས་ཀྱི་གདུང་། །སྔོན་པོ་སྲན་མ་ཙམ་གཅིག་འབྱུང་། །ལས་ཅན་ཅིག་ལ་སྣང་སྲིད་དམ། །གལ་ཏེ་ཌཱ་ཀིའི་གདན་འདྲེན་འགྱུར། །གདུང་རུས་གཅིག་ལ་ཡི་གེ་ཧྲཱིཿ འབྱུང་འགྱུར་འདི་ལ་ཐེ་ཚོམ་མེད། །འཇའ་འོད་རིང་བསྲེལ་འབྱུང་ཡང་སྲིད། །ཕལ་ཆེར་རྟགས་མེད་སྦས་ཚུལ་འདའ། །དགུང་ལོ་ལྔ་བཅུ་རྩ་དགུ་ལ། །ཌཱ་ཀི་རྣམས་ཀྱིས་གདན་འདྲེན་འགྱུར། །དེ་ནི་དྲི་མེད་འོད་ཟེར་ཞེས། །མ་འོངས་དུས་ན་ལྷོ་རུ་འབྱུང་། །ལས་ཅན་དེ་དང་ཀུན་འཕྲད་ཤོག །ཅེས་སོ། །གསུམ་པ་སྨོན་ལམ་གྱིས་མཇུག་བསྡུ་བ་ནི། ཀློང་གསལ་ལས། ཡིད་བཞིན་ནོར་བུའི་གསང་རྒྱུད་འདི། །ལས་ཅན་རྣམས་དང་མ་འོངས་འཕྲད། །ཅེས་པ་དང་། དོན་ཁྲིད་ལས། ཨེ་མ་ཧོ། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདི། །གང་གིས་རེག་པ་མྱང་འདས་དངོས་ལ་སྦྱོར། །ཐེག་བརྒྱད་ཨ་ཏི་ཐིག་ལེ་སྐོར་གསུམ་གྱིས། །འདི་ཉིད་དོན་ལ་རེག་པ་མ་ཡིན་ནོ། །མིག་སྟོང་ཤེས་རབ་གྲུབ་མཐའ་མང་པོ་དང་། །རྒྱུད་ལུང་མན་ངག་མང་ཡང་འདི་མི་མཐོང་། །གཞན་དང་མི་འདྲ་ཡང་ཟབ་མངོན་སུམ་གནད། །འདི་དངོས་བསྟན་ཅིང་བཤད་པ་ཅི་མ་ཚང་། །ཚིག་ཙམ་རླུང་གི་ཕྱོགས་སུ་བརྗོད་པ་མིན། །ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག །འདི་ལ་རེག་ཚད་ལྷག་མེད་འགྲུབ་པར་ཤོག །ཅེས་སོ། །དེ་ལྟར་ཟབ་ཅིང་རྒྱ་ཆེའི་གང་ཆེན་མཚོ། །མཁའ་འགྲོ་སྙིང་ཏིག་བཀའ་གསང་རྒྱ་ཆེ་ལས། །ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ། །ཟབ་དོན་རྒྱ་མཚོའི་སྤྲིན་གྱི་སྙིང་པོ་འདི། །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །དྲི་མེད་འཕགས་པའི་བཞུགས་གནས་ཨོ་རྒྱན་རྫོང་། །ཤིན་ཏུ་དབེན་ཞིང་ཉམས་དགའ་རིག་འཛིན་གནས། །ལྷ་དང་དྲང་སྲོང་མང་པོས་བརྟེན་པ་དེར། །དྲི་མེད་འོད་ཟེར་བདག་གིས་འདི་བྱས་པའི། །དགེ་བ་སྟོན་ཀའི་ཟླ་ལྟར་དཀར་བ་དེས། །འགྲོ་ཀུན་ཡིད་མཁའི་མུན་པ་ཀུན་བསལ་ནས། །
ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག །ཉི་མ་ཟླ་བ་ལྷུན་པོ་རྒྱ་མཚོར་བཅས། །ས་ཆེན་གླིང་བཞིའི་འཇིག་རྟེན་གནས་ཀྱི་བར། །ཆོས་ཚུལ་འདི་ཡང་འགྲོ་བའི་དོན་བྱེད་ཅིང་། །བསྟན་པའི་རྒྱལ་མཚན་ཡུན་དུ་གནས་པར་ཤོག །ལྷ་དང་ལྷ་མིན་གྲུབ་པ་རིག་སྔགས་འཆང་། །དཔག་མེད་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །སྔོན་བཞིན་ཟབ་མོའི་དགོངས་གཏེར་ཡོངས་གཟུང་སྟེ། །སྐལ་ལྡན་རྣམས་ལ་རྒྱུན་དུ་སྣང་བར་ཤོག །རྒྱུ་འབྲས་གཙོར་ལེན་བློོ་ཆུང་ལོག་ལྟ་ཅན། །བླ་མར་མི་གུས་ཆོས་དང་ཉམས་ལེན་འཆལ། །སྐལ་མེད་རྣམས་ཀྱིས་དཔེ་ཙམ་མི་མཐོང་ཞིང་། །རླུང་ཕྱོགས་ཙམ་དུ་ཚིག་ཙམ་མི་ཐོས་ཤོག །དད་དང་སྙིང་རྗེ་གཏོང་ཕོད་ཡངས་པ་ཆེ། །མི་གུས་མེད་ཅིང་བླ་མ་ཅི་མཉེས་བྱེད། །ཕྱི་མ་དོན་གཉེར་ཚེ་འདི་བོར་བའི་མི། །སྐལ་ལྡན་སྙིང་གི་བུ་དང་འཕྲད་པར་ཤོག །ཀྱེ་ཧོ་གྲོགས་དག་སྙིང་པོའི་དོན་མཐོང་ནས། །རིན་ཆེན་ལུས་འདིས་སྲིད་མཚོར་སྒྲོལ་བཞིན་དུ། །འཇིག་རྟེན་ཆོས་ལ་སྦྱོང་བར་མི་ཁོམ་གྱིས། །ཉིན་མཚན་བརྩོན་པས་ཆོས་ལ་སྤྱོད་པར་ཤོག །འགྲོ་དྲུག་ནང་ནས་མི་ལུས་རྙེད་པར་དཀོན། །དེ་བས་ཆོས་དང་འཕྲད་དེ་སྤྱོད་པར་དཀོན། །དེ་དག་ཀུན་ལས་སྙིང་པོ་འདི་འཕྲད་དཀོན། །དབེན་པའི་གནས་སུ་བསམ་གཏན་བསྒོམ་པར་ཤོག །འཇིག་པར་སླ་ཞིང་སྙིང་པོ་མེད་པའི་ལུས། །ལྦུ་བ་རྡོས་འདྲ་མྱུར་དུ་མི་རྟག་གིས། །གྲོགས་དག་ཚེ་འདིའི་བྱ་བ་ཀུན་སྤངས་ལ། །ཆོག་ཤེས་ལྡན་པས་ནགས་སུ་བསྒོམ་པར་ཤོག །བསགས་ཀྱང་འཇོག་ལ་འདུས་ཀྱང་འབྲལ་བའི་ཆོས། །ནོར་དང་མཛའ་བཤེས་གཉེན་འདུན་ལ་སོགས་པའི། །འཁོར་བའི་རང་བཞིན་སྡུག་བསྔལ་འདི་ལ་གཟིགས། །ཞི་བའི་ནགས་སུ་བསམ་གཏན་བསྒོམ་པར་ཤོག །ཇི་ལྟར་སྣང་བ་ཐམས་ཅད་གཟུགས་བརྙན་ཙམ། །བདེན་པས་སྟོངས་ཏེ་བྲག་ཆའི་སྒྲ་དབྱངས་འདྲ། །སྒྱུ་མ་རྨི་ལམ་ལྟ་བུར་ཤེས་བྱས་ནས། །ཟབ་མོའི་དོན་ལ་ནགས་སུ་བསྒོམ་པར་ཤོག །སྐྱེས་བུའི་ཚེ་འགྲོ་རི་
གཟའ་འབབས་ཆུ་འདྲ། །འཆི་བདག་མི་སྡོད་ནུབ་རིའི་གྲིབ་མ་བཞིན། །སྐྱེས་པ་འཆི་ཞིང་འདུས་པ་འབྲས་བའི་ཆོས། །དེ་རིང་ཉིད་ནས་བསམས་ཏེ་བསྒོམ་པར་ཤོག །ད་རེས་མི་ཡི་སྲིད་པ་ཐོབ་དུས་འདིར། །ཐར་པའི་གླིང་དུ་ལམ་སྣ་མ་ཟིན་ན། །ཕྱི་ནས་གར་འགྲོ་བདག་གིས་ཇི་ལྟར་ཤེས། །བདེ་ཆེན་ལམ་ལ་བཙན་ས་ཟིན་པར་ཤོག །དེ་སྐད་ཕན་པར་སྨྲ་བའི་ངག་འདི་ནི། །སྙིང་ནས་ཡིན་གྱིས་འགྲོ་ཀུན་བརྩོན་པར་མཛོད། །རིན་ཆེན་གླིང་ནས་སྟོང་ལོག་མ་བྱེད་པར། །དོན་ཟབ་སྙིང་པོའི་ཡིད་བཞིན་ཐོབ་པར་ཤོག །བདག་ཀྱང་སྙོམ་ལས་ལེ་ལོའི་རང་བཞིན་དང་། །རང་དོན་བསླུ་བའི་གཞན་དོན་ལྟར་སྣང་གིས། །ཚེ་འདིར་གྲོལ་བའི་འོད་ལུས་མ་འགྲུབ་ཀྱང་། །བར་དོའི་ལུས་ལ་བརྟན་པ་ཐོབ་པར་ཤོག །དེང་ནས་སྔ་ཕྱིའི་སྐྱེ་བ་ཐམས་ཅད་དུ། །རང་བྱུང་པདྨའི་མགོན་དང་བཅས་པ་ཡིས། །འཁོར་བར་མི་ལྡོག་མྱ་ངན་འདའ་བར་ངེས། །གཅིག་ཏུ་འགྲོ་ལ་ཕན་པར་འགྲུབ་པར་ཤོག །ཟབ་མོའི་དོན་མཐོང་སྐྱེ་འཆིའི་འཇིག་བྲལ་ཞིང་། །བར་དོའི་གྲོལ་ཚད་མཁའ་འགྲོའི་བྱིན་རླབས་ཀྱིས། །བདག་གི་དེང་དུས་རང་དོན་བསྒྲུབས་ཟིན་གྱིས། །ད་ནི་ཅི་ནས་གཞན་དོན་བྱེད་པར་ཤོག །སྔོན་རབས་སྐྱེ་བ་དུ་མར་སྦྱངས་པའི་མཐུས། །ཟབ་མོའི་དོན་ལ་བློ་མིག་རྒྱས་གྱུར་ཅིང་། །ཕྱི་ནང་གྲུབ་མཐའི་ཚུལ་རྣམས་ལེགས་པར་མཐོང་། །ཚིག་དོན་མ་ནོར་ཇི་སྙེད་ཇི་བཞིན་བཤད། །སྐལ་ལྡན་བུང་བ་དགའ་བསྐྱེད་སྐྱེད་མོས་ཚལ། །ཟབ་དོན་སྦྲང་རྩིའི་སྙིང་པོས་གང་བ་འདི། །ལེགས་སྦྱར་མེ་ཏོག་འབྲས་བུ་འདི་སྨིན་པས། །ཚེ་གཅིག་སངས་རྒྱས་འདོད་རྣམས་ཚུལ་འདི་བསྟན། །བདག་གི་ཚེ་འདིར་ཕན་པ་རྒྱ་ཆུང་བས། །རིང་པོར་མི་ཐོགས་སྒྱུ་མའི་ལུས་འདི་འདོར། །བར་དོའི་ཡུལ་ལ་ཞིང་སྣང་རྒྱ་ཆེ་བས། །ལྷུན་གྲུབ་ས་ལ་བཙན་ས་ཟིན་པར་ཤོག །ཡང་ཅིག་སྤྲུལ་པའི་འོད་ཟེར་རབ་བཀྱེས་ནས། །ཐར་བའི་གླིང་དུ་
འགྲོ་བ་འདྲེན་བྱེད་ཅིང་། །ཟབ་མོའི་ཆོས་གཏེར་དཔག་མེད་སྣང་བ་ཡིས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག ། དཔག་མེད་དུས་ནས་ཕན་པའི་བློ་མངའ་བ། །རྒྱལ་སྲས་སྤྱོད་པ་དམ་པའི་རྗེས་ཞུགས་ཏེ། །མཛད་པ་འཕྲིན་ལས་ནམ་མཁའི་མཐའ་ཁྱབ་པས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །མཁའ་འགྲོ་སྙིང་ཐིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན་ཞེས་བྱ་བ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཡབ་ཡུམ་གྱིས། བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་ཞེས་བྱ་བས། གངས་རི་ཐོད་དཀར་གྱི་ངོས་ཨོ་རྒྱན་རྫོང་གི་གནས་མཆོག་དམ་པར་སྟོན་ཀའི་ཟླ་བ་དང་པོའི་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ། སྐལ་བ་དང་ལྡན་པའི་སློབ་མ་འོད་ཟེར་གོ་ཆས་གསོལ་བ་བཏབ་པའི་ངོར། རྒྱུད་ལུང་མན་ངག་དུ་མའི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་ནས་བཀོད་པའི་དོན་རྒྱ་ཆེར་བཤད་པ་ཡོངས་སུ་རྫོགས་པའོ།། །།དགེ་ཞིང་བཀྲ་ཤིས། །
གསང་སྤྱོད་རྡོ་རྗེ་ལམ་བསྟན།
གསང་སྤྱོད་རྡོ་རྗེ་ལམ་བསྟན་བཞུགས་སོ། །རིན་ཆེན་ཤོག་སྐྱའི་སྐོར།
གསང་སྤྱོད་རྡོ་རྗེ་ལམ་བསྟན་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རང་བཞིན་བྱས་པ་མེད་པའི་ངང་ཉིད་ལས། །སྐྱེ་མེད་ལྷུན་རྫོགས་སྙིང་པོའི་གདངས་ཤར་བ། །མཐའ་གྲོལ་ཀློང་ཡངས་རང་བཞིན་རྫོགས་པ་ཆེ། །རང་ཤར་རང་སར་གྲོལ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་སྙིང་ཏིག་ཟབ་མོའི་གནད་བསྡུས་ནས། །དོན་ཟབ་འགག་འདྲིལ་ཉམས་སུ་བླང་བདེ་བ། །གང་དང་མི་འདྲ་ཀུན་གྱིས་མ་རྟོགས་པ། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །བདེ་ཆེན་གནས་འདི་སྟོང་གསལ་འདུས་མ་བྱས། །སྙིང་དབུས་གཞོན་ནུ་བུམ་པའི་སྐུར་གསལ་བ། །ཡེ་ཤེས་ཉིད་དེ་ནང་གསལ་ལྷུན་གྱིས་གྲུབ། །འོད་ལྔའི་གདངས་ལས་སྣོད་བཅུད་སྣང་སྲིད་ཆགས། །སྣང་བས་སྟོང་སྟེ་ཆུ་ཟླའི་གཟུགས་བརྙན་འདྲ། །ལྷུན་གྲུབ་གོམས་པས་ནམ་ཞིག་འོད་ལྔར་གྲོལ། །དེ་ཡང་རང་གནས་ཀ་དག་རང་གྲོལ་ནས། །མཐའ་བཞི་ལས་འདས་སྤྲིན་མེད་ནམ་མཁའ་འདྲ། །ཨེ་མ འོ་བཞིན་དང་མེ་ལོང་གཟུགས་བརྙན་བཞིིན། །བདག་གཞན་གཉིས་སྣང་རང་གིས་བཏགས་པར་ཟད། །རང་བཞིན་གཉིས་མེད་གདོད་ནས་སྟོང་པའི་ངང་། །དགྲ་གཉེན་དགག་སྒྲུབ་གང་ཡང་མ་མཐོང་ངོ་། །མི་མཁས་བྱིས་པ་དག་གིས་གཉིས་བཟུང་སྟེ། །ལྷ་དང་འདྲེ་ཞེས་གོམས་པས་དེ་ལྟར་སྣང་། །འདོད་འཇིགས་མྱ་ངན་གོམས་པས་དེར་སྣང་བཞིན། །མེད་སྣང་འཁྲུལ་པས་འགྲོ་བ་འདི་བསླུས་སོ། །གང་ལ་ཕྱི་རོལ་ཅིར་སྣང་རང་གི་སེམས། །སྣང་ལ་གཉིས་མེད་འོད་གསལ་གདོད་མའི་ངང་། །ཕྱི་རོལ་མ་ཡིན་ནང་གི་གཟུགས་བརྙན་ཙམ། །ཐམས་ཅད་སྐུ་ལྔ་ཡེ་ཤེས་དག་པའི་གདངས། །ལྷ་དང་འདྲེར་སྣང་བདེ་ཆེན་མཁའ་འགྲོའི་ཞིང་། །རང་སྣང་ཉིད་དེ་དངོས་གྲུབ་འབྱུང་བའི་གཞི། །དགག་སྒྲུབ་ཕན་གནོད་སེམས་ཀྱི་རྩལ་སྦྱོང་ཡིན། །དེ་ལ་དགའ་བས་མཆོད་སྦྱིན་བརྩམ་པར་རིགས། །ཀྱེ་ཧོ་བདེ་སྡུག་རྐྱེན་རྣམས་རྨི་ལམ་འདྲ། །རང་སྣང་གཉིས་
འཛིན་གཟུགས་བརྙན་ཤར་བ་ལ། །རང་ངོ་མ་ཤེས་ད་དུང་འཁོར་བར་སྣང་། །ཡེ་སྟོང་རྩ་བྲལ་གདོད་མའི་ངང་འདི་ལ། །སྣང་སྟོང་གཉིས་མེད་ཀུན་བརྟགས་ཆོ་འཕྲུལ་ཙམ། །སྣོད་བཅུད་སྣང་སྲིད་ལྷ་དང་ལྷ་མོའི་ཞིང་། །གང་སྣང་གཟུགས་རྣམས་འོད་གསལ་ལྷ་ཡི་སྐུ། །སྒྲ་རྣམས་གྲགས་སྟོང་སྔགས་ཀྱི་དཀྱིལ་འཁོར་ཏེ། །རྟོག་པའི་འཕྲོ་འདུ་ཡེ་ཤེས་རོལ་པ་ཆེ། །སྣང་གྲགས་སྣོད་བཅུད་གཉིས་མེད་ཆོས་སྐུའི་ངང་། །སྟོང་ལ་དངོས་སྣང་རང་བཞིན་གཟུགས་ཀྱི་སྐུ། །གདོད་ནས་སྟོང་ངོ་རྩ་བྲལ་གཉུག་མའི་ངང་། །ངོ་བོ་རང་བཞིན་ཐུགས་རྗེའི་རོལ་པ་ནི། །སྐྱེ་མེད་ལྷུན་རྫོགས་རང་བཞིན་རྫོགས་པ་ཆེ། །ཡེ་གྲོལ་གདོད་ནས་དག་པའི་ཆོས་ཉིད་ལ། །བླང་དང་དོར་མེད་དུས་གསུམ་འཕོ་འགྱུར་མེད། །ཡེ་སྟོང་བབས་སྟོང་རང་བཞིན་གདོད་ནས་སྟོང་། །འདི་ཞེས་མི་མཚོན་ཚིག་གིས་ཤེས་མི་ནུས། །རྟེན་མེད་གཞི་གྲོལ་ཡོངས་རྫོགས་ཀ་དག་དང་། །གང་སྣང་གསལ་སྟོང་རང་བཞིན་ཆུ་ཟླ་འདྲ། །སྣ་ཚོགས་མི་གཉིས་རྣམ་ཀུན་སྟོང་པའི་གཟུགས། །ཀུན་བཟང་གཞི་ཡི་དགོངས་ཀློང་ཡངས་པ་ནི། །མི་འགྱུར་ལྟ་བའི་ཁྱུང་ཆེན་རྟོགས་པ་ཡིན། །མདོར་ན་སྣང་གྲགས་སྣང་སྲིད་ཆོས་རྣམས་ཀུན། །ངོ་བོ་སྟོང་ལ་རང་བཞིན་གཟུགས་བརྙན་ཙམ། །ཐུགས་རྗེ་མ་འགགས་ཅིར་ཡང་ཤར་བ་ལ། །འདི་ཞེས་མི་འཛིན་མཐའ་གྲོལ་ཀློང་ཡངས་སོ། །ཇི་ལྟར་སྣང་བ་དེ་ལྟར་སྟོང་པ་སྟེ། །ཆུ་དང་ཆུ་ཟླ་གཉིས་སུ་མི་ཕྱེད་བཞིན། །གཉིས་མེད་དོན་ཞེས་བརྡ་ཙམ་བཏགས་པ་ཙམ། །སྣང་རུང་སྟོང་རུང་རྟག་རུང་མི་རྟག་རུང་། །གང་ཤར་བཏགས་པ་དེ་ལྟར་ཤར་བ་ཙམ། །ཤར་ནུབ་རྙོག་བྲལ་སྟོང་གསལ་ཕྱམ་ཕྱམ་མོ། །འདི་ལྟར་རྟོགས་ནས་གཉིས་འཛིན་རང་གྲོལ་ཏེ། །འཛིན་མེད་ཕྱམ་གདལ་ཡེ་གྲོལ་སོར་གཞག་གོ །ངང་ཉིད་མ་སྐྱེས་ཀུན་ཏུ་བཟང་པོའི་ཞིང་། །རྟོགས་པའི་ལྟ་བ་ཡངས་ན་མངོན་དུ་འགྱུར། །པདྨ་ལས་འབྲེལ་རྩལ་གྱིས་བསྟན་ནས་
སོང་། །གསང་སྤྱོད་རྡོ་རྗེ་ལམ་བསྟན་ལས། །ལྟ་བ་རྡོ་རྗེའི་ལེའུ་སྟེ་དང་པོའོ།། །། དེ་ནས་སྒོམ་པ་འོད་གསལ་ཆེན་པོ་ནི། །ལྟ་བའི་དོན་ལ་གོམས་པར་བྱེད་པ་སྟེ། །ཉིན་དུས་འོད་གསལ་ནམ་མཁའི་མཐོངས་སུ་བལྟ། །སེམས་ཀྱིས་མི་བསམ་སྒོམ་པ་བསྒོམ་པ་མིན། །རང་བཞིན་གཉིས་མེད་ཆུ་ཟླ་གཟུགས་བརྙན་འདྲ། །འདི་ཞེས་མི་མཚོན་གཟུང་འཛིན་ཀུན་ལས་འདས། །གདོད་མའི་ཀ་དག་ལྷུན་གྲུབ་མངོན་དུ་འགྱུར། །དེས་ནི་འཁྲུལ་སྣང་ལོངས་སྐུར་འཆར་བ་ཡིན། །མཚན་དུས་བདེ་བའི་མལ་དུ་བག་ཕབ་སྟེ། །རང་བབས་ལྷོད་ཆགས་གཉིད་དུ་ལོག་པའི་ཚེ། །ཉིན་སྣང་འགགས་པས་ཚེ་འདི་འདོར་བ་དང་། །གཉིད་དུ་འགྲོ་བས་འབྱུང་བཞི་ཐིམ་ཚུལ་དང་། །མ་རིག་གཉིད་ཀྱིས་གཞི་ཡི་འོད་གསལ་དང་། །རྨི་ལམ་སྣ་ཚོགས་བར་དོའི་འཆར་ཚུལ་དང་། །གཉིད་སད་སྣང་བས་རང་བཞིན་སྤྲུལ་སྐུའི་ཞིང་། །བགྲོད་ནས་གང་སྣང་རང་བཞིན་དག་པའི་ཞིང་། །སེམས་ཅན་ལྷ་དང་ལྷ་མོར་དྲན་པར་བྱ། །ཐ་མལ་དྲན་བསམ་རང་རྒྱུད་འཛིན་པ་དོར། །གཉིད་དང་རྨི་ལམ་གཉིད་སད་སྣང་བ་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུར་རྟོགས་བྱས་ལ། །ཞི་གནས་ལྷག་མཐོང་ཟུང་འབྲེལ་རྣམ་གསུམ་གྱིས། །བདེ་གསལ་མི་རྟོག་བློ་འདས་ཆེན་པོར་ཉལ། །དེ་ཡིས་གཉིད་དང་རྨི་ལམ་རྒྱུན་ཆད་དེ། །གདོད་མའི་ཀ་དག་འོད་གསལ་ངང་དུ་གནས། །འདི་ལྟར་གཉིད་ལ་ཉལ་ལུགས་རྣམ་པ་གསུམ། །བདེ་བའི་མལ་དུ་འཛིན་མེད་ཕྱམ་གདལ་བ། །འོད་གསལ་ཆོས་སྐུའི་ངང་དུ་ཉལ་བ་ཡིས། །རྨི་ལམ་རྒྱུན་ཆད་འཁྲུལ་པ་གཞི་ཐོག་ཐིམ། །སྟོང་པའི་རང་བཞིན་སྤྲོས་དང་བྲལ་བ་ཡིན། །དེ་བཞིན་ནང་འོད་བུམ་པའི་སྦུབས་ཉིད་དུ། །ཡེ་ཤེས་འོད་ལྔ་འཛིན་མེད་ཉལ་བ་ཡིས། །རྨི་ལམ་འོད་གསལ་ལོངས་སྐུའི་ངང་དུ་ཐིམ། །སྐུ་དང་ཐིག་ལེ་འོད་ལྔའི་སྣང་བ་འཆར། །དག་པའི་ཞིང་སྣང་རིགས་ལྔའི་སྣང་བར་མཐོང་། །སྣང་བའི་རང་བཞིན་སྤྲོས་དང་བྲལ་
བ་ཡིན། །དེ་བཞིན་རང་ལུས་སྤྲུལ་པའི་འཇིག་རྟེན་ན། །སྟོན་པའི་ཞབས་དྲུང་ཡིད་ཀྱིས་རབ་དམིགས་ཏེ། །རིགས་ལྔའི་ས་བོན་ཉིད་ལ་སེམས་བསྡུས་ཉལ། །རྨི་ལམ་བར་སྣང་སྤྲུལ་པའི་སྐུར་ཐིམ་ནས། །མངོན་དགའ་ལ་སོགས་ཞིང་སྣང་སྣ་ཚོགས་འཆར། །ཕྱི་དུས་དག་པའི་ཞིང་དེར་གྲོལ་བར་ངེས། །སྣ་ཚོགས་གཉིས་མེད་དག་པའི་སྤྲུལ་སྐུ་ཡིན། །གཉིད་དང་རྨི་ལམ་སད་དུས་རྣམ་པ་གསུམ། །གདོད་ནས་སྐུ་གསུམ་ཉིད་དུ་གནས་པའི་ཚུལ། །ཇི་བཞིན་གཟུགས་བརྙན་གཉིས་པའི་རྣམ་པ་ལ། །ལམ་དུ་གོམས་པས་འབྲས་བུ་སྐུ་གསུམ་གྲོལ། །དེ་ཡང་གོམས་པའི་གནད་ནི་འདི་བཞིན་སྦྱང་། །གཉིད་སད་དུས་ན་ཡུལ་རྣམས་སྤྲུལ་སྐུའི་ཞིང་། །མངོན་དགའ་ལ་སོགས་གསལ་བཏབ་ལྡང་བར་བྱ། །དུས་གསུམ་དུས་རྣམས་ཀུན་ཏུ་སྐུ་གསུམ་ཞིང་། །འོད་གསལ་སྐུ་གསུམ་རྫོགས་པའི་ཉམས་ལེན་བྱ། །ཡུལ་སེམས་གཉིས་མེད་རང་སྣང་ཤེས་པར་བྱ། །བཞིན་དང་མེ་ལོང་ལྟ་བུའི་ལམ་ཁྱེར་གྱིས། །ཉོན་མོངས་ཆགས་སྡང་རང་སྣང་རང་གྲོལ་ཞིང་། །རང་ཤར་ཡེ་གྲོལ་ནམ་མཁའི་མདུད་པ་ལྟར། །རང་གི་བློ་ཡིས་བྱས་ཤིང་བཤིག་པ་ལྟར། །གང་སྣང་རྐྱེན་རྣམས་དེ་ལྟར་ཤེས་པས་སྦྱང་། །འདི་ལྟར་སྤྱོད་ལམ་དུས་རྣམས་ཐམས་ཅད་དུ། །རང་སྣང་འོག་མིན་རིགས་ལྔའི་སངས་རྒྱས་ཞིང་། །ཕྱི་ནང་གསང་གསུམ་སྒྲུབ་པའི་ལམ་ཁྱེར་བྱ། །དེ་ཡིས་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཞིང་། །བརྩོན་འགྲུས་རབ་ཀྱིས་ཚེ་འདིར་འགྲུབ་པ་སྟེ། །འབྲིང་རྣམས་བར་དོར་འོད་གསལ་གཉིས་མེད་འདྲེས། །ཐ་མས་རང་བཞིན་སྤྲུལ་སྐུར་གྲོལ་བ་ནི། །གོམས་པའི་གནད་འདིས་མྱུར་དུ་འགྲུབ་པ་ཡིན། །མདོར་ན་གཉིད་དུས་བར་དོའི་གདམས་པ་དྲན། །ལྡང་དུས་རང་བཞིན་སྤྲུལ་སྐུའི་རྩལ་སྦྱང་བྱ། །ཉིན་དུས་འོད་གསལ་ཕྱི་རུ་འཛིན་པའི་ཚེ། །སྣང་སེམས་གཉིས་མེད་རང་གྲོལ་ཆེན་པོར་སྦྱང་། །མཚན་དུས་འོད་གསལ་ནང་དུ་འཛིན་པའི་ཚེ། །སྐུ་གསུམ་
དབྱེར་མེད་གདོད་མའི་ཟད་སར་བསྐྱལ། །ལྡང་དུས་རང་བཞིན་སྤྲུལ་སྐུའི་ཞིང་སྣང་ལ། །སྒྱུ་མ་རྨི་ལམ་འོད་གསལ་ཆེན་པོར་སྦྱང་། །ཆགས་སྡང་ལ་སོགས་ཉོན་མོངས་གང་ཤར་ཡང་། །འཛིན་མེད་རང་གྲོལ་གཟའ་གཏད་བྲལ་བར་སྦྱང་། །རྐྱེན་རྣམས་སེམས་ཀྱི་རྩལ་སྦྱོང་མེ་ལོང་སྟེ། །ཇི་ལྟར་སྣང་བ་དེ་ལྟར་འཛིན་མེད་སྦྱང་། །འདི་ལྟར་ཕྱི་ནང་སྣང་སྲིད་ཆོས་རྣམས་ལ། །སྒོམ་པར་མ་གྱུར་རྡུལ་ཙམ་ཡོད་མིན་པས། །སྣང་སེམས་གང་ཤར་རང་གྲོལ་རྩལ་སྦྱང་བྱ། །འདི་ནི་ཡང་ཟབ་སྙིང་པོའི་སྒོམ་པ་སྟེ། །བྱིང་རྒོད་གཉིད་མེད་ཞི་ལྷག་ཟུང་དུ་འབྲེལ། །སྣང་སྟོང་ཐབས་ཤེས་ཡེ་ནས་ཟུང་འཇུག་ཡིན། །བླང་དོར་རེ་དོགས་དགག་སྒྲུབ་འདས་པའི་དོན། །པདྨ་ལས་འབྲེལ་རྩལ་གྱིས་བསྟན་ནས་སོང་། །གསང་སྤྱོད་རྡོ་རྗེ་ལམ་བསྟན་ལས། །སྒོམ་པ་རྡོ་རྗེའི་ལེའུ་སྟེ་གཉིས་པའོ།། །། དེ་ལྟར་ལྟ་སྒོམ་བོགས་འབྱིན་སྤྱོད་པ་སྟེ། །དེང་དང་མ་འཕེལ་འགྲིབས་དང་རྐྱེན་ཐོག་དབབ། །བདེ་སྡུག་སྡུག་བསྔལ་ན་ཚ་ཅི་བྱུང་ནའང་། །དུར་ཁྲོད་ལ་སོགས་དབེན་པའི་གནས་སོང་སྟེ། །དམ་གཙང་ངོ་ཚ་ཚུལ་འཆོས་རབ་སྤངས་ལ། །གཉིས་མེད་རང་གྲོལ་ལྟ་སྒོམ་ངང་ཉིད་དང་། །བླང་དོར་འཛིན་མེད་སྨྱོན་པའི་བརྟུལ་ཞུགས་ཀྱིས། །འགྲོ་དང་འདུག་དང་མཆོངས་དང་རྒྱུག་པ་དང་། །སྨྲ་དང་དགོད་དང་ངུ་དང་གླུ་ལེན་དང་། །དགའ་དང་མི་དགའ་ཆགས་སྡང་བདེ་སྡུག་དང་། །རིགས་དྲུག་སྤྱོད་པ་མཐོང་ཐོས་དྲན་ཚད་བྱ། །རྗེས་ལ་གང་ཤར་རང་གྲོལ་རྩལ་སྦྱོང་གིས། །ལྟ་སྒོམ་དོན་དེ་ཐོག་ཏུ་ཕེབས་སམ་བལྟ། །ཇི་སྲིད་གཉིས་འཛིན་དགག་སྒྲུབ་མ་ཞིག་པར། །བརྟུལ་ཞུགས་སྤྱོད་པས་བརྩོན་པས་སྤྱོད་པར་བྱ། །མཚན་དུས་རང་བབས་བདེ་བར་ཉལ་ནས་ཀྱང་། །དྲན་བསམ་འཕྲོ་འདུའི་རྣམ་རྟོག་ཀུན་བྲལ་ཏེ། །སྐྱེ་མེད་ལྷུན་རྫོགས་གཉུག་མའི་ངང་དུ་ཉལ། །དེས་ནི་བདག་གཞན་དགག་སྒྲུབ་རེ་དོགས་མེད། །དགྲ་གཉེན་གཉིས་མེད་གསེར་དང་བོང་བ་མཉམ། །རྐྱེན་ངན་ལམ་བསླངས་སྣང་བ་གྲོགས་སུ་འཆར། །
ལྟ་སྒོམ་བོགས་འབྱིན་རྟོགས་པ་ནམ་མཁའ་འདྲ། །སྒོམ་པ་རང་གསལ་སྤྱོད་པ་བུ་ཆུང་འདྲ། །གཟའ་གཏད་ཀུན་བྲལ་ངང་གིས་སྨྱོན་པ་འདྲ། །ཡེ་གྲོལ་ཕྱམ་གདལ་རང་བབས་རྒན་པོ་འདྲ། །གཟེག་དང་སྙེམས་བྲལ་དུར་ཁྲོད་མི་རོ་འདྲ། །འཛིན་མེད་རང་གྲོལ་ཡུལ་མེད་སྐྱེ་བོ་འདྲ། །བདག་གཞན་གཉིས་མེད་འཕགས་པའི་གང་ཟག་འདྲ། །ཉོན་མོངས་རང་གྲོལ་ཆུ་དང་རྦ་རླབས་འདྲ། །ཅི་སྨྲས་དོན་མེད་བྲག་ཆའི་སྒྲ་དབྱངས་འདྲ། །གང་ལའང་ཆགས་མེད་འདབ་ཆགས་མཁའ་ལྡིང་འདྲ། །སྤང་གཉེན་རང་གྲོལ་སྦྲུལ་གྱི་མདུད་པ་འདྲ། །ཐམས་ཅད་ཡེ་གྲོལ་མཁའ་ལ་སྤྲིན་དེངས་འདྲ། །དེ་འདྲའི་སྐལ་བཟང་བདེ་གཤེགས་རིག་འཛིན་དངོས། །དད་བརྒྱའི་སྤྱི་བོས་བཏུད་ནས་ཕྱག་བྱའི་འོས། །ཡིད་བཞིན་ནོར་བུ་བས་ཀྱང་ཆེས་ལྷག་པའི། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། ཁྱད་པར་ནད་གདོན་ཆོས་འཕྲུལ་ཅི་བྱུང་ཡང་། །ནགས་དང་དུར་ཁྲོད་མཚོ་གླིང་སྐྱེད་མོས་ཚལ། །ཕུག་དང་ཁོང་སྟོང་ཤིང་གཅིག་དྲུང་ལ་སོགས། །འཇིགས་ཤིང་ཉམས་ང་དབེན་པའི་ས་ཕྱོགས་དེར། །བཅག་དང་དཀྲུགས་ལོང་སྨྱོན་པའི་སྤྱོད་པ་དང་། །ཞིབ་དང་ངེས་པ་འཇམ་པོས་རྣམ་པས་ཉལ། །སྣང་སེམས་རོ་གཅིག་སེམས་སུ་ཐག་བཅད་ལ། །སེམས་ཉིད་མ་བཅོས་ཆོས་སྐུའི་ངང་དུ་ཉལ། །དེ་ཡང་སྔོན་འགྲོ་བྱང་ཆུབ་སེམས་བསྐྱེད་ནས། །སྙིང་དབུས་འོད་གསལ་འོད་ཟེར་རབ་འཕྲོས་པས། །ཕྱོགས་བཅུའི་རྒྱལ་བ་རིག་འཛིན་མཁའ་འགྲོར་བཅས། །སྣང་སྲིད་ལྷ་འདྲེ་གནོད་བྱེད་སྤྱན་དྲངས་ལ། །དབུས་སུ་བླ་མ་རིག་འཛིན་མཁའ་འགྲོ་དང་། །གཡས་སུ་ཡི་དམ་གཡོན་དུ་ཆོས་སྐྱོང་དང་། །རྒྱབ་ཏུ་གནོད་བྱེད་མདུན་དུ་ལན་ཆགས་མགྲོན། །དུས་གསུམ་ཕ་མ་རིགས་དྲུག་སེམས་ཅན་བསམ། །ཡིད་ཀྱིས་ཕྱག་འཚལ་སྣ་ཚོགས་མཆོད་པ་དང་། ཁྱད་པར་རང་གི་ཐོད་པའི་ནང་ཉིད་དུ། །ལུས་འདི་བདུད་རྩིའི་རང་བཞིན་གྱུར་པ་ལས། །
ཡཾ་ལས་ལུང་གཡོས་རཾ་ལས་མེ་འབར་བས། །ཐོད་པའི་བདུད་རྩི་འདོད་ཡོན་ལྔར་གྱུར་ནས། །རང་ཉིད་བྱེ་བ་ཕྲག་སྟོང་མང་སྤྲུལ་ལ། །ནམ་མཁའི་མཐའ་ཁྱབ་འགྲོ་ལ་བདུད་རྩི་བྲིམས། །དགྱེས་ཤིང་ཚིམས་པས་ཚོགས་གཉིས་རྫོགས་པར་བསམ། །དེ་བཞིན་ཕུང་པོ་དུམ་བརྒྱ་དུམ་སྟོང་དོར། །གནོད་བྱེད་ལན་ཆགས་གང་འདོད་སྦྱིན་པར་བཏང་། །རྗེས་ལ་མགྲོན་རྣམས་མི་དམིགས་སྟོང་པའི་ངང་། །སྐྱེ་མེད་བསམ་ཡུལ་འདས་པའི་དབྱིངས་ལ་བཞག །དེ་ལྟར་མཆོད་བྱ་མཆོད་བྱེད་རང་གི་སེམས། །སེམས་ནི་མ་སྐྱེས་ངོ་བོ་ངོས་གཟུང་མེད། །ཐམས་ཅད་གཞི་རྫོགས་རང་བཞིན་ནམ་མཁའ་འདྲ། །བསམ་རྫོགས་གདོད་མའི་ཆོས་ཉིད་ཆེན་པོར་ཤེས། །དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པར་ཕྱིན། །གཞི་གྲོལ་ཀ་དག་ངང་དུ་ལ་བཟླ་འོ། །དེ་ཀུན་འགྲོ་ལ་གཉིས་མེད་ཕན་གདགས་ཕྱིར། །རང་བཞིན་གདོད་ནས་དག་པས་བསྔོ་བ་བྱ། །འདི་ནི་སྔོན་འགྲོ་བསོད་ནམས་ཡེ་ཤེས་ཚོགས། །བར་ཆད་ཀུན་སེལ་དངོས་གྲུབ་རྒྱ་ཆེན་འབྱུང་། །དངོས་གཞི་སེམས་ལ་འདི་ལྟར་བརྟག་པར་བྱ། །དེ་ལྟར་ཡིད་ཀྱིས་སྣ་ཚོགས་ཅིར་སྤྲུལ་ཡང་། །ཐམས་ཅད་རང་གི་སེམས་སུ་གཅིག་པ་ལྟར། །འཁོར་འདས་དགག་སྒྲུབ་བླང་དོར་རེ་དོགས་དང་། །སྣང་སྲིད་བདག་གཞན་གཉིས་སྣང་སྣ་ཚོགས་དང་། །འདྲེར་སྣང་འདྲེར་འཛིན་མ་ལུས་རང་གི་སེམས། །རྨི་ལམ་བཞིན་ཏེ་མི་སྣང་འཁྲུལ་པའི་སེམས། །སེམས་ནི་རྩ་བྲལ་ཡེ་སྟོང་ཆོས་ཀྱི་སྐུ། །གཞི་རྫོགས་ཀུན་ཏུ་བཟང་པོའི་རང་བཞིན་ཏེ། །ཕྱོགས་དང་རིས་མེད་མཐའ་གྲོལ་ཀློང་ཡངས་སོ། །དབའ་རླབས་གཡོ་བ་རི་འདྲ་རྒྱ་མཚོའི་ངང་། །སྣ་ཚོགས་དགག་སྒྲུབ་རང་སེམས་སྟོང་པའི་ངང་། །འདྲེར་སྣང་འདྲེར་འཛིན་གཉིས་མེད་རྩ་བྲལ་དང་། །ཐམས་ཅད་ཕྱམ་ཅིག་རང་བབས་ཆེན་པོའི་ངང་། །མི་གཡོ་མི་གནས་སྤྲོས་དང་བྲལ་བ་ནི། །གདོད་མའི་ཀ་དག་ངང་དུ་གནས་པ་ཡིན། །དེ་ལྟར་ཤེས་པས་སྣང་སྲིད་ཆོས་སྐུར་གྲོལ། །ནད་གདོན་འདྲེར་སྣང་ཆོ་འཕྲུལ་སྟོང་པར་ཞི། །
ནམ་མཁའི་སྤྲིན་རྣམས་གཡོ་བ་དེངས་པ་བཞིན། །ཤེས་རབ་ཆེན་པོས་གཉུག་མའི་གནས་ལུགས་ཤེས། །ཆོས་ཉིད་ས་ལ་རང་བཞིན་ལྷུན་གྱིས་གྲུབ། །ཐབས་ཀྱི་རིམ་པས་འདི་ལྟར་ཤེས་པར་བྱ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་བསྒོམ་ལ། །འཁོར་བའི་ལན་ཆགས་བྱང་བར་མོས་པ་བྱ། །བསྐལ་པར་བཞུགས་ཞེས་དགའ་བས་བཀུར་སྟི་བྱ། །དེ་ནས་མཆོད་སྦྱིན་དོན་ལ་གཞག་པའི་ཕྱིར། །གདོན་ལ་གཟུགས་སུ་གྲུབ་པ་ཡོད་དམ་མེད། །ཡོན་ན་རྡུལ་ཕྲན་བཤིག་ཀྱང་དངོས་པོར་མེད། །གཟུགས་དེ་གཟུགས་མེད་རང་གདངས་ཤར་བ་ཙམ། །རང་སྣང་འོད་གསལ་མེ་ལོང་གཟུགས་བརྙན་འདྲ། །རགས་པའི་གཟུགས་མེད་ཆུ་ཟླའི་རྣམ་པ་འདྲ། །དེ་ཡིས་སུ་ལ་ཕན་གནོད་བྱར་ཅི་ཡོད། །རགས་པར་ཡོད་ན་དངོས་སུ་འཁྱེར་གཤའ་ཡང་། །གཟུགས་མེད་འདྲེ་ལ་འཇིགས་སྐྲག་སེམས་ཀྱིས་བརྟགས། །སྣང་ཡང་མ་སྐྱེས་སྟོང་པའི་རང་བཞིན་ནོ། །འོན་ཏེ་འདྲ་ཡི་སེམས་ཀྱིས་གནོད་སྙམ་ན། །སེམས་ནི་དངོས་མེད་ཡེ་ནས་དག་པ་ལ། །གནོད་བྱ་གནོད་བྱེད་གཉིས་སུ་གྲུབ་པ་མེད། །འདྲེར་སྣང་འདྲེར་འཛིན་རང་ཡིད་འཛིན་པ་སྟེ། །ནམ་མཁའི་མདུད་པ་བཞིན་དུ་འཆིང་གྲོལ་བྱེད། །རང་སྣང་སྙེམས་དང་བྲལ་ན་གཞན་མེད་དེ། །མེ་ལོང་བསྡུས་པས་གཟུགས་བརྙན་མི་སྣང་བཞིན། །མི་སྣང་འཁྲུལ་པས་སྲིད་པའི་གྲོང་ཁྱེར་ན། །བདག་གཞན་གཉིས་སྣང་རྨི་ལམ་ཅི་འདྲའོ། །རང་སྣང་རང་གིས་གཟུང་འཛིན་གཉིས་བཟོས་པས། །འཁོར་བ་ཉིད་ཅེས་མ་རིགས་འཁྲུལ་སྣང་ཡང་། །ལེགས་པར་བརྟགས་ན་གཉིས་མེད་ཆོས་ཀྱི་སྐུ། །གདོད་ནས་གཞི་རྩ་བྲལ་བའི་ཆོས་ཉིད་དོ། །ཀྱེ་ཧོ་སྣང་སྲིད་སྒྱུ་མའི་གྲོང་ཁྱེར་ན། །དོན་མེད་བདེན་པར་བཟུང་བར་བྱིས་པ་འཁོར། །འཛིན་མེད་རྣལ་འབྱོར་པ་རྣམས་རྟོགས་པས་གྲོལ། །ནམ་མཁའི་རི་མོ་སྨིག་རྒྱུའི་མཚོན་པ་རུ། །སྣ་ཚོགས་གཟུགས་བརྙན་གསལ་བས་འཁྲུལ་བ་ལྟར། །མི་སྣང་འགྲོ་བ་དོན་མེད་ཨ་ཐང་ཆད། །ཧ་ཧ་གདོད་ནས་སྟོང་པའི་རང་བཞིན་ལ། །
གློ་བུར་འཁྲུལ་རྟོག་རྐྱེན་གྱིས་ཅིར་སྣང་ཡང་། །ནམ་ཞིག་རང་བཞིན་ཤེས་པས་གྲོལ་བར་ངེས། །གཟའ་གཏད་མེད་པའི་ཆོ་འཕྲུལ་ཆོས་སྐུའི་ངང་། །ཡེ་ནས་རྩ་བ་བྲལ་བས་བློ་རེ་བདེ། །རེ་དོགས་གཉིས་འཛིན་ཞིག་པས་བག་རེ་དྲོ། །འགྲོ་བའི་རང་བཞིན་ཡེ་ནས་སངས་རྒྱས་པས། །གློ་བུར་བག་ཆགས་སྦྱོང་བ་ཡང་མི་དཀའ། །སྟོང་པའི་རང་བཞིན་གང་གིས་གང་ལ་སྒྲིབ། །ཐམས་ཅད་མ་སྐྱེས་གདོད་ནས་སྟོངས་པས་ན། །སེམས་དང་སྒྲིབ་པ་ཡེ་སྟོང་རྩ་བ་བྲལ། །གང་ཞིག་གང་གིས་འགྲོ་བ་འཁྲུལ་བར་འདོད། །སྨིག་རྒྱུའི་ཞགས་པས་མོ་གཤམ་བུ་བཅིངས་ཞེས། །སྡུག་བསྔལ་མཐོང་ནས་མྱ་ངན་བྱེད་པར་ཟད། །ངས་ནི་ཆོས་ཀུན་དེ་འདྲར་རབ་མཐོང་ནས། །འཆིང་གྲོལ་གཉིས་མེད་ཡེ་གྲོལ་སངས་རྒྱས་ཞེས། །བདག་དང་འགྲོ་བ་ཀུན་ལ་གཅིག་པར་རྟོགས། །ཧེ་ཧེ་ཐམས་ཅད་རང་གྲོལ་གཟའ་གཏད་མེད། །འདི་ཞེས་སྒྲུབ་ཏུ་ཡོད་ན་དགའ་བ་ལ། །རེ་དོགས་འབད་རྩོལ་ཞིག་པས་རབ་ཏུ་དལ། །དེ་ཡིན་ངས་ཤེས་གང་ཤར་ཡིན་དུ་ཆུག །གཉིས་སུ་མ་འཛིན་རེ་དོགས་འཕྲང་ལས་འདས། །གཉིས་མེད་མ་ཡིན་ཆོས་ཉིད་གཞན་ན་མེད། །ཐད་ཀའི་ཤེས་པ་རང་གཟོའི་བསྙེམས་བྲལ་ཏེ། །དོན་དམ་ཆོས་ཉིད་ཡེ་ཤེས་གདོད་མའི་ངང་། །རྟོགས་སླ་བློ་བདེ་ངོ་བོ་ཕྱམ་ཕྱམ་མོ། །མ་བསྒོམས་སྒོམ་མེད་སྙིང་པོའི་དོན་མཐོང་ཡང་། །ཀྱེ་མ་བདག་བློ་རྩོལ་བའི་གཟེབ་ཏུ་འཆིང་། །ཇི་ཙམ་འབད་པ་དེ་ཙམ་འཁྲུལ་པའི་ཡིད། །འཁོར་བའི་ཆོས་ཏེ་གང་གིས་གྲོལ་བ་མེད། །ཀྱེ་ཧོ་མ་བཅོས་རང་སར་དག་པའི་ངང་། །དེ་རང་ཉིད་དེ་རང་བབས་གཉུག་མའི་དོན། །གང་ཤར་རྩིས་མེད་གཟའ་གཏད་བྲལ་བར་ཞོག །དུས་གསུམ་རྒྱལ་བའི་དགོངས་ཀློང་མཐར་ཐུག་ཡིན། །དེ་ལྟར་གནོད་བྱེད་གཞི་ནས་མེད་པ་ལྟར། །གནོད་ཡུལ་རང་ཡང་ཡེ་ནས་མ་གྲུབ་སྟེ། །གནོད་དོ་སྙམ་ན་ལུས་སེམས་གང་ལ་གནོད། །ལུས་ནི་རྡུལ་ཕྲན་ཙམ་དུའང་བརྟགས་ན་མེད། །སེམས་ནི་དངོས་མེད་ངོས་གཟུང་ཀུན་དང་བྲལ། །དེ་ལ་གནོད་པ་སྐྱེལ་བའི་ཡུལ་འདུག་གམ། །བརྟགས་
པས་མེད་བཞིན་མ་བརྟགས་དུས་ནའང་མེད། །གཉིས་འཛིན་ཐག་པས་རང་སེམས་བཅིངས་པར་ཟད། །འཆིང་གྲོལ་གཉིས་མེད་ནམ་མཁའི་རི་མོ་འདྲ། །དེ་ལྟར་རྟོགས་ན་འདྲེ་ཡང་ལྷ་ཉིད་དེ། །རང་སེམས་དག་པའི་གཟུགས་བརྙན་ཙམ་དུ་མཐོང་། །ལྷ་མེད་འདྲེ་མེད་རང་སེམས་སྟོང་པའི་ངང་། །བསལ་གཞག་འགྲོ་འོང་གཉིས་མེད་ཆོས་ཉིད་ལ། །བསྙེམས་བྲལ་བློ་ཡིས་འཁྲུལ་གཞི་ཟད་པ་ཡིན། །དེ་ལྟར་རྟོགས་ན་རེ་དོགས་རྩ་བ་སྟོར། །དགག་སྒྲུབ་བླང་དོར་ཆོས་ཉིད་ངང་དུ་གྲོལ། །གཉིས་མེད་ཡེ་ཤེས་མཉམ་པའི་ངང་དུ་གྲོལ། །འདི་ལྟར་སྣང་སྲིད་ཡེ་ནས་འོད་གསལ་ཞིང་། །འདྲེར་སྣང་འདྲེར་འཛིན་ལྷ་དང་ལྷ་མོའི་ངང་། །སྣ་ཚོགས་དྲན་རིག་རང་གྲོལ་ཆོས་ཀྱི་སྐུ། །རྟེན་མེད་གཞི་གྲོལ་རྩ་བྲལ་གཉུག་མའི་ངང་། །སྒྱུ་མ་ཡེ་ཤེས་གཉིས་མེད་ཆུ་ཟླའི་ངང་། །རང་བཞིན་ནམ་མཁའ་འདྲ་བར་ཤེས་བྱས་ནས། །བསྙེམས་བྲལ་གཟའ་གཏད་བྲལ་བའི་རྩལ་སྦྱང་བྱ། །དེ་ལྟར་གདོན་རྣམས་ཆོས་སྐུ་གྲོལ་བ་ལྟར། །ནད་ཀྱང་རིག་པའི་རྩལ་སྦྱང་ཆོས་སྐུ་སྟེ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱངས་ནས། །འགྲོ་བའི་ནད་རྣམས་གཅིག་བསྡུས་བདག་ལ་ཐིམ། །བདག་གི་ནད་མེད་བདེ་བ་འགྲོ་ལ་སྦྱིན། །བདག་གི་ནད་ཀྱིས་འགྲོ་ཀུན་བདེ་བར་ཤོག །བསྐལ་པར་བཟོད་བྱ་བསྲན་ཐུབ་གོ་བགོས་ལ། །ལུས་དང་སེམས་གཉིས་གང་ན་ལེགས་པར་རྟོགས། །ལུས་འདི་ས་རྡོ་དུར་ཁྲོད་རོ་དང་འདྲ། །སེམས་ནི་མཁའ་འདྲ་ཁ་དོག་དབྱིབས་མེད་པས། །དེ་ལ་བརྟགས་ན་ན་རྒྱུ་ན་མཁན་མེད། །ན་བར་འཛིན་པ་རང་གི་རྟོག་པ་ཙམ། །དྲན་རྟོག་དངོས་མེད་བར་སྣང་བསེར་བུ་འདྲ། །གཉིས་མེད་དོན་ལ་ན་བ་ཡོད་མི་སྲིད། །གཉིས་འཛིན་འཁྲུལ་པས་ནད་ཅེས་བཏགས་པར་ཟད། །བཏགས་ཀྱང་འདོགས་མཁན་རང་བཞིན་གདོད་ནས་སྟོང་། །ན་བའི་ལུས་ཀྱང་རྡུལ་ཕྲན་གཞིག་པའི་ཚེ། །ནམ་མཁའ་འདྲ་ཞིང་སྟོང་གསལ་ཆོས་སྐུའི་
ངང་། །ན་བ་གཉིས་མེད་རང་བཞིན་རྫོགས་པ་ཆེ། །གནས་ལུགས་གསལ་འདེབས་མེ་ལོང་ཆེན་པོ་ཡིན། །སྤང་བླང་མི་བྱ་ལྟ་སྒོམ་རྩལ་སྦྱོང་བྱ། །དེ་བཞིན་བདེ་སྡུག་རྐྱེན་རྣམས་ཅི་ཤར་ཚེ། །བདག་དང་ཡུལ་གཉིས་ལེགས་པར་དཔྱད་བྱས་ལ། །ཀུན་རྫོབ་རྒྱུ་རྐྱེན་རྟེན་འབྲེལ་མི་བསླུ་བས། །སྔོན་བྱས་ལས་ཡིན་བདག་གིས་བཟོད་པར་བྱ། །དོན་དམ་ཡུལ་སེམས་གཞིག་ཅིང་དཔྱད་པ་ཡིས། །དགྲ་གཉེན་རང་སེམས་ནམ་མཁའི་ངང་དུ་གྲོལ། །དགག་སྒྲུབ་གཉིས་འཛིན་སྟོང་པའི་ངང་དུ་གྲོལ། །འདི་ཞེས་ཆེད་འཛིན་མཉམ་ཉིད་ཆེན་པོར་གྲོལ། །འགྲོ་འདུག་སྣང་སེམས་འཛིན་མེད་ངང་དུ་གྲོལ། །ང་བདག་གཟུང་འཛིན་བློ་འདས་ཆོས་སྐུར་གྲོལ། །ལྟ་སྒོམ་སྤྱོད་འབྲས་གདོད་མའི་ངང་དུ་གྲོལ། །ཕྱོགས་རེས་རེ་དོགས་གཞི་རྩ་མེད་པར་གྲོལ། །ཡེ་གྲོལ་ཡོངས་གྲོལ་ཤར་གྲོལ་འཛིན་པ་མེད། །གང་སྣང་གང་བྱུང་གང་ཡིན་འདི་ཡིན་མེད། །དེ་ལྟར་རྟོགས་ཏེ་དུས་གསུམ་རྒྱལ་བའི་སྲས། །དངོས་འཛིན་འཁྲུལ་པའི་གྲོང་ཁྱེར་ཞིག་པ་ཡིན། །དེ་ཚེ་བྱར་མེད་རྫོགས་ཆེན་ནམ་མཁའ་ལ། །བྱ་བྲལ་གཉིས་མེད་ངང་གིས་གནས་པའི་ཚེ། །བྱ་དང་མི་བྱ་འབད་རྩོལ་ཞིག་པའི་མི། །བྱ་བའི་གཞི་མེད་བྱེད་མཁན་སྟོང་པར་གནས། །ང་ཉིད་ཡིན་ན་དེ་ཚེ་དགའ་བ་ལ། །ཧ་ཧ་རང་གིས་ཀུན་ཏུ་བརྟགས་པར་ཟད། །དགའ་དང་མི་དགའི་གཞི་ལས་ཡེ་ནས་གྲོལ། །སྨོན་པའི་ཡུལ་མེད་སྨོན་ལམ་འདེབས་མཁན་མེད། །ངང་ཡིན་ཡེ་ཡིན་རང་བཞིན་རྫོགས་པ་ཆེ། །པདྨ་ལས་འབྲེལ་རྩལ་གྱིས་བསྟན་ནས་སོང་། །གསང་སྤྱོད་རྡོ་རྗེ་ལམ་བསྟན་ལས། །སྤྱོད་པ་རྡོ་རྗེའི་གླུ་སྟེ་ལེའུ་གསུམ་པའོ།། །།དེ་ལྟར་ལྟ་སྒོམ་སྤྱོད་པར་གོམས་པ་ཡིས། །གནས་སྐབས་མཐར་ཐུག་འབྲས་བུ་རྣམ་པ་གཉིས། །གནས་སྐབས་གཉིས་མེད་འོད་གསལ་གོམས་པ་
ཡིས། །ཕྱི་རུ་དབྱིངས་རིག་འདུ་འབྲལ་མེད་པ་ཡིས། །མངོན་སུམ་གོང་འཕེལ་ཚད་ཕེབས་ཟད་སར་ཕྱིན། །རྡོས་བཅས་གཉིས་ཟད་འོད་གསལ་ཞིང་ཁམས་སྣང་། །ནང་རྩ་འོད་སོང་རླུང་སེམས་ཉོན་མོངས་སྟོང་། །ཕྱི་ནང་ཟང་ཐལ་ཟས་གོས་དགོས་པ་མེད། །གསང་བར་འཁྲུལ་སྣང་གཉིས་འཛིན་རྒྱུན་ཆད་ནས། །གཟུངས་དང་ཏིང་འཛིན་མངོན་ཤེས་ཐོགས་མེད་ཅིང་། །འཕོ་བ་ཆེན་པོའི་གཞན་དོན་ལྷུན་གྱིས་གྲུབ། །འདི་ནི་གནས་སྐབས་རིག་པའི་ཡོན་ཏན་ཡིན། །མཐར་ཐུག་སྣང་སེམས་གདོད་མའི་གཞི་ལ་ཐིམ། །ནམ་མཁའ་བཞིན་ཏེ་གཞོན་ནུ་བུམ་པའི་སྐུ། །ནང་གསལ་སྐུ་གསུམ་ཡེ་ཤེས་ཐུགས་རྗེ་ཡིས། །དུས་གསུམ་མི་འགྱུར་ཆོས་སྐུར་བདེ་ཀློང་འཁྱིལ། །དེ་ལས་ཕྱིར་གསལ་ལོངས་སྤྲུལ་སྣང་བ་ཡིས། །འགྲོ་བའི་དོན་གཉིས་སྒྲུབ་ལ་ནོར་བུ་བཞིན། །གཉིས་ཀ་མི་རྟོག་འོད་གསལ་ཆེན་པོ་སྟེ། །ཇི་ལྟར་སྣང་ཡང་དེ་ལྟར་མ་གྲུབ་པས། གདོད་མའི་གཞི་ལ་འཕོ་འགྱུར་མེད་པར་གནས། །ནང་བཞུགས་དུས་ན་སྐུ་གསུམ་གཞིར་བཞག་སྟེ། །ཕྱིར་གསལ་སྐུ་གསུམ་གཞི་བཞེངས་ཆེན་པོ་ཡིས། །དབྱིངས་ལས་མ་གཡོས་འགྲོ་དོན་རྒྱུན་མི་ཆད། །འདིར་དག་ཀུན་ཀྱང་རིག་པའི་ཡོན་ཏན་ཏེ། །རང་གཞན་དོན་གཉིས་མ་ལུས་ཕུན་ཚོགས་ཤིང་། །ཇི་སྙེད་ཇི་བཞིན་གཟིགས་པ་རྣམ་དག་པས། །ཀུན་མཁྱེན་ཡེ་ཤེས་མཛོད་བརྙེས་ལྷ་ཡི་ལྷ། །གདོད་མའི་མགོན་པོར་ལྷུན་གྱིས་གྲུབ་པ་ཡིན། །དེ་ལྟར་དབྱིངས་རིག་ཡེ་ཤེས་འབྲས་བུའི་དོན། །པདྨ་ལས་འབྲེལ་རྩལ་གྱིས་བསྟན་ནས་སོང་། །གསང་སྤྱོད་རྡོ་རྗེ་ལམ་བསྟན་ལས། འབྲས་བུ་རྡོ་རྗེའི་ལེའུ་སྟེ་བཞི་པའོ།། །།འདིར་ནི་སྙིང་པོའི་མཐར་ཐུག་ཟབ་མོའི་ལམ། །མཁའ་འགྲོ་སྙིང་ཏིག་ཚེ་གཅིག་སངས་རྒྱས་ལམ། །བཅུད་ཀྱི་སྙིང་པོ་ཡང་ནས་ཡང་བསྡུས་པ། །རྡོ་རྗེ་སྙིང་པོའི་ཐེག་མཆོག་གསལ་བར་བྱས། །
དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །ཐེག་མཆོག་འདིར་ཞུགས་འོད་གསལ་མཐར་ཕྱིན་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག །བདག་བློའི་མཁའ་ལ་རྟོགས་པའི་ཉི་ཤར་བས། །སྐལ་ལྡན་བློ་ཡི་པདྨོ་ཁ་འབྱེད་སླད། །གསང་སྤྱོད་སྙིང་པོ་རྡོ་རྗེ་ལམ་བསྟན་འདི། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །གང་གིས་མི་སྙོགས་ཐར་པའི་གྲོང་ཁྱེར་ན། །འདི་ཡིས་ལེགས་བགྲོད་ཟབ་མོའི་གནད་བསྟན་པས། །བདག་འཛིན་འཁྲུལ་པའི་ར་བ་ཡོངས་སྤངས་ཏེ། །འགྲོ་ཀུན་དགའ་བའི་རྒྱལ་མཚན་འཛིན་པར་ཤོག །གསང་སྤྱོད་རྡོ་རྗེ་ལམ་བསྟན་ཞེས་བྱ་བ། །དཔལ་ཨོ་རྒྱན་གྱི་མཁས་པ་ཆེན་པོ། རང་བྱུང་པདྨ་རྒྱལ་པོའི་ཐུགས་ཀྱི་འོད་ཟེར་བློའི་ཁང་བཟངས་སུ་ཤར་བས་སྣང་བར་བྱས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་སྟོན་གསུམ་གངས་རི་ཐོད་དཀར་གྱི་མགུལ། ཨོ་རྒྱན་རྫོང་གི་གནས་མཆོག་དམ་པར། རིན་ཆེན་ཤོག་སྐྱའི་ངོས་ལ་ལེགས་པར་བཀོད་པ་རྫོགས་སོ།། །།དགེ་ཞིང་བཀྲ་ཤིས། །
ངེས་དོན་སྙིང་པོ།
རིན་ཆེན་ཤོག་སེར་སྐོར༔ ངེས་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོ༔
ངེས་དོན་སྙིང་པོ་ཞེས་བྱ་བ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཐུགས་རྗེའི་རང་བཞིན་ཕན་བདེའི་སྤྲིན་ཚོགས་ཅན༔ རང་བྱུང་པདྨ་རྒྱལ་ལ་ཕྱག་འཚལ་ལོ༔ ཤིན་ཏུ་སྤྲོས་དང་བྲལ་བའི་གང་ཟག་རྣམས༔ མངོན་སུམ་སྙིང་པོའི་དོན་འདིར་གཞུག་བྱའི་ཕྱིར༔ སྤྲོས་ཀུན་དོར་ཏེ་སྤྲོས་མེད་སྙིང་པོའི་དོན༔ ཇི་ལྟར་བདག་ལ་བབས་བཞིན་འདིར་བརྗོད་བྱ༔ དེ་ལ་གཞི་དབང་༔ ལམ་ཁྲིད༔ འབྲས་བུའི་གྲོལ་ལུགས་གསུམ་ལས༔ དང་པོ་ནི་ཚོགས་ཀྱི་འཁོར་ལོས་བརྒྱན་པར་བླ་མས་བསྐྱེད་རྫོགས་བསྒོམ་ཞིང་༔ སློབ་མ་ལ་སྐྱབས་སུ་འགྲོ་བ་དང་༔ བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་༔ སྟོང་པའི་ངང་ལས་ཀུན་བཟང་ཡབ་ཡུམ་མཐིང་ག་ཞལ་སྦྱོར་རྡོ་རྗེ་སྐྱིལ་ཀྲུང་མཛད་པར་བསྒོམ་དུ་བཅུག་ནས༔ བླ་མ་བརྒྱུད་པ་དང་༔ སངས་རྒྱས་རིགས་ལྔ༔ མཁའ་འགྲོ་སྡེ་ལྔ་དང་བཅས་པ་དབྱིངས་ནས་སྤྱན་དྲངས་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕེཾ་ཕེཾ་ཕེཾ༔ ཧྲིང་ཧྲིང་ཧྲིང་༔ ཛཿཧཱུྃ་བཾ་ཧོཿཔྲ་བྷེ་ཤ་ཡ་བྲ་བྷེེ་ཤ་ཡ༔ ཞེས་བཟླས་ཤིང་བསྟིམ་ལ༔ རོལ་མོ་དཀྲོལ༔ ཚིལ་ཆེན་གྱི་དུད་པ་གཏོང་ངོ༔ དེ་ནི་ལུས་ལྷར་གསལ་བ་བུམ་དབང་ངོ་༔ དེ་ནས་ནམ་མཁར་ཀུན་བཟང་ཡབ་ཡུམ་བླ་མ་བརྒྱུད་པ་དང་བཅས་པའི་སྦྱོར་མཚམས་ནས་བྱང་སེམས་བབས་པས༔ སློབ་མའི་སྤྱི་བོར་ཐིམ་ནས་ལུས་གང་བས༔ བདེ་བ་རྒྱས་པར་བསམ་ཞིང་༔ བདུད་རྩི་ལྕེ་ལ་བཞག་སྟེ༔ ལུས་ཀྱི་ནང་ཡེ་གེས་གང་བར་བསམ་ཞིང་༔ ཨཱོཾ་ཨཱཿཧཱུྃ་དང་༔ ཨཱ་ལི་ཀཱ་ལི་བརྒྱ་རྩ་རེ་བཟླས་པ་ནི༔ ངག་སྔགས་སུ་གསལ་བ་གསང་བའི་དབང་ངོ་༔ དེ་ནས་བླ་མ་ཡབ་ཡུམ་དུ་སྒོམ་དུ་བཅུག་ནས་སྙོམས་པར་ཞུགས་པར་བསམ་དུས༔ རྦ་རླབས་མནན་པས་བདེ་བ་སྐྱེས་པ་ལ་འཛིན་པ་མེད་པར་ངོ་སྤྲད་པ་ནི་ཤེས་རབ་ཡེ་ཤེས་ཏེ་ཡིད་བདེ་བ་ཆེན་པོར་གསལ་བའོ༔ དེ་ནས་བུ་ཁྱོད་ཤར་གྱི་ནམ་མཁར་འགྲོ་བར་
སྒོམས་ཤིག༔ ཨེ་མ་འགྲོ་བའི་གནས་འདུག་གམ༔ འགྲོ་བའི་མཁན་པོ་འདུག་གམ༔ འགྲོ་བྱེད་ཀྱི་ཤེས་པ་འདུག་གམ༔ ལྷོ་དང་ནུབ་དང་བྱང་ལའང་དེ་བཞིན་དུ་སྦྱར་ནས་ནམ་མཁའི་དཀྱིལ་ན་ཉི་མའི་དཀྱིལ་འཁོར་འོད་གསལ་བའི་སྟེང་དུ་ཡོད་པར་བསྒོམས་ལ༔ ཇེ་མཐོ་ཇེ་མཐོར་སོང་བས་སེམས་དང་ནམ་མཁའ་འདྲེས་ཏེ་ལྡོག་པའི་གནས་མེད་པར༔ མི་རྟོག་པའི་ངང་ལ་སྟོང་གསལ་འཛིན་པ་མེད་པར་མཉམ་པར་འཇོག་ཏུ་བཅུག་ནས༔ སེམས་ཉིད་ནམ་མཁའ་ལྟ་བུར་ངོ་སྤྲད་པ་ནི༔ རང་བྱུང་ཡེ་ཤེས་ཀྱི་གནས་ལུགས་ཀ་དག་ལྷུན་གྲུབ་ཀྱི་རང་བཞིན༔ རྫོགས་པ་ཆེན་པོའི་ཚིག་དབང་རིན་པོ་ཆེའོ༔ དེ་ཡང་དང་པོ་རྣམ་རྟོག་དང་༔ སྒོ་ལྔའི་ཤེས་པ་རང་གྲོལ་དུ་ཤེས་པར་བྱ་བའི་ཕྱིར༔ གྲགས་སྟོང་ལ་སོགས་པར་ངོ་སྤྲད་རྗེས་ནམ་མཁའ་ལྟ་བུའི་དོན་ལ་ངོ་སྤྲད་པ་ནི་གནད་དམ་པའོ༔ དབང་རྣམ་པར་ཕྱེ་བའི་དོན་གཅིག་ཏུ་བསྡུས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ དོན་གཉིས་པ་ཁྲིད་ལ་གསུམ་ལས༔ སྔོན་འགྲོ་ནི་ལག་པ་སྤྱི་བོ་ལ་མ་རེག་པར་ཐལ་མོ་སྦྱར་ཏེ་བརྐྱང་༔ རྐང་པའི་མཐིལ་སྤྲད་དེ་བསྐྱེད༔ སྐེད་པ་བསྲང་ལ་རྡོ་རྗེ་མཐིང་ག་མེ་འབར་བའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་གཅིག་ཏུ་བསྒོམས་ལ་ཞག་གཅིག་འབད་ནས༔ ཧཱུྃ་ལས་ཧཱུྃ་འཕྲོས་ནམ་མཁའ་གང་བས༔ ཧཱུྃ་སྒྲ་འབྲུག་སྟོང་ལྡིར་བ་ཙམ་བསྒྲགས༔ ཧཱུྃ་རྣམས་ནམ་མཁའི་དཀྱིལ་ན་ཕར་འགྲོ་ཚུར་འགྲོ་རང་ཉིད་རྡོ་རྗེར་གྱུར་པའི་ཕྱི་ནང་ཟང་ཐལ་དུ་སོང་༔ རྡོ་རྗེ་ཡང་ཇེ་མཐོར་འགྲོ་ཞིང་ཧཱུྃ་སྒྲས་ནམ་མཁའ་གང་བར་བསམས་ལ༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་སྙན་ལ་གདངས་རིང་བ་ཞག་གསུམ་རིམ་པ་བཞིན་འབད་དོ༔ དེ་ནས་མཚན་མོ་ཉལ་དུས་རྣམས་སུ་དྲན་བསམ་ཡིད་ལ་མི་བྱེད་པའི་ངང་དུ་རྣལ་ལ་དབབ་པ་ཡང་བྱའོ༔ དེ་ནས་ད་ལྟར་གྱི་སེམས་དྲན་རྟོག་སྣ་ཚོགས་སུ་འཆར་བ་ནི༔ ཤར་དུས་གང་ནས་བྱུང་༔ གང་ན་འདུག༔ ཡལ་སོང་དུས་གར་སོང་༔ ཁ་དོག་ངོས་བཟུང་ཇི་ལྟར༔ ཤར་བ་དང་འཆར་མཁན་གཉིས་གཉིས་སུ་གྲུབ་བམ་ཞེས་ཞག་གསུམ་དུ་བརྟག་ཏུ་གཞུག་པར་བྱའོ༔
དེ་དག་ནི་སྔོན་འགྲོ་དམ་པའོ༔ དེ་ནས་དངོས་གཞི་ལ༔ གཞི་ཀ་དག་ཁྲེགས་ཆོད་ཀྱི་ངོ་སྤྲོད་དང་༔ ལམ་ལྷུན་གྲུབ་ཐོད་རྒལ་གྱི་ངོ་སྤྲོད་གཉིས་ལས༔ དང་པོ་ནི་ཚོགས་གཏོར་དང་གསོལ་བ་བཏབ་པའི་རྗེས་ལ༔ ཀྱེ་སྐལ་ལྡན་ཕྱི་རོལ་སྣ་ཚོགས་སུ་སྣང་བ་ཐམས་ཅད་རྨི་ལམ་དང་འདྲ་སྟེ༔ སེམས་ལ་སྣང་ཡང་དོན་ལ་མ་གྲུབ་པས༔ བཅས་བཅོས་དང་དགག་སྒྲུབ་མ་བྱེད༔ ནང་དྲན་རིག་སྣ་ཚོགས་སུ་འཆར་བ་ལྟར་སྣང་ཡང་འཆར་བ་དང་འཆར་མཁན་མ་གྲུབ༔ ངོ་བོ་དང་ངེས་གཟུང་མ་གྲུབ༔ ཆུའི་རི་བོ་ལྟར་ཝལ་པོ་རྗེས་མེད་དུ་གྲོལ་བས། གཏང་གཞག་དང་རེ་དོགས་མ་བྱེད༔ ཕྱི་སྣང་ཐོག་ཏུ་གཞག་པས༔ ནང་རིག་ཐོག་ཏུ་གྲོལ་ནས་སེམས་སྤྲོ་བསྡུ་མེད་པའི་གནས་ལུགས་ལ་གནས་པ་ནི༔ ཀུན་ཏུ་བཟང་པོའི་དགོངས་པ་ཡིན་པས༔ ཅིར་སྣང་ཆོས་ཉིད་དུ་ཤེས་པས༔ རིག་རྩལ་རྗེས་མེད་དུ་ཐོང་ཞིག༔ ཕྱི་འབྱུང་བ་ལྔ༔ ནང་ཕུང་པོ་ལྔ༔ གསང་བ་དུག་ལྔ་གང་སྣང་གི་ཐོག་ཏུ་ཙེན་གྱིས་རྣམ་རྟོག་སྤྲོ་བསྡུ་མེད་པའི་ངང་ལ་རང་བབས་སུ་ལྷོད་དེ་གློད་དང་༔ གང་སྣང་འོད་གསལ་དུ་གྲོལ་ནས་བདེ་ཆེན་ཕྱོགས་ཡན་དུ་གྲོལ་ཏེ༔ བདེ་གསལ་མི་རྟོག་པའི་ཉམས་རང་བྱུང་དུ་སྐྱེ་ཞིང་༔ སེམས་ཉིད་རང་བྱུང་གི་ཡེ་ཤེས་ནམ་མཁའ་མཐའ་དང་དབུས་མེད་པའི་དགོངས་པ་ནང་ནས་ནང་གསལ་འཆར་བ་ཡིན༔ ཞེས་ཐེབས་པར་གདབ་བོ༔ གཉིས་པ་ཐོད་རྒལ་ནི་སྔ་དྲོ་འཆར་མཚམས་སམ༔ ཕྱི་དྲོ་ནུབ་མཚམས་སུ་དྲང་སྲོང་གི་འདུག་སྟངས་ཀྱིས་བལྟར་བཅུག་པས༔ ཡེ་ཤེས་ཀྱི་སྣང་བ་མངོན་སུམ་དུ་མཐོང་བའི་ཚེ༔ ཕྱི་འོད་ཀྱི་སྣང་བ་ལ་མ་ཡེངས་པར་བལྟས་པའི་དུས་ན༔ དགག་སྒྲུབ་ཀྱི་ཞེན་རྟོག་དབྱིངས་སུ་ནུབ་སྟེ༔ གང་ལའང་མི་རྟོག་པའི་ཡེ་ཤེས་སྤྲོ་བསྡུ་མེད་པ་ཤར་དུས༔ འདི་ཁོ་ན་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ༔ ཤེས་རབ་རང་བྱུང་གི་སྒྲོན་མ་འོད་སྣང་མངོན་སུམ་གྱི་གནད་ལས་རྩོལ་མེད་ལྷུག་པར་འཆར་བ་ངོ་ཤེས་པར་གྱིས་ཤིག༔
དུས་བཞི་ཆོས་ཉིད་ཀྱི་འཁོར་ལོ་བདེ་ཆེན་འོད་གསལ་གྱི་དགོངས་པ་ལས་མི་གཡོ་བ་སྟེ༔ གདོད་མ་ཆོས་ཟད་ཀྱི་དགོངས་པ་ལ་ཐུག་པས་ཟད་པ་ངོ་ཤེས་ཡིན་ཐོག་ཏུ་ཞོག་ལ་དུས་ཐམས་ཅད་དུ་སྐྱོངས་ཤིག་ཅེས་གདབ་བོ༔ དངོས་གཞིའོ༔ རྗེས་སྣང་བ་བཞིའི་འཆར་ལུགས་ལ་བཞི་ལས༔ ཆོས་ཉོད་མངོན་སུམ་གྱི་སྣང་བ་ནི༔ དེ་ལྟར་གོམས་ནས་ཐིག་ལེ་གསུམ་སྦྲེལ་དུ་སྣང་བ་ཚུན་ཆད་དེ༔ ལུས་འདུག་སྟངས་ལས་མི་གཡོ་བ༔ ངག་སྨྲ་བརྗོད་ཉུང་བ༔ སེམས་བདེ་གསལ་མི་རྟོག་པ་ཤས་ཆེ་ཞིང་༔ རྨི་ལམ་དགེ་བ་སྡིག་པ་ཟད་པ་རྣམས་རྨིའོ༔ ཉམས་གོང་འཕེལ་ནི༔ འོད་སྣང་ལིང་ཙེ་དང་༔ ཡུལ་གྲུ་ཁྱབ་པའི་ནང་ནས་ཐིག་ལེ་ཐིག་ཕྲན་དུ་གསལ་ལ་མི་གཡོ་ཞིང་༔ པདྨ་སྟོང་ལྡན་དང་༔ མཆོད་རྟེན་དང་༔ གཞལ་མེད་ཁང་ལྟ་བུ་ནས་ལྷ་ཡབ་རྐྱང་པའི་བར་དུ་སྣང་ཞིང་༔ ལུས་ངག་སེམས་གསུམ་སྔར་བས་དག་ཅིང་༔ བར་འགར་མངོན་ཤེས་ཀྱང་ལྡན་པའོ༔ རིག་པ་ཚད་ཕེབས་ནི༔ ལྷའི་སྐུ་གཟུགས་སྦྲེལ་ནས་དབྱིངས་སྣང་ནམ་མཁའ་ཁྱབ་པ་སྟེ༔ རྨི་ལམ་མེད་ཅིང་རྫུ་འཕྲུལ་དང་མངོན་ཤེས་འགྲུབ་པའོ༔ ཆོས་ཉིད་ཟད་པ་ནི༔ སྣང་བའི་འཕེལ་དང་༔ ཕྱི་ནང་གི་འཛིན་པ་དང་༔ རྡོས་བཅས་སུ་སྣང་བ་ཐམས་ཅད་ཟད་བའོ༔ འདི་དག་ནི་ལམ་སྣང་བ་བཞིའི་འཕེལ་ཚད་ཟད་པའི་རིམ་པ་སྟེ༔ ལམ་གྲོལ་བར་བྱེད་པའི་གདམས་པ་རྣམས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དོན་གསུམ་པ་འབྲས་བུའི་གྲོལ་ལུགས་ནི༔ གདོད་མའི་གཞི་ཐོག་ཏུ་ཕྱིན་པ་སྟེ༔ དཔེར་ན་ཤེལ་འོད་ནང་དུ་ཐིམ་དུས་འོད་ལྔ་སྦུབས་སུ་འཁྱིལ་བའི་ཚེ་ནང་གསལ་དུ་ཡོད་ལ༔ ཕྱི་གསལ་དུ་མེད་ཀྱང་འོད་ཀྱི་འཆར་གཞི་བྱེད་པ་ལྟར༔ ལམ་སྣང་གི་ལོངས་སྐུ་གདོད་མའི་ད་ས་ཀ་དག་རང་བྱུང་གི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་ཆོས་སྐུར་ཐིམ་དུས༔ ངོ་བོ་ལ་གཟུང་འཛིན་
མཚན་མའི་ཆོས་སུ་མ་གྲུབ་ཅིང་༔ ཆོས་སྐུའི་སྦུབས་ན་ལོངས་སྐུ་ལྔ་ལྡན་གྱི་འོད་དང་༔ སྤྲུལ་སྐུ་དཀར་པོ་གཉིས་ཐིམ་ལ་མ་རྨུགས་པ་འཆར་གཞིའི་ཚུལ་དུ་ཡོད་པ་མཚོན་ཏེ༔ ནང་གསལ་ལྷུན་གྲུབ་ཆེན་པོར་བཞུགས་སོ༔ དེའི་དུས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཁྱེན་བྱེད་དུ་ཡོད་ཀྱང་༔ སྤྱོད་བྱེད་དུ་མ་ཤར་བ་ཞེས་བྱའོ༔ འདི་ནི་ཀ་དག་གི་ངང་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནང་གསལ་འཆར་གཞིར་བཞུགས་པའི་དུས་སུ༔ དེ་ནས་གདུལ་བྱའི་སྣང་བ་ལ་འཇུག་པ་ན༔ ཤེལ་ལས་འོད་གཉིས་པོ་ཕྱིར་འཆར་བ་བཞིན་དུ༔ ཀ་དག་ཆོས་སྐུའི་ངང་ལས༔ རང་སྣང་ཕྱིར་གསལ་གྱི་ལོངས་སྐུའི་སྣང་ཆ་ལས༔ རང་བཞིན་སྤྲུལ་པ་སྐུའི་རིགས་ལྔའི་སངས་རྒྱས་སེམས་དཔའ་ས་ལ་བཞུགས་པ་ལ་སྣང་ཞིང་༔ ལྷའི་ཐུབ་པ་ལ་སོགས་པ་འགྲོ་བ་འདུལ་བའི་ཐུབ་པ་སྤྲུལ་པའི་སྐུ་དང་༔ བེམས་པོར་སྣང་བས་དོན་བྱེད་པ་སྣ་ཚོགས་སྤྲུལ་པའི་སྐུ་རྣམས་གང་ལ་གང་མོས་སུ་འཆང་བ་ནི༔ ལྷུན་གྱིས་གྲུབ་པའི་ཐུགས་རྗེ་ལས་གཡོ་བ་དང་༔ འབད་པའི་སྩོལ་པ་གང་ཡང་མེད་བཞིན་དུ་ངང་གིས་སྣང་བ་ཡིན་ནོ༔ གདུལ་བྱ་མེད་ན་དེའི་ངོ་ཁ་ལ་སྣང་བའི་སྟོན་པ་ཡང་མི་སྣང་བ༔ ཆུ་སྣོད་མེད་པས་ཟླ་གཟུགས་མི་སྣང་བ་ལྟ་བུ་སྟེ༔ དབྱིངས་ཐོག་མའི་གཞི་ལ་གཡོ་བ་མེད་པར་དུས་ཐམས་ཅད་དུ་བཞུགས་སོ༔ གནམ་གང་གི་ཟླ་བ་དབྱིངས་ན་གནས་ཀྱང་༔ ཕྱིར་མིག་གསལ་བ་ལྟར༔ ཀ་དག་གི་གཞི་ལ་བཞུགས་པར་ཤེས་པར་བྱའོ༔ ཐ་མ་འབྲས་བུའི་གྲོལ་ལུགས་བསྟན་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ནི་ངེས་དོན་འོད་གསལ་སྙིང་པོའི་ལམ༔ མཁའ་འགྲོ་སྙིང་ཏིག་གསང་བའི་བཅུད་བསྡུས་ནས༔ གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུ༔ དྲི་མེད་འོད་ཟེར་ཤར་བས་སྣང་བར་བྱས༔ ཕྱི་རབས་སྐལ་ལྡན་བྱང་ཆུབ་འདོད་པ་དག༔ ཡི་གེ་འདི་ལ་རྟག་ཏུ་ནན་ཏན་གྱིས༔ ཚིག་ཉུང་དོན་འདྲིལ་ཉམས་སུ་བླང་བདེ་བ༔ གང་དང་མི་འདྲ་སྙིང་པོའི་གནད་བསྡུས་ཏེ༔ ཕྱི་རབས་དོན་དུ་ལེགས་པར་བཀོད་པ་འདི༔ གསང་ཞིང་རྒྱས་གདབ་སྙིང་ལ་ས་མ་ཡ༔ མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་གྲོལ་ས་དང་བཅས་པ་དྲིལ་བའི་གནད༔ ངེས་དོན་སྙིང་པོ་ཞེས་བྱ་བ༔ པདྨ་ལས་འབྲེལ་རྩལ་གྱིས་ཡི་གེར་བཀོད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱཿ
བྱིན་རླབས་ཐུགས་སྒྲུབ།
བྱིན་རླབས་ཐུགས་སྒྲུབ་ཅེས་བྱ་བ་བཞུགས་སོཿ ཤོག་སེར་སྐོར་ལས༔
ཀ་མཱ་མ་ག༔ བྱིན་རླབས་བླ་མའི་ཐུགས་སྒྲུབ་ཅེས་བྱ་བ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ དངོས་གྲུབ་ཀུན་འབྱུང་པདྨ་ལ༔ བཏུད་ནས་བྱིན་རླབས་ཐུགས་སྒྲུབ་འདི༔ ཀུན་འདུས་སྤྱི་རུ་བསྒྲུབ་པ་དང་༔ མཚན་བརྒྱད་བྱེ་བྲག་བསྒྲུབ་པ་འོ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནས༔ སྟོང་པའི་ངང་ལས་པད་ཉིའི་སྟེང་༔ རང་ཉིད་ཧྲཱིཿལས་མཚོ་རྒྱལ་སྐུ༔ མཐིང་ནག་གྲི་གུག་ཐོད་པ་དང་༔ ཁ་ཊྭཱཾ་རིན་ཆེན་རྒྱན་རྣམས་རྫོགས༔ གཅེར་བུ་རུས་པས་བརྒྱན་པར་བསྒོམ༔ ཉིན་པར་སྤྱི་གཙུག་པད་ཟླའི་སྟེང་༔ ཞི་བ་ཀུན་འདུས་ལོངས་སྤྱོད་རྫོགས༔ དཀར་གསལ་ཟ་འོག་བེར་ཆེན་གསོལ༔ པད་ཞ་རྒོད་པོའི་རྩེ་རྒྱལ་བཙུགས༔ ཕྱག་གཉིས་མཉམ་གཞག་ཀ་པཱ་ལ༔ བདུད་རྩིས་བཀང་བསྣམས་སྐྱིལ་ཀྲུང་མཛད༔ ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་མ༔ དཀར་སེར་དམར་ལྗང་གཅེར་བུ་ལ༔ གྲི་གུག་ཐོད་པ་ཁ་ཊྭཱཾ་འཛིན༔ གཡས་བསྐུམ་གཡོན་བརྐྱང་གར་སྟབས་བཞུགས༔ མུ་མེད་འོད་ཟེར་འཕྲོ་བར་བསྒོམ༔ མཚན་དུས་རང་གི་སྙིང་ག་རུ༔ པད་ཉིའི་སྟེང་དུ་པདྨ་ནི༔ ཡབ་ཡུམ་ཧེ་རུ་ཀ་ཡི་ཚུལ༔ འཁྲིལ་སྦྱོར་ཡབ་སྔོ་རྡོ་རྗེ་དྲིལ༔ ཡུམ་དམར་གྲི་གུག་ཐོད་པས་འཁྱུད༔ གཉིས་ཀ་རིན་ཆེན་རུས་པས་བརྒྱན༔ གཡས་བསྐུམ་གཡོན་བརྐྱང་རྒྱན་རྣམས་རྫོགས༔ དེ་ཡི་ཕྱོགས་བཞིའི་མཁའ་འགྲོ་བཞི༔ ཡབ་ཡུམ་འཁྲིལ་སྦྱོར་རྒྱན་རྣམས་རྫོགས༔ དཀར་སེར་དམར་ལྗང་གར་སྟབས་མཛད༔ ཕྱག་མཚན་བཞུགས་ཚུལ་གཙོ་བོ་འདྲ༔ ཀུན་ལས་འོད་འཕྲོས་བདག་གཞན་གྱི༔ སྒོ་གསུམ་སྒྲིབ་སྦྱང་དངོས་གྲུབ་ཐོབ༔ ཟག་མེད་བདེ་བས་གང་བར་བསམ༔ དེ་ལྟར་ཉིན་མཚན་སྒོམ་པའི་ཚེ༔ བླ་མ་མཁའ་འགྲོའི་འོད་ཟེར་གྱིས༔ བདག་གཞན་སྒྲིབ་སྦྱངས་དངོས་གྲུབ་ཐོབ༔ ཡང་ཅིག་སྤྲུལ་པའི་འོད་ཟེར་ལས༔ བླ་མ་མཁའ་འགྲོ་དཔག་མེད་སྤྲོས༔
འཇིག་རྟེན་ཁམས་ཀུན་གང་བར་བསྒོམ༔ ཀུན་གྱིས་སྔགས་འདི་བརྗོད་པར་བསམ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཏིང་འཛིན་གསལ་བས་མ་ཡེངས་བཟླས༔ དངོས་གྲུབ་གང་འདོད་ཐོབ་པར་བསམ༔ རྗེས་ལ་ཐམས་ཅད་བླ་མར་ཐིམ༔ དེ་ཡང་མི་དམིགས་ཆོས་ཉིད་ངང་༔ མ་སྐྱེས་གདོད་ནས་དག་པར་བཞག༔ དགེ་བ་སེམས་ཅན་དོན་བསྔོས་ལ༔ སྤྱོད་ལམ་རྨི་ལམ་སྒྱུ་མར་སྤྱད༔ ཞག་ནི་ཉི་ཤུ་རྩ་གཅིག་ན༔ དངོས་སམ་རྨི་ལམ་གང་རུང་དུ༔ སློབ་དཔོན་ཞལ་མཐོང་ཅི་བསམ་འགྲུབ༔ མཆོག་གི་གོ་འཕང་ཐོབ་པར་འགྱུར༔ མཚན་བརྒྱད་བྱེ་བྲག་བསྒྲུབ་པ་ལ༔ དང་པོ་ཞི་བ་མཆོག་སྒྲུབ་པས༔ སྐྱབས་འགྲོ་སེམས་བསྐྱེད་སྟོང་པའི་ངང་༔ པད་ཟླའི་སྟེང་དུ་རང་སེམས་ཧཱུྃ༔ འོད་འཕྲོས་དོན་བྱས་ཚུར་འདུས་པས༔ པདྨ་འབྱུང་གནས་སྐུ་མདོག་དཀར༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣོལ༔ སྐྱིལ་ཀྲུང་ཟ་འོག་བེར་ཆེན་གསོལ༔ པད་ཞྭ་རྒོད་པོའི་རྩེ་རྒྱལ་བཙུགས༔ ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་བསམ༔ སྙིང་གར་པད་ཟླའི་དབུས་སུ་ཧཱུྃ༔ ཕྱོགས་བཞིར་ཧ་རི་ན་ས་འོ༔ དེ་ལས་འོད་འཕྲོས་རང་གཞན་གྱི༔ སྒོ་གསུམ་སྒྲིབ་སྦྱངས་དངོས་གྲུབ་ཐོབ༔ སྣང་སྲིད་བླ་མ་མཁའ་འགྲོར་བསྒོམ༔ ཀུན་ཀྱང་ཧཱུྃ་སྒྲ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང་༔ བསྒོམས་ལ་ཧཱུྃ་གླུ་རིང་དུ་བླངས༔ ཐུན་ཞབས་འདི་ཡང་བཟླ་བར་བྱ༔ ཨཱོཾ་ཧ་རི་ནི་ས་ཨཱཿཧཱུྃ༔ རྗེས་ལ་སྔར་བཞིན་ཤེས་པར་བྱ༔ ལས་དང་སྡིག་སྒྲིབ་སྦྱང་བ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ནད་རྣམས་ཞི་བར་འདོད་པ་ཡིས༔ སྐྱབས་འགྲོ་སེམས་བསྐྱེད་སྟོང་པ་ལས༔ ཧཱུྃ་ལས་པདྨ་སམ་བྷ་ཝ༔ དཀར་ལྗང་རྒྱན་སོགས་གོང་དང་འདྲ༔ ཕྱག་གཉིས་བདུད་རྩིའི་བུམ་པ་བསྣམས༔ ཐུགས་ཀར་པད་ཟླའི་དབུས་སུ་ཧཱུྃ༔ ཕྱོགས་
བཞིར་ཧ་རི་ནི་ས་ལས༔ འོད་འཕྲོས་བདག་གཞན་ནད་རྣམས་བསྲེགས༔ བདུད་རྩིས་ལུས་ཁེངས་བདེ་བའི་ངང་༔ སྣང་སྲིད་བླ་མ་མཁའ་འགྲོ་རྣམས༔ སྔར་བཞིན་ཧཱུཾ་ཕཊ་སྒྲོགས་པ་ལས༔ ན་སར་ཧཱུྃ་གིས་ཟང་ཐལ་ཕུག༔ འོད་འཕྲོས་ནད་རྣམས་སྐར་མདའ་བཞིན༔ ཕྱི་རོལ་ནམ་མཁའི་ངང་དུ་དེངས༔ ཡང་ཡང་བསྒོམས་ལ་ཧཱུྃ་གླུ་ལེན༔ དེ་རྗེས་འདི་ཡང་བཟླ་བར་བྱ༔ ཨཱོཾ་ཧ་རི་ནི་ས་ཨཱཿཧཱུྃ༔ རྗེས་ལ་སྔར་བཞིན་བསྒོམས་པ་ཡིས༔ ནད་རྣམས་མ་ལུས་ཞི་བར་འགྱུར༔ གདོན་རྣམས་ཞི་བར་འདོད་པ་ཡིས༔ པད་ཟླའི་སྟེང་དུ་རང་སེམས་ཧཱུྃ༔ དེ་ལས་སེང་གེ་སྒྲ་སྒྲོགས་ནི༔ དཀར་སེར་གཙོ་འཁོར་སྔར་དང་འདྲ༔ ཕྱག་གཉིས་རྡོ་རྗེ་ཀ་པཱ་ལ༔ ཐུགས་ཀར་ཡིག་འབྲུ་སྔ་མ་བཞིན༔ འོད་འཕྲོས་སྣང་སྲིད་མཁའ་འགྲོའི་ཞིང་༔ བགེགས་རྣམས་ཚར་བཅད་མེ་ཕུང་བསྒོམས༔ ཧཱུྃ་གླུ་བླངས་རྗེས་སྔར་བཞིན་བཟླས༔ བར་ཆད་གདོན་བགེགས་བླ་མར་བསྒོམ༔ སྤྱི་གཙུག་སྤྱན་དྲངས་གསོལ་བ་གདབ༔ བར་ཆད་བྱང་ཆུབ་སེམས་བསྒོམ་ལ༔ ལན་ཆགས་སྦྱང་ཕྱིར་རང་གི་ལུས༔ དུམ་བུར་འཐོར་ནས་གང་འདོད་སྦྱིན༔ ལན་ཆགས་བུ་ལོན་ཁྱེར་བར་བསམ༔ རྗེས་ལ་མཉམ་གཞག་སྟོང་པ་ལས༔ དགེ་བ་སེམས་ཅན་དོན་དུ་བསྔོ༔ བགེགས་རྣམས་ཞི་བར་ཐེ་ཚོམ་མེད༔ གཉིས་པ་རྒྱས་པའི་ལས་བསྟན་པ༔ ཚེ་དང་བསོད་ནམས་རྒྱས་འདོད་ན༔ སྐྱབས་འགྲོ་སེམས་བསྐྱེད་སྟོང་པའི་ངང་༔ ཧཱུྃ་ལས་རང་ཉིད་ཤཱཀྱ་སེང་༔ སེར་གསལ་གཙོ་འཁོར་སྔ་མ་བཞིན༔ ཕྱག་གཉིས་རིན་ཆེན་ཀ་པཱ་ལ༔ ཐུགས་ཀར་པད་ཉིའི་དབུས་སུ་ཧཱུྃ༔ ཕྱོགས་བཞིར་ཧ་རི་ནི་ས་སེར༔ འོད་འཕྲོས་འཁོར་འདས་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ནོར་རྣམས་བསྡུས༔ བདག་ལ་དངོས་གྲུབ་ཐོབ་པར་བསམ༔ སྣང་སྲིད་བླ་མ་མཁའ་འགྲོ་རྣམས༔ བདག་ལ་བྱིིན་རླབས་དངོས་གྲུབ་སྟེར༔ ཧཱུྃ་ཕཊ་གདངས་སྐད་བརྗོད་པར་བསམ༔ ཧཱུྃ་གླུ་བླངས་
རྗེས་སྔགས་འདི་བཟླས༔ ཨཱོཾ་རི་ནི་ས་ཧ་ཨཱཿཧཱུྃ༔ རྗེས་ལ་ཐམས་ཅད་བླ་མ་ལ༔ དེ་ཡང་ནམ་མཁའི་ངང་བཞག་བསྔོ༔ ཚེ་དང་བསོད་ནམས་འབྱོར་པ་འཁོར༔ ཅི་བསམ་ཡིད་བཞིན་ལྷུན་གྱིས་གྲུབ༔ ཤེས་རབ་རྒྱས་པར་འདོད་པ་ཡིས༔ སྐྱབས་འགྲོ་སེམས་བསྐྱེད་སྟོང་པའི་ངང་༔ ཧཱུྃ་ལས་བློ་ལྡན་མཆོག་སྲེད་ནི༔ དམར་སེར་གཙོ་འཁོར་སྔར་བཞིན་ལ༔ ཕྱག་ན་གླེགས་བམ་ཀ་པཱ་ལ༔ ཐུགས་ཀར་པད་ཉི་ཧཱུྃ་གི་མཐར༔ ཧ་རི་ནི་ས་དམར་སེར་ནི༔ སྒྲོན་མེ་འབར་བའི་འོད་ཟེར་གྱིས༔ ལུས་ནང་ཁེངས་པས་གཏི་མུག་གི༔ མུན་པ་ཀུན་སངས་ཤེལ་སྒོང་འདྲ༔ འོད་འཕྲོས་འགྲོ་བའི་གཏི་མུག་བསལ༔ སྣང་སྲིད་བླ་མ་མཁའ་འགྲོར་བསམ༔ ཀུན་གྱི་འཆད་རྩོད་རྩོམ་པ་དང་༔ འཛིན་བཟང་ཚེ་དང་གཟི་བརྗིད་སྡུད༔ སྙིང་གའི་ཡི་གེ་ལྔ་ལ་ཐིམ༔ ཤེས་རབ་ཆེན་པོ་ཐོབ་པར་འགྱུར༔ ཚེ་དང་ཤེས་རབ་བདུད་རྩི་ཡིས༔ རང་གི་ལུས་ཁེངས་བདེ་བར་བསམ༔ ཡང་ཡང་སྤྲོ་བསྡུ་དེ་བཞིན་བསྒོམ༔ རླུང་བཟུང་མཉམ་པར་གཞག་པར་བྱ༔ དེ་རྗེས་སྤྲོ་བསྡུ་སྔར་བཞིན་ལ༔ ཧཱུྃ་གླུ་བླང་ཞིང་མ་ཡེངས་བསྒོམ༔ རྗེས་ལ་རིག་སྔགས་འདི་ཡང་བཟླས༔ ཨཱོཾ་རི་ནི་ས་ཧ་ཨཱཿཧཱུྃ༔ དེ་རྗེས་སྔར་བཞིན་སྤྱད་པ་ཡིས༔ ཤེས་རབ་འཕེལ་བའི་རྟགས་རྣམས་འབྱུང་༔ ཉི་ཤུ་གཅིག་གིས་སྐལ་ལྡན་པར༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ གསུམ་པ་དབང་གིས་ལས་བསྟན་པ༔ སྐྱབས་འགྲོ་སེམས་བསྐྱེད་སྟོང་པའི་ངང་༔ ཧཱུྃ་ལས་ཉི་མ་འོད་ཟེར་དམར༔ གཙོ་འཁོར་སྔར་བཞིན་ཕྱག་གཉིས་ན༔ པད་མ་དམར་དང་ཀ་པཱ་ལ༔ ཐུགས་ཀར་པད་ཉིའི་དབུས་སུ་ཧཱུྃ༔ ཕྱོགས་བཞིར་ཧ་རི་ནི་ས་དམར༔ འོད་ཟེར་ལྕགས་ཀྱུའི་རྣམ་པར་འཕྲོས༔ ཁམས་གསུམ་ཀུན་འདུས་སྙིང་གར་ཐིམ༔ ཡང་འཕྲོས་སྣང་སྲིད་མཁའ་འགྲོའི་ཞིང་༔ ཚུར་འདུས་སྙིང་གའི་ཡི་གེར་ཐིམ༔ ཡང་འཕྲོས་གང་མོས་བསྒྲུབ་བྱ་བཀུག༔ འོད་གྱུར་སྙིང་གར་ཐིམ་པ་ལས༔ ཡང་འཕྲོས་
དབང་གི་མཁའ་འགྲོ་མ༔ དམར་མོ་ལྕགས་ཀྱུ་འཛིན་པའི་ཚོགས༔ བ་སྤུའི་བུ་ག་ཀུན་ནས་ཐོན༔ སྔར་བཞིན་བཀུག་ནས་བསྒོམས་བྱས་ལ༔ ཧཱུྃ་གླུ་བླངས་ཤིང་སྔགས་འདི་བཟླས༔ ཨཱོཾ་ནི་ཧ་ས་རི་ཨཱཿ་ཧཱུྃ༔ ཆེ་གེ་མོའི་རྣམ་པར་ཤེས་པ་ཁུག་ཛཿཧྲིང་ཧྲིང་༔ རྗེས་ལ་སྣང་སྲིད་ཧཱུྃ་ལ་བསྡུ༔ དེ་ཡང་མཉམ་རྫོགས་ཆོས་སྐུའི་ངང་༔ བདེ་ཆེན་གཟའ་གཏད་མེད་པར་གཞག༔ དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཟླ་བ་ཕྱེད་ཀྱིས་སྐལ་ལྡན་པར༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ བཞི་པ་དྲག་པོའི་འཕྲིན་ལས་ནི༔ བགེགས་ཆེན་དམ་སྲི་མ་རུངས་པ༔ འཚེ་ཞིང་བདག་ལ་གནོད་པ་ན༔ སྐྱབས་འགྲོ་སེམས་བསྐྱེད་སྟོང་པའི་ངང་༔ ནམ་མཁའ་མཐའ་དབུས་མེད་པ་རུ༔ རྡོ་རྗེ་རྭ་བ་བླ་བྲེས་གུར༔ ཡེ་ཤེས་མེ་རི་འབར་བའི་ནང་༔ པདྨ་ཉི་མའི་དབུས་སུ་ཧཱུྃ༔ འོད་འཕྲོས་མེ་ཡི་འཁོར་ལོ་ནི༔ རྣོ་ངར་མཚོན་ཆའི་རང་བཞིན་ལ༔ རྩིབས་སྟོང་ལྡན་པ་འཁོར་བར་བསམ༔ ད་རྗེས་ཧཱུྃ་ལས་རང་ཉིད་ནི༔ པདྨ་ཐོད་ཕྲེང་མཐིང་ནག་ལ༔ རིན་ཆེན་རུས་པའི་རྒྱན་དང་ལྡན༔ ཕྱག་གཡས་མེ་ཡི་འཁོར་ལོ་བསྣམས༔ གཡོན་པ་སྡིག་མཛུབ་ཐུགས་ཀར་མཛད༔ སྟག་གི་པགས་པའི་ཤམ་ཐབས་དང་༔ ཐོད་སྐམ་སྦྲུལ་ནག་ཆུན་པོས་བརྒྱན༔ གཡས་བསྐུམ་གཡོན་བརྐྱང་དོར་སྟབས་ཚུལ༔ ཞལ་གཅིག་སྤྱན་གསུམ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་ཨག་ཚོམ་འབར༔ ཐུགས་ཀར་པད་ཉིའི་དབུས་སུ་ཧཱུྃ༔ ཕྱོགས་བཞིར་ཧ་རི་ནི་ས་མཐིང་༔ ནམ་མཁའ་ཁྱབ་པར་བསྒོམས་པ་ཡིས༔ རྡོ་རྗེ་འབར་བའི་སྤུ་གསེབ་ནས༔ ཡེ་ཤེས་མེ་སྟག་རྣམ་པར་འཕྲོ༔ སྤྲུལ་པའི་ཁྲོ་ཆུང་འཕྲོ་འདུ་ཡིས༔ བགེགས་རྣམས་གཟིར་གནོན་ཕྱེ་མར་རློག༔ ཕྱོགས་
བཞིར་འཕྲོས་པའི་མཁའ་འགྲོ་བཞི༔ གཙོ་བོ་འདྲ་བ་རྣམ་པར་བསྒོམ༔ སྣང་སྲིད་མེ་ཀློང་གཅིག་ཏུ་འཁྱིལ༔ མེ་ཡི་འཁོར་ལོ་འཁོར་བ་ཡིས༔ གནོད་བྱེད་རྒྱལ་བསེན་དམ་སྲི་རྣམས༔ མེ་ལྕེའི་ཁ་ལ་སྦྲང་བུ་བཞིན༔ ལུས་གཏུབས་མེས་བསྲེགས་རྡུལ་ཕྲན་བཞིན༔ སྐུ་ཡི་འཐོར་རླུང་བསྐྱོད་པ་ཡིས༔ རླུང་གིས་སྤྲིན་གཏོར་དེངས་པ་བཞིན༔ གནོད་བྱེད་གནས་འཁོར་ཡུལ་གཏོར་ནས༔ རྣམ་ཤེས་ནམ་མཁའི་དབྱིངས་སུ་འདྲེས༔ སུས་ཀྱང་གནོད་པ་མེད་པར་བསམ༔ དེ་ལྟར་འཕྲོ་འདུའི་ཏིང་འཛིན་གྱིས༔ སྣང་སྲིད་ཁྲོོ་བོ་ཁྲོ་མོ་རྣམས༔ ཧཱུྃ་དང་ཕཊ་སྒྲ་སྒྲོགས་པ་ཡིས༔ གནོད་བྱེད་གཟིར་བར་བསམས་བྱས་ལ༔ ཧཱུྃ་གླུ་ངར་དང་བཅས་པ་བླང་༔ ཐུན་ཞབས་དྲག་སྔགས་འདི་ཡང་བརྗོད༔ ཨཱོཾ་ས་ཧ་རི་ནི་ཨཱཿཧཱུྃ༔ གནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཕཊ༔ ཅེས་བཟླས་རྗེས་ལ་ཆོས་ཉིད་ངང་༔ བགེགས་སུ་འཛིན་པ་རང་གི་སེམས༔ སེམས་ནི་ཁ་དོག་དབྱིབས་དང་བྲལ༔ སྲུང་དང་བསྲུང་བྱ་མེད་པར་བཞག༔ སེམས་ཅན་དོན་དུ་བསྔོ་བ་བྱ༔ བགེགས་རྣམས་མེད་ཅིང་བསམ་པ་འགྲུབ༔ དེ་ལྟར་བསྐྱེད་རིམ་ལེགས་བསྒོམས་ནས༔ འོད་གསལ་རྫོགས་པའི་རིམ་པ་ཡང་༔ དབེན་ཞིང་དངས་ལ་ཉམས་དགའ་བར༔ སྐྱབས་སུ་འགྲོ་དང་སེམས་བསྐྱེད་དང་༔ མི་རྟག་འཆི་བ་དྲན་བྱས་ལ༔ སྤྱི་བོར་བླ་མའི་རྣལ་འབྱོར་བསྒོམ༔ སྙིང་ནས་གསོལ་གདབ་བྱིན་རླབས་བསམ༔ དེ་ནས་ལྟ་སྟངས་གཟིགས་སྟངས་གཅུན༔ ཀ་དག་ལྷུན་གྲུབ་འོད་གསལ་བསྒོམ༔ བྱིང་རྒོད་བྲལ་བས་བརྩོན་བྱས་ཏེ༔ རྗེས་ལ་སེམས་ཅན་དོན་དུ་བསྔོ༔ འགྲོ་འཆག་ཟ་ཉལ་དུས་ཀུན་ཏུ༔ བར་འགའ་མི་རྟག་འཆི་བ་བསྒོམ༔ བར་དོའི་གདམས་
པ་དྲན་པར་བྱ༔ བར་འགའ་སྒྱུ་མ་རྨི་ལམ་བསྒོམ༔ ཀ་དག་ཆོས་སྐུའི་རྩལ་སྦྱང་བྱ༔ བར་འགའ་མཉམ་རྫོགས་ཆོས་སུ་བསྒོམ༔ འོད་གསལ་དག་པའི་ལམ་ཁྱེར་བྱ༔ བར་འགའ་གང་ཤར་ཆོས་སྐུ་ལ༔ དུག་ལྔ་རང་གྲོལ་ལམ་ཁྱེར་བྱ༔ མདོར་ན་ཐ་མལ་སྤངས་བྱས་ལ༔ ཉིན་མཚན་དགེ་བས་འདའ་བར་བྱ༔ ཚེ་འདིར་སངས་རྒྱས་ཐོབ་པར་ངེས༔ ཨེ་མ་ཧོ༔ མཁའ་འགྲོ་སྙིང་ཏིག་གསང་བའི་མན་ངག་ལས༔ ཡང་གསང་ཟབ་མོའི་བྱིན་རླབས་ཐུགས་སྒྲུབ་བཀོད༔ ཚེགས་ཆུང་སྒྲུབ་སླ་འབྲས་བུ་དོན་ཆེ་བ༔ འདི་འདྲའི་གདམས་པ་རྒྱ་བོད་གཉིས་ན་མེད༔ དེ་ཕྱིར་སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ བྱིན་རླབས་ཐུགས་སྒྲུབ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ༔ མངྒལཾ༔ ཿ
རིན་ཆེན་ཤོག་སེར་གྱི་སྐོར་རིག་འཛིན་མཆོག་སྒྲུབ།
རིན་ཆེན་ཤོག་སེར་གྱི་སྐོར་རིག་འཛིན་མཆོག་སྒྲུབ་བཞུགས་སོཿ
རིག་འཛིན་མཆོག་སྒྲུབ་ཅེས་བྱ་བ༔ སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ༔ གྲུབ་པའི་རིག་འཛིན་རྣམས་ལའང་ཕྱག་འཚལ་ལོ༔ དེ་ཉིད་གྲུབ་ཕྱིར་སྒྲུབ་པའི་རིམ་པ་ནི༔ མཆོག་དང་ཐུན་མོང་རྣམ་པ་གཉིས་སུ་བརྗོད༔ བདུད་རྩི་སྨན་གྱི་སྒྲུབ་པ༔ འཆི་མེད་ཚེ་ཡི་སྒྲུབ་པ༔ འོད་གསལ་མཆོག་གི་སྒྲུབ་པ་དང་གསུམ༔ དང་པོ་ལ་གསུམ་ལས༔ སྔོན་འགྲོ་ནི༔ དབེན་ཞིང་ཡིད་དང་མཐུན་པའི་གནས་སུ༔ རྒྱས་པའི་དུས༔ སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ༔ ཨ་རུ་ར༔ བ་རུ་ར༔ སྐྱུ་རུ་ར༔ གླ་རྩི༔ གྷི་ཝང་༔ གུར་གུམ༔ ལི་ཤི༔ ཅུ་གང་༔ རྒྱ་ཚ༔ རྒྱམ་ཚ༔ ཁ་རུ་ཚ༔ པི་པི་ལིང༔ ཤིང་མངར༔ གོ་སྙོད༔ ཨ་བ༔ དབང་ལག༔ རྟག་ཏུ་ངུ༔ ཨ་ཀ་རུ་ནག་པོ༔ ཙནྡན་དཀར་དམར༔ སྦྲུལ་ཤ༔ ད་བྱིད་རྣམས་ཕྱེ་མར་བཏགས་ཏེ༔ མུ་ཟི་སེར་པོས་དངུལ་ཆུ་བཏུལ་མ་དང་བསྲེས་ལ༔ ཀ་ར༔ བུ་རམ༔ སྦྲང་རྩི་གསུམ་གྱིས་དྲིལ་ཏེ་རིལ་བུ་ལུག་གི་རིལ་མ་ཙམ་བྱས་ལ༔ རིན་པོ་ཆེའི་སྣོད་དུ་བླུགས་ཏེ༔ མཎྜལ་པདྨ་སེར་པོ་འདབ་མ་བརྒྱད་པའི་སྟེང་དུ་བཞག༔ མཐའ་སྐོར་དུ་མཆོད་པ་ཡང་བཤམ་མོ༔ གཉིས་པ་དངོས་གཞི་ནི༔ ཟླ་བ་ཡར་གྱི་ཚེས་གཅིག་གི་ཚེ༔ དམ་ཚིག་ལ་གནས་པའི་རྣལ་འབྱོར་པ་དུ་ཡོད་ཀྱིས་ཚོགས་ཏེ༔ ཉི་མ་རྩེ་ཤར་ནས་སྒྲུབ་པའི་མགོ་བོ་བརྩམ་མོ༔ ཐོག་མར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས༔ རང་ཉིད་རིག་འཛིན་གྱི་སློབ་དཔོན་པདྨ་ས མ་བྷ་ཝ་ལྗང་སེར་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་མོས་ལ༔ སྟོང་པའི་ངང་ལས་གནས་དེ་ཉིད་བདེ་བ་ཅན་དུ་བསམ་པའི་ནང་དུ༔ རིལ་བུ་རྣམས་འོད་དུ་ཞུ་བ་ལས་སྐད་ཅིག་གིས༔ པདྨ་དང་ཟླ་བའི་སྟེང་དུ༔ ཚེ་དཔག་མེད་དམར་པོ་ལོངས་སྤྱོད་རྫོགས་པའི་སྐུ༔ ཚེའི་བདུད་རྩིས་གང་བའི་བུམ་པ་ཐོག་པ་
རྡོ་རྗེའི་སྐྱིལ་མོ་ཀྲུང་མཉམ་གཞག་དང་བཅས་པའི་ཕྱོགས་བཞིར༔ སྨན་གྱི་ལྷ་མོ་དཀར་སེར་དམར་ལྗང་བཞི་ཡང་སྨན་གྱི་བུམ་པ་བཟུང་སྟེ་བཞེངས་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་ལ༔ ཡེ་ཤེས་སེམས་དཔའ་བཅུག་ནས༔ དངོས་དང་ཡིད་ཀྱིས་མཆོད་དེ༔ ཨཱོཾ་ཨཱ་ཡུ་ཥེ་ཨ་མ་ར་ནི་ཛི་ཝཱན་ཏི་ཡེ་སྭཱ་ཧཱ༔ ཞེས་ཅི་འགྲུབ་བརྗོད་པས༔ ཕྱོགས་བཅུ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ༔ ཉི་ཟླ་རྩི་ཤིང་ནགས་ཚལ༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱི་ཚེ་དང་༔ གཟི་བརྗིད་དང་༔ དབང་ཕྱུག་ཐམས་ཅད་བསྡུས་ཏེ་དེ་ཉིད་དུ་ཐིམ་པར་གྱུར༔ སྨན་གྱི་ལྷ་མོ་བཞི་ལས་འོད་འཕྲོས་པས༔ ཞི་རྒྱས་དབང་དྲག་བཞིའི་དངོས་གྲུབ་བསྡུས་ཏེ༔ དེ་ཉིད་དུ་ཐིམ་པར་བསམ་ཞིང་བཟླས་པ་རྒྱུན་མི་ཆད་པར་ཞག་ཉི་ཤུ་རྩ་ཅིག་ཏུ་བྱའོ༔ གྲུབ་པའི་རྟགས་སུ་སྨན་རྣམས་འཕེལ་བ་དང་༔ ངད་ཀྱིས་ཐམས་ཅད་ཁྱབ་པ་དང་༔ རྨི་ལམ་དུ་ཉི་ཟླ་ཤར་བ་དང་༔ སྨན་གྱི་རི་ལ་འཛེགས་པ་དང་༔ མེ་ཏོག་འཐུ་བ་ལ་སོགས་པའོ༔ སྒྲུབ་པ་ཐོན་དུས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་འོད་དུ་ཞུ་བ་ལས་བྱུང་བའི་རིལ་བུར་མོས་པར་བྱའོ༔ གསུམ་པ་རྗེས་ནི༔ རིལ་བུ་དེ་ཉིད་ཐོ་རངས་ལྔ་ལྔ་ཟོས་ཏེ༔ སྔར་གྱི་དམིགས་པ་དང་སྔགས་ཀྱི་སྒོམ་བཟླས་བྱས་པས་ཚེ་ཉི་ཟླ་དང་མཉམ་པ་དང་༔ ནད་ཀྱི་རིགས་ཐམས་ཅད་ཞི་ཞིང་མི་འབྱུང་བ་དང་༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པ་འཕགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དང་༔ མཁའ་འགྲོ་ཐམས་ཅད་སྤྲིན་བཞིན་དུ་འདུ་བས་སྟོངས་གྲོགས་བྱེད་པ་དང་༔ ཞི་བ་དང་༔ རྒྱས་པ་དང་༔ དབང་དང་༔ དྲག་པོའི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པ་དང་༔ གདོན་བགེགས་དང་བར་ཆད་ཐམས་ཅད་ཞི་བ་དང་༔ ལོངས་སྤྱོད་རབ་ཏུ་རྒྱས་པ་དང་༔ ཤེས་རབ་འཕེལ་བ་དང་༔ ལྷའི་རིགས་འདུ་ཞིང་མཐོང་བ་དང་༔ ཅི་བསམ་པ་ཐམས་ཅད་ཡིད་བཞིན་
དུ་འགྲུབ་པའོ༔ བདུད་རྩི་སྨན་གྱི་སྒྲུབ་པ་རྫོགས་སོ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ ༵༵༵གཉིས་པ་འཆི་མེད་ཚེའི་སྒྲུབ་པ་ནི༔ དབེན་ཞིང་ཡིད་དང་མཐུན་པའི་གནས་སུ༔ སྟན་བདེ་བ་ལ་འདུག་སྟེ༔ སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས༔ སྐད་ཅིག་གིས་སྟོང་པའི་ངང་ལས༔ པདྨ་དམར་པོ་དང་༔ ཉི་ཟླའི་སྟེང་དུ་ཧྲཱིཿདམར་པོ་ལས་འོད་འཕྲོས་སྣང་སྲིད་སྣོད་བཅུད་ཐམས་ཅད་འོད་དམར་པོ་གཅིག་ཏུ་གྱུར་པ་ཧྲཱིཿལ་ཐིམ་པ་ཡོངས་སུ་གྱུར་པ་ལས༔ རང་ཉིད་སློབ་དཔོན་ཆེན་པོ་ཉི་མ་འོད་ཟེར་དམར་པོ་ཚེའི་མྱུ་གུ་དང་བུམ་པ་བསྣམས་པ༔ རྡོ་རྗེའི་སྐྱིལ་མོ་ཀྲུང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ ཡུམ་གསང་བ་ཡེ་ཤེས་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་ཞལ་སྦྱོར་བ༔ སྤྱན་གསུམ་གསུམ་དང་ལྡན་པ༔ འོད་ཟེར་དམར་པོ་འཕྲོ་བའི་ཕྱོགས་བཞི༔ ཧ་རི་ནི་ས་བཞི་ལས་ཚེ་འཛིན་མཁའ་འགྲོ་རིགས་བཞི་དམར་སེར་སེམས་དཔའི་སྐྱིལ་ཀྲུང་རིན་པོ་ཆེ་དང་རུས་པས་བརྒྱན་པ༔ ཐམས་ཅད་ཀྱིས་ཕྱག་གཡས་གྲི་གུག་གཡོན་ཐོད་པ༔ གྲུ་མོ་ན་ཁ་ཊྭཱཾ་ག་བསྣམས་པའོ༔ དེ་ནས་ཡེ་ཤེས་པ་བཅུག་ལ༔ དེ་ཐམས་ཅད་ཀྱི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་ན་ཧྲཱིཿརེ་བསམ་པའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དཔའ་མོ་མཁའ་འགྲོ་འཇིག་རྟེན་ཐམས་ཅད་ཀྱི་འོད་དང་༔ གཟི་བརྗིད་ཚེ་དང་བསོད་ནམས་ཐམས་ཅད་བསྡུས་ལ༔ རང་གི་སྙིང་གའི་ཧྲཱིཿལ་ཐིམ་པས་རང་ཉིད་ཚེ་ཡི་རིག་འཛིན་ཐོབ༔ ཚེ་ཉི་ཟླ་དང་མཉམ་པ་ཐོབ་པར་བསམ་ཞིང་༔ འོག་རླུང་དྲག་ཏུ་འཐེན༔ སྟེང་རླུང་ཅུང་ཟད་མནན་ལ༔ སྤྱི་བོ་ནས་དངས་མ་དཀར་དམར་བབས་པས་ལུས་ཐམས་ཅད་བདེ་སྟོང་དུ་མེར་ཁེངས་པར་བསམ་ཞིང་༔ རླུང་བུམ་པ་ཅན་བསྐྱིལ་ལོ༔ བཟླས་པའི་རྣལ་འབྱོར་ནི༔ ཧྲཱིཿལས་ཧྲཱིཿའི་ཕྲེང་བ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་སོང་བས༔ ཡུམ་གྱི་མཁའ་ནས་ཡབ་ཀྱི་གསང་བར་ཞུགས་ཏེ༔ སྙིང་གའི་ཧྲཱིའི་ཞབས་སུ་ཐིམ་པ་འགལ་
མེ་ལྟར་འཁོར་བའི་འོད་ཟེར་གྱིས་བླ་མ་དང་༔ སངས་རྒྱས་དང་༔ བྱང་ཆུབ་སེམས་དཔའ་ཐམས་ཅད་དང་༔ དཔའ་བོ་དང་དཔའ་མོ་འཇིག་རྟེན་གྱི་ལྷ་ཀླུ་རིག་འཛིན༔ ཉི་མ༔ ཟླ་བ༔ རྩི་ཤིང་༔ ནགས་ཚལ་ལ་སོགས་པའི་ཚེ་དང་༔ ཤེས་རབ་དང་༔ བསོད་ནམས་དང་༔ གཟི་བརྗིད་ཐམས་ཅད་བསྡུས་ཏེ༔ སྙིང་གའི་ཧྲཱིཿལ་ཐིམ་པས༔ རང་ཉིད་ཚེའི་དངོས་གྲུབ་ཉི་ཟླ་དང་མཉམ་པ་ཐོབ་པར་བསམ་ཞིང་༔ ཧྲཱིཿཧྲཱིཿཧྲཱིཿཞེས་གྲངས་མེད་པ་བཟླས་སོ༔ ཐུན་འཇོག་ཁར་སྣང་སྲིད་སྣོད་བཅུད་ཐམས་ཅད་སྔགས་ཕྲེང་ལ་ཐིམ༔ སྔགས་ཕྲེང་ཧྲཱིཿལ་ཐིམ༔ འཁོར་བཞི་ཡབ་ཡུམ་དང་བཅས་པ་གསལ་བཏབ་ལ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་བྱས་ཏེ༔ སྒྱུ་མ་ལྟ་བུའི་ངང་ནས་ལངས་སོ༔ ཐུན་མཚམས་སུ་གཏོར་མ་ཇི་ལྟར་འབྱོར་པ་བདུད་རྩིར་བྱིན་གྱིས་བརླབས་ལ༔ མདུན་དུ་ལྷ་དེ་རྣམས་གསལ་གདབ་སྟེ༔ ཨཱོཾ་ཧྲཱི་མ་ཧ་རི་ནི་ས་ཨཱཿཧཱུྃ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ལྔའམ་བདུན་གྱིས་ཕུལ་བས་མཉེས་པར་བསམ་ལ༔ མགྲོན་རྣམས་རང་ལ་བསྡུས་ཏེ་བསྔོ་བ་བྱའ༔ དེ་ལྟ་བུའི་སྒྲུབ་པ་ལོ་རེ་ལ་ཞག་ཉི་ཤུ་རྩ་གཅིག་རེ་མ་ཆག་པར་བྱའོ༔ ཞག་རེ་བཞིན་ཐོ་རང་དམིགས་པ་ཐུན་རེ་མ་ཆགས་པར་བྱའོ༔ གྲུབ་པའི་རྟགས་སུ༔ ནས་ལ་སོགས་པ་འབྲུའི་ཕུང་པོ་དང་༔ ཉི་ཟླ་ཤར་བ་དང་༔ མེ་ཏོག་ཐུ་བ་དང་༔ ནམ་ལངས་པ་དང་༔ གོས་དཀར་པོ་དྲི་མ་མེད་པ་གྱོན་པ་དང་༔ ཆུ་བོའི་རྒྱུན་ལ་འཐུང་ཞིང་ཁྲུས་བྱེད་པ་དང་༔ ནམ་མཁའ་ལ་འགྲོ་བ་ལ་སོགས་པ་རྨིའོ༔ ལོ་དྲུག་བསྒོམས་ན་འཆི་མེད་ཚེའི་རིག་འཛིན་གྲུབ་བོ༔ དེང་སོང་ཚེ་ལ་ལོང་མེད་སྐར་མདའ་འདྲ༔ ཟབ་མོའི་དགོངས་གཏེར་ཉམས་ལེན་མཐར་མི་ཕྱིན༔ དེ་ཕྱིར་གྲུབ་པ་ཐོབ་པ་ཤིན་ཏུ་ཉུང་༔ འདི་ནི་འཆི་མེད་ཚེ་ཡི་དངོས་གྲུབ་མཆོག༔ རིག་འཛིན་ས་ལ་སྙེགས་ཕྱིར་སྙིང་ཕྱུང་ནས༔ ཕྱི་རབས་སྙིང་ཏིག་སྤྱོད་པའི་ཆ་རྐྱེན་དུ༔ དྲི་མེད་འོད་ཟེར་བདག་གིས་
ལེགས་པར་བཀོད༔ འཆི་མེད་ཚེ་ཡི་སྒྲུབ་པ་རྫོགས་སོ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ གསུམ་པ་འོད་གསལ་མཆོག་གི་སྒྲུབ་པ་ལ་གཉིས་ལས༔ ཉིན་མོ་འོད་གསལ་མཁའ་ལ་དབྱུང་བ་ནི༔ བཞུགས་སྟངས་གསུམ་གྱིས་མངོན་སུམ་གྱི་དོན་ལ་མ་ཡེངས་པར་བྱའོ༔ གཉིས་པ་མཚན་མོ་འོད་གསལ་སྦུབས་སུ་སྦ་བ་ནི༔ ལུས་ནི་ལྷ་ཡི་དཀྱིལ་འཁོར་ལ༔ སྐྲ་སེན་ཡེ་ཤེས་མེ་རི་འབར༔ ཡན་ལག་སྒོ་བཞི་རྟ་བབས་བཅས༔ མགོ་བོ་གཙང་ཁང་ཕྱུར་བུ་ལ༔ མིག་སོགས་དབང་པོ་རྣམ་པ་ལྔ༔ རྩིག་པ་ལྔ་དང་རྒྱན་རྣམས་རྫོགས༔ དེ་དུས་སྙིང་ག་པདྨ་དང་༔ ཉི་མ་ཟླ་བའི་དབུས་དག་ན༔ འོད་ཀྱི་འཁོར་ལོ་མུ་ཁྱུད་ལྔ༔ འོད་ཟེར་ཉི་མ་སྟོང་འདྲ་ཞིང་༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར༔ དེ་དབུས་རིགས་ལྔའི་སངས་རྒྱས་ནི༔ རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་༔ སྣང་མཐའ་དོན་ཡོད་གྲུབ་པ་རྣམས༔ ཀུན་བཟང་མཱ་མ་ཀཱི་དང་ནིཿ སངས་རྒྱས་སྤྱན་དང་གོས་དཀར་མོ༔ དམ་ཚིག་སྒྲོལ་དང་མཉམ་པར་སྦྱོར༔ མཐིང་ག་དཀར་སེར་དམར་ལྗང་ཞིང༔ རྡོ་རྗེ་སྐྱིལ་ཀྲུང་རྒྱན་རྣམས་རྫོགས༔ འཁོར་ལོ་རྡོ་རྗེ་རིན་ཆེན་དང་༔ པདྨ་རྒྱ་གྲམ་འཛིན་པ་འོ༔ ཟུར་བཞིར་སེམས་དཔའ་སེམས་མ་བརྒྱད༔ སྒོ་བཞིར་སྒོ་བ་ཡབ་ཡུམ་བཞི༔ སོ་སོའི་སྐུ་མདོག་ཕྱག་མཚན་བཞིན༔ ཡང་ན་འོད་ཀྱི་གོང་བུ་བསམ༔ སྟེང་དུ་ཁྲོ་བོའི་དཀྱིལ་འཁོར་ནི༔ འོད་ལྔའི་གདངས་ཏེ་འཁྲིལ་སྦྱོར་ཉིད༔ ཡང་ན་འོད་ཀྱི་འཁོར་ལོ་བསམ༔ སྙིང་དབུས་འོད་ཀྱི་འཁོར་ལོ་ན༔ རིགས་ལྔ་ཡབ་ཡུམ་འོད་གསལ་སྐུ༔ སྣང་ལ་རང་བཞིན་མེད་པ་ལ༔ སྟེང་འོག་ཕྱོགས་མཚམས་ལྷ་རྣམས་ཀུན༔ འོད་ཀྱི་གོང་བུ་འོད་ཟེར་འཕྲོ༔ གསལ་འཚེར་མདངས་དང་ལྡན་པར་བསྒོམ༔ དེས་ནི་འོད་གསལ་ཟིན་པའི་རྟགས༔ རྨི་ལམ་ཟིན་དང་མེད་པ་དང་༔ རིགས་ལྔའི་ཞིང་ཁམས་སྣང་བ་དང་༔ རྣམ་རྟོག་མ་ལུས་དབྱིངས་སུ་ནུབ༔ ཉིན་མཚན་འོད་ཀྱི་འཁོར་ལོར་སྣང་༔ ལྷ་ལ་སོགས་པའི་གཟུགས་མཐོང་དང་༔ སྒྲ་སྙན་དྲི་མཆོག་སྔོན་མེད་
སྣང་༔ ཐ་མལ་སྣང་བ་ནུབ་པ་དང་༔ ཅི་སྣང་གཟུགས་བརྙན་འདྲ་བ་དང་༔ ཕྱི་ནང་ཟང་ཐལ་མཐོང་བ་འོ༔ དེ་ལྟར་གོམས་པས་སྐལ་ལྡན་དེ༔ བརྩོན་འགྲུས་རབ་ཀྱིས་ཚེ་འདིར་གྲོལ༔ འབྲིང་རྣམས་བར་དོར་རྫོགས་སངས་རྒྱས༔ ཐ་མའང་རང་བཞིན་སྤྲུལ་སྐུའི་ཞིང་༔ མངོན་དུ་གྱུར་ནས་རྫོགས་སངས་རྒྱས༔ དེ་ཉིད་རྟགས་སུ་སྐལ་ལྡན་དེ༔ འདས་དུས་སྐུ་གདུང་རིང་བསྲེལ་དང་༔ འཇའ་འོད་སྣ་ཚོགས་འབྱུང་བར་ངེས༔ འདི་རྣམས་རྣལ་འབྱོར་སྐལ་བ་རབ༔ སྐུ་གདུང་རིང་བསྲེལ་འཇའ་འོད་ནི༔ ངེས་པར་འདི་ཡིས་འགྲུབ་པ་ཡིན༔ རྗེས་འཇུག་སྤྲོ་བ་མཆོག་ཏུ་སྐྱེད༔ གདམས་པའི་སྙིང་པོ་ཡང་ཟབ་འདི༔ སྐལ་ལྡན་གཅིག་ལས་མང་བ་ན༔ མཁའ་འགྲོའི་ཆད་པ་འབྱུང་བར་ངེས༔ དེ་ཕྱིར་རང་ཉིད་ཉམས་སུ་ལོངས༔ མ་སྤེལ་སྙིང་དུ་རྒྱ་ཡིས་གདབ༔ འོད་གསལ་མཆོག་གི་སྒྲུབ་པ་འདི༔ རིག་འཛིན་མཆོག་གི་སྒྲུབ་པ་ཡིན༔ དེ་ཕྱིར་ཡང་གསང་སྙིང་ལ་སྦ༔ འོད་གསལ་མཆོག་གི་སྒྲུབ་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ དེ་ཡང་འདི་ལྟ་བུའི་གསང་སྔགས་མཐར་ཐུག་པའི་ཆོས་དང་འཕྲད་པའི་སྐལ་ལྡན་དེ་ཉིད་རྣམ་པར་སྨིན་པའི་རིག་འཛིན་ཡིན་ལ༔ དེས་ཟབ་མོའི་དོན་རྫོགས་པར་ཉམས་སུ་ལེན་པའི་ཕྱིར༔ འཆི་མེད་འགྲུབ་པ་ནི་ཚེའི་རིག་འཛིན་ཡིན༔ དེའི་རྟེན་ལ་གདམས་པའི་དོན་མངོན་དུ་གྱུར་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡིན་ལ༔ དེ་ཉིད་མཐར་ཕྱིན་ནས་འོག་མིན་དུ་སངས་རྒྱ་བའི་ཚེ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཡིན་ནོ༔ འདིར་མཁའ་འགྲོ་སྙིང་ཏིག་གི་སྐལ་ལྡན་གཅིག་ལ་བཞི་ཀ་ཚངས་ཏེ༔ སྔོན་ནས་ལས་འཕྲོའི་རྣམ་པ་ཚེ་འདིར་སྨིན་ནས་འདི་དང་འཕྲད་པས་རྣམ་པར་སྨིན་པའི་རིག་འཛིན༔ བརྩོན་འགྲུས་རབ་ཀྱི་འོད་ལུས་གྲུབ་པས་ཚེ་ལ་དབང་ཐོབ༔ འབྲིང་དང་ཐ་མས་འོད་གསལ་མཆོག་གི་ཚེ་ལ་དབང་ཐོབ་པས་
ཚེ་ལ་དབང་བའི་རིག་འཛིན༔ མངོན་སུམ་གྱི་སྣང་བ་མཐོང་བས་ཕྱག་རྒྱ་ཆེན་པོའི་རིག་འཛིན༔ དེ་ཉིད་ཅིས་ཀྱང་གདོད་མའི་སར་གྲོལ་བར་ངེས་པས་ལྷུན་གྱིས་གྲུབ་པའི་རིག་འཛིན༔ དེས་ན་འདི་འདྲའི་གདམས་པ་རྒྱ་བོད་གཉིས་ན་མེད་དོ༔ ཨེ་མ་ཧོ༔ མཁའ་འགྲོ་སྙིང་ཏིག་བཀའ་གསང་རྒྱ་ཆེ་ལས༔ ཤིན་ཏུ་ཟབ་མོའི་གནད་བསྡུས་བཅུད་ཕྱུང་བ༔ དོན་གྱི་སྙིང་པོ་འོད་གསལ་མཆོག་གི་ལམ༔ གང་དང་མི་འདྲ་ཀུན་གྱིས་མ་རྟོགས་པ༔ ཚིག་དོན་མཐའ་དག་རྫོགས་པར་བདག་ལ་བབས༔ བདག་ཉིད་སྙིང་ལ་རྒྱས་བཏབ་སྦ་སྙམ་པས༔ ཐོ་རངས་བུད་མེད་གཡུ་ཡི་ལན་ཚར་ཅན༔ ཤིན་ཏུ་མཛེས་པའི་གཟུགས་ཅན་ཞིག་ན་རེ༔ ཕྱི་རབས་སྐལ་ལྡན་དོན་དུ་སྤེལ་ཅིག་གསུངས༔ དེ་ནས་བདག་གིས་ཟབ་མོའི་གནད་རྣམས་ཀུན༔ ཤོག་སེར་ངོས་ལ་ལྷག་ཆད་མེད་པར་བཀོད༔ ཕྱི་རབས་ལས་ཅན་རྣམས་དང་འཕྲད་པར་ཤོག༔ རིག་འཛིན་མཆོག་སྒྲུབ་ཅེས་བྱ་བ༔ དྲི་མེད་འོད་ཟེར་གྱིས་ཨོ་རྒྱན་རྫོང་དུ་བཀོད་པ་རྫོགས་སོ༔ བཀྲ་ཤིས༔ ༔
མཁའ་འགྲོ་བདེ་ཆེན་རྒྱ་མཚོ།
བསྐྱེད་རིམ་ཡིད་བཞིན་ནོར་བུ།
མཁའ་འགྲོ་བདེ་ཆེན་རྒྱ་མཚོ་བཞུགས་སོ༔ རིན་ཆེན་ཤོག་སེར་སྐོར་བསྐྱེད་རིམ་ཡིད་བཞིན་ནོར་བུའོཿ
དངོས་གྲུབ་ཕུན་ཚོགས་འབྱུང་བའི་གཞི༔ རྡོ་རྗེ་ཕག་མོ་ལ་བཏུད་དེ༔ མཁའ་འགྲོ་བདེ་ཆེན་རྒྱ་མཚོ་ལས༔ བསྐྱེད་རིམ་ཡིད་བཞིན་ནོར་བུ་བཤད༔ སྐད་ཅིག་གིས་སྟོང་པའི་ངང་ལས་ཆོས་འབྱུང་དམར་པོ་སུམ་བརྩེགས་དབུས་སུ་པདྨ་འདབ་བཞིའི་སྟེང་དུ༔ ཟླ་བ་དང་༔ ཉི་མ་དང་༔ རོའི་སྟེང་དུ༔ ཧྲཱི་དམར་པོ་ལས་འོད་འཕྲོས་སྣང་སྲིད་ཐམས་ཅད་ལ་ཕོག༔ འོད་ཟེར་དམར་པོ་གཅིག་ཏུ་གྱུར་ནས་ཚུར་འདུས༔ ཡི་གེ་གཉིས་ལ་ཐིམ་པས་རང་ཉིད་རྡོ་རྗེ་ཕག་མོ་དམར་མོ་གཅེར་བུ་སྤྱན་གསུམ་དང་༔ ཕག་ཞལ་ནག་མོ་ངུར་བ་མེ་ལོང་དྲིལ་བུའི་ཕྲེང་བ་འཁྲོལ་བ༔ ཞབས་གཡོན་རོའི་སྙིང་གར་བརྐྱང་ཞིང་༔ གཡས་བསྐུམས་པའི་རྟིང་པ་བྷ་ག་ལ་གཏད་པ༔ སྐྲ་འཕྱངས་ཤིང་ཁ་ཊྭཱཾ་ག་མཆན་ཁུང་དུ་བཅུག་པར་བསམ་པའི་པང་དུ་དཔའ་བོ་རྟ་མགྲིན་དམར་པོ་སྤྱི་གཙུག་ན་རྟ་མགོ་ལྗང་ནག་འཚེར་བ༔ ཞབས་གཉིས་ཡུམ་ལ་འཁྲིལ་པ༔ སྤྱན་གསུམ་པ་མཆེ་བ་གཙིགས་པ༔ དེ་གཉིས་ཀའི་ཕྱག་གཡས་གཉིས་ན་གྲི་གུག་དང་༔ གཡོན་གཉིས་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས་པ་༔ རིན་པོ་ཆེ་དང་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ༔ སྤྱི་བོའི་རྩ་འདབ་བཞི་ལ་པད་ཉི་ཟླ་བའི་སྟེང་དུ༔ དབུས་སུ་ཧ་དང་ར་ལས་སྐྱེས་པའི་རྡོ་རྗེ་དཔའ་བོ་ཡབ་ཡུམ་དཀར་པོ་དང་༔ འདབ་མ་བཞི་ལ་ཧ་རི་ནི་ས་བཞི་ལས་དེ་དང་འདྲ་བའི་རིགས་བཞི་མཁའ་འགྲོ་ཡབ་ཡུམ་གཡས་གཡོན་གྲི་གུག་དང་ཐོད་པ་འཛིན་པ༔ རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ ཁ་ཊྭཱཾ་ག་མཆན་ཁུང་ན་ཡོད་པ༔ སྤྱན་གསུམ་པའི་ཐུགས་ཀར་གཡུང་དྲུང་དཀར་པོའི་ལྟེ་བར་ཧ་དང་ར༔ ཡན་ལག་བཞི་ལ་ཨ་རི་ནི་ས་བཞི་ཡོད་པའོ༔ མགྲིན་པའི་རྩ་འདབ་བཞི་ལ༔ དབུས་སུ་རི་དང་ཙ་ལས་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་པོ༔ འདབ་མ་བཞི་ལ་ཧ་ཨ་ནི་ས་བཞི་ལས་རིན་ཆེན་དཔའ་བོ་དེ་དང་འདྲ་བའི་འཁོར་བཞི༔ རྒྱན་དང་ཕྱག་མཚན་གོང་དང་འདྲ་བའི་ཐུགས་
ཀར༔ གཡུང་དྲུང་སེར་པོའི་དབུས་སུ་རི་དང་རྩ༔ ཡན་ལག་བཞི་ལ་ཧ་ཨ་ནི་སའོ༔ སྙིང་གར་པད་འདབ་བཞི་དང་ཉི་ཟླའི་དབུས་སུ་མ་དང་ཧཱུྃ་ལས་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་མཐིང་ཀ་འདབ་མ་བཞི་ལ་ཧ་རི་ན་ས་ལས་དེ་འདྲ་བའི་འཁོར་བཞི༔ སྙིང་གར་གཡུང་དྲུང་འགྱིལ་བའི་དབུས་སུ་མ་དང་ཧཱུྃ༔ ཡན་ལག་བཞི་ལ་ཧ་རི་ནི་སའོ༔ ལྟེ་བར་པད་འདབ་བཞིའི་དབུས་སུ་ཉི་ཟླ་ལ་ནི་དང་ཧྲཱིཿདམར་པོ་ལས༔ པདྨ་མཁའ་འགྲོ་ཡབ་ཡུམ་དམར་པོ༔ འདབ་མ་བཞི་ལ་ཧ་རི་ཨ་ས་བཞི་ལས༔ དེ་འདྲ་བའི་འཁོར་བཞི༔ ཐུགས་ཀར་གཡུང་དྲུང་དམར་པོའི་དབུས་སུ་ནི་དང་ཧྲི་ཧྲཱི༔ ཡན་ལག་བཞི་ལ་ཧ་རི་ཨ་སའོ༔ གསང་བར་པད་འདབ་བཞིའི་ལྟེ་བར་ཉི་ཟླ་ལ་ས་དང་ཡ་ལས༔ ལས་ཀྱི་མཁའ་འགྲོ་ལྗང་གུ༔ འདབ་མ་བཞི་ལ་ཧ་རི་ནི་ཨ་ལས༔ དེ་འདྲ་བའི་འཁོར༔ ཐུགས་ཀར་གཡུང་དྲུང་ལྗང་གུའི་དབུས་སུ་ས་དང་ཡ༔ ཡན་ལག་བཞི་ལ་ཧ་རི་ནི་ཨའོ༔ དེ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ༔ འོག་མིན་དང་ཕྱོགས་བཞིའི་འཇིག་རྟེན་ནས༔ ཡེ་ཤེས་པ་བསྟིམ་ལ་རླུང་ཁ་སྦྱོར་དུ་བཟུང་བས་ལྷ་དེ་རྣམས་ཀྱི་འོད་ཟེར་གྱིས༔ འཇིག་རྟེན་ཐམས་ཅད་གཡོ་འདེགས་འཕར་བ་ལས༔ སྐྱེ་འགྲོ་ཐམས་ཅད་དབང་དུ་བསྡུས༔ ཟས་ནོར་གྱི་ཆར་ཕབ༔ ནད་གདོན་བར་ཆད་ཞི་བར་བསམ་ལ༔ ཨཱོཾ་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛ༔ ཨཱོཾ་བུདྡྷ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛ༔ དེ་བཞིན་དུཿཨཱོཾ་བཛྲ་ཌཱ་ཀི་ནི་ཧ་རི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛ༔ ཨཱོཾ་རཏྣ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛ༔ །ཨཱོཾ་པདྨ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙཏྟ་ཧྲིཾ་ཧྲིཾ་ཛཿཛ༔ ཨཱོཾ་ཀརྨ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛ༔ ཞེས་བརྗོད་པས༔ འཁོར་ལོ་ལྔའི་ལྷའི་ཐུགས་ཀའི་གཡུང་དྲུང་རྣམས་དྲག་ཏུ་འཁོར་བས༔ ལྷ་དེ་རྣམས་རང་གི་སྙིང་ག་ན་འཁྲབ་ཅིང་གར་བྱེད་པས༔ སྐྱེ་འགྲོ་
ཐམས་ཅད་ཀྱི་དྲན་པ་མྱོས་པར་བྱས་ཏེ་དབང་དུ་བསྡུས་ནས་བདག་གི་རྐང་པའི་དྲུང་དུ་ལྷགས་པར་བསམ་ཞིང་༔ རླུང་ཕྱིར་སོང་བས་འོད་ཟེར་དམར་པོ་ལྕགས་ཀྱུ་དང་༔ ཞགས་པ་དང་༔ ལྕགས་སྒྲོག་དང་༔ དྲིལ་བུའི་རྣམ་པས༔ འགྲོ་བ་རྣམས་བཀུག༔ བཅིངས༔ བསྡམས༔ དབང་དུ་བྱས༔ ནང་དུ་རྔུབས་པས་དེ་རྣམས་སྙིང་ག་དང་གསང་གནས་སུ་ཐིམ་པར་བསམ་ལ༔ ལུས་ལྷ༔ ངག་སྔགས༔ སེམས་ཏིང་འཛིན་ལས་མ་ཡེངས་པར་རབ་ཏུ་ཆགས་པས་བཀུག་པར་བྱའོ༔ སྐབས་སུ་ཐིག་ལེའི་འགྲེམས་སྡུད་ཀྱིས་བདེ་སྟོང་སྤར་བཞིན་མཁའ་འགྲོ་རྣམས་མཉེས་པར་བྱའོ༔ དེ་ལྟར་ཞག་བདུན་ནི་བསྙེན་པའོ༔ དེ་ནས་སྒྲུབ་པ་དང་ལས་སྦྱོར་ནི༔ གང་ལ་དམིགས་པའི་བསྒྲུབ་བྱ་དེའི་སྙིང་གའི་ནང་ན་བདག་ཉིད་ཡོད་པར་བསམ་ལ༔ སྔགས་བཟླས་དམིགས་པས་གཅུན་ལ༔ ཁོ་རང་དབང་མེད་པར་རང་ལ་འདུད་ཅིང་དགའ་བར་བསམ་སྟེ༔ ཨཱོཾ་ཧྲཱི་མ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ་ཆྒཻ་མོ་ཨ་ཀཪྴ་ཡ་ནྲྀ་ཁུག་ཛཿཛ༔ ཞེས་པས་རྣམ་ཤེས་ཨའི་རྣམ་པ་ཅན་རང་གི་གསང་གནས་དང་༔ སྙིང་གར་ཐིམ་པར་བསམ་ལ༔ དྲག་ཏུ་བཟླས་པས་ཞག་གསུམ་ན་རང་དབང་མེད་པར་ཁུག་གོ༔ དེ་བཞིན་དུ་ནོར་སྒྲུབ་པའི་ཚེ་རང་གི་སྙིང་གའི་འོད་ཀྱིས་ཕྱོགས་བཅུའི་ནོར་ལྷ་བཀུག་ལ༔ སྒྲུབ་ཁང་དུ་ནོར་གྱི་ཆར་འབེབས་པར་བསམ༔ ཨཱོཾ་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སིདྡྷི་ཕ་ལ་བེ་ཤྲ་མ་ནེ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛ༔ ཞེས་སོ༔ ནད་གདོན་དང་སྡིག་པ་ཞི་བ་ལ་ནི༔ འོད་ཟེར་དཀར་པོས་རང་གི་ལུས་ངག་ཡིད་གསུམ་གྱི་བར་ཆད་སྡིག་སྒྲིབ་སྦྱངས་པར་བསྒོམ་ལ༔ ཨཱོཾ་ཧྲཱི་མ་ཧ་རི་ནི་ས༔ ནད་གདོན་སྡིག་སྒྲིབ་ཤཱནྟིང་ཀུ་རུ་ཡེ་སྭཱཧཱ༔ ཞེས་སོ༔ ལྷ་ལ་གང་སྒྲུབ་ཀྱང་དེ་དང་མཐུན་པའི་སྐུ་མདོག་དང་འོད་ཟེར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྤྲོ་བསྡུ་དང་༔ རིགས་དེའི་ལྷའི་སྔགས་ཐོག་མར་འདྲེན་པ་ནི་གནད་དོ༔ དེ་ལྟར་
བཟླས་པའི་རྣལ་འབྱོར་པས་འཁོར་ལོ་ལྔ་གསལ་བཏབ་སྟེ༔ བཟའ་བཏུང་མཁའ་འགྲོའི་ཚོགས་འཁོར་བྱ༔ གལ་ཏེ་ལས་རྣམས་མ་གྲུབ་ན༔ འཁོར་ལོ་ལྔ་ཡི་མཁའ་འགྲོ་མ༔ གང་ཡིན་འཁྲབ་ཅིང་གཟིར་བ་དང་༔ དེ་ཡི་སྲོག་སྔགས་ཐོག་མར་བགྲང་༔ དེས་ནི་ཐེ་ཚོམ་མེད་པ་འོ༔ སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ༔ སྐྱེ་མེད་དོན་ལ་གནས་པར་བྱ༔ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ༔ སེམས་ཅན་ཀུན་ལ་བྱམས་པ་སྒོམས༔ རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ༔ མ་ཆགས་སྦྱིན་པ་ཕྱོགས་མེད་གཏང་༔ པདྨ་མཁའ་འགྲོའི་དམ་ཚིག་ཏུ༔ གཏུམ་མོ་སྒོམ་ཞིང་བདེ་སྟོང་སྤར༔ ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ སྨྱོན་སྤྱོད་གདུག་རྩུབ་སྣ་ཚོགས་བྱ༔ མེ་ནང་མཁའ་འགྲོ་ལྔ་བསྐྱེད་ལ༔ ཟས་སྣ་འབྲུ་སྣ་སྣ་ཚོགས་བསྲེག༔ ཚོགས་གཏོར་བུད་མེད་སྟོན་མོ་བྱ༔ དེས་ནི་མྱུར་དུ་འགྲུབ་པར་འགྱུར༔ བསྐྱེད་རིམ་ཡིད་བཞིན་ནོར་བུ་ཞེས་བྱ་བ༔ གངས་རི་ཐོད་དཀར་དུ་བཀོད་པ༔ ཨྠྀི༔ རྒྱ་རྒྱ་རྒྱ༔
རྫོགས་རིམ།
རྫོགས་རིམ་བཞུགས༔ མཁའ་འགྲོ་བདེ་ཆེན་རྒྱ་མཚོ་ལས༔ རྫོགས་རིམ་ཡེ་ཤེས་འཁོར་ལོ་བཤད༔ དེ་ཡང་ཡེ་ཤེས་སེམས་གཉིས་ལས༔ ལྔ་ལྡན་འོད་ཀྱི་རིམ་པ་ནི༔ བདེ་བའི་སྟན་ལ་འདུག་ནས་ཀྱང་༔ སངས་རྒྱས་མཁའ་འགྲོའི་ཞིང་ཁམས་སུ༔ རྡོ་རྗེ་མཁའ་འགྲོའི་མེ་ལོང་ལ༔ པདྨ་མཁའ་འགྲོའི་སྒོ་ཕྱེ་སྟེ༔ སྒོ་ལ་ལས་ཀྱི་མཁའ་འགྲོ་བྱོན༔ རིན་ཆེན་མཁའ་འགྲོ་མཁའ་ལ་སྣང་༔ མི་འགུལ་མི་བསམ་མི་ཡེངས་པར༔ ཡེ་ཤེས་ཉིད་ལས་འབྲལ་མི་བྱ༔ ཚེ་འདི་ཉིད་ལ་རྫོགས་སངས་རྒྱས༔ སེམས་ཀྱི་རྫོགས་རིམ་རྣམ་གསུམ་ལས༔ བདེ་བ་ཉིད་ནི་བསྒོམ་འདོད་ན༔ འཁོར་ལོ་ལྔ་ཡི་དབུས་དག་ན༔ རྩ་གསུམ་སྦུག་མ་སྟོང་པ་ལ༔ ཡར་སྣ་ཚང་བུག་ཡི་གེ་ཧཾ༔ མར་སྣ་གསང་གནས་
ཡི་གེ་ཨ༔ ལྟེ་བར་རཾ་ལས་མེ་འབར་བས༔ ཧཾ་ལས་བྱང་སེམས་འོ་རྒྱུན་བབ༔ གསང་གནས་བར་དུ་ཁྱབ་པ་ལ༔ ཨ་དང་འདྲེས་པས་བདེ་སྟོང་སྐྱེས༔ སླར་བཟློག་ཧཱུྃ་རིང་བཞི་བརྗོད་ནས༔ ནི་ནྲྀ་ཧིང་ནི་ཉེར་གཅིག་གིས༔ སྒལ་ཚིགས་དྲངས་ལ་དགྲམ་པར་བྱ༔ དེ་ཉིད་འབྱངས་ནས་བཙུན་མོ་དང་༔ མཉམ་དུ་སྦྱར་བས་བདེ་སྟོང་སྒོམ༔ མི་རྟོག་ཀ་དག་ངང་ལ་གཞག༔ གཉིས་པ་གསལ་སྟོང་ཡེ་ཤེས་ནི༔ གང་ཤར་རིག་པ་ངོས་བཟུང་ལ༔ མི་དགག་མི་སྒྲུབ་རང་སར་བཞག༔ ཁྱད་པར་རྩ་གསུམ་གསལ་བཏབ་ལ༔ བུམ་པ་ཅན་དུ་བསྐྱིལ་བ་དང་༔ སེངྒེ་རྣམ་གྲོལ་འཆིང་བ་དང་༔ ཆུ་སྲིན་ཅན་དུ་མཉམ་པར་གནས༔ དང་པོར་རླུང་རོ་ཕུད་ནས་ཀྱང་༔ ལྟེ་འོག་ཨ་ལ་སེམས་བཟུང་ལ༔ འོག་རླུང་གཙོ་བོར་བསྐྱིལ་བ་ཡིན༔ གཉིས་པ་སྟེང་རླུང་འཆིང་བ་སྟེ༔ སྙིང་ཀའི་ཧ་རི་ནི་ས་ལ༔ སེམས་བཟུང་གཙོ་བོར་སྟེང་རླུང་མནན༔ གསུམ་པ་བར་རླུང་སྦྱང་བ་སྟེ༔ མཉམ་གནས་གང་ལའང་མི་རྟོག་པས༔ འགྲོ་འོང་རབ་ཏུ་དལ་བ་ཡིན༔ དེ་དུས་གསལ་ལ་མི་རྟོག་པའི༔ ཡེ་ཤེས་དོན་དེ་ངོས་བཟུང་ལ༔ ཡུན་དུ་བསྒོམ་པ་རབ་ཏུ་གཅེས༔ ལུས་གཅུན་འཁྲུལ་འཁོར་སྣ་ཚོགས་བྱ༔ གཡོན་དང་མཉམ་རྒྱུའི་རླུང་དང་ནི༔ དད་དང་ངེས་འབྱུང་སྐྱེས་ཚེ་གཟུང་༔ ཆགས་སོགས་ཉོན་མོངས་སྐྱེས་ཚེ་འབུད༔ ནང་དུ་མི་གཟུང་དྲག་ཏུ་འདོན༔ དེས་ནི་གསལ་སྟོང་ཆོས་སྐུ་སྐྱེ༔ གསུམ་པ་མི་རྟོག་ཡེ་ཤེས་ནི༔ ལུས་བསྲང་ཨེ་ཡི་འདུག་སྟངས་ཀྱིས༔ སྟེང་འོག་རླུང་སྦྱར་མིག་མི་འགུལ༔ བར་སྣང་མདའ་གང་ཚད་དུ་གཏད༔ གང་ཡང་མི་སེམས་མི་རྟོག་ཅིང་༔ མ་བཅོས་མ་བསླད་འགྱུར་བ་མེད༔ ཇི་ལྟར་ནམ་མཁའ་དག་པ་བཞིན༔ མི་རྟོག་མཐའ་དབུས་མེད་པར་བཞག༔ འཕྲོ་ན་འཕྲོ་མཁན་རང་གི་སེམས༔ ཁ་དོག་དབྱིབས་བྲལ་ངོས་གཟུང་མེད༔ གནས་ན་གནས་མཁན་རང་གི་སེམས༔ ཡེ་གྲོལ་གདོད་མའི་གནས་ལུགས་ཉིད༔ བླང་དོར་རེ་
དོགས་རྩིས་གདབ་མེད༔ ཡེ་སྟོང་རྩ་བྲལ་ཆེན་པོར་གཞག༔ རྗེས་ལ་ཕྱི་ནང་སྣང་སྲིད་ཀུན༔ རང་སྣང་ཡིན་ཏེ་རྨི་ལམ་འདྲ༔ སྣང་ལ་བདེན་མེད་ཆུ་ཟླ་འདྲ༔ རྟེན་འབྲེལ་ཙམ་སྟེ་སྒྱུ་མ་འདྲ༔ ཆགས་སྡང་རེ་དོགས་མེད་པར་བལྟ༔ ཉོན་མོངས་དུག་ལྔ་གང་སྐྱེས་ཀྱང་༔ རླབས་ཉིད་རྒྱ་མཚོར་ཐིམ་པ་ལྟར༔ རང་ཤར་ཆོས་སྐུའི་ལམ་ཁྱེར་བྱ༔ ཡོད་མེད་སྣང་སྟོང་བཏགས་པ་ཙམ༔ འཁོར་འདས་རང་སྣང་རྨི་ལམ་ཙམ༔ བླང་དོར་རེ་དོགས་བློས་བཏགས་ཙམ༔ དོན་ལ་གཉིས་མེད་ཆོས་སྐུར་སྦྱར༔ དེ་ལྟར་ཤེས་པའི་རྣལ་འབྱོར་ལ༔ ཐམས་ཅད་རྣམ་དག་བདེ་བའི་ཞིང་༔ ཨོ་རྒྱན་ཡེ་ཤེས་མཁའ་འགྲོའི་ཞིང་༔ ལོགས་ན་མེད་དེ་རང་ལ་ཚང་༔ མཁའ་འགྲོ་སྤྲིན་བཞིན་ངང་གིས་འདུ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ བདག་འདྲ་དྲི་མེད་འོད་ཟེར་གྱིས༔ མཁའ་འགྲོའི་གནད་ཡིག་གསང་བ་འདི༔ གངས་རི་ཐོད་དཀར་མགུལ་དུ་བཀོད༔ ཨྠྀི༔ རྒྱ་རྒྱ་རྒྱཿ
རླུང་དྲུག་རྡོ་རྗེའི་ཆིངས།
རླུང་དྲུག་རྡོ་རྗེའི་ཆིངས་བཞུགསཿ ཤོག་སེར་སྐོར༔ མཁའ་འགྲོ་བདེ་ཆེན་རྒྱ་མཚོ་ལས༔ རླུང་དྲུག་རྡོ་རྗེའི་ཆིངས་ཉིད་བཤད༔ ཆོས་ཀུན་སྟོང་པའི་ངང་ཉིད་ལས༔ འདབ་བཞི་ཆོས་འབྱུང་དམར་གསལ་དབུས༔ ཧཱུྃ་ལས་རང་ཉིད་ཕག་མོའི་སྐུ༔ མཐིང་ནག་གྲི་གུག་ཐོད་ཁྲག་འཛིན༔ ཁ་ཊྭཱཾ་དྲིལ་བུའི་ཕྲེང་བས་བརྒྱན༔ རོ་སྟེང་གཡས་བསྐུམ་གཡོན་བརྐྱང་ཞིང་༔ ཕག་ཞལ་སྤྱན་གསུམ་ཁྲོས་པར་བསམ༔ སྙིང་གར་པདྨ་ཉི་ཟླའི་དབུས༔ ཨེ་དང་ཧ་རི་ནི་ས་ལས༔ གཙོ་མོ་འདྲ་བའི་མཁའ་འགྲོ་ལྔ༔ ཐུགས་ཀར་ས་བོན་ཡིག་འབྲུས་མཚན༔ སྟོང་གསུམ་རང་ལ་ཐིམ་པར་བསམ༔ རླུང་ནི་མཉམ་གནས་ཐུབ་ཐང་གཟུང་༔ ཕྱིར་རྒྱུ་ཨཱོཾ་དཀར་ནང་འཇུག་ཨཱ༔ གནས་པ་ཧཱུྃ་ཡིན་སྣོད་བཅུད་བསྡུ༔ ཐུགས་ཀར་ལྷ་ལྔ་གར་བྱེད་པས༔ ཐམས་ཅད་དབང་བསྡུས་རླུང་ཉིད་བསྒོམ༔ རྩ་བའི་རླུང་ནི་དང་པོ་ཡིན༔ ཡན་ལག་རླུང་ནི་སྤྱི་བོ་རུ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར༔ སྙིང་གར་ཧ་དང་ཕྱོགས་བཞི་རུ༔ ཨ་རི་ནི་ས་
འཁོར་བ་ཡིས༔ འཇིག་རྟེན་བསྡུ་ཞིང་སྤྱི་གཙུག་ཏུ༔ དམིགས་པ་གཏད་པས་རླུང་གཟུང་འགྱུར༔ དེ་བཞིན་མགྲིན་པར་པད་ཟླའི་སྟེང་༔ རིན་ཆེན་མཁའ་འགྲོ་སེར་གསལ་ཏེ༔ ཐུགས་ཀར་རི་དང་ཕྱོགས་བཞི་རུ༔ ཧ་ཨ་ནི་ས་སེར་པོ་བསྒོམ༔ སྙིང་གར་སྔར་བཞིན་དམིགས་པ་སྟེ༔ ལྟེ་བར་པདྨ་མཁའ་འགྲོ་དམར༔ ཐུགས་ཀར་ནི་ལ་ཧ་རི་ཨ༔ ས་གཞི་དག་གིས་བསྐོར་བ་ལས༔ བུད་མེད་རྣམས་ནི་གཙོ་བོར་དགུག༔ ཆགས་པས་བདེ་སྟོང་བསྒོམ་པར་བྱ༔ གསང་བར་ལས་ཀྱི་མཁའ་འགྲོ་ལྗང༔ ཐུགས་ཀར་ས་ལ་ཧ་རི་ནི༔ ཨ་བཞིས་བསྐོར་བའི་འོད་ཟེར་གྱིས༔ སྐྱེས་པ་རྣམས་ནི་གཙོ་བོར་དགུག༔ དེ་ལྟར་འཁོར་ལོ་ལྔ་དབུས་སུ༔ མཁའ་འགྲོ་ལྔ་ཚན་ལྔ་བསྒོམས་ལ༔ རང་དང་མཐུན་པའི་འོད་ཟེར་ནི༔ ཡི་གེ་གསུམ་གྱི་རྣམ་པ་ཡིས༔ རྡོ་རྗེ་རླུང་གི་བཟླས་པ་ཡིས༔ ཞག་དྲུག་བསྒོམས་པའི་རྣལ་འབྱོར་མ༔ མཁའ་འགྲོས་དངོས་སུ་ལུང་སྟོན་ཅིང་༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ དམ་ཚིག་ཆགས་ཞེན་ཆུང་བ་དང་༔ བུད་མེད་མི་སྤང་བདེ་སྟོང་བསྒོམ༔ བྱམས་དང་སྙིང་རྗེ་བྱང་སེམས་བསྒོམ༔ ལྟ་བ་ནམ་མཁའ་ཡངས་པ་ལས༔ སྨྱོན་སྤྱོད་ཐོ་ཅོ་སྐབས་སུ་བརྩམ༔ གཏད་མེད་རང་གྲོལ་ལམ་ཁྱེར་བྱ༔ ཇི་སྲིད་ཆེད་འཛིན་ཞིག་པ་ན༔ མཁའ་འགྲོའི་དངོས་གྲུབ་མཐར་ཐུག་ཡིན༔ རླུང་དྲུག་རྡོ་རྗེའི་ཆིངས་ཞེས་བྱ་བ༔ མཁའ་འགྲོ་བདེ་ཆེན་རྒྱ་མཚོ་རྫོགས་སོ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ ཤུ་བྷཾ༔ ༔ཧཱུྃ
རླུང་སྦྱོར་ཡེ་ཤེས་དྲ་བ།
རླུང་སྦྱོར་ཡེ་ཤེས་དྲ་བ་བཞུགས་སོ། །རིན་ཆེན་ཤོག་སེར་སྐོརཿ
སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ ཡང་ཟབ་མཁའ་འགྲོ་སྙིང་ཏིག་གི་གདམས་པ༔ རླུང་སྦྱོར་ཡེ་ཤེས་དྲ་བ་འདི་ལ་དོན་གསུམ་སྟེ༔ བདེ་གསལ་མི་རྟོག་པའི་རླུང་གསུམ་གྱིས༔ ལྷུན་གྲུབ་སྐུ་གསུམ་དུ་ངོ་སྤྲོད་པ་དང་༔ གཉིས་མེད་ཡེ་ཤེས་ཀྱི་རླུང་གིས༔ གདོད་མའི་ཀ་དག་ཆེན་པོར་ངོ་སྤྲོད་པ་དང་༔ རང་གྲོལ་ཐ་མལ་གྱི་རླུང་གིས༔ ཅིར་སྣང་ཤར་གྲོལ་དུ་ངོ་སྤྲོད་པའོ༔ དང་པོ་ལ་གསུམ་ལས༔ བདེ་སྟོང་ལོངས་སྐུའི་རླུང་སྦྱོར་ནི༔ སྟན་བདེ་བ་ལ་རྣལ་འབྱོར་པའི་འདུག་སྟངས་ཀྱིས༔ ཕྱེད་ཀྲུང་དུ་འདུག་ལ༔ རླུང་རོ་གསུམ་ཕྱིར་དྲག་པོས་ཕྱུང་ལ་འཇམ་རླུང་དལ་བུས་རྔུབས་ཏེ༔ སྟེང་རླུང་ཅུང་ཟད་མནན༔ འོག་རླུང་དྲག་ཏུ་འཐེན་ལ༔ ཡབ་ཡུམ་འཁྲིལ་སྦྱོར་གྱིས་བདེ་བ་ལ་སེམས་བཟུང་སྟེ༔ རླུང་ཐུབ་ཐང་བུམ་པ་ཅན་དུ་བསྐྱིལ་པས༔ ཉི་མ་བདུན་ན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས༔ ལོངས་སྤྱོད་རྫོགས་པའི་སྐུའི་ཡེ་ཤེས་སྐྱེ་བར་ངེས་སོ༔ དེའི་ཚེ་ཕྱི་སྣང་བ་སྣ་ཚོགས་བདེ་བའི་ཞིང་ཁམས་སུ་ལྷུན་གྱིས་གྲུབ༔ ནང་རིག་པ་སྣ་ཚོགས་བདེ་བའི་ཞིང་ཁམས་སུ་ལྷུན་གྱིས་གྲུབ༔ གསང་བ་འོད་གསལ་ལ་གཏད་ནས་བསྒོམས་པས༔ སྐུ་དང་ཡེ་ཤེས་ཀྱི་ཐིག་ལེ་གསལ་བས༔ བདེ་སྟོང་གི་ཡེ་ཤེས་ལྷན་ཅིག་སྐྱེས་པ་དང་༔ རང་བཞིན་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི༔ རྫོགས་པ་ཆེན་པོ་བདེ་བ་ཆེན་པོ་འོད་གསལ་གྱི་རྒྱ་མཚོ་ལས་ལྷུན་གྱིས་གྲུབ་པའི་དགོངས་པའོ༔ གཉིས་པ་གསལ་བ་སྤྲུལ་པ་སྐུའི་རླུང་སྦྱོར་ནི༔ ཡང་སྟན་བདེ་བ་ལ་རྡོ་རྡོ་སྐྱིལ་ཀྲུང་གིས་འདུག་ལ༔ དར་གཅིག་ངལ་སོས་པར་བྱས་ཏེ༔ བར་སྣང་སྤྲིན་མེད་པའི་ངོས་སུ་མིག་མ་འགུལ་བར་གཏད་ལ ༔ རླུང་དྲག་ཅིང་དལ་ལ་རབ་ཏུ་འཇམ་པས༔ མཉམ་པར་ཕྱིར་ཕྱུང་ལ༔ རིག་པ་ནམ་མཁའ་ལ་གཏད་དེ༔ ཐུབ་ཐང་དུ་ཕྱིར་བཟུང་ལ༔ ནང་དུ་མི་གཏང་བར་ལྷན་ནེར་མཉམ་པར་
བཞག་པས༔ སྔ་དྲོ་གཅིག་ན་གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་འཆར་ཏེ༔ དེའི་ཚེ་ཕྱི་སྣང་བ་སྣ་ཚོགས་གསལ་ལ་འཛིན་པ་མེད་པ༔ ནང་རིག་པ་སྣ་ཚོགས་འཕྲོ་ལ་གཅིག་ཏུ་གནས་པ༔ གསང་བ་འོད་གསལ་ལ་གཏད་ནས་བསྒོམས་པས༔ སྐུ་དང་ཡེ་ཤེས་ཀྱི་ཐིག་ལེ་གསལ་བ༔ འཛིན་མེད་གཉུག་མའི་ཡེ་ཤེས་སྣ་ཚོགས་སྤྲུལ་པའི་སྐུའི་ཡེ་ཤེས་སྐྱེ་བར་ངེས་སོ༔ གསུམ་པ་ཟུང་འཇུག་ཆོས་ཀྱི་སྐུའི་རླུང་སྦྱོར་ནི༔ བར་རླུང་མ་ནིང་གི་རླུང་གིས་བྱ་སྟེ༔ ཡང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་ལ༔ རླུང་སྣ་གཉིས་ལ་མི་གཏོང་བར༔ ཁ་ན་ཕར་ལ་ཅི་ནས་ཀྱང་དལ་བར་རང་འགྲོས་སུ་གཏོང་སྟེ༔ ཕྱིར་ཇི་ཙམ་གནས་ཀྱི་ཡུན་བཞག་ལ༔ ནང་དུ་རང་འགྲོས་རབ་ཏུ་དལ་བས་མ་ཚོར་ཙམ་དུ་རྔུབས་ལ༔ སྙིང་གར་སྟེང་འོག་གི་རླུང་གཉིས་སུ་མེད་པས་མི་རྟོག་པའི་ངང་ལ་མཉམ་པར་བཞག་གོ༔ ཉི་མ་གསུམ་གང་ལ་ཡང་མི་རྟོག་ཅི་ལ་ཡང་མི་འཕྲོ་བའི་ཤེས་པ་སྐྱེ་མེད་སྤྲོས་པ་དང་བྲལ་བ༔ ཆོས་ཀྱི་སྐུའི་ཡེ་ཤེས་སྐྱེའོ༔ དེའི་ཚེ་ཕྱི་སྣང་བ་སྣ་ཚོགས་དབང་པོའི་མངོན་སུམ་ལྟར༔ སྣང་ལ་མ་ངེས་པ་ཆོས་སྐུ་མཉམ་པར་རོ་གཅིག༔ ནང་རིག་པ་སྣ་ཚོགས་ཐང་ཆད་ཀྱི་སྐྱེས་བུ་ངལ་སོས་པ་ལྟར༔ འཕྲོ་གནས་གཉིས་སུ་མེད་ལ་སྐྱེ་མེད་དུ་རོ་གཅིག༔ གསང་པ་འོད་གསལ་ལ་གཏད་ནས་བསྒོམས་པས༔ སྐུ་དང་ཡེ་ཤེས་ཀྱི་ཐིག་ལེར་གསལ་ཡང་༔ ཁ་དོག་དབྱིབས་མཚན་དུ་མི་རྟོག་པ་ཡེ་སྟོང་རྫོགས་པ་ཆེན་པོ་བྱ་བྲལ་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་པ་ནི༔ རྣམ་པར་མི་རྟོག་པ་ཆོས་ཀྱི་སྐུའི་དགོངས་པའོ༔ གཉིས་པ་གཉིས་མེད་ཡེ་ཤེས་ཀྱི་རླུང་གིས་གདོད་མའི་ཀ་དག་ཆེན་པོར་ངོ་སྤྲད་པ་ནི༔ སྟོན་སེར་ལྟ་བུ་ནམ་མཁའ་སྤྲིན་དང་བྲལ་བའི་ཚེ༔ གནས་དབེན་པར་སྟན་བདེ་བ་ལ་གན་རྐྱལ་ལ་ཉལ་ཏེ༔ མིག་ནམ་མཁའི་དཀྱིལ་དུ་མ་འགུལ་བར༔ ཉིན་མོ་ཐིག་ལེ་ཡེ་ཤེས་ཀྱི་སྣང་བ༔ མཚན་མོ་གཟའ་སྐར་ལྷུན་གྲུབ་ཀྱི་སྣང་བ་ལ་བལྟ་
སྟེ༔ དབུགས་ཕྱི་ནང་དུ་རྒྱུ་བ་ཤིན་ཏུ་དལ་བུས་མི་ཚོར་བར་བྱས་ཏེ༔ ལྷན་ནེར་མཉམ་པར་བཞག་པས༔ མི་གཅིག་ཟན་ཟ་བའི་ཡུན་ལ་ཤེས་པ་སྟོང་གསལ་བདེ་བ་ཆེན་པོའི་ཆོས་ཉིད༔ སྐྱེད་མེད་བསམ་ཡུལ་ལས་འདས་པ༔ གདོད་མའི་ཀ་དག་གི་ངང་ཅི་འདྲ་བར་འཆར་ཏེ༔ དེའི་ཚེ་ནམ་མཁའ་སྔོན་པོ་སྟོང་གསལ་འདུས་མ་བྱས་པ༔ གང་གིའང་འཆར་གཞིར་སྣང་བ་ནི༔ གདོད་མའི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀ་དག་གི་ངོ་བོ་ལ༔ གཟའ་སྐར་ཐིག་ལེར་གསལ་བ་ནི་ལྷུན་གྲུབ་སྐུ་གསུམ་གྱི་སྣང་བ་ནང་གསལ་དུ་སྣང་བ་སྟེ༔ འདི་ལྟར་ཡིན་པ་གང་དུའང་མ་གྲུབ་པའི་ཤེས་པ་ནི༔ གཞི་གནས་ཀྱི་ཡེ་ཤེས་ལ་གང་གིའང་འཆར་གཞི་མ་འགགས་པ་ཐུགས་རྗེ་རིག་པའི་ཡེ་ཤེས་ཏེ༔ སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་མཐར་ཕྱིན་པའ༔ དེའང་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་མ་འགགས་པ་གསུམ་ནི༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་སྟེ༔ གདོད་མའི་མགོན་པོ་འོད་མི་འགྱུར་བ༔ གཞི་ཐོག་ན་ཇི་ལྟར་གནས་པའི་དགོངས་པ་མཐར་ཐུག་པའོ༔ དེའི་ཚེ་ཕྱི་སྣང་བར་འཛིན་པའི་རྟོག་པ་ཕྲ་རགས་ནུབ་པས་ཡེ་སྟོང་རྩ་བ་དང་བྲལ་བའི་ཆོས་ཉིད་དུ་ལྷུན་གྱིས་གྲུབ༔ ནང་རིག་པ་སྣ་ཚོགས་སུ་འཕྲོ་བ་གཞི་ལ་ཐིམ་པས༔ སྐྱེ་མེད་བསམ་ཡུལ་ལས་འདས་པར་ལྷུན་གྱིས་གྲུབ༔ གསང་བ་འོད་གསལ་དུ་འཛིན་པར་གྲོལ་བས༔ སྐུ་དང་ཡེ་ཤེས་སུ་སྣང་བའང་ཡོད་མེད་ཀྱི་མཐའ་ལས་འདས་པས༔ གདོད་མའི་གནས་ལུགས་གཞོན་ནུ་བུམ་པའི་སྐུར་ལྷུན་གྱིས་གྲུབ་པའི་དགོངས་པའོ༔ འདི་ནི་བདག་གིས་གདོད་མའི་གཞིའི་འདུག་ཚུལ་ཇི་ལྟ་བ་བཞིན་མཐོང་ནས་ཕྱི་རབས་ཀྱི་ངོ་སྤྲོད་ཆེན་མོར་བཀོད་པས་རབ་ཏུ་ཟབ་པའི་ཡང་ཟབ་བོ༔ གསུམ་པ་རང་གྲོལ་ཐ་མལ་གྱི་རླུང་གིས་ཅིར་སྣང་ཤར་གྲོལ་དུ་ངོ་སྤྲད་པ་ནི༔ ལས་རླུང་རང་སར་བཞག་པ་སྟེ༔ དེ་ཡང་ད་ལྟར་གྱི་ལུས་ངག་ཡིད་གསུམ་ལ༔ ཅི་ཤར་ཅི་
སྣང་ཡང་མི་འགགས་མི་སྒྲུབ་མི་ལེན་མི་འདོར་བར༔ རང་སར་ཕྱམ་ཕྱམ་གཟའ་གཏད་མེད་པར་འཇོག་པ་སྟེ༔ རྨི་ལམ་གྱི་ནང་ན་སྣང་བའམ༔ ཤེས་པ་བུ་ཆུང་གི་ཤེས་པ་ལྟ་བུའམ༔ སྨྱོན་པའི་རང་སྣང་ལྟར༔ གང་ལའང་ཆེད་འཛིན་དང་བདེན་ཞེན་མེད་པར༔ སྐད་ཅིག་སྔ་མའི་ཤེས་པ་ཕན་ཆད་ལ་དྲན་པས་རྗེས་སྙོགས་མི་བྱེད༔ ཕྱི་མ་ཕན་ཆད་ལ་རེ་དོགས་ཀྱིས་སྔོན་བསུ་མི་བྱེད༔ ད་ལྟར་གྱི་རིག་པ་སྐད་ཅིག་མ་ལ་དགག་སྒྲུབ་ཀྱིས་རྩིས་གདབ་མི་བྱེད༔ གང་ཤར་གྱི་རིག་པ་ལ་དེར་འཛིན་གྱིས་གཟོ་མེད་པར༔ ཆད་དེ༔ བུན་ནེ༔ སང་ངེ་༔ བདེན་མེད་ཀྱི་ངང་དུ་འགྲོ༔ ཉལ་འདུག༔ སྡོད་ལ་སོགས་པ་བྱེད་པའོ༔ དེའང་ཕྱི་སྣང་བ་སེམས་ཀྱི་འཁྲུལ་སྣང་ཡིན་པས་རྨི་ལམ་སྒྱུ་མ་དང་འདྲ་བར་ངོ་སྤྲད༔ ནང་དྲན་རིག་གློ་བུར་གྱི་རྐྱེན་སྣང་ཡིན་པས༔ བར་སྣང་གི་སེར་བུ་དང་འདྲ་བར་ཝལ་པོ་རྗེས་མེད་དུ་ངོ་སྤྲད༔ གསང་བ་སྐུ་དང་ཡེ་ཤེས་ཀྱི་འོད་གསལ་རིག་པའི་རང་གདངས་ཡིན་པས་བྱད་དང་མེ་ལོང་གི་གཟུགས་བརྙན་ལྟར་སྐྱེ་འགག་གནས་གསུམ་དང་བྲལ་བར་ངོ་སྤྲད༔ སྣང་སྲིད་གཞི་བྲལ་གྱི་དགོངས་པ་ཡེ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླའོ༔ དེ་ལྟར་རླུང་གི་གནད་ལ་བརྟེན་ནས་ནི༔ གདོད་མའི་གཞི་སྣང་ཟབ་མོའི་ངོ་སྤྲོད་ནི༔ ཨོ་རྒྱན་པདྨའི་བཀའ་དྲིན་བྱིན་རླབས་ལས༔ ཇི་ལྟར་བདག་གིས་རྟོགས་བཞིན་འདི་ཉིད་དུ༔ སྙིང་ཕྱུང་ལག་མཐིལ་ཉིད་དུ་བཀྲམ་པ་ཡིན༔ ཕྱི་རབས་སྐལ་ལྡན་རྣམས་དང་འདི་འཕྲད་ཤོག༔ རླུང་སྦྱོར་ཡེ་ཤེས་དྲ་བ་ཞེས་བྱ་བ༔ གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ༔ ཨོ་རྒྱན་རྫོང་དུ་དྲི་མེད་འོད་ཟེར་གྱིས༔ ཕྱི་རབས་དོན་དུ་སྣང་བར་བྱས་པ་ཡིན༔ ཨྠྀི༔ རྒྱ་རྒྱ་རྒྱཿ
ཟབ་ལམ་བདེ་ཆེན་རྒྱ་མཚོ།
ཟབ་ལམ་བདེ་ཆེན་རྒྱ་མཚོ་བཞུགས་སོ༔ ཤོག་སེར་སྐོར༔
ཟབ་ལམ་བདེ་ཆེན་རྒྱ་མཚོ་ཞེས་བྱ་བ༔ དཔལ་བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ༔ འདི་ལ་ཐིག་ལེ་བཅུ་དྲུག་ཏུ་ངོ་སྤྲད་པར་བྱ་སྟེ༔ དེ་ཡང་ཡས་བརྟན་གྱི་དགའ་བ་བཞི་དང་༔ མས་བརྟན་གྱི་དགའ་བ་བཞི་སྟེ་བརྒྱད་ལས༔ ཀུན་རྫོབ་ཀྱི་ཐིག་ལེ་བརྒྱད་སྣང་ཞིང་༔ དེ་ཉིད་རང་བཞིན་དག་པའི་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་བརྒྱད་དེ་བཅུ་དྲུག་གོ༔ འདི་ལ་དབབ་པ་དང་༔ བསྐྱིལ་བ་དང་༔ བཟློག་པ་དང་༔ དགྲམ་པ་དང་༔ ཡེ་ཤེས་ཆེན་པོར་ལ་བཟླ་བ་དང་ལྔ་ལས༔ དང་པོ་ནི་རྡོ་རྗེའི་ལུས་ལ་རོ་མ་རྐྱང་མ༔ ཀུན་དྷར་མ་གསུམ་ཀ་བ་ལྟར་གནས་པའི༔ སྤྱི་གཙུག་ན་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་བརྒྱ་དྲུག་ཅུ་རྩེ་མོ་བཀོད་པའི་ཞིང་ངོ་༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་བཅུ་དྲུག་སྟེ་རོ་རྣམས་འདུས་པའོ༔ སྙིང་ག་ཆོས་ཀྱི་འཁོར་ལོ་ན་སུམ་ཅུ་རྩ་གཉིས་ཏེ་དྲན་པ་རྣམ་བཀོད་དོ༔ ལྟེ་བ་སྦྲུལ་པའི་འཁོར་ལོ་ན་དྲུག་ཅུ་རྩ་བཞི་སྟེ་སྐྱེད་པར་བྱེད་པའོ༔ གསང་བ་བདེ་བ་མྱོང་བྱེད་ན་ཉི་ཤུ་རྩ་བརྒྱད་དེ༔ མྱོས་པར་བྱེད་པ་ནི་དགའ་བ་དང་ཡེ་ཤེས་དེ་དག་གི་ངོ་བོ་དབྱེར་མི་ཕྱེད་པའི་གཞི་ཡིན་པས༔ འཁོར་ལོ་བཞིར་མི་འདྲེན་ཀྱང་དོན་གྱིས་ཚང་བའོ༔ དེ་ལྟར་འཁོར་ལོ་བཞིའི་དབུས་ན༔ དབུ་མ་ཀ་བ་ལྟར་གསལ་བཏབ་ལ༔ ཧཱུཾ་ཞེས་འོག་རླུང་དྲག་ཏུ་འཐེན་པས༔ གསང་གནས་ན་དྭངས་མ་དཀར་དམར་མུ་ཏིག་གི་ཕྲེང་བ་ལྟར་ཡོད་པ༔ སྤྱི་བོར་དྲངས་ཤིང་སྦྱངས་པས༔ ཧཱུཾ་གི་ནུས་པ་བརྟན་ནས༔ འོག་རླུང་གྱེན་དུ་འདྲོངས་པ་དང་༔ སྟེང་རླུང་འོག་རླུང་དྲང་བའི་ཕྱིར༔ བདེ་སྐྱོང་འཁོར་ལོ་ན་ཨ་དམར་པོ་ལ་ཤེས་པ་གཏད་ལ༔ ཧི་ཞེས་སྟེང་རླུང་མཐུར་ལ་མནན་ཞིང་སྦྱངས་པས༔ འོག་སྒོ་ཐུར་སེལ་གྱི་ལམ་ལ་བརྟན་པ་ཐོབ་པའི་ཚེ་མཉམ་གནས་མ་ནིང་གི་རླུང་བཟུང་སྟེ༔ ཧ་ཞེས་མི་ཚོར་ཙམ་དུ་དབུགས་ཕྱི་ནས་ནང་དུ་དྲངས་ཏེ༔ སྙིང་གར་ཧཱུཾ་མཐིང་ག་ལ་ཤེས་པ་གཏད་པས༔ བར་རླུང་མཉམ་གནས་འབྱོངས་ཏེ༔ བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བསྐྱེད་དུས༔ ལུས་ཀྱི་རྩ་འཁོར་ཐམས་ཅད་རྒྱུ་མ་ཕུས་བཏབ་པ་བཞིན་དུ་བསམས་ལ༔ གསང་བ་ནས་
དྭངས་མའི་འགྲམ་བཟློག་སྦྱང་བ་ནི༔ སྔོན་འགྲོའོ༔ དངོས་གཞི་ནི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་ལ་མཉམ་པར་སྦྱོར་བས༔ རང་གི་དངས་མ་སྦྱོང་བ་དང་༔ ཕྱག་རྒྱའི་དྭངས་མ་འདྲེན་པ་གང་བྱེད་ཀྱང་འདི་བཞིན་བྱ་སྟེ༔ དང་པོ་ཡབ་ཡུམ་ལྷའི་སྐུར་བསྐྱེད་ལ་སྙོམས་པར་ཞུགས་དུས༔ བདེ་ཆེན་འཁོར་ལོ་ནས་བདེ་བ་མགོ་གཡོ་བ་ནི༔ དགའ་བའི་ཡེ་ཤེས་ཏེ༔ དེ་ཉིད་ཀྱི་ངང་ལ་དར་ཅིག་ཅེར་གྱིས་བལྟས་ལ་བདེ་སྟོང་གི་ངང་ལ་ཕྱམ་གྱིས་བཞག་གོ༔ དེ་ནས་ཅུང་ཟད་སྤྱོད་པས་མགྲིན་པར་བབས་དུས༔ ཡང་སྔ་མ་བཞིན་མཉམ་པར་བཞག་པ་ནི་མཆོག་དགའི་ཡེ་ཤེས་སོ༔ ཡང་ཅུང་ཟད་བསྲུབས་པ་ལ༔ སྙིང་གར་དགའ་བྲལ་དང་༔ གསང་བར་སླེབས་དུས་མི་བསྲུབས་པར༔ འོག་རླུང་དྲག་ཏུ་འཐེན་ལ་དྭངས་མ་བསྐྱིལ་པ་སྟེ༔ ནོར་བུའི་ནང་དུ་ཧཱུཾ་ལས་རྩེ་མོར་ཕཊ་ཀྱིས་བཀག་པར་བསམ་ཞིང་༔ བདུད་རྩི་རྒྱུ་བའི་རྩ་གཏེམས་ལ་བདེ་སྟོང་གི་ངོ་བོར་ཅེར་གྱིས་བལྟས་ལ༔ ཡུན་རིང་བར་མཉམ་པར་བཞག་པས༔ བདེ་སྟོང་གི་འཛིན་པ་རང་གྲོལ་ཏེ༔ གདོད་མའི་གནས་ལུགས་ཀ་དག་བདེ་བ་ཆེན་པོའི་ངང་ལ་གནས་པའོ༔ དེ་ནི་ཡས་བརྟན་གྱི་དགའ་བ་བཞི་སྟེ༔ རྣམ་པར་མི་རྟོག་པའི་ཆོས་ཉིད་ཡེ་ཤེས་ཀྱི་གནས་ལུགས་བཞི་དང་བཅས་པ་བརྒྱད་དོ༔ དེ་ནས་ཧཱུཾ་དྲག་ལ་རིང་བར་ཕྱག་རྒྱ་དང་མ་བྲལ་བར་གླིང་བཞི་རི་རབ་ཀྱི་ངོས་ལ་བསྡུས་ཏེ༔ མིག་ལྡོག་དར་པོ་ཆེ་བསྐྱོད་ལ༔ གསང་བ་ནས་འཁོར་ལོ་བཞིའི་རྩ་འདབ་རྣམས་ལས་རིམ་པ་བཞིན་གཅིག་ནས་གཅིག་ཏུ་འགེངས་ཤིང་ཡས་བརྟན་བཞིན་མཉམ་པར་བཞག་པས༔ བདེ་ཆེན་འཁོར་ལོའི་བར་མས་བརྟན་བཞིའོ༔ དེ་དག་ཀྱང་ཐིག་ལེའི་འགེངས་པ་བཞི་དང་༔ མཉམ་པར་གཞག་པའི་ཡེ་ཤེས་བཞི་སྟེ་བརྒྱད་དོ༔ དེ་ལྟར་བཅུ་དྲུག་ནི༔ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་ཞེས་བྱའོ༔ དེ་ནས་དགྲམ་པ་ནི༔ འོག་རླུང་སྟེང་དུ་དྲངས་པའི་ཧཱུཾ་རིང་གསུམ༔ སྟེང་རླུང་ཐུར་ལ་དྲངས་པའི་ཧི་རིང་གསུམ༔ བར་རླུང་མཉམ་པར་གཞག་པའི་ཧ་རིང་གསུམ་བརྗོད་
ནས་རྩེ་མོ་གཙུག་ཏོར་གྱི་ཕྱག་རྒྱས་གཡས་སུ་ཅུས་ཤིང་གཡོན་དུ་འཐེན༔ གཡོན་དུ་གཅུ་ཞིང་གཡས་སུ་འཐེན༔ མཉམ་པར་གཞག་པས་བྲང་ལ་གཟུགས༔ རྗེས་ལ་ནམ་མཁའ་རྣམ་གྲོལ་གྱིས༔ མ་སྐྱེས་མཉམ་པའི་ངང་ལ་གཞག༔ དམིགས་པས་མི་འགྲེམ་ནད་དུ་འགྲོ༔ དེས་ནི་ཐམས་ཅད་ཀུན་ཏུ་ཁྲེམས༔ ལྔ་པ་ཡེ་ཤེས་ཆེན་པོར་ལ་བཟླ་བ་ལ་གཉིས་ལས༔ དང་པོ་ཀ་དག་ཏུ་ལ་བཟླ་བ་ནི༔ ནམ་མཁའ་རྣལ་གྲོལ་ལ་སོགས་པའི་ལྟ་སྟངས་ཀྱིས༔ རླུང་འཇམ་པོར་རྒྱུ་བས་གང་ལ་ཡང་མི་རྟོག༔ ཅི་ལ་ཡང་མི་བསམ་པར་ནམ་མཁའ་དག་པའི་ངོས་སུ་བལྟས་ཏེ༔ གསལ་བ་བདེ་བ་སྟོང་པ་ཆེན་པོའི་ངང་ལ༔ ཇི་ཙམ་གནས་ཀྱི་བར་ལ་མཉམ་པར་གཞག་གོ༔ དེས་ནི་ཆོས་ཉིད་ཀ་དག་གི་ཡེ་ཤེས་སྐྱེའོ༔ གཉིས་པ་ལྷུན་གྲུབ་ཏུ་ལ་བཟླ་བ་ནི༔ སེང་གེ་དྲང་སྲོང་གླང་པོ་གང་རུང་གིས་འདུག་ལ༔ བདེ་བའི་ངང་དེ་ཉིད་ལས་འོད་གསལ་གྱི་སྣང་བ་ལ་མ་ཡེངས་པར་བལྟས་བས༔ བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་གདོད་མའི་ལྷུན་གྲུབ་ཅི་འདྲ་བ་འཆར་ངེས་སོ༔ དེ་ཉིད་གྲོལ་བའི་དུས་བསྟན་པ་ནི༔ དེ་ལྟར་རྒྱུན་དུ་གོམས་པས་རབ་ཚེ་འདིར་ལྷག་མེད་འགྲུབ༔ ཕལ་པས་བར་དོའི་ཡེ་ཤེས་ངོས་བཟུང་སྟེ་དེའང་ནམ་མཁའ་འོད་གསལ་ལ་ཐིམ་ནས་སྐད་ཅིག་མ་བཞིའི་ཡེ་ཤེས་འཆར་ཏེ༔ སྐད་ཅིག་མ་དང་པོ་ལ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་དྭངས་ལ་མི་གཡོ་བར་འཆར་རོ༔ གཉིས་པ་ཐོ་རངས་ཀྱི་སྐར་མ་ཤར་བ་ལྟར་གསལ་ལ་མི་རྟོག་པ་འཆར་རོ༔ གསུམ་པ་ཟླ་བ་ཤར་བ་ལྟར་སྔོན་བས་ཀྱང་གསལ་ལ་ཐིག་ལེའི་རྣམ་པ་གང་བར་འཆར་རོ༔ བཞི་པ་ཉི་མ་ཤར་བ་ལྟ་བུ་འོད་གསལ་ཕྱོགས་མཐས་གཏུགས་པ་ཀུན་ཏུ་འཆར་རོ༔ དེའི་ཚེ་རང་བཞིན་བརྒྱད་ཅུའི་རྣམ་རྟོག་དབྱིངས་སུ་ནུབ་སྟེ༔ སངས་རྒྱས་ཀྱི་ཡེ་ཤེས་འཆར་བས་སྐད་ཅིག་དང་པོ་ཀ་དག་ཏུ་སྦྱངས་པ་དང་གཉིས་འདྲེས་ནད་གྲོལ་ལོ༔ གཉིས་པ་དང་གསུམ་པ་བཞི་པ་རྣམས་སུ་ལྷུན་
གྲུབ་ལ་གོམས་པའི་ཉམས་དང་འདྲེས་ནས་གྲོལ་ལོ༔ དེའང་སྙིང་གར་སྟེང་འོག་གི་ཐིག་ལེ་དཀར་དམར་ཨ་ཧཾ་གཉིས་འཕྲད་དུས་འོད་གསལ་བཞི་འཆར་ཏེ༔ དང་པོ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ༔ ཞེ་སྡང་ལས་གྱུར་པའི་སུམ་ཅུ་རྩ་གསུམ་ནི་གཉིས་པར་འགགས་ལ༔ གསུམ་པར་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས་སོ༔ བཞི་པར་དེ་དག་གི་བག་ཆགས་མ་ལུས་པར་འགགས་ཏེ༔ རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་རོ༔ དེའི་ཚེ་བདེ་གསལ་རྣམ་པར་མི་རྟོག་པའི་རྟོག་པ་གསུམ་གྱི་དོན་གྱི་ཡེ་ཤེས་ལ༔ འོད་སྣང་གིས་བརྒྱན་པ་འཆར་བས༔ མངོན་སུམ་གྱི་སྣང་བ་དང་བདེ་སྟོང་གི་ཡེ་ཤེས་སྦྲེལ་ནས་སྒོམ་དགོས་ཏེ༔ ལྷུན་གྲུབ་ཀྱི་སྣང་བ་སྐར་མ་དང་༔ ཟླ་བ་དང་༔ ཉི་མ་ཤར་བ་ལྟ་བུ་ངོས་ཟིན་དགོས་པའི་ཕྱིར་རོ༔ ཡང་ཀ་དག་གི་སྣང་བ་དང་འབྲེལ་དགོས་ཏེ༔ སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ངོས་ཟིན་དགོས་པའི་ཕྱིར་རོ༔ འདིར་མཁའ་འགྲོ་སྙིང་ཏིག་ནི་བདེ་གསལ་མི་རྟོག་པའི་ཡེ་ཤེས་དེ་ལྟར་འདོད་ལ༔ བདེ་སྟོང་ཕྱག་རྒྱ་ཆེན་པོ་ལ་སོགས་ཕལ་པ་ནི༔ ཀ་དག་ལ་སོགས་པའི་སྣང་བར་མི་འདོད༔ རྟོག་མེད་ཕྱག་རྒྱ་ཆེན་པོ་ཅི་ཡང་མེད་པ་ལ་ངོས་འཛིན་ནོ༔ དེ་ནི་གནད་མ་གོ་བར་སྣང་ངོ་༔ ལུང་རིགས་མན་ངག་མང་སྟེ་འདིར་མ་སྤྲོས་སོ༔ དེས་ན་ཀ་དག་ལྷུན་གྲུབ་གཉིས་སུ་ལ་བཟླ་བ་མཆོག་ཏུ་གཅེས་སོ༔ གསུམ་པ་རྗེས་ནི༔ ཁམས་དྭངས་མ་གསོ་བའི་སྦྱར་བ་སྟེ༔ སྦྲུལ་ཤ་ད་བྱིད་རྩངས་པ་གསུམ༔ ཨ་ཝ་དབང་ལག་རྟག་ཏུ་ངུ་༔ ཀ་ར་བུ་རམ་སྦྲང་རྩི་གསུམ༔ གླ་རྩི་གྷི་ཧང་གུར་གུམ་གསུམ༔ ཤ་སྣ་གསུམ་ལ་གཞི་བྱས་ལ༔ སྔོ་སྣ་གསུམ་གྱི་སྤོད་བཏབ་སྟེ༔ མངར་སྣ་གསུམ་གྱིས་འདྲིལ་དང་ལྡན༔ སྨན་སྣ་གསུམ་གྱིས་ཁ་བསྒྱུར་བའི༔ རིལ་བུ་ལུག་གི་རིལ་མ་ཙམ༔ རེ་རེས་ཞག་བདུན་
དངས་མ་འཕེལ༔ ཡེ་ཤེས་རྒྱས་ཤིང་གཟི་བརྗིད་ཆེ༔ མཁལ་འགྲོ་འདུ་ཞིང་དངོས་གྲུབ་འཐོབ༔ ལས་ཀྱི་ཕྱག་རྒྱ་བསྟེན་དུ་རུང་༔ འདི་འདྲའི་གདམས་པ་སྙིང་དང་འདྲ༔ གཞན་ཡང་གྲིབ་ལ་ཤིན་ཏུ་གཟབས༔ གསང་ཞིང་བསྒྲུབ་པར་བྱ་བར་གཅེས༔ ཨེ་མ་ཧོ༔ མཁའ་འགྲོ་སྙིང་ཏིག་གསང་བའི་མན་ངག་ལས༔ བཅུད་ཀྱི་སྙིང་པོ་ཡང་ནས་ཡང་བསྡུས་པ༔ ཆུ་འདྲེན་ཆུ་འཐུང་ལ་སོགས་མན་ངག་གི༔ རྒྱབ་ཡིག་གསང་བ་སྙིང་དང་འདྲ་བ་འདི༔ དྲི་མེད་འོད་ཟེར་བདག་གིས་ལེགས་པར་བཀོད༔ གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ༔ མ་སྤེལ་ཤིན་ཏུ་དམ་པར་མཛོད༔ སྔགས་ཀྱི་བདག་མོ་སྲོག་སྒྲུབ་མས་སྲུངས་ཤིག༔ རྒྱ་རྒྱ་རྒྱཿ
འོད་གསལ་འཁོར་ལོ།
འོད་གསལ་འཁོར་ལོ་བཞུགས་སོཿ རིན་ཆེན་ཤོག་སེར་སྐོར༔
འོད་གསལ་འཁོར་ལོ་ཞེས་བྱ་བ༔ གདོད་མའི་མགོན་པོ་རྒྱལ་བ་འོད་ཀྱི་ཕུང་པོ་ཆེན་པོ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་སྙིང་ཏིག་གསང་བའི་མན་ངག་ལས༔ མངོན་སུམ་གནད་ཀྱི་མན་ངག་ཟབ་མོའི་དོན༔ གང་དང་མི་འདྲ་ཀུན་གྱིས་མ་རྟོགས་པའི༔ ཡེ་ཤེས་ལམ་བྱེད་འོད་གསལ་སྙིང་པོ་བརྗོད༔ འདི་ལ་དང་པོ་འོད་གསལ་ངོ་སྤྲད་པ་དང་༔ དེ་ཉམས་སུ་བླང་ཐབས་དང་༔ གེགས་སེལ་བ་གསུམ་ལས༔ དང་པོ་ནི་གནམ་དྭངས་པའི་ཚེ་ཉི་མ་ཟེར་ཉེའི་དུས་སུ༔ སྟན་བདེ་བ་ལ་གན་རྐྱལ་དུ་ཉལ་ཏེ༔ མིག་ཕྱེད་བཙུམ་རབ་ཏུ་ཟིམ་པར་བྱས་ཏེ་ཉི་མའི་ངོས་ལ་ཁྲུ་གང་གིས་མ་རེག་པའི་འོད་ཟེར་ལ་བལྟས་པས༔ དབྱིངས་ཀྱི་སྣང་བ་དྲ་བ་རིས་དང་༔ མིག་ཚགས་ཀྱི་རྣམ་པ་ལྟ་བུ་ཁྲུ་གང་ལས་ལྷག་པར་མཐོང་ངོ་༔ དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་སྦའི་ཕུབ་སྐོར་རམ༔ ཀོ་མོག་ལ་རྡོ་བསྐྱུར་བའམ༔ རྨ་བྱའི་མདོངས་འདྲ་བ་ཁ་དོག་ལྔ་ལྡན་གྱི་མུ་ཁྱུད་རབ་ཏུ་མང་པོས་བསྐོར་བའིི་དབུས་སུ༔ པདྨ་འདབ་མ་བཞི་ཡོད་པ་གཅིག་འཆར་རོ༔ དེའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་བ་བཀྲག་ཆེ་བ༔ ཚིག་མཚམས་སུ་ཐིག་ལེས་བརྒྱན་པ༔ གསེར་གྱི་སྐུད་པའམ༔ མུ་ཏིག་གི་དྲ་བ་དྲ་ཕྱེད་འདྲ་བ་འཆར་རོ༔ དེ་ཉིད་ལ་གཏད་ཅིང་ཉམས་སུ་བླངས་པས་དབྱིངས་རིག་གི་སྣང་བ་སྔར་བས་རབ་ཏུ་གསལ་ལོ༔ དེའང་ཟུར་ལ་འདབ་ཆགས་ཀྱི་ལྡིང་ཐབས་ཀྱིས་རབ་ཏུ་དལ་བར་ཁྲིད་དེ༔ ཉི་མ་མེད་པའི་ཕྱོགས་ཀྱི་ནམ་མཁའ་དང་༔ རི་ཁང་ཁྱིམ་ལ་སོགས་པ་དངོས་པོ་རགས་པ་རྣམས་ཀྱི་སྟེང་དུ་ཉམས་སུ་བླངས་པས༔ ཕྱིས་ཉི་མ་ལ་མི་ལྟོས་པར་དབྱིངས་རིག་གསལ་བ་ཡིན་ནོ༔ གཉིས་པ་ཉམས་སུ་བླང་ཐབས་ནི༔ ཁ་དོག་གི་བྱེ་བྲག་ལ༔ དམར་ཤས་ཆེ་བ་ལ་མཐོང་དུས་མིག་ཐུར་ལ་བལྟ་བ་གནད་དོ༔ དཀར་ཤས་ཆེ་ན་གཡས་སུ་ལྡོག༔ སེར་ཤས་ཆེ་ན་གྱེན་དུ་ལྡོག་གོ༔ ལྗང་ཤས་ཆེ་ན་གཡོན་དུ་བལྟའོ༔ མཐིང་ཤས་ཆེ་ན་དབུས་སུ་དྲིལ་ནས་བལྟའོ༔ ཁ་དོག་ལྔ་ལྡན་དུ་གསལ་
ན་གཟིགས་སྟངས་གང་ཡིན་ལས་མི་འགྱུར་བར་ལྟ་བ་གནད་ཡིན་ནོ༔ དབྱིངས་ལ་ཐིག་ལེའི་སྣང་བ་མ་མཐོང་ན་མིག་གཉིས་སྨིན་ཕྲག་ལ་མཉམ་པར་བལྟས་པས་མཐོང་ངོ་༔ རྩིབས་ཤར་དུ་མཐོང་དུས་རང་གི་མདུན་དུ་དྲིལ་ནས་བལྟའོ༔ གྱེན་འགྲེང་བ་ལ་ཐུར་ལ་དབབ་བོ༔ གྲུ་བཞི་ལ་གཡས་སུ་གཅུན་ནོ༔ ཟླུམ་པོ་ལ་གཡོན་དུ་གཅུན་ནོ༔ ཟླ་གམ་ལ་སྟེང་དུ་བལྟའོ༔ གྲུ་གསུམ་ལ་ཐུར་དུ་དབབ་ནས་བལྟའོ༔ ཡེ་ཤེས་ལྔའི་དབྱིངས་མཁར་ཐབས་ལ་སོགས་པའི་དུས་ན༔ དེ་ཉིད་གང་འདུག་གི་ཕྱོགས་དང་བསྟུན་ལ་ཉམས་སུ་བླང་ངོ་༔ དེ་ཡང་སྐྱེས་པས་མིག་གཡས་དང་༔ བུད་མེད་ཀྱིས་གཡོན་ནས་བལྟའོ༔ ཉིན་དུས་ན་ཕྱིའི་ཡུལ་ནམ་མཁའ་སྤྲིན་བྲལ་ལ༔ ནང་དབྱིངས་རྣམ་དག་གི་སྒྲོན་མ་འཇའ་ཚོན་གྱི་དབུས་སུ༔ ཐིག་ལེ་སྟོང་པའི་སྒྲོན་མའི་དབུས་སུ༔ རིག་པ་མི་འགུལ་བར་འཇོག་པ་ནི་གནད་ཡང་དག་པའོ༔ ལྟ་སྟངས་གསུམ་དང་གཟིགས་སྟངས་གསུམ་མ་གཅུན་ན་འཕེལ་མེད་པས་གཅུན་པ་གལ་ཆེའོ༔ དེའང་ལྟ་སྟངས་རེ་རེ་ལ་གཟིགས་སྟངས་གསུམ་གསུམ་དང་ལྡན་པའོ༔ དང་པོ་ལྟ་སྟངས་གཅིག་ལ་འདུག་ནས་ལུས་དྲང་སྲོང་ལྟ་བུའི་ངང་ནས༔ མདའ་སྲོང་བ་ལྟར་དྲང་པོར་བལྟས་པས༔ ལོངས་སྐུའི་གཟིགས་སྟངས་འདབ་ཆགས་ཀྱི་ལྡིང་སྟབས་ཀྱིས་འཕྲེད་ལ་དལ་གྱིས་ཁྲིད་དེ༔ ཐད་སོ་དང་༔ གཡས་གཡོན་དང་༔ སྟེང་འོག་གང་རུང་དུ་བལྟའོ༔ དེས་ནི་རིག་པ་དང་དབྱིངས་རྟག་ཏུ་གསལ་བའོ༔ རླུང་གི་གནད་ནི་རབ་ཏུ་དལ་བ་སྟེ༔ གཙོ་བོར་ཕྱིར་འཛིན་ལ་གོམས་ཤིང་༔ མ་ནིང་གི་སྦྱོར་བས་རླུང་ཁ་ནས་དལ་བུས་འགྲོ་འོང་ལ་བསླབ་བོ༔ དེའང་རླུང་བཅིངས་པས་རྟོག་པ་འཆིང་༔ དེས་དབྱིངས་རིག་གསལ་བའོ༔ ཡང་མིག་གི་གཟིགས་སྟངས་ཀྱིས་ཐིག་ལེ་ལ་སོགས་པ་སྣང་བའི་འོད་གསལ་འབྱོངས་ལ༔ རླུང་གིས་སྟོང་པའི་འོད་གསལ་ཤེས་རབ་རང་བྱུང་གི་སྒྲོན་མ་གསལ་བར་འབྱོངས་པའི་
དགོས་པ་ཡོད་དོ༔ དེ་དག་གིས་ཉིན་མོའི་རྣལ་འབྱོར་རོ༔ མཚན་མོ་ནི་ཟླ་བ་ལ་བལྟས་པས༔ ཉིན་དུས་མིག་མི་བདེ་བའི་སྨན་དམ་པའོ༔ མར་མེ་ལ་བལྟས་པས་བསིལ་དྲོད་སྙོམས་ཤིང་དབྱིངས་རིག་གསལ་བའོ༔ ཡང་རྒྱ་མཚོ་མཐེབ་མཛུབ་ཀྱིས་གཡས་ཟུར་ལ་གཏེམས་པས་ཐིག་ལེ་ཐིག་ཕྲན་དུ་འཆར་རོ༔ དེའང་མཐེབ་མཛུབ་ཀྱི་གྲངས་དང་མཉམ་པའི་ཐིག་ལེ་མཐེབ་གང་པ་རྣམས་སྣང་ངོ་༔ དེ་ལྟར་ཉིན་དུས་སུ་འང་བསླབས་པས་འཕེལ་གོ་ཆེ་བར་སྣང་ངོ་༔ གཞན་ཡང་ལུས་དྲང་སྲོང་ལྟར་བྱས་ཏེ༔ མུན་པ་ནག་པོར་བྱེད་བཙུམ་རབ་ཏུ་ཟིམ་པས་མ་འགུལ་བར་བལྟས་ན༔ ཞག་གསུམ་ན་ནང་ཐམས་ཅད་དུ་འོད་གསལ་གྱི་སྣང་བས་ཁྱབ་པར་འགྱུར་རོ༔ འདིའི་དུས་སུ་རླུང་དལ་བས་འཕངས་ཤིང་གཡོ་བྱེད་ཀྱི་རྟོག་པ་གཟིར་བ་གནད་གལ་པོ་ཆེའོ༔ དེའང་ཆུའི་སྒྲོན་མ་མེ་ལོང་དང་འདྲ་ལ༔ འོད་གསལ་རྣམས་གཟུགས་བརྙན་འཆར་བ་འདྲ་བས༔ གཏེམས་པ་དང་དྭངས་སུ་འཇུག་པ་གཉིས་ཀ་ལས་འོད་སྣང་འཆར་བ་ཡིན་ནོ༔ དེའང་དྭངས་སུ་འཇུག་པ་ནི་གནད་ཡང་ཟབ་གལ་པོ་ཆེ་ཡིན་ལ༔ ལྷའི་སྐུ་ཐིག་ལེ་ཐིག་ཕྲན་དུ་སྣང་ནས༔ ཉིན་མཚན་ཁ་སྦྱོར་དུ་སྣང་བས་བར་མཚམས་མེད་དོ༔ འདི་ནི་བདག་གིས་ཟབ་པའི་ཡང་ཟབ་འོད་གསལ་གྱི་གནད་དམ་པར་མཐོང་ནས་སྨྲས་པའོ༔ མཚན་མོའི་རྣལ་འབྱོར་བསྟན་ཟིན་ཏོ༔ གསུམ་པ་གེགས་སེལ་ནི༔ མིག་མི་བདེ་བ་བཅོས་པ་སྟེ༔ དེའང་སྨན་སྦྱོར་གྱིས་ནང་ནས་གསོ་བ་དང་༔ གསོ་དཔྱད་ཀྱིས་ཕྱི་ནས་བཅོས་པ་གཉིས་ལས༔ དང་པོ་ནི༔ རྩ་ཨ་བ༔ གོ་སྙོད༔ ལྕ་བ༔ ར་མོ་ཤག་གི་རྩ་བ་རྣམས་བ་དམར་མོའི་འོ་མ་ཕུལ་བཅུ་དྲུག་ཏུ་བསྡུས་ལ༔ ཐིམ་པར་བྱེད་ཏེ༔ ཚ་བ་ཤས་ཆེ་བ་ལ་བཟང་དྲུག་ཐུན་རེ༔ གྲང་བ་ཤས་ཆེ་ན་བུར་དཀར། སྙོམས་ན་སེང་ལྡེང་དང་ཙནྡན་གྱི་ཕྱེ་མ་དྲུག་ཁྱོར་གང་བཏབ་པ་ལས༔ བྱ་མོ་ནང་མོའི་སྒོ་ངའི་སེར་མོ་དང་སྦྱར་ཏེ༔ མཛོ་མོའམ་བ་གསར་མའི་མར་
ལོ་གྲངས་དང་མཉམ་པའི་སྲང་ཚད་དུ་ཞུན་མར་དང་སྦྱར་ཏེ༔ ཚེས་བཅུ་དྲུག་གི་དུས་ན་ཁམ་བུ་རེ་ཟོས་པས༔ མིག་སྔར་མི་གསལ་བ་ཕྱེད༔ ཕྱིས་འགྲི བ་མི་སྲིད་དོ༔ ཡང་སྦྲུལ་ཤ༔ ཨ་བ ༔ སྔོ་རྟག་ཏུ་ངུ་༔ འབྲས་བུ་གསུམ༔ དབང་པོ་ལག་པ་རྣམས་སྦྲང་མར་ལ་སྦྱར་ཏེ་ཟོས་ན༔ མིག་གསལ་ཞིང་རྣོ་བར་འགྱུར་རོ༔ གཉིས་པ་ནི་མིག་ཚག་པ་དང་༔ ཚ་བ་དང་༔ འབྱར་བ་དང་༔ འགྲིབས་པ་ལ༔ མཚལ་དཀར༔ སྤང་མ༔ མཐིང་ཞུན་གསུམ་མཉམ་པ་ལ༔ ཁྱེའུ་འོ་འཐུང་གི་འོ་མ་དང་སྦྱར་ལ་བྱུགས་པས་སེལ་ལོ༔ ཡང་ཚ་བ་ཤས་ཆེ་བས་དཔྲལ་བའི་མིག་རྩ་འཕྲེད་ཉལ་གྱི་སྟེང་དུ༔ ག་པུར་དང་༔ ཙནྡན་དཀར་པོའི་ལྡེ་གུས་བྱུགས༔ གྲང་ཤས་ཆེ་ན༔ རྒྱ་ཚ༔ རྒྱམ་ཚ༔ ཁ་རུ་ཚྭའི་ལྡེ་གུས་བྱུག་ག༔ོ ཡང་སྐྱེར་པའི་ཁནྡྲ་དང་༔ གཟི་ནག་ཁྲ་རྙིང་པའི་ཕྱེ་མ་དང་༔ བྱ་མོ་ནག་མོའི་སྒོ་ངའི་སེར་པོོ་གསུམ་རའི་འོ་མ་ལ་སྦྱར་ཏེ༔ ཚེས་གཅིག་གནམ་སྟོང་༔ ཉའི་ནངས་པར་སྔ་མོར་ཆུ་གྲང་མོས་བཀྲུས་ལ༔ བྱུགས་ན་མིག་གསལ་ལ༔ ཡང་རྡོ་སྦུར་ལེན་གྱི་ཕྱེ་མ་སྦྲང་དཀར་གྱིས་སྦྱར་བ་བྱུགས་ན་སྐྱ་རིབ་ལ་སོགས་འགྲིབས་པ་ཀུན་སེལ་ལོ༔ ཡང་ཤེལ་དང་༔ ཐོད་ལེ་ཀོར་དང་༔ ག་པུར་དང་༔ གླ་རྩི་རྣམས་ཁྱེའུ་ནུ་འཐུང་གི་འོ་མ་ལ་སྦྱར་ཏེ་བྱུགས་ན༔ འོད་གསལ་འཕེལ་ལ༔ ཡང་རྡོ་སྨུག་པོ་སྦལ་རྒྱབ་དང་༔ རམ་པའི་རྩ་བ་དང་༔ ཞུམ་ཐིག་ལེ་དང་༔ ས་རམ་རྩི་རྣམས་ཁྱེའུ་ནུ་འཐུང་གི་འོ་མ་ལ་སྦྱར་ནས་བྱུགས་པས་མིག་འགྲིབས་པ་ཡང་ཞག་བདུན་ན་ཕྱེད་དོ༔ ཡང་རག་ཐལ་དང་༔ ཐོད་ལེ་ཀོར་གཉིས་འོ་སྤྲིས་ལ་སྦྱར་ཏེ༔ བྱུགས་ན་སྐམ་ཚག་དང་༔ དམར་ཚག་དང་༔ སྐྱ་རིབ་སེལ་ལོ༔ མཚན་མོ་ལྟག་ཁུང་དུ་མར་གསར་པའི་བྱུགས་པ་ལྟེ་ཁུང་དང་གཉིས་སུ་བྱས་པས་མིག་ཤེད་ཆེ་ཞིང་སྐམ་ཚག་སེལ་ལོ༔ གོ་སྙོད་དང་༔ གླ་རྩིའི་ཆུས་
དགོངས་མོ་ལྟེ་ཁུང་དུ་བྱུགས་ན་གངས་ལ་ཕྱིན་ཀྱང་མིག་མི་ཕྱིད་དོ༔ ཡང་ཞོགས་པ་ལག་མཐིལ་གཉིས་ཀྱིས་མིག་འཕུར་ཏེ་ཆུས་བཀྲུས་པས༔ སྒྲིབ་ཤ་བཅད་པ་སྟེ་སྐྱ་རིབ་སེལ་ལོ༔ ལྟོ་སྟོང་དུས་ལ་ཟན་དྲོན་མར་ཅན་གྱིས་མིག་ལ་རླངས་པ་བདུགས་ལ༔ ཨཱོཾ་སྲིན་ལོང་ཉེར་གཅིག་བརྗོད་ནས་ཟོས་པས་ཤ་འཛེར་ཞིའོ༔ ཡང་གླ་རྩི༔ ཀ་ར༔ ཅུ་གང་༔ ཞུམ་ཐིག་ལེ་རྣམས་བཏབ་ནས༔ ཨཱོཾ་ལྷིང་ལྷིང་ཐོག་ཐོག་ཨ་ཙ་ལེ་སྭཱཧཱ༔ ཞེས་བརྒྱ་རྩ་གཅིག་བཟླས་པ་བཏབ་ནས༔ ཕུག་རོན་གྱི་དང་སྒྲོས་བྱབས་པས་ལིང་ཐོག་སེལ་ལོ༔ ཨཱོཾ་ཡ་མ་ཏན་ཏིང་སྭཱཧཱ༔ བདུན་གྱིས་མིག་ཏུ་རྡུལ་སོང་བ་འབྱིན་ནོ༔ ཡང་དུས་གཉན་ལ་མིག་ལ་ཟན་མཐེབ་སྐྱུ་བརྒྱ་རྩ་རེ་སྒྲེས་པ་བོར་བས༔ ལོང་བར་མི་འགྱུར་རོ༔ གཞན་ཡང་རྩ་ཨ་བ༔ ཅུང་ཞི༔ བྲག་ཞུན༔ སྦྲ྄ུལ་སྔོན་པོའི་ཤ༔ འབྲས་བུ་གསུམ༔ དོམ་མཁྲིས༔ ཁྱི་ནག་གི་མཁྲིས་པ༔ དྲེའུའི་མཁྲིས་པ༔ རྟའི་མཁྲིས་པ༔ མིའི་མཁྲིས་པ༔ འུག་པའི་མཁྲིས་པ༔ སྔོ་རྟག་ཏུ་ངུ་རྣམས་སྦྲང་དཀར་དང་སྦྱར་ཏེ༔ ལྟོ་སྟོང་ལ་དུམ་རེ་ཟླ་བ་གསུམ་ཟོས་ན༔ ཤའི་སྤྱན་དང་ལྡན་ཞིང་འོད་སྣང་འཕེལ་ལོ༔ སྲིན་བུ་མེ་ཁྱེར༔ ལྷང་མ་ལྷང་རྩེ་གཉིས་བྱ་ནག་གི་སྒོ་ངའི་སེར་པོ་ལ་སྦྱར་ཏེ༔ མིག་གི་སྟེང་དུ་གླན་ཞིང་༔ ༀ་ཆེན་ཀོང་ཆེན་བྷ་ཧ ན་ཞུ་ཆེན་ཞུ་ཧན་སྒ་མེ་སྟོན་ཡང་༔ ཞེས་བཟླས་ན༔ འོད་སྣ་ཚོགས་སུ་འཆར་ཞིང་འོད་ཀོར་ཕུབ་ཙམ་དུ་འཕེལ་ཏེ་འཆར་རོ༔ དེ་ལྟར་མིག་ལ་ཕན་པའི་ཐབས་མཆོག་ཏུ་གྱུར་པ༔ ནང་དུ་སྨན་མར་སྦྱར་ནས་ཟ་ཞིང་༔ ཕྱིར་སྨན་རྣམས་གང་འོས་སྐབས་སུ་བྱུགས་ལ༔ འོད་གསལ་སྒོམ་པའི་ཐབས་འབའ་ཞིག་ལ་འབད་དོ༔ དེའང་སྤྱོད་ལམ་ངལ་དུབ་རླབས་པོ་ཆེ་དང་༔ མི་ཐེག་པ་འདེགས་འཇོག་མི་བྱ༔ དུས་བཞི་ལོག་པའི་ཟས་གོས་དང་༔ སྤྱོད་ལམ་སྤང་ངོ་༔ དབྱར་ནི་རིི་རྩེའམ༔ གངས་འདབས་ལ་སོགས་
པ་དྭངས་ཤིང་མཐོ་བའི་སར་བསྒོམ༔ དགུན་ནི་ས་ཕུག་དང་ནགས་ཁྲོད་ལ་སོགས་པ་དྲོ་ཞིང་འཐིབས་པའི་སར་བསྒོམ༔ དཔྱིད་ནི་རི་ངོགས་དང་མཚོ་གླིང་ལ་སོགས་པ་དགའ་ཞིང་སྤྲོ་བའི་སར་བསྒོམ་མོ༔ སྟོན་ནི་སྨན་ལྗོངས་དང་༔ ཆུ་ཀླུང་གི་འགྲམ་དང་༔ རིའི་སྟེང་ལ་སོགས་པ་ཤིན་ཏུ་ཡིད་དང་མཐུན་པར་བསྒོམ་མོ༔ དེ་ཡང་ཕྱི་ནང་རྟེན་འབྲེལ་གཅིག་པའི་ཕྱིར་རོ༔ དེ་དག་ཏུ་དགུན་ཟླ་བ་གསུམ་དང་༔ དཔྱིད་ཟླ་བ་དང་པོར་གླང་པོའི་ལྟ་སྟངས་གཙོ་བོར་བྱའོ༔ དཔྱིད་ཟླ་འབྲིང་པོ་ནས་དབྱར་ཟླ་འབྲིང་པོའི་བར༔ ཟླ་བ་བཞིར་སིང་ཞིང་བསིལ་བའི་སྦྱོར་བས༔ དྲང་སྲོང་གི་འདུག་སྟངས་ལ་གཙོ་བོར་སློབ་བོ༔ དེ་ནས་སྟོན་ཟླ་གསུམ་སྟེ༔ ཟླ་བ་བཞིར་དབྱིངས་རིག་གསལ་བས་སེདྒེའི་འདུག་སྟངས་གཙོ་བོར་བྱའོ༔ ཉིན་མཚན་གཅིག་གི་དབང་དུ་བྱས་ན་སྔ་དྲོ་གླང་པོའི་འདུག་སྟངས་བྱའོ༔ གུང་ལ་སེདྒེ་དང་༔ ཕྱི་དྲོ་དྲང་སྲོང་གིས་གནས་པར་བྱའོ༔ སྲོད་ལ་དྲང་སྲོང་དང་༔ གུང་ལ་གླང་པོའི་འདུག་སྟངས་དང་༔ ཐོ་རང་སེདྒེའི་འདུག་སྟངས་ཀྱིས་རིག་པ་གསལ་སྟོང་དུ་བསྒོམ་པའོ༔ དེ་ཡང་སྲོད་ལ་གཏུམ་མོ་བསྒོམ་སྟེ༔ ལྟེ་འོག་གི་རམ་ལས་མེ་འབར་བས༔ ལུས་ཕྱི་ནང་མེ་དཔུང་དུ་བསམས་ལ༔ རླུང་ཁ་སྦྱོར་དུ་གཟུང་ངོ་༔ གུང་ལ་གླང་པོ་ཆེ་ནི་སངས་རྒྱས་མྱ་ངན་ལས་འདས་པའི་ཉལ་ལུགས་ཀྱིས༔ སྙིང་ནང་དུ་འོད་གསལ་ལྔ་ལྡན་ལ་ཤེས་པ་བཟུང་ལ་ཉལ་ལོ༔ ཐོ་རངས་ལངས་ཏེ་སེདྒེའི་ལྟ་སྟངས་ཀྱིས་ནམ་མཁའ་ལ་རླུང་ཕྱིར་གཟུང་ལ༔ ཤེས་པ་གསལ་སྟོང་གི་ངང་ལ་ཕྱམ་གྱིས་གཞག་གོ༔ རྣམ་རྟོག་འཕྲོ་ན་གཞུ་གང་གི་ནམ་མཁར་ཨ་དཀར་པོ་ལ་ཤེས་པ་གཏད་ལ༔ རླུང་ནང་དུ་ཅུང་ཟད་བཟུང་སྟེ་མིག་མི་འགུལ་བར་བདེ་གསལ་སྟོང་པའི་རང་བཞིན༔ ཤེས་རབ་རང་བྱུང་གི་སྒྲོན་མ་ཟིན་པར་འགྱུར་རོ༔ ཐབས་འདི་དག་ནི་ཤིན་ཏུ་གསང་བ་ཆེན་པོ་ཡིན་པས༔ སྐལ་ལྡན་གཅིག་ལས་མང་བར་
མི་སྤེལ་ལོ༔ འབྲས་བུ་ནི་མྱུར་དུ་ལྷག་མེད་འགྲུབ་པའོ༔ ཨེ་མ་ཧོ༔ ཆོས་ཀུན་མཐར་ཐུག་སྙིང་པོའི་བཅུད་ཕྱུང་བ༔ ཡང་ཟབ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ༔ མཁའ་འགྲོ་སྙིང་ཏིག་རབ་གསང་མན་ངག་ནི༔ གང་ལ་སྣང་བ་ཚེ་གཅིག་སངས་རྒྱས་ཡིན༔ ཤིན་ཏུ་ཟབ་པའི་ཡང་ཟབ་སྙིང་ཏིག་ལ༔ སྙིང་ཕྱུང་ལག་མཐིལ་དག་ཏུ་བཀོད་པ་འདི༔ ཨོ་རྒྱན་པདྨའི་དགོངས་གཏེར་སྙིང་པོ་ལས༔ ཤར་ཕྱོགས་འབྲས་བུ་སྨིན་པའི་སྙིང་པོ་སྟེ༔ ཀུན་ལས་འཕགས་པའི་ཚུལ་འདི་བདག་ལ་བབས༔ གངས་རི་ཐོད་དཀར་མགུལ་དུ་ཡང་ཟབ་གནད༔ འོད་གསལ་འཁོར་ལོ་ལེགས་བཀོད་སྦས་པའི་དོན༔ ཕྱི་རབས་སྐལ་ལྡན་རྣམས་དང་འཕྲད་པར་ཤོག༔ འོད་གསལ་འཁོར་ལོ་ཞེས་བྱ་བ༔ པདྨ་ལས་འབྲེལ་རྩལ་གྱིས་ཕྱི་རབས་ཀྱི་དོན་དུ་བཀོད་པ་རྫོགས་སོ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ དགེའོ༔ ཿ
རིན་ཆེན་ཤོག་སེར་སྐོར༔ གཞི་སྣང་ངོ་སྤྲོདཿ
རིན་ཆེན་ཤོག་སེར་སྐོར༔ གཞི་སྣང་ངོ་སྤྲོདཿ
གཞི་སྣང་ངོ་སྤྲོད་ཅེས་བྱ་བ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ འདི་ལ་གཞི་རང་ངོ་སྤྲད་པ༔ ལམ་ཉམས་སུ་བླང་ཚུལ༔ འབྲས་བུ་གྲོལ་ཚད་བསྟན་པ་དང་གསུམ་ལས༔ དང་པོ་ནི་གདོད་མའི་ཀ་དག་ཆེན་པོ་ཞེས་བྱ་བ་འཁོར་འདས་གང་དུ འང་མ་ཕྱེ་བའི་སྔོན་རོལ་ན་གནས་པ་སྟེ༔ ཡུལ་ཆོས་ཀྱི་དབྱིངས་རང་བཞིན་གྱི་གནས་རྣམ་པར་དག་པ་སྟོང་ལ་སྤྲོས་པ་དང་བྲལ་བ༔ གསལ་ལ་ངོས་གཟུང་དང་བྲལ་བ༔ རིག་ལ་རྟོག་པ་དང་བྲལ་བ་སྟེ༔ དཔེ་སྟོན་ཀའི་ནམ་མཁའ་དྭངས་པ་ལ་མཉམ་པར་བཞག་དུས་ཀྱི་ཤེས་པ་ལ་ངོ་སྤྲོད་དོ༔ དེ་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ནི་གདོད་མའི་ཀ་དག་གི་ངང་ལས་ཕྱི་གསལ་དུ་ཤར་བ་སྟེ༔ དེ་ཡང་ངོ་བོ་སྟོང་ལ་རང་བཞིན་གསལ་བ༔ ཐུགས་རྗེ་རིག་པའི་གདངས་དང་བཅས་པ་སྣ་ཚོགས་སུ་སྣང་ལ༔ དེར་འཛིན་རགས་པ་དང་བྲལ་བ་སྟེ༔ དཔེ་ནམ་མཁའ་དྭངས་པ་ལ་འཇའ་ཚོན་ཤར་བའམ༔ ཟ་འོག་གི་བེར་ཆེན་ལ་ངོ་སྤྲད་དོ༔ དེ་ནས་གཞི་སྣང་ཆེན་པོ་ནི༔ ལྷུན་གྲུབ་རིན་པོ་ཆེའི་སྣང་བའི་རྗེས་ལ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཞི་ཁྲོའི་ཞིང་ཁམས་སུ་སྣང་བ་སྟེ༔ དེ་ཡང་གསལ་བ༔ འཚེར་བ༔ ལྷུན་སྡུག་པ༔ འོད་ཟེར་འཕྲོ་བ༔ རྒྱ་ཆེ་བ༔ དཔངས་མཐོ་བ༔ རྩེ་མོ་ཡངས་པ༔ སྟུག་པོ་བཀོད་པ༔ བདེ་བའི་ཞིང་སྣང་ཆེན་པོ་སྟེ༔ དཔེ་ནམ་མཁའ་ལ་ཞི་ཁྲོའི་དཀྱིལ་འཁོར་ཤར་བ་ལ་ངོ་སྤྲད་དོ༔ དེ་ནས་ལོངས་སྐུའི་སྣང་བ་ནི༔ སྣང་བ་དེ་ཉིད་ལས་ཕྱོགས་ཀུན་ཏུ་རིགས་ལྔའི་ཞིང་ཁམས་སུ་སྣང་བ་སྟེ༔ དེའང་ཡར་ལོངས་སྐུའི་ཞིང་ཁམས་སྣང་བ༔ ཐད་ཀ་རང་བཞིན་སྦྲུལ་སྐུའི་ཞིང་ཁམས་སྣང་བ༔ མར་འགྲོ་བ་རིགས་དྲུག་གི་འཇིག་རྟེན་འགྲོ་བ་འདུལ་བ་སྦྲུལ་པའི་སྐུ་ཐུབ་པ་དྲུག་དང་༔ མ་དག་པ་སྤྲུལ་པའི་སྐུའི་སྣང་བ༔ སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་སྣ་ཚོགས་ཐོས་ཀྱང་༔ རགས་པར་འཆར་བའི་རྟོག་པ་མེད་པ་སྟེ༔
དཔེ་ནམ་མཁའི་དཀྱིལ་ན་འོད་ཚོམ་བུར་སྣང་དུས་སྒྲ་སྐད་སྣ་ཚོགས་སུ་སིལ་སྙན་འཁྲོལ་བ་ལ་ངོ་སྤྲོད་དོ༔ དེ་ནི་གཞི་མཚོན་ཚུལ་དུ་བཤད་པའོ༔ གཉིས་པ་ལ་ཉམས་སུ་བླང་ཚུལ་དུ་བཤད་པ་ནི༔ དང་པོ་གནས་དབེན་པ་དྭངས་ཤིང་མཐོ་བའི་སར༔ སྟོན་ཀའི་ནམ་མཁའ་དྭངས་ཤིང་སྤྲིན་མེད་པ༔ རང་བཞིིན་གྱིས་འོད་གསལ་བའི་དུས་ལྟ་བུ་ལ༔ གན་རྐྱལ་ལམ་དྲང་སྲོང་ཙོག་པུའམ༔ རྡོ་རྗེ་སྐྱིལ་ཀྲུང་ངམ༔ སེདྒེ་ལྟར་བྱས་ལ་དབུགས་བར་སྣང་ལ་ཕུལ༔ རིག་པ་ནམ་མཁའི་དཀྱིལ་དུ་གཏད་དེ༔ སེམས་མི་གཡོ་མི་འགུལ་བར་ཅེ་རེ་བལྟས་པས༔ ཤེས་པ་དྭངས་ལ་འོད་གསལ་བ་ནམ་མཁའ་དག་པ་དེ་ཁོ་ན་འདྲ་བའི་ཉམས་སྣང་འཆར་རོ༔ དེ་ཉིད་ཀྱི་ངང་ལ་རྟག་ཏུ་མཉམ་པར་གཞག་ཅིང་༔ བྱིང་རྒོད་དང་བྲལ་བར་ཉམས་སུ་བླངས་པས༔ གདོད་མ་ཀ་དག་གི་དོ ན་ལ་རིག་པ་ཡིན་ནོ༔ དེའི་ཚེ་སྤྱན་དང་མངོན་པར་ཤེས་པའི་ཡོན་ཏན་ཡང་འཆར་བར་ངེས་སོ༔ ཡང་དབེན་ཞིང་ཡིད་དང་མཐུན་པར་ཞི་བའི་ཏིང་ངེ་འཛིན་སྔ་མ་བཞིན་བསྒོམས་པ་ལས༔ ཁྱད་པར་དུ་འཇའ་ཚོན་ཤར་བའམ་ཟ་འོག་གི་བེར་ཁྱིམ་བར་སྣང་ལ་བཀྲམ་ནས༔ ལུས་གནད་སྔ་མ་ལྟར་བྱས་ལ༔ རིག་པ་འཇའ་ཚོན་གྱི་ནང་དུ་གཏད་ནས་བསྒོམས་པས༔ གསལ་ལ་མི་རྟོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེའོ༔ འདིའི་ཚེ་ཤེས་པ་རང་བཞིན་གྱི་འོད་གསལ་བའི་ཉམས་འཆར་རོ༔ ཡང་གཞི་སྣང་ཆེན་པོའི་བླང་ཚུལ་ནི༔ ཤིན་ཏུ་དབེན་པར་ཞི་ཁྲོའི་བྲིས་སྐུ་ཡོལ་བ་འཇའ་ཚོན་རིས་ཀྱི་ནང་དུ་བཀྲམ་ལ༔ ཚེ་འཛིན་བཀྲམ་ཞིང་༔ ཏིང་ལ་སོགས་པ་འོད་ཅན་བཀྲམ་ལ༔ མེ་ལོང་གི་ངོས་ལ་བལྟས་པས༔ བར་སྣང་དག་པའི་ངོས་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་འོད་ཟེར་ཐིག་ལེ་ཐིག་ཕྲན་གྱིས་བརྒྱན་པའོ༔ དེ་ཉིད་ལ་མིག་དང་ཤེས་པ་མ་འགུལ་བར་ཉམས་སུ་བླངས་པས༔ ཤེས་པ་ལྔ་ལྡན་ཚོམ་བུའི་སྣང་བ་ལ་རང་ས་ཟིན་ཏེ༔ གསལ་སྟོང་སྤྲོས་པ་དང་བྲལ་བའི་ཉམས་དང་༔ ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་ངེས་པ འོ༔ ཡང་ལོངས་སྐུའི་སྣང་བ་ཡང་དེ་དང་འདྲ་བ་ལས༔ སིལ་སྙན་གྱི་ཕྲེང་བ་འཁྲོལ་ཞིང་༔ འགྲོ་དྲུག་གི་ཞིང་སྣང་བྲིས་པ་
འོག་ཏུ་བཀྲམ་པ་ལ་བལྟའོ༔ དེའི་ཚེ་ཤེས་པ་རྩེ་གཅིག་ཏུ་མཉམ་པར་གཞག་པས༔ ཚོགས་དྲུག་མ་འགགས་གསལ་ལ་མི་རྟོག་པའི་ཏིང་ངེ་འཛིན་གདོད་མའི་གཞིི་ཅི་འདྲ་བ་འཆར་ངེས་སོ༔ དེ་ཐམས་ཅད་ཀྱི་སྐབས་སུ་རང་སྣང་གི་ཤེས་པས་དྲན་པ་མཆོག་ཏུ་གཅེས་སོ༔ ལམ་མཚོན་ཚུལ་ལོ༔ གསུམ་པ་འབྲས་བུའི་གྲོལ་ཚུལ་ནི༔ བརྩོན་འགྲུས་རབ་ལ་ཚེ་འདི་ཉིད་ལ་སྣང་ཞིང་༔ ཕལ་པ་རྣམས་ལ་བར་དོར་འཆར་ཏེ༔ དེའང་རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་སྐབས་སུ་གསལ་དྭངས་ཆེན་པོ༔ གདོད་མའི་ནམ་མཁའ་ཇི་འདྲ་བ་འཆར་ཏེ༔ སྔར་གདོད་མ་ཀ་དག་གི་གྲོལ་གཞི༔ ནམ་མཁའ་དག་པ་ལ་ཉམས་སུ་བླངས་པའི་དུས་ཀྱི་གདམས་པ་ངོ་ཤེས་པ་ཙམ་གྱིས༔ གདོད་མའི་གཞི་ལ་ཟང་ཐལ་དུ་གྲོལ་ལོ༔ ཁ་ཅིག་སྣང་བ་འདི་འོད་གསལ་དུ་བཞེད་པ་ལྟར་ན༔ ཞི་བ་ཆོས་ཀྱི་སྐུའི་འོད་གསལ་སྐད་ཅིག་དང་པོ་ཞེས་རིག་པར་བྱའོ༔ གཞན་དུ་ནི་ཁ་དོག་མེད་པས༔ སྣང་བའི་འོད་གསལ་མ་ཡིན་ནོ༔ འདི་ཉིད་སྟོང་པའི་འོད་གསལ་ཞེས་བྱའོ༔ འདིའི་རང་སྣང་མཆེད་པ་ནི༔ དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པ་སྟེ༔ རང་གི་མིག་ནས་ཐུགས་རྗེ་རྒྱུན་གྱི་ཟེར་ཐག་ཤར་བ་ལ་རིག་པ་གཏད་པས་ཀྱང་གྲོལ་བ་ཡོད་དོ༔ དེའི་ཟེར་ཐག་ལས་ཁ་དོག་གཟུགས་ཀྱི་འོད་གསལ་དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་དུ་འཆར་ཏེ༔ དེ་ཚེ་སྔར་ལྷུན་གྲུབ་ཀྱི་སྣང་བ་གོམས་པའི་གདམས་པ་རང་ངོ་ཤེས་པར་བྱའོ༔ དེ་ལྟར་རང་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ༔ དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ནི༔ ལོང་སྐུའི་ཞིང་སྣང་ཞི་ཁྲོའི་སྣང་བ་འཆར་ཏེ༔ སྐད་ཅིག་དང་པོ་ལ་ཁྲོ་བོའི་སྣང་བ་སྒྲ་འོད་ཟེར་གསུམ་དུ་འཆར་དུས༔ སེདྒེའི་གསོབ་ལྟར་མཚང་ཕུགས་ནས་རིག་སྟེ༔ རང་སྣང་དུ་ཤེས་པས་ཁྲོ་བོའི་སྐུར་གྲོལ་ལོ༔ དེ་ནས་ཞི་བ་ཚོམ་བུ་ལ་སྔར་གྱི་གཞི་སྣང་གི་དུས་སུ་བསྒོམས་པའི་གདམས་པས༔ རང་སྣང་འོད་གསལ་དུ་ཤེས་པ་ཙམ་གྱིས་གྲོལ་ལོ༔ དེ་ནས་ཡེ་ཤེས་ཟུང་འཇུག་ལ་ཐིམ་པ་དང་༔ ཟུང་འཇུག་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་པའི་ཚེ༔ སྔར་ལོངས་སྐུའི་སྣང་བ་ལ་གོམས་
པའི་གདམས་པས༔ རང་སྣང་དུ་ཤེས་པ་ཙམ་གྱིས༔ ཐིམ་ལུགས་བརྒྱད་དང་གྲོལ་ལུགས་བཞི་འབྱུང་སྟེ༔ གཞན་དང་མཐུན་ནོ༔ འདི་དག་གི་ཚེ་སྐད་ཅིག་དང་པོ་ལ༔ རང་སྣང་དུ་ཤེས་པས་རང་སྣང་ཤེལ་གྱི་འོད་ནང་དུ་ཐིམ་པ་ལྟར༔ གདོད་མའི་གཞི་ལ་ཐིམ་སྟེ༔ ནང་གསལ་གཞོན་ནུ་བུམ་པའི་སྐུར་གྲོལ་ལོ༔ དེ་ཡང་སྐད་ཅིག་དང་པོ་ལ་རང་ངོ་ཤེས༔ གཉིས་པ་ལ་དར་ཅིག་བསམ་གཏན་ལ་གནས༔ གསུམ་པ་ལ་གདོད་མའི་ངང་དུ་གྲོལ་བ་ཡིན་ནོ༔ དབང་པོའི་ཁྱད་ཀྱིས་ཞག་ལྔ་དང་༔ ཉི་ཤུ་རྩ་གཅིག་ཏུ་བཤད་པ་ནི༔ སྣང་བ་རྣམས་རིམ་གྱིས་འཆར་བ་རྫོགས་པ་ན་གྲོལ་བ་ལ་དགོངས་པ་ཡིན་ཏེ༔ དེ་ནས་རབ་ཀ་དག་གི་སར་གྲོལ་བས་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཉམ་པ་ལྟར༔ དབུགས་བོར་བ་དང་འཚང་རྒྱ་བ་གཉིས་དུས་མཉམ་པ་ནི་སྐད་ཅིག་མ་གཅིག་ལ་གྲོལ་བ་ཡིན་ནོ༔ ནང་དབུགས་ཆད་དེ་ནམ་མཁའི་སྣང་བ་ལ་གྲོལ་བ་ནི་རབ་ཀྱི་ཡང་རབ་བོ༔ འོད་གསལ་དང་པོ་ཤར་བ་ལ་རང་སྣང་དུ་ཤེས་པས་གྲོལ་བ་ནི༔ སྐད་ཅིག་དང་པོ་ལ་རང་སྣང་༔ གཉིས་པ་ལ་ནང་དུ་ཐིམ་པས་རབ་ཀྱི་འབྲིང་ངོ་༔ འོད་གསལ་རྫོགས་དུས༔ སྐད་ཅིག་དང་པོ་ལ་རང་སྣང་དུ་ཤེས༔ གཉིས་པ་ལ་བསམ་གཏན་ལ་གནས༔ གསུམ་པ་ལ་ནང་གསལ་དུ་གྲོལ་བ་ནི་རབ་ཀྱི་ཐ་མའོ༔ འབྲིང་གིས་ཞི་ཁྲོོའི་སྣང་བ་འཆར་བ་ལ་དུས་ལྔར་བྱེ་བས་གང་རུང་ལ་འགྲོལ་ལུགས་རབ་ཀྱི་ཐ་མ་ཇིི་བཞིན་ནོ༔ ཐ་མ་ནི་ལྷུན་གྲུབ་ཀྱི་སྣང་བ་ཚུན་ཆད་ལ་འཆར་ཚུལ་ཉི་ཤུ་རྩ་གཅིག་ལ༔ བསམ་གཏན་གྱི་ཞག་ཉི་ཤུ་རྩ་གཅིག་ཏུ་བཤད་པས༔ དེ་ལ་གྲོལ་ཏེ༔ གདོད་མའི་ས་ལ་བཙན་ས་ཟིན་པའོ༔ འདི་དག་ནི་ངེས་པའི་སྙིང་པོ་གཅིག་ཏུ་ཕྱུང་ནས་བཀོད་པའོ༔ བདག་འདྲ་དྲི་མེད་འོད་ཟེར་རྡོ་རྗེའི་རིགས༔ སྔོན་དུས་སྦྱང་པའི་ཤེས་རབ་རྒྱ་ཆེ་ཡང་༔ ཆོས་ཚུལ་འདི་དང་ཕྲད་པར་མ་གྱུར་ན༔ རིན་ཆེན་གླིང་ནས་སྟོང་ལོག་བྱེད་པ་བཞིན༔ རང་བྱུང་པདྨའི་བྱིན་རླབས་ཞུགས་པ་ཡིས༔ ད་ནི་མི་ལུས་དོན་དང་ལྡན་པར་གྱུར༔ ཕྱི་རབས་རྣལ་འབྱོར་རྣམས་དང་འདི་འཕྲད་ཤོག༔ གཞི་སྣང་ངོ་སྤྲོད་ཅེས་བྱ་བ༔ གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ༔
ཤོགསྟོང་།
འོད་གསལ་སྦུབས་འཇུག
འོད་གསལ་སྦུབས་འཇུག་བཞུགས་པ་ལགས་སོ༔ རིན་ཆེན་ཤོགས་སེར་གྱི་སྐོརཿ
འོད་གསལ་སྦུབས་འཇུག་ཅེས་བྱ་བ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ རྟག་ཏུ་སྙིང་ལ་གནས་པ་ཡི༔ ཐིག་ལེ་འོད་གསལ་འགྱུར་མེད་པ༔ སྒྲོན་མ་བཞི་དང་བཅས་པ་ཡི༔ མགོན་པོ་དེ་ལ་ཕྱག་འཚལ་ལོ༔ འདི་ཉིད་ཀུན་གྱིས་མཐོང་བྱའི་ཕྱིར༔ རབ་འབད་སྙིང་རྗེ་ཆེན་པོ་ཡི༔ མཁའ་འགྲོ་མ་ཡིས་བསྟན་པ་བཞིན༔ འདི་ཉིད་དུ་ནི་གསལ་བར་བྱ༔ དེ་ལ་ཇི་ལྟར་བྱ་བ་བཀོད་པའི་ཁྱད་པར༔ དེ་ཉིད་མཚོན་པ་གདམས་པའི་འདེབས་ཚུལ༔ རབ་ཏུ་དཀོན་པས་བཀའ་རྒྱ་གདབ་ཚུལ་གསུམ་ལས༔ དང་པོ་ནི་དབེན་ཞིང་ཡིད་དུ་འོང་བར་མཚན་མོའི་ཚེ༔ མར་མེ་ལྔའམ་དགུ་པའི་དཀྱིལ་འཁོར་བྱ་སྟེ༔ དེ་ཡང་སྟེགས་བུའི་དབུས་སུ་སྣང་གསལ་ཆེ་བ་གཅིག་གི་ཕྱོགས་མཚམས་སུ་མར་མེ་བརྒྱད༔ དེའི་མཐའ་མར་མེ་ཇི་ཙམ་འབྱོར་པས་བསྐོར་ལ༔ ཕྱི་ནང་གི་མཆོད་པས་ལེགས་པར་མཐའ་བསྐོར་ནས༔ སྐལ་བ་དང་ལྡན་པ་ཀུན་འཁོད་པ་དང་༔ མཎྜལ་དམ་བཅའ་བ་བཟང་པོ་ལོ་དང་ཟླ་བ་བསྒོམ་པ་ཕུལ་ཏེ༔ མཉེས་པར་བྱས་ལ༔ གཉིས་པ་གདམས་པའི་མཚོན་ཚུལ་ལ༔ བླ་མ་བརྒྱུད་པ་དང་༔ དེ་ལས་བྱུང་བའི་གདམས་པ་གཉིས་ལས༔ དང་པོ་ནི་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱིས༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསུངས༔ དེས་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ་གསུངས༔ དེས་སློབ་དཔོན་ཆེན་པོ་ཤྲཱི་སིདྷ་ལ་གསུངས༔ དེས་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ལ་གསུངས༔ དེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསུངས༔ དེས་བདག་འདྲ་པདྨ་ལས་འབྲེལ་རྩལ་ལ་གསུངས༔ གཉིས་པ་ལ་གཞི་འོད་གསལ་དུ་ངོ་སྤྲད་པ༔ ལམ་འོད་གསལ་ཉམས་སུ་བླང་བ ༔ འབྲས་བུ་འོད་གསལ་འཆར་ཚུལ་བསྟན་པ་གསུམ་ལས༔ དང་པོ་ནི་རྡོ་རྗེ་སེམས་དཔའི་མེ་ལོང་ལ་སློབ་མ་ཀུན་རེས་མོས་ཀྱིས་བལྟར་བཅུག་པས༔ མར་མེའི་དཀྱིལ་འཁོར་སུམ་བརྩེགས་དང་ལྔ་བརྩེགས་འཇའ་ཚོན་དང་བཅས་པ་འཆར་རོ༔ དེ་ཉིད་ངོ་སྤྲད་པར་བྱ་སྟེ༔ དེའང་གཞིའི་
མར་མེ་ནི་སྙིང་དབུས་ན་ཞི་བའི་སྐུ་ཚོམ་བུའི་ཚུལ་དུ་ད་ལྟ་གནས་པའི་དཔེ འོ༔ དེའི་གདངས་སྟེང་དུ་འཆར་བ་ནི༔ ཁྲོ་བོའི་ཚོམ་བུ་ཀླད་པ་དུང་ཁང་ན་ཡོད་པའི་དཔེའོ༔ མཐའི་མར་མེ་དང་འོད་རྣམས་ནི་དེ་ལས་འཕྲོས་པའི་གདངས་རྩ་རྣམས་ན་སྒྲོན་མར་སྣང་བའི་དཔེའོ༔ དེའང་ངོ་བོ་སྟོང་པས་ཆོས་སྐུ་མཚོན་པའོ༔ རང་བཞིན་གསལ་བས་ལོངས་སྐུ་མཚོན་པའོ༔ ཐུགས་རྗེ་སྒྲོན་མའི་འོད་དང་འཇའ་ཚོན་སྣང་བས་སྤྲུལ་སྐུའི་ངོ་བོ་མཚོན་པའོ༔ ཡང་འོད་དང་སྣང་བ་དེ་ཀུན་སྣང་སྟོང་གཉིས་སུ་མེད་པས་ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པ་མཚོན་པའོ༔ དེའི་ངོ་བོ་ནི་དཔེའོ༔ དོན་ནི་སྙིང་ནང་ན་དེ་བཞིན་དུ་ཡོད་པའོ༔ རྟགས་ནི་རང་རང་གི་སྒྲོན་མ་གཏེམས་ལ༔ ཀྱེ་སྐལ་ལྡན་ཀུན་གྱི་འདི་ཁོ་ནའོ༔ ཞེས་ངོ་སྤྲད་དོ༔ དེས་ནི་འོད་གསལ་ནང་གནས་པ་མཚོན་པའོ༔ ད་ནི་དོན་གཉིས་པ་དེ་ཉིད་ཉམས་སུ་བླང་ཚུལ་བསྟན་ཏེ༔ འདི་ལ་ཉིན་མོ་འོད་གསལ་ཕྱི་རུ་གཟུང་པ༔ མཚན་མོ་འོད་གསལ་སྦུབས་སུ་སྦ་བ༔ བར་དུ་ཆོས་ཀུན་མཉམ་པར་གནས་པ་གསུམ་ལས༔ དང་པོ་ནི་ནམ་མཁའ་སྤྲིན་མེད་པའི་ཚེ༔ ཉི་མའི་ངོས་ནས་ཁྲུ་གང་ཙམ་གྱི་གཡས་སུ་བལྟས་པས༔ དབྱིངས་ཀྱི་རྟགས་སུ་འོད་ཁྱིམ་འཇའ་ཚོན་དུ་སྣང་ལ༔ རིག་པའི་རྟགས་སུ་ཐིག་ལེ་ལུ་གུ་རྒྱུད་དུ་སྣང་ངོ་༔ དེའང་ཐིག་ལེ་སྟོང་པའི་སྒྲོན་མའི་དབུས་སུ༔ ལུ་གུ་རྒྱུད་བཟུང་ལ་ཉམས་སུ་བླང་ངོ་༔ སྔ་དྲོའི་ཚེ་དེ་ལྟར་ཉམས་སུ་བླང་པས༔ ཤེས་པ་གསལ་སྟོང་ཤེས་རབ་རང་བྱུང་གི་སྒྲོན་མ་འཆར་རོ༔ གུང་ལ་ལྷོ་དང་༔ ཕྱི་འཕྲེད་པ་ནུབ་ཏུ་ཕྱོགས་པས་སྔ་མ་བཞིན་བལྟས་ལ་བགས་ཀྱིས་ཉི་མ་ལས་བྲལ་ཏེ་ཉམས་སུ་བླང་ངོ་༔ དེའི་ཚེ་བྱིང་ན་གསེང་༔ རྒོད་ན་འདུག་སྟངས་ལས་མི་འགྱུར་བ་གནད་ཡིན་ནོ༔ གཉིས་པ་མཚན་མོ་འོད་གསལ་ནང་དུ་གཟུང་བ་ནི༔ སྙིང་གར་འོད་ལྔའི་མར་མེ་ལྔ་འབར་བ་ལ་ཤེས་པ་གཏད་དེ༔ སྙིང་གར་འོད་ལྔའི་ནང་ན་འོད་ཟླུམ་པོར་འཁྱིལ་བའི་
བུམ་པ་གཅིག་གི་ནང་ན༔ འོད་ཀྱི་མར་མེ་གཅིག་འབར་བར་བསམ་པའི་འོད་ཟེར་ལུས་ཀྱི་མགོ་མཇུག་ཀུན་ཏུ་འཕྲོས་པས༔ ཉིན་མོའི་འོད་གསལ་ལྟར་ཐིག་ལེ་ཐིག་ཕྲན་འཇའ་འོད་ཀྱི་ནང་ན་གསལ་བས༔ ལུས་ཀྱི་བ་སྤུའི་ནང་ཚུན་ཆད་གང་བའི་འོད་ཟེར་སྟོང་གསལ་གྱིས༔ སྒོམ་ཁང་དང་༔ ཡུལ་གྲུ་དང་༔ སྟོང་གསུམ་གང་བར་བསམ་ལ༔ དར་ཅིག་གསལ་སྟོང་གི་ངང་ལ་བཞག་ནས༔ སྙིང་གའི་འོད་གསལ་ཉིད་ལ་རིག་པ་གཏད་ནས༔ སྐབས་སུ་རྒྱ་མཚོ་རྦ་རླབས་གཏེམས་ཤིང་ཉལ་ལོ༔ དེས་ནི་ཕྱི་སྣང་བའི་འོད་གསལ་ནང་རིག་པའི་འོད་གསལ་གྱི་སྦུགས་སུ་སྦ་བའོ༔ དེ་ལྟར་ཐ་མལ་གྱི་རྣམ་རྟོག་མེད་པས༔ འདི་ལྟར་སྣང་བ་ལ་གོམས་པར་བྱས་ན་ཟླ་བ་ཕྱེད་ནས་རྨི་ལམ༔ འོད་གསལ་བདེ་བ་ཆེན་པོའི་དབྱིངས་སུ་ཐིམ་ནས་མི་རྨིའོ༔ དེ་ནས་ཞིང་ཁམས་ལ་སྦྱོང་སྟེ༔ ཉལ་དུས་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པའི་འཇིག་རྟེན་དུ་གསལ་བཏབ་ནས༔ དོ་ནུབ་དེ་ཉིད་བལྟའོ་སྙམ་ནས་རྒྱ་མཚོའི་རྦ་རླབས་གཏེམས་ཤིང་ཉལ་བས༔ ཞིང་སྣང་ཆེན་པོ་དེས་མཚན་ཐོག་ཐག་སྣང་བར་འགྱུར་རོ༔ དེ་བཞིན་དུ་གང་འདོད་པའི་ཡུལ་དང་༔ ཁྱད་པར་འོག་མིན་བསམས་པས་དེའི་སྣང་བ་འཆར་རོ༔ དེའང་འཁོར་འདས་རང་སྣང་ཡིན་པས༔ དེའི་ཚེ་རླུང་སེམས་གང་དུ་འདུན་པ་གཏད་པའི་རྩ་ནང་དུ་འདུས་པ་ལས་དེའི་སྣང་བ་འཆར་བ་མ་གཏོགས་པར་གཞན་ནི་འཆར་བ་མ་ཡིན་ནོ༔ དཔེར་ན་ཐ་མལ་གྱི་རྨི་ལམ་བཞིན་ནོ༔ ད་ལྟའི་སྣང་བ་འདིའང་གཉིད་སོང་བའི་རྨི་ལམ་མཐུན་པར་སྣང་བ་ལྟར་སྣང་བ་མ་གཏོགས་པར༔ དོན་གཞན་དུ་གྲུབ་པ་མེད་དེ༔ འཁྲུལ་སྣང་ཡིན་པའི་ཕྱིར་རོ༔ འཁྲུལ་སྣང་ནི་མེད་བཞིན་དུ་སྣང་བ་ཟླ་བ་གཉིས་སྣང་བ་བཞིན་ནོ༔ འཁྲུལ་གཞི་གང་ལས་འཁྲུལ་ན༔ ལྷུན་གྲུབ་ཀྱི་སྣང་བ་ཟླ་བ་གཅིག་ལྟ་བུ་རང་ངོ་མ་ཤེས་པས༔ རང་བཞིན་གྱི་འོད་ནུབ་ནས་གཟུགས་བརྙན་གྱི་འོད་ལ་བདག་ཏུ་བཟུང་བས༔ མ་དག་པའི་སྣང་བ་ཟླ་བ་གཉིས་སྣང་ལྟར་བག་ཆགས་ཨ་འཐས་སུ་སྣང་ངོ་༔ གོམས་པའི་རྣལ་འབྱོར་པ་ལ་གཟུགས་བརྙན་དང་འདྲ་བས་རྩིག་པ་དང་རི་ལ་སོགས་པ་ལ་ཟང་ཐལ་
དུ་འགྲོའོ༔ དེས་ན་སྣང་བ་ཐམས་ཅད་རིགས་ལྔའི་ཞིང་ལས་མ་འདས་ཀྱང་༔ དག་མ་དག་ཏུ་སྣང་བ་གཟུང་འཛིན་དུ་བློས་གོམས་པས་བྱུང་གིས༔ དོན་ལ་འོད་གསལ་བདེ་བ་ཆེན་པོ་ཉིད་དུ་གནས་སོ༔ གཉིས་སད་དུས་ཤེས་པ་སྟོང་གསལ་གཅིག་འོངས་པ་དེ་ངོ་ཤེས་པར་བྱས་ལ༔ སྟོང་གསལ་འཕྲོ་མཐུད་ལ་འོད་གསལ་གྱི་ངང་ལས་མ་ཡེངས་པར་སྒོམ་མོ༔ དེས་ནི་སྣང་སྲིད་བདེ་སྟོང་ཆེན་པོར་འཆར་རོ༔ གསུམ་པ་བར་དུ་གཉིས་མེད་མཉམ་པའི་ངང་ལ་སྦྱང་བ་ནི༔ འདི་ལྟར་སྣང་སྲིད་འཁོར་འདས་ཅི་སྣང་ཡང་༔ རྨི་ལམ་མེད་བཞིན་སྣང་བ་དེ་བཞིན་གྱིས་སྟོང་ལ་གསལ་བའི་གནས་ལུགས་སུ་ཐག་བཅད་ལ༔ གང་ཤར་གྱི་སྣང་བ་ལ་ཆེད་འཛིན་མེད་པས༔ སྨྱོན་པ་གཟའ་གཏད་དང་བྲལ་བ་ལྟར༔ དུས་ཐམས་ཅད་དུ་ཕྱད་ཕྱོད་བན་བུན་ཡལ་ཡོལ་ཙམ་ལ་སྦྱོང་ངོ་༔ དགག་སྒྲུབ་དང་དགྲ་གཉེན་ལ་སོགས་པ་དང་༔ སྙན་མི་སྙན༔ འདོད་མི་འདོད་ཐོག་ཏུ་བབས་དུས་ཤེས་པ་གསལ་ཞིང་རགས་པ་དེ༔ རགས་པའི་འོད་གསལ་དུ་ངོ་ཤེས་པར་བྱས་ལ༔ དེ་ཉིད་ཀྱི་སྟེང་དུ་ཅེར་གྱིས་བལྟས་ལ་བཞག་པས༔ ཤེས་པ་གསལ་སྟོང་ཆེན་པོའི་འོད་གསལ་ལ་གནས་པར་འགྱུར་རོ༔ དེའང་འོད་གསལ་ལ་གསུམ་ལས༔ བདེ་བའི་འོད་གསལ་ནི་ཕྱག་རྒྱ་དང་སྙོམས་པར་ཞུགས་དུས་ཀྱི་ཤེས་པ་ལྟ་བུས༔ བདེ་སྟོང་གཉིས་མེད་ཀྱི་དོན་དབང་གསུམ་པའི་ལམ་མོ༔ གསལ་བའི་འོད་གསལ་ལ་གཉིས་ལས༔ སྟོང་པའི་འོད་གསལ་ནི་ཤེས་པ་ཀ་དག་གི་ངང་ལ་བཞག་དུས༔ སྤྲོས་བྲལ་གསལ་སྟོང་དུ་ཤར་བ་དེའོ༔ སྣང་བའི་འོད་གསལ་ནི་ཐིག་ལེ་ཐིག་ཕྲན་ལ་སོགས་པ་འོད་གསལ་གྱི་སྣང་བ་ལ་སྤྱོད་པའོ༔ དེའང་འོད་ནང་གསལ་འཇུག་གོམས་ནས་ཇི་ཞིག་ན༔ ཕྱོགས་ཐམས་ཅད་འོད་དུ་སྣང་བ་དང་༔ གཉིད་དུ་སོང་བའི་རྨུགས་འཐིབས་དང་༔ རྨི་ལམ་མེད་ལ༔ མ་སོང་བའི་ཤེས་པ་རགས་པོ་མེད་པས་སད་རྒྱུ་བྱུང་ཞིང་༔ ཉེ་འཁོར་གྱི་གཟུགས་སྒྲ་དྲི་རོ་ལ་སོགས་མཐོང་སྣང་མ་འགགས་པ་འབྱུང་ངོ་༔ དེ་ནི་གསལ་བའི་འོད་གསལ་ཞེས་བྱའོ༔
མི་རྟོག་པའི་འོད་གསལ་ནི༔ གཉིད་དུ་འགྲོ་ཁའི་ཤེས་པ་གང་དུའང་མི་རྟོག་པ་ལྟ་བུས་མཚོན་ནས༔ མཉམ་པར་བཞག་པས་ཞི་གནས་ཀྱི་ངང་ལ་གནས་ནས༔ ཡུལ་ལྔའི་འཛིན་པ་དང་གཟུང་ཡུལ་ནུབ་པ་ལྟ་བུའོ༔ དེ་ནི་ལྷག་མཐོང་གསལ་བའི་འོད་གསལ་གྱིས་སད་པར་བྱེད་དགོས་སོ༔ མ་བྱས་ན་གཟུགས་མེད་དུ་འཁོར་བར་འགྱུར་རོ༔ གསལ་བའི་འོད་གསལ་ལ་ཆགས་ན་གཟུགས་ཁམས་སུ་སྐྱེ་བས་མཐའ་གྲོལ་ཀློང་ཡངས་ཆེན་པོའི་ལྟ་བས་ཟིན་པ་གཅེས་སོ༔ དེ་ལྟར་ཞི་ལྷག་གི་ལྟ་བས་ཟིན་ན་ཁམས་གསུམ་ལས་འདའ་བ་ཡིན་ནོ༔ དེའི་ཕྱིར་གང་ལའང་ཆེད་འཛིན་མེད་པར་འོད་གསལ་གྱི་ངང་ལ་གོམས་པ་རབ་ཏུ་གཅེས་སོ༔ དེ་ནི་སངས་རྒྱས་ཀུན་གྱི་གསང་བའི་ཉེ་ལ མ་ཆེན་པོ་ཡིན་ནོ༔ གསུམ་པ་འབྲས་བུའི་འོད་གསལ་འཆར་ཚུལ་བསྟན་པ་ནི༔ རབ་ལ་ཚེ་འདིར་ཞིང་སྣང་འོག་མིན་དུ་འཚང་རྒྱ་ལ༔ ཕལ་པ་གོམས་པས་བར་དོར་འཆར་ཏེ༔ མེ་ལོང་གི་གསལ་བྱེད་དུ་བལྟར་བཅུག་ནས༔ གདངས་བརྩེགས་མ་ལྟར༔ ནང་དབུགས་ཆད་ནས་མིག་ནས་འོད་གསལ་གྱི་ཐག་པ་ལས་མཆེད་དེ༔ ཕྱོགས་ཐམས་ཅད་འོད་ལྔའི་ཞིང་དུ་འཆར་བར་ངོ་སྤྲད་དོ༔ དེ་ཉིད་ཧྲིལ་གྱིས་གཞི་མར་མེ་ཉིད་ལ་ཐིམ་དུ་བཅུག་ནས༔ སྣང་བ་དེ་ཀུན་རང་སྣང་དུ་རང་ངོ་ཤེས་པས་གཞིའི་འོད་གསལ་ལ་ཐིམ་སྟེ་གྲོལ་བར་ངོ་སྤྲད་དོ༔ ཡང་ཧྲིལ་གྱིས་ཡར་དྲིལ་བས་སྣང་བ་དེ་དག་སྐད་ཅིག་ལ་ནམ་མཁར་ཡལ་བ་ལྟར༔ འོད་གསལ་གྱི་སྣང་བ་ཤར་དུས་སྐད་ཅིག་ལ་སྔར་གྱི་འོད་གསལ་དང་འདྲེས་ནས༔ གདོད་མའི་ཀ་དག་ནམ་མཁའ་ཆེན་པོའི་ངང་ལ་ནང་དུ་སྐད་ཅིག་མ་གཅིག་ལ་ཐིམ་པར་ངོ་སྤྲད་དོ༔ དེ་ནས་མར་མེའི་སྣང་བ་ལས་བརྩེགས་མར་སྣང་བ་ཡུན་དུ་གསལ་བར་བསྟན་ཏེ༔ དབང་པོ་འབྲིང་རྣམས་ལ་འོད་གསལ་ཟུང་འཇུག་ལ་ཐིམ་པས་ཞི་ཁྲོའི་འཆར་ཚུལ༔ ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་ཁོང་སེང་གི་སྣང་བ༔ ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས་རང་སྣང་འཆར་ཚུལ༔ ལྷུན་གྲུབ་ཟད་སར་ཐིམ་པས་ངོ་བོའི་ས་ལ་བཙན་ས་ཟིན་ཚུལ་རྣམས་ངོ་སྤྲད་དོ༔ ཡང་ཤེལ་དྲི་མ་མེད་པ་ལྟར་ཀ་དག་ངོ་སྤྲད་
དོ༔ དེ་ལས་འོད་ལྔར་སྣང་བ་ལྟར་ལྷུན་གྲུབ་ངོ་སྤྲད་དོ༔ སྲིད་པའི་བར་དོ་དང་ཐ་མ་རང་བཞིན་སྦྲུལ་སྐུའི་ཞིང་དུ་སྐྱེ་ཚུལ་ནི༔ འོད་བརྩེགས་མ་སྣང་དུས་ངོ་སྤྲད་དོ༔ དེ་ནས་ཐོག་མར་གྲོལ་གཞི་ནས་སེམས་ཅན་གྱི་དོན་མཛད་པ་ནི༔ ཡང་སྔ་མ་བཞིན་བསྒྲིལ་ལ༔ གཞིའི་མར་མེ་མི་གཡོ་བ་ནང་གསལ་ཆོས་སྐུ་ཀ་དག་འགྱུར་བ་མེད་པའི་སྐུའི་དཔེའོ༔ གདངས་ཀྱི་མར་མེ་དང་འོད་ལྟར༔ གཞི་ལས་ལྷུན་གྲུབ་ཏུ་ལོངས་སྐུ་དང་སྤྲུལ་སྐུའི་གདངས་འཕྲོས་པས་སེམས་ཅན་གྱི་དོན་འབྱུང་བར་ངོ་སྤྲད་དོ༔ གདངས་གཞི་ལ་ཐིམ་པ་ལྟར་འགྲོ་དོན་མཛད་ནས༔ སྤྲུལ་སྐུ་ལོངས་སྐུར་ཐིམ༔ ལོངས་སྐུ་གདོད་མའི་ཀ་དག་གཞོན་ནུ་བུམ་པའི་སྐུར་ཐིམ་པ་ངོ་སྤྲད་དོ༔ དེ་ལས་སེམས་ཅན་དང་སངས་རྒྱས་སུ་འཁྲུལ་ཚུལ་དང་༔ གྲོལ་ཚུལ་ཡང་ངོ་སྤྲད་དོ༔ དེས་ནི་མཐར་ཐུག་ངེས་པའི་སྙིང་པོ་གཅིག་ཏུ་བསྟན་པ་བཤད་ཟིན་ཏོ༔ འདི་ནི་ཟབ་མོའི་ཡང་ཟབ་སྙིང་པོའི་དོན༔ སྙིང་ཕྱུང་ལག་ཁྲིད་དག་ཏུ་བསྡེབས་པ་ཡིན༔ མཁའ་འགྲོའི་ཚོགས་རྣམས་བཟོད་པར་མཛད་དུ་གསོལ༔ མ་འོངས་ལས་ཅན་རྣམས་དང་འདི་འཕྲད་ཤོག༔ དྲི་མེད་འོད་ཟེར་མི་གནས་ད་འགྲོ་ཡང་༔ གདམས་པའི་སྙིང་པོ་བཞག་ནས་སོང་བར་ངེས༔ མཐར་ཐུག་སྲོག་ལས་ཕངས་འདི་ཉམས་སུ་ལོངས༔ གངས་རི་ཐོད་དཀར་མགུལ་དུ་བཀོད་པ་ཡིན༔ འོད་གསལ་སྦུབས་འཇུག་ཅེས་བྱ་བ༔ ཨྠྀི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤིན་ཏུ་དགེ་ཞིང་བཀྲ་ཤིས་སོ༔
སྒྲོན་མ་བཞི་སྐོར།
སྒྲོན་མ་བཞི་སྐོར་བཞུགས་སོ༔ རིན་ཆེན་ཤོག་སེར་གྱི་སྐོརཿ
སྒྲོན་མ་བཞི་སྐོར་ཞེས་བྱ་བ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ རབ་ཟབ་སྙིང་གི་འོད་ཟེར་གྱིས༔ སྒྲོན་མའི་སྣང་བ་དཔག་མེད་སྟོན༔ ཡེ་ཤེས་བླ་ན་མེད་པ་ཡི༔ འབྱུང་གནས་དེ་ལ་གུས་ཕྱག་འཚལ༔ དང་པོ་ཁོ་ན་མཁའ་འགྲོ་ཡི༔ རྗེས་སུ་ཞུགས་དག་འདི་ཉིད་དུ༔ རང་གི་བློ་ཡི་འོད་ཟེར་གྱིས༔ འགྲོ་བློའི་པདྨོ་དབྱེ་བར་བྱ༔ དེ་ལ་གཞི་སྒྲོན་མ་བཞིར་ངོ་སྤྲོད༔ ལམ་སྒྲོན་མ་བཞིར་ཉམས་སུ་བླང་༔ འབྲས་བུ་སྒྲོན་མ་བཞིའི་གྲོལ་ཚུལ་བསྟན་པ་དང་གསུམ་ལས༔ དང་པོ་ལ་གཉིས་ཏེ༔ སྔོན་འགྲོ་ནི་ངོ་སྤྲོད་ཀྱི་ཁང་བུ་ཕྱོགས་ཕྱེད་པའི་སར་སྔ་དྲོའི་ཚེ༔ ཉི་མའི་ངོས་སུ་གསེར་སྐུའམ༔ བྲིས་སྐུའི་སྟེང་འོག་འཁོར་ཡུག་ཏུ༔ ཡེ་ཤེས་ལྔའི་དྲུ་བུ་དྲ་བ་རིས་སུ་བསྐོར་བ་འོད་ཀྱི་ཕུང་པོ་ལྟར་བྱས་པའི་མཐའ་ན་ཕར༔ ཚེ་འཛིན་འོད་ཟེར་རིས་སུ་བཀྲམ་པའི་བར་བར་དང་༔ རྩེ་མོར་ཏིང་ཕོར་བཀྲམ་ཞིང་༔ ཚེ་འཛིན་ལུ་གུ་རྒྱུད་དུ་འཁྱོགས་པའི་རི་མོ་མང་པོ་བྱ༔ ཚོགས་གཏོར་བཤམས༔ ཡོལ་བ་བླ་རེས་བྲེས་ལ་མཎྜལ་ཕུལ་ཏེ༔ གསོལ་བ་གདབ་བོ༔ དེ་ནས་དངོས་གཞི་ནི་རྡོ་རྗེ་སེམས་དཔའི་མེ་ལོང་ལ་མ་ཡེངས་པར་བལྟས་ཏེ༔ སྣང་བ་དེ་ཀུན་ནམ་མཁའི་དཀྱིལ་ན་ཕར་སྣང་བ་ལ༔ བླ་མས་འདི་ལྟར་ངོ་སྤྲད་དོ༔ ཨེ་མ་འདི་ལྟར་ཤེས་པར་གྱིས་ཤིག༔ དབུས་ཀྱི་འོད་ཟེར་གྱི་ཕུང་པོ་འདི་ནི༔ སྙིང་གི་ནང་ན་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་ཏུ་ཡོད་པའི་དཔེའོ༔ དེའི་ནང་ན་འོད་ཟླུམ་པོ་མུ་ཁྱུད་དུ་སྣང་བ་འདི་ནི་ཐིག་ལེ་སྟོང་པའི་སྒྲོན་མ་མཚོན་པའི་དཔེའོ༔ དེའི་དབུས་ན་ལྷའི་སྐུ་སྣང་བ་འདི་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ༔ ནང་གསལ་བུམ་པའི་རང་བཞིན་དུ་ནང་ན་འོད་གསལ་བར་བཞུགས་པའི་དཔེའོ༔ དེ་ཐམས་ཅད་ཀྱི་མཐར་འོད་ཟེར་དང་འོད་དཀར་པོ་སྣང་བ་འདི་ནི༔ རྩ་རྣམས་ཀྱི་ནང་ན་ཐིག་ལེ་ཐིག་ཕྲན་དུ་སྣང་བའི་དཔེའོ༔ བར་ན་ལུ་གུ་རྒྱུད་འོད་ཟེར་གྱི་ཐག་པ་ལྟར་སྣང་བ་ནི་ཡེ་ཤེས་འོད་ཀྱི་རྩའི་རང་གདངས་མཚོན་པའི་དཔེའོ༔ དེ་ཡང་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་
ལས་གྱེས་པའི་འོད་རྩ་འགྲེང་བུ་རྣམས་ནི༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་འདི་འཆར་བའི་དཔེའོ༔ གདངས་གཉིས་པ་གསུམ་ལ་ནམ་མཁར་སྣང་བ་འདི་ནི༔ ཁྲོ་བོའི་དཀྱིལ་འཁོར་ཞི་བའི་རང་གདངས་ཡིན་པའི་དཔེའོ༔ དེ་ལྟ་བུའི་སྣང་བ་སྣ་ཚོགས་གཅིག་ལས་མང་པོར་སྣང་བ་འདི་ནི༔ སྙིང་དབུས་ནས་རྩ་དར་དཀར་གྱི་སྐུད་པ་འདྲ་བ་ལས་ཐོན་ཏེ༔ རྒྱང་ཞགས་ཆུའི་སྒྲོན་མའི་དབུས་ན་གསལ་བའི་སྣང་བ༔ ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་སྙིང་ནང་གི་གདངས་རྣམས་འཆར་བ་ནི་མེ་ལོང་ལ་བཞིན་གྱི་དཀྱིལ་འཁོར་འཆར་བ་ལྟ་བུ་སྟེ༔ དབྱིངས་རྣམ་དག་གི་སྒྲོན་མའི་རྟགས་སུ་འོད་ཁྱིམ་སྣང་བ་འདི་ཡིན་ནོ༔ ཐིག་ལེ་སྟོང་པའི་སྒྲོན་མའི་རྟགས་སུ་དེའི་ནང་ན་འོད་ཀྱི་འཁོར་ལོ་སྣང་བ་འདི་ཡིན་ནོ༔ རིག་པའི་སྐུ་ཡོད་པའི་རྟགས་སུ་དེའི་དབུས་ན་རྡོ་རྗེ་ལུ་གུ་རྒྱུད་སྣང་བ་འདི་ཡིན་ནོ༔ དེའང་ཐུགས་རྗེ་རང་བྱུང་གི་ཡེ་ཤེས་རང་གསལ་ཆེན་པོ་ཤེས་རབ་ཡེ་ཤེས་རང་བྱུང་གི་སྒྲོན་མའི་རྟགས་སུ༔ སྣང་བ་འདི་དག་ལ་ལྟོས་ལ་དར་ཅིག་སེམས་མཉམ་པར་ཞོག་ཅིག༔ འོད་དེའི་དུས་ན་ཤེས་པ་རང་གསལ་སྣང་སྟོང་འཛིན་མེད་ཆེན་པོར་སྣང་བ་འདི་རང་ཡིན་ནོ༔ དེ་ལྟར་ན་ངོ་བོའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ་ལ༔ རང་བཞིན་གྱི་རྟགས་སུ་འོད་སྣ་ཚོགས་སུ་གསལ་ཞིང་༔ ཐུགས་རྗེའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་འདི་ཁོ་ན་གདོད་མའི་མགོན་པོ་འོད་མི་འགྱུར་བ་སྙིང་གི་དབུས་ན་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་སོ༔ གཉིས་པ་ལམ་སྒྲོན་མ་བཞིར་ཉམས་སུ་བླང་བ་ནི་བཞུགས་སྟངས་གསུམ་དང་ལྟ་སྟངས་ཀྱི་གཟིགས་སྟངས་གསུམ་ལ་གནད་གཅུན་ལ༔ ནམ་མཁར་སྣང་དུས་ངོ་སྤྲོད་པ་བཞིན་ཉམས་སུ་བླང་བ་སྟེ༔ དེའང་ལུས་མ་འགུལ་བས༔ རྩ་དང་མིག་མི་འགུལ༔ ཆུའི་སྒྲོན་མ་མ་འགུལ་བས་ཕྱིའི་དབྱིངས་ནམ་མཁའ་ལ་ནང་གི་དབྱིངས་རྣམ་དག་གི་སྒྲོན་མ་འོད་ཀྱི་འཇའ་ཚོན་རིས་སྣང་བའི་ནང་ན་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཀྱི་འཁོར་ལོར་བཞག་ལ༔ དེའི་
ནང་དུ་ཤེལ་སྦུག་ཅན་གྱི་རང་གདངས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བཞག་ནས༔ གཟེར་བཏབ་པ་བཞིན་མི་འགུལ་བར་བྱས་པས༔ ཤེས་པ་གསལ་སྟོང་སྤྲོས་པ་དང་བྲལ་བ་ཤེས་རབ་རང་བྱུང་གི་སྒྲོན་མ་འཆར་རོ༔ དེ་ཉིད་ཀྱི་ངང་ལ་མ་ཡེངས་པར་བསྒོམ་པ་ནི༔ རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གི་གནད་མཐར་ཐུག་པའོ༔ དེའང་རྒྱང་ཞགས་ཆུའི་སྒྲོན་མ་ལས་སུ་རུང་བས་མིག་གིས་གཟིགས་སྟངས་གསུམ་གང་ལ་བལྟས་ཀྱང་༔ མི་བདེ་བ་མེད་པར་སྡོད་པའོ༔ དབྱིངས་རྣམ་དག་གི་སྒྲོན་མ་ལས་སུ་རུང་བས་འོད་ཁྱིམ་ལྔ་ལྡན་དུ་རང་གསལ་ལོ༔ ཐིག་ལེ་སྟོང་པའི་སྒྲོན་མ་ལས་སུ་རུང་བས་རིག་པའི་རང་ཡུལ་རང་གསལ་བའོ༔ ཤེས་རབ་རང་བྱུང་གི་སྒྲོན་མ་རང་གསལ་བས་རྡོ་རྗེ་ལུ་གུ་རྒྱུད་ལ་བརྟན་པ་ཐོབ་སྟེ་འགུལ་འཕྲིགས་མེད་ཅིང་༔ ནང་རྩ་འོད་དུ་སོང་བས་ཤ་ཁྲག་རུས་པ་ལ་སོགས་པ་འོད་དུ་འགྲོ་བའི་དགོས་པ་ཡོད་དོ༔ དེ་ལྟར་སྒྲོན་མ་བཞིའི་གནད་ཀྱིས་ལམ་སྣང་བ་བཞིའི་འཆར་ཚུལ་ངོས་ཟིན་ཏེ༔ ལམ་སྣང་གི་ཡོན་ཏན་ལོངས་སྐུའི་ཞིང་དུ་གྲོལ་ནས་ཚེ་འདི་ཉིད་ལ་ལྷག་མེད་འགྲུབ་པའི་དགོས་པ་ཡོད་དོ༔ དེའང་རྒྱང་ཞགས་ཆུའི་སྒྲོན་མ་མི་གསལ་ན་སྨན་དང་སྔགས་ལ་སོགས་པས་བཅོས་པར་བྱའོ༔ དབྱིངས་རྣམ་དག་གི་སྒྲོན་མ་མི་གསལ་ན༔ ཉི་མའི་ངོས་ལ་ཁྲུ་གང་གིས་མ་རེག་པར་བལྟས་ལ་ཁད་ཀྱིས་ཉི་མ་དང་ཕྲལ་ལ་ཉམས་སུ་བླང་ངོ་༔ ཐིག་ལེ་སྟོང་པའི་སྒྲོན་མ་མི་གས ལ་ན་དབྱིངས་ཀྱི་སྣང་བ་ལ་མི་འགྱུར་བར་བལྟའོ༔ ཤེས་རབ་རང་བྱུང་གི་སྒྲོན་མ་མི་གསལ་ན་རྡོ་རྗེ་ལུ་གུ་རྒྱུད་འགྲོ་འོང་མེད་པས་རླུང་རབ་ཏུ་དལ་བ་ལ་བསླབ་བོ༔ དེས་ནི་སྒྲོན་མ་བཞིའི་སྣང་བ་གོང་དུ་འཕེལ་ཞིང་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་ཐིག་ལེ་སྟོང་པའི་སྒྲོན་མ་རང་གི་སྨིན་མཚམས་ལས་བྲལ་ཏ༔ གསུམ་སྦྲེལ་དུ་སྣང་བ་ནས་ཉམས་སྣང་གོང་དུ་འཕེལ་ཏེེ་ལོངས་སྤྱོད་རྫོགས་པའི་སྐུ་རྐྱང་པ་སྣང་བ་ན༔ རིག་པ་ཚད་ལ་ཕེབས་ཏེ་ཡབ་ཡུམ་ཟུང་སྦྲེལ་དུ་སྣང་ཞིང་༔ ཕྱི་ནང་གི་རྡོས་བཅས་རྟོག་ཚོགས་དང་བཅས་པ་སྣང་བའི་འཕེལ་ཆ་རྣམས་ཀྱང་
ཟད་ནས༔ འོད་ཕུང་གི་ནང་ན་རང་གི་ལག་སོར་ཙམ་ལས་མི་སྣང་བ་ནི་ཆོས་ཉིད་ཟད་པའི་སྣང་བ་སྟེ༔ དེ་ལས་ཀྱང་འདས་ནས་འོད་གསལ་ནང་ཐིམ་ལ་ལྷག་མེད་འགྲུབ་པ་ཡིན་ནོ༔ གསུམ་པ་འབྲས་བུ་སྒྲོན་མ་བཞིའི་གྲོལ་ཚད་ནི༔ རབ་ལ་ཚེ་འདིར་འོད་ལ་ཕལ་པ་རྣམས་ལ་བར་དོར་འཆར་ཏེ༔ འཆི་ཁའི་སྣང་བ་ལས་ཐལ་ཏེ༔ རྣམ་ཤེས་ནམ་མཁའ་ལ༔ ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ༔ རྒྱང་ཞག་ཆུའི་སྒྲོན་མ་ལས་ཐུགས་རྗེ་རྒྱུན་གྱི་ཐག་པ་ནམ་མཁའ་འབྲེལ་བ་ལས༔ དབྱིངས་རྣམ་དག་གི་སྒྲོན་མ་འོད་གསལ་གྱི་སྣང་བས་འཇིག་རྟེན་ཁེངས་པ་འོང་ང་ོ༔ དེའི་ཚེ་རང་སྣང་རང་ངོ་ཤེས་པས་ཤེས་རབ་རང་བྱུང་གི་སྒྲོན་མ་ཤར་ཏེ༔ ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཀྱི་འཁོར་ལོ་ལས་སྐད་ཅིག་མ་ལས་ནང་གསལ་དུ་གྲོལ་ལོ༔ དེ་ལ་གདེང་མ་རྙེད་ན་འོད་གསལ་ཟུང་འཇུག་ལ་ཐིམ་པའི་ཚེ༔ དབྱིངས་རྣམ་དག་གི་སྒྲོན་མས་སྟོང་གསུམ་འོད་སྣང་དུ་ཤར་བའི་ནང་དུ༔ ཐིག་ལེ་སྟོང་པའི་སྒྲོན་མ་རང་ཤར་བའི་དབུས་སུ་ཞི་ཁྲོའི་སྣང་བ་ཤར་ནས༔ ཟེར་ཐག་སྙིང་གར་ཟུགས་པའི་ཚེ༔ རང་བཞིན་གྱིས་བསམ་གཏན་ལ་ཞག་ལྔར་གནས་པས༔ ཤེེས་རབ་རང་བྱུང་གི་སྒྲོན་མ་ཤར་ཏེ༔ རང་ངོ་ཤེས་པས་དེ་ཉིད་དུ་གྲོལ་ལོ༔ དེ་ལའང་གདིང་མ་རྙེད་ན་ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་ཚེ༔ དབྱིངས་རྣམ་དག་གི་སྒྲོན་མ་ཡེ་ཤེས་བཞི་སྦྱོར་དུ་གསལ་བའི་ནང་དུ༔ ཐིག་ལེ་སྟོང་པའི་སྒྲོན་མ་ཐིག་ལེའི་རྣམ་པར་མཐོང་དུས༔ ཤེས་རབ་རང་བྱུང་གི་སྒྲོན་མ་རང་གསལ་འཛིན་མེད་རང་གྲོལ་དུ་ཤེས་པས་གྲོལ་ལོ༔ དེ་ལའང་ངེས་པ་མ་རྙེད་ན༔ ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པའི་ཚེ༔ དབྱིངས་རྣམ་དག་གི་སྒྲོན་མ་ལས་འོད་དུ་གསལ་ཞིང་༔ ཐིག་ལེ་སྟོང་པའི་སྒྲོན་མ་ལས་འོད་ལྔའི་མུ་ཁྱུད་དུ་སྣང་བའི་ནང་ན༔ ལྷའི་སྐུ་མང་པོ་གསལ་བ་ལ༔ རང་སྣང་སྤྲོས་པ་དང་བྲལ་བ་ཤེས་རབ་རང་བྱུང་གི་སྒྲོན་མ་ཤར་བས་རང་གྲོལ་ནས༔ ཐིམ་ལུགས་བརྒྱད་ཀྱིས་གདོད་མའི་སར་ནང་གསལ་དུ་གྲོལ་ལོ༔ དེ་ལྟར་བར་དོའི་
འཆར་སྣང་ཇི་སྙེད་པ་ཐམས་ཅད་སྒྲོན་མ་བཞིའི་སྣང་བ་ལས་རང་བྱུང་བའོ༔ དེ་ནས་གདོད་མའི་སར་ཐིམ་པའི་ཚེ་སྒྲོན་མ་བཞི་དབྱིངས་སུ་འཁྱིལ་ཏེ༔ ངོ་བོ་ཀ་དག་གི་སྣང་བ་ནམ་མཁའ་རྣམ་པར་དག་པ་ལྟ་བུའམ༔ མེ་ཤེལ་དྲི་མ་མེད་པ་འདྲ་བའི་སྦུབས་སུ༔ དབྱིངས་རྣམ་དག་གི་སྒྲོན་མ༔ ཐེག་ལེ་སྟོང་པའི་སྒྲོན་མ༔ ཤེས་རབ་རང་བྱུང་གི་སྒྲོན་མ༔ རྒྱང་ཞགས་ཆུའི་སྒྲོན་མ་ནི་དེའི་ཚེ༔ དངོས་སུ་ཐིམ་རྒྱུད་མེད་ཀྱང་འཆར་གཞིའི་ཆ་ལ་བཏགས་པས༔ དེ་བཞི་ཀ་དག་ནམ་མཁའ་ལྟ་བུའི་ངང་ན་ནང་གསལ་དུ་གནས་པ་ལ༔ དབྱིངས་སུ་འཁྱིལ་བ་ཞེས་བྱའོ༔ དེ་ལས་ལོངས་སྐུར་སྣང་བའི་ཚེ༔ དབྱིངས་རྣམ་དག་གི་སྒྲོན་མས་ཞིང་ཁམས་སྟུག་པོ་བཀོད་པའི་སྣང་བ་སྟོན༔ ཐིག་ལེ་སྟོང་པའི་སྒྲོན་མས་གཞལ་ཡས་ཁང་རྣམ་པར་དག་པའི་སྣང་བ་སྟོན༔ ཤེས་རབ་རང་བྱུང་གི་སྒྲོན་མས་མཁྱེན་རབ་དང་ཐུགས་རྗེ་རྣམ་པར་དག་པའི་སྣང་བ་སྟོན༔ རྡོ་རྗེ་ལུ་གུ་རྒྱུད་ལས་ཞི་ཁྲོ་སྣ་ཚོགས་ཀྱི་སྐུ་རྣམ་པ་དག་པའི་སྣང་བ་སྟོན༔ དེ་ལས་སྤྲུལ་པའི་སྐུ་སྣ་ཚོགས་སྣང་བས་འགྲོ་བའི་དོན་བྱས་ཏེ༔ མཐར་ཡང་གདོད་མའི་ངང་དུ་ནང་གསལ་གཞི་ཐོག་ཉིད་དུ་ལྷུན་གྱིས་གྲུབ་པའོ༔ དེ་ལྟར་གཞི་ལམ་འབྲས་བུ་བླ་ན་མེད༔ སྒྲོན་མ་བཞིར་བསྡུས་སྐལ་ལྡན་སྨིན་མཛད་ཅིང་༔ པདྨ་ལས་འབྲེལ་རྩལ་གྱིས་ལེགས་པར་བཀོད༔ མཁའ་འགྲོ་སྙིང་ཏིག་མན་ངག་སྙིང་པོའི་དོན༔ ཡང་ནས་ཡང་བསྡུས་གཅིག་ཏུ་དྲིལ་བ་ནི༔ འདི་ཉིད་ཡིན་ཏེ་གཞན་དུ་བསྟན་པ་མེད༔ གནད་རྣམས་ཉག་གཅིག་སྙིང་ཕྱུང་འདིར་བཀོད་པས༔ ཕྱི་རབས་སྐལ་ལྡན་ཉམས་བླང་ཚད་དུ་ཕྱིན༔ ལྷུན་གྲུབ་ས་ལ་ཞིང་སྣང་རྒྱ་ཆེ་བས༔ འགྲོ་བའི་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག༔ བདག་གིས་སྙིང་ཕྱུང་ཡང་གསང་སྙིང་པོའི་རྒྱུད༔ འདིར་ནི་མངོན་སུམ་ཉིད་དུ་གཏན་ལ་ཕབ༔ ཕྱི་རབས་སྐལ་ལྡན་རྣམས་དང་འདི་འཕྲད་ཤོག༔ འཇིག་རྟེན་ཁམས་ན་དཀོན་པའི་རིན་པོ་ཆེ༔ སྒྲོན་མ་བཞི་སྐོར་སྙིང་ཏིག་ཡང་གསང་འདི༔ གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུ༔ དྲི་མེད་འོད་ཟེར་བདག་གིས་སྣང་བར་བྱས༔ སྒྲོན་མ་བཞི་སྐོར་ཞེས་བྱ་བ༔ དཔལ་ལྡན་ཡུལ་དབུས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ༔ དགེའོ༔ རྒྱ་རྒྱ་རྒྱ༔
འཁྲུལ་སྣང་གཞི་གྲོལ།
འཁྲུལ་སྣང་གཞི་གྲོལ་ཞེས་བྱ་བ་བཞུགས་སོ༔ རིན་ཆེན་ཤོག་སེར་གྱི་སྐོརཿ
འཁྲུལ་སྣང་གཞི་གྲོལ་ཞེས་བྱ་བ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ འཁྲུལ་པའི་སྣང་བ་མ་འཁྲུལ་ཡེ་ཤེས་སུ༔ གསལ་བར་སྟོན་མཛད་པདྨའི་ཞབས་བཏུད་དེ༔ མ་དག་ལས་ཀྱང་དག་པའི་དབྱིངས་འཆར་བ༔ གདོད་མའི་གྲོལ་གཞིར་འཆར་བ་བཤད་ཀྱིས་ཉོན༔ དེ་ལ་སྤྱིར་དང་པོའི་གཞི་ལས་འོད་ལྔར་ཤར་བ་བདག་ཏུ་བཟུང་བས་འཁོར་བར་འཁྱམས་དུས༔ དང་པོའི་གནས་སུ་ལ་ཟློ་བ་ཡེ་ཤེས་འོད་གསལ་གྱི་གདངས་ལ་བལྟས་པས་གདོད་མར་གྲོལ་བའི་གདམས་པ་མཁའ་འགྲོ་སྙིང་ཏིག༔ མངོན་སུམ་འོད་གསལ་གྱི་གདམས་པ་གསུངས་ཏེ༔ རྟག་ཏུ་ཉམས་སུ་ལེན་པ་ལ་བརྩོན་པར་བྱ་བ་ཁོ་ནའོ༔ འོན་ཀྱང་མིག་ཤེས་ཤིན་ཏུ་ངན་པས་དེ་བལྟ་བའི་ནུས་པ་མེད་པའམ༔ སྐབས་སུ་ངལ་གསོ་བའི་བར་སྐབས་སམ༔ མིག་ལོང་བའི་གནས་སྐབས་ན་ཉམས་སུ་ཇི་ལྟར་བླང་ཞེ་ན༔ འདིར་མདོ་ཐུན་མོང་པའི་ངོ་སྤྲོད་ལ་ཉམས་སུ་བླངས་བར་བྱའོ༔ དེ་ཡང་དང་པོའི་གཞི་སྣང་འོད་ལྔར་སྣང་བ་བཞིན་དུ༔ འབྱུང་བ་ལྔ་ཡང་རགས་པ་འོད་ལས་ཤར་བའི་སྣང་བ་སྟེ༔ དོན་ལ་བཟང་ངན་མེད་དོ༔ ནམ་མཁར་འོད་ལ་བལྟས་པས༔ སེམས་ཀྱི་བྱུང་ཚོར་གནས་སུ་དག་ནས༔ ཤེས་རབ་རང་བྱུང་གི་སྒྲོན་མ་ནང་དུ་ཤར་བ་བཞིན་དུ༔ འབྱུང་ལྔར་སྣང་བ་ལ་གཏད་པས༔ དེར་འཛིན་མེད་དུས་ཤེས་རབ་རང་བྱུང་གི་སྒྲོན་མ་ལྷུན་གྲུབ་ཏུ་འཆར་བས་ཁྱད་པར་མེད་དོ༔ ཤེས་རབ་རང་བྱུང་གི་སྒྲོན་མ་ཙམ་དུ་འཛིན་པ་མེད་པས་གདོད་མའི་གཞི་ལ་གྲོལ་བར་སྐྱེས་སོ་ནི་ཇི་ལྟ་བ་བཞིན་གཉིས་ཀ་ལ་མཚུངས་པའི་ཕྱིར༔ འོད་སྣང་དང་༔ འཁྲུལ་སྣང་རིག་གདངས་སུ་མཉམས་པས༔ རྒྱ་ཡན་ཕྱོགས་བྲལ་གྱི་གདམས་པས་མཚོན་ནས་ངོ་སྤྲད་ན༔ ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་ཞོག༔ མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི༔ གཏང་གཞག་མེད་པའི་འོད་གསལ་ཁོང་ནས་འཆར༔ གདོད་མའི་ངང་དེར་ད་ལྟ་ལྷུན་གྱིས་གྲུབ༔ དེ་ཡང་ས་ཆུ་མེ་རླུང་ནམ་
མཁའ་དྭངས་པའི་ངོས་རྣམས་ལ༔ མིག་མི་འགུལ་བར་གཏད་ནས༔ སེམས་གང་དུའང་མི་བསམ༔ ཅིར་ཡང་མ་བཅད་པས༔ སྤྲོ་བསྡུ་མེད་པའི་ཡེ་ཤེས་བདེ་གསལ་མི་རྟོག་པ་ཁོང་ནས་འཆར་ཞིང་སྒོམ་པའི་ངོ་བོ་གཞི་གྲོལ་ཅོག་གཞག་གོ༔ དེ་ཡང་འབྱུང་བ་ལྔས༔ ང་ནི་འབྱུང་བ་ལྔའོ་སྙམ་དུ་མི་རྟོག་གོ༔ ངེད་ལ་འགྲོ་བ་བརྟེན་ནོ་སྙམ་དུ་གཞན་ལ་མི་རྟོག་པར༔ གསལ་ལ་འཛིན་མེད༔ བླང་དོར་དང་རེ་དོགས་མེད་པའི་ངང་ལ་གཏན་དུ་གནས་པ་བཞིན་དུ༔ རང་བྱུང་སེམས་ཉིད་ཀྱང་བཅོས་བསླད་དང་རེ་དོགས་མེད་པའི་ངང་ལ་རྒྱུན་དུ་མ་ཡེངས་པར་གཞག་གོ༔ དེའི་ཚེ་གཟུགས་སྣང་༔ སྒྲ་སྣང་༔ དྲི་སྣང་༔ རོ་སྣང་༔ རེག་སྣང་གང་ལ་ཡང་རང་རང་གི་ཐོག་དེར་ལྷོད་དེ་གློད༔ ཙན་ནེར་བཞག་པས་རྣམ་རྟོག་གཞན་རྣམས་དེར་འདུས་ལ༔ དེ་ཉིད་ཙམ་དུ་ཡང་འཛིན་ཞེན་མེད་པས་གདོད་མའི་གཞི་ཐོག་ཏུ་བཅོས་བསླད་མེད་པའི་སྐད་ཅིག་ལ་སླེབས་སོ༔ དེ་ཡང་གཏང་གཞག་མེད་པའི་སེམས་ཉིད་ནི་གདོད་མའི་གཞིའོ༔ དེའི་ངང་ལས་འབྱུང་བ་ལྔའམ༔ ཚོགས་དྲུག་གི་ཡུལ་རྣམས་ཀྱི་སྣང་བ་གཞི་སྣང་དུ་ཤར་བའོ༔ དེའི་ངང་ལ་མ་བཅོས་པར་བཞག་པ་ནི༔ གཞི་ཇི་བཞིན་ཉིད་དུ་བཞག་པའོ༔ དེ་ཐོག་ཏུ་དེར་འཛིན་མེད་པར་གྲོལ་བ་ནི༔ གདོད་མའི་གཞི་ལ་ཕེབས་པའོ༔ དེའི་ངང་དུ་གཏང་གཞག་དང་སྤྲོ་བསྡུ་མེད་པར་གནས་པ་ནི༔ གཞི་ལས་མ་གཡོས་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་རང་བཞིན༔ ལྷུན་གྲུབ་རིན་པོ་ཆེའི་སྦུགས་ཞེས་བྱའོ༔ དེ་ཉིད་ཐུན་མོང་གི་ཐེག་པ་དང་ཤན་སྦྱར་བའོ༔ ཐོག་མ་མེད་པ་དོན་གྱི་དབྱིངས་སེམས་ཉིད་རང་བཞིན་གྱིས་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ༔ དོན་གྱི་གནས་ལུགས་དབུ་མ་ནི་གདོད་མའི་གཞིའོ༔ ཐོག་མའི་མ་རིག་པ་ལྷན་སྐྱེས་དང་༔ ཀུན་བརྟགས་ནི་འཁོར་བའི་རྒྱུ་རྐྱེན་ཏེ༔ གཟུང་འཛིན་འཁྲུལ་པ་བསྐྱེད་ནས་སྲིད་གསུམ་སོ་སོར་འཁྲུལ་བ་ནི༔ གཞི་དེ་ཉིད་
ངོ་མ་ཤེས་པར་འོད་ལ་ཞེན་པས་འགྲོ་དྲུག་ཏུ་འཁྲུལ་པའོ༔ འཁྲུལ་པའི་གཉེན་པོར་ཆོས་རྣམས་ཀྱི་གནས་ལུགས་འཁྲུལ་པ་མེད་བཞིན་སྣང་བ་གཟུགས་བརྙན་ལྟ་བུ་བག་ཆགས་ཀྱི་མཐུ་བརྟས་པས་སྣང་བ་ཀུན་རྫོབ་པ་ཉིད༔ དོན་ལ་མ་གྲུབ་པས་བདག་མཐའ་དག་གིས་སྟོང་པའི་གནས་ལུགས་ནམ་མཁའ་ལྟ་བུ་བསྒོམས་པས༔ གདོད་མའི་གཞིར་གྲོལ་ཏེ་སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་མཛད་པ་བཞིན་དུ༔ འོད་ལྔ་ལས་འཁྲུལ་པའི་ཡུལ་དང་༔ ལུས་དང་སེམས་རྣམས་མེད་བཞིན་སྣང་བའི་གཉེན་པོར༔ འོད་སྣང་ལ་བལྟས་པས༔ རྡོས་བཅས་འཁྲུལ་པ་ཐམས་ཅད་རང་ལོག་སྟེ་ཀུན་རྫོབ་སངས་ནས་མ་འཁྲུལ་བའི་ཡེ་ཤེས༔ གཞི་ཐོག་ཏུ་ཕྱིན་པས༔ སྐུ་གསུམ་འདུ་འབྲལ་མེད་པའི་དོན་བྱེད་པར་མཚུངས་པར་བལྟ་བར་བྱའོ༔ སྤྱིར་གྱི་ཆོས་རྣམས་གུང་མཐུན་ལ༔ གནད་ཀྱིས་ཁྱད་ཞུགས་སོ༔ འདིར་བསྒོམས་ན་སྐྱེ་མེད་ཀྱང་བློའི་རི་མོ་ཡིན་ལ༔ ལྟ་བ་ལ་ཡིན་པ་མེད་པ༔ སྒོམ་པ་ལ་མིན་པ་མེད་པ༔ སྤྱོད་པ་ལ་བླང་དོར་མེད་པ༔ འབྲས་བུ་ལ་རེ་དོགས་མེད་པའོ༔ དེ་ལྟར་བློས་ཁོལ་བུར་མ་འཆིང་༔ ནམ་མཁའ་གུད་ན་མ་བཅད་ཅེས་གདམས་པ་ཡིན་ནོ༔ འོ་ན་འབྱུང་ལྔར་སྣང་དུས་དེ་ལ་གཏད་པས་གཟུང་འཛིན་དུ་འགྱུར་རོ་སྙམ་ན་མ་ཡིན་ཏེ༔ འབྱུང་ལྔ་གཟུང་ཡུལ་ཡིན་གྱིས༔ གཟུང་བ་མ་ཡིན་ནོ༔ དེ་ཡང་རི་མཐོང་དུས་རི་བོའོ་སྙམ་པ་ནི་གཟུང་བ་ལ༔ དེའི་ཁྱད་པར་ཁ་དོག་ལ་སོགས་པ་ལ་རྟོག་ཅིང་ཞེན་པ་ནི་འཛིན་པ་སྟེ༔ དེ་གཉིས་བློ་སྤྲོས་བཅས་ཡིན་པས་གཏང་གཞག་མེད་པའི་ངང་ལ་དེ་གཉིས་གང་ཡང་མེད་པས༔ གཟུང་འཛིན་གང་ཡང་མེད་དོ༔ གཟུགས་ལ་སོགས་པའི་རྣམ་དབྱེ་དང་༔ སྣང་མི་སྣང་ཐམས་ཅད་བློའི་བརྡ་ཆད་ཡིན་པས་ཤེས་པ་ཡིན་ལ༔ གང་དུའང་མ་བཅད་པར་དོན་རང་མཚང་ཐང་ནས༔
བཅོས་བསླད་མེད་པར་འཇོག་པ་ནི༔ མངོན་སུམ་རྟོག་བྲལ་མ་འཁྲུལ་ཏེ༔ ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱའོ༔ འདི་ཙམ་གྱིས་ཆོས་སུ་ཞེན་པ་ཐམས་ཅད་གྲོལ་ལོ༔ དེ་ལྟ་བུའི་ཉམས་ལེན་ལ་གོམས་དུས་ཐོག་མའི་གཞི་ལ་གོམས་པས༔ སྐད་ཅིག་གཅིག་གིས་ཀུན་ཏུ་བཟང་པོའི་ས་ལ་བཙན་ས་ཟིན་པས༔ བར་དོ་ཡེ་ཤེས་ཀྱི་སྣང་བ་ལ་ད་ལྟའི་གནད་དང་འདྲེས་པས་ཡར་གྱི་ཟང་ཐལ་ལ་གྲོལ་བའོ༔ འདི་ནི་སྣ་ཚོགས་ཐབས་ལ་གོམས་པ་ཡིས༔ འབད་པ་མེད་པར་གདོད་མའི་སར་གྲོལ་བ༔ གངས་རི་ཐོད་དཀར་མགུལ་དུ་བཀོད་པ་ཡིན༔ འགྲོ་ཀུན་ཀུན་བཟང་ཞིང་ལ་ཕྱིན་པར་ཤོག༔ འཁྲུལ་སྣང་གཞི་གྲོལ་གྱི་གདམས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔ ཿ
རྨི་ལམ་སྦུགས་འཇུག།
རྨི་ལམ་སྦུགས་འཇུག་ཅེས་བྱ་བ་བཞུགས་སོ༔ རིན་ཆེན་ཤོག་སེར་སྐོརཿ
རྨི་ལམ་སྦུབས་འཇུག་ཅེས་བྱ་བ༔ ཡེ་ཤེས་མཚོ་རྒྱལ་ལ་ཕྱག་འཚལ་ལོ༔ བག་ཆགས་ཉིད་ལས་འཁྲུལ་པའི་གཟུགས་ཤར་བ༔ འཁོར་བའི་རྒྱུ་རྐྱེན་རྨི་ལམ་སྣང་བ་ཉིད༔ ཡེ་ཤེས་སྦུབས་སུ་འཇུག་པའི་མན་ངག་ནི༔ ཇི་ལྟར་བདག་ལ་བབས་པའི་ཚུལ་བཞིན་བཤད༔ དེའང་ཉིན་དུས་ཀྱི་སྣང་བ་འཁྲུལ་བའི་བག་ཆགས་ལས༔ མཚན་དུས་ཀྱི་རྨི་ལམ་སྣ་ཚོགས་སུ་འབྱུང་བ་ནི༔ རྣམ་རྟོག་ཕྱིར་བལྟས་ཡུལ་གྱི་རྗེས་སུ༔ ནང་གི་རིག་པ་རླུང་གིས་བསྐྱོད་པ་ཉིད་འབྲངས་པ་ལས་བྱུང་བས་ཉིང་འཁྲུལ་དུ་ཤར་ཏེ༔ ལས་དང་བག་ཆགས་ཀྱི་རྣམ་པ་བསགས་པས་འཁོར་བར་འཁྱམས་པའི་ཕྱིར༔ བླ་མའི་མན་ངག་གིས་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦ་བར་བྱ་སྟེ༔ དེའང་ཉི་མ་འགར་དལ་བར་བྱས་ལ༔ སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མར་རྩལ་སྦྱངས་ཏེ༔ མཚན་མོ་ཉལ་བས་རྨི་ལམ་ན་གང་ཤས་ཆེ་བར་བརྟག་གོ༔ དེ་ཡང་ད་ལྟ་འབའ་ཞིག་གིས་ཉིན་དུས་ཅི་བྱས་རྨི་ན་བག་ཆགས་ཤས་ཆུང་བས་ཤིན་ཏུ་སྦྱང་སླའོ༔ འདས་པ་ཤས་ཆེར་རྨི་ན་སྔར་འ དྲིས་ཀྱི་བགས་ཆགས་ཤས་ཆེ་བས་ཅུང་ཟད་དཀའོ༔ ཆལ་ཆོལ་དུ་འདྲེས་མར་རྨི་ཞིང་བག་ཆགས་མེད་པའི་རྣམ་པ་ཤས་ཆེར་རྨི་ན་སྦྱང་པར་ཤིན་ཏུ་དཀའ་སྟེ༔ དུས་གསུམ་གྱི་བག་ཆགས་ཤིན་ཏུ་འཐུག་པའི་ཕྱིར་རོ༔ དེ་ནས་མི་མེད་པའི་རི་ལ་སོང་སྟེ༔ གང་ཤས་ཆེ་བའི་རྨི་ལམ་དེ༔ ད་ལྟའི་སྣང་བ་འདི་གསལ་བཏབ་ལ༔ ལུས་མཆོངས་རྒྱུག༔ ངག་ཀུ་ཅོ༔ སེམས་དྲན་རྟོག་སྣ་ཚོགས་པ་བླངས་ཏེ༔ སྐད་ཅིག་སྐད་ཅིག་ལ་བདེན་མེད་དུ་ཤར་ཤར་སྦྱངས་ཤིང་ཕཊ་ཕཊ་ཅེས་བརྗོད་ལ་བླ་མ་སྤྱི་བོར་བསྒོམས་ཏེ༔ འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བཞིན་བྱའོ༔ དེ་ལྟར་ཟླ་བ་ཕྱེད་དང་༔ ཞག་བཅུར་སྦྱངས་པས༔ གང་ཤར་གཟའ་གཏད་དང་བྲལ་བར་གཏན་ལ་ཕེབས་སོ༔ དེ་དག་གི་སྐབས་སུ་མཚན་མོ་གང་ལའང་མི་རྟོག་པར་ལྷོད་ཀྱིས་གློད་ལ་
ཉལ་ལོ༔ དེ་ནས་སྐྱེ་འགགས་གྲངས་འདེབས་ཀྱི་དགེ་སྦྱོར་རྟོག་པའི་འཕྲོ་འདུ་ཐམས་ཅད་ལིངས་ཀྱིས་བསྐྱུར་ལ༔ སྒྱུ་མ་དང་རྨི་ལམ་ལྟ་བུའི་ལམ་ཁྱེར་ཡང་མི་བྱ་བར༔ དབེན་ཞིང་དྭངས་པའི་གནས་སུ་ལུས་བཞུགས་སྟངས་གསུམ་གང་རུང་ངམ༔ རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ཤིང་ངག་སྨྲ་བརྗོད་ཐམས་ཅད་བཀག༔ སེམས་དྲན་བསམ་ཐམས་ཅད་ཡིད་ལ་མི་བྱེད་པར༔ ནམ་མཁའ་དག་པའི་ངོས་སུ་མིག་མི་འགུལ་བར་གཏད་ཏེ༔ རླུང་ཕྱིར་དལ་གྱིས་བཟུང་ལ༔ ནང་དུ་མི་བཞག་པར་མཉམ་པར་བཞག་པས༔ ཤེས་པ་ཕྱི་ནང་གང་ནའང་མི་གནས་པའི་ཆོས་ཉིད་ཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་འཆར་རོ༔ དེ་ཉིད་ཀྱི་ངང་ལ་ཐབས་དེས་ཇི་ཙམ་བཞག་བཞག་གདོད་མའི་ཀ་དག་ཏུ་ད་ལྟ་གནས་པས༔ འཕྲོ་འདུའི་རྟོག་པ་གཞི་ལ་ཐིམ་སྟེ༔ རྣམ་པར་མི་རྟོག་པའི་ཡེ་ཤེས་བློས་མ་བྱས་པའི་ཆོས་ཉིད༔ རང་ལ་གནས་པའི་ཡེ་ཤེས༔ བྱ་རྩོལ་འདས་པའི་སྒོམ་པ༔ ཀུན་ཏུ་བཟང་པོའི་རང་བཞིན་དུས་ཐམས་ཅད་དུ་འཆར་རོ༔ དེ་ལྟར་ཉིན་མོ་ཉམས་སུ་བླངས་ནས་ཉལ་བའི་ཚེ༔ གཞོག་གཡས་ཕབ་ལ༔ སེམས་ཀྱི་དྲན་བསམ་འཕྲོ་འདུའི་རྟོག་པ་གང་ཡང་མི་བྱ་བར་ལྷོད་ནས་ཉལ་བས༔ དང་པོར་རྨི་ལམ་གསལ་ལ་དྭངས་པ་སྔར་བས་ཉུང་བ་རྨིའོ༔ དེ་ནས་ཇེ་ཉུང་ཇེ་ཉུང་ལ་མཐར་དབྱིངས་སུ་ཐིམ་ནས༔ མི་རྨི་བར་ཆོས་ཉིད་གདོད་མའི་ངང་དུ་གནས་པར་འགྱུར་རོ༔ དེའི་ཉིན་མཚན་འདྲེས་པ་ཞེས་བྱ་སྟེ༔ རང་བཞིན་སྤྲོས་བྲལ་གྱི་ངང་དུ་འཁོར་བར་གྲོལ་བས༔ ཚེའི་དུས་བྱས་དུས་ཀ་དག་གི་གྲོལ་གཞི་ནམ་མཁའ་ལྟ་བུའི་ངང་དུ་སངས་རྒྱའོ༔ དེ་ནི་ཆོས་ཉིད་ཀ་དག་གི་སྣང་བའི་སྦུགས་སུ་རྨི་ལམ་སྦ་བ་ཞེས་བྱའོ༔ དེ་ནས་ལྷུན་གྲུབ་འོད་གསལ་གྱི་ངང་དུ་སྦ་བ་ནི༔ འཁོར་འདས་རུ་ཤན་འབྱེད་པ་ཡན་ཆད་སྔར་དང་འདྲ་བ་ལས༔ ཁྱད་པར་དུ་ལྟ་སྟངས་དང་གཟིགས་སྟངས་བསྟུན་ལ༔ ཉིན་དུས་མངོན་སུམ་འོད་ལྔའི་ངང་ལས་མ་ཡེངས་པར་བྱས་པས༔ འཕྲོ་
འདུའི་རྟོག་པ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ནུབ་ནས༔ སྣང་ཡུལ་དུ་འོད་ལྔར་སྣང་ཡང་༔ སེམས་ཀྱི་སོ་སོར་མི་རྟོག་པ་མཉམ་རྫོགས་སྤྲོས་པ་དང་བྲལ་བའི་ཡེ་ཤེས༔ ཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་ཤར་ཏེ༔ སྟོང་གསལ་གཉིས་མེད་ཀྱི་དོན་གདོད་མའི་ངང་ལ༔ ཐབས་དེས་ཇི་ཙམ་བཞག་བཞག་དབྱིངས་སུ་གནས་པའོ༔ དེའི་ཚེ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབའ་ཞིག་ལ་སྤྱོད་པའོ༔ མཚན་མོ་ཉལ་དུས་རླུང་སེམས་རབ་ཏུ་དལ་བས་སྔ་མ་ལྟར་སེང་གེའི་ཉལ་ལུགས་ཀྱིས་ཉལ་ཏེ༔ སྙིང་གི་ནང་དུ་འོད་ལྔའི་མར་མེ་མཐེ་བོང་ཙམ་ལས་འོད་ཟེར་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་གང་༔ དེ་ལས་ཕྱིར་འཕྲོས་པས་གནས་ཁང་འོད་ལྔས་གང་༔ དེ་ལས་ཕྱིར་འཕྲོས་པས་ཡུལ་གྲུ་ཐམས་ཅད་གང་ནས༔ མཐར་ནམ་མཁས་གར་ཁྱབ་པ་འོད་ལྔས་ཁྱབ་པར་བསྒོམ་མོ༔ དེ་ཡང་གསལ་བ༔ འཚེར་བ༔ ལྷུན་སྡུག་པ༔ འོད་ཟེར་འབར་བ༔ ཕྲི་ལི་ལི་འདུག་པར་བསམ་པའི་ངང་ལས་གཉིད་དུ་སོང་བས༔ དང་པོ་རྨི་ལམ་གསལ་དྭངས་ལ༔ བདེ་བ༔ གསལ་བ༔ མི་རྟོག་པས་བརྒྱན་པ་འཆར་ཞིང་༔ རིམ་གྱིས་སངས་རྒྱས་ཀྱི་ཞིང་སྣང་དང་༔ འོད་ལྔའི་སྣང་བས་ཁྱབ་པར་རྨི་ལམ་ནའང་མཐོང་སྟེ༔ དེ་ནས་རྨི་ལམ་ཇེ་ཉུང་ལ་སོང་བའི་མཐར་འོད་གསལ་གྱི་དབྱིངས་སུ་ཐིམ་ནས་རྨི་ལམ་གང་ཡང་མེད་པར་ཉིན་པར་བཞིན་སོང་དུས་ཉིན་མཚན་འདྲེས་པ་ཞེས་བྱ་སྟེ༔ འཁྲུལ་སྣང་ལོངས་སྐུར་ཐིམ་ནས་གདོད་མའི་གཞི་ལ་མཐར་ཕྱིན་པར་འགྱུར་རོ༔ ཁྱད་པར་དུ་འོད་གསལ་གྱི་སྣང་བ་ཤར་དུས་གདོད་མའི་ངང་དུ་གྲོལ་བར་འགྱུར་རོ༔ དེའང་ཕྱོགས་གཞན་ལས་རྨི་ལམ་སྦྱོང་བཟུང་སྤེལ་སྒྱུར་དུ་བྱེད་པ་ནི༔ རྟོག་པའི་དྲ་བ་རྒྱུན་མི་འཆད་པས་འོད་གསལ་མ་བུ་འདྲེས་པར་དཀོན་ནོ༔ འདིར་ཀ་དག་དང་ལྷུན་གྲུབ་གཉིས་ཀྱི་སྦུབས་སུ་རྨི་ལམ་སྦས་པས༔ ད་ལྟ་ནས་གཞི་ཐོག་ཏུ་བཙན་ས་ཟིན་ཏེ༔ གདོད་མའི་རང་ངོ་ཤེས་ནས་ཚེ་འདིར་གྲོལ་བ་དངོས་ཡིན་ནོ༔ འོ་ན་
ཀ་དག་གཅིག་པུས་ཀྱང་གྲོལ་ན༔ དེ་ལ་སྣང་བ་བཞི་ཇི་ལྟར་རྩི་སྙམ་ན༔ དང་པོ་ཀ་དག་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རང་ངོ་ཤེས་པ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བའོ༔ དེའི་ངང་ལ་གོམས་པས་ཕྱི་སྣང་བ་སྣ་ཚོགས་ལ་གཟུང་འཛིན་གྱི་བློ་མི་སྐྱེ༔ ནང་རྟོག་པ་སྣ་ཚོགས་ལ་འཕྲོ་འདུའི་སེམས་མི་འཇུག༔ གསང་བ་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་ཇེ་ཆེར་འཕེལ་བས༔ ཉམས་གོང་འཕེལ་གྱི་སྣང་བ་ཞེས་བྱའོ༔ དེའི་ངང་ལ་གོམས་པས་གཟུང་འཛིན་གཉིས་འཛིན་གྱི་རྟོག་པ་རང་སར་གྲོལ་ཏེ༔ འཛིན་མེད་མཐའ་བྲལ་གྱི་རྟོག་པ་མངོན་དུ་གྱུར་ནས༔ འཁོར་འདས་རེ་དོགས་དང་བྲལ་དུས༔ སྤྱན་དང་མངོན་ཤེས་དང་༔ ཐུན་མོང་གི་དངོས་གྲུབ་ཞོར་ལ་འགྲུབ་པ་ནི༔ རིག་པ་ཚད་ཕེབས་ཀྱི་སྣང་བ་ཞེས་བྱའོ༔ དེའི་ངང་ལ་ཅིར་ཡང་འཛིན་པ་མེད་པར་གནས་པས་ལས་དང་བག་ཆགས་དང་གཟུང་འཛིན་འཁྲུལ་རྟོག་ཐམས་ཅད་ཟད་པ་ནི༔ ཆོས་ཉིད་ཟད་པའི་སྣང་བའོ༔ དེ་ནས་ལུས་བོར་བ་དང་ཕུང་པོ་ལྷག་མ་དང་བཅས་ཏེ༔ སེམས་གདོད་མའི་གཞི་ལ་མྱ་ངན་ལས་འདའ་བ་ཡིན་ནོ༔ དེ་ལྟ་བུའི་རྣལ་འབྱོར་པ་རྣམས་ནི་ད་ལྟ་ཉིད་ནས་ལྷག་བཅས་ཀྱི་མྱ་ངན་འདས་པ་ཡིན་ནོ༔ ལུས་བོར་དུས་དེ་ཡང་མེད་པས༔ ཡང་དག་པར་ལྷག་མེད་དུ་སངས་རྒྱས་པའོ༔ ལྷུན་གྲུབ་ཀྱི་སྣང་བ་བཞི་ཚད་དུ་ཕྱིན་པ་རྣམས་ནི་ད་ལྟར་ནས་ལྷག་མེད་དུ་མྱ་ངན་ལས་འདས་ཏེ༔ རྡོས་བཅས་ཟད་པའི་ཕྱིར་རོ༔ དེ་ལ་ལྟོས་ནས་ལྷག་བཅས་སུ་འདས་པ་སྔ་མར་བཞག་གོ༔ དེས་ནི་ཐབས་འདི་ཤིན་ཏུ་གསང་ཞིང་ཉམས་སུ་བླངས་ན༔ ཟླ་བ་ཕྱེད་ན་རྨི་ལམ་གདོད་མའི་དབྱིངས་སུ་ནུབ་པ་ལ་ཐེ་ཚོམ་མེད་དོ༔ བརྩོན་པ་རབ་ཀྱི་སྤྱོད་ཡུལ་ལོ༔ འབྲིང་གིས་ཟླ་བ་གཅིག༔ ཐ་མས་ཟླ་བ་གསུམ་ན་གདོད་མའི་དབྱིངས་སུ་འོད་གསལ་མ་བུ་འདྲེས་པར་བྱེད་དོ༔ དེ་ཡང་ཕྲ་རགས་ཀྱི་རྟོག་པ་ཡུལ་ལ་འཕྲོས་པས་གདོད་མའི་གཞི་ལས་གཡོས་
པའོ༔ དེ་ཉིད་གང་ཡང་མེད་ན་དང་པོའི་གཞི་ལ་ཟིན་པའོ༔ དེའི་ཕྱིར་གདོད་མའི་གྲོལ་གཞི་ལ་བརྟན་པའི་ཚད༔ རྨིི་ལམ་དབྱིངས་སུ་ནུབ་དུས་ན་ཡིན་པར་རྒྱུད་ལུང་མན་ངག་ཀུན་མཐུན་ནོ༔ དེས་ན་གསང་བའི་མན་ངག་འདི་ཆེས་ཤིན་ཏུ་གསང་ཞིང་ཉམས་སུ་ལོངས་ཤིག༔ ཕ་མ་སྙིང་དང་འདྲ་བའི་མན་ངག་འདི༔ མཁའ་འགྲོས་གནང་སྟེ་སྙིང་ལ་གབ་ན་ཡང་༔ ཕྱི་རབས་སྐལ་ལྡན་རྗེས་གཟུང་སྙིང་རྗེའི་བློས༔ གསང་བའི་ཐབས་འདི་མངོན་དུ་ཕྱུང་བ་ཡིན༔ གཞན་དུ་སྤེལ་ན་མཁའ་འགྲོས་ཆད་པ་འབྱུང་༔ དེ་ཕྱིར་རང་གི་སྙིང་ལ་རྒྱས་ཐོབ་ལ༔ ཤིན་ཏུ་གསང་བའི་ཚུལ་གྱིས་ཉམས་སུ་ལོངས༔ ཨོ་རྒྱན་ཐུགས་སྲས་དྲི་མེད་འོད་ཟེར་གྱིས༔ གངས་རི་ཐོད་དཀར་རིན་ཆེན་སྙིང་པོར་བཀོད༔ སྐལ་ལྡན་ལས་ཅན་རྣམས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ།།
དབྱིངས་སྣང་ངོ་སྤྲོད།
དབྱིངས་སྣང་ངོ་སྤྲོད་ཅེས་བྱ་བ་བཞུགས་པ་ལགས་སོ༔ རིན་ཆེན་ཤོག་སེར་སྐོརཿ
དབྱིངས་སྣང་ངོ་སྤྲོད་ཅེས་བྱ་བ༔ སྣང་དང་སྟོང་པ་ལྷུན་རྫོགས་པ༔ གདོད་མའི་གཞི་ལ་ཕྱག་འཚལ་ཏེ༔ དུས་ཀུན་དབྱིངས་ཀྱི་རོལ་པ་རུ༔ གནས་པའི་རང་བཞིན་བཤད་པར་བྱ༔ དེ་ལ་དང་པོ་གཞི་དབྱིངས་ཀྱི་གནས་ཚུལ་ནི༔ ཀུན་གྱི་སྔོན་རོལ་ན༔ ཐོག་མའི་དབྱིངས་ལྷུན་གྲུབ་ཆེན་པོ་ནས༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་འཕྲོ་གཞི༔ དེ་གསུམ་གང་དུའང་མ་ཕྱེ་བ་ལས༔ ངོ་བོའི་ངང་ལས་རང་བཞིན་གྱི་སྣང་བ་གཙོ་ཆེན་གྱི་འོད་ལྔ་ཤར་བ་དང་མཉམ་དུ༔ ཐུགས་རྗེའི་གདངས་རིག་པར་ཤར་བ་དུས་མཉམ་པ་སྟེ༔ རང་ངོ་ཤེས་ན་སླར་གཞི་ཉིད་ཀྱི་ངང་དུ་ཕྱིན་པས༔ སྐུ་གསུམ་འདུ་འབྲལ་མེད་པའི་བཙན་ས་ཟིན་ཏེ༔ ལྷུན་གྱིས་གྲུབ་པའི་མཛད་པ་འབྱུང་ཡང་༔ མ་ཤེས་པ་རྣམས་ལ་རང་འོད་དུ་མ་ཤེས་པས༔ ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ་ལ༔ རང་སྣང་གཞན་དུ་ཞེན་པས་ཀུན་ཏུ་བརྟགས་པའི་མ་རིག་བ་ཞེས་བྱ་བས༔ རྒྱུ་དང་རྐྱེན་བྱས་ཏེ༔ རྩ་བའི་གཞི་རང་བྱུང་གི་ཡེ་ཤེས་དང་༔ དེའི་གདངས་ཡེ་ཤེས་ལྔ་སྐུ་ལྔའི་འོད་ལྔ་ཡུལ་ལུས་རྣམ་པར་ཤེས་པའི་རྣམ་པར་འཁྲུལ་ལོ༔ དེ་ཡང་འོད་མཐིང་གས་ཕྱི་ནམ་མཁའ༔ ནང་ཁོང་སྟོང་༔ གསང་བ་ཀུན་གཞིར་བསྐྱེད་དོ༔ འོད་དཀར་པོས་ཕྱི་རུ་ཆུ༔ ནང་དུ་ཁྲག་དང་ཁམས༔ གསང་བར་ཀུན་གཞིའི་རྣམ་ཤེས་ཀྱི་རྣམ་པར་བསྐྱེད་དོ༔ འོད་སེར་པོས་ཕྱི་ས༔ ནང་ཤ་རུས༔ གསང་བར་ཡིད་དོ༔ འོད་དམར་པོས་ཕྱི་མེ༔ ནང་དྲོད༔ གསང་བ་ཉོན་ཡིད་དོ༔ འོད་ལྗང་གུས་ཕྱི་རླུང་༔ ནང་དབུགས༔ གསང་བར་སྒོ་ལྔའི་རྣམ་ཤེས་ཀྱི་རྟེན་བྱེད་དོ༔ དེ་དག་གི་རྩལ་ལྔས་དུག་ལྔའོ༔ དེ་དག་གཙོ་ཆེར་བསགས་པས་འགྲོ་བ་ལྔ་དང་༔ དེ་དག་གི་བདེ་སྡུག་རྣམས་རྨི་ལམ་དང་འདྲ་བར་བསྐྱེད་དོ༔ དེ་ལྟར་འཁྲུལ་དུས་རྣམ་སྨིན་བག་ཆ གས་ཀྱི་ལུས་འདི་ལ་རྩའི་གཙོ་བོ་གཡས་རོ་མ་ལས་དྲག་རླུང་རྒྱུ་བའི་རྩ་འདབ་ལས་དྭངས་མ་དཀར་པོ་
བབ་ཅིང་༔ གཡོན་རྐྱང་མ་ལས་འཇམ་རླུང་རྒྱུ་བས་རྩ་འདབ་ལས་དམར་པོ་འབབ་ལ༔ དབུས་དབུ་མ་ལས་མ་ནིང་གི་རླུང་རྒྱུ་བས་ཤིན་ཏུ་དྭངས་མ་ཆེན་པོ་སྟེ༔ རགས་པ་ལས་འདས་པའི་ཡེ་ཤེས་ཀྱི་ཁམས་སུ་རྒྱུ་བའི་རྩ་འདབ་རྣམས་ཀྱི་རྟེན་བྱེད་དོ༔ དེ་དག་གིས་དུག་གསུམ་བརྟེན་པས་ཏེ་འཁོར་བའི་རྩ་ཞེས་བྱའོ༔ དེ་དག་གི་འཁོར་ལོ་བཞི འམ༔ ལྔའི་རང་བཞིན་ནི༔ གཞན་དང་མཐུན་ནོ༔ ཐུན་མོང་གི་རྒྱུད་རྣམས་སུ་རྩ་འདི་གསུམ་སྐུ་གསུམ་སྒོ་གསུམ་དུག་གསུམ་བསྐྱེད་རྫོགས་གསུམ་ལ་སོགས་པར་བཞེད་དེ༔ མཐར་ཐུག་པའང་མ་ཡིན་པས་འཁོར་བའི་རྩ་འདབ་ཅེས་བྱའོ༔ མྱ་ངན་ལས་འདས་པ་ཆེན་པོ་གདོད་མའི་རྩ་འདབ་ནི༔ རང་བྱུང་ཡེ་ཤེས་ཀྱི་རྩ་ཞེས་ཀྱང་བྱ༔ གཞིར་སྣང་ལྷུན་གྲུབ་ཀྱི་རྩ་ཞེས་ཀྱང་བྱ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་ཀྱང་བྱ་བ་སྟེ༔ ངོ་བོ་སེམས་ལས་འདས་པའི་རང་བྱུང་གི་ཡེ་ཤེས༔ རྣམ་པ་འོད་དུ་སྣང་བ་རིགས་ལྔའི་རང་བཞིན་ཐུགས་རྗེ་འཆར་ཚུལ་མ་འགགས་པས༔ སྣང་སྲིད་སྣོད་བཅུད་འཁོར་འདས་ཀུན་ལ་ཁྱབ་པ་ཞིག༔ དབུ་མའི་དབུས་སྙིང་རིན་པོ་ཆེ་ཟུར་བརྒྱད་པའི་སྲོག་པ་རྩ་ནང་དུ་འབྲེལ་ནས༔ དྲན་གཞི་ཐམས་ཅད་ཀྱི་རྟེན་བྱེད་ཅིང་༔ རྩ་སྦུབས་སུ་རླུང་གིས་དྲངས་པས་སྒོ་ལྔ་སོ་སོའི་རྣམ་ཤེས་ཀུན་གཞི་ཡིད་ཤེས་དང་བཅས་པའི་འཆར་གཞིར་གནས་ཤིང་༔ དེའི་གདངས་ལུས་ནང་གི་རྩ་ནང་ཕལ་ན་འོད་དང་ཐིག་ལེར་གནས་སོ༔ དེ་དག་གི་སྒོ་ཆུའི་སྒྲོན་མ་མེ་ལོང་གཡའ་དག་པའི་ངོས་ལ་གསལ་བའི་ནམ་མཁའི་མཐོངས་ན་ཡོད་ཡོད་འདྲ་ཡང་༔ ཕྱི་རོལ་ན་མེད་དེ་མིག་བཙུམ་ཡང་ཐིག་ཕྲན་འོད་སྣང་དང་བཅས་པ་མི་འགགས་པས་ཤེས་སོ༔ དེའང་རང་བྱུང་ཡེ་ཤེས་ཉིད་རང་ངོ་མ་ཤེས་པ་ཙམ་དང་༔ འོད་རྩའི་གདངས་སྲོག་རྩར་གནས་པས་ལུང་མ་བསྟན་ཀུན་གཞི་ཞེས་བྱའོ༔ དེའི་གདངས་དྭངས་གསལ་མི་འགགས་པ་ཙམ་ལ་ཀུན་གཞིའི་རྣམ་ཤེས་ཏེ་སྲོག་རྩ་ན་གནས་སོ༔ དེ་ནས་མིག་སོགས་ལྔའི་སྒོ་ལ་དེའི་གདངས་མཆེད་པས༔ སྒོ་
ལྔའི་རྣམ་ཤེས་ཏེ་རྟོག་མེད་གསལ་སྣང་ཙམ་མོ༔ དོན་སྔ་མ་ལ་རྟོག་པས་ཡུལ་འདྲེས་པར་འཛིན་པས་ཡིད་ཤེས་སོ༔ དེའི་སྐད་ཅིག་དང་པོ་རྟོག་མེད་དོ༔ དེ་ནས་ཆགས་སྡང་བར་མ་གསུམ་གང་རུང་དུ་སྤྱོད་དུས་ཉོན་མོངས་པ་ཅན་གྱི་ཡིད་དོ༔ དེ་ནས་གཉིད་དུ་འགྲོ་དུས་སྒོ་ལྔ་ཡིད་ཤེས་གཉིས་དང་བཅས་པས་ཀུན་གཞིའི་རྣམ་ཤེས་ལ་ཞུགས་པས༔ གསལ་ལ་རྟོག་མེད་དུ་དར་ཅིག་གནས་པ་སྟོང་པའི་འོད་གསལ་ལོ༔ དེ་ནས་ཀུན་གཞིར་ཐིམ་པས་རོ་རྐྱང་གི་རླུང་སེམས་སྒོ་ལྔའི་རྩ་འདབ་ལ་བརྟེན་པའི་རྣམ་པ་ཐམས་ཅད་དབུ་མར་ཐིམ་པས་རྟོག་མེད་འབའ་ཞིག་པ་སྟེ། གཉིད་རྩེ་གཅིག་པ་གཏི་མུག་གི་དུས་སུ༔ དེ་དུས་སྔར་གོམས་པའི་བདེ་གས ལ་མི་རྟོག་པའི་ཉམས་བརྟན་པ་དང་འདྲེས་ན་རྨི་ལམ་གང་ཡང་མེད་པར་འོད་གསལ་འབའ་ཞིག་ཏུ་འཆར་རོ༔ འདི་དུས་བླ་མའི་བྱིན་རླབས་དང་༔ ཉིན་དུས་འོད་ལྔའི་སྣང་བ་ལ་བལྟས་པའི་རྣལ་འབྱོར་པ་འགའ་ལ་ནི༔ དབུ་མའི་རླུང་ཤེལ་སྦུག་ཅན་ལ་ཐིམ་པས༔ གཞིར་སྣང་རང་བྱུང་གི་སྣང་བ་འཆར་རོ༔ དེ་ཡང་ཇི་ལྟ་བུ་ཞེ་ན༔ ཡར་ཀ་དག་ནམ་མཁའ་ལྟ་བུའི་ངང་ན་ཐིག་ཕྲན་གཟའ་སྐར་ཤར་བ་ཙམ་མོ༔ ཐད་ཀར་ལོངས་སྐུ་འཇའ་ཚོན་ལྟ་བུའི་ངང་ན༔ ཞིང་ཁམས་མིག་འཕྲུལ་ལྟ་བུའོ༔ མར་འགྲོ་དྲུག་རྨི་ལམ་ལྟ་བུའི་ངང་ན་བདེ་སྡུག་སྨིག་རྒྱུ་ལྟ་བུར་སྣང་ངོ་༔ དེ་ཐམས་ཅད་རང་སྣང་དུ་ཤེས་པས་ཀ་དག་གི་ངང་༔ ཆོས་ཟད་པའི་མཁའ་ལ་བརྡ་ཐིམ་ཟག་པ་ཟད་དོ༔ འདི་ནི་ཁོ་བོས་རང་བྱུང་པདྨའི་བྱིན་རླབས་ཀྱིས་མཚན་མོ་ཡེ་ཤེས་རིན་པོ་ཆེའི་སྣང་བ་ལ་མཐོང་བའོ༔ གོམས་པའི་གནད་མེད་པ་རྣམས་ལ་ནི༔ དབུ་མ་ནས་སྲོག་རྩར་རླུང་ཅིག་གཡོས་པ་ལས༔ བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལས་ཡིད་ཤེས་ལངས་ཏེ༔ རྨི་ལམ་སྣ་ཚོགས་སུ་ཤར་དུས་ཆགས་སྡང་བར་མ་གསུམ་རང་ཆས་སུ་བྱུང་བས་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་རྗེས་སུ་འབྲངས་ཏེ༔ འཁྲུལ་སྣང་གི་ངོ་ཁ་ལ་སྤྱོད་པའོ༔
དེ་ནས་སྒོ་ལྔ་སོ་སོའི་རྩ་ལ་རླུང་ཞུགས་པས་གཉིད་སད༔ ཉིན་སྣང་སྣ་ཚོགས་སུ་ཤར་དུས་སྒོ་ལྔའི་དབང་ཤེས་རྟོག་མེད་ཡིན་ལ༔ ཡུལ་ལྔ་ལ་ཆགས་སྡང་བར་མར་འཛིན་པ༔ ཡིད་དང་ཉོན་ཡིད་རྟོག་བཅས་སོ༔ རྟོག་པ་གཉིས་དུས་གཅིག་ཏུ་ཞུགས་པ་མེད་དེ༔ གཟུགས་སོགས་མཐོང་བ་ལ་སོགས་པ་གང་ཡིན་པ་རྟོག་མེད་དང་༔ ལྷན་ཅིག་ཞུགས་པའི་ཕྱིར་ན༔ ཡུལ་རིས་ཀྱང་རྟོག་པ་ནི་གཅིག་ལ་མི་འཇུག་གོ༔ སྒོ་ལྔའི་ཤེས་པ་ནི་སྐྱེས་ནས་མ་ཤིའི་བར་རྟོག་མེད་ཡིན་པས་གསལ་བར་སྣང་བའོ༔ དེ་ནས་འཆི་བའི་ཚེ༔ འབྱུང་ལྔ་རགས་པ་རྣམས་ཕྲ་བར་ཐིམ་སྟེ༔ ཕྱིར་སྣང་གཟུགས་སོགས་དབང་ཤེས་བསྡུས་པས་རང་སྣང་གི་གཟུགས་སོགས་རང་སྣང་གི་མིག་ཤེས་ལ་སོགས་པའི་ཆ་ལ་རང་ཐིམ་ནས་ཆུ་སེར་ཁྲག་རྣམས་དྭངས་མར་ཐིམ་ཏེ༔ དེ་ཡང་རོ་རྐྱང་གི་རྩ་འདབ་ཏུ་རླུང་རྣམས་དང་ལྷན་ཅིག་འདུས་ནས༔ དབུ་མའི་ཡར་སྣ་ཧཾ་ལ་དཀར་ཆ་རགས་རླུང་དང་བཅས་པ༔ མར་སྣའི་ཨ་ལ་དམར་ཆ་འཇམ་རླུང་དང་བཅས་པ་ཐིམ་ནས༔ སྙིང་གར་འདྲེས་ཏེ་ཐིམ་པ་ལས་འཁོར་བ་ཆོས་སྐུར་གྲོལ་བའི་དུས་དེ་སྟོང་པའི་འོད་གསལ༔ སྣང་བ་དང་༔ མཆེད་པ་དང་༔ ཐོབ་པ་དང་༔ ཉེ་བར་ཐོབ་པ་ཞེས་བྱ་བ༔ བྲག་ཆའི་སྒྲ་སངས་པའི་ཡུན་དང་མཉམ་པའི་སྐད་ཅིག་མ་བཅུའི་བར་དུ་འཆར་རོ༔ དེའི་བར་ལ་ཞག་ཕྱེད་དང་བཞི་ཡོད་དོ༔ ཏིང་ངེ་འཛིན་ལ་གོམས་ན་དེའི་ཡུན་རིང་ཐུང་མཚམས་རྣམ་པར་མི་རྟོག་པ་ཇི་ཙམ་ཡོད་པར་དེ་ཙམ་འཆར་བས་ཞག་བདུན་ལ་སོགས་པའམ༔ ཉི་ཟླ་ཁ་སྦྱོར་ལས༔ ཞག་ཉི་ཤུ་རྩ་གཅིག་ལ་སོགས་པའང་བཤད་དོ༔ དེས་ན་སྣང་བའི་འོད་གསལ་འཆར་ཏེ༔ ཐོག་མར་ཀ་དག་གི་གྲོལ་གཞི་སྟོང་གསལ་སྤྲོས་པ་དང་བྲལ་བ་དེའི་ངང་ལས༔ གཞི་སྣང་ཆེན་པོ་ཞེས་བྱ་བ༔ ནམ་མཁའ་འོད་གསལ་ལ་
ཐིམ་པའི་སྣང་བ་ལྔ་ལྡན་འོད་ཀྱིས་ནམ་མཁའ་གང་བའི་སྣང་བ་དར་ཅིག་འཆར་རོ༔ དེ་ངོ་ཤེས་པས་གྲོལ་ལོ༔ དེ་ནས་འོད་གསལ་ལྷུན་གྲུབ་ལ་ཐིམ་པས་ལོངས་སྐུ་ཁྲོ་བོ་དང་༔ ཞི་བའི་སྣང་བ་བསམ་གཏན་གོམས་པའི་ཡུན་དང་མཉམ་པ་ལྔར་འཆར་རོ༔ དེ་ངོ་ཤེས་པས་གྲོལ་ལོ༔ དེ་ནས་ལྷུན་གྲུབ་བཞི་སྦྱོར་ལ་ཐིམ་པས༔ འོད་ཀྱི་སྣམ་བུ་འཆར་བ་ངོ་ཤེས་པས་གྲོལ་ལོ༔ དེ་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་ཐིམ་པས༔ སྔར་སྨོོས་པ་བཞིན༔ ཡར་ཀ་དག༔ བར་ལོངས་སྐུ༔ མར་འགྲོ་དྲུག་གི་སྣང་བ་ཤར་དུས༔ རང་ངོ་ཤེས་ན་ཡར་གྲོལ་བས་ལྷུན་གྲུབ་ཀྱི་སྣང་བ་གདོད་མའི་གཞི་ལ་བཙན་ས་ཟིན་ནས་དོན་གཉིས་འབྱུང་ངོ་༔ མ་ཤེས་ན་མར་འགྲོ་དྲུག་སོ་སོའི་སྣང་བ་ལ༔ ལས་ཀྱིས་ཆགས་པས་འཁོར་བར་འཁྱམས་པས་མཐའ་མེད་དོ༔ དེ་བས་ན་རང་ངོ་ཤེས་པར་གཅེས་སོ༔ འདིར་ནི་རྒྱལ་སྲས་དྲི་མེད་འོད་ཟེར་ཀྱིས༔ སྙིང་པོའི་གདམས་པ་མ་ལུས་བསྟན་ནས་སོང་༔ ཕྱི་རབས་ཐར་པའི་བྱང་ཆུབ་འདོད་པ་དག༔ ཡི་གེ་འདི་ལ་རྟག་ཏུ་གཅེས་སྤྲས་གྱིས༔ དབྱིངས་སྣང་ངོ་སྤྲོད་ཅེས་བྱ་བ༔ ཨྠྀི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔ དགེའོ༔ དགེའོཿ
ཟབ་དོན་གནད་གྱི་ལྡེ་མིག
ཟབ་དོན་གནད་གྱི་ལྡེ་མིག་བཞུགས་སོ༔ ཤོག་སེརཿ
ཟབ་དོན་གནད་ཀྱི་ལྡེ་མིག་ཅེས་བྱ་བ༔ ཨོ་རྒྱན་པདྨ་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་འབྲས་བུ་ཚེ་གཅིག་ངེས་པའི་ལུང་༔ དོན་གྱི་སྙིང་པོ་མངོན་སུམ་རིག་པའི་གནད༔ ཇི་ལྟར་བདག་གིས་རྟོགས་པའི་ཚུལ་བཞིན་དུ༔ གབ་ཅིང་སྦས་མེད་གསལ་བར་འདིར་དགོད་བྱ༔ དེ་ལ་རྣམ་རྟོག་བག་ཆགས་ཀྱི་སྦུབས་ནས་མ་དག་པ་སྤྲུལ་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བ༔ ཡེ་ཤེས་སྒྱུ་མའི་སྦུབས་ལས་དག་པ་ལོངས་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བ༔ ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལས་ཤིན་ཏུ་རྣམ་པར་དག་པ་ཆོས་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བ་གསུམ་ལས༔ དང་པོ་ལ་རྣམ་རྟོག་བག་ཆགས་ཀྱི་སྦུབས་གྲུབ་ཚུལ༔ དེ་ལ་ཡེ་ཤེས་གནས་ཚུལ༔ ཇི་ལྟར་ཉམས་སུ་བླང་ཚུལ་གསུམ་ལས༔ དང་པོ་ནི་འཁོར་འདས་གང་དུའང་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དུས་ན༔ ཡུལ་ཆོས་ཀྱི་དབྱིངས༔ སྟོང་ལ་གོ་འབྱེད་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ༔ གསལ་ལ་སྒྲིབ་པ་མེད་པ་མེ་ལོང་དྭངས་པའི་ངོས་ལྟ་བུ༔ དྭངས་ལ་མི་གཡོ་བ་རྒྱ་མཚོ་དྭངས་པའི་གཏིང་ལྟ་བུ༔ སངས་རྒྱས་སེམས་ཅན་གང་དུའང་མ་གྲུབ་ལ༔ གང་ལྟར་ཡང་འཆར་བའི་གཞི་མ་འགགས་པས༔ གཞི་འཛིན་པའི་རིག་པ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྨ་བྱའི་སྒོ་ང་ལྟ་བུར་གནས་སོ༔ ངོ་བོ་སྤྲོས་པ་མེད་པ་ཆོས་ཀྱི་སྐུ་སྟོང་གསལ་ཀ་ནས་དག་པ༔ གཡུ་གོང་འབར་བ་ལྟར་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀྱི་རང་གདངས་མཐིང་ཀར་ཤར་རོ༔ རང་བཞིན་ལྷུན་གྱིས་གྲུབ་པ་ཆུ་རིས་འོད་དུ་འཁྱིལ་བ་ལྟར༔ རིག་པའི་རྩལ་མ་འགགས་པ་སྲོག་རླུང་ཡན་ལག་བཞིའི་རང་གདངས་དཀར་སེར་དམར་ལྗང་བཞིར་ཤར་རོ༔ ཐུགས་རྗེ་འོད་ལྔའི་ཀློང་ན་རིག་པའི་སྐུ་ལྔ་རྣམ་ཤེས་ཀྱི་རྟར་ས་བོན་གྱི་ཚུལ་དུ་གནས་སོ༔ དེ་དག་ཀྱང་ནང་གསལ་དུ་ཡིན་གྱི༔ ཕྱིར་གསལ་དུ་མ་ཡིན་ནོ༔ གཞིའི་གནས་ཚུལ་ལོ༔ དེའི་ངང་
ལས་རིག་རྩལ་སྲོག་རླུང་བཞི་ཕྱིར་གསལ་དུ་གཡོས་པ་ལས༔ དྭངས་མ་འོད་ཀྱི་འབྱུང་བ་ལྔ་ཤར་རོ༔ དེའང་སྲོག་རླུང་གདངས་མཐིང་ག༔ གྱེན་རྒྱུའི་གདངས་དཀར་པོ༔ ཐུར་སེལ་གྱི་གདངས་སེར་པོ༔ མེ་མཉམ་གྱི་གདངས་དམར་པོ༔ ཁྱབ་བྱེད་ཀྱི་གདངས་ལྗང་གུར་ཤར་རོ༔ སྲོག་རླུང་ངོ་བོ་སྡོང་པོ་ལྟ་བུ་ལ་གཞན་བཞི་ཡན་ལག་ལྟར་ཕྱི་གསལ་དུ་གཡོས་པས༔ ཟླ་བ་ལ་འཇའ་ཚོན་ཕྱི་མ་ནང་ལྟར་ཤར་རོ༔ དེ་ཉིད་རང་སྣང་དུ་ངོ་ཤེས་པས་གཞི་ཐོག་ཏུ་གྲོལ་ལོ༔ དེ་མ་ཤེས་པས་ཤེས་པ་ཡུལ་ལ་གཟུང་འཛིན་དུ་སྐྱེས་པས༔ ཕྱི་སྐོར་གཟུགས་བརྙན་གྱི་འོད་ལ་བཟུང་བས་ཕྱི་ཡུལ་གྱི་འཁྲུལ་པ༔ གླིང་བཞི་རི་རབ་ལ་སོགས་པ་སྣོད་དུ་སྣང་ངོ་༔ ནང་སྐོར་རང་བཞིན་གྱི་འོད་ལ་བཟུང་བས་བག་ཆགས་ཀྱི་ལུས་རྡོས་བཅས་སུ་གྲུབ་བོ༔ དེ་ཡང་འོད་ལྔ་ལས་འབྱུང་ལྔ་རགས་པར་འགྱུར༔ དེ་ལས་སྣོད་བཅུད་སྨིན་ནོ༔ གཉིས་པ་ནི་སུམ་ལྡན་དང་བཞི་ལྡན་དུ་བུམ་ནང་གི་མར་མེ་ལྟར་གནས་ཏེ༔ སྙིང་ནང་ན་ཀ་ཏི་ཤེལ་སྦུག་ཅན་ལ་བརྟེན་ནས༔ ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་འགགས་མེད་རིག་པའི་སྙིང་པོ་ཅན་དུ་བཞུགས༔ དེའང་དབྱིངས་རྣམ་དག་གི་སྒྲོན་མ་འོད་ལྔའི་ཀློང་ན་ཐིག་ལེ་སྟོང་པའི་སྒྲོན་མ་དངོས༔ ཁང་བུ་ལྟར་འོད་ལྔའི་མུ་ཁྱུད་དུ་སྣང་བའི་དབུས་ན༔ རིག་པ་ཉིད་རིག་ལ་གཟུང་འཛིན་མེད་པ་ཤེས་རབ་རང་བྱུང་གི་སྒྲོན་མ་སྐུ་ལྔའི་སྙིང་པོ་བཞུགས་སོ༔ དེའི་གདངས་རྩ་འདབ་ཐམས་ཅད་ན་གནས་ཤིང་༔ དངོས་ཀྱི་ལམ་རྒྱང་ཞགས་ཆུའི་སྒྲོན་མ་ནི་གཟའ་སྐར་ཆུ་ནང་དུ་གསལ་བ་བཞིན༔ ཐིག་ལེ་སྟོང་པའི་སྒྲོན་མའི་གདངས་བར་མཚོན་གང་འོད་ཀྱི་རང་བཞིན་དུ་གསལ་བ་ལས༔ ཕྱིའི་སྟོང་གཟུགས་ཀྱི་གོ་འབྱེད་ཅིང་གནས་སོ༔ དེ་ལས་ཕྱིར་དབྱིངས་སྣང་འཇའ་ཚོན་གྱི་ནང་དུ༔ སྙིང་དང་མིག་གི་ནང་གི་རང་གདངས་ཀྱི་ཐིག་ལེ་སྟོང་སྒྲོན་དང་༔ ལུ་གུ་རྒྱུད་དང་ཐིག་ཕྲན་སྣ་ཚོགས་སུ་སྣང་བའོ༔
ཡེ་ཤེས་གནས་ཚུལ་ལོ༔ སེམས་ནི་སྙིང་ནས་གློ་བར་རྩ་འབྲེལ་བ་ལས་རིག་པའི་གདངས་ཤར་བ་ལ་གློ་བའི་རླུང་དང་འདྲེས་ཏེ༔ སྒོ་ལྔ་ཤར་བས་གཟུང་འཛིན་གཉིས་འཛིན་བག་ཆགས་ཀྱི་རྟེན་དུ་གནས་སོ༔ གསུམ་པ་ལ༔ ངོ་བོ་སྟོང་གསལ་ཆོས་ཀྱི་སྐུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཉམས་སུ་བླང་ཚུལ༔ རང་བཞིན་གསལ་སྟོང་བར་དོར་འཆར་ཚུལ༔ ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་སྒྱུ་མའི་སྦུབས་ཉམས་སུ་བླང་ཚུལ༔ ཐུགས་རྗེ་རིག་སྟོང་སྤྲུལ་པའི་སྐུ་ད་ལྟར་འཆར་ཚུལ༔ རྣམ་རྟོག་བག་ཆགས་ཀྱི་སྦུབས་ཉམས་སུ་བླང་ཚུལ་དང་གསུམ་ལས༔ དང་པོ་ནི་དྭངས་ཤིང་དབེན་པར་བཞུགས་སྟངས་གཟིགས་སྟངས་གང་རུང་དང་སྟུན་ལ༔ ནམ་མཁའ་དྭངས་པའི་རང་གདངས་སྤྲིན་དང་བྲལ་བ་ལ་ཟིམ་བུར་བལྟས་པས༔ ཡེ་ཤེས་ཆེན་པོའིའོད་གདངས་དབྱིངས་རིག་འོད་ལྔའི་སྣང་བ་ལ་མ་ཡེངས་པར་བལྟས་པས་ཆོས་ཉིད་དག་པའི་ཡེ་གདངས་གཟུང་འཛིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས༔ སྟོང་གསལ་ཤེས་རབ་རང་བྱུང་གི་སྒྲོན་མ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དོན་ཁོང་ནས་འཆར་རོ༔ དེའི་ངང་ལ་བཞག་པས་འོད་གསལ་དུ་སྣང་བས་བྱིང་རྨུགས་མེད༔ གང་ཡང་མི་དམིགས་པས་རྒོད་འགྱོད་མེད༔ གཉིས་འཛིན་ཞིག་པས་ཐེ་ཚོམ་མེད་དེ༔ རང་བཞིན་ལྷུན་གྲུབ་ཆེན་པོའི་དགོངས་པ་སྐུ་གསུམ་འདུ་འབྲལ་མེད་པ་ལ་གནས་སོ༔ དེའི་ཚེ་ནམ་མཁའ་སྟོང་པ་ནི་ལྷུན་གྲུབ་རིན་པོ་ཆེའི་སྦུབས༔ འོད་ལྔ་སྣང་བ་ནི་ནང་གསལ་ཡེ་ཤེས་ལྔའི་དཀྱིལ་འཁོར་རོ༔ དེ་ལ་བལྟས་པས་སེམས་ཕྱི་ནང་གང་དུའང་མི་དམིགས་ལ་གསལ་ཆ་ཤེས་པ་ནི་ཐུགས་རྗེ་ནང་གསལ་ཆེན་པོར་ལྷུན་གྱིས་གྲུབ་པ་ཡིན་ནོ༔ དེའི་ཚེ་ཐིམ་ལ་མ་རྨུགས་ལ༔ གསལ་ལ་མི་འཛིན༔ ཡིན་ལ་བདག་མེད༔ སོ་སོར་མ་འདྲེས་ལ་མི་འབྱེད་པའོ༔ དེའི་ཚེ་ཏིང་ངེ་འཛིན་གསུམ་འབྱུང་སྟེ༔ ལྟ་སྟངས་གཟིགས་སྟངས་
ལ་བཞགས་པས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཞི་ནས་སྟོང་གསལ་གྱི་ངང་ལ་ཅི་རིགས་སུ་གནས་པས་གནས་པའི་ཏིང་ངེ་འཛིན་ནོ༔ དེ་ལས་གོམས་ནས་སྒོམ་རིང་ལ་གཟུང་འཛིན་གྱི་ཡིད་མི་གཡོ་ཞིང་མི་འཕྲོག་པ་ནི་མི་གཡོ་བའི་ཏིང་ངེ་འཛིན་ནོ༔ དེ་ལས་རབ་ཏུ་གོམས་ནས་དུས་ཐམས་ཅད་དུ་ཤེས་པ་བསྒོམས་དུས་བཞིན་གནས་པ་ནི་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ནོ༔ ད་ལྟ་འདི་བཞིན་དུ་ཉམས་སུ་བླང་པས༔ ཕྱིས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་རང་ངོ་ཤེས་པར་ཐེ་ཚོམ་མེད་པ་ཡིན་ནོ༔ འདི་ནི་གནད་གལ་པོ་ཆེའོ༔ གཉིས་པ་ལ་འོད་ཁྱིམ་ཁ་སྦྱོར་གྱི་དགོངས་པ༔ སྐུ་ལྔ་ལྷུན་གྲུབ་ཀྱི་དགོངས་པ༔ ཀ་དག་ཆོས་ཟད་ཀྱི་དགོངས་པ༔ དཔེས་ཉམས་སུ་བླང་བ་གསུམ་ལས༔ དང་པོ་ནི་འོད་མཐིང་གའི་ཀློང་དུ་དཀར་སེར་དམར་ལྗང་བཞི་འཁྱིལ་བ་དང་། དཀར་སེར་དམར་ལྗང་རེ་རེའོ་ཀློང་དུ་དེ་དག་འཁྱིལ་བའི་རི་མོ་ཉི་མའི་ངོས་ལ་བཀྲམ་སྟེ༔ མཚན་མོའི་ཕྱོགས་ནས་མེ་ལོང་ལ་བལྟས་པས་སྣང་བ་ལྔ་པོ་རིམ་གྱིས་ནམ་མཁར་འཆར་དུས་བར་དོ་དང་པོ་འོད་ལྔའི་སྣང་བ་ཡིན་སྙམ་དུ་རང་སྣང་དུ་ཤེས་ནས་གསལ་སྟོང་སྤྲོས་བྲལ་གྱི་ངང་ལ་མཉམ་པར་གཞག་གོ༔ དེ་ལ་གོམས་པས་འོད་གསལ་ཐུགས་རྗེའི་སྣང་བ་ལ་གྲོལ་ལོ༔ གནད་གལ་པོ་ཆེའོ༔ གཉིས་པ་ནི་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་རིམ་གྱིས་སྔ་མ་བཞིན་བཀྲམ་ལ༔ བལྟས་པས་བསམ་གཏན་གྱི་ཞག་ལྔར་གཞོན་ནུ་བུམ་པའི་སྐུར་འཆར་བ་ལ་གྲོལ་བ་ཡིན་ནོ༔ འདི་ནི་གནད་གལ་པོ་ཆེའོ༔ གསུམ་པ་ནི་ནམ་མཁའ་སྤྲིན་དང་བྲལ་བའི་མཚན་མོ་གཟའ་སྐར་ལྷུན་གྲུབ་ཏུ་ཤར་བ་ན༔ ལྟ་སྟངས་གང་མོས་བྱས་ལ་བལྟ་ས་པས་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་འཆར་རོ༔ དེའང་ནམ་མཁའ་རྣམ་པར་དག་པ་ནི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀ་དག་མཚོན་ལ༔ གཟའ་སྐར་འོད་གསལ་དུ་ཤར་བ་ནི༔ རང་སྣང་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ནང་གསལ་དུ་གནས་
པ་མཚོན་ནོ༔ དེའི་ཚེ་རིག་པ་ངང་དྭངས་གཉིས་སུ་མེད་པར་གསལ་བས༔ ཐུགས་རྗེ་ནང་གསལ་དུ་ཡོད་པ་མཚོན་ནོ༔ དེའི་ཚེ་མཚན་མོ་ཟླ་བ་འཇས་འཁྱིལ་བ་ན་རང་རིག་འོད་ལྔའི་ཀློང་ན་ལྷུན་གྲུབ་ཏུ་བཞུགས་པར་རྟོགས་པར་བྱའོ༔ གནད་འདི་ནི་ཡང་ཏིག་གལ་པོ་ཆེ་སྟེ་རབ་ཏུ་གསང་ཞིང་སྐལ་ལྡན་གྱིས་ཉམས་སུ་བླང་བར་བྱའོ༔ ལུས་བོར་བ་དང་ཞིང་སྣང་ཤར་དུས་རྣལ་འབྱོར་པ་རྣམས་ཆོས་ཟད་གདོད་མའི་གཞི་ལ་གྲོལ་ནས༔ ལྷུན་གྲུབ་རིན་པོ་ཆེ་ལ་དུས་གསུམ་འཕོ་འགྱུར་མེད་དོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ གསུམ་པ་ཐུགས་རྗེ་རིག་སྟོང་བག་ཆགས་ཀྱི་སྦུབས་སུ་གནས་པ་ཉམས་སུ་བླང་ཚུལ་ལ༔ མཉམ་གཞག་དང་རྗེས་ཐོབ་གཉིས་ལས༔ དང་པོ་ནི་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས༔ སེམས་གཟུང་འཛིན་སྤྲོས་བྲལ་གྱི་ངང་ལ་བཞག་པ་ན༔ རིག་པ་གང་དུའང་མ་གྲུབ་པ་ནམ་མཁའ་ལྟ་བུའི་དགོངས་པ་ནང་ནས་ཤར་བ་ལ་གནས་པ་ནི༔ སེམས་རྣམ་རྟོག་གི་སྤྲོས་པ་ཞི་བའི་ཞི་གནས་སོ༔ དེའི་ངང་ལས་ཕྱི་སྒོ་ལྔ་ཡུལ་གྱི་སྣང་བ་གསལ་ལ་འཛིན་པ་མེད་པ་དང་༔ ནང་རྣམ་རྟོག་འཕྲོ་འདུ་ཆུའི་རྦ་རླབས་ལྟར་ཤར་གྲོལ་ངང་དྭངས་ཆེན་པོར་ཞི་གནས་ཀྱི་ངང་ལ་ཕྱམ་ཕྱམ་གནས་པ་ནི༔ སེམས་གཟུང་འཛིན་གྱི་རང་མདངས་མཐོང་བས་ལྷག་མཐོང་གསལ་སྟོང་ཆེན་པོར་ཤར་བའོ༔ དེའི་ཚེ་སེམས་སྣང་ལ་ངོས་གཟུང་མེད་པས་ལྷག་མཐོང་༔ གནས་ལ་བྱིང་རྒོད་མེད་པས་ཞི་གནས༔ གཅིག་ལ་གཅིག་ཚང་དུ་གནས་པས་ཟུང་འབྲེལ་ལོ༔ གང་ལྟར་ཤར་ཡང་གང་དུའང་མི་འཛིན་པས་སངས་རྒྱས་ཀྱི་དགོངས་པ་མཐའ་གྲོལ་ཀླུང་ཡངས་ཆེན་པོའོ༔ གཉིས་པ་རྗེས་ཐོབ་ནི༔ འགྲོ་འདུག་ཟ་ཉལ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུ༔ ཕྱི་ཡུལ་གྱི་སྣང་བ་རྨི་ལམ་སྒྱུ་མ༔ ནང་སེམས་ཀྱི་སྣང་བ་གང་ཤར་རང་གྲོལ༔ ཡུལ་སེམས་གཉིས་མེད་ཀྱི་སྣང་བ་གཏད་མེད་ཕྱམ་བརྡལ་ལ་གོམས་པར་བྱའོ༔ དེ་ལྟར་གྱི་
སྣང་བ་ལ་འདི་ཡིན་གྱི་ངོས་གཟུང་མེད་པ་མདངས་སུམ་གྱི་རྨི་ལམ་ལྟ་བུ༔ གང་ཤར་གྱི་རིག་པ་ལ་སྤང་བླང་གི་གོལ་སྒྲིབ་མེད་པ་ཆུ་དང་རླབས་ལྟ་བུ༔ གཏད་མེད་ཀྱི་ངོ་བོ་ལ་འཛིན་མེད་གྱི་ཀློང་རྡོལ་བ་བར་སྣང་གི་རླུང་པོ་ལྟ་བུ༔ སྣ་ཚོགས་སུ་སྣང་ཡང་དེར་འཛིན་མེད་པ་སྒྱུ་མའི་རྩེད་མོ་ལྟ་བུ་སྟེ༔ ངོ་སྤྲོད་རྣམ་པ་བཞིས་མ་དག་པའི་སྣང་བ་ལ་བདེན་མེད་ཆེན་པོའི་རྩལ་སྦྱང་བྱའོ༔ ཞར་ལ་མཚན་མོའི་གདམས་པ་འགའ་ལ་གདམས་པའང་བཤད་པར་བྱ་སྟེ༔ ཉལ་དུས་འཆི་བའི་སྣང་བ་དྲན་པར་བྱའོ༔ དེའི་ཉིན་གང་དུ་བདེ་སྡུག་ཅི་བྱས་ཀྱིས་མི་ཕན་པས༔ ཚེ་འདིའི་སྣང་བ་ལ་དགག་སྒྲུབ་ཆགས་ཞེན་མེད་པར་དྲན་པར་བྱའོ༔ གཉིད་དུ་འགྲོ་ཁར་རགས་པའི་སྣང་བ་འགགས་པས༔ ས་ཆུ་ལ་ཐིམ་པ་ལ་སོགས་པ་འབྱུང་བཞི་སྡུད་ཚུལ་གྱི་རིམ་པ་དྲན་པར་བྱའོ༔ དར་ཅིག་གཉིད་དུ་བརྒྱལ་བས་ཤེས་བྱ་བུམ་འཇུག་གི་དགོངས་པ་སྙིང་ནང་དུ་དྭངས་མ་འདུས་པ་དྲན་པར་བྱའོ༔ རྨི་ལམ་སྣ་ཚོགས་སུ་ཤར་བས༔ ཆོས་ཉིད་དང་སྲིད་པའི་བར་དོ་དྲན་པར་བྱའོ༔ དེ་ལས་སད་དུས་རྨི་ལམ་རང་སེམས་སུ་ཐིམ་པ་ལྟར་འཁོར་འདས་གདོད་མའི་ངང་དུ་ཐིམ་པའི་གདམས་པ་དྲན་པར་བྱའོ༔ འདི་ནི་གནད་ཀྱི་མན་ངག་དམ་པའོ༔ དོན་གཉིས་པ་ཡེ་ཤེས་སྒྱུ་མའི་སྦུབས་ལས་ལོངས་སྐུའི་སྣང་བ་འཆར་ཚུལ་ནི༔ འབྱུང་བཞི་རིམ་གྱིས་ཐིམ་སྟེ་ཚེ་འདིའི་སྣང་བ་ནུབ༔ ནམ་མཁའ་འོད་གསལ་ལ་ཐིམ་པས་སྐད་ཅིག་ལ་ཕྱི་ནང་གཟུང་འཛིན་གྱི་འཁྲུལ་པ་ནི་འགགས༔ ཡེ་ཤེས་གསང་སྒོར་ཐོན་ཏེ་རང་སྣང་གི་མདུན་གྱི་ཕྱིའི་ནམ་མཁའ་ལ༔ ཡེ་ཤེས་རིན་པོ་ཆེའི་སྦུབས་ན་རིག་པ་འོད་ཀྱི་ཁང་པ་ཅན་འོད་མཐའ་མེད་པའི་ཡུལ་ཅན་ནམ་མཁའ་ཁྱབ་པར་འཆར་རོ༔ ཡེ་ཤེས་རིན་པོ་ཆེའི་སྦུབས་དང་༔ རིག་པའི་བར་ན་ཐུགས་རྗེ་རྒྱུན་གྱི་ཟེར་ཐག་འོད་ཀྱི་སྙེ་ཚོན་ལྔ་སྒྲིལ་སྐས་
བཙུག་པའམ༔ དྲུ་བུ་བརྒྱང་པ་ལྟར་འབྲེལ་ཏེ་དཔེར་ན་ཉི་མ་ཤར་གྱི་ལ་ཁར་སྣང་བའི་འོད་ནུབ་རི་ལ་སྣང་བའི་བར་ན་ཉི་ཟེར་གྱིས་མཚམས་སྦྱར་བ་བཞིན་ནོ༔ དེའི་ཚེ་འོད་ལྔའི་སྣང་བ་རང་སྣང་དུ་ཤེས་པ༔ སྔར་གྱི་འོད་ཁྱིམ་ཁ་སྦྱོར་གྱི་གདམས་པ་དྲན་པར་བྱའོ༔ དེའི་ཚེ་རིག་པ་ཡེ་ཤེས་ཀྱི་ཟེར་ལ་ཞོན་ནས་ཡེ་ཤེས་རིན་པོ་ཆེའི་སྦུབས་ཀྱི་སྣང་བ་ལ་འཇུག་གོ༔ སྣང་བ་དེའང་འདི་མི་བརྗེད་པའི་གཟུངས་མངའ་བས༔ གཞིའི་ཤེས་པ་ཆོས་སྐུར་སྣང་༔ རང་གདངས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་འོད་ཀྱི་འཁོར་ལོར་འཁྱིལ་བས༔ གཞོན་ནུ་བུམ་པའི་སྐུ་ལྔ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ངོ་༔ དེའི་ཚེ་སྐུ་ལྔ་ལྷུན་གྲུབ་ཀྱི་གདམས་པ་དྲན་པས་གྲོལ་ལུགས་ནི༔ གཟུང་འཛིན་གྱི་ཡིད་བག་ཆགས་སེམས་ཀྱི་འཁྲུལ་པ་འགགས་ཀྱང་༔ ཡིད་ལས་འདས་པའི་ཤེས་རབ་མི་འགགས་པས༔ ཇར་འདྲིས་ཀྱི་མི་ཕྱིས་མཐོང་བ་ལྟར༔ ཤེས་བྱེད་ཀྱིས་ཤེས་ལ་དཔྱོད་བྱེད་མེད་དོ༔ དེའི་ཚེ་རང་སྣང་རང་གདངས་སུ་ཤེས་ནས༔ ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་བཞག་པས༔ སྐུ་ལྔ་ཡེ་ཤེས་ལྔའི་སྣང་བ་ལ་གཟེར་ཐེབས༔ སྤྱན་དང་མངོན་པར་ཤེས་པ་ཤར་བས་ལྔ་ལྡན་ཞེས་བྱའོ༔ དེའི་ཚེ་གདུལ་བྱ་དང་འདུལ་ཐབས་མཁྱེན་ཏེ༔ ལོངས་སྐུ་ཡབ་ཡུམ་གྱི་ལྗགས་ལས༔ འ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་སྒྲ༔ ཨ་གཟུང་འཛིན་གཉིས་སྣང་དག་པའི་སྒྲ༔ ཧ་ཆོས་ཉིད་རང་བྱུང་གི་སྒྲ༔ ཤ་ཤེས་རབ་འགགས་པ་མེད་པའི་སྒྲ༔ ས་ཆོས་ཉིད་འགྱུར་བ་མེད་པའི་སྒྲ༔ མ་ཆོས་ཉིད་མཉམ་པ་ཉིད་ཀྱི་སྒྲ་སྟེ༔ ཡི་གེ་དྲུག་པའི་འཁོར་ལོས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་པའི་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཀུན་ཏུ་འབྲེལ་བས༔ ཕྱེད་སྤྲུལ་ཏེ་ལོངས་སྐུའི་འཁོར་ལ་སྣང་བ་རང་བཞིན་སྤྲུལ་པའི་སྐུ་དང་༔ ཐུབ་པ་དྲུག་སྟེ་འགྲོ་བ་འདུལ་བ་སྤྲུལ་པའི་སྐུ་དང་༔ སོ་
སོའི་སྣང་བ་མ་དག་པ་དེ་དང་མཚུངས་པར་བཟོ་དང་སྐྱེ་བ་ལ་སོགས་པ་མ་དག་པ་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་འཕྲོས་ནས་འགྲོ་བའི་དོན་མཛད་པ་ནི༔ སེམས་ཅན་གྱི་དོན་རྫོགས་པར་མཛད་པས་རྫོགས་ལྡན་ཞེས་བྱ་སྟེ་འོད་ཀྱི་སྦུབས་སོ༔ དོན་གསུམ་པ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་ཆོས་སྐུ་ངོ་ཤེས་པར་བྱ་བ་ནི༔ སངས་རྒྱས་མྱ་ངན་ལས་འདའ་བ་ཞེས་བྱ་སྟེ༔ སྔར་གྱི་འོད་ཀྱི་སྦུབས་ཀྱི་གཟུགས་སྐུ་རྣམས་ཆོས་སྐུར་ཐིམ་པ་ཤེལ་གྱི་ཕྱིའི་འོད་ནང་དུ་བསྡུས་པ་ལྟ་བུའོ༔ དེའི་ཚེ་ཤེས་རབ་མཁའ་ལ་འདེགས་པ་ཞེས་བྱ་སྟེ༔ ཡེ་ཤེས་ཀྱི་རླུང་སྟོབས་ལྡན་མས༔ དང་པོ་ཆོས་སྐུ་ལས་གཟུགས་སྐུར་ཤར་ལ༔ ཐ་མ་གཟུགས་སྐུ་ཆོས་སྐུར་གྲོལ་ལོ༔ ཤུགས་འཆང་མས་འབད་རྩོལ་མེད་པར་རང་ཤར་རང་གྲོལ་ལོ༔ འདེགས་བྱེད་མས་རྟེན་མེད་པའི་ནམ་མཁའ་ལ་བརྟེན་ཏེ་ཆོས་ཉིད་ངང་དུ་གནས་པའོ༔ བརྟན་མས་ཡེ་ཤེས་ཀྱི་རླུང་ནོན་ཏེ་ཕྱིས་མ་དག་པར་མི་འགྱུར་བའོ༔ འབྱུང་བ་རྣམས་མ་ལ་ཞ་བ་ནི༔ རླུང་རྡོ་རྗེ་རྒྱ་གྲམ་བརྩེགས་ལེགས་ཏེ༔ དམ་ཚིག་ལྷ་མོ་བཞིས་ཤེས་རབ་མཁའ་ལ་འདེགས་པའོ༔ ཆུ་ཤེལ་གྱི་འཁོད་ལོར་བརྩེགས་ལེགས་ཏེ༔ ཕྱི་ནང་མེད་པར་དབྱིངས་གཅིག་ཏུ་སྡུད་པའོ༔ ས་རིན་པོ་ཆེ་སྣ་ལྔའི་མཆོད་རྟེན་ཁོད་སྙོམས་ཤིང་ཚུལ་དུ་ཤིས་སོ༔ མེ་པདྨའི་དྲ་བ་འོད་འབར་ཞིང་སྨིན་པའོ༔ ནམ་མཁའ་རྣམ་དག་ཡེ་ཤེས་དཔངས་མཐོ་སྟེ་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་པའོ༔ སོ་སོར་བཤད་ན་དམ་ཚིག་གི་ལྷ་མོ་བཞི་ནི༔ སྟོབས་ལྡན་མ་ལ་སོགས་པ་ཡེ་ཤེས་རླུང་བཞིས་གདོད་མའི་ཤེས་རབ་མི་གཡོ་བའོ༔ ཆུ་ཤེལ་ནི་དངོས་པོ་དང་མཚན་མ་མེད་ཅིང་སྟོང་པ་ཡེ་ཤེས་ཀྱི་སྙིང་པོར་བཞུགས་པའོ༔ ས་རིན་པོ་ཆེའི་ཡོན་ཏན་ལྔ་ལྷུན་གྲུབ་ཏུ་ཁྱབ་པའོ༔ མེ་པདྨའི་དྲ་བ་ནི་གཞིའི་དུས་ན་ས་བོན་དུ་གནས་པ༔ འབྲས་བུའི་དུས་སུ་སྐུ་དང་ཡེ་ཤེས་སུ་འཆར་བའོ༔
ནམ་མཁའ་ནི་ཡེ་ཤེས་དབྱིངས་སུ་ཐིམ་པས་གཟིགས་སྣང་གདོད་མར་ཐིམ་སྟེ༔ ནང་གསལ་སྐུ་གསུམ་འདུ་འབྲལ་མེད་པའོ༔ དེའི་ཚེ་ཤེས་རབ་མཁའ་ལ་འཁྱིལ་བ་ཞེས་བྱ་སྟེ༔ ཐིམ་པ་ལ་མ་རྨུགས་པ༔ གསལ་བ་ལ་རྟོག་པ་མེད་པ༔ ཡིན་པ་ལ་བདག་མེད་པ༔ སོ་སོར་མ་འདྲེས་ལ་མི་འབྱེད་པའོ༔ ངོ་བོ་སྟོང་པ་རིན་པོ་ཆེ་ཆོས་སྐུའི་སྦུབས་ན༔ རང་བཞིན་གསལ་བ་ལོངས་སྐུ་དང་༔ ཐུགས་རྗེ་མ་འགགས་རིག་པའི་སྙིང་པོ་ཅན༔ ནང་གསལ་དུ་བཞུགས་པ་ནི་མི་སྣང་ལ་རང་བཞིན་ཡོད་པ༔ གནམ་སྟོང་གི་ཟླ་བ་ལྟ་བུ་ཕྱིར་གསལ་དུ་མ་གྲུབ་ཀྱང་༔ ནང་གསལ་ལ་བཞུགས་སོ༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་བསམ་གྱིས་མི་ཁྱབ་པ་བཞུགས་ཀྱང་༔ གཅིག་ལ་གཅིག་མི་གཟིགས་ཏེ༔ ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལ་བཞུགས་པའོ༔ དེ་ལས་མ་གཡོས་བཞིན་དུ༔ ཕྱོགས་བཅུའི་ཞིང་དུ་ལོངས་སྤྱོད་རྫོགས་པ་དང་༔ སྤྲུལ་ནམ་མཁའི་ཟླ་བ་ལས༔ ཆུ་ཟླ་ལྟར་སྣང་བས་འགྲོ་བའི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་ནི༔ ཐམས་ཅད་མཁྱེན་པའི་ཐུགས་རྗེ་དང་༔ ཐབས་ལ་མཁས་པའི་ཕྲིན་ལས་མ་བཙལ་ལྷུན་གྲུབ་ཏུ་བཞུགས་པ་ལས༔ འབད་རྩོལ་མེད་པར་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ་ཡིན་ནོ༔ འདི་ནི་ངེས་པའི་དོན་གཅིག་ཏུ་གསང་བ་ཆེན་པོ་བཀོད་པའོ༔ ཆོས་ཚུལ་འདི་ནི་མངོན་སུམ་སྙིང་པོའི་དོན༔ རིམ་དགུའི་ཐེག་པ་ཀུན་ལས་འདས་པ་སྟེ༔ བླ་མེད་རྡོ་རྗེ་སྙིང་པོ་སྦས་པའི་དོན༔ དྲི་མེད་འོད་ཟེར་བདག་ལ་བབས་པ་ཡིན༔ འདི་དག་སྙིང་ཕྱུང་རིན་ཆེན་ཤོག་སེར་ཏེ༔ ཤིན་ཏུ་དཀོན་པས་མཁའ་འགྲོའི་སྙིང་ཏིག་མ༔ ཤིང་མོ་ཡོས་ལ་མཆིམས་ཕུར་སྙིང་ལ་བབས༔ དེ་དོན་ཕྱི་རབས་སྐལ་ལྡན་དོན་ཆེད་དུ༔ མ་སྦས་མ་གབ་ཚད་མེད་སྙིང་རྗེས་བཀོད༔ ད་ནི་མི་སྡོད་མྱུར་དུ་ཕ་རོལ་འགྲོ༔ རང་སྣང་བར་དོར་གཏན་སྲིད་ཟིན་ནས་ཀྱང་༔
བརྩེ་པའི་སེམས་དང་སྔོན་སྦྱངས་སྨོན་ལམ་དང་༔ རྒྱལ་སྲས་ཆེན་པོའི་བྱིན་བརླབས་མཐུ་ཡིས་ནི༔ བུམ་ཐང་ཐར་གླིང་རིན་ཆེན་དགེ་གན ས་སུ༔ ཟབ་གཏེར་ཆོས་ཀྱི་སྣང་བ་འགྱེད་དུ་འགྲོ༔ འཁོར་བའི་ཆུ་གཏེར་སྡུག་བསྔལ་རླབས་ཕྲེང་ཅན༔ ཤིན་ཏུ་མི་བཟད་ཆུ་སྲིན་འཛིན་ཁྲི་ལས༔ དལ་འབྱོར་གྲུ་བོས་བདེ་ཆེན་ཕ་རོལ་འགྲོ༔ རྒྱུ་སྐར་གྲངས་མཐའ་རྙེད་ལས་ཚེ་རྫོགས་ཀྱང་༔ ལས་སྨོན་བྱིན་རླབས་རྟེན་འབྲེལ་ཟབ་མོའི་མཐུས༔ རྒྱལ་བའི་མཚན་གྱི་གྲངས་ལོར་དེང་སང་འདུག༔ ད་ནི་མྱུར་འགྲོ་རི་གཟར་འབབ་ཆུ་འདྲ༔ སྐྱེས་པའི་ཐ་མ་ཡིན་གྱིས་འཆི་བར་ངེས༔ འདུས་པའི་ཐ་མ་ཡིན་གྱིས་འབྲལ་བར་ངེས༔ སྐྱེད་ཚལ་གཅིག་ནས་གཅིག་ཏུ་འཕོ་བ་བཞིན༔ དྲི་མེད་འོད་ཟེར་ཐར་པའི་གླིང་དུ་འགྲོ༔ དགེ་བ་འདི་ཡིས་སྲིད་པའི་སེམས་ཅན་ཀུན༔ མ་ལུས་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག༔ གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུ༔ སྟོན་གསུམ་མེ་ཏོག་འབྲས་བུ་སྨིན་དུས་བཀོད༔ སྐལ་ལྡན་རྣམས་ཀྱི་དོན་ཡོངས་འགྲུབ་པར་ཤོག༔ ཟབ་དོན་གནད་ཀྱི་ལྡེ་མིག་ཅེས་བྱ་བ༔ དྲི་མེད་འོད་ཟེར་གྱིས་བཀོད་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔
འོད་གསལ་པྲ་ཁྲིད།
འོད་གསལ་པྲ་ཁྲིད་བཞུགས་པ་ལགས༔ རིན་ཆེན་ཤོག་སེར་སྐོརཿ
རྒྱ་གར་སྐད་དུ༔ རཏྣ་བན་དྷུ་ཝ་ར་ཏི་ནཱ་མ༔ བོད་སྐད་དུ༔ འོད་གསལ་རིན་པོ་ཆེའི་པྲ་ཁྲིད་ཅེས་བྱ་བ༔ སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་ལ་ཕྱག་འཚལ་ལོ༔ སངས་རྒྱས་རྣམས་ཀྱི་ངེས་པའི་བཅུད་ཕྱུང་བ༔ སྙིང་པོའི་ཡང་གསང་ཚེ་གཅིག་སངས་རྒྱས་ལམ༔ དགོངས་གཏེར་ཟབ་མོའི་གནད་བསྡུས་མངོན་སུམ་པར༔ ཞེ་ཕུགས་ཉམས་ལེན་སྙིང་ཕྱུང་ལག་ཁྲིད་དགོད༔ དེ་ལ་ཚེ་འདིར་གྲོལ་བ་འོད་གསལ་གྱི་གནད༔ བར་དོར་གྲོལ་བ་འོད་གསལ་གྱི་གནད༔ ཕྱི་མར་གྲོལ་བ་འོད་གསལ་གྱི་གནད་གསུམ་ལས༔ དང་པོ་ནི་སྣང་དང་མུན་པའི་བྱེ་བྲག་གིས༔ འོད་གསལ་དེ་ཡང་རྣམ་པ་གཉིས༔ ཐོག་མར་སྣང་བའི་རྣལ་འབྱོར་ནི༔ དངས་ཤིང་མཐོ་བའི་ས་ཕྱོགས་སུ༔ ཉི་མ་ལ་ནི་རབ་ཕྱོགས་པར༔ རྡོ་རྗེ་འཛིན་པའི་སྐྱིལ་ཀྲུང་གིས༔ མཉམ་གནས་རླུང་ནི་ཁ་ནས་དྲང་༔ མི་བསྐྱོད་པ་ཡིས་དབང་བསྐུར་ཏེ༔ རབ་ཏུ་ཐིམ་པས་དབྱིངས་རིག་བལྟ༔ དེ་ཡང་པུས་མོ་དགྱེད་ལ༔ རྐང་པ་གཉིས་བསྣོལ༔ ལག་པ་གཉིས་བརླ་དང་སྐེད་པའི་བར་དུ་བསྣོལ༔ ཉི་མའི་ངོས་ལ་ཕྱོགས་པར༔ བླ་མའི་མན་ངག་གིས་དབང་བསྐུར་ལ༔ ཐད་དྲང་ལ་བལྟ་ཞིང་རླུང་ཁ་ནས་དབྱུང་རྔུབ་རབ་ཏུ་དལ་བར་བྱའོ༔ དེའི་ཚེ་དབྱིངས་འོད་ཁྱིམ་དང་༔ རིག་གདངས་ལུ་གུ་རྒྱུད་ཐིག་ཕྲན་གྱི་སྣང་བ་ལ་བལྟས་པས༔ རིག་པ་ཤེས་རབ་རང་བྱུང་གི་སྒྲོན་མ་གསལ་སྟོང་གཟུང་འཛིན་དང་བྲལ་བ་ཁོང་ནས་འཆར་རོ༔ དེའི་ཚེ་དབྱིངས་སྣང་ཁ་དོག་ལྔ༔ ཟ་འོག་བེར་ཁྱིམ་བཀྲམ་པ་འདྲ༔ གདངས་ཀྱི་ཐིག་ལེ་སྟོང་སྒྲོན་ནི༔ འབྲེལ་ལ་མ་འདྲེས་སོ་སོར་གསལ༔ རིག་གདངས་ལུག་རྒྱུད་ཐིག་ཕྲན་རྣམས༔ འགྲོ་འོང་གིས་ནི་རྣམ་པར་སྣང་༔ དེ་ཉིད་མི་འགུལ་བཅིངས་པ་གཅེས༔ དབྱིངས་ནང་ཟ་འོག་རིས་ཀྱི་ནང་ན༔ གདངས་
ཀྱི་ཐིག་ལེ་སྟོང་སྒྲོན་ཟླུམ་འཁྲིགས་རིས༔ ཁ་དོག་སྣ་ལྔའི་མུ་ཁྱུད་ཀྱིས་བསྐོར༔ དབུས་ན་པདྨ་འདབ་བཞིའི་རྣམ་པ་ཅན༔ གཅིག་ལ་གཅིག་འབྲེལ་མང་པོ་སྣང་བའི་ནང་ན༔ ལུ་གུ་རྒྱུད་ཐིག་ཕྲན་འགྲོ་འོང་བྱེད་པ་རྣམས་ལ་མིག་དང་ཤེས་པ་མ་འགུལ་བར་བལྟས་པས༔ ས་རྡོ་རི་བྲག་ལ་སོགས་པ་མི་སྣང་བར༔ འོད་གསལ་ཆུ་ཟླ་ལྟར་སྣང་བས་ཕྱི་གཟུང་བ་ཡུལ་གྱི་འཁྲུལ་པ་འོད་གསལ་དུ་འགགས་ཤིང་༔ དེའི་ངང་ལ་གནས་པས༔ ངང་དྭངས་རང་བཞིན་བདག་ཉིད་ཆེ༔ སྟོང་གསལ་ཀ་དག་ངང་ལ་གནས༔ མི་གནས་མི་དམིགས་སྤྲོས་ཀུན་ཞི༔ རང་བཞིན་གདོད་མའི་སར་ཕྱིན་པའོ༔ དེ་ལྟར་རིག་པ་སྟོང་གསལ་ཕྱོགས་ལྷུང་དང་བྲལ་བས༔ ནང་འཛིན་སེམས་ཀྱི་འཁྲུལ་པ་གཞི་ཐོག་ཏུ་གྲོལ་ཏེ༔ དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལྷུན་གྱིས་གྲུབ་བོ༔ དེ་ལས་ཕྱི་ཕྱིར་གོམས་པ་ཡིས༔ ཕྱི་ནང་རྡོས་བཅས་གདོད་མར་གྲོལ༔ དེའང་སྣང་བ་བཞི་རིམ་གྱིས་མཆེད་ནས༔ ཆོས་ཉིད་གདོད་མའི་ངང་དུ་རབ་ལོ་གསུམ༔ འབྲིང་ལྔ༔ ཐ་མ་བདུན་ན་གྲོལ་བ་ཡིན་ནོ༔ ཞར་ལ་ཆུ་ཤེལ་སྒྲོན་མ་ཡང་༔ སྣང་བའི་རྣལ་འབྱོར་ཉིད་དུ་བཤད༔ ཟླ་བའི་དཀྱིལ་འཁོར་དབུས་སུ་སྟེ༔ ཉིན་དུས་ཚ་བའི་རབ་རིབ་སེལ༔ སྒྲོན་མེའི་འོད་ཀྱི་རྩ་ལམ་སྦྱོང་༔ དེ་ལྟར་ཉམས་སུ་ལེན་པའི་ཚེ༔ ཉིན་མོའི་སྣང་བས་མིག་གི་ཚ་བ་འཕེལ་ནས་མི་བདེ་བ་ཀུན༔ མཚན་མོ་ཟླ་བའི་དཀྱིལ་དུ་བག་རེ་བལྟས་པས་སེལ་ལོ༔ མར་མེའི་འོད་ལ་བལྟས་པས་རྩ་ཤེལ་བུག་ཅན་གྱི་ལམ་བྱང་ནས༔ གཟིགས་སྟངས་བདེ་ཞིང་སྣང་བ་འཕེལ་བ་ཡིན་ནོ༔ སྣང་བའི་རྣལ་འབྱོར་རོ༔ གཉིས་པ་མུན་པའི་རྣལ་འབྱོར་ནི༔ སྣང་བ་ལ་ཟླ་བ་དྲུག་ཏུ་བསྒོམས་པས་མཚན་མོའི་འོད་གསལ་སྦྱང་པ་ནི༔ སྣང་བ་མེད་པའི་ཁྱིམ་དག་ཏུ༔ རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ༔ གཟིགས་སྟངས་གསུམ་ལ་སྔ་ཕྱིར་
བསླབས༔ ཉི་ཤུ་གཅིག་གི་སྐལ་ལྡན་པ༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ དེ་ཡང་བུ་ག་མེད་པའི་ཁང་པར༔ བྲམ་ཟེའི་སྐྱིལ་ཀྲུང་གིས་རླུང་དལ་བས་ཞག་བདུན་དུ་ཐུར་དུ་ཟིམ་བུར་བལྟ༔ དེ་ནས་བདུན་དུ་ཐད་དྲང་ལ༔ དེ་ནས་བདུན་དུ་གྱེན་ལ་ཧར་པོར་བལྟས་པས༔ ན་བུན་ལྟ་བུ་དང་༔ མེ་ཏོག་ལྟ་བུ་དང་༔ སྣ་ཚོགས་གཟུགས་ཅན་དང་༔ འོད་ལྔའི་རྣམ་པ་ཚད་མེད་པར་འཆར་རོ༔ གཞན་ཡང་༔ ཁམས་དྲུག་འདུས་པའི་རླུང་སེམས་ལས༔ འགྲོ་བ་དྲུག་གི་རྣམ་པར་སྣང་༔ ཡེ་ཤེས་འདུས་ལས་དག་པའི་ཞིང་༔ སྐུ་དང་ཐིག་ལེ་ལ་སོགས་སོ༔ དེའང་ལུས་ཀྱི་གནས་སྤྱི་གཙུག༔ སྨིན་མཚམས༔ མགྲིན་པ༔ ལྟེ་འོག༔ གསང་གནས༔ རྐང་མཐིལ་དྲུག་ཏུ་རླུང་སེམས་འདུས་པ་ལས༔ མ་དག་པས་སྦྱང་གཞི་འགྲོ་དྲུག་གི་སྣང་བ་སྣ་ཚོགས་འཆར་ཞིང་༔ བདེ་ཆེན་འཁོར་ལོ་ལ་སོགས་པ་ལྔར་རླུང་སེམས་འདུས་པ་ལས་སངས་རྒྱས་ཀྱི་ཞིང་དང་ཉན་རང་དང་༔ བྱང་ཆུབ་སེམས་དཔའ་དང་མཁའ་འགྲོ་ལྔ་ལ་སོགས་པ་དག་པའི་སྣང་བ་སྣ་ཚོགས་འཆར་ཞིང་༔ རིག་པ་གང་དུའང་མ་འདུས་པས་རླུང་སེམས་གཞི་ཐོག་ཏུ་གྲོལ་བ་སྟེ༔ སྣང་དང་མི་སྣང་གི་འཛིན་པ་མེད་པར་ཀུན་ཏུ་བཟང་པོའི་ཀློང་དུ་ཐིམ་པའོ༔ དེ་ལ་ནི་ཇི་སྐད་གསུངས་པའི་སྣང་བ་བཞི་འཆར་ཡང་དེར་འཛིན་པ་མེད་པས་གྲོལ་བ་ཡིན་ནོ༔ འདིར་རྣལ་འབྱོར་པས་འཁོར་འདས་ཀྱི་རྩ་ཁམས་སུ་རླུང་སེམས་འདུས་ཀྱང་དགག་སྒྲུབ་མེད་པས༔ ལྟ་སྟངས་གཟིགས་སྟངས་བསྒྱུར་ཏེ་གང་དུའང་མི་རྟོག་པར་བཞག་པས་སྣང་བ་དེ་དག་ལས་གྲོལ་བའོ༔ དེ་ལྟར་བསྒོམས་པའི་རྣལ་འབྱོར་པ་ནི༔ ཉིན་མཚན་དུས་རྣམས་ཐམས་ཅད་དུ༔ ཕྱིར་ནི་སྣང་བའི་འོད་གསལ་ལས༔ ནང་དུ་སྟོང་པའི་འོད་གསལ་འཆར༔ ཐབས་ཤེས་དབྱིངས་རིག་འདུ་འབྲལ་མེད༔ ཕྱི་འོད་གསལ་ཐབས་ཀྱི་སྣང་བ་ལས༔ ནང་འོད་གསལ་
ཤེས་རབ་ཀྱི་སྣང་བ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བ། ངང་དྭངས་རང་གསལ་གྱི་སྒོམ་པ༔ ཚོགས་དྲུག་རང་གྲོལ་གྱི་སྤྱོད་པ༔ རེ་དོགས་མེད་པའི་འབྲས་བུ་རང་བཞིན་ལྷུན་གྲུབ་ཏུ་ཤར་ཏེ༔ འོད་སྣང་སྣ་ཚོགས་སུ་སྣང་ཡང་དབྱིངས་རང་བཞིན་གྱི་རྣམ་དག་སྐྱེ་བ་མེད་པའི་ཆོ་འཕྲུལ་དུ་འབྱུང་བ་ནི༔ ཇི་ལྟར་སྣང་བ་ཆུ་ཟླ་འདྲ༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེས༔ སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད༔ སྐྱེས་དང་མ་སྐྱེས་མཉམ་པ་ཉིད༔ སྣ་ཚོགས་སྣང་ལ་སྤྲོས་དང་བྲལ༔ རང་བཞིན་གཉིས་མེད་མཐའ་ལས་འདས༔ ཀུན་བཟང་ཡབ་ཡུམ་དགོངས་པར་ཕྱིན༔ དེ་ལྟར་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་གཟུགས་བརྙན་དང་འདྲ་བར་རྟོགས་པའི་རྣལ་འབྱོར་པའི་རིག་པ་ལ་ངོ་སྤྲད་ན༔ རང་རིག་མ་འགགས་ཝ་ལེར་གསལ་བ་ཀུན་ཏུ་བཟང་པོ༔ གསལ་ལ་འཛིན་མེད་སྟོང་པར་སངས་ངེ་བ་འདི་ཀུན་ཏུ་བཟང་མོའི་དགོངས་པའོ༔ དེའི་ཚེ་འོད་གསལ་འཛིན་མེད་སྒྲོན་མ་བཞིའི་ངང་ལ་ཆེ་བའི་ཡོན་ཏན་ཉི་ཤུ་རྩ་ལྔ་ཡང་རྫོགས་ཏེ༔ མིག་ལ་སོགས་པ་དབང་པོའི་ཞེན་པ་ལོག་སྟེ་རྣམ་པར་མི་རྟོག༔ གཟུགས་ལ་སོགས་པ་ཕུང་པོའི་ཞེན་པ་ལོག་སྟེ་རིགས་དྲུག་མངལ་ཁ་སྟོངས༔ ཕྱི་ཡུལ་གྱི་ཞེན་པ་ལོག་སྟེ་གཉིས་སུ་མེད་པར་ཞིག༔ སེམས་ཀྱི་དངོས་པོ་སྤུར་ཏེ་རང་གྲོལ་སེམས་ཀྱི་བྱུང་ཚོར་གནས་སུ་ཆོད་པས་ངར་འཛིན་ཞིག༔ འདུས་ཚོར་སྣང་བ་རང་སྣང་དུ་ངོས་ཟིན་པས་རང་རིག༔ རིག་པ་ཆོས་ཉིད་ཀྱི་བཙོན་རར་ཟིན་པས་འཁོར་བ་དག༔ འཁྲུལ་པའི་རང་རྒྱུད་ཁུངས་ཆོད་དེ་རང་འོད་ངོས་ཟིན༔ རང་གིས་རིགས་དྲུག་རིམ་གྱིས་བསྒྲལ་ཏེ་འགྲོ་དྲུག་གི་གཡང་ས་ཆོད༔ འཁོར་བའི་དོང་ནས་ཐོན་ཏེ་ཕྱིར་མི་ལྡོག༔ ཆོས་ཅན་ཐུར་དུ་ཚུད་པས་ཆོས་ཉིད་དོན་གྱི་ཚད་མ་རྟོགས༔ རོའི་ཁུངས་སྤུར་ཏེ་ཡེ་ཤེས་ཀྱི་ལུས་ཐོབ༔ ཞེན་པའི་ཕྲེང་ཐག་ཆོད་དེ་བག་ཆགས་རང་དག༔ ལུ་གུ་རྒྱུད་ཨར་ལ་
གཏད་པས་རིག་པ་དབྱིངས་སུ་གནས༔ འོད་ལྔ་ལྷའི་ཕྱག་རྒྱར་མཐོང་བས་རིག་པ་རང་གསལ༔ ཡིད་དཔྱོད་ཀྱི་ལྟ་སྒོམ་ལོག་པས་ཀུན་གསལ་དག་པའི་དྲི་མེད་ཆོས་ཀྱི་སྐུ་ཐོབ༔ ས་ལམ་དུས་གཅིག་ཆོད་པས་རྩོལ་བར་རང་སར་དག༔ ཡིད་དཔྱོད་འཛིན་པའི་ལྟ་བ་ཁུངས་ཆོད་པས་སྙེམས་དང་བྲལ༔ སྐུ་གསུམ་ལམ་དུ་ལོངས་པས་འཁྲུལ་པ་ཀ་ནས་དག༔ སྣང་བ་དངོས་སུ་བསླངས་པས་རྟོགས་པ་མངོན་དུ་གྱུར༔ དགྲའི་ཞེན་པ་ཆོད་པས་བདུད་བཞིའི་འཇིགས་པ་བཅོམ༔ བསམ་གཏན་ཆེན་པོའི་ས་ནོན་པས་དམིགས་གཏད་ཐམས་ཅད་དང་བྲལ༔ ཕྱི་ནས་སངས་རྒྱས་སུ་རེ་བའི་མངོན་ཞེན་ཆོད་པས་རེ་དོགས་རང་གྲོལ༔ ཕྲིན་ལས་མཐར་ཕྱིན་པས་འགྲོ་དོན་ལྷུན་གྱིས་གྲུབ༔ རྒྱལ་སྲས་ས་ཆེན་པོ་ནོན་པས་ཆོས་དབྱིངས་ཟད་མི་ཤེས༔ དེ་ལྟར་བཏགས་གྲོལ་ནས་གསུངས་པའི་ཡོན་ཏན་རྣམས་རྣལ་འབྱོར་པ་གཅིག་གིས་ད་ལྟ་ཐོབ་པས་འདིར་གྲོལ་བ་ཡིན་ནོ༔ དེ་ལྟར་གོམས་པའི་གང་ཟག་ལ༔ ཏིང་ངེ་འཛིན་དང་མངོན་ཤེས་དང་༔ སྤྱན་དང་རྫུ་འཕྲུལ་ལ་སོགས་འཆར༔ དེ་ལྟར་འོད་གསལ་ལ་ཉིན་མཚན་དུ་གནས་པ་ན༔ སེམས་དང་ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་དང་བྲལ་བ་འོད་གསལ་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོ་འཆར་རོ༔ དེ་ལས་ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་དང་༔ སྒོམ་ཁང་ནས་འཛམ་བུའི་གླིང་ལ་སོགས་པ་ལེགས་པར་མཐོང་བའི་ལྷའི་མིག་ལ་སོགས་པ་དང་༔ ལུས་སྣ་ཚོགས་སུ་འཕྲུལ་བས་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་དང་༔ གཞན་ཡང་ཡོན་ཏན་དཔག་ཏུ་མེད་པ་འཆར་རོ༔ ཚེ་འདིར་གོམས་པའི་མན་ངག་གོ༔ གཉིས་པ་བར་དོའི་འོད་གསལ་ནི༔ འབྱུང་བ་རྣམས་རིམ་གྱིས་ཐིམ་ནས༔ ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ༔ ནམ་མཁའི་ཁམས་སུ་འོད་ལྔའི་སྣང་བ་སྣ་ཚོགས་སུ་ཤར་བ་དང་༔ རང་རིག་
གི་བར་ན་ཟེར་ལྔ་ཐག་པ་བརྐྱངས་པ་ལྟར་ཟུག་པས་རིག་པའི་ཡེ་ཤེས་དེ་རང་སྣང་དུ་ངོ་ཤེས་པ་ནི༔ ཀུན་ཏུ་བཟང་པོ་ཡབ་ཀྱིི་དགོངས་པའོ༔ རང་སྣང་ངོ་ཤེས་རང་ལ་འོད་ལྔར་གསལ་ཡང་༔ འོད་དུ་འཛིན་པ་མེད་པར་གཏད་མེད་དུ་ཤིགས་སེ་འཇོག་པ་ནི་ཀུན་ཏུ་བཟང་མོའི་དགོངས་པའོ༔ དེའང་སྐད་ཅིག་དང་པོར་ཡབ་ཀྱི་དགོངས་པས་རང་ངོ་ཤེས་སོ༔ གཉིས་པར་ཡུམ་གྱི་དགོངས་པས་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་གནས༔ གསུམ་པར་གདོད་མའི་ས་ལ་ནང་གསལ་ལྷུན་གྲུབ་རིན་པོ་ཆེར་ཐིམ་པ་ནི་སངས་རྒྱས་མྱ་ངན་ལས་འདས་པ་ཞེས་བྱའོ༔ ད་ལྟ་སྣང་བའི་འོད་གསལ་ལ་དེ་བཞིན་དུ་ཡང་ཡང་སྦྱང་བ་ནི༔ གནད་གལ་པོ་ཆེའོ༔ དེ་ལ་མ་ཟིན་ན་ཆོས་ཉིད་ཀྱི་བར་དོ་ལ་སྣང་བ་གང་ཤར་ཡང་གདམས་ངག་དེ་བཞིན་དུ་དྲན་པ་ནི་གནད་མངོན་སུམ་དུ་ཕྱུང་བའོ༔ གཞན་མེད་དོ༔ འདི་ཁོ་ནའོ༔ གསུམ་པ་ཐ་མས་སྤྲུལ་པའི་ཞིང་སྦྱོང་བ་ནི༔ དེ་ལས་སྣང་བ་ཕྱིར་ཐལ་ཏེ༔ སྲིད་པའི་བར་དོ་རྨི་ལམ་དུ་སྣང་བ་ལྟ་བུ་ལས༔ ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས༔ ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པར་སྐྱེས་ནས་གྲོལ་ཚུལ་ནི་ཁྲིད་ཡིག་བཞིན་ཤེས་པར་བྱའོ༔ ད་ལྟ་སྐབས་སུ་ཞིང་དེ་དག་ཏུ་རང་རིག་མིག་ནས་འཕངས་སོ༔ ཉལ་དུས་གཞོགས་གཡས་ཕབ་ནས༔ ཞིང་ཡིད་ལ་བྱ་སྟེ་སྙིང་གའི་འོད་ལ་སྦྱངས་པ་ནི་གདམས་ངག་དམ་པའོ༔ མདོར་བསྡུ་ན་དུས་རྣམས་ཐམས་ཅད་དུ་གསལ་སྟོང་འཛིན་མེད་ཆེན་པོར་རྩལ་སྦྱང་ངོ་༔ ཕྱི་ནང་སྣོད་བཅུད་སྣང་བ་ལ༔ རྨི་ལམ་ལྟ་བུའི་ལམ་ཁྱེར་བྱ༔ རང་རིག་དྲི་མེད་ཡེ་ཤེས་ལ༔ ཆུ་ཟླ་ལྟ་བུའི་ལམ་ཁྱེར་བྱ༔ སྣ་ཚོགས་འཕྲོ་འདུའི་རྟོག་པ་ལ༔ སྨྱོན་པ་ལྟ་བུའི་ལམ་ཁྱེར་བྱ༔ གང་ཤར་དྲན་རིག་ཆུ་རིས་འདྲ༔ སྔ་ཕྱིའི་འཛིན་པས་མི་བསླད་འཚལ༔ རྟག་ཏུ་འཆི་བ་དྲན་པར་བྱ༔ ཉལ་དུས་བར་དོའི་གདམས་པ་གཟུང་༔ རྩིས་མེད་ཞེན་མེད་ཆགས་མེད་བྱ༔ གང་
ལའང་གཟའ་གཏད་ཆེད་འཛིན་ཐོང་༔ ལས་འབྲས་མི་གོས་ནམ་མཁའ་འདྲ༔ ཇི་ལྟར་བུམ་པ་ཆག་པ་ན༔ ནམ་མཁའ་གསུམ་ཉིད་གཅིག་པ་བཞིན༔ ནམ་ཞིག་འབྱུང་བཞིའི་བུམ་པ་ཆག༔ རིག་པ་ཉིད་ནི་དབྱིངས་སུ་ཐིམ༔ རང་ངོ་ཤེས་པས་གྲོལ་བ་ནི༔ རྡོ་རྗེ་གདན་ལ་མངོན་བྱང་ཆུབ ༔ གདོད་མའི་སར་ཕྱིན་མི་འཁྲུལ་བའོ༔ དེའི་ཚེ་རང་ངོ་མ་ཤེས་ན་མའི་མངལ་གྱིས་ཐོགས་ལ་འཁོར་བར་འཇུག་ཅིང་༔ ཤེས་ན་རྡོ་རྗེའི་གདན་ལ་ཐོགས་ནས་མཐར་ཕྱིན་པའོ༔ དེའི་ཕྱིར་ན་ད་ལྟ་ཉིད་དུ་གོམས་པར་བྱའོ༔ འདི་ནི་རྒྱལ་སྲས་པདྨའི་ཡང་གཏེར་ཏེ༔ གཏེར་དང་གཏེར་ཕྲན་དགོངས་གཏེར་ཟབ་དགུ་ལས༔ འདི་འདྲའི་གདམས་པ་སྔོན་ཆད་བྱུང་བ་མེད༔ འབྲས་བུའི་ཐུགས་གཏེར་ལྷ་སྲས་ཆོས་སྐལ་འདི༔ དེང་སང་བདག་ལ་དགོངས་པས་བརྒྱུད་པའི་མཐུས༔ ངོ་སྤྲོད་གནད་དང་ཟབ་ཡིག་སྙིང་ཏིག་མ༔ ཡི་གེས་མི་ཤེས་དོན་རྣམས་འདིར་བསྡུས་ཏེ༔ ཤོག་སེར་ཤོག་འདྲ་རིན་ཆེན་ཤོག་སྐྱར་བཀོད༔ ཤོག་སེར་ལས་ཀྱང་ཡང་སེར་ཡི་གེ་འདི༔ མངོན་སུམ་གོམས་པའི་གནད་དུ་དེབས་ལ་བཏབ༔ ཕྱི་རབས་སྐལ་ལྡན་རྣམས་དང་འདི་འཕྲད་དེ༔ གདོད་མའི་ས་ལ་ཀུན་ཏུ་བཟང་པོར་ཤོག༔ དྲི་མེད་འོད་ཟེར་ཐར་པའི་གླིང་འགྲོ་ཡང་༔ སྙིང་གི་སྙིང་པོ་མ་སྦས་འདིར་བཀོད་དེ༔ སྐལ་ལྡན་རྣམས་ལ་སྙིང་ཕྱུང་དངོས་སུ་གཏད༔ ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད༔ འོད་གསལ་རིན་པོ་ཆེའི་པྲ་ཁྲིད་ཅེས་བྱ་བ༔ པདྨ་ལས་འབྲེལ་རྩལ་གྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ༔ དགེ་ཞིང་བཀྲ་ཤིས་སོ༔
གསང་ལམ་རིན་པོ་ཆེའི་ངོ་སྤྲོད།
གསང་ལམ་རིན་པོ་ཆེའི་ངོ་སྤྲོད་བཞུགས་པ་ལགས༔ རིན་ཆེན་ཤོག་སེར་གྱི་སྐོརཿ
གསང་ལམ་རིན་པོ་ཆེའི་ངོ་སྤྲོད༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ བྱ་བྲལ་ཆོས་ཟད་རང་བཞིན་རྫོགས་པ་ཆེ༔ ཡེ་ན ས་མ་བཅོས་ལྷུན་གྱིས་གྲུབ་པ་ནི༔ རིག་པའི་གཤིས་ཉིད་ཡེ་ནས་གནས་པའི་ཚུལ༔ ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན༔ འདི་ལ་གཞི་ལྟ་བས་གཏན་ལ་དབབ་པ༔ ལམ་བསྒོམས་པས་ཉམས་སུ་བླང་ཚུལ༔ འབྲས་བུ་གྲོལ་བ་ངོས་གཟུང་བ་གསུམ་ལས༔ དང་པོ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣ་ཚོགས་སུ་སྣང་ཡང་༔ རང་བཞིན་གདོད་ནས་དག་པ་ནམ་མཁའི་སྤྲིན་དང་བྲལ་བ་ལྟ་བུ་སྟེ༔ རྒྱ་ཆད་ཕྱོགས་ལྷུང་མེད་པ ༔ རྟག་ཆད་སྤྲོས་པའི་དྲི་མ་ཐམས་ཅད་དང་བྲལ་བ་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་འགགས་པ་མེད་པ༔ རིག་པ་ཡེ་ཤེས་ཀྱི་ངང་ལས་མ་གཡོས་པ༔ ནམ་མཁའི་ཆོ་འཕྲུལ་ནམ་མཁའི་ངང་ལས་མ་འདས་པ་ལྟ་བུ་ཡིན་ལ༔ དག་པ་ལོངས་སྐུ་སངས་རྒྱས་ཀྱི་ཞིང་ཁམས༔ མ་དག་པ་འགྲོ་དྲུག་དང་དུག་ལྔ་ཇི་ལྟར་ཤར་ཡང་༔ སྣང་དུས་ཉིད་ནས་བདེན་པར་མ་གྲུབ་ཅིང་ངོས་གཟུང་དང་བྲལ་བ་རྨི་ལམ་བཟང་ངན་ལྟ་བུ༔ རིག་མ་རིག་གི་ཆོ་འཕྲུལ་ཙམ་ལས༔ ངོ་བོ་ལ་འཕོ་འགྱུར་མེད་པར་ཤེས་པར་བྱའོ༔ གཉིས་པ་ནི༔ འགྱུར་མེད་ཆོས་སྐུའི་གཟིགས་སྟངས་ཀྱིས༔ རླུང་ནི་ཕྱིར་གཟུང་མཁའ་ལ་བསྲེ༔ རང་རིག་ནམ་མཁའི་དཀྱིལ་དུ་སྦ༔ མཐིང་གསལ་ཀ་དག་ཆོས་ཉིད་ངང་༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བར་བཞག༔ ཐིམ་ལ་མ་རྨུགས་གདོད་མའི་ངང་༔ རྣམ་ཤེས་ནམ་མཁའ་ལ་ཐིམ་ནས༔ ལྷན་ཅིག་སྐྱེས་གང་འོད་གསལ་བ༔ སྟོང་གསལ་མཐའ་དབུས་མེད་པར་འཆར༔ ཀུན་བཟང་ཡབ་ཡུམ་དགོངས་པར་ཕྱིན༔ གཞི་ཐོག་གྲོལ་བར་ཤེས་པར་བྱ༔ དེ་
ཡང་ལྟ་སྟངས་གསུམ་གང་ཡང་རུང་བའམ༔ ཆོས་སྐུའི་གཟིགས་སྟངས་དང་བསྟུན་ཏེ༔ ནམ་མཁའ་སྤྲིན་མེད་པའི་དཀྱིལ་དུ་བལྟས་ལ༔ ཁ་སྣའི་རླུང་གསུམ་དྲག་ཏུ་འཕངས་ཏེ༔ རིག་པ་འོད་ལྔའི་གོང་བུ་སྐར་མདའ་ལྟར་ཕྱིར་རྒྱངས་ཏེ་ནམ་མཁའི་ངང་དུ་སོང་ནས་གདངས་མཐིང་ག་ལ་མིག་གཏད་དེ་སེམས་མིག་གཡོ་བར་ལྷན་ནེར་བཞག་གོ༔ དེའི་ཚེ་གཟུང་འཛིན་གྱི་སེམས་དབྱིངས་སུ་ཐིམ་ ཡང་༔ རིག་པ་བྱིང་རྨུགས་ཐམས་ཅད་དང་བྲལ་བ་རྣམ་ཤེས་ནམ་མཁའ་ལ་ཐིམ་པ་ལྟ་བུའི་དགོངས་པ་ཤར་པའི་རྗེས་ལ༔ སྟོང་གསལ་འགྱུར་བ་མེད་པའི་འོད་གསལ༔ ནམ་མཁའི་འོད་གསལ་ལ་ཐིམ་པ་ལྟ་བུ་ཤར་ཏེ༔ གཟུང་འཛིན་གཉིས་སྣང་གི་ཆོས་སུ་མ་གྲུབ་པས་སྟོང་ལ༔ ཕྱི་སྣང་བ་དང་ནང་རིག་པའི་འོད་གསལ་མི་འགགས་པས་སྣང་བ༔ དམིགས་གཏད་ཆེད་འཛིན་དང་བྲལ་བའི་ཡེ་ཤེས་མཐའ་དབུས་མེད་པར་འཆར་རོ༔ དེའི་ཚེ་ཕྱི་སྣང་བ་དང་༔ ནང་རིག་པ་མ་འགགས་པའི་ངང་ལ་བློ་དེར་འཛིན་དང་བྲལ་བ་ལྷོད་ཀྱིས་འཇོག་པ་ནི༔ ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་ཕུན་སུམ་ཚོགས་པའོ༔ དེ་ལྟར་ཉིན་མོ་དང་མཚན་མོའི་དུས་ཐམས་ཅད་དུ་ཉམས་སུ་བླངས་པས་ཐོག་མའི་གཞིའི་ངང་དུ་ད་ལྟ་ཕྱིན་ཏེ་ཀུན་ཏུ་བཟང་པོའི་ས་ལ་གྲོལ་བ་ཞེས་བྱའོ༔ དེ་ཁོ་ན་བཞིན་ཟླ་བ་དྲུག་ཏུ་གོམས་པས་ཐུན་མོང་གི་དངོས་གྲུབ་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་སྣ་ཚོགས་སུ་འཆར་ཞིང་༔ མཆོག་གི་དངོས་གྲུབ་ལྷུན་གྲུབ་བཞིའི་ངང་དུ་བཙན་ས་ཟིན་པའོ༔ གནད་ཀྱིས་སྐད་ཅིག་ལ་གདོད་མའི་དབྱིངས་སྣང་ལ་རིག་པའི་ལམ་ཁྱེར་ཤིན་ཏུ་དཀོན་པས་སྦ་ཞིང་སྐལ་ལྡན་གྱིས་བརྩོན་པར་བྱ་བ་ཁོ་ནའོ༔ དེ་ལས་ལངས་ནས་སྣང་སྲིད་གཞི་ནས་གྲོལ་བ་ནམ་མཁའ་ལྟ་བུའི་རང་བཞིན་ལ་སྐད་ཅིག་སྐད་ཅིག་གིས་སྦྱོང་ཞིང་༔ ཚེ་འདིའི་སྣང་བ་ལ་དགག་སྒྲུབ་དང་ཞེན་པ་ཐམས་ཅད་རང་
གྲོལ་དུ་བྱའོ༔ མཚན་མོ་ཉལ་བའི་ཚེ་ཡང་༔ ཉིན་དུས་ཀྱི་སྣང་བ་མི་རྟག་པའི་ཚེ་འདི་ལ་མ་ཆགས་པ་དང་༔ དྲན་རིག་གི་ཤེས་པ་འགགས་པས་འབྱུང་བ་བཞིའི་སྡུད་ཚུལ་དང་༔ ཡུལ་སེམས་གང་དུའང་མ་གྲུབ་པས་འོད་གསལ་ནམ་མཁའ་ལྟ་བུའི་ངང་ལ་ཉལ་ལོ༔ འཁྲུལ་པའི་རྨི་ལམ་འགགས་ཏེ་ངན་པ་ལས་བཟང་པོར་འགྱུར་བ་དང་༔ རྨི་ལམ་ཟིན་པ་དང་འགགས་པ་རྣམས་རིམ་གྱི་འབྱུང་ངོ༔ སྐབས་སུ་སྦུབས་འཕོ་བའི་གདམས་པ་གཟུང་ཞིང་སྦྱང་བ་ནི༔ སྐྱིལ་དཀྲུང་བཅས་ཏེ༔ ཤར་མངོན་དགའ་ལ་སོགས་པའི་ཞིང་བསམས་ལ༔ རང་གི་རིག་པ་ཨཱོཾ་དཀར་པོར་དམིགས་ཏེ༔ ཧ་ཞེས་ཤུགས་དྲག་པོས་མིག་ནས་འཕངས་ལ༔ རླུང་དར་ཅིག་ཕྱིར་བཟུང་ལ་གསལ་སྟོང་ངང་ལ་ཇི་ཙམ་གནས་ཀྱི་བར་ལ་མཉམ་པར་གཞག་གོ༔ དེ་བཞིན་དུ་ལོངས་སྐུའི་ཞིང་བསམ་ལ༔ ཨཱཿདམར་པོར་དམིགས་ཏེ་སྦྱོང་ངོ་༔ ནམ་མཁའ་དག་པའི་ངང་དུ་ཧཱུཾ་མཐིང་ག་བསམས་ཏེ༔ ཧས་འཕངས་པས་ནམ་མཁའི་ངང་དུ་སེམས་མི་དམིགས་པར་བཞག་གོ༔ དེས་ནི་སྐུ་གསུམ་དུ་གྲོལ་ནས་ཕྱིར་མི་ལྡོག་པ་གནད་ཀྱི་གདམས་པའོ༔ གསུམ་པ་ནི་རྟག་ཏུ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་འཆི་བའི་དུས་ལ་བབས་པ་ན༔ གང་ལའང་མ་ཆགས་པས་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་སོང་ལ༔ བླ་མའི་གདམས་པ་གསལ་བཏབ་ནས་རང་གཅིག་པུར་འཆི་བར་བྱའོ༔ དེའང་ས་ཆུ་ལ་ཐིམ་པས་ལུས་ལྕི༔ ཆུ་མེ་ལ་ཐིམ་པས་སྐོམ་དད་ཆེ༔ མེ་རླུང་ལ་ཐིམ་པས་དྲོད་འཆོར་རོ༔ རླུང་རྣམ་ཤེས་ལ་ཐིམ་པས་དབུགས་རྒྱུ་བ་ཆད༔ རྣམ་ཤེས་ནམ་མཁའ་ལ་ཐིམ་པས་ཤེས་པ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་ལ་གནས༔ ནམ་མཁའ་འོད་གསལ་ལ་ཐིམ་པས་སྐད་ཅིག་དང་པོ་ལ་དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་སྣང་བ་འབྱུང་ངོ་༔ དེའང་ཕྱི་སྣང་ལ་མཐིང་ག་རྣམ་པར་
དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀ་དག་ཆོས་ཟད་ཀྱི་སྣང་བ་འཆར་རོ༔ དེའི་ཚེ་ཇར་སྦྱངས་པའི་གདམས་པ་དྲན་པས་དེ་ཉིད་ཀྱི་ངང་ལ་རིག་པ་བསྲེས་ཏེ༔ གང་དུའང་མི་རྟོག་པར་མཉམ་པར་བཞ་པས༔ སྔར་གོམས་པའི་བུ་རང་རིག་གི་འོད་གསལ་དང་༔ དུས་དེར་ཤར་བ་མ་རང་བྱུང་གི་འོད་གསལ་གཉིས་འདྲེས་ཏེ་མ་བུ་འཕྲོད་ནས་གདོད་མའི་ངང་དུ་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་གྱུར་ནས༔ ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་ནས༔ ཕྱིར་མི་ལྡོག་པའི་ས་ནོན་ཏེ༔ ཐིམ་ལ་མ་རྨུགས་པ༔ གསལ་ལ་འཛིན་པ་མེད་པ༔ སྣང་ལ་རང་བཞིན་མེད་པ༔ ཆོས་སྐུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གནམ་སྟོང་གི་ཟླ་བ་ལྟ་བུའི་ངང་ལ་དུས་གསུམ་འཕོ་འཕྱུར་མེད་པར་བཞུགས་སོ༔ གདུལ་བྱའི་དོན་དུ་ཆོས་ཀྱི་སྐུ་ལས་མ་གཡོས་པར་ལོངས་སྐུའི་ཞིང་དང་༔ དེ་ལས་སྤྲུལ་པའི་སྐུ་དཔག་ཏུ་མེད་པས་འགྲོ་བའི་དོན་ལྷུན་གྲུབ་ཏུ་མཛད་པ་རྒྱུན་མི་ཆད་པའོ༔ སླར་ཡང་སྤྲུལ་པའི་སྐུ་ལོངས་སྐུར་ཐིམ༔ ལོངས་སྐུ་ཆོས་སྐུར་ཐིམ་ནས༔ དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཕོ་འགྱུར་མེད་པས་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་བཞུགས་སོ༔ འདའ་ཀ་མའི་ཉམས་སུ་ལེན་ཚུལ་མང་ཡང་༔ ཀ་དག་ཆོས་ཟད་ཀྱི་སྣང་བ་སྙིང་ཕྱུང་བ་འདི་ལས་མེད་དོ༔ ད་ལྟ་ནི་ནམ་མཁའ་གུད་དུ་བཅད་པ་བུམ་ནང་གི་ནམ་མཁའ་ལྟ་བུ་ལ༔ རིག་པ་ལུས་ཀྱི་ནང་ན་སྟོང་གསལ་དུ་གནས་པའོ༔ ཕྱིའི་ནམ་མཁའ་ལྟར་ཀ་དག་ཆེན་པོའི་གནས་ལུགས་དང་འབྲེལ་ཡང་མངོན་དུ་མ་གྱུར་ལ༔ བུམ་པའི་ནམ་མཁའ་ནས་ཕྱིའི་ནམ་མཁའ་འབྲེལ་བ་ལྟར༔ ཉམས་སུ་བླངས་པའི་ཚེ་ཀ་དག་གི་ངང་དུ་རིག་པ་ཐིམ་ནས་གནས་པའོ། བུམ་པ་ཆག་པས་ནམ་མཁའ་ཕྱི་ནང་བར་གསུམ་དབྱེ་བ་མེད་པ་ལྟར༔ འབྱུང་བའི་ལུས་འདི་ཞིག་དུས་སེམས་ཉིད་དོན་གྱི་ནམ་མཁའ་ཆོས་ཉིད་དོན་གྱིས་ནམ་
མཁའ་དང་དབྱེར་མེད་དུ་ཐིམ་ནས༔ གདམས་ངག་གིས་ཐོབ་པའི་རིག་པ་ཡེ་ཤེས་ཀྱི་ནམ་མཁའ་རྣམས་དབྱེར་མེད་པར་འདྲེས་ཏེ༔ ཆོས་ཟད་ཀ་དག་གི་གཞི་ལ་རང་གྲོལ་ལོ༔ འདི་ནི་དུས་གསུམ་གནད་ཀྱི་གདམས་པ༔ ཀུན་ཏུ་བཟང་པོའི་གསང་ལ མ༔ ལྷུན་གྲུབ་རིན་པོ་ཆེའི་གནད་ཡིག་གསང་བ་བས་ཀྱང་ཆེས་གསང་བ་མངོན་སུམ་གནད་ཀྱི་ཟབ་དོན༔ དོན་གྱི་དགོངས་པ་ཇི་ལྟར་འཕོས་པ་བཞིན་ཡི་གེར་བཀོད་པའོ༔ མངོན་སུམ་སྙིང་ཏིག་གསང་བ་ཟབ་མོའི་དོན༔ གང་དང་མི་འདྲ་ཀུན་ལས་འདས་པ་འདི༔ མཁའ་འགྲོའི་མཛོད་ལས་བདག་གིས་ལེགས་པར་རྙེད༔ དེ་དོན་མན་ངག་ཚིག་ཉུང་དོན་འདྲིལ་བ༔ གཞི་སྣང་རིན་ཆེན་ངོ་སྤྲོད་སྙིང་པོའི་དོན༔ ཡང་མཛོད་དམར་པོའི་ནང་དུ་རྒྱས་བཏབ་ལ༔ ཞེ་དགའི་ཡིད་ཀྱིས་རྒྱུན་དུ་ཉམས་སུ་ལོངས༔ ཤོག་སེར་ཡང་སེར་ཉིད་དུའང་སྦས་པའི་དོན༔ སྙིང་ཕྱུང་ལག་ཁྲིད་དག་ཏུ་བཀོད་པ་འདི༔ ཕྱི་རབས་སྐལ་ལྡན་རྣམས་དང་འཕྲད་པར་ཤོག༔ དེས་ཀྱང་གསང་ཐུབ་ཉམས་ལེན་བརྩོན་པ་ཡིས༔ སྙིང་གི་བུ་མཆོག་གཅིག་ལ་སྤེལ་ནས་ཀྱང་༔ སྙིང་པོའི་དོན་ལ་བརྩོན་པས་སྤྱོད་པར་ཤོག༔ གྲུ་ཆེན་ངོགས་ལྷགས་མགྲོན་པོ་ཆས་པ་བཞིན༔ དྲི་མེད་འོད་ཟེར་ཐར་བའི་གླིང་དུ་འགྲོ༔ འགྲོགས་པའི་ཡུན་མེད་བརྩོན་འགྲུས་བསྐྱེད་ཅིག་བུ༔ གངས་རི་ཐོད་དཀར་མགུལ་དུ་བཀོད་པ་རྫོགས་སོ༔ རྒྱ་རྒྱ་རྒྱཿ
ཟབ་དོན་སྙིང་པོ།
ཟབ་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོཿ ཤོག་སེར་སྐོར༔
ཟབ་དོན་སྙིང་པོ་ཞེས་བྱ་བ༔ དཔལ་དུས་ངེས་པའི་ལྷ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་འབྲས་བུ་ཚེ་གཅིག་ངེས་པའི་ལུང་༔ སྙིང་པོའི་དོན་འདི་ཀུན་གྱིས་མ་རྟོགས་ཤིང༔ དྲི་མེད་འོད་གསལ་དེ་ཉིད་མཐོང་བྱའི་ཕྱིིར༔ ཡེ་ཤེས་འོད་ཀྱི་སྣང་བ་བསྟན་པར་བྱ༔ འདི་ལ་གསུམ་སྟེ༔ མ་དག་པ་སྤྲུལ་པ་སྐུའི་ཞིང་སྣང་༔ དག་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་སྣང་༔ ཤིན་ཏུ་རྣམ་པར་དག་པ་ཆོས་སྐུའི་ཞིང་སྣང་ངོ་༔ དང་པོ་ལ་གསུམ་ལས༔ ཞིང་སྣང་ངོས་གཟུང་བ་ནི༔ རྡོས་བཅས་སྒྱུ་ལུས་ཀྱི་ཕུང་པོ་ལ༔ རིག་པ་བརྟེན་པ་ཚུན་ཆད་དེ༔ ངོ་བོ་མ་དག་པ་གཏི་མུག༔ རང་བཞིན་མ་དག་པ་ཕྱི་ཡུལ་སྣང་དང་༔ ནང་སྒྱུ་ལུས༔ ཐུགས་རྗེ་མ་དག་པས་གཟུང་འཛིན་གཉིས་སྣང་གི་རྟོག་པའོ༔ དེས་ལས་བསགས་པས་འཁོར་བའི་འཁྲུལ་སྣང་༔ སྡུག་བསྔལ་འཁོར་བའི་ལས་བྱེད་དོ༔ གཉིས་པ་ངོ་སྤྲད་པ་ནི༔ ད་ལྟ་མ་དག་པ་སྤྲུལ་པའི་ལུས་ལ༔ ལོངས་སྐུ་དང་ཆོས་སྐུ་ཅི་ལྟར་ཡོད་ན༔ དཔེ༔ དོན༔ རྟགས་གསུམ་ལས༔ དཔེ་མཚན་མོ་སྤྲིན་དང་བྲལ་བའི་ཟླ་བ་ཉ་བར་རྒྱུ་སྐར་གྱིས་བསྐོར་བ་ལྟ་བུ་སྟེ༔ དོན་ཙིཏྟ་རིན་པོ་ཆེའི་དབུས༔ འོད་རྩ་ཤེལ་གྱི་ཁང་པ་ན༔ རིག་པའི་ངོ་བོ་སྟོང་༔ རང་བཞིན་གསལ༔ ཐུགས་རྗེ་རིག་པའི་སྙིང་པོ་ཅན༔ འོད་ལྔའི་གདངས་དང་བཅས་པའི་ཟེར་གདངས་ལུས་མགོ་མཇུག་གི་རྩ་བྲན་རྣམས་ན་སྐར་མ་ལྟར་ཐིག་ལེ་ཐིག་ཕྲན་དུ་གནས་པའོ༔ རྟགས་ནི་མུན་སྲོས་མཚམས་སུ༔ མིག་གཉིས་དྲག་ཏུ་མནན་ནས་བལྟས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཐིག་ལེ་ཐིག་ཕྲན་དུ་སྣང་ངོ༔ གསུམ་པ་ཉམས་སུ་བླང་བ་ལ་གསུམ་ལས༔ ངོ་བོའི་བླང་ཚུལ་ནི༔ ནམ་མཁའ་སྤྲིན་དང་བྲལ་བ་ལ་རིག་པ་གཏད་ནས༔ མིག་མི་འགུལ་བར་བལྟས་པས༔ སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས༔ ཤེས་རབ་རང་བྱུང་གི་སྒྲོན་མ་ཇི་ལྟར་མཉམ་པར་གཞག་པའི་བར་ལ་གནས་སོ༔ དེ་ཉིད་ཉིན་མཚན་མེད་
པར་ཉམས་སུ་བླང་ངོ་༔ ཀ་དག་གི་ངང་ལ་ད་ལྟ་གནས་པའོ༔ རང་བཞིན་གྱིས་བླང་ཚུལ་ལ༔ ཉིན་མོ་ལྟ་སྟངས་གང་རུང་གིས་འོད་གསལ་བལྟ་ཞིང་༔ ཉི་མ་ནུབ་ནས་མུན་སྲོས་ཀྱི་བར་ཐང་མཚམས་ཀྱི་ནམ་མཁའ་ལ་བལྟས་པས༔ སྔ་མ་བས་བདེ་གསལ་མི་རྟོག་བའི་ཡེ་ཤེས་འཕེལ་ཞིང་༔ མཚན་མོ་མུན་ནག་པོར་གུང་འཛུབ་ཀྱིས་རྒྱ་མཚོ་བག་རེ་གཏེམས་ཏེ༔ འོད་ཀྱི་སྣང་བ་ཁྲ་མེར་བྱུང་དུས་མཛུབ་མོས་བཏང་ལ་བར་སྣང་ལ་བལྟས་པས༔ འོད་ལྔའི་སྣང་བ་ཐིག་ལེ་དང་བཅས་པ་གསལ་ལོ༔ དེ་ཉིད་ལ་བལྟ་ཞིང་ཉམས་སུ་བླངས་པས་ཞག་བདུན་ན༔ སྣང་སྲིད་འོད་སྣང་དུ་འཆར་རོ༔ དེ་ཡང་ཕྱི་རུ་སྣང་བ་ལ་བལྟས་པས༔ ནང་དུ་སྟོང་པའི་ཡེ་ཤེས་འཆར་བ་ནི༔ བདེན་གཉིས་ཆུ་ཟླ་ལྟར་རྟོགས་ཏེ༔ འཁོར་འདས་མཉམ་ཉིད་དུ་གྲོལ་བའོ༔ ཐུགས་རྗེའི་ཉམས་སུ་བླང་ཚུལ་ནི༔ འགྱུ་དྲན་གྱི་རྣམ་རྟོག་རྨི་ལམ་གྱི་ཤེས་པ་ལྟར་འཁྱེར་བ་སྟེ༔ དགག་སྒྲུབ་ཀྱི་རོལ་པ་ཅི་ལྟར་ཤར་ཡང་༔ དེར་འཛིན་མེད་པས་སྔ་ཕྱིའི་རྟོག་པ་འཕྲོ་མི་མཐུད༔ ད་ལྟར་རྟོག་པ་བླང་དོར་གྱི་སྒྲོག་ཏུ་མི་འཆིང་༔ ཡུལ་ཇི་ལྟར་སྣང་ཡང་བློས་དེ་ལྟར་མི་འཛིན་པའོ༔ དེའང་སྣང་བས་བཅིང་པ་མ་ཡིན་ཏེ༔ གཟུང་བས་གཅིངས་པའོ༔ འདི་ཡིན་གྱི་གཟའ་གཏད་རང་སར་གྲོལ་ན༔ ཆོས་ཉིད་ཀྱི་རོལ་པ་གཟིགས་མོར་ཆེ་བ་ཡིན་ནོ༔ ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་ཤེས་པས༔ འཁོར་བ་མ་སྤངས་གནས་སུ་དག་སྟེ༔ བདེན་རྫུན་འཁྲུལ་པའི་རྩ་བ་བརླག་པའོ༔ སྤྱོད་ལམ་ཐམས་ཅད་དུ་གཏད་མེད་ལ་འཛིན་མེད་ཀྱི་ལམ་ཁྱེར་བྱས་ན༔ ཐུགས་འཕྲད་ལམ་གྱི་རྟ་ཕོ་ཞོན་ནས་ཐར་པའི་གྲོང་དུ་ད་ལྟ་ཕྱིན་པའོ༔ མདོར་ན་ངོ་བོ་སྟོང་པ་ཕྱོགས་ལྷུང་མེད་པ༔ རང་བཞིན་གསལ་ལ་ཅི་ཡང་སྣང་བ༔ ཐུགས་རྗེ་མ་འགགས་པ་ཀུན་ཁྱབ་ཆེན་པོ༔ དུས་གསུམ་གཞི་རྫོགས་འཕོ་འགྱུར་མེད་པར་ཤེས་པར་བྱའོ༔ གཉིས་པ་
དག་པ་ལོངས་སྐུའི་ཞིང་སྣང་ལའང་གསུམ་སྟེ༔ ངོས་གཟུང་བ་ནི༔ ནམ་མཁའ་འོད་གསལ་ལ་ཐིམ་པ་ནས༔ ལྷུན་གྲུབ་ཀྱི་སྣང་བ་ཚུན་ཆད་དེ༔ ངོ་བོ་དག་པས་སྟོང་ལ་སྤྲོས་པ་དང་བྲལ༔ རང་བཞིན་དག་པས་སྣང་བ་ངོས་གཟུང་དང་བྲལ༔ ཐུགས་རྗེ་དག་པས་རིག་པ་གཟུང་འཛིན་དང་བྲལ་བའོ༔ དེས་ལོངས་སྐུའི་ཞིང་ཁམས་མངོན་དུ་གྱུར་ཏེ༔ འོག་མིན་དུ་མངོན་པར་རྫོགས་པར་སངས་རྒྱ་བར་བྱེད་པའོ༔ གཉིས་པ་ངོ་སྤྲད་པ་ལ་གསུམ་ལས༔ དཔེ་མདང་སུམ་གྱི་རྨི་ལམ་ལྟར༔ དོན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའོ༔ རྟགས་རྩེའུ་ཆུང་གཏེམས་པས་ཉིན་སྣང་སྐད་ཅིག་ལ་འགགས་པས་ཤེས་སོ༔ གསུམ་པ་ཉམས་སུ་བླང་ཚུལ་ལ་གསུམ་ལས༔ ངོ་བོ་ནི་ད་ལྟ་ཀ་དག་ལ་འདྲིས་པར་བྱས་པས་འོད་གསལ་སྐད་ཅིག་དང་པོ་ལ༔ ནམ་མཁའ་ལྟ་བུའི་སྣང་བ་ཤར་དུས༔ སྔར་གོམས་པའི་འོད་གསལ་དང་འདྲེས་ནས་བར་དོ་མེད་པར་སངས་རྒྱའོ༔ རང་བཞིན་ད་ལྟ་འོད་གསལ་འདྲིས་པར་བྱས་པས༔ ཟུང་འཇུག་ལ་སོགས་པར་སྣང་བའི་འོད་གསལ་ཤར་དུས༔ སྔར་གོམས་པའི་རང་བཞིན་གྱི་འོད་གསལ་དང་འདྲེས་ནས་སངས་རྒྱའོ༔ ཐུགས་རྗེ་ནི་ད་ལྟ་ཤར་གྲོལ་ལ་འདྲིས་པར་བྱས་པ་སྲིད་པའི་བར་དོ་ཤར་དུས་སྔར་གོམས་པའི་ཐུགས་རྗེའི་འོད་གསལ་དང་འདྲེས་ནས༔ མངལ་སྒོ་མི་འགྲིམ་པར་དེ་ཉིད་དུ་རང་བཞིན་སྤྲུལ་སྐུའི་ཞིང་དུ་སངས་རྒྱའོ༔ གསུམ་པ་ཤིན་ཏུ་རྣམ་པར་དག་པ་ཆོས་སྐུའི་ཞིང་སྣང་ལ་ཡང་གསུམ་ལས༔ ངོས་གཟུང་པ་ནི༔ ལྷུན་གྲུབ་གདོད་མའི་གཞིར་ཐིམ་ནས༔ ཆོས་སྐུ་རོག་ཅིག་ཏུ་གྱུར་པའི་གནས་སྐབས་ན༔ ནང་གསལ་སྤྲོས་པའི་མཐའ་དང་བྲལ་བ་སྟེ༔ ངོ་བོ་ཤིན་ཏུ་དག་པས་སྐྱེ་མེད་བསམ་དོ་ལས་འདས༔ རང་བཞིན་ཤིན་ཏུ་དག་པས་ནང་གསལ་སྐུ་གསུམ་འདུ་འབྲལ་མེད༔ ཐུགས་རྗེ་ཤིན་ཏུ་དག་པས་རིག་པ་རྣམ་ཤེས་ཀྱི་ཚོགས་རྣམ་པར་དག་པ༔ ཀུན་གཞི་ཆོས་སྐུར་དག་པས་ལས་དང་བག་ཆགས་ཀྱི་མཐའ་སྟོང་པའོ༔ གཉིས་པ་ངོ་སྤྲད་པ་ལ་གསུམ་ལས༔ དཔེ་གནམ་
སྟོང་གི་ཟླ་བ་ལྟར༔ དོན་མི་སྣང་ལ་རང་བཞིན་མེད་པས༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཆོས་སྐུའི་ཕོ་བྲང་ན་གཅིག་གི་གཅིག་མི་གཟིགས་པར་བཞུགས༔ རྟགས་ཆོས་ཉིད་ལ་མཉམ་པར་གཞག་དུས་སྣང་སྟོང་སྤྲོས་པ་དང་བྲལ་བར་ཤེས་སོ༔ གསུམ་པ་ཉམས་སུ་ཇང་ཚུལ་ནི༔ ནམ་མཁའ་སྤྲིིན་མེད་པ་ལ་བལྟས་པས་ངོ་བོ་སྟོང་པ༔ གཟའ་སྐར་ལྷུན་གྲུབ་ལ་བལྟས་པས་རང་བཞིན་གསལ་བ༔ གང་སྣང་ཅོག་བཞག་ལ་བལྟས་པས༔ རིག་པ་མི་འཕྲོ་བར་གནས་པའོ༔ དེ་ཉིད་གོམས་པས་ཀ་དག་གི་གྲོལ་གཞི་ལ་མཐར་ཕྱིན་ནས༔ ཡང་དག་པར་རྫོགས་པའི་སངས་རྒྱའོ༔ ཨེ་མ་ཧོ༔ གསང་སྔགས་ཀུན་གྱི་མཐར་ཐུག་མངོན་སུམ་ལམ༔ དེ་དོན་མཁའ་འགྲོ་སྙིང་ཏིག་སྙིང་ཕྱུང་ནས༔ ཡང་ཟབ་གནད་འདི་བདག་གི་སྙིང་ལ་བབས༔ ཕྱིར་རབ་དོན་དུ་ཡི་གེར་བཀོད་པ་ཡིན༔ ཤིང་མོ་ཡོས་ལོར་ཚེ་ཡི་མཐར་ཕྱིན་ཏེ༔ ས་ཕོ་འབྲུག་ལ་བུམ་ཐང་དགོན་གནས་འགྲོ༔ སྙིང་ནས་སྙིང་པོའི་དོན་ལ་སེམས་པ་དག༔ ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད༔ ད་ནི་མི་སྡོད་རིངས་པར་མྱུར་དུ་འགྲོ༔ མི་རྟག་དཔེ་ཡི་ངོ་སྤྲོད་མངོན་སུམ་སྟོན༔ རྟག་འཛིན་ཞེན་པ་ཅན་རྣམས་སྙིང་རེ་རྗེ༔ སྡུག་བསྔལ་བདེ་བར་མཐོང་བ་སེམས་པ་སྐྱོ༔ ཆོས་སྐུ་རྒྱལ་པོའི་གཏན་སྲིད་མ་ཟིན་ན༔ ཇི་ལྟར་བྱས་ཀྱང་བདེ་བའི་གོ་སྐབས་མེད༔ སྙིང་ནས་འཆི་ཆོས་མཛོད་ཅིག་སྐལ་ལྡན་དག༔ གང་གིས་མི་ཕན་གཅིག་པུར་འགྲོ་དུས་སུ༔ འཁྱེར་སོ་ཅི་འདུག་སེམས་ལ་ད་ལྟ་ལྟོས༔ ཀྱེ་མ་ཀྱེ་མ་སྙིང་པོས་དོན་སྒོམས་ཤིག༔ འཁོར་བའི་གནས་ལས་ཐར་བའི་ཐབས་འཚལ་ལོ༔ གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུ༔ ཕྱི་ར བས་སྐལ་ལྡན་རྣམས་ཀྱི་དོན་དུ་བཀོད༔ ཟབ་དོན་སྙིང་པོ་དྲི་མེད་འོད་ཟེར་གྱིས་བཀོད་པ་རྫོགས་སོ༔ དགེའོཿ
ཀུན་འདུས་རིན་པོ་ཆེའི།
ཀུན་འདུས་རིན་པོ་ཆེའི་ངོ་སྤྲོད་བཞུགས་སོ༔ ཤོག་སེརཿ
ཀུན་འདུས་རིན་པོ་ཆེའི་ངོ་སྤྲོད་ཅེས་བྱ་བ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པོ༔ ཀུན་ཏུ་བཟང་པོ་གདོད་མའི་མགོན་པོ་ལ༔ གུས་པས་བཏུད་དེ་ཚེ་གཅིག་གྲོལ་བའི་ལུང་༔ ངེས་པའི་སྙིང་པོ་གང་ཡིན་གསལ་བར་བཤད༔ དེ་ཡང་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གི་ཟབ་མོའི་གནད་ཇི་སྙེད་པ་ཐམས་ཅད་བསྡུས་ན་གསུམ་དུ་ངེས་ཏེ༔ ཡེ་ཐོག་གཞི་ལས་བབས་ཚུལ༔ འཁྲུལ་དུས་ཉམས་སུ་བླང་ཚུལ༔ བར་དོར་གཞི་ཐོག་ཕྱིན་ཚུལ་ལོ༔ དང་པོ་ལ་གསུམ་ལས༔ ཡེ་ཐོག་དང་པོའི་སྤྱི་གཞི་ནི་མན་ཤེལ་བསྟན་ཏེ༔ ངོ་སྤྲོད་སྤྲས་པའི་རྒྱུད་ལས༔ ཀུན་ཏུ་བཟང་པོའི་སྣང་གསལ་མེ་ལོང་འདི༔ ཕྱོགས་མཐུན་དཔེ་ཡིས་རང་བཞིན་རྟོགས་པར་བྱེད༔ རྟོགས་པའི་དོན་དེ་སྣང་གསལ་ངོ་སྤྲོད་ཡིན༔ རིག་པ་ཟང་ཐལ་གནས་ལས་མན་ཤེལ་འདྲ༔ རིག་པ་རྟོག་མེད་གསལ་བས་མན་ཤེལ་འདྲ༔ རིག་པ་ལྷུན་གྲུབ་གནས་པས་མན་ཤེལ་འདྲ༔ རིག་པ་མ་འགགས་འཆར་བས་མན་ཤེལ་འདྲ༔ ཞེས་གསུངས་པས༔ གདོད་མའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་ཏེ༔ ཤེལ་དྭངས་ལ་དྲི་མ་མེད་ཅིང་ཟང་ཐལ་བ་བཞིན་དུ༔ རིག་པ་ལ་སྤྲོས་པ་དང་བྲལ་ཞིང་ངོ་བོ་སྟོང་པར་མཚོན༔ འོད་ལྔ་ཕྱིར་མི་གསལ་ཡང་༔ ནང་དུ་ལྷུན་གྲུབ་ཏུ་ཡོད་པ་བཞིན་དུ༔ རིག་པའི་ངང་ན་རང་བཞིན་ལྷུན་གྲུབ་ཏུ་འོད་མ་འགགས་པས་རང་བཞིན་གསལ་བར་མཚོན་ནོ༔ ཤེལ་ཁོ་རང་དངས་ལ་དཀར་པོ་དབྱེར་མེད་པས་ཐུགས་རྗེ་འགགས་མེད་དུ་འཆར་བ་མཚོན་ནོ༔ དེ་གསུམ་ཡང་ཚིག་གིས་སོ་སོར་ཕྱེ་ནའང་དོན་ངོ་བོ་ཐ་དད་མེད་པ་བཞིན་དུ༔ རིག་པ་སྟོང་གསལ་འགགས་མེད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་དུ་མཚོན་པའོ༔ དེ་ལྟ་བུའི་གནས་ལུགས་ཡེ་ནས་ད་ལྟའི་བར་དུ་འཕོ་འགྱུར་མེད་པར་ཁྱབ་པ་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས༔ རྒྱ་ཆད་ཕྱོགས་ལྷུང་མེད་པ༔ དུས་
གསུམ་འཕོ་འགྱུར་མེད་པའི་དགོངས་པ་ཞེས་བྱའོ༔ དེ་ལས་གཞིར་སྣང་དུ་ཤར་བ༔ འཁོར་འདས་ཀྱི་འཁྲུལ་གྲོལ་དུ་གྱུར་པའི་གཞི་ནི༔ ཤེལ་ཉི་མ་ལ་ཕྱར་ནས༔ ནང་འོད་ཚན་པ་གཉིས་སུ་བསྟན་ལ༔ འོད་ལྔ་ཤར་དུས་རང་སྣང་དུ་རང་ངོ་ཤེས་པའི་སྐད་ཅིག་ལ༔ ཕྱི་འོད་ནང་དུ་སྡུས་པས་ཤེལ་ཉིད་དུ་ཐིམ་པ་གདོད་མའི་གཞི་ཐོག་ཏུ་གྲོལ་བས༔ ཀུན་ཏུ་བཟང་པོས་དགེ་བ་སྤུ་ཙམ་ཡང་མ་བྱས་པར༔ སྐད་ཅིག་ལ་གྲོལ་བ་ཡིན་ཏེ༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས༔ ཞེས་སོ༔ སྐད་ཅིག་གཅིག་གིས་གྲོལ་བ་ནི་སྤང་བྱའི་དྲི་མ་མེད་པས༔ འཇོམས་བྱེད་གཉེན་པོ་མེད་པའོ༔ ཡང་ཕྱར་ལ༔ གདོད་མའི་གཞི་ཤེལ་ལྟ་བུའི་ངང་ལ༔ རང་བྱུང་ཏུ་རང་བཞིན་གསལ་བ་འོད་ལྔ་ལྟ་བུའི་སྣང་བ་དང་༔ ཐུགས་རྗེ་མ་འགགས་པའི་རིག་པ་དཀར་ཕྲ་ཕྲོ་བ་ལྟ་བུ་གཉིས་དུས་གཅིག་ངོ་བོ་སྟོང་པའི་ངང་ལས་རང་གདངས་ཤར་བ་ངོ་མ་ཤེས་པའི་ཆ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ༔ འཁོར་བ་སོ་སོའི་རྒྱུ་བྱས༔ ཁ་དོག་ལྔ་ལྡན་གྱིས་ཡུལ་བྱས༔ དཀར་པོ་དེ་ཀུན་ཏུ་འཚོལ་བ་ཡིད་ཀྱི་དཔེ་སྟེ༔ རང་བཞིན་གྱི་གདངས་ལ་ཐུགས་རྗེས་རང་ངོ་མ་ཤེས་པར་གཞན་དུ་ཞེན་ནས་འཁྲུལ་པས་ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་བྱ་སྟེ༔ འཁོར་བར་འཁྲུལ་པའི་རྐྱེན་བྱས་ནས༔ རང་བཞིན་གྱི་གདང་འོད་ལྔ་ཡུལ་དང་ལུས་སུ་འཁྲུལ༔ ཐུགས་རྗེའི་གདངས་རྣམ་པར་ཤེས་པའི་ཚོགས་དྲུག༔ ཀུན་གཞིའི་རྣམ་ཤེས་དང་བཅས་ཏེ་བདུན་དུ་འཁྲུལ༔ ངོ་བོ་ལུང་མ་བསྟན་ཀུན་གཞི་འཁྲུལ་ཏེ་རྟེན་བྱེད་དོ༔ དེའང་ཤེས་པ་ཕྱིར་འཆར་དུས་སྒོ་ལྔ་དེ་ལ་དཔྱོད་བྱེད་ཀྱི་ཡིད་ནང་དུ་གནས་དུས་ཀུན་གཞིའི་རྣམ་ཤེས་གསལ་ལ་དྭངས་པ་བསམ་གཏན་བཞི་དང་༔ མི་གསལ་བ་གཟུགས་མེད་དུ་འཁྲུལ་ཞིང་ལས་གསོག་གོ༔ དེའང་གཟུགས་སོགས་ཡུལ་ལྔ་ནི༔ མིག་སོགས་དབང་པོ་ལྔ་ལ་གསལ་གྱིས༔ ཤེས་
པ་ལ་གསལ་བ་མ་ཡིན་ནོ༔ ལུས་སོ་སོར་སྤྱོད་པ་ནི་དབང་པོ་མ་ཡིན་གྱིས་དབང་ཤེས་སོ༔ དེས་ན་ཤེས་པ་ལ་ཡུལ་ལྔ་ཤར་བ་མེད་དེ༔ མིག་ལོང་བས་ན་གཟུགས་མི་མཐོང་ཡང་ཤེས་པ་ཡོད་པ་བཞིན་ནོ༔ དེས་ན་དབང་པོ་རྟོག་མེད་ལ་གཟུགས་སོགས་མཐོང་བའི་ཆ་རྣམས༔ རྟོག་མེད་ཡིན་པར་འཐད་པ་དང་བཅས་པའོ༔ ཡིད་འཇུག་པས་རྟོག་པར་སོང་བ་ཡང་ཆས་དབྱེ་ལ་ཤེས་པར་བྱའོ༔ དེ་ལྟར་རིག་པ་མདངས་ཉལ་གྱིས་བག་ཆགས་ཀྱི་འཁྲུལ་པ་སྣ་ཚོགས་སུ་ཤར་ཏེ༔ ཤེལ་གྱི་འོད་གཉིས་བསྲེས་ལ༔ དཀར་དམར་སྣ་ཚོགས་ཀྱི་སྟེང་དུ་འོད་དཀར་པོ་བཞག་སྟེ༔ རང་བཞིན་གྱི་སྣང་བ་ལ༔ ཐུགས་རྗེ་རྟོག་པར་འཁྲུལ་པའི་ཡིད་ཀྱིས་ཉིན་མཚན་དུ་འདྲེས་པས༔ སྣང་བ་ལ་དེར་འཛིན་དུ་ཤར་བས༔ སེམས་ཀྱི་ངང་ནས་བྱུང་བར་ངོ་སྤྲད་དོ༔ དེ་ནི་དེ་གཉིས་མི་གཡོ་བའི་དཔེས་གཏང་གཞག་མེད་པའི་ཆོས་ཉིད་གཅིག་ཏུ་ངོ་སྤྲད་དོ༔ འཁྲུལ་པ་རྐྱེན་ལས་བྱུང་བ་མེན་ཤེལ་འོད་དང་འདྲ༔ དངོས་པོ་སྣ་ཚོགས་སྣང་བ་མེན་ཤེལ་འོད་དང་འདྲ༔ སྣང་ཡང་ངོ་བོ་འགྱུར་མེད་མེན་ཤེལ་འོད་དང་འདྲ༔ ཟད་མེད་འཕེལ་བ་མེད་པས་མེན་ཤེལ་འོད་དང་འདྲ༔ ཞེས་ངོ་སྤྲད་དོ༔ གཉིས་པ་འཁྲུལ་དུས་ཉམས་སུ་ལེན་ཐབས་ལ་གསུམ་ལས༔ དང་པོ་འཁྲུལ་དུས་སེམས་ཅན་སོ་སོའི་སྐྱེ་བ་སྔ་ཕྱིར་བརྒྱུད་པའི་ཚེ༔ བར་དོའི་ཡེ་ཤེས་ལུས་ལ་བཞུགས་པ་ནི༔ མར་མེ་མི་མོའི་ཁོག་པར་བཅུག་ལ་ངོ་སྤྲད་དོ༔ སྣུམ་དང་སྡོང་བུ་གཉིས་ཐིག་ལེ་དཀར་དམར༔ མ་རིག་པའི་ཡེ་ཤེས་ཀྱི་དཔེའོ༔ དེ་ནས་ལུས་གྲུབ་སྟེ་གནས་དུས་དཔེ་ཤེལ༔ དོན་སྙིང་གའི་ཡེ་ཤེས༔ རྟགས་སྒྲོན་མས་ངོ་སྤྲད་དེ༔ ཡེ་ཤེས་སྙིང་ག་ན༔ ཡེ་ཤེས་སུམ་རྩེགས་གློ་བའི་རླུང་དང་༔ ཡེ་ཤེས་ཀྱི་གདངས་གཉིས་འཕྲད་པས་རྩལ་སེམས་སུ་བྱུང་བའི་དཔེ༔ འོད་ལྔའི་ཕྱོགས་གཅིག་ནས་ཤར་བའི་འོད་དཀར་པོ་ལ་ངོ་སྤྲད་དོ༔ སེམས་དྲན་བསམས་གཞིའི་ངང་དུ་ཐིམ་ནས་མི་གཡོ་བར་གནས་པའི་དཔེ༔
དཀར་པོ་འོད་ལྔར་། ཐིམ་པ་མི་འགུལ་བ་ལ་སེམས་ཡེ་ཤེས་སུ་གྲོལ་བར་མཚོན༔ ཡང་དཀར་པོ་སེམས་ཀྱང་དཔེ་དྲུག་པ་ཡིད་ཅེས་བྱ༔ འོད་ལྔ་ཡེ་ཤེས་ཀྱི་དཔེ་རང་གསལ་འགགས་པ་མེད་པའི་གདངས་ནམ་མཁར་སྣང་བ་ཡིན་ནོ༔ གཞི་འཛིན་པའི་རིག་པ་སྙིང་གའི་ཐུགས་རྗེ་རང་གནས༔ མཚན་ཉིད་འཛིན་པའི་རིག་པ་དེའི་རྩལ་གློ་བར་སོང་བས༔ རྣམ་རྟོག་ཡུལ་ལ་འཕྲོ་བ་རྣམས་སོ༔ ཡུལ་སྣང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་རིག་གདངས་ལ་རིག་པར་བཏགས་པའོ༔ དེའང་སྙིང་ག་ན་དེ་ལྟར་རིག་པ་གནས་པའི་ངོ་བོ་ནི་དོན༔ རྟགས་སུ་མིག་མནན་ན་ཐིག་ལེ་སྟོང་པའི་སྒྲོན་མ་འཆར་བས་ཡིད་ཆེས་སོ༔ དེ་དུས་ཉམས་སུ་བླང་ཐབས་ལ་གཉིས་ལས༔ དང་པོ་སྔོན་འགྲོ་ནི༔ སྒྱུ་མའི་དཔེ་བརྒྱད་ཀྱིས་རྡོས་བཅས་རྨི་ལམ་སྒྱུ་མར་བསྒོམ་པ་ནི༔ ད་ལྟར་གྱི་སྣང་བ་འདི་དོན་མེད་པར་སྣང་བ་མདང་གི་རྨི་ལམ་དང་འདྲ་སྟེ༔ ངོ་བོར་མ་གྲུབ་བོ་སྙམ་པ་དང་༔ རྨི་ལམ་ཡིན་ནོ༔ སྒྱུ་མ་ཡིན་ནོ་སྙམ་དུ་སྐད་ཅིག་ཀྱང་མ་ཡེངས་པར་བྱ་སྟེ༔ ཉལ་དུས་སྙིང་ནང་དུ་ཧཱུྃ་མཐིང་ག་ལ་སེམས་བཟུང་ལ་ཉལ་བས་རྨི་ལམ་དུའང་རྨི་ལམ་སྒྱུ་མར་འཆར་ཤིང་༔ རྨི་ལམ་ཟིན་པ་དང་༔ ཆགས་སྡང་དང་༔ དགག་སྒྲུབ༔ བྱ་བྱེད༔ ཆོས་སྤྱོད༔ འགྲོ་འདུག་ཐམས་ཅད་རྨི་ལམ་སྒྱུ་མར་ཤེས་པས༔ བདེན་ཞེན་དང་དགག་སྒྲུབ་མི་བྱའོ༔ དེ་ལ་བརྟེན་ནས་སྒྱུ་མ་དང་༔ མིག་ཡོར་དང་༔ སྒྲ་བརྙན་དང་༔ དྲི་ཟའི་གྲོང་ཁྱེར་དང་༔ སྤྲུལ་པ་དང་༔ ཆུ་ཟླ་དང་༔ སྨིག་རྒྱུ་ལྟ་བུར་སྐད་ཅིག་ཀྱང་མ་ཡེངས་པར་བསྒོམས་ནས༔ ཉལ་དུས་འོད་ཀྱི་གོང་བུ་སྙིིང་ནང་དུ་གསལ་བ་ལ་སེམས་བཟུང་བས༔ དེ་ལྟར་འབྱོངས་ནས་ཕྱི་ནང་གི་ཞེན་པ་དང་༔ བླང་དོར་དང་རེ་དོགས་གང་ཡང་མི་འབྱུང་ངོ་༔ དངོས་གཞི་ནི་མདོན་སུམ་ངོ་སྤྲོད་ལ༔ ཉིན་མཚན་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་བསྒོམས་པས༔ རབ་ཀྱིས་ལྷག་མེད༔ འབྲིང་གིས་བར་དོ༔ ཐ་མས་རང་བཞིན་སྤྲུལ་པར་
གྲོལ་ལོ༔ གསུམ་པ་བར་དོར་གཞི་ཐོག་ཕྱིན་ཚུལ་ལ་གསུམ་ལས༔ དང་པོ་འབྱུང་བ་བསྡུས་ཏེ༔ དར་ཅིག་བརྒྱལ་བ་ནི་རྦ་རླབས་མནན་པས་ངོ་སྤྲད་དོ༔ དེ་ནས་སྒྲ་འོད་ཟེར་གསུམ་ནི་དེའི་དུས་སུ་རོལ་མོ་དང་འོད་འཆར་བས་ངོ་སྤྲད་དོ༔ དེ་ནས་སེམས་དང་ཡེ་ཤེས་རྒྱབ་གྱེས་ཏེ༔ ཡེ་ཤེས་གདངས་འཕོ་བ་ནི༔ ཤེལ་འོད་གཉིས་སོ་སོར་ཕྱེ༔ དཀར་པོ་མེད་འོད་ལྔ་སྣང་བ་ལ་ངོ་སྤྲད་དོ༔ དེ་ནས་གདངས་འཕོས་ཏེ༔ ཡེ་ཤེས་ཕྱིར་དོན་པ་ནི༔ མར་མེ་མི་མོ་ནས་དོན་པ་ལ་ངོ་སྤྲད་དོ༔ དེ་ནས་འོད་ལྔས་སྣང་སྲིད་ཁྱབ་པ་ནི༔ མིག་ལ་ཐེར་མ་བཀབས་ནས་འོད་སྣང་ལ་ངོ་སྤྲད་དོ༔ དེ་ནས་ཞི་ཁྲོ་འཆར་བ་ནི༔ འདྲ་འབག་དང་ཐང་ཀ་ལ་ངོ་སྤྲད་དོ༔ དེ་ནས་ཡེ་ཤེས་བཞི་སྦྱོར་ནི༔ ཚོས་ཀྱི་སྣམ་བུ་བརྩེགས་མ་ལ་ངོ་སྤྲད་དོ༔ དེ་ནས་ལྷུན་གྲུབ་རིན་པོ་ཆེ་ནི༔ ནམ་མཁའ་ལ་ཉི་ཟླ་གཟའ་སྐར་དང་༔ ས་སྟེང་ན་སེམས་ཅན་ལ་ངོ་སྤྲད་དོ༔ ནམ་མཁའ་ཀ་དག༔ གཟའ་སྐར་གཞི་སྣང་༔ སེམས་ཅན་རྣམས་འགྲོ་དྲུག་ཏུ་ཤར་བའི་དཔེའོ༔ གྲོལ་བ་ནི་ཡེ་ཐོག་བཞིན་ངོ་སྤྲོད་དོ༔ ཤིན་ཏུ་གསང་བའི་ངོ་སྤྲོད་སྙིང་ཏིག་མ༔ དྲི་མེད་འོད་ཟེར་ཤར་བས་བཀོད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
བར་དོ་སྦུབས་འཇུག
བར་དོ་སྦུབས་འཇུག་བཞུགས་སོཿ ཤོག་སེར་སྐོར༔
བར་དོ་སྦུབས་འཇུག་ཅེས་བྱ་བ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ འོད་གསལ་ཡེ་ཤེས་རང་སྣང་བའི༔ སྟོན་པ་དེ་ལ་ཕྱག་འཚལ་ལོ༔ བར་དོའི་སྣང་བ་འཆར་བའི་སྦུབས༔ འོད་གསལ་གདམས་པ་གསལ་བར་ཉོན༔ ཐོག་མ་གཞི་ཡི་འོད་རྩ་དང་༔ གནས་སྐབས་ལུས་ཀྱི་འོད་རྩ་དང་༔ བར་དོ་རང་སྣང་འོད་རྩ་དང་༔ དུས་དེར་གདམས་པའི་མཚོན་ཚུལ་ལོ༔ དང་པོ་ལ་ཡང་རྣམ་པ་གསུམ༔ གཞི་དང་གཞི་སྣང་འཁྲུལ་ཚུལ་ལོ༔ གཞི་ནི་སེམས་ཉིད་གདོད་མའི་དུས༔ སྟོང་གསལ་ནམ་མཁའ་ལྟ་བུ་ལ༔ རང་བྱུང་ཡེ་ཤེས་རྩ་ཆེན་ཤར༔ སྟོང་གསལ་མ་འགགས་རྣམ་པར་གསུམ༔ རྩ་ཡི་གཙོ་བོ་གསུམ་ཡིན་ཏེ༔ ངོ་བོར་རང་བཞིན་ཐུགས་རྗེ་འོ༔ འདི་དག་བརྟེན་པའི་རང་འོད་གསུམ༔ སྔོ་དམར་སྣ་ཚོགས་མདོག་ཅན་གསུམ༔ རང་འོད་ཡེ་ནས་ལྷུན་གྱིས་གྲུབ༔ མི་སྣང་འཆར་གཞིར་གནས་པ་ནི༔ དཔེར་ན་ཤེལ་གྱི་རང་འོད་ལ༔ རྐྱེན་དང་མ་འཕྲད་མི་སྣང་བཞིན༔ དེ་ནི་གདོད་མའི་གནས་ལུགས་སོ༔ གཞི་སྣང་གཞི་ཡི་ངང་ཉིད་ལས༔ ཡེ་ཤེས་འོད་ལྔ་ཕྱིར་ཤར་བས༔ ཐུགས་རྗེ་རིག་པའི་སྙིང་པོར་ཤར༔ དེ་དུས་རྩ་གསུམ་ཟེར་ཐག་གམ༔ ཤེལ་འོད་ཕྱི་རུ་ཤར་བ་བཞིན༔ རང་བྱུང་ཡེ་ཤེས་ངང་ལས་ཤར༔ མཐིང་ག་ཁྱབ་པ་ཆེན་པོའི་རྩ༔ ཆོས་དབྱིངས་ཡེ་ཤེས་རྟེན་དུ་ཤར༔ རྣམ་པར་སྣང་མཛད་གཙོ་འཁོར་སྣང་༔ དཀར་པོ་གདངས་གསལ་ཆེན་པོའི་རྩ༔ མེ་ལོང་ཡེ་ཤེས་རྟེན་དུ་ཤར༔ མི་བསྐྱོད་རྡོ་རྗེ་གཙོ་འཁོར་སྣང་༔ སེར་པོ་ཀུན་ཏུ་མཉམ་བྱེད་རྩ༔ མཉམ་ཉིད་ཡེ་ཤེས་རྟེན་དུ་ཤར༔ རིན་ཆེན་འབྱུང་ལྡན་གཙོ་འཁོར་སྣང་༔ དམར་པོ་བདེ་ཆེན་རང་གསལ་རྩ༔ ཀུན་རྟོག་ཡེ་ཤེས་རྟེན་དུ་ཤར༔ སྣང་མཐའ་གཙོ་འཁོར་ཚུལ་དུ་སྣང་༔ ལྗང་གུ་རྫོགས་བྱེད་ཡེ་ཤེས་རྩ༔ བྱ་གྲུབ་ཡེ་
ཤེས་རྟེན་དུ་ཤར༔ དོན་གྲུབ་གཙོ་འཁོར་རྣམ་པར་སྣང་༔ དེ་དག་ཐུགས་ཀྱི་ངོ་བོ་ལས༔ ཡེ་ཤེས་བཞི་སྦྱོར་སྣང་བ་ཤར༔ དེ་དུས་རང་རིག་སྣང་བ་ལས༔ འཁོར་འདས་ཡེ་ཤར་ཡིན་པའི་ཕྱིར༔ ལྷུན་གྲུབ་སྦུབས་སུ་འགྲོ་དྲུག་གཟུགས༔ སྣ་ཚོགས་བརྗོད་ཀྱིས་མི་ལང་བ༔ ཐུགས་རྗེ་ཡེ་ཤེས་རྩལ་ལས་ཤར༔ འབྲེལ་ཐག་ལོངས་སྐུའི་གནས་དྲུག་ནས༔ འོད་ཟེར་ཚུལ་དུ་བྱུང་བ་ལ༔ འོག་ཏུ་ཤར་བ་ཉིད་དུ་སྣང་༔ འདི་ནི་གྲོལ་ལུགས་གཉིས་ཀ་ཡི༔ གཞི་སྣང་ཆེན་པོ་ཞེས་བྱ་འོ༔ འཁྲུལ་ཚུལ་དེ་དུས་རང་སྣང་དུ༔ མ་རིག་པས་ན་ལྷན་ཅིག་སྐྱེ༔ རང་ལས་གཞན་བཟུང་ཀུན་བརྟགས་ཏེ༔ གཉིས་ཀྱི་ཐུགས་རྗེ་ཕྱིར་གཡོས་པས༔ གཟུང་འཛིན་ཆ་རུ་ཤོར་མ་ཐག༔ སྣང་བ་གཞན་རྣམས་རང་ལོག་ནས༔ འགྲོ་དྲུག་འཁྲུལ་པར་སྣང་བ་ལ༔ ཆགས་སྡང་གཏི་མུག་ང་རྒྱལ་དང༔ ཕྲག་དོག་སྐྱེས་པའི་སྐད་ཅིག་ལ༔ ཞེ་སྡང་དམྱལ་བ་འདོད་ཆགས་ཀྱིས༔ ཡི་དྭགས་གཏི་མུག་དུད་འགྲོ་ལ༔ ང་རྒྱལ་ལྷ་ཡིན་ཕྲག་དོག་གིས༔ རང་སྣང་ལྷ་མིན་དག་ཏུ་འཕངས༔ སྲིད་པར་འཁྲུལ་ནས་བདེ་སྡུག་སྤྱོད༔ དེ་ནི་འཁྲུལ་པའི་བྱུང་ཚུལ་ལོ༔ གནས་སྐབས་ལུས་ཀྱི་འོད་རྩ་ལ༔ དེ་ལྟར་འགྲོ་བའི་རང་ལུས་ལ༔ རྩ་བའི་རྩ་གསུམ་གདངས་ཤར་བས༔ རོ་རྐྱང་དབུ་མར་ཤར་བ་སྟེ༔ དུག་གསུམ་བརྟེན་ཅིང་ཁམས་གསུམ་འཁོར༔ ལས་གསུམ་གསོག་པའི་རྟེན་དུ་ཆགས༔ དེ་ལས་རྩ་འདབ་གྲངས་རྣམས་ནི༔ ཉོན་མོངས་དག་དང་མཉམ་པ་སྟེ༔ བརྒྱད་ཁྲི་བཞི་སྟོང་ཡོད་པ་འོ༔ དབུ་མའི་དབུས་ན་འོད་ཀྱི་རྩ༔ རང་བྱུང་ཀ་ཏི་ཤེལ་སྦུག་ཅན༔ སྟོང་གསལ་རྣམ་པ་མ་འགགས་གསུམ༔ དེ་ལས་འོད་ལྔའི་རྩ་འདབ་ན༔ དྭངས་མའི་འབྱུང་ལྔ་དག་པའི་རླུང་༔ སྲོག་འཛིན་མི་མཉམ་ཁྱབ་བྱེད་དང་༔
རྫོགས་བྱེད་ཡེ་ཤེས་རྟེན་ཅན་ལྔ༔ ཡེ་ཤེས་སྲོག་འཛིན་བདེ་ཆེན་དྲོད༔ ཆོས་ཀུན་སྙིང་པོ་གདོད་མར་རྫོགས༔ རང་བྱུང་ཡིན་པའི་ཆ་ལ་བརྟགས༔ རགས་རླུང་ལྔ་མིན་ཆ་བརྟགས་ཡིན༔ དྭངས་མའི་ཁམས་ལྔ་ཞེས་བྱ་འོ༔ སྲོག་འཛིན་ལ་སོགས་རྣམ་ལྔ་འོ༔ དེ་ཡི་གདངས་ལས་རྩ་རྣམས་སུ༔ ཐིག་ལེ་ཐིག་ཕྲན་སྣང་བར་གནས༔ རགས་པའི་རྩ་རྣམས་འདུས་བྱས་ཏེ༔ རླུང་དང་དྭངས་མ་རྟོག་པ་རྒྱུ༔ འཁོར་པའི་རྟེན་གཞི་བྱེད་པ་ཡིན༔ འོད་རྩ་དྭངས་བ་འདུས་མ་བྱས༔ དྭངས་མའི་ཁམས་དང་ཡེ་ཤེས་རླུང་༔ ཤིན་ཏུ་མི་རྟོག་ཆེན་པོར་རྒྱུ༔ དཔེར་ན་ཤེལ་འོད་དྭངས་མ་བཞིན༔ ཁམས་དང་རླུང་ཞེས་བཏགས་བྱས་ཀྱང་༔ དེ་དག་རྒྱུ་བའི་སྐབས་མེད་པས༔ མི་རྟོག་འབའ་ཞིག་ངང་ལ་གནས༔ འོད་ལ་བལྟས་པས་རགས་པ་ཡི༔ རླུང་སེམས་དྭངས་མ་རང་འགགས་ནས༔ འོད་རྩའི་ངང་ལ་མི་གཡོ་བས༔ ཤེས་རབ་རང་བྱུང་སྒྲོན་མ་འཆར༔ འདི་ནི་མངོན་སུམ་སྙིང་པོའི་དོན༔ ད་ལྟ་མངོན་དུ་གྱུར་པ་ཡིན༔ ལུས་གནས་འོད་རྩ་རྣམས་གསུམ་ལས༔ ལྔ་སྐྱེས་དེ་ལས་ཡེ་ཤེས་ཀྱི༔ རྩ་འདབ་བརྒྱད་ཁྲི་བཞི་སྟོང་གི༔ ཆོས་ཀྱི་སྒོ་དང་གྲངས་མཉམ་པས༔ ཡེ་ཤེས་སྣང་བ་ལམ་མེ་འོ༔ བར་དོ་རང་སྣང་འོད་རྩ་ནི༔ རགས་པ་རླུང་སེམས་སྙིང་ཁར་འདུས༔ སེམས་དང་ཡེ་ཤེས་རྒྱབ་གྱེས་ཏེ༔ འཁོར་བའི་ཀུན་རྟོག་དབྱིངས་སུ་ནུབ༔ མྱ་ངན་འདས་པའི་ཞིང་ཁམས་ཤར༔ དེ་ཚེ་གཞི་ཡི་འོད་རྩ་ཉིད༔ སྙིང་ནས་མིག་ཏུ་འབྲེལ་བ་ལས༔ རང་བྱུང་ཡེ་ཤེས་འཕོ་བའི་གདངས༔ མཐིང་ག་ཁྱབ་པ་ཆེན་པོའི་འོད༔ སྟོན་ཀའི་ནམ་མཁའ་སྤྲིན་བྲལ་འདྲ༔ ཀ་དག་སྣང་བ་ཞེས་བྱ་འོ༔ རང་ངོ་ཤེས་པས་གཞི་ལ་ཕྱིན༔ དེ་ནས་གཞི་སྣང་འཆར་བ་ལས༔ འོད་གསལ་རྩ་ཡི་གདངས་ཤར་བས༔ སྣང་བའི་འོད་ལྔས་ནམ་མཁའ་གང་༔ དེ་ནས་ལྷུན་གྲུབ་རྩ་ཡི་གདངས༔
ཞི་ཁྲོས་ནམ་མཁའ་ཀུན་ཏུ་ཁྱབ༔ དེ་ནས་ཡེ་ཤེས་གཞི་རྩ་ལས༔ ཡེ་ཤེས་བཞི་སྦྱོར་སྣང་བ་ཤར༔ དེ་ནས་ཐུགས་རྗེའི་འོད་རྩ་ལས༔ ལྷུན་གྲུབ་འགྲོ་དྲུག་སྣང་བ་ཤར༔ འདི་ཡིས་རྩ་རྣམས་མཐར་ཕྱིན་པའི༔ སྣང་བ་ཡིན་ནོ་ས་མ་ཡ༔ རྩ་ཡི་ངོ་བོ་ཡེ་ཤེས་ལ༔ སྣང་བ་འོད་ལྔ་ཕྲ་ལ་དྭངས༔ དེ་ཡི་སྦུབས་ན་སྣང་བ་ཡང་༔ མི་འདྲ་གྲངས་མེད་ནམ་མཁའ་ཁྱབ༔ གང་ལ་སྣང་བ་ཡོད་གྱུར་པ༔ དེ་ལ་རྩ་རུ་ཡེ་ཤེས་འདུས༔ དཔེར་ན་འཁྲུལ་སྣང་རྩ་འདབ་ཏུ༔ རླུང་སེམས་འདུས་པའི་སྣང་བ་བཞིན༔ གཞན་ངོར་མེད་ཀྱང་རང་ངོར་ཡོད༔ འདི་ཡང་དེ་དང་ཆོས་མཐུན་ནོ༔ རྩ་གནས་གནད་འདི་མ་ཤེས་ན༔ གཞི་ལམ་འབྲས་བུ་ཤེས་པ་མེད༔ དེ་བས་གནད་འདི་ས་མ་ཡ༔ མཁའ་འགྲོའི་ལུང་བསྟན་ཐོབ་ནས་བཀོད༔ དེ་དུས་གདམས་པའི་མཚོན་ཚུལ་ནི༔ སྐད་ཅིག་གསུམ་གྱིས་ཤེས་པར་བྱ༔ དེ་ལྟར་རང་སྣང་གང་ཤར་ཡང་༔ སྐད་ཅིག་དང་པོར་རང་སྣང་ཤེས༔ གཉིས་པར་ཤེས་ཐོག་ཕྱམ་མེར་བཞག༔ གསུམ་པ་བཞག་པའི་ངང་དེར་གྲོལ༔ འདི་ནི་གསང་ཆེན་ངེས་པའི་ལམ༔ སྙིང་པོའི་ཡང་ཞུན་བསྡུས་པ་ཡིན༔ རྣལ་འབྱོར་འབྲས་བུ་ངེས་པའི་གནད༔ མཁའ་འགྲོ་སྙིང་ཏིག་གསང་པ་འདི༔ ཕྱི་ར བས་སྐལ་ལྡན་རྣམས་ཀྱི་ཕྱིར༔ དྲི་མེད་འོད་ཟེར་བདག་གིས་བཀོད༔ བར་དོ་སྦུབས་འཇུག་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱཿ
བར་དོ་གནད་ཀྱི་སྒྲོན་མེ།
བར་དོ་གནད་ཀྱི་སྒྲོན་མེ་བཞུགས་པ་ལགས་སོ༔ རིན་ཆེན་ཤོག་སེར་སྐོརཿ
བར་དོ་གནད་ཀྱི་སྒྲོན་མེ་ཞེས་བྱ་བ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཀུན་བཟང་ཡབ་ཡུམ་ཞི་ཁྲོ་རྡོ་རྗེ་འཆང་༔ རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་༔ ཤྲཱི་སིདྷ་ཨོ་རྒྱན་ཡབ་ཡུམ་ལ༔ གུས་པས་བཏུད་དེ་བར་དོའི་གནད་ཡིག་བྲི༔ འདི་ལ་གཞི་མཚོན་ཚུལ་དུ་བཤད་པ༔ ལམ་དམར་ཁྲིད་དུ་ངོ་སྤྲད༔ འབྲས་བུ་གྲོལ་ཚུལ་ལ་བཟླ་བ་གསུམ་ལས༔ དང་པོ་ནི་དབེན་པའི་གནས་སུ་ཞི་ཁྲོའི་སྐུ་དང་༔ སེང་རས་དང་༔ རོལ་མོ་དང་༔ གཏོར་ཚོགས་ལ་སོགས་པ་ལེགས་པར་བཤམས༔ ཕྱག་དང་མཎྜལ་ཕུལ་ལ༔ ངོ་སྤྲོད་ཀྱི་ཁང་པར་སོ་སོར་འཁོད་པ་ན༔ སྔ་མས་ངོ་སྤྲོད་ཀྱི་གདམས་པ་རྣམས་བག་ཕབ༔ སོས་དལ་ལ་ལེགས་པར་བཤད་དོ༔ དེའང་མེ་ལོང་བསྒྲིལ་བ་ལ༔ འདི་ནི་རྡོ་རྗེ་སེམས་དཔའ་གསལ་བྱེད་ཀྱི་མེ་ལོང་ཞེས་བྱ་བ༔ དཔེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པས༔ རང་གི་སེམས་དང་ཡེ་ཤེས་ཀྱི་བཞུགས་ཚུལ༔ གདོད་མའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་གནས་ཚུལ༔ དེ་ལས་ཀུན་ཏུ་བཟང་པོའི་གྲོལ་ཚུལ༔ སེམས་ཅན་གྱི་འཁྲུལ་ཚུལ༔ ད་ལྟ་སྙིང་ལ་ཡེ་ཤེས་ཁྱབ་ཚུལ༔ དེ་ཕྱིས་བར་དོར་འཆར་ཚུལ༔ དེ་རྣམས་རིམ་པ་བཞིན་ངོ་སྤྲད་པས༔ མ་ཡེངས་པར་ཉོན་ཅིག༔ ཐོག་མའི་དུས་འཁོར་འདས་གང་དུའང་མ་ཕྱེ་བའི་སྔོན་རོལ་ན༔ རང་རིག་པའི་གནས་ལུགས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ༔ དེའང་ངོ་བོ་སྟོང་པ་ཤེལ་དྲི་མ་མེད་པ་འདྲ་བའི་ནང་ན༔ རང་བཞིན་ཕྱིར་མི་གསལ་ཀྱང་༔ ནང་གསལ་འོད་ཁྱིམ་རྣམ་པར་དག་པའི་དབུས་ན༔ ཐུགས་རྗེ་རིག་པའི་སྙིང་པོ་ཅན་གཞི་གནས་ཐམས་ཅད་མཁྱེན་པའི་ངོ་བོར་བཞུགས་ཏེ༔ སྟོང་པ་རིག་པའི་སྙིང་པོ་ཅན་ཤེལ་གྱི་ནང་འོད་ལྔ་ནང་གསལ་གཞི་ལ་ལྷུན་གྲུབ་ཏུ་གནས་པ་ལྟར་བཞུགས་སོ༔ ཤེལ་རང་བཞིན་གྱིས་དག་པ་ཕྱི་ནང་མེད་པར་གསལ་བས་ཆོས་སྐུ་ངོ་ཤེས༔
ཤེལ་གྱི་ནང་འོད་ལ་བརྟེན་ནས་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ཡན་ལག་བཞི་ལྡན་ལས༔ ཤེས་རབ་ཀྱི་སྐུར་གསལ་ལུགས་ངོ་ཤེས༔ ཤེལ་གྱི་འོད་གཉིས་ཀྱིས་རྟེན་གཞི་བྱེད་པས༔ གཞི་གནས་ཀྱི་ཡེ་ཤེས་ངོ་ཤེས༔ ནང་འོད་སྦུབས་སུ་གནས་པས་སྒྲོན་མ་བཞི་དབྱིངས་སུ་འཁྱིལ་བ་ངོ་ཤེས་སོ༔ དེ་ནས་ཕྱིར་འོད་སྒྲིལ་མ་ལྔ་ལྡན་ཤར་བ་དང་༔ དཀར་པོ་གཉིས་དུས་མཉམ་དུ་བསྟན་ནས༔ གཞི་དེ་ལྟ་བུ་ལས་ལྷུན་གྲུབ་འོད་ལྔ་སྐུ་དང་ཡེ་ཤེས་སུ་ཤར་བའི་ཚེ༔ དཀར་པོ་ལྟར་ཐུགས་རྗེ་རིག་པའི་ཡེ་ཤེས་ཀྱི་རང་ཤར་དུ་ཤེས་པའི་སྐད་ཅིག་མ་དང་པོས་བྱེ་བྲག་བྱེད༔ གཉིས་པར་ནང་གསལ་དུ་སྔ་མ་བཞིན་གནས་པ་ནི༔ ཀུན་ཏུ་བཟང་པོ་གཞི་ཐོག་ཏུ་བྱང་ཆུབ་པའི་ངོ་སྤྲད་དོ༔ དེའི་ཚེ་རང་སྣང་དུ་མ་ཤེས་པས་བདག་ཉིད་གཅིག་པའི་མ་རིག་པས་རྒྱུ་བྱས༔ འོད་ལྔ་ཕྱིར་གསལ་དེས་ཡུལ་དང་ལུས་ཀྱི་འཁྲུལ་གཞིར་གཟུང་བའི་ཡུལ་བྱས༔ དཀར་ཕྲ་ཕྲོ་ལྟར་ཐུགས་རྗེའི་རིག་རྩལ་ཡོན་ཏན་སྐྱོན་དུ་སོང་བས་ཀུན་ཏུ་འཚོ ལ་བྱེད་ཀྱི་ཡིད་དུ་གྱུར་ནས༔ སྐད་ཅིག་གཉིས་པར་ཕྱི་སྣང་བ་ལ་ཡུལ་དུ་འཛིན་བྱེད་ཀྱི་བློ་སྐྱེས་པས་གཟུང་འཛིན་དུ་འཁྲུལ་ནས་ཀུན་ཏུ་བརྟགས་པའི་མ་རིག་པས་བདག་གཞན་དུ་མ་བཟུང་སྟེ༔ བག་ཆགས་སྣ་ཚོགས་སུ་བསགས་པས་འོད་ལྔ་ཡུལ་ལས་རྡོས་བཅས་སུ་གྲུབ༔ ཐུགས་རྗེ་རིག་པ་ལས་རྟོག་པར་འཁྲུལ་ཏེ༔ རྟོག་ཚོགས་ཀྱི་དྲ་བ་ལུས་ཀྱི་སྦུབས་སུ་ཚུད་པས༔ ལུས་སེམས་གཉིས་སུ་གྲུབ་སྟེ༔ ཁམས་གསུམ་རིགས་དྲུག་ཏུ་འཁོར་རོ༔ དེ་ལྟར་འཁྲུལ་དུས་ནའང་ཐོག་མའི་ཡེ་ཤེས་དབྲི་བསྣན་མེད་པར༔ སེམས་ཅན་ཐམས་ཅད་ལ་རང་གསལ་ལྷུན་གྲུབ་ཏུ་གནས་ཏེ༔ སྙིང་ག་ན་འོད་རྩ་ཤེལ་གྱི་སྦུ་གུ་ཅན་གྱི་ནང་འོད་ཁྱིམ་ལྔ་ལྡན་དུ་གསལ་བའི་དབུས་ན༔ ཕྱི་ལྟར་ན་རིགས་ལྔ་ཞི་བའི་སྐུ༔ ནང་ལྟར་ན་མཁའ་འགྲོ་སྡེ་ལྔ༔ གསང་བ་ལྟར་
ན་ཐིག་ལེ་གཅིག་ཏུ་ལྷུན་གྱིས་གྲུབ་པ་ནི༔ སྐུ་གསུང་ཐུགས་སུ་དབྱེར་མེད་གཅིག་ཏུ་བཞུགས་པས་འོད་གསལ་ལོ༔ དེའི་གདངས་ལས་ཁྲོ་བོའི་དཀྱིལ་འཁོར་དུང་ཁང་ནས་གསལ་ཞིང་༔ རྩ་རྣམས་ན་ཐིག་ལེ་ཐིག་ཕྲན་དུ་གནས་སོ༔ རྟགས་ནི་སྒྲོན་མ་གཏེམས་ལ་བསྟན་ནོ༔ སེམས་ནི་ཡེ་ཤེས་ཀྱི་རང་གདངས་གློ་བའི་རླུང་དང་འདྲེས་པ་ལས་སེམས་སུ་གྲུབ་སྟེ༔ རྟོག་ཚོགས་ཀྱི་རྩལ་དང་བཅས་པར་སྣང་བའོ༔ དེ་ནས་ཡང་ནམ་ཞིག་འཆི་བའི་ཚེ༔ རླུང་ཕྱིར་འགྲོ་བ་གྱེན་རྒྱུ་བར་སྣང་ལ་ཐིམ༔ ནང་དུ་སྡུད་པ་ཐུར་སེལ་སྙིང་གར་ནུབ༔ བར་དུ་གནས་པ་མཉམ་གནས་རང་སར་ཡལ་ཏེ༔ རང་གདངས་འོད་ལྔའི་ནང་དུ་ཐིམ་དུས༔ ནམ་མཁའ་འོད་གསལ་ལ་ཐིམ་པས༔ འོད་ལྔའི་སྣང་བ་གསལ་ལ་འཚེར་བ་སྙིང་ནང་ནས་ནམ་མཁར་ཤར་བ་ནི༔ ཤེལ་ལས་འོད་ལྔར་ཤར་བ་འདི་དང་འདྲའོ༔ དེའི་ཚེ་དཀར་པོ་ཐུགས་རྗེའི་རིག་པས་རང་ངོ་ཤེས་ན་དེ་ཉིད་དུ་གྲོལ་ལོ༔ དེ་ནས་ཟུང་འཇུག་གི་སྣང་བ་ལ་སྐུའི་ཞིང་སྣང་དང་༔ ཡེ་ཤེས་ཀྱི་སྣང་བ་ལ་ཐུགས་རྗེའི་ཟེར་ཐག་དང་༔ ལྷུན་གྲུབ་ཀྱི་སྣང་བ་ལ་འོད་ཁྱིམ་གྱི་ལྷ་སྐུ་སྣང་བའི་ཚེ༔ དཀར་པོ་ལྟར་ཐུགས་རྗེའི་རིག་པས་རང་ངོ་ཤེས་པས༔ དཀར་པོ་འོད་ལྔར་ཐིམ་པ་ལྟར་ཐུགས་རྗེ་སྦྲུལ་བའི་ཡེ་ཤེས་ལོངས་སྐུར་ཐིམ་དུས༔ བསམ་གཏན་ལ་དར་ཅིག་གནས་ཏེ༔ དེའང་ཤེལ་འོད་ནང་དུ་ཐིམ་པ་ལྟར༔ ལོངས་སྐུ་གདོད་མའི་ཀ་དག་ཆོས་སྐུའི་ནང་དུ་ཐིམ་སྟེ་མི་གཡོ་བར་བཞུགས་སོ༔ དེའང་འོད་ཕྱིར་ཤར་བས་སྤྲུལ་སྐུ་འོད་ཁྱིམ་གྱི་ཤར་ལུགས་ངོ་ཤེས༔ ནང་དུ་ཐིམ་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངོ་ཤེས༔ མི་གཡོ་བར་གནས་པས་གཞི་འཛིན་པའི་ཡེ་ཤེས་རིག་པ་ངོ་ཤེས༔ ནང་གསལ་གྱིས་མཚན་ཉིད་འཛིན་པའི་ཡེ་ཤེས་ངོ་ཤེས༔ ཤེལ་གྱིས་སྣང་བ་སྣ་ཚོགས་ཀྱི་སྣང་ལུགས་ངོ་ཤེས༔ ཤེལ་རང་གི་ངོ་བོ་
སྟོང་གསལ་གྱི་གནས་ལུགས་ཐིག་ལེ་ཉག་གཅིག་ཏུ་ངོ་ཤེས་སོ༔ མདོར་ན་ད་ལྟའི་ལུས་འདི་ལ་སེམས་ཀྱི་རྒྱུད་བརྟེན་དུས་འཁྲུལ་སྣང་འཁོར་བར་མཚོན་པས༔ ཡེ་ཤེས་དང་ཐུགས་རྗེའི་རྩལ་གཟུང་འཛིན་མ་དག་པར་སྣང་སྟེ༔ ཁྲེགས་ཆོད་ཀྱིས་སེམས་སྦྱོང་ཐུགས་རྗེའི་གནས་ལུགས་ངོ་ཤེས་པར་བྱེད་དགོས༔ ཐོད་རྒལ་གྱིས་ཡུལ་དང་ལུས་སྦྱོང་རང་བཞིན་གྱི་གནས་ལུགས་ཤེས་པར་བྱེད་དགོས༔ ཐམས་ཅད་མཉམ་ཉིད་རྫོགས་པ་ཆེན་པོའི་ངོ་བོའི་གནས་ལུགས་སྦྱོང་སྟེ་ཡེ་ཇི་བཞིན་པའི་རང་ངོ་ཤེས་པར་བྱེད་དགོས་སོ༔ གཉིས་པ་ལམ་དམར་ཁྲིད་དུ་ངོ་སྤྲད་པ་ནི༔ ནམ་མཁའ་དྭངས་པའི་ཉིན་ཕྱེད་ན་སྐུ་བཀྲམ་པའི་མཐར་ཚེ་འཛིན་དང་༔ མེ་ལོང་ལ་སོགས་པ་མདངས་ཅན་གཅལ་དུ་བཀྲམ་ལ༔ རྡོ་རྗེ་སེམས་དཔའི་མེ་ལོང་ལ་མིག་བཅུག་ནས་བལྟས་པས༔ དེ་འདྲ་བའི་སྣང་བ་ནམ་མཁར་མཐོང་བའི་ཚེ༔ བར་དོ་ལ་འདི་ལྟར་འཆར་བས་ངོ་ཤེས་པར་གྱིས་ཤིག༔ ཅེས་བརྗོད་དོ༔ ཡང་མཚན་མོ་མེ་ལོང་དང་མར་མེའི་སྣང་བས་འོད་གསལ་གྱི་དཀྱིལ་འཁོར་ད་ལྟ་རང་ལ་གནས་པ༔ ཕྱིས་བར་དོར་འདི་བཞིན་འཆར་རོ༔ དེ་ངོ་ཤེས་པར་གྱིས་ཤིག༔ ཅེས་སོ༔ ཡང་སེང་རས་མིག་ལ་བཀབ་ནས་ཉི་མ་ལ་བལྟས་པས༔ ཉི་མ་ཆོས་སྐུའི་དཔེ༔ འོད་ལོངས་སྐུའི་དཔེ༔ ཟེར་སྤྲུལ་སྐུའི་དཔེ༔ དེ་གསུམ་ངོ་བོ་གཅིག་པ་ད་ལྟའི་སྙིང་དབུས་ན༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་འདི་བཞིན་དུ་གནས་པས༔ ཕྱིས་བར་དོར་འདི་བཞིན་འཆར་བ་ངོ་ཤེས་པར་གྱིས་ཤིག༔ ཅེས་སོ༔ དེ་ཡང་དེའི་ཚེ་ཉིན་གུང་ལ་སློབ་མའི་རྩེའུ་ཆུང་གཉིས་བསྡམས་ལ༔ རོལ་མོའི་སྒྲ་དང་༔ མེ་ལོང་གི་འོད་དང་༔ འཇའ་ཚོན་གྱི་ཟེར་དང་༔ ཞི་ཁྲོའི་སྐུ་དང་༔ མགོ་བརྙན་མི་འདྲ་བ་གྱོན་ནས༔ ཕཊ་དང་ཧཱུཾ་གི་སྒྲ་འབྱིན་ཅིང་མཚོན་ཆ་བཟུང་བས་ཆོས་ཉིད་བར་དོའི་
སྒྲ་འོད་ཟེར་གསུམ་ངོ་སྤྲད་དོ༔ དེ་ཡང་ད་ལྟ་མངོན་སུམ་གོམས་པའི་སྐལ་ལྡན་གྱིས༔ ནམ་མཁར་འོད་གསལ་གྱི་སྣང་བ་ལ་གོམས་པར་བྱས་ཤིང་༔ རྡོ་རྗེ་ལུ་གུ་རྒྱུད་འབྲལ་བ་མེད་པར་བལྟས་པས༔ བར་དོར་རང་ངོ་ཤེས་ཏེ་གྲོལ་ལ༔ གཞན་གྱིས་ཟ་འོག་གི་གུར་ཁྱིམ་དང་༔ ཞི་ཁྲོའི་སྣང་བ་དང་༔ སྒྲ་འོད་ཟེར་གསུམ་ལ་སོགས་པ་དང་༔ ཉི་མའི་འཇའ་ཚོན་ལ་བལྟས་ཏེ༔ རང་ལ་འདི་ལྟར་གནས་པ་ཡིན༔ ལན་ཅིག་བར་དོར་འཆར་སྙམ་པ་དང་༔ ད་ལྟ་བར་དོ་ན་འདུག་པས་བླ་མའི་གདམས་ངག་དྲན་པར་བྱ་དགོས་སྙམ་ནས༔ སྣང་བ་དེ་ཀུན་རང་སྣང་དུ་ཤེས་པས༔ དེར་མི་རྟོག་པའི་བསམ་གཏན་ལ་མཉམ་པར་གཞག་ཅིང་རྩལ་སྦྱངས་པས༔ ཕྱིས་བར་དོར་འཆར་དུས་རང་ངོ་ཤེས་ཏེ་གྲོལ་བ་ལ་ཐེ་ཚོམ་མེད་དོ༔ དེའང་ད་ལྟ་སྐྱེ་གནས་ཀྱི་བར་དོ་ལ་གདམས་པས་དོན་ལ་ཡིད་ཆེས་ཤིང་༔ ཡང་ཡང་བསྒོམས་པས་རྨི་ལམ་དུ་རྩལ་འབྱོངས་པར་བྱའོ༔ འཆི་ཁའི་བར་དོ་ལ་ཆགས་ཞེན་ཐམས་ཅད་སྤངས་ནས༔ གདམས་པའི་དོན་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར༔ མ་ཡེངས་པར་གསལ་དུང་དུང་པ་བྱའོ༔ ཆོས་ཉིད་ཀྱི་བར་དོ་ལ་རང་རིག་འོད་གསལ་བའི་སྣང་བ༔ སྒྲ་འོད་ཟེར་གསུམ་ལ་སོགས་པ་རང་སྣང་དུ་ཤེས་པས་གདོད་མའི་གཞི་ལ་མཐར་ཕྱིན་པར་བྱའོ༔ རྒྱ་ལམ་ཟིན་ན་སྲིད་པའི་བར་དོར་ཞིང་ཁམས་དག་པ་དང་༔ བླ་མ་དང་དཀོན་མཆོག་དྲན་པས་སྐྱབས་འགྲོ་སེམས་བསྐྱེད་ཀྱིས༔ མངལ་སྒོ་དགག་པ་དང་༔ འཁོར་བ་ལས་རུ་བཟློག་པར་བྱའོ༔ དེའང་འཆི་ཁར་ཤེས་པ་བསྒྲིམས་ཏེ༔ མིག་ལ་གཏད་ནས་སེམས་ནམ་མཁའི་མཐོངས་སུ་འཕངས་པ་ནི༔ གནད་གལ་ཆེའོ༔ གཞན་དུ་ན་ཆོས་ཉིད་ཀྱི་བར་དོ་ཟིན་པར་མི་འགྱུར་རོ༔ དེའང་ཆོས་ཉིད་བར་དོ་ལ་སངས་རྒྱས་ཀྱི་ཞིང་དག་པས༔ མྱ་ངན་ལས་འདས་པ་ཤར་ཞིང༔ རང་ངོ་མ་ཤེས་པས་འཁོར་
བའི་སྣང་བ་ཡང་མང་དུ་ཤར་ཏེ༔ འཁོར་འདས་རེས་མོས་བྱས་སོ༔ ད་ནི་འཁོར་འདས་གཉིས་ཀ་གདོད་མའི་ཟད་ས་ན་ནང་གསལ་དུ་ཐིམ་པར་བྱ་བ་ལ་ནན་ཏན་ཆེན་པོ་བྱའོ༔ གསུམ་པ་འབྲས་བུའི་གྲོལ་ཚུལ་ནི༔ ཤེ ལ་འོད་ནང་དུ་བསྡུས་པས་མཚོན་ཏེ༔ མ་དག་པའི་སྣང་བ་དག་སྣང་ཤར་བས་ནུབ་དུས༔ དག་པའི་ཞིང་སྣང་གདོད་མའི་ནང་འོད་དུ་ཐིམ་ནས་བཙན་ས་ཟིན་པའོ༔ དེའི་ཚེ་མན་ཤེལ་ལ་དྲི་མ་མེད་པས༔ ཆོས་སྐུ་སྤྲོས་པ་དང་བྲལ་བར་མཚོན༔ ནང་འོད་ལྔ་ལྡན་དུ་གསལ་བས་ལོངས་སྐུར་རང་སྣང་དུ་གསལ་བ་མཚོན༔ དཀར་པོ་ཕྲ་ཕྲོ་གཞི་ཐིམ་ཏུ་ཡོད་པས་ཐུགས་རྗེ་སྤྲུལ་པའི་སྐུ་འཕྲོ་གཞིར་མ་འགགས་ལ༔ རགས་པ་མེད་པས་ཕྲ་བའི་ཡེ་ཤེས་སུ་མཚོན་ཏེ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་ལྷུན་གྲུབ་ཆེན་པོར་ངོ་སྤྲད་དོ༔ ཨེ་མ་ཧོ༔ རང་སྣང་ཡེ་ནས་སངས་རྒྱས་ཡིན་པ་ལ༔ མ་རིག་འཁྲུལ་པས་འགྲོ་དྲུག་ཅིར་སྣང་ཡང་༔ ཐམས་ཅད་རང་སྣང་གཟུང་འཛིན་རྨི་ལམ་ཙམ༔ ཡེ་ནས་མ་འཁྲུལ་སངས་རྒྱས་ཉིད་དུ་མཐོང་༔ བར་དོའི་ཡུལ་ལ་བདེ་ཆེན་འོག་མིན་གནས༔ རང་སྣང་དག་པས་ཐམས་ཅད་དེར་གྲོལ་ཏེ༔ གདོད་མའི་གཞི་ལ་བཙན་ས་ཟིན་པར་ཤོག༔ བར་དོ་གནད་ཀྱི་སྒྲོན་མ་ཞེས་བྱ་བ༔ དྲི་མེད་འོད་ཟེར་གྱིས༔ ཨོ་རྒྱན་རྫོང་དུ་བཀོད་པ་རྫོགས་སོ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ དགེའོཿ ༔
གནད་གསུམ་སྒྲོན་མེ།
ཤོག་སེར་སྐོར༔ གནད་གསུམ་སྒྲོན་མེ་ཞེས་བྱ་བ་བཞུགས་སོཿ
གནད་གསུམ་སྒྲོན་མེ་ཞེས་བྱ་བ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དངོས་གྲུབ་ཡོན་ཏན་རིན་ཆེན་གཏེར༔ ཀུན་ལ་གུས་པས་ཕྱག་འཚལ་ཏེ༔ གཞི་དང་གཞི་སྣང་འཁྲུལ་ཚུལ་གྱིས༔ གནད་གསུམ་སྣང་བའི་སྒྲོན་མེ་བཤད༔ རྡོ་རྗེ་རྩེ་མོའི་གནས་རྣམ་པར་གཞག་པ་ལས༔ ཤིན་ཏུ་དག་པ་གཞིའི་སྐབས༔ གཞི་དག་པ་ནང་གི་སྐབས༔ མ་དག་འཁྲུལ་པ་ཕྱིའི་སྐབས་རྣམ་པར་གཞག་པ་གསུམ་ལས༔ དང་པོ་ནི་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ༔ ངོ་བོར་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་དེ་བཞིན་ཉིད༔ དོན་དམ་པའི་བདེན་པ་རང་བཞིན་ཆོས་སྐུ༔ ནམ་མཁའ་ལྷར་སྟོང་པ་འདུས་མ་བྱས་པ༔ ཉི་ཟླ་ལྟར་གསལ་ལ་ལྷུན་གྱིས་གྲུབ་པ༔ མེ་ལོང་ལྟར་དྭངས་ལ་འཆར་གཞི་མ་འགག་པ༔ ངོ་བོ་སྟོང་༔ རང་གཞིན་གསལ༔ ཐུགས་རྗེ་འཆར་ཚུལ་མ་འགགས་པའི་འབྱུང་གནས་ཆེན་པོ༔ ཀ་དག་ལྷུན་གྲུབ་གཉིས་སུ་མེད་པ༔ ངོ་བོ་འཁོར་འདས་གང་དུའང་མ་གྲུབ་པ༔ ནང་དབྱིངས་ཕྲ་བའི་ཡེ་ཤེས་ཀྱི་ངོ་བོ༔ དངོས་པོ་ཁ་དོག་གི་རིགས་སུ་མ་གྲུབ་པའི་གསལ་ཆ༔ ལྷུན་གྲུབ་ལ་སྐུ་ལྔ༔ འོད་ལྔ༔ རླུང་ལྔ༔ ཤེས་རབ་ལྔ༔ རིགས་ལྔ་རང་ཆས་འཆར་རུང་གཏིང་གསལ་དུ་གནས་ལ༔ ཐུགས་རྗེ་རིག་པར་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བཞུགས་པ་ནི་གདོད་མའི་ནང་དབྱིངས་ལྷུན་གྲུབ་རིན་པོ་ཆེའི་སྦུབས༔ གཞོན་ནུ་བུམ་པ་སྐུའི་ཞིང་ཁམས༔ ཕྱི་དང་ནང་སོ་སོར་ཕྱེ་བའི་རིས་མེད་པས་ཀུན་ཏུ་ཡང་ནང་དུ་གྱུར་པའི་དེ་བཞིན་ཉིད་ཀུན་ཏུ་བཟང་མོའི་མཁའ་དབྱིངས་རྣམ་པར་དག་པ༔ སྟོང་པ་ཆེན་པོ་དང་༔ རང་བྱུང་རིག་པའི་ཡེ་ཤེས་ཀུན་ཏུ་བཟང པོ་དང་དབྱེར་མི་ཕྱེད་པའི་མཁའ་ཀློང་དུ་འདུ་འབྲལ་མེད་པ༔ ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ༔ འཁོར་འདས་ལ་སོགས་གང་དུའང་མ་གྲུབ་པའི་རྩལ་ལས་ནང་དུ་འཆར་བའི་དབྱིངས་སུ་བཞུགས་པ་ནི༔ ཐོག་མའི་
གཞི་གནས་ལུགས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ༔ གསང་སྔགས་ཐམས་ཅད་ཀྱི་གསང་བ་ཆེན་མོ༔ འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས༔ གཞན་རྣམ་པར་གཞག་པའི་སྐབས་སོ༔ འདི་ལ་ཆོས་ཀྱི་དབྱིངས་རང་བཞིན་ཆོས་སྐུ༔ དང་པོའི་སངས་རྒྱས༔ དེ་བཞིན་ཉིད༔ དོན་དམ་པའི་བདེན་པ༔ རང་བྱུང་གི་ཡེ་ཤེས༔ བསམ་གྱིས་མི་ཁྱབ་པའི་ཡེ་ཤེས༔ ཐོག་མ་མེད་པའི་ཆོས་ཁམས་དགེ་བ༔ ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར༔ རང་བཞིན་ཀུན་ཏུ་བཟང་པོ་ལ་སོགས་པ༔ མདོ་རྒྱུད་ཀྱི་གནད་ཆེན་པོ་དག་ལས་མིང་དུ་མར་གྲགས་ཀྱང་མཐར་ཐུག་གི་གཞི༔ ཐིག་ལེ་ཉག་གཅིག་རང་བྱུང་གི་ཡེ་ཤེས་ཀུན་བྱེད་རྒྱལ་པོའི་ལུགས་ལ༔ གཞན་གྱི་གནས་ཞེས་བཏགས་པའོ༔ གཞན་གྱི་གནས་གསལ་བའི་སྒྲོན་མེ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དོན་གཉིས་པ་གཞི་སྣང་དག་པ་ནང་གི་སྐབས་ནི༔ ཐོག་མའི་གཞི་རང་ངོ་ཀ་ནས་དག་པ༔ འཆར་མི་འཆར་གྱི་ཐ་སྙད་མེད་ཀྱང་༔ ལྷུན་གྲུབ་གཏིང་གསལ་ཕྲ་བའི་ཡེ་ཤེས་ལ༔ རླུང་ལྔ་ཡོད་པའི་སྐྱོད་བྱེད་ཀྱི་རླུང་གིས༔ སྐུ་དང་རིགས་དང་འོད་རྣམས་ཕྱིར་བསྐྱོད་པས༔ གཞི་སྣང་ལྷུན་གྲུབ་ཀྱི་སྦུབས༔ རིགས་པའི་རྩལ་ལས་རང་ཤར་བའི་དུས་ན༔ ཐུགས་རྗེ་ལ་འཆར་ཚུལ་གོ་མ་འགགས་པའི་རྩལ་ཡོད་པས༔ ནང་གི་སྣང་བ་ཆེན་པོ་སྐུ་དང་༔ འོད་དང་༔ ཡེ་ཤེས་ལ་སོགས་འཆར་ཚུལ་དྲུག༔ སྒོ་གཉིས་ཏེ་ལྷུན་གྲུབ་སྒོ་བརྒྱད་ཀྱི་གཞི་སྣང་ཆེན་པོ༔ ནམ་མཁའི་དབྱིངས་ལྟར་བསམ་གྱིས་མི་ཁྱབ་པར་རང་ཤར་བ་ན༔ ནང་གི་སྣང་བ་ཡེ་ཤེས་འོད་ཀྱི་སྦུབས༔ རིག་པའི་རྩལ་ལས་ཤར་བས་ནང་ཞེས་བྱའོ༔ འདིའི་དུས་ན་མྱ་ངན་ལས་འདས་པའི་དག་སྣང་༔ རིགས་ལྔ༔ སྐུ་ལྔ༔ འོད་ལྔ༔ གཞལ་ཡས་ཁང་༔ ཞིང་ཁམས་དང་བཅས་པ༔ ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་སྣང་བ་དང་༔ དེའི་རྩལ་
ལས་རང་བཞིན་སྤྲུལ་བའི་སྐུའི་ཞིང་ཁམས་རང་སྣང་བ་ཐམས་ཅད་བར་སྣང་གི་འཇའ་ཚོན་ནམ་ཆུ་ཟླ་འམ༔ མེ་ལོང་གི་གཟུགས་བརྙན་བཞིན་དུ༔ མྱ་ངན་ལས་འདས་པའི་དག་སྣང་ཤར་རོ༔ དེ་ལས་མཉམ་དུ་མ་དག་པ་འཁོར་བའི་སྒོ་ལས༔ འགྲོ་དྲུག་གི་སྣང་བ་རྨི་ལམ་སྒྱུ་མ་ལྟར་གནས་རིས་དང་བཅས་པ་རང་སྣང་སྟེ༔ འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལས༔ ཞེས་གསུང་པའི་དོན་མེད་པའི་གསལ་སྣང་མ་དག་པ་འཁྲུལ་སྣང་གི་སྣང་བ་ནམ་མཁའི་མཐའ་ཀླས་པ་ཡེ་ཤར་གཞི་སྣང་ལ་སྣང་དུས༔ དོན་ལ་འཆར་ཚུལ་གྱི་སྣང་བ་ལས༔ མ་དག་པར་མཚན་པ་མེད་པས༔ དག་པ་འཇིག་རྟེན་པའམ༔ རྣམ་དག་འཇིག་རྟེན་ཞེས་བཤད་དེ༔ སེམས་སྡེ་ལས༔ འདི་ནི་རྣམ་དག་འཇིག་རྟེན་ཞེས༔ མཉམ་པའི་རྒྱལ་པོས་ཡོངས་སུ་གསུངས༔ ཞེས་པ་དང་༔ དབང་རྣམ་པར་ཕྱེ་བ་ལས༔ འཁྲུལ་པའི་སྣང་བ་ཆོས་སྐུའི་རང་སྣང་ལ༔ དངོས་པོ་བདག་ཏུ་འཛིན་པ་ཡོངས་རེ་འཁྲུལ༔ ཞེས་པའི་དོན་ཏོ༔ དེ་ལྟར་ནང་གི་སྣང་བ་ལ་འགྲོ་དྲུག་ཡོད་པས༔ ཕྱིར་འབྱུང་པའི་གནད་ཐམས་ཅད་དེ་ཡིན་ནོ༔ ཕྱི་རྣམས་ཀྱང་ནང་ལྟར་མཇལ་བ་ཡིན་ཏེ༔ ཇི་ལྟར་ཕྱི་རོལ་དེ་བཞིན་ནང་༔ ཞེས་པའང་ཚུལ་འདིར་འཇུག་པའི་དོན་དུ་བསྟན་ཏོ༔ དེ་ལྟར་གཞི་སྣང་གི་དག་མ་དག་ཏུ་སྣང་བ་ཐམས་ཅད༔ རྩལ་ལས་ཐ་དད་དུ་སྒོ་སོ་སོར་འཆར་བ་སྣང་ཡང་༔ དོན་ལ་བཟང་ངན་མེད་དེ༔ མེ་ལོང་གི་ངོས་གཅིག་ལ་ཤར་བའི༔ དག་མ་དག་གི་སྣང་བ་འམ༔ གཉིད་གཅིག་གི་རྩལ་ལས༔ རྨི་ལམ་བཟང་ངན་སོ་སོར་ཤར་དུས༔ བཟང་ངན་མེད་པར་ལྟར༔ གཞིའི་རྩལ་ལས་གཞི་སྣང་དུ་ཤར་ཚད༔ ཆོས་སྐུའི་སྣང་བ་མེད་པ་གསལ་སྣང་གི་སྟོང་གཟུགས་ཙམ་ཡིན་ནོ༔ འདི་ནི་ཡེ་ཤེས་འོད་ཀྱི་སྦུབས༔ གཞི་སྣང་ལྷུན་གྲུབ་ཀྱི་སྣང་བ༔ ཐུགས་རྗེ་རིག་པའི་རང་རྩལ༔ ཞེས་པ་ལ་སོགས་མིང་དུ་མར་བྱུང་ཡང་༔ གཞི་
སྣང་ཆེན་པོ་ཞེས་བྱའོ༔ མུ་ཏིག་ཕྲེད་བ་ལས༔ འཁྲུལ་གཞི་རྣམ་པ་མང་བཤད་ཀྱང་༔ ལྷུན་གྲུབ་དང་ནི་ཐུགས་རྗེའོ༔ ཞེས་པའི་དོན་ཏོ༔ འདིའི་དུས་སུ་ཡར་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུ༔ ཐད་ཀར་འོད་གསལ་གྱི་སྣང་བ་བར་སྣང་གི་འཇའ་ཚོན་ལྟ་བུ༔ མར་འགྲོ་དྲུག་གི་སྣང་བ་ཆུ་ཟླ་སྨིག་རྒྱུ་ལྟ་བུ་གསུམ་དུས་གཅིག་ལ་སྣང་བ་ནི༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་གཞི་སྣང་སྟེ༔ ཁོ་བོས་རང་བྱུང་པདྨའི་གནས་སུ་ལེགས་པར་མཐོང་བ་བཞིན་བཀོད་པའོ༔ ནང་གི་གནས་རྣམ་པར་བཤད་པའི་སྒྲོན་མ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དོན་གསུམ་པ་མ་དག་འཁྲུལ་པ་ཕྱིའི་སྐབས་ནི༔ དེ་ལྟར་གཞི་སྣང་ཤར་དུས་ཐུགས་རྗེའི་རྩལ་ལས༔ གཞི་སྣང་སྐུ་གསུམ་རང་སྣང་དུ་ཤེས་ནས༔ དག་པ་ཡེ་ཤེས་ཀྱི་སྒོ་ལས༔ ཀུན་ཏུ་བཟང་པོར་ལྟར་གྲོལ་བ་ཡིན་ལ༔ མ་ཤེས་ན་མ་རིག་པ་གསུམ་དང་༔ རྐྱེན་བཞིས༔ མ་དག་པ་འཁོར་བའི་སྒོ་ལས་རྟེན་འབྲེལ་བཅུ་གཉིས་སུ་འཁྲུལ་ཏེ༔ ཁམས་གསུམ་རིགས་དྲུག་སྣོད་བཅུད་དང་བཅས་པ་སོ་སོར་འཁོར་བས་རྟག་ཏུ་སྡུག་བསྔལ་ལ་སྤྱོད་པ་ནི་སེམས་ཀྱི་རང་སྣང་འཁྲུལ་པ་འཁོར་བའི་ལས་དང་བག་ཆགས་ཐོག་མཐའ་མེད་པར༔ སྐྱེ་བ་བཞིས་བརྒྱུད་ཅིང་མཐའ་མེད་པ་ནི༔ ཕྱིའི་ཆོས་ཞེས་བྱའོ༔ དེ་ཡང་ཐོག་མའི་མ་རིག་པ༔ ལུང་མ་བསྟན་ཀུན་གཞི་ལ་ཤེས་པ་ཐམས་ཅད་ཀྱི་འཆར་གཞི་ཀུན་གཞིའི་རྣམ་ཤེས་ལས༔ ཁ་ཕྱིར་བལྟས་སྒོ་ལྔའི་ཤེས་པ་དང་༔ ནང་བལྟས་ཡིད་ཤེས་དང་༔ ཉོན་ཡིད་དེ༔ སེམས་རྣམ་ཤེས་ཚོགས་བརྒྱད༔ སེམས་བྱུང་ལྔ་བཅུ་རྩ་གཅིག༔ བག་ཆགས་དང་བཅས་པ་སྣང་དུས་ལ༔ རྣམ་སྨིན་བག་ཆགས་ཀྱི་སྦུབས་སམ་ལུས་ཞེས་བྱའོ༔ དེ་ཡང་འདོད་པར་ཤ་ཁྲག་གི་ལུས༔ བསམ་གཏན་བཞིར་རྣམ་སྨིན་འོད་ཀྱི་ལུས༔
གཟུགས་མེད་བཞིར་བག་ལ་ཉལ་ཡིད་ཀྱི་ལུས་གསུམ་ལས༔ རང་རེ་མི་རྣམས་ལ་ད་ལྟ་སྙིང་གའི་འོད་རྩ་ལས༔ གཞི་རང་བྱུང་གི་ཡེ་ཤེས༔ གཞི་སྣང་སོ་སོར་རྩ་འདབ་སོ་སོ་ལ་གནས༔ ཡེ་ཤེས་ཀྱི་གཞི་སྣང་འོད་རྩ་ནས༔ ནམ་མཁར་སྣང་ལ༔ འགྲོ་དྲུག་གི་གཞི་སྣང་སྙིང་གའི་ཡེ་ཤེས་ཀྱི་ཟེར་གདངས༔ གློ་བའི་རླུང་དང་འདྲེས་པ༔ སྙིང་གའི་རྩ་བརྒྱད་ན་རྣམ་ཤེས་བརྒྱད་དུ་གནས་པ་ལས༔ ཟེར་གདངས་མགོ་མཇུག་ཏུ༔ འགྲོ་དྲུག་གི་རྩ་འདབ་སོ་སོ་ན་ཁྱབ་པར་གནས་སོ༔ འདི་དག་ཏུ་རླུང་སེམས་འདུས་ནས་འགྲོ་དྲུག་གི་འཁྲུལ་སྣང་འཆར་བ་ནི༔ མ་དག་པ་འཁོར་བའི་སྒོའི་སྣང་བ་སྟེ༔ ད་ལྟ་ནི་འོ་སྐོལ་མི་རྣམས་མིའི་རྩ་འདབ་ཏུ་རླུང་སེམས་འདུས་པས༔ མིའི་ཡུལ་དང་༔ གནས་རིགས་སོ་སོར་སྣང་བའི་གནད་ཐམས་ཅད་དེ་ཡིན་ནོ༔ དེའི་ཕྱིར་སེམས་དང་ཡེ་ཤེས་སམ༔ རྣམ་ཤེས་དང་ཡེ་ཤེས་ཕྱེད་པར་བྱ་སྟེ༔ ཁྲེགས་ཆོད་ཐོད་རྒལ་གཉིས་སུ་མེད་པའི་དགོངས་པ་ལ་བརྩོན་པས་ཉམས་སུ་བླངས་པས༔ འདི་དང་བར་དོ་རང་སྣང་སྤྲུལ་སྐུའི་ཞིང་༔ གང་རུང་ནས་གདོད་མར་གྲོལ་བ་ནི་མངོན་སུམ་སྙིང་ཏིག་ཉེ་ལམ་ཆེའོ༔ འདི་ནི་ཕྱིའི་གནས་ཀྱི་སྒྲོན་མེ་བསྟན་པའོ༔ གནད་གསུམ་གསལ་བའི་སྒྲོན་མེ་མཁའ་འགྲོ་སྙིང་ཏིག་གི་གདམས་པ༔ པདྨ་ལས་འབྲེལ་རྩལ་གྱིས་བཀོད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྲོག་སྒྲུབ་མས་སྲུངས་ཤིག་༔ བཀྲ་ཤིསཿ
མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲ་བ།
མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲ་བ་བཞུགས་སོ། །ཤོག་སེར།
མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲ་བ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྐུ་ཚེ་སྔ་མར་ཟབ་གཏེར་གདན་དྲངས་ནས། །ད་ལྟ་ཉམས་ལེན་ལོངས་སྐུའི་ཞིང་ཁམས་ཉུལ། །མ་འོངས་བུམ་ཐང་མཛད་པ་མཐར་ཕྱིན་ནས། །མངོན་པར་བྱང་ཆུབ་དེ་ལ་ཕྱག་འཚལ་ལོ། །འདས་པའི་དུས་ན་རྒྱལ་སྲས་པདྨ་གསལ། །མ་འོངས་གུ་རུ་དྲི་མེད་འོད་ཟེར་ཏེ། །ད་ལྟར་ཀུན་མཁྱེན་ཚུལ་ཁྲིམས་བཟང་པོའི་བློ། །ཟབ་མོའི་ཐུགས་གཏེར་ཕྲིན་ལས་རྒྱས་མཛད་ཅིང་། །འགྲོ་དོན་དཔག་མེད་མཛད་པ་ལྷུན་གྲུབ་ཅེས། །མཁའ་འགྲོས་ལུང་བསྟན་རྣམ་ཐར་མདོ་ཙམ་བྲི། །ལེགས་པའི་ཡོན་ཏན་རྨད་དུ་བྱུང་བས་རབ་ཏུ་བརྒྱན་པའི་བླ་མ་དམ་པ་འདི་ནི་སྐུ་ཚེ་སྔ་མའི་རབས་དཔག་ཏུ་མེད་པའི་སྔོན་རོལ་ནས་རང་བྱུང་པདྨ་རྒྱལ་པོས་རྗེས་སུ་བཟུང་ཞིང་། མཁྱེན་རབ་དང་ཐུགས་རྗེའི་འོད་ཟེར་མཐའ་ཡས་པས་གདུལ་བྱའི་པདྨ་འཛུམ་པ་ལ་མཁས་ཤིང་། མངོན་པར་མ ཐོ་བ་དང་ངེས་པར་ལེགས་པའི་ལམ་པོ་ཆེའི་སྲོལ་བཏོད་པ་ལ་སྙིང་རྗེ་ཆེན་པོའི་ཤིང་རྟས་འགྲོ་བ་རྣམས་འདྲེན་ཞིང་། རྣམ་པར་གྲོལ་བའི་སྐྱེད་མོའི་ཚལ་ཤིན་ཏུ་ཉམས་དགའ་བར་ཐར་པ་ཆེན་པོའི་དུས་སྟོན་ལ་འགོད་པར་མཛད་པའི་རྣམ་པར་ཐར་པ་མཐའ་ཡས་པ་ལས། འདིར་ཅུང་ཟད་ཅིག་མཆིམས་ཕུ་རིན་པོ་ཆེ་ཞི་བ་སྒྲུབ་པའི་ནགས་ཁྲོད་དུ་དཔལ་རྡོ་རྗེ་ཕག་མོས་ཇི་སྐད་གསུངས་པ་བཞིན་བརྗོད་པར་བྱའོ། །དེའང་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས་ནས་གཙུག་ལག་ཁང་བཞེངས་སུ་གསོལ་ཏེ། རབ་གནས་ཆུང་ངུའི་ཚེ་མཆིམས་ཕུར་གཤེགས་ནས་ཚོགས་ཀྱི་འཁོར་ལོ་མཛད་པའི་དུས་སུ། བཙུན་མོ་འབྲོ་བཟའ་བྱང་ཆུབ་ལ་འཁྲུངས་པའི་སྲས་མོ་པདྨ་གསལ་ཞེས་བྱ་བ། ལོ་བརྒྱད་ལོན་པ་ཞིག་འདས་པས། རྒྱལ་
པོས་མྱ་ངན་མཛད་པ་ན། སློབ་དཔོན་གྱིས་ཆོས་བསྟན་པས། དེའི་ཚེ་རྒྱལ་པོས་གསེར་གཞོང་རིན་པོ་ཆེས་བཀང་བ་ཕུལ་ནས། ངའི་གཙུག་ལག་ཁང་དང་སངས་རྒྱས་ཀྱི་བསྟན་པ་ཇི་ཙམ་གནས། བུ་མོ་འདིའི་ཆོས་སྐལ་གང་ལགས་ལ་སོགས་པ་ཞུས་པས་ལན་རྒྱས་པར་གསུངས་ཏེ། དེའི་ཚེ་སློབ་དཔོན་གྱིས་རྣམ་ཤེས་བཀུག་པས་བུ་མོ་སླར་སོས་ཏེ་སློབ་དཔོན་དང་ཡབ་ཡུམ་སྲས་ཀུན་མཇལ་དུས་དབང་བསྐུར་ཏེ། གསང་མཚན་པདྨ་ལས་འབྲེལ་རྩལ་དུ་བཏགས། ཚེ་ལོ་ལྔ་བཅུ་ཁ་རལ་ན་ཟབ་གཏེར་གྱིས་སེམས་ཅན་མང་པོ་ལ་ཕན་འདོགས་ཤིང་གུ་རུ་དྲི་མེད་འོད་ཟེར་དུ་ལུང་བསྟན་དུས་བུ་མོས་མཁའ་འགྲོ་སྙིང་ཏིག་གི་དཔེ་སྒྲོམ་སྤྱི་བོར་བཞག་ནས་སྨོན་ལམ་བཏབ་བོ། །དེ་ནས་སྐྱེ་བ་མང་ཞིག་གནས། གསལ་རྗེ་གངས་ཀྱི་ཤར་ཕྱོགས་སུ། སྤ་སྒང་པ་རིན་ཆེན་རྡོ་རྗེ་ཞེས་པར་སྐྱེས་ནས། དྭགས་པོ་དངས་ལུང་ཁྲ་མོ་བྲག་ནས་ཟབ་གཏེར་གདན་དྲངས་ཏེ། རིང་པོར་མ་ལོན་པར་སྐུ་གཤེགས་སོ། །ཆུ་མོ་གླང་ནས་དེང་སོང་ཤིང་མོ་ཡོས་ཀྱི་བར་ལོ་སུམ་ཅུ་སོ་དྲུག་ཟབ་གཏེར་ཐོན་ནས་སོང་ལ། ལོ་བཞིར་ནི་གཏེར་སྟོན་ཉིད་ཀྱིས་མཆོད་པར་མཛད་ཅིང་། ལྷག་པར་གཏེར་ཆོས་རྣམས་ཕྱོགས་ཀུན་ཏུ་འཐོར་ཞིང་རྒྱས་སོ། །དེ་ནས་རིན་ཆེན་རྡོ་རྗེ་ཉིད་ཀྱི་ཞུས་ལན་གསེར་ཕྲེང་ལས། དར་ཅིག་ལོངས་སྐུའི་ཞིང་ཁམས་ཉུལ་ཏེ་བུམ་ཐང་ཐར་པ་གླིང་དུ་སྐྱེ་བ་བཞེས་པར་གསུངས་པ་བཞིན་དུ། ལོངས་སྐུའི་ཞིང་ཉུལ་བའི་ཕྱིར་གཡོ་རུ་གྲྭ་ཞེས་བྱ་བའི་ཕུ་སྟོད་གྲོང་དབེན་རྩ་ཞེས་བྱ་བར། ཡབ་སློབ་དཔོན་བསྟན་པ་བསྲུང་བ་དང་། ཡུམ་འགྲོ་བཟའ་མོ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། ལོ་བདུན་ལ་ཡི་གེའི་འབྲི་ཀློག་དང་། བརྒྱད་དང་དགུ་ལ་ཕུར་པ་དང་བདེ་གཤེགས་འདུས་པའི་བསྐྱེད་རྫོགས་ཕྲིན་ལས་དང་བཅས་པ་མཁྱེན་དུས་ཡུམ་འདས་སོ། །བཅུ་ལ་གུ་རུའི་ཆོས་གཏེར་སྣ་བོ་ལུགས་ཀྱི་སྐོར་ཕྲིན་ལས་དང་བཅས་པ་དང་། བཅུ་
གཅིག་ལ་རྒྱ་ནག་པོའི་རྩིས་ལ་ཐུགས་སྦྱོང་དུས་ཡབ་འདས་སོ། །དགུང་ལོ་བཅུ་གསུམ་པ་ལ་བསམ་ཡས་སུ་མཁན་པོ་བསམ་འགྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་དུ་བྱུང་སྟེ་འདུལ་བ་ལ་སྦྱངས་པས། དགུང་ལོ་བཅོ་ལྔ་ལ་གསུང་སྟེེ་ལོ་གསུམ་བསྐྱངས་སོ། །དེའི་བར་དུ་འདུལ་བའི་ལས་ཕྲན་རྣམས་དང་། ཐེག་པ་ཆེ་ཆུང་གི་ཆོས་རྣམས་ལ་ལུང་ནོད་མཛད་དོ། །བཅུ་དགུ་ལ་དཔལ་གསང་ཕུ་ནེའུ་ཐོག་ཏུ་བྱོན་ཏེ། སློབ་དཔོན་ཆེན་པོ་བླ་བྲང་པ་ཆོས་དཔལ་རྒྱལ་མཚན་དང་། གཞོན་ནུ་རིན་ཆེན་ལ་སོགས་པ་ལས་མཚན་ཉིད་ཀྱི་ཐེག་པ་རྣམས་གསན་ཅིང་། ཕ་རོལ་ཏུ་ཕྱིན་པ་དང་། རྒྱུད་བླ་མ་ལ་སོགས་པ་མཁྱེན་པར་མཛད་དེ། ལོ་གསུམ་དུ་ཕྱི་ནང་གི་ཆོས་རྣམས་ལ་ཐུགས་སྦྱོང་དང་ལུང་ནོད་མང་པོ་མཛད་དོ། །དེའི་དུས་སུ་སློབ་དཔོན་གཞོན་ནུ་རྒྱལ་པོ་ལ་སོགས་པ་ལས་དབུ་མ་ཚིག་གསལ་དང་འཇུག་པ་ལ་སོགས་པ་གསན་ནས་མཁྱེན་པར་མཛད་དོ། །གཞན་ཡང་ལུང་དང་། རིག་པ་དང་། སྒྲུབ་སྡེ་དུ་མའི་གཞུང་ལུགས་མང་པོ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཉི་ཤུ་རྩ་ལྔ་པ་ལ་བླ་མ་བཀྲ་ཤིས་རིན་ཆེན་ལ་སོགས་པ་ལས་དཔལ་འཁོར་ལོ་བདེ་མཆོག་དང་། ཀྱཻ་རྡོ་རྗེ་ལ་སོགས་པ་གསང་སྔགས་གསར་མའི་དབང་ཁྲིད་གདམས་པ་དང་བཅས་དུ་མ་ལ་ཐུགས་སྦྱངས་སོ། །དེའི་དུས་སུ་ཁྱད་པར་དུ་ལམ་འབྲས་བུ་དང་བཅས་པ། ལམ་རིམ་པ་ལྔ་པ། ནཱ་རོ་དང་ནི་གུའི་ཆོས་དྲུག །རྫོགས་ཆེན་སེམས་ཕྱོགས། སྒྱུ་འཕྲུལ་ཞི་ཁྲོ། གཅོད་ཡུལ་ཞི་བྱེད་ལ་སོགས་པ་ལ་ཐུགས་སྦྱོང་མཛད་དོ། ཉི་ཤུ་རྩ་བདུན་པ་ལ་དཔལ་ལྡན་ཆོས་ཀྱི་རྗེ་ཀུ་མ་རཱ་ཛ་དང་མཇལ་ཏེ། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་དབང་ཁྲིད་གདམས་པ་དང་བཅས་པ་ཐོབ་ཅིང་། ཕྱིས་དེ་ལོ་དབང་གོང་མ་རྒྱུད་ལུང་མན་ངག་དང་བཅས་པའི་གཏད་རྒྱ་བབས་ཏེ། ལོ་གསུམ་གྱི་བར་སྒྲུབ་པ་མཛད་དོ། །སུམ་ཅུ་རྩ་གཅིག་པ་ལ་མཐར་འབྱོན་པར་བཞེད་ནས་སྙི་ཕུ་ཤུགས་གསེབ་
ཏུ་ལམ་འགྲོན་པ་གཟིགས་སུ་བྱོན་དུས། སྐལ་ལྡན་གྱི་སློབ་མ་དུ་མས་གསོལ་བ་བཏབ་ནས། རྫོགས་པ་ཆེན་པོ་སྙིང་ཏིག་གི་ཁྲིད་མཛད་དུས་སུ། རྣལ་འབྱོར་པ་འོད་ཟེར་གོ་ཆས་ལོ་རོ་ནས་དཀའ་སྤྱད་ཆེན་པོས་ཞུས་པའི་མཁའ་འགྲོ་སྙིང་ཏིག་གི་དཔེ་ཡོངས་སུ་ཚང་བ་བླ་མ་ལ་གཟིགས་སུ་ཕུལ་དུས། གཟིམ་ལམ་དུ་སྲོག་སྒྲུབ་མས་ཕྱག་དཔེ་གཏད་པ་རྨིས་སོ། །དེ་ནས་སང་ཕོད་སུམ་ཅུ་རྩ་གཉིས་པ་ཤིང་མོ་ཡོས་ཀྱི་ལོ་དཔྱིད་ཟླ་འབྲིང་པོ་ལ་མཆིམས་ཕུ་རི་མོ་ཅན་གྱི་ནགས་སུ་སྐལ་ལྡན་གྱི་རྣལ་འབྱོར་ཕོ་མོ་བརྒྱད་ལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་གད མས་པ་བཙུགས་ཏེ་སྤྲོས་མེད་ཀྱི་དབང་མཛད་དུས་བྱིན་ཕབ་པས། དཔལ་སྔགས་སྲུང་ཆེན་མོ་རྣལ་འབྱོར་མ་ཞིག་ལ་བབས་ནས་འཁྲབ་པ་ལ། ཐམས་ཅད་ཐེ་ཚོམ་དུ་གྱུར་དུས་བླ་མའི་གསུང་གིས་འདིར་མཁའ་འགྲོ་དངོས་སུ་བབས་པ་ཡིན་པས་ཨའུ་ཙི། ང་སྣང་སེམས་རོ་གཅིག་ཏུ་རྟོགས་པའི་རྣལ་འབྱོར་པ་ཡིན་པས་བར་ཆད་མི་འོང་གསུངས་པ་དང་། བླ་མ་ལ་རྣལ་འབྱོར་མས་ཕྱག་འཚལ་ཏེ། མཆོད་གཏོར་རྣམས་ལ་བལྟས་ནས་རྨ་བྱ་མ་འཛོམ་པ་ལ་ག་རེ་གསུངས་དུས། ཡིད་ཀྱིས་མོས་པ་བྱེད་པ་ཡིན་མོད་གསུངས་པས། བརྡའི་ཆོས་ལ་ཡིད་ཀྱིས་གར་འོང་འདི་མི་དགོས་གསུངས་ནས་བུམ་པ་སྟེང་གི་མཉྫི་ལ་ནས་གཞོང་དང་བཅས་པ་བོར་ཏེ་བུམ་པ་གསུམ་འབྲེལ་བར་བཞག་གོ །བླ་མས་ཆོ་གའི་རྣམ་བཤད་ཞིབ་མོར་མཛད་དུས་ཐལ་མོ་སྦྱར་ཏེ་ལེགས་སོ་གསུངས་ཤིང་དབུ་ཁུགས་པ་རེའང་མཛད་དོ། །རིགས་དང་ཞེས་པའི་ཡི་གེའི་ས་ཆད་པས། མིན་མིན་རིགས་ཟེར་བ་ཡིན་གསུངས་སོ། ཨཱོཾ་ལ་སོགས་པའི་ཡི་གེ་བཟླས་དུས་ངའི་ལད་མོ་གྱིས་ཟེར་ནས་མཁའ་འགྲོའི་སྐད་དུ་སྔགས་རྣམས་འབྲེལ་ལ་མ་འདྲེས་པའི་གདངས་སྙན་པོ་བྱུང་ངོ་། །དངོས་གཞིའི་ཚིག་བརྒྱད་ཀྱི་སྐབས་སུ་བསྒོམ་དུ་མེད་པའི་ཆད་པའང་གསོས་ཏེ། བློ་སྒོམ་དང་བྲལ་ན་དགའ་བ་ལ། སྒོམ་བློ་དང་བྲལ་ན་ཨ་རེ་སྐྱིད། ཟེར་ཞིང་གླུ་བླངས་
སོ། །མཆོད་པ་ངན་པ་ལའང་འདིས་མི་འོངས་གསུངས་ཤིང་མཆོད་དབྱངས་སྙན་པོའང་མཛད་དེ། ཚོགས་ཀྱི་དུས་སུ་བླ་མ་ལ་བདུད་རྩི་གསོལ་ཞལ་ཆེ་བ་བཀང་ནས་དྲངས་དུས། འདི་མཁའ་འགྲོའི་ད མ་རྫས་ཡིན་པས་ཅིས་ཀྱང་བརྟེན་དགོས་གསུངས་ནས་ལྷག་མ་མ་ལུས་པར་དྲངས་སོ། དེ་དུས་རྣལ་འབྱོར་པ་རིན་ཆེན་འོད་འཕྲོས། དཔལ་མགོན་པོ་མཐིང་ནག་རྒྱན་ཆ་རྫོགས་པའང་མཐོང་ངོ་། །དེ་ནས་ནམ་ལངས་ཀྱི་བར་མཁའ་འགྲོའི་བྱིན་རླབས་ཁྱད་པར་ཅན་བྱུང་ངོ་། །དེ་ནས་ཁྲིད་མ་ཐོན་གྱི་བར་ལ་རྣལ་འབྱོར་ཕོ་མོ་ཐམས་ཅད་ཉམས་འུར་ཏེ་གླུ་ལེན་བྲོ་བརྡུངས། ཉིན་མཚན་ཐམས་ཅད་དུ་ཤེས་པ་བདེ་གསལ་མི་རྟོག་པའི་ཉམས་འབར་ཞིང་། གཉིད་སོང་བའི་རྨི་ལམ་མེད། མ་སོང་བའི་སད་རྒྱུ་བྱུང་ངོ་། །དེ་དུས་ཉི་ཤུ་བཞི་ལ་རྣལ་འབྱོར་པ་འོད་ཟེར་གོ་ཆ་ཡང་གཅིག་པུ་གསེར་ཞོ་དོའི་མཎྜལ་དང་བཅས་པ་བླ་མའི་དྲུང་དུ་ཕྱིན་ནས་ཕུལ་ལོ། །དེ་ནུབ་རྣལ་འབྱོར་མ་གཞན་ཞིག་གིས་བླ་མའི་དྲུང་དུ་སྐྱེས་པ་ལོ་བརྒྱད་ལོན་པ་ཕོད་ཀ་སྨུག་ནག་ཅན་རིགས་ལྔའི་དབུ་རྒྱན་གསོལ་ཞིང་བྷནྡྷ་དང་ཕུར་པ་ཐོགས་པ་མཁའ་འགྲོ་བཞིས་བསྐོར་བ་མཐོང་ངོ་། །ཉི་ཤུ་ལྔའི་ཉི་མ་ཕྱེད་ཡོལ་ན་རྣལ་འབྱོར་མས་ནམ་མཁའི་དཀྱིལ་ན་ཡེ་ཤེས་མགོན་པོ་མཁའ་འགྲོ་ལྔས་བསྐོར་བ་བྱོོན་པ་མཐོང་ངོ་། །དེ་དུས་ནམ་མཁའ་ཐམས་ཅད་མཁའ་འགྲོས་གང་བར་སྣང་ངོ་། ཉི་མ་ནུབ་མཚམས་སུ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱིས་གཟིམ་ཆུང་ན་བུད་མེད་ལོ་བཅོ་ལྔ་ཙམ་ལོན་པ་དཀར་དམར་མཐིང་གསུམ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའང་མཐོང་ངོ་། །ཡང་སྔགས་པ་བྲོ་བརྡུངས་པ་དང་། བུད་མེད་རྒྱན་ཆས་བཀླུབས་པ་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་དུ་བུད་མེད་སྐྲའི་ལན་ཚར་རྟིང་པར་སླེབས་པ་གཟུགས་ཤིན་ཏུ་རིང་བ་གཅིག་བླ་ཡེ་ན་འདུག་པ་དང་། ཆོས་ར་ན་སྐྱེས་པ་དཀར་སངས་པ་རྒྱན་ཅན་ལྔ་བྲོ་བརྡུངས་པ་ལ་འཁོར་དཔག་ཏུ་མེད་པས་ས་དང་བར་སྣང་གང་བར་མཐོང་ངོ་། །བྱིས་པ་སེ་རལ་ཅན་གསུམ་ཡང་རྫུ་
འཕྲུལ་སྟོན་པ་དང་། བུད་མེད་དཀར་མོ་གསེར་གཡུ་དར་ཟབ་ཀྱིས་བརྒྱན་པ་ཞིག་གིས་བླ་མའི་དབུ་ཐོག་ན་རྨ་བྱའི་གདུགས་ཆེན་པོ་འཛིན་པ་མཐོང་ངོ་། །དེ་ནུབ་ཚོགས་འཁོར་གྱི་དུས་སུ་བུད་མེད་ནག་མོ་གཅིག་གིས་ཀྱང་དེ་བཞིན་དུ་གདུགས་འཛིན་པ་མཐོང་ངོ་། །ཉིན་མཚན་དུ་རྒྱལ་མཚན་སྣ་ཚོགས་པ་འཛིན་མཁན་མེད་པར་རོང་ངེར་ཡོད་པའི་དར་གྱི་འཕན་ལྡིར་ཕྱར་རེ་མཐོང་ངོ་། །དེའི་ཉི་མ་ནུབ་ཁར་རྣལ་འབྱོར་མ་ཞིག་གི་དངོས་སྣང་དུ། སྐྱེས་པ་བེར་སྨུག་དང་རིགས་ལྔའི་དབུ་རྒྱན་ཅན་མཁའ་འགྲོ་མའི་འཁོར་དཔག་ཏུ་མེད་པས་བསྐོར་བ་བླ་ཡེ་དང་བར་སྣང་ཁེངས་པ་ལ། མུན་སྲོས་དུས་དབང་ཁང་དུ་འགྲོ་བ་མཐོང་ནས་རྣལ་འབྱོར་མས་གར་བྱས་སོ། །ཡང་རྣལ་འབྱོར་མ་ཞིག་གིས་མི་ནག་པོ་ཆེན་པོ་གཅིག་དང་། སྔགས་པ་མ ཐིང་ནག་མཁའ་འགྲོ་སྡེ་ལྔས་བསྐོར་བ་གླུ་ལེན་པ་མང་པོ་ནམ་མཁའ་ནས་དབང་ཁང་དུ་བྱོན་པ་མཐོང་ནས་ཚོགས་གཏོར་བཤམས་ཟེར་དུས། བླ་མས་གཟིམ་ཆུང་ནས་ཚོགས་གཏོར་ཤོམས་ཤིག་གསུངས་ཏེ་བཤམས་པས་བུད་མེད་ནག་མོ་གཅིག་ཕྱེ་ཕུད་ཉམས་ཟེར་བ་དང་། མི་དཀར་པོ་ཞིག་ངའི་གཏོར་མ་ན་ཤ་མི་འདུག་ཟེར་བ་ལ་བལྟས་པས་དམ་ཅན་གྱི་གཏོར་མ་ན་ཤ་ཆད་པ་སླར་གསོས་སོ། །དར་ཅིག་ན་རྟ་དཀར་མི་དཀར་ཅན་གཅིག་གཏོར་མ་འདོད་པ་ལ་དམར་གཏོར་བྱིན་པ་མི་ལེན་པར་སོང་བ་ཇོ་བོ་ལྡང་ལྷར་སྣང་ངོ་། །བླ་མ་ཁྲི་ལ་བཞུགས་དུས་ས་གཞི་བར་སྣང་མཁའ་འགྲོས་གང་བ་ཀུན་ཕྱག་འཚལ་ཞིང་མོས་པ་བྱེད་ཅིང་། ཚོགས་གཏོར་གྱི་མགྲོན་རྣམས་ཐམས་ཅད་ནམ་མཁར་བྱོན་པ་ལ་ཚོགས་གཏོར་བསྔོས་ནས་དར་ཅིག་ན་སྲོད་ཕྱེད་ལ་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱིས་ཐོས་པ་མཁའ་འགྲོའི་ཧཱུཾ་སྒྲ་དང་། ཕཊ་སྒྲ་དང་། བསོ་སྒྲ་དང་། འུར་སྒྲ་དང་། སིལ་ཆོམ་མང་པོ་བྱུང་ཞིང་། གློ་བུར་དུ་བག་དྲོ་འུར་འུར་ལུས་ཚ་ཆིལ་ཆིལ་ཤེས་པ་སྐྱི་ཟིང་ཟིང་བུན་བུན་ཕྱོད་ཕྱོད་བྱུང་བས། རྣལ་འབྱོར་པ་ཞིག་ན་རེ་དོ་ནུབ་
གནམ་ས་ལིང་ལོགས་པ་ཤ་དུམ་ཁྲག་དུམ་བྱེད་ལས་ཆེ་ཟེར་ནས་སྐྲག་གོ །དར་ཅིག་ན་ཡང་རྣལ་འབྱོར་མ་ཞིག་གིས་ས་གཞི་བར་སྣང་ཐམས་ཅད་མཁའ་འགྲོའི་སྤྲིན་ཕུང་འཐིབས་ཏེ་ཆི་ལི་ལི་འབྱོན་པ་མཐོང་ནས་ཚོགས་གཏོར་བསྔོས་སོ། །དེ་ནས་དར་ཅིག་ན་རྣལ་འབྱོར་མ་རལ་པ་སྤྲུགས་ཤིང་འདུག་དུས་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་ཅིག་གིས་ནམ་མཁའ་ཁེངས་པ་ཐིམ་པ་སྙམ་བྱེད་ནས་འཁྲབས་སོ། །ཡོང་བར་ཡོད་ཡོང་བར་ཡོད་གསུངས་པ་ལ། ཅི་ཡོངས་དྲིས་པས། སང་གནང་ལ་བར་ཆད་ཡོང་བར་ཡོད། མིན་ན་ཡར་འགྲོ་ན་མང་པོ་ཡོད་གསུངས་པ་ལ། སུ་བྱུང་དྲིས་པས། སྨན་མོ་མཆེད་བདུན་དཀར་ལ་གཞོན་ཤ་ཆགས་པ་ཟ་འོག་གི་ན་བཟའ་ཅན་གསེར་གཡུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་འཁོར་སྨན་མོ་དཔག་ཏུ་མེད་པས་བསྐོར་བ་བྱུང་། ད་དུང་འབྱུང་ ངོ་། །འོ་དེ་གུང་རྒྱལ་མི་ནག་རྟ་ནག་ཅན་བེར་ནག་མདུང་ནག་ཅན་རལ་པ་གཡས་གཡོན་དུ་འཁྱིལ་བའི་ལ་ཐོད་ཡོད་པ་འཁོར་ཡང་དེ་འ དྲ་བ་མང་པོས་བསྐོར་བ་བྱུང་ངོ་། །ད་དུང་འབྱུང་ངོ་། གཉན་ཆེན་ཐང་ལྷ་རྟ་དཀར་མི་དཀར་ཅན་འཁོར་ཡང་དེ་འདྲ་བ་དུ་མས་བསྐོར་བ་འདུག་གོ་གཏོར་མ་བྱིན་ཅིག་གསུངས་པ་ལ། གཏོར་མ་ཡང་ཕུལ་ལོ། །རྣལ་འབྱོར་མའི་ཞལ་ནས། ང་གསར་དུ་འོངས་པ་ལ་གཏོར་མ། མིི་སྟེར་བ་ཨེ་ཡིན་གསུང་དུས། སུ་ཡིན་དྲིས་པས། ང་སྔ་མའི་ཡི་དམ་རྡོ་རྗེ་ཕག་མོ་ཡིན་ཟེར་དུས། རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱིས་བུད་མེད་མཐིང་ནག་གཞན་པས་ཆེ་བ་རུས་པས་བརྒྱན་པ་རིན་པོ་ཆེ་དང་རུས་པའི་དྲ་བས་བརྒྱན་པར་མཐོང་ནས། ཁྱེད་རྣམས་ཀྱིས་འདི་ཅིར་མཐོང་ཟེར་ནས་བཤད་དོ། །དེ་ནས་བླ་མས་དྲིས་པ། ཁྱེད་འདིར་ཅི་ལ་བྱོན། བླ་མ་དམ་པ་སྐུ་ཁམས་བཟང་ངམ། རྣལ་འབྱོར་མས་སྨྲས་པ། དོ་ནུབ་དུས་གཉན་པས་ལས་ཅན་གྱི་སློབ་མ་ཉུལ་དུ་འོང་། བླ་མ་སྐུ་ཁམས་བཟང་ཟེར་རོ། འོ་ན་ད་ལོ་བླ་མ་སྐུ་ཆག་ཆེ་བ་ཨའུ་ཙི་འམ་དྲིས་པས་སངས་རྒྱས་ཀྱི་རྣལ་
འཕྲུལ་ལ་བར་ཆད་ག་ན་ཡོད། གདུལ་བྱ་ལ་དགོངས་པ་ཡིན་མོད། བི་མ་ལ་བོད་ཡུལ་དུ་བྱོན་པ་མི་ཤེས་སམ་གསུངས། འོ་ན་ཇི་ཙམ་བཞུགས། ད་ནས་ལུག་ལོ་ཕྱི་མའི་བར་བཞུགས། དེ་ནས་གདུལ་བྱ་དང་བསྟུན་པས་ངེས་པ་མེད། འོ་ན་ང་བླ་མས་གཞན་དོན་ལ་བསྐུལ་དེ་ཁྱེད་ཀྱིས་བསྐུལ་བ་ལགས་སམ་དྲིས་པས། འོ་འོ་དེ་ཀ་དེ་ཀ་ཟེར་དུས། ངས་གཅིག་པུར་བསྡད་ནས། འོད་ལུས་བསྒྲུབ་བམ། གཞན་དོན་བྱས་ན་སེམས་ཅན་ལ་ཕན་ཐོགས་ཡོང་། །ད་ཇི་ཙམ་ཐུབ་དྲིས་པས། འོད་ལུས་འགྲུབ་ཀྱང་སེམས་ཅན་ལ་ཕན་འདོགས་དགོས། གཞན་དོན་འུར་འུར། ད་ལོ་ནས་བཟུང་སྟེ་ལོ་སུམ་ཅུ་ཐུབ་གསུངས་སོ། །དེ་དུས་རྣལ་འབྱོར་པ་འོད་ཟེར་གོ་ཆ་ན་རེ་སྐུ་ཚེ་རིང་བར་འདུག་ཞུས་པས། བླ་མའི་ཞལ་ནས་མཁའ་འགྲོའི་འདི་ལ་གཟབ་གཏད་མེད། ཟླ་བ་དང་། ཞག་ལ་ལོར་བརྩི་བའང་སྲིད་པས་གང་ཡིན་མི་ཤེས་གསུངས་སོ། །ཡང་བླ་མས་ང་ལ་བཀའ་སྲུང་ཇི་ཙམ་ཡོད་དྲིས་པས། མང་མང་བླ་མའི་ཐམས་ཅད་ཁྱེད་ལ་ཡོད། ཁྱད་པར་དུ་རྡོ་རྗེ་གཡུ་སྒྲོན་མ་ཡིན་ཟེར་རོ། །འགྲོ་དོན་ས་ཕྱོགས་ག་ན་ཡོད་དྲིས་པས། ལྷོ་ནུབ་ཕྱོགས་ན་ཡོད། དེ་ཡང་གྲ་དང་གྲྭ་ཕྱི་དང་འཕྲེང་པོ་ཕྱོགས་ན་ཡོད། འོ་ན་ངས་གཞན་ལ་ཕན་ངེས་སམ་དྲིས་པས། ད་ནས་བཟུང་ནས་འུར་འུར། ཚེ་ཕྱི་མ་དེ་བས་ཀྱང་འགྲོ་དོན་རྒྱ་ཆེ་གསུངས། ཕྱི་མ་ག་ན་ཡོད་དྲིས་པས། ལྷོ་བྲག་ཕྱོགས་དང་། མོན་བོད་རྒྱ་གར་གྱི་མཚམས་ན་རྒྱ་ཆེ་རྒྱ་ཆེ་གསུངས། མོན་བུམ་ཐང་ཡིན་ནམ་དྲིས་པས། འོ་འོ་དེ་ཀ་དེ་ཀ་མ་ནོར་མ་ནོར་གསུངས་སོ། །འ ོ་ན་མཁའ་འགྲོ་སྙིང་ཏིག་ནས་ཇི་སྐད་བཤད་པའི་དབང་ཁྲིད་ད་ལྟ་གདབ་ཏུ་རུང་ངམ་དྲིས་པས། ཁྱེད་རང་གི་ཡིན་པ་ལ་ལོས་ལོས་ཟེར་རོ། །མི་རྣམས་ཀྱིས་ཟོག་པོར་འཛིན་དུ་མི་ཡོང་ངམ་དྲིས་པས། མིའི་ཁ་ལ་རྒྱུ་མཚན་ཅི་ཡོད། སྐལ་ལྡན་རྣམས་ངེད་ཀྱིས་སྡུད་སྐལ་མེད་སྨྲ་མཁན་མེད་ཀྱང་
མི་འདུ། སངས་རྒྱས་ལའང་སྐུར་པ་འདེབས་པ་ཟེར་རོ། །འོ་ན་སྙིང་ཏིག་གི་ཆོས་བཀའ་གང་དུ་འབྱེད་རྡོ་རྗེ་གཡུ་སྒྲོན་གྱིས་གནས་སུ་འབྱེད་དམ་དྲིས་པས། འདི་ན་མཁའ་འགྲོ་རང་བཞིན་གྱིས་འདུ་བས་འདིར་འབྱེད་དགོས་ཟེར་རོ། །བུམ་ཐང་གི་གཏེར་ཁ་དེ་ཚེ་འདི་ལ་ཐོན་ནམ་དྲིས་པས། དམ་ཚིག་ཤིན་ཏུ་གཙང་བའི་སློབ་མ་གསུམ་བཞི་ཙམ་ཡོད་ན་ཐོན་ཟེར་རོ། །ད་ལྟ་ཡོད་དམ་དྲིས་པས། མེད་སྔགས་པ་དཀར་སངས་ཤ་ནི་བསྲབ་ལ་ཤིན་ཏུ་མཛེས་པ་ཞིག་འོང་། དེ་དུས་ཐོན་ཟེར་རོ། །གཏེར་ཡིག་དྲིས་པས། དེ་དུས་ལུང་སྟོན་མཁན་རེ་ཡོང་དྲི་མི་དགོས་གསུངས་སོ། །གཏེར་སའི་བྲག་དྲིས་པས། བུམ་ཐང་གི་གཞུང་ཆུ་ལྷོ་ནུབ་ལ་བབས་པའི་ལུང་པ་ཟད་དུ་ཉེ་བའི་ཤར་ངོས་ཀྱི་བྲག་མཐའ་པི་ཝང་གྱེན་དུ་བསླངས་པ་ལྟ་བུའི་མགོ་ཕྱིར་གྱེད་ལ་སོང་བའི་མགུལ་མཚམས་ན་ཚུར་འོངས་པའི་གད་མཆུའི་སྟེང་ན་ཤིང་ལོ་སྟག་མ་ལྟར་ཡོད་པ་ནས་ཐག་པ་བཏགས་ནས་འདོམས་བཅུ་གཉིས་སོང་བ་ན་བྲག་གྲུ་བཞི་ཟོ་ཐབས་སུ་ཡོད་པའི་དཀྱིལ་སྨད་སེར་ཀ་གྲུ་གསུམ་ཡོད་པ་ན་འདུག་ཟེར་རོ། །ང་དང་སློབ་དཔོན་ཆེན་པོ་ནམ་མཇལ་དྲིས་པས། ལུང་གསུམ་གྱི་ཕུ་རི་གསུམ་གྱི་མདའ་བྲག་ཆུང་ངེ་བ་ཁ་ལྷོ་ནུབ་ཏུ་ལྟ་བ་བྲག་གསུམ་པ་དེའི་གཡས་ཟུར་གྱི་འོག་ཏུ་མཇལ་ནས་ལུང་སྟོན་གསུངས་སོ། །བི་མ་ལ་དང་ནམ་མཇལ་དྲིས་པས། མཇལ་ཟིན་འདུག་པ་ལ་ཟེར་རོ། །ངས་རྟོགས་པ་འདི་སྙིང་ཏིག་གི་དོན་མཐར་ཐུག་པ་ཡིན་ནམ་དྲིས་པས། མཐར་ཐུག་གོ་ཟེར་རོ། །གཏེར་ཁ་གཞན་དྲིས་པས་འདི་ནས་ནུབ་བྱང་མཚམས་ན་བྲག་རི་ཤིན་ཏུ་མཐོ་བ་མདུང་རྩེ་གྱེན་དུ་གཟེངས་པ་འདྲ་བའི་ངོས་ནས་ཐོན་ཏེ་དེར་མི་བཞུད་གསུངས་སོ། །འོ་ན་ཤར་ཕྱོགས་ཁྲ་མོ་བྲག་གི་གཏེར་ཁ་དེ་ངས་ཐོན་ནམ་མི་ཐོན་དྲིས་པས། ཐོན་ཟིན་འདུག་པ་ཟེར་རོ། །རྣལ་འབྱོར་པ་འོད་ཟེར་གོ་ཆས་སྤ་སྒང་པ་རིན་ཆེན་རྡོ་རྗེ་དེ་ག་ན་ཡོད་དྲིས་པས། སྤ་སྒང་པ་རིན་ཆེན་རྡོ་རྗེ་ཞེས་དར་ཅིག་མི་གསལ་བ་ལས། སློབ་དཔོན་
རིན་རྡོར་དྲིས་པས། ལགས་ལགས་སོ་དེ་ཁོང་ཡིན་འདི་ན་བཞུགས་འདུག་པ་གསུངས་ནས་མཛུབ་མོ་བཙུགས་སོ། །བླ་མས་དྲིས་པ། ཁོང་སྐྱེ་བ་དེའི་འོག་ཏུ་བུམ་ཐང་དུ་སྐྱེ་བར་གསུངས་པ་ལ་དག་ན་ཡིན་གསུངས་པས། སྐྱེེ་བ་དེའི་འོག་ཏུ་ལོངས་སྐུའི་ཞིང་དར་ཅིག་ཉུལ་ནས་བུམ་ཐང་དུ་སྐྱེ་བ་ལས་དེ་ཀ་ལྟར་སྐྱེ་བ་མིན། ད་ལྟ་ཁྱེད་རང་ལོངས་སྐུའི་ཞིང་ཉུལ་བ་ཡིན་ཟེར་རོ། །ད་ལྟ་ལོངས་སྐུའི་ཞིང་ཉུལ་བའི་རྒྱུ་མཚན་གང་ཡིན་དྲིས་པས། སློབ་དཔོན་རིན་རྡོར་གྱིས་གཏེར་ཐོན་དུས་ལོ་འགར་གསང་ནས་སྒྲུབ་པ་མཛད་ན་རང་དོན་དུ་འོད་གསལ་ལོངས་སྐུའི་ཞིང་ཉུལ་གྱིས་རྩལ་སྦྱོང་དང་སྙིང་ཏིག་གི་གཞན་ལ་ཕན་འདོགས་འོངས་པ་ལ། མ་གསུང་པས་སྐུ་ཚེ་ཚད་དུ་མ་ཕྱིན་པར་ད་ལྟ་སྐྱེས་དུས་འོད་གསལ་འཇའ་ཚོན་གྱི་སྣང་བ་སྒོམ་ཞིང་ཉམས་སུ་ལེན་པ་ལ་ལོངས་སྐུའི་ཞིང་དར་ཅིག་ཉུལ་བར་བཏགས་པ་ཡིན། དེ་གཞན་གྱིས་དགོངས་པ་ལེན་མ་ཤེས་པ་ཡིན། ལུང་བསྟན་པ་གསུངས་པ་དེ་ད་ལྟའི་ཚེ་འདི་ལ་དགོངས་པ་ལགས་ཟེར་རོ། །ངས་ལྷག་མེད་གར་འགྲུབ་དྲིས་པས། གཅིག་པུར་བསྒོམས་ན་ད་ལྟ་འགྲུབ། །གཞན་དོན་མཛད་པས་བར་དོར་གྲོལ་ནས་སྤྲུལ་པས་བུམ་ཐང་དུ་སྐྱེ་བ་བླངས་ཏེ། རྫུ་འཕྲུལ་མང་པོ་བསྟན། གཞན་དོན་བྱས་ནས་སྤྲུལ་པ་དེ་ཡང་མཁའ་འགྲོ་མ་ལྔས་བསྐོར་ནས་མ་ག་ཏ་རྡོ་རྗེ་གདན་གྱི་ནུབ་བྱང་ཨོ་རྒྱན་གྱི་ཡུལ་དུ་གཤེགས་ནས་འཚང་རྒྱ་བའི་ཚུལ་སྟོན་གསུངས་སོ། །སློབ་དཔོན་རིན་རྡོར་གང་ལ་གྲོངས་ལོ་དུ་སོང་དྲིས་པས། ཀེག་ལ་གྲོངས་ལོ་སུམ་ཅུ་སོ་གཉིས་སོང་གསུངས་སོ། །ངས་སྙིང་ཏིག་གང་གིས་ཕན་ཐོགས། བི་མ་ལའི་སྙིང་ཏིག་དང་མཁའ་འགྲོ་སྙིང་ཏིག་ལོ་དུ་གནས་དྲིས་པས། གཉིས་ཀས་ཕན་ཐོགས་བི་མ་ལ་རྒྱ་ཆེ། བི་མ་ལ་ལོ་བརྒྱ། མཁའ་འགྲོ་སྙིང་ཏིག་ལོ་ལྔ་བརྒྱར་གནས། ད་ལོ་ནས་མགོ་བརྩམས་པ་ཡིན་ཟེར་རོ། །དེ་དུས་རྣལ་འབྱོར་
ཕོ་མོ་རྣམས་ཀྱི་ཚེ་དང་ཕན་འདོགས་ཀྱང་ལུང་བསྟན་ནས། དར་ཅིག་ན་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱི་སྣང་བ་ལ་ནམ་མཁའི་དཀྱིལ་ནས། བུད་མེད་དཀར་མོ་ཟ་འོག་གི་ན་བཟའ་དང་དར་ཐོད་ཅན་གསེར་གཡུས་བརྒྱན་པ་ཞིག་བྱུང་ནས་བླ་མ་ལ་ཐིམ་པ་མཐོང་དུས། བླ་མ་བཞེངས་ཏེ་ངས་སྔར་མི་ཤེས་པའི་རྡོ་རྗེའི་གླུ་ཞིག་བྱའོ་གསུངས་མགུར་བཞེངས་པ། ལྷུན་གྲུབ་གདོད་ནས་སྟོང་པ་ཀ་དག་དང་། །བདེ་གཤེགས་ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ་བསྟོད། །སེམས་ཉིད་སྤྲོས་དང་བྲལ་བ་ཆོས་ཉིད་དང་། །གཏི་མུག་རང་སར་དག་པའི་ངོ་བོ་ཉིད། །རྣམ་སྣང་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་སངས་རྒྱས་རིགས་ལ་གསོལ་བ་འདེབས། །སྐྱེ་མེད་བསམ་ཡུལ་འདས་པའི་གནས་ལུགས་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །རིག་རྩལ་འཆར་གཞི་མ་འགགས་མེ་ལོང་དང་། །ཞེ་སྡང་རང་སར་གྲོལ་བའི་ངོ་བོ་ཉིད།།མི་བསྐྱོད་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་རྡོ་རྗེའི་རིགས་ལ་གསོལ་བ་འདེབས། །འགྱུ་བ་སྟོང་གསལ་འཛིན་མེད་གནས་ལུགས་ཉིད།།རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །བླང་དོར་དགག་སྒྲུབ་མེད་པ་མཉམ་ཉིད་དང་། །ང་རྒྱལ་རང་སར་དག་པའི་ངོ་བོ་ཉིད། །རིན་འབྱུང་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་རིན་ཆེན་རིགས་ལ་གསོལ་བ་འདེབས། །ཐམས་ཅད་ཕྱམ་བརྡལ་གནས་ལུགས་མཉམ་པ་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །བདེ་སྟོང་དབྱིངས་སུ་ནུབ་པ་ཀུན་རྟོག་དང་། །འདོད་ཆགས་རང་སར་དག་པའི་ངོ་བོ་ཉིད། །འོད་དཔག་ནང་ན་ཡོད་དེ་ཕྱི་ན་མེད།།བདེ་གཤེགས་པདྨའི་རིགས་ལ་གསོལ་བ་འདེབས། །བདེ་སྟོང་གཟུང་འཛིན་ནུབ་པའི་གནས་ལུགས་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །རིག་པ་ཐལ་བྱུང་རང་གྲོལ་བྱ་གྲུབ་དང་། །ཕྲག་དོག་རང་སར་དག་པའི་ངོ་བོ་ཉིད། །དོན་གྲུབ་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་
གཤེགས་ལས་ཀྱི་རིགས་ལ་གསོལ་བ་འདེབས། གང་ཤར་ཤུགས་འབྱུང་འགགས་མེད་གནས་ལུགས་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །དུས་དོ་ནུབ་མར་གྱི་ཚེས་བཅུ་ལ། །མཁའ་འགྲོས་ལུང་བསྟན་མཛད་པའི་དུས། །རྟེན་འབྲེལ་ནང་དུ་འཛོམ་པའི་རྟགས། །དད་ལྡན་དམ་ཚིག་གཙང་བའི་རྟགས། །འགྲོ་དོན་ཕྱོགས་མེད་འབྱུང་བའི་རྟགས། །འཁོར་བའི་རྒྱ་མཚོར་བརྒལ་བའི་རྟགས།།དགའ་འོ་སྐྱིད་དོ་དག་པའི་ཞིང་། །འོད་གསལ་སྣོད་ཀྱི་འཇིག་རྟེན་འདི། །འོག་མིན་གནས་སུ་སླེབས་པ་བཞིན། །ཐམས་ཅད་ལྷ་དང་ལྷ་མོའི་ངང་། །རང་རིག་མྱ་ངན་འདས་པ་སྙམ། བླང་དོར་དགག་སྒྲུབ་ཞིག་པ་སྙམ། རེ་དོགས་འཕྲང་ལས་འདས་པ་སྙམ། །སྲིད་གསུམ་ཡེ་ནས་གྲོལ་བ་སྙམ།།འཕྲོ་འདུའི་རྣམ་རྟོག་འོད་ལྔར་ནུབ། །འོད་ལྔའི་སྣང་བ་གདོད་མར་ནུབ། །སྣང་སེམས་གཞི་བྲལ་ཆོས་སྐུའི་ངང་། །ཚེ་འདི་ཡང་བདེ་སྟེེ་ཕྱི་མ་བདེ། །བར་དོར་རང་ངོ་ཤེས་པས་བདེ། །ད་ནི་བདེ་ནས་བདེ་བར་འགྲོ །གླུ་མཆོད་པར་འབུལ་ལོ་དཀོན་མཆོག་གསུམ། །ཐུགས་དགྱེས་པར་མཛོད་ཅིག་མཁའ་འགྲོའི་ཚོགས། །ཞེས་བྲོ་བརྡུངས་ནས་དར་ཅིག་ན་གནམ་སྒོ་ན་ཡར་བུད་མེད་དམར་མོ་རིན་པོ་ཆེའི་བརྒྱན་པ་ཞིག་རེས་གསུམ་དུ་སྣང་བ་འགས་མཐོང་བ་ལ་བསུ་བ་བྱས་པ་དང་། བླ་མ་ལ་ཐིམ་མོ། །དཀར་མོ་གཅིག་ཀྱང་དེ་བཞིན་དུ་བྱོན་ནས་ཐིམ་དུས། ས་གཞི་བར་སྣང་ཐམས་ཅད་མཁའ་འགྲོས་གང་བར་མཐོང་ངོ་། །དེའི་དུས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཕོད་ཀ་སྨུག་ནག་དང་རིགས་ལྔའི་དབུ་རྒྱན་གསོལ་ནས་རྡོ་རྗེ་དྲིལ་བུ་བསྣམས་པ་དཀར་གསལ་འོད་ལྔའི་དབུས་ན་བཞུགས་པ་ལ། རེས་དཀར་དམར་མཐིང་གསུམ་མཐོང་ནས་རྣལ་འབྱོར་མས་ཅོད་པཎ་བཏགས་ཏེ་བདུད་རྩི་དྲངས་དུས། ཐམས་ཅད་ལ་གཏོར་མ་མགོ་ཐོག་ཏུ་བཞག་ནས་ལུང་བསྟན་པ་དང་། མཁའ་འགྲོའི་སྣང་བ་བྱུང་ཚུལ་རྣམས་སུ་ལའང་མི་བཤད་
པའི་མནའ་བསྒགས་ནས་དར་ཅིག་ན། བུད་མེད་མཐིང་ནག་རྒྱན་གྱིས་བརྒྱན་པ་ཅིག་ལ་དེ་འདྲ་བ་དཔག་ཏུ་མེད་པས་བསྐོར་བ་ནམ་མཁའ་ན་ཚུར་བྱོན་ནས་བླ་མའི་སྐུ་ལ་ཐིམ་པ་རྣལ་འབྱོར་མ་འགས་མཐོང་ངོ་། །དེ་ནས་ནམ་ལངས་སུ་ཉེ་བ་ན་ཐམས་ཅད་ན་རེ་ནམ་ལངས་སུ་ཉེ་མཁའ་འགྲོ་ཡང་གྱེས་ལས་ཆེ་ཟེར་བ་ལ། རྣལ་འབྱོར་མ་སྔོ་སངས་ཞིག་ཉམས་འུར་ནས་འཁྲབ་པས། མཁའ་འགྲོ་སྤྲིན་ལྟར་འཐིབས་པ་འདི། །དྲིན་ཅན་བླ་མའི་གྲུབ་རྟགས་ཡིན། །ཆོས་སྐྱོང་བླ་མ་བྲན་ལྟར་ཁོལ་བ་འདི། །དྲིན་ཅན་བླ་མའི་ཕྲིན་ལས་ཡིན། །འགྲོ་དྲུག་བུ་བཞིན་སྐྱོང་པ་འདི། །དྲིན་ཅན་བླ་མའི་ཐུགས་རྗེ་ཡིན། །ཉམ་ཆུང་མཐོ་རིས་འདྲེན་པ་འདི། །དྲིན་ཅན་བླ་མའི་བྱང་སེམས་ཡིན། །ཅི་ཡོད་ཆོས་ཕྱོགས་གཏོང་བ་འདི། དྲིན་ཅན་བླ་མའི་རྣམ་ཐར་ཡིན། །ཟེར་རོ། །དེ་ནས་ཉི་ཤུ་དྲུག་གི་དྲོ་ཁར་རྣལ་འབྱོར་མ་བླ་ཡེར་ཉལ་དུས། སྐྱེས་པ་ལོ་བཅོ་བརྒྱད་ལོན་པ་ཕོད་ཀ་ཅན་དང་། བུ་མོ་ལོ་བཅུ་དྲུག་མ་ཤིན་ཏུ་མཛེས་པ་ཞིག་དང་། མཁའ་འགྲོ་མང་པོ་བར་སྣང་ལ་འཆམ་པོ་མཛད་པ་མཐོང་ནས། ཆོས་གསུངས་ཏེ་དེ་རྣམས་ཉན་ཅིང་བླ་མ་ལོངས་སྐུའི་ཆ་ལུགས་སུ་མཐོང་ངོ་། །མཚན་དུས་རྣལ་འབྱོར་མ་འགའ་གཟིམ་ཆུང་ཡོད་དུས། བུད་མེད་སྐྲའི་གོས་ཅན་རལ་པས་གནམ་ས་ཁེབས་པ་རིན་པོ་ཆེའི་བརྒྱན་པ་ཞིག་དང་། །སྔགས་པ་དཀར་པོ་ཞིག་དང་། བཀའ་སྲུང་གི་རིགས་མོན་པ་དང་། ཨ་ཙ་རའི་རྣམ་པ་མང་པོ་གཏོར་མ་ལེན་དུ་བྱོན་དུས། རྣལ་འབྱོར་པ་འོད་ཟེར་མཐའ་ཡས་བྲེད་དེ་འདི་ན་ཚུར་བྱུང་ངོ་ཟེར་རོ། །དེ་ནས་སང་ཉི་ཤུ་བདུན་ཁྲིད་འཆད་དུས། སྔར་གྱི་སློབ་མ་དམ་ཚིག་ཉམས་པ་ཞིག་བྱུང་བས། གྲིབ་ཀྱིས་ཐམས་ཅད་སྐད་འགགས་རིག་པ་མིག་གསལ་ཏེ་སང་གནང་བར་ཆད་འོད་ཟེར་བ་དེ་ཡིན་པར་སྣང་ངོ་། །དོ་ནུབ་སྲོད་ལ་བླ་མའི་དྲུང་དུ་བུ་མོ་ལོ་བཅུ་དྲུག་ལོན་པ་དར་ཟབ་ཅན་གཉིས་བདུད་རྩི་གསོལ་ཞལ་བཀང་བ་འདྲེན་པ་འོད་
ཟེར་མཐའ་ཡས་ཀྱིས་མཐོང་ངོ་། །མཁའ་འགྲོ་མང་པོས་ཕྱག་དང་བསྐོར་བ་ཡང་བྱེད་དོ། །དེ་དུས་རྣལ་འབྱོར་མ་དཀར་སངས་ཞིག་གིས་གཟིམ་ཆུང་དུ་བུད་མེད་གཉིས་སོང་བ་མཐོང་ངོ་། །དེའི་ཐོ་རངས་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱིས་སྐད་མ་ཐོན་པར་བླ་མ་ལ་ཞུས་པས། ན་རག་གི་སྐོང་བཤགས་མཛད་པས། འཕྲལ་ལ་ནམ་མཁའ་དྭངས་ཤིང་གྲིབ་སངས་ཏེ། བླ་མའི་ནམ་མཁའ་ལ་པདྨའི་སྡོང་པོ་ལ་པཎྜི་ཏ་ལྔ་ཙམ་རེས་སྣང་རེས་མི་སྣང་ཞིང་། འདབ་མ་ལ་བྱིས་པའི་གཟུགས་ཕྲ་མོས་བརྒྱན་པ་མཐོང་ནས་དགའ་སྟོན་མཛད་དོ། །དེ་ཉིན་ཉི་ཤུ་རྩ་བརྒྱད་ལ་ཆོས་གསུང་དུས་ལྷོ་ནུབ་ནས་སློབ་དཔོན་པདྨ་དཀར་གསལ་ཟ་འོག་གི་བེར་དང་ཤ་བའི་མཉེན་ཞུ་ཅན་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་བྱོན་ནས་བླ་མ་ལ་ཐིམ་པ་རྣལ་འབྱོར་མ་གསུམ་ཙམ་གྱིས་མཐོང་ངོ་། །དེ་ནུབ་སྲོད་ལ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱིས་ཁོང་རང་བླ་མའི་དྲུང་ན་གཅེར་བུ་རུས་པ་དང་རིན་པོ་ཆེའི་བརྒྱན་ནས་བླ་མའི་སྟེང་གི་ནམ་མཁའ་ལ་བུན་བུན་འགྲོ་བས་མཆོད་པ་བྱེད་པར་མཐོང་ངོ་། །དེ་དུས་ནམ་མཁའི་དཀྱིལ་ན་ཚུར་བུད་མེད་སྨུག་ནག་གསུམ་འཁྲབ་ཅིང་། །ང་ཡོང་ཡོང་བདེ་ཆེན་གྱི་གནས་ནས་ཡོང་། །ལས་ཅན་གྱི་སློབ་མ་ཉུལ་དུ་ཡོང་། །དམ་ཚིག་གི་གཙང་སྦྲ་ལྟ་རུ་ཡོང་། །འགྲོ་དོན་མཛོད་ཅིག་རིགས་ཀྱི་བུ། །ཟེར་བ་བླ་མ་དང་རྣལ་འབྱོར་ཕོ་མོ་ལྔ་དྲུག་ཙམ་གྱིས་མཐོང་ཞིང་། བླ་མ་ཡང་ལོངས་སྐུར་སྣང་ངོ་། །ཡང་ཉི་ཤུ་དགུའི་སྔ་དྲོ་རྣལ་འབྱོར་མ་ཞིག་ན་རེ་ཆང་བསིང་རན། མཁའ་འགྲོ་མང་པོ་འདུས་ནས་འདུག་ཟེར་རོ། །དེ་ནུབ་ལུང་བསྟན་པའི་དགའ་སྟོན་བྱེད་པས་ཚོགས་གཏོར་ཤོམས་ཤིག་གསུངས་པས། ཇི་ལྟར་བཤམ་ཞུས་པས། བླ་མས་དབུས་སུ་དཔལ་ཡོན་ཏན་ཐམ་ཅད་རྒྱས་པར་བྱེད་པའི་དཔལ་གཏོར་ཆེན་པོ་གཅིག །ཤར་དུ་རྡོ་རྗེ་ཕག་མོ་སྲོག་སྒྲུབ་གཉིས་ལ་དཔལ་གཏོར་རེ། རྡོ་རྗེ་གཡུ་སྒྲོན་ལ་སྨན་ལེབ་གཅིག །དམར་ནག་གི་གཟའ་བཤོས་ཕྱེད་ཏེལ་ཅན་གཅིག །ལྷ་
རབས་མཆེད་དགུའི་ཟླུམ་གཏོར་གཅིག །བསྟན་མ་བཅུ་གཉིས་ཀྱི་སྨན་ལེབ་གཅིག་དང་དཔལ་གཏོར་གཉིས། ལྡང་ལྷའི་བཙན་བཤོས་གཅིག །བྱང་གི་མགོར་སྔགས་སྲུང་གི་དཔལ་གཏོར་གཅིག །མཁའ་འགྲོ་སྤྱིའི་ཟླུམ་གཏོར་གཅིག །གཟའ་བདུད་ཀྱི་བཤོས་བུ་དགུ་བསྐོར་ཅིག །དམ་ཅན་གྱི་བཤོས་བུ་མཁར་ཐབས་ཅིག པེ་དཀར་གྱི་གསང་བསང་ཕྱི་གཅིག །ནུབ་ཏུ་རེ་མ་ཏི་མཆེད་ལྔའི་དཔལ་གཏོར་རེ། གཞི་བདག་གི་དཀར་གཏོར་གཅིག ། ལྷོར་ལེགས་ལྡན། གདོང་བཞི་པ། མི་ཐུང་། བྱ་རོག་མ་སེང་གེའི་གདོང་ཅན་རྣམས་ཀྱི་དཔལ་གཏོར་རེའི་མཐར་མགྲོན་གློ་བུར་པའི་ཟླུམ་གཏོར་གཅིག ། ཕ་ཚད་དུ་བགེགས་གཏོར་གཅིག་རྣམས་ཤོམས་ཤིག་གསུངས་སོ། །དེ་དུས་བསངས་ཆུ་མ་བྲན་པ་དང་། ཤ་བརྗེད་པ་དང་། བདུད་རྩི་བརྗེད་པ་རྣམས་ལ། ངའི་དེར་མ་བྱུང་ཟེར་དུས་བལྟས་པས་མི་འདུག་ནས་གསོས་སོ། །བདུད་རྩིའི་མཆོད་པའི་སྐབས་སུ་མདུན་གྱི་ནམ་མཁའི་པད་སྡོང་ལས་སློབ་དཔོན་པདྨ་ཟ་འོག་གི་འཇོལ་བེར་ཤ་བའི་གཉེན་ཞུ་ཅན། རྡོ་རྗེ་དྲིལ་བུ་འཛིན་པའི་གཡས་སུ་བི་མ་ལ་དཀར་པོ་པཎྜི་ཏའི་ཆ་བྱད་གཡས་པོ་ཏི་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་གཞག་ཅན། མཁུར་ཚོས་གཉིས་རྒྱ་སྐེགས་ཀྱིས་བྱུགས་པ་འདྲ་བ་དང་། མདུན་ན་མཁའ་འགྲོ་མང་པོས་མི་རྐང་གི་གླིང་བུ་འབུད་ཅིང་། གཡོན་དུ་རྡོ་རྗེ་ཕག་མོའི་སྐུ་གཅིག་གིས་ནམ་མཁའ་གང་བ་མཁའ་འགྲོའི་ཆ་བྱད་ཅན་དང་། རྒྱབ་ན་ཚུར་སྔགས་པ་མང་པོ་འཆམས་ཤིང་། མཁའ་འགྲོ་གསེར་གྱི་གོ་ཤུབས་ཅན་གླུ་གར་བྱེད་པ་མང་པོས་བསྐོར་ནས་བཞུགས་པ། རྣལ་འབྱོར་མ་ཞིག་གིས་མཐོང་དུས་དེ་དག་གིས་བླ་མ་ལ་དབང་བ སྐུར་ནས་ཐིམ་པ་དང་། བླ་མས་བཞེངས་ཏེ་ངས་རྡྭོ་རྗེའི་གླུ་སྔར་མི་ཤེས་པ་ཞིིག་བླང་ངོ་གསུངས་ནས་བཞེངས་པ། དགའ་འོ་སྐྱིད་དོ་རྣལ་འབྱོར་ཀུན། །དུས་དོ་ནུབ་འོག་མིན་དག་པའི་ཞིང་། །རང་ལུས་ལྷ་ཡི་ཕོ་བྲང་ན། །སྟོང་གསལ་ཞི་ཁྲོའི་དཀྱིལ་
འཁོར་རྒྱས། །སངས་རྒྱས་ཕྱི་ན་མེད་དེ་ནང་ན་ཡོད། །དུས་དོ་ནུབ་བདེ་ཆེན་གྱི་ཉི་ཟླ་ཤར། །མ་རིག་གི་མུན་པ་སངས་སྙིང་འདོད། །འཁོར་བའི་རྒྱ་མཚོ་སྐམ་སྙིང་འདོད། །བདག་འཛིན་གྱི་སྤྲིན་ཚོགས་དེངས་པ་ཡིན། །ཆོས་བརྒྱད་ཀྱི་མཁར་སྤེ་ཞིག་པ་ཡིན། །རེ་དོགས་ཀྱི་འཕྲང་ལས་འདས་པ་ཡིན། །འདི་དཔལ་ལྡན་བླ་མའི་བཀའ་དྲིན་ཡིན། །བླ་མ་ཕྱི་ན་མེད་དེ་ནང་ན་ཡོད། །ཀ་དག་ལྷུན་གྲུབ་ཀྱི་བླ་མ་དེ། །གསལ་སྟོང་འཛིན་མེད་ཀྱི་ངང་ལ་བཞུགས། །འཆར་སྒོར་སྣ་ཚོགས་ཀྱི་མཎྜལ་འབུལ། །རྟོག་མེད་རང་མདངས་ཀྱི་ཡོན་ཆབ་འབུལ། །རང་གསལ་འཛིན་མེད་ཀྱི་མེ་ཏོག་འབུལ། །རང་གྲོལ་ཆིག་ཆོད་ཀྱི་བདུག་སྤོས་འབུལ། །ཉིན་མཚན་ཁ་སྦྱོར་སྣང་གསལ་འབུལ། །འཛིན་མེད་རང་ཤར་གྱི་དྲི་ཆབ་འབུལ། །དགའ་བདེ་ལྷུན་གྲུབ་ཀྱི་ཞལ་ཟས་འབུལ། །གྲགས་སྟོང་སྐྱེ་མེད་ཀྱི་སིལ་སྙན་འབུལ། །ཕྱི་སྣ་ཚོགས་ཡུལ་གྱི་མཆོད་པ་རྣམས། །ཤར་གྲོལ་འཛིན་མེད་ཀྱི་ངང་ནས་འབུལ། །ནང་འབྱུང་བཞི་ལུས་ཀྱི་གཏོར་གཞོང་དུ། །ཙིཏྟ་ཟུར་བརྒྱད་ཀྱི་གཏོར་མ་ལ། །དཔའ་བོ་རྣམ་ལྔའི་གཏོར་རྒྱན་བཙུགས། །དྭངས་མ་ཆེན་པོའི་བདུད་རྩིས་བྲན། །བདེ་གསལ་འཛིན་མེད་ཀྱི་མཆོད་པ་འབུལ། །གསང་བ་ཀུན་གཞིའི་བྷནྡྷ་རུ། །རྣམ་ཤེས་ཚོགས་བརྒྱད་ཀྱི་སྨན་རག་བླུགས། །འགྱུ་བ་སེམས་ཀྱི་དྲི་བསུང་ཅན། །ངོ་བོ་སྟོང་གསལ་གྱི་བདུད་རྩི་འདི། །ཤར་གྲོལ་དུས་མཉམ་གྱི་སྐྱེས་བུ་ཡིས། །གཞི་རྫོགས་གདོད་མའི་ལྷ་ལ་འབུལ། །སེམས་དག་ཡེ་ཤེས་ཀྱི་ནམ་མཁའ་ལ། མངོན་སུམ་འོད་གསལ་གྱི་ཉི་ཟླ་ཤར། ཉམས་སྣང་གོང་འཕེལ་གྱི་ཟེར་གདངས་འཕྲོ། །རིག་པ་ཚད་ཕེབས་ཀྱི་དཀྱིལ་འཁོར་གང་། །ཆོས་དབྱིངས་ཟད་པའི་མཁའ་དབྱིངས་སུ། །ལྷུན་གྲུབ་འོད་གསལ་གྱི་ཞིང་ཁམས་དེ། །ཀ་དག་ཆོས་ཟད་ཀྱི་ངང་དུ་ཐིམ། །ཐིམ་ལ་མ་རྨུགས་བུམ་
པའི་སྐུ། །གསལ་བ་འཛིན་མེད་རིག་པའི་གདངས། །གཡོ་མེད་ཆོས་སྐུའི་ངང་ལ་བཞུགས། །གང་ལ་གང་འདུལ་གྱི་འགྲོ་དོན་མཛད། །འདི་བྱ་རྩོལ་མེད་པའི་འབྲས་བུ་ཡིན། །དགའ་འོ་སྐྱིད་དོ་རྡོ་རྗེ་སྤུན། །ཚེ་འདི་ཡང་བདེ་སྟེ་ཕྱི་མ་བདེ། །བར་དོ་རང་ངོ་ཤེས་པས་བདེ། །ལུས་མི་འགྱུར་རི་བོའི་དགོན་པ་ན། །སེམས་གཅིག་པུར་གནས་པའི་བསམ་གཏན་ལ། །ཡིད་གཅིག་ལ་མ་འཛིན་གང་བདེར་ཐོང་། །སེམས་འཕྲོ་ཡང་སྟོང་ལ་གནས་ཀྱང་སྟོང་། །གང་ཤར་ཡེ་ཤེས་ཀྱི་རོལ་པ་ཡིན། །འདི་གཉིས་འཛིན་ཟད་ན་ལོས་ཀྱང་ཡིན། །སྐྱེ་མེད་རྣམ་དག་གི་སེམས་ཉིད་དེ། །ཆོས་དབྱིངས་ཡེ་ཤེས་ཀྱི་རིག་གདངས་ཡིན། །གནས་ཀྱང་མི་ལྟོ་གང་བདེར་ཞོག །བསམ་མནོ་དགག་སྒྲུབ་ཀྱི་འཆར་གཞི་དེ། །མེ་ལོང་ཡེ་ཤེས་ཀྱི་རིགས་གདངས་ཡིན། །སེམས་འཕྲོ་ཡང་མི་ལྟོ་གང་བདེར་ཐོང་། །སེམས་གཉིས་མེད་མཉམ་པའི་ངང་གཅིག་པ། །མཉམ་ཉིད་ཡེ་ཤེས་ཀྱི་རིག་གདངས་ཡིན། །སེམས་གནས་ཀྱང་མི་ལྟོ་གང་བདེར་ཞོག །སེམས་ཡུལ་ལ་དགའ་བའི་འདོད་ཆགས་ཅན། །ཀུན་རྟོག་ཡེ་ཤེས་ཀྱི་རིག་གདངས་ཡིན། །སེམས་ཆགས་ཀྱང་མི་ལྟོ་རང་ངོ་ལྟོས། །སེམས་དགག་སྒྲུབ་ཐོལ་བྱུང་གི་རིག་པ་དེ། །བྱ་གྲུབ་ཡེ་ཤེས་ཀྱི་རིག་གདངས་ཡིན། །སེམས་འགྱུས་ཀྱང་མི་ལྟོ་གང་བདེར་ཐོང་། །རིགས་ལྔ་ལྷུན་རྫོགས་ཀྱི་རིག་པ་འདི། །ཡེ་བཞུགས་ཚུལ་ཤེས་པས་གྲོལ་བ་ཡིན། །དཔེ་རྨི་ལམ་རང་ངོ་ཤེས་པ་བཞིན། །དེ་ཀློང་དུ་གྱུར་ན་ལོས་ཀྱང་གྲོལ། །འདི་ལྟ་བ་ཁྲེགས་ཆོད་ཀྱི་གདམས་པ་ཡིན། །འོད་གསལ་ལྷུན་གྲུབ་ཀྱི་སྒོམ་པ་ནི། །ལུས་མི་གཡོ་འོད་ཀྱི་ཁང་བུ་ན། །རྩ་དྲི་མེད་ཤེལ་ཀྱི་སྦུ་གུ་ཅན། །དེ་རྒྱང་ཞགས་ཆུ་ཡི་སྒྲོན་མར་འབྲེལ། །གནས་རིན་ཆེན་རྒྱ་མཚོར་འབྲེལ་བའི་གདངས། །ཕྱི་སྤྲིན་བྲལ་ནམ་མཁའི་
དཀྱིལ་དུ་ཤར། །ནང་ཡེ་ཤེས་འོད་ལྔ་ཁ་དོག་ལྔ། །ཟ་འོག་བེར་ཁྱིམ་རིས་སུ་སྣང་། །དེ་ཐིག་ལེ་སྟོང་པའི་སྒྲོན་མས་བརྒྱན། །དབུས་རིག་པ་རྡོ་རྗེ་ལུ་གུ་རྒྱུད། །ཐིག་ལེ་ཐིག་ཕྲན་འབྲེལ་བ་ནི། །འཛམ་བུ་ཆུ་བོའི་གསེར་སྐུད་ལ། རྨ་བྱའི་མདོངས་ཀྱིས་བརྒྱན་པ་འདྲ། སུམ་བསྒྲིགས་འོད་ཀྱི་སྣང་བ་འདི། །ཆོས་ཉིད་མངོན་སུམ་གྱི་རང་སྣང་ཡིན། །དེ་གོང་དུ་འཕེལ་བའི་སྣང་བ་ལ། །ཡེ་ཤེས་མཁར་ཐབས་ཀྱི་སྣང་བ་དང་། །ལྔ་ལྡན་འོད་ཀྱི་པདྨ་སྟོང་། །རྩིབས་རྒྱུག་རིན་ཆེན་དྲ་བ་དང་། །འོད་ལྔ་ཤེལ་གྱི་མཆོད་རྟེན་མཐོང་། །ཐིག་ལེ་སྟོང་པའི་ཁང་པ་རུ། །ཐིག་པའི་ས་བོན་ཡིག་འབྲུ་དང་། །རྣམ་པ་སྣ་ཚོགས་ཀྱི་ཕྱག་མཚན་དང་། །ཡོངས་རྫོགས་སྐུ་ཡི་སྣང་བ་ལ། །ཕྱོགས་མཚམས་འོད་ལྔའི་ཟེར་གདངས་འཕྲོ། རིག་པ་ཚད་ཕེབས་ཀྱི་སྣང་བ་ལ། །དེ་རྣམས་ལྔ་ལྔ་ཟུང་འབྲེལ་མཐོང་། །གང་བལྟས་འོད་ཀྱིས་འཇིག་རྟེན་ཁྱབ། །སྙིང་གར་ཟེར་ཐག་ཟུག་པ་མཐོང་། །དེ་ཚེ་རང་ལུས་གཅིག་གཡོ་བས། །ཕྱོགས་བཅུའི་ཞིང་རྣམས་གཡོ་བ་དང་། །རང་ལུས་ཏིང་འཛིན་མཉམ་གཞག་པས། །ཐམས་ཅད་མཉམ་པར་འཇོག་པ་དང་། །སྐུ་རྣམས་ཚངས་པའི་གསུང་དབྱངས་ཀྱིས། །ཆོས་ཀྱི་རྔ་ཆེན་སྒྲོགས་པ་དང་། །ས་དང་ལམ་གྱི་ཡོན་ཏན་རྫོགས། །དེ་བཞིན་རིམ་གྱིས་ས་རྣམས་ཀྱི། །ཡོན་ཏན་གོང་དུ་འཕེལ་བ་དང་། །དེར་འཛིན་ཟད་པའི་སྣང་བ་གཉིས། །མི་འགལ་གཅིག་ཏུ་འདུ་བ་ནི། །ཆོས་ཉིད་ཟད་པའི་སར་ཕྱིན་ཏེ། །རྡོས་བཅས་ལུས་དང་རྟོག་ཚོགས་ཟད། །རྣམ་སྨིན་ལས་དང་བག་ཆགས་ཟད། །མ་རིག་འཁྲུལ་གཞིའི་ས་བོན་ཟད། །སྣང་བ་རྣམས་ལ་འཛིན་པ་ཟད། །རྡོས་བཅས་དག་པས་འཕེལ་སྒོ་ཟད། །རང་ལུས་ཤེལ་གྱི་ཁང་པ་རུ། །འོད་ལྔ་ཡུལ་གྱི་འཕྲོ་འདུ་ལྟོས། །འོད་དང་རིག་པ་གར་འཇུག་ཀྱང་། ལྷུན་གྲུབ་ཀ་དག་ངང་
དུ་ཐིམ། །ཀ་དག་གཞི་ལ་བཙན་ས་ཟིན། །ནང་གསལ་སྐུ་གསུམ་འདུ་འབྲལ་མེད། །ཆོས་སྐུའི་ངང་ལ་གཟུགས་སྐུ་བཞུགས། །གདུལ་བྱའི་འཇིག་རྟེན་གང་ཡོད་དུ། །ཆོས་སྐུའི་ངང་ལས་མ་ག ཡོས་པར། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུས། །འགྲོ་བའི་དོན་གཉིས་རྒྱུན་མི་འཆད། །ཚེ་འདིར་གྲོལ་བའི་གདམས་པ་ཡིན། །བར་དོའི་འཕྲང་ལ་འགྲོ་རྩ་ན། །འབྱུང་བ་རྣམས་ནི་རིམ་གྱིས་ཐིམ། །འོད་གསལ་བ་ལ་ཞུགས་པ་ན། །རང་ངོ་ཤེས་པས་གདོད་མར་གྲོལ། །དེ་བཞིན་ཚོམ་བུ་ཡེ་ཤེས་དང་། །ལྷུན་གྲུབ་རང་ངོ་ཤེས་པས་གྲོལ། །རང་གྲོལ་མེ་ལོང་མཐོང་བ་ཡིན། །སྐུ་གསུམ་བཙན་ས་ཟིན་པ་ཡིན། །སྤྲུལ་པའི་ཞིང་དུ་འདི་ལྟར་འགྲོ། །ཤར་མངོན་དགའ་མི་འགྱུར་རྡོ་རྗེའི་ཞིང་། །འདི་རང་སྣང་སྟོན་པའི་ཞབས་དྲུང་དུ། །རང་ཤར་གྱི་དམ་ཆོས་ཉན་དང་གཅིག །རང་གྲོལ་གྱི་འཛིན་པ་ཞིག་དང་གཉིས། །ལྷུན་གྲུབ་ཀྱི་རང་ངོ་ཤེས་དང་གསུམ། །གཞི་རྩ་ཆོད་པའི་དོན་རྟོགས་ནས། །ལྷོ་དཔལ་དང་ལྡན་པར་དབང་བསྐུར་ཏེ། །ནུབ་པདྨ་བརྩེགས་པར་ལུང་བསྟན་ནས། །བྱང་ལས་རབ་གྲུབ་པར་དབུགས་ཕྱུང་སྟེ། །གདོད་མའི་ངང་དུ་རྫོགས་སངས་རྒྱས། །བཞེས་དགའ་འོ་སྐྱིད་དོ་རྡོ་རྗེའི་སྤུན། །ནང་འོད་ལྔའི་འགྲོ་ལྡོག་ཤེས་པ་ཡིས། །ཕྱི་འོད་གསལ་གྱི་ཉི་ཟླ་རྒྱུན་དུ་འཆར། །ནང་རྟོགས་པའི་གཞི་རྩ་ཆོད་པ་ཡིས། །ཕྱི་རྐྱེན་ངན་བདེ་ཆེན་གྱི་གྲོགས་སུ་འཆར། །ནང་དངས་མའི་ཐིག་ལེའི་རྒྱས་པ་ཡིས། །ཕྱི་མཁའ་འགྲོའི་སྤྲིན་ཕུང་རྒྱུན་དུ་འདུ། །ནང་འོད་རྩའི་མདུད་པ་གྲོལ་བ་ཡིས། །ཕྱི་གཟུང་འཛིན་གྱི་མདུད་པ་རང་སར་གྲོལ། །བདེ་ཆེན་འོད་གསལ་གྱི་ས་ལ་འགྲོ། །འདི་དགའ་འོ་སྐྱིད་དོ་རྡོ་རྗེའི་སྤུན། ཞེས་གསུངས་པས་མཁའ་འགྲོ་རྣམས་ཀྱང་དགྱེས་སོ། །དེའི་སང་གནམ་གང་ལ་མཁའ་འགྲོ་དཔག་ཏུ་མེད་པ་རྣལ་
འབྱོར་ཕོ་མོ་ཕལ་གྱིས་མཐོང་ངོ་། །སྲོད་ལ་བུད་མེད་སྐྲའི་ལན་ཚར་ཅན་ནམ་མཁའ་ཁེངས་པ་ཅིག་ན་རེ་ང་ལ་གཏོར་མ་སློང་ཟེར་བ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱིས་མཐོང་ངོ་། །དེ་ནས་དར་ཅིག་ན་ཕྱོགས་ཐམས་ཅད་ནས་བསོ་སྒྲ་འུར་སྒྲ་སིལ་ཆོམ་ལ་སོགས་པ་ཐམས་ཅད་ཀྱིས་ཐོས་སོ། །དར་ཅིག་ན་སྔར་ཉི་ཤུ་བརྒྱད་ཀྱི་ཉིན་པར་གྱིས་སྣང་བའི་མགྲོན་རྣམས་བྱོན་དུས་ཚོགས་གཏོར་བཏང་བས། བུད་མེད་མཐིང་ནག་ཅིག་རྣལ་འབྱོར་མ་ཞིག་གི་སྤྱི་བོ་ལ་ཐིམ་པ་རྣལ་འབྱོར་པ་རིན་ཆེན་འོད་འཕྲོས་མཐོང་ནས་འཁྲབ་བོ། རྣལ་འབྱོར་མས་སློབ་དཔོན་པདྨ། བི་མ་ལ་མཚོ་རྒྱལ་གསུམ་བྱོན་པ་མཐོང་ངོ་། །དེ་དུས་གཡུ་སྒྲོན་མ་དཀར་མོ་མཆེད་བདུན་ལྡེམ་བག་དང་ལྡན་པ་བྱོན་ནས། བླ་མ་ལ་ཕྱག་འཚལ། རེས་རྣལ་འབྱོར་མ་ལ་ཐིམ་ནས། ང་རྡོ་རྗེ་གཡུ་སྒྲོན་མ་ཡིན་ངའི་གནས་སུ་གཤེགས་པར་ཞུ་ཟེར་རོ། །བླ་མས་ང་ཁྱོད་ཀྱི་གནས་སུ་རྒྱུན་དུ་སྡོད་དགོས་གསུངས་པས། རྒྱུན་དུ་བཞུགས་ན་དང་དགའ་སྟེ་དགུན་སྟོད་ཙམ་ལས་མི་བཞུགས་པ་འདུག་ཟེར་རོ། ཁྱེད་ང་ལ་འགོ་བ་ཅི་ཡིན་དྲིས་པས། གུ་རུས་དམ་ལ་བཏགས་ནས་ཆོས་གཏེར་གྱི་ཕྱི་ལ་འབྲངས་པ་ཡིན་ཟེར་རོ། །ཆོས་ནི་ཕ་གི་ན་ཡོད། འདོན་མཁན་ནི་ཤི། འདིར་ཅི་བྱེད་དྲིས་པས། ཆོས་ཕ་གི་ན་ཡོད་ཀྱང་དོན་འདི་ན་ཡོད་ཁྱེད་ཚེ་འཕོས་ཀྱང་སྐལ་ལྡན་ཚེ་མ་འཕོས་པས་འོངས་པ་ཡིན་ཟེར་རོ། །བཀང་སྲུང་དུ་ཡོད་དྲིས་པས། མང་པོ་ཡོད། ཁྱད་པར་དུ་དཔལ་རྡོ་རྗེ་ཕག་མོ། སྲོག་སྒྲུབ་ནག་མོ། གནོད་སྦྱིན་དམར་ནག །རྡོ་རྗེ་གཡུ་སྒྲོན་མ་ང་རྣམས་ཡོད། ལྷ་རབས་མཆེད་དགུ །བསྟན་མ་བཅུ་གཉིས། ལྡང་ལྷ་རྣམས་ཀྱང་ཡོད་ཟེར་རོ། ཁྲིད་ལ་མི་དུ་འཇུག་ཁྲིད་ཐེབས་དུ་ཡོད་དྲིས་པས། བཅུ་གཅིག་ཡོད་དང་པོ་གསུམ་གཉན་པས་མི་གསུམ་དང་། བཞི་དང་ལྔ་རྣམས་རིམ་པ་བཞིན་ཆུག །ལྷག་མ་དགུ་ལ་བདུན་བདུན་མཛོད། ལར་ནི་འདི་ཤིན་དུ་གཉན་པས་སྐུ་ཚེ་ལ་བར་ཆད་འོང་ཉན་ཡོད། ཁྲིད་ཐེབས་ཉུང་
ན་དགའ་ཟེར་རོ། །ངའི་གཏེར་ཤོག་རྣམས་ཨེ་ཡོད་དྲིས་པས། སིབ་སིབ་ངེད་རྣམས་ཀྱིས་ཡིད་བསྒུལ་བ་ཡིན་མོད་ཟེར་རོ། །དེ་ནས་དར་ཅིག་ན་ངས་ཁྱེད་ལ་དབུ་རུ་དངོས་གྲུབ་བྱིན་པ་ཨི་དྲན་ཟེར་བ་ལ། བླ་མས་ལྕོག་ལར་སྒྲུབ་པ་བྱེད་དུས་ཐོ་རངས་ཤིག་མཁའ་འགྲོ་མ་གསེར་གྱི་གོ་ཞུབ་ཅན་ཞིག་བྱོན་ནས་དབུ་རྒྱན་བསྐོན་པས་ཉམས་རྟོགས་བཟང་པོ་སྐྱེས་པ་དེ་ལགས་སམ་དྲིས་པས། ཡིན་ཟེར་རོ། ཁྱེད་གཡུ་སྒྲོན་མ་ཨེ་ཡིན་དྲི་པས། མིན་མིན་རྡོ་རྗེ་ཕག་མོ་ཡིན་ངོ་མི་ཤེས་སམ་ཟེར་རོ། །འདི་ནས་ཐིག་ལེ་གཙོ་བོར་བཤད་ནས་དབང་གསུམ་པ་རྟེན་ཅན་དུ་སྐུར་བ་འདི་ཇི་ལྟར་ལགས་དྲིས་པས། དེ་ཆགས་ཅན་འཇུག་པ་ལ་དགོངས་པ་ཡིན། ཆགས་བྲལ་ལ་ཡིད་རིག་ཙམ་གྱིས་བསྐུར་བ་ཡིན་ཟེར་རོ། །ངོ་སྤྲོད་ཀྱི་སྐབས་སུ་རྟོག་པ་སྐྱེ་མེད་དུ་འཇོག་པ་དང་བློ་རྩིས་མེད་དུ་འཇོག་པ་གང་ཡིན་དྲིས་པས། རྟོག་པ་ལ་གཉེན་པོས་ཅི་བྱེད། ཡེེ་གྲོལ་ཀློང་ཡངས་ཆེན་མོའི་དགོངས་པར་ངོ་སྤྲོད་ཅིག་ཟེར་རོ། འོ་ན་སྙིང་ཏིག་འདི་བཤད་པ་མང་པོ་འདུག་པ་ངས་བཤད་ཅི་དགོས། ལུང་བྱེད་པ་ཀརྨ་པ་དང་། རིན་ཆེན་གླིང་པ་ལ་སོགས་པ་འདུག་པ་ལ་བརྗོད་པས། དེ་རྣམས་ཀྱིས་བཤད་པ་ལ་ངེད་མི་དགའ། ལུང་དག་རྫ་ལ་ཡང་ཡོད་དེ་དེས་གར་ཆོག །བདག་པོ་རེ་ཡོད་པས་དེ་དགོས་པ་ཡིན་མོད་ཟེར་རོ། རིན་ཆེན་གླིང་པའི་གཏེར་རྣམས་ཅི་འདྲ་ཡིན་དྲིས་པས། ཡིན་པ་ཡིན་དག་པོ་མེད་ཟེར་རོ། །ངས་ནི་ཁྱེད་མ་བསྒོམ་ན་གྲུབ་པ་ཅི་ཡིན་དྲིས་པས། ང་ལ་སྒོམ་པའི་ལྷ་འདུག་གམ། བཟླས་པའི་སྔགས་འདུག་གམ། མཆོད་པའི་ཡུལ་འདུག་གམ། རྣལ་འབྱོར་དམ་ཚིག་དང་རྟོགས་པ་ལྡན་པ་ཀུན་ལ་རྒྱུན་དུ་ཡོད་པ་མི་ཤེས་སམ། ཁྱེད་ཀྱིའང་ཚེ་རབས་ཐམས་ཅད་དུ་ང་དང་འདུ་འབྲལ་མེད་པ་ཡིན་ཟེར་རོ། །མཆིམས་ཕུར་སྦས་པའི་ལྷ་ལྕམ་གྱི་ནོར་ཡོད་པ་དེ་ཅི་འདྲ་ཞིག་ན་འདུག་དྲིས་པས། བྲག་ལྷ་བཤོས་འ དྲ་བ་ཞིག་ལ་རྩེ་མོ་མེད་པ་ཞིག་ན་འདུག །ད་རུང་དུས་ལ་མ་བབ་ཟེར་
རོ། །བི་མ་ལའི་གཏེར་དེ་ཇི་ཙམ་ན་འདོན་དྲིས་པས། ད་ནས་ལོ་བཅོ་ལྔ་ན་སྔགས་པ་དཀར་པོ་ཞིག་གིས་བཏོན་ནས་བསྒྱུར་ཏེ་དར་བར་བྱེད། དེ་ན་ཟབ་པ་པོད་བཞི་འདུག ཁྱེད་རང་གི་ལག་ཏུ་ཡོད་པ་འདུག་ཟེར་རོ། །དེ་ནས་ཟླ་བ་ཚེས་པའི་ཚེས་གཅིག་ལ་རྣལ་འབྱོར་པ་འོད་ཟེར་གོ་ཆ་དཔེ་ལེན་དུ་བཏང་ནས། ལམ་དུ་འོངས་དུས་འཇའ་ཚོན་གྱི་སྣ་དཔེ་ལ་ཟུག་ཅིང་འཁོར་བ་དང་། ཁྱད་པར་དུ་འཕྱུག་པོ་བྲག་ཏུ་སླེབས་པའི་མཚན་མོ་དེ་དང་རི་མོ་ཅན་གཉིས་འཇའ་ཚོན་ཁ་དོག་ལྔས་འབྲེལ་བ་རྣལ་འབྱོར་ཕོ་མོ་ཀུན་གྱིས་མཐོང་ངོ་། །དགེ་བཤེས་བློ་རིན་གྱི་རྨི་ལམ་དུ་བུད་མེད་ཅིག་ན་རེ། ཁོང་མཐའ་ལ་བཞུད་དགོངས་ཀྱང་ངེད་མི་གཏོང་དགོས་པར་ཡོད་ཟེར་ཞིང་འདུག་པ་བཤད་དོ། །ཚེས་དགུ་ལ་དཔེ་རྣམས་གདན་དྲངས་ཏེ་དེ་ནུབ་སྐོང་བཤགས་མཛད་ནས་ཚོགས་ལ་རོལ་དུས། མཁའ་འགྲོ་བབས་ནས། བླ་མ་དང་སློབ་མ་གདམས་པར་འཛོམ་ཟེར་ཞིང་གར་མང་པོ་མཛད་དོ། །དེ་ནས་ཚེས་བཅུ་ལ་སྔར་བས་ཀྱང་མཁའ་འགྲོའི་འདུ་བ་རྒྱ་ཆེ་བ་རྣལ་འབྱོར་ཕོ་མོ་མང་པོས་མཐོང་ཞིང་། བཅུ་གཅིག་གི་ཉིན་པར་སྔར་གྱི་ཁྲིད་ཐོན་ནས་ཁྲིད་མི་རྙིང་པའི་རྣལ་འབྱོར་ཕོ་མོ་རྣམས་གྱེས་དུས་ཡེ་ཤེས་མཚོ་རྒྱལ་རྣལ་འབྱོར་མ་ཞིག་ལ་བབས་ནས། མཁའ་འགྲོའི་རང་སྒྲ་མང་པོ་སྒྲོགས་ཤིང་སྲོད་ལ་མེ་མཆོད་ཆེན་པོ་མཛད་ནས། ལ་ལ་ལ་དངོས་གྲུབ་ཕྲ་མོར་བྱིན་ནས་ཕྱོགས་གཅིག་ཏུ་ཅང་སྨྲ་བར་མ་བྱེད་ཅིག་ཟེར་ནས་བཞག །སྣོད་ཐམས་ཅད་ཁ་ཕྱེ་དངོས་གྲུབ་འབེབས་པའི་རྟེན་འབྲེལ་མཛད། བླ་མ་ལ་དངོས་གྲུབ་ཀྱི་རྫས་རྣམས་རིམ་པས་གཏད་ནས་འགྲོ་དོན་ཆེ་ཞིང་ལོངས་སྤྱོད་ཕུལ་སུམ་ཚོགས་པ་འོང་བར་འདུག་གསུངས་སོ། །དངོས་གྲུབ་རྣམས་བླ་མའི་གཟིམ་ཆུང་དུ་བསྐྱལ་ནས་ནམ་ལངས་སོ། །དེ་ནས་ཉི་མ་ཤར་དུས་རྣལ་འབྱོར་ཕོ་མོ་གཉིས་ཙམ་ཕྱིར་སོང་དུས་མཚམས་དམ་པར་བཅད་དེ་མཁའ་འགྲོའི་རང་སྒྲ་སྣ་ཚོགས་སྒྲོགས་ཤིང་གར་མཛད་ནས། བཅུ་གཉིས་ཀྱི་
སྲོད་ལ་ཆོས་སྒོ་འབྱེད་པའི་ཐུགས་དགོངས་མཛད་དུས། ཀ་པཱ་ལ་དང་། མེ་ལོང་དང་། བུམ་པས་མཁའ་འགྲོའི་དབང་གི་བརྡ་རྣམས་རྫོགས་པར་མཛད་དོ། །དེ་དུས་ཡུམ་མཁའ་ངོ་སྤྲོད་ཀྱིས་སྣང་སྲིད་འོད་སྣང་དུ་འཆར་བའི་གདམས་པ་བསྟན་ཏོ། །དེ་ནུབ་བཞི་པའི་ངོ་སྤྲོད་སྔར་མ་འཁྲུངས་པ་བླ་མའི་ཐུགས་ལ་འཁྲུངས་སོ། །དེ་དུས་ནམ་མཁའི་སྐར་མ་ལ་སོགས་པ་འདི་ཅི་ཡིན་དྲིས་དུས། ལྷར་བསམ་པའི་བླ་མ་ལ་སོགས་འདུག་ཅེས་བརྗོད་པས། ཁ་ཅིག་སྙམ་ན་རྫུན་དུ་འདུག་གང་བྱས་ཀྱང་ཆོག་སྙམ་པ་བྱུང་ཞིང་། སྒོ་ལྔ་ཀ་ལ་དེ་བཞིན་དུ་བྱས་ཏེ། སྒྲའི་སྐབས་སུ་དབྱུག་པ་ལ་དྲིལ་བུ་བརྒྱུས་ཏེ་ས་ལ་བརྡུང་ཞིང་ཅིར་ཐོས་ཅི་སྐད་ཟེར་ལ་འུར་ཤོད་དྲིས་པས། ལ་ལས་སྔ་མ་བཞིན་ཐེ་ཚོམ་དུ་སྨྲས་སོ། །དེ་དུས་བླ་མ་རང་གིས་གང་བཏགས་པ་དེ་ལྟར་སྣང་བས་ཆོས་ཐམས་ཅད་གཏད་མེད་དུ་ངོ་སྤྲོད་པར་གོའོ། །དེ་དུས་རྣལ་འབྱོར་མས་སེམས་ཤེས་ཏེ། དད་པ་ལ་སོགས་པའི་སེམས་ལ་ཞེན་དུས། དགའ་བྲོད་བདུད་ལ་ཕཊ། སྙེམས་བྱེད་བདུད་ལ་ཕཊ། གཉིས་འཛིན་བདུད་ལ་ཕཊ། ཅེས་ཟེར་ཞིང་འར་འུར་མང་པོ་བྱས་པས་ཐམས་ཅད་སྐྲག་ཅིང་རྟབ་རྟབ་ཏུ་གྱུར། བླ་མས་ཆོས་ཐམས་ཅད་སྐད་ཅིག་གིས་གཟའ་གཏད་དང་བྲལ་བའི་རྩལ་སྦྱོང་དུ་ཤེས་ཏེ་རྟོགས་པའི་མེ་ལོང་དུ་མཁྱེན་ནོ། །མཚན་མོ་ཡེ་ཤེས་དབང་ལྟ་སྟངས་ལ་སོགས་པ་ངོ་སྤྲོད་དོ། །དེ་བཞིན་དུ་ཉིན་མོ་གར་བྱེད་ཅིང་མཁའ་འགྲོའི་རང་སྒྲ་སྒྲོགས་པས་སོང་ཉིན་ཐོ་རངས་བླ་མ་གཟིམས་དུས། འོད་གསལ་ལ་ཐུགས་འབྱམས་ཏེ་ཡར་ཀ་དག་གི་སྣང་བ། བར་ལོངས་སྐུའི་ཚོམ་བུ། མར་འགྲོ་དྲུག་གི་འཆར་ཚུལ། སྒྲ་སྐད་སྣ་ཚོགས་ཐོས་པ་ལ་ཐུགས་ཀྱིས་རིག་ཅིང་རགས་པ་མེད་པའི་སྣང་བ་དང་། དེའི་སྐད་ཅིག་སྔ་མ་ན་དྲན་བསམ་རྒྱུན་ཆད་ནས། སྣང་བ་དམར་ལ་མཐིང་པ་ཙམ་གྱི་ངང་ལ་བརྒྱལ་བ་བཞིན་འབྱམས་སོ། །དེ་ནས་ལྷུན་གྲུབ་ཀྱི་སྣང་བ་ལ་དེ་བས་རིག་པ་རགས་པར་འཕྲོས་ཏེ་ཡར་ཀ་དག །བར་ལོངས་སྐུ། མར་སྤྲུལ་
སྐུའི་ངང་དུ་འབྱམས་སོ། །དེ་ནས་དར་ཅིག་ན་རྣལ་འབྱོར་མ་དེ་འོང་སྟེ་སྔ་མའི་དེ་ནི་གདོད་མའི་ཀ་དག་ཏུ་ནང་གསལ་ཐིམ་ལ་མ་རྨུགས་པར་བཞུགས་པའི་ངོ་སྤྲོད་ཡིན་ནོ། །བརྒྱལ་བ་ཞེས་བྱ་སྟེ་ཆོས་ཉིད་ཀྱི་ངང་དུ་བརྒྱལ་བས་བསླང་དགོས་པ་ཡིན་ནོ། །ཕྱི་མ་ནི་ཕྱིར་གསལ་དུ་སྤྲུལ་སྐུ་འགྱེད་ཚུལ་དང་། འཁྲུལ་པ་རིམ་གྱིས་སྣང་ཚུལ་རགས་པར་ཤར་བའི་ངོ་སྤྲོད་ཡིན་གསུངས་སོ། །དེ་ནས་ནམ་མཁའ་ཐམས་ཅད་ལ་སྔར་མེད་པའི་འཇའ་ཚོན་བཀའ་སྲུང་སོ་སོའི་གཟུགས་འདྲ་བ་མང་པོ་བྱུང་བ་ཅི་ཡིན་དྲིས་པས་དེ་དག་ཡིན་གསུངས་སོ། །ཉི་མ་ཤར་དུས་བརྡ་དོན་དུ་མའི་ངོ་སྤྲད་མཛད་དོ། །ཉིན་གུང་བླ་མ་ཁྲི་ལ་བཞུགས་པ་ལ་མཚོ་རྒྱལ་གྱིས་གོས་སུམ་བརྩེགས་པ་གསོལ་ཏེ། ཐམས་ཅད་ཀྱིས་ཡོན་ཕུལ་ཕྱག་འཚོལ་དེ་རིང་བུ་འབོགས་དགོས་པར་ཡོད་ཟེར་ནས། སོ་སོ་ནས་ཕྱག་རྟེན་ཕུལ་དུས། བཀྲ་ཤིས་དཔག་ཏུ་མེད་པ་བརྗོད་པས་ནམ་མཁའ་འཇའ་ཚོན་གྱིས་ཁེངས་པའི་ཚེ་བླ་མ་དགེ་བའི་བཤེས་གཉེན་གཞན་དོན་རྒྱ་ཆེར་འགྲུབ་པ་གདན་སར་བསྐོ་བ་ལ་ནམ་མཁའ་འདི་འདྲ་ཞིག་འོང་བ་ཡིན་གསུངས་སོ། །བླ་མ་ལ་དངོས་གྲུབ་རེ་བྱིན་ནས་ཅི་ཡིན་གསུངས་དུས། དཔལ་འབྱོར་རྒྱ་མཚོ་ཡིན། གཞན་དོན་ལྷུན་གྲུབ་ཡིན་ཞེས་པ་ལ་སོགས་པ་དང་། གྲངས་དུ་འདུག་གསུངས་པ་ལ་འབུམ་ཕྲག་གྲངས་མེད་འདུག་ཅེས་པ་ལ་སོགས་པས་ལན་བཏབ་པས་འགྲོ་དོན་ཕུན་སུམ་ཚོགས་པ་ཞིག་འབྱུང་བར་འདུག་གསུངས་སོ། །ཕྱི་འཕྲེད་བླ་མའི་དབུ་ལ་དབུ་རྒྱན་གྱི་དོད་དུ་མགྲོན་ཚོམ་ལྔ་བཟུང་སྟེ་དར་སྔོན་དམར་གྱི་ཅོད་པཎ་དཔྱངས་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་པོས་མངའ་གསོལ་ཅིང་། སྲོད་ལ་གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་མཛད་དོ། །ངོ་སྤྲོད་ཀྱི་རྗེས་ལ་མཁའ་འགྲོས་འར་འུར་མང་པོ་བྱུང་བས། །འདི་འདྲ་ཆོས་གཏེར་གཞན་འབྱེད་པ་ལ་ཨེ་ཡོང་ན་གསུངས་སོ། །ངོ་སྤྲོད་ཕྱི་མའི་ཉི་མ་འཆར་ཁར་བླ་མས་ནུབ་རི་མདུན་མ་དེའི་སྟེང་གི་ནམ་མཁའ་ལ་སེདྒེའི་ཁྲི་དར་ཟབ་ཀྱི་འབོལ་གདན་ཅན་
རྒྱབ་ཡོལ་དྲ་བ་རིས་ཕྲ་མོས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། སྟེང་ན་རྨ་བྱའི་གདུགས་ཡོད་པ་ཞིག་གཟིགས་པ་དང་། རྣལ་འབྱོར་མ་ན་རེ་འདི་སློབ་དཔོན་ཆེན་པོ་རིག་འཛིན་གྱི་ཁྲི་ཡིན། ཁྱེད་རང་འདི་ལ་གནས་པའི་བརྡ་ཡིན། ད་རུང་ལྟོས་ཤིག་གསུངས་ནས་བལྟས་པས་ཕྱོགས་ཐམས་ཅད་འོད་ལྔའི་རང་བཞིན་ལ། ཐིག་ལེས་བརྒྱན་པའི་སྣང་བ་ཆེན་པོ་གཟིགས་པ་དང་། སྐུ་དང་ཡེ་ཤེས་ཀྱི་ཞིང་སྣང་ཡིན་གསུངས་སོ། །དེ་ནས་བླ་མ་ཉིན་ཕྱེད་ཁྲི་ལ་བཞུགས་དུས་མཁའ་འགྲོ་སྙིང་ཏིག་གི་པོ་ཏི། ཞི་ཁྲོའི་ཐང་ཀ །རྡོ་རྗེ་སེམས་དཔའི་མེ་ལོང་རྣམས་དང་། ཚེའི་བུམ་པ་བདུད་རྩིའི་ཀ་པཱ་ལ་ཕུལ་ནས་གཞན་རྣམས་ཀྱང་ཕྱག་རྟེན་རེ་འབུལ་དུ་བཅུག་སྟེ། ཕྱག་འཚལ་ཤིས་པ་མང་པོ་བརྗོད་ནས་གཞན་དོན་མཛད་པར་ཞུ་ཞེས་རྗེས་གནང་མཛད་དོ། །དེའི་ཕྱི་དྲོ་བླ་མའི་གསུང་གིས་ངས་ཁྲིད་རིམ་སྡེབ་དགོས་གསུངས་ནས་དཔེ་ཞལ་ཕྱེ་བ་དང་། གུ་རུ་ཐུགས་སྒྲུབ་ཀྱི་ཆ་ལུགས་སུ་བྱོན་ནས་བླ་མ་ལ་ཐིམ་པའི་གཡས་ན་མཚོ་རྒྱལ་དང་། གཡོན་ན་གཡུ་སྒྲོན་མ་ཁྲིད་ཚིག་དཔོད་པ་རྣལ་འབྱོར་མ་ཞིག་གིས་མཐོང་ངོ་། །དེ་དུས་ཁྲིད་རིམ་གཉིས་ཀྱི་གཞུང་ཚན་སོ་སོར་ཕྱེ་ནས་ཐོ་ཡིག་ཏུ་མཛད་དོ། །དེ་ལྟར་ཚེས་གཅིག་ནས་བཅུ་གསུམ་གྱི་བར་ཉིན་ཞག་དྲུག་ཏུ་ཡེ་ཤེས་མཚོ་རྒྱལ་དངོས་སུ་བབས་ནས་མཁའ་འགྲོ་སྙིང་ཏིག་གི་བརྡ་དོན་དཔེ་གསུམ་གྱི་ངོ་སྤྲོད་རྫོགས་པར་གཏད་རྒྱ་དང་བཅས་པ་བླ་མ་དམ་པ་དྲི་མེད་འོད་ཟེར་ཏེ་པདྨ་ལས་འབྲེལ་རྩལ་ལ་གནང་ནས་ཨོ་རྒྱན་དུ་གཤེགས་སོ། ཁྲིད་ཀྱི་སྐབས་ཐམས་ཅད་དུ་བླ་མ་ཁྲི་ལ་བཞུགས་དུས་ཨོ་རྒྱན་ཡབ་ཡུམ་བྱོན་ནས་ཐིམ་པར་མཐོང་དུས། དམིགས་པ་དང་ངོ་སྤྲོད་དང་བརྗོད་ཚུལ་ངོ་མཚར་ཅན་སྔར་མེད་ཅིང་ཡི་གེ་ན་མི་གསལ་བ་མང་པོ་འཕྲལ་ལ་རང་རྡོལ་དུ་འབྱོན་ཅིང་གཟི་བརྗིད་ཀྱང་སྔོན་པས་ཆེ་བར་སྣང་ངོ་། །དེ་ནས་ཚེས་བཅུ་བཞིའི་སྔ་དྲོ་བླ་མའི་གསུང་གིས་དེ་རིང་ནས་ཁྲིད་འཇུགས་པས་ཐམས་ཅད་ཚོགས་ལ་མཆོད་གཏོར་ཤོམས་ཤིག་གསུངས་
ནས་བཤམས་ཏེ་བླ་མ་ཁྲི་ལ་བྱོན་དུས་ནམ་མཁའ་ཐམས་ཅད་འཇས་གང་དུས། རྣལ་འབྱོར་མ་ཁ་ཅིག་གི་སྣང་བ་ལ། བླ་མ་ལ་གུ་རུ་ཡབ་ཡུམ་དང་བི་མ་ལ་བྱོན་ནས་ཐིམ་པས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་མཐོང་། ཆོས་གསུང་དུས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆོས་ཀྱི་གསུང་སྒྲས་ཁྱབ་ཅིང་། མཁའ་འགྲོ་སྤྲིན་ཕུང་འཐིབས་པ་ཙམ་གྱིས་ཆོས་ཉན་པར་མཐོང་ངོ་། །དེ་ནས་བཟུང་སྟེ་ཁྲིད་རྒྱབ་མ་ཐོན་གྱི་བར་དུ་ཉིན་མཚན་ཚོགས་ཀྱི་འཁོར་ལོ། །མཁའ་འགྲོའི་འདུ་བ་འཇའ་ཚོན་གྱི་སྣང་བ་དཔག་ཏུ་མེད་པས་ཁྱབ་པ་རྣལ་འབྱོར་པ་ཀུན་གྱིས་མཐོང་ངོ་། །ཚེས་བཅུ་བཞིའི་སྲོད་དབང་གི་སྔོན་འགྲོ་མཛད་དུས་བླ་མའི་དབུ་ཐོག་ན་རྨ་བྱའི་གདུགས་སུམ་བརྩེགས་པ་གསེར་གྱི་ཏོག་གིས་མཚན་པ་ཞིག་སྐྱེས་པ་གོས་དང་རྒྱན་ཐམས་ཅད་སེར་པོར་ཡོད་པ་ཞིག་གིས་འཛིན་ཅིང་། འཕན་དང་རྒྱལ་མཚན་འཛིན་མཁན་མེད་པ་མང་པོ་རང་བཞིན་གྱིས་འདུག་པ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ལ་སོགས་པ་འགའི་དངོས་སྣང་མཐུན་པར་མཐོང་ངོ་། །དེ་དུས་མཁའ་འགྲོ་དཔག་ཏུ་མེད་པ་ཡང་འདུས་ནས་ཆོས་ཉན་ནོ། །བཅོ་ལྔའི་ཉིན་མོ་ཐིག་མཛད་དུས་ཐིག་སྣ་གཅིག་ནས་བུད་མེད་དམར་མོ་ཞིག་གིས་བཟུང་ནས་འདེབས་པར་སྣང་ཞིང་། དོ་ནུབ་ཀྱང་མཁའ་འགྲོའི་འདུ་བ་དང་གདུགས་དང་འཕན་ལྡིང་འཕྱར་བ་མཐོང་ངོ་། །བཅུ་དྲུག་གི་ཉིན་མོ་བླ་མ་གཅིག་པུས་དཀྱིལ་འཁོར་བཞེངས་དུས་བུད་མེད་དར་ཟབ་ཀྱི་གོས་ཅན་གསེར་གཡུས་བརྒྱན་པ་ཞིག་གིས་འབྲི་གྲོགས་བྱས་ཏེ་ཕྱོགས་བཞིར་དུས་མཉམ་དུ་འབྲི་བ་མཐོང་ངོ་། །དེ་དུས་སྔོན་པས་མགྱོགས་ཤིང་ལེགས་པར་གྲུབ་པས་བླ་མའི་གསུང་གིས། སྔོན་བས་མཁས་ལ་མགྱོགས་པར་འདུག་གསུངས་སོ། །དེ་ནུབ་སྤྲོས་བཅས་བུམ་དབང་རྫོགས་པར་མཛད་དོ། །དེ་ནས་སང་ནུབ་དབང་གོང་མ་མཛད་པར་དགོངས་ནས། སྔོན་འགྲོའི་སྐབས་སུ་རྣལ་འབྱོར་ཕོ་མོ་བདུན་ཚོགས་པས། མཁའ་འགྲོའི་རྟགས་གློ་བུར་བ་བྱུང་སྟེ་བླ་མ་
ལ་ཤངས་ཁྲག་བྱུང་ནས་བླ་མའི་གསུང་གིས། དབང་འདི་ལ་གསུམ་ལས་མི་ཚུད་པ་ལ་བདུན་འདུག ཁྱེད་བཞི་ཕྱིར་སོང་གསུང་དུས། དབང་ཁང་ལ་འཇའ་ཚོན་སྣ་ལྔ་ཟུག་པར་མཐོང་ངོ་། །དབང་བསྐུར་དུས་སུ་མཁའ་འགྲོའི་ལྟས་དང་སྣང་བ་ཡ་མཚན་ཅན་བྱུང་ངོ་། །དེའི་སང་ཉིན་ནས་ཁྲིད་རྒྱབ་མ་ཐོན་གྱི་བར་དུ་སྔོན་ཆད་ཡུལ་དེ་ན་མེད་པའི་བྱ་རོག་ཡ་མཚན་ཅན་གཉིས་ཉིན་རེ་བཞིན་ཆོས་ཀྱི་སྐབས་སུ་བྱུང་ངོ་། །སྤྱོད་པ་བ་རྣམས་ལ་སྐྱེལ་བསུ་ཡང་མཛད་དོ། །ཉི་ཤུ་དགུའི་ནམ་གུང་ལ་ནམ་གྲུ་རེ་མ་ཏི་བབས་ནས། ང་ལ་གཏོར་མ་མི་སྟེར་བ་ཨེ་ཡིན་ངས་དཀའ་ལས་ཡུན་རིང་བྱས་པ་ལ་ཟེར་དུས་ཐམས་ཅད་སྐྱི་ཟིང་ཟིང་བྱེད་ཅིང་སུ་ཡིན་དྲིས་པས། ང་ཚོས་ཀུན་ན་ཡོད། གཙུག་ཏོར་ཚུན་ཆད་ན་ཡོད་པ་ལ་ཟེར་རོ། །ཡང་དྲིས་པས། ང་ནམ་གྲུ་རེ་མ་ཏི་ཡིན་ཁྱེད་ཀྱི་གཏེར་བསྲུངས་པས་སྦྱངས་ཟེར་རོ། །ཅི་ཡོད་དྲིས་པས། ན་བཟའ་དང་སློབ་དཔོན་གྱི་ཆོས་གོས་ཐོད་པ་དང་བཅས་པ་ཡོད་དོ། །གཏོད་སྙམ་ནས་ཡོང་པ་ཡིན། །ངས་སྔར་ཁྱེད་ལ་ཆོ་འཕྲུལ་ཙམ་བསྟན་ཡང་ང་ངོ་མ་ཤེས། ཁ་སང་ནས་ཐམས་ཅད་ལ་གཏོར་ཚོགས་བཟང་པོ་བྱིན་ནས། ང་ལ་མེད་པས་ང་ཁ་སྐྱེངས་ནས་ཐམས་ཅད་འཕྲོག་ཏུ་བཅུག་པ་ཡིན་ཟེར་དུས་ཞུད་ཆེན་པོ་བྱུང་ངོ་། ཁྱེད་དུ་ཡོད་དྲིས་པས་ངེད་ལྔ་ཡོད་ཟེར། སྐུ་མདོག་དང་ཕྱག་མཚན་དྲིས་པས། ང་ནམ་གྲུ་རི་མ་ཏི་ནག་མོ་དྲིལ་རྟ་རྐང་བཞི་ཞོན་པ་གཡས་རལ་གྲི་གཡོན་ནད་ཀྱི་རྐྱལ་པ་འཛིན་པ་དང་། འདོད་ཁམས་དབང་ཕྱུག་མ་དམར་མོ་དྲེལ་རྟ་རྐང་གསུམ་ཆིབས་པ་དང་། རྡོ་རྗེ་ཕྲ་མེད་མ་ལྗང་གུ་དྲེད་མོ་ལག་པ་གཡོབ་པ་ལ་ཞོན་པ་དང་། རྡོ་རྗེ་དབང་ཕྱུག་མ་སེར་མོ་དྲེལ་རྟ་རྐང་གསུམ་པ་དང་། །རྡོ་རྗེ་ལས་སྒྲོན་མ་དཀར་མོ་དྲེལ་རྟ་རྐང་གསུམ་དང་། དེ་ཐམས་ཅད་ཕྱག་མཚན་བྷནྡྷ་དང་ཕུར་པ་ཐོགས་པ་ལ། འདོད་ཁམས་དབང་ཕྱུག་མ་ཤང་ལང་དང་ནད་ཀྱི་རྐྱལ་པ་འཛིན་པ་ཡིན་ཟེར་རོ། །གཏེར་གྱི་ཆོ་འཕྲུལ་དང་འར་འུར་མང་པོ་ཞག་གསུམ་
དུ་བྱས་སོ། །དེ་ནས་ཁྲེགས་ཆོད་ཀྱི་ནུབ་མོ་ཡང་བབས་ནས་ཆོ་འཕྲུལ་སྟོན་དུས་བླ་མས་གསུངས་པ། ང་ནང་འོད་གསལ་གྱི་གཏེར་སྒོ་འབྱེད་པ་ལ། །བྲག་སེར་ཀའི་གཏེར་གྱིས་དགོས་པ་མེད། །ང་གཏེར་ཡོད་ཀྱང་ཆོ་ག་ལ་མེད་ཀྱང་ཆོག །སྐལ་ལྡན་ཡིན་ཀྱང་ཆོག་ལ་མིན་ཀྱང་ཆོག །ང་ཆོས་ཟད་བློ་ཟད་ཀྱི་རྣལ་འབྱོར་ལ། ཁྱེད་གཏེར་བསྲུངས་ཀྱི་ཡུས་ཆེ་འཚོང་མི་དགོས། ཞེས་གསུངས་པས་དེ་རྣམས་ཀྱིས་ཀྱང་ལན་རེ་བྱས་ཏེ། ཕར་ལན་ཚུར་ལན་འགའ་མཛད་ནས། དུས་ལ་བབས་པ་དང་འདོན་པའི་ཞལ་བཞེས་མཛད་པས་དགའོ། །དེ་ནུབ་ཨོ་རྒྱན་ཡབ་ཡུམ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་བྱོན་ནས་བྱིན་གྱིས་བརླབས་ཏེ་སྔ་མ་ལ་ཐིམ་པ་མཐོང་ངོ་། །སྔ་མའི་དབང་གི་སྐབས་སུ་ཡང་དེ་འདྲ་བ་མཐོང་ངོ་། །སང་ཉིན་ཐོད་རྒལ་ངོ་སྤྲོད་དུས་སྔ་དྲོའི་དྲོ་བར་ཁ་ན་ནམ་མཁའི་ཤར་ནུབ་ལ་མཐིང་ཤུན་གྱི་སྣམ་བུ་བརྐྱང་པ་ལྟ་བུའི་སྣང་བ་ནམ་མཁའ་དྭངས་པའི་ཁ་དོག་དང་མི་འདྲ་བ་རྒྱང་གྲགས་ཕྱེད་ཙམ་གྱི་ཞིང་ཡོད་པས་ཐད་ཀའི་ནམ་མཁའ་ཆོད་དུས་བླ་མའི་ཞལ་ནས། འོད་མཐིང་ག་ཁྱབ་པ་ཆེན་པོས་འོད་བྱ་བ་འདི་འདྲ་ཞིག་འོངས་པ་ཡིན་གསུངས་དུས། བྱང་ཤར་དུ་འཇའ་ཚོན་སྔོན་དང་མི་འདྲ་བའི་ཁ་དོག་ལྔ་ལྡན་ཤར་བས། འོ་ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་འདི་འདྲ་ཞིག་འོངས་པ་ཡིན། འདི་ན་ཕར་ལྟོས་དང་། ཐིག་ལེ་སྟོང་པའི་སྒྲོན་མ་རང་བཞིན་གྱིས་འཆར་བ་ཡིན་གསུང་དུས། ནམ་མཁའ་ཡང་སྤྲིན་གཅིག་ཙམ་ཡང་མེད་པར་དྭངས་ལ་བྱང་དུ་དུད་ཁའི་སྣང་བ་ཡ་མཚན་ཅན་དང་། བྱང་ཤར་དུ་ལྔ་ལྡན་དང་། ཐད་ཀར་མཐིང་གའི་སྣང་བ་ཡ་མཚན་ཅན་མཐོང་དུས་ཐོད་རྒལ་ངོ་སྤྲོད་མཛད་པས། མཁའ་འགྲོའི་སྣང་བ་དང་། ལྟས་མང་པོ་ཡང་སྔོན་བས་ལྷག་པར་མཐོང་ངོ་། དེ་ནུབ་རྒྱབ་ཆོས་དང་རིན་པོ་ཆེ་གསང་བའི་ངོ་སྤྲོད་པས་ཡེ་ཤེས་མཚོ་རྒྱལ་བུམ་པ་བསྣམས་ནས་དབང་བསྐུར་བ་རྣལ་འབྱོར་
མས་མཐོང་ནས། ཐམས་ཅད་ལ་འུར་ལངས་ཕྱག་འཚོལ་ཟེར་རོ། དེ་ནས་སང་གནང་ཉིན་བར་དོ་ངོ་སྤྲོད་མཛད་དུས། འོད་གསལ་སྦུབས་འཇུག་འཕོ་བའི་ངོ་སྤྲོད་མཛད་པས། མཁའ་འགྲོ་དུ་མ་དགྱེས་དུས། བླ་མའི་གསུང་གིས། ངའི་ཆོས་འདི་ལ་མི་བས་མི་མ་ཡིན་གཙིགས་ཆེ་བར་འདུག །དོན་གཉེར་དང་འདུན་པ་ཆེ་ཁྱེད་རང་ཚོ་སེམས་ལ་ཞོགས་གསུངས་སོ། །སང་ཉིན་ཁྲིད་ཀྱི་སྐབས་སུ་ཡེ་ཤེས་མཚོ་རྒྱལ་ཉི་མའི་ཕྱོགས་ནས་ཌཱ་དྲིལ་དཀྲོལ་ཞིང་བླ་མའི་སྐུ་ལ་ཐིམ་པ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ལ་སོགས་པ་འགས་མཐུན་སྣང་དུ་མཐོང་ངོ་། །ཚེས་བཅུ་དྲུག་གི་ནུབ་མོ་འོད་གསལ་ཡེ་ཤེས་ཀྱི་ངོ་སྤྲོད་མཛད་པས། མཐའ་སྐོར་དང་བར་སྣང་ཐམས་ཅད་མཁའ་འགྲོས་འཁྲིགས་ཏེ་ཐལ་མོ་སྦྱར་བ་མཐོང་ངོ་། །དེ་ནས་ཚེས་བཅུ་བདུན་གྱི་ཉི་མ་ནུབ་དུས་གློ་བུར་དུ་བླ་མའི་གསུང་གིས། ཚོགས་གཏོར་བཟང་དུ་ཤོམས། དོ་ནུབ་མཁའ་འགྲོ་དོན་གྱི་དབང་བྱེད་གསུང་ནས་མཛད་དུས། སྔགས་སྲུང་བབས་ནས་གར་མཛད་དོ། །བླ་མས་ངེད་མཁའ་འགྲོ་སྙིང་ཏིག་དེ་བཞིན་སྟོན་པ་ཡིན། ཁྱེད་བཀའ་སྲུང་དང་མཁའ་འགྲོ་རྣམས་ཨེ་དགའ་གསུངས་པས། ཐུགས་ལ་བཏགས། གུ་རུ་དང་ཡེ་ཤེས་མཚོ་རྒྱལ་དེ་བཞིན་གསུང་གཞན་ག་ན་ཡོད་ངོ་མཚར་ཆེ། སྦྱིར་མཁའ་འགྲོ་ཐམས་ཅད་དགའ། ཨོ་རྒྱན་རྫོང་ན་མཁའ་འགྲོ་མ་ཞིག་ལྷག་པར་གསོལ་བ་འདེབས་ཤིང་མཉེས་ནས་གདའ་ཟེར་རོ། །དེ་ནས་དར་ཅིག་ན་སྐྱེས་བུ་ཆེན་པོ་བབས་ཏེ། དོ་ནུབ་ལས་དག་དམ་ཚིག་གཙང་བས་ཡོང་། ཁྱེད་ཀྱི་གདུལ་བྱ་ཉི་མ་ལྷོ་ནུབ་མཚམས་ན་ཡོད་ཟེར་རོ། །ག་ན་ཡོད་དྲིས་པས། འདི་ནས་ཉི་མ་གསུམ་ཙམ་ཕྱིན་པ་ན་སྙེའི་ཕྱོགས་ཀྱི་རི་ལ་གུ་རུའི་བཞུགས་གནས་ཨོ་རྒྱན་རྫོང་བྱ་བའི་བྲག་ཕུག་ཆེ་བ་མཁའ་འགྲོ་རང་བཞིན་གྱིས་འདུ་ཞིང་དེ་ན་རྒྱུན་དུ་མཁའ་འགྲོ་མང་པོ་རང་བཞིན་གྱིས་གནས་པ་ཡོད། དེ་ཁྱེད་ཀྱིས་བཞུགས་གནས་ཡིན། ཆོས་དང་འགྲོ་དོན་ཤིན་ཏུ་འཕེལ། དེར་གཤེགས་པར་ཞུ་ཟེར་རོ། །འོ་ན་ང་ལ་སློབ་མ་འགྲོ་དོན་བྱེད་པ་དུ་ཡོད་དྲིས་པས་
སུམ་ཅུ་འོངས། དེའི་ནང་ནས་སེམས་ཅན་དུ་མ་ལ་ཕན་པ་བཅུ་གཅིག་འོངས། ཁྱད་པར་ཅན་དགུ་འོངས་ཟེར་ནས་དར་ཅིག་ན་ཁྱེད་ཚོ་བླ་མ་འདི་འདྲ་དང་འཕྲད་པ་འཚེངས་པ་ཡིན་ཟེར་དུས། ཐམས་ཅད་ཀྱིས་ཐོས་པར་མཁའ་འགྲོའི་རང་སྒྲ་དེ་རི་རི་བ་དང་། སིལ་ཆོམ་དང་འུར་ཆ ོམ་མང་པོ་བྱུང་ངོ་། །ཚེས་བརྒྱད་ཀྱི་ཕྱི་དྲོ་ཆོས་སྐྱོང་གི་གཏད་རྒྱ་བྱེད་དུས། སྲོག་སྒྲུབ་མས་ངའི་སྒྲུབ་ཐབས་མི་ཀློག་པ་ཞུ་ཟེར་བ་རྣལ་འབྱོར་མ་ཞིག་གིས་ཐོས་སོ། །དེ་ནས་དར་ཅིག་ན་ཉི་མ་ནུབ་དུས་བླ་མའི་གསུང་གིས། མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་ཐམས་ཅད་ཡོངས་སུ་རྫོགས་པས་དོ་ནུབ་གཟོབ་ཅིག ། གསུང་དུས་ཆང་མི་གདའ་ཞུས་པས། ཁ་སིང་ནས་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བྱིན་པ་ཡིན། དོ་ནུབ་མཁའ་འགྲོ་བོས་ཀྱང་ཨེ་ཡོང་བལྟའོ་སྦང་རྫ་ལ་ཆུ་རྒྱོབ་ལ་ཚོགས་ཤིག་ངས་བྱིན་གྱིས་བརླབ་བོ་གསུང་ནས། དེ་བཞིན་བཙགས་པས་རྫ་མ་གཅིག་གང་བྱུང་། དེས་ཆོག་ལས་ཆེ་ཞུས་པས། དོ་ནུབ་ཙམ་དགོས་བྱེད་པ་ཡིན་མི་འདང་ན་ཚོགས་ཤིགས་གསུངས་ནས་བཙགས་པས་ཐམས་ཅད་ཆང་རྒོད་བཙགས་པ་ལྟར་བྱུང་ནས་རྣལ་འབྱོར་ཕོ་མོ་ཐམས་ཅད་བཟི་བ་བྱུང་དུས། ང་དངོས་པོས་སྤྲུལ་བསྒྱུར་བྱེད་པ་བྱ་བ་ཡིན་གསུངས་ནས་ཀུ་རེ་ཡང་མཛད་དོ། །དེ་དུས་གཡུ་སྒྲོན་མས་ངའི་གནས་སུ་གཤེགས་པར་ཞུ་ཟེར་ནས་བྱུང་བ་ལ་ཞལ་བཞེས་མཛད་པས་དགའ་ནས་སྔོན་ལ་འགྲོ་བར་ཞུ་ཟེར་ནས་སོང་དུས། སྔགས་སྲུང་བབས་ནས་བཞུད་དུས་ཐུགས་དཀྲུགས་པ་ཞིག་འོང་བར་འདུག་ཟེར་རོ། །དེ་ནས་དར་ཅིག་ན་ནམ་གྲུ་མ་བབས་ཏེ་མི་བཞུད་པར་ཞུ་ཟེར་དུས། བླ་མས་ཁྱེད་མི་མ་ཡིན་རྣམས་ལ་ངས་ཟབ་ཆོས་དེ་འདྲ་བཤད་ཀྱང་གོ་བ་མི་འདུག །དགའ་མི་དགའ་བློའི་ཆོ་འཕྲུལ་ཡིན་མོད། ང་ཡོད་སར་ཤོག་ཟེར་ནས་མ་གནང་བར། ཏིང་ངེ་འཛིན་གྱི་དབང་བསྐུར་ཞིག་མཛད་པས་ངོ་མཚར་ཆེ་ཐུགས་ལ་བཏགས་ཟེར་རོ། ཁར་སང་ནས་གར་ཕྱིན་དྲིས་པས། འབྲོག་ཏུ་ཕུད་ཅིག་སྡུད་དུ་ཕྱིན་ཟེར་རོ། །དེ་དུས་ཕྱུགས་ནད་མང་པོ་བྱུང་འདུག་གོ །དེ་ནས་རྣལ་འབྱོར་
ཕོ་མོ་རྣམས་ཀྱིས་རང་རང་གི་གོས་དང་། རྒྱན་དང་རིན་པོ་ཆེ་ལ་སོགས་པའི་མཎྜལ་ཕུལ། སྒྲུབ་པའི་དམ་བཅའ་བྱས་པས། བླ་མའི་གསུངས་གིས་ངའི་ཆོས་འདི་ལ་གཏོང་ཕོད་ཆེ་ཞིང་སྒྲུབ་པ་ལ་བརྩོན་པ་མང་པོ་འབྱུང་བར་འདུག་གསུངས་ནས་དགྱེས་ཏེ་འོད་གསལ་སྦུབས་འཇུག་གི་གདམས་པ་ཤིན་ཏུ་ཟབ་པ་ཞིག་གསུངས་སོ། །དེ་དུས་ངའི་གདམས་པ་འདི་འདྲ་འཛམ་བུ་གླིང་ན་དཀོན་པས་འོད་ལུས་མྱུར་ཏུ་འགྲུབ་པ་ཡོད་གསུངས་སོ། །དེ་ནས་ཚེས་བཅུ་གསུམ་ལ་དབང་གོང་མ་མཛད་དུས། སྔར་གྱི་སློབ་མ་ཁམས་པ་ཞིག་གིས་མི་རིགས་པའི་སྤྱོད་པས་ཐུགས་དཀྲུགས་དུས། ཆོས་འདི་ལ་སློབ་མ་དམ་ཉམས་རེ་ཡོང་བར་འདུག་གསུངས་ནས་སྐོང་བཤགས་ཅིག་མཛད་དེ་གཤེགས་སོ། །འགྲོ་ཁར་ཐུགས་དཀྲུགས་པ་ཞིག་འོངས་ཟེར་བ་དེ་ཡིན་པར་གདའོ། །དེ་ནས་འོངས་པའི་ལམ་ཁ་འཕྱུག་པོ་བྲག་ཏུ་ཚོགས་མཛད་དུས་འཇའ་ཚོན་མང་པོ་བྱུང་ཞིང་མཁའ་འགྲོའི་ལྟས་མང་པོ་ཡང་བྱུང་ངོ་། །དེ་ནས་གཤེགས་པའི་ལམ་དུ་སྤྲིན་མེད་པའི་ཉི་མ་ཚ་བས་གདུངས་པ་ན། གསོལ་འདེབས་མཛད་པས་གློོ་བུར་དུ་སྤྲིན་འདུས་རླུང་རབ་ཏུ་མི་ཆེ་བ་ལངས་ཏེ་གཡུ་སྒྲོན་མས་བསུ་བའི་སྣང་བ་ཡང་བྱུང་སྟེ། མཆིལ་མོར་ཚོགས་མཛད་པས་མཁའ་འགྲོའི་ལྟས་དུ་མ་ཡང་བྱུང་ངོ་། །དེ་ནས་ཤུག་གསེབ་ཏུ་གདན་དྲངས་དུས། རྣལ་འབྱོར་མ་ཞིག་ལ་མཁའ་འགྲོ་བབས་ནས་ཞག་དྲུག་ཏུ་མཁའ་འགྲོའི་རང་སྒྲ་སྒྲོགས་ཤིང་བླ་མ་ཨོ་རྒྱན་དུ་གཤེགས་པར་ཞུ་ཟེར་རོ། །དེ་དུས་སུ་འཇའ་ཚོན་རྒྱུན་མ་ཆད་པར་ཉིན་རེ་བཞིན་བྱུང་ངོ་། །དེ་ནས་གངས་རི་ཐོད་དཀར་དུ་རི་ཁྲོད་བཏབ་ནས་ཨོ་རྒྱན་རྫོང་དུ་བཏགས་ཏེ་བཞུགས་ཤིང་། དབང་ཁྲིད་གདམས་པ་དང་བཅས་པ་མཛད་དུས་སུའང་མཁའ་འགྲོ་གློ་བུར་དུ་བབས་ཤིང་ལྟས་མང་པོ་དང་ནམ་མཁའ་འཇས་ཁེངས་ཤིང་། གཟིམ་ཁང་དང་ནམ་མཁའ་འཇའ་ཚོན་ལྔ་ལྡན་གྱིས་འབྲེལ་བ་སྐབས་སུ་བྱུང་བ་ཀུན་གྱིས་མཐོང་ངོ་། །དེ་ནས་དབང་ཁྲིད་རྣམས་གྲུབ་རྟིང་རྣལ་འབྱོར་པ་འོད་ཟེར་གོ་ཆས་སྔར་གྱི་མཁའ་འགྲོ་སྙིང་ཏིག་གི་གདམས་པ་རྣམས་ལ་དབང་ཁྲིད་ངོ་སྤྲོད་ལ་སོགས་པའི་
ཡིག་ཆ་མཛད་པར་ཞུས་ཏེ། ཚོགས་གཏོར་གྱི་སྦྱིན་བདག་བྱས་ཏེ། སྟོན་ཟླ་ར་བའི་ཚེས་བརྒྱད་ནས་སྐུ་མཚམས་མཛད་ཅིང་། བཅུ་ནས་ཡིག་ཆའི་དབུ་བཙུགས་པས། ནམ་མཁའ་འཇས་ཁེངས་ཤིང་མཁའ་འགྲོའི་རྣམ་འགྱུར་དང་། གཟིམས་ལམ་དུ་གསོལ་བ་འདེབས་པའི་བུད་མེད་དང་། སྐྱེས་པའི་ཚོགས་མང་པོས་ཕྱག་འཚལ་བསྐོར་བ་བྱེད་ཅིང་། ཐུགས་ལ་བཏགས་ཐུགས་རྗེས་འཛིན་པར་ཞུ་ཟེར་བ་བྱུང་ཞིང་མཚན་མོ་ཕྱོགས་ཐམས་ཅད་དུ་མཁའ་འགྲོའི་རང་སྒྲ་མང་པོ་དང་། ཉེ་འཁོར་གྱི་སྒོམ་ཆེན་པ་རྣམས་ལའང་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་སྔར་མེད་པ་དུ་མ་བྱུང་ངོ་། །དེ་ལྟར་ཟླ་བ་དང་པོ་དང་། སྟོན་ཟླ་གཉིས་པའི་བར་དུ་ཉིན་མཚན་དུ་བླ་མ་མཁའ་འགྲོ་ལ་གསོལ་བ་འདེབས་ཤིང་ཡིག་ཆ་མཛད་དུས། གཞན་ལ་ཕན་ཐོགས་པའི་རྟེན་འབྲེལ་དང་གཟིམས་ལམ་དང་། ཉམས་སྣང་དཔག་ཏུ་མེད་པ་དང་། ཉིན་རེ་བཞིན་གངས་རི་ཐོད་དཀར་གྱི་མགུལ་གཟིམ་ཆུང་གི་སྟེང་དུ་འཇའ་འོད་འཁྱིལ་བ་དང་། འོད་ཀྱི་སྣང་བ་ཡ་མཚན་ཅན་མང་པོ་བྱུང་ངོ་། །དེ་ནས་སྟོན་གྱི་ཟླ་བ་གསུམ་པའི་ཚེས་གཅིག་ལ་ཡོངས་སུ་རྫོགས་པར་གྲུབ་པའི་དགའ་སྟོན་མཛད་ནས། རྣལ་འབྱོར་པ་ཐམས་ཅད་ཀྱིས་བཀྲ་ཤིས་བརྗོད་དུས་ནམ་མཁའ་འཇས་ཁེངས་ཏེ་བཀྲ་ཤིས་པའི་རྟགས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །དེ་འདྲའི་བླ་མ་དཔལ་ལྡན་ཆོས་ཀྱི་རྗེ། །གུ་རུའི་ཐུགས་སྲས་དྲི་མེད་འོད་ཟེར་ནི། །གང་དང་གང་དུ་བཞུགས་པ་དེ་དང་དེར། །རང་བཞིན་མཁའ་འགྲོའི་འདུ་བ་རྒྱུན་མི་ཆད། །བཀྲ་ཤིས་དགེ་མཚན་དུ་མས་རབ་བརྒྱན་ཅིང་། །འགྲོ་བའི་དོན་གཉིས་མཛད་ལ་ནོར་བུ་བཞིན། །སྔོན་རབས་དུས་ནས་ཐུགས་རྗེའི་རླབས་ཆེ་བས། །མགོན་དུ་མཛད་པ་དེ་ལ་གུས་ཕྱག་འཚལ། །བླ་མ་ལ་གུས་གཙུག་གི་ནོར་བུ་བཞིན། །བདོག་པ་ཀུན་གྱིས་རྟག་ཏུ་མཆོད་མཛད་ཅིང་། །གང་ལའང་མ་ཆགས་དངོས་འཛིན་འཁྲུལ་པ་ཞིག །གཟའ་གཏད་བྲལ་བའི་སྤྱོད་ལ་དགྱེས་མཛད་པ། །འགྲོ་བའི་ལམ་སྟོན་དེ་ལ་གུས་ཕྱག་འཚལ། །རྟག་ཏུ་ཞི་ལ་ཡང་དག་རབ་གཞོལ་བས། །
རྣམ་གཡེང་མི་མང་སྤྲོས་པ་ཀུན་ལས་འདས། །གཞན་ཡང་དེ་ལ་སྦྱོར་བས་ལེགས་བསྐུལ་བས། །ཏིང་འཛིན་གླང་པོ་དེ་ལ་གུས་ཕྱག་འཚལ། །གོང་དུ་འོད་གསལ་ཆུ་ཟླ་སྟོང་པའི་ངང་། །རང་ཡང་བཞུགས་ནས་འགྲོ་བ་འགོད་པར་མཛད། །ཉོན་མོངས་རྟག་ཞི་དབེན་པའི་རི་ངོགས་སུ། །དྲང་སྲོང་སྤྱོད་པ་ཀུན་གྱི་ལེགས་གནས་པའི། །འཕགས་པའི་བརྟུལ་ཞུགས་ནོར་བདུན་གཙོར་མཛད་པ། །ཞི་བའི་མཛོད་བརྙེས་དེ་ལ་གུས་ཕྱག་འཚལ། །ཤེས་བྱའི་སྐར་ཚོགས་ཐུགས་ལ་རབ་བཀྲ་བས། །ཇི་སྙེད་ཇི་བཞིན་གཟིགས་པ་རྣམ་པར་དག །ཚིག་དོན་སྣ་ཚོགས་ཐབས་ཀྱིས་འགྲོ་འདུལ་བ། །མཁས་པའི་བླ་མ་དེ་ལ་གུས་ཕྱག་འཚལ། །རང་གཞན་གཞུངལུགས་རྒྱ་མཚོའི་སྙིང་པོ་ལས། །ཟབ་མོའི་དེ་ཉིད་གཟིགས་པ་མཐའ་ཡས་པས། །ངེས་དོན་རྒྱུད་སྡེའི་དགོངས་པ་གཙོར་མཛད་པ། །གསང་སྔགས་སྡོང་པོ་དེ་ལ་གུས་ཕྱག་འཚལ། །སྐུ་ཚེ་སྔ་མའི་སྔ་མར་ལེགས་སྦྱངས་པས། །ཕལ་ཆེར་ཐོས་པས་དོན་རྣམས་ཐུགས་སུ་ཆུད། །རང་བྱུང་པདྨའི་དགོངས་གཏེར་རྒྱས་མཛད་པའི། །བསྟན་པའི་མངའ་བདག་དེ་ལ་གུས་ཕྱག་འཚལ། །འདི་ཡི་གཞུང་ལུགས་ཟབ་ཅིང་རྒྱ་ཆེ་བས། །ཐར་པར་འགྲོ་བའི་ཤིང་རྟ་རིན་ཆེན་མཆོག །རྡོ་རྗེ་སྙིང་པོའི་ཐེག་པ་གསལ་མཛད་པ། །རིག་འཛིན་རྒྱལ་བའི་ཞིང་དུ་འགྲོ་སྒྲོལ་བའི། །ཐུགས་རྗེ་མངའ་བ་དེ་ལ་གུས་ཕྱག་འཚལ། །ཇི་སྙེད་མཁྱེན་ཀྱང་ད་དུང་ལེགས་བཤད་འཚོལ། །སྒོམ་ལས་འདས་ཀྱང་ད་དུང་དབེན་པར་དགྱེས། །ཉོན་མོངས་བརྒལ་ཡང་ད་དུང་བག་མེད་འཇོམ། །རྒྱ་མཚོ་ལྟར་ཟབ་དེ་ལ་གུས་ཕྱག་འཚལ། །ལྟ་བའི་རང་བཞིན་ནམ་མཁའ་ཡངས་པ་ལ། །སྒོམ་པའི་ཉི་ཟླ་རང་བཞིན་འོད་གསལ་བས། །སྤྱོད་པའི་འོད་སྟོང་འགྱེད་ལ་ཀློང་ཡངས་པ། །དྲི་མེད་འོད་ཟེར་དེ་ལ་གུས་ཕྱག་འཚལ། །སྔ་རབས་གོམས་པའི་བྱིན་རླབས་པད་རྫིང་ལས། །སྐལ་བཟང་བུང་བའི་ཚོགས་རྣམས་དགའ་མཛད་ཅིང་། །དམ་ཆོས་བདུད་རྩིས་འགྲོ་ཀུན་ཚིམས་མཛད་པ། །པདྨ་ལས་འབྲེལ་རྩལ་ལ་གུས་ཕྱག་འཚལ། །ཐུགས་རྗེའི་
རང་བཞིན་དཔག་ཡས་གཏིང་མཐའ་མེད། །མཐའ་གྲོལ་ཡེ་བབས་གཞི་རྫོགས་ཆེན་པོའི་ངང་། །དུས་གསུམ་དུས་བཞི་དུས་རྣམས་རྒྱུན་ཆད་མེད། །ཀློང་ཆེན་རབ་འབྱམས་དེ་ལ་གུས་ཕྱག་འཚལ། །འདི་ཡི་མ་ཆགས་གཏོང་བའི་ཁྱད་པར་ཅན། །ཆོས་ཆེན་ཆར་གྱིས་འགྲོ་བ་བསིལ་མཛད་གཉིས། །ཕན་ཚུན་འགྲན་ལ་རབ་ཏུ་ཞུགས་པའི་ཚེ། །འཇིག་རྟེན་ཆོས་བརྒྱད་རྩད་ནས་བཏོན་པར་འགྱུར། །གང་ལ་མི་རྟོག་ཏིང་འཛིན་གྲུ་ཆེན་དང་། །ཆོས་རྣམས་རབ་འབྱེད་ཤེས་རབ་ཁ་ལོ་སྒྱུར། །དུས་དང་མཐུན་པའི་བ་དན་རབ་གཡོ་བས། །ཐར་པའི་སྐམས་སར་འགྲོ་བ་འདྲེན་ལ་བརྩོན། །དགེ་ལེགས་ཐུགས་རྗེའི་སྤྲིན་ཕུང་འཁྲིགས་པ་ལས། བྱིན་རླབས་བདུད་རྩིའི་ཆར་ཆེན་རབ་འབབས་པས། །དད་བརྒྱའི་པད་མཚོ་ངང་གིས་གང་གྱུར་ཅིང་། །ཕུན་ཚོགས་ལོ་ཏོག་རྒྱས་ལ་མངོན་སུམ་གྱུར། །དེ་འདྲའི་མཚུངས་མེད་ཆོས་རྗེ་ཉི་མ་ནི། །དྲི་མེད་ཚུལ་ཁྲིམས་པདྨ་ལྟ་བུ་སྟེ། །འོད་ཟེར་བློ་གྲོས་བཟང་པོའི་ལས་འབྲེལ་རྩལ། །མཚན་གསུམ་དོན་མཐུན་གྱུར་ལ་གུས་ཕྱག་འཚལ། །རང་གཞན་ཀུན་གྱི་དོན་གཉིས་ཕུན་ཚོགས་ཤིང་། །བདེ་ལེགས་ཀུན་གྱི་འབྱུང་གནས་འགྲོ་བའི་གཉེན། །དམ་ཆོས་ཀུན་གྱི་ཡེ་ཤེས་བང་མཛོད་ནི། །དུས་རྣམས་ཀུན་ཏུ་སྐྱེ་དགུའི་བླ་མར་ཤོག །དད་བརྒྱའི་ཆུ་འཛིན་ཕྱོགས་ཀྱི་མཐར་ཁྱབ་པས། །སྙན་པའིི་བསྟོད་དབྱངས་སྤྲིན་གྱི་རྔ་སྒྲ་ཅན། །དགེ་ལེགས་གློག་ཕྲེང་བྲོ་གར་བྱེད་པ་ཡིས། །ཕན་བདེའི་ཆར་ཆེན་འབེབས་ཏེ་བསྔགས་པར་ཤོག །བསོད་ནམས་སྟོན་ཀའི་རི་བོང་འཛིན་གཟུགས་ཅན། །ཕུན་ཚོགས་རྒྱུ་སྐར་ཕྲེང་བའི་དབུས་ན་མཛེས། །དགེ་ཚོགས་འོད་དཀར་དུ་མའི་སྣང་བ་ཡིས། །ཟབ་གཏེར་ཀུནྡ་ཕྱོགས་བཅུར་རྒྱས་པར་ཤོག །འདི་འདྲའི་བབས་ཚུལ་ངོ་མཚར་རྨད་བྱུང་གང་། །སྐལ་བཟང་དུ་མའི་དབང་དང་བཅས་པ་ཞིག །དངོས་སུ་བྱུང་ཡང་དེང་སང་དུས་སྙིགས་པས། །བདུད་རིགས་སྐྱེ་བོའི་སྒྲོ་སྐུར་གནས་སུ་འགྱུར། །དེ་བས་འདི་ཉིད་རབ་ཏུ་གསང་བར་བྱ། སྙིང་དང་འདྲ་བ་གཅིག་ལ་གཏོད་ན་ཡང་། །
མ་སྤེལ་དམ་ཚིགས་བཀའ་སྲུང་དཔང་ཚུགས་ཤིག །ཆིག་བརྒྱུད་བསྟན་ལ་ཡིད་ཆེས་བསྐྱེད་ཕྱིར་གཞག །ཚུལ་འདི་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་། །འཕགས་པའི་རི་ངོགས་མཛེས་ཤིང་ཉམས་དགའ་བར། །ཕྱི་རབས་སྐལ་ལྡན་སྤྲོ་བ་བསྐྱེད་པའི་ཕྱིར། །ལེགས་སྦྱར་མེ་ཏོག་འབྲས་བུ་ལེགས་སྨིན་པས། །སྐལ་ལྡན་བུང་བ་རབ་ཏུ་དགའ་བར་མཛོད། །མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲྭ་བ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉི་མའི་འོད་ཟེར་གྱིས་སྣང་བར་བྱས་པའི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ་གྱིས་ཟབ་གཏེར་མངོན་པར་འབྱུང་བའི་ལོ་རྒྱུས་ཆ་ཙམ་ཞིག་མདོར་བསྡུས་ཏེ་རྣམ་པར་བཀོད་པ་འདི་རེ་ཞིག་རྫོགས་སོ།། །།འདི་རབ་ཏུ་གསང་བའི་ནན་ཏན་དུ་བྱའོ། །དགེའོ།།
ཞལ་ཆེམས་དྲི་མ་མེད་པའི་འོད།
ཞལ་ཆེམས་དྲི་མ་མེད་པའི་འོད་ཅེས་བྱ་བ་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ལེགས་པའི་ཉི་མ་ཤིན་ཏུ་རྨད་བྱུང་གསལ་གྱུར་པ། །ཐུགས་རྗེའི་དབང་གིས་སྣ་ཚོགས་རོལ་པ་སྟོན་མཛད་ཅིང་། །མཛད་པའི་འཕྲོ་འདུས་འགྲོ་བ་ཡོངས་ལ་རྗེས་གཟིགས་ནས། །གདོད་མའི་གཞི་དབྱིངས་གཞོལ་བར་མཛད་ལ་ཕྱག་འཚལ་ལོ། །གང་གིས་མཛད་པ་མ་ལུས་མཐར་ཕྱིན་ནས། སྐྱེ་བོ་རྟག་པར་འཛིན་རྣམས་གདུལ་བྱའི་ཕྱིར། །གྲོང་ཁྱེར་དམ་པ་ཤིན་ཏུ་རྨད་བྱུང་བ། །རྩ་མཆོག་གྲོང་གཤེགས་མཛད་ལ་ཕྱག་འཚལ་ལོ། །འཁོར་བའི་རང་བཞིན་སྔར་ནས་ཤེས་ཟིན་ཏེ། །འཇིག་རྟེན་ཆོས་ལ་སྙིང་པོ་མེད་པའི་ཕྱིར། །ད་ནི་མི་རྟག་སྒྱུ་མའི་ལུས་འདོར་བས། །གཅིག་ཏུ་ཕན་པའི་གདམས་ངག་བཤད་ཀྱིས་ཉོན། །ཚེ་འདིར་བདེན་པར་བཟུང་ཡང་བསླུ་བསླུ་འདྲ། །མི་རྟག་སྙིང་པོ་མེད་པའི་རང་བཞིན་ལ། །ཡིད་བརྟན་མེད་ཅེས་ངེས་པར་རྟོགས་བྱས་ནས། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག ། རྟག་པ་མེད་པའི་མཛའ་བཤེས་མགྲོན་པོ་འདྲ། །རེ་ཞིག་འདུས་ཀྱང་མྱུར་དུ་འབྲལ་བས་ན། །སྒྱུ་མའི་གྲོགས་ལ་ཆགས་སེམས་རབ་སྤངས་ཏེ། །གཏན་དུ་ཕན་པ་དམ་པའི་ཆོས་མཛོད་ཅིག །བསགས་ཀྱང་འཇོག་པའི་ནོར་རྫས་སྦྲང་རྩི་འདྲ། །རང་གིས་བསགས་ཀྱང་གཞན་གྱིས་ལོངས་སྤྱོད་པས། །རང་་དབང་ཡོད་དུས་བསོད་ནམས་སྦྱིན་པའི་ཚོགས། །ཕྱི་མའི་ལམ་རྒྱགས་ད་ལྟ་གྲབས་མཛོད་ཅིག །བརྩིགས་ཀྱང་འཇིག་པའི་ཁང་ཁྱིམ་གཡར་པོ་འདྲ། །སྡོད་པའི་དབང་མེད་འགྲོ་བའི་གནས་སྐབས་ཡོད། །འདུ་འཛིའི་གནས་ལ་ཆགས་སྲེད་རབ་སྤངས་ཏེ། །ད་ལྟ་ཉིད་ནས་དབེན་པའི་གནས་བརྟེན་ཅིང་། །མཛའ་དང་མི་མཛའ་བྱིས་པའི་རྩེད་མོ་འདྲ། །དོན་མེད་ཆགས་སྡང་འབར་བའི་མེ་དཔུང་ཅན། །ཕན་ཚུན་འཐབ་རྩོད་འཁོན་འཛིན་རབ་སྤངས་ལ། །ད་ལྟ་ཉིད་ནས་རང་གིས་སེམས་ཐུལ་ཅིག །སྙིང་པོ་མེད་པའི་བྱ་བ་སྒྱུ་མ་འདྲ། །རེ་ཞིག་བརྩོན་ཡང་མཐའ་མ་འབྲས་བུ་མེད། །ཚེ་
འདིའི་བྱ་བཞག་འཇིག་རྟེན་ཆོས་སྤངས་ལ། །ད་ལྟ་ཉིད་ནས་ཐར་པའི་ལམ་ཚོལ་ཅིག །དལ་འབྱོར་ལུས་རྙེད་རིན་ཆེན་གྲུ་བོ་འདྲ། །སྡུག་བསྔལ་མཚོ་ལས་སྒྲོལ་བའི་སྟོབས་ཡོད་པས། །ལེ་ལོ་སྙོམས་ལས་སྒྱིད་ལུགས་སེམས་བོར་ལ། །ད་ལྟ་ཉིད་ནས་བརྩོན་པའི་སྟོབས་བསྐྱེད་ཅིག །དམ་པའི་བླ་མ་འཇིགས་སའི་སྐྱེལ་མ་འདྲ། །འཁོར་བའི་དགྲ་ལས་སྐྱོབ་པའི་དེད་དཔོན་ལ། །སྒོ་གསུམ་ཟོལ་མེད་སྲི་ཞུ་ཆེན་པོ་ཡིས། །ད་ལྟ་ཉིད་ནས་མཆོད་ཅིང་བསྟེན་པར་མཛོད། །ཟབ་མོའི་གདམས་པ་བདུད་རྩིའི་སྨན་དང་འདྲ། །ཉོན་མོངས་ནད་རྣམས་གསོ་བའི་མཆོག་ཡིན་པས། །རྒྱུད་ལ་བརྟེན་ཅིང་ལེགས་པར་གོམས་པ་ཡིས། །ད་ལྟ་ཉིད་ནས་ཀློང་དུ་འགྱུར་བར་མཛོད། །བསླབ་གསུམ་རྣམ་དག་ཡིད་བཞིན་ནོར་བུ་འདྲ། །འདི་ཕྱིར་བདེ་ཞིང་མཐར་ཐུག་ལེགས་པའི་ལམ། །བྱང་ཆུབ་ཞི་བ་དམ་པ་ཐོབ་པས་ན། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །སྣ་ཚོགས་ཐོས་པ་རིན་ཆེན་སྒྲོན་མེ་འདྲ། །གཏི་མུག་སེལ་ཞིང་ཐར་ལམ་སྣང་བར་བྱེད། །ཡེ་ཤེས་མིག་་འབྱེད་ཕན་བདེའི་འོད་འཕྲོ་བས། །ད་ལྟ་ཉིད་ནས་ཕྱོགས་རིས་མེད་པར་མཛོད། །ལེགས་པར་བསམ་པ་གསེར་མཁན་མཁས་པ་འདྲ། །ཡིན་མིན་ཐེ་ཚོམ་སྒྲོ་འདོགས་ཀུན་གཅོད་པས། །ཐོས་པའི་རང་བཞིན་བས མ་བྱུང་ཤེས་རབ་ཀྱིས། །ད་ལྟ་ཉིད་ནས་ཁོང་དུ་ཆུད་པར་མཛོད། །སྒོམ་པའི་རང་བཞིན་བདུད་རྩིའི་རོ་མྱོང་འདྲ། །ཐོས་བསམ་དོན་སྒོམ་ཉོན་མོངས་ནད་ཀུན་ཞི། །སྤྲོས་པའི་མཚོ་བརྒལ་སྙིང་པོའི་ཕ་རོལ་ཕྱིན། །ད་ལྟ་ཉིད་ནས་ནགས་སུ་བསྒོམ་པར་མཛོད། །ལྟ་བའི་རང་བཞིན་དྲི་མེད་ནམ་མཁའ་་འདྲ། །མཐོ་དམན་རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ། །ཡངས་དོག་མེད་ཅིང་སྨྲ་བསམ་བརྗོད་ལས་འདས། །ད་ལྟ་ཉིད་ནས་རྟོགས་པའི་ཐབས་མཛོད་ཅིག །སྒོམ་པའི་རང་བཞིན་རི་བོ་རྒྱ་མཚོ་འདྲ། །འཕོ་འགྱུར་མེད་ཅིང་དྭངས་ལ་རྙོག་པ་མེད། །རྣམ་གཡེང་སྤྲོས་པའི་མཚན་མ་ཀུན་ཞི་བ། །ད་ལྟ་ཉིད་ནས་ཇི་བཞིན་བསྒོམ་པར་མཛོད། །སྤྱོད་པའི་རང་བཞིན་
སྐྱེ་བོ་མཁས་པ་འདྲ། །དུས་སུ་བབས་དང་གང་ཕན་གནས་སྐབས་ཤེས། །ཆགས་ཐོགས་བླང་དོར་དགག་སྒྲུབ་སྒྱུ་མའི་ངང་། །ད་ལྟ་ཉིད་ནས་གཟུང་་འཛིན་གྲོལ་བར་མཛོད། །འབྲས་བུའི་རང་བཞིན་དེད་དཔོན་ནོར་ལོན་འདྲ། །རང་ཉིད་འབྱོར་པས་གཞན་དོན་ལྷུན་གྱིས་གྲུབ། །རེ་དང་དོགས་མེད་ངང་གིས་བློ་བདེ་བ། །ད་ལྟ་ཉིད་ནས་ཐོབ་ཕྱིར་འབད་པར་མཛོད། །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་འདྲ། །ནམ་མཁའི་རང་བཞིན་སེམས་ཉིད་གཉུག་མའི་དོན། །དོན་ལ་གཉིས་མེད་མཉམ་རྫོགས་ཆེན་པོ་རུ། །ད་ལྟ་ཉིད་ནས་ངེས་པར་རྟོགས་པར་མཛོད། །སྣ་ཚོགས་ཆོས་རྣམས་མེ་ལོང་གཟུགས་བརྙན་འདྲ། །སྣང་བས་སྟོངས་ཏེ་ལོགས་ན་སྟོང་པ་མེད། །གཅིག་དང་ཐ་དད་མ་བརྟག་ཉམས་དགའ་བར། །ད་ལྟ་ཉིད་ནས་ངེས་པར་མཁྱེན་པར་མཛོད། །གཟུང་བའི་ཡུལ་ལ་འཛིན་པ་རྨི་ལམ་འདྲ། །དོན་ལ་གཉིས་མེད་བག་ཆགས་གཉིས་སྣང་སྟེ། དེ་ཡང་བློས་བཏགས་རང་གི་ངོ་བོས་སྟོང་། །ད་ལྷ་ཉིད་ནས་གཉིས་མེད་མཁྱེན་པར་མཛོད། །འཁོར་འདས་རང་བཞིན་སྒྱུ་མའི་རྩེད་མོ་འདྲ། །བཟང་ངན་སྣང་ཡང་ངོ་བོ་མཉམ་པ་ཉིད། །ཐམས་ཅད་མ་སྐྱེས་ནམ་མཁའི་རང་བཞིན་དུ། །ད་ལྟ་ཉིད་ནས་ངེས་པར་མཁྱེན་པར་མཛོད། །འཁྲུལ་སྣང་བདེ་སྡུག་སྤྲུལ་པའི་རང་བཞིན་འདྲ། །དགེ་སྡིག་རྒྱུ་འབྲས་སོ་སོར་ཤར་དུས་ནས། །རང་བཞིན་མ་སྐྱེས་ངོ་བོར་འཕོ་འགྱུར་མེད། །ད་ལྟ་ཉིད་ནས་ངེས་པར་མཁྱེན་པར་མཛོད། །བློས་བཏགས་ཆོས་རྣམས་བྱིས་པའི་རྩོད་པ་འདྲ། །དོན་ལ་མི་གནས་རྟོག་པས་རབ་ཕྱེ་ནས། །བཟང་ངན་གྲུབ་མཐའི་ཕྱོགས་འཛིན་སོ་སོར་ཞེན། །ད་ལྟ་ཉིད་ནས་མཉམ་ཉིད་མཁྱེན་པར་མཛོད། །གཞན་ཡང་སྦྱིན་པ་རིན་ཆེན་གཏེར་དང་འདྲ། །མི་ཟད་གོང་་དུ་འཕེལ་ཞིང་འབྱོར་པའི་རྒྱུ། །ཐ་མ་མཆོག་འབྲིང་བསོད་ནམས་ཞིང་རྣམས་ལ། །ད་ལྟ་ཉིད་ནས་ཅི་འོས་སྦྱིན་པར་མཛོད། །ཚུལ་ཁྲིམས་དྲི་མེད་ཤིང་རྟ་བཟང་པོ་འདྲ། །མངོན་མཐོ་ངེས་ལེགས་གྲོང་ཁྱེར་བགྲོད་པའི་སྟེགས། །སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་
རྣམས། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །བཟོད་པ་མཚོ་ཆེན་མི་འཁྲུགས་མཆོག་དང་འདྲ།།གནོད་པས་མི་འཕྲོག་དཀའ་ཐུབ་ནང་ནས་མཆོག །སྡུག་བསྔལ་དང་ལེན་སྙིང་རྗེའི་ཆོས་སེམས་སོགས། །ད་ལྟ་ཉིད་ནས་གོམས་ཤིང་འདྲིས་པར་མཛོད། །བརྩོན་འགྲུས་མེ་ཆེན་ཕུང་པོ་འབར་བ་འདྲ། །མི་མཐུན་ཕྱོགས་བསྲེགས་དགེ་ལ་ཡང་དག་སྤྲོ། །སྒྱིད་ལུགས་སྙོམས་ལས་ལེ་ལོ་མེད་པ་ཡིས། །ད་ལྟ་ཉིད་ནས་ཐར་ལམ་སྒྲུབས་པར་མཛོད། །བསམ་གཏན་མི་གཡོ་རི་རྒྱལ་མཆོག་དང་འདྲ། །དམིགས་པས་མི་བསྐྱོད་ཡུལ་ལ་ཡེངས་པ་མེད། །གང་ལ་མཉམ་གཞག་གཞན་གྱིས་མི་་འཕྲོགས་པ། །ད་ལྟ་ཉིད་ནས་རྒྱུད་ལ་གོམས་པར་མཛོད། །ཤེས་རབ་རྒྱ་ཆེན་ཉི་མའི་དཀྱིལ་འཁོར་འདྲ། །གཏི་མུག་མུན་སེལ་དམ་ཆོས་སྣང་བར་བྱེད། །ཐར་གླིང་མཆོག་སྤེལ་ཉེས་པའི་ཆུ་གཏེར་སྐེམས། །ད་ལྟ་ཉིད་ནས་གོང་དུ་འཕེལ་བར་མཛོད། །ཐབས་མཁས་དེད་དཔོན་ནོར་བུ་ལེན་པ་་འདྲ། །སྡུག་བསྔལ་མཚོ་བརྒལ་བདེ་ཆེན་གླིང་འགྲོད་ནས། །སྐུ་གསུམ་མཆོག་ཐོབ་དོན་གཉིས་ལྷུན་གྱིས་གྲུབ། །ད་ལྟ་ཉིད་ནས་ཐབས་ཀྱིས་གཞན་ཕན་མཛོད། །སྟོབས་ཆེན་ཕ་རོལ་གནོན་པའི་དཔའ་བོ་འདྲ། །ཉོན་མོངས་དཔུང་འཇོམས་བྱང་ཆུབ་ལམ་ལ་དགོད། །དགེ་ཚོགས་མཐར་ཕྱིན་བར་ཆད་མེད་པས་ན། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །སྨོན་ལམ་ཡིད་བཞིན་ནོར་བུ་ཆེན་པོ་འདྲ། །འདོད་དགུ་ལྷུན་གྲུབ་བདེ་ཆེན་ངང་གིས་འཕེལ། །ཞི་ལ་སེམས་གཞོལ་ཡིད་ལ་རེ་བ་སྐོང་། །ད་ལྟ་ཉིད་ནས་རླབས་ཆེན་འདེབས་པར་མཛོད། །ཡེ་ཤེས་མཁའ་ལ་ཆུ་འཛིན་འཁྲིགས་པར་འདྲ། །ཏིང་འཛིན་གཟུངས་སྤྲིན་ཕན་བདེའི་ཆར་འབེབ་པས། །འགྲོ་ཀུན་དགེ་ཚོགས་ལོ་ཏོག་ལེགས་པར་བསྐྲུན། །ད་ལྟ་ཉིད་ནས་ཐོབ་ཕྱིར་འབད་པར་མཛོད། །ཐབས་དང་ཤེས་རབ་བཞོན་པ་བཟང་པོ་འདྲ། །སྲིད་ཞིར་མི་ལྟུང་རང་གཞན་དོན་གཉིས་འགྲུབ། །ལམ་ལྔ་མཐར་ཕྱིན་སྐུ་གསུམ་ལྷུན་གྱིས་གྲུབ། །ད་ལྟ་ཉིད་ནས་འབད་པས་བསྒྲུབ་པར་མཛོད། །བྱང་ཆུབ་ཕྱོགས་ཆོས་ལམ་བཟང་ཆེན་པོ་འདྲ། །དུས་
གསུམ་འཕགས་རྣམས་སྔ་ཕྱིའི་གཤེགས་ཤུལ་ཏེ། །དྲན་པ་ཉེར་གཞག་བཞི་སོགས་སུམ་ཅུ་བདུན། །ད་ལྟ་ཉིད་ནས་བསྒོམ་ཕྱིར་བརྩོན་པར་མཛོད། །གཞན་ཡང་བྱམས་པ་ཕ་མ་བཟང་པོ་འདྲ། །འགྲོ་དྲུག་བུ་ལ་ཐུགས་རྗེ་རྒྱུན་མི་འཆད། །བརྩེ་བས་དོན་བྱེད་ཕན་པ་རྟག་ཏུ་སྒྲུབ། །ད་ལྟ་ཉིད་ནས་རྒྱུད་ལ་གོམས་པར་མཛོད། །སྙིང་རྗེ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་འདྲ། །འགྲོ་བའི་སྡུག་བསྔལ་བདག་གི་སྡུག་བསྔལ་བཞིན། །བྲལ་བར་འདོད་པ་བརྩོན་པའི་ཡ་ལད་ཅན། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །དགའ་བ་རིགས་ཀྱི་རྗེ་དཔོན་བཟང་པོ་འདྲ། །གཞན་དག་དགེ་བས་རང་ཉིད་བློ་བདེ་བས། །ཆེད་དུ་བཀོད་པ་བཞིན་དུ་རྗེས་ཡི་རང་། །ད་ལྟ་ཉིད་ནས་མཆོག་དུ་གོམས་པར་མཛོད། །བཏང་སྙོམས་རང་བཞིན་སྙོམས་པའི་ས་གཞི་འདྲ། །ཉེ་རིང་ཆགས་སྡང་མེད་ཅིང་ཟུག་ངུ་བྲལ། །རྟག་ཏུ་མཉམ་པའི་ངང་ནས་བདེ་བ་ཆེ། །ད་ལྟ་ཉིད་ནས་རང་བཞིན་གོམས་པར་མཛོད། །བྱང་ཆུབ་སེམས་གཉིས་དེད་དཔོན་དམ་པ་འདྲ། །དགེ་ཀུན་ཐར་གླིང་འགྲོད་པའི་ཁ་ལོ་བ། །སྲིད་པས་མི་སྐྱོ་གཞན་དོན་ཕུན་སུམ་ཚོགས། །ད་ལྟ་ཉིད་ནས་ཡང་ཡང་བསྐྱེད་པར་མཛོད། །མོས་པ་རྒྱ་མཚོ་ཆུ་གཏེར་ཆེན་པོ་འདྲ། །དགེ་བས་གང་ཞིག་སྔ་ཕྱི་རོ་གཅིག་འཛིན། །དུས་ཀུན་མི་ཉམས་དད་པའི་རླབས་གཡོ་བ། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །བསྔོ་བ་མི་ཟད་ནམ་མཁའི་མཛོད་དང་འདྲ། །ཆོས་དབྱིངས་བསྔོས་པས་མི་ཉམས་གོང་དུ་འཕེལ། །ཆོས་སྐུ་རོ་གཅིག་གཟུགས་སྐུ་ལྷུན་གྱིས་གྲུབ། །ད་ལྟ་ཉིད་ནས་འཁོར་གསུམ་དག་པར་མཛོད། །རྗེས་སུ་ཡི་རང་ནམ་མཁའི་ཁམས་དང་འདྲ། །བསོད་ནམས་མཐའ་ཡས་དམིགས་མེད་རློམ་སེམས་བྲལ། །མི་གཡོ་རང་ཏུ་དྭངས་པའི་རྣམ་པ་ཅན། །ད་ལྟ་ཉིད་ནས་ཡང་ཡང་བརྟེན་པར་མཛོད། །གཞན་ཡང་དྲན་པ་ལྕགས་ཀྱུ་བཟང་པོ་འདྲ། །སེམས་ཀྱི་གླང་པོ་མ་ཐུལ་མྱོས་པ་འཛིན། །ཉེས་ལས་རབ་ལྡོག་རང་བཞིན་་དགེ་ལ་སྦྱོར། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །ཤེས་བཞིན་མ་ཡེངས་མེལ་ཚེ་བཟང་པོ་འདྲ། །མི་དགེའི་རྐུན་པོས་
གླགས་སྐབས་མི་རྙེད་ཅིང་། །དགེ་བའི་ནོར་མང་སྲུང་ལ་ཞུགས་པས་ན། །ད་ལྟ་ཉིད་ནས་ངེས་པར་བརྟེན་པར་མཛོད། །བག་ཡོད་ལྕགས་རི་འཐས་བཟང་བསྐོར་བ་འདྲ། །ཉོན་མོངས་ཆོམ་རྐུན་ཚོགས་ཀྱིས་མི་འཕྲོགས་ཤིང་། །ལས་ཀྱི་དགྲ་ལས་རྒྱལ་བའི་དཔུང་ཚོགས་ཅན། །ད་ལྟ་ཉིད་ནས་སེམས་བསྲུང་འབད་པར་མཛོད། །གཞན་ཡང་དད་པ་ཞིང་ས་བཟང་པོ་འདྲ། །འདོད་དགུ་འབྱུང་ཞིང་བྱང་ཆུབ་ལོ་ཐོག་བསྐྲུན། །འདི་ཕྱིར་བདེ་ཞིང་རྟག་ཏུ་ཕན་པ་སྒྲུབ། །ད་ལྟ་ཉིད་ནས་གོང་དུ་འཕེལ་བར་མཛོད། །གཏོང་ཕོད་པདྨའི་རྫིང་བུ་བཟང་པོ་འདྲ། །དམ་པ་འདུ་ཞིང་སྐྱེ་བོ་དགའ་བ་བསྐྱེད། །བདོག་པ་འབྲས་བཅས་ལོངས་སྤྱོད་སྙིང་པོ་ཡོད། །ད་ལྟ་ཉིད་ནས་གཞན་དག་དགའ་བར་མཛོད། །སྙན་པར་སྨྲ་བ་ལྷ་ཡི་རྔ་སྒྲ་་འདྲ། །འགྲོ་བའི་ཡིད་འཛིན་མཐོང་ན་མི་མཐུན་མེད། །དུལ་བའི་རྗེས་་འགྲོ་དགའ་བ་བསྐྱེད་པས་ན། །ད་ལྟ་ཉིད་ནས་བསྟོད་པས་མགུ་བར་མཛོད། །ཞི་བའི་སྤྱོད་ལམ་དྲང་སྲོང་དམ་པ་འདྲ། །མི་དགེ་འགོག་ཅིང་་འགྲོ་བའི་དད་པ་འཕེལ། །བཅོས་མའི་ཚུལ་སྤོངས་རང་བཞིན་དུལ་བའི་ངང་། །ད་ལྟ་ཉིད་ནས་སྤྱོད་ཡུལ་ཕུན་ཚོགས་མཛོད། །དམ་པའི་ཆོས་ཉིད་བདེ་གཤེགས་དབང་པོ་འདྲ། །ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་པར་འཕགས། །ཀུན་དང་ཆ་མཐུན་ཀུན་དང་མི་འདྲ་བར། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །དལ་འབྱོར་ལུས་འདི་སྒྱུ་མའི་ཁང་བཟང་་འདྲ། །རེ་ཞིག་སྣང་ཡང་ནམ་འཇིག་ངེས་པ་མེད། །ཚེ་ལ་ལོང་མེད་འདུས་ཀྱང་འབྲལ་བའི་ཆོས། །ད་ལྟ་ཉིད་ནས་ཡང་ཡང་དྲན་པར་མཛོད། །ལོངས་སྤྱོད་གཡོ་བ་སྟོན་ཀའི་སྤྲིན་དང་འདྲ། །འབྱོར་པའི་རང་བཞིན་གང་་དུ་རྒུད་པའི་ཆོས། །སྙིང་ནས་སྙིང་པོ་མེད་པའི་རང་བཞིན་དུ། །ད་ལྟ་ཉིད་ནས་ངེས་པར་རྟོགས་པར་མཛོད། །འགྲོ་ཀུན་མི་རྟག་སྔ་ཕྱིའི་འགྲོན་པོ་འདྲ། །རྒན་རབས་སྔོན་སོང་གཞོན་རབས་ཕྱི་ནས་འགྲོ། །ད་ལྟའི་རྣམས་ཀྱང་ལོ་བརྒྱར་གཅིག་མི་ལུས། །ད་ལྟ་ཉིད་ནས་ངེས་པར་རྟོགས་པ་མཛོད། །ཚེ་འདིའི་སྣང་བ་དེ་རིང་ཉིན་གང་འདྲ། །བར་དོའི་སྣང་བ་དོ་ནུབ་རྨི་ལམ་ཚུལ། །
ཕྱི་མའི་སྣང་བ་སང་བཞིན་མྱུར་དུ་འོངས། །ད་ལྟ་ཉིད་ནས་དམ་པའི་ཆོས་མཛོད་ ཅིག །དེ་ལྟར་ཆོས་ཀུན་འདྲ་བའི་དཔེས་བསྟན་ནས། །ཡང་ཅིག་དད་ལྡན་རྣམས་ལ་བསྐུལ་བ་ནི། །འདུས་པའི་་ཐ་མ་འབྲལ་བའི་ཆོས་ཡིན་པས། ཁོ་བོ་མི་སྡོད་ཐར་པའི་གླིང་དུ་འགྲོ །འཁོར་བའི་ཆོས་ལ་ཡིད་བརྟོན་འགའ་མེད་པས། །སྐྱེ་མེད་ཆོས་སྐུའི་གཏན་སྲིད་ཟིན་པར་མཛོད། །འཇིག་རྟེན་སྣང་བ་སྒྱུ་མའི་བསླུ་བྲིད་མཁན། །བརྫུན་པའི་རང་བཞིན་སྒེག་མོ་གཡོན་ཅན་འདྲ། །དགེ་ལས་སེམས་འགྲོ་ཉོན་མོངས་ཚོགས་འཕེལ་བས། །རིང་དུ་སྤོངས་ཏེ་དམ་པའི་ཆོས་མཛོད་ཅིག །ཆོག་ཤེས་མེད་ན་འབྱོར་ཡང་དབུལ་པོ་སྟེ། །འཇུངས་པའི་སེམས་ལ་ཁེངས་པའི་དུས་མེད་དོ། །ཆོག་ཤེས་ལྡན་ན་འབྱོར་པའི་ཡང་རབ་ཡིན། །ཅུང་ཟད་མཆིས་ལའང་བདེ་བས་སེམས་གང་ངོ་། །ཆང་དང་བུད་མེད་ཉོན་མོངས་འབྱུང་ཁུངས་ལ། །ཆགས་སྲེད་འདུན་པའི་སེམས་ནི་རབ་སྤངས་ཏེ། །དྲང་སྲོང་རྣམས་ཀྱི་སྤྱོད་ལ་རབ་གཞོལ་ནས། །དབེན་པའི་གནས་སུ་ཞི་བའི་དོན་སྒོམས་ཤིག །ཉིན་མཚན་མི་དལ་གཅིག་ཏུ་སེམས་དགེ་བ། །ཉེས་སྤངས་ཕན་པ་མཛད་དེས་གསུངས་བཞིན་དུ། །སྐད་ཅིག་མ་ཡེངས་དམ་པའི་ཆོས་མཛོད་ཅིག །འཆི་ཁར་མི་འགྱོད་མ་འོངས་ཕན་པ་འགྲུབ། །ཡང་ཅིག་ཡུན་རིང་ལས་སྨོན་དག་པ་ཡིས། །ཆོས་དང་དམ་ཚིག་འདྲེས་པའི་སློབ་མ་དག །འདུས་ཀྱང་འབྲལ་བའི་ཆོས་ཏེ་དཔོན་སློབ་གྱེས། །ཚོང་ཁང་འགྲོན་པོ་འདྲ་བར་མཁྱེན་པར་མཛོད། །སྙིང་ནས་གཅིག་ཏུ་ཕན་པའི་གཏམ་སྨྲས་པ། །ཡུལ་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་སོགས། །ཚེ་འདིའི་རྣམ་གཡེང་འདུ་འཛི་ཀུན་སྤངས་ལ། །ཞི་བའི་གནས་སུ་བསམ་གཏན་བསྒོམ་པར་མཛོད། །ཅིས་ཀྱང་མི་ཕན་འགྲོ་བའི་དུས་བྱུང་ཚེ། །འཆི་ཁར་མི་འཇིགས་དམ་པའི་ཆོས་དགོས་པས། །བླ་མའི་མན་ངག་ཟབ་་དོན་སྙིང་པོའི་ཆོས། །ད་ལྟ་ཉིད་ནས་གོམས་ཤིང་བརྩོན་པར་མཛོད། །ཀུན་གྱི་ནང་ནས་འོད་གསལ་སྙིང་པོའི་ཆོས། །ཀུན་གྱི་སྙིང་པོ་སྙིང་ཐིག་གསང་བའི་དོན། །ཀུན་ལས་མཆོག་གྱུར་ཚེ་གཅིག་སངས་རྒྱས་ལམ། །ཀུན་བཟང་བདེ་ཆེན་བསྒྲུབ་ལ་བརྩོན་པར་མཛོད། །
གཞན་ཡང་ཟབ་དོན་བདུད་རྩིིའི་སྙིང་པོ་ཅན། །དམ་པ་རྣམས་ལས་བརྒྱུད་པའི་ཆོས་བཙལ་ཏེ། །བརྩོན་པའི་སྟོབས་ཀྱིས་གཅིག་པུར་ཉམས་སུ་ལོངས། །མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར། །ད་ལྟ་ཉིད་ནས་བདེ་མཆོག་ཀུན་འགྲུབ་ཅིང་། །ཕྱི་མའི་དུས་ལའང་ཕན་པ་དམ་པའི་ཆོས། །མཐོང་དང་མ་མཐོང་ཆེ་བའི་་ཡོན་ཏན་ཅན། །སྙིང་པོའི་དོན་ལ་དེང་ནས་བརྩོན་པར་མཛོད། །སྤྲིན་བྲལ་ཟླ་བ་གང་བའི་ཚོགས་གང་བ། །སྐར་མའི་བདག་པོ་དེ་ཡང་འཆར་དུ་ཉེ། །བླ་བྲེ་གདུགས་དང་རྒྱལ་མཚན་རོལ་མོའི་སྒྲ། །མཁའ་འགྲོའི་ཚོགས་མང་ལྷགས་པས་མཛེས་གྱུར་ཅིང་། །ཐུགས་རྗེ་མངའ་བའི་མགོན་པོ་པདྨའི་ཞལ། །དབུགས་འབྱིན་མཛད་པ་དེ་ཡི་དེང་བཟུང་བས། །འགྲོ་བའི་དུས་བབས་མགྲོན་པོ་ལམ་ཞུགས་བཞིན། །འཆི་བས་དགའ་བའི་རྙེད་པ་ལེགས་གྲུབ་པ། །རྒྱ་མཚོའི་དོན་ཡོངས་གྲུབ་པའི་ཚོང་པ་དང་། །གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་དང་། །བསམ་གཏན་གྲུབ་པའི་བདེ་བས་ཆེས་ལྷག་གོ །ད་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ །ཚེ་ཟད་ལས་ཟད་སྨོན་ལམ་འཕན་པ་ཟད། །འཇིག་རྟེན་ཆོས་ཟད་ཚེ་འདིའི་སྣང་བ་ཟད། །བར་དོའི་ཡུལ་ལ་ཞིང་སྣང་རྒྱ་ཆེ་བས། །རང་སྣང་ངོ་བོ་སྐད་ཅིག་རང་རིག་ནས། །གདོད་མའི་ས་ལ་གཏན་སྲིད་ཟིན་དུ་ཉེ། །རང་ཉིད་འབྱོར་པས་གཞན་ཉིད་བློ་བདེ་བ། །སྦྲུལ་པའི་སྐྱེ་བས་ཐར་གླིང་ཕན་པ་བསྒྲུབ། །དེ་དུས་སློབ་མའི་དམ་པ་ཁྱེད་རྣམས་དང་། །ཕྲད་ནས་ཆོས་ཀྱི་དགའ་བས་ཚིམ་པར་སྨོན། །ད་རེས་ཚེ་འདིའི་འབྲེལ་བ་དེ་ལས་མེད། །ཕྱོགས་མེད་སྤྲང་པོ་གང་བདེར་ཤི་བ་ལ། །མྱ་ངན་མ་བྱེད་རྒྱུན་དུ་གསོལ་བ་ཐོབས། །དེ་སྐད་ཕན་པར་སྨྲ་བའི་སྙིང་གི་གཏམ། །དད་ལྡན་བུང་བ་དགའ་སྐྱེད་པདྨའི་སྤྲིན། །ལེགས་སྨྲས་དགེ་བས་འགྲོ་བ་ཁམས་གསུམ་པོ། །གདོད་མའི་ས་ལ་མྱ་ངན་འདས་པར་ཤོག །ཞལ་ཆེམས་དྲི་མ་མེད་པའི་འོད་ཅེས་བྱ་བ། །དྲི་མེད་འོད་ཟེར་གྱིས་གདམས་པ་རྫོགས་སོ།། །།བཀྲ་ཤིས་སོ། །
ཞལ་ཆེམས་གནད་ཀྱི་མེ་ལོང་།
རིན་ཆེན་ཤོག་སེར་སྐོར། ཞལ་ཆེམས་གནད་ཀྱི་མེ་ལོང་བཞུགས་སོ།
ཞལ་ཆེམས་གནད་ཀྱི་མེ་ལོང་དུ་གདམས་པ། ཨེ་མ་ཧོ། །གནས་ལུགས་རིག་པ་ཀུན་བཟང་ཆོས་ཀྱི་སྐུ། །ལྷུན་གྲུབ་རིག་པ་འོད་གསལ་ལོངས་སྤྱོད་རྫོགས། །འཆར་ཚུལ་མ་འགགས་ཐུགས་རྗེ་སྤྲུལ་བའི་སྐུ། །གདོད་མའི་དབྱིངས་སུ་མཐར་ཕྱིན་རྟོགས་པས་འདུད། །ཡང་ཟབ་རྩེ་མོ་རྡོ་རྗེ་སྙིང་པོའི་དོན། །མཐའ་གྲོལ་ཀློང་ཡངས་དགོངས་དོན་གསང་བ་་འདི། །མཐའ་དྲིལ་འུབ་ཆུབ་ཐིག་ལེ་ཉག་གཅིག་པོ། །ཕྱི་རབས་རྣམས་ལ་གདམས་པ་ཨེ་མ་ཧོ། །ཨཱོུཾ། རང་རིག་དབང་ཆེན་དབྱིངས་སུ་རྫོགས་པའི་དོན། བླ་མས་མངོན་བསྟན་རྩལ་དབང་དམ་ཚིག་ལྡན། །འཁོར་འདས་སེམས་དང་ཡེ་ཤེས་ཤན་ཕྱེ་ལ། །ལྔ་ལྡན་དབྱིངས་སུ་ལྟ་དགོངས་ལ་ཟློས་ཤིག །ཨྸཿ རིག་སྟོང་ངོ་བོ་ཀ་དག་ཆོས་ཟད་དང་། །འཁོར་འདས་མིང་མེད་གསལ་དག་ཆོས་སྐུ་ལ། །གཟུང་འཛིན་ཡེ་གྲོལ་ཅོག་བཞག་ཆོས་ཉིད་དུ། །ནང་དབྱིངས་ཁྲེགས་ཆོད་གདོད་མར་ཨེ་མ་ཧོ། ཨཀྵཾཿ ལྷུན་གྲུབ་གཞི་སྣང་ལྟ་སྟངས་གཟིགས་སྟངས་གཅུན། །ཕྱི་གནད་གཅུན་པས་ནང་དབྱིངས་ཆོས་ཟད་དང་། །སྣང་བཞི་ཚད་ཕེབས་གདོད་མའི་དབྱིངས་སུ་གྲོལ། །ལྷུན་གྲུབ་ནང་དབྱིངས་འགྱུར་མེད་ཨེ་མ་ཧོ། ཨཿ ཐམས་ཅད་དབྱིངས་གཅིག་རང་བྱུང་རིག་པའི་ཀློང་། །གཞི་དང་གཞིར་སྣང་མཐར་ཟད་གདོད་མའི་དབྱིངས། །རང་དོན་ཆོས་སྐུ་འཕོ་འགྱུར་མེད་པ་ལ། །གཞན་དོན་གཟུགས་སྐུ་གཞི་སྣང་རོལ་པ་ཡིས། །ཐམས་ཅད་དོན་མཛད་ཕྲིན་ལས་རྒྱུད་མི་འཆད། ཤིན་ཏུ་རྣམ་དག་འབྲས་བུ་ཨེ་མ་ཧོ། །གཞི་ལམ་འབྲས་བུ་ཐམས་ཅད་དབྱེར་མེད་ངང་། །རང་བྱུང་ཡེ་ཤེས་ཆེ་བ་ལྔ་དང་ལྡན། །ལྷུན་གྲུབ་རང་རྫོགས་ཆེན་པོའི་དོན་འདི་ཉིད། །ཚེ་གཅིག་གྲོལ་བའི་ཐེག་མཆོག་ཨེ་མ་ཧོ། ཞལ་གདམས་གནད་ཀྱི་མེ་ལོང་གབ་པ་མངོན་དུ་ཕྱུང་བ། སྦས་པ་གསལ་བར་སྟོན་པ། དགོངས་པ་མངོན་དུ་ལྟ་བ། འཕྲུལ་གྱི་མེ་ལོང་། སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ། དྲི་མ་མེད་པའི་འོད་ཟེར་གྱིས། མཐར་ཐུག་དོན་གྱི་སྙིང་པོ་ལྔ་ཕྱུང་སྟེ། ཕྱི་རབས་ལ་གདམས་པ། ས་མ་ཡ། རྒྱ་རྒྱ་རྒྱ། དཔལ་སྔགས་ཀྱི་སྲུང་མ་བཤན་པ་སྲོག་སྒྲུབ་ནག་མོས་སྲུངས་ཤིག །དགེའོ།།།།
ཞལ་ཆེམས་མཐར་ཐུག་གཅིག་མ།
ཞལ་ཆེམས་མཐར་ཐུག་གཅིག་མ་བཞུགས་སོ། །
ཨཱོཾ་ཨཱཿཧཱུཾ། རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས། སྐལ་ལྡན་རྣམས་ལ་གདམས་པ། ཨེ་མ་ཧོ། །མཐར་ཐུག་ཅིག་ཏུ་དྲིལ་ན་་འདི་ལྟར་ཡིན། །སུས་ཀྱང་མ་བྱས་གདོད་ནས་རང་བྱུང་བའི། །སེམས་ཉིད་རྒྱལ་པོ་རང་བཞིན་རྫོགས་པ་ཆེ། །རིན་ཆེན་གཏེར་འདི་རྟག་ཏུ་ལྟ་བར་གྱིས། །མི་གཡོ་གསུམ་ལྡན་རླུང་རིག་མཁའ་ལ་གཏད། །རང་ལས་བྱུང་བའི་འོད་ཀྱི་ཁང་བཟང་ན། །རང་རིག་རྒྱལ་པོ་རྡོ་རྗེ་ལུ་གུ་རྒྱུད། །གསལ་སྟོང་འཛིན་མེད་ནམ་མཁའི་དཀྱིལ་དུ་འཆར། །སྣང་ལ་རང་བཞིན་མེད་པའི་ངང་ལ་ཞོག །དག་སྣང་དངོས་འདི་རྣམ་ཀུན་སྟོང་པའི་གཟུགས། །སྒྱུ་མ་སྨིག་རྒྱུ་ཆུ་ཡིི་ཟླ་བ་འདྲ། །སྣ་ཚོགས་སེམས་འདི་འབྱུང་བ་རླུང་དང་མཚུངས། །གང་ཤར་དྲན་འཛིན་མ་བྱེད་གང་དགར་ཐོངས། །སྒོམ་དུ་མེད་དེ་རྣམ་ཀུན་སྟོང་པའི་གཟུགས། །གང་ཤར་རྒྱལ་པོ་ལྷུན་རྫོགས་ངང་ལ་རོལ། །རང་རིག་རང་གྲོལ་གྲོལ་བ་གཞན་ནས་མིན། །བཅོས་བསླད་མ་བྱེད་རང་བཞིན་ལྷུག་པར་ཞོག །མི་འགྱུར་མཉམ་པའི་ངང་ལ་གནས་པ་ཡིན། །འདི་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་པ། །གང་ལ་ཞེན་ན་དེ་་ཡང་ངེས་པར་ཐོངས། །དམིགས་གཏད་ཞེན་པ་བྱུང་ན་རྣལ་འབྱོར་མིན། །གང་ཤར་ཞེན་པ་མེད་ན་ཅི་དགར་རོལ། །ནང་གི་རང་གདངས་ཕྱི་རུ་ཤར་བའི་ཚེ། །ཤེས་ཉམས་སྣང་ཉམས་འཕེལ་འགྲིབས་ཅི་བྱུང་ཡང་། །དགག་སྒྲུབ་མ་བྱེད་རིག་པའི་ཆོ་འཕྲུལ་ཡིན། །གཏད་མེད་རྒྱལ་པོ་འཛིན་མེད་ངང་དུ་གྱུར། །བཟང་ངན་བླང་དོར་ཐམས་ཅད་སྤྲོས་པའི་ངང་། །གཉིས་སྣང་མཚན་མ་ཐམས་ཅད་འཁྲུལ་པའི་གཟུགས། །རྩོལ་སྒྲུབ་ཞེན་པ་་ཐམས་ཅད་སྒྲིབ་ཕྱེད་ཉིད། །རེ་དོགས་འཆིང་པ་ཐམས་ཅད་ཞེན་པའི་རྒྱུ། །གདོད་མའི་ངང་འདི་བརྗོད་འདས་གཞི་རྩ་བྲས། །སྤང་བླང་རྩོལ་སྒྲུབ་རེ་་དོགས་ཕྱོགས་རིས་མེད། །གནས་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ། །ཅོག་བཞག་རང་གྲོལ་འབད་མེད་གང་གིས་ཡུལ། །གནས་ལུགས་མཐོང་ན་གཞི་རྩ་གང་ཡང་མེད། །ཆིག་ཆོད་མཐོང་ལ་སྒོམ་པ་རྡུལ་ཙམ་མེད། །སྙེམས་དང་བྲལ་ལ་སྤྱོད་
པ་ཡོད་མ་ཡིན། ཁྲེགས་ཆོད་མཐོང་ལ་དྲན་འཛིན་གཉེན་པོ་མེད། །ཐོད་རྒལ་མཐོང་ལ་སེམས་འཛིན་སྒོམ་པ་མེད། །རྣམ་རྟོག་བྱུང་ན་གང་ཤར་རང་གྲོལ་ཡིན། རྩོལ་སྐྱབ་མ་བྱེད་རང་བབས་ལྷུག་པར་ཞོག །སོ་མ་གཉུག་མ་མ་བཅོས་ཟང་ཐལ་དང་། །ཅིར་སྣང་ཐམས་ཅད་ཆོས་སྐུའི་ཞིང་དུ་འཆར། །འདི་ཉིད་བླ་མའི་གདམས་ངག་ཀུན་དྲིལ་ནས། །ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན་དུ་བཀོད། །འདི་ལྟར་ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །སངས་རྒྱས་ས་ལ་ཚེགས་མེད་བདེ་་བླག་འགྲོ །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་། །གཞན་དོན་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་འགྱུར། །གྲུ་ཆེན་ངོགས་ལ་མགྲོན་པོ་ཆས་པ་བཞིན། །དྲི་མེད་འོད་ཟེར་ཐར་པའི་གླིང་དུ་འགྲོ །སྡོད་པའི་ཡུན་མེད་བརྩོན་པས་སྒྲུབས་ཤིག་བུ། །དགེ་ཞིང་བཀྲ་ཤིས་པ་གྱུར་ཅིག །དགེའོ། །
བདེ་གཤེགས་རིགས་ལྔའི་སྒྲུབ་ཐབས་པདྨ་སྟོང་ལྡན།
བདེ་གཤེགས་རིགས་ལྔའི་སྒྲུབ་ཐབས་པདྨ་སྟོང་ལྡན་བཞུགས་སོ། །རིན་ཆེན་ཤོག་འདྲའི་སྐོར།
བདེ་བར་གཤེགས་པ་རིགས་ལྔའི་སྒྲུབ་ཐབས་པདྨ་སྟོང་ལྡན་ཞེས་བྱ་བ། གདོད་མའི་མགོན་པོ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །ངོ་བོ་རྣམ་དག་ཆོས་སྐུའི་ནམ་མཁའ་ལ། །རང་བཞིན་འོད་གསལ་རིགས་ལྔ་ལོངས་སྤྱོད་རྫོགས། །ཐུགས་རྗེའི་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །རྒྱལ་བ་རྒྱ་མཚོའི་ཚོགས་ཕྱག་འཚལ་ལོ། །སྣང་སྲིད་སྣོད་བཅུད་ཡེ་ནས་རིགས་ལྔའི་ཞིང་། །འོད་ལྔ་ལྷུན་རྫོགས་སྟོང་གསལ་ཇི་བཞིན་ཉིད། །རང་གཞན་འགྲོ་བ་ཀུན་གྱིས་སྒྲུབ་པ་ཡི། །པདྨ་སྟོང་ལྡན་རྒྱས་པའི་ཚུལ་་འདི་བཤད། །དེ་ལ་གསུམ་ལས། དང་པོ་ཕྱི་ལྟར་སྒྲུབ་པ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། སྐད་ཅིག་གིས་རང་གི་སྤྱི་བོར་ཨཱཿ་དཀར་པོ་ལས་འོད་འཕྲོས། རང་དང་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ཞིང་། ཨཱོཾ་མཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ་྅་ཧཾ་གིས་སྟོང་པ་ཉིད་ཀྱི་ངང་ལས། ༀ་བཛྲ་དྷརྨ་དྷཱ་རྟུ་ཨཱདྨ་ཀོ྅་ཧཾ་གིས་ཀུན་ལ་ཁྱབ་པའི་སྙིང་རྗེ་བསྒོམས་ནས། ཨཱོཾ་བཛྲ་ཙིཏྟ་ཧཱུཾ་གིས་རང་གི་སེམས་ཧཱུཾ་དུ་གྱུར་པ་ལས། འོད་ཟེར་ཨེའི་རྣམ་པ་གྲངས་མེད་པ་འཕྲོས་པས། སྣང་སྲིད་ཐམས་ཅད་ནམ་མཁའ་གཅིག་ཏུ་གྱུར་པའི་ངང་ལས། ཡང་ཧཱུཾ་དེ་ཉིད་ཀྱི་འོད་ཟེར་ཡཾ་བཾ་ལཾ་བྷྲུཾ་གྱི་རྣམ་པར་འཕྲོས་པས། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རྒྱ་མཚོའི་སྟེང་དུ་གསེར་གྱི་ས་གཞི་ཆུས་གང་བའི་དབུས་རི་རབ་ཀྱི་སྟེང་དུ་པདྨ་ཉི་མ་དང་ཟླ་བའི་དབུས་སུ་རིན་པོ་ཆེའི་གཞལ་ཡས་ཁང་ཆེན་པོ་སྒོ་རྟ་བབས་དཀྱིལ་འཁོར་གྱི་བཀོད་པ་རྫོགས་པ་ལས། བྷྲུཾ་བྷི་ཤུདྡྷེ་ཛྙཱ་ན་ཙཀྲ་བྷྲུཾ་གྱིས་་སྟོང་གསུམ་གྱི་འཇིག་རྟེན་དང་མཉམ་པའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེ། ལྷོར་རྟ་མཆོག །ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་རྣམས་ཀྱི་་སྟེང་དུ་པདྨ་ཉི་ཟླའི་དབུས་སུ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་པས་ས་བོན་རྣམས་རིམ་པ་བཞིན་འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲིར་གྱུར། མཚམས་ཀྱི་པད་ཟླ་བཞིའི་སྟེང་ན་ཨེ་བཾ་ལཾ་རཾ་ཡཾ་ལས་ཕྱག་མཚན་ལྔར་གྱུར།
སླར་ཡང་འོད་འཕྲོས་སྣོད་བཅུད་ལྷ་དང་ལྷ་མོར་གྱུར། འོད་ཟེར་ཚུར་འདུས་ཕྱག་མཚན་ལས། དབུས་སུ་རྣམ་སྣང་ཡབ་ཡུམ་གཉིས་སུ་མེད་པ། མཐིང་ག་ཡབ་ཀྱི་ཕྱག་གཡས་འཁོར་ལོས་ཡུ་བ་བྱས་པའི་རྡོ་རྗེ་དང་། ཤར་དུ་མི་བསྐྱོད་པ་དཀར་པོ་རྡོ་རྗེ་གཡས། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེས་མཚན་པའི་རྡོ་རྗེ་གཡས། ནུབ་ཏུ་འོད་དཔག་མེད་དམར་པོ་པདྨས་མཚན་པའི་རྡོ་རྗེ་གཡས། བྱང་དུ་་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲིས་མཚན་པའི་རྡོ་རྗེ་གཡས། མེར་མཱ་མ་ཀཱི་་དཀར་མོ། སྲིན་པོར་སངས་རྒྱས་སྤྱན་སེར་མོ། རླུང་དུ་གོས་དཀར་མོ་་དམར་མོ། དབང་ལྡན་དུ་དམ་ཚིག་སྒྲོལ་མ་ལྗང་གུཡབ་རྣམས་ཀྱིས་གཡོན་ན་དྲིལ་བུ་དང་། ཡུམ་རྣམས་གཡས་གཡོན་གྲི་གུག་དང་ཐོད་པ་འཛིན་པ། ཐམས་ཅད་ཀྱང་རྡོ་རྗེ་སྐྱིལ་མོ་ཀྲུང་། རིན་པོ་ཆེའི་དབུ་རྒྱན་མགུལ་རྒྱན། ཕྱག་གདུབ་ཞབས་གདུབ་ལ་སོགས་པས་བརྒྱན་པ། ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པའོ། །ཡུམ་བཞིའི་ཐུགས་ཀ་ནས་ཛཿཧཱུཾ་བཾ་ཧོཿབཞི་འཕྲོས་པས་སྒོ་བཞིའི་པད་ཟླ་ཉི་མའི་སྟེང་དུ་ཡོངས་སུ་གྱུར་པ་ལས་སྒོ་མ་བཞི་སྟེ། ཛཿལས་ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ཧཱུཾ་ལས་ལྷོ་སྒོར་ཞགས་པ་མ་སེར་མོ་ཞག་པ་འཛིན་པ། བཾ་ལས་ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། ཧོཿལས་བྱང་སྒོར་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་དང་ཆ་ལུགས་སུ་བཞུགས་པའོ།།དེ་ཐམས་ཅད་ཀྱི་སྤྱོ་བོར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་མཐིང་གའོ། །ཨཱོཾ་བཛྲ་རཀྵ་རཀྵ་ཧཱུཾ་གིས་སྤྱི་བོར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལས་རྡོ་རྗེའི་དྲ་བས་ལུས་ཐམས་ཅད་གཏམས་པར་གྱུར། དེ་ཐམས་ཅད་ཀྱི་ཐུགས་ཀར་པདྨ་ཉི་ཟླའི་དབུས་སུ་རང་གི་ས་བོན་ལས་འོད་འཕྲོས་པས། རང་རང་གི་ཕྱོགས་ནས་རང་དང་འདྲ་བའི་ཡེ་ཤེས་སེམས་་དཔའ་བྱོནཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ་ནས། སྐུ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་
མོའི་དཀྱིལ་འཁོར་དུ་བསམས་ལ། སྙིང་གའི་ས་བོན་ལ་རྩ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་་འཕྲོ་འདུས་སེམས་ཅན་གྱི་དོན་བྱེད་པར་བསམས་ལ། ཨཱོཾ་ཛི་ན་ཛི་ཀ་ལཾ་ཏེ་ཤྭ་ར་ཏི་སྟྭཾ། ཧཱུཾ་བཛྲ་དྷྲྀ་ཀ་མུཾ་ད་ཏུ་ཤྭ་རི་སྟྭཾ། སྭ་རཏྣྀ་དྷྲྀཀ་མཾ་མོ་ཧ་ར་ཏི་སྟྭཾ། ཨཾ་ཨ་རོ་ལིག་པྱཾ་རཱ་ག་ར་ཏི་སྟྭཾ། ཧ་པྲ་ཛྙཱ་དྷྲྀ་ཀ་ཏཾ་བཛྲ་ར་ཏི་སྟྭཾ། ཛཿཧཱུཾ་བཾ་ཧོཿསིདྡྷི་ཧཱུཾ། ཞེས་ཅི་འགྲུབ་བཟླས་པའི་མཐར། སྣང་སྲིད་ཐམས་ཅད་ལྷ་ལ་བསྡུ། ལྷ་རྣམས་ས་བོན། ས་བོན་མི་དམིགས་པའི་ངང་ལ་བཞག་ནས་བསྔོ་བ་བྱའོ། །དེས་ནི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང་། ནུས་པ་་ཐོན། སྐུ་གསུམ་དུ་གནས་གྱུར། དུག་ལྔ་ཡེ་ཤེས་ལྔར་གྲོལ་ནས། རབ་ཚེ་འདི། འབྲིང་བར་དོ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱའོ། །རིགས་ལྔ་ཕྱི་ལྟར་སྒྲུབ་པ་རྫོགས་སོ། །གཉིས་པ་ནང་ལྟར་སྒྲུབ་པ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། སྐད་ཅིག་གིས་རང་ཉིད་་ཀུན་བཟང་ཡབ་ཡུམ་མཐིང་ག་འཁྲིལ་སྦྱོར་ཕྱག་མཚན་ཡབ་རྡོ་རྗེ་དྲིལ་བུ། ཡུམ་གྲི་གུག་ཐོད་པ་འཛིན་པ། སྐྱིལ་མོ་ཀྲུང་རིན་པོ་ཆེ་དང་རུས་པས་བརྒྱན་པའི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀར་པོ། མགྲིན་པར་རིན་ཆེན་་འབྱུང་ལྡན་ཡབ་ཡུམ་སེར་པོ། སྙིང་གར་རྣམ་པར་སྣང་མཛད་ཡབ་ཡུམ་མཐིང་ག །ལྟེ་བར་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ། གསང་བར་་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ །ཕྱག་མཚན་གཙོ་བོ་ཡབ་ཡུམ་དང་འདྲ་བའོ།། ཡན་ལག་བཞི་ལ་སྒོ་མ་བཞི་སྔར་བཞིན་ཏེ། ལག་པ་གཡས་པ་ལ་ལྕགས་ཀྱུ་མ། གཡོན་པ་ལ་ཞགས་པ་མ། རྐང་པ་གཡས་པ་ལ་ལྕགས་སྒྲོག་མ། གཡོན་པ་ལ་དྲིལ་བུ་མ་བསྐྱེད་ལ། ཨཱོཾ་ཨཱཿཧཱུཾ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཿསི་ཏི་ཕ་ལ་ཧཱུཾ་ཛཿ ཞེས་བཟླས་ཞིང་། འཇའ་ཚོན་ལྟ་བུའི་སྐུ་སྣང་ལ་རང་བཞིན་མེད་པས་གྲགས་སྟོང་དུ་བཟླས་པའི་མཐར། ཐམས་ཅད་སྣང་སྟོང་དབྱེར་མེད་འོད་གསལ་གྱི་ངང་ནས་བསྔོ་བ་བྱའོ། །དེས་ནི་ཉོན་མོངས་པ་ལྔ་ཡེ་ཤེས་སུ་གྱུར་
ཏེ་ཕྲིན་ལས་བཞིས་སེམས་ཅན་གྱི་དོན་བྱེད་ཅིང་ཚེ་འདིར་གྲོལ་བར་འགྱུར་རོ། །ནང་སྒྲུབ་རྫོགས་སོ།། །། གསུམ་པ་གསང་སྒྲུབ་ནི། རང་ཉིད་རྟ་མགྲིན་དཔའ་བོ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་འཁྲིལ་་སྦྱོར་གྲི་གུག་དང་ཐོད་པ་འཛིན་པའི་སྤྱི་བོར་རྩ་འདབ་སུམ་བརྒྱ་དྲུག་ཅུ་ལ། རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར་མོ་རྡོ་རྗེ་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པ་རྩ་འདབ་ཀྱི་གྲངས་དང་མཉམ་པའི་ཐུགས་ཀར་ཧ་ལ་ཨ་རི་ནི་སས་བསྐོར་བ། མགྲིན་པ་རྩ་འདབ་བཅུ་དྲུག་ལ་རིན་ཆེན་མཁའ་འགྲོ་ཡབ་ཡུམ་་སེར་མོ་རིན་པོ་ཆེས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པའི་ཐུགས་ཀར་རི་ལ་ཧ་ཨ་ནི་སས་བསྐོར་བ། སྙིང་གར་རྩ་འདབ་སུམ་ཅུ་རྩ་གཉིས་ལ་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སྔོན་མོ་འཁོར་ལོས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པའི་ཐུགས་ཀར་ཨ་ལ་ཧ་རི་ནི་སས་བསྐོར་བའོ། །ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་ལ་པདྨ་མཁའ་འགྲོ་ཡབ་ཡུམ་དམར་མོ་པདྨས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པའི་ཐུགས་ཀར་ནི་ལ་ཧ་རི་ཨ་སས་བསྐོར་བའོ། །གསང་བར་རྩ་འདབ་ཉི་ཤུ་རྩ་བརྒྱད་ལ་ལས་ཀྱི་མཁའ་འགྲོ་ཡབ་་ཡུམ་ལྗང་གུ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པའི་ཐུགས་ཀར་ས་ལ་ཨ་རི་ནི་ཨས་བསྐོར་བའོ། །གཞན་ཡང་ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་བྱེ་བ་ཙམ་གྲི་གུག་དང་ཐོད་པ་འཛིན་པ་དང་། གྲུ་མོར་ཁ་ཊྭཱཾ་ག་འཛིན་པར་བསམས་ལ། ཨཱོཾ་ཨཱཿཧཱུཾ་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿ། ཨཱོཾ་བུདྡྷ་བཛྲ་རཎྜ་པདྨ་ཀརྨ་ཌཱ་ཀི་ནི་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿ ཞེས་བཟླས་ལ། སྣང་སྲིད་དབང་དུ་བསྡུས་པར་བསམ་མོ། །རྗེས་སྣང་སྟོང་སྐྱེ་མེད་ཀྱི་ངང་ནས་བསྔོ་བ་བྱ་བ་ནི། ལམ་བསྐྱེད་པའི་རིམ་པ་སྟེ། དངོས་གྲུབ་ཆར་བཞིན་་འབབ། སྒོ་གསུམ་ནུས་པ་འབར། སེམས་ཉིད་ཀ་དག་གི་དོན་མྱུར་དུ་རྟོགས་པར་འགྱུར་རོ། །རྫོགས་པའི་རིམ་པ་ལ་གཉིས་ལས། ལྟ་བ་
ཁྲེགས་ཆོད་ནི། རང་རིག་མི་འགྱུར་ཀུན་ཏུ་བཟང་། །རིག་རྩལ་མ་འགགས་རིགས་ལྔ་སྟེ། །ཡེ་ཤེས་རང་གྲོལ་སྒོ་མ་བཞི། །གང་ཤར་ཆོས་ཉིད་རོལ་པ་ལ། །སྤང་བླང་དགག་སྒྲུབ་རེ་དོགས་མེད། །ཇི་ལྟར་རྒྱ་མཚོའི་རྦ་རླབས་བཞིན། །རང་ལས་ཤར་ཞིང་རང་དུ་གྲོལ། །སྐྱེ་མེད་བསམ་ཡུལ་ཀུན་ལས་འདས། །འདི་ཡིན་གཟའ་གཏད་ཕྱོགས་རིས་མེད། །ཐམས་ཅད་རང་གྲོལ་གཉུག་མའི་ངང་། །འགྱུར་མེད་གདོད་མའི་ཆོས་སྐུ་ཡིན། །འདི་ལྟར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །སྒྱུ་མ་རྨི་ལམ་འདྲ་བར་ཤེས་བྱ་སྟེ། །ངོ་བོ་རྟེན་མེད་རང་བཞིན་སོ་སོར་གསལ། །ཐུགས་རྗེ་འགགས་མེད་ཕྱོགས་རིས་འཛིན་པ་མེད། །ཇི་ལྟར་རྨི་ལམ་གྲོང་ན་སྒྱུ་མའི་བུ། །སྣ་ཚོགས་བདེ་སྡུག་ཡུལ་ལ་སྤྱོད་པ་ལྟར། །ཐམས་ཅད་སྣང་སྟོང་གཞི་མེད་རྩ་བ་བྲལ། །ཡེ་གྲོལ་རང་གྲོལ་ཤར་གྲོལ་ངོ་བོར་གྲོལ། །གཏད་མེད་རྒྱལ་པོ་འཛིན་མེད་བློ་བདེ་བ། །གང་སྣང་གྲོགས་སུ་འཆར་བའི་རང་བཞིན་ལ། །སྤང་བླང་འཁྲུལ་བའི་བྱུང་ཁུངས་ཟད་པ་ཡིན། །འདི་ལྟར་རྟོགས་ན་སྣང་སྲིད་ཆོས་སྐུའི་ཞིང་། །བདེ་ཆེན་མི་འགྱུར་འོག་མིན་མཁའ་སྤྱོད་ཡིན། །ཆོས་རྣམས་མ་སྐྱེས་བསྒོམ་དུ་མེད་པ་ལ། །འདི་ཞེས་མི་མཚོན་སུ་ཞིག་སྒོམ་པར་བྱེད། །གང་ལྟར་བཏགས་པ་དེ་ལྟར་གཟུང་འཛིན་ཏེ། །ལྟ་སྒོམ་སྤྱོད་པའི་གཟེབ་ཀྱིས་འཆིང་ཅི་དགོས། །ཐམས་ཅད་རང་གྲོལ་ལྟ་བའི་རྒྱལ་པོ་མཆོག །གཏན་མེད་གང་ཤར་སྒོམ་པའི་རྒྱལ་པོ་མཆོག། བླང་དོར་འཛིན་མེད་སྤྱོད་པའི་རྒྱལ་པོ་མཆོག །རེ་དོགས་བྲལ་ན་འབྲས་བུའི་རྒྱལ་པོ་མཆོག །ཇི་ལྟར་སྣང་སྟེ་སྣང་རུང་མི་སྣང་རུང་། །འདི་ཞེས་མ་འཛིན་མེ་ལོང་གཟུགས་བརྙན་བཞིན། །རྐྱེན་ལས་སྐྱེས་པ་རང་་སར་ངང་གིས་གྲོལ། །ཆོས་ཉིད་རྩ་བྲལ་སྟོང་རུང་མི་སྟོང་རུང་། །ཆེད་ཀར་མ་བསྒོམ་གཉིས་མེད་དོན་མ་ཚོལ། །ཡེ་གྲོལ་སོར་གཞག་གདོད་མའི་ངང་དུ་གྲོལ། །སྣང་དང་མི་སྣང་སྟོང་དང་མི་སྟོང་ཀུན། །བྱིས་པའི་བློ་ཡིས་མཚན་མར་བཟུང་བ་
སྟེ། །ཡང་དག་དོན་ལ་འདི་ཞེས་ངོས་གཟུང་མེད། །ནམ་མཁའ་ཙམ་དུའང་དཔེར་བྱའི་ཡུལ་ལས་འདས། །བསམ་བརྗོད་སྤྲོས་པའི་ཡུལ་ལས་ཡེ་ནས་འདས། །དེ་ལ་སྒོམ་ན་དངོས་འཛིན་འཁྲུལ་པའི་བློ། །རྟག་ཆད་གཟེབ་ཏུ་རང་ཉིད་འཆིང་བར་ཟད། །རྟོག་དང་སྒོམ་དང་དཔྱོད་པའི་ཚོལ་འཕྲོ་ཞོག །རང་བཞག་ཕྱ མ་གཅིག་གཉིས་མེད་ཆོས་སྐུའི་ངང་། །ད་ལྟའི་འདི་ཉིད་གདོད་མའི་གཤིས་ཀྱི་དོན། །སྐད་ཅིག་གང་སྣང་དེ་ཡིན་བློ་བདེ་འོ། །འདི་ལྟར་རྟོགས་ནས་ཅི་བྱས་ཆོས་ཉིད་ངང་། །རྩ་བ་བྲལ་བས་འབྲས་བུ་འབྱིན་པ་མེད། །འཁོར་འདས་འཛིན་པ་ཀུན་ལས་གྲོལ་བ་་ཡིན། །པདྨ་ལས་འབྲེལ་རྩལ་གྱིས་བསྟན་ནས་སོང་། །ཞེས་པའོ། །སྒོམ་པ་ལྷུན་གྲུབ་ནི་དེ་བཞིན་གཤེགས་པའི་གསང་སྒོ་ཕྱེ་སྟེ། སེམས་དང་། ཡིད་དང་། དབང་པོའི་ལྟ་སྒོམ་ཀུན་ལས་འདས་པའི་ངང་ལས་དྲན་བསམ་གྱི་རྩོལ་སྒྲུབ་ཞིག་པས། བབས་ལུགས་ཆེན་མོ་གདོད་མ་ནས་གནས་པའོ། །སྣ་ཚོགས་དྲན་བསམ་ཀུན་ལས་འདས་པའི་ངང་། །དག་པའི་མཁའ་ལ་དབྱིངས་རིག་གཟེར་ཆེན་བཏབ། །སྣང་མིན་སྟོང་མིན་མུ་བཞི་འདས་པའི་་དོན། །ལྔ་ལྡན་འོད་གསལ་དོན་དམ་སྙིང་པོ་ནི། །སྣང་བས་སྟོང་སྟེ་མེ་ལོང་གཟུགས་བརྙན་འདྲ། །སྟོང་པས་སྣང་སྟེ་ཆུ་ཟླའི་རང་བཞིན་ཉིད། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་གདངས། །གསང་སྔགས་ཀུན་གྱི་ཡང་གསང་རྫོགས་པ་ཆེ། །མཁའ་འགྲོ་སྙིང་ཏིག་གསང་བའི་སྙིང་པོ་ཡིན། ཁྱབ་གདལ་ཆེན་པོའི་རིན་ཆེན་ཕོ་བྲང་དུ། །འཛིན་མེད་མིག་གི་ཡེ་ཤེས་ལྕགས་ཀྱུ་ཡིས། །རྒྱ་ཆེ་གཟུང་དཀའི་དབྱིངས་རིག་གཟེར་བཏབ་ནས། །མཐའ་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པར་བསྐྱལ། །ཟབ་མོའི་གནད་བསྡུས་བཅུད་ཀྱི་སྙིང་པོ་འདི། །དྲི་མེད་འོད་ཟེར་བདག་གིས་བསྟན་ནས་སོང་། །རིགས་ལྔ་གསང་བར་སྒྲུབ་པ་རྫོགས་སོ། །དེ་ལྟར་རིགས་ལྔ་ཡེ་ཤེས་ལྔ་ཡི་
དངོས། །ཡེ་ནས་བདག་དང་དབྱེ་བ་མེད་པ་ལ། །མ་རིག་འཛིན་པས་སྲིད་པའི་དགོན་པར་འཁྱམས། །སྡུག་བསྔལ་སྲ་འཐིབས་མུན་པའི་ནགས་ཁྲོད་ལ། །བདག་དང་འགྲོ་ཀུན་ཡུན་རིང་ཉོན་རེ་མོངས། །དེ་རིང་བླ་མ་མགོན་པོའི་གསུང་ཐོས་ནས། །ཐམས་ཅད་རང་བྱུང་སངས་རྒྱས་ཞིང་དུ་སྣང་། །ཨེ་མ་ཡ་མཚན་ངོ་མཚར་བློ་རེ་བདེ། །དེས་ན་སྲིད་པའི་་འཁྲུལ་པ་གཞལ་སླ་བས། །གྲོགས་དག་ཚུར་ཉོན་སྐད་ཅིག་རིག་པའི་མཆོག །དེ་ཕྱིར་སྙིང་པོའི་དོན་འདི་བླང་བར་མཛོད། །འཁོར་བའི་རྒྱ་མཚོ་ཚེ་འདིས་གྲོལ་བ་ཡིན། །དགེ་བ་འདི་ཡིས་འགྲོ་ཀུན་རང་གྲོལ་ཏེ། །གདོད་མའི་གནས་སུ་ལྷུན་གྱིས་གྲུབ་པར་ཤོག །ཚུལ་འདི་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། །གངས་རི་ཐོད་དཀར་འཕགས་པའི་རི་ངོགས་སུ། །རིན་ཆེན་ཤོག་འདྲའི་ངོས་ལ་ལེགས་པར་བཀོད། །སྐལ་ལྡན་སྐྱེ་བོའི་ཚོགས་ཀུན་དགའ་བར་མཛོད། །བདེ་བར་གཤེགས་པར་རིགས་ལྔའི་གསང་སྒྲུབ་པདྨ་སྟོང་ལྡན་ཞེས་བྱ་བ། མཁའ་འགྲོ་སྙིང་ཏིག་གི་རྣལ་འབྱོར་པ། དྲི་མེད་འོད་ཟེར་གྱིས་སྟོན་གསུམ་གངས་རི་ཐོད་དཀར་དུ་སྦྱར་བ་རྫོགས་སོ། །དགེའོ། །
རིགས་ལྔའི་བཅུད་ལེན་བདུད་རྩི་ཐིགས་པ།
རིགས་ལྔའི་བཅུད་ལེན་བདུད་རྩི་ཐིགས་པ་བཞུཊ་སོ། །རིན་ཆེན་ཤོག་འདྲའི་སྐོར།
རིགས་ལྔའི་བཅུད་ལེན་བདུད་རྩི་ཐིགས་པ་ཞེས་བྱ་བ། །དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡེ་ཤེས་རྒྱ་མཚོའི་སྙིང་པོ་ལས། །མཁྱེན་བ རྩེའི་ཆུ་འཛིན་ཐུགས་རྗེའི་གློག་ཕྲེང་ཅན། །ཕན་བདེའི་ཆར་གྱིས་འགྲོ་བ་ཚིམ་མཛད་པ། །བདེ་གཤེགས་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་སྙིང་ཏིག་གསང་བའི་སྙིང་པོ་ལས། །ཟབ་དོན་བདུད་རྩིའི་ཐིགས་པ་འདིར་བསྡུས་ཏེ། །ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ། །དྲི་མེད་འོད་ཟེར་བདག་གིས་སྣང་བར་བྱ། །ཕྱི་ནང་འབྱུང་བ་ཐམས་ཅད་ཡེ་ཤེས་གདངས། །ཡེ་ཤེས་དངོས་ལས་ཡེ་ནས་གྲུབ་པས་ན། །ཕྱི་ཡི་འབྱུང་བའི་བཅུད་ལྔ་ལ་བརྟེན་ནས། །ནང་གི་འབྱུང་པ་རྣམ་ལྔའི་གསོས་སྨན་བཤད། དང་པོ་ས་ཡི་བཅུད་ལེན་ནི། །ས་ཚིལ་རྡོ་ཚིལ་ཁྲོལ་བུ་གསུམ། །རྣལ་འབྱོར་པ་ཡི་བཟའ་བའི་ཕྱིར། །འདི་ཉིད་དུ་ཡང་བཤད་པ་བྱ། །དེ་ལས་ཚིལ་ནི། སྔོན་བསྐལ་པ་བཟང་པོའི་དུས་ན། སའི་ཚིལ་ཞག་ཆགས་པ་གད་རྫོང་དང་རི་ངོགས་དང་ཐང་ཡངས་བཟང་པོ་ལ་སྣང་བ་སྟེ། རིགས་ལྔའི་མདོག་དང་མཐུན་པ་ལ་སྦྲང་རྩིའི་རོ་ལྟར་མངར་ཞིང་སོ་མི་སེག་པ་སྟེ། རྣལ་འབྱོར་པས་བླངས་ལ། དང་པོ་ཕྱེ་དང་སུམ་ཆ་སུམ་གཉིས། དེ་ནས་ཕྱེ་ཕྱེད། རིམ་གྱིས་ས་ཉིད་ལ་སློབ་ཅིང་། བདག་ཉིད་རིན་ཆེན་མཁའ་འགྲོ་སེར་མོ་གཡས་རིན་པོ་ཆེས་མཚན་པའི་གྲི་གུག་དང་། གཡོན་ཐོད་པ་ཁྲག་གིས་ཁེངས་པ་བསྣམས་པའི་ལུས་ཀྱི་འཁོར་ལོ་ལྔའི་ནང་ན། ཧ་རི་ནི་ས་ཨ་རྣམས་དཀར་སེར་དམར་ལྗང་མཐིང་གར་གནས་པ་ལ། མཐའ་སྐོར་དུ་ཡི་གེ་བཞི་བཞིས་བསྐོར་བའི་མགྲིན་པའི་རི་སེར་པོ་ལ་ཧ་ཨ་ནི་ས་སེར་པོས་བསྐོར་བ་ལས་བདུད་རྩི་བབས་པས། ལུས་ཐམས་ཅད་གང་བར་བསམ་ཞིང་། རླུང་ཁ་སྦྱར་ལ་བསྒོམ་ཞིང་། ཨཱོཾ་རིི་ཧ་ཨ་ནི་ས་སིདྡྷི་ཕ་ལ་ཨཱཿཧཱུཾ་ཞེས་ཉེར་གཅིག་བཟླས་ཏེ་ཕྱོགས་བཅུའི་བླ་མ་ཡིད་དམ་མཁའ་འགྲོ་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི་གཟི་བརྗིད་དང་། ཚེ་དང་། འོད་ཟེར་དང་ནུས་མཐུ་རྣམས་རང་གི་མགྲིན་པའི་ཡི་གེ་ཉེད་ལ་ཐིམ་པར་བསམ་མོ། །དེ་ལྟར་བསྒོམས་ནས་མཐར་བསྔོ་བ་བྱའོ། །
དེའང་མར་དུམ་རེ་བཅུག་པས་གེགས་མེད་ཅིང་འབྱོངས་རྟགས་ཤིན་ཏུ་ཉེའོ། །རྟགས་སུ་ལུས་འཇམ་ཞིང་གཉེར་མ་མེད་པ་དང་། སེམས་གསལ་ཞིང་ཏིང་ངེ་འཛིན་འཕེལ་བ་དང་། ངག་ནུས་ཆེ་ཞིང་བྱིན་རླབས་དང་ལྡན་པ་དང་། མཁའ་འགྲོ་འདུ་ཞིང་ཀུན་གྱིས་མཐོང་ན་ཡིད་དུ་འོང་བའོ། ཁྱད་པར་དུ་བདུད་རྩི་ཕོར་རེ་ཙམ་བརྟེན་ནོ། །སྔོ་དང་རྗེན་སྤང་། ཉི་མ་དང་མེ་སྤང་། ཐིག་ལེ་མ་ཉམས་པར་བྱའོ། །རྡོ་ཚིལ་ནི་རིགས་ལྔའི་ཁ་དོག་གང་ཡང་རུང་སྟེ། ས་མེད་པར་ཕྱེ་ནས་བཀྲུས་ཏེ་ཁལ་གཅིག་ལ་ནས་བྲེ་གསུམ། གྲོ་བྲེ་གསུམ། བྲ་འོ་བྲེ་དོ། སྲན་མ་བྲེེ་གང་རྣམས་དང་བསྲེས་པ་ཞིབ་མོར་རྩི་བཞིན་བཏགས་ལ། དང་པོར་བཙོས་ཟན་དུ་བྱ་སྟེ། ཕྲུ་བ་ཐོད་པའི་ངོ་བོར་བསམ་པའི་ནང་དུ་ཆུ་རན་པར་ཕྱེ་དང་མཉམ་དུ་བཙོའོ། །དེ་ཉིད་ཨཱོཾ་ཨཱཿཧཱུཾ་བདུན་གྱིས་བདུད་རྩིར་བསམས་ལ། དང་པོར་ཞག་ལྔར་ཕྱེ་དང་ཕྱེད་བསྲེས། དེ་ནས་བཅུར་སུམ་ཆ་སུམ་གཉིས། དེ་ནས་ཉི་ཤུ་རྩ་གཅིག་སོང་དུས། ཕྱེ་དྲུག་ཆ་རེ་བསྲེས་ལ། ཟན་དྲོན་བྱས་པ་མར་འགྲོན་བུ་ཙམ་རེ་བཅུག་ནས་བདུད་རྩིར་བསམས་ལ། རང་ཉིད་རིན་ཆེན་མཁའ་འགྲོ་སྔ་མ་བཞིན་བསྒོམས་ཏེ། ཟོས་རྟིང་མགྲིན་པ་ནས་བདུད་རྩིའི་རྒྱུན་བབས་པས། ལུས་སེམས་བདེ་བས་རྒྱས་པར་བསམ་ལ་སྔགས་དེ་ཉིད་བཟླས་ཏེ། ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཐམས་ཅད་རང་ལ་བབས་པས་ལུས་ཁེངས་པར་བསམ་ལ། རླུང་ཁ་སྦྱོར་ཡུན་རིང་དུ་བཟུང་ནས་བསྔོ་བ་བྱའོ། །དམ་ཚིག་ཏུ་སྔོོ་དང་རྗེན་དང་། ཉི་མ་དང་མེ་སྤང་། བདུད་རྩི་ཕོར་རེ་འཐུངས་ཤིང་། རྟག་ཏུ་བླ་མ་ལ་གསོལ་བ་གདབ་བོ། །འབྱོངས་པའི་རྟགས་སུ་ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ་འབར་ཞིང་། མཁའ་འགྲོ་སྤྲིན་བཞིན་འདུ། སྐྱེས་པ་བུད་མེད་འདུ། ཟས་ནོར་གཏེར་རྡོལ་བ་བཞིན་འབུལ་དུ་འོངས། ལོག་འཚོ་དང་སེར་སྣའི་སྒྲིབ་པ་བྱང་ནས། མུ་གེའི་བསྐལ་པ་ལས་ཐར། རྟག་ཏུ་ལྷའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་འགྱུར་རོ། །འདི་ལ་གེགས་མེད་དོ། །ཕྱིས་ནི་ཇི་ལྟར་དགའ་བས་
ཁྲོལ་བུ་དང་སྐྱོ་ཚ་དང་སྤགས་པའམ། ཐུག་པའང་བྱའོ། །དེ་ནས་རྡོ་ཁྲོལ་བུར་ཟ་བ་ལ་བརྟག་པ། བཟའ་བ། ཕན་ཡོན་དང་བསྲུངས་མཚམས་གསུམ་ལས། དང་པོ་ནི་ཤ་ཆེན་ཚིལ་ཆེན། རུས་ཆེན་དང་། མཁྲིས་ཆེན་དང་། ཤི་ཤ་དང་ལྔའོ། །དང་པོ་ནི་མདོག་གང་ཡང་རུང་བ་ལ་སོ་མི་རྩེ་ཞིང་སྙི་བའོ། །གཉིས་པ་ནི་དཀར་ལ་སྙི་བའོ། །གསུམ་པ་ནི་དཀར་གོང་དང་མེ་རྡོ་ལྟ་བུའོ། །བཞི་པ་ནི་གཡའ་མ་ལྗང་གུ་ལྟ་བུའོ། །ལྔ་པ་ནི་རྡོ་ཕལ་པ་ཐམས་ཅད་དོ། །དེའང་ཤ་ཚིམ་གཉིས་ལས་གཞན་གསུམ་མི་བརྟེན་ནོ། །རྡོ་དེ་དག་ནི་སྤ་གྲོ་སྟག་ཚང་སེང་གེ་ཕུག་དང་། ཀོང་པོ་དང་། རག་ཤམ་བྲག་དང་། ཡར་ཁྱེར་དང་། ཏེ་སྒྲོ་བྲག་དཀར་དང་། ལྷ་སྙན་དབུ་རི་ནས་ཕར་ཅུང་ཟད་ཕྱིན་པ་དང་། ཕག་མོ་གྲུ་དང་། བྱར་སྨད་ཀྱི་ལྷ་རི་རྒྱབ་དང་། ལྷོ་བྲག་མཁར་ཆུ་དང་། འདབ་སྨད་བྱ་དཀར་མོ་དང་། བཟད་ཀྱི་བྱེ་མ་ལུང་དང་། འཕྲེང་པོ་སླེའུ་ཆུང་གི་འཆིལ་མོ་དང་། དཔལ་གྱི་ཆུ་བོ་རི་རྣམས་ན་ཡོད་དོ། གཉིས་པ་ལ་དྲུག་ལས། རྡོ་བཏུ་བ་ནི་སྐྱབས་འགྲོ་སེམས་བསྐྱེད་བྱ་སྟེ། རྟ་མགྲིན་ཏུ་བསྒོམས་པའི་སོར་མོ་ལྔ་མཁའ་འགྲོ་ལྔ། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། རྡོ་བདུད་རྩིར་བསྒོམས་ལ། ཨཱོཾ་ཏྲིག་ཡེར་སྭཱ་ཧཱས་བཏུས་ལ། དེ་ནས་བཟའ་ཐབས་དངོས་ནི། ཁྲོལ་བུ་དེ་ཀ་བཞིན་བཟའ། ཟན་དྲོན་ཡང་དེ་ཀ་དང་འདྲ། འགམས་ཕྱེ་ལ་སྐྱོ་ཚ་དང་སྔགས། སྐྱོ་ཚའམ་སྔོ་དང་བསྲེས་ནས་ཚོད་མ་བྱེད་པའང་ཉན་ནོ། །སྡོར་ནི་གང་ཡང་རུང་། ཚྭ་གདབ། དེའང་ཤ་ལྔ་བདུད་རྩི་ལྔར་བསམས་ལ། ཨཱོཾ་མུ་ལེ་མུ་ལེ་མཧཱ་མུ་ལེ་སྭཱཧཱ། ཨཱོཾ་གོར་ཆུན་གོར་ཆུན་སྭཱཧཱ། ཞེས་བཟླས་ལ། རང་ཉིད་རྟ་མགྲིན་དུ་གསལ་བས་བཟའོ། །གེགས་སེལ་ནི་ཚེ་འདི་བློས་བཏང་། སྙིང་རྗེ་དང་ལྡན་པས། དང་པོ་ཟ་བའི་ཚེ་མར་མཐེ་བོང་ཙམ་རེ་རྡོ་ཟ་བའི་སྔ་ཕྱིར་བཏང་། ཆུ་བསྐོལ་ལ་མར་བཏབ་ལ་བཏུང་། དེས་གེགས་མི་འབྱུང་ངེས་སོ། །ཕན་ཡོན་དང་བསྲུངས་མཚམས་ནི། མར་ནག་མི་ཟ། ཕུད་གཞན་ལ་མི་སྦྱིན། དཀོན་མཆོག་མཆོད། གསོག་འཇོག་མི་བྱ། སྔགས་འདྲེན་དུས་ངག་གཅད། ཐིག་ལེ་མ་ཉམས་པར་བསྲུང་ངོ་། །དེའང་རིམ་གྱིས་རྡོ་གྲངས་
བྱས་ལ་མར་བྱུང་དུས་ཚང་ངམ་བལྟའོ། །ཕྱིས་མི་དགོས། ཡོག་ཚད་ཟོས་པས་ཆོག ཟས་ཀྱི་སྲེད་པ་འཆད། ཤ་སྐྱེེ་ཞིང་དཀར་ལ་སྣུམ་པའོ། །ཤེས་པ་དངས། དབང་པོ་གསལ། རོ་མཆོག་ཐོན། ལུས་ལ་སྲོག་ཆགས་མི་འབྱུང་། དྲོད་སྐྱེས། མཁའ་འགྲོ་འདུ། མངོན་ཤེས་སྐྱེའོ། །དེ་ལྟར་ས་ཡི་བཅུད་ལེན་བྱས་པ་ཡིན། ལོག་འཚོ་མེད་ཅིང་སྒྲུབ་པ་མཐའ་རུ་ཕྱིན། དངོས་གྲུབ་ཉེ་ཞིང་བླ་མའི་བྱིན་རླབས་འཇུག ། མཁའ་འགྲོ་འདུ་ཞིང་ཅི་བསམ་ཆོས་བཞིན་འགྲུབ། མདོར་ན་ཕན་ཡོན་ད པག་ཏུ་མེད་པ་ཡིན། སའི་བཅུད་ལེན་བདུད་རྩི་ཡང་ཞུན་ཅེས་བྱ་བ་རྫོགས་སོ། །ཨྠྀི། རྒྱ་རྒྱ་རྒྱ། དེ་ནས་ཆུའི་བཅུད་ལེན་ནི། །བདུད་རྩི་དངུལ་ཆུའི་སྦྱོར་བ་སྟེ། །རྣལ་འབྱོར་པ་ཡིས་བཟའ་བའི་ཕྱིར། །འདི་ཉིད་དུ་ཡང་བཤད་པར་བྱ། །དེ་ཡང་སྔོན་འགྲོ་དངོས་གཞི་རྗེས། །སྔོན་འགྲོ་རྫས་བསག་རབ་གནས་ནི། །དངུལ་ཆུ་མུ་ཟིས་བཏུལ་བ་ནི། །སྲང་ལྔ་སྒོག་སྐྱ་དེ་དང་མཉམ། །དབང་ལག་ཉེ་ཤིང་ར་མཉེ་བ། །ཨ་བ་སྦྲུལ་ཤ་རྟག་ཏུ་ངུ་། །སྲང་རེ་ཚོགས་ན་ཤིན་ཏུ་རབ། །གླ་རྩི་ཤུ་དག་གུ་གུལ་ནག །ལི་ཤི་ཙན་དན་དཀར་དམར་གཉིས། །སྟར་བུ་ཤིང་ཀུན་བྲག་ཞུན་དང་། ཅུ་གང་ཛཱ་ཏི་གྷི་ཧང་དང་། །རྒྱ་ཚ་རྒྱམ་ཚ་ཁ་རུ་ཚ། །ཤིང་ཚ་བཅའ་ལྒ་པི་པི་ལིང་། །སེ་འབྲུ་སུག་སྨེལ་ཨ་རུ་ར། །ཨ་ཀ་རུ་ནི་ནག་པོ་དང་།།མགྲོན་བུ་བསྲེགས་པའི་ཐལ་བ་རྣམས། །ཅི་འབྱོར་ཕྱེ་མར་རྩི་བཞིན་བྱ།།ཅོང་ཞི་བྲེ་ཕྱེད་དང་བསྲེས་ནས། །ཀླད་པར་བསྡུས་ཏེ་ཡུན་རིང་བསྣ།ོ། དངུལ་མདངས་རྩིག་རྩིག་བྱུང་བ་དང་། །རིལ་བུ་ལུག་གི་རིལ་མ་ཙམ། །བྱས་ཏེ་རིན་ཆེན་སྣོད་དུ་བླུགས། །ཚེས་བཅུ་ཉི་ཤུ་ལྔ་ལ་སོགས། །མཁའ་འགྲོ་འདུ་བའི་དུས་ཚོད་དུ། །ཚོགས་གཏོར་བཤམས་ལ་རིལ་བུ་རྣམས། །མཁའ་འགྲོ་སྡེ་སྔར་གསལ་བཏབ་ལ། །ཡེ་ཤེས་བཅུག་ཅིང་མཆོད་བསྟོད་བྱ། །འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་སེམས་བླ་མ་མཁའ་འགྲོ་ཡི། །དངོས་གྲུབ་བྱིན་རླབས་ཀུན་བསྡུས་ལ། །རིལ་བུའི་མཁའ་འགྲོར་ཐིམ་པར་བསམ། ཨཱོཾ་ཨ་ཧ་རི་ནི་ས་སིདྡྷི་ཕ་ལ་ཧཱུཾ། འདི་དང་རྟེན་འབྲེལ་
སྙིང་པོ་ཡིས། །མེ་ཏོག་དོར་ནས་བཀྲ་ཤིས་བརྗོད། །ཚོགས་ཀྱི་དགའ་སྟོན་རྒྱ་ཆེར་བྱ། །དེ་ནི་རབ་ཏུ་གནས་པ་འོ། །ནས་ནི་དཀར་ལ་བཟང་བ་ལ། །གྲོ་ཕྱེ་བྲེ་གསུམ་སྐྱོ་ཚ་བྱས།། གཉིས་པ་དངོས་གཞི་བཟའ་ཐབས་ནི། །ཐོ་རངས་ལངས་ཏེ་སྐྱིལ་ཀྲུང་བྱ།། རླུང་རོ་ལན་གསུམ་ཕྱིར་ཕུལ་ལ། །ལས་དང་སྡིག་སྒྲིབ་དག་པར་བསམ། །དེ་ནས་རིལ་བུ་མིད་ནས་ནི། །སྐྱབས་འགྲོ་སེམས་བསྐྱེད་ལྡན་པ་ཡིས། །རང་ཉིད་རྡོ་རྗེ་མཁའ་འགྲོ་མ། །དཀར་གསལ་ཞལ་གཅིག་སྤྱན་གསུམ་མཛེས། །གཡས་གཡོན་བརྐྱང་བསྐུམ་མི་རོ་གནོན། །གྲུ་མོར་ཁ་ཊྭཱཾ་རྩེ་གསུམ་དང་། །ཕྱག་གཉིས་རྡོ་རྗེ་གྲི་གུག་དང་། །ཐོད་ཁྲག་བཀང་བ་ཐུགས་ཀར་འཛིན། །མེ་ལོང་དྲིལ་བུའི་ཕྲེང་བས་བརྒྱན། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་རྣམ་པ་ལྔར། །དཀར་སེར་མཐིང་ག་དམར་ལྗང་གི །རྩ་འདབ་འཁོར་ལོ་རྣམ་ལྔའི་དབུས། །རོ་རྐྱང་དབུ་མ་ཀ་བ་བཞིན། །འཁོར་ལོ་ལྔ་ན་ཡིག་འབྲུ་ལྔ། །ཧ་རི་ཨ་ནི་ས་གནས་པའི། །ཕྱོགས་བཞིར་རང་གནས་འཁོར་ལོ་བཞིའོ། །དབུ་མ་སྦུབས་སྟོང་ཡར་སྣེ་ན། །བདེ་ཆེན་འཁོར་ལོར་ཧཾ་གནས་ཏེ། །ལྟེ་བར་ནི་དམར་མེ་སྟག་འདྲ། །གསང་བའི་ཡཾ་ལས་རླུང་བྱུང་བས། །ནི་ལས་མེ་འབར་ཧཾ་ལ་ཕོག །ཐིག་ལེ་དམར་པོའི་མེ་འོད་ཀྱིས། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར། །ནད་གདོན་སྡིག་སྒྲིབ་ཤ་ཁྲག་རྣམས། །བསྲེགས་སྦྱངས་ལན་ནི་བདུན་པའི་རྗེས། །ཧཾ་ལས་བདུད་རྩི་དཀར་པོའི་རྒྱུན། །རྐང་མཐིལ་སྤྱི་གཙུག་གང་བར་བབས། །ཕྱོགས་བཅུའི་བླ་མ་མཁའ་འགྲོ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྣང་སྲིད་སྣོད་བཅུད་བདུན་རྩིར་གྱུར། །བདག་གི་ལུས་ལ་ཐིམ་པ་ཡིས། །ཚེ་དཔལ་གཟི་བརྗིད་འོད་དང་ལྡན། །བྱིན་རླབས་དངོས་གྲུབ་ཐོབ་པར་བསམ། །བདེ་སྟོང་དབྱེར་མེད་ངང་ལ་གཞག །རྗེས་ནི་བསྔོ་བས་རྒྱས་གདབ་བྱ། །ཞག་ནི་གསུམ་གསུམ་རིལ་བུ་རེ། །ཉི་ཉུ་རྩ་གཅིག་གོང་དུ་བཟའ། །དེ་ནས་འབྱོར་ཚད་ཟོས་པས་ཆོག །ཆང་ཞིམ་ཕོར་རེ་བཏུང་བར་བྱ། །གསུམ་པ་རྗེས་ལ་རྣམ་གསུམ་སྟེ། །རྟགས་དང་གེགས་སེལ་ཕན་ཡོན་ནོ། །རྟགས་ནི་ཕྱི་ནང་གསང་བ་སྟེ། །ཕྱི་རྟགས་
གཉིད་ཆུང་ཤེས་པ་གསལ། །ལུས་ཡང་བདེ་དྲོད་སྐྱེ་བ་འོ། །ནང་རྟགས་རྨི་ལམ་མཁའ་ལ་འགྲོ །ཆོས་འཆད་སྐྱེ་བོས་བསྟོད་པ་དང་། །བསྙེན་བཀུར་ཞབས་ཏོག་བྱེད་པ་རྨིས། །གསང་རྟགས་ཕྱི་རུ་སྣང་བ་ནི། །ལུས་ནི་བཅུ་དྲུག་ལོན་པ་འདྲ། །རྒས་ནས་སོ་འུ་སྐྱེ་བ་དང་། །མངོན་པར་ཤེས་པ་འཆར་བ་དང་། །མཁའ་འགྲོ་མཚོ་ལ་ངང་པ་བཞིན། །འདུ་ཞིང་དངོས་གྲུབ་སྣ་ཚོགས་སྟེར། །གྲུབ་པ་བརྒྱད་ཀྱང་འཐོབ་པར་འགྱུར། །གེགས་སེལ་གཏུམ་མོ་བསྒོམས་པ་དང་། །བླ་མ་ལ་གུས་གསོལ་བ་གདབ། །ནད་ནི་ཚ་གྲང་གང་ལངས་ཀྱང་། །དེ་དང་མཐུན་པའི་སྨན་གྱིས་གསོ། །གདོན་ལ་སྙིང་རྗེ་བྱང་སེམས་བསྒོམ། །དེས་ནི་གེགས་མེད་ཡོན་ཏན་འགྲུབ། །སྤྱིར་ན་འདི་ལ་གེགས་མེད་དེ། །མཁའ་འགྲོས་གེགས་སེལ་དངོས་གྲུབ་སྟེར། །གལ་སྲིད་བྱུང་ཡང་འཇིགས་མི་དགོས། །ཞག་གྲངས་ཐེམ་དུས་གེགས་ལས་གྲོལ། །དམ་ཚིག་སྔོ་ངད་སྤང་བ་དང་། །མེ་དང་ཉི་མ་ཚྭ་རྣམས་སྤང་། །ཐིག་ལེ་བསྲུང་ཞིང་བདེ་སྟོང་བསྒོམ། །ཕན་ཡོན་ལུས་སེམས་བདེ་སྟོང་བསྐྱེད། །ནད་གདོན་མཛེ་རིགས་དུག་རྣམས་ཞི། །མཁའ་འགྲོ་འདུ་ཞིང་ཅི་བསམ་འགྲུབ། །འཆི་མེད་ཚེ་ཡི་རིག་འཛིན་ཐོབ། །འདི་འདྲའི་གདམས་པ་ཡིད་བཞིན་འདྲ། །མཁའ་འགྲོ་སྙིང་ཏིག་ཆ་རྐྱེན་དུ། །དྲི་མེད་འོད་ཟེར་བདག་གིས་བཀོད། སྐལ་ལྡན་རྣམས་དང་འཕྲད་པར་ཤོག །ཆུའི་བཅུད་ལེན་བདེ་ཆེན་རྒྱ་མཚོ་ཞེས་བྱ་བ་རྫོགས་སོ། །ཨྠྀི། རྒྱ་རྒྱ་རྒྱ། དེ་ནས་མེ་ཡི་བཅུད་ལེན་ནི། །གཏུམ་མོ་བདེ་དྲོད་ཡེ་ཤེས་གོས། རྣལ་འབྱོར་པ་ཡིས་བགོ་བའི་ཕྱིར། །འདི་ཉིད་དུ་ཡང་བཤད་པར་བྱ། །དེའང་སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ། སྟོང་པའི་ངང་ལས། རང་ཉིད་རྡོ་རྗེ་ཕག་མོ་པདྨའི་རིགས་དམར་མོ། གཅེར་བུ་པདྨས་ཡུ་བ་བྱས་པའི་གྲི་གུག་དང་ཐོད་པ་འཛིན་པ། དཔའ་མོའི་རྒྱན་རྫོགས་པར་བསྐྱེད་ལ། རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་གཞག་དང་། རྣམ་སྣང་གི་ཆོས་བདུན་དང་ལྡན་པས། སྤྱི་བོར་རྩ་འདབ་སུམ་བརྒྱ་དྲུག་ཅུ། མགྲིན་པར་བཅུ་དྲུག །སྙིང་གར་སུམ་ཅུ་རྩ་གཉིས། ལྟེ་བར་
དྲུག་ཅུ་རྩ་བཞི། གསང་བར་ཉི་ཤུ་རྩ་བརྒྱད་བསམ་པའི་དབུས་སུ་དབུ་མ་སྦུབས་སྟོང་པའི་ཡར་སྣ་ཚངས་བུག །མར་སྣ་གསང་གནས་སུ་ཟུག་པའི་གཡས་གཡོན་གཉིས་ནས་རོ་རྐྱང་གཉིས་འཁོར་ལོ་ལྔ་ལ་འཁྱུད་ནས་ཀླད་པའི་སྟེང་ན་ཚུར་བྱུང་སྟེ། སྨིན་མཚམས་ནས་སྣ་བུག་གཉིས་སུ་ཚུད་པར་བསམ། དེ་གཉིས་ཀྱི་མར་སྣ་ལྟེ་འོག་སོར་བཞི་ན་དབུ་མའི་ནང་དུ་ཚུད་པར་བསམ། རྩ་གསུམ་པོ་དེ་མདའ་སྨྱུག་ཙམ་པ་དམར་པོར་བསམ། དེ་ནས་རླུང་རོ་དྲག་པོ་གསུམ་ཕྱིར་ཕུལ་ལ། སྣ་བུག་གཉིས་ན་ཚུར་འཇམ་ལ་རིང་བར་ནང་དུ་དྲངས་ལ་རྩ་གཉིས་ནས་མར་ཕུས་བཏབ་པ་བཞིན་སོང་བས་གསང་གནས་སུ་དབུ་མའི་ནང་དུ་ཚུད་པར་བསམས། གསང་བར་ས་དམར་པོ་ཞིག་ཀྱང་བསྒོམ། དེ་རླུང་གིས་བུས་པས་དམར་ལམ་གྱིས་བྱུང་བས་ལྟེ་བའི་རྩ་མདུད་ན་པདྨ་ཌཱ་ཀི་ཡབ་ཡུམ་སྦྱོར་བའི་གསང་གནས་ལས། བདུད་རྩི་བབས་པས་གསང་བའི་རྩ་བདུད་གང་བར་བསྒོམ་ཞིང་། རླུང་ཐུབ་ཐང་དུ་བཟུང་ཞིང་། ཅུང་ཟད་རེ་བརྔུབས་ལ་མནན། ཡང་ཕྱེད་ཙམ་རེ་དལ་བུས་ཕྱིར་བཏང་ལ་ལྷག་མ་གཟུང་། གཏོང་དུས་སྣ་བུག་གཉིས་ན་ཕར་དལ་བུར་སོང་བའི་ཚེ། ཀུན་དྷར་མའི་ནང་ནས་ཚངས་པའི་བུ་གར་སྔོ་སངས་ཀྱིས་སོང་བར་བསམ། དེ་ལྟར་བསྒོམས་པས་གསང་གནས་སུ་དྲོད་ཕེབས་ཏེ་དྭངས་མ་འཆོར་བར་འདུག་ན། ལྟེ་བ་ནས་གཏུམ་མོ་སྦར་ལ་སྙིང་གར་སྔ་མ་བཞིན་བསྒོམ། དེ་ནས་མགྲིན་པར་བསྒོམས་པས་སྙིང་གར་དྲོད་སྐྱེས་དུས་སྤྱི་བོར་སྦར་ལ་བསྒོམ་མོ། །དེས་ནི་རྩ་བྱེ་ནས་དྭངས་མ་རྒྱས་ཏེ། བདེ་དྲོད་འབར་བས་ལུས་ལ་གོས་མི་དགོས་སྣུམ་ལ་དྲོ་ཞིང་དྭངས། སེམས་ལ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་ཆེན་པོ་ཐོབ། ཚེ་གཅིག་གིས་རིག་འཛིན་གྱི་ས་ནོན་པར་འགྱུར་རོ། །བདེ་ཆེན་ཡེ་ཤེས་གཏུམ་མོའི་མེ་འོད་ཀྱིས། །བདེ་གཤེགས་ཁམས་རྣམས་མ་ལུས་རབ་རྒྱས་ནས། །བདེ་ཆེན་མི་འགྱུར་འོག་མིན་གནས་མཆོག་ཏུ། །བདེ་གཤེགས་རྣམས་དང་སྐལ་པ་མཉམ་པར་ཤོག །གཏུམ་མོ་མེའི་བཅུད་ལེན་བདེ་དྲོད་འབར་བ་ཞེས་བྱ་བ་རྫོགས་སོ། །ཨྠྀི། རྒྱ་རྒྱ་རྒྱ། དེ་ནས་རླུང་གིས་བཅུད་ལེན་ནི། །མངོན་ཤེས་
རྫུ་འཕྲུལ་སྐྱེ་བ་སྟེེ། །རྣལ་འབྱོར་པ་ཡིས་བསྒྲུབ་པའི་ཕྱིར། །འདི་ཉིད་དུ་ཡང་བཤད་པར་བྱ། །དེ་ལ་གྱེན་རྒྱུ་ཐུར་སེལ། མཉམ་གནས་གསུམ་ནི། ཕོ་མོ་མ་ནིང་གི་དབྱེ་བས་ཏེ། དྲག་པ་དང་། འཇམ་པ་དང་། མཉམ་པར་གནས་ཏེ། ལས་ཀྱི་རླུང་བཏུང་ནས་ཡེ་ཤེས་ཀྱི་རླུང་སྦྱང་བའི་ཕྱིར། དུས་བཞིར་རླུང་གི་རིམ་པ་བསྒོམ་པ་ནི། དགུན་གྲང་བ་ཆུ་ཡི་དུས་སུ་མེའི་རླུང་དམར་ཞིང་དྲོ་བ་གཟུང་ངོ་། །དཔྱིད་བད་ཀན་སའི་དུས་ན་རླུང་གི་རླུང་འབྱེད་ཅིང་འཐོར་བ་ལྗང་ཁུ་མཉམ་པར་གཟུང་ངོ་། །དབྱར་ཚ་བ་མེའི་དུས་སུ་ཆུའི་རླུང་དཀར་ཞིང་བསིལ་བ་གཟུང་ངོ་། །སྟོན་སྨིན་བྱེད་རླུང་གི་དུས་སུ་སའི་རླུང་དལ་འཇམ་སེར་པོ་གཟུང་ངོ་། །དེ་ཡང་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། རང་ཉིད་ལས་ཀྱི་མཁའ་འགྲོ་ལྗང་གུ་གཡས་རྒྱ་གྲམ་གྱིས་ཡུ་བ་བྱས་པའི་གྲི་གུག་དང་། གཡོན་པ་བདུད་རྩིས་བཀང་བའི་ཐོད་པ་བསྣམས་པའི། འཁོར་ལོ་ལྔ་སྔ་མ་བཞིན་གསལ་བཏབ་ལ་རླུང་རོ་གསུམ་ཕྱུང་ནས། རླུང་རབ་ཏུ་དལ་བ་གསུམ་ཚུར་བྱུང་བ་རོ་རྐྱང་གཉིས་ནས་དབུ་མར་ཞུགས། འཁོར་ལོ་ལྔ་རྒྱུ་མ་ཕུས་བཏབ་པ་བཞིན་སོང་། གསང་བའི་ས་ལྗང་གུ་ཧ་རི་ནི་ཨས་བསྐོར་བ་ལ་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྐྱེ་བར་བསམ་ཞིང་ཐུབ་ཐང་རེ་བཟུང་ལ་ཕྱིར་དལ་བུས་ཕྱེད་ཙམ་རེ་གཏོང་ངོ་། །དེ་ཡང་བུམ་པ་ཅན་དུ་བསྐྱིལ་བའོ། །དེ་བཞིན་དུ་རླུང་རབ་ཏུ་དལ་བས་ཕྱི་ནང་དུ་མཉམ་ཞིང་གཟུང་བ་ནི། འཇམ་པ་སྟེེ་ཁོང་སེང་ཅན་དུ་སྦ་བའོ། །དེ་བཞིན་དུ་རླུང་གི་འགྲོ་འོང་ཤིན་ཏུ་དལ་བས་མི་ཚོར་བར་བྱས་ཏེ། སེམས་གསལ་སྟོང་གི་ངང་ལ་འཇོག་པ་ནི་ནམ་མཁའ་ཅན་དུ་སྦ་བ་སྟེ། མ་ནིང་ཞེས་བཤད་དོ། །དེ་གསུམ་གང་བྱེད་ཀྱང་དུས་བཞིའི་རླུང་གི་རྗེས་འབྲང་བས། རླུང་སྐྱོན་མེད་ཅིང་ཡེ་ཤེས་མྱུར་དུ་སྐྱེའོ། །ལངས་དུས་བ སྔོ་བ་བྱས་ལ། ལུས་ཐམས་ཅད་དཀྲུགས་ཤིང་བཅུས་ཏེ་བསྐོར་ལ་མཉམ་པར་བྱའོ། །དེ་ལྟར་བསྒོམ་པས་ལུས་ཡང་ཞིང་མགྱོགས་པས་རྐང་མགྱོགས་འགྲུབ། སེམས་གསལ་ལ་དྭངས་པས་མངོན་ཤེས་འགྲུབ། རྣམ་རྟོག་འགྲོ་འོང་ཆད་པས་ཡེ་ཤེས་འགྲུབ།
རྟག་ཏུ་ལུས་སེམས་བདེ་ཞིང་སྙིང་པོའི་དོན་ལ་རེག། རྩ་ལས་སུ་རུང་བས་རྫུ་འཕྲུལ་སྣ་ཚོགས་འབྱུང་། རླུང་ལས་སུ་རུང་བས་མངོན་ཤེས་དང་རྫུ་འཕྲུལ་ལ་དབང་བསྒྱུར། མཁའ་འགྲོ་རང་བཞིན་གྱིས་འདུ། དངོས་གྲུབ་སྣ་ཚོགས་འབྱུང་། མྱུར་དུ་གདོད་མའི་ཀ་དག་གསལ་སྟོང་ཆེན་པོར་མྱ་ངན་ལས་འདའ་འོ། །དེ་ཡང་འོད་གསལ་དང་བསྲེས་ནས་བསྒོམ་པ་ནི་མཆོག་ཏུ་གཅེས་སོ། །རླུང་གི་བཅུད་ལེན་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་རྫོགས་སོ། ༵ཨྠྀི། རྒྱ་རྒྱ་རྒྱ། དེ་ནས་ནམ་མཁའི་བཅུད་ལེན་ནི། །ཟག་མེད་ཡེ་ཤེས་བསྐྱེད་པ་སྟེ།། རྣལ་འབྱོར་པ་ཡིས་བསྒོམ་པའི་ཕྱིར། །འདི་ཉིད་དུ་ཡང་བཤད་པར་བྱ། །དྭངས་ཤིང་མཐོ་བའི་སར་སོང་སྟེ། ནམ་མཁའ་དྭངས་པའི་ཚེ་སྐད་ཅིག་གིས་རང་ཉིད་སངས་རྒྱས་མཁའ་འགྲོ་མཐིང་ག་འཁོར་ལོས་ཡུ་བ་བྱས་པའི་གྲི་གུག་དང་ཐོད་པ་འཛིན་པའི་འཁོར་ལོ་ལྔ་དང་རྩ་གསུམ་གསལ་བཏབ་སྟེ། རླུང་ཕྱིར་འགྲོ་དུས་ལས་དང་སྡིག་སྒྲིབ་ནད་གདོན་ཐམས་ཅད་སང་སང་ཕར་སོང་བར་བསམ་ཞིང་། ནང་དུ་བརྔུབས་དུས་ནམ་མཁའ་སྔོ་སྐྱ་ཐམས་ཅད་ན་ར་ར་བྱུང་སྟེ་རོ་རྐྱང་ནས་དབུ་མ་དང འཁོར་ལོ་ལྔ་གང་བས་ཀ་དག་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སྐྱེས་པར་བསམ་སྟེ་ཐུབ་ཐང་ནང་དུ་མཉམ་པར་བཞག །དེ་བཞིན་དུ་ཕྱིའི་ནམ་མཁའ་ནང་གི་ནམ་མཁའ་ལ་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་སྤྲིན་མེད་པའི་ནམ་མཁའ་རྣམ་པར་དག་པ་ལྟ་བུར་བསམས་པའི་ངང་ལ་ཤེས་པ་གསལ་སྟོང་འཛིན་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ལ་གཞག་གོ །དེ་ནས་ཕྱིའི་ས་རྡོ་རི་བྲག་ལ་སོགས་སྣང་སྲིད་ཐམས་ཅད་ནམ་མཁའ་གཅིག་ཏུ་གྱུར་ཏེ་ནང་གི་ནམ་མཁའ་རྣམས་པར་དག་པའི་ནམ་མཁའི་ངང་དུ་ཐིམ་པར་བསམ་ཞིང་མཉམ་པར་གཞག་གོ །སྐབས་སུ་ལུས་དང་ཕྱི་ནང་གི་སྣང་བ་ཐམས་ཅད་ནམ་མཁའ་གཅིག་ཏུ་གྱུར་ཏེ། ཕྱི་ནང་གི་ནམ་མཁའ་གཉིས་འདྲེས་པ་ནི། བུམ་པ་ཆག་པས་བུམ་ནང་གི་ནམ་མཁའ་དང་ནམ་མཁའ་ཆེན་པོར་དབྱེ་བ་མེད་པ་བཞིན་གསལ་སྟོང་མཐའ་བྲལ་གྱི་ངང་ལ་ཕྱམ་གྱིས་མཉམ་པར་བཞག་པས། ཆོས་ཐམས་ཅད་མཉམ་པ་ཉིད་ནམ་མཁའ་ལྟ་བུའི་དོན་མངོན་སུམ་དུ་སྐྱེ་བར་འགྱུར་རོ། །དེ་ལྟ་བུའི་ངང་ལ་མཉམ་
པར་བཞག་པས། རྣམ་པར་རྟོག་པའི་ངོ་བོ་ནམ་མཁའ་ལྟར་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བར་ཞི་ཞིང་ཐིམ་ནས། གདོད་མ་ཡེ་སྟོང་ཀ་དག་ཆེན་པོ། སྐྱེ་མེད་བསམ་ཡུལ་ལས་འདས་པའི་དོན་མངོན་འགྱུར་ཏེ། ཚེ་འདིར་རང་བཞིན་ཀུན་ཏུ་བཟང་པོའི་ངང་དེར་འབད་རྩོལ་དང་བྲལ་བ་གྲོལ་བ་ཡང་ཡོད་དོ། །ཕལ་ཆེར་བར་དོའི་ཡེ་ཤེས་འོད་གསལ་གྱི་སྐད་ཅིག་དང་པོར་དོན་དེ་ཉིད་གོམས་པ་དང་། འདྲེས་ནས་ཀ་དག་གི་ས་ལ་རང་གྲོལ་ལོ། །དེའང་རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་ཚེ་ཕྱིའི་ནམ་མཁའ་སྤྲིན་མེད་པ་ལྟར་སྟོང་གསལ་གདོད་ནས་དག་པའི་སྣང་བ་འཆར་ལ། ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ། ཕྱིའི་ནམ་མཁའ་ནང་གི་ནམ་མཁའ་དང་འདྲེས་པ་ལྟར་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྔོན་བས་འཕགས་པར་འཆར་བ་དེ་ཉིད། གཞིའི་འོད་གསལ་དུ་རང་ངོ་ཤེས་པས་ད་ལྟ་སྦྱངས་པའི་འོད་གསལ་བུའི་ཡེ་ཤེས་དང་འདྲེས་ཏེ་གཉིས་མེད་གཅིག་ཏུ་གྲོལ་ལོ། །དེའི་ཚེ་ཕྱི་ནང་གི་ནམ་མཁའ་དབྱེ་བ་མེད་པ་ལྟར་ལུས་རྡོས་བཅས་བོར། སེམས་ཆོས་ཉིད་གདོད་མའི་ཡེ་ཤེས་སུ་ནུབ། ཡེ་ཤེས་འོད་གསལ་སྤྲོས་པ་དང་བྲལ་བའི་ངང་། ནང་གསལ་ཀ་དག་གི་ཡེ་ཤེས་གཅིག་ཏུ་གནས་པས་ཆོས་སྐུ་བསལ་བཞག་དང་བྲལ་བ། ཕྱི་ནང་གི་ནམ་མཁའ་ལ་དབྱེ་བ་མེད་པ་ལྟར། དུས་གསུམ་འཕོ་འགྱུར་མེད་པའི་ངང་དུ་གནས་ཏེ། ཕྲ་བའི་ཡེ་ཤེས་གསལ་དྭངས་གཞི་ལ་མི་གཡོ་བར་གནས་པ་ཙམ་ལས། ཕྱི་ནང་གི་འཛིན་པ་གང་ཡང་མེད་པའི་རང་བཞིན་ཤེལ་སྒོང་དྲི་མ་དང་བྲལ་བ་ལྟར། ཀ་དག་ཆོས་ཟད་ཀྱི་གནས་ལུགས་གདོད་མའི་གྲོལ་གཞི་ཆེན་པོ་ཉིད་དུ་འཕོ་འགྱུར་མེད་པར་བཞུགས་སོ། །དེའི་ཚེ་གསལ་བའི་ཆ་ཙམ་ལས་མེ་ལོང་གཡའ་དག་པ་ལྟར། སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ཕྱིར་གསལ་དུ་འབྱུང་བ་མི་འགགས་པས། གཟུགས་སྐུ་ཕུན་གསུམ་ཚོགས་པའི་སྣང་བ་སྟོན་ལ། ནང་གསལ་ཕྲ་བ་ཐུགས་རྗེའི་ཆ་ཙམ་ལས་འགྲོ་བའི་གནས་དང་དབང་པོ་དང་སྐྱེ་བ་ལ་སོགས་པ་མཁྱེན་ནས་གང་ལ་གང་འདུལ་སྟོན་པའི་སྤྲུལ་པ་འཕྲུལ་བས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་བྱེད་ཀྱང་
གདོད་མའི་ངང་ནམ་མཁའ་ལྟ་བུ་ཆོས་སྐུ་འཕོ་འགྱུར་མེད་པའི་ངང་ལས་གཡོས་པ་མེད་དོ། དེ་ལྟར་གདོད་མའི་གནས་ལུགས་གསལ་པོར་བཤད་པ་སྟེ། ལེགས་པར་བཀྲལ་ན་ནམ་མཁའ་ལྟ་བུ་ལས་གཞན་མེད་དོ། །ཟབ་མོའི་ཆོས་ཚུལ་རྒྱ་མཚོ་ཐམས་ཅད་ནས། ཆོས་སྐུ་ནམ་མཁའ་ལྟ་བུར་གསུངས་པའི་དོན་དེ་ཡིན་ནོ། །དེ་ལྟར་གསུངས་ཀྱང་གཞན་དུ་བརྗོད་པ་དག་མི་གསལ་ཞིང་གོ་བར་དཀའ་ལ། འདིར་གོ་སླ་ཞིང་གསལ་པོར་བརྗོད་པའོ། །དབུ་མ་རབ་ཏུ་མི་གནས་པས་དེའི་ཚེ་ཡེ་ཤེས་རྒྱུན་ཆད་པར་འདོད་པ་ནི་སེམས་སེམས་བྱུང་གི་སྤྲོས་པ་དབྱིངས་སུ་ཞི་བ་ཙམ་ལ་དགོངས་སོ། །འདིར་རང་བཞིན་རྫོགས་པ་ཆེན་པོས་སེམས་སེམས་བྱུང་གི་སྤྲོས་པ་མ་ལུས་པ་དབྱིངས་སུ་ཞི་བས་གདོད་མའི་ཡེ་ཤེས་ནང་གསལ་ཕྲ་བའི་རིག་པ་ཐུགས་རྗེའི་སྙིང་པོ་ཅན་དུ་གནས་པ་ལས་སེམས་ཅན་གྱི་དོན་བྱེད་པར་འདོད་དོ། །སྔ་མས་སྨོན་ལམ་གྱིས་དོན་བྱེད་པ་ལས་ཐུགས་རྗེས་དོན་བྱེད་པར་ཁས་མི་ལེན་ནོ། །དངོས་པོར་སྨྲ་བ་ནི་སངས་རྒྱས་དངོས་པོར་སྐུ་དང་ཡེ་ཤེས་གྲུབ་པ་ལྟར་ད་ལྟར་གྱི་སེམས་ཅན་རང་རྒྱུད་པ་ལྟར་འདོད་དེ། དེ་དག་ནི་རྟག་པའི་མཐར་ལྷུང་ལ། ཡེ་ཤེས་རྒྱུན་ཆད་ནས་སྨོན་ལམ་གྱིས་དོན་བྱེད་པ་ནི་ཆད་པའི་མཐར་ལྷུང་པས། དེ་གཉིས་ཀ་བསལ་ཏེ་ཕྲ་བའི་ཡེ་ཤེས་གསལ་བའི་ཆ་ལས་སྟོང་པ་རིག་པའི་སྙིང་པོ་ཅན་དུ་ལྷུན་གྱིས་གྲུབ་པའི་དོན་ལ་འཇུག་པ་ཡིན་ནོ། །དེའི་ཚེ་ངོ་བོ་སྟོང་པས་རྟག་པའི་མཐར་མ་ལྷུང་། རང་བཞིན་གསལ་བས་ཆད་པའི་མཐར་མ་ལྷུང་། ཐུགས་རྗེས་ཁྱབ་པས་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཆེན་པོར་བཞུགས་པ་ཡིན་ནོ། །འདི་ནི་རབ་ཏུ་གསང་བའི་སྙིང་པོ་མཐར་ཐུག་པའོ། །ནམ་མཁའི་བཅུད་ལེན་ཡེ་ཤེས་གསང་སྐོར་ཞེས་བྱ་བ་རྫོགས་སོ། །ཨྠྀི། རྒྱ་རྒྱ་རྒྱ། དེ་ལྟར་མ་དག་འབྱུང་བའི་ཐབས་ཉིད་ལས། །དག་པའི་ཡེ་ཤེས་བསྐྱེད་པ་གསང་བའི་ལམ། །རྡོ་རྗེ་སྙིང་པོའི་ཐེག་པ་མཐར་ཐུག་སྟེ། །མ་ལུས་འགྲོ་ཀུན་གནད་འདིས་གྲོལ་བར་ཤོག །ས་ཡི་བཅུད་ལེན་འབྱུང་བའི་ལུས་བཟུང་སྟེ། །ཆུ་དང་མེ་ཡིས་བདེ་ཆེན་མཆོག་བསྐྱེད་ནས། །
རླུང་གིས་གསལ་སྟོང་ནམ་མཁས་མི་རྟོག་ཉིད། །སྐུ་གསུམ་ས་ལ་རང་བཞིན་ལྷུན་གྱིས་གྲུབ། །འདི་ནི་མཐར་ཐུག་ངེས་པའི་སྙིང་པོ་སྟེ། །མཁའ་འགྲོ་སྙིང་ཏིག་སྦས་པའི་སྒོ་ཕྱེ་ནས། །གངས་རི་ཐོད་དཀར་འཕགས་པའི་རི་ངོགས་སུ། །རིན་ཆེན་ཤོག་འདྲའི་ངོས་ལ་ལེགས་པར་བཀོད། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །གཞི་རྫོགས་འོད་གསལ་སྙིང་པོའི་ཞིང་ཁམས་སུ། །མ་ལུས་ཕྱམ་གཅིག་ཐམས་ཅད་བྱང་ཆུབ་ནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཤོག །རིགས་ལྔའི་བཅུད་ལེན་བདུད་རྩི་ཐིགས་པ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ་བཀོད་བ་རྫོགས་སོ།། །།འདི་ཉིད་གསང་ཞིང་ཕངས་པར་བྱ། །ཀུན་ལ་མི་བསྟན་ཉམས་སུ་བླངས། །ལས་འབྲེལ་རྩལ་གྱི་ཁྱད་ཆོས་ཡིན། །མཁའ་འགྲོ་སྙིང་ཏིག་མན་ངག་ཡིན། །དགེའོ། །
བདུད་རྩི་སྤྲིན་ཕུང་།
ཤོག་འདྲའི་སྐོར། བདུད་རྩི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །
བདུད་རྩི་སྤྲིན་ཕུང་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཁྱེན་རབ་མཁའ་ལ་ཐུགས་རྗེའི་སྤྲིན་འཁྲིགས་ཏེ། །བདུད་རྩིའི་ཆར་གྱིས་ཕྱོགས་བཅུའི་འགྲོ་ཀུན་གྱི། །ཉོན་མོངས་ནད་རྣམས་མ་ལུས་ཞི་མཛད་པ། །སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །བདེ་གཤེགས་རང་བྱུང་པདྨ་རྒྱལ་པོ་ཡིས། །འདབ་སྟོང་བདག་བློའི་ཡིད་ཀྱི་ཚལ་ལྷུང་བས། །སྐལ་ལྡན་བུང་བ་རབ་ཏུ་ཚིམ་པར་བྱ། །དེ་ཡང་རྡོ་རྗེའི་ལུས་འདི་ལ། །བདེ་ཆེན་ལོངས་སྤྱོད་ཆོས་དང་སྤྲུལ། །བདེ་སྐྱོང་འཁོར་ལོ་ལྔ་ཡོད་དེ། །མཁའ་འགྲོ་སྡེ་ལྔ་རིགས་ལྔའི་གནས། །ཡེ་ནས་འོད་གསལ་དྲི་མ་མེད། །རྩ་ཁམས་ཡི་གེའི་ཚུལ་དུ་གནས། །དེ་ནི་འབྱུང་བའི་བྱེེར་ཟུག་གིས། །འཁྲུགས་ཤིང་ནད་རྣམས་འབྱུང་བ་ན། །རླུང་དམིགས་ཡི་གེའི་སྦྱོར་བ་ཡིས། །ནད་རྣམས་འདོན་པར་བྱ་བ་ནི། །རྣལ་འབྱོར་པ་ཡིས་འདིར་ཤེས་བྱ། །དང་པོ་བདེ་ཆེན་འཁོར་ལོ་ནི། །རྩ་འདབ་སུམ་བརྒྱ་དྲུག་ཅུ་སྟེ། །དབུས་ན་ཧ་གནས་ཤར་དུ་ཨ། །ལྷོ་རི་ནུབ་ནི་བྱང་དུ་ས། །དེ་དག་རྡོ་རྗེ་མཁའ་འགྲོ་དཀར། །ཡབ་ཡུམ་རྡོ་རྗེ་ཐོད་ཁྲག་བསྣམས། །སྦྱོར་མཚམས་དྭངས་མ་བབས་པ་ཡིས། །མགོ་དང་སྙིང་གའི་མཚམས་སུ་བབས། །ཚ་གྲང་ནད་རྣམས་ཞི་བར་བསམ། །རླུང་ནི་ཕྱིར་འཕངས་ནང་དུ་གཟུང་། །ཚ་བའི་ནད་ནི་དྭངས་ལ་བསིལ། །གྲང་བ་བད་ཀན་འདུས་པ་ལ། །རབ་ཏུ་ཚ་བས་གང་བར་བསྒོམ། །རླུང་ཡང་བད་རླུང་གྲང་བ་ལ། །ཐོག་མར་ཕྱིར་སྦུར་ནང་དུ་གཟུང་། །ཚད་ནད་ལ་ནི་གཟུང་མི་བྱ། །དེས་ནི་བདེ་ཆེན་འཁོར་ལོ་ཡི། །ནང་གི་ནད་རྣམས་ཞི་བར་བྱེད། །ཕྱི་ཡི་ནད་ནི་འདི་ལྟར་འདོན། །དམིགས་པ་སྔར་དང་འདྲ་བ་ལ། །ཡི་གེ་བཟླས་ཤིང་འཕངས་པ་ནི། །ཏིང་ངེ་འཛིན་གྱིས་གཏར་བསྲེག་བྱ། །གང་དུ་ན་བ་ཁོལ་བུར་འདོན། །ཡི་གེའི་གནས་ནི་འདི་ལྟ་སྟེ། །འཕར་བའི་ནི་རྩ་ཉི་ཤུ་གཉིས། །འདི་དག་ལ་སོགས་ཕྱིར་རུ་འཕྲོ། །སྤྱི་བོའི་གཙུག་ནི་དྲང་པོ་ན། །ཡི་གེ་ཨ་ནི་གནས་པ་སྟེ། །སྨན་སྐད་
སྙན་གྱི་རེ་ཐག་ཡིན། །འདི་གཏར་རིམས་དང་སྙིང་ནད་སེལ། །འདི་ནས་གཡས་ནི་ཚོན་གང་ན། །ཡི་གེ་ག་ནི་གནས་པ་སྟེ། །འདི་མིང་བྷོ་དྷེ་གཡས་པ་ཞེས། །འདི་གཏར་གཞོག་གཡས་ན་ལ་ཕན། །དེ་གཡོན་ཚོན་གང་གི་ཡིན་ཏེ། །དེ་མིང་བྷོ་དྷེ་གཡོན་པ་ཞེས། །འདི་གཏར་བཞོགས་ཡོན་ན་ལ་ཕན། །དེ་ནས་སོར་བཞི་མཚོགས་མའི་སྟེང་། །ཀི་ཡིག་གནས་ཏེ་འདི་མིང་ནི། །རལ་དམིགས་ཆེན་པོ་ཞེས་བྱ་སྟེ། །འདི་དག་མགོ་འཁོར་འཐིབས་ལ་ཕན། །དེ་གཡས་ཚོན་གང་བཙལ་བ་ན། །ཀུ་གནས་དུང་རྩ་འཁོར་མ་སྟེ། །འདི་གཏར་ལྡན་གཡས་ནད་ལ་ཕན། །དེ་གཡོན་ཚོན་གང་ཀྵུ་ཡིན་ཏེ། །དུང་རྩ་འབྲིང་བུ་ཞེས་བྱ་བ། །འདི་གཏར་ལྡན་གཡོན་ནད་ལ་ཕན། །དེ་ནས་ཚོན་གང་མདུན་ངོས་ལ། །ཀྵྱེ་གནས་རལ་དམིགས་ཆུང་ངུ་ཞེས། །འདི་གཏར་མིག་གི་ནད་ལ་ཕན། །དེ་ནས་གཡས་ཀྱི་ཚོན་གང་ན། །གནས་མཁྲིས་རྩ་སེར་པོ་ཡིན། །འདི་གཏར་དང་ཀ་འགྲིབས་ན་ཕན། །དེ་ཡི་གཡོན་ནས་ཚོན་གང་ནས། །ཀེ་གནས་མཁྲིས་པའི་དུང་བུ་ཞེས། །འདི་གཏེར་ཁ་ཁའི་ནད་ལ་ཕན། །དེ་ནས་དཔྲལ་བའི་དབུས་ན་ཀེ། འདི་མིང་མཁྲིས་རྩ་སེར་དུང་ཡིན། །འདི་གཏར་ཆང་གི་ནད་ལ་ཕན། །དེ་གཡས་མིག་གི་ཕུག་ན་གྱེན། །ཀཽར་གནས་མིག་རྩ་འགྲེང་བུ་ཞེས། འདི་གཏར་ལིང་ཐོག་ལ་སོགས་ཕན། །གཡོན་པ་ཕུག་ན་ཀོ་ཡིན་ཏེ། །འདི་མིང་མིག་རྩ་འཕར་མ་ཞེས། །འདི་གཏར་ཚད་པའི་ནད་ལ་ཕན། །དེ་ནས་གྱེན་དུ་ཚོན་གང་གཡས། །ཀ་གནས་མིག་རྩ་འཕྲེད་ཉལ་ཞེས། །གཡོན་གྱིས་འཕྲད་ན་ཀཾ་གནས་ཏེ། །འདི་གཉིས་མི་གཏར་ཙན་དན་བྱུགས། །མིག་གི་ནད་རྣམས་ཀུན་ལ་ཕན། །དེ་ནས་ཕར་བཅལ་རྩེ་གཏད་གཡས། །ཐ་གནས་ཀླད་པ་འཁྱོམས་ལ་ཕན། །རྩེ་གཏད་གཡོན་ན་དེ་བཞིན་ཐཱ། །འདི་གཏར་མིག་ནི་ལུག་ལ་ཕན། །མིག་ཕུག་གཡས་ན་ཡི་གེ་ཐཱི། །མིག་རྩ་ལྷུམ་བུ་ཞེས་བྱ་སྟེ། །འདི་གཏར་མིག་རྩའི་ནད་ལ་ཕན། །གཡོན་གྱི་ཕུག་ན་ཐཱི་གནས་ཏེ། །མིག་རྩ་གང་པོ་ཞེས་བྱ་འོ། །འདི་གཏར་མིག་ནི་རྣོ་བར་བྱེད། །
ལྕེ་སྟེང་གཡས་ཕྱོགས་ཡས་རྐན་གྱི། །དཀར་བའི་རྩ་གཉིས་དག་ལ་ནི། །ཐུ་དང་ཐུ་གཉིས་འཁྲེལ་མའི་ཚུལ། །འདི་མིང་ལྕེ་རྩ་ནག་པོ་ཞེས། །འདི་གཏར་ལྕེ་ཕུག་བྲོས་ལ་ཕན། །རྣ་བ་གཡས་ནས་བྷྱེ་གནས་ཏེ། །གཡོན་ན་རྩ་གནས་མཛུམ་མོས་མནན། །འོད་ནི་མངོན་དུ་སྣང་བར་གྱུར། །མཁུར་ཚོས་གཡས་གཡོན་བ་དང་བཱ། །འགྲམ་ཞབས་གཡས་གཡོན་བི་དང་བཱི། །རྣ་བའི་ཚུར་འགྲམ་གཡས་གཡོན་ན། །དེ་བཞིན་བུ་དང་རུ་གཉིས་གནས། །དེ་བཞིན་ཕར་འགྲམ་གཡས་གཡོན་ན། །བྷྱེ་བྷྱེ་གཉིས་ནི་གནས་པ་ཡིན། །རྣ་བ་གཡས་པའི་སྟེང་འོག་ན། །བ་བཱེ་གཡོན་པའི་སྟེང་འོག་ན། །བོ་བཱོ་འགྲམ་ཟུར་གཡས་གཡོན་ན། །བཾ་བཱཾ་ལྐོ་གཟུར་གཡས་གཡོན་ན། །མ་མཱ་ལྟོ་མགོ་གཡས་གཡོན་ན། །མི་མཱི་ལྟོ་སྟོང་དག་ན་ནི། །མུ་མཱུ་གཉིས་པོ་དེ་བཞིན་ནོ། ཁ་ཡི་མཐའ་ནི་གཡས་གཡོན་ན། །མེཧྱ་མཻཧྱ་གཉིས་གཉིས་གནས་པའོ། །ལྕེ་ཡི་སྟེང་འོག་མི་ལཱཾའོ། །སྣ་བུག་གཡས་གཡོན་མེ་མཱེ་གཉིས། །ཡ་རྐན་མ་རྐན་དཀྱིལ་གཉིས་ན། །མཾ་མཱཾ་ལྟ་ཟུར་གཡས་གཡོན་ན། །ཙ་ཙཱ་ལྟག་ཁུང་སྟེང་འོག་ན། །ཙི་ཙཱི་མཇིང་ཟུར་གཡས་གཡོན་ན། །ཙུ་ཙཱུ་གཉིས་པོ་དེ་བཞིན་ནོ། །མགོ་བོའི་འབུར་ནི་གཡས་གཡོན་ན། །ཙེཧྱ་ཙཻཧྱ་དཔྲལ་དབྱིངས་གཡས་གཡོན་ན། །ཙེ་ཙཱེ་སྨིན་མ་གཡས་གཡོན་ན། །ཙོ་ཙཱོ་ལྟག་པའི་བདུད་སྒོ་ན། །ཡི་གེ་ཙེ་ནི་གནས་པ་ཡིན། །རྩེའུ་ཆུང་གཡས་ཀྱི་མགོ་གཉིས་ཀྱི། །ཕར་འགྲམ་ཚུར་འགྲམ་གཉིས་པོ་ན། །ཉ་ཉཱ་དེ་བཞིན་གཡོན་གཉིས་ན། །ཉི་ཉཱི་གཉིས་ནི་གནས་པའོ། །འགྲམ་ཟུར་རུས་མགོ་གཡས་གཡོན་ན། །ཉུ་ཉཱུ་གཉིས་པོ་དེ་བཞིན་ནོ། །མིག་གི་ལྐོག་ནི་གཡས་གཡོན་ན། །ཉེཧྱ་ཉེཧྱ་གཉིས་པོ་ཡོད་པའོ། །མཚོགས་མའི་ཁུར་ནི་གཡས་གཡོན་ན། །ན་ནཱ་ཡ་མཆུའི་དཀྱིལ་གཉིས་ན། །ནི་ནཱི་མ་མཆུའི་གཉིས་པོ་ན། ནུ་ནཱུ་མཁུར་ཚོས་གཡོན་གཡོན་མགོའི། །རུས་པ་འཕྱར་བ་གཉིས་ན་ནི། །བེཧྱ་བེཧྱ་ལྕེ་ཟུར་གཡས་གཡོན་ན། །ནེ་ནཱེ་སྣ་བུག་གཡས་གཡོན་ན། །ནོ་ནཱོ་ལྕེ་རྩེ་སྣ་རྩེ་ན། །ནཾ་ནཱཾ་ལྐོག་ཙེ་ལྟོ་
སྟོང་མགོར། །བྷྱེ་བྷྱེ་སྣ་ཡི་རྩེ་གཉིས་ན། །བྷེ་བྷཱེ་གཉིས་པོ་གནས་པ་ཡིན། །རླུང་སྦྱོར་དམིགས་པ་གསལ་བ་ཡིས། །ཡི་གེ་བཟླས་ཤིང་ཕྱིར་ལ་འདོན། །བུ་ག་གཟེར་འདོན་མདའ་འཕངས་འདྲ། །ཏིང་ངེ་འཛིན་གྱི་གཏར་སྲེག་ཡིན། །གཞན་ལ་དངོས་སུ་གཏར་བས་ཕན། །བདེ་ཆེན་འཁོར་ལོའི་གནད་ཡིག་གོ །གཉིས་པ་ལོངས་སྤྱོད་འཁོར་ལོ་ནི། །རྩ་འདབ་བཅུ་དྲུག་བདག་ཉིད་དེ། །དབུས་ན་རི་དང་ཤར་ན་ཧ། །ལྷོར་ཨ་ནུབ་ནི་བྱང་དུ་ས། །རིན་ཆེན་མཁའ་འགྲོ་ཡབ་ཡུམ་ལྔ། །རིན་ཆེན་གྲི་གུག་ཐོད་ཁྲག་སེར། །སྦྱོར་མཚམས་དྭངས་མ་བབས་པ་ཡིས། །མགྲིན་དབུས་ནས་བཟུང་ལུས་ཀུན་གང་། །ཚ་གྲང་ནད་ཀུ་ན་ཞི་བར་བསམ། །རླུང་འཕངས་ཚ་གྲང་ཤེས་པར་བྱ། །ནང་གི་ནད་ཀུན་ཞི་བར་བྱེད། །ཕྱི་རོལ་ཡི་གེ་སྦྱོར་བས་འདོན། །མགྲིན་གཡས་གྱེན་རྒྱུག་ཨེ་གནས་ཏེ། །འདི་མིང་རྩེའུ་ཆུང་གཡས་པ་ཞེས། །འདི་གཏར་མཇིང་པ་རྟེངས་ལ་ཕན། །གཡོན་ན་ཨོ་གནས་རྩེའུ་ཆུང་གཡོན། །འདི་གཏར་སྟོོད་ནི་བསྡམས་པ་ཕན། །མགོ་ཆག་ཁོང་ནད་ཀུན་ལ་ཕན། །དཔུང་པ་གཡས་ན་ཨེ་གནས་ཏེ། གློ་རྩ་ཡོན་པོ་ཞེས་བྱ་འོ། །འདི་གཏར་གློ་ནི་ཚ་ལ་ཕན། །དེ་བཞིན་གཡོན་ན་ཨ་གནས་ཏེ། །སྤྱི་རྩ་ཐེན་པོ་ཞེས་བྱ་བ། །འདི་གཏར་ནད་རྣམས་ཀུན་ལ་ཕན། །དཔུང་པའི་ཉིད་ཀྱི་གཡས་ན་ཨ། དུག་རྩ་ཡོན་པོ་ཞེས་བྱ་བ། །འདི་གཏར་དུག་ནད་ཀུན་ལ་ཕན། །གཡོན་ཨ་སྦལ་རྩ་ནག་པོ་ཞེས། །འདི་ལྟར་སྨྱོ་འབོག་བརྒྱལ་ལ་ཕན། །དཔུང་ཟུར་གཡས་གཡོན་ཨི་ཨི་ཏེ། སྦལ་རྩ་ནག་པོ་ཞེས་བྱ་བ། །འདི་གཏར་སྐེ་ནད་ཀུན་ལ་ཕན། །གཡོན་རིག་སེར་རྩ་ཐུང་པོ་སྟེ། །འདི་གཏར་རྩ་ཡི་ནད་རྣམ་སེལ། །ཨོ་ཨཱོ་སོག་པའི་མེ་ལོང་དཀྱིལ། །འདི་མིང་གློ་རྩ་ཆེན་པོ་སྟེ། །འདི་བསྲེགས་མགོ་བོ་འཁྱོམས་ལ་ཕན། །དཔུང་པ་ལུང་མཇུག་དཀྱིལ་ན་ཨོ། །གཤེན་ཐག་གཡས་པ་ཞེས་བྱའོ། །འདི་བསྲེགས་དཔུང་པ་བྱུང་བ་སེལ། །གཡོན་པར་
ཨིིི་གནས་འདི་བསྲེགས་པས། །ཕོ་བ་ཁེངས་པའི་ནད་ལ་ཕན། །མགྲིན་འོག་ཁུང་ན་རི་གནས་ཏེ། །ལྟག་པའི་དཀྱིལ་ནས་ཨེ་གནས་ཏེ། །ལི་ནི་རྩེ་མཆན་གཡས་གཡོན་ལཱི། །དེ་བཞིན་མདུན་གྱི་ཨེ་ཡིན་ནོ། །འདི་ཀུན་གཏེམས་ཤིང་དཀྲུགས་པ་མིན། །ཡི་གེ་འདི་དག་གནས པ་ཡི། །ཕྱོགས་ནས་དབུགས་བཅས་བཟླས་པས་འགྲུབ། །དམིགས་པའི་མེ་ཡིས་བསྲེག་པ་སྟེ། །གཞན་ལ་མེ་བཙས་ཕན་པ་ཡིན། །ལོངས་སྤྱོད་འཁོར་ལོའི་གནད་ཡིན་ནོ། །གསུམ་པ་ཆོས་ཀྱི་འཁོར་ལོ་ནི། །རྩ་འདབ་སུམ་ཅུ་རྩ་གཉིས་དབུས། །ཨ་གནས་ཤར་ཧ་ལྷོ་ཕྱོགས་རི། །ནུབ་ནི་བྱང་དུ་ས་གནས་པའི། །སངས་རྒྱས་མཁའ་འགྲོ་ཡབ་ཡུམ་མཐིང་། །འཁོར་ལོ་གྲི་གུག་ཐོད་ཁྲག་འཛིན། །སྦྱོར་མཚམས་བདུད་རྩིའི་རྒྱུན་བབས་པས། །ལུས་ཁེངས་ནད་གདོན་ཞི་བར་བསམ། །རླུང་གནད་ལ་སོགས་གོང་བཞིན་ནོ། །ནང་གི་ནད་ཀུན་སེལ་བར་བྱེད། །ཕྱི་རོལ་ཡི་གེའི་སྦྱོར་བ་སྟེ། །སྙིང་ལས་གྱེས་པའི་རྩ་ཆེན་ནི། །ཕྱི་རོལ་རྣམ་པ་འདི་ལྟར་སྣང་། །ལག་པའི་གྲེ་མང་གཡས་པའི་གཤོང་། །ཡི་གེ་ཀ་ཡི་མཇུག་མོ་གནས། །སྨན་སྐད་འབབ་བསམ་གྲུ་མགོ་ཡིན། །འདི་གཏར་རིགས་ཀྱི་ནད་ཀུན་སེལ། །གཡོན་པའི་གཤོང་ན་ཁ་ཡོད་དེ། །འདི་མིང་བྷ་ལ་ཏི་ཏི་ཞེས། །འདི་གཏར་མཁྲིས་པའི་ནད་ལ་ཕན། །བད་ཀན་ནད་ཀུན་སེལ་བར་བྱེད། །དེ་ཡི་ཕྱི་རོལ་གཡས་ན་ག །འདི་གཏར་མཆིན་པའི་ནད་ལ་ཕན། །དེ་མིང་རུ་ཐུང་གཡས་པ་འོ། །གཡོན་ན་གྷ་གནས་རུ་ཐུང་གཡོན། །འདི་གཏར་ཕོ་བའི་ནད་ལ་ཕན། །ལག་ངར་ནང་རོལ་དབུས་ན་ན། །འདི་མིང་མཁྲིས་པའི་རྒྱལ་མོ་ཡིན། །འདི་གཏར་མཁྲིས་པའི་ནད་ལ་ཕན། །དེ་ཡི་གཡས་ཟུར་རྩ་གནས་ཏེ། །མཆིན་རྩ་ཟ་མ་ཞེས་བྱ་སྟེ། །འདི་གཏར་མཆིན་པའི་ནད་ཀུན་སེལ། །དེ་ཡི་རོ་ཐུང་ནང་རོལ་ཚ། །རྩ་བྲན་ཁ་ཁ་ཞེས་བྱ་བ། །འདིི་གཏར་བད་ཀན་ནད་ལ་ཕན། །ལག་ངར་མཁྲིག་མ་དཔྲལ་མཚམས་ཟུར། །ཛཱ་གནས་གོང་
རྩ་གཡས་པ་ཞེས། །འདི་གཏར་གློ་བའི་ནད་ལ་ཕན། །གཡོན་ན་ཛ་གནས་གོང་རྩ་གཡོན། །འདི་གཏར་ལུད་པ་སེལ་ལ་ཕན། །མཁྲིག་མའི་རྒྱབ་དཀྱིལ་དྲང་པོར་ཉ། །འདི་མིང་རྒྱབ་རྩ་གྲུབ་མགོ་ཞེས། །འདི་ལྟར་རོ་སྟོད་ནད་ལ་ཕན། །ལག་པའི་མཐེབ་མཛུབ་གཉིས་ཀྱི་བར། །ཚོན་གང་བཅལ་བའི་ཤོང་བུ་ན། །ཊ་གནས་སྙིང་རྩ་དཀར་མོ་ཞེས། །འདི་གཏར་མཁལ་མཁྲིས་སྙིང་ནད་སེལ། །རྒྱབ་ཀྱི་དྲང་པོར་ཐ་གནས་ཏེ། །རྒྱབ་རྩ་ཆེན་མོ་ཞེས་བྱ་བ། །འདི་གཏར་རོ་རྒྱབ་ནད་ལ་ཕན། །མཐེབ་ཆུང་ངོས་ཀྱི་ཕྱི་ཟུར་ཊ། །མཆིན་རྩ་ཁྲོན་བུ་ཞེས་བྱ་བ། །འདི་གཏར་ལག་པའི་ནད་ལ་ཕན། །མཐེ་བོང་རྒྱབ་ཀྱི་དྲང་པོར་དྷ། །མཁྲིས་རྩ་གྷནྡྷེ་ཞེས་བྱ་བ། །འདི་གཏར་མགོ་བོའི་ནད་ལ་ཕན། །མཛུབ་མོའི་རྒྱབ་ན་ཡི་གེ་ཎ། །ཕོ་བའི་ཡལ་ག་ཞེས་བྱ་སྟེ། །འདི་གཏར་དུག་གི་ནད་ལ་ཕན། །གུང་མོའི་རྒྱབ་ན་ཏ་གནས་ཏེ། །མཚེར་པའི་ཡལ་ག་ཞེས་བྱའོ། །འདི་གཏར་སྲིན་གྱི་ནད་ལ་ཕན། །སྲིན་ལག་རྒྱབ་ན་དེ་བཞིན་ཙ། །མཁལ་རྩ་ཡོན་པོ་ཞེས་བྱ་བ། །འདི་གཏར་མཁལ་མའི་ནད་ལ་ཕན། །མཐེའུ་ཆུང་རྒྱབ་ན་ད་གནས་སོ། །ཕོ་རྩ་ཡོན་པོ་ཞེས་བྱ་བ། །འདི་གཏར་ཕོ་བའི་ནད་ལ་ཕན། །ལག་མཐིལ་དཀྱིལ་ན་དྷ་དྷ་གནས། །མཆིན་པའི་རྩ་ནག་ཅེས་བྱ་འོ། །འདི་གཏར་ཕོ་མཆིན་འཁོར་ལ་ ཕན། །མཛུབ་མོའི་ངོས་ན་འཁོར་བ་ནི། །ན་གནས་སྙིང་རྩ་འཁོར་མ་སྟེ། །འདི་གཏར་སྙིང་མི་དགའ་བ་དང་། །སྙིང་རླུང་ལྡང་དུ བ་ཉིད་ལ་ཕན། །རྣལ་འབྱོར་པ་ཡིས་བཟླས་ཤིང་འདོན། །ནུ་མའི་སྟེང་ན་པ་གནས་ཏེ། །དེ་ཡི་གཡོན་ན་བ་གནས་སོ། མཆན་ཁུང་གཡས་ན་བ་གནས་ཏེ། །དེ་བཞིན་གཡོན་ན་བྷ་གནས་ཏེ། མ་ནི་བྲང་གི་ལྷན་སྣ་ལ། །ཕོ་བའི་སྟེང་ན་ལ་གནས་སོ། །ཡ་ནི་རྒྱབ་ཀྱི་ཚིགས་པ་ལ། །འདི་ཀུན་ཕྱོགས་ནི་གང་ནར་བསྲེག །རྣལ་འབྱོར་པ་ཡིས་གཏེམས་པས་འགྲུབ། །གཏེམས་དང་དཀྲུགས་དང་སྐྱིལ་བ་ནི། །ཕྱི་རྩ་རྣམས་ལ་རབ་ཏུ་གཅེས། །ཆོས་ཀྱི་འཁོར་
ལོའི་གནད་ཡིན་ནོ། །བཞི་པ་སྤྲུལ་པའི་འཁོར་ལོ་ནི། །རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས། །ནི་དང་ཤར་ཧ་ལྷོ་ཕྱོགས་རི། །ནུབ་ཨ་བྱང་དུ་ས་གནས་ཏེ། །པདྨ་ཡབ་ཡུམ་དམར་མཛེས་འཛུམ། །པདྨ་གྲི་གུག་ཐོད་ཁྲག་བསྣམས། །སྦྱོར་མཚམས་བདུད་རྩིའི་ལུས་ཁེངས་ཏེ། །ནད་གདོན་སྡིག་སྒྲིབ་མ་ལུས་དག །རླུང་གནད་ལ་སོགས་གོང་དང་འདྲ། །ཕྱི་རོལ་ཡི་གེའི་སྦྱོར་བ་ནི། །པ་པཱ་མཁལ་ཁུང་གཡས་དང་གཡོན། །ཤ་ཤ་སྤུ་ནག་མཚམས་ན་གནས། །ར་ར་མཁལ་མ་གཡས་གཡོན་ན། །གཡས་སུ་གཅུད་ཅིང་གཡོན་དུ་བོར། །ང་པ་ལྟེ་བའི་མདུན་རྒྱབ་ན། །མཐེབ་མཛུབ་གཏེམས་པས་རླུང་ནི་འགགས། །རཾ་ཧ་ལྟེ་ཁུང་འོག་དང་སྟེང། །ཊྱ་ཊྱ་རྒྱུ་འོག་གཡས་དང་གཡོན། །ཛ་ཛཱ་གཉིས་ཀྱང་དེ་བཞིན་ནོ། །ཊ་ཊཱ་མཁལ་ཁུང་གཡས་དང་གཡོན། །འདི་ཀུན་གཏེམས་པ་མ་ཡིན་ཏེ། །རབ་ཏུ་བཟླས་ཤིང་སྦུར་བ་ཡིས། །འབྱུང་བ་རྣམས་ནི་ཆ་སྙོམས་བྱེད། །སྐེད་པ་མན་ཆད་གང་ན་ཡང་། །ཡི་གེ་བཟླས་ཤིང་སྤྲོས་པ་ཡིས། །འབྱུང་བའི་ནད་རྣམས་རང་སར་འཛད། །གཡས་གཡོན་ཡི་གེ་རང་གི་གནད། །ཚ་གྲང་ཁ་དོག་དཀར་དམར་རོ། །ཡི་གེ་ཀུན་ལ་ངེས་ཤེས་བྱ། །ལྟེ་བ་སྤྲུལ་པའི་གནད་ཡིན་ནོ། །ལྔ་པ་བདེ་སྐྱོང་འཁོར་ལོ་ནི། །རྩ་འདབ་ཉི་ཤུ་རྩ་བརྒྱད་དབུས། །ས་དང་ཤར་ཧ་ལྷོ་ཕྱོགས་རི། །ནུབ་ནི་བྱང་དུ་ཨ་གནས་ཏེ། །ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་། །རྒྱ་གྲམ་གྲི་གུག་ཐོད་ཁྲག་འཛིན། །སྦྱོར་མཚམས་བྱང་སེམས་བབས་པ་ཡིས། །ལུས་ཁེངས་ནད་གདོན་སྡིག་སྒྲིབ་དག །རླུང་གནད་ལ་སོགས་གོང་བཞིན་ནོ། །ཕྱི་རོལ་ཡི་གེའི་སྦྱོར་བ་ནི། །ཧཱུ་ནི་སྦུ་གུ་ཐུང་ལ་གནས། །བསྲེགས་པས་རེངས་བའི་ནད་ལ་ཕན། །རྣལ་འབྱོར་པ་ཡིས་དབུགས་བཅས་ཏེ། །ཕྱི་ནས་ནང་དུ་དྲང་བར་བྱ། །ཨུ་ཨི་བཤང་གཅི་གཉིས་པོ་སྒོ། །ཀྵ་ནི་རྐུབ་ཀྱི་ལུང་ན་འོ། །མཛུབ་མོས་མནན་ཏེ་རྣལ་འབྱོར་པས། །དབུགས་ནི་གྱེན་ལ་དལ་གྱིས་དྲངས། །ནང་དུ་
ཡི་གེ་མང་པོར་སྤེལ། །ལྟེ་བ་ཡི་གེས་ཁེངས་པ་ན། །གཏེམས་ཤིང་ཡི་གེ་ཡིད་ཀྱིས་བཟླས། །དེ་ལྟར་གོམས་པས་ལོ་གཉིས་ནས། །ཟས་གོས་གཉིས་ཀྱི་འདུ་ཤེས་འགགས། །ར་ཧཱུ་བརླ་ནང་གཡས་གཡོན་ན། །འཕར་རྩ་འདི་གཉིས་མཛུབ་མོས་བཙིར། །སེམས་ནི་འབྲོས་པར་འགྱུར་བ་མིན། །ཊ་ལ་རྡོ་རྗེའི་སྟེང་འོག་ན། །འདི་གཉིས་གཏེམས་པས་ཐིག་ལེ་འགགས། །ཤ་ནི་རྡོ་རྗེའི་རྩེ་མོ་ན། །མཉེས་པས་འདོད་ཆགས་སྦྱོང་བར་བྱེད། །ལུས་ནི་གཅོང་གིས་ཟིན་པ་ན། །འདི་ཀུན་བཟླས་ཤིང་གཏེམས་པ་ཡིས། །འདུས་པའི་ནད་དེ་དྲུངས་ནས་འབྱིན། །ཏི་ཊི་དཔྱི་མགོ་གཡས་དང་གཡོན། །ལ་ལཱ་བརླ་ཁུང་གཡས་དང་གཡོན། །མི་ཡི་པུས་མོ་གཡས་དང་གཡོན། །འདི་བསྲེགས་སྦྲིད་དང་འཁུམས་པ་འཚོ། །ཉ་ཨི་པུས་སྟེང་གཡས་གཡོན་ན། །འདི་བསྲེགས་མཁལ་མའི་ནད་ལ་ཕན། །དེ་ཡང་པུས་མོའི་མར་མཚན་ན། །སོར་བཞིར་ངར་གདོང་གཡས་པ་ན། །ཡི་གེ་སུ་ཡི་མགོ་ཡོད་དེ། །སྨན་སྐར་མཆེར་རྩ་ནག་པོ་ཞེས། །འདི་གཏར་འབྱུང་བ་སྙོམས་པའི་གྲོགས། །སྐད་འགགས་རྩིབ་མར་ཟུག་ལ་ཕན། །དེ་གཡོན་སོ་སོའི་མགོ་གནས་ཏེ། །མཆེར་པའི་གསང་ཆུང་ཞེས་བྱའོ། །འདི་གཏར་སྒལ་ཚིགས་འཁྲིད་ལ་ཕན། །དེ་ནས་སོར་བཞིའི་གདོང་གཡས་ན། །ཡི་གེ་ཥ་ཡི་མགོ་གནས་ཏེ། །སྨན་སྐད་མཁལ་མའི་རྩ་ནག་ཅེས། །འདི་གཏར་ལུས་ནི་འཁུམས་པདང་། །རྐང་པ་གཡས་པ་བཤལ་ལ་ཕན། །འབྱུང་བ་རབ་ཏུ་མཉམ་པར་བྱེད། །གཡོན་ན་ཤཻ་ཡི་མཇུག་ཡོད་དོ། །ཆུ་སེར་རྩ་ནག་ཅེས་བྱ་འོ། །འདི་གཏར་ཆུ་སེར་རྒྱས་པ་དང་། །མཛེ་ཡི་ནད་ལ་རབ་ཏུ་ཕན། །བྱིན་པའི་དཀྱིལ་ཚད་གཡས་པ་ན། །ཡི་གེའི་ཀྵ་ཡི་མཇུག་ཡོད་དེ། །སྨན་སྐད་བྱིན་མཇུག་རིང་པོ་ཞེས། །འདི་གཏར་མཁལ་མ་འགྲམས་ལ་ཕན། །གཡོན་ན་ཤ་གནས་བྱིན་མཇུག་ཐུང་། །
འདི་གཏར་སྒུར་བའི་ནད་ལ་ཕན། །བོལ་གོང་གཡས་ན་ཥ་ཡི་མཇུག །འདི་གཏར་གླང་ཐབས་ནད་ལ་ཕན། །དེ་བཞིན་གཡོན་ན་ཀྵ་གནས་ཏེ། །གླང་བུ་གྱ་གྱུ་ཞེས་བྱ་འོ། །འདི་གཏར་ལོང་ནད་བྱུང་ན་ཕན། །ལོང་མོའི་ཕྱི་མཚན་གཡས་པ་ན། །ཡི་གེ་ཁ་ཡི་མཇུག་ཡོད་དེ། །སྨན་སྐད་བྱིན་མཇུག་ཡོན་པོ་ཡིན། །འདི་གཏར་མཁལ་མའི་ནད་ལ་ཕན། །དེ་བཞིན་གཡོན་ན་ཁཾ་གནས་ཏེ། །མཁལ་རྩ་འཁྱུད་མ་ཞེས་བྱ་བ། །འདི་གཏར་སྐེད་པ་འཁྱོག་ལ་ཕན། །ཞ་གྲུམ་ནད་རྣམས་ཀུན་ལ་ཕན། །འདི་ཀུན་ལྔ་ལྔ་དབུགས་དང་བཅས། །ན་སར་བཏོན་པས་ཕན་པ་ཡིན། །ཡི་གེ་བཟླས་ཤིང་རླུང་གནད་བསྟུན། །དམིགས་པའི་ནད་རྣམས་སྲེག་སྦྱོང་གཏོར། །མཁའ་ལ་རྒྱངས་ཀྱིས་སོང་བར་བསྒོམ། །དེས་ནི་ནད་རྣམས་ཀུན་ལ་ཕན། །བདེ་སྐྱོང་འཁོར་ལོའི་གནད་ཡིག་གོ །དེ་ལྟར་ཕྱི་ནང་རྩ་ནང་གི །ཡི་གེ་འདི་ཀུན་བཟླས་པ་ནི། །སྦྲེལ་དང་རྐྱང་པ་མགོ་ཞབས་ཅན། །འདི་ཀུན་རྣལ་འབྱོར་པས་ཤེས་བྱ། །འཁོར་ལོ་རེ་ལ་དབང་བ་ཡི། །རྩ་ཡི་རྣམ་པ་ན་བའི་ཚེ། །ཐམས་ཅད་སྦྲེལ་ཏེ་བཟླས་པར་བྱ། །དེ་ཡི་གཡས་དང་གཡོན་དང་དབུས། །ཚད་ནི་ཇི་ལྟར་ཡོད་པ་ཀུན། །ཇི་སྐད་སྨྲོས་བཞིན་ཤེས་པར་བྱ། །དེ་བཞིན་འཁོར་ལོའི་འོག་ནས་ནི། །སྟེང་དུ་མཆེད་པའི་ནད་བྱུང་ན། །གོང་གི་ཡི་གེས་བརྒྱན་པར་བྱ། །དེ་བཞིན་འོག་ཏུ་མཆེད་པ་ན། །འོག་གི་ཡི་གེས་གོང་མར་བརྒྱན། །འཁོར་ལོ་ལྔ་ཆར་འཁྲུགས་པ་ན། །ཐོག་མ་གང་ནས་ནད་ལངས་པའི། །ཡི་གེའི་ཚིག་གིས་སྦྱར་ནས་ནི། །རླུང་དམིགས་གཏེམས་གཅུད་བཟླས་པར་བྱ། །དེ་བཞིན་ཐད་ཀའི་ནད་བྱུང་ནས། །བཟླས་པ་དབུགས་དང་བསྟུན་ནས་ནི། །གྲངས་ནི་ཉི་ཤུ་རྩ་རེ་ལ། །གང་ནའི་ཡི་གེ་བཟླས་པའི་ཚེ། །ཡི་གེས་འཁོར་ལོ་ཁེངས་པ་ན། །གཅིག་ལ་གཅིག་ཐིམ་ལུས་གནད་གཟིར། །ནད་ནི་ཕྱིར་སངས་སོང་བར་བསམ། །དེ་ལྟར་ཡི་གེ་བཟླས་པའི་ཚེ། །ངག་ནི་
ལྕོང་ལྕོང་གྲུལ་བུམ་སྐད། །འདོན་ཞིང་ཡན་ལག་བསྐོར་བར་བྱ། །དེ་རྗེས་དབུགས་ནི་ཕྱིར་ཕྱུང་ལ། །གྲང་བ་ལ་ནི་དམར་པོ་ཡིས། །ནང་དུ་བསྟིམ་ཞིང་སྙིང་ལ་བསྡུ། །ཚ་ན་དཀར་བས་ཕྱི་ལ་འདོན། །འདི་ལྟར་ལན་གྲངས་ཉི་ཤུ་གཅིག ། བར་དུ་ལུས་གནད་གཟིར་བྱས་ཤིང་། །རླུང་དམིགས་འཇོམ་པས་ནད་ཀུན་གྲོལ། །གདོན་རྣམས་ཀུན་གྱིིས་གླགས་མི་རྙེད། །ཕྱི་ནང་ཡི་གེ་རྩ་རླུང་གནད། །ཐམས་ཅད་འདིར་རྫོགས་ཁྱད་པར་འཕགས། །ཕྱི་ནང་ནད་རྣམས་གང་ལ་ཡང་། །འཁོར་ལོ་ལྔ་ཡི་ཡི་གེ་རྣམས། །རྩ་ཡི་གྲངས་དང་མཉམ་པ་ཡི། །མཁའ་འགྲོ་ཡབ་ཡུམ་མང་པོ་དང་། །བ་སྤུའི་གྲངས་དང་མཉམ་པ་ཡི། །དཔའ་བོ་དཔའ་མོ་གྲངས་མེད་ཀྱིས། །ལུས་ཀྱི་ཕྱི་ནང་བར་གསུམ་ཁྱབ། །སྙོམས་པར་ཞུགས་པའི་བྱང་སེམས་དེས། །ལུས་གང་ནད་རྣམས་སངས་པར་བསམ། ཁྱད་པར་ན་སར་བདུད་རྩི་བབས། །ནད་དེ་བདེ་བ་ཆེན་པོར་གྱུར། །སེམས་ཉིད་དོན་དང་གཉིས་མེད་བསྲེ། །དེ་ཡང་ཚད་པའི་ནད་བྱུང་ན། །རྡོ་རྗེ་མཁའ་འགྲོའི་སྦྱོར་མཚམས་ནས། །བདུད་རྩི་དཀར་བསིལ་རྒྱུན་བབས་པས། །ལུས་ཁེངས་ཚད་ནད་ཞི་བར་བསྒོམ། །རླུང་ནི་ནང་དུ་མི་གཟུང་བར། །ཕྱིར་འཕངས་ཕྱིར་གཟུང་རབ་ཏུ་བསྔགས། །གྲང་བའི་ནད་ལ་ལྟེ་བ་ནས། །པདྨ་མཁའ་འགྲོའི་སྦྱོར་མཚམས་ནས། །བདུད་རྩི་དམར་གསལ་མེ་འབར་བས། །ཕོ་བའི་ནང་ནས་ལུས་ཀུན་ཁེངས། །ཚིག་ཅིང་རྡོས་བཅས་དག་པར་བསམ། །རླུང་ནི་ནང་བཟུང་ཁ་སྦྱར་ལ། །ཡི་གེ་ཡིད་ཀྱིས་བཟླ་བར་བྱ། །བད་ཀན་ལ་ནི་མགྲིན་པ་ནས། །རིན་ཆེན་མཁའ་འགྲོའི་སྦྱོར་མཚམས་ནས། །བདུད་རྩི་བབས་པས་བད་ཀན་བྱང་། །རླུང་ནི་ཕྱིར་འདོན་གཏུམ་མོ་བསྒོམ། །རིན་ཆེན་མཁའ་འགྲོའི་ཡི་གེ་བཟླས། །འཁྲུལ་འཁོར་བྱ་ཞིང་ཡན་ལག་སྤྱོད། །འདུས་པའི་ནད་ལ་སྙིང་ག་ཡི། །རྩ་འདབ་སུམ་ཅུ་རྩ་གཉིས་
ཀྱི། སངས་རྒྱས་མཁའ་འགྲོའི་སྦྱོར་མཚམས་ནས། །དྭངས་མ་བབས་པས་ལུས་ཁེངས་པས། །སྟེང་འོག་རླུང་ནི་ཁ་སྦྱོར་བསྒོམ། །དེ་དག་ཀུན་གྱི་གྲོགས་ཉིད་དུ། །གསང་བ་བདེ་སྐྱོང་འཁོར་ལོ་ནས། །ལས་གྱི་མཁའ་འགྲོའི་རླུང་བྱུང་བས། །ནད་གདོན་གཏོར་བསྲེགས་སྦྱངས་པར་བསྒོམ། ཁྱད་པར་རླུང་གི་ནད་བྱུང་ན། །གསང་བར་མཁའ་འགྲོ་ཉི་ཤུ་བརྒྱད། །སྦྱོར་མཚམས་རླུང་གི་དྭངས་མ་ཡིས། །ལུས་ཁེངས་བདེ་སྐྱོང་བདེ་བ་རྒྱས། །མི་རྟོག་སྟོང་པའི་ངང་ལ་གཞག །འཇམ་རླུང་གསང་བར་གཟུང་བར་བྱ། །དེ་ལྟར་ལུས་གནད་འབྱུང་འཁྲུགས་ན། །རླུང་དམིགས་ཡི་གེས་འདོན་པར་བྱ། །སེམས་གནད་སྙིང་རླུང་རྣམ་རྟོག་འཕྲོ། །དགག་སྒྲུབ་ཉོན་མོངས་སྐྱེས་པའི་ཚེ། །གང་ཤར་ངོ་བོ་ངོས་བཟུང་ལ། རང་སོར་བཞག་པས་རང་གིས་གྲོལ། །གདོད་ནས་མ་སྐྱེས་གཞི་རྩ་བྲལ། །ཡེ་སྟོང་ཀ་དག་ཆོས་ཀྱི་སྐུ། །རྒྱ་མཚོ་ལས་ནི་རླབས་བཞིན་དུ། །སེམས་ཉིད་དོན་དམ་རྒྱ་མཚོ་ལས། །ཡེ་ཤེས་རྦ་རླབས་རང་ཤར་བས། །ཤར་ཙམ་ཉིད་ནས་གཞི་ལ་ཐིམ། །གཏད་མེད་སྟོང་པའི་ལམ་ཁྱེར་བྱ། །གང་ལྟར་ན་ཡང་རང་གི་སེམས། །སེམས་ནི་སྟོང་པ་ངོས་གཟུང་མེད། །ན་ས་ན་མཁན་གཉིས་སུ་མེད། །ན་རྒྱུ་ཆོས་དབྱིངས་སྟོང་པར་གྲོལ། །ནམ་མཁན་སེམས་ཉིད་ངང་དུ་ཐིམ། །ན་ས་རྡུལ་ཕྲན་ཙམ་དུ་མེད། །དེ་ལྟར་བལྟས་ཏེ་ལམ་ཁྱེར་བྱ། །སྤྱིར་ན་མ་རིག་ཉོན་མོངས་ལས། །འབྱུང་བཞི་འཁྲུགས་ཏེ་ནད་དུ་གྱུར། །དོན་ལ་གཉིས་མེད་ཆུ་ཟླ་ཙམ། །ངོ་བོ་ངོས་གཟུང་གཉིས་སུ་མེད། །ཐམས་ཅད་རོ་མཉམ་ཆོས་སྐུའི་ངང་། །སྣང་བ་སྣ་ཚོགས་གཟིགས་མོར་ཆེ། །དེ་ལྟར་མཐོང་བའི་རྣལ་འབྱོར་ལ། །སྡུག་བསྔལ་ཆོས་ཉིད་སྟོང་པར་གྲོལ། །རྐྱེན་རྣམས་བདེ་ཆེན་གྲོགས་སུ་འཆར། །མེ་ལ་བུད་ཤིང་བསྣན་པ་བཞིན། །གང་འདུག་འོག་མིན་མཁའ་སྤྱོད་ཡིན། །གང་ཤར་ཆོས་སྐུའི་རོལ་པ་ཡིན། །གང་སྣང་རང་གྲོལ་གཉུག་མ་
ཡིན། །རང་གཞན་དགེ་བའི་ཕུན་ཚོགས་ཆུ་གཏེར་ལས། །སྟོང་པའི་འདབ་སྟོང་སྙིང་རྗེའི་སྙིང་པོ་ཅན། །གཞན་ཕན་དྲི་བསུང་ཕྱོགས་བཅུར་ལྡང་བ་ཡིས། །མ་ལུས་འགྲོ་བའི་དོན་ཀུན་སྒྲུབ་བྱེད་ཡིན། །ཆོས་ཚུལ་འདི་ནི་ཐེག་མཆོག་རིན་ཆེན་མཛོད། །ཐར་པར་འགྲོ་བ་དག་གི་ཐེམ་སྐས་ཏེ། །གཉིས་མེད་ཡེ་ཤེས་གདོད་མའི་ཁང་བཟངས་སུ། །ཀུན་དགའི་དུས་སྟོན་རྒྱ་ཆེར་འཕེལ་བྱེད་ཡིན། །བདག་བློའི་མཁའ་ལ་རྟོགས་པའི་ཆུ་འཛིན་འཁྲིགས། །དོན་ཟབ་འབྲུག་སྒྲ་སྙིང་རྗེའི་གློག་ཕྲེང་ཅན། །ཕན་བདེའི་ཆར་རྒྱུན་རབ་ཏུ་འབབ་པ་ཡིས། །དད་ལྡན་སྐྱེ་བོའི་པད་མཚོ་གང་བར་ཤོག །བདག་གིས་ལེགས་སྨོན་སྔོན་སྦྱངས་གེ་སར་ལས། །གཞན་ཕན་སྙིང་རྗེའི་འདབ་མ་དཀྱུས་རིང་བས། །ཡིད་མཁའི་ཆུ་གཏེར་རབ་ཏུ་བརྒྱན་པ་དེ། དད་ལྡན་སྐྱེ་བོའི་བྱ་ཚོགས་བརྟེན་པར་ཤོག །ཆོས་ཚུལ་རྒྱ་མཚོའི་རྒྱ་མཚོ་ཇི་སྲིད་བར། །བདེ་ཆེན་མཆོག་ནས་མཆོག་ཏུ་འགྲོ་བ་ཀུན། །ཐར་པ་གང་ནས་གང་དུ་རབ་འགྲོ་བས། །ཡོན་ཏན་ཕུན་ཚོགས་ཕུན་ཚོགས་གཉིས་འགྲུབ་སྟེ། །སྤངས་རྟོགས་མཐར་ཕྱིན་མཐར་ཕྱིན་སངས་རྒྱས་ཤོག །བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་མཁས་པ་ཆེན་པོ་མཚོ་སྐྱེས་རྡོ་རྗེས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་དུ་སྟོན་རྣམས་ཀྱི་ཚེ། རིན་ཆེན་ཤོག་འདྲའི་ངོས་ལ་བཀོད་པ་རྫོགས་སོ། །
འཆི་བ་བརྟག་བསླུའི་མན་ངག་ཉི་ཟླ་གཟའ་བྲལ།
འཆི་བ་བརྟག་བསླུའི་མན་ངག་ཉི་ཟླ་གཟའ་བྲལ་བཞུགས་སོ། །རིན་ཆེན་ཤོག་འདྲའི་སྐོར།
འཆི་བ་བརྟག་བསླུའི་མན་ངག་ཉི་ཟླ་གཟའ་བྲལ་ཞེས་བྱ་བ། དཔལ་དུས་ངེས་པའི་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །སེམས་ཅན་མ་ལུས་འཁོར་བ་ལས་སྒྲོལ་ཕྱིར། །རྒྱུད་དོན་མན་ངག་རྒྱ་མཚོའི་སྤྲིིན་འཕྲོ་བ། །བདེ་གཤེགས་འཆི་མེད་ཉི་ཟླའི་དབང་པོ་རྒྱལ། །འབྱུང་བཞིའི་སྦུབས་ནང་ཡེ་ཤེས་རིག་པའི་ལྷ། །འོད་ལྔའི་ཀློང་ན་བཞུགས་ལ་སྐྱེ་འཆི་མེད། །དེ་གདངས་རླུང་སེམས་སོ་སོར་འབྲལ་བའི་དུས། །ཤ་ཁྲག་སྒྱུ་མའི་ཕུང་པོ་འཇིག་པ་ནི། །བདག་གཞན་དོན་དུ་བརྟགས་ཏེ་བསླུ་བར་བྱ། །སྒྱུ་མའི་ནང་ན་མི་ལུས་སྒྱུ་མའི་མཆོག །གང་ལ་བརྟེན་ནས་དོན་གཉིས་འགྲུབ་འགྱུར་བས། །ལེགས་བཟུང་བརྟན་པས་བདག་གཞན་དགའ་བར་བྱ། །དེ་ལ་དང་པོ་འཆི་བ་བརྟག་པ་ནི་གཉིས་ལས། །ཐུན་མོང་པ་ནི། སེན་མོའི་བཀྲག་ཤོར་ན་ཟླ་བ་དགུ་ན་ནད་ཀྱིས་བཏབ་ནས་འཆིའོ། །མིག་གི་མཐའི་སྤྲིན་དཀར་པོ་ཡལ་ན་ཟླ་བ་ལྔ་ནའོ། །ལྟག་པའི་བདུད་སྒོ་ནས་སྐྲ་ཚོམ་གཅིག་གྱེན་ལ་ལངས་ན་ཞག་ཉི་ཤུ་རྩ་གཅིག་ནའོ། །རྐང་པའི་ལོང་བུ་ཕྱིར་ལོག་ཏུ་གྱུར་ན་ཟླ་གཅིག་ནའོ། །སྐྱེས་བུ་ནད་ཀྱིས་བཏབ་པའི་སོ་རྣམས་ཀྱི་རྩ་བར་དྲེག་པ་ཆགས་ན་ཞག་དགུ་ནའོ། །སྣ་ཞོམ་ན་ཞག་ལྔ་ནའོ། །རྟག་ཏུ་ཡན་ལག་བརྐྱང་ན་ཞག་བདུན་ནའོ། །མིག་འབྱེད་འཛུམ་མེད་པར་འབྲུ་ཚུགས་སུ་བལྟ་ན་ཞག་གསུམ་ནའོ། །མིག་གི་ཚིགས་འཁྲུལ་ཞིང་ཡུད་ཙམ་གྱེན་དུ་ལོག་ལོག་བྱེད་ན་ཞག་བཅོ་ལྔ་ནའོ། །འགྲམ་ཤ་ཤོང་འབུར་ཤོར་ན་ཞག་བཅུ་དགུ་ནའོ། །དབུགས་རྩེགས་མར་རྒོད་ན་ཟླ་བ་དྲུག་ནའོ། །མིག་ནས་མཆི་མ་མི་ཐུབ་པར་འཛག་ན་ཞག་ལྔ་ནའོ། །འགྲམ་པ་གཡོན་པ་ཤོང་གིས་སོང་ན་ཞག་གཅིག་ནའོ། །སོ་འཐམས་ན་ཞག་གསུམ་གྱི་ཉི་མ་ཕྱེད་ནའོ། །ལྕེའི་ཐོག་ཏུ་ཐིག་ལེ་ནག་པོ་སྔར་མེད་པ་བྱུང་ན་ཞག་གཉིས་ནའོ། །རྣ་བ་ལེབ་མོར་འབྱར་ན་ནམ་ཕྱེད་ནའོ། །རྩ་གཉིད་ལོག་མེད་ན་ཟླ་བ་ཕྱེད་ན་འཆི་བར་ངེས་སོ། ཐུན་མོང་མ་ཡིན་
པ་ནི། རྣལ་འབྱོར་པས་རང་གི་དོན་དུ་བརྟག་པར་བྱའོ། །དེ་ཡང་ཚེའི་གཟུགས་ལ་བརྟག་པ་ནི། སྤྲིན་མེད་པའི་ནམ་མཁའ་རབ་ཏུ་དྭངས་པའི་ཚེ། ལྔ་དྲོའམ་ཕྱི་དྲོ་རང་གི་གྲིབ་མའི་སྙིང་གར་མཚན་མ་བཙུགས་ཏེ་མ་ཡེངས་བར་བལྟས་པས། མིག་སྦྲིད་དུས་ནམ་མཁར་ཆེར་གྱིས་བལྟས་པའི་ཚེ། རང་གི་གཟུགས་མ་ཚང་བར་མེད་པར་དཀར་ལམ་གྱིས་མཐོང་ན་བར་ཆད་མེད་པའོ། །དང་པོ་ཆད་རྟགས་ལས་དུས་བརྟག་པ་ནི། ལག་པའི་ཕྱག་མཚན་ཕྲེང་བའམ་བུམ་པ་མེད་ན་ལོ་བདུན་ནའོ། །ལག་པ་གཡས་མེད་ན་ལོ་ལྔ་ནའོ། །གཡོན་པ་མེད་ན་གསུམ་ནའོ། །རྐང་པ་གཡས་པའི་པུས་མོ་མན་ཆད་མེད་ན་ལོ་གཉིས་ནའོ། །ཐམས་ཅད་མེད་ན་ཟླ་བ་བརྒྱད་ནའོ། །གཡོན་པ་མེད་ན་ལོ་གཅིག་ནའོ། །མགོའི་ཕྱེད་གཡས་མེད་ན་ཟླ་བ་དགུ་ནའོ། །གཡོན་མེད་ན་བདུན་ནའོ། །རྐེ་ཡན་ཆད་མེད་ན་ཟླ་བ་ལྔ་ནའོ། །རྐེ་དང་བཅས་པ་མེད་ན་གསུམ་ནའོ། ཕུང་པོའི་སྟོད་མེད་ན་ཟླ་བ་གཉིས་ནའོ། སྨད་མེད་ན་གཅིག་ནའོ། །ལུས་ཕྱེད་གཡས་མེད་ན་ཞག་ཉི་ཤུ་རྩ་དགུ་ནའོ། །གཡོན་མེད་ན་ཞག་ཉི་ཤུ་རྩ་གཅིག་ནའོ། །གཉིས་པ་དབྱིབས་ལས་བསླུས་པས་བཟློག་མི་བཟློག་བརྟག་པ་ནི། ཚེ་གཟུགས་གྲུ་བཞིར་འདུག་ན་བསླུས་པས་བཟློག་གོ །ཟླུམ་པོ་དང་། ནར་པོ་དང་། ཟླ་གམ་ཡང་བཟློག་པའོ། །རོ་གཏུམས་པ་འདྲ་བ་དང་། གྲུ་གསུམ་ནི་མི་བཟློག་པས་ཡོ་བྱད་སྤངས་དག་བྱ། མི་ཆགས་པ་མཆོག་ཡིན་ནོ། །གསུམ་པ་ཁ་དོག་ལས། གདོན་བརྟག་པ་ནི། དཀར་པོར་སྣང་བ་དབུས་ནས་ཡལ་ན་ཀླུ་དང་རྒྱལ་པོས་གནོད་པའོ། །ནག་པོར་སྣང་བ་གཡས་ནས་ཡལ་ན་བདུད་དང་མ་མོའོ། །དམར་པོར་སྣང་བ་གཡོན་ནས་ཡལ་ན་བཙན་དང་རང་གི་ལྷ་དང་ཆོས་སྐྱོང་ངོ་། །སེར་པོར་སྣང་བ་འོག་ནས་ཡལ་ན་ཀླུ་བཙན་དང་རྒྱལ་འགོང་ངོ་། །སྔོན་པོ་ལས་རྐང་པ་ནས་ཐུང་ངུར་ཡལ་ན་ཀླུའམ་མཚོ་སྨན་ནོ། །ཡང་ན་བན་བུན་དུ་འདུག་ན་ཁྱད་པར་དུ་མ་མོ་དང་
གཤིན་རྗེའོ། །སེར་བྲང་བྲིང་ནི་ས་བདག་གོ ཁྲ་ཁྱུག་ཁྱུག་ནི་འཆེ་འདྲེ་སྣ་ཚོགས་པའི་གདོན་གྱིས་ཟིན་པའི་རྟགས་སོ། །ཡང་གནམ་ས་གཉིས་ཀྱི་འབྲེལ་ཐག་ལ་བརྟག་པ་ནི། ཉིན་ཕྱེད་ན་ཁ་ལྷོར་བལྟས་ལ་གྲུ་མོ་པུས་མོའི་སྟེང་དུ་བཞག་སྟེ། ལག་ངར་གྱེན་དུ་བསྒྲེངས་པའི་ཁུ་ཚུར་སྨིན་ཕྲག་ཏུ་བཅངས་ཏེ། མིག་གི་ཟུར་གྱིས་བལྟས་པས་ཤིན་ཏུ་ཕྲ་བར་འོང་སྟེ། དེ་ཉིད་ཆད་ན་ཞག་བཅུ་དགུ་ནའོ། །ཡང་རི་རབ་ཀྱི་ལོགས་ལ་སེང་གེ་ཞོན་པའི་མི་བབས་སམ་མ་བབས་བརྟག་པ་ནི། ཤར་ཕྱོགས་སུ་ཆུའི་རྫིང་ངམ། །ལྟེང་ཀ་ཡོད་པའི་ནུབ་ངོས་ལ་གྱང་ངམ་རྩིག་ངོས་ལ་ཆུ་མ དང ས་ཡོད་སར་བལྟས་པས། གྲིབ་མ་ཟང་ཐལ་གཉིས་བརྩེགས་སུ་འོངས་ཏེ། དེའི་སྤྱི་བོའི་སྟེང་མ་མེད་ན་ཞག་བཅུ་དྲུག་གི་ཉི་མ་ཕྱེད་ནའོ། །ཡང་མཚོའི་སྟེང་དུ་ཆུ་སྤྲིས་ཡལ་ལམ་མ་ཡལ་བརྟག་པ་ནི། མཚན་མོ་ངལ་དུབ་དང་། ཆང་འཐུངས་པ་དང་། བུད་མེད་དང་འགྲོགས་པ་སྤངས་ལ། ནངས་པར་ཉི་མ་རི་རྩེ་ལ་ཤར་དུས་སྣོད་མི་དཀར་མི་ནག་པའི་ནང་དུ་རང་གི་ཆུ་བཏང་བ་ལ། ཤར་དུ་ཕྱོགས་པས་བལྟས་པའི་ཚེ། ཉི་ཟེར་ལ་རླངས་པ་སྔོན་དམར་དུ་བྱུང་ན་ཟླ་བ་ཕྱེད་ནའོ། །ནག་པོ་ཧྲལ་ཧྲོལ་ནི་ཞག་བཅུ་གཅིག་ནའོ། །དམར་པོ་ཐིག་ལེ་ཅན་ནི་ཞག་དགུ་ནའོ། །གཞན་ནི་སྐྱོན་མེད་པའོ། ཁ་དོག་ལས་གདོན་བརྟག་པ་སྔ་མ་བཞིན་ནོ། །ཡང་སའི་གྲོང་ཁྱེར་ན་དགེ་སྦྱོང་གི་དུ་བ་བརྟག་པ་ནི། ཉི་མ་རྩེ་ཤར་ལ་རང་གི་རྣམ་སྣང་དོར་བ་ལ་བལྟས་པས་རླངས་པ་མེད་ན་ཞག་དགུ་ནའོ། །རི་རབ་ཀྱི་རྩེ་ན་མི་འགྱུར་བའི་ཉི་མ་ནུབ་མ་ནུབ་བརྟག་པ་ནི། མིག་བཙིར་བས་འོད་མེད་ན་ཞག་གསུམ་ནའོ། །རི་རབ་ཀྱི་ཁོང་སེང་ན་མཁའ་འགྲོའི་རང་སྒྲ་བརྟག་པ་ནི། སེང་གེ་ལྟར་ཉལ་བའི་རྣ་བ་ས་ལ་སྦྱར་བས་སྒྲ་མེད་ན་ཞག་ལྔའམ་བདུན་ནམ་བཅུ་གཅིག་ནའོ། །དཔག་བསམ་གྱི་ཤིང་ལ་བདུད་ལངས་སམ་མ་ལང་བརྟག་པ་ནི། ལྟག་པའི་སྒོ་ན་སྐྲ་ཉག་བདུན་གྱེན་ལ་ལངས་ན་ཞག་བདུན་ན་འཆི་བར་ངེས་སོ། །གཉིས་པ་འཆི་བ་བསླུ་བ་ལ་གཉིས་
ལས་བསྡོམས་ཏེ་སྤྱིར་བསླུ་བ་ནི། བླ་མ་དཀོན་མཆོག་མཆོད་ཅིང་ཚོགས་བསག །ཚེའི་སྒྲུབ་པ་བྱ། འབྱུང་བའི་རྟེན་འབྲེལ་བྱའོ། །དེའང་རླུང་གི་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་ལྟེ་བ་དང་། རྩིབས་ལ་ཡཾ་ལྔ། དེ་བཞིན་དུ་མེ་ལ་རཾ། ཆུ་ལ་ཁཾ། ནམ་མཁའ་ལ་ཨཾ་བཀོད་པའི་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་བཀོད་ལ། སོ་སོའི་ཁ་དོག་བྱ། འབྱུང་བ་དེ་དག་གི་ལྷ་རེ་བསྐྱེད་ནས་ཡི་གེ་རང་གི་ལོ་གྲངས་ཤིག་ལྷ་ལ་བསྟིམ་ལ། འཁོར་ལོ་ལྔ་པོ་དེ་རྫ་ཕོར་སོ་མ་ཁ་སྦྱར་དུ་བཅུག་ལ་ཚོན་སྐུད་ཀྱིས་དཀྲིས་པ་དང་། དུད་འགྲོ་དང་མི་ལ་སོགས་པ་སེམས་ཅན་རིགས་མི་མཐུན་པ་དུ་མ་ལ་སྦྲེལ་པའི་ངར་ཟན་ལ་མི་གཟུགས་ཁྲུ་གང་བྱས་ལ། མིག་ཏུ་རཾ། རྣ་བར་ཡཾ། སྣ་ལ་ལཾ། ལྕེ་ལ་ཁཾ། སྙིང་གར་ཨེ་བྲིས་ལ་གཞུག །ཟན་ནམ་ས་ལ་རང་གི་གླུད་ལོ་གྲངས་ཙམ་བྱས་ལ། ས་དཀར་ས་དམར་ལ་སོགས་པས་ཁ་བསྒྱུར་ཏེ། ནག་པོ་དང་། དམར་པོ་དང་། སེར་པོ་དང་། དཀར་པོ་དང་། ལྗང་གུ་དང་། ཁྲ་བོ་བྱས་ལ་ཕྱ་བ་ལ་སོགས་པའི་སྟེང་དུ་བསྒྲིགས་ལ། རང་གི་དྲི་མ་ལ་སོགས་དང་། གོས་རས་དང་། སྐྲ་སེན་དང་། ཁ་སྣའི་ཆུ་རྣམས་དང་། རིན་པོ་ཆེའི་བརྡར་ཕྱེ། བལ་ཚོན་དང་དར་སྣས་བརྒྱན་ཏེ། ལྟས་ངན་གྱི་བྱ་སྒྲོ་མང་པོ་བཙུགས་ལ། མདུན་ན་ཕར་གཏོར་མ་སོ་སོའི་མདོག་ཅན་ལོ་གྲངས་དང་། ཆང་བུ་ལོ་གྲངས་ཙམ་བྱས་ལ། ཨཱོཾ་ཨཱཿཧཱུཾ་གིས་སོ་སོའི་འདོད་དགུ་འབྱུང་བར་བྱིན་གྱིས་བརླབས་ཏེ། ནམཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁམ་གིས་ནམ་མཁའ་དང་མཉམ་པར་སྤེལ་ནས། འབྱུང་པོ་ཐམས་ཅད་པའི་སྔགས་ཀྱི་འཆི་བདག་གཤིན་རྗེས་གཙོ་བྱས་པའི་བགེགས་དང་ལོག་འདྲེན་རྣམས་ལ་བསྔོས་ཏེ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ལན་ཆགས་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་
རིག ། གློད་དང་ཞི་དང་གྲོལ་བར་མཛོད། །ཅེས་བརྗོད་ལ། འཁོར་ལོ་ལྔ་དང་བཅས་པ་ཆུ་བོ་ཆེན་པོའི་གཞུང་ལ་བསྐྱལ་བས་ལོ་གསུམ་གྱི་འཆི་བདག་ཐམས་ཅད་བཟློག་གོ །འདི་ཉིད་ལོ་གསུམ་གསུམ་ན་ལན་རེ་བྱའོ། །གཉིས་པ་བྱེ་བྲག་ཏུ་བཟློག་པ་ནི། བླ་མའམ་རྡོ་རྗེའི་སྤུན་བཞུགས་ན་རབ། མེད་ནའང་སྐྱེས་བུ་མཆོག་ལས་བྱུང་བ་གཅིག་གིས། འབྱུང་བ་ལྔའི་ས་བོན་གྱི་ཡི་གེས་མིག་ལ་སོགས་པའི་དབང་པོའི་སྒོ་སྔར་དབང་བསྐུར་ལ། དམ་ཚིག་གི་ཉམས་ཆག་བསྐང་བའི་ཆོ་ག་བྱའོ། །དེའང་སེན་མོའི་བཀྲག་མེད་པ་ལ་དགེ་སློང་བདུན་ལ་སྟོན་མོ་བྱ། ཡོན་དབུལ། སྡོམ་པ་བླང་ངོ་། །མིག་གི་སྤྲིས་མ་ཡལ་ན་ཚ་ཚ་ལོ་གྲངས་ཙམ་དཀར་པོ་ལ་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་པ་བྱས་ཏེ། བསྐོར་བ་བདུན་བྱས་ལ་ཆུ་བོ་ཆེན་པོར་བསྐྱལ་ནས། གོམ་པ་ལོ་གྲངས་ཕྱིར་མ་ལོག་གི་བར་ཕྱི་མིག་མི་བལྟའོ། །ལྟག་པའི་བདུད་སྐྲ་ལངས་བ་ལ། འབྲུ་ནག་པོའི་ཟན་ལ་ངར་གླུད་ཁྲུག་གང་བ་བྱས་ལ། དེའི་སྙིང་གར་རང་གི་མིང་དང་། ལུང་ཐང་གི་རྡོག་པོ་ལོ་གྲངས་ཙམ་བཅུག་ནས། རང་གི་སྐྲས་དེའི་སྐྲ་དང་ཁྲག་བྱུགས་གོས་དུམ་གྱིས་གྲིལ་ལ་ནག་པོར་བྱས་ཏེ། རང་གི་གནས་ནས་གོམས་པ་བརྒྱ་ཉི་ཤུ་རྩ་གཅིག་གི་སར་དོང་ནག་པོ་གྲུ་གསུམ་བྲུས་པར་ཁྱེར་ཏེ། རི་ལོ་གྲངས་ཙམ་བཟླས་ཏེ། བདུད་ནག་པོ་ཁྱོད་འདི་ཁྱེར་ཅིག་གལ་ཆེའོ། །ཞེས་ལན་གསུམ་བརྗོད་ནས། དོང་དུ་བསྒྱུར་ཏེ་སྟེང་དུ་རང་གི་བྲུན་བཏང་ནས་ཕྱི་མིག་མི་བལྟ་བར་འབྲོས་སོ། །ལོང་བུ་ལོག་པས་ཉི་མ་ནུབ་ཁར་ཁ་ནུབ་ཏུ་བལྟས་ཏེ། གཅེར་བུར་ཕྱུང་ལ། འཕོངས་སུ་ཁྱི་གཞུག་བཙུགས་ཏེ། མདུན་དུ་དྲིི་ཆེན་བཏང་བ་ནས་ཁམས་རེ་ཟོས་ཏེ། ཁྱི་སྐད་ལན་གསུམ་དུ་འདོན་ནོ། །ཡང་སོ་དྲེག་ཆགས་པས་ཤར་དུ་བལྟས་ལ་རའི་སྐད་ལན་གསུམ་འདོན་ནོ། །སྣ་ཞོམ་པས་ཆུ་སྣ་དགུའི་ཁྲུས་བྱ་ཞིང་། སྣའི་རྩེར་ཨ་དཀར་པོ་བསམ་ལ།
ཨ་ཉི་ཤུ་རྩ་གཅིག་བཟླའོ། །ཡན་ལག་བརྐྱང་བསྐུམ་ལ། རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ཆུས་བཀྲུས་ལ། ཡན་ལག་བཞི་སྙིང་དང་ལྔར་འབྱུང་བ་ལྔའི་ས་བོན་གྱི་འཁོར་ལོ་སྔ་མ་བཞིན་རྒྱ་སྐྱེགས་ཀྱིས་བྲིས་ལ་བཏགས་ན་བཟློག་གོ །མིག་འབྲུ་ཚུགས་སུ་བལྟ་བ་ལ། དགེ་འདུན་དང་། བྱིས་པ་ལོ་གྲངས་ཙམ་ལ་སྟོན་མོ་བྱ་ཞིང་། གོས་དམར་པོ་གྱོན་ནོ། །འགྲམ་པའི་ཤོང་བུ་ལ་སའི་ལས་སུ་ཚ་ཚ་ལོ་གྲངས། ཆུའི་ལས་སུ་ཆུ་གཏོར་ལོ་གྲངས། མེའི་ལས་སུ་སྦྱིན་སྲེག་ལོ་གྲངས། རླུང་གི་ལས་སུ་བ་དན་ལྗང་གུ་ལོ་གྲངས་ཕྱར། ནམ་མཁའི་ལས་སུ་ཨེ་ལོ་གྲངས་ཙམ་བཟླའོ། །དབུགས་རྒོད་པས་བུ་ར མ་གྱི་ལྡེ་གུ་ལ་ཡཾ་བཟླས་ཏེ་ཟའོ། །སྣ་ཡོ་བས་སྣ་རྩེ་ཧཱུཾ་དཀར་པོ་བསམ་ཞིང་བཟླའོ། །མཆི་མ་འཛག་པས་མིག་ཏུ་བྷྲུཾ་བསམས་ཏེ་བཟླའོ། །འགྲམ་པ་གཡོན་པ་ཤོང་བས་ཀྵཾ་བསམས་ཤིང་བཟླའོ། །སོ་འཐམས་པས་སྣཾ་བསམས་ཏེ་བཟླའོ། །ལྕེའི་ཐིག་ལེ་ནག་པོ་ལ་ཧཱུཾ་བསམས་ཏེ་བཟླའོ། །རྣ་བ་འབྱར་པ་ལ་མུཾ་བསམས་ཏེ་བཟླའོ། །རྩ་གཉིད་ལོག་མེད་པས་ཧཱུཾ་བསམས་ཏེ་བཟླའོ། །བྲང་གི་ལྷེན་སྣ་ཞོམ་པས་ཡཾམྱུ་བསམས་ཏེ་ཡི་གེ་དེ་དག་ལོ་གྲངས་ཙམ་བཟླས་ཤིང་། །མཚལ་དང་དྲི་བཟངས་ཀྱིས་གནས་དེར་བྲིའོ། །ཚེ་གཟུགས་ཀྱི་ཕྱག་མཚན་མེད་པས་བླ་མ་ལ་ཚོགས་བརྒྱ་རྩ་གཏོང་ངོ་། །ལག་པ་གཡས་པ་མེད་པས་ངར་གླུད་ཁྲུ་གང་བ་སེང་གེའི་མགོ་ཅན་ཁ་གདངས་པ་གཅིག་ལ། ཁྱིམ་བྱའི་སྤུ་ལོ་གྲངས་ཙམ་གླན་ནས་བྱང་ངོས་ཀྱི་ལམ་སྲང་ཁར་བསྐྱལ་ལོ། །གཡོན་པ་མེད་པས་སྲེ་མོ་ཡི་རླིད་བུར། སྟག་ནག་ཁྲའི་མཆེ་བ། ཕག་ནག་ཁྲ། ཁྱི་ནག་པོའི་མཆེ་བ་གསུམ་བཅུག་པའི་ཁར་རང་གི་དྲི་ཆུས་སྦྲུས་པའི་ངར་ཟན་བརྫངས་ཏེ་ཆུ་ཆེན་པོར་དོར་རོ། །རྐང་པ་གཡས་པའི་པུས་མོ་མན་ཆད་མེད་ན། ཉི་མ་ནུབ་ཏུ་ནམ་སྲོས་དུས་སེང་ལྡེང་ངམ་རྒྱ་ཤུག་གི་མེ་རང་གི་ལོ་གྲངས་ཙམ་གཏང་ངོ་། །གཡོན་པ་མེད་པས་ས་དཀར་པོའི་གླུད་ཁྲུ་གང་བྱས་ཏེ་སྙིང་
ཁར་སྟག་པ་ནག་པོ་སོར་བཞི་པར་ལོ་གྲངས་ཀྱི་ཉག་ག་བྱས་ཏེ། བཙག་བྱུགས་པ་བཙུག་ནས་ལྷ་ཁང་སྟོང་པར་ཐོ་རངས་བསྐྱལ་ལོ། །མགོའི་གཡས་མེད་པས་ཕུང་ཤུལ་གྱི་ས་སྣ་དགུ་དང་། ཤིང་ནག་པོའི་འབྲས་བུ་སྦྱར་ཏེ། གའུ་ཁ་སྦྱར་བྱས་པར་རང་གི་སྐྲ་དང་། གོས་ཀྱི་དུམ་བུ་དང་། དྲི་མ་དང་། ཁྲག་རྣམས་བཅུག །གླང་མའི་བྱང་བུ་བཅུ་གཉིས་ལ་ལོའི་མིང་བྲིས་ཏེ། ལོ་རེ་བཞིན་ལོའི་རྒྱལ་པོ་འདི་ཁྱེར་ཅིག །ཅེས་པ་བྲིས་པ་བཅུག་ལ་དེའི་ཁ་བཅད་པའི་སྟེང་དུ། ཚེར་མ་རིགས་མི་མཐུན་པ་མང་པོ་བླུགས་ལ། ནམ་ཕྱེད་ན་གོས་ནག་པོ་གྱོན་ཏེ་དུར་ཁྲོད་དུ་བསྐྱལ་ལོ། །མགོའི་གཡོན་མེད་པས་འབྲུ་སྣ་ཉི་ཤུ་རྩ་ལྔའི་ངར་ཟན་གྱི་སྙིང་གར། མི་རྟ་ཁྱི་གསུམ་གྱི་རུས་པ་བཅུག་སྟེ། རང་གི་གོས་རྙིངས་པས་དྲིལ་ཏེ་ཚེས་བཅུ་གཅིག་གི་ནམ་སྲོས་དུས་གཞན་ལ་བསྐུར་ཏེ། །ལྷོར་གོམ་པ་བརྒྱད་ཅུ་འདས་པར་དོང་ནང་དུ་བཅུག་ནས། རང་གི་མིང་ནས་བཏོན་ལ། ལན་གསུམ་ངུ་བའི་ཚུལ་བསྟན་ཏེ་སྦའོ། །རྐེ་ཡན་ཆད་མེད་ན་ཤར་ལྷོར་ཚེར་མ་ཅན་གྱི་ཧོམ་ལོ་གྲངས་བྱས་ཏེ། རིམ་པས་བསྲེག་ཅིང་རཾ་ལོ་གྲངས་རེ་བཟླས་སོ། རྐེ་དང་བཅས་པ་མེད་པས་ལུས་རོ་སོལ་གྱིས་བྱུགས་ལ་སྐྲ་སྤྱི་བོར་བཅིངས། ཤོག་གུ་སོར་བཞི་ལ་རང་གི་ལོ་དང་གནམ་ལོའི་མིང་བྲིས་པའི་ཕྱོགས་བཞིར་འབྱུང་བཞིའི་ས་བོན་བྲིས་ཏེ་རང་གི་སྣ་ལ་བཏགས་ལ་ཚེས་དགུའི་ནམ་གུང་ལ་ཕྱོགས་བཞིར་རྒྱུག་ཅིང་། ཁ་ལ་ཁྱོད་ཁྱེར་ས་རམ་ཙི་ཞེས་འབྲེལ་མེད་མང་དུ་བརྗོད་ཅིང་། ཤོག་གུ་དེ་དུར་ཁྲོད་དུ་སྦའོ། །སྟོད་མེད་པས་མེ་བཏང་བར་ལོ་བཅུ་གཉིས་ཀྱི་མིང་བྱང་བསྲེག་གོ །སྨད་མེད་པས་དུར་ཁྲོད་དུ་རུས་པ་སྣ་ཚོགས་པའི་དུད་པ་བཏང་ངོ་། །ལུས་ཀྱི་གཡས་མེད་ན་ཚ་ཚ་ལོ་གྲངས་བཏབ་ཅིང་། གཙུག་ཏོར་ལོ་གྲངས་འདོན་ནོ། །གཡོན་མེད་པས་གོས་དམར་པོ་གོན་ཞིང་། གཟུངས་གྲ་ལྔ་ལོ་གྲངས་འདོན་ནོ། །གནམ་སའི་འབྲེལ་ཐག་ཆད་པས་གསུང་རབ་མང་པོ་ཀློག་ཅིང་དགེ་རྩ་
གྲུབ་ཚད་བྱའོ། །སེང་གེ་མི་བབས་པས་དཀྱིལ་འཁོར་གྱི་ཆོ་ག་ལོ་གྲངས་ཙམ་བྱའོ། །དཔག་བསམ་གྱི་ལྗོན་ཤིང་ཆག་པས་འབྲས་བུ་གསུམ་དང་། ར་མཉེ་བ་དང་། དབང་ལག་སྦྱར་བའི་སྨན་མར་ཟའོ། །རླངས་པ་སྔོན་དམར་གྱིས་ཁམས་ལ་ལོ་བཅུ་གཉིས་ཀྱི་གཟུགས་བྱས་ཏེ་འབྱུང་བའི་ཁ་དོག་གིས་བསྒྱུར་བ་རེ་རེ་ལ། ཚ་ཚ་རེ་རེ། ངར་གླུད་རེ་རེ། སྟག་པའི་ཧོམ་རེ་བྱས་ཏེ་ཉི་མ་ནུབ་དུས་བྱང་ཤར་གྱི་དུར་ཁྲོད་དུ་བསྐྱལ་ལོ། །ནག་པོ་ཧྲལ་ཧྲལ་ལ་འབྲུ་སྣ་ཚོགས་དང་། ལྕགས་ཟངས་ཀྱི་ཕྱེ་མ་ཕྱོགས་བཞིར་གཏོར་རོ། །ཐིག་ལེ་ཉུང་འབྲུ་ཙམ་དམར་པོ་ལ་རང་གི་དྲི་མ་སྦྲེས་པའི་ངར་གླུད་ལོ་གྲངས་ཙམ་ལ་གཟུགས་མོ་བྱི་ཐུར་དར་དམར་པོ་ཚོན་རེ་བཏགས་ལ་བཙུགས་ཏེ་རུས་པ་སྣ་ཚོགས་དང་ལྷན་ཅིག་ཤར་གྱི་ལམ་པོ་ཆེར་བསྐྱལ་ལོ། །དྲི་ཆེན་གྱི་རླང་པ་མེད་པས་ཉི་མ་མདུང་གང་དུས་ནུབ་ཏུ་བལྟས་ཏེ། རྟའི་སྐད་ནུས་ཚད་འདོན་ཞིང་། རྟའི་ཐོད་པ་ལ་འབྱུང་བའི་ས་བོན་བྲིས་ལ་ཕྱར་རོ། །རྣ་བའི་འབྲུག་མེད་པས་སྙིང་དུ་ཡཾ་བསམས་ཏེ་མིག་གྱེན་ལ་ལྡོག་ཅིང་། གཞན་གྱིས་གཟུངས་ཆུའི་ཁྲུས་སྤྱི་བོ་ནས་བྱའོ། །རྣ་བའི་རླུང་སྒྲ་ཤར་ཤར་ཟེར་བས་ཟས་སྣ་ཚོགས་ཚད་ཀྱི་གཏོར་མ་ལོ་གྲངས་བཅུ་གཉིས་མིང་དང་བཅས་པ་ཤིང་སྡོང་ཆེན་པོའི་རྩར་བསྐྱལ་ལོ། །དཔག་བསམ་གྱི་ཤིང་ལོ་ལངས་པས་ཚོགས་ལོ་གྲངས་ཙམ་གཏང་། ཚེ་སྒྲུབ་ལ་འབད་བས་གྲོལ་ངེས་སོ། དེའང་སྔར་བས་དགེ་སྦྱོར་སུམ་ལོག་ཏུ་྄བྱ་ཞིང་སྒོམ་བཟླས་དང་། བདུད་རྩིའི་བཅུད་ལེན་སྣ་ཚོགས་དང་། ཐིག་ལེའི་རིམ་གྲོ་ལ་བརྩོན་པས་བཟློག་པར་བྱའོ། །དེ་ལྟར་བྱས་ནས་ཡང་སྔ་མ་བཞིན་བལྟ་ཞིང་འཆི་ལྟས་བསླུས་སམ་བལྟའོ། །དེ་ལྟར་ལན་གསུམ་གསུམ་ཐབས་དེ་རྣམས་ལ་འབད་པས། ཞག་གི་དུས་བཏབ་པ་ཟླ་བར་ནུར་ཞིང་། ཟླ་བ་ལོར་འཕེལ་ཏེ་ལོ་ཡུན་རིང་པོར་ཕྱིར་འགྱངས་པས་འཆི་བདག་གི་འཇིགས་པ་ལས་ཚེའི་བཤོལ་འདེབས་པར་བྱེད་དོ། །ཐབས་མཆོག་ཏུ་གསང་བ་འདི་དག་ནི། སློབ་དཔོན་ཆེན་པོ་ཤྲཱི་སིང་ཧས་སྐལ་
ལྡན་གྱི་དོན་དུ་ལེགས་པར་གསུངས་པ་ཉིད། འདིར་ཉེ་བར་མཁོ་བའི་ཆ་རྐྱེན་དུ་རིན་ཆེན་ཤོག་འདྲའི་ངོས་ལ་སྣང་བར་བྱས་པའོ། །དེ་ལྟར་འཆི་བ་བརྟག་བསླུའི་མན་ངག་མཆོག །ཉི་ཟླ་གཟའ་བྲལ་གསང་བའི་ཡི་གེ་འདི། །ཨོ་རྒྱན་ཐུགས་སྲས་དྲི་མེད་འོད་ཟེར་གྱིས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །ཕྱི་རབས་སྐལ་ལྡན་རྣམས་དང་འདི་འཕྲད་དེ། །འཆི་བ་ལས་ནི་སླར་ཡང་བཤོལ་བཏབ་ནས། །མཁའ་འགྲོ་སྙིང་ཏིག་མངོན་སུམ་དོན་བསྒོམ་ཞིང་། །ཚེ་གཅིག་འོད་ལུས་མཁའ་སྤྱོད་འགྲུབ་པར་ཤོག ། བདག་ཀྱང་དེང་ནས་དགོངས་གཏེར་ཟབ་མོའི་དོན། །ཇི་སྙེད་ཇི་བཞིན་མཐོང་བའི་འོད་ཟེར་གྱིས། །བློ་གསལ་བློ་ཡི་པདྨོ་ཁ་ཕྱེ་སྟེ། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག ། སྙིང་ནས་སྙིང་པོ་དོན་མཐོང་ལེགས་པའི་ལམ། །འོད་གསལ་འོད་ལྔའི་སྣང་བ་རྒྱ་ཆེ་བས། །སྐལ་བཟང་སྐལ་ལྡན་རྣམས་ཀྱི་དོན་བྱེད་ཅིང་། །ཚེ་འདིར་ཚེ་གཅིག་སངས་རྒྱས་འགྲུབ་པར་ཤོག །འཆི་བ་བརྟག་བསླུའི་མན་ངག་རིན་པོ་ཆེ་གསང་བའི་གཏེར་མཛོད་ཉི་ཟླ་གཟའ་བྲལ་ཞེས་བྱ་བ། པདྨ་ལས་འབྲེལ་རྩལ་གྱིས། སྟོན་ཀའི་དུས་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ། ཨོ་རྒྱན་རྫོང་གི་དབེན་གནས་སུ་བཀོད་པ་རྫོགས་སོ།། །།
བཏགས་གྲོལ་རྒྱུད་ཀྱི་མན་ངག་རིན་ཆེན་སྙིང་པོ།
བཏགས་གྲོལ་རྒྱུད་ཀྱི་མན་ངག་རིན་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །རིན་ཆེན་ཤོག་འདྲའི་སྐོར།
བཏགས་གྲོལ་མན་ངག་རིན་ཆེན་སྙིང་པོ་ཞེས་བྱ་བ། །གདོད་མའི་མགོན་པོ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །ཆོས་ཀུན་མ་སྐྱེས་མཉམ་པའི་ངང་ཉིད་ལས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །འགྲོ་བའི་དོན་མཛད་ཀུན་བཟང་རིགས་ལྔའི་ཚོགས། །རིག་འཛིན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐལ་ལྡན་རྣམས་ནི་འབད་མེད་གྲོལ་བྱའི་ཕྱིར། །བཏགས་གྲོལ་རྒྱུད་དྲུག་ཆོས་སྐུའི་སྟོན་པས་གསུངས། །དེ་ཉིད་བྲི་དང་རབ་གནས་དབང་བསྐུར་བཅང་།། ཀླག་ཅིང་བཞུ་བའི་རིམ་པ་ལེགས་པར་བསྟན། །དང་པོ་བྲི་བ་ནི་མཐིང་ཤོག་ཟུར་ནས་ཟུར་དུ་སོར་བརྒྱད་པ་ལ། གསེར་གྱི་གཟབ་མར་དབུ་གཉིས་གྱེན་ལ་ཡོད་པས། བཏགས་གྲོལ་རྣམས་དང་འདས་རྗེས་གསུམ་པོ་བྲིས་ཏེ། དར་ཚོན་གྱིས་དྲིལ་ལོ། རབ་ཏུ་གནས་པ་ནི། ཟླ་བ་རྒྱས་པའི་ཚེ་དབེན་ཞིང་། ཉམས་དགའ་བར་མཎྜལ་མདའ་གང་མཐིང་ཁ་དཀར་སེར་དམར་ལྗང་ལྔའི་མུ་ཁྱུད་བསྐོར་ལ། དེའི་ནང་དུ་རིགས་ལྔའི་འོད་ཀྱི་ཚོམ་བུ་ལྔ་བྲིས་པ་ལ་སོ་སོའི་ཁ་དོག་གིས་གང་བར་ཁྱམས་མཐིང་གས་གང་། ཚོམ་བུའི་མུ་ཁྱུད་མཐིང་དམར་དཀར་པོའི་ར་བ་གསུམ་གསུམ་གྱིས་བསྐོར་བའི་དབུས་སུ་མཉྫིའི་སྟེང་དུ་རིན་པོ་ཆེའི་སྣོད་འབྲུས་བཀང་བ་གཅིག་གི་སྟེང་དུ་བཏགས་གྲོལ་རྣམས་ན་བཟའ་དང་བཅས་པ་གཞུག །དཀྱིལ་འཁོར་གྱི་མཐར་ཕྱི་ནང་གི་མཆོད་པ་དང་། ཚོགས་གཏོར་བཟང་དུ་བཤམ་མོ། །དེ་ནས་བགེགས་གཏོར་བྱིན་ལ་གུ་གུལ་གྱི་དུད་པ་དང་རོལ་མོའི་སྒྲས་བགེགས་རྣམས་རྒྱ་མཚོའི་མཐར་བསྐྲད་ལ་སྲུང་བའི་འཁོར་ལོས་མཚམས་བཅད་དེ། ཐམས་ཅད་ཀྱི་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་ག་རིན་པོ་ཆེའི་རྒྱན་ཅན་དུ་བསྐྱེད། ཡེ་ཤེས་པ་དགུག་གཞུག་མཆོད་བསྟོད་ཅུང་ཟད་བྱས་ལ། རིགས་ལྔའི་རྩ་སྔགས་རྟེན་འབྲེལ་སྙིང་པོ་དང་བཅས་པ་ནས་བཟླས་པ་ཡང་སྟ་གོན་དུ་བྱའོ། །དེ་ནས་སྟོང་པའི་ངང་ལས་བདག་དང་གནས་དང་རྣལ་འབྱོར་པ་རྣམས་འོག་མིན་གྱི་ཞིང་དང་
པོའི་སྟོན་པ་དང་འཁོར་དུ་བསམས་ཏེ། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་འོད་ཟེར་གྱི་ཕུང་པོ་གཅིག་ཏུ་འབར་བའི་དབུས་ན། རྩ་བའི་བླ་མ་བརྒྱུད་པས་བསྐོར་བ་རྣམས་དཔལ་རྣམ་པར་སྣང་མཛད་ཀྱི་རྣམ་པ་ཅན་མཐིང་ག་འཁོར་ལོ་རྩིབས་བརྒྱད་པ། བྱང་ཆུབ་མཆོག་གི་ཕྱག་རྒྱས་བཟུང་བའི། ཤར་དུ་མི་བསྐྱོད་པར་དཀར་པོ་བ དུད་འདུལ་གྱིས་རྡོ་རྗེ་དང་། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་གྱིས་ཨུཏྤ་ལ་དང་། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱིས་པདྨ་དང་། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་སྐྱབས་སྦྱིན་གྱིས་རྒྱ་གྲམ་འཛིན་པ། སོ་སོའི་ཡུམ་དང་བཅས་པ་བསྐྱེད་ལ། འོད་ཟེར་གྱི་ཕུང་པོ་གཅིག་ཏུ་འབར་བར་བཏགས་གྲོལ་དེ་ཉིད་བསམ་མོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་འཛིན་པས་དབྱངས་དང་བཅས་ཏེ། ཧཱུཾ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་འཁོར་བཅས་གཤེགས། ཞེས་པས་འོག་མིན་ནས་རིགས་ལྔའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དང་། བླ་མ་བརྒྱུད་པ་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་དཔག་ཏུ་མེད་པ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་པ་ལ། མེ་ཏོག་བདུག་སྤོས་སྣང་གསལ་དྲི། ཞལ་ཟས་རོལ་མོ་ལ་སོགས་པ། ཕྱི་ནང་མཆོད་པའི་སྤྲིན་ཕུང་གིས། བདེ་གཤེགས་མ་ལུས་འཁོར་བཅས་མཆོད། ཨཱོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤབྟ་ཨཱཿཧཱུཾ། ཨཱོཾ་ཡེ་ནས་འོད་གསལ་ཆོས་སྐུ་དག་པ་ལས། །སྣ་ཚོགས་གཟུགས་སྐུ་མཚན་དཔེའི་གཟི་འོད་ཅན། །བླ་མ་ཡི་དམ་རིགས་ལྔའི་སངས་རྒྱས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་པྲ་ཝེ་ཤ་ཧོཿས། བཏགས་གྲོལ་ལྷའི་སྐུར་གསལ་བ་ལ། གཉིས་སུ་མེད་
པར་ཐིམ། ཡང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རིགས་ལྔས་དབང་བསྐུར། ཡི་གེ་གསུམ་གྱིས་སྐུ་གསུང་ཐུགས་རྒྱས་བཏབ་ལ། སྔར་གྱི་བཟླས་པའི་མེ་ཏོག་གིས་གཏོར་ཞིང་། རིགས་ལྔའི་རྩ་སྔགས་རྟེན་འབྲེལ་སྙིང་པོ་དང་བཅས་པ་བརྒྱ་རྩ་བརྒྱད་བརྗོད་ནས། འབྲུ་དང་། སྨན་དང་རིན་པོ་ཆེའི་མཎྜལ་ལན་གསུམ་ཕུལ་ཏེ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨཱོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཞེས་པ་དང་། མེ་ཏོག་ལ་སོགས་པ་ཕྱི་ནང་གི་མཆོད་པས་མཆོད་ལ། བླ་མ་དང་རིགས་ལྔའི་བསྟོད་པ་རྒྱས་པར་བྱས་ཏེ། མེ་ཏོག་གིས་སྙིམས་པ་བཀང་ལ་མགྲིན་གཅིག་ཏུ། གང་འདིར་བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་སྲས་དང་བཅས་པ་དང་། བླ་མ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དགོངས་སུ་གསོལ། ཆེ་གེ་མོ་ཞེས་བགྱི་བས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། ཅེས་པ་གསུམ་དང་། རྒྱུད་དང་འདས་རྗེས་རྣམས་ཚར་གཅིག་བརྗོད་པའམ། རྒྱུད་ཀྱི་སྙིང་པོ་ཚར་བདུན་བརྗོད་ལ། བཀྲ་ཤིས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པས་བཀྲ་ཤིས་བརྗོད་པར་བསམ་ལ། མེ་ཏོག་འཐོར། རོལ་མོ་སྒྲོགས་ཤིང་མགྲིན་གཅིག་ཏུ། བདེ་གཤེགས་མི་འགྱུར་སྐུ་ལྔ་ལྷུན་གྱིས་གྲུབ། །ཡེ་ཤེས་ལྔ་ལྡན་ཕྲིན་ལས་ཕུན་སུམ་ཚོགས། །གདོད་མའི་མགོན་པོ་རིགས་ལྔའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་ཕུན་ཚོགས་ཤོག །འོག་མིན་ཡེ་ཤེས་བདེ་ཆེན་རྒྱ་མཚོའི་ཞིང་།།རྒྱལ་བ་རྒྱ་མཚོ་དཔག་མེད་ཚོགས་མངའ་བས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །བདེ་ཆེན་རིག་འཛིན་བདེ་གཤེགས་
འགྲོ་བའི་ཡབ། །རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ། །སོ་སོའི་སྐུ་དང་ཡེ་ཤེས་ཕུན་ཚོགས་པའི། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །དགའ་རབ་རྡོ་རྗེ་ཤྲཱི་སིདྷ་དང་། །ཨོ་རྒྱན་ཡབ་ཡུམ་མཁའ་འགྲོ་རྒྱ་མཚོར་བཅས། །དངོས་གྲུབ་སྣ་ཚོགས་འབར་བའི་སྤྲིན་འཕྲོ་བའི། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །ཞེས་པ་ལ་སོགས་པས་ཤིས་པ་རྒྱས་པར་བརྗོད་པའི་ཚེ། ཕྱོགས་བཅུར་བཀྲ་ཤིས་བདུད་རྩི་དང་། འོད་ཟེར་གྱི་དྲ་བས་འཇིག་རྟེན་ཐམས་ཅད་གྲོལ་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ལ་གནས་པར་བསམ་ཞིང་། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་པར་བྱའོ། །དེ་ནས་རབ་འབྱམས་རིག་པའི་རྩལ་དབང་བསྐུར་ཏེ། སྐལ་ལྡན་དེའི་གནས་ལྔར། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿལྔ་བསམ་པ་ལས་འོད་འཕྲོས། བདག་དང་སྣང་སྲིད་ཡི་གེ་དག་ཏུ་བསམས་ཤིང་། ཨཱོཾ་ཨཱོཾ་ཨཱོཾ་ཞེས་པ་ལ་སོགས་བརྒྱ་རྩ་རེ་བརྗོད་ནས་སྣང་སྲིད་ལོངས་སྐུའི་ཞིང་དུ་བསམས་ལ། བླ་མས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཁོར་འདས་སྣང་སྲིད་རང་གི་སེམས། །གདོད་ནས་མ་སྐྱེས་རྩ་བ་བྲལ། །སྟོང་གསལ་རིག་སྟོང་ཆོས་ཀྱི་སྐུ། །གང་ཤར་རང་གྲོལ་སྦྲུལ་མདུད་བཞིན། །སྤངས་བླང་གཉིས་མེད་ཤེས་པར་གྱིས། །ཞེས་ངོ་སྤྲད་ལ། ཡང་། ཨེ་མ་སྐལ་ལྡན་སྙིང་གི་བུ། །མིག་རྩེ་ནམ་མཁའི་ཁམས་སུ་ལྟོས། །སྣང་བ་སྣ་ཚོགས་འོད་གསལ་ཞིང་། །ཐིག་ལེ་དབྱིངས་དང་ལུ་གུ་རྒྱུད། །དུས་གསུམ་རྒྱལ་བའི་གསང་ཆེན་དབང་། །དོན་གྱི་སྙིང་པོ་འདི་ཉིད་དོ། །ཞེས་པས་མངོན་སུམ་ངོ་སྤྲད་དོ། །རྒྱུད་ཀྱི་གླེགས་བམ་ལ། མཎྜལ་ཚན་པ་གསུམ་ཕུལ་ནས། སློབ་མའི་སྤྱི་བོར་ཨཱོཾ་བསམས་ལ་རྒྱུད་དེར་བཞག་པས། རྒྱུད་ལས་འོད་ཟེར་བྱུང་བའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་
དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་བསམས་ལ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོས་མིང་འདི་ཞེས་བགྱི་བ་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ་ལོ། །སྨིན་པར་མཛད་དུ་གསོལ་ལོ། གྲོལ་བར་མཛད་དུ་གསོལ་ལོ། །གང་བར་མཛད་དུ་གསོལ་ལོ། །ཆེར་འཕེལ་བར་མཛད་དུ་གསོལ་ལོ། །རྒྱས་པར་མཛད་དུ་གསོལ་ལོ། །སྐུ་རྡོ་རྗེ་གཉིས་སུ་མེད་པའི་དངོས་གྲུབ་ཆེན་པོ་འགྲུབ་པར་མཛད་དུ་གསོལ་ལོ། །ཨཱོཾ་གྷ་ཛྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ། ཞེས་བརྗོད་ནས་མགྲིན་པར་ཚིག་དེ་རྣམས་བརྗོད་ཅིང་ཁྱད་པར་དུ་གསུང་རྡོ་རྗེ་དང་གཉིས་སུ་མེད་པའི་དངོས་གྲུབ་ཆེན་པོ་འགྲུབ་པར་མཛད་དུ་གསོལ་ལོ། །ཨཱོཾ་གྷ་ཛྷ་ཀཱ་ཡ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཞེས་པ་དང་སྙིང་གར་ཚིག་སྔ་མ་བཞིན་བརྗོད་ཅིང་། ཁྱད་པར་དུ་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པའི་དངོས་གྲུབ་ཆེན་པོ་འགྲུབ་པར་མཛད་དུ་གསོལ་ལོ། །ཨཱོཾ་གྷ་ཛྷ་དྷརྨ་ཀཱ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ནས་སྤྱི་བོའམ། སྙིང་གའམ། མཆན་ཁུང་གང་རུང་དུ་གདགས་སོ། །རྗེས་ནི་ཚོགས་ཀྱི་དགའ་བ་རྒྱ་ཆེན་པོ་བྱའོ། །དེ་ནས་ཀློག་པ་ནི། དུས་མ་ཡིན་པའི་སྒྲ་དང་། སད་དང་། སེར་བ་དང་། འབྲུག་དང་། ས་གཡོོ་བ་དང་། འཇའ་འོད་དང་། ཉི་ཟླ་གཟས་ཟིན་པ་དང་། མུ་གེ་དང་། ནད་ལ་སོགས་པའི་མཚན་མ་བྱུང་དུས། སྟེང་དང་། འོག་དང་། ཕྱོགས་བཞི་གང་དུ་བྱུང་བ་བརྟགས་ལ། སྟེང་འོག་ཏུ་བྱུང་ན། རང་ཉིད་ཀུན་བཟང་ཡབ་ཡུམ་དུ་བསྒོམས་པའི་ལྕེ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པར་བསམ། ཉི་ཟླ་གཟས་ཟིན་པ་དེ་ཉིད་ལ་སོགས་པའི་རྟགས་མཚན་ཡང་ཀུན་བཟང་ཡབ་ཡུམ་དུ་བསམས་ཏེ། རྒྱུད་དྲུག་འདས་རྗེས་དང་བཅས་པ་ཚར་གསུམ་མམ་ལྔའམ་བདུན་ནམ། བརྒྱ་སྟོང་ཅི་འགྲུབ་བཟླས་པའི་འོད་ཟེར་གྱིས། གནོད་པའི་མཚན་མ་ཐམས་ཅད་ཞི་ཞིང་། འཇིག་རྟེན་ཐམས་ཅད་བདེ་ལེགས་ཕུན་སུམ་ཚོགས་པར་བསམ་མོ། །རྗེས་ལ་སྣང་སྲིད་རིགས་ལྔའི་ཞིང་དུ་བསམ་སྟེ་བསྔོ་བ་བྱའོ། །དེ་བཞིན་དུ་ཤར་དང་ཤར་ལྷོར་བྱུང་ན། བདག་དང་མཚན་རྟགས་
དེ་ཉིད། མི་བསྐྱོད་པ་ཡབ་ཡུམ་དུ་བསམ་པའི་རང་གི་ལྕེ་རྡོ་རྗེར་བསམས་ལ། ཞིང་ཁམས་མངོན་དགར་མོས་པ་བྱའོ། །ལྷོ་དང་ལྷོ་ནུབ་ལ་རང་དང་མཚན་རྟགས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དུ་བསམས་པའི་ལྕེ་རིན་པོ་ཆེར་བསམས་ལ། ཞིང་ཁམས་དཔལ་དང་ལྡན་པར་མོས་པ་བྱའོ། །ནུབ་དང་ནུབ་བྱང་ལ་འོད་དཔག་མེད་ཡབ་ཡུམ་གྱི་ལྕེ་པདྨ་དམར་པོ་འདབ་མ་བརྒྱད་པ། ཞིང་ཁམས་བདེ་བ་ཅན་ནོ། །བྱང་དང་བྱང་ཤར་ལ་དོན་ཡོད་གྲུབ་ཡབ་ཡུམ་གྱི་ལྕེ་རལ་གྲིར་བསམས་ལ། ཡུལ་དེ་ལས་རབ་གྲུབ་པའི་འཇིག་རྟེན་དུ་བསམས་ལ་བརྗོད་དོ། །དེའང་མཚན་མ་གང་བྱུང་གི་ཕྱོགས་དེར་ཁ་བལྟས་ལ་ཀློག་པར་བྱའོ། དེའང་མཚན་མ་དེ་དག་འགྲོ་བ་གང་གིས་མཐོང་བ་དང་། ཐོས་པ་དང་། རེག་པ་ཐམས་ཅད་སྤྲུལ་པའི་སྐུར་སངས་རྒྱའོ། །དེ་ནས་སྐལ་ལྡན་དེའམ། གཞན་ཡང་རུང་སྡེ་འདས་པའི་ཚེ་སྙིང་གར་བཏགས་ནས་བསྲེགས་པས་བར་དོར་སངས་རྒྱའོ། །དེ་ཡང་སྐུ་ཐོབ་པའི་རྟགས་སུ་སྤུར་ཁང་གི་དབུས་སུ་འཇའ་འཁྱིལ་བའམ། དུད་པ་སྔོན་པོ་གྱེན་ལ་འགྲེང་བའམ། གཡས་སུ་འཁྱིལ་བ་དང་། མེའི་འོད་དཀར་གསལ་འཁོར་ལོ་ལ་སོགས་པ་ཕྱག་མཚན་གྱི་རྣམས་པ་འབྱུང་ངོ་། །གདུང་ཤ་རཱི་རམ་སེར་པོ་དང་། ཆུ་རཱི་རམ་དཀར་པོ་དང་། བ་རཱི་རམ་དམར་པོ་དང་། ཉ་རཱི་རམ་ལྗང་གུ་དང་། པཉྩ་མ་མཐིང་ག་ལ་ཁ་དོག་ལྔ་ལྡན་ཏེ་རིགས་ལྔའི་གདུང་དང་། སྐུ་འབྱུང་ངོ་། །གསུང་གི་རྟགས་སུ་འོད་ཁྱིམ་གྱེན་འགྲེང་དང་། སྒྲ་འུར་བ་དང་། ཐུག་པ་དང་ས་གཡོ་བའོ། །ཐུགས་ཀྱི་རྟགས་སུ་ནམ་མཁའ་སྤྲིན་མེད་ཅིང་དྭངས་ལ་གསལ་བ་དང་། འཇའ་ཚོན་ཁ་དོག་སྣ་ལྔའི་སྣང་བ་དཔག་ཏུ་མེད་པ་འབྱུང་ངོ་། །གཞན་ཡང་ཡི་གེ་དང་། སྐུ་དང་། རིང་བསྲེལ་དུ་མ་འབྱུང་ངོ་། །ཕན་ཡོན་ནི་བཏགས་གྲོལ་སྙིང་པོའི་རྒྱུད་ལས། ཨེ་མ་འདི་ནི་ཁྱད་པར་འཕགས། །དབང་པོ་རྣམ་ལྔ་འོན་གྱུར་ཅིང་། །རྒན་གཞོན་ཕོ་མོ་དགེ་སྡིག་མེད། །བག་ཆགས་བཟང་ངན་མེད་པ་རུ། །འདི་ཉིད་བཅངས་པས་འཚང་རྒྱའོ། །ཐ་མ་དབུགས་ལ་སླེབས་ཀྱང་
གྲོལ། །སངས་རྒྱས་གདུང་འཛིན་སྲས་གཅིག་ཡིན། །ཞེས་པ་དང་། རྡོ་རྗེ་འཆང་གི་དུས་གནད་ངེས་པ་ལས། འདི་ཉིད་བཅངས་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་དུ་འགྱུར་པ་ལས། །ཐེ་ཚོམ་བྱ་བར་ཅི་ཞིག་དགོས། །གལ་ཏེ་བྱོལ་སོང་མགུལ་དུ་འདི། །བཏགས་པ་ཙམ་གྱིས་དེ་གྲོལ་ནས། །འགྲོ་བ་མི་རྣམས་སྨོས་ཅི་དགོས། །ཨེ་མ་རང་བྱུང་ཡི་གེ་འདིས། །སེམས་ཅན་རྣམས་ཀྱི་དོན་བྱེད་ན། །ཚེ་འདས་དེ་ཡི་སྤྱི་བོའམ། །མགུལ་དུ་འདི་བཏགས་བསྲེག་ན་ནི། །འདི་ཉིད་གྲོལ་བར་སྨོས་ཅི་འཚལ། །མཚམས་མེད་ལྔ་པོ་སྤྱད་པ་ཡང་། །ཉན་ཐོས་རྣམས་དང་སྐལ་བ་མཉམ། །ལུང་དུ་མ་བསྟན་སྐྱེ་བོ་རྣམས། །བྱང་ཆུབ་བསམས་དཔའི་ས་དང་མཉམ། །ཡིད་དཔྱོད་འཛིན་པའི་གྲུབ་མཐའ་ཡང་། །རྡོ་རྗེ་འཆང་དང་མཉམ་པར་ངེས། །འདི་ཉིད་བཅངས་པའི་སྐྱེས་བུ་དེ། །གང་ན་འདུག་པའི་ཡུལ་ཕྱོགས་ཙམ། །ངན་སོང་དག་ནས་གྲོལ་བར་འགྱུར། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །རིག་པ་དངོས་ཀྱི་རྟགས་ཡོད་པའི། །སྐལ་ལྡན་དེ་ལ་བསྲེག་མི་དགོས། །འཆི་ཁར་འཕྲད་པས་འགྱུར་བ་ཡིན། །ཞེས་པ་ལ་སོགས་དཔག་ཏུ་མེད་པ་གསུངས་སོ། །ཨེ་མ་ཧོ། །སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ལས། །བཅངས་པ་ཙམ་གྱིས་གྲོལ་བའི་མན་ངག་འདི། །སྐལ་ལྡན་རྣམས་དང་རབ་ཏུ་འཕྲད་ནས་ཀྱང་། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག །ཨོ་རྒྱན་ཐུགས་སྲས་དྲི་མེད་འོད་ཟེར་གྱིས། །ཨོ་རྒྱན་ཟབ་ཆོས་མཁའ་འགྲོ་སྙིང་ཏིག་ལས། །ཨོ་རྒྱན་དགོངས་དོན་ཇི་བཞིན་བཤད་པ་འདི། །ཨོ་རྒྱན་རྫོང་དུ་ཕྱི་རབས་དོན་དུ་བཀོད། །བཏགས་གྲོལ་མན་ངག་རིན་ཆེན་སྙིང་པོ་ཞེས་བྱ་བ། པདྨ་ལས་འབྲེལ་རྩལ་གྱིས་བཀོད་པ་རྫོགས་སོ།། །།དགེའོ། །
སྲེག་སྦྱོང་འོད་ཀྱི་སྙེ་མ།
ཤོག་སྐྱའི་སྐོར། སྲེག་སྦྱོང་འོད་ཀྱི་སྙེ་མ་བཞུགས་སོ། །
སྲེག་སྦྱོང་འོད་ཀྱི་སྙེ་མ་ཞེས་བྱ་བ། དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་མེ་འོད་ཡེ་ཤེས་འོད་འཕྲོ་བས། །འགྲོ་ཀུན་སྒྲིབ་པའི་བུད་ཤིང་སྲེག་མཛད་པ། །བདེ་གཤེགས་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །རྩ་བའི་རྒྱུད་སྡེ་རྫོགས་པ་རང་བྱུང་ལས། །ཚེ་འདས་ཕུང་པོ་བསྲེག་སྟེ་སྒྲིབ་སྦྱོང་དོན། །མ་ནོར་ཇི་བཞིན་གསལ་བའི་རིམ་པ་ཡིས། །པདྨ་ལས་འབྲེལ་རྩལ་གྱིས་ལེགས་པར་བསྟན། །དེ་བཞིན་གཤེགས་པ་རིགས་ལྔའི་དཀྱིལ་འཁོར་དུ། །རོ་བསྲེགས་ཏེ་སྡིག་པ་སྦྱང་བ་ལ། སྔོན་འགྲོ་སྟ་གོན་དུ་བྱ་བ། དངོས་གཞི་ཇི་ལྟར་སྦྱང་བ། རྗེས་རུས་བུ་བསྡུ་བ་གསུམ་ལས། དང་པོ་ལ་ཐབ་རྩིག་པ། རོ་ཆས་འཇུག་པ། མཆོད་རྫས་བཤམ་པ་དང་གསུམ་ལས། དང་པོ་ནི། སའི་སྟེགས་འདོམ་དོ་ལ་སོགས་པ་ཇི་ལྟར་འོས་པ་བྱས་ལ། ཐེག་ཆེན་བཞི་བཏབ་པའི་དབུས་སུ། མེ་ཁང་གྲུ་བཞི་པ། རོ་དེ་ཉིད་ཀྱི་ཁྲུ་སྐོར་གྱིས་རྨང་བ ཏིང་པའི་ནང་དུ་ཟླུམ་སྐོར་གསུམ་བྲིས་པའི་ནང་མ་ལ་རིགས་ལྔ་ཡབ་ཡུམ་གྱི་མཚན་མ་པད་འདབ་བཞིའི་དབུས་སུ་འཁོར་ལོ། ཕྱོགས་བཞིར་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་རྣམས་བྲིས། གཉིས་པ་ལ་སེམས་དཔའ་སེམས་མ་ཡབ་ཡུམ་བརྒྱད་ཀྱི། ཐིག་ལེ་གཉིས་བརྩེགས་པ་ཁ་དོག་དང་མཐུན་པ་བརྒྱད་བྱ། གསུམ་པ་ལ་སྒོ་བ་ཡབ་ཡུམ་གྱི་མཚན་མ་དགོད། ཟུར་བཞིར་ཟླ་ཕྱེད་རྡོ་རྗེ་རེ་བྲི། ནང་མའི་མུ་ཁྱུད་བཞི་མཐིང་ག །བར་པ་དམར། ཕྱི་མ་དཀར་པོས་བཀང་། ཡེ་ཤེས་ཀྱི་མུ་ཁྱུད་ལྔ་ལྡན་ཕྱི་མ་ལ་བསྐོར། དེ་ཉིད་རས་ལ་སོགས་པས་བཀབ་ནས། སྔར་གྱི་འཕྲོ་གྱེན་ལ་རྩེ་ཁྲུ་གང་དང་མཛུབ་གང་རྩིགས་ལ། ཤིང་ཤུག་པ་བརླ་བས་མི་ཕྲ་བ། རྩེ་ཁྲུར་རེ་ཐབ་ཀྱི་ནང་དུ་བསླང་ལ་དྲང་པོར་
གཤིབས་དེ་ཁེངས་པར་དགང་། ཕྱོགས་བཞིའི་གསེང་ཕུག་ས་ཐང་མཚམས་ལ་གྱེན་དུ་མཁྱིད་རེ་ཡོད་པའི་ཕྱོགས་སུ། ཤིང་གི་ཁོང་སེང་། དཔལ་འབར་འཛུགས་ཡོད་པ་རེ་བྱ། མདུན་གྱི་བུག་པ་དེ་ཤིང་བཅུག་པས་ཤོང་བར་བྱས་ལ་སོ་ཕག་ལ་སོགས་པས་ཕྱི་ནས་གཅད། རྩེ་ཁྲུ་གང་གི་གོང་ན་མཛུབ་གང་ཡོད་ས་བུག་པ་ཅིག་བྱས། ཡམ་ཤིང་ཕྲ་མོས་ཟང་ཟིང་དུ་དགང་། དེའི་སྟེང་ནས་རོ་ཁང་ཁྲུ་གང་པ་ཟླུམ་པོའམ་གྲུ་བཞི་པར་བརྩིག་གོ །གཉིས་པ་ནི་རོའི་དྲུང་དུ་མཆོད་པ་བཤམས་ལ། བདག་ཉིད་ཀུན་བཟང་ཡབ་ཡུམ་དུ་བསྐྱེད་ལ། མཆོད་བསྟོད་བྱས་ནས་བུམ་པར་བཟླས་པ་བྱ། རོ་ལ་བསང་ཆུ་གཏོར་ནས། མེ་ཏོག་ཕོག་པའི་ལྷར་བསྐྱེད་ཏེ། རྣམ་ཤེས་བཀུག་ལ་བགེགས་བསྐྲད་སྡིག་པ་སྦྱང་། གཟུངས་སྔགས་ཀྱི་བུམ་ཆུས་བཀྲུ་ཞིང་། ཕར་ཕྱིན་དྲུག་དང་ཆུ་བོ་བཞི་ལ་སོགས་པའི་ཚིག་བཅད་བརྗོད་ནས། ཨཱོཾ་སརྦ་བིད་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ་གིས། རྡོ་རྗེ་ཁུ་ཚུར་དང་བཅས་པས་བྱིན་གྱིས་བརླབས་ལ། རིགས་ལྔའི་རྩ་སྔགས་ཚན་པ་གསུམ་བྲིས་པའི་གཅིག་སྤྱི་བོ། གཅིག་མགྲིན་པ་གཅིག་སྙིང་ཁར་བཏགས་ལ་མཆོད་བསྟོད་བྱའོ། །སྐབས་འདིར་དབང་བསྐུར་ནས་ལམ་བསྟན་ལམ་སྦྱོང་བྱས་ནའང་ཤིན་ཏུ་ལེགས་ཤིང་། མ་བྱས་ཀྱང་འགལ་བ་མེད་དོ། །དེ་ནས་རོ་ཁང་དུ་བཅུག་སྟེ། རོལ་མོའི་སྒྲས་བགེགས་བསྐྲད་ལ། ཤིང་སྒྲོམ་མམ་དུར་ཁང་རྒྱ་ཕིབས་མ་བྱེད་ན་སྟེང་ནས་བཀབ། མེད་ན་བྲེའི་གཟུགས་གྲུ་བཞི་པ། ཅུང་ཟད་ཡངས་པ་གཅིག་གམ། དང་མའི་ཞབས་མཐོ་གང་ཕུག་པ་བཀབ། ཕྱི་ནས་དུ་བ་མི་འཆོར་བར་དྲེས་མས་བཅིངས་ལ་ཞལ་བ་བྱའོ། །གསུམ་པ་ནི་མཆོད་པ་མདུན། སྲེག་རྫས་གཡས། གཏོར་མ་གཡོན་དུ་བཤམ་མོ། །དེའང་མཆོད་པ་ནི། མཆོད་ཡོན་ལ་སོགས་པ་ཕྱི་ནང་གི་མཆོད་
པ་རྣམས་སོ། །སྲེག་རྫས་ནི་ཡམ་ཤིང་སོར་བཅུ་གཉིས་པ་མང་པོ་དང་། མར་དང་། ཏིལ་དང་། ཡུངས་ཀར་དང་། ཞོ་ཟན་དང་འབྲས་ལ་སོགས་པ་འབྲུ་སྣ་ཚོགས་དང་། རའི་འོ་མའོ། །དེ་རྣམས་ཀྱི་ཡམ་ཤིང་དང་མར་མ་གཏོགས་པ་སྣོད་གཅིག་ཏུ་བསྲེས་པའམ། སོ་སོར་བྱའོ། གཏོར་མ་ནི་འཇིག་རྟེན་ལས་འདས་པའི་གཅིག །མཁའ་འགྲོའི་གཅིག །ཆོས་སྐྱོང་གི་གཅིག །མེ་ལྷ། བཞི་བདག །རིགས་དྲུག །བགེགས་གཏོར་དང་བདུན་ནོ། །གཉིས་པ་དངོས་གཞི་ལ། བདག་བསྐྱེད་པ། མདུན་བསྐྱེད་པ། མཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། སྲུངས་འཁོར་སྔོན་དུ་འགྲོ་བས་ཀུན་བཟང་དུ་བསྐྱེད་ལ། ཡེ་ཤེས་པ་བཅུག །དབང་བསྐུར་མཆོད་པ་དང་བསྟོད་པ་རྒྱས་པར་བྱའོ། །གཉིས་པ་ནི། གང་ཟག་མཆོག་ལ་ཛྭ་ལའི་སྔགས་ཙམ་གྱིས་མེ་སྦར། ཕལ་པ་ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། །ཡུལ་རྣམས་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་གི་མེ་སྦར་རོ། །ཉོན་མོངས་ལྔ་ཡི་བུད་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བ་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་གཉིས་འགྲུབ་པར་ཤོག །ཨཱོཾ་བཛྭ་ཛྭ་ལ་རཾ་ཛྭ་ལ་རཾ། ཞེས་པས་མདུན་ངོས་ཀྱི་གསེང་ནས་མེ་སྦར་ལ། བསང་ཆུ་གཏོར་ནས་ཐབ་དང་མཆོད་གཏོར་སྲེག་རྫས་དང་བཅས་པ་བསངས་ནས། སྭ་བྷ་ཝས་སྟོང་པར་སྦྱངས་ལ། སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། ཨཱོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ་྅་ཧཾ། སྟོང་པའི་ངང་ལས། རིན་པོ་ཆེའི་ཐབས་ཡངས་ཤིང་
རྒྱ་ཆེ་བ། སྒོ་བཞི་གྲུ་བཞི་རྟ་བབས་བཞི་དང་ལྡན་པའི་དབུས་སུ་ར་སྐྱེས་ཀྱི་སྟེང་ན་རཾ་ལས་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་དང་པོ་པདྨ། གཉིས་པ་ནོར་བུའི་ཕྲེང་བ། གཡོན་དང་པོ་དབྱུག་པ། གཉིས་པ་རིལ་བ་སྤྱི་བླུགས་འཛིན་པའོ། །དེ་ནས་དབྱུག་གུའི་ཕྱག་རྒྱས་རྡོ་རྗེ་དྲིལ་བུ་དང་དབྱངས་ཀྱིས། ཨཱོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨཱོཾ་ཨགྣེ་ཡེ་མ་ཧཱ་ཏེ་ཛ་ཨེ་ཧྱ་ཧི་ས་མ་ཡེ་ཛཿཛཿ། ཞེས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་ལ་ཛཿཧཱུཾ་བཾ་ཧོཿས་ཐབ་ཀྱི་དམ་ཚིག་པ་བསྐྱེད་པ་ལ་བསྟིམས་ནས། ཨཱོཾ་ཨགྣེ་ཡེ་པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་ཕུལ་ནས་ཀུ་ཤ་ཐོབས་ཏེ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པའི་ལྷ་ཡང་དག་པ་སྟེ། །དཀོན་མཆོག་གསུམ་གྱིས་དག་བྱེད་ཡིན། །དེ་ཡིས་བདག་ཅག་འཁོར་བཅས་ལ། །བགེགས་རྣམས་མེད་ཅིང་ཞི་བར་མཛོད། །ཅེས་པས་རྩེ་མ་ཉམས་པར་དགྲམ་མོ། །དེ་ནས། ཨཱོཾ་ཨགྣེ་ཡེ་སྭཱཧཱས་མར་བླུགས་གཟར་བདུན་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ་གསུམ་དབུལ་ཞིང་། ཨཱོཾ་ཨགྣེ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་མཧཱ་ཤྲཱྀ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཆེ་གེ་མོའི་སྡོག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱས་བྱོན་ཟན་ཕུལ་ནས། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོཾ་ཨགྣེ་ཡེ་མ་ཧཱ་ཏེ་ཛ་ཨརྒྷཾ་པྲ་ཏཱིཙྪ་
པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པ་ནས་རོལ་མོའི་བར་ཕུལ་ལ། སྲེག་རྫས་རྣམས་ཀྱི་མར་དང་ཡམ་ཤིང་སོ་སོར་འབུལ། གཞན་མ་རྣམས་བསྲེས་ལ། ཨཱོཾ་ཨགྣེ་ཡེ་ཆེ་གེ་མོའི་སྡིག་པ། སརྦ་པཱ་པཾ་ཤནྟིང་ཀུ་རུ་ཡེ་སྭཱཧཱ། ཞེས་པས་ཉི་ཤུ་རྩ་གཅིག་རེ་གྲངས་བྱས་ལ་དབུལ། དེའང་རྒྱས་པར་བྱེད་ན་སྲེག་རྫས་རྣམས་སོ་སོར་དབུལ་ཏེ། ཨཱོཾ་བྷོ་དྷི་པྲྀཀྵ་ཡེ་སྭཱཧཱས་ཡམ་ཤིང་དང་། ཨགྣེ་ཡེས་མར། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱས་ཏིལ། ཨཱོཾ་བཛྲ་སིད་དྷ་ཡེ་སྭཱ་ཧཱ ས་ཉུང་དཀར། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱས་ཞོ་ཟན་དང་། འབྲས་ལ་སོགས་པ་སོ་སོར་འབུལ་ལོ། །འོག་མ་རྣམས་ལའང་ཚུལ་འདིས་ཤེས་པར་བྱའོ། །དེ་ནས་མཆོད་པས་མཆོད་ལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བས། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་པོའི་སྲས། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་སྒྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་འཇིག་རྟེན་པའི་མེ་ལྷ་མཆོད་ཅིང་བསྟོད་ནས། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་ཅིང་བསྟོད་པ་ནི། ལྷ་རྣམས་སྤྱན་དྲངས་ལ་གང་ཟག་མཆོག་ལ་རོ་དང་ལྷ་རྣམས་དབྱེར་མེད་ལ་མཆོད་
བསྟོད་བྱ་ཞིང་། ཕལ་པ་ལ་ལྷ་བསྐྱེད་པ་ལ་སྲེག་རྫས་དང་། རོའི་ཤ་ཁྲག་རུས་པ་རྣམས་བདུད་རྩིར་བསམས་ལ་འབུལ་ལོ། །དེའང་རྒྱས་པ་ལ་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་བསྟིམ་ལ། བསྡུས་པ་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ། མེ་ལྷའི་ལྟོ་བར་བཞུགས་པར་བསམས་ལ་མཆོད་པའོ། །དེ་ཡང་ཐོག་མར་མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བར་ཁྲོ་བོ་རྟ་མགྲིན་ཡབ་ཡུམ་དུ་བསྐྱེད་ལ། ཧཱུཾ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོད་དགྲ་འདུལ་བའི། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ས་མ་ཡ་ཛཿས་སྤྱན་དྲངས་པ་བསྟིམ་ལ། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ། ཨརྒྷཾ། པ་ཏྱཾ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་ཏེ། ཤབྷ་ཨཱ་ཧཱུཾ་གིས་མཆོད་ནས། དབང་ཆེན་བསྐལ་བའི་མེ་ལྟར་གཟི་བརྗིད་འབར། །འཇིགས་བྱེད་ཆེན་པོ་རལ་པ་གྱེན་དུ་བརྫེས། ཁྲོ་བོའི་རྒྱན་རྣམས་མ་ལུས་རབ་རྫོགས་པའི། ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །ཅེས་པའི་རྗེས་ལ་སྔགས་དེ་ཉིད་ལ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤནྟིང་ཀུ་རུ་ཡེ་སྭཱཧཱ། བཏགས་ལ། སྲེག་རྫས་རིམ་པས་བརྒྱ་རྩ་བརྒྱད་ལ་སོགས་པ་ཕུལ་བའི་རྗེས་ལ། ཧཱུཾ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཛོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པས། །བླ་མེད་དཀོན་མཆོག་གསུམ་པོ་གནས་འདིར་གཤེགས། །ཨཱོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། བྷུ་དྷཱ་དྷརྨཱ་སཾ་གྷ་ས་མ་ཡ་ཛཿས་སྤྱན་དྲངས་ལ། རྒྱལ་བ་སྲས་
དང་བཅས་པ་ཁྲོ་བོའི་མདུན་དུ་བཞུགས་པ་ལ་མཆོད་པས་མཆོད་ནས། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་པས་བསྟོད་ནས། ན་མོ་རཏྣ་ཏྲ་ཡཱ་ཡ་བུདྡྷ་དྷརྨཱ་སཾ་གྷ་བྷྱོ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། བརྒྱ་རྩ་བརྒྱད་ལ་སོགས་པ་ཕུལ་ནས། སླར་ཡང་མཆོད་ཅིང་བསྟོད་ནས། ཁྲོ་བོའི་ལྟོ་བར་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་ལ། སྤྱན་དྲངས་ཏེ་བསྟི མ་ནས། མཆོད་བསྟོད་རྒྱས་པར་བྱས་ལ། རྣམ་སྣང་གི་རྩ་སྔགས་མིང་སྤེལ་དང་བཅས་པ་སྟོང་ངམ་འབུམ། གཞན་རྣམས་རང་རང་གི་སྔགས་རྣམས་ཀྱིས་བརྒྱ་རྩ་བརྒྱད་ལ་སོགས་པ་ཕུལ་ལ། མཆོད་པ་དང་བསྟོད་པ་ཡང་རྒྱས་པར་བྱས་ཏེ། སླར་ཡང་ཁྲོ་བོ་རྟ་མགྲིན་ལ། སྔར་གྱི་ཚུལ་དེ་ཉིད་ཀྱིས་བརྒྱ་སྟོང་གྲངས་མེད་པ་ཕུལ་ལ། མཆོད་བསྟོད་བྱས་ཏེ་བགེགས་ཞི་བར་གསོལ་བ་བཏབ་ནས། འཇིག་རྟེན་ལས་འདས་པའི་ལྷ་རྣམས་ལ་གཏང་རག་གི་མཆོད་ཅིང་བསྟོད་ནས། །བཟོད་པར་གསོལ་ཏེ། །ཨཱོཾ་བཛྲ་མུཿས་སྤྱན་དྲངས་པ་རིམ་པ་བཞིན་གཤེགས་ནས། དམ་ཚིག་པ་བསྡུ་ལ་ཡང་མེ་ལྷའི་ལྟོ་བར་མཁའ་འགྲོ་ཆོས་སྐྱོང་ཡུལ་ལྷ་གཞི་བདག་ལ་སོགས་པ་རིམ་པར་སྤྱན་དྲངས་ཏེ། རང་རང་གི་སྔགས་སམ། ཨཱོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུད་པན་ན་ཏྭ་ཏ་ཨཱོཾ་ཨཱཿཧཱུཾ་ཕཊ། ཅེས་སྲེག་རྫས་ཕུལ་ལ་གཏོར་མ་ཡང་ཕུལ་ཏེ། ཕྲིན་ལས་བཅོལ་ནས་གཤེགས་སུ་
གསོལ་ལ། སླར་ཡང་མེ་ལྷ་གས ལ་བཏབ་ནས། སྲེག་རྫས་ལྷག་མ་ཅི་འབྱོར་བ་བདུན་ལ་སོགས་པ་ཕུལ་ཏེ། མཆོད་པ་དང་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ་ཏེ། བསྟོད་པ་བྱས་ནས། བདག་གི་ཞེས་མེ་ལྷའི་ཕྱག་རྒྱ་བཀྲོལ་ལ། འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་ནས་བསྔོ་བ་བྱས་ཏེ། ཨཱོཾ་ཨཱཿཧཱུཾ་གིས་བདག་ཉིད་བསྲུངས་ནས། གསོན་པོ་དོན་དུ་བཀྲ་ཤིས་བརྗོད་ལ་ཡོན་ཕུལ་དགའ་སྟོན་བྱའོ། །གསུམ་པ་ནི་མེ་རྣམས་ཞི་བའི་ཚེ། བདག་བསྐྱེད་མདོར་བསྡུས་པས་ལག་པ་གཉིས་དཔུང་པར་བསྣོལ་ཏེ་སེ་གོལ་གཏོགས་ཤིང་། ཨཱོཾ་བཛྲ་ས་མ་ཡེ་ཛཿཧཱུཾ་བཾ་ཧོཿས་རུས་བུ་བསྡུས་ལ། བུམ་ཆུས་བཀྲུ་ཞིང་སྡིག་སྒྲིབ་དག་པར་བསམ་ལ། རིགས་ལྔའི་རྩ་སྔགས་སྤེལ་ཚིག་དང་བཅས་པ་བརྗོད་ནས། མ ཆོད་དེ་གཤེགས་སུ་གསོལ་ལོ། དེ་ལྟར་ཚེ་འདས་སྒྲིབ་པ་སྦྱོང་བའི་ཐབས། །ཇི་ལྟར་རྒྱུད་ལས་གསུངས་བཞིན་སྦྱར་བ་ཡིས། །དགེ་བ་དྲི་མེད་སྟོན་ཀའི་ཟླ་འདྲ་དེས། །འགྲོ་ཀུན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །ཚུལ་འདི་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །ཨོ་རྒྱན་རྫོང་ཞེས་བྱ་བའི་གནས་མཆོག་ཏུ། །རིན་ཆེན་ཤོག་སྐྱའི་ངོས་ལ་ལེགས་པར་བཀོད། །སྲེག་སྦྱོང་འོད་ཀྱི་སྙེ་མ་ཞེས་བྱ་བ། །པདྨ་ལས་འབྲེལ་རྩལ་གྱིས་སྟོན་གསུམ་གངས་རི་ཐོད་དཀར་དུ་སྦྱར་བ་རྫོགས་སོ།། །།བྷ་ཝནྟུ།
གཞན་ཕན་འོད་ཀྱི་འཁོར་ལོ།
གཞན་ཕན་འོད་ཀྱི་འཁོར་ལོ་ཞེས་བྱ་བ། སྟོན་པ་ཕུན་སུམ་ཚོགས་པ་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །ཤེས་བྱའི་མཁའ་ལ་མཁྱེན་རབ་སྤྲིན་ཚོགས་མཛད་པའི་ཀློག་གི་ཕྲེང་བ་ཅན། །ཐུགས་རྗེའི་འབྲུག་སྒྲ་ཕྱོགས་ཀྱི་མཐར་ཁྱབ་ཕན་བདེའི་ཆར་རྒྱུན་ལེགས་འབེབས་པ། །འགྲོ་བའི་བླ་མ་དཀོན་མཆོག་གསུམ་དེ་སྐྱེ་དགུའི་མཁའ་ལ་མཛེས་པ་ཡི། །བདག་གཞན་གཙུག་གི་ནོར་བུས་ཞབས་མཆོད་ཡུན་རིང་བཀྲ་ཤིས་བྱེད་པར་ཤོག །གང་འདིར་བདག་བློའི་ཡིད་ཀྱི་པདྨ་ལ། །བྱིན་རླབས་ཉིན་བྱེད་ཟེར་གྱིས་ཕོག་པ་ཡིས། །འགྲོ་བའི་དོན་གཉིས་སྒྲུབ་ལ་འདབ་སྟོང་རྒྱས། །དེ་སླད་གཞན་ཕན་འོད་ཀྱི་འཁོར་ལོར་བཤད། །དེའང་འདིར་སྙིང་པོའི་རྒྱུད་རྫོགས་པ་རང་བྱུང་གི་རྗེས་སུ་འབྲངས་ནས་ཚེ་འདས་རྗེས་སུ་གཟུང་བའི་ཆོ་ག་བརྗོད་པར་བྱའོ། །འདི་ལ་ནུབ་དང་པོ་བྱ་བའི་རིམ་པ་དང་། ལྷག་མ་རྣམས་སུ་བྱ་བའི་རིམ་པ་གཉིས་ལས། དང་པོ་ལ་སའི་ཆོ་ག་དང་། སྔོན་འགྲོ་ལེགས་པར་བཤམ་པ་དང་། མེ་ཏོག་ཚོམ་བུའི་དཀྱིལ་འཁོར་དངོས་ཇི་ལྟར་མཆོད་པ་གསུམ་ལས། དང་པོ་ནི་སའི་ཆོ་ག་བསང་སྦྱངས་དགོས་པའི་ཕྱོགས་སུ། མཎྜལ་ཟླུམ་པོ་ཁྲུ་གང་པ་བ་བྱུང་དང་། དྲིས་བྱུག་པའི་དབུས་སུ། ཨཱོཾ་པྲི་ཐ་ིདྷེ་ཝཱིས་དྲིའི་ཐིག་ལེ་དང་། མེ་ཏོག་གི་ཚོམ་བུ་བཀོད་ལ། དེའི་དྲུང་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་གཏོར་མ་གསུམ་བཤམས་ལ། རང་ཉིད་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། སྐད་ཅིག་གིས་ཀུན་བཟང་ཡབ་ཡུམ་དུ་བསྒོམས་ཏེ། ཨ་མྲྀ་ཏས་བསང་ཞིང་། སྭབྷཱ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་ཚོམ་བུ་ཉིད། པད་ཟླའི་སྟེང་དུ་པཾ་ལས་སའི་ལྷ་མོ་སེར་མོ་བུམ་པ་འཛིན་པར་བསྐྱེད་ནས། ལྷ་མོ་ཆེན་མོ་ས་བདག་འཇིག་རྟེན་ཡུམ། །རིན་ཆེན་རྫོགས་དབང་མཆོག་གི་རྒྱན་གྱིས་བརྒྱན། །དོ་ཤལ་རྐང་གདུབ་སྒྲ་སྒྲོགས་སེམས་དཔས་མཆོད། །མཆོད་ཡོན་འདི་བཞེས་འདི་རུ་བྱིན་རློབ་མཛོད།
ཨཱོཾ་པྲྀ་ཐི་དེ་ཝཱི་ས་མ་ཡ་ཛཿཛཿ ཞེས་པས་ས་བོན་ལས་འོད་འཕྲོས། སའི་འོག་ནས་ལྷ་མ་ོས་བདག་ཀླུ་གཉན་གྱིས་བསྐོར་བ་སྤྱན་དྲངས་ལ་ཛཿཧཱུཾ་བཾ་ཧོཿས་བསྟིམ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས། དྲི་མེད་ཡིད་འོང་བདུད་རྩི་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ལྷ་མོ་ལ་ནི་བདག་འབུལ་གྱིས། །ས་འདི་བདག་ལ་གནང་དུ་གསོལ། །ཨཱོཾ་པྲི་ཐ་ིདྷེ་ཝཱི་ཨརྒྷཾ་པྲ་ཏི་ཙ་ཡེ་སྭཱཧཱ། ཚིག་དེས་མཆོད་པ་ལྷག་མ་རྣམས་ཀྱང་མཆོད་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །བདག་རྡོ་རྗེ་འཛིན་པ་ཆེ་གེ་མོ་ཞེས་བྱ་བས། ཆེ་གེ་མོའི་དོན་དུ་ས་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེང་གིས། ལྷ་མོ་ཁྱོད་ཀྱིས་སའི་ཕྱོགས་འདི་བདག་ལ་གནང་བར་མཛོད་ཅིག །ཅེས་བརྗོད་པས་དེས་ཀྱང་རིག་པ་འཛིན་པ་ཁྱོད་ཀྱིས་ཅི་དགའ་བར་བྱོས་ཤིག །ཅེས་གསུངས་བར་བསམས་ལ། གཏོར་མ་དང་པོ་དེ་ལྷ་མོ་འཁོར་བཅས་ལ་འབུལ། གཉིས་པ་དེ་དཀར་པོའི་ཕྱོགས་ལ་བྱིན་ནས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་སློང་བར་བགྱི། །དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་ཕྱིན་པའི་གྲོགས་མཛད་དུ་གསོལ། ཅེས་བརྗོད། གསུམ་པ་དེ་ནག་པོའི་ཕྱོགས་ལ་བྱིན་ནས། ས་ཕྱོགས་འདིར་ནི་སློབ་དཔོན་བདག །དཀྱིལ་འཁོར་རྒྱལ་པོ་སྒྱུ་འཕྲུལ་ནི། །བཞེང་གིས་
ས་འདིར་གནས་པའི་བགེགས། །འདི་རུ་མ་འདུག་གཞན་དུ་དེངས། །ཨཱོཾ་སུམ་བྷ་ནི་དང་གུ་གུལ་གྱིས་བདུག་ལ། །ཨཱོཾ་བཛྲ་མུཿས་ལྷ་མོ་འཁོར་བཅས་གཤེགས་པར་བསམས་ཏེ། །གྱོོ་མོ་དང་རུས་པ་ལ་སོགས་དོར་ནས། །ས་མཉེན་བཟང་པོ་ལ་སྟེགས་བུ་གྲུ་བཞི་པ་མེ་ལོང་གི་ངོས་ལྟར་འཇམ་ཞིང་སྙོམས་པ། ཤར་དང་བྱང་ཅུང་ཟད་གཞོལ་པའི། སྟེང་དང་ཁོར་ཡུལ་ཏུ་ལག་མཐིལ་གཡས་བསྐོར་ཞིང་། །ཨཱོཾ་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་འོད་ཟེར་བྱུང་བས་མ་དག་པ་སྦྱངས། ཨཱོཾ་བྷུ་ཁང་གིས་ས་ཕྱོགས་ཐམས་ཅད་ནམ་མཁར་གྱུར། ཨཱོཾ་མེ་དེ་ནི་བཛྲ་བྷ་བྷནྡྷ་ཧཱུཾ་ཧཱུཾ་ཕཊ། ཀྱིས་རྡོ་རྗེའི་རང་བཞིན་དུ་གྱུར། ཨཱོཾ་བཛྲ་རཀྵ་རཀྵ་ཕཊ་ཀྱིས་བསྲུང་ཞིང་བརྟན་པར་བྱའོ། །སའི་ཆོ་གའོ། །གཉིས་པ་ནི་སྲད་བུ་དཀྱིལ་འཁོར་ཉིས་འགྱུར་དུ་བྱས་པའི་སྣ་སློབ་དཔོན་གཙོ་བོའི་ང་རྒྱལ་དང་ལྡན་པས་ཤར་དུ་བལྟས་ལ། སློབ་མ་མི་བསྐྱོད་པའི་ང་རྒྱལ་གྱིས་ནུབ་ཏུ་བལྟས་ཏེ། ཛ་ཞེས་བརྗོད་ཅིང་གཏད་ནས་ཚངས་ཐིག་ལ་སོགས་པ་གདབ་ཅིང་། ཆ་ཆེན་བཅུ་དྲུག་རྫོགས་པ་ན། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞིར་བགོ་བྱས་ཏེ། །གསུམ་པ་བཞི་པ་མི་གདབ་བཞག །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་ཆ་བཞིར་བགོ་བྱས་ཏེ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། དེའང་དབང་ཆོག་ལྟར་ཡེ་ཤེས་ཀྱི་ཐིག་གདབ་པའང་བྱས་ན་ལེགས་སོ། །དེ་ནས་ལྷའི་གྲངས་དང་མཉམ་པའི་ཚོམ་བུ་བཀོད་པའི་མཐར་མཆོད་གཏོར་བཤམ་མོ། །གསུམ་པ་ནི་བདག་ཉིད་བསྐྱེད་ཅིང་མཆོད་བསྟོད་བྱས་ཏེ། དཀྱིལ་འཁོར་སྒྲུབ་ཅིང་མཆོད་བསྟོད་བྱས་པའི་རྗེས། ཧོ་
དགོངས་སུ་གསོལ། རྒྱལ་བ་རིགས་ལྔ་ཡབ་ཡུམ་ཁོར་དང་བཅས། །སེམས་དཔའ་སེམས་མ་མ་ལུས་བདག་ལ་དགོངས། །རྒྱལ་བ་སྲས་བཅས་མཆོད་པ་དང་། །ཚེ་འདས་ཁྱོད་ཀྱི་རྗེས་གཞུག་ཕྱིར། །བདག་ནི་ཆེ་གེ་ཞེས་བགྱི་བས། །ནངས་པར་རྒྱལ་བའི་དཀྱིལ་འཁོར་བྲི། ཁྱེད་ཀྱི་ཐུགས་རྗེས་དགོངས་མཛོད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཅེས་མཁྱེན་པར་གསོལ་བས། གཙོ་བོའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་གྱི་དོན་དུ་དཀྱིལ་འཁོར་ཆེན་པོའི་ལས་རྩོམས་ཤིག །གསུངས་པར་བསམ་ནས། གཏོར་མ་བསྔོས། བཟོད་པར་གསོལ། བསྔོ་བ་བྱས། བདག་ཉིད་བསྲུངས་ནས། སང་མེ་ཏོག་ཚོམ་བུའི་ལྷ་རྣམས་ལ། མཆོད་བསྟོད་མདོར་བསྡུས་བྱས་ཏེ། བཛྲ་མུས་ཡེ་ཤེས་པ་དཀྱིལ་འཁོར་གྱི་ནམ་མཁར་བཏེག་ནས་དམ་ཚིག་པ་བསྡུས་ཏེ། ཡི་གེ་བརྒྱ་པ་བརྗོད་ཅིང་ཚོམ་བུ་དང་མཆོད་པ་རྣམས་རེ་ཞིག་དབེན་པར་བསྡུའོ། །གཉིས་པ་ནུབ་ལྷག་མར་བྱ་བའི་རིམ་པ་ལ། དཀྱིལ་འཁོར་བྲི་ཞིང་སྐུ་ལེགས་པར་བཤམ་པ་དང་། ཆོ་ག་དངོས་ཇི་ལྟར་བྱ་བ་གཉིས་ལས། དང་པོ་ནི། ཚོན་རྣམས་དབུས་དང་ཕྱོགས་བཞིར་རིགས་ལྔའི་ཁ་དོག་བཞིན་བཀོད་ལ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿརྣམས་བྲིས་ཏེ། རིགས་ལྔར་བསྐྱེད་ནས་ཡེ་ཤེས་པ་བཅུག །མཆོད་བསྟོད་མདོར་བསྡུས་བྱས་ལ། ལྷ་རྣམས་འོད་དུ་ཞུ་བའི་ཚོན་ཡེ་ཤེས་ལྔར་བསམས་ལ། སློབ་དཔོན་གྱིས་ཤར་ནས་ཚོན་ཐོགས་ཏེ། སངས་རྒྱས་རིགས་ལྔ་ཡི་ཤེས་གཙོ། །ཀུན་གྱི་དོན་རིག་བྱ་བའི་ཕྱིར། །ཡེ་ཤེས་ལྔ་ཡི་ཚོན་དགྱེ་འོ། །ཞེས་པས་རེ་ཁཱ་བྲིིའོ། །དེའི་ཚོན་གྱིས་བྲི་བ་ནི། །
དབུས་སུ་འདབ་བརྒྱད་མུ་ཁྱུད་གསུམ། །དབུས་མཐིང་ཤར་དཀར་ལྷོ་སེར་ཞིང་། །ནུབ་དམར་བྱང་ལྗང་ཤར་ལྷོ་དམར། །ལྷོ་ནུབ་ལྗང་གུ་ནུབ་བྱང་དཀར། །བྱང་ཤར་སེར་པོས་དགང་བར་བྱ། །མུ་ཁྱུད་མཐིང་དམར་དཀར་པོས་བསྐོར། །གྲུ་དང་ལྷ་སྣམ་ཕྱོགས་མདོག་ལ། །ཕྱོགས་མཚམས་ཐིག་ལེ་གཉིས་གཉིས་དགོད། །སྒོ་བཞིར་ཐིག་ལེ་རེ་རེ་བྱ། །རྩིག་པ་ལྔ་ནི་ནང་རིམ་བཞིན། །མཐིང་ག་ལྗང་དམར་སེར་དང་དཀར། །འདོད་ཡོན་དམར་ལ་ཕ་གུ་སེར། །དྲ་ཕྱེད་སྔོ་ལ་མདའ་ཡབ་དམར། །པུ་ཤུ་མཛེས་ཚོན་ཞིང་ཁམས་ལྗང་། །རྟ་བབས་མཛེས་ཚོན་ཆུ་སྲིན་དམར། །རྡོ་རྗེའི་རྭ་ནི་ཕྱོགས་ཀྱི་མདོག །ཉི་ཟླ་དམར་དཀར་དུར་ཁྲོད་བརྒྱད། །ཕྱོགས་མཚམས་པདྨ་སྣ་ཚོགས་མདོག །རྡོ་རྗེ་མཐིང་ལ་མེ་རི་དམར། །ཡང་ན་ཡེ་ཤེས་རྣམ་ལྔའི་མདོག །སྲབ་མཐུག་མེད་ཅིང་སྙོམས་པར་བྲི། །དེ་དག་གི་ཁོར་ཡུག་ཀུན་ཏུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཕྱི་མཆོད་དང་། བདུད་རྩི་སྨན་རག་ལ་སོགས་པ་ནང་མཆོད་རྣམས་ལེགས་པར་བཤམས། བུམ་པ་ཁ་རྒྱན་མགུལ་ཆིངས་ལྡན་པ་གཉིས་ཀྱང་སྨན་དང་འབྲུ་དང་ཆུས་བཀང་ལ་བཞག །སྔོན་འགྲོ་གཏོར་མ་གཉིས་དང་། གཞན་ལྔ་ཡང་བཤམས། བྱེ་མ་སོལ་ཕོར། ཏིང་ལོ་ཆངས་བུ་ལ་སོགས་པ་འདིར་དགོས་པ་རྣམས་ཚོགས་པར་བྱས་ལ། ཡོལ་བ་བླ་བྲེ་བྲིས་སྐུ་ལ་སོགས་པའང་དགྲམ་མོ། །གཉིས་པ་ནི། ཐམས་ཅད་ཀྱི་སྤྱོད་ལམ་བསྟུན་ལ་ཐོག་མར་མཆོད་པ་བསང་སྦྱངས་ནི། ཀུ་ཤས་བསང་ཆུ་གཏོར་ནས། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨརྒྷཾ། པཱཏྱཾཿ པུཥྤེ། དྷུ་པེ། ཨཱ་ལེ་ཀེ། གྷནྡྷེ། ནཻ་ཝི་ཏེ། ཤབྟ་ཨཱོཾ་ཨཱཿཧཱུཾ་
ཡོངས་སུ་གྱུར་པ་ལས་ཕྱི་ནང་གི་མཆོད་པ་དྭངས་ཤིང་ཐོགས་པ་མེད་པས་ས་དང་བར་སྣང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟ་བུས་གང་བར་གྱུར། ཚེ་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ཞི་ཁྲོོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་དག་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་བསྒོམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག ། དགའ་བ་ཆེན་པོ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཨཱོཾ་སྭ་བྷཱ་ཝ་བི་ཤུདྡྷེ་སརྦ་དྷརྨཱ་སྭ་བྷཱ་ཝ་བི་ཤུདྡྷོ་྅ཧཾ། ཕྱི་དང་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོ། སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཿལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་དཔའ་བོ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དབྱུག་ཐོ་དང་སྡིགས་མཛུབ་མཛད་པའི་པང་ན། རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རིན་པོ་ཆེ་དང་རུས་པ་དང་ཐོད་པའི་ཕྲེང་བས་རབ་
ཏུ་བརྒྱན་པ། སྤྱན་གསུམ་པ་ཁྲོ་བོའི་ལྟ་སྟངས་ཆེན་པོས་བསྐལ་བའི་མེ་རི་མེ་དཔུང་གི་དབུས་ན་བཞུགས་པའི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ། རྩ་བ་མགྲིན་པར་ཟུག་ཅིང་ལོ་འདབ་ལྐོག་མར་རྒྱས་པའི་མདུན་གྱི་འདབ་མའི་ལྕེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ཧཱུཾ་ལས་རྡོ་རྗེ་དཀར་པོ་ཉལ་ཐབས་སུ་གནས་པ་འོད་དུ་ཞུ་ཟླ་བ་ལ་ཐིམ། དེ་འོད་དུ་ཞུ་ལྕེ་ལ་ཐིམ་པས་རྡོ་རྗེའི་ལྕེར་གྱུར། ཨཱོཾ་བཛྲ་ཛི་ཧཱ་ལག་པའི་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེའི་དབུས་སུ་ཧཱུཾ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་དུ་འགྲེང་བ་རེ་རེ་འོད་དུ་ཞུ་བ་ལས་ཟླ་བ་ལ་ཐིམ། ཟླ་བ་ཞུ་བ་ལག་པ་ལ་ཐིམ་པས་རྡོ་རྗེའི་ལག་པར་གྱུར། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རི་མེ་ཕུང་འབར་བའི་དལ་ཆེན་པོར་གྱུར། ཧཱུཾ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ། །བཛྲ་སིང་ཧ་སེང་གེའི་གདོང་། །བཛྲ་བྱ་ཀྲི་སྟག་གདོང་མ། །མཐིང་ནག་མཚོན་ཆ་མེ་འོད་འཕྲོ། །གཏི་མུག་དབང་བསྒྱུར་ལས་མཁན་མ། །སྟེང་འོག་དགྲ་བགེགས་མཚམས་ཆོད་ཅིག །ཧཱུཾ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ། །ཀང་ཀ་མུ་ཁ་བྱ་རོག་གདོང་། །དཀར་གསལ་མཚོན་ཆ་མེ་འོད་འཕྲོ། །ཞེ་སྡང་དབང་བསྒྱུར་ལས་མཁན་མ། །ཤར་སྒོའི་དགྲ་བགེགས་མཚམས་ཆོད་ཅིག །ཧཱུཾ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ། །ཧུ་ལུ་མུ་ཁ་འུག་གདོང་མ། །ལྗང་ནག་མཚོན་ཆ་མེ་འོད་འཕྲོ། །ཕྲག་དོག་དབང་བསྒྱུར་ལས་མཁན་ལ། །བྱང་སྒོའི་དགྲ་བགེགས་མཚམས་ཆོད་ཅིག །ཧཱུཾ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ། །ཤྭ་ན་མུ་ཁ་ཁྱི་གདོང་མ། །དམར་ནག་མཚོན་ཆ་མེ་འོད་འཕྲོ། །འདོད་ཆགས་དབང་བསྒྱུར་ལས་
མཁན་མ། །ནུབ་སྒོའི་དགྲ་བགེགས་མཚམས་ཆོད་ཅིག །ཧཱུཾ་རབ་འཇིགས་ཕྲ་མེན་ཁྲོའི་མོའི་སྐུ། །སུ་ར་ཀ་སེང་ཕག་གདོང་མ། །སེར་ནག་མཚོན་ཆ་མེ་འོད་འཕྲོ། །ང་རྒྱལ་དབང་བསྒྱུར་ལས་མཁན་མ། །ལྷོ་སྒོའི་དགྲ་བགེགས་མཚམས་ཆོད་ཅིག །ཨཱོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། །ཨཱོཾ་གྷྲྀ་ཧྞ་གྷྲྀ་ཧྣ་ཧཱུཾ། ཨཱོཾ་གྷྲྀཧྞ་པ་ཡ་གྷྲྀཧྣ་པ་ཡ་ཧཱུཾ། ཨཱོཾ་ཨ་ན་ཡ་ཧོ། བྷ་ག་ཝན་བིདྱ་ར་ཙ་ཡ་ཧཱུཾ་ཕཊ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་མེ་རིའི་རྭ་བ་གཉིས་པས་འབར་བར་གྱུར། ཧཱུཾ་ཡེ་ཤེས་བསྐལ་བ་མེ་ལྟར་བར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིག་རྟེན་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །སྟེང་གི་ནམ་མཁར་ཁྲོ་བོ་དབང་ཆེན་དཔག་ཏུ་མེད་པ་བྱོན། །ཨཱོཾ་མ་ཧཱ་ཀོ་ཏ་ས་པཱ་རི་ཝཱ་ར། །ཨརྒྷཾ་པ་ཏྱཾ་པུཥྤཾ་དྡྷུ་པཾ་ཨཱ་ལོ་ཀེ་གྷནྷེ་ནི་ཝི་ཏྱ་ཤབྟ་ཨཱཿཧཱུཾ། ཛཿཧཱུཾ་བཾ་ཧོཿས་བདག་ལ་གཉིས་སུ་མེད་པར་ཐིམ། །ཧཱུཾ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང། །ཐམས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་རུངས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་
ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །ཧཱུཾ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱིས་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་བའི་ང་རོ་འབྲུག་སྒྲ་སྟོང་སྒྲོགས་ཤིང་། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུཾ་དབང་ཆེན་བསྐལ་བའི་མེ་ལྟར་གཟི་བརྗིད་འབར། །དབུ་སྐྲ་ཁམ་སེར་སྤྱན་གསུམ་སྡང་མིག་བགྲད། །མཆེ་བ་གཙིགས་ཤིང་བརྐྱང་བསྐུམ་འཇིགས་པའི་སྐུ། །དཔལ་ཆེན་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ལུས་ངག་ཡིད་གསུམ་གནོད་པའི་བགེགས། །བར་ཆད་འབྱུང་པོ་ཐམས་ཅད་ཀུན། །འདི་རུ་མ་འདུག་གཞན་དུ་དེངས། །ང་ནི་དཔལ་ཆེན་རྟ་མགྲིན་རྒྱལ། །རྡོ་རྗེ་འཛིན་བྱེད་འབར་བའི་སྐུ། །ང་ཡི་བཀའ་ལས་འདས་གྱུར་ན། །ཐལ་བའི་རྡུལ་བཞིན་བརླག་པར་འགྱུར། ཨཱོཾ་ཤྲཱྀ་བཛྲ་ཧ་ཡ་གྷྲི་ཝ་ར་ཙ་ཧྲི་ཡ་ཧ་རི་ནི་ས་རཀྵ་ཨུ་ཙ་ཏ་ཡ་ཧཱུཾ་ཕཊ། བགེགས་ཐམས་ཅད་རྒྱ་མཚོའི་མཐར་བྱེར་ནས། ཡེ་ཤེས་ཀྱི་མེ་ཕུང་གཅིག་ཏུ་འབར་བར་གྱུར། ཨཱོཾ་བཛྲས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། སརྦ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་ཌཱྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨུ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ་བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱ། ཨཱོཾ་ཡོ་ག་ཤུདྡྷོཿསརྦ་དྷ རྨཱ་སྭ་བྷཱ་ཝ་བི་ཤུདྡྷོ་྅ ཧཾ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པའི་
ངང་ལས། པཾ་ལས་པདྨ། ཨ་ལས་ཟླ་བ། རཾ ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་མཐིང་ནག་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རང་བཞིན་གཞིའི་ཀུན་ཏུ་བཟང་པོ། མཐིང་ག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། ཨེ་ལས་ཆོས་ཉིད་ཀུན་ཏུ་བཟང་མོ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ་གཉིས་ཀའང་རྡོ་རྗེའི་སྐྱིལ་མོ་ཀྲུང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་པདྨ་དང་ཉི་ཟླའི་དབུས་སུ། རྡོ་རྗེ་སྔོན་པོའི་ལྟེ་བ་ལ་ཧཱུཾ་གིས་མཚན་པའི་རྭ་ལྔ་ལ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿས་མཚན་པའི་ཕྱི་རོལ་དུ་ཨཱ་ལི་བཅུ་དྲུག་དང་། ཀཱ་ལི་རྣམས་མར་མེའི་ཕྲེང་བ་ལྟར་འོད་གསལ་བའོ། །ལག་པའི་མཐིལ་གཉིས་སུ་ཨ་ཧཱུཾ། ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུཾ། ཧཱུཾ་གིས་མཐའ་སྐོར་གཉིས་ན་ཕར། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ མཆོག་ཏུ་དཀར་ཞིང་འོད་གསལ་བ་རྣམས་ཀྱིས་གང་བར་གྱུར། སོར་མོ་རྣམས་ལ་ཨ་ཙནྡྲ་མཎྜལ་གཡས་པའི་སོར་མོ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་། རིགས་ལྔ་ཡབ་ཀྱི་ས་བོན་རིམ་བ་བཞིན་དུ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ལས་རྣམ་པར་སྣང་མཛད། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། རྡོ་རྗེ་ཐུགས་མ། རྡོ་རྗེ་དབང་བསྐུར་མ། རྡོ་རྗེ་མཚོན་ཆ་མ། རྡོ་རྗེ་རྐུན་མོ་རྣམས། ཕན་ཚུན་ལྷ་དང་ལྷ་མོའི་རང་བཞིན། སྐུ་མདོག་ཕྱག་མཚན་ལ་སོགས་པ་འདྲའོ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཱཿ ཨེ་རཾ་ལཾ་ཏཾ་ཡཾ། ལྷ་རྣམས་ཕན་ཚུན་དགྱེས་ཤིང་སྙོམས་པར་ཞུགས་པར་གྱུར། ཧཱུཾ་ཀུན་ཏུ་བཟང་པོ་བདེ་གཤེགས་རིགས་ལྔའི་གཙོ། །ཡེ་ཤེས་མཆོག་གིས་འགྲོ་བའི་དོན་མཛད་པ། །རང་བཞིན་
དབྱིངས་ནས་ཐུགས་རྗེའི་རྣམ་འཕྲུལ་གྱིས། །ཡབ་ཡུམ་འཁོར་དང་བཅས་པ་གཤེགས་སུ་གསོལ། །ཡེ་ཤེས་པ་སྟེང་གི་ནམ་མཁར་བྱོན་པ་ལ། ཨཱོཾ་ཕྱི་ནང་གསང་བ་བླ་ན་མེད་པ་ཡིས། །མཆོད་པའི་སྤྲིན་ཕུང་རབ་འབྱམས་རྒྱ་མཚོ་རྣམས། །མ་ལུས་བློ་ཡིས་བླངས་ཏེ་གུས་འབུལ་གྱིས། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་རྣམ་འཕྲུལ་སྣ་ཚོགས་སྟོན་མཛད་ཅིང་། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པའི་ལྷ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད། །ཛཿཧཱུཾ་བཾ་ཧོས་བདག་ལ་གཉིས་སུ་མེད་པར་ཐིམ། ཨཱོཾ་ཨཱཿཧཱུཾ་གིས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ། ཨཱོཾ་བུདྷ་ཨ་བྷི་ཥིཉྩ་ཨཱོཾ། ཨཱོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨཱོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ཨཱོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ། ཨཱོཾ་ཀརྨ་ཨ་བྷི་ཥིཉྩ་ཨཿ། སྦྱི་བོའི་གནས་ལྔར་རིགས་ལྔས་དབུ་བརྒྱན་པར་གྱུར། ཐུགས་ཀར་པད་ཟླའི་སྟེང་གི་རྡོ་རྗེ་དང་། སྔགས་རྣམས་ལས་འོད་ཟེར་བྱུང་བས། སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར། ཚེ་ལས་འདས་པའི་སྡིག་པ་ཐམས་ཅད་སྦྱངས། འོད་ཟེར་གྱི་འཕྲོ་འདུས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་སྟོན་པར་དམིགས་ཏེ་བཟླས་པ་བགྱི་འཚལ། །ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཿ ཨ་ཨཱ་ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། སླར་ཡང་བདག་བསྐྱེད་ལ་མཆོད་བསྟོད་བགྱི་འཚལ། ཨཱོཾ་ཨཱཿཧཱུཾ་ཕྱི་ནང་གི་མཆོད་སྤྲིན་ས་དང་བར་སྣང་གང་བར་གྱུར། ཧཱུཾ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །མཆོད་ཡོན་ཇི་སྙིད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཧཱུཾ་ཕྱོགས་བཅུ་
དུས་བཞིའི་འཇིག་རྟེན་ན། །མེ་ཏོག་ཇི་སྙེད་ཡོད་པ་དང་། བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཧཱུཾ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །བདུས་སྤོས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨཱོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཧཱུཾ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །སྣང་གསལ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨཱོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཧཱུཾ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །དྲི་ཆབ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨཱོཾ་བཛྲ་གྷནྡྷེ་ཨཱཿཧཱུཾ། །ཧཱུྃ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །ཞལ་ཟས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བརྒྱ་མཚོའི་ཚོགས་ལ་འབུལ། །ཨཱོཾ་བཛྲ་ནཻ་ཝི་ཏེ་ཨཱཿཧཱུྃ། །ཧཱུྃ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །སིལ་སྙན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨཱོཾ་བཛྲ་ཤབྟ་ཨཱཿཧཱུཾ། ཧཱུཾ་སྣོད་བཅུད་སྣང་སྲིད་འཇིག་རྟེན་ཀུན། །རྡོ་རྗེ་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཚོགས་སུ་ཀུན་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད། །ཨཱོཾ་བཛྲ་མ་ཧཱ་པཱུ་ཙ་ཨཱཿཧཱུཾ། ཧཱུཾ་གསང་བའི་ལྷ་མོ་ཡིད་འོང་མ། །སོ་སོའི་གཟུགས་མཛེས་རིག་མ་ཡིས། །སྐུ་གསུམ་བདེ་ཆེན་རྒྱས་མཛད་མ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད། །
ཨཱོཾ་བཛྲ་དྷེ་བ་ཏ་ཨཱཿཧཱུཾ། ཧཱུཾ་རང་བཞིན་གདོད་མའི་མགོན་པོ་ནི། །རྒྱལ་བ་རྒྱ་མཚོ་ཀུན་གྱི་ཡབ། །སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །ལྷུན་གྱིས་གྲུབ་ལ་ཕྱག་འཚལ་བསྟོད། །མ་སྐྱེས་ཆོས་དབྱིངས་བྱང་ཆུབ་སེམས། །ཐོག་མཐའ་མེད་པའི་མཁའ་ཀློང་ནས། །དུས་སུམ་རྒྱལ་བ་སྐྱེད་མཛད་མ། །ཀུན་ཏུ་བཟང་མོར་ཕྱག་འཚལ་བསྟོད། །རང་བཞིན་ཆོས་སྐུ་དག་པའི་ངང་། །སྣ་ཚོགས་ཐབས་མཁས་ཐུགས་རྗེ་ཡིས། །རིགས་ལྔ་ཡེ་ཤེས་ལྔར་སྟོན་པ། །ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོོད། །བུམ་པ་བསྒྲུབ་པ་ལ་འཇུག་པར་བ་གྱི། །ཨཱོཾ་ཨཱཿཧཱུཾ། ཨཱོཾ་ས་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་྅ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ། ཨཱ་ཿལས་ཟླ་བ། རཾ་ལས་ཉི་མའི་སྟེང་དུ། བྷཱུཾ་བྷཱུཾ་ལས་རྣམ་པར་རྒྱལ་བ་དང་། ལས་ཐམས་ཅད་པའི་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན། ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ་ཞབས་ཞུམ་པ། མཆུ་འཕྱངས་བ། མགྲིན་པ་ཕྲ་བ་དཔག་བསམ་ཤིང་གིས་ཁ་བརྒྱན་པ། ལྷའི་གོས་པཉྩ་ལི་ཀས་མགྲིན་པ་དཀྲིས་ལ། ཕྱི་བུམ་པའི་དབྱིབས་ཅན་ལ། ནང་ལྷའི་གཞལ་མེད་ཁང་དུ་གནས་པའི། ནམ་པར་རྒྱལ་བའི་བུམ་པར་དབུས་སུ་སེདྒེའི་ཁྲི། ཤར་དུ་གླང་པོ་ཆེ། ལྷོར་རྟ། ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་གི་སྟེང་རྣམས་སུ་པདྨ་དང་ཟླ་བའི་དབུས་སུ། དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་སྐུ་མདོག་དང་། ཕྱག་མཚན་ཡུམ་དང་བཅས་པ་རྫོགས་པར་གྱུར། ལས་ཐམས་ཅད་པའི་བུམ་པར་པདྨ་དང་ཉི་མའི་དབུས་སུ་དཔའ་བོ་རྟ་མགྲིན་ཡབ་ཡུམ་ཁྲོ་བོའི་རྒྱན་ཆ་ལུགས་ཆེན་པོ་གསལ་བར་གྱུར། ཨཱོཾ་བཛྲ་ས་མ་ཡ་ཛཿ ཡེ་ཤེས་པ་བྱོན། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨཱོཾ་ཨཱཿཧཱུཾ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ། ཨཱོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱོཾ། བཛྲ། རཏྣ། པདྨ། ཀརྨ་ཨ་བྷི་ཥིཉྩ་ཨཱ། དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན། བདག་གི་ས་སྙིང་ག་ནས་འོད་ཟེར་གཟུངས་
ཐག་ལ་འཁྲིལ་ཏེ་སོང་བས་རྣམ་པར་རྒྱལ་བའི་ལྷ་རྣམས་ལ་ཕོག བདེ་བའི་སྒྲས་བསྐུལ། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པར་བསམས་ལ་བཟླ་བར་བགྱི། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵཿ སླར་ཡང་ལས་ཐམས་ཅད་པའི་བུམ་པ་སྔ་མ་བཞིན་དམིགས་ཏེ་བཟླས་པ་རེ་བགྱི། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུཾཿ མཆོད་ཡོན་མེ་ཏོག་བདུག་སྤོས་དང་། སྣང་གསལ་དྲི་ཆབ་ཞལ་ཟས་དང་། རོ ལ་མོ་ལ་སོགས་མཆོད་པའི་སྤྲིན། ཇི་སྙེད་ཀུན་གྱིས་རྒྱལ་བ་མཆོད། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷ་པ་ཏྱཾ་པུཥྤེ་དྷུ་པཻ་ཨཱ་ལོ་ཀེ་གྷནྦྷེ་ནཻ་ཝི་ཏེ་ཤབྟ་ཨཱ་ཧཱུཾ། ཨཱོཾ་ཨཱཿཧཱུཾ། གདོད་ནས་རང་བྱུང་སྐུ་ལྔ་ལྷུན་གྱིས་གྲུབ། །ཕུང་པོ་གནས་གྱུར་ཡེ་ཤེས་ལྔ་ཡི་དངོས། །བདེ་གཤེགས་ཡབ་ཡུམ་དབང་ཆེན་ཡབ་ཡུམ་ལ། །གཉིས་མེད་འདུ་འབྲལ་མེད་པས་ཕྱག་འཚལ་ལོ། །ཨཱོཾ་བཛྲ་མུཿཡེ་ཤེས་པ་གཤེགས། ཨཱོཾ་ཨཱཿཧཱུཾ་དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཆེན་པོ་བསྒྲུབ་པར་བགྱི། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཤུདྡྷོ་྅ ཧཾ། ཕྱི་དང་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོ། ཨཱོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་྅ཧཾ། སྟོང་པའི་ངང་ལས། ཧཱུཾ་ཡཾ་ཧཱུཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་གཞུའི་དབྱིབས་ལྟ་བུ་མཆོག་མ་བ་དན་ལ་ཡཾ་གིས་མཚན་པ་ཧཱུཾ་རཾ་ཧཱུཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་རཾ་གྱིས་མཚན་པ་ཧཱུཾ་བཾ་ཧཱུཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་བཾ་གྱིས་མཚན་པ། ཧཱུཾ་ལཾ་ཧཱུཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ལཾ་གྱིས་མཚན་པ། ཧཱུཾ་སུཾ་ཧཱུཾ་ལས་རིའི་
རྒྱལ་པོའི་རི་རབ་ཀྱི་སྟེང་དུ། ཧཱུཾ་བཾ་ཧཱུཾ་ལས་སྣ་ཚོགས་པདྨ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཧཱུཾ་ཨ་ཧཱུཾ་ལས་ཟླ་བའི་དཀྱིལ་འཁོར། ཧཱུཾ་རཾ་ཧཱུཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ཧཱུཾ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཆོག་ཏུ་མཐིང་གའི་དབུས་སུ། ཧཱུཾ་བྷྲུཾ་ཧཱུཾ་ལས་འོད་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག །མ་དག་པ་ཐམས་ཅད་སྦྱངས། འོག་མིན་གྱི་ཞིང་ཁམས་ཤིན་ཏུ་ཉམས་དགའ་བར་གྱུར། སླར་འདུས་བྷྲཱུཾ་ཡོངས་སུ་གྱུར་པ་ལས། ཐར་པ་ཆེན་པོའི་གཞལ་ཡས་ཁང་པ་སྒོ་བཞི་གྲུ་བཞི་རྩིག་པ་ལྔ་དང་ལྡན་པ་རྣམས་ཀྱང་ནང་ནས་རིམ་པ་བཞིན། མཐིང་ག། ལྗང་གུ དམར་པོ། སེར་པོ། དཀར་པོ་རྣམས་ཀྱི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་ལ། ནོར་བུའི་དྲ་བ། དྲིལ་བུ་གཡེར་ཁ། རྔ་མའི་ཆུན་པོ། དར་གྱི་ལྡ་ལྡི་ལ་སོགས་པ་འཕྱངས་པ། དེའི་སྟེང་ན་རྡོ་ཀ རྨ་ཤི་ལ་ལས་གྲུབ་པའི་མདའ་ཡབ་རིན་པོ་ཆེའི་རྣམ་པར་སྤེལ་བའི་སྟེང་ན། རིན་པོ་ཆེའི་དྲྭ་མིག །གསེང་མའི་པཱུ་ཤུས་ཡོངས་སུ་བསྐོར་བ། རྩིག་པ་རྣམས་ཀྱི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་ལ། ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་གཞལ་ཡས་ཁང་པའི་ལྷ་རྣམས་ལ་མཆོད་པའི་སྤྲིན་གྱི་འོད་ཟེར་ཆེན་པོ་འགྱེད་པ། སྒོ་རྣམས་ཀྱི་སྟེང་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་བཞི་དང་ལྡན་པ་རྣམས་ལ། རིན་པོ་ཆེའི་གདུགས། ཆོས་ཀྱི་འཁོར་ལོ། །ཤིན་ཏུ་མཛེས་པའི་རི་དྭགས། ལྷའི་གོས། རྣམ་པར་རྒྱལ་བའི་རྒྱལ་མཚན། ཡིད་དུ་འོང་བའི་འཕན། ཟླ་བ་རླུང་གིས་བསྐྱོད་པ། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པས་བརྒྱན་པའི། ནང་ཀ་བ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་སྟེང་། རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་ཕུག་པའི་དབུས། ཕྱུར་བུ་རབ་ཏུ་མཐོ་བའི་རྩེ་མོ་དང་ཕྱོགས་བཞིའི་རྟ་བབས་ཕྱུར་བུ་རྣམས་ཀྱི་རྩེ་མོ་ཐོད་པ་དང་། རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་
པའི་ཁ་ཁྱེར་བཞི་བཞི་ལ། བ་དན་ཉི་ཤུ་རྩ་བཞི་ཐོད་པ་ལ་འཕྱངས་པའི་གསེར་གྱི་དྲིལ་བུ་གཡེར་ཁས་བྲེས་པ། ཕྱིི་མཆོད་རྟེན་རྩེེ་ལྔ་པ་ལ་ནང་ལྷའི་གཞལ་ཡས་ཁང་པ་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། ཡེ་ཤེས་རིན་པོའི་ཆེའི་ངོ་བོ་ལས་གྲུབ་པ། འོད་ཟེར་ཆེན་པོ་རབ་ཏུ་འབར་བས། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྒྱས་པར་འགེངས་པའི་ཕྱི་རོལ་ན། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། མེ་བརྒྱད་དང་ཆུ་བརྒྱད། ཤིང་བརྒྱད་དང་སྤྲིན་བརྒྱད། གྲུབ་ཐོབ་ཀྱི་སློབ་དཔོན་བརྒྱད། ཞིང་སྐྱོང་གི་མཁའ་འགྲོ་བརྒྱད་ལ་སོགས་པས་མཚན་པ། རྡོ་རྗེའི་རྭ་བ་དང་། མེ་རི་མེ་ཕུང་གིས་བསྐོར་བའི་གཞལ་མེད་ཁང་ཆེན་པོའི་དབུས་སུ། ཨཱོཾ་སཾ་ཨཱོཾ་ལས་སེདྒེའི་ཁྲི། ཧཱུཾ་ག་ཧཱུཾ་ལས་ཤར་དུ་གླང་པོ་ཆེའི་ཁྲི། ཏྲཱཾ་ཐ་ཏྲཱ་ཾ ལ ས་ལྷོར་རྟ་མཆོག་གི་ཁྲི། ཧྲཱི་མཾ་ཧྲཱི་ལས་ནུབ་ཏུ་རྨ་བྱའི་ཁྲི། ཨ་གཾ་ཨ་ལས་བྱང་དུ་ཤང་ཤང་གི་ཁྲི་རྣམས་ཀྱི་སྟེང་དུ། པཾ་ལས་པདྨ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་སྟེང་དུ། དབུས་ནས་ཕྱོགས་བཞིར་རིམ་པ་བཞིན། ཨཱོཾ་ཧཱུཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ། ཨེ་བཾ་ལཾ་རཾ་ཡཾ་ལས་འོད་ཟེར་གྱི་དྲ་བ་ཆེན་པོ་རབ་ཏུ་འཕྲོས་པས། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་སྣང་བར་བྱས་སོ། །སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཀྱི་ལས་དང་སྒྲིབ་པ་སྦྱངས་ཏེ། ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར། སླར་འདུས་ཨཱོཾ་ཨེ་ཡོངས་སུ་གྱུར་པས་དབུས་སུ་བཅོམ་ལྡ་ན་འདས་རྣམ་པར་སྣང་མཛད་དང་དབྱིངས་ཀྱི་དབང་ཕྱུག་མ། མཐིང་ག་ཞལ་གཅིག་ཕྱག་གཉིས་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་མཛེས་ཤིང་། ཡབ་ཀྱི་ཕྱག་གཡས་འཁོར་ལོས་ཡུ་བ་བྱས་པའི་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། ཡུམ་གྱི་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པས། མཉམ་པར་སྦྱོར་བའི་ཐུགས་ཀར་པདྨ་དང་ཉི་མའི་དབུས་སུ་ཨཱོཾ་གྱི་མཐར། ཧཱུཾ་ཏྲཱཾ་ཧྲཱིཿ
ཨས་བསྐོར་བ་ལས་འོད་ཟེར་རབ་ཏུ་འཕྲོ་བའོ། །ཧཱུཾ་བཾ་ཡོངས་སུ་གྱུར་པ་ལས་ཤར་དུ་མི་བསྐྱོད་པ་དང་མཱ་མ་ཀཱི་དཀར་མོ། ཡབ་ཀྱི་གཡས་རྡོ་རྗེས་ཡུ་བ་བྱས་པའི་རྡོ་རྗེ་དང་། ཐུགས་ཀར་པད་ཟླ་ཉི་མའི་དབུས་སུ་ཧཱུཾ་གི་མཐར། ཨཱོཾ་ཏྲཱཾ་ཧྲཱིཿཨས་བསྐོར་བ། ཏྲཱྃ་ལཾ་ལས་ལྷོ་རིན་ཆེན་འབྱུང་ལྡན་དང་སངས་རྒྱས་སྤྱན་མ་སེར་མོ་ཡབ་ཀྱི་གཡས་རིན་པོ་ཆེས་ཡུ་བ་བྱས་པའི་རྡོ་རྗེ་དང་། ཐུགས་ཀར་ཏྲཱཾ་གི་མཐར་ཧཱུཾ་ཨཱོཾ་ཧྲཱིཿཨས་བསྐོར་བ། ཧྲཱིཿརཾ་ལས་ནུབ་ཏུ་སྣང་བ་མཐའ་ཡས་དང་གོས་དཀར་མོ་དམར་མོ་ཡབ་ཀྱི་གཡས་པདྨས་ཡུ་བ་བྱས་པའི་རྡོ་རྗེ་དང་། ཐུགས་ཀར་ཧྲཱིའི་མཐར་ཧཱུཾ་ཏྲཱཾ་ཨཱོཾ་ཨས་བསྐོར་བ། ཨ་ཡཾ་ལས་བྱང་དུ་དོན་ཡོན་གྲུབ་པ་དང་དམ་ཚིག་སྒྲོལ་མ་ལྗང་གུ །ཡབ་ཀྱི་གཡས་རྒྱ་གྲམ་གྱིས་ཡུ་བ་བྱས་པའི་རྡོ་རྗེ་རལ་གྲི་དང་། ཐུགས་ཀར་ཨའི་མཐར་ཧཱུཾ་ཏྲཱཾ་ཧྲཱིཿཨཱོྃ་གྱིས་བསྐོར་བ། ས་བོན་དེ་དག་ཐམས་ཅད་ཀྱི་མཐའ་ཨཱ་ལི་དཀར་པོ་དང་། ཀཱ་ལི་དམར་པོས་བསྐོར་བ། ཡབ་ཐམས་ཅད་ཀྱི་ཕྱག་གཡོན་དྲིལ་བུ་འཛིན་པ། ཡུམ་ཐམས་ཅད་ཀྱི་ཕྱག་ན་གྲི་གུག་དང་ཐོད་པ་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པའོ། དེ་དག་གི་ཟུར་གྱི་གྲྭ་ནང་མ་བཞིར་པདྨ་དང་ཉི་ཟླའི་སྟེང་དུ་ཧཱུཾ་ཏྲཱཾ་ཧྲཱིཿཨ་གཉིས་གཉིས་ལས། འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཤར་ལྷོ། ཧཱུཾ་ཧཱུཾ་ལས་ནམ་མཁའི་སྙིང་པོ་དཀར་པོ་རལ་གྲི་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྒེག་མོ་དཀར་མོ་མེ་ལོང་འཛིན་པ་དང་སྦྱོར་བ་ཏྲཱྃ་ཏྲཱཾ་ལས་ལྷོ་ནུབ་ཏུ་སའི་སྙིང་པོ་སེར་པོ་རིན་པོ་ཆེའི་མྱུ་གུ་དང་དྲིལ་བུ་འཛིན་པ། ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ་དང་སྦྱོར་བ། ཧྲཱི་ཧྲཱི་ལས་ནུབ་བྱང་དུ་སྤྱན་རས་གཟིགས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། གླུ་མ་དམར་མོ་པི་ཝང་འཛིན་པ་དང་སྦྱོར་བ། ཨ་ཨ་ལས་བྱང་ཤར་དུ་ཀུན་ཏུ་བཟང་པོ་ལྗང་གུ །རིན་པོ་ཆེའི་སྙེ་མ་དང་དྲིལ་བུ་འཛིན་པ། གར་མ་ལྗང་གུ་རྡོ་རྗེ་འཛིན་པ་དང་སྦྱོར་བའོ། ཡང་ཕྱི་རོལ་གྱིས་གྲྭ་བཞིར། པདྨ་དང་ཉི་ཟླའི་དབུས་སུ། ཧཱུཾ་ཏྲཱཾ་ཧྲཱིཿཨ་གཉིས་གཉིས་
ལས། མེར་ཧཱུཾ་ཧཱུཾ་ལས་བྱམས་པ་དཀར་པོ་ཀླུ་ཤིང་དང་དྲིལ་བུ་འཛིན་པ། བདུག་སྤོས་མ་དཀར་མོ་འདུག་སྤོས་ཀྱི་ཁང་པ་འཛིན་པ་དང་སྦྱོར་བ། ཏྲཱཾ་ཏྲཱཾ་ལས་སྲིན་པོར་སྒྲིབ་པ་རྣམས་སེལ་སེར་པོ་པོ་ཏི་དང་དྲིལ་བུ་འཛིན་པ། མེ་ཏོག་མ་སེར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པ་དང་སྦྱོར་བ། ཧྲཱི་ཧྲཱི་ལས་རླུང་དུ་འཇམ་དཔལ་དམར་པོ་རལ་གྲི་དང་དྲིལ་བུ་འཛིན་པ། སྣང་གསལ་མ་དམར་མོ་མར་མེའི་ཀོང་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཨ་ཨ་ལས་དབང་ལྡན་དུ་ཕྱག་ན་རྡོ་རྗེ་ལྗང་གུ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པ་དང་སྦྱོར་བ། དེ་ཐམས་ཅད་ཀྱང་སེམས་དཔའི་སྐྱིལ་མོ་ཀྲུང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་རང་རང་གི་ས་བོན་གྱིས་མཚན་པའོ། །དེ་དག་གི་སྐུའི་རྩལ་ལས་ཤར་གྱི་སྣམ་བུ་ལ་ཐག་བཟང་རིས་མཐིང་ག་གོ་ཆ་འཛིན་པ། ལྷོར་ཤཱཀྱ་ཐུབ་པ་སེར་པོ་འཁར་གསིལ་དང་ལྷུང་བཟེད་འཛིན་པ། ནུབ་ཏུ་སེདྒེ་རབ་བརྟེན་མཐིང་ག་པོ་ཏི་འཛིན་པ། བྱང་དུ་ཁ་འབར་དྷེ་བ་དམར་པོ་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། སྟེང་དུ་བརྒྱ་བྱིན་དཀར་པོ་པི་ཝང་འཛིན་པ། འོག་ཏུ་ཨ་བ་གླང་མགོ་ནག་པོ་མེ་ཆུ་བསྣམས་པ་རྣམས་པད་ཟླའི་སྟེང་ན་བཞེངས་པའི་ཚུལ་གྱིས་སྤྲུལ་པའི་སྐུའི་རྒྱན་དང་ལྡན་པའོ། །སྒོ་བཞིར་པདྨ་དང་ཉི་ཟླའི་སྟེང་དུ། ཛཿཧཱུཾ་བཾ་ཧོཿ གཉིས་གཉིས་ལས་ཤར་དུ་ཛ་ཛ་ལས་ཁྲོ་བོ་རྣམ་པར་རྒྱལ་བ་དང་སྒོ་མ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ་དང་སྦྱོར་བ། ཧཱུཾ་ཧཱུཾ་ལས་ལྷོ་སྒོར་ཁྲོ་བོ་གཤིན་རྗེའི་གཤེད་པོ་དང་། སྒོ་མ་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ་དང་སྦྱོར་བ། བཾ་བཾ་ལས་ནུབ་སྒོར་ཁྲོ་བོ་རྟ་མགྲིན་རྒྱལ་བ་དང་། སྒོ་མ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ་དང་སྦྱོར་བ། ཧོ་ཧོ་ལས་བྱང་སྒོར་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་སྒོ་མ་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ་དང་སྦྱོར་བ། དེ་དག་ཐམས་ཅད་ཀྱང་ཁྲོ་བོའི་
རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཐུགས་ཀར་རང་རང་གི་ས་བོན་གྱིས་མཚན་པ། ཁྲོ་བོའི་སྟངས་སྟབས་ཀྱིས་མེ་རི་མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །དེ་དག་གི་སྐུའི་གདངས་ལས། སྟེང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་མེ་རི་མེ་དཔུང་འབར་བའི་དབུས་ན་ཤིན་ཏུ་འཇིགས་སུ་རུང་བ་མེ་ལོང་ནང་གི་གཟུགས་བརྙན་ལྟར། སྐད་ཅིག་དྲན་རྫོགས་ཀྱིས་སྣང་ལ་རང་བཞིན་མེད་པར་བསམ་མོ། །རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སེ་གོལ་དཔུང་པར་བསྣོལ་ཏེ་གཏོགས་ནས། ཧཱུཾ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཧཱུཾ་དུས་གསུམ་བླ་མ་ཀུན་བཟང་ཆོས་ཀྱི་རྗེ། །ཉོན་མོངས་ལྔ་དག་ཕུང་པོ་གནས་གྱུར་པའི། །སྐུ་གསུམ་ལྔ་ལྡན་རིགས་ལྔ་ཡབ་ཡུམ་གཙོ། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨཱོཾ་གུ་རུ་བཛྲ་ཧཱུཾ་ཏྲཱཾ་ཧྲཱིཿཨ། ས་མ་ཡ་ཛ་ཛ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བྱོན་པར་བསམ།།ཧཱུཾ་སྒྱུ་མ་ཆུ་ཟླ་ཡེ་ཤེས་གཞལ་ཡས་ཁང་། །སྐྱོན་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས། །ཨཱོཾ་པདྨ་སཱུཪྱ་ཙནྡྲ་ཀ་མ་ལ་ཡེ་སྟྭཾ། ཆུ་དང་ཐང་སྐྱེས་མེ་ཏོག་ཡིད་འོངས་རྣམས། །དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་གྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨ་གར་སིཧླ་ཙནྡན་ལ་སོགས་པ། །དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་གྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རིན་ཆེན་སྣང་གསལ་ཉི་ཟླའི་འོད་འཕྲོ་བ། །དངོས་འབྱོར་ཏིང་ངེ་འཛིན་དག་པའི་མཆོད་སྤྲིན་གྱིས། །བླ་མ་ཡི་དམ་དཀྱིལ་འཁོར་
ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཙ་མེ་གྷ་ས་མ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རང་བཞིན་ལྷན་ཅིག་སྐྱེས་དང་སྦྱར་བའི་དྲི། །དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་གྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་གྷནྡྷེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཁ་དོག་དྲི་ལྡན་རོ་བརྒྱ་ལྡན་པའི་ཟས། །དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་བྱས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ནི་ཝི་ཏེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སིལ་སྙན་དྲིལ་ཆེན་རྣམས་དཀྲོལ་ཚངས་པའི་དབྱངས།།དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་བྱས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཤ བྟ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གཞན་ཡང་ཕྱི་ནང་གསང་བའི་མཆོད་སྤྲིན་ནི། དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་གྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་སརྦ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྐུ་གསུང་ཐུགས་ཉིད་ཡེ་ན ས་ཀུན་ཏུ་བཟང་། །སྐུ་ལྔ་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །ཐབས་མཁས་ཐུགས་རྗེས་འགྲོོ་བའི་དོན་མཛད་པའི། །བླ་མ་ཀུན་བཟང་རིགས་ལྔའི་ཚོགས་ལ་བསྟོད། །ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཡེ་ཤེས་པ་རྣམས་དམ་ཚིག་པའི་དལ་དུ་བྱོན། །ཨཱོཾ་བཛྲ་པཱ་ཤ་ཧཱུཾ། སོ་སོའི་སྤྱི་བོར་བྱོན། །ཨཱོཾ་བཛྲ་སྥོ་ཊ་བཾ། གཉིས་སུ་མེད་པར་ཐིམ། ཨཱོཾ་བཛྲ་པྲ་བེ་ཤ་ཡ་ཧོཿ དགྱེས་ཤིང་བརྟན་པར་གྱུར། དེ་ཐམས་ཅད་ཀྱི་སྤྱི་བོར་ཨཱོཾ། མགྲིན་
པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཨཱོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨཱོཾ་བཛྲ་ཨ་བྷི་ཥི་ཉྩ་ཧཱུཾ། ཨཱོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ཨཱོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨཱོཾ་ཀརྨ་ཨ་བྷི་ཥིཉྩ་ཨ། དེ་བཞིན་གཤེགས་པ་རིགས་ལྔས་བདུད་རྩིའི་བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུཾ་གིས་དབང་བསྐུར་བས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། ཨཱོཾ་ཨཱཿཧཱུཾ། ལྷ་རྫས་ལས་གྲུབ་པའི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པས་ས་དང་ནམ་མཁའ་ཀུན་ཏུ་ཁྱབ་པར་གྱུར། ཧཱུཾ་ཕྱོགས་བཅུར་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །མེ་ཏོག་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམས་སྤྲུལ་ཇི་སྙེད་ཀུན། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་མཆོད། །ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །བདུག་སྤོས་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་ཀུན། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་མཆོད། ཨཱོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །སྣང་གསལ་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་ཀུན། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་མཆོད། །ཨཱོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །དྲི་ཆབ་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་ཀུན། རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་མཆོད། །ཨཱོཾ་བཛྲ་གྷནྡེ་ཨཱཿཧཱུཾ། ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །ཞལ་ཟས་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་
དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་ཀུན། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་མཆོད་། ཨཱོཾ་བཛྲ་ནཻ་ཝི་ཏེ་ཨཱཿཧཱུཾ། ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། རོལ་མོའི་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་ཀུན། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་མཆོད། །ཨཱོཾ་བཛྲ་ཤབྟ་ཨཱཿཧཱུཾ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་ཆད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཙི་ཏེ་ཨཱཿཧཱུཾ། བདེ་བར་གཤེགས་པ་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེས་ཤིང་ཕོངས་པ་རྒྱུན་ཆད་དེ། །འབྱོར་པ་ཕུན་སུ་ཚོགས་པར་ཤོག །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་རཏྣ་པཱུ་ཙི་ཏེ་ཨཱཿཧཱུཾ། བདེ་བར་གཤེགས་པ་ཐམས་ཅད་ལ། །བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་པར་ཤོག །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཝ་ཏི་རཏྣ་པཱུ་ཙི་ཏེ་ཨཱཿཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། །བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཏ་རཏྣ་པཱུ་ཙི་ཏེ་ཨཱཿཧཱུཾ། བདེ་བར་གཤེགས་པ་ཐམས་ཅད་ལ། །གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ཏེ། །བླ་མེད་ཐེག་པར་རབ་ཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཧསྟི་རཏྣ་པཱུ་ཙི་ཏེ་པཱཿཧཱུཾ། བདེ་བར་གཤེགས་པ་ཐམས་ཅད་ལ། །རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་
ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཏུ་རཾ་ག་ཨ་ཤྭ་ཐཱ་རཏྣ་པཱུ་ཙི་ཏེ་ཨཱོཾ་ཨཱཿཧཱུཾ། བདེ་བར་གཤེགས་པ་ཐམས་ཅད་ལ། །དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཥཏྒ་རཏྣ་པཱུ་ཙི་ཏེ་ཨཱཿཧཱུཾ། །ཧཱུཾ་སྣོད་བཅུད་སྣང་སྲིད་སྣ་ཚོགས་ཡིད་འོང་གཟུགས། །རྡོ་རྗེ་གཟུགས་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་བགྱི། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་བཛྲ་རཱུ་པ་པྲ་ཏི་ཛ་ཧཱུྃ། །སྣོད་བཅུད་སྣང་སྲིད་སྣ་ཚོགས་ཡིད་འོང་སྒྲ །རྡོ་རྗེ་སྒྲ་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་བགྱི། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་བཛྲ་ཤབྟ་ཧཱུཾ། །སྣོད་བཅུད་སྣང་སྲིད་སྣ་ཚོགས་དྲི་ཞིམ་སྤོས། །རྡོ་རྗེ་དྲི་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་བགྱི། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ།།ཨཱོཾ་བཛྲ་གྷནྡྷེ་ཧཱུྃ། སྣོད་བཅུད་སྣང་སྲིད་སྣ་ཚོགས་རོ་ལྡན་ཟས། །རྡོ་རྗེ་རོ་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོ་ཚོགས་ལ་མཆོད་པར་བགྱི། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་བཛྲ་ནཻ་ཝི་ཏེ་ཧཱུཾ། སྣོད་བཅུད་སྣང་སྲིད་སྣ་ཚོགས་བདེ་བའི་རོ། །རྡོ་རྗེ་རེག་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་བགྱི། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་བཛྲ་པཪྴེ་ཧཱུཾ། ༀ་རྡོ་རྗེ་སེམས་དཔའ་བསྡུས་པས་ན། །རྡོ་རྗེའི་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ཨཱོཾ་བཛྲ་ལཱ་སྱེ་ཧཱུཾ། །ཨཱོཾ་བཛྲ་མཱ་ལེ་ཏྲཱྃ། ཨཱོཾ་བཛྲ་གྷཱྀརྟི་ཧྲཱི། ཨཱོཾ་བཛྲ་ནཱིརྟི་ཨཱ། ཨཱོྃ་བཛྲ་དྷཱུ་པེ་ཧཱུྃ། ཨཱོཾ་བཛྲ་པུཥྤེ་ཏྲཱྃ། ཨཱོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨཱོཾ་བཛྲ་གྷནྡྷེ་ཨཱ། ཨཱོཾ་བཛྲ་ས་ཏྭ་སུ་སཾ་ཀྲ་ཧ། ཨཱོཾ་བཛྲ་རཏྣ་མ་ནུ་ཏ་རི་
རཾ། ཨཱོཾ་བཛྲ་པདྨ་ཀ་ཡ་ནི། ཨཱོཾ་བཛྲ་ཀརྨ་ཨ་རོང་བྷ་ཝེ། ཧཱུཾ་གསང་མཆོག་སྐུ་ཡི་བདེ་ཆེན་རིག་མ་ནི། །སྐུ་མདོག་དཀར་མཛེས་མེ་ལོང་པདྨ་བསྣམས། །ཤིན་ཏུ་ཡིད་འོང་བདེ་གཤེགས་དགྱེས་མཛད་མ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀུན་མཉེས་གྱུར་ཅིག །ཨཱོཾ་བཛྲ་ཨ་དྷར་ཤེ་ཨཱཿཧཱུཾ། གསང་མཆོག་གསུང་གི་བདེ་ཆེན་རིག་མ་ནི། །སྐུ་མདོག་དམར་མཛེས་རྔ་ཟླུམ་སྒྲ་སྒྲོགས་མ། །ཤིན་ཏུ་ཡིད་འོང་བདེ་གཤེགས་དགྱེས་མཛད་མ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀུན་མཉེས་གྱུར་ཅིག ། ཨཱོཾ་བཛྲ་མུ་རཉྫེ་ཨཱཿཧཱུཾ། གསང་མཆོག་ཐུགས་ཀྱི་བདེ་ཆེན་རིག་མ་ནི། །སྐུ་མདོག་མཐིང་མཛེས་པི་ཝང་སྒྲ་སྒྲོགས་མ། །ཤིན་ཏུ་ཡིད་འོང་བདེ་གཤེགས་དགྱེས་མཛད་མ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀུན་མཉེས་གྱུར་ཅིག །ཨཱོཾ་བཛྲ་ཝི་ནི་ཨཱཿཧཱུཾ། །གསང་མཆོག་ཡོན་ཏན་བདེ་ཆེན་རིག་མ་ནི། །སྐུ་མདོག་སེར་མཛེས་གླིང་བུའི་སྒྲ་སྒྲོགས་མ། །ཤིན་ཏུ་ཡིད་འོང་བདེ་གཤེགས་དགྱེས་མཛད་མ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀུན་མཉེས་གྱུར་ཅིག །ཨཱོཾ་བཛྲ་ཝཾ་སེ་ཨཱཿཧཱུཾ། གསང་མཆོག་ཕྲིན་ལས་བདེ་ཆེན་རིག་མ་ནི། །སྐུ་མདོག་ལྗང་མཛེས་རྫ་རྔའི་སྒྲ་སྒྲོགས་མ། །ཤིན་ཏུ་ཡིད་འོང་བདེ་གཤེགས་དགྱེས་མཛད་མ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀུན་མཉེས་གྱུར་ཅིག །ཨཱོཾ་བཛྲ་མེ་དྷེ་ཀེ་ཨཱཿཧཱུཾ། རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །དུག་ལྔ་གནས་སྒྱུར་ཡེ་ཤེས་བསྒྲུབ་པའི་རྫས། །རོ་མཆོག་ཡོན་ཏན་ཀུན་དང་ལྡན་པ་ནི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་བགྱི། །ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨཱ་མྲྀ་ཏ་ཁཱ་ཧི། བདེ་གཤེགས་རྒྱལ་བ་རྒྱ་མཚོ་ནི། །ཡབ་ཡུམ་གཉིས་མེད་མཁའ་གསང་ལས། །འཁྲིལ་སྦྱོར་བྱང་ཆུབ་སེམས་ཀྱིས་མཆོད། །བདེ་བའི་རོ་མཉམ་མཆོད་པར་བཞེས། །ཨཱོཾ་ཨཱཿཧཱུཾ། བྷོ་དྷི་ཙིཏྟ་གུ་ཧྱ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྣ་ཚོགས་ཆོས་རྣམས་མ་སྐྱེས་མཉམ་པའི་ངང་། །སྣང་སྲིད་འཁོར་འདས་
སྒྱུ་མའི་མཆོད་སྤྲིན་ནི། །ཆོས་སྐུ་སྟོང་པ་མཚན་མེད་སྨོན་པ་མེད། །གདོད་ནས་རྣམ་དག་ཞི་བའི་དབྱིངས་སུ་འབུལ། །ཨཱོཾ་སརྦ་དྷརྨ་ཀཱ་ཡ་ཨཱཿཧཱུཾ། ཆོས་ཉིད་ཡེ་ཤེས་མཉམ་པའི་ངང་། །རང་བཞིན་ཡོན་ཏན་ལྷུན་གྱིས་གྲུབ། །ཐུགས་རྗེ་ཡིད་བཞིན་ནོར་བུ་འདྲ། །ཕྱག་འཚལ་གདོད་མའི་མགོན་པོ་ལ། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་གཏི་མུག་རྣམ་སྦྱོང་ཞིང་། །ནམ་མཁའི་ཁམས་ནི་རྣམ་པར་དག །ཕྱག་འཚལ་རྣམ་སྣང་ཡབ་ཡུམ་ལ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་ཞེ་སྡང་རྣམ་སྦྱོང་ཞིང་། །ཆུ་ཡི་ཁམས་ནི་རྣམ་པར་དག ། ཕྱག་འཚལ་མི་བསྐྱོད་ཡབ་ཡུམ་ལ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་ང་རྒྱལ་རྣམ་སྦྱོང་ཞིང་། །ས་ཡི་ཁམས་ནི་རྣམ་པར་དག །ཕྱག་འཚལ་རིན་འབྱུང་ཡབ་ཡུམ་ལ། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་འདོད་ཆགས་རྣམ་སྦྱོང་ཞིང་། །མེ་ཡི་ཁམས་ནི་རྣམ་པར་དག །ཕྱག་འཚལ་སྣང་མཐའ་ཡབ་ཡུམ་ལ། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་ཕྲག་དོག་རྣམ་སྦྱོང་ཞིང་། །རླུང་གི་ཁམས་ནི་རྣམ་པར་དག །ཕྱག་འཚལ་དོན་གྲུབ་ཡབ་ཡུམ་ལ། །བཅུ་དྲུག་ཡེ་ཤེས་ངོ་བོ་ཉིད། །གཟུང་འཛིན་སྒྲིབ་པ་རྣམ་སྦྱོང་ཞིང་། །རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག །ཕྱག་འཚལ་སེམས་དཔའ་ཡབ་ཡུམ་ལ། །ཚད་མེད་ཡེ་ཤེས་ངོ་བོ་ཉིད། ཁམས་བཞིའི་དྲི་མ་རྣམ་སྦྱོང་ཞིང་། །འབྱུང་བཞིའི་སྒོ་ནི་རྣམ་པར་དག །ཕྱག་འཚལ་སྒོ་བ་ཡབ་ཡུམ་ལ། །ཕ་རོལ་ཕྱིན་དྲུག་ངོ་བོ་ཉིད། །འགྲོ་དྲུག་བག་ཆགས་རྣམ་སྦྱོང་ཞིང་། །ཚོགས་དྲུག་རྣམ་ཤེས་རྣམ་པར་དག །ཕྱག་འཚལ་ཐུབ་པ་དྲུག་ལའོ། །ཞི་ལས་ཡེ་ཤེས་རྣམ་འཕྲོས་པ། །འཇིགས་གཟུགས་ཁྲོ་བོའི་དཀྱིལ་འཁོར་ནི། །ལྔ་བཅུ་རྩ་བརྒྱད་འབར་བའི་སྐུ། །ཕྱག་འཚལ་དབྱིངས་ཀྱི་དཀྱིལ་འཁོར་ལ། །ས་དང་ཡེ་ཤེས་ཞིང་ཁམས་
ན། །འཇིག་རྟེན་འདས་དང་མ་འདས་ཚུལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ན། །བཞུགས་པའི་འགྲོ་བ་ཀུན་ལ་བསྟོད། །ཨཱོཾ་ཨཱཿཧཱུཾ། གཏོར་མའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཅུད་ཡེ་ཤེས་ཀྱི་བདུད་རྩི་རི་དང་རྒྱ་མཚོར་མཉམ་པས་གང་བར་གྱུར། ཨཱོཾ་ཨཱཿཧཱུཾ་ཨི་དཾ་གྷྲི་ན་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། བླ་མ་བདེ་གཤེགས་རིགས་ལྔ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །ཚེ་ལས་འདས་པའི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་མྱུར་དུ་མངོན་པར་རྫོགས་པ་སངས་རྒྱ་བར་མཛད་དུ་གསོལ། ཨཱོཾ་ཨ་ཧ་རི་ནི་ས་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཁའ་འགྲོ་དཔའ་བོ་དཔའ་མོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །ཚེ་ལས་འདས་པའི་ས་དང་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཨཱོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཾ་ཨ་དྱཱ་ནུད་པཏྤ་ན་ཏྭད་ཨཱོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཡུལ་ལྷ་གཞི་བདག་གི་ཚོགས་ཐམས་ཅད་ལ་འབུལ་ལོ། །ཚེ་ལས་འདས་པའི་སྒྲིབ་པ་སྦྱོང་བ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཨཱོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ རྨ་ནཾ་ཨ་དྱཱ་ནུད་པན་ན་ཏྭད་ཨཱོཾ་ཨཱཿཧཱུཾ་ཕཊ་སྭཱཧཱཿ འགྲོ་བ་རིགས་དྲུག་གནོད་བྱེད་ལན་ཆགས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་བཅས་པ་ལ་འབུལ་ལོ། །ཚེ་ལས་འདས་པ་ལ་ལན་ཆགས་པ་ཐམས་ཅད་ཁྱེར་ནས་གནོད་པ་དང་འཚེ་བ་ཐམས་ཅད་ཞི་བར་མཛོད་ཅིག །ཨཱོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནི་ཨ་དྱཱ་ནུ ཏྤན་ན་ཏོད་ཨཱོཾ་ཨཱཿཧཱུྃཕཊ་སྭཱ་ཧཱཿ དུས་ལས་འདས་པའི་གཙོར་བྱས་བར་དོ་ན་གནས་པའི་སེམས་ཅན་ཐམས་ཅད་ལ་འབུལ་ལོ། །བར་དོའི་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ན་མོ་བདག་གིས་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་
དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བས མ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་འགྱུར་ཤོག །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་གཉིས་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་བའི་སྲས་སུ་སྐྱེ། །དེ་ལྟར་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚོགས་གཉིས་རྫོགས། སྒྲིབ་པ་གཉིས་བྱང་སྟེ། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་བརྗོད་ནས་སྐབས་འདིར། བདག་ཉིད་དཀྱིལ་འཁོར་དུ་དབང་བླང་ངོ་། །ཚེ་འདས་ལ་དབང་བསྐུར་ཏེ། སྒྲིབ་པ་སྦྱོང་བའི་ཐོག་མར་རྟེན་བསྐྱེད་པ་ལ་ཐུགས་གཏད་པར་ཞུ། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་སྭ་བྷ་ཝ་བི་ཤུདྡྷ ྅་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུ་དྷོ྅ཧཾ། སྟོང་པའི་ངང་ལས་པདྨ་དང་། ཟླ་བའི་སྟེང་དུ། ནྲྀ་ཡོངས་སུ་གྱུར་པ་ལས། ཚེ་འདས་དེ་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་གསོན་གྱི་དུས་ན་ཇི་ལྟར་གནས་པ་བཞིན་དུ་ཡོང་བར་གྱུར། ལྕགས་ཀྱུའི་ཕྱག་རྒྱས་ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བདེན་པ་དང་། གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱིས་བདེན་པ་དང་། ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པའི་བདེན་པ་དང་། ཀུན་རྫོབ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་བདེན་པ་དང་། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས།
འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བའི་རྣམ་པར་ཤེས་པ་ལས་ཀྱི་དབང་གིས་ཁམས་གསུམ་འགྲོ་བ་རིགས་དྲུག་སྐྱེ་གནས་རྣམ་པ་བཞི། སྲིད་པ་བར་མ་དོ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆར་གཏོགས་པ། གང་ན་གནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨཱོཾ་ཌཱཀྐི་ཛ་ཧཱུཾ། ཞེས་ལན་གསུམ་བརྗོད་ནས། རྣམ་ཤེས་འོད་ཀྱི་རྣམ་པ་ནམ་མཁར་བསམས་ལ། ཨཱོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་ཨ་པ་ན་ཡེ་ཧཱུཾ། སྡིག་པ་སྦྱངས་ཏེ། ཛཿཧཱུཾ་བཾ་ཧོཿས་རྟེན་ལ་བསྟིམ། །ཨཱོཾ་སརྦ་པཱ་པཾ་བྷི་ཤཱ་དྷ་ནི་ཧཱུཾ། །ཨཱོཾ་སརྦ་བིད་ཏྲ་ཐཱ། ཨཱོཾ་བཛྲ་པཱ་ཎི་བི་པོ་ཏ་ཡ་སརྦ་ཨ་པ་ཡ་བྷནྡྷ་ནི། པྲ་མོ་ཀྵ་ཡ་སརྦ་ཨ་པ་ཡ་གྷནྡྷེ་བྷྱ། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲ་ཐཱ། ཨཱོཾ་བཛྲ་བྷནྡྷ་ཏྲ་ཐཱ། ཨཱོཾ་སརྦ་བིད་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ། རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པ་སྦྱངས་དུ་རུང་བར་གྱུར། །ཐོག་མར་གཏོར་མ་བསྐོར་ཞིང་ཞི་བས་སྦྱོང་བ་ནི། །ཨཱོཾ་སརྦ་སརྦ་བི་གྣཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱ། སརྦ་ཏད་ཁཾ། ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ། ཚེ་ལས་འདས་པའི་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་རྣམས་གཏོར་མ་འདིས་བརྡན་པར་གྱིས་ལ་སོང་ཞིག །ཅེས་པ་གསུམ་དང་། ཏིང་ལོ་དང་ཆང་བུས་བསྐོར་ཞིང་། སུཾ་བྷ་ནི། ཏིང་ལོ་འདིས་སྣང་བ་གྱིས་ཆངས་བུ་འདིས་ལམ་རྒྱགས་གྱིས་ལ་སོང་ཞིག །ཅེས་པས་ཞི་དྲག་ཕྱེད་མ་དང་། གུ་གུལ་གྱིས་བདུག་ཅིང་རྡོ་རྗེ་དྲིལ་བུ་གསིལ་ལ། ཧཱུཾ་ཡེ་ཤེས་བསྐལ་པའི་མེ་ལ་སོགས་པས་ཁྲོ་བོ་མང་པོ་བྱོན་པར་བསམ་ལ། ཧཱུཾ་འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཨཱོཾ་སུཾ་བྷ་ནི ས་བགེགས་རྣམས་རྒྱ་མཚོའི་མཐར་བསྐྲད། ཨཱོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན། མ་ཐཱ་ད་ཧ་པ་ཙ་ཧཱུཾ་ཕཊ་ཀྱིས་མེ་རིས་མཚམས་བཅད་པར་གྱུར། རྟེན་གྱི་གཡས་སུ་མེ།
གཡོན་དུ་ཆུ། མདུན་དུ་ཏིལ་བཞག་ནས། སྙིང་གའི་སྡིག་སྒྲིབ་ཀཾ་ནག་པོའི་རྣམ་པ་སྣ་སྒོར་སྡིག་པ་རྭ་ཅན་དུ་གྱུར་པ། མཐེབ་སྲིན་གྱིས་ཏིལ་ལ་ཐིམ་པ་གཡས་གཡོན་གྱི་ཡེ་ཤེས་ཀྱི་མེ་དང་ཆུར་བོར་བས་དག་པར་བསམ་ཞིང་། ཨཱོཾ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷ་སྨིན་ཀུ་རུ་ཡེ་སྭཱཧཱ། ཆེ་གེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། སྔགས་བཟླས་པའི་བྱེ་མས་བྲབ་པས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་ཞིང་། ཨཱོཾ་ཛི་ན་ཛི་ཀ་ལཾ་ཏེ་ཤ་ར་ཏེ་སྟྭཾ། ཧཱུཾ་བཛྲ་ཌྷྲྀ་ཀ་མུཾ་དྷརྟུ་ཤྭ་ར་ཏི་སྟྭཾ། སྭཱ་རཏྣ་དྷྲྀ་ཀ་མཾ་མོ་ཧ་ར་ཏི་སྟྭཾ། ཨཾ་ཨ་རོ་ལིཀ། པྱཾ་ར་ག་ར་ཏི་སྟྭཾ། ཧཱ་པྲ་ཛྙཱ་དྷྲྀ་ཀ་ཏཾ་བཛྲ་ར་ཏི་སྟྭཾ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཛཿཧཱུཾ་བཾ་ཧོ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ།ༀ་སརྦ་པ་པཾ་བིཤྭ་དྷ་ནི་བཛྲ་ཧཱུྃ་ཕཊ། ཨཱོཾ་སརྦ་ཀརྨ་ཨ་ཝ་ར་ཎ་བྷསྨིཾ་ཀུ་རུ་ཧཱུཾ་ཕཊ། ཨཱོཾ་བྷྲུཾ་བྷི་ན་ཤ་ཡ། ཨ་ཝ་ར་ཎ་ནི་ཧཱུཾ་ཕཊ། ཨཱོཾ་བྷྲུཾ་བི་ཤ་ོདྷ་ཡ་ཨ་ཝ་ར་ཎ་ནི་ཧཱུཾ་ཕཊ། ཨཱོཾ་ཛྭ་ལ་ཛྭ་ལ། ཏ་ཀ་ཏ་ཀ་ཧ་ན་ཧ་ན་ཨ་ཝ་ར་ཎ་ནི་ཧཱུཾ་ཕཊ། ཨཱོཾ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨ་ཝར་ཎ་ནི་ཧཱུཾ་ཕཊ། ཨཱོཾ་ཧཱུཾ་ཕཊ། སརྦ་ཨ་ཝ་ར་ཎ་ནི་བི་ཕོ་ཊ་ཡ་ཧཱུཾ་ཕཊ། ཨཱོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨ་ཝ་ར་ཎ་ནི་ཧཱུཾ་ཕཊ། ཨཱོཾ་ཏྲ་ཐ་ཏྲ་ཐ་སརྦ་ཨ་ཝ་ར་ཎ་ནི་ཧཱུཾ་ཕཊ། ཨཱོཾ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུཾ་ཕཊ། ཨཱོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་དུན་ཧཱུཾ་ཕཊ། ཨཱོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་དུན་ཧཱུཾ་ཕཊ། ཨཱོཾ་མ་ཐ་མ་ཐ་སརྦ་རཡ་ག་ཧེ་ཧེ་དུ ན་ཧཱུཾ་ཕཊ། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟ ིང་ཀུ་རུ་ཡེ་སྭཱཧཱ། ལྷའི་ངོས་སུ་མེ་ལོང་ལ་ཁྲུས་གསོལ་ཞིང་། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུཾ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུཾ།
དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེེགས་པར་གང་བས་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུཾ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨ། ཀཱ་ཡ་བྷི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཞེས་གསོལ་བའི་ཆུ་ལས་བུམ་དུ་བླུགས་པར་རྣམ་རྒྱལ་གྱི་ཆུའང་བསྲེས་ནས། མིང་བྱང་ལ་བཀྲུ་ཞིང་། །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱི་འོ། །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱི་འོ། །འདི་ནི་བཟོད་པའི་རང་བཞིན་ཆུ། ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པ་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱི་འོ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱི་འོ། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱི་འོ། །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །
བག་ཆགས་རྣམ་དྲུག་སྦྱོང་མཛད་ཅིང་། །གང་ལ་ཉེས་པ་མི་མངའ་བ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པའི། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ། ཆེ་གེ་མོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དྲུག་ཞི་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །སྐྱོབ་པའི་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་བཅོམ་མོ། །ཆེ་གེ་མོའི་ཉོན་མོངས་པ་དུག་ལྔ་དུག་གསུམ་ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པས་ཤནྟིང་ཀུ་རུ་ཡེ་སྭཱཧཱ། ཡང་འབྱུང་བ་བཞིས་བཀྲུ་ཞིང་། །ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ས་ཡི་ནང་དུ་སོང་། །ཆུ་ནི་དུག་གི་ཕ་ཡིན་ཏེ། །ཆུ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ཆུ་ཡི་ནང་དུ་སོང་། །མེ་ནི་དུག་གི་ཕ་ཡིན་ཏེ། །མེ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་མེ་ཡི་ནང་དུ་སོང་། །རླུང་ནི་དུག་གི་ཕ་ཡིན་ཏེ། །རླུང་ནི་དུག་གི་མ་ཡང་ཡིན། །བདེན་
པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་རླུང་གི་ནང་དུ་སོང་། །ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ། ཆེ་གེ་མོའི་འབྱུང་བའི་དུག་ཐམས་ཅད་འབྱུང་བ་བཞིའི་ནང་དུ་ཤཱནྟིང་ཀུ་རུ་ཡེ་སྭཱཧཱ། ཞེས་བཀྲུས་ནས་ཤིས་པ་བརྗོད་པ་ནི། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་སྦྱོང་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཕྱིར་བདེ་ལ་མངའ་མཛད་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་རྣམས་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིག །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། ཁྱེད་ལ་བདེ་ལེགས་མཛད་
པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ཏེ། །སེམས་ཅན་རབ་དགའ་མཛད་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་ཞིང་། །ཐུབ་པའི་སྙན་པ་གང་བྱུང་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། ཚོགས་ཀུན་དབང་དུ་མཛད་པས་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། ཁྱེད་ཀྱི་འདོད་དོན་གང་ཡིན་པའི། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཆག་བདེ་ལེགས་ཤོག ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཉིན་མཚན་ཀུན་ཏུ་བདེ་ལེགས་ཤོག ཁྱེད་ཅག་སྡིག་པར་མ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །ཚེ་ལས་འདས་པ་ཆེ་གེ་མོས་གཙོ་བྱས་པའི་སྐྱེ་དགུ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་ནས་བྱང་བུ་འཛིན་པས། འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད། གང་
གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་འཆང་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། ཡིད་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདེ་གཤེགས་རྒྱལ་བ་ཀུན་བཟང་རིགས་ལྔའི་གཙོ། །སེམས་དཔའ་སེམས་མ་སྒོ་སྐྱོང་ཐུབ་པ་དྲུག ། ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་ཉེ་བར་མཆི། །གཞན་ཡང་ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་དང་། །བྱང་ཆུབ་ལྕམ་དྲལ་ལྷ་དང་ལྷ་མོའི་ཚོགས། །རྡོ་རྗེ་ཕོ་ཉ་མཁའ་འགྲོ་ཤུག་འགྲོར་བཅས། །གུས་པས་ཕྱག་འཚལ་སྐྱབས་སུ་ཉེ་བར་མཆི། །རྒྱལ་སྲས་ཉན་ཐོས་རང་སངས་རྒྱས་པའི་ཚོགས། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོངས་པ་དང་། །སློབ་དང་མི་སློབ་བསོད་ནམས་ཞིང་རྣམས་ལ། །གུས་པས་ཕྱག་འཚའ་སྐྱབས་སུ་ཉེ་བར་མཆི། །ཐོག་མེད་དུས་ནས་འཁོར་བའི་རྒྱ་མཚོ་འདིར། །མ་རིག་དབང་གིས་འཁྲུལ་ཞིང་འཁྱམས་པའི་ཚེ། །ལུས་ངག་ཡིད་ཀྱིས་སྡིག་པ་ཅི་བགྱིས་པ། །མ་ལུས་ད་ལྟ་སོ་སོར་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་ཐེག་པ་ཆེ་ལ་སོགས། །སོ་སོའི་བསྟན་པ་རྒྱ་མཚོའི་འདུལ་ཁྲིམས་ལས། །འགལ་ཞིང་ནོངས་པའི་དངོས་པོ་ཅི་མཆིས་པ། །མ་ལུས་ད་ལྟ་སོ་སོར་བཤགས་པར་བགྱི། །ཤེས་དང་སྤྱད་དང་དང་དུ་བླངས་ལ་སོགས། །ཉི་ཤུ་རྩ་ལྔ་རྩ་བ་ཡན་ལག་བཅས། །བསྲུངས་མཚམས་དུས་ལས་ཡལ་བ་མཆིས་སོ་འཚལ། །མ་ལུས་ད་ལྟ་སོ་སོར་བཤགས་པར་བགྱི། །མདོར་ན་ཉེས་ལྟུང་སྡིག་པའི་ཚོགས་ཀུན་བཤགས། །དགེ་ལ་ཡི་རང་འཁོར་ལོ་བསྐོར་
བར་བསྐུལ། །མྱ་ངན་མི་འདའ་རྟག་པར་གསོལ་བ་འདེབས། །འགྲོ་བའི་དོན་དུ་སངས་རྒྱས་འགྲུབ་པར་ཤོག །ཅེས་པས་ཕྱག་འཚལ་ནས། དེ་ནས་ཚེ་འདས་ཀྱིས་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞིི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨཱོཾ་བཛྲ་རེ་ཁེ་ཨཱཿཧཱུཾ་ཞེས་པ་དང་། ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང་། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །ཚེ་འདས་ཁྱེད་ཀྱི་རྗེས་སུ་འཇུག །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །སོ་ཐར་བྱང་སེམས་དམ་ཚིག་རྣམས། །ཐར་པའི་གྲོང་དུ་འཇུག་བྱའི་ཕྱིར། མགོན་པོས་བདག་ལ་གནང་དུ་གསོལ། །ཅེས་བརྗོད་པར་བསམ་ནས་མེ་ཏོག་དོར་བའི་ལན་དུ། ཨེ་མ་སྣོད་དང་ལྡན་པའི་བུ། །གསང་སྔགས་ཆོ་ག་ཁྱེད་ལ་བསྟན། །འདས་དང་མ་བྱོན་ད་ལྟར་གྱིས། །སངས་རྒྱས་མ་ལུས་ཐམས་ཅད་ཀྱང་། །གསང་སྔགས་ཆོ་ག་འདི་མཁྱེན་པས། །ཀུན་ཀྱང་སངས་རྒྱས་ཐོབ་པ་ཡིན། །ཀུན་བཟང་རྒྱལ་བ་རིགས་ལྔ་ཡིས། །བདུད་ཀྱི་དཔུང་ཡང་འདི་ཡིས་བཅོམ། །དེ་ལྟར་ཁྱོད་ཀྱིས་ཐོབ་བྱའི་ཕྱིར། །འདི་ཡི་རྗེས་སུ་ཀུན་ཞུགས་མཛོད། །ཅེས་བརྗོད་ནས་སྡོམ་པ་བྱིན། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དགོངས། །རྐང་གཉིས་གཙོ་བོ་ཕྱོགས་བཅུའི་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས་རྣམས་དང་། །ཚོགས་མཆོག་འཕགས་པའི་དགེ་འདུན་ཐམས་ཅད་ལ། །བདག་ནི་གུས་པས་སྐྱབས་སུ་ཉེ་བར་མཆི། །ཀུན་བཟང་རིགས་ལྔའི་ལྷ་ཚོགས་ལ། །འདི་བཟུང་བླ་མེད་བྱང་ཆུབ་བར། །གུས་པའི་ཡིད་ཀྱིས་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་ཆོས་སྐྱོང་བཅས། །བྱང་ཆུབ་སེམས་དཔའ་སློབ་དཔོན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བླ་མ་ཀུན་
བཟང་སྦྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པ་ལས་ལྡོག་དགེ་བ་བསྒྲུབ། །དགེ་ཚུལ་དགེ་སློང་བྱང་ཆུབ་སེམས། །སོ་སོར་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུང་། །ཞེས་པ་གསུམ་དང་། །ཧོ་བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དེ། །སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་། །སྡོམ་པ་ལ་ནི་གནས་པ་ལྟར། འདི་བཟུང་འཁོར་བ་མ་སྟོངས་པར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །ཚེ་འདས་བདག་གིས་བསྐྱེད་པར་བགྱི། །ཕ་རོལ་ཕྱིན་དྲུག་སློབ་ཅིང་བསྒྲུབ། །བརྩོན་འགྲུས་བདག་གིས་ཐམས་ཅད་བསྒྲལ། །ཀུན་དོན་ཚུལ་ཁྲིམས་གསུམ་རྟག་བསྲུང་། །བདག་གིས་སེམས་བསྐྱེད་སྡོམས་གཟུང་ནས། །མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །ཅེས་པ་གསུམ་དང་། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཚེ་འདས་ལ་ནི་དགོངས་སུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་མི་གཏང་ངོ་། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །ཡར་མཆོད་གུས་ཤིང་མར་ལ་བརྩེ། །རྩ་བ་ཡན་ལག་དམ་ཚིག་བསྲུང་། །རྩ་བ་བཞི་ལས་འདའ་མི་བྱ། །ཞེས་པ་གསུམ་གྱིས་རྗེས་ལ། གདོང་གཡོགས་ཡིད་ཀྱིས་བཅིངས་ལ་གསོལ་བ་བཏབ་པ། ཀྱེ་ཁྲོ་བོ་མི་བཟད་འཇིགས་པའི་སྐུ། །མཚོན་ཆ་སྣ་ཚོགས་ཕྱག་
ན་བསྣམས། །བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར། ཁྱེད་ཀྱིས་གནང་སྟེ་གཏོང་དུ་གསོལ། །ཅེས་པ་དང་། ཁྱེད་སུ་ཡིན་ཅི་བྱེད་དྲིས་ལ། བདག་ནི་སྐལ་ལྡན་རིགས་ཀྱི་བུ་གཅིག་པོ་ལགས། དཔལ་རིགས་ཀྱི་བདག་པོ་ལ་དབང་ཞུ། ཞེས་ལན་སྨྲས་པར་བསམས་ལ། བགེགས་བསྐྲད། ཡང་། ཀྱེ་རིགས་ལྔ་བདེ་བར་གཤེགས་པ་དང་། །བླ་མ་ཡིད་དམ་མཁའ་འགྲོ་དགོངས། །སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། །ཞེས་པ་གསུམ་དང་། བླ་མ་རྡོ་རྗེ་འཛིན་པ་དང་། །དཀྱིལ་འཁོར་ལྷ་ཚོགས་སྤངས་ན་ནི། །སྐྱོབ་བ་གཞན་ནས་མི་མངའ་བས། ཁྱེད་ཀྱི་ཐུགས་རྗེས་བདག་ལ་སྩོལ། །ཞེས་པ་གསུམ་དང་། ཨེ་མ་ཁྱོད་ནི་སྣོད་མཆོག་དམ་པ་སྟེ། ཁྱོད་འདོད་པ་ནི་བདག་གིས་སྦྱིན། །ཞེས་དང་། བདག་ནི་འབྲས་བུ་གསང་སྔགས་ཀྱི། །དངོས་གྲུབ་བདུད་རྩིའི་ཆུ་རྒྱུན་གྱིས། །སྨིན་ཅིང་གྲོལ་བར་འདོད་པས་ན། །ཐུགས་རྗེས་བདག་ལ་གནང་བར་མཛོད། །གསུམ་གྱི་རྗེས་ལ། ཨེ་མ་ཨེ་མ་རིགས་ཀྱི་བུ། ཁྱོད་ནི་ལས་ཟད་འཁྲུལ་བ་ཞིག །རིགས་ཀྱི་བུ་མཆོག་ཁྱོད་ཡིན་པས། །ངས་ཁྱོད་ཀུན་བཟང་རིགས་ལྔ་ཡི། །དཀྱིལ་འཁོར་འཇུག་ཅིང་ཡེ་ཤེས་དབབ། །དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ། །དངོས་གྲུབ་དཀྱིལ་འཁོར་འདི་དག་ནི། །མ་མཐོང་བ་ལ་སྨྲས་པ་ན། །དམ་ཚིག་ཉམས་ཏེ་དམྱལ་བར་ལྟུང་། །རིགས་ལྔ་ཡེ་ཤེས་རྣམ་པ་ལྔ། ཁྱོད་ཀྱི་སྙིང་ལ་ཞུགས་པ་སྟེ། །འདི་སྨྲས་ཡེ་ཤེས་ལྷ་དང་བྲལ། །འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་ཉམས་ན་སྲེགས་པར་བྱེད། །བསྲུང་ན་དངོས་གྲུབ་ཐམས་ཅད་ཐོབ། །དམ་ཚིག་བདུད་རྩིའི་ཆུ་འདི་འཐུང་། །ཨཱོཾ་ཨ་མྲྀ་ཏ་དམ་ལས་མ་འདའ་སྭཱ་ཧཱ། ཁྱོད་ཀྱིས་སྟོན་པ་རིགས་ལྔའི་སངས་རྒྱས་ང་ཡིན་པས། ངས་བཀའ་བསྒོ་བ་ལས་མ་འདའ་ཞིག །འདས་ན་རྡོ་རྗེའི་དམྱལ་བར་སྐྱེས་ནས་ཐོན་པའི་དུས་མེད་དོ། །ཞེས་པས་བདུད་རྩི་
འཐོར་ནས། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ཚེ་འདས་ཀྱི་སྙིང་ནང་དུ་ཐིམ་པར་བསམས་ལ། ཨཱོཾ་བཛྲ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཧཱུཾ། ཞེས་པས་རོལ་མོ་དཀྲོལ་ལོ། །ཚེ་འདས་གསོལ་བ་འདེབས་པར་བསམས་ནས། ཀྱེ་ཤར་སྒོ་སྲུང་བའི་སྒོ་བ་ལྕགས་ཀྱུ་མ། ཤར་གྱི་སྒོ་འདི་ཕྱེས་ལ་ནི། །ཚེ་འདས་ཡི་དམ་ལྷ་དང་སྤྲོད། །ཀྱེ་ལྷོ་སྒོ་སྲུང་བའི་སྒོ་བ་ཞགས་པ་མ། །ལྷོ་ཡི་སྒོ་འདི་ཕྱེས་ལ་ནི། །ཚེ་འདས་ཡི་དམ་ལྷ་དང་སྤྲོད། །ནུབ་སྒོ་སྲུང་པའི་སྒོ་བ་ལྕགས་སྒྲོག་མ། །ནུབ་ཀྱི་སྒོ་འདི་ཕྱེས་ལ་ནི། །ཚེ་འདས་ཡི་དམ་ལྷ་དང་སྤྲོད། །བྱང་སྒོ་སྲུང་བའི་སྒོ་བ་དྲིལ་བུ་ མ། །བྱང་གི་སྒོ་འདི་ཕྱེས་ལ་ནི། །ཚེ་འདས་ཡི་དམ་ལྷ་དང་སྤྲོད། །ཅེས་བརྗོད་ནས་མེ་ཏོག་དོར་ཏེ། ཀྱེ་བདེ་གཤེགས་རིགས་ལྔའི་ཕོ་བྲང་དུ། །འབྲེལ་བའི་མེ་ཏོག་འདི་དོར་བས། །འབྲེལ་བ་གང་ཡོད་ལྷ་དང་བདག་འཕྲད་ཤོག །ཨཱོཾ་པུཥྤེ་སི་ཏི་སྟྭཾ། ཞེས་དོར་ནས། སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། ཁྱོད་ཀྱི་མ་རིག་འཁོར་བའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བ་ལྟར། །དེ་བཞིན་ཁྱོད་ཀྱིས་འགྲོ་བ་རྣམས། །ཡེ་ཤེས་སྤྱན་དུ་འབྱེད་པར་ཤོག །ཨཱོཾ་ཙཀྵུ་སྭཱཧཱ། ཞེས་ཡིད་ཀྱིས་གདོངས་གཡོགས་ཕྱེས་ལ། ཨེ་མ་ཚེ་འདས་རིགས་ཀྱི་བུ། ཁྱོད་ནི་སྡིག་པ་ཀུན་ལས་གྲོལ། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ལུས་ངག་ཡིད་ཀྱིས་དད་པ་བསྐྱེད། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ། །དམ་ཚིག་སྔགས་ལ་བརྩོན་པར་གྱིས། །ཀྱེ་རིགས་ཀྱི་བུ་རྡུལ་ཚོན་གྱི་དལ་འདི་ནི་རྟེན་ལྷའི་གཞལ་ཡས་ཁང་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་མཚོན། དེ་ན་བཞུགས་པའི་ལྷ་ནི། རང་གི་སེམས་རིགས་ལྔའི་སངས་རྒྱས་སུ་བཞུགས་པར་དྲན་པར་གྱིས་ཤིག །ཅེས་བརྗོད་ནས། ཡང་མཎྜལ་ཕུལ་ཏེ། །ཀུན་བཟང་ཡབ་ཡུམ་ཡེ་ཤེས་དབང་། །བདག་ལ་བསྐུར་བར་མཛད་དུ་གསོལ། །ཅེས་
གསུམ་བརྗོད་དུས། མེ་ཏོག་གང་ལ་ཕོག་པ་འདི། །སྔོན་ནས་ཁྱོད་ཀྱི་ཡི་དམ་ལྷ། །རྟག་ཏུ་བསྒོམ་དང་བསྒྲུབ་པར་གྱིས། །ཨཱོཾ་བཛྲ་པུཥྤེ་སི་ཏི་སྟྭཾ། ཞེས་པས་མེ་ཏོག་བཅིངས་ལ། ཚེ་འདས་རྡོ་རྗེ་སེམས་དཔར་བསམས་ལ། བུམ་པ་སྤྱི་བོར་འཛིན་པས། ཧཱུཾ་གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ཨཱོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། འོ་རིགས་ཀྱི་བུ་ཁྱོད་ལ་ཆུ་འདི་གཏད་ཅིང་བཀྲུས་པ་ཙམ་གྱིས། ལུས་ཀྱི་སྒྲིབ་པ་ཐམས་ཅད་དག་ནས་འདིར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ་པ་ཡིན་ནོ། ཁྱོད་ཀྱི་གཟུགས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་ཉིད་དུ་སངས་རྒྱས་ཏེ། ཆུའི་ཁམས་མཱ་མ་ཀཱིའི་རང་བཞིན་དུ་གནས་འགྱུར་ནས། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེ་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །ཞེས་པ་དང་། སྣང་བ་མཐའ་ཡས་སུ་བསམས་ཏེ་རྡོ་རྗེ་བཟུང་ནས། ཧཱུཾ་འདུ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །ཨཱོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ འོ་རིགས་ཀྱི་བུ་ཁྱོད་ཀྱི་ལག་ཏུ་རྡོ་རྗེ་འདི་གཏད་པ་ཙམ་གྱིས། འདིར་ངག་གི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ་པ་ཡིན་ནོ། །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཉིད་དུ་སངས་རྒྱས་ཏེ་མེའི་ཁམས་ཀྱང་གོས་དཀར་མོའི་རང་བཞིན་དུ་དག་ནས། འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་ཉིད་དུ་གྲོལ་ཏེ། སངས་རྒྱས་པདྨ་རིགས་ཀྱི་གསུང་འགགས་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་པ་དང་། རྣམ་སྣང་དུ་བསམས་ནས་མིང་འདོགས་པར་མོས་ཤིང་། ཧཱུཾ་རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་གཏི་མུག་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨཱོཾ་བུདྡྷ་ཨབྷི་ཥིཉྩ་ཨཱོཾ། འོ་རིགས་ཀྱི་བུ་ཁྱོད་ལ་མིང་ཆེ་གེ་མོ་ཞེས་བྱ་བ་བཏགས་པ་ཙམ་གྱིས། འདིར་ཡིད་ཀྱི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ་པ་ཡིན་ནོ། །རྣམ་པར་ཤེས་པ་ཡང་
རྣམ་པར་སྣང་མཛད་དུ་སངས་རྒྱས་ཏེ། ནམ་མཁའི་ཁམས་ཀྱང་ཆོས་ཀྱི་དབྱིངས་ཕྱུག་མར་དག་ནས། གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དེ་བཞིན་གཤེགས་པའི་ཐུགས་འཁྲུལ་པ་མེད་པ་ཆོས་ཀྱི་སྐུ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་པ་དང་། རིན་འབྱུང་དུ་བསམས་ནས་དབུ་རྒྱན་ཐོགས་ནས། ཧཱུཾ་ཚོར་པའི་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ཨཱོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། འོ་རིགས་ཀྱི་བུ་ཁྱོད་ལ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས། འདིར་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ་པ་ཡིན་ནོ། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་ཉིད་དུ་སངས་རྒྱས་ཏེ། སའི་ཁམས་ཀྱང་སངས་རྒྱས་སྤྱན་དུ་དག་ནས། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་པ་ཐོབ་ནས། འགྲོ་བའི་དོན་བྱེད་པར་འགྱུར་རོ། ཞེས་པ་དང་། །དོན་གྲུབ་ཏུ་བསམས་ནས་དྲིལ་བུ་འཛིན་པས། ཧཱུཾ་འདུ་བྱེད་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས།།དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །ཨཱོཾ་ཀརྨ་ཨ་བྷི་ཥིཉྩ་ཨ། འོ་རིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་འདིར་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མ་ལུས་པ་དག་ནས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ་པ་ཡིན་ནོ། །འདུ་བྱེད་ཀྱི་ཕུང་པོ་ཡང་དོན་ཡོད་གྲུབ་པར་སངས་རྒྱས་ཏེ། རླུང་གི་ཁམས་ཀྱང་དམ་ཚིག་སྒྲོལ་མར་དག་ནས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དོན་ཡོད་གྲུབ་པའི་ཕྲིན་ལས་ཐོགས་པ་མེད་པ་འགྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་པ་དང་། ཀུན་ཏུ་བཟང་པོར་བསམས་ཏེ། རྡོ་རྗེ་དྲིལ་བུ་འཛིན་པས། ཨཱོཾ་ཨཱཿཧཱུཾ་ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །སྣང་སྟོང་དབྱེར་མེད་
འདི་ཟུང་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡིས། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་འཛིན་པར་མཛོད། །འོ་རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་དང་དྲིལ་བུ་འདི་གཏད་པ་ཙམ་གྱིས། འདིར་ཐམས་ཅད་མཁྱེན་པའི་ས་བོན་ཐེབས་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཀུན་ཏུ་བཟང་པོ་རིག་པའི་རྩལ་དབང་ཐོབ་པ་ཡིན་ནོ། །རང་གི་སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་སངས་རྒྱས་ཏེ། འདི་ལྟར་སྣང་བ་ཐམས་ཅད་མ་སྤངས་གནས་སུ་དག་ནས། སྐུ་གསུམ་འབྲལ་བ་མེད་པས་འགྲོ་བའི་དོན་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ། །ཞེས་པ་དང་། རྣམ་རྒྱལ་གྱི་བུམ་པ་འཛིན་པས། ཧཱུཾ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །མཱ་མ་ཀཱི་ཡི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །སྣང་བ་མཐའ་ཡས་བཅོམ་ལྡན་འདས། །གོས་དཀར་མོ་ཡི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཀུན་ཏུ་བཟང་མོའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །རིན་ཆེན་འབྱུང་ལྡན་བཅོམ་ལྡན་འདས། །སངས་རྒྱས་སྤྱན་མའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །དོན་ཡོད་གྲུབ་པ་བཅོམ་ལྡན་འདས། །དམ་ཚིག་སྒྲོལ་མའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨཱོཾ་ཨཱཿཧཱུཾ་གུ་རུ་དྷེ་ཝ་ཌཱ་ཀི་ནི་སི་ཏི་ཕ་ལ་ཧཱུཾ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཧ་རི་ནི་ས་ཨ་བྷི་ཥིཉྩ་བྷྲ྄ུཾ། སིདྡྷི་ཕ་ལ་ཧཱུཾ་ཨཱ། འོ་རིགས་ཀྱི་བུ་ཁྱོད་ལ་དབང་ཐམས་ཅད་བརྟན་པར་བྱེད་པ་བུམ་པའི་དབང་འདི་བསྐུར་བ་ཙམ་གྱིས། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་གནས་གྱུར་པ་ཡིན་པས། ཕྱི་ནང་སྣོད་བཅུད་ཐམས་
ཅད་ལ་བརྙས་པ་བྱས་ན་ལྟུང་བར་འགྱུར་བས་དག་སྣང་དང་མོས་པ་གྱིས་ལ་མཆོད་པ་དང་བསྟོད་པ་ལ་དགའ་བ་དང་ངོ་ཤེས་པར་གྱིས་ཤིག །ཅེས་པ་དང་། རིགས་ལྔའི་དབུ་རྒྱན་བསྟན་ལ། འོ་རིགས་ཀྱི་བུ་ཁྱོད་ལ་རིགས་ལྔའི་སྐུ་འདི་བསྟན་པ་ཙམ་གྱིས། ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་ནོ། །དེ་ཡང་ཉོན་མོངས་པ་རང་བཞིན་གྱིས་དག་ཅིང་ཡེ་ཤེས་ལྔ་རྒྱས་པས། རང་བཞིན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་བརྡ་ཡིན་ནོ། །ཞེས་པ་དང་། དེ་ལྟར་བརྡ་ཡི་ངོ་སྤྲོད་ཀྱང་། །ལོགས་ན་ཡོད་པ་མ་ཡིན་ཏེ། །རང་གི་ལུས་སེམས་འདི་ལ་ཚང་། །འཁོར་འདས་རིག་པའི་ཡེ་ཤེས་ཏེ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག ། ཅེས་པ་དང་། ཨེ་མ་ཚེ་འདས་བུ་ཉོན་ཅིག །ཐུན་མོང་སྐྱབས་འགྲོ་ནས་བརྩམས་པའི། །སོ་ཐར་བྱང་སེམས་བསླབ་བྱ་དང་། །རིག་འཛིན་སྔགས་ཀྱི་དམ་ཚིག་ཀུན། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྲོག་གི་ཕྱིར་ཡང་མ་གཏང་ཞིག །དམ་ཚིག་ཉམས་ན་བསྐལ་པ་རུ། །ངན་སོང་གསུམ་ནས་ཐར་མི་སྲིད། །དེ་ཕྱིར་སྲུངས་ཤིག་རིགས་ཀྱི་བུ། འོ་ཁྱོད་ཀྱིས་གསང་སྔགས་ཀྱི་དབང་ཐམས་ཅད་རྫོགས་པར་ཐོབ་པ་ཡིན་པས་དད་པ་དང་དམ་ཚིག་ཐམས་ཅད་ལེགས་པར་བསྲུངས་བ་ལ་བརྩོན་པར་མཛོད་ཅིག །ཅེས་བརྗོད་ནས། ཤིན་ཏུ་དབེན་ཞིང་སྐལ་བ་མཆོག་རབ་དང་ལྡན་པ་ལ་དབང་ལྷག་མའང་བསྐུར་ཞིང་། ཐུན་མོང་པ་ཐམས་ཅད་དེ་ནས་མཎྜལ་ཕུལ་ལོ། །བླ་མ་རྡོ་རྗེ་འཛིན་པ་ལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ལུས་དང་ལོངས་སྤྱོད་ཀུན་གྱིས་མཆོད། ཁྱེད་ཀྱི་རྗེས་སུ་གཟུང་མཛོད་ལ། །སྲིད་པའི་རྒྱལ་མཚོ་ལས་བརྒལ་མཛོད། །ཅེས་གཏང་རག་ཕུལ་བ་དང་། སླར་ཡང་མཆོད་ཅིང་བསྟོད་པ། ཁ་དོག་དབྱིབས་ལེགས་ཡིད་འོངས་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་རྟེན་གྱི་ལྷ་ལ་མཆོད་པར་བགྱི། །བཞེས་ཤིག་བླ་
མེད་ཐར་ལམ་གྲུབ་པར་མཛོད། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀ་མ་གུ་ུཎ་པཱུ་ཙི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཡིད་འོངས་ལྡན།།མོས་བློས་རྟེན་གྱི་ལྷ་ལ་མཆོད་པར་བགྱི། །བཞེས་ཤིག་བླ་མེད་ཐར་ལམ་གྲུབ་པར་མཛོད། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཤབྟ་ཀ་མ་གུ་ུཎ་པཱུ་ཙི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང་། །ཨ་གར་ནག་སོགས་དབང་པོ་ཚིམས་བྱེད་དྲི། །མོས་བློས་རྟེན་གྱི་ལྷ་ལ་མཆོད་པར་བགྱི། །བཞེས་ཤིག་བླ་མེད་ཐར་ལམ་གྲུབ་པར་མཛོད། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་གྷནྡྷེ་ཀ་མ་གུ་ཎ་པཱུ་ཙི་ཏི་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་བཅུད་དང་རོར་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་ཀུན། །མོས་བློས་རྟེན་གྱི་ལྷ་ལ་མཆོད་པར་བགྱི། །བཞེས་ཤིག་བླ་མེད་ཐར་ལམ་གྲུབ་པར་མཛོད། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་རཱ་ས་ཀ་མ་གུ་ུཎ་པཱུ་ཙི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམས་བྱེད་རྣམས། །མོས་བློས་རྟེན་གྱི་ལྷ་ལ་མཆོད་པར་བགྱི། །བཞེས་ཤིག་བླ་མེད་ཐར་ལམ་གྲུབ་པར་མཛོད། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་པཪྴེ་ཀ་མ་གུ་ཎ་པཱུ་ཙ་ིཏེ་ཨཱཿཧཱུཾ། ཡེ་ནས་རྣམ་དག་ཆོས་སྐུ་དག་པ་ལས། །སྣ་ཚོགས་ཐབས་ཀྱི་གཟུགས་སྐུར་རྣམ་སྤྲུལ་ཞིང་། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་མཛད་པ། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ནས། ནུབ་ཐ་མ་ལ་འདིར་བྱང་བུའི་རྣམ་ཤེས་ནམ་མཁར་ཧཱུྃ་དུ་བསམ་ལ་འོག་ཏུ་མེ་སྦར་ཏེ། །གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ།།འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །རྣམ་ཤེས་བརྒྱད་ཀྱི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། །སྐྱེ་མཆེད་དྲུག་གི་བུད་ཤིང་ལ། །ཐུབ་པ་དྲུག་གི་མེ་སྦར་རོ། ཁམས་དང་ཕུང་པོའི་བུད་ཤིང་ལ། ཁྲོ་བོ་ཡེ་ཤེས་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྤར་རོ། །
སྐུ་གསུམ་ཡེ་ཤེས་ལྔ་ལྡན་པ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ཅེས་བསྲེགས་ནས། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ཨཱོཾ་རད་ནེ་རད་ནེ། །རད་ན་ས་མ་བྷཱ་ཝེ། རད་ན་མཱ་ལ། རད་ན་ཀི་བི་ཤུདྡྷེ། ཤོ་དྷ་ཡ། སརྦ་པཱ་པཾ་སྭཱཧཱ། པདྨོ་འདམ་གྱིས་མ་གོས་ལྟར། སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨཱོཾ་པདྨེ་པདྨེ་པདྨ་སཾ་བྷ་ཝེ། སུ་ཁཾ་བྷ་ར་བྷ་ཡ། གྷ་ཚ་རུ་སྭཱཧཱ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་ཚེ་འདས་དེར་ཐོབ་ཤོར། ཅེས་མེ་ཏོག་འཐོར་བས། ནུབ་ཕྱོགས་པདྨ་བརྩེགས་པ་རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེས་ཏེ། སྟོན་པ་འོད་དཔག་མེད་འཁོར་བཅས་མཆོད་ཅིང་ལུང་བསྟན་ནས། །སླར་ཡང་སྟེང་གི་ནམ་མཁའ་དྲིན་ལན་གྱི་ཚུལ་གྱིས་མེ་ཏོག་གི་འཆར་འབེབས་ཤིང་། ཆེད་དུ་བརྗོད་པ། ཨེ་མ་སངས་རྒྱས་ཡེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་ཞིང་མེད་དོ། །སྔགས་དང་འདྲ་བའི་འདྲེན་པ་མེད། །ཨེ་མ་སངས་རྒྱས་རྣམས་ཀྱིས་ནི། །སངས་རྒྱས་མཛད་པ་ཡ་མཚན་ཆེ། ཞེས་བརྗོད་ནས་སླར་བདེ་བ་ཅན་དུ་སོང་སྟེ་སངས་རྒྱས་པར་གྱུར། དེ་ནས་སྐབས་འདིར་ཚོགས་
ཀྱི་དགའ་བ་བྱས་ལ། ཨཱོཾ་ཨཱཿཧཱུཾ། མཆོད་པའི་སྤྲིན་ཕུང་ནམ་མཁའ་དང་མཉམ་པར་གྱུར། །ཆུ་དང་ཐང་ལས་སྐྱེས་པ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །མེ་ལོང་ཡེ་ཤེས་བརྙེས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །མཉམ་ཉིད་ཡེ་ཤེས་བརྙེས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། མུན་པའི་ཚོགས་རྣམས་འཇོམས་མཛད་ཅིང་། །ཕྱོགས་ཀུན་སྣང་བའི་མར་མེ་འདི། །ཀུན་རྟོག་ཡེ་ཤེས་བརྙེས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་ཡི་མཆོད་པ་འདི་དག་ནི། །བྱ་གྲུབ་ཡེ་ཤེས་བརྙེས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་བཛྲ་གྷནྡྷེ་ཨཱཿཧཱུཾ། ཁ་དོག་དྲི་དང་རོ་ལྡན་པའི། །ཞལ་ཟས་མཆོག་གི་བཤོས་གཙང་འདི། །ཆོས་དབྱིངས་ཡེ་ཤེས་བརྙེས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོཾ་བཛྲ་ནི་ཝི་ཏེ་ཨཱཿཧཱུཾ། རྒྱལ་བ་རྒྱ་མཚོ་སྲས་བཅས་ལ། །སྣང་སྲིད་འདོད་ཡོན་མཆོད་པའི་སྤྲིན། །བདུད་རྩི་བདེ་ཆེན་བླ་ན་མེད། །ཡེ་ཤེས་མཆོག་གི་མཆོད་པར་བགྱི། །ཨཱོཾ་མ་མྲྀ་ཏ་པཱུ་ཙ་སརྦ་ཨཱཿཧཱུཾ། ཧཱུཾ་ཞི་བ་ལྷུན་གྱིས་གྲུབ་པ་ཡི། །རང་བཞིན་རྣམ་དག་དཀྱིལ་འཁོར་དུ། །ཕུང་པོ་ཉོན་མོངས་གནས་གྱུར་པའི། །བདེ་གཤེགས་བཞི་བཅུ་གཉིས་ལ་འདུད། །ཆེ་མཆོག་གདོད་ནས་རྫོགས་སངས་རྒྱས། །གར་དགུའི་རོལ་པར་རབ་དགྱེས་ཤིང་། །སྣ་ཚོགས་རྣམས་པར་འཕྲུལ་པའི་བདག ཁྲག་འཐུང་ལྔ་བཅུ་བརྒྱད་ལ་འདུད། །ཞིང་དང་དུར་ཁྲོད་ཉེ་བའི་ཞིང་། །གནས་རྣམས་ལ་ནི་རབ་རྒྱུ་ཞིང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །ཀུན་ལ་རང་བཞིན་གུས་ཕྱག་འཚལ། །ཞེས་པས་བསྟོད་ལ། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་
ཐམས་ཅད་འདིར་ནི་བདེ་གྱུར་ཅིག །སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག ། ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བ་དེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག ཚོགས་ཀྱི་མཆོག་རབ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཅེས་པས་མེ་ཏོག་འཐོར་ལ། གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང་། །དེ་ཀུན་ལུས་ཅན་སྐྱབས་གྱུར་པ། །བླ་མ་མགོན་པོས་བཟོད་པར་མཛོད། །གང་ཡང་བདག་ཅག་རྩོད་པའི་དུས། །སྙིགས་མའི་དུས་ཀྱི་སེམས་ཅན་དུ་གྱུར་པ་ལགས་པས། །གཞུང་བཞིན་དུ་ཡོ་བྱད་མ་ཚོགས་པ་དང་། །མ་འབྱོར་པ་ཅི་མཆིས་པ་ཐམས་ཅད་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས་བཟོད་པ་ཆེན་པོ་མཛད་དུ་གསོལ། གང་ཡང་བདག་ཅག་ལས་དང་པོ་པའི་སེམས་ཅན་དུ་གྱུར་པས། ཏིང་ངེ་འཛིན་ལ་དབང་མ་ཐོབ་སྟེ། བྱིང་བ་དང་། རྒོད་པ་དང་། ཉོན་མོངས་པའི་དབང་གིས་ཆོ་ག་ཉམས་ཤིང་ལྷག་ཆད་འགལ་འཁྲུལ་ནོར་བའི་སྐྱོན་དངོས་པོ་ཅི་མཆིས་པ་དེ་དག་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས་བཟོད་པ་ཆེན་པོ་མཛད་དུ་གསོལ་ལོ། །ཨཱོཾ་བཛྲ་ས་ཏྭ་ས་མ་ཡཱ། མ་ནུ་པཱ་ལ་ཡ། སརྦ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་ཝ། སུ་ཏྭ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲཱི་བྷ་ཝ། མཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་བརྗོད་ནས་བསྔོ་བ་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རྣམས་དང་ཞི་ཁྲོ་རབ་འབྱམས་ཀྱི་དལ་ཐམས་ཅད་ཚེ་ལས་འདས་པ་ལ་དགོངས་སུ་གསོལ། ཚེ་ལས་འདས་པས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་དང་གང་ཡང་བདག་ཅག་གི་ཚེ་ལས་འདས་པའི་དོན་དུ། དཀོན་མཆོག་མཆོད་ཅིང་དབང་བསྐུར། འབྱུང་པོ་ལ་གཏོར་མ་བྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་འདི་དག་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་ཆེ་གེ་མོས་ཐོག་དྲངས། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་དང་། ཐུན་མོང་གཅིག་ཏུ་བྱས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་ཏེ། ལྷ་དང་མིའི་མཆོག་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་ཡང་རྣམ་པར་སྨིན་པ་ལ་རེ་བ་མེད་པའི་སྦྱིན་པ་གཏོང་ནུས་པར་གྱུར་ཅིག །སྲིད་པར་སྐྱེ་བ་ལ་འདུན་པ་ཐམས་ཅད་དང་བྲལ་བའི་ཚུལ་ཁྲིམས་བསྲུང་ནུས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་བསྒོམ་ནུས་པར་གྱུར་ཅིག ། དགེ་བའི་ཆོས་མ་ལུས་པ་མྱུར་དུ་སྡུད་པའི་བརྩོན་འགྲུས་བརྩམ་ནུས་པར་གྱུར་ཅིག །གཟུགས་མེད་པའི་ཁམས་རྣམ་པར་གསལ་བའི་ཏིང་ངེ་འཛིན་ལ་མཉམ་པ་འཇོག་ནུས་པར་གྱུར་ཅིག །ཐབས་སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ཅིག །དེ་ལྟར་གྱུར་ནས་ཀྱང་སེམས་ཅན་གྱི་དོན་དུ་རྣམ་པར་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་ཡང་། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་པར་གྱུར་ཅིག །དེ་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པ་སྐྱོན་གང་ཡང་མེད་པ་ཉིད་ཐོབ་པར་གྱུར་ཅིག ཁྱད་པར་དུ་བླ་མ་ཡང་དག་པ་དགེ་བའི་བཤེས་གཉེན་མཐུན་པའི་ཞབས་དྲུང་དུ་སྐྱེ་བར་གྱུར་ཅིག །དེ་དག་ལས་ཐེག་པ་ཆེན་པོའི་ཆོས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐོབ་པར་གྱུར་ཅིག །
དེའི་དོན་ཉམས་སུ་བླངས་ནས་ས་དང་ལམ་ཐམས་ཅད་ཡོངས་སུ་རྫོགས་ནས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་པ་གསུམ་བརྗོད་ནས། གསོན་པའི་དོན་དུ་བསྔོ་བ། ཡང་། ཕྱོགས་བཅུ་ན་བཞུགས་པའི་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ། གང་ཡང་བདག་ཅག་གི་དགེ་བའི་རྩ་བ་འདི་ལ་བརྟེན་ནས། རྒྱུ་སྦྱོར་བ་ཡོན་གྱི་བདག་པོས་གཙོ་བྱས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་ཚེ་འདི་ཉིད་ལ་ཡང་། ནད་དང་གདོན་དང་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་། མཐུན་པའི་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །དགེ་བ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །འགྲོ་བའི་ནང་དུ་སངས་རྒྱས་རང་བྱུང་ཤོག །སྔོན་གྱིས་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་སྒྲོལ་བར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས། །བདག་གིས་ཇི་ལྟར་བསྔོས་བཞིན་འགྲུབ་པར་ཤོག །ཅེས་བརྗོད་ནས། ཨཱོཾ་ཨཱཿཧཱུཾ་གིས་སྐུ་གསུང་ཐུགས་བསྲུངས་ནས་ནུབ་ཐ་མ་ལ། ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨཱོཾ་བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཛཿཧཱུཾ་བཾ་ཧོས་བདག་ལ་ཐིམ་པར་གྱུར། དེ་ནས་ཨ་ཀཱ་རོས་བྱང་ཤར་ནས་རྡོ་རྗེ་སྲིན་འགྲོས་སུ་བྱས་ཏེ། རྡུལ་ཚོན་བསྡུས་ལ། ལས་ཀྱི་རྗེས་མི་མངོན་པར་བྱས་ནས། ཚོམ་བུ་ལྔ་བཀོད་ནས་རིགས་ལྔའི་སངས་རྒྱས་དང་། བཀྲ་ཤིས་ཀྱི་ལྷ་ཚོགས་དཔག་
ཏུ་མེད་པས་ཤིས་པ་བརྗོད་པར་བསམས་ལ་མེ་ཏོག་འཐོར། རོལ་མོའི་སྒྲ་སྒྲོགས་ཤིང་མགྲིན་གཅིག་ཏུ། ཨཱོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དང་པོ་དེས་ཀྱང་དིང་འདིར་བདེ་ལེགས་ཤོག །དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེད་དགུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་གཉིས་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་གསུམ་པ་དེས་ཀྱང་དེར་འདིར་བདེ་ལེགས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་ཡི།།གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་ཕྱོགས་ལས་གྲོལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་ལེགས་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་གྱུར་པའི། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་། །བཟོད་པ་སྒོམ་བཞིན་བརྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་གྱུར་པའི། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྣམ་པར་སྣང་མཛད་རྒྱལ་བ་མི་བསྐྱོད་པ། །རིན་ཆེན་འབྱུང་ལྡན་སྣང་བ་མཐའ་ཡས་དང་། །དོན་ཡོད་གྲུབ་བཅས་རིགས་ལྔའི་བཀྲ་ཤིས་གང་། །བཀྲ་ཤིས་
དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བདེ་ཆེན་རྣམ་དག་ཆོས་དབྱིངས་གང་ཆེན་མཚོ། །མཁའ་འགྲོ་རིགས་ལྔ་ཡེ་ཤེས་སྤྲིན་འཕྲོ་བ།།སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་ཞིང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་པས། མེ་ཏོག་གཏོར་ལ་བཀྲ་ཤིས་སུ་བྱའོ། །སྙིང་པོའི་རྩ་རྒྱུད་རྫོགས་པ་རང་བྱུང་ལས། ཇི་ལྟར་གསུངས་བཞིན་དེ་ཡི་དོན་བསྡུས་ནས། ཕྱི་རབས་སྐལ་ལྡན་རྣམས་ཀྱིས་རྟོགས་བྱའི་ཕྱིར། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད།།བདག་བློ་དྲི་མེད་ནམ་མཁའ་ཡངས་པ་ལས། །མང་དུ་ཐོས་པའི་འོད་ཟེར་སྟོང་འཕྲོ་བས། །བློ་གསལ་པདྨ་རབ་ཏུ་ཁ་ཕྱེ་ནས། །དད་ལྡན་རྣམས་ལ་ལས་འབྲེལ་རྩལ་དུ་སྣང་། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་བདེ་འབྱུང་བདེ་གཤེགས་དབང་པོའི་གནས། །རང་བཞིན་གདོད་མའི་གླིང་དུ་ཕྱིན་གྱུར་ཏེ།།རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་གྱུར་ཤོག །གཞན་ཕན་འོད་ཀྱི་འཁོར་ལོ་ཞེས་བྱ་བ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་འོད་ཟེར་བློའི་པདྨོར་ཕོག་པས་ཁ་བྱེ་བའི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ་གྱིས། སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ། གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་གི་དབེན་གནས་དམ་པར་བཀོད་པ་རྫོགས་སོ། །བྷ་ཝན་ཏུ། བཀྲ་ཤིས།། །།
ཕྱག་རྒྱ་བཞི་མཆོད་འོད་ཀྱི་འཁོར་ལོའི་གནད་ཡིག
ཤོག་སྐྱའི་སྐོར། ཕྱག་རྒྱ་བཞི་མཆོད་འོད་ཀྱི་འཁོར་ལོའི་གནད་ཡིག་བཞུགས་སོ། །
ཕྱག་རྒྱ་བཞི་མཆོད་ཅེས་བྱ་བ། རྡོ་རྗེ་གར་མཁན་ལ་ཕྱག་འཚལ་ལོ། །མཛེས་ཤིང་ཡིད་འོང་ལྟ་བས་མི་ངོམས་ཤིང་། །ཕྱི་ནང་མཆོད་སྤྲིན་འོད་ཟེར་རབ་འཕྲོ་བས། །རྒྱལ་བ་རྒྱ་མཚོའི་ཚོགས་ཀུན་མཉེས་མཛད་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །ཕྱག་རྒྱའི་གར་གྱིས་རྒྱལ་བ་མཆོད་པའི་ཕྱིར། །རྒྱུད་དོན་མན་ངག་རྒྱ་མཚོའི་བཅུད་བསྡུས་ནས། །ཕྱི་རབས་དོན་དུ་བདག་གིས་གསལ་བར་བཤད། །དེ་ལ་དང་པོ་ཕྱིའི་མཆོད་པ་ལག་པ་བྱིན་གྱིས་བརླབས་པ་ནི། ཛཱི་ཧ་དང་མཉམ་དུ་ལག་པ་གཉིས་པུས་མོའི་སྟེང་དུ་མཐེ་བོང་ནང་དུ་བཀུགས་ལ་བཀན་པའོ། །ཧ་ཡ་གྷྲཱི་བས་མཚམས་གཅད་པ་ནི་སྡིགས་མཛུབ་རྒྱབ་སྤྲད་པའི་མཛུབ་མོ་གཉིས་སྦྲེང་། མཐེའུ་ཆུང་གཉིས་སྦྲེལ་ནས་སྟེང་འོག་ཕྱོགས་མཚམས་སུ་སྟོན་པའོ། །སུམ་བྷ་ནིས་མཚམས་གཅད་པའང་སྔགས་ཚར་གཅིག་དུམ་བུ་བཞིར་བྱས་པ་ཕྱོགས་མཚམས་དང་། གཅིག་ཕྱེད་ཀྱིས་སྟེང་། ཕྱེད་ཀྱིས་འོག་ཏུ་ཕྱག་རྒྱ་སྔ་མས་མཚམས་གཅད་དོ། །ཡི་གེ་བརྒྱ་པ་ནི་རྡོ་རྗེ་གསོར་ཞིང་དྲིལ་བུ་མ་ཆད་པར་དཀྲོལ་བའོ། །སོར་མོ་བྱིན་གྱིས་བརླབས་པ་ནི། སྐྱིལ་ཀྲུང་གི་སྟེང་དུ་ཏིང་ངེ་འཛིན་ལྟར་བཀན་ལ། རིམ་པས་རེག་ཅིང་། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་པའོ། གནས་ལྔར་དབང་བསྐུར་བ་ནི། བྷུདྡྷ་ཨ་བྷི་ཥིཉྩ་ལ་སོགས་པ་རིམ་པར་བརྗོད་པས་གོ་རིམ་བཞིན། ཐལ་མོ་སྦྱར་བ་སྤྱི་གཙུག །དེ་ཉིད་ལས་གུང་མོ་རྡོ་རྗེ་འདྲ་བར་གཤིབས། མཐེ་བོང་མཐེའུ་ཆུང་བརྐྱང་བ་དཔྲལ་བར། དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བཀུག་སྟེ། རྣ་བ་གཡས་ཀྱི་སྟེང་དུ། མཐེ་བོང་མཐེའུ་ཆུང་གཤིབས་ལ་བརྐྱང་། གཞན་རྣམས་སོ་སོར་པད་འདབ་རྒྱས་པ་ལྟར་རྒྱབ་ཏུ་ཐལ་མོ་སྦྱར་བ་རྒྱ་རེ་ལྟར་བསྣོལ་ཏེ། རྣ་བ་གཡོན་པའི་ཐོག་ཏུ་བཞགས་པའོ། །ཕྱོགས་བཅུ་དུས་བཞིའི་མཆོད་པ་ཡང་། ཨརྒྷཾ་ལ་ཐལ་སྦྱར་གྱི་མཛུབ་མོ་གཉིས་དང་མཐེ་བོང་གཉིས་ཟླུམ་པོར་
བཀུག །གུང་མོ་སོར་བཞག ། སྲིན་ལག་མཐེའུ་ཆུང་ནང་དུ་བལྟ་བའོ། །པུཥྤེ་ཁུ་ཚུར་བཀན་ལ་མེ་ཏོག་འཐོར་བ་བཞིན་ནོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེ་བོང་སྦྱར་བས་སྤོས་རེངས་འཛིན་པ་ལྟར་རོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེ་བོང་གཉིས་མར་མེའི་སྡོང་བུ་ལྟར་སྒྲེང་ངོ་། །ཐལ་སྦྱར་གྱི་མཛུབ་མོ་གཉིས་དང་། མཐེ་བོང་གཉིས་ཟླུམ་པོར་བཀུག་གཞན་རྣམས་སོར་བཞག་ནས་དྲིའི་དུང་ཆོས་ལྟ་བུའོ། །རྡོ་རྗེ་ཐལ་མོ་ཁ་སྦུབ་ལ་བརྐྱང་པ། སླར་ལོག་སྟེ་བཤོས་འབུལ་བའི་ཚུལ་ལོ། །རྡོ་རྗེ་སེ་གོལ་བསྣོལ་ནས་སོ་སོར་གཏོག་གོ །རྡོ་རྗེ་ཐལ་མོ་ལྔ་ལ། འདོད་ཡོན་ལྔ་འམ་མེ་ལོང་གི་ཕྱག་རྒྱའོ། །རིག་མ་ལ་པད་སྐོར་བྱས་ནས་བསྣོལ་ཏེ་ནུ་མ་གཡས་གཡོན་གྱི་སྟེང་དུ་འཇོག་པའོ། །དཀྱིལ་འཁོར་སྒྲུབ་མཆོད་ཀྱི་པདྨ་ཀརྨ་ལ་ནི་མེ་ཏོག་འབུལ་བ་བཞིན་ནོ། །ཨཾ་ཀུ་ཤ་ནི་རྡོ་རྗེ་ཁུ་ཚུར་བསྡམས་པ་ལས། མཛུབ་མོ་གཡོན་བརྐྱངས་པའི་སྟེང་དུ། གཡས་ལྕགས་ཀྱུ་ལྟར་རྩེ་བཀུག་པའོ། །པཱ་ཤ་ཧཱུཾ་ནི་དེ་ཉིད་ལས་ཞགས་པ་ལྟར་མཛུབ་མོའི་རྩེ་བཀུག་པའོ། །ཕོ་ཊ་བྃ་ནི་དེ་ཉིད་ལས་མཐེབ་མཛུབ་ཀྱི་ནང་དུ་གཅིག་བཅུག་པ་ལྕགས་སྒྲོག་ལྟར་སྦྲེལ་ལོ། །པྲ་བེ་ཤ་ཧོ་ནི། རྡོ་རྗེ་ཁུ་ཚུར་གྱི་མཐེ་བོང་གཉིས་ནང་དུ་བཅུག་ལ་བསྡམས་པའོ། །མེ་ལོང་བསྟན་ལ་ཁྲུས་གསོལ་ལོ། །འཁོར་ལོ་ནི་ལག་པ་གཉིས་མཁྲིག་མ་བསྣོལ་ཏེ་རྒྱབ་སྦྱར་སོར་མོ་རྣམས་བསྣོལ་ཏེ་འཁྱུད། མཐེ་བོང་གཉིས་ལག་མཐིལ་དུ་དགུག་གོ །ནོར་བུ་ནི་ཐལ་སྦྱར་གྱི་མཐེ་བོང་དང་། མཛུབ་མོ་རིན་པོ་ཆེའི་མིག་ལྟར་ཟླུམ་པོར་བཀུག་ལ་གཞན་རྣམས་ཁ་སྦྱར་བའོ། །བཙུན་མོ་ནི་རྡོ་རྗེ་བསྡམས་པའི་གུང་མོ་གཉིས་རྩེ་སྤྲད་དེ་སྒྲེང་བའི་ལོགས་ལ་མཛུབ་མོ་གཉིས་སྦྱར་བ་གཅེར་བའོ། །བློན་པོ་ནི་རྡོ་རྗེ་བསྡམས་པའི་གུང་མོ་མཐེ་བོང་མཐེའུ་ཆུང་རྣམས་གཤིབས་ཏེ་སྒྲེང་། སྲིན་མཛུབ་བསྣོལ་ཏེ་རྡོ་རྗེ་རྩེ་གསུམ་པ་ལྟར་བྱ་བའམ། ཁུ་ཚུར་གྱི་མཛུབ་མོས་གཏེར་སྟོན་པ་ལྟ་བུའོ། །
གླང་པོ་ནི་གཡས་གླང་པོའི་སྣ་ལྟར་བརྐྱངས་པའི་གྲུ་མོ་ནས་གཡོན་པའི་ལག་མཐིལ་གྱིས་བཏེག་པའམ་དེ་གཉིས་གོ་བཟློག་པའོ། །རྟ་མཆོག་ནི་རྡོ་རྗེ་བསྡམས་པའི་གུང་སྲིན་གཉིས་བརྐྱང་མཐེའུ་ཆུང་གཉིས་བསྣོལ་ཏེ་མཐེ་བོང་གཉིས་རྣ་བ་ལྟར་བརྐྱང་། མཛུབ་མོ་གཉིས་བསྣོལ་བའོ། །དམག་དཔོན་ནི་གཡོན་པའི་ཁུ་ཚུར་སྦུབས་ཅན་གྱི་ནང་ནས་གཡས་པས་གོང་མཛུབ་རལ་གྲི་ལྟར་བསྒྲེངས་པའི་མཐེ་བོས་སྲིན་མཐེབ་མནན་ལ་རལ་གྲི་ཤུབས་ནས་འབྱིན་པ་ལྟ་བུའོ། །གཟུགས་མ་ནི་གཡས་པའི་ཐལ་མོ་ཕྱིར་སྙིང་ག་ནས་མེ་ལོང་ལྟར་བསྟན་པའམ་མེ་ཏོག་འཐོར་བ་ལྟར་རོ། །སྒྲ་མ་ནི་པི་ཝང་སྒྲེང་བའམ་ཏིང་ཤག་དཀྲོལ་བ་ལྟར་རོ། །དྲི་མ་ནི་གཡོན་པའི་སྙིམས་པ་ནས་གཡས་པའི་མཐེབ་མཛུབ་ཀྱིས་དྲིའི་ཕྱེ་མ་འགྱེད་པའི་ཚུལ་ལོ། །རོ་མ་ནི་བཤོས་འདེགས་པ་ལྟར་རོ། །རེག་མ་ནི་མཐེབ་མཛུབ་གུང་སྲིན་རྩེ་སྤྲད་མཐེའུ་ཆུང་བསྒྲེང་ལ། གོས་འབུལ་བའི་ཚུལ་ལོ། །སྒེག་མོ་བརྒྱད་མཆོད་ལས། ལཱ་སྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་དཀུར་བརྟེན་ནས་གཡོན་དུ་ཅུང་ཟད་འགྱིང་བའོ། །མཱ་ལེ་ནི་རྡོ་རྗེ་ཐལ་མོ་གཉིས་ནང་ནས་ཐུར་ལྡོག་གཡོ་བས་བྲེང་བ་འདོགས་པ་ལྟར་རོ། །གྷིརྟི་ནི་པི་ཝང་སྒྲེང་བའི་ཚུལ་དུའོ། །ན རྟི་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སྤྱི་བོར་གར་བྱེད་པའི་ཚུལ་ལོ། །དྷུ་པེ་ནི། ཐལ་སྦྱར་ཚིགས་བཅག་པ་བདུག་སྤོས་ཀྱི་ཁང་པ་ལྟར་རོ། །པུཥྤེ་ནི་མེ་ཏོག་འཐོར་བའི་ཚུལ་ལོ། །ཨཱ་ལོ་ཀེ་ནི་རྡོ་རྗེ་ཁུ་ཚུར་གྱིས་མཐེ་བོང་གཉིས་མར་མེ་ལྟར་སྒྲེང་བའོ། །གྷནྡྷེ་ནི་སྔར་བསྟན་པའི་དུང་ཆོས་ཀྱི་ཚུལ་ལོ། །དེའང་། ཨཱོཾ་རིང་པོ་རིང་པོ་གླུར་བླང་ཞིང་། རྒྱས་པ་ལ་བརྒྱད་པོ་རེ་རེའི་སྔ་ཕྱིར་ཚིགས་བཅད་དང་། ས་ཏྭ་སུ་སངྐ་ཧ་ལ་སོགས་པའི་སྔགས་བརྗོད་ལ། འབྲིང་ལ་ཕྱི་སྒེག་བཞི་ལ་དེ་ལྟ་བུ་གཅིག །ནང་སྒེག་བཞི་ལ་དེ་ལྟ་བུ་གཅིག་དང་གཉིས་སོ། །བསྡུས་པ་ལ་ཆུན་གཅིག་གིས་བྱེད་པའོ། །སྐུའི་རིག་མ་ནི། ཐལ་མོ་སྙིང་ག་ནས་ཕྱིར་མེ་ལོང་ལྟར་རོ། །གསུང་ནི་རྔ་ཟླུམ་བརྡུང་པ་
ལྟར། གཡོན་པ་ཅུང་ཟད་གྱེན་ལ་ཕྱོགས། གཡས་པའི་སོར་མོ་གཡོབ་པའོ། །ཐུགས་ནི་པི་ཝང་སྒྲེང་བ་ལྟར། གཡོན་གྱེན་དུ་བསྒྲེངས་པའི་མཐེ་བོས། གུང་སྲིན་མནན་མཛུབ་མོ་དང་མཐེའུ་ཆུང་བརྐྱང་། གཡས་པའང་དེ་བཞིན་བྱས་པས་སྒྲེང་བའོ། །ཡོན་ཏན་ནི་གླིང་བུ་འབུད་པ་ལྟར། ཕྱག་རྒྱ་དེ་ཉིད་ཁའི་དྲུང་ནས་བྱེད་པའོ། །ཕྲིན་ལས་ནི་ཕྱག་རྒྱ་དེ་ཉིད་སྙིང་ག་ནས་ཕྱིར་བསྟན་ལ་རེ་མོས་ཀྱི་རྔ་བརྡུང་བ་ལྟར་བྱའོ། །བདུད་རྩི་གཡོན་པའི་མཐེབ་མཛུབ་སྦྱར་གཞན་བརྐྱང་པ་ཁ་བཀན་ཏེ། དུང་ཆོས་ཀ་པཱ་ལ་ལྟ་བུ་ནས་གཡས་པའི་མཐེབ་སྲིན་གྱིས་བླངས་ཏེ་གྱེན་དུ་འཐོར་བའི་ཚུལ་ལོ། །འཁྲིལ་སྦྱོར་ནི། རྡོ་རྗེ་ཁུ་ཚུར་གཡོ་བས་སྙིང་གར་བསྣོལ་བའོ། །བླ་ན་མེད་པ་ཕྱག་རྒྱ་ཆེན་པོའི་མཆོད་པ་ནི། མཚན་མ་མེད་པའི་ནམ་མཁའ་མཚོན་པས་པད་སྐོར་ཆེར་བསྐྱོད་པའོ། །འདིར་བསྟོད་པའི་སྐབས་སུ་རྡོ་རྗེ་དྲིལ་བུའི་འཇོག་མཚམས་ཚིག་རྐང་པ་གཉིས་གཉིས་སུ། རིགས་ལྔ་སྤྱི་དང་ཐུན་མོང་གི་ཕྱག་རྒྱས་བྱའོ། །དེའང་པད་སྐོར་གཡོ་བས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ནས་གཡས་པའི་རྡོ་རྗེ་ཐལ་མོ་ནང་ནས་ཕྱིར་ལྡོག་ཅིང་། ཕྱི་ནས་ནང་དུ་ལྡོག་པས་འཕྲེད་ལ་ཅུང་ཟད་གཡོ་ཞིང་གྱེན་དུ་གསོར་རོ། །དབྱངས་ནི་ཁུགས་པ་རེ་དང་སྟུན་ནས། རིགས་ལྔ་སོ་སོར་ཕྱག་རྒྱ་དང་སྤེལ་ལོ། །བྱང་ཆུབ་མཆོག་ནི་གཡོན་པའི་ཁུ་ཚུར་དུ། གཡས་པའི་མཛུབ་མོའམ་མཐེ་བས་སྒྲེང་བའོ། །བདུད་འདུལ་ནི་གཡས་པའི་པུས་མོ་ལ་རྡོ་རྗེ་ཐལ་མོ་ཁ་སྦུབ་པའོ། །མཆོག་སྦྱིན་ནི་དེ་ཉིད་བཀན་པའོ། །ཏིང་ངེ་འཛིན་ནི་མཉམ་བཞག་བཀན་པའོ། །སྐྱབས་སྦྱིན་ནི་གཡོན་མཉམ་གཞག་གཡས་སྙིང་ག་ནས་ཐལ་མོ་ཕྱིར་བསྟན་པའོ། །སྒེག་མོ་ནི་ཁུ་ཚུར་དཀུར་བརྟེན་པའོ། །ཕྲེང་བ་མ་ནི་ཕྲེང་བ་འདོགས་པའི་ཚུལ་ལོ། །གླུ་མ་ནི་པི་ཝང་སྒྲེང་བའོ། གར་མ་ནི་རྡོ་རྗེ་ཁུ་ཚུར་སྦྱི་བོར་གར་བྱེད་པའོ། །གཞན་བཞི་ནི་སྔར་གྱི་བདུག་སྤོས་ལ་སོགས་བཞི་དང་འདྲའོ། །སྒོ་མ་བཞི་
ཡང་སྔར་གྱི་དང་འདྲའོ། །གཞན་དག་ནི་ཕྱག་རྒྱ་མེད་པས་རིགས་ལྔ་སྤྱི་དང་ཐུན་མོང་གི་དྲིལ་ཐབས་སྤེལ་བའོ། །རྣམ་ཤེས་དགུག་པ་ནི་རྡོ་རྗེ་ཁུ་ཚུར་ལས་གཡོན་པའི་མཛུབ་མོ་དང་། གཡས་པའི་མཐེའུ་ཆུང་སྦྲེལ་ཏེ་མཛུབ་མོ་ལྕགས་ཀྱུ་ལྟར་བཀུག་པའོ། །ཤོ་དྷ་ནི་སྡིག་པ་སྦྱོང་བ་ནི་རྡོ་རྗེ་ཁུ་ཚུར་པད་སྐོར་དུ་བྱེད་པའོ། །བསྟིམ་པ་ནི་སྒོ་མ་བཞིའོ། །སརྦ་པཱ་པཾ་བི་ཤྭ་དྷ་ནི་ལ་རྡོ་རྗེ་བསྡམས་པའི་གུང་མོ་གཉིས་མཉམ་པས་མཐའ་བཞི་རྩེ་སྤྲད་པས་མཉེས་པའོ། །བཛྲ་བནྡྷ་ཏྲ་ཐཱ་ལ། རྡོ་རྗེ་བསྡམས་པ་ཕྲལ་བའོ། །ཨཱོཾ་སརྦ་བིིད་བཛྲ་ཨ་དྷི་ལ་སོགས་ལ་རྡོ་རྗེ་ཁུ་ཚུར་གྱིས་སྤྱི་བོ་ལ་སོགས་པར་གཏུགས་པར་བསམ་པའོ། །ཨཱོཾ་བཛྲ་ཛྭ་ལ་ལ་སོགས་པ་ལ་སོར་མོ་རྒྱབ་སྤྲད་དེ་མེ་འབར་བ་ལྟར་རོ། །གཏོར་མ་ནི་མཐེབ་སྐྱུ་གསུམ་ལན་གསུམ་བཤམས་ལ་རྟེན་ལ་བསྐོར་བའོ། །སྲེག་པ་ནི་མཐེབ་སྲིན་གྱིས་ཏིལ་ལམ་ཉུང་ཀར་བླངས་པ་རྟེན་གྱི་སྣ་བུག་ནས་འབྱིན་པ་ལྟར་བྱས་ལ། བསྣོལ་ཏེ་གཡས་གཡོན་གྱི་མེ་དང་ཆུར་འདོར་བའོ། །བྱེ་མ་ནི་གཡས་པས་ཅུང་ཟད་རེ་བྲབ་པའོ། ཁྲུས་ནི་ནུབ་དང་པོ་རྣམས་སུ་མེ་ལོང་གི་ངོས་ལ་བཀྲུ་ཞིང་། ཐ་མར་མིང་བྱང་དངོས་ལ་སྣུམ་བསྐུས་ཏེ་བཀྲུའོ། །ཤིས་པ་བརྗོད་པ་ནི་ཀུ་ཤའི་རྩེས་ལས་བུམ་ནས་རྟེན་ལ་ཚིགས་བཅད་ཀྱི་མཚམས་སུ་ཆུ་བླངས་ལ་གཏོར་བའོ། །ས་ནི་སས་མིང་བྱང་ལ་གཏོར་རོ། །ཆུ་ནི་ཆུས་སོ། །མེ་ནི་མེས་ཡུལ་བ་རེ་བྱའོ། །རླུང་ནི་རླུང་གཡབ་ཀྱིས་བྱའོ། །ཕྱག་ནི་བྱང་བུ་ལ་སོགས་པ་དེ་ཉིད་བུ་ལ་སོགས་པས་བཟུང་ལ་འཚལ་བའོ། །མཎྜལ་ནི་དབུས་དང་ཕྱོགས་བཞིར་རེ་རེ་སྟེ་ཚོམ་བུ་ལྔ་བཀོད་ལ་དབུལ་ལོ། །འཇུག་པ་དང་དབང་གི་སྐབས་སུ་ཚེ་འདས་ཉིད་ཡོད་པར་དམིགས་ཏེ། རྟེན་དེ་ལ་ཡང་དབང་བསྐུར་ཞིང་བུམ་ཆུས་འཐོར་བ་དང་བཀྲུའོ། །གཏང་རག་གི་སྐབས་སུ་སྔ་མའི་ཕྱག་རྒྱས་བྱའོ། །དེ་ཡང་ལུས་ལྷར་གསལ་བས་ཕྱག་རྒྱ་བྱ། ངག་སྔགས་སུ་གསལ་བས་སྔགས་རྣམས་བཟླས། སེམས་ཏིང་ངེ་འཛིན་གསལ་བས་སོ་སོའི་སྐབས་དང་བསྟུན་ལ་བྱའོ། ཁྱད་པར་དུ་མཆོད་པ་
གང་ལ་བབས་པའི་ལྷ་མོར་བསམ་པའི། སྙིང་ག་དང་ལག་པ་ལས་འོད་ཟེར་གྱི་རྩེ་ལས། མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོས་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པར་བསམ་མོ། །དེ་ནས་བཟོད་པར་གསོལ་དུས་སྙིམས་པ་མེ་ཏོག་དང་བཅས་པའོ། །བསྔོ་བ་ནི་ཐལ་མོ་སྙིང་ཁར་སྦྱར་བའོ། །བཀྲ་ཤིས་ནི་མེ་ཏོག་འཐོར་ཞིང་རོལ་མོ་སྒྲོགས་པས་ཚིགས་བཅད་རེའི་མཚམས་སུ་བརྗོད་པའོ། །མཆོད་པར་བྱིན་དབབ་པ་ནི་རོལ་མོ་འབུད་དཀྲོལ་ཆེར་བྱེད་པའོ། །མིང་བྱང་བྲི་བ་ནི། སྟོད་དུ་ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱ། ན་མོ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང་། ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ་ཞེས་བྲིས་པའི་སོར་གཅིག་གིས་མ་རེག་པའི་མཇུག་ཏུ། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་མིང་དང་རུས་ཆེ་གེ་ཞེས་བྱ་བ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྡིག་པ་སྦྱང་དུ་གསོལ། ལམ་བསྟན་དུ་གསོལ། བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཞེས་བྲིས་པའི་རྒྱབ་ཏུ་གཟུགས་བྲིས་པའི་སྙིང་གར་ནྲྀ་བྲིས་ལ། སྐྱེས་པ་ལ་མདའ་བུད་མེད་ལ་འཕང་ལ་བཏགས་པ་དྲི་གོས་དཀྱིལ་འཁོར་གྱི་ཟུར་གཅིག་ཏུ་གཟུག་གོ །བྱང་བུ་སྲེག་དུས་གང་རས་གློ་ལ་དྲིལ་ཏེ་ཚྭ་ཚྭའི་ནང་དུ་གཞུག་ཅིང་། ཐལ་བ་རྡུལ་ཚོན་དང་ལྷན་ཅིག་འཇིམ་པའི་གསེབ་ཏུ་བཏང་ལ་ཚྭ་ཚྭ་བཏབ་བོ། །ནུབ་ཐ་མ་ལ་ཟས་མང་པོ་ཨཱོཾ་ཨཱཿཧཱུཾ་གིས་འདོད་ཡོན་ལྔར་བྱིན་གྱིས་བརླབས་ལ། གོས་ལྷྭམ་དང་ལྷན་ཅིག་ཕྱོགས་དུས་ཀུན་ལ་སོགས་པའམ། རྡོ་རྗེ་གཟུགས་མ་ལ་སོགས་པའི་དབྱངས་ཀྱིས་བསྟོད་པ་ཙམ་བྱའོ། །དྲི་གོས་ནི་བཤིག་གོ །འདིར་དེ་ཙམ་ལས་གཞན་པའི་ཟས་གཏད་མེད་པས་མི་བྱའོ། །དཔོན་སློབ་ཀུན་ཀྱང་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གཅིག་པས། ཆོ་ག་ལྡིང་ཤར་ལ་མགྲིན་གཅིག་
ཏུ་བྱའོ། །དེས་ནི་ཏིང་ངེ་འཛིན་གསལ་ཞིང་ཆད་ལྷག་མེད་པས་ཀུན་གྱི་ཡིད་དུ་འོངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཞི་མཆོད་གནད་ཡིག་འདི། །གངས་རི་རིན་ཆེན་ར་བའི་སྐྱེད་ཚལ་དུ། །དྲི་མེད་འོད་ཟེར་བདག་གིས་ལེགས་པར་བཀོད། །དགེ་བ་དེ་ཡིས་འགྲོ་ཀུན་གྲོལ་བར་ཤོག །བསོད་ནམས་སྤྲིན་གྱིས་གཞོལ་བའི་བླ་བྲེ་ལས། །ཡེ་ཤེས་ཆར་ཆེན་རབ་ཏུ་འབབ་པ་ཡིས། །ཕྱག་རྒྱ་གར་གྱི་གློག་ཕྲེང་འགྲན་པ་བཞིན། །ལྷན་ཅིག་སྐྱེ་དགུའི་འདབ་བསྐྱོད་དགའ་བར་ཤོག །འདི་འདྲའི་ཚུལ་ལ་བདག་འདྲའི་བློ་མིག་རྒྱས། །མང་པོའི་དབུས་ན་བཟང་པོའི་གྲགས་དཀར་ཅན། །མཁས་མཆོག་ཆོས་རྗེའི་མཆོག་གི་བདུད་རྩི་ལས། །ལེགས་འོངས་དོན་དེ་མ་འོངས་དོན་དུ་བཀོད། །རང་བཞིན་སྔོན་ནས་སྦྱངས་པའི་དཀྱིལ་འཁོར་ལས། །ཚེ་འདིར་ལན་རེ་ཐོས་པས་འོད་སྟོང་རྒྱས། །གཞན་ཕན་ཆུ་སྐྱེས་རབ་ཏུ་འཛུམ་པ་ཡིས། །སྐལ་བཟང་རྐང་དྲུག་ལྡན་རྣམས་དགའ་བར་མཛོད། །ཕྱག་རྒྱ་བཞི་མཆོད་ཅེས་བྱ་བ་གཞན་ཕན་འོད་ཀྱི་འཁོར་ལོའི་གནད་ཡིག་པདྨ་ལས་འབྲེལ་རྩལ་གྱིས། སྟོན་གསུམ་གངས་རི་ཐོད་དཀར་དུ་སྦྱར་བ་རྫོགས་སོ།། །།
མཆོད་རྟེན་རབ་གནས་རིན་ཆེན་དྲྭ་བ།
ཤོག་སྐྱའི་སྐོར། མཆོད་རྟེན་རབ་གནས་རིན་ཆེན་དྲྭ་བ་ཞེས་བྱ་བ་བཞུགས་སོ། །
མཆོད་རྟེན་རབ་ཏུ་གནས་པའི་ཆོ་ག་རིན་ཆེན་དྲྭ་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་ཐུགས་རྗེ་ཤིན་ཏུ་རྨད་བྱུང་བ། །དགུང་ཟླའི་འོད་ལས་ཆེས་དཀར་རབ་འཕྲོ་བས། །མ་རིག་མུན་སེལ་འགྲོ་ཀུན་མཚན་མོའི་མིག །ཐར་གླིང་སྣང་བར་མཛད་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྐུ་གཟུགས་བདེ་ལེགས་ཕུན་ཚོགས་ཀྱིས། །རང་གཞན་དོན་གཉིས་མ་ལུས་བསྒྲུབ་བྱའི་ཕྱིར། །མཆོད་རྟེན་རབ་ཏུ་གནས་པའི་ཆོ་ག་ནི། །དྲི་མེད་འོད་ཟེར་བཟང་པོས་སྣང་བར་བྱས། །འདིར་རང་ངམ་གཞན་གྱི་དོན་དུ་ཚྭ་ཚྭ་བཞེང་པར་འདོད་ན། གཏོར་མ་བྱིན་ནས་ས་བླངས་ཏེ། ཨཱོཾ་བཛྲ་ཁ་ན་ཁ་ན་ཧཱུཾ་གིས་རིན་པོ་ཆེའི་ས་གཞིར་བྱིན་གྱིས་བརླབས་ལ། ཨཱོཾ་བཛྲ་མུ་ཀ་ར་ཨ་ཀོ་ཏྲ་ཡཱ་ཧཱུཾ་གིས་བརྐོས་ནས་འཇིམ་པར་གཡོས་ལ། དེའང་ཚེ་འདས་པའི་ཆེད་ཡིན་ན། རུས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་དབུས་སུ་ཨ་དཀར་པོ་ལས་བདུད་རྩི་བབས་པས་སྡིག་པ་དག་པར་མོས་ཤིང་རིགས་ལྔའི་སྔགས་ཟློས་ཤིང་། དྲི་བཟང་པོའི་ཆུས་བཀྲུས་པའི་མཐར་ཨཱོཾ་པྲ་མར་དྷ་ན་ཡེ་སྭཱ་ཧཱས་སྒྲིབ་པ་དག་པར་བསམས་ལ་ཞིབ་པར་བརྡུངས་ཏེ། འཇིམ་པ་དང་བསྲེས་ལ། པད་ཟླའི་སྟེང་དུ་འཇིམ་པའི་ཕུང་པོ་དེ་ཉིད་བྷྲུཾ་ལས་རིན་པོ་ཆེའི་ཕུང་པོར་བསམས་ལ། སྐད་ཅིག་གིས་བདག་ཉིད་ཀུན་བཟང་ཡབ་ཡུམ་དུ་བསམས་པའི་ཐུགས་ཀའི་འོད་ཟེར་འོག་མིན་གྱི་རྣམ་པར་སྣང་མཛད་ལ་ཕོག་པས། དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་འཇིམ་པ་ལ་ཕོག་པས་ཡེ་ཤེས་ལྔའི་རང་བཞིན་དུ་བསམས་ལ། གཡོན་པའི་མཐེའུ་ཆུང་མཐེ་བོང་གིས་མནན་ནས་གན་རྐྱལ་དུ་བཞག་པའི་སྟེང་དུ། གཡས་པའང་དེ་བཞིན་དུ་བྱས་ལ་ཁ་སྦུབ་ལ། ཨཱོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷ་ར་ཛ་ཡཱཿ ཏ་ཐཱ་ག་ཏ་ཡ། ཨར་ཧ་ཏེ་སཾ་མྱག་སཾ་བྷུདྡྷ་ཡ། ཏདྱ་ཐཱ། ཨཱོཾ་སུཀྵ་མེ་སུཀྵ་མེ། ས་མ་ཡེ་ས་མ་ཏེ། ཤན་ཏེ་དྷནྟེ། ཨ་ན་ཡ་ཨ་ལཾ་བྷེ། ཏ་རཾ་བྷེ། ཡ་ཤོ་བ་ཏི།
མཧཱ་ཏེ་ཛ་ནིར་ཀུ་ལ་ནི་ར་བྷ་ནི། སརྦ་ཏ་ཐཱ་ག་ཏ་ཧྲིད་ད་ཡ། ཨ་དྷི་ཏིཥྛ་ན། ཨ་དྷི་ཏིཥྛ་ཏེ་སྭཱཧཱ། ཞེས་བདུན་བརྗོད་ནས། ན་མཿས་མ ནྟ། བྷུདྡྷ་ནན། ཨཱོཾ་བཛྲ་ཨཱ་ཡུ་ཤེ་སྭཱ་ཧཱས་འཇིམ་པ་སྙོམས་པར་བཅད་པའི་ནང་དུ། ཨཱོཾ་ཨཱཿཧཱུཾ་ལ་སོགས་པའི་གཟུངས་གཞུག་ནི། ཨཱོཾ་བཛྲ་དྷ རྨ་དྷཱརྟུ་གྷརྦྷེ་ཡེ་སྭཱ་ཧཱ་ས་གཞུག་གོ །ༀ་བཛྲ་ཛྲོད་བྷ་ཝ་སྭཱ་ཧཱས་འབི་འབི་བྱས་ལ། ཨཱོཾ་བཛྲ་ཨཱ་ར་ཛེ་ཝ་ར་ཛེ་སྭཱ་ཧཱས་སྣུམ་བསྐུས་ལ། ཨཱོཾ་དྷ རྨ་དྷཱརྟུ་གརྦྷེ་ཡེ་སྭཱ་ཧཱས་ཀོལ་ཕོར་དུ་བཅུག་ལ། ཨཱོཾ་བཛྲ་མུད་ཀ་ར་ཨ་ཀོ་ཏྲ་ཡེ་སྭཱ་ཧཱས་ཀོལ་ཕོར་བརྡུང་ནས། ཨཱོཾ་བཛྲ་དྷརྨ་ར་ཏེ་སྭཱ་ཧཱས་ཕྱུང་ལ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་ཀཱ་ཡ་མ་ཧཱ་སུ་ཁ། བཛྲ་སུ་ར་ཏེ་ས་མ་ཡ་སྟྭཾ་གྱིས་ཆོས་སྐུར་བསམས་པའི་ངང་ལས། ཨཱོཾ་སརྦ་ཏ་ཐཱ་ག་ཏ་སཾ་བྷོ་ཀཱ་ཡ་སྟྭཾ་གྱིས་ལོངས་སྐུར་བྱོན་ཏེ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ནིར་མ་ཀཱ་ཡ་ས་མ་ཡ་སྟྭཾ་གྱིས་སྤྲུལ་སྐུས་སེམས་ཅན་གྱི་དོན་བྱེད་པར་བསམས་ལ་བྲེེ་མཐུན་པར་བསྒྲིགས་ཏེ་གདབ་བོ། །དེ་དག་གི་མདུན་དུ་མཆོད་པ་ལྔ་དང་། གཏོར་མ་གསུམ་བཤམས་ལ། འབྲུའི་སྣོད་གཉིས་ཀྱང་སྟ་གོན་དུ་བྱའོ། །དེ་ནས་གཏོར་མ་འོག་མ་གཉིས་བགེགས་དང་གཞི་བདག་ལ་བསྔོས་ཏེ་བཀའ་བསྒོ་བྱས་ལ། རང་ཉིད་ཀུན་བཟང་ཡབ་ཡུམ་དུ་དམིགས་ལ་མཆོད་བསྟོད་བྱས་ལ། སྣོད་ཀྱི་ནས་གཅིག་ལ་རིགས་ལྔའི་སྔགས་དང་། རྟེན་འབྲེལ་སྙིང་པོ་བཟླས་སོ། །དེ་ནས། ཨཱོཾ་སྭ་བྷཱ་ཝ་ཤུདྷ་སརྦ་དྷ རྨ་སྭ་བྷཱ་ཝ་ཤུདྡྷོ་྅ཧཾ། སྟོང་པའི་ངག་ལས་པཾ་ལས་པདྨ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་སྟེང་དུ། བྷྲུཾ་ལས་རིན་པོ་ཆེའི་མཆོད་རྟེན། གདན་ཁྲི་རི་རབ་བུམ་པ་བྲེ་འཁོར་ལོ་བཅུ་གསུམ། གདུགས་ཆར་ཁེབས་ཏོག་དང་བཅས་པའི་བུམ་པ་མ་གཏོགས་པ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བུམ་པ་མཐིང་གའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་ཆེན། ལྷོར་རྟ་མཆོག །ནུབ་དུ་རྨ་བྱ། བྱང་དུ་ཤང་ཤང་གི་ཁྲིའི་སྟེང་དུ་པདྨ་དང་ཉི་ཟླའི་དབུས་སུ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿལྔ་ལས། རིགས་ལྔ་ཡབ་ཡུམ་དུ་བསྐྱེད་ལ། ཡེ་ཤེས་པ་གཞུག་
དབང་བསྐུར། ཨཱོཾ་ཨཱཿཧཱུཾ་གིས་སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ལ། ལངས་ཏེ་མེ་ཏོག་འཐོར་ཞིང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་གཞག་གི་བར་དུ། བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་ཡང་འབྱུང་བ་ཆེན་པོ་བཞིའི་གནོད་པ་མ་བྱུང་གི་བར་དུ་བཞུགས་ནས། གང་གིས་མཐོང་བ་དང་། ཐོས་པ་དང་། རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྲིན་ལས་མཛད་དུ་གསོལ། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཨཱོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝ་ཧེ་དུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ནས། ༀ་ན་མོ་བྷ་ག་ཝ་ཏེ་རད་ན་ཀེ་ཏུ་རཱ་ཛ་ཡཱ། ཏ་ཐཱ་ག་ཏ་ཡ། ཨར་ཧ་ཏེ་སཾ་མྱག་སམ་བུདྡྷ་ཡ། ཏདྱ་ཐཱ། ཨཱོཾ་རད་ནེ་རད་ནེ་མ་ཧཱ་རད་ནི། རད་ན་བི་ཛ་ཡེ་སྭཱ་ཧཱས་བསྐོར་བ་བྱ་ཞིང་། སངས་རྒྱས་རྗེས་སུ་དྲན་པ་བཏོན་ནས། མཆོད་པའི་སྤྲིན་ཕུང་ཆེན་པོར་བསམས་ཏེ། འཇིག་རྟེན་འདི་འམ་གཞན་དག་ན། །མེ་ཏོག་ཇི་སྙིད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །མགོན་པོ་སྲས་དང་བཅས་ལ་འབུལ། ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ་མཆོད་པ་ལྷག་མའང་འགྲེས་མཐུན་པར་འབུལ། འགྲོ་བའི་བླ་མ་གཅིག་པོ་ལུམ་པར་བལྟམས། །སེར་སྐྱའི་གྲོང་ཁྱེར་གཅིག་ཏུ་གནས་མཛད་ཅིང་། །ཡོན་ཏན་རིན་ཆེན་བྱེ་བས་བརྒྱན་པ་ཡི། །བདེ་གཤེགས་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །མ་ག་ཏ་ཡི་བྱང་ཆུབ་ཤིང་གི་དྲུང་། །ཆུ་བོ་ནཻ་རཉྫུ་ར་ཞེས་བྱ་བའི། །འགྲམ་བཞུགས་མཆོད་རྟེན་ཡོན་ཏན་རྒྱ་ཆེ་བས། །བྱང་ཆུབ་རྟེན་དུ་གྱུར་ལ་ཕྱག་འཚལ་ལོ། །ཀ་ཤི་ཀ་ཡི་ཝཱ་རཱ་ན་སཱི་རུ། ཆོས་ཀྱི་འཁོར་ལོ་རྣམ་གྲོལ་རྨད་བྱུང་བས། །ཉོན་མོངས་སྒྲིབ་ཀུན་རྣམ་པར་སྦྱངས་མཛད་པའི། །ཡེ་ཤེས་མཆོད་རྟེན་བཞི་ལ་ཕྱག་འཚལ་ལོ། །མཉན་དུ་ཡོད་པར་གཞན་སྟོབས་
ཚར་བཅད་ནས། །ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་ཡིས། །ས་གསུམ་དགོངས་པ་མཆོག་ཏུ་བསྒྲུབས་མཛད་པ། །མུ་སྟེགས་ཕམ་མཛད་མཆོད་རྟེན་ཕྱག་འཚལ་ལོ། །གྲོང་ཁྱེར་དམ་པ་མཆོག་ནི་གསལ་ལྡན་དུ། །ལྷ་རྣམས་གཤེགས་ཏེ་བླ་ན་མེད་པ་ཡི། །ཞབས་ལ་ཚངས་དབང་ཅོད་པན་གྱིས་མཆོད་པ། །སུམ་ཅུའི་ལྷས་མཆོད་མཆོད་རྟེན་ཕྱག་འཚལ་ལོ། །དགེ་འདུན་དབྱེན་བསྡུམ་སྔ་གྱུར་ཏེ། སྟོན་པའི་ཉན་ཐོས་རབ་འདུམ་པ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ། །བྱམས་པའི་མཆོད་རྟེན་ཕྱག་འཚལ་ལོ། །སྐུ་ཚེའི་འདུ་བྱེད་བཏང་བ་ལས། །སླར་ཡང་སྐུ་ཚེ་བྱིན་བརླབས་ཤིང་། །རྣམ་གྲོལ་ཡངས་པ་ཅན་གྱི་ཚལ། །བྱིན་རླབས་མཆོད་རྟེན་ཕྱག་འཚལ་ལོ། །ཀུ་ཤའི་གྲོང་དུ་འགྲོ་བ་རྣམས། །དགེ་བ་ལ་ནི་སྦྱོར་མཛད་ཅིང་། །འགྲན་མེད་གྱད་རྣམས་བཟུང་བའི་ཚལ། །མཆོད་རྟེན་མྱང་འདས་ཕྱག་འཚལ་ལོ། །ཤཱཀ་ཐུབ་མཆོད་རྟེན་བརྒྱད་པོ་དང་། །ཕྱོགས་བཅུ་གཞན་དང་གཞན་རྣམས་ན། །བཞུགས་པའི་མཆོད་རྟེན་ཀུན་ལ་འདུད། །གཞི་ལ་རྟག་ཏུ་སྤྱིས་ཕྱག་འཚལ། །ཞེས་བརྗོད་ནས་མེ་ཏོག་བཀྲམ་སྟེ། །བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། །མཆོད་རྫས་རྟེན་ཅིང་འབྲེལ་པར་འབྱུང་བའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ། །ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། །སྐྱོབ་པའི་ནུས་མཐུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །བསྟན་པའི་རྩ་ལག་བླ་མ་ཡང་དག་པ་དགེ་བའི་བཤེས་གཉེན་པ་རྣམས་ཀྱི་སྐུ་ཚེ་དང་། །ཐུགས་དམ་དང་། །རྟོགས་པ་དང་། ཕྲིན་ལས་ལ་བར་དུ་གཅོད་པ་མི་འབྱུང་ཞིང་
གོང་ནས་གོང་དུ་འཕེལ་བས། འགྲོ་བའི་དོན་རྒྱ་ཆེན་པོ་འགྲུབ་པར་མཛད་དུ་གསོལ་ལོ། །བདག་ཅག་ཆོས་སྒྲུབ་པ་པོ་རྣམས་ཀྱི། ཆོས་སྤྱོད་བཅུའི་སྒྲུབ་པ་ལ་བར་དུ་གཅོད་པ་མི་འབྱུང་ཞིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ་ལོ། །སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་བར་དུ་གཅོད་པ་ཞི་ནས། ཅི་བསམ་པའི་དངོས་པོ་ཐམས་ཅད་ཆོས་ལྡན་དུ་འགྲུབ་པར་མཛད་དུ་གསོལ་ལོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ལོ་ཕྱུག་རྟག་ཏུ་ལེགས་ཤིང་། ཕྱི་འཁྲུགས་དང་། ནང་འཁྲུགས་དང་། མཐའ་དམག་དང་། སད་སེར་དང་། མུ་གེ་དང་། གནོད་འཚེ་ཐམས་ཅད་མེད་ཅིང་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཅི་བསམ་པའི་དངོས་པོ་ཐམས་ཅད་ཆོས་ལྡན་དུ་འགྲུབ་པར་མཛད་དུ་གསོལ་ལོ། །ཞེས་པ་གསུམ་གྱིས་མེ་ཏོག་འཐོར་རོ། །ཚེ་འདས་ཀྱི་ཡིན་ན་ཆེ་གེ་མོ་ཞེས་བྱ་བ་འདིའི་ས་དང་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཞི་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་བར་མཛད་དུ་གསོལ་ལོ། །ཞེས་བརྗོད་དོ། །དེ་ནས་གཏོར་མ་དེ་ཉིད། དཔའ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ། ཨ་ཀཱ་རོས་བསྔོས་ལ། རྟེན་འདི་ལ་ཕྱི་ནང་གི་གནོད་པ་དང་འཚེ་བ་ལ་སོགས་པ་ཐམས་ཅད་མེད་པར་མཛད་དུ་གསོལ་ལོ། །ཞེས་བརྗོད་ནས། བཀྲ་ཤིས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པས་རྡོ་རྗེའི་གླུས་ཤེས་པ་བརྗོད་པར་བསམས་ལ། མེ་ཏོག་འཐོར་ཞིང་མགྲིན་གཅིག་ཏུ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་རྟག་ཏུ་ཞི་བྱེད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ། དགེ་འདུན་དམ་པ་ཆོས་ལྡན་ཐོས་
པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་ལེགས་པར་གསུངས་པ་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་དང་། བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་ཚོགས་ལས་གྲོལ་བ་དང་། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་ལེགས་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་འགྱུར་པའི། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ། སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་། །བཟོད་པ་སྒོམ་ཞིང་རྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུག་རྟོགས་གྱུར་པའི། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྣམ་པར་སྣང་མཛད་རྒྱལ་བ་མི་བསྐྱོད་པ། །རིན་ཆེན་འབྱུང་ལྡན་སྣང་བ་མཐའ་ཡས་དང་། །དོན་ཡོད་གྲུབ་བཅས་རིགས་ལྔའི་བཀྲ་ཤིས་གང་། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ། །སའམ་འོ ན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་པར་བྱས་ཏེ། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །བསོད་ནམས་འདི་
ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒས་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །ཅེས་བརྗོད་ལ་སྟན་ལ་འཁོད་ལ་དགའ་སྟོན་བྱའོ། །གངས་རིའི་ངོས་ལ་བདུད་རྩིའི་ཆུ་བབས་པས། །ཡིད་འོང་བྱ་ཚོགས་མང་པོ་དགའ་བ་ལྟར། །བདག་བློའི་ལེགས་བཤད་པདྨའི་གངས་ཅན་མཚོའི། །རིགས་ལྡན་སྐྱེ་བོའི་ངང་པ་དགའ་བར་མཛོད། །འདི་ནི་རྒྱུན་དོན་སྙིང་པཔོའི་དགོངས་པ་བཞིན། །དྲི་མེད་འོད་ཟེར་དེང་སང་ཤར་བ་ཡིས། །མཁའ་འགྲོའི་སྙིང་ཏིག་ཟབ་མོའི་ཆ་ཅན་དུ། །ཨོ་རྒྱན་རྫོང་ཞེས་བྱ་བའི་གནས་སུ་བཀོད། །དགེ་བ་འདི་ཡིས་སྲིད་པའི་སེམས་ཅན་རྣམས། །འོད་གསལ་སྙིང་པོའི་དེ་ཉིད་ལེགས་གཟིགས་ནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །གདོད་མའི་གནས་སུ་ལྷུན་གྱིས་གྲུབ་པར་ཤོག ། མཆོད་རྟེན་རབ་ཏུ་གནས་པའི་ཆོ་ག་རིན་ཆེན་དྲ་བ་ཞེས་བྱ་བ་པདྨ་ལས་འབྲེལ་རྩལ་གྱིས་སྟོན་གསུམ་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།། །།དགེ་ལེགས་སོ།། །།མདྒ་ལཾ།
རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་དྲི་མེད།
རིན་ཆེན་ཤོག་སྐྱའི་སྐོར། རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་དྲི་མེད་ཅེས་བྱ་བ་བཞུགས་སོ། །
དཔལ་ལྡན་ཡེ་ཤེས་འཁོར་ལོ་ཅན། །ཀུན་བཟང་རིགས་ལྔའི་སངས་རྒྱས་དང་། །རིག་འཛིན་རྣམས་ལ་ཕྱག་འཚལ་ཏེ། །རབ་ཏུ་གནས་པའི་ཆོ་ག་བཤད། །དེའང་སྐུ་གཟུགས་ཟིན་ནས་རབ་ཏུ་གནས་པ་ནི། ལུགས་མ་ཡིན་ན་སྟོད་དུ་སངས་རྒྱས། བར་དུ་ཆོས་དང་དགེ་འདུན། སྨད་དུ་ཆོས་སྐྱོང་དང་གནོད་སྦྱིན་གྱིས་གཟུངས་བཅུག །ཞབས་ར་བསྡམས། རས་བྲིས་ལ་སོགས་པའི་རྒྱབ་ཏུ་བྲིས་ལ། བགེགས་བསྐྲད། དེ་བཞུགས་པའི་མདུན་དུ་མཆོད་པ་བཤམས་ལ། རང་ཉིད་ཀུན་བཟང་ཡབ་ཡུམ་དུ་བསྒོམ་སྟེ་མཆོད་པ་དང་བསྟོད་པ་བྱས་ནས། འབྲུ་ལ་རིགས་ལྔའི་རྩ་སྔགས་དང་རྟེན་འབྲེལ་སྙིང་པོ་བཟླས་ཏེ། སྟ་གོན་དུ་བྱས་ནས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ལ། སྭ་བྷཱ་ཝས་སྟོང་པའི་ངང་ལས། རྟེན་དེ་ལྷ་གང་ཡིན་པ་དེ་ཉིད་ཡི་དམ་རིགས་ལྔའི་སངས་རྒྱས་བསྐྱེད་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ། མཆོད་ཅིང་བསྟོད་ནས་བསྟིམ་སྟེ། རིགས་ལྔས་དབང་བསྐུར། ཡི་གེ་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། རབ་གནས་ཀྱིས་བརྟན་པར་བཞུགས་པའི་ཚིག་བརྗོད་ནས། རིགས་ལྔའི་སྔགས་དང་། རྟེན་འབྲེལ་སྙིང་པོས་མེ་ཏོག་ཕུལ། མཎྜལ་གྱི་མངའ་དབུལ་བ་ནི། མཎྜལ་འབུལ་བའི་ཚིག་གིས་དབྱངས་དང་བཅས་པ་དང་། མཆོད་པས་མངའ་དབུལ་བ་ནི། མེ་ཏོག་ལ་སོགས་པ་ཕྱི་ནང་གི་མཆོད་པ་དང་། བསྟོད་པས་མངའ་དབུལ་བ་ནི། རིགས་ལྔའི་བསྟོད་པ་དང་། ཤིས་པས་མངའ་དབུལ་བ་ནི། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་པོ་བརྗོད་དོ། །དེ་ཐམས་ཅད་ཀྱང་རྒྱས་པར་དབྱངས་དང་། རོལ་མོའི་སྒྲས་མངའ་དབུལ་ཆེར་བྱེད་རྣམ་པ་ཡིན་ནོ། །གཏོར་མ་བཏང་ནས་འདོད་པའི་དོན་ལ་གསོལ་བ་བཏབ་ནས་རབ་ཏུ་གནས་པའི་དགའ་སྟོན་རྒྱ་ཆེན་པོ་བྱའོ། །དེ་ཡང་གླེགས་བམ་རབ་ཏུ་གནས་ན། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སེར་མོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་པུ་ཏི་དང་། གཡོན་དང་པོ་པདྨ། འོག་མ་གཉིས་ཐུགས་ཀར་ཐལ་མོ་
སྦྱར་བ། རིན་པོ་ཆེའི་རྒྱན་ཅན། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་བར་བསྐྱེད་ནས་འོག་མིན་ནས་དེ་འདྲ་བའི་ཡེ་ཤེས་པ་བཅུག་སྟེ། དབང་བསྐུར་ལ་སོགས་སྔ་མ་བཞིན་བྱའོ། །ཁྲུས་ཆུ་དང་། བཀོད་མའི་ཆུ་མིག་རབ་ཏུ་གནས་ན། དེ་ཉིད་ལྷའི་ཁྲུས་ཀྱི་རྫིང་བུ་བཟང་པོས་བརྒྱན་པར་བསམས་ལ། རྟེན་འབྲེལ་སྙིང་པོས་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད་དེ། ཁང་པ་དང་སྐྱེད་མོས་ཚལ་ལའང་དེ་བཞིན་གཤེགས་པའི་གཞལ་མེད་ཁང་དང་། ལྷའི་ནགས་ཚལ་བསྟིམ་ལ། རབ་ཏུ་གནས་ཏེ་བཀྲ་ཤིས་བརྗོད་པར་བྱའོ། །མཁའ་འགྲོ་ལ་སོགས་པའི་སྐུ་ནི། དེ་ཉིད་ཀྱི་སྔགས་དང་བསྐྱེད་ཆོག་བྱས་ནས། སྦྱིན་སྲེག་དང་ནང་མཆོད་དང་། བདུད་རྩིས་མཆོད་པས་མཉེས་པར་བྱས་ལ། རབ་ཏུ་གནས་པ་ནི་མན་ངག་ཡིན་ནོ། །འདིར་མདོར་བསྡུས་ཏེ་གསལ་བར་ཕྱེ་བས་ལེགས་པར་བསྟན་ཏོ། །དེ་ལྟར་སྙིང་ཏིག་བཀའ་གསང་རྒྱ་ཆེ་ལས། རྫོགས་པ་རང་བྱུང་རྒྱུད་དོན་རབ་བསྡུས་ཏེ། ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ། །ཡེ་ཤེས་དྲི་མེད་བཟང་པོས་འདི་བཀོད་པས། །འགྲོ་ཀུན་རྣམ་དག་རྒྱལ་བའི་ཞིང་ཁམས་སུ། །སྒྲིབ་བྲལ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །དེ་ལྟར་དོན་གསལ་ཡིད་འོང་ཆོ་ག་འདི། །ཨོ་རྒྱན་ཐུགས་སྲས་དྲི་མེད་འོད་ཟེར་གྱིས། །སྟོན་གསུམ་མེ་ཏོག་འབྲས་བུ་སྨིན་པའི་ཚེ། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །ཚིག་དོན་པདྨའི་ནགས་ཚལ་དགའ་བ་འདིས། །སྐལ་ལྡན་བུང་བ་རབ་ཏུ་ཚིམ་པར་ཤོག །རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་དྲི་མེད་ཅེས་བྱ་བ་མཁའ་འགྲོ་སྙིང་ཏིག་གི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ་གྱིས། སྟོན་ཀའི་དུས་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ་སྦྱར་བ་རྫོགས་སོ།། །།
མཐོང་སྣང་རིན་ཆེན་གསེར་གྱི་དྲ་བ།
རིན་ཆེན་ཤོག་སྐྱའི་སྐོར། མཐོང་སྣང་རིན་ཆེན་གསེར་གྱི་དྲ་བ་བཞུགས་སོ། །
མཐོང་སྣང་རིན་ཆེན་གསེར་གྱི་དྲ་བ་ཞེས་བྱ་བ། དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་བདེ་གཤེགས་ཀུན་གྱི་དངོས། །པདྨ་རྒྱལ་ཞེས་མངོན་སྤྱོད་མ་འཁྲུལ་པའི། །འགྲོ་བའི་བླ་མ་དེ་ལ་ཕྱག་འཚལ་ལོ། །གྲུབ་པའི་རིམ་པས་མཐོང་བའི་སྣང་ཚུལ་བརྗོད། །དེ་ལ་བསྐྱེད་རྫོགས་ཐུན་མོང་གི་མཐོང་སྣང་བ་དང་། འོད་གསལ་མཆོག་གི་མཐོང་སྣང་གཉིས་ལས། དང་པོ་ལ་གྲུབ་པའི་མཐོང་སྣང་ནི། རྣལ་འབྱོར་པ་རབ་ལ་མངོན་སུམ། འབྲིང་ལ་ཉམས་སྣང་། ཐ་མ་ལ་རྨི་ལམ་དུ་སྣང་སྟེ། དེ་ཡང་བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་པ་གང་ཡིན་ཡང་། དམ་ཅན་འདུ་བས་མཁའ་འགྲོའི་རྟགས་འབྱུང་ངེས་ཏེ། མཁའ་འགྲོའི་གཟུགས་དང་སྒྲ་སྐད་སྣ་ཚོགས་པས་ལུང་བསྟན་ཅིང་། དངོས་གྲུབ་སྟེར་བ་དང་། བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་དང་། གསལ་སྣང་མངོན་ཤེས་ལྟ་བུ་འབྱུང་བ་དང་། གཉིད་འོད་གསལ་བདེ་བ་ཆེན་པོར་འཆར་བ་དང་། གཞན་སྣང་འགྱུར་བར་ནུས་པ་དང་། རང་སྣང་དགའ་བདེར་འབར་བ་དང་། ཉོན་མོངས་པ་ཆོས་ཉིད་དུ་གྲོལ་བར་སྣང་བ་ནི་མངོན་སུམ་དང་ཉམས་སུ་མྱོང་བའི་སྣང་བའོ། །རྨི་ལམ་དུ་མཆོག་གི་རྟགས་སུ་ཤེལ་གྱི་མཆོད་རྟེན་ལ་འཛེགས་ཤིང་བསྐོར་བ་བྱེད་པ་དང་། དཀྱིལ་འཁོར་འདྲི་ཞིང་མཐོང་བ་དང་། རང་ཉིད་སངས་རྒྱས་པར་མཐོང་བ་དང་། རང་གིས་རང་གི་རོ་ཁུར་ནས་སྐྱེལ་བ་དང་། ཞིང་ཁམས་བཟང་པོར་ཕྱིན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕྲད་པ་དང་། སྔོན་མ་ཐོས་པའི་ཆོས་ཟབ་མོ་ཐོས་པ་དང་། བྱ་དང་རི་དྭགས་ཡ་མཚན་ཅན་མཐོང་བ་དང་། ཉི་ཟླའི་སྟེང་དུ་སྐྱིལ་ཀྲུང་བཅའ་བ་དང་། རྟག་ཏུ་ནམ་ལངས་ཤིང་ཉི་མ་ཤར་བ་རྨི་བ་དང་། རྫིང་དང་ཟམ་པ་འཛུགས་པ་དང་། བདག་ཉིད་གྲུའི་ཁ་ལོ་བྱས་ཏེ་ཆུའི་ཕ་རོལ་ཏུ་ཕྱིན་པ་རྨིས་ན། འཁོར་བ་ལས་ཐར་པའི་ལམ་སྣ་ཟིན་ཏེ། ངེས་པར་གྲོལ་བའི་ལྟས་སོ། །ཐུན་མོངས་ལ་ནད་ཞི་བའི་ལྟས་སུ་ལུས་ལས་རྣག་ཁྲག་ཐོན་པ་དང་། གདོན་
འཐོན་པའི་ལྟས་སུ་གཞན་ལས་རྒྱལ་བ་དང་། སྡིག་སྒྲིབ་དག་པའི་ལྟས་སུ་ཉི་ཟླ་ཤར་བ་དང་། གོས་དཀར་པོ་གོན་པ་དང་། ཁྲུས་བྱེད་པ་དང་། རི་རྩེ་ལ་ཕྱིན་པ་དང་། ནམ་ལངས་པའོ། ཚེ་འཕེལ་ཞིང་རྒྱས་པའི་རྟགས་སུ་འབྲུའི་ཕུང་པོ་དང་། ལོ་ཐོག་ལེགས་པོ་དང་། ཉི་ཟླ་ཤར་བའོ། །ཤེས་རབ་རྒྱས་པའི་རྟགས་སུ་མེ་ཏོག་འཐུ་བ་དང་། ཡི་གེ་འབྲི་ཀློག་དང་། དཀར་གསུམ་འཐུང་བ་དང་། མེ་འབར་བ་དང་། ཉི་ཟླ་ཤར་བ་དང་། རལ་གྲི་རྙེད་པའོ། །གྲགས་པ་རྒྱས་པའི་རྟགས་སུ་དུང་འབུད་པ་དང་། རྔ་བརྡུང་བ་དང་། དར་པོ་ཆེ་ཕྱར་བ་དང་། ཀུན་གྱིས་བསྟོད་པ་རྨིའོ། །ནོར་རྒྱས་པའི་རྟགས་སུ། རིན་པོ་ཆེའི་ཆར་འབབ་པ་དང་། གཏེར་འདྲུ་བ་དང་། ལོ་ཐོག་ལེགས་པ་དང་། ཁང་བཟངས་ལོངས་སྤྱོད་ལྡན་པ་རྨིའོ། །འཁོར་འདབ་རྒྱས་པའི་རྟགས་སུ་སྐྱེ་བོ་མང་པོའི་དབུས་ན་འདུག་པ་དང་། བ་གླང་ལ་སོགས་པ་མང་པོ་སྐྱོང་བ་རྨིའོ། །འགྲོ་བ་དབང་དུ་འདུ་པའི་རྟགས་སུ་བུད་མེད་མང་པོས་ཕྱག་འཚལ་ཞིང་ནོར་འབུལ་བ་དང་། ཞལ་སློབ་དང་སྐྱེ་བོ་མང་པོས་བསྟོད་པའོ། །མཁའ་འགྲོ་མ་འདུས་པའི་རྟགས་སུ། བུད་མེད་མང་པོས་ཕྱག་འཚལ་རྒྱན་འདོགས་བསྟོད་པའོ། །དཔའ་བོ་འདུས་པའི་རྟགས་སུ་སྐྱེ་བོའི་ཚོགས་དང་། དམག་གི་ཚོགས་འདུས་ཏེ་ཕྱག་འཚལ་ཞིང་ནོར་འབུལ་བ་རྨིའོ། །བགེགས་དྲག་པོ་ཚར་གཅོད་པའི་རྟགས་སུ། གཞན་བསད་ཅིང་བརྡུང་བ་དང་། མེ་དཔུང་འབར་བ་དང་། རྒྱ་མཚོ་སྐམ་པ་དང་། ཆུ་ཆེན་པོ་འཕྲལ་ལ་འབབ་འཕྲོ་ཆད་པ་དང་། སེམས་ཅན་ཕྲ་མོ་མང་པོ་བསྲེགས་པ་དང་། རྒྱལ་བའི་སྒྲ་སྒྲོགས་པ་རྨིའོ། །མ་གྲུབ་པའི་རྟགས་ལ་བུད་མེད་མཚན་མ་སྟོན་པ་རྨིས་ན། མོ་རྒྱུད་མ་གྲུབ་པས་སྤོོག་པའི་ལས་བྱ། སྐྱེས་པ་གཅེར་བུར་བྱུང་ན་ཕོ་རྒྱུད་འཁུ་བས་གཟིར་བའི་ལས་བྱ། འཐབ་རྩོད་བྱེད་ན་མཁའ་འགྲོ་འཁྲུགས་པས་སྐོང་བཤགས་བྱ། སྤྲང་པོ་བྱུང་ན་མ་བསྐང་བས་མེ་ཚོགས་དང་གཏོར་ཚོགས་བྱ།
མཛེ་ཕོ་བྱུང་ན་གྲིབ་ཡོད་པས་ཁྲུས་དང་གཙང་སྦྲ་བྱེད། མུན་ནག་ཆར་འཐིབས་བྱུང་ན་དམ་ཚིགས་ཉམས་པས་སྐོང་བཤགས་བྱ། ཉི་ཟླ་ནུབ་ན་ཚེ་ཐུང་བས་ཚེ་སྒྲུབ་བྱ། བཟའ་བཏུང་ཐོབ་ཁར་གཞན་གྱིས་ཁྱེར་བར་རྨིས་སམ་གཉིད་སད་ན། ཟ་ཁར་འཇུག་པའི་བགེགས་ལ་མནན་པ་བྱ། མཚོན་ཆ་ཆག་པ་དང་རྣོ་མེད་ན་སྔགས་ལ་ཆད་ལྷག་བྱུང་བས་གསོ་བར་བྱ། རོལ་མོ་ལ་སྐད་མེད་པ་རྨིས་ན་བསྐྱེད་རྫོགས་མ་དག་པས་གསལ་ལ་དག་པར་གསལ་གདབ། ངུ་བྲེད་དང་ཆོ་ངེས་བྱེད་པར་རྨིས་ན་སྲུང་མ་མ་མགུ་བས་སྐོང་བཤགས་དང་གཏོར་ཚོགས་བྱ། གཞན་གྱིས་འདོད་པ་བྱུང་ན། གཞན་གྱི་གཏོར་ཚོགས་ཀྱིས་མ་ཁེངས་པས་ཚོགས་གཏོར་རྒྱ་ཆེན་པོ་གཏང་། རང་ཉིད་ཀུན་གྱི་གྲལ་གཤམ་ན་འདུག་པ་རྨིས་ན། འཇིག་རྟེན་གྱི་ལྷ་འདྲེ་མ་འཆུན་པས་དམིགས་པ་རྒྱ་བསྐྱེད། མི་གཙང་བའི་འདབ་རྫབ་ཀྱི་ཁྲོད་དུ་འདུག་པ་རྨིས་ན་གྲིབ་ཡོད་པས་ཁྲུས་དང་སྐོང་བཤགས་བྱ། གོས་ངན་པ་གོན་པ་རྨིས་ན་བསོད་ནམས་དམན་པས་ཚོགས་བསག །རི་ནས་ཐུར་དུ་འགྲོ་བ་རྨིས་ན་བར་ཆད་དང་སྐལ་པ་ངན་པས་དགེ་སྦྱོར་ལ་འབད་ཅིང་བརྩོན་འགྲུས་བསྐྱེད། ས་རུབ་ཅིང་ཉི་ཟླ་ནུབ་པ་དང་། རྒུད་པ་དང་། གོས་དམར་པོ་གོན་ནས་མཆོད་རྟེན་དམར་པོ་ལ་འཛེགས་པ་དང་། གཅེར་བུར་བོང་བུ་ལ་ཞོན་པ་དང་། ནུབ་ཏུ་བལྟས་ནས་ཉམས་མི་དགའ་བཞིན་དུ་ཉི་མ་ནུབ་ཁར་འགྲོ་བ་རྨིས་ན། འཆི་རྟགས་ཡིན་པས་འཆི་བསླུ་དང་ཚེ་སྒྲུབ་ལ་འབད་པར་བྱའོ། །འདི་དག་ནི་མདོ་ཙམ་སྟེ། མདོར་ན་རྨི་ལམ་གང་ཡང་སད་དུས་ཤེས་པ་མི་དགའ་ན་ངེས་པར་ཞན་ལ། ཤེས་པ་མི་བདེ་བ་མེད་ན་བག་ཆགས་སུ་ཤེས་པར་བྱའོ། །དེའང་སྲོད་ལ་སྔར་འདས་པ་དང་། བགེགས་ཀྱི་ཆོ་འཕྲུལ་གྱི་རྨི་ལམ་གཞི་ཆེ། གུང་ལ་བག་ཆགས་དང་ད་ལྟའི་སྣང་བ་ཤས་ཆེ། ཐོ་རངས་མ་འོངས་པ་དང་ལྷས་ལུང་སྟོན་པའི་ཕྱིར། མངོན་ཤེས་ཀྱི་རྣམ་པ་དང་། ཆོས་མཐུན་པས་ཐོ་རངས་ལ་བརྟག་པ་ཡིན་ནོ། །ངན་པ་རྣམས་ལ་སོ་སོའི་གཉེན་པོ་རྣམས་དང་
བདེན་མེད་ཀྱི་རྩལ་སྦྱངས་པས་ཞི་བར་འགྱུར་རོ། །དེ་དག་ཐུན་མོང་གི་མཐོང་སྣང་བཟང་ངན་རྣམས་རྣལ་འབྱོར་པས་ཤེས་པར་བྱ་བ་ཕྱིར་དུ་སྨོས་པ་སྟེ། ཁོང་དུ་ཆུད་པར་བྱའོ། །དོན་གཉིས་པ་འོད་གསལ་མཆོག་གི་མཐོང་སྣང་ལ་གཉིས་ལས། རང་རིགས་པའི་མཐོང་སྣང་ལའང་བཟང་པོ་ནི། གནས་ལུགས་ཀྱི་དོན་ལ་སྦྱངས་པས་ན། སེམས་ཅན་ལ་སྙིང་རྗེ་ཆེན་པོ་འབད་མེད་དུ་སྐྱེ་བ་དང་། བླ་མ་ལ་གདུང་བ་མཆོག་ཏུ་སྐྱེ་བ་དང་། འདོད་ཡོན་ལ་དགོས་མེད་སྐྱེ་བ་དང་། ཆགས་སྡང་གི་འཛིན་པ་ཇེ་ཆུང་ལ་འགྲོ་བ་དང་། རང་སེམས་ལ་གཡོ་ཟོག་གི་རྣམ་པ་མི་འབྱུང་བ་དང་། སྙིང་ནས་འཆི་བ་མི་རྟག་པ་སྐྱེ་བ་དང་། བློ་སྣ་བཙན་ཐབས་སུ་ཐུང་ལ་སྐྱོ་ཤས་གཏིང་ནས་སྐྱེ་བ་དང་། འཇིག་རྟེན་གྱི་སྣང་བ་སྒྱུ་མར་མཐོང་བ་དང་། སྣང་སྲིད་སློབ་དཔོན་དུ་འཆར་བ་དང་། ཅི་བྱས་གཞན་ལ་ཕན་པ་དང་། ཀུན་གྱིས་མཐོང་ན་དགའ་བ་དང་། དད་མོས་རྒྱུན་ཆད་མེད་པ་དང་། ཉོན་མོངས་པ་ཆོས་ཉིད་དུ་འཆར་བ་དང་། ཆོས་མིན་གྱི་བསམ་པ་རྒྱུད་ལ་མི་འབྱུང་བ་དང་། །བདེ་གསལ་མི་རྟོག་པ་རང་བབས་སུ་སྐྱེ་བ་དང་། གང་ཤར་རང་གྲོལ་དུ་མཐོང་བ་དང་། ཐེ་ཚོམ་གྱི་འཛིན་པ་མི་སྐྱེ་བ་དང་། བླ་མའི་གདམས་ངག་ལ་ཡིད་ཆེས་སྐྱེ་བ་དང་། ཆོས་ཀྱི་ཚིག་དོན་སྔར་མི་ཤེས་པ་རྒྱུད་ལ་འཆར་བ་དང་། ཐམས་ཅད་བློ་བྲལ་དུ་ཤེས་པ་ལ་སོགས་པའོ། ངན་པ་ནི་ཉམས་སུ་བླངས་པའི་ཚེ་ན། དེ་དག་ལས་ལྡོག་པ་རྒྱུད་ལ་འཆར་ཞིང་། ཁྱད་པར་དུ་གནས་དང་ཡུལ་དང་། གཉེན་བཤེས་ལ་ཆགས་སྡང་སྐྱེ་ཞིང་། རྫས་དང་ཡོ་བྱད་ལ་སོགས་གང་རུང་ལ། ཆགས་ཞེན་ཇེ་ཆེར་གྱུར་པ་དང་། དུག་ལྔ་ཇེ་རགས་ལ་སོང་བས་མཐུན་མཇུག་དང་། ཆགས་སྡང་འབད་མེད་འབྱུང་བ་དང་། གཅིག་པུར་འདུག་ཀྱང་སེམས་ཉོན་མོངས་པས་གཡེངས་ཤིང་བྱ་བྱེད་འདུ་འཛི་ལ་དགའ་བ་དང་། བླ་མའི་གདམས་ངག་ལ་ཡིད་མི་ཆེས་པས་སྤྲོས་བཅས་ཀྱི་དགེ་སྦྱོར་ལ་གཙོ་བོར་འདོན་
པ་དང་། བློ་སྣ་མང་ཞིང་རྣམ་རྟོག་ཇེ་རགས་ལ་འགྲོ་བ་དང་། དགག་སྒྲུབ་དང་འགྱུར་ལྡོག་མང་ཞིང་འགྲོགས་ཚད་ཆོས་མིན་ལ་འགོད་པ་དང་། ཁ་ལྟ་ཉམས་ལེན་འཛོལ་བས་སེམས་ལ་རྡུལ་ཙམ་ཡང་མ་ཕན་པ་ལ་སོགས་ཏེ། མདོར་ན་ཆོས་དང་མི་མཐུན་པ་ཀུན་ལ་རང་གནས་ཤིང་གཞན་ཡང་འགོད་པ་རྣམས་སོ། །དེ་དག་ལ་བླ་མ་དམ་པ་བཙལ་ནས་ཉོན་མོངས་པའི་གཉེན་པོར་གང་འགྱུར་བརྟེན་ནས། རང་སེམས་འདུལ་བ་མཆོག་ཏུ་ཟབ་བོ། །གཉིས་པ་འོད་ལྔ་ཕྱིའི་མཐོང་སྣང་ནི། ལུས་ངག་ཡིད་གསུམ་གྱི་གནད་རྣམས་ལེགས་པར་གཅུན་ཏེ་བསྒོམས་པས་ཐིག་ལེ་སྟོང་པའི་སྒྲོན་མ་མཐེབ་མཛུབ་ཀྱི་རྩོལ་བ་དང་བྲལ་ཡང་། སྣང་དུས་ནང་དུ་གཟུང་འཛིན་གྱི་རྩ་གཉིས་འོད་དུ་སོང་བས་འཁོར་བའི་འཆིང་བ་ལས་གྲོལ་ཏེ། རྩོལ་སྒྲུབ་ལས་འདས་པའི་དོན་ཁོང་དུ་ཆུད་པའི་ལྟས་སོ། །དེ་དུས་ཤི་ཡང་སྐྱེ་བ་གཉིས་ནས་སངས་རྒྱའོ། །དེ་ནས་དབྱིངས་རྣམ་པར་དག་པའི་སྒྲོན་མ་སྨིན་མཚམས་ནས་བྲལ་ཏེ་འོད་ལྔའི་སྣང་བ་དུམ་བུ་ལ་ཁྲུ་གང་ཙམ་པ་ཁ་དོག་ལྔ་ལྡན་གྱི་ནང་འོད་ཟླུམ་མུ་ཁྱུད་རིས་མར་པོར་སྣང་དུས། ནང་དུ་ཡེ་ཤེས་ཀྱི་སྣང་བས་དུག་ལྔ་དང་སྒོ་ལྔའི་འདབ་འོད་དུ་སོང་བས་འཁོར་འདས་རྒྱབ་གྱེས་ཏེ་ཕྱི་མ་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པའི་རྟགས་སོ། །དེ་དུས་ཤི་ཡང་སྤྲུལ་སྐུར་སྐྱེ་བས་འགྲོ་དྲུག་ཏུ་མི་སྐྱེའོ། །དེ འང་མངོན་དགའ་ལ་སོགས་པར་རྫུས་ཏེ་སྐྱེ། ལོ་ལྔ་བ རྒྱ་ན་སངས་རྒྱ་བའོ། །དེ་ནས་འོད་ལྔའི་སྣང་བ་གྱེན་ལ་འགྲེང་བ་དང་། རྩིབས་ཤར་དང་། མདུང་རྩེ་དང་། མདའ་ལྟ་བུ་དང་། རེ་ལྡེ་ཙམ་དུ་སྣང་དུས་ན། ནང་དུ་སྤྲུལ་པའི་ཞིང་གི་བག་ཆགས་འཛིན་པའི་རྩ་བདུན་གྱི་རྩ་གཉིས་རེ་འོད་དུ་སོང་བས་དབྱིངས་རིག་འདུས་ཏེ་བར་དོར་སངས་རྒྱ་བའོ། །དེའང་སྣང་བའི་འོད་གསལ་མདུན་ངོས་ཙམ་པར་གཞལ་ཡས་ཁང་པར་ཤར་བའི་གནད་ཀྱིས་སོ། །དེའང་དེ་དུས་ཤི་ན་བར་དོ་གསུམ་པ་ལྷུན་གྲུབ་ལ་གྲོལ་ལོ། །དབྱིངས་སྣང་ལ་རིན་པོ་ཆེའི་དྲ་བ་དྲ་ཕྱེད་དང་། མིག་མངས་རིས་དང་། མིག་ཚགས་ལྟ་བུ་
དང་། ཟ་འོག་བེར་ཁྱིམ་དང་། མཆོད་རྟེན་དང་། ལྕགས་ཀྱུ་དང་། མདུང་རྩེ་དང་། མདའ་དང་། ཉ་མིག་གི་རྣམ་པ་ལྟ་བུ་ཤར་དུས་ནང་དུ་ལོངས་སྐུའི་ཆ་འཛིན་པའི་བག་ཆགས་ཀྱི་སྒྲིབ་པའི་རྩ་ལྔ་བརྒྱ་འོད་དུ་སོང་བས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ་སངས་རྒྱས་ཏེ་སྲིད་པའི་བར་དོ་མེད་དོ། །དེའང་ཆོས་ཉིད་ལས་སྲིད་པའི་བར་དོ་རང་ལོག་སྟེ། དབྱིངས་ཀྱི་རྒྱན་རྫོགས་པའི་ཕྱིར་རོ། །དབྱིངས་སྣང་གིས་ལུང་པ་འགགས་པ་ནི། ནང་དུ་སྒྲིབ་བྱེད་གཉིས་སྣང་གི་རྩ་བཞི་བརྒྱ་འོད་དུ་སོང་སྟེ། རྣམ་རྟོག་ཡུལ་གྱི་ཞེན་པ་དང་བྲལ་བས་འདི་དུས་ཤི་ཡང་། །ཟུང་འཇུག་གི་སྣང་བ་ལ་སངས་རྒྱས་པའི་རྟགས་སོ། །དབྱིངས་རིག་ཉིན་མཚན་མེད་པར་འདྲེས་ཏེ་སྣང་དུས། ནང་དུ་སྐུ་གསུམ་སྣང་ཚུལ་གྱི་རྟེན་འབྲེལ་བྱེད་པའི་རྩ་སུམ་སྟོང་འོད་དུ་སོང་བས་འོད་གསལ་གྱི་སྣང་བ་ལ་སངས་རྒྱའོ། །དེའང་འཁོར་འདས་གཉིས་སུ་མེད་པར་གྲོལ་བའི་གནད་ཀྱིས་སོ། དེ་དག་གི་ཚེ་ཐིག་ལེ་ཡང་སྲན་མའི་རྡོག་པོ་ཙམ་ལས་བསེ་ཕུབ་ཙམ་གྱི་བར་དུ་འཕེལ་ལོ། །དེའི་ཚེ་ལུས་ལ་གཉེར་མ་མེད་ཅིང་ཟས་སྐོམ་མི་དགོས་པ་དང་། རང་སྣང་ལས་འབྲལ་མི་ཕོད་པ་དང་། བར་སྣང་ལ་འགྲོ་བ་དང་། འཁྲུལ་པའི་གཏམ་མི་འབྱུང་བའོ། །དེ་ནས་ཐིག་ལེ་རེ་རེའི་ནང་དུ་རིགས་ལྔའི་སྐུ་རྐྱང་པ་རེ་ཤར་བ་དང་། ཡབ་ཡུམ་ཟུང་འབྲེལ་དུ་ཤར་དུས། ཕུང་པོ་འོད་གསལ་དུ་གྲོལ་དུས། འབྱུང་བཞིའི་གནོད་པ་མེད་པས་སྐྱེ་ཤི་ལས་འདས་ཏེ། ནང་རྩ་མ་ལུས་པ་འོད་དུ་སོང་ནས་རྡོས་བཅས་སུ་མི་སྣང་བར་ཆུའི་ཟླ་བ་ལྟ་བུར་སྣང་ངོ་། །དེ་དུས་སྐུ་གསུམ་གྱི་ཞེན་པ་ཆོད་དེ། ལོངས་སྐུའི་ཞིང་ལ་ད་ལྟ་སྤྱོད་པའོ། །དེའང་ལོངས་སྐུའི་ཞིང་ལ་གཉིས་ཏེ། མཐར་ཐུག་སངས་རྒྱས་ཀྱི་ཞིང་དང་། གནས་སྐབས་རྣལ་འབྱོར་པའི་ཞིང་ངོ་། །སངས་རྒྱས་ཀྱི་ཞིང་ནི་སངས་རྒྱས་ནས་ལོངས་སྐུར་བཞེངས་དུས་ནའོ། །རྣལ་འབྱོར་པ་ལ་གཉིས་ལས། ཚད་དུ་ཕྱིན་པ་མངོན་སུམ་གྱིས་སྣང་
བ་ནས། གོང་འཕེལ་གྱི་སྣང་བ་རྫོགས་པ་ཚུན་ཆད་དོ། །ཕྱིན་པ་ནི་རིག་པ་ཚད་ཕེབས་ཏེ། འདི་དག་ལ་ལོངས་སྐུའི་ཞིང་ཉུལ་བ་ཞེས་བྱ་སྟེ་གོང་ནས་གོང་དུ་འགྲོ་ཞིང་སངས་རྒྱས་ཀྱི་སར་བརྟན་པ་ཐོབ་དགོས་པའི་ཕྱིར་རོ། །སངས་རྒྱས་ནས་ལོངས་སྐུའི་ཞིང་བརྟན་པ་ཞེས་བྱ་སྟེ། མི་འགྱུར་ཞིང་མཐར་ཐུག་པའི་ཕྱིར་རོ། །དེ་ནས་འོད་ཀྱི་ནང་ན་ལག་སོར་བཀྲམ་པ་ཙམ་ལས་མི་མངོན་པས་ན་ཕྱི་ནང་གི་འཁྲུལ་སྣང་ཟད་དེ། སེམས་ཅན་གྱི་དོན་དུ་འཕོ་བའི་སྐུར་པདྨ་ལྟ་བུར་འབྱུང་ཞིང་ཁ་ཅིག་གདོད་མའི་སར་གྲོལ་ནས་སྤྲུལ་པས་དོན་མཛད་པའོ། །དེའང་ཕྱི་སྣང་བའི་འོད་གསལ་ལས། ནང་རིགས་པའི་འོད་གསལ་འབྱོངས་ཏེ། གསང་བ་ཆོས་ཉིད་ཀྱི་འོད་གསལ་དུ་གྲོལ་བར་བྱེད་པས་ན་ཆོས་ཚུལ་འདི་ནི་ཀུན་ལས་ཁྱད་པར་འཕགས་སོ། །ཨེ་མ་ཧོ། ཡང་གསང་སྙིང་པོ་མཁའ་འགྲོ་སྙིང་ཏིག་ལས། །མཐོང་སྣང་སྣ་ཚོགས་གསེར་གྱི་དྲ་བ་ཅན། །གང་གིས་གོམས་ཤིང་བསྒྲུབས་ལས་མངོན་དུ་སྣང་། །འདི་ཡང་རང་རིག་གོམས་པའི་ཆོ་འཕྲུལ་ཙམ། །སྣང་སྲིད་སྣོད་བཅུད་དག་དང་མ་དག་ཀུན། །གྲིབ་མ་གཟུགས་ལ་ཤར་བ་ཆོས་ཉིད་དང་། །འོད་གསལ་གདངས་ལས་སོ་སོར་སྣང་ན་ཡང་། །རང་བྱུང་ཡེ་ཤེས་གཟུགས་གཞན་འཕོ་འགྱུར་མེད། །དག་དང་མ་དག་གྲིམ་མ་ཇི་བཞིན་ཡང་། །གདོད་མའི་ངང་ལས་ཤར་དེར་མཐའ་ཡང་གྲོལ། །འཁོར་འདས་སྣང་རྟགས་ཤིན་ཏུ་དག་པའི་ཚེ། །གདོད་མའི་སར་ཕྱིན་རྨི་ལམ་སད་པ་འདྲ། །བཟང་ངན་གཉིས་མེད་མཉམ་རྫོགས་བློ་བདེ་འོ། །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །ཡོ་རྒྱན་རྫོང་དུ་དྡི་མེད་འོད་ཟེར་གྱིས། །ཕྱི་རབས་དོན་དུ་སྣང་བར་བྱས་པ་ཡིན། །མཐོང་སྣང་རིན་ཆེན་གསེར་གྱི་དྲ་བ་རྫོགས་སོ།། །། དགེའོ།། །།
རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ།
རིན་ཆེན་ཤོག་འདྲ། རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་བཞུགས་སོ། །
རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ཞེས་བྱ་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །ཡིད་བཞིན་རེ་བ་ཀུན་འགྲུབ་ཅིང་། འདོད་དགུའི་བསམ་པ་རྫོགས་མཛད་པ། །ཡེ་ཤེས་མཚོ་རྒྱལ་ལ་བཏུད་དེ། །རྡོ་རྗེ་གཡུ་སྒྲོན་སྒྲུབ་ཐབས་བཤད། །འདི་ལ་ཕྱིན་ནང་གསང་བ་གསུམ། །ཕྱི་ལྟར་སྨན་བཙུན་མཆེད་ལྔ་ལ། །ནང་ལྟར་ཡིད་འོངས་ལྷ་མོ་ལྔ། །གསང་བར་མཁའ་འགྲོ་ལྔ་ཡིན་པས། །སྐུ་གསུང་ཐུགས་ཡིན་འདི་ལྟར་བསྒྲུབ། །དང་པོ་ཕྱི་ལྟར་སྒྲུབ་པ་ནི། །ཡིད་དང་མཐུན་པའི་གངས་རིའམ། །ནགས་རི་སྤང་རི་སྐྱེད་མོས་ཚལ། །དབེན་ཞིང་ཉམས་དགའི་གནས་ཉིད་དུ། །མཎྜལ་པདྨ་འདབ་བཞིའི་སྟེང། །སྨན་མོའི་གཟུགས་དང་མེ་ལོང་མདའ། །དར་སྣ་ལྔས་བརྒྱན་གཞག་པར་བྱ། །མཐའ་སྐོར་དཀར་གསུམ་མངར་གསུམ་དང་། །མེ་ཏོག་ལ་སོགས་མཆོད་པ་བཤམས། །དེ་ནས་རང་ཉིད་སྐད་ཅིག་གིས། །པདྨ་འབྱུང་གནས་བསྒོམ་བྱས་ལ། །མདུན་དུ་གངས་རི་སྐྱེད་མོས་ཚལ། །དབུས་ན་རིན་ཆེན་ཁང་བཟང་སྟེ། །དེ་ནང་རིན་ཆེན་ཁྲི་སྟེང་དུ། །རྡོ་རྗེ་གཡུ་སྒྲོན་དཀར་གསལ་ནི། །དར་དཀར་ན་བཟའ་གསེར་གཡུས་བརྒྱན། །ཕྱག་གཡས་ཡིད་བཞིན་ནོར་བུ་སྟེ། །གཡོན་དུ་དངུལ་དཀར་མེ་ལོང་འཛིན། །དར་ཐོད་མེ་ལོང་ཕྲེང་རྒྱན་ཅན། །འཛུམ་བཅས་ཕྱེད་ཀྲུང་འོད་ཟེར་འཕྲོ། །ཕྱོགས་བཞིར་མཆེད་བཞི་གཙོ་མོ་འདྲ། །ཀུན་ཀྱང་བཅུ་དྲུག་ན་ཚོད་ལ། །སྒེག་མཛེས་དགྱེས་པའི་ཚུལ་དུ་བསྒོམ། །སྙིང་གའི་འོད་ཟེར་རབ་འཕྲོས་པས། །གནམ་སྨན་གངས་རི་ལྷ་ཡི་གནས། །སྤྲིན་དཀར་དག་པའི་ཕོ་བྲང་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། དངོས་དང་ཡིད་ཀྱིས་མཆོད་བྱས་ལ། །སྔགས་འདི་མ་ཡེངས་བཟླས་པར་བྱ། །ཨཱོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭཱ་ཧཱ། །བདག་ཉིད་པདྨའི་འོད་ཟེར་ནི། །ཕོག་པས་དེ་དག་སྐུ་གསུང་ཐུགས། །དགྱེས་པས་རིན་ཆེན་ཆར་འབེབས་
ཤིང་། །འདོད་དགུའི་བསམ་པ་བསྒྲུབ་པར་བསམ། །རྗེས་ལ་དཀར་གསུམ་མངར་གསུམ་གྱི། །གཏོར་མ་འབྲུ་གསུམ་བྱིན་བརླབས་ལ། །ཨཱོཾ་བཛྲ་པྲ་མོ་ཧ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔ་འམ་བདུན་གྱིས་དབུལ། །བསྟོད་པ་འདི་ཡང་བརྗོད་པར་བྱ། །རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ། །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་མཛད། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་ལྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། རྣལ་འབྱོར་བདག་ལ་དགྱེས་པའི་ཞལ་བཟང་སྟོན། །བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་བརྗོད་དགྱེས་པས་དོན་འགྲུབ་བསམ། །ཐུན་མཚམས་སྤྱོད་ལམ་ཅི་བདེར་བྱ། །དེ་ལྟར་ཞག་བདུན་བསྒྲུབས་པ་ཡིས། །རྨི་ལམ་སྔར་བས་འགྱུར་ཞིང་དགའ། །བུད་མེད་འདུ་དང་ཟས་སྟེར་དང་། །ཕྱག་དང་བསྐོར་བ་བྱེད་པ་རྨི། །དངོས་གྲུབ་ཟས་ནོར་སྤྲིན་བཞིན་འདུ། ཁྱད་པར་བུད་མེད་བཟང་མོ་དང་། །ཡུལ་མི་མང་པོ་འདུ་བ་ཡིན། །འདོད་དོན་ཐུན་མོང་དངོས་གྲུབ་ཐོབ། །དེ་ནི་ཕྱི་ལྟར་སྒྲུབ་པའོ། ཨྠྀི། རྒྱ་རྒྱ་རྒྱ།། །།གཉིས་པ་ནང་ལྟར་སྒྲུབ་པ་ནི། །གནས་དང་དཀྱིལ་འཁོར་སྔོན་བཞིན་ཏེ། ཁྱད་པར་ཟ་འོག་ཁུག་མ་རུ། །ཤེལ་དང་བྱི་རུ་གཡུ་ཆུང་གཞུག །བླ་རྡོ་ལྷ་མོ་མཆེད་ལྔ་ནི། །དམར་མཛེས་མེ་ལོང་པདྨ་བསྣམས། །དར་ཟབ་རིན་ཆེན་སྣ་ཚོགས་བརྒྱན། །ཕྱེད་ཀྲུང་འཛུམ་བཅས་འོད་ཟེར་འཕྲོ། །ཚངས་པ་ལྷ་ཡི་འཇིག་རྟེན་ནས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། །མཆོད་དང་བསྟོད་པས་མཉེས་བྱས་ལ། །བདག་ཉིད་ཉི་མ་འོད་ཟེར་གྱི། །ཐུགས་ཀའི་འོད་ཀྱིས་བསྐུལ་བ་ཡིས། །འཇིག་རྟེན་སྐྱེ་བོ་ཟས་ནོར་བཅས། །སྐད་ཅིག་དབང་གིས་སྡུད་པར་བསམ། །ཨཱོཾ་ཧྲཱི་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྡུས་སྡུས་ཨ་ཀར་ཤ་ཡ་
ཁུག་ཛཿ། སྒོམ་དང་བཟླས་པའི་འོད་ཟེར་གྱིས། །སྟོང་གསུམ་འོད་དམར་གཅིག་གྱུར་ནས། །རང་ལ་ཐིམ་ཞིང་འདུས་པར་བསམ། །ལྷ་མོ་མཆེད་ལྔའི་འོད་ཟེར་ལས། །སྤྲུལ་པའི་ལྷ་མོ་དཔག་མེད་འཕྲོས། །ཐམས་ཅད་དབང་བསྡུས་བཀུག་པར་བསམ། ཁྱད་པར་གང་དམིགས་བསྒྲུབ་བྱ་ནི། །སྐད་གཅིག་བཀུག་ནས་དབང་གྱུར་བསམ། །རྗེས་ལ་ཅི་འབྱོར་གཏོར་མས་མཆོད། །བསྟོད་པ་འདི་ཡང་བརྗོད་པར་བྱ། །ཚངས་པ་ལྷ་ཡི་འཇིག་རྟེན་ན། །ལྷ་མོ་མེ་ཏོག་མན་དྷཱ་ར། །དཔག་མེད་ལྷ་ཡི་བསྟོད་པ་ནི། །འཇིག་རྟེན་གསུམ་དབང་མཛད་པ་མོ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཇི་ལྟར་བདག་གིས་བསམས་པ་བཞིན། །འདོད་དགུའི་རེ་བ་འགྲུབ་པར་མཛོད། །ཅེས་བརྗོད་ཐུན་མཚམས་ཅི་བདེར་གནས། །རྨི་ལམ་སྐྱེ་བོ་དཔག་མེད་འདུ། །ཉི་ཟླའི་སྟེང་གནས་ལྷ་ཡུལ་འགྲོ། །བུད་མེད་འདུ་དང་གཏེར་འདོན་རྨི། །དངོས་སུ་གང་དམིགས་དབང་དུ་འདུ། །ཀུན་གྱི་ཡིད་འཕྲོག་སྐྱེ་བོ་འདུ། །དབང་གི་དངོས་གྲུབ་རྒྱ་ཆེན་ཐོབ། །དེ་ནི་ནང་ལྟར་སྒྲུབ་པའོ། ཨྠྀི། རྒྱ་རྒྱ་རྒྱ།། །།གསུམ་པ་གསང་བར་སྒྲུབ་པ་ནི། །དབེན་ཞིང་ཡིད་དང་རྗེས་མཐུན་པར། །མཎྜལ་འདབ་བཞི་དཀར་སེར་དམར། །ལྗང་དང་ལྟེ་བ་མཐིང་གའི་སྟེང་། །ཐོད་པ་བདུད་རྩིས་བཀང་བའི་སྟེང་། །མེ་ལོང་ཆོས་འབྱུང་སུམ་བརྩེགས་ནང་། །ཧྲཱི་ཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཕ་ལ་ཁུག་ཛཿ ཞེས་པ་དང་ནི་ཕྱི་རོལ་ལ། །ཡུལ་དང་སྐྱེ་བོའི་སྤེལ་ཚིག་བྲི། །དེ་ཉིད་མཁའ་འགྲོ་ལྔར་བསྐྱེད་དེ། །ཧྲཱིཿ་ལས་དབུས་སུ་ཌཱ་ཀི་མ། །དམར་ནག་སྤྱི་གཙུག་རིན་ཆེན་ཏོག །ཕག་ཞལ་མཆེ་གཙིགས་གཅེར་བུ་ལ། །གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན། །གཡས་བསྐུམ་གཡོན་བརྐྱང་རུས་པས་བརྒྱན། །གྲུ་མོ་ཁ་ཊྭཱཾ་མཚན་པ་ལ། །ཕྱོགས་བཞིར་ཧ་རི་ནི་ས་ལས། །གཙོ་མོ་འདྲ་བའི་འཁོར་བསྐྱེད་དོ། །ཀུན་གྱི་སྙིང་ཁར་པད་ཟླ་དང་། །ཉི་སྟེང་ཧྲཱིིཿདམར་ཚེག་དྲག་ཅན། །ཧ་རི་ནི་སས་བསྐོར་བ་ལས། །
འོད་ཟེར་འཕྲོ་བ་བསྒོམ་པར་བྱ། །རང་ཉིད་པདྨ་ཐོད་ཕྲེང་ནི། །མཐིང་ནག་འཇིགས་པའི་འོད་ཟེར་གྱིས། །འོག་མིན་ཡེ་ཤེས་བཀུག་ལ་བསྟིམ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྔགས་འདི་མ་ཡེངས་བཟླས་པར་བྱ། །ཨཱོཾ་ཧྲཱི་ཧ་རི་ནི་ས་ལོ་ཀ་སིདྡྷི་ཨ་ཀཪྵ་ཡ་ཁུག་ཁུག་སྡུས་སྡུས་ཛ་ཛ་ཙིཏྟ་ཧྲིང་ཧྲིང་། བདག་གི་སྙིང་གའི་འོད་ཟེར་གྱིས། །མཁའ་འགྲོ་ལ་ཕོག་བསྐུལ་མ་ཐག །མཁའ་འགྲོའི་འོད་ཟེར་རབ་འཕྲོས་པས། །འཇིག་རྟེན་སྐྱེ་བོའི་ཟས་ནོར་དང་། །གང་དམིགས་བསྒྲུབ་བྱ་བཀུག་པར་བསམ། །ཡང་ཅིག་འཕྲོས་པའི་འོད་ཟེར་གྱིས། །འཛམ་གླིང་ཁྱོམ་ཁྱོམ་མེར་མེར་ལ། །རྒྱལ་པོ་ལ་སོགས་བཀུག་པར་བསམ། །ཡང་ཅིག་འཕྲོས་པའི་འོད་ཟེར་གྱིས། །ནམ་མཁའ་རྒྱ་མཚོ་རྔ་ལྤགས་ལ། ཁོར་ཡུག་རྔ་ཆེན་གཅིག་གྱུར་པ། །ཉི་ཟླའི་རྔ་ཡོག་གིས་བརྡུངས་པས། །བདག་གི་གྲགས་པའི་རྔ་སྒྲ་ཡིས། །འཇིག་རྟེན་གསུམ་པོ་ཀུན་གྲགས་ནས། །གཡོ་ལྡེག་མེད་ཞིང་ཁྱོམ་པ་ཡིས། །བདག་གི་དབང་དུ་འདུསཔར་བསམ། །སྔགས་དང་ཏིང་འཛིན་མ་ཡེངས་པས། །ཞག་བདུན་བར་དུ་བསྒྲུབ་པར་བྱ། །རྨི་ལམ་ཁྲོམ་དུ་སྐྱེ་བོས་བསྟོད། །ཟས་ནོར་ཆར་འབབ་མཁའ་ལ་འགྲོ། །གཏེར་དང་རིན་ཆེན་རྙེད་པ་དང་། དུང་འབུད་རྔ་ཆེན་བརྡུང་བ་རྨི། །དངོས་སུ་འགྲོ་ཀུན་དབང་དུ་འདུ། །ཆེ་བཙུན་ཐམས་ཅད་འདུ་བ་དང་། །ཟས་ནོར་གཏེར་ནི་རྡོལ་བ་བཞིན། །ཕྱོགས་རྣམས་ཀུན་ནས་འདུ་བ་ཡིན། །དེ་ལྟར་གྲུབ་པའི་རྟགས་བྱུང་ནས། །མེ་ལོང་ཡི་གེ་བདུད་རྩིས་བཀྲུ། །ཐོད་པའི་བདུད་རྩིའི་འོད་ཟེར་གྱིས། །འཇིག་རྟེན་གསུམ་པོ་འོད་དུ་ཞུ། །ཐོད་པའི་ནང་ཐིམ་དམིགས་ནས་ནི། །བདག་ཉིད་བཏུང་བས་དངོས་གྲུབ་ཐོབ། །གསང་སྒྲུབ་ཡིད་བཞིན་ནོར་བུ་འདི། །སྒོམ་དང་བཟླས་པ་ཙམ་གྱིས་ནི། །
ཐམས་ཅད་འདུ་ཞིང་ཟས་ནོར་འཕེལ། །ཅི་བསམ་འགྲུབ་དང་ཆོས་འཕེལ་ལོ། དེ་ལྟར་བསྒྲུབས་པའི་དམ་ཚིག་ཏུ། །ཆགས་ཞེན་མི་བྱ་སྦྱིན་པར་གཏང་། །བླ་མ་ལ་གུས་དམ་ཚིག་བསྲུང་། །རིག་པ་ངར་བསྐྱེད་བརྟུལ་ཞུགས་བྱ། །གཏུམ་མོ་སྦར་ཞིང་བདེ་སྟོང་བསྒོམ། །དེས་ནི་མྱུར་དུ་འགྲུབ་པ་ཡིན། ཨྠྀི། རྒྱ་རྒྱ་རྒྱ།། །།ཡང་གསང་བླ་ན་མེད་པ་འདི། །རང་ཉིད་པདྨའི་ཐུགས་ཀ་རུ། །ཧྲཱི་དང་ཧ་རི་ནི་ས་ལས། །མཐིང་ནག་བདེ་ཆེན་ཕག་མོ་ནི། །ཕག་ཞལ་གཅིག་སྟེ་སྤྱན་གསུམ་བསྒྲད། །གྲི་གུག་ཐོད་པ་ཀ་ཊྭཱཾ་འཛིན། །གར་བྱེད་འོད་ཟེར་དཔག་མེད་འཕྲོ། །ཕྱོགས་བཞིར་དེ་འདྲའི་འཁོར་བཞི་བསམས། །ཀུན་གྱི་ཐུགས་ཀའི་ཉི་ཟླ་ལས། ཧྲཱི་དང་ཧ་རི་ནི་ས་བསམ། །དེ་ལ་འོད་འཕྲོས་སྣོད་བཅུད་བསྡུས། །སླར་འདུས་སྙིང་གའི་ཧྲཱི་ལ་ཐིམ། །སྟེང་འོག་རླུང་ནི་ཁ་སྦྱར་ཏེ། སྤྲོ་བསྡུའི་དམིགས་པ་སྔར་བཞིན་ལས། ཁྱད་པར་སྣ་བུག་གཡས་པ་ནས། །རླུང་ནི་ལྕགས་ཀྱུ་ཞགས་པ་ཡིས། །ཐམས་ཅད་འོད་ཞུ་ཚུར་འདུས་ནས། །སྣ་བུག་གཡོན་ནས་སྙིང་གར་ཐིམ། །ལུས་ཁེངས་བདེ་དང་སྟོང་པར་བསྒོམ། །རྗེས་ལ་ཆོས་ཀུན་རང་གི་སེམས། །སེམས་ཉིད་ཡེ་སྟོང་སྤྲོས་དང་བྲལ། །མ་སྐྱེས་ནམ་མཁའི་རང་བཞིན་དུ། །མི་བསྒོམ་མི་བསྐྱེད་རང་སར་གཞག །མཉམ་ཉིད་ཡེ་ཤེས་གདོད་མའི་ངང་། །རྩ་བ་བྲལ་བའི་རང་བཞིན་དུ། །ཡེ་ཤེས་རླུང་གིས་མཐར་ཕྱིན་ཏེ། །བདེ་ཆེན་ས་ལ་མྱ་ངན་འདས། །འདི་ནི་རྫོགས་པའི་རིམ་པ་སྟེ། །མཆོག་གི་གོ་འཕང་མྱུར་དུ་ཐོབ། །སྔ་མ་གསུམ་ནི་བསྐྱེད་པ་སྟེ། །ཐུན་མོང་དངོས་གྲུབ་ཆར་བཞིན་འབབ། །དེ་ལྟར་བསྒོམ་ཤེས་རྣལ་འབྱོར་ལ། །འཇིག་རྟེན་འཇིག་རྟེན་འདས་པ་ཀུན། །ཇི་ལྟར་བསྐྱེད་རིམ་བསྒོམས་ཀྱང་འདྲ། །སྙིང་པོའི་རྫོགས་རིམ་ཁ་ལོ་བས། །ལེགས་བསྒྱུར་ཐར་པའི་གྲོང་དུ་འགྲོ། །
གཞན་ཡང་འཁོར་འདས་མཉམ་པ་ཉིད། །ཇི་ལྟར་བསྒོམས་ཀྱང་བློ་ལས་འདས། །དེ་ལྟར་རྟོགས་ཏེ་འཁོར་བར་གྲོལ། །དེ་ཕྱིར་རྡོ་རྗེ་གཡུ་སྒྲོན་གྱི། །བསྐྱེད་དང་རྫོགས་པའི་རིམ་གཉིས་ཀྱི། །ཐར་ལམ་འབྲས་བུར་རབ་སྦྱིན་པས། །སྐལ་ལྡན་རྣམས་དང་འཕྲད་པར་ཤོག །ཤིན་ཏུ་ཡང་ཟབ་མཁའ་འགྲོའི་གནད། །བདེ་ཆེན་དངོས་གྲུབ་གཉིས་སྩོལ་བ། །དེ་འདྲ་རྒྱལ་སྲས་པདྨའི་ལུགས། །གང་དེ་དྲི་མེད་འོད་ཟེར་གྱིས། །གཅིག་ཏུ་བསྡུས་པ་ཟབ་མོའི་དོན། །སྟོན་གསུམ་གངས་རི་ཐོད་དཀར་རུ། །ལེགས་སྦྱར་དགེ་བས་འགྲོ་བ་ཀུན། །རྒྱལ་བའི་གོ་འཕང་ཐོབ་པར་ཤོག །འདི་ནི་རྩ་གནས་འཁོར་ལོ་ལས། །ཡི་གེ་བསྡུ་བའི་སྦྱོར་བ་ཡིས། །སྐལ་བཟང་དོན་དུ་གསལ་བར་བྱས། །གནད་འདིས་མྱུར་དུ་འགྲུབ་པ་ཡིན། །དཔལ་རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ཞེས་བྱ་བ། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ། གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་གི་གནས་སུ་སྦྱར་བ་རྫོགས་སོ།། དགེའོ།། །།
གཟའ་བདུད་གསང་སྒྲུབ།
རིན་ཆེན་ཤོག་འདྲ། གཟའ་བདུད་གསང་སྒྲུབ་བཞུགས་སོ། །
གཟའ་བདུད་རཱ་ཧུ་ལའི་གསང་སྒྲུབ་དུག་གི་སྤུ་གྲི་ཞེས་བྱ་བ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །དྲག་གཏུམ་མི་བཟད་འབར་བའི་སྐུ། །ཆེ་མཆོག་ཧེ་རུ་ཀ་དཔལ་ལ། །བཏུད་དེ་ཟབ་ཆོས་རྒྱབ་བརྟེན་དུ། །རེག་ཆོད་དུག་གི་སྤུ་གྲི་བྲི། །འདི་ལ་རྫས་དམིགས་སྔགས་གནད་གསུམ། །རྫས་ནི་ཕ་ཝང་ལོང་བུ་ཡི། །ངོས་བཞིར་ཏྲི་བཞི་ར་ཁྲག་བྲིས། །གསེར་གངུལ་ཟངས་ལྕགས་གཟི་རྙིང་དང་། །བདེ་གཤེགས་རིང་བསྲེལ་བཅས་པ་ནི། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །རྩིབས་ལ་ཧཱུཾ་བཞི་མུ་ཁྱུད་ལ། །ཨཱོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ན་ཧཱུཾ་ཕཊ། ཆེ་གེ་མོས་གཟའ་རྒོད་བརྟོད་ལ་ནོན་པར་གྱུར་ཅིག་སྭཱ་ཧཱ། ཞེས་བྲིས་ལྟེ་བར་རང་མིང་དང་། །གྲུབ་པར་གྱུར་ཅིག་ཅེས་པ་བྲི། །དེ་ལྟའི་འཁོར་ལོ་བྲི་བྱས་ལ། །འཁོར་ལོ་དར་ནག་གྲིལ་ལ་བཅངས། །དེས་ནི་འཚེ་དོགས་མི་བྱེད་ཅིང་། །ལུས་དང་གྲིབ་མ་བཞིན་དུ་འབྲང་། །དེ་ནས་བྲག་ནག་འཇིགས་པའི་སར། །ཕུང་ཤུལ་ས་བླངས་འབྲུབ་ཁུང་བཅའ། །རོོ་སོལ་བྱུགས་པར་ལིང་ག་ནི། །དགྲ་གཟུགས་དཔྲལ་བར་དེ་ཡི་རུས། །སྙིང་གར་མིང་བྲིས་གཡས་གཡོན་དུ། །ཀ་ཏ་སྟཾ་སྟེ་བྷ་ཡ་མུ་ཁ་ཏཾ་ཡཱ། ཞེས་བྲིས་པྲ་ཚིལ་གྲིལ་ལ་གཞུག །བཤོས་བུ་དགུ་སྐོར་ནང་དུ་ཡང་། །ལིང་ག་ར་ཁྲག་བྲིས་ལ་གཞུག །དེ་ཉིད་འབྲུབ་ཁུང་སྟེང་དུ་གཞག །དམར་གཏོར་ཁྲག་སྣས་བརྒྱན་པར་བྱ། །དེ་ལ་གཟའ་ཡི་གཟུགས་བྲིས་གཟུག །དེ་ནས་རང་ཉིད་སྐད་ཅིག་གིས། །ཡེ་ཤེས་གཟའ་མཆོག་དུད་ཁ་ལ། །དབུ་དགུ་གཡས་གསུམ་དཀར་ལྗང་ལ། །གཡོན་གསུམ་དམར་ལྗང་དབུས་མ་གསུམ། །མཐིང་ནག་དུ་བའི་རྣམ་པ་ལ། །སྤྱི་གཙུག་སྒྲ་གཅན་བྱ་རོག་གདོང་། །ཕྱག་བཞི་གཡས་གཡོན་དང་པོ་ན། །ཆུ་སྲིན་ཞགས་པ་རལ་གྲི་བསྣམས། །འོག་མས་མདའ་གཞུ་རྒྱབ་ཏུ་འགེངས། །སྨད་སྦྲུལ་མིག་གིས་ལུས་ཁེངས་བསྒོམས། །ཐུགས་ཀའི་ཀྵ་ནག་འོད་འཕྲོས་པས། །ཕྱོགས་བཅུའི་
སངས་རྒྱས་ཐུགས་ཀ་ནས། །ཡེ་ཤེས་གཟའ་མཆོག་སྤྱན་དྲངས་བསྟིམ། །མདུན་གྱི་བྲུབ་ཁུང་ནམ་མཁའ་ལ། །གཟའ་བདུད་ཆེན་པོ་འཇིགས་པའི་སྐུ། །ནམ་མཁའ་གང་བར་སྔར་བཞིན་བསྒོམ། །ཆུན་པར་དཀའ་ན་ཚོན་གང་བསྒོམ། །ཧྲཱི་ཤག་རུ་རྃ་ན་ག་ཙིཏྟ་ཏྲཾ། མ་མ་ཡོང་ཟ། འགྲམ་ཧ་ཧི། ཡོ་གེ་ཤ་ལ་ཛ་ཛཿ། ཟེར། དེ་ལྟར་འབོད་སྔགས་ཉེར་གཉིས་ཀྱིས། །རྒྱུ་ཕྱོགས་ཡེ་ཤེས་སྤྱན་དྲངས་བསྟིམ། །དམར་གཏོར་ལིང་ག་བཅས་པ་དེ། །དགྲ་བོར་བསམ་ལ་སྔགས་དེ་ལ། །བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བཏགས་ལ་དབུལ་བར་བྱ། །དེ་ནས་སྔགས་རྒོད་ཉེར་གཉིས་པ། །ཞག་འདུན་བར་དུ་བཟླས་པར་བྱ། །དེ་ཚེ་བནྡྷེ་ཨ་ཙ་ར། །དངོས་སམ་རྨི་ལམ་ཉིད་དུ་འོང་། །ཐག་འཚེག་འོད་འབྱུང་སྒོ་བརྡུང་སོགས། །ཆོ་འཕྲུལ་སྣ་ཚོགས་ཅི་བྱུང་ཡང་། །སེམས་ཡིན་སེམས་ཉིད་ནམ་མཁའ་འདྲ། །གདོད་ནས་སྐྱེ་མེད་ངང་ལ་གཞག །འཇིགས་སྐྲག་མི་བྱ་བསྒོམ་བཟླས་བྱ། །དེ་ནས་ཞག་ནི་བཅུ་བཞི་རུ། །དགྲ་བོ་ཡོད་ན་གསོད་སྔགས་བཟླས། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཧྲཱི་ཤག་རུ་རཾ། མ་མ་ཡོང་ཟ། འགྲམ་ཧ་ཧེ་ཀེ་ཤ་ལ་ཆེ་གེ་མོའི་སྙིང་ལ་རྦད་ཛ་ཛ། ཞེས་བཟླས་དགྲ་བོ་བསད་དང་གཟིར། །རྡུལ་ཕྲན་ཆ་ཤས་ཙམ་མེད་པར། །གཟའ་མཆོག་ཁྲོས་པས་ཟོས་པར་བསམ། །དེ་ལྟར་ཞག་གྲངས་ཉེར་གཅིག་ཏུ། །ལྟ་བ་མ་ཡེངས་སྒོམ་བཟླས་བརྩོན། །ཐང་ལྷོད་མེད་པར་བསྒྲིམ་ལྟེ་བསྒྲུབ། །དེ་ཡིས་སུ་ཡིན་ཕ་རོལ་སྒྲོལ། །ཇི་ལྟར་འགོར་ཡང་ཟླ་བ་གཅིག ། ངེས་པར་འགྲུབ་པར་གདོན་མི་ཟ། །དེ་ནས་ལས་སྦྱོར་བསྟན་པ་ནི། །དགུ་སྟོང་ཉི་མ་ནུབ་མཚམས་ལ། །རང་ཁ་ལྷོ་ནུབ་མཚམས་བལྟས་ལ། །སྐྱེར་པ་སེ་བ་གྲུ་གསུམ་དུ། །འབྲུབ་ཁུང་སྟེང་རྩིག་གཟའ་བསྐྱེད་ལ། །མེ་སྦར་ལིང་ག་སྦྱིན་བསྲེག་བྱ། །གཏོར་མ་དབུལ་ཞིང་གཏོར་ཟོར་འཕངས། །ཐལ་བ་རྒྱ་གྲམ་འོག་ཏུ་མནན། །གནས་དེ་རང་གི་
གཞི་ཡིན་ན། །སྒྲུབ་པ་ཐོན་པའི་ཤུལ་དེ་རུ། །བོང་དུག་ཐར་ནུ་སྤྱང་ཚེར་དང་། །གུ་གུལ་ནག་པོས་འབྲུབ་ཁུང་བཀྲུ། །རྩི་སྨན་སྣ་ཚོགས་བསྲེས་པའི་ས། །རིན་པོ་ཆེ་ཡི་བསྲེས་བྱུགས་ལ། །འབྲུབ་ཁུང་ནང་དུ་བཅུག་ལ་གཞག །དེ་ཡིས་དུག་ཕྱུང་བཀྲ་ཤིས་སོ། །གཞན་གནས་ལས་ཀྱི་རྗེས་བསྡུའོ། །ཡང་གཅིག་བརྟོད་ལ་གནོན་པ་ནི། །སྦྲུལ་དང་ར་རོག་ཤ་ཁྲག་དང་། །ཉ་ཤ་ར་ཚིལ་ཕ་ཝང་རྡོ། །རྟ་ནག་ར་ནག་ཁྱི་ནག་གི །སྙིང་ཁྲག་དཀར་གསུམ་རྩི་སྨན་བཅས། །རྟ་ནག་ཐོད་པའི་ནང་དུ་གཞུག །རྟ་ཐོད་མཎྜལ་གྲ་རུ་གཞག །དེས་ནི་བརྟོད་ལ་ནོན་པར་འགྱུར། །ཡང་ཅིག་ཤི་ས་བསྟན་པ་ནི། །ཨཱོཾ་བཛྲ་ཙཎྜ་མཧཱ་ཏོ་ཥ་ན་ཧཱུཾ་ཕཊ། ན་ཏེ་པ་ཏི་ཁ་ཛ་ཀེ་བེང་རུ་རུ་གྱི་མི་ཤ་ཡ་ཨཱོཾ། མྱགས་ཐུམ་རིལ་རྦད་ཡཱ། རང་སྲོག་རང་གིས་གཅོད་པའི་ཚུལ། །ལས་རྣམས་འགྲུབ་པར་ཐེ་ཚོམ་མེད། །སྐབས་སུ་བཟླས་པས་མྱུར་དུ་འགྲུབ། །ཡང་ཅིག་ཞུད་ཁ་བླང་བ་ནི། །ཞུད་དེ་རྟགས་མེད་དམ་ཉམས་ན། །བསྐང་བཤགས་མཆོད་པ་དག་གིས་མཆོད། །འོ་མ་རྩི་སྨན་གུ་གུལ་དཀར། །ར་མཆིན་ཏིལ་ནག་ཕུད་ཀྱིས་མཆོད། །དེས་ནི་མྱུར་དུ་འགྲུབ་པ་ཡིན། །འཇིག་རྟེན་མཆོད་ཅིང་བསྟོད་པས་འགྲུབ། །དེ་ཕྱིར་བསྐང་གསོ་མཆོད་གཏོར་ནི། །དུས་གཉེན་བརྒྱད་དང་རྒྱུན་དུ་བྱ། ཁྱད་པར་ཉི་ཤུ་དགུ་ལ་འོ། །དེས་ནི་ཐེ་ཚོམ་མེད་པར་འགྲུབ། །རྒྱལ་སྲས་པདྨ་འབྱུང་གནས་ཀྱིས། །ཕྱོགས་བཞིའི་ཟབ་གཏེར་ཆེན་པོ་བཞི། །ཡང་ཟབ་གཟའ་ཡི་གསང་སྒྲུབ་སྦས། །དེ་དག་ཀུན་གྱི་ཡང་ཟབ་གནད། །ཆིག་དྲིལ་དུག་གི་སྤུ་གྲི་ནི། དྲི་མེད་འོད་ཟེར་བདག་གིས་བཀོད། །ཕྱི་རབས་བསྟན་པ་བསྲུང་བར་ཤོག །ཇི་ལྟར་བདག་གིས་སྒྲུབ་པ་ཡི། །གནད་རྣམས་བཅུད་ཀྱི་སྙིང་པོ་དྲིལ། །འདི་བས་ཟབ་པ་གཞན་མེད་པས། །གསང་ཞིང་སྦ་བས་བཅང་བར་བྱ། །སྙིང་དང་འདྲ་བའི་མན་ངག་འདིས། །བདག་གི་ཟབ་གཏེར་བསྲུང་བར་ཤོག །གཟའ་བདུད་
རཱ་ཧུ་ལའི་གསང་སྒྲུབ། །དུག་གི་སྤུ་གྲི་ཞེས་བྱ་བ། །དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། །སྟོན་གསུམ་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།། །།དགེའོ། །དྲང་སྲོང་གི་བསྟོད་པའོ། །དེ་ནས་དྲང་སྲོང་ཆེན་པོ་ལ་བསྟོད་པ་འདི་གསུངས་སོ། །ཧྲཱིཿ ཁྱབ་མཇུག་ཆེན་པོ་སྒྲ་གཅན་འཛིན། །འཇིགས་པའི་ལུས་ལ་འབར་བའི་ཀློང་། །འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན། །སྤྲུལ་པ་ཆེན་པོ་མི་བསྲུན་པ། །གནམ་ལྕགས་ཐོག་གི་བདག་པོ་སྟེ། །སྐྱིན་ཐང་སེར་བ་འབེབས་པའི་གཙོ། །དྲང་སྲོང་ཆེན་པོ་རྫུ་འཕྲུལ་ཅན། །རི་རབ་སྟེང་དུ་ལྷ་ཡི་གཙོ། །རྒྱ་མཚོའི་སྟེང་དུ་ཀླུ་ཡི་བདག །བར་སྣང་ཁམས་སུ་བསྐྱོད་ཙ་ན། །ལྷ་སྲིན་སྡེ་བརྒྱད་རྣམས་དང་བསྡོངས། །ལུས་གཅིག་མགོ་དགུ་སྲིད་གསུམ་གཙོ། །མགོ་གཅིག་ལྷ་སྲིན་ཁྲོས་པའི་ཞལ། །ཉི་མ་ཟླ་བ་གྲིབ་མས་གནོན། །གཅིག་ནི་བཞད་ཅིང་དགོད་པའི་ཞལ། །དགྱེས་པས་བཀའ་ཡི་བྱ་ར་མཛད། །གཅིག་ནི་ཁྲོས་པ་སྲིན་པོའི་གདོང་། །གདུགས་པའི་དགྲ་བགེགས་ཟས་སུ་ཟ། །གཅིག་ནི་རྔམ་ཞིང་ཟ་བྱེད་གདོང་། །གནམ་ལྕགས་མེ་ཡི་ཐོགས་ཆེན་འབེབས། །གཅིག་ནི་འཇིགས་བྱེད་མ་རུངས་པ། །ཚ་གྲང་འཐབ་པའི་སྐན་སྒྲ་སྒྲོགས། །གཅིག་ནི་འཁྲུགས་བྱེད་འཇིགས་པའི་ཞལ། །གཡོ་འགུལ་ཆེན་པོའི་སེར་བ་འབེབས། །གཅིག་ནི་གཏུམ་བྱེད་ཡེ་ཤེས་ཞལ། །མངོན་ཤེས་ནུས་མཐུ་ཐོགས་མེད་སྟོན། །གཅིག་ནི་ལས་རྣམས་རྫུ་འཕྲུལ་གདོང་། །སངས་རྒྱས་བསྟན་པ་སྲུང་བར་བྱེད། །གཅིག་ནི་ཞི་བ་ལྷ་ཡི་ཞལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། ཧྲཱིཿཁྱོད་ནི་ཆོས་སྐྱོང་ཆེན་པོ་སྟེ། །སྟེང་གི་ཕྱོགས་ན་བྱ་རོག་ཞལ། །དཀོན་མཆོག་དབུ་འཕང་བསྟོད་པར་བྱེད། །རྭ་ཡི་མདའ་གཞུ་བསྣམས་
པ་ནི། །སྡང་བྱེད་དགྲ་བོ་སྒྲོལ་བའི་རྟགས། །ཆུ་སྲིན་ཞགས་པ་བསྣམས་པ་ནི། །ས་བདག་ཀླུ་གཉན་འདུལ་བའི་རྟགས། །སྐུ་ལ་མིག་གིས་གང་བ་ནི། །ཕྱོགས་བཅུར་བསྟན་པ་སྐྱོང་བའི་རྟགས། ཁྱོད་ནི་བདུད་འདུལ་ཆེན་པོ་སྟེ། དཔལ་ལྡན་མགོན་པོའི་ལས་མཁན་མཆོག །རེ་མ་ཏི་ཡི་ཕོ་ཉ་ཆེ། །ཨེ་ཀ་ཙ་ཏིའི་བཀའ་སྡོད་དེ། །ཧེ་རུ་ཀ་ཡི་སྤྲུལ་པ་ཉིད། །རྡོ་རྗེ་འཆང་གིས་དབང་བསྐུར་ནས། །དཀྱིལ་འཁོར་བཅུག་ཅིང་དམ་ལ་བཏགས། །སྲིང་མོ་གདོང་མོ་མཆེད་བཞིར་བཅས། །ཀིང་ཀང་རྔམ་པའི་ལས་བྱེད་མ། །ཆོ་འཕྲུལ་འགྱེད་ཅིང་བསྟན་པ་བསྲུངས། །བྷ་ལིང་གཏོར་མ་འདི་བཞེས་ལ། །བསྟན་པ་བཤིག་པའི་དགྲ་བོ་ལ། །ཐོག་སེར་དབབ་པའི་དུས་ལ་བབས། །བསྟན་པ་བསྲུང་བའི་ལས་མཛོད་ཅིག །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་གསུངས་སོ། །འདི་ཁྲག་མཚོ་ཁོལ་མའི་རྒྱུད་ནས་དྲང་སྲོང་ཆེན་པོ་ལ་བསྟོད་པ་གསུངས་པ་རྫོགས་སོ།། །།གཟའ་སྒྲུབ་པའི་གནད་ཡིག །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འདི་སྒྲུབ་པའི་གནད་ཡིག་ནི། །གདམས་ངག་གནད་ཐེམས་ཤིན་ཏུ་གཅེས། །རྫས་གནད་དམིགས་གནད་སྔགས་གནད་དོ། །རྫས་ནི་བློ་རྡོ་མན་ངག་བཞིན། །དམིགས་པ་རང་ཉིད་རཱ་ཧུ་ལ། །འཇིགས་པའི་ཐུགས་ཀ་ཀྵ་ནག་ལས། །འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཀྱ།ི །ཐུགས་ཀ་ཉིད་ནས་ཡེ་ཤེས་ཀྱི། །གཟའ་བདུད་སྤྱན་དྲངས་བདག་ལ་བསྟིམ། །མདུན་གྱི་ནམ་མཁར་འབྲུབ་ཁུང་དབུས། །གཟའ་བདུད་ཚོན་གང་གཞུང་བཞིན་བསྐྱེད། །འབོད་སྔགས་ཉེར་གཅིག་བཟླས་པ་ཡིས། །རྒྱུ་བའི་ཕྱོགས་ནས་གཟའ་བྱུང་ནས། །དེ་ཉིད་ལ་ནི་ཐིམ་པར་བསམ། །གཏོར་མ་དབུལ་ཞིང་ཐུན་རྫས་མཆོད། །བསྟོད་ནས་འབོད་སྔགས་ཞག་བདུན་བཟླས། །ཧྲཱི་ཤ ག་རུ་རྃ། ནཱ་ག་ཙིཏྟ་ཏྲཾ། མ་མ་ཡོང་ཟ། འགྲམ་ཧ་ཧི། ཡོ་གི་ཤ་ལ་
ཛ་ཛཿ དེ་ལྟར་བཟླས་པས་དངོས་སུ་འོངས། །གང་འདོད་བཅོལ་ལ་འཇིགས་མི་བྱ། །དེ་ནས་བསད་སྔགས་བཟླས་པ་ནི། །དམིགས་པ་སྔར་བཞིན་འབོད་སྔགས་བཟླས། །གཏོར་མཆོད་བསྟོད་རྗེས་འདི་བཟླས་སོ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཧྲཱི་ཤག་རུ་རཾ། མ་མ་ཡོང་ཟ། འགྲམ་ཧ་ཧི་ཀཱ་ལ་ཛ་ཛཿ དེ་ལྟར་ཞག་བདུན་བར་དུ་བསྒྲུབས། །དེ་ནས་སྔར་བཞིན་གཏོར་མའི་རྗེས། །བསད་སྔགས་མིང་དང་སྤེལ་ལ་བསྒྲུབ། །དེ་ལྟར་ཞག་གྲངས་ཉི་ཤུ་གཅིག །སོང་རྗེས་ལིང་ག་བསྲེགས་པ་ཡི། །ཐལ་བ་མནན་ལ་གཏོར་ཟོར་འཕངས། །དེས་ནི་ཐེ་ཚོམ་མེད་པ་ཡིན། །ཤིན་ཏུ་གསང་ནས་བསྒྲུབ་པ་གཅེས། །ཀློང་ཆེན་རབ་འབྱམས་བདག་གིས་ནི། །གཏེར་ཁ་དུ་མའི་གནད་མཐོང་ཞིང་། །བླ་མའི་མན་ངག་བཅུད་དྲིལ་ནས། །སྐལ་ལྡན་དོན་དུ་བྲིས་པ་ཡིན། །གནད་འདི་གཞན་ལ་མ་བསྟན་ཅིག །ཟབ། ཨྠྀིཿ རྒྱ་རྒྱ་རྒྱཿ
གནོད་སྦྱིན་དམར་ནག་གི་སྒྲུབ་པ་མེ་རླུང་འཁྱིལ་པ།
ཤོག་འདྲའི་སྐོར། གནོད་སྦྱིན་དམར་ནག་གི་སྒྲུབ་པ་མེ་རླུང་འཁྱིལ་པ་བཞུགས་སོ། །
དངོས་གྲུབ་ཀུན་གྱི་རིན་ཆེན་གཏེར། །པདྨ་ཐོད་ཕྲེང་རྩལ་ལ་འདུད། །གནོད་སྦྱིན་དམར་ནག་སྒྲུབ་པ་ཡི། །རིམ་པ་མེ་རླུང་འཁྱིལ་བ་བཤད། །འདི་ལ་སྒྲུབ་པའི་རིམ་པ་མང་ཡང་། བརྟེན་ན་བཀྲ་ཤིས་ལ། རྦད་ན་མཐུ་ཆེ་བ་དྲིལ་སྒྲུབ་གསང་བ་ཡང་གསང་ཡིན་པས། དེ་ལ་རྟེན་བཅའ་བ། བསྒྲུབ་པར་བྱ་བ། ལས་ཕྲན་ཚེགས་བསྟན་པ་གསུམ་ལས། དང་པོ་ནི་རང་གི་སྒྲུབ་ཁང་དུ་སྟེགས་བུ་མདའ་གང་འབྲུབ་ཁུང་དང་བཅས་པའི་ཟུར་བཞིར། འོམ་བུའི་མདའ་བཞི་ལ་ཟ་འོག་དང་། བྱ་རྒོད་ཀྱི་སྒྲོ་ཅན། དར་སྣ་དང་རིན་པོ་ཆེ་སྣ་ཚོགས་པ་མགུལ་དུ་བཏག་པ་གཟུགས། མཎྜལ་གྱི་སྟེང་གི་ནམ་མཁར་འཛིན་གཏོར་སྤོད་དང་ཟས་སྣ་དང་རིན་པོ་ཆེས་བརྒྱན་པའི་ནང་དུ། འཁོར་དང་འབྱོར་པ་སྤེལ་ཅིག །བགེགས་དང་བར་ཆད་སྲུངས་ཤིག །འགལ་བྱེད་ཆམ་ལ་ཕོབ་ཅིག །ཅེས་པ་གསེར་གྱིས་བྲིས་ཏེ་གཞུག །དེ་ལ་གནོད་སྦྱིན་གྱི་ཙ་ཀ་ལི་གཟུགས། །དེ་ཉིད་རྒྱུན་དུ་མི་གཤེགས་པར་གཞག་གོ །འཕྲལ་གཏོར་ཅི་རིགས་པ་མཎྜལ་གྱི་ཟུར་དུ་བཤམ་མོ། །རྒྱུན་དུ་མི་འབྲལ་བ་བློ་རྡོའི་མན་ངག་ལ། དར་དམར་པོའམ་ཤོག་གུ་ལ་གནོད་སྦྱིན་གྱི་གཟུགས་བྲིས་པའི་ལྟོ་བར་མུ་ཁྱུད་རིམ་པ་བཞིར་བསྐོར་བའི་ཕྱི་མ་ལ། མཐུ་སེར་གྱི་དངོས་གྲུབ་སྩོལ་ཅིག་བྲིས། དེའི་ནང་མ་ལ་མི་ནོར་ཟས་གསུམ་སི་ཏི་ཕ་ལ་ཧོ་བྲི། དེའི་ནང་མ་ལ་འཁོར་ལོ་རྩིབས་བརྒྱད་ལ། ཨེ་ཧེ་མ་རུ་ཙེ་དགྲ་བགེགས་ཐམས་ཅད་ཤ་ཏྲཱུཾ་མཱ་ར་ཡ་ཕཊ་བྲི། ལྟེ་བ་ལ་དྲག་པོའི་དངོས་གྲུབ་དང་། མི་ནོར་ཟས་གསུམ་གྱི་དངོས་གྲུབ་རྩོལ་ཅིག་བྲིས་པའི་དབུས་སུ་ཀྵ་དང་། ཧྲཱི་ཁ་སྤྲད་པ་མཚལ་གྱིས་གཟབ་མར་བྲི། དྲི་བཟང་དང་སྨན་སྣ་བྱུགས་ལ། རྡོ་ཕ་ཝང་ལོང་བུའི་ངོས་དྲུག་གི་གསུམ་ལ་ཧྲཱི་གསུམ། གསུམ་ལ་ཀྵ་གསུམ་བྲིས་ཏེ། རབ་གནས་བྱས་ནས་གྲིལ་ཏེ་ཟངས་ཁབ་དང་བཅས་པ་དར་དམར་པོས་གྲིལ་བ་ལ་ཚོན་སྐུད་སྣ་ལྔས་རེ་རེ་དཀྲིས་ཏེ། བྱ་ཕོ་མཚའ་ལུའི་སྙིང་ནང་དུ་བཅུག་པ་
དེ་ཕྱིར་ཁུག་ཏུ་བཅུག་ལ་ལུས་ལ་བཅང་ང་ོ། དེས་ནི་སྙིང་ཉེ་བཀྲ་ཤིས་ཟས་ནོར་དང་འཁོར་འདབ་འཕེལ། ཅི་བགོ་བ་ཉན། ལུས་དང་གྲིབ་མ་ལྟར་འོང་ངོ་། །གཉིས་པ་སྒྲུབ་པ་ནི། སྔོན་འགྲོ་བདག་ཉིད་ལྷར་གསལ་བས། དངོས་གཞི་གནོད་སྦྱིན་བསྐྱེད་ཅིང་སྔགས་བཟླས་པ། རྗེས་བསྟོད་བསྐུལ་བྱ་བ་དང་གསུམ་ལས། དང་པོ་ནི་རང་ཉིད་པདྨ་དྲག་སྒྲུབ་གང་རུང་དུ་བསྒོམས་ནས་ཐུགས་སྔགས་ཅི་འགྲུབ་བཟླས་སོ། །དངོས་གཞི་ནི་མདུན་གྱི་བར་སྣང་ལ་གནོད་སྦྱིན་དམར་ནག་ཞལ་གཅིག་ཕྱག་བཞི་པ། ཟངས་ཀྱི་བྱ་ཁྱུང་དམར་པོ་བཅིབས་པ། ཕྱག་གཡས་ཀྱི་དང་པོ་རལ་གྲི། འོག་མ་གྲི་གུག །གཡོན་དང་པོ་དགྲ་སྙིང་དང་བདུད་ཞགས། འོག་མ་བྷནྡྷ་ཁྲག་གིས་བཀང་བ་འཛིན་པ། རལ་པ་དམར་སེར་གྱེན་དུ་བརྫེས་ཤིང་སྤྱན་གསུམ་པ། ཞལ་གདངས་པ་མཆེ་བ་གཙིགས་པ། ཐལ་ཆེན་དང་ཞག་གི་ཚོམ་བུ་ཅན། མི་ལྤགས་ཀྱི་གཡང་གཞིས་སྟོད་གཡོགས་པ། སྟག་གི་པགས་པས་སྨད་དཀྲིས་པ། མེའི་ཚྭ་ཚྭ་དང་ཐོག་སེར་འཕྲོ་བ། གདོང་མོ་བཞི་དང་ལྷ་སྲིན་སྡེ་བརྒྱད་དང་། ཤ་ཟ་སྟོང་གིས་བསྐོར་བར་བསམས་ལ། ཚིལ་ཆེན་གྱི་དུད་པ་བཏང་། ཐོད་རྔ་དང་རོལ་མོ་དཀྲོལ་ནས། བྷྲུཾ་བྷྱོ། སྔོན་གྱི་བསྐལ་པ་དང་པོ་ལ། །ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ། །བསད་ཁྲག་རྦ་ཀློང་དཀྱིལ་འཁོར་ནས། །གནོད་སྦྱིན་ཕུང་བྱེད་མཐུ་རྩལ་ཅན།། ཆིབས་སུ་ཟངས་ཀྱི་བྱ་ཁྱུང་བཅིབས། །འཁོར་དུ་ཤ་ཟ་སྟོང་གིས་བསྐོར། །གནོད་སྦྱིན་ཆེན་པོ་སྐུ་བསྐྱོད་ཅིག །ཤན་པ་དམར་ནག་དམ་ལ་ཤོག །ཨེ་ཧེ་རྨ་རུ་ཙེ་གྷུ་ན་ཧྲི་ཏྲི། གྷྲཾ་བྷྱོ་ཤ་རཾ་བྷྱོ། ཕུ་རུ་ཛ་གྷྲི་ག །ཧ་ལ་འགྲན་ཏ་ཡ་ཛཿཛ། ཞེས་པ་ཉི་ཤུ་རྩ་གཅིག་བརྗོད་པས། ལྷོ་ཕྱོགས་ཀྱི་དུར་ཁྲོད་ནས། རྟེན་བསྐྱེད་པ་དེ་ལ་ཐོགས་མེད་དུ་བྱོན་ནས་ཐིམ་པར་བསམས་ལ། སྔགས་དེའི་མཐར་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བཏགས་པ་བདུན་གྱིས་གཏོར་མ་ཕུལ་ནས།
སྲོག་གི་སྙིང་པོ་བཟླས་པ་ནི། ཨེ་ཧཾ་ཤཾ་ཏྲི་ཏཾ་རྩལ་ཏྲི་ར་གཾ་ས་མ་ཡ་ཛཿཛཿ། ནཱ་ག་རཱ་ཛ་ཀྲོ་ཏ་ནི། ཏྲི་ཁ་ཐུན་ཏྲི་ལ་ཐུན་ཨ་བྷི་ཤུ་ནཱ་ག་རཱ་ཛ་ཛཿཛཿ། ཏྲི་ཁ་ཐུན་བྷྱོ། དགྲ་བགེགས་མཱ་ར་ཡ་རྦད། ཅེས་ཅི་འགྲུབ་བཟླས་རྗེས་བསྟོད་བསྐུལ་བྱ་བ་ནི། གཏོར་མ་སྔར་བཞིན་ཕུལ་ལ་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། །ཨེ་ཧེ་རྨ་རུ་ཙེ་བྷྱོ། གླིང་བཞི་སྲིད་པའི་ཕོ་བྲང་ནས། ཕུང་བྱེད་དམར་ནག་གཤེགས་སུ་གསོལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ། །ཕྱག་དང་ཞབས་གཉིས་བསིལ་མཛད་ལ། །པདྨ་ཉི་ཟླའི་གདན་ལ་བཞུགས། །གནོད་སྦྱིན་འཁོར་དང་བཅས་པ་ལ། །དྭངས་བའི་ཡིད་ཀྱིས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པ་འབུལ། །འགལ་འཁྲུལ་ཉམས་ཆག་ཐམས་ཅད་བཤགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །དགྱེས་པའི་ཞལ་བཟང་དུས་འདིར་སྟོན། །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །ཅེས་མཆོད་བསྟོད་བྱའོ། །དེ་ལྟར་ཞག་ཉི་ཤུ་རྩ་གཅིག་མཚམས་བཅད་དེ་བསྒྲུབས་པས། དངོས་སམ་རྨི་ལམ་དུ་རོལ་མོའི་སྒྲ་དང་། འོད་དང་སྐྱེ་བོ་མང་པོ་འདུ་བ་དང་། དཔོན་སྐྱ་དང་། ཞང་བློན་དང་། དགེ་བཤེས་དང་། བན་བོན་གྱི་ཚོགས་རྣམས་བདག་ལ་འདུད་པ་དང་། ནོར་དང་འབྲུའི་གཏེར་རྙེད་པ་ནི་འགྲུབ་པའི་རྟགས་སོ། །སྔོན་དུ་སྒྲུབ་པའི་ལས་འདི་ཁོ་ན་གལ་ཆེའོ། །ཕྱིས་ནས་གང་འདོད་པ་འགྲུབ་པ་ཡིན་པས་སྒྲུབ་པ་ལ་འབད་པར་བྱའོ། །གསུམ་པ་ལས་ཕྲན་ཚེགས་སྒྲུབ་པ་ལ། དགྲ་བསད་པ་དང་། ངག་མནན་པ་དང་། སེར་བ་དབབ་པ་དང་། ཆོ་འཕྲུལ་གཏོང་བ་དང་། སྲིའུ་གསོ་བ། ནོར་སྒྲུབ་པ་དང་དྲུག་ལས། དང་པོ་བསད་པ་ནི། བྲག་དམར་གྱི་ཕུག་པ་ལ་སོགས་པར། ས་སྟེགས་མདའ་གང་གྲུ་གསུམ་པ་རོ་སོལ་གྱིས་བྱུགས་པར། དགྲ་བོའི་ལིང་ག་བྲིས་ཏེ། ཛས་མཐའ་བསྐོར་ནས། དགུག་གཞུག་བྱ་སྟེ། ཁྱི་ཐོད་ལྕགས་ཀྱི་འཁོར་
ཁང་དུ་བསམས་པར་བཅུག་ནས། བདག་དང་གནོད་སྦྱིན་གྱི་སྒོམ་བཟླས་སྔར་དང་འདྲ་བ་ལས། སྔགས་ནི། ཨེ་ཧེ་རྨ་རུ་ཙེ། གྷུ་ན་ཧྲཱི་ཏྲི། བྷྲཾ་བྷྱོ། ཤ་རཾ་བྷྱོ། ཕུ་རུ་ཛ་གྷྲིག །ཧ་ལ་འགྲན་ཏ་ཡ། གྱིན་ཏ་རྦད་སོད། སུ་རུ་སྙིང་ཙེ། ཨ་པ་ལཾ་ཆེ་གེ་མོ་མཱ་ར་ཡ་སོད། ར་རྒྱུག་སྲོག་ལ་རྒྱུག །ཤ་ལ་རྔམ། དབུགས་ལ་རྔུབས། ཁྲག་ལ་འཇིབས། ཙིག་ཙིག་སྲོག་ལ་ཡཾ་ཡཾ། ཞེས་བཟླས་ནས། བསྟོད་བའི་རྗེས་ལ། གནོད་སྦྱིན་ཆེན་པོ་མ་རུངས་པ། །ཤ་ཟ་ཁྲག་འཐུང་སྟོང་གིས་བསྐོར། །ལྷ་སྲིན་སྡེེ་བརྒྱད་དམག་དཔུང་བཅས། །དགྲ་བོའི་སྟེང་དུ་ད་རྒྱུག་ཅིག །རྦད་ཀྱང་ཕྲིན་ལས་མི་བྱེད་ན། །དམ་ཚིག་ཉམས་པར་མི་འགྱུར་རམ། །ད་དུང་དགྲ་བོ་མི་གསོད་ན། །གནོད་སྦྱིན་ཁྱོད་ལ་ཅི་བྱུང་གི །ད་ལྟ་ཉིད་དུ་སོད་ལ་ཤོག །ཤ་ཟོ་ཁྲག་འཐུང་སྙིང་རྩ་ཕྱུང་། །བསད་རྟགས་དོན་སྙིང་ཁྱེར་ལ་ཤོག །ཅེས་རྦད་ལ། བསད་སྔགས་དེ་ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེེ་ཉུང་ནག་དུག་སྣའི་ཐུན་དང་བསྡེབས་ལ། ལིང་ག་བྲབ་པས། རྡུལ་ཕྲན་དུ་སོང་བར་བསམ་མོ། །དེ་ལྟར་ཞག་བདུན་བསྒྲུབས་པས་རྨི་ལམ་དུ་དོན་སྙིང་འབྱིན་པ་དང་། ལིངས་བྱེད་པ་དང་། ཤིང་གཅོད་པ་ལ་སོགས་པ་རྨིས་དུས་གྲུབ་པས། །ལིང་ག་མཚོན་གྱིས་གཏུབས་ལ་མེ་ནང་དུ་གནོད་སྦྱིན་བསྐྱོད་པའི་ཞལ་དུ་ཕུལ་ནས་ཐལ་བ་ལམ་རྒྱ་གྲམ་གྱི་འོག་ཏུ་མནན་པས། ལས་ཟླ་བ་མི་འགྱངས་བར་འགྲུབ་བོ། །དེ་ལྟར་བྱས་ཀྱང་མ་གྲུབ་ན། །གནད་ལ་དབབ་པ་ནི། གནོད་སྦྱིན་གྱི་གཟུགས་སྲོག་སྔགས་དང་བཅས་པ་བྲིས་ཏེ། དགུག་གཞུག་བྱས་ནས། ཏེ་ལོ་འམ། ཕག་ཐོད་དུ་བཅུག་ལ། རང་གི་མལ་འོག་ཏུ་དོང་གྲུ་གསུམ་བྲུས་པའི་ནང་རོ་སོལ་བྱུགས། རོ་ཐལ་བཏིང་ནས་ཐོད་པ་དེ་གཞག །ས་ཚོན་སྣ་ལྔས་སྟེང་གཡོགས། རྡོ་རྗེ་རྒྱ་གྲམ་བྲིས་པའི་གཡམ་པས་ཁ་བཅད་ལ། དོང་ལྕགས་ཁང་དུ་བསམས་པས་གནོད་སྦྱིན་བཀའ་ཉན་པར་བསམ་ཞིང་། རང་ཉིད་ལྷར་གསལ་བས་དྲག་སྔགས་བཟླས་པས། དགྲ་རྟགས་བྱུང་བ་དང་།
ཐོད་པ་ཕྱུང་ལ་སྐུ་བཏོན་ཏེ་འོ་མས་བཀྲུས་ལ་བཟོད་པར་གསོལ་ཏེ། ལས་སྦྱོར་བྱས་པས་འགྲུབ་བོ། །དེས་ཀྱང་མ་གྲུབ་ན། སྔགས་ཀྱི་སྒྲོམ་བྱ་བ་ནི། ཨཱོཾ་ཀ་ཁ་ག་གྷ་ང་། ཧེ་བྷྱོ་རྨ་རུ་ཙེ་གྷུ་ན་ཧྲཱི་ཏྲི་ཙིཏྟ་ཧྲིང་ཧྲིང་ཛ། ཞེས་བཟླས་པས་རྟགས་བྱུང་བ་དང་། ཨེ་ཧེ་རྨ་རུ་ཙེ་གྷུ་ན་ཧྲཱི་ཏྲི། གྷྲཾ་བྷྱོ་ཤཾ་རཾ་བྷྱོ། ཕུ་རུ་ཛ་གྷྲིག་ཧལ་པ་འགྲན་ཏ་ཡཱ། གྱིན་ཏ་རྦད་སོད། སུ་རུ་སྙིང་ཙེ། ཨ་པ་ལཾ་མཱ་ར་ཡ་སོད། སརྦ་ཤ་ཏྲཱུཾ་ཆེ་གེ་མོ་མཱར་ཡ་རྦད། ཅེས་སྔར་གྱི་བསད་སྔགས་ཀྱིས་བྲབ་ལ། སྲོག་གནོན་གྱི་ལས་བྱས་པས་མི་འགྲུབ་མི་སྲིད་དོ། །ངག་གནོན་ནི་དུག་ཤོག་ལ་དགྲའི་ལིང་ག་ལྕེ་ལྟོ་བར་དྲངས་པའི་དབུས་སུ་རྡོ་རྗེ་རྒྱ་གྲམ་བྲིས་པའི་རྭ་བཞི་ལ། ཨཱོཾ་ནན། ཨཱ་ནན། ཧཱུཾ་ནན། སྟྭཾ་བྷ་ཡ་ནན། ལྟེ་བར་ནྲྀ་བྲི། ལྕེའི་ཐ་མར་ཆེ་གེ་མོའི་ལུས་ངག་ཡིད་གསུམ་སྟྭཾ་བྷ་ཡ་ནན་བྲིས་ཏེ། དུག་ཁྲག་གིས་བྱུགས་ལ་དགུག་བཞུགས་བྱས་ལ། སྐུད་པ་ཕྱིར་བཀལ་གྱི་ཚོན་སྐུད་ཀྱིས་དཀྲིས་ཏེ། ཁྱི་ཐོད་དམ་ལྐུགས་པའི་ཐོད་པར་བཅུག་ལ། དུག་སྣ་དང་། ཉུང་ནག་གི་ཐུན་གྱིས་བྲབ་ཅིང་། རྩ་སྔགས་ཀྱི་ཤམ་དུ། ཨཱོཾ་ལཾ་ནྲྀ་ཛ། དགྲ་བོ་ཆེ་གེ་མོའི་ལུས་ངག་ཡིད་གསུམ་སྟྭཾ་བྷ་ཡ་ནན། ཨ་ལཾ་ནྲྀ་ཛ་ཧཱུཾ་ལཾ་ནྲྀ་ཛ། ནཱ་ག་ཤ་ཡ་ཧཱུཾ་ཕཊ། ཅེས་བཟླས་ཏེ། ཉིན་མོ་ཐུན་གྱིས་བྲབ། མཚན་མོ་རང་གི་མལ་འོག་ཏུ་དོང་གྲུ་གསུམ་བྲུས་པར་བཅུག་ནས་རོ་གཡམ་གྱིས་ཁ་བཅད་ལ་ཞག་གསུམ་བསྒྲུབ་ནས། ལིང་ག་མལ་འོག་ནས་ཕྱུང་སྟེ་ཚྭ་ཚྭ་ནག་པོའི་ཞབས་སུ་བཅུག་ནས་ལྷ་ཁང་རྙིངས་པའི་ཐེམ་འོག་ཏུ་མནན་པས། དགྲའི་ནུས་པ་ཉམས། ངག་ལྐུགས་ཁོ་རང་གི་བྱད་ཁ་ཁོ་རང་ལ་ལོག་ནས་བརླག་པར་འགྱུར་རོ། །འདི་ནི་སྔགས་པ་ནང་འགྲས་ན་བྱའོ། །སེར་བ་དབབ་པ་ནི། འབྲུབ་ཁུང་གྲུ་གསུམ་དུ། རོ་སོལ་དང་། ཐལ་ཆེན་བྱུགས་ལ། ར་དམར་རྒྱའམ་ཝ་ཐོད་དུ་མུ་ཟིི་ནག་པོ། ལྕགས་ཕྱེ། དངུལ་རྡོ། ཉུང་ནག སྔོ་སྣ། སེར་སྲུང་གཞི་བདག་དང་བཅས་པའི་མིང་བྲིས་པ་རྣམས་བཅུག་ལ། མུན་པར་
མཚམས་བཅད་ནས་ཐུན་གྱིས་བྲབ་ཅིང་། ཨེ་བྷྱོ་རྨ་རུ་ཙེ། གྷུ་ན་ཧྲཱི་ཏྲི། ཕྲོཾ་གྷྲཾ་བྷྱོ་ཤཾ་རིལ་སུ་རུ་ཕྲོཾ། གྷྲིག་ཧྲིལ་གྷྲན་ཏ་ཕྲོཾ། གྱིན་ཏ་སུ་རུ། ཨ་པ་ལ་ཕྲོཾ། རཾ་རཾ་ཏྲི་ཐུན། ཕྲོཾ་ཉིག་ཧྲིལ་རྨར་སྟག་ལིང་ཤར་ལྡིང་བྷྱོ། འུར་བ་ཕྲོཾ་ཕྲོཾ་སེང་འུར། དཀར་ཐོག་ལིང་། དཀར་བྲན་བཅུག །གལ་བུན་བུན་ལོངས། ཀཱ་ལ་ཀཱ་ལ། བཾ་ཧྲིལ་ཧྲིལ། ཤར་ཤར་ཕོབ་ཡ། ཞེས་བཟླས་ཤིང་རྟགས་མ་བྱུང་གི་བར་དུ་བསྒྲུབ། དེ་ནས། ཨཱོཾ་ཀ་ཁ་ག་གྷ་ང་། ཧེ་བྷྱོ། ཨེ་རྨ་རུ་ཙེ། གྷཱུ་ན་ཧྲཱི་ཏྲི། རཀྵ་བ་ཤ་ཁ་རག་དུན་ཏྲི། ཐ་ཏྲི་དུ་མཱ་ར་ཡ། རག་ཤ་ཁ་འདར་ཨུ་ཐཱ་གཟིར་གཟིར་ཡཱ། ལོ་ཐོག་སྔོན་པོ་དྲོངས། པི་པི་ཤར་ཤར། ཁ་དྲག་རྩ་དམར་པོ་ལང་ལང་། སྤུར་ཡ། དམ་ཉམས་ཡུལ་དུ་རཾ་རཾ། རིལ་རིལ། ཕྲོམ་ཕྲོམ། ཀིང་ཀང་དྲག་ཏུ་ཕོབ་ཡ། སྲིན་ཕོ་མོ་ལོང་། ཁྱུག་ཁྱུག །འུར་འུར། ཧྲིལ་ཧྲིལ། ཤར་ཤར། བྷྱོ་བྷྱོ། ཕོབ་ཕོབ། ཅེས་བཟླས་པས། སྐམ་འབྲུག་གློག་དམར་སྒྲུབ་ཁང་དུ་འབྱུང་ཞིང་རྨི་ལམ་དུ་རྩས་མ་བརྔ་བ་དང་། གནམ་ས་འཕོ་འགྱུར་བྱེད་པ་དང་། འཇའ་འོད་འཁྱིལ་བ་དང་། ཉི་ཟླ་ལྷུངས་པ་ལ་སོགས་པ་འོང་ངོ་། །དེ་ནས་ཐུན་དོང་གི་ཐོད་པས་ནམ་མཁའ་མ་མཐོང་བར་བྱས་ལ། དགྲའི་འོང་ས་དང་རི་ཟུར་དང་། ཡུལ་ལྷའི་རྟེན་ཡོད་སར་ཐུན་རེ་སྦས་ནས། དུས་གཉན་ལ་སེར་ཐུན་འོང་བར་འཕངས། གཏོར་མ་བཏང་ནས། བྷྱོ་གནོད་སྦྱིན་ཆེན་པོ་དྲག་རྩལ་ཅན། །སྡེ་བརྒྱད་ཀུན་གྱི་དམག་དཔོན་མཛད། །སྲིན་མོ་གདོང་མོ་མཆེད་བཞིར་བཅས། །ཀི་ཀང་སྔ་མའི་ལས་མཛད་ཀུན། །དམ་ཉམས་ཡུལ་དུ་ཀིང་ཀང་ཕོབ། །གནོད་སྦྱིན་ཆེན་པོ་ཟོར་བའི་གདོང་། །དུས་ལ་བབ་བོ་ས་མ་ཡ། །དགྲ་བོའི་ལོ་ཐོག་དྲུངས་ནས་ཕྱུང་། །ཐོག་སེར་སྡང་བའི་དགྲ་ལ་ཕོབ། །འབྲུ་དང་སྔོ་རྣམས་བཅུད་བསྡུས་ལ། །རྣལ་འབྱོར་སྒྲུབ་མཆོག་བདག་ལ་སྩོལ།
ཅེས་རྦད་ཅིང་དུལ་མོ་བརྡབས་པས་དེའི་མོད་ལ་འབབ་ངེས་སོ། །ཆོ་འཕྲུལ་གཏོང་བ་ནི། གནོད་སྦྱིན་གྱི་གཟུགས་སྤྲ་ཚིལ་ལ་ལས་བྱས་པའི་མགོ་ལ་སྲིན་བྱའི་སྒྲོ་གཟུག །སྙིང་ཁར་དགྲའི་ལིང་ག་ལ། ཁྱིམ་དུ་ལྟས་ངན་སྣ་ཚོགས་དང་། སྨྱོ་འབོག་ཐོང་ཞིག་ཅེས་པ་བྲིས་ལ་གཞུག །དེ་ཝའི་ཐོད་པར་བཅུག་ལ། ཨེ་བྷྱོ་མ་རུ་ཙེ། ར་རྒྱུག་ཤམ་རྒྱུག །འཕྲུལ་ཏིང་ལིང་ཀ་ནི། དྷ་མ་ཛུ་ཏི་སུ་ཏྲི་མུན་ཏྲི། ཏྲཻ་ལཱོ་ཀྱ། ཤ་མ་བུ་ཏྲི། ཤད་ཤད་བྷྱོ། ལྟས་ངན་སྣ་ཚོགས་དགྲ་ལ་ཐོང་། ཞེས་བཟླས་པ་ཞག་ལྔར་བསྒྲུབས་ནས། དགྲ་པོའི་གྲོང་མཐོང་བའི་རི་ཟུར་དུ་སྦས་ཏེ། ས་དམར་སྤར་གང་གཏོར་ལ། གྲོང་འདིར་མི་འདིའི་ཁྱིམ་དུ་སོང་ཞིག །ཅེས་ལམ་བསྟན་པས། འོད་དང་། མེ་སྟག་དང་། རྡོ་ཆར་དང་། སྨྱོ་འབོག་དང་། ཁང་པ་རྡིབ་པ་ལ་སོགས་པ་ཡོང་ངོ་། བབས་བྱེད་ན་ཐོད་པ་ནས་ལིང་ག་བཏོན་ནས་སྤོས་ཆུས་བཀྲུའོ། །སྲི་འུ་གསོ་བ་ནི། མ་བུའི་མལ་གྱི་སྟེང་དུ་རྟེན་གཏོར་ལ། མདའ་འུག་སྒྲོ་མའི་མགུལ་དུ་གནོད་སྦྱིན་གྱི་སྐུ་དང་དར་ལེབ་རྒན་བཏགས་པ་བཙུགས་ནས་ཕུལ། བསྟོད་བསྐུལ་བྱས་ནས། བུ་ཆུང་འདི་སྲུངས་ཤིག་བྱ་ཞིང་། གནོད་སྦྱིན་གྱི་སྐུ་བྲིས་ནས། རྩ་སྔགས་བྲིས་ཏེ་དྲིལ་ནས་བུ་ཆུང་ལ་བཏགས། རྫས་བསྲུང་ལ། གླ་རྩི་ཤིང་ཀུན། མུ་ཟི་ནག་པོ། ཟ་འོག །སྤྱང་བྲུན། བདུད་རྩི། སྟག་གི་སྡེར་མོ། བྱ་རོག་གི་མགོ །སྐེ་ཚེ། བྲག་དྲེག །རྒྱ་ཚིལ། ཐལ་ཆེན། ཤི་སྐྲ། སྒོག་སྐྱ། སླེ་ཏྲེས། བ་སྤྲུ། རྟ་བོན་པ། བྱི་ལའི་བྲུན་རྣམས་རྟ་ཆིལ་དང་བསྲེས་ལ། ཕྱེ་མའི་ཐུམ་པོ་ལུས་ལ་བཏགས། བུ་ཆུང་ཉོག་ན་དེ་རྣམས་ཀྱི་དུད་པས་བདུག །དུས་བཟང་ལ་གཏོར་མ་བཏང་བས་སོས་ངེས་སོ། །ནོར་སྒྲུབ་པ་ནི། སྒྲུབ་ཁང་དུ་མཎྜལ་དམར་པོ་ཟླ་གམ་གྱི་སྟེང་དུ། གཏོར་མ་སྒྲུབ་ཐབས་བཞིན་བཤམས། དར་དམར་ལ་གནོད་སྦྱིིན་གྱི་སྐུ་ཞལ་གཅིག་ཕྱག་གཉིས་ཕྱེད་སྐྱིལ་ཅན།
གཡས་ལྕགས་ཀྱུ། གཡོན་ནེའུ་ལེ་འཛིན་པ། དར་ཟབ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། པདྨ་དང་བུམ་པའི་སྟེང་ན་དམར་གསལ་ཁྲོ་འཛུམ་དུ་བཞུགས་པ་བྲིས་པའི་རྒྱབ་ཏུ་རྩ་སྔགས་ལ་མི་ནོར་ཟས་གསུམ་གྱི་དངོས་གྲུབ་སྩོལ་ཅིག་བྲིས་པའི་ནང་དུ། རྡོ་ཕ་ཝང་ལོང་བུ་ལ་གསེར་རམ་པདྨ་རཀྟས་ཏྲི་དྲུག་བྲིས་པ་ལ། རབ་གནས་བྱས་པ་དེ་དར་ཟབ་ཀྱིས་གྲིལ་ལ་ཐོད་པ་མཚན་ལྡན་འབྲུ་དང་རིན་པོ་ཆེས་བཀང་བ། དེའི་ནང་དུ་བཞག་པ་དེ་དཀྱིལ་འཁོར་གྱི་སྟེང་དུ་ཟངས་གཞོང་དུ་གཞུག་ལ་མཆོད་པས་མཐའ་བསྐོར་ཏེ། རང་ཉིད་པདྨའི་བསྒོམ་བཟླས་བྱས་རྗེས། ཐོད་པ་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསམ་པའི་ནང་དུ་གནོད་སྦྱིན་བྲིས་པ་ལྟར་བསྐྱེད་ལ་ཡེ་ཤེས་པ་བསྟིམ། གཏོར་མ་བཏང་། བསྟོད་པ་བྱས་ནས། རང་གི་སྙིང་གའི་ཧཱུཾ་ལས་འོད་འཕྲོས། གནོད་སྦྱིན་གྱི་ཐུགས་ཀའི་ཧྲཱིཿལ་ཕོག་པས། འཇིག་རྟེན་གྱི་ཁམས་ཀྱི་མི་ནོར་ལོངས་སྤྱོད་ཐམས་ཅད་བསྡུས་པར་བསམ་ལ། ཨེ་ཧེ་བྷྱོ་རྨ་རུ་ཙེ། རད་ན་སི་ཏི་ཛ། གྷུ་ན་ཧྲི་ཧྲི། རད་ན་སི་ཏི་ཧཱུཾ། གྷྲཾ་བྷྱོ། ཤཾ་རད་ན་སི་ཏི་ཛ་ཧཱུཾ། སུ་རུ་སི་ཏི་ཛ་ཧཱུཾ། སུ་རུ་སི་ཏི་ཛ། གྷྲིག་སི་ཏི་ཧཱུཾ། གྷྲ་ན་ཏ་རད་ན་སི་ཏི་ཛ། གྱིན་ཏ་ཨ་ཏྲི་ནྲི་སི་ཏི་ཛ་ཧཱུཾ། ཨ་པ་ལམ། པ་ཤཾ་ཀུ་རུ་སི་ཏི་ཧཱུཾ་ཛ། ཞེས་བཟླས་པས། རིན་པོ་ཆེའི་ཆར་བབས་པ་དང་། ནོར་རྙེད་པ་དང་། ཁྲོམ་འདུ་བ་དང་། རྔ་བརྡུང་བ་དང་། །དུང་འབུད་པ་དང་། འབྲུ་དང་ལོངས་སྤྱོད་སྡུད་པ་རྨིའོ། དེ་ནས། ཨེ་བྷྱོ་རྨ་རུ་ཙེ་ཨ་ཏྲི་ནྲྀ་ཛ། སི་ཏི་ཟབ་མོའི་གདམས་པ་བདུད་རྩིའི་སྨན་དང་འདྲ། །ཉོན་མོངས་ནད་རྣམས་གསོ་བའི་མཆོག་ཡིན་པས། །རྒྱུད་ལ་བརྟེན་ཅིང་ལེགས་པར་གོམས་པ་ཡིས། །ད་ལྟ་ཉིད་ནས་ཀློང་དུ་འགྱུར་བར་མཛོད། །ཕ་ལ་རད་ན་ཁ་ཏེ་ཧཱུཾ་ཛ། འགུལ་འགུལ་མ་མ་ཧྲིང་ཧྲིང་། མ་མ་ཁ་ཤི་བཾ། ཨ་ཀར་ཤ་ཡ་ཛ། ཨ་ཀར་ཤ་ཡ་ཧྲིང་། མི་འགྲམ་ཁྱོགས། མི་སྙིང་སྒུལ། ནྲྀ་སྲོག་རྩ་བྲིང་བྲིང་། ཐུཾ་རིལ། ཡེཾ་ཡེཾ། ཡིད་ཀྱི་དབང་པོ་ཁུག་ཛ། མི་ནོར་ཟས་གསུམ་བདག་གི་དབང་དུ་བསྡུས་ཤིག །ཅེས་པ་
ཞག་བདུན་བཟླས་པས། འཁོར་དང་འབྱོར་བ་ཕུན་སུམ་ཚོགས་པ་རྒྱས་པར་འགྱུར་རོ། །དེ་ནས་རྟེན་གྱི་བླ་རྡོ་དེ་ལུས་ལ་གདགས་སོ། །འདུ་བ་ཉུང་ན་བླ་རྡོ་བརྡར་ཅིང་། མེའི་ནང་དུ་གནོད་སྦྱིན་བསམས་ཏེ་སྦྱིན་སྲེག་བྱ། གཏོར་མ་བཏང་ནས། བྷྱོ་བྱང་ཕྱོགས་གནོད་སྦྱིན་གཏེར་གྱི་བདག །ཞལ་གཅིག་ཕྱག་གཉིས་མཛེས་པའི་སྐུ། །ཆིབས་སུ་བྱ་རྒྱལ་ཁྱུང་ལ་བཅིབས། །སྐུ་མདོག་དམར་པོ་འོད་ཟེར་ཅན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཕྱག་གཡས་ལྕགས་ཀྱུས་ཟས་ནོར་འགུགས། །ཕྱག་གཡོན་ནེའི་ལེས་ཟས་ནོར་སྟེར། །འཁོར་དུ་གནོད་སྦྱིན་སྟོང་གིས་བསྐོར། །གཏེར་བདག་འཁོར་དང་བཅས་པ་ལ། །མཆོད་ཚོགས་བྷ་ལིང་གཏོར་མ་འབུལ། །ལྷ་འདྲེ་མི་གསུམ་དབང་དུ་སྡུས། །ཟས་ནོར་ལོངས་སྤྱོད་ཆར་དུ་ཕོབ། །ཅི་བསམ་འགྲུབ་པའི་དངོས་གྲུབ་ཞུ། །ཞེས་རོལ་མོ་དང་བཅས་པ་བྱས་པས་བསམ་པ་འགྲུབ་བོ། །དེ་ལྟར་གནོད་སྦྱིན་དམར་ནག་སྒྲུབ་པ་ཡི། །རིམ་པ་གསལ་བར་བཤད་དེས་བསོད་ནམས་ཀྱིས། །མ་ལུས་རེ་བ་ཡིད་བཞིན་རྫོགས་པའི་དཔལ། །ཡོན་ཏན་འབྱོར་བ་མཐའ་ཡས་ཡོངས་གང་ཤོག །གནོད་སྦྱིན་དམར་ནག་གི་གསང་སྒྲུབ་མེ་རླུང་འཁྱིལ་པ་ཞེས་བྱ་བ། རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་བཀོད་པ་རྫོགས་སོ།། །།བཀྲ་ཤིས།
ཤན་པ་སྲོག་སྒྲུབ་ནག་མོའི་གསང་སྒྲུབ།
ཤོག་འདྲའི་སྐོར། ཤན་པ་སྲོག་སྒྲུབ་ནག་མོའི་གསང་སྒྲུབ་བཞུགས་སོ། །
ཤན་པ་སྲོག་སྒྲུབ་ནག་མོའི་གསང་སྒྲུབ་དུག་མདའ་ནག་མོ་ཞེས་བྱ་བ། འཇིགས་པའི་མ་མོ་འབུམ་ལ་ཕྱག་འཚལ་ལོ། །ཤན་པ་སྨུག་ནག་མི་བསྲུན་མ། །སྐྲ་ཡི་ལན་བུས་ནམ་མཁའ་ཁྱབ། །སྒྲོལ་གིང་ཆེན་མོ་ལ་བཏུད་དེ། །དེ་ཡི་གསང་སྒྲུབ་བཤད་པར་བྱ། །བྲག་ནག་སྲིན་མོ་ཁྲོས་འདྲ་འམ། །ནགས་རོང་མོན་མོ་ཁྲོས་འདྲ་བར། །སྟེགས་བུ་ཁྲུ་གང་ལ་སོགས་པར། །རོ་སོལ་དུག་ཁྲག་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་མུ་ཁྱུད་དམར། །ཕྱི་རིམ་རྩིབས་བཞི་མཐིང་ནག་སྟེ། །དེ་ཕྱིར་ཐོད་ཕྲེང་རྡོ་རྗེའི་ཕྲེང་། །སྒོ་དང་རྟ་བབས་ལྡན་པར་བྲི། །དེ་མཐའ་མེ་རི་འབར་བ་འོ། །སྟེང་དུ་ཁམས་སའི་དགྲ་གཟུགས་ཀྱི། །སྙིང་གར་ལིང་ག་བཅུག་པའི་སྟེང་། །མ་མོའི་དཔལ་གཏོར་ཟུར་གསུམ་ལ། །དགྲ་ཡི་ལིང་ག་གཟུགས་པར་བྱ། །དཔྲལ་བར་རུས་ལ་སྙིང་གར་མིང་། །འདོམས་སུ་བླ་དྭགས་བྲིས་པ་ཡི། །ཐ་མ་བསད་པའི་སྔགས་ཀྱིས་བསྐོར། །གཞན་ཡང་བླ་མ་ཆོས་སྐྱོང་དང་། །ཡུལ་ལྷ་གཞི་བདག་གཏོར་མ་བཤམ། །དེ་ནས་སྟོང་པའི་ངང་ཉིད་ལས། །གནམ་ས་མི་དམིགས་མུན་པས་འཁྲིགས། །འཇིགས་པའི་ལྕགས་ཁང་སྒོ་མེད་དུ། །མེ་ཡི་འོད་སྟོང་འབར་བའི་གནས། །དགྲ་བགེགས་མི་ཐར་བཙོན་དོང་གསལ། རང་ཉིད་པདྨ་ཐོད་ཕྲེང་རྩལ། །འཇིགས་བྱེད་ཁྲོ་བོའི་དཀྱིལ་འཁོར་བསམ། །མདུན་གྱི་དཀྱིལ་འཁོར་འཇིགས་པ་རུ། །གསོད་བྱེད་ནག་མོ་ཆུ་གྲི་བསྣམས། །གློ་སྙིང་ཞལ་གསོལ་ཁྲག་འཛག་ཅིང་། སྤྱན་གསུམ་རལ་པས་གནམ་ས་ཁྱབ། །མཆེ་གཙིགས་མཚོན་ཆའི་མི་འོད་འཕྲོ། །སྲིད་པའི་རླུང་ཞོན་ནད་རིམས་གཏོང་། །སྨ་ར་དམར་སེར་འབར་བར་བསྒོམ། །གཡས་ན་ཤ་ཟ་ལྕེ་སྤྱང་གདོང་། །རོ་ལ་ཞོན་ནས་དགྲ་སྙིང་ཟ། གཡོན་ན་ནག་མོ་ཝ་གདོང་མ། ཕྱག་གཉིས་ཞགས་པ་
གྲི་གུག་ཐོགས། །མདུན་ན་ནག་མོ་འུག་གདོང་སྟེ། །རྒྱབ་ན་སྲིད་པའི་ཤ་ཟ་འབུམ། །མཚོན་ཆ་སྣ་ཚོགས་ཟོར་འཕེན་བསམ། །ཐུན་ནི་ཉུང་ནག་གྲི་ཁྲག་གིས། །ལིང་ག་བྲབ་པས་མ་མོ་ཡིས། །དགྲ་བོ་བསད་པར་བསམ་ནས་ནི། །སྔགས་འདི་མ་ཡེངས་བཟླས་ཤིང་བྲབ། །ཨཱོཾ་ཁྱི་ཁ་ལེ་ནག་མོས་སོད། སྲོག་མ་ཏྲི་སོད། སྙིང་ཁ་ཁྱ་བཾ། ཡ་ཡ་སོད། ཙ་ཝ་བི་རི་མུ་སོད་གྷ་ཡ་སོད། ཎི་ཡ་སོད། རཀྨོ་ཙིཏྟ་རྦད། དེ་ལྟར་ཞག་བདུན་སོང་རྗེས་ལ། །རྟགས་ནི་དགྲ་ལ་སྣ་ཚོགས་འབྱུང་། །དེ་ནས་སྔགས་དེའི་མཇུག་དེ་ལ། །རག་མོ་རག་མོ་མ་གཟིར་ནན། ཁམས་ཁུག་དྲོངས་ཆེ་གེ་མོའི་ཙིཏྟ་ལ་རྦད་སོད་ཡ། དེ་བཟླས་རང་ལ་ཚིག་པ་ཟ། །རྨུགས་དང་རྒྱག་སྙིང་འདོད་པ་དང་། །རྨི་ལམ་བུད་མེད་མཚན་མ་སྟོན། །དེ་ཚེ་འོག་མ་གཅིག་པུ་བཟླ། །དེ་ནས་གློ་སྙིང་མགོ་ཁྱེར་ནས། །ལན་གསུམ་བྱུང་དུས་གཏོར་ཟོར་འཕངས། །འབྲུབ་ཁུང་ཚེར་མའི་མེ་སྦར་ལ། །མ་མོ་འཁོར་བཅས་ཁ་གདངས་བསྐྱེད། །ལིང་ག་དགྲ་དངོས་བསམས་ལ་འབུལ། །དེ་ཡིས་ཐེ་ཚོམ་མེད་པར་འགྲུབ། །གལ་ཏེ་འགྱངས་ཤིང་རྟགས་མེད་ན། །འབོད་རྦད་མཐའ་ནས་ལྡོག་བྱས་ལ། །བས ད་སྔགས་དྲག་ལ་བསྒྲུབ་པར་བྱ། །སོད་མོས་ནག་ལེ་ཁ་ཁྱི་ཨཱོཾ། སྲོག་མ་ཏྲི་སོད། སྙིང་ཁ་ཁ་བྷཾ། ཡ་ཡཱ་སོད། ཙ་བ་བི་རི་མུ་སོད། གྷ་ཡ་སོད། ཎི་ཡ་སོད། རག་མོ་ཙིཏྟ་རྦད་རྦད་ཙི་མོ་རག །སརྦ་དུཥྚཾ་ཆེ་གེ་མོ་ཤ་ཏྲཱུཾ་མཱ་ར་ཡ་རྦད། དེ་ཡིས་ངེས་པར་འགྲུབ་པ་ཡིན། །དེས་ཀྱང་འགྲུབ་པར་མ་གྱུར་ན། །འབོད་རྦད་མགོ་གཤམ་ལྡོག་པ་ལ། །བསད་སྔགས་རྦད་སྔགས་བཏགས་ལ་བསྒྲུབ། །དེ་ཡིས་ཐེ་ཚོམ་མེད་པ་ཡིན། །གཞན་ཡང་འགྲུབ་པར་དཀའ་བ་ན། ཨུ་ནེ་ཨུ་ནེ་ཧཱུཾ་ཕཊ། དེ་ནི་སྔགས་ཀྱི་མགོར་བཏགས་ཤིང་། མྱགས་ཐུམ་རལ་རྦད། ཨ་ཨ། ཨི་ཨཱི། ཨུ་ཨཱུ།
འདི་ནི་ཤམ་བུ་བཏགས་ལ་བཟླས། །དེ་ཡིས་གསོད་ཅིང་ཆོ་འཕྲུལ་འབྱུང་། །རྩ་བའི་སྒྲུབ་ཐབས་བསྟན་པའོ། །དེ་ཡི་གནད་ཡིག་ནི། རྫས་གནད་ན་ཆུང་ནལ་ཕྲུག་གམ། ལུག་ནག་བྱ་ནག་སྙིང་ནང་དུ། དུར་ཁྲོད་རས་ལ་འཁོར་ལོ་བྲི། །རྩིབས་བརྒྱད་མུ་ཁྱུད་གསུམ་པ་ལ། །རྩིབས་ལ་རྩ་སྔགས་བྲི་བར་བྱ། །མུ་ཁྱུད་མ་མོའི་སྤྱི་སྔགས་བྲི། །ལྟེ་བར་མ་བྷྱོ་གཟབ་ཏུ་བྲི། །རྒྱབ་ཏུ་རྟེན་འབྲེལ་སྙིང་པོ་བྲི། །རབ་གནས་བྱས་ལ་ལུས་ལ་བཅངས། །སྐབས་སུ་ཀླད་ལ་བསྐོར་ཞིང་བརྡབ། །དེ་ཡིས་བྲན་བཞིན་ལས་བྱེད་འགྱུར། །དུས་གནད་རྒྱུ་དུས་བསྟན་པ་ནི། །ཚེས་གཅིག་སྐྱ་རེངས་དང་པོ་ནས། །ཉི་ཤར་ཡན་ཆད་གཙོ་མོ་རྒྱུ། །འབྱུང་བ་ཤིང་གི་ཁམས་ཡིན་ནོ། །ཉི་མ་དྲོས་ནས་ཉིན་ཕྱེད་བར། །གཡས་ཀྱི་སྲོག་གཅོད་རྒྱུ་དུས་ཏེ། །འབྱུང་བ་མེ་ཡི་ཁམས་ཡིན་ནོ། །གྲིབ་ཆུང་ལྷགས་ནས་བྱ་གདང་བར། །གཡོན་གྱི་སྲོག་གཅོད་རྒྱུ་དུས་ཏེ། །འབྱུང་བ་ལྕགས་ཀྱི་ཁམས་ཡིན་ནོ། །ས་སྲོད་ནམ་ཕྱེད་ཚུན་ཆད་ལ། །མདུནགྱི་སྲོག་གཅོད་རྒྱུ་དུས་ཏེ། །འབྱུང་བ་ཆུ་ཡི་ཁམས་ཡིན་ནོ། །ཉི་ཤར་ཕྱེད་ཡོལ་ས་སྲོས་ནས། །ནམ་ཕྱེད་ཡོལ་དུས་རྣམས་སུ་ནི། །གཙོ་འཁོར་སྲུང་མར་བཅས་པ་རྒྱུ། །འབྱུང་བ་ས་ཡི་ཁམས་ཡིན་ནོ། ཁམས་གཤེད་གནད་ཡིག་བསྟན་པ་ནི། །སྒྲུབ་དུས་འབྲུབ་ཁུང་ལིང་ག་ལ། །རང་ཉིད་ཚེས་གཅིག་གཙོ་མོའི་དུས། །ཤིང་ལས་གྲུབ་པའི་གཙོ་མོར་བསྐྱེད། །ལིང་ག་ཤིང་གི་ཕུར་པས་མནན། དགྲ་བོ་དགུག་གཞུག་ལིང་ག་ས། །ཤར་ཕྱོགས་ཁ་བལྟས་རྩ་སྔགས་མཐར། །ཆེ་གེ་མོའི་སྲོག་ལས་མཱ་ར་ཡ་ཐུན་བྷྱོ། རག་མོ་ཎི་ཤ་ཀུ་རུ་ལུ་ཐུཾ་རྦད། རག་མོ་ཁ་ལ་ཙ་ཐུན་བྷྱོ། རཀྟ་ཐུན་རྦད། ཙ་ལ་ཙ་ལ་ཐུན་བྷྱོ། རྩ་ཙིཏྟ་རྦད། སྙིང་ལ་དུན། རག་མོ་ཁ་ལ་ཙ་ཐུན་བྷྱོ། ཏི་ཐ་བཾ་རིལ་ས་མ་ཡ་ཐུན་བྷྱོ། དགྲ་བོའི་སྲོག་ལ་མཱ་ར་ཡ་ཐུན་བྷྱོ། ཞེས་
བཟླས་ཤིང་གི་ཕུར་པ་གདབ། གཡས་ཀྱི་མ་མོ་རྒྱུ་དུས་སུ། །རང་ཉིད་མེ་ལས་མ་མོའི་སྐུ། །ལིང་ག་ལྕགས་སུ་བསྐྱེད་བྱས་ཏེ། །དྲག་པོའི་མེ་འགལ་ཐུན་གྱིས་བྲབ། །ཐུན་སྔགས་རམ་དུ་བསྒྱུར་ལ་བཟླས། །གཡོན་གྱི་མ་མོ་རྒྱུ་དུས་སུ། །རང་ཉིད་ལྕགས་ཀྱི་མ་མོར་བསྐྱེད། །ལིང་ག་ཤིང་ལས་གྲུབ་པར་བསྐྱེད། །མི་བསད་མཚོན་ལྕགས་དྲག་ཐུན་གདབ། །ཐུན་སྔགས་སུཾ་དུ་བསྒྱུར་ལ་བཟླས། །མདུན་གྱི་མ་མོ་རྒྱུ་དུས་སུ། །རང་ཉིད་ཆུ་ཡི་མ་མོར་བསྒོམ། །ལིང་ག་མེ་ལས་གྲུབ་པར་བསྐྱེད། །དྲག་ཐུན་དུག་ཆུས་བྲབ་པར་བྱ། །ཐུན་སྔགས་བཾ་དུ་བསྒྱུར་ལ་བཟླས། །དུས་གཞན་རྣམས་སུ་གཞུང་བཞིན་བྱ། །རྒྱུ་བའི་ཕྱོགས་དང་བསྟུན་པ་རུ། ཁ་ལྟ་། ན་ཟོར་མ་ཆད་གཅེས། དགྲ་བོའི་ཁམས་དེ་རྒྱུས་ཡོད་ན། །རྒྱུན་དུ་དེ་ཡི་གཤེད་ཐུན་བྲབ། །རྒྱུ་དུས་ལུས་སྦྲིད་སྐྱི་ཟིང་འཇིགས། །ངེས་པའི་དུས་ཡིན་བསྟུན་པར་བྱ། །མོ་མོའི་ངན་སྔགས་གཤོར་ལ་གཏད། །གནད་ཀྱི་ཡང་སྙིང་མཐར་ཐུག་ཡིན། །ཆོ་འཕྲུལ་གནད་ཡིག་བསྟན་པ་ནི། །མ་ཏྲཾ་སྙིང་ཁར་བྲུབ་ཁུང་བཅའ། །དབུས་སུ་གཏོར་མ་ལིང་ག་གཞག །ཤའམ་སྙིང་ངམ་རུས་པ་ལ། །ཕུང་ས་ཁྲག་སྦྱར་ལྕེ་སྤྱང་མགོ །དམར་མོ་ལག་ན་ལྟས་ངན་ནི། །སྤྲེའུ་འུག་པ་ལ་སོགས་ཐོགས། །དེ་ཡི་སྙིང་ཁར་ཀྵ་ཡི་གེ །ཐ་མར་ལྟས་ངན་ཐོང་ཞིག་བྲི། །གཤིན་རྗེ་ཝ་གདོང་ནག་མོ་ཡི། །གཟུགས་བྱ་སྙིང་ཁར་ཡི་གེ་བྲི། །སྲོག་གཅོད་ཤ་ཟ་ནག་མོ་ནི། །འུག་གདོང་ཡི་གེ་ཕྱག་མཚན་འདྲ། །མ་ཏྲཾ་མགོ་ཟུར་གནོད་སྦྱིན་མོ། །གཡས་ཟུར་གཤིན་རྗེ་གཡོན་ཟུར་དུ། །བདུད་མོའི་གཟུགས་གཞག་གཏོང་མའི་རྩེར། །ལྷ་མོའི་གཟུགས་བྲིས་གཟུགས་པར་བྱ། །རྩ་བའི་སྔགས་ལ་འདི་བཏགས་བཟླས། །ཧེ་ཙ་དུན་པོ་བ་ལ། དེ་བཟླས་རང་ལ་ཆོ་འཕྲུལ་འོངས། །དེ་ནས་མ་ཏྲཾ་ལྷ་དང་གཟུགས། །དགྲ་ཡོད་ཕྱོགས་སུ་ཁ་བསྒྱུར་
ལ། །རྒྱབ་ནས་ཐུན་གྱིས་བྲབ་བྱ་ཞིང་། །གང་ལ་རྦད་སྔགས་བཏགས་བྱས་ནས། །འདི་ལ་འདི་བཏགས་བཟླས་པ་བྱ། ཆེ་གེ་མོ་ཙ་ཧེ་དང་ཕཊ་ཡ། ཞེས་བཟླས་བསྐུར་ཞིང་སྔགས་ཀྱིས་གཟིར། གལ་ཏེ་མ་ཉན་ལྡོག་ལ་བཟླས། དེས་ནི་དགྲ་ལ་ལྟས་ངན་ནི། །ཇི་ལྟར་རྦད་པ་དེ་ལྟར་འོངས། །སྔ་མའི་ལས་མཇུག་མནན་པ་ནི། །སྒྲུབ་པ་ཐོན་དུས་སྔར་བརྩམས་པའི། །ལིང་ག་སྦྱིན་སྲེག་གོང་བཞིན་བྱ། །ཐུན་གྱིས་ལིང་ག་འབྲུབ་ཁུང་གཞུག །དྲག་པོའི་ཐུན་བྲབ་གཡམ་པས་བཀབ། །ཀླུ་ཡི་ཐེབས་དུས་ལིང་ག་དང་། དྲི་ཆེན་དྲོད་མ་ཡལ་བ་དང་། །དཀར་གསུམ་མངར་གསུམ་སྦལ་ནག་ཁྲག །རྫ་ཡི་གའུ་ཁ་སྦྱར་ནི། །དགྲ་བོའི་ཁམས་གཤེད་ཁ་དོག་ཅན། །དེ་ནང་རྫས་དང་སྡིག་པ་གཞུག །ག་འུའི་སྟེང་ལ་རྡོ་རྗེ་ནི། །རྒྱ་གྲམ་ལྟེ་བར་ཆེ་གེ་ནན། །རྭ་བ ཞིར་ཨཱོཾ་ནན་ཨཱཿནན་དང་། །ཧཱུཾ་ནན་སྟྭཾ་བྷ་ནན་བྲིས་ལ། ཕ་ཝང་བྲུན་དང་དམེ་ཕོའི་ཆུས། །བྱུགས་ལ་དགྲ་བོའི་ཁམས་དེ་བརྟགས། །ཤིང་ཁམས་ཡིན་ན་ཀླུ་གནས་སར། །མནན་ཞིང་ས་ཚོན་སྣ་ལྔས་བསྐོར། །མེ་ཁམས་ཡིན་ན་ཆུ་མིག་རྩར། །ས་ཁམས་ཤིང་གཅིག་དྲུང་དུ་མནན། །ཆུ་ཁམས་ས་གཉན་སྦ་བར་བྱ། །དེ་ལྟར་མནན་པའི་འབྲས་བུ་ནི། །རབ་ལ་མནན་དུས་དེ་རུ་འཆི། །འབྲིང་ལ་ཟླ་བ་གཅིག་ཡིན་ཏེ། །ཐ་མ་ཟླ་བ་གསུམ་ན་ངེས། །ཕྱི་དུས་ཟླ་བ་བཞི་ངེས་ཡིན། །དེ་ཚེ་རྟགས་ནི་མ་བྱུང་ན། །ས་དེར་ལྷ་འདྲེ་མེད་པས་ན། །སྒྲུབ་པ་མི་དགོས་ཐུན་དྲུག་གོ །ལན་གསུམ་བསྐྱར་ལ་མནན་པར་བྱ། །དེ་ཡང་གཉེན་ས་གསུམ་བཞིར་བྱ། །དེ་ཡིས་ཐེ་ཚོམ་མེད་པར་འགྲུབ། །དང་པོ་སྒྲུབ་པ་གཅིག་ཐེམས་ནས། །རྟག་ཏུ་སྒྲུབ་པ་བྱེད་མི་དགོས། །ཉིན་ཞག་ཕྲུགས་གཅིག་ཐུན་དྲུག་ནི། །བྱས་ནས་མནན་པ་གཅིག་པུས་འགྲུབ། །འདི་ལྟར་དང་པོ་སྒྲུབ་པ་དེ། །ལན་ཅིག་གྲུབ་ནས་ནམ་དགོས་དུས། །ཉིན་ཞག་གཅིག་གིས་ཐུན་
དྲུག་འབད། ལས་མཇུག་མནན་པས་འགྲུབ་པ་ཡིན། །དེ་ཡང་ཀླུ་གཉན་གནས་ས་ནི། །ངེས་པར་དགོས་པས་དེ་རུ་བྱེད། །དེ་ཡིས་མྱུར་དུ་འགྲུབ་པར་ཡིན། །སྒྲུབ་པར་བྱེད་པའི་དུས་སུ་ཡང་། །སྐབས་སུ་དམར་གཏོར་བཏང་བྱས་ལ། །འཇིགས་པའི་སྐུལ་འདིས་བསྐུལ་བར་བྱ། །བྷྱོ་མཁའ་འགྲོ་ནག་མོ་མི་བསྲུན་མ། །ཤ་ཟ་ཁྲག་མིག་སྲིན་མོའི་གདོང་། །འཇིགས་པའི་གཟུགས་ཅན་མཁའ་འགྲོའི་གཙོ། །སྐུ་མདོག་ནག་མོ་ཆར་སྤྲིན་མདོག །ཕྱག་ན་གསོད་པའི་མཚོན་ཆ་བསྣམས། །ཆིབས་སུ་སྲིད་པའི་རླུང་ལ་བཅིབས། །རལ་པ་མཚོན་ཆ་ཤ་ར་ར། །གཅེར་བུ་མི་ལྤགས་སྟོད་ལ་དཀྲིས། །མི་ཡི་གློ་སྙིང་ཞལ་དུ་ནི། །དམར་མོ་ཁྲག་འཛག་རྒྱུན་དུ་གསོལ། །ཞལ་ནས་ཁྲག་འཛག་ཀྱུ་རུ་རུ། །སྤྱན་གསུམ་ཁྲོ་གཉེར་མཆེ་བ་གཙིགས། །སྨ་ར་མཚོན་ཆ་མེ་ལྟར་འ བར། །ཤངས་ནས་འཚུབས་མ་མཚོན་ཆར་འགྱེད། །བ་སྤུ་མཚོན་ཆ་མེ་ལྟར་འབར། །མི་མགོ་རློན་པའི་དོ་ཤལ་ཅན། །གསོད་བྱེད་མ་མོ་ཆེན་མོ་ལ། །དགྲ་བོའི་ཤ་ཁྲག་གཏོར་མ་འབུལ། །གཡས་ན་གསོད་བྱེད་ཤ་ཟ་མོ། །དམར་མོ་ཤ་ཟ་ཅེ་སྤྱང་གདོང་། །རོ་ལ་ཞོན་ནས་ཤ་ལ་ཟ། །རྐན་བརྡབ་དགྲ་བོའི་མིག་འབྲས་འབྲུལ། །ལྕགས་སྡེར་མཚོན་ཆས་དགྲ་སྙིང་འབྱིན། །དམར་མོ་ཁྲག་འཛག་ཞལ་དུ་གསོལ། །གཡོན་ན་ནག་མོ་ཝ་ཡི་གདོང་། །པ་སྤུ་མཚོན་ཆ་སྤུ་གྲིའི་སོ། །རེག་པ་ཙམ་གྱིས་མགོ་ལུས་བྲེགས། །ཕྱག་ན་ཞགས་པ་གྲི་གུག་ཐོགས། །ལུས་ཆིངས་སྲོག་རྩ་དམར་པོ་ཆོད། །ཤ་ཟ་ཁྲག་འཐུང་ཀེང་རུས་མུར། །མདུན་ན་སྲོག་གཅོད་ཤ་ཟ་སྟོང་། །ནག་མོ་འུག་གདོང་གནམ་ལྕགས་སྡེར། ཁྲག་གི་རལ་པ་མཚོན་ཆའི་སྡེར། །མཚོན་སྡེར་དགྲ་ཡི་སྙིང་ལ་འདེབས། །གནམ་ལྕགས་མཆུ་
ཡིས་སྲོག་རྩ་གཅོད། །སྐད་ཅིག་སྟོང་གསུམ་ཉུལ་བྱེད་མ། །རྐན་རྡེབ་སྲིད་གསུམ་སྙིང་ཁྲག་འབྲུལ། །སྟོང་གསུམ་ཟ་ཞིང་སྲིད་གསུམ་འཐུང་། །ཤ་ཟ་ཁྲག་འཐུང་འབུམ་གྱིས་བསྐོར། །ཤ་ཟ་དཔོན་གཡོག་འཁོར་དང་བཅས། །འདིར་བྱོན་ནག་མོ་ལས་མཁན་མ། །དགྲ་བོའི་ཤ་ཁྲག་གཏོར་མ་འབུལ། །དགྲ་བོ་སྒྲོལ་བའི་དུས་ལ་བབས། །རྒྱལ་བའི་བཀའ་ལས་མ་འདའ་བར། །དམ་ཉམས་ཤ་ཟོ་ཁྲག་ལ་འཐུང་། །བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབས། །ཞེས་པས་བསྟོད་ཅིང་བསྐུལ་བར་བྱ། །སྐབས་སུ་མོ་རྒྱུད་གནད་འབེབས་བཟླས། ཁ་ཐཾ་མུ་ཁ་ཐཾ། མ་རག་ཤ་ཁུ། མ་རིལ་མ་རིལ་མ་མོ་བྷྱོ། འདིས་ནི་མོ་རྒྱུད་ལས་ལ་ཁོལ། །ཞག་རེ་བརྒྱ་རྩ་བཟླས་པས་ འགྲུབ། །ཀུན་གྱི་ཟབ་དོན་གནད་དྲིལ་ནས། །དུག་མདའ་ནག་མོ་གཏན་ལ་ཕབས། །ཨེ་མ་སྙིང་ཏིག་གསང་བའི་བཀའ། །ཡང་ཟབ་བསྲུང་བའི་དོན་བྱེད་དུ། །ཤན་པ་ནག་མོའི་སྒྲུབ་ཐབས་འདི། །སྟོན་གསུམ་གངས་རི་ཐོད་དཀར་དུ། །དྲི་མེད་འོད་ཟེར་བདག་གིས་བཀོད། །དགེ་བས་བསྟན་པ་འཕེལ་བར་ཤོག །ཤན་པ་སྲོག་སྒྲུབ་ནག་མོའི་སྒྲུབ་ཐབས་དུག་མདའ་ནག་མོ་ཞེས་བྱ་བ། པདྨ་ལས་འབྲེལ་རྩལ་གྱིས་གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་དུ་བཀོད་པ་རྫོགས་སོ། །བྷ་ཝནྟུ།། །།
མཁའ་འགྲོ་ཡང་ཏིག་གི་ཐེམ་བྱང་དཔག་བསམ་ལྗོན།
མཁའ་འགྲོ་ཡང་ཏིག་གི་ཐེམ་བྱང་དཔག་བསམ་ལྗོན་ཤིང་བཞུགས་པ་ལགས་སོ། །
ཐེམ་བྱང་དཔག་བསམ་ལྗོན་ཤིང་ཞེས་བྱ་བ། དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེ་སྐུ་ལྔ་ལྷུན་གྱིས་གྲུབ། །ཡོན་ཏན་ཕྲིན་ལས་འདོད་སྟེར་རོལ་པ་ཅན། །རང་བྱུང་ཆེན་པོ་པདྨ་འབྱུང་གནས་ལ། །བདག་གཞན་དུས་རྣམས་ཀུན་ཏུ་ཕྱག་འཚལ་ལོ། །དེ་ཡི་ཡུམ་ཆེན་མཁར་ཆེན་མཚོ་རྒྱལ་ནི། །རྡོ་རྗེ་ཕག་མོ་སངས་རྒྱས་ཀུན་གྱི་དངོས། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ། །དུས་རྣམས་ཀུན་ཏུ་གུས་པས་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེ་དཀར་ཤོག་སྡོང་པོ་ལ། །གདམས་ཁྲིད་སྙིང་པོ་ཤོག་འདྲའི་ཡལ་འདབ་རྒྱས། །ཡང་ཟབ་ཤོག་སེར་མེ་ཏོག་འབྲས་བུ་ཅན། །མཁའ་འགྲོ་ཡང་ཏིག་དངོས་གྲུབ་ལྗོན་ཤིང་སྤྲོ། །དེ་ལ་དབང་གི་མ་བུའི་གྲངས་བསྟན་པ། །སྔོན་འགྲོ་ཡིད་ཆེས་ཁུངས་བཙུན་ཤེས་བྱའི་ཕྱིར། །གཏེར་འབྱུང་ལོ་རྒྱུས་རིན་ཆེན་སྒྲོན་མེ་དང་། །ཉམས་ཆག་སྡིག་སྒྲིབ་དམ་ཚིག་སྐོང་དང་ནི། །དངོས་གྲུབ་ཀུན་འབྱུང་མཁའ་འགྲོའི་བརྡ་དབང་དང་། །དངོས་གཞི་དབང་བཞི་བྱིན་རླབས་བླ་མའི་དབང་། །རྒྱུད་ལ་སྨིན་གྲོལ་ནུས་པ་འཇུག་ཕྱིར་ཏེ། །རིག་པའི་རྩལ་དབང་སྣང་སྲིད་ཆོས་སྐུར་འཆར། །མཁའ་འགྲོའི་དོན་དབང་དངོས་གྲུབ་ཆུ་བོ་འགྲུབ། །རྡོ་རྗེ་སློབ་དཔོན་གཞན་ཕན་ཕྲིན་ལས་མཆོག །བསྟན་པའི་སྲོག་ཤིང་གཟུག་ཕྱིར་གཞན་བཀའ་དང་། །གཏད་རྒྱའི་བྱིན་རླབས་གཅིག་ནས་གཅིག་ཏུ་བརྒྱུད། །བཀའ་བསྒོས་མ་སྲིང་དམ་ཅན་ལས་ལ་ཁོལ། །དེ་ཡི་ཆ་ལག་ལེགས་པར་བསྟན་པ་ཡང་། །རང་ཉིད་དབང་དང་གདམས་པ་དག་བྱའི་ཕྱིར། །བདག་འཇུག་པདྨ་ཀློང་ཡངས་བཟང་པོ་དང་། །ལག་ལེན་བསྟན་ཕྱིར་ཚོགས་མཆོད་རྒྱ་མཚོའི་སྤྲིན། །བསོད་ནམས་ཡེ་ཤེས་ཚོགས་ཆེན་གཉིས་རྫོགས་ལྡན། །དེ་ལྟར་མ་དགུ་བུ་ནི་རྣམ་པ་དྲུག །
རྩ་བའི་སྡེ་ཚན་རྣམ་པ་བཞིར་བསྡུས་པས། །རིན་ཆེན་དབང་གི་ཕྲེང་བ་ལེགས་པར་ཚང་། །དེ་དག་རྣམས་ནི་ཟབ་ཅིང་རྒྱ་ཆེ་བས། །རིན་ཆེན་དཀར་ཤོག་ངོས་ལ་ལེགས་པར་མནན། །བཀའ་ཡི་རྒྱས་བཏབ་ཕྱི་རབས་དོན་དུ་བསྟན། །སྨིན་ཅིང་གྲོལ་བར་བྱེད་པ་བསྐྱེད་རྫོགས་ཏེ། །དེ་ཡི་གདམས་ངག་མ་བུའི་གྲངས་བསྟན་པ། །གསང་སྔགས་ཟབ་མོ་བྱིན་རླབས་བླ་མའི་ལམ། །དེ་ཕྱིར་གསོལ་འདེབས་དྲི་མེད་ཟླ་རྒྱས་དང་། །བདུད་རྩིའི་ཆུ་རྒྱུན་རྣམ་པ་གཉིས་སུ་བསྟན། །ལམ་ལ་འཇུག་པའང་རིམ་པས་བསླབ་པའི་ཕྱིར། ཁྲིད་དུ་བསྡེབས་ཏེ་ཉམས་སུ་བླང་བ་ནི། །དང་པོའི་བབས་ཚུལ་ཅིག་ཆར་འཇུག་པའི་ཕྱིར། །ནོར་བུའི་ལུགས་ཏེ་ཕྲེང་བ་རྩར་བརྒྱུས་འདྲ། །སྐལ་ལྡན་སྐྱེས་བུ་ཁྲིད་ཚར་གཅིག་ཐོབ་པས། །མཁའ་སྤྱོད་གྲོལ་ཕྱིར་ཉི་ཟླ་གཟའ་སྐར་ལུགས། །དེ་དག་རིམ་པ་མི་འགྱུར་གཟེར་གདབ་ཕྱིར། །ཟབ་མོ་རབ་འབྱེད་དོན་གྱི་ཆིངས་སུ་བསྟན། །ཇི་ལྟར་ཁྲིད་ཚུལ་རབ་ཏུ་རྒྱས་པ་ནི། །རིན་ཆེན་གསེར་ཕྲེང་སྐལ་ལྡན་སྙིང་པོའི་བཅུད། །དབང་ཁྲིད་སྔོན་དུ་ཚོགས་ཆེན་རྫོགས་བྱའི་ཕྱིར། །རིག་པ་ཁྱད་པར་ཅན་གྱི་ཚོགས་བསགས་དང་། །དེ་ལྟར་མ་གསུམ་བུ་ནི་རྣམ་པ་བཞིས། །རིམ་བགྲོད་ཁྲིད་ཀྱི་ཡི་གེ་ཚང་བར་བསྟན། །འདི་དག་ཡང་ཟབ་གནད་དེ་དཀོན་པས་ན། །རིན་ཆེན་ཤོག་འདྲའི་ངོས་ལ་ལེགས་པར་བཏབ། །དབང་ཁྲིད་དག་གི་རྒྱབ་ཆོས་བསྟན་པ་ནི། །སྟོང་པ་ཁྲིགས་ཆོད་ཆོས་སྐུ་ལམ་ཁྱེར་དང་། །སྣང་བ་ཐོད་རྒལ་གཟུགས་སྐུ་ལམ་དུ་བྱེད། །དེ་དག་ཆ་རྐྱེན་ཟབ་དོན་སྣ་ཚོགས་གསུམ། །སོ་སོར་ཕྱེ་ནས་གོ་རིམ་ངེས་པའི་དོན། །དུམ་དང་མ་བུའི་གྲངས་སུ་བསྟན་པ་ལགས། ཁྲེགས་ཆོད་རྒྱབ་ཡིག་ནམ་མཁའ་སྐོར་གསུམ་ལས། །ནམ་མཁའ་རབ་འབྱམས་ལྟ་བ་བྱ་རྩོལ་མེད། །ནམ་མཁའ་ཀློང་ཡངས་སྒོམ་པ་བློ་ལས་འདས། །ནམ་
མཁའ་དྲི་མེད་སྤྱོད་པ་བླང་དོར་མེད། །གདོད་མའི་ངང་དུ་གཉིས་མེད་ལ་བཟླ་འོ། །ཐོད་རྒལ་རྒྱབ་ཡིག་འོད་གསལ་གནད་བཞི་ལ། །གསེར་གྱི་སྒྲོམ་བུས་གནད་རྣམས་མདོར་དྲིལ་ཞིང་། །རིན་ཆེན་མཛོད་ཀྱི་དབྱེ་བ་རྒྱས་པར་བཤད། རྒྱ་མཚོ་སྤྲིན་གྱིས་ཤིན་ཏུ་རྒྱ་ཆེ་བ། །རྣམ་གྲངས་མ་ལུས་ཡོངས་སུ་རྫོགས་པར་བསྟན། །ས་བཅུད་བསྡུས་དོན་ཉི་མའི་འོད་ཟེར་ཡང་ཡོད། དེ་ཡི་བོགས་འབྱིན་གནད་བསྡུས་གཅེས་པའི་འགག །གསང་སྤྱོད་རྡོ་རྗེ་ལམ་བསྟན་སྙིང་དང་ འདྲ། །དེ་ལྟར་མ་དང་བུ་གཉིས་སྡེ་ཚན་བདུན། །རིན་ཆེན་ཤོག་སྐྱར་བཀོད་ནས་སྣང་བར་བྱས། །དེ་དག་ཀུན་གྱི་སྙིང་པོའི་བཅུད་ཕྱུང་བ། །ཟབ་མོའི་ཡང་ཟབ་མཁའ་འགྲོ་སྙིང་གི་སྙིང་། །སྙིང་ལ་བབས་པས་སྙིང་གི་ཁྲག་ལྟ་བུ། །ཤིན་ཏུ་ཡང་ཟབ་བསྟན་པར་ཕངས་ན་ཡང་། །མཁའ་འགྲོའི་བཀས་གནང་སྐལ་ལྡན་སྙིང་གི་བུ། །ཕྱི་རབས་འགའ་ཙམ་འབྱུང་ཞེས་ལུང་བསྟན་པས། །དེ་ཡི་དོན་ཕྱིར་མ་བུའི་གྲངས་བསྟན་པ། །ཤིན་ཏུ་སྤྲོས་པ་མེད་པའི་གང་ཟག་རྣམས། །སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་བསྟན་པ། །ངེས་དོན་སྙིང་པོ་ར བ་གསང་ཡི་གེ་དང་། །རྒྱལ་སྲས་བླ་མའི་དངོས་གྲུབ་ཐོབ་བྱེད་པ། །བྱིན་རླབས་ཐུགས་སྒྲུབ་ཤིན་ཏུ་ཟབ་མོ་དང་། །ཚེ་གཅིག་རིག་འཛིན་ལམ་ལ་གནས་བྱེད་པ། །རིག་འཛིན་མཆོག་སྒྲུབ་རབ་ཏུ་གསང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་བསྒྲུབ་པ། །མཁའ་འགྲོའི་བསྐྱེད་རིམ་ཡིད་བཞིན་ནོར་བུ་དང་རྫོགས་རིམ་རླུང་དྲུག་རྡོ་རྔོའི་ཆིངས་ཡང་ཡོད། །རླུང་ལས་འོད་གསལ་སྐད་ཅིག་འགྲུབ་བྱེད་པ། །རླུང་སྦྱོར་ཡེ་ཤེས་དྲ་བ་དམ་པ་དང་། ཁམས་ཀྱིས་འཆི་མེད་འོད་གསལ་རབ་འགྲུབ་ཕྱིར། །ཟབ་ལམ་བདེ་ཆེན་རྒྱ་མཚོ་ཞེས་བྱ་དང་། །གསང་བ་ཟབ་མོའི་རྫོགས་རིམ་མངོན་བྱུང་བ། ཡེ་ཤེས་འོད་གསལ་འཁོར་ལོའི་རིམ་པ་དང་། །གདོད་མའི་དབྱིངས་ཀྱི་རང་བཞིན་བསྟན་པ་ནི། །གཞི་སྣང་ངོ་སྤྲོད་རབ་ཏུ་གསང་བ་དང་། །མངོན་སུམ་སྙིང་པོའི་བཅུད་ཕྱུང་དྲིལ་བ་
ནི། །འོད་གསལ་སྦུབས་འཇུག་སྙིང་གི་མན་ངག་དང་། །སྣང་རིག་ཡེ་ཤེས་མངོན་དུ་འབྱིན་བྱེད་པ། །སྒྲོན་མ་བཞི་སྐོར་མིག་ལྟར་གསལ་བ་དང་། །གང་ཡང་ལམ་གྱུར་འོད་གསལ་མདོར་གཅིག་པ། །འཁྲུལ་སྣང་གཞི་གྲོལ་རབ་ཏུ་གཅེས་པ་དང་། །བག་ཆགས་ཉོན་མོངས་མྱུར་དུ་འགོག་བྱེད་པ། །རྨི་ལམ་འོད་གསལ་སྦུབས་འཇུག་གདམས་པ་དང་། །སེམས་ཉིད་གསང་བའི་རང་བཞིན་མངོན་ཕྱུང་བ། །གདོད་མའི་དབྱིངས་སྣང་ངོ་སྤྲོད་གསང་བ་དང་། །གང་དང་མི་འདྲ་གནད་རྣམས་མཐར་ཐུག་པ། །ཟབ་དོན་གནད་ཀྱི་ལྡེེ་མིག་གསང་བ་དང་། །མངོན་སུམ་དོན་ལ་ཡིད་ཆེས་མ་ནོར་ལམ། །འོད་གསལ་པྲ་ཁྲིད་རི་ཆེན་གསལ་བ་དང་། །ཉིན་མཚན་བར་དོའི་གཅེས་པ་ཀུན་དྲིལ་བ། །གསང་ལམ་ངོ་སྤྲོད་སྙིང་པོའི་མཐར་ཐུག་དང་། །ནོར་དང་འཕྱུགས་མེད་གནད་རྣམས་དྲིལ་བའི་འགག །ཟབ་དོན་སྙིང་པོ་མན་ངག་གསང་བ་དང་། །དཔེ་དོན་རྟགས་ཀྱི་ངོ་སྤྲོད་གསལ་བའི་ལམ། །ཀུན་འདུས་རིན་ཆེན་གསང་བའི་ངོ་སྤྲོད་དང་། །ཤིན་ཏུ་ཡང་ཟབ་སྙིང་པོའི་བཅུད་དྲིལ་བ། །བར་དོ་སྦུབས་འཇུག་མན་ངག་སྙིང་པོ་དང་། །ཉམས་ལེན་གནད་ཀྱི་གདམས་པ་མཐར་ཐུག་པ། །བར་དོ་གནད་ཀྱི་སྒྲོན་མེ་ཞེས་བྱ་དང་གནད་གསུམ་སྒྲོན་མེ་ཡང་ཡོད། །ཟབ་གཏེར་བབས་ལུགས་ངོ་མཚར་ཡིད་ཆེས་དོན། མཐོང་སྣང་རིན་ཆེན་འོད་ཀྱི་དྲ་བས་བསྟན། །ཕྱི་རབས་དོན་དུ་ཟབ་མོའི་སྙིང་གཏམ་ཚུལ། །ཞལ་ཆེམས་དྲི་མེད་འོད་ཀྱིས་ལེགས་པར་གདམསཞལ་ཆེམས་གནད་ཀྱི་མེ་ལོང་དང་མཐར་ཐུག་གཅིག་མ་ཡང་ཡོད། །དེ་ལྟར་མ་བཅུ་བུ་ནི་བཅུ་བཞི་ཡིས། །མཁའ་འགྲོའི་གདམས་པ་ཤོག་སེར་སྙིང་པོ་ཚང་། །གནད་ཀྱི་ཡང་གནད་མཆོག་ཏུ་གསང་བའི་གནད། །ཆེས་གསང་རྨད་དུ་བྱུང་བའི་སྙིང་པོ་འདི། །གང་དང་མི་འདྲ་ཀུན་གྱིས་མི་རྟོགས་པ། །བླ་མ་མཁའ་འགྲོའི་ཐུགས་བཅུད་སྙིང་པོ་འདི། །བདག་གི་སྙིང་སྟེ་རབ་ཏུ་ཕངས་པས་ན། །རིན་ཆེན་ཤོག་
སེར་ངོས་ལ་བཀོད་པ་ནི། །བླ་མའི་བཀའ་རྒྱ་མཁའ་འགྲོའི་གཏེར་རྒྱ་དང་། །བཀའ་སྲུང་དམ་རྒྱ་བདེན་པའི་སྨོན་ལམ་རྒྱ། །ཟབ་མོའི་གནད་རྒྱ་རྒྱ་ལྔས་རྒྱས་བཏབ་ནས། །སྙིང་དང་འདྲ་བའི་བུ་མཆོག་སྐལ་ཆེ་བ། །བླ་མ་ལ་གུས་ཤེས་རབ་སྙིང་བརྩེར་ལྡན། །སྒྲུབ་ལ་བརྩོན་ཞིང་དམ་ཚིག་གཙང་བ་དང་། ཚེ་འདི་བློས་བཏང་མཁའ་འགྲོའི་མཚན་རྟགས་ཅན། །རང་དང་འདྲ་བ་གཅིག་ནས་གཅིག་བརྒྱུད་བྱ། །མང་པོར་མི་སྤེལ་དེས་ཀྱང་གཅིག་ལ་བརྒྱུད། །དེ་ཡང་ལོ་གསུམ་བར་དུ་བརྟགས་ནས་སྦྱིན། །བླ་མ་མཁའའགྲོས་ལུང་བསྟན་མ་བྱུང་ན། །རྫོགས་པར་མི་སྦྱིན་སྙིང་ལ་ས་མཱ་ཡ། །གནད་རེས་ཀྱང་ནི་ཚེ་གཅིག་གྲོལ་བའི་ཆོས། །རིན་ཆེན་ཤོག་སེར་ཁོ་བོའི་སྙིང་གི་སྙིང་། ཕྱི་རབས་སྐལ་ལྡན་དམ་པས་གཅེས་པར་ཟུང་། །འདི་འདྲའི་གདམས་པ་ཡང་གསང་སྙིང་པོའི་དོན། །ལོ་གསུམ་ཉམས་བླངས་འོད་ལུས་འགྲུབ་བྱེད་པ། །འཛམ་བུའི་གླིང་ན་དཀོན་པའི་རིན་པོ་ཆེ། མཁའ་འགྲོའི་གསང་ཚིག་དམ་པ་ཡིན་པས་ན། །གཅིག་པུར་ཉམས་ལོངས་སྒྲུབ་པ་མཐའ་རུ་སྐྱོལ། །རང་འཚེངས་གཞན་འཚེངས་ཐམས་ཅད་རྫོགས་སངས་རྒྱ། །དེ་ཕྱིར་སྙིང་བས་གཅེས་པར་འདི་ཟུང་ལ། །ཡང་མཛོད་དམར་པོའི་ནང་དུ་རྒྱས་ཐོབ་ཅིག ། རིགས་ལྔའི་གསང་སྒྲུབ་པདྨ་སྟོང་ལྡན་ལ། །ཕྱི་ནང་གསང་བ་ཡང་གསང་རྣམ་བཞིས་ཚང། །དེ་ཡིས་གཙོ་བོར་རང་བཞིན་སྤྲུལ་སྐུ་འགྲུབ། །རིགས་ལྔའི་བཅུད་ལེན་བདུད་རྩིའི་ཐིགས་པ་ལ། །སྙིང་པོ་ལྔ་དང་གཅེས་པའི་གནད་ལྔ་སྟེ། །ཡང་ཟབ་ཆིག་དྲིལ་ལེགས་པར་བསྟན་པ་ནི། །ས་ཡི་བཅུད་ལེན་བདུད་རྩི་ཡང་ཞུན་དང་། །ཆུ་ཡི་བཅུད་ལེན་བདེ་ཆེན་རྒྱ་མཚོ་དང་། །མེ་ཡི་བཅུད་ལེན་བདེ་དྲོད་རང་འབར་དང་། །རླུང་གི་བཅུད་ལེན་དཔག་བསམ་ལྗོན་ཤིང་དང་། །ནམ་མཁའི་བཅུད་ལེན་ཡེ་ཤེས་གསང་འཁོར་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་འགྲུབ། །གེགས་སེལ་ནད་འདོན་བདུད་རྩི་སྤྲིན་ཕུང་ལ། །འཁོར་ལོ་ལྔ་ཡིས་ཕྱི་ནང་བར་ཆད་སེལ། །འཆི་བ་བརྟགས་བསླུ་ཉི་ཟླ་གཟའ་བྲལ་ལ། །དུམ་བུ་གཉིས་ཀྱིས་རྣལ་འབྱོར་དོན་ཆེན་འགྲུབ། །བཏགས་གྲོལ་མན་ངག་རིན་
ཆེན་སྙིང་པོ་ཡིས། །དེ་ཉིད་དོན་ཤེས་རང་གཞན་ཕན་པ་འགྲུབ། །བཅུ་དྲུག་ཕྲན་བུ་མ་བཞི་སྡེ་ཚན་ལྔར། །རིན་ཆེན་ཤོག་འདྲའི་ངོས་ལ་བཀོད་པ་ཡིན། །དེ་དག་རྣམས་ཀྱི་ཆ་རྐྱེན་ཡན་ལག་ཏུ། །རྒྱུད་གཞན་དག་ལ་བལྟོས་པ་མེད་པའི་ཕྱིར། །གཞན་དོན་ཕྲིན་ལས་སྒྲུབ་པའི་རིམ་པ་ཡང་། །སྲེག་སྦྱོང་ཆོ་ག་འོད་ཀྱི་སྙེ་མ་ཡིས། །ཚེ་འདས་སྐུ་གདུང་ཇི་ལྟར་བཞུ་བ་བསྟན། །གཞན་ཕན་འོད་ཀྱི་འཁོར་ལོ་བཟང་པོ་ཡིས། །བར་དོའི་འགྲོ་བ་རྣམས་ལ་ཕན་གདགས་བཤད། །དེ་ཡི་གནད་ཡིག་ཕྱག་རྒྱ་བཞི་མཆོད་ཀྱིས། །ལག་ལེན་གནད་ཡིག་མ་ཚང་ཁ་སྐོང་བསྟན། །མཆོད་རྟེན་རབ་གནས་རིན་ཆེན་དྲྭ་བ་ཡིས། །ཚྭ་ཚྭའི་སྒོ་ནས་ཚོགས་བསག་སྒྲིབ་སྦྱོང་བསྟན། །རབ་གནས་ཆོ་ག་ཡེ་ཤེས་དྲི་མེད་ཀྱིས། །སྐུ་གསུང་ཐུགས་རྟེན་རབ་ཏུ་གནས་པ་བཤད། །མཐོང་སྣང་གསེར་གྱི་དྲ་བ་མིག་ལྟ་བུས། །ཉམས་རྟོགས་གནད་དང་ཆོས་ཀྱི་བབས་ཚུལ་ལ། །ངོ་མཚར་ཡིད་ཆེས་རྨད་བྱུང་བསྐྱེད་པ་བསྟན། །དེ་ལྟར་མ་གསུམ་བུ་གསུམ་སྡེ་ཚན་དྲུག །རིན་ཆེན་དཀར་ཤོག་བཟང་པོའི་ངོས་ལ་མནན། །ཕྱི་རབས་སྐལ་ལྡན་དམ་པའི་རིགས་ཅན་རྣམས། །རང་གཞན་དོན་དུ་སྤྱོད་ཅིག་ས་མ་ཡ། །དེ་ལྟར་ཟབ་ཆོས་སྙིང་པོའི་བསྟན་པ་འདི། །མི་ནུབ་བསྲུང་ཕྱིར་དྲག་སྔགས་མཚོན་ཆ་ཡང་། །བཀའ་བསྲུང་སྒྲུབ་སྡེ་སོ་སོའི་རྒྱུད་གཞུང་ལས། །ཡང་ཟབ་གནད་རྣམས་བཏུས་ཏེ་བསྟན་པ་ནི། །སློབ་དཔོན་གསང་ཡུམ་རྡོ་རྗེ་གཡུ་སྒྲོན་མས། །རྣལ་འབྱོར་བསམ་པ་ཡིད་བཞིན་བསྒྲུབས་པས་ན། །དེ་ཡི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ལ། །ཕྱི་ནང་གསང་གསུམ་མཆོག་ཏུ་ཟབ་པའི་གནད། །ཡིད་བཞིན་ནོར་བུའི་རྒྱལ་པོ་འདྲ་བ་བཤད། །འཇིག་རྟེན་ཁམས་ན་རྫུ་འཕྲུལ་མཐུ་རྩལ་ཅན། །ཀུན་གྱི་མཆོག་གྱུར་དྲང་སྲོང་ཆེན་པོ་སྟེ། །སྙིང་ཉེ་བཀྲ་ཤིས་དངོས་སུ་མཐུ་རྩལ་འབྱུང་། །དེ་ཕྱིར་དེ་འདྲ་ཀུན་ལས་འཕགས་པས་ན། །སློབ་དཔོན་ཆེན་པོའི་བཀའ་བསྲུང་གཙོ་བོ་ཡིན། །དེ་ཡི་གསང་སྒྲུབ་དུག་གི་སྤུ་གྲི་བསྟན། ཁྱད་པར་གཟའ་བདུད་ཁྱབ་མཇུག་མིག་དམར་ནི། །སྔོན་བྱུང་སློབ་དཔོན་མཆེད་ཡིན་དྲག་རྩལ་ཅན། །སྣང་སྲིད་སིལ་བུར་གཏོང་བའི་མཐུ་
མངའ་བ། །ཆོས་འདིའི་བཀའ་བསྲུང་གཉེན་པོ་གསང་བ་སྟེ། །དེ་ཡི་སྒྲུབ་ཐབས་མེ་རླུང་འཁྱིལ་པ་བསྟན། །ཀུན་དང་མི་འདྲ་གསང་བའི་མ་མོ་ནི། །ཀུན་ཏུ་བཟང་མོའི་ཐུགས་ཀྱི་སྤྲུལ་པ་སྟེ། །ཨེ་ཀ་ཙ་ཏི་ཁྲོས་པའི་རྣམ་འཕྲུལ་མཆོག །སྲོག་སྒྲུབ་ནག་མོ་ཤན་པ་མི་བསྲུན་མ། །ཆོས་འདིས་ཕྱིར་ན་ལུས་དང་གྲིབ་མ་བཞིན། །འབྲལ་བ་མེད་པ་རྒྱུན་དུ་བསྲུངས་བས་ན། ཀུན་བཟང་མཁའ་འགྲོ་མ་མོ་ཉིད་སྤྲུལ་ནས། །ཟབ་ཆོས་སྐྱོང་མཛད་གཏེར་སྲུང་མངའ་གསོལ་བ། །སློབ་པོན་ཆེན་པོས་བཀའ་བསྒོས་བཞག་པའི་ཕྱིར། །མཆོག་ཏུ་གཉན་ཞིང་སྒྲུབ་པ་པོ་ལ་བརྩེ། །དེ་ཕྱིར་དེ་ཡི་སྒྲུབ་ཐབས་གསང་བ་ནི། །དུག་མདའ་ནག་པོ་ཞེས་བྱ་རབ་ཏུ་བཀོད། །འདི་དག་རྣམས་ནི་འཇིགས་པའི་གནམ་ལྕགས་འདྲ། །དམ་ཚིག་ལྡན་ལ་སྒྲུབ་ཐག་ཤིན་ཏུ་ཉེ། །ཆོས་འདིའི་ཡི་གེ་གང་ཡོད་འདི་གནས་པས། །མ་བསྒྲུབས་ཀྱང་ནི་རྟག་ཏུ་སྲུང་སྐྱོབ་བྱེད། །དེ་ཕྱིར་མཆོད་གཏོར་རྒྱུན་དུ་བྱ་བ་གཅེས། ཁྱད་པར་དུས་གཉན་བསྐང་གསོ་མཆོད་པར་བྱ། །ཚེ་དང་ནོར་ཕྱུག་སྙན་གྲགས་སྐྱེ་བོ་འདུ། །གེགས་རྣམས་མེད་ཅིང་བསམ་པ་ཡིད་བཞིན་འགྲུབ། །ཕྲན་གསུམ་བུ་སྟེ་མ་བཞི་སྡེ་ཚན་བཞི། །རིན་ཆེན་ཤོག་འདྲའི་ངོས་ལ་ལེགས་པར་བཀོད། །དེ་ལྟར་ཡང་ཟབ་ཆོས་ཀྱི་རྣམ་གྲངས་ཀུན། །ཡོངས་སུ་དྲིལ་བའི་ཆིངས་ཀྱི་གལ་མདོ་ལ། །རིན་ཆེན་དཀར་ཤོག་མ་བུ་བཅུ་དགུ་ཡང་། །རྩ་བའི་སྡེ་ཚན་བཅུ་བདུན་དག་ཏུ་བསྡུས། །རིན་ཆེན་ཤོག་འདྲ་མ་བུ་སུམ་ཅུ་ཡང་། །རྩ་བའི་སྡེ་ཚན་བཅུ་དྲུག་དག་ཏུ་བསྡུས། །རིན་ཆེན་ཤོག་སེར་མ་བཅུ་བུ་བཅུ་གསུམ། །སོ་སོར་དབྱེ་ན་ཉི་ཤུ་རྩ་གསུམ་མོ། །ཐེམ་བྱང་གཉིས་དང་བསྡམས་པས་བདུན་ཅུ་གསུམ། །མཁའ་འགྲོ་ཡང་ཏིག་གསང་བའི་དེབས་སུ་བསྟན། །ཕྱི་རབས་སྙིང་གི་བུ་གཅིག་མ་གཏོགས་པ། །གཞན་ལ་མི་བསྟན་མཁའ་འགྲོའི་བཀའ་རྒྱ་ཡོད། །ཨེ་མ་ཧོ། རང་བྱུང་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས། །བོད་ཡུལ་དབུས་སུ་ཟབ་གཏེར་སྦས་པ་ལ། །ལྷོ་རུ་བསྐྱེད་རྫོགས་འདྲིལ་བ་སྡོང་པོའི་སྐོར། །ནུབ་ཏུ་གསལ་བ་མེ་ཏོག་ཁ་བྱེ་འདྲ། །བྱང་དུ་རྒྱས་པ་ཡལ་
འདབ་ཆེན་པོ་ལ། །ཤར་དུ་ལེགས་སྨིན་འབྲས་བུ་བཅུད་དུ་དྲིལ། །དབུས་སུ་ཟུག་པ་རྩ་བའི་སྐོར་ལྔ་ལས། །འདི་ནི་མཐར་ཐུག་འབྲས་བུའི་གཏེར་ཁ་སྟེ། །དགོངས་གཏེར་སྙིང་པོ་སྙིང་ཏིག་མངོན་སུམ་ལམ། ཚེ་གཅིག་འབྲས་བུ་འོད་ལུས་འགྲུབ་པར་བྱེད། །དེ་ཕྱིར་འདི་འདྲའི་ཟབ་གཏེར་གཞན་ན་མེད། །དེང་སོང་ཚེ་ལོ་ལྔ་བཅུ་ཁ་རལ་དུས། །སྔ་མའི་ཚེ་ལ་དངས་ལུང་བྲག་ངོས་ནས། ཆུ་མོ་གླང་ལོར་ཤོག་སེར་སྒོ་ཕྱེ་སྟེ། །རྗོད་བྱེད་ཚིག་གི་ཆ་ཙམ་དབང་བར་བྱས། །དེང་སོང་ཐོད་རྒལ་ལོངས་སྐུའི་ཞིང་ཉུལ་དུས། །ཤིང་མོ་ཡོས་ལ་མཆིམས་ཕུར་དགོངས་གཏེར་བབས། །བརྗོད་བྱའི་དོན་རྣམས་མ་ལུས་སྙིང་ལ་ཤར། །བླ་མ་མཁའ་འགྲོས་དངོས་སུ་བྱིན་བརླབས་པས། །ཚིག་དོན་འདྲེས་མེད་གསང་བའི་ཡི་གེ་རྣམས། །རྒྱལ་སྲས་བླ་མ་ཉིད་དང་མཚུངས་པས་ན། །ཡི་གེ་འདི་རྣམས་གཅེས་པས་སྙིང་ལ་ཕུར། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །ཚེ་གཅིག་འོད་ལུས་དམ་པ་རབ་འགྲུབ་ནས། །ཕྱམ་གཅིག་རང་བཞིན་གདོད་མའི་སར་གྲོལ་ཏེ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །མཁའ་འགྲོ་ཡང་ཏིག་གི་ཐེམ་བྱང་དཔག་བསམ་ལྗོང་ཤིང་ཞེས་བྱ་བ། །རང་བྱུང་པདྨས་དངོས་སུ་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ། །ཐེམ་བྱང་གཉིས་ལས། འདི་ནི་མཐར་ཐུག་གི་བུ་ལ་སྦྱིན་པའོ། །དེའང་སྣོད་ཕལ་པ་ལ་དང་པོ་ན་ཡོད་པ་བཞིན་ཤོག་སེར་རྣམས་ལས་སྡེ་ཚན་བདུན་མ་གཏོགས་པ། ཐམས་ཅད་ཡོངས་སུ་རྫོགས་པར་མི་སྦྱིན་ཏེ་བཀའ་རྒྱ་ཡོད། རབ་མཆོག་སྙིང་གི་བུ་གཅིག་ལ་འདི་ན་ཡོད་པ་ཐམས་ཅད། ཐེམ་བྱང་འདི་རྫོགས་པར་སྦྱིན། ཡི་གེ་འདིའི་ནང་ན་ཡོད་པའི་ཆོས་སྐོར་རྣམས་ལ་འདྲ་མིན་དང་བཅོས་བསླད་བྱེད་པ་བྱུང་ན། དམ་ཚིག་གི་ཆད་པས་དམྱལ་བར་ལྷུང་ཞིང་། བཀའ་སྲུང་གིས་སྲོག་དང་ཕྲོལ་ཅིག།གཟའ་རཱ་ཧུ་ལ། གནོད་སྦྱིན་དམར་ནག །རྡོ་རྗེ་གཡུལ་སྒྲོན། སྲོག་སྒྲུབ་ནག་མོ་རྣམས་ལ་གཏད་པས། ཐུབ་པར་སྲུང་ཤིག་ས་མ་ཡ། བཀྲ་ཤིས། དགེའོ།། །།
ཟབ་ཆོས་མཁའ་འགྲོ་ཡང་ཏིག་གི་པུསྟ་ཀ་པར་དུ་བསྒྲུབས་ཚུལ་དཀར་ཆག་ཉུང་དུ་ཨུཏྤ་ལའི་ཕྲེང་བ།
ཟབ་ཆོས་མཁའ་འགྲོ་ཡང་ཏིག་གི་པུསྟ་ཀ་པར་དུ་བསྒྲུབས་ཚུལ་དཀར་ཆག་ཉུང་ངུ་ཨུཏྤལའི་ཕྲེང་བ་ཞེས་བྱ་བ་བཞུགས།
ༀ་སྭ་སྟི་སིདྡྷཾ། བགྲང་ཡས་སྲས་བཅས་རྒྱལ་ཀུན་མཁྱེན་ནུས་བརྩེ། །གསང་གསུམ་ཡོན་ཏན་ཕུང་པོ་ཅིག་ཅར་དུ། །མཚོ་དབུས་པད་སྦུབས་སྙིང་པོར་སྨིན་པའི་དཔྱིད། །མཚོ་སྐྱེས་རྡོ་རྗེ་འགྲོ་བའི་བླ་མར་འདུད། །རྒྱལ་སྲས་བྱེ་བས་བསྡུ་བར་མ་ནུས་པའི། །སངས་རྒྱས་གཉིས་པའི་གསང་ཆེན་བཀའི་བསྡུ་མཛད། །མཁའ་སྤྱོད་བདེ་ཆེན་ཌཱཀྐི་ཡོངས་ཀྱི་གཙོ། །མ་གཅིག་ཡེ་ཤེས་མཚོ་རྒྱལ་དེར་ཕྱག་འཚལ། །གཞུང་ལུགས་འབུམ་ཕྲག་ཡངས་པའི་ནམ་མཁའ་ལ། །ཐོག་མེད་སྤྱོད་པའི་བློ་གྲོས་འོད་སྟོང་ཅན། །སྙིང་ཏིག་བསྟན་པའི་པད་ཚལ་བཞད་པའི་གཉེན། །ཀུན་མཁྱེན་དྲི་མེད་འོད་ཟེར་བསམ་གྱིན་གུས། །གང་གི་མཁྱེན་དཔྱོད་ཡངས་པའི་གྲུ་གཟིངས་ཀྱིས། །རྒྱལ་བའི་ཆོས་ཚུལ་རྒྱ་མཚོ་བརྒལ་བ་ལས། །ཉེ་བར་ཐོབ་པའི་ཡང་ཏིག་ཡིད་བཞིན་ནོར། །ཟབ་ཆོས་རིན་ཆེན་འདི་མཚུངས་གཞན་ཡོད་མིན། །དེ་ཕྱིར་ཆོས་ཀྱི་དེད་དཔོན་ཀློང་ཆེན་པས། །ལེགས་བཤད་བྱི་དོར་
གྱིས་གཙང་པུསྟ་ཀར། །ཆོས་ཚན་བཞུགས་གྲངས་དཀར་ཆག་ཨུཏྤལ་ཕྲེང་། །དཔྱོད་ལྡན་མགྲིན་པའི་རྒྱན་དུ་འདི་ན་སྤེལ། །ཅེས་མཆོད་པར་བརྗོད་པ་ཅུང་ཟད་ཀྱིས་མདུན་བསུས་ནས། འདིར་རྒྱལ་བ་གཉིས་པ་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་བཅུད་ཟབ་ཆོས་མཁའ་འགྲོ་སྙིང་ཏིག་ལས་འཇམ་མགོན་ཀློང་ཆེན་པས་ཟབ་མོའི་གནད་རྣམས་ལེགས་པར་བཀྲལ་བའི་དགོངས་གཏེར་བསྟན་བཅོས་མཁའ་འགྲོ་ཡང་ཏིག་ཏུ་གྲགས་པའི་ཟབ་ཆོས་ཀྱི་པུསྟཀཿ འདི་ཉིད་པར་དུ་བསྒྲུབས་པའི་ཚུལ་ལས་བརྩམ་སྟེ་ལོ་རྒྱུས་གླེང་བ་ཅུང་ཟད་གཅིག་བརྗོད་ན། འདི་ལ་གསུམ་ཏེ་གང་ལས་བྱུང་བའི་ལོ་རྒྱུས། བར་དུ་བསྒྲུབས་པའི་ཚུལ། ཆོས་ཚན་བཞུགས་བྱང་ཡོངས་བསྔོ་དང་བཅས་པ་ལས། དང་པོ་ནི། རྒྱལ་བ་ཀུན་གྱི་འཕྲིན་ལས་པ་ཨོ་རྒྱན་དུས་གསུམ་མཁྱེན་པ་དེ་ཉིད་ཀྱིས་འཛམ་བུའི་གླིང་ཀུན་ཏུ་བསྟན་འགྲོའི་ཕན་བདེ་སྤེལ་བའི་འཕྲིན་ལས་ནི་མཐའ་ཡས་ལ། ཁྱད་པར་དུ་གངས་ཅན་བོད་ཀྱི་ཡུལ་འདིར་ལྷ་འདྲེ་གདུག་པ་ཅན་ཐམས་
ཅད་དམ་ལ་བཏགས་ཤིང་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་མང་པོར་རབ་ཏུ་གནས་པར་མཛད་པ་དང་། མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་ལྟར་མཛད་པས། བོད་ཡུལ་འདིར་རྒྱལ་བའི་ཕྲིན་ལས་འདྲེན་པའི་ཤིང་རྟ་གཅིག་པུ་པ་སྟེ་ལྗོངས་འདིར་ཐུབ་བསྟན་ཐོག་མར་སྣང་བར་གྱུར་པ་ནི་སློབ་དཔོན་རིན་པོ་ཆེ་འདི་ཁོ་ནའི་བཀའ་དྲིན་ལས་གཞན་དུ་མ་དམིགས་སོ། །གཞན་ཡང་བོད་ཡུལ་མཐའ་དབུས་མེད་པར་ས་གཞི་རྟ་མིག་གང་ཡན་ཆད་ཞབས་ཀྱིས་བཅགས་ཤིང་བཀྲ་ཤིས་པར་མཛད། རི་བྲག་མང་པོ་སྒྲུབ་པའི་གནས་སུ་བྱིན་གྱིས་བརླབས་ནས་ཟབ་མོའི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦ་བར་མཛད་དེ། དེ་ལྟ་བུའི་ཨོ་རྒྱན་དུས་གསུམ་མཁྱེན་པ་དེ་ཉིད་གཞུ་སྟོད་གཏེར་སྒྲོམ་བྲག་ན་བཞུགས་པའི་དུས་སུ་མཁའ་འགྲོ་སྙིང་ཏིག་གི་ཆོས་སྐོར་རྣམས་བཀའ་རྒྱ་བཀྲོལ་ནས་ཡེ་ཤེས་མཚོ་རྒྱལ་དང་མཁའ་འགྲོ་མ་འབུམ་ཕྲག་གཅིག་ལ་དབང་བསྐུར་ནས་རྒྱ་ཆེན་སྤེལ་བའི་ཚེ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཆིམས་ཕུར་སྤྱན་དྲངས་ནས་ཚོགས་འཁོར་བརྒྱ་རྩ་མཛད་པའི་དུས་སུ་རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ་གྲོང་པས། མོའི་རོ་ལ་སློབ་དཔོན་གྱིས་རྣམ་ཤེས་བཀུགས་པས་སྨྲ་ཞིང་འགྲོ་ནུས་པར་བྱུང་བའི་ཚེ་དབང་བསྐུར་ཞིང་གདམས་པའི་བེ་བུམ་སྤྱི་བོར་བཞག་ནས་བཀའ་གཏད་མཛད་ཅིང་མོ་རང་གི་ཆོས་སྐལ་དུ་དྭགས་པོའི་དང་ལུང་ཁྲ་མོ་བྲག་ལ་གཏེར་དུ་སྦས་སོ། །དེ་ནས་ལྔ་བཅུ་ཁ་རལ་གྱི་དུས་སུ་སྦ་སྒང་པ་སྤྲུལ་སྐུ་རིན་ཆེན་ཚུལ་ཁྲིམས་རྡོ་རྗེ་ཞེས་པར་སྐུ་འཁྲུངས་ཤིང་། ཁྲ་མོ་བྲག་ནས་མཁའ་འགྲོ་སྙིང་ཏིག་གི་ཆོས་སྐོར་རྣམས་སྤྱན་དྲངས་ཀྱང་། གཏེར་སྟོན་ཉིད་རྟེན་འབྲེལ་གཞན་དབང་དུ་གྱུར་པས་སྐུ་གཤེགས། སྐུ་འཕོས་མ་ཐག་གི་སྐྱེ་བ་ནི་ཀུན་མཁྱེན་ཆེན་པོ་འདི་ཡིན་ཏེ། དེ་ཡང་གཡོ་རུ་གྲྭ་ཡི་ཕུར་རྒྱལ་བ་མཆོག་
དབྱངས་ཀྱི་གདུང་རབ་ཉེར་ལྔ་པར་སྐུ་འཁྲུངས། ནམ་གྲུ་རེ་མ་ཏི་ལུས་དང་གྲིབ་མ་བཞིན་དུ་འགྲོག་ཅིང་བསྲུང་བ་ཀུན་གྱིས་མཐོང་། ལོ་ལྔ་ནས་འབྲི་ཀློག་པར་མཁྱེན། བཅུ་གསུམ་པ་ལ་རབ་ཏུ་བྱུང་བའི་མཚན་ཚུལ་ཁྲིམས་བློ་གྲོས་སུ་འབོད། ཤེས་བྱ་རིག་པའི་གནས་བཟོ་གསོ། སྒྲ་ཚད། སྙན་ངག །མངོན་བརྗོད། སྡེབས་སྦྱོར། སྐར་རྩིས་སོགས་མི་མཁྱེན་པ་མེད་ཅིང་། ཁྱད་པར་དུ་དབུ་མ། ཕར་ཕྱིན། འདུལ་མངོན་ཐམས་ཅད་མཁས་པར་མཁྱེན། གཞན་ཡང་གསང་འདུས། བདེ་མཆོག །ལམ་འབྲས། སྦྱོར་དྲུག །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་སེམས་ཕྱོགས་སོགས་གསན་ཅིང་། མདོར་ན་མདོ་རྒྱུད་ལུང་རིགས་མན་ངག་རྒྱ་མཚོའི་ཕ་རོལ་དུ་གཤེགས་པའི་མཁས་པ་ཆེན་པོར་གྱུར། ཁྱད་པར་དུ་བླ་མ་ཀུ་མ་རཱ་ཛ་ལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་ཆོས་སྐོར་མ་ལུས་པ་གསན་པས་བླ་མས་ཀྱང་ཆོས་ཀྱི་བདག་པོར་ལུང་བསྟན་ཅིང་མངའ་གསོལ་ནས་བསྟན་པ་གཏད། གཞན་ཡང་ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་ཤིང་། ཁྱད་པར་དུ་དབྱངས་ཅན་མས་ཕྱག་མཐིལ་དུ་བཞག་ནས་གླིང་བཞི་རི་རབ་དང་བཅས་བཞག་བདུན་དུ་གཟིགས། རྗེ་བཙུན་སྒྲོལ་མས་རིན་པོ་ཆེའི་པྲོག་ཞུ་དབུ་ལ་བཅིངས་ནས་བྱིན་གྱིས་བརླབས་པའི་གནང་བ་བྱིན། མགོན་པོ་བྱམས་པས་སྐྱེ་བ་གཉིས་ནས་རྒྱལ་བ་རི་རབ་མར་མེའི་རྒྱལ་མཚན་དུ་སངས་རྒྱས་པར་འགྱུར་བའི་ལུང་བསྟན་གནང་།མཁའ་འགྲོ་མ་རྣམས་དང་ཆོས་ཀྱི་བགྲོ་བ་མི་དང་མི་ལབ་པ་ལྟར་མཛད་ཅིང་། སྔགས་བདག་གཟའ་དང་དམ་ཅན་རྣམས་མི་དང་མི་འགྲོགས་པ་བཞིན་དུ་བྲན་དང་གཡོག་ཏུ་འཁོལ་བ་སོགས་མངའ་ལ། གཞན་ཡང་མདོ་སྔགས་རིག་ལམ་དང་བཅས་པའི་བསྟན་བཅོས་མང་པོ་དང་།
ཁྱད་པར་དུ་རྫོགས་པ་ཆེན་པོའི་ལམ་སྲོལ་ཇི་ལྟ་བ་བཞིན་སྟོན་པའི་བསྟན་བཅོས་མང་དུ་མཛད། ས་སྐྱ་པ་བླ་མ་དམ་པ་དང་གསང་ཕུ་བ་གྲགས་བཟང་སོགས་མཁས་པ་མང་པོས་དངོས་དང་ཕྲེང་ཡིག་གི་ལམ་ནས་རྫོགས་པ་ཆེན་པོའི་ལྟ་གྲུབ་ལ་དྲི་བ་བྱུང་བ་རྣམས་ལ་ཐེ་ཚོམ་སེལ་བའི་ལན་དགྱེས་པར་ཕུལ། མཁས་པར་རློམས་པའི་རྒོལ་ངན་གཉིས་འཐུང་གི་ཀླད་པ་ལུང་རིགས་གནམ་ལྕགས་སྡེར་མོས་འགེམས་པར་མ་བཟོད་ནས་ཀུན་གྱིས་ཞབས་ལ་བཏུད་ཅིང་། དུས་དེ་ཙ་ན་ལུང་རིགས་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་ཏེ་སུས་ཀྱང་འགྲན་དུ་མ་བཟོད་པས། དོན་དང་མཐུན་པའི་མཚན་ཀུན་མཁྱེན་བསམ་ཡས་པ་ངག་གི་དབང་པོ་ལུང་མང་པར་གྲགས་སོ། །དེ་ལྟ་བུའི་རྣམ་པར་ཐར་པ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་ཀུན་མཁྱེན་ཆེན་པོ་དེ་ཉིད་མཆིམས་ཕུར་གསང་བ་སྙིང་ཏིག་གི་ཁྲིད་འཆད་པའི་སྐབས་སུ་མཁའ་འགྲོ་མ་རྣམས་དང་བཀའ་སྲུང་རྣམས་ཀྱིས་ཡང་ཡང་བསྐུལ་བས། མཁའ་འགྲོ་སྙིང་ཏིག་གི་ཆོས་བཀའ་འབྱེད་པར་མཛད་པས། དེའི་ཚེ་མཁའ་འགྲོའི་འདུ་བ་མང་པོ་དང་། བྱིན་རླབས་ཀྱི་རང་སྒྲ་དང་། ནམ་མཁའ་འཇས་ཁེངས་པ་དང་། རྣལ་འབྱོར་པ་ཕོ་མོ་རྣམས་ལ་བདེ་གསལ་མི་རྟོག་པའི་ཉམས་དང་འོད་གསལ་གྱི་ངང་ལ་ཉིན་མཚན་འཁོར་ཡུག་ཏུ་འབྱམས་པ་ཟླ་བ་གཅིག་གི་བར་དུ་བྱུང་ཞིང་། ཁྱད་པར་དུ་ཨོ་རྒྱན་ཆེན་པོའི་ཞལ་ཡང་ཡང་གཟིགས་ཤིང་བྱིན་གྱིས་བརླབས་པ་དང་། ཡེ་ཤེས་ཀྱི་མཁའ་འགྲོས་སྙིང་ཏིག་གི་ཟབ་གནད་རྣམས་མངོན་སུམ་དུ་བཀའ་བཀྲོལ་ནས་གནང་སྟེ། གཅིག་པུར་བསྒོམ་ན་འོད་ལུས་འགྲུབ་ཀྱང་། གཞན་ལ་ཕན་ཕྱིར་འགྲོ་དོན་ལ་བརྩོན་དགོས་པར་རྗེས་སུ་བསྐུལ་བའི་ཚུལ་དང་བཅས་གནང་ཞིང་། དེ་ནས་གངས་རི་ཐོད་དཀར་དུ་མཁའ་འགྲོ་ཡང་ཏིག་གི་ཆོས་བཀའ་རྣམས་ཡི་གེ་བཀོད་པའི་དུས་སུའང་བྱིན་རླབས་ཀྱི་མཚན་མ་རྒྱུན་མི་ཆད་
པ་སྔ་མ་ལྟར་བྱུང་ཞིང་། དེ་ལྟ་བུའི་མཁའ་འགྲོ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྡེ་འདི་སྙིང་ཏིག་གི་ཟབ་གནད་རྣམས་ཡེ་ཤེས་ཀྱི་མཁའ་འགྲོའི་མངོན་སུམ་དུ་བཀྲལ་བའི་དགོངས་གཏེར་ཟབ་མོ་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་ཟབ་ཁྱད་དུ་མས་ཁྱད་པར་དུ་འཕགས་ཚུལ་གྱི་སྔགས་བརྗོད་རྒྱ་ཆེར་མཛད་པའི་ཆོས་ཚུལ་འདི་ཉིད་དེང་སོང་གི་བར་དུ་ཉམས་པ་མེད་པར་རྒྱ་ཆེར་འཕེལ་ཞིང་ཆོས་རྒྱུད་འཛིན་པའང་མང་དུ་བྱོན་པར་སྣང་ཞིང་། ཁྱད་པར་དུ་ཕྱོགས་འདིར་དར་བའི་བདག་རྐྱེན་གྱི་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་ཆེན་པོའི་བཀའ་དྲིན་ཏེ། གྲུབ་དབང་རིན་པོ་ཆེ་ཉིད་ལ་མཁའ་འགྲོ་སྙིང་ཏིག་ཡང་ཡིག་དང་བཅས་པའི་བཀའ་བབས་ཤིང་ཆོས་ཀྱི་བདག་པོར་གྱུར་ཏེ། གྲུབ་དབང་རིན་པོ་ཆེ་ཉིད་ཀྱིས་ཆོས་འདི་ལ་བརྟེན་ནས་འོད་གསལ་སྣང་བཞིའི་རྟོགས་པ་མཐར་ཕྱིན་ནས་གྲུབ་པའི་ས་ལ་གཤེགས་ཤིང་རྗེས་འཇུག་སློབ་ཚོགས་རྣམས་ཀྱང་ཆོས་འདིའི་སྒོ་ནས་སྨིན་གྲོལ་ལ་བཀོད་ཅིང་དར་རྒྱས་སུ་མཛད་པ་ཡིན་ལ། དེ་ནས་གདན་རབ་རིམ་བྱོན་ཞལ་སློབ་ཆོས་རྒྱུད་དང་བཅས་པ་རྣམས་ཀྱིས་ཀྱང་མཁའ་འགྲོ་སྙིང་ཏིག་གི་ཁྲིད་དང་ཀུན་མཁྱེན་ཆེན་པོའི་གསུང་རབ་ལ་འཆད་ཉན་རྩལ་དུ་འདོན་ཞིང་ཐོས་བསམ་བསྒོམ་སྒྲུབ་ཀྱི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ཤ་སྟག་བྱོན་པ་འདི་ཡིན་ནོ། །གཉིས་པ་ཇི་ལྟར་པར་དུ་བསྒྲུབ་པའི་ཚུལ་ནི། སྤྱིར་རྒྱལ་བསྟན་རིན་པོ་ཆེའི་བསྟན་པའི་རྩ་ལག་ནི་ས་ཆེན་ཆོས་བཞིན་དུ་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམས་ཡིན་ལ། ཁྱད་པར་བོད་ཆེན་པོའི་ལྗོངས་འདིར་ལས་ཤུག་བཙན་པོའི་སྟོབས་ཀྱི་དཔུང་པས་སའི་དཀྱིལ་འཁོར་མཐའ་དག་རང་གིས་མཛད་ཅིང་། རིས་སུ་མ་ཆད་པའི་རྒྱལ་བསྟན་རིན་པོ་ཆེ་སྲི་ཞུས་མཆོད་པ་དང་། ཆོས་དང་མཐུན་པའི་མཛད་པས་ཡངས་པའི་མངའ་རིས་བྱམས་བརྩེས་སྐྱོངས་ཤིང་།
བསྟན་པའི་བཙས་སུ་གཙུག་ལག་ཁང་དུ་མ་དང་རྟེན་གསུམ་སྤྱི་དང་བྱེ་བྲག་ཆོས་སྦྱིན་པར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པ་འཛད་པ་མེད་པར་སྤེལ་བས། སྔོན་གྱི་ཆོས་རྒྱལ་མེས་དཔོན་རྣམས་ཀྱི་མཛད་པའང་ཕྲ་མོར་བྱེད་པའི་ཆོས་ཀྱི་རྒྱལ་པོ་རིམ་པར་བྱོན་པའི་རྒྱལ་ཁབ་ཆེན་པོ་འདི་ཉིད་དུ། སྟོབས་ཀྱི་འཁོར་ལོས་སྒྱུར་བ་མི་དབང་ཡུམ་སྲས་ཀྱིས་སྔོན་གྱི་གདུང་རབས་གོང་མ་རྣམས་ལ་ཅོ་འདྲི་བར་ནུས་པའི་ཆོས་སྦྱིན་རྒྱ་ཆེར་སྤེལ་ཞིང་། ཁྱད་པར་དུ་ས་སྐྱོང་མ་ཡུམ་ཆེན་མོ་ཚེ་དབང་ལྷ་མོ་ཉིད་ཀྱིས་ཐུགས་ཀྱི་ལྷག་བསམ་སྟོན་ཟླ་ལྟར་དཀར་བས་བསྟན་འགྲོའི་ཕན་བདེ་སྤེལ་བ་དང་། ཆབ་སྲིད་མངའ་ཐང་རྒྱས་ཤིང་། སྐུ་ཚེ་གདུང་བརྒྱུད་བཅས་གོང་འཕེལ་འབྱུང་བའི་ཆེད་དང་། ཁྱད་པར་དུ་ཆོས་ཚུལ་འདི་ཉིད་མི་ནུབ་ཅིང་གསང་ཆེན་སྙིང་པོའི་བསྟན་པའི་བཙས་སུ་དགོངས་ནས་པར་དུ་བཀོད་པར་གནང་སྟེ། དེ་ཡང་འཆད་ཉན་སྒོམ་གསུམ་གང་ལའང་ཡི་གེ་ལ་མི་བརྟེན་པའི་ཐབས་མེད་ཅིང་། དེ་ཉིད་ཀྱང་དག་མ་དག་ལ་ཤིན་ཏུ་ལྟོས་དགོས་པར་མཁྱེན་དཔྱོད་རྣམ་པར་ཡངས་པས་ལེགས་པར་གཟིགས་ནས་ཆོས་སྦྱིན་རླབས་པོ་ཆེའི་རྒྱུན་སྤེལ་བའི་ཚེ་ཁོ་བོ་ལ་ཞུས་དག་བྱེད་དགོས་ཚུལ་གྱི་བཀའ་སྩལ་གཙུག་གི་ཅོད་པན་དུ་གུས་པས་མཆོད་ནས་ཡི་གེ་ཕྱི་མོ་དག་པ་འགའ་ཞིག་སྒོ་བསྟུན་ནས་དག་པར་བྱས་པ་ལས། སླར་ཡང་སྡེབས་ནོར་བཅོས་བསླད་ལྟ་བུའི་རིགས་རྣམས་རང་བློས་གང་དཔོག་དཔྱད་པས་དག་པར་བགྱིས་ཤིང་། བརྡ་རྙིང་རེ་ཟུང་སྣང་བ་དང་སྔགས་རྣམས་ལེགས་སྦྱར་ཁོ་ནར་མ་ངེས་པས་འགའ་ཞིག་བརྡ་སྤྲོད་པའི་ལུགས་དང་བསྟུན་པར་དཀའ་བར་སྣང་ཡང་ལེགས་སྦྱར་དང་མཐུན་པ་རྣམས་ལེགས་སྦྱར་དང་བསྟུན་ཞིང་མི་མཐུན་པ་རྣམས་ཡིག་རྙིང་སོར་བཞག་ལས་འོལ་ཚོད་མ་སྤོབས་པས་དཔྱད་འོས་མ་མཆིས་ཤིང་། གཞན་བབ་བཅོལ་མེད་པར་དཔྱད་གཞིར་འོས་པ་རྣམས་བཏང་སྙོམས་སུ་མ་སོང་བར་ཡང་ཡང་ཞུས་དག་གྲུབ་
པ་ཡིན་ལ། དེའི་ཚེ་སྔོན་གྱི་ཆོས་རྒྱལ་ཆེན་པོའི་ཆོས་སྦྱིན་གྱི་ལུགས་སྲོལ་ཉམས་པ་མེད་པའི་རྒྱུན་བཞིན་གྱི་བྲིས་བརྐོས་སོ་སོའི་ཡོན་སྦྱོར་ཕུན་སུམ་ཚོགས་པ་དང་བཅས། རབ་བྱུང་བཅུ་བཞི་པའི་ཐོག་མར་སླེབ་པའི་མེ་མོ་ཡོས་ཀྱི་ལོ་མཛེས་སྡུག་དབྱར་གྱི་དཔལ་མོས་རྣམ་བཀྲ་མེ་ཏོག་སྣ་ཚོགས་ཀྱིས་རྒྱན་ཕྲེང་དང་ལོ་འདབ་སར་པའི་གོས་བཟང་གིས་ཀླུབས་པའི་ཕུན་ཚོགས་ལང་ཚོའི་མཛེས་པ་ངོམ་པའི་དུས་ཚེས་དགེ་བ་ནས་དབུ་བརྩམས་ཏེ། རྣམ་བྱུང་ཞེས་པ་ས་ཕོ་འབྲུག་གི་ལོའི་སྟོན་གསུམ་དུས་ཀྱི་རྒྱལ་མོས་འབྲས་བུ་དང་ལོ་ཏོག་དུ་མ་བཅུད་དུ་སྨིན་པའི་ཁུར་གྱིས་ལྕེ་བའི་འདོད་དགུའི་འབྱོར་བ་ངོམ་པའི་དུས་བཟང་པོར་ལེགས་པར་གྲུབ་པ་ཡིན་ནོ། །གསུམ་པ་ཆོས་ཚན་བཞུགས་གྲངས་སྨོས་ཤིང་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ལ། ཀ་པ་ལ་ཐེམ་བྱང་རིན་ཆེན་ལྗོན་ཤིང་། ཁ་པ་ལ་གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས། ག་པ་ལ་རིན་པོ་ཆེ་དབང་གི་ཕྲེང་བ། ང་པ་ལ་བདག་འཇུག་པདྨ་ཀློང་ཡངས། ཅ་པ་ལ་ཚོགས་མཆོད་རྒྱ་མཚོའི་སྤྲིན། ཆ་པ་ལ་ཕྱག་འཚལ་དྲི་མེད་ཟླ་རྒྱས། ཇ་པ་ལ་གསོལ་འདེབས་བདུད་རྩིའི་ཆུ་རྒྱུན། ཉ་པ་ལ་ཁྲིད་ཡིག་ནོར་བུ་ལུགས། ཏ་པ་ལ་ཁྲིད་ཡིག་ཉི་ཟླ་གཟའ་སྐར། ཐ་པ་ལ་ཟབ་མོ་རབ་འབྱེད། ད་པ་ལ་ཁྲིད་ཡིག་རིན་པོ་ཆེ་གསེར་གྱི་ཕྲེང་བ། ན་པ་ལ་ནམ་མཁའ་རབ་འབྱམས། པ་པ་ལ་ནམ་མཁའ་ཀློང་ཡངས། ཕ་པ་ལ་ནམ་མཁའ་དྲི་མེད། བ་པ་ལ་མན་ངག་རིན་པོ་ཆེ་གསེར་གྱི་སྒྲོམ་བུ། །མ་པ་ལ་ཚིག་དོན་རིན་པོ་ཆེའི་བང་མཛོད། །ཙ་པ་ལ་ཟབ་དོན་རྒྱ་མཚོའི་སྤྲིན་དང་དེའི་ས་བཅད་བསྡུས་དོན། ཚ་པ་ལ་གསང་སྤྱོད་རྡོ་རྗེའི་ལམ་བསྟན། ཛ་པ་ལ་ངེས་དོན་སྙིང་པོ། ཝ་པ་ལ་བྱིན་རླབས་ཐུགས་སྒྲུབ། ཞ་པ་ལ་རིག་འཛིན་མཆོག་སྒྲུབ། ཟ་པ་ལ་མཁའ་འགྲོ་བདེ་
ཆེན་རྒྱ་མཚོ། །འ་པ་ལ་རླུང་སྦྱོར་ཡེ་ཤེས་དྲ་བ། ཡ་པ་ལ་ཟབ་ལམ་བདེ་ཆེན་རྒྱ་མཚོ། །ར་པ་ལ་འོད་གསལ་འཁོར་ལོ། །ལ་པ་ལ་གཞི་སྣང་ངོ་སྤྲོད། །ཤ་པ་ལ་འོད་གསལ་སྦུབ་འཇུག །ས་པ་ལ་སྒྲོལ་མ་བཞི་སྐོར། །ཧ་པ་ལ་འཁྲུལ་སྣང་གཞི་གྲོལ། །ཨ་པ་ལ་རྨི་ལམ་སྦུབ་འཇུག །ཀི་པ་ལ་དབྱིངས་སྣང་ངོ་སྤྲོད། ཁི་པ་ལ་ཟབ་དོན་གནད་ཀྱི་ལྡེ་མིག །གི་པ་ལ་འོད་གསལ་པྲ་ཁྲིད། ངི་པ་ལ་གསང་ལམ་རིན་པོ་ཆེའི་ངོ་སྤྲོད། ཅི་པ་ལ་ཟབ་དོན་སྙིང་པོ། །ཆི་པ་ལ་ཀུན་འདུས་རིན་པོ་ཆེའི་ངོ་སྤྲོད། ཇི་པ་ལ་བར་དོ་སྦུབས་འཇུག །ཉི་པ་ལ་བར་དོ་ག ནད་ཀྱི་སྒྲོན་མེ། །ཏི་པ་ལ་གནད་གསུམ་སྒྲོན་མེ། །ཐི་པ་ལ་མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲ་བ། །དི་པ་ལ་ཞལ་ཆེམ་དྲི་མ་མེད་པའི་འོད། །ནི་པ་ལ་ཞལ་ཆེམ་མཐར་ཐུག་གཅིག་མ་དང་གནད་ཀྱི་མེ་ལོང་། །བི་པ་ལ་བདེ་གཤེགས་རིགས་ལྔའི་སྒྲུབ་ཐབས་པདྨ་སྟོང་ལྡན། །ཕི་པ་ལ་རིགས་ལྔའི་བཅུད་ལེན་བདུད་རྩི་ཐིགས་པ། བི་པ་ལ་བདུད་རྩི་སྤྲིན་ཕུང་། མི་པ་ལ་འཆི་བ་བརྟག་བསླུའི་མན་ངག་ཉི་ཟླ་གཟའ་བྲལ། ཙི་པ་ལ་བཏགས་གྲོལ་བརྒྱུད་ཀྱི་མན་ངག་རིན་ཆེན་སྙིང་པོ། ཚི་པ་ལ་སྲེག་སྦྱོར་འོད་ཀྱི་སྙེ་མ། ཛི་པ་ལ་གཞན་ཕན་འོད་ཀྱི་འཁོར་ལོ། ཝི་པ་ལ་ཕྱག་རྒྱ་བཞི་མཆོད་འོད་ཀྱི་འཁོར་ལོའི་གནད་ཡིག ། ཞི་པ་ལ་མཆོད་རྟེན་རབ་གནས་རིན་ཆེན་དྲ་བ། ཟི་པ་ལ་རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་དྲི་མེད། འི་པ་ལ་མཐོང་སྣང་རིན་ཆེན་གསེར་གྱི་དྲ་བ། ཡི་པ་ལ་རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ། རི་པ་ལ་གཟའ་བདུད་གསང་སྒྲུབ། ལི་པ་ལ་གནོད་སྦྱིན་དམར་ནག་གི་སྒྲུབ་པ་མེ་རླུང་འཁྱིལ་བ། ཤི་པ་ལ་ཤན་པ་སྲོག་སྒྲུབ་ནག་མོའི་གསང་སྒྲུབ། སི་པ་
ལ་ཐེམ་བྱང་དཔག་བསམ་ལྗོན་ཤིང་སྟེ། དེ་ལྟར་གཞུང་གི་ཁ་བྱང་ལ་ཇི་ལྟར་བཞུགས་པའི་ཆོས་ཚན་མ་ཚང་བ་མེད་པ་པར་དུ་བཞུགས་པ་ཡིན་ལ། དགེ་བ་རྫོགས་བྱང་དུ་བསྔོ་བ་ཡང་། །དེ་ལྟའི་ལེགས་བྱས་རླབས་ཆེན་སྤྱོད་པའི་དགེ །རྨོངས་དང་ཐ་བའི་སེམས་ཀྱིས་མ་བཀག་པར། །རྒྱལ་སྲས་ཐུ་བོ་ཀུན་ཏུ་བཟང་པོ་ཡི། །ཡོངས་བསྔོ་ཇི་བཞིན་བྱང་ཆེན་མཆོག་རྒྱུར་བསྔོ། །ཞེས་སོ། །སླར་ཡང་སྨྲས་པ། མགོན་ཁྱོད་རང་སྣང་ལོངས་སྐུའི་ཞིང་ཉུལ་ཡང་། །ཐ་མལ་སྣང་ངོར་མཐའ་ཡས་ཆོས་ཀུན་གྱི། །ཤེས་བྱ་ཀུན་གཟིགས་འཇམ་དབྱངས་པཎྜི་ཏ། །ཀུན་མཁྱེན་ཆེ་དེ་སླར་ཡང་སྙིང་ནས་དྲན། །གང་བློ་རྣམ་དཔྱོད་ཡངས་པའི་གྲྭ་གཅིག་ན། །མཐའ་ཡས་ཤེས་བྱའི་གཞུང་ལུགས་སྲིད་དོ་འཚལ། །དོག་པ་མེད་པར་ཆུད་པའི་མཁྱེན་རབ་མཐའ། །ཀུན་གསལ་ཡངས་པའི་ཕ་མཐས་ག་ལ་འཆིང་། །ལོངས་སྤྱོད་འཁོར་ལོའི་ཆུ་སྐྱེས་འདབ་སྟོང་ལ། །དགའ་བས་རྗེས་ཆགས་ཚངས་པའི་བུ་མོ་དེ། །རྣམ་པར་རྩེན་པས་མཐའ་ཡས་ཆོས་སོ་ཅོག །ལེགས་བཤད་གླུ་རུ་ལེན་ལ་རིངས་པ་བཞིན། །དེ་ཕྱིར་མོས་པའི་ཡོལ་གོ་དང་འཚམས་པའི། །ཆོས་ཚུལ་ཅི་འདོད་འཇོ་ལས་སྐལ་བཟང་འགྲོའི། །ལེགས་སྤྱད་རིན་ཆེན་གྱིས་ཐོར་རྙེད་དཀའི་ནོར། །ལག་རྩེར་སོན་འདིའང་མགོན་ཁྱོད་ཁོ་ནའི་དྲིན། །དེ་ལྟའི་ཆོས་ཚུལ་འཆི་མེད་རྟག་པའི་དབྱངས། །སྲིད་མཐའི་བར་དུ་ནུབ་མེད་གླུར་འཇོ་ཕྱིར། །ཡི་གེའི་སྒྱུ་འཕྲུལ་འགོག་མེད་ཟླ་གཟུགས་སྟོང་། །ཅིག་ཆར་འཆར་བའི་ཆོས་སྦྱིན་པར་གྱི་རྫིང་། །ཚུ ལ་འདི་བོད་ཆེན་ནོར་འཛིན་མཛེས་པའི་རྒྱན། །བྱམས་ལྡན་ལྷ་སྲས་ལྕམ་དྲལ་རྒྱལ་ཡུམ་བཅས། །
འགྲོ་འདིའི་ལེགས་བྱས་དཔུང་པས་ཚོགས་གཉིས་མཚོ། །བསྲུབས་ལས་བསོད་ནམས་མགྲོན་དུ་སྐྱེས་པ་བཞིན། ཁྱད་པར་དད་པའི་ལང་ཚོ་གཏོང་ཕོད་ཀྱི། །རྒྱན་ཕྲེང་གིས་མཛེས་ས་སྐྱོང་ཆེན་མོ་ཡིས། །སྙིང་པོའི་བསྟན་ལ་རི་མོར་བགྱི་བའི་སླད། །ཆོས་སྦྱིན་སྐལ་ལྡན་ཤིང་རྟའི་མཆེད་པོར་བསྐྲུན། །གངྒཱའི་བྱེ་སྙེད་གསེར་གྱིས་ཡོངས་བསྐངས་ནས། །སྦྱིན་པ་བས་ཀྱང་ཚིག་བཅད་གཅིག་བརྗོད་པའི། །ཕན་འདོག་ལྷག་ཅེས་གསུངས་ན་འཛད་མེད་ཀྱི། །ཆོས་སྦྱིན་འདི་ལྟའི་བསོད་ནམས་གཞལ་དུ་ཅི། །འདིས་མཚོན་བསྐལ་མང་ལེགས་སྤྱོད་འཛམ་བུའི་འབྲས། །དམིགས་པའི་དུག་བྲལ་བྱང་ཆེན་ཆུ་གཏེར་དུ། །ལྷུང་བྱས་སྐུ་གསུམ་གྲུབ་པའི་ཀཱཉྩ་ནའི། །དོན་གཉིས་ཕུན་ཚོགས་འབྱོར་པས་ཕྱུག་པར་ཤོག །སྙིགས་མའི་བརླང་སྤྱོད་རྩུབ་མོས་བོས་པའི་མགྲོན། །དུས་མིན་འཚོ་བྲལ་སྐལ་ངན་འཐིབ་བུའི་སྨག །དཀོན་མཆོག་ཐུགས་རྗེའི་ཉི་གཞོན་གྱིས་གཞིལ་ནས། །ཕན་བདེའི་ལེགས་ལམ་སྣང་བས་རྟག་བསྲུང་ཤོག །ལྷ་མིའི་དབང་ཕྱུག་ཡུམ་སྲས་སྐུའི་འཚོ་གཞེས། །གཞོམ་གཞིག་དང་བྲལ་མངའ་ཐང་གདུང་རྒྱུད་འཕེལ། །ཆབ་འབང་བྱམས་པའི་སྤྱན་རས་ཀྱིས་འཚོ་ཞིང་། །ལུས་ཅན་བདེ་སྐྱིད་དཔལ་གྱིས་འབྱོར་པར་ཤོག །རྒྱལ་བསྟན་དྲི་མེད་འོད་དཀར་སྲིད་པའི་བླར། །ནུབ་མེད་འཆར་བའི་དགེ་ལེགས་ཟིལ་མངར་གྱིས། །འཁོར་བའི་ཉེས་སྤྱོད་ཚ་གདུང་ཡོངས་བཅིལ་ཞིང་། །དེ་འཛིན་ཚོགས་ཀྱང་བསྐལ་བརྒྱར་འཚོ་གཞེས་ཤོག །མདོར་ན་གནས་སྐབས་མཐར་ཐུག་བཞེད་དགུ་ཀུན། །བསམ་བཞིན་འགྲུབ་པ་བསླུ་མེད་མཆོག་གསུམ་གྱིས། །བྱིན་རླབས་བདུད་རྩིའི་ཆབ་ཀྱི་བྲན་པ་ཡིས། །
འདོད་དོན་འདབ་བརྒྱ་བཞད་པའི་བཀྲ་ཤིས་སྩོལ། །ཅེས་དཀར་ཆག་ཉུང་ངུ་འདི་ནི་མིའི་དབང་པོ་ཡུམ་སྲས་ཀྱིས་ཆོས་ཚུལ་འདི་ཉིད་པར་དུ་བཞེངས་པའི་ཚེ་ས་སྐྱོང་མ་ཡུམ་ཆེན་མོ་ཉིད་ཀྱི་བཀས་བསྐུལ་བ་གུས་པའི་གཙུག་ཏུ་མཆོད་ནས་གུས་ཞབས་རྨོོངས་རྟུལ་དཱ་རི་ཏྲ་པ་ངག་དབང་བློ་གྲོས་ཀྱིས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོ་ནས་སྤེལ་བ་བི་ཛ་ཡནྟུ།། །