ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ། ཉ༽
རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་མན་ངག་ཟབ་པ་པོ་ཏི་བཞིའི་ཁ་བྱང་ཉི་མས་བརྒྱན་པ།
རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་མན་ངག་ཟབ་པ་པོ་ཏི་བཞིའི་ཁ་བྱང་ཉི་མས་བརྒྱན་པ་བཞུགས་སོ༔
བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ༔ འཇིག་རྟེན་གསུམ་པོ་སྣང་བར་བྱེད་པའི་འོད་ལྡན་པའོ༔ སངས་རྒྱས་རྣམས་ཀྱི་བདེ་ཆེན་ཐུགས་ལ་མངའོ༔ གཉིས་མེད་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཅན་ནོ༔ གཞན་གྱི་རྣམ་པར་རྟོག་པའི་ཞེན་པ་གཅོད་ལ་མཁས༔ སྣང་བ་གཉིས་པོ་དག་ནི་ཟད་པར་མཛད་ལ་མཁས༔ སྐྱེ་མེད་སྙིང་པོ་རང་རིག་དངོས་ལ་སྤྱོད༔ བརྒྱུད་པ་གསུམ་གྱི་རྩ་བ་ཉིད་འཆང་བ༔ དམ་པ་དུས་གསུམ་བཞུགས་པའི་སྐུ་གསུམ་ལ༔ གཉིས་མེད་དད་པ་བརྟན་པོས་སེམས་གཡོས་ཏེ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ནས༔ གསང་བའི་ཡང་བཅུད་རྣམས་ནི་གསལ་བྱའི་ཕྱིར༔ མོས་གུས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ༔ ཐུགས་རྗེ་ཆེན་པོ་མཆོག་ལ་གསོལ་བཏབ་ནས༔ ཡང་གསང་སྦས་བའི་མན་ངག་སྙིང་ཐིག་མ༔ ཁ་བྱང་རྣམ་པ་བརྒྱད་དུ་མ་བཀོད་པའི༔ ཡང་གབ་སྦས་པ་གསང་བ་སྙིང་གི་ནོར༔ ལྷག་ཆད་འགྱུར་བ་མེད་པའི་དོན་ཆེད་དུ༔ གསང་བ་མཆོག་གི་ཡི་གེ་འདི་དག་ནི༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ༔ ཚིག་དོན་གསལ་བར་འདི་ཉིད་འབྲི་བར་བྱ༔ གསང་བ་གསང་མཆོག་བླ་ན་མེད་པའི་སྡེ༔ སྙིང་པོ་ཡང་ངེས་གསང་བའི་མན་ངག་རྣམས༔ རས་ཆོད་གཟུ་ལུམ་ཉིད་དང་བྲལ་བྱའི་ཕྱིར༔ འགྱུར་མེད་དོན་གྱི་ཡི་གེ་འདི་ལྟར་འབྲི༔ ཨེ་མ༔ གསང་མཆོག་དམ་པ་གཞན་དུ་མ་བསྟན་པའོ༔ སྙིང་ལས་ལྷག་པའི་མན་ངག་སྙིང་ཐིག་ལ༔ ཁ་བྱང་རྣམས་སུ་བཀོད་པར་མ་ཕོད་པའི༔ རྩ་རྣམས་མདུད་པ་སྙིང་ལ་འདུས་པ་ལྟར༔ བརྒྱ་དང་བཅུ་དགུ་མན་ངག་དམ་པ་རྣམས༔ ཡང་གསང་སྙིང་དང་འདྲ་བ་བཞི་ལ་འདུས༔ དེ་ཀུན་མཚན་ཙམ་བརྗོད་པར་མི་ཕོད་པའི༔ བདག་གི་ཁོང་སྙིང་ཕྱུངས་བ་འདི་ལྟ་སྟེ༔ དོན་གཉིས་རྫོགས་པར་འདོད་
པའི་སྐལ་ལྡན་གྱིས༔ གསང་བ་དུང་ཡིག་ཅན་ལ་གོམས་པར་བྱ༔ དེ་ཡི་མཚན་ཙམ་བརྗོད་པ་བླ་མ་དང་༔ བདེ་གཤེགས་མཁའ་འགྲོ་རྣམས་ལ་བཟོད་པར་གསོལ༔ སྐལ་ལྡན་སྙིང་གི་བུ་ལ་དགོས་སྲིད་ན༔ འདི་ཉིད་ཚིག་ཏུ་བརྗོད་པ་མ་གཏོགས་པ༔ སུ་ཡིས་ཐོས་ན་མཁའ་འགྲོའི་ཆད་པ་ཕོབ༔ དེ་བས་སྙིང་པོ་སེམས་ལ་རྒྱས་ཐོབ་ལ༔ སྙིང་པོ་བྱང་ཆུབ་བར་དུ་ཁར་མི་དབྱུང་༔ གཞན་གྱིས་ཐོས་ཤིང་མཐོང་ན་རང་སྲོག་འཚིག༔ དེ་བས་རླུང་ཕྱོགས་ཙམ་དུ་བསྒྲག་པ་མིན༔ འབྱུང་བའི་སྒྲ་དང་བྲལ་བའི་གནས་སུ་བསྐྱལ༔ སྐབས་སུ་བལྟ་ཞིང་བསྙེན་བཀུར་ཆེན་པོ་བྱ༔ རང་གིས་གོམས་པར་བྱས་ལ་གཏེར་དུ་སྦ༔ གཞན་དུ་བསྟན་ཞིང་གཞན་ལ་མ་ཡིན་ནོ༔ ཡང་གསང་སྙིང་དང་འདྲ་བའི་མན་ངག་ལ༔ བསྟན་པ་ཐམས་ཅད་འདུས་པའི་བུ་གཅིག་པོ༔ སུས་ཀྱང་བྱས་པ་མེད་པའི་ཡི་གེ་ཉིད༔ རང་བྱུང་ཀུན་གྱི་ཐོག་མར་བྱུང་བས་ན༔ སྐད་དང་བརྡ་རྣམས་མི་མཐུན་མེད་པའི་ཕྱིར༔ སྐལ་ལྡན་རྣམས་ཀྱིས་མཐོང་ཞིང་བལྟས་པའི་ཚེ༔ ཡི་གེ་རང་རང་མཐུན་པ་ཉིད་དུ་ཤེས༔ དེ་ཡི་དབང་གིས་འབྱུང་བའི་སྒྲ་དང་བྲལ༔ ས་ཡིས་བསུབ་ཅིང་ཆུ་ཡིས་ཁྱེར་བ་དང་༔ རླུང་གིས་འཐོར་བ་མེད་ཅིང་མེས་བསྲེག་བྲལ༔ སྐྱེས་བུ་རྣམས་ཀྱིས་བཤིགས་ཤིང་མཐོང་བ་མེད༔ འདི་ནི་བསྟན་པ་ཐམས་ཅད་འདུས་པའི་གནད༔ སྐལ་ལྡན་སྙིང་གི་བུ་ཡིས་འདི་བྲིས་ཏེ༔ བསྟན་པ་གང་ལ་བབ་པའི་ཁ་དོག་ནི༔ རིན་ཆེན་སྙིང་པོ་དག་གིས་བྲིས་ནས་ནི༔ རང་གི་ལུས་དང་འབྲལ་བ་མེད་པར་བཅང་༔ ལྟ་ཞིང་ཀློག་པའི་ཚེ་ན་གཞན་དག་གིསཿའདི་ཉིད་མཐོང་བར་གྱུར་ན་དངོས་གྲུབ་ཡལ༔ དེ་ཕྱིར་དུར་ཁྲོད་དམ་ནི་ནགས་ཀྱི་ཀློང་༔ སུས་ཀྱང་རྒྱུ་བར་དཀའ་བའི་གནས་སུ་ནི༔ ཆུ་གླིང་ལ་སོགས་དབེན་པར་བཀླག་ཅིང་
མཆོད༔ འདི་ཉིད་སུ་ལ་སྣང་བའི་མི་དེ་ནི༔ སྐལ་དང་ལྡན་པ་ངེས་པར་གྲོལ་བ་འོ༔ དེ་ལྟར་ངེས་པའི་མན་ངག་སྙིང་གི་ནོར༔ རབ་ཏུ་ཟབ་ལ་མེད་ཐབས་མེད་པ་ཡི༔ བདུད་རྩིའི་ཐིག་པ་འགྲོ་རྣམས་ནད་སེལ་པའི༔ སྙིང་ཐིག་མན་ངག་ངེས་པ་འདི་དག་གསང་༔ སུ་ལའང་མི་བསྟན་རང་གི་སེམས་ལ་བརྣགས༔ སྙིང་པོའི་དོན་རྣམས་ལྟ་ཞིང་སྤྱོད་པ་ལས༔ རླུང་དང་སེར་བུའི་སྒྲ་ཙམ་ཕྱོགས་སུ་སྤང་༔ གཞན་རྣམས་འདི་དང་སྐལ་པ་མེད་པའི་མིས༔ མཐོང་བར་གྱུར་ཡང་དམ་ཚིག་ཆད་པར་འགྱུར༔ ཐོས་པར་གྱུར་ན་ལུས་ངག་མེ་ཡིས་བསྲེག༔ དེ་བས་རང་གི་སེམས་ལ་རྒྱས་བཏབ་སྟེ༔ རྐུན་པོའི་ནོར་ལྟར་གསང་ཞིང་སྤྱད་པར་བྱ༔ སུ་ལའང་བསྒྲགས་པ་མེད་པའི་གསང་བ་འདི༔ སྐལ་ལྡན་སྙིང་གི་བུ་དང་འཕྲད་པར་ཤོག༔ ཨྠྀི༔ ༔ མཆོག་ཏུ་གསང་བའི་མན་ངག་སྙིང་ནོར་འདི༔ མཚན་ཙམ་བརྗོད་པར་བདག་གིས་མི་ཕོད་སྟེ༔ བླ་མ་བརྒྱུད་པ་རྣམས་ལ་གསོལ་བཏབ་ནས༔ སྙིགས་མའི་དུས་སུ་འདི་ཉིད་དགོས་སྲིད་པས༔ སྙིང་ཐིག་ཟབ་པའི་ཁ་བྱང་འདི་ཉིད་འབྲི༔ གསང་ཆེན་སྙིང་དང་འདྲ་བའི་མན་ངག་ཉིད༔ ཡང་དག་རྫོགས་པའི་རྡོ་རྗེ་འཆང་ཆེན་གྱིས༔ སྔོན་ཆད་ཐུགས་ཀྱི་ཀློང་ནས་མ་རྡོལ་བའི༔ འཁོར་བའི་ཆོས་ཉིད་གཏན་ནས་སྤང་བའི་ཕྱིར༔ འདའ་བ་མེད་ལས་འདའ་བའི་ཚུལ་བསྟན་པའི༔ སྟོན་པ་མྱ་ངན་འདས་པའི་རྗེས་ཞབས་ལ༔ ནམ་མཁའ་མི་ཕྱེད་བར་སྣང་ཉིད་ལས་ཀྱང་༔ བྱིན་བརླབས་ཐོག་མར་རང་བྱུང་ཡི་གེ་ཉིད༔ སྤྲུལ་པའི་གདུང་བ་བཅད་པ་འདི་ཉིད་ཀྱང་༔ རིན་ཆེན་ལྔ་ཡི་རྒྱན་དང་བཅས་པ་དང་༔ འདས་རྗེས་གསུམ་པོ་
མན་ངག་སྙིང་གི་ནོར༔ སུ་ལ་སྣང་བ་དེ་ནི་མངོན་རྫོགས་འགྱུར༔ གང་ལ་སྣང་བར་གྱུར་པའི་སྐལ་ལྡན་དེས༔ རང་གི་ཟག་བཅས་ཕུང་པོ་མ་ཞིག་བར༔ རང་ཉིད་སྙིང་ལ་བཅངས་ཏེ་སུ་ལ་ཡང་༔ བསྟན་ཞིང་བསྒྲགས་ན་རང་སྲོག་འཚིག་པར་འགྱུར༔ དེ་བས་རང་གི་སེམས་ལ་རྒྱས་ཐོབ་ཅིག༔ གལ་ཏེ་ཕུང་པོ་འདོར་བའི་དུས་བྱུང་ན༔ སྐལ་ལྡན་སྙིང་གི་བུ་ལ་གཏད་པར་བྱ༔ འདི་ཡི་གོང་དུ་གཅིག་ལ་བསྟན་སྲིད་ཀྱང་༔ དམྱལ་ཁམས་མེ་ཡིས་རང་གི་ལུས་སེམས་བསྲེག༔ དེ་བས་འཆི་ཁར་སྐལ་ལྡན་ཞིག་ལ་བྱིན༔ གཉིས་དང་གསུམ་ལས་མང་ན་ཆད་པ་ཕོག༔ རིན་ཆེན་ཡི་གེ་དག་ནི་བྲིས་ཏེ་འཆང་༔ འདི་ལྟར་བགྱིས་ན་བྱིན་རླབས་ཆུ་རྒྱུན་ལྟར༔ རྣལ་འབྱོར་དམ་པ་དེ་ལ་གནང་བ་འོ༔ གལ་ཏེ་བསྟན་པའི་བདག་པོ་མ་རྙེད་ན༔ ཕྱི་རབས་དོན་དུ་རིན་ཆེན་གཏེར་དུ་སྦོས༔ འདི་ལྟར་འདས་རྗེས་གསུམ་པོའི་དོན་ལ་རེག༔ གསང་བའི་ཡང་བཅུད་སྙིང་གི་གདམས་པ་འོ༔ གསང་བ་མཆོག་དེ་རྫོགས་པ་ཡོངས་རྫོགས་ཆེ༔ དེ་ཡི་མན་ངག་སྙིང་གི་བཅུད་ཕྱུངས་པ༔ གཞན་དུ་བསྟན་པ་མེད་པའི་སྙིང་ཐིག་མ༔ འདི་ཡི་མཚན་ཙམ་བརྗོད་པར་མི་ཕོད་སྟེ༔ སྙིང་གི་ཡང་བཅུད་འདི་ཉིད་གསལ་བྱའི་ཕྱིར༔ དབང་པོའི་དྭངས་མ་མིག་དང་ཁོང་གི་སྙིང་༔ ཕྱི་རུ་ཕྱུངས་ཏེ་སྐལ་ལྡན་དོན་ཆེད་དུ༔ ཡི་དམ་དམ་པ་འདི་ཉིད་འབྲི་བར་བྱ༔ གསང་བ་སྙིང་གི་གཟེར་བུ་རིག་པའི་གནད༔ ལུས་དང་ངག་ལ་བརྟེན་ནས་མངོན་སུམ་དུ༔ ཐོབ་མཐོང་འཕེལ་བའི་རིག་པ་འདི་དག་ཉིད༔ དབང་པོའི་ཡུལ་དང་འབྲེལ་བར་བསྟན་པའི་ཕྱིར༔ སྙིང་ཏིག་ཡང་བཅུད་གསང་བ་ཀུན་གྱི་མཆོག༔ གསང་བའི་ཡི་གེ་མ་རུ་
སྙིང་གི་ནོར༔ སྔོན་ཆད་ཕྱུངས་པ་མེད་པའི་མན་ངག་ཉིད༔ ཐེག་པ་མཐའ་དག་རྣམས་དང་མི་འདྲ་བའི༔ སྙིང་གི་དཀྱིལ་དུ་མདའ་ཡིས་ཕོག་པ་ལྟར༔ ཕྱིར་མི་ལྡོག་པར་བྱེད་པའི་ཐབས་ཆེན་ནི༔ མཚན་ནས་བརྗོད་པར་བླ་མ་བརྒྱུད་པ་དང་༔ མཁའ་འགྲོ་རྣམས་ཀྱིས་བཟོད་པ་ཆེན་པོ་མཛོད༔ འདི་དང་འཕྲད་པའི་སྐལ་ལྡན་ངེས་ལུང་ཅན༔ ཟག་བཅས་ཕུང་པོ་འབྱུང་བ་རང་ཟད་ལ༔ འགྲོ་བར་འགྱུར་བ་ཐེ་ཚོམ་སོམ་ཉི་མེད༔ གལ་ཏེ་སྙིང་པོ་གསང་བའི་དོན་འདི་དང་༔ ཕྲད་དེ་ཉམས་སུ་མ་བླངས་དོན་གཡེལ་ན༔ མ་སྤྱད་བཞག་པའི་གཏེར་འདྲ་ཡོན་ཏན་མེད༔ དེ་ཡི་ཕྱིར་ན་སྙིང་པོའི་དོན་འདི་ཉིད་༔ ཉམས་སུ་ལོངས་ཤིག་སྐལ་ལྡན་སྙིང་གི་བུ༔ སྙིང་པོའི་ཡང་བཅུད་གང་དང་མི་འདྲ་བའི༔ གསང་ཆེན་ངེས་པའི་སྙིངཔོ་འདི་དག་ནི༔ གཞན་གྱིས་ཐོས་པར་གྱུར་ན་དངོས་གྲུབ་བརླག༔ མཐོང་བས་རྣལ་འབྱོར་རྣམས་ཀྱི་འབྲས་བུ་ཡལ༔ མཚན་ཙམ་ཉིད་ཀྱང་བརྗོད་པར་བྱ་བ་མིན༔ འབྱུང་བའི་དགྲས་མི་ཚུགས་པའི་གནས་ཉིད་དུ༔ བྲག་གི་ཐེམ་པ་ཉིད་དམ་དབེན་པར་ནི༔ ལྕགས་སམ་ཟངས་སམ་དངུལ་གྱི་སྣོད་དུ་བསྩལ༔ རབ་ཏུ་སྦས་ཏེ་སུས་ཀྱང་མཐོང་མེད་པར༔ བཞུགས་སུ་གསོལ་ཏེ་སྐབས་སུ་ལྟ་བའི་ཚེ༔ མཁའ་འགྲོ་རྣམས་ལ་ཚོགས་གཏོར་བྱིན་ནས་ནི༔ བལྟ་ཞིང་སྤྱད་པར་བྱ་བ་འདི་ཉིད་ལས༔ གཞན་དུ་རང་དགར་སྤྱོད་ཅིང་ལྟ་བ་མིན༔ དེ་ཡི་ཕྱིར་ན་ཐབས་འདི་མཆོག་ཏུ་གསང་༔ ཨེ་མ་འདི་ལྟར་ངོ་མཚར་ཆེ་བ་ཡི༔ མན་ངག་ངེས་པ་སྙིང་གི་ནོར་མཆོག་འདི༔ འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི༔ སངས་རྒྱས་རྣམས་ཀྱིས་འདི་དོན་གསུངས་པ་དང་༔ གསུང་བ་དང་ནི་གསུང་བར་འགྱུར་བ་མིན༔ དེ་ཡི་ཕྱིར་
ཡང་ཐབས་འདི་མཆོག་ཏུ་གསུང་༔ རང་གི་རིག་པ་མངོན་སུམ་སྟོན་པ་ཡི༔ ཡང་གསང་དྲིལ་བ་སྙིང་པོ་རྣམས་ཀྱི་བཅུད༔ འདི་དང་ཕྲད་པའི་སྐལ་ལྡན་ངེས་ལུང་ཅན༔ སངས་རྒྱས་ཉིད་དུ་འགྱུར་བར་ཐེ་ཚོམ་མེད༔ གལ་ཏེ་ངེས་པའི་སྙིང་པོ་འདི་ཉིད་དང་༔ ཕྲད་དེ་དོན་འདི་ཉམས་སུ་མ་བླངས་ན༔ བསྐལ་པ་བྱེ་བ་བརྒྱ་སྟོང་དུང་ཕྱུར་དུའང་༔ སངས་རྒྱས་འབྲས་བུ་ཉིད་ནི་ཐོབ་པ་མིན༔ དེ་བས་འཁྲུལ་བའི་བྱ་བ་ཀུན་སྤངས་ཏེ༔ དུར་ཁྲོད་དམ་ནི་ནགས་ཚལ་ཆེན་པོའི་ཀློང་༔ སུས་ཀྱང་རྒྱུ་བ་མེད་པའི་གནས་མཆོག་ཉིད༔ རབ་ཏུ་དབེན་ཞིང་དཔག་ཚད་མང་པོ་ཡི༔ གྲངས་ཚད་འདས་པ་རྣམས་ཀྱི་ཕ་རོལ་ཏུ༔ ལུས་དང་ངག་དང་ཡིད་ཀྱི་གནད་གཅུན་ལ༔ སུ་དང་འཕྲད་པ་མེད་པར་གཅིག་པོར་འདུག༔ རང་གི་དེ་ཉིད་འབྲལ་བ་མེད་པར་ལྟ༔ དེ་ལྟར་གནས་པས་སྙིང་པོའི་དོན་དང་ཕྲད༔ ཡང་དག་པ་ལ་སྣང་བ་འདི་ལ་འགྱུར༔ དེ་ལྟར་རབ་ཏུ་གནས་པའི་སྟོབས་མེད་ན༔ ལུང་སྟོང་རི་རྩེ་ལ་སོགས་ཉིད་དུ་ཡང་༔ རྟག་ཏུ་ངག་བཅད་ལྐུགས་པ་ལྟ་བུར་རྒྱུ༔ གཞན་གྱི་མཐོང་ན་རི་དྭགས་བཞིན་དུ་བྲོས༔ འདི་ལྟར་བྱེད་པའི་སྐལ་ལྡན་སྙིང་གི་བུ༔ ཡང་དག་དམ་ཚིག་དམ་པ་དེ་ལ་ཡོད༔ རྣལ་འབྱོར་དབང་ཕྱུག་ཆེན་པོ་ཞེས་བྱའོ༔ མན་ངག་སྙིང་པོ་འདི་ནི་ངེས་པའི་ཐབས༔ ཡང་སྙིང་དྲིལ་བ་སུ་ལ་བསྟན་པ་མེད༔ དེས་ན་གསང་ཆེན་དམ་པ་མཆོག་གི་ཐབས༔ རབ་ཏུ་གསང་སྟེ་རང་གི་ཡིད་ལ་བརྣོགས༔ ཚིག་ཟུར་ཙམ་དང་མཚན་ཡང་བརྗོད་པ་མིན༔ མཐོང་བར་གྱུར་ན་ངེས་པའི་འབྲས་བུ་ཡལ༔ སངས་རྒྱས་རྣམས་ཀྱི་བདེ་ཆེན་དམ་པ་འོ༔ ཤེས་རབ་
ཀྱིས་མིན་དབང་པོའི་ཡུལ་ཅན་ནོ༔ ཚིག་གིས་འདི་དོན་རྟོགས་པ་མ་ཡིན་ཏེ༔ ལྕེ་ཡིས་བརྗོད་ཅིང་རྣ་བར་ཐོས་པ་མེད༔ བརྗོད་མེད་དོན་དེ་རྣལ་འབྱོར་ངག་གི་གནས༔ ལག་ཏུ་བླང་བའི་མན་ངག་ཚིག་གསུམ་མོ༔ འདི་ལྟར་ཡིན་ནོ་སེམས་ཀྱི་བུ་གཅིག་པོ༔ གཞན་གྱིས་འདི་དོན་གསལ་བར་སྟོན་པ་མེད༔ ཚིག་གསུམ་གྱིས་ནི་སྐུ་གསུམ་སྣང་བ་སྟོན༔ འདི་དོན་གསང་བ་ཡིན་ནོ་ས་མཱ་ཡ༔ ཁ་བྱང་རྣམས་སུ་བཀོད་པ་མེད་པ་ཡི༔ རབ་ཏུ་གསང་བའི་མན་ངག་རྣམ་བཞི་ཉིད༔ ཀུན་ལ་གསང་ངོ་རང་གི་སྙིང་ལ་ཕུར༔ གཞན་ལ་བརྗོད་པ་མེད་དོ་ཕྱི་རབས་བུ༔ བདག་གིས་མན་ངག་མང་ལ་ལོངས་སྤྱད་ཀྱང་༔ མན་ངག་འདི་དོན་སྟོན་མི་མ་མཐོང་ངོ་༔ དེས་ན་སྙིང་གི་སྙིང་མཆོག་དམ་པར་ཟུངས༔ མན་ངག་རྣམ་པ་བཞི་ཡི་ཁོང་གི་སྙིང་༔ ཡི་གེ་མ་རུ་གསང་བ་ཟངས་ཡིག་ཅན༔ འདྲ་མིན་གཉིས་ལས་སྙིང་གི་ནོར་མཆོག་འདི༔ ཁྱད་འཕགས་བསྟན་པ་ཀུན་གྱི་ཁོང་གཟེར་ཡིན༔ གསང་བ་སྙིང་གི་མན་ངག་བཞི་མེད་པར༔ ཡི་གེ་མང་པོ་དཀར་ཆབ་སྤུངས་པ་འདྲ༔ དོན་མེད་སྙིང་པོའི་དོན་ལ་རེག་པ་མེད༔ དེ་ཀུན་ཐད་ཀའི་བདེན་པ་སྟོན་པ་མིན༔ སྙིང་ཐིག་གསང་བ་ཟངས་ཡིག་ཅན་མེད་ན༔ ལྷག་མ་གསུམ་ཡང་དོན་མེད་ཡུགས་ས་རྐྱང་༔ དེས་ན་འདེག་པར་འདྲིལ་བ་འདི་རང་ཉིད༔ རྣལ་འབྱོར་དམ་ཚིག་རབ་དང་འདི་ཕྲད་ནས༔ འདི་དོན་རྫོགས་པའི་འབྲས་བུ་འགྲུབ་པར་ཤོག༔ ཨྠྀི༔ ༔ ཤེས་བྱ་རང་ཚད་ཕེབས་ལ་ཕྱག་འཚལ་ལོ༔ དངོས་པོ་གཤིས་ཀྱི་འདུག་ཚུལ་གཞན་གང་གིས༔ རྟོགས་པར་འགྱུར་བ་ཡང་ནི་མ་ཡིན་ཏེ༔ དེ་དོན་དབང་པོའི་ཡུལ་དང་འབྲལ་མེད་པར༔ མཐོང་ཞིང་དངོས་པོ་རྩ་བ་ལྟ་བུ་ནི༔ གནད་ཀྱི་ཡི་གེ་དམ་པ་འདི་
བཞི་ལ༔ དུམ་བུ་ངེས་པའི་གྲངས་ནི་དུ་ཡོད་པ༔ མ་བུ་ངེས་པ་ཉིད་ནི་འདི་ལྟ་སྟེ༔ བསྟན་པ་ཐམས་ཅད་འདུས་པའི་བུ་གཅིག་པོ༔ དུམ་བུ་གཅིག་སྟེ་མ་བུ་གཉིས་ཡོད་དོ༔ སངས་རྒྱས་རྣམས་ཀྱི་འདས་རྗེས་རྣམ་གསུམ་ལ༔ དུམ་བུ་གསུམ་སྟེ་མ་བུ་གསུམ་ཡོད་དོ༔ གསང་བ་རྒྱུད་ཀྱི་ཁོག་སྙིང་མན་ངག་ཉིད༔ དུང་ཡིག་ཅན་ལ་དུམ་གཅིག་མ་བུ་བདུན༔ ཡང་གསང་ཟབ་མོ་གསང་བ་སྙིང་ཐིག་མ༔ ཡང་གབ་ཟངས་ཀྱི་ཡི་གེ་ཅན་ལ་ནི༔ སྤྲོས་བཅས་རྣམས་ལ་དུམ་བུ་བཅུ་དྲུག་ཡོད༔ སྤྲོས་མེད་རྣམས་ལ་དུམ་བུ་གཅིག་གིས་སྟོན༔ བུ་བརྒྱད་མ་དང་དགུ་ཡིས་དོན་གཉིས་འགྲུབ༔ དེ་ལྟར་རབ་ཟབ་མན་ངག་རྣམ་བཞི་ལ༔ དུམ་བུ་མ་བུའི་རྟོག་པ་བཅད་པའི་ཕྱིར༔ གསང་བའི་ཁ་བྱང་དེམས་ཞེས་བྱ་བ་འོ༔ ཨྠྀི༔ ༔ རང་སེམས་ངེས་པའི་དཔལ་ཕྱག་འཚལ་ལོ༔ རྩ་རྣམས་མདུད་པ་རྣམ་བཞི་ཉིད་དང་ནི༔ སྐྱེ་གནས་ཉིད་དང་སྙིང་དང་མགྲིན་པ་དང་༔ ཚངས་པའི་བུ་ག་དག་ལ་མདུད་པ་ལྟར༔ གསང་ཆེན་རྒྱུད་དང་མན་ངག་བསམ་ཡས་ཀྱང་༔ སྙིང་པོ་དོན་གྱི་མན་ངག་བཞི་ལ་འདུས༔ དེ་ཡི་མན་ངག་རྩིས་སུ་བྱས་པ་ནི༔ དུམ་བུའི་མིང་དང་མ་བུའི་མིང་ཉིད་དང་༔ རིམ་པ་གསལ་བར་ཕྱེ་སྟེ་འདི་ལྟར་འབྲི༔ ཀུན་ལ་བསྟན་པ་མེད་པའི་མན་ངག་བཞི༔ རྣལ་འབྱོར་ཀུན་གྱི་སྙིང་གི་ནོར་ཡིན་པས༔ རང་གི་སེམས་ལ་ཞེ་དགའི་ཡིད་ཀྱིས་འགྲོགས༔ དེ་དག་རྣམས་ཀྱི་མ་དང་བུ་ཡི་མཚན༔ ཚིག་ཏུ་བརྗོད་པར་བདག་གིས་མི་ཕོད་ཀྱང་༔ བླ་མ་ཉིད་དང་མཁའ་འགྲོའི་རིགས་ཉིད་ལ༔ བཟོད་པར་གསོལ་ཏེ་ཕྱི་རབས་དོན་ཉིད་དུ༔ དུམ་བུ་ངེས་པའི་གྲངས་འདི་སེམས་ལ་བརྣོགས༔ འདས་རྗེས་རྣམ་པ་གསུམ་
གྱི་དུམ་བུ་ནི༔ དགའ་ལྡན་རྣམས་ཀྱི་འདས་རྗེས་དང་པོ་ནི༔ མན་ངག་རྣམས་ཀྱི་རྩ་བ་དང་པོར་བསྟན༔ གསང་ཆེན་རོལ་པའི་དུར་ཁྲོད་ཉིད་བབས་པ༔ དང་པོ་ཉིད་ཀྱི་འགྲེལ་པའི་ཚུལ་དུ་བསྟན༔ གསུམ་པ་བྱ་རྒོད་ཕུང་པོའི་རིར་བབས་པ༔ གཉིས་པ་དག་གི་ཊི་ཀའི་ཚུལ་དུ་བསྟན༔ དེ་ལྟར་དུམ་བུ་གསུམ་གྱིས་འདས་རྗེས་རྫོགས༔ དེ་བས་མང་ན་སྙིང་པོའི་དོན་ཉིད་བསླད༔ ཉུང་བར་གྱུར་ན་མན་ངག་ཁ་མི་སྐོང་༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ རང་གི་སྙིང་ལས་ལྷག་པའི་ཟངས་ཡིག་མ༔ འདི་ཡི་མཚན་ཙམ་བརྗོད་པར་འཕངས་ན་ཡང་༔ དེ་ཉིད་དུམ་བུ་ངེས་པ་འདི་ལྟ་སྟེ༔ གང་ཞིག་སྤྲོས་ལ་དགའ་བའི་གང་ཟག་གིས༔ དུམ་བུའི་མིང་དེས་འདི་དག་ངེས་པར་ཟུངས༔ སྤྲོས་པ་གཅོད་པའི་སྒྲོན་མས་འབྱུང་བའི་བསླབ་ཐབས་བསྟན༔ གོམས་པ་གནད་ཀྱི་མན་ངག་དྲུག་གིས་མཚོན་པའི་གཞི་མ་བསྟན༔ སེམས་ཉིད་སྦྱོང་པར་བྱེད་པ་ཐབས་ཀྱི་མན་ངག་གིས༔ དམན་པ་རྣམས་ཀྱི་འཇུག་པའི་རིམ་པ་བསྟན༔ དེས་ན་རིས་ཆད་རྗེས་སུ་བཟུང་བའི་མན་ངག་གཅེས༔ སྦས་པ་མིག་འབྱེད་ཀྱིས་ནི་ལྟ་སྒོམ་སྤྱོད་པ་བསྟན༔ སྤྱོད་པ་བསྡུས་པའི་སྒྲོན་མེས་སྤྱོད་པའི་མཚན་ཉིད་བསྟན༔ སྒོམ་པ་བསྡུས་པའི་སྒྲོན་མས་མིག་གི་སྒོམ་པ་བསྟན༔ ལྟ་བ་བསྡུས་པའི་སྒྲོན་མས་ཕྱི་ནང་ལྟ་བ་བསྟན༔ འབྲས་བུ་བསྡུས་པ་ཉིད་ཀྱིས་འབྲས་བུའི་ཐོབ་ཚུལ་བསྟན༔ ཉམས་ལེན་གཅུད་ཐག་ཉིད་ཀྱིས་སྔོན་འགྲོའི་མན་ངག་བསྟན༔ བཅོས་པ་ལུས་ཀྱི་གནད་ཀྱིས་རིག་པ་ཡུལ་ལ་བསྟན༔ རྒན་མོ་མཛུབ་ཚུགས་ཀྱིས་ནི་རིག་པའི་ལྟ་ལུགས་བསྟན༔ རིག་པ་སྤང་ཟིན་གྱིས་ནི་རིག་པའི་འཆར་ལུགས་བསྟན༔ རིག་པའི་རྒྱབ་བརྟེན་བཅུད་
རྣམས་བསྡུས་པའི་སྙིང་པོས་ཡིད་ཆེས་གཏན་ལ་ཕབ༔ འགལ་བ་བསྡུས་པའི་སྒྲོན་མས་འགལ་ཉམས་གཏན་ལ་ཕབ༔ གཞན་འདོད་བསྡུས་པའི་གཅུད་ཕུར་གྱིས་ནི་གཞན་ལྟའི་འདོད་པ་དགག༔ རིག་པ་བསྡུས་པའི་སྒྲོན་མས་རིག་པ་གཏན་ལ་ཕབ༔ སྐུ་གསུམ་བསྡུས་པའི་སྒྲོན་མས་སྐུ་གསུམ་རང་ལ་སྦྱར༔ ལྟ་སྒོམ་བསྡུས་པའི་སྒྲོན་མས་རྣམ་གསུམ་རིག་པར་སྦྱར༔ ཉག་ཅིག་བསྡུས་པའི་སྒྲོན་མས་ཆོས་སྐུའི་ཐིག་ལེ་ཉག་ཅིག་བསྟན༔ དགེ་སྡིག་བསྡུས་པའི་སྒྲོན་མས་འཁོར་འདས་ལ་ཡང་བཟླ༔ དེ་ལྟར་ཉེར་གཅིག་དུམ་བུས་གསང་བ་ཟངས་ཡིག་རྫོགས༔ ཤེས་རབ་ཟབ་མོའི་བློ་ཡིས་ཡང་བརྟགས་ན༔ དུམ་བུ་བཞི་ཅུ་རྩ་གཅིག་དག་ཏུ་ངེས༔ སྤྲོས་མེད་རྣམས་ནི་སྙིང་ཐིག་ཉམས་ལེན་དངོས༔ འདི་ཡིས་རྣལ་འབྱོར་རྣམས་ཀྱི་དོན་ཆེན་འགྲུབ༔ དེ་ལས་མང་ན་གསང་བ་ཟངས་ཡིག་འཆལ༔ ཉུང་བར་གྱུར་ན་སྙིང་པོའི་དོན་མི་རྙེད༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ གསང་བའི་མན་ངག་དུང་ཡིག་ཅན་ཉིད་ལ༔ ཤེས་རབ་ཞིབ་མོའི་བློ་ཡིས་ཡང་བརྟག་ན༔ དུམ་བུ་བཅོ་བརྒྱད་རྒྱུད་ཀྱི་མཚན་གྱིས་ཤེས༔ འདི་ལས་མང་ན་གསང་བའི་མན་ངག་བསླད༔ ཉུང་བར་གྱུར་ན་དོན་གྱི་སྙིང་པོ་ཉམས༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ ཨྠྀི༔ ༔ རང་གི་ཆ་རྐྱེན་རྫོགས་ལ་ཕྱག་འཚལ་ལོ༔ ངེས་པའི་སྙིང་པོ་རང་བཞིན་དོན་གྱི་བཅུད་༔ རྣམ་བཞི་གཞན་དུ་གྲགས་པ་མེད་པའི་ཆོས༔ སྙིང་ཐིག་སྲང་ལ་ཕབ་པ་འདི་དག་ལ༔ གསལ་བྱེད་སྙིང་པོ་བུ་ཡི་མིང་ཉིད་ནི༔ ངེས་པར་ཚིག་ཙམ་བརྗོད་པར་མི་ཕོད་
ཀྱང་༔ བླ་མ་ཡི་དམ་རྣམས་ལ་གསོལ་བཏབ་ནས༔ གནད་ཀྱི་མན་ངག་འདི་དག་གསལ་བྱའི་ཕྱིར༔ སྐལ་ལྡན་སེམས་ཀྱི་བུ་ཡི་དོན་ཉིད་དུ༔ གསང་བའི་སྙིང་པོ་འདི་དག་ཚིག་ཏུ་བཀོད༔ སྙིང་པོ་ངེས་པའི་རང་སྣང་འདི་ལྟ་བུ༔ ཡ་མཚན་མཆོག་ཏུ་ཆེ་བའི་གསང་བ་ཉིད༔ གནད་ཀྱི་སྙིང་པོ་འདི་ཀུན་ཡིད་ལ་བརྣོགས༔ རྡོ་རྗེ་འཆང་གི་ཚིག་གནད་ངེས་པ་མེད་ན་མཆོད་པའི་དུས་མི་ཤེས༔ དེ་ལྟར་མ་དང་བུ་གཉིས་བསྡེབས་པས་བསྟན་པ་བུ་གཅིག་འགྲུབ༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ གསང་བ་ཟངས་ཡིག་མེད་ན་གདམས་པ་གནད་མི་ཁྲོལ༔ རིགས་འཛིན་ཞལ་ཆེམས་མེད་ན་འཇུག་སྒོ་གསལ་བ་མིན༔ དེ་ལྟར་བུ་གཉིས་མ་དང་གསུམ་གྱིས་འདས་རྗེས་གསུམ་པ་འགྲུབ༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ ཆགས་པའི་པྲ་ཁྲིད་མེད་ན་ཆགས་ཅན་ལམ་མི་ཚུད༔ རླུང་གི་པྲ་ཁྲིད་མེད་ན་ཉམས་ལེན་དུས་མི་ཤེས༔ ཡང་གབ་སྦས་དུམ་མེད་ན་ཟབ་པའི་གནད་མི་ཤེས༔ མདོ་བྱང་བསྡུས་པའི་སྒྲོན་མ་མེད་ན་དམིགས་པའི་རབ་མི་ཕྱེད༔ དམིགས་གཏད་གསལ་བའི་སྒྲོན་མ་མེད་ན་ལྷག་ཆད་ངོ་མི་ཤེས༔ གསང་བ་རྟགས་ཡིག་མེད་ན་ཡིད་ཆེས་གདིང་དང་བྲལ༔ ཚད་ཀྱི་ཡི་གེ་མེད་ན་དུས་ཀྱི་ཚད་མི་ཟིན༔ གསང་བ་རྒྱབ་ཡིག་མེད་ན་དོན་མེད་ཡུགས་ས་རྐྱང་༔ དེ་ལྟར་བུ་བརྒྱད་མ་དང་དགུ་ཡིས་གསང་བ་ཟངས་ཡིག་འགྲུབ༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ པྲ་ཁྲིད་མ་གཏོགས་དུང་ཡིག་ཅན་ཡང་འདྲ༔ སྙིང་ཐིག་ཟབ་མོ་དོན་གྱི་མན་ངག་ལ༔ མ་དང་བུ་སྟེ་དུམ་བུའི་རྟོག་པ་ཅན༔ འདི་ལྟར་དོན་ལ་ཡིད་ཆེས་གསལ་
བྱས་པས༔ ཕྱི་རབས་འཇུག་པའི་སྐལ་ལྡན་སེམས་ཀྱི་བུ༔ ཐེ་ཚོམ་ཡིད་གཉིས་བློ་དང་བྲལ་ནས་ནི༔ སྙིང་པོའི་དོན་རྣམས་བདེ་བླག་ཉིད་དུ་ཡང་༔ མ་ནོར་འཁྲུལ་པ་མེད་པའི་སེམས་ཀྱིས་རྟོགས༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་འདི༔ འཇུག་སྒོ་གསལ་བའི་དོན་དུ་བདག་གིས་བྱས༔ ཡང་དག་སྙིང་པོ་བདེ་བ་ཆེན་པོ་སྟེ༔ རང་སྣང་ཆེན་པོ་སྒྲོ་འདོགས་ཀུན་དང་བྲལ༔ ཀུན་གྱིས་མཐོང་བ་མེད་པའི་ཡེ་ཤེས་ཏེ༔ སྤྲུལ་སྐུ་བསྒྲུབ་སྟེ་གཞན་གྱི་དོན་བྱེད་ཕྱིར༔ འབྱུང་བ་རྣམས་ཀྱི་སྒྲ་ལ་གོམས་བྱེད་པ༔ འབྱུང་བ་ཆེན་པོ་བཅོམ་ལྡན་འདས༔ འགྲོ་བ་ཀུན་ལ་ཡང་དག་གནས༔ དེ་ཉིད་སྔོན་འགྲོའི་སྤྱོད་པ་གསུམ༔ ལུས་སེམས་གནད་ལ་འབེབས་པ་ནི༔ ཐབས་ཀྱིས་གར་ཐབས་སྤྱོད་པ་ཡིས༔ ཨཱ་ལི་ཀཱ་ལི་རབ་ཏུ་བསྟན༔ ཇི་ལྟར་བསམ་པ་བསམ་གཏན་ཉིད༔ དེ་རྗེས་སོར་འཇུག་ཆོ་ག་ནི༔ མི་གཡོ་བ་ནི་སྐུ་ཡི་རྒྱ༔ མི་བརྗོད་པ་ནི་ཡེ་ཤེས་ཏེ༔ མི་ལེན་པ་ནི་བདག་མེད་ཅིང་༔ དེས་ན་ལུས་ངག་ཡིད་ཀྱི་གནད༔ དེ་ལ་བསྐྱོད་པ་མེད་བཞིན་དུ༔ རྣ་དབང་གཞན་ལ་ཐོས་མི་འགྱུར༔ དེ་བཞིན་ལྕེ་ཡི་དབང་པོས་ཀྱང་༔ བརྗོད་པར་བྱ་བ་རྡུལ་ཙམ་མེད༔ གཅིག་སྟེ་རྣམ་པ་ཡོངས་ཀྱི་མེད༔ དེ་ནས་རིག་པའི་ཡུལ་བསྟན་པ༔ རྣལ་འབྱོར་ནམ་མཁའི་བྱ་ལམ་གནས༔ དེ་ནས་རིག་པ་ཉིད་བསྟན་པ༔ དེ་ལ་དེ་བསྟན་དེ་ཡང་ཐོབ༔ དེ་ཉིད་ཐབས་ཀྱི་ཁྱད་པར་ནི༔ ཟླ་བ་ལས་བྱུང་རྟེན་དང་བཅས༔ རིག་པ་མངོན་པར་སྣང་བ་ནི༔ མངོན་སུམ་བདེ་བ་རང་ལས་འབྱུང་༔
དེ་ཉིད་རིག་པའི་ངོ་བོ་ནི༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ དེ་ཉིད་སྣང་བ་གོང་འཕེལ་བས༔ དེ་ལ་ཕྱོགས་ཀྱི་འོད་འདུས་པས༔ ངོ་མཚར་རྨད་བྱུང་རོལ་པ་ནི༔ རིག་པ་ཚད་ལ་ཕེབས་པ་སྟེ༔ བྱ་བ་མེད་པའི་ལས་རྣམས་ཏེ༔ ཆོས་རྣམས་ཟད་པའི་སར་ཕྱིན་པ༔ ཟབ་གཅིག་ན། ཟབ་པའི་ཆ་ཤས་སོགས་ཡུལ་མེད་ཟེར་མོའི་ཆ་ཞེས་རྟོག་ཡུལ་མེད༔ ཐ་ཚིག་མིང་དུ་བཏགས་པ་མེད༔ སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད༔ དེ་ལྟར་ལུང་ཆེན་རྣམས་ཀྱིས་མཚོན་ནས་ནི༔ རིག་པའི་ཡེ་ཤེས་མངོན་སུམ་གཏན་ལ་ཕབ༔ རང་བཞིན་རྫོགས་པ་ཆེན་པོའི་མན་ངག་དང་༔ འགལ་བ་མེད་ཅིང་དབང་པོའི་གནད་དང་བསྟུན༔ གཞན་གྱི་མན་ངག་ཚད་ཕེབས་རྒྱབ་ཡིག་དང་༔ རང་གི་སྣང་བ་གཏན་ལ་དབབ་པའི་གཟེར༔ ངེས་པར་གཏན་ལ་ཕབ་པ་འདི་ཉིད་དོ༔ རྣལ་འབྱོར་རྣམས་ཀྱི་གསང་ཆེན་དམ་པ་འོ༔ སངས་རྒྱས་རྣམས་ཀྱི་དགོངས་པ་ཉག་གཅིག་དང་༔ རིག་པ་ཉིད་ཀྱི་ཡེ་ཤེས་ཟང་ཀ་མ༔ ཡུལ་ལ་གཅེར་མཐོང་ཉིད་དུ་སྟོན་པའི་ཕྱིར༔ སངས་རྒྱས་སྤྲུལ་པ་དགའ་རབ་རྡོ་རྗེ་ཡིས༔ སྙིང་གི་སྲང་ལ་ཕབ་པའི་མན་ངག་ཉིད༔ ཡི་གེ་མ་རུ་གསང་བ་སྙིང་ཐིག་མ༔ གཞན་དུ་བསྟན་རེ་མཁའ་འགྲོ་རྣམ་གསུམ་དཔང་༔ དེ་ཡི་ཕྱིར་ན་གསང་བ་མན་ངག་སྙིང་༔ རང་སེམས་སྟོང་པ་ཉིད་ལ་རྒྱས་བཏབ་ལ༔ སྐལ་ལྡན་སེམས་ཀྱི་བུ་དང་མ་འཕྲད་བར༔ ཆུ་སྲིན་པིར་གྱི་གྲེ་བ་བཞིན་དུ་བསྡམ༔ གལ་ཏེ་བསྐལ་པ་འཇིག་པའི་དུས་བྱུང་ན༔ རང་གི་ཡིད་ལ་རང་གིས་རྒྱས་བཏབ་ལ༔ ཁོང་དུ་སྦྲུལ་ཞུགས་ལུས་ལ་མེ་ཤོར་ཡང་༔ ཇི་སྲིད་གནས་པའི་བར་དུ་ཁར་མི་དབྱུང་༔ དེ་ནས་བསྟན་པ་
ཀུན་གྱི་བཙས་སུ་སྦོས༔ དངོས་གྲུབ་འདོད་པའི་རྣལ་འབྱོར་དམ་པ་ཡིས༔ སྐབས་སུ་མཆོད་ཅིང་སྐབས་སུ་བལྟས་པ་ཡིས༔ མཆོག་དང་ཐུན་མོང་གཉིས་ལ་ཅི་དགར་རོལ༔ རིག་པ་མངོན་སུམ་ལྟ་བའི་མེ་ལོང་ཉིད༔ ཟངས་ཀྱི་ཡི་གེ་རྣལ་འབྱོར་ཀུན་གྱིས་སྙིང་༔ སྐལ་ལྡན་སེམས་ཀྱི་བུ་དང་འདི་ཕྲད་ནས༔ ལུས་ངག་ཡིད་ལ་བར་ཆོད་མི་འབྱུང་བར༔ རིག་པའི་ཡེ་ཤེས་ཚད་ལ་ཕེབས་པར་ཤོག༔ ཡང་གསང་དྲིལ་བ་མན་ངག་ཀུན་གྱི་སྙིང་༔ སངས་རྒྱས་ཀུན་གྱི་བདེ་ཆེན་སྙིང་པོའི་དོན༔ ཐེག་པ་ཐུན་མོང་རྣམས་ལས་ཁྱད་འཕགས་པའི༔ དབང་བོའི་ཡུལ་དང་འབྲེལ་བའི་གནད་མཆོག་འདི༔ ལུས་ཀྱི་གནས་ལ་བརྟེན་ནས་མངོན་སུམ་བར༔ སྟོང་པའི་ཡུལ་ལ་འགྱུར་མེད་སྲང་དུ་ཚུད༔ འབྲལ་བ་མེད་ཅིང་རང་གི་དོན་དམ་ཉིད༔ རྟོག་པ་མ་ཡིན་མཐོང་ཡུལ་རྣམ་པར་དག༔ འདི་ལྟར་ངག་གི་གནད་ལ་བརྟེན་པས་ནི༔ བརྗོད་དུ་མེད་པའི་རང་གནད་ཡུལ་ལ་མཐོང་༔ དེ་ཡི་ཕྱིར་ན་གཏན་ཚིགས་ལུང་གི་གནད༔ མི་གསུང་མཉམ་པར་བཞག་པ་སྔགས་ཚིག་ཡིན༔ སེམས་ཀྱི་གནད་ལ་བརྟེན་པ་ཡིས༔ མེ་ལོང་ནང་དུ་བཞིན་ལྟར་བསྟན༔ རིག་པའི་ངོ་བོ་མངོན་དུ་མཐོང་༔ དེ་ཡི་ཕྱིར་ན་ངེས་པའི་བཀའ༔ མངོན་སུམ་པ་དང་རྒྱབ་ནས་འབྱུང་༔ སྤྱིར་ན་གསང་སྔགས་འབྲས་བུ་ཉིད༔ མངོན་སུམ་པ་དང་ཕྱི་ནས་ཡིན༔ འདི་ནི་རྒྱབ་ཐོབ་མ་ཡིན་པར༔ མངོན་སུམ་ཉིད་དུ་བྱེད་པས་ན༔ འབྲས་བུ་ཉིད་ལས་ལམ་དུ་བྱེད༔ གཞན་གྱི་ཚིག་གིས་མ་ཡིན་པར༔
རང་གི་མཐུ་ཡིས་རིག་པ་འོ༔ འདི་དག་ཚིག་ཏུ་བཀོད་པ་ཡིས༔ རིག་པའི་དོན་ལ་ཡིད་ཆེས་པ༔ མི་འགྱུར་བརྟན་པའི་དོན་དུ་ུའོ༔ རིན་ཆེན་སྙིང་པོ་ལྟ་བུའི་དེབས༔ སྙིང་དུ་གདམས་ཏེ་གསང་བའི་དོན༔ ཕྱི་རབས་བསྐལ་ལྡན་ངེས་ལུང་ཅན༔ འཇུག་སྒོ་གསལ་བར་བྱ་བའི་ཕྱིར༔ ཡི་གེ་དམ་པ་བརྗོད་པའི་བརྡ༔ བླ་མའི་མན་ངག་ཐུགས་ཀྱིས་བཅུད༔ རྒྱལ་བའི་བཀའ་དང་འགལ་མེད་པར༔ སེམས་ཀྱི་བུ་ཡི་དོན་དུ་བསྡེབས༔ འདི་ལ་འཁྲུལ་པ་ཡོངས་མེད་ཀྱང་༔ གལ་ཏེ་འཁྲུལ་པ་བྱུང་སྲིད་ན༔ རྒྱལ་བ་སྲས་དང་བཅས་པ་དང་༔ བླ་མ་ཉིད་དང་མཁའ་འགྲོ་ལ༔ བཟོད་པར་གསོལ་ཞིག་ས་མ་ཡཱ༔ དེ་ཡི་ཕྱིར་ན་འཁྲུལ་མེད་དངོས༔ གསང་བའི་གནད་དང་བསྟུན་ནས་ནི༔ མཚན་ཡང་བརྗོད་པར་མ་ཕོད་པའི༔ སྙིང་ཐིག་གསང་བའི་ཆོས་བཞི་ཡི༔ ཚིག་ལ་འགྱུར་བ་མེད་པའི་ཕྱིར༔ དབང་པོ་མིག་དང་དོན་གྱིས་སྙིང་༔ ལུས་ཀྱི་རྩ་གནད་ཇི་བཞིན་དུ༔ ཆོས་རྣམས་ཀུན་གྱི་གནད་བཀྲོལ་ནས༔ ཟབ་མོ་རྣམས་ཀྱི་ཡང་ཟབ་པ༔ སྙིང་པོ་ཡང་ནས་ཡང་བསྡུས་པ༔ ཐིག་ལེ་ཉག་ཅིག་མདོར་བསྡུས་ནས༔ དགོས་དོན་གསལ་བ་འདི་ཉིད་དུ༔ བསྟན་ནས་ཚེགས་ཆུང་དོན་ཆེ་བའི༔ སྙིང་པོ་ཉིད་ལ་འགྱུར་མེད་པའི༔ རིན་ཆེན་གསང་བའི་ཁ་བྱང་འདི༔ སྐལ་ལྡན་ཡིད་ཆེས་བསྐྱེད་པའི་ཕྱིར༔ སྙིང་ཐིག་མན་ངག་འཁྲུལམེད་པར༔ ཉམས་བླང་ཚད་དུ་ཕྱིན་པར་ཤོག༔ གསང་ཆེན་ངེས་པའི་སྙིང་པོ་ལ༔ རང་དབང་ཉིད་དུ་ཐོབ་པ་དང་༔ སྐུ་གསུམ་ཡེ་ཤེས་ལྔ་རྣམས་ཀྱི༔ སྣང་བ་ལམ་དུ་རྫོགས་པར་ཤོག༔ མཐར་ཐུག་ཆེན་པོའི་ཚད་ཕེབས་དང་༔ ཆོས་
རྣམས་ཟད་པའི་སར་སྐྱོལ་ཤོག༔ ཁ་བྱང་གི་རྒྱལ་པོ་ཉི་མས་བརྒྱན་པ་ཞེས་བྱ་བ༔ རབ་ཏུ་ཟབ་པ་རྣམས་ཀྱི་མན་ངག་མི་འགྱུར་བའི་དོན་དུ༔ མཁས་པ་ཆེན་པོ་བི་མ་ལ་མི་ཏྲས་ལྷོ་ཕྱོགས་བྷེ་ཏའི་ཡུལ་རིན་པོ་ཆེ་སྣང་བར་མཛད་པ་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ྄་རྒྱ༔ གུཧྱ༔ ཤུབྷཾ༔
ཤོག་ཚད་ངེས་པའི་ཁ་བྱང་སྒྲོན་མ་རང་གསལ།
ཤོག་ཚད་ངེས་པའི་ཁ་བྱང་སྒྲོན་མ་རང་གསལ་བཞུགས༔ ཚད་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཆེན་པོ་དེ༔ གཉིས་མེད་དབང་པོའི་ཡུལ་དུ་རྟོགས་བྱའི་ཕྱིར༔ རང་སྣང་བཅར་ལ་འབེབས་པའི་ཐབས་དག་ནི༔ བླ་མའི་བྱིན་རླབས་སྔོན་གྱི་སྐལ་བ་དང་༔ རང་གི་དད་པ་མོས་གུས་བྱས་པ་ལ༔ བརྟེན་ནས་གཉིས་མེད་རང་སྣང་བདེ་བ་ཆེ༔ དབང་པོ་རྣམས་ཀྱི་དྭངས་མ་གང་ཡིན་ལ༔ བརྟེན་ནས་རྡོ་རྗེ་ལུ་གུ་རྒྱུད་དེ་ཉིད༔ མངོན་སུམ་གསལ་བར་གཏན་ལ་དབབ་པའི་ཕྱིར༔ གཞན་དུ་བསྟན་པ་མེད་པའི་ཡི་གེ་ཉིད༔ རྣམ་བཞི་ཁ་བྱང་རྣམས་སུ་མ་བཀོད་པའི༔ གསང་ཆེན་སྙིང་དང་འདྲ་བའི་གདམས་པ་ལ༔ ཡི་གེའི་འབྲེལ་པོ་ཤོག་བུའི་གྲངས་ཉིད་ནི༔ འགྱུར་བ་མེད་པའི་ཕྱིར་ན་འདི་དག་ཉིད༔ བླ་མའི་གདམས་པ་སྙིང་པོའི་རྒྱུད་རྣམས་ལ༔ བརྟེན་ནས་འཁྲུལ་པ་མེད་པའི་བློ་གྲོས་ཀྱིས༔ རང་བཞིན་རྫོགས་ཆེན་རྣམས་ཀྱི་བཅུད་ཕྱུངས་པ༔ གསང་བའི་མན་ངག་བཞི་ཡི་རྒྱན་འདི་བཀོད༔ ཡང་གསང་དྲིལ་བའི་མན་ངག་འདི་དག་ལ༔ སྙིང་ཐིག་གསང་བ་ངེས་པའི་གནད་དང་བསྟུན༔ མངོན་སུམ་ཉིད་དེ་རྒྱབ་ནས་འབྱུང་བ་མིན༔ སྙིང་པོ་ངེས་པའི་རང་བཞིན་འདི་ལྟ་བུ༔ ཕྱིས་ཀྱང་འབྱུང་བར་ཤིན་ཏུ་དཀོན་པ་འོ༔ དེ་ཡི་དོན་གྱི་ཚད་ནི་འདི་ལྟ་བུ༔ གཞན་གྱིས་བསྒྱུར་ཅིང་གཞིག་པར་དཀའ་བའི་ཕྱིར༔ ཤོག་ཚད་སྣོད་ཀྱི་བྱེ་བྲག་འདི་ལྟ་སྟེ༔ རིན་ཆེན་ལྔ་ཡི་རང་བྱུང་བྱང་བུ་ནི༔ སུས་ཀྱང་བྱས་ཤིང་བཟོ་ཡིས་མ་བསྒྲུབས་པ༔ འབྱུང་བའི་དགྲ་དང་བྲལ་བའི་བྱང་བུ་ནི༔ བཞི་ཅུ་བརྒྱད་སྟེ་སུས་ཀྱང་བཤིག་ཏུ་མེད༔ རང་བྱུང་ཡི་གེ་སྐད་ཀྱི་རིགས་ལྟར་སྣང་༔ རྫོགས་པའི་སངས་རྒྱས་བགྲང་གིས་མི་ལངས་པའི༔ བྱིན་བརླབས་ཉིད་ལས་རང་སྣང་ཉིད་དུ་ཤར༔ རིན་ཆེན་ཤེལ་ཀྱི་གླེགས་
ཤིང་བར་དུ་གཏེམས༔ རྣམ་བདུན་རིན་ཆེན་གཟེར་ཆེན་བཞི་ཡིས་བསྡམས༔ བསྟན་པ་ཐམས་ཅད་འདུས་པའི་བུ་གཅིག་པོ༔ རང་བྱུང་ཡི་གེ་འབྱུང་བའི་སྒྲ་དང་བྲལ༔ བཅངས་པ་ཙམ་གྱིས་བླ་མེད་འབྲས་བུ་ཐོབ༔ དེ་ཕྱིར་ཡི་གེ་འདི་ཉིད་གསང་བར་བྱ༔ ཨྠྀི༔ ༔ རིན་ཆེན་མཐིང་སྔོན་བྱང་བུ་བཅུ་དྲུག་ལ༔ རིན་ཆེན་གསེར་གྱི་ཡི་གེས་སྤྲས་པ་སྟེ༔ ཟངས་ཀྱི་དྲ་བའི་ནང་དུ་བཅུག་པ་ནི༔ འདས་རྗེས་གསུམ་པ་ཉིད་དེ་རབ་ཏུ་གསང་༔ ཨྠྀི༔ ར་གན་གླེགས་པའི་བྱང་བུ་ལྔ་བཅུ་ལ༔ དཀར་པོ་དུང་ཞུན་ཡི་གེས་བཏབ་པ་ནི༔ གསང་བ་དུང་ཡིག་ཅན་ཏེ་འདི་ཡང་གསང་༔ ཨྠྀི༔ ར་གན་གླེགས་པའི་བྱང་བུ་དྲུག་ཅུ་ལ༔ དམར་པོ་ཟངས་ཞུན་ཡི་གེར་བཏབ་པ་ནི༔ རིན་ཆེན་མཆོང་གི་གླེགས་ཤིང་བར་དུ་གཏེམས༔ རིན་ཆེན་ལྔ་ཡི་གཟེར་ཆེན་གཉིས་ཀྱིས་བསྡམས༔ བསེ་ཡི་སྒྲོམ་བུ་ཁོང་ནག་ནང་དུ་བསྩལ༔ གསང་བའི་མན་ངག་ཟངས་ཡིག་ཅན་དེ་ནི༔ རབ་ཏུ་གསང་བས་རྣལ་འབྱོར་དོན་རབ་འགྲུབ༔ དེ་ཡི་ཕྱིར་ན་ཡང་གསང་དྲིལ་པའི་བཅུད༔ སུ་ལའང་མི་བསྟན་རང་གི་སྙིང་ལ་ཕུར༔ སྙིང་གི་མན་ངག་ཡི་གེ་རྣམ་པ་བཞི༔ གཞན་ལ་མ་སྟེར་རང་གི་སེམས་ལ་སྦོས༔ ཨྠྀི༔ ༔ ༔ དེ་དག་རྣམས་ཀྱི་བུ་ཡི་ཤོག་གུའི་ཚད༔ ཡི་གེའི་རྒྱུ་དང་སྣོད་ཀྱི་བྱེ་བྲག་ནི༔ རིན་ཆེན་མཐིང་ཤོག་བྱང་བུ་བཅུ་དྲུག་ལ༔ སེར་པོ་གསེར་གྱིས་ཡི་གེ་བཏབ་པ་ནི༔ དར་ཆེན་ལྔས་དྲིལ་གསེར་གྱི་སྐུད་པས་བཅིངས་༔ རྡོ་རྗེ་འཆང་གསུང་མཆོད་འོས་རང་བཞིན་ཚིག༔ འདི་ཉིད་ཀྱིས་ནི་བསྟན་པ་བུ་གཅིག་གི༔ མན་ངག་ཡིག་སྣ་ལྷག་མ་མེད་པར་རྫོགས༔ གཞན་ལ་གསང་སྟེ་ཚིག་ཏུ་མི་བརྗོད་དོ༔ ཨྠྀི༔ པྲ་ཁྲིད་རྣམ་པ་གཉིས་ལ་ཤོག་དྲིལ་ཆུང་བ་གཅིག༔ ཁ་བྱང་རྣམ་པ་གཉིས་ལ་ཤོག་དྲིལ་ཆུང་བ་གཅིག༔ རྟགས་ཀྱི་ཡི་གེ་ཉིད་ལ་ཤིན་ཏུ་
ཆུང་བ་གཅིག༔ གསང་བའི་ཚད་ཡིག་ལ་ཡང་ཤིན་ཏུ་ཆུང་བ་གཅིག༔ འདི་དག་རིན་ཆེན་གསེར་གྱི་སྐུད་པས་སྦྲེེལ་ནས་ནི༔ མུ་ཏིག་སྔོན་པོའི་དྲ་བའི་ནང་དུ་བཅུག་ནས་དྲིལ༔ གསང་བ་རྒྱབ་ཡིག་ཉིད་ལ་པོ་ཏི་ཆག་གང་པ༔ གླེགས་ཤིང་ཕྲ་མོ་གསེར་གྱི་འཇིམ་བག་ཅན་གྱིས་གཏེམས༔ ལྕགས་ཀྱི་གཟེར་ཆེན་སྒོ་ལྕགས་ཀྱིས་བཏང་སྟེ༔ ཟ་འོག་གུར་ཁྱིམ་གསེར་ཐིག་ཅན་གྱིས་དྲིལ༔ འདི་དག་རྣམས་ཀྱིས་སྙིང་ཐིག་ཟངས་ཡིག་གི༔ མན་ངག་ཡིག་སྣ་ལྷག་ཆད་མེད་པར་རྫོགས༔ འདི་དག་རང་གི་སེམས་ལ་བརྣག་པར་བྱ༔ སྐལ་མེད་ལ་བསྟན་མཁའ་འགྲོས་སྙིང་ཁྲག་འཇིབས༔ དེ་བས་སེམས་ཀྱི་བུ་གཅིག་མ་གཏོགས་པ༔ ཚིག་གི་ཟུར་ཙམ་གཞན་ལ་བསྟན་པ་འམ༔ བརྗོད་ཅིང་བཤད་པར་མི་བྱ་སེམས་ལ་ཕུར༔ གལ་ཏེ་སྐལ་ལྡན་སེམས་ཀྱི་བུ་གཅིག་དང་༔ ཕྲད་དེ་སྟེར་ན་དབང་བཞི་རྫོགས་བྱས་ལ༔ འདི་ཉིད་བསྟན་ཏེ་ཉམས་སུ་བླངས་པ་ཡིས༔ རྡོ་རྗེ་འཆང་དང་མཉམ་པ་ཉིད་དུ་ཡང་༔ འགྱུར་བ་འདི་ལ་ཐེ་ཚོམ་ཅི་སྟེ་ཟ༔ དབང་བཞི་རྫོགས་པའི་སྐལ་ལྡན་སྙིང་གི་བུ༔ སྐུ་གསུམ་ཉིད་དང་མཉམ་པར་འདི་ཉིད་ལ༔ སྨོས་ཅི་དགོས་ཏེ་དེ་ཉིད་རང་ཡིན་ནོ༔ དེ་ཡི་ཕྱིར་ན་འདི་ཡང་རབ་ཏུ་གསང་༔ ཨྠྀི༔ ༔ ཁ་བྱང་གསུམ་པོ་གོང་དང་འདྲ་བ་ལ༔ ཚད་དང་རྟགས་ཡིག་གཉིས་ལ་ཤོག་དྲིལ་ཆུང་བ་གཅིགཿགསང་བ་རྒྱབ་ཡིག་ལ་ནི་པོ་ཏི་ཕྱེད༔ དེ་དག་དུང་གི་བ་ཐག་དཀར་པོས་སྦྲེལ་ནས་ནི༔ དུང་གི་གའུ་སྦྲུལ་ཆེན་འཁྱིལ་བའི་ནང་ན་ཡོད༔ དེ་དག་རྣམས་ཀྱིས་གསང་བ་དུང་ཡིག་གི༔ བུ་ཡིག་ཚད་རྣམས་གཏན་ལ་ཕབ་པ་ཡིན༔ འདི་དག་རྣམས་ཀྱི་མ་དང་བུ་
ཡིག་ནི༔ ཀུན་ལ་གསང་ངོ་རང་གི་སེམས་ལ་བརྣགས༔ བྱང་ཁོག་དམར་པོའི་ནང་དུ་ཨ་ཐམ་མོ༔ གསང་ཆེན་མན་ངག་དམ་པ་འདི་ཉིད་ནི༔ སྐལ་ལྡན་སེམས་ཀྱི་བུ་གཅིག་མ་གཏོག་པར༔ ལུང་མེད་སེམས་ཅན་དོན་མ་མི་མོས་ལ༔ རླུང་དང་སེར་བུའི་ཕྱོགས་ཙམ་ཉིད་དུ་ཡང་༔ བསྒྲག་པར་བྱ་བ་མིན་ནོ་སེམས་ཀྱི་བུ༔ རབ་ཏུ་གསང་བས་དངོས་གྲུབ་ཅི་དགར་རོལ༔ དེ་ཡི་ཕྱིར་ན་རང་གི་སྙིང་ལ་ཕུར༔ ཨྠྀི༔ གསང་ཆེན་མན་ངག་དམ་པ་རྣམ་པ་བཞི༔ སུ་ལའང་བསྟན་པ་མེད་པ་སྙིང་གི་ནོར༔ ཡང་གསང་བཅུད་བསྡུས་ཡི་གེ་དཀར་དམར་གཉིས༔ མཚན་ཙམ་བརྗོད་པར་སུ་ཡང་མི་ཕོད་དོ༔ འབྲིད་མཁན་གཡོན་ཅན་ཁ་གསག་སླུ་བ་ཡིས༔ འདི་ཉིད་ཁ་དྲངས་ཕྲིད་དེ་མིང་ཙམ་ཡང་༔ གལ་ཏེ་མཆན་ཚིག་ཙམ་དུ་འདི་ཤོར་ན༔ དེ་ལ་དགོས་པའི་དོན་དུ་འདྲ་མིན་གཉིས༔ མིང་མཐུན་དོན་དུ་ཁྱད་པར་ཆེ་བར་བསྟན༔ གསང་བ་སྙིང་གི་སྙིང་ཐིག་འདི་དག་ཉིད༔ ཁ་བྱང་རྣམས་ཀྱི་ནང་དུ་བཀོད་པ་མེད༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་འདི༔ སུས་ཀྱང་མཐོང་དུ་རུང་བ་མ་ཡིན་ནོ༔ དེ་ཡི་ཕྱིར་ན་སྙིང་འདྲའི་གདམས་པ་འདི༔ ནགས་ཀློང་ཉིད་དམ་དུར་ཁྲོད་མི་མེད་པར༔ གྲོགས་མེད་གཅིག་པུར་འདུག་སྟེ་འདི་ཉིད་ལ༔ ཉམས་སུ་བླངས་ཏེ་གྲུབ་པའི་འབྲས་བུ་བདེན༔ གསང་བ་འདི་ནི་བདེ་ཆེན་གསང་བའི་གནད༔ གཞན་དུ་མེད་དེ་འདི་ཉིད་བཅུད་ཕྱུངས་ནས༔ སངས་རྒྱས་རྣམས་ཀྱིས་གཤེགས་པའི་ཤུལ་དེ་ཉིད༔ འདི་ཉིད་རང་དུ་ཚད་ལ་ཕབ་ནས་ནི༔ བླ་མའི་ཞལ་ལ་ལུས་པ་མེད་པར་ཡང་༔ ཚིག་དོན་གསལ་བར་ཡི་གེ་ཉིད་དུ་བཀོད༔ རང་རིག་རྒྱུ་རྐྱེན་གཉིས་ལ་མ་ལྟོས་པས༔
ཤེས་རབ་ཀྱིས་ནི་སྤྱོད་ཡུལ་མིན་པའི་ཕྱིར༔ དབང་པོ་ཉིད་ལ་རྣོ་དང་རྟུལ་མེད་པར༔ འདི་ཉིད་མཐོང་སྟེ་དོན་རིག་ཉམས་བླངས་ན༔ གསང་སྔགས་རྣམས་ཀྱི་འབྲས་བུ་འདི་ཉིད་ལ༔ ཐོབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད༔ དེ་ཡི་ཕྱིར་ན་གསང་བ་ངེས་པའི་གནད༔ བཤད་ཅིང་བསྟན་པ་མི་དགོས་ངོ་མཚར་ཆེ༔ ཡང་དག་ཡེ་ཤེས་ཚིག་གིས་མི་རྟོགས་ཏེ༔ མངོན་སུམ་རང་གནད་ཚད་འདི་ངོ་མཚར་ཆེ༔ རང་བཞིན་རྫོགས་པ་ཆེན་པོའི་དོན་དེ་ཉིད༔ དགེ་སྡིག་གཉིས་ཀྱིས་ཕན་གནོད་ལ་བཟླས་ཕྱིར༔ དབང་པོ་ཉིད་དང་འབྲེལ་བ་ངོ་མཚར་ཆེ༔ སྨྲ་བསམ་བརྗོད་དུ་མེད་པའི་དོན་དེ་ཉིད༔ གཞན་གྱིས་བཤད་པས་དེ་དོན་མི་རྙེད་ཕྱིར༔ རང་གི་གནད་ལས་བྱུང་བ་ངོ་མཚར་ཆེ༔ གསང་བ་ཆེན་པོ་སུས་ཀྱང་མ་རྙེད་པ༔ ཐེག་པ་ཐུན་མོང་རྣམས་ལས་ཁྱད་འཕགས་ཕྱིརཿངེས་པའི་དོན་ཉིད་གསུངས་པ་ངོ་མཚར་ཆེཿབླ་མའི་མན་ངག་རྐྱེན་ལ་རག་མ་ལུས༔ རང་སྣང་དབང་པོའི་གནད་དང་བསྟུན་ནས་ནི༔ སྔོན་ཆད་མཐོང་མ་མྱོང་བའི་ཡུལ་དེ་ཉིདཿགོམས་ཤིང་སྦྱོངས་པ་མི་དགོས་ཅིག་ཅར་དུ༔ སྟོང་པའི་ཡུལ་ལ་ལྷག་མཐོང་ཉིད་དུ་ཡོང་༔ ལས་ལ་དག་དང་མ་དག་མེད་པའི་མིས༔ མངོན་སུམ་ཉིད་དུ་མཐོང་བར་གྱུར་པ་ལ༔ ཐེ་ཚོམ་ཡོད་པ་ཉིད་ནི་མ་ཡིན་ནོ༔ དེ་ཡི་ཕྱིར་ན་གསང་བའི་ཐབས་ཆེན་འདི༔ སངས་རྒྱས་ཐུགས་རྗེ་ལྡན་པ་རྣམས་ཀྱིས་ཀྱང་༔ སྙིང་ཐིག་འདི་ནི་བརྗོད་པར་ནུས་མ་ཡིན༔ དེ་ཡི་ཕྱིར་ན་སངས་རྒྱས་ཐམས་ཅད་ཀྱིས༔ རྡོ་རྗེ་འཆང་ལ་དབང་བཞི་རྫོགས་བྱས་ནས༔ གསང་བ་མཆོག་ལ་དབང་བར་དབང་བསྐུར་བས༔ ཉིད་ཀྱི་གསང་དོན་འདི་ནི་བརྗོད་པ་ལས༔ གཞན་གྱིས་
གསུང་ཞིང་བསྟན་པར་ནུས་མི་སྲིད༔ དེ་ཡི་ཕྱིར་ན་ཐབས་ཆེན་སྙིང་བཅུད་འདི༔ རབ་ཏུ་གསང་བར་བྱ་འོ་ས་མ་ཡཱཿཤོག་གུའི་ཚད་དང་ཡི་གེའི་རྒྱུད་ཉིད་དང་༔ སྣོད་དང་བཅས་པ་གསང་བའི་ཡི་གེར་བཀོད༔ འདི་ཡི་དགེ་བས་དོན་དམ་དེ་ཉིད་ལ༔ དབང་ཐོབ་སྐུ་གསུམ་ལམ་དུ་སྣང་བར་ཤོག༔ ཤོག་ཚད་གསལ་བའི་ཁ་བྱང་༔ སྒྲོན་མ་རང་གསལ་ཞེས་བྱ་བ༔ མཁས་པ་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ༔ དཔལ་སྔགས་སྲུང་གི་རྒྱལ་མོ་ཨེ་ཀ་ཙ་ཏིས་སྲུངས་ཤིག༔ ས་མ་ཡཱ༔ པ་ཏྲཾ་ཏྲ་ཀྵ༔ ཨཐཾ༔ ༔ གཏེར་ནས་གཏེར་དུ་དམ་པར་བཙས་ནས་བཀའ་གཞན་དུ་མ་འཁྱར་བ་ལགས་སོ༔ ཡི་གེ་དཀར་དམར་གཉིས་ལ་འདྲ་མིན་ཞེས་ཀྱང་བྱ༔ མི་འདྲ་བའི་ཡི་གེ་གཉིས་བཞུགས་པ་ལ༔ སྙིང་ཐིག་གི་ཁ་བྱང་འདིར་བཀོད་པའི་མ་བུ་རྣམས་སྙིང་ཐིག་ལགས་སོ༔ མི་འདྲ་མི་ཟབ་པ་དེ་ལ་བུ་མ་མཆིས༔ ས་མ་ཡཱཿརྒྱ་རྒྱ་རྒྱཿཤུབྷཾ༔ ༔
བསྟན་པ་བུ་གཅིག་གི་རྒྱུད་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་།
བསྟན་པ་བུ་གཅིག་གི་རྒྱུད་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བྱེད་བཞུགས་སོ༔
རྒྱ་གར་སྐད་དུ༔ བུདྡྷ་སརྦ་པུ་ུཏྲ་ཨེ་ཀ་གུ་ཧྱ་པུ་རི་ས་མན་ཏནྟྲ་ནཱམ༔ བོད་སྐད་དུ༔ སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ༔ གསང་བ་ཐམས་ཅད་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ༔ དྲན་པ་ཀུན་གྱི་ཐོག་མ་ཡི༔ དངོས་མཛད་སངས་རྒྱས་ཐོག་མ་ལ༔ དང་པོ་ཉིད་ཏུ་ཕྱག་འཚལ་ལོ༔ འདི་སྐད་བདག་ལ་སོགས་པ་ཡི༔ སངས་རྒྱས་བྱེ་བ་དུང་ཕྱུར་གྱི༔ དགོངས་པ་ཉིད་དང་གྲངས་མེད་པར༔ ཐུགས་ཀྱི་སྙིང་པོ་ཇི་ལྟ་བར༔ གསུངས་ཤིང་བསྟན་པའི་དུས་གཅིག་ན༔ མྱ་ངན་འདས་པའི་ཐོག་མར་ནི༔ འདི་ནི་ཉག་ཅིག་རྣལ་མ་ཡི༔ དོན་གྱི་ས་བོན་རྣམས་སུ་ནི༔ ངེས་པའི་སྙིང་པོ་ཉིད་དུ་ཡང་༔ གསུངས་སོ་བསྟན་ཏོ་བཤད་པ་ཡིན༔ བསྟན་པའི་དོན་ནི་རྒྱ་མཚོ་ཀུན༔ ལ་ལ་གནས་སྐབས་ཡུལ་དོན་དུ༔ ལ་ལ་མ་འོངས་འཇུག་དོན་ཡིན༔ ལ་ལ་འདུལ་དོན་ཐ་དད་ཉིད༔ སྙིང་གི་སྙིང་པོ་ཚིག་འགའ་ལས༔ ཀུན་གྱིས་གྲུབ་པ་མ་ཡིན་ནོ༔ བསྟན་པ་འཕེལ་བྱེད་ས་བོན་དུ༔ འདི་ཀུན་བཞག་ཅིང་བྱིན་བརླབས་ལས༔ རང་བྱུང་ཉིད་དུ་ཐུགས་ལས་རྡོལ༔ དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་
ཀྱི་སྲས་ནི་གཅིག་པར་ཡང་༔ རང་བྱུང་ཆེན་པོའི་འཕེལ་དང་བཅས༔ འབྱུང་བའི་སྒྲ་དང་བྲལ་བར་བྱུང་༔ འདི་ནི་བསྟན་པ་གང་བྱུང་དུ༔ འོད་དང་བཅས་ཏེ་འབྱུང་བ་ཡིན༔ གང་ལ་བབས་པར་གྱུར་པའི་མི༔ བསྟན་པ་ཀུན་གྱི་བདག་པོར་འགྱུར༔ འདི་ལ་ལྡེམ་པོར་བསྟན་པ་མེད༔ སུས་ཀྱང་བཤད་ཅིང་ཉན་མེད་པར༔ རང་བྱུང་དགོངས་པ་ཀློང་རྡོལ་དུ༔ ཉི་མ་ཉིན་ལས་ཐོན་པ་བཞིན༔ སུས་ཀྱང་མ་བསྒྲིབས་རང་བྱུང་ངོ་༔ འདི་ལ་འབྱུང་བཞིའི་གནོད་མེད་པས༔ ནམ་མཁའ་དག་ལ་འཕར་བར་སྣང་༔ སངས་རྒྱས་འབྲས་བུ་སུས་ཐོབ་པ༔ འདི་ཉིད་དེ་ལས་སྣང་བ་ཡིན༔ འདི་མ་མཐོང་བའི་སངས་རྒྱས་ནི༔ གཅིག་ཀྱང་འབྱུང་བ་སྔ་ཕྱིར་མེད་༔ དེ་ཕྱིར་བསྟན་པ་རྣམས་ཀྱི་བཙས༔ སངས་རྒྱས་ཀུན་གྱི་སྲས་གཅིག་པོ༔ མྱང་འདས་ཐོབ་པའི་སྣ་ཐག་ཡིན༔ དགོངས་པ་རང་ཐོག་འབེབས་པ་ཡི༔ གནད་ཀྱི་ཚིག་ཏུ་འདི་ཉིད་བྱུང་༔ འཇིག་རྟེན་ཁམས་ནི་གང་དུ་ཡང་༔ སངས་རྒྱས་ཉིད་ནི་སུས་
ཐོབ་པ༔ དེ་ཚེ་འདི་ནི་ལན་གསུམ་དུ༔ ནམ་མཁའ་དག་ལ་འཕར་བ་དང་༔ རང་འོད་ལྔ་པོ་འདི་ལས་བྱུང་༔ འདི་འཛིན་རྣལ་འབྱོར་སྐལ་ཆེ་བས༔ ལན་གསུམ་འདི་ཡི་ཚིག་ཀུན་ཡང་༔ ལྷག་དང་ཆད་པ་མེད་པར་ནི༔ རྡོ་རྗེའི་ལྕེ་ཡིས་སུས་བརྗོད་ན༔ འདི་ཡང་དེ་དང་མཉམ་པར་ཡང་༔ འགྱུར་པ་འདི་ལ་ཐེ་ཚོམ་མེད༔ དེ་ཕྱིར་བསྟན་པའི་རྒྱུད་རྣམས་ཀུན༔ ཐམས་ཅད་དུས་གཅིག་སྒོམ་ཤེས་ཀྱང་༔ འདི་མ་སྣང་བར་གྲོལ་བ་མེདཿའདི་ནི་ས་བོན་རབ་འཕེལ་བས༔ བསྟན་པའི་བདག་པོ་གང་སངས་རྒྱས༔ འདི་ཉིད་ས་བོན་མེད་པར་ནི༔ བསྟན་པའི་གསུང་ནི་ཚིག་ཙམ་ཡང་༔ ལྕེ་ཡི་དབང་པོས་བརྗོད་མི་ནུས༔ དེ་ཚིག་འདི་ལ་མ་བརྟེན་པར༔ རྡུལ་ཆ་ཙམ་ཡང་འབྱུང་བ་མིན༔ བསྟན་པ་གཅིག་གི་སྙིགས་མ་ལ༔ བྱིན་བརླབས་ཚིག་ནི་འདི་ཀུན་ཡང་༔ གང་ལ་སྣང་བའི་མི་དེས་ཀྱང་༔ མ་མཐོང་རྒྱུད་དང་བསྟན་བཅོས་ནི༔ ལྕེ་ཡི་དབང་པོས་བརྗོད་པར་ནུས༔ སེམས་ཅན་ཀུན་གྱི་བསམ་པ་དང་༔ སངས་རྒྱས་ཀུན་གྱི་དགོངས་པ་དང་༔ ཇི་ལྟར་མཐུན་པའི་ཆོས་ཀུན་ནི༔ འདི་ཡིས་སྟོན་པར་ནུས་པ་ཡིན༔ སངས་རྒྱས་རྣམས་ཀྱི་ཐུགས་དང་གཅིག༔ རྡོ་རྗེ་འཛིན་པའི་དགོངས་པ་དང་༔ དབྱེར་མི་ཕྱེད་པར་འདིས་འགྱུར་རོ༔ དེ་ཕྱིར་བསྟན་པའི་མེ་རོ་ཡིན༔ རང་བྱུང་ཚིག་གི་རྒྱལ་པོ་འདི༔ སོ་སོའི་སེམས་ཅན་སྐྱེ་གཟུགས་ལ༔ སོ་སོའི་བརྡ་སྐད་ཅི་ལྟ་བར༔ འདི་ཉིད་དེ་ལྟར་སྣང་བ་ཡིན༔ དེ་ཕྱིར་རང་བྱུང་ཡི་གེར་ནི༔ ཐོག་མ་བབས་ཀྱིས་གྲུབ་ནས་བྱུང་༔ རང་
བྱུང་བཅོམ་ལྡན་འདས་ལ་ཡང་༔ འདི་ལྟར་རྫོགས་པའི་ལུགས་སུ་སྣང་༔ ཆོས་ཀྱི་སྡེ་སྣོད་ཉིད་དུ་ནི༔ འདི་ཚིག་ཡེ་ནས་རང་ཤར་བས༔ ཐོག་མ་དྲན་པའི་གཞིར་གྱུར་ཏེ༔ དྲན་པ་ཐམས་ཅད་མ་སྟོངས་པར༔ ཚིག་འདི་ཀུན་ཀྱང་སྣང་བ་ཡིན༔ དྲན་ཟད་ཚིག་འདི་ཟད་པར་ནི༔ རྡོ་རྗེ་ཞེས་ནི་ཚིག་འདི་ཀུན༔ འབྱུང་བའི་རྐྱེན་དང་བྲལ་བས་ན༔ རྡོ་རྗེ་ཀུན་འབྱུང་གསང་སྔགས་ཡིན༔ ཐབས་ལམ་དུ་མ་མཚོན་པའི་ཕྱིར༔ རང་བབས་བསྒོམ་པ་འདི་ལས་བྱུང་༔ སྙིང་པོ་རང་འདུལ་བསྟན་པའི་བཅུད༔ གཞི་ཉིད་ཀྱི་ནི་བབས་ཡིན་ནོ༔ ཆོས་ཀུན་མཉམ་པའི་ནན་ཏན་ཚིག༔ རང་གནད་དུ་ནི་འདི་ཀུན་ཤར༔ འདི་ལ་ནུབ་པ་གཅིག་ཉིད་མེད༔ བསྒོམ་དང་བསྒྲུབ་པའི་རྩ་བར་ཡང་༔ འདི་སྔགས་འཁྲུལ་པའི་ཚིག་མ་ཡིན༔ མ་འཁྲུལ་སྔོན་ཐོག་ཉིད་ཀྱི་གཞི༔ འདི་ལས་འཕྲོས་པས་སྤྲོས་པའི་རྒྱུ༔ རྒྱུ་ལས་འབྲས་བུ་རང་བྱུང་བཞིན༔ འདི་ཉིད་ལས་ནི་ཚིག་ཀུན་ཡང་༔ དྲན་བསམ་བྲལ་བའི་ངང་ཉིད་ལས༔ བྱས་པ་མེད་པར་བྱུང་བ་ཡིན༔ འོད་ཟེར་འཛིན་པའི་སྐྱེས་བུ་ལ༔ འདི་ནི་སྣང་བར་འགྱུར་བའོ༔ དེ་ལས་འཕེལ་ནས་གྲངས་འགའ་འབྱུང་༔ གསང་བའི་བདེན་པ་གཅིག་པ་ཉིད༔ གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི༔ ཐུགས་རྡོལ་ཉག་གཅིག་དགོངས་དོན་གཅིག༔ འཛིན་མེད་ཡངས་པའི་གཏོད་ཕུར་ཡིན༔ ཐོད་རྒལ་ཐོག་བབས་ཀུན་གྱི་གནད༔ རང་ས་འབྱེད་པའི་ལྡེ་མིག་མཆོག༔ འདི་ནི་བདེ་བའི་ས་བོན་འཛིན༔ སངས་རྒྱས་རྣམས་ཀྱི་ཤེས་རབ་ཡིན༔ མཁའ་
མཉམ་དག་པའི་རྣམ་གཟེར་འདིས༔ བསྟན་པ་ཀུན་གྱི་རྩ་བ་འཛིན༔ འདི་ཡིས་གྲངས་སྣ་བཟུང་བས་ན༔ ལྷ་མིན་གཡུལ་རྣམས་རང་ལོག་ཏུ༔ འདི་ཚིག་བཟུང་བ་ཙམ་གྱིས་འགྱུར༔ ཁམས་གསུམ་གཡུལ་ཀུན་འདིས་བཟློག་ག༔ོརིགས་དྲུག་རྣམས་ཀྱི་འབྲོས་ཁུངས་འགེགས༔ མྱ་ངན་མེད་པའི་གྲོང་ཁྱེར་དུ༔ འཇུག་པར་བྱེད་པའི་འཁོར་ལོ་ཡིན༔ སྲིད་པས་བཅིངས་པ་རྣམས་ལ་ནི༔ འདི་ཡིས་གྲོལ་བར་བྱེད་པ་འོ༔ དམ་པའི་སྙིང་པོ་གཞུང་རྒྱུད་དུ༔ རང་བཞིན་དུ་ནི་བབས་ལས་བྱུང་༔ འདིས་ནི་བླ་མའི་སྐུ་མི་སྤོང་༔ སྙིང་ལ་ཉི་མའི་འོད་བརྡལ་བས༔ ཕྱོགས་བཅུར་ཁྱབ་པའི་མུན་པ་ནི༔ འདི་ཡིས་རང་སངས་ཉིད་དུ་འགྲོ༔ ལྷག་པར་གནས་པའི་ཡེ་ཤེས་ནི༔ འདི་ཡིས་མཆོག་ཏུ་སྟོན་པར་བྱེད༔ དཀོན་པའི་མཆོག་རྣམས་བསྐྱེད་པའི་ཡུམ༔ སེམས་དལ་བསམ་གཏན་ངང་གིས་འགྲུབ༔ ཆོས་སྐུའི་སྣང་བ་དུས་གཅིག་ཏུ༔ སྟོན་པར་བྱེད་པའི་སྒྲོན་མ་འོ༔ ཕྱིན་ཅི་ལོག་ལས་ཡང་དག་དུ༔ དག་པར་བྱེད་པའི་ཆུ་རྒྱུན་ཡིན༔ ཐེག་པ་ཀུན་གྱི་མཐར་ཐུག་ཏུ༔ སྐྱེལ་བར་བྱེད་པའི་ཤིང་རྟ་འོ༔ ཐོས་བསམ་སྒོམ་པའི་རྒྱངས་ཤིང་དུ༔ འཇུག་པར་བྱེད་པའི་དངོས་པོ་ཡིན༔ སྡེ་སྣོད་ཐམས་ཅད་འཛིན་པ་ཡི༔ མཉེན་ལྕུགས་ལྡན་པའི་ལྕགས་ཀྱུའོ༔ རྣལ་འབྱོར་དག་པའི་དཀྱིལ་འཁོར་གྱི༔ ལམ་དུ་འཇུག་པའི་ས་མཁན་ཡིན༔ མངལ་རྣམས་ཁུངས་སྒོ་འགེགས་པར་བྱེད༔ ཐར་པའི་སྐས་ནི་རང་འཛུགས་ཡིན༔ རྣམ་དག་འོད་ཀྱི་མཐོངས་འབྱེད་པ༔ ཆོས་རྣམས་ཀྱི་ནི་རེ་གནས་ས༔ བདུད་དང་མུ་སྟེགས་
མགོ་གནོན་ཡིན༔ ཤེས་པ་རྨུགས་པའི་གསལ་འདེབས་སོ༔ སྨོན་འཇུག་ཀུན་གྱི་སྲོག་ཤིང་ཡིན༔ ལྷ་དང་སྔགས་ཀྱི་མདོ་མདུད་དོ༔ ད་ལ་རྣམས་ཀྱིས་སྐྱེད་ཤིང་ངོ་༔ ལྟ་སྒོམ་ལོག་པའི་དག་བྱེད་ཁྲུས༔ མན་ངག་སྙིང་པོ་རྫོགས་པའི་ས༔ རྡོ་རྗེ་ཐེག་པའི་གྲངས་རྫོགས་ནས༔ འགྲོ་རྣམས་ལམ་ལ་འཛུད་པ་འོ༔ ཐེག་པའི་རྒྱལ་པོ་ཡོངས་རྫོགས་ཀྱི༔ ཡོན་ཏན་བྱུང་ཚུལ་རང་བྱུང་ངོ་༔ ༈ཨེ་མ་ཧོ༔ གསང་མཛད་རང་བཞིན་ཚིག་འདི་ཡང་༔ རང་བྱུང་ཡེ་དག་ཆེན་པོར་ནི༔ སྤེལ་ཚིག་གསང་བ་འདི་ལྟར་སྣང་༔ ཡེ་ཐོག་དང་པོའི་སངས་རྒྱས་ནི༔ དང་པོ་མངོན་འཕགས་དྲན་པ་མགོན༔ ཕྱག་རྒྱ་རང་དྲན་འཁོར་ལོ་ནི༔ གཞི་ལས་འཕགས་པའི་ཁྱད་པར་ཚིག༔ སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང་༔ འདི་དུས་ཕྲག་ཁྲིག་བདུན་ཅུ་ཡིས༔ ཕྱག་རྒྱ་འདི་ནི་དམ་པ་འོ༔ སྙིང་པོས་བརྒྱན་པའི་བསྐལ་པ་ལ༔ སྡེ་སྣོད་དང་པོའི་སངས་རྒྱས་མགོན༔ མངའ་མཛད་ཕྱག་རྒྱ་འཁོར་ལོ་ལས༔ འཁོར་ནི་འཛིན་པ་བྱེ་བ་ལྔ༔ ཕྱག་རྒྱ་འདི་ནི་དམ་པ་འོ༔ སྤྱི་མེས་དང་པོ་ཕ་རོལ་མགོན༔ དཀྱིལ་འཁོར་སྙིང་པོ་རང་སྤྲོས་པས༔ བསྐལ་པ་གསེར་གྱི་ཡི་གེ་ལ༔ ས་ཡ་དྲུག་གི་ཕྱག་རྒྱར་བཟུང་༔ སྔོན་ཐོག་དང་པོ་འཕགས་པ་མགོན༔ ཕྱག་རྒྱ་དངོས་པོ་ཉིད་སྣང་བས༔ བསྐལ་པ་འོད་ཟེར་འབྱེད་པ་ལ༔ བདུན་འབུམ་གྱི་ནི་འབྲས་བུ་ུའོ༔ འཇིག་རྟེན་དྲ་བ་མགོན་པོ་ཡིས༔ སྤྲོས་བྲལ་ཕྱག་རྒྱ་འདི་སྤྲོས་ཏེ༔ བསྐལ་པ་མེ་ཏོག་མཛེས་པ་ལ༔ བསྟན་པའི་འབྲས་བུ་ཕྱལ་ཡལ་ལས༔ ཕྱག་རྒྱ་འདི་ནི་དམ་པ་འོ༔
སྙིང་པོ་སྟོང་གི་སྤྱི་ཕུད་མགོན༔ སྙིང་པོ་དམ་པའི་འཁོར་ལོ་ལས༔ བསྐལ་པ་རྩོད་པའི་སྙིང་པོ་ལ༔ གྲངས་མེད་བཞི་ཡི་སྙིང་པོ་འོ༔ འོད་ལྡན་དང་པོ་སེམས་ཅན་མགོན༔ སྤྲོས་མེད་སྙིང་པོ་རང་སྒྲ་ལས༔ བསྐལ་པ་སྣང་བའི་སྒྲོན་མ་ལ༔ བན་བུན་སྟོང་གི་ཕྱག་རྒྱར་བཟུང་༔ མཛེས་པའི་དང་པོ་འགྲོ་བའི་མགོན༔ ཡང་དག་སྙིང་པོ་རྣམས་སྤྲོས་ཏེ༔ བསྐལ་པ་རགས་པའི་ཡན་ལག་ལ༔ ཉར་ཉེར་བརྒྱ་ཡི་གྲངས་ཀྱིས་ནི༔ ཕྱག་རྒྱ་འདི་ནི་དམ་པའོ༔ ཐུགས་བརྩེ་སྙིང་པོ་ཉན་ཐོས་མགོན༔ ཕྱག་རྒྱ་ཡང་དག་ལམ་སྤྲོས་ཏེ༔ བསྐལ་པ་དུང་གི་སྒྲ་དག་ལ༔ བྲེང་བྲེང་བཅུ་ཡི་དམ་པར་རོ༔ མི་ཕམ་ཟང་མ་སྒྲ་བྲལ་མགོན༔ ཡང་དག་ངེས་པའི་རྒྱུད་ལས་ནི༔ བསྐལ་བ་དྲ་བའི་འོད་ཟེར་ལ༔ དུང་ཕྱུར་བདུན་གྱིས་ལམ་རྒྱལ་བཟུང་༔ སྙིང་པོ་སེམས་རྣལ་བདུད་རྩི་མགོན༔ ངེས་པའི་ས་བོན་རབ་བསྒྲགས་པས༔ བསྐལ་པ་ཚངས་པའི་དབྱངས་ཅན་ལ༔ འབུར་རྡུལ་བདུན་གྱིས་ངེས་པར་བཟུང་༔ རང་བཞིན་དྲག་པོ་ཏིང་འཛིན་མགོན༔ ཕྱག་རྒྱ་འཁོར་ལོ་བདེན་སྤྲོས་ཏེ༔ བསྐལ་པ་སྨྲ་བའི་གཞི་དག་ལ༔ ཕྱལ་ཕྱོལ་དགུ་ཡིས་དམ་པར་བཟུང་༔ གསང་བ་ཕྱག་རྒྱ་ལྷ་མིན་མགོན༔ ཡང་གསང་འཁོར་ལོ་རྣམ་སྤྲོས་ཏེ༔ བསྐལ་པ་འབུམ་པ་རེག་ལྡན་ལ༔ ཡལ་ཡོལ་དྲུག་ཅུའི་སྙིང་པ་ོའོ༔ རིམ་པ་ལྔ་པ་གཙུག་ཕུད་མགོན༔ བླ་མེད་སྙིང་པོ་ཡོངས་སྤྲོས་པས༔ བསྐལ་པ་ཡང་གསལ་རབ་འབྱམས་ལ༔ ཁྲག་ཁྲིག་བྱེ་བ་དགུ་བརྒྱ་ཡིས༔ བླ་ན་མེད་པའི་གསང་བ་འོ༔ འཇིག་རྟེན་ཐོག་མ་ཤེས་རབ་མགོན༔ བདེ་ཆེན་སྙིང་པོ་ཡོངས་སྤྲོས་ཏེ༔
བསྐལ་པ་བཀོད་པ་ཆེན་པོ་ལ༔ འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡིས༔ ལྷ་ཡི་ལྷར་ནི་འདི་ཉིད་དོ༔ འཆད་པ་རྣམས་ཀྱིས་ཐོག་མ་མགོན༔ ངེེས་པའི་འབྲས་བུ་འདི་སྤྲོས་ཏེ༔ བསྐལ་པ་རིན་ཆེན་སྤུངས་པ་ལ༔ ས་ཡ་དགུ་བཅུའི་མགོན་པོ་ཡིས༔ རྒྱས་པར་བསྔགས་ཏེ་དམ་པར་རོ༔ ཡང་རྗེས་འབྱུང་བ་མེ་འོད་མགོན༔ དངོས་པོ་བསྒྱུར་བའི་ཕྱག་རྒྱ་ནི༔ སྙིང་པོ་ཉིད་དུ་སྤྲོས་པ་ལས༔ བསྐལ་པ་རབ་ཏུ་གཡོ་མེད་ལ༔ རབ་མཐའ་བཅུ་ཡི་མགོན་པོ་ཡིས༔ སྙིང་པོ་སྙིང་གི་དྭངས་མར་རོ༔ ཆགས་མེད་རྡུལ་བྲལ་དྲི་མེད་མགོན༔ གསང་ཆེན་ངེས་པ་ཉིད་ཏུ་སྟེ༔ བསྐལ་པ་གཡོ་སྒྱུ་བྲལ་བ་ལ༔ བྱེ་བ་དགུ་ཁྲིའི་གྲངས་མགོན་གྱིས༔ འདུ་བའི་ཕྱག་རྒྱ་ཉིད་དུ་འོ༔ དྲན་པ་དྲི་མེད་བསམ་གཏན་མགོན༔ དྲི་མེད་ངེས་པའི་གསང་ཚིག་སྤྲོས༔ བསྐལ་བ་མཐའ་ལྡན་སེང་གེ་ལ༔ ཉལ་ཉིལ་སུམ་ཅུའི་རྒྱལ་བ་ཡིས༔ འདི་ནི་བདེན་ཚིག་དམ་པར་རོ༔ དམ་པའི་སྐྱེས་བུ་ཆོས་ཀྱི་མགོན༔ སངས་རྒྱས་ཤེས་རབ་ས་བོན་སྤྲོས༔ བསྐལ་པ་གདུང་བ་སེལ་བ་ལ༔ སང་སེང་དགུ་ཁྲིའི་གདུང་འཕེལ་བས༔ དམ་པའི་ཕྱག་ནི་ཡང་དམ་དུའོ༔ སྤྱི་ཕུད་སྟོང་གི་ཡེ་ཐོག་མགོན༔ སྔགས་ཀྱི་རྩ་བ་འདི་བསྔགས་པས༔ བསྐལ་པ་དུང་གི་སྙིང་པོ་ལ༔ ཁ་ཡེལ་སྟོང་གི་གདུང་འཕེལ་བས༔ གསང་ཆེན་དམ་པར་རབ་བཟུང་པའོ༔ སངས་རྒྱས་དྲ་བ་མགོན་པོ་ཡིས༔ ཕྱག་རྒྱ་ཉིད་དུ་གདུང་གཟུང་པས༔ བསྐལ་བ་བྱེ་བའི་སྙིང་པོ་ལ༔ ཉག་ཐག་ཁྲི་ཡི་གདུང་འཛིན་པས༔ འདི་ཉིད་སྙིང་པོའི་དོན་དུའོ༔ ཡང་དག་
གསང་བ་པདྨ་མགོན༔ སྙིང་གི་སྙིང་པོ་དཀྱིལ་བཟུང་བས༔ བསྐལ་པ་ཡོངས་སུ་བརྩེ་བ་ལ༔ དར་དིར་སྟོང་གི་ཡང་འཕེལ་བས༔ འདི་ནི་སྙིང་ལ་ཡང་དག་སྤྲོས༔ སེམས་ཅན་སྙིང་བརྩེ་མེ་ཏོག་མགོན༔ དྲན་གཞི་དང་པོ་རབ་བཟུང་བས༔ བསྐལ་པ་ཡོད་པ་རབ་མཆོག་ལ༔ རྡུལ་མེད་དགུ་ཡི་གསང་འཛིན་པས༔ གསང་ཆེན་སྟོང་གི་དམ་པར་རོ༔ བསྐལ་པ་དྲ་བ་ཉི་འོད་མགོན༔ དམ་པའི་སྙིང་པོར་ངེས་ཕབ་པས༔ བསྐལ་བ་གླང་པོ་ཡོངས་རྫོགས་ལ༔ རབ་རྡུལ་ཉིད་ཀྱི་རྗེས་འཛིན་པས༔ སྟོང་ཉིད་གསལ་བའི་མིག་ཏུ་སྤྲོས༔ ཡོངས་རྫོགས་འཁོར་ལོ་རིགས་ཀྱི་མགོན༔ སེམས་ཀྱི་དངོས་པོ་དམ་པར་བཟུང་༔ བསྐལ་པ་བླ་ན་མེད་པ་ལ༔ ཁྲི་ཕྲག་དྲུག་ཅུའི་གདུང་འཕེལ་བས༔ གསང་ཆེན་འཁོར་ལོ་ཉིད་དུ་འོ༔ དྲི་མེད་དག་པ་ཆོས་ཀྱི་མགོན༔ ཡང་གསང་ངེས་པའི་ལུང་འདི་སྤྲོས༔ བསྐལ་པ་རྩོད་པ་རང་གྲོལ་ལ༔ ཉལ་ཉིལ་ཉིད་ཀྱི་འཕེལ་གདུང་གིས༔ རིམ་པས་མངོན་པར་རབ་སྤྲོས་པའོ༔ ཡང་གསང་དང་པོ་ཐོག་མ་མགོན༔ རྡོ་རྗེ་ཡང་དག་དམ་བཟུང་པས༔ བསྐལ་པ་ཁྱུང་ཆེན་གཤོག་རྫོགས་ལ༔ འབུམ་ཕྲག་ལྔ་ཡི་གདུང་འཕེལ་བས༔ ཕྱག་རྒྱ་རང་རྫོགས་ཉིད་དུ་འོ༔ སྣང་མཛད་དང་པོ་མར་མེ་མགོན༔ བླ་མེད་རྡོ་རྗེ་སྙིང་པོ་སྤྲོས༔ བསྐལ་པ་མདའ་ཡིས་ངོས་བཟུང་ལ༔ རྔ་ཡབ་གསུམ་གྱི་གདུང་འཕེལ་བས༔ རིགས་ལྡན་རྣམས་ཀྱི་ཕྱག་ཏུ་བཟུང་༔ ཡིད་ཤེས་དང་པོ་གནས་གསུམ་མགོན༔ སྙིང་ཐིག་རྩ་བའི་དྭངས་མར་སྤྲོས༔ བསྐལ་པ་རེག་པའི་སྟོབས་ཅན་ལ༔ ཁ་ཡེལ་དྲུག་གི་གདུང་
འཕེལ་བས། གོང་འཕེལ་ཕྱག་རྒྱ་དམ་པར་སྤྲོས༔ དཔའ་བོ་འཇིགས་སངས་དང་པོའི་མགོན༔ དྲི་མ་མེད་པའི་སྙིང་དུ་བབས༔ བསྐལ་པ་དྲན་བསམ་བྲལ་བ་ལ༔ ཡལ་ཡོལ་སྟོང་གི་གདུང་འཕེལ་བས༔ འདི་ཀུན་སྐྱོན་དང་བྲལ་བར་རོ༔ དྲག་པོ་ཆགས་བྲལ་བདེ་བའི་མགོན༔ ཆགས་མེད་རང་རིག་ཕྱག་རྒྱ་སྤྲོས༔ བསྐལ་པ་མྱ་ངན་བྲལ་བ་ལ༔ དུང་ཕྱུར་གསུམ་གྱིས་གདུང་འཕེལ་བས༔ མེད་པ་རྣམས་ཀྱི་དང་པོར་རོ༔ ཆོས་སྐུ་དངོས་དག་དྲི་མེད་མགོན༔ དམ་པ་གསུང་གི་སྙིང་པོ་སྤྲོས༔ བསྐལ་པ་ཟིལ་གྱིས་གནོན་པ་ལ༔ ས་ཡ་ཉིད་ཀྱི་གདུང་འཕེལ་བས༔ འདི་ཀུན་ཡང་དག་ཉིད་དུ་འོ༔ ཡང་གསང་རྒྱས་པ་སྒྱུ་མ་མགོན༔ ཚིག་བྲལ་བདེན་པའི་སྙིང་པོ་སྤྲོས༔ བསྐལ་པ་ཆོས་ཀྱི་འཁོར་ལོ་ལ༔ བྱ་བ་དགུ་ཡི་གདུང་འཕེལ་བས༔ ངེས་པའི་ལམ་གྱི་དྭངས་མར་རོ༔ སྟོང་པ་ཉིད་ནི་དགེ་ལྡན་མགོན༔ གསང་བའི་ཡང་གསང་ཆེན་པོར་སྤྲོས༔ བསྐལ་པ་པད་མ་བརྩེགས་པ་ལ༔ ཁ་ཡེལ་ལྔ་ཡི་གདུང་འཕེལ་བས༔ སྣང་བ་རྣམས་ཀྱི་ཐོག་མར་རོ༔ སྐྱེས་བུ་བྱེད་པ་འོད་ཟེར་མགོན༔ འབྲས་བུ་རྫོགས་པའི་རིམ་པ་སྤྲོས༔ བསྐལ་པ་དང་བའི་དབྱངས་ཅན་ལ༔ རྡུལ་མཐའ་བཞི་ཡི་གདུང་འཕེལ་བས༔ འདི་ཀུན་མངོན་པར་རང་འཐད་དོ༔ ཤེས་རབ་མིག་རྙེད་སྒྱུ་འཕྲུལ་མགོན༔ སེམས་ཉིད་ཐོག་མའི་དཀྱིལ་འཁོར་སྤྲོས༔ བསྐལ་པ་ལྷ་ཡི་ཕྱག་སོར་ལ༔ ཉལ་ཉིལ་བདུན་གྱི་གདུང་འཛིན་པས༔ སྙིང་པོ་རང་དག་གནད་དུ་འོ༔ བདེ་བ་དམ་པ་དངོས་གྲུབ་མགོན༔ གསང་ཆེན་སྙིང་པོ་དམ་པར་སྤྲོས༔ བསྐལ་པ་ཡན་ལག་མེད་པ་ལ༔
སང་སིང་དྲུག་གི་གདུང་འཕེལ་བས༔ འདི་ཀུན་ཡང་དག་དམ་པར་རོ༔ དངོས་པོ་ཡང་དག་སྟོང་པའི་མགོན༔ སྐྱོབ་པ་དམ་པའི་ཕྱག་རྒྱ་སྤྲོས༔ བསྐལ་པ་གྲངས་མཐའ་ལོག་པ་ལ༔ སྟོང་ཕྲག་དགུ་ཡི་གྲངས་འཛིན་པས༔ རྫོགས་པའི་སངས་རྒྱས་ཉིད་དུ་འོ༔ ཆོས་ཀྱི་གྲགས་པ་གཉིས་མེད་མགོན༔ ཡང་གསང་རང་བྱུང་ཚིག་འདི་སྤྲོས༔ བསྐལ་པ་ཡོངས་སུ་གྲོལ་བྱེད་ལ༔ ཉལ་ཉིལ་གསུམ་གྱི་གདུང་འཕེལ་བས༔ མཉམ་པ་རང་གནད་ཉིད་དུ་འོ༔ ཡེ་ནས་གསང་བ་དྲི་མེད་མགོན༔ བྱིན་བརླབས་རང་བྱུང་ཡི་གེ་སྤྲོས༔ བསྐལ་པ་སེང་གེ་རྩལ་སྤྲུག་ལ༔ ཁྲག་ཁྲིག་བདུན་གྱི་གདུང་འཕེལ་བས༔ འདི་ཀུན་དམ་པའི་ཐུགས་དཀྱིལ་དུའོ༔ མི་ཕམ་དང་པོ་སངས་རྒྱས་མགོན༔ གསང་བ་ཐུགས་ཀྱི་བུ་གཅིག་པར༔ བསྐལ་པ་དགའ་བས་མྱོས་པ་ལ༔ དུང་ཕྱུར་ཕྱེད་དང་དགུ་གདུང་གིས༔ འདི་ཉིད་དམིགས་མེད་རང་དམ་དུའོ༔ དྲན་སྤངས་མངོན་འཕགས་རང་བཞིན་མགོན༔ འབྱུང་བའི་དགྲ་དང་བྲལ་བར་སྤྲོས༔ བསྐལ་པ་འདུ་བ་ཆེན་པོ་ལ༔ ཁ་ཡེལ་ལྔ་ཡི་གདུང་འཕེལ་བས༔ འདི་ཚིག་རང་བྱུང་གསལ་བར་རོ༔ བར་མའི་དང་པོ་སྐྱེ་མེད་མགོན༔ འདི་ནི་ཕྱག་རྒྱ་རབ་བཏབ་སྟེ༔ བསྐལ་པ་ཁུ་བྱུག་རང་བྱུང་ལ༔ ཐར་ཐེར་གསུམ་གྱི་རྟགས་ཤར་བས༔ འདི་ཚིག་རབ་ཏུ་བསྔགས་པ་འོ༔ འཇིག་རྟེན་གྲངས་བསྐལ་ཨུད་པལ་མགོན༔ གསང་ཆེན་རབ་རྒྱས་ཕྱག་རྒྱ་སྤྲོས༔ བསྐལ་པ་རབ་ཏུ་མཐོང་བ་ལ༔ འབུམ་ཕྲག་དགུ་ཡི་གདུང་འཕེལ་བས༔ འདི་ཀུན་སྙིང་གི་དཀྱིལ་དུ་ཕབ༔ འདས་པའི་དང་པོ་དྲ་བ་མགོན༔ སྟོན་པ་གསང་བ་ཡང་དག་སྤྲོས༔ བསྐལ་པ་བུད་མེད་རང་འདུལ་ལ༔ ཕྱལ་
ཕྱོལ་དགུ་ཡི་རྒྱལ་བ་ཡིས༔ འདི་ཚིག་རང་རིག་དམ་པར་རོ༔ གཉིས་འདས་དང་པོ་ཞིང་ཁམས་མགོན༔ རྡོ་རྗེ་ཆེན་པོའི་གསང་ཚིག་སྤྲོས༔ བསྐལ་པ་རང་སྒྲ་ཟད་པ་ལ༔ ས་ཡ་གཉིས་ཀྱི་གདུང་འཕེལ་བས༔ འདི་ཚིག་གཟིགས་དང་རབ་མཁྱེན་བཟུང་༔ གྲུབ་མཐའ་ཐོག་མ་གཉིས་པར་མགོན༔ འདུལ་ཚིག་སྙིང་པོ་བླ་མ་སྤྲོས༔ བསྐལ་པ་དགེ་ལྡན་ཆེན་པོ་ལ༔ འབུམ་ཕྲག་ལྔ་ཡི་གདུང་འཕེལ་བས༔ སྙིང་པོ་རྣམས་ཀྱི་ཡང་སྙིང་དུའོ༔ མཛད་པ་གཞི་ཐོག་ཐོད་རྒལ་མགོན༔ བླ་ན་མེད་པའི་ངེས་ལུང་སྤྲོས༔ བསྐལ་པ་བྲམ་ཟེ་བསྒྱིངས་པ་ལ༔ ཁྲི་ཕྲག་དགུ་ཡི་གདུང་འཕེལ་བས༔ འདི་ཀུན་གསང་བའི་ཚིག་ཏུ་འོ༔ མཐའ་བྲལ་ཡོངས་རྫོགས་སྐྱོན་བྲལ་མགོན༔ བྲལ་གསང་ཚིག་འདི་ཕྱག་རྒྱ་སྤྲོས༔ བསྐལ་པ་སྐྱེད་པར་བྱེད་པ་ལ༔ སྟོང་ཕྲག་དགུ་ཡི་གདུང་འཕེལ་བས༔ མེད་ཚིག་རྫོགས་པར་ཡང་དག་བཟུང་༔ ཡེ་རྫོགས་དང་པོ་སྒྱུ་མ་མགོན༔ ཡང་གསང་འབར་བ་འོད་ཟེར་སྤྲོས༔ བསྐལ་པ་རབ་ཏུ་འཕགས་པ་ལ༔ ཁྲག་ཁྲིག་གཉིས་ཀྱི་གདུང་འཕེལ་བས༔ འདི་ཉིད་ངེས་པའི་གསང་ཆེན་ནོ༔ དྲི་མ་དངོས་བྲལ་བདེ་བའི་མགོན༔ འདི་ཉིད་ལམ་རྒྱལ་དམ་པར་སྤྲོས༔ བསྐལ་པ་ཡང་གསང་ཆེན་པོ་ལ༔ ཁྲག་ཁྲིག་བདུན་གྱི་གདུང་འཕེལ་བས༔ འདི་ཚིག་རིམ་པ་དང་པོར་སྤྲོས༔ འདུས་པ་རྣམས་ཀྱི་ཐོག་མ་མགོན༔ ངེས་པའི་གསང་ཆེན་རབ་བསྔགས་ཏེ༔ བསྐལ་པ་གསེར་འོད་དམ་པ་ལ༔ ཡང་འཕེལ་དགུ་ཁྲིའི་མགོན་པོ་ཡིས༔ འདི་ཀུན་གསང་ཆེན་སྙིང་དུ་བབ༔ ཡང་འབྱེད་སྟོང་གི་དང་པོ་མགོན༔ གསང་བའི་སྙིང་པོ་ཡང་གསང་སྤྲོས༔ བསྐལ་པ་ལེ་ལོ་ཡེ་དག་ལ༔
ཐར་ཟུག་དགུ་ཡི་གདུང་འཕེལ་བས༔ འདི་ཡང་སྙིང་ཐིག་གསང་བར་ཕབ༔ གསང་བ་ཀུན་གྱི་མངོན་ཐོག་མགོན༔ ཕྱག་རྒྱ་སྙིང་གི་དཀྱིལ་དུ་སྤྲོས༔ བསྐལ་པ་དྲི་མེད་བཟང་པོ་ལ༔ ཉར་ཉེར་ལྔ་ཡི་གདུང་འཕེལ་བས༔ འདི་ཚིག་བླ་མེད་སྙིང་ལ་ཕབ༔ སྟོན་པའི་དང་པོ་ནམ་མཁའ་མགོན༔ ཡང་བསྡུས་རང་བྱུང་ཚིག་འདི་སྤྲོས༔ བསྐལ་པ་ཐར་ཆགས་ཆེན་པོ་ལ༔ ཉལ་ཉིལ་དྲུག་གི་གདུང་འཕེལ་བས༔ འདི་ཉིད་བསམ་གཏན་འཁོར་ལོར་བཟུང་༔ སྟོང་པའི་ཡང་མཛོད་དམ་པ་མགོན༔ འདི་ཀུན་གཡོ་མེད་རང་བྱུང་ཚིག༔ རྫོགས་པ་དངོས་དག་བསྐལ་པ་ལ༔ འབུམ་ཕྲག་དགུ་ཡི་ཡང་གདུང་གིས༔ འདི་ཀུན་ངེས་པའི་འབྲས་བུར་སྤྲོས༔ དང་པོ་གསང་འཛིན་དངོས་གྲུབ་མགོན༔ འདི་ཡང་མཛད་ཆེན་དག་པར་སྤྲོས༔ བསྐལ་པ་གྲངས་བརྡལ་གསང་ཆེན་ལ༔ ཁ་ཡེལ་གསུམ་གྱི་གདུང་འཕེལ་བས༔ འདི་ཀུན་ཡང་དག་ལམ་ཉེར་བཟུང་༔ དྲི་མེད་རང་ཟད་འབྱུང་བྲལ་མགོན༔ དཀྱིལ་འཁོར་ཀུན་དག་རྩ་བ་སྤྲོས༔ བསྐལ་པ་མོ་མཚན་རྒྱུན་གཅོད་ལ༔ ཐར་ཐེར་བརྒྱ་ལ་གདུང་འཕེལ་བས༔ གསང་བའི་ཡང་ཞུན་ཐིགས་པར་བཟུང་༔ མོས་ཆེན་རྣམས་ཀྱི་དང་པོ་མགོན༔ སྙིང་པོ་དམིགས་དག་ཕྱག་རྒྱ་སྤྲོས༔ བསྐལ་པ་འཁོར་བའི་མུན་སེལ་ལ༔ འབུམ་ཕྲག་ལྔ་ཡི་ཡང་གདུང་གིས༔ འདི་ཉིད་སྤྲོས་ཏེ་དམ་དུ་འོ༔ སེམས་རིག་ཀུན་གྱི་སྤྱི་ཕུད་མགོན༔ ང་མེད་སྔོན་དུ་ཕྱག་རྒྱ་སྤྲོས༔ བསྐལ་པ་སྔ་མོ་སྟོང་ལྡན་ལ༔ བྱེ་བ་དགུ་ཡི་གདུང་འཕེལ་བས༔ ངེས་ཤེས་ཀུན་གྱི་ཐོག་མར་བཟུང་༔ བསླབ་གནས་ཀུན་གྱི་དང་ཐོག་མགོན༔ ཕྱག་རྒྱ་མིག་ལྡན་
སྟོང་དུ་སྤྲོས༔ བསྐལ་པ་སྒྱུ་མ་སྣང་མཛད་ལ༔ ཡལ་ཡོལ་གསུམ་གྱི་ཡང་གདུང་གིས༔ འདི་ཚིག་གོང་མའི་གོང་མས་བཟུང་༔ རིམ་པ་སྔོན་གྱི་སྐྱེད་བྱེད་མགོན༔ བབས་བྱུང་མེད་སྣང་ཕྱག་རྒྱ་སྤྲོས༔ བསྐལ་པ་སྙིང་རྗེས་ཀུན་འདུལ་ལ༔ སང་སེང་ལྔ་ཡི་གདུང་འཕེལ་བས༔ སྙིང་པོ་གསང་བ་ཆེན་པོར་བཟུང་༔ འཇིགས་པ་ཀུན་བྲལ་སེང་གེ་མགོན༔ སངས་རྒྱས་སྲས་ནི་གཅིག་པ་སྤྲོས༔ བསྐལ་པ་བཟང་པོ་རབ་གང་ལ༔ སྟོང་ཕྲག་བདུན་གྱི་གདུང་འཕེལ་བས༔ འབྱུང་བའི་སྒྲ་དང་བྲལ་བར་བཟུང་༔ རྫོགས་པའི་ཡང་ཐོག་ཐ་མ་མགོན༔ དོན་དགོངས་ཉག་གཅིག་རྣལ་དུ་བཟུང་༔ བསྐལ་པ་རྩོད་ལྡན་ཆེན་པོ་ལ༔ བརྒྱ་ཕྲག་དགུ་ཡི་གདུང་འཕེལ་བས༔ འདི་ཚིག་རྩོད་དང་བྲལ་བར་བཟུང་༔ དྲན་པ་ཟད་པའི་ཡེ་ཤེས་མགོན༔ སྙིང་པོ་རང་ཚིག་གཅིག་པར་གོ༔ བསྐལ་པ་རྩོད་དང་ལྡན་པ་ལ༔ བཅུ་ཕྲག་དགུ་ཡི་གདུང་འཛིན་པས༔ ངེས་པའི་ཕྱག་རྒྱ་དམ་པར་བཟུང་༔ དེ་ལྟར་བརྗོད་ཀྱིས་མི་ལངས་པའི༔ སངས་རྒྱས་རྣམས་ཀྱི་བྱིན་བརླབས་ལས༔ རང་བྱུང་ཆེན་པོའི་ཡིག་གེར་ནི༔ གནས་པའི་ཀ་དག་ཆེན་པོ་ཡི༔ བབས་ལས་འདི་ཀུན་རང་བྱུང་ཤར༔ བྱིན་བརླབས་རིམ་པར་འདི་ཀུན་ཡང་༔ ཐོག་མ་བབས་ལས་རང་བསྟན་ནོ༔ ༈ཨེ་མ་རང་བྱུང་ཆེན་པོའི་ཚིག་ལས་ཀྱང་༔ འདི་ལྟར་ཁྱད་པར་རང་བྱུང་ཚིག༔ བབས་ལས་བྱུང་ཞིང་ཤར་བ་ལས༔ རང་གསལ་ཆོས་རྣམས་རང་བྱུང་ཚིག༔ ཕྱིས་ནི་འདི་ལྟར་ཡང་དག་གོ༔ རྒྱུད་དང་དེ་ཡི་རང་འགྲེལ་ལོ༔ ལྷ་སྔགས་ལ་སོགས་ཕྱག་རྒྱ་བཅུ༔ དེ་ལས་འདི་ཚིག་ཕྲག་ཡས་སུ༔
སྣང་བ་ཡིན་ནོ་དོན་ལ་སེམས༔ སྣང་མཛད་དོན་ཀུན་རང་རྫོགས་ཏེ༔ ཚིག་ཀུན་བདག་པོར་རང་བྱུང་བས༔ དགོངས་པ་ཉིད་ནི་དང་པོ་ལས༔ ཚིག་རྩོམ་མཁས་པ་འདི་ལས་ནི༔ གྲངས་ལས་འདས་རྣམས་འབྱུང་བ་ཡིན༔ བདག་འཛིན་བདག་མེད་སྔོན་ཐོག་ལས༔ མཐར་འཛིན་འདོད་པ་དགག་པའི་ཕྱིར༔ མངོན་སུམ་རྗེས་སུ་དཔག་པ་ཡི༔ གཏན་ཚིགས་ཆ་འཛིན་ཚིག་ཀུན་འབྱུང་༔ ཡིད་དཔྱོད་བློ་ཞེན་དགག་པའི་ཕྱིར༔ ཀུན་རྫོབ་དོན་དམ་གྲངས་ཕྱེ་སོགས༔ ཚིག་ནི་འདི་ཀུན་བྱིན་བརླབས་ལས༔ འདི་ལྟར་རྩོམ་པའི་དཔའ་བོ་མཁས༔ སེམས་ནི་མཐར་ཞེན་བློ་དགག་ཕྱིར༔ ཕུང་པོ་གྲངས་དང་ཁམས་སོགས་དང་༔ བསྟོད་དང་ཡོད་མེད་ཆོས་དང་ནི༔ ཆོས་མེད་ཇི་ལྟར་བརྩི་བ་ཡི༔ ཚིག་ཀུན་འདི་ལས་རབ་བརྩོན་ཐོབ༔ འཇིག་རྟེན་མཐུན་འཇུག་དྲང་བའི་ཕྱིར༔ སྒྲ་དང་རིག་པ་དུ་མ་ཡང་༔ འདི་ཡིས་རང་བྱུང་ཚིག་ལས་ཤར༔ ཕྱིར་འགྱུར་ཐེག་པའི་རང་གྲངས་ཀྱི༔ དབང་པོའི་འཇུག་སྒོ་གསལ་བའི་ཕྱིར༔ རིམ་པའི་འཇུག་སྲོལ་བཅུ་གཅིག་ནི༔ འདི་ཡི་ཡོན་ཏན་བབས་ལས་སྣང་༔ རང་འོད་ཇི་ལྟར་ཡོད་པའི་ཚིག༔ འདི་ལས་སྤྲོས་སོ་ཉེ་བར་བསྡུས༔ གྲགས་དང་མ་གྲགས་ཚིག་བཅུད་ནི༔ འདི་ལས་ཡང་གསང་ཆེན་པོར་ཡང་༔ གྱུར་ཏེ་སྣང་བར་འགྱུར་བ་ཡིན༔ ལྷ་མིས་ཇི་ལྟར་འདོད་པའི་ཚིག༔ སྒོ་དྲུག་ཐོབ་འདོད་རང་བཀོད་ཚིག༔ སྔགས་ལུང་སེམས་དཔའི་ལུང་རབ་སྣང་༔ འདི་ལས་གསང་ཆེན་གནད་དུ་གྲགས༔ དེ་བཞིན་སྐྱེ་འཇིག་བསྟན་བཅོས་དང་༔ ཡོད་དང་མེད་སྨྲ་སྡེ་གྲངས་སྤྲོས༔ མཐའ་གཉིས་རབ་འབྱེད་ཡོད་སྣང་ཕྱིར༔ དྲན་སེམས་ཉིད་ཀྱི་སྡེ་གྲངས་ནི༔ འདི་ཀུན་ལས་བྱུང་
སེམས་ཀྱི་ལུང་༔ འཇུག་སོ་ཆེན་པོའི་ཤིང་རྟ་ཡང་༔ སྣང་བའི་མཛད་འཕྲོས་ཁ་ལོ་ནི༔ འདི་ཚིག་དམ་པའི་འཁོར་ལོ་འོ༔ གྲགས་པའི་སྔགས་དང་དེ་སྤེལ་ཚིག༔ རིམ་པ་མདོ་སྡེ་རང་གྲགས་ཚིག༔ བཀོད་པ་རྣམས་ཀྱི་ཐོག་མར་ནི༔ འདི་ལས་འཕྲོ་འོ་ཕན་སེམས་ལྡན༔ ལུང་རྒྱལ་ཐེག་པ་ཀུན་དངོས་སོ༔ གཞི་རྩ་རྩལ་གྱི་ནན་ཏན་ཚིག༔ འདི་ཀུན་རྒྱན་གྱི་རྒྱལ་པོ་ལས༔ ཁ་ལོ་སྒྱུར་བའི་དཔའ་བོ་ཡིན༔ བྱེད་པའི་ལས་རྒྱལ་དཀྱིལ་འཁོར་འཇུག༔ དཔེ་མེད་པ་ཡི་སྒྲ་ཡིག་ཟེར༔ གྲངས་མཐའ་འགེགས་བྱེད་སེང་ཕྲུག་གོ༔ བཅོས་མའི་ཡང་ཆ་དེ་འཕེལ་བཟུང་༔ དཔའ་བར་འགྲོ་བའི་ལས་རྒྱས་སོ༔ མཐོ་དམན་སྙོམས་པའི་དགེ་འབྲས་ལུང་༔ དཔེ་བྲལ་རྣམས་ཀྱི་དང་པོ་འོ༔ དེ་ལྟར་སྤྲོས་ཚིག་དུ་མ་ཡིས༔ འཁོར་ལོ་འཛིན་པའི་སྤྲུལ་པ་འོ༔ མཁའ་གསལ་མཁའ་དག་ཀློང་ཆེན་གྱི༔ སྤྲོས་པ་རྣམས་ཀྱི་ཡང་སྤྲོས་ལས༔ སྐྱེ་སྒོ་རབ་ཏུ་སྤངས་པ་ཡིས༔ བླ་མེད་འདྲེན་པའི་དང་པོར་བྱུང་༔ བདེ་བས་བདེ་བ་འབྱེད་པ་ཡི༔ རིགས་མཐུན་ཀུན་གྱི་གསང་ཆེན་ཡིན༔ རིགས་ལ་གནས་ཤིང་རིགས་འབྱེད་པའི༔ གཙོ་བོ་གཙོ་བས་བླང་བ་འོ༔ ཀ་དང་རྟོགས་དང་རབ་ཏུ་དགོངས༔ རིམ་པར་རྒྱས་དང་དེ་རྗེས་ནི༔ འདི་ལས་རབ་ཏུ་འཕེལ་བ་ཡིན༔ རབ་ཏུ་རྟོགས་ཕྱིར་དཀྱིལ་འཁོར་ནི༔ དམ་པ་རྣམས་ནི་འདི་ལས་སྤྲུལ༔ ཐམས་ཅད་ལས་ཀྱི་མཐའ་རྒྱས་ཀྱང་༔ འདི་ལས་རབ་ཏུ་ཡང་འཕེལ་ལོ༔ འདི་ཚིག་བྱིན་རླབས་བརྒྱུད་པ་ཡང་༔ རབ་ཏུ་འཕེལ་ཕྱིར་འབྱུང་བའོ༔ ༈ཨེ་མ་ཧོ༔ འདི་ལྟར་ཡང་གསང་དོན་ཉིད་ལ༔ འཇུག་པར་འདོད་པའི་སྐལ་པ་རབ༔ སྔོན་དུ་ལུས་ངག་ཡིད་རྣམས་ཀྱི༔ མངོན་པར་ཞེན་པ་
བཟློག་པའི་ཕྱིར༔ སྔོན་དུ་སྤྱོད་པ་བརྩམ་པར་བྱ༔ ལུས་ནི་རྒྱུག་དང་ཉལ་བ་དང་༔ ལངས་དང་ཡན་ལག་བསྐྱོད་པ་དང་༔ སྐོར་བ་དང་ནི་ཕྱག་བྱ་དང་༔ ཡན་ལག་སྐོར་དང་མགོ་སྒྲིལ་དང་༔ ཇི་ལྟར་དྲན་པའི་ལས་རྣམས་དང་༔ གར་དང་ཕྱག་རྒྱ་བསྒྱུར་བ་དང་༔ ཇི་ལྟར་དམིགས་པའི་ལས་རྣམས་བྱ༔ འདི་ལྟར་སུ་ཡིས་བྱས་པའི་མི༔ ལུས་ཀྱི་མངོན་ཞེན་རང་བཅད་ནས༔ ལུས་ཀུན་རུ་ཤན་ཕྱེད་པར་ནི༔ འདི་ཡིས་འགྱུར་རོ་སྤྲུལ་པའི་སྐུ༔ དེ་འདས་ངག་གི་སྤྱོད་པ་བརྩམ༔ སྔགས་དང་ཁ་ཏོན་ཆོས་ཀྱི་སྒྲ༔ ཡོད་དང་མེད་དང་སྣང་བ་དང་༔ ཡིད་དཔྱོད་ཚིག་ནི་སྣ་ཚོགས་བརྗོད༔ བྱོལ་སོང་སྣ་ཚོགས་བརྡ་སྐད་དང་༔ སྐད་ནི་རྣམ་པ་སྣ་ཚོགས་པ༔ འདི་ལྟར་སུ་ཡིས་བྱས་པའི་མི༔ ངག་གི་མངོན་ཞེན་རང་ཆོད་ནས༔ འཁོར་འདས་རུ་ཤན་འདིས་ཕྱེད་དོ༔ དེ་འདས་ཉིད་ཀྱི་འོག་ཏུ་ཡང་༔ སེམས་ཀྱི་སྤྱོད་པ་བརྩམ་པར་བྱ༔ དགའ་དང་མི་དགའ་བདེ་སྡུག་དང་༔ རྟག་དང་མི་རྟག་ལ་སོགས་པ༔ ལྟ་སྒོམ་སྤྱོད་པའི་བསམ་པ་དང་༔ ཆོས་དང་ཆོས་མིན་ལ་སོགས་དང་༔ འདོད་ཆགས་ཞེ་སྡང་གཏི་མུག་དང་༔ དགེ་དང་མི་དགེ་ལ་སོགས་པའི༔ བསམ་དཔྱོད་རྣམ་པ་སྣ་ཚོགས་བྱ༔ འདི་ལྟར་སུ་ཡིས་བྱས་པའི་མི༔ སེམས་ཀྱི་མངོན་ཞེན་རང་ཆོད་ནས༔ འཁོར་འདས་རུ་ཤན་ཕྱེད་པ་འོ༔ དེ་ལྟར་སྔོན་དུ་འགྲོ་བྱས་ནས༔ མངོན་སུམ་དོན་ལ་བལྟ་བྱའི་ཕྱིར༔ ལུས་དང་ངག་ཡིད་རབ་ཏུ་གཅུན༔ ལུས་ནི་སེང་གེ་ལྟ་བུ་དང་༔ དྲང་སྲོང་དང་ནི་གླང་ཆེན་ཚུལ༔ འདི་ལས་གཡོ་བར་མ་བྱས་ན༔ སངས་རྒྱས་སུམ་སྟོང་ཉིད་དང་ཡང་༔ བསྐལ་པ་དག་ནི་མཉམ་པ་ཡིན༔ ངག་ནི་ཇི་ལྟར་ལྐུགས་པ་བཞིན༔ སུ་དང་བརྡ་ཙམ་ཉིད་མི་བྱ༔ འདི་
ལྟར་སུ་ཡིས་བྱས་པའི་མི༔ སེམས་ཀྱི་འཕྲོ་འདུ་རང་ཆོད་དོ༔ འདི་ལྟར་ལུས་ངག་སུས་གཅུན་པ༔ ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ༔ འདི་ཡིས་གོམས་པར་འགྱུར་བ་ཡིན༔ དེ་ལྟར་ལུས་ལ་སོགས་པ་ཡི༔ གནད་ཀུན་རབ་ཏུ་གཟིར་བ་ཡིས༔ རིག་པ་ཉིད་དང་མངོན་སུམ་དུ༔ བླ་མའི་ལུང་ལས་ཤེས་པ་ཡིན༔ དབྱིངས་དང་རིག་པའི་ལྟ་སྟངས་ནི༔ སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟ༔ དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད༔ རྣམ་པར་བཞག་ཅིང་འབྲལ་མི་བྱ༔ འདི་ལྟར་སུ་ཡིས་མཐོང་བའི་མི༔ ཐོག་མའི་ཀུན་ཏུ་བཟང་པོ་དང་༔ སྐལ་པ་ཉིད་ནི་མཉམ་པ་འོ༔ དེ་ནས་ཐིག་ལེ་མཐོང་བ་ཡིན༔ དེ་གཏད་སྣང་བ་གོང་འཕེལ་བས༔ རང་ངོ་མཐོང་ལས་འདི་ལྟར་རོ༔ ཡར་མཚམས་ལས་ནི་སོར་བཞི་ལས༔ བྲལ་བའི་སྐྱེས་བུ་སྐལ་བཟང་པ༔ འཁོར་བར་འཇུག་པ་ག་ལ་སྲིད༔ གྲུ་ཆད་རྣམ་པ་གང་སྣང་བ༔ སྤྲུལ་པའི་ཡོན་ཏན་འདི་ཡིས་འགྲུབ༔ མཐོང་བའི་ཡུལ་ཙམ་གང་སྣང་བ༔ ཚོམ་བུ་ལ་ནི་དེ་བཞིན་ནོ༔ ཕྱིར་སྣང་འགག་པ་གང་ཡིན་པ༔ སྐད་ཅིག་མ་ནི་བཅུ་དྲུག་ལ༔ འདི་ཡང་དེ་ལྟར་འགྱུར་བ་འོ༔ མ་སྨིན་ལ་སོགས་ཐིག་ལེ་དང་༔ དེ་བཞིན་སྐུ་ལ་ཐུག་གི་བར༔ དྲུག་དང་བཅུ་དང་ལྔ་གསུམ་ལ༔ གདོན་མི་ཟ་སྟེ་ལོངས་སྐུར་རོ༔ ནང་ལུས་ཟད་པའི་སར་ཕྱིན་ཚེ༔ སོར་མོ་ལ་སོགས་དེ་བཞིན་སྣང་༔ འདི་གཏད་འབྱུང་བ་རང་དེངས་སོ༔ སྐྱེ་དང་འཇུག་པའི་ཁྱད་པར་གྱིས༔ ཆོས་ཀུན་ཟད་པའི་རང་ས་ལ༔ ཅི་ཡང་འཛིན་པ་མེད་པར་ནི༔ གནས་པ་ཡིན་ནོ་སྤྲུལ་པའི་སྐུ༔ འདི་ནི་འཇུག་པའི་ཤུགས་ཀྱིས་དབང་༔ སྐྱེ་བའི་རང་དབང་སུས་ཐོབ་པ༔ དེ་ཡང་དེ་ལ་གཏད་ནས་ནི༔ ཡང་དུས་འདི་ལྟར་བྱས་པ་ན༔ སྣང་བའི་རང་
སྒྲ་སིལ་སྐད་དེ༔ སྔོན་དུ་ལོག་སྟེ་འཁྲུལ་པར་སྣང་༔ འདིས་ནི་སེམས་ཅན་དོན་ཀུན་བྱེད་༔ རིག་པ་མཉམ་པར་གཅིག་པའི་ཕྱིར༔ སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི༔ འཕོ་བ་ཆེན་པོ་འདིས་འགྲུབ་བོ༔ དེ་བཞིན་རིམ་དང་ཅིག་ཅར་གྱི༔ ལུས་ནི་འདི་ཡིས་འགྲུབ་པ་ཡིན༔ དེ་ཀུན་ལུས་ཟད་མཚན་ལས་གྲོལ༔ འདི་ཀུན་འབྲས་བུ་ངེས་པ་ཡིས༔ ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ༔ འདི་ལྟར་ཐབས་ལས་ཡང་དག་བྱུང་༔ སངས་རྒྱས་འགྲུབ་པར་འདོད་པའི་མིས༔ འདི་ཐབས་ལྡན་ན་དེ་བཞིན་ནོ༔ གཞན་སྤྱོད་སྙམ་བྱེད་ཉིད་ཡིན་པས༔ དངོས་པོ་མཐོང་བ་མ་ཡིན་ནོ༔ དེ་ཕྱིར་འདི་ཀུན་དཀོན་པའི་ཚིག༔ རྟག་ཏུ་རིན་ཆེན་གཏེར་འདི་ལྟོས༔ འདི་ལྟར་ཟད་པ་ལ་སྤྱོད་ན༔ འདིས་ནི་སངས་རྒྱས་སྟོང་ཕྲག་གསུམ༔ འདི་ཡིས་ལེགས་པར་ཞལ་མཐོང་ཡིན༔ འདི་ཚིག་གསང་བ་ཉིད་ལས་བྱུང་༔ སྐྱེས་བུ་རྣམས་ཀྱིས་འདི་ལྟར་བྱ༔ གསང་ཆེན་ཡང་གསང་དམ་པ་འོ༔ ༈ཨེ་མ་འདི་ལྟར་འབྱུང་འདོད་སྐྱེས་བུ་གང་༔ ཐབས་ཀྱི་ཡན་ལག་འདི་ལྟ་བུ༔ རྣམ་པ་སྣ་ཚོགས་ཉིད་ལ་ནི༔ འདི་ལྟར་དེ་ཡི་སྔོན་དུ་སྦྱང་༔ སེམས་ཀྱི་རིམ་པ་ཅི་སྦྱངས་པ༔ འདིས་ནི་མི་རྟག་སེམས་ལ་འབྱོར༔ ཇི་ལྟར་སྒྲ་ཡི་རྣལ་འབྱོར་པས༔ ས་ཆུ་མེ་རླུང་འབྱུང་བ་བཞི༔ སྒྲ་དོན་རྣམས་ལ་གོམས་པ་ཡིས༔ རིགས་དྲུག་རྣམས་ཀྱི་རང་སྐད་ཀྱིས༔ མངོན་ཤེས་འཆར་བ་འདིས་འགྲུབ་བོ༔ ཞག་རིམ་དུས་ནི་རྣམ་དྲུག་གིས༔ འདི་ཡི་སྐད་ཀུན་རང་དུས་ཤེས༔ འགྲུབ་པ་མེད་པར་སུས་ཤེས་པ༔ མ་འོངས་ད་ལྟར་འདས་པ་ཡི༔ སེམས་
རྒྱུད་ཇི་ལྟར་ཤེས་པར་འགྱུར༔ གཞན་གྱི་དོན་བྱེད་སྤྲུལ་པ་པོས༔ འདི་ལ་སྔོན་དུ་མ་སྦྱངས་ན༔ སྤྲུལ་པའི་ས་བོན་འཇོག་པར་ནི༔ ནུས་པ་ཉིད་ནི་མི་ཐོབ་བོ༔ དེས་ན་འབྱུང་བའི་སྒྲ་ལ་བསླབ༔ བྱ་བྱེད་ཞེན་པ་ཟློག་པའི་ཕྱིར༔ ལག་ནི་བྱ་བྱེད་སྣ་ཚོགས་བྱ༔ དེ་བཞིན་འདུས་བྱས་རྣམ་པ་ཡིས༔ དབང་པོའི་མངོན་ཞེན་བཟློག་པ་སྟེ༔ ཡུལ་རྣམས་གོམས་པའི་གནས་གནད་ཀྱིས་སྦྱང༔ ཇི་ལྟར་གཉིད་དང་རྨི་ལམ་གྱི༔ དུས་བཞི་འབྱུང་བ་གནད་ཀྱིས་དབྱེ༔ ཚད་ནི་གནད་ལ་ཕེབས་པས་བཟུང༔ ཐིག་ལེ་ཕྱི་ནང་བསླབ་བྱའི་ཕྱིར༔ གང་ཟག་རྣམ་པ་གཉིས་དོན་བྱ༔ བཅོས་མ་འདུས་བྱས་སྒོམ་པ་ཡིས༔ དང་པོ་སེམས་ཡེངས་ཞེན་པ་དགག༔ འབྲས་བུ་ཅིག་ཅར་མ་ཡིན་པས༔ སྣང་བ་རིམ་གྱིས་གོམས་པར་བྱ༔ མིག་སྨན་ལ་སོགས་སྒོ་ལྔ་ཡི༔ སྨན་གྱི་རིམ་པ་སྦྱར་བར་བྱ༔ འདི་ཀུན་གསང་བའི་ཐབས་ཡིན་ནོ༔ ལམ་གྱི་རྟགས་ནི་ལུས་ལ་ནི༔ མངོན་པར་ཕྱི་རོལ་སྣང་གྱུར་པའི༔ སྨན་ཉིད་ཀྱང་ནི་དེ་བཞིན་ནོ༔ འདི་ཀུན་འཇིག་རྟེན་དྲང་དོན་དུ༔ སྐལ་པ་ཅན་གྱི་སྤྱོད་ཡུལ་ལོ༔ འདི་ཡི་ཐབས་ནི་སྣ་ཚོགས་པས༔ གཞན་གྱི་འདོད་ཞེན་མཐའ་དགག་ཕྱིར༔ རབ་ཏུ་གསང་བར་བྱུང་པའོ༔ ༈ཁམས་ལ་བསླབ་པའི་ཐབས་ཡོད་པས༔ དྲན་རྫོགས་ཕྱག་རྒྱའི་ངང་དུ་སྦྱོར༔ དབང་པོའི་ཞེན་པ་བཟློག་པའི་ཕྱིར༔ ཀརྨཱ་རཀྵ་གྷི་ཧཾ་ཏིཿཕུང་པོའི་ཞེན་པ་ཟློག་པའི་ཕྱིར༔ བྷེ་ག་ར་ན་སོ་གད་གླིང་༔ ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར༔ པུ་ཀཱ་རི་ལ་བྷ་དྷུ་ཏྲི༔ སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར༔ རྃ་པ་ཀ་ས་ལ་མི་ཁྱེ༔ བྱུང་ཚོར་གནས་སུ་གཅད་པའི་ཕྱིར༔ མ་ཏང་ཕ་ཕེར་རསྨི་ཏི༔
འདུས་ཚོགས་སྣང་བ་ངོས་གཟུང་ཕྱིར༔ ཁ་ཊ་རེ་ཀ་ས་མིག་རླུང་༔ རིག་པ་བཙོན་རར་གཞུག་པའི་ཕྱིར༔ ཨ་ཀེ་ར་ན་བྷེ་ཙཀ་ཤ༔ འཁྲུལ་པའི་རང་རྒྱུད་ཁུངས་གཅད་ཕྱིར༔ ཡ་རི་མུ་ཌ་ས་གྷུ་ལི༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡཱ༔ འཁོར་བ་དོང་ནས་གདོན་པའི་ཕྱིར་༔ མ་མ་ཀོ་ལིང་སཱ་མཱ་ཏ༔ ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར༔ གྷ་རིང་ཡཾ་པ་རི་མང་ཏི༔ རོལ་པའི་བྱུང་ཁུང་སྤུར་བའི་ཕྱིར༔ བུ་ག་སིང་ཧ་པ་གྷ་ལ༔ ཞེན་པའི་ཕྲེང་ཐག་གཅད་པའི་ཕྱིར༔ ར་མི་པི་པཱི་ཁེ་ཏ་པ༔ ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར༔ བི་ཁུ་མ་ལ་པ་ཏིམ་ཀི༔ ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར༔ ས་མཱ་ཉི་ཝ་དྷེ་ར་པ༔ ལྟ་སྒོམ་ལོག་པ་དག་བྱའི་ཕྱིར༔ བཛྲ་སཏྭ་ཌཱི་ཌྷོ་མེ༔ ས་ལམ་དུས་གཅིག་གཅད་པའི་ཕྱིར༔ གྷེ་པ་སུ་གྷར་རྣ་མ་ཡཻ༔ ཡིད་དཔྱོད་ལྟ་བ་ཁུངས་གཅད་ཕྱིར༔ དྷརྨཱ་པ་ཏི་ས་གྷུ་ལཱི༔ སྐུ་གསུམ་ལམ་དུ་བསླང་བའི་ཕྱིར༔ རས་རྨི་ས་མཱ་ཁ་རྒད་ཚེ༔ སྣང་བ་དངོས་སུ་བླང་བའི་ཕྱིར༔ རུ་པ་ས་མི་མི་ཏ་ལཾ༔ སྒྲ་ཡི་ཞེན་པ་མཐའ་གཅད་ཕྱིར༔ ང་ཏིག་པ་ཡང་ཀ་ལི་སཱ༔ བསམ་གཏན་ཆེན་པོའི་ས་ནོན་ཕྱིར༔ ག་ཚ་པ་ལ་ས་ཨི་ཊྂ༔ འཕྲིན་ལས་མཐའ་རུ་དབྱུང་པའི་ཕྱིར༔ ཀརྨ་ཨེ་ཀ་མ་ནུ་སཱ༔ སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར༔ སངས་ཏྲི་མ་མ་ཀརྨཱ་ཏ༔ རྒྱལ་སྲས་རྣམས་ཀྱི་གནས་བཙལ་ཕྱིར༔ ང་ལ་ཁེ་པ་ཀི་ལི་ས༔ འདི་ཀུན་རང་ཤུགས་ཚིག་དུ་བྱུང་༔ ༈ཨེ་མ་ཧོ༔ བཅོམ་པ་དད་ནི་ལྡན་པ་དང་༔ འདས་པ་ཡང་དག་ལམ་ཡིན་ནོ༔ འདི་ཚིག་ལམ་མིན་གདམས་པ་ཡིན༔ བསྟན་ཞིང་བཤད་མེད་བརྗོད་མ་ཡིན༔ གསུངས་པ་མ་ཡིན་བྱིན་བརླབས་ཡིན༔ བྲིས་ཤིས་བཀོད་མེད་རང་བྱུང་ཡིན༔ གནས་དང་དུས་མེད་སྔོན་ཐོག་ཡིན༔ ཆོས་མེད་སྙིང་པོ་ཐུགས་གསང་ཡིན༔ སུས་ཀྱང་ཉན་མེད་རང་ཤར་ཡིན༔ ཐོས་པ་མེད་ཅིང་རང་བསྒྲགས་ཡིན༔ བྱས་པ་
འདི་ཀུན་མ་ཡིན་ཚིག༔ འདི་ཡོད་འགྲོ་བ་སངས་རྒྱས་ཡིན༔ ཕ་རོལ་མཐོང་བའི་གསང་ཆེན་ལམ༔ སེམས་ཡོད་མ་ཡིན་སྤྲུལ་པ་ཡིན༔ འཁོར་བའི་སྐྱི་མདུད་གྲོལ་བ་འོ༔ ཤེས་བྱ་མ་ཡིན་ལམ་སྣ་ཐག༔ སྟོང་པ་མ་ཡིན་མངོན་སུམ་ཡུལ༔ ཡོད་མེད་མ་ཡིན་ཐབས་གསང་བ༔ ལྷ་མེད་འདི་ལ་སྔགས་ཡོད་མིན༔ ཕ་རོལ་ཕྱིན་པ་དྲུག་གི་གཞི༔ བསྙེན་གནས་ལ་སོགས་འདི་ཚུལ་ལོ༔ དེ་བཞིན་དུ་ཡང་བྱེ་བྲག་སྨྲ༔ དོན་དམ་ཀུན་རྫོབ་གཟུགས་ཀྱིས་སོ༔ རྒྱུད་ཀྱི་རྩ་བ་འདི་ཉིད་རང་༔ ལྷ་ཡི་རྣལ་འབྱོར་འདི་སྔགས་ཡིན༔ ལུང་ཆེན་རྣམས་ཀྱི་དམ་པ་འདི༔ ཆོས་རྣམས་རོ་གཅིག་འདྲེས་པའི་རྟེན༔ སྐུ་གསུང་ཐུགས་ཀྱི་དབྱེ་བ་འོ༔ བླ་མེད་འཁོར་ལོ་བསྐོར་བའི་གནས༔ དབང་པོ་རྣམས་ཀྱི་དམིགས་གཏད་ཡིན༔ ཤེས་རབ་རྣམས་ཀྱི་རྟོགས་པའི་གནས༔ སྐུ་གསུམ་ལམ་དུ་སློང་བའི་རྟེན༔ ཐིག་ལེ་མངོན་དུ་འབྱིན་པའི་མིག༔ ཐར་པའི་སྐས་ཀུན་སློང་བར་བྱེད༔ ལམ་དུ་འཇུག་པའི་ས་མཁན་ཡིན༔ སྐལ་ལྡན་འཛིན་པའི་ལྕགས་ཀྱུར་སྣང་༔ ཆོས་སྐུ་རང་འཇོག་གནས་ལུགས་ཡིན༔ སངས་རྒྱས་ཀུན་གྱི་ཕྱག་བྱེད་གནས༔ ཡུལ་རྣམས་གཅོད་པའི་རལ་གྲིར་སྣང་༔ གྲོལ་བ་རྣམས་ནི་འདི་ཉིད་ལ༔ རྣམ་པར་རྟེན་ནས་གྲོལ་བ་འོ༔ སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ༔ བསྟན་པ་རྣམས་ཀྱི་བཙས་སུ་རང་བྱུང་བ༔ རང་བྱུང་གི་ཡི་གེ་ཆེན་པོར་བསྐལ་པ་ཀུན་གྱི་ཐོག་མར་རང་བྱུང་བ༔ བྱིན་བརླབས་ལས་རང་བཀོད་པ༔ སྤྲུལ་པ་སྐུ་ཡི་ས་བོན་འཕེལ་བར་བྱེད་པ༔ རབ་ཏུ་དཀོན་པའི་ཚིག་རྫོགས་སོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཤོ་ལོ་ཀ་ཉིས་བརྒྱ་དང་ཕྱེད་དང་བརྒྱད་བཞུགས་སོ༔
བཏགས་པས་གྲོལ་བར་བསྟན་པ་བུ་གཅིག་གི་གསང་འགྲེལ་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ།
ཞེས་ཆེ་བ་ཡོན་ཏན་གྱི་ལེའུ་སྟེ་དང་པོ།
ༀ་ཨཱཿཧཱུྃ༔ ཨཱོཾ་མཱུྃ་ལཱྃ་པྱྃ་ཏཱྃ༔ ཨཱོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ བཏགས་པས་གྲོལ་བར་བསྟན་པ་བུ་གཅིག་གི་གསང་འགྲེལ་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ་བཞུགས་སོ༔ ༼གསེར་ཡིག་ཅན། ༽རྒྱ་ཡིས་སྲུངས་ཤིག༔ རྒྱ་རྒྱ་རྒྱ༔
རྒྱ་གར་སྐད་དུ༔ བུད་དྷ་སརྦ་པུ་ཏྲ་ཨེ་ཀ༔ གུ་ཡ་པུ་རི་སཾ་ཏན་ཏྲ་ཨརྠ་ཀ་ལ་དྷེ་ཤ་ནཱ་མ༔ བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ཀྱི་དོན་གསལ་བར་བསྟན་པ་ཞེས་བྱ་བ། བཅོམ་ལྡན་འདས་བྱ་བྲལ་ཀློང་ཆེན་ཀ་ནས་དག་པ་ཉིད་ལ་ཕྱག་འཚལ་ལོ། །ཡེ་ནས་སྙིང་པོའི་བཅུད་བསྡུས་པའི། །སངས་རྒྱས་བྱེ་བ་དུང་ཕྱུར་གྱི། །ཐུགས་ཀྱི་དགོངས་པ་དག་པའི་རྒྱུད། །ནམ་མཁའ་ཉི་ཟླ་ལྟ་བུ་ལ། །དགོངས་པ་རང་གསལ་ཛོ་ཀི་བདག །བླ་མ་ནོར་བུ་འགྲོ་བའི་མགོན། །བྱ་རྩལ་བྲལ་བའི་གསུང་ལ་འདུད། །རང་བྱུང་ཕྲད་ཆོག་བསྟན་པའི་བཙས། །གསང་སྙིང་ཉི་མ་སྣང་བྱེད་ཀྱི། །གསང་འགྲེལ་འབྲི་ཡིས་གུས་པས་ཆོངས། །སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོའི་རྒྱུད་འདི་ལ་སྤྱི་དོན་བདུན་གྱིས་བསྟན་ཏེ། ལེའུ་དང་པོས་རྒྱུད་ཆེ་བའི་ཡོན་ཏན་བསྟན་པ་དང་། ལེའུ་གཉིས་པས་རྒྱུད་འདིས་སངས་རྒྱས་ཀྱི་གདུང་ཇི་ལྟར་སྤེལ་བ་བསྟན་པ་དང་། ལེའུ་གསུམ་པས་ཕྱིས་ཇི་ལྟར་འབྱུང་བར་བསྟན་
པ་དང་། ལེའུ་བཞི་པས་ཚེ་འདིར་བསྒོམ་ཞིང་ཉམས་རྟོགས་མཐར་ཕྱིན་ཏེ་ཟག་པ་མེད་པར་བསྟན་པ་དང་། ལེའུ་ལྔ་པས་འགྲོ་བའི་དོན་དུ་ཐུན་མོང་གི་ལས་བསྟན་པ་དང་། ལེའུ་དྲུག་པས་བཏགས་པས་གྲོལ་བའི་སྙིང་པོ་བསྟན་པ་དང་། ལེའུ་བདུན་པས་རྒྱུད་འདི་འདུས་མ་བྱས་པར་བསྟན་པའོ། །དེ་ནས་ལེའུ་དང་པོ་འགྲོལ་ཏེ། དྲན་པ་ཀུན་གྱི་ཐོག་མ་ཡི། །ཞེས་པའི་དོན་ནི། དྲན་པ་ཞེས་པ་མི་དྲན་དགུ་དྲན་འདིའོ། །ཀུན་གྱི་ཞེས་པ་མི་རིག་དགུ་རིག་རྣམས་སོ། །ཐོག་མའི་ཞེས་པ་རྟོགས་ཏེ་སངས་རྒྱས་མེད་མ་རྟོགས་ཏེ་འཁོར་བ་མེད་དེ་དོན་ལས་ཕྱོགས་སུ་མ་ལྷུང་བའོ། །དངོས་མཛད་སངས་རྒྱས་ཐོག་མ་ལ། །ཞེས་པའི་དོན་ནི། དངོས་མཛད་ཅེས་པ་ངོ་བོ་ཀ་དག་དངོས་ཀྱིས་མཛད། རང་བཞིན་ལྷུན་གྲུབ་དངོས་ཀྱིས་མཛད། ཐུགས་རྗེ་ཀུན་ཁྱབ་དངོས་ཀྱིས་མཛད་དོ། །སངས་རྒྱས་ཞེས་པ། ངོ་བོ་ལ་གཟུང་ཡུལ་སངས་ཏེ་ཐིག་ལེར་རྒྱས། རང་བཞིན་ལ་སྒྲིབ་གཡོགས་སངས་ཏེ་སྐུ་རུ་རྒྱས། ཐུགས་རྗེ་ལ་ཕྱོགས་རིས་སངས་ཏེ་མཁྱེན་པར་རྒྱས།
ཐོག་མ་ཞེས་པ་གནས། སྟོན་པ། འཁོར་དང་། བསྟན་པ། དུས་དང་ལྔའོ། །གནས་ཀྱི་ཐོག་མ་ཆོས་སྐུའི་གནས་ཆོས་ཀྱི་དབྱིངས། ལོངས་སྐུའི་གནས་རྣམ་དག་འཐུག་པོ་བཀོད་པའི་ཞིང་། སྤྲུལ་སྐུའི་གནས་ཐ་དད་མ་ངེས་ཏེ་ཀུན་ཁྱབ་བོ། །སྟོན་པའི་ཐོག་མ་ཀུན་ཏུ་བཟང་པོ། ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གངས་ཆེན་མཚོ། སྤྲུལ་སྐུའི་སྟོན་པ་རྡོ་རྗེ་འཆང་ངོ་། །འཁོར་གྱི་ཐོག་མ་ཆོས་སྐུའི་འཁོར་དྲན་རིག །ལོངས་སྐུའི་འཁོར་ཞི་ཁྲོ། སྤྲུལ་སྐུའི་འཁོར་སངས་རྒྱས་སྟོང་རྩ་གཉིས། བསྟན་པའི་ཐོག་མ་ཆོས་སྐུའི་བསྟན་པ་ཆོས་ཉིད་མཐའ་བྲལ། ལོངས་སྐུའི་བསྟན་པ་ཆོས་ཉིད་རང་སྒྲ་སངས་རྒྱས་སྲས་གཅིག་པོ། སྤྲུལ་སྐུའི་བསྟན་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད། དུས་ཀྱི་ཐོག་མ་ཆོས་སྐུའི་དུས་འདས་པ། ལོངས་སྐུའི་དུས་ད་ལྟ། སྤྲུལ་སྐུའི་དུས་མ་འོངས་པ། དང་པོ་ཉིད་དུ་ཕྱག་འཚལ་ལོ། །ཞེས་པའི་དོན་ནི། དང་པོ་ཞེས་པས་ཐོག་མ་ལྔ་ལ། ཉིད་དུ་ཞེས་པ་འཁྲུལ་མ་མྱངས་པ་ལ། ཕྱག་འཚལ་ལོ་ཞེས་པ་དང་པོ་རྡོ་རྗེ་འཆང་གིས་ཡེ་ཕྱག་ཏུ་བཙལ། དེ་ནས་སངས་རྒྱས་རྣམས་ཀྱིས་རིམ་པ་བཞིན་གྱིས་ཕྱག་མཛད། ད་ལྟ་ཛོ་ཀི་བདག་ཡེ་ཤེས་འཁྲུལ་མ་མྱོང་བའི་རྒྱུད་བསྟན་པའི་བུ་གཅིག་ལ། ལུས་ངག་ཡིད་གསུམ་ཕྱག་འཚལ་ལོ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། །ཞེས་པའོ། །འདི་སྐད་བདག་ལ་སོགས་པ་ཡི། །ཞེས་པའི་དོན་ནི། འདི་སྐད་ཅེས་པ་ཆོས་ཉིད་ཀྱི་རང་སྒྲ། བདག་ལ་ཞེས་པ། ཀུན་ཏུ་བཟང་པོ། རྣམ་པར་སྣང་མཛད་གངས་ཆེན་མཚོའོ། །རྡོ་རྗེ་འཆང་ངོ་། །ལ་སོགས་ཞེས་པ། གོང་མ་གསུམ་པོ་མཐའ་མེད་བརྗོད་ལས་འདས་པའོ། །སངས་རྒྱས་བྱེ་བ་དུང་ཕྱུར་གྱིས། །ཞེས་པའི་དོན་ནི།
སངས་རྒྱས་ཞེས་པ་གཟུང་འཛིན་སངས་ནས་ཀ་དག་ཏུ་རྒྱས་པའོ། །བྱེ་བ་དུང་ཕྱུར་གྱིས་ཞེས་པ་གྲངས་སོ། །གོང་གིས་སོགས་ཀྱི་སྡེ་ཚན་ནོ། །དགོངས་པ་ཉིད་དང་གྲངས་མེད་པར། །ཞེས་པའི་དོན་ནི། དགོངས་པ་ཞེས་པ་སངས་རྒྱས་ཐམས་ཅད་ཀྱི། ཉིད་དང་ཞེས་པ་རྒྱུད། གྲངས་མེད་པར་ཞེས་པ་བསྐལ་པའོ། །ཐུགས་ཀྱི་སྙིང་པོ་ཇི་ལྟ་བར་། །ཞེས་པའི་དོན་ནི། ཐུགས་ཀྱི་ཞེས་པ་སངས་རྒྱས་ཐམས་ཅད་ཀྱི། སྙིང་པོ་ཞེས་པ་རྒྱུད་འདི། ཇི་ལྟ་བར་ཞེས་པ་འདས་མ་འོངས་གསུམ་དག་ཏུ། །གསུངས་ཤིང་བསྟན་པའི་དུས་ཅིག་ན། །ཞེས་པའི་དོན་ནི། གསུངས་ཤིང་ཞེས་པ་ཆོས་ཉིད་ཀྱི་སྒྲ་རང་བྱུང་དུ། བསྟན་པའི་ཞེས་པ་རིག་པའི་རང་བཞིན་ལུ་གུ་རྒྱུད་དུ། དུས་ཅིག་ན་ཞེས་པ་ཆོས་ཉིད་རྣམ་པར་དག་པའི། །མྱ་ངན་འདས་པའི་ཐོག་མར་ནི། །ཞེས་པའི་དོན་ནི། མྱ་ངན་ཞེས་པ་འཁོར་བའི་སྡུག་བསྔལ། འདས་པའི་ཞེས་བྱ་བ་སངས་རྒྱས་ཀྱི་བདེ་བ། ཐོག་མར་ནི་ཞེས་པ་བདེ་སྡུག་གཉིས་ཀྱིས། འདི་ནི་ཉག་གཅིག་རྣལ་མ་ཡི། །ཞེས་པའི་དོན་ནི། འདི་ནི་ཞེས་པ་རང་བབས་ཀྱི་རྒྱུད། ཉག་གཅིག་ནི་ཐིག་ལེ། རྣལ་མ་ཞེས་པ་མ་བཅོས་པའོ། །དོན་གྱི་ས་བོན་རྣམས་སུ་ནི། །ཞེས་པའི་དོན་ནི། དོན་གྱི་ཞེས་པ་ཡང་དག་པའི། ས་བོན་ནི་སངས་རྒྱས་པར་བྱེད་པའི། རྣམས་སུ་ནི་ཞེས་ཐམས་ཅད་དུ། །ངེས་པའི་སྙིང་པོ་ཉིད་དུ་ཡང་། །ཞེས་པའི་དོན་ནི། ངེས་པའི་ཞེས་པ་སངས་རྒྱ་བར། སྙིང་པོ་ནི་ཆོས་ཐམས་ཅད་ཀྱི། ཉིད་དུ་ཡང་ཞེས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པོའི་རྒྱུད་འདི། གསུངས་སོ་བསྟན་ཏོ་བཤད་པ་ནི། །ཞེས་པའི་དོན་ནི། གསུངས་སོ་ནི་ཆོས་ཉིད་ཀྱི་སྒྲ་རང་བྱུང་དུ། བསྟན་ཏོ་ནི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་རང་ཤར་དུ། བཤད་པ་ནི་ཞེས་པ་བྱིན་རླབས་རང་བབས་སུ། བསྟན་པའི་གསུང་
ནི་རྒྱ་མཚོ་ཀུན། །ཞེས་པའི་དོན་ནི། བསྟན་པའི་ཞེས་པ་སངས་རྒྱས་ཐམས་ཅད་ཀྱི། གསུང་ནི་ཞེས་པ་འདུལ་བ་མདོ་སྡེ་མངོན་པ་མདོར་ན་ཐེག་པ་དགུའི་ཆོས་བསམ་ལས་འདས་པའོ། །རྒྱ་མཚོ་ཀུན་ཞེས་པ་གོང་མའི་གསུང་མཐའ་མེད་བརྗོད་ལས་འདས་པའོ། །ལ་ལ་གནས་སྐབས་ཡུལ་དོན་དུ། །ཞེས་པའི་དོན་ནི། ལ་ལ་ཞེས་པ་ཆོས། གནས་སྐབས་ཞེས་པ་སེམས་ཀྱི་སྐྱིད་སྡུག །ཡུལ་དོན་དུ་ཞེས་པ་ཁམས་གསུམ་སེམས་ཅན་གྱི་དོན་དུ་གསུངས་སོ། །ལ་ལ་མ་འོངས་འཇུག་དོན་ཡིན། །ཞེས་པའི་དོན་ནོ། ལ་ལ་ཞེས་པ་ཆོས། མ་འོངས་ཞེས་པ་ཕྱིས། འཇུག་དོན་ཡིན་ཞེས་པ་སེམས་ཅན་རྣམས་ཆོས་ལ་འཛུད་པའི་དོན་དུ་གསུངས་སོ། །ལ་ལ་འདུལ་དོན་ཐ་དད་ཉིད། །ཅེས་པའི་དོན་ནི། ལ་ལ་ཞེས་པ་ཆོས། འདུལ་དོན་ཞེས་པ་བློ་ཆེ་ཆུང་གི་སེམས་ཅན། ཐ་དད་ཉིད་ཅེས་པ་ཐེག་པའི་མཐོ་དམན། སྙིང་གི་སྙིང་པོ་ཚིག་འགའ་ལས། །ཞེས་པའི་དོན་ནི། སྙིང་གི་ཞེས་པ་ཆོས་ཐམས་ཅད་ཀྱི། སྙིང་པོ་ཞེས་པ་ཡང་གསང་བླ་མེད་སྙིང་ཐིག་གིཚིག་འགའ་ལས་ཞེས་པ་རྒྱུད་ལུང་ཐམས་ཅད་དུ་གསུངས་ཀྱང་འཐོར་ཏེ་གོ་དཀའ། ཀུན་གྱིས་གྲུབ་པ་མ་ཡིན་ནོ། །ཞེས་པའི་དོན་ནི། ཀུན་གྱིས་ཞེས་པ་ཐེག་པ་ཐུན་མོང་བའི་ཆོས། གྲུབ་པ་ཞེས་པ་སངས་རྒྱས་ཀྱི། མ་ཡིན་ནོ་ཞེས་པ་སངས་རྒྱས་ནུས་པ། བསྟན་པ་འཕེལ་བྱེད་ས་བོན་དུ། །ཞེས་པའི་དོན་ནི། བསྟན་པ་ནི་སངས་རྒྱས་ཀྱི། འཕེལ་བྱེད་ཅེས་པ་གྲངས་ལས་འདས་པར། ས་བོན་དུ་ཞེས་པ་རྒྱུད་འདིའོ། །ཅི་སྟེ་ཞེ་ན་བཏགས་པས་སངས་རྒྱས། མཐོང་བས་སངས་རྒྱས། བལྟས་པས་སངས་རྒྱས། རེག་པས་སངས་རྒྱས། ཐོས་པས་སངས་རྒྱ་བས་སོ། །འདི་ཀུན་བཞག་ཅིང་བྱིན་བརླབས་ལས། །ཞེས་པའི་དོན་ནི། འདི་ཀུན་ཞེས་པ་རྒྱུད་འདིའི་ཚིག་རྣམས་སོ། །བཞག་ཅིང་ཞེས་པ་ཡེ་གདོད་མ་ནས། བྱིན་བརླབས་ལས་ཞེས་པ་སངས་རྒྱས་རྣམས་ཀྱི། རར་བྱུང་ཉིད་དུ་ཐུགས་
ལས་རྡོལ། །ཞེས་པའི་དོན་ནི། རང་བྱུང་ནི་བྱས་པ་མེད་པའི་ཆོས་ཉིད་དོ། །ཉིད་དུ་ཞེས་པ་སྐད་ཅིག་མ། ཐུགས་ལས་རྡོལ་ཞེས་པ་རྡོ་རྗེ་འཆང་གི་ཐུགས། ཀུན་བཟང་ཤེས་རིག་གི་རྒྱལ་པོ་ལས་ཐིག་ལེ་རྡོལ། ཐིག་ལེ་ལས་སྐུ་རྡོལ། སྐུ་ཞི་ཁྲོ་ལས་གསུང་རང་བྱུང་བསྟན་པའི་བུ་གཅིག་རྡོལ་ལོ། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །ཞེས་པའི་དོན་ནི། དེ་ཕྱིར་ཞེས་པ་གོང་ལྟར་རང་བབས་སུ་རྡོལ་བ། སངས་རྒྱས་ནི་གོང་དང་མཚུངས། ཐམས་ཅད་ཀྱི་ཞེས་པ་སྔར་འདས་པ། ད་ལྟར་བཞུགས་པ། མ་འོངས་བྱོན་པའི། ཐུགས་ཀྱི་སྲས་ནི་གཅིག་པར་ཡང་། །ཞེས་པའི་དོན་ནི། ཐུགས་ཀྱི་ཞེས་པ་སངས་རྒྱས་ཐམས་ཅད། སྲས་ནི་ཞེས་པ་རྒྱུད་འདིས་སངས་རྒྱས་སྤེལ་བས། གཅིག་པར་ཡང་ཞེས་པ་བསྟན་པ་ཐམས་ཅད་དུ་གང་སངས་རྒྱས་ཀྱང་འདིའི་བྱིན་བརླབས་སོ། །འདི་གཅིག་པུའི་མཐུའོ། །ཞེས་པའོ། །རང་བྱུང་ཆེན་པོ་འཕེལ་དང་བཅས། །ཞེས་པའི་དོན་ནི། རང་བྱུང་ཞེས་འདུས་མ་བྱས་པ་ནི་འདུས་མ་བྱས་བའི་ཆོས་སྐུའི་ཐིག་ལེ་ཉག་ཅིག །ཆེན་པོ་ནི་འདིའི་གོང་ན་མེད་པའི་ཡང་རྩེ། འཕེལ་དང་བཅས་ཞེས་པ་ནི། སངས་རྒྱས་ཀྱི་གདུང་འདི་བཏགས་ཚད་སངས་རྒྱ་བ་ལ་དགོངས་པའོ། །འབྱུང་བའི་སྒྲ་དང་བྲལ་བར་འགྱུར། །ཞེས་པའི་དོན་ནི། འབྱུང་བའི་ཞེས་པས་ཆུ་མེ་རླུང་གི། སྒྲ་དང་ཞེས་པ་གནོད་པ། བྲལ་བར་འགྱུར་ཞེས་པ་ཡི་གདོད་མ་ནས། འདི་ནི་བསྟན་པ་གང་བྱུང་དུ། །ཞེས་པའི་དོན་ནི། འདི་ནི་ཞེས་པ་རྒྱུད་འདི། བསྟན་པ་ནི་སངས་རྒྱས་ཀྱི། གང་བྱུང་དུ་ཞེས་པ་མཐའ་མེད་དེ། འོད་དང་བཅས་ཏེ་འབྱུང་བ་ཡིན། །ཞེས་པའི་དོན་ནི། འོད་དང་ཞེས་པ་མཐིང་ཀ་དཀར་སེར་དམར་ལྗང་སྣ་ཚོགས་པར། བཅས་ཏེ་ཞེས་པ་རྒྱུད་འདི། འབྱུང་བ་ཡིན་ཞེས་པ་བྱིན་བརླབས་རང་བབས་སུ་
སྔར་བྱོན། ད་ལྟ་བཞུགས། ཕྱིས་འབྱོན་པར་འགྱུར་རོ། །ཞེས་པའོ། །གང་ལ་བབས་པར་གྱུར་པའི་མི། །ཞེས་པའི་དོན་ནི། གང་ལ་ཞེས་པ་འགྲོ་བ། བབས་པར་ཞེས་པ་རྒྱུད་བསྟན་པའི་བུ་གཅིག་འདི། གྱུར་པའི་མི་ཞེས་པ་སྐལ་ལྡན་ཏེ། བསྟན་པ་ཀུན་གྱིས་བདག་པོར་འགྱུར། །ཞེས་པའི་དོན་ནི། བསྟན་པ་ཞེས་པ་སངས་རྒྱས་ཀྱི། ཀུན་གྱི་ཞེས་པ་མཐའ་མེད་བརྗོད་ལས་འདས་པ། བདག་པོར་འགྱུར་ཞེས་པ་རྒྱུད་འདི་ཐོགས་ཚད། བར་དོར་འདིའི་བྱིན་རླབས་ཀྱིས་སད་བྱེད་བྱས་ནས། རང་ངོ་ཤེས་ནས་སངས་རྒྱས་ཏེ་སྐད་ཅིག་གཅིག་ལ་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར། སྤྲུལ་པ་བྱེ་བ་ཕྲག་བརྒྱ་དུས་གཅིག་ལ་འགྱེད་ནུས་སོ། །འདི་ལ་ལྡེམ་པོར་བསྟན་པ་མེད། །ཅེས་པའི་དོན་ནི། འདི་ལ་ཞེས་པ་རྒྱུད་འདིའི་ཚིག་ལ། ལྡེམ་པོར་ཞེས་པ་ལྡེམ་རྒྱུ་དང་པོ་རྒྱུ་མེད་དེ་ཐམས་ཅད་རང་བྱུང་ཆོས་ཉིད་ཀྱི་རང་སྒྲའོ། །བསྟན་པ་མེད་ཅེས་པ་རྡོ་རྗེ་འཆང་ལ་སོགས་པས། སུས་ཀྱང་བཤད་ཅིང་ཉན་མེད་པར། །ཞེས་པའི་དོན་ནི། སུས་ཀྱང་ཞེས་པ་སངས་རྒྱས། བཤད་ཅིང་ཞེས་པའི་ཚིག་ཏུ། ཉན་མེད་པར་ཞེས་པ་འཁོར། རང་བྱུང་དགོངས་པ་ཀློང་རྡོལ་དུ། །ཞེས་པའི་དོན་ནི། རང་བྱུང་ཞེས་པ་བྱས་པ་མེད་པའི་སྐུ་དང་ཡེ་ཤེས། དགོངས་པ་ཞེས་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི། ཀློང་རྡོལ་དུ་ཞེས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ཉི་མ་སྤྲིན་ལས་འཐོན་པ་བཞིན། །ཅེས་པའི་དོན་ནི། ཉི་མ་ནི་ཡེ་ཤེས་ལྔ་ལྡན་གྱི་ཐིག་ལེ། སྤྲིན་ལས་ཞེས་པ་སེམས་ཅན་ལས་ཀྱི། ཐོན་པ་བཞིན་ཞེས་པ་ནི་དཔེ་སྟེ། འཁྲུལ་སྣང་སངས་ནས་ཡེ་ཤེས་སུ་རྒྱས་སོ། །སུས་ཀྱང་མ་བསྒྲིབས་རང་བྱུང་ངོ་། །ཞེས་པའི་དོན་ནི། སུས་ཀྱང་ཞེས་པ་ལས་དང་བག་ཆགས་ངན་པ་དང་། འབྱུང་བ་ཆེན་པོ་བཞི་དང་། ལྷ་དང་དབང་ཕྱུག་གིས། མ་
བསྒྲིབས་ཞེས་པ་ཐིག་ལེ། རང་བྱུང་ངོ་ཞེས་པ་ཡེ་གདོད་མ་ནས། འདི་ལ་འབྱུང་བཞིའི་གནོད་མེད་པས། །ཞེས་པའི་དོན་ནི། འདི་ལ་ཞེས་རྒྱུད་ཀྱི་དོན་ལ། འབྱུང་བཞིའི་ཞེས་པ་ས་ཆུ་མེ་རླུང་གིགནོད་མེད་པས་ཞེས་པ་ཡེ་ནས། སས་མི་ནོན་ཆུས་མི་འཇིག་མེས་མི་འཚིག་རླུང་གིས་བསྐྱོད་པར་མི་ནུས་སོ། །ནམ་མཁའ་དག་ལ་འཕར་བར་སྣང་། །ཞེས་པའི་དོན་ནི། ནམ་མཁའ་ཞེས་པ། དབྱིངས་རྒྱན་བུ་ག་ཆོས་ཉིད་ཀྱི། །དག་ལ་ཞེས་པ་ཐིག་ལེ། འཕར་བར་སྣང་ཞེས་པ་གོང་ནས་གོང་མངོན་སུམ་དུ། སངས་རྒྱས་འབྲས་བུ་སུས་ཐོབ་པ། །ཞེས་པའི་དོན་ནི། སངས་རྒྱས་ཞེས་པ་ཉོན་མོངས་པ་སངས་ཡེ་ཤེས་ལྔ་རྒྱས་པའོ། །འབྲས་བུ་ཞེས་པ་གཞི་ཀ་དག་ག །སུས་ཐོབ་པ་ཞེས་པ་སྐལ་ལྡན། འདི་ཉིད་དེ་ལས་སྣང་བ་ཡིན། །ཞེས་པའི་དོན་ནི། འདི་ཉིད་ཅེས་པ་རྒྱུད་དོན་ཐིག་ལེ་ཉག་གཅིག །དེ་ལས་ཞེས་པ་རྒྱུད་བཏགས་པའི་བྱིན་རླབས་ལས། སྣང་བ་ཡིན་ཞེས་པ་བར་དོར་སྐུ་གསུམ་དུ། འདི་མ་མཐོང་བའི་སངས་རྒྱས་ནི། །ཞེས་པའི་དོན་ནི། འདི་མ་བཅོས་པ་རང་བྱུང་གསུམ་སྟེ། སྐུ་རང་བྱུང་ཞི་ཁྲོ། གསུང་རང་བྱུང་བསྟན་པའི་བུ་གཅིག །ཐུགས་རང་བྱུང་ཐིག་ལེ་གསུམ། མཐོང་བའི་ཞེས་པ་སེམས་མ་བཅོས་པས། སངས་རྒྱས་ནི་ཞེས་པ་གང་དུ། གཅིག་ཀྱང་འབྱུང་བ་སྔ་ཕྱིར་མེད། །ཅེས་པའི་དོན་ནི། གཅིག་ཀྱང་ཞེས་པ་མེད་པའི་ཐ་ཚིག་གོ། འབྱུང་སྲིད་ཀྱང་འདི་དང་ཕྲད་པའི་རྟགས་སོ། །འབྱུང་བ་ཞེས་པ་མངོན་སུམ་དུ། སྔ་ཕྱིར་མེད་ཅེས་པར་འདས་མ་འོངས་ད་ལྟ་གསུམ་ཀར་འབྱུང་རེ་ཀན་ནོ། །ཞེས་པའི་ཐ་ཚིག་གོ། དེ་ཕྱིར་བསྟན་པ་རྣམས་ཀྱི་བཙས། །ཞེས་པའི་དོན་ནི། དེ་ཕྱིར་ཞེས་པ་རབ་ཏུ་དཀོན་པའི། བསྟན་པ་ཞེས་པ་
སངས་རྒྱས་ཀྱི། རྣམས་ཀྱི་ཞེས་པ་མ་ལུས་པའི། བཙས་ཞེས་པ་རྒྱུད་འདིའོ། །སངས་རྒྱས་ཀུན་གྱི་སྲས་གཅིག་པོ། ཞེས་པའི་དོན་ནི། སངས་རྒྱས་ནི་ཉོན་མོངས་པ་སངས་ཡེ་ཤེས་རྒྱས་པ་ལ་བྱའོ། །ཀུན་གྱི་ཞེས་པ་མ་ལུས་པའི། སྲས་གཅིག་པོ་ཞེས་པ་སངས་རྒྱས་ཀྱི་གདུང་སྤེལ་བའི་རྒྱུད་འདིའོ། །མྱང་འདས་ཐོབ་པའི་སྣ་ཐག་ཡིན། །ཞེས་པའི་དོན་ནི། མྱང་འདས་ཞེས་པ་སྡུག་བསྔལ་ཆོས་ཉིད་དུ། ཐོབ་པའི་ཞེས་པ་བར་དོར། སྣ་ཐག་ཡིན་ཅེས་པ་རྒྱུད་འདིས་འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་འཁྲིད་པར་བྱེད་པས་འདི་དབུགས་ལ་སླེབ་པས་ཆོག་གོ། དགོངས་པ་རང་ཐོག་ཕེབས་པ་ཡི། །ཞེས་པའི་དོན་ནི། དགོངས་པ་ནི་སངས་རྒྱས་ཐམས་ཅད་ཀྱི། རང་ཐོག་ནི་སེམས་ཀྱི། ཕེབས་པའི་ཞེས་པ་སྐད་ཅིག་ལ། །གནད་ཀྱི་ཚིག་ཏུ་འདི་ཉིད་བྱུང་། །ཞེས་པའི་དོན་ནི། གནད་ཀྱི་ཞེས་པ་ཆོས་ཐམས་ཅད་ཀྱི། ཚིག་ཏུ་ཞེས་པ་འགྲོ་བ་གང་གི་ཡང་ཚིག་དང་ཡི་གེར། འདི་ཉིད་བྱུང་ཞེས་པ་བསྟན་པའི་བུ་གཅིག་འདི་རང་བབས་སུ་བྱོན་ནོ། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །ཞེས་པའི་དོན་ནི། འཇིག་རྟེན་ཞེས་པ་འཇིག་ཆགས་ཅན་ནོ། ཁམས་ནི་འབྱུང་བ་ལྔའི་སེམས་ཅན་དང་བཅས་པའོ། །གང་དུ་ཡང་ཞེས་པ་མཐའ་མེད་དེ་སྤྲུལ་སྐུའི་ཞིང་ཁམས་གང་བྱུང་བར། དེས་ཐུབ་པའི་ཞིང་ཁམས་འདི་དང་མཚུངས་སོ། །སངས་རྒྱས་ཉིད་ནི་སུས་ཐོབ་པ། །ཞེས་པའི་དོན་ནི། སངས་རྒྱས་ཞེས་པ་ཉོན་མོངས་པ་སངས་ཡེ་ཤེས་རྒྱས་པའོ། །ཉིད་ནི་ཞེས་པ་སྐད་ཅིག་ལ། སུས་ཐོབ་པ་ཞེས་པ་འགྲོ་བ་སྐལ་ལྡན་དེས། དེ་ཚེ་འདི་ནི་ལན་གསུམ་དུ། །ཞེས་པའི་དོན་ནི། དེ་ཚེ་ཞེས་པ་འགྲོ་བ་སྐལ་ལྡན་དེ་ལ་བབས་པ། འདི་ནི་ཞེས་པ་རྒྱུད་རང་འབྱོན།
ལན་གསུམ་དུ་ཞེས་པ་ཆོས་ཉིད་ཀྱི་རང་སྒྲ་ལས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་སྔར་བཀོད་དོ། །ད་ལྟར་བཀོད་པར་བགྱིད་དོ། །ཕྱིས་འགོད་པར་འགྱུར་རོ། །ཞེས་པའི་སྒྲ་ཐོས་ཚད་སྔར་སངས་རྒྱས་སོ། །ད་ལྟ་སངས་རྒྱའོ། །ཕྱིས་འཚང་རྒྱ་བ་ལ་དགོངས་པའོ། །ནམ་མཁའ་དག་ལ་འཕར་བ་དང་། །ཞེས་པའི་དོན་ནི། ནམ་མཁའ་ནི་དབྱིངས་ཀྱི། དག་ལ་ཞེས་པ་དངོས། འཕར་བ་དང་ཞེས་པ་སངས་རྒྱས་མྱ་ངན་ལས་འདས་པ་ལ་ཡང་བརྗོད། སངས་རྒྱས་ཀྱི་བསྟན་པ་གཅིག་རྫོགས་པ་དང་གཞན་དུ་གོང་ལྟར་བསྟན་པ་སྤེལ་བ་ལ་ཡང་དགོངས་པའོ། །རང་འོད་ལྔ་པོ་འདི་ལས་འབྱུང་། །ཞེས་པའི་དོན་ནི། རང་འོད་ནི་རིག་པའི། ལྔ་པོ་ནི་དཀར་སེར་དམར་ལྗང་མཐིང་བའི། འདི་ལས་འབྱུང་ཞེས་པ་རྒྱུད་འདི་སྔར་ཡོད་པ་འདས་ཙམ་ན་དང་། ཕྱིས་རྒྱུད་འདི་བབས་ཙ་ན་ནམ་མཁའ་གང་ནས་འབྱུང་ངོ་། །གནས་དང་མི་དང་རོ་ལ་བྱུག་པར་ཡང་འགྱུར་རོ། །དེའི་ཚེ་འཇའ་འོད་མཐོང་ཚད་འཁོར་བ་ལས་གྲོལ་ལོ། །འདི་འཛིན་རྣལ་འབྱོར་སྐལ་ཆེ་བས། །ཞེས་པའི་དོན་ནི། འདི་འཛིན་ཅེས་པ་བསྟན་པ་བུ་གཅིག་གི་རྒྱུད། རྣལ་འབྱོར་ཞེས་པ་དབུགས་ཆེན་འབྱིན་པའི། སྐལ་ཆེ་བས་ཞེས་པ་བཏགས་པ་ཙམ་ཐོས་པ་ཙམ་མཐོང་བ་ཙམ་རེག་པ་ཙམ་གྱིས། རབ་ཚེ་འདིར་སངས་རྒྱས་ཏེ། ཚངས་པ་ཆེན་པོ་དང་། ཁྱབ་འཇུག་དང་ཀ་ལ་པི་ཀའི་གནས་སུ་སྒྲ་ཐོས་པ་ཙམ་གྱིས་འཁོར་བ་སྟོངས་པར་བྱས་སོ། །འབྲིང་བར་དོར་གྲོལ་བ་ལ་ཐེ་ཚོམ་མེད། ཐ་མ་ཡང་མངལ་སྒོ་མི་འགྲིམ་སྟེ། པདྨ་ལྔ་ལས་བརྫུས་ཏེ་སྐྱེས་ནས་ལོ་ལྔ་བརྒྱ་ན་སངས་རྒྱ་བའོ། །ལན་གསུམ་འདི་ཡི་ཚིག་ཀུན་ཡང་། །ཞེས་པའི་དོན་ནི།
ལན་གསུམ་ནི་གྲངས་སོ། །འདི་ཡི་ཞེས་པ་སངས་རྒྱས་སྲས་གཅིག་པོའི་རྒྱུད། ཚིག་ཀུན་ཡང་ཞེས་པ་རང་བྱུང་གི། ལྷག་དང་ཆད་པ་མེད་པར་ནི། །ཞེས་པའི་དོན་ནི། ལྷག་དང་ཞེས་པ་ཚིག །ཆད་པ་ནི་ཚིག །མེད་པར་ནི་ཞེས་པ་ཤིན་ཏུ་དག་པར་མོས་པ་གུས་པས། རྡོ་རྗེའི་ལྕེ་ཡིས་སུས་བརྗོད་ན། །ཞེས་པའི་དོན་ནི། རྡོ་རྗེའི་ཞེས་པས་རིགས་ལྔ་པོ་མཚོན་ཏེ། རྡོ་རྗེ་ནི་འགྱུར་བ་མེད་པའོ། །རིན་པོ་ཆེ་ནི་དགོས་འདོད་འབྱུང་བའོ། །པད་མ་ནི་སྐྱོན་གྱིས་མ་གོས་པའོ། །རལ་གྲི་ནི་གཟུང་འཛིན་གཅོད་པའོ། །འཁོར་ལོ་ནི་སྐུ་གསུམ་རྒྱུན་ཆད་མེད་པའོ། །ལྕེ་ཡིས་ཞེས་པ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ལྕེ། རིན་པོ་ཆེ་རིན་ཆེན་འབྱུང་ལྡན་ཡབ་ཡུམ། པད་མ་སྣང་བ་མཐའ་ཡས་ཡབ་ཡུམ། རལ་གྲི་དོན་ཡོད་གྲུབ་པ་ཡབ་ཡུམ། འཁོར་ལོ་རྣམ་པར་སྣང་མཛད་ཡབ་ཡུམ། གཙོ་འཁོར་དང་ལྕེ་རུ་བསྒོམས་པ། སུས་བརྗོད་ན་ཞེས་པ་སྐལ་ལྡན་བྱང་སེམས་ཅན་གྱིས། གོང་ལྟར་བསྒོམས་ལ། ནད་གདོན་སྡིག་སྒྲིབ་སད་སེར་མུ་གེ་འཁྲུག་པ་ཞི་བར་འདོད་ན། རྡོ་རྗེ་སེམས་དཔའི་ཚོམ་བུར་བསྒོམ། ཚེ་བསོད་རྒྱས་པ་ལ་རིན་ཆེན་འབྱུང་ལྡན། དབང་ལ་སྣང་བ་མཐའ་ཡས། དྲག་པོ་ལ་དོན་ཡོད་གྲུབ་པ། ཐམས་ཅད་ལ་རྣམ་པར་སྣང་མཛད་ཡབ་ཡུམ་གཙོ་འཁོར་དུ་བསྒོམས་ཏེ། ཁ་ཤར་ལྷོ་ནུབ་བྱང་དུ་བལྟས་ལ། ངག་བཅད་ལ་ཚར་གསུམ་གསུམ་བཅོ་ལྔ་དག་པར་བརྗོད་ན། དེའི་དུས་སུ་འཇའ་འོད་ཁ་ཆར་ཁུ་རླངས་འབྲུག་ལ་སོགས་པའི་ལྟས་ཅི་བྱུང་ཡང་རུང་སྟེ། མཐོང་བ་ཐོས་པ་རེག་པ། འདི་ཡང་དེ་དང་མཉམ་པར་ཡོད། །ཞེས་པའི་དོན་ནི། འདི་ཡང་ཞེས་པ་གོང་མའི་ཚིག་ལྷག་སྟེ། གོང་གི་འཇའ་འོད་འབྲུག་སྒྲ་ཐོས་མཐོང་རེག་
པའི་སེམས་ཅན་ཐམས་ཅད། དེ་དང་ཞེས་པ་རབ་འདི། འབྲིང་བར་དོ། ཐ་མ་མངལ་སྒོ་མི་འགྲིམ་སྟེ་གོང་མ་དང་། མཉམ་པར་ཡོད་ཅེས་པ་དགོངས་པ་དང་རྟགས། འགྱུར་བར་འདི་ལ་ཐེ་ཚོམ་མེད། །ཅེས་པའི་དོན་ནི། འགྱུར་བར་ཞེས་པ་སངས་རྒྱ་བར། འདི་ལ་ཞེས་པ་རྒྱུད་འདིས། ཐེ་ཚོམ་ཡོད་རེ་ཀན་ནོ། །མངོན་སུམ་རིག་པ་རྟོགས་པས་སྨོས་ཅི་དགོས། །དེ་ཕྱིར་བསྟན་པའི་རྒྱུད་རྣམས་ཀུན། །ཞེས་པའི་ཆོས་དོན་ནི། དེ་ཕྱིར་ཞེས་པ་རྒྱུད་འདི་མིན་པ། བསྟན་པའི་ཞེས་པ་སངས་རྒྱས་ཀྱིས། རྒྱུད་རྣམས་ཀུན་ཅེས་པས་སྔགས་ཕྱི་ནང་གིཐམས་ཅད་དུས་གཅིག་བསྒོམ་ཤེས་ཀྱང་། །ཞེས་པའི་དོན་ནི། ཐམས་ཅད་ཅེས་པ་ཆོས། དུས་གཅིག་ཅེས་པས་ས་གཅིག་པར། བསྒོམ་ཞེས་ཀྱང་ཞེས་པ་གང་ཟག་གིས། འདི་མ་སྣང་བར་གྲོལ་བ་མེད། །ཅེས་པའི་དོན་ནི། འདི་མ་བཅོས་པ་རྒྱུད་འདི། སྣང་བར་ཅེས་པ་རྒྱུད་དོན་རིག་པ་མངོན་སུམ་དུ། གྲོལ་བ་མེད་ཅེས་པ་ཆོས་གཞན་མཁས་པ་པཎྜི་ཏར་གྱུར་ཀྱང་། འདི་ནི་ས་བོན་རང་འཕེལ་བས། །ཞེས་པའི་དོན་ནི། འདི་ནི་ཞེས་པ་རྒྱུད། ས་བོན་ནི་སངས་རྒྱས་ཀྱི། རང་འཕེལ་བས་ཞེས་པ་རྒྱུད་འདིའི་བྱིན་བརླབས་ལས། བསྟན་པའི་བདག་པོ་གང་སངས་རྒྱས། །ཞེས་པའི་དོན་ནི། བསྟན་པའི་ཞེས་པ་སངས་རྒྱས་ཀྱི། བདག་པོ་ཞེས་པ་དངོས་དཔེ་ཤཱཀྱ་ཐུབ་པ་ལྟ་བུའོ། །གང་སངས་རྒྱས་ཞེས་པ་འཇིག་རྟེན་གྱི་ཁམས་གང་དུ་སངས་རྒྱས་གང་བྱོན་ཀྱང་། འདི་ཉིད་ས་བོན་མེད་པར་ནི། །ཞེས་པའི་དོན་ནི། འདི་ཉིད་ཅེས་པ་རྒྱུད་བསྟན་པའི་བུ་གཅིག་འདི། ས་བོན་ཞེས་པ་སངས་རྒྱས་ཀྱི། མེད་པར་ནི་ཞེས་པ་རྒྱུད་རང་བྱུང་འདིའི་བྱིན་རླབས་མ་ཐོས་མ་
མཐོང་མ་རེག་པར། བསྟན་པའི་གསུང་ནི་ཚིག་ཙམ་ཡང་། །ཞེས་པའི་དོན་ནི། བསྟན་པའི་ཞེས་པ་སངས་རྒྱས་ཀྱིས། གསུང་ནི་ཞེས་པ་མདོ་རྒྱུད། ཚིག་ཙམ་ཡང་ཞེས་པ་གསུང་། ལྕེ་ཡི་དབང་པོས་བརྗོད་མི་ནུས། །ཞེས་པའི་དོན་ནོ། །ལྕེ་ཡི་ཞེས་པ་འགྲོ་བ་ཐ་དད་པའོ། །དབང་པོས་ཞེས་པ་སྨྲ་བྱེད་ཀྱིས། བརྗོད་མི་ནུས་ཞེས་པ་ཚིག་གཅིག་ཙམ་ཡང་། དེ་ཚིག་འདི་ལ་མ་བརྟེན་པར། །ཞེས་པའི་དོན་ནི། དེ་ཚིག་ཅེས་པ་ཆོས་ཐམས་ཅད་ཀྱི། འདི་ལ་ཞེས་པ་བསྟན་པའི་བུ་གཅིག་གི་རྒྱུད། མ་བརྟེན་པར་ཞེས་པ་བྱིན་རླབས་རང་བབས་ལ། རྡུལ་ཆ་ཙམ་ཡང་འབྱུང་བ་མེད། །ཅེས་པའི་དོན་ནི། རྡུལ་ཆ་ནི་ཕྲ་རབ་བརྒྱར་གཤགས་པའི་ཆ་ཙམ་ཡང་ཞེས་པ་མེད་པའི་ཚད། འབྱུང་བ་མེད་ཅེས་པ་སངས་རྒྱས་ཀྱི་གསུང་། བསྟན་པ་གཅིག་གི་སྙིགས་མ་ལ། །ཞེས་པའི་དོན་ནི། བསྟན་པ་སངས་རྒྱས་ཀྱི། གཅིག་གི་ཞེས་པ་གང་རུང་། སྙིགས་མ་ལ་ཞེས་པ་བསྟན་པ་མར་འགྲིབ་དུས་ན་འབྱུང་ངོ་། །དེ་ཉོན་མོངས་པ་ཆ་ཆ་ནས་རགས་སུ་སོང་བ་ལས་བྱུང་ཞིང་ལན་ནོ། །བྱིན་བརླབས་ཚིག་ནི་འདི་ཀུན་ཡང་། །ཞེས་པའི་དོན་ནི། བྱིན་བརླབས་ནི་ཡེ་གདོད་མ་ནས་ཆོས་ཉིད་ཀྱི། ཚིག་ནི་ཞེས་པ་འདི་རང་གིའདི་ཀུན་ཡང་ཞེས་པ་ལེའུ་བདུན་པ་འདིའོ། །གང་ལ་སྣང་བའི་མི་དེས་ཀྱང་། །ཞེས་པའི་དོན་ནི། གང་ལ་ཞེས་པ་འགྲོ་བ། སྣང་བའི་ཞེས་པ་བྱིན་རླབས་མངོན་སུམ་དུ། མི་དེས་ཀྱང་ཞེས་པ་སྐལ་ལྡན་ཕོ་མོ། དཔེ་དགའ་རབ་རྡོ་རྗེ་བདག་དང་མཚུངས་སོ། །མ་མཐོང་རྒྱུད་དང་བསྟན་བཅོས་ནི། །ཞེས་པའི་དོན་ནི། མ་མཐོང་ཞེས་པ་སྔར། རྒྱུད་དང་ཞེས་པ་སྔགས་ཕྱི་ནང་དུ་གྲགས་པའོ། །བསྟན་བཅོས་ནི་ཞེས་པ་རིག་འཛིན་
འཕགས་པ་རྣམས་ཀྱི། ལྕེ་ཡི་དབང་པོས་བརྗོད་པར་ནུས། །ཞེས་པའི་དོན་ནི། ལྕེ་ཡི་ཞེས་པ་བརྗོད་པའི། དབང་པོས་ཞེས་པ་རང་དབང་ཐོབ་པར། བརྗོད་པར་ནུས་ཞེས་པ་ཚིག་དོན་འབྲེལ་ཅན་དུ། སེམས་ཅན་ཀུན་གྱི་བསམ་པ་དང་། །ཞེས་པའི་དོན་ནི། སེམས་ཅན་ནི་ཁམས་གསུམ་གྱི། ཀུན་གྱི་ཞེས་པ་མ་ལུས་པའི། བསམ་པ་དང་ཞེས་སོ་སོ་རང་རང་གིསངས་རྒྱས་ཀུན་གྱི་དགོངས་པ་ནི། །ཞེས་པའི་དོན་ནི། སངས་རྒྱས་ཞེས་པ་ནི་ཆོས་སྐུའི་སངས་རྒྱས་ཀུན་བཟང་ཡབ་ཡུམ། ལོངས་སྐུའི་སངས་རྒྱས་རྣམ་པར་སྣང་མཛད་གངས་ཆེན་མཚོ། སྤྲུལ་སྐུའི་སངས་རྒྱས་རྡོ་རྗེ་འཆང་། ཀུན་གྱི་ཞེས་པ་ནི་སངས་རྒྱས་དེ་དག །དགོངས་པ་ནི་ཞེས་པ་ནི་དེ་རྣམས་ཀྱི། ཇི་ལྟར་མཐུན་པའི་ཆོས་ཀུན་ནི། །ཞེས་པའི་དོན་ནི། ཇི་ལྟར་ཞེས་པ་བློ་ཆེ་ཆུང་། མཐུན་པའི་ཞེས་པ་སོ་སོར། ཆོས་ཀུན་ནི་ཞེས་པ་མ་ལུས་པ་ལ། འདི་ཡིས་སྟོན་པར་ནུས་པ་ཡིན། །ཞེས་པའི་དོན་ནི། འདི་ཡིས་ཞེས་པ་རྒྱུད། སྟོན་པར་ཞེས་པ་སོ་སོ་རང་རང་གི་སྐད་དུ། ནུས་པ་ཡིན་ཞེས་བྱིན་རླབས་ཀྱིས། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱས་ཐོག་དྲངས་ནས་མཐའ་མེད་བརྗོད་ལས་འདས་པར། སངས་རྒྱས་རྣམས་ཀྱི་ཐུགས་དང་གཅིག །ཅེས་པའི་དོན་ནི། སངས་རྒྱས་ནི་ངོ་བོ་རང་བཞིན་ཐུགས་རྗེས་གསུམ་གྱི་དྲི་མ་ཡེ་ནས་སངས། སྐུ་དང་ཡེ་ཤེས་མཁྱེན་པ་ཡེ་ནས་རྒྱས་པའོ། །རྣམས་ཀྱི་ཞེས་པ་བརྗོད་པ་ལས་འདས་པའི། ཐུགས་དང་གཅིག་ཅེས་པ་སྙིང་པོ་ལྔ་ལྡན་ནོ། །རྡོ་རྗེ་འཛིན་པའི་དགོངས་པ་དང་། །ཞེས་པའི་དོན་ནི། རྡོ་རྗེ་ནི་སྟོང་རིག་ལྔ་ལྡན་ནོ། །འཛིན་པའི་ཞེས་པ་རྡོ་རྗེ་འཆང་གི་བརྒྱུད་པ་བླ་མ་མཚན་ལྡན་ནོ། །དགོངས་པ་དང་ཞེས་པ་སངས་
རྒྱས་དང་མཉམ་པའོ། །དབྱེར་མི་ཕྱེད་པར་འདིས་འགྱུར་རོ། །ཞེས་པའི་དོན་ནི། དབྱེར་མི་ཞེས་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་བླ་མའི་དགོངས་པ། ཕྱེད་པར་ཞེས་པ་རྒྱུད་འདི་བཏགས་མཐོང་ཐོས་རེག་གི་འགྲོ་བ་དང་། འདིས་འགྱུར་རོ་ཞེས་པ་བསྟན་པའི། དེ་ཕྱིར་བསྟན་པའི་མེ་རོ་ཡིན། །ཞེས་པའི་དོན་ནི། དེ་ཕྱིར་ཞེས་པ་རྒྱུད་འདི། བསྟན་པའི་ཞེས་པ་སངས་རྒྱས་ཐམས་ཅད་ཀྱི། མེ་རོ་ཡིན་ཞེས་པ་དཔེ་ནགས་ཚིག་པའི་མེ་རོ་དེ། རླུང་སེར་བུ་བྱུང་བ་དང་མེ་རོ་ལངས་ནས་གཞན་དུ་མཆེད་པ་དང་འདྲ་བར་རྒྱུད་འདི་སངས་རྒྱས་ཀྱི་བསྟན་པ་གཅིག་རྫོགས་པ་དང་། ཡང་གཞན་དུ་འབར་ནས་བསྟན་པ་འཕེལ་བ་ལ་དགོངས་པའོ། །རང་བྱུང་ཚིག་གི་རྒྱལ་པོ་འདི། །ཞེས་པའི་དོན་ནི། རང་བྱུང་ནི་མ་བྱས་པའི་རིག་པ། ཚིག་གི་ཞེས་པ་ནི་འདུས་མ་བྱས་པའོ། །རྒྱལ་པོ་འདི་ཞེས་པ་གོང་ན་མེད་པའི་རྒྱུད་བསྟན་པའི་བུ་གཅིག །སོ་སོའི་སེམས་ཅན་སྐྱེ་གཟུགས་ལ། །ཞེས་པའི་དོན་ནི། སོ་སོའི་ཞེས་པ་རིགས་དྲུག །སེམས་ཅན་ཅེས་པ་བཅུད་ཀྱི། སྐྱེ་གཟུགས་ལ་ཞེས་པ་བརྫུས་སྐྱེས། སྒོང་སྐྱེས། དྲོད་གཤེར་ལས་སྐྱེས་པ། མངལ་ལས་སྐྱེས་པ། གཟུགས་ཆེ་ཆུང་ཐ་དད་པའོ། །སོ་སོའི་བརྡ་སྐད་ཇི་ལྟ་བར། །ཞེས་པའི་དོན་ནི། སོ་སོའི་ཞེས་པ་སེམས་ཅན། བརྡ་སྐད་ཅེས་པ་རང་རང་གིཇི་ལྟར་བར་ཞེས་པ་མཐུན་པར། འདི་ཉིད་དེ་ལྟར་སྣང་བ་ཡིན། །ཞེས་པའི་དོན་ནི། འདི་ཉིད་ཅེས་པ་རྒྱུད། དེ་ལྟར་ཞེས་པ་གོང་མ་བཞིན། སྣང་བ་ཡིན་ཞེས་པ་སོ་སོ་རང་རང་གི་ཡི་གེ་རྒྱུད་དོན་ཐིག་ལེ་ལ་ཡང་བརྗོད་དོ། །དེ་ཕྱིར་རང་བྱུང་ཡི་གེར་ནི། །ཞེས་པའི་དོན་ནི། དེ་ཕྱིར་ཅེས་པ་རྒྱུད་བསྟན་པའི་བུ་གཅིག་འདི། རང་བྱུང་ཞེས་
པ་ཡུལ་སོ་སོར་རང་རང་ལས། ཡི་གེར་ནི་ཞེས་པ་རིགས་མི་གཅིག་པ། ཐོག་མ་བབས་ཀྱིས་གྲུབ་ནས་བྱུང་། །ཞེས་པའི་དོན་ནི། ཐོག་མ་ནི་སངས་རྒྱས་དང་སེམས་ཅན་གྱི་མིང་མེད་དེ་ལས། བབས་ཀྱིས་ཞེས་རང་བཞིན། གྲུབ་ནས་བྱུང་ཞེས་པ་ཆོས་ཉིད་ཀྱི་རང་སྒྲར་བྱུང་བའོ། །རང་བྱུང་བཅོམ་ལྡན་འདས་ལ་ཡང་། །ཞེས་པའི་དོན་ནི། རང་བྱུང་ནི་རིག་པའི་ཡེ་ཤེས། བཅོམ་ལྡན་ནི་ཉོན་མོངས་པ་ལྔ་བཅོམ། སྐུ་ལྔ་དང་ལྡན། འདས་ལ་ཡང་ཞེས་པ་སྐུ་གསུམ་གྱི་འཛིན་པ་ལས་འདས་པའོ། །འདི་ལྟར་རྫོགས་པའི་ལུགས་སུ་སྣང། །ཞེས་པའི་དོན་ནི། འདི་ལྟར་ཞེས་པ་ཆོས་ཐམས་ཅད། རྫོགས་པའི་ཞེས་པ་རྒྱུད་འདི། ལུགས་སུ་སྣང་ཞེས་པ་ཡེ་གདོད་མ་ནས་མངོན་སུམ་དུ། ཆོས་ཀྱི་སྡེ་སྣོད་ཉིད་དུ་ནི། །ཞེས་པའི་དོན་ནི། ཆོས་ཀྱི་ཞེས་པ་སངས་རྒྱས་ཀྱིས་གསུངས་པའི། སྡེ་སྣོད་ནི་འདུལ་བ་མདོ་སྡེ་མངོན་པའོ། །ཉིད་དུ་ནི་ཞེས་པ་སྔགས་ཕྱི་ནང་། འདི་ཚིག་ཡེ་ནས་རང་ཤར་བས། །ཞེས་པའི་དོན་ནི། འདི་ཚིག་ཅེས་པ་བསྟན་པའི་བུ་གཅིག་གིཡེ་ནས་ཞེས་པ་སུས་ཀྱང་བྱས་པ་མེད་པར། རང་ཤར་བས་ཞེས་པ་གསལ་སྟོང་དབྱེར་མེད་ཐིག་ལེར། ཐོག་མ་དྲན་པའི་གཞིར་གྱུར་ཏེ། །ཞེས་པའི་དོན་ནི། ཐོག་མ་ཞེས་པ་ཡེ་ཤེས་གསུམ་མོ། །ཡེ་ཤེས་གསུམ་ནི་ངོ་བོ་ཀ་དག །རང་བཞིན་ལྷུན་གྲུབ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སོ། །དྲན་པའི་ཞེས་པ་རིག་པ་རང་དྭངས་སུ། གཞིར་གྱུར་ཏེ་ཞེས་པ་རྒྱུན་བསྟན་པའི་བུ་གཅིག་འདི། དྲན་པ་ཐམས་ཅད་མ་སྟོངས་པར། །ཞེས་པའི་དོན་ནི། དྲན་པ་ཞེས་པ་མི་དྲན་དགུ་དྲན་འདི། ཐམས་ཅད་ཅེས་པ་མ་ལུས་པ། མ་སྟོང་པར་ཞེས་པ་དྲན་མེད་དུ། ཚིག་འདི་ཀུན་ཀྱང་སྣང་བ་ཡིན། །
ཞེས་པའི་དོན་ནི། ཚིག་འདི་ཞེས་པ་རྒྱུད་ཀྱི། ཀུན་ཀྱང་ཞེས་ལ་མ་ལུས་པར། སྣང་བ་ཡིན་ཞེས་པ་ཐམས་ཅད་ཀྱི་ཡི་གེར། དྲན་ཟད་ཚིག་འདི་ཟད་པར་ནི། །ཞེས་པའི་དོན་ནི། དྲན་ཟད་ཅེས་པ་གཟུང་འཛིན། ཚིག་འདི་ཞེས་པ་བསྟན་པའི་བུ་གཅིག་གིས། ཟད་པར་ནི་སྐུ་གསུམ་གྱི་འཛིན་པ། རྡོ་རྗེ་ཞེས་ནི་ཚིག་འདི་ཀུན། །ཞེས་པའི་དོན་ནི། རྡོ་རྗེ་ནི་འགྱུར་མེད་འཛིན་ཟད་ཀ་དག་དེའོ། །ཞེས་ནི་དེ་ལ་བྱ་ཞེས་པའི་ཚིག་གོ། ཚིག་འདི་ཀུན་ཞེས་པ་དང་རང་བྱུང་གི། འབྱུང་བའི་རྐྱེན་དང་བྲལ་བས་ན། །ཞེས་པའི་དོན་ནི། འབྱུང་བའི་ཞེས་པ་ས་ཆུ་མེ་རླུང་གིརྐྱེན་དང་ཞེས་པ་ས་རླུང་ལྟ་བུའམ་མེ་ཆུའམ་གཉིས་འདོམ་གྱི་སྒྲ་མིན་ཚིག་མིན། བྲལ་བས་ན་ཞེས་པ་ཡེ་གདོད་མ་ནས། རྡོ་རྗེ་ཀུན་འབྱུང་གསང་སྔགས་ཡིན། །ཞེས་པའི་དོན་ནི། རྡོ་རྗེ་ནི་འཆང་ཆེན་པོའོ། །ཀུན་འབྱུང་ནི་གོང་མ་གྲངས་ལས་འདས་པའོ། །གསང་སྔགས་ཡིན་ཞེས་པ་རྒྱུད་འདི་ལོག་ལྟ་ཅན་ལ། ཐབས་ལམ་དུ་མ་མཚོན་པའི་ཕྱིར། །ཞེས་པའི་དོན་ནི། ཐབས་ལམ་ནི་སངས་རྒྱ་བའི། དུ་མ་ནི་རྩ་ལ་བརྟེན་པ་དང་རླུང་ལ་བརྟེན་པ་དང་ཐིག་ལེ་དང་ལས་རྒྱ་ལ་བརྟེན་པ་དང་ཕྱག་དང་བསྐོར་བ་བྱ་བ་ལ་བརྟེན་པའོ། །མཚོན་པའི་ཕྱིར་ཞེས་པ་རྒྱུད་འདི་ལ། རང་ཐབས་བསྒོམ་པ་འདི་ལས་བྱུང་། །ཞེས་པའི་དོན་ནི། རང་ཐབས་ཞེས་པ་སངས་རྒྱས་སྒོམ་སྟེ་མ་མཛད་སེམས་ཅན་སྒྲིན་པོས་མ་བཅོས་པའོ། །བསྒོམ་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི། འདི་ལས་བྱུང་ཞེས་པ་རྒྱུད་བསྟན་པའི་བུ་གཅིག །སྙིང་པོ་རང་འདུལ་བསྟན་པའི་བཅུད། །ཅེས་པའི་དོན་ནི། སྙིང་པོ་ནི་ཆོས་ཐམས་ཅད་ཀྱི། རང་འདུལ་ནི་ཉོན་མོངས་པ། བསྟན་པའི་བཅུད་ཅེས་རྒྱུད་འདི། གཞི་ཉིད་ཀྱི་ནི་བབས་ཡིན་ནོ། །ཞེས་པའི་
དོན་ནི། གཞི་ཉིད་ཅེས་པ་དང་པོའི། ཀྱི་ནི་ཞེས་པ་ཐམས་ཅད་མ་ལུས་པའི། བབས་ཡིན་ནོ་ཞེས་པ་དངོས་པོ་གཤིས་ཀྱི། ཆོས་ཀུན་མཉམ་པའི་ནན་ཏན་ཚིག །ཅེས་པའི་དོན་ནི། ཆོས་ཀུན་ཞེས་པ་ཐེག་པ་དགུའི། མཉམ་པའི་ཞེས་པ་མཐའ་མཉམ་པ་མཐོ་དམན་མེད་པར། ནན་ཏན་ཚིག་ཅེས་པ་རྒྱུད་འདིས་སེམས་ཅན་སངས་རྒྱ་བར་བྱེད་པའི། རང་གནད་དུ་ནི་འདི་ཀུན་ཤར། །ཞེས་པའི་དོན་ནི། རང་གནད་ཅེས་པའི་དོན་ནི་སེམས་ཅན། དུ་ནི་ཞེས་པ་སངས་རྒྱ་བའི། འདི་ཀུན་ཤར་ཅེས་པ་རྒྱུད་ཀྱི་ཚིག་དོན་གཅིག་པར་ནམ་མཁའ་ལ་མངོན་སུམ་དུ། འདི་ལ་ནུབ་པ་གཅིག་ཉིད་མེད། །ཅེས་པའི་དོན་ནི། འདི་ལ་ཞེས་པ་རྒྱུད་བསྟན་པའི་བུ་གཅིག །ནུབ་པ་ཅེས་པ་རྟོགས་རུང་མ་རྟོགས་རུང་། བཏགས་རུང་མ་བཏགས་རུང་། མཐོང་རུང་མ་མཐོང་རུང་། རེག་རུང་མ་རེག་རུང་། གཅིག་ཉིད་མེད་ཅེས་པ་གང་དུ་ཡང་། ཅི་སྟེ་ན་འདི་ལ་འབྱུང་བཞིའི་གནོད་མེད་པས་ཞེས་པས་གསལ་ལོ། །བསྒོམ་དང་བསྒྲུབ་པའི་རྩ་བར་ཡང་། །ཞེས་པའི་དོན་ནི། བསྒོམ་དང་ཞེས་པ་རྩ་དང་རླུང་དང་ཐིག་ལེ། བསྒྲུབ་པའི་ཞེས་པ་སྐུ་དང་གསུང་ཐུགས་ལ་སོགས་པ། རྩ་བར་ཡང་ཞེས་པ་བསྟན་པའི་བུ་གཅིག་གི་རྒྱུད་བྱུང་བའོ། །འདི་སྔགས་འཁྲུལ་པའི་ཚིག་མ་ཡིན། །ཞེས་པའི་དོན་ནི། འདི་སྔགས་ཞེས་པ་རྒྱུད་འདིའི། འཁྲུལ་པའི་ཞེས་པ་ལུས་ངག་ཡིད་གསུམ། ཚིག་མ་ཡིན་ཞེས་པ་ཀ་དག་འཁྲུལ་མེད་ཀྱི་སྙིང་པོ། ཡབ་ཀུན་ཏུ་བཟང་པོའི་དགོངས་པ། ཡུམ་ཀུན་ཏུ་བཟང་མོའི་དགོངས་པ། ཡབ་ཡུམ་གཉིས་སུ་མེད་པའི་དགོངས་པ། འཇའ་འོད་ལྷ་སྐུ་རིང་བསྲེལ་གྱི་སྙིང་པོ། ལོངས་སྐུ་ཞི་ཁྲོའི་རང་སྒྲ་ཡི་གེ་དྲུག །དུས་གསུམ་སངས་རྒྱས་ཀྱི་སྙིང་
པོ་ཡིག་འབྲུ་གསུམ། གྲགས་སྟོང་སྤྲུལ་པའི་སྐུའི་ཡང་སྙིང་ཨཱ་ལི་ཀཱ་ལི། བསྟན་པ་མི་འགྱུར་བའི་ཡང་སྙིང་རྟེན་འབྲེལ་སྙིང་པོ་འཕྲིན་ལས་མཐའ་རྒྱས་ཀྱི་ཤམ་བུ་དང་བཅས་པའོ། །མ་འཁྲུལ་སྔོན་ཐོག་ཉིད་ཀྱི་གཞ།ི། ཞེས་པའི་དོན་ནི། མ་འཁྲུལ་ཞེས་པ་ངོ་བོོ་རང་བཞིན་ཐུགས་རྗེ་གསུམ། སྔོན་ཐོག་ཅེས་པ་སངས་རྒྱས་དང་སེམས་ཅན་རྒྱབ་མ་གྱེས་པའི་དུས། ཉིད་ཀྱི་གཞི་ཞེས་པ་རྒྱུད་བསྟན་པའི་བུ་གཅིག་འདི། འདི་ལས་འཕྲོས་པས་སྤྲོས་པའི་རྒྱུད། འདི་ལས་ཞེས་པ་རྒྱུད། །འཕྲོས་ཞེས་པ་ཐུགས་རྗེ། སྤྲོས་པའི་རྒྱུད་ཅེས་པ་ཆོས་ཀྱི་སྒོ་མོ་མ་ལུས་པ། རྒྱུ་ལས་འབྲས་བུ་རང་འབྱུང་བཞིན། །ཞེས་པའི་དོན་ནི། རྒྱུ་ལས་ཞེས་པ་འཁྲུལ་མེད་སྙིང་པོ། འབྲས་བུ་ནི་འཁྲུལ་མེད་སངས་རྒྱས། རང་འབྱུང་བཞིན་ཞེས་པ་སེམས་ཅན་ལ། འདི་དག་ལས་ནི་ཚིག་ཀུན་ཡང་། །ཞེས་པའི་དོན་ནི། འདི་དག་ཅེས་པ་རྒྱུད། ལས་ནི་ཞེས་པ་བྱིན་བརླབས། ཚིག་ཀུན་ཡང་ཞེས་པ་ཐམས་ཅད། དྲན་བསམ་བྲལ་བའི་ངང་ཉིད་ལས། །ཞེས་པའི་དོན་ནི། དྲན་བསམ་ཞེས་པ་བསམ་མནོས་པ་ལྟ་བུ་ཡིན་ཏེ། བྲལ་བའི་ཞེས་པ་བློ་དང་། ངང་ཉིད་ལས་ཞེས་པ་ཆོས་ཉིད་ཀྱི། བྱས་པ་མེད་པར་བྱུང་བ་ཡིན། །ཞེས་པའི་དོན་ནི། བྱས་པ་ཞེས་པ་སུས་ཀྱང་། མེད་པར་ཞེས་པ་འཇིག་རྟེན་གྱི་ཁམས་གང་དུ་ཡང་། བྱུང་བ་ཡིན་ཞེས་པ་ཆོས་ཉིད་ཀྱི་རང་སྒྲར། འོད་ཟེར་འཛིན་པའི་སྐྱེས་བུ་ལ། །ཞེས་པའི་དོན་ནི། འོད་ཟེར་ཞེས་པ་རིག་མདངས་ཞི་ཁྲོ་རང་གསལ་གྱི། འཛིན་པའི་ཞེས་པ་ནམ་མཁའ་ལ། སྐྱེས་བུ་ལ་ཞེས་པ་སྐལ་ལྡན། འདི་ནི་སྣང་བར་འགྱུར་བའོ། །ཞེས་པའི་དོན་ནི། འདི་ནི་རྒྱུད་བསྟན་པའི་བུ་གཅིག །སྣང་བར་ཞེས་པ་མངོན་སུམ་འགྱུར་བའོ། །ཞེས་པ་
རྟགས་ཚད་གོང་ནས་གོང་དུ་འཕེལ་བ་དང་། དེ་ལས་འཕེལ་ནས་གྲངས་འགའ་འབྱུང། །ཞེས་པའི་དོན་ནི། དེ་ལས་ཞེས་པ་སྐལ་ལྡན་སེམས་ཀྱི་བུ་རིག་པ་མངོན་སུམ་དུ་མཐོང་བ། འཕེལ་ནས་ཞེས་པ་དོན་རྒྱུད། གྲངས་འགའ་འབྱུང་བ་ཞེས་པ་སངས་རྒྱས་འཇིག་རྟེན་གྱི་ཁམས་སུ། གསང་བའི་བདེན་པ་གཅིག་པ་ཉིད། །ཅེས་པའི་དོན་ནི། གསང་བའི་ཞེས་པ་ལོག་ལྟ་ཅན་ལ། བདེན་པ་ནི་དོན་དམ་པའི། གཅིག་པ་ཉིད་ཅེས་པ་རྒྱུད་འདི། གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི། །ཞེས་པའི་དོན་ནི། གྲངས་མེད་ཅེས་པ་བརྗོད་ལས་འདས་པའི། རྡོ་རྗེ་ཞེས་པ་སྟོང་རིག་ལྔ་ལྡན་ནོ། །འཆང་རྣམས་གྱི་ཞེས་པ་རྒྱུན་ཆད་མེད་པར། ཐུགས་རྡོལ་ཉག་གཅིག་དགོངས་དོན་གཅིག །ཞེས་པའི་དོན་ནི། ཐུགས་རྡོལ་ཞེས་པ་སངས་རྒྱས་ཀྱི་དགོངས་པ། ཉག་གཅིག་ཅེས་པ་ཐིག་ལེ། དགོངས་དོན་གཅིག་ཅེས་པ་སངས་རྒྱས་ཐམས་ཅད་ཀྱི། འཛིན་མེད་ཡངས་པའི་རྟོད་ཕུར་ཡིན། །ཞེས་པའི་དོན་ནི། འཛིན་མེད་ནི་སྐུ་གསུམ་ལ། ཡངས་པའི་ཞེས་པ་ལྟ་བ། རྟོད་ཕུར་ཡིན་ཞེས་འགྱུར་བ་མེད་པའི། ཐོད་རྒལ་ཐོག་བབས་ཀུན་གྱི་གནད། །ཅེས་པའིི་དོན་ནི། ཐོད་རྒལ་ཅེས་པ་རིག་པ་མངོན་སུམ་མོ། །ཐོག་བབས་ཞེས་པ་ཨ་མ་ན་སེའོ། །ཀུན་གྱི་གནད་ཅེས་པ་རྒྱུད་འདི། རང་ས་འབྱེད་པའི་ལྡེ་མིག་མཆོག །ཅེས་པའི་དོན་ནི། རང་ས་ཞེས་པ་ཐེག་པའི། འབྱེད་པ་ཞེས་པ་སོ་སོར། ལྡེ་མིག་མཆོག་ཅེས་པ་རྒྱུད་འདིས་དོན་ཁྲོལ་ཅིང་རྟོགས་པར་བྱེད་པ། འདི་ནི་བདེ་བའི་ས་བོན་འཛིན། །ཞེས་པའི་དོན་ནི། འདི་ནི་ཞེས་པ་རྒྱུད། བདེ་བའི་ཞེས་པ་ཟད་པ་མེད་པའི། ས་བོན་འཛིན་ཅེས་པ་རྒྱུད་འདི། བཏགས་མཐོང་ཐོས་རེག་པས། སངས་རྒྱས་རྣམས་ཀྱི་ཤེས་རབ་ཡིན། །
ཞེས་པའི་དོན་ནི། སངས་རྒྱས་ཞེས་པ་ཉོན་མོངས་པ་སངས་ཡེ་ཤེས་རྒྱས་པའོ། །རྣམས་ཀྱི་ཞེས་པ་མ་ལུས་པ། ཤེས་རབ་ཡིན་ཞེས་པ་མཁྱེན་པ་རྣམས་ཀྱི་གཙོ་བོ། མཁའ་མཉམ་དག་པའི་གནམ་གཟེར་འདིས། །ཞེས་པའི་དོན་ནི། མཁའ་མཉམ་ཞེས་པ་ཆོས་ཉིད་དག་པའི་དབྱིངས། གནམ་གཟེར་འདིས་ཞེས་པ་ཐིག་ལེ་འཕྱུགས་མེད་ཀྱི་རྒྱུད། བསྟན་པ་ཀུན་གྱི་རྩ་བ་འཛིན། །ཞེས་པའི་དོན་ནི། བསྟན་པ་ནི་སངས་རྒྱས་ཀྱི། ཀུན་གྱི་ཞེས་པ་མ་ལུས་པ། རྩ་བ་འཛིན་ཅེས་པ་རྒྱུད་འདིས་གང་ཐམས་ཅད་དུ། འདི་ཡིས་གྲངས་སྣ་བཟུང་བས་ན། །ཞེས་པའི་དོན་ནི། འདིའི་ཞེས་པ་རྒྱུད་བསྟན་པའི་བུ་གཅིག །གྲངས་སྣ་ཞེས་པ་ལྷག་ཆད་མེད་པར། བཟུང་བས་ན་ཞེས་པ་འགྲོ་བ་སྐལ་ལྡན་གྱིས། ལྷ་མིན་གཡུལ་རྣམས་རང་ལོག་ཏུ། །ཞེས་པའི་དོན་ནི། ལྷ་མིན་ཅེས་པ་ལྷ་དང་ལྷ་མ་ཡིན་དང་མིའི། གཡུལ་རྣམས་ཞེས་པ་འཐབ་རྩོད་དང་ཕ་རོལ་གྱི་དམག་ཚོགས། རང་ལོག་ཏུ་ཞེས་པ་ཕར་ལ། འདི་ཚིག་བཟུང་བ་ཙམ་གྱིས་འགྱུར། །ཞེས་པའི་དོན་ནི། འདི་ཚིག་ཅེས་པ་རྒྱུད། བཟུང་བ་ཞེས་པ་སྐལ་ལྡན་གྱིས། བསྟན་པའི་བདག་པོ་གང་ཡིན་པ་དེའི་སྐུ་མདོག་དང་མཐུན་པའི་རིན་པོ་ཆེས་བྲིས་ཏེ་སྤྱི་བོར་བཅངས་པ་ཙམ་གྱིས་འགྱུར་ཞེས་པ་རང་ལོག་ལ། ཁམས་གསུམ་གཡུལ་ཀུན་འདིས་བཟློག་ག །ཞེས་པའི་དོན་ནི། ཁམས་གསུམ་ཞེས་པ་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་སོ། །གཡུལ་ཀུན་ཞེས་པ་གསུམ་བོར་འཁོར་བའི་སྡུག་བསྔལ། འདིས་བཟློག་གོ་ཞེས་པས་དབང་བསྐུར་བའི་དུས་སུ་རྒྱུད་འདི་སྤྱི་བོར་བཏགས་ན། དབང་བསྐུར་ཐོབ་པ་དང་ཐོས་པ་མཐོང་བ་རེག་པ་ཐམས་ཅད་སངས་རྒྱའོ། །ཆོས་འཆད་པའི་
དུས་སུ་རྒྱུད་མགྲིན་པར་བཏགས་ན། ཆོས་འཆད་པ་མཐོང་ཐོས་མོས་རེག་ཐམས་ཅད་སངས་རྒྱའོ། །ངོ་སྤྲོད་བྱེད་པའི་དུས་སུ་རྒྱུད་འདི་སྙིང་གར་བཏགས་ན། ངོ་སྤྲོད་ཐོབ་མཐོང་ཐོས་རེག་མོས་པ་ཐམས་ཅད་སངས་རྒྱའོ། །ལར་རྒྱུད་འདི་བཏགས་པའི་མི་ལ་སྲོག་ཆགས་འབྱུང་མི་སྲིད་། བྱུང་བ་སྲིད་ན་ཡང་ལས་སད་པའི་རིགས་ཏེ་གྲོལ་ལོ། །རིགས་དྲུག་རྣམས་ཀྱི་འབྲོས་ཁུང་འགེགས། །ཞེས་པའི་དོན་ནི། རིག་དྲུག་ཅེས་པ་འགྲོ་བས་ཏེ་ལུས་བཟང་ངན་གྱི་བྱེད་པའོ། །རྣམས་ཀྱི་ཞེས་པ་གྲངས་ལས་འདས་ཏེ་མ་ལུས་པའོ། །འབྲོས་ཁུང་འགེགས་ཞེས་པ་སངས་རྒྱས་ལས་འབྲོས་ཏེ་ལས་ངན་སྣ་ཚོགས་བསགས་ནས། འཁོར་བ་ངན་སོང་གསུམ་དུ་ཟག་པར་བྱེད་པའི་ཁུང་བུ་རྒྱུད་འདི་བཏགས་པ་ཙམ་གྱིས་འགེགས་པའོ། །མྱ་ངན་འདས་པའི་གྲོང་ཁྱེར་དུ། །ཞེས་པའི་དོན་ནི། མྱ་ངན་ཞེས་པ་འཁོར་བ་ངན་སོང་གསུམ་གྱི་སྡུག་བསྔལ་ལོ། །འདས་པའི་ཞེས་པ་སངས་རྒྱས་ཀྱི་བདེ་བ་ཟག་པ་མེད་པའོ། །གྲོང་ཁྱེར་དུ་ཞེས་པ་དཔེར་དེ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་མཐའ་མེད་བརྗོད་ལས་འདས་པར། འཇུག་པར་བྱེད་པའི་འཁོར་ལོ་ཡིན། །ཅེས་པའི་དོན་ནི། འཇུག་པར་ཞེས་པ་གོང་གི་ཞིང་ཁམས་སུ། བྱེད་པའི་ཞེས་པ་རབ་འདི། འབྲིང་བར་དོ། ཐ་མ་སྤྲུལ་སྐུའི་ཞིང་ཁམས་སུ་མངལ་སྒོ་མི་འགྲིམ་སྟེ། ལོ་ལྔ་བརྒྱ་ན་ཟག་པ་མེད་པར་འཚང་རྒྱ། འཁོར་ལོ་ཡིན་ཅེས་པ་སངས་རྒྱས་མྱུར་ཏེ་དཔེ་ནམ་མཁའ་ལ་ཉི་མ་གཅིག་ཤར་བས། གླིང་བཞི་མུན་པ་རང་སངས་པ་ལྟར། རྒྱུད་འདི་ཐོགས་པ་ཙམ་གྱིས་བསྐལ་པར་བསགས་པའི་ལས་སྒྲིབ་
འཇོམས་པས་འདི་ལས་འཚང་རྒྱ་བར་མྱུར་བ་མེ་འོང་ངོ་། །བྱུང་བ་འདུག་ན་དུས་གསུམ་གྱི་སངས་རྒྱས་ཀྱིས་ངའི་མགོ་ཁོས་ཞེས་པའོ། །སྲིད་པས་བཅིངས་པ་རྣམས་ལས་ནི། །ཞེས་པའི་དོན་ནི། སྲིད་པས་ཞེས་པ་ང་བདག་གིས་འཛིན་པའོ། །བཅིངས་པ་ཞེས་པ་སྡུག་བསྔལ་གྱིས། རྣམས་ལས་ནི་ཞེས་པ་སེམས་ཅན་མ་ལུས་པ། འདི་ཡིས་གྲོལ་བར་བྱེད་པའོ། །ཞེས་པའི་དོན་ནི། འདི་ཡིས་ཞེས་པ་རྒྱུད་བསྟན་པའི་བུ་གཅིག །གྲོལ་བར་ཞེས་པ་གཟུང་འཛིན་ལས། བྱེད་པའོ་ཞེས་པ་རྒྱུད་མཐོང་ཐོས་རེག་ཚད། དམ་པའི་སྙིང་པོ་གདུང་རྒྱུད་དུ། །ཞེས་པའི་དོན་ནི། དམ་པའི་ཞེས་པ་རིགས་བརྒྱའི། སྙིང་པོ་ཞེས་པ་རྒྱུད་འདི། གདུང་རྒྱུད་དུ་ཞེས་པ་སངས་རྒྱས་ཟམ་མ་ཆད་པར་བྱེད་པའི། རང་བཞིན་དུ་ནི་བབས་ལས་བྱུང་། །ཞེས་པའི་དོན་ནི། རང་བཞིན་ཞེས་པ་ཡེ་གདོད་མ་ནས་ཀྱི། བུ་ནི་ཞེས་པ་རྒྱུད་འདི། བབས་ལས་བྱུང་ཞེས་པ་སྐུ་གསུམ་རང་ཆས་ཀྱི། འདིས་ནི་བླ་མའི་སྐུ་མི་སྤོང་། །ཞེས་པའི་དོན་ནི། འདིས་ནི་ཞེས་པ་རྒྱུད། བླ་མའི་ཞེས་པ་གདམས་ངག་སྐུ་མི་སྤོང་ཞེས་པ་བླ་མས་འདི་ཉིད། འདི་ཉིད་ནི་བླ་མ་གཅིག་ལ་གཅིག་རང་བབས་པའོ། །དེས་ན་འགྲོ་བའི་བླ་མ་གྲངས་ལས་འདས་པ་འཕེལ་ཞིང་དེའི་རྒྱུད་སྤེལ་ཏེ། ཡང་འགྲོ་བའི་བླ་མས་སྤེལ་ལོ། །སྙིང་ལ་ཉི་མའི་འོད་བརྡལ་བས། །ཞེས་པའི་དོན་ནི། སྙིང་ལ་ཞེས་པ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། ཉི་མའི་ཞེས་པ་ཡེ་ཤེས་ཐིག་ལེ་ལྔའི། །འོད་བརྡལ་བས་ཞེས་པ་དུང་ཁང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། སྙིང་ག་ན་ལྷ་སུམ་ཅུ་རྩ་བདུན། ལར་ལུས་མགོ་གཞུག་ལ་སངས་རྒྱས་སུམ་སྟོང་བཞུགས་པ་ལ་དགོངས་ཏེ། འོད་མཐིང་
ཁ་དཀར་སེར་དམར་ལྗང་སྣ་ཚོགས་པས་ཕྱི་ནང་མེད་པར་ཡེ་གདོད་མ་ནས། ཕྱོགས་བཅུར་ཁྱབ་པའི་མུན་པ་ནི། །ཞེས་པའི་དོན་ནི། ཕྱོགས་བཅུར་ཞེས་པ་ཕྱོགས་བཞི་དང་མཚམས་བཞི་སྟེ་བརྒྱད་སྟེང་འོག་གཉིས་དང་བཅུའོ། ཁྱབ་པའི་ཞེས་པ་ཆོས་ཉིད་ལ་ང་དང་བདག་ཏུ་འཛིན་པས། མུན་པ་ནི་ཞེས་པ་ཆོས་ཅན་སྤྱིའི་མཚན་ཉིད་ཐམས་ཅད་ཆོས་ཉིད་རང་མདངས་སུ་མ་རིག་པའི། འདི་ཡིས་རང་སངས་ཉིད་དུ་འགྲོ། །ཞེས་པའི་དོན་ནི། འདི་ཡིས་ཞེས་རྒྱུད་བསྟན་པའི་བུ་གཅིག །རང་སངས་ཞེས་པ་འཁྲུལ་པའི་སྣང་བ་ཏག་ཏག་ཏིག་ཏིག་འདི། ཉིད་དུ་འགྲོ་ཞེས་པ་འདིའི་བྱིན་རླབས་ཀྱིས་འཁྲུལ་སྣང་ཞིང་ཁམས་སུ། ལྷག་པར་གནས་པའི་ཡེ་ཤེས་ནི། །ཞེས་པའི་དོན་ནི། ལྷག་པར་ཞེས་པ་སྐུ། གནས་པའི་ཞེས་པ་ལུས་མགོ་གཞུག་ལ་སངས་རྒྱས་སུམ་སྟོང་། །ཡེ་ཤེས་ནི་ཞེས་པ་སྔོན་རྡོ་རྗེ་འཆང་གིས་རང་མདངས་སུ་ཡེ་ནས་ཤེས་པ་བཞིན་དུ། འདི་ཡིས་མཆོག་ཏུ་སྟོན་པར་བྱེད། །ཅེས་པའི་དོན་ནི། འདི་ཡིས་ཞེས་པ་རྒྱུད་བསྟན་པའི་བུ་གཅིག །མཆོག་ཏུ་ཞེས་པ་ཐུན་མོང་མ་ཡིན་པ། སྟོན་པར་བྱེད་ཅེས་པ་སངས་རྒྱས་སུམ་སྟོང་གི་ཞལ་དུས་གཅིག་ལ། དཀོན་པའི་མཆོག་རྣམས་བསྐྱེད་པའི་ཡུམ། །ཞེས་པའི་དོན་ནི། དཀོན་པའི་ཞེས་པ་འཇིག་རྟེན་ཁམས་སུ། མཆོག་རྣམས་ཞེས་པ་བསྟན་པའི། བསྐྱེད་པའི་ཡུམ་ཞེས་པ་རྒྱུད་འདི་ཡིས། སེམས་དལ་བསམ་གཏན་ངང་གིས་གྲུབ། །ཅེས་པའི་དོན་ནི། སེམས་དལ་ཞེས་པ་ངོ་བོ་སྟོང་པར་ཤེས་པས། བསམ་གཏན་ཞེས་པ་རང་བཞིན་གྱིས་ཞིང་ཁམས་ཤར་བས། ངང་གིས་གྲུབ་ཅེས་པ་ཆོས་ཉིད་ཀྱི་བྱིན་
བརླབས་རྒྱུད་འདིས། ཆོས་སྐུའི་སྣང་བ་དུས་གཅིག་ཏུ། །ཞེས་པའི་དོན་ནི། ཆོས་ནི་སྟོང་ཞིང་བདག་མེད་པའི་རིག་པ་སྐུ་ནི་དེའི་རང་མདངས་སངས་རྒྱས་སུམ་སྟོང་། སྣང་བ་ནི་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེས་མ་ཁྱབ་པ་མེད་པའི། དུས་གཅིག་ཏུ་ཞེས་པ་ཐམས་ཅད་དབྱེར་མེད་ཐིག་ལེ་ཉག་གཅིག །སྟོན་པར་བྱེད་པའི་སྒྲོན་མའོ། །ཞེས་པའི་དོན་ནི། སྟོན་པར་ཞེས་པ་མངོན་སུམ་དུ། བྱེད་པའི་ཞེས་པ་སྐད་ཅིག་ལ། སྒྲོན་མའོ་ཞེས་པ་མ་རིག་པའི་མུན་པ་སེལ་བའི། དཔེ་བསྐལ་པར་ཡོད་པའི་མུན་པ་ཡང་སྒྲོན་མེ་གཅིག་གིས་འཇོམས་པ་ལྟར་བསྐལ་པར་བསགས་པའི་ལས་སྒྲིབ་ཀྱང་རྒྱུད་འདི་བཏགས་པས་འདགས་པར་འགྱུར་པའོ། །ཕྱིན་ཅི་ལོག་ལས་ཡང་དག་ཏུ། །ཞེས་པའི་དོན་ནི། ཕྱིན་ཅི་ཞེས་པ་མུ་སྟེགས་སོ། །ལོག་ལས་ཞེས་པ་ལྟ་བ། ཡང་དག་ཏུ་ཞེས་པ་སངས་རྒྱས་ཀྱི་དགོངས་པ། དག་པར་བྱེད་པའི་ཆུ་རྒྱུན་ཡིན། །ཞེས་པའི་དོན་ནི། དག་པར་ཞེས་པ་དམ་གྲིབ། བྱེད་པའི་ཞེས་པ་རྒྱུད་འདི་བཏགས་ན། ཆུ་རྒྱུན་ཡིན་ཅེས་པ་ཀ་དག་གནས་ལུགས་ཀྱི། ཐེག་པ་ཀུན་གྱི་མཐར་ཐུག་ཏུ། །ཞེས་པའི་དོན་ནི། ཐེག་པ་ཞེས་པ་དགུའི། ཀུན་གྱི་ཞེས་པ་ཆོས། མཐར་ཐུག་ཏུ་ཞེས་པ་ཡང་གསང་བླ་ན་མེད་པའི་སྙིང་ཐིག་ཏུ། སྐྱེལ་བར་བྱེད་པའི་ཤིང་རྟའོ། །ཞེས་པའི་དོན་ནི། སྐྱེལ་བར་ཞེས་པ་རྒྱུད་འདིས། བྱེད་པའི་ཞེས་པ་བར་དོར། ཤིང་རྟ་ཞེས་པ་ས་ལམ་མཐོང་ཐོས་རེག་པས་ཆོད་པའོ། །ཐོས་བསམ་སྒོམ་པའི་རྒྱངས་ཤིང་དུ། །ཞེས་པའི་དོན་ནི། ཐོབ་བསམ་ཞེས་པ་ཐེག་པ་མཐའ་དག་གི་ཆོས་ལ། སྒོམ་པའི་ཞེས་པ་དེའི་དོན། རྒྱངས་ཤིང་དུ་ཞེས་པ་དཔེ་སྟེ་དོན་ལ་སངས་
རྒྱས་ཀྱི་མཁྱེན་པ་མཐའ་དག་ལ་མ་རྨོངས་པར། འཇུག་པར་བྱེད་པའི་དངོས་པོ་ཡིན། །ཞེས་པའི་དོན་ནི། འཇུག་པར་ཞེས་པ་སེམས་ཅན་སྐལ་ལྡན་རྣམས་སངས་རྒྱས་ཀྱི་སར། བྱེད་པའི་ཞེས་པ་རྒྱུད་འདི་མཐོང་ཐོས་རེག་པས། དངོས་པོ་ཡིན་ཞེས་པ་ཆོས་ཐམས་ཅད་ཀྱི་ཡང་སྙིང་དྲིལ་བའི། སྡེ་སྣོད་ཐམས་ཅད་འཛིན་པའི་ཆོས། །ཞེས་པའི་དོན་ནི། སྡེ་སྣོད་ཅེས་པ་འདུལ་བ་མདོ་སྡེ་མངོན་པའོ། །ཐམས་ཅད་ཅེས་པ་སེམས་ཅན་གྱི་དུག་གསུམ་རེ་རེ་ལ་རྟོག་པ་མི་འདྲ་བ་ཉི་ཁྲི་ཆིག་སྟོང་འགྱུ་དུག་གསུམ་ཆ་མཉམ་གྱི་རྟོག་པ་མི་འདྲ་བ་ཉི་ཁྲི་ཆིག་སྟོང་འགྱུ་བས་དེའི་གཉེན་པོར། འདུལ་བ་མདོ་སྡེ་མངོན་པ་གསུམ་པོ་རེ་རེ་ལ་ཆོས་ཀྱི་སྒོ་མོ་མི་འདྲ་བ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་གསུངས། སྡེ་སྣོད་གསུམ་པོ་ཆ་མཉམ་གྱི་ཆོས་ཉི་ཁྲི་ཆིག་སྟོང་གསུངས་། འཛིན་པའི་ཞེས་པ་ཆོས་གྱི་སྒོ་མོ་དེ་དག་ཐམས་ཅད་ཀྱི་དོན། མཉེན་ལྕུག་ལྡན་པའི་ལྕགས་ཀྱུའོ། །ཞེས་པའི་དོན་ནི། མཉེན་ལྕུག་ཅེས་པ་ཞི་བའི་ལྷ་བཞིི་བཅུ་རྩ་གཉིས། ལྡན་པའི་ཞེས་པ་རང་གི་རིག་པ་ལ། ལྕགས་ཀྱུའོ་ཞེས་པ་དཔེ་སྟེ། རྒྱུད་འདིའི་བྱིན་བརླབས་ཀྱིས་བར་དོར་རང་གི་རིག་པའི་མདངས་སུ་ཟིན་པར་བྱེད་པའི། རྣལ་འབྱོར་དག་པའི་དཀྱིལ་འཁོར་གྱི། །ཞེས་པའི་དོན་ནི། རྣལ་འབྱོར་ཞེས་པ་ཡེ་གདོད་མ་ནས་རྩལ་ཆེན་རྫོགས་པའི། དག་པའི་ཞེས་པ་དབྱིངས། དཀྱིལ་འཁོར་གྱི་ཞེས་པ་རིག་མདངས་ཞི་ཁྲོའི། ལམ་དུ་འཇུག་པའི་ས་མཁན་ཡིན། །ཞེས་པའི་དོན་ནི། ལམ་དུ་ཞེས་པ་ཐར་པའི། འཇུག་པའི་ཞེས་པ་སེམས་ཅན། ས་མཁན་ཡིན་ཞེས་པ་དཔེ་སྟེ། ངམ་གྲོག་
གཡང་ས་ཅན་ལམ་རྒྱུས་ཡོད་པས་མི་ནོར་བ་ལྟར། རྒྱུད་འདི་མཐོང་ཐོས་རེག་པས་ལམ་མི་ནོར་ཏེ་སངས་རྒྱའོ། །མངལ་རྣམས་ཁུང་སྒོ་འགོག་པར་བྱེད། །ཅེས་པའི་དོན་ནི། མངལ་རྣམས་ཞེས་པ་རིགས་དྲུག་གིཁུང་སྒོ་ཞེས་པ་དེ་རུ་ཕྱིས་ཚུད་པར་བྱེད་པའི། འགོག་པར་བྱེད་ཅེས་པ་རྒྱུད་འདིའི་བྱིན་རླབས་ཀྱིས། ཐར་པའི་སྐས་ནི་རང་འཛུགས་ཡིན། །ཞེས་པའི་དོན་ནི། ཐར་པའི་ཞེས་པ་འཁོར་བ་ལས། སྐས་ནི་ཞེས་པ་རྒྱུད་འདི། རང་འཛུགས་ཡིན་ཞེས་པ་ཡེ་གདོད་མ་ནས། རྣམ་དག་འོད་ཀྱི་མཐོངས་འབྱེད་པ། ཞེས་པའི་དོན་ནི། རྣམ་དག་ཅེས་པ་དབྱིངས། འོད་ཀྱི་ཞེས་པ་མཐིང་ག་དཀར་སེར་དམར་ལྗང་སྣ་ཚོགས་པའོ། །མཐོངས་འབྱེད་པ་ཞེས་པ་རྒྱུད་འདི་བཏགས་པའི་འགྲོ་བ་དེ་འདས་པའི་ཚེ། ནང་དུ་ཡེ་ཤེས་ཀྱི་མཐོངས་སྐུ་དང་འོད་དང་ཐིག་ལེར་འཆར། ཕྱི་རུ་འཇའ་དང་སྐུ་གདུང་རིང་བསྲེལ་དུ་འགྱུར་རོ། །དེ་ལ་ཡང་འོད་ལྔ་གྱེན་འགྲེང་དང་རྩིབས་ཤར་དང་། ནས་འདྲ་རིས་དང་གདུགས་ཕུབ་པ་ལྟར་འབྱུང་ངོ་། །དེ་ཐིག་ལེ་དང་སྐུ་དང་དབྱིངས་ཟིན་པའི་མཐོངས་སོ། །འཇའ་དཀར་པོ་དར་དཀར་བརྐྱངས་པ་ལྟ་བུ་འབྱུང་སྟེ། དེ་བྱང་ཆུབ་སེམས་འབྱོངས་བའི་མཐོངས་སོ། །ཆོས་རྣམས་ཀྱི་ནི་རེ་གནས་ས། །ཞེས་པའི་དོན་ནི། ཆོས་རྣམས་ཞེས་པ་ཐེག་དགུའི། ཀྱི་ནི་ཞེས་པ་དེ་དག་ཐམས་ཅད་ཀྱི། རེ་གནས་ས་ཞེས་པ་འབྲས་བུ། བདུད་དང་མུ་སྟེགས་མགོ་གནོན་ཡིན། །ཞེས་པའི་དོན་ནི། བདུད་དང་ཞེས་པ་བར་དུ་གཅོད་པའི། མུ་སྟེགས་ཞེས་པ་ལྟ་བ་ལོག་པའི། མགོ་གནོན་ཡིན་ཞེས་པ་རྒྱུད་འདི་ཡི་བྱིན་རླབས་ཀྱིས་བཅོམ་ལྡན་འདས་ཀྱི་མཛད་པ་དང་
མཚུངས་ཏེ་གླགས་མི་རྙེད་དོ། །ཤེས་རབ་རྨུགས་པའི་གསལ་འདེབས་སོ། །ཞེས་པའི་དོན་ནི། ཤེས་རབ་ཅེས་པ་ཡང་དག་པའི་དོན། རྨུགས་པའི་ཞེས་པ་བྱོལ་སོང་ལ་སོགས་པ་ལ་རྒྱུད་འདི་བཏགས་ན། གསལ་འདེབས་ཞེས་པ་ཡེ་གདོད་མ་ནས་སངས་རྒྱས་ཀྱི་སྙིང་པོ་འཁྲུལ་མེད་དེ་སེམས་ཅན་ཐམས་ཅད་ལ་བཞུགས་པས། རྒྱུད་འདི་ཡི་བྱིན་རླབས་ཀྱིས་སད་ཡེད་བྱས་ནས་གྲོལ་ལོ། །དེས་ན་བག་ཆགས་སྲབ་འཐུག་མེད་པའི་ཆོས་སོ། །སྨོན་འཇུག་ཀུན་གྱི་སྲོག་ཤིང་ཡིན། །ཞེས་པའི་དོན་ནི། སྨོན་ཞེས་པ་སེམས་ཅན་ཐམས་ཅད་སངས་རྒྱས་པར་སྨོན་པ་དེ། འཇུག་ཅེས་པ་རྒྱུད་འདི་བཏགས་པ་ཙམ་མཐོང་བ་ཙམ་ཐོས་པ་ཙམ་རེག་པ་ཙམ་གྱིས་སངས་རྒྱ་བར་ནུས་སོ། །ཀུན་གྱི་ཞེས་པ་རྒྱུད་འདི་བཏགས་པ། སྲོག་ཤིང་ཡིན་ཞེས་པ་འཆི་བ་ཡང་ཟློག་སྟེ། གཟའ་བདུད་རྒྱལ་པོ་བསེན་མོ་ས་བདག་ཀླུ་གཉན་ལྷ་མ་སྲིན་སྡེ་བརྒྱད་ཀྱི་རྦོད་གཏོང་གནོད་པ་ཐམས་ཅད་བཟློག །ཚེ་རིང་བ་དང་། ནད་མེད་པ་དང་། བཀྲ་ཤིས་པར་འགྱུར་རོ། །དེས་ན་སྨོན་ལམ་ལ་མི་ལྟོས་པའི་ཆོས་སོ། །ལྷ་དང་སྔགས་ཀྱི་མདོ་མདུད་དོ། །ཞེས་པའི་དོན་ནི། ལྷ་དང་ཞེས་ཕྱི་ནང་གིསྔགས་ཀྱི་ཞེས་པ་ཕྱི་ནང་ལྷའི། མདོ་མདུད་དོ་ཞེས་པ་རྒྱུད་འདི་མཐོང་ཐོས་རེག་པའི་བྱིན་རླབས་ཀྱིས་བསྐྱེད་རིམ་མ་བསྒོམས་པར་ལྷ་སུམ་སྟོང་གི་ཞལ་མཐོང་། སྔགས་མ་ཟློས་པར་སངས་རྒྱས་ཀྱི་འཕྲིན་ལས་གྲུབ་པས་སོ། །དེས་ན་བསྐྱེད་རིམ་དང་སྔགས་བཟླས་པ་ལ་མི་ལྟོས་པའི་ཆོས་སོ། །དཀྱིལ་འཁོར་རྣམས་ཀྱི་སྐྱེད་ཤིང་ངོ་། །ཞེས་པའི་དོན་ནི། དཀྱིལ་འཁོར་ཞེས་པ་སྟོང་
རིག་ཐིག་ལེའི་དཀྱིལ་ལ་རང་མདངས་ཡེ་ཤེས་ལྔ་ཡི་འཁོར། རིགས་ལྔ་རིགས་ཀྱི་གཙོ་བོ་ཡབ་ཡུམ་ལ་རིགས་བཞི་སོ་སོའི་ཡབ་ཡུམ་སྦྲགས་མའི་འཁོར། རིགས་ལྔ་ཚོམ་བུའི་དཀྱིལ་ལ་སེམས་དཔའ་སེམས་མ་སྒོ་བཞི་ཡབ་ཡུམ་འཁོར་བས་ན་དཀྱིལ་འཁོར་ཞེས་པའོ། །རྣམས་ཀྱི་ཞེས་པ་ཕྱི་ནང་ཐམས་ཅད་ཀྱི། སྐྱེད་ཤིང་ངོ་ཞེས་པ་དཔེ་སྟེ་དོན་ལ་རིག་པའི་རང་མདངས་ཀྱི་དཀྱིལ་འཁོར་ཐམས་ཅད། ད་ལྟ་རྣམ་སྨིན་སྒྱུ་ལུས་ཀྱི་རྩ་ནང་དུ་འཁུམས་པ་རྣམས། རྒྱུད་འདི་བཏགས་པའི་བྱིན་རླབས་ཀྱིས། བར་དོར་ནམ་མཁས་གར་ཁྱབ་ཐམས་ཅད་དུ་མཐའ་མེད་ལས་འདས་པ། དེས་ན་ཐོས་པ་དང་དཔེ་ཆ་ལ་མི་ལྟོས་པའི་ཆོས་སོ། །ལྟ་སྒོམ་ལོག་པའི་དག་བྱེད་ཁྲུས། །ཞེས་པའི་དོན་ནི། ལྟ་སྒོམ་ཞེས་པ་ཕྱོགས་ལྷུང་དང་གཉིས་སུ་མེད་པའོ། །ལོག་པའི་ཞེས་པ་ལྟ་བ་སྒོམ་པ་སྤྱོད་པ་ལོག་པའི་མུ་སྟེགས་པ་འབྲས་བུ་ལོག་སྟེ་ལྷ་དང་དབང་ཕྱུག་ཐོབ་པ་ལ་དགོངས་ཀྱང་དམྱལ་བ་བསྒྲུབ་བྱའོ། །དག་བྱེད་ཁྲུས་ཞེས་པ་སྔར་མུ་སྟེགས་ལྟ་བུ་ཡིན་ཡང་ཕྱིས་རྒྱུད་འདི་དང་འཕྲད་ན་གྲོལ་ཏེ། དེས་ན་ལུས་ཀྱི་བྱ་བ་དང་སྒོམ་པ་ལ་མི་ལྟོས་པའི་ཆོས་སོ། །མན་ངག་སྙིང་པོ་རྫོགས་པའི་ས། །ཞེས་པའི་དོན་ནི། མན་ངག་ཅེས་པ་སངས་རྒྱ་བའི། སྙིང་པོ་ཞེས་པ་ཆོས་ཐམས་ཅད་ཀྱི་སྙིང་པོ་སྟོང་པ། སྟོང་པའི་སྙིང་པོ་རིག་པ། རིག་པའི་སྙིང་པོ་འོད་ལྔ། འོད་ལྔའི་སྙིང་པོ་སྐུ་ལྔ། སྐུ་ལྔའི་སྙིང་པོ་རང་མདངས་སུ་ཤེས་པའི་ཤེས་རབ། རྫོགས་པའི་ས་ཞེས་པ་སངས་རྒྱས་སྲས་གཅིག་པོ་འདི་སྔར་འདི། ད་ལྟར་ཀྱང་འདི། ཕྱིས་ཀྱང་འདི་ལས་
ཟབ་པ་ཡོད་རེ་ཀན་ནོ་ཞེས་པའོ། །རྡོ་རྗེ་ཐེག་པའི་གྲངས་རྫོགས་ནས། །ཞེས་པའི་དོན་ནི། རྡོ་རྗེ་ནི་སྟོང་རིག་ལྔ་ལྡན་འགྱུར་མེད་དེའོ། །ཐེག་པའི་ཞེས་པ་ཨ་ཏིའི། གྲངས་རྫོགས་ནས་ཞེས་པ་ཨ་ཏི་ལ་སྡེ་གསུམ། དེ་ལ་ཀློང་དགུ་ཤུ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། ལེའུ་སྟོང་ཕྲག་སུམ་ཅུ་རྩ་ལྔ། བམ་པོ་ཉི་ཁྲི་སྟོང་ཕྲག་གཅིག །བརྗོད་བྱ་ནམ་མཁའ་དང་མཉམ་པ། རྗོད་བྱེད་ཉེ་བར་བསྡུས་པས་གཟེར་བུ་བརྒྱ་དང་བརྒྱད་ཅུ། གྲངས་ནི་སྟོང་ཕྲག་ཕྱེད་དང་གཉིས། གནད་ཆེན་བསྡུས་པ་སྟོང་ཕྲག་གསུམ། གོལ་སྒྲིབ་ཁྲི་ཕྲག་བཞི་བཅུ་ཐམ་པ། མིང་ཐོགས་པའི་རྒྱུད་ཁྲི་ཕྲག་གཉིས། དེ་དག་གི་ཡང་སྙིང་རྒྱུད་བཅུ་བདུན། དེ་དག་གི་ཡང་སྙིང་རྒྱུད་རང་བྱུང་རང་བབས་སངས་རྒྱས་སྲས་གཅིག་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བྱེད་འདིའོ། །འདི་ནི་ཐིག་ལེ་ཉག་གཅིག་གོ། ཐིག་ལེ་ཉག་གཅིག་ནི་ཀ་ནས་དག་གོ། འགྲོ་རྣམས་ལམ་ལ་འཛུད་པའོ། །ཞེས་པའི་དོན་ནི། འགྲོ་རྣམས་ཞེས་པ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད། ལམ་ལ་ཞེས་པ་སངས་རྒྱས་སྐུ་གསུམ་གྱི། འཛུད་པའོ་ཞེས་པ་རྒྱུད་འདིས་སྔར་ཚངས་པ་ཆེན་པོའི་གནས་སུ་ཐམས་ཅད་གྲོལ་ཏེ་འཁོར་བ་སྟོངས་པར་བྱས། དེ་ནས་ཁྱབ་འཇུག་གི་གནས་སུ་ཐམས་ཅད་གྲོལ་ཏེ་སྟོངས་པར་བྱས། དེ་ནས་ཀ་ལ་པིང་ཀའི་གནས་སུ་ཐམས་ཅད་གྲོལ་ཏེ་སྟོངས་པར་བྱས། དེ་ནས་རྫུས་སྐྱེས་ནས། ཐོག་དྲངས་ནས་མཐའ་མེད་བརྗོད་ལས་འདས་པ་གྲོལ་བར་བྱེད་དོ། །ཐེག་པའི་རྒྱལ་པོ་ཡོངས་རྫོགས་ཀྱི། །ཞེས་པའི་དོན་ནི། ཐེག་པའི་ཞེས་པ་དགུའི། རྒྱལ་པོ་
ཞེས་པ་གོང་ན་མེད་པའི། ཡོངས་རྫོགས་ཀྱི་ཞེས་པ་མ་རྫོགས་དགུ་རྫོགས་པ་ཡོད་པ་མིན་པ་ཡིན་པ་མེད་པ་སྣང་བ་མི་སྣང་བ། གསལ་བ་མི་གསལ་བ་རྟག་པ་མི་རྟག་པ། གཉིས་དང་གཉིས་མེད་མ་ཡིན་པ་ཐམས་ཅད་ཡོངས་རྫོགས་བསྟན་པའི་བུ་གཅིག་གིཡོན་ཏན་བྱུང་ཚུལ་རང་བྱུང་ངོ་། །ཞེས་པའི་དོན་ནི། ཡོན་ཏན་ཞེས་པ་སངས་རྒྱས་ཀྱི། བྱུང་ཚུལ་ཞེས་པ་རྒྱུད་འདི་བཏགས། མཐོང་ཐོས་རེག་པའི་སེམས་ཅན་ལ། རང་བྱུང་ངོ་ཞེས་པ་ཡོན་ཏན་གྱི་ཚིགས་སུ་བཅད་པ་རྣམས་ཀྱང་བྱས་པ་ལྟ་བུ་མ་ཡིན་ཏེ། དངོས་པོ་གཤིས་ཀྱི་གནས་ལུགས་ལས་མངོན་སུམ་དུ་སྣང་བའོ། །དེས་ནས་སྔར་ཡང་འདི་ལས་ཟབ་པ་བྱོན་རེ་ཀན་ནོ། །ད་ལྟར་ཡང་འདི་ལས་ཟབ་པ་བཞུགས་རེ་ཀན་ནོ། །ཕྱིས་ཀྱང་འདི་ལས་ཟབ་པ་འབྱོན་རེ་ཀན་ནོ། །དེས་ན་འདི་ཡོད་སངས་རྒྱས་དངོས་སོ། །འགྲོ་བ་རྣམས་ཀྱི་བླ་མ་དམ་པའོ། །དགོས་འདོད་འབྱུང་བའི་ནོར་བུའོ། །རྒྱུད་འདི་དང་བླ་མ་ཕུ་དུད་དུ་ཁུར་བར་བྱའོ། །མཆོད་པར་བྱའོ། །འབྲི་བར་བྱའོ། །བཀླག་པར་བྱའོ། །འཆང་བར་བྱའོ། །ཀུན་ཆུབ་པར་བྱའོ། །ཞེས་ཆེ་བ་ཡོན་ཏན་གྱི་ལེའུ་སྟེ་དང་པོ་རྫོགས་སོ།། །།
སངས་རྒྱས་ཀྱི་གདུང་ཇི་ལྟར་སྤེལ་བ་བསྟན་པའི་ལེའུ་སྟེ་གཉིས་པ།
ད་ནི་ལེའུ་གཉིས་པ་འགྲོལ་ཏེ། ཨེ་མ་ཧོ། ཞེས་པའི་དོན་ནི། ཨེ་ནི་ངོ་བོ་ཀ་དག་གི་དབྱིངས། མ་ནི་རང་བཞིན་ལྷུན་གྲུབ་ཀྱི་དབྱིངས། ཧོ་ནི་ཐུགས་རྗེ་ཀུན་ཁྱབ་ཀྱི་དབྱིངས་སོ། །གསང་མཛད་རང་བཞིན་ཚིག་འདི་ཡང་། །ཞེས་པའི་དོན་ནི། གསང་མཛད་ཅེས་པ་ལོག་ལྟ་ཅན་ལ་གོང་མའི་ཡོན་ཏན་རྔམས་པོ་ཆེ་རྣམས་བརྗོད་ན་མི་དགའ་བར། མི་བདེན་ངེས་སོ། །བརྫུན་ནི་ཞེས། ཐེག་པ་ཐུན་མོང་པ་རྣམས་སྡིག་གསོག་པ་འབྱུང་། སྡིག་བསགས་ན་སེམས་ཅན་སྟོང་བསྒྲལ་
བས་འདི་ལ་སྐུར་པ་བཏབ་པ་བརྒྱའི་ཆར་ཡང་མི་ཉེ་སྟོང་གི་ཆར་ཡང་མི་ཉེ་བར་སྡིག་ཆེ་བས། སངས་རྒྱས་ལ་རྒྱབ་ཀྱིས་ཕྱོགས་པས་གསང་བར་བྱའོ། །རང་བཞིན་ཞེས་པ་དངོས་པོ་གཤིས་ཀྱི། ཚིག་འདི་ཡང་ཞེས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི། རང་བྱུང་ཡེ་དག་ཆེན་པོར་ནི། །ཞེས་པའི་དོན་ནི། རང་བྱུང་ཞེས་པ་དངོས་པོ་གཤིས་ཀྱི་གནས་ལུགས་ལ། ཡེ་དག་ཅེས་པ་འཁྲུལ་པའི་དྲི་མ། དཔེ་ཉི་མའི་དཀྱིལ་འཁོར་དང་མཚུངས་སོ། །ཆེན་པོར་ནི་ཞེས་པ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གོང་ན་མེད་པ་སུས་ཀྱང་མ་བྱས་པའོ། །སྤེལ་ཚིག་གསང་བ་འདི་ལྟར་སྣང་། །ཞེས་པའི་དོན་ནི། སྤེལ་ཚིག་ཅེས་པ་སངས་རྒྱས་ཇི་ལྟར། གསང་བ་ཞེས་པ་ལོག་ལྟ་ཅན་ལ། འདི་ལྟར་སྣང་ཞེས་པ་འདི་ན་མར་གསུངས་པ་བཞིན་ནམ་མཁའ་ལ་ཕྱིས་འབྱུང་བ་ལ་ཡང་བརྗོད་དོ། །ཡེ་ཐོག་དང་པོའི་སངས་རྒྱས་ནི། །ཞེས་པའི་དོན་ནི། ཡེ་ཐོག་ཅེས་པ་གར་ཡང་རྒྱ་མ་ཆད་པའི་མིང་མེད་དེའོ། །དང་པོའི་ཞེས་པ་དངོས་པོ་གཤིས་ཀྱི། སངས་རྒྱས་ནི་ཞེས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །དང་པོ་མངོན་འཕགས་དྲན་པ་མགོན། ཞེས་པའི་དོན་ནི། དང་པོ་ཞེས་པ་སངས་རྒྱས་དང་སེམས་ཅན་རྒྱབ་མ་གྱེས་པའི་དུས་སུ་ཤེས་རིག་ཀུན་བཟང་ཡུམ་གྱི། མངོན་ཞེས་པ་སྒྲོན་མ་སྐུ་གསུམ་དུ། འཕགས་ཞེས་པ་གཞི་ལས་ཐུགས་རྗེ། དྲན་པ་ཞེས་པ་རང་མདངས་སུ། མགོན་ཞེས་པ་ཁམས་གསུམ་སེམས་ཅན་གྱི་མགོན་དུ་ཡེ་གདོད་མ་ནས་བྱོན་ནོ། །ཇི་ལྟར་དུ་བྱོན་ན་ཆོས་སྐུ་ལས་ལོངས་སྐུ། ལོངས་སྐུ་ལས་སྤྲུལ་པའི་སྐུ་རྡོ་རྗེ་འཆང་། སྐུ་གསུམ་གྱི་མཛད་པ་
སུམ་ཅུ་རྩ་དྲུག་མཐར་ཕྱིན་པར་བྱོན་ནོ། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། ཞེས་པའི་དོན་ནི། ཕྱག་རྒྱ་ཞེས་པ་ཞི་ཁྲོའི། རང་དྲན་ཞེས་པ་རང་མདངས་སུ། འཁོར་ལོ་ནི་ཞེས་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི། གཞི་ལས་འཕགས་པའི་ཁྱད་པར་ཚིག །ཅེས་པའི་དོན་ནི། གཞི་ལས་ཞེས་པ་དང་པོའི་ཆོས་ཉིད་ཀ་དག་ལས། འཕགས་པའི་ཞེས་པ་རིག་པ་སྐུ་དང་འོད་དུ། ཁྱད་པར་ཚིག་ཅེས་པ་འདུས་མ་བྱས་ཡེ་ཤེས་གསུམ་གྱི་གསུང་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པོ་འདིའོ། །སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང་། །ཞེས་པའི་དོན་ནི། སྤྱི་ཕུད་ཅེས་པ་གོང་ན་མེད་པའོ། །སྔོན་གྱི་ཞེས་པ་བསྐལ་པ་ཀུན་གྱི་ཐོག་མར་བྱུང་བའོ། །ཐོག་མར་བྱུང་ཞེས་པ་མདོ་རྒྱུད་ཀུན་གྱི་ཐོག་མར་རང་བྱུང་གི་རྒྱུད་འདི་བྱུང་བའོ། །འདི་དུས་ཁྲག་ཁྲིག་བདུན་ཅུ་ཡིས། །ཞེས་པའི་དོན་ནི། འདི་དུས་ཞེས་པ་ཆོས་ཉིད་ཀྱི་ནམ་མཁའ་ལ་དབྱིངས་གསུམ་བསྡུས་པའི་རང་སྒྲར་རྒྱུད་འདི་བྱོན་ནོ། ཁྲག་ཁྲིག་བདུན་ཅུ་ཡིས་ཞེས་པ་འགྲོ་བ་དེ་ཙམ་ཞིག་གིས་སྒྲ་ཐོས་པ་ཙམ་གྱིས་སངས་རྒྱས་སོ། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པའི་དོན་ནི། བསྟན་པ་ཐམས་ཅད་ཀྱི་བཙས་འདི་རང་གཅིག་པུའོ། །ཞེས་པའོ། །དེའི་འོག་ཏུ། སྙིང་པོ་བརྒྱན་པའི་བསྐལ་པ་ལ། །ཞེས་པ་ལ། དེའི་འོག་ཏུ་སྟོན་པ། སྡེ་སྣོད་དང་པོའི་སངས་རྒྱས་མགོན། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པོ་འདིའི་མཚན། མངའ་མཛད་ཕྱག་རྒྱ་འཁོར་ལོ་ལས། །འཁོར་ནི་འཛིན་པ་བྱེ་བ་ལྔ། །ཞེས་པ་གྲངས་དེ་ཙམ་ཞིག་བྱུང་སྟེ་སངས་རྒྱས་སོ། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་ནི་གོང་མའོ་ཡང་རྩེའོ་མཆོག་གི་ཅེས་སོ། །དེའི་འོག་ཏུ་སྟོན་པ།
སྤྱི་མེས་དང་པོ་ཕ་རོལ་མགོན། །བསྟན་པ་རྒྱུད་འདིའི་མཚན། དཀྱིལ་འཁོར་སྙིང་པོ་རང་སྤྲོས་པས། །བསྐལ་པ་གསེར་གྱི་ཡི་གེ་ལ། །ས་ཡ་དྲུག་གི་ཕྱག་རྒྱར་བཟུང་། །དེའི་འོག་ཏུ་སྟོན་པ། སྔོན་ཐོག་དང་པོ་འཕགས་པ་མགོན། བསྟན་པ་རྒྱུད་འདིའི་མཚན། ཕྱག་རྒྱ་དངོས་པོ་ཉིད་སྣང་བས། །བསྐལ་པ་འོད་ཟེར་འགྱེད་པ་ལ། བདུན་འབུམ་གྱིས་ནི་འབྲས་བུའོ། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །དེའི་འོག་ཏུ་སྟོན་པ། འཇིག་རྟེན་དྲ་བ་མགོན་པོ་ཡིས། །སྤྲོས་བྲལ་ཕྱག་རྒྱ་འདི་སྤྲོས་ཏེ། །བསྐལ་པ་མེ་ཏོག་མཛེས་པ་ལ། །བསྟན་པའི་འབྲས་བུ་ཕྱལ་ཡས་པས། །ཕྱག་རྒྱ་འདི་ནི་དམ་པའོ། །སྙིང་པོ་སྟོང་གི་སྤྱི་ཕུད་མགོན། །བསྟན་པ་འདིའི་མཚན། སྙིང་པོ་དམ་པའི་འཁོར་ལོ་ལས། །བསྐལ་པ་རྩོད་པའི་སྙིང་པོ་ལ། །གྲངས་མེད་བཞི་ཡི་སྙིང་པོའོ། །འོད་ལྡན་དང་པོ་སེམས་ཅན་མགོན། །སྤྲོས་མེད་སྙིང་པོ་རང་སྒྲ་ལས། །བསྐལ་པ་སྣང་བའི་སྒྲོན་མ་ལ། །བན་བུན་སྟོང་ཕྲག་ཕྱག་རྒྱར་བཟུང་། །མཛེས་པའི་དང་པོ་འགྲོ་བའི་མགོན། །ཡང་དག་སྙིང་པོ་རྣམས་སྤྲོས་ཏེ། །བསྐལ་པ་རགས་པའི་ཡན་ལག་ལ། །ཉར་ཉིར་བརྒྱ་ཡི་གྲངས་ཀྱིས་ནི། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་རྒྱུད་གསུངས་པས། འདི་བཟུང་ནས་སངས་རྒྱས་ཕྱག་མཛད་དོ། །དེའི་འོག་ཏུ་སྟོན་པ། ཐུགས་བརྩེ་སྙིང་པོ་ཉན་ཐོས་མགོན། །ཕྱག་རྒྱ་ཡན་ལག་ལམ་སྤྲོས་ཏེ། །ཞེས་གསུངས་སོ། །བསྐལ་པ་དུང་གི་སྒྲ་དག་ལ། །གྲེང་གྲེང་བཅུ་ཡི་དམ་པར་རོ། །ཞེས་པ་གསུངས་པ་སངས་རྒྱའོ། །དེའི་འོག་ཏུ་སྟོན་པ། མི་ཕན་བྲང་མ་སྒྲ་བྲལ་
མགོན། །ཡང་དག་ངེས་པའི་རྒྱུད་ལས་ནི། །ཞེས་པ་རྒྱུད་འདིས། བསྐལ་པ་དྲ་བའི་འོད་ཟེར་ལ། །དུང་ཕྱུར་གསུམ་གྱིས་ལམ་རྒྱལ་བཟུང་། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །དེའི་འོག་ཏུ་སྟོན་པ། སྙིང་པོ་སེམས་རྣལ་བདུད་རྩི་མགོན། །ངེས་པའི་ས་བོན་རབ་བསྒྲགས་པས། །ཞེས་པ་རྒྱུད་འདི་གསུངས་པས། བསྐལ་པ་ཚངས་པའི་དབྱངས་ཅན་ལ། །འབུར་རྡུལ་བདུན་གྱིས་ངེས་པར་བཟུང་། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །དེའི་འོག་ཏུ་སྟོན་པ། རང་བཞིན་དྲག་པོ་ཏིང་འཛིན་མགོན། །ཕྱག་རྒྱ་འཁོར་ལོ་བདེན་སྤྲོས་ཏེ། །ཞེས་པ་རྒྱུད་ཀྱི་ཐུགས་རྗེ། བསྐལ་པ་སྨྲ་བའི་གཞི་དག་ལ། །ཕྱལ་ཕྱོལ་དགུ་ཡིས་དམ་པར་བཟུང་། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །དེའི་འོག་ཏུ་སྟོན་པ། གསང་བ་ཕྱག་རྒྱ་ལྷ་མིན་མགོན། །ཡང་གསང་འཁོར་ལོ་རྣམས་སྤྲོས་ཏེ། །ཞེས་པ་རྒྱུད་ཀྱི་ཐུགས་རྗེ། བསྐལ་པ་འབུམ་པ་རེག་ལྡན་ལ། །ཡལ་ཡོལ་དྲུག་ཅུས་སྙིང་པོ་འོ། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །དེའི་འོག་ཏུ་སངས་རྒྱས། རིམ་པ་ལྔ་པ་གཙུག་ཕུད་མགོན། །ཞེས་པ་བྱོན། བླ་མེད་སྙིང་པོ་ཡོངས་སྤྲོས་པས། །ཞེས་པ་སེམས་ཅན་རྣམས་ལ་རྒྱུད་འདི་གསུངས་ཤིང་རེག་པས། བསྐལ་པ་ཡང་གསལ་རབ་འབྱམས་ལ། ཁྲག་ཁྲིག་བྱེ་བ་དགུ་བརྒྱ་ཡིས། །ཞེས་པ་འགྲོ་བའི་གྲངས། བླ་ན་མེད་པའི་གསང་བའོ། །ཞེས་པ་སངས་རྒྱས་སོ། །དེའི་འོག་ཏུ་སངས་རྒྱས། འཇིག་རྟེན་ཐོག་མ་ཤེས་རབ་མགོན། །བདེ་ཆེན་སྙིང་པོ་ཡོངས་སྤྲོས་ཏེ། །ཞེས་པ་རྒྱུད་གསུངས་ཤིང་བསྒྲགས་པས། བསྐལ་བ་བཀོད་པ་ཆེན་པོ་ལ། །འབུམ་ཕྲག་དྲུག་ཅུ་རྩ་
བཞི་ཡིས། །ཞེས་པ་ལྷ་ཚངས་ཆེན་གྱི་འགྲོ་བའི་གྲངས། ལྷ་ཡི་ལྷར་ནི་འདི་ཉིད་དོ། །ཞེས་པ་འདུས་བྱས་ཀྱི་ལྷ་རྣམས། འདུས་མ་བྱས་རིགས་ལྔའི་ཚོམ་བུར་གྲོལ་ལོ། །དེའི་དུས་སུ་སངས་རྒྱས། འཆང་བ་རྣམས་ཀྱི་ཐོག་མ་མགོན། །ངེས་པའི་འབྲས་བུ་འདི་སྤྲོས་ཏེ། །ཞེས་པ་རྒྱུད་འདི་འགྲོ་བ་རྣམས་ལ་བཏགས་པས། བསྐལ་པ་རིན་ཆེན་སྤུངས་པ་ལ། །ས་ཡ་དགུ་བཅུའི་མགོན་པོ་ཡིས། །རྒྱས་པར་བསྔགས་ཏེ་དམ་པར་རོ། །ཞེས་པ་ས་ཡ་དགུ་བཅུ་གྲོལ་ཏེ་སངས་རྒྱས་པས་སྟོན་པ་དོན་རྒྱས་པར་གྲོལ་ལོ། །འདིའི་དུས་སུ་སངས་རྒྱས། ཡང་རྗེས་འབྱུང་བ་མེ་འོད་མགོན། །དངོས་པོ་བསྒྱུར་བའི་ཕྱག་རྒྱ་ནི། །ཞེས་པ་ཟག་བཅས་ཟག་མེད་དུ་སངས་རྒྱ་བ་ལ་ཟེར་རོ། །སྙིང་པོ་ཉིད་དུ་སྤྲོས་པ་ལས། །ཞེས་པ་ཆོས་ཐམས་ཅད་ཀྱི་ཡང་སྙིང་དུ་གསུངས་པས། བསྐལ་པ་རབ་ཏུ་གཡོ་མེད་ལ། །རབ་མཐའ་བཅུ་ཡི་མགོན་པོ་ཡིས། །ཞེས་པ་སངས་རྒྱས་འདི་ཡིས། སྙིང་པོ་སྙིང་གི་དྭངས་མར་རོ། །ཞེས་པ་རྒྱུད་འདི་ཤེས་རིག་ཀུན་བཟང་གི་རང་མདངས་ཐིག་ལེ་ལ་ཞེས་པའོ། །དེའི་འོག་ཏུ་སངས་རྒྱས། ཆགས་མེད་རྡུལ་བྲལ་དྲི་མེད་མགོན། །གསང་ཆེན་ངེས་པ་ཉིད་དུ་སྟེ། །ཞེས་པ་རྒྱུད་ཆེན་འདི་བབས་ཏེ། །བསྐལ་པ་གཡོ་སྒྱུ་བྲལ་བ་ལ། །བྱེ་བ་དགུ་ཁྲིའི་གྲངས་མགོན་གྱིས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །འདུ་བའི་ཕྱག་རྒྱ་ཉིད་དུ་འོ། །ཞེས་པ་ཆོས་ཐམས་ཅད། དེའི་འོག་ཏུ་སངས་རྒྱས། དྲན་པ་དྲི་མེད་བསམ་གཏན་མགོན། །དྲི་མེད་ངེས་པའི་གསང་ཚིག་སྤྲོས། །ཞེས་པ་རྒྱུད་སྤེལ་བས། བསྐལ་པ་མཐའ་ལྡན་སེང་གེ་ལ་
ཉལ་ཉིལ་སུམ་ཅུའི་རྒྱལ་བ་ཡིས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །འདི་ནི་བདེན་ཚིག་དམ་པར་རོ། །ཞེས་པ་དོན་དམ་པའི་གསུང་རབ་བྱོན་ནོ། །དེའི་འོག་ཏུ་སངས་རྒྱས། དམ་པའི་སྐྱེས་བུ་ཆོས་ཀྱི་མགོན། །སངས་རྒྱས་ཤེས་རབ་ས་བོན་སྤྲོས། །ཞེས་རྒྱུད་འདི་གསུངས་ཤིང་བཏགས་པས། བསྐལ་པ་གདུང་པ་སེལ་བ་ལ། །སང་སེམས་དགུ་ཁྲིས་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །དམ་པའི་ཕྱག་ནི་ཡང་དམ་དུའོ། །ཞེས་པ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། སྤྱི་ཕུད་སྟོང་གི་ཡེ་ཐོག་མགོན། །སྔགས་ཀྱི་རྩ་བ་འདི་བསྔགས་པས། །ཞེས་རྒྱུད་འདི་གསུངས་པས། བསྐལ་བ་དུང་གི་སྙིང་པོ་ལ། ཁ་ཡེ་སྟོང་གི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །གསང་ཆེན་དམ་པར་རབ་བཟུང་བའི། །ཞེས་པ་ཕྱག་གི་གནས་མཛད་དོ། །དེའི་འོག་ཏུ་སངས་རྒྱས། སངས་རྒྱས་དྲ་བ་མགོན་པོ་ཡིས། །ཕྱག་རྒྱ་ཉིད་དུ་གདུང་བཟུང་བས། །ཞེས་པ་རྒྱུད་འདི། །བསྐལ་པ་བྱེ་བའི་སྙིང་པོ་ལ། །ཉག་ཐག་ཁྲི་ཡི་གདུང་འཛིན་པས། །ཞེས་པ་གྲངས་ལས་འདས་པར། འདི་ཉིད་སྙིང་པོའི་དོན་དུ་འོ། །ཞེས་པ་ངེས་པའི་འགྲོ་དོན་ལ་དགོངས་པའོ། །དེའི་འོག་ཏུ་སངས་རྒྱས། །ཡང་དག་གསང་བ་པདྨ་མགོན། །སྙིང་གི་སྙིང་པོ་དཀྱིལ་བཟུང་བས། །ཞེས་པ་རྒྱུད་འདི་གསང་བ་བླ་མེད་ཀྱི་ཡང་སྙིང་ཡིན་པས། །བསྐལ་པ་ཡོངས་སུ་རྩེ་བ་ལ། །དད་དིང་སྟོང་གི་ཡང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །འདི་ནི་སྙིང་ལ་ཡང་དག་སྤྲོས། །
ཞེས་པ་ངོ་བོ་རང་བཞིན་ཐུགས་རྗེ་གཅིག་ཏུ་དྲིལ་བ་བསྟན་པའི་བུ་གཅིག་པོ། དེའི་འོག་ཏུ་སངས་རྒྱས། སེམས་ཅན་སྙིང་བརྩེ་མེ་ཏོག་མགོན། །དྲན་གཞི་དང་པོར་རང་བཟུང་པས། །ཞེས་པ་རྒྱུད་ཀྱི་མཚན། བསྐལ་པ་ཡོད་པ་རབ་མཆོག་ལ། །རྡུལ་མེད་དགུ་ཡི་གསང་འཛིན་པ། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །གསང་ཆེན་སྟོང་གི་དམ་པར་རོ། །ཞེས་པ་སངས་རྒྱས་སྟོང་གིས་ཕྱག་མཛད་པའོ། །དེའི་འོག་ཏུ་སངས་རྒྱས། བསྐལ་པ་དྲ་བ་ཉི་འོད་མགོན། །དམ་པའི་སྙིང་པོ་ངེས་ཕབ་པས། །ཞེས་པ་རྒྱུད་འདི་བསྟན་ལ། བསྐལ་པ་གླང་པོ་ཡོངས་རྫོགས་ལ། །རབ་རྡུལ་ཉིད་ཀྱི་རྗེས་འཛིན་པས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་ཤིང་ཕྱག་མཛད་དོ། །སྟོང་ཉིད་གསལ་བའི་མིག་ཏུ་སྤྲོས། །ཞེས་པ་ཕྱོགས་སུ་མ་ལྷུང་བའི་ལྟ་བ་གཉིས་སུ་མེད་པའི་སྒོམ་པ། གོལ་སྒྲིབ་བྲལ་བའི་སྤྱོད་པ། ཀ་ནས་དག་པའི་འབྲས་བུའོ། །ཞེས་པའོ། །དེའི་འོག་ཏུ་སངས་རྒྱས། ཡོངས་རྫོགས་འཁོར་ལོ་རིགས་ཀྱི་མགོན། །སེམས་ཀྱི་དངོས་པོ་དམ་པར་བཟུང་། །ཞེས་པ་རྒྱུད་འདི། །བསྐལ་པ་བླ་ན་མེད་པ་ལ། ཁྲི་ཕྲག་དྲུག་ཅུའི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །གསང་ཆེན་འཁོར་ལོ་ཉིད་དུའོ། །ཞེས་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ། དེའི་འོག་ཏུ་སངས་རྒྱས། དྲི་མེད་དག་པ་ཆོས་ཀྱི་མགོན། །ཡང་གསང་ངེས་པའི་ལུང་འདི་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་བཏགས་པས། བསྐལ་པ་རྩོད་པ་རང་གྲོལ་ལ། །ཉལ་ཉིལ་ཉིད་ཀྱིས་
འཕེལ་གདུང་གིས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །རིམ་པ་མངོན་པར་རབ་སྤྲོས་པའོ། །ཞེས་པ་དམ་པ་རིགས་བརྒྱ་རིག་པའི་མདངས་ཡིན་ཡང་ཐེག་པའི་བློ་དང་ལྷ་ངོ་བསྟུན་ནོ། །དེའི་འོག་ཏུ་སངས་རྒྱས། ཡང་གསང་དང་པོ་ཐོག་མ་མགོན། །རྡོ་རྗེ་ཡང་དག་དམ་བཟུང་བས། །ཞེས་པ་རྒྱུད་འདི། བསྐལ་པ་ཁྱུང་ཆེན་གཤོག་རྫོགས་ལ། །འབུམ་ཕྲག་ལྔ་ཡི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །ཕྱག་རྒྱ་རང་རྫོགས་ཉིད་དུ་འོ། །ཞེས་པ་ཕྱག་མཛད་པའི་དགོངས་པའོ། །དེའི་འོག་ཏུ་སངས་རྒྱས། སྣང་མཛད་དང་པོ་མར་མེ་མགོན། །བླ་མེད་རྡོ་རྗེ་སྙིང་པོ་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། བསྐལ་པ་མདའ་ཡི་ཡོངས་བཟུང་ལ། །རྔ་ཡབ་གསུམ་གྱི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །རིགས་ལྡན་རྣམས་ཀྱི་ཕྱག་ཏུ་བཟུང་། །ཞེས་པ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། །ཡིད་ཤེས་དང་པོ་གནས་གསུམ་མགོན། །བྱ་བ་བྱོན། སྙིང་ཐིག་རྩ་བའི་དྭངས་མར་སྤྲོས། །ཞེས་པ་རྒྱུད་འདི། བསྐལ་པ་རིག་པའི་སྟོབས་ཅན་ལ། ཁ་ཡེལ་དྲུག་གི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །གོང་འཕེལ་ཕྱག་རྒྱ་དམ་པར་སྤྲོས། །ཞེས་པ་ཉམས་སུ་བླང་ཚད་དང་བཅས་པར་གསུངས་སོ། །དེའི་འོག་ཏུ་སངས་རྒྱས། དཔའ་བོ་འཇིགས་སངས་དང་པོའི་མགོན། །དྲི་མ་མེད་པའི་སྙིང་དུ་བབས། །ཞེས་པའི་རྒྱུད་འདི། བསྐལ་པ་དྲན་བསམ་བྲལ་བ་ལ། །ཡལ་ཡོལ་སྟོང་གི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །འདི་ཀུན་སྐྱོན་དང་བྲལ་བར་རོ། །ཞེས་པ་དྲི་མ་མེད་པའི་
རྒྱུད་ལ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། དྲག་པོ་ཆགས་བྲལ་བདེ་བའི་མགོན། །ཆགས་མེད་རང་རིག་ཕྱག་རྒྱ་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། བསྐལ་པ་མྱ་ངན་བྲལ་བ་ལ། །དུང་ཕྱུར་གསུམ་གྱི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །མེད་པ་རྣམས་ཀྱི་དང་པོར་རོ། །ཞེས་པ་ཟག་པ་མེད་པའི་དོན་ལ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། ཆོས་སྐུ་དངོས་དག་དྲི་མེད་མགོན། །དམ་པ་གསུང་གི་སྙིང་པོ་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཞིང་སྤེལ་བས། བསྐལ་པ་ཟིལ་གྱིས་གནོན་པ་ལ། །ས་ཡ་ཉིད་ཀྱི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །འདི་ཀུན་ཡང་དག་ཉིད་དུའོ། །ཞེས་པ་ཡང་དག་པའི་སྙིང་པོར་བཟུང་ཞིང་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། ཡང་སངས་རྒྱས་པ་སྒྱུ་མ་མགོན། །ཚིག་བྲལ་བདེན་པའི་སྙིང་པོ་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། བསྐལ་པ་ཆོས་ཀྱི་འཁོར་ལོ་ལ། །བྱེ་བ་དགུ་ཡི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །ངེས་པའི་ལམ་གྱི་དྭངས་མར་རོ། །ཞེས་པ་ངེས་པའི་དོན་དུ་བཟུང་ནས་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། སྟོང་པ་ཉིད་ནི་དགེ་ལྡན་མགོན། །ཞེས་པ་བྱོན། གསང་བའི་ཡང་གསང་ཆེན་པོ་སྤྲོས། །ཞེས་པ་རྒྱུད་འདི་རབ་གསུངས་ཤིང་། སྤེལ་བས་བསྐལ་པ་པདྨ་བརྩེགས་པ་ལ། ཁ་ཡེལ་ལྔ་ཡི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །སྣང་བ་རྣམས་ཀྱི་ཐོག་མར་རོ། །ཞེས་པ་བྱིན་བརླབས་མངོན་སུམ་པ་ལ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། སྐྱེས་བུ་བྱེད་
པ་འོད་ཟེར་མགོན། །ཞེས་པ་བྱོན། འབྲས་བུ་རྫོགས་པའི་རིག་པ་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། བསྐལ་པ་དང་བའི་དབྱངས་ཅན་ལ། །རྡུལ་མཐའ་བཞི་ཡི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །འདི་ཀུན་མངོན་པར་རང་འཐད་དོ། །ཞེས་པ་སྐུ་གསུམ་དབང་པོའི་སྤྱོད་ཡུལ་དུ་བྱོན་པ་ལ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། ཤེས་རབ་མིག་རྙེད་སྒྱུ་འཕྲུལ་མགོན། །སེམས་ཉིད་ཐོག་མའི་དཀྱིལ་འཁོར་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། བསྐལ་པ་ལྷ་ཡི་ཕྱག་སོར་ལ། །ཉལ་ཉིལ་བདུན་གྱི་གདུང་འཛིན་པས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །སྙིང་པོ་རང་དག་གནད་དུ་འོ། །ཞེས་པ་ཆོས་ཐམས་ཅད་ཡང་སྙིང་དུ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། བདེ་བ་དམ་པ་དངོས་གྲུབ་མགོན། །གསང་ཆེན་སྙིང་པོ་དམ་པར་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། བསྐལ་པ་ཡན་ལག་མེད་པ་ལ། །སང་སེང་དྲུག་གི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །འདི་ཀུན་ཡང་དག་དམ་པར་རོ། །ཞེས་པ་ཡང་དག་པའི་དོན་འདི་ལ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། དངོས་པོ་རང་དག་སྟོང་པའི་མགོན། །སྐྱོབ་པ་དམ་པའི་ཕྱག་རྒྱ་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་ལོ། །བསྐལ་པ་གྲངས་མཐའ་ལོག་པ་ལ། །སྟོང་ཕྲག་དགུ་ཡི་གྲངས་འཛིན་པས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །རྫོགས་པའི་སངས་རྒྱས་ཉིད་དུ་འོ། །ཞེས་པ་འདི་རང་གཅིག་པུ་ལ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། ཆོས་ཀྱི་གྲགས་པ་གཉིས་མེད་
མགོན། །ཡང་གསང་རང་བྱུང་ཚིག་འདི་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། བསྐལ་པ་ཡོངས་སུ་གྲོལ་བྱེད་ལ། །ཉལ་ཉིལ་གསུམ་གྱི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །མཉམ་པ་རང་གནད་ཉིད་དུ་འོ། །ཞེས་པ་སེམས་ཅན་དང་སངས་རྒྱས་མཉམ་པར་རྒྱུད་འདིས་བསྟན་པས་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། ཡེ་ནས་གསང་བ་དྲི་མེད་མགོན། །བྱིན་རླབས་རང་བྱུང་ཡི་གེ་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། །བསྐལ་པ་སེང་གེ་རྩལ་སྤྲུག་ལ། ཁྲག་ཁྲིག་བདུན་གྱི་གདུང་འཕེལ་བས། །ཞེས་པ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །འདི་ཀུན་དམ་པའི་ཐུགས་དཀྱིལ་དུའོ། །ཞེས་པ་ཐུགས་ལ་བཅངས་ཤིང་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། མི་ཕམ་དང་པོ་སངས་རྒྱས་མགོན། བྱ་བ་བྱོན། གསང་བ་ཐུགས་ཀྱི་བུ་གཅིག་པར། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། བསྐལ་པ་དགའ་བས་མྱོས་པ་ལ། །དུང་ཕྱུར་ཕྱེད་དང་དགུ་གདུང་གིས། །ཞེས་པ་དེ་ཙམ་ཞིག་སངས་རྒྱས་སོ། །འདི་ཉིད་དམིགས་མེད་རང་དམ་མོ། །ཞེས་པ་རྩོལ་བ་དང་བྲལ་བ་ལ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། དྲན་སྤངས་མངོན་འཕགས་རང་བཞིན་མགོན། །འབྱུང་བའི་སྒྲ་དང་བྲལ་བར་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། བསྐལ་པ་འདུ་བ་ཆེན་པོ་ལ། ཁ་ཡེལ་ལྔ་ཡི་གདུང་འཕེལ་བས། །ཞེས་པ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །འདི་ཚིག་རང་བྱུང་གསལ་བར་རོ། །ཞེས་པ་ཚིག་དོན་བྱིན་རླབས་མངོན་སུམ་པར་ཕྱག་མཛད་དོ། །དེའི་
འོག་ཏུ་སངས་རྒྱས། བར་མའི་དང་པོ་སྐྱེ་མེད་མགོན། །འདི་ནི་ཕྱག་རྒྱ་རབ་བཏབ་སྟེ། །ཞེས་པ་རང་བཞིན་གྱི་རྒྱུད་ཀྱི་དོན་རྟོགས་ཏེ། །བསྐལ་པ་ཁུ་བྱུག་རང་བྱུང་ལ། །ཐར་ཐེར་གསུམ་གྱི་རྟགས་ཤར་བས། །ཞེས་པ་སངས་རྒྱས་ཀྱིས་སྐུ་གསུང་ཐུགས་ཀྱིས་འདི་ནི་རབ་ཏུ་བསྔགས་པའོ། །ཞེས་པ་རྒྱལ་མཚན་གྱི་རྩེ་ལ་བཞུགས་ཏེ། མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང་གསོལ་བ་ཇི་ལྟར་བཏབ་པ་དངོས་སུ་འབྱུང་ངོ་། །དེའི་འོག་ཏུ་སངས་རྒྱས། འཇིག་རྟེན་གྲངས་བསྐལ་ཨུཏྤལ་མགོན། །གསང་ཆེན་རབ་རྒྱས་ཕྱག་རྒྱ་སྤྲོས། །ཞེས་པ་རྒྱུད་གསུངས་ཤིང་སྤེལ་བས། བསྐལ་པ་རབ་ཏུ་མཐོང་བ་ལ། །འབྲུམ་ཕྲག་དགུ་ཡི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །འདི་ཀུན་སྙིང་གི་དཀྱིལ་དུ་ཕོབ། །ཅེས་པ་ཐུགས་ལ་བཅངས་ཤིང་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། འདས་པའི་དང་པོ་དྲ་བ་མགོན། །སྙིང་པོ་གསང་བ་ཡང་དག་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། བསྐལ་པ་བུད་མེད་རང་འདུལ་ལ། ཕྱལ་ཕྱོལ་དགུ་ཡི་རྒྱལ་བ་ཡིས། །ཞེས་པ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །འདི་ཚིག་རང་རིག་དམ་པར་རོ། །ཞེས་པ་རྒྱུད་མཐོང་ཐོས་རེག་ཚད་ཀྱི་སེམས་ཅན་བར་དོར་གྲོལ་བར་མཛད་པ་ལ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། གཉིས་འདས་དང་པོ་ཞིང་ཁམས་མགོན། །རྡོ་རྗེ་ཆེན་པོའི་གསང་ཚིག་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། བསྐལ་པ་རང་སྒྲ་ཟད་པ་ལ། །ས་ཡ་གཉིས་ཀྱི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །འདི་ཚིག་གཟིགས་དང་རབ་མཁྱེན་བཟུང་། །ཞེས་
པ་བྲིས་བཅངས་བཀླགས་ཀུན་ཆུབ་པར་མཛད་དེ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། གྲུབ་མཐའ་ཐོག་མ་གཉིས་པར་མགོན། །འདུལ་ཚིག་སྙིང་པོ་བླ་མ་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། སྐལ་པ་དགེ་ལྡན་ཆེན་པོ་ལ། །འབུམ་ཕྲག་ལྔ་ཡི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །སྙིང་པོ་རྣམས་ཀྱི་ཡང་སྙིང་དུའོ། །ཞེས་པ་གསང་བ་བླ་མེད་ཀྱི་རྒྱུད་བཅུ་བདུན་གྱི་ནང་ནས་ཀྱང་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། མཛད་པ་བཞི་ཐོག་ཐོད་རྒལ་མགོན། །བླ་ན་མེད་པའི་ངེས་ལུང་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་ལོ། །བསྐལ་པ་བྲམ་ཟེ་བསྒྱིངས་པ་ལ། ཁྲི་ཕྲག་དགུ་ཡི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །འདི་ཀུན་གསང་བའི་ཚིག་ཏུའོ། །ཞེས་པ་བཀའ་རྒྱ་དང་བཅས་ཏེ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། མཐའ་བྲལ་ཡོངས་རྫོགས་སྐྱོན་བྲལ་མགོན། །བྲལ་གསང་ཚིག་འདི་ཕྱག་རྒྱ་སྤྲོས། །ཞེས་པ་རྒྱུད་གསུངས་ཤིང་སྤེལ་ལོ། །བསྐལ་པ་སྐྱེད་པར་བྱེད་པ་ལ། །སྟོང་ཕྲག་དགུ་ཡི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །མེད་ཚིག་རྫོགས་པར་ཡང་དག་བཟུང་། །ཞེས་པ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། ཡེ་རྫོགས་དང་པོའི་སྒྱུ་མ་མགོན། །ཡང་གསང་འབར་བ་འོད་ཟེར་འཕྲོས། །ཞེས་པ་ནམ་མཁའ་ལ་ཐུགས་རྗེའི་འོད་ལྔ་རུ་འཁྱིལ་ལ་དཀར་བ་དཀར་ལ་དམར་བ་དམར་ལ་སེར་བ་སེར་ལ་ལྗང་བ་ལྗང་ལ་མཐིང་བ་མཐིང་ལ་བཤད་
མི་ཤེས་པར་འཕྲོས་སོ། །བསྐལ་པ་རབ་ཏུ་འཕགས་པ་ལ། ཁྲག་ཁྲིག་གཉིས་ཀྱི་གདུང་འཕེལ་བས། །ཞེས་པ་འོད་ཟེར་མཐོང་ཚད་སངས་རྒྱས་སོ། །འདི་ཉིད་ངེས་པའི་གསང་ཆེན་པོ། །ཞེས་པ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། དྲི་མ་དངོས་བྲལ་བདེ་བའི་མགོན། །འདི་ཉིད་ལམ་རྒྱལ་དམ་པར་སྤྲོས། །ཞེས་པ་རྒྱུད་གསུངས་ཤིང་སྤེལ་བས། །བསྐལ་པ་ཡང་གསང་ཆེན་པོ་ལ། ཁྲག་ཁྲིག་བདུན་གྱི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །འདི་ཚིག་རིམ་པར་དང་པོར་སྤྲོས། །ཞེས་པ་ཐེག་པའི་ཡང་རྩེར་མཛད་དེ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། འདུས་པ་རྣམས་ཀྱི་ཐོག་མ་མགོན། །ངེས་པའི་གསང་ཆེན་རབ་བསྔགས་ཏེ། །ཞེས་པ་རྒྱུད་གསུངས་ཞིང་སྤེལ་བས། བསྐལ་བ་གསེར་འོད་དམ་པ་ལ། །ཡང་འཕེལ་དགུ་ཁྲིའི་མགོན་པོ་ཡིས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་ཏེ། འདི་ཀུན་གསང་ཆེན་སྙིང་དུ་ཕབ། །ཅེས་པ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། ཡང་འབྱེད་སྟོང་གི་དང་པོ་མགོན། །གསང་བའི་སྙིང་པོ་ཡང་གསང་སྤྲོས། །ཞེས་པ་རྒྱུད་གསུངས་ཤིང་སྤེལ་བས། བསྐལ་པ་ལེ་ལོ་ཡེ་དག་ལ། །ཐེར་ཟུག་དགུ་ཡི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་ཏེ། འདི་ཡང་སྙིང་ཐིག་གསང་བར་ཕབ། །ཅེས་པ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། གསང་བ་ཀུན་གྱི་སྔོན་ཐོག་མགོན། །ཕྱག་རྒྱ་སྙིང་གི་དཀྱིལ་དུ་སྤྲོས། །ཞེས་པ་རྒྱུད་གསུངས་ཤིང་སྤེལ་ལོ། །བསྐལ་པ་དྲི་མེད་བཟང་པོ་ལ། །ཉར་ཉེར་ལྔ་ཡི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །
འདི་ཚིག་བླ་མེད་སྙིང་ལ་བབས། །ཞེས་པ་ཟབ་པར་བསྟན་ཏེ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། སྟོན་པའི་དང་པོ་ནམ་མཁའ་མགོན། །ཡང་བསྡུས་རང་བྱུང་ཚིག་འདི་སྤྲོས། །ཞེས་པ་རྒྱུད་གསུངས་ཤིང་སྤེལ་ལོ། །བསྐལ་པ་ཐར་ཆགས་ཆེན་པོ་ལ། །ཉལ་ཉིལ་དྲུག་གི་གདུང་འཕེལ་བས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་མཛད་དོ། །འདི་ཉིད་བསམ་གཏན་འཁོར་ལོར་བཟུང་། །ཞེས་པ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། སྟོང་པའི་ཡང་མཛོད་དམ་པ་མགོན། །འདི་ཀུན་གཡོ་མེད་རང་བྱུང་ཚིག །ཅེས་པ་རྒྱུད་འདི་སྤེལ་བས། རྫོགས་པ་དངོས་དག་བསྐལ་པ་ལ། །འབུམ་ཕྲག་དགུ་ཡི་ཡང་གདུང་གིས། །ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་སོ། །འདི་ཀུན་ངེས་པ་འབྲས་བུ་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། །དང་པོ་གསང་འཛིན་དངོས་གྲུབ་མགོན། །འདི་ཡང་མཛད་ཆེན་ཡང་དག་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་ལོ། །བསྐལ་པ་གྲངས་གདལ་གསང་ཆེན་ལ། ཁ་ཡེལ་གསུམ་གྱི་གདུང་འཕེལ་བས། ཞེས་པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །འདི་ཀུན་ཡང་དག་ལམ་ཉེར་བཟུང་། །ཞེས་པ་སངས་རྒྱས་པ་ནི་འདི་ལས་མྱུར་བ་མ་བྱོན་པས་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། དྲི་མེད་རང་ཟད་འབྱུང་བྲལ་མགོན། །དཀྱིལ་འཁོར་ཀུན་དག་རྩ་བ་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་ལོ། །བསྐལ་པ་མོ་མཚན་རྒྱུན་གཅོད་ལ། །ཐར་ཐེར་བརྒྱ་ཡི་གདུང་འཕེལ་བས། །ཞེས་
པ་འགྲོ་བ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །གསང་བ་ཡང་ཞུན་ཐིགས་པར་བཟུང་། །ཞེས་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། མོས་ཆོས་རྣམས་ཀྱི་དང་པོ་མགོན། །སྙིང་པོ་མིག་དག་ཕྱག་རྒྱ་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་བས། བསྐལ་པ་འཁོར་བའི་མུན་སེལ་ལ། །འབུམ་ཕྲག་ལྔ་ཡི་ཡང་གདུང་གིས། །ཞེས་པ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །འདི་ཉིད་སྤྲོས་ཏེ་དམ་དུ་འོ། །ཞེས་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། སེམས་རིག་ཀུན་གྱི་སྤྱི་ཕུད་མགོན། །ང་མེད་སྔོན་དུ་ཕྱག་རྒྱ་སྤྲོས། །ཞེས་པ་རྒྱུད་གསུངས་ཤིང་སྤེལ་ལོ། །བསྐལ་པ་སྔ་མོ་སྟོང་ལྡན་ལ། །བྱེ་བ་དགུ་ཡི་གདུང་འཕེལ་བས། །ཞེས་པ་དེ་ཙམ་ཞིག་སངས་རྒྱས་སོ། །ངེས་ཤེས་ཀུན་གྱི་ཐོག་མར་བཟུང་། །ཞེས་པ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། བསླབ་གནས་ཀུན་གྱི་དང་ཐོག་མགོན། །ཕྱག་རྒྱ་མིག་ལྡན་སྟོང་དུ་སྤྲོས། །ཞེས་པ་རྒྱུད་གསུངས་ཤིང་སྤེལ་བས། བསྐལ་པ་སྒྱུ་མ་སྣང་མཛད་ལ། །ཡལ་ཡོལ་གསུམ་གྱི་ཡང་གདུང་གིས། །ཞེས་པ་དེ་ཙམ་ཞིག་སངས་རྒྱས་སོ། །འདི་ཚིག་གོང་མའི་གོང་མས་བཟུང་། །ཞེས་པ་སངས་རྒྱས་སྔོན་མ་སྔོན་མས་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། རིམ་པ་སྔོན་གྱི་སྐྱེད་བྱེད་མགོན། །བབས་བྱུང་མེད་སྣང་ཕྱག་རྒྱས་སྤྲོས། །ཞེས་པ་རྒྱུད་གསུངས་ཤིང་སྤེལ་ལོ། །བསྐལ་པ་སྙིང་རྗེ་འདུལ་བ་ལ། །སང་སེང་ལྔ་ཡི་གདུང་འཕེལ་བས། །ཞེས་པ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །སྙིང་པོ་གསང་བ་ཆེན་པོར་བཟུང་། །ཞེས་པ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། འཇིགས་
པ་ཀུན་བྲལ་སེང་གེ་མགོན། །སངས་རྒྱས་སྲས་ནི་གཅིག་པ་སྤྲོས། །ཞེས་པ་རྒྱུད་འདི་གསུངས་ཤིང་སྤེལ་ལོ། །ཐུབ་པའི་སྐུ་མདོག་དང་བསྟུན་ནས་ད་ལྟ་གསེར་ལས་བཞེངས་པར་བྱའོ། །བསྐལ་པ་བཟང་པོ་རབ་གང་ལ། །སྟོང་ཕྲག་བདུན་གྱི་གདུང་འཕེལ་བས། །ཞེས་པ་སངས་རྒྱས་དེ་ཙམ་ཞིག་འབྱུང་བར་བྱས་སོ། །འབྱུང་བའི་རང་སྒྲ་བྲལ་བར་བཟུང་། །ཞེས་རྡོ་རྗེ་གདན་གྱི་སྟེང་གི་ནམ་མཁར་བཟུང་སྟེ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། རྫོགས་པའི་ཡང་ཐོག་ཐ་མ་མགོན། །དོན་དགོངས་ཉག་གཅིག་རྣལ་དུ་བཟུང་། །ཞེས་པ་རྒྱུད་འདི་བཟུང་ཞིང་སྤེལ་བས། །བསྐལ་པ་རྩོད་ལྡན་ཆེན་པོ་ལ། །བརྒྱ་ཕྲག་དགུ་ཡི་གདུང་འཕེལ་བས། །ཞེས་པ་དེ་ཙམ་ཞིག་སངས་རྒྱས་པར་བྱས་སོ། །འདི་ཚིག་རྩོད་དང་བྲལ་བར་བཟུང་། །ཞེས་པ་ཕྱག་མཛད་དོ། །དེའི་འོག་ཏུ་སངས་རྒྱས། དྲན་པ་ཟད་པའི་ཡེ་ཤེས་མགོན། །སྙིང་པོ་རང་ཚིག་གཅིག་པར་ག །ཞེས་པ་ཐིག་ལེ་ཉག་གཅིག་ཏུ་ཕྱག་མཛད་དོ། །བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ཞེས་དེ་ཙམ་སངས་རྒྱས་པར་བྱེད་དོ། །ངེས་པའི་ཕྱག་རྒྱ་དམ་པར་བཟུང་། །ཞེས་པ་ཕྱག་མཛད་དོ། །དེ་ལྟར་བརྗོད་ཀྱིས་མི་ལངས་པའི། །ཞེས་པའི་དོན་ནི། དེ་ལྟར་ཞེས་པ་སངས་རྒྱས་ཀྱི་གདུང་སྤེལ་བ། བརྗོད་ཀྱིས་ཞེས་པ་ཚིག་ཏུ། མི་ལངས་པའི་ཞེས་པ་ཐུག་པ་མེད་དེ་འཁོར་བ་སྟོངས་པ་མང་པོ་བྱས་སོ། །སངས་རྒྱས་རྣམས་ཀྱི་བྱིན་བརླབས་ལས། །ཞེས་པའི་དོན་ནི། སངས་རྒྱས་ཞེས་པ་འཛིན་རྟོག་སངས་ནས་རང་རིག་རྒྱས་པའོ། །རྣམས་ཀྱི་ཞེས་པ་མ་ལུས་པའི། བྱིན་བརླབས་ལས་ཞེས་པ་གཞི་གསུམ་གྱི། དེ་ཡང་
སྐུ་ཞི་ཁྲོའི་གཞི་རིས་མེད། གསུང་སྒྲ་སྐད་ཀྱི་གཞི་བརྗོད་མེད། ཐུགས་དྲན་རིག་གི་གཞི་བསམ་མེད་དོ། །རང་བྱུང་ཆེན་པོའི་ཡི་གེར་ཞིག །ཞེས་པའི་དོན་ནི། རང་བྱུང་ཞེས་པ་གཞི་གསུམ་ལས། ཆེན་པོའི་ཞེས་པ་བསམ་དུ་མེད། བརྗོད་དུ་མེད། རིས་སུ་མེད། མིང་མེད། ཡི་གེར་ནི་ཞེས་པ་རྒྱུད་སངས་རྒྱས་སྲས་གཅིག་པོ། བསྟན་པ་ཐམས་ཅད་ཀྱི་བུ་ཅིག་པོ་འདི། སོ་སོ་རང་རང་གི་སྒྲ་དང་མཐུན་པའི་ཡི་གེར་བྱོན་ནོ། །གནས་པའི་ཀ་དག་ཆེན་པོ་ཡི། །ཞེས་པའི་དོན་ནི། གནས་པའི་ཞེས་པ་རང་བཞིན་ལྷུན་གྲུབ་ཏུ། ཀ་དག་ཅེས་པ་ངོ་བོ། ཆེན་པོ་ཞེས་པ་ཐུགས་རྗེ་ཀུན་ཁྱབ། བབས་ལས་འདི་ཀུན་རང་བྱུང་ཤར། །ཞེས་པའི་དོན་ནི། བབས་ལས་ཞེས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི། འདི་ཀུན་ཅེས་པ་རྒྱུད་ཚིག་རང་བྱུང་ཤར་ཞེས་པ་སུས་ཀྱང་བྱས་པ་མེད་པར་ནམ་མཁའ་ལ་སྒྲ་དོན་དབྱེར་མི་ཕྱེད་པར། བྱིན་རླབས་རིམ་པ་འདི་ཀུན་ཡང་། །ཞེས་བྱིན་རླབས་ཞེས་པ་སངས་རྒྱས་ཐམས་ཅད་ཀྱི། རིམ་པ་ཞེས་པ་ལེའུ་བདུན་པ། འདི་ཀུན་ཡང་ཞེས་པ་ཚིག་ཐོག་མ་བབས་ལས་རང་བསྟན་ནོ། །ཞེས་པའི་དོན་ནི། ཐོག་མ་ཞེས་པ་རྒྱ་མ་ཆད་པའི། བབས་ལས་ཞེས་པ་ངོ་བོར་རང་བཞིན་ཐུགས་རྗེ་གསུམ་གྱི། རང་བསྟན་ནོ་ཞེས་པ་ཡེ་གདོད་མ་ནས་སོ། །སངས་རྒྱས་ཀྱི་གདུང་ཇི་ལྟར་སྤེལ་བ་བསྟན་པའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།
ས་ཇི་ལྟར་འབྱུང་བ་བསྟན་པའི་ལེའུ་སྟེ་གསུམ་པ།
ད་ནི་ལེའུ་གསུམ་པ་འགྲོལ་ཏེ། ཨེ་མ་ཞེས་པའི་དོན་ནི། ཨེ་ནི་གནས་ལུགས་སོ། །མ་ནི་སྣང་ལུགས་སོ། །གནས་ལུགས་དང་སྣང་ལུགས་ཀྱི་རང་སྒྲས་སངས་རྒྱ་བ་ངོ་མཚར་ཆེའོ། །ཞེས་པ་ཆོས་
ཉིད་ཀྱི་རང་སྒྲའོ། །རང་བྱུང་ཆེན་པོའི་ཚིག་ལས་ཀྱང་། །ཞེས་པའི་དོན་ནི། རང་བྱུང་ཞེས་པ་སུས་ཀྱང་བྱས་པ་མེད་པར། ཆེན་པོའི་ཞེས་པ་གོང་ན་མེད་པའོ། །ཚིག་ལས་ཀྱང་ཞེས་པ་ངོ་མཚར་ཆེ་བའི། འདི་ལྟར་རང་བྱུང་ཁྱད་པར་ཚིག །ཅེས་པའི་དོན་ནི། འདི་ལྟར་ཞེས་པ་ཚིག །རང་བྱུང་ཞེས་པ་བྱས་པ་མེད་པར། གཞི་གསུམ་ལས་དུས་གསུམ་ཀར་འབྱུང་བ་ལ་བརྗོད་དོ། ཁྱད་པར་ཚིག་ཅེས་པ་ཆོས་ཐམས་ཅད་ལ། བབས་ལས་བྱུང་ཞིང་ཤར་བ་ལས། །ཞེས་པའི་དོན་ནི། བབས་ལས་ཞེས་པ་གཞི་ཀ་དག་གིབྱུང་ཞིང་ཞེས་པ་ཡེ་གདོད་མ་ནས། ཤར་བ་ལས་ཞེས་པ་སྐུ་དང་ཐིག་ལེར། རང་གསལ་ཆོས་རྣམས་རང་བྱུང་ཚིག །ཅེས་པའི་དོན་ནི། རང་གསལ་ནི་སྐུའི་སྣང་བ། ཆོས་རྣམས་ཞེས་པ་མ་ལུས་པ། རང་བྱུང་ཚིག་ཅེས་པ་རྒྱུད་འདིའི་བྱིན་རླབས་ལས། ཕྱིས་ནི་འདི་ལྟར་ཡང་དག་ག །ཞེས་པའི་དོན་ནི། ཕྱིས་ནི་ཞེས་པ་མ་འོངས་པའི་དུས་སུ་ལུང་བསྟན་པའི་རང་སྒྲ། འདི་ལྟར་ཞེས་པ་འདི་ན་མར་གསུངས་པ་བཞིན། ཡང་དག་གོ་ཞེས་པ་རྒྱུད་འདིའི་བྱིན་རླབས་ལས་བྱུང་བ། རྒྱུད་དང་དེ་ཡི་རང་འགྲེལ་ལོ། །ཞེས་པའི་དོན་ནི། རྒྱུད་དང་ཞེས་པ་སྔགས་ཕྱི་ནང་གིདེའི་ཞེས་པ་རྒྱུད་སོ་སོ། རང་འགྲེལ་ལོ་ཞེས་པས་གོ་ལུགས་སོ་སོར་ཕྱེ་ནས་བརྩམས་པ་རྣམས། ལྷ་སྔགས་ལ་སོགས་ཕྱག་རྒྱ་བཅུ། །ཞེས་པའི་དོན་ནི། ལྷ་སྔགས་ཞེས་པ་ཕྱི་ནང་གིལ་སོགས་ཞེས་པ་ཞི་རྒྱས་དབང་དྲག་གིས་དྲངས་པའི་ལས་མཐའ་བསམ་གྱིས་མི་ཁྱབ་པ་དང་། མ་ལུས་པ་ལ་ཡང་བརྗོད། ཕྱག་རྒྱ་ཞེས་པ་བཅུ། དེ་ལས་འདི་ཚིག་ཕྲག་
ཡས་སུ། །ཞེས་པའི་དོན་ནི། དེ་ལས་ཞེས་པ་གོང་མ་ལ་བརྟེན་ནས། འདི་ཚིག་ནི་རྒྱུད་བསྟན་བའི་བུ་གཅིག་གིཕྲག་ཡས་སུ་ཞེས་པ་གྲངས། སྣང་བ་ཡིན་ནོ་དོན་ལ་སེམས། །ཞེས་པའི་དོན་ནི། སྣང་བ་ཞེས་པ་གང་ཟག་གི་ཐུགས་ལ། ཡིན་ནོ་ཞེས་པ་འཆར་བ། དོན་ལ་སེམས་ཞེས་པ་རང་གིསྣང་མཛད་དོན་ཀུན་རང་རྫོགས་ཏེ། །ཞེས་པའི་དོན་ནི། སྣང་མཛད་ཅེས་པ་ཐུགས་ལ། དོན་ཀུན་ཞེས་པ་མ་ནོར་བའི། རང་རྫོགས་ཏེ་ཞེས་པ་སྐལ་ལྡན་དེ་ཡི་སེམས་ལ། ཚིག་ཀུན་བདག་པོར་རང་བྱུང་བས། །ཞེས་པའི་དོན་ནི། ཚིག་ཀུན་ཞེས་པ་འཁོར་འདས་མ་ལུས་པའི། བདག་པོར་ཞེས་པ་ཤིན་ཏུ་མཁས་པར། རང་བྱུང་བས་ཤེས་པ་སངས་རྒྱས་ཀྱི་སྤྲུལ་པ། དགོངས་པ་ཉིད་ནི་དང་པོ་ལས། །ཞེས་པའི་དོན་ནི། དགོངས་པ་ཞེས་པ་སངས་རྒྱས་ཀྱི། །ཉིད་ནི་ཞེས་པ་མ་ནོར་བར། །དང་པོ་ལས་ཞེས་པ་འགྲེལ་པ། ཚིག་རྩོམ་མཁས་པ་འདི་ལས་ནི། །ཞེས་པའི་དོན་ནི། ཚིག་རྩོམ་ཞེས་པ་དགོངས་པ་འགྲེལ་པའི། མཁས་པ་ཞེས་པ་མ་ནོར་བར། འདི་ལས་ནི་ཞེས་པ་རྒྱུད་བསྟན་པའི་བུ་གཅིག །གྲངས་ལས་འདས་རྣམས་འབྱུང་བ་ཡིན། །ཞེས་པའི་དོན་ནི། འཇིག་རྟེན་གྱི་ཁམས་སུ་རིགས་འཛིན་འཕགས་པ་རྣམས་དང་། དགེ་སློང་དང་། རྣལ་འབྱོར་པ་དང་རྒྱལ་པོ་དང་ཁྱིམ་བདག་དང་བུད་མེད་དང་ཁྱེའུ་ཆུང་དང་བུ་མོའི་གཟུགས་སུ་སྤྲུལ་ནས། མཐའ་མེད་བརྗོད་ལས་འདས་པ་བྱོན་ནོ། །བདག་འཛིན་བདག་མེད་སྔོན་ཐོག་ལས། །ཞེས་པའི་དོན་ནི། བདག་འཛིན་ཞེས་པ་འཇིག་རྟེན་པ། བདག་མེད་ཅེས་པ་རང་སངས་རྒྱས་ལ་སོགས་པ། སྔོན་ཐོག་ལས་ཞེས་པ་ཀ་དག་གི་དགོངས་པ་རྒྱུད་འདི་ལས། མཐར་
འཛིན་འདོད་པ་དགག་པའི་ཕྱིར། །ཞེས་པའི་དོན་ནི། མཐར་འཛིན་ཞེས་པ་ཡོད་མེད་གཉིས་ཀྱིས། འདོད་པ་ཞེས་པ་མུ་སྟེགས་སོ་སོ་རང་རང་གི། དགག་པའི་ཕྱིར་ཞེས་པ་དེ་དག་གི་འདོད་པ་ལོག་པ། མངོན་སུམ་རྗེས་སུ་དཔགས་པ་ཡི། །ཞེས་པའི་དོན་ནི། མངོན་སུམ་ཞེས་པ་མཐོང་བྱེད་ཀྱིས་མཐོང་བ་ལ་བྱའོ། །རྗེས་སུ་ཞེས་པ་ཤེས་བྱེད་ཀྱིས་གནས་ལུགས་ཤེས་པ་ལ་བྱའོ། །དཔགས་པ་ཡི་ཞེས་པ་སྔར་མཐོང་བྱེད་ཀྱི་གནས་ལུགས་གོ་བས་མ་མཐོང་ཡང་རྟགས་ཀྱིས་མཚོན་པ་ལ་བྱའོ། །གཏན་ཚིགས་ཆ་འཛིན་ཚིག་ཀུན་འབྱུང་ཞེས་པའི་དོན་ནི། གཏན་ཚིགས་ཞེས་པ་དྲི་བའོ། །ཆ་འཛིན་ཞེས་པ་དམ་བཅའོ། །ཚིག་ཀུན་འབྱུང་ཞེས་པ་ཕ་རོལ་མུ་སྟེགས་སུན་འབྱིན་པའོ། ཡིད་དཔྱོད་བློ་ཞེན་དགག་པའི་ཕྱིར། །ཞེས་པའི་དོན་ནི། ཡིད་དཔྱོད་ཅེས་པ་ལྷ་བསྒོམ། བློར་ཞེན་ཞེས་པ་རང་གི་ལྟ་སྒོམ་ལ། དགག་པའི་ཕྱིར་ཞེས་པ་ཉན་ཐོས་རང་རྒྱལ་གྱི་འདོད་པ། ཀུན་རྫོབ་དོན་དམ་གྲངས་ཕྱེ་སོགས། །ཞེས་པའི་དོན་ནི། ཀུན་རྫོབ་ཅེས་པ་སྣང་གྲགས་ཀྱི་ཆོས་ཐམས་ཅད། དོན་དམ་ཞེས་པ་རང་གི་སེམས་སུ་འདོད་པའོ། །དེའི་དོན་དམ་སེམས་ཙམ་དུ་ཡང་མ་གྲུབ་ལ་མཐའ་ལས་འདས་པའོ། །གྲངས་ཕྱེ་སོགས་ཞེས་པ་ཆོས་རྣམས་ཀྱི་རྣམ་གྲངས་མ་ལུས་པ། ཚིག་ནི་འདི་ཀུན་བྱིན་རླབས་ལས། །ཞེས་པའི་དོན་ནི། ཚིག་ནི་ཞེས་པ་ཐེག་པའི་འཇུག་སྒོ་མཐའ་དག་གིའདི་ཀུན་ཞེས་པ་བསྟན་བཅོས། བྱིན་བརླབས་ལས་ཞེས་པ་སངས་རྒྱས་རྣམས་ཀྱི་དགོངས་པ་རྒྱུད་བསྟན་པའི་བུ་གཅིག་གིའདི་ལྟར་རྩོམ་པའི་
དཔའ་བོ་མཁས། །ཞེས་པའི་དོན་ནི། འདི་ལྟར་ཞེས་པ་ཀུན་རྫོབ་དང་དོན་དམ་དུ། རྩོམ་པའི་ཞེས་པ་བསྟན་བཅོས། དཔའ་བོ་མཁས་ཞེས་པ་འཁོར་བའི་གཡུལ་ངོ་ཟློག་པའི། རིགས་འཛིན་འཕགས་པ་རྣམས་ལ་ལུང་བསྟན་པའི་དགོངས་པའོ། །སེམས་ནི་མཐའ་ཞེན་བློ་དགག་ཕྱིར། །ཞེས་པའི་དོན་ནི། སེམས་ནི་ཞེས་པ་ངོ་བོ་སྟོང་པའི་རྩལ་མ་འགགས་པར་ཀུན་ལ་འཇུག །མཐའ་ཞེན་ཞེས་པ་མ་དག་པ་འཁྲུལ་པའི་སྣང་བ། བློ་དགག་ཕྱིར་ཞེས་པ་མི་གཙང་པའི་རྗེས་སུ་འདོད་པའི། ཕུང་པོ་གྲངས་དང་ཁམས་སོགས་དང་། །ཞེས་པའི་དོན་ནི། ཕུང་པོ་ཞེས་པ་གཟུགས་ཀྱི་ཕུང་པོ། གྲངས་དང་ཞེས་པ་མི་གཙང་བ་ལྔ་པོ་རྒྱལ་བ་རིགས་ལྔར་བསྒོམ་པའོ། ཁམས་སོགས་དང་ཞེས་པས་ལ་སོགས་པ་ཡུམ་ལྔར་བསྒོམ་པའོ། །བསྟོད་དང་ཡོད་མེད་ཆོས་དང་ནི། །ཞེས་པའི་དོན་ནི། བསྟོད་དང་ཞེས་པ་བླ་མ་དང་སངས་རྒྱས་དང་གནས་ལ་སོགས་པ། ཡོད་མེད་ཅེས་པ་ཐམས་ཅད་ལ་འཇུག་པའོ། །ཆོས་དང་ནི་ཞེས་པ་ཡོད་མེད་ཀྱི། ཆོས་མིན་ཇི་ལྟར་རྩི་བ་ཡི། །ཞེས་པའི་དོན་ནི། ཆོས་མིན་ཞེས་པ་ཡང་དག་པའི། ཇི་ལྟར་ཞེས་པ་སྣང་ངོ་མ་འགགས་པར། རྩི་བ་ཡི་ཞེས་པ་དུས་ཚོད་མ་ནོར་བར། ཚིག་ཀུན་འདི་ལས་རབ་བརྩོན་འཐོབ། །ཅེས་པའི་དོན་ནི། ཚིག་ཀུན་ཞེས་པ་འཁོར་འདས་མ་ལུས་པའི། འདི་ལས་ཞེས་པ་རྒྱུད། རབ་བརྩོན་ཐོབ་ཅེས་པ་རྒྱུད་འདིའི་བྱིན་རླབས་ལས་བསླབ་མི་དགོས་པར། འཇིག་རྟེན་མཐུན་འཇུག་དྲང་བའི་ཕྱིར། །ཞེས་པའི་དོན་ནི།
འཇིག་རྟེན་ཞེས་པ་ཆགས་འཇིག་ཅན་གྱི་སྣང་བ་ལ། སྐྱེ་འཆི་ཅན་གྱི་སེམས་ཅན་རྟེན་པའོ། །མཐུན་འཇུག་ཅེས་སོ་སོ་རང་རང་དང་། དྲང་བའི་ཕྱིར་ཞེས་པ་ཆོས་ལ། སྒྲ་དང་རིག་པ་དུ་མ་ཡང་། །ཞེས་པའི་དོན་ནི། སྒྲ་དང་ཞེས་པ་བརྗོད་པའི། རིག་པ་ཞེས་པའི་བཟོའོ། །དུ་མ་ཡང་ཞེས་པ་ཅི་དང་ཅིའི་རྣམ་པ་མ་ལུས་པ། འདི་ཡི་རང་བྱུང་ཚིག་ལས་ཤར། །ཞེས་པའི་དོན་ནི། འདི་ཡི་ཞེས་པ་རྒྱུད། རང་བྱུང་ཞེས་པ་བྱས་པ་མེད་པའི། ཚིག་ལས་ཤར་ཞེས་པ་རང་བབས་སུ། ཕྱིར་འགྱུར་ཐེག་པའི་རང་གྲངས་ཀྱིས། །ཞེས་པའི་དོན་ནི། ཕྱིར་འགྱུར་ཞེས་པ་མུ་སྟེགས་པའོ། །ཐེག་པའི་ཞེས་པ་འདོད་དོ། །རང་གྲངས་ཀྱིས་ཞེས་པ་སོ་སོ་རང་རང་གིདབང་པོའི་འཇུག་སྒོ་གསལ་བའི་ཕྱིར། །ཞེས་པའི་དོན་ནི། དབང་པོའི་ཞེས་པ་རྣོ་རྟུལ། འཇུག་སྒོ་ཞེས་པ་ཐེག་པ་ལ། གསལ་བའི་ཕྱིར་ཞེས་པ་མ་ནོར་བར། རིམ་པའི་འཇུག་སྲོལ་བཅུ་གཅིག་ནི། ཞེས་པའི་དོན་ནི། རིམ་པའི་ཞེས་པ་མས་འཇོག་ཏུ། འཇུག་སྲོལ་ཞེས་པ་ཤན་ཕྱེད་པར། བཅུ་གཅིག་ནི་ཞེས་པ་ཐེག་པ་དགུ་འཇིག་རྟེན་པ་གཉིས་དང་བཅུ་གཅིག་ག །འདི་ཡི་ཡོན་ཏན་བབས་ལས་སྣང་། །ཞེས་པའི་དོན་ནི། འདིའི་ཞེས་པ་རྒྱུད། ཡོན་ཏན་ཞེས་པ་སངས་རྒྱས་ཀྱི། བབས་ལས་སྣང་ཞེས་པ་སྐལ་བ་ཅན་ལ། རང་འོད་ཇི་ལྟར་ཡོད་པའི་ཚིག །ཅེས་པའི་དོན་ནི། རང་འོད་ཅེས་པ་རིག་པའི་རང་མདངས་མཐིང་ག་དཀར་པོ་སེར་པོ་དམར་པོ་ལྗང་ཁུ་སྣ་ཚོགས་པ། ཇི་ལྟར་ཞེས་པ་ཡེ་གདོད་མ་ནས། ཡོད་པའི་ཚིག་
ཅེས་པ་སེམས་ཅན་ཐམས་ཅད་ལ། འདི་ལས་སྤྲོས་སོ་ཉེ་བར་བསྡུས། ཞེས་པའི་དོན་ནི། འདི་ལས་ཞེས་པ་རྒྱུད། སྤྲོས་སོ་ཞེས་པ་མདོ་རྒྱུད་ཐམས་ཅད་ཀྱི་ནང་དུ། ཉེ་བར་བསྡུས་ཞེས་པ་རྫོགས་པ་ཆེན་པོ་ཐིག་ལེའི་སྐོར་དུ། གྲགས་དང་མ་གྲགས་ཚིག་བཅུད་ནི། ཞེས་པའི་དོན་ནི། གྲགས་དང་ཞེས་པ་རྫོགས་པ་ཆེན་པོའི་རྒྱུད་རྣམས་སུ། མ་གྲགས་ཞེས་པ་མདོ་རྒྱུད་ཀུན་དང་ཁྱད་པར་མཚན་བརྗོད་དོ། །ཚིག་བཅུད་ནི་ཞེས་པ་ཆོས་ཐམས་ཅད་ཀྱི་ཁྱད་པར་དུ་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞི། འདི་ལས་ཡང་གསང་ཆེན་པོར་ཡང་། །ཞེས་པའི་དོན་ནི། འདི་ལས་ཞེས་པ་རྒྱུད། ཡང་གསང་ཞེས་པ་ཟབ་པའི་ཡང་ཟབ། ཆེན་པོར་ཡང་ཞེས་པ་གོང་ན་མེད་པའི་ཡང་རྩེ་རྒྱུད་བཅུ་བདུན་ནོ། །གྱུར་ཏེ་སྣང་བར་འགྱུར་བ་ཡིན། །ཞེས་པའི་དོན་ནི། གྱུར་ཏེ་ཞེས་པ་སྔར། སྣང་པར་ཞེས་པ་རིམ་པ་བཞིན་དུ། འགྱུར་བ་ཡིན་ཞེས་པ་ཕྱིས་ཀྱང་། ལྷ་མིས་ཇི་ལྟར་འདོད་པའི་ཚིག །ཅེས་པའི་དོན་ནི། ལྷ་མི་ཞེས་པ་མཐོ་རིས་གཉིས། ཇི་ལྟར་ཞེས་པ་རང་རང་འདོད་པའི། ཚིག་ཅེས་པ་སོ་སོར་གོ་བའི། སྒོ་དྲུག་ཐོབ་འདོད་རང་བཀོད་ཚིག །ཅེས་པའི་དོན་ནི། སྒོ་དྲུག་ཅེས་པ་རྣམ་པར་ཐར་པའི། ཐོབ་འདོད་ཅེས་པ་རང་གིས། རང་བཀོད་ཚིག་ཅེས་པ་རྒྱུད་བསྟན་པའི་བུ་གཅིག་འདི། སྔགས་ལུང་སེམས་དཔའི་ལུང་རང་སྣང་། །ཞེས་པའི་དོན་ནི། སྔགས་ལུང་ཞེས་པ་ཕྱི་ནང་གིསེམས་དཔའི་ཞེས་པ་རྡོ་རྗེ། ལུང་རབ་སྣང་ཞེས་པ་བཀའ་མངོན་སུམ་དུ། འདི་ལ་གསང་ཆེན་གནད་དུ་གྲགས། །ཞེས་པའི་དོན་ནི། འདི་ལ་ཞེས་པ་རྒྱུད། གསང་ཆེན་ཞེས་པ་བཅུ་བདུན་གྱི། གནད་དུ་གྲགས་
ཞེས་པ་རྟགས་མངོན་དུ་འབྱེད་པའི། དེ་བཞིན་སྐྱེ་འཇིག་བསྟན་བཅོས་དང་། །ཞེས་པའི་དོན་ནི། དེ་བཞིན་ཞེས་པ་འདི་དག་ལ་སོགས་པ། སྐྱེ་འཇིག་ཅེས་པ་ནང་བཅུད་དང་ཕྱི་སྣོད་ཀྱི། བསྟན་བཅོས་ཞེས་པ་བསྟན་དང་བཞག་པའི། ཡོད་དང་མེད་སྨྲ་སྡེ་གྲངས་སྤྲོས། །ཞེས་པའི་དོན་ནི། ཡོད་པར་སྨྲ་བའི་སྡེ་སོགས། སྡེ་པ་བཞི་རུ་གསུངས་པ་རྣམས་སོ། །མཐའ་གཉིས་རབ་འབྱེད་ཡོད་སྣང་ཕྱིར། །ཞེས་པའི་དོན་ནི། མཐའ་གཉིས་ཞེས་པ་ཡོད་མེད་ཀྱི། རབ་འབྱེད་ཅེས་པ་དངོས་པོར་འཛིན་པ་དང་། སྟོང་པར་འཛིན་པ་དང་། ཡོད་སྣང་ཕྱིར་ཞེས་པ་གཟུང་ཡུལ་དུ་མེད་ཀྱང་། སྣང་ཡུལ་མ་འགགས་པས། དྲན་སེམས་ཉིད་ཀྱི་སྡེ་གྲངས་ནི། །ཞེས་པའི་དོན་ནི། དྲན་སེམས་ཞེས་པ་སེམས་ཅན་གྱི། ཉིད་ཀྱི་ཞེས་པ་དེའི་དོན། །སྡེ་གྲངས་ནི་ཞེས་པ་སེམས་མད་བཅོ་བརྒྱད་ལ་སོགས་པ། འདི་ཀུན་ལས་བྱུང་སེམས་ཀྱི་ལུང་། །ཞེས་པའི་དོན་ནི། འདི་ཀུན་ཞེས་པ་རྒྱུད་འདིའི་ཚིག །ལས་བྱུང་ཞེས་པ་གོང་གི་ཚིག་ཐམས་ཅད། སེམས་ཀྱི་ལུང་ཞེས་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་གིའཇུག་སྒོ་ཆེན་པོའི་ཤིང་རྟ་ཡང་། །ཞེས་པའི་དོན་ནི། འཇུག་སྒོ་ཞེས་པ་འཁོར་བར། ཆེན་པོའི་ཞེས་པའི་པ་མི་ལུས། ཤིང་རྟ་ཡང་ཞེས་པ་ཁྱབ་པ་ཁམས་གསུམ་དུ། སྣང་བའི་མཛད་འཕྲོས་ཁ་ལོ་ནི། །ཞེས་པའི་དོན་ནི། སྣང་བའི་ཞེས་པ་ཆོས་ཉིད་ཀྱི། མཛད་འཕྲོས་ཞེས་པ་འགྲོ་དོན། ཁ་ལོ་ནི་ཞེས་པ་སེམས་ཅན་འཁོར་བར་འཁྱམས་པའི། འདི་ཚིག་དམ་པའི་འཁོར་ལོའོ། །ཞེས་པའི་དོན་ནི།
འདི་ཚིག་ཅེས་པ་རྒྱུད། དམ་པའི་ཞེས་པ་ཆོས་ལ། འཁོར་ལོ་ཞེས་པ་སྒྱུར་བར་བྱེད་པའི། སངས་རྒྱས་མྱུར་བར་ཡང་བརྗོད་དོ། །གྲགས་པའི་སྔགས་དང་དེ་སྤེལ་ཚིག །ཅེས་པའི་དོན་ནི། གྲགས་པའི་ཞེས་པ་ཡོངས་སུ། སྔགས་དང་ཞེས་པ་ཕྱི་ནང་གཉིས་ཀྱི། དེ་སྤེལ་ཚིག་ཅེས་པ་དེའི་འགྲེལ་པ་ལ་སོགས་པ། རིམ་པ་མདོ་སྡེེ་རང་གྲགས་ཚིགཐཅེས་པའི་དོན་ནི། རིམ་པ་ཞེས་པ་ཐེག་པའི། མདོ་སྡེ་ཞེས་པ་མཚན་ཉིད། རང་གྲགས་ཚིག་ཅེས་པ་གསང་སྔགས་ཕྱི་ནང་གིབཀོད་པ་རྣམས་ཀྱི་ཐོག་མར་ནི། །ཞེས་པའི་དོན་ནི། བཀོད་པ་ཞེས་པ་ཡི་གེ་རིས་སུ། རྣམས་ཀྱི་ཞེས་པ་ཆོས་ཐམས་ཅད། ཐོག་མར་ནི་ཞེས་པ་དེ་དག་ཐམས་ཅད་ཀྱི་མདུན་དུ། འདི་ལས་འཕྲོ་འོ་ཕན་སེམས་ལྡན། །ཞེས་པའི་དོན་ནི། འདི་ལས་ཞེས་པ་བྱིན་རླབས། འཕྲོའོ་ཞེས་པ་ཐུགས་རྗེ། ཕན་སེམས་ལྡན་ཞེས་པ་རྡོ་རྗེ་འཆང་གིས་ཐོག་དྲངས་པའི་རྒྱུད་པ་ཟམ་མ་ཆད་པས་འཁོར་སྟོངས་པར་བགྱིས་པའི་རང་སྒྲའོ། །ལུང་རྒྱལ་ཐེག་པ་ཀུན་དངོས་སོ། །ཞེས་པའི་དོན་ནི། ལུང་རྒྱལ་ཞེས་པ་ཆོས་ཐམས་ཅད་ཀྱི། ཐེག་པ་ཞེས་པ་སོ་སོ་རང་རང་གི་ཀུན་དངོས་སོ་ཞེས་པ་ཐམས་ཅད་གཅིག་ཏུ་དྲིལ་བའི། གཞི་རྩ་རྩལ་གྱི་ནན་ཏན་ཚིག །ཅེས་པའི་དོན་ནི། གཞི་རྩ་ཞེས་པ་རང་རང་གི་རིག་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། རྩལ་གྱི་ཞེས་པ་རྒྱུད་ལ། ནན་ཏན་ཚིག་ཅེས་པ་རྒྱུད་འདི་འཕྱུགས་པ་མེད་པའི་གནད་དོ། །འདི་ཀུན་རྒྱན་གྱི་རྒྱལ་པོ་ལས། །ཞེས་པའི་དོན་ནི། འདི་ཀུན་ཞེས་པ་རྒྱུད་ཚིག །རྒྱན་གྱི་ཞེས་པ་ཆོས་ཐམས་ཅད་ཀྱི། རྒྱལ་པོ་ལས་ཞེས་པ་བྱས་པ་མེད་པར་རང་བྱོན།
གོང་ན་མེད་པའི་ཡང་རྩེ། བྱ་རྩལ་མེད་པའི་དགོངས་པའོ། ཁ་ལོ་སྒྱུར་བའི་དཔའ་བོ་ཡིན། །ཞེས་པའི་དོན་ནི། ཁ་ལོ་ཞེས་པ་སེམས་ཅན་གྱི། སྒྱུར་བའི་ཞེས་པ་སངས་རྒྱས་ལ། དཔའ་བོ་ཡིན་ཞེས་པ་རྒྱུད་འདི་བཏགས་པ་ཙམ་གྱིས་འཁོར་བའི་གཡུལ་ངོ་བཟློག་པའོ། །བྱེད་པའི་ལས་རྒྱས་དཀྱིལ་འཁོར་འཇུག །ཅེས་པའི་དོན་ནི། བྱེད་པའི་ཞེས་པ་ལྟོ་གོས་གཉིས་ཀྱི། ལས་རྒྱས་ཞེས་པ་དེ་གཉིས་ཀྱི་ཞར་ལ། དཀྱིལ་འཁོར་འཇུག་ཅེས་པ་མྱ་ངན་ལས་འདས་པའི་སེམས་ཅན་རྣམས་ཀྱང་རྒྱུད་འདི་དང་ཕྲད་ན་གནས་ལུགས་དོན་གྱི། དཔེ་མེད་བྲིས་པའི་སྒྲ་ཡིག་ཟེར། །ཞེས་པའི་དོན་ནི། དཔེ་མེད་ཅེས་པ་དང་པོའི། བྲིས་པའི་ཞེས་པ་ཡེ་གདོད་མ་ནས། སྒྲ་ཡི་གཟེར་ཞེས་པ་ཆོས་ཉིད་བྱ་རྩལ་མེད་པའི། སུ་ཟེར་ན་ངོ་བོ་དང་བཞིན་ཐུགས་རྗེ་གསུམ་འདུས་པའི་རྡོ་རྗེ་འཆང་། གྲངས་མཐའ་འགེག་བྱེད་སེང་ཕྲུག་ག །ཞེས་པའི་དོན་ནི། གྲངས་མཐའ་ཞེས་པ་ཐེག་པ་དགུའི། འགེག་བྱེད་ཅེས་པ་འདོད་གཞུང་། སེང་ཕྲུག་གོ་ཞེས་པ་རྒྱུད་འདིས་ཐམས་ཅད་ཟིལ་གྱིས་གནོན་པའོ། །བཅོས་མའི་ཡང་ཆ་དེ་འཕེལ་བཟུང་། །ཞེས་པའི་དོན་ནི། བཅོས་མའི་ཞེས་པ་ལུས་ངག་ཡིད་གསུམ། ཡང་ཆ་ཞེས་པ་ཉན་ཐོས་རྣམས་ཀྱི་དོན། ཡང་དག་པའི་དོན་རྟོགས་པར་འགྱུར་རོ། །དེ་འཕེལ་བཟུང་ཞེས་པ་བྱང་ཆུབ་སེམས་དཔས། དཔའ་བར་འགྲོ་བའི་ལས་རྒྱས་སོ། །ཞེས་པའི་དོན་ནི། དཔའ་བར་ཞེས་པ་གོང་ནས་གོང་དུ། འགྲོ་བའི་ཞེས་པ་སྐད་ཅིག་ལ། ལས་རྒྱས་སོ་ཞེས་པ་དོན་
ལ་ཐབས་དམ་པའོ། །མཐོ་དམན་སྙོམས་པའི་དགེ་འབྲས་ལུང་། །ཞེས་པའི་དོན་ནི། མཐོ་དམན་ཞེས་པ་སངས་རྒྱས་ཀྱི་དགོངས་པ་དང་སེམས་ཅན་གྱི་རང་རྒྱུད། སྙོམས་པའི་ཞེས་པ་ཐིག་ལེ་ཉག་གཅིག་ཏུ། དགེ་འབྲས་ལུང་ཞེས་པ་རྒྱུད་འདི་དང་ཕྲད་པ་རྣམས་ཚོགས་གཉིས་རྫོགས་པའོ། །སྒྲིབ་གཉིས་བྱང་པའོ། །སངས་རྒྱས་པའི་དུས་ལ་སླེབས་པའི་སྐལ་པ་ཅན་ནོ། །དེས་ན་བླ་མ་སངས་རྒྱས་སུ་ལྟའོ། །དཔེ་བྲལ་རྣམས་ཀྱི་དང་པོ་འོ། །ཞེས་པའི་དོན་ནི། དཔེ་བྲལ་ཞེས་པ་ཡང་དག་པའི་དོན་ལ། རྣམས་ཀྱི་ཞེས་པ་རིག་སྟོང་གསལ་སྟོང་གྲག་སྟོང་བདེ་སྟོང་སྣང་སྟོང་ལ་སོགས་པའོ། །དང་པོ་འོ་ཞེས་པ་མིང་དང་བྲལ་བའི་ཆོས་ཉིད། ཀ་ནས་དག་པའི་དགོངས་པ། འཛིན་པ་ཟད་པའི་རྒྱུད་འདིའོ། །དེ་ལྟར་སྤྲོས་ཚིག་དུ་མ་ཡིས། །ཞེས་པའི་དོན་ནི། དེ་ལྟར་ཞེས་པ་ཐམས་ཅད་ཀྱི་བྱུང་ཁུངས། སྤྲོས་ཚིག་ཅེས་པ་ཐམས་ཅད་ཀྱི་གཞི། དུ་མ་ཡིས་ཞེས་པ་མ་ཁྱབ་པ་མེད་པའི་དགོངས་ཚིག་འདི། འཁོར་ལོ་འཛིན་པའི་སྤྲུལ་པའོ། །ཞེས་པའི་དོན་ནི། འཁོར་ལོ་ཞེས་པ་ཆོས་ཀྱི། འཛིན་པའི་ཞེས་པ་རྒྱུན་ཆད་མེད་པར། སྤྲུལ་པའོ་ཞེས་པ་སངས་རྒྱས་ཀྱི་བསྟན་པ་དངོས་སོ། །འདི་གནས་ན་བསྟན་པ་གནས་པའོ། །འཕེལ་ན་བསྟན་པ་འཕེལ་ལོ། མཁའ་གསལ་མཁའ་དག་ཀློང་ཆེན་གྱི། །ཞེས་པའི་དོན་ནི། མཁའ་གསལ་ཞེས་པ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའོ། །མཁའ་དག་ཅེས་པ་འཛིན་པ་ཟད་པའི་ཡེ་ཤེས་སོ། །ཀློང་ཆེན་གྱི་ཞེས་པ་ཆོས་ཉིད་ཅེར་མཐོང་མངོན་སུམ་གྱི། སྤྲོས་པ་རྣམས་ཀྱི་ཡང་སྤྲོས་
ལས། །ཞེས་པའི་དོན་ནི། སྤྲོས་པ་ཞེས་པ་ཡང་གསང་བླ་མེད། རྣམས་ཀྱི་ཞེས་པ་རྫོགས་ཆེན་སྐོར། ཡང་སྤྲོས་ལས་ཞེས་པ་མདོ་རྒྱུད་ཐམས་ཅད། སྐྱེ་སྒོ་རབ་ཏུ་སྤངས་པ་ཡིས། །ཞེས་པའི་དོན་ནི། སྐྱེ་སྒོ་ཞེས་པ་སྐྱེ་བ་རྣམ་བཞིའོ། །རབ་ཏུ་ཞེས་པ་མཐོང་ཐོས་རེག་པ་ཙམ་གྱིས། སྤངས་པ་ཡིས་ཞེས་པ་ཨ་ཏིའི་དགོངས་པས། བླ་མེད་འདྲེན་པའི་དང་པོར་བྱུང་། །ཞེས་པའི་དོན་ནི། བླ་མེད་ཅེས་པ་ཡོངས་སུ་རྫོགས་པར། འདྲེན་པའི་ཞེས་པ་སེམས་ཅན། དང་པོར་བྱུང་ཞེས་པ་ནམ་མཁའི་མི་མཇེད་ཡང་སྟེངས་སུ། ཆོས་ལས་འདས་པའི་རང་སྒྲར། བདེ་བས་བདེ་བ་འབྱེད་པ་ཡི། །ཞེས་པའི་དོན་ནི། བདེ་བས་ཞེས་པ་རྒྱུད་འཁྲུལ་མེད་ཀྱི་བྱིན་རླབས་ཀྱི། བདེ་བ་ཞེས་པ་གཞི་འཁྲུལ་མེད་རྟོགས་པར་བྱེད་པས། འབྱེད་པ་ཡི་ཞེས་པ་རྒྱུད་འདི་ཡོད་མེད་ལ་ཕྱི་ནང་གསང་བ་གསུམ་གྱི་རྟགས། རིགས་མཐུན་ཀུན་གྱི་གསང་ཆེན་ཡིན། །ཞེས་པའི་དོན་ནི། རིགས་མཐུན་ཞེས་པ་སངས་རྒྱས་ཀྱི། ཀུན་གྱི་ཞེས་པ་སྐལ་བ་ཅན། གསང་ཆེན་ཡིན་ཞེས་པ་ལོག་ལྟ་ཅན་ལ་གསང་སྟེ་རང་ཉིད་བཅང་བར་བྱའོ། །རིགས་ལ་གནས་ཤིང་རིགས་འབྱེད་པའི། །ཞེས་པའི་དོན་ནི། རིགས་ལ་ཞེས་པ་རིགས་ལྔའི། གནས་ཤིང་ཞེས་པ་དུས་རྒྱུན་ཆད་མེད་པར་ཐིག་ལེ་ཉག་གཅིག་ཏུ། རིགས་འབྱེད་པའི་ཞེས་པ་ཕྱི་ནང་གཉིས་ཀར་ཁ་དོག་སོ་སོར། གཙོ་བོ་གཙོ་བོས་བླང་པའོ། །ཞེས་པའི་དོན་ནི། གཙོ་བོ་ཞེས་པ་རང་རྒྱུད་ལ་ཉོན་མོངས་པ་ལྔ་པོ་གང་ཤས་ཆེ་བ་སྟེ། གཙོ་བོས་ཞེས་པ་རིགས་ལྔ། བླང་པའོ་
ཞེས་པ་རིགས་ཀྱི་བདག་པོར་སངས་རྒྱས། ཕྱིར་རྟགས་ཀྱང་དེ་ལྟར་འབྱུང་བ་ལ་དགོངས་པའོ། །ཀ་དང་རྟོགས་དང་རབ་ཏུ་དགོངས། །ཞེས་པའི་དོན་ནི། ཀ་དང་ཞེས་པ་གཞིའི་ཀརྟོགས་དང་ཞེས་པ་རང་ལ་ཡེ་ནས་གནས་པ་དེ། རབ་ཏུ་དགོངས་ཞེས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡ་མ་བྲལ་བར། རིམ་པར་རྒྱས་དང་དེ་རྗེས་ནི། །ཞེས་པའི་དོན་ནི། རིམ་པར་ཞེས་པ་ཆོས་སྐུ་ལས་ལོངས་སྐུ་ལོངས་སྐུ་ལས་སྤྲུལ་སྐུ་། རྒྱས་དང་ཞེས་པ་བྱང་ཕྱོགས་གཡོ་བ་ལྡན་དང་། ལྷོ་ཕྱོགས་ཚལ་པ་སྐྱོབ་དང་། ཤར་ཕྱོགས་དེ་བའི་རླུང་དང་། ནུབ་ཕྱོགས་བརྩེ་བའི་གླིང་དང་། དེ་རྗེས་ནི་ཞེས་པ་སྐུའི་ཞིང་ཁམས་ཐོག་མ་ནས་ཀྱི་སྐྱེ་བ་བཞིས་གཟུགས་ཀྱི་དོན་བྱེད་ཅིང་། འདི་ལས་རབ་ཏུ་འཕེལ་བ་ཡིན། །ཞེས་པའི་དོན་ནི། འདི་ལས་ཞེས་པ་རྒྱུད། རབ་ཏུ་ཞེས་པ་རིག་འཛིན་ཕུང་པོ་ལྷག་མེད་དང་། འཕེལ་བ་ཡིན་ཞེས་པ་གང་ཟག་གི་བརྒྱུད་པ་ཟམ་མ་ཆད་པར། རབ་ཏུ་རྟོགས་ཕྱིར་དཀྱིལ་འཁོར་ནི། །ཞེས་པའི་དོན་ནི། རབ་ཏུ་ཞེས་པ་ཕུང་པོ་ལྷག་མེད། རྟོགས་ཕྱིར་ཞེས་པ་ཚེ་འདི་ཉིད་ལ། དཀྱིལ་འཁོར་ནི་ཞེས་པ་དབྱིངས་གསུམ་འདུས་པའོ། །དམ་པ་རྣམས་ནི་འདི་ལས་སྤྲུལ། །ཞེས་པའི་དོན་ནི། དམ་པ་ཞེས་པ་རིགས་བརྒྱ། རྣམས་ནི་ཞེས་པ་རིག་པ་ཚད་ལ་ཕེབས་ཏེ་ཞི་ཁྲོ་མཐའ་བྲལ་ཀྱི་སྐུ་དང་གཉིས་སུ་མེད་པའི་རིག་འཛིན་བརྒྱུད་པ་དང་བཅས་པའོ། །འདི་ལས་སྤྲུལ་ཞེས་པ་རྒྱུད་བསྟན་པའི་བུ་གཅིག །ཐམས་ཅད་ལས་ཀྱི་མཐའ་རྒྱས་ཀྱང་། །ཞེས་པའི་དོན་ནི། ཐམས་ཅད་ཅེས་པ་ཁམས་གསུམ་གྱི་སེམས་ཅན། ལས་ཀྱི་ཞེས་པ་ཚེ་འཁོར་བ་ཐོག་མཐའ་མེད་པ་ནས་བསགས་
པའི་རྣམ་སྨིན། མཐའ་རྒྱས་ཀྱང་ཞེས་པ་བསོད་ནམས་ཀྱི་སྟོབས་ཉམས་ཤིང་བྲིས་ཏེ། ཚེ་ལོ་ཡང་བཅུ་ལ་ཐུག་པའི་དུས་སུ། འདི་ལས་རབ་ཏུ་ཡང་འཕེལ་ལོ། །ཞེས་པའི་དོན་ནི། འདི་ལས་ཞེས་པ་རྒྱུད། རབ་ཏུ་ཞེས་པ་དེའི་དུས་སུ་དར་བ། ཡང་འཕེལ་ལོ་ཞེས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཔལ་འཛིན་མ་བྱ་བས། བསྟན་པའི་སྙིང་པོ་རྣམས་བཟུང་སྟེ་རྒྱས་པར་བྱས་ནས་ཐམས་ཅད་གྲོལ་བར་བྱེད་དོ། །དེ་ནས་མི་གནས་རང་ས་ཉིད་དུ་འགྱུར་རོ། །འདི་ཚིག་བྱིན་རླབས་བརྒྱུད་པ་ཡང་། །ཞེས་པའི་དོན་ནི། འདི་ཚིག་ཅེས་པ་རྒྱུད། བྱིན་རླབས་ཞེས་པ་རང་བཞིན་བབས་ཀྱི། བརྒྱུད་པ་ཡང་ཞེས་པ། དེ་ནས་བསྐལ་པ་བྱེ་བ་ན། །རབ་ཏུ་འཕེལ་ཕྱིར་འབྱུང་བའོ། །ཞེས་པའི་དོན་ནི། རབ་ཏུ་ཞེས་པ་བསྟན་པའི་སྙིང་པོ་སྙིང་ཐིག་གསང་བ་འདི། འཕེལ་ཕྱིར་ཞེས་པ་དེའི་དུས་སུ། འབྱུང་བའོ་ཞེས་པ་འཁོར་ལོ་གློག་གི་འཕྲེང་བ་བྱ་བའི་བཅོམ་ལྡན་འདས་ལ་སྣང་ཞིང་བབས་ཏེ། ཡང་བསྟན་པའི་མེ་རོ་ལང་ངོ་། འདུལ་བའི་བསྟན་པ་བསྐལ་པ་གཅིག །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱ། དེ་ནས་སྟོན་པ་འདའ་ཚུལ་བསྟན་ཏེ་མུན་པའི་བསྐལ་བ་གཉིས་འབྱུང་། དེ་ནས་སྟོན་པ་སྐུ་འཁྲུངས་ཏེ། མངོན་པའི་བསྟན་པ་བསྐལ་བ་བརྒྱ་འབྱུང་སྟེ། དེའི་དུས་སུ་མངོན་སུམ་སྙིང་ཐིག་གི་དགོངས་པ་རང་བཞིན་བབས་ཀྱི་བྱིན་བརླབས་ལས། རང་ངོ་ཤེས་ནས་ཐམས་ཅད་ཚེ་གཅིག་ལ་སངས་རྒྱས་ཀྱི་འབྲས་བུ་ཐོབ་བོ། །འདི་ནས་འཁོར་བ་དོང་སྤྲུག་སྟེ་འགྲོ་བ་དྲུག་ཏུ་སྣང་བ་མེད་དོ། །བསྐལ་པ་སྟོང་ཕྲག་ཉི་ཤུར་
སེམས་ཅན་འཁོར་བ་རྒྱུན་ཆད་ནས་ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ལས་གྱི་བྱེ་བྲག་ཉོན་མོངས་པ་བག་ལ་ཉལ་ཕྲ་མོ་ལངས་ནས་སྔར་གྱི་འཁོར་འདས་བྱུང་ཚུལ་དང་མཚུངས་སོ། །ཕྱིས་ཇི་ལྟར་འབྱུང་བ་བསྟན་པའི་ལེའུ་སྟེ་གསུམ་པ་རྫོགས་སོ།། །།ས་མ་ཡ། རྒྱ་རྒྱ་རྒྱ།། །།
ཟག་པ་མེད་པར་བསྟན་པའི་ལེའུ་སྟེ་བཞི་པ།
ད་ནི་ལེའུ་བཞི་པ་འགྲོལ་ཏེ། ཨེ་མ་ཧོ། ཞེས་པའི་དོན་ནི། ཨེ་བྱ་རྩོལ་མེད་པའི་དོན་ལ། མ་རང་གསལ་གཏིང་བཀྲག་ཕྱེད་པའི་མཚར་བ། ཧོ་མཐའ་དབུས་ཕྱོགས་དང་བྲལ་བའི་ཆེན་པོའི་རང་སྒྲའོ། །འདི་ལྟར་ཡང་གསང་དོན་ཉིད་ལ། །ཞེས་པའི་དོན་ནི། འདི་ལྟར་ཞེས་པ་རྒྱུད་དོན་རིག་པ་མངོན་སུམ་གྱི་གནད་བསྟན་པ། ཡང་གསང་ཞེས་ཆོས་ཉིད་མངོན་སུམ་གྱི་དོན་ལོག་ལྟ་ཅན་གྱི་རིགས་ལ་གསང་བ་བས་ཀྱང་ཆེས་གསང་སྟེ་རླུང་གི་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ། །དོན་ཉིད་ལ་ཞེས་པ་བར་དོ་དང་ཚེ་ཕྱི་མ་ཙམ་ལ་མི་ལྟོས་པར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གནས་ལུགས། དགེ་སྡིག་ཀུན་དང་བྲལ་བའི་སྙིང་པོའོ། །འཇུག་པར་འདོད་པའི་སྐལ་བ་རབ། །ཅེས་པའི་དོན་ནི། འཇུག་པར་ཞེས་པ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། སངས་རྒྱས་ཐམས་ཅད་ཀྱི་ལྟ་ཕུགས། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། འབྲས་བུ་ཐམས་ཅད་ཀྱི་མངའ་བདག །ཡོད་མེད་གཅིག་བྲལ་གྱི་ལྟ་བ་ནམ་མཁའི་མདུང་སྐོར། སྐུ་གསུམ་ལག་འཆང་ཟག་བཅས་མི་སྣང་བར་ལོ་བཅུ་ན་གདོན་མི་ཟ་བར་སངས་རྒྱ་བའི་གསང་བ་སྙིང་ཐིག་ཡང་གསང་དམ་པ་ལ། འདོད་པའི་ཞེས་པ་རྟོགས་ལྡན་ནམ་རྣལ་འབྱོར་པ་འམ། པཎྜི་ཏའམ། སྟོན་པའམ། དགེ་སློང་
ངམ། དགེ་ཚུལ་ལམ། དགེ་བསྙེན་ནམ། རྒྱལ་པོ་འམ། བློན་པོ་འམ། འབངས་སམ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། སྐལ་པ་རབ་ཅེས་པ་ཚོགས་གཉིས་བསགས་བསགས་པའོ། །སྒྲིབ་གཉིས་སྦྱངས་སྦྱངས་པའོ། །སེམས་ཅན་གྱི་དོན་དུ་ཐུགས་བསྐྱེད་བསྐྱེད་པའོ། །ཕྱི་ནང་གསང་བ་གསུམ་གྱིས་སྨིན་ཟིན་ཟིན་པའོ། །སྔོན་དུ་ལུས་ངག་ཡིད་རྣམས་ཀྱི། །ཞེས་པའི་དོན་ནི། སྔོན་དུ་ཞེས་པ་ཟག་བཅས་མི་སྣང་བར་གྲོལ་བར་བྱེད་པའོ། །ལུས་ངག་ཅེས་པ་རང་གིཡིད་རྣམས་ཀྱི་ཞེས་པ་གསུམ་པོའི། མངོན་པར་ཞེན་པ་བཟློག་པའི་ཕྱིར། །ཞེས་པའི་དོན་ནི། མངོན་པར་ཞེས་པ་རྟགས། ཞེན་པ་ཞེས་པ་ཚེ་འཁོར་བ་ཐོག་མཐའ་མེད་པ་ནས་ལུས་ངག་ཡིད་གསུམ་ལ། བཟློག་པའི་ཕྱིར་ཞེས་པ་ཆོས་ཉིད་ཀྱི་རང་སྒྲ་བླ་མ་དམ་པའི་གདམས་ངག་གི་གནད་ཀྱིས། སྔོན་དུ་སྤྱོད་པ་བརྩམ་པར་བྱ། །ཞེས་པའི་དོན་ནི། སྔོན་དུ་ཞེས་པ་ལུས་ངག་ཡིད་གསུམ་ཀྱི་ཞེན་པ་བཟློག་པར་བྱ་བའི། སྤྱོད་པ་ཅེས་པ་ལུས་ངག་ཡིད་གསུམ་གྱི། བརྩམ་པར་བྱ་ཞེས་སྐལ་པ་ཅན། གཅིག་ནས་གཉིས་གསུམ་ལས་མང་ན་མཁའ་འགྲོ་མའི་བཀའ་ཆད་འབྱུང་ངོ་། །དེ་ཡང་རབ་དུར་ཁྲོད་འབྲིང་ལུང་སྟོངས་ཐ་མ་ཡང་དབེན་པའི་རི་ལ་ཕྱིན་ཏེ། ཚོགས་གཏོར་བཤམས་ལ་ལུས་དུར་ཁྲོད་ཀྱི་རུས་པ་དང་དུང་དང་ཀར་ཤ་པ་ནིས་བརྒྱན་ལ། ཅང་ཏེའུ་དཀྲོལ་ཞིང་ཚོགས་དང་གཏོར་མ་བླ་མ་ཡི་དམ་དྷཱ་ཀི་ལ་ཕུལ་ལ་གསོལ་བ་བཏབ། ཡུལ་བདག་ལ་གཏོར་མ་ཞིག་བྱིན་ཏེ་སྤྱོད་པ་རྩོམ་པ་ལ་བར་ཆོད་མ་བྱེད་ཅིག་བྱས་
ལ་བཀའ་བསྒོ་འབྱུང་པོ་ལ་གཏོར་མ་ཞིག་བྱིན་ཏེ་བརྟུལ་ཞུགས་ཀྱིས་བསྐྲད་ལ་བཏང་། རང་ཉིད་ཕྱག་ན་རྡོ་རྗེ་འམ་དྷཱ་ཀི་མར་བསྒོམས་ལ། ཨེ་ལམ་ལ་སོགས་པའི་ཡི་གེས་རྒྱས་བཏབ་ལ། ཕཊ་སྒྲ་དྲག་པོ་ཞིག་བརྗོད་ལ། སྔོན་དུ་ལུས་ཀྱི་སྤྱོད་པ་ཞག་གསུམ་བརྩམ་པར་བྱའོ། །ལུས་ནི་རྒྱུག་དང་ཉལ་བ་དང་། །ཞེས་པའི་དོན་ནི། ལུས་ནི་ཞེས་པ་རང་གིརྒྱུག་དང་ཞེས་པ་ཡར་མར་ཕར་ཚུར་ལ། ཉལ་དང་ཞེས་པ་ཁ་སྦུབ་དང་གན་རྐྱལ་དང་། གཞོགས་དང་། རྐང་ལག་བསྐུམ་པ་དང་བརྐྱང་བའོ། །ལངས་དང་ཡན་ལག་བསྐྱོད་པ་དང་། །ཞེས་པའི་དོན་ནི། ལངས་དང་ཞེས་པ་ལྐོག་རྩེར་ལངས་འཕྲོ་ལ་ཐང་ལ་སྡོད་པ་དང་། སྡོད་འཕྲོ་ལ་ལངས་པའོ། །ཡན་ལག་ཅེས་པ་རྐང་ལག་བཞི། བསྐྱོད་དང་ཞེས་པ་ཕར་ཚུར་དང་བརྐྱང་བསྐུམ་དང་། བསྐོར་བ་དང་ནི་ཕྱག་བྱ་དང་། །ཞེས་པའི་དོན་ནི། བསྐོར་བ་ཞེས་པ་བླ་མའི་སྐུ་རྟེན་དང་ཆོས་ཁུག་དང་། མཆོད་རྟེན་དང་རི་དང་བྲག་དང་རྡོ་དང་ས་དང་ཆུ་དང་ཕྱུགས་དང་མི་ཕལ་པ་ལའོ། །དང་ནི་ཞེས་པ་དེ་རྣམས་ལ་ཡང་། ཕྱག་བྱ་དང་ཞེས་པ་ཤར་ལྷོ་ནུབ་བྱང་སྟེང་འོག་ལྷ་མི་ཕྱུགས་ས་རྡོ་ལ་སོགས་པ་ལ། རེས་རང་གི་བླ་མ་ལ་ཡང་ཕྱག་མི་བྱའོ། །ཡན་ལག་བསྐོར་དང་མགོ་སྒྲིལ་དང་། །ཞེས་པའི་དོན་ནི། ཡན་ལག་ཅེས་པ་རང་གིབསྐོར་དང་ཞེས་པ་ནང་དང་ཕྱིན་ག་ལོག་དང་། གཡས་གཡོན་གཉིས་རེ་མོས་ཀྱིས། མགོ་སྒྲིལ་དང་ཞེས་ཕར་ཧྲིལ་ཚུར་ཧྲིལ་ཡར་ཀྱོག་མར་ཀྱོག་བྱའོ། །ཇི་ལྟར་དྲན་པའི་ལས་རྣམས་དང་། །ཞེས་པའི་དོན་ནི། ཇི་ལྟར་ཞེས་པ་རང་གིས། དྲན་པའི་
ཞེས་པ་སྙིང་ལ། ལས་རྣམས་དང་ཞེས་པ་ལྷག་མ་མེད་པར། གར་དང་ཕྱག་རྒྱ་བསྒྱུར་བ་དང་། །ཞེས་པའི་དོན་ནི། གར་དང་ཞེས་པ་ཞི་ཁྲོ་དང་། དཔའ་བོ་དང་དཔའ་མོའི། ཕྱག་རྒྱ་ཞེས་པ་ཞི་ཁྲོ་དང་ཡོད་པ་མེད་པ་ཚོགས་དང་གཏོར་མ་དང་འཁྲིག་པ་དང་། ཤོག་ཅིག་པ་དང་མ་ཡོང་ཞིག་བྱ་བའི། བསྒྱུར་བ་དང་ཞེས་པ་ཕྱག་འཚལ་འཕྲོ་ལ་བང་རྒྱུག་པ་དང་རྒྱུག་འཕྲོ་ལ་མགོ་སྒྲིལ་བ་ལ་སོགས་པའོ། །ཇི་ལྟར་དམིགས་པའི་ལས་རྣམས་བྱ། །ཞེས་པའི་དོན་ནི། ཇི་ལྟར་ཞེས་པ་རང་གིདམིགས་པའི་ཞེས་པ་ཡིད་ལ། ལས་རྣམས་བྱ་ཞེས་པ་དྲན་ཚད། འདི་ལྟར་སུ་ཡིས་བྱས་པའི་མི། །ཞེས་པའི་དོན་ནི། འདི་ལྟར་ཞེས་པ་ལུས་ཀྱི་སྤྱོད་པ། སུ་ཡིས་ཞེས་པ་སྐལ་ལྡན། བྱས་པའི་ཞེས་པ་ཉམས་ལེན། ལུས་ཀྱི་མངོན་ཞེན་རང་བཅད་ནས། །ཞེས་པའི་དོན་ནི། ལུས་ཀྱི་ཞེས་པ་རང་གིམངོན་ཞེན་ཞེས་པ་ཚེ་འཁོར་བ་ཐོག་མ་མེད་པ་ནས། རང་བཅད་ནས་ཞེས་པ་དེ་ལྟར་བྱས་པས། ལུས་ཀུན་རུ་ཤན་ཕྱེད་པར་ནི། །ཞེས་པའི་དོན་ནི། ལུས་ཀུན་ཞེས་པ་བཟང་ངན་དང་མཛེས་སྡུག་དང་མི་ཕྱུགས་ཀྱི་ཆགས་སྡང་ཐམས་ཅད་ཏིག་མེད་དུ་ཁྲེས་ཀྱི་འགྱུར་རོ། །རུ་ཤན་ཞེས་པ་འཁོར་འདས་ཀྱི། ཕྱེད་པར་ནི་ཞེས་པ་འདི་ཉིད་དུ། འདི་ཡིས་འགྱུར་རོ་སྤྲུལ་པའི་སྐུ། །ཞེས་པའི་དོན་ནི། འདི་ཡིས་ཞེས་པ་རྒྱུད། འགྱུར་རོ་ཞེས་པ་ཆོས་ཉིད་ཀྱི་རང་སྒྲ་བཞིན་ཉམས་སུ་བླངས་ན། སྤྲུལ་པའི་སྐུ་ཞེས་པ་རྡོ་རྗེ་འཆང་ནས་བརྒྱུད་པ་ཟམ་མ་ཆད་པ་ལ་ཆོས་ཉིད་ཀྱི་རང་སྒྲ་བྱུང་བའོ། །དེས་ནི་ལུས་བྱ་རྩལ་མེད་པར་རྟོགས་ཏེ།
སངས་རྒྱས་ཐམས་ཅད་ཀྱི་སྐུ་གསལ་སྟོང་དབྱེར་མེད་གཉིས་སུ་མེད་པར་འགྱུར་བའི་དགོས་པ་ཡོད་དོ། །དེ་འདས་ངག་གི་སྤྱོད་པ་བརྩམ། །ཞེས་པའི་དོན་ནི། དེ་འདས་ཞེས་པ་ལུས་ཀྱི་དྲི་མ་དག་པའི་རྟགས། ནམ་མཁའ་ལ་སྤྲིན་དང་ཁུ་རླངས་ཁ་ཆར་དང་། རླུང་དང་ཡུལ་ཉེས་དང་། དགྲ་དང་ཆོམ་རྐུན་མེད་པར། ནམ་མཁའ་དྭངས་པ་རླུང་དང་སེར་བུ་མེད་པར་འཇའ་དང་འོད་དུ་འཁྲུགས་པ་བྱུང་ན་ལུས་ཀྱི་སྡིག་པ་དག་པའོ། །གོང་མ་རྣམས་ལོག་ནས་བྱུང་ན་བསྐྱར་ལ་བྱའོ། །ལུས་ངག་ཡིད་གསུམ་འདྲའོ། །ངག་གི་ཞེས་པ་རང་གིསྤྱོད་པ་བརྩམ་ཞེས་པ་ཞག་གསུམ་དུ། སྔགས་དང་ཁ་ཏོན་ཆོས་ཀྱི་སྒྲ། །ཞེས་པའི་དོན་ནི། སྔགས་དང་ཞེས་པ་ལྷ་ཐམས་ཅད་དང་། འདྲེ་ཐམས་ཅད་ཁྱད་མེད། ཁ་ཏོན་ཞེས་པ་བསྟོད་པ་དང་སྨོན་ལམ་དང་། གསོལ་ཚིག་དང་། ལྷ་འདྲེའི་བསྟོད་ཚིག་ག །ཆོས་ཀྱི་སྒྲ་ཞེས་པ་འཆད་པ་སློབ་པའི་ལད་མོ་བྱའོ། །ཡོད་དང་མེད་དང་སྣང་བ་དང་། །ཞེས་པའི་དོན་ནི། ཡོད་དང་ཞེས་པ་ཆོས་ཡོད་ནོར་ཡོད་གྲོགས་ཡོད་ཟས་ཡོད་ཅེས་པ་སྨྲའོ། །དེའི་མཇུག་ལ་ནད་ཡོད་གདོན་ཡོད་མི་དགེ་བ་ཡོད་ཅེས་སྨྲའོ། །མེད་དང་ཞེས་པ་ཆོས་མེད་ནོར་མེད་གྲོགས་མེད་ཟས་མེད་གོས་མེད་ལས་མེད་སེམས་མེད་མི་དགེ་བ་མེད་དོ་ཞེས་སྨྲའོ། །སྣང་དང་ཞེས་པ་སངས་རྒྱས་སྣང་ངོ་། །འཁོར་བ་སྣང་ངོ་། །ས་ཆུ་མེ་རླུང་ནམ་མཁའ་སྣང་ངོ་། །ལ་སོགས་པ་བྱའོ། །མི་སྣང་ངོ་ཞེས་པ་སངས་རྒྱས་དང་འཁོར་བ་མི་སྣང་ངོ་བྱའོ། །ཡིད་དཔྱོད་ཚིག་ནི་སྣ་ཚོགས་བརྗོད། །
ཅེས་པའི་དོན་ནི། ཡིད་དཔྱོད་ཅེས་པ་དྲན་ཚད། ཚིག་ནི་ཞེས་པ་ཅི་བྱུང་བྱུང་། སྣ་ཚོགས་ཁ་རུ་ཐོན་ཚད་གདོན་ནོ། །གཏད་མེད་དུ་གྲོལ་ལོ། །བྱོལ་སོང་སྣ་ཚོགས་བརྡ་སྐད་དང་། །ཞེས་པའི་དོན་ནི། བྱོལ་སོང་ཞེས་པ་ཡང་དག་པའི་དོན་ལ་བྱོལ་ནས་ངན་པ་སྡུག་བསྔལ་གྱི་ལས་ལ་སོང་པའོ། །སྣ་ཚོགས་ཞེས་པ་རྟ་དང་གླང་པོ་ལ་སོགས་པའི་དུད་འགྲོ་ཐམས་ཅད་དང་། དོམ་དྲེད་སྤྲེའུ་ཅེ་སྤྱང་ཁྱི་ལ་སོགས་པ་དང་། ཀང་ཀ་རྨ་བྱ་རྒོད་ལ་སོགས་པའི་བྱ་ཐམས་ཅད་ཀྱི། བརྡ་སྐད་དང་ཞེས་པ་དེ་རྣམས་ཀྱི་ཟས་ཟ་བ་དང་། འཁྲིག་པ་སྤྱོད་པ་དང་ཕྲུག་གུ་ཡོད་པའི། སྐད་ནི་རྣམ་པ་སྣ་ཚོགས་པ། །ཞེས་པའི་དོན་ནི། སྐད་ནི་ཞེས་པ་གོང་མ་རྣམས་ཀྱི། རྣམ་པ་ཞེས་པ་སོ་སོ་རང་རང་གི་འདྲ་བའི། སྣ་ཚོགས་པ་ཞེས་པ་དེ་དག་ཐམས་ཅད་ཀྱི་སྐད་གདོན་ནོ། །འདི་ལྟར་སུ་ཡིས་བྱས་པའི་མི། །ཞེས་པའི་དོན་ནི། འདི་ལྟར་ཞེས་པ་སྐད་སྣ་ཚོགས་དང་ཡོད་མེད་དང་ཆོས་འཆད་པ་དང་། སྔགས་བརྗོད་པ་ལ་སོགས་པ། སུ་ཡིས་ཞེས་པ་སྐལ་པ་ཅན། བྱས་པའི་མི་ཞེས་པ་ཉམས་སུ་བླངས་པའི། ངག་གི་མངོན་ཞེན་རང་ཆོད་ནས། །ཞེས་པའི་དོན་ནི། ངག་གི་ཞེས་པ་རང་གིམངོན་ཞེན་ཞེས་པ་ཚེ་འཁོར་བ་ཐོག་མ་མེད་པ་ནས། རང་ཆོད་ནས་ཞེས་པ་སྤྱོད་པ་བྱས། འཁོར་འདས་རུ་ཤན་འདིས་ཕྱེད་དོ། །ཞེས་པའི་དོན་ནི། འཁོར་འདས་ཞེས་པ་གཏན་གྱི་བདེ་སྡུག་གཉིས་སོ། རུ་ཤན་ཞེས་པ་འཛིན་པ་ཡོད་མེད་དོ། །འདིས་ཕྱེད་
དོ་ཞེས་པ་ཆོས་ཉིད་ཀྱི་རང་སྒྲ་བཞིན་ཉམས་སུ་བླངས་ན། ངག་བྱ་རྩལ་མེད་པར་རྟོགས་ཏེ། སངས་རྒྱས་ཐམས་ཅད་ཀྱི་གསུང་བརྗོད་དུ་མེད་པ་དང་། གཉིས་སུ་མེད་པར་འགྱུར་བའི་དགོས་པ་ཡོད། དེ་ལྟར་རང་ཉིད་ཉམས་སུ་བླངས་པར་འགྱུར་ལ་གཞན་དག་བདེན་ཞེན་གྱི་ཀོ་ལོང་དང་རང་བྲལ་བར་འགྱུར་རོ། །དེ་འདས་ཉིད་ཀྱི་འོག་ཏུ་ཡང་། །ཞེས་པའི་དོན་ནི། དེ་འདས་ཞེས་པ་ངག་ནི་རུ་ཤན་ཕྱེད་པའི་རྟགས་ཐོན་ནས། ཉིད་ཀྱི་ཞེས་པ་བར་དུ་ལུས་ངག་ཡིད་གསུམ་རྣལ་དུ་དབབ་པོ། དེ་ཡང་ལུས་ཀྱི་ཞག་གསུམ་ཐལ་ནས་ཞག་གཅིག་ལུས་རྣལ་དུ་དབབ་སྟེ། མལ་སྟན་བདེ་བ་ལ་ཉལ་ལ་བསྡད་དོ། །ངག་གི་ཞག་གསུམ་སོང་བ་དང་ཞག་གཅིག་གིས་ངག་རྣལ་དུ་དབབ་སྟེ་སུ་ལའང་མི་སྨྲ་བར་བརྡ་ཙམ་ཡང་མི་བྱ་བར་ལུས་དང་བསྟུན་ནོ། །དེ་བཞིན་སེམས་རུ་ཤན་འབྱེད་པ་ཞག་གསུམ་ཚར་ནས། ཡང་ཞག་གཅིག་སེམས་རྣལ་དུ་འབེབས་ཙམ་ན་ལུས་ངག་ཡིད་གསུམ་ཕྲུགས་ལ། དྲན་བསམ་འཕྲོ་བཅད་ལ་བཞག་ག །འོག་ཏུ་ཡང་ཞེས་པ་ཞག་བརྒྱད་སོང་བའི། སེམས་ཀྱི་སྤྱོད་པ་བརྩམ་པར་བྱ། །ཞེས་པའི་དོན་ནི། སེམས་ཀྱི་ཞེས་པ་རང་གིསྤྱོད་པ་ཞེས་པ་ཞེན་པ་འབྲེལ་བའི། བརྩམ་པར་བྱ་ཞེས་པ་ཞག་གསུམ་དུ། དགའ་དང་མི་དགའ་བདེ་སྡུག་དང་། །ཞེས་པའི་དོན་ནི། དགའ་དང་ཞེས་པ་ཡོད་པ་ལ་བསམ་པ་དང་། མི་དགའ་ཞེས་པ་མེད་པ་དང་ཤི་ན་སྙམ་པའོ། །བདེ་སྡུག་དང་ཞེས་པ་ལུས་ངག་ཡིད་གསུམ་བདེ་བར་བསྒོམ་སྡུག་པར་བསྒོམ་པའོ། །རྟག་དང་མི་རྟག་ལ་སོགས་པ། །ཞེས་པའི་དོན་ནི། རྟག་དང་ཞེས་པ་ཐམས་
ཅད་རྟག་པར་བསྒོམ་པ་དང་། མི་རྟག་ཅེས་པ་ཐམས་ཅད་མི་རྟག་པར་བསྒོམ་པ་དང་། ལ་སོགས་པ་ཞེས་པ་བསམ་སྤྱོད་ཀྱི་སྒོམ་དྲན་པར་བྱའོ། །ལྟ་སྒོམ་སྤྱོད་པའི་བསམ་པ་དང་། །ཞེས་པའི་དོན་ནི། ལྟ་སྒོམ་ཞེས་པ་མཐའ་དང་བྲལ་བ་དང་། གསལ་འགྲིབ་མེད་པར་ཁྱེར་བསྒོམ་བྱའོ། །རེས་འདུས་པ་དང་རྨུགས་པར་ཁྱེར་བསྒོམ་བྱའོ། །སྤྱོད་པའི་ཞེས་པ་ཤུགས་འབྱུང་དང་འདུས་པར་བསྒོམ་མོ། །བསམ་པ་དང་ཞེས་པ་ཡར་ལོག་མར་ལོག་ཏུ་བསྒོམ་མོ། །ཆོས་དང་ཆོས་མིན་ལ་སོགས་དང་། །ཞེས་པའི་དོན་ནི། ཆོས་དང་ཞེས་པ་དགེ་བའི་ཕྱོགས་བསམ་པ་དང་། ཆོས་མིན་ཞེས་པ་མི་དགེ་བ་བསམ་པ་དང་། ལ་སོགས་དང་ཞེས་པ་ཐམས་ཅད་བསམ་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ཞེས་པའི་དོན་ནི། འདོད་ཆགས་ཞེས་པ་ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་དང་། མིག་གི་ཡུལ་དུ་གཟུགས་སྡུག་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ་དང་། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་མངར་བ། དེ་དག་ཐམས་ཅད་དྲིལ་ནས་ཕོ་མོའི་འཁྲིག་པའི་བདེ་བའོ། །དེ་དག་ལ་སོགས་པ་བསམ་མོ། །ཞེ་སྡང་ཞེས་པ་འཐབ་པ་དང་རྩོད་པ་འཕྲོག་པའི་བསམ་པ་བྱའོ། །གཏི་མུག་ཅེས་པ་མི་ཤེས་པ་མི་གསལ་བ་འཐིབས་པ་ཉོག་པ་བྱིང་བའི་བསམ་པ་བྱའོ། །དགེ་དང་མི་དགེ་ལ་སོགས་པ། །ཞེས་པའི་དོན་ནི། དགེ་དང་ཞེས་པ་བསོད་ནམས་ཀྱི་ཚོགས་གསོག་པ་དང་ཆོས་བྱ་བའི་བསམ་པ་བྱའོ། །མི་དགེ་ཞེས་པ་སྡིག་དང་རྐུ་བ་དང་འཕྲོག་པའི།
ལ་སོགས་པའི་ཞེས་པ་བསམ་ངན་ལ་སོགས་པ་བསྒོམ་པར་བྱའོ། །བསམ་སྤྱོད་རྣམ་པ་སྣ་ཚོགས་བྱ། །ཞེས་པའི་དོན་ནི། བསམ་སྤྱོད་ཅེས་པ་དྲན་ཚད་ལ། རྣམ་པ་ཞེས་པ་མི་འདྲ་བ། སྣ་ཚོགས་བྱ་ཞེས་པ་སྤྲོ་ཞིང་བསྒོམ་པར་བྱའོ། །དེ་ཡང་དགེ་འཕྲོ་ལ་མི་དགེ་བ་ཡགས་འཕྲོ་ལ་མི་ཡགས་པ་བསྒོམ་པར་བྱའོ། །འདི་ལྟར་སུ་ཡིས་བྱས་པའི་མི། །ཞེས་པའི་དོན་ནི། འདི་ལྟར་ཞེས་པ་སེམས་ཀྱི་སྤྱོད་པ། སུ་ཡིས་ཞེས་པ་སྐལ་པ་ཅན། བྱས་པའི་མི་ཞེས་པ་ཉམས་སུ་བླངས་པའི། སེམས་ཀྱི་མངོན་ཞེན་རང་ཆོད་ནས། །ཞེས་པའི་དོན་ནི། སེམས་ཀྱི་ཞེས་པ་རང་གིམངོན་ཞེན་ཞེས་པ་ཚེ་འཁོར་བ་ཐོག་མ་མེད་པ་ནས། རང་ཆོད་ནས་ཞེས་པ་ཉམས་སུ་བླངས་པ་ཙམ་གྱིས། འཁོར་འདས་རུ་ཤན་ཕྱེད་པའོ། །ཞེས་པའི་དོན་ནི། འཁོར་འདས་ཞེས་པ་ཁམས་གསུམ་གྱི་སེམས་ཅན་དང་སྐུ་དང་ཞིང་ཁམས་སོ། །རུ་ཤན་ཞེས་པ་དག་མ་དག་གཉིས་སོ། །ཕྱེད་པའོ་ཞེས་པ་འཛིན་པ་བྲལ་བའོ། །དེ་ནས་ཞག་གཅིག་སེམས་རྣལ་དུ་ཕབ་ལ་ཞག་བཅུ་གཉིས་སུ་རུ་ཤན་འབྱེད་པའི་སྤྱོད་པ་བརྩམ་མོ། །དེ་ལྟར་ལོ་རེ་ལན་རེ་ཅི་ལ་ཐུག་ཀྱང་བྱའོ། །དེས་ནི་སེམས་བྱ་རྩལ་མེད་པར་རྟོགས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་བསམ་དུ་མེད་པ་དང་། གཉིས་སུ་མེད་པར་འགྱུར་བའི་དགོས་པ་ཡོད་དོ། །དེ་ལྟར་སྔོན་དུ་འགྲོ་བྱས་ནས། །ཞེས་པའི་དོན་ནི། དེ་ལྟར་ཞེས་པ་ལུས་ངག་ཡིད་གསུམ་རུ་ཤན་ཕྱེ་བས། སྔོན་དུ་ཞེས་པ་ཆོས་ཉིད་མངོན་
སུམ་དུ་ངོ་སྤྲོད་པའོ། །འགྲོ་བྱས་ནས་ཞེས་པ་ལུས་ངག་ཡིད་གསུམ་གྱི་ཞེན་པ་ལོག་པར་དེ་མ་བྱས་ན་ཞེན་པ་མ་ལོག་པས་བསྒོམ་དུ་མི་འདོད་དོ། །དེས་ནས་སྤྱོད་པ་རྩོམ་པ་གནས་རབ་ཏུ་ཆེའོ། །མངོན་སུམ་དོན་ལ་ལྟ་བའི་ཕྱིར། །ཞེས་པའི་དོན་ནི། མངོན་སུམ་ཞེས་པ་དབང་པོའི་སྤྱོད་ཡུལ་དུ་མངོན་ལ་གང་མངོན་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། དོན་ལ་ཞེས་པ་མ་ནོར་པའི། ལྟ་བའི་ཕྱིར་ཞེས་པ་ནང་གི་ནམ་མཁའ་རིག་པའི་ཡེ་ཤེས་ཙི་ཏ་ནས། བར་གྱི་ནམ་མཁའ་རྩ་སྦུག་ལ་བཙུད་དེ། ཕྱིའི་ནམ་མཁའ་རླུང་དང་སེར་བུ་མེད་པ་ལ། རྒྱང་ཞགས་ཆུའི་སྒྲོན་མས། །ལུས་ངག་ཡིད་ནི་རབ་ཏུ་གཅུན། །ཞེས་པའི་དོན་ནི། ལུས་དང་ཞེས་པ་འདུག་སྟངས་གསུམ། ངག་ཡིད་ཅེས་པ་བསླབ་པར་བྱ་བ་དང་། གནས་པར་བྱ་བ་དང་། གཏད་པའི་འབེམ་དང་མ་བྲལ་བར། རབ་ཏུ་གཅུན་ཞེས་པ་བྱ་བ་དགུ་ཕྲུགས་སུ་བཏང་ལ། ལུས་ནི་སེང་གེ་ལྟ་བུ་དང་། །ཞེས་པའི་དོན་ནི། ལུས་ནི་ཞེས་པ་རང་གིསེང་གེ་ཞེས་པ་ཆོས་སྐུའི་བཞུགས་སྟངས་ཏེ། ལྟ་བུ་དང་ཞེས་པ་ཙོག་ཚུགས་སུ་འདུག་སྟེ་ལག་པ་གཉིས་རྐང་པའི་ནང་ན་མར་བཙུགས་པ་ལ། མཇིང་པ་ཨེན་ཙམ་དགྱེ་བར་བྱའོ། །དྲང་སྲོང་དང་ནི་གླང་ཆེན་ཚུལ། །ཞེས་པའི་དོན་ནི། དྲང་སྲོང་ཞེས་པ་ནི་སྤྲུལ་སྐུའི་བཞུགས་སྟངས་ཏེ། དང་ནི་ཞེས་པ་ནི་སྤྲུལ་སྐུའི་བཞུགས་སྟངས་ཙོག་བུ་བྱས་ལ་ལག་པ་གཉིས་པུས་མོ་ལ་བསྣོལ་ལ་འཁྱུད་དོ། །གླང་ཆེན་ཚུལ་ཞེས་པ་ལོངས་སྐུའི་བཞུགས་སྟངས་ཏེ། གློས་ཕབས་ལ་ཉལ་ཏེ་ལག་པ་གཉིས་ཀྱི་གྲུ་མོ་ས་ལ་བཙུགས་ལ་ལག་པའི་མཐིལ་གྱིས་ཨོག་ཀོ་བརྟེན།
རྐང་པ་གཉིས་པུས་བྲང་སྦྱར་ལ་ཕྱིར་ཕུལ་བ་བཞིན་བྱའོ། །འདི་ལས་གཡོ་བར་མ་བྱས་ན། །ཞེས་པའི་དོན་ནི། །འདི་ལས་ཞེས་པ་བཞུགས་སྟངས་གསུམ་མོ། །གཡོ་བར་ཞེས་པ་དུས་རྒྱུན་དུ། མ་བྱས་ན་ཞེས་པ་གཞན། སངས་རྒྱས་སུམ་སྟོང་ཉིད་དང་ཡང་། །ཞེས་པའི་དོན་ནི། སངས་རྒྱས་ཞེས་པ་སྐུ་གསུམ་གྱི་འཛིན་པ་སངས་ནས་ཕྱོགས་བྲལ་ཀ་དག་ཏུ་རྒྱས་པའོ། །སུམ་སྟོང་ཞེས་པ་གྲངས་སོ། །ཉིད་དང་ཡང་ཞེས་པ་རང་ལ་ཡེ་ནས་གནས་པ། སྐལ་པ་དག་ནི་མཉམ་པ་ཡིན། །ཞེས་པའི་དོན་ནི། སྐལ་པ་ཞེས་པ་དུས་གསུམ་གྱི་སངས་རྒྱས་དང་། དག་ནི་ཞེས་པ་རང་དང་། མཉམ་པ་ཡིན་ཞེས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །ཞེས་པའི་དོན་ནི། ངག་ནི་ཞེས་པ་རང་གིཇི་ལྟར་ཞེས་པ་དཔེ་ལྐུགས་པ་བཞིན་ཞེས་པ་གཞན་ལ་མི་སྨྲ་བར། སུ་དང་བརྡ་ཙམ་ཉིད་མི་བྱ། །ཞེས་པའི་དོན་ནི། སུ་དང་ཞེས་པ་འགྲོ་བ་ཆེ་ཆུང་མེད་པར། བརྡ་ཙམ་ཞེས་པ་ཡི་གེ་དང་ལག་གིཉིད་མི་བྱ་ཞེས་པ་རྦད་གྱིས་བཅད་དོ། །ཆགས་སྡང་གི་དམག་སྲུང་བའི་ལྕགས་རི་ཡིན་པས་གལ་ཆེའོ། །མ་ཚུགས་ན་ངག་རུ་ཤན་འབྱེད་པའི་སྤྱོད་པ་བརྩམ་པར་བྱའོ། །དེས་ངག་གི་ཆགས་སྔར་རང་གྲོལ་ལ། རང་གཞན་གཉིས་ཀ་འགྲོའོ། །འདི་ལྟར་སུ་ཡིས་བྱས་པའི་མི། །ཞེས་པའི་དོན་ནི། །འདི་ལྟར་ཞེས་པ་སྨྲ་བ་བཅད་པ། སུ་ཡིས་ཞེས་པ་སྐལ་པ་ཅན། བྱས་པའི་མི་ཞེས་པ་ཉམས་ལེན། སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་པའི་དོན་ནི། སེམས་ཀྱི་ཞེས་པ་རང་གིའཕྲོ་འདུ་ཞེས་པ་ཆགས་སྡང་གིརང་ཆོད་དོ་ཞེས་
པ་ངག་བཅད་པས། འདི་ལྟར་ལུས་ངག་སུས་གཅུན་པ། །ཞེས་པའི་དོན་ནི། འདི་ལྟར་ཞེས་པ་གོང་དུ་བསྟན་པའི་གནད། ལུས་ངག་ཅེས་པ་རང་གིསུས་གཅུན་པ་ཞེས་པ་དབེན་པའི་གནས་སུ། ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །ཞེས་པའི་དོན་ནི། ཆོས་ཀྱི་ཞེས་པ་ངོ་བོ་བརྗོད་ལས་འདས་པའི། དབྱིངས་ཀྱི་ཞེས་པ་རང་བཞིན་རྣམ་པར་དག་པའོ། །སྣང་བ་ལ་ཞེས་པ་ཐུགས་རྗེ་ཀུན་ཁྱབ་ཀྱི། འདི་ཡིས་གོམས་པར་འགྱུར་བ་ཡིན། །ཞེས་པའི་དོན་ནི། འདི་ཡིས་ཞེས་པ་ཉམས་སུ་ལེན་ཚུལ། གོམས་པར་ཞེས་པ་སངས་རྒྱས་ཀྱི་དགོངས་པ་ལ། འགྱུར་བ་ཡིན་ཞེས་པ་འདི་ཉིད་དུ། དེ་ལྟར་ལུས་ལ་སོགས་པ་ཡི། །ཞེས་པའི་དོན་ནི། དེ་ལྟར་ཞེས་པ་ཉམས་ལེན། ལུས་ལ་ཞེས་པ་ཝ་མོའི་ཟུར་འགྲོས། སྐྱེས་བུའི་རྒྱངས་སྟབས། བྱ་རྒོད་ཀྱི་དཔུངས་སྟངས། གྱད་ཀྱི་དོར་སྟབས་སོ། །སོགས་པ་ཡི་ཞེས་པ་བཞུགས་སྟངས་དང་གཟིགས་སྟངས་གང་འཐད་པ་བྱའོ། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །ཞེས་པའི་དོན་ནི། གནད་ཀུན་ཞེས་པ་ཉམས་སུ་ལེན་པའི། རབ་ཏུ་ཞེས་པ་ལུས་དང་ངག་དང་ཡིད་དག་རླུང་དང་སྒོ་དང་ཡུལ། གཟིར་བ་ཡིས་ཞེས་པ་རབ་ཏུ་དབེན་ཞེས་བཙན་པ། དོམ་དྲེད་དང་ནི་མི་རྒོད་ཀྱི་འགྱུ་བ་མེད་པ། ཁ་ཤར་ལྷོའམ་ལྷོ་ནུབ་བམ་ལྷོར་ལྟ་བ། ཧ་ཅང་དམའ་ཞིང་འཐིབས་པ་མ་ཡིན་པ། ཧ་ཅང་མཐོ་ཞིང་གྲང་བ་མ་ཡིན་པ། རླུང་སེར་བུའི་བཤོར་མེད་ཅིང་ནམ་མཁའ་རྒྱ་ཆེ་བའི་གནས་སུ། རིག་པ་ཉིད་དང་མངོན་སུམ་དུ། །ཞེས་པའི་དོན་ནི། རིག་པ་ཞེས་པ་གཞི་འཛིན་པ་དང་། མཚན་
ཉིད་འཛིན་པ་དང་། ཉིད་དང་ཞེས་པ་འགྱེད་བྱེད་ཀྱི་ཤེས་རབ་དང་བཅས་པའོ། །མངོན་སུམ་དུ་ཞེས་པ་དབང་པོའི་སྤྱོད་ཡུལ་དུ་མངོན་པས་གསུམ། བླ་མའི་ལུང་ལས་ཤེས་པ་ཡིན། །ཞེས་པའི་དོན་ནི། བླ་མའི་ཞེས་པ་ཆོས་ཉིད་ཀྱི། ལུང་ལས་ཞེས་པ་ངོ་སྤྲོད་པའི་དུས་སུ་སློབ་མ་བཞུགས་སྟངས་དང་གཟིགས་སྟངས་བྱེད་དུ་བཅུག་ལ་ནམ་མཁའ་ལ་ཅི་མཐོང་ཤོད་ཅིག་བྱས་པས། ཤེས་པ་ཡིན་ཞེས་པ་སྣང་བ་གཞན་དང་མི་འདྲ་སྟེ། ལྟ་སྙིང་འདོད་ལ་འཁྲབ་སྙིང་འདོད། བཤད་སྙིང་འདོད་ལ་གསང་སྙིང་འདོད། དཔེར་ན་གཡུ་འམ་གསེར་སྦྲམ་རྙེད་པའམ། མཛེས་མཐུན་ནང་འཕྲད་པ་ལྟ་བུ་འབྱུང་ངོ་། །དབྱིངས་དང་རིག་པའི་ལྟ་སྟངས་ནི། །ཞེས་པའི་དོན་ནི། དབྱིངས་དང་ཞེས་པ་ནང་དབྱིངས་ཙིཏྟ། བར་དབྱིངས་རྩ་ཤེལ་གྱི་སྦུ་གུཕྱིའི་དབྱིངས་ནམ་མཁའ་སྟོང་པའོ། །རིག་པ་ཞེས་པ་ལུ་གུ་རྒྱུད་ཀྱི་གནད། ལྟ་སྟངས་ནི་ཞེས་པ་ཆོས་སྐུའི་ལྟ་སྟངས་ལྡོག་པའི་ཚུལ་དུ་ལྟ་བ། ལོངས་སྐུའི་ལྟ་སྟངས་ཟུར་གྱིས། སྤྲུལ་སྐུའི་ལྟ་སྟངས་ཕབ་པའི་ཚུལ་གྱིས། སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཞེས་པའི་དོན་ནི། སྒྲིབ་བྱེད་ཅེས་པ་རི་དང་སྤྲིན་དང་ཁུ་རླངས་ཁ་ཆར་གྱིས། བྲལ་བའི་ཞེས་པ་དེ་རྣམས་མེད་ཅིང་རྒྱ་ཆེ་ལ་དྭངས་པའི། ནམ་མཁར་ལྟར་ཞེས་པ་དུས་རྒྱུན་དུ། ལུས་ཀྱི་གནད་འདུག་སྟངས་གསུམ། ངག་གི་གནད་སྨྲ་བ་བཅད་པ། རླུང་གི་གནད་དལ་བ་བརྟན་པ། སྒོའི་གནད་ཕབ་དང་ལྡོག་དང་ཟུར་གྱིས་ལྟ་བ། སེམས་ཀྱི་གནད་གཏད་པའི་འབེམ་དང་མ་བྲལ་བར། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །ཅེས་པའི་དོན་ནི།
དབྱིངས་ཀྱི་ཞེས་པ་ནམ་མཁའི། ནང་དུ་ཞེས་པ་མཐོངས་ལ། ལུ་གུ་རྒྱུད་ཅེས་པ་དཔེར་ན་རིན་པོ་ཆེ་ལ་མཁས་པས་བྱས་པའི་ལུ་གུ་རྒྱུད་འདྲ་བ་འམ། ཤེལ་དཀར་གྱི་མེ་ལོང་འདྲ་བ་འམ། ཉ་མིག་གི་རྣམ་པ་ལ། ཆུ་ཐིགས་ཀྱི་རྣམ་པ་འམ། རྟ་རྔའི་མདུད་པ་ལྟ་བུ་འཇའ་ཚོན་གྱི་རྣམ་པར་འཆར་རོ། །རྣམ་པར་བཞག་ཅིང་འབྲལ་མི་བྱ། །ཞེས་པའི་དོན་ནི། རྣམ་པར་ཞེས་པ་ཤེས་པ། བཞག་ཅིང་ཞེས་པ་ནམ་མཁའ། འབྲལ་མི་བྱ་ཞེས་པ་ཐིག་ལེ་སྟོང་པའི་སྒྲོན་མེ་དང་རྒྱང་ཞགས་ཆུའི་སྒྲོན་མ་གཉིས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཞེས་པའི་དོན་ནི། འདི་ལྟར་ཞེས་པ་ཐིག་ལེ་སྟོང་པའི་སྒྲོན་མ། སུ་ཡིས་ཞེས་པ་སྐལ་པ་ཅན། མཐོང་བའི་མི་ཞེས་པ་ནམ་མཁའ་ལ། ཐོག་མའི་ཀུན་ཏུ་བཟང་པོ་དང་། །ཞེས་པའི་དོན་ནི། ཐོག་མའི་ཞེས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི། ཀུན་ཏུ་ཞེས་པ་དུས་གསུམ། བཟང་པོ་དང་ཞེས་པ་འཁྲུལ་མ་མྱོང་བའི་སངས་རྒྱས། སྐལ་པ་ཉིད་ནི་མཉམ་པ་ཡིན། ཞེས་པའི་དོན་ནི། སྐལ་པ་ཞེས་པ་ཐོག་མ་མེད་པ་ནས་བསོད་ནམས་བསགས་སྟོབས། ཉིད་ནི་ཞེས་པ་ཡང་དག་པའི་དགོངས་པ། མཉམ་པ་ཡིན་ཞེས་པ་སྐུ་གསུང་ཐུགས་པ་ཡོན་ཏན་འཕྲིན་ལས་ཐམས་ཅད་དོ། །དེ་ནས་ཐིག་ལེ་མཐོང་བ་ཡིན། །ཞེས་པའི་དོན་ནི། དེ་ནས་ཞེས་པ་བསྒོམས་པས། ཐིག་ལེ་ཞེས་པ་མི་འགྱུར་ཞིང་ཀུན་ལ་ཁྱབ་པའི། མཐོང་བ་ཡིན་ཞེས་པ་དང་པོ་ཐིག་ལེ་སྟོང་པའི་སྒྲོན་མ་རྟ་རྔ་ལྟ་བུ། དེ་གཏད་སྣང་བ་གོང་འཕེལ་བས། །ཞེས་པའི་དོན་ནི། དེ་གཏད་ཅེས་པ་སྟོང་པའི་སྒྲོན་མ་ཙཀྵུ། སྣང་
བ་ཞེས་པ་ཆོས་ཉིད་ཀྱི། གོང་འཕེལ་བས་ཞེས་པ་ཉམས་སོ། །རང་ངོ་མཐོང་ལས་འདི་ལྟར་རོ། །ཞེས་པའི་དོན་ནི། རང་ངོ་ཞེས་པ་ཁྲེགས་ཆོད་ལྟོས་མེད་ཀྱི་སྟེང་དུ། མཐོང་ལས་ཞེས་པ་ཐིག་ལེ་སྟོང་པའི་སྒྲོན་མ། འདི་ལྟར་རོ་ཞེས་པ་གོང་ནས་གོང་དུ། ཡར་མཚམས་ལས་ནི་སོར་བཞི་ལས། །ཞེས་པའི་དོན་ནི། ཡར་མཚམས་ཞེས་པ་མིག་གིལས་ནི་ཞེས་པ་དཔྲལ་བ་ནས། སོར་བཞི་ལས་ཞེས་པ་ཕར་ནམ་མཁའ་ལ། བྲལ་བའི་སྐྱེས་བུ་སྐལ་བཟང་ལ། །ཞེས་པའི་དོན་ནི། བྲལ་བའི་ཞེས་པ་དབྱིངས་རྣམ་པར་དག་པའི་སྒྲོན་མ། ཐོག་མ་དཀར་པོ་ལང་ལོང་ལས་འོད་ལྔའི་སྣང་བ་དུམ་བུ་དུམ་བུར་སྣང་བ་ཡིན་ནོ། །སྐྱེས་བུ་ཞེས་པ་ཉམས་སུ་ལེན་པའི། སྐལ་བཟང་ལ་ཞེས་པ་ཚོགས་གཉིས་མཐར་ཕྱིན་པའོ། །འཁོར་བར་འཇུག་པ་ག་ལ་སྲིད། །ཅེས་པའི་དོན་ནི། འཁོར་བར་ཞེས་པ་དེ་ལྟ་བུའི་ཉམས་དང་ལྡན་ནས་ཤི་ཡང་། འཇུག་པ་ཞེས་པ་འགྲོ་བ་དྲུག་གི་མངལ་དུ། ག་ལ་སྲིད་ཅེས་པ་འདི་ནི་ཕྱིའི་རྟགས་སྟོན་ཏེ། རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་པད་མ་ལས་བརྫུས་ཏེ་སྐྱེས་ཏེ། ལོ་ལྔ་བརྒྱ་ན་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ། །གྲུ་ཆད་རྣམས་ལ་གང་སྣང་བ། །ཞེས་པའི་དོན་ནི། གྲུ་ཆད་ཅེས་པ་ཡུལ་གྲུ་ཙམ། རྣམས་ལ་ཞེས་པ་རྒྱ། གང་སྣང་བ་ཞེས་པ་འོད་ལྔའི་སྣང་བ་གྱེན་འགྲེང་དང་། རྩིབས་ལ་ཤར་བ་ཉིན་མོ་དང་མཚན་མོ་མེད་པར་སྣང་བ་ཡིན་ནོ། །སྤྲུལ་པའི་ཡོན་ཏན་འདི་ཡིས་འགྲུབ། །ཅེས་པའི་དོན་ནི། སྤྲུལ་པའི་ཞེས་པ་སངས་རྒྱས་ཀྱི། ཡོན་ཏན་ཞེས་པ་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་
སངས་རྒྱས་ཀྱི་མཛད་པ་བྱེ་བ་བྲག་བརྒྱ་འགྱེད་པ། འདི་ཡིས་འགྲུབ་ཅེས་པ་གོང་མའི་ཉམས་དེ་ལྟ་བུ་དང་ལྡན་ནས་ཤི་ཡང་། མཐོང་བ་ཡུལ་ཙམ་གང་སྣང་བ། །ཞེས་པའི་དོན་ནི། མཐོང་བའི་ཞེས་པ་རང་གནས་ནས། ཡུལ་ཙམ་ཞེས་པ་ནམ་མཁའ་དང་ཡུལ་ཁམས། གང་སྣང་བ་ཞེས་པ་ཐིག་ལེ་འཁར་ཕོར་རམ་འཁར་གཞོང་ངམ། བསེ་ཕུབ་ཙམ། མུ་ཁྱུད་འཁོར་ཞིང་འོད་དུ་འཁྲུགས་པས། ཚོམ་བུ་ལ་ནི་དེ་བཞིན་ནོ། །ཞེས་པའི་དོན་ནི། ཚོམ་བུ་ཞེས་པ་རིགས་ལྔ་ཡབ་ཡུམ་གྱི། ལ་ནི་ཞེས་པ་དེ་ལྟ་བུའི་ཉམས་དང་ལྡན་ན། དེ་བཞིན་ནོ་ཞེས་པ་རིག་པ་ཚད་ལ་ཕེབས་ནས་འགྲོའོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །ཞེས་པའི་དོན་ནི། ཕྱིར་སྣང་ཞེས་ས་རྡོ་རི་བྲག་དང་། རྩྭི་ཤིང་ནགས་ཚལ་ས་ཆུ་མེ་རླུང་ཉི་ཟླ་སྐར་མའོ། །འགགས་པ་ཞེས་པ་འོད་དང་ཐིག་ལེ། ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའ་སྐུ་རྐྱང་གིས། གང་ཡིན་པ་ཞེས་པ་སྐལ་པ་ཅན། ལུས་སེམས་ཕྱེད་པའི་རྣལ་འབྱོར་རོ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །ཞེས་པའི་དོན་ནི། སྐད་ཅིག་མ་ནི་ཞེས་པ་ཀུན། བཅུ་དྲུག་ལ་ཞེས་པ་ཟླ་བ་གསུམ་ན། འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་པའི་དོན་ནི། འདི་ཡང་ཞེས་པ་ལུས་སེམས་ཕྱེད་པའི་རྣལ་འབྱོར། །དེ་ལྟར་ཞེས་པ་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་དུ། འགྱུར་བའོ་ཞེས་པ་སྣང་བ་ཐམས་ཅད། མ་སྨིན་ལ་སོགས་ཐིག་ལེ་དང་། །ཞེས་པའི་དོན་ནི། མ་སྨིན་ཞེས་པ་ཐིག་ལེ་སྟོང་པའི་སྒྲོན་མ་མཐོང་ནས། ལ་སོགས་ཞེས་པ་དབྱིངས་རྣམ་པར་དག་པའི་སྒྲོན་མ་རྩིབས་ཤར་དང་
གྱེན་འགྲེང་དང་། མདུང་རྩེ་ལྟ་བུ་འམ། རེ་ལྡེའི་རྣམ་པ་ཙམ་དང་། རིན་པོ་ཆེའི་དྲ་བ་དང་། དྲ་བ་ཕྱེད་པ་དང་། མིག་མང་རིས་དང་། མིག་ཚགས་ལྟ་བུའམ། མཆོད་རྟེན་དང་ལྕགས་ཀྱུ་དང་མདའ་དང་ཉ་མིག་དང་། ཟ་འོག་གི་གུར་ཁྱིམ་ལྟ་བུ་དང་། དེ་ནས་དབྱིངས་ཐོག་མ་དཀར་པོ་ལང་ལོང་ལས། དེ་བརྟགས་པས་ཁ་དོག་གསལ་བའི་འོད་ལྔས། རང་གནས་པའི་ལུང་པ་ཙམ་མི་སྣང་བ་དང་། དབྱིངས་དང་རིག་པ་ལ་ཉིན་མཚན་མེད་པར་སྣང་བའོ། །ཐིག་ལེ་དང་ཞེས་པ་ཉུང་འབྲུ་འམ་སྲན་མའི་རྡོག་པོ་འམ། འཁར་ཕོར་རམ། འཁར་གཞོང་ངམ། བསེ་ཕུབ་ཙམ་དུ་སྣང་བའོ། །དེ་བཞིན་སྐུ་ལ་ཐུག་གི་བར། །ཞེས་པའི་དོན་ནི། དེ་བཞིན་ཞེས་པ་གོང་མའི་ཐིག་ལེ་དེ་རྣམས་ཡུལ་ཁམས་ཙམ་དུ་གང་སྟེ་འོད་ལྔའི་མུ་ཁྱུད་ཀྱིས་རབ་ཏུ་བསྐོར་བའོ། །སྐུ་ལ་ཞེས་པ་ཐིག་ལེ་རེ་རེའི་ནང་དུ་རྡོ་རྗེ་སེམས་དཔའི་སྐུ་རྐྱང་རེ་རེ་སྣང་ངོ་། །ཐུག་གི་བར་ཞེས་པ་སྐུ་རྐྱང་གི་སྣང་བ་མན་ཆོད་ལ། དྲུག་དང་བཅུ་དང་ལྔ་གསུམ་ལ། །ཞེས་པའི་དོན་ནི། དྲུག་དང་ཞེས་པ་དབང་པོ་འབྲིང་གིས་སོ། །བཅུ་དང་ཞེས་པ་དབང་པོ་ཐ་མས་སོ། །ལྔ་གསུམ་ལ་ཞེས་པ་དབང་པོ་རབ་ཀྱིས་སོ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་པའི་དོན་ནི། གདོན་མི་ཞེས་པ་བློ། ཟ་སྟེ་ཞེས་པ་ཐེ་ཚོམ། ལོངས་སྐུའོ་ཞེས་པ་རིག་པ་ཚད་ལ་ཕེབས་ཏེ་སྣང་བ་ཐམས་ཅད་ཞིང་ཁམས་སུ་གྲོལ་ལོ། །ནང་ལུས་ཟད་པའི་སར་ཕྱིན་ཚེ། །ཞེས་པའི་དོན་ནི། ནང་ལུས་ཞེས་པ་རང་གིཟད་པའི་ཞེས་པ་ཟག་པ་རྣམས། སར་ཕྱིན་ཚེ་ཞེས་པ་ཕྱི་ཟད་དེ་ཞིང་ཁམས་རང་སྣང་ངོ་། །
ནང་ཟད་དེ་ཆོས་མེད་ཀ་དག་ག །བར་ཟད་དེ་འོད་ལུས་ཟང་ཐལ་ལོ། །སོར་མོ་ལ་སོགས་དེ་བཞིན་སྣང་། །ཞེས་པའི་དོན་ནི། སོར་མོ་ཞེས་པ་རང་གིལ་སོགས་ཞེས་པ་ལུས་ཀྱི་རྐང་ལག་ཐམས་ཅད། དེ་བཞིན་སྣང་ཞེས་པ་རིགས་ལྔ་ཚོམ་བུའི་ཞིང་ཁམས་སུ། འདི་གཏད་འབྱུང་བ་རང་དེངས་སོ། །ཞེས་པའི་དོན་ནི། འདི་གཏད་ཅེས་པ་རིག་པ་རང་གི་ལུས་ཀྱི་ཞིང་ཁམས་ལ། འབྱུང་བ་ཞེས་པ་ས་ཆུ་མེ་རླུང་གིས་བསྡུས་པའི་ས་རྡོ་རི་བྲག་དང་རང་ལུས་འདི། རང་དེངས་སོ་ཞེས་པ་ནམ་མཁའ་འོད་ཕུང་གིས་བཀང་སྟེ་ཟག་བཅས་མི་སྣང་བར་ཐོག་མ་ཀ་དག་ལ་ཐིམ་མོ། །སྐྱེ་དང་འཇུག་པའི་ཁྱད་པར་གྱིས། །ཞེས་པའི་དོན་ནི། སྐྱེ་དང་ཞེས་པ་རང་དབང་ཐོབ་པ། འཇུག་པའི་ཞེས་པ་རང་དབང་ཐོབ་པའི། ཁྱད་པར་གྱིས་ཞེས་པ་གཞི་གཅིག་པའི། ཆོས་ཀུན་ཟད་པའི་རང་ས་ལ། ཞེས་པའི་དོན་ནི། ཆོས་ཀུན་ཞེས་པ་ཉམས་སུ་བླང་རྒྱུའི། ཟད་པའི་ཞེས་པ་གོང་དུ་འཕེལ་རྒྱུ། རང་ས་ལ་ཞེས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི། ཅི་ཡང་འཛིན་པ་མེད་པར་ནི། ཞེས་པའི་དོན་ནི། ཅི་ཡང་ཞེས་པ་དྲན་བློ། འཛིན་པ་ཞེས་པ་སྐུ་གསུམ་གྱི། མེད་པར་ནི་ཞེས་པ་གང་དུ་ཡང་མ་གྲུབ་པ། གནས་པ་ཡིན་ནོ་སྤྲུལ་པའི་སྐུ། ཞེས་པའི་དོན་ནི། གནས་པ་ཞེས་པ་ཀ་དག་ལ། ཡིན་ནོ་ཞེས་པ་དེའི་དུས་སུ། སྤྲུལ་པའི་སྐུ་ཞེས་པ་རྡོ་རྗེ་འཆང་ནས་བརྒྱུད་པ་ཟབ་མ་ཆད་པར་ལུང་བསྟན་པའི་རང་སྒྲའོ། །འདི་ནི་འཇུག་པའི་ཤུགས་ཀྱིས་དབང་། ཞེས་པའི་དོན་ནི། འདི་ནི་ཞེས་པ་གདམས་ངག་གི་གནད།
འཇུག་པའི་ཞེས་པ་མ་དག་པ་འཁྲུལ་པའི་སེམས་དག་པ་ཡེ་ཤེས་ལ། ཤུགས་ཀྱིས་དབང་ཞེས་པ་ཡང་དག་པའི་གྲོང་འཇུག་གཅིག་ཡིན་ཏེ། སེམས་ཅན་སུམ་སྟོང་ལ་རིག་པ་བཅུག་པས་གྲོལ་ལོ། །སྐྱེ་བའི་རང་དབང་སུས་ཐོབ་པ། ཞེས་པའི་དོན་ནི། སྐྱེ་བའི་ཞེས་པ་མཚམས་མེད་པའི་ལས་བྱས་ཏེ། མནར་མེད་པའི་དམྱལ་བར། རང་དབང་ཞེས་པ་དེ་ཉིད་ཀྱིས་སངས་རྒྱ་བར་བྱེད་པའི། སུས་ཐོབ་པ་ཞེས་ཆོས་ཉིད་ཟད་པའི་སྣང་བ། དེ་ཡང་དེ་ལ་གཏད་ནས་ནི། །ཞེས་པའི་དོན་ནི། དེ་ཡང་ཞེས་པ་ཐབས། དེ་ལ་ཞེས་པ་རིག་པ། གཏད་ནས་ནི་ཞེས་པ་རང་གི་སོར་མོ་ལ། ཡང་དུས་འདི་ལྟར་བྱས་པ་ན། ཞེས་པའི་དོན་ནི། ཡང་དུས་ཞེས་པ་ཡང་ཡང་། འདི་ལྟར་ཞེས་པ་ཐབས། བྱས་པ་ན་ཞེས་པ་སེམས་ཅན་གྱི་དོན་བྱ་བར་དགོངས་པ་ཡོད་པ་དེས། སྣང་བའི་རང་སྒྲ་སིལ་སྐད་དེ། །ཞེས་པའི་དོན་ནི། སྣང་བའི་ཞེས་པ་འབྱུང་བ་བཞིའི། རང་སྒྲ་ཞེས་པ་འབྱུང་བ་སོ་སོའོ། །སིལ་སྐད་དེ་ཞེས་པ་འུར་ཤོལ། སྔོན་དུ་ལོག་སྟེ་འཁྲུལ་པར་སྣང་། ཞེས་པའི་དོན་ནི། སྔོན་དུ་ཞེས་པ་རང་གི་ལོག་སྟེ་ཞེས་པ་ས་རྡོ་རི་བྲག་ཏུ། འཁྲུལ་པར་སྣང་ཞེས་པ་དང་པོའི། ཨ་འཐས་ཙམ་ཡང་མེད་དེ། མེ་ལོང་ནང་གི་གཟུགས་བརྙན་ཙམ་དུ། འདི་ནི་སེམས་ཅན་དོན་ཀུན་བྱེད། །ཅེས་པའི་དོན་ནི། འདི་ནི་ཞེས་པ་རྩལ་ཆེན་རྫོགས་པའི་རྣལ་འབྱོར། སེམས་ཅན་ཞེས་པ་འཁྲུལ་པའི། དོན་ཀུན་བྱེད་ཅེས་པ་ངོ་བོའི་འགྲོ་དོན་འཁོར་བ་མ་སྟོངས་པར། རིག་པ་མཉམ་པར་གཅིག་
པའི་ཕྱིར། ཞེས་པའི་དོན་ནི། རིག་པ་ཞེས་པ་གཞི་འཛིན་པའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད། མཉམ་པར་ཞེས་པ་ཀུན་ཏུ་བཟང་པོ་ནས་འཇག་མིག་སྲིན་བུ་ཡན་ཆོད། གཅིག་པའི་ཕྱིར་ཞེས་པ་ཡེ་གདོད་མ་ནས། སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི། །ཞེས་པའི་དོན་ནི། སྟོང་ཕྲག་གསུམ་རྣམས་ཞེས་པ་གྲངས་སོ། །སེམས་ཅན་གྱི་ཞེས་པ་འགྲོ་བ་ཆེ་ཆུང་མེད་པའི། འཕོ་བ་ཆེན་པོ་འདིས་འགྲུབ་བོ། །ཞེས་པའི་དོན་ནི། འཕོ་བ་ཞེས་པ་སེམས་ཅན་རྣམས་དག་པ་ཡེ་ཤེས་ཀྱི་སྐུ་རུ། ཆེན་པོ་ཞེས་པ་མ་རྫོགས་དགུ་རྫོགས། གོང་ན་མེད་པ། འདིས་འགྲུབ་བོ་ཞེས་པ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་རོ། །དེ་བཞིན་རིམ་དང་ཅིག་ཆར་གྱིས། ཞེས་པའི་དོན་ནི། དེ་བཞིན་ཞེས་པ་སེམས་ཅན་སུམ་སྟོང་གྲོལ། རིམ་དང་ཞེས་པ་འདས་གྲོངས་མེད་པར་བཞུགས་ནས། ཅིག་ཆར་གྱིས་ཞེས་པ་རང་ཟག་བཅས་མི་སྣང་བར་ལྷག་མེད་ལ་གྲོལ་བའི་དུས་སུ། ལུས་ནི་འདི་ཡིས་གྲུབ་པ་ཡིན། ཞེས་པའི་དོན་ནི། ལུས་ནི་ཞེས་པ་ཟག་བཅས་ཀྱི། འདི་ཡིས་ཞེས་པ་ཟག་མེད་དུ། གྲུབ་པ་ཡིན་ཞེས་པ་སེམས་ཅན་སུམ་སྟོང་ལ། རང་གི་རིག་པ་བཅུག་པས་དེ་དག་ཐམས་ཅད་ཕུང་པོ་ལྷག་མེད་དུ། དེ་ཀུན་ལུས་ཟད་མཚན་མས་གྲོལ། །ཞེས་པའི་དོན་ནི། དེ་ཀུན་ཞེས་པ་རིག་པ་བཅུག་པའི་སེམས་ཅན། ལུས་ཟད་ཅེས་པ་ཟག་བཅས་མི་སྣང་བར། མཚན་ལས་གྲོལ་ཞེས་པ་དངོས་པོ་དང་། འདི་ཀུན་འབྲས་བུ་ངེས་པའོ། །ཞེས་པའི་དོན་
ནི། འདི་ཀུན་ཞེས་པ་ཆོས། འབྲས་བུ་ཞེས་པ་ཡང་དག་པའི། ངེས་པའོ་ཞེས་པ་མཐར་ཐུག་གི་དོན། ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ། །ཅེས་པའི་དོན་ནི། ས་མཆོག་ཅེས་པ་བཅུ་དྲུག་རྡོ་རྗེས་ཀ་དག་གིདཀྱིལ་འཁོར་ཞེས་པ་རང་བཞིན་ལྷུན་གྲུབ་རིགས་ལྔའི། ཆེན་པོ་འགྲུབ་ཅེས་པ་མཐའ་བྲལ་གོང་ན་མེད་པ། འདི་ལྟར་ཐབས་ལས་ཡང་དག་བྱུང་། ཞེས་པའི་དོན་ནི། འདི་ལྟར་ཞེས་པ་ཉམས་སུ་ལེན་པའི། ཐབས་ལས་ཞེས་པ་ཆོས་ཉིད་རང་སྒྲའི་གདམས་ངག་གིཡང་དག་བྱུང་ཞེས་པ་ཕུང་པོ་ལྷག་མེད་དུ་སངས་རྒྱ་བ། སངས་རྒྱས་བསྒྲུབ་པར་འདོད་པའི་མིས། །ཞེས་པའི་དོན་ནི། སངས་རྒྱས་ཞེས་པ་ངོ་བོ་ལ་གཟུང་ཡུལ་སངས་ཏེ་ཐིག་ལེར་རྒྱས། རང་བཞིན་ལ་སྒྲིབ་གཡོགས་སངས་ཏེ་སྐུ་རུ་རྒྱས། ཐུགས་རྗེ་ལ་ཕྱོགས་རིས་སངས་ཏེ་མཁྱེན་པར་རྒྱས། བསྒྲུབ་པར་ཞེས་པ་ཚེ་འདིར། འདོད་པའི་མིས་ཞེས་པ་བཀའ་སྡོད་ལས་ཀྱི་རྣལ་འབྱོར། འདི་ཐབས་ལྡན་ན་དེ་བཞིན་ནོ། །ཞེས་པའི་དོན་ནི། འདི་ཐབས་ཞེས་པ་ཆོས་ཉིད་རང་སྒྲ་བསྟན་པའི་བུ་གཅིག་གི། ལྡན་ན་ཞེས་པ་སྐལ་པ་ཅན་ལ། དེ་བཞིན་ནོ་ཞེས་པ་གོང་མ་སངས། ཇི་ལྟར་རྒྱས་པ་བཞིན་ཉམས་སུ་བླངས་ན། གཞན་སྤྱོད་སྙེམས་བྱེད་ཉིད་ཡིན་པས། ཞེས་པའི་དོན་ནི། གཞན་སྤྱོད་ཅེས་པ་ཐེག་པ་ཐུན་མོང་བའི། སྙེམས་བྱེད་ཅེས་པ་ཡ་བྲལ་ཡིད་དཔྱོད་ཀྱི་ལྟ་སྒོམ། ཉིད་ཡིན་པས་ཞེས་པ་སྐུ་གསུམ་དབྱེར་མེད་དུ་མ་རྟོགས་པས། དངོས་པོ་མཐོང་བ་མ་ཡིན་ནོ། །ཞེས་པའི་དོན་ནི།
དངོས་པོ་ཞེས་པ་རིག་པའོ། །མཐོང་བ་ཞེས་པ་མངོན་སུམ་མོ། །མ་ཡིན་ནོ་ཞེས་པ་ཡ་མ་བྲལ་བས་སོ། །དེ་ཕྱིར་འདི་ཀུན་དཀོན་པའི་ཚིག །ཅེས་པའི་དོན་ནི། དེ་ཕྱིར་ཞེས་པ་ཡིད་དཔྱོད་ཀྱི་ལྟ་སྒོམ་གྱིས་སངས་མི་རྒྱ་བས། འདི་ཀུན་ཞེས་པ་ཡང་དག་པའི་དོན། སྐུ་གསུམ་ཡ་མ་བྲལ་བའི་གནད། རིག་པ་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་དུ་སྟོན་པའི་རང་སྒྲ། དཀོན་པའི་ཚིག་ཅེས་པ་གང་ནའང་། །རྟག་ཏུ་རིན་ཆེན་གཏེར་འདི་ལྟོས། ཞེས་པའི་དོན་ནི། རྟག་ཏུ་ཞེས་པ་དུས། རིན་ཆེན་ཞེས་པ་དཀོན་པའི་ནོར་བུ། གཏེར་འདི་ལྟོས་ཞེས་པ་སངས་རྒྱས་འབྱུང་བའི། འདི་ལྟར་ཟད་པ་ལ་སྤྱོད་ན། ཞེས་པའི་དོན་ནི། འདི་ལྟར་ཞེས་པ་སྔར་སངས་རྒྱས་པ། ཟད་པ་ཞེས་པ་འོད་ཕུང་དུ། ལ་སྤྱོད་ན་ཞེས་པ་རྩལ་ཆེན་རྫོགས་པའི་རྣལ་འབྱོར། འདི་ནི་སངས་རྒྱས་སྟོང་ཕྲག་གསུམ། ཞེས་པའི་དོན་ནི། འདི་ནི་ཞེས་པ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་རོ། །སངས་རྒྱས་ཞེས་པ་གོང་དུ་བཤད་པ་དང་མཐུན་ནོ། །སྟོང་ཕྲག་གསུམ་ཞེས་པ་གྲངས། འདི་ཡིས་ལེགས་པར་ཞལ་མཐོང་ཡིན། ཞེས་པའི་དོན་ནི། འདི་ཡི་ཞེས་པ་རྒྱུད་བསྟན་པའི་བུ་གཅིག་གི་གནད། ལེགས་པར་ཞེས་པ་ཉམས་སུ་བླངས་ན། ཞལ་མཐོང་ཡིན་ཞེས་པ་ཐེ་ཚོམ་མེད་པར་མངོན་སུམ་དུ། དེ་ལྟར་དུ་སངས་རྒྱས་སུམ་སྟོང་ཞལ་མཐོང་བའི་ནུས་པས། སེམས་ཅན་སུམ་སྟོང་གྲོལ་བར་ནུས་པའོ། །འདི་ཚིག་གསང་བ་ཉིད་ལས་བྱུང་། །ཞེས་པའི་དོན་
ནི། འདི་ཚིག་ཅེས་པ་ཡང་དག་པའི་དོན། གསང་བའི་ཞེས་པ་མ་ཚོར་བར་ཉམས་སུ་བླངས་པ། ཉིད་ལས་བྱུང་ཞེས་པ་ཕུང་པོ་ལྷག་མེད་དུ་སངས་རྒྱ་བ། སྐྱེས་བུ་རྣམས་ཀྱིས་འདི་ལྟར་བྱ། །ཞེས་པའི་དོན་ནི། སྐྱེས་བུ་ཞེས་པ་སྐལ་པ་ཅན། རྣམས་ཀྱིས་ཞེས་པ་རྗེས་སུ་ཞུགས་པ། འདི་ལྟར་བྱ་ཞེས་པ་ཆོས་ཉིད་ཀྱི་རང་སྒྲ། བསྟན་པའི་བུ་གཅིག་ནས་གསུངས་པ་བཞིན། གསང་ཆེན་ཡང་གསང་དམ་པའོ། །ཞེས་པའི་དོན་ནི། གསང་ཆེན་ཞེས་པ་ཟབ་ལ་རྒྱ་ཆེ་བ། དེ་ཡང་དེ་བཞིན་གཤེགས་པ་རིག་པ་མཆོག་གི་གདུང་སྒྲུབ། རིགས་དྲུག་འཁོར་བ་རྒྱུན་གཅོད་ལ་འདོད་པས། རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་རུ་བསྒོམས་ལ། ཐུགས་དཀྱིལ་རྩ་ལྔའི་ངོ་བོ་པདྨ་འདབ་བཞི་དབུས་དང་ལྔ། དཀར་མཐིང་སེར་དམར་ལྗང་པ་རུ། རིགས་ལྔ་ཡབ་ཡུམ་ལྔ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ལ། རང་གི་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས། རྐང་མཐིལ་རྣམས་སུ། ཨ་སུ་ནྲྀ་དུ་པྲེ་ཏྲི། རིགས་དྲུག་ས་བོན་སྦྱང་ཞིང་རྒྱལ་བའི་སྙིང་པོ་འདི་ལ་ཞག་བདུན་བསྒྲུབ་བོ། །ཨཱོཾ་ཨཱཿཧཱུྃཨཱོཾ་ཧཱུྃ་ཏྲཱ་ྃཧྲཱིཿཨཱཿཨེ་ཧ་རི་ནི་ས། ཨཱོཾ་བཛྲ་གར་བཱཻ་སྭཱཧཱ། ཨཱོཾ་ཥ་མ་དར་ཏེ་སྭཱཧཱ། ཨཱོཾ་དྷརྨ་དྷ་ཏུ་གརྦྷེ་སྭཱཧཱ། སྐྱེས་བུ་དེ་ཉིད་འདས་པའི་ཚེ་ན། ཆོས་སྐུ་ནམ་མཁའ་ལྟ་བུ་དང་། ལོངས་སྐུ་ཉི་ཟླ་ལྟ་བུ་དང་། སྤྲུལ་སྐུ་ས་གཞི་ལྟ་བུས་སེམས་ཅན་གྱི་དོན་འབྱུང་ངོ་། །འཇའ་དང་འོད་དུ་འཁྲུག་ཅིང་རུས་པ་ལ་རིང་བསྲེལ་དཀར་པོ། ཤ་ལ་དམར་པོ། ཆུ་སེར་ལ་སྔོན་པོ།
པགས་པ་ལ་སེར་པོ། ཤ་རཱི་རམ་སྲན་མ་ཙམ། སྙིང་ལ་སྣ་ལྔ་འབྱུང་བར་འགྱུར་རོ། །འདི་ནི་བསྒྲུབ་པས་སངས་རྒྱ་བའོ། །ཡང་གསང་ཞེས་པ་སྙིང་ཐིག་གིདམ་པའོ་ཞེས་པ་ཆོས་ཉིད་ཀྱི་རང་སྒྲ་ཐོས་པས་གྲོལ་བ། མཐོང་བས་གྲོལ་བ། བལྟས་པས་གྲོལ་བ། བཏགས་པས་གྲོལ་བའོ། །ཚེ་འདིར་བསྒོམ་ཞིང་ཉམས་སུ་བླངས་པས་རྟགས་མཐར་ཕྱིན་ཏེ། ཟག་པ་མེད་པར་བསྟན་པའི་ལེའུ་སྟེ། བཞི་པ་རྫོགས་སོ།། །།ས་མ་ཡ། །རྒྱ་རྒྱ་རྒྱ།། །།
འགྲོ་བའི་དོན་དུ་ཐུན་མོང་གི་ལས་བསྟན་པའི་ལེའུ་སྟེ་ལྔ་པ།
ད་ནི་ལེའུ་ལྔ་པ་འགྲོལ་ཏེ། ཨེ་མ་ཞེས་པའི་དོན་ནི། ཨེ་ནི་དབྱིངས་སོ། །མ་ནི་མི་འགྱུར་བའོ། །དབྱིངས་མི་འགྱུར་བ་ངོ་མཚར་ཆེ་བའི་རང་སྒྲའོ། །འདི་ལྟར་འབྱུང་འདོད་སྐྱེས་བུ་གང་། ཞེས་པའི་དོན་ནི། འདི་ལྟར་ཞེས་པ་ཐུན་མོང་གི་རྟགས། འབྱུང་འདོད་ཅེས་པ་འགྲོ་བ་འདྲེན་པའི་དོན་དུ། སྐྱེས་བུ་གང་ཞེས་པ་སྐལ་པ་ཅན། ཐབས་ཀྱི་ཡན་ལག་འདི་ལྟ་བུ། །ཞེས་པའི་དོན་ནི། ཐབས་ཀྱི་ཞེས་པ་འགྲོ་བ་འདྲེན་པའི། ཡན་ལག་ཅེས་པའི་དོན་མ་ནོར་བ་ལ་འཇུག་པའི། འདི་ལྟ་བུ་ཞེས་པ་བྱ་ཐབས། རྣམ་པ་སྣ་ཚོགས་ཉིད་ལ་ནི། །ཞེས་པའི་དོན་ནི། རྣམ་པ་ཞེས་པ་སངས་རྒྱས་ཀྱི་རྟགས་ཀྱི། སྣ་ཚོགས་ཞེས་པ་འགྲོ་བའི་དོན་དུ་ཐུན་མོང་གི་ལས། ཉིད་ནི་ཞེས་པ་འདི་དག །འདི་ལྟར་དེ་ཡི་སྔོན་དུ་སྤྱོད། ཞེས་པའི་དོན་ནི། འདི་ལྟར་ཞེས་པ་རང་གིས། དེ་ཡི་ཞེས་པ་ཐུན་མོང་གི་ལས་ཀྱི། སྔོན་དུ་སྦྱོང་ཞེས་པ་རང་ཞེན་པ་ལོག་པར་བྱ་བའི་ཕྱིར་དུ། འདི་ལྟར་རང་གིས་
སྔོན་མ་སྦྱངས་ན། རང་ཉིད་འདོད་པའི་དབང་དུ་ཤོར་ཉེན་ཡོད་པའོ། །སེམས་ཀྱིས་རིམ་པ་ཅི་སྦྱངས་པ། ཞེས་པའི་དོན་ནི། སེམས་ཀྱིས་ཞེས་པ་རང་གིརིམ་པ་ཞེས་པ་བདུན་ཏེ། དང་པོ་འདུས་བྱས་ཐམས་ཅད་མི་རྟག་པ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱང་། གཉིས་པ་འཕྲལ་གྱིས་བདེ་སྡུག་དང་ཡུན་གྱི་བདེ་བ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱང་། གསུམ་པ་འཆི་བའི་རྐྱེན་དུ་མ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱང་། བཞི་པ་ཚེ་འདིའི་བྱ་བ་ཐམས་ཅད་བྱས་པ་དོན་མེད་དུ་འདུག་པ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱང་། ལྔ་པ་སངས་རྒྱས་ཀྱི་ཡོན་ཏན་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱང་། དྲུག་པ་བླ་མའི་མན་ངག་ལ་བསམསཏེ་བྱང་ཆུབ་ཀྱི་སེམས་སྦྱང་། བདུན་པ་མི་རྟོག་པ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱང་། ཅི་སྦྱངས་པ་ཞེས་པ་ཉི་མ་གསུམ་གསུམ་ཉི་ཤུ་རྩ་གཅིག་ཏུ་ཉམས་སུ་བླངས་པས། འདིས་ནི་མི་རྟག་སེམས་ལ་འབྱོར། །ཞེས་པའི་དོན་ནི། འདིས་ནི་ཞེས་པ་སེམས་སྦྱོང་བདུན་པོས། མི་རྟག་ཅེས་པ་རྒྱུད་ལ་ཁེལ་ཏེ། སེམས་ལ་འབྱོར་ཞེས་པ། བྱང་ཆུབ་ཀྱི་སེམས་སྦྱངས་པ་དང་པོས་འཁོར་བ་ལས་བློ་ལྡོག །གཉིས་པས་སྡུག་བསྔལ་ལ་ཡིད་འབྱུང། གསུམ་པས་དད་པ་སྔོན་དུ་འགྲོ། བཞི་པས་བླ་མའི་གདམས་དག་ལ་འཇུག །ལྔ་པས་སྒོམ་པ་ལ་བསྲན་ཚུགས། དྲུག་པས་བྱ་བ་ངན་པ་ལ་མི་འཇུག །བདུན་པས་ཏིང་ངེ་འཛིན་གོང་ནས་གོང་དུ་འཕེལ་བ་རྣམས་སོ། །ཇི་ལྟར་སྒྲ་ཡི་རྣལ་འབྱོར་པས། ཞེས་པའི་དོན་ནི། ཇི་ལྟར་ཞེས་པ་མཁྱེན་པ། སྒྲའི་ཞེས་པ་འབྱུང་བ་བཞི། རྣལ་
འབྱོར་པས་ཞེས་པ་སྒྲ་འབྱུང་བ་ལ་ཆུའི་རྣལ་འབྱོར་བྱ། སྒྲ་གནས་པ་ལ་སའི་རྣལ་འབྱོར་བྱ། སྒྲ་འཇུག་པ་ལ་རླུང་གི་རྣལ་འབྱོར་བྱ། སྒྲ་ལྡོག་པ་ལ་མེའི་རྣལ་འབྱོར་བྱ། ས་ཆུ་མེ་རླུང་འབྱུང་བ་བཞི། ཞེས་པའི་དོན་ནི། ས་ཆུ་ཞེས་པ་ལྃ་ཁྃ། མེ་རླུང་ཞེས་པ་རྃ་ཡྃ། འབྱུང་བ་བཞི་ཞེས་པ་སོ་སོའི་ཡིག་འབྲུ་དང་ལྷའོ། །སྒྲ་དོན་རྣམས་ལ་གོམས་པ་ཡིས། ཞེས་པའི་དོན་ནི། ཆུ་སྒྲ་བཤུ་པ། ས་སྒྲ་ལྡེག་པ། མེ་སྒྲ་འཚིག་པ། རླུང་སྒྲ་སྦིར་བ། ནམ་མཁའི་སྒྲ་སེང་པའོ། །རྣམས་ལ་ཞེས་པ་ལྔ་པོ་ལ། གོམས་པ་ཡིས་ཞེས་པ་འབྱུང་འཇུག་གནས་ལྡོག་ལ། རིགས་དྲུག་རྣམས་ཀྱི་རང་སྐད་ཀྱིས། ཞེས་པའི་དོན་ནི། རིགས་དྲུག་ཅེས་པ་འགྲོ་བ། རྣམས་ཀྱི་ཞེས་པ་ལྷ་ཚངས་པ་མན་ཆོད། རང་སྐད་ཀྱིས་ཞེས་པ་སོ་སོ་རང་རང་གིམངོན་ཤེས་འཆར་བ་འདིས་འགྲུབ་བོ། །ཞེས་པའི་དོན་ནི། མངོན་ཤེས་ཞེས་པ་འདས་མ་འོངས་ད་ལྟར་གྱི། འཆར་བ་ཞེས་པ་རང་ལ། འདིས་འགྲུབ་བོ་ཞེས་པ་འབྱུང་བ་བཞིའི་སྒྲ་ལ་བརྟག་ཅིང་ཧ་རི་ནི་ས་བཟླས་ན། ཞག་རིམ་དུས་ནི་རྣམ་དྲུག་གིས། ཞེས་པའི་དོན་ནི། ཞག་རིམ་ཞེས་པ་ཚེས་གཅིག་ནས་བཅུ་དྲུག་ཚུན་ཆོད་ལྷའི་སྐད། ཚེས་བདུན་ནས་བཅུ་གཉིས་ཚུན་ཆོད་ལྷ་མིན་སྐད། བཅུ་གསུམ་ནས་བཅོ་བརྒྱད་ཚུན་ཆོད་མིའི་སྐད། བཅུ་དགུ་ནས་ཉི་ཤུ་བཞི་ཚུན་ཆོད་བྱོལ་སོང་གི་སྐད། དེ་ནས་ཞག་གསུམ་ཡི་དྭགས་སྐད། དེ་ནས་ཞག་གསུམ་དམྱལ་བའི་སྐད་དོ། །དུས་ནི་ཞེས་པ་ལྷའི་འཇུག་པ་དཔྱིད་ཟླ་ར་བ། འབྱུང་བ་དབྱར་ཟླ་ར་བ། གནས་པ་སྟོན་ཟླ་
ར་བ། ལྡོག་པ་དགུན་ཟླ་ར་བ། ལྷ་མིན་འབྲིང་པོ་བཞི། མི་ཐ་ཆུང་བཞི། རྣམ་དྲུག་ཅེས་པ་ཞག་རེ་ལ་དུས་ཆུང་དྲུག་སྟེ། སྐྱ་རེངས་ཤར་ནས་ཉི་མ་རྩེ་ཤར་ལྷའི་སྐད། རྩེ་ཤར་ནས་དྲོས་པོ་ཆེ་ཚུན་ཆོད་ལྷ་མིན་སྐད། དྲོས་པོ་ཆེ་ནས་གྲིབ་ཆེན་ལྷགས་ཚུན་ཆོད་མིའི་སྐད། གྲིབ་ཆེན་ལྷགས་ནས་ཉི་མ་དམར་ཐག་ཆོད་པ་ཚུན་ཆོད་བྱོལ་སོང་གི་སྐད། ཉི་མ་དམར་ཐག་ཆོད་ནས་ནམ་མ་ཕྱེད་ཚུན་ཆོད་ཡི་དྭགས་སྐད། ནམ་མ་ཕྱེད་ནས་སྐྱ་རེངས་ཤར་བ་ཚུན་ཆོད་དམྱལ་བའི་སྐད། མཁའ་འགྲོ་ལྔ་དང་ཡང་སྦྱར་རོ། །དེ་ལ་སོགས་པ་དང་གང་རུང་བ་ཞིག་གི་སྐད་ལྷང་ལ་བྱུང་བ་དང་། རླུང་འབྱུང་འཇུག་གནས་ལྡོག་ལ་བརྟགས་པས། འདི་ཡི་སྐད་ཀུན་རང་དུས་ཤེས། ཞེས་པའི་དོན་ནི། འདི་ཡི་ཞེས་པ་དུས་རྩིས། སྐད་ཀུན་ཞེས་ཤེས་པ་རིག་དྲུག་དང་མཁའ་འགྲོའི། རང་དུས་ཤེས་ཞེས་པ་སོ་སོ་རང་རང་གི་སྐད་དང་སྐལ་པ་ཅན་གྱིས། འགྲུས་པ་མེད་པར་སུས་ཤེས་པ། ཞེས་པའི་དོན་ནི། འགྲུས་པ་ཞེས་པ་དུས་གནད་ལ། མེད་པར་ཞེས་པ་མ་ནོར་བར། སུས་ཤེས་པ་འབྱུང་བཞིའི་རྣལ་འབྱོར། མ་འོངས་ད་ལྟར་འདས་པ་ཡི། ཞེསཔའི་དོན་ནི། མ་འོངས་ཞེས་པ་ཕྱིས། ད་ལྟར་ཞེསཔ་སྐྱེ་བ་འདི། འདས་པ་ཞེས་པ་སྔར། སེམས་རྒྱུད་ཇི་ལྟར་ཤེས་པར་འགྱུར། ཞེས་པའི་དོན་ནི། སེམས་རྒྱུད་ཅེས་པ་དགའ་མི་དགའ་དང་། ཡོད་མེད་དང་ནམ་འཆི་གར་སྐྱེ་མ་ལུས་པ། ཇི་ལྟར་ཞེས་པ་དེ་ཉིད་མཁྱེན་ཏེ། ཤེས་པར་འགྱུར་ཞེས་པ་མཁའ་འགྲོ་དང་རིགས་དྲུག་གི་དུས་མ་ནོར་བར་ཞར་ལ་
འབྱུང་ངོ་། །གཞན་གྱི་དོན་བྱེད་སྤྲུལ་པ་པོས། ཞེས་པའི་དོན་ནི། གཞན་གྱི་ཞེས་པ་འགྲོ་བ། དོན་བྱེད་ཅེས་པ་སྡུག་བསྔལ་ལས་གྲོལ་བའི། སྤྲུལ་པ་པོས་ཞེས་པ་སངས་རྒྱས་ཀྱི་ཞིང་སྤྲུལ་གྱིས། འདི་ལ་སྔོན་དུ་མ་སྦྱངས་ན། ཞེས་པའི་དོན་ནི། འདི་ལ་ཞེས་པ་སྒྲ་དང་བཞི་ལ་དུས་བཞི། སྔོན་དུ་ཞེས་པ་ཉམས་སུ་ལེན་པའི། མ་སྦྱངས་ན་ཞེས་པ་ཡོ་གིས། སྤྲུལ་པའི་ས་བོན་འཇོག་པར་ནི། ཞེས་པའི་དོན་ནི། སྤྲུལ་པའི་ཞེས་པ་རྟགས། ས་བོན་ཞེས་པ་ཕན་གནོད་ཀྱི། འཇོག་པར་ནི་ཞེས་པ་ཁྱད་པར། ནུས་པ་ཉིད་ནི་མི་ཐོབ་བོ། །ཞེས་པའི་དོན་ནི། ནུས་པ་ཞེས་པ་མངོན་ཤེས་ཀྱི། ཉིད་ནི་ཞེས་པ་ཅིག་ཆར། མི་ཐོབ་བོ་ཞེས་པ་བསྒོམ་ལོངས་མེད་པར་ཐུན་མོང་གི་མངོན་ཤེས། ཡང་དག་པའི་མངོན་ཤེས་ལུ་གུ་རྒྱུད་ཉམས་སུ་བླངས་པ་ལས་འབྱུང་ངོ་། །དེས་ན་འབྱུང་བའི་སྒྲ་ལ་བསླབ། ཅེས་པའི་དོན་ནི། དེས་ན་ཞེས་པ་ཐུན་མོང་གི་མངོན་ཤེས་འདོད་ན། འབྱུང་བའི་ཞེས་པ་ས་ཆུ་མེ་རླུང་གིསྒྲ་ལ་བསླབ་ཅེས་པ་འབྱུང་འཇུག་གནས་ལྡོག་གི་དུས་ལ། བྱ་བྱེད་ཞེན་པ་བཟློག་པའི་ཕྱིར། ཞེས་པའི་དོན་ནི། བྱ་བྱེད་ཅེས་པ་བཟོ་དང་སྒྱུ་རྩལ་རྩིས་ལ་སོགས་པའོ། །ཞེན་པ་ཞེས་པ་དེ་དག་ལ། བཟློག་པའི་ཕྱིར་ཞེས་པ་ཐབས། ལག་ནི་བྱ་བྱེད་སྣ་ཚོགས་བྱ། ཞེས་པའི་དོན་ནི། ལག་ནི་ཞེས་པ་རང་གིབྱ་བྱེད་ཅེས་པ་གང་གིསྣ་ཚོགས་བྱ་ཞེས་པ་ལག་ལེན་ལ་བལྡབས་ཏེ། མཁར་ཁང་བརྩིགས་ཤིང་
འཇོག་པ་དང་། ས་ཆུ་མེ་རླུང་དང་ཤིང་ལྕགས་ལ་སོགས་པའི་ཕན་པ་རྣམས་དང་། གནོད་བྱ་ཐམས་ཅད་དགྲ་གྲོགས་མ་བུ་རྩི་བ་ལ་སོགས་པ། དེ་བཞིན་འདུས་བྱས་རྣམ་པ་ཡིས། ཞེས་པའི་དོན་ནི། དེ་བཞིན་ཞེས་པ་དེའི་ཞར་ལ། འདུས་བྱས་ཞེས་པ་འཇིག་པའི་ཆོས་ཅན། རྣམ་པ་ཡིས་ཞེས་པ་ཐམས་ཅད་བྱས་པས། དབང་པོའི་མངོན་ཞེན་བཟློག་པ་སྟེ། ཞེས་པའི་དོན་ནི། དབང་པོའི་ཞེས་པ་ལྔའི། མངོན་ཞེན་ཞེས་པ་ཐོག་མ་མེད་པ་ནས། ཟློག་པ་སྟེ་ཞེས་པ་སུན་ཐོན་པར། ཡུལ་རྣམས་གོམས་པའི་གནད་ཀྱིས་སྦྱངས། ཞེས་པའི་དོན་ནི། ཡུལ་རྣམས་ཞེས་པ་དབང་པོའི། གོམས་པའི་ཞེས་པ་དེ་རྣམས་ལ། གནད་ཀྱིས་སྦྱངས་ཞེས་པ་ཞེན་པ། ཇི་ལྟར་གཉིད་དང་རྨི་ལམ་དུ། ཞེས་པའི་དོན་ནི། ཇི་ལྟར་ཞེས་པ་དོན། གཉིད་དང་ཞེས་པ་མཚན་མོའི། རྨི་ལམ་དུ་ཞེས་པ་འོད་གསལ་དུ་བསྲེ་བ། དུས་བཞི་འབྱུང་བའི་གནད་ཀྱིས་དབྱེ། ཞེས་པའི་དོན་ནི། དུས་བཞི་ཞེས་པ་སྟོན་དཔྱིད་དབྱར་དགུན་ནོ། །འབྱུང་བའི་ཞེས་པ་སྟོན་ས། དགུན་ཆུ། དཔྱིད་རླུང་། དབྱར་མེ། གནད་ཀྱིས་དབྱེ་ཞེས་པ་སའི་དུས་ལ་རིག་པ་ལུ་གུ་རྒྱུད་སྤྱི་བོར་བཟུང་ལ་ཉལ། ཆུའི་དུས་ལ་རིག་པ་ལུ་གུ་རྒྱུད་མགྲིན་པར་བཟུང་ལ་ཉལ། མེའི་དུས་ལ་རིག་པ་ལུ་གུ་རྒྱུད་སྙིང་ཁར་བཟུང་ལ་ཉལ། རླུང་གི་དུས་ལ་རིག་པ་ལུ་གུ་རྒྱུད་ལྟེ་བར་བཟུང་ལ་ཉལ། ཚད་ནི་གནད་ལ་ཕེབས་པས་བཟུང་། །ཞེས་པའི་དོན་ནི། ཚད་ནི་ཞེས་པ་སེམས་བསྐྱེད་པ་དང་ཚོགས་གསོགས་པ་དང་གསོལ་བ་འདེབས་
པ་སྔོན་དུ་བཏང་སྟེ། ཅི་དང་ཅི་ལ་ཡང་རྨི་ལམ་ཡིན་སྙམ་པ་ཐིས་ཕུར་དུ་བྱས་པས་རྨི་ལམ་དུ་ཤེས་པའོ། །གནད་ལ་ཞེས་པ་དེ་ནས་དཔེ་རྟགས་དོན་གསུམ་གྱི་ངོ་སྤྲོད་ཚོ་ལ་ཐིས་ཕུར་དུ་སྦྱངས་པས། ཕེབས་པས་བཟུང་ཞེས་པ་ཉིན་ནུབ་མེད་ཙ་ན། འཁོར་འདས་ཀྱིས་བསྡུས་པ་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་ཡིན་ཞེས་ངག་ཏུ་ཡང་བརྗོད། ཡིད་ཀྱིས་ཀྱང་ཐིས་ཕུར་དུ་བྱས་པས་རྨི་ལམ་དུ་ལུ་གུ་རྒྱུད་དང་ཞིང་ཁམས་ཟིན་ཏེ། སྙམ་བྱེད་ཀྱིས་ལྟ་བས་མྱོང་བྱེད་ཀྱིས་མཐོང་སྟེ། ཡེ་ཡིན་ལ་སླེབས་པ་ཞེས་བྱའོ། །ཐེག་པ་ཐུན་མོང་པ་དང་སྙམ་བྱེད་གཅིག་ཀྱང་། མྱོང་བྱེད་དང་ཡེ་ཡིན་མ་གཅིག་པས་སྤྲུལ་པ་ལ་སོགས་པ་མ་དགོས་སོ། །ཐིག་ལེ་ཕྱི་ནང་བསླབ་བྱའི་ཕྱིར། །ཞེས་པའི་དོན་ནི། ཐིག་ལེ་ཞེས་པ་ཐབས་ཤེས་རབ་གཉིས་ཀྱི་ས་བོན། ཕྱི་ནང་ཞེས་པ་བློ་ཆེ་ཆུང་གིས། བསླབ་བྱའི་ཕྱིར་ཞེས་པ་རླུང་ལ། དེ་ཡང་ཕོ་རླུང་སྣ་བུག་གཡས་ནས་རྒྱུ། མོ་རླུང་སྣ་བུག་གཡོན་ལ་རྒྱུ། ཡབ་ཡུམ་གཉིས་མེད་ཀྱི་རླུང་མཉམ་པོར་རྒྱུ། ཕོ་རླུང་གི་དུས་སུ་མི་རྟོག་བསྒོམ། མོ་རླུང་གི་དུས་སུ་གྲོལ་ལམ་བསྒོམ། གཉིས་མེད་ཀྱི་དུས་སུ་ཆགས་ལམ་སྤྱད། གང་ཟག་རྣམ་པར་གཉིས་དོན་བྱ། །ཞེས་པའི་དོན་ནི། གང་ཟག་ཅེས་པ་ཉམས་སུ་ལེན་པའི། རྣམ་པ་ཞེས་པ་བློ་ཆེ་ཆུང་། གཉིས་དོན་བྱ་ཞེས་པ་གྲོལ་ལམ་དང་ཆགས་ལམ་གཉིས་ལས་གྲོལ་ལམ་པས་རང་གི་བདེ་བ་ལ་ཉམས་སུ་བླངས་ཏེ། འོད་རིག་ལ་བརྟེན་ནས་དབབ་བཟུང་ལྡོག་དགྲམ་བདེ་སྟོང་དབྱེར་མེད་
སངས་རྒྱས་ཀྱི་དགོངས་པ་དང་བསྲེའོ། །ཆགས་ལམ་པས་ཡབ་ཡུམ་གཉིས་མེད་ཀྱི་བདེ་བ་ཉམས་སུ་བླངས་ཏེ། དེ་ཡང་རིག་མ་མཚན་ལྡན་ལ་བརྟེན་ཏེ་ཐིག་ལེ་དབབ། མཚན་ལྡན་ནི་དཀར་སངས་འཕྲ་ལྡེམ་ཆུང་བར་མངོན་པ་ནི་བདེ་གཤེགས་རིགས་སོ། །སྔོ་སངས་བཤན་པ་རྡོ་རྗེ་རིགས། སེར་སངས་གྲུ་བཞི་རིན་ཆེན་རིགས། དམར་སྨུག་སྭོ་ལེགས་སྐད་སྙན་མིག་ཟླ་གམ་པདྨའི་རིགས། ལུས་ཆེ་འགྲོས་བུལ་གོམ་རླབས་ཆེ་ཆ་ཆ་ནས་ཆེ་བ་ནི་ལས་ཀྱི་རིགས། དེ་རྣམས་གང་ཡིན་ཀྱང་དད་པ་དང་བརྩེ་སེམས་སྙིང་རྗེ་ཆེ་བ། བློ་ཁོག་ཆེ་ཞིང་ལྟ་དགོངས་མཐོ་བ་ནི་མཆོག་གོ། དེ་ལྟ་བུ་ལ་ལྟ་རྒོད་འཛིན་འཇིབ་མཉེ་སྣོམ་པས་ཕེབས་སོ། །བསྒོམ་པ་ལྷ་སྟེ་ཞི་ཁྲོ་གང་མོས་སུ་ཡབ་ཡུམ་བསྐྱེད་དོ། །ཐིག་ལེ་འཛིན་པ་དེ་ངོ་བོ་སྟེ་བྱུང་ས་གནས་ས་འགྲོ་ས་ལྟ་བའོ། །འདྲེན་པ་ཧཱུྃ་སྟེ་གསུས་པ་སྒལ་པ་ལ་སྦྱར། སྒྲོན་མ་གྱེན་ལ་ཟློག །མགྲིན་པ་གཞུ་ལྟར་བདུངས། དམིགས་པ་རྩ་གསུམ་ན་ཡར་ཞོ་ལུད་པ་ལྟར་སྤྱི་བོར་ལན་བདུན་བསྐྱལ། འགྲེམས་པ་སྤྲུག་སྟེ་རླུང་བཟུང་ཉྭ་བཞི་སྒྲིམ་མགོ་ལུས་སྤྲུག་གོ། སྐྱེལ་སོ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྟེ། རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་རོ། །བཅོས་མ་འདུས་བྱས་བསྒོམས་པ་ཡིས། །ཞེས་པའི་དོན་ནི། བཅོས་མ་ཞེས་པ་ལུས་ངག་ཡིད་གསུམ། འདུས་བྱས་ཞེས་པ་ལུས་འདུས་བྱས་ལྷ་ཡི་བསྒོམ། ངག་འདུས་བྱས་ཧཱུྃ་རིང་ཧཱུྃ་ཐུང་། སེམས་འདུས་བྱས་དམིགས་པ། བསྒོམ་པ་ཡིས་ཞེས་པ་ཡིད་དཔྱོད། དང་པོ་
སེམས་གཡེང་ཞེན་པ་དགག །ཅེས་པའི་དོན་ནི། དང་པོ་ཞེས་པ་ལས། སེམས་གཡེང་ཞེས་པ་མ་ཆུན་པས། ཞེན་པ་དགག་ཅེས་པ་རིགས་ཆད་པ་ཐུགས་རྗེས་བཟུང་བས་གདོད་རིག་པ་མངོན་སུམ་ལ་ངེས་ཤེས་སྐྱེའོ། །འབྲས་བུ་ཅིག་ཆར་མ་ཡིན་པས། །ཞེས་པའི་དོན་ནི། འབྲས་བུ་ཞེས་པ་སངས་རྒྱས་ཀྱི། ཅིག་ཆར་ཞེས་པ་མངོན་སུམ་དུ། མ་ཡིན་པས་ཞེས་པ་སྐྱེ་བ་བརྒྱུད་པར་བྱེད་དོ། །སྣང་བ་རིམ་གྱིས་གོམས་པར་བྱ། །ཞེས་པའི་དོན་ནི། སྣང་བ་ཞེས་པ་གང་ཟག་གི་རིམ་གྱིས་ཞེས་པ་དང་པོ་བྱང་ཆུབ་ཀྱི་སེམས་སྦྱངས་ཏེ། སྣང་བ་བདེན་མེད་དུ་རྟོགས་པར་བྱ། དེ་ནས་བསྐྱེད་རིམ་བསྒོམས་ཏེ་སྒྲ་གྲགས་སྟོང་དུ་རྟོགས་པར་བྱ། །དེ་ནས་རྩ་དང་རླུང་བསྒོམས་ཏེ། ལམ་གྲོལ་ལམ་ཆགས་ལམ་གྱིས་སྣང་བ་བདེ་སྟོང་དུ་རྟོགས་པར་བྱ། དེ་ནས་མཚན་ཉིད་འཛིན་པའི་རིག་པ་མི་དྲན་དགུ་དྲན་འདི། ཕཊ་བྱས་ཏེ་ཉོན་མོངས་ཁྱེར་ཆོད། ངོ་རང་ཐོག །ཐག་ཆིག་ཆོད། གདིང་གྲོལ་ཐོག་སྟེ་ནམ་མཁའ་ལྟ་བུར་རྟོགས་པར་བྱ། གོམས་པར་བྱ་ཞེས་པ་ལོ་གཉིས་གསུམ་དུ་གོང་མ་རྣམས་ལ། མིག་སྨན་ལ་སོགས་སྒོ་ལྔ་ཡི། །ཞེས་པའི་དོན་ནི། མིག་སྨན་ཞེས་པ་དབང་པོ་དྭངས་བྱེད་ཀྱི། ལ་སོགས་ཞེས་པ་བྱ་ཐབས་ལྔ། སྒོ་ལྔ་ཞེས་པ་གཟུགས་སྒྲ་དྲི་རོ་རེག་བྱའོ། །སྨན་གྱི་རིམ་པ་སྦྱར་བར་བྱ། །ཞེས་པའི་དོན་ནི། སྨན་གྱི་ཞེས་པ་སྒོ་ལྔའི། རིམ་པ་ཞེས་པ་སོ་སོ་གང་འདོད། སྦྱར་བར་བྱ་ཞེས་པ་དང་པོ་མིག་གི་གཟུགས་ནི་ཁ་དོག་དང་
དབྱིབས་སོ། ཁ་དོག་ནི་ལྔའོ། །བཙོད་གདུས་པའི་ཁན་དྷ་དང་ཨ་རུ་རའི་ཁན་དྷ་ཙན་དན་དཀར་དམར་གྱི་ཐང་ཆུ། བྱ་ནག་མོའི་སྒོ་ངའི་མར། གཙོད་ཀྱི་མིག་དང་ར་དཀར་མོའི་འོ་མ་དང་། དེ་རྣམས་རིམ་པར་སྦྱར་ལ། ལྕགས་ཀྱི་སྣོད་དུ་ཞག་ཉི་ཤུ་རྩ་གཅིག་བྱིབས། དེ་ནས་ཞག་བདུན་པ་དང་། གསེར་ནས་ཙམ་དང་གཡུ་ནས་ཙམ་གཉིས་ཕྱེ་མར་བཏགས་ཏེ་གོང་གི་རྫས་ལ་བཏབ་ཏེ་དཀྲུགས། དེ་ནས་གོས་ཀྱིས་བྱིབས་ཏེ་ཞག་བཅུ་བཞི་ནས་བལྟའོ། །དེ་ལ་བལ་སྔོ་སོབ་ཀྱིས་ཡོང་སྟེ། མ་བྱུང་ན་ཕབ་ཞོ་ཕྱེད་བཏབ་ནས་ཞག་དགུ་བཞག་པས་གོང་ལྟར་འོང་ངོ་། །དེ་ལྟར་བྱུང་བ་དང་། རིལ་བུ་མཐེབ་རྡོག་ཙམ་བྱས་ཏེ་བསྐམ། དེ་ནས་ཁ་དོག་ཏུ་བསྒྱུར་བ་ནི་རི་ལུ་གཅིག་དང་། སྐྱེར་པའི་བར་ཤུན་གྱི་ཁན་དྷ་རུ་ལྡོང་རོས་ཕུལ་གང་ཡུང་བ་དེ་དང་མཉམ་པ་གཅིག་གདུ། དེ་བཙགས་པའི་ཁུ་བ་བྱ་ནག་མོའི་སྒོ་ངའི་སེར་པོ་དང་། བུད་མེད་ནུ་ཞོ་དང་སྦྱར་ནས་མིག་ལ་ཉི་མ་རེ་ལ་ལན་ཉི་ཤུ་རྩ་གཅིག་བྱུགས་ན། ཉི་མ་བདུན་གྱི་བར་ལ་མཉམ་པ་ཉིད་ཀྱི་སྣང་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །ཡང་སྤྱང་ཚེར་མའི་མེ་ཏོག་ལུག་མིག་པ་དང་། སྤང་རྒྱན་གྱི་མེ་ཏོག་དང་། མན་དྷ་ར་བའི་མེ་ཏོག་རྣམས་གདུས་པའི་ཁན་དྷ་དང་། སྤང་མ་བྱ་རྒོད་ཀྱི་སོར་མོ་མིའི་འོ་མར་སྦྱར་ནས་གོང་ལྟར་བྱུགས་ན། ཆོས་ཀྱི་དབྱིངས་ཀྱི་སྣང་བར་འགྱུརབ་ལ་ཐེ་ཚོམ་མེད་དོ། །ཡང་སིན་དྷུ་ར་འབྲི་མོག་ཕྱི་རྩི་སྨུག་པོ་སྦལ་རྒྱབ་ཀྱི་ཁུ་བ་དང་རྒྱ་ཤུག་འབྲས་བུ་གདུས་པའི་ཁན་དྷ་བྱ་སྒོང་མིའི་འོ་མར་སྦྱར་ནས་གོང་ལྟར་མིག་ལ་བྱུགས་ན། སོ་སོར་རྟོག་པའི་ཡེ་ཤེས་སྣང་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །ཡང་གོང་གི་རིལ་བུ་གཅིག་དང་བྱ་རྒོད་ཀྱི་བྲུན་དཀར་པོ་དང། སོ་བྱའི་སྒོ་ངའི་
ནང་གི་ཆུ། ཨུཏྤལ་དཀར་པོའི་མེ་ཏོག་སྤང་རྒྱན་དཀར་པོ་ཤང་ཤང་དཀར་པོ་སེ་བའི་མེ་ཏོག་དཀར་པོ་རྣམས་ཕྱེ་མར་བྱས་ཏེ། བྱ་སྒོང་མིའི་འོ་མར་སྦྱར་ལ་གོང་ལྟར་མིག་ལ་བྱུགས་ན། མེ་ལོང་ལྟ་བུའི་ཡེ་ཤེས་སྣང་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །ཡང་གོང་གི་རི་ལུ་དང་མེ་ཏོག་ལུག་རུ་དམར་སེར་གཉིས་ཀ་དང་། ཐང་ཤིང་ཙན་དན་གྱི་ལོ་མ་རམ་རྒྱ་སྐྱེགས་ཀྱི་ཁུ་བ་དང་སྦྱར་ལ། བྱ་སྒོང་མིའི་འོ་མ་དང་སྦྱར་ལ་གོང་ལྟར་མིག་ལ་བྱུགས་ན། བྱ་བ་གྲུབ་པའི་ཡེ་ཤེས་སྣང་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དབྱིབས་ནི་དྷ་དུ་རའི་འབྲས་བུ་བདུན་དང་འོལ་མ་པི་པི་གཅིག་ཙན་དན་དམར་པོའི་ཐང་ཆུ་ཁྱོར་བ་གང་། ཁྱི་དཀར་པོའི་ཀླད་པ་ཞོ་གཅིག་འདམ་གྱི་པད་མ་དཀར་པོ་དྲུག་དང་། བྱའི་སྒོ་ངའི་མར་སྲང་ཕྱེད། ཆང་བཟང་པོ་བྲེ་དོ་བྲེ་ཕྱེད་དུ་གདུས་པའི་ཁན་དྷ་རྣམས་སྦྱར་ལ། མཁར་བའི་སྣོད་དུ་བླུགས་པ་ལ། སའི་དོང་ཁྲུ་དོའི་འོག་ཏུ་ཟླ་གཅིག་ལ་བཞག་ནས། དེ་ཨེ་ལངས་ཁ་ཕྱེ་ནས་བལྟས་པས་སྦུ་ཆུང་ཉུང་འབྲུ་ཙམ་ཏལ་ཏལ་ཡར་ནས་འོང་ངོ་། །དེ་མ་བྱུང་ན་སྦྲང་རྒོད་ཕུལ་ཕྱེད་དང་དོ་བླུགས་ནས་ཞག་གསུམ་མནན་ནོ། །དེ་ནས་རི་ལུ་སྲན་མ་ཙམ་བྱས་ཏེ། རི་ལུ་གཅིག་དང་མཚོན་ཆའི་ཕྱེ་མ་སྦྱར་ནས་ཟོས་ན་ཐམས་ཅད་མཚོན་ཆར་འགྱུར། སྟག་གི་འགྲམ་པ་གཡས་པའི་རུས་པ་སྦྱར་ནས་ཟོས་ན་སྣང་བ་ཐམས་ཅད་སྟག་ཏུ་འགྱུར་བར་ཐེ་ཚོམ་མེད་དོ། །དུད་འགྲོ་གང་གིས་སྣང་བ་བྱེད་ཀྱང་དེའི་འགྲམ་རུས་དང་སྦྱར་གྱིན་ཟོས་པས་དེར་འགྱུར་བར་ཐེ་ཚོམ་མེད་དོ། །སའི་ཞག་དང་སྦྱར་ན་སའི་སྣང་བ། ཙན་དན་གྱི་མེ་སྟག་དང་སྦྱར་ན་མེའི་སྣང་བ། ཆབ་རོམ་དང་སྦྱར་ན་རླུང་གི་སྣང་བ། ཆུ་སྣ་བཅུ་གཅིག་དང་སྦྱར་ན་ཆུའི་སྣང་བ། ལྷང་
མ་ལྷང་ཚེར་མ་དང་། ཐོད་ལེ་སྐོར་དང་སྦྱར་ནས་ཟོས་ན། ནམ་མཁའི་སྣང་བ་འཆར་རོ། །རང་གི་ཡི་དམ་གྱི་ལྷ་གང་ཡིན་པའི་སྐུ་ཤེལ་ལས་ཚོན་གང་པ་བྱས་ཏེ། དེའི་སྐུ་དང་སྦྱར་ནས་ཟོས་ན། སྣང་བ་ཐམས་ཅད་ལྷའི་སྐུར་འཆར་རོ། །ཡང་ལྷ་བཟོ་མཁས་པས་ལྷང་མ་ལྷང་ཚེར་མ་ལ་རྨ་བྱའི་ཁྲག་གིས་ཡི་དམ་གྱི་ལྷ་བྲིས་ནས་བཙན་དུག་གི་དུད་པས་བདུག་པས། འཇའ་ཚོན་སྣ་ལྔའི་ཡི་དམ་གྱི་ལྷ་རུ་འོང་སྟེ་དེ་དང་རི་ལུ་སྦྱར་ནས་ཟོས་ན་འཇའ་ཚོན་དང་ལྷའི་སྐུ་རུ་སྣང་བ་ཐམས་ཅད་དུ་འཆར་རོ། །རི་མོ་གང་འདོད་བྲིས་ཏེ་བལྟས་ནས་ཟོས་ན་གང་འདོད་དུ་སྣང་བ་ཡིན་ནོ། །སྒྲ་ནི་བུམ་ལྡིར་གྱི་རྔ་ལ་བརྟེན་པས་ནང་གི་ཉམས་སྐྱེ། རྫ་རྔ་ཁ་མང་ལ་བརྟེན་ན་ཕྱིའི་ཉམས་སྐྱེ། རྔ་དྲ་བ་རྒྱུད་མང་ལ་བརྟེན་པས་སྣང་བ་སྣ་ཚོགས་པའི་ཉམས་སྐྱེ། གླིང་བུའི་སྒྲ་ལ་བརྟེན་ན་ཤེས་པ་གཞན་ལ་མི་འཇུག་པའི་ཉམས་སྐྱེ། པི་བང་གི་སྒྲ་རྡོ་ཕག་དང་ཆ་ལང་དང་དུང་ཏིང་གི་སྒྲས་རང་བཞིན་དུ་མི་གནས་དང་། སྒྲའི་དབྱིངས་ཀྱི་དོན་རྟོགས་ཏེ་དཔེའོ། །དོན་རྣ་བའི་སྒྲ་ནི་སྒྲ་མངོན་སུམ་མོ། །རྟགས་ཐོས་པ་རྣམས་སོ། །ཤིང་ཀ་ར་བཱི་རའི་འབྲས་བུ་བདུན་ཟོས་ནས་ཉལ་ན། ལྷ་དང་ལྷ་མིན་གྱི་སྒྲ་ཐོས་སོ། །སྲི་ཤིང་གི་འབྲས་བུའི་ནང་ཕྱེ་དང་ཞིམ་རྩེ་ཏིལ་དང་། ཤིང་ཀ་ར་བཱི་རའི་འབྲས་བུ་བདུན་གྱི་ཕྱེ་འབྲུ་མར་དང་སྦྱར་ནས་རྣ་བའི་བུག་པ་གཡས་སུ་བླུགས་ན་དམྱལ་བའི་སྒྲ་ཐོས་སོ། །ཡང་ཤིང་ཀ་ར་བཱི་རའི་འབྲས་བུ་བདུན་དང་ཤིང་ལྡེམ་པ་དང་མ་ཧ་ལྡེ་བ་དང་། འབྲུག་རུས་ཀྱི་ཕྱེ་མ་དང་འབྲུ་མར་སྦྱར་ནས་སྣ་བུག་གཡོན་དུ་བླུགས་ན་ཡི་དྭགས་ཀྱི་སྒྲ་ཐོས་སོ། །ཡང་ཤི་ཀ་ར་བཱི་རའི་འབྲས་བུ་བདུན་དང་རྡོ་རྗེ་
ཅན་གྱི་ཤིང་ཆུ་ཤིང་གི་སྙིང་པོ་དང་། ཁ་བྲལ་བྲེ་བོ་སེང་སྡེང་གི་དབུས་སྙིང་གི་རྩེ་རྣམས་འབྲུ་མར་དང་སྦྱར་ནས་རྣ་བ་གཉིས་ཀར་བླུགས་ན་བྱོལ་སོང་གི་སྒྲ་ཐོས་སོ། །གོང་གི་སྒྲ་བཞི་ལ་སློབ་པའི་དུས་སུ་རྫས་དེ་ལྟ་བུ་དང་སྒྲ་འཇུག་ལྡོག་གནས་པའི་དུས་དང་བསྟུན་ནས་བརྟགས་ན། དོན་ཅིག་ཆར་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །དྲི་ནི་གུ་གུལ་དཀར་པོ་རྒྱ་ཤུག་གི་འབྲས་བུ་ཨ་ཀརུའི་ཕྱེ་མ་དང་ག་པུར་གྱི་སྙིང་པོ་དང་། མུ་ཟི་བྱ་སྒོང་གིས་བརྟུལ་བ་དང་། ཤིང་བྱིལ་པའི་རྩ་བ་ཉའི་ཀླད་པ་འུག་པའི་མིག །རི་སྐེགས་ཀྱི་མཇུག་རྩེ་རྨ་བྱའི་མགྲིན་པ་སྲིན་པོའི་སྣའི་རྩེ་མོར་སྦྱར་ནས། བ་གླང་པོས་ཟོས་ཏེ་ཤི་བའི་ཕོ་བའི་ནང་དུ་བླུགས་སྦྲང་རྒོད་ཁྱོར་གང་ཡང་བླུགས་སྤོས་སྣ་ཚོགས་ཀྱི་ལོ་མ་དང་ཙན་དན་གྱི་ལོ་མས་བྱིབས་ལ་ཞག་བཅུ་དགུར་མནན་ནས་ཁ་ཕྱེ་བ་དང་། སྣའི་རྩེ་མོར་ཐིག་ལེ་གཅིག་བྱས་ན་བདེ་བ་དང་མི་རྟོག་པའི་ཉམས་སྐྱེ་བ་ལ་ཐེ་ཚོམ་མེད་དོ། །རོ་ནི་བུ་རམ་གྱི་ཤིང་སྨིན་པ་སོར་བཞི་བཞིར་གཏུབས་ཏེ། སྦྲང་རྩིའི་སྙིང་པོ་བྲེ་གང་དུ་བཙོས་ཏེ་ཐེམ་པ་དང་། ཏིལ་མར་ཕུལ་དོ་བཙོ་དེ་ཐོན་པ་དང་། རྡོ་གཏུན་ནང་དུ་ཁ་ཚིར་བྱས་ཏེ། མར་བཟང་པོ་དང་ག་པུར་སྲན་མ་བདུན་དང་མཉམ་པ་གཅིག་དང་། མི་རྐང་གདུས་པའི་སྙིང་པོ་ཞོ་གཉིས་དང་སྦྲང་རྒོད་ཕུལ་གང་ཏིལ་ཆང་ཕུལ་གང་། དེ་རྣམས་དང་ཆང་སྦྱོར་བ་ཡིན་ཏེ། རྫ་གསར་པ་ཕུལ་དགུ་དགུ་ཤོངས་པ་དགུ་བྱས་ཏེ། དེ་ནས་འབྲས་བཙོས་པའི་ཆང་ལ་ཕབས་དང་སྦྲང་རྒོད་ཞོ་གཅིག་བཏབ་ལ་དེ་ལངས་པ་དང་། རྫའི་སྣོད་ཁ་ཆུང་བར་བྱས་ཏེ། དེའི་ནང་དུ་བླུགས་ལ། ཁེངས་པར་བྱས་ལ་ཤིང་ལོས་ཁ་བཅད། དེ་ནས་ཁ་སས་བཅད།
དེ་ནས་ཞག་ཉི་ཤུ་རྩ་གཅིག་ན་གཅིག་གི་ནང་དུ་ནས་ཀྱི་ཆང་བཟང་པོ་དང་། མི་ཞུན་རྙིང་པ་དང་སྦྱར་ལ་བླུག །དེ་ནས་དེ་བཙགས་ལ་གཅིག་ཏུ་བསྲེ། དེ་ནས་དགུའི་མཇུག་མ་ལ་དེ་བཙགས་པ་ཕུལ་གང་འོང་བ་བྱས་ཏེ། དེ་ཕུལ་ཕྱེེད་དུ་གདུ་བ་དང་། གོང་མ་རྣམས་དང་སྦྱར་ལ། ལྕེའི་སྟེང་དུ་ཐུར་མས་ལན་ཉི་ཤུ་རྩ་གཅིག་ཏུ་བཞག་ན། ཉི་མ་བདུན་གྱི་བར་ལ་ཅི་ཡང་ཡིད་ལ་མི་འགྱུ་སྟེ། རང་བཞིན་གྱི་བསམ་གཏན་ལ་གནས་པ་ཐེ་ཚོམ་མེད་དོ། །རེག་ནི་ཨུ་རྒྱན་གྱི་ཡུན་བྷེ་བ་རེ་ས་བྱ་བ་ན། ཤིང་མ་ལེ་ཀིས་བྱ་བ་ལོ་མ་གཡས་སུ་འཁྱིལ་བ་ཞིག་ཡོད་དེ། ལོ་མ་མཐུར་དུ་ཟུག་པ་རྩེ་མོ་གསུམ་དུ་གྱེས་པ་ཞིག་ཡོད། དེ་བླངས་ན་དེའི་འདབ་མ་དང་དོམ་གྱི་སྙིང་ཁྲག་བྱུགས་ཏེ་དེ་རང་གི་སྙིང་ཁར་སྦྱར་ན། དེ་དང་མ་བྲལ་གྱི་བར་དུ་མི་རྟོག་པ་རྒྱུད་ལ་སྐྱེ་བ་ཡིན་ནོ། །དེ་ལྟར་དྷཱ་ཀི་མཚན་ལྡན་དང་རང་ཉིད་ཡོ་གིས་གཅིག་ལ་གཅིག་ལྟ་བ་ནི་གཟུགས་ཀྱི་བདེ་བའོ། །རྒོད་ཅིང་གླུ་ལེན་པ་ནི་སྒྲའི་བདེ་བའོ། །ཙན་དན་དང་དུ་རུ་ཀ་བྱུགས་ནས་སྣོམ་རེས་ནི་དྲིའི་བད་ེབའོ། །བུ་རམ་དང་ཀ་ར་མུར་རེས་དང་སྟེར་རེས་དང་ལྕེ་འཇིབ་རེས་ནི་རོའི་བདེ་བའོ། ཁྲུས་ལེགས་པར་བྱས་ཏེ་ནུ་མ་ཉེད་རེས་དང་གཡའ་དགག་རེས་དང་པད་མའི་ཟེའུ་འབྲུ་ལ་མཛུ་གུས་རེག་རེག་དང། ནོར་བུ་དྷཱ་ཀིས་ཁས་འཇིབ་པ་དང་། གཡེར་མ་དང་སྦྲང་རྒོད་ཟེར་རྒོད་གསུམ་ནོར་བུའི་མགོ་ལ་བསྐྱོན་ནས་པད་མར་བརྫངས་ན། མ་འགུལ་ཀྱང་རང་བཞིན་གྱིས་རེག་པས་བདེ་བ་འོང་ངོ་། །དེའི་ཕྱིར་ན་གསང་སྔགས་པས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ནས། སྒོ་ལྔའི་ཞེན་པ་ལོག་སྟེ་འབྲས་བུ་སངས་རྒྱས་པ་ཡིན་པས། ཡབ་ཡུམ་གཉིས་མེད་ཀྱི་དོན་ལ་མཁས་པར་བྱའོ། །ཐིག་ལེ་མ་ཤོར་བར་
བཟུང་བས་ཡུམ་གྱིས་ཐོབ་འགྲོའོ། །འདི་ཀུན་གསང་བའི་ཐབས་ཡིན་ནོ། །ཞེས་པའི་དོན་ནི། འདི་ཀུན་ཞེས་པ་འདོད་ཡོན་ལམ་དུ་འཁྱེར་བའི་ཆོས། གསང་བའི་ཞེས་པ་བློ་དམན་པའི་རིགས་ལ། ཐབས་ཡིན་ནོ་ཞེས་པ་སྒོ་ལྔའི་ཞེན་པ་དང་བྲལ་ཏེ་སངས་རྒྱས་པའི་ཚེ། ལམ་གྱི་རྟགས་ནི་ལུས་ལས་ནི། །ཞེས་པའི་དོན་ནི། ལམ་གྱི་ཞེས་པ་སངས་རྒྱ་བའི། རྟགས་ནི་ཞེས་པ་ཐུན་མོང་གིལུས་ལས་ནི་ཞེས་པ་རང་གིམངོན་པར་ཕྱི་རོལ་སྣང་འགྱུར་བའི། །ཞེས་པའི་དོན་ནི། མངོན་པར་ཞེས་པ་མིའི། ཕྱི་རོལ་ཞེས་པ་ལུས་ཀྱི། སྣང་འགྱུར་བའི་ཞེས་པ་རྟགས། སྨན་ཉིད་དང་ནི་དེབཞིན་ནོ། །ཞེས་པའི་དོན་ནི། སྨན་ཉིད་ཅེས་པ་རྫས། དང་ནི་ཞེས་པ་སྔགས། དེ་བཞིན་ནོ་ཞེས་པ་ལས་འགྲུབ་པ། དེ་ལྟར་འདོད་པ་བརྟེན་པའི་ཡོ་གིས་ལམ་གྱི་གནས་འཁོར་བའི་རྩ་བ་བཅད་པའི་ཐབས་ནི། ལན་ཅིག་ལ་སྲིན་ལག་གཡོན་པའི་རྩ་བ་སྲེ་མོའི་རྒྱུས་པས་བཅིངས་ཏེ། སྦྱོར་བ་བྱས་ན་འཁོར་བ་འཕེལ་མི་སྲིད་དོ། །གཏན་དུ་བཅད་ན་ཙན་དན་དཀར་པོ་དང་ཏི་ཚ་དང་གསེར་ནས་ཙམ་སྦྱངས་པའི་གཡའ་དང་བསྲེས་ལ། སྐྱེས་པ་ལྟོ་བཀུག་ནས་ཐོ་རངས་བཏུང་ན། ཐིག་ལེ་ཉམས་ཀྱང་འཁོར་བ་འཕེལ་མི་སྲིད་དོ། །ཀ་ར་ཞོ་གཅིག་སྟག་ཤ་དེ་དང་མཉམ་པ་དང་། བྱང་པ་དུག་ཕྱུངས་པ་གསུམ་རྩི་བཞིན་དུ་བཏགས་ཏེ། ཞུ་མཁན་ཆུ་ཕུལ་གང་ལ་བཏབ་སྟེ། བུད་མེད་ལ་ལྟོ་སྟོང་ལ་བཏང་ན། འཁོར་བ་གཏན་ནས་ཆད་དོ། །ཡང་ན་ག་པུར་གུར་ཀུམ་རྒྱ་ཚིལ་རྨ་བྱའི་སྙིང་རྣམས་ཕྱེ་མ་བྱས་ཏེ། ནོར་བུའི་རྩེར་བྱུགས་ན་ཐིག་ལེ་རྡོ་རྗེའི་བུམ་པར་ཕྱག་རྒྱ་མ་དང་མ་བྲལ་བར་གནས་པ་ཡིན་ནོ། །འོ་མ་ལ་ལྕགས་ཕྱེ་
བཏབ་སྟེ། ནོར་བུའི་བུག་པར་རྡོ་ཁབ་ལེན་གྱི་རི་ལུ་བཅུག་ནས་འོ་མ་ལ་ཁ་གཏུགས་ན་འོ་མ་འཐུང་བར་བྱེད་དོ། །གཉེར་མ་མེད་པར་འདོད་ན་མུ་ཙི་རྟའི་འོ་མར་བཙོས་ལ་དེ་ཁམས་བུའི་ཙི་གུའི་མར་དང་རྩི་མར་དང་བ་དམར་མོའི་འོ་མ་དང་བསྲེས་ནས། ལུས་དག་པར་བཀྲུས་ཏེ་རྫས་ཁྱབ་པར་བྱུགས་ཤིང་བཏུང་ན་གཞོན་ཅིང་གཉེར་མ་འོང་མི་སྲིད་དོ། །སྐྲ་དཀར་མེད་པར་འདོད་ན། སྐྲ་བཞར་ལ་དག་པར་བཀྲུས་ཏེ་ཨ་རུ་རའི་ཆུ་བླུག །དེ་སྐམས་པ་དང་ནགས་མཚུར་ཆུ་བྱུགས་པས་སྐྲ་དཀར་ནག་པོར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །སོའུ་སྐྱེ་བར་འདོད་ན། མ་ཧེའི་དཔྲལ་བའི་རུས་པ་བྱ་རྒོད་ཀྱི་བྲུན་གྱི་དཀར་པོ་ཅོང་ཟི་འབྲུག་རུས་རྣམས་མཉམ་སྟེ། རྩི་བཞིན་བཏགས་ལ་སྦྲང་རྩི་དང་ཞོ་དང་སྦྱར་ལ་རུ་སྦལ་གྱི་ཁོག་པར་བླུགས་ལ། གོས་ཀྱིས་བྱིབས་ཏེ་ཞག་བཅུ་དགུར་མནན། དེ་ནས་ཁ་ཕྱེ་ནས་བལྟས་པསདཀར་ལ་གནག་པའི་རི་མོའམ། དམར་པོའི་རི་མོ་འོང་ངོ་། །ཡོ་གིས་ཞག་གསུམ་དུ་ཟས་གཞན་མི་ཟ་བར་འོ་མ་བསྐོལ་ལ་བཏུང་ངོ་། །དེ་ནས་སོའི་ཤུལ་དུ་གོང་མའི་རྫས་བྱུག་ཅིང་སྦྲང་རྩིས་སྟེང་མནན། དེ་ལྟར་ཡང་ཡང་བྱས་ན་ཟླ་བ་གཅིག་ན་སོའུ་སྐྱེའོ། །ལོ་དུས་སོང་ཙ་ན་རྫས་བྱུག་ཅིང་། དེའི་སྟེང་སྦྲང་རྩི་བྱུག །དེའི་སྟེང་དུ་ཟར་མའི་མར་བྱུགས་པས་སོ་དང་སོ་སྙིང་མཁྲེགས་ཤིང་མདོག་དང་ལྡན་པར་འགྱུར་རོ། །མཚན་མོ་འོད་འཕྲོ་ཞིང་གོས་མི་དགོས་པར་བྱེད་ན། སྤྱང་ཚེར་གྱི་རྩེ་ཁྲོག་ཆེན་གྱི་ཚི་བ་དང་། ཤུག་ཚི་ཐང་ཚི་རྒྱ་ཚ་ར་ཚ་ཤིང་ཚ་དང་། ཁ་རུ་ཚ་ལྕེ་མྱང་ཚ་མུ་ཚི། དེ་ཆ་མཉམ་པ་རྣམས་ཕྱེ་མར་བཏགས་ཏེ། སྐྱུང་ཀ་འམ་བྱ་མོ་ནག་མོའི་སྒོ་ངའི་སེར་པོ་དང་ཚི་བ་ལ་བཏབ་སྟེ། བག་ཟན་གྱིས་དྲིལ་ལ་སླང་ངར་མར་ནག་ཕུལ་གང་དེ་ལ་ཐིམ་
པར་བཙོ། དེ་དང་རྡོ་སོལ་ངར་ལྡན་གྱི་ལྕགས་ཕྱེ་དང་། སྦྱར་ནས་རས་སམ་གོས་ཀྱི་ཐོང་ཀ་ལ་བྱུགས་ན། རླུང་ཕྱོགས་སམ་ཕུས་གདབ་ཅིང་མཆིལ་མ་བཏབ་ན། འོད་མེ་བདུན་གྱི་ཚད་དུ་གསལ་ཞིང་གོས་མི་དགོས་ཏེ་དྲོད་འབར་བར་འགྱུར་རོ། །འཚིགས་པ་ཙམ་བྱུང་ནས་ནུའི་ཆུ་བླུག་གོ། མ་ཤི་བ་དང་ཤི་བའི་དུས་སུ། གདུང་འབྲུལ་བར་འདོད་ན། མུ་ཏིག་དང་མུ་མེན་ཤེལ་དངུལ་ཆུ་ཟེ་ཚ་ཞོ་རེ་སྦྱར་ཏེ། རྫ་གསར་པའི་ནང་དུ་ར་དཀར་མོའི་འོ་མ་ཕུལ་གང་དང་བཅས་ཏེ་བླུགས་ལ། ཁ་ལེགས་པར་བཅད་ལ་འབའ་ཆས་གྲིལ་ཏེ་ཁམ་སས་གྲིལ། ཡང་ན་བའི་ལྕི་བས་གྲིལ། དེ་ཐབ་ཁུང་དུ་བཅུག་ལ་སོལ་བ་སྤུངས་ཏེ། སྦུད་པ་གཉིས་ཀྱིས་རེ་མོས་བུས། ལན་གསུམ་དུ་བསྲེག་ཅིང་བལྟས་པས། རྟགས་ནི་ལྟེང་ལྟེང་མིག་གིས་མི་བཟོད་ན་ཕེབས་པ་ཡིན་ནོ། །གལ་ཏེ་དེ་ལྟར་མ་བྱུང་ན། སྟར་བུ་སྲན་མ་བདུན་དང་མཉམ་པ་བླུག །གོང་ལྟར་བསྲེགས་པས་གཏན་ལ་ཕེབས་སོ། །དེ་ནས་གོང་མའི་རྫས་དང་རིང་བསྲེལ་ཁྱི་ལུད་མེས་བསྲེགས་པ་གཉིས་སྦྱར་ནས་རང་གར་འདོད་པར་བྱུགས་པ་དང་མཉམ་པར། དེ་ནས་གདུང་ཡང་དེ་དང་མཉམ་པར་འཁྲུལ་ལོ། །གླང་པོ་ཆེའི་རུས་པའམ་ཐོད་པའམ་རུས་པ་ལ་གོང་མའི་སྐུ་བྲིས་ཏེ། མེས་བསྲེགས་ན་སྐུ་འོང་ངོ་། །ཡང་ན་བསེ་རུའི་ནང་དང་སྦྱར་ཏེ། སྟག་གི་རྐན་ཕུགས་ཤ་ཆེན་དང་སྦྱར་ནས་བྱུགས་ན་མཆོད་རྟེན་འོང་ངོ་། །ཡང་ན་ཡོ་གར་འདུག་པའི་ཆུར་ཚ་བ་དྷ་ཀ་ཏ་ཤིའི་རྩ་བ་དང་། ཧ་ཤད་ཕྱེ་མ་རྣམས་དང་སྤོས་དཀར་སྦྱར་ཏེ། ཆོས་འཆད་དུས་ན་དུད་པ་བཏང་བས་འཇའ་ཚོན་འཁྲུག་ཅིང་འཇུག་པར་འགྱུར་རོ། །ཡང་ན་ཡོ་གི་ཡིས་
སྤྲུ་མ་འོམ་བུ་སེང་ལྡེང་དང་། རྒྱ་ཤུག་ཙན་དན་ལོ་མ་དང་ལན་ཚྭ་བྱ་རྒོད་རྐང་མར་རྣམས་ལེགས་པར་སྦྱར་ནས་རང་གི་ལུས་ལ་བྱུགས་ན། དུད་འགྲོའི་ཚོགས་རྣམས་འདུས་ཤིང་ཕྱག་དང་བསྐོར་བ་བྱེད་པར་འགྱུར་རོ། །ཡོ་གིས་སྤྱོད་པ་རྩོམ་པའི་དུས་སུ། ཀུ་ཀུ་ར་ཙ་མི་ཡོང་བར་བྱེད་ན། སྦྲང་རྒོད་བུ་རམ་འབྲིའི་ཀླད་པ། ཁྱི་སྦྱོར་བ་བྱེད་པའི་དུས་སུ་ཁྱི་མོའི་སྟུ་བཀབ་ལ་ཕྱིང་པ་སླན་ཏེ། དེ་ལ་ཁྱིའི་ས་བོན་འཛགས་པ་རྣམས་འབྱར་བ་འོང་སྟེ། དེ་བཀོག་ལ་གོང་གི་རྫས་དང་བསྲེས་ནས་སྔགས་འདི་སྟོང་ཚོ་བཞི་བཟླས་པ་ལུས་ལ་ཅོ་ཅོར་དུ་བསྲེལ་ལོ། །ཨཱོཾ་ཙ་ཙ་ཙེ་ཙོ། ཁུང་ཁང་། ཐུས་ཤི་ཐུས་ཤིཧ་སེ་ཧ་སེ། ཤ་ད་མམ་རིལ་རིལ། ཞེས་བཟླས་ཏེ་ཁྱི་བྱུང་བ་དང་། རང་གི་རྐང་པའི་འོག་ནས་ས་སྤར་གང་བླངས་ཏེ་ཁྱིའི་ཕྱོགས་སུ་གཏོར་རོ། །དེས་ནི་ཁྱི་ཐམས་ཅད་འཇུག་མ་བསྒྲིལ་ཞིང་འདུག་པར་འགྱུར་རོ། །རི་ལ་བསྒོམ་ཞིང་ལམ་འགྲུལ་སྐྱེལ་མ་བྱ་བའི་ཕྱིར། ཆོམ་རྐུན་ཇག་པ་འཆིང་བ་ནི། བ་སྤྲུ་བ་རང་འཐག་ལྟེ་ཕྱེ་ཉུང་དཀར་གསུམ་བསྲེས་ལ། སྔགས་འདི་འབུམ་དུ་བཟླས་སོ། །ཨཱོཾ་ཨོ་ཏི། ཨི་ཏན་སོད་ཡ། དེ་ནས་དགྲ་བྱུང་བ་དང་རྫས་གཏོར་ཅིང་སྔགས་འདི་བཟླས་སོ། །ཨཱོཾ་ཨོ་ཏི། ཨི་ཏན་སོད་ཡ། བྱས་པས་འགྲོ་མི་ཤེས་སོ། །ལྕེ་ཡ་ཀི་ནན། ཨིས་ཀྲོ་ཏ་ཡཱ་དན་སོད་བྱས་པས་སྨྲ་མི་ཤེས་སོ། །ཧ་ཏཱ་ཧ་ཏཱ། མུ་ཡུ་མུ་ཡུ། ངག་ངག་དུ་དུ། ཨིས་སྐྲ་ན་སོད། བྱས་པས་སྙིང་གིས་མི་དྲན་ནོ། །སླར་གསོ་ན། ནི་ཤ་ཀུ་རུ། ཁ་སོ་ཏྲི་ཡ་པ། སེན་མེན་ཡཾ། སུ་ཏྲི་ཡཾ་ཞེས་ཆུ་གཙང་མ་ལ་བཏབ་ཏེ་ཇག་པ་ལ་གཏོར་ན་གྲོལ་ལོ། །ཡོ་གི་ལ་མཚོན་གྱིས་མི་ཆོད་པར་བྱེད་ན། ཞག་བདུན་སྔགས་
འདི་ལ་རང་ལུས་མེར་བསྒོམས་ལ་བཟླས་སོ། །ཨཱོཾ་རྣོར་སོད། ཆུམ་བཟློག །དྲིལ་ནན་མི་སྭཱཧཱ། དགོས་དུས་སུ་ས་གཙང་མ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། རང་གི་ལུས་ལ་བྱུགས། དགྲའི་མཚོན་གྱི་ཕྱོགས་སུ་གཏོར་ན་མཚོན་ཁ་འཆིང་ཞིང་ཕིག་པར་མི་འགྱུར་རོ། །ཡང་ཡོ་གི་དུ་རུ་ཀའི་དམག་དང་མིས་མི་མཐོང་བར་བྱེད་ན། མུན་པ་ནག་པོར་བསྒྲུབས་ཏེ། སྐྱེས་པ་གྲིར་ཤི་བའི་པགས་པ་ཤ་དང་རོ་བསྲེགས་པའི་དབུར་ནག་གཉིས་རྩི་བཞིན་དུ་བཏགས་ཏེ། རྭ་ནང་དུ་སྔགས་འདིས་ཞག་ཉི་ཤུ་རྩ་གཅིག་ཏུ་བསྒྲུབ་བོ། །ཨཱོཾ་ན་མོ་རུ་ཏྲི་ཡ་ན་མོ། ཧི་རི་མི་རི་སྭཱཧཱ། ནམ་དགོས་པའི་དུས་སུ་སྨིན་ཕྲག་ལ་བྱུགས་ན་སུས་ཀྱང་མི་མཐོང་སྟེ། སླར་ཕར་འཇོམས་ནུས་པར་ཐེ་ཚོམ་མེད་དོ། །འདི་ཀུན་འཇིག་རྟེན་དྲང་དོན་དུ། །ཞེས་པའི་དོན་ནི། འདི་ཀུན་ཞེས་པ་ཐབས། འཇིག་རྟེན་ཞེས་པ་སོར་བཞག་དང་ཕྱིན་ཅི་ལོག་གཉིས། དྲང་དོན་དུ་ཞེས་པ་ཡང་དག་པའི་དོན་ལ། སྐལ་བ་ཅན་གྱི་སྤྱོད་ཡུལ་ལོ། །ཞེས་པའི་དོན་ནི། སྐལ་པ་ཞེས་པ་ཚོགས་བསགས་པའི། ཅན་གྱི་ཞེས་པ་ཚེ་འདི་ལ། སྤྱོད་ཡུལ་ལོ་ཞེས་པ་མཆོག་རང་འདོད་དང་བྲལ་བའི་ཡོ་གིའི། འདི་ཡི་ཐབས་ནི་སྣ་ཚོགས་པས། །ཞེས་པའི་དོན་ནི། འདི་ཡི་ཞེས་པ་བསྟན་པའི་བུ་གཅིག །ཐབས་ནི་ཞེས་པ་མཆོག་དང་ཐུན་མོང་གཉིས་ཀའི། དེའི་རྫས་ནི་བདུན་ཏེ། བླ་མ་མཚན་ལྡན་དང་ཨེ་ཀརིག་མ་མཚན་ལྡན་དང་དྷུ་ཡི། དེ་བཞིན་གཤེགས་པའི་རིང་བསྲེལ་དང་ཏྲཱི༔ སྐྱེ་བ་བདུན་པའི་ཤ་དང་རྟག་ཏུ་ངུ་དང་ཙི་རི། དུམ་ཅིག་བནྦྷ་བཟང་པོ་དང་པན་ཙ། དྲི་མེད་ཤེལ་སྒོང་དྭངས་པོ་དང་ཚ་ཊུ། བསྟན་པའི་རང་བཙས་
སངས་རྒྱས་སྲས་གཅིག་པོ་དང་ཙེ་ན། དེ་རྣམས་འཛོམ་ན་ནོར་བུ་དབང་གི་རྒྱལ་པོ་ཡིན་པ་དང་ཚ་དྷུ། དམིགས་པ་གང་འདོད་ལ་གཏད་ཅིང་། གསོལ་བ་བཏབ་པ་དང་གྷ་ད། བསམས་པ་ཡིན་བཞིན་དུ་འགྲུབ་པའི་ཚེ་ཧཱ། ནོར་འདོད་ན་རིང་བསྲེལ་ཤེལ། སྐྱེ་བདུན་ཤབསྟན་པའི་བུ་གཅིག་ཐོད་པར་བཞུགས་སུ་གསོལ། དར་སྣ་ལྔས་གྲིལ་ལ་གང་འདོད་པའི་མཆོད་པ་འབུལ་ཞིང་གསོལ་བ་བཏབ་སྟེ་ཚར་གསུམ་གསུམ་བསྒྲགས་ན་མི་འགྲུབ་རེ་ནི་ན་ར་ཀན། སྣ་ཚོགས་པས་ཞེས་པ་འདི་ལ་བརྟེན་པའི་ལས་ཚོགས་ཐུག་པ་མེད་དོ། ཁྱད་པར་སེམས་ཅན་གྱི་དོན་དུ་ཆར་འབེབས་ན་འབྲུག་ཤིང་ནམ་མཁའ་མ་མཐོང་བ་དང་ཆུ་ཤིང་གཉིས་ལས་ཕུར་པ་སོར་བཞི་ལས་མི་ཐུང་བ་རེ་བྱས་ཏེ། དེ་གཉིས་རས་གཙང་མའི་ཁུག་མར་བཅུག་སྟེ། ཆར་འབེབས་པའི་དུས་སུ་དཀོན་མཆོག་དང་མཁའ་འགྲོ་དང་ཆོས་སྐྱོང་དང་ཀླུ་གཏོར་རྒྱས་པར་བཏང་སྟེ། ཕུར་པ་གཉིས་ལ་ཐག་པ་བཏགས་ལ་ནམ་མཁའ་མ་མཐོང་བར་འབྱུང་བ་ཆུ་དང་ཉི་མ་དྭངས་དུས་སུ། ཆུ་མིག་ཏུ་བཅུག་ནས་གཅིག་གིས་བསྟན་པའི་བུ་གཅིག་རལ་གྲིའི་ལྕེ་ཡིས་བཀླག་ཅིང། གཅིག་གིས་སྦྲུལ་ཤ་བསྲེག་ཅིང་སྔགས་འདི་བཟླས་སོ། །ཧ་རི་ནི་ས་དྷཱ་ཀི་ཙ་རི་ཆར་ཕོབ་ཕོབ། ཁཾ་ཁཾ་ནཱ་ག་ར་ཙ་པན་ཙ་བྷ་རི་ཤ་ཡ་ཕོབ་ཕོབ། ཁཾ་ཁཾ་ཞེས་བཟླས་སོ། །ཆེས་ན་ཕུར་པ་བཏོན་ཏེ་གོང་གི་རང་ཁུག་ཏུ་སྦས་པས་ཆད་དོ། །གཞན་གྱི་འདོད་ཞེན་མཐའ་དགག་ཕྱིར། །ཞེས་པའི་དོན་ནི། གཞན་གྱི་ཞེས་པ་ཐེག་པ་ཐུན་མོང་བ། འདོད་ཞེན་ཞེས་པ་ཐུན་མོང་གི་སྒྲུབ་རྟགས་ཀྱི།
མཐའ་དགག་ཕྱིར་ཞེས་པ་སངས་རྒྱས་པའི་སྔོན་དུ། རབ་ཏུ་གསང་བར་བྱུང་བའོ། །ཞེས་པའི་དོན་ནི། རབ་ཏུ་ཞེས་པ་ཐུན་མོང་གི་ཚིག་ཙམ་རླུང་ཕྱོགས་ཙམ་དུ་ཡང་། གསང་བར་ཞེས་པ་ལོག་ལྟ་ཅན་ཐེག་པ་ཐུན་མོང་གི་ཆོས་བདག་ཅན་དུ་མ་གཏོགས་པ་རྣམས་ལ། བྱུང་བའོ་ཞེས་པ་ཡེ་གདོད་མ་ནས་རང་བབས་སུ་ཆོས་ཉིད་ཀྱི་རང་སྒྲར་རོ། །འགྲོ་བའི་དོན་དུ་ཐུན་མོང་གི་ལས་བསྟན་པའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།ས་མ་ཡ། རྒྱ་རྒྱ་རྒྱ།། །།
བཏགས་པས་གྲོལ་བའི་སྙིང་པོ་བསྟན་པའི་ལེའུ་སྟེ་དྲུག་པ།
༈ ད་ནི་ལེའུ་དྲུག་པ་འགྲོལ་ཏེ། ཁམས་ལ་བསླབ་པའི་ཐབས་ཡོད་པས། ཞེས་པའི་དོན་ནི། ཁམས་ལ་ཞེས་པ་མེ་རླུང་ནམ་མཁའི། དེ་དག་ཐམས་ཅད་འདུས་པ་བྱང་སེམས་དཀར་དམར་རོ། །བསླབ་པའི་ཞེས་པ་ཟུང་འཇུག་ལ། ཐབས་ཡོད་པས་ཞེས་པ་སངས་རྒྱ་བའི། དྲན་རྫོགས་ཕྱག་རྒྱའི་ངང་དུ་སྦྱོར། །ཞེས་པའི་དོན་ནི། དྲན་རྫོགས་ཞེས་པ་སྐད་ཅིག་ལ། ཕྱག་རྒྱའི་ཞེས་པ་ལས་དམ་ཚིག་ཆོས་ཕྱག་རྒྱ་ཆེན་པོའོ། །ངང་དུ་སྦྱོར་ཞེས་པ་དབུགས་ལ་སླེབ་ཅིང་བཏགས་པ་ཙམ་གྱིས། དབང་པོའི་ཞེན་པ་བཟློག་པའི་ཕྱིར། །ཞེས་པའི་དོན་ནི། དབང་པོའི་ཞེས་པ་སྒོ་ལྔའི། ཞེན་པ་ཞེས་པ་རང་རྒྱུད་པ་སྟེ། བཟློག་པའི་ཕྱིར་ཞེས་པ་རིགས་ལྔ་ཡུམ་ལྔར། ཀརྨ་རཀྵ་གྷི་ཧང་ཧི། །ཞེས་པའི་དོན་ནི། ཉོན་མོངས་པའི་བདུད་རང་སར་དག་པར་བྱེད་པའི་སྙིང་པོའོ། །ཕུང་པོའི་ཞེན་པ་བཟློག་པའི་ཕྱིར། །ཞེས་པའི་དོན་ནི། ཕུང་པོའི་ཞེན་པ་
ཞེས་པ་གཟུགས་ཚོར་བ། འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའོ། །ཞེན་པ་ཞེས་པ་རང་རྒྱུད་པ་དེ། བཟློག་པའི་ཕྱིར་ཞེས་པ་རིགས་ལྔ་ཡབ་ལྔར། བྷེ་ག་ར་ན་སོ་གད་གླིང་། །ཞེས་པའི་དོན་ནི། ཕུང་པོའི་བདུད་རང་སར་གྲོལ་བར་བྱེད་པའི་སྙིང་པོའོ། །ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར། །ཞེས་པའི་དོན་ནི། ཡུལ་ཀུན་ཞེས་གཟུགས་སྒྲ་དྲི་རོ་རེག་ག །ཞེན་པ་ཞེས་པ་རང་རྒྱུད་པ་དེ། བཟློག་པའི་ཕྱིར་ཞེས་པ་ཞིང་ཁམས་སུ། པུ་ཀ་རི་ལ་བྷ་དྷུ་ཏྲི། །ཞེས་པའི་དོན་ནི། ལྷའི་བུའི་བདུད་རང་སར་གྲོལ་བར་བྱེད་པའི་སྙིང་པོའོ། །སེམས་ཀྱི་དངོས་པོ་སྤུར་པའི་ཕྱིར། །ཞེས་པའི་དོན་ནི། སེམས་ཀྱི་ཞེས་པ་མི་དྲན་དགུ་དྲན་འདི། དངོས་པོ་ཞེས་པ་སྐུ་གསུམ། སྦུར་བའི་ཕྱིར་ཞེས་པ་ཀ་དག་དུ། རམ་པ་ཀ་ལ་ས་མི་ཁྱེ། །ཞེས་པའི་དོན་ནི། འཆི་བདག་གི་བདུད་རང་སར་གྲོལ་བར་བྱེད་པའི་སྙིང་པོའོ། །བྱུང་ཚོར་གནས་སུ་གཅད་པའི་ཕྱིར། །ཞེས་པའི་དོན་ནི། བྱུང་ཚོར་ཞེས་པ་བདེ་སྡུག་གཉིས། གནས་སུ་ཞེས་པ་གཞི་ལ། གཅད་པའི་ཕྱིར་ཞེས་པ་དངོས་མེད་དུ། མ་ཏང་ཕ་ཕེར་རས་མི་ཏི། །ཞེས་པའི་དོན་ནི། ཀུན་གཞི་རང་སར་གྲོལ་བར་བྱེད་པའི་སྙིང་པོའི། །འདུས་ཚོགས་སྣང་བ་ངོས་གཟུང་ཕྱིར། །ཞེས་པའི་དོན་ནི། །འདུས་ཚོགས་ཞེས་པ་འཁོར་འདས་ཀྱི་ཆོས་མ་ལུས་པ། སྣང་པ་ཞེས་པ་མངོན་སུམ། ངོས་གཟུང་ཕྱིར་ཞེས་པ་རང་སྣང་དུ། ཁ་ཌ་རེ་ཀྚ་ས་མིག་རླུང་། །ཞེས་པའི་དོན་ནི། རང་སྣང་རང་སར་གྲོལ་བར་བྱེད་པའི་སྙིང་པོའོ། །རིག་པ་བཙོན་རང་གཞུག་པའི་ཕྱིར། །ཞེས་པའི་དོན་ནི། རིག་པ་ཞེས་པ་མཚན་ཉིད་འཛིན་པའི་རིག་པ་མི་དྲན་དགུ་དྲན་འདི། བཙོན་རར་ཞེས་པ་གཞི་འཛིན་པའི་རིག་པ་རྡོ་རྗེ་ལུ་
གུ་རྒྱུད། གཞུག་པའི་ཕྱིར་ཞེས་པ་ཟབ་པའི་གནད་ལ་བརྟེན་ནས། ཨ་ཀེ་ར་ན་བྷེ་ཙག་ཤ། ཞེས་པའི་དོན་ནི། ཕྱིར་མི་ལྡོག་པར་བྱེད་པའི་སྙིང་པའོ། །འཁྲུལ་པའི་རང་རྒྱུད་ཁུངས་གཅད་ཕྱིར། །ཞེས་པའི་དོན་ནི། འཁྲུལ་པའི་ཞེས་པ་ཁམས་གསུམ་གྱི་སེམས་ཅན། རང་རྒྱུད་ཅེས་པ་དངོས་པོར་འཛིན་པ། ཁུངས་གཅད་ཕྱིར་ཞེས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ཡ་རི་མུ་ཊ་ས་གྷུ་ལི། །ཞེས་པའི་དོན་ནི། ཁམས་གསུམ་རང་སར་གྲོལ་བར་བྱེད་པའི་སྙིང་པོའོ། །རིགས་དྲུག་རིམ་གྱི་བསྒྲལ་བའི་ཕྱིར། །ཞེས་པའི་དོན་ནི། རིགས་དྲུག་ཅེས་པ་འགྲོ་བ། རིམ་གྱིས་ཞེས་པ་གོང་ནས་གོང་སྟེ། སྡིག་ཅན་ཉན་ཐོས་རྣམས་དང་མཉམ་པས་མངོན་ནོ། །བསྒྲལ་བའི་ཕྱིར་ཞེས་པ་འཁོར་བ་ལས། །ཡ་སིང་ར་རླུང་པ་ལ་ཡ། །ཞེས་པའི་དོན་ནི། རིགས་དྲུག་རང་སར་གྲོལ་བར་བྱེད་པའི་སྙིང་པོའོ། །འཁོར་བ་དོང་ནས་གདོན་པའི་ཕྱིར། །ཞེས་པའི་དོན་ནི། འཁོར་བ་ཞེས་པ་ངན་སོང་གསུམ་དུ། དོང་ནས་ཞེས་པ་ཞེ་འཇིགས་ཤིང་གཏིང་རིང་བ་ཐོན་དུས་མེད་པའོ། །གདོན་པའི་ཕྱིར་ཞེས་པ་བྱིན་བརླབས་རང་བབས་འདིས། མ་མ་ཀོ་ལིང་སཱ་མཱ་ཏ། །ཞེས་པའི་དོན་ནི། ངན་སོང་དོང་ནས་སྤྲུག་པར་བྱེད་པའི་སྙིང་པོའོ། །མི་ཤི་བའི་དུས་སུ་ཡང་རིགས་དྲུག་གི་དཀྱིལ་འཁོར་བཞེངས་ཏེ། སྙིང་པོ་འདི་ཛབ་ཏུ་བགྲང་ཞིང་། ཞག་དྲུག་ལ་ཚེ་འདས་དམིགས་པས་རིམ་པ་བཞིན་རིགས་དྲུག་ལས་དྲངས་ཏེ། བདུན་པ་ལ་འོད་གསལ་གྱི་དཀྱིལ་འཁོར་ཐིག་ལེ་ཆེན་པོ་ལྟར་བཞེངས་ཏེ། རྫོགས་པར་རང་བྱུང་གི་ལམ་བསྟན་པའི་ཚིག་རྣམས་ཀྱིས་ངོ་སྤྲད་པས། ནམ་མཁའ་ལ་
འཇའི་ཚོགས་འཁྲུགས་ཤིང་ཚེ་འདས་གྲོལ་བ་ལ་ཐེ་ཚོམ་མེད་དོ། །ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར། །ཞེས་པའི་དོན་ནི། ཆོས་ཅན་ཞེས་པ་སྤྱི། ཐུར་དུ་ཞེས་པ་དོན་འགྱུར་བ་མེད་པའི། གཞུག་པའི་ཕྱིར་ཞེས་པ་ཐིག་ལེ་ཉག་གཅིག་ལ། གྷ་རིང་ཡཾ་པ་རི་མཾ་ཏི། །ཞེས་པའི་དོན་ནི། ཡང་དག་དོན་ལ་སྐྱེལ་བར་བྱེད་པའི་སྙིང་པོའོ། །རོལ་པའི་བྱུང་ཁུངས་སྤུར་པའི་ཕྱིར། །ཞེས་པའི་དོན་ནི། རོལ་པའི་ཞེས་པ་ཆོས་ཉིད་ཀྱི། བྱུང་ཁུངས་ཞེས་པ་དང་པོའོ། །སྤུར་བའི་ཕྱིར་ཞེས་པ་ནམ་མཁའ་ལ་མངོན་སུམ་དུ། བུ་ག་སིང་ཧ་ཕ་གྷ་ལ། །ཞེས་པའི་དོན་ནི། རང་ཤར་རང་གྲོལ་བར་བྱེད་པའི་སྙིང་པོའོ། །ཞེན་པའི་འཕྲེང་ཐག་གཅད་པའི་ཕྱིར། །ཞེས་པའི་དོན་ནི། ཞེན་པའི་ཞེས་པའི་འཁོར་བ་ལས། འཕྲེང་ཐག་ཅེས་པ་འཛིན་པའི། གཅད་པའི་ཕྱིར་ཞེས་པ་ཡུལ་རིག་སྣང་དུ། ར་མི་སི་པི་ཁེ་ཏ་པ། ཅེས་པའི་དོན་ནི། ཞེན་ཡུལ་དབྱིངས་སུ་གྲོལ་བར་བྱེད་པའི་སྙིང་པོའོ། །ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར། །ཞེས་པའི་དོན་ནི། ལུག་རྒྱུད་ཅེས་པ་ཟུང་འཇུག་གཉིས་མེད་དུ་འབྲེལ་ཆགས་པའི། ཨར་ལ་ཞེས་པ་ཡོལ་སྒྲིབ་མེད་པར། གཏད་པའི་ཕྱིར་ཞེས་པ་ཉམས་ལེན་གྱིས། བི་ཁུ་མ་ལ་པ་ཏཾ་ཀི། ཞེས་པའི་དོན་ནི། ཉམས་གོང་ནས་གོང་དུ་འཕེལ་ཞིང་གྲོལ་བར་བྱེད་པའི་སྙིང་པོའོ། །ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར། །ཞེས་པའི་དོན་ནི། ལྷ་ཡི་ཞེས་པ་རིག་སྐུ་རིགས་ལྔའི། ཕྱག་རྒྱ་ཞེས་པ་བཅུ། ལྟ་བའི་ཕྱིར་ཞེས་པ་མཐོང་བྱེད་ཀྱི་རིག་པས། ས་མཱ་ཉི་བ་དྷེ་ར་པ། །ཞེས་པ་ནི་དོན་ནི། རིག་པ་ཚད་ལ་ཕེབས་ཤིང་ཞིང་ཁམས་ཤེས་བྱེད་ཀྱི་རིག་པར་
གྲོལ་བར་བྱེད་པའི་སྙིང་པོའོ། །ལྟ་སྒོམ་ལོག་པ་དག་བྱའི་ཕྱིར། །ཞེས་པའི་དོན་ནི། ལྟ་སྒོམ་ཞེས་པ་མཚན་ཉིད་འཛིན་པའི་རིག་པ་རིག་སྟོང་ཟུང་འཇུག་གིལོག་པ་ཞེས་པ་དམ། དག་བྱའི་ཕྱིར་ཞེས་པ་ཡེ་བསྲུངས་ཆེན་པོའི་དམ་ཚིག་གིས། བཛྲ་སཏྭ་ཌི་ཌྷོ་མེ། །ཞེས་པའི་དོན་ནི། རྡོ་རྗེ་སེམས་དཔའི་རིག་པ་ལ་རང་རྫོགས་སུ་གྲོལ་བར་བྱེད་པའི་སྙིང་པོའོ། །ས་ལམ་དུས་གཅིག་གཅད་པའི་ཕྱིར། ཞེས་པའི་དོན་ནི། ས་ལམ་ཞེས་པ་ཐེག་པ་དགུའི། དུས་གཅིག་ཅེས་པ་དོན་མཐོང་བའི། གཅད་པའི་ཕྱིར་ཞེས་མ་མངོན་སུམ་དུ། གྷེ་པ་སུ་གྷར་རྣ་མ་ཡེ། །ཞེས་པའི་དོན་ནི། ས་ལམ་ཆིག་རྫོགས་གྲོལ་བར་བྱེད་པའི་སྙིང་པོའོ། །ཡིད་དཔྱོོད་ལྟ་བ་ཁུངས་གཅད་ཕྱིར། །ཞེས་པའི་དོན་ནི། ཡིད་དཔྱོད་ཅེས་པ་དོན་མ་རྟོགས་པའི། ལྟ་བ་ཞེས་པ་རང་བཞིན་གྱི། ཁུངས་གཅད་ཕྱིར་ཞེས་པ་རིག་པའི་རྡོ་རྗེ་ལུ་གུ་རྒྱུད་དུ། དྷརྨ་པ་ཏི་ས་གྷུ་ལི། །ཞེས་པའི་དོན་ནི། གོལ་ས་ཐམས་ཅད་རང་ཐོག་ཅིང་གྲོལ་བར་བྱེད་པའི་སྙིང་པོའོ། །སྐུ་གསུམ་ལམ་དུ་བླང་བའི་ཕྱིར། །ཞེས་པའི་དོན་ནི། སྐུ་གསུམ་ཞེས་པ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའོ། །ལམ་དུ་ཞེས་པ་ལྟ་སྒོམ་སྤྱོད་པའི་དུས་སུ། བླང་བའི་ཕྱིར་ཞེས་པ་རིག་པ་མངོན་སུམ་དུ། ར་སྨིས་མ་ཁརྒད་ཚེ། །ཞེས་པའི་དོན་ནི། སྐུ་གསུམ་ལམ་དུ་ཆོད་ཅིང་འཛིན་པ་རང་སར་གྲོལ་བར་བྱེད་པའི་སྙིང་པོའོ། །སྣང་བ་དངོས་སུ་བླང་བའི་ཕྱིར། །ཞེས་པའི་དོན་ནི། སྣང་བ་ཞེས་པ་ཆོས་ཉིད་མངོན་སུམ་གྱི། དངོས་སུ་ཞེས་པ་ཡིད་དཔྱོད་མ་ཡིན་པར། བླང་བའི་ཕྱིར་
ཞེས་པ་རང་སྣང་ལྷུན་གྲུབ་ཏུ། རུ་པ་ས་མི་མི་ཏ་ལཾ། །ཞེས་པའི་དོན་ནི། ཅེར་གྲོལ་དུས་མཉམ་ལ་གྲོལ་བར་བྱེད་པའི་སྙིང་པོའོ། །སྒྲ་ཡི་ཞེན་པ་མཐའ་གཅད་ཕྱིར། །ཞེས་པའི་དོན་ནི། སྒྲའི་ཞེས་པ་འབྱུང་བཞི་འམ། ཞེན་པ་ཞེས་པ་རང་རྒྱུད་དུ། མཐའ་གཅད་ཕྱིར་ཞེས་པ་བརྗོད་དུ་མེད་པར། ང་ཏིག་པ་ཡཾ་ཀ་ལི་ས། །ཞེས་པའི་དོན་ནི། བརྗོད་མེད་ཆིག་འདས་སུ་གྲོལ་བར་བྱེད་པའི་སྙིང་པོའོ། །བསམ་གཏན་ཆེན་པོའི་ས་གནོན་ཕྱིར། །ཞེས་པའི་དོན་ནི། བསམ་གཏན་ཞེས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ། ཆེན་པོའི་ཞེས་པ་གོང་ན་མེད་པའི། ས་ནོན་ཕྱིར་ཞེས་པ་བཅུ་དྲུག་རྫོགས་ཆེན་རང་བཞིན་གྱི། ག་ཆ་པ་ལ་ས་ཨི་ཊཾ། །ཞེས་པའི་དོན་ནི། ས་ལམ་ཆིག་ཆོད་ལ་གྲོལ་བར་བྱེད་པའི་སྙིང་པོའོ། །འཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །ཞེས་པའི་དོན་ནི། འཕྲིན་ལས་ཞེས་པ་སངས་རྒྱས་ཀྱི། མཐའ་རུ་ཞེས་པ་ཚེ་འདིའི་མཐའ་དབུགས་ཆད་པ་དང་། དབྱུང་བའི་ཕྱིར་ཞེས་པ་རྩོལ་མེད་ལྷུན་གྲུབ་ཏུ། ཀརྨ་ཨེ་ཀ་མ་ནུ་ས། །ཞེས་པའི་དོན་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཛད་པར་གྲོལ་བའི་སྙིང་པོའོ། །སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར། །ཞེས་པའི་དོན་ནི། སངས་རྒྱས་ཞེས་པ་འཁྲུལ་པ་སངས་བའི་བདེ་བ། ཡེ་ཤེས་རྒྱས་པའི་རང་སྣང་ལ། མངོན་ཞེན་ཞེས་པ་ཐེག་པ་ཐུན་མོང་པས་རང་བྱུང་དུ་མ་ཤེས་ཏེ། ཡིད་བསྒོམ་བག་ཆགས་ཀྱིས་ཐོབ་པར་འདོད་པ་ལ། བཟློག་པའི་ཕྱིར་ཞེས་པ་སྐུ་གསུམ་རང་སྣང་རང་བྱུང་དུ། སང་ཀྲི་མ་མ་ཀརྨ་ཏ། །ཅེས་པའི་དོན་ནི། སྐུ་གསུམ་ཀ་དག་ཏུ་གྲོལ་བར་བྱེད་པའི་སྙིང་པའོ། །
རྒྱལ་སྲས་རྣམས་ཀྱི་གནས་བཙལ་ཕྱིར། །ཞེས་པའི་དོན་ནི། རྒྱལ་སྲས་ཞེས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་འཛིན་པ། རྣམས་ཀྱི་ཞེས་པ་ཟག་བཅས་མི་སྣང་བར་ཕུང་པོ་ལྷག་མེད་དུ་གཤེགས་པ། གནས་བཙལ་ཕྱིར་ཞེས་པ་ངོ་བོ་སྐྱེ་བ་མེད་པའི་གནས་ངོས་བཟུང་དང་བྲལ། རང་བཞིན་འགྲིབ་པ་མེད་པའི་གནས་ཕྱི་ནང་དང་བྲལ། ཐུགས་རྗེ་འགག་པ་མེད་པའི་གནས་ཉེ་རིང་དང་བྲལ། དེ་གསུམ་ལ་འཛིན་པ་མེད་པའི་གནས་ཀ་ནས་དག་པ་སེམས་ཅན་རྣམས་ཀྱི། ང་ལ་ཁེ་པ་ཀི་ལི་ས། །ཞེས་པའི་དོན་ནི། འདི་ཉིད་བཏགས་ཞིང་དབུགས་ལ་སླེབ་ཚད་གྲོལ་བར་བྱེད་པའི་སྙིང་པོའོ། །འདི་ཀུན་རང་ཤུགས་ཚིག་དུ་བྱུང་། །ཞེས་པའི་དོན་ནི། འདི་ཀུན་ཞེས་པ་གཉིས་སུ་མེད་པའི་དགོངས་པ། རང་ཤུགས་ཞེས་པ་སྟོང་རིག་མ་འགགས་པའི། ཚིག་ཏུ་བྱུང་ཞེས་པ་སེམས་ཅན་གྲོལ་བར་བྱེད་པའི་སྙིང་པོའོ། །ཞེས་པ་ཀུན་བཟང་ཡབ་ཡུམ་གཉིས་སུ་མེད་པའི་དགོངས་པ། རེ་རེས་གྲོལ་བར་བྱེད་པ་ཆོས་ཉིད་ཀྱི་རང་སྒྲ་ཐིག་ལེ་ཉི་ཤུ་རྩ་ལྔ་པའོ། ཨཱོོཾ་ལུས་གྲོལ་བར་བྱེད་པའི་སྙིང་པོ་འོ། །ཨཱཿ་ངག་གྲོལ་བར་བྱེད་པའི་སྙིང་པོ་འོ། །ཧཱུྃ་ཡིད་གྲོལ་བར་བྱ་པའི་སྙིང་པོ་འོ། །ལྔ་ལྡན་རྡོ་རྗེའི་ལྟེ་བ་ཐིག་ལེ་མཐིང་ཀ་ལ་བྲི་འོ། །ཡང་ཀུན་ཏུ་བཟང་པོའི་དགོངས་པའོ། །ཨེ་མ་ཀི་རཱི་ཀི་རཱི། མས་དྷ་བྷ་ལ་བཱ་ལི། ས་མི་ཏ་སུ་རུ་སུ་རུ། ཀུན་དྷ་ལི་མ་སུ་མ་སུ། ཨ་ཀ་ར་སུ་ལི་བྷས་ཏ་ཡེ། ཙ་ཀི་ར་བྷུ་ལི་ཏ་ལྕེ་ཡེ། ས་མུན་ཏ་ཙ་ཡེ་སུ་གྷ་ཡེ། བྷི་ཏི་ལ་ས་ན་བྷྱ་གྷུ་ལི་ཡེ། ས་ཀ་རི་དྷུ་ཀ་ནི། མ་ཏ་རི་བྷེ་ཏ་ན། བ་ར་ལི་
ཧི་ས་ན། མ་ཁ་ར་ཏེ་ཀེ་ལ་ན་སཾ། སམ་བྷུ་ར་ཏ་མེ་ཀ་ཙ་ར་ཏཾ་པ། ཨུ་རྒྱ་གྷ་ཏ་ར་ཨེ་པ་ཤན། ན་ར་བྷི་ཧི་ས་གྷུ་ཏི་པ་ཡཱ། གྷུ་ར་གྷུ་ར་ཕ་ག་ཁ་ར་ན་ལཾ། ན་ར་ན་རཱ་ཨི་ཐ་ར་ས་ཌ་ལཾ། སིར་ན་སིར་ན་བྷེ་ས་བྷེ་ས་རས་པ་ལ། བྷུདྡྷ་བྷུདྡྷ་བྷུད་ཚི་ཥ་ས་ཀྱི་ལཾ། ས་སཱ། རི་རཱི། ལ་ཁཱེ། ཨི་ཨཱི། མ་མཱ༔ རི་རཱི༔ ལ་ཏ་ཨ། གཞི་འཛིན་པའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་གྲོལ་བར་བྱེད་པའི་སྙིང་པོའོ། །ཚིག་བར་ཉི་ཤུ་རྩ་དྲུག་པའོ། །ཡུམ་ཀུན་ཏུ་བཟང་མོའི་དགོངས་པའོ། །སྨས་ཏ་བྷ་ས་ལི། ས་མི་ཏ་སུ་རུ་སུ་རུ། ཀུན་དྷ་ལི་མ་སུ། ཨི་ཀི་རི་ལི་བྷི་ཏ་ཡེ། ཙ་ཀ་བྷུ་ལི་ཏ་ལྕེ་ཡེ། ས་མུན་ཏ་ཙཪྱ་སུ་གྷ་ཡེ། བྷི་ཏི་ས་ན་བྷན་གྷུ་ཡཱེ། ཀི་རི་དྷ་ཀི་ན། དྷ་ཀ་མ་ཧ་བྷོ་རེ། ཏ་ན་བ་ར་བ་ལི་དྷི། ས་ན་ཁ་ར་ཏ་ཀི་ལན། སམ་བྷུ་དྷ་ར་ཏ། ཨེ་ཀ་ཙ་ར་ས་བྷས་ཏཾ། ཏ་པ་སུཪྱ་གྷ་ཏ་ར་ཨ། མ་ན་པ་ར་བྷི་ཧོ། ཏིང་གྷུ་ར་ལ། མ་སྨིན་པ་གྷུ་ཏི་ལ། ཏ་ཡ་གྷུ་ར་གྷུ་ར་རླངས་ག་ཁ་བར་ན་ལཾ། ན་ར་ནཱ་རཱ་ལཾ། ཨེ་ཐ་ར་པ་ཊ་ལཾ། སིརྣ་སིརྣ་བྷེ་ས་རས་པ་ལམ། ས་ཀི་ལཾ། ས་སཱ། རི་རཱི། ལི་ལཱི། ཨི་ཨཱི། མ་མཱ། ར་རཱ། མཚན་ཉིད་འཛིན་པའི་རིག་པ་འགྱུར་སྟོང་ཅི་མེད་དུ་གྲོལ་བར་བྱེད་པའི་སྙིང་པོ་ཚིག་བར་ཉི་ཤུ་རྩ་དགུ་པ་དང་། གཉིས་ཐིག་ལེའི་དབྱིངས་ལ་བྲིའོ། །ལོངས་སྐུ་ཞི་ཁྲོའི་དགོངས་པ། འ་ཨ་ཤ་ས་མ་ཧ། རིགས་དྲུག་ཀློང་དུ་གྲོལ་བར་བྱེད་པའི་སྙིང་པོ་ཐིག་ལེ་དྲུག་པའོ། །སྤྲུལ་སྐུ་འགག་པ་མེད་པའི་དགོངས་པ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿསྐྱེ་བ་མེད་པར་གྲོལ་བར་བྱེད་པའི་སྙིང་པོ་ཚིག་བར་བརྒྱད་པའོ། །
ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ༔ འགག་པ་མེད་པར་གྲོལ་བར་བྱེད་པའི་སྙིང་པོ་ཚིག་བར་བརྒྱད་པའོ། །བསྟན་པ་ཐམས་ཅད་མི་འགྱུར་བའི་དགོངས་པ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་བ། ཧེ་ཏུན་ཏེ། ཥཱནྟ་ཐཱ་ག་ཏོ་ཧྱ་བ་དད། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱཧཱ། གནས་པ་རྒྱུན་དུ་གྲོལ་བར་བྱེད་པའི་སྙིང་པོ་ཚིག་བར་བཅུ་གཉིིས་པའོ། །དེ་ལྟར་འཇའ་ཚོན་ལྷ་སྐུ་རིང་བསྲེལ་ཀྱི་སྙིང་པོ་མི་འདྲ་བ་བརྒྱད་པོ་ལ་འཕྲིན་ལས་མཐའ་རྒྱས་ཤིང་ཤམ་བུ་ནི་ནད་དང་གདོན་དང་འཇིགས་པ་བརྒྱད་དང་། སྒྲིབ་པ་ཐམས་ཅད་རིག་པར་ཞི་བ་ཤཱན་ཏིཾ་ཀུ་རུ་ཡེ་སྭཱ་ཧཱ། ཚེ་དང་བསོད་ནམས་དང་ཞིང་ཁམས་ཐམས་ཅད་རིག་པར་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱཧཱ། དགྲ་བགེགས་དང་སངས་རྒྱས་དང་ཆོས་དང་དགེ་འདུན་དང་འཁོར་འདས་རིག་པའི་དབང་དུ་སྡུས་ཤིག་བ་ཤཾ་ཀུ་རུ་ཡེ་སྭཱཧཱ། དུག་ལྔ་དུག་གསུམ་རིག་པའི་ངང་དུ་མཱ་ར་ཡ་སོད་སོད་སྭཱཧཱ། ཞེས་པ་དང་ཡེ་ཤེས་རྣམ་པ་ལྔས་བསྐོར་བ་ནི་གཞི་མི་འགྱུར་བའི་ཐིག་ལེ་ཆེན་པོའོ། །ཞེས་བཏགས་པས་གྲོལ་བའི་སྙིང་པོ་བསྟན་པའི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།
ཞེས་རྒྱུད་འདུས་མ་བྱས་པར་བསྟན་པའི་ལེའུ་སྟེ་བདུན་པ།
ད་ནི་ལེའུ་བདུན་པ་འགྲོལ་ཏེ། ཨེ་མ་ཧོ། ཞེས་པའི་དོན་ནི། ཨེ་ཞེས་པ་ཆོས་སྐུ་འདུས་མ་བྱས་པའོ། །མ་ཞེས་པ་ལོངས་སྐུ་འདུས་མ་བྱས་པའོ། །ཧོ་ཞེས་པ་སྤྲུལ་སྐུ་འདུས་མ་བྱས་པའོ། །དེ་ལྟར་འདུས་མ་བྱས་ཀྱི་རང་སྒྲ་འདུས་མ་བྱས་པས་ངོ་མཚར་ཆེའོ། །བཅོམ་པ་དང་ནི་ལྡན་པ་དང་། །ཞེས་པའི་དོན་ནི། བཅོམ་པ་ཞེས་པ་མ་རིག་པ། དང་ནི་ཞེས་པ་དུག་ལྔ་དུག་གསུམ། ལྡན་པ་དང་ཞེས་པ་སྐུ་གསུམ་ཡེ་ཤེས་ལྔ་དང་། འདས་པ་ཡང་དག་ལམ་ཡིན་ནོ། །ཞེས་པའི་དོན་ནི། འདས་པ་ཞེས་པ་མ་རིག་པ་ལས། ཡང་དག་
ཅེས་པ་རིག་པ། ལམ་ཡིན་ནོ་ཞེས་པ་ཀ་དག་གིའདི་ཚིག་ལམ་མིན་གདམས་པ་ཡིན། །ཞེས་པའི་དོན་ནི། འདི་ཚིག་ཅེས་པ་སངས་རྒྱས་གཅིག་པའོ། །ལམ་མིན་ཞེས་པ་ད་བསྒྲུབ་དགོས་པ་ལྟ་བུ་མིན་པས་སོ། །གདམས་པ་ཡིན་ཞེས་པ་གསུང་འདུས་མ་བྱས་ཕྲད་པས་ཆོག་པའི། བསྟན་ཅིང་བཤད་མེད་བརྗོད་མ་ཡིན། །ཞེས་པའི་དོན་ནི། བསྟན་ཅིང་ཞེས་པ་དངོས་པོར། བཤད་མེད་ཅེས་པ་འཁོར་ལོ། བརྗོད་མ་ཡིན་ཞེས་པ་སྟོན་པ་གང་གིས་ཀྱང་། གདམས་པ་མ་ཡིན་བྱིན་རླབས་ཡིན། །ཞེས་པའི་དོན་ནི། གདམས་པ་ཞེས་པ་སངས་རྒྱས་ཀྱིས་གསུངས་པའི། མ་ཡིན་ཞེས་པ་དང་པོ་ནས། བྱིན་རླབས་ཡིན་ཞེས་པ་འདུས་མ་བྱས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི། བྲིས་ཤིང་བཀོད་མེད་རང་བྱུང་ཡིན། །ཞེས་པའི་དོན་ནི། བྲིས་ཤིང་ཞེས་པ་ཡི་གེ་རིས་སུ། བཀོད་མེད་ཅེས་པ་གང་ཟག་གིས། རང་བྱུང་ཡིན་ཞེས་པ་སངས་རྒྱས་སྒོམ་སྟེ་མ་མཛད། སེམས་ཅན་སྒྲིན་པོས་མ་བཅོས་ཏེ་བྱས་པ་མེད་པའི། གནས་དང་དུས་མེད་སྔོན་ཐོག་ཡིན། །ཞེས་པའི་དོན་ནི། གནས་དང་ཞེས་པ་གང་དུ། དུས་མེད་ཅེས་པ་འདས་མ་འོངས་ད་ལྟ་གསུམ། སྔོན་ཐོག་ཡིན་ཞེས་པ་དྲན་པ་ཀུན་གྱི། ཆོས་མིན་སྙིང་པོ་ཐུགས་གསང་ཡིན། །ཞེས་པའི་དོན་ནི། ཆོས་མིན་ཞེས་པ་སྟོན་པས་གསུངས་པའི། སྙིང་པོ་ཞེས་པ་བསྟན་པ་ཐམས་ཅད་ཀྱི། ཐུགས་གསང་ཡིན་ཞེས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི། སུས་ཀྱང་ཉན་མེད་རང་ཤར་ཡིན། །ཞེས་པའི་དོན་ནི། སུས་ཀྱང་ཞེས་པ་ཕྱག་ན་རྡོ་རྗེ་ལ་སོགས་པའི། ཉན་མེད་ཅེས་པ་རྣ་བའི་དབང་པོས། རང་ཤར་ཡིན་ཞེས་པ་ཐིག་ལེ་ཉག་གཅིག་ཏུ། ཐོས་པ་མེད་ཅིང་རང་བསྒྲགས་ཡིན། །ཞེས་པའི་དོན་ནི། ཐོས་པ་ཞེས་པ་རྣ་བའི་དབང་པོས། མེད་ཅིང་ཞེས་པ་འབྱུང་བཞི་རང་སྡེབས་ཀྱི་སྒྲ། རང་བསྒྲགས་ཡིན་ཞེས་པ་སྒྲ་འདུས་མ་བྱས་ཆོས་ཉིད་མངོན་སུམ་མོ། །བྱས་པས་འདི་ཀུན་མ་ཡིན་ཚིག །ཅེས་པའི་
དོན་ནི། བྱས་པས་ཞེས་པ་ཡིད་དཔྱོད་ཚིག་གིས་བཤད་མི་ཤེས་སོ། །འདི་ཀུན་ཞེས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པོའི་ཚིག །མ་ཡིན་ཚིག་ཅེས་པ་འདུས་མ་བྱས། འདི་ཡོད་འགྲོ་བ་སངས་རྒྱས་ཡིན། །ཞེས་པའི་དོན་ནི། འདི་ཡོད་ཅེས་པ་ཆོས་ཉིད་ཀྱི་རང་སྒྲ། འདུས་མ་བྱས་སངས་རྒྱས་སྲས་གཅིག་པོ། འགྲོ་བ་ཞེས་པ་དབུགས་ཅན། སངས་རྒྱས་ཡིན་ཞེས་པ་བྲལ་ཆེན་པོ་རིག་པས་གྲོལ་བ། བ་མོ་ལ་ཉི་མ་ཕོག་པ་ལྟ་བུས། ཕ་རོལ་མཐོང་བའི་གསང་ཆེན་ལམ། །ཞེས་པའི་དོན་ནི། ཕ་རོལ་ཞེས་པ་འཁྲུལ་སྣང་རང་འགགས་ལ་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་སྐྱེ་ཤི་བོར་ལེན་འདིའི། མཐོང་བའི་ཞེས་པ་སྐུ་གསུམ་ཡེ་རྫོགས་ཡེ་ཤེས་ལྔ་ལྡན་གྱི་སྣང་བ། གསང་ཆེན་ལམ་ཞེས་པ་མ་བསྒོམས་རྒྱུད་བཏགས་པའི་བྱིན་རླབས་ཀྱི། ཡོན་ཏན་རང་བབས་སུ་བྱུང་བ་ནམ་ཟླ་དྲོས་པ་ལྟ་བུའོ། །སེམས་ཡོད་མ་ཡིན་སྤྲུལ་པ་ཡིན། །ཞེས་པའི་དོན་ནི། སེམས་ཡོད་ཅེས་པས་ཟིན་མེད་པའི་འགྲོ་བ། ཡོད་པ་ལ་མེད་པར་སེམས། མེད་པ་ལ་ཡོད་པར་སེམས་འདུས་བྱས་འཇིག་པའི་ཆོས་ཅན། མ་ཡིན་ཞེས་པ་རྒྱུད་འདི་ཡོད་པའི་སྐལ་པ་ཅན་ཏེ། སྤྲུལ་པ་ཡིན་ཞེས་པ་འདུས་མ་བྱས་ཀུན་བཟང་ཡབ་ཡུམ་གྱི། འཁོར་བའི་སྤྱི་མདུད་གྲོལ་བའོ། །ཞེས་པའི་དོན་ནི། འཁོར་བའི་ཞེས་པ་ཁམས་གསུམ་དུ། སྤྱི་མདུན་ཅེས་པ་གཟུང་འཛིན་གཉིས། གྲོལ་བའོ་ཞེས་པ་རྒྱུད་འདིས་དབུགས་ལ་སླེབ་པ་ཙམ་གྱིས་མུན་ཁུང་དུ་མར་མེ་བཏེག་པའམ་མཁའ་ལ་ཉི་མ་ཤར་བ་ལྟར། ཤེས་བྱ་མ་ཡིན་ལམ་སྣ་ཐག །ཅེས་པའི་དོན་ནི། ཤེས་བྱ་ཞེས་པ་ཡིད་དཔྱོད་ཀྱི། མ་ཡིན་ཞེས་པ་རྒྱུད་འདི། ལམ་སྣ་ཐག་ཅེས་པ་རྒྱུད་འདི་དང་ཕྲད་པ་དང་ལམ་བསྒྲོད་པ་དུས་མཉམ་པས་སོ། །སྟོང་པ་མ་ཡིན་མངོན་སུམ་ཡུལ། །ཞེས་པའི་དོན་ནི། སྟོང་པ་ཞེས་པ་ཅང་མེད་ཆད་ལྟ། མ་ཡིན་ཞེས་པ་རྒྱུད་འདི། མངོན་སུམ་ཡུལ་ཞེས་པ་སྐུ་གསུམ་ཡིད་དཔྱོད་ལ་རགས་མ་ལས་པས།
ཡོད་མེད་མ་ཡིན་ཐབས་གསང་བ། །ཞེས་པའི་དོན་ནི། ཡོད་མེད་ཅེས་པ་རྟག་ཆད་གཉིས། མ་ཡིན་ཞེས་པ་རྒྱུད་འདི། ཐབས་གསང་བ་ཞེས་པ་བཏགས་གྲོལ་མཐོང་གྲོལ་ལྟས་གྲོལ་རྣམས། ལྷ་མེད་འདི་ལ་སྔགས་ཡོད་མིན། །ཞེས་པའི་དོན་ནི། ལྷ་མེད་ཅེས་པ་བློས་བྱས་ཡིད་བསྒོམ་གྱི། འདི་ལ་ཞེས་པ་རྒྱུད། སྔགས་ཡོད་མིན་ཞེས་པ་མིང་བརྗོད་ཡི་གེ་དང་བྲལ་བས་བཟླས་པའི། ཕ་རོལ་ཕྱིན་པ་དྲུག་གི་གཞི། །ཞེས་པའི་དོན་ནི། ཕ་རོལ་ཞེས་པ་རྩོལ་བྱས་དྲུག་གིཕྱིན་པ་ཞེས་པ་རྩོལ་མེད། དྲུག་གི་གཞི་ཞེས་པ་སྐུ་གསུམ་རང་ཆས་ཀྱི་སྦྱིན་པ། འོད་ལྔ་དྲི་མེད་ཀྱི་ཚུལ་ཁྲིམས། ཉོན་མོངས་རང་གྲོལ་གྱི་བཟོད་པ། ཅེར་མཐོང་ཚོམ་བུའི་བརྩོན་འགྲུས། འགྱུ་བ་དངོས་མེད་ཀྱི་བསམ་གཏན། ཆོས་ཟད་ཀ་དག་གི་ཤེས་རབ་བོ། །བསྙེན་གནས་ལ་སོགས་འདི་ཚུལ་ལོ། །ཞེས་པའི་དོན་ནི། བསྙེན་གནས་ཞེས་པ་ལུས་ངག་ཡིད་གསུམ་དཀོན་མཆོག་གསུམ་ལ་བསྙེན་པ། སྐུ་གསུམ་འདུ་འབྲལ་མེད་པ་ལ་གནས་པའོ། །ལ་སོགས་ཞེས་པ་ཉིས་བརྒྱ་ལྔ་བཅུའོ། །འདི་ཚུལ་ལོ་ཞེས་པ་རྒྱུད་འདིའི། དེ་བཞིན་དུ་ཡང་བྱེ་བྲག་སྨྲ། །ཞེས་པའི་དོན་ནི། དེ་བཞིན་ཞེས་པ་ཚུལ་གྱི་དབྱེ་བ། དུ་ཡང་ཞེས་པ་ཁ་འཛིན། བྱེ་བྲག་སྨྲ་ཞེས་པ་ཉན་ཐོས་པ། དོན་དམ་ཀུན་རྫོབ་གཟུགས་ཀྱིས་སོ། །ཞེས་པའི་དོན་ནི། དོན་དམ་གྱི་དོན་དམ་དང་ཀུན་རྫོབ་ཀྱི་དོན་དམ་མོ། །ཀུན་རྫོབ་ཅེས་པ་ཀུན་རྫོབ་ཀྱི་ཀུན་རྫོབ་དང་ཀུན་རྫོབ་ཀྱི་དོན་དམ་མོ། །གཟུགས་ཀྱིས་སོ་ཞེས་པ་སྣོད་བཅུད་གཉིས་ཀྱི། རྒྱུད་ཀྱི་རྩ་བ་འདི་ཉིད་རང་། །ཞེས་པའི་དོན་ནི། རྒྱུད་ཀྱི་ཞེས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི། རྩ་བ་ཞེས་པ་ཐམས་ཅད་ཀྱི། འདི་ཉིད་རང་ཞེས་པ་རྒྱུད་བསྟན་པའི་བུ་གཅིག །ལྷ་ཡི་རྣལ་འབྱོར་འདི་སྔགས་ཡིན། །ཞེས་པའི་དོན་ནི། ལྷའི་ཞེས་པ་ཕྱི་ནང་གིརྣལ་འབྱོར་ཞེས་པ་བསྐྱེད་རྫོགས་གཉིས་
ཀྱི། འདི་སྔགས་ཡིན་ཞེས་པ་མ་བཟླས་པའི་སྲོག །ལུང་ཆེན་རྣམས་ཀྱི་དམ་པ་འདི། །ཞེས་པའི་དོན་ནི། ལུང་ཆེན་ཞེས་པ་མདོ་རྒྱུད། རྣམས་ཀྱི་ཞེས་པ་མ་ལུས་པ། དམ་པ་འདི་ཞེས་པ་སྙིང་པོ། ཆོས་རྣམས་རོ་གཅིག་འདྲེས་པའི་བརྟེན། །ཞེས་པའི་དོན་ནི། ཆོས་རྣམས་ཞེས་པ་ཐེག་པ་དགུའི། རོ་གཅིག་ཅེས་པ་སྐུ་གསུམ་དུ། འདྲེས་པའི་རྟེན་ཞེས་པ་གཉིས་མེད་སྤང་བླང་མེད་པར། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཞེས་པའི་དོན་ནི། སྐུ་གསུང་ཞེས་པ་མདུན་རྒྱབ་ཏུ་མེད་པར་རང་གསལ་བརྗོད་དུ་མེད་པར་ཆད་པའོ། །ཐུགས་ཀྱི་ཞེས་པ་འཁྲུལ་མ་མྱོང་བའི་དངོས་མེད་དོ། །དབྱེ་བ་ཡིན་ཞེས་པ་སྣང་སྲིད་འཁོར་འདས་ཐམས་ཅད་ལ། བླ་མེད་འཁོར་ལོ་བསྐོར་བའི་གནས། །ཞེས་པའི་དོན་ནི། བླ་མེད་ཅེས་པ་གསང་བ། འཁོར་ལོ་ཞེས་པ་སྐུ་གསུམ་གྱི་ཆོས། བསྐོར་བའི་གནས་བའི་གནས་ཞེས་པ་སྐུ་བ་ཞིའི་ཡེ་ཤེས་ལྔའི་རབས། དབང་པོ་རྣམས་གྱི་དམིགས་གཏད་ཡིན། །ཞེས་པའི་དོན་ནི། དབང་པོ་ཞེས་པ་ལྔ། རྣམས་ཀྱི་ཞེས་པ་འགྲོ་བ་མ་ལུས་པ། དམིགས་གཏད་ཡིན་ཞེས་པ་འཕྱུགས་སོ་མེད་པའི། ཤེས་རབ་རྣམས་ཀྱི་རྟོགས་པའི་གནས། །ཞེས་པའི་དོན་ནི། ཤེས་རབ་ཅེས་པ་ཡང་དག་པའི། རྣམས་ཀྱི་ཞེས་པ་གཅད་བྱེད་སྒྲོལ་བྱེད་འབྱེད་བྱེད་འདུ་བྱེད་ལ་སོགས་པའོ། །རྟོགས་པའི་གནས་པ་ཞེས་པ་སྐུ་གསུམ་ལྷུན་གྲུབ་ཏུ། སྐུ་གསུམ་ལམ་དུ་སློང་བའི་རྟེན། །ཞེས་པའི་དོན་ནི། སྐུ་གསུམ་ཞེས་པ་ཆོས་སྐུ་སྐྱེ་མ་མྱོང་བས་མཐའ་དང་བྲལ། ལོངས་སྐུ་འགྲིབ་མ་མྱོང་བས་ཞི་ཁྲོར་གསལ། སྤྲུལ་སྐུ་འགག་མ་མྱོང་བས་ཀུན་ལ་ཁྱབ། ལམ་དུ་ཞེས་པ་སྐལ་པ་ཅན་གྱིས། སློང་བའི་རྟེན་ཞེས་པ་མངོན་སུམ་དུ། ཐིག་ལེ་མངོན་དུ་འབྱིན་པའི་མིག །ཅེས་པའི་དོན་ནི། ཐིག་ལེ་ཞེས་པ་སྐུ་གསུམ་ལྷུན་གྲུབ་ཀྱི། མངོན་དུ་ཞེས་པ་དབང་པོའི། འབྱིན་པའི་མིག་ཅེས་པ་ཅེར་མཐོང་སངས་རྒྱས་སུ། ཐར་པའི་སྐས་
ཀུན་སློང་བར་བྱེད། །ཅེས་པའི་དོན་ནི། ཐར་པའི་ཞེས་པ་ཁམས་གསུམ་ལས། སྐས་ཀུན་ཞེས་པ་སྐུ་གསུམ་གྱི། སློང་བར་བྱེད་ཅེས་པ་འཁོར་འདས་རང་དྭངས་སུ། ལམ་དུ་འཇུག་པའི་ས་མཁན་ཡིན། །ཞེས་པའི་དོན་ནི། ལམ་དུ་ཞེས་པ་ཡང་དག་པའི། འཇུག་པའི་ཞེས་པ་འགྲོ་བ་སེམས་ཅན་རྣམས། ས་མཁན་ཡིན་ཞེས་པ་མ་ནོར་བར་བྱེད་པ་སྟེ། གཞི་མ་ནོར་བ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ལམ་མ་ནོར་བ་སྒྲོན་མ་བཞི། འབྲས་བུ་མ་ནོར་བ་སྐུ་གསུམ་འཛིན་ཟད་ཀ་ནས་དག་གོ། སྐལ་ལྡན་འཛིན་པའི་ལྕགས་ཀྱུར་སྣང་། །ཞེས་པའི་དོན་ནི། སྐལ་ལྡན་ཞེས་པ་སངས་རྒྱ་བའི། འཛིན་པའི་ཞེས་པ་བཏགས་པ་ཙམ་གྱི། ལྕགས་ཀྱུར་སྣང་ཞེས་པ་བྱིན་རླབས་མངོན་སུམ་དུ། ཆོས་སྐུ་རང་འཇོག་གནས་ལུགས་ཡིན། །ཞེས་པའི་དོན་ནི། ཆོས་སྐུ་ཞེས་པ་ཐིག་ལེ་ཉག་གཅིག །རང་འཇོག་ཅེས་པ་སེམས་ཅན་ཀུན་ལ་ཆེ་ཆུང་མེད་པར། གནས་ལུགས་ཡིན་ཞེས་པ་ཡེ་གདོད་མ་ནས། སངས་རྒྱས་ཀུན་གྱིས་ཕྱག་བྱེད་གནས། །ཞེས་པའི་དོན་ནི། སངས་རྒྱས་ཞེས་པ་སྐུ་གསུམ་ལམ་དུ་སངས་ནས་འབྲས་བུ་ཀ་དག་ཏུ་རྒྱས་པའོ། །ཀུན་གྱིས་ཞེས་པ་འདས་མ་འོངས་ད་ལྟར། ཕྱག་བྱེད་གནས་ཞེས་པ་སངས་རྒྱས་སྲས་གཅིག་པོ་འདི། ཡུལ་རྣམས་གཅོད་པའི་རལ་གྲིར་སྣང་། །ཞེས་པའི་དོན་ནི། ཡུལ་རྣམས་ཞེས་པ་དབང་པོ་སྒོ་ལྔའི། གཅོད་པའི་ཞེས་པ་རང་སར། རལ་གྲིར་སྣང་ཞེས་པ་རེག་ཆོད་བཏགས་པས་གྲོལ་བའི། གྲོལ་བ་རྣམས་ནི་འདི་ཉིད་ལ། །ཞེས་པའི་དོན་ནི། གྲོལ་བ་ཞེས་པ་མཐར་ཐུག་ཡང་དག་པར། རྣམས་ནི་ཞེས་པ་ཞིང་ཁམས་རང་དག་ཏུ་སངས་རྒྱས་པ། འདི་ཉིད་ལ་ཞེས་པ་རྒྱུད་བསྟན་པའི་བུ་གཅིག །རྣམ་པར་བརྟེན་ནས་གྲོལ་བའོ། །ཞེས་པའི་དོན་ནི། རྣམ་པར་ཞེས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི།
བརྟེན་ནས་ཞེས་པ་འགྲོ་བ་སེམས་ཅན་རྣམས། གྲོལ་བའོ་ཞེས་པ་ཀ་དག་ཏུ། སངས་རྒྱས་ཐམས་ཅད་ཀྱི་བུ་གཅིག་པོ། །ཞེས་པའི་དོན་ནི། སངས་རྒྱས་ཞེས་པ་མ་རིག་པ་སངས་རིག་པ་ཡེ་ཤེས་སུ་རྒྱས་པའོ། །ཐམས་ཅད་ཀྱི་ཞེས་པ་འདས་མ་འོངས་ད་ལྟར་གྱི་སངས་རྒྱས། བུ་གཅིག་པོ་ཞེས་པ་བསྟན་པ་འཕེལ་བར་བྱེད་པའི། བསྟན་པ་རྣམས་ཀྱི་བཙས་སུ་བྱུང་བ། །ཞེས་པའི་དོན་ནི། བསྟན་པ་ཞེས་པ་སངས་རྒྱས་ཀྱི། རྣམས་ཀྱི་ཞེས་པ་མདོ་རྒྱུད། བཙས་སུ་ཞེས་པ་ཕྱིས་ཀྱི། བྱུང་པ་ཞེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། རང་བྱུང་གི་ཡི་གེ་ཆེན་པོར་བསྐལ་པ་ཀུན་གྱི་ཐོག་མར་རང་བྱུང་། །ཞེས་པའི་དོན་ནི། རང་བྱུང་གི་ཞེས་པ་ཆོས་ཉིད་རང་སྒྲས་སུས་ཀྱང་བྱས་པ་མེད་པའི། ཡི་གེ་ཞེས་པ་གདུལ་བྱ་སོ་སོར་རང་རང་གིཆེན་པོར་ཞེས་པ་ལྷུན་གྱིས་གྲུབ་པའི། བསྐལ་པ་ཞེས་པ་གྲངས་ལས་འདས་པ། ཀུན་གྱི་ཞེས་པ་མ་ལུས་པ། ཐོག་མར་ཞེས་པ་དང་པོ། རང་བྱུང་ཞེས་པ་ངོ་བོ་རང་བཞིན་ཐུགས་རྗེ་ལས། བྱིན་བརླབས་ལས་རང་བཀོད་པ། །ཞེས་པའི་དོན་ནི། བྱིན་བརླབས་ཞེས་པ་སྐུ་གསུམ་གྱི། རང་བཀོད་པ་ཞེས་པ་ཡི་གེ་རིགས་ནི་གཅིག་པ་ཐ་དད་དུ། སྤྲུལ་པ་སྐུའི་ས་བོན་འཕེལ་བར་བྱེད་པ། །ཞེས་པའི་དོན་ནི། སྤྲུལ་པ་ཞེས་པ་སངས་རྒྱས་ཀྱི། སྐུའི་ཞེས་པ་བསྟན་པའི་བདག་པོའི། ས་བོན་ཞེས་པ་རྒྱུ་སེམས་ཅན་ལ། འཕེལ་བར་ཞེས་པ་འབྲས་བུ་སངས་རྒྱས་ཐམས་ཅད་དུ། བྱེད་པ་ཞེས་པ་རྒྱུད་སངས་རྒྱས་སྲས་གཅིག་པོ་འདི་དངོས་སོ། །རབ་ཏུ་དཀོན་པའི་ཚིག །ཅེས་པའི་དོན་ནི། རབ་ཏུ་ཞེས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། དཀོན་པའི་ཚིག་ཅེས་པ་སྐལ་པ་ཅན་འགའ་ཙམ་མ་གཏོགས་པ། སུ་དག་དང་འཕྲད་པར་མི་འགྱུར་རོ། །ཞེས་རྒྱུད་འདུས་མ་བྱས་པར་བསྟན་པའི་ལེའུ་སྟེ་བདུན་པ་རྫོགས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ།། ཨེ་མ། ལས་ཟད་སྐལ་ལྡན་སེམས་ཀྱི་བུ། །དུས་གསུམ་སངས་རྒྱས་
ཐམས་ཅད་ལ། །ཐུན་མོང་མན་ངག་བསམས་འདས་ཀྱང་། །མཆོག་གི་མན་ངག་སྲས་གཅིག་པོ། །འདི་ལས་ཟབ་པ་ཞིང་ཁམས་ནི། །མཐའ་མེད་དག་ན་ཡོད་རེ་ཀན། །དེས་ན་དགའ་རབ་བརྒྱུད་པར་བཅས། །ཡང་དག་མངོན་སངས་རྒྱ་བར་འགྱུར། །ཅི་ཕྱིར་རིག་པ་དངོས་ཀྱི་གནད། །འདི་ལ་ཡོད་དོ་ས་མཱ་ཡ། །སྔགས་སྲུང་རྒྱལ་མོ་ལྔ་ལ་གཏད། །སྐལ་ལྡན་རྣམས་དང་འཕྲད་པར་ཤོག །ལེའུ་རེ་ལ་གཏོར་ཚོགས་རེ། །བླ་མ་ཡི་དམ་སྔགས་སྲུང་མཆོག །སྤྲོས་བཅས་དང་ནི་སྤྲོས་པ་མེད། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །དབང་བཞི་དག་ནི་མ་ཐོབ་པར། །བསྟན་ཅིང་བཤད་པར་མི་བྱའོ། །རྒྱུད་རྒྱལ་སངས་རྒྱས་སྲས་གཅིག་གི། གསང་འགྲེལ་འདི་བྲིས་མཆོག་དགེ་ཡིས། ཁམས་གསུམ་སེམས་ཅན་གནས་དག་ནས། །སྐུ་གསུམ་ཀ་ནས་དག་གྱུར་ཅིག །བསྟན་པའི་བུ་གཅིག་འདི་མེད་ན། །བསྒྲུབས་ཀྱང་ཡུན་རིང་དོན་མེད་འགྱངས། །དེས་ན་འདི་ཉིད་མཐིང་ཤུན་ལ། །སྟོན་པའི་ཁ་དོག་གསེར་གྱིས་འབྲི། །ཡིག་མགོ་མ་ལོག་དར་སྣས་དྲིལ། །སྤྱི་བོ་མགྲིན་པ་སྙིང་གར་བཅང་། །དེ་ཉིད་གྲོལ་བར་ཐེ་ཚོམ་མེད། །ཐིག་ལེ་ཆེན་པོའི་བཏགས་གྲོལ་ནི། །མཐིང་ཤུན་བྲེེ་ཞབས་ལྷག་ཙམ་ལ། །དངུལ་ལམ་མཚལ་གྱིས་མུ་ཁྱུད་ནི། །ཐིག་ལེ་དཔེའུ་ཆུང་ལྟ་བུར་བསྐོར། །དབུས་སུ་ལྔ་ལྡན་རྡོ་རྗེ་འབྲི། །ཕྱི་རིམ་མུ་ཁྱུད་ཡེ་ཤེས་ལྔ། །སྙིང་པོ་གསེར་གྱིས་འབྲི་བར་བྱ། །བཏགས་གྲོལ་འདུས་པ་ཐིག་ལེ་ཆེ། །དབྱིངས་གསུམ་རིག་པའི་མཐོངས་ན་གསལ། །རྡོ་རྗེ་སེམས་དཔའི་ཐུགས་ལས་ཕྱུང་། །དགའ་རབ་རྡོ་རྗེ་བདག་གིས་ག །དེ་ལ་རབ་ཏུ་གནས་པ་ནི། །ཚེས་བརྒྱད་རྒྱལ་འཛོམ་དུས་ན་བྱ། །ཡང་ན་ཟླ་སྟོད་དག་ལ་འོ། །ཐིག་ལེ་ཆེན་པོའི་དཀྱིལ་འཁོར་ལ། །ནས་ཀྱི་ཚོམ་བུ་བཀོད་པ་ལ། །བླ་མ་རིགས་ལྔ་ཡབ་ཡུམ་བསྐྱེད། །ཚོགས་དང་གཏོར་མ་མཆོད་པ་འབུལ། །བགེགས་གཏོར་བཏང་ལ་གསོལ་བ་གདབ། །ཐིག་ལེ་ཆེན་པོའི་སྙིང་པོ་རྣམས། །བརྒྱ་འམ་ཉི་ཤུ་རྩ་གཅིག་གདོན། །བཀྲ་ཤིས་བརྗོད་ཅིང་མེ་ཏོག་གཏོར། །ཕྱོགས་བཅུའི་སངས་
རྒྱས་རབ་འདུས་ནས། །བཏགས་གྲོལ་འོད་ལྔའི་གོང་བུ་ཡི། །རིགས་ལྔ་ཚོམ་བུ་ཉིད་དུ་བསྒོམ། །དེ་ནི་རབ་ཏུ་གནས་པའོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་དང་། །དགེ་བསྙེན་སྡོམ་དབོག་པར་བྱ། །སྡོམ་ཡོད་རྣམས་ལ་མི་དགོས་སོ། །དེ་ནས་རྒྱུད་དེ་ཚར་གཅིག་བཀླག །དེ་ནས་སྐལ་ལྡན་དེ་ཉིད་ཀྱིས། །ཕྱག་ནི་བརྒྱ་རྩ་བཙལ་བྱ་ཞིང་། །གསེར་གྱི་མཎྜལ་ལན་དགུ་དབུལ། །རྒྱུད་དང་ཐེག་ལེ་སྤྱི་བོར་བཞག །དེ་ལས་འོད་བྱུང་སྣོད་བཅུད་གང་། །ཚིག་འདིས་གསོལ་གདབ་དབང་བསྐུར་རོ། །སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོས། བདག་མིང་འདི་ཞེས་བགྱི་བ་ཡི། ལུས་བྱིན་གྱིས་བརླབ་ཏུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །གྷ་ཛ་ཀཱ་ཡ་ཨ་བྷི་ཥིཤྩ་ཨཱོཾ། དེ་ནས་རྒྱུད་ཉིད་མགྲིན་པར་བཞག །སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོས། བདག་མིང་འདི་ཞེས་བགྱི་བའི་ངག་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གོང་ལྟར་བརྗོད་དེ། སངས་རྒྱས་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །གྷ་ཙ་ཝ་ཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྒྱུད་སྙིང་ཁར་བཞག །སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོས་བདག་མིང་འདི་ཞེས་བགྱི་བའི་ཡིད་བྱིན་གྱིས་བརླབ་དུ་གསོལ། ཞེས་གོང་ལྟར་བརྗོད་དེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །དྷརྨཱ་ཙིཏ་ཏ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་རྒྱུད་ཉིད་ལྟེ་བར་བཞག །སངས་རྒྱས་
ཐམས་ཅད་གྱི་སྲས་གཅིག་པོས་བདག་མིང་འདི་ཞེས་བགྱི་བའི། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཀཱ་ཡ་ཝཀ་ཙིཏྟ་དྷརྨ་ཀརྨ་ཨ་བྷི་ཥིཉྩ་སྭཱཧཱ། དེ་ནས་ཐིག་ལེའི་སྙིང་པོ་རྣམས་ཚར་གསུམ་བཀླག་ག །དེ་ནས་གནས་བཞིར་དབང་བསྐུར་ཏེ། དཔོན་སློབ་གཉིས་ཀྱིས་ཚིག་འདི་ཉིད། །ལན་གསུམ་བརྗོད་ལ་དར་སྣས་དྲིལ། །དྲོད་དང་མ་བྲལ་བཅང་བར་བྱ། །ཕྱོགས་བཅུའི་བླ་མ་སངས་རྒྱས་རྣམས། །མ་ལུས་བརྩེ་བས་དགོངས་སུ་གསོལ། །བདག་གིས་སེམས་ཅན་དོན་དུ་ནི། །རྒྱུད་བཏགས་འདི་བཞུགས་བྱིན་རླབས་ཀྱིས། །བདག་མཐོང་ཐོས་དང་དྲན་པ་དང་། །མཆོད་དང་བསྟོད་དང་སྨྲ་ཡང་རུང་། །རེག་པར་གྱུར་པའི་སེམས་ཅན་རྣམས། །མྱུར་དུ་མངོན་པར་སངས་རྒྱས་ཤོག །བསླབ་བྱ་ནི་འདི་དབུགས་ལ་སླེབ་དགོས་པས་རྦབ་དང་ཆུ་དང་འཆམས་རིམ་དང་གར་འཆི་ཆ་མེད་པས་མ་བྲལ་བར་བཅང་བར་བྱའོ། །འདི་བཏགས་ནས་དགེ་བ་ཅི་བྱས་པ་བརྗོད་ལས་འདས་པར་འཕེལ་བས།
དགེ་བའི་ལས་གྲུབ་ཚད་སེམས་ཅན་གྱི་དོན་དུ་བྱེད་པ་གལ་ཆེའོ། །འདི་བཏགས་ནས་སྡིག་པ་བསགས་ན་ཡང་བརྗོད་ལས་འདས་པར་འཕེལ་འགྲོ་བས་ཤིན་ཏུ་འཛེམ་པ་གལ་ཆེའོ། །འདི་ཉིད་བཞུགས་པའི་སྐལ་པ་ཅན་དེ་ནི་སངས་རྒྱས་ཐམས་ཅད་འདུས་པའི་མཆོད་རྟེན་དུ་རིགས་པར་བྱའོ། །སྐབས་སྐབས་སུ་དྲི་ཞིམ་པོ་ཡང་འཐུལ་བར་བྱེད་དོ། །དེ་ནི་ལྷ་དང་མཁའ་འགྲོ་མའི་མཆོད་པ་ཡོད་པ་ཡིན་པས། རྒྱུད་བཀླག་པར་བྱའོ། །རབ་ཏུ་གསང་བའི་མན་ངག་སྐལ་ལྡན་གྱི་ཙིཏྟར་དྷ་ཐིམ། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པའི་སྲས་གཅིག་རྒྱུད་ཀྱི་འགྲེལ་བ་རྫོགས་སོ།། །།དགེའོ། །སརྦ་མདྒ་ལཾ།། །།
རྡོ་རྗེ་འཆང་གིས་གསུངས་པ་མཆོད་འོས་རང་བཞིན་གྱི་ཚིག་དུས་གནད་ངེས་པ།
རྡོ་རྗེ་འཆང་གིས་གསུངས་པ་མཆོད་འོས་རང་བཞིན་གྱི་ཚིག་དུས་གནད་ངེས་པ་བཞུགས་སོ༔ ༼གསེར་ཡིག་ཅན༽
སརྦ་ཛ་ག་ཏཾ༔ རྒྱ་གར་སྐད་དུ༔ བུདྡྷ་སརྦ་པུ་ཏྲ་ཨེ་ཀ༔ ཏན་ཏྲ་ཨུ་པ་དྷེ་ཤ་ནཱ་མ༔ བོད་སྐད་དུ༔ སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་གི་རྒྱུད་ཀྱི་མན་ངག་ཅེས་བྱ་བ༔ ཐོག་མའི་མགོན་པོ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ༔ དེ་ནས་རྡོ་རྗེ་འཆང་གིས་ནི༔ ཐུགས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ནས༔ ཚིག་གི་རྒྱལ་པོ་འདི་དག་ཀུན༔ རྡོ་རྗེའི་མགུར་དུ་རབ་དྲིལ་ཏེ༔ ལྗགས་ཀྱི་དབང་པོ་ལ་བཀྲམ་ནས༔ ཚེམས་ནི་བཞི་ཅུའི་བར་ནས་ནི༔ གསང་ཆེན་དམ་པའི་ཚིག་འདི་ཀུན༔ མ་བརྗོད་འཕྲོས་པའི་ཚུལ་གྱིས་གསུངས༔ ཀྱཻ༔ སྣང་བའི་རྒྱལ་པོ་ཨ་ལ་ལ༔ སངས་རྒྱས་རྣམས་ཀྱི་སྲས་གཅིག་པོ༔ བསྟན་པའི་ས་བོན་ཡང་ཞུན་གདུང་༔ དོན་དམ་རྒྱལ་པོའི་རྟགས་ཆེན་པོ༔ སྙིང་པོ་སྤྲུལ་པའི་སྐུ་འདི་ནི༔ ཀློག་དང་འཛིན་དང་བཅང་བའི་ཐབས༔ འདི་ཉིད་རིམ་པ་ཇི་ལྟ་བར༔ སྙིང་པོ་གསང་བ་ང་ཡིས་ཀྱང་༔ སྤྲོ་བར་བྱ་འོ་གསང་བའི་བདག༔ རྣལ་འབྱོར་སྐལ་དང་སུ་ལྡན་པ༔ འདི་ནི་སྣང་བར་ཡང་དག་གོ༔ དེ་ཡི་སངས་རྒྱས་སྲས་པོ་འདི༔ སངས་རྒྱས་བདེན་པ་མཐོང་བ་དེས༔ སྤྲུལ་པའི་སྐུ་ནི་འདི་ལྟར་བཅང་༔ བདག་གི་སྤྱི་བོའི་གཙུག་གམ་ནི༔ མཆན་ཁུང་ངམ་ནི་མགུལ་དུ་འོ༔ རང་བྱུང་ཆེན་པོའི་ཡི་གེ་རྣམས༔ རིན་ཆེན་གསེར་གྱིས་བྲིས་ནས་ནི༔ གླེགས་བམ་སོར་ནི་བཞི་པའི་ཚད༔ སྣ་ཚོགས་དར་གྱིས་གྲིལ་ནས་ཀྱང་༔ རང་གི་སྤྱི་བོར་བཟུང་ན་ཡང་༔ འདི་ལ་སྤྲུལ་པའི་ཡོན་ཏན་ཐོབ༔ མཆན་ཁུང་གཡོན་དུ་བཅངས་
པ་ཡིས༔ འདི་ཡང་དེ་དང་མཉམ་པ་ཡིན༔ འདི་ཉིད་མགུལ་དུ་བཏགས་ནས་ནི༔ རྒྱུན་དུ་གུས་པར་བྱེད་པ་ལ༔ འདི་ཡང་སྤྲུལ་སྐུའི་ཡོན་ཏན་ཐོབ༔ རང་བྱུང་ཡི་གེ་འདི་དག་ལ༔ གླེགས་བམ་དེ་ལྟར་བཟུང་ནས་ནི༔ འདི་ལྟར་མཆོད་པ་ཡང་དག་བྱ༔ གལ་ཏེ་ས་གཡོས་བྱུང་ཚེ་ནཿའདི་ཉིད་ལན་དྲུག་ལན་བདུན་ནམ༔ ཡང་ན་ལན་ནི་ལྔ་འམ་གསུམ༔ རྡོ་རྗེའི་ལྕེ་ཡིས་བཀླག་པར་བྱ༔ ཚོགས་ནི་རྣལ་འབྱོར་ལོ་ཡི་གྲངས༔ འདི་ཡི་དུས་སུ་རབ་ཏུ་གཏང་༔ དམ་ཚིག་མཆོག་ལྡན་རྣལ་འབྱོར་པས༔ ཚོགས་ཀྱི་མཆོད་པ་དེ་བཞིན་བྱ༔ བཀླགས་པ་འབྱུང་བ་བྱེད་དུས་སུ༔ ཚོགས་ནི་སྙོམས་པའི་དུས་ན་བྱ༔ སྟོན་མོ་དེ་བཞིན་འཁྲུགས་པའི་དུས༔ རྣལ་འབྱོར་པ་ནི་ཟུག་པ་ཡི༔ དུས་ན་སོ་སོའི་གནས་ནས་འབོད༔ འདི་ལྟར་འབྱུང་བའི་ཁྱད་པར་ལས༔ རྣལ་འབྱོར་དེ་ནི་ཐར་ལམ་དུ༔ ཡང་དག་ངེས་པར་འཇུག་པ་ཡི༔ རྡོ་རྗེ་འཆང་བ་རྣམས་དང་ནི༔ སྐལ་པ་ཡང་དག་མཉམ་པ་འོ༔ སྒྲ་ནི་བྱུང་པའི་དུས་ན་ཡང༔ ལན་ནི་དྲུག་གམ་བདུན་དང་ལྔར༔ པད་མ་ཡི་ནི་ལྕེ་ཡིས་ནི༔ སྐལ་དང་ལྡན་པས་བཀླག་པར་བྱ༔ འདི་དུས་ལྷ་ལ་མཆོད་པར་འབུལཿདགེ་སློང་ཚུལ་ཁྲིམས་ལྡན་པ་ལ༔ ཆོས་དང་མཐུན་པའི་སྟོན་མོ་བྱ༔ བཀླག་པ་བྱེད་པའི་དུས་ན་ཡིན༔ མཆོད་པ་དེ་བཞིན་སྙོམས་པ་ལ༔ དགེ་སློང་ཟུག་པའི་དུས་ན་འབོད༔ སྟོན་མོ་འཁྲུགས་པའི་དུས་ན་བྱ༔ འདི་ལྟར་སུ་ཡིས་བྱས་པ་དེ༔ འདི་ཡང་སྤྲུལ་པའི་སྐུ་དང་མཉམཿ
འོད་ཀྱི་སྣང་བ་བྱུང་བའི་ཚེ༔ ལན་ལྔ་གསུམ་མམ་ལན་གཅིག་ཏུ༔ དུང་གི་ལྕེ་ཡིས་བཀླག་པར་བྱ༔ འདི་དུས་རླུང་ནི་བསྒོམ་པར་བྱ༔ རྣལ་འབྱོར་མ་ནི་དམ་ཚིག་ཅན༔ དགུ་འམ་བཅུ་གཅིག་མན་ཆོད་ལ༔ བཟའ་བཏུང་རྩུབ་པའི་སྟོན་མོ་བྱ༔ བཀླག་པ་སྙོམས་པའི་དུས་ན་ཡིན༔ རླུང་ནི་བྱེར་བའ ི་དུས་ན་ཡིན༔ རྣལ་འབྱོར་ལ་ནི་སྙོམས་པ་ལ༔ སྟོན་མོ་འཁྲུགས་པའི་དུས་ན་འོཿའདི་ལྟར་བྱས་པའི་རྣལ་འབྱོར་པ༔ སྤྲུལ་པའི་སྐུ་དང་ཡང་མཉམ་མོ༔ སད་ཀྱིས་རྒྱལ་ཁམས་ཁྱབ་པའི་ཚེ༔ རལ་གྲིའི་ལྕེ་ཡིས་འདི་བརྗོད་ནཿསངས་རྒྱས་ཡོན་ཏན་འདི་ཡིས་ཐོབ༔ འདི་དུས་སྒྲ་ཡི་མཆོད་པ་བྱ༔ རྣལ་འབྱོར་ལྔ་འམ་བཅོ་ལྔ་ལ༔ བྱིན་བརླབས་གཏོར་མ་ལན་བདུན་བཏང་༔ བཀླག་པ་ཟུག་པའི་དུས་ན་ཡིན༔ མཆོད་པ་སྙོམས་པའི་ཚེ་ན་འོ༔ བྱེར་བ་ལ་ནི་རྣལ་འབྱོར་འབོད༔ འཁྲུགས་པའི་ཚེ་ན་སྟོན་མོ་བཏང་༔ འདི་ལྟར་སུ་ཡིས་བྱས་པ་ལ༔ སྤྲུལ་པ་སྐུ་ཡི་ཡོན་ཏན་ཐོབ༔ རིམས་དང་ཡམས་ནད་བྱུང་བའི་ཚེ༔ དགུ་དང་བཅུ་གཅིག་བཅུ་དགུར་ནི༔ ལྕགས་ཀྱུའི་ལྕེ་ཡིས་བརྗོད་པར་བྱ༔ འདི་དུས་རྣམ་པར་མི་རྟོག་བསྒོམ༔ བྱིས་པ་དགུ་འམ་བཅོ་བརྒྱད་ལ༔ སྟོན་མོ་བྱ་བ་རབ་ཏུ་བསྔགས༔ བཀླག་པ་འཁྲུགས་པའི་དུས་ན་ཡིན༔ སྒོམ་པ་སྙོམས་པའི་དུས་ན་འོ༔ བྱིས་པ་བྱེར་པའི་དུས་སུ་འབོདཿསྟོན་མོ་ཟུག་པ་ཉིད་ལ་བྱ༔ དེ་ལྟར་བྱས་པའི་སྐྱེས་མཆོག་ནི༔ འདི་ལ་སྤྲུལ་པའི་ཡོན་ཏན་ཐོབ༔ ཉི་ཟླ་གཟའ་ཡིས་ཟིན་པའི་ཚེ༔ འདི་ནི་ལན་ལྔ་དྲུག་གམ་དགུ༔ འཁོར་ལོའི་ལྕེ་
ཡིས་ཡང་བརྗོད་ནཿའདི་ཡང་སྤྲུལ་པའི་སྐུ་དང་མཉམ༔ འདི་དུས་སྲོག་འདོན་དགེ་བ་བྱ༔ དུད་འགྲོའི་རིགས་ལ་སྟོན་མོ་གཏང་༔ བཀླག་བྱེར་པའི་དུས་ན་ཡིན༔ སྲོག་འདོན་སྙོམས་པ་ཉིད་ལ་འོ༔ དུད་འགྲོ་ཟུག་པའི་དུས་ན་ཡིན༔ སྟོན་མོ་འཁྲུགས་པའི་དུས་ན་བྱ༔ དེ་ལྟར་སྟོན་མོ་སུས་བྱས་པ༔ སྤྲུལ་པ་སྐུ་ཡི་ཡོན་ཏན་ཐོབ༔ མུ་གེ་དག་ནི་བྱུང་བའི་ཚེ༔ ཁ་ཊྭཱཾ་ལྕེ་ཡིས་རབ་བརྗོད་ན༔ འདིས་ཀྱང་སྤྲུལ་སྐུ་འཛིན་པ་ཡིན༔ ལན་ནི་ལྔའམ་གསུམ་གཉིས་ཡིན༔ འདི་དུས་དྲི་ཡི་མཆོད་པ་བྱ༔ ཤན་པ་འམ་ནི་མུ་སྟེགས་ལ༔ སྟོན་མོ་བྱ་བར་རབ་ཏུ་བཟང༔ བཀླག་པ་བྱེད་པའི་དུས་ན་ཡིནཿམཆོད་པ་སྙོམས་པ་ཉིད་ལ་བྱ༔ སྡིག་ཅན་སྤྲུལ་པ་ཉིད་ལ་འབོད༔ སྟོན་མོ་དེ་བཞིན་ཟུག་པ་ལའོ༔ འདིས་ཀྱང་སྤྲུལ་སྐུའི་ས་བོན་འཇོག༔ རྒྱལ་ཁམས་ཕྱུགས་ནད་བྱུང་བའི་དུས༔ རང་བྱུང་ཆེན་པོའི་ཡིག་གེ་འདི༔ ལན་བརྒྱད་དང་ནི་བཅུ་དྲུག་ཏུ༔ རྩེ་གསུམ་ལྕེ་ཡིས་འདི་བརྗོད་དོ༔ འདི་དུས་མར་མེའི་མཆོད་པ་བྱ༔ དགྲ་བཅོམ་པ་ནི་བདུན་ལ་ཡང༔ སྟོན་མོ་བྱ་བར་རབ་ཏུ་བསྔགས༔ བཀླག་པ་ཟུག་པ་ཉིད་ལ་ཡིན༔ མཆོད་པ་བྱེད་པ་ཉིད་ལ་བྱ༔ དགྲ་བཅོམ་སྙོམས་པའི་དུས་ན་འབོད༔ འཁྲུགས་པ་ལ་ནི་སྟོན་མོ་བྱ༔ དེ་ལྟར་བྱས་པའི་སྐྱེས་བུ་ལ༔ སྤྲུལ་པའི་ས་བོན་ངེས་པར་འཇོག༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ ངེས་གསང་འབྲས་བུ་དམ་པ་འོ༔ ༀ་དང་ཡང་དག་སུ་ལྡན་པ༔ སངས་རྒྱས་རྣམས་ཀྱི་སྐུ་ལ་སྦྱོར༔ ཧཱུྃ་དང་ཡང་དག་སུ་ལྡན་པ༔ འདི་ནི་
ཐུགས་ཀ་དེ་བཞིན་ནོ༔ ཨཾ་དང་ཡང་དག་སུ་ལྡན་པ༔ གསུང་ལ་ཡང་དག་འདི་ཡིས་རེག༔ དེ་ཕྱིར་ངག་གི་སྤྱོད་པ་གཅེས༔ གང་གིས་སེང་གེ་བྱས་པ་ན༔ འདི་ལ་ནད་དང་འཇིགས་པ་བྲལ༔ གླང་པོ་སུ་ཡིས་བྱས་པ་ལ༔ འདི་ལ་སྲོག་མེད་དབུགས་ཀྱང་མེད༔ དྲང་སྲོང་གང་གིས་བྱས་པ་ལ༔ མི་རྟོག་ལས་བྱུང་ཐེར་ཟུག་སྙོམས༔ འདི་ལྟར་ལུས་ཀྱི་བྱ་བྱེད་གཅེས༔ སྨིན་རྒྱུ་རང་ཡུལ་སུས་ཤེས་པ༔ འདི་ལ་རྟག་མེད་ཆད་པ་མེད༔ དྲན་བསམ་བྲལ་བ་སུས་ཤེས་པ༔ འདི་ལ་འོང་མེད་འགྲོ་བ་མེདཿཅེར་མཐོང་རང་ངོ་སུས་ཤེས་པ༔ འདི་ལ་འཁོར་དང་མྱང་འདས་མེད༔ འདི་ལྟར་སེམས་ཀྱི་དངོས་པོ་གཅེས༔ ཨེ་མ་རང་བྱུང་ཆེན་པོའི་ཡིག་གེ་འདི༔ རབ་ཏུ་ངོ་མཚར་ཆེ་བས་ན༔ ཧ་ཧ༔ འདི་ལྟར་སུས་ཀྱང་མ་བྱས་པ༔ རང་བྱུང་ཀུན་གྱི་ཐོག་མར་བྱུང༔ ཨ་ལ་ལ་ཧོ་སྤྲུལ་པའི་སྐུ༔ འདི་ལ་བྱེད་པའི་རྐྱེན་མེད་པས༔ ཐ་མ་འཇིག་པ་ཀུན་དང་བྲལ༔ འབྱུང་བས་ཅུང་ཟད་གནོད་པ་མེད༔ འདི་ནི་ནམ་མཁའ་འཕར་བར་ངེས༔ སངས་རྒྱས་སྤྲུལ་པ་ཡིན་པ་ན༔ འདི་ལ་བཤད་ཅིང་སྒོམ་པ་མེད༔ འདི་བྲལ་བེམས་པོ་སྒོམ་པར་སྣང༔ དེ་ཕྱིར་འདི་དང་འཕྲད་པར་ཡང་༔ རབ་ཏུ་དཀའ་ཞིང་སྣང་བ་མིན༔ དེས་ན་འདི་དང་གང་ཕྲད་པ༔ སངས་རྒྱས་འབྲས་བུ་ཐོབ་པ་ལ༔ ཐེ་ཚོམ་དགོས་པ་མ་ཡིན་ནོ༔ ཨེ་མ་འཇིག་རྟེན་གང་ཞིག་ན༔ སངས་རྒྱས་འབྲས་བུ་སུས་ཐོབ་ཚེ༔ དེ་ཚེ་རང་བྱུང་ཆེན་པོ་འདི༔ འཕར་ཞིང་རང་འོད་ལྔ་པོ་
འབྱུང་༔ དེ་ཚེ་ལན་གསུམ་བཀླག་པར་བྱ༔ དེ་ཡང་དེ་དང་མཉམ་པར་འགྱུརཿའདི་ནི་བཅངས་པ་ཙམ་གྱིས་ཀྱང༔ སངས་རྒྱས་ཉིད་དུ་འགྱུར་བ་ལ༔ ཐེ་ཚོམ་ཟ་བ་ཅི་ཞིག་དགོས༔ གལ་ཏེ་བྱོལ་སོང་མགུལ་དུ་འདི༔ བཏགས་ན་དེ་ཉིད་གྲོལ་བས་ན༔ འགྲོ་བ་མི་རྣམས་སྨོས་ཅི་དགོས༔ ཨེ་མ་རང་བྱུང་ཡི་གེ་འདི༔ སེམས་ཅན་གཞན་གྱི་དོན་བྱེད་ན༔ ཚེ་འདས་དེ་ཡི་སྤྱི་བོ་འམཿམགུལ་དུ་འདི་བཏགས་བསྲེགས་ན་ནི༔ དེ་ཉིད་གྲོལ་བར་སྨོས་ཅི་དགོས༔ མཚམས་མེད་ལྔ་པོ་སྤྱད་པ་ཡངཿཉན་ཐོས་རྣམས་དང་སྐལ་པ་མཉམ༔ ལུང་དུ་མ་བསྟན་སྐྱེ་བོ་རྣམས༔ བྱང་ཆུབ་སེམས་དཔའི་ས་དང་མཉམ༔ ཡིད་དཔྱོད་འཛིན་པའི་གྲུབ་མཐའ་ཡང༔ རྡོ་རྗེ་འཆང་དང་མཉམ་པར་ངེས༔ འདི་དང་ཕྲད་པའི་སྐལ་པ་ཅན༔ སྙིང་འདྲ་སེམས་ཀྱི་བུ་གཅིག་ལ༔ རིག་པ་དངོས་ཀྱི་རྟགས་ཡོད་པས༔ བཀླག་ཅིང་བསྲེག་པར་བྱ་མི་དགོངས༔ ཕྲད་པ་ཙམ་གྱིས་འགྲུབ་པ་ཡིན༔ བྱེར་ཟུག་ལ་སོགས་བཤད་མི་དགོས༔ དེ་ཡི་རྟགས་རྣམས་འབྱུང་བ་ནི༔ བྱོལ་སོང་མེ་འོད་དཀར་གསལ་ལ༔ དུད་པ་སྔོན་པོ་ཤར་ཕྱོགས་སུ༔ རུས་པའི་འོད་ཀྱང་དམར་གསལ་ཡིན༔ གསེར་གྱི་ཡིག་འབྲུ་མ་ཞིག་བར༔ དེ་ཡི་རུས་པ་ཉིད་ལ་འབྱར༔ འདི་ནས་ཟླ་བ་བཅུ་གསུམ་ན༔ ས་རྣམས་ངེས་པར་གཡོ་བ་ཡིན༔ དེ་དུས་འོད་ཀྱང་མོག་མོག་པོ༔ སྣང་བ་ངེས་པར་འགྱུར་པ་ཡིན༔ སྡིག་ཅན་མེ་མདོག་སེར་ལ་གསལ༔ དུད་པ་ནུབ་ཕྱོགས་ཁ་དོག་དཀར༔ རུས་པའི་མདོག་
ནི་སྔོ་ནག་ལ༔ ཡིག་གེ་ཞིག་སྟེ་ཐིག་ལེར་སྣང་༔ འདི་ནས་ཟླ་བ་དགུ་ན་ཡང༔ སྒྲ་ནི་ཤར་གྱི་ཕྱོགས་སུ་འབྱུང་༔ འདི་ལ་འོད་ནི་མེར་མེར་པོ༔ འདི་དོན་ངེས་པར་ཡང་དག་གོ༔ ཡིད་དཔྱོད་གྲུབ་པའི་མཐའ་འཛིན་པའི༔ མ་མདོག་དཀར་གསལ་གཡོས་པ་མེདཿ དུད་པ་སྔོན་པོ་གྱེན་འགྲེང་འབྱུང༔ རུས་མདོག་དཀར་པོ་ཐིག་ལེ་ཅན༔ ཡི་གེ་དེ་ཉིད་མ་ཞིག་པར༔ ཁ་དོག་དཀར་པོ་འོད་དང་ལྡན༔ སྐབས་སྐབས་རུས་པའི་དཀྱིལ་ན་སྣང༔ འདི་ལ་སྐུ་དང་གདུང་ཡང་འབྱུང༔ འདི་ནས་ཞག་ནི་གསུམ་ན་ཡངཿསྒྲ་ནི་ཤར་ཀྱི་ཕྱོགས་ནས་འོང་༔ འོད་ནི་ནུབ་ཀྱི་ཕྱོགས་སུ་སྣང༔ འདི་ནི་ངེས་པར་སྤྲུལ་པ་ཡི༔ སྐུ་ཡི་འབྲས་བུ་རྙེད་པ་ཡིན༔ ཀྱེ་མ་སྣང་བདག་རང་བཞིན་སྤྲུལ་པའི་སྐུ༔ དེ་ཡི་ཕྱི་ནང་གསང་ཚིག་ནི༔ ཐུན་མོང་ཉིད་དུ་ཕྲད་པ་མིན༔ རིགས་ལྡན་སྐྱེས་བུ་སྐལ་ཆེན་པོ༔ འགའ་ལ་འདི་ཉིད་སྣང་བ་ལས༔ ཀུན་གྱིས་མཐོང་བ་མ་ཡིན་ནོ༔ རང་བྱུང་ཡི་གེ་འདི་མེད་པར༔ སྐྱེས་བུ་ཉིད་ནི་གང་སུ་རུང་༔ སེམས་ཅན་དོན་ཉིད་བྱེད་འདོད་ཀྱང༔ སེམས་ཅན་དོན་ནི་ནུས་པ་མིན༔ ཡང་དག་ལམ་ནི་མཐོང་བ་མིན༔ ཡང་དག་ལམ་ནི་མཐོང་སྲིད་ཀྱང༔ ཉན་ཐོས་རྣམས་དང་ཁྱད་ཅི་ཡོད༔ ཀུན་གྱི་སྤྱོད་ཡུལ་མ་ཡིན་ནོ༔ གལ་ཏེ་འདི་ཉིད་ཕྲད་ན་ཡང༔ འདི་ནི་ངེས་པའི་སྤྲུལ་པས་ན༔ སྒྲིབ་བྱེད་ཉིད་དང་མ་བྲལ་བས༔ འདི་ལ་ཐེ་ཚོམ་སྐྱེ་བར་འགྱུར༔ དེས་ན་འདི་ཉིད་རྣམ་སྤངས་པས༔ འབྲས་བུ་གཏན་ནས་བརླག་པ་ཡིན༔ སྐལ་པ་
མཆོག་རབ་ལྡན་པ་ཀུན༔ ཐེ་ཚོམ་སྐྱེ་བར་ག་ལ་སྲིད༔ དེ་ཡིས་འདི་ཉིད་གསང་ཆེན་དུ༔ ཡང་དག་པར་ནི་འགྱུར་བ་འོ༔ གལ་ཏེ་འདི་ཉིད་སྣང་བའི་མིས༔ འདི་ཉིད་ཡོད་པར་སུ་གཞན་ལ༔ སྨྲ་བར་བྱེད་པའི་མི་དེ་ཡི༔ རང་གི་འབྲས་བུ་རང་བརླག་ཏུ༔ འདི་ཡིས་བྱེད་པ་ཁོ་ན་ཡིན༔ དེ་ཡི་ཕྱིར་ན་རང་བྱུང་གིི༔ ཡི་གེ་འདི་ཉིད་ཡོད་པའི་མིས༔ ཚིག་ཟུར་ཙམ་ཡང་སྨྲ་མི་བྱ༔ གསང་བ་ལས་ནི་དངོས་གྲུབ་འབྱུང་༔ མ་གསང་མཆོག་དང་ཐུན་མོང་གི༔ དངོས་གྲུབ་དེ་ཡིས་སྤངས་པ་ཡིན༔ གསང་སྟེ་ལུས་ལ་ཡང་དག་བཅང་༔ འདི་དང་བྲལ་བར་མ་བྱས་ན༔ ནམ་ཞིག་འཆི་བའི་དུས་ཀྱི་ཚེ༔ འདི་ཉིད་ལུས་ལ་གནས་པ་ལ༔ རིགས་དྲུག་སྐྱེ་བ་རྣམ་བཞི་ཡི༔ གྲོང་ཁྱེར་དུ་ནི་འཇུག་མི་སྲིད༔ དེ་ཡི་ཕྱིར་ན་འདི་ཉིད་དང་༔ འགྲོ་དང་ཉལ་དང་འདུག་པ་དང་༔ དེ་བཞིན་ཟ་དང་འཆག་པ་དང༔ ཕྱག་དང་སྐོར་བ་ལ་སོགས་བྱེད༔ འདུད་པའི་ལག་པ་གར་ཉ ིད་དང༔ སྐྱུགས་དང་ཁྲུས་བྱེད་ཕྱི་ས་འདོར༔ དེ་བཞིན་སྨྲ་དང་སྔགས་ཟློས་དང་༔ ཡི་གེ་ཀློག་དང་མཆོད་བཤགས་དང་༔ ཇི་ལྟར་སྨྲ་བ་ལ་སོགས་དང་༔ བསམ་པ་ཇི་སྙེད་གཡོ་བ་དང་༔ ཇི་ལྟར་སྣ་ཚོགས་སྤྱོད་བྱེད་ཀྱང་༔ འདི་དང་འབྲལ་བར་མི་བྱ་འོ༔ འདི་ནི་རིས་མེད་སྤྲུལ་པའི་སྐུ༔ རང་གཞན་དོན་རྣམས་རྫོགས་པར་བྱེད༔ བྱོལ་སོང་རིགས་སམ་བུད་མེད་དང་༔ སྐྱེ་བ་དམན་པའི་སེམས་ཅན་ཡང་༔ འདི་དང་བྲལ་བར་མ་བྱས་ན༔ ངེས་པར་འབྲས་བུ་ཐོབ་པས་ན༔
བྲལ་པའི་བར་མཚམས་མ་ཞུགས་པ༔ འདི་ལ་རབ་ཏུ་གཅེས་པ་ཡིན༔ དེ་བཞིན་དྲོད་དང་མ་བྲལ་བར༔ རྒྱུན་དུ་ལུས་ལ་བཅང་བར་བྱ༔ གལ་ཏེ་དུས་ཚོད་བྱུང་བའི་ཚེ༔ འདི་ཉིད་ཀློག་པར་ཡང་དག་གོ༔ འདི་ཉིད་བཅངས་པས་ངེས་པར་འགྲུབ༔ འཆང་བའི་གསང་ཚིག་ཡིག་གེ་ནི༔ དྲན་པ་ཀུན་གྱི་ཐོག་མ་ཡི༔ དབང་པོའི་ཞེན་པ་བཟློག་པ་ནས༔ རབ་ཏུ་དཀོན་ཚིག་ཡན་ཆད་ལ༔ གསེར་རམ་བཻ་ཌཱུཪྱ་ཡིས་བྲི༔ མགུལ་ལམ་སྤྱི་བོར་བཏགས་པས་འགྲུབ༔ མངོན་རྫོགས་རྒྱལ་པོར་སངས་རྒྱས་ཐོབ༔ ཅེས་རྡོ་རྗེ་འཆང་གིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རང་ང་ོ༔ མཆོད་འོས་རང་བཞིན་གྱི་དམ་ཚིག་ཆེན་པོའི་ཚིག༔ ཤིན་ཏུ་གསང་ན་ངེས་པར་འགྲུབ་པའི་བཀའ་གསང་གཉན་པོ་རྫོགས་པ་ཆེན་པོ་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བྱེད་ཀྱི་མན་ངག༔ དུས་གནད་ངེས་པ་རྫོགས་སོཿ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ༔
སངས་རྒྱས་ཀྱི་འདས་རྗེས་གསུམ།
སངས་རྒྱས་ཀྱི་འདས་རྗེས་གསུམ་བཞུགས་སོ༔
རྒྱ་གར་སྐད་དུ༔ བུད་དྷ་དྷེ་ཀ་ར་ཡེ་དྷུ་ནཱ་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས་དང་པོ་ཞེས་བྱ་བ༔ ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ ཀྱེ་མ་ཀྱེ་མ༔ རིགས་ཀྱི་བུ་རྣམས་གསང་སྔགས་ཀྱི་གནད་ཐམསཅད་གཅིག་ཏུ་དྲིལ་ནས་ཉམས་སུ་ལོང་ཞིག༔ ལུས་ངག་ཡིད་ཀྱི་སྔོན་འགྲོ་ནི༔ མི་རྟག་སྙིང་རྗེ་བྱང་སེམས་སྦྱང་༔ ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་ཤར༔ ཡི་གེའི་རྩལ་སྦྱང་རུ་ཤན་དབྱེ༔ དེ་ནས་རྣལ་དུ་དབབ་པའི་ཕྱིར༔ ཉན་ཐོས་བྱང་སེམས་ཁྲོ་བོ་ཡི༔ ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག༔ གནས་བརྟན་གྲོལ་བའི་གདེང་ཐོབ་ནས༔ ཕྱི་ནང་བྱ་བ་ཀུན་བཏང་སྟེ༔ གླང་སེང་དྲང་སོང་འདུག་སྟངས་བཅའ༔ ངག་ནི་སྨྲ་བ་རྒྱུན་བཅད་ལ༔ སེམས་ནི་སྨིན་ཕྲག་མཁའ་ལ་གཏད༔ སྒོ་ཡུལ་རླུང་གི་གནད་བསྟུན་པས༔ ཡུལ་ལ་ཡེ་ཤེས་མངོན་དུ་སྣང་༔ མངོན་སུམ་གནད་ལས་འབྲལ་མི་བྱ༔ མི་འགུལ་གསུམ་ལ་གཞི་བཅས་པས༔ སྣང་བ་བཞི་ཡི་དྲོད་རྙེད་ནས༔ སྡོད་པ་གསུམ་གྱི་ཚད་ཟིན་ཏེ༔ ཐོབ་པ་གསུམ་གྱི་གཟེར་ཐེབས་ན༔ ཁམས་གསུམ་དག་ཏུ་ལྡོག་རེ་སྐན༔ མྱ་ངན་འདའ་བར་ཐེ་ཚོམ་མེད༔ ཅེས་སུམ་ཅུ་རྩ་གསུམ་གྱི་ལྷོ་ཕྱོགས་སྨན་འཚོ་བྱེད་གཞོན་ནུའི་ལྡུམ་རར༔ རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ དགའ་རབ་རྡོ་རྗེ་ས་ལ་འགྱེལ་ཞིང་གདུང་བའི་སྨྲེ་སྔགས་ཕྱུང་པ༔ ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང་༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔
འཇིག་རྟེན་མུན་པ་གང་གིས་སེལ༔ ཞེས་བརྗོད་དེ་བརྒྱལ་སངས་པ་དང་༔ འོད་ཕུང་གི་ནང་ནས་ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུང་ནས༔ རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་པ་ཞིག༔ ཕྱག་གཡས་པའི་མཐིལ་དུ་བབས་ཏེ༔ དེ་ཞལ་ཕྱེ་བས་རིན་པོ་ཆེ་མཐིང་ཁ་ལ་བཻ་ཌཱུཪྱ་བཞུ་བའི་ཁུ་བས་བྲིས་པ་བབས་པས་དགའ་རབ་རྡོ་རྗེ་རྟོགས་པའི་གདེང་དང་ལྡན་པར་གྱུར་ཏོ༔ ས་མ་ཡཱ༔ ༔ རྒྱ་གར་སྐད་དུ༔ བུད་དྷ་དྷེ་ཀ་ར་མ་དུ་ནཱ་མཿབོད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་གཉིས་པ༔ ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་སྟོབས་ཀྱིས་རྣམ་པར་གནོན་པ་ཉིད་ལ་ཕྱག་འཚལ་ལོ༔ ངེས་པར་སངས་རྒྱས་ཐོབ་འདོད་ན༔ སྔོན་དུ་འགྲོ་ལ་རྩལ་ཉིད་སྦྱང༔ ལུས་དང་ངག་དང་ཡིད་གསུམ་པོ༔ རུ་ཤན་ལེགས་པར་མ་ཕྱེད་ན༔ ཁམས་གསུམ་ཉིད་ལས་མི་བསྒྲོད་པས༔ སྔོན་དུ་འགྲོ་བ་དག་ལ་བསླབ༔ སྔོན་འགྲོའི་གནད་ལ་མཁས་གྱུར་ན༔ མཆོག་ཐུན་དགོངས་པ་ལ་མཁས་འགྱུར༔ དབེན་པའི་གནས་སུ་གཅིག་པུར་འདུག༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད༔ དཀོན་མཆོག་གསུམ་གྱི་སྤྱོད་པ་བྱ༔ སྐྱིལ་ཀྲུང་མཐིལ་སྤྲད་དྲང་པོར་བསྲང་༔ སྤྱི་བོར་ཐལ་མོ་སྦྱར་བར་བྱ༔ དེ་ལྟར་ལུས་ཀྱིས་སུས་བྱས་པ༔ ལུས་དེ་མི་ལྡོག་བར་ཆད་ཞི༔ ཞེན་པ་ལྡོག་ཅིང་སྒྲིབ་པ་འདག༔ ལུས་དེ་སྤྲུལ་པའི་སྐུར་གྲོལ་ནས༔ སངས་རྒྱས་སྐུ་དང་གཉིས་སུ་མེད༔ ལྷག་མེད་ཉིད་དུ་འགྱུར་བ་འོ༔ ངག་གི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད༔ ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ༔ རྣམ་པ་སྣ་ཚོགས་
ཉིད་ལ་སྦྱང༔ རྒྱས་གདབ་གནད་ལ་ཞག་གསུམ་བྱ༔ རྩལ་སྦྱང་གཉེན་བཙལ་ལམ་དུ་གཞུག༔ དེ་ལྟར་ངག་གིས་སུས་བྱས་པ༔ ཞེན་ལོག་ངག་གི་སྒྲིབ་པ་དག༔ མི་ལྡོག་གཉིས་མེད་ལོངས་སྐུར་གྲོལ༔ ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྡུག་བསྔལ་བློ་ལ་བླང་༔ དེ་ནས་སེམས་ཀྱི་བྱུང་ས་བཙལ༔ མ་རྙེད་ཆོས་ཀྱི་སྐུ་དང་སྤྲད༔ དེ་ནས་སེམས་ཀྱི་གནས་ས་བཙལ༔ མ་རྙེད་ལོངས་སྤྱོད་སྐུ་དང་སྤྲད༔ དེ་ནས་སེམས་ཀྱི་འགྲོ་ས་བཙལ༔ མ་རྙེད་སྤྲུལ་པའི་སྐུ་དང་སྤྲད༔ དེ་ལྟར་སེམས་ཀྱིས་སུས་བྱས་པ༔ ཞེན་ལོག་བར་ཆད་ཞི་བ་དང་༔ ་སྒྲིབ་དག་ཁམས་གསུམ་ལྡོག་པ་མེད༔ ཆོས་ཀྱི་སྐུར་གྲོལ་གཉིས་མེད་འདའ༔ དེ་ནས་ལུས་ངག་ཡིད་གསུམ་པོ༔ རྣལ་དུ་འབེབས་ལ་མཁས་པར་བྱ༔ དེས་ནི་གསུམ་པོ་སོར་ཆུད་ནས༔ ཉམས་ལེན་ཉིད་ལ་བརྩོན་པར་འགྱུར༔ དེ་ལྟར་སྔོན་འགྲོ་རྫོགས་བྱས་ནས༔ དེ་དག་བློ་ཡིས་བོར་ནས་ཀྱང་༔ མངོན་སུམ་གནད་ལ་དབབ་པའི་ཕྱིར༔ ལུས་ངག་ཡིད་གསུམ་བྱ་བ་སྤང་༔ འདི་ནི་དུར་ཁྲོད་ཆེན་པོ་མི་རེ་འབར་བའི་ཤར་ཕྱོགས་ཌཱཀྐི་མ་སྣ་ཚོགས་འདུ་བའི་གནས་སུ༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ དགའ་རབ་རྡོ་རྗེ་ས་ལ་འགྱེལ་ཏེ་གདུང་བའི་སྨྲེ་སྔགས་ཕྱུང་པས༔ ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང་༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཞེས་པ་བརྗོད་དེ་བརྒྱལ་སངས་པ་དང་༔ མདུན་གྱི་ནམ་མཁའ་འོད་ཕུང་གི་དཀྱིལ་དུ༔ ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུང་ནས༔ བཻ་ཌཱུཪྱ་ཞུན་མ་ཉིད་ལ་རིན་པོ་ཆེ་ལྔ་ཡི་ཡི་གེ་རང་བྱུང་དུ་བཀོད་པ༔ རིན་པོ་ཆེ་ཤེལ་
གྱི་ཟ་མ་ཏོག་དང་བཅས་པ་བབས་པ༔ བྱིན་རླབས་ཆེན་པོ་མཆོག་གི་ཡི་གེ༔ སངས་རྒྱས་གྱི་ཞལ་ཆེམས་གཉིས་པ༔ སྤྲུལ་པ་པོ་དགའ་རབ་རྡོ་རྗེ་བཟུང་བའི་དོན་དུ་སྣང་བར་བྱས་པ༔ མྱ་ངན་ལས་འདའ་བ་ཐམས་ཅད་ཀྱི་སྣ་ཁྲིད་དང་འདྲ་བ༔ བསྟན་པ་ཐམས་ཅད་ཀྱི་བཅུད་བསྡུས་ཤིང་བུ་གཅིག་པར་བསྟན་པའོ༔ སཱ་མཱ་ཡཱ༔ ༔ རྒྱ་གར་སྐད་དུ༔ བུད་དྷ་དེ་ཀ་ར་ཡ་ཏྲི་ནཱ་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་གསུམ་པ༔ རང་གྲོལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་རྣམས་གསོན་ཅིག༔ ལུས་ནི་མྱ་ངན་འདའ་འདོད་ན༔ སྐུ་གསུམ་བཞུགས་སྟངས་ཉིད་ལ་བསླབ༔ འདི་ལྟར་སུ་ཡིས་བྱས་པ་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་ཀློང་དུ་མྱ་ངན་འདའ༔ ངག་ནི་བསླབ་བྱའི་རིམ་པ་དང་༔ གནས་པ་བརྟན་ཞིང་ལ་ཡང་བཟླ༔ དེ་ལས་མི་འདའ་སུས་བྱས་པ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་ཀློང་དུ་མྱ་ངན་འདའོ༔ སེམས་གནད་གཟིགས་སྟངས་གསུམ་གཅུན་ཏེ༔ ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ༔ སྒོ་གནད་ཟློག་ཕབ་ཟུར་གྱིས་ལྟ༔ རླུང་གནད་ཤིན་ཏུ་དལ་ལ་བསླབ༔ དེ་ལྟར་གནད་གསུམ་གཟིར་བ་ཡིས༔ སྐུ་གསུམ་རིག་པ་སྟོང་པར་འཆར༔ ལུག་རྒྱུད་རིག་པ་བཙོན་དུ་བཟུང་༔ མངོན་སུམ་གནད་མཐོང་བཟློག་པ་མེད༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ༔ གོང་དུ་འཕེལ་བའི་ཉམས་སྣང་གིས༔ བར་དོའི་ཡེ་ཤེས་མངོན་དུ་བྱས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཆོས་ཉིད་ཟད་
པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་བཞི་ལ་མཐར་ཕྱིན་ན༔ མྱང་འདས་གཞན་དུ་བཙལ་མི་དགོས༔ མི་འགུལ་གསུམ་ལ་གཞི་བཅས་པས༔ སྡོད་པ་གསུམ་གྱི་ཚད་ཟིན་ཏེ༔ རྟགས་ནི་ལུས་ངག་ཡིད་ལ་འབྱུང་༔ ཐོབ་པ་གསུམ་གྱི་གཟེར་ཐེབས་སོ༔ དེ་ལས་བསྟན་དུ་མེད་དོ་སཱ་མཱ་ཡཱ༔ བསྟན་པ་གང་བབས་རིན་ཆེན་གྱིས༔ ལེགས་བྲིས་མཆན་ཁུང་དག་ཏུ་བཅང་༔ བཀུར་སྟི་སུས་བྱས་གྲོལ་བར་ངེས༔ འཇའ་འོད་སྒྲ་དང་ས་གཡོ་དང་༔ སད་སེར་མུ་གེ་གཟས་ཟིན་དུས༔ ཕྱོགས་བསྟུན་ལྕེ་ཡིས་འདི་བཀླགས་ན༔ སྟོང་གསུམ་སྤྲུལ་པའི་སངས་རྒྱས་ལ༔ ཡོན་ཕུལ་བ་བས་འདི་དོན་ཆེ༔ བསྟན་པ་ཐམས་ཅད་ཀྱི་རང་བབས་རང་བྱུང་བྱིན་བརླབས་ཀྱི་ཡི་གེ་འདི༔ རྒྱལ་པོ་ཛ་རི་ཞེས་བྱ་བའི་ཁབ་ཀྱི་ལྷོ༔ བྱ་རྒོད་སྤུངས་པའི་རི་ལ་སྟོན་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ དགའ་རབ་རྡོ་རྗེས་གདུང་བའི་སྨྲེ་སྔགས་བྱུང་བས༔ རིན་པོ་ཆེ་ལྔའི་ཡི་གེ་རང་བྱུང་བ་དགའ་རབ་རྡོ་རྗེའི་ཕྱག་གཡས་པའི་མཐིལ་དུ་བབས་པ༔ སངས་རྒྱས་ཀྱི་འདས་རྗེས་ཐ་མ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པར་བཀོད་པའོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ༔
སངས་རྒྱས་ཀྱི་འདས་རྗེས་གསུམ།
སངས་རྒྱས་ཀྱི་འདས་རྗེས་གསུམ་བཞུགས༔ ༼གསེར་ཡིག་ཅན༽
རྒྱ་གར་སྐད་དུ༔ བྷུདྡྷ་དྷེ་ཀ་ར་ཨེ་ཀ༔ བོད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་དང་པོ༔ ཨེ་ཨེ་ཨེ་མ་རིགས་ཀྱི་བུ༔ ལུས་དང་ངག་དང་ཡིད་ཀྱི་སྔོན་དུ་འགྲོ་བ་ལ་རྩལ་སྦྱང་བར་བྱའོ༔ རྣལ་དུ་དབབ་པའི་ཆོ་གས་སོར་གཞུག་པར་བྱའོ༔ དེ་ལྟར་བྱས་པས་སངས་རྒྱས་ཀྱི་མཛད་སྤྱོད་ལ་རེག་པའོ༔ ལུས་ནི་བཞུགས་སྟངས་ལས་མི་འདའ་བར་བྱའོ༔ ངག་ནི་སྨྲ་བའི་རྒྱུན་གཅད་པར་བྱའོ༔ སེམས་ནི་གཏད་པའི་འབེམ་དང་མི་འབྲལ་བར་བྱའོ༔ དེས་ནི་སངས་རྒྱས་ཀྱི་བདེན་པ་ལ་རེག་པའོ༔ ཨྠྀི༔ ༔ ༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ སྒོ་དང་ཡུལ་དང་རླུང་རིག་གི་གནད་བསྟུན་པར་བྱའོ༔ དེས་ནི་ཆོས་ཉིད་དངོས་ལ་རེག་པའོ༔ རིགས་ཀྱི་བུ་དེ་ལ་སྣང་བའི་རང་བཞིན་ཆོས་ཐམས་ཅད་དུ་འགྱུར་རོ༔ དེས་ནི་ཆོས་ཉིད་ལ་བྱན་ཚུད་པའོ༔ ཞེས་སུམ་ཅུ་རྩ་གསུམ་གྱི་གནས་སྨན་འཚོ་བྱེད་གཞོན་ནུའི་ལྡུམ་རར༔ རྡོ་རྗེ་འཆང་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་ཚེ༔ སྤྲུལ་པ་པོ་དགའ་རབ་རྡོ་རྗེས་གདུང་བའི་སྨྲེ་སྔགས་བཏོན་པ༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཞེས་བརྗོད་པས་འོད་ཕུང་གི་དཀྱིལ་ནས་ཕྱག་གཡས་པའི་གྲུ་མོ་མན་ཆད་བསྟན་ནས་དགའ་རབ་རྡོ་རྗེའི་སྤྱི་བོ་དང་ལག་མཐིལ་དུ་རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་བ་གཅིག་བབས་ཏེ༔ དེ་ཞལ་ཕྱེ་བས་རིན་པོ་ཆེ་མཐིང་ག་ལ་བཻ་ཌཱུཪྱ་མཐིང་གའི་ཞུན་མས་བྲིས་པ་བབས་པས་དགའ་རབ་རྡོ་རྗེས་རྟོགས་པའི་གདེང་
རྙེད་དོ༔ འདས་རྗེས་དང་པོ་རྫོགས་སོ༔ ཨྠྀི༔ ༔ རྒྱ་གར་སྐད་དུ༔ བྷུདྡྷ་དྷེ་ཀ་ར་དྷུ་ཡེ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས་གཉིས་པ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ ལུས་རུ་ཤན་མ་ཕྱེད་པས་ཁམས་གསུམ་དུ་ལྡོག་པས་ན་ལུས་རུ་ཤན་འབྱེད་པ་ལ་མཁས་པར་བྱའོ༔ ངག་རུ་ཤན་མ་ཕྱེད་ན་ངག་ཁམས་གསུམ་དུ་ལྡོག་པར་འགྱུར་བས་ངག་རུ་ཤན་འབྱེད་པ་ལ་མཁས་པར་བྱའོ༔ སེམས་རུ་ཤན་མ་ཕྱེད་ན་སེམས་ཁམས་གསུམ་དུ་ལྡོག་པས་ན་སེམས་རུ་ཤན་འབྱེད་པ་ལ་མཁས་པར་བྱའོ༔ དེ་ནས་ལུས་རྣལ་དུ་མ་ཕབ་ན་ལུས་སོར་མི་ཆུད་དོ༔ ངག་རྣལ་དུ་མ་ཕབ་ན་ངག་སོར་མི་ཆུད་དོ༔ དེ་ནས་སེམས་རྣལ་དུ་མ་ཕབ་ན་སེམས་སོར་མི་ཆུད་དོ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ ལུས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ན་ལུས་སྐུ་གསུམ་གྱི་བཞུགས་སྟངས་ལས་མི་འདའ་བར་བྱའོ༔ ངག་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ན་ངག་སྨྲ་བ་བཅད་པའི་འཁོར་ལོ་ལས་མི་འདའ་བར་བྱ་འོ༔ རིགས་ཀྱི་བུ་སེམས་ཡོངས་སུ་མྱ་ངན་འདའ་བར་འདོད་ན༔ ཡུལ་ནམ་མཁའ་སྟོང་པ་དང་མི་འདྲ་བར་བྱའོ༔ ཨྠྀི༔ ༔ དེ་ནི་སྐྱེ་བ་མེད་པའི་ཐབས་མཆོག་ཏུ་གསུངས་སོ༔ སྣང་བ་ཐམས་ཅད་ཆོས་ཉིད་དུ་འཆར་བར་འདོད་ན༔ མིག་སྐུ་གསུམ་གྱི་གཟིགས་སྟངས་ལས་མ་འདས་པར་གྱིས་ཤིག༔ དེས་ནི་སྣང་བ་གཟིགས་སྣང་ཐམས་ཅད་རང་སྣང་དུ་འཆར་བའི་གནད་དོ༔ ཨེ་མ་ཧོ༔ རིག་པ་ལ་བྱན་ཚུད་པར་འདོད་པའི་སྐྱེས་བུས་ཡུལ་སྟོང་པ་ལ་རིག་པ་སྟོང་པ་གཏད་པར་བྱའོ༔
དེས་ནི་ཡུལ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་འདའ་བར་འགྱུར་རོ༔ ཨེ་མ་ཧོ༔ འགྱུ་བ་རང་སར་གྲོལ་བར་འདོད་ན་རླུང་རབ་ཏུ་དལ་བ་བརྟན་པར་བྱའོ༔ ཨེ་མ་ཧོ༔ དེས་ནི་ཁམས་གསུམ་འཁོར་ལོ་རྒྱུན་བཅད་པར་འགྱུར་བའི་མན་ངག་གོ༔ ཨེ་མ་ཧོ༔ དེ་ལྟར་སྣང་བ་བཞིའི་ཆོས་ཉིད་སྐྱེས་པ་ལས་འཁྲུལ་པའི་སྣང་བ་རྒྱུན་ཆད་པའོ༔ ཨེ་མ་ཧོ༔ རིགས་ཀྱི་བུ་མི་འགུལ་བ་གསུམ་ལ་གཞི་ཆོས༔ ཨྠྀི༔ ༔ སྡོད་པ་གསུམ་གྱིས་ཚད་ཟུངས་ཤིག༔ སོ་ཕག་ཤི་ཐཾ༔ ཐོབ་པ་གསུམ་གྱིས་གཟེར་ཐོག་ཅིག༔ ས་མ་ཡཱ༔ དེ་ལྟར་སུས་བྱེད་པ་ཁམས་གསུམ་དུ་ལྡོག་རེ་ཀན༔ དབུ་རྒྱ་འགར་བ་ལམ༔ ཞེས་དུར་ཁྲོད་ཆེན་པོ་མེ་རི་འབར་བར་སྤྲུལ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་ཚེ༔ དགའ་རབ་རྡོ་རྗེ་བརྒྱལ་ཞིང་ས་ལ་འགྱེལ་ནས་གདུང་བའི་སྨྲེ་སྔགས་བཏོན་པ༔ ཀྱེ་མ་ཀྱེ་ཧུད་ཀྱི་མ་ཀློང་༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཞེས་པ་བརྒྱལ་སངས་ནས་བརྗོད་པས༔ ནམ་མཁའ་འོད་ཕུང་གི་དཀྱིལ་ནས་ཕྱག་གཡས་པའི་གྲུ་མོ་མན་ཆད་བསྟན་ནས༔ རིན་པོ་ཆེ་རབ་ཏུ་འོད་འབར་བ་ཁྱད་པར་གྱི་ཡི་གེ་བབས་པ་ཙམ་གྱིས་ཡུན་གྱི་སྒྲིབ་པ་མ་སྦྱངས་གནས་སུ་དག་གོ༔ མཁའ་འགྲོ་མའི་གནས་སུ་སྣང་བར་བྱས་སོ༔ སངས་རྒྱས་ཀྱི་འདས་རྗེས་གཉིས་པ་རྫོགས་སོ༔ ཨྠྀི༔ ༔ རྒྱ་གར་སྐད་དུ༔ བྷུདྡྷ་དྷེ་ཀ་ར་ཏྲི༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས་གསུམ་པ༔ ཟག་པར་ཟད་པ་རང་ཟད་སྣང་བ་རང་སར་གྲོལ་བ་ལ་ཕྱག་འཚལ་ལོ༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ སྔོན་དུ་འགྲོ་བའི་གནད་
ལ་མཁས་ན་མཆོག་དངཐུན་མོང་གི་དགོས་པ་ལ་མཁས་པར་འགྱུར་རོ༔ དེ་ཡང་ལུས་ཀྱིས་བྱ་བྱེད་འཁོར་ལོ་བསྐོར༔ ངག་ནི་ཅ་ཅོའི་འཁོར་ལོ་བསྐོར༔ སེམས་ནི་འཕྲོ་འདུའི་འཁོར་ལོ་བསྐོར༔ དེ་ལྟར་བྱ་བྱེད་འཁོར་ལོ་ལས༔ འདས་པ་མེད་པའི་ཆོས་ཉིད་ལ༔ འཁོར་ལོ་ཞེས་ཀྱི་མིང་ནས་མེད༔ བར་ཆོད་སེལ་དང་ཞེན་པ་ལོག༔ སྡིག་པ་མ་ལུས་འདག་པར་ནི༔ ཐུན་མོང་གྱུར་པའི་དགོས་པ་འོ༔ མཆོག་ལ་ཁམས་གསུམ་མི་འཇུག་དང་༔ སོ་སོའི་སྐུ་རུ་གྲོལ་བ་དང་༔ སྐུ་གསུང་ཐུགས་སུ་འདས་པ་ཡིས༔ འདི་དུས་སྤྱོད་པར་བྱས་པ་འོ༔ དེ་ཡིས་ལུས་ཀྱི་འབྲེལ་ཆད་ནས༔ ཁམས་གསུམ་དག་ཏུ་ལྡོག་པ་མིན༔ ལུས་དང་ངག་དང་སེམས་ཉིད་ལ༔ རྣལ་དུ་ཕེབས་ལ་མཁས་པར་བྱ༔ དེས་ནི་ལུས་ངག་སོར་ཆུད་ནས༔ ཉམས་ལེན་ཉིད་ལ་བརྩོན་པར་འགྱུར༔ དེ་ལྟར་སྔོན་འགྲོ་རྫོགས་བྱས་ནས༔ དེ་དག་བློ་ཡིས་བོར་བྱས་ལ༔ ད་ནི་མངོན་སུམ་ཏིག་ལ་དབབ༔ ཅེས་པའོ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ ལུས་ཀྱི་གནད་དུ་ཆོས་ཀྱི་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་དང་༔ ལོངས་སྐུ་ནི་གླང་པོ་ཆེ་ལྟ་བུ་དང་༔ སྤྲུལ་པ་སྐུའི་བཞུགས་སྟངས་ནི་དྲང་སྲོང་ཙོག་པུའི་རྣམ་པ་ལྟ་བུའོ༔ དེ་ཉིད་ལས་མ་འདས་ན་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ༔ ངག་ནི་བསླབ་པར་བྱ་བའི་རིམ་པ་དང་༔ གནས་དང་བརྟན་ཞིང་ལ་བཟླ་བ་ལས་མི་འདའ་བར་བྱའོ༔ དེ་ལྟར་བྱས་པས་སངས་རྒྱས་ཀྱི་གསུང་གི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ༔ ཨྠྀི༔ ༔ སྒོ་ནི་བཟློག་
ཕབ་ཟུར་གྱིས་ནི༔ གཟིགས་སྟངས་རྣམ་པ་གསུམ་དུ་གྲགས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡི༔ གཟིགས་སྟངས་གསུམ་ལས་མི་འདའོ༔ ཡུལ་ནི་སྤྲིན་བྲལ་ནམ་མཁའ་ལ༔ རིག་པ་སྟོང་པ་འཆར་བ་འོ༔ རླུང་ནི་དལ་བ་བརྟེན་པ་ཡིས༔ འགྲོ་དྲུག་འཁྲུལ་པའི་རྒྱུན་ཆད་དོ༔ མངོན་སུམ་གནད་འདི་སུས་མཐོང་བ༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ ཨྠྀི༔ ༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ༔ ཉམས་སྣང་གོང་དུ་འཕེལ་བ་ཡིས༔ བར་དོའི་ཡེ་ཤེས་མངོན་དུ་བྱས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་བཞི་ལ་མཐར་ཕྱིན་ན༔ མྱང་འདས་གཞན་དུ་བཙལ་མི་དགོས༔ ཨྠྀི༔ ༔ མིག་དང་ལུས་དང་རིག་པ་ཉིད༔ འགུལ་བ་མེད་པར་གནད་ཟིན་ན༔ མངོན་སུམ་གནད་ལ་ཕེབས་པ་འོ༔ ལུས་དང་སྣང་བ་རླུང་ཉིད་ཀྱང་༔ བྱས་པ་མེད་པར་སྡོད་པ་འོ༔ ཆོས་ཉིད་དལ་བས་གྲུབ་པ་འོ༔ སྐྱེ་དང་འཇུག་དང་རླུང་སེམས་ལ༔ སུ་ཡིས་རང་དབང་ཐོབ་པའི་མི༔ སངས་རྒྱས་དགོངས་པའི་དྲོད་རྙེད་དོ༔ ཨྠྀི༔ ༔ བསྟན་པ་གང་ལ་དབང་བ་ཡི༔ ཁ་དོག་གིས་ནི་ལེགས་བྲིས་ནས༔ མཆན་ཁུང་གཡས་སུ་བཟུང་བྱས་ཏེ༔ རྟག་ཏུ་བཀུར་སྟི་སུས་བྱས་པ༔ འབད་པ་མེད་པར་གྲོལ་བར་ངེས༔ ཉི་ཟླ་གཟའ་ཡིས་ཟིན་པ་དང་༔ སྒྲ་དང་ས་གཡོས་མུ་གེའི་དུས༔ རྡོ་རྗེའི་ལྕེ་ཡིས་འདི་བཀླགས་ན༔ སྟོང་གསུམ་སྤྲུལ་པའི་སངས་རྒྱས་ལ༔ ཡོན་ཕུལ་བས་ནི་འདི་དོན་ཆེ༔ བསྟན་
པ་ཐམས་ཅད་ཀྱི་རྩ་བར་རང་བྱུང་གི་ཡི་གེ་ལས་བཀོད་པ་བྱིན་བརླབས་ཀྱི་བརྒྱུད་པའི་གནད༔ སུ་ལ་བབས་པ་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་དོ༔ ལྷོ་ཕྱོགས་བདེ་ལྡན་ཡིད་འདྲེས་པ་བྱ་རྒོད་སྤུངས་པའི་རི་ལ་སྟོན་པ་མྱ་ངན་ལས་འདས་ཚུལ་བསྟན་པའི་ཚེ༔ སྤྲུལ་པ་པོ་དགའ་རབ་རྡོ་རྗེའི་ཕྱག་གཡས་པའི་མཐིལ་དུ་བབས་པ་སངས་རྒྱས་ཀྱི་འདས་རྗེས་གསུམ་པ་ཞལ་ཆེམས་སུ་བཀོད་པ་རང་བྱུང་བ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པོ་རྫོགས་སོ༔ འདི་ཉིད་བཅངས་པ་ཙམ་གྱིས་ནི༔ སངས་རྒྱས་རྣམས་ཀྱི་དགོངས་པ་ཐོབ༔ རང་རིག་བྱིན་རླབས་རྒྱུད་བརྟེན་ནས༔ ངན་སོང་འཁོར་བ་དོང་སྤྲུག་གོ༔ འདི་ནི་བཤད་ཅིང་བསྟན་པ་མིན༔ རབ་ཏུ་གསང་ལ་ལུས་ལ་བརྟེན༔ དངོས་གྲུབ་ཀུན་གྱི་རྩ་བར་འབྱུང་༔ གྷུ་ཧྱ་ས་མ་ཡ༔ སོ་ཕག་ཤི་ཐཾ༔ རིན་པོ་ཆེ་བརྒྱ་རྩ་ནི་རྒྱུ་ལས་རང་བྱུང་བའོ༔ འཛམ་བུའི་གླིང་གཞན་མེད་པར་ཡིད་ཆེས་སོ༔ ཨྠྀི༔ ༔ ༼གསེར་ཡིན་ཅན༽
མན་ངག་མདོ་བྱང་བསྡུས་པའི་སྒྲོན་མ།
མན་ངག་མདོ་བྱང་བསྡུས་པའི་སྒྲོན་མ་བཞུགས་སོ༔
མཉམ་ཉིད་ཡེ་ཤེས་རྫོགས་ལ་ཕྱག་འཚལ་ལོ༔ དག་པའི་སྣང་བ་ཆེན་པོ་ནི༔ རྣལ་འབྱོར་དོན་ཆེན་ཉེར་མཚོན་ཏེ༔ འདི་ནི་ལུང་ཆེན་རྣམས་ཀྱི་དམ་པའོ༔ བདག་ཉིད་གཅིག་པུར་གནས་པའི་ཚེ༔ རི་དྭགས་ལྟ་བུར་ཤེས་པར་བྱ༔ དུར་ཁྲོད་དག་ཏུ་རྒྱུ་བའི་ཚེ༔ གླང་པོ་ལྟ་བུར་ཤེས་པར་བྱ༔ སྣང་བ་ཉམས་དང་ལྡན་པའི་ཚེ༔ རྒྱ་མཚོ་ལྟ་བུར་ཤེས་པར་བྱ༔ རིག་པ་ཚད་དུ་སྨིན་པའི་ཚེ༔ སྨྱོན་པ་ལྟ་བུར་ཤེས་པར་བྱ༔ རྣལ་འབྱོར་ཕུང་པོ་བོར་པའི་ཚེ༔ དུར་ཁྲོད་ལྟ་བུར་ཤེས་པར་བྱ༔ ཡེ་ཤེས་མ་བུ་ཕྲད་པའི་ཚེ༔ ཉི་ཟླ་ལྟ་བུར་ཤེས་པར་བྱ༔ ཤེས་པ་དྲན་མེད་ཡལ་བའི་ཚེ༔ ནམ་མཁའ་ལྟ་བུར་ཤེས་པར་བྱ༔ འདི་དག་ཤེས་པའི་རྣལ་འབྱོར་ནི༔ སྐྱེ་མེད་གདེང་ཆེན་ཁོང་དུ་ཚུད༔ སྣང་བ་རྣམས་ལ་ཕ་རོལ་ལོ༔ རྒྱུད་ཀྱི་ཁོང་སྙིང་བཅུ་བདུན་པོ༔ སྒོམ་ཁྲིགས་གཅིག་ཏུ་བསྡེབས་པ་ནི༔ ལོ་འདབ་རྒྱས་པའི་སྡོང་པོ་འདྲ༔ ཉམས་ལེན་ལག་ཁྲིད་བཅུ་དྲུག་ནི༔ རིག་པ་གཅིག་ལ་བསྡུས་པ་ནི༔ མུ་ཏིག་རྩར་ལ་བརྒྱུས་པ་འདྲ༔ དེབས་ཀྱི་མན་ངག་རྣམ་གཉིས་ཀྱིས༔ གཏད་པ་གཉིས་སུ་བསྟན་པ་ནི༔ བང་མཛོད་རྒྱས་པའི་ལྡེ་མིག་འདྲ༔ ངོ་མཚར་མན་ངག་རྣམ་བཞི་ནི༔ རྣལ་འབྱོར་གཅིག་ལ་ཚང་བ་ནི༔ མིག་གི་སྟེང་དུ་མཛུབ་བཞག་འདྲ༔ ཡ་མཚན་ཅན་གྱི་ཚིག་བཞི་ཡིས༔ སྐལ་ལྡན་སྙན་དུ་བསྩལ་བ་ནི༔ ལུག་རིད་རྣ་བར་ཁུ་བྱུག་འདྲ༔ མཐར་ཐུག་གསང་བའི་དོན་བཞི་ཡིས༔ འབྲས་བུ་གནད་དུ་ཕབ་པ་ནི༔ གནད་ནས་ཟིན་པའི་སྲོག་སྙིང་འདྲ༔ གསང་བའི་རྒྱུད་ཆེན་བཅུ་བདུན་པོ༔ རྣལ་འབྱོར་
གཅིག་གི་ཤེས་པ་ནི༔ ཕྱུག་པོའི་བང་མཛོད་སྒོ་ཕྱེ་འདྲ༔ དེ་རྣམས་དོན་ཏིག་བཅུ་བདུན་པོ༔ རྒྱུད་ཆེན་གཞུང་དང་སྦྱར་བ་ནི༔ གླང་ཆེན་སྣ་ནས་དཀྱུས་ཟིན་འདྲ༔ བཤད་པའི་མན་ངག་རྣམ་བཞི་ནི༔ སྐྱེས་བུའི་བློ་ལ་འདེབས་པ་ནི༔ རི་རྒྱལ་ཁ་ནས་རྦབ་གཏོང་འདྲ༔ ཁྱད་པར་མན་ངག་བཅུ་བདུན་གྱིས༔ གང་ཟག་གཅིག་གི་དབང་བྱས་པ༔ མུན་ཁུང་ནང་གི་སྒྲོན་མེ་འདྲ༔ ཡི་གེ་འཕྲུལ་གྱི་སྒྲོ་ཡིག་གིས༔ ཨཱ་ལི་ཀཱ་ལིའི་དོན་བསྡེབས་པ༔ ཀ་ལ་པིང་ཀའི་སྒྲ་བསྒྱུར་འདྲ༔ ཀ་དག་ལྷུན་གྲུབ་རྣམ་པ་གཉིས༔ གྲུབ་མཐའ་སྡེབས་སུ་བྱས་པ་ནི༔ བཙན་པོ་མཁར་དུ་ཞུགས་པ་འདྲ༔ སྨྲ་བྱེད་མཚོན་ཆ་རྣམ་པ་དྲུག༔ ཕ་རོལ་རྣམས་དང་སྨྲ་བ་ནི༔ ཏིལ་མར་ངར་བཏགས་རལ་གྲི་འདྲ༔ ཐིག་ལེ་ཕྱི་ནང་པྲ་ཁྲིད་གཉིས༔ གང་གིས་གོམས་པར་བྱས་པ་དེ༔ རྒྱལ་པོས་དམངས་ལ་དབང་བསྒྱུར་འདྲ༔ ཐུན་བཞི་དག་གི་མན་ངག་གིས༔ དེ་ཉིད་ལམ་དུ་སློང་པ་ནི༔ བྱ་བ་བཏང་པའི་སྐྱེས་བུ་འདྲ༔ བཞག་ཐབས་བཞི་ཡི་གདམས་པ་ཡིས༔ རྣལ་འབྱོར་རིག་པའི་གནས་བཙལ་བ༔ མཐོན་པོའི་རི་རྩེར་ཕྱིན་པ་འདྲ༔ ཞལ་ཆེམས་རྣམ་པ་ལྔ་རྣམས་ལ༔ འཆི་ཁར་ལམ་དུ་བྱེད་པ་ནི༔ ཐོག་ཆེན་ས་ལ་ལྟུང་བ་འདྲ༔ དེ་དག་འཛོམ་པའི་སྐྱེས་བུ་ཡིས༔ བྱ་བ་སྤངས་ནས་བལྟ་བ་ནི༔ མི་ཟད་གཏེར་དང་ཕྲད་པ་འདྲ༔ དེ་ཕྱིར་ཡི་གེ་འདི་དག་ནི༔ རྣལ་འབྱོར་པ་ཡིས་གསང་ཞིང་སྤྱད༔ རབ་ཏུ་དབེན་པའི་ས་ཕྱོགས་སུ༔ རི་དྭགས་དམན་པའི་ཚུལ་གྱིས་འདུག༔ འདུ་འཛི་སྤངས་པའི་ས་ཕྱོགས་སུ༔ ཐ་མལ་པ་ཡི་ཚུལ་གྱིས་འདུག༔
དགྲ་གཉེན་མེད་པའི་ས་ཕྱོགས་སུ༔ སྤྲང་པོ་ལྟ་བུའི་ཚུལ་གྱིས་འདུག༔ ཡུལ་དམིགས་མེད་པའི་ས་ཕྱོགས་སུ༔ ཅི་དགར་སྤྱོད་པའི་ཚུལ་གྱིས་འདུག༔ ཨེ་མ་ཧོ༔ གཞི་མཐོང་བ་ལ་རྩ་བ་མེད༔ ཆོས་ཉིད་མཐོང་ལ་སྒོམ་པ་མེད༔ རིག་པ་མཐོང་ལ་མན་ངག་མེད༔ སྣང་བ་མཐོང་ལ་ལྟ་བ་མེད༔ དོན་མཐོང་བ་ལ་སྙིང་རྗེ་མེད༔ སེམས་མཐོང་བ་ལ་སྤྱོད་པ་མེད༔ སྐྱེ་ཤི་མཐོང་ལ་དགེ་སྡིག་མེད༔ དངོས་པོ་མཐོང་ལ་སངས་རྒྱས་མེད༔ འཁྲུལ་པ་མཐོང་ལ་དམྱལ་བ་མེད༔ ང་རང་མཐོང་ལ་ཐམས་ཅད་མེད༔ ཉམས་སུ་ལེན་པ་གསང་བའི་དེབས༔ མན་ངག་ཀུན་གྱི་མདོ་བྱང་དུ༔ ཤྲཱི་སིང་ཧ་བདག་གིས་བཀོད༔ མན་ངག་གི་མདོ་བྱང་བསྡུས་པའི་སྒྲོན་མ་ཞེས་བྱ་བ་ཐམས་ཅད་ཀྱི་དོན་འགྲེལ་ཆེན་པོ་ཨི་ཏི༔ རྒྱ་རྒྱ་རྒྱ༔ སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཏཱི་དང་༔ ཞྭའི་མགོན་པོ་དམ་ཚིག་གི་བདག་པོས་སྲུངས་ཤིག་གཏད་དོ༔ ལས་ཅན་ཅིག་དང་ཕྲད་པར་ཤོག༔ བདག་འདྲ་སྨྱོན་པ་ལྕེ་བཙུན་གྱིས༔ གཅིག་པུར་རི་ཁྲོད་བྱས་པས་ཉག་གཅིག་རྩ་བ་ཆོད༔ འདུ་འཛི་གཡོག་འཁོར་སྤངས་པས་སྣང་བ་གྲོགས་སུ་ཤར༔ མན་ངག་ནོར་ཕྱིར་མ་བཙོངས་བྱིན་རླབས་འོད་པོ་ཆེ༔ ཆོས་རྣམས་ཟད་སར་བསྐྱལ་བས་ལྟ་སྒོམ་གཉིས་དང་བྲལ༔ སྒྲ་བཞི་ཉམས་སུ་བླངས་པས་འབྱུང་བའི་དགྲས་མི་ཚུགས༔ མན་ངག་གཞུང་བཞིན་སྤྱད་པས་རྫུ་འཕྲུལ་སྣ་ཚོགས་གྲུབ༔ ད་ནི་གྲོལ་དང་མ་གྲོལ་གཉིས་སུ་མེད་དོ༔ ཨེ་མ་ཧོ༔ ༔ ་༼ཕྲ་ཡིག༽
རིགས་འཛིན་གྱི་འདས་རྗེས་བཞི་ཞར་བྱུང་དང་བཅས་པ།
རིགས་འཛིན་གྱི་འདས་རྗེས་བཞི་ཞར་བྱུང་དང་བཅས་པ་བཞུགས་སོ༔ གསེར་ཡིག་ཅན།
དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་དུ་བརྡེག་པ་བཞུགས༔ ན་མོ་ཤྲཱི་གུ་རུ་ཡེ༔ རང་རིག་རྟོགས་པའི་གདེང་ལ་ཕྱག་འཚལ་ལོ༔ ཡིན་པ་གཞི་ཡི་ངོ་བོ་གནས་ཚུལ་གྲུབ་པ་མེད་པའི་རིག་པ་འདི༔ རང་སྣང་འཆར་ཚུལ་ཅིར་ཡང་སྣ་ཚོགས་སུ་སྣང་བ་མ་འགགས་པས༔ སྣང་ཞིང་སྲིད་པའི་ཆོས་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར༔ ཤར་བ་དེ་ཉིད་རང་གི་རིག་པ་ཉིད་ཀྱི་ཐོག་ཏུ་གྲོལ༔ དེ་དོན་བདེ་གཤེགས་ཀུན་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དགོངས་པ་ཐམས་ཅད་འདིར་འདུས་པ༔ འཇམ་དཔལ་བཤེས་གཉེན་བརྒྱལ་བ་བསླང་ཕྱིར་ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་འདི་༔ འཁོར་འདས་གཉིས་ཀྱི་རྡོས་ཐག་གཉིས་ཀ་རང་ཡིན་པར་ཤེས་པས་བཅད་པའི་ཕྱིར༔ འཆི་ཁ་མའི་ཞལ་ཆེམས་ཤིན་ཏུ་དམ་པར་བཟུང་བར་བསྟན་པ་ནི་སྙིང་གི་དཀྱིལ་དུ་སྦོས༔ ཨ༔ སྐྱེ་མེད་དུ་ལ་བཟླ་བའོ༔ ཨྠྀི༔ ༔ རིག་པ་སྤྱི་བརྟོལ་དུ་བསྟན་པའི་མན་ངག་ནི༔ ངོ་རང་ཐོག་ཏུ་སྤྲད་པ་རིག་པ་ཉིད་རིག་པ་ཉིད་དུ་རང་ངོ་རྣམ་དག་ཏུ་བསྟན་པ་ཞེ་སྡང་ཉིད་ཞེ་སྡང་ཉིད་ཀྱིས་གྲོལ་བར་ངོ་སྤྲད་པའོ༔ དང་༔ ཐག་གཅིག་ཐོག་ཏུ་བཅད་པ་གཉིས་མེད་ཤེས་པའི་རིག་པ་དང་༔ གདེང་གྲོལ་ཐོག་ཏུ་བཅའ་དེ་ཕྱིར་ཕྱིར་རང་རིག་རང་གིས་གྲོལ་བའོ༔ བའོ༔ རང་ངོ་ཡིན་པ་ཐམས་ཅད་རང་སྣང་དུ་མ་གྲོལ་བ་གཅིག་ཀྱང་མེད་གཞན་ངོ་སྣང་ཚུལ་མ་རྟོགས་པ་ལ་རང་གཞན་གཉིས་སུ་བྱུང་གཉིས་འདྲེས་པ་རང་ཐོག་དུ་རང་གྲོལ་བའི་མན་ངག་གཅིག་རོལ་གཅིག་བཀལ་བ་མི་མཛེས་ཏེ་གཅིག་གིས་ཆོག་པའོ༔ འཕྲད་པའོ༔ ཨྠྀི༔ ༔ ཅིར་སྣང་རང་ཡིན་མ་ཡིན་པའི་ཆོས་ལོགས་ནས་མི་རྙེད་སྟོབས་རང་གི་དེས་ན་རིགས་མཐུན་གྱིས་རིགས་མཐུན་གྲོལ་ཏེ་གཉེན་པོ་གཞན་མེད་པའོ
རང་ཆེ༔ རང་རང་ཕྲད་པ་ནི་དཔེར་ན་སྐད་རིགས་མཐུན་པའི་མི་སྐད་མི་མཐུན་པའི་ཡུལ་གང་དུ་ཕྲད་ཀྱང་རང་དུ་ཤེས་པ་ལྟར་ཞེ་སྡང་དུ་ཤེས་པས་གྲོལ་པའོ༔ མ་ཐོག་ཏུ་མ་རང་ཕྲད་སྣང་བ་ཉིད་སྣང་བས་གྲོལ་ཏེ་དཔེར་ན་མར་ལ་མར་ཐིམ་པ་ལྟ་བུའོ༔ བུ་ཐོག་ཏུ་རང་ཕྲད༔ རིག་པ་ཉིད་རིག་པས་གྲོལ་ཏེ་ཆུ་ལ་ཆུ་ཐིམ་པ་ལྟ་བུའོ། །གཅིག་ཐོག་ཏུ་གཅིག་རང་ཕྲད་པའོ་རང་ངོ་རང་དུ་ཕྲད་པ་ངོ་བོ་བརྗོད་ལས་འདས་པ་དཔེར་ན་ནམ་མཁའ་ལ་ནམ་མཁའ་ཐིམ་པའམ་སྦྲུལ་གྱི་མདུད་གསུམ་དུས་གཅིག་ལ་གྲོལ་བ་ལྟ་བུའོ༔ རིག་པ་གཅིག་པུ་རང་དང་འབྲེལ་བ་དེ་ལྟར་ན་རང་གི་ངོ་བོ་ཤེས་ན་དུས་གཅིག་ལ་ཐམས་ཅད་འདུས་ཤིང་ངོ་བོ་གཅིག་ལས་མ་འདས་པའི་ཡེ་ཤེས་དཔེར་ན་ཡིད་མཐུན་པའི་ཕོ་མོ་དབེན་པར་ཕྲད་པ་ལྟ་བུའོ༔ རང་གཅིག་པུ་སྣ་ཚོགས་སུ་སྣང་ཡང་ཐ་དད་ཉིད་ཐ་དད་ཉིད་ཀྱིས་གྲོལ་བའི་ཡེ་ཤེས་སྤྱི་མདུད་གཅིག་བཅད་པས་དོ་ཐག་བརྒྱ་ཆད་པ་ལྟ་བུའོ་རང་དང་འབྲེལ་བ༔ གྲོལ་བ་གཅིག་པུ་རང་དང་འབྲེལ་བ་ནི་རང་སྣང་ཡིན་པས་གཞན་དུ་མི་རྙེད་པའི་ཡེ་ཤེས་ཏེ་ཡེ་ཤེས་ཉིད་དུའོ༔ དཔེར་ན་ལམ་བརྒྱ་སྟོང་གི་མཐའ་གྲོང་ཁྱེར་གཅིག་ལ་ཟུག་པ་ལྟ་བུའོ་འོ༔ རང་ཐོག་ཏུ་མཐར་སྣང་གི་ཐག་དེ་ལྟར་རང་གིས་རང་ངོ་ཤེས་པས་མ་རིག་པ་དང་གཉིས་སུ་མེད་པ་སྟེ་དཔེར་ན་མི་གཅིག་ལ་མིང་མང་པོ་ཡོད་པ་གང་ནས་བོས་ཀྱང་འོང་བ་དོན་གཅིག་ལས་མ་འདས་པ་ལྟ་བུའོ་ཆོད༔ གཅིག་ཐོག་ཏུ་རང་སྣང་གི་ཐག་ཆོད༔ གྲོལ་ཐོག་ཏུ་ཐེ་ཚོམ་གྱི་ཐག་ཆོད་རང་གིས་རང་གྲོལ་ཏེ་རིག་པས་རིག་པ་གྲོལ་བ་སྟེ་དེ་ལྟར་རང་ཡིན་པར་ངོ་ཤེས་པས་རྟོག་པ་ཐམས་ཅད་རང་སར་གྲོལ་བས་སྔར་འདྲིས་ཀྱི་མི་ཕྱིས་མཐོང་བ་ལྟ་བུའོ་པའོ༔
ཨྠྀི༔ ༔ རང་ལ་བྱན་ཚུད་པ་ཕྱུག་པོའི་བང་མཛོད་ལྟ་བུའི་གདིང་འགྱུ་བ་ཐམས་ཅད་རང་སར་གྲོལ་བ་དཔེར་ན་བང་མཛོད་ལ་ཅི་འདོད་པ་ལྟ་བུའི་༔ གཞན་ལ་བྱན་ཚུད་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུའི་གདིང་རིག་པ་མངོན་སུམ་དུ་སྣང་བ་ལ་གཞན་མ་གྲུབ་པས་གླིང་བཞི་ལ་དབང་བསྒྱུར་བ་ལྟ་བུ༔ དེ་ཡང་འབྱུང་བ་ལ་དབང་བསྒྱུར་ནུས་པ་སྟེ་རྐྱེན་རྐྱེན་གྱིས་གྲོལ་བས་དབང་པོ་གཞན་ལ་རག་མ་ལུས་པའོ་༔ གྲོལ་ས་ལ་ཆོས་ཉིད་ཀ་དག་དྲི་མ་མེད་པ་ལ་རང་སར་གྲོལ་བ་ནམ་མཁའ་ལ་ནམ་མཁའ་ཐིམ་པའམ་མཁའ་ལ་སྤྲིན་དེངས་པ་ལྟ་བུའོ་བྱན་ཚུད་པ་མཁའ་ལ་མཁའ་ཐིམ་པ་ལྟ་བུའི་གདིང་ངོ་༔ ཨྠྀི༔ ༔ རང་ཐོག་ཏུ་རང་གྲོལ་རང་རང་གིས་གྲོལ་བ་རྡོ་བས་རྡོ་བ་བཅག་པ་ལྟ་བུ་དང་ལྕགས་ཀྱིས་ལྕགས་འཇོམས་པ་ལྟར་དྲི་མས་དྲི་མ་དག་པའོ༔ གཅིག་ཐོག་ཏུ་གཅིག་གྲོལ་བ་ནི་མེ་ལས་མེ་ལེན་པ་ཆུ་ལ་ཆུ་འཕོ་བ་ལྟ་བུ་མར་ལ་མར་བསྣན་པ་ལྟ་བུའོ༔ མ་བུ་གཉིས་སྦྱོར་རང་གི་མ་རང་ཡིན་པས་སྟོང་པས་སྟོང་པ་གྲོལ་བས་རིག་པ་སྣང་བ་ལ་ཐིམ་པའོ་བའོ༔ ཨྠྀི༔ ༔ རང་ངོ་ཤེས་པས་གཞི་དང་ངོ་ཕྲད་རང་གི་རང་སྣང་དུ་ཤེས་པ་དཔེ་མེ་ལོང་ནང་དུ་བཞིན་མཐོང་བ་ལྟ་བུའ་པའོ༔ དེའི་ཕྱིར་ན་ཡིད་ཆེས་པ་མ་དང་བུ་ཕྲད་པ་ལྟ་བུ་སྟེ་གྲོལ་ས་གཅིག་པུ་ཡིན་པར་ངོ་རང་གི་རང་ཐོག་ཏུ་གྲོལ་བས་སྣང་བ་སྟོང་པ་ལ་གསལ་བ་རིག་པར་ངོ་ཤེས་པའོ་ཤེས་པའོ༔ རང་གི་རང་གྲོལ་བར་ཤེས་པས་ཐོག་མ་འཁོར་བ་རང་གིས་ཤེས་པ་དེ་འདས་པ་ལ་འདས་པར་ཤེས་པ་མ་རིག་པ་རང་གྲོལ་བ་ཡིན་ནོ་རིག་པ་ཉིད་ལ་ཐག་བཅད་པའོ༔ དེའི་ཕྱིར་དཔེ་དངོས་དྲི་མས་དྲི་མ་འཁྲུ་བ་དང་༔ དོན་རང་ཡིན་པའི་ཕྱིར་རྣམ་རྟོག་ཉིད་ལ་རྣམ་རྟོག་སྟེ་གཉེན་པོ་གཞན་ལ་རག་མ་ལུས་པར་ཐག་བཅད་དོ༔ གཞི་ཉིད་ལས་ཆུ་ལ་ཆུ་བཞག་དང་མར་ལ་མར་བཞག་པ་ལྟ་བུ༔ གྲོལ་བས་གདིང་གང་ཡིན་ཏུ་བཅའ་བའོ༔ དེའི་ཕྱིར་སྦྲུལ་གྱི་མདུད་པ་ཉིད་སྦྲུལ་རང་གིས་གྲོལ་བ་ལྟ་བུ་སྟེ༔
གཞན་ལྟོས་ཀྱི་རིག་པ་ཚི་ཆད་པས་རང་གི་ཐོག་ཏུ་གྲོལ་བས་རིག་པ་རང་གནས༔ དངོས་གཞི་རང་ཐོག་ཏུ་གཞི་བཅའ་བའོ༔ ཨྠྀི༔ ༔ དགའ་རབ་རྡོ་རྗེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ འཇམ་དཔལ་བཤེས་གཉེན་བརྒྱལ་ཞིང་ས་ལ་འགྱེལ་ནས་ཀྱེ་མ་ཀྱི་ཧུད་ཅེས་སྒྲ་ཆེན་པོ་ཕྱུངས་པས༔ རོ་ལངས་བདེ་བ་འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ༔ འཇམ་དཔལ་བཤེས་གཉེན་བརྒྱལ་བ་སློང་བའི་དོན་དུ་གསང་བའི་ཞལ་ཆེམས་གང་ཟག་གཅིག་གྲོལ་བའི་ཚིག་གསུམ་གནད་དུ་བརྡེག་པ༔ ཕྱག་གཡས་པའི་མཐིལ་དུ་བཻཌཱུཪྱ་མཐིང་ཁ་ཞུན་མས་རང་ནན་ཏུ་བྲིས་པ་བབས་ཏེ༔ རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་པ་ཅིག་སྣོད་དུ་བབས་པས༔ འཇམ་དཔལ་བཤེས་གཉེན་བརྒྱལ་བ་ལས་གྲོལ་བར་གྱུར་ཅིང་༔ རྟོགས་པའི་གདེང་དང་ལྡན་པར་གྱུར་ཏོ༔ དེའི་ཕྱིར་ན་གཞན་ལ་གསང་བ་ཐུགས་ཀྱི་དཀྱིལ་འཁོར་དུ་སྦ་བར་བྱའོ༔ འཆི་ཁ་མའི་ཞལ་གདམས་ཚིག་གསུམ་རྒྱུད་ཐམས་ཅད་ཀྱི་བཅུད་ཕྱུངས་པ༔ ལྟ་བའི་དོན་གསེར་ལྟ་བུར་བསྟན་པ༔ དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་བབས་པ༔ ཆུ་བོ་དན་ཏིག་མགོར་སྣང་བར་བྱས་པའི་གདམས་ངག་དམ་པ༔ སེམས་ཅན་ཐམས་ཅད་དབུགས་འབྱིན་པར་བྱེད་པའི་ལམ༔ སངས་རྒྱས་ཀྱི་ཞིང་དུ་སྐད་ཅིག་ལ་གྲོལ་བར་བྱེད་པའི་མན་ངག་རྫོགས་སོ༔ ༔
འཇམ་དཔལ་བཤེས་གཉེན་གྱི་སྒོམ་ཉམས་དྲུག་པ།
འཇམ་དཔལ་བཤེས་གཉེན་གྱི་སྒོམ་ཉམས་དྲུག་པ་བཞུགས་སོ༔ ན་མོ་ཤྲཱི་གུ་རུ་ཡེ༔ རང་རིག་རྟོགས་པའི་གདེང་ལ་ཕྱག་འཚལ་ལོ༔ གཞི་ཡི་གནས་ལུགས་ཡིན་པ་གྲུབ་པ་མེད་པའི་རིགས་པ་འདི༔
རང་སྣང་སྣང་བ་སྣ་ཚོགས་སུ་འཆར་ཚུལ་ཅིར་ཡང་མ་ངེས་པས༔ སྣང་སྲིད་ཀུན་ཀྱང་ཐམས་ཅད་རང་སྣང་ཡིན་པར་ཤེས་པས་ཆོས་སྐུའི་ཞིང་དུ་འཆར༔ ཤར་བ་དེ་ཉིད་རང་སྣང་ཉིད་དུ་གྲོལ་རང་གི་ཐོག་དེར་གྲོལ༔ དེ་དོན་བདེ་གཤེགས་ཀུན་གྱི་དགོངས་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི༔ བརྒྱལ་བ་འཇམ་དཔལ་བཤེས་གཉེན་གྱིས་ཤྲཱི་སིང་ཧ་བསླང་ཕྱིར་ཚིག་དྲུག་མན་ངག་ནི། འཁོར་འདས་གཉིས་ཀ་རང་སྣང་ཡིན་པའི་མན་ངག་ཀྱི་སྣང་བ་སྣ་ཚོགས་སུ་སྲོག་ཐག་བཅད་པའི་ཕྱིར༔ འཆི་ཁའི་ཞལ་ཆེམས་རང་སེམས་རྣམ་དག་ཏུ་བསྟན་པ་རིག་པ་སྤྱི་གཏོར་དུ་བསྟན་པ་འི་གདམས་ངག་ནི། སྙིང་གི་དཀྱིལ་དུ་ཤིན་ཏུ་དམ་པར་སྦོས༔ སཱ་མཱ་ཡཱ་མ་དམ་ཚིག་དགོངས་པ་མཉམ་པར་ཞོག་ཅིག་ཏི་ཏྲ་མ༔ དགོངས་པ་རང་ལ་གནས་པའི་གདིང་ལ་ཕྱག་འཚལ་ལོ༔ དོན་གྱི་དགོངས་པ་སྒོམ་པའི་ཉམས་དྲུག་ཏུ་བསྟན་པ་ཡེ་ཤེས་ཆེན་པོའི་ལུང་༔ འདི་ནི་ཡུལ་ལ་ནམ་མཁའ་སྟོང་པ་སྣང་བའི་ཡེ་ཤེས་ཆེན་པོ་དེ༔ དཔེར་ན་རི་དྭགས་རྒྱ་ལ་ཇི་ལྟར་ཚུད་པ་བཞིན༔ བྱ་བྱེད་བྲལ་བའི་མཁའ་ནམ་མཁའ་སྤྲིན་དང་བྲལ་བ་ལ་མིག་དང་རིག་པ་གཏད་དེ་ལ་བརྟག་པར་བྱའོ༔ ཇི་ལྟར་འཇམ་དཔལ་བཤེས་གཉེན་བདག་གི་བློ་ལ་དགོངས་ཤར་བའི༔ བརྒྱལ་བ་བསླང་ཕྱིར་དོན་གྱི་དགོངས་པའི་ཞལ་ཆེམས་འདི༔ རིག་པའི་གཏད་ས་ལུས་ཀྱི་འདུག་སྟངས་དང་མིག་གི་གནད་དང་བསྟུན༔ དགོངས་པའི་དོན་མན་ངག་གི་གནད་དྲུག་དྲུག་གིས་ཕྱེ་ནས་བསྟན༔ ཀྱེ་མ་ཀྱེ་མ་རིག་ཀྱི་བུ་ཤྲཱི་སིང་ཧ་ལ་བོས་ནས་ཆེན་པོ༔ དོན་གྱི་རིག་པ་དྲི་མ་དང་བྲལ་བ་གཅེར་བུ་མངོན་སུམ་
ལུ་གུ་རྒྱུད་དུ་ལྟ་བར་འདོད་ན༔ རིག་པའི་ཡུལ་བཙལ་ནམ་མཁའ་སྤྲིན་བྲལ་བ་དང་༔ ལུས་ཀྱི་འདུག་སྟངས་གནད་གཟིར་བ་དང་༔ འགྲོ་འོང་གི་ལམ་རླུང་ཕྱིར་འཛིན་གྱིས་བཅད་པ་དང་༔ གཏད་པའི་འབེན་དབྱིངས་གནད་གཟུད་པ་དང་༔ མི་འགུལ་བ་ལ་གསུམ། གཞི་བཅའ་བ་དང་༔ རྒྱ་ཆེ་བའི་ནམ་མཁའ་ལ་སྦར་གྱིས་རིག་པའི་རང་ངོ་ཟིན་པ་བཟུང་བའོ༔ ཐོག་མ་ཀ་དག་བབས་ཀྱི་འཁྲུལ་མ་མྱོང་བའི་སྤྱི་གཞི་ཡུལ་དང་༔ འཁྲུལ་པ་སྣང་བ་ལྷུན་གྲུབ་ཀྱི་མ་རིག་པའི་བག་ཆགས་རྒྱུད་ལ་ལངས་པའོ་ཡུལ་དང་༔ གནས་པ་རྟེན་པ་ལུས་ཀྱི་ཡུལ་རང་གི་སྙིང་གི་དཀྱིལ་ན་རིག་པའི་རྟེན་གནས་སོ་་དང་༔ ཉམས་སུ་བླང་བྱ་ནམ་མཁའ་སྤྲིན་དང་བྲལ་བའི་ཡུལ་ནམ་མཁའ་ལ་རིག་པ་མངོན་སུམ་དུ་སྣང་ཇི་ལྟར་སྣང་ན་ལུ་གུ་རྒྱུད་དུ་སྣང་བའོ་དང་༔ གསལ་བ་དངོས་སྣང་ཁ་དོག་འོད་ཀྱི་ཡུལ་དེ་ཡང་འོད་དང་ཐིག་ལེ་དང་སྐུའི་སྣང་བ་དུས་འདི་ཉིད་ལ་འཆར་རོ༔ དང་༔ ཐ་མ་འགྲོ་ས་རང་སྣང་བར་དོའི་རང་གི་རིག་པའི་ཡེ་ཤེས་འོད་སྐུའི་རྣམ་པར་སྣང་ཞིང་བེམས་པོར་མ་གྲུབ་ད་ལྟ་དེའ་ིདོན་ཉམས་སུ་བླངས་པས་འོད་སྣང་འདི་ཉིད་ལ་གཏན་ཕེབས་པས་བར་ཆོད་མེད་པར་སངས་རྒྱའོ་ཡུལ་ལོ༔ སེང་གེའི་འདུག་སྟངས་ཀྱིས་རིག །རྐང་མཐིལ་གཉིས་སྤྲད་པུས་མོ་ཕྱིར་བསྒྲད་མཇིང་པ་ཡིད་ཙམ་གྱེན་ལ་བཏེག་སྟེ་སྟོད་སེང་གེ་ལྟར་བྱ་སྟེ་མིག་ནམ་མཁའ་ལ་གཏད་པ་གཅུན་པ་དང་༔ གླང་པོ་ཆེའི་འདུག་སྟངས་ཀྱིས་ལྟ་བ་མིག་མི་འཛུམ་པར་ནམ་མཁའ་ལ་ཧར་པོར་ལྟ་གཡས་གཡོན་དུ་མི་ལྟའོ་དང་༔ འདབ་ཆགས་ཀྱིས་ལྡིང་ཐབས་ཀྱིས་ལྟ་བ་མིག་དེ་ཡང་ནམ་མཁའ་ཉིད་དང་མ་བྲལ་བར་ཡིད་ཙམ་གྱེན་ལ་ལྟའོ་སྤྱི་རྒྱ་རླབས་ཀྱིས་གཅོད་པ་དང་༔ ཝ་མོའི་ཟུར་འགྲོས་ཀྱིས་
ས་མནན་པ་དེ་ཡང་ནམ་མཁའ་སྤྲིན་དང་བྲལ་བའི་དུས་སུ་རི་རྩེ་ལ་སོང་ལ་མིག་གཡས་ཀྱི་ཟུར་གྱིས་མནན་ཏེ་དཔུང་པའི་སྟེང་དུ་ལྐོག་མ་བཞག་ལ་ལྟ་དང་༔ སྐྱེས་བུའི་རྒྱང་ཐབས་ཀྱིས་དེ་ཡང་དབེན་པར་གན་རྐྱལ་དུ་ཉལ་ཏེ་ཡན་ལག་བཞི་ཀ་ཐར་རྩེ་བརྒྱངས་ལ་མིག་སྟེང་དུ་ལྟའོ༔ བར་སྣང་དུ་ཡིད་བཟུང་བ་དང་༔ རྒྱ་མདུད་ཀྱི་དྲིལ་ལུགས་ཀྱིས་རང་གི་ཤེས་པ་མིག་ཏུ་དྲིལ་ཏེ་ཐིག་ལེ་དང་འདུ་འབྲལ་མེད་པར་བརྟག་གོ་ལུ་གུ་རྒྱུད་ཀྱི་ཁུངས་བཅད་པའོ༔ ཁ་སྣའི་དབུགས་ཡིད་ཙམ་ནང་དུ་འཐེན་དབུགས་ཁ་དཀྱིལ་བསྡམ་ལ་ཡང་རིམ་གྱིས་ཕར་ལ་བཏང་སྟེ་འོག་བསྡམ་པར་བྱའ་པས་མ་རིག་པ་ལས་ཀྱི་རླུང་ལྡོག༔ ཤེས་པ་ནི་མིག་ནམ་མཁའ་ལ་མ་འགུལ་བར་གཏད་པས་རྣམ་རྟོག་གི་རྒྱུ་འགྲུལ་ཆོད༔ རིག་པ་མིག་ཏུ་བཅུག་པས་ཟླ་བ་ཕྱེད་མ་འགགས་པར་ལྟའ་ངོ་བོ་ལ་འཁྲུལ་པ་མེད༔ དབྱིངས་ཕྱི་ནང་འདྲེས་པས་ནམ་མཁའ་དང་དབྱིངས་རྣམ་པར་དག་པའི་སྒྲོན་མ་དབྱིངས་ཀྱི་གོ་རར་ཆུད་པས་རིག་པ་ལ་འགྲོ་ས་མེད༔ དེ་ཉིད་དབྱིངས་དང་མ་བྲལ་བས་ཡིད་ཀྱི་རྣམ་རྟོག་ཆོད༔ རིག་པ་དབྱིངས་དང་ཕྱི་ནང་གཉིས་འདྲེས་པས་འཁྲུལ་པ་གཞི་ལ་སངས་པའོ༔ ནམ་མཁའ་སྤྲིན་དང་བྲལ་བ་དང་༔ དབྱིངས་རྣམ་པར་དག་པ་དྲི་མ་དང་བྲལ་བ་དང་༔ སྣང་བ་སྒྲིབ་གཡོགས་དང་བྲལ་བ་དང་༔ ཐིག་ལེ་སྤྲོ་བསྡུ་དང་བྲལ་བ་མིག་ཟུར་མནན་ཏེ་ཡིད་ཙམ་གྱེན་ལ་བཟློག་པས་འཇའ་ཚོན་གྱི་རྣམ་པ་ལྟ་བུ་ལ་གུག་གེ་བ་མཐིང་ཤས་ཆེ་བ་འཆར་བས་དེ་ལ་མིག་གཏད་སྟེ་དེ་ལྟར་འོད་ཟེར་ལ་གཏད་པས་སྣང་བ་ཐམས་ཅད་རིམ་གྱིས་འོད་དུ་འཆར་རོ༔ དེ་ཉིད་རིག་པ་ཡིན་ནོ༔ ཤར་ཀྱང་འོད་དེ་ཉུང་འབྲུ་ཙམ་འགྲོ་ཞིང་དེ་ལ་གཏད་ན་རིམ་གྱིས་རྒྱ་ཆེ་བའི་ཐིག་ལེ་འཆར་རོ༔ དེ་ལ་
གོམས་པས་སྣང་སྲིད་ཐམས་ཅད་འོད་དང་ཐིག་ལེ་སྐུར་འགྱུར་ར་དང་༔ འོད་སྣང་གསལ་འགྲིབ་བྲལ་བ་དེ་ལྟར་གོམས་པས་སྣང་སྲིད་ཐམས་ཅད་འོད་དང་ཐིག་ལེར་འཆར་བས་བར་དོ་ལ་རག་མ་ལུས་པར་འཚང་རྒྱའོ་དང་༔ ལུ་གུ་རྒྱུད་འགྲོ་འོང་དང་བྲལ་བ་དེ་ལྟར་འོད་ཀྱི་དབྱིངས་དེ་ཉིད་ཀྱི་ནང་དུ་རང་གི་རིག་པའི་ངོ་བོ་དེ་འོད་ལུ་གུ་རྒྱུད་ལྕགས་སྒྲོག་ལྟ་བུའི་འོད་ཟེར་ལྔ་ཚང་བ་ཐིག་ལེ་ཉུང་འབྲུ་ཙམ་ལྔའི་ཆ་ཚང་བར་འཆར་ཏེ་དེ་ཡང་བཟུང་བར་དཀའ་བས་དེ་ལ་མིག་གཏད་པས་ཐམས་ཅད་སྐུའི་སྣང་བར་འཆར་རོ༔ དེ་ནི་རིག་པའི་ངོ་བོ་ཟིན་པའོ་ལ་རང་གི༔ དེ་བཞིན་ཉིད་གཏད་པའོ༔ ལུས་མི་འགུལ་བས་འདུག་སྟངས་གོང་དུ་བསྟན་པ་ལས་མ་ཞིག་པར་གནས་པའ་སྣང་བ་བཞི་ལ་བཞག་པ་དང་༔ མིག་མ་འགུལ་བས་གཡས་གཡོན་དུ་མི་འཁྲུལལ་བར་ལུ་གུ་རྒྱུད་ལ་གཏད་དེ་བྱ་བྱེད་དང་བྲལ་བར་ལྟའ་ལུ་གུ་རྒྱུད་ལ་གཟེར་ཐེབས་པ་དང་པ༔ རིག་པ་མ་འགུལ་དེ་ལྟར་མིག་དེ་ཉིད་ལ་གཏད་པས་ལུ་གུ་རྒྱུད་མི་འགུལ་བས་རྟོག་མེད་ཆོས་སྐུ་ཟང་ཐལ་ལ་བས༔ སྣང་སྲིད་ཆོས་སྐུར་གྲོལ་བ་དང་༔ དེ་ཉིད་མ་འགུལ་བས་ལྟ་བའི་རང་ས་ཟིན་པས་འཁྲུལ་པ་ཀ་ནས་དག་པའོ༔ འཁྲུལ་པའི་སྣང་བ་རྒྱུད་ཆད་པ་དང་༔ དེ་ལྟར་ཆོས་སྐུ་འགུལ་བ་མེད་པས༔ དེ་ཉིད་ཆོས་སྐུ་ཡིན་པས་གཞན་ནས་ཚོལ་བ་ཚི་ཆད་པ་ལས་གཉེན་པོར་མི་འགྱུར་བས་དེ་དང་མ་བྲལ་བར་གནས་པར་བྱའ་ཡེ་ཤེས་ངོས་ཟིན་པ་དང་༔ སྟོང་པ་ལས་འགུལ་བ་མེད་པས་སྐུ་དང་ཐིག་ལེའི་སྣང་བ་དེ་ཡང་བརྟགས་ན་དངོས་པོ་གང་དུ་འང་མ་གྲུབ་པར་འདུག་པས་ཆོས་སྐུ་ཡིན་པས་དངོས་པོར་གྲུབ་པ་མེད་ཅེས་བྱ་སྟེ་ཡིད་ཀྱི་རྟོག་པ་ཐམས་ཅད་ཟད་པས་སྟོང་པ་གསལ་བར་ཉམས་སུ་མྱོང་བའོ་འགྱུ་བྱེད་རང་སར་དྭངས་པའོ༔ སྣང་སྲིད་རིག་
སྟོང་གསལ་བར་ཤར་བས་འོད་དང་འོད་ཁྱིམ་དང་རིག་པ་དང་རིག་པའི་སྐུ་དང་ཐིག་ལེ་དང་ཕྱེད་སྐུ་ལ་སོགས་ཤར་བས་ཐམས་ཅད་རིག་པའི་ངོ་བོ་ལུ་གུ་རྒྱུད་སྣ་ཚོགས་སུ་ཤར༔ བརྟན་པའི་ཚད་ནི་རྩལ་ལས་ཤེས་པར་བྱའོ་བེམས་པོ་ལས་གྲོལ་བ་དང་༔ ནམ་མཁའི་ཁམས་སུ་ལུ་གུ་རྒྱུད་ཀྱིས་ཁྱབ་པས་ཆོས་ཉིད་མ་ཐོག་ཏུ་གྲོལ་བ་དང་༔ ཅིར་སྣང་འོད་སྣང་ལས་མ་འདས་པས་འབྱུང་བ་ལྔའི་བདུད་ལས་གྲོལ་བ་ཡེ་ཤེས་ལྔའི་ཆ་ལས་འོད་ལྔ་རིག་པའི་ཡུལ་དུ་ཤར་བས་ངམ་གྲོག་དང་གཡང་ས་འགགས་ཏེ་སྣང་སྲིད་གཞལ་ཡས་ཁང་དུ་ཤར་བས་ལྷའི་དཀྱིལ་འཁོར་སྒོམ་མི་དགོས་དང་༔ འཁོར་འདས་རང་ངོ་ཤེས་པས་རིག་པའི་ངོ་བོ་ལུ་གུ་རྒྱུད་ཅེར་མཐོང་དུ་མཐོང་བས་རྐྱེན་གཞན་ལ་རག་མ་ལུས་ཏེ་རང་ཡིན་པས་གཞན་ལ་ལྟོས་མི་དགོས་པའི་གནད་ཀའ་ལྟོས་པའི་ཆོས་ལས་གྲོལ་བ་དང་༔ སྟོང་པ་གསལ་བ་རིག་པར་འདྲེས་པས༔ རིག་པ་ཉིད་བེམ་པོ་མ་ཡིན་པས་རིག་པ་དངོས་པོ་ལས་འདས་པ་སྟོང་པ་ཉམས་སུ་མྱོང་བའི་གསལ་ཆའོ་རྒྱུད་ལུང་གི་ཚིག་ལས་གྲོལ་བ་དང༔ དག་པའི་དབྱིངས་རྒྱ་བསྐྱེད་པས་རིག་པ་རང་ཐོག་ཏུ་སྤར་གྱིས་ཟིན་པ་ཅེས་དེ་ལྟར་གཞན་སྣང་མ་ཡིན་རང་སྣང་ཡིན༔ གཞན་ནསབྱུང་བ་མ་ཡིན་རང་བྱུང་ཡིན་གཞན་ཤར་བ་མ་ཡིན་རང་ཤར་ཡིན་གཞན་གྱིས་བྱས་པ་མ་ཡིན་རང་ཡོད་ཡིན་ན་བྱའོ༔ ཨྠྀི༔ ༔ ༔ འཇམ་དཔལ་བཤེས་གཉེན་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་འོད་ཟེར་གྱི་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་གཤེགས་པས་ཤྲཱི་སིང་ཧ་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏེ་ཀྱི་ཧུད་ཀྱི་སྒྲ་ཆེན་པོ་ཕྱོགས་བཅུར་འབོད་ཅིང་གནས་པ་ལས༔ ནམ་མཁར་སྒྲ་ཆེན་པོ་ཞིག་
གྲགས་པར་གྱུར་ཏེ༔ དེ་ཉིད་བརྒྱལ་བ་སངས་ནས་བལྟས་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས༔ མཉྫུ་ཤྲཱིས་ཕྱག་གཡས་པ་ཕྱུངས་ཏེ་བརྒྱལ་པ་བསླང་བའི་དོན་དུ༔ ཤྲཱི་སིང་ཧའི་ཕྱག་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཻཌཱུཪྱ་མཐིང་ཁ་ཞུན་མས་རང་ནན་དུ་བྲིས་པ་གཅིག་དུར་ཁྲོད་ཆེན་པོ་སོ་ས་གླིང་དེ་ཉིད་དུ་བབས་སོ༔ དེ་ཉིད་བབས་པ་ཙམ་གྱིས་རྟོགས་པའི་གདེང་དང་ལྡན་པར་གྱུར་ཏོ༔ འདི་ནི་འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་སྒོམ་ཉམས་དྲུག་གིས་སྐྱེ་མེད་སྟོང་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱེད་པའི་མན་ངག་གསང་བ་བས་ཀྱང་ཆེས་གསང་བར་གྱུར་པ༔ ཉམས་སུ་བླང་བའི་ཕྱོགས་སུ་བསྟན་པ་རྫོགས་སོ༔
ཤྲཱི་སིང་ཧའི་གཟེར་བུ་བདུན་པ།
ཤྲཱི་སིང་ཧའི་གཟེར་བུ་བདུན་པ་བཞུགས་སོ༔ སརྦ་སནྟི་ཀ༔ སྟོང་གསལ་ཤེས་རབ་རྫོགས་ལ་ཕྱག་འཚལ་ལོ༔ ཀུན་ཏུ་ཁྱབ་ཅིང་སྣ་ཚོགས་སྣང་བ་ཡི༔ རང་རིག་པའི་ཡེ་ཤེས་དེཐམས་ཅད་ལ་ཤར་ཞིང་སྣང་བ་སྟེ་རིག་པ་ཡུལ་ཐམས་ཅད་ལ་འཇུག་ཅིང་ཁྱབ་པ་དེ་ལ་གལ་མདོའི་གཅན་ཕྲང་དུ་གཟེར་གདབ་པ་ན་རིག་པའི་ཡེ་ཤེས་རྒྱ་ཡན་ཕྱོགས་མེད་ཤྲཱི་སིང་ཧའི་ལྟ་བ་རང་གི་རིག་པ་ཉིད་འགྱུར་བ་མེད་པ་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ཡེ་ནས་ཡིན་པར་ཤེས་པས་ཤེས་བྱའི་དྲི་མས་མ་གོས་པར་སྣང་བའོ་དེ༔ མི་འགྱུར་ས་ལ་གཟེར་ཆེན་བཏབ་པའི་ཆོས་ཐམས་ཅད་མི་འགྱུར་བའི་ཏི་ཀ་རྡོ་རྗེའི་ཕྲེང་བ་ཞེས་སོ༔ ཕྱིར༔ གཉིས་པོ་བསྲེ་འཁོར་འདས་འཕྲང་ལ་གཟེར་ཆེན་བདུན་པའི་མན་ངག་དགོངས་པ་བདུན་གྱི་དྲོད་ཚད་བདུན་རིམ་གྱིས་སྐྱེས་ནས་ཐ་མ་སྣོད་བཅུད་རང་གྲོལ་དུ་ཤེས་
པའོ༔ བདུན་ནི་འཁོར་འདས་གཉིས་ཀྱི་འཕྲང་དང་༔ བློ་དངོས་གཉིས་རྟག་ཆད་གཉིས་ཡུལ་སེམས་གཉིས་ཆོས་ཅན་ཆོས་ཉིད་གཉིས་བྱིངས་རྒོད་གཉིས་སྣང་སྟོང་གཉིས་སུ་མེད་པར་བསྲེ་བ་དང་བདུན་ནོ་བཏབ་པས༔ མི་འགྱུར་བདེ་ཆེན་བདག་གི་བློ་ལ་མི་འདོད་ཀྱང་ཕྱི་ནང་གི་རྟགས་སྣ་ཚོགས་ཤར༔ དེ་དོན་མན་ངག་ཉི་མའི་ཟེར་འདྲ་བ༔ བརྒྱལ་བ་བུདྡྷའི་དགོངས་པ་ནི་ཐུགས་ལས་འདས་པ་མ་རིག་པའི་མིག་འབྱེད་པ་འདི་ཡེ་ཤེས་མདོ་བརྒྱལ་བ་བསླང་ཕྱིར་རྒྱུད་ཀུན་གྱི་བཅུད་ཕྱུངས་བ་ལས་བསླང་ཕྱིར་དགོངས་དོན་གསང་འདི་རང་མི་ལེགས་བ་འདི༔ གསལ་བའི་ཤེས་རབ་མཛོད་ཀྱི་སྒོ་ཕྱེ་ལ༔ དྲི་མ་མེད་པའི་རིག་པ་རྟོགས་པས་ཟད་མི་ཤེས་པའི་ལྟ་བ་འཁོར་འདས་གཉིས་སུ་མེད་པར་འདྲེས་པས་ནོར་བུ་རྙེད་པ་དང་འདྲ་བས་ཡིད་བཞིན་ནོར་འདྲའི་དོན་འདི་རྟོགས་པར་གྱིས༔ འཁོར་འདས་གཉིས་བསྲེ་བའི་གདམས་ངག་གི་སྤྱོད་པ་ལ་དོར་བ་བསྟན་གསལ་བའི་ཡེ་ཤེས་ཟང་ཐལ་གྱི་གཟེར་གྱིས་འཁོར་འདས་གཉིས་ཀྱི་མཚམས་སུ་ཐོབ་ཅིག །རིག་པ་ཀ་དག་གི་ཡེ་ཤེས་དྲི་མས་མ་བསྒྲིབས་པར་འཁོར་འདས་གང་གི་ངོ་བོར་ཡང་མ་གྲུབ་པའི་ཉམས་འཆར་༔ དེའི་ཚེ་སྣང་བ་ལ་བྱན་ཚུད་པའོ༔ ཡུལ་སེམས་གཉིས་བསྲེ་བའི་གཟེར་གྱིས་སྒོམ་པ་ལ་དོར་བ་བསྟན་སྒྲོན་མ་རང་སྣང་གི་གཟིར་གྱིས་ཡུལ་སེམས་གཉིས་ཀྱི་བར་དུ་སྒྲོན་མ་ཉིད་འབྱུང་བའི་སྐྱོན་དང་བྲལ་བས་མིག་གི་ཡུལ་དུ་འོད་དང་ཐིག་ལེ་དུ་མ་འཆར་རོ༔ མི་འདོད་ཀྱང་སྐུ་སྣ་ཚོགས་པ་ཡང་འཆར་རོ༔ དེ་ནི་ཡེ་ཤེས་ལ་བྱན་ཚུད་པ་ཞེས་བྱའོ་ཐོབ་ཅིག༔ བློ་དངོསགཉིས་བསྲེ་བའི་གཟེར་གྱིས་ལྟ་བ་ལ་དོར་བ་བསྟན་པ་ངོ་བོ་རང་དག་གི་གཟེར་བློ་དངོས་གཉིས་ཀྱི་བར་དུ་རིག་པའི་རྩལ་སྣ་ཚོགས་སུ་ཤར་ཡང་དྲི་མ་མེད་པར་ཡེ་ནས་ཡོད་པས་རྩོལ་
བཅས་མ་ཡིན་པའི་ཉམས་མི་འདོད་ཀྱང་འཆར་ཏེ་སྟོང་ཉིད་ལ་བྱན་ཚུད་པའོ་ཐོབ་ཅིག༔ ཡིན་མིན་གཉིས་བསྲེ་བའི་མན་ངག་གིས་ཡིན་ཚུལ་ལ་དོར་བ་བསྟན་པ་ལྟ་བ་གྲོལ་ཡན་གྱིས་གཟེར་རྟག་ཆད་གཉིས་ཀྱི་བར་དུ་རང་བྱུང་གི་ཡེ་ཤེས་དེ་ཡེ་གདོད་མ་ནས་འཁོར་འདས་ཐམས་ཅད་ཡིན་པར་འདུག་པའི་ཉམས་འཆར་ཏེ་བཟང་ངན་གཉིས་མེད་དུ་བྱན་ཚུད་པའོ་ཐོབ་ཅིག༔ ཆོས་ཅན་ཆོས་ཉིད་བསྲེ་བའི་མན་ངག་གིས་ཉམས་མྱོང་ལ་དོར་བར་བསྟན་པ་རིག་པ་ཆོས་མིན་གྱི་གཟེར་ཆོས་ཅན་ཆོས་ཉིད་ཀྱི་བར་དུ་བྱ་བྱེད་དང་བྲལ་བ་རིག་པའི་ཡེ་ཤེས་ཡེ་གདོད་མ་ནས་ཡིན་པར་ཤེས་པའི་ཉམས་མི་འདོད་ཀྱང་འཆར་ཏེ་དེའི་ཚེ་ཆོས་ཉིད་སྤྲོལ་བྲལ་བྱན་ཚུད་པའོ་ཐོབ་ཅིག༔ བྱིང་རྒོད་གཉིས་བསྲེ་བའི་མན་ངག་གིས་དགོངས་པ་ལ་དོར་བ་བསྟན་སྒོ་ལྔ་རྒྱ་ཡན་གྱི་གཟེར་བྱིང་རྒོད་གཉིས་ཀྱི་བར་ལ་ཐོབ་ཆགས་ཞེན་མེད་པ་སྒོ་ལྔ་རང་ཡན་གྱི་ཡེ་ཤེས་ཡེ་ནས་རྩོལ་སྒྲུབ་ལས་འདས་པའི་ཉམས་མི་འདོད་ཀྱང་འཆར་རོ༔ དེའི་ཚེ་དབང་པོ་ལ་བྱན་ཚུད་པའོ༔ ཅིག༔ སྣང་སྟོང་གཉིས་བསྲེ་བའི་མན་ངག་གིས་འབྲས་བུ་ལ་དོར་བ་བསྟན་ཆོས་སྐུ་ཡེ་རྫོགས་ཀྱི་གཟེར་སྣང་སྟོངགཉིས་ཀྱི་བར་ལ་ཐོབ་ཅིག༔ དེ་ལྟར་སྣང་ཞིང་སྲིད་པ་ཐམས་ཅད་ཡེ་ནས་རང་གི་རིག་པ་ལ་གཞན་རྩོལ་བཅས་ཡིན་པར་ཤེས་པས་འདི་ཉིད་ལ་རྟོགས་རྒྱུ་གང་ཡང་མེདཔའི་ཉམས་འཆར་ཏེ་རྟོགས་ཚད་ལ་བྱན་ཚུད་པའོ༔ ཨྠྀི༔ ༔ ༔ གསལ་བ་རང་ངོས་མ་བསྒྲིབས་པ་ཤེས་རབ་རང་གྲོལ་གཞན་ངོ་ལ་བཞག་པ་ནི་རྩ་དང་མེ་ཕྲད་པ་འཁོར་འདས་གཉིས་མེད་དུ་འདྲེས་པས་རྐྱེན་གཞན་ལ་རག་མ་ལུས་པར་ཐག་ཆོད་དྲན་བསམ་ཇི་ལྟར་འདུག་ཀྱང་རང་སྣང་ཡིན་པས་སྣང་བ་ལ་དབང་བསྒྱུར་ནུས་པའི་རྟགས་རྙེད་པའོ༔ ལྟ་བུའོ༔
སྣང་བ་ཅེར་གྲོལ་དུ་ཤེས་དྲན་བསམ་ལ་བྱན་ཚུད་པ་ནི་མུན་ཁང་དང་སྣང་བ་ཕྲད་པ་ཡུལ་སེམས་གཉིས་འདྲེས་པའི་རྐྱེན་གྱིས་རྐྱེན་ཉིད་སྐྱེ་མེད་དུ་གྲོལ་པར་ཐག་ཆོད་འགྱུ་བྱེད་རང་སར་དེངས་པས་ཡེ་ཤེས་ལ་དབང་བསྒྱུར་ནུས་པའི་རྟགས་རྙེད་པའོ༔ ལྟ་བུའོ༔ རིག་པ་ཡེ་དག་གི་དགོངས་པ་བཞི་མངོན་དུ་ཤེས་པ་ནི་བློ་དངོས་གཉིས་འདྲེས་པས་རིག་པ་ལ་ཡེ་ནས་བར་མཚམས་མེད་པར་ཐག་ཆོད་དངོས་པོ་གཤིས་ཀྱི་གནས་ལུགས་ཤེས་པས་སྟོང་ཉིད་ལ་དབང་བསྒྱུར་ནུས་པའི་རྟགས་རྙེད་པའོ་ཡིད་མཐུན་པའི་ཕོ་མོ་ཕྲད་པ་འདོད་ཆགས་ཀྱི་དུང་པ་ཡོད་པ་སྐྱེ་བ་ལྟར་ཤེས་པ་གཞི་ཐོགཏུ་ཟང་ཐལ་ལོ༔ ལྟ་བུའོ༔ རང་ངོ་ཕྱོགས་བྲལ་གྱི་ཡེ་ཤེས་རང་རྐྱེན་དུ་ཤར་བས་ཡིན་མིན་གྱི་རྩིས་ལས་འདས་པ་ནི་ཡིན་མིན་གཉིས་འདྲེས་པས་ཕྱོགས་མེད་ཀྱི་ཤེས་པ་ཡུལ་མེད་དུ་ཤར་བར་ཐག་ཆོད་དྲན་རྟོག་གི་རྩིས་གདབ་ལས་འདས་པས་བཟང་ངན་གཉིས་སུ་མེད་པར་དབང་བསྒྱུར་ནུས་པའི་རྟགས་རྙེད་པའོ་བཞིན་དང་མེ་ལོང་མེ་ལོང་ལ་བཞིན་བསྟན་པས་རང་ངོ་ཞེས་པ་ལྟར་དངོས་པོ་རང་ཐོག་དུ་གྲོལ་བ་ཟང་ཐལ་ལོ་ཕྲད་པ་ལྟ་བུའོ༔ ལྟ་སྒོམ་ལས་གྲོལ་བའི་རྟོག་པ་སྣ་ཚོགས་རོལ་པར་ཤར་བས་ཆོས་ཅན་ཆོས་ཉིད་གཉིས་འདྲེས་པས་འབད་རྩོལ་དང་བྲལ་བར་ཐག་ཆོད༔ ཅིར་སྣང་རིག་པའི་སྣང་བར་ཤེས་པས་ཆོསཉིད་ལ་དབང་བསྒྱུར་ནུས་པའི་རྟགས་རྙེད་པའོ་བ་མོ༔ དང་ཉི་མ་རེག་པ་རང་ཞུ་བ་དང་འདྲ་བར་ཉོན་མོངས་པ་ཆོས་ཉིད་ཟང་ཐལ་ལོ་ལྟ་བུའོ༔ སྣང་སྲིད་སོར་བཞག་གི་དགོངས་པ་ཡེ་རྒྱས་བཏབ་པས་ཡུལ་རྐྱེན་མཉམ་པ་ཉིད་དུ་ཤེས་པ་ནི་བྱིང་རྒོད་གཉིས་མེད་དུ་འདྲེས་པས་སྣང་སྲིད་འདི་དག་རང་བཞག་ཏུ་ཐག་ཆོད༔ ཚོགས་དྲུག་གི་ཤེས་པ་མཉམ་བཞག་ཏུ་ཤེས་པས་རྟོགས་
ཚད་ལ་དབང་བསྒྱུར་ནུས་པའི་རྟགས་རྙེད་པའོ་བུ་གཅིག་པོ་དང་ཕྲད་པ་རྟོགས་དང་བྲལ་བ་འདྲ་བར་ཅིར་སྣང་འབྲས་བུ་ཡེ་རྫོགས་སུ་ཟང་ཐལ་ལོ་ལྟ་བུའོ༔ ཆོས་སྐུ་འབད་རྩོལ་མེད་པར་ཡེནས་རང་དང་འདུ་འབྲལ་མེད་པ་ཡིན་པས་སྣོད་བཅུད་རང་སར་གྲོལ་བ་སྣང་སྟོང་གཉིས་སུ་མེད་པས་རིག་པ་ཡེ་ཤེས་ཀྱི་ངོ་བོ་རྩོལ་སྒྲུབ་ལ་མ་ལྟོས་པར་བུདྡྷ་བར་ཐག་ཆོད༔ རིག་པ་རང་དག་གི་ལྟ་བས་ཅིར་སྣང་འབྲས་བུར་གྲོལ་བས་དགོངས་པ་ལ་དབང་བསྒྱུར་ནུས་པའི་རྟགས་རྙེད་པའོ་ནི་དབུལ་པོ་གཏེར་མཛོད་དང་ཕྲད་པ་དབུལ་བ་དང་བྲལ་བ་ལྟར་ཅིང་སྣང་འབྲས་བུ་ཡེ་རྫོགས་སུ་ཟང་ཐལ་ལོ་ལྟ་བུའོ༔ ཨྠྀི༔ ༔ ༔ ཤྲཱི་སིང་ཧ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་འོད་ཟེར་གྱི་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་གཤེགས་པས༔ ཡེ་ཤེས་མདོ་བཀྲ་ཤིས་ཁྲི་སྒོ་ན་བཞུགས་པའི་དུས་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏེ་ཀྱེ་མ་ཀྱི་ཧུད་ཀྱི་སྒྲ་བསྒྲགས་པས༔ ནམ་མཁའ་ལ་སྒྲ་ཆེན་པོ་གྲགས་ཏེ༔ གསང་བའི་ཡི་གེ་རྣམས་བཀྲ་ཤིས་ཁྲི་སྒོའི་ཀ་བའི་བསམ་ལེ་ན་ཡོད་ཀྱི་ལོངས་ལ་དུར་ཁྲོད་བྷ་སིང་དུ་སོང་བྱ་བ་བྱུང་ངོ་དེ་ཉིད་བརྒྱལ་སངས་ནས་བལྟས་པས༔ འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ༔ ཡེ་ཤེས་མདོ་བརྒྱལ་བ་ལས་བསླང་བའི་དོན་དུ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་པ་གཅིག་ཕྱག་མཐིལ་དུ་བབས་སོ༔ དེ་ཉིད་བབས་པ་ཙམ་གྱིས་རྟོགས་པ་དང་ལྡན་པར་གྱུར་ཏོ༔ བཀྲ་ཤིས་ཁྲི་སྒོར་བབས་པ༔ ཤྲཱི་སིང་ཧའི་ཞལ་ཆེམས་གཟེར་བུ་བདུན་པ་ལོང་བའི་སྣ་ཁྲིད་དང་འདྲ་བ་རྫོགས་སོ༔ ཡེ་ཤེས་
མདོའི་བཞག་ཐབས་བཞི་ཡོད༔ སརྦ་ཨེ་ཀ་ར་ཆོས་ཐམས་ཅད་སྟོང་པ་ཡེ་ཤེས་ཀྱི་ཐབས་ཡིན་༔ གཞ་ིསྟོང་པ་འབྱུང་བ་ཡེ་དག་ངང་ལ་ཕྱག་འཚལ་ལོ༔ ཕྱི་ནང་གི་དོན་གསང་སྔགས་གསང་བའི་མདོ་དོན་འདིར་སྣང་བ༔ དུས་གསུམ་བཞུགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་ཤར་བ༔ བློ་ཡི་མུན་སེལ་སྒྲོན་མ་འོད་པོ་ཆེ༔ འཇིག་རྟེན་མ་རིག་པ་རབ་རིབ་རྣམས་ནི་བསལ་བྱའི་ཕྱིར༔ རང་རིག་ལུ་གུ་རྒྱུད་ཡེ་ཤེས་ཀྱི་ཁ་དོག་ཀུན་གྱིས་རྟོགས་དཀའ་ཀུན་སྤངས་པ༔ ལྟ་བ་འགྱུར་མེད་ཐབས་ཀྱིས་མན་ངག་གིས་རྒྱ་ཡིས་བཟུང་བྱས་ཏེ༔ རྒྱ་ཆེ་རབ་ཟབ་རྣམ་དག་སྒྲོན་མའི་དབྱིངས་སུ་བཅུག་ནས་ཀྱང་༔ རྟག་ཆད་ཀྱི་མཐའ་བྲལ་ཐིག་ལེ་ཉག་གཅིག་ངང་དུ་གཞག་པར་བྱའོ༔ བི་མ་ལ་མི་ཏྲ་བརྒྱལ་བ་རྣམས་ནི་གདམས་ངག་འདི་ཡིས་དབུགས་ཕྱུངས་ཏེ༔ སངས་རྒྱས་རྣམས་ཀྱི་དགོངས་པ་དང་མཉམ་པ་ཉིད་དུ་གྲགས༔ གང་ཞིག་བཟུང་བས་མ་ཟིན་རང་སྣང་རིག་པ་དེ༔ དེ་ཉིད་ཅི་ནས་འཛིནའདོད་སྐལ་ལྡན་བློ་ཆེ་བ༔ ཡེ་ཤེས་མདོའི་ཞལ་ཆེམས་ཡི་གེ་འདི་ལ་རྟག་ཏུ་གོམས་པར་གྱིས༔ ཨེ་མ་ངོ་མཚར་ཧོ༔ འདི་ལ་རྟག་ཏུ་གོམས་པར་བྱས་ན་ཉམས་སུ་བླངས་གཞི་བདེ་བ་ཤུགས་ལ་འབྱུང་༔ ཀྱེ་མ་མཉམ་པ་ཆེན་པོའི་མི་གཡོ་བའི་ཏིང་ངེ་འཛིན་ས་ཐོབ་པར་འདོད་ན་དེ་ཉིད་ལ་ཉིན་མཚན་རྟག་ཏུ་མ་ཡེངས་པ་གོམས་པར་གྱིས་ཤིག །སྤྱོད་པ་ཐམས་ཅད་ལ་རྩལ་སྦྱོང་བར་འདོད་ན་སྣང་བ་ཅེར་བཞག་ཏུ་འབྱུང་བར་རང་དག་སྣང་བ་ཐམས་ཅད་ཞོག་ཅིག༔ སྒོམ་པ་གཙོར་བྱེད་པའི་མན་ངག་ཐམས་ཅད་ལ་སྟོབས་རྙེད་པར་འདོད་ན་རྒྱ་མཚོ་ཅོག་བཞག་གི་དགོངས་པས་རྒྱུན་མེད་འཁྲུལ་མ་འཁྲུལ་བློ་དངོས་གཉིས་གཅིག་ཏུ་དྲིལ་ལ་ཞོག་ཅིག༔ ལྟ་བ་ཐམས་ཅད་ལས་རང་གྲོལ་བར་འདོད་ན་རི་བོ་ཅོག་བཞག་གི་སྣང་བ་རང་སྣང་བས་ཆོས་ཐམས་ཅད་ཟད་སར་སྐྱོལ་ཞིག༔ སྐུ་གསུམ་གཞི་བཞག་འབྲས་བུ་ཐམས་ཅད་རང་
སར་གནས་པར་འདོད་ན༔ རིག་པ་ཅོག་བཞག་གི་ལྟ་བས་མན་ངག་ལ་འཁྲུལ་པ་ཐམས་ཅད་རང་སར་གྲོལ་བར་ཞོག་ཅིག༔ སྣང་བ་འཁྲུལ་པའི་རང་བཞག་ཡིན་པས་ཡེ་ནས་སྟོང་པ་དང་འབྲེལ་བ་དང་༔ བློ་རང་སར་བཞག་པས་ཡེ་ནས་དངོས་པོ་དང་འབྲེལ་བ་དང་༔ ཆོས་རྣམས་རང་སར་བཞག་པས་འབྲས་བུ་དང་སྣང་བ་རང་ལུགས་སུ༔ ནང་གི་དབྱིངས་དང་རིག་དང་ཐབས་ལས་འདས་པའི༔ འབྲེལ་བ་དང་༔ འཁྲུལ་པ་འབྲས་བུ་རང་དག་ཡིན་ཐམས་ཅད་ཅོག་བཞག་ཡིན་པས་ཡེ་ནས་རང་གྲོལ་དང་འབྲེལ་བའོ༔ ཝལ་པོ་སྣང་བ་འདི་རྗེས་མེད་ཆུའི་རི་མོ་ལྟ་བུས་སྣང་བ་གཅིག་ཐོག་ཏུ་གཅིག་ངོ་བོའི་བཞག༔ དྲན་པ་རྗེས་མེད་མཁའ་ལ་བྱ་འཕུར་བ་ལྟ་བུས་བསམས་པ་གཅིག་ཐོག་ཏུ་གཅིག་བཞག་པ་བསམ་པ་རྣམ་པར་དག་པ་དང་༔ འཁྲུལ་པ་རང་དག༔ མཁའ་འགྲོ་རྙི་ལས་བཏོན་པ་ལྟ་བུས་སྟོང་པ་གཅིག་ཐོག་ཏུ་གཅིག་བཞག་པ་དང༔ དག་པ་ལྡོག་མེད་རིམས་ནད་བྱང་བ་ལྟ་བུས་རིག་པ་གཅིག་ཐོག་ཏུ་གཅིག་གྲོལ་བའོ༔ ཨྠྀི༔ ༔ ༔ སྣང་བ་སྤྱོད་ཅིང་བསྒྱུར་ནུས་པ་ཆང་དང་ར་རོ་བ་ལྟ་བུས་འབྱུང་བ་ལྔ་རང་སར་བཞག་པ་དང་༔ སེམས་གནས་ཤིང་ཚད་ཟིན་པ་རྔོན་པས་རི་དྭགས་རྒྱ་ལ་ཟིན་པ་བཟུང་བ་ལྟ་བུས་སེམས་རང་སར་སྣང་བ་ལ་བྱན་ཚུད་པ་བཞག་པ་དང་༔ ཆོས་ལ་མི་གནས་པའི་ཤེས་པས་ཟད་སར་སྐྱེལ་བ་རིག་པ་མཐོང་བ་བཞིན་དང་མེ་ལོང་ལྟ་བུས་ཆོས་ཐམས་ཅད་རང་སར་བཞག་པ་དང༔ འཁྲུལ་པ་མ་ཐོག་ཏུ་གྲོལ་བ་སྦྲུལ་དང་མདུད་པ་ལྟ་བུས་རང་གི་རང་གྲོལ་འཁྲུལ་དང་མ་འཁྲུལ་མེད་པ་རང་སར་བཞག་པའོ༔ སྣང་བ་རང་གྲོལ་བ་གཟུ་བོའི་བློ་ཅན་དུ་ལྷ་ཁང་དུ་ཕྱིན་པ་སྣང་བ་ལ་བློ་མ་ཞེན་པ་ལྟ་བུའོ༔ བསམ་པ་ཐམས་ཅད་གཞི་ལ་ཐིམ་པ་རྒྱ་མཚོ་རླུང་གིས་བསྐྱོད་པ་ལྟ་བུའོ༔ དབྱིངས་དང་རིགས་པ་རང་ཕྲད་པ་རི་རྒྱལ་གྱི་རྩེ་མོར་ཕྱིན་པ་ལྟ་བུའོ༔ སྐུ་གསུམ་ཕྱིར་མི་ལྡོག་པ་རང་ས་ལ་སླེབ་པ་ནི་བསེ་ཤིང་གི་འབྲས་བུ་རྒྱུར་མི་ལྡོག་ལྟ་བུའོ༔
ལྟ་སྒོམ་སྤྱོད་པའི་སྲོོག་ཤིང་ཡིན༔ རེངས་པ་སྣང་བ་རྩལ་སྒྱུར་རྣམས་ཀྱི་གཉའ་གཅོག་ཡིན༔ སྟོར་པ་ཉིན་མཚན་ཁ་སྦྱོར་རྣམས་ཀྱི་རྗེས་བཅོད་ཡིན༔ ལྟེབས་པ་ལྟ་བ་གྲོང་ཁྱེར་རྒྱུན་གཅོད་རྣམས་ཀྱི་རྒྱངས་ཤིང་ཡིན༔ རྒྱ་ཆེ་སྣང་བ་སྤར་གྱིས་བཟུང་བའི་མན་ངག༔ དམུ་སེམས་རྒོད་འཐུར་སྲབ་འཇུག་པའི་མན་ངག༔ རྣོ་ལ་རིག་པ་དར་གྱིས་འདོགས་པའི་མན་ངག༔ བྱས་པ་རྟོགས་ཚད་ཐམས་ཅད་རང་སར་བཞག་པའི་མན་ངག་གོ༔ ཨྠྀི༔ ༔ སྣང་བསྣ་ཚོགས་ལམ་དུ་ཁྱེར་བའི་རྐང་༔ དྲན་པ་སེམས་ཟད་པའི་ས་རྒྱུན་ཐག་གཅོད་པའི་ལག༔ དབྱིངས་རིག་པ་དངོས་ལ་ལྟ་བའི་མིག༔ འཁྲུལ་བ་གཞི་ལ་དེ་ཉིད་ངང་དུ་དག་པའི་ཁྲུས་སོ༔ སྣང་བ་འཁྲུལ་སྣང་རང་གྲོལ་ཐུགས་ཕྲད་ཀྱི་ལམ༔ རིག་པ་སེམས་ཐུག་ཕྲད་ཀྱི་གཞི༔ མཐོང་བ་རིག་པ་ཐུག་ཕྲད་ཀྱི་ཡུལ༔ གྲོལ་བ་ཆོས་ལས་འདས་པ་ཐུགས་ཕྲད་ཀྱི་འབྲས་བུའོ༔ ཛྙཱ་ན་སུ་ཏྲ་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ༔ བི་མ་ལ་མི་ཏྲ་བརྒྱལ་ཞིང་ས་ལ་འགྱེལ་ཏེ་ཀྱེ་མ་ཀྱི་ཧུད་ཀྱི་སྒྲ་ཆེན་པོ་འདོན་ཞིང་གནས་པ་ལས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སྒྲ་ཆེན་པོ་གྲགས་ཏེ་བརྒྱལ་སངས་ནས་བལྟས་པས༔ ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུངས་ཏེ༔ བི་མ་ལ་མི་ཏྲའི་ཕྱག་གཡས་པའི་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་བབས་སོ༔ དེ་ཞལ་ཕྱེས་ནས་གཟིགས་པས་བཻཌཱུཪྱ་མཐིང་ཀས་རང་ནང་དུ་རིན་པོ་ཆེ་ལྔའི་ཤོག་བུ་
ལ་བྲིས་པ་གཅིག་བཞུགས་འདུག་སྟེ༔ བི་མ་ལས་བལྟས་པ་ཙམ་གྱིས་རྟོགས་པའི་གདེང་དང་ལྡན་པར་གྱུར་ཏོ༔ དུར་ཁྲོད་ཆེན་པོ་བྷ་སེང་དུ་སྣང་བར་བྱས་པ༔ ཡེ་ཤེས་མདོའི་ཞལ་ཆེམས་བཞག་ཐབས་བཞིས་རྟེན་གཅིག་ལ་སངས་རྒྱ་བར་བྱེད་པ༔ མུན་ཁུང་གི་སྒྲོན་མེ་དང་འདྲ་བ་རྫོགས་སོ༔ སྤྱོད་པ་རང་བཞག༔ སྒོམ་པ་རང་བཞག༔ ལྟ་བ་རང་བཞག༔ འབྲས་བུ་རང་བཞག་གི་གདམས་ངག་གོ༔ སཱ་མཱ་ཡཱ༔ ཨྠྀི༔ ༔ ཤུ་བྷཾ༔
མཁས་པ་བྱེ་མ་ལའི་ཞལ་ཆེམས།
མཁས་པ་བྱེ་མ་ལའི་ཞལ་ཆེམས་བཞུགས་སོ༔ ༼གསེར་ཡིག་ཅན༽ཐེམ་མེད༔
རང་རིག་གསལ་བའི་སྒྲོན་མ་ནི༔ རྟོགས་པའི་ཤེས་རབ་ཕྱག་བཙལ་ནས༔ སེམས་ཅན་སངས་རྒྱས་ས་ལ་འགོད༔ ཡུན་དུ་བསགས་པའི་སྒྲིབ་པ་འཐུག་པོ་ཡང་༔ ཚིག་གསུམ་གནད་དུ་བརྡེག་པས་ཤེལ་སྒོང་ཕྱིས་པ་འདྲ༔ སྐྱེ་མེད་ཀ་དག་བསྒྲུབ་པའི་མཐའ༔ སྐུ་གསུམ་ལྷུན་གྲུབ་འབྲས་བུའི་ལམ༔ དགོངས་པ་ཉག་གཅིག་སྒྲོན་མར་གསལ༔ དབྱིངས་རིག་རྣམ་པར་དག་པའི་སྒྲོན་མ་ཡིས༔ ལྟ་བ་གསལ་བྱེད་སྒྲོན་མ་བསྟན༔ སྡུད་པ་ལས་གསལ་བྱེད་སྒྲོན་མ་ཆོས་མཆོག་སྨྲ་བ་མི་འཁྲུགས་ཡིན༔ མཚན་བརྗོད་ལས་འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ ཞེས་པའོ༔ ལྟ་བ་གསལ་བྱེད་དབང་པོའི་སྒོ་རུ་ཤར༔ ཞེས་པའོ༔ སྟོང་གསལ་ཐིག་ལེའི་སྒྲོན་མ་ཡིས༔ འཁྲུལ་སྣང་རྒྱ་ཡིས་འདེབས་པར་བསྟན༔ མཚན་བརྗོད་ལས་ཡེ་ཤེས་སྣང་བ་ལམ་མེ་བ༔ ཞེས་པའོ༔ ཤེས་རབ་རང་བྱུང་སྒྲོན་མ་ཡིས༔ རྟོག་པ་གདེང་དུ་ཚུད་པར་བསྟན༔ ཤེས་རབ་ཆེན་པོས་སྐད་ཅིག་ལ༔ ཆོས་ཀུན་ཁོང་དུ་ཆུད་པ་པོ༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས༔ རིག་པ་ལན་གསུམ་གནད་དུ་གཟུང་༔ སྣང་དང་སྟོང་དང་གསལ་དང་སྒྲོན་མ་ཆོས་ཀྱི་མཆོག༔ ཅེས་སོ༔ རིག་པའི་ལམ་གནས་སེམས་དང་ཡེ་ཤེས་རིག་པའི་ངོ་བོ་ངེས་ཚིག་གནས་ལ་འཆར་སྒོ་ལས་དེས་ཡུལ་ཆོས་འབྲས་བུ་ཡོན་ཏན་ཕྱོགས་ཚད་དབྱེ་བའི་དུས་སེམས་ཀྱིས་ཚེས་བཅོ་ལྔ་ཆོས་སུ་དབྱེ་བ་འོ་དབྱེ༔ ངོ་བོ་གནས་དང་ལམ་དང་སྒོ༔ སྐྱོན་དང་ཡོན་ཏན་སྣང་ཚུལ་གྱིས༔ དོན་གསུམ་ཐེ་ཚོམ་མེད་
དཔེ་དོན་རྟོགས༔ པའི་བློ༔ ཞེས་འབྲས་བུའི་གསང་ལམ་མེ་ལོང་ལྟ་བུའི་ཡེ་ཤེས་བསྐལ་པ་གསུམ་གཙུག་གི་རྒྱུད་ལས་ཀུན་གཞི་ཆོས་སྐུར་དབྱེ༔ ཀུན་གཞི་ཀུན་གྱི་གཞི་སྣ་ཚོགས་བསགས་པའི་ཀུན་གཞི་ཡིན་ཀྱང་༔ རྣམ་པར་བྱང་བའི་རྟེན་མ་ཡིན༔ ཞེས་སོ༔ ཡེ་ཤེས་མཐོང་ལམ་འབྱུང་བའི་དྭངས་སྙིགས་དབྱེ༔ རིག་པ་ཆོས་ཡིན་གྱི་གཉིས་མི་གནས་པར་ཤར་འཁྲུལ་སྣང་འཁྲུལ་བའི་སྣང་བ་དང་དག་པའི་སྣང་བ་དང་ཆོས་ཉིད་ཀྱི་སྣང་བ་སྣང་བ་གསུམ་སྦྱོར་རང་འབྱུང་ས་ལ་སྦྱོར་དག་སྣང་ཕྱེད་པས་ལམ་རྟགས་ཚད་ཀྱང་ཟིན༔ ཞེས་སོ༔ དབྱེ་བ་གསུམ་གྱི་རིག་པ་རྐྱེན་དང་རྐྱེན་མེད་ཀྱི་ཤེས་པ་རང་དག་ཕྲོལ༔ རིག་པའི་འཆར་སྒོ་མིག་གི་དབང་པོས་རིག་པ་གཅེར་ཐོན་པ༔ ཆོས་སྐུ་རྐྱེན་དག་པ་ཡིན་པས་རྐྱེན་མ་འཁྲུལ་ན་རིག་པ་རྟོག་མེད་ཟང་ཐལ་ཆོས་ཉིད་ཆོས་སྐུ་སྤྲོས་བྲལ་ཟང་ཐལ་དེ་བཞིན་ཉིད་ཀྱི་དོན༔ འབུམ་ལས་མིག་གིས་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ༔ ཞེས་པའོ༔ དེ་ཀ་ན་བྱེད་པ་མེད་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་རང་ཤར་བས༔ ་མཚན་བརྗོད་ལས༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཞེས་པས་སོ༔ དེ་ཀ་མིག་ནས་ཕར་རིག་པ་དངོས་སུ་ཤར་བ་སེམས་ཅན་ཀུན་གྱི་སྣ་འཁྲིད་པར་ཤེས་པས༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ དེ་ཀ་མིག་ན་ཕར་མཁྱེན་པ་མ་འགགས་པར་ཤར་བས༔ ཡེ་ཤེས་མིག་གཅིག་དྲི་མ་གསུམ་བྲལ་དྲི་མ་མེད༔ ཅེས་པའོ༔ མིག་གི་དབང་པོ་མཐོང་བ་མ་འགགས་པར་རྟོག་མེད་ཀྱི་ཡེ་ཤེས་རང་གསལ་བ་ན༔ རིག་པ་དབང་པོའི་མངོན་སུམ་བསྟན་པ་སྟེ༔ མངོན་སུམ་མཐོང་བའི་མིག་ཅེས་དེ་ལ་བྱ༔ དེ་ཀ་ན་སངས་རྒྱས་ཀྱི་ཐུགས་ཡང་
དག་པའི་ཡེ་ཤེས་ཡིན་པས༔ སངས་རྒྱས་ཀུན་གྱི་ཁྱུང་རོལ་པ་ལས་ཐུགས་མཆོག་ནི༔ འགྲོ་བ་ཀུན་གྱི་སྤྱན་ལ་ཤར༔ ཞེས་པའོ༔ དེ་ཀ་ན་སེམས་ཅན་ཀུན་གྱི་སྣ་འཁྲིད་པར་ཤར་བས༔ སྡུད་པ་ལས་རིག་པ་ཁྱིམ་དུ་མི་གནས་ལམ་ལ་མཁས་པར་འགྱུར༔ ཞེས་པའོ༔ མི་གནས་པར་ཤར་བའི་རིག་པ་རང་ངོ་མ་ཤེས་ན་མ་རིག་པ་དེ་ལ་ཟེར་དམིགས་བུ་མེད་པས་རིག་པའང་ངོ་མ་ཤེས་ན་རྒྱུ་འཁོར་བ་ལས་མི་ཐར་བྱང་ཆུབ་རེག་པར་ནུས་མ་ཡིན༔ ཞེས་པའོ༔ མིག་ལྟ་བར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ངོ་མ་ཤེས་ན་༔ སྡུད་པ་ལས་དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས༔ ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར༔ ཞེས་དང་༔ མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད༔ ཅེས་སོ༔ ཡིད་དཔྱོད་ཀྱི་སྤྱི་འཇལ་གྱི་རྣམ་པ་སེམས་གཏན་ལ་འབེབས་པ་ནི༔ འདོངས་པ་ནམ་མཁའ་ནམ་མཁའ་ཆེ་ལས་སྙེག་པ་འདྲ༔ ཞེས་ཉམས་སུ་མྱོང་པའོ༔ སྐུ་གསུམ་རང་གི་སྣ་ཁྲིད་པར་འཆར་བ་ནི༔ མིག་གི་དབང་པོ་མཐོང་བ་བློ་ཡུལ་དུ་བྱ་བ་ལས་དོན་རང་གི་མཚན་ཉིད་དུ༔ མ་འགགས་པ༔ རིག་པ་ཆོས་ཀྱི་སྐུའོ༔ མཐོང་པ་ངེས་པར་མཁྱེན་པ་ཤེས་རབ༔ ལོངས་སྤྱོད་རྫོགས་པའི་སྐུའོ༔ མིག་གི་དེ་ཁོ་ན་ཉིད་སྙིང་པོ་ཡེ་ཤེས་ཀྱི་ལུས་ཅན་ནི་སྤྲུལ་པའི་སྐུ་སྟེ༔ སྐུ་གསུམ་འདུ་འབྲལ་མེད་པར་ཆོས་སྐུ་རང་གི་སྣ་ཁྲིད་པར་ཤར་བས༔ མཚན་བརྗོད་ལས་མཆོག་གི་དང་པོ་སྐུ་གསུམ་འཆང་༔ ཞེས་པའོ༔ དེ་དཔེ་ཤེལ་དོན་རྟགས་གསུམ་གྱི་ཡེ་ཤེས་ཀྱི་གཏན་ལ་ཕེབས་པས༔ དོན་གསུམ་ངོ་ཤེས་ཡིད་ཆེས་ཐག་ཆོད་པ་ཐེ་ཚོམ་མེད་པའི་བློ༔ ཞེས་
པའོ༔ དོན་གྱི་ཡེ་ཤེས་ཆོས་སྐུ་ཟང་ཐལ་རྟོག་མེད་ངོ་ཤེས་པས༔ ཀུན་དོན་ཡོན་ཏན་གསུམ་འགྲོ་བ་ཀུན་གྱི་སྙིང་པོ་ཡིན་གྱི་བདག༔ ཅེས་དོན་གསུམ་རིག་པའོ༔ ཕུང་པོ་ལྔ་ནི་ནང་དུ་རིག་པ་ངོས་གཟུང་བ་ནི༔ མིག་མ་འགུལ་བར་ཆོས་སྐུ་ཀ་དག་སྤྲོས་བྲལ་ཡིན་ནམ་མཁའ་སྤྲིན་བྲལ་གྱི་ཀློང་དུ་གཏད་པས༔ དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་སྒྲོན་མར་གསལ་ཏེ༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བའི་ཉམས་གོང་དུ་འཕེལ་བ་སྐུ༔ ཡེ་ཤེས་ཟང་ཐལ་ཆེན་པོའི་དགོངས་པ་སྟེ༔ ཅོག་བཞག་ཆེན་པོ་བཞིའི་ཡི་གེ་མེད་པར་ཤེས་པར་བྱ་ངང་ལ་བཞག་གོ༔ རིག་པ་ཚད་དངོས་མེད་ཀྱིརིག་པ་དངོས་ལྟར་སྣང་བ་ལ་ཕེབས་ཤིང་མངོན་སུམ་གྱིས་སྣང་བའོ༔ རིག་པ་ལམ་རྟགས་ཉམས་སྐྱེ་ལུགས་ཀྱི་སྣང་བ་ནི༔ འཆར་སྒོ་མིག་གི་འབྲས་བུ་མན་ཤེལ་གསལ་བྱེད་ཀྱི་མེ་ལོང་གོང་མི་དྲག་མནན་སྣང་བ་འཆར་ལུགས་པས༔ ཐུགས་རྗེ་འོད་ཟེར་གྱི་སྣང་བ་ཤར་ཏེ་འགྲེང་བུ་དང་ཕྱེད་ཉལ་ཟླུམ་འཁྱིལ་ཐིག་ལེ་དང་ཞིང་ཁམས་ཐིག་ཕྲན་ལོངས་སྐུ་དང་རིགས་དྲུག་སྤྲུལ་སྐུའི་སྣང་བ་འཆར་རོ༔ སྤྱན་ལྔ་ཡང་རིམ་པས་ཉམས་སུ་བླངས་པས་འཆར་རོ༔ སྤྱན་ལྔ་ཆགས་པ་མེད་པར་འཆང༔ ཞེས་པའོ༔ སྐྱེ་མེད་ཀྱི་དབྱིངས་དང་རིག་པ་དབྱེར་མི་ཕྱེད་ཀློང་དུ་འགག་མེད་ཀྱི་རིག་པ་རང་གྲོལ་བས་ཀ་དག་ཆེན་པོའི་བདག་ཉིད་ཆོས་རྣམས་ཐམས་ཅད་ཟད་སར་སྐྱེལ་བའོ༔ ངོ་བོ་སྤྲོས་བྲལ་ཀ་དག་རང་བཞིན་ལྷུན་གྲུབ་རྒྱ་མ་ཆད་ཐུན་མོང་མ་ཡིན་པའི་གཉུག་མ་ལ་ལྷུན་གྲུབ་གྱི་རོལ་པ་འགག་མེད་པའོ༔ མཐའ་བྲལ་ཕྱོགས་རིས་མེད་པ་ལྟ་བའི་གདིང་༔ མཐའ་བརྒྱདདང་བྲལ་བ་དམིགས་པ་གཏང་བཞག་མེད་པ་
ཞེ་འདོད་ཉམ་ང་མེད་པ་གླང་པོ་ཆེ་ལྟ་བུ་སྤྱོད་པའི་གདིང་༔ སྤངས་ཐོབ་རེ་དོགས་མེད་པ་འབྲས་བུའི་གདིང་༔ ལམ་གསུམ་གདིང་བཞི་གནད་ཀྱི་མན་ངག་ཡིན༔ ལུང་རྒྱལ་བའི་སྒྲ་ཚད་བསྟན་བཅོས་ལུང་རིག་གིས་དབབ་ཏུ་མེད་དང་རིག་པ་མན་ངག་གསུམ༔ ཡིད་ཆེས་བླ་མའི་གདམས་ངག་ལས་གདམས་པ་གནད་ལ་ཕོབ༔ གོལ་སར་ཡང་དག་པའི་ལྟ་བ་མི་ཐོབ་ལྟུང་པས་ལྟ་སྒོམ་ཤེས་པར་བྱོས༔ སྣ་ཚོགས་མུ་སྟེགས་བློ་གཟུང་གི་ལྟ་བ་ཨ་ནུ་མན་ཆད་བྱ་བྱེད་འབད་རྩོལ་གྱི་གོལ་ས་ཡིན༔ ལྷུན་གྲུབ་ཁྱབ་ཆེ་ལ་དོན་ཕྱལ་པ་མ་རིག་ལྷུན་གྱིས་གྲུབ་པས་སྟོང་རྫོང་འཁྲུལ་པའི་གོལ་ས་ཡིན༔ མཐའ་བྲལ་བརྗོད་མེད་སྟོང་པའི་ཁས་མི་ལེན་པས་ཆད་པའི་མཐར་ལྷུང་ལ་བཟླ་སྟེ༔ ཆད་པ་མཐའ་ཟད་ལྟ་བ་ཡིན༔ སྒྱུ་འཕྲུལ་སྙིང་གི་དཀྱིལ་ན་འོད་དང་འོད་ཀྱི་གོང་བུར་ཡོད་ཟེར་བ་གང་ཟག་གི་བདག་ཏུ་འགྲོ་འོད་གསལ་བདག་འཛིན་པ༔ རྟག་པར་ལྟ་དང་མཚུངས་པ་སྟེ༔ དེ་དག་ལྟ་བའི་གོལ་སར་ཤེས་པར་གྱིས༔ སྟོང་པ་ཧད་པོའི་ཤིན་ཏུ་སྤྱད་ནས་སྟོང་པ་ལྟ་སྒོམ་དང་༔ མི་རྟོག་མི་རེ་བ་ལྟེངས་པོའི་སེམས་འཛིན་དང་༔ བཏང་སྙོམས་རྟོག་སྒོམ་ལྟེངས་པོའི་མུན་སྒོམ་དང་༔ མ་ཚོར་ཉན་ཐོས་ཡིད་བྱེད་འགོག་པ་དང་༔ བདེ་བ་སྐྱེ་མེད་བདེ་སྟོང་རྩོལ་བཅས་ལུས་སྦྱངས་དང་༔ ཡིད་འགྱུ་གཅོད་པའི་རྩོལ་སྒྲུབ་བྱས་ཆོས་ཡིན་པས་དབུགས་འཛིན་རླུང་སྒོམ་རྣམས༔ འདི་རྣམས་བསྒོམས་ཀྱང་སངས་མི་རྒྱའོ་སྒོམ་པའི་གོལ་སར་ཤེས་པར་གྱིས༔ བླང་དོར་བདག་ཏུ་གཅིག་སྤང་གཅིག་བསྒྲུབ་པ་རྟོག་པའི་སྤྱོད་པ་དང་༔ རྩོལ་སྒྲུབ་དགེ་སྦྱོང་ངམ་ཚུལ་འཆོས་བྱེད་པའི་སྤྱོད་པ་དང་༔ བརྟུལ་ཞུགས་ཅི་དགའ་དགའ་བྱེད་པ་འི་སྨྱོན་པར་བྱེད་པའི་སྤྱོད་པ་དང་༔
འདི་རྣམས་རང་བཞིན་བརྟུལ་ཞུགས་མེད་པ་སྤྱོད་པའི་གོལ་སར་ཤེས་པར་གྱིས༔ རྒྱུ་རྐྱེན་ཟད་པའི་ཆད་པ་ཕྱོགས་མཚམས་ཀྱི་གོལ་ས་སྟོང་འཇམ་དང་༔ དུ་མ་རྫོགས་པ་ཆེན་པོ་ཉག་ཅིག་ཡིན་ཟེར་བ་དེའི་རིག་བྱེད་གསར་པར་སྨྲ་བའི་གོལ་སའོ་རོ་གཅིག་ཐིག་ལེ་ཆེན་པོའི་ངང་གྲོལ་དང༔ སྐུ་གསུམ་ལྷུན་གྲུབ་འབྲས་བུ་མིན་སྐྱེ་མཆེད་མུ་བཞིའི་འབྲས་བུའོ་ལམ་སྣང་འདོད་པ་རྣམས༔ འབྲས་བུ་རེ་དོགས་ཀྱི་ཐོབ་རྒྱུ་ཡོད་ཟེར་བ་གོལ་ས་ཡིན༔ སྣང་ལ་ལྷའིདེ་ཡང་མ་གྲུབ་སྟེ་སྟོང་ལ་ངོ་བ་ོཀ་དག་མཐའ་གྲོལ་གྱི་ལྟ་བ་རང་བཞིན་མེད་པ་ཆོས་ཉིད་ནམ་མཁའ་ལྟ་བའི་མཆོག༔ གསལ་ལ་རྟོག་པ་མེད་པ་ངོ་བོ་ཀ་དག་སྟོང་པ་ལ་ཕྱོགས་མ་ཆད་མཁྱེན་པ་ལ་མི་སྤྱོད་རང་ངོ་ལ་མི་འགགས་ཐིམ་པ་ལ་མི་རྨུགས་འབྲས་བུའི་དགོངས་པ་ཐམས་ཅད་དབྱེར་མི་ཕྱེད་པའོ་མཆོག༔ ཅིར་སྣང་བཀག་པ་མེད་པས་ངོ་བོ་སྟོང་གསལ་ཆེན་པོ་ཕྱོགས་གར་ཡང་མ་ལྷུང་མཚན་མ་རང་སར་གྲོལ་ལོ་རང་བཞིན་རྒྱ་མ་ཆད་དེ་སྤྱོད་པའི་མཆོག༔ མཐོང་རྟོག་སྒྱུ་མའི་རང་བཞིན་མེད་པའི་ཡིན་པས་ཅི་རྣམ་པར་རྟོག་པ་བློ་ཡིན་པས་ཅིར་བསམ༔ རྒྱུ་མེད་པ་བསམ་པ་ཀུན་བརྗོད་པ་དང་བྲལ་བ་སྤངས་ཡེ་ཤེས་མེ་ཆེན་གཡོ༔ དེའི་ངང་ལས་རང་བཞིན་མ་བསྐྱོད་ལྷན་ནེ་ཞོག༔ ལྷན་ནེ་ལྷང་ངེ་ཚོགས་དྲུགལྷུག་པ་དབང་པོ་རྒྱ་ཡན་ཁོག་ཐོང་ཐོང་ལ་གྲོང་ཆོད་ལ་ཐོང་བཞག་ན་མཉམ་བཞག་ཆེན་པོ་ཡིན་ཏེ་དོན་དེ་སྒོམ་པའི་མཆོག༔ དམིག་གཏད་མེད་པ་རྣམས་རྣལ་མ་རང་སོ་གཉུག་མ་མཆོག་གཞི་གདེང་བཞི་ཁྱེར་ན་གྲུབ་མཐའ་ངན་པའི་ལྟ་བ་ཆོད༔ ཕྱིན་བསྒྲོད་མེད་པར་སླེབས་པས་བྱང་ཆུབ་སེམས་ཀྱི་སྒྲོན་མ་ངོས་ཟིན་ན་ཀུན་ཏུ་འོད་ཀྱི་ས་ས་བཅུ་གཅིག་པ་ནོན༔ རྐང་མེད་མཁའ་སྒྲོན་མ་རྣམ་པར་དག་པ་བ་
ལ་འགྲོ་ན་ལྟ་བའི་རྒྱབ་ཤ་ནམ་མཁའ་རྣམ་པར་དག་པའི་ནང་དུ་ཆོད༔ གྲོགས་མེད་གཅིག་པུར་འདུག་ན་སྒོམ་པའི་རྒྱབ་ཤ་རིག་པ་ཐིག་ལེ་ཉག་གཅིག་ལ་བར་མཚམས་མེད་ཆོད༔ ལྟ་མེད་སྐུ་ལ་བལྟས་པས་འདིའི་ཕྱི་ནང་འདི་ཡིན་བྱ་བ་མེད་འབྲས་བུའི་རྒྱབ་ཤ་ཆོད༔ བྱེ་མ་ལ་བདག་ནི་ཐོས་ཆུང་བློ་ཞེན་མ་ཡིན་ཏེ༔ སྒྲ་ཚད་བསྟན་བཅོས་གྲུབ་མཐའ་སོགས༔ སྡེ་སྣོད་གསུམ་གྱི་འདུལ་བ་མདོ་སྡེ་མངོན་པ་དོན་གོ་ལོངས༔ རྒྱུད་སྡེ་བཞི་ཡི་བྱ་བའི་སྤྱོད་བའི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ་ཁོང་དོན་ཤིག༔ འབུམ་ཚོ་དྲུག་རྣམས་བཞུགས་པའི་ཨ་ཏི་ལ༔ བདག་གིས་དགོངས་པ་མ་ལོན་གཅིག་ཀྱང་མེད༔ ཁྱད་པར་སེམས་སྡེ་རྩ་གཅིག་དང་༔ ཀློང་སྡེ་ཉི་ཤུ་རྩ་གཅིག་དང་༔ དེ་རྣམས་ནང་ན་ཟབ་པ་མན་ངག་སྡེ༔ དེ་དག་མན་ངག་སྙིང་བཅུད་བདག་གིས་ཤེས༔ དེ་རྣམས་ནང་ན་མར་གྱི་ཡང་ཞུན་འདྲ་བ་ནི༔ རྫོགས་པ་ཆེན་པོ་གསེར་གྱི་ཉི་མ་གསང་བ་བླ་ན་མེད་པའི་སྐོར་རབ་ཏུ་སྣང་བྱེད་ཐིག་ལེ་གསང་བའི་མཆོག༔ རྒྱུད་སྡེ་བཅོ་བརྒྱད་ཏི་ཀ་ས་གཅོད་བཅས༔ བརྒྱ་དང་བཅུ་དགུའི་ཟངས་ཡིག་གཡུ་ཡིག་དུང་ཡིག་ལ་སོགས་པ་མན་ངག་སྡེ་དང་བཅས༔ དེ་ཡི་ནང་ནས་ཟབ་པའི་མན་ངག་ཞལ་ཐེམས་བརྒྱད་པོ་སངས་རྒྱས་ལ་གསུམ་རིག་འཛིན་ལ་ལྔ་འདི༔ དུས་གསུམ་གྱི་སངས་རྒྱས་སྟོང་གི་དགོངས་བཅུད་དྲིལ་ནས་ནི༔ སངས་རྒྱས་པ་ལ་དགོས་པའི་བསྟན་པའི་བུ་གཅིག་བསྟན་པའི་བཙས་སུ་བཞག༔ བདག་ནི་སྐྱེ་བ་ལྔ་བརྒྱའི་ལུས་བླངས་ཤེསརིག་པའི་གནས་བཅོ་བརྒྱད་མཁྱེན་པའོ༔ རིགས་འཛིན་ལྔ་ནི་རིམ་གྱིས་ཐོབ༔ ཆོས་ཉིད་ཟད་སར་སྐྱོལ་ནས་ལྷག་མེད་གྲོལ༔ སེམས་ཅན་དོན་ལ་དགོངས་ནས་འཕོ་བ་ཆེན་པོའི་སྐུ༔
སངས་རྒྱས་སྟོང་གི་བསྟན་པ་མ་ཞིག་བར༔ སེམས་ཅན་སངས་རྒྱས་སར་བཀོད་བདག་གིས་སྤྱོད་༔ ད་ལྟར་བདག་ནི་རྩེ་ལྔ་དག་ན་ཕྱིན༔ གང་ཟག་ལས་དག་སེང་གེ་དབང་ཕྱུག་ཁྱོད༔ རྒྱུ་ནི་རིན་ཆེན་སྣ་ལྔའི་བྱང་བུ་ལ༔ རིན་ཆེན་སྣ་ལྔས་ཡིག་བྲིས་པོད་ཆུང་གསུམ༔ མཆིམས་ཕུའི་དགེ་གོང་བྲག་ལ་ལྕགས་ཀྱི་གའུར་གཏིམས་ནས་ཡོད༔ བསྟན་པའི་བུ་གཅིག་ཞལ་ཐེམས་གདམས་པ་འདི༔ ཁྱོད་ཀྱི་སྙིང་ལ་ཕུར་ལ་ཉམས་སུ་ལོངས༔ རིགས་འཛིན་ཉི་ཤུ་རྩ་གཅིག་གདམས་པ་དང་༔ དགའ་རབ་རྡོ་རྗེའི་ཞལ་མཇལ་གདམས་ངག་ཡིན༔ སངས་རྒྱས་ཉག་གཅིག་དགོངས་པ་ཐུན་ཅིག་དང་༔ གདམས་ངག་ཚིག་གཅིག་ངང་ཞོག་བདག་ནི་ཧོར་གྱི་ཡུལ༔ བྱང་ཕྱོགས་སྡིག་སྐྱོང་རྒྱལ་པོའི་དམྱལ་བར་སྐྱེས་པ་གཅིག་འདོན་དུ་དོན་ལ་འགྲོ༔ ཞེས་གསུངས་སྤ་གོར་གཙང་ལུང་དགོན་པ་རུ༔ ཞལ་ཆེམས་ཕོག་ནས་མཁའ་ལ་རླུང་ལྟར་གཤེགས༔ ས་མ་ཡཱ༔ གུ་རུ་ན་མོ༔ ཨེ་ཀ་དུ་ན་ར་ཀན༔ ཨྠྀི༔ ༔ སུམ་རེ༔ ཚེ་དབང་༔ ལས་དབང༔ ཕྱག་རྒྱའི་དབང་༔ ལྷུན་གྲུབ་ཀྱི་དབང་༔ དེ་རྣམས་ཀྱིས་རིགས་འཛིན་ཐོབ་པའོ༔ སེང་གེ་དབང་ཕྱུག་གིས་ཕྱི་གོང་རྫའི་ར་བར་བསྒོམས་པས༔ ལོ་བདུན་གྱིས་ཟག་པ་མེད་པར་གྲོལ་ལོ༔ དགེའོ༔ ༔
རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་མན་ངག་རིན་པོ་ཆེ་ཟངས་ཡིག་ཅན།
རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་མན་ངག་རིན་པོ་ཆེ་ཟངས་ཡིག་ཅན་བཞུགས་སོ༔ ༼ཟངས་ཡིག་ཅན་༽
ཨྠྀི༔ ་ཁ་ཐཾ༔ སྤྲོས་གཅོད་དུམ་བུ་བཅུ་དྲུག་ཐེམ་མེད་བཞི་དང་ཉི་ཤུ༔ ཐ་གག་ཎརྦ།མཐ།༔ རྒྱ་གར་སྐད་དུ༔ ཡཱ་མ་ར་སཱ་མ་ཡེ༔ བོད་སྐད་དུ༔ སྤྲོས་པ་གཅོད་པའི་སྒྲོན་མ༔ ་སེམས་ཀྱི་སྤྲོས་པ་ལྟ་བས་གཅད༔ ཚིག་གི་སྤྲོས་པ་ཉམས་ལེན་གྱིས་གཅད༔ མཚན་མའི་སྤྲོས་པ་རིག་པས་གཅད༔ བློ་ཡི་སྤྲོས་པ་གདམས་པས་གཅད༔ ཉམས་ལེན་གྱི་སྤྲོས་པ་གོམས་པས་གཅད༔ གྲུབ་མཐའི་སྤྲོས་པ་ཤེས་རབ་ཀྱིས་གཅད་པའི་མན་ངག་གོ་ཨིཐི༔ དཔལ་ཀུན་ཏུ་བཟང་ངན་གྱི་སྤྲོས་པ་ཐམས་ཅད་རང་དེངས་སུ་འགྲོབའི་ཕྱིར་བཟང་པོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་དོན་བསྟན་པ་སརྦ་ཏ་ཐཱ་ག་ཏ་ཨ་བྷ་ཡུ་དྷཱརྨ་ཀཱ་སྱ་ཆོས་སྐུ་སྤྲོས་དང་བྲལ་བ་༔ ཨ་རིག་པ་དེ་ཡང་དབྱིངས་འགག་མེད་ལས་རིག་པ་སྐྱེ་མེད་ཤར་བའོ་ཨཱ༔ ཨརིག་པ་འབྱུང་བཞི་ཟད་པས་དབྱིངས་སྐྱེ་བ་མེད་པའོ༔ ཨ་འཁྲུལ་རྐྱེན་རང་སར་དག་པས་རིག་པ་རང་གི་ངོ་བོ་སྐྱེ་མེད༔ ཨསྐྱེ་མེད་ཀྱི་སེམས་སྐྱེ་
མེད་ཀྱི་ཀློང་དུ་མྱ་ངན་ལས་འདའ་བར་བྱེད་པའི་མན་ངག་རྟེན་པ་གཅིག་ཐོག་ཏུ་སྐྱེ་བའི་མན་ངག་བསམ་པ་རང་དེངས་པས་སྐྱེ་བའི་སྒོ་འགེག་པའོ་རིག་པ་འབྱུང་རིག་པ་འོད་སྣང་དུ་འཆར་བར་བྱེད་པའི་མན་ངག་གོ་བ་ཟད་ལ་ཕྱག་འཚལ་ལོ༔ དཔལ་ནམ་མཁའ་ཟད་པའི་རྒྱུད་ནི་རིག་པ་དབྱིངས་སུ་ཚུད་པའི་མན་ངག་ཨེ་ཀ༔ བྷ་རྡུ་སྟོང་པ་གསལ་བ་ཡངས་པ་གསུམ་གཅིག་གིས་གཅིག་གྲོལ་བས་སངས་རྒྱའོ༔ ཡཾ་དཔལ་འདེགས་རླུང་ཟད་པའི་རྒྱུད་ནི་དབུགས་ཆད་པ་དང་སངས་རྒྱ་བའི་མན་ངག །ཁཾ་དཔལ་ཆུ་རྒྱུན་ཟད་པའི་རྒྱུད་ནི་དྲན་པ་འགགས་པ་དང་སངས་རྒྱ་བའི་མན་ངག །རཾ་དཔལ་མེ་བཞི་ཟད་པའི་རྒྱུད་ནི་ཉམས་གཅིག་ཤར་བས་སངས་རྒྱས་པ་དང་མཉམ་པའི་མན་ངག །སུ་དཔལ་རྟེན་པ་ཟད་པའི་རྒྱུད་ནི་གཟུགས་དག་པ་སྐུ་དང་མཉམ་པའི་མན་ངག །དྷ་ཏུ་བྷི་ཀལྤ་འབྱུང་བཞིའི་རྟོག་པ་ཆད་པས་ཡེ་ཤེས་རང་སྣང་ཨེ་པྱྡྷྱདཔལ་འབྱུང་བ་ཡེ་དག་གི་དགོངས་པ་བྷེ་ཪྡྷྱ་ཤྲཱི་མཚན་མ་རང་གྲོལ་གྱི་བྷྣེ་རྨྱེ་ཤྲཱི་
འཁྲུལ་པ་རྒྱས་འདེབས་ཀྱི་མྤྨྨ་ཤྲཱི་འབྱུང་བ་རོ་སྙོམས་ཀྱི་མྟྨ་ཤྲཱི་སྤྲོས་པ་ཉེར་ཞིའི་དགོངས་པའོ༔ ༔བཊ།བཱམ།ཐག༔ དབྱིངས་གདལ་བ་ཆེན་པོ་ལ་བདེ་ཆེན་ཡངས་པ་ཉིད་ལ་ཕྱག་འཚལ་ལོ༔ གུ་པྟྲ་ལྤ་ཨྟ་ཆོས་སྐུའི་གནད་སྙིང་དུ་བསྟན་པས་ལུས་ཡོངས་སུ་མྱ་ངན་ལས་འདའ་བའི་མན་ངག༔ ལོངས་སྐུའི་གནད་རྩ་རུ་བསྟན་པས་ངག་ཡོངས་སུ་མྱ་ངན་ལས་འདའ་བའི་མན་ངག༔ སྤྲུལ་སྐུའི་གནད་མིག་ཏུ་བསྟན་པས་སེམས་ཡོངས་སུ་མྱ་ངན་ལས་འདའ་བའི་མན་ངག་གོ་ཨྠྀི༔ ༔ བྷུན་ནྱ་ཡྨ་པྡྷྱིིི༔ འབྱུང་བཞི་རང་དེངས་སྟོང་བ་སྟོང་པས་མཚོན་པ་སྟོང་པ་རང་སར་གྲོལ་བའི་མན་ངག་གཟུགས་རྣམ་པར་དག་པའི་དགོངས་པ་ཞེས་བྱའོ་ངང་ལ་ཕྱག་འཚལ་ལོ༔ ཏིང་ངེ་འཛིན་རྣམ་པར་དག་པས་ས་རྡོའི་སྣང་བ་འགགས་པ་འབྱུང་བཞི་ཟད་པའི་རྒྱུད་ཆེན་གསལ་བ་གསལ་བས་མཚོན་པས་གསལ་བ་རང་སར་གྲོལ་བའི་མན་ངགནམ་མཁའ་ལ༔ འཁྲུལ་གཞི་ཟད་པའི་རིག་པ་དངོས་པོ་དངོས་པོས་མཚོན་པ་འབྱུང་བ་རང་སར་གྲོལ་བའི་མན་ངག་ཚོར་བ་རྣམ་པར་དགོངས་པའོ་རྒོད་ཡན་ཏེ༔ སྣ་ཚོགས་ཁྱབ་གདལ་ཆེན་པོའི་ནང་དབྱིངས་རྣམ་པར་དག་པ་སྤྲོས་པ་རང་ཐོག་ཏུ་ཞི་བའི་མན་ངག་འདུ་ཤེས་རྣམ་པར་དག་པའི་དགོངས་པའོ་ཁང་བཟངས་སུ༔ འཛིན་བྱེད་དྲན་པ་ཟད་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་རིག་པ་ལ་འཁྲུལ་དབང་མེད་པའི་མན་ངག་རྣམ་པར་ཤེས་པ་རྣམ་པར་དག་པའི་དགོངས་པའོ་ལྕགས་ཀྱུ་ཡིསཿགསལ་བྱེད་སྟེང་འོག་མེད་པའི་འཁྲུལ་པ་རང་སར་དེངས་པ་དབྱིངས་རིག་ལ་འགྱུར་བ་མེད་པའི་མན་ངག་གབ་པ་འདུ་བྱེད་རྣམ་པར་དག་པའི་དགོངས་པའོ་སྙིང་ནས་ནི༔ མ་ཡེངས་བསམ་པ་ཟད་པའི་དེའི་ཕྱིར་ལྟ་བ་མིག་དང་འབྲེལ་བས་གྲུབ་མཐའ་ཟད་སར་ཕྱིན་པ་ལྟ་བ་ལ་འགྱུར་དབང་
མེད་པའི་མན་ངག་ཕུང་པོ་རྣམ་པར་དག་པའི་ཚུལ་གྱིས་གཟུང་བར་བྱའོ༔ ཨ་སྐྱེ་བ་མེད་པའི་དོན་ཨྸ་ནམ་མཁའ་ང་ལོག་གི་དགོངས་པས་དབྱིངས་རིག་མཁའ་ལ་འདེགས་པ་འདེགས་རླུང་ཇ་ལོག་གི་དགོངས་པས་སྐུ་གསུམ་གཅེར་བུར་ཕྱུངས་པ་ཆུ་རྒྱུན་ཇ་ལོག་གི་དགོངས་པས་སྒྲོན་མ་བཞི་གཏོད་ལ་མནན་པ་མེ་བཞི་ཇ་ལོག་གི་དགོངས་པས་འབྱུང་བ་བཞི་རང་ཟད་དུ་བསྐྱལ་བ་ཨེ་མ་ངོ་མཚར་བ་ཧོ༔ སྤྲོས་པ་ཐམས་ཅད་ཉེ་བར་སྐུ་གསུམ་མཚན་མ་དང་བྲལ་བ་ཐབས་ཀྱི་འབྲས་བུ་མིང་དུ་བྱ་བའོ་ཞི་བར་བྱེད་པ་ཅེས་བྱ་བ་ནི་ཡིད་ཀྱི་སེང་གེ་རིག་པའི་ཆོ་འཕྲུལ་དྲན་པ་ལ་བལྟས་པས་དྲན་མེད་དུ་གྲོལ༔ དྲནམེད་ལ་བལྟས་པས་བློ་འདས་སུ་འདུག་པས་ཡེ་ནས་སྐྱེ་མེད་དུ་གོ་བའོ་ཡིད་ཀྱི་བུས་གཟུང་བ་རིག་པ་བློ་ལས་འདས་པ་ནི་མིག་གིས་གཟུང་ཆ་གཉིས་མ་ཟད་པར་འཛིན་ཆ་སྟོངས་པས་རིག་པ་ལ་གསལ་བ་ཆ་ཚང་བ་ནི་དབྱིངས་རིག་འདུ་འབྲལ་མེད་པའི་རིག་པ་དངོས་སུ་མཐོང་བས་སྐྱེ་བ་མེད་པ་ཞེས་བྱའོ་ལ་བྱའོ༔ ཨསྐྱེ་མེད་ཀྱི་རིག་པ༔ ཨེ་མ་ཧོ༔ རིག་པ་གཅེར་བུར་ཕྱུངས་པས་འོད་དང་ཁ་དོག་ལ་ཞེན་པར་མི་བྱ་བ་དང་མཚན་མ་ཐམས་ཅད་རང་སར་དངས་པ་ཅེས་བྱ་བ་ནི༔ ནམ་མཁའི་བུ་མོ་རིག་པ་སྟོང་པ་ཉིད་མཐའ་བཞི་ཕྱོགས་ལས་རང་འདས་པས་ཆོས་ཉིད་ཡུལ་སྣང་ཟད་པའོ་ནམ་མཁའི་བུས་བཙོན་དུ་གཟུང་བ་ནི་རིག་པ་དབྱིངས་དང་འདྲེས་པས་ཁ་དོག་ལྔ་རང་སར་དེངས་པའོ་ལ་བྱའོ༔ ཨྸ་རིག་པ་དང་གཉིས་སུ་མེད་པའི་ཚེ་སྐྱེ་མེད་ལ་སྐྱེ་མེད་མཚོན་པ་ཞེས་བྱའོ༔ ཨེ་མ་ཧོ༔ འཁྲུལ་པ་ཐམས་ཅད་རང་སར་གྲོལ་བ་ཞེས་བྱ་བ་ནི་དབྱིངས་ནམ་མཁའ་ལ་དབྱུང་པའི་ཐབས་ཀྱིས་མ་རིག་པ་སྐྱེ་བའི་རྒྱུ་མེད་པ་བྱས་པ་དང་
རླུང་གི་ཞགས་པ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཤེས་པ་རྟོགས་མེད་དུ་གྲོལ་བའི་ཚེ་རླུང་གི་ལྕགས་ཀྱུས་གཟུང་པ་ནི་མིག་གི་ཟུར་མནན་ཏེ་བལྟས་པས་རྒྱ་ཆེ་བའི་སྣང་བ་མི་འགུལ་བ་ལ་བྱའོ༔ ཨྸྸ་སྐུ་གསུམ་དངོས་སུ་བསྟན་པ་རིག་པའི་སྣང་བ་དང་འགྲེའོ་ཨེ་མ་ཧོ༔ འབྱུང་བ་ཐམས་ཅད་རང་དག་ཏུ་སོང་བ་ཅེས་དྲན་རྟོག་མཁའ་ལ་ཟད་པར་བྱ་བའི་ཐབས་ཀྱི་གཟུགས་སྒྲ་ལས་གྲོལ་བར་བྱ་བ་དང་བྱ་བ་ནི༔ མེའི་མི་མོ་མེའི་རིག་མེད་ཀྱི་སྣང་བ་ལ་ཕྱོགས་མེད་ཀྱི་རིག་པ་ཤར་བས་ཡུལ་མེད་ཀྱི་ཡུལ་དུ་སོང་སྟེ་བལྟར་མེད་ཀྱི་སྐུ་ལ་བལྟས་པས་རྟོགས་མེད་ཀྱི་རིག་པ་མཐོང་སྟེ་གཏད་མེད་ཀྱི་ཤེས་པ་སྤྱོད་པ་ཞེས་བྱའོ་གསལ་ཤིང་གིས་བསྲེག་པ་ནིསྒྲོན་མའི་སྣང་བ་རང་རིག་རང་གིས་མཐོང་བས་འབྱུང་བཞི་ཟད་སར་བསྐྱལ་བ་ཞེས་བྱའོ་ལ་བྱའོ༔ ཨྸྸྸ་སྒྲོན་མ་བཞི་ཡུལ་ལ་ཤར་བས་རྟོགས་པ་བཞི་སྐྱེས་ཏེ་སྤྲོས་པ་བཞི་ཆོད་པའོ༔ ཨེ་མ་ཧོ༔ སྐུ་གསུམ་ཇ་ལོག་ཏུ་ཤར་བ་ལུས་གཏན་ལ་དབབ་པའི་ཐབས་ཀྱིས་འབྲས་བུ་གཞན་ལ་རག་མ་ལུས་པའོ་ཞེས་བྱ་བ་ནི༔ ས་ཡི་གྲོང་ཁྱེར་ནི་དངོས་བཅས་སྒྱུ་མ་འོད་སྐུར་ཤར་བས་འབྱུང་བ་ལ་ཐོགས་པ་མེད་པའི་ཐབས་དེ་རང་སྣང་དུ་ཤར་བའོ༔ ཆུའི་རྐུན་མོས་བཅོམ་པ་ནི་གཞི་འཛིན་པའི་རིག་པ་ལམ་དུ་ཕྱུངས་པས་གསལ་བྱེད་དུ་ཡོད་དོ་ལ་བྱའོ༔ ཨྸྸྸྸ་དེའི་ཕྱིར་ན་འབྱུང་བ་ལྔ་ཟད་པའི་རྒྱུད་ཅེས་རང་གི་རིག་པ་ལ་བྱའོ་འདི་ནི་སེམས་འཕྲོས་པ་རྣམས་ཀྱི་ལྕགས་མི་གནས་པ་གནས་པར་བྱ་བའི་ཐབས་ལ་དང་པོ་བྱ་བ་གཏང་ཀྱུའོ༔ ཨཏྱི༔ འདི་ནི་སེམས་མེད་པ་རྣམས་ཀྱི་དེ་ནས་ཤེས་པ་བཙལ་ཏེ་དེ་ལ་བརྟགས་མེ་ལོང་ངོ་༔ ཨ་ཏྱི༔ འདི་ནི་སེམས་རེངས་པ་རྣམས་ཀྱི་གཉའ་ཤིང་ངོ་དེ་ནས་ཡུལ་ལ་
འཆར་ཏེ་མིག་ལ་གཞུག་པར་བྱའོ་ཨ་ཏྱིཿའདི་ནི་སེམས་དེ་ནས་དྲན་མེད་དུ་འགྲོ་རྨུགས་པ་རྣམས་ཀྱི་སྒྲོན་མའི་སྣང་བ་ལྟའོ་སྒྲོན་མའོཿཨཏྱིཿའདི་ནི་སེམས་ཡེངས་པ་རྣམས་ཀྱི་དེ་ནས་ཤེས་པ་སྒྲོན་མའི་སྣང་བ་ལ་ཤར་བའི་ཚེ་རིགས་པ་སྤྱི་བོར་དྲང་བར་བྱ་ཕྱག་ཤིང་ངོ་༔ ཨ་ཏྱིཿདྲན་བྱེད་རྒྱུན་གཅོད་ཀྱི་མན་ངག་ཅེས་ཞེན་པ་ལས་གྲོལ་བར་བྱེད་པ་བྱ་བ༔ ཨཏྱིཿརྒྱ་རྒྱ་རྒྱ༔ ཕྱི་མའི་ཚེ་ལས་ཅན་ཅིག་དང་འཕྲད་པར་ཤོག༔ ༔ མི་རྟོག་པའི་ངོ་བོ་ལུས་ལ་ཁྱབ་པ་མཉམ་ཉིད་བདེ་བ་ཉིད་ལ་ཕྱག་འཚལ་ལོཿགོམས་པར་བྱ་བ་གནད་ཀྱི་གདམས་ངག་ཚིག་དྲུག་གིས་བྷུདྡྷ་བར་བྱེད་པའོ་དྲུག་ལས༔ རིག་པ་མི་གནས་པ་གནས་པར་བྱེད་པའི་གདམས་ངག་གིས་ལས་དང་པོ་པའི་ས་བསླབ་སྟེ་ལུས་ཀྱི་བསླབ་པར་བྱ་བ་ལས་དང་སོ་ནམ་གྱི་བྱ་བ་གཏང་སྟེ་དགོན་པར་གནས་པ་གཅེས་ངག་གི་བསླབ་པ་སྨྲ་བ་གཅད་པ་ཡིན༔ སེམས་ཀྱི་བསླབ་པ་ཡིད་བྱེད་པ་ཐམས་ཅད་དང་བྲལ་བར་བྱས་ལ་ལུས་ངག་དལ་བ་གཅེས༔ ཤེས་པ་བག་ལ་བཙལ་བར་བྱ་བ་དང་༔ རིག་པ་མ་ཟིན་པ་ཟིན་པར་བྱེད་པའི་གདམས་ངག་གིས་དེ་ནས་ལུས་ཀྱི་གནད་རིག་པ་མིག་ལ་གཞུག་ཡུལ་གྱི་གནད་ནམ་མཁའ་ལ་གཏད་རིག་པའི་གནད་ལུ་གུ་རྒྱུད་ལ་ལྟའོ་གནད་རྣམ་པ་གསུམ་ལ་མཁས་པར་བྱ་བ་དང་༔ རིག་པ་མི་བརྟན་པ་བརྟན་པར་བྱེད་པའི་གདམས་ངག་གིས་དེ་ལྟར་གོམས་པས་འོད་དུམ་བུ་དུམ་བུར་འཆར་ཏེ་ཕྱིར་དབྱིངས་སྣང་མཐོང་བས་སྣང་བ་ལས་དལ་བ་རྙེད་ཡུལ་དང་ཤེས་པ་ནང་དུ་ཤེས་པ་མི་རྟོག་པས་རིག་པ་དལ་བ་རྙེད་པའོ་བསྲེ་བར་བྱ་བ་དང་༔ རིག་པ་མ་སྐྱེས་པ་སྐྱེ་བར་བྱེད་པའི་
གདམས་ངག་གིས་སྣང་བའི་ཚད་དེ་ནས་ཐིག་ལེ་རེ་ནས་སྐུ་ཤར་བ་བསྟན་པའི་ཚད་དོ་གཟུང་བར་བྱ་བ་དང་༔ རིག་པ་མ་ཤེས་པ་ཤེས་པར་བྱེད་པའི་གདམས་ངག་གིས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་ཡང་བློས་བཏགས་མིན་པས་ཐོག་མ་ནས་བྱེད་པ་པོ་གང་གིས་ཀྱང་མ་བྱས་རང་གི་སྣང་བ་ལ་རང་གི་ངོ་བོ་ཤར་བ་ཡིན་ནོ་དྲོད་ཚད་གཏན་ལ་དབབ་པར་བྱ་བ་དང་༔ རིག་པ་མ་གྲོལ་བ་གྲོལ་བར་བྱེད་པའི་གདམས་ངག་གིས་དེ་ལྟར་སྣང་བ་ལ་ཚད་ཟིན་པས་སྐུ་གསུམ་དེ་ཉིད་ལས་གཞན་ན་མེད་དེ་རིག་པའི་སྣང་བ་འོད་དུ་འདུག་པ་དེ༔ སྐུ་གསུམ་གྱི་ཆོས་སྐུ་ཐིག་ལེ་ལོངས་སྐུ་འོད་སྣང་བ་སྤྲུལ་སྐུའོ་ས་ལ་གོམས་པར་བྱ་བའོ༔ ཨྠྀི༔ མི་སྐད་དང་ཁྱི་སྐད་ལ་སོགས་པ་མི་མེད་པའི་སར་གྲོགས་མེད་གཅིག་པུར་གནས་པར་རང་སྣང་བ་ལ་ཚད་བཟུང་དུ་ཡོད་པས་གྲོགས་ཀྱི་མཆོག༔ འགྱུ་བྱེད་འགྲོ་འོང་བཅད་པས་དེ་ནས་རིག་པ་གཟུང་ཐབས་ནི་དབུགས་ནང་དུ་གཟུང་བ་ཐུབ་ཚད་དུ་བསྡམས་ལ་ཕྱིར་ཐུབ་ཚད་གཟུང་ཤེས་པ་རང་སོར་རླུང་འཛིན་ཉེར་གཅིག་ལ་ཚོད་ལྟ་གནས༔ དེ་ནས་ལུས་གཟར་ཏེ་གླང་ཆེན་ལྟ་སྟངས་ལ་སོགས་གང་མོས་བྱ་འདུག་སྟངས་རྣམ་གསུམ་བསྟན་པས་གྲོལ་ས་ཅེར་རིག་པ་ལུས་ལ་གནས་པས་མི་འཆར་བའི་དབང་མེད་ཚད་ཟིན༔ དེ་ཡང་ལུས་ཀྱི་གནད་མིག་ཡིན་པས་གནན་ནས་ལྟ་བ་གཅེས་མིག་དང་ངོ་བོར་འབྲེལ་བས་རྟོག་མེད་ཐུགས་སུ་ཆུད་ཤེས་པ་དྲན་མེད་གསལ་པོར་འགྲོ༔ རིག་པ་རང་ངོར་སྤྲད་པས་རྡོ་རྗེ་ལུ་གུ་རྒྱུད་དང་མིག་གཉིས་འོད་ཟེར་ལ་སོགས་པ་སྣང་བ་ཆོས་ཅན་དུམ་བུར་རྟོགས༔ ལུས་ཀྱི་བཅུད་རྣམས་ཕྱུངས་པས་རང་གི་རིག་པ་དེ་ཉིད་ཡེ་ནས་ཡོད་པས་འབྲས་བུ་ཚད་དང་ལྡན༔ ཨྠྀི༔ ༔ གཟེར་ལྟ་
བུའི་ལུས་མ་འགུལ་བས་མིག་མི་འགུལ་མིག་མ་འགུལ་བས་རིག་པ་མི་འགུལ་བ་མན་ངག་གིས་རིག་པ་དེ་མི་འགྱུར་བར་བྱ་བ་དང་༔ ལྕགས་ཀྱུ་ལྟ་བུའི་མན་ངག་གིས་དེ་ཡང་དབུགས་ནང་དུ་བག་ཙམ་འཐེན་ཤེས་པ་མིག་ལ་བཅུག་མིག་ནམ་མཁར་གཏད་པས་དབྱིངས་ཤར་བས་འབྱུང་བ་ཟད་པའི་རྟགས༔ རིག་པ་ཤར་བས་འཁྲུལ་པ་ཟད་པའི་རྟགས་སོ་ཟིན་པ་མི་འཆོར་བར་བྱ་བ་དང་༔ ཐོག་ལྟ་བུའི་གདམས་ངག་གིས་བརྟན་པ་ཤེས་པ་མིག་ཐོག་ཏུ་དབབ་པས་ལུས་མི་འཕོ་མིག་ནམ་མཁའ་ལ་དབབ་བས་དབྱིངས་མི་འཕོ་དབྱིངས་རིག་པའི་ཀློང་དུ་ཕབ་པས་ངོ་བོ་མི་འཕོ་བའོ་མི་འཕོ་བར་བྱ་བ་དང་༔ སྐར་མདའ་ལྟ་བུའི་གདམས་ངག་གིས་སྟེང་རླུང་འོག་སྒོར་དྲང་རིག་པ་མིག་ལ་བཅུག་མིག་མཁའ་ལ་གཏད་པས་སྣང་བ་མཆེད་པ་ལ་མཁས་པ་རྩྭ་ལ་མེ་ཤོར་བ་ལྟ་བུ་རིག་པ་མཁའ་ལ་ཕྱུངས་ཏེ་སྐྱེས་པ་མི་འགྱུར་བར་བྱ་བ་དང་༔ གླང་པོ་ཆེ་ལྟ་བུའི་མན་ངག་གིས་ཉམས་སུ་ལེན་ཚེ་ཤེས་པ་མིག་ལ་བཅུག་སྟེ་ཧར་པོར་བྱས་ཏེ་གཡས་གཡོན་འོག་ཏུ་མིན་པར་ཐད་ཀར་ལྟའོ་ཤེས་པ་འདྲེས་པར་བྱ་བ་དང་༔ དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་གིས་དེ་ལྟར་སྣང་བ་དང་ཕྲད་པས་ལས་དགེ་སྡིག་གི་སྤྱོད་པ་གང་ཡང་རྒྱུད་ལ་མི་འཆར་རོ་གྲོལ་བ་ཕྱིར་མི་ལྡོག་པར་བསྟན་པའོ༔ རྒྱ་མདུད་ཀྱི་དྲིལ་ལུགས་ཀྱིས་ཤེས་པ་རྒོད་པ་སྙམ་བྱེད་ན་ལུས་ཀྱི་ཡན་ལག་བསྐུམས་ཏེ་དབུགས་སྙིང་ལ་བཅུག་ལ་མིག་བཙུམ་ཤེས་པ་ལྟེ་བར་གཏད་དོ་མི་གནས་པ་གནས་པར་བྱ༔ ཉག་ཐག་གི་འཐེན་ལུགས་ཀྱིས་དེ་ནས་ཡར་ཡར་ཤེས་པ་གཏད་དེ་སྙིང་ཁ་མགྲིན་པ་སྤྱི་བོར་བཟུང་དེ་ནས་ཡང་སྔ་མ་ལྟར་རོ་གནས་པ་དེ་ཟིན་པར་བྱ༔ གླང་ཆེན་གྱི་ཉལ་ལུགས་ཀྱིས་དེ་ནས་བྱིང་བ་སྙམ་བྱེད་ན་མིག་ཧར་པོར་གྱེན་ལ་བཏེག་སྟེ་ཁ་ནས་སྔགས་སོགས་སྣ་ཚོགས་པའི་ཚིག་བརྗོད་པས་སོར་གྱིས་འགྲོ་པ་ཟིན་དེ་བརྟན་པར་བྱ༔ འདབ་ཆགས་ཀྱི་
ལྡིང་ལུགས་ཀྱིས་དེ་ནས་ཁད་ཀྱིས་ཇེ་དལ་ཇེ་དལ་བཞག་ལ་རིག་པ་མིག་ལ་སྔ་མ་བཞིན་ནོ་བརྟན་པ་བསྐྱེད་པར་བྱ༔ མེ་ལོང་གི་ལྟ་ལུགས་ཀྱིས་དེ་ཡང་བྱིང་རྒོད་ཀྱི་དགྲ་ཞི་ནས་དབྱིངས་རིག་ལ་རྟག་ཏུ་གོམས་པས་ཅི་ཡང་བྱ་མི་དགོས་སོ་བསྐྱེད་པ་ངོ་ཤེས་པར་བྱ༔ དུག་སྦྲུལ་གྱི་མདུད་ལུགས་ཀྱིས་དེ་ཡང་དབྱིངས་རིག་གི་སྣང་བ་ལ་མ་ཞེན་པར་རང་སར་གནས་སུ་བཞུགས་པ་ནི་འབྲས་བུ་རྫོགས་པ་ཆེན་པོའོ་ཤེས་པ་དགྲོལ་བར་བྱའོ༔ ཨྠྀི༔ ༔ བསམ་པ་སྟོབས་ཟད་པར་བྱ་བའི་ཐབས་དང་པོའི་དུས་སུ་བྱ་བ་གང་ཡང་མི་བྱེད་པ་གལ་ཆ་ེ ེཀྱིས་ལས་དང་པོ་ལ་བསླབ་པར་བྱ༔ སོ་སོའི་ཞེན་ཡུལ་དགག་པའི་ཐབས་ཀྱིས་དེ་ནས་འབྱུང་བའི་སྣང་བ་དགག་པའི་ཐབས་དབྱིངས་རིག་མ་གཏོགས་གང་ལའང་མི་ལྟོས་པས་འཁྲུལ་པ་སུན་དབྱུང་པའོ་བསླབས་པ་ཆུད་མི་ཟོས་པར་བྱ༔ རང་རང་གི་ཡུལ་བཙལ་བའི་ཐབས་ཀྱིས་མིག་དང་ནམ་མཁའ་རིག་པ་གསུམ་མ་བྲལ་བ་གལ་ཆེ་དེ་ཉིད་དང་དུས་ཐམས་ཅད་དུ་མི་འབྲལ་བར་བྱ༔ སྣང་བ་ཐད་ཀར་གཅད་པའི་ཐབས་ཀྱིས་དེ་ལྟར་བྱས་པས་དང་པོ་འོད་གཉིས་པ་ཐིག་ལེ་གསུམ་པ་སྐུའི་སྣང་བ་སྟེ་མི་འདྲ་བ་ཡང་ཡང་སྐྱེས་ཏེ་དེ་ཡང་རིག་པའི་ཆོ་འཕྲུལ་ཅིར་ཡང་སྟོན་པས་སོ་ཉམས་གོང་ནས་གོང་དུ་འཕེལ་བར་བྱ༔ རིག་པ་དང་དབྱིངས་འབྲེལ་པར་བྱེད་པའི་ཐབས་ཀྱིས་ཅི་ནས་ཀྱང་རིག་པ་དེ་བསྡུས་ཏེ་དབྱིངས་ནང་དུ་ཆུད་པར་བྱས་ཏེ་རང་གི་སྔུན་སྨིན་མཚམས་སུ་བརྟག་པའོ་མཁའ་ལ་མ་བུ་སྤྲད་པར་བྱ༔ རང་གིས་རང་གྲོལ་བར་བྱེད་པའི་ཐབས་ཀྱིས་དེ་ཡང་བྱེད་མཁན་སུ་ཡང་མེད་དེ་ཡེ་ནས་དེ་ལྟར་ཡོད་པའོ་སྐུ་གསུམ་གྱི་ས་ལ་གནས་པར་བྱའོ༔ ཨྠྀི༔ ༔ མཉམ་གཞག་ལ་རྒྱུན་དུ་འགྲོ་བ་གནས་པ་རྣམ་པར་དག་པའི་དགོངས་པས་རྗེས་ཀྱི་ཤེས་པ་ལ་རིག་པ་དབྱིངས་སུ་ཚུད་པ་བུས་མ་
འཚོལ་གྱི་གདམས་ངག༔ སྡོད་པ་ལུས་བསྡད་པས་རིག་པ་བསྡོད་སྟེ་རིག་པ་མི་གཡོ་བས་མི་རྟོག་པ་ལ་རྒྱུན་དུ་གནས་པ་རྣམ་པར་དག་པའི་དགོངས་པས༔ རྗེས་ཀྱི་ཤེས་པ་ཤེས་རབ་ཀྱིས་སྐྱེ་མེད་ཏུ་གྲོལ་བ་མདའ་ཡིས་གཞུ་འཚོལ་གྱི་མན་ངག༔ རིག་པ་ལ་དྲོད་སྐྱེས་པས་སྣང་བ་ལ་ཡིད་མི་འཇུག་པའི་བསམ་གཏན་ལ་རྒྱུན་དུ་གནས་པ་ཐོབ་པ་རྣམ་པར་དག་པའི་དགོངས་པས༔ རྗེས་ཀྱི་ཤེས་པ་ཡུལ་ཐམས་ཅད་རིག་ངོར་དག་པ་འབེན་གྱིས་མདའ་འཚོལ་གྱི་མན་ངག༔ འཇུག་པ་གཞི་ཟད་པའི་ཏིང་ངེ་འཛིན་ལ་གནས་པ་རྣམ་པར་དག་པའི་དགོངས་པས༔ རྗེས་ཀྱི་ཤེས་པ་ལ་འཁོར་འདས་གཉིས་མེད་དུ་འདྲེས་པ་ཆུང་མས་ཁྱོ་འཚོལ་གྱི་མན་ངག་རིག་པ་སྐུ་གསུམ་གཉིས་མེད་དུ་གནས་པ་བསྟན༔ ཡུལ་རིག་གཉིས་མེད་དུ་རྟོགས་པས་སྒོ་ལྔ་རང་གསལ་དུ་གནས་པ་གསལ་བ་རྣམ་པར་དག་པའི་དགོངས་པས༔ རྗེས་ཀྱི་ཤེས་པ་རྟོག་མེད་རང་གྲོལ་བ་བུ་མོས་ཕ་འཚོལ་གྱི་མན་ངག༔ རིག་པ་ཡང་འབྱུང་གཞི་ཟད་པས་འཁྲུལ་པ་གཏིང་དག་གི་དགོངས་པ་ལ་གནས་པ་སྟེ་དག་པ་རྣམ་པར་དག་པའི་དགོངས་པས༔ རྗེས་ཀྱི་ཤེས་པ་རིག་པ་ཉིད་ཡུལ་དུ་གྲོལ་བ་རྗེས་འབངས་འཚོལ་གྱི་མན་ངག་གོཿཨྠྀི༔ ༔ གནས་པ་གཞན་མེད་ཚད་མའི་དགོངས་པ་གང་ལ་མི་འཇུག་༔ ཟིན་པ་རང་ཡིན་དགོངས་པ་ཕྱིར་རྣམ་རྟོག་གི་དབང་དུ་མི་འགྲོ༔ བརྟན་པ་གོམས་པ་ཡིན་ཚད་མའི་དགོངས་པ་ལ་འཁྲུལ་པ་མི་སྲིདཿསྐྱེས་པ་རྟགས་ཚད་གསལ་ཉམས་ཀྱི་དགོངས་པ་གོང་ནས་གོང་དུ་སྣང་བའི་མི་འདྲ་བ་འཆར་ཡིན༔ ཤེས་པ་ཐབས་ཡིན་ཚད་གཅུན་པས་ངོ་སྤྲོད་ཀྱི་དགོངས་པ་རང་ལ་གནས༔ གྲོལ་བ་དགོངས་པའོ་འབྲས་བུ་ཡེ་དག་གི་དགོངས་པ་གཞན་ལ་རག་མ་
ལུས་པའོ༔ གོམ་པ་གནད་ཀྱི་མན་ངག་གི་ཡིད་དཔྱོད་མི་འགྱུར་བའི་དགོངས་པ་ཕྱིི་ནང་དུ་རྣམ་རྟོག་གི་དབང་དུ་མི་འཆོར་མི་རྟོག་པའི་དགོངས་པ་ལ་གནས་ནས་འཁྲུལ་མི་སྲིད༔ ཚད་གཅུན་པས་ངོ་སྤྲོད་ཀྱི་དགོངས་པར་རང་དུ་གནས༔ འབྲས་བུ་ཡེ་དག་གིས་དགོངས་པ་གཞན་ལ་རག་མ་ལུས་པའོ་ཚིག་དྲུག་གི་རྡོ་རྗེ་སེམས་དཔའ་ཞལ་མཐོང་བར་བྱེད་པར་རྫོགས་སོ༔ ལས་ཅན་ཅིག་དང་ཕྲད་པར་ཤོག༔ ཨི་ཏི༔ སརྦ་ཨྯ་པཱ་ཡྱ་མཱུ་ལྤྱ་དྙ་ཐིཾ༔ རིག་པ་མངོན་དུ་བསླབ་པར་བྱ་བ་ནི་ཐབས་ལ་གོམས་པར་བྱ༔ ཕུང་པོའི་བདུད་ལས་གྲོལ་བ་ཟག་མེད་ཐིག་ལེའི་སྐུ་ལ་ཕྱག་འཚལ་ལོ༔ ཕུང་པོ་དང་ཉོན་མོངས་པའི་ཟག་པ་རྣམས་ནི་ཟད་པར་བྱ་བའི་ཕྱིར༔ རྟག་ཆད་ལ་སོགས་གྲུབ་པའི་མཐའ་འདི་ཉིདལས་བློ་ལྡོག་པར་བྱ་བའི་དགོས་པ་རྣམས་ཀུན༔ འདོད་པ་ཅི་ཡོད་ཐམས་ཅད་ཡོད་དང་མེད་པར་བློས་བརྟགས་འཁྲུལ་བས་ན༔ འདི་ཉིད་སྤྲོས་བྲལ་བླ་མའི་གདམས་པ་བདེ་བས་ལུས་སེམས་ཁྱབ༔ རྟག་ཆད་ལ་སོགས་པ་དེ་ཀུན་བཏགས་པ་ཙམ་དེ་དེ་དོན་ལ་གྲུབ་པ་མེད༔ ཉན་ཐོས་ལ་སོགས་པའི་གྲུབ་པའི་མཐའ་སྟེ་ངན་པར་བྱས་ནས་རང་བཟང་པོར་བསྒྲུབས་པ་རྣམས༔ དེ་ཉིད་མུ་སྟེགས་པ་རྣམས་དང་ཁྱད་པར་ཅུང་ཟད་ཡོད་མ་ཡིན༔ ཉན་ཐོས་ལ་སོགས་རིམ་དགུ་འདོད་རྒྱལ་་ཐེག་པ་རྣམས་ཀྱིས་ནི༔ གཟུང་འཛིན་མ་སྤངས་པས་རྟག་ཆད་ཉིད་ལས་རྡུལ་ཆ་ཙམ་མི་སླེབ༔ འདི་ཉིིད་ཐིག་ལེའི་སྐོར་ཕྱི་ནང་གསང་བ་ཀུན་གྱིས་ཀྱང༔ ཡང་དག་དོན་ལ་རྡུལ་ཙམ་རིག་པ་མཐོང་བ་མེད་པས་རེག་པ་མེད༔ གཞུང་དུ་བཀོད་པའི་ཚིག་དང་ཡི་གེ་འོ་ན་རྒྱུད་དེ་ལ་དགོས་པ་མེད་དམ་ཞེ་ན་དེཿ འདི་ཉིད་དུ་དྲང་བའི་ཐབས་ཙམ་སྟེ་ཡང་དག་མཐོང་བ་མིན་ཉམས་ལེན་
དང་བྲལ་བས་རང་གིས་སངས་མི་རྒྱ༔ རྣམ་གྲངས་དེ་ཀུན་སྙིང་པོ་མན་ངག་འདིར་འདུས་སོ༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་རྣམས་རིག་པ་མངོན་སུམ་གྱི་དོན་ལ་ཡིད་མ་ཆེས་ཀྱི་དོགས་པས་ཉོན་ཅིག༔ རིག་པ་མངོན་སུམ་གྱི་སྣང་བ་ལ་བློ་མི་ཕེབས་བ་འདི་ལྟར་བསླབས་ལ་གདོད་རིག་པ་ལ་བསླབ་ཤིང་དབང་པོ་དམན་ལ་ཐེག་པ་ཆུང་ངུ་ལ་མོས་པ་སྐལ་བ་ཞན་པའི་མི་རྣམས་ཀྱིས་འདི་ལ་ཡིད་མི་ཆེས་པ་འགའ་ཕྱི་མའི་ཚེ་འབྱུང་སྲིད་པས༔ དེ་དག་རྣམས་རིག་པ་མཐོང་བར་དང་གོམས་པར་བྱ་བའི་ཆེད་དུ་འདུག་པར་བྱ་བའི་ཐབས་འདི་རྣམས་ལ་བསླབ་པར་བྱ་བ་ཡིན་ནོཿདབེན་པའི་ས་རྐྱེན་མེད་པའི་ཕྱོགས་སུ་ཕྱི་ནང་གི་བྱ་བ་ལུས་ཕྱི་ནང་གསང་བ་སོགས་བཏང་སྟེ༔ བསམ་གཏན་གྱི་འཇིགས་པ་ཡིད་མི་བདེ་བ་དང་ཡ་ང་བ་རྣམས་སྤངས་ལ་མེད་པའི་སར་དང་པོ་སེམས་སྦྱང་བར་བྱའོ༔ དེ་ལ་བདུན་ཏེ༔ མི་རྟག་པ་ལ་བསམས་ཏེ་ཞག་བདུན་ཙམ་དུ་འཆི་བ་སྒོམ་སྟེ་ཡུལ་མི་ཉེ་དུ་ལ་སོགས་པ་རྣམས་ཤི་བ་ལ་བསམས་པས་གང་ཡང་མེད་པས་བདག་ཀྱང་དེ་ལྟར་འཆི་ན་སྙམ་མོ་བྱང་ཆུབ་ཀྱི་སེམས་སྦྱང་བ་དང་༔ ཞག་ལྔ་ཙམ་འཕྲལ་གྱི་བདེ་བ་དང་ཡུན་གྱི་བདེ་བ་ལ་བསམས་ཏེ་འཇིག་རྟེན་འདི་ཡི་བདེ་བ་བག་ཙམ་ཡུད་ཙམ་སྐད་ཅིག་ཙམ་ལས་མི་འདུག་ཕྱི་མའི་བདེ་བ་ཐོབ་པར་བྱའོ་སེམས་སྦྱང་བ་དང་༔ རྐྱེན་དུ་མ་ཞག་གསུམ་དུ་སྡུག་བསྔལ་གྱི་རྐྱེན་དུ་མ་སོང་བ་གང་ཡང་མི་འདུག་སྙམ་པར་བྱས་ལ་བསམ་སྟེ་སེམས་སྦྱང་བ་དང་༔ བྱས་པ་ཐམས་ཅད་དོན་མེད་པར་འདུག་པ་ལ་བསམས་ཏེ་ཞག་གསུམ་དུ་ཅི་བསམས་ཀྱང་འཆི་རྐྱེན་དུ་མ་སོང་བ་གཅིག་ཀྱང་མི་འདུག་འཆི་བ་ལ་ཆོས་མ་བྱས་ན་གཞན་གང་གིས་ཀྱང་མི་ཕན་པར་འདུག་སྙམ་དུ་སེམས་སྦྱང་པ་དང་༔ སངས་
རྒྱས་ཀྱི་ཡོན་ཏན་ལ་བསམས་ཏེ་ཆོས་བྱས་ན་སངས་རྒྱས་ཀྱི་ཡོན་ཏན་འདི་ལྟར་ཐོབ་པར་འགྱུར་རོ་སྙམ་དུ་སེམས་སྦྱང་བ་དང་ཞག་གསུམ་བྱའོ༔ བླ་མའི་གདམས་པ་ལ་བསམས་ཏེ་ཞལ་ནས་དེ་ཙུགས་གསུངས་པ་ངས་དེ་ལྟར་ཅི་ལ་མི་བྱེད་སྙམ་དུ་སེམས་སྦྱང་བ་དང་༔ རྣམ་པར་མི་རྟོག་པ་ལ་བསམས་ཏེ་སེམས་དར་ཅིག་གནས་ནའང་བདེ་བ་འདི་ཙམ་པ་སྐྱེ་བ་ལ་སྙམ་དུ་ཞག་གསུམ་དུ་སེམས་སྦྱང་བའོ༔ ཐབའུའ༔ོདེ་དག་ལ་དགོས་པ་ཅི་ཡོད་ཅེ་ན༔ མི་རྟག་པ་ལ་བསམས་པས་འཁོར་བ་ལས་བློ་ལོག་པའི་དགོས་པ་དང་༔ ་ཡུན་གྱི་བདེ་བར་བྱ་བ་བསྒོམས་པས་སྡུག་བསྔལ་ལས་ཡིད་དབྱུང་བའི་དགོས་པ་དང་༔ རྟག་ཏུ་འཆི་བ་བསམ་ཞིང་རྐྱེན་དུ་མ་བསྒོམས་པས་དད་པ་སྔོན་དུ་འགྲོ་བའི་དགོས་པ་དང༔ འཁོར་བའི་ལོངས་སྤྱོད་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་བསྒོམས་པས་བླ་མའི་གདམས་ངག་ལ་འཇུག་པར་བྱ་བའི་དགོས་པ་དང་༔ སངས་རྒྱས་ཀྱི་ཡོན་ཏན་བསྒོམས་པས་སྒོམ་པ་ལ་བསྲན་ཐུབ་པར་བྱ་བའི་དགོས་པ་དང་༔ བླ་མའི་གདམས་པ་བསམས་པས་གཞན་གྱི་བྱ་བ་ལ་མི་འཇུག་པར་བྱ་བའི་དགོས་པ་དང་༔ རྣམ་པར་མི་རྟོག་པ་བསྒོམས་པས་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་བར་བྱ་བའི་དགོས་པའོ༔ ཊུདྲུཅ། སྭཏ༔ ༔ གོམས་པའི་ཚད་བསྟན་པ་བྱང་ཆུབ་ཀྱི་སེམས་འབྱོངས་པའི་ཚད་ནི༔ འདུས་བྱས་ཐམས་ཅད་རྟག་ཏུ་མི་རྟག་འཆི་པར་འདུག་ཨང་སྙམ་པ་རྒྱུད་ལ་སྐྱེས་པ་དང་༔ འཇིག་རྟེན་གྱི་བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་དོན་མེད་རྟག་ཏུ་སྡུག་བསྔལ་འདུག་ཨང་སྙམ་པ་རྒྱུད་ལ་སྐྱེས་པ་དང་༔ རིགས་དྲུག་གི་སེམས་ཅན་འཁོར་བར་འཁྱམས་པ་ཐམས་ཅད་ལ་སྙིང་རྗེ་སྐྱེ་ཞིང་ལས་
སུ་དད་པས་ཀུན་ནས་བསླང་ཞིང་དཀོན་མཆོག་དང་བླ་མ་མཆོད་ན་ཅི་མ་རུང་སྙམ་པ་རྒྱུད་ལ་རྟག་ཏུ་སྐྱེས་པ་དང་༔ གཞན་ཅིས་ཀྱང་ཕན་པར་མི་འདུག་བླ་མའི་གདམས་ངག་ཅིག་ཅི་ནས་ཀྱང་རྟོགས་པར་བྱ་ཞིང་ཐབས་གང་གི་སྒོ་ནས་ཐོབ་པར་བྱ་དགོས་སྙམ་པ་རྒྱུད་ལས་སྐྱེས་པ་དང་༔ ཅི་ནས་ཀྱང་གདམས་ངག་ཡོད་ཀྱང་མ་བསྒོམས་ན་སངས་མི་རྒྱ་བར་འདུག་སྙམ་སྟེ་སྒོམ་པ་ལ་བློ་འཇུག་པ་རྒྱུད་ལས་སྐྱེས་པ་དང་༔ འཇིག་རྟེན་གྱི་འཁོར་དང་ཡོ་བྱད་ཀྱིས་ཅི་ཞིག་བྱ་ཤི་བའི་ནངས་པར་ཅིས་ཀྱང་མི་ཕན་སྙམ་དུ་ལོངས་སྤྱོད་ཀྱིས་ཅི་ཞིག་བྱ་དེ་བས་དར་ཅིག་སྒོམས་ཀྱང་མི་རྟོག་པ་སྐྱེ་བའི་གྲོགས་སུ་འདུག་སྙམ་པ་རྟག་ཏུ་རྒྱུད་ལས་སྐྱེས་པ་དང་༔ བསྒོམས་པས་ཉམས་གོང་ནས་གོང་དུ་གནས་པ་ལ་ཡུན་ཇེ་རིང་ཇེ་རིང་སོང་བས་བྲོད་པ་བསྐྱེད་སྟེ་འདི་ལ་རྟག་དུ་གནས་པར་བྱའོ་སྙམ་པ་རྒྱུད་ལས་རྟག་ཏུ་སྐྱེས་པའོ༔ ཨི་ཏི༔ གྭབྲ༔ དེ་ལྟར་སེམས་མ་འབྱོངས་ན་ཡེ་ཤེས་མི་སྐྱེ་འབྱོངས་ནས་སྔགས་ཀྱི་ཐབས་ཁྱད་པར་ཅན་བརྟེན་ནས་ཤེས་པ་གོམས་པའི་ཚད་ལ་འཇུག་པར་བྱ་སྟེ༔ གང་ཟག་ཆགས་མེད་བུད་མེད་སྤངས་པ་ཡིན་ན་རླུང་ལ་བསླབས་ཏེ་སེམས་གནས་པར་བྱ་བ་དང་༔ ཆགས་ཅན་བུད་མེད་བསྟེན་པ་ཡིན་ན་ཡབ་ཡུམ་གྱི་བདེ་བ་ལ་བརྟེན་ནས་སེམས་གནས་པར་བྱ་བའོ༔ རླུང་ནི་རླུང་གི་ཁདོག་དཀར་པོ་ལ་བསླབ་པ་དང་༔ དབྱིབས་ཟླུམ་པོ་རྡོ་རྗེ་ལ་བསླབ་པ་དང་༔ ཕར་འགྲོ་ཚུར་འགྲོ་འགྲོ་འོང་ལ་བསླབ་པ་དང་གྲངས་གཅིག་གཉིས་སོགས་ལ་བསླབ་པའོ༔ དེ་ལ་དང་པོ་གནས་པར་བྱ་བའི་ཐབས་གནས་དབེན་པར་ཕྱི་ནང་གི་བྱ་བ་བཏང་སྟེ༔ སྟན་བདེ་བ་ལ་ལུས་གནད་ནི་རྐང་པ་རྡོ་རྗེའི་སྐྱིིལ་མོ་ཀྲུང་གིས་འདུག་ལ་ལག་པ་མཉམ་པར་བཞག་སྟེ་སྒལ་ཚིག་དྲང་པོར་བྱས༔
མགྲིན་པ་ཡིད་ཙམ་དགུ་བར་བྱས་ཏེ༔ རང་གི་རླུང་སེམས་འདུས་པ་སྨིན་མཚམས་སུ་རླུང་ཐམས་ཅད་འདུས་པའི་ཐིག་ལེ་དཀར་པོ་ཉུང་ཀར་ཙམ་དཀར་ལ་འཚེར་བ་ཞིག་ལ་ཤེས་པ་གཏད་སྟེ་སྒོམ་མོ༔ དེ་ནས་དེ་ལ་ཡུན་རིང་བར་བསླབས་པས་རང་གི་མགོ་བོ་ཡང་དེའི་མདོག་དང་མཚུངས་པར་སྒོམ༔ དེ་ནས་ལུས་ཙམ༔ དེ་ནས་ཐོ་ཕྱི་ཉེ་འཁོར་དེ་ནས་ཡུལ་གྲུ་ཙམ་༔ དེ་ནས་སྟོང་གསུམ་རླུང་གི་རང་བཞིན་དུ་སེམས་ཀྱིས་ཁྱབ་ཚད་དུ་དཀར་མེར་རེ་བ་ལ་ཤེས་པ་བཞག་པ་དང་༔ དཀར་མེར་རེ་བ་ལ་སྐབས་སུ་ཤིག་ཤིག་པ་ལས་ཡང་དང་ཡང་དུ་གོམས་པ་བྱས་པས༔ རྟགས་ནི་ལུས་ལ་སྲིན་བུ་མེད་པ་དང་ལུས་ཡང་བ༔ ངག་རྣོ་ནུས་པ་འབྱུང་བ༔ སེམས་ཏིང་ངེ་འཛིན་ལ་གནས་པའོ༔ དབྱིབས་ནི་ཐིག་ལེ་ཟླུམ་པོ་ཆེ་ཆུང་སྲན་མའམ་མཐེ་བོང་ཙམ་ལ་སྨིན་མཚམས་སུ་ཤེས་པ་གཏད་དེ་སྒོམ་པ་ནི༔ རང་གི་དབུགས་རླུང་ཕར་སོང་ཙ་ན་ཐིག་ལེ་དེ་ཡང་ཕར་ལ་ཕར་ལ་རྒྱངས་ཀྱིས་སོང་༔ ཚུར་རྔུབ་པའི་ཚེ་ཚུར་རང་གི་སྣ་རྩེར་ཡེར་གྱིས་བྱུང་བ་ལ་དེ་ལྟར་ཞག་བཅུའམ༔ ཟླ་བ་ཕྱེད་དུ་བསླབས་པས༔ གོམས་པའི་ཚད་ནི་སྨིན་ཕྲག་ཚ་འུབ་འུབ་བྱེད་བ་འམ༔ མི་བདེ་བ་སྙམ་པ་ནི་གོམས་པའི་ཚད་དོ༔ དེ་གོམས་པ་དང་ལྟེ་བའི་ཐད་ཀར་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཞིག་བསམས་སྟེ༔ དེའི་ནང་དུ་རྡོ་རྗེ་སྔོན་པོ་ནས་ཙམ་ཞིག་བསྒོམ་དེ་རླུང་ཕྱིར་རྒྱངས་ཀྱིས་སོང་ཙམ་ན་ཕར་རྒྱངས་ཀྱིས་སེམས་གྱུར་ཚད་རིང་པོར་སོང་སོང་བ་ལ་ཤེས་པ་གཏད༔ ཚུར་ཐོད་པའི་ནང་དུ་ཡང་ཐིམ་པ་ལ་ཤེས་པ་གཏད་དེས་ལུས་བདེ་ཕྲིལ་གྱིས་འགྲོ་སྟེ་བསྒོམ༔ ཕར་སོང་བ་དེ་ཇེ་ཉེ་ཇེ་ཉེ་ལ་གཏད་སྟེ་དེ་ལྟར་ཕར་འགྲོ་ཚུར་འོང་ལ་ཤེས་པ་ཡུན་རིང་པོར་བསྒོམ་སྟེ༔ ཕར་རྒྱ་ཐུང་ངུ་ཐུང་ངུ་ལ་ཚུར་ཉེ་བར་དུ་ཚད་ནི་གང་གཏད་སར་སྡོད་པར་སོང་ཙ་ན་ནང་
དུ་ཐིམ་གཏང་ལ་བློ་དེ་ལ་གནས་པས་བདེ་བས་ལུས་ཡང་༔ རླུང་ཟིན་པའི་རྟགས་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར༔ ཇེ་བདེ་ཇེ་བདེ་ལ་སེམས་འོད་གསལ་སྟོང་པར་སེང་ངེ་གནས་པའོ༔ འགྲོ་འོང་ནི་རླུང་ཕར་ཅི་ནས་ཀྱང་རིང་དུ་བཏང་བས་ཤེས་པ་བདེ་སིང་ངེ་བ་ལ་བསླབ༔ དེ་ལྟར་ཕར་འགྲོ་ཚུར་འོང་རྒྱུན་ཇེ་རིང་ཇེ་རིང་ལ་བསླབས་པས་རླུང་ཡན་ལག་ལ་སོགས་པ་གར་དྲངས་པའི་སར་འདོན་ནུས་པའོ༔ གོང་དུ་གོམས་དུས་གྲངས་ནི་དེ་ལྟར་གཅིག་གཉིས་ལ་ཇེ་མང་ཇེ་མང་ལ་བསླབས་པས་ཞག་དུ་མ་བསམ་གཏན་ལ་གནས་པའོ༔ ཎ་ཉུ་སྲ༔ ཆགས་ཅན་འདོད་ཆགས་ཆེ་བའི་སྒོ་ནས་རྣམས་ནི༔ རྡོ་རྗེ་དང་པད་མའི་རིག་མ་དངོས་ལ་བརྟེན་ནས་བདེ་བ་བསྒོམ་པ་དང་༔ རང་གི་ལུས་ཀྱི་རླུང་སེམས་ཀྱི་བདེ་བ་སྒོམ་པའོ༔ དེ་ལ་རིག་མ་ལ་ནི༔ དང་པོ་ཕྱག་རྒྱ་མོ་མཚན་དང་ལྡན་པ་གང་ན་འདུག་པ་ནས་བཙལ་པ་དང་༔ དེ་ནས་མཚན་ལྡན་དེ་ཁ་དོག་སྔོ་སྐྱ་ལོ་བཅུ་དྲུག་བརྟགས་ཏེ་སྔགས་དང་རྫས་ཀྱིས་དགུག་པ་དང་༔ དེ་ནས་འཁྱུད་པ་དང་འོ་བྱེད་པ་སོགས་ཀྱིས་དགྱེས་པ་བསྐྱེད་པ་དང་༔ རྩ་བཙལ་གཡས་པ་དྲང་བའི་ཐབས་མཛུབ་མོས་ཅི་ནས་ཀྱང་དངོས་སུ་རྡོ་རྗེ་བཏེགས་པ་ཡིན་ཞིང་བསླང་པའི་ཐབས་དང་༔ རྩ་གཟུང་བའི་ཆོ་ག་གུར་གུམ་དང་སྦྲང་རྩི་དང་སྦྱར་བ་དེའི་ཆོ་ག་དང་༔ རིག་མའི་སྒྱིད་པ་གཉིས་ཡབ་ཀྱི་གྲེ་མོང་གིས་སྦྱོར་བ་བྱ་བའི་ཐབས་དང་རིགས་པའི་སྣ་ལ་སེན་མོ་དང་རྩ་བཤིག་པ་དང༔ སེམས་ཀྱིས་དབབ་པ་དང་ལུས་ཀྱིས་བྱང་ཆུབ་ཀྱི་ཐིག་ལེ་དབབ་པར་བྱ་བ་དང་༔ ཐིག་ལེ་ལུས་ཀྱི་གནད་དྲུག་གིས་དང་གཟུང་བའི་སེམས་དངཡིག་གེས་སོ་ཆོ་ག་དང་༔ ཐིག་ལེ་གྱེན་ལ་བཟློག་པའི་ཆོ་ག་རླུང་དང་ལུས་གནད་དྲུག་གིས་དང༔ བདེ་བའི་ཉམས་བརྟག་ཅིང་དེའི་དུས་ཀྱི་བདེ་བ་ཅི་འདྲ་བསྒོམ་པའོ་གོམས་པར་བྱ་བ་དང་༔ ལུས་ཀྱི་གནད་དང་ངག་གིས་རྩ་རྣམས་
སུ་དགྲམ་པ་དང་༔ དབུགས་དགང་སྟེ་དེ་རླུང་དང་བསྲེས་ཏེ་རྒྱས་གདབ་པ་དང་༔ དེ་ནས་རྗེས་ཀྱི་ཤེས་པའི་ཉམས་དེ་ཇི་འདྲ་བར་དུས་ཐམས་ཅད་དུ་རང་གི་རྒྱུད་ལ་འགེལ་བ་དང་༔ ཕྱག་རྒྱ་མོ་དེ་བྱི་ལ་ནག་མོའི་ཤ་མ་ལ་སོགས་པས་རབ་ཏུ་གསང་བར་བྱ་བའི་མན་ངག་བཅོ་ལྔའོ་གོ༔ དངོས་མེད་ནི་རླུང་སེམས་ཀྱི་བདེ་བ་ནི༔ རང་གི་ཐིག་ལེ་སྟོང་པའི་སྒྲོན་མ་ཀླད་པ་དུང་ཁང་ན་ཡོད་པ་ལ་འོད་དེ་ལ་ཡུན་རིང་པོར་ཤེས་པ་གཏད་ནས༔ དེ་ལྷན་གྱིས་ཐིག་ལེ་དེ་ཡི་ངོ་བོར་ཞུ་བསཐིག་ལེ་ཆེ་ཆུང་གི་ཚད་སྲན་ཆུང་ཙམ་ཕྲོམ་ཕྲོམ་བྱུང་བས༔ རང་གི་མགྲིན་པར་སླེབས་པས་རང་གི་ལུས་རིག་མ་དངོས་ལ་བརྟེན་པ་ཙམ་དུ་བདེ་བར་ཕྲིལ་གྱིས་སོང་བ་ལ་བློ་བཞག༔ དེ་ནས་སྙིང་ཁར་བབས་ལུས་བདེ་བ་ཆེན་པོར་འབྱོངཔས་དེ་བས་ཀྱང་བདེ་བ་རྒྱས༔ དེ་ནས་ལྟེ་བར་སླེབ་དེ་བས་ཀྱང་བདེ་བ་རྒྱས༔ གསང་བའི་ཁར་རྡོ་རྗེའི་རྩེ་མོར་སླེབས་པ་བདེ་བ་མཆོག་ཏུ་རྒྱས་པ་ལ་ཤེས་པ་བཞག་པས་ལུས་བདེ་སྟོང་དུ་མེར་གྱིས་འགྲོ་སྟེ༔ གསང་བ་ནས་སྤྱི་བོར་དེ་ཡར་བཟློག་མར་སྤྱི་བོ་ནས་གསང་བར་འབབས་ལ་ཤེས་པ་གཏད་སྟེ་བསྒོམས་པས༔ གོམས་པར་བྱས་པས་དུས་རེ་ཞིག་ཙམ་ན་ལུས་བདེ་བར་ཕྲིལ་གྱིས་འགྲོ༔ ལུས་བདེ་བར་སོང་བས་ངག་ཚིག་འཇམ་དུ་འགྲོ་བརླང་པོ་སྨྲ་སྙིང་མི་འདོད༔ རང་གི་རྒྱུད་ལ་སེམས་བདེ་བ་ལ་མི་རྟོག་པའི་ཉམས་སིང་སིང་ཀྱིས་བདེ་སྟོང་དུ་ཕྲིལ་གྱིས་འགྲོ་དེ་བརྟགས་ན་སྟོང་པར་བས༔ དེ་ལྟར་གོམས་པས་རྡོ་རྗེའི་བུ་གར་ཐིག་ལེ་དངོས་པོ་འབབ་པ་ཡང་འོང་བས་དེ་ནི་གོམས་པའི་ཚད་ཡིན་ནོ༔ ལུགས་གཅིག་ལཿདེ་ལྟར་ཐིག་ལེ་ཡར་བཟློག་མར་འབེབས་མིན་པར་ལྟེ་བར་དེ་ཅི་འདྲ་བ་གཅིག་མགྲིན་པར་གཅིག་གཅིག་ལ་
སྙིང་གར་གཅིག་སྤྱི་བོར་གཅིག་ལས་གཅིག་ཐིམ་པར་བཞག་པས་ཀྱང་བདེ་བ་རྒྱས་པར་འོང་༔ འོད་ཀྱི་ཐིག་ལེ་དེ་ཇེ་ཆུང་ཇེ་ཕྲ་ལ་སོང་བས་རང་གི་ཤེས་པ་ཡང་ཇེ་ཕྲ་ལ་བློ་གནས་པ་མཇུག་ཏུ་དངོས་མེད་སྟོང་པར་ཡང་ཡིན་ནོ༔ དེ་ནི་རིག་པ་མངོན་སུམ་ལ་བླ་མ་ཕེབས་པ་རྣམས་སེམས་དང་པོ་སྦྱང་བའི་ཐབས་མ་སྦྱངས་ན་སྒོམ་མི་ཤེས་ཏེ༔ དེ་ནས་གནས་པའི་ཐབས་ཀྱིས་གནས་པར་མ་བྱས་ན་ཡིད་འགྱུར་བས་གནས་པར་བྱས་ནས༔ ད་རིག་པ་མངོན་སུམ་གྱི་དོན་ལ་ཉིད་ལ་འཇུག་པ་བརྩམ་པར་བྱ་བ་ཡིན་ནོ༔ དེ་ལྟར་ན་རིག་པའི་སྔོན་དུ་འགྲོ་བས་འཚོ་མཁས་པའི་རྫི་འུས་ལུག་སྐྱོང་བ་ལ་དཔེའི་བླངས་ཏེ་དལ་གྱི་ཤེས་པ་བསྐྱང་བར་བསྟན༔ གང་ཞིག་དམུས་ལོང་རིག་པ་མངོན་སུམ་གྱི་སྣང་བ་ལ་ཡེ་ཤེས་རྒྱུན་ཆད་སྟེ་ཡེ་ཤེས་ཀྱི་སྒྲོན་མ་མིག་མེད་པས་མི་མཐོང་བ༔ དེ་ཡང་ཐུགས་རྗེས་བཟུང་བའི་ཕྱིར་རྟོགས་པར་བྱ་ཐབས་ལས་ཀྱི་ཕྱག་རྒྱ་རིག་མའི་བདེ་བ་ལ་གོམས་པར་བྱས་ལ་རླུང་གི་གྲངས་དབུགས་ཁུགས་གཅིག་ནས་གཉིས་སོགས་ལ་བསླབ་པར་བྱའོ༔ དེ་ནས་རྩ་གཅུན་ཏེ་མིག་གི་རྩ་མཐེབ་མོས་མནན་ཏེ་ཐིག་ལེ་བསྟན་ལ་དེ་ལ་བློ་གཏད་ལ་བསྒོམ་དུ་གཞུག་གོ༔ སྣང་བ་དེ་འདྲ་བ་རང་གི་སེམས་ཀྱི་སླེབ་ཚོད་ཙམ་མཆེད་པ་ལ་བློ་གཏད་པ་དང་ཤེས་པ་ལ་ཡང་དེ་ལྟར་འོང་ངོ་༔ མ་ནིང་ལ་ཐིག་ལེ་མི་འབྱུང་བས་ཐུགས་རྗེ་རྒྱུན་ཆད་པ་རྣམས་གཟུང་བར་བྱ་བ་ནི༔ སྔར་གྱི་རླུང་སེམས་ཀྱི་བདེ་བ་ཐིག་ལེ་འབར་འཛག་དེ་ལ་ཤེས་པ་གཏད་ལ་བསྒོམས་པས་ལུས་བདེ་བར་ཕྲིལ་གྱིས་འོང་ངོ་༔ ཐིག་ལེ་ཡང་མཚན་མའི་ཁ་ལས་དངོས་སུ་འོང་ངེས་སོ༔ རིགས་ཆད་རྗེས་སུ་གཟུང་བའི་མན་ངག་རྫོགས་སོ༔ ཨ་ཏི༔ རྒྱ་རྒྱ་རྒྱ༔ རྟྲ་ཉ༔ ༔ རྒྱ་གར་སྐད་དུ༔
ཨ་ཥ་ཏ་མ་ཏི་ཀྲ་མཿབོད་སྐད་དུ༔ དྲན་པ་ལྟ་བ་རིན་པོ་ཆེ་གསང་བའི་མན་ངག །སྒོམ་པ་རིན་པོ་ཆེ་གསལ་བའི་མན་ངག །སྤྱོད་པ་རིན་པོ་ཆེ་གསལ་བའི་མན་ངག །འབྲས་བུ་རིན་པོ་ཆེ་གསལ་བའི་མན་ངག་གོཁྱད་པར་གྱི་གདམས་པའོ་གནད་ཀྱི་གལ་མདོ༔ མ་རིག་པ་བཅོམ་ཡེ་ཤེས་ལྡན་འཁོར་བ་ལས་འདས་རིག་པ་རང་གི་ངོ་བོ་འཕོ་འགྱུར་མེད་པའི་ངང་ལ་རྟོགས་པས་ཕྱག་འཚལ་ལོ༔ པྲ་ཛྙཱ་བྷ་ངྷུ་རང་བཞིན་དང་ཤེས་རབ་ཀྱི་སྒྲས་ཡཱ་སིང་༔ ཋམྲཋཅུ༔ གཞི་གནས་པ་དང་རིག་པ་སྙིང་པོ་ཀུན་གྱི་བཅུད་མན་ངག་ཏུ་ཕྱུངས་པས༔ དྲན་གཞི་སྙིང་གི་དཀྱིལ་དུ་ཉམས་སུ་ལོང་ཞིག་པར་གདམས་པ་གཏེར་ཆེན་སྦོས༔ ངོ་བོ་རྟོག་མེད་མ་རིག་པ་རྟོགས་པས་སྦགས་པའི་རིག་པ་དེ་ལས་ཤར་བའི་མན་ངག་འདི༔ ཕྱི་དང་ནང་གི་ལྟ་སྤྱོད་དུ་མས་དེ་ཉིད་ངོ་བོ་བསྒྲིབས༔ དེ་ཉིད་རང་ལྟ་དང་གཞན་ལྟ་ལ་སོགས་འབྱེད་པའི་ལས་ཀྱི་མཐའ་འདིར་འདུས༔ སྒྲ་ཚིག་རྣམས་ཀྱིས་རིམ་དགུའི་འདོད་པས་རིག་པ་ཉིད་བཙལ་ཡང་༔ དོན་ལ་མ་རེག་རང་གི་ངོ་བོ་མ་མཐོང་བས་ཕྱོགས་ནས་རྒྱ་ཁྱི་རྒྱང་རིང་པོ་ནས་ཁྱི་ཟུག་པ་དང་འདྲ་ཟ༔ ལྟ་སྒོམ་སྤྱོད་པས་ཆོས་ཅན་སྤྱིི་ཡི་ལྟ་སྤྱོད་མིང་དུ་བཏགས་པ་ཡི༔ མིང་དེའི་གྲངས་དང་དབྱེ་བ་དགུ་ལ་སོགས་པ་འདིར་ཤེས་བྱ༔ སྤྱིར་ཐམས་ཅད་འཁྲུལ་པ་ཡིན་པས་འཁྲུལ་པའི་ཚུལ་སྤངས་ཡིན་པའི་ཚུལ་གཏན་ལ་འབེབས་པ་ཙམ་དུ༔ རྣམ་པར་བསྡུས་ཏེ་བཀོད་པ་འདི་དོན་ནོ༔ ལྟ་སྒོམ་སྤྱོད་པ་ལ་སོགས་པའི་ཡི་གེ་མང་པོ་གཞུང་ཅི་ཙམ་དུ་ཡོད་ཀྱང་རྣམས་ཀྱི་དོན་འདིར་ཚིག་ཉུང་ལ་དོན་ཆེ་བར་རྣམ་པར་བསྡུས་ནས་བསྟན་པ་འདི་ཡིན་ནོཿདེ་ལ་བཞི་སྟེ༔ སྤྱི་སྤྱོད་དང་རང་སྤྱོད་ཀྱིས་འཛིན་ཆགས་མེད་པའི་སྤྱོད་པའི་མན་ངག་གིས་འཁྲུལ་པའི་
སྣང་བ་ཟིལ་གྱིས་མནན་པ་དང་༔ སྤྱི་སྒོམ་པ་དང་རང་སྒོམ་པ་དམིགས་གཏད་མེད་པ་བསྒོམ་པའི་མན་ངག་གིས་དྲན་བྱེད་ཀྱི་ཡིད་མི་རྟོག་པར་གནས་པའི་ཐབས་ཟིལ་གྱིས་མནན་པ་དང་༔ གཟའ་གཏད་མེད་པ་ལྟ་བའི་མན་ངག་གིས་སྤྱི་ལྟ་དང་རང་ལྟ་གཉིས་ཀྱིས་སྤྱི་དང་རང་གི་མཚན་ཉིད་གཏན་ལ་ཕབ་པའོ་ཞེན་པའི་གཞི་ཉོན་མོངས་ཕྱིས་སྐྱེ་བར་བྱ་བའི་ཐབས་པ་ཟིལ་གྱིས་མནན་པ་དང༔ སྤྱི་འབྲས་དང་རང་འབྲས་སྤངས་ཐོབ་མེད་པ་འབྲས་བུའི་མན་ངག་གིས་རིག་པ་རྒྱུར་མི་ལྡོག་པ་ཕྱིར་མི་ལྡོག་པར་བསྟན་པའོ༔ སྤྱོད་པ་ནི་གཉིས་སྟེ༔ སྤྱིའི་རིམ་དགུ་ལ་སོགས་སྔགས་སྤྱི་ཡི་སྤྱོད་པ་དང་༔ རང་མན་ངག་རང་གཞུང་གི་སྤྱོད་པའོ༔ སྤྱི་ལ་བཞི་སྟེ༔ སྤྱོད་པ་པའི་གང་ཟག་གིས༔ གང་སྤྱོད་ན་སྣང་བ་ཞེན་པ་མེད་པར་སྤྱོད༔ གང་ལྟར་སྤྱོད་ན་ཆོས་ཐམས་ཅད་རང་བཞིན་མེད་པར༔ གང་ཐོབ་ན་སྣང་བ་རོ་སྙོམས་ཀྱི་འབྲས་བུ་ཐོབ་པའོ༔ རང་གི་མཚན་ཉིད་མན་ངག་འདི་ཉིད་ཀྱི་སྤྱོད་པ་ལ་བཞི་སྟེ༔ གང་གིས་སྤྱོད་ན་སྐལ་ལྡན་ཡོངས་ཀྱིས༔ གང་སྤྱོད་ན་སྣང་བ་འོད་གསལ་དེ་ལ༔ གང་ལྟར་སྤྱོད་ན་རིག་པ་དང་འདུ་འབྲལ་མེད་པར༔ གང་ཐོབ་ན་འཁྲུལ་སྣང་ཞིང་ཁམས་སུ་ཤར་བའོ་པའོ༔ བསྒོམ་པ་ལ་གཉིས་ཏེ༔ ཆོས་ཅན་སྤྱི་ཡི་བསྒོམ་པ་རྫོགས་ཆེན་སྤྱི་དང་༔ ཆོས་ཉིད་རང་གི་མན་ངག་གི་བསྒོམ་པའོ༔ སྤྱི་ལ་བཞི་སྟེ༔ གང་གིས་བསྒོམ་ན་རྟེན་གྱི་གང་ཟག་གིས་སྒོམ༔ གང་བསྒོམ་ན་མི་རྟོག་པ༔ གང་ལྟར་བསྒོམ་ན་བྱིང་རྒོད་སྤངས་ཏེ༔ གང་ཐོབ་ན་སྐྱེ་མེད་ཀྱི་འབྲས་བུ་ཐོབ་པའོ༔ རང་ལ་བཞི་སྟེ༔ གང་ལ་བསྒོམན་དབྱིངས་དང་རིག་པ༔ གང་གིས་བསྒོམ་ན་སྐལ་ལྡན་ཡོ་གིས༔ གང་ལྟར་བསྒོམ་ན་དབྱིངས་རིག་འདུས་འབྲལ་མེད་པའི་ཚུལ་དུ་༔ གང་ཐོབ་ན་རིག་
པ་རྟོག་པ་མེད་པའི་འབྲས་བུ་ཐོབ་པའོ་༔ ལྟ་བ་ལ་གཉིས་ཏེ༔ ཆོས་ཅན་སྤྱིའི་ལྟ་བ་དང་༔ ཆོས་ཉིད་རང་གི་ལྟ་བའོ༔ སྤྱི་ལ་བཞི་སྟེ༔ གང་ལ་རྫོགས་པ་ཆེན་པོའི་ལྟ་བ་རང་བཞིན་གཤིས་ལ་བལྟ༔ གང་གིས་རྟེན་གྱི་གང་ཟག་གིས་ལྟ༔ གང་ལྟར་ན་ཕྱོགས་དང་རིས་མེད་པར་ལྟ༔ གང་སངས་རྒྱས་ཀྱི་འབྲས་བུའོ་ཐོབ་པའོ༔ རང་ལ་བཞི་སྟེ༔ གང་ལ་ན་དབྱིངས་རིགས་ལ་ལྟ༔ གང་གིས་མིག་གིས་ལྟ༔ གང་ལྟར་གླང་ཆེན་ལྟ་བུའི་མིག་གིས་ལྟ༔ གང་སྐུ་གསུམ་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པའོ༔ འབྲས་བུ་ལ་གཉིས་ཏེ༔ ཆོས་ཅན་རྫོགས་ཆེན་གྱི་སྤྱིིའི་འབྲས་བུ་དང་༔ ཆོས་ཉིད་འདི་ཡི་གཞུང་༔ རང་གི་འབྲས་བུའོ༔ སྤྱི་ལ་བཞི་སྟེ༔ གང་སྟོང་ཉིདཐོབ༔ གང་གིས་རྟེན་གྱི་གང་ཟག་གིས་ཐོབ༔ གང་ལྟར་རིན་ཆེན་གསེར་གླིང་བྱིན་པ་ལྟ་བུ་ཐོབ༔ ཐོབ་པ་ལ་དགོས་པ་ཅི་ཡོད་སངས་རྒྱས་པའི་དགོས་པ་ཡོད་པའོ༔ རང་གི་ལ་བཞི་སྟེ༔ གང་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ཐོབ༔ གང་གིས་རང་གིས་རིག་པས་ཐོབ༔ གང་ལྟར་ཐོབ་རྒྱལ་པོ་གདན་ཟིན་པ་ལྟ་བུ་ལས་སམ་བསེ་ཤིང་གི་འབྲས་བུ་ལྟར་ཐོབ༔ ཐོབ་པ་དགོས་པ་ཅི་ཡོད་འབྲས་བུ་རྒྱུན་མི་ལྡོག་པའི་དགོས་པ་ཡོད་པའོ༔ ལྟ་སྒོམ་འབྱེད་པའི་ལྡེ་མིག་ཚིག་ཉུང་དོན་ཆེ་བ་སྦས་པ་མིག་འབྱེད་ཅེས་བྱ་བ་རྫོགས་སོ༔ ཨིཏི༔ རྒྱ་རྒྱ་རྒྱ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ རྒྱ་གར་སྐད་དུ་འགའ་ཞིག་སྤྱོད་པ་ལ་མོས་ན་འདི་ལྟར་བྱ༔ ཙཪྱ་གྲི་དུ་ཀ་ལ་པ༔ བོད་སྐད་དུ༔ སྤྱོད་པ་ཡིག་གེ་མང་པོ་ལས་དོན་བསྡུས་པའི་སྒྲོན་མ༔ ཕྱི་ཡི་སྣང་བ་རང་དབང་སྟོང་པར་བསྒྱུར་ཉིད་ལ་ཕྱག་འཚལ་ལོ༔ འཁོར་བ་སྣང་དང་མི་སྣང་འདས་པ་འདི་ཀུན་འཁྲུལ་བས་ན༔ འཁོར་བའི་སྣང་བ་རྣམས་
མ་བརྟགས་ཉམས་དགའ་བརྟགས་ན་རང་བཞིན་མ་གྲུབ་པས་དཔྱད་མི་བཟོད༔ ཤིན་ཏུ་བརྟགས་ན་རང་བཞིན་གང་ཡང་མེད་པས་གང་ཡང་རྙེད་པ་མེད༔ དེ་ཡི་ཕྱིར་ན་སྤྱོད་པ་ལ་འདི་ལྟར་གོམས་པར་བྱ༔ ཡུལ་འདི་ལྟ་བུ་ཅིག་འདོད་པ་ཤེས་པ་ལ་མ་གྲུབ་པས་གཟའ་གཏད་མེད་པའི་ཤེས་པ་དྲན་མེད་དེ༔ དམིགས་གཏད་མེད་པའི་རིག་པ་མིག་ཏུ་བཅུག་མིག་ཏུ་བཅུག་ནས་ནི༔ གཟའ་གཏད་མེད་པའི་གཞི་ལ་ནམ་མཁའ་ལ་རང་རིག་བསྐྱལ༔ སྤངས་ཐོབ་མེད་པའི་ས་ལ་བཞག་པར་དབྱིངས་རིག་འདྲེས་པ་ལ་བྱའོ༔ སརྦ་བྷ་ཝ་ལྟ་སྒོམ་དུ་ཞེན་པ་ལས་བློ་ལྡོག་པའི་དགོས་པ་ཨ་དྷི་སཱ་མཱ་ཡཱ༔ ཨེ་མ་ཧོ༔ ཕྱིའི་སྤྱོད་པ་འདི་དྲན་པ་དང་དྲན་མེད་སྐྱེ་མེད་བློ་འདས་སོ༔ སྣང་བ་དང་སྣང་བ་ཐམས་ཅད་ཆོས་སྐུ་ངོ་སྤྲད་ཆོས་སྐུ་སྣང་སྟོང་དབྱེར་མེད་དུ་སྣང་སྟོང་རིག་སྟོང་དབྱེར་མེད་དུ་རིག་སྟོང་དྲན་པ་རང་ཡལ་དུ་ཐོག་བབས་འཁྲུལ་བ་རང་དག་ཏུ་ངོ་སྤྲད་དོ་ངོ་སྤྲད་པ་ཡུལ་སྣང་ལ་ཞེན་པ་ལོག་པའི་དགོས་པ་དང་༔ ནང་གི་སྤྱོད་པས་དྲན་པ་གཞི་དྲན་མེད་ལམ་སྐྱེ་མེད་ཐབས་བློ་འདས་གནད་དོ་སེམས་དང་ངོ་སྤྲད་པ་ལྟ་སྒོམ་དུ་ཞེན་པ་ལས་བློ་ལྡོག་པའི་དགོས་པ་དང་༔ གསང་བའི་སྤྱོད་པས་དྲན་པ་སྣང་བ་དྲན་མེད་སྟོང་པ་སྐྱེ་མེད་དབྱེར་མེད་བློ་འདས་རང་སར་དག་པའོ་དབྱིངས་དང་ངོ་སྤྲད་པ་དང་༔ གསང་བ་བླ་ན་མེད་པའི་སྤྱོད་པས་དྲན་པ་གཉིད་སད་པའི་མན་ངག །དྲན་མེད་གཉིད་ཀྱི་གདམས་ངག །སྐྱེ་མེད་གཉིད་ལོག་པའི་གདམས་ངག་བློ་འདས་རྨི་ལམ་གྱི་གདམས་ངག་གོ་རིག་པ་དང་ངོ་སྤྲད་གྲུབ་མཐའ་སྒྲ་ཚིག་ལས་བློ་ལྡོག་པའི་དགོས་པ་པའོ༔ ཕྱི་ལ་བཞི་སྟེ༔ ངོ་སྤྲད་པར་བྱ་བའི་ཡུལ་སྣང་བ་དང་༔ སྣང་བ་ཐམས་ཅད་གཅེར་གྲོལ་དུ་སྤྲད་པའི་ཐབས་དང་༔ ཐབས་དེས་གང་དུ་སྤྲད་པ་དབང་པོ་སྒོ་ལྔ་ལ་དང་༔ འཕྲོད་པའི་ཚད་འཇིག་རྟེན་ཕྱི་རོལ་ཚོང་སོ་ནམས་ལས་གྲོལ་བ་དང་ངོ་ཚ་ལས་གྲོལ་སྨྱོན་པ་དང་ལྐུགས་པ་ལྟ་བུ་ལ་སོགས་པའི་རྟགས་འོང་དོ༔
ནང་ལ་བཞི་སྟེ༔ ངོ་སྤྲད་པར་བྱ་བའི་ཡུལ་སེམས་ལ་དང་ཿསྤྲད་པའི་ཐབས་སྣ་ཚོགས་རང་སར་གྲོལ་བའི་ཉམས་རྨི་ལམ་གྱི་མན་ངག་གིས་དང་༔ གནས་གང་དུ་སྤྲད་པ་གཉིད་དང་རྨི་ལམ་གྱི་དུས་སུ་དང་༔ ཕྲད་པའི་ཚད་དྲན་པ་ཐམས་ཅད་རང་དག་སོང་བ་དང་སྣང་བ་ཐམས་ཅད་རྨི་ལམ་ལྟར་ཤེས་པ་དོ༔ མིག་གིས་སྤྱོད་པ་གསང་བ་ལ་བཞི་སྟེ༔ ངོ་སྤྲད་པར་བྱ་བའི་ཡུལ་ནམ་མཁའ་དང་སྒྲོན་མ་དང་༔ སྤྲད་པའི་ཐབས་ལུས་མ་འགུལ་མིག་མ་འགུལ་རིག་པ་མི་འགུལ་གདམས་ངག་གིས་དང་༔ གནས་གང་དུ་སྤྲད་པ་ནམ་མཁའ་དང་སྒྲོན་མ་རྣམས་པར་དག་པའི་དུས་སུ་དང་༔ འཕྲོད་པའི་ཚད་ལུས་སྒྱུ་མའི་སྐུར་མཐོང་བ་དང་མིག་སྒྲོན་མ་ལ་རྒྱུན་དུ་སྤྱོད་པ་དང་ཤེས་པ་དེ་དང་མི་འབྲལ་བའོ་དོ༔ གསང་བ་བླ་ན་མེད་པ་རིག་སྤྱོད་ལ་བཞི་སྟེ༔ ངོ་སྤྲད་པར་བྱ་བའི་ཡུལ་རིག་པ་དང་༔ སྤྲད་པའི་ཐབས་དབྱིངས་ཀྱི་ནང་དུ་རིག་པའི་གཟེར་གདབ་པ་དང༔ གནས་གང་དུ་སྤྲད་པ་དབྱིངས་རྣམ་དག་དང་རིག་པ་དང༔ ཕྲོད་པའི་ཚད་དོ་དབྱིངས་རྣམ་པར་དག་པ་དང་རིག་པ་སྟོང་པ་མི་འགུལ་བར་སྡོད་པས་སྣང་བ་མི་འགུལ་རིག་པ་མི་གཡོ་བའོ༔ སྤྱོད་པ་བསྡུས་པའི་སྒྲོན་མ་རྫོགས་སོ༔ ཨི་ཏི༔ སྒོམ་པ་ནི་ཡིག་གེ་མང་པོ་ལས་ཉུང་ངུ་བསྡུས་པའི་དོན་དུ་བྱས་པའི་སྒྲོན་མ༔ བདེ་ཆེན་མཉམ་པ་ཉིད་མི་གཡོ་བ་ལ་ཕྱག་འཚལ་ལོ༔ སརྦ་ཏི་འཁྲུལ་པ་ཐམས་ཅད་རང་དག་ཏུ་གྲོལ་བའི་གདམས་ངག་ལོ་ཀི་སུ་པཾ་དུ་ཡཱ༔ གདོས་བཅས་མིན་པས་དངོས་མེད་སྤྲོས་སྒྲ་ཚིག་ཡེ་ནས་མེད་པ་དང་བྲལ་བའི་རིག་པ་དྲན་པ་མིན་ནི༔ དྲན་པའི་རང་ངོ་ལ་ཐག་པ་བཅད་དེ་བཏད་པའི་ཕྱིརཿབསམ་པ་འགྱུར་བྱེད་དང་བྲལ་བའི་རིག་པ་འདུག་པར་གཞུག་པ་འདི་ཉིད་ནི༔ དྲན་པ་རྣམས་ནི་ཟད་པའི་སར་ངོ་བོ་ཀ་དག་ལ་བསྐྱལ་བའོ༔ ཡེ་ཤེས་ཀྱི་སྣང་བ་དག་པས་ཆོས་ཉིད་ཡུལ་ལོ་དྷ་མ་ཏྲི་ཀཱ་དུ་སུ་པཱཾ།
ཨེ་མ་ཧོ༔ ཕྱིའི་དྲན་པ་རྒྱུན་ཟད་ཀྱི་སྒོམ་པས་ལུས་ཀྱི་གནད་ཀྱི་རང་ཡན་ཚོགས་དྲུག་ལྷུག་པའི་མན་ངག་སྒོ་ལྔའི་སྣང་བ་གཏན་ལ་དབབ་པ་དང་༔ ནང་གི་བསམ་པ་རང་དག་པའི་སྒོམ་པས་སེམས་ཀྱི་བསམ་ཡིད་ཀྱི་འགྱུ་ས་ཁོང་སྟོང་གི་མན་ངག་གི་རླུང་གཟེར་བསྟན་ཁུངས་གཅད་པ་དང་༔ གསང་བ་སྐྱེ་མེད་རང་གནས་ཀྱི་སྒོམ་པས་རིག་པས་རང་ལུས་ལྷའི་སྐུར་སྙིང་ན་སྐུ་དང་ཡེ་ཤེས་སུ་ཡེ་ནས་བཞུགས་པས་བསྐྱེད་ཅིང་སྒོམ་མི་དགོས་གཏན་ལ་དབབ་པ་དང་༔ གསང་བ་བླ་ན་མེད་པ་གནས་པ་རང་གྲོལ་གྱི་སྒོམ་པས་དབྱིངས་རིག་ལ་རྒྱུན་དུ་བལྟས་པས་སྣང་བ་ཐམས་ཅད་ཆོས་སྐུར་གཏན་ལ་དབབ་པའོ༔ དྲན་པ་ཕྱི་ལུས་ཀྱི་གནད་ལ་བཞི་སྟེ༔ ཅི་གཏན་ལ་དབབ་པ་སྒོ་ལྔའི་ཤེས་པ་དང་༔ ཇི་ལྟར་གཏན་ལ་དབབ་པ་རང་གྲོལ་ལྷུག་པ་སོ་མར་དང་༔ གནས་གང་དུ་གཏན་ལ་དབབ་པ་ཡུལ་གཟུགས་སྒྲ་ལ་སོགས་པ་ལས་དང་༔ ཕེབས་པའི་ཚད་དམ་གཟུགས་ཅེར་གྲོལ་སྒྲ་གྲག་སྟོང་དྲི་ཚོར་སྟོང་ལ་སོགས་པར་གྲོལ་བའོ་རྟགས་སོ༔ བསམ་པ་ནང་སེམས་ཀྱི་གནད་ལ་བཞི་སྟེ༔ ཅི་གཏན་ལ་དབབ་པ་ཡིད་དམ་སེམས་དང་༔ འགྱུ་བ་རང་དག་པར་སྣང་གི་ཇི་ལྟར་གཏན་ལ་དབབ་པ་སེར་བུ་དང་འདྲ་བ་དེ་དང་༔ གནས་གང་དུ་གཏན་ལ་དབབ་པ་དྲན་པ་སངས་ནས་དྲན་མེད་དུ་སོང་ཚེ་དང་༔ ཕེབས་པའི་ཚད་དམ་རྟགས་སྔར་སྨྲས་པའི་ཚིག་དེ་ཕྱིས་ཟུངས་མེད་པ་སོགས་སོ༔ སྐྱེ་མེད་གསང་བའི་གནད་ལ་བཞི་སྟེ༔ ཅི་གཏན་ལ་དབབ་པ་རང་ལུས་ལྷའི་སྐུ་གསལ་བ་རིག་པའི་བདག་ཉིད་དང་༔ ཇི་ལྟར་དབབ་པ་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དང༔ གནས་གང་དུ་ཙིཏྟ་རྩ་མིག་ཏུ་དབབ་པ་དང་༔ ཕེབས་པའི་ཚད་དམ་རྟགས་འབྱུང་བ་ལས་གྲོལ་ཏེ་ལུས་སྒྱུ་མའི་སྐུར་གྲོལ་གཟུགས་རང་བཞིན་མ་གྲུབ་པའོ་
སོ༔ གནས་པ་ལ་གསང་བ་བླ་ན་མེད་པ་ཕྱིར་མི་ལྡོག་པ་བཞི་སྟེ༔ ཅི་གཏན་ལ་དབབ་པ་སྣང་བ་ཐམས་ཅད་ཆོས་སྐུར་དང་༔ ཇི་ལྟར་གཏན་ལ་དབབ་པ་རིག་པ་རང་སྣང་དབྱིངས་ཀྱི་ཡུལ་དུ་གཟུགས་ཐམས་ཅད་རང་གཞན་མ་གྲུབ་པ་དང་༔ གནས་གང་དུ་གཏན་ལ་དབབ་པ་ཕྱི་ཡི་ནམ་མཁའ་དང་ནང་གི་ནམ་མཁའ་དང༔ ཕེབས་པའི་དབྱིངས་ལ་གོམས་པས་སྣང་བ་དབང་དུ་འདུས་རིག་པ་ལ་གོམས་པས་དྲན་པ་དབང་དུ་འདུས་པའོ་ཚད་དམ་རྟགས་སོ༔ སྒོམ་པ་བསྡུས་པའི་སྒྲོན་མ་རྫོགས་སོ༔ ཨི་ཏི༔ རྒྱ༔ བོད་སྐད་དུ༔ ལྟ་བ་ཡི་གེ་མང་པོ་ལས་ཉུང་བར་བསྡུས་པའི་སྒྲོན་མ་ཞེས་བྱ་བ༔ རིག་པའི་ངོ་བོ་སྟོང་ཉིད་ཅིར་ཡང་སྟོན་འོད་དང་ཁ་དོག་ལ་སོགས་པ་ལ་ཕྱག་འཚལ་ལོ༔ སཱ་མཱ་ཀཱ་བག་ཡཱཾ་སྐྱེ་ཤི་རྩད་ནས་གཅོད་པའི་མན་ངག་༔ ཕྱོགས་རིས་མེད་པའི་རིག་པ་ངོ་བོ་ཉིད་དེ་ཟང་ཐལ་ནི༔ གང་གིས་མ་བསྒྲིབས་ཉོན་མོངས་པ་རང་ལ་ཐོག་པ་འབྱུང་བ་བཞི་ལ་མེད༔ ཡུལ་ལས་ཁྱབ་གདལ་ཆེན་པོའི་ཕོ་བྲང་རིན་ཆེན་སྙིང་ནང་དུ་༔ འབྱུང་ལྔ་ཟད་པའི་རིག་པ་འཁྲུལ་པ་འགགས་པ་སྐྱོན་དང་བྲལ་བ་ལྷིངས་པོ་ལྟོསཿཨེ་མ་ངོ་མཚར་ཆེ་ཧོ༔ ཕྱི་ཡུལ་ལུས་ཕྱི་ལྟ་བ་ལ་བལྟས་པས་ཡུལ་ལྔ་དང་དབང་པོ་ལྔ་ལ་སོགས་པ་འཁྲུལ་པ་རང་སར་དག་པ་དང་༔ ནང་གི་སེམས་ལ་བལྟས་པས་འཁྲུལ་པ་བཞི་ལ་ལྟ་བས་མ་རིག་པར་རང་སར་དག་པ་དང་༔ མ་འཁྲུལ་པའི་ཡེ་ཤེས་གསང་བ་དངོས་པོ་འདུག་ཚུལ་ལ་བལྟས་པས་ཉོན་མོངས་པར་རང་སར་དག་རྒྱས་གདབ་པ་དང་རང་གྲོལ་བ་ལ་སོགས་པ་དང་༔ དབྱིངས་དང་རིག་པ་གསང་བ་དབང་པོའི་སྤྱོད་ཡུལ་བླ་ན་མེད་པ་རིག་པ་ལ་འབྱུང་བ་དང་དབང་པོའི་བལྟས་པས་ཡུལ་
ཐམས་ཅད་རང་སར་དག་པའོ༔ ཡུལ་རིག་རྣམ་པར་དག་པའི་མན་ངག་གིས་ཕྱི་ལྟ་ལ་བཞི་སྟེ་གང་རྣམ་པར་དག་པ་ལུས་ལ་བརྟེན་པ་རྣམས་དང་༔ ཇི་ལྟར་དག་པ་འཁྲུལ་པ་རྣམས་རང་གྲོལ་དུ་དང་༔ གནས་གང་དུ་དག་པ་རང་བཞིན་ལྷུན་གྲུབ་ལ་དང་༔ དག་པའི་ཚད་ཕྱི་འཁྲུལ་པས་མི་གནོན་པ་དང་ཡུལ་དུ་མ་མཐོང་བ་སོགས་དོ༔ ནང་ལྟ་ལ་གཉིས་སུ་མེད་པར་བསྲེག་པའི་མན་ངག་གིས་བཞི་སྟེ༔ གང་དག་པ་མ་རིག་པ་དང་༔ ཇི་ལྟར་ཚ་ཚྭ་དང་རྐོས་ཕོར་ལྟར་དག་པ་དང་༔ གནས་གང་དུ་རང་གི་དྲན་གཞི་སྙིང་གི་དཀྱིལ་དུ་དག་པ་དང་༔ དག་པའི་སྣང་སྲིད་གཞི་བཞེངས་སུ་ཤར་བ་དང་གཞི་བཞག་ཏུ་གནས་པ་དང་ཡོངས་གྲོལ་དུ་གྲོལ་བ་དང་ཀ་དག་ཏུ་རྟོགས་པའོ༔ ཚད་དོ༔ གསང་བ་ལ་ཤེས་པ་དྲང་ཐད་ཀྱི་མན་ངག་གིས་བཞི་སྟེ༔ གང་དག་པ་ཉོན་མོངས་ལྔ་དང་༔ ཇི་ལྟར་དག་པ་ཆུའི་རྙོག་མ་དྭངས་བ་ལྟར་དང་༔ གནས་གང་དུ་འབྱུང་ལྔ་ཡུལ་གྱི་སྣང་བའི་དུས་ན་དག་པ་དང་༔ དག་པའི་རང་ཆོས་རང་གྲོལ་དུ་ཤེས་པ་དང་ཚད་དོ༔ གསང་བ་བླ་ན་མེད་པ་མི་འགྱུར་བ་རིག་པ་ཆེན་པོའི་མན་ངག་གིས་ལ་བཞི་སྟེ༔ གང་དག་པ་ཡུལ་ཐམས་ཅད་དང་༔ ཇི་ལྟར་དག་པ་མཁའ་ལ་སྤྲིན་དེངས་ལྟར་དང་༔ གནས་གང་དུ་དག་པ་ནམ་མཁའི་ངང་དུ་མིག་རང་བཞིན་རང་མཐོང་བས་དང་༔ དག་པའི་རིག་པ་འགྲོ་འོང་མེད་དབྱིངས་ལ་བསྣན་འཕྲི་མེད་སྒྲོན་མ་ལ་འཕྲིག་མེད་པའོ་ཚད་དོ༔ ལྟ་བ་བསྡུས་པའི་སྒྲོན་མ་རྫོགས་སོ༔ ཨི་ཏི༔ བོད་སྐད་དུཿའབྲས་བུ་ཡི་གེ་མང་པོ་ལ་ཉུང་ངུར་བསྡུས་པའི་སྒྲོན་མ༔ སྟོང་པ་ཡེ་སངས་རྒྱས་དངོས་པོའི་མཐའ་ཟད་པའི་རིག་པ་ལ་ཕྱག་འཚལ་ལོ༔ ས་མཱ་དུ་ལྱ་ཀ་ཧཱུྃ་སྣང་བ་སྐྱེ་མེད་དུ་གྲོལ་བའི་མན་ངག༔ སྟོང་པ་
རང་ལུས་རིག་པ་དང་དེ་མཚོན་པའི་ཕྱག་རྒྱ་ཆེ་གནས་པ༔ འབྲས་བུ་བྱས་བྱུང་མ་ཡིན་ཡེ་ཐོབ་ཁྱབ་པས་གཏན་ཕབ་པས༔ ཤེས་རབ་འཛིན་མེད་བློས་བཏགས་པ་མ་ཡིན་རང་གསལ་ཆེན་པོས་སྤྱོདཿའདི་ནི་རྒྱལ་བ་ཀུན་གྱི་དགོངས་པ་གསང་དོན་ཆེཿཨེ་མ་ཧོཿཕྱི་ཡི་འབྲས་བུ་རང་གི་ལུས་ཡེ་ནས་སྐུ་གསུམ་དུ་འདུག་པ་ལུས་སྐུ་གསུམ་དུ་གྲོལ་ཨིརྱྡྷུ༔ མྐྵྡྨྣྲཱོིུ དྷྑཱུྟྒཱོིུ༔ བ་དང་ཿནང་གི་འབྲས་བུ་གཟུགས་སྣང་སྤྲུལ་སྐུ་འཛིན་ཆ་ལོངས་སྐུ་ངོ་བོ་སྟོང་པ་ཆོས་སྐུ་སྟེ་སྣང་བ་སྐུ་གསུམ་དུ་གྲོལ་བ་དང་༔ གསང་བའི་འབྲས་བུ་འཁྲུལ་པའི་བྱས་ཆོས་ཐམས་ཅད་ཞིང་ཁམས་དབྱིངས་རིག་ཏུ་གསལ་བ་དང་༔ གསང་བ་བླ་ན་མེད་པའི་འབྲས་བུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཕྱིར་མི་ལྡོག་པའི་ས་ལ་གཟེར་ཐེབས་པའོ༔ ཕྱི་ལ་ལུས་ཕྱིར་མི་ལྡོག་པའི་མན་ངག་གིས་གསུམ་སྟེ༔ སྤྲུལ་སྐུ་རང་གིས་ལུས་བྱ་བྱེད་དུ་མས་བརྒྱན་པ་ངོ་སྤྲོད་ཀྱི་མན་ངག་གིས་སྐྱེས་པ་གཏན་ལ་མའི་མངལ་ནས་ཐོན་ནས་གནས་ཚད་སྤྲུལ་སྐུ་ཡིན་པ་ཕེབས་པ་དང་༔ མ་ཡི་མངལ་ནས་དྲན་པའི་ལོངས་སྐུ་ངོ་སྤྲོད་ཀྱི་གཞི་ལོངས་སྐུ་མན་ངག་གིས་གནས་པ་གཏན་ལ་མ་ཡི་མངལ་དུ་ཚུད་ནས་ཞག་ཉེར་བརྒྱད་ནས་མ་སྐྱེས་བར་ཕེབས་པ་དང་༔ ཆོས་སྐུ་ངོ་སྤྲོད་ཀྱི་མན་ངག་གིས་བར་དོར་ཤེས་པ་དབང་པོ་ཀུན་ཚང་ཐོགས་མེད་དུ་འབྱུང་བ་ཆོས་སྐུ་ཡིན་བར་ད་ོནས་མའི་མངལ་དུ་ཚུད་པ་མེར་མེར་པོ་བདུན་ནུར་ནུར་པོ་དང་ཞག་བདུན་ལྟར་ལྟར་པོ་གོར་གོར་པོ་བདུན་ཚན་དུ་ཚན་བཞི་ཕན་ཆོད་གཏན་ལ་ཕེབས་པའོ༔ ནང་སེམས་སྤྲོས་པ་དང་བྲལ་བའི་མན་ངག་ལ་གསུམ་སྟེ༔ སྤྲུལ་སྐུ་ངོ་སྤྲོད་ཀྱི་ལུས་གྲུབ་པས་སྤྲུལ་སྐུ་རང་ཆས་སུ་ཡིན་མན་ངག་གིས་རང་གི་ལུས་ཕྱིར་འབྱུང་བ་བཞིར་མི་ལྡོག་པར་སྐྱེ་མེད་བྱ་བ་དང༔ སྒོ་ལྔའི་གསལ་ཆ་ལོངས་སྐུ་མ་འགགས་པ་འདི་
ངོ་སྤྲོད་ཀྱི་མན་ངག་གིས་སྒོ་ལྔའི་གསལ་བ་ལ་མི་གནས་པར་སྣང་བ་སྣ་ཚོགས་ཐམས་ཅད་སྒོ་ལྔ་དང་ཁམས་དང་སྐྱེ་མཆེད་ཕྱིར་མི་ལྡོག་པར་བྱ་བ་དང་༔ ཆོས་སྐུ་ངོ་སྤྲོད་ཀྱི་མན་ངག་གིས་སྤྲོས་མེད་ཐིག་ལེ་ཉག་གཅིག་སེམས་དང་རིག་པ་ཕྱིར་མི་ལྡོག་པར་རྟོག་མེད་དྲན་པ་ལས་འདས་པ་རང་སྣང་རང་དག་ཏུ་བསྟན་པའོ༔ གསང་བ་རིག་པ་རང་གྲོལ་གྱི་མན་ངག་ལ་བཞི་སྟེ༔ དག་པ་དབྱིངས་ཕྱི་དབྱིངས་དང་ནང་དབྱིངས་ཀྱི་མན་ངག་གིས་རྟེན་གཞལ་ཡས་ཁང་བསྐྱེད་པའི་རིམ་པ་རྣམ་པར་དག་པ་ཕྱིར་མི་ལྡོག་པར་བྱ་བ་དང་༔ གནས་རང་ལུས་ལྷའི་སྐུར་གཏན་ལ་དབབ་པ་པ་སྐུ་གསུམ་གྱི་མན་ངག་གིས་བརྟེན་པ་ལྷའི་སྐུ་སྣང་བ་གཏན་ལ་ཕབ་པས་ཕྱིར་མི་ལྡོག་པར་བྱ་བ་དང་༔ ཉམས་ལེན་པ་གོམས་པ་ཐོགས་པ་མེད་པ་ཤེས་རབ་ཀྱི་མན་ངག་གིས་བླ་མའི་གདམས་ངག་རྒྱུད་ལ་འདྲེས་པས་ཕྱིར་མི་ལྡོག་པར་བྱ་བ་དང་༔ ངོ་བོ་འགྱུར་བ་མེད་པ་རིག་པའི་མན་ངག་གིས་རྟོགས་པ་འདི་ཉིད་རྟོགས་དགོས་ལྟ་སྒོམ་སྤྱོད་པ་རྣམས་ཕྱིར་མི་ལྡོག་པར་བསྟན་པའོ༔ གསང་བ་བླ་ན་མེད་པ་རིག་པ་རང་གྲོལ་གྱི་མན་ངག་ལ་ལྔ་སྟེ༔ མིག་དང་ཤེས་པ་སྒྲོན་མ་རང་བཅུད་ཀྱི་མན་ངག་མིང་དུ་བཏགས་པ་གིས་མཚན་ཉིད་འཛིན་པའི་མ་སྨིན་པའི་རིག་པ་རིག་པ་ཐིག་ལེ་ལས་ཕྱིར་མི་ལྡོག་པར་བྱ་བ་དང་༔ ཡེ་ནས་འཁྲུལ་པ་སྦྱོང་བ་ཡེ་ཤེས་གཏིང་བཟློག་གི་མན་ངག་གིས་རང་ལུས་ལ་ཁྱབ་དུས་རང་གསལ་དུ་གཞི་འཛིན་པའི་རིག་པ་འོད་ལས་ཕྱིར་མི་ལྡོག་པར་བྱ་བ་དང་༔ འཁོར་བ་རིག་པ་ཡེ་ནས་བྱུང་མཐའ་མའི་གཏན་ལ་དབབ་པ་རུ་བཟློག་གི་མན་ངག་གིས་ངོ་བོ་ཀ་དག་ཏུ་རང་གནས་པ་གཞི་གནས་ཀྱི་རིག་པ་ནམ་མཁའ་ལ་མིག་ཤེས་རིག་པ་གསུམ་མ་བྲལ་བས་ཕྱིར་མི་ལྡོག་པར་བྱ་བ་དང་༔ ལུས་དང་ཡུལ་དང་རིག་པའི་རིག་པ་
གནད་གསུམ་གྱི་མན་ངག་གིས་ལྷག་མཐོང་གིས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཉམས་ལེན་དུས་ན་ནང་དབྱིངས་ལས་ཕྱིར་མི་ལྡོག་པར་བྱ་བ་དང་༔ སྣང་བ་དེ་ལྟར་སྣང་བ་ཤར་བ་དེ་ཐམས་ཅད་ལ་མ་ཆགས་མ་ཞེན་པ་ཅེར་གྲོལ་གྱི་མན་ངག་གིས་ཐོད་རྒལ་གྱི་རིག་པ་ལྟ་བ་རྟོགས་པའི་དུས་ན་འབྲས་བུ་སྐུ་གསུམ་གྱི་ངོ་བོ་ལས་ཕྱིར་མི་ལྡོག་པར་འབྲས་བུ་རང་དག་པས་ངོ་བོ་གཅིག་ཏུ་བསྟན་པའོ༔ འདི་ནི་ཕུང་པོ་ཁམས་དང་སྐྱེད་མཆེད་དང་༔ དབང་པོ་ཡུལ་དང་ཁ་དོག་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱེད་པའི་སྣང་སྲིད་རྣམ་དག་གི་འབྲས་བུ་ཐབས་སོ༔ འབྲས་བུ་རྣམ་པར་བསྡུས་པ་རིན་པོ་ཆེའི་སྒྲོན་མ་རྫོགས་སོ༔ སྔགས་སྲུང་གི་རྒྱལ་མོ་དཔལ་ཨེ་ཀ་ཙ་ཏིས་སྲུངས་ཤིག༔ བུདྡྷུའི་དགོངས་པ་ཅིག་ཅར་དུ་སྟོན་པར་བྱེད་པའི་མན་ངག་གསང་བ་བས་ཀྱང་ཆེས་གསང་བ་སྣོད་མིན་ལ་བྱིན་ན་མཁའ་འགྲོོ་སྡེ་བཅོ་བརྒྱད་ཀྱིས་ཆད་པ་ཆོད་ཅིག༔ ལས་ཅན་ཅིག་དང་ཕྲད་པར་ཤོག༔ རྒྱ་གར་སྐད་དུ༔ མཱ་ལ་སཱ༔ མཱ་ཏཱི་བཱ་ཡྻ༔ སངས་རྒྱས་ཀྱི་དགོངས་པ་ཅིག་ཅར་དུ་སྟོན་པར་བྱེད་པའི་མན་ངག་གསང་བ་ལས་ཀྱང་ཆེས་གསང་བའོ་ཨེ་བྷ་དྷུ༔ མཱ་ཏྤི་མཱ༔ ཀུན་མཱ༔ བོད་སྐད་དུ༔ གསང་བའི་སྙིང་པོ་བསྡུས་པའི་སྒྲོན་མ་ཡིན་ཡང་བཅུད༔ ཉམས་སུ་བླང་བའི་གལ་མན་ངག་གི་བཅུད་ཕུར་མདོ༔ གབ་པའི་གསང་བའི་ཡེ་ཤེས་སོ་གཏེར་༔ སྦས་པའི་མངོན་དུ་འབྱིན་པས་མཆོད༔ གསལ་བའི་ལྟ་བ་དང་འགྲེལ་བསམིག༔ བརྡེག་པའི་མཚོན་ཉོན་མོངས་པ་གཅོད་པ་༔ འབྱེད་པའི་ལྡེ་རྒྱུད་ཀྱི་སྒོམ་ཉམས་བསྡུས་ཏེ་གསལ་བར་བྱེད་པའོ་མིག༔ སྡོམ་པའི་རིག་པ་དྭངས་པས་ལྟ་བ་གཟེར༔ སྦྱོར་པའི་མིག་དང་རིག་པ་རྩི༔ འཕྲབ་པའི་ལྕག་རིག་པ་གཏད་སར་སྐྱེལ་བའོ༔
མཐོན་པོའི་ཐེག་པ་ཀུན་གྱི་སྙིང་པོ་རྩེ༔ ཡངས་པའི་མཐའ་དབུས་མེད་པས་དཀྱིལ༔ བསྒྱུར་བའི་རིག་པ་འཁྲུལ་པ་ལས་ཁ་ཡན་མི་འཇུག་སྲབ༔ གབ་པའི་བཅུད་སྙིང་པོ་ཡིན་པས་གསང་བའི་ཐེག་པ་ཚིག་ཙམ་ཡང་མི་སྨྲ་བ་ཉུང་དུ་འདུས་པ་ཞེས་བྱ་བ༔ མྦྱ༔ ཨཱ་པ་ལུང་ཐམས་ཅད་འདུས་པ་ཡཱ༔ བཅོམ་ལྡན་འདས་མ་རིག་པ་འཁྲུལ་པ་ལས་གབ་པ་མངོན་འབྱིན་ལ་རང་གཞན་གྱི་མཉམ་པ་ཉིད་སྐྱེ་བའི་ཐབས་ཐ་མ་ཟད་སར་སྐྱོལ་བའི་ཡེ་ཤེས་ལ་ཕྱག་འཚལ་ལོ༔ ཨ༔ སྐྱེ་བ་ཐམས་ཅད་རང་བཞིན་གྱི་སྒོ་འགེགས་པ་ཨེ་མ༔ སྣོད་ལྡན་གྱི་མཚན་ཉིད་ནི་དད་དང་སྙིང་རྗེ་གཏོང་ཕོད་ཡངས་པ་སྤྱོད་པས་ཐམས་ཅད་དུ་ཆེ༔ དབང་པོ་ཤིན་ཏུ་རྣོ་ཞིང་ངག་འཇམ་དུལ་ཚིག་ཞིབ་སྨྲ༔ བླ་མ་ལ་གུས་པ་དང་ཚིག་མང་ཡང་གི་སྤྲོས་པ་ཐམས་ཅད་ཆོད༔ སྣོད་མ་བརྟགས་གསང་ཚིག་གཞན་དུ་སྐྱེ་བོ་དང་ཐེག་དམན་ལ་དུས་མིན་རྡུལ་ཙམ་ཡང་༔ བརྗོད་པར་མི་བྱེད་མི་སྨྲ་བར་ཉམས་ལེན་ཉིད་ལ་རྟག་ཏུ་བརྩོན༔ གང་ཟག་འདི་ནི་གསང་སྔགས་གསང་བ་བསྟན་དུ་རུང་བའི་སྣོད་ཡིན་པས༔ ལས་ཅན་གྱི་བུ་མཆོག་དད་ལྡན་འདི་ལྟ་བུ་ནི་དཀོན་པས་ན༔ བདུད་རྩིའི་མན་ངག་ཐིགས་པ་སྙིང་གི་བཅུད་ཚིག་ཉུང་དོན་ཆེ་བ་འདི་ནི༔ བུ་ཡི་བུ་མཆོག་སྣོད་དང་ལྡན་པ་དེ་ལ་བསྟན་པར་བྱ༔ ཨེ་དྷ་སྐྱེ་མེད་དག་པའི་ཀློང་ཡེ༔ ཨེ་མ་ངོ་མཚར་བ་ཧོ༔ ལས་དང་པོ་པས་ཉམས་སུ་ལེན་པའི་གནས་བསྟན་པ་དུར་ཁྲོད་དམ༔ ནགས་ཁྲོད་དམ༔ ལུང་སྟོང་ངམ༔ ཤིན་ཏུ་དབེན་པ་མི་སྐད་དང་ཁྱི་སྐད་ལ་སོགས་པའི་སྒྲ་ཙམ་ཡང་མི་གྲག་ཅིང་རླུང་དང་སེར་བུའི་སྒྲ་ཙམ་ཡང་མེད་པའི་གནས་སུ༔ སྣོད་དང་ལྡན་པའི་བུ་གཉིས་ས་གསུམ་ཚུན་ཆོད་ལས༔ དེ་ལས་མང་ན་མན་ངག་ཤིན་ཏུ་ཟབ་པས་རང་དང་སློབ་མ་གཉིས་ཀ་ལ་མཁའ་འགྲོས་ཆད་པ་འབྱུང་བས་གསུམ་ཚུན་ཆོད་ལས་བསྟན་པར་མི་བྱའོ༔ དེ་ལ་དད་པ་དང་ལྡན་པའི་བུ་ཡིས་དཀོན་མཆོག་ལ་ལུས་ཀྱི་བར་ཆོད་ཞི་བར་བྱ་བའི་
ཕྱིར་མར་མེ་དང་དྲི་ཆབ་དང་ལྷ་བཤོས་སོགས་ཕྱི་ཡི་མཆོད་པ་རྒྱ་ཆེན་པོ་བྱ་བ་དང་༔ ནང་གི་བར་ཆོད་ཞི་བའི་ཐབས་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་དང་གཏོར་མས་མཉེས་པར་བྱས་ཤིང་གདམས་པ་འདི་གསེར་དང་འདྲ་བས་མཆོག་ཏུ་བླ་མ་ལ་ཡོན་གསེར་གྱི་མཎྜལ་དང་བསྙེན་བཀུར་གྱིས་མཉེས་པར་བྱས་ནས༔ ཤིན་ཏུ་ཟབ་པ་གསང་བའི་མན་ངག་ཉམས་སུ་ལེན་པའི་ཐབས་སྔ་མའི་སྡིག་པ་ཅི་བྱས་ཀྱང་མི་གནོད་པར་གྲོལ་བར་བྱེད་པ་འཁོར་བ་ཐོག་མཐའ་གཅོད་པའི་མཚོན་འདི་དད་ལྡན་གྱི་བུས་ཞུ་བར་བྱའོ༔ དེ་ལ་གསང་བའི་ཡི་གེ་འདི་རྒྱུད་ལ་འདྲིས་པར་གོ་བར་བྱ་ཤེས་པར་བྱས་ལ༔ ཡི་གེ་དེ་ཚིག་ཙམ་བརྗོད་ན་ཡང་ཚེའི་བར་ཆད་དུ་འགྱུར་བས་སུས་ཀྱང་མི་མཐོང་བའི་བྲག་གི་ཐེམ་པའམ༔ ཆུ་དང་མེ་ལ་སོགས་འབྱུང་བའི་དགྲས་མི་ཚུགས་པའི་གནས་སུ་བཞུགས་སུ་གསོལ་སྦས་ཏེ་མཁའ་འགྲོ་མ་དང་ཆོས་རྟགས་ཀྱིས་ལ་རྒྱས་གདབ་པར་བྱའོ༔ དང་པོ་འདི་ནས་མར་ལུས་ངག་གི་ཞེན་པ་ལས་གྲོལ་བའི་ཐབས་བསྟན་ནོ་ཉམས་སུ་ལེན་པའི་ལས་དང་པོ་དེས་ལུས་ངག་གི་བྱ་བ་ཕྱི་ནང་གི་བྱ་བ་ཐམས་ཅད་གང་ཡང་མི་བྱ་བར་བཏང་ལ༔ སྐྱེ་བོའམ་ཐེག་པ་དམན་པའི་རིགས་ཀྱི་སྐད་ཙམ་ཡང་མི་ཐོས་པའི་སར་ལུང་སྟོང་ངམ་རྟག་ཏུ་རི་ཁྲོད་དུ་སོང་སྟེ༔ མཁའ་འགྲོ་མ་རྣམས་ལ་ཚོགས་གཏོར་གྱིས་མཉེས་པར་བྱ་བ་ནི་རང་གི་བར་ཆད་ཞི་བར་བྱ་བའི་ཐབས་སོ༔ དེ་ནས་ལུས་ངག་ཡིད་ཀྱིས་བྱ་བ་ཅི་ཡང་མི་བྱ་བར་ལྷ་དང་སྔགས་ལ་སོགས་པ་ལྟ་སྒོམ་གྱི་བྱ་བ་ཡང་མེད་པར་ཐ་མལ་པ་ལྟར་ཤིན་ཏུ་དལ་བར་ཞག་དགུ་ནས་བཅུ་ཙམ་དུ་ཤེས་པ་གར་ཡང་འབྲོས་པར་འདུག་ན་དེ་ལ་ཡུན་རིང་བར་རྣལ་དུ་མ་བཅོས་པའི་བསྡད་པ་ནི་ལུས་ངག་སོར་ཆུད་པར་བྱ་པའི་རིག་པ་འདི་ཡིན་ནོ་བྱ་བའི་བརྡའོ༔ ཐབས་སོ༔ དེ་ནས་ལུས་འགྲོ་སྙིང་འདོད་དམ་ངག་སྨྲ་སྙིང་འདོད་དམ་སེམས་འཕྲོས་ན་འདི་ལྟར་བྱ༔ ཞག་གསུམ་ནས་བཞི་ལྔར་ལུས་ཀྱི་བྱ་བ་རྒྱུག་པ་དང་༔ གར་དང་༔ འགུལ་བ་དང་༔ དཀྲུག་པ་ཡན་ལག་མགོ་སྒྲིལ་བ་ལུས་བསྒུལ་བ་དྲག་ཏུ་བསྐུམ་པ་ཙོག་བུར་འདུག་པ་དང་༔ ཉལ་བ་དང་༔ ལངས་པ་དང་༔ འདུག་པ་སུག་བཞི་སར་བཙུག་ཏེ་འགྲོ་བ་གན་རྐྱལ་ཉལ་བ་རྐང་ལག་བཞི་གནམ་ལ་བསྟན་ཐང་བཅད་དེ་བརྐྱང་པ་གཡབ་
པ༔ ལ་སོགས་སྣ་ཚོགས་བྱེད་པ་ནིཿལུས་ཀྱི་ཞེན་པ་བཟློག་སྟེ་ལུས་རྣལ་དུ་ཕེབས་ལུས་ལ་བར་ཆོད་གྱིས་མི་ཚུགས་པའི་དགོས་པའོ༔ དེ་ནས་ཡང་ཞག་གསུམ་བཞིར་ངག་ཏུ་སྒྲ་དང་སྔགས་སྣ་ཚོགས་དང་སྣ་ཚོགས་འཁྲུལ་པའི་གཏམ་གུ་དང་དུབ་དང་བོན་དང་མཆོད་པ་ཀུ་ཅོ་ཐམས་ཅད་འཁྲུལ་ཚིག་སྣ་ཚོགས་དང་༔ ངོ་ཚ་བའི་གཏམ་མ་དང་སྲིང་མོ་ལ་སྤྱོད་པར་བྱའོ་སོགས་སྣ་ཚོགས་དང་༔ ཟུང་ཞིག་དང་གསོད་པ་དང༔ རྒྱོབ་ཅིག་ལ་སོགས་སྣ་ཚོགས་སྨྲ་བ་ནི་ངག་ཚི་ཆད་དེ་དལ་བས་རྣལ་དུ་འབེབས་པའི་ངག་གི་བར་ཆོད་ཞི་བའི་དགོས་པའོ༔ དེ་ནས་ཡང་ཞག་གསུམ་བཞིར་སེམས་ཀྱི་བསམ་པ་ཅི་འགྱུས་ཚད་བྱས་སེམས་ལ་དྲན་ཚད་ལ་ལྷག་མ་མི་བཞག་ཏེ༔ ཚོང་གི་རྣམ་ཚོང་འདུས་ཀྱི་སེམས་སྔོན་དུ་རུང་བར་བྱ་པའམ༔ གཉེན་བཤེས་ཀྱི་རྣམ་པ་རང་གི་གཉེན་དང་འགྲོགས་པའི་ཡིད་དང་མཐུན་པ་དང་གང་ཕྲད་པ་ཇི་ལྟར་བྱེད་པ་འམ་དད་པས་བཟུང་བ་དང་༔ དགྲའི་རྣམ་པའམ༔ འཁྲུལ་པའི་བསམ་པ་སྣ་ཚོགས་ཅི་འགྱུས་ལ་ལྷག་མ་མི་བཞག་པ་དང་༔ འདོད་ཆགས་ལ་སོགས་ཉོན་མོངས་ཆུང་མ་སོགས་ལ་ཇི་ལྟར་བྱས་པ་དང་འདི་ཡོད་ན་རུང་སྙམ་པ་དང་འདི་གསོད་འདི་ལ་གནོད་པ་བྱའོ་ལ་སོགས་པ་པའི་བསམ་པ་སྣ་ཚོགས་སྤྲོ་བ་དང་༔ ཡི་དམ་གྱི་ལྷ་སྒོམ་དང་དཀྱིལ་འཁོར་བསྐྱེད་པའི་ཡིག་འབྲུ་སྤྲོ་བ་བསམ་པ་སྤྲོ་བ་དང་ཿཆོས་ཀྱི་ཚིག་འདི་ཡི་དོན་འདི་འོང་བར་འདུག་སྙམ་པ་དང་གདམས་ངག་དང་༔ སྣ་ཚོགས་ཀྱི་བསམ་པ་སྤྲོ་བ་དང་ཿའཇིགས་ཤིང་ཡ་ང་བའི་སྔར་དགྲས་དེད་པ་དང་རྨི་ལམ་གང་ཡང་འཇིགས་པ་ལ་སོགས་པ་བསམ་པ་དང་༔ ལས་དང་བྱ་བ་ལ་བྲོད་ཅིང་དགའ་བ་ལ་སོགས་ཆོས་ཀྱི་གཏམ་ལ་སོགས་པའི་བསམ་པས་སྤྲོ་བ་ནི་སེམས་ཆ་ཆད་དེ་དྲན་པ་རྣམ་པར་དག་ནས་རྣལ་དུ་འབེབས་པའི་ཐབས་སེམས་ཀྱི་བར་ཆོད་ཞི་བའི་དགོས་པ་ཡོད་སོཿསྔོན་དུ་འགྲོ་བ་དེ་དག་གི་དུས་སུ་ཐུན་ཚད་དུ་ཉིན་མཚན་དུ་གཉིད་སྤངས་གཉིད་བྲོ་ན་གསེང་བའི་ཐབས་བྱའོ༔ ལ་བྱའོ༔ དེ་ནས་དེ་དག་གི་རྗེས་ཀྱི་ཤེས་པ་ཇི་ལྟར་འདུག་པ་དེ་ཡི་
དུས་སུ་རིག་པའམ་བསམ་པ་ཇི་ལྟར་འདུག་སྙམ་པ་ཡང་རང་གི་རྒྱུད་ལ་བཀལ་ཞིང་ལྟའོཿལས་ཅན་འགའ་ནི་ངོ་སྤྲོད་ནི་སྦྱངས་པའི་སྟོབས་ཡིན་གང་ལ་སྦྱང་དེ་ལྟར་བྱས་པས་སྣང་བ་དང་ལུས་ངག་གི་བྱ་བ་ལ་སྦྱངས་པའོ་དེ་ཉིད་དུ་ཕྲད་རིག་པ་ལ་སྣང་བས་མ་གོས་ཀྱང་དེ་ཉིད་བསྟན་པ་ཙམ་གྱིས་སོ་སྟེ་གྲོལ་བ་ཡང་ཡོད་དོ༔ སྔོན་འགྲོ་གསང་བ་མཆོག་ཏུ་ཟབ་པར་བསྟན་པའི་མན་ངག༔ ཉམས་སུ་ལེན་པའི་གཅུན་ཐག་ལུས་ངག་གི་བྱ་བ་ཐུན་མོང་མ་ཡིན་པ་རྫོགས་སོ༔ ཨྠྀི༔ ༔ རབ་ཏུ་གསང་ངོ་༔ དེ་ལ་ཡེ་ཤེས་ལུས་ལ་གནས་དེ་དངོས་སུ་སྣང་བར་བྱེད་པ་ལ་ལུས་མ་གཅུན་ན་འཆར་དུ་མི་བཏུབ་པས་པས་ལུས་ཀྱི་གནད་གལ་ཆེ་བས་སྟེ་དཔེར་ན་སེམས་ཅན་ཚང་མ་ཚང་སྒོང་འགགས་པ་བསལ་བ་ལྟར་སོ༔ ལུས་ཀྱི་གནད་ལུས་ལ་གཞི་བཅའ་ནམ་མཁའ་འབེན་བྱ་རིག་པ་མིག་ལ་གཏད་ལ་གཞི་བཅའ་བ་ནི༔ རང་ཤེས་པ་དང་འཐད་པའི་སར་རྟག་ཏུ་རི་ཁྲོད་བྱེད་པ་ཡིན་གླང་པོ་ཆེ་ལྟ་བུ་ཞེས་བྱ་བ་ནི༔ ཁ་སྦུབ་ཏུ་ཉལ་ལ་ལག་པ་གཉིས་ཀྱི་གྲུ་མོ་ས་ལ་བཙུགས་ཏེ༔ ལྐོག་མ་ལག་མཐིལ་གྱིས་བཏེག༔ པུས་མོ་བྲང་ལ་སྦྱར༔ མཇིང་པ་བཏེག་སྟེ་ཡིད་ཙམ་ཕྱིར་དགྱེ་བར་བྱས་ནས་མིག་ཧར་པོར་གཡས་གཡོན་དུ་མི་བལྟ་བར་སྨིན་པའི་མཚམས་སུ་གྱེན་ལ་མ་འགུལ་བར་ལྟའོ༔ དེ་ལས་སྐྱོ་ན་དྲང་སྲོང་ལྟ་བུ་ཞེས་བྱ་བ་ནི༔ ལུས་ཙོག་ཙོག་བུར་འདུག་སྟེ་རྐང་པའི་ལོང་བུ་གཉིས་སྦྱར་ཏེ་གཤིབས༔ པུས་མོ་གསུས་པ་ལ་ཤིན་ཏུ་དམ་པར་སྦྱར༔ གསུས་པ་ཡང་ཡིད་ཙམ་སྐུད་དེ་བྱས་སྒལ་པ་ལ་སྦྱར༔ ལག་པ་གཉིས་ཀྱི་གྲུ་མོའི་གདོང་དུ་བཙུགས་ལ༔ མགོ་དང་པུས་མོའི་སོར་གཅིག་གི་སྟེང་དུ་མ་རེག་པར་ཏུན་ནེ་བྱས་ལ་ལག་པའི་མཐིལ་གཉིས་ཀྱིས་འགྲམ་པའི་ཟུར་ནས་མི་འགྱུར་བར་བརྟེན་པས་མིག་གཉིས་མི་འཁྲུལ་བར་ཧར་པོ་རང་གི་སྨིན་མཚམས་སུ་དབྱིངས་ལ་ལྟ་བུའོ༔ དེ་ལ་སྐྱོ་ན་སེང་གེ་ལྟ་བུ་ཞེས་བྱ་བ་ནི༔ ཡང་ཙོག་པུར་འདུག་སྟེ་པུས་མོ་གཉིས་ས་ལ་བཙུག་ཡིད་ཙམ་ཕྱིར་བསྒྲད༔ ལག་པ་གཉིས་ས་ལ་པུས་མོའི་ཕྱི་ལོགས་སུ་བཙུག་སྟེ་ཡིད་ཙམ་ཕྱིར་བསྒྲད་ལ་ལུས་ཀྱི་ལྗིད་ཅུང་
ཟད་བོར༔ འཕོངས་ཡིད་ཙམ་རྒྱབ་ཏུ་ཕྱིར་ཕྱུངས་པ་ལ་སྒལ་ཚིགས་དྲང་པོར་བསྲང་༔ མཇིང་པ་རྒྱབ་ཏུ་དགྱེ་བར་བྱས་ལ་མིག་ཡིད་ཙམ་གྱེན་ལ་བཏེག་སྟེ་སྨིན་ཕྲག་གི་ནམ་མཁའ་ལ་མ་འཁྲུལ་བར་སོར་བཞིའི་སར་ལྟ་བའོ༔ དེ་དག་ཐམས་ཅད་ཀྱི་དུས་སུ་ལུས་མ་འགུལ་བ་དང་༔ མིག་མ་འགུལ་བ་དང་༔ དབུགས་ཕར་འགྲོ་ཚུར་འོང་ཤིན་ཏུ་དལ་བར་བྱ་བ་ཡིད་ཙམ་ཐེན་ན་ནི་མན་ངག་གོ༔ ལུས་བཅོས་པའི་གནད་ཀྱི་མན་ངག་གསང་བ་མཆོག་ཏུ་ཟབ་པ་རྫོགས་སོ༔ ཨྠྀི༔ ༔ གཏེར་ནས་གཏེར་དུ་སྦས་པའོ༔ ལུང་དང་ལྡན་པའི་སྨྱོན་པ་ལྕེ་བཙུན་བདག༔ སངས་རྒྱས་དགོངས་པ་ཉིད་དང་ཞལ་མཇལ་བས༔ རབ་ཏུ་དཀོན་པའི་གསང་བའི་མན་ངག་འདི༔ འོལ་སྒོམ་གླུ་བོས་དམ་ཚིག་གཞུང་བསྲངས་ཀྱང་༔ ཤིན་ཏུ་ཟབ་པས་བདག་གིས་བློས་མ་ཐོངས༔ དེ་བས་སླར་ཡང་གཏེར་དུ་སྦས་ཏེ་བཞག༔ ཕྱི་རབས་སྐལ་ལྡན་ཞིག་དང་ཕྲད་པར་སྨོན༔ ཐིག་ལེ་གསང་སྐོར་གསལ་བའི་རྒྱུད་སྡེ་དང་༔ མན་ངག་ཡིག་ཆུང་གསང་བའི་དེབས་རྣམས་ནི༔ བསེ་ཡི་པོད་བཞི་ཤོག་དྲིལ་ཉིས་བརྒྱ་ལ༔ བཏབ་སྟེ་ཆད་པ་སྟག་འདྲར་སྦས་ནས་ཡོད༔ བཤད་ཅིང་སྤྲོས་ལ་དགའ་ན་དེ་ནས་ལོངས༔ དེ་ཉིད་བསྟན་པ་བསྲུང་བའི་རྒྱུད་རྣམས་དང་༔ གནོད་སྦྱིན་ཕོ་མོ་འཇིག་རྟེན་བདུད་དང་བཙན༔ སྲོག་བདག་དམུ་རྒོད་ཉིད་ཀྱི་སྒྲུབ་པ་དང་༔ གཤིན་རྗེ་དམར་པོ་ཤིན་ཏུ་ཟབ་པ་དང་༔ མགོན་པོ་ལྕམ་དྲལ་ཉིད་ཀྱི་སྒྲུབ་ཐབས་རྣམས༔ ཤོག་དྲིལ་བརྒྱ་དང་དགུ་བཅུ་རྩ་ལྔ་ལ༔ བཏབ་སྟེ་ཐང་པོ་སྟོད་ཀྱི་ཡུལ་དུ་ནི༔ ས་ཡི་ལྟེ་བ་གནུབས་ཀྱི་ཕུང་པོ་རི༔ རྩེ་ལྷའི་འོག་སྦས་རྒྱ་ཡིས་བཏབ་ནས་བཞག༔ སྲོག་ལ་བསྡོ་བ་བྱུང་ན་དེ་ནས་ལོངས༔ ཤིན་ཏུ་གསང་བའི་མུ་སྟེགས་ཟླ་གསང་དང་༔ ངན་ཐབས་མི་འདྲ་བརྒྱ་དང་ཉི་ཤུ་ལྔ༔ ཤོག་དྲིལ་ཉི་ཤུ་རྩ་བཞི་དག་ལ་བཏབ༔ བྱར་གྱི་ཕུ་ཡི་བྲག་དཀར་ལྷོར་ལྟ་ནི༔ ཐེམ་པ་འདྲ་བའི་དཀྱིལ་དུ་སྦས་ཏེ་བཞག༔ མན་ངག་འདི་ནི་རྒྱལ་ཁམས་ཕུང་ངེས་པས༔ བསྟན་པ་ཞིག་ལ་ཉེ་ན་དེ་ནས་ལོངས༔ རང་གར་སྤྱད་ན་
རང་སྲོག་མེ་རུ་འབར༔ རྒྱ་ལ་འདོན་ན་ཐབས་དང་ལྡན་པས་འཚོལ༔ གཞན་ལ་བརྗོད་ན་མཁའ་འགྲོས་སྙིང་ཁྲག་གཞིབ༔ ཨྠྀི༔ ༔ འདི་ནི་རྗེས་འཇུག་ཞེ་སྡང་རྡོ་རྗེས་སྦས་པའོ༔ འདི་ཡི་དཔེ་ཕྱི་མོ་རྣམས་འོ་ཡུག་ལུང་པའི་བྲག་ཕུག་སེང་གེ་འདྲ་བར་སྦས་ ༔གྲབརྒཇཏཾ།ཐཏ།༔ ཏ།ཐརྒ༔ ནས་ཡོད་དོ༔ ༔ དེ་ནས་ཉིད་གསང་བ་རིག་པ་ལྟ་བ་དང་འབྲེལ་བའི་ཐབས་སོ་གྱིས་སྐྱེ་མེད་ཀྱི་དོན་མཐོང་བར་ཚིག་གསུམ་འདི་བྱེད་པའི་ཐབས་མཆོག་ཏུ་གསང་བ་འདི་ལྟར་སྣོད་དང་ལྡན་པ་ལ་བསྟན་པར་བྱའོ༔ ནམ་མཁའ་སྤྲིན་དང་བྲལ་བའི་ཚེ་རྐྱེན་གང་གིས་ཀྱང་མ་བསྒྲིབས་པར་ཤིན་ཏུ་དབེན་པར་སོང་སྟེ་རིག་པ་མིག་ལ་བཅུག་སྟེ་གོང་གི་ལྟ་སྟངས་གསུམ་པོ་གང་རུང་ཀྱིས་བལྟས་པས༔ ནམ་མཁའ་ལ་རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཕྲ་བ་ལ་རྟ་རྔ་ལ་མདུད་པ་སྒྲིག་པ་ལྟ་བུ་བར་བར་ན་ཐིག་ལེ་ཡུང་འབྲུ་ཙམ་ཁ་དོག་གསལ་བ༔ དེ་ལ་ཡུན་རིང་དུ་ཉམས་སུ་ལེན་པ་ནི་རབ་ཀྱིས་ཞག་དྲུག་ཅུ་ལ་ཚད་དུ་ཕྱིན་འབྲིང་གིས་ལོ་གཅིག་ཐ་མས་ལོ་གསུམ་ན་བལྟས་ན་ནམ་མཁའ་ལ་ཐིག་ལེ་ཡུང་འབྲུ་ཙམ་རྐྱང་པ་དང་༔ ཉིས་འབྲེལ་དང་སུམ་འབྲེལ་ལ་སོགས་པ་གསལ་བར་འཆར་རོ༔ དེ་ནི་རང་གི་ངོ་བོ་ཡེ་ནས་རང་ལ་ཡོད་པའི་ཆོས་སྐུ་དང་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ་སྐུ་གསུམ་ཐུགས་ཕྲད་ཀྱི་གདམས་པ་ཡེ་ནས་འདུ་འབྲལ་མེད་པ་ཞེས་བྱའོ༔ སངས་རྒྱས་དང་མངོན་སུམ་དུ་ཞལ་མཇལ་བ་ཞེས་བྱའོ༔ རིག་པ་དེ་ཡང་ལྟ་བ་མིག་ལྟ་བ་ལྟ་བ་བྱ་བ་རང་གང་ལ་ཟེར་ཏེ་གཞན་དུ་མ་བསྟན་པས་འདིར་མིག་གིས་བལྟར་ཡོད་པས་ན་ལྟ་བའོ་དང་འབྲེལ་བའི་གནད་ཀས་མིག་གར་འགུལ་བའི་ཕྱོགས་སུ་འགྲོ་བར་བྱེད་ཅིང་གཟུང་བར་དཀའ་བ་སྟེ༔ གཡས་གཡོན་གྱི་གྱེན་ཟུར་དུ་ཐིག་ལེ་ཕྲ་མོ་དེ་དག་ཀྱང་འགྲོ་འོང་དང་བཅས་པའོ༔ དེ་ཉིད་དེ་ཉིད་རང་གི་སྨིན་མཚམས་སུ་བཙན་ཐབས་སུ་གཟུང་བའི་མན་ངག་ལ་ནི་མིག་ཡིད་ཙམ་གྱེན་ལ་བཟློག་པ་གཅེས་ཏེ༔ ནམ་མཁའ་
དང་མིག་གི་དངས་མའི་དྭངས་འཐབས་པ་ལས་སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་མཐིང་ཁ་རུ་འཁྱིལ་བ་ཁྱབ་པ་ཆེ་བའི་འོད་ཡི་གེ་ན་རོ་ལྟ་བུའམ་བར་སྣང་གི་འཇའ་ཚོན་ལྟ་བུའམ་མིག་ཡོར་འདྲ་བ་མིག་གི་གདངས་དང་ཤའི་གདངས་གཉིས་ཕྲད་པ་ལ་བརྟེན་ནས་ཇེ་གསལ་ཇེ་གསལ་དུ་འཆར་ཏེ༔ རིག་པ་དེའི་ནང་དུ་བཅུག་ནས་ལྟ་བ་ནི་རྟེན་གཞལ་ཡས་ཁང་ལྟ་བུ་ལ་རིག་པ་ནི་བརྟེན་པ་ལྷ་ལྟ་བུ་སྟེ་འཛིན་པར་བྱེད་པའི་ལྕགས་ཀྱུ་ཞེས་བྱ་སྟེ་མཆོག་ཏུ་གཅེས་པའོ༔ ཨི་ཏི༔ རབ་ཏུ་གསང་ངོ་༔ དེ་ལྟར་བསྟན་ནས་རིགས་ཀྱི་བུས་ཉམས་སུ་ལེན་པ་གོམས་པར་བྱེད་པའི་ཐབས་ནི༔ རྟག་ཏུ་ཁྱིམ་མེད་རི་ཁྲོད་ཤིན་ཏུ་དབེན་པར་འགྲིམ༔ མཚན་དུས་འགྱུ་བྱེད་བཅད་པ་ནི་རང་གི་གནས་ཁང་དུ༔ ཉིན་མོ་བཞིན་དུ་ལྟ་ཞིང་ལས་ད་ང་པོ་ལ་མཚན་མོ་དང་ཁྱིམ་དུ་མི་གསལ་ཏེ་བརྟག༔ ཉིན་པར་རི་ཁྲོད་གཅན་གཟན་འཇིག་པ་མེད་པར་བཞིན༔ དེ་ལྟར་བྱེད་པའི་སྐྱེས་བུ་ནི༔ སངས་རྒྱས་ལོགས་ན་མེད་དེ་ཀུན་ཏུ་བཟང་པོ་དང་༔ རྡོ་རྗེ་སེམས་དཔའ་ཞེས་བྱའོ༔ འདི་ལ་ལྟོས་དང་བྱས་པས་མཐོང་བ་བཞིན་རིག་པ་རྒན་མོ་མཛུབ་ཚུགས་སུ་བསྟན་པའི་མན་ངག་མཆོག་ཏུ་ཟབ་པ་རྫོགས་སོ༔ རབ་ཏུ་གསང་ངོ་༔ རིག་པ་སྤར་འཛིན་ཞེས་བྱ་བ༔ དེ་ལྟར་གནད་ཤེས་པར་བྱས་ནས་རྟག་ཏུ་ལྟ་བའི་གོང་ལས་གོང་དུ་འཕེལ་བའི་ཐབས་སོ་རྣལ་འབྱོར་པའི་མིག་ན་བའམ་མི་བདེ་བ་སྙམ་བྱེད་ན༔ བྱིང་རྒོད་སེལ་བའི་དོན་དུ་གན་རྐྱལ་དུ་ཉལ་ལ་མིག་ཕྱེ་བཙུམ་གང་མོས་སུ་བྱའོ༔ དེ་ཉིད་ལ་རྟག་ཏུ་ཉམས་སུ་བླངས་པས༔ དང་པོ་དབྱིངས་ཀྱི་ཆའི་སྣང་བ་ནི༔ འོད་ལྔའི་དེ་དག་གི་གོམས་པའི་ཚད་རིག་པ་སྲོང་ལ་འདེབས་པ་ཞེས་བྱ་རྣམ་པ་ལིང་ལིང་བ་རེ་ལྡེའི་
རྣམ་པ་ཙམ་དུ་འཆར་བ་སྟེ༔ ཐིག་ལེའི་རྐྱང་མ་དང་གཉིས་སྤྲེལ་གྱིས་རྣམ་པ་དེ་དག་ཀྱང་སྲན་མའི་རྡོག་མ་ཙམ་དུ་འགྲོའོ༔ དེས་ཀྱང་དྲོད་རྟགས་ལ་ཕེབས་པས་ད་རུང་ཉམས་སུ་ལེན་པ་ལ་འགྲུས་པར་བྱའོ༔ དེའི་ཚེ་ལུས་ངག་གཞན་གྱི་བྱ་བ་ལ་མི་འཇུག་ཅིང་༔ འཇུག་སྙིང་མི་འདོད་པ་རིག་སྣང་དང་འབྲལ་མི་ཕོད་དང་༔ སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བ་ཡང་འོང་ངོ་༔ ཐེག་པ་ཆེན་པོའོ་དོན་ཁོང་དུ་ཆུད་པའི་རྟགས་སོ༔ དེ་ལ་གོམས་པས་འོད་གོང་དུ་འཕེལ་བའི་རྟགས་རང་གི་ཐོ་ཕྱི་ཙམ་མམ་རང་གི་མདུན་ཙམ་ཁྱབ་པར་འཆར༔ ཐིག་ལེ་ཡང་མེ་ལོང་ཙམ་དུ་ཤིན་ཏུ་གསལ་བ་འགྲོ༔ རིག་པ་བརྟན་པའི་ཚད་ནི་ཕུག་རོན་འཕུར་བ་ཙམ་དུ་འགྱུར་རོ༔ དེའི་ཚེ་ཡོ་གིའི་ལུས་ངག་གི་རྟགས་འདོད་པས་འབྱུང་བ་མིན་རང་བཞིན་དུ་ཉམས་སུ་བླངས་པས་འབྱུང་ངོ་ལུས་ཡང་ཞིང་འབུ་སྲིན་དང་ཤིག་ལ་སོགས་པའི་སྲོག་ཆགས་ལུས་ལ་མི་འབྱུང་བ་དང་༔ ལྟ་བའི་གདེང་རྙེད་པའི་རྟགས་ལས་དགེ་སྡིག་གང་ལ་ཡང་འཇུག་སྙིང་མི་འདོད་པ་དང་༔ རིག་པའི་དོན་ཤེས་པའི་རྟགས་ལུས་རང་བཞིན་གྱི་གཞོན་ཤ་ཆགས་ཤིང་ཏིང་ངེ་འཛིན་གནས་པའི་རྟགས་སྣུམ་བག་དང་ལྡན་པ་འོང་སྟེ༔ དེ་ཡང་གོམས་པའི་ཚད་མེད་པས་རིག་པ་ཚད་ལ་མ་སྨིན་པས་ཉམས་ལེན་ལས་མི་འབྲལ་བར་བྱའོ༔ དེ་ནས་ཡང་དང་ཡང་དུ་གོམས་པ་ལས༔ འོད་ཐང་ཀའི་ཡུལ་གྲུ་ཙམ་དུ་འགྱུར་ཞིང་༔ ཐིག་ལེ་ཡང་འཁར་ཕོར་འབྲིང་པོ་ཁ་སྦུབས་པ་ཙམ༔ རིག་པ་བརྟན་པའི་ཚད་ནི་རི་དྭགས་ཤ་ར་ཎ་སྤང་རྩིབས་ལ་ཞུགས་པ་ཙམ་དུ་འགྱུར༔ དེའི་ཚེ་ཡོ་གིའི་ལུས་ཀྱི་རྒས་པའི་སྡུག་བསྔལ་ལས་གྲོལ་བའི་རྟགས་ལུས་གཉེར་མ་མེད་ཅིང་དགོངས་པ་ལ་དབང་བསྒྱུར་ནུས་པའི་རྟགས་ཟས་སྐོམ་ཡང་ཡིད་ལ་མི་འོང་བ་དང་༔ རིག་པ་རང་གཟེར་ཐེབས་པའི་རྟགས་
རང་གི་སྣང་བ་དེ་ལ་འབྲལ་མི་ཕོད་པ་དང་༔ ས་རླུང་ལ་དབང་ཐོབ་པའི་རྟགས་བར་སྣང་ལ་འགྲོ་བ་སྙམ་འོང་སྟེ་རང་སྣང་ལ་བྱན་ཚུད་རྟགས་མི་དང་ཕྲད་སྙིང་མི་འདོད་པ་དང་༔ ཆོས་ཉིད་ཀྱི་བདེན་པ་ལ་གནས་པའི་རྟགསའཁྲུལ་པའི་གཏམ་ཅི་ཡང་མི་སྨྲ་ཞིང་རྟག་ཏུ་ལྐུགས་པ་ལྟར་འགྲོ་སྟེ༔ དེ་ཡང་སྨིན་པའི་ཚར་མིན་པས་དེ་ཉིད་ལས་ཀྱང་གོམས་པར་བྱས་ཏེ་བལྟས་པས་གོམས་པའི་ཚད་འོད་ཡུལ་ཁམས་ཙམ་དུ་འཆར༔ ཐིག་ལེ་རྣམས་ཡེ་ཤེས་ལྔ་དང་རིགས་ལྔ་སྐུ་ལྔ་སོགས་རང་ལ་གནས་པའི་རྟགས་སུ་ལྔ་ལྔར་འགྱུར་ཏེ་རིག་པ་ཡང་བུང་བ་བརྟན་པའི་ཚད་མེ་ཏོག་ལ་འཁོར་བ་ཙམ་དུ་ལིང་ལིང་ཡིད་ཙམ་བར་དམིགས་པ་གར་གཏད་དུ་འགྲོ་སྟེ༔ དེའི་ཚེ་རྣལ་འབྱོར་པ་ཡང་གཞན་དྲིང་མི་འཇོག་པའི་རྟགས་རང་ལ་རང་རྒོད་བྲོ་བ་དང་༔ ་སྣང་སྲིད་ཆོས་སྐུར་གྲོལ་བའི་རྟགསསྔར་མི་ཤེས་པའི་ཆོས་མང་པོ་རྒྱུད་ལ་འཆར་བས་ན་སྣང་སྲིད་གཞི་བཞེངས་ཀྱི་དགོངས་པ་ལ་གནས་པའི་རྟགས་ཅི་སྨྲས་ཚད་ཆོས་ཀྱི་ཚིག་མིན་པ་ཅི་ཡང་མི་འོང་བ་དང་༔ སངས་རྒྱས་རང་སེམས་དབྱེར་མེད་དུ་རྟོགས་པའི་རྟགས་རང་གི་བླ་མ་ལ་གདུང་བ་མཆོག་ཏུ་སྐྱེ་བ་དང་གནས་ལུགས་ཀྱི་དོན་རྟོགས་པའི་རྟགས་དགྲ་གཉེན་གྱི་འཁྲུལ་པ་མི་འབྱུང་བའོ༔ དེས་ཀྱང་ཚད་དུ་མ་ཕྱིན་ཏེ་གོམས་པར་ཉམས་སུ་བླངས་པས་འོད་དེས་སྟོང་གསུམ་གར་བལྟས་ཁྱབ༔ ཐིག་ལེ་དེ་དག་རེ་རེའི་ནང་དུ་སྨིན་པས་སྐུ་རེ་རེ་འཆར༔ རིག་པའི་ལུ་གུ་རྒྱུད་ཀྱི་བར་བར་དུ་ཡང་སྐུ་ཕྲ་མོ་རེ་རེ་འབྱུང་༔ རིག་པ་གཏད་པ་ལས་གཞན་དུ་མི་འགྲོ་བར་འགུལ་བ་དང་འཕྲིགས་པ་མེད་པར་གར་གཏད་པར་ཙན་ནེ་སྡོད་པ་བརྟན་པ་མཐར་ཕྱིན་པ་སྟེ༔ དཔེར་ན་དེ་ལྟར་བརྟན་ཙ་ན་
ཉིན་མོ་དང་མཚན་མོ་གསལ་འགྲིབ་མེད་དེ་ལྕེ་སྤྱང་ཀི་མིག་ལ་ཉིན་མོ་མཐོང་མཚན་མོ་མི་མཐོང་བྱ་བ་མེད་པ་བཞིན་དུ༔ ཡོ་གི་དེ་ལ་ཡང་འོད་དང་སྐུ་དེ་དག་ཉིན་མོ་གསལ་རྒྱུ་དང་མཚན་མོ་མི་གསལ་བའི་རྒྱུ་མེད་པར་འགྱུར་རོ༔ རིག་པ་དེ་ནི་གཞི་མི་འགྱུར་བའི་གནད་ཀས་ཐོག་མ་ནས་ཆེར་སོང་བ་ཡང་མེད༔ ཆུང་དུ་སོང་བ་ཡང་མེད་པས་ན་གང་བ་མེད་ཅིང་བྲི་བ་མེད་པ་ཞེས་བྱའོ༔ དེའི་ཚེ་ཡོ་གི་དེ་ལ་ཡང་འབྱུང་བའི་ས་ཆུ་མེ་རླུང་གི་དགྲས་མི་ཚུགས་ཏེ༔ ཤེས་རབ་ཀྱི་རྟགས་མེས་མི་འཚིག༔ སྙིང་རྗེ་རྟགས་ཆུས་མི་འབྱིང་༔ ཡེ་ཤེས་ཀྱི་རླུང་ཚད་ལ་ཕེབས་རྟགས་རླུང་གིས་མི་ཁྱེར་བ་སྟེ༔ ཐེག་པ་སྣ་ཚོགས་ཐུགས་སུ་ཆུད་པའི་རྟགས་ས་ལ་ཐོགས་པ་མེད་པར་འཛུལ་བ་དང་༔ ཐམས་ཅད་སྟོང་ཉིད་དུ་གྲོལ་བ་དང་ནམ་མཁའ་ལ་འཕུར་བ་བྱ་བཞིན་དང་༔ རིག་པ་གཉིས་འཛིན་ལས་གྲོལ་བའི་རྟགས་ངག་གི་ཚིག་ཐམས་ཅད་ཅོལ་འགྲུས་སུ་འོང་བ་དང་༔ འདུག་ཚུལ་སྟེང་ན་གནས་པའི་རྟགསངག་གིས་ཅི་སྨྲས་བརྗེད་ངས་པ་དང་༔ སྣང་བ་ཐད་ཀར་ཆོད་བའི་རྟགས་ཕ་རོལ་གྱིས་སྨྲ་བ་ལ་གཟུང་མེད་པ་དང་༔ ཡིད་ཀྱི་འགྱུ་བ་ཆོད་པའི་རྟགས་དྲན་པ་ཐམས་ཅད་ཝལ་པོ་རྗེས་མེད་དུ་འགྲོ་བ་དང་༔ འོད་དང་སྐུ་ལས་མི་གཡོ་བར་ཉི་མ་དང་ཟླ་བའི་སྣང་བ་ཡང་མེད་པ་དང་༔ འཁྲུལ་སྣང་དུ་དག་པས་འགྲོ་བ་དང་འདུག་པ་ངོ་མི་ཤེས་པ་དང་༔ མདོར་ན་འཁྲུལ་པའི་སྣང་བ་ཐམས་ཅད་ནུབ་པ་སྟེ་དེ་ནི་སྣང་བ་དང་རིག་པ་ལ་འབྱོངས་པའི་ཚད་དོ༔ དེ་ལྟར་གནས་པས་རིག་པ་འཁོར་བར་མི་ལྡོག་ཆོས་སྐུའི་སྣང་བ་དང་༔ འབྲལ་མི་སྲིད་དོ༔ དེའི་ངང་ལ་སྣང་བ་དེ་དག་ཀྱང་རང་ཡལ་དུ་འགྲོ་སྟེ་འོད་དང་ཁ་དོག་ལས་འདས་ནས་འདི་ལྟར་ཡིན་ནོ་བའི་དངོས་པོ་མ་གྲུབ་པ་ནི་སྣང་མི་སྣང་བ་ལས་འདས་པ་ཆོས་སྐུ་རང་དག་གི་
དགོངས་པ་ཆོས་ཐམས་ཅད་ཟད་སར་ཐུག་པ་ཞེས་བྱའོ༔ རང་རིག་པའི་ངོ་བོ་ནི་ཐོག་མ་ལས་གང་དུ་ཡང་མ་སོང་༔ ཆེ་བ་ཆུང་བ་དང་འབྲི་བ་དང་བསྣོན་པ་དང་བཟང་བ་དང་ངན་པའི་རྣམ་པར་རྟོག་པ་ཅི་ཡང་མི་མངའ་བར་འཁྲུལ་གྲོལ་ལས་འདས་པ་བཞུགས་པའོ༔ དེའི་ཚེ་གཞན་གང་དུ་ཡང་མ་གྲུབ་སྟེ་གཞིའི་ཐུགས་རྗེའི་ཆ་ལས་རང་ངོ་གསལ་བ་ཙམ་དུ་གནས་པའོ༔ རྣལ་འབྱོར་པ་ཤུགས་ཀྱི་ཐུགས་རྗེ་མ་འགགས་པས་ཡང་མངོན་པར་ཤེས་པ་སྣ་ཚོགས་འཆར་ཏེ་སེམས་སེམས་བྱུང་ཟད་པས་བསམ་པ་རྣམས་རང་ཡལ་དུ་འགྲོ་བ་དག་འོང་ངོ་༔ ཕུང་པོའི་ཟག་པ་གང་ཡང་ཕྱིར་མི་ལྡོག་པར་སངས་རྒྱས་པར་བྱེད་པའོ༔ གལ་ཏེ་རིགས་ཀྱི་བུས་གོང་གི་སྔོན་དུ་འགྲོ་བ་རྫོགས་ནས་དེའི་ངང་ལ་རིག་པའི་ཡེ་ཤེས་མ་སྨིན་པར་ཚེའི་བར་ཆད་དུ་སོང་ན་བར་དོ་དང་པོ་ལ་འཚང་རྒྱ་བ་ལ་ཐེ་ཚོམ་ཡོད་རེ་སྐན་ནོ༔ དེ་ལྟར་ཚིག་དེ་དག་ཡང་ལས་ཅན་ཅིག་ལ་སྟོན་ན་ཚིག་གསུམ་པོ་འདིས་བྱ་བ་ཡིན་ནོ༔ གདམས་པའི་ཡུལ་ལ་བོད་པ་ཀྱེ་མ་རིགས་ཀྱི་བུ་ལུས་གནད་སེང་གེ་ལྟར་གྱིས་ལ༔ མིག་རྩའི་གནད་དང་རིག་པའི་གནད་རང་གི་སྨིན་མཚམས་ཀྱི་ནམ་མཁའ་ལ་མ་འགྱུར་བར་ལྟོས་དང་༔ རིག་པ་དངོས་རྡོ་རྗེ་ལུ་གུ་རྒྱུད་ཕྲ་ཁྱུག་ཁྱུག་པ་འདི་ལ་ལྟོས་དང་༔ སྣང་བ་འོད་དུ་ཤར་བ་འདི་འབྲས་བུའི་གནད་ཀས་སྐུ་གསུམ་གྱི་སྣང་བ་ཡིན་པས་དེ་རིང་ཕྱིན་ཆད་རྡོ་རྗེ་སེམས་དཔའ་དང་ཁྱོད་ལ་ཁྱད་པར་རྡུལ་ཙམ་ཡང་མེད་དོ༔ ཞེས་བསྟན་པའི་ཚིག་གསུམ་མོ༔ དེ་བསྡུ་ན༔ ལུས་ཀྱི་འདུག་སྟངས་འདི་ལྟར་གྱིས༔ ཡུལ་ནམ་མཁའ་སྤྲིན་བྲལ་ལ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཁྱུག་ཁྱུག་པ་འདི་ལྟོས་བྱས་པས་སངས་རྒྱས་དངོས་ཡིན་ནོ༔ ཨི་ཏ ི༔ འདི་
ནི་གང་ཟག་འཇིག་རྟེན་བློ་ཅན་གྱི་དྲུང་ངམ་ཐེག་དམན་རྣམས་ལ་རྣ་ལམ་དུ་ཚིག་གི་ཟུར་ཙམ་ཡང་སྨྲ་བར་མི་བྱའོ༔ གལ་ཏེ་སྨྲས་ན་ཁ་ནས་ཁྲག་སྐྱུག༔ མིག་ཐང་ལ་བྲུལ༔ ཚེའི་འདུ་བྱེད་བྱས་ནས་རྡོ་རྗེ་དམྱལ་བར་བསྐལ་པ་བརྒྱ་ཡི་བར་དུ་མི་ཐར་བར་ཤོག་ཅིག༔ ཅེས་དགའ་རབ་རྡོ་རྗེ་ཉིད་རྡོ་རྗེ་འཆང་དངོས་ཡིན་པ་དེ་ཉིད་ཀྱིས་གདམས་པ་ལས་མི་འདའ་བར་བྱའོ༔ དེ་བས་ན་ཡི་གེ་འདི་འབྱུང་བའི་དགྲས་མི་འཇིག་པའི་སར་བྲག་གི་ཐེམ་པར་སྦས་ཏེ་བཞག་ལ་སྐབས་སུ་དེར་ཕྱིན་ལ་ཐེ་ཚོམ་སེལ་བའི་ཕྱིར་བལྟའོ་གོ༔ མིན་ཏེ་ཡོ་གིའི་ལུས་ལ་བཅངས་ལ་གླེགས་བམ་ཆུང་ངུ་བྱས་ཏེ་ནམ་འཆི་ཁའི་ཚེ་གཏེར་དུ་སྦས་ཏེ་མཁའ་འགྲོ་དང་སྡེ་བརྒྱད་ལ་གཏད་ལ་བཞག་གོ༔ གང་རུང་རུང་དུ་ཚགས་བྱ་ཞིང་གཟུང་དུ་མི་རུང་སྟེ་མཁའ་འགྲོ་མས་དབང་བྱས་པའོ༔ རིག་པ་སྤར་ཟིན་གྱི་མན་ངག་སྙིང་པོ་བསྡུས་པའི་སྒྲོན་མ་ཞེས་བྱ་བ་རྫོགས་སོ༔ ཨིཏི༔ རྡོ་རྗེའི་མཁའ་འགྲོ་མ་ཁྲོ་གདོང་ཞེས་བྱ་བར་གཏད་ནས་ཡོད་པས་ཁྱོད་ཀྱིས་ཟུངས་ཤིག༔ ལྷ་རྗེ་ལྕེ་བཙུན་གྱི་ཞལ་ནས༔ བསྟན་པའི་སྙིང་པོ་འདི་ང་འདས་པའི་འོག་ཏུ་ནི་ཕྱི་མའི་ཚེ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞིག་གིས་རྙེད་ནས༔ མིག་ཟླུམ་པོ་ཞིག་གིས་རྙེད་པའི་ཚེ་ཤ་སྣ་ཚོགས་ཀྱིས་བརྒྱན་པའི་གཏོར་མ་རེ་གཏང་ངོ་༔ དེའི་འོག་ཏུ་ལག་ན་རྡོ་རྗེའི་སྤྲུལ་པ་ཞིག་གིས་དར་བར་བྱེད་དོ༔ གསུངས་སོ༔ སཱ་མཱ་དམ་ཚིག་ཆེན་པོ༔ ཡཱ༔ འཇིག་རྟེན་ཅེར་བཞག་ཉིད་ལ་ཕྱག་འཚལ་ལོ༔ གསང་བའི་མན་ངག་ཡེ་ཤེས་ངེས་པའི་ལུང་༔ ཀུན་གྱི་ཡུལ་མིན་ལས་ཅན་འགའ་ཡི་བཅུད༔ སྒྲ་ཚིག་ཚད་མས་འདི་ཉིད་གཏན་དབབ་ཕྱིར༔ ངེས་ཤེས་བསྐྱེད་འཇུག་གསལ་རང་གི་ལྟ་བ་ལ་ཡིད་ཆེས་པར་བྱ་བའི་ཕྱིར་རིག་པའི་རྒྱབ་བརྟེན་འདི༔
ཡིད་ཆེས་པའི་ལམ་རང་གི་དོན་འདི་གསལ་བའི་དོན་ཆེད་དུ༔ རྟགས་སུ་བཀོད་པའི་ཡི་གེ་འདི་བལྟས་པ་ཙམ་གྱིས་ཤེས་པ་ལྟོས་ཤིག༔ རིག་པ་ཐོགས་པ་མེད་པར་བསྟན་པ༔ ཐོག་ལྟ་བུའི་མན་ངག་གིས་སྣང་བ་ལ་དབྱིངས་ལ་ཡིད་ཆེས་པར་བསྟན་པ་དང་༔ རིག་པ་འགྱུར་བ་མེད་པའི་དོན༔ མིག་དང་རིག་པ་མ་བྲལ་བ་གཟེར་ལྟ་བུའི་མན་ངག་གིས་རིག་པའི་འཆར་སྒོ་ལ་ཡིད་ཆེས་པར་བསྟན་པ་དང་༔ རིག་པ་མཁའ་ལ་ལྡིང་པ་ནི༔ སྐར་མདའ་ལྟ་བུའི་མན་ངག་གིས་བརྟེན་པ་ལ་ཡིད་ཆེས་པར་བསྟན་པ་དང་༔ རིག་པ་ཕྱིར་མི་ལྡོག་པ་ནི༔ ཆོས་ཟད་པའི་ཐབས་གྱད་ཀྱི་མདའ་ལྟ་བུའི་མན་ངག་གིས་རིག་པ་རང་གི་ངོ་བོ་ལ་ཡིད་ཆེས་པར་ངོ་བོར་དག་ཏུ་སོང་བར་བསྟན་པའོ༔ ཨེ་མ་སྐྱེ་བ་མེད་པའི་ཆོས་ཉིད་ནུ༔ ག་ཐཐཱཿདེའི་ཕྱིར་ན་དབྱིངས་རིག་ལ་གཏད་པའི་འབེན་བཅའ་བའི་མན་ངག༔ བརྡེག་པའི་དམིགས་རང་གི་སྨིན་མཚམས་སུ་བཙལ་བ་དང་༔ འཕེལ་བའི་ས་བོན་གོམས་པར་བྱ་བ་གདབ་པ་དང་༔ མཐར་ཕྱིན་པའི་ཚད་རྒྱ་ཆེ་བའི་ནམ་མཁའ་སྦར་གྱིས་གཟུང་བའོ༔ རིག་པའི་རྒྱབ་བརྟེན་བཅུད་རྣམས་བསྡུས་པའི་སྙིང་པོ་ཞེས་བྱ་བ་རྫོགས་སོ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ སརྦ་ཆོས་ཐམས་ཅད་ཀྱི་འདོད་པ་བསྡུས་པའི་སྒྲོན་མ་ཡིན་ཨཱ་པ་ཡཱ༔ རིག་པ་སྣང་བ་དང་སྣང་བ་མ་ཡིན་པ་ཐམས་ཅད་འདུས་ལ་ཕྱག་འཚལ་ལོ༔ རིག་པ་དེ་ཡིན་ན་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་གང་ཡིན་པ་ཞེས་ཐ་སྙད་དུ་ཐ་དད་ཏུ་བསྟན་པ་དེ་རྣམས་གཏན་ལ་འབེབས་ན་འདི་ལྟར་ཡིན་ཏེ་རིག་པ་མངོན་སུམ་གྱི་དོན་མ་རྟོགས་ཤིང་༔ རིག་པའི་ངོ་བོ་དེ་ལ་སྒྲིབ་པ་མེད་པ་ལ་ཐེག་པ་གཞན་མན་ངག་མེད་པ་
དག་གི་ཡིན་པ་ལ་མིན་བྱས་མིན་པ་ཡིན་པར་བརྟགས་པའི་མན་ངག་གིས་བསྒྲིབས་པ་རང་གིས་རང་ངོ་ལ་སྒྲིབ་པ་མ་རིག་པའོ༔ རིག་པ་མངོན་སུམ་རང་དུ་མ་མཐོང་བར་དེ་ལ་ཞེས་འདི་འདྲ་བ་འདོད་པའི་ཐབས་ཡོད་དོ་སྙམ་པ་རྣམས་འདོད་ཆགས་སོ༔ དེའི་དོན་རྒྱུད་ཀྱི་ཚིག་ཏུ་བཀོད་པ་ཡོད་ཀྱང་ལོག་པར་བཀྲལ་ནས་གཞུང་ལོག་པར་སྟོན་པ་ནི་ཞེ་སྡང་ངོ་༔ དེའི་དོན་རང་ལ་ཡེ་ནས་རང་ཆས་སུ་ཡོད་པ་དེ་ངོ་མ་ཤེས་པར་གཞན་གྱི་མན་ངག་དང་གྲུབ་མཐའ་ལ་ལྟོས་པ་རྣམས་ནི་གཏི་མུག་གོ༔ དེའི་དོན་རང་ལ་རིམ་གྱིས་ལ་མ་ལྟོས་པར་ཅིག་ཅར་དུ་མཐོང་དུ་ཡོད་པ་ལ་ཡུན་རིང་པོ་བསྐལ་པ་དུ་མར་འབྲས་བུ་ཐོབ་པར་འདོད་པ་ཕྲག་དོག་ཡིན་ནོ༔ དེའི་དོན་ཚིག་ལུས་དང་ཡུལ་དང་རིག་པ་སྟེ་གསུམ་དུ་འདུས་པ་ལ་ཚིག་མང་པོར་སྟོན་པ་ནི་གཏན་ཚིགས་ཀྱིས་གཏན་ལ་མི་ཕེབས་པས་ང་རྒྱལ་ཞེས་བྱའོ༔ དེ་དག་རྣམས་ཐེག་པ་འོག་མའི་རྗེས་སུ་འབྲངས་པས་ནི་ཉོན་མོངས་པའི་རྣམ་པ་དུ་མ་ནས་བསྡུས་ཏེ་བསྟན་པའོ༔ དེའི་ཕྱིར་ན་གྲུབ་པའི་མཐའ་མང་པོ་བཟུང་བས་མགོ་འཁོར་ཚིག་གསུམ་དུ་འདུས་པ་གཅེས༔ དོན་མེད་པར་ཚིག་མང་པོ་བཤད་པ་འཆལ་པ་འདི་ལ་ལྟོས་དང་བྱ་བ་གཉིས་ཕྲ་བ་ངན་ཡིན༔ གནད་མེད་པར་ཡུན་རིང་པོར་བསྒོམ་པ་ཡིད་དགའ་གནད་གཟིར་བ་གཅེས་ཡིན༔ ངོ་བོ་མཐོང་བར་ལྟ་བ་ལ་འདི་རང་ཡིན་སྙམ་དུ་མཐོང་བ་ཡིད་དཔྱོད་ཡིན་ནོ༔ འགལ་བ་བསྡུས་པའི་སྒྲོན་མ་རྫོགས་སོ༔ ཨྠྀི༔ ༔ རྒྱ༔ ༔ པྲ་ཝ་སྤྲོས་པ་གཅོད་པའི་འཁོར་ལོ་ད་ན་ ཏྱཾཡྱ༔ རྙོག་བྲལ་བདེ་བ་ཆེ་ལ་ཕྱག་འཚལ་ལོ༔ ཕྱི་པ་མུ་སྟེགས་རྟག་ཆད་དུ་འདོད་པ་དང་ཉན་ཐོས་ལ་སོགས་རྡུལ་ཕྲན་
དང་ཆ་མེད་དང་སྟོང་པ་ཉི་ཚེ་འདོད་པ་གསང་སྔགས་ཕྱི་ནང་རིམ་དགུའི་རྟེན་གཞལ་ཡས་བརྟེན་པ་ལྷ་སྔགས་འདོད་པ་དང་༔ ཐིག་ལེ་ཕྱི་སྐོར་ནང་སྐོར་འདི་ཉིད་ཕྱོགས་འགའ་འདི་དག་གྲོལ་བ་འདོད་ཀྱང་རིག་པ་མངོན་སུམ་མ་མཐོང་བས་མི་གྲོལ་བའི་ཕྱིར་ན་ཐམས་ཅད་ལ༔ ཁྱད་པར་ཅུང་ཟད་ཙམ་ཡང་ཡོད་མ་ཡིན༔ དེ་ཅིའི་ཕྱིར་ཞེ་ན༔ མུ་སྟེགས་པ་རྣམས་ཀྱིས་རིག་པའི་དོན་ལ་རེག་པ་མེད༔ ཐེག་པ་རིམ་པ་དགུ་ལ་སོགས་པ་འདི་ཡི་མན་ངག་གི་ཕྱོགས་འགས་ཀྱང་རིག་པ་ཉིད་ལ་རྡུལ་ཙམ་ཡང་རང་ངོ་མཐོང་བ་ལ་མ་རེག་པས་སོ༔ དཔེར་ན་གསེར་གྱི་སྒྲོག་གིས་བཅིངས་པ་དང་༔ ཐག་པའི་སྒྲོག་གིས་བཅིངས་པ་གཉིས་འཆིང་བའི་སྒོ་ནས་ཁྱད་པར་རྡུལ་ཙམ་ཡང་མེད་དོ༔ དེའི་ཕྱིར་ན་ཐེག་པ་སྤྱི་ཡི་གཞུང་འདི་དག་གཞུང་དུ་བཀོད་པ་ལ་དགོས་པ་མེད་དམ་ཞེ་ན༔ ཕྱིའི་སྒྲོ་འདོགས་གཅོད་ཙམ་ལ་དགོངས་པ་ཡིན་ཏེ༔ དེ་དག་དཔེར་ན་གསེར་གཏན་ལ་འབེབས་པ་ལ་གསེར་མ་ཡིན་པ་ཐམས་ཅད་ཚིག་གིས་གཏན་ལ་དབབ་ནས་གསེར་དུ་བསྒྲུབ་པ་ལྟ་བུ་སྟེ༔ ཚིག་མཐའ་ཡས་པས་དོན་ཆོད་པ་མ་ཡིན་ནོ༔ འདི་ནི་དཔེར་ན་གསེར་རང་དུ་གཏན་ལ་ཕབ་ཟིན་ཟིན་པ་དེའི་སྒྲོ་འདོགས་ཆོད་པ་ལྟ་བུའོ༔ དེའི་ཕྱིར་ན་འདོད་པ་གསེར་འདོད་པ་ལ་གཞན་དག་གསེར་མ་ཡིན་དུ་སྒྲོ་ས་དང་རྡོ་དང་ར་གན་སོགས་པ་བཤར་ནས་སྣོད་གསེར་འདོགས་གཅོད་ལ་འདི་ནི་གསེར་གྱི་སྒྲོ་འདོགས་གཅོད་པའོ༔ ཨེ་མ་ཧོཿརིགས་ཀྱི་བུ་ཉོན་ཅིག༔ ཕྱི་ནང་གི་ཐེག་པ་གཞན་དག་གི་ལྟ་བ་ནི་ཡིད་དཔྱོད་ཚིག་ཕྱིར་འབྲང་པས་ཡིད་ལྟ་ཞེས་བྱའོ༔ དེ་ཅིའི་ཕྱིར་ཞེ་ན༔ རིག་པ་འདི་ཉིད་མིག་ལ་མངོན་སུམ་དུ་འོད་གསལ་བའི་ངོ་བོ་མ་མཐོང་ཞིང་བལྟར་མེད་པས་ཡིད་འདི་ཁོ་ན་ཡིན་པར་འདུག་སྙམ་པ་ནི་ཡིད་དཔྱོད་དོ༔ དེ་དག་གི་སྒོམ་པ་ནི་ཞེ་འདོད་ཅེས་བྱའོ༔ དེ་ཅིའི་ཕྱིར་
ཞེ་ན༔ རིག་པའི་སྣང་བ་གོང་ནས་གོང་དུ་འཕེལ་བ་ནི་མ་མཐོང་༔ སེམས་གནས་མི་རྟོགས་པ་བག་ཙམ་པ་གཅིག་ལ་ཆགས་ནས་བདེ་བར་འདུག་སྙམ་པ་ཡིན་ཏེ༔ སེམས་གནས་པ་ལ་བདེ་མི་དགོསསེམས་བཙལ་ཞིང་སྒོམ་དུ་མེད་པར་ཐམས་ཅད་དུ་ཡོད་པ༔ སེམས་རྒྱུན་དུ་ཆགས་པ་ཡིན་གྱིས་དེ་དག་གི་སྤྱོད་པ་ནི་ཅ་ཅོ་ཞེས་བྱའོ༔ དེ་ཅིའི་ཕྱིར་ཞེ་ན༔ དེ་དག་སྣང་སྟོང་གཉིས་སུ་མེད་པར་ནི་མ་ཤེས༔ འདི་ལྟར་བྱས་ན་ཤེས་པ་ལ་ཕན་པར་འདུག་བདེ་བ་བག་ཙམ་འདུག་སྙམ་པ་ཙམ་མོ༔ དེ་དག་གི་འབྲས་བུ་ནི་ལ་ལ་མི་ཚེ་བསྐང་ལ་ལ་བསྐལ་པ་འདྲེན་ཏེ་དུས་ཅན་ཞེས་བྱའོ༔ དེ་ཅིའི་ཕྱིར་ན༔ འདི་ཉིད་སྐུ་གསུམ་རང་ཟད་དུ་ཆོས་ཐམས་ཅད་ཟད་པའི་དབྱིངས་སུ་ནི་མ་ཤེས༔ དུས་འདི་ཙམ་ན་ཐོབ་ནས་འོང་སྙམ་པ་དང་བཅས་པའོ༔ དེའི་ཕྱིར་ན་དེ་དག་རྣམས་ཀྱིས་སངས་རྒྱས་པ་ལ་རྡུལ་བརྒྱར་གཤགས་པའི་ཆ་ཙམ་ཡང་མ་རེག་གོ༔ དེའི་ཕྱིར་ན༔ སྟོང་པར་འདོད་ན་ནམ་མཁའ་ཡིན་ནམ༔ ནམ་མཁའ་ལས་སྟོང་པ་ལྷག་པ་ནི་གང་དུ་ཡང་བཙལ་དུ་མི་རྙེད༔ གསལ་བ་འདོད་ན་ཉི་ཟླ་ཡིན་ནམ༔ ཉི་ཟླ་ལས་ལྷག་པའི་གསལ་བ་ནི་གང་ནས་ཀྱང་མི་རྙེད༔ ཤེས་པར་འདོད་ན་ཐ་མལ་འདི་ཉིད་དམ༔ འདི་མིན་པའི་ཤེས་པ་ལ་སོགས་པ་ནི་གང་ན་ཡང་མེད༔ དྲན་མེད་འདོད་ན་བེམས་པོའམ༔ བེམས་པོ་ལས་དྲན་མེད་ལོགས་པ་གང་ནས་ཀྱང་མི་རྙེད་དོ༔ དེའི་ཕྱིར་ན་སངས་རྒྱས་ཀྱིས་འདི་ཡིན་བྱ་བར་གཏན་ལ་མ་ཕེབས་ཤིང་མ་མཐོང་༔ ལྟ་བ་བྱ་བ་འདི་ལ་ཟེར་བྱ་བ་ཡང་གཏན་ལ་མ་ཕེབས་ཤིང་བསྟན་དུ་མེད༔ དེ་བཞིན་དུ་སྒོམ་པ་འདི་ལ་ཟེར་ཡང་མེད༔ སྤྱོད་པ་འདི་ཡིན་ཡང་མེད༔ རིག་པ་རིག་པ་ཟེར་ཡང་འདི་ཡིན་ནི་མེད་དོ་ཡིད་དཔྱོད་ལས་མེད༔ ལས་དགེ་སྡིག་མེད་ཟེར་ཡང་གནད་ཀ་འདི་ཡིན་བྱ་བ་ནི་མེད༔ ཁ་ཚིག་ཙམ་དུ་ཟེར་
བའི་ཕྱིར༔ འདི་དག་ལ་བསྐལ་པ་སྟོང་དུ་བསྒོམ་པ་དང་བསྒྲུབ་པ་བྱས་ཀྱང་སངས་རྒྱས་ཐོབ་རེ་སྐན༔ གལ་ཏེ་འབྲས་བུ་ཐོབ་པའི་ལས་ཅན་འགའ་བྱུང་ན་འདི་ཉིད་ཀྱི་དོན་རང་གྲོལ་དུ་བྱུང་བ་ཡིན་ནོ༔ དེ་ཡང་མི་སྲིད་དོ༔ གང་དག་སངས་རྒྱ་བ་རྣམས་ནི་ཐ་མལ་འདིའི་སྒོ་རྙེད་ནས་འཚང་རྒྱ་བ་མ་གཏོགས་པ་གཞན་དུ་ནི་མ་ཡིན་ནོ༔ གཞན་འདོད་བསྡུས་པའི་གཅུད་ཕུར་ཞེས་བྱ་བ་རྫོགས་སོ༔ ཨྠྀི༔ ༔ རྒྱ་རྒྱ་རྒྱ༔ སྔགས་ཀྱི་རྒྱལ་མོས་སྲུངས་ཤིག༔ གཏད་པ་ཡིན༔ ཅེས་གཏེར་ནས་གཏེར་དུ་བཙས་པའོ༔ ལས་ཅན་ཅིག་དང་ཕྲད་པར་ཤོག༔ ས་མཱ་པ་སྟོང་པ་ཡེ་ཤེས་ཀྱི་དམ་ཚིག་ཐཱ༔ ཐིག་ལེ་ཆིག་རྫོགས་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ལ་ཕྱག་འཚལ་ལོ༔ ཀྱེ་མ་རིགས་ཀྱི་བུ་སྐལ་བ་དང་ལྡན་པ་ཉོན་ཅིག༔ ངོ་བོ་རང་རིག་པའོ་ཞེས་བྱ་བ་ནི་རྡོ་རྗེ་ལུ་གུ་རྒྱུད་མིག་ནས་འཆར་བ་རང་གི་རིག་པ་འདི་འོ༔ རིག་པ་ཞེས་བྱ་བ་དེ་རང་རང་གིས་མངོན་སུམ་དུ་གཏན་ལ་དབབ་ན་གང་ལགས༔ རིག་པ་ནི་ཤེས་པའི་སྒྲིབ་པ་དང་བཅས་པ་སྟེ་རིག་གེ་སེང་ངེ་བ་སིང་བག་དང་བཅས་པའོ༔ དེ་རང་གང་ལགས༔ དོན་ནི་ནམ་མཁའ་ལ་བསྟན་པའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འཁྲུལ་པ་མེད་པའི་ཤེས་པ་དེ་ཧྲིག་ཧྲིག་དུ་འདུག་ཀྱང་༔ གཟུང་བ་ཡུལ་གྱི་ཆ་དང་འཛིན་ཆ་ཤེས་པས་རྟག་ཏུ་མེད་དེ་སྣང་བ་རང་སྣང་༔ སྣང་བ་ཤར་བ་རང་ཤར༔ གཞི་ལ་གནས་པ་རང་གནས༔ ཤེས་རབ་ཀྱི་མིག་གིས་མཐོང་བ་རང་མཐོང་༔ གཞན་ལ་མ་ལྟོས་པར་གྲོལ་བ་རང་གྲོལ་དུ་གྲོལ་བ་ཡིན་ནོ༔ འགྱུ་བས་སྒྲིན་པ༔ ཤེས་པ་རང་འོད་ཕྲ་ཞིང་སྣང་བས་རིག་པའོ༔ རིག་ཅིང་གསལ་བས་རིག་པའོ༔ དེ་ཡང་མཚན་ཉིད་འཛིན་པའི་རིག་པ་དང་༔ གཞི་འཛིན་པའི་རིག་
པ་དང་༔ གཞི་གནས་ཀྱི་རིག་པ་དང་༔ ལྷག་མཐོང་གི་རིག་པ་དང་༔ ཐོད་རྒལ་གྱི་རིག་པ་སྟེ་ལྔའོ༔ མཚན་ཉིད་འཛིན་པ་ནི༔ ཆོས་སྤྱི་དང་རང་གི་མིང་ཙམ་དུ་བཏགས་པའི་རིག་པ་ཞེས་བྱ་བ་དེ་ལ་བྱ་སྟེ༔ དེ་རང་ནི་ཤེས་པ་མི་རྟོག་པར་གསལ་བ་ཙམ་ཡིན་ཏེ་ཤེས་པ་དུ་མས་སྦགས་པའོ༔ ཉམས་སུ་ལེན་པ་ཙམ་གྱིས་དུས་གཞི་འཛིན་པ་ནི༔ རང་གི་ལུས་ལ་གནས་པའི་དུས་ན་ཤེས་པ་ཐམས་ཅད་བསྐྱེད་ཅིང་རང་གསལ་ཙམ་དུ་གནས་པ་སྟེ་འོད་དང་ཐིག་ལེའི་ཚེ་མ་སྨིན་པའི་རིག་པ་ཞེས་བྱའོ༔ གཞི་གནས་ཀྱི་རིག་པ་ནི༔ ཐོག་མའི་ངོ་བོ་ཀ་དག་གི་གནས་ལུགས་ཏེ་ངོ་བོ་ཀ་དག་གི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གསུམ་ལྡན་དུ་ཡོད་སྟེ་ཆ་ཡིས་མ་གོས་པའི་རིག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་བཞུགས་པ་སྟེ༔ ཡེ་ཤེས་དེ་ཡང་ཐུགས་རྗེའི་ཆ་ཙམ་དུ་ཕྲ་བའི་ཡེ་ཤེས་སུ་གནས་སོ༔ ཡེ་ཤེས་དེ་མེད་ན་སྟོང་པ་ལས་མི་གྲོལ་ནམ་མཁའ་དང་ཁྱད་མེད༔ ཡང་ན་བེམས་པོ་ལས་མི་གྲོལ་བས་ན་ཕྲ་བར་གནས༔ རགས་པའི་ཡེ་ཤེས་སུ་ཁ་དོག་དང་དབྱིབས་སུ་ཡོད་ན་སྤྲུལ་པའི་སྐུ་དངོས་སུ་ཁྱད་མེད་དོ༔ ལྷག་མཐོང་གི་རིག་པ་གདམས་པ་བསྟན་པའི་དུས་ནི༔ གདམས་པའི་ཚེ་སྣང་བ་དེ་ཡིན་པས་རང་དག་ཐིག་ལེའི་སྙིང་པོ་ཅན་ཞེས་བྱ་སྟེ༔ སྣང་བ་མི་འདྲ་བ་དུ་མ་སྟོན་པས་སྐྱེ་བ་མེད་ལས་ཐམས་ཅད་སྐྱེས་པ་སྟེ༔ ཆོ་འཕྲུལ་ཆེན་པོ་ཅིར་ཡང་སྟོན་ཅེས་བྱའོ༔ ཐོད་རྒལ་གྱི་རིག་པ་ནི༔ ཉམས་སུ་བླངས་པས་སྣང་བ་ཚད་དུ་ཕྱིན་ཏེ༔ གང་གི་ངོ་བོར་ཡང་མ་གྲུབ་པས་ཚིག་ལས་འདས་ཏེ་ཆོས་བོར་བ་ཞེས་བྱ༔ ཉམས་ཐམས་ཅད་སྟོང་པས་ཆོས་ཟད་པ་ཞེས་བྱ༔ བླ་མའི་གདམས་པ་
རང་ཡང་མེད་ཅིང་ཟད་པས་ཆོས་ལས་འདས་པ་ཞེས་བྱ༔ ཆོས་ལས་གྲོལ་བ་ཞེས་བྱ་སྟེ༔ སྐྱེས་ཙམ་ཉིད་ན་སྐྱེ་བ་མེད་ཅེས་བྱའོ༔ རིག་པ་དེ་ཐ་དད་ལགས་སམ༔ ཐ་དད་མ་ཡིན་ཏེ་ངོ་བོ་གཅིག་ལས་གང་དུ་ཡང་འགྱུར་བ་མེད་དོ༔ དེའི་གནད་ཀ་ནི༔ རིག་པ་དེ་ཐོག་མར་ཉམས་སུ་བླངས་པ་ནས་ཐ་མ་ཟད་སར་སྐྱོལ་བ་ཚུད་ཆོད་ལ་ངོ་བོ་དེ་ཆེར་སོང་བ་མེད༔ ཆུང་དུ་སོང་བ་མེད༔ མང་དུ་སོང་བ་མེད༔ ཉུང་དུ་སོང་བ་མེད་པས་སོ༔ དེའི་ཕྱིར་ན༔ ངོ་བོ་ལ་འཕེལ་བ་མེད་ཅིང་འགྲིབ་པ་མེད༔ འགྲོ་བ་མེད་ཅིང་གང་ནས་ཀྱང་འོང་བ་མེད༔ བྲི་བ་མེད་ཅིང་གང་བ་མེད༔ ཅེས་པའི་དོན་ཏེ༔ དེ་དང་པོ་གང་ནས་ཀྱང་མ་འོངས༔ ཐ་མ་གང་དུ་ཡང་མི་འགྲོ་བར་སྐུ་གསུམ་རང་ཆས་སུ་གནས་པ་འདི་ཉིད་རང་ཡིན་པས་སོ༔ འོ་ན་འགྲོ་འོང་གིས་བསྟན་པའི་ཚད་དེ་མེད་ན་ཉམས་སུ་བླང་ཡང་མི་དགོས༔ མཐོང་བ་ཙམ་གྱིས་ཆོག་པར་འགྱུར་བས་ཉམས་སུ་བླངས་པས་བརྟན་པའི་ཚད་འཛིན་པ་ནི༔ འགྲོ་འོང་ཉིད་ན་འགྲོ་འོང་མེད༔ ཅེས་བྱའོ༔ དེའི་ཕྱིར་རང་གི་རིག་པ་འདི༔ ཕྲ་བའི་ངོས་ནས་བལྟས་ན་ཟབ་མོ་ཞེས་བྱ༔ ཐིག་ལེ་དང་འོད་དང་སྐུའི་ངོས་ནས་བལྟས་ན་སྣང་བ་ཞེས་ཀྱང་བྱ༔ འགྱུ་ཞིང་བྲིངས་པའི་ངོས་ནས་བལྟས་ན་ཤེས་རབ་ཅེས་ཀྱང་བྱ༔ སྣང་བ་སྣ་ཚོགས་ཤར་བའི་ངོས་ནས་བལྟས་ན་ཡངས་པ་ཡང་ཡིན༔ བྲེངས་ཆགས་པའི་ངོས་ནས་བལྟས་ན་ཐུགས་རྗེ་ཡང་ཡིན༔ གཏད་ཅིང་བལྟར་ཡོད་པའི་ངོས་ནས་བལྟས་ན་དངོས་པོ་ཡང་ཡིན༔ ཉམས་སུ་ལོངས་ཚད་ཟད་སར་ཕྱིན་པའི་ངོས་ནས་བལྟས་ན་སྟོང་པ་ཡང་ཡིན་ནོ༔ ངོ་བོ་གཅིག་ལས་འཕེལ་འགྲིབ་མེད་པའི་ངོས་ནས་བལྟས་ན་ཉག་གཅིག༔ སྣང་བའི་ཆ་གོང་ནས་
གོང་དུ་འཕེལ་བའི་ངོས་ནས་བལྟས་ན་དུ་མ་ཡིན༔ སྣང་བ་བརྗོད་ཀྱིས་མི་ལངས་པར་ཤར་བས་ཀུན་ཏུ་མཐའ་ཡས་པ་ཡང་ཡིན༔ དོན་རིག་པ་གཅིག་ལས་མེད་པའི་ངོས་ནས་བལྟས་ན་འདུས་པ་ཡང་ཡིན༔ རང་བཞིན་མེད་པའི་ཁ་དོག་གི་ངོས་ནས་བལྟས་ན་སྣང་ཡུལ་ཙམ་ལས་ཞེན་ཡུལ་དུ་མེད་པས་གསལ་བ་ཡང་ཡིན་ནོ༔ དེ་ལྟར་སྣ་ཚོགས་སུ་འདུག་པའི་སྣང་བ་ཐམས་ཅད་དེའི་རིག་པའི་ངོ་བོ་ལས་མ་འདས་པའོ༔ དེའི་ཕྱིར་ན་ཁ་ཅིག་ཚིག་གི་ཕྱིར་འབྲང་སྟེ་དོན་མ་མཐོང་བས་ཚིག་གི་ཡིན་ཚུལ་ལ་ལྟོས་པའོ༔ རང་རིག་པ་གཏན་ལ་ཕབ་པ༔ རིག་པ་བསྡུས་པའི་སྒྲོན་མ་རྫོགས་སོ༔ ཨྠྀི༔ ༔ སརྦ་དྷི་ཆོས་ཐམས་ཅད་སྟོང་པ་ཆེན་པོའི་གླིང་དུ་མྱ་ངན་ལས་འདས་པ་ཏྱ་ཨཱ༔ སྐུ་གསུམ་ཡེ་རྫོགས་ཆེ་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ སྐལ་བ་ལྡན་པའི་རིགས་ཀྱི་བུ་ཉོན་ཅིག༔ སྐུ་གསུམ་ཞེས་པ་ནི་ལོགས་ན་མེད་དེ་རིག་པ་ཉིད་དོ༔ དེ་ཡང་རིང་བ་རྒྱུད་ཀྱི་ངོས་ནས་བལྟས་ན་ཕྲ་བར་འདུག་སྟེ༔ དེའི་ཕྱིར་ན་ཟབ་ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་ཏེ་གཞན་ན་ཡོད་པ་ནི་མ་ཡིན་ན༔ བར་གྱི་ངོས་ནས་བལྟས་ན་ལུ་གུ་རྒྱུད་ཀྱི་ཚིག་ཐིག་ལེར་འདུག་པས་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པས་གཞན་ནས་ཡོད་པ་ནི་མ་ཡིན་ནོ༔ མཛད་སྤྱོད་ཀྱི་ངོས་ནས་བལྟས་ན་འགྲོ་ཞིང་གཟུང་བར་དཀའ་ལ༔ ས་གཅིག་ཏུ་ཡུན་ཐུང་བར་འདུག་པས་ཐུགས་རྗེ་སྤྲུལ་པའི་སྐུ་ཡིན་ཏེ་གཞན་ནས་འོངས་པ་ནི་མ་ཡིན་ནོ༔ བར་གྱི་འབྲེལ་ཐག་གི་ངོས་ནས་བལྟས་ན་ཐིག་ལེ་རེ་ལ་སྐུ་རེ་རེ་འཆར་བ་ལུ་གུ་རྒྱུད་དུ་འདུག་པ་སྐུ་གསུམ་འདུ་འབྲལ་མེད་པ་ཞེས་བྱ་བ་ཡིན་པས་རིག་པ་སྐུ་གསུམ་རང་ཆས་ཞེས་བྱའོ༔ རིག་པ་ཡེ་རེ་གནས་པའི་ཚེ་ན་སྐུ་གསུམ་གཞི་བཞག་གི་དགོངས་པ་ཞེས་བྱ༔ རིག་པ་འགྲོ་འོང་ལྟར་སྣང་བ་བཞེངས་པའི་
ཚེ་ན་སྐུ་གསུམ་གཞི་བཞེངས་ཀྱི་དགོངས་པ་ཞེས་བྱ༔ རིག་པ་ཉམས་ལེན་ཚད་དུ་ཕྱིན་པ་གྲོལ་བའི་ཚེ་ན་སྐུ་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ༔ རིག་པ་དག་པའི་ཚེ་ན་ཟད་པའི་ས་ལ་ཕྱིན་པས་སྐུ་གསུམ་ཀ་དག་གི་དགོངས་པ་ཞེས་བྱའོ༔ རིག་པ་སྐུ་གསུམ་དུ་གཏན་ལ་དབབ་པ་སྐུ་གསུམ་བསྡུས་པའི་སྒྲོན་མ་རྫོགས་སོ༔ ཨི་ཏི༔ ལྟ་སྒོམ་སྤྱོད་པ་ཐམས་ཅད་རིག་པ་རང་གི་ངོ་བོར་བསྟན་སརྦ་པ་བྃཿརྡོ་རྗེ་རིག་པ་སྟོང་པ་ཡེ་ཤེས་རང་བཞིན་རྫོགས་ལ་ཕྱག་འཚལ་ལོ༔ ཀྱེ་མ་རིགས་ཀྱི་བུ་ཉོན་ཅིག༔ ལྟ་བ་དང་སྒོམ་པ་སྤྱོད་པ་བྱ་བ་ནི་གཞན་ན་མེད་དེ་རང་གི་རིག་པའོ༔ རིག་པའི་ཡེ་ཤེས་མིག་གིས་བལྟར་ཡོད་པས་ལྟ་བ་ཞེས་བྱའོ༔ དེའི་ཕྱིར་ན་གཞན་གྱི་ཆོས་སྤྱི་ཡི་ལྟ་བ་ནི་ལྟ་བ་མིན་ཞིང་གཏན་ལ་མ་ཕེབས་པའོ༔ དེའི་དོན་ནམ་མཁའི་ངང་དུ་མ་ཡེངས་པར་ཉམས་སུ་བླངས་པས་སྣང་བའི་ཉམས་འོད་ཀྱི་སྣང་བ་དང་ཐིག་ལེ་སོགས་གོང་ནས་གོང་དུ་ཇེ་ཆེར་འཕེལ་བས་མ་སྒོམ་པ་ཞེས་བྱའོ༔ དེའི་ཕྱིར་ན་གཞན་ཐེག་པ་འོག་མའི་གྱི་སྒོམ་པ་ནི་རིག་པ་དངོས་ལ་གོམས་སུ་མེད་པས་ན༔ སྒོམ་པ་མ་ཡིན་ཞིང་གཏན་ལ་མ་ཕེབས་པའོ༔ སྤྱོད་པ་ཞེས་བྱ་བ་ནི༔ སྣང་བ་དེ་ཉིད་ལ་རྒྱུན་དུ་སྤྱོད་པས་ན་སྤྱོད་པ་ཞེས་བྱའོ༔ དེའི་ཕྱིར་གཞན་གྱི་སྤྱོད་པ་ནི་ངོ་བོ་མཐོང་ཞིང་རིག་པ་དང་མ་འབྲེལ་བས་ན་སྤྱོད་པ་གཏན་ལ་མ་ཕེབས་པར་བསྟན་པའོ༔ དེ་ལྟར་རིག་པ་ཉིད་ལ་བལྟར་ཡོད་པ་ལྟ་བ་དང་༔ ཉམས་སུ་བླང་དུ་ཡོད་པ་སྒོམ་པ་དང་༔ དེ་ཉིད་ལ་སྤྱོད་དུ་ཡོད་པའི་ཕྱི་རུ་སྤྱོད་པ་སྟེ་ལྟ་སྒོམ་སྤྱོད་པ་གསུམ་འདུ་འབྲལ་མེད་པ་ཞེས་བྱའོ༔ དེའི་ཕྱིར་ན་རིག་པ་རང་ངོ་ལ་གནས་པའི་ཚེ་ན་ལྟ་སྒོམ་སྤྱོད་པ་གཞི་བཞག་ཅེས་བྱའོ༔ རིག་པ་སྣང་ངོར་ཤར་དུས་བཞེངས་
པའི་ཚེ་ན་ལྟ་སྒོམ་སྤྱོད་པ་གཞི་བཞེངས་ཞེས་བྱའོ༔ རིག་པ་ཕྱི་ནང་གི་འཛིན་པ་ལས་གྲོལ་བའི་ཚེ་ན་ལྟ་སྒོམ་སྤྱོད་པ་ཡོངས་གྲོལ་ཞེས་བྱའོ༔ རིག་པ་ཚད་དུ་ཕྱིན་པ་དག་པའི་ཚེ་ན་ལྟ་སྒོམ་སྤྱོད་པ་ཀ་དག་ཅེས་བྱའོ༔ རིག་པ་ལྟ་སྒོམ་སྤྱོད་པར་གཏན་ལ་ཕབ་པ༔ ལྟ་སྒོམ་སྤྱོད་པ་བསྡུས་པའི་སྒྲོན་མ་རྫོགས་སོ༔ ཨི་ཏི༔ གྷ་ཐིག་ལེ་ཉག་གཅིག་གི་དོན་བསྟན་པས་རིག་པ་ལ་ཡིད་ཆེས་པ་རི་པ་ར་ཐཱ༔ ཐིག་ལེ་འདུས་པའི་སྐུ་མི་འགྱུར་བ་དང་གདལ་བ་ཆེན་པོ་གཅིག་ཡིན་པ་ལ་ཕྱག་འཚལ་ལོ༔ ཀྱེ་མ་རིགས་ཀྱི་བུ་ཉོན་ཅིག༔ ཆོས་སྐུ་ཐིག་ལེ་ལོངས་སྐུ་ཉག་སྤྲུལ་སྐུ་གཅིག་དབྱེར་མེད་ཡིན་ཅེས་བྱ་བ་ནི་རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཡིན་པས་དེའི་དོན་ཉམས་སུ་ལེན་པ་ལ་མ་ཡེངས་པར་གནས་པར་བྱའོ༔ རིག་པའི་ངོ་བོ་ལྟ་བ་ཆོས་སྐུ་དང་འབྲེལ་དེ་མིག་གི་གདངས་གཉིས་དང་མི་འགྱུར་བ་གནས་པས་ཐིག་ཅེས་བྱ་བ་ཡིན་ནོ༔ སྣང་བ་གོང་ནས་གོང་དུ་འཕེལ་བའི་ཕྱོགས་ནས་ལེ་ཞེས་བྱ་སྟེ་ཉམས་སུ་ལོན་དུས་སུ་སྣང་བ་དུ་མ་གདལ་བ་ལོངས་སྐུ་དང་འགྲེལ་བ་འོ༔ ཕྲ་ཞིང་རིང་བའི་ངོས་ནས་བལྟས་ན་ཉག་ཅེས་བྱ་སྟེ་ཟབ་པ་སྤྲུལ་སྐུ་དང་འགྲེལ་པས་སྣང་བ་ཐམས་ཅད་འདྲེན་པར་བྱེད་པའོ༔ སྣང་བ་གང་དང་ཡང་མ་འདྲེས་པར་གནས་པའི་ཕྱོགས་ནས་བལྟས་ན་དུ་མར་སྣང་ཡང་སྐུ་གསུམ་འདུ་འབྲལ་མེད་པས་གཅིག་ཅེས་བྱ་སྟེ་འབྱུང་བ་དུ་མའི་རྐྱེན་དང་བྲལ་བས་སྣང་བ་ཐམས་ཅད་གཅིག་ཏུ་བསྡུས་པའོ༔ དེའི་ཕྱིར་ན་ཐིག་གི་དོན་རིག་པ་མི་འགྱུར་བའི་གདམས་ངག་གིས་རིག་པ་མིག་གི་ལམ་དུ་གཟུང་བ་དང་༔ རིག་པ་ཁྱབ་ཆེ་བའི་ལེའི་དོན་མན་ངག་གིས་རིག་པ་དང་སྣང་བ་དབྱིངས་དང་རིག་པ་ངོ་སྤྲད་པ་དང་༔ རིག་པ་ཟབ་པའི་ཉག་གི་དོན་མན་ངག་གིས་རིག་པ་གསང་བའི་དོན་འཛིན་མེད་དུ་བཞག་པ་
ལ་མཁས་པར་བྱ་བ་དང་༔ རིག་པ་ཟླ་དང་བྲལ་བའི་ཉག་གི་དོན་མན་ངག་གིས་རིག་པ་ཡུལ་གཅིག་ལས་བསྡུས་པར་དབྱིངས་རིག་ཚད་ལ་ཕེབས་པ་བསྟན་པའོ༔ རིག་པ་ཐིག་ལེ་ཉག་གཅིག་ཏུ་གཏན་ལ་ཕབ་པ་ཉག་གཅིག་བསྡུས་པའི་སྒྲོན་མ་རྫོགས་སོ༔ ཨྠྀི༔ ༔ ཨཱི་པཱ་ཡཱ་རིག་པ་དགེ་སྡིག་ལས་འདས་པའི་དོན་ལ་ཡིད་ཆེས་ཤིང་རིག་པ་ཉིད་དུ་བསྟན་པའོ་ཀ་ཡ་ཐྱ་པཱ༔ འབྱུང་བ་དང་ཉོན་མོངས་པ་གང་གིས་ཀྱང་མ་བསྒྲིབས་པ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཉིད་ལ་ཕྱག་འཚལ་ལོ༔ ཁྱབ་ཆེན་དབྱིངས་རིག་རླུང་གི་སྟོབས་ཀྱིས་བཟུང་བར་དཀའ་བའི་རིག་པ་ནིཿརྣམ་དག་ཡུལ་རྐྱེན་བྲལ་བའི་ནམ་མཁའ་སྤྲིན་བྲལ་ལ༔ རི་དྭགས་རྒྱ་ལ་ཚུད་པ་ཇི་བཞིན་དབྱིངས་ཀྱི་ནང་དུ༔ བཅོས་པ་མེད་པའི་མིག་གིས་བཏགས་ཏེ་མི་གཡོ་བར་བཞག༔ སརྦ་བྷ་དྷུ་རེག་པ་ལ་ཟླ་བའི་ཡི་གེ་ཡེ༔ ཀྱེ་མ་ཞེས་སྐལ་ལྡན་ལ་བོད་པ་རིགས་ཀྱི་བུ་ཉོན་ཅིག །་ཅེས་གདམས་པ་༔ རང་བཞིན་རྫོགས་པ་ཆེན་པོའི་ཐ་སྙད་ལས་དགེ་སྡིག་དང་བྲལ་ལོ་ཞེས་བྱ་བ་དེའི་གནད་བསྟན་པ་ནི་རང་གི་རིག་པའི་དོན་མཐོང་བའི་རྣམ་འབྱོར་པ་འདི་ཡི་མན་ངག་ཡོད་པ་ཡིན་ནོ༔ རིག་པ་དེ་ཉིད་བླ་མའི་མན་ངག་དང་འབྲེལ་པ་སྟེ༔ མ་བསྟན་ན་སྡེ་སྣོད་གསུམ་ལ་བློ་འབྱངས་པའི་མཁས་པ་པཎ་ཌི་ཏས་ཀྱང་དོན་ལ་རྡུལ་ཕྲ་རབ་ལ་འབུམ་དུ་བགོས་པའི་ཆ་ཙམ་ཡང་མ་རེག་སྟེ་ཡིད་དཔྱོད་ཙམ་ལས་མངོན་སུམ་དུ་མ་མཐོང་པས༔ དེའི་ཕྱིར་ན་གསང་སྔགས་ཐབས་ལ་བརྟེན་པ་ཞེས་བྱའོ༔ བསྟན་ན་དབུལ་མོ་བ་གླང་རྫིས་ཀྱང་གནད་ལ་བརྟེན་པས་ཆོས་ཉིད་མངོན་སུམ་དུ་མཐོང་བས༔ དེའི་ཕྱིར་ན་ལས་ལ་བཟང་ངན་མེད་པ་སྟེ་བསག་སྦྱང་ལ་མ་ལྟོས་པ་ཞེས་བྱའོ༔ ཉམས་སུ་མ་བླངས་ན་རྡོ་རྗེ་སེམས་དཔའ་ཡང་མི་གྲོལ་
བས་སྟེ་ཚད་ལ་མི་ཕེབས་པས་དེའི་ཕྱིར་ན་མན་ངག་གོམས་ཚད་ལ་ཐུག་པ་ཞེས་བྱ་རྟགས་ཚད་ལ་ཕེབས་པ་གལ་ཆེ་བའོ༔ ཉམས་སུ་བླངས་ན་མཚམས་མེད་པ་ལྔ་ལ་སོགས་པ་བྱས་པ་ཞིག་ཀྱང་སྣང་བ་འདི་ཉིད་ལས་གྲོལ་བས༔ དེའི་ཕྱིར་ན་དགེ་སྡིག་གང་གིས་ཀྱང་རིག་པ་རང་གི་ངོ་བོ་ལ་ཕན་གནོད་མ་བསྐྱལ་བ་ཞེས་བྱའོ༔ དེ་ལྟར་བསྟན་ན་མཚམས་མེད་པ་ལྔ་བྱས་པ་ཞིག་ཀྱང་མི་གྲོལ་མི་སྲིད་པས་སྡིག་པས་དེ་ཉིད་ལ་གོས་པ་མེད་པར་བསྟན་པ་དང་༔ མ་བསྟན་ན་ཀུན་ཏུ་བཟང་པོ་ཡང་གྲོལ་མི་སྲིད་པས་དགེ་བས་དེ་ཉིད་ལ་སྐྱོབ་པ་མེད་པར་བསྟན་པའོ༔ དེའི་ཕྱིར་ན་མན་ངག་གི་གནད་ཀས་རིག་པ་མཐོང་བའི་ཤན་པ་ལྔ་བརྒྱ་དང་༔ རིག་པ་མཐོང་བའི་རྡོ་རྗེ་སེམས་དཔའ་ཡང་ཐ་སྙད་མཁས་ཀྱང་མན་ངག་དང་བྲལ་བའི་སྐྱོན་གྱིས་ཁྱེད་མེད་པར་བསྟན་པའོཿརིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་ལ་དགེ་བས་བསྒྲུབས་པའི་སྣང་བ་མ་གྲུབ་པའི་གནད་ཀ་ནི༔ ཐོག་མ་ཉམས་སུ་བླངས་པ་ནས་ཐ་མ་ཚད་ལ་ཕེབས་པ་ཚུན་ཆད་དུ་དང་པོ་ལས་འཕེལ་འགྲིབ་མེད་ཅིང་ཆེ་ཆུང་མེད་པས་སོ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་ལ་ནི་སྡིག་པས་གནོད་པ་བསྐྱལ་བའི་རྟགས་འདི་ཡིན་བྱ་བ་ཡང་མ་གྲུབཿདེའི་གནད་ཀ་ནི་ཤན་པ་ཉ་བཤོར་བ་རྣམས་ལ་ཡང་བསྟན་ན་གྲོལ་བས་སོ༔ དེ་ཡང་བསྟན་ནས་ཉམས་སུ་བླངས་པའི་ཚེ་རང་བཞིན་གྱིས་བྱིན་རླབས་རྒྱུད་ལ་ཤར་བས་རྣམ་པར་རྟོག་པ་རྒྱུད་ལ་ཡེ་འཆར་མི་སྲིད་པ་དང་༔ ཉམས་གོང་ནས་གོང་དུ་འཕེལ་བའི་ཚེ་རིག་པ་ཉིད་དཀར་པོ་ཕྱོགས་ལ་དབང་བའི་གནད་ཀས་དགེ་བའི་བསམ་པ་ལས་སྡིག་པའི་བསམ་པ་ཡེ་འཆར་མི་སྲིད་པ་དང་༔ ཚད་ལ་ཕེབས་པའི་ཚེ་སྣང་བ་ཅི་ཡི་ངོ་བོར་མ་གྲུབ་པས་དགེ་སྡིག་གང་གིས་ཀྱང་བསམ་པ་ཡེ་མི་འཆར་བས་སོ༔ མཐོང་བའི་ཚེ་རྩོལ་སྒྲུབ་ཀྱི་དགེ་བ་ལྟར་སྣང་བས་རིག་པའི་དོན་གྱི་ཉམས་ལེན་གཡེལ་བས་དགེ་བའི་བྱ་བ་ཅི་བྱས་ཀྱང་སྣང་བ་འཕེལ་བའི་
གྲོགས་ལ་སྤུ་ཙམ་ཞིག་ཀྱང་མ་ཕན་པས་དགེ་བ་བྱར་མེད་པར་བསྟན་པ་དང་༔ ཉམས་སུ་ལེན་པའི་ཚེ་བསད་བཅད་ཀྱི་ལས་ཅི་བྱས་ཀྱང་དེའི་རྟོག་པ་རང་གྲོལ་བས་སྣང་བ་འགྲིབ་པའི་རྒྱུ་སྤུ་ཙམ་ཡང་མེད་པས་སྡིག་པ་བྱས་ཀྱང་མི་འགྲིབ་པས་གཉིས་སུ་འཛིན་པ་ཐམས་ཅད་བསྒྲལ་བར་བསྟན་པ་དང་༔ ཚད་ལ་ཕེབས་པའི་ཚེ་རིག་པ་རང་ཡུལ་རྙེད་པས་དགེ་སྡིག་གང་གིས་ཡང་ངོ་བོར་མ་གྲུབ་པ་ལ་དགེ་སྡིག་ལས་འདས་པར་བསྟན་པའོ༔ དེའི་ཕྱིར་ན་བྱ་བྱེད་དུ་མ་སོང་བར་དགེ་བའི་རྒྱུན་ཐག་བཅད་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དང་ཉེ་བར་བསྟན་པ་དང་༔ སེམས་ཅན་། མས་ཅད་བསྒྲལ་ན་སྣང་བ་གཉིས་རྟོག་གི་འཛིན་པ་དང་བྲལ་བས་དང་ཕྲད་པར་བསྟན་པ་དང༔ དགེ་སྡིག་གང་ཡང་མེད་ན་ཆོས་ཟད་པའི་གནད་ཀས་སྣང་བ་རང་སོ་ཡིན་པར་བསྟན་པའོ༔ རིག་པ་མཐོང་བའི་ཚེ་སངས་རྒྱས་དེ་ཉིད་རང་ཡིན་པས་གཞན་ནས་འབྲས་བུ་ཐོབ་པར་འདོད་པའི་ཞེན་པ་སངས་རྒྱས་བྱ་བའི་མིང་ཡང་མེད་པས༔ སངས་རྒྱས་སུ་མིང་འདོགས་པའི་སྟོན་པ་འཁྲུལ་པར་བསྟན་པ་དང་༔ རིག་པ་ཉམས་སུ་བླངས་པའི་ཚེ་ན་འཁོར་བ་ཡེ་སངས་རྒྱས་པས་དམྱལ་བ་བྱ་བའི་མིང་ཡང་མེད་པས་དམྱལ་བར་འདོགས་པའི་སྟོན་པ་བདུད་ཀྱིས་ཁྱེར་བར་བསྟན་པ་དང་༔ རིག་པ་ཚད་ལ་ཕེབས་པའི་ཚེ༔ རང་ངོ་རྣམ་པར་དག་པའི་གནད་ཀས་སངས་རྒྱས་དང་དམྱལ་བ་མ་གྲུབ་པར་བསྟན་པའོ༔ དེའི་ཕྱིར་ན་སངས་རྒྱས་ཀུན་ཏུ་བཟང་པོ་དང་དམྱལ་བ་ཆོས་ཀྱི་རྒྱལ་པོ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་བསྟན་པའོ༔ རིག་པ་མཐོང་བའི་ཚེ་གདམས་པ་བསྟན་པ་འཁྲུལ་བྱ་བ་རང་གི་ངོ་བོ་ལ་མིང་ཡང་མེད་པར་བསྟན་པས་འཁྲུལ་གཞི་རྩད་ནས་གཅོད་པའི་གང་ཟག་བླུན་པོ་ཡིན་པར་བསྟན་པ་དང་༔ རིག་པ་ཉམས་སུ་ལེན་པའི་ཚེ་ལུས་ངག་གི་བྱ་བ་དགེ་བ་བྱས་པ་ཐམས་ཅད་འཁྲུལ་པ་ཡིན་པར་
བསྟན་པས་དོན་མ་མཐོང་བའི་ངོ་སྤྲོད་མཁན་དཔེ་ལ་ཞེན་པ་སྒྲིབ་ཤིང་ཡིན་པར་བསྟན་པ་དངཿརིག་པ་ཚད་ལ་ཕེབས་པས་ཆོས་ཟད་པའི་ཚེ་འཁྲུལ་མ་འཁྲུལ་གང་གི་ཡང་ངོ་བོར་མ་གྲུབ་པས་རིག་པ་འཁོར་འདས་ལས་འདས་པ་ཞེས་བྱའོཿདེའི་ཕྱིར་ན་ལུང་ལ་འཁྲུལ་པ་མེད་པ་ལ་ཐམས་ཅད་ཚིག་གིས་བསྒྲིབས་པས་མན་ངག་ལ་འཁྲུལ་པ་བྱུང་བ་ཞེས་བྱའོ༔ རིག་པའི་སྣང་བ་མཐོང་བའི་ཚེ་མི་རྟོག་པ་སྒོམ་པ་ལས་བྱུང་བ་མ་ཡིན་པར་མ་རྟོགས་པས་སེམས་གནས་འབའ་ཞིག་རྒྱུད་ལ་བརྟེན་པའི་སྒོམ་ཆེན་ཚི་བ་ཆད་པར་བསྟན་པ་དང་༔ རིག་པ་ཉམས་སུ་ལེན་པའི་ཚེ་རྣམ་པར་རྟོག་པར་འབྱུང་མི་སྲིད་པས་རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ་བར་བསྟན་པ་དང་ཿརིག་པ་ཚད་ལ་ཕེབས་པའི་ཚེ་རྟོག་པ་དང་མི་རྟོག་པ་གང་གི་ངོ་བོར་གྲུབ་པས་རིག་པ་བསམ་ངོ་ལས་འདས་པ་ཞེས་བྱའོ༔ དེའི་ཕྱིར་རྡོ་རྗེ་ལུ་གུ་རྒྱུད་ཚིག་ཐ་སྙད་ཀྱི་ཆོས་ཀྱིས་གཏན་ལ་མི་ཕེབས་པ་ཞེས་བྱའོ༔ ཨེ་མ་ཧོ༔ རིགས་ཀྱི་བུ་ཉོན་ཅིག༔ རང་གི་རིག་པ་ཉིད་ལ་ནན་ལྟར་ལྟོས་དང་༔ རིག་པའི་ངོ་བོ་ལ་བརྟགས་ཀྱང་རང་བཞིན་མ་གྲུབ་པས་དགེ་བའི་ཕྱོགས་འདུག་གམ༔ གྲངས་སུ་བཅད་པའི་ཡི་གེ་འབྲི་མཆོད་སོགས་དགེ་བ་བཅུའི་ངོ་བོར་འདུག་གམ༔ བསག་པར་བྱ་བའི་བསོད་ནམས་དང་ཡེ་ཤེས་སུ་བཏགས་པའི་ཚོགས་གཉིས་འདུག་གམ༔ སྤྱད་པར་བྱ་བའི་ལྟ་སྒོམ་སྤྱོད་པ་འདུག་གམ༔ ཐོབ་པར་བྱ་བའི་སྐུ་གསུམ་གྱི་འབྲས་བུ་འདུག་གམ༔ བྱ་བྱེད་མེད་པས་བསྐུར་བར་བྱ་བའི་དབང་འདུག་གམཿཚིག་མེད་པས་བཟླས་པར་བྱ་བའི་སྙིང་པོ་འདུག་གམ༔ སྣང་བ་རང་ཆས་ཡིན་པས་བསྐྱེད་པར་བྱ་བའི་གཞལ་ཡས་ཁང་འདུག་གམ༔ སྐུ་རང་སྣང་ཡིན་པས་བསྒོམ་པར་བྱ་བའི་ལྷ་འདུག་གམ༔ ཐམས་ཅད་རང་ལ་ཤར་བས་མཆོད་ཅིང་བཤགས་པའི་བདག་པོ་འདུག་གམ༔ མིང་ཐམས་ཅད་དང་བྲལ་བས་སྡོམ་པར་བྱ་བའི་དམ་ཚིག་འདུག་གམ༔ སྤྲོས་པ་ཐམས་ཅད་དང་བྲལ་བས་
བཤད་ཅིང་བསྟན་པའི་ཆོས་ཉིད་འདུག་གམ༔ ཀྱེ་མ་རིགས་ཀྱི་བུ་དེ་དག་གི་ངོ་བོར་གང་ཡང་མི་འདུག་པས༔ དགེ་བ་བྱས་པས་རིག་པ་ལ་ཕན་པ་རྡུལ་ཆ་ཙམ་མ་བཏགས་པས་རྟག་ཏུ་ལུས་ངག་གི་བྱ་བ་བཏང་ལ་དགེ་སྦྱོར་རྒྱུན་གཅད་པ་རིག་པ་ངོ་བོ་གཟུང་བར་དཀའ་ཡང་རྩ་དལ་བས་འགྲུབ་པའི་གནད་དཀའོ༔ ཨེ་མ་ཧོཿརང་གི་རིག་པ་ཉིད་ཀྱི་ངོ་བོ་ལ་ལྟོས་དང་༔ རིག་པ་ལ་ཕྱོགས་དང་རིས་སུ་མེད་པས་དམྱལ་བ་ལ་སོགས་རིགས་དྲུག་གྲུབ་ནས་འདུག་གམཿཚ་གྲང་ལ་སོགས་སྡུག་བསྔལ་གྲུབ་ནས་འདུག་གམ༔ མ་རིག་པ་ལ་སོགས་འཁྲུལ་པ་གྲུབ་ནས་འདུག་གམ༔ གཏི་མུག་ལ་སོགས་ཉོན་མོངས་པ་གྲུབ་ནས་འདུག་གམཿཕུང་པོ་ཁམས་དང་སྐྱེ་མཆེད་གྲུབ་ནས་འདུག་གམ༔ དབང་པོ་ཡུལ་དང་ཤེས་པ་གྲུབ་ནས་འདུག་གམཿལུས་ངག་སྡིག་དང་རྣམ་སྨིན་གྲུབ་ནས་འདུག་གམ༔ སྣང་བ་ཉིད་དང་མི་སྣང་གྲུབ་ནས་འདུག་གམ༔ ཀྱེ་མ་རིགས་ཀྱི་བུ་དེ་དག་གང་གི་ངོ་བོར་ཡང་མ་གྲུབ་པས་རིག་པ་ཉིད་ལ་ག །ང་གི་ངོ་བོར་ཡང་མ་གྲུབ་པས་སྡིག་པས་གནོད་པ་མི་སྐྱེལ་ཏེ་བསད་བཅད་ཀྱི་ལས་ཅི་བྱས་ཀྱང་རིག་པ་ལ་ལྟུང་བྱེད་ཀྱི་རྒྱུ་རྡུལ་ཙམ་ཡང་མེད་པར་བསྟན་པའོཿཨེ་མ་ཧོཿརིགས་ཀྱི་བུ༔ རིག་པ་མཐོང་བའི་དུས་ཉམས་སུ་ལེན་པའི་དུས་ཚད་ལ་ཕེབས་པའི་དུས་ཏེ་དུས་གསུམ་གྱི་གནས་པ་ལ་མཁས་པའི་སྐལ་ལྡན་ནིཿབསྐལ་པ་སྟོང་གི་སངས་རྒྱས་པས་རྒན་པ་ཞེས་བྱའོཿདེ་ཅིའི་ཕྱིར་ཞེ་ནཿརིག་པ་མཐོང་བའི་དུས་ན་ཡིད་ཆེས་པ་མཆོག་ལ་གནས་པས་ད་ལྟའི་སངས་རྒྱས་སྟོང་དང་སྐལ་པ་མཉམ་པ་ཞེས་བྱའོཿརིག་པ་ཉམས་སུ་ལེན་པའི་དུས་ན་ངོ་ཤེས་པ་མཆོག་ལ་གནས་པས་སྣང་བ་མི་འདྲ་བ་གོང་ནས་གོང་དུ་འཕེལ་བས་མ་འོངས་པའི་སངས་རྒྱས་སྟོང་དང་སྐལ་པ་མཉམ་པ་ཞེས་བྱའོཿསྣང་བ་ཚད་དུ་ཕྱིན་པའི་ཚེ༔ ཐག་ཆོད་པ་མཆོག་ལ་གནས་པ་སྟེ་སྣང་
བ་རང་དག་ཏུ་སོང་བས་འདས་པའི་སངས་རྒྱས་སྟོང་དང་སྐལ་བ་མཉམ་པ་ཞེས་བྱའོ༔ དེའི་ཕྱིར་ན་རིག་པ་དགེ་སྡིག་འདི་ལྟར་ཞེས་གང་གི་ངོ་བོར་ཡང་མ་གྲུབ་ལ༔ གང་གི་ངོ་བོར་དགེ་སྡིག་སོགས་ཡང་འབྱུང་བས་ཇི་ལྟར་བྱས་ཀྱང་མ་བཀག༔ མི་འགེགས༔ མ་འགགས་པས་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་ཞིང་དབང་བསྐུར་བ་ཞེས་བསྟན་པའོ༔ དེའི་ཕྱིར་ན་དང་པོའི་གཞི་ཡིན་པས་སངས་རྒྱས་པས་ཀྱང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྔར་བྱུང་བ་ཞེས་བསྟན་པའོ༔ རིགས་ཀྱི་བུ་རང་གི་རིག་པ་ལ་འདུག་ཚུལ་གསུམ་གྱི་བདག་ཉིད་པ་ཞེས་བྱའོ༔ ཅིར་ཡང་མ་གྲུབ་པའི་ངོ་བོ་དང་སྣ་ཚོགས་འཆར་བའི་རང་བཞིན་དང་༔ འཛད་པ་མེད་པའི་ཐུགས་རྗེའོ༔ དེ་ལྟར་ཅིར་ཡང་མ་གྲུབ་པའི་ངོ་བོ་ཀ་ནས་དག་པ་གཞི་ཆེ༔ སྣ་ཚོགས་སྣང་བའི་རང་བཞིན་ལྷུན་གྱིས་གྲུབ་པ་ཁྱབ་ཆེ༔ འཛད་པ་མེད་པའི་ཐུགས་རྗེ་ཡུལ་ཡུལ་ཅན་དུ་མེད་པས་འཕྲིན་ལས་འགྲུབ་ཆེ༔ དེ་ཅིའི་ཕྱིར་ཞེ་ནཿགཞི་ཆེ་བས་དུས་ལ་འཕོ་འགྱུར་མེད་པ་དང་༔ ཁྱབ་ཆེ་བས་མཐའ་དབུས་སུ་བསྡུས་པ་དང་༔ འགྲུབ་ཆེ་བས་བྱས་པ་ཆུད་མི་གསོན་པའོ༔ རིག་པ་དགེ་སྡིག་ལས་འདས་པར་གཏན་ལ་ཕབ་པ༔ དགེ་སྡིག་བསྡུས་པའི་སྒྲོན་མ་རྫོགས་སོ༔ ལས་འཕྲོ་ཅན་དང་ཕྲད་པར་ཤོག༔ གསང་སྔགས་ཀྱི་རྒྱལ་མོས་བཀའ་འདི་སྲུངས་ཤིག༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ༔ རང་གཞན་གྱི་ཤེས་རྒྱུད་སྨིན་གྲོལ་དུ་གྱུར་ཅིག༔ ༔
རིན་པོ་ཆེ་རླུང་གི་པྲ་ཁྲིད།
རིན་པོ་ཆེ་རླུང་གི་པྲ་ཁྲིད་བཞུགས་སོ༔༼ཕྲ་ཡིག༽
རྒྱ་གར་སྐད་དུ༔ རཏྣ་བྷ་ཡུ་ཏི་ཡཱ་ཀཱཿབོད་སྐད་དུ༔ རིན་པོ་ཆེ་རླུང་གི་པྲ་ཁྲིད༔ དཔལ་མི་འགྱུར་བའི་སྐུ་ལ་ཕྱག་འཚལ་ལོ༔ དད་དང་ལྡན་ཞིང་བརྩོན་འགྲུས་དང་ལྡན་པ༔ རྟག་ཏུ་ཐེག་པ་མཆོག་ལ་རབ་ཏུ་དདཿམི་འགྱུར་སྟོང་པའི་འབྲས་བུ་འདོད་པ་རྣམས༔ མཆོག་ཏུ་གསང་བའི་ཐབས་འདིར་སུ་འཇུག་པ༔ དེས་ནི་མཆོག་དང་ཐུན་མོང་དངོས་གྲུབ་ཐོབཿསྟོང་པ་ཉིད་ལ་དབང་བསྒྱུར་ངེས་པ་ཐོབ༔ སྔགས་དང་ཕྱག་རྒྱ་རྣམས་ནི་མ་བསྒྲུབས་འགྲུབ༔ དེས་ན་འདི་ལ་རྟག་ཏུ་གོམས་པར་བྱ༔ གཅིག་དང་རིམ་གྱིས་འབྲས་བུ་བདེ་འདོད་པ༔ འདི་ལྟར་ལུས་ངག་གཅུན་པ་མཆོག་ཡིན་ནོ༔ སརྦ་པ་པཾ༔ ཀྱེ་མ༔ རིགས་ཀྱི་བུ་དད་པ་མཆོག་དང་ལྡན་པ་རྣམས་རིག་པ་མངོན་སུམ་གྱི་དོན་ལ་འཇུག་པའི་ཕྱིར༔ གསང་སྔགས་ཀྱི་ཐབས་འདི་ལྟ་བུ་ལ་བསླབ་པར་བྱའོ༔ དང་པོ་ཐབས་སྣ་ཚོགས་ཀྱི་བླ་མ་མཉེས་པར་བྱས་ལ་གསང་བའི་མན་ངག་རྣམས་ཚུལ་དང་མཐུན་པར་ཞུས་ཏེ༔ རང་གི་བློ་ལ་ལོངས་པར་བྱས་ལ༔ དེ་ལ་ཡང་ནས་ཡང་དུ་སྒྲོ་འདོགས་བཅད་དེཿདེ་ནས་མཆོད་པ་དང་༔ རང་རྐྱེན་མ་ཡིན་པའི་ཡུལ་རབ་དུ་དབེན་ཞིང་ཉམས་དགའ་བར༔ གྲོགས་ལྟ་སྤྱོད་མཐུན་པ་དང་སྡེབས་ཏེ༔ འབྲས་བུ་འདི་ལྟར་བསྒོམ་པར་བྱའོ༔ གནས་ཁང་ཡིད་དང་མཐུན་པར༔ ལུས་ཀྱི་གནད་སྟན་བདེ་བའི་སྟེང་དུ་རྐང་པ་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཅའ་བ་དང་༔ ལུས་དྲང་པོར་བསྲང་སྟེ༔ ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱ་བ་དང་༔ མཇིང་པ་ཡིད་ཙམ་དགྱེ་བར་བྱ་བ་ནི་ལུས་ཀྱི་འདུག་སྟངས་སོ༔ དེ་ལྟར་ལུས་ལ་རླུང་གི་མན་ངག་བཞི་བསྒོམ་པ་ནི་ཕྱིའི་ཐིག་ལེ་ལ་བསླབ་པར་ཞེས་བྱ་བ་སྟེ༔ རྟག་
ཏུ་རླུང་ལ་གོམས་ཤིང་འདྲིས་པས་ཐ་མལ་རླུང་ལ་དབང་བསྒྱུར་བ་ནི༔ རླུང་ནི་གང་ན་གནས་པ་ནི༔ དེ་དང་དེ་ན་སྣང་བ་སྟེ༔ སྣང་བ་རྣམ་པ་གསུམ་དག་གི༔ རྣལ་འབྱོར་པ་ཡིས་ཡེ་ཤེས་བསྒྲིམས༔ གལ་ཏེ་རླུང་ནི་ཟད་པ་ནི༔ སྣང་བ་ཉིད་ནི་ཟད་པར་གྱུར༔ ཅི་སྟེ་སྣང་བ་མ་ཟད་ན༔ གཟུགས་ཅན་རྣམས་ནི་གྲོལ་མི་སྲིད༔ དེས་ན་རླུང་ལ་གོམས་པ་གཅེས༔ རླུང་ནི་ཟད་ཅིང་སྟོང་པའི་ཐབས༔ ཐབས་འདི་ཉིད་ལ་གོམས་པར་བྱ༔ ཞེས་པས་རླུང་ལོག་ནས་ཡེ་ཤེས་སྐྱེ་བའི་མན་ངག་ནི༔ དེ་ཡང་འདི་ལྟར་ངོས་བཟུང་སྟེ་བསྒོམ་པར་བྱའོ༔ རླུང་གི་དབྱིབས་ལ་བསླབ་པ་དང་༔ ཁ་དོག་ལ་བསླབ་པ་དང་༔ གྲངས་ལ་བསླབ་པ་དང་༔ འགྲོ་འོང་ལ་བསླབ་པ་དང་༔ རླུང་བུམ་པར་གཞུག་པའི་མན་ངག་ལ་བསླབ་པའོཿདབྱིབས་ལ་བསླབ་པ་ནི་ལུས་གོང་ལྟར་བྱས་ལ༔ རང་གི་དཔྲལ་བའི་སྨིན་མའི་མཚམས་སུ༔ རླུང་སེམས་འདྲེས་པའི་ཐིག་ལེ་ཟླུམ་པ་ཤིན་ཏུ་གསལ་བ་ཞིག་ལ་ཤེས་པ་གཏད་དེ༔ མིག་ཀྱང་དེར་གཏད་ལ་བསྒོམ་སྟེ༔ དེ་རླུང་ཕར་ལ་སོང་བའི་ཚེ་ཧྲིལ་ལི་ལི་བར་སྣང་ལ་སོང་བར་བསྒོམ་སྟེ༔ དེའི་ཚེ་ལུས་ཀྱང་ཕར་སོང་བར་བསྒོམ༔ ཤེས་པ་སྟོང་སང་སང་བསྒོམ༔ ཚུར་སྡུད་པའི་ཚེ་ཧྲིལ་ལི་ལི་རང་གི་དཔྲལ་བའི་སྟེང་དུ་གྲང་སིང་སིང་འདུག་པར་བསྒོམ༔ དེའི་ཚེ་རྣལ་འབྱོར་པ་གྲང་བ་ཆེ་ན་དེ་ཚ་སིང་སིང་བསྒོམ༔ ཚད་པའི་རོའི་ཚད་པ་ཆེ་ན་གྲང་བར་བསྒོམ༔ དེ་ལ་གནས་པའི་ཚེ་ན་རང་གི་ལུས་སེམས་བདེ་སང་སང་པ་ལ་སྟོང་པའི་རྒྱས་བཏབ་ཅིང་བསྒོམ་མོཿདེ་ལྟ་བུ་ལ་ཡང་ནས་ཡང་དུ་ཡུན་རིང་པོར་བསྒོམས་པས༔ ཕྱིའི་རྟགས་སུ་ལུས་ཡོད་པ་མི་ཚོར་བ་དང་༔ འབུ་
སྲིན་ལ་སོགས་པའི་སྲོག་ཆགས་མི་འབྱུང་བ་དང་༔ སྣང་བ་གཞན་ལ་ཡིད་མི་འཇུག་པའོ༔ ནང་གི་རྟགས་སུ་དེ་ཉིད་གྲང་བར་བསྒོམས་ན་ལུས་ཀྱི་ཚད་པ་ཞི་ནད་དང་བྲལ་བ་དང་༔ ཚ་བར་བསྒོམས་ན་གྲང་རླུང་དང་ཁྲག་དང་མཁྲིས་པའི་ནད་དང་༔ སྙིང་རླུང་ལ་སོགས་པ་འདོན་ནོ༔ གསང་བའི་རྟགས་ནི་དེ་ཉིད་བརྟན་པའི་ཚད་ཡིན་ཏེ༔ ཐིག་ལེ་ཕར་སོང་བའི་དུས་སུ་ལུས་ཀྱང་བར་སྣང་ལ་ཕར་ཡེར་ཡེར་སོང་བར་མངོན་ཏེ་ལུས་དངོས་སུ་བར་སྣང་ལ་འཕགས་པ་དག་ཀྱང་འོང་ངེས་སོ༔ དེ་གནས་པའི་ཚེ་ཚ་བར་བསྒོམས་ན་ལུས་ཐམས་ཅད་ཚ་མེར་གྱིས་འགྲོ་བ་འོང་སྟེ༔ ལུས་ལ་གོས་མི་དགོས་པ་འོང་ངེས་སོ༔ གྲང་བར་བསྒོམས་ན་ལུས་ཐམས་ཅད་གྲང་སིང་སིང་འོང་སྟེ༔ དངོས་སུ་འདར་ཡེངས་པ་འོང་ངོ་༔ དེའི་ཚེ་རླུང་གར་གཏད་པའི་སར་མི་འཕྲོ་བར་སྡོད་པ་རྣམས་ནི་བརྟན་པའི་ཚད་ཡིན་ནོ༔ ཨྠྀི༔ ༔ རབ་ཏུ་གསང་ངོ༔ ༔ དེ་ལྟ་བུ་ལ་བློ་མ་ཚུད་ན་འདི་ལྟ་བུ་ལ་བསླབ་པར་བྱའོ༔ ཁ་དོག་ལ་བསླབ་པ་ནི༔ རང་གི་ལུས་གོང་ལྟར་བྱས་པའི་མགྲིན་པའམ་ལྟེ་བར༔ རླུང་གི་རྡོ་རྗེ་ཁ་དོག་སྔོན་པོ་ནས་ཙམ་ཞིག་བསྒོམ་སྟེ༔ དེ་ལ་ཤེས་པ་གཏད་ལ་རླུང་ཕར་སོང་བའི་ཚེ་དེ་ཡང་སྔོ་རྒྱང་རྒྱང་རིང་པོར་སོང་བར་བསྒོམ༔ ཚུར་ལུས་ཀྱི་ནང་དུ་ཐིམ་ཐིམ་སོང་བར་བསྒོམ་སྟེཿདེའི་ཤེས་པ་བདེ་ཕྲིལ་ཕྲིལ་བ་ལ་རང་རྟག་ཏུ་བསྒོམ་པའོ༔ རྟགས་གོང་གི་རྟགས་ཀྱི་སྟེང་དུ་བརྟན་པའི་ཚད་འདི་ལྟ་བུ་འབྱུང་ངོ་༔ ཕར་སོང་བའི་ཚེ་ཤེས་པ་ནམ་མཁའ་ལ་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟར་ཕྱོ་ཕྱོ་སང་སང་བ་སྙམ་བྱེད་པ་དང་༔ ཚུར་རྔུབ་པའི་ཚེ་བདག་གི་ལྟོའི་ནང་ན་རྡོ་རྗེ་དེ་ཡོད་པ་སྙམ་བྱེད་པའམ་ལྟོ་བ་མི་བདེ་བ་འོང་སྟེ༔ བདག་ཉིད་ཀྱིས་དེའི་ཚེ་ཟས་ཀྱི་
འདུ་ཤེས་ཆོད་ཅིང་ཟས་དང་བྲལ་བ་ཡང་ཞག་དུ་མ་འོང་སྟེ༔ དེ་ལས་ཡུན་རིང་དུ་འགྲོ་བ་འོང་མི་སྲིད་དོ༔ དེ་ལྟར་བྱུང་ཙམ་ན་སྣང་བ་ཐམས་ཅད་སྟོང་པར་བསྒོམ་མོ༔ རྒྱ་རྒྱ་རྒྱ༔ ལས་ཅན་ཅིག་དང་ཕྲད་པར་ཤོགཿཨི་ཏི༔ ཁ་དོག་ལ་བསླབ་པ་ཁ་ཅིག་ནི༔ འདི་ལྟར་བསླབ་པར་བྱ་སྟེ༔ རྩ་ནི་འཁོར་ལོ་དང་པོ་ལ་བརྟེན་པ་དང་༔ གཉིས་པ་དང་༔ གསུམ་པ་དང་༔ བཞི་པ་ལ་བརྟེན་པ་སྟེ༔ རྩའི་ནང་ན་རང་གཞན་གྱི་ཡི་གེ་གནས་ཏེཿདེ་དག་ནི་ཁ་དོག་ལ་བསླབ་པ་དང་༔ དེ་ཡང་ཨཱ་ལི་ཀཱ་ལིའི་ཚོགས་ཀྱི་ཁ་དོག་རྩ་དང་མཐུན་པ་ལ་ཤེས་པ་གཏད་དེ་བསྒོམ་པ་དང་༔ ཀཱ་ལི་ལ་བསླབ་པ་དང༔ ཨཱ་ལི་ཀཱ་ལིའི་ཡན་ལག་རྣམས་ལ་དམིགས་པ་གཏད་དེ་བསྒོམ་པའོ༔ དེ་དག་གི་ཡི་གེ་དང་ཁ་དོག་ནི་རྩ་གནས་རིན་པོ་ཆེའི་འཁོར་ལོར་ཤེས་པར་བྱའོ༔ ཡི་གེ་དེ་དག་ཀྱང་ཕར་འགྲོ་ཚུར་འོང་ལ་བསླབ་པ་དང་ཿམི་འགུལ་བ་ལ་ཤེས་པ་གཏད་པ་གཉིས་ཀྱིས་དེའི་མན་ངག་གོ༔ ཨི་ཏི༔ ༔ རླུང་གི་གྲངས་ལ་བསླབ་པ་ནི༔ སྐྱེས་བུ་ན་ཚོད་དར་ལ་བབ་པ་ཞིག་ལ༔ ལུས་ལ་ནད་མེད་པ་ལུས་ངག་སོས་དལ་བ༔ རྒས་པ་རྣམས་ནི་སོས་དལ༔ གཞོན་པ་རྣམས་རླུང་མྱུར་སྟེ་གྲངས་མང་དུ་རྒྱུ༔ དེའི་ཚད་ནི་རྒན་གཞོན་བར་དར་ལ་བབ་པ་ཞིག་ལཿཉིན་ཞག་གཅིག་ལ་རླུང་ཉི་ཁྲི་དང་དྲུག་བརྒྱ་རྒྱུ་སྟེ༔ དེ་ཉིད་ཀྱི་གྲངས་ལ་རྣལ་འབྱོར་པ་རྣམས་ཀྱིས་བསླབ་པར་བྱ་སྟེ༔ དེ་ཉིད་བསྒོམ་པའི་ཚེ་ལུས་གནད་གོང་ལྟར་བཅོས་པའི་སྟེང་དུ༔ མཇིང་པ་ཕྱིར་མི་དགྱེ་བར་བྱ་སྟེ༔ མིག་བར་སྣང་ལ་ཧར་པོར་གཏད༔ ཁ་ཡིད་ཙམ་གདངས་ཏེ༔ ཡིད་གཞན་དུ་མ་འགྱུར་བར་བྱ་སྟེ༔
རྣལ་འབྱོར་པས་ཕྲེང་བ་ལྟ་བུ་ལ་ཕར་སོང་ཕྲེང་བ་གཅིག་བཞག༔ ཚུར་ལོག་གཅིག་བཞག་པས་ཉིན་ཞག་རླུང་གིས་གྲངས་བཟུང་སྟེ༔ ཤེས་པ་དེ་ག་ལ་གཏད་པས༔ རྣམ་རྟོག་གཞན་དུ་མི་འཕྲོ་བའི་ཏིང་ངེ་འཛིན་སྐྱེ་སྟེ༔ དེ་ལ་ཡུན་རིང་དུ་བསྒོམས་པས་རླུང་རྒྱུ་བའི་གྲངས་ཇེ་ཉུང་ཇེ་ཉུང་འགྲོ་སྟེ༔ དེ་ནས་ཉིན་ཞག་གཅིག་ལ་ཁྲི་ཚོ་གཅིག་ལས་གཞན་རྒྱུ་བའི་འགྲོ་འོང་ཆད་པའི་ཚེ་ལུས་ཀྱང་ཤིན་ཏུ་ཡང་བ་ཞིག་འོང་སྟེ༔ དེའི་དུས་སུ་ཕར་སོང་བ་ལ་ཡང་རིང་བར་གཏད༔ ཚུར་རྔུབ་པ་ཡང་རང་གི་ལྟོ་བ་མེར་མེར་གཏད་པས༔ ཉིན་མཚན་གང་རུང་རེ་ལ་རླུང་གི་རྒྱུ་བ་ཕྱེད་དང་བཅུ་གཉིས་བཅུ་གཉིས་ཆད་དོ༔ དེ་ལྟར་ཡང་ནས་ཡང་དུ་བསྒོམས་པས༔ ཐ་མ་རླུང་གི་འགྲོ་འོང་ཆད་ནས་ཤེས་པ་གར་གཏད་སར་གཏོད་པ་ནི་རླུང་ལ་འབྱོངས་པའི་ཚད་ཡིན་ཏེ༔ ལས་ཀྱི་རླུང་ཟད་པས་ན་རྣམ་ཤེས་རྟོག་པ་ཟད༔ དེ་ལྟར་རྣམ་རྟོག་ཟད་པས་སྣང་བ་ཟད་པ་སྟེ༔ སྣང་བ་ཟད་པས་རྣམ་པར་རྟོག་པའི་ཡུལ་ཟད་པས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་འབའ་ཞིག་ལ་གནས་པའོ༔ དེའི་ཕྱིར་ན་སྣང་བ་ཟད་པ་དང་སངས་རྒྱ་བ་དུས་མཉམ་པའོ༔ ཞེས་བསྟན་པའོ༔ དེའི་དུས་ན་རྣལ་འབྱོར་པ་དེ་ཡང་ཆུ་ལ་བྱིང་བ་འོང་མི་སྲིད་དོཿསྐབས་སུ་བར་སྣང་ལ་འགྲོ་བ་དག་ཀྱང་འབྱུང་ངོ་༔ དེའི་ཚེ་གལ་ཏེ་རླུང་འབྱོངས་ནས་ཤེས་པ་ཡེངས་ཡེངས་སུ་སོང་ན༔ སྐབས་སུ་རྩ་གཉིད་ལོག་ལྟེམས་པ་གསལ་ལ་མི་འཕྲོ་བར་འགྲོ་སྟེཿདེ་ལ་བློ་བཞག་ཅིང་བསྒོམས་པས་གྲོལ་བ་ཡིན་ནོ༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ གདམས་པ་འདིའི་སྔོན་འགྲོ་ལ༔ རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས༔ ཞེས་པས་ལུས་སྐྱིལ་ཀྲུང་༔ ངག་གི་ཡི་གེ་
དྲུག་ལ་སྦྱང་པར་བྱ༔ ཡིད་ཤེས་བྱ་གཞི་མེད་དུ་ངོ་སྤྲོད༔ ངོ་བོ་རྟེན་མེད་དུ་ངོ་སྤྲོད༔ རང་བཞིན་འགྱུར་མེད་དུ་ངོ་སྤྲོད༔ ལུས་ལྷུག་པ༔ ངག་ལྷུག༔ ཡིད་ལྷུག༔ དུས་གསུམ་དུ་ཡི་གེ་ཨའི་དོན་དྲན་པར་བྱས་ལ་རང་ལུགས་སུ་བཞག་གོ༔ སྤྱི་བོ༔ མགྲིན་པ༔ སྙིང་གར་བཅང་༔ རིགས་ཀྱི་བུ་དེ་གལ་ཏེ་དེ་ལ་ཤེས་པ་མ་ཚུད་ན་འདི་ལྟ་བུ་ལ་ཡང་བསླབ་པར་བྱའོ༔ རླུང་གི་འགྲོ་འོང་ལ་བསླབ་པ་ནི༔ རང་གི་སྙིང་གི་དཀྱིལ་ན་ཡི་གེ་ཨ་དམར་པོ་མེའི་རང་བཞིན་ཅན་ཅིག་ཡོད་དེ༔ དེ་ལ་ཤེས་པ་གཏད་ལ་བསྒོམ་སྟེ༔ རླུང་ཕར་འགྲོ་ཚུར་འོང་བྱེད་པའི་ཚེ་ངག་ཏུ༔ ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ༔ ཞེས་ཡིད་ཀྱི་བརྗོད་དེ༔ ཤེས་པ་ཨ་ལ་གཏད་པས༔ རང་གི་སྙིང་ནང་ན་རང་བཞིན་གྱི་རྩ་བའི་ཡིག་གེ་ཨ་གནས་པ་དེ་ལས་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་ཨ་རེ་བརྗོད་པསཿཨ་རེ་ཐོལ་ཐོལ་བྱུང་སྟེ༔ རླུང་ཕར་སོང་བའི་ཚེ་བར་སྣང་ལ་ཕར་གཅིག་སོང་གཉིས་སོང་ལ༔ ཉི་ཤུ་རྩ་གཅིག་རྫོགས་པ་དང་རླུང་དར་གཅིག་བཟུང་ལ་ཨ་དེ་རྣམས་ལ་ཤེས་པ་གཏད་ལ་བསྒོམ༔ དེ་ཡང་ཚུར་ལ་གཅིག་བྱུང་གཉིས་བྱུང་བ་ལ་ཤེས་པ་གཏད་ཅིང་བསྒོམས་པས་ལུས་བདེ་ཕྲིལ་ཕྲིལ་བ་ལ་ཤེས་པ་ཡང་ནས་ཡང་དུ་བསྒོམ་མོ༔ དེ་ནས་སྙིང་ནང་དུ་ཐིམ་པའི་དུས་ན་ཡང་ཨ་མང་པོ་རོང་ངེ་བ་ལ་ཤེས་པ་གཏད་དེ་དར་གཅིག་བསྒོམ༔ དེ་ལྟར་ཁམས་ཀྱིས་ཐུབ་ཚད་དུ་ཉིན་མཚན་དུ་བསྒོམས་པས༔ ལུས་མི་སྐྱེ་བའི་བརྡར་ནམ་མཁའ་ལ་འགྲོ་བ་སྙམ་བྱེད་པ་དང་༔ ངག་མི་སྐྱེ་བའི་བརྡར་གཏམ་ཐམས་ཅད་ཅོལ་ཐུས་སུ་འོང་བ་དང་༔ སེམས་མི་སྐྱེ་བའི་བརྡར་བསམ་པའི་རྒྱུན་འགག་པ་
འོང་སྟེ༔ ཤེས་པ་སྣ་ཚོགས་ཐམས་ཅད་ནི་ཡང་ཞིང་སྲབ་པའོ༔ རྟགས་གཞན་མ་ནི་གོང་དང་མཐུན་ནོ༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ ༔ ཡང་རིག་ཀྱི་བུ་དེ་གལ་ཏེ་ཤེས་པ་དེ་ལ་མ་ཚུད་ན༔ འདི་ལྟ་བུ་ལ་ཡང་བསླབ་པར་བྱའོ༔ རླུང་བུམ་པར་གཞུག་པའི་མན་ངག་ནི༔ གཉིད་ཀྱི་དུས་སུ་སྦྱར་བ་དང༔ རྣལ་འབྱོར་པས་ཉིན་མཚན་དུ་བསྒོམ་པའོ༔ གཉིད་ནི་དུས་བཞི་མཉམ་པར་སྦྱོར་བ་བསམ་གཏན་ཉལ་བའི་འཁོར་ལོར་བལྟའོ༔ ཉིན་མཚན་དུ་བསྒོམ་པ་ནི་ལུས་གོང་ལྟར་བཅོས་ལ༔ རླུང་ནང་དུ་བསྟིམས་ལ་ལྟོ་བ་མེར་གྱིས་གཏང་ཞིང་ཤེས་པར་རང་གི་ལྟེ་བ་ན་རྩ་གནས་ཀྱི་ཡི་གེ་ཧ་གནས་ཏེཿདེ་ལ་ཤེས་པ་གཏད་ཅིང་བསྒོམ་མོ༔ རང་གི་ལྟོ་བ་རླུང་གིས་སྔོ་མེར་མེར་སོང་ཙམ་ན་ཡང་ཕར་ཁད་ཀྱིས་སོང་བར་བསྒོམ་ཏེ་བར་སྣང་ལ་ན་བུན་ཡལ་བ་ལྟར་བུན་བུན་སོང་བར་བསྒོམས་པས་ཤེས་པ་ཡང་ཡལ་ཡལ་བུན་བུན་སོང་བར་བསྒོམ་མོ༔ དེ་ལ་ཡུན་ཅི་རིང་དུ་བསྒོམས་ན་ཤེས་པ་བདེ་སྟོང་དུ་གྲོལ་བ་དང་༔ ལུས་དུ༔ ཁ་ལས་གྲོལ་བ་དང་༔ རིག་པ་རྣམ་པར་རྟོག་པ་ལས་གྲོལ་བ་གསུམ་དུས་མཉམ་དུ་འབྱུང་ངོ་༔ རླུང་གི་ཐིག་ལེ་བསྒོམ་པ་ནི་ཟངས་ཡིག་ཅན་གྱི་རྩ་བ་ན་གསལ་ལོ༔ ཨི་ཏི༔ གལ་ཏེ་རླུང་བསྒོམས་པའི་གང་ཟག་དེ༔ བྱིང་རྒོད་དམ་སྒོམ་པའི་སེལ་དུ་གྱུར་པ་ན་བཅོས་ཤིང་བརྟན་པར་བྱ་བའི་ཐབས་ནི༔ གལ་ཏེ་བྱིང་ན་ཧ་ཧ་འམ་ཕཊ་ཕཊ་ཅེས་དྲག་པོའི་སྤྱོད་པ་རྣམས་སོ༔ གལ་ཏེ་རྒོད་ན་རླུང་ཅི་ནས་ཀྱང་ནང་དུ་བསྟིམ་མོ༔ བྱིང་ན་ལུས་ཀྱི་གནད་དུ་བཅོས་པ་དང༔ ཡན་ལག་བསྐྱོད་པའོ༔ རྒོད་ན་ལུས་གནད་ནི་མགོ་ཕུར་བ་དང་༔ ཁྱིམ་མུན་ནང་དུ་འདུག་པའོ༔ གལ་ཏེ་སྤྱི་བོར་སོང་ན་རྣལ་འབྱོར་པ་ཤེས་པ་འགྱུར་བ་དང་སྨྱོ་བ་ལྟ་བུ་འབྱུང་
སྟེ༔ དེའི་ཚེ་ལུས་ལ་ཡང་ཐོར་པ་དང་༔ ཤ་ལ་ཐིག་ལེ་དང་༔ སྐབས་སུ་སེམས་འཐོམས་པ་དང་༔ མཚོགས་མ་བུ་ཆུང་གི་མཚོགས་མ་ལྟར་སློབ་པ་དག་འབྱུང་ངོ་༔ དེ་ལ་ནི་ཁ་ཟས་བུ་རམ་དང་འོ་མ་དང་མི་ཞུན་དུམ་རེ་བསྲེས་ལ་བཀོལ་ལ་བཏུང་༔ སེམས་བར་སྣང་དུ་མདའ་གང་དུ་གཟུང་ལ་མཇིང་པ་ཐུར་ལ་དཀུག་རླུང་ཡར་ལ་བརྡར་ཏེ་ཕག་པའི་སྐད་ལྟ་བུར་ནུས་ཚད་དུ་བཤོར་དྲག་པར་བྱའོ༔ དེ་ནས་ཡང་གོང་ལྟར་བསྒོམ་མོཿདེ་ལྟར་བྱུང་རེ་ཚེ་དེ་བཞིན་དུ་བྱའོ༔ གལ་ཏེ་རླུང་ཤ་མཐོང་བར་དུ་ཤོར་སྲིད་ན་ལུས་སྐྱ་སྦོབས་སམ་ནག་སྦོབས་སམ་དམར་སྦོབས་སུ་སོང་སྟེ༔ ལུས་ལ་སེམས་ཅན་འགུལ་བ་སྙམ་པའམ༔ ཐོར་ཆུང་མང་པོ་ཙེམ་ཙེམ་པ་བྱུང་ན༔ ཁ་ཟས་ནི་མུ་ཟི་དུལ་མ་དང་སྦྲང་རྩི་དུམ་རེ་བསྲེས་ལ་བཟའ༔ ལུས་གན་རྐྱལ་དུ་ཉལ་ཏེ་རླུང་འགྲམ་པ་ལ་བརྡར་ཏེ༔ ཕུ་ཕུ་ཞེས་ནུས་ཚད་དུ་བྱས་པས་དེ་ཉིད་ལས་གྲོལ་ཏེ༔ དེ་ནས་ཡང་གོང་ལྟར་བསྒོམ་མོ༔ གལ་ཏེ་རླུང་དེ་དོན་སྙིང་ལ་ཞུགས་ན་ནི༔ ལུས་འདར་སྐབས་སུ་འབོག་ཅིང་བརྒྱལ་བར་བྱེད་ཡང་ན་ལུས་རེངས་ཤིང་ཡན་ལག་ཏུ་མཉེ་སྐོལ་དུ་མི་རུང་མགོ་འདར་མིག་དཀར་ཁྲུལ་ཁྲུལ་བར་འགྲོ་ལག་པའི་བྱ་བྱེད་མང་ཁ་སྐོམ་སྨིན་མའི་ཚགས་འཁྲུལ༔ རྩ་རྣམས་ཕྱི་ནང་མེད་པར་བཀྲ་ལམ་གྱིིས་འོང་སྟེ༔ དེ་ལ་ཁ་ཟས་བུ་རམ་དང་སྦྲང་རྩི་དང་རུས་པ་བརྡུངས་བའི་ཁུ་བ་རྣམས་རྟག་ཏུ་བརྟེན་པ་དང་༔ ཤ་ཡིབ་མའི་ཁུ་བ་དང་༔ ལོ་མར་གྱི་ཁུ་བ་ཡང་དུམ་རེ་བཏང་༔ ཆང་སྦང་༔ དེའི་ཚེ་རྣལ་འབྱོར་པ༔ ལས་སུ་རུང་༔ གྲེ་བ་ལ་བརྡར་ཏེ་ཁ་ནས་དྲངས་ཏེ་ཨིག་ཨིག་ཅེས་ནུས་ཚད་བགྲངས་པས་གྲོལ་ལོ༔ ཕྱིས་གཏན་འོང་མི་སྲིད་དོ༔ དེ་དག་བསྒོམ་པའི་དུས་སུ་ཤེས་པ་མྱོས་ཤིང་གཉིད་དུ་སོང་ན་ལུས་ཀྱི་
གནད་གཅེར་བུར་བྱས་ལ་ལངས་ལ་ཡན་ལག་བགྲད་དེ་ཁ་དང་མིག་གདངས་ཏེ་བསྒོམ་མོ༔ དེ་དག་ནི་གལ་ཏེ་རླུང་མ་ཆུན་པ་རྣམས་ཀྱི་གདམས་པའོ༔ ཨི་ཏི༔ དེའི་ཚེ་རྣལ་འབྱོར་པ་དེ་ལ་ལུས་གནད་དང་གདོན་གྱིས་འབྱུང་བ་དཀྲུགས་ནས༔ ཚེའི་འདུ་བྱེད་གྱུར་ནས་བར་དོ་འབྱུང་ངམ་མི་འབྱུང༔ རླུང་གིས་དང་༔ ཕྱི་རོལ་གྱི་ལུས་བརྟག་པ་ནི༔ དེའི་ཚེ་རླུང་རབ་ཏུ་རྒོད་ཅིང་འཕྲོ་ན་ཡིན༔ རླུང་འགྱུ་བ་སྐྱེན་ན་ཡིན༔ རླུང་དེ་སྐབས་སུ་དལ་ཞིང་སྐབས་སུ་མྱུར་བར་བརྩེག་མར་འགྱུ་ན་ལུས་ལ་འབྱུང་བའི་ནད་དམ་གདོན་ཞུགས་པས༔ དེའི་ཚེ་ལུས་ཀྱི་གནད་རྣམས་སུ་རླུང་གི་མདངས་ཡལ་ལམ་མ་ཡལ་བརྟག་པ་ནི༔ སྔ་དྲོ་ཉི་མ་རྩེ་ཤར་ལ་ཁ་ཤར་ཕྱོགས་སུ་བལྟས་ལ༔ རང་ངམ་གཞན་ལ་རྟོགས་ཀྱང་རུང་འདི་ལྟར་བརྟག་གོ༔ ཡང་དེའི་ཚེ་དབུགས་ཡང་ཡང་རྣམ་པར་རྒོད་ན༔ ཟླ་བ་དྲུག་ན་འགུམ་པར་འགྱུར་རོ༔ དེའི་རྟགས་སུ་ལུས་གྱི་འགྲམ་པའི་ཚིགས་རྣམས་ཡོན་པོར་འོང་ཿསྣའི་རྩེ་མོ་ལ་རླུང་གི་མདངས་མེད་ན་དེའི་རྟགས་སུ་སྣ་སྔོན་པས་ཡོ་བར་འོང་སྟེཿདེ་ནི་ཞག་བདུན་ན་འགུམ་པ་ལ་ཐེ་ཚོམ་མེད་དོ༔ མིག་ལ་གསལ་བྱེད་རླུང་གི་མདངས་ཡལ་བའི་རྟགས་སུ་མཆི་མ་མི་ཐུབ་པ་སྟེཿདེ་ནི་ཞག་ལྔ་ན་འགུམ་པའོ༔ འགྲམ་པ་གཡས་ནས་ལས་རླུང་མགོན་པོའི་རྒྱུ་བྱེད་ཆད་པ་ནི་འགྲམ་པའི་ཤ་རྣམས་ཤོང་གི་འགྲོ་སྟེ༔ དེ་ནི་ཞག་གཅིག་ལས་མི་འཚོའོ༔ རྣ་བའི་དྲག་པོ་རླུང་གི་སྒྲ་ཡལ་བ་ནི་རྣ་བ་ལེབ་ལེབ་པོར་འགྲོ་སྟེ༔ དེ་ནི་རླུང་སུམ་སྟོང་རྒྱུ་བའི་བར་ལས་མི་ཐུབ་བོ༔ ལྕེ་ལ་དྲན་བྱེད་ཀྱི་རླུང་ཆད་པ་ནི་ལྕེ་ལ་ཐིག་ལེ་ནག་པོ་སྔོན་མེད་པ་འོང་སྟེ༔ དེ་ནི་ཞག་གཅིག་ན་ངེས་པར་འགུམ་མོ༔ རྔུབ་པའི་རླུང་ནི་སྟོབས་ཆད་པའི་རྟགས་ནི་སོ་འཐམས་པ་སྟེ༔ དེ་ནི་
ཞག་དྲུག་ན་འགུམ་མོ༔ མི་རྟོག་པའི་རླུང་རྒྱུད་ལ་ཞི་བའི་རྟགས་ནི་རྩེ་ཆུང་གི་ཕྱི་རོལ་གྱི་རྩ་ཉིད་མི་འགྱུར་ཏེ༔ དེ་ནི་ཟླ་བ་ཕྱེད་ན་འགུམ་མོ༔ ཞི་གནས་ཀྱི་རླུང་བག་ལ་ཞ་བའི་རྟགས་ནི་བྲང་གི་ལྷེན་སྣ་ཞོམ་གྱིས་འགྲོ་བ་སྟེ༔ དེ་ནི་ཞག་བཅུ་དྲུག་ལས་མི་འཚོའོ༔ འབྱུང་བའི་གྲོང་ཁྱེར་རྒྱུན་ཆད་པའི་རྟགས་སུ་སེན་མོའི་བཀྲག་ཤོར་ཏེ༔ དེ་ནི་ཉི་མ་དྲུག་ནའོ༔ དེ་ལྟར་འཆི་བའི་རྟགས་བཅུ་དྲུག་པོ་ཕྱི་རྟགས་ཏེ་གཞན་གྱི་ལུས་ལ་བརྟག་གོ༔ དེ་དག་ལ་བསླུ་བའི་ཐབས་བཅུ་སྟོན་ཏེ༔ གལ་ཏེ་རང་ངམ་གཞན་བསྲུངས་ཀྱང་དབུགས་རྒོད་པ་ལ་ནི༔ འགྲམ་པའི་སྟེང་དུ་ཨ་དཀར་པོ་བསྒོམ་ཞིང་རླུང་སེམས་དེ་ལ་གཏད་དོ༔ བསྲུངས་པའི་རྟགས་འགྲམ་པ་ཡོ་བ་བསྲངས་སོ༔ སྣའི་རྟགས་བྱུང་པ་ལ་སྣའི་རྩེ་ལ་ཧཱུྃ་དཀར་པོ་བསྒོམ་སྟེ་རླུང་སེམས་དེར་གཏད་པས་བཟློག་གོ༔ རྟགས་དེ་དག་མངོན་པར་བཟློག་པའི་ཐབས་ནི་ཐམས་ཅད་ལའོ༔ མིག་གི་རྟགས་བྱུང་བ་ལ་ནི་མིག་གི་སྟེང་དུ་ཧ་དཀར་པོ་བསྒོམས་པའོ༔ འགྲམ་པའི་རྟགས་ལ་ནི་ཨས་བྱའོ༔ རྣ་བའི་རྟགས་ལ་ཕཊ་ཀྱིས་བྱའོ༔ ལྕེའི་རྟགས་ལ་ནི་ཨཱ་ལིའི་ཚོགས་ཀྱིས་བྱའོ༔ སོའི་རྟགས་འདི་ཀཱ་ལིའི་ཚོགས་ཀྱིས་བྱའོ༔ རྩའི་རྟགས་ལ་ནི་ཧྲཱིཿས་བྱའོ༔ བྲང་གི་རྟགས་ལ་ནི་ཨཱོཾ་གྱིས་བྱའོ༔ སེན་མོའི་རྟགས་ལ་ནི་ཀ་ཀཱ་ཀི་ཀཱི་ལ་སོགས་པས་བྱའོ༔ དེ་དག་གི་དུས་སུ་ངག་ཏུ་ཡང་ཡི་གེ་དེ་དག་བཟླས་སོ༔ བཟླས་པའི་གྲངས་ནི་ཉི་ཤུ་རྩ་གཅིག༔ ཤེས་པ་དེ་རླུང་སེམས་ཀྱི་ཐིག་ལེ་ལ་གཏད་དོ༔ སྒོམ་པ་ནི་རླུང་དང་བསྲེས་ལ་བསྒོམ་མོ༔ ཡི་གེ་དང་རླུང་བསྲེས་
པའི་མན་ངག་གལ་ཆེའོཿཨི་ཏི༔ འདི་ནི་རླུང་གི་མན་ངག་མཆོག་ཏུ་གྱུར་པའི་མན་ངག་རབ་ཏུ་ཟབ་པའོ༔ འདི་ལ་རྟག་ཏུ་གོམས་པ་ནི༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ འབྲས་བུ་སྟོང་པ་ཉིད་ཀྱང་ཐོབ༔ རླུང་གི་པྲ་ཁྲིད་ཅེས་བྱ་བ་ཐིག་ལེ་ཕྱི་མར་བསླབ་པ་ཆགས་བྲལ་གྱི་འབྲས་བུའོ༔ ཨི་ཏི༔ ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ཅེས་གཏེར་ནས་གཏེར་དུ་བཙས་པའོ༔ རྫོགས་སོ༔ ༔
གསང་བ་ཡི་གེ་མ་རུའི་ཡང་ཏིག
གསང་བ་ཡི་གེ་མ་རུའི་ཡང་ཏིག་བཞུགས་སོ༔ ༼ཕྲ་ཡིག་༽ ཡང་གབ་སྦས་དུམ་ཟེར།
རྒྱ་གར་སྐད་དུ༔ ས་བྷ་ཀ་ལ་ས་མ་ཡྻཾ་སྱ་ཏུ་ས་མེ་ལཾ་ལཾ་ཏི་ཀ་ནཱ་མ༔ བོད་སྐད་དུ༔ ཉམས་ལེན་བསྡུས་པའི་སྣ་ཁྲིད༔ ཡང་གསང་སྦས་པའི་ཏི་ཀ༔ གསང་བ་ཡི་གེ་དམར་རུའི་ཡང་ཏིག༔ བཅོམ་ལྡན་འདས་གབ་པ་ཐམས་ཅད་མངོན་དུ་འབྱིན་ལ་ཕྱག་འཚལ་ལོ༔ བརྒྱུད་པའི་རྩ་བ་ཤེས་རབ་ཀུན་གྱི་དངོས༔ རྣམ་རྟོག་བཅིངས་པའི་དྲི་མ་འཇོམས་མཛད་རྗེ༔ སངས་རྒྱས་ཀུན་གྱི་དགོངས་པའི་རྒྱུད་འཆང་བ༔ རིམ་བརྒྱུད་དམ་པ་སངས་རྒྱས་རྣམས་ལས་ཀྱང་༔ རྩ་བའི་བླ་མ་ངེས་དོན་སྐལ་བཟང་པ༔ དམ་པ་དྲི་མེད་ཡེ་ཤེས་མདོ་སོགས་ལ༔ བདག་གིས་ལུས་སོགས་རབ་ཏུ་ཤུགས་ཕྱུང་ནས༔ སྦྱང་དཀའ་འཁོར་བའི་བག་ཆགས་སྦྱང་བའི་ཕྱིར༔ ལུསངག་ཡིད་ཀྱིས་རབ་ཏུ་གུས་བྱས་ལ༔ ངེསདོན་བླ་མ་བརྒྱུད་པ་རྣམས་ལ་ཡང༔ བདག་གི་སྤྱི་བོས་རབ་ཏུ་བཏུད་ནས་ནི༔ གསང་བའི་ཡང་བསྡུས་དེས་པའི་ཚད་དབབ་ཕྱིར༔ བཀའ་བརྒྱུད་དག་པའི་མན་ངག་གལ་ཆེན་ལ༔ དད་པས་འཇུག་པའི་སྐལ་ལྡན་ངེས་ལུང་ཅན༔ འཇུག་སྒོ་གསལ་ཞིང་རིག་པའི་ཚད་འཛིན་པའི༔ ལུང་དང་ལྡན་པའི་སྐྱེས་བུ་དེ་ཀུན་གྱི༔ བློ་ཡི་ཐེ་ཚོམ་རབ་ཏུ་བསལ་བའི་ཕྱིར༔ ངེས་པའི་སྙིང་པོ་གནད་ཀྱི་མན་ངག་རྣམས༔ མུན་པའི་ནང་དུ་སྒྲོན་མེ་སྣང་བ་ལྟར༔ བདག་གིས་འདི་ཉིད་དུ་ནི་གསལ་བར་འབྲི༔ སྣོད་མཆོག་ལྡན་པའི་སྐལ་ལྡན་སེམས་ཀྱི་བུ༔ དད་པ་ཡངས་ཤིང་སྙིང་སྟོབས་བརྩོན་འགྲུས་ཅན༔ ཤེས་རབ་ལྡན་ཞིང་འཕགས་པའི་ནོར་གྱིས་ཕྱུག༔ བླ་མ་མཆོད་ཅིང་འཇིག་རྟེན་ཆགས་པ་ཆུངཿ འདི་ནི་སྐལ་ལྡན་སྙིང་
གི་བུ་ཡིན་པས༔ འདི་ལྟར་འབྱུང་བའི་གང་ཟག་གཅིག་དང་གཉིས༔ གསུམ་ལས་མང་ན་མཁའ་འགྲོའི་ཆད་པ་འབྱུང་༔ དེ་ཡི་ཕྱིར་ན་གསང་བའི་མན་ངག་འདི༔ རྣལ་འབྱོར་ལྡན་པས་སེམས་ལ་གནས་པར་བྱ༔ འཇིག་རྟེན་བསྐལ་པ་འཇིག་པའི་དུས་བྱུང་ཡང་༔ སྙིང་པོ་བྱང་ཆུབ་བར་དུ་ཁར་མི་དབྱུང་༔ རང་གི་སེམས་ལ་གནས་པའི་རྒྱས་བཏབ་ལ༔ འདི་ཉིད་བབ་ཅོལ་གང་དགར་བརྗོད་པ་མེད༔ འདི་ལྟར་བརྣགས་པའི་སེམས་ལ་འབུར་བ་ཡིས༔ ནམ་ཞིག་སྐལ་ལྡན་སེམས་ཀྱི་བུ་དང་འཕྲད༔ དེ་ལ་འདི་བྱིན་སྙིང་ལ་རྒྱས་ཐོབ་ཅིག༔ འདི་འདྲའི་གདམས་པ་བླ་མའི་ཁོངགི་སྙིང་༔ བདག་གིས་བསྟན་པ་རིག་པའི་གནད་དུ་ཡང་༔ ཉམས་སུ་ལེན་པ་རྣམས་ཀྱིས་བཅུད་འདི་བཀོད༔ དེ་ཡི་ཕྱིར་ན་ཉམས་སུ་ལེན་པ་རྣམས༔ ཡི་གེ་འདི་ལ་རྟག་ཏུ་འདྲིས་པར་གྱིས༔ འདི་ལ་འདྲིས་ནས་རིན་ཆེན་གཏེར་དུ་སྦོས༔ རིགས་མིན་འཆོལ་བའི་གང་ཟག་སྣོད་མིན་ལ༔ འདི་ཉིད་སུས་བསྟན་དམྱལ་ཁམས་མེ་ཡིས་ཚིག༔ གདོད་ནས་མ་ཐོབ་ཉེས་མེད་མཆོག་ཏུ་དགེ༔ དེས་ན་རང་གི་རང་ལ་རྒྱས་བཏབ་ལ༔ རང་གི་སྙིང་དང་ཕུང་པོ་འབྲལ་མེད་བཞིནཿའབྲལ་བའི་སྐབས་བཟོད་མེད་སེམས་ཀྱིས་ནི༔ གསང་བ་མཆོག་གི་ཡི་གེ་འདི་ཆོངས་ཤིག༔ བརྡ་ཡིག་ཡོད༔ འདིར་གསང་བའི་ཡིག་གེ་དམར་རུའི་དོན་ཉམས་སུ་ལེན་པར་འདོད་པའི་སྐལ་ལྡན་གཉིས་ནས་གསུམ་གྱིས་འདི་ལྟར་བསླབ་པར་བྱའོ༔ སྐལ་པ་དང་ལྡན་པའི་རིགས་ཀྱི་བུས༔ བླ་མ་ལ་འཇིག་རྟེན་གྱི་བདོག་པ་དང་རང་གི་ལུས་ཀྱིས་མཉེས་པར་བྱས་ལ༔ གདམས་
པ་འདི་ཞུ་བའི་ཚེ་གསེར་གྱི་མཎྜལ་བླ་མ་ལ་དབུལ་བར་བྱ་སྟེ༔ མཁའ་འགྲོ་རྣམས་ཀྱང་ཚོགས་དང་གཏོར་མས་མཉེས་པར་བྱས་ལ་གདམས་པ་འདི་ཞུ་བར་བྱའོ༔ བླ་མས་གདམས་པ་འདི་ཀུན་བུར་བསྟན་ཏེ་དཔོན་སློབ་རྣམས་དུས་གཅིག་ལ་སངས་རྒྱ་བར་བྱེད་པའོ༔ དང་པོ་ཉམས་སུ་ལེན་པའི་སྐལ་ལྡན་དཔོན་སློབ་གསུམ་ནས་བཞི་པོ་དེས་ལུས་ངག་གི་བྱ་བ་གཏང་བ་ནི་རབ་ཏུ་གཅེས་སོཿདེ་ནས་དུར་ཁྲོད་དུ་སློབ་མ་དེ་རྣམས་ཁྲིད་ལ༔ ཞག་གསུམ་བཞི་ནས་བཅུ་ཚུན་ཆད་དུ་ལུས་ངག་གི་བྱ་བ་ཅི་ཡང་མི་བྱེད་པར་རབ་ཏུ་དལ་བར་གནས་པ་གལ་ཆེཿདེ་ནས་བླ་མས་སློབ་མ་ལཿསྔོན་དུ་ལུས་ངག་གི་ཞེན་པ་རྣམས་བཟློག་པར་བྱ་བའི་ཕྱིརཿསྔོན་དུ་འགྲོ་བའི་ལམ་རྣམས་བསླབ་པར་བྱའོ༔ དེ་ཡང་དེ་སྤྲོས་པ་ལ་དགའ་ན་འབྱུང་བ་བཞིའི་སྒྲ་ལ་སློབ་ཏུ་གཞུགཿསྤྲོས་པ་ལ་མི་དགའ་ན་འཁོར་འདས་རུ་ཤན་འབྱེད་པའི་མན་ངག་ལ་བསླབ་པར་བྱ་སྟེ༔ དེ་ཡང་ལུས་ཀྱི་སྤྱོད་པའི་མན་ངག་བསྟན་པ༔ དཔོན་སློབ་དེ་ཀུན་དུར་ཁྲོད་རེ་རེར་ཉམས་སུ་ལེན་པར་བྱ་སྟེ༔ དྲོས་སྐད་རེ་རེ་ཙམ་མམ་ཉི་མ་ཕྱེད་སྐད་པའི་དུར་ཁྲོད་རེ་རེར་སོང་ལ་བར་ཆོད་ཞི་བར་བྱ་བའི་ཕྱིར་མཁའ་འགྲོ་མ་ལ་ཚོགས་དང་གཏོར་མ་དང་༔ དགེ་འདུན་ལ་སྟོན་མོ་དང་༔ བླ་མ་ལ་ཡོན་འབུལ་ཞིང་རྟེན་གྱི་བདོག་པ་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པར་གཏང་བར་བྱའོ༔ དེ་ནས་དུར་ཁྲོད་རེ་རེར་ལུས་ཀྱི་ཞེན་པ་བཟློག་ནས་འཁོར་བའི་ལུས་གཉིས་རུ་ཤན་ཕྱེ་ནས༔ ད་འཁོར་བའི་ལུས་ལ་མི་འཇུག་པར་བྱ་བའི་ཕྱིར་ལུས་ཀྱི་སྤྱོད་པ་རྣམས་བླ་མའི་གདམས་པ་ཇི་ལྟར་གསུངས་པ་བཞིན་བྱའོ༔ དེ་ནས་ཞག་བཞི་ལྔ་ནས་བཅུ་ཚུན་ཆད་དུ་བླ་མ་དང་སློབ་མ་གཉིས་རིའི་རྩེ་
མོའམ་ཚལ་ལེགས་པ་ཅིག་ཏུ་འཕྲད་དེ༔ བླ་མས་བུ་ཁྱོད་ཀྱི་ཞེན་པ་ལོག་གམ་ཞེས་ཉམས་ཅི་སྐྱེས་པ་དྲི་བར་བྱའོ༔ དེ་ནས་སློབ་མ་དེས་རང་གི་སེམས་ལ་ཇི་ལྟར་བྱུང་བའི་ཉམས་རྣམས་བླ་མ་ལ་བཤད་པར་བྱའོ༔ དེ་ནས་ལུས་ཀྱི་ཞེན་པ་ལོག་པའི་རྟགས་སུ༔ ལུས་ལ་ཆགས་པ་མེད་པ་དང་༔ ལུས་མེད་པ་སྙམ་པ་དང་༔ གྲང་བ་མེད་པ་དང་༔ ཚ་བ་མེད་པ་དང་༔ བཀྲེས་པ་མེད་པ་དང་༔ སྐོམ་པ་མེད་པ་དང་༔ ན་ཚ་མེད་པར་འབྱུངསྟེ༔ དེའི་བར་དུ་དེ་ལྟ་བུའི་ཉམས་སྐྱེས་ནས་འདུག་ན་ལུས་རྣལ་དུ་འབེབས་པ་ཞེས་བྱ་སྟེ་སོར་ཆུད་པའི་དོན་དུ་ཡང་དུར་ཁྲོད་དེར་གཏང་སྟེ༔ ལུས་དལ་བར་ཞག་བཅུ་ནས་ཟླ་བ་ཕྱེད་དུ་འདུག་ཏུ་གཞུག་གོ༔ གོང་གི་ཉམས་རྟོགས་མེད་ན་ཡང་དལ་བར་ཞག་འགར་འདུག་ཏུ་བཅུག་ལ༔ ཡང་ལུས་ཀྱི་སྤྱོད་པ་རྣམས་བྱའོ༔ དེ་ཡང་བླ་མ་ལ་དྲིས་ཏེ་རྟགས་དང་མི་ལྡན་ན་བསྐྱར་བར་བྱའོ༔ དེ་ལྟར་གལ་ཏེ་མ་བྱུང་ན་ལན་གསུམ་ན་ལུས་ཀྱི་རྟགས་དེ་མི་འབྱུང་མི་སྲིད་དོ༔ དེ་ནས་ལུས་སོར་བཅུག་རྣལ་དུ་དབབ་པའི་ཆོ་ག་བྱའོ༔ རྣལ་དུ་ཕེབས་པའི་རྟགས་སུ་འཇིག་རྟེན་གྱི་བྱ་བ་ལ་གཏན་ནས་བློ་སྐྱེ་མི་སྲིད་དོ༔ དེ་ལྟར་ལུས་ཀྱི་སྤྱོད་པ་མཐར་ཕྱིན་ཅིང་ལུས་རྣལ་དུ་ཕབ་པས་རྣལ་འབྱོར་པའི་ལུས་ཀྱི་བར་ཆོད་ཉེ་བར་ཞི་ཞིང་ཕྱི་ལུས་ཀྱི་ཞེན་པ་ལོག་ནས་ལུས་མི་སྲིད་པའི་དགོས་པ་བསྟན་པའོ༔ དེ་ལྟར་གཏན་ལ་ཕབ་ནས༔ ཡང་སློབ་མ་དེ་ལ་ངག་གི་ཞེན་པའི་བཟློག་པའི་ཕྱིར་ངག་འཁོར་འདས་རུ་ཤན་འབྱེད་པའི་མན་ངག་ལ་བསླབ་པར་བྱའོ༔ ངག་གི་གདམས་པ་ཇི་ལྟ་བ་བཞིན་ཏུ་འདི་ལྟར་བསླབ་པར་གྱིས་ཤིག་ཅེས་བསླབས་ཏེ་དུར་ཁྲོད་དུ་
བཏང་ལ་ཡང་གོང་བཞིན་ཉམས་ལྟའོ༔ ལན་ཅིག་ལ་བྱུང་ན་དབང་པོ་རབ་ཀྱི་ཡང་རབ་ཡིན་ནོཿམ་བྱུང་ན་ཡང་ལན་གསུམ་ཚུན་ལ་མི་ཡོང་མི་སྲིད་དོཿདེ་ལྟར་ཡང་ངག་གི་ལྟས་ནི་བླ་མའི་མན་ངག་གི་གོ་བ་ཇི་ལྟ་བབཞིན་དུ་རྒྱུད་ལ་སྐྱེ་སྟེ་ཁ་ནས་ཀྱང་ཚིག་ཏུ་འབྱུང་བ་ཡིན་ནོ༔ ཆེད་དུ་བྱས་པ་མེད་པར་རང་ཤུགས་སུ་འབྱུང་བ་ཡིན་ནོཿདེ་ལྟར་བྱུང་ནས་ངག་སོར་ཆུད་ཅིང་རྣལ་འབེབས་ཐབས་ཞག་བཅུ་ནས་ཟླ་བ་ཕྱེད་ཚུན་ཆད་དུ་ངག་ཤིན་ཏུ་དལ་བར་གནས་པར་བྱའོ༔ རྣལ་དུ་ཕེབས་པའི་རྟགས་ནི་གཏམ་རྣམས་ཐམས་ཅད་དུ་སྨྲ་སྙིང་མི་འདོད་པ་སྟེ༔ འདི་ལྟར་ངག་གི་སྤྱོད་པ་མཐར་ཕྱིན་པས་ངག་ལ་བར་ཆོད་མི་འཇུག་ཅིང་ངག་གི་བར་ཆོད་ཉེ་བར་ཞི་ནས་ངག་གི་ཞེན་པ་ལོག་སྟེ༔ ངག་འཁོར་བ་དང་རུ་ཤན་ཕྱེ་ནས་ཕྱིས་འཁོར་བའི་ངག་ཏུ་འདུག་མི་སྲིད་པའི་དགོས་པ་ཡོད་པའི་ཕྱིར་རོ༔ ངག་གི་སྤྱོད་པ་ལ་རྟགས་ཐོན་ནས་མཐར་ཕྱིན་པ་རབ་ཏུ་གལ་ཆེའོ༔ དེ་ལྟར་ངག་གི་སྤྱོད་པ་རྫོགས་ནས་ཡིད་ཀྱིས་སྤྱོད་པའི་མན་ངག་པ་བསླབ་སྟེ༔ ཡང་དུར་ཁྲོད་དུ་གཏང་ངོ༔ དེ་ནས་ཡང་གོང་ལྟར་བླ་མ་ལ་དྲིས་ཤིང་སྤྱད་པས༔ དེ་ལྟར་ལན་གསུམ་ལ་མི་འབྱུང་མི་སྲིད་དོ༔ དེའི་རྟགས་སུ་སེམས་གསལ་བ་དང་ཡང་བ་དང་༔ འཁྲུལ་པའི་སྣང་བ་ཡིད་ལ་འབྱུང་མི་སྲིད་པ་དང༔ བྲོད་པ་ཆེན་པོ་སྐྱེད་པ་དང་༔ ཉམས་བདེ་བ་འབྱུང་སྟེ༔ དེ་ལྟར་བྱུང་ཙ་ན་ཡང་ཡིད་སོར་ཆུད་པར་བྱ་ཞིང་རྣལ་དུ་ཕེབས་པའི་ཐབས་ཞག་བཅུ་ནས་ཟླ་བ་ཕྱེད་དུ་ཡིད་དལ་པར་གནས་པར་བྱའོ༔ རྣལ་དུ་ཕེབས་པའི་རྟགས་སུ་འཁོར་བ་ལས་ཡིད་འབྱུང་བ་དང་༔ གཞན་གང་ལ་ཡང་ཡིད་མི་འཇུག་པ་དང་༔ རང་བཞིན་
གྱིས་དལ་བ་སྐྱེའོ༔ དེ་ལྟར་བྱུང་ཙ་ན་ཡིད་ཀྱི་སྤྱོད་པ་མཐར་ཕྱིན་པས་ཡིད་ལ་བར་ཆད་མི་འཇུག་ཅིང་ཿཡིད་ཀྱི་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་ཡིད་འཁོར་བ་རུ་ཤན་ཕྱེད་ནས་འཁོར་བ་ལ་གཏན་འཇུག་མི་སྲིད་དོ༔ དེའི་ཕྱིར་ན་ཡིད་ཀྱི་སྤྱོད་པ་རྫོགས་པར་བྱ་བ་གཅེས་སོ༔ དེ་ལྟར་ལུས་ངག་ཡིད་ཀྱི་སྤྱོད་པ་སྔོན་དུ་བསྟན་པ་ནིཿཐོག་མ་ནས་ལུས་ངག་ཡིད་དང་བྲལ་མ་མྱོང་བས་ད་ལུས་ངག་གི་རྣམ་པ་དང་དབྲལ་བའི་ཕྱིརཿདེའི་སྔོན་དུ་ཞེན་པ་བཟློག་པའི་ཕྱིར་སྤྱོད་པ་འདི་དག་ལ་བསླབས་པས༔ ལུས་ཀྱི་འབྱུང་བ་རང་སར་དེངསཿངག་གི་ཞེན་པ་རང་ལོག༔ སེམས་ཀྱི་བྱུང་ཚོར་རང་འགགས་ནས་ཟག་མེད་དུ་སངས་རྒྱ་བའི་གནད་དུ་བསྟན་པའོ༔ སྔོན་དུ་འགྲོ་བ་ལུས་ངག་ཡིད་ཀྱི་སྤྱོད་པ་བསྟན་པའི་ཡང་འབྱེད་སྦས་པའི་ཏི་ཀ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག་ཡོད༔ བྱ་བྲལ་རང་བཞིན་ངང་ལ་ཕྱག་འཚལ་ལོ༔ འདིར་ལུས་ངག་གནད་གསང་བའི་མན་ངག་བསྟན་པར་བྱའོ༔ དེ་ལྟར་སྔོན་དུ་འགྲོ་བ་ལུས་ངག་གི་སྤྱོད་པ་འབྱོངས་པའི་ཚད་ལ་ཕབ་ནས༔ ད་ནི་ལུས་ལ་རིག་པ་གནས་པས་རྣལ་འབྱོར་པ་རྣམས་ལུས་ཀྱི་འདུག་སྟངས་ཀྱི་མན་ངག་གབ་པ་རྣམས་མངོན་དུ་ཕྱུངས་ཏེ་བསྟན་པའོ༔ ༔ དེ་ཡང་གླང་པོ་ཆེ་འདུག་སྟངས་ཀྱིས་གཞི་བཅའ་བ་གཅེས༔ འདུག་སྟངས་འདི་ལ་གཞི་མ་བཅས་ན་ལུས་ངག་རྣལ་དུ་མི་ཕེབས་པས༔ འདི་ལ་གཞི་བཅའ་བ་རབ་ཏུ་གཅེས་སོཿ དྲང་སྲོང་གི་འདུག་སྟངས་ཀྱིས་གནད་མ་གཟིར་ན་ལུས་མི་ཆུན་པས་དྲང་སྲོང་གི་འདུག་སྟངས་ལ་ཤེས་པ་གཟིར་བ་གཅེས༔
སེང་གེའི་འདུག་སྟངས་ལ་རྩལ་མ་སྦྱངས་ན་ནི་རིག་པ་མི་ཆུན་པས་སེང་གེའི་འདུག་སྟངས་ཀྱིས་ཁྱད་པར་དུ་མིག་གཅུན་པ་རབ་ཏུ་གཅེས་སོ༔ དེ་ཀུན་ལ་སྐྱོ་ན་འདུག་སྟངས་དེ་མ་ཡིན་པ་རྣམས་ལ་ཡང་ལུས་སྦྱང་བར་བྱའོཿདེ་ཀུན་གྱིས་ལུས་མ་སྦྱངས་ན་ཡེ་ཤེས་མངོན་དུ་སྣང་བར་མི་ནུས་ཏེ༔ དཔེར་ན་སྦྲུལ་ལ་རྐང་ལག་རྫོགས་ཤིང་མང་བར་ཡོད་པ་ཡིན་ཡང་ལུས་མ་གཅུན་གྱི་བར་ལ་མི་གསལ་བ་དང་འདྲ་བར༔ ལུས་ལ་ཡེ་ཤེས་ཆེན་པོས་གང་ཞིང་རྒྱས་ནས་ཡོད་ཀྱང་ལུས་ཀྱི་གནད་མ་གཅུན་ན་ཡུལ་ལ་སྣང་མི་ནུས་སོ༔ དེའི་ཕྱིར་ན་སྔོན་དུ་འགྲོ་བ་ལུས་ཀྱི་འདུག་སྟངས་འདི་རྣམས་དང་༔ ཞག་དུ་མར་སེམས་སྦྱང་ཞིང་ལུས་གཅུན་པ་ནི་རབ་ཏུ་གཅེས་སོ༔ དེ་ནས་དུས་ཚོད་ཅིག་ནས་ལུས་ལ་གནད་མེད་པར་འགྲོའོ༔ གནས་པ་ལུས་ཀྱི་གནད་ཡིག་ཡང་ཏིག་གསང་བ་རྫོགས་སོ༔ ཨྠྀི༔ ༔ བརྡ་ཡིག་ཡོད༔ བདེ་ཆེན་མངོན་དུ་འབྱིན་པ་ཉིད་ལ་ཕྱག་འཚལ་ལོ༔ ད་ནི་ཉམས་སུ་བླང་པ་དངོས་གཞིའི་གདམས་པ་ཡང་གསང་གབ་པའི་ཏི་ཀ་གནད་ཡིག་ཆེན་པོ་བསྟན་པར་བྱའོ༔ འདིར་ནི་མན་ངག་རིམ་འཇུག་ཕྱིིར༔ ལས་ཅན་སྐྱེས་བུ་གང་ཞིག་གིས༔ འདི་ལྟར་ཉམས་སུ་ལེན་པ་ལཿའདི་ནི་རྣལ་འབྱོར་སྐལ་པ་བཟང་༔ སྐལ་བཟང་བྱང་ཆུབ་སེམས་ཆེན་པོ༔ འདི་ནི་མི་རྟོག་མྱ་ངན་འདས༔ འདི་ཉིད་བརྩོན་པར་སུས་བྱས་པ༔ རིག་པ་ལུ་གུ་རྒྱུད་ཉིད་ལ༔ རྣམ་པར་གནས་པ་ཁོ་ནའོ༔ དབྱིངས་ལ་བརྟན་པར་བྱ་བའི་ཕྱིར༔ སྣང་བ་ཀུན་ལ་རང་གཟེར་གདབ༔ རིག་པ་བརྟན་པར་བྱ་བའི་ཕྱིར༔ ངོ་བོ་ཉིད་ནི་རྣལ་དུ་དབབ༔ ལྟ་བ་བརྟན་པར་བྱ་བའི་ཕྱིར༔ རྟག་ཏུ་ལུ་གུ་རྒྱུད་ལ་
གཟིར༔ ཤེས་པ་བརྟན་པར་བྱ་བའི་ཕྱིར༔ རིག་པ་དབྱིངས་སུ་བཙོན་དུ་བཟུང་༔ ལུས་ནི་བརྟན་པར་བྱ་བའི་ཕྱིར༔ འདུག་སྟངས་རྣམས་ལ་རང་ལུས་སྦྱང་༔ ངག་ནི་བརྟན་པར་བྱ་བའི་ཕྱིར༔ རྟག་ཏུ་ལྐུགས་པ་ལྟ་བུར་གནས༔ སེམས་ནི་བརྟན་པར་བྱ་བའི་ཕྱིར༔ རྟག་ཏུ་ལུ་གུ་རྒྱུད་ལ་ལྟ༔ སྣང་བ་འཁྲུལ་པ་རྒྱུན་གཅད་ཕྱིརཿསྟོང་པ་ཉིད་ལ་གོམས་པར་བྱ༔ འདི་ལྟར་ཉམས་སུ་ལེན་པའི་མི༔ སངས་རྒྱས་རྣམས་དང་ཉེ་བ་ཡིན༔ དེ་ཕྱིར་འདི་ལ་གོམས་པར་བྱའོ༔ འདི་ལྟར་ཉམས་སུ་ལེན་པ་དངོས་ནི༔ ལས་དང་པོ་པའི་གང་ཟག་གིས་རྐྱེན་འཛོམ་དགོས་ཏེཿརྐྱེན་མ་འཛོམ་ན་རིག་པའི་དྭངས་མི་ཕྱེད་པས་ཐོག་མར་རྐྱེན་གལ་ཆེ་བས་རྐྱེན་གཟུང་བ་ནིཿཡུལ་ནམ་མཁའ་སྟོང་པ་སྟེ་ནམ་མཁའ་སྤྲིན་དང་བྲལ་བ་རབ་ཏུ་གཅེས་པའོ༔ སྤྲིན་དང་ཁུ་རླངས་ཀྱིས་བསྒྲིབས་ན་རིག་པའི་བཀྲག་མི་ཐོན་པས་རྐྱེན་དག་པ་གལ་ཆེ༔ ནམ་མཁའ་སྟོང་པ་ལ་རིག་པ་སྣང་བ་ཡིན་པས༔ འདི་ནི་ཡུལ་སྟོང་པ་ལ་ངོ་བོ་སྟོང་པ་ཉིད་རང་དག་ཅིར་ཡང་གནས་པ་ཞེས་བྱའོཿའདི་ནི་ཐོག་མ་ནས་སྟོང་པ་ཉིད་ཀྱི་སྣང་བ་སྟོང་པ་ཉིད་དུ་གྲོལ་བ་ཅེས་བྱ་བ་ཡུལ་སྟོང་པ་རིག་པ་གསལ་བར་ཤར་བས་གསལ་སྟོང་དབྱེར་མེད་སྣང་བ་རང་དག་པ་ཟུང་འཇུག་གི་དགོངས་པ་ཞེས་བྱའོ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ནི་གསལ་བ་རང་ཤེས་ཀྱི་རྒྱལ་པོ་ཞེས་བྱ་བར་ཡེ་ཐོག་མ་ནས་བཞུགས་པ་ཡིན་ཏེ་སངས་རྒྱས་པའི་སྣང་བ་དང་དབྱེར་མི་ཕྱེད་པས༔ བཞུགས་ཚུལ་ལ་ཁྱད་མེད་དེ་སྣང་ཚུལ་ལ་རྒྱུན་གྱི་ཁྱད་པར་གྱིས་ཕྱེའོཿ འདི་ནི་དབང་པོའི་མངོན་སུམ་དུ་
རིག་པ་ཟང་ཐལ་བ་ཅེས་བྱ་སྟེ་རིག་པ་ཉིད་དུ་ཉམས་སུ་མྱོང་དུ་ཡོད་པའོ༔ འདི་ཉམས་སུ་མ་མྱོང་ན་ཡིད་དཔྱོད་དུ་འཛིན་པའི་ལྟ་བ་རྣམས་དང་ཁྱད་ཅུང་ཟད་ཀྱང་མེད་དེ་ཤེས་རབ་ཀྱི་སྤྱོད་ཡུལ་དུ་ནི་མ་ཡིན་ནོ༔ ཤེས་རབ་ཀྱིས་ནི་ཡང་དག་པར་བརྟགས་ན་ཕུང་པོའི་གཏིང་མི་རྙེད་དེ་རིག་པ་ནི་སྨོས་ཅི་དགོསཿརིག་པ་ནི་དབང་པོས་གཏན་ལ་མ་ཕབ་ན་ཤེས་རབ་ཀྱིས་གཏན་ལ་ཕབ་ཀྱང་ཡིད་དཔྱོད་ཀྱི་ལྟ་བ་རྣམས་དང་ཁྱད་པར་ཅི་ཡང་མེད་པའི་ཕྱིར་ན་ཤེས་རབ་ཀྱིས་ནི་མ་ཡིན་ནོ༔ འདི་ཉིད་དུ་ནི་ཕུང་པོ་རྣམས་དང་༔ དབང་པོ་རྣམས་དང་༔ ཁམས་རྣམས་ཟད་པར་མ་བྱས་ན་སངས་མི་རྒྱ་བས༔ འདི་དག་ལ་ཟད་པར་བྱ་རྒྱུ་ལོགས་ན་གཅིག་ཀྱང་ཡོད་པ་མ་ཡིན་ནོ༔ དེའི་ཕྱིར་ན་འདི་ཤེས་རབ་ཀྱིས་ཟད་པར་བྱ་བར་ནུས་པ་མ་ཡིན་པསཿདབང་པོ་དང་རིག་པ་མ་འབྲེལ་ན་ཟད་པར་མི་ནུས་ཏེ་དབང་པོས་བལྟར་ཡོད་པས་དེ་ཀུན་ཟད་པར་ནུས་པ་ཡིན་ནོ༔ དེས་ན་འདི་ནི་ཤིན་ཏུ་ཟབ་པས་ན་ད་ལྟ་ཉིད་དུ་གཏན་ལ་དབབ་ཏུ་ཡོད་པའོ༔ འདི་ལྟར་གཏན་ལ་ཕབ་ནས་ཉམས་སུ་བླངས་པས་རྟགས་ནི་འདོད་པ་མེད་ཀྱང་རང་བཞིན་དུ་འབྱུང་ངེས་སོ༔ འདིའི་དུས་སུ་གནད་དུ་མི་འགུལ་བ་རྣམ་པ་གསུམ་མཆོག་ཏུ་གཅེས་སོ༔ ལུས་མ་འགུལ་བས་མིག་རང་སོར་གཏན་ལ་ཕེབས༔ མིག་མ་འགུལ་བས་རིག་པ་ཉིད་དང་འབྲལ་བ་མེད་པར་གཏན་ལ་ཕེབས༔ རིག་པ་མ་འགུལ་བས་སྣང་བ་དང་གཟེར་ཐེབས་ཏེ་མི་འགུལ་བའོ༔ འདི་ལྟར་མ་འགུལ་བ་གསུམ་དུ་བསྡད་པས་དམིགས་པ་ཐམས་ཅད་རང་སར་དག་ནས་སྣང་བ་རྒྱ་ཡིས་ཐེབས༔ འཁྲུལ་པ་རང་སར་ལོག་ཡེ་ཤེས་མ་བུ་འཕྲད་པའི་ཉམས་ཞེས་བྱ་
བ་ཡིན་ནོ༔ འདི་དག་ནི་རིག་པ་མཐོང་བའི་གནད་ཡིག་ཡང་དག་པའོ༔ ལུ་གུ་རྒྱུད་རླུང་དང་བྲལ་ནས་ཐིག་ལེ་རྣམས་སྨིན་པའི་ཚེ་སྣང་བ་དུམ་བུའི་རྣལ་འབྱོར་པ་ཞེས་བྱ་སྟེ་ཐིག་ལེ་དང་ཐིག་ཕྲན་དུ་འཆར་བས༔ འདི་ནི་དུམ་བུ་ལ་གོམས་པ་ཞེས་བྱའོཿའདི་ལྟར་བརྟན་པ་ཐོབ་ནས་རིག་པ་རང་ངོའི་སྣང་བ་ཟབ་ཅིང་རྒྱ་ཆེ་བ་ལ་དཔྱད་པར་བྱ་སྟེ་དབྱིངས་ཀྱི་སྣང་བ་ལ་གོམས་པར་བྱའོ༔ ད་ནི་ཉམས་གོང་ནས་གོང་དུ་འཕེལ་བར་བྱ་ཞིང་ཤེས་པ་རང་ཐོག་ཏུ་བལྟ་བར་བྱ་བའི་མན་ངག་བསྟན་པ་ཡིན༔ དེ་ཡང་གོང་དུ་མིག་གི་དེ་བཞིན་ཉིད་ཤེས་པས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་བྱ་བའི་དོན་གྱི་སྐབས་སུ༔ མིག་མ་བདེ་ན་བཅོས་པའི་མན་ངག་གིས་ཇི་ལྟར་བདེ་བའི་ལུས་ཀྱི་གནད་ཀྱིས་བཅོས་པར་བྱའོཿཐིག་ལེ་སྲན་མ་ཙམ་དུ་ཤར་བ་དང་༔ འོད་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བའི་ཚེ་ན་ཚད་དུ་ཕྱིན་པ་ཡིན་སྙམ་ནས་ཉམས་ལེན་དང་བྲལ་ནཿའདིའི་སྣང་བ་ལོག་ནས་བར་མ་དོ་གཉིས་པའི་བརྟན་པ་ཡིན་ཏེ༔ དེར་ཤེས་པ་གལ་ཏེ་མ་ཚུད་ན་རང་བཞིན་སྤྲུལ་པ་ལས་མི་མཐོང་བས༔ འདི་ལ་བར་མ་ཆད་པར་རབ་ཏུ་གཅེས་སོ༔ དེ་ལྟར་ཉམས་སུ་བླངས་པ་ལས་ལུས་ཀྱི་རྟགས་འགའ་འབྱུང་བ་ལ་རློམ་པ་བྱས་ལ་གཞག་པར་བྱ་བ་མ་ཡིན་ནོ༔ འདི་ཡང་སྣང་བ་ལྡོག་པས་རྟག་ཏུ་ཉམས་སུ་བླངས་པ་གཅེས་སོ༔ དེ་ལྟར་ལུས་ཀྱི་རྟགས་བྱུང་བའི་དུས་སུ་འཕང་༔ དུར་ཁྲོད་ཅིག་ནས་འོངས་ཏེ་ཐ་མ་ལ་འབུལ་ཞིང་རྫས་ཡོད་པ་རྣམས་ཀྱང་བླ་མ་ལ་དབུལ་བར་བྱའོ༔ བླ་མས་ཉམས་དྲིས་ཏེ་ཡང་དེ་ཉིད་ལ་འདྲིས་སུ་གཞུག་སྟེ༔
དེ་ལྟར་བླ་མས་ནི་གདམས་ངག་ནི་དུས་གཅིག་ལ་མ་ཡིན་ཏེ༔ རིམ་གྱིས་སློབ་མའི་ཤེས་པའི་ཉམས་དང་སྦྱར་ཞིང་གདབ་པར་བྱའོ༔ དེ་ལྟར་དུར་ཁྲོད་སོ་སོར་བཟུང་ནས་སྐབས་སུ་ཉམས་བསྡུར་ཞིང་ཉམས་སུ་བླངས་པས་སློབ་མ་དང་གུ་རུ་བཅས་པ་རྣམས་དུས་གཅིག་ལ་སངས་རྒྱའོ༔ ཡང་འོད་ནི་ཡུལ་གྲུའི་རྣམ་པ་ཙམ་ཐིག་ལེ་ནི་འཁར་ཕོར་ཁ་སྦུབ་པ་ཙམ༔ ལུས་ལ་ཡང་རྟགས་སུ་གཉེར་མ་མེད་ཅིང་ཟས་དང་གོས་ཀྱི་འདུ་ཤེས་བྲལ་བའི་ཚེ་ལུས་གཅེར་བུར་ཕྱུངས་ཏེ་གངས་སམ་རྒྱ་མཚོའི་འགྲམ་དུ་ཉམས་སུ་བླང་ཞིང་༔ ཡང་རྟགས་ཕྲ་མོ་དེ་ཀུན་ལ་རློམ་པ་མི་བྱ་བར་གོང་ལྟར་ཉམས་སུ་བླངས་པ་རབ་ཏུ་གཅེས་སོ༔ དེ་ལྟར་བྱས་པས་ཡང་འོད་ནི་ཡུལ་ཁམས་ཙམ་ཐིག་ལེ་ནི་ལྔ་ལྔའི་སྣང་བར་འགྱུར་ཏེ༔ དེའི་དུས་ན་ངག་དང་སེམས་འདྲེས་པའི་རྟགས་འབྱུང་སྟེཿསྔར་མི་ཤེས་པའི་ཆོས་ཤེས་ལ་དང་༔ རང་གི་བླ་མ་ལ་གདུང་པ་སྐྱེ་བ་ལ་སོགས་པ་འབྱུང་བའི་ཚེ་ན༔ ཡང་ངག་རྣམ་པར་ངེས་པ་ཞེས་བྱས་ཏེ་ཆོས་ཀྱི་གཏམ་རང་གཅིག་པུས་སྐད་ལྷང་ལྷང་བརྗོད་པ་གལ་ཆེའོཿརྟགས་དེ་ཀུན་ལ་ཡང་རློམ་པ་མ་བྱས་པར་ཡང་གོང་ལྟར་ཉམས་སུ་བླང་བར་རབ་ཏུ་གཅེས་སོ༔ འདི་ལྟར་བྱས་ན་ནི་འོད་ནི་སྟོང་གསུམ་ཙམ༔ ཐིག་ལེ་ནི་རེ་རེའི་ནང་དུ་སྐུ་རེ་རེ་འགྱུར་བས༔ དེའི་ཚེ་ན་རང་གི་ལུས་མི་སྣང་བར་འགྱུར་ཏེ༔ སྐབས་སུ་འོད་ཀྱི་དཀྱིལ་ན་རང་གི་སོར་མོ་རྣམས་བཀྲམ་པའི་སྣང་བ་འབྱུང་ཞིང་ལུས་དང་ཡན་ལག་ཀུན་ཀྱང་རང་གིས་རང་མི་མཐོང་སྟེ༔ སྐབས་སུ་ནི་འོད་ཀྱིས་ལུས་མཐོང་བ་ཡང་འབྱུང་པས༔ དེའི་དུས་ན་རང་གི་ལག་སོར་འོད་ཀྱི་སྣང་བ་དེ་ལ་གཏད་ཅིང་ཉམས་སུ་བླངས་པས་མྱུར་དུ་ལུས་ཟད་
པར་འགྱུར་བ་ལ་ཐེ་ཚོམ་མེད་དོ༔ དེ་ནས་ལུས་ཟད་པར་མ་ཐུག་པ་ལ་ལུས་རེས་སྣང་རེས་མི་སྣང་བའི་དུས་ན་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པའི་རྟགས་འབྱུང་སྟེ༔ འབྱུང་བ་རྣམས་ལ་ཐོགས་པ་མེད་པར་འབྱུང་བ་ཡིན་ནོཿརྟགས་འདི་ཀུན་ཀྱང་འདོད་ཅིང་བྱས་པ་མ་ཡིན་ཏེ་ཡེ་ནས་ཤེས་བྱ་ཉིད་ལ་བབས་ཀྱིས་གྲུབ་ནས་ཡོད་པས་ན་དེའི་རྩལ་དུ་དེ་སྣང་བ་ཡིན་ནོ༔ དེ་ནས་རང་གི་ལུས་ཟད་ནས་མི་སྣང་བའི་དུས་ན་རྣལ་འབྱོར་པ་དང་ཉམས་ཀྱི་དགོངས་པ་གདིང་དུ་གྱུར་པ་ཡིན་པས་ཉམས་སུ་བླང་བྱའི་ཤེས་པ་དང་བྲལ་བ་ཞེས་བྱའོཿའདི་ལྟར་ཡུན་བག་ཙམ་གནས་པ་ཡིན་ནོ༔ དེ་ལྟར་གནས་པའི་ཚེ་ནི་རིག་པ་སྲང་ལ་ཐེབས་པའི་དུས་ཏེ༔ རིག་པ་སྲང་ལ་ཕབ་ཡེ་ཤེས་ལམ་དུ་དྲངས་འོད་སྣང་ལ་འཕེལ་མེད་པ་ཡིན་པས་མི་འགྱུར་པའི་གདེང་སྐྱེས་པ་ཡིན་ནོ༔ དེ་ལྟར་བྱུང་ནས་སྣང་བ་ཅི་ཡང་མ་ཡིན་པའི་ངོ་བོར་གྱུར་ཏེ་གནས་པས་ཆོས་ཐམས་ཅད་རང་ཟད་ཀྱི་ཐོག་ཏུ་ཕབ་པ་ཞེས་བྱ་སྟེ་གང་གིས་ངོ་བོར་ཡང་མེད༔ འདི་ལྟར་ཡིན་པར་གྲུབ་པ་མེད་པའི་ཚེ་ན་ལུས་ངག་ཡིད་གསུམ་གྱི་ཞེན་པ་ཟད་དེ་རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཆེན་པོར་བཞུགས་སོ༔ འདིར་ནི་སྐུ་གསུམ་ཀྱི་ཞེན་པ་རང་ཟད་སྐུ་ལས་འདས་པའོ༔ འདི་ཀུན་གྱི་དུས་ན་ཡང་འཇུག་པ་ལ་དབང་ཐོབ་པ་དང་༔ སྐྱེ་བ་ལ་དབང་ཐོབ་པ་གཉིས་ཏེཿསེམས་ཅན་གྱི་དོན་ནི་མ་འགགས་པར་རང་བཞིན་གྱིས་བྱར་ཡོད་དོ༔ དེ་ལྟར་ཉམས་སུ་བླངས་པས་ཟག་མེད་དུ་མྱ་ངན་ལས་འདས་པའི་མན་ངག་མཆོག་གི་སྙིང་པོ་ཞེས་བྱ་སྟེ་རབ་ཏུ་ཟབ་པའོ༔ ཨྠྀི༔ ༔ རྒྱ་རྒྱ་རྒྱ༔ ༔ གལ་ཏེ་སྐྱེས་བུ་ཆེན་པོ་དེ་ནི་དེ་ལྟར་ཉམས་སུ་
ལེན་པའི་དུས་ན་བར་ཆོད་ཀྱི་དབང་དུ་གྱུར་ན་ཡང་འདི་ལྟ་སྟེ༔ ལུས་ངག་གི་སྤྱོད་པ་སྔོན་དུ་འགྲོ་བ་འཁོར་འདས་རུ་ཤན་འབྱེད་པའི་དུས་ནས་སོང་ན༔ སྐྱེས་བུ་དེ་ནི་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུངས་ནས་ལོ་ལྔ་བརྒྱ་ན་བར་མ་དོ་མེད་པར་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ ལུས་ཀྱི་གནད་གཅུན་པའི་དུས་སུ་བར་ཆད་ན་བར་དོའི་སྣང་བ་ཐ་མ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་ཐིམ་ལུགས་བརྒྱད་དང་བཅས་ཏེ་སངས་རྒྱ་བ་ཡིན་ནོ༔ སྣང་བ་གོང་ནས་གོང་དུ་འཕེལ་པའི་ཚེ་བར་ཆོད་ན་བར་དོ་གཉིས་པ་ཡེ་ཤེས་བཞིའི་སྣང་བ་ལ་སངས་རྒྱ་བར་ངེས་སོ༔ རང་རིག་པ་ཉིད་ཚད་ལ་ཕེབས་མ་ཕེབས་ཀྱི་མཚམས་སུ་ཚེའི་དུས་བྱས་ནས་བར་མ་དོ་དང་པོ་ཚོམ་བུ་ལ་ངེས་པ་ཐོབ་སྟེ་ཞག་ལྔ་སྐད་ཅིག་མ་རྣམ་པ་གསུམ་གྱི་ཆའི་གྲོལ་བར་ངེས་སོ༔ འདི་ལྟར་ཉམས་སུ་ལེན་པར་འདོད་ཅིང་ཞུགས་ནས་ཚེའི་བར་ཆད་བྱུང་བ་རྣམས་དེ་ལྟར་ཡིན་གྱིས༔ འདིའི་སྒོར་ཞུགས་པའམ་ཚིག་གི་ཕྱིར་སྤྱོད་པ་ཙམ་ནི་དེ་ལྟར་མ་ཡིན་ནོ༔ ཕྱི་མའི་ལུས་བཟང་ངན་ལེན་ལུགས་ནི་ཐབས་ཐུན་མོང་མ་ཡིན་པའི་སྒོ་མཐོང་བའི་དབང་གིས་ཡོད་དོཿམངལ་གྱི་སྒོ་འགྲིམ་པ་ནི་མ་ཡིན་ནོ༔ དེའི་ཕྱིར་ན་ལུས་ངག་གི་བྱ་བ་གཏན་གྱིས་ཚེར་མར་མི་འགྱུར་བའི་ཡུལ་དུ་ཉམས་སུ་ལེན་པ་ནི་རབ་ཏུ་གཅེས་སོ༔ ཉམས་སུ་མ་བླངས་པར་སངས་མི་རྒྱ་སྟེ༔ དཔེར་ན་མ་སྤྱད་པར་བཞག་པའི་གཏེར་དང་འདྲའོཿའཁྲུལ་པའི་སྣང་བ་འདི་ཉིད་ལ་མ་འགགས་པར་ཚིག་གིས་དགག་ཏུ་རེ་བ་ནི་རྣམ་པ་ཐམས་ཅད་དུ་འབྱུང་མི་སྲིད་དོ༔ ཚིག་གིས་གྲོལ་ན་འཇིག་རྟེན་གྱི་གཏམ་རྒྱུད་ཀྱིས་ཀྱང་གྲོལ་བར་འགྱུར་ཏེ་རྣམ་པ་ལ་གྲོལ་མི་སྲིད་དོཿ དཔེར་ན་ནོར་བུ་རིན་པོ་ཆེ་དེ་ལ་ཡོན་ཏན་རང་རྫོགས་སུ་
ཡོད་ཀྱང་བྱི་དོར་མ་བྱས་པར་དགོས་འདོད་ཕྱིར་འབྱུང་བར་མི་ནུས་སོ༔ དེ་བཞིན་དུ་རིག་པའི་ངོ་བོ་ལ་ཡོན་ཏན་མ་འགག་པར་རང་རྫོགས་སུ་ཡོད་ཀྱང་ཉམས་སུ་མ་བླངས་ན་འདི་ཉིད་ལ་རྩལ་རྫོགས་པར་ནུས་པ་མ་ཡིན་ནོཿརྟག་ཏུ་ཁྱིམ་མེད་རི་ཁྲོད་བྱ༔ ཞེས་པས་རྐྱེན་མ་ཡིན་པའི་ཡུལ་དུ་ཕྱ྄ིན་ཏེ་ཉམས་སུ་བླངས་ན་སྣང་བ་འདི་ཉིད་ལ་ཆོད་ངེས་སོཿཡང་འབྱེད་སྦས་པའི་ཉམས་སུ་ལེན་པ་དངོས་གཞིའི་གནད་ཡིག་ཆེན་མོ་རྫོགས་སོ༔ ཨྠྀི༔ ༔ རྒྱ་རྒྱ་རྒྱ༔ ༔ འདི་མིན་གཞན་ལ་སྤྱོད་པའི་སྒོམ་ཆེན་ཡི་རེ་ཆདཿདེ་ཕྱིར་བླ་མའི་མན་ངག་གསང་མཆོག་ངེས་པ་འདི༔ ནམ་ཞིག་འབྱུང་བའི་དུས་ནི་བྱུང་བའི་ཚེ༔ སྐལ་ལྡན་སྙིང་གི་བུ་དང་འཕྲད་པར་ཤོག༔ དེ་དག་གསང་མཆོག་ངེས་པ་འདི་འཕྲད་ནས༔ འདི་ཡིས་རང་རྒྱུད་གྲོལ་བར་བྱས་ནས་ནི༔ བསྟན་པའི་སྙིང་པོ་འདི་ནི་རྒྱས་བཏབ་ནས༔ ཡུན་གྱི་བཙས་སུ་འདི་ཉིད་སྦེད་པར་ཤོག༔ བདེ་གཤེགས་མཁའ་འགྲོ་རྣམས་ཀྱིས་འདི་ལ་བྱིན་གྱིས་རློབས༔ བདག་གི་སྙིང་པོ་ངེས་པའི་ལྡེ་མིག་ཏུཿགནད་ཀྱི་དོན་ཀུན་བསྡེབས་ནས་འདིར་བཀོད་དེ༔ ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་དུ་ནི༔ རང་གི་ཉམས་མྱོང་བླ་མའི་མན་ངག་དང་༔ རྒྱུད་ཀྱི་གཞུང་ལ་བརྟེན་ནས་འདི་ལྟར་བྲིས༔ ཨྠྀི༔ ཕྱི་རབས་འཇུག་པའི་སྐལ་ལྡན་ངེས་པ་ཅན༔ འདི་ལ་ཐེ་ཚོམ་མ་བྱེད་ཚད་མ་ཡིན༔ ཡིད་དཔྱོད་དང་ནི་རང་དགར་མ་ཡིན་ཏེ༔ རིམ་གྱིས་སྙན་ཁུང་བརྒྱུད་པའི་མན་ངག་ནི༔ བླ་མས་བདག་ལ་གཏད་དེ་ཉམས་བླངས་པ༔ འདི་ཉིད་སྟེང་དུ་ཡང་ནས་ཡང་ཕབ་པས༔ འདི་དོན་མི་འགྱུར་གནད་ཀྱི་ཡི་གེ་རུ༔
བླ་མས་གསུངས་ཤིང་བདག་གིས་ཉམས་བླངས་པའི༔ རང་བཞིན་དོན་གྱི་གནད་ཀྱི་མན་ངག་འདི༔ གསང་བའི་ཡི་གེ་དམར་རུའི་ཉམས་ལེན་ལ༔ འགྱུར་དབང་མེད་པར་གནད་རྣམས་བསྡུས་ནས་ནི༔ ཕྱི་རབས་འདི་བརྟེན་སྐལ་དང་ལྡན་པ་ཀུན༔ འདི་ལྟར་ཉམས་སུ་ལོངས་ཤིག་ས་མ་ཡ༔ ཞེས་བྱེ་མ་ལ་མུ་ཏྲས་གསུངས་ཏེ༔ མཆིམས་ཕུ་བྲག་དམར་དགེ་གོང་དུ་སྒྲ་རང་འགྱུར་དུ་མཛད་ནས་ཆོས་རྟགས་ཀྱི་རྒྱ་དང་མཁའ་འགྲོ་མའི་རྒྱས་བཏབ་སྟེ་སྦས་སོ༔ ཨྠྀི༔ ༔ ༔ སྔགས་ཀྱི་སྲུང་མས་སྲུངས་ཤིག༔ མན་ངག་འདི་རྣམས་ནི་ཕྱི་མའི་ཚེ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞིག་གིས་རྙེད་ནསཿདེའི་འོག་ཏུ་ལག་ན་རྡོ་རྗེའི་སྤྲུལ་པ་ཅིག་གིས་དར་ཞིང་རྒྱས་པར་བྱེད་དོ༔ ༔
དམིགས་གཏད་གསལ་བའི་སྒྲོན་མེ།
དམིགས་གཏད་གསལ་བའི་སྒྲོན་མེ་བཞུགས་སོ༔༼ཕྲ་ཡིག༽
རྒྱ་གར་སྐད་དུ༔ བྷང་གྷ་ལང་རྨ་རྨ་གི་དུ་ཡཾ༔ བོད་སྐད་དུ༔ མན་ངག་རིན་པོ་ཆེའི་དེབས་དམིགས་གཏད་གསལ་བར་བྱེད་པའི་སྒྲོན་མེ༔ དཔལ་སྐུ་གསུམ་གྱི་བདག་ཉིད་ལ་ཕྱག་འཚལ་ལོ༔ རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བ་དང་༔ སྣང་བ་རང་སར་དག་པའི་སྒོམ་པ་དང་༔ ཟིན་པ་བྲལ་བ་མེད་པའི་སྤྱོད་པ་དང་༔ སྒྲུབ་མེད་རྩལ་སྤྲུག་ཟིན་པའི་འབྲས་བུའི་དོན༔ ཉམས་བླངས་ཕྱོགས་གཅིག་དག་ཏུ་བསྡེབས་པ་འདི༔ སྐྱེས་བུ་ཡང་རབ་རྣམས་ཀྱི་དོན་དུ་བསྟན༔ སརྦ་ཏ་ཐཱ་ག་ཏ་ཨ་པ་ཡྻེ༔ ཀྱེ་མ་རིགས་ཀྱི་བུ་རྣམས་ཀྱིས་འདི་ལྟར་ཡིད་ཆེས་པར་གྱིས་ཤིག༔ རང་གི་རིག་པ་ཉིད་ལྷག་མཐོང་དུ་མཐོང་བར་བྱེད་པའི་མན་ངག་གི་ལག་ཁྲིད་རིན་པོ་ཆེའི་རྩར་ཕྲེང་ནི༔ དང་པོ་རིག་པ་གཅེར་མཐོང་ལ་ཡིད་མ་ཆེས་ན༔ གྲུབ་མཐའ་ངན་པ་ལོག་པ་འབྱུང་དོགས་སྲིད་པས༔ སྔོན་དུ་བྱང་ཆུབ་སེམས་སྦྱོང་གི་མན་ངག་ལ་བསླབ་པར་བྱའོ༔ དེ་ནས་སེམས་འབྱོངས་པའི་དྲོད་རྟགས་གཏན་ལ་ཕེབས་པ་དང་༔ གསང་སྔགས་གཞན་དག་གི་མན་ངག་གིས་ལམ་དུ་དྲངས་ཏེ༔ གང་ཟག་ཆགས་པ་ཅན་དང་ཆགས་པ་མེད་པ་གཉིས་སུ་བྱས་ནས༔ རྩ་དང་རླུང་དང་ཐིག་ལེ་ལ་བསླབ་པར་བྱའོ༔ དེ་ལྟར་རྩ་རླུང་གི་དྲོད་རྟགས་གཏན་ལ་ཕེབས་ནས༔ དྲན་པ་རྒྱུན་གཅོད་ཀྱི་མན་ངག་གིས་རིག་པ་ཉིད་འབྱུང་བ་ལས་ལྡོག་པར་བྱའོ༔ དེ་ལྟར་འབྱུང་བ་ལྔ་ལས་བཟློག་ནས༔ སྦས་པ་མིག་འབྱེད་ཀྱི་མན་ངག་གིས་སྤྱོད་པ་སྒོམ་པ་ལྟ་བ་འབྲས་བུའི་འདུག་
ཚུལ་ལྟ༔ དེ་ལྟར་ལྟ་སྒོམ་སྤྱི་དང་རང་གི་འདུག་ཚུལ་བལྟས་ནས༔ སྤྱོད་པ་བསྡུས་པའི་སྒྲོན་མེའི་མན་ངག་གིས༔ རང་གི་སྤྱོད་པ་བཞི་སྐོར་དུ་གཏན་ལ་དབབ་པའོ༔ དེ་ལྟར་སྤྱོད་པའི་དྲོད་ཚད་རྙེད་ནས༔ ད་སེམས་ཉིད་ཏིང་ངེ་འཛིན་ལ་དབང་ཐོབ་པར་བྱ་བའི་ཕྱིར༔ སྒོམ་པ་བསྡུས་པའི་མན་ངག་གིས༔ སྒོམ་པ་བཞི་སྐོར་གྱིས་སེམས་ལ་དབང་ཐོབ་པར་བྱའོ༔ དེ་ལྟར་སེམས་ལ་དབང་ཐོབ་པར་བྱས་ནས༔ ད་རང་གི་འདུག་ཚུལ་གཏན་ལ་དབབ་པའི་ཕྱིར༔ ལྟ་བ་བསྡུས་པའི་སྒྲོན་མེའི་མན་ངག་གིས༔ སེམས་རྒྱལ་སར་འདོན་པར་བྱ་བའི་ཕྱིར༔ རང་གི་ལྟ་བ་བཞི་སྐོར་གྱིས་སེམས་ལྟར་མི་ལྡོག་པར་བསྟན་པའོ༔ དེ་ལྟར་སེམས་ཀྱི་རྒྱལ་ས་ཟིན་པར་བྱས་ནས༔ ད་སེམས་དེ་མི་ལྡོག་པར་བརྟན་པར་བྱེད་པའི་ཐབས་སུ་འབྲས་བུ་བསྡུས་པའི་སྒྲོན་མེའི་མན་ངག་གིས༔ རང་གི་འབྲས་བུ་བཞི་སྐོར་གྱིས་སེམས་དང་རིག་པ་ངོ་སྤྲད་པར་བྱའོ༔ དེ་རྣམས་ནི་སེམས་གཏན་ལ་འབེབས་པའི་ཡི་གེའོ༔ དེ་ལྟར་སེམས་གཏན་ལ་ཕབ་ནས༔ ད་རང་གི་རིག་པ་གཏན་ལ་དབབ་ཅིང་ཉམས་སུ་བླང་བ་ལ་དངོས་གཞིའི་མན་ངག་གིས་རིག་པ་དང་དངོས་པོ་ངོ་སྤྲད་པའི་མན་ངག་ལ་བསླབ་པར་བྱའོ༔ དང་པོ་མན་ངག་གི་ཆེ་བ་བསྟན་ནས༔ གཉིས་པ་སྣོད་དང་ལྡན་པའི་སློབ་མ་ལ་གདམས་ཤིང་སྣོད་བརྟགས་ནས༔ གསུམ་པ་ཉམས་སུ་ལེན་པའི་གནས་དང་༔ དད་པ་དང་ལྡན་པའི་སློབ་བུ་དེས་བླ་མ་མཉེས་པར་བྱ་སྟེ་གདམས་པ་ཞུ་བར་བྱ་བ་དང་༔ དེ་ལྟར་ཞུས་ནས་རང་གི་བློ་ལ་ལོངས་པར་བྱ་སྟེ་ཡི་གེ་འདི་གསང་ཞིང་སྦ་བར་བྱས་ནས༔
བཞི་པ་ཉམས་སུ་ལེན་པའི་དང་པོ་སྔོན་འགྲོ་ལུས་ངག་གི་སྤྱོད་ལམ་ཇི་ལྟར་བྱ་བའི་རིམ་པ་བྱས་ནས༔ ལྔ་པ་ལུས་ཀྱི་གནད་གཟིར་ནས༔ དྲུག་པ་རིག་པ་དངོས་བལྟ་ཞིང་མཐོང་བར་བྱ་བ་དང་༔ བདུན་པ་རིག་པ་མཐོང་པའི་སྐྱེས་བུ་དེ་དཔལ་ཀུན་ཏུ་བཟང་པོ་དང་མཉམ་པར་བསྟན་ནས༔ བརྒྱད་པ་དེ་ཉམས་སུ་བླངས་པ་རིམ་གྱིས་ཤར་བ་ལ་བསླབས་ཏེ་ཉམས་གོང་ནས་གོང་དུ་འཕེལ་བའི་དྲོད་རྟགས་བརྟན་པར་བྱས་ནས༔ དེ་དག་ཀྱང་མན་ངག་ཚིག་གསུམ་དུ་བསྡུས་ནས་གང་ཟག་ལས་ཅན་ཅིག་ལ་བསྟན་པར་བྱ་བར་གསུངས་སོ༔ དེ་ལྟར་ཉམས་སུ་བླངས་ནས་དེའི་དོན་ལ་ཡིད་ཆེས་པར་བྱ་བའི་ཕྱིར༔ རིག་པ་རྒྱབ་བརྟན་གྱི་མན་ངག་གི་གཏན་ལ་ཕབ་ནས་དེ་ལྟར་རིག་པ་དེ་གཏན་ལ་ཕབ་ནས་རང་ངོ་ལ་ཡིད་ཆེས་བསྐྱེད་དེ༔ དེ་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱ་ཕྱིར༔ ཉོན་མོངས་པ་དང་དངོས་གཞི་བསྟན་པའི་འགལ་བ་བསྡུས་པའི་སྒྲོན་མའི་མན་ངག་གིས་ཉོན་མོངས་པ་དེ་རྣམས་ངོས་བཟུང་ནས༔ དེ་ལྟར་ཉོན་མོངས་པ་དེ་རྣམས་ངོས་བཟུང་ནས་གཞན་དག་གི་འཁྲུལ་བའི་གྲུབ་མཐའ་རྣམས་དང་༔ ཉོན་མོངས་པ་དང་ཕྱི་རོལ་གྱི་འདོད་པ་རྣམས་ཁྱད་མེད་དུ་འདུག་པར་བསྟན་པ་ནི༔ གཞན་འདོད་བསྡུས་པའི་བཅུད་ཕུར་གྱི་མན་ངག་གིས་གཞན་དག་གི་འདོད་པ་ངོ་ཤེས་པར་བྱས་ནས༔ རིག་པ་ཉིད་ལ་ཡིད་ཆེས་པར་བསྟན་ནས༔ དེ་ལྟར་གཞན་གྱི་རིག་པའི་ཡེ་ཤེས་མི་མཐོང་བར་བསྟན་ནས༔ རང་གི་རིག་པ་ལ་ཡིད་ཆེས་པར་བྱ་བའི་ཕྱིར་རིག་པ་བསྡུས་པ་སྒྲོན་མའི་མན་ངག་གིས་རིག་པའི་འདུག་ཚུལ་གཏན་ལ་ཕབ་ནས༔ རང་གི་རིག་པ་དེ་སྐུ་གསུམ་དུ་གཏན་ལ་
འབེབས་པ་ནི༔ སྐུ་གསུམ་བསྡུས་པའི་སྒྲོན་མའི་མན་ངག་གིས་རིག་པ་སྐུ་གསུམ་དུ་ཡིད་ཆེས་པར་བྱས་ནས༔ དེ་ལྟར་རིག་པ་སྐུ་གསུམ་དུ་གཏན་ལ་ཕབ་ནས་རང་གི་རིག་པ་དེ་ལྟ་སྒོམ་སྤྱོད་པར་གཏན་ལ་དབབ་པ་ནི༔ ལྟ་སྒོམ་བསྡུས་པའི་སྒྲོན་མའི་མན་ངག་གིས་རིག་པ་དེ་ཉིད་ལྟ་སྒོམ་སྤྱོད་པ་ཡིན་པར་གཏན་ལ་ཕབ་ནས༔ དེ་ལྟར་ལྟ་སྒོམ་སྤྱོད་པར་གཏན་ལ་ཕབ་པའི་རིག་པ་དེ༔ རང་གི་རིག་པ་ཐིག་ལེ་ཉག་གཅིག་ཏུ་གཏན་ལ་ཕབ་པ་ནི༔ ཉག་གཅིག་བསྡུས་པའི་སྒྲོན་མའི་མན་ངག་གིས་རང་གི་རིག་པ་ཐིག་ལེ་ཉག་གཅིག་ཏུ་གཏན་ལ་ཕབ་ནས༔ དེ་ལྟར་ཐིག་ལེ་ཉག་གཅིག་ཏུ་ཕབ་པའི་རིག་པ་སྟེ༔ རིག་པ་དེ་ཉིད་ལས་དགེ་སྡིག་ཐམས་ཅད་ལས་འདས་པར་གཏན་ལ་འབེབས་པ་ནི༔ དགེ་སྡིག་བསྡུས་པའི་སྒྲོན་མའི་མན་ངག་གིས་རང་གི་རིག་པ་དེ་ཆོས་ཐམས་ཅད་དུ་ལ་བཟླ་བར་བྱའོ༔ དེ་ལྟར་མན་ངག་གིས་དོན་ཐམས་ཅད་རྣམ་པར་བསྡབས་ནས་གང་ཟག་ཅིག་གི་ཆ་རྐྱེན་དུ་བསྟན་པ་ནི༔ རིན་པོ་ཆེ་གསེར་མིག་གཡུ་ཡིས་སྤྲས་པ་ཞེས་བྱ་སྟེ་མཆོག་ཏུ་ཟབ་པར་བསྟན་པའོ༔ དེའི་ཕྱིར་ན་མན་ངག་འདི་དག་རྣམས་ཤིན་ཏུ་ཟབ་པས༔ ཐེག་པ་དམན་པའི་རིགས་ལ་ཚིག་ཟུར་ཙམ་ཡང་བརྗོད་པར་མི་བྱའོ༔ གལ་ཏེ་བརྗོད་ཅིང་བསྟན་ན་སེམས་ཅན་དམྱལ་བ་ལས་འགྲོ་ས་མེད༔ འཇིག་རྟེན་འདིར་ཡང་མིག་ཐད་ལ་འབྲུལ༔ ཁ་ནས་ཁྲག་སྐྱུགས་ནས་འཆི་བར་འགྱུར་རོ༔ དེ་བས་ན་རབ་ཏུ་གསང་ངོ་༔ མན་ངག་འདི་དག་ནི་ཡི་གེ་ཉུང་ལ་དོན་མང་ཞིང་རྒྱས་པར་བསྟན་ལ༔ གདམས་
པ་འདིའི་གནད་ནི་ཤིན་ཏུ་འདུས་པར་བསྟན་པའོ༔ དམིགས་གཏད་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ༔ ཉམས་སུ་ལེན་པའི་སྒོམ་ཁྲིགས་ཆེན་པོ་རྫོགས་སོ༔ སྔགས་ཀྱི་སྲུང་མས་སྲུངས་ཤིག༔ མན་ངག་འདི་རྣམས་ནི་ཕྱི་མའི་ཚེ༔ ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞིག་གིས་རྙེད་ནས༔ དེའི་འོག་ཏུ་ལག་ན་རྡོ་རྗེའི་སྤྲུལ་པ་ཞིག་གིས་དར་ཞིང་རྒྱས་པར་བྱེད་དོ༔ ཨི་ཏི༔ རྒྱ་རྒྱ་རྒྱ༔
གསང་བ་ཆེན་པོའི་རྟགས་ཀྱི་ཡི་གེ།
གསང་བ་ཆེན་པོའི་རྟགས་ཀྱི་ཡི་གེ་བཞུགས་སོ། །༼ཕྲ་ཡིག༽
རྒྱ་གར་སྐད་དུ༔ ཧེ་དུ་ཝཪྞ་གྷུ་ཧྱ་ནཱ་མ༔ བོད་སྐད་དུ༔ རྟགས་ཀྱི་ཡི་གེ་གསང་བ་ཞེས་བྱ་བ༔ བཅོམ་ལྡན་འདས་དུས་ངེས་པའི་རྒྱལ་པོ་ཉིད་ལ་ཕྱག་འཚལ་ལོ༔ སངས་རྒྱས་རྣམས་ཀྱིས་ངེས་པའི་དོན་གསུངས་པ༔ སྙིང་པོ་ངེས་པའི་བཀའ་གསང་མན་ངག་ནི༔ གཞན་དང་མི་འདྲ་མན་ངག་གསེར་གྱི་རྩེ༔ སྙིང་པོ་ཡོངས་བསྡུས་འབྲས་བུའི་བཅུད་ཕྱུངས་པའི༔ ཐབས་ཆེན་གསང་བའི་ཡང་ཞུན་འབྲས་བུ་རྣམས༔ ཉམས་བླངས་ཕྱོགས་གཅིག་བསྡེབས་ནས་འདི་ཕྱུངས་པ༔ མང་པོ་ལས་ནི་ཡི་གེ་ཉུང་བསྡུས་ནས༔ སྙིང་ཕྱུངས་ལག་མཐིལ་དག་ཏུ་བསྟན་ནས་ནི༔ མཆོག་གི་ཡང་མཆོག་ཟངས་ཀྱི་ཡི་གེ་ཅན༔ འདི་དོན་ཉམས་སུ་ལོངས་དང་སྐལ་ལྡན་བུ༔ རང་བཞིན་ཡང་ནས་ཡང་བལྟས་པས༔ དེ་ཡི་འབྲས་བུའི་དུས་ཚོད་ངེས་བཟུང་ནས༔ ཡིད་ཆེས་རྟགས་ནི་འཕྲང་བསྒུགས་དགྲ་དང་འདྲ༔ མི་འགྱུར་བཟུང་བའི་ས་མེད་ལམ་དུ་བྱིན༔ ཡེ་ཤེས་རྣམས་ཀྱི་རང་རྟགས་ལམ་དུ་སྟོན༔ ས་བོན་ལས་ནི་མྱུ་གུ་ལོ་འབྲས་རྣམས༔ རིམ་གྱིས་དུས་ཚོད་ངེས་པར་འབྱུང་བ་བཞིན༔ གོམས་པ་ལས་ནི་རྟགས་རྣམས་འབྱུང་བ་སྟེ༔ རྗེས་འཛིན་དད་ཅན་ཡིད་ཆེས་བསྐྱེད་པའི་ཕྱིར༔ ལམ་གྱི་ཁྲིད་ཀ་དུས་ཚོད་ངེས་པའི་རྟགས༔ ཅི་ལྟར་འབྱུང་བའི་རྟགས་རྣམས་གསལ་བར་ནི༔ ང་ཡིས་འབྲིའོ་འདི་ལ་ཡིད་ཆེས་གྱིས༔ འབྲས་བུའི་རྟགས་ནི་འགྱུར་བ་མ་ཡིན་ནོ༔ རྒྱུ་ཡི་རྟགས་ནི་འགྱུར་ཞིང་བརྟན་པ་མེད༔ ལམ་གྱི་རྟགས་ནི་འདི་ལྟར་ངེས་པ་མེད༔ དེ་ཡི་ཕྱིར་ན་རྟགས་ཀྱི་ཡི་གེ་འདི༔ འགྱུར་མེད་སྲ་བའི་གཟེར་ཆེན་བཏབ་པ་བཞིན༔ འཁྲུལ་མེད་
སྙིང་གི་ཐོག་ཏུ་ཕེབས་པ་འོ༔ ཀྱེ་མ་རྗེས་སུ་འཇུག་པ་རིགས་ཀྱི་བུ་རྣམས་ཀྱིས་འདི་ལྟར་ཡིད་ཆེས་པར་བྱའོ༔ རྒྱུད་ལུང་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང་ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ཀྱིས་འདི་ལྟར་རིག་པར་བྱའོ༔ འཁྲུལ་པ་རང་གིས་རང་གཟིངས་པར་འགྱུར་བའི་རྟགས་དང་གནད་ཐོག་ཏུ་མ་ཕེབས་པ་ངེས་པ་མེད་པའི་རྟགས་དང་རིག་པ་མངོན་སུམ་དུ་མ་ཟིན་ན་བདུད་ཀྱི་བར་ཆོད་ཀྱི་རྟགས་དང་༔ མངོན་སུམ་རང་ཐོག་ཏུ་ཕེབས་པས་འགྱུར་བའི་ས་མེད་པ་མི་འགྱུར་བའི་རྟགས་དང་བཞིར་རིག་པར་བྱའོ༔ འགྱུར་བའི་རྟགས་ནི་ཉམས་སུ་མ་བླངས་པའི་སྐྱེས་བུ་རྣམས་ལ་ཡང་འབྱུང་བ་ཡོད་པས་འགྱུར་ཏེ་དོན་མི་འབྱུང་༔ བྱ་དང་རི་དགས་དུད་འགྲོ་རྣམས་ལ་ཡང་འབྱུང་བ་ཡོད་དེ༔ འདི་ནི་རྒྱུའི་རྟགས་ཞེས་བྱ་སྟེ་དོན་མི་འབྱུང་ངེས་པ་ཡིན་ནོ༔ ངེས་པ་མེད་པའི་རྟགས་བརྒྱ་དང་བཅུ་དྲུག་ཡོད་དེ༔ སྐུ་གདུང་བར་བ་ལ་སོགས་པའི་རྒྱུད་ཀྱི་ནང་ནས་སྟོན་པ་ཡིན་ཏེ་འདིར་ཡི་གེ་མང་བས་མ་བྲིས་སོ༔ དེ་ནི་ལམ་གྱི་རྟགས་ཡིན་པས་འགྱུར་མི་འགྱུར་ཆ་མེད་པ་ཡིན་ནོ༔ བར་ཆོད་ཀྱི་རྟགས་ནི༔ ལུས་སྣ་ཚོགས་སུ་སྤྲུལ་པ་ལ་སོགས་པ་དང་༔ ལུས་ལ་འོད་ཡོད་པ་ལ་སོགས་པ་དང་༔ དགྲ་དང་གཞན་ལ་ནུས་པ་འཇུག་པ་ལ་སོགས་པ་འཇིག་རྟེན་པའི་ཡིད་དང་མཐུན་པ་རྣམས་ཡིན་ནོ༔ དེ་ཡང་རྟགས་གསུམ་པོ་དེ་གང་ལ་བྱུང་བའི་སྐྱེས་བུ་ལ་གནད་ཀྱི་མན་ངག་གསུམ་པོ་འདི་དང་མི་ལྡན་ན་དོན་མེད་རྐྱང་པ་ཡིན་ནོ༔ འགྱུར་བའི་རྟགས་བྱུང་བའི་སྐྱེས་བུ་དེས༔ སྐབས་སུ་ཆུའི་དཀྱིལ་དུ་བསྡད་ཅིད་མཇིང་པ་གཉིས་ཤིང་གི་བྱང་བུ་སོར་བཅུ་དྲུག་པའི་བར་དུ་ལྟེམས་ཏེ༔ ལུས་ལ་
ཙནྡན་གྱི་མར་ཁུ་རྟག་ཏུ་བྱུགས་ནས་ཕྱི་ནང་ཐམས་ཅད་དངོས་པོ་རགས་པར་བསྒོམས་ན་འབྲས་བུ་ཆུད་མི་ཟོས་པ་ཡིན་ནོ༔ རྟགས་ནི་དེ་དག་ལ་མན་ངག་དེ་ལྟ་བུ་མེད་ན་ངལ་བ་དོན་མེད་ཡིན་ནོ༔ དེ་ལྟ་བུ་བྱུང་བའི་མི་དེ་ལ་ནི་གཞན་གྱི་མན་ངག་དེ་ཉིད་བྱས་ན་ཡང་འབྲས་བུ་ཆུད་མི་ཟའོ༔ འདི་དག་ནི་བྱེ་བྲག་གི་མན་ངག་རྣམས་ནས་བཤད་པ་ཡོད་དོ་འདིར་དགོས་པ་མེད་ཅིང་ཡི་གེ་མང་པས་མ་བྲིས་སོ༔ འདི་ལྟར་འགྱུར་བའི་རྟགས་བརྒྱ་དང་ལྔ་ཡོད་པ་ཡིན་ནོ༔ ངེས་པ་མེད་པའི་རྟགས་བྱུང་བའི་སྐྱེས་བུས་ནི༔ ལུས་ལ་བསིལ་བའི་གོས་གྱོན་ཅིང་ཁ་ཟས་ཀྱང་བསིལ་བར་བཟའ༔ ངག་ཏུ་ཨའི་རྣམ་པ་བཟླས་ཤིང་སེམས་ཀྱིས་ནམ་མཁའ་ལ་སངས་རྒྱས་ཀྱི་སྐུ་མང་པོ་བསྒོམས་པས་ཕལ་ཆེར་ངེས་པ་ཅན་གྱི་རྟགས་སུ་འགྲོ་བ་ཡིན་ནོ༔ བྱེ་བྲག་གི་མན་ངག་བརྒྱ་དང་བཅུ་དྲུག་པོ་ནི་འདིར་དགོས་པ་མེད་པས་མ་བྲིས༔ མན་ངག་འདི་ལྟ་བུ་དང་མི་ལྡན་ན་ངལ་བ་དོན་མེད་ཡིན་པས་དེའི་ཕྱིར་ན་གནད་ཀྱི་མན་ངག་འདི་ལྟ་བུ་གཅེས་སོ༔ བར་ཆོད་ཀྱི་རྟགས་ལ་བྱེ་བྲག་གི་མན་ངག་རབ་ཏུ་གཅེས་པ་ཡིན་ནོ༔ སྐྱེས་བུ་གང་དག་ཉམས་སུ་བླངས་ཀྱང་རུང་ལ་མ་བླངས་ཀྱང་རུང་སྟེ༔ དེའི་ལུས་སྣ་ཚོགས་སུ་སྤྲུལ་ནུས་པ་འབྱུང་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ༔ དེ་ཉིད་རབ་ཏུ་བརྟགས་ན་གཟུགས་བརྙན་གཉིས་པར་སྣང་བས༔ དེ་ལྟར་གཉིས་སུ་མ་མཐོང་ན་ལུས་གུ་གུལ་ནག་པོ་དང་ནིམ་པའི་ཆུས་མགོ་མཇུག་ལ་བྱུག་ཅིང་ཡན་ལག་ལྔ་ལ་ལྡེར་སོ་རྙིང་པའི་ས་འདག་གིས་བྱུགས་ན་དེའི་ལུས་ཁྲ་བོར་རོང་པ་ཡིན་ཏེ༔ དེ་ལྟར་བྱུང་ན་ལུས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ཁྲུས་ཆབ་ཀྱིས་བཀྲུ་ཞིང་ངག་ཏུ་ཕཊ་ཀྱི་རྣམ་པ་བཟླ་ཞིང་སེམས་ཀྱིས་ཕྱི་ནང་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པ་ནི་མན་ངག་ཡིན་ནོ༔
འདི་ལྟ་བུའི་མན་ངག་དང་མི་ལྡན་ན་ངལ་བ་དོན་མེད་ཡིན༔ གལ་ཏེ་གོང་རྟགས་མེད་ན་ཡང་དག་པ་ཡིན་ནོ༔ འོད་ནི་དཀར་བ་གླེག་གླེག་པོའམ་དམར་བྲེང་བྲང་པའམ༔ སེར་ལྷབ་ལྷབ་རྣམས་བར་ཆད་ཀྱི་རྟགས་ཡིན༔ ཡང་དག་པའི་རྟགས་ནི་ཁ་དོག་ལྔ་རང་གསལ་དུ་ཡོད་པ་ཡིན་ནོ༔ དེ་ལྟར་བྱུང་བའི་སྐྱེས་བུ་ལ་ནི་ལུས་གླང་པོ་ཆེ་ལྟར་བྱ༔ ངག་ཧཱུྃ་གི་རྣམ་པ་རྣམས་བཟླས༔ སེམས་ནི་ནམ་མཁའི་དཀྱིལ་དུ་གཏད་ཅིང་བསྒོམ་མོ༔ མན་ངག་འདི་ལྟ་བུ་དང་མི་ལྡན་ན་དོན་མེད་འཆལ་བ་ཡིན་ནོ༔ སྒྲ་ནི་སྟེང་གི་ཕྱོགས་སུ་བཤད་བའི་སྒྲ་བྱུང་ན་ཡང་དག་པའི་སྒྲ་བྱུང་བ་ཡིན་ལྷག་མ་གང་ཡང་བར་ཆད་ཡིན་པས༔ དེ་ལ་ནི་ལུས་སྐྱེས་བུའི་བརྐྱང་ཐབས་བྱ༔ ངག་ཏུ་ཨིའི་རྣམ་པ་རྣམས་བཟླས་ཤིང་སེམས་ཀྱིས་ལྷའི་སྐུ་དཔག་ཏུ་མེད་པ་རྣམས་བསྒོམ་པར་བྱའོ༔ ཡང་རྟེན་ཅིང་འབྲེལ་པ་ཟབ་མོ་དང་གསང་སྔགས་ལ་མ་བརྟེན་པའི་བྱིན་བརླབས་འབྱུང་བ་ཡང་ཡོད་དོ༔ འདི་ལ་ཆོས་སྣ་ཚོགས་ཀྱི་ཚིག་རྣམས་རང་རྡོལ་དུ་འབྱུང་བ་ཡིན་ཏེ༔ དེ་ཀུན་ལ་ཡང་ལུས་ནི་སྟག་མོ་མཆོངས་པ་ལྟར་བྱ་བ་དང་༔ ༔ ངག་ཏུ་ཨེའི་རྣམ་པ་རྣམས་བཟླས་པ་དང་༔ སེམས་སྙིང་གི་དཀྱིལ་དུ་སྦས་ཏེ་བསྒོམ་པར་བྱའོ༔ ཡང་ན་འབྱུང་བ་བཞིའི་སྒྲ་དོན་ན་མ་བསླབས་པར་མི་མ་ཡིན་པའི་གཟུགས་སྣ་ཚོགས་མཐོང་ཞིང་དེ་དག་གི་བརྡའ་སྐད་གོ་བ་དག་འབྱུང་སྟེ༔ དེ་དག་ལ་ལུས་འདབ་ཆགས་ལྡིང་བ་ལྟར་བྱ་ཞིང་༔ ངག་ཏུ་ཨུའི་རྣམ་པ་རྣམས་བཟླས་པ་དང་༔ སེམས་ཀྱིས་ཕྱི་ནང་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ༔ ཡང་མཁའ་འགྲོ་ལ་སོགས་པའི་ཆ་བྱད་ཀྱིས་ལུང་སྟོན་པ་དང་ཆོས་སྨྲ་བ་དག་སྐབས་སུ་འོང་ཞིང་སྐབས་སུ་མི་སྣང་ལ་གཟུགས་དེ་ཅིག་
ཅར་སྣང་ལ་རྟག་ཏུ་སྤྱོད་ཡུལ་ཐམས་ཅད་དུ་སྣང་བ་མ་ཡིན༔ དེ་ལ་ལུས་ཁྲོ་བོའི་འགྱིངས་ཐབས་སུ་བྱ་ཞིང་ངག་ཏུ་ཧྲཱིཿརྣམས་བཟླས༔ སེམས་ཀྱིས་ལྷའི་སྐུ་བསམ་གྱིས་མི་ཁྱབ་པ་རྣམས་རྟག་ཏུ་བསྒོམ་ཞིང་དེ་ཉིད་སྤྲོ་བསྡུའི་རྣམ་པ་ལྟར་བྱས་ན་མན་ངག་དམ་པར་འགྱུར་བ་ཡིན་ནོ༔ མན་ངག་དེ་ལྟ་བུ་དང་མི་ལྡན་པ་ལ་ནི་བར་དུ་གཅོད་པའམ་བདུད་ཀྱིས་བསླུས་ཏེ༔ ཁྱད་པར་དུ་ཡི་དྭགས་ཀྱི་སྐྱེ་གནས་སུ༔ སེམས་ཀྱི་སྣང་བར་འགྱུར་བ་ཡིན་ནོ༔ དེས་ན་གནད་ཀྱི་མན་ངག་དེ་ལྟ་བུ་རབ་ཏུ་གཅེས་སོ༔ དེ་ཡང་ཐེག་པ་ཐུན་མོང་པ་རྣམས་ལ་རྟགས་འགྱུར་བ་ཡིན་ལ་རིག་པ་མངོན་སུམ་གྱི་དོན་མཐོང་ཞིང་ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ལ་དེ་ལྟར་འབྱུང་བ་མ་ཡིན་ནོ༔ དེ་དངོས་པོ་མཐོང་བའི་ཁྱད་པར་གྱིས་རབ་ཏུ་བྱས་པའོ༔ མི་འགྱུར་བའི་རྟགས་ནི་གསུམ་དུ་རིག་པར་བྱ་སྟེ་རང་གིས་མཐོང་ལ་གཞན་གྱིས་མི་མཐོང་བའི་རྟགས་དང་༔ གཞན་གྱིས་མངོན་ལ་རང་གིས་མི་མངོན་པའི་རྟགས་དང་༔ རང་གཞན་གཉིས་ཀས་མཐོང་བའི་རྟགས་དང་གསུམ་དུ་རིག་པར་བྱའོ༔ དེ་ལ་གཞན་གྱིས་མཐོང་བའི་རྟགས་ནི་འདི་རྣམས་ཡིན་ཏེ་འདི་དག་ནི་རིག་པ་མངོན་སུམ་གྱི་རང་གནད་གཟིར་བ་ཙམ་ལས་འབྱུང་བ་མ་ཡིན་ནོ༔ ལུས་སྣུམ་ཞིང་སྐྲ་དཀར་དང་གཉེར་མ་མེད་པ་རྣམས་དང་༔ སྒྲ་དང་སེན་མོ་སྐྱེ་བ་མེད་ཅིང་ལུས་ལ་སྲོག་ཆགས་སྐྱེ་མི་སྲིད་པ་རྣམས་དང་༔ རབ་ཏུ་མགྱོགས་ཤིང་ལུས་ལ་སངས་རྒྱས་ཀྱི་ཕྱག་མཚན་གྱི་རྟགས་ཡོད་པ་དང་༔ ནམ་མཁའ་ལ་འཕུར་ཞིང་ཚུལ་བྱིང་བ་ལ་མེད་པ་དང་༔ རི་བྲག་རྣམས་ལ་ཟང་ཐལ་ཞིང་འབྱུང་བས་མི་ཚུགས་པ་རྣམས་ནི་ལུས་རྟགས་གཞན་གྱིས་མཐོང་བ་ཡིན་ནོ༔ ལུས་རྟགས་རང་གིས་
ཚོར་ལ་གཞན་གྱིས་མི་ཚོར་བ་རྣམས་ནི༔ ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང་༔ དེ་ནས་ཞག་ལྔ་ན་དབུགས་འགྱུ་བ་མི་ཚོར་བ་དང་༔ དེ་ནས་ཞག་བཅུ་གཅིག་ན་དངོས་པོ་གང་ལ་བལྟས་པ་འཇུག་ནུས་པ་དང་༔ དེ་ནས་ཞག་ཉི་ཤུ་རྩ་གཅིག་ན་རང་གི་ལུས་ཟང་ཐལ་དུ་མཐོང་བ་དག་འབྱུང་བ་ཡིན་ནོ༔ རང་གཞན་གཉིས་ཀས་མཐོང་བ་ལ་ནི་ཡིད་ལ་ཇི་ལྟར་འབྱུས་པའི་རྟེན་འབྲེལ་གྱིས་ཕན་ཐོག་པ་དང་༔ ལུས་ལ་ཤ་མཚན་ངོ་མཚར་ཅན་འབྱུང་བ་དང་༔ ཆུ་ལ་བྱིང་བ་མེད་པ་རྣམས་ཡིན༔ དེ་ནི་ལུས་ཀྱི་རྟགས་རྣམས་ཏེ་མངོན་སུམ་ལུས་ཀྱི་གནད་གཟིར་བ་ཙམ་ལས་འབྱུང་བ་ཡིན་ནོ༔ ཕྱིིའི་རྟགས་འདི་དག་ཀྱང་མང་དུ་ཡོད་ཀྱང་ཕར་ཆེར་ངེས་པ་མེད་པ་རྣམས་ཡིན་ནོ༔ གལ་ཏེ་ངེས་པ་ཅན་འགའ་ཞིག་ནི་རང་གིས་མི་མངོན་པའི་ཁོངས་སུ་འདུ་བ་ཡིན་ནོ༔ དེ་ནི་ལུས་ཀྱི་རྟགས་སོ༔ གཞན་གྱིས་མཐོང་བའི་ངག་གི་རྟགས་ནི༔ ཚིག་ཅི་སྨྲས་པ་ཐམས་ཅད་གཞན་ལ་ཕན་པ་དང་༔ འཁྲུལ་བའི་ཚིག་མི་འབྱུང་བ་དང་༔ དེ་ནས་ཡུན་འགའ་ན་ལྐུགས་བ་ལྟ་བུར་འགྱུར་བ་དང་༔ དེ་ནས་ཡུན་འགའ་ན་ཆོས་སྣ་ཚོགས་ཀྱི་ཚིག་རང་རྡོལ་བ་འདི་དག་ནི་གཞན་གྱིས་ཚོར་བའི་ངག་རྟགས་སོ༔ རང་གིས་ཚོར་བ་ནི༔ གཏམ་རྒྱུད་སྣ་ཚོགས་ཤེས་པ་དང་༔ དེ་ནས་ཞག་དགུ་ན་སྒྲ་མི་མཐུན་པ་སྣ་ཚོགས་ཤེས་པ་དང་༔ དེ་ནས་ཟླ་བ་ཕྱེད་ན་གྲུབ་མཐའི་ཆོས་སྣ་ཚོགས་ཤེས་པ་དང་༔ དེ་ནས་ཞག་བཅུ་གཅིག་ན་ཡིད་ཆོས་འཛིན་པའི་ལྟ་བ་སྣ་ཚོགས་ཤེས་པ་དང་༔ དེ་ནས་ཞག་ཉི་ཤུ་རྩ་གཅིག་ན་ལྷ་ལ་སོགས་པའི་རིགས་དྲུག་གི་སྐད་ཤེས་པ་དང་༔ དེ་ནས་ཟླ་བ་ཕྱེད་ན་བེམ་པོ་
རྣམས་ཀྱི་སྐད་ཤེས་པ་དང་༔ དེ་ནས་ཞག་བདུན་ནས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསུང་ཉི་མ་གསུམ་དུ་རིམ་པ་བཞིན་དུ་ཤེས་པ་ནི་ངག་གི་རྟགས་སོ༔ ད་ནི་རང་གཞན་གཉིས་ཀྱིས་མཐོང་བའི་རྟགས་ནི༔ དེ་ཡང་གཞན་གྱིས་མཐོང་བ་ལ་ཆུ་ལ་བྱིང་པ་མེད་པ་དང་༔ ནམ་མཁའ་ལ་འཕུར་བ་དང་༔ འདི་གཉིས་ནི་སེམས་ཀྱི་རྟགས་ལུས་ལ་ཤར་བ་ཡིན་ནོ༔ རང་གིས་མཐོང་ཞིང་ཚོར་བ་ནི༔ སྙིང་རྗེ་ཆེན་པོ་རྒྱུན་དུ་སྐྱེ་བ་དང་༔ དེ་ནས་ཟླ་བ་གཅིག་ན་གང་དུ་བསམས་པའི་ཡུལ་དེར་ཕྱིན་པ་ནི་སེམས་རྟགས་ལུས་ལ་ཤར་བ་ཡིན་ཏེ༔ དེ་ནས་ཟླ་བ་དྲུག་ན་མངོན་ཤེས་དྲུག་འཆར་བ་ནི་རང་གིས་མཐོང་བའི་སེམས་རྟགས་ཡིན་ནོ༔ དེ་དག་ནི་ཕྱིའི་རྟགས་ཞེས་བྱ་སྟེ་རྒྱུན་དུ་སྣང་བ་མ་ཡིན་པས་གཅིག་ནུབ་ཅིང་གཅིག་ཤར་བ་ཡིན་ནོ༔ གཞན་གྱིས་མཐོང་བའི་རྟགས་སུ་ནི༔ ལུས་ཀྱི་རྟགས་སུ་པད་མ་དང་འཁོར་ལོ་དང་རྡོ་རྗེ་ལ་སོགས་པ་རྣམས་གཞན་གྱིས་མཐོང་བ་དང་༔ སོའུ་སྐྱེ་བ་འོང་པ་དང་༔ སྐྲ་མདོག་དཀར་པོ་ལས་ནག་པོར་འགྱུར་ཞིང་གཉེར་མ་མེད་པ་དང་༔ ལུས་ཀྱི་ཤུན་པ་རྣམས་སྤྲུལ་གྱི་པགས་པ་བརྗེས་པ་ལྟར་འགྱུར་བ་དང་༔ ལུས་པོ་བྱིས་པ་ལོ་བརྒྱད་པའི་རྣམ་པར་ལྟར་འགྱུར་བ་དང་༔ འདི་རྣམས་ལུས་ཀྱི་རྟགས་ཡིན་ནོ༔ ངག་ནི་འཇམ་པ་དང་༔ ལྷང་ལྷང་པོ་དང་༔ གསོང་པོ་དང་༔ དྲང་པོ་དང་༔ རང་བརྟོལ་བ་དེ་དག་ནི་ངག་གི་རྟགས་ཡིན་ནོ༔ སེམས་ནི་ཟས་མི་འདོད་པ་དང་༔ གོས་མི་དགོས་པ་དང་༔ གཉིས་ནི་སེམས་རྟགས་ལུས་ལ་ཤར་བ་ཡིན་ནོ༔ མཉམ་བཞག་ལ་ཞག་དང་ཟླ་བའི་བར་དུ་གནས་པ་དང་རླུང་གར་འདོད་པར་འདྲོངས་པ་ནི་
གཞན་གྱིས་མཐོང་བའི་རྟགས་ཡིན་ནོ༔ འདི་དག་ཀྱང་རིམ་པས་འབྱུང་བ་ཡིན་ནོ༔ དེ་དག་ནི་རྟགས་ཡིན་ཏེ་རིམས་ཀྱིས་སྣང་བ་ཡིན་ནོ༔ རང་གིས་མཐོང་བའི་རྟགས་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ༔ སྔོན་དུ་ལུས་ངག་ཡིད་ཀྱིས་སྤྱོད་པ་བྱས་པའི་རྟགས་དང་༔ ཉམས་སུ་བླངས་པ་དངོས་གཞི་ཡིན་ནོ༔ དེ་ལ་སྔོན་དུ་ལུས་ངག་ཡིད་ཀྱི་རྟགས་ནི༔ ལུས་ངག་གི་ཞེན་པ་མ་ལོག་ན་སངས་རྒྱས་ཀྱི་འབྲས་བུ་ཐོབ་པའི་རེ་བ་གཏན་མེད་དོ༔ དེའི་ཕྱིར་ན་ལུས་ངག་ཡིད་གསུམ་གྱི་རུ་ཤན་འབྱེད་པའི་སྤྱོད་པ་བརྩམ་དགོས་ཏེ༔ དེ་ཉིད་དུ་ཤན་ཕྱེད་པའི་རྟགས་ནི༔ ལུས་ཀྱི་རྟགས་སུ་སྤྱོད་པ་བྱས་པའི་འོག་ཏུ་གཞན་གྱིས་གསོད་པའི་གཤེད་མ་བྱུང་ཡང་དེ་ལ་འཇིགས་པའི་སེམས་མི་འབྱུང་བའོ༔ དེ་ནས་ཞག་དགུ་ནས༔ ལུས་ཀྱི་བྱ་བ་དགེ་བ་ལ་སོགས་པ་གང་ལ་ཡང་མི་འཇུག་པ་དང་༔ དེ་ནས་ཞག་བཅུ་གཅིག་ན་འདོད་ཆགས་ཀྱི་ཞེན་པ་སྐྱེ་བ་མེད་པ་ཡང་འབྱུང་ངོ་༔ དེ་ནས་ཞག་ཉི་ཤུ་རྩ་ལྔ་ལ་རང་གི་ལུས་ཡོད་དུ་མི་ཚོར་བ་འོང་ངོ་༔ དེ་རྣམས་ནི་ལུས་ཀྱི་ཞེན་པ་ལོག་པའི་རྟགས་ཡིན་ནོ༔ ངག་གི་ཞེན་པ་ལོག་པའི་རྟགས་ནི༔ གཞན་གྱིས་བརྗོད་པའི་ཚིག་ལ་ཞེན་ཅིང་གཟུང་བ་དང་བྲལ་བ་དང་༔ དེ་ནས་ཞག་ལྔ་ན་རང་གི་འཁྲུལ་བའི་རྟགས་རྣམས་དག་པ་དང་༔ དེ་ནས་ཞག་བཅུ་ནས་སྔར་མ་ཐོས་པའི་ཆོས་ཀྱི་གཏམ་རྣམས་ཀྱི་ཚིག་རང་བྱུང་བ་དང་༔ དེ་ནས་ཞག་བདུན་ན་ངོ་མཚར་ཅན་གྱི་གཏམ་རྣམས་ཤེས་པ་དང་༔ དེ་ནས་ཞག་བཅུ་དགུ་ནས་སྔར་མ་མཐོང་བའི་གཞུང་གི་ཚིག་རྣམས་འབྱུང་བ་དང་༔ དེ་ཀུན་གྱིས་ཡིད་དཔྱོད་ཀྱི་དོན་རྣམས་འཆར་བ་ནི་ངག་གི་
ཞེན་པ་ལོག་པའི་རྟགས་རྣམས་སོ༔ དེ་ནས་སེམས་ཀྱི་སྤྱོད་པ་བརྩམས་པས་སེམས་རུ་ཤན་ཕྱེད་པའི་རྟགས་ནི༔ སྔར་ཞེན་པའི་བྱུང་ཚོར་དང་ཕྱི་མ་དང་ད་ལྟར་གི་བྱུང་ཚོར་རྣམས་འགག་པ་དང་༔ དེ་ནས་ཟླ་བ་ཕྱེད་ན་ཕྱི་ནང་གི་འཁོར་འདས་ཀྱི་ཞེན་པ་རང་ལོག་པ་དང་༔ དེ་ནས་ཞག་དགུ་ན་དབུགས་ཕྱི་ནང་དུ་འགྱུར་མི་ནུས་པ་དང་༔ དེ་ནས་ཞག་གསུམ་ན་གཞན་གྱིས་གནོད་པ་ཅི་བྱས་ཀྱང་སེམས་ཁྲོ་བ་མེད་པ་དང་༔ དེ་ནས་ཉི་མ་གཉིས་ནས་འཁྲུལ་པའི་སེམས་མི་འབྱུང་བ་དང་༔ དེ་རྣམས་ནི་སེམས་ཀྱི་ཞེན་པ་ལོག་པའི་རྟགས་རྣམས་ཡིན་ནོ༔ དེ་རྣམས་ནི་ལུས་ངག་ཡིད་གསུམ་སྔོན་དུ་འབྱུང་བའི་རྟགས་ཡིན་ནོ༔ དེ་དག་ནི་དོན་གྱི་ཐ་མལ་པའི་རྟགས་ཞེས་བྱ་སྟེ་སངས་རྒྱ་བ་ལ་རྡུལ་ཙམ་ཡང་ཕན་པ་མེད་དོ༔ ཡང་དག་པའི་རྟགས་མཆོག་ཏུ་གྱུར་པ་རིན་པོ་ཆེའི་རྟགས་མ་ཡིན་ཞེས་བྱ༔ རིག་པ་མངོན་སུམ་གྱི་རྟགས་རང་ལ་བྱུང་བ་མངོན་སུམ་དུ་སྣང་བའི་རྟགས་བྱ་བ་འདི་དག་ནི་ཉམས་སུ་བླངས་པ་དངོས་གཞིའི་རྟགས་རང་གིས་མཐོང་ཞིང་གཞན་གྱིས་མཐོང་བ་མེད་པའི་རྟགས་འདི་དག་རྣམས་ཡིན་ནོ༔ དེ་ཡང་ཐོག་མར་ལུས་ཀྱི་གནད་མ་གཅུན་ན་སྐུ་གསུམ་སྣང་བ་ལམ་དུ་མི་འཆར་བས་ལུས་ཀྱི་གནད་རབ་ཏུ་གཅེས་སོ༔ དེ་ནས་མིག་གི་གཟིགས་སྟངས་མ་གཟིར་ན་སྣང་བ་གོང་དུ་མི་འཕེལ་བས་མིག་གིས་ལྟ་བ་གལ་ཆེའོ༔ དེ་ལ་དེ་ལྟར་བྱས་པའི་སྐྱེས་བུ་ལ་འདི་དག་རྣམས་ལམ་དུ་སྣང་བ་ཡིན་ཏེ་ཉམས་སུ་བླངས་པ་དངོས་གཞི་ལ་ཞུགས་ནས༔ དབང་པོ་རབ་ཟླ་བ་ཕྱེད༔ འབྲིང་གསུམ༔ ཐ་མ་ཟླ་བ་བཅུ་ན༔ ཐིག་ལེ་སྟོང་པའི་སྒྲོན་མ་ཉིད་སྐྱེས་བུའི་མཐེབ་མཛུབ་ཀྱིས་རྩོལ་བ་མ་བྱས་པར་སྣང་བ་ཡིན་ནོ༔ དེ་ཡང་རེས་སྣང་རེས་མི་སྣང་བ་ཡིན་ནོ༔ དེ་
ཡང་ཟླ་བ་བདུན་དང་༔ བཅུ་གཅིག་ན་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཉིད་སྨིན་མཚམས་ནས་བྲལ་ཏེ་སྣང་བ་ཡིན་ཏེ༔ དེ་ཡང་ནམ་མཁའ་དྭངས་པ་ལ་ཉི་མའི་ཕྱོགས་ཙམ་གཏད་དེ་ཉམས་སུ་བླངས་པས་ཐོག་མར་དཀར་པོ་ལང་ལོང་ལས་འོད་ལྔར་སྣང་བ་དུམ་བུར་སྣང་བ་ཡིན་ནོ༔ དེ་ནས་དབང་པོའི་ཁྱད་ཀྱིས་ཞག་གསུམ་མམ་ལྔའམ་བདུན་ན་འོད་ལྔའི་སྣང་བ་གྱེན་ལ་འགྲེང་པ་དང་༔ རྩིབས་ལ་ཤར་བ་དང་༔ མདུང་རྩེའི་རྣམ་པ་ལྟ་བུར་རེ་ལྡེ་ཙམ་དུ་སྣང་བ་ཡིན་ནོ༔ དེ་ནས་ཞག་དགུ་དང་ཟླ་བ་ཕྱེད་དང་ཉི་ཤུ་རྩ་གཅིག་ན་དབྱིངས་དེ་ཉིད་ཀྱང་ཁ་དོག་སྣ་ཚོགས་སུ་སྣང་བ་ཡིན་ནོ༔ དེ་ནས་ཟླ་བ་དགུ་དང་བཅུ་དང་བཅོ་ལྔའམ་བཅོ་བརྒྱད་ན་དབྱིངས་ཀྱི་སྣང་བ་མཐོང་མ་ཐག་ཏུ་དཀར་པོ་ལང་ལོང་དང་བན་བུན་ལས་ཡུལ་གྲུ་ཙམ་དུ་སྣང་བ་ཡིན་ནོ༔ དེ་ནས་ཞག་བཅོ་བརྒྱད་དང་ཉི་ཤུ་རྩ་གཅིག་དང་སུམ་ཅུ་རྩ་གཉིས་ན་དབྱིངས་དང་རིག་པའི་ཉིན་མོ་མཚན་མོ་མེད་པར་སྣང་བ་ཡིན་ནོ༔ དེ་དག་ནི་དབྱིངས་ཀྱི་འཕེལ་ཡིན་ནོ༔ དེ་ནས་ཟླ་བ་གསུམ་དང་དྲུག་དང་བཅུ་གཉིས་ན་སྣང་བ་ཐིག་ལེར་སྣང་བ་ཡིན་ཏེ་ཉུང་འབྲུའམ་སྲན་མའི་འབྲུ་གུ་ཙམ་དུ་སྣང་སྟེ༔ འདི་དག་གི་དུས་ན་འགྲོ་འོང་དུ་སྣང་བ་ཡིན་ནོ༔ དེའི་ཚེ་ཕྱི་ལུས་ངག་ཀྱང་འདི་ལྟ་བུའི་རྟགས་དང་ལྡན་པའི་ཕྱིར་སྣང་བ་ཡིན་ཏེ༔ བྱ་བ་གཞན་གང་ལ་ཡང་འཇུག་མི་འདོད་པ་དང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རང་བཞིན་གྱིས་འཆར་བ་ཡིན་ནོ༔ དེ་ནས་ཡང་དབང་པོའི་ཁྱད་པར་གྱིས་ཟླ་བ་བདུན་དང་ཟླ་བ་དགུ་དང་ཟླ་བ་བཅུ་བདུན་ན་རང་གི་མདུན་ན་མཐོ་ཕྱི་རྣམས་སུ་མེ་ལོང་གི་རྣམ་པ་ལྟ་བུ་འཆར་ཞིང་འོད་ཟེར་ནི་རྩིབས་འཁྱུགས་སུ་འཆར་བ་ཡིན་ནོ༔ དེ་དག་ནི་རིག་པ་ཟིན་པའི་རྟགས་ཡིན་ནོ༔ དེའི་ཚེ་ཕྱི་ལུས་ངག་ལ་ཡང་རྟགས་འདི་རྣམས་ལྟ་བུ་འབྱུང་བ་ཡིན་ནོ༔ ལུས་
ཡང་ཞིང་ལུས་ཀྱི་སྲོག་ཆགས་རྣམས་མི་འབྱུང་བ་དང་ལས་དགེ་སྡིག་གི་རྣམ་པ་གང་ལ་ཡང་འཇུག་སྙིང་མི་འདོད་པ་དང་༔ ལུས་རང་བཞིན་གྱིས་གཞོན་ཤ་ཆགས་ཤིང་སྣུམ་བག་དང་ལྡན་པ་དག་འོང་ངོ་༔ དེ་ནས་ཟླ་བ་གསུམ་དང་ལྔ་དང་དགུ་ན་ཐིག་ལེ་དེ་དག་དབང་པོའི་ཁྱད་ཀྱིས་ཁམ་ཕོར་རམ་འཁར་གཞོང་ངམ་བསེ་ཕུབ་ཀྱི་རྣམ་པ་ཙམ་དུ་སྣང་བ་ཡིན་ནོ༔ འོད་ཀྱང་ཡུལ་གྲུ་ཙམ་དུ་སྣང་ངོ་༔ རིག་པ་ནི་རི་དགས་རྒྱུག་པའི་ལུས་ཀྱི་རང་བཞིན་དུ་འགྱུར་རོ༔ དེའི་ཚེ་ཕྱིའི་རྟགས་འདི་ལྟ་བུ་དག་འབྱུང་བ་ཡིན་ནོ༔ ལུས་ལ་གཉེར་མ་མེད་ཅིང་ཟས་སྐོམ་ཀྱང་ཡིད་ལ་མི་འདོད་པ་དང་༔ རང་གི་སྣང་བ་དེ་ལས་འབྲལ་མི་ཕོད་པ་དང་༔ བར་སྣང་ལ་འགྲོ་བ་སྙམ་བྱེད་ཅིང་མི་དང་འཕྲད་སྙིང་མི་འདོད་པ་དང་༔ འཁྲུལ་པའི་ཉམས་མི་འབྱུང་ཞིང་རྟག་ཏུ་ལྐུགས་པ་ལྟར་འགྲོའོ༔ དེ་ནས་ཡང་ཟླ་བ་གསུམ་དང་ལྔ་དང་བདུན་ན་ཐིག་ལེ་དེ་དག་ཡུལ་ཁམས་ཙམ་དུ་འཆར་ཏེ༔ དེ་ཡང་མུ་ཁྱུད་ལྔ་ཟླུམ་པོར་སྣང་བ་ཡིན་ནོ༔ དེའི་ཚེ་ཕྱི་རྟགས་ཀྱང་འདི་ལྟ་བུ་ཡིན་ནོ༔ རང་ལ་རང་རྒོད་བྲོ་བ་དང་། སྔར་མི་ཤེས་པའི་ཆོས་མང་པོ་རྒྱུད་ལ་འཆར་བ་དང་༔ ཅི་སྨྲས་ཐམས་ཅད་ཆོས་ཀྱི་ཚིག་ཏུ་འགྱུར་བ་དང་༔ རང་གི་བླ་མ་ལ་མཆོག་དུ་དུང་བ་སྐྱེ་བ་དང་༔ དགྲ་གཉེན་གྱི་འཁྲུལ་པ་འབྱུང་མི་སྲིད་དོ༔ དེ་ནས་ཡང་ཟླ་བ་གཅིག་དང་གསུམ་དང་ལྔ་ན་ཐིག་ལེ་དེ་དག་རེ་རེའི་ནང་དུ་ཡང་རྡོ་རྗེ་སེམས་དཔའི་སྐུ་རྐྱང་པ་རེ་རེ་སྣང་བ་ཡིན་ནོ༔ འདི་དུས་ན་ཕྱིའི་སྣང་བ་རྣམས་རང་འགགས་པའི་རྟགས་སུ་འབྱུང་བ་ལྔའི་གནོད་པ་དང་བྲལ་བ་ལ་སོགས་པ་རྟགས་དགུ་འོང་བ་དེ་ཡིན་ནོ༔ དེ་ཉིད་ཀྱི་དུས་ན་རིག་པ་ཡང་འགུལ་བ་མ་ཡིན་ནོ༔ དེ་ནས་ཟླ་བ་གསུམ་དང་ལྔ་དང་དགུ་ན་ཐིག་ལེ་རེ་རེའི་ནང་དུ་སྐུ་ལྔ་ལྔ་སྣང་བ་
ཡིན་ནོ༔ འདིའི་དུས་སྣང་བ་འགུལ་མི་སྲིད་དོ༔ འདིིའི་དུས་ན་འབྱུང་བའི་ཕུང་པོ་སྣང་བ་རང་འགགས་ནས་གདོས་བཅས་ཤ་ཁྲག་གི་ལུས་སུ་སྣང་བ་ཡང་མེད་དེ༔ སྐབས་སུ་རང་གི་ལག་པའི་སོར་མོ་རྣམས་འོད་དུ་སྣང་བ་ཡིན་ནོ༔ འདི་དག་རྣམས་རྫོགས་ནས་རྟགས་རྣམས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་མྱ་ངན་ལས་འདས་པ་ཡིན་ཏེ་འདི་ལས་གཞན་དུ་རྟགས་ཟད་པ་ཡིན་ནོ༔ དེ་ལྟར་སྐྱེས་བུ་གཅིག་ལ་རྟགས་དེ་རྣམས་རྫོགས་ནས་སངས་རྒྱ་བ་ལ་ཐེ་ཚོམ་ཡོད་མི་སྲིད་དོ༔ འབྱུང་བ་རྣམས་འདི་ཉིད་ལ་དག་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱ་བ་ཡིན་ནོ༔ འདིའི་དུས་ན་སྐྱེ་བ་ལ་རང་དབང་ཐོབ་པ་དང་༔ འཇུག་པ་ལ་རང་དབང་ཐོབ་པར་འདོད་ན༔ རང་གི་ལག་པའི་སོར་མོ་ལ་གཏད་ཅིང་བལྟས་པས་སྣང་བ་དེ་ཀུན་རང་སྲོག་སྟེ་མི་ལུས་ཐོབ་པའི་སེམས་ཅན་སུམ་སྟོང་ལ་རང་གི་རིག་པ་བཅུག་པས་དེ་ཀུན་ཡང་འབྱུང་བ་དག་ནི་འདི་ཉིད་ལ་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ འདིའི་དུས་ན་རིག་པ་ཉིད་བེམ་པོ་རྣམས་ལ་བཅུག་ཀྱང་དེ་ཉིད་འགུལ་བ་དང་སྐད་འབྱིན་ནུས་པ་འོང་བ་ཡིན་ནོ༔ འདི་ལྟར་སུམ་སྟོང་གྲོལ་བ་ནི་རིག་པ་ཉིད་གཅིག་པའི་ཕྱིར་རོ༔ འདིའི་ཚེ་འཕོ་བའི་དུས་ན་རིག་པ་ཉིད་བཅུག་ན་མཚམས་མེད་པ་ལྔའི་ལས་བྱས་པ་ཡང་རང་དང་མཉམ་པ་ཉིད་དུ་འགྱུར་ཏེ་ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ༔ འདི་ནི་རང་བཞིན་རྣམ་པར་དག་པའི་རྟགས་ཡིན་པས་འགྱུར་བ་མེད་དོ༔ སྐྱེས་བུ་མཆོག་ཏུ་གྱུར་པ་རྣམས་ནི་རྟགས་འདི་ཀུན་མ་རྫོགས་པར་ཆོས་ཉིད་ཟད་པའི་སར་རང་གྲོལ་བ་ཡང་ཡོད་དོ༔ འདིར་ཟླ་བ་བྱེ་བྲག་ཏུ་བྱས་ནས་ལོ་བདུན་དང་ཟླ་བ་བཅུ་གཅིག་པོ་འདི་དག་ནི་ཐ་མལ་པའི་གང་ཟག་རྣམས་ཡིན་ནོ༔ འདི་ལ་མི་གྲོལ་མི་སྲིད་དེ༔ དབང་པོ་འབྲིང་པོ་རྣམས་ནི་འདི་ལྟར་ལོ་བཞི་
ཟླ་བ་ལྔ་ཞག་དྲུག་ན་འབྱུང་བ་རྣམས་རང་སར་ཡལ་ནས་འགྲོ་བ་ལ་ཐེ་ཚོམ་མེད་དོ༔ དབང་པོ་རབ་རྣམས་ནི་ལོ་གསུམ་དང་ཟླ་བ་གསུམ་དང་ཞག་ཉེར་གཅིག་ན་གྲོལ་བ་ཡིན་ནོ༔ འདི་ནི་རྟགས་ངེས་པའི་རྣལ་འབྱོར་པ་ལ་ལམ་དུ་སྣང་བར་བྱེད་པའི་རྟགས་ཡིག་གསང་བ་ཆེན་པོ་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ༔ ཉམས་སུ་ལེན་པ་རྣམས་ཀྱི་རྟགས་ཡིག་བསྡུས་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ རྒྱ་གར་གྱི་མཁན་པོ་བི་མ་ལས་སྒྲ་མི་མཐུན་པ་གསུམ་ལས་བསྒྱུར་བ་ལགས་སོ༔ འདི་མེད་གཞན་ལ་སྤྱོད་པའི་སྒོམ་ཆེན་ཡི་རེ་ཆད༔ དེ་ཡི་ཕྱིར་ན་གསང་བ་རྟགས་ཀྱི་ཡི་གེ་ཞེས༔ འདི་ལ་གསང་བའི་མན་ངག་མཆོག་ཏུ་གཅེས་པའི་ཡི་གེ་འདི་ཟུང་ཞིག༔ རབ་ཏུ་གསང་བའི་མན་ངག་ཟངས་ཡིག་ལས༔ རྟགས་ཀྱི་ཡི་གེ་འདི་མེད་ཡུག་པོ་ཡིན༔ ཡི་གེ་གསུམ་དང་འབྲེལ་ན་རྣལ་འབྱོར་དོན་ཆེན་འགྲུབ༔ འདི་གསུམ་མེད་ན་བསྒྲུབས་ཀྱང་དོན་མེད་འགྱངས༔ དེ་ཡི་ཕྱིར་ན་སྐོལ་བའི་ཡི་གེ་གསུམ༔ སེམས་ཀྱི་དཀྱིལ་དུ་ཕུར་ཅིག་ས་མ་ཡཱ༔ ཉམས་སུ་བླངས་པའི་མན་ངག་ཟངས་ཡིག་ཅན༔ རབ་ཏུ་ཟབ་པས་སུ་ལའང་སྟེར་རེ་ཀན༔ དུང་ཡིག་ཅན་གྱིས་སྤྲུལ་པའི་སྐུ་ཡང་འགྲུབ༔ མཁའ་འགྲོ་མཛོད་ཀྱིས་ཐུན་མོང་དངོས་གྲུབ་འགྲུབ༔ བསྟན་པའི་བུ་གཅིག་མེད་ན་བསྒྲུབས་ཀྱང་དོན་མི་འགྲུབ༔ འདི་ཀུན་མེད་པར་རྒྱུད་ལ་བདེན་འཛིན་ན༔ དོན་མེད་འཆལ་བས་རང་དོན་བསླུ་བར་མཆིའོ༔ དེ་ཡི་ཕྱིར་ན་འདི་ཚོ་རབ་ཏུ་གཅེས༔ ཞེས་བི་མ་ལས་གསུངས་སོ༔ སྔགས་ཀྱི་སྲུང་མས་སྲུངས་ཤིག༔ སྐལ་ལྡན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔
རྒྱ་རྒྱ་རྒྱ༔ བུ་རང་གི་ལག་ངར་གྱེན་དུ་བསླངས་ཏེ༔ བསྒོམས་པས་དེ་ཉིད་ཟང་ཐལ་དུ་སྣང་བ་ཡིན་ནོ༔ འདི་ནི་མངོན་སུམ་དུ་འཆར་བའི་རྟགས་ཡིན་ནོ༔ འབྱུང་བ་འདི་དག་དང་རང་གི་ལུས་འོད་ལྔར་རྟོགས་པའི་རྟགས་སུ༔ མིག་གི་རྩ་རང་གི་མཐེབ་མཛུབ་ཀྱིས་ལྟེམས་པས༔ འོད་ལྔའི་ཐིག་ལེ་འཆར་བ་ཡིན་ནོ༔ དེའི་ཕྱིར་མངོན་སུམ་འཆར་བའི་རྟགས་གསུམ་གྱིས་ཡིད་ཆེས་པར་བསྟན་པའོ། ཨྠྀི༔ ༔ རྒྱ་རྒྱ་རྒྱ༔ དཔལ་སྔགས་ཀྱི་སྲུང་མས་སྲུངས་ཤིག༔
གསང་བ་ཆེན་པོའི་ཚད་ཀྱི་ཡི་གེ།
གསང་བ་ཆེན་པོའི་ཚད་ཀྱི་ཡི་གེ་བཞུགས་སོ༔ ༼ཕྲ་ཡིག༽
རྒྱ་གར་སྐད་དུ༔ གྷུ་ཧྱ་ཨཀྵ་ར་པྲ་མ་ཎ་མ་ཧཱ་ནཱ་མ༔ བོད་སྐད་དུ༔ གསང་བ་ཆེན་པོ་ཚད་ཀྱི་ཡི་གེ་ཞེས་བྱ་བ༔ བཅོམ་ལྡ་འདས་འབྲས་བུའི་མངའ་བདག་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ༔ སངས་རྒྱས་རྣམས་ཀྱི་བཀའ་གསང་རྒྱ་ཆེ་ལས༔ སྙིང་པོའི་དོན་ཀུན་ཡང་དང་ཡང་བསྡུས་པ༔ དད་ལྡན་སེམས་ཀྱི་བུ་རྣམས་འཇུག་དོན་དུ༔ ཡང་བཅུད་སྙིང་ཐིག་ཟངས་ཀྱི་ཡི་གེའི་གནད༔ ངེས་པའི་རྟགས་དང་སྨིན་པའི་ཚད་རྣམས་ཀྱིས༔ ཡིད་ཆེས་གདེངས་ཆེན་བློ་ལ་དུས་བཟུང་ཕྱིར༔ ཚད་རྣམས་བསྡུས་ནས་ངེས་པའི་ལུང་མངོན་པར༔ ཡི་གེ་འདི་དག་སྐལ་ལྡན་དོན་དུ་བྲི༔ ས་བོན་ལས་ནི་ལོ་འབྲས་དུས་སྨིན་བཞིན༔ ཉམས་བླངས་དུས་ཚོད་ངེས་པའི་ཚད་འདི་ཉིད༔ བུད་མེད་སྦྲུམ་མ་ཟླ་རྫོགས་ནས་བཙས་ཏེ༔ གསོས་ཏེ་ཕྱི་ནས་ལུས་ཡོངས་རྫོགས་པ་ལྟར༔ བླ་མ་ལ་བརྟེན་མངོན་སུམ་གནད་གཟིར་ནས༔ ཉམས་སུ་བླངས་པས་རིག་པ་ཚད་ལ་ཕེབས༔ དེ་ཉིད་སྲང་ལ་འདེབས་པར་བྱེད་པ་ཡི༔ ཡི་གེ་འདི་ལ་ལྟོས་ཤིག་རིགས་ཀྱི་བུ༔ རིག་པ་མངོན་སུམ་གྱི་དོན་མཐོང་བ་ལས་བྱུང་བའི་སངས་རྒྱས་རྣམས་ཀྱིས་མདོ་རྒྱུད་དཔག་ཏུ་མེད་པ་གསུངས་ཀྱང་༔ ངེས་པའི་དོན་མངོན་སུམ་དུ་གཏན་ལ་ཕབ་སྟེ་བསྟན་ཅིང་གསུངས་པ་ནི་བསྟན་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་པ་ཡིན་ཟེར་ཡང་༔ དེ་དག་ཚིག་གི་ལྟ་བ་འབའ་ཞིག་ཏུ་བསྟན་པ་ཡིན་ཏེ༔ འདི་དག་ལས་རབ་ཏུ་བསྡུས་ན་རྒྱུད་ཀྱི་ཡན་ལག་བཞིར་གསུངས་ཀྱང་ངེས་པའི་འབྲས་བུ་མངོན་སུམ་གྱི་རང་གནད་ལ་ཕྱོགས་ཙམ་རེག་པ་མེད་དོ༔ དེ་བཞི་ལས་ཀྱང་གསང་བ་བླ་ན་མེད་པའི་རྒྱུད་བཅུ་བདུན་པ་ཡིན་ཏེ༔ འདི་རྣམས་ལ་མངོན་སུམ་གྱི་
གནད་རེ་ན་ལུང་སྟོང་གི་རླུང་པོ་དང་འདྲ་སྟེ་དོན་ཁ་གཡེལ༔ དེའི་ཕྱིར་ན་སྙིང་ཐིག་ཟངས་ཀྱི་ཡི་གེ་ཅན་ནི་རབ་ཏུ་ཟབ་པའི་ཡང་ཟབ་ཡིན་པས་འདིའི་དོན་གྱི་མན་ངག་མེད་པའི་རྣལ་འབྱོར་པ་རྣམས་ནི་ངལ་བ་དོན་མེད་ཡིན་པས༔ དེས་ན་རབ་ཏུ་གཅེས་པའི་ཡི་གེ་མ་རུ་ཉམས་སུ་ལེན་པ་ལ་ཚད་ཀྱི་ཡི་གེ་ཤིན་ཏུ་གཅེས་པས་འདི་ལྟོས་ཤིག༔ ས་མཱ་ཡཱ༔ རྟགས་ཀྱི་རྒྱུད་ལ་སོགས་པ་རབ་ཏུ་མང་བར་བཤད་དེ༔ དེའི་དོན་བསྡུས་པ་རྟགས་ཀྱི་ཡིན་ནོ༔ དེའི་དུས་སུ་ཚོད་ངེས་པའི་ཚད་ནི་འདི་དག་རྣམས་ཡིན་ཏེ༔ འདིར་རབ་ཏུ་གསང་བའི་ཡང་གསང་ཡང་བཅུད་གསེར་གྱི་སྙིང་པོ་ཅན་ཞེས་པ་ཡིན་པས་སྐལ་ལྡན་རྣམས་ཀྱི་སྙིང་བཅུད་དོ༔ དེ་ཡང་ལྐལ་ལྡན་རྣམས་ཀྱིས་ཉམས་སུ་ལེན་པ་ལ་རབ་ཏུ་བརྩོན་པར་བྱ་སྟེ༔ དེ་ལྟར་བྱས་པས་ཐིག་ལེ་སྟོང་པའི་སྒྲོན་མ་ཤར་བའི་དུས་ན་རྫོགས་པ་ཆེན་པོ་རྩོལ་སྒྲུབ་དང་བྲལ་བའི་ཚད་ཡིན་ཏེ༔ དེ་ཡང་འདི་ཉིད་རང་གཞན་གྱི་རྩོལ་སྒྲུབ་ལས་མ་བྱུང་བའི་གནད་ཀྱིས་སོ༔ འདིའི་དུས་ན་ཉམས་སུ་ལེན་པ་ལ་བར་ཆད་ནས་ཚེའི་དུས་བྱས་ཀྱང་སྐྱེ་བ་གཉིས་བརྒྱུད་ནས་ཐ་མ་འདི་ཉིད་དང་ཕྲད་ནས་སངས་རྒྱ་བ་ཐེ་ཚོམ་མེད་དོ༔ དབྱིངས་ཀྱི་སྒྲོན་མ་རང་གི་སྨིན་མཚམས་དང་བྲལ་བའི་དུས་ན་འཁོར་འདས་གཉིས་རྒྱབ་གྱེས་པ་ཡིན་པས་ཕྱིས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པའི་ཚད་ཡིན་ཏེ༔ དེ་ཡང་འདི་ཉིད་དབང་པོ་དངོས་དང་མ་བྲལ་བའི་གནད་ཀྱིས་སོ༔ འདིའི་དུས་ན་ཉམས་ལེན་དང་བྲལ་ཡང་འགྲོ་བ་རིགས་དྲུག་གི་མངལ་དུ་འཇུག་མི་སྲིད་དེ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་རྫུས་ནས་སྐྱེས་ཏེ་ལོ་ལྔ་བརྒྱ་ན་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ འོད་ལྔའི་སྣང་བ་གྱེན་ལ་འགྲེང་པ་དང་༔
རྩིབས་ལ་ཤར་བ་དང་༔ མདུང་རྩེ་ལྟ་བུ་དང་༔ རེ་ལྡེའི་རྣམ་པ་ཙམ་དུ་གྱུར་པའི་གནས་སྐབས་ན་དབྱིངས་ལ་རིག་པ་འདུས་པའི་ཚད་ཡིན་ཏེ་ཚེ་འདི་ལ་བར་ཆད་ཀྱང་བར་དོ་ལ་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ དེ་ཡང་སྣང་བ་སྣ་ཚོགས་སུ་སྣང་བ་སྟེ་རང་གི་མདུན་ཕྱོགས་ཙམ་གཞལ་ཡས་ཁང་དུ་ཤར་བའི་གནད་ཀྱིས་སོ༔ དེའི་ཕྱིར་ན་འདི་ཉིད་བར་དོ་གསུམ་པ་ལྷུན་གྲུབ་ཀྱིས་སྣང་བ་ལ་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ ཆོས་རྣམས་སྣ་ཚོགས་སུ་ཤར་བའི་ཚད་སུས་ཀྱང་དགག་པར་ནུས་པ་མ་ཡིན་ནོ༔ དབྱིངས་ཀྱི་སྣང་བ་དེ་ལ་རིན་པོ་ཆེའི་དྲ་བ་དང་༔ དྲ་བ་ཕྱེད་པ་དང་༔ མིག་མང་རིས་དང་། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང་༔ ཟ་འོག་གི་གུར་ཁྱིམ་ལྟ་བུ་དང་༔ མཆོད་རྟེན་དང་༔ ལྕགས་ཀྱུ་དང་༔ མདུང་རྩེ་དང་༔ མདའ་དང་༔ ཉ་མིག་གི་རྣམ་པ་ལྟ་བུ་ཤར་བའི་དུས་ན་དབྱིངས་ཀྱི་རྒྱན་རྫོགས་པའི་ཚད་ཡིན་ཏེ༔ ཆོས་ཉིད་ལ་སྲིད་པའི་བར་དོ་རང་ལོག་པ་ཞེས་བྱ་བ་སྟེ༔ འདིའི་ཉམས་ལེན་དང་བྲལ་ཀྱང་སྐྱེ་ཤི་གཉིས་ཀྱི་མཚམས་སུ་འཇུག་མི་སྲིད་པས་འདི་ཉིད་ཀྱི་ཚེ་ཟད་མ་ཐག་ཏུ་བར་དོ་མེད་པར་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ ད་ཡང་དབྱིངས་རྣམ་པར་དག་པའི་སྒྲོན་མ་རང་གནད་ལ་ཕེབས་པའི་གནད་ཀྱིས་སོ༔ དབྱིངས་ཀྱི་སྣང་བ་དཀར་པོ་ལང་ལོང་ལས་དེ་བརྟགས་པས་ཁ་དོག་གསལ་བའི་འོད་ལ་རང་གནས་པའི་ལུང་པ་དེ་ཉིད་མི་སྣང་བར་ཤར་བའི་དུས་ན་རྣམ་རྟོག་ཡུལ་གྱི་ཞེན་པ་དང་བྲལ་བས་བེམས་པོའི་འཁྲུལ་པ་རྣམས་བྲལ་བའི་ཚད་ཡིན་ཏེ༔ དབྱིངས་ཀྱི་སྣང་བས་ཡུལ་གྲོལ་བའི་གནད་ཀྱིས་འདི་ཉིད་ཀྱང་བར་དོ་ལ་མི་འཇུག་པར་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ དབྱིངས་དང་རིག་པ་ཉིད་ལ་ཉིན་མཚན་མེད་པར་སྣང་བའི་དུས་ན་འཁོར་འདས་གཉིས་སུ་མེད་པར་ཞེས་བྱ་བ་འཁོར་བ་ཉིད་མྱང་
འདས་སུ་གྲོལ་བའི་ཚད་ཡིན་ཏེ༔ དེ་ཡང་མཚན་མོ་འཁོར་བའི་ཆ༔ ཉིན་མོ་མྱང་འདས་ཀྱི་ཆ་ཡིན་བས༔ མཚན་མོའི་སྣང་བ་ནུབ་པའི་ཚད་ཀྱིས་སོ༔ ཉམས་སུ་བླངས་པ་ལ་འདི་ཡང་བར་དོ་མི་སྣང་ཞིང་དེ་ལྟར་བྱུང་ན་ལོ་ལྡ་ན་ཕུང་པོ་ལྷག་མ་དང་བཅས་ནས་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ ཐིག་ལེའི་སྣང་བ་ཉུང་འབྲུ་ཙམ་སྲན་རྡོག་ཙམ་སྣང་བའི་དུས་ན་དབྱིངས་ཀྱི་ར་བར་རིག་པ་ཉིད་ཆུད་པ་ཞེས་བྱ་སྟེ་སྙིང་པོའི་བཅུད་དུ་དྲིལ་བའི་ཚད་ཡིན་པས༔ འདི་མན་ཆད་ཀྱི་རྟགས་མ་རྫོགས་པར་ཉམས་ལེན་ལ་བར་ཆད་ན་སྤྲུལ་པ་མི་འབྱུང་༔ ཕུང་པོ་བོར་ནས་ཕྱི་ཡི་རྟགས་རྣམས་སྟོན་ནས་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ ཐིག་ལེ་མེ་ལོང་གི་རྣམ་པ་ཙམ་དུ་སྣང་ཞིང་ཐིག་ལེ་དེ་ཀུན་ཀྱང་རྩིབས་རྒྱུགས་སུ་སྣང་བའི་དུས་ན༔ ཐིག་ལེ་ཉག་གཅིག་བཅུད་དུ་སྨིན་པ་ཞེས་བྱ་སྟེ་འོད་དང་འོད་ཁྱིམ་སྨིན་པའི་ཚད་ཡིན་ནོ༔ དེ་ནས་ཐིག་ལེ་དེ་ཉིད་དབང་པོ་ཐ་མལ་ལ་ཁམ་ཕོར་ཙམ་དུ་སྣང་༔ འབྲིང་ལ་འཁར་གཞོང་ཙམ་དུ་སྣང་༔ རབ་ལ་བསེ་ཕུབ་ཙམ་དུ་སྣང་བའི་དུས་ན་རིག་པ་ཉིད་རླུང་དང་བྲལ་དུ་ཉེ་བ་ཞེས་བྱ་སྟེ༔ ཐིག་ལེ་ཚད་དུ་ཕྱིན་པ་ཡིན་པས༔ འདི་ལས་ཆེར་འགྲོ་བའི་ངེས་པ་མེད་དོ༔ དེ་ནས་ཐིག་ལེ་དེ་དག་རབ་ཏུ་མང་བ་ཆེ་ཆུང་གོང་མ་ཙམ་ལས་ཡུལ་ཁམས་གང་སྟེ༔ དེ་རེ་རེ་འོད་ལྔ་ལྔའི་མུ་ཁྱུད་རབ་ཏུ་བསྐོར་བའི་དུས་ན་ནི་སྣོད་ཉིད་བཅུད་དུ་སྨིན་པ་ཞེས་བྱ་སྟེ༔ ཐིག་ལེའི་ནང་ན་སྐུ་རྐྱང་པ་རེ་རེ་སྣང་བའི་དུས་ན་བཅུད་ཉིད་སྙིང་པོར་དྲིལ་བ་ཞེས་བྱའོ༔ རིག་པ་ཉིད་དབྱིངས་ཀྱི་གཟེར་ཐེབས་པས་ན་ལམ་སྨིན་པའི་ཚད་ཡིན་ཏེ་སྐུ་གསུམ་ལམ་དུ་བྱས་བའི་གནད་ཀྱིས་སོ༔ དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ལྔ་ལྔ་ཤར་བའི་དུས་ན་སྐུའི་ཞེན་པ་རང་ཆོད་པ་ཞེས་བྱ་སྟེ༔ སྐུ་གསུམ་ལམ་དུ་རྫོགས་པའི་ཚད་ཡིན་པས་རང་
གི་ལུས་འོད་གསལ་དུ་གྲོལ་བའི་གནད་ཀྱིས་འདི་ཉིད་ལ་འབྱུང་བ་རང་དག་ལ་སོང་བ་དེ་ཡིན་ནོ༔ དེ་ཉིད་ཀྱི་ཚད་རང་གི་མཚན་ཉིད་བཅུ་ཅིག་ཏུ་རིགས་པར་བྱ་སྟེ༔ དེ་ཡང་འདི་ལྟར་སྟེ༔ རང་བཞིན་རྫོགས་པ་ཆེན་པོ་རྩོལ་སྒྲུབ་དང་བྲལ་བའི་ཚད་དང་༔ མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པའི་ཚད་དང་༔ ཆོས་རྣམས་སྣ་ཚོགས་སུ་ཤར་བའི་ཚད་དང་༔ སྣང་སྲིད་ཐམས་ཅད་གདམས་ངག་ཏུ་ཤེས་ནས་འཁྲུལ་བ་རང་ཐོག་ཏུ་ངོ་ཤེས་པའི་ཚད་དང་༔ ཡུལ་རྐྱེན་དུ་མ་འགགས་པའི་ཚད་དོ༔ འཁོར་འདས་མཉམ་ཉིད་གནས་པའི་ཚད་དང་༔ རིག་པ་ལས་འགྱུར་བ་མེད་པའི་ཚད་དང་༔ ཉག་གཅིག་གྲལ་དུ་ཚུད་པའི་ཚད་དང་༔ རང་བཞིན་རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་མངོན་སུམ་དུ་གཏན་ལ་ཕེབས་པའི་ཚད་དང་༔ སྐུ་རྣམས་ཀྱི་ཞེན་པ་བཟློག་པས་ཕྱིའི་སྣང་བ་འདི་ཉིད་གྲོལ་བའི་ཚད་དང་༔ གདོས་བཅས་རང་འགགས་ཏེ་འབྱུང་བ་རྣམས་རང་སར་དེངས་པའི་ཚད་དང་བཅུ་གཅིག་གི་རྣལ་འབྱོར་པས་ཆོས་ཐམས་ཅད་ཟད་པའི་སྣང་བ་ཉིད་མཐོང་བ་ཡིན་ནོ༔ དེ་ཡང་ཚད་དེ་དག་གིས་དེ་ལྟར་ཉམས་སུ་ལེན་པ་དང་མ་བྲལ་ན་སུས་ཀྱང་དགག་པར་མི་ནུས་ཀྱི༔ མི་འདོད་ཀྱང་ཤུགས་ཀྱིས་ལམ་དུ་སྣང་ངེས་པ་ཡིན་ནོ༔ དཔེར་ན་བུད་མེད་སྦྲུམ་མ་ཟླ་བ་རྫོགས་ནས་སུས་ཀྱང་དགག་པར་མི་ནུས་ཏེ་ལྟོ་བ་སྟོང་པར་གནས་པ་བཞིན་ནོ༔ དེ་ཡང་ཅིག་ཅར་དུ་སྐྱེ་བ་མ་ཡིན་ཏེ་རིམ་གྱིས་ལུས་ནས་སྐྱེས་ནས་སྐྱེ་བ་དང་མཚུངས་སོ༔ དེ་ཡང་ཞག་བདུན་ཚན་དང་པོ་ལ་མེར་མེར་པོ་དང་ཏར་ཏར་པོ་ལ་སོགས་པ་བཞིན་ཏེ༔ རང་བཞིན་རྫོགས་པ་ཆེན་པོ་རྩོལ་སྒྲུབ་དང་བྲལ་བའི་ཚད་མེད་ན་ཐེག་པ་ཐུན་མོང་པ་དང་ཁྱད་པར་མེད་པས༔ འདིའི་དུས་ན་ལས་དགེ་སྡིག་ཅི་བྱས་ཀྱང་ཕན་
གནོད་དང་བྲལ་བ་དགེ་སྡིག་ཇི་ལྟར་བྱས་ཀྱང་ངན་སོང་དུ་ལྟུང་མི་སྲིད་པའི་གདེང་ཐོབ་པའོ༔ མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པའི་ཚད་མེད་ན་འགྲོ་དྲུག་གི་གཡང་ས་མི་ཆོད་དེ་ཚེ་གཅིག་ལ་སངས་རྒྱ་བ་དང་འགལ་ཏེ༔ འདི་དུས་ན་སྔར་བྱས་པའི་བག་ཆགས་རྣམས་ཀྱིས་རྡུལ་ཙམ་ཡང་མི་གོས་ཏི་དམྱལ་བ་དང་སངས་རྒྱས་ཁྱད་མེད་པའི་གདིང་ཐོབ་པའོ༔ ཆོས་རྣམས་སྣ་ཚོགས་སུ་ཤར་བའི་ཚད་མེད་ན་ཡིན་དཔྱོད་འཛིན་པའི་ལྟ་བ་རྣམས་དང་ཁྱད་པར་ཅུང་ཟད་མེད་པས༔ འདིའི་དུས་ན་ཕྱི་རོལ་གྱི་ཡུལ་རྐྱེན་དུ་མ་བྱུང་ཀྱང་ཕན་གནོད་དང་བྲལ་ཏེ་མངོན་སུམ་གྱིས་སྣང་བ་རྐྱེན་གྱིས་མི་ཤིགས་པའི་གདེང་ཐོབ་པའོ༔ སྣང་སྲིད་ཐམས་ཅད་གདམས་ངག་ཏུ་ཤེས་ནས་འཁྲུལ་པ་རང་ཐོག་ཏུ་ཆོད་པའི་ཚད་མེད་ན་ཚིག་གི་རྗེས་སུ་འབྲངས་པའི་སྐྱེས་བུ་རྣམས་དང་ཁྱད་མེད་པས༔ འདིའི་དུས་ན་བརྗོད་བྱ་ཐམས་ཅད་མཐོང་སྣང་དུ་ཤར་བས་ཚིག་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་གདེང་ཐོབ་པའོ༔ ཡུལ་རྐྱེན་དུ་མ་འགགས་པའི་ཚད་མེད་ན་ཐ་མལ་པའི་སྣང་བ་དང་ཁྱད་མེད་པས༔ འདིའི་དུས་ན་བེམ་རིགས་གཉིས་འཛིན་གྱི་ཤེས་པ་དང་བྲལ་ཏེ་རགས་པའི་འབྱུང་བ་རྣམས་ཀྱིས་གནོད་མ་བསྐྱལ་བའི་གདེང་ཐོབ་པའོ༔ འཁོར་འདས་མཉམ་པ་ཉིད་དུ་གནས་པ་ཚད་མེད་ན་གྲུབ་མཐའ་འཛིན་པའི་སྐྱེས་བུ་རྣམས་དང་ཁྱད་མེད་པས༔ འདིའི་དུས་ན་ལྟ་བའི་ཞེན་འདོད་རྣམས་དང་བྲལ་ཏེ་ཉམས་ལེན་ལ་ཡེངས་པ་མེད་པའི་གདེང་ཐོབ་པའོ༔ རིག་པ་ལ་འགྱུར་བ་མེད་པའི་ཚད་མེད་ན་ལས་ཀྱི་རླུང་དང་ཁྱད་མེད་པས༔ འདིའི་དུས་ན་རིག་པ་ཉིད་ཡེ་ཤེས་ཀྱི་རླུང་དང་འདྲེས་པས་འགྱུ་བ་རྣམས་རང་སར་གྲོལ་བའི་གདེངས་ཐོབ་པའོ༔ ཉག་གཅིག་གྲལ་
དུ་ཚུད་པའི་ཚད་མེད་ན་ཐེག་པ་སྣ་ཚོགས་ཀྱི་སྐད་དང་ཁྱད་མེད་པས༔ འདིའི་དུས་ན་ལྟ་སྒོམ་གྱི་སྤྲོས་པ་རང་ཆོད་པའི་གདེང་ཐོབ་པའོ༔ རང་བཞིན་རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་མངོན་སུམ་དུ་གཏན་ལ་ཕེབས་པའི་ཚད་མེད་ན༔ ཆད་པ་མུ་སྟེགས་པ་རྣམས་དང་ཁྱད་མེད་པས༔ འདིའི་དུས་ན་གོལ་ས་ཐམས་ཅད་རང་ཐོག་དུ་ཆོད་པའི་གདེང་རྙེད་པ་ཡིན་ནོ༔ སྐུ་རྣམས་ཀྱི་ཞེན་པའི་སྣང་བ་བཟློག་པས་ཕྱིའི་སྣང་བ་འདི་ཉིད་ལས་གྲོལ་བའི་ཚད་མེད་ན་སྐུ་གསུམ་འབྲས་བུ་རང་འདོད་པ་རྣམས་དང་ཁྱད་མེད་པས༔ འདིའི་དུས་ན་སྣང་བ་དང་ངོ་བོ་ལམ་དུ་བྱས་པས་སྐུ་གསུམ་དུ་འཛིན་པའི་ཞེན་པ་རང་ལོག་པས་གདེང་ཐོབ་པའོ༔ གདོས་བཅས་འགགས་ཏེ་འབྱུང་བ་རང་སར་དེངས་པའི་ཚད་མེད་ན་ཕུང་པོ་བདག་མེད་དུ་འདོད་པ་རྣམས་དང་ཁྱད་མེད་པས༔ འདིའི་དུས་ན་ཕྱི་ནང་གི་འབྱུང་བ་ལྔས་བཅིངས་པ་ལས་རང་ལོག་སྟེ་ཟག་པ་རྣམས་རང་ཟད་པའི་གདེང་ཐོབ་པའོ༔ དེ་ནས་ཟླ་གཅིག་གམ༔ ཟླ་བ་དགུའམ༔ ཟླ་བ་བདུན་ན་ཆོས་ཉིད་ཟད་པའི་སྣང་བ་དང་འདུ་འབྲལ་མེད་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ༔ དེའི་ཕྱིར་ན་མའི་མངལ་དུ་ཞུགས་ཏེ་ལུས་རྫོགས་པའི་རིམ་པ་དང་ཞག་རྣམས་མཚུངས་སོ༔ དེ་ལྟར་ཉམས་སུ་ལེན་པ་ལ་ནི་སྔོན་དུ་ལུས་ངག་ཡིད་གསུམ་སྦྱངས་པའི་མན་ངག་རབ་ཏུ་གཅེས་སོ༔ སྔོན་དུ་ལུས་ངག་མ་སྦྱངས་པར་རིག་པ་མངོན་སུམ་གྱི་གནད་གཟིར་ཡང་འདི་ཉིད་དུ་འབྱུང་བ་རང་ཟད་ལ་འགྲོ་མི་སྲིད་དོ༔ དེའི་ཕྱིར་ན་འཁོར་འདས་རུ་ཤན་འབྱེན་པའི་སྤྱོད་པ་རབ་ཏུ་ཟབ་བོ༔ དེ་ནས་ལུས་ཀྱི་འདུག་སྟངས་རྣམས་མ་གཟིར་ན་སྐུ་གསུམ་གྱི་ཞེན་པ་ལམ་དུ་མི་ཆོད་པས་ཆོས་ཉིད་ཟད་པ་ངོ་མི་ཤེས་སོ༔ དེས་ན་རྟག་ཏུ་ངག་མ་
བཅད་ན་བརྗོད་མེད་ཀྱི་དོན་མི་མཐོང་བས་ཐིག་ལེ་ཉག་གཅིག་མངོན་དུ་མི་སྣང་ངོ་༔ མིག་གི་ལྟ་སྟངས་ཀྱིས་རིག་པ་མ་གཅུན་ན་རིག་པ་མངོན་སུམ་དུ་མི་སྣང་བས་སེམས་དང་ཡེ་ཤེས་མི་ཕྱེད་དོ༔ དེའི་ཕྱིར་ན་གདམས་ངག་འདི་རྣམས་རིམ་གྱིས་བྱས་པས་སྣང་བ་རིམ་གྱིས་འཕེལ་བ་ལ་ཐེ་ཚོམ་མེད་དོ༔ དེའི་ཕྱིར་ན་འབྱུང་བ་དངས་སྙིགས་ཕྱེད་པའི་ཚད་ཕྱིའི་འབྱུང་བ་ལྔ་འགགས་ཏེ་འོད་དུ་སྣང་བའི་དུས་ན་ཡིན་ནོ༔ ཆོས་ཅན་དང་ཆོས་ཉིད་ཕྱེད་པའི་ཚང་དབྱིངས་སྨིན་མཚམས་དང་བྲལ་བའི་དུས་ན་ཡིན་ནོ༔ སེམས་དང་ཡེ་ཤེས་ཕྱེད་པའི་ཚད་རིག་པ་ཉིན་མཚན་མེད་པའི་དུས་ན་ཡིན་ནོ༔ ཀུན་གཞི་དང་ཆོས་སྐུ་ཕྱེད་པའི་ཚད་རང་གི་གདོས་བཅས་མི་སྣང་བའི་དུས་ན་ཡིན་ནོ༔ ཡིད་དང་ཤེས་རབ་ཕྱེད་པའི་ཚད་ནི་སྣང་བ་སྣ་ཚོགས་སུ་ཤར་བའི་དུས་ན་ཡིན་ནོ༔ དེའི་ཕྱིར་ན་རིག་པ་ཚད་ལ་མ་ཕབ་ན་འབྲས་བུ་ལ་ཐུག་པ་མེད་དེ་ངལ་བ་དོན་མེད་ཡིན་ནོ༔ ཚད་ལ་ཕབ་པས་དོན་འགྱུར་མི་སྲིད་དོ༔ དེ་ཡང་འདི་ཉིད་སྐུ་གསུམ་ལམ་དུ་བྱེད་པ་ནི༔ ལུས་ངག་ཡིད་ཀྱི་གནང་བསྟན་ནས་སྤྲུལ་པ་སྐུའི་སྒྲ྄ོ་འདོགས་ལམ་དུ་ཆོད་དོ༔ དེ་ནས་ཐིག་ལ་སྟོང་པའི་སྒྲོན་མ་ལམ་དུ་ཤར་ནས་ཐིག་ལེ་ལ་སྐུ་ལྔ་ཤར་བ་ཕན་ཆོད་ནི་ལོངས་སྐུའི་སྒྲོ་འདོགས་ལམ་དུ་ཆོད་པའོ༔ སྟོང་པའི་ཐིག་ལེ་འདིའི་སྣང་བ་མེད་པར་སྣང་བ་གོང་དུ་འཕེལ་བ་ཡང་ཡོད་དེ་རང་གི་ལུས་མི་སྣང་བར་སྐབས་སུ་འོད་ཀྱི་སོར་མོ་སྣང་བའི་དུས་ན་ཆོས་སྐུའི་སྒྲོ་འདོགས་ལམ་དུ་ཆོད་པའོ༔ ཐབས་སྣ་ཚོགས་ལ་བསླབ་པའི་རིག་པ་མང་དུ་བཤད་ནས་ཡོད་ཀྱང་ལས་ཀྱི་ཁ་ཚར་དུ་མ་སྟེ་སེམས་མི་གནས་པ་གནས་པར་བྱེད་པ་ཙམ་ལས་སངས་རྒྱ་བ་ལ་རྡུལ་གྱི་ཆ་ཡང་ཕན་པ་མེད་དོ། དེའི་ཕྱིར་ན་མན་ངག་གི་རྒྱལ་པོ་ཟངས་ཡིག་ཅན་མེད་ན་གཞན་མ་ཀུན་སྟོང་ཡུག་ཡིན་པས་འདི་དང་བྲལ་ན་
རང་གཞན་གཉིས་ཀའི་དོན་འགྲུབ་པ་མ་ཡིན་ནོ༔ མན་ངག་འདི་ཉིད་རྟགས་དང་ཚད་འབྲེལ་བས༔ རིན་ཆེན་གསེར་ལ་གཡུ་ཡི་ཕྲ་བཀོད་འདྲ༔ དེ་ཡི་ཕྱིར་ན་རྟགས་ཀྱི་ཡི་གེ་ལ༔ ཚད་ཀྱི་ཡི་གེ་འདི་མེད་སྟོང་ཡུག་ཡིན༔ དེ་ཡི་ཕྱིར་ན་མན་ངག་ཟངས་ཡིག་ཅན༔ གསུམ་པོ་འབྲེལ་ན་རྣལ་འབྱོར་དོན་ཆེན་འགྲུབ༔ འདི་གསུམ་མེད་ན་བསྒྲུབས་ཀྱང་དོན་མེད་འགྱང་༔ སྤྲུལ་བའི་ས་བོན་བསྟན་པའི་བུ་གཅིག་པོ༔ འདི་མེད་བསྒྲུབས་ཀྱང་འབྲས་བུ་སྨིན་པ་མིན༔ འདི་བཅངས་པ་ཡིས་སྤྲུལ་སྐུའི་ཡོན་ཏན་རྫོགས༔ དེས་ན་བསྟན་པ་ཀུན་གྱི་རང་བཙས་འདི༔ མཁའ་ལས་ཆར་བབས་རྩི་ཐོག་རྒྱས་པ་བཞིན༔ འདི་ཉིད་བཅངས་པ་ཙམ་གྱིས་འབྲས་བུ་སྨིན༔ མན་ངག་སྙིང་པོ་ཡང་གསང་ཐུགས་ཀྱི་བཅུད༔ ཡི་གེ་མ་རུ་སྙིང་གི་སྙིང་ཏིག་ཆོས༔ འདི་ཉིད་ཡོད་ན་རིག་པའི་གཏན་སྲིད་ཡིན༔ ཕུང་པོ་ཉིད་དང་བཅས་ཏེ་སེམས་ལ་སྦོས༔ དེ་ཡི་ཡོན་ཏན་བརྗོད་ཀྱིས་ལངས་པ་མིན༔ དེ་ཡི་གསང་བ་ཡི་གེ་མ་བུ་རྣམས༔ རབ་ཏུ་གཅེས་པས་མཆོག་ཏུ་རྒྱས་བཏབ་བོ༔ གཞན་ལ་སྤེལ་བར་བྱེད་པ་འདི་ཉིད་མིན༔ གསང་སྔགས་ཀུན་གྱི་ཡང་ཞུན་རིག་པའི་གནད༔ འདི་རུ་བསྡུས་ཏེ་སྙིང་པོ་སེམས་ལ་བརླན༔ རིན་ཆེན་གསེར་ལྟར་རྟག་ཏུ་སྤྱད་ན་བྲིན༔ གསང་བའི་ཡི་གེ་དེ་ཡང་དེ་དང་མཚུངས༔ དེ་ཡི་ཕྱིར་ན་དེ་ཡི་མན་ངག་གཟེར༔ རྟགས་ཀྱི་ཡི་གེ་འདི་མེད་འབྲས་བུ་རྣམས༔ བསྐྱལ་བའི་ས་མེད་ཐུག་པ་མེད་པར་འགྱུར༔ དེ་ཕྱིར་ཚད་རྣམས་ངེས་པའི་ཡི་གེ་འདིས༔ དུས་ཚོད་ངེས་པར་རབ་ཏུ་བརྟན་པར་བྱའོ༔ སྙིང་པོ་མཆོག་གི་ཐབས་འདི་ངེས་པར་གསང་༔ ཚད་ལ་སླེབས་པར་ཕབ་ནས་མངོན་དུ་བྱས༔ གསང་བའི་ཡང་གསང་སྙིང་པོའི་བཅུད་དུ་དྲིལ༔ བཅུད་རྣམས་བསྡུས་ནས་སྙིང་པོ་ལམ་དུ་བྱས༔ དེས་ན་ཡི་གེ་འདི་དག་རབ་ཏུ་དཀོན༔
དམ་པའི་དོན་དུ་ངེས་པར་གཟུང་བར་བྱ༔ རབ་ཏུ་བསྡུས་པའི་སྙིང་ཏིག་མཆོག་ཏུ་གཅེས༔ སྤྲོས་བཅས་བློ་ཡི་ཡུལ་དུ་ཚད་འདི་རྣམས༔ སྤྲོས་ཏེ་རྒྱས་པའི་དོན་དུ་གཟུང་བར་བྱ༔ ཆོས་ཉིད་ཚད་ནི་མཉམ་པར་གནས་པ་ཡིན༔ ཤེས་རབ་ཚད་ནི་སྙེམས་བྱེད་མེད་པ་ཡིན༔ ཡེ་ཤེས་ཚད་ནི་རང་གསལ་ཁ་དོག་ལྔ༔ དབྱིངས་ཀྱི་ཚད་ནི་གོང་ལྟར་སྣང་བ་ཡིན༔ རིག་པའི་ཚད་ནི་འཕེལ་འགྲིབ་མེད་པ་ཡིན༔ འོད་ཀྱི་ཚད་ནི་ཕྱི་ནང་འགགས་པ་ཡིན༔ ཐིག་ལེའི་ཚད་ནི་སྐུ་ལྔ་རང་གསལ་ཡིན༔ གཞི་ཡི་ཚད་ནི་འཕེལ་དང་བཅས་པ་ཡིན༔ ལམ་གྱི་ཚད་ནི་གདོས་བཅས་ནུབ་པ་ཡིན༔ འབྲས་བུའི་ཚད་ནི་ཟད་སར་འཁྱོལ་བ་ཡིན༔ སྐུ་ཡི་ཚད་ནི་རང་རྐྱང་སེམས་དཔའ་ཡིན༔ འདི་དག་རྣམས་ཀྱང་སྙིང་པོ་ངེས་པའི་ཚད༔ ཕྱིས་ཀྱི་ཚད་ནི་འདི་ཡིན་སེམས་ཀྱི་བུ༔ འོད་ཀྱི་ཚད་ནི་འོད་དུ་སྣང་བ་ཡིན༔ ཐིག་ལེའི་ཚད་ནི་གདངས་ཀྱི་ཡང་དག་ཡིན༔ རླུང་གི་ཚད་ནི་ཕྱི་ནས་དེ་བཞིན་སྒྲ༔ དབྱིངས་ཀྱི་ཚད་ནི་ས་རྣམས་གཡོ་བ་ཡིན༔ སྐུ་ཡི་ཚད་ནི་ཕྱི་ནས་དེ་བཞིན་སྐུ༔ འདི་རྣམས་ཀྱང་ནི་རིག་པའི་ཡོན་ཏན་ཡིན༔ ཚད་ལ་མ་ཕེབས་དོན་ཉིད་ཤེས་པ་མིན༔ ཚད་དང་ལྡན་པའི་ཉམས་ལེན་ཆུད་མི་ཟ༔ དེས་ན་ཚད་ཀྱི་ཡི་གེ་འདི་གཅེས་སོ༔ ཉམས་སུ་ལེན་པ་རྣམས་ཀྱི་ཚད་ཀྱི་ཡི་གེ་ཞེས་བྱ་བ༔ སྤྲུལ་པ་པོ་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ སྔགས་ཀྱི་སྲུང་མ་རྣམས་ཀྱིས་སྲུངས་ཤིག༔ ཨི་ཏི༔ དགེའོ༔
མངོན་སུམ་སྙིང་ཐིག་གསང་བའི་ཡི་གེ་དམར་རུའི་རྒྱབ་ཡིག
མངོན་སུམ་སྙིང་ཐིག་གསང་བའི་ཡི་གེ་དམར་རུའི་རྒྱབ་ཡིག་བཞུགས་སོ༔༼ཕྲ་ཡིག༽ ཁ་ཐ ཾཿརྒྱབ་ཡིག་གི་སྟོད་ཆ།
དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ མངོན་སུམ་སྙིང་ཐ ིག་གསང་བའི་ཡི་གེ་དམར་རུའི་རྒྱབ་ཡིག༔ འདི་ཉམས་སུ་ལེན་པའི་སྐལ་ལྡན་སློབ་མ་དེས༔ སྔོན་དུ་བླ་མ་ལ་གསེར་རང་ལུས་ཙམ་ཕུལ་ལ་ལོ་གསུམ་གྱི་གོང་ནས་ཞུ་བ་འབུལ༔ ལས་སྦྱོང་པའི་ཐབས་སྣ་ཚོགས་བྱའོ༔ དེ་ནས་དབེན་པའི་གནས་སུ་སྤྲོས་བཅས་གྱི་དབང་དང་༔ སྤྲོས་མེད༔ ཤིན་ཏུ་སྤྲོས་མེད༔ རབ་ཏུ་སྤྲོས་པ་མེད་པ་རྣམས་ཀྱིས་སྨིན་པར་བྱེད་པ་གལ་ཆེའོ༔ དེ་ནས་གྲོལ་བར་བྱེད་པའི་གདམས་ངག༔ ལེ་ལོ་ཅན་མ་བསྒོམས་པར་སངས་རྒྱ་བ་དང་༔ བརྩོན་འགྲུས་ཅན་བསྒོམས་ནས་ཚེ་འདིར་སངས་རྒྱ་བའི་གདམས་ངག་བསྟན་ཏེ༔ དེ་ཡང་ཀུན་ཏུ་བཟང་པོ་གཞི་ཐ ོག་མ་ནས་སངས་རྒྱས༔ སེམས་ཅན་གྱིས་མ་རྟོགས་ཏེ་འཁོར་བར་འཁྱམས༔ དེ་གང་གིས་ལན་ན་མ་རིག་པས་ལན་ཏེ༔ དེ་ལ་རླུང་བཞི༔ འོད་བཞི༔ འབྱུང་བ་བཞི་ལ་སོགས་པར་འཁྲུལ་ཏེ༔ འབྱུང་བ་བཞི་ལས་མིའུ་རིགས་བཞིར་བྱུང་ངོ་༔ དེ་ལྟར་རྟོགས་པ་དང་བྱེད་པའི་ལས་ཀྱང་བྱུང་ངོ་༔ དེ་ལྟར་བློ་ཡི་རྩལ་ལ་ཆེ་ཆུང་བྱུང་བས་དེ་ལ་ཆུའི་མི་ནི་ལུས་ཟླུམ་གྱི་ལེབ་པ་དང་༔ སྐྲ་ཤད་དེ་བ་དང་༔ ངག་དལ་བ༔ ལུས་ཀྱང་མཉེན་པ་དང་༔ ཉལ་བ་དང་༔ དལ་བ་ཤས་ཆེ་བ༔ དེའི་དབང་གིས་འཕྱོར་ཆེ་བ༔ མོ་ལ་སྲེད་པ༔ ཁ་འཇམ་ལ་གཏི་མུག་པ་བྱི་ལའི་སྤྱ ོད་པ་དང་འདྲའོ༔ དེ་ལ་དབང་ཡང་སྤྲོས་བཅས་བསྐུར༔ གདམས་ངག་ཀྱང་སྤྲོས་བཅས་སེམས་འཛིན་གྱི་སྐོར་བསྟན༔ སེམས་ལུང་སྡོམ་ཁྲིགས་ལ་སོགས་པའི་རྒྱུ་འབྲས་གཙོ་ཆེ་བ་ལ་བློ་ཁྲིད་སྤྲོས་མེད་བློས་མི་ཆུན་པའི་ཕྱིར་རོ༔ དེ་མངོན་དུ་བྱུང་པ་དང་གསང་བ་བླ་མེད་བསྟན་ལ་ཉམས་སུ་ལེན་དུ་གཞུག་པས༔ འདི་ལ་སངས་མ་རྒྱས་ཀྱང་ཚེ་འཕོས་པ་དང་མངལ་གྱི་གྲོང་ཁྱེར་མི་འགྲིམ་སྟེ་སྤྲུལ་པ་སྐུའི་ཞིང་ཁམས་སུ་སངས་རྒྱ་
བ་ལ་ཐེ་ཚོམ་མེད་དོ༔ སའི་མི་ནི་ལུས་གྲུ་བཞི་སྒེག་པ༔ སྐྲ་མཚམས་དམའ་བ༔ ཁ་སྤུ་ཡོད་པ༔ གཏམ་ཉུང་ཞིང་བརྡ་མི་གསལ་བ༔ སྡོད་ཚན་ཆེ་བ༔ སྤྲོས་པ་ལ་མི་དགའ་བས་དབང་ཡང་སྤྲོས་མེད་བསྐུར༔ གདམས་ངག་ཀྱང་སྒོམ་བཅས་སྒོམ་མེད་དབྱེར་མེད་དུ་སེམས་སྡེ་དང་མན་ངག་གི་སྡེ་དབྱེར་མེད་དུ་སྤེལ་བ་གདབ། མཇུག་ཏུ་བླ་མེད་བསྟན༔ འདི་ལ་སངས་མ་རྒྱས་ཀྱང་འཆི་ཁ་བར་དོ་ལ་སངས་རྒྱ་བ་ལ་ཐ ེ་ཚོམ་མེད་དོ༔ མེ་ཡི་མི་ནི་ལུས་གྲུ་གསུམ་ལ་དམར་ཞིང་སྣ་རྣོ༔ སྐོམ་དད་ཆེ༔ སྤྲོ་ཐུང་༔ ཞེ་སྡང་དང་ང་རྒྱལ་ཆེ༔ ཤེས་རབ་ཆེ་བས༔ སྤྲོས་མེད་ཤིན་ཏུ་སྤྲོས་མེད་བསྐུར༔ གདམས་ངག་ཀྱང་ཀློང་སྡེ་སྒོམ་མེད་བསྟན་ཏེ༔ དེ་ནས་མཇུག་བླ་མེད་དང་འཕྲད་མ་ཐག་ཏུ༔ རྟགས་ཚད་མཐར་ཕྱིན་ནས་ལོ་ལྔའམ་བདུན་དུ་སངས་རྒྱ་བ་ལ་ཐ ེ་ཚོམ་མེད་དོ༔ རླུང་གི་མི་ནི༔ ལུས་ཡང་ཞིང་མགྱོགས༔ ཁ་ཟླ་གམ་དུ་མངོན་པ་དང་༔ སྡོད་མི་ཚུགས་པ་དང་༔ ཕྲག་དོག་ཆེ༔ རྫུན་ཆེ༔ བློ་ཡངས༔ ཤེས་རབ་ཆེ་བས་དབང་ཡང་རབ་ཏུ་སྤྲོས་པ་མེད་པ་བསྐུར༔ གདམས་པའང་སྤྲོས་མེད་ཟང་ཐལ་དོན་རྒྱུད་རྣམས་བསྟན་ནོ༔ མཇུག་ཏུ་བླ་མེད་བསྟན་པས་ལོ་གསུམ་ན་ཚེ་འདི་རང་ལ་ཟག་བཅས་མི་སྣང་བར་སངས་རྒྱའོ༔ གཡུ་ཡིག་ཅན་དུ་ཤེས་སོ༔ དེ་ལྟར་གང་འཕྲོད་བལྟས་ལ་སྦྱིན་ནོ༔ དེ་ཡང་སེམས་ལུང་སྒོམ་ཁྲིགས་ལས༔ མ་མཐོང་ཡུལ་དེ་བལྟ་འདོད་ན༔ ཡུལ་དེ་ཡིད་ལ་མ་བྱེད་པར༔ ལམ་དེ་ཡིད་ལ་གྱིས་ལ་སོང་༔ ཞེས་པས༔ དད་པ་དང་ལྡན་པའི་སློབ་མ་དེ་དུར་ཁྲོད་དམ་དབེན་པར་སྔོན་དུ་རང་གི་བླ་མ་མཉེས་པར་བྱས་ཏེ་ཚོགས་བསག་པའི་སྦྱོར་བ་བྱ༔ དེ་ནས་བླ་མས་གདམས་པ་གདབ་པར་བྱའོ༔ དེ་ལ་ཤེས་རབ་རྣམ་པ་གསུམ་ལ་བློ་ཐག་བཅད་ནས་ཚེ་འདི་ཉིད་ལ་སངས་རྒྱ་དགོས་ཏེ༔ འདིར་མ་གྲོལ་ན་ཡིད་དཔྱོད་འཛིན་པ་དང་ཁྱད་
པར་མེད་དོ༔ དེ་ལ་སྤྱ ོད་པ་ལ་རྒྱུན་དུ་བྱེད་པ་དང་༔ སྒོམ་པ་ལ་རྒྱུན་དུ་བྱེད་པ་དང་༔ ལྟ་བ་ལ་རྒྱུན་དུ་བྱེད་པ་དང་༔ འབྲས་བུ་ལ་རྒྱུན་དུ་བྱེད་པའོ༔ དེ་ཡང་སྤྱ ོད་པ་ལ་རྒྱུན་དུ་བྱས་ནས་སངས་རྒྱ་བ་ནི༔ འཁོར་འདས་རུ་ཤན་འབྱེད་པའི་སྤྱ ོད་པ་དང་༔ བརྟུལ་ཞུགས་གྲངས་འཛིན་གྱིས་སྤྱ ོད་པ་དང༔ སྣང་བ་རང་སར་གྲོལ་བ་རིག་པ་རྣལ་དུ་འབེབས་པའི་སྤྱ ོད་པ་རྣམས་དབང་དུ་གསལ་ལོ༔ སྒོམ་པ་ལ་རྒྱུན་དུ་བྱེད་པ་ནི༔ དེ་ལ་རང་བཞིན་གྱི་བསམ་གཏན་དང་༔ བཅོས་མའི་བསམ་གཏན་ནོ༔ རང་བཞིན་ནི༔ ལྷ་མི་ཕལ་དང་༔ ཁྲ་ཚང་ན་ཉལ་བ་དང་༔ རི་བོང་གི་མིག་དང་༔ བུ་ཆུང་གི་མིག་དང་༔ མདའ་སྲང་གི་མིག་དང་༔ དེ་རྣམས་ལ་ཡོད་དོ༔ ལུང་དུམ་བསྟན་པའི་ལྷ་དང་མི་ལ་བསམ་གཏན་བཅས་པ་ཡང་ཡོད་དོ༔ བཅོས་མའི་བསམ་གཏན་ནི༔ རྣལ་འབྱོར་པ་ལ་གནོད་པ་གཉིས་ཡོད་དེ༔ འཕྲལ་དུ་ཟས་དང་གོས༔ ཕུགས་སུ་རྨི་ལམ་དང་༔ བག་ཆགས་གཉིས་སོ༔ དེ་ལ་བསམ་གཏན་གྱི་ཐུན་བཞི་ཡིན་ཏེ༔ བཅུད་ལེན་ལ་བརྟེན་ནས་ཟས་ཀྱི་ཞེན་པ་བཅད་པའི་གསམ་གཏན་གྱི་ཐུན་དང་༔ རླུང་དང་རྟེན་འབྲལ་ལ་བརྟེན་ནས་གོས་ཀྱི་ཞེན་པ་བཅད་པའི་བསམ་གཏན་དང་༔ གཉིད་ཀྱི་གདམས་ངག་གིས་རྨི་ལམ་གྱི་ཞེན་བ་བཅད་པའི་བསམ་གཏན་དང་༔ རྩེ་གཅིག་གི་བསམ་གཏན་ལ་བརྟེན་ནས་བག་ཆགས་ཀྱི་ཞེན་པ་བཅད་པའི་བསམ་གཏན་ནོ༔ དེ་ལ་གསུམ་པོ་ལོགས་སུ་ཤེས་སོ༔ འདིར་རྩེ་གཅིག་གི་བསམ་གཏན་ལ་དམིགས་པ་རྒྱུད་ལ་བསླབ་པ་ལོགས་སུ་ཤེས༔ འདིར་རྟེན་མེད་ལ་བསླབ་པ་སྟོན་ནོ༔ སྒོམ་པ་ལ་རྒྱུན་དུ་བྱེད་ན༔ ལྷ་དང་མི་ཡི་སེམས་འཛིན་དང་༔ བྱང་ཆུབ་སེམས་དཔའི་བསམ་གཏན་དང་༔ བདེ་བར་གཤེགས་པའི་དགོངས་པའོ༔ དེ་ལ་ལྷ་དང་མི་ཡི་སེམས་འཛིན་ནི༔ དབེན་པའི་གནས་སུ་བསོད་ནམས་ཀྱི་ཚོགས་སྔོན་དུ་སོང་བས་ལུས་སྐྱིལ་ཀྲུང་དུ་བཅས་ལ་རང་གི་སྣ་རྩེ་ལ་ཨ་དཀར་པོ་གཅིག་བསམ་སྟེ༔ རང་གི་རླུང་ཕར་
ལ་སོང་བའི་དུས་སུ༔ ཨ་དེ་ཕར་ལ་རྒྱངས་རྒྱངས་སོང་པ་ལ་བློ་གནས་པར་བྱ༔ རླུང་ནང་དུ་རྔུབ་པའི་ཚེ་དཀར་ཧྲི་ལི་ལི་ཚུར་སྣ་རྩེ་ལ་གནས་པ་ལ་བྱའོ༔ རང་གི་ལུས་ལ་ཚད་པའི་ནད་ཡོད་ན་ཨ་དེ་གྲང་རེག་དང་ལྡན་པར་བསྒོམས༔ གྲང་བ་ཡོད་ན་ཚ་རེག་དང་ལྡན་པར་བསྒོམ༔ དེ་ལྟར་ཐུན་ཆུང་ལ་གྲངས་མང་པར་ཉིད་མཚན་བར་མ་ཆད་པར་བསྒོམས་པས་སྐྱེ་མེད་བསམ་ངོ་དང་བྲལ་བའི་ཉམས་མྱོང་མི་སྐྱེ་མི་སྲིད་དོ༔ གང་ཟག་གཅིག་གི་ཆ་རྐྱེན་རྫོགས་སོ༔ ༔ དེ་ནས་ཡང་བར་ཆོད་སེལ་བའི་ཡི་གེ་ཕཊ་དྲག་པོ་ལ་སེམས་གཟུང་བ་ནི༔ སྔོན་དུ་བླ་མ་མཉེས་པར་བྱས་ལ་གོང་ལྟར་ལུས་བཅོས་ལ་ལྷོད་ཅིང་རླུང་རང་སོར་བཞག་དེར་སེམས་ཡེངས་སུ་བཅུག་ལ་རབ་ཏུ་དྲག་པོས་ཕཊ་བརྗོད་པས༔ དུས་དེ་ཉིད་དུ་ཤེས་པ་གཏད་མེད་དུ་འོང་སྟེ༔ དེའི་དུས་སུ་སེམས་བཟུང་ཞིང་ཡང་དང་ཡང་དུ་ཕཊ་ཀྱིས་ཤེས་པ་གསལ་གདབ་པར་བྱ་སྟེ༔ དེ་ནས་ཉིན་མཚན་མེད་པར་ཉམས་སུ་བླངས་པས་རང་བཞིན་ཡོངས་སུ་དག་པའི་ཉམས་སུ་མྱོང་བ་མི་སྐྱེ་མི་སྲིད་དོ༔ དེས་གང་ཟག་གཅིག་གི་ཆ་སྐྱེན་ཐལ་ནས༔ ཡང་ཁྲོ་བོ་དགྱེས་པའི་གན་མོ་ལ་སེམས་གཟུང་བ་ནི༔ སྔོན་དུ་བླ་མ་ཡོན་གྱིས་མཉེས་པར་བྱས་ཏེ་ལུས་གནད་གོང་བཞིན་བྱས་ལ༔ ངག་ཏུ་ཧ་ཞེས་དྲག་ལ་ཐུང་བར་བརྗོད༔ ཤེས་པ་ཧ་ལ་གཏད༔ རྣམ་རྟོག་ལ་སོགས་པའི་མི་བདེ་བ་ཅི་བྱུང་དུས་སུ༔ ཧ་དྲག་ཏུ་བརྗོད་ཅིང་རླུང་དང་བསྲེ་བ་གནད་ཡིན་ནོ༔ དེ་ལྟར་དུས་ཐམས་ཅད་དུ་བསྒོམས་པས་ཆོས་ཉིད་ཡང་དག་པ་ངོས་བཟུང་དང་བྲལ་བའི་ཉམས་མྱོང་མི་སྐྱེས་མི་སྲིད་དོ༔ དེས་གང་ཟག་གཅིག་གི་ཆ་རྐྱེན་ཐལ༔ ཡང་ལྷ་མ་ཡིན་རྩོད་པ་འགྱེད་པ་ལ་སེམས་འཛིན་པ་ནི༔ དབེན་པའི་གནས་སུ་བླ་མ་མཉེས་པ་དང་ལུས་གནད་རི་མཐོན་པོའི་ཁར་ཙོག་བུར་འདུག་ལ༔ མགོ་དང་པོ་དལ་གྱིས་བསྒྲིལ༔ ལུས་ཀྱང་དང་པོ་འགུལ་བསྐྱོད་
དལ་བར་བྱ༔ དེ་ལས་བྲེལ་བ་གསུམ་གསུམ་བཞི་བཞི་ཙམ་བྱ༔ དེ་ནས་མགོ་ལ་སོགས་པ་དྲག་ཏུ་བསྒྲིལ་བས༔ དུས་གཅིག་ཙམ་ན་ཕྱི་ཡི་སྣང་བ་དམར་ཁྲུག་ཁྲུག་པ་དང་༔ སེར་བྲེང་བྲེང་པ་དང་༔ སྔོ་ཡལ་ཡུལ་དང་༔ ནག་ཐབས་ཐ ིབས་དང་༔ དེ་ནས་སྐྱ་སང་ངེ་འབྱུང་ངོ་༔ དེ་ལྟར་ཡུན་རིང་དུ་བྱས་པས་ཕྱི་ས་རྡོ་རི་བྲག་གི་སྣང་བ་ཅིའི་ངོ་བོར་ཡང་གྲུབ་པ་མེད་དོ༔ འདིའི་དུས་ན་མཐོང་སྣང་རང་གྲོལ་ནས་སྣང་བ་འོད་གསལ་དུ་མཐོང་བའི་ཉམས་མྱོང་མི་སྐྱེ་མི་སྲིད་དོ༔ འདིའི་དུས་ན་རླུང་ལ་ཤིས་པའི་ཁ་ཟས་བསྟེན་པར་བྱའོ༔ ལྟེ་བར་ཡི་གེ་རམ་ལ་སེམས་གཏད་པ་ནི་གནད་ཡིན་ནོ༔ གང་ཟག་གཅིག་གི་ཆ་རྐྱེན་ཐལ་ལོ༔ ཡང་རྣམ་པར་རྟོག་པ་ཧཱུྃ་གིས་དེད་པ་ལ་སེམས་གཟུང་བ་ནི༔ དེ་ནས་སྔོན་བཞིན་བླ་མ་མཉེས་པར་བྱས་ལ་དབེན་པའི་གནས་སུ་ལུས་ངག་ཁོང་གློད༔ ངག་ཏུ་ཧཱུྃ་ཞེས་རིང་པོར་དབྱངས་དང་བཅས་པས་བརྗོད་དེ༔ རླུང་སེམས་དང་བསྲེ་བ་ནི་གནད་ཡིན་ནོ༔ ཡང་ཧཱུྃ་ཞེས་ནམ་མཁའི་ཁམས་སུ་འཕང་བ་དང་༔ སྡུད་པ་དང་༔ ལུས་ལ་འཇུག་པ་དང་༔ ས་རྡོ་རི་བྲག་ལ་སོགས་པ་ལ་ཟང་ཐལ་ལ་སོགས་པ་བར་མ་ཆད་པར་བྱས་པས་སེམས་ཟིན་ཏེ་གང་དུ་ཡང་སེམས་གཡེང་བ་མེད་པ་འབྱུང་ངོ་༔ རྟོག་པ་ཆོས་ཉིད་དུ་འཆར་བའི་ཉམས་མྱོང་མི་སྐྱེ་མི་སྲིད་དོ༔ ད་ནི་སྐལ་ལྡན་ལམ་དུ་འཇུག་པའི་མན་ངག་ལ༔ བླ་མ་མཉེས་པ་ལ་སོགས་པའི་གོ་རིམ་གོང་ལྟར་བྱས་ལ་རང་སྟན་བདེ་བ་ལ་འདུག་སྟེ༔ སྟོང་པ་ཉིད་རིམ་གྱིས་ལ་སེམས་བཟུང་བ་ནི༔ དང་པོ་ལུས་བྱེ་བྲག་མང་པོར་བསིལ་ལ༔ མགོ་གཅིག་པ་རང་ལ་ཡང་མིང་མང་ངོ་༔ མིག་རྣ་བ༔ སྣ་ལྕེ༔ ལ་སོགས་པ་དཔག་ཏུ་མེད་པར་བསལ་བས༔ མིང་ལ་དོན་བརྟགས་པས་མགོའི་དབང་པོ་གྲུབ་པ་མེད་པར་ཤེས་པ་དང་༔ དེ་ནས་ལུས་སྤྱི་ལ་བརྟགས་ཀྱང་གྲུབ་པ་མ་རྙེད༔ དེ་ནས་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་དེ་ལྟར་
མིང་དོན་དུ་མས་བཙལ་བས་ཀྱང་མ་རྙེད༔ དེ་ལྟར་མིང་གིས་བཏགས་པ་ཐམས་ཅད་སྟོང་པར་གོ་བས༔ དངོས་པོ་ཡང་འགྱུར་ཏེ་སྟོང་པར་འགྱུར་བ་འོང་ངོ་༔ དེས་ནི་ཆོས་ཉིད་སྟོང་པ་ཉིད་དུ་མི་གྲོལ་མི་སྲིད་དོ༔ དེ་ནས་མིག་ཏུ་སྣང་ཚད་དང་དྲན་ཚད་ལ་ཤེས་པ་བཅུག་ཅིང་དེ་ཉིད་སྐད་ཅིག་ལ་སྟོང་པར་སོང་བ་ལ་བློ་གནས་པར་བྱས་པས་དུས་ཚོད་ཅིག་ན་གང་ལ་ལྟས་པ་སྟོང་པར་ཁྲོལ་ཁྲོལ་འགྲོ་བ་ངག་འབྱུང་ངོ་༔ དེ་ལྟར་ཡུན་རིང་དུ་བསྒོམས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟར་སྟོང་སང་གིས་མི་གྲོལ་མི་སྲིད་དོ༔ དེ་ཡང་དང་པོ་སྣང་ལ༔ དེ་ནས་གཉིས་པ་སྟོང་ལ༔ གསུམ་པ་སྣང་སྟོང་གང་དུའང་མ་གྲུབ་པའོ༔ འདི་ཚོའི་སྡོམ་ཡང་དག་ལ་བརྟེན་པའི་བསམ་གཏན་བཞིའི་དུས་སུ༔ ཤེས་པ་རྣ་བར་གཞུག་ཅིང་ངག་གི་བརྗོད་པ་མ་ཉམས་པ་གལ་ཆེ༔ ལུས་ལ་བརྟེན་པའི་བསམ་གཏན་ལྷ་མ་ཡིན་རྩོད་པ་འགྱེད་པའི་དུས་སུ༔ ལུས་ཀྱི་སྒུལ་བསྐྱོད་མ་བཤིག་པ་གནད་ཡིན་ནོ༔ ལྷག་མ་སེམས་ཀྱི་བསམ་གཏན་གཉིས་པོའི་དུས་སུ༔ སེམས་ཀྱི་གཏད་ས་མ་ནོར་ཤིང་མ་ཡེངས་པ་གནད་ཡིན་ནོ༔ དེ་ལ་མིང་དུ་བཏགས་ན་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱའོ༔ དམིགས་པ་རྟེན་མེད་ལ་བསླབ་པའི་བསམ་གཏན་ནོ༔ ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་བསམ་གཏན་ནི༔ ས་དང་པོ་བདེན་པ་མཐོང་བ་ནས་ཡོན་ཏན་བརྒྱ་ཕྲགབཅུ་གཉིས་གཉིས་པ་ལ་ཉི་ཤུ་རྩ་བཞི༔ དེ་ལྟར་རིམ་པ་བཞིན་ས་བཅུ་རྒྱུན་གྱི་ཏིང་ངེ་འཛིན་ཚུན་ཆད་ལའོ༔ བདེ་བར་གཤེགས་པའི་དགོངས་པ་ནི༔ ཐུན་མཚམས་ལས་འདས་ཏེ༔ མ་བཅོས་རང་བཞག་གནས་ལུགས་ཏེ༔ ཇི་ལྟར་དེ་ལ་འགྱུར་མེད་པས༔ སངས་རྒྱས་རྣམས་ཀྱི་དགོངས་པ་ཡིན༔ ཞེས་པས༔ གནད་ཀྱི་རྒྱ་མཚོ་ཅོག་བཞག་སྟེ༔ གང་བསྒོམས་ཀྱང་
མིག་མ་འཁྲུལ་བར་རང་སོར་བཞག་པ་གནད་ཡིན༔ ལྟ་བ་ལ་རྒྱུན་དུ་བྱེད་པ་ལ་ལྔ་སྟེ༔ ལྟ་བ་གྲོང་ཁྱེར་རྒྱུན་གཅོད༔ མན་ངག་རི་བོ་ཅོག་བཞག༔ དགོངས་པ་ཁམས་གསུམ་ཡོངས་གྲོལ༔ ཉོན་མོངས་པ་གནས་དག༔ གང་ཟག་ཟད་པའོ༔ དང་པོ་ནི་གསུམ༔ ཕྱི་ཆོས་ཅན་དུམ་བུ་བ་ལ་རྡོ་རྗེའི་མིག་གིས་ཅོག་བཞག་ཏུ་བལྟས་པས༔ ཕྱི་ཆོས་ཅན་གྱི་རྣམ་པ་སྣང་ལ་རང་བཞིན་མེད་པར་གཟུགས་བརྙན་ནམ་རྨི་ལམ་སྒྱུ་མ་ལྟ་བུར་མཐོང་བས་འཁྲུལ་པ་ལ་ཡང་དག་ཏུ་གྲུབ་པ་མེད་པར་རྟོགས་པས་ཁམས་གསུམ་དུ་ལྡོག་པ་མེད་པས་བློ་བདེ་བའོ་ནང་ཆོས་ཅན་གྱི་བྱེ་བྲག་པ་ལ་རྟོག་པའི་ཚུལ་གྱིས་ཤེས་རབ་ཀྱི་མིག་གིས་རང་བཞིན་ཏུ་བལྟས་པས་ཀུན་རྫོབ་ཀྱི་རྣམ་པ་རྣམས་མེད་པའི་རང་བཞིན་སྒྱུ་མ་ལྟ་བུ་མཐོང་བས་འཁྲུལ་པ་རང་དག་ཏུ་གྲུབ་པ་མེད་པར་རྟོགས་པས་རིག་པ་ལ་བག་ཆགས་མེད་པས་བློ་བདེའོ༔ གསང་བ་བུ་ཆུང་གི་མིག་གིས་རྣམ་པར་དག་པ་ལ་ཅེར་བཞག་ཏུ་བལྟས་ཏེ༔ དེ་ཡང་གནད་གསུམ་དང་མ་བྲལ་བར་བལྟས་པས་དབྱིངས་རིག་འདུ་འཕྲལ་མེད་པར་མངོན་སུམ་དུ་མཐོང་བས་བློ་བདེའོ༔ དེ་ཡང་བརྩོན་འགྲུས་རབ་ཚེ་འདི་ཉིད་ལ་ཟག་བཅས་མི་སྣང་བར་སངས་རྒྱའོ༔ འབྲིང་ངོ་ཕྲད་ནས་དུམ་རེ་ཉམས་སུ་བླངས༔ དེ་ནས་ཐང་ཆད་ཉམས་སུ་བླང་ལོངས་མ་བྱུང་པ་ལ་ནི་བར་དོ་ལ་རང་གི་ཆོས་ཉིད་སྟོབས་སུ་གྱུར་ནས་སངས་རྒྱའོ༔ ཐ་མ་གདམས་ངག་ཞུས་ནས་ཉམས་སུ་བླང་ལོངས་མ་བྱུང་བ་ནི་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་སྤྲུལ་སྐུའི་ཞིང་ཁམས་སུ་བརྫུས་ཏེ་སྐྱེས་ནས་མངལ་གྱི་གྲོང་ཁྱེར་རྒྱུད་ཆད་ནས་སངས་རྒྱའོ༔ དེ་ལ་མན་ངག་རི་བོ་ཅོག་བཞག་ནི༔ ཐེག་པ་ཐམས་ཅད་ཀྱི་ལྟ་བ་མཐོང་༔ རང་གི་ཆོས་ཉིད་མི་འགྱུར་བར་གནས་པས་རི་བོ་ཅོག་བཞག་གོ༔ དེ་ལྟར་རྟོགས་པའི་ཚེ་ན་འགྲོ་དྲུག་རང་སར་གྲོལ་བ་ཏེ་འཁྲུལ་པ་མི་གནས་པར་རྟོགས་པའོ༔ ཉོན་མོངས་པ་གནས་དག་ནི༔ ཉོན་མོངས་པ་རྣམས་རང་བྱུང་རང་དག་ཏུ་རྟོགས་པའི་
དུས་སོ༔ ཆོས་ཟད་པ་ནི་ཡིད་ལ་བྱེད་པའི་ཆོས་ཐམས་ཅད་རང་སར་དག་ནས་བྱ་རྒྱུ་མེད་པའོ༔ འབྲས་བུ་ལ་རྒྱུན་དུ་བྱེད་པ་ནི༔ འདིའི་མན་ངག་ཏུ་རི་བོ་ཅོག་བཞག༔ དགོངས་པ་སྲིད་གསུམ་ཀ་དག༔ ཉོན་མོངས་རང་སར་གྲོལ༔ གང་ཟག་ཆོས་ལས་གྲོལ་བའོ༔ དེ་ཡང་ངོ་སྤྲོད་ཀྱི་གནད་ལ་གོམས་པས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི་ཡུལ་ནམ་མཁའ་སྟོང་པ་འདི་ཉིད་ལ་རྣམ་རྟོག་གང་གིས་ཀྱང་མ་བསླད་པར་མཐོང་བ་དེ་ཉིད་དོ༔ དེ་ཉིད་ལ་རིག་པ་ཅོག་བཞག་ཏུ་བཞག་ནས་ཉམས་སུ་བླངས་པས་དུས་ཚོད་གཅིག་ཙ་ན་ཐ ིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་ཤར་ནས་འོང་ངོ་༔ དེ་ནས་ཡེ་ཤེས་ཀྱི་ཐ ིག་ལེ་ཕྱེད་སྐུ་དང་བཅས་པ་ཚུན་ཆད་ཉམས་གོང་འཕེལ་གྱི་སྣང་བའོ༔ དེ་ནས་འོད་ལྔ་གྱེན་འགྲེང་དང་༔ རྩིབས་ཤར་དང་༔ མཆོད་རྟེན་བརྩེགས་པ་ལྟ་བུ་དང་༔ དྲ་བ་དང་༔ དྲ་བ་ཕྱེད་པ་དང་༔ མིག་མངས་རིས་དང་ཡུལ་གྲུ་ཙམ་པ་རྣམས་འོང་ངོ་༔ རེ་རེ་ཡང་སྐུ་ལྔར་སྣང་བའི་དུས་ན་རིག་པ་ཚད་ལ་ཕེབས་ཏེ༔ དཔེར་ན་བྲེ་ཚད་དང་༔ སྲང་ཚད་ལ་ཕེབས་པ་ལྟ་བུའོ༔ འདིའི་དུས་ན་ཉམས་སུ་མ་བླངས་ཀྱང་ཆོག་གོ༔ དེ་ནས་དེ་ལས་ཆེར་འཕེལ་བ་མེད་པས་དེ་དག་གི་འཕེལ་ཟད་ནས་ཆོས་ཉིད་ལ་སོགས་པ་སྣང་བའི་ཉམས་དེ་དག་གང་དུའང་སྣང་བའི་ངོ་བོ་མེད་པ་ནི་ཆོས་ཉིད་ཟད་པའི་སྣང་བ་ཞེས་ཐ་སྙད་དུ་བྱས་སོ༔ དེ་ལྟར་དང་པོ་དབང་དང་དམ་ཚིག་དང་སྡོམ་པ་ཞུས་ནས༔ བླ་མས་རིགས་ཀྱི་བུ༔ འདུག་གྱིས་དང་འདི་ལྟར་འོང་གིས་ཞེས་གདམས་པ་བསྟན་ནས་ཉམས་སུ་བླངས་པས༔ དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར༔ དེ་ནས་ཉམས་གོང་འཕེལ་གྱི་སྣང་བ་འཆར༔ དེ་ནས་རིག་པ་ཚད་ཕེབས་ཀྱི་སྣང་བ་འཆར༔ དེ་ནས་ཆོས་ཉིད་ཟད་བའི་སྣང་བ་འཆར་ཏེ༔ དེ་ལྟར་སྣང་བ་བཞི་མཐར་ཕྱིན་པའི་དུས་ན་སྐལ་ལྡན་དེ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བས་སངས་རྒྱའོ༔ ཨྠྀི༔ ༔ གུ་ཧྱ༔
ཟངས་ཡིག་ཅན་གྱི་སྣང་བྱེད་སྒྲོན་མ།
ཟངས་ཡིག་ཅན་གྱི་སྣང་བྱེད་སྒྲོན་མ་བཞུགས་སོ༔ ༼ཕྲ་ཡིག༽རྒྱབ་ཡིག་གི་སྨད་ཆཿ
དཔལ་བདེ་བྱེད་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ༔ གསང་བའི་ཡི་གེ་མ་རུའི་དགོངས་པའི་གནད་རྣམས་ནི༔ སྦས་ཤིང་གབ་པའི་ཚིག་ཀུན་གསལ་བར་ནི༔ སྤྱི་ཡི་དོན་རྣམས་འདི་རུ་སྣང་བར་ཡང་༔ སྣང་བྱེད་སྒྲོན་མའི་ཡི་གེ་འདི་ལ་ལྟོས༔ སྒྲོན་མ་ཡིས་ནི་མུན་པ་སྣང་བ་ལྟར༔ ཡི་གེ་འདི་ཡིས་ཚིག་གི་དོན་རྣམས་ནི༔ རྣམ་པར་སྣང་བར་བདག་གིས་བཀོད་ནས་བསྟན༔ འདི་ཉིད་ཚིག་ལ་ཐེ་ཚོམ་མ་ཟ་བར༔ འདི་དོན་ཉམས་སུ་ལོངས་ཤིག་རིགས་ཀྱི་བུ༔ གལ་ཏེ་གསང་ཆོག་མན་ངག་འདི་རྙེད་ནས༔ ཉམས་སུ་མ་བླངས་འཁོར་བར་གཡེངས་བྱས་ན༔ བསྐལ་བ་བྱེ་བ་དྲུག་འབུམ་ཉིད་དུ་ཡང་༔ སངས་རྒྱས་ཉིད་དང་ཕྲད་པར་འགྱུར་རེ་ཀན༔ དེ་བས་འདི་ལ་གོམས་ཤིང་ཚད་ལ་ཕབ༔ གསང་བའི་ཡི་གེ་མ་རུའི་གཞུང་གི་ཚིག་རྣམས་ཕྱེ་ནས་གནད་ཀྱི་ཡི་གེ་གསལ་བའི་ལྡེ་མིག་འདི་དགོས་པས་འདི་ལ་ནན་ཏན་བྱ༔ སྤྲོས་པ་གཅོད་པའི་སྒྲོན་མ་འབྱུང་བ་ལྔ་རང་དེངས་ཀྱི་མན་ངག་འདི་ལ༔ འབྱུང་བ་ལྔ་ཆམ་ལ་འབེབས་པའི་མན་
ངག་གིས༔ ཡི་གེ་ཨ་རྣམ་པ་ལྔ་དབུགས་གཅིག་ལ་བརྩེགས་མར་བསྒོམས་པས་འབྱུང་བ་ལྔར་གནད་ལ་ཕེབས་པར་ཨ་རྣམ་པ་ལྔའི་དོན་སྐྱེ་མེད་དུ་རྒྱས་བཏབ་ལ༔ རིག་པའི་ངོ་བོ་ཨའི་རང་བཞིན་དུ་ཉམས་སུ་བླང་༔ རླུང་ཆུ་མེའི་ས་བོན་གསུམ་གྱི་ཡི་གེས་ལུས་ཀྱི་འབྱུང་བ་འཁྲུགས་པའི་དུས་ན་གནས་གསུམ་དུ་བཞག་སྟེ་ཤེས་པ་དེར་གཏད་ནས་བསྒོམ་ཞིང་རླུང་ཡང་དེར་གཏད་ནས་བསྒོམས་པས་ནད་རྣམས་དག་པར་བྱེད་པའི་འབྱུང་བའི་གནད་ཡིན༔ ནམ་མཁའ་རྣམ་པར་དག་པར་བྱེད་པ་ཨ་གཉིས་བརྩེག་གི་གདམས་ངག་གིས༔ སེམས་བར་སྣང་ལ་ཨྸ་ལ་གཏད་པས་ཨ་སེམས་ཀྱི་དྲི་མ་རང་ཟད་ལ་གཏོང་བའི་གནད་ཡིན༔ རླུང་རྣམ་པར་དག་པར་བྱེད་པ་ལ་ཨ་སུམ་བརྩེག་གི་གདམས་ངག་གིས༔ དབུགས་ཕྱི་ནང་དུ་རྒྱུ་བའི་ཚེ་དྲན་པ་རྣམས་རང་ཡལ་དུ་གཏོང་བ་ནི༔ སྣང་བ་སྐྱེ་མེད་དུ་གཏད་པ་ནི་ཨྸྸ་ལ་དབུགས་གཏད་པས་དབུགས་ནང་དུ་རྒྱུ་བའི་ཚེ་དྲི་མ་རྣམས་ཟད་ཅིང་སྟོང་པའི་གནད་ཡིན༔ ཆུ་རྣམ་པར་དག་པར་བྱེད་པ་ཨ་བཞི་བརྩེག་གི་མན་ངག་གིས་
འཛིན་པ་རྣམ་པར་དག་པར་བྱེད་པ་ནི་ཡི་གེ་ཨྸྸྸ་ལ་སེམས་གཏད་པས་སྡུད་བྱེད་ཀྱི་དྲི་མ་རྣམ་རང་སར་དག་ནས་མིག་རྣམ་ཤེས་རང་རྒྱུད་དུ་འཛིན་པ་དག་པར་བྱེད་པའི་གནད་ཡིན་ནོ༔ མེ་རྣམ་པར་དག་པར་བྱེད་པ་ཨ་ལྔ་བརྩེག་གི་མན་ངག་གིས་གཟུང་བ་མཆེད་པའི་དྲི་མ་རང་སར་དག་པར་བྱེད་པ༔ མིག་གི་བར་སྣང་ལ་ཡི་གེ་ཨྸྸྸྸ་ལ་སེམས་གཏད་པས་སྒོ་ལྔའི་རང་རྒྱུད་བཟློག་པའི་དགོས་པ་ཡོད་པའི་གནད་ཡིན་ནོ༔ འདིའི་གནད་ཀྱི་མན་ངག་ལ་ནི༔ ཀ་ཁ་ག་ང་ཅ་ནི་འབྱུང་བ་ལྔའི་རྩ་བའི་མན་ངག་ཡིན༔ ཡིག་སྨད་གཅིག་ཏུ་བསྡུས་པས་འབྱུང་བ་གཅིག་དྲིལ་བའི་མན་ངག་ལ་ནི༔ ཀི་ཁི་གི་ངི་ཅི༔ འབྱུང་བ་གོང་མ་འབྱེད་པའི་ལྡེ་མིག་ཡིན༔ ཞབས་ཀྱུས་ལྔ་པོ་དེ་ཡང་འབྱེད་པ་ཡིན༔ དེ་ཚོམ་བུ་སྡེབས་པས་འབྱུང་བ་ལྔའི་ལུས་བཟུང་བ་དེ་ཡང་རྣམ་པར་ཟད་པར་བྱ་བའི་ཡི་གེ་འདི་དགོས་པས༔ དེའི་མན་ངག་གནད་དུ་འདི་ལྟར་འགྲོ༔ དེས་ནི་འབྱུང་བ་ཟད་པར་བྱེད་པའི་གནད་ཡིན་ནོ༔ ཨྠྀི༔ ༔ ༔ སྤྱིར་མན་ངག་སྡེབས་པའི་ཡི་གེ་འདི་ཀུན་ལ༔ རྩ་བ་ཉིད་དང་དེ་འབྱེད་ལྡེ་མིག་དང་༔ ཡང་འབྱེད་དང་ནི་དེ་ཡི་ཊི་ཀ་ལ༔ ཀ་རྐྱང་ཁ་རྐྱང་ལ་སོགས་རྩ་བར་ཤེས་པར་བྱ༔ དེ་རྗེས་གུ་གུ་རྣམས་ནི་འབྱེད་པའི་ལྡེ་མིག་ཡིན༔ དེ་མཐུན་ཞབས་ཀྱུ་རྣམས་ནི་ཡང་འབྱེད་ཡིན་ནོ༔ དེ་བཞིན་དེ་འོག་རྣམས་ནི་ཊི་ཀ་ཡང་ཊིག་ཡིན༔ མདོ་མདུད་དང་ནི་ཡང་རྩའི་གནད་ཡིན་ནོ༔ དེ་ལྟར་ཀ་ཁ་མ་བུའི་སྡེབས་ཀྱིས་ནི༔ འདིའི་འགྲེལ་དང་ཡང་འགྲེལ་འབྱེད་པའི་ལྡེ་མིག་རྣམས་སུ་ཤེས་པར་བྱའོ༔ དེ་ལྟར་གོམས་པའི་གནད་ཀྱི་མན་ངག་ཚིག་དྲུག་ལ༔ ཀ་ཁ་མ་བུ་བསྡེབས་ནས་ནི༔ དྲུག་ཚན་དྲུག་གིས་རྩ་བའི་དོན་རྣམས་གཏན་ལ་ཕབ༔ འདི་ལྟར་ཚིག་ནི་སུམ་ཅུ་སོ་དྲུག་གིས༔ གོམས་པའི་གནད་ཀྱི་མན་ངག་དུ་ནི་འདི་གྱུར་ནས༔ འདིས་ནི་རྡོ་རྗེ་སེམས་དཔའི་ཞལ་ནི་མངོན་དུ་མཐོང་༔
དེའི་གནད་ཀྱི་ཡི་གེར་འདི་བསྟན་པའོ༔ སེམས་སྤྱོད་པ་སྔོན་དུ་འགྲོ་བའི་རིག་པའི་ཐབས་ཀྱི་གནད་ཡིག་གསལ་བ་ནི༔ འདི་ལྟར་སྐལ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་སྦྱོང་པའི་མན་ངག་དུ་བསྟན་པ་ཡིན༔ སྤྲུལ་པའི་སྒོ་ནས་གཞན་གྱི་དོན་བྱ་བར་བསྟན་པའི་ཕྱིར༔ གདམས་པ་རྣམས་ཀྱི་སེམས་སྦྱོང་བའི་མན་ངག་ནི༔ བླ་མས་སློབ་མ་དད་པ་དྲག་པོ་རྒྱུད་ལ་སྐྱེས་པས་འཁོར་བ་ལས་བློ་ལྡོག་པའི་དགོས་པ་ཡོད་པའི་ཕྱིར་གྲོང་ཁྱེར་ཆེན་པོའི་དབུས་སུ་ཁྲིད་དེ༔ སློབ་མ་དེ་ལ་སེམས་སྦྱོང་བའི་མན་ངག་རྣམས་བསླབས་ཏེ་མི་རྟག་རྒྱུད་ལ་གོམས་སུ་གཞུག་གོ༔ དེའི་སྐབས་སུ་སངས་རྒྱས་ཀྱི་ཡོན་ཏན་མདོ་ལོངས་སུ་བཤད་ཅིང་༔ སྐབས་སུ་གྲོང་ཁྱེར་གྱི་མི་དེ་ཡང་མི་རྟག་པར་འདུག་ཨང་སྙམ་པ་རྒྱུད་ལ་འདྲིས་སུ་གཞུག༔ བླ་མས་སྐབས་སུ་འཁོར་བའི་ཉེས་དམིགས་ཀྱང་བཤད་པར་བྱའོ༔ དེ་ལྟར་ཞག་དུ་མ་གོམས་སུ་བཅུག་པས་དད་པ་དྲག་པོ་དེའི་རྒྱུད་ལ་མ་སྐྱེས་ན་གསང་སྔགས་ཀྱི་སྣོད་དུ་མི་རུང་བས་ལས་རྒྱུ་འབྲས་ལ་བློ་སྦྱོང་དུ་གཞུག་པ་གཅེས་སོ༔ དེ་ནས་དད་པ་ནམ་སྐྱེས་པ་ན་རིག་པ་མངོན་སུམ་ལ་ངེས་པ་ཐོབ་པར་བྱ་བའི་ཕྱིར་འཁོར་འདས་རུ་ཤན་འབྱེད་པ་ལ་སོགས་པ་ལ་བློ་དབབ་པར་བྱ་བའམ༔ འཁོར་འདས་རུ་ཤན་ཡང་ན་དེ་ལྟར་ཡང་མ་ཡིན་ཏེ༔ དེ་ལྟར་སྔོན་དུ་བྱང་ཆུབ་ཀྱི་སེམས་འབྱོངས་པ་དེ་ལ༔ དེ་ཉིད་བརྟན་པར་བྱ་བའི་ཕྱིར་རྩ་རླུང་ལ་སེམས་གནས་ཤིང་བརྟན་པར་བྱ་བའི་ཕྱིར་རྩ་རླུང་གི་མན་ངག་རྣམས་བླ་མས་བསྟན་ཏེ་སྒོམ་དུ་གཞུག་གོ༔ རྩ་རླུང་གི་མན་ངག་བསྒོམ་པ་ལ་ནི༔ གནད་ཡིག་མེད་དོ༔ པྲ་ཁྲིད་ནས་གསལ་བས་མི་དགོས་སོ༔ སེམས་སྦྱོང་བ་ལ་སོགས་པའི་མན་ངག་སྣ་མང་པོ་བསྟན་པ་ནི༔ རང་བཞིན་རྫོགས་པ་ཆེན་པོ་འདི་ཐབས་སླ་བ་དང་ཐབས་མྱུར་བ་དང་༔ ཐབས་མང་བ་ཡིན་པའི་ཕྱིར་གསུངས་ཏེ༔ དེའི་ཕྱིར་རྫོགས་པ་ཆེན་
པོ་ནས་ཚོགས་དྲུག་ལྷུག་པ་ཡིན་ནོ་ཞེས་ཚིག་ཙམ་བསྟན་ནས་ཡོད་དེ༔ དེ་ཀུན་ནི་གནད་མེད་པའི་ཚིག་ཡ་བྲལ་བ་ཡིན་ཏེ༔ གནད་དུ་འགྲོ་བའི་མན་ངག་གིས་འདི་ལྟར་ཚོགས་དྲུག་མ་སྤངས་པར་སངས་རྒྱས་པར་བྱེད་པའི་ཐབས་འདི་ནས་སྟོན་པར་བྱེད་པའི་གནད་དུ༔ སྒྲ་ཐམས་ཅད་ལ་བསྟེན་ནས་ཟག་པ་མེད་པའི་ཉམས་མྱོང་སྐྱེ་བར་བསྟན་པ་དང་། དེ་བཞིན་དུ་དྲི་ལ་བརྟེན་ནས་སྐྱེ་བར་བསྟན་པ་དང་༔ དེ་བཞིན་དུ་གཟུགས་དང་༔ རོ་དང་༔ རེག་དང་༔ ཆོས་ལ་བརྟེན་ནས་ཟག་པ་མེད་པའི་ཉམས་སྐྱེ་བ་རབ་བསྟན་པ་དང་༔ སྒྲའི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པའི་གནད་ནི༔ གླིང་བུའི་སྒྲ་ལ་བརྟེན་ཏེ་སེམས་སྦྱང་པ་དང་༔ པི་ཝང་གི་རྒྱུད་ལ་བརྟེན་ཏེ་སེམས་སྦྱོང་བ་དང་༔ སུམ་ལྡིར་གྱི་སྒྲ་ལ་བརྟེན་ཏེ་སེམས་སྦྱོང་པ་དང་༔ རྔ་དྲ་བ་རྒྱུད་མངས་ལ་བརྟེན་པ་དང་༔ རྫ་རྔ་ཁ་མངས་ལ་བརྟེན་པ་དང་༔ དྲག་པོ་རྣམས་ལ་སྦྱོང་པ་ནི་པི་ཝང་གི་རྒྱུད་ལ་བརྟེན་པ་དང་༔ ཆ་ལང་གི་རྒྱུད་ལ་བརྟེན་པ་དང་༔ དྲིལ་བུའི་སིང་ལ་བརྟེན་པ་དང་༔ དུང་གི་ངུར་ལ་བརྟེན་ནས་སེམས་སྦྱོང་པ་ལ་སོགས་པ་གསུངས་ཏེ་སེམས་སྦྱངས་ནས་དག་པར་མ་བྱས་ན་རིག་པ་སྔོན་དུ་གཏན་ལ་མི་ཕེབས་པའི་ཕྱིར་རོ༔ གཟུགས་ལ་བརྟེན་ཏེ་སེམས་སྦྱངས་པས་ཟག་པ་མེད་པའི་ཉམས་སྐྱེ་བ་ནི༔ དཔེ་དུ་མ་ལ་བརྟེན་པ་དང་༔ རྟེན་འབྲེལ་དུ་མ་ལ་བརྟེན་པ་དང་༔ བརྡའ་དུ་མ་ལ་བརྟེན་པ་ལ་སོགས་པ་གསུངས་པས་སོ༔ དྲི་ནི་ཙན་དན་དང་ག་པུར་ལ་སོགས་པ་ཡིད་ལ་མཐུན་པའི་དྲི་རྣམས་ལ་བརྟེན་ནས་སེམས་སྦྱངས་པས་ཟག་པ་མེད་པའི་ཉམས་སྐྱེ་བ་དང་༔ ནིམ་པ་དང་ཙན་དན་དམར་པོ་དང་ཤིང་ཀ་ལ་ཀི་ཏ་ལ་སོགས་པ་ཡིད་དང་མཐུན་པ་རྣམས་ལ་བརྟེན་ནས་སེམས་སྦྱངས་པས་ཟག་པ་མེད་པའི་ཉམས་སྐྱེ་བ་ནི་ཐབས་ཀྱི་ཡན་ལག་ཏུ་བསྟན་པའོ༔ རོ་ལ་བུ་རམ་དྲུག་ལྡན་དང་༔ ཤིང་གི་རྒྱལ་པོ་མར་ཏ་ཅེས་བྱ་བའི་
འབྲས་བུའི་རྡོག་མ་དྲུག་ཆ་ཙམ་སྐྱེས་བུ་གང་གིས་མྱོང་བ་དེ་ནི་ཉི་མ་ལྔའམ་བདུན་ནམ་དགུའི་བར་དུ་དྲན་པ་གཞན་ལ་མི་འཇུག་ཅིང་ལུས་ཀྱིས་གཡོ་བ་མེད་ཅིང་སེམས་རང་གསལ་བ་དང་༔ སེམས་བདེ་ལུགས་སུ་གནས་ཤིང་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་འཛིན་པར་འགྱུར་བ་ཡོད་དོ༔ རེག་ནི་རྩིའི་རྒྱལ་པོ་མ་ས་ལི་བྱ་བའི་སྡོང་པོའི་ཤིང་ཡོད་དེ༔ དེའི་ལོ་མ་གཡས་སུ་འཁྱིལ་བ་ཅིག་ཡོད་པ་དེ་བླངས་ནས་དེའི་འདབ་མ་སུའི་སྙིང་ཁ་ལ་རེག་པས་ནི་སེམས་རང་བཞིན་གྱིས་བསམ་གཏན་ལ་གནས་ཏེ༔ འདི་ཉིད་ཇི་ལྟར་རེག་པ་ལ་བསམ་གཏན་དུ་འགྱུར་བ་ཡོད་དོ༔ ཆོས་ནི་བླ་མའི་གདམས་ངག་རྣམས་ཡིན་ནོ༔ དེ་བཞིན་དུ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པས་འདོད་པའི་ཡོན་ཏན་ལྔ་མ་སྤངས་པར་ལོངས་སྤྱད༔ སངས་རྒྱས་ལ་ཡོད་པའི་ཡོན་ཏན་དེ་ལྟར་བསྟན་པ་ནི་རྫོགས་པ་ཆེན་པོ་ཐབས་མང་བ་ཡིན་ནོ༔ དེའི་ཕྱིར་སེམས་ལ་གོམས་ཤིང་འབྱོངས་པས་རིག་པ་ཉིད་མངོན་སུམ་དུ་གཏན་ལ་ཕེབས་པའི་དགོས་པ་ཡོད་པར་བསྟན་པའོ༔ སྦྱང་བར་བྱ་བ་བྱང་ཆུབ་སེམས་ཀྱི་གནད་ཡིག་ཡང་འབྱེད་སྦས་པའི་ལྡེ་མིག་གསང་བའོ༔ ཨྠྀི༔ ༔ མི་འགྱུར་རང་སྣང་གི་ལྟ་བ་ཆེན་པོ་ལ་ཕྱག་འཚལ་ལོ༔ དེ་ལྟར་སེམས་རྩ་རླུང་གིས་ཕབ་སྟེ་ལྟ་སྒོམ་སྤྱོད་པ་རྣམས་ཀྱི་མན་ངག་གིས་རང་བཞིན་གྱི་འཇུག་སྒོ་གསལ་བར་བྱ་བའི་ཕྱིར་འདི་ཀུན་ཚིག་གིས་གཏན་ལ་ཕབ་པས༔ ཚིག་གི་ཞེན་པ་ཆོད་ནས་རིག་པ་མངོན་སུམ་ལ་གདིང་དུ་གནས་པའི་དགོས་པ་ཡོད༔ དེ་ཡང་སྤྱོད་པ་ཐམས་ཅད་ཀྱི་གནད་དུ་ལུས་ཡིན་པས་སྦྱོང་པ་རབ་ཏུ་གཅེས་སོ༔ སྒོམ་པ་ཐམས་ཅད་ཀྱི་གནད་དུ་དལ་བ་ཡིན་པས་ལུས་ངག་སེམས་དལ་བ་གཙོ་ཆེའོ༔ ལྟ་བ་ཐམས་ཅད་ཀྱི་གནད་དུ་མིག་ཡིན་པས༔ མིག་གསལ་བར་བྱ་བའི་རྩ་བསྲོ་ཞིང་བསྐུ་མཉེ་བྱ་བ་དང་༔ འོ་མ༔ བྱ་ནག་མོའི་སྒོ་ངའི་སེར་པོ་དང་༔
སྐྱེེར་བའི་བར་ཤུན་གྱི་ཕྱེ་མ་དང་༔ གཟི་རྙིང་པ་ནག་ཁྲ་བརྡུངས་པའི་ཕྱེ་མ་དང་༔ འདི་རྣམས་སྦྱར་ཏེ་ཚེས་གཅིག་དང་གནམ་སྟོང་ཉའི་ནང་པར་ཐོ་རངས་ལ་སྔོན་དུ་ཆུ་གྲང་མོས་མིག་དང་གདོང་པ་དག་པར་བཀྲུས་ཏེ༔ དེ་ནས་དེ་ཀུན་གྱི་ལྡེ་གུ་མིག་ལ་བཀུས་ནས༔ དེའི་ནང་པར་བཞིན་བ་གསར་པའི་འོ་མ་བཀོལ་བའི་ནང་དུ་ཤིང་མངར་བཏབ་སྟེ་འཐུངས་ན་མིག་འགྲིབ་པར་མི་འགྱུར་རོ༔ དེ་ལྟར་བྱས་པས་རིག་པ་མངོན་སུམ་ལ་ལྟ་བ་དང་མི་འབྲལ་བའི་གནད་དུ་འགྱུར་བ་ཡིན་ནོ༔ འབྲས་བུ་ཐམས་ཅད་ཀྱི་གནད་དུ་དབྱིངས་དང་རིག་པ་ཚད་ལ་ཕབ་པ་གཅེས་པ་ཡིན་ནོ༔ དེ་ཡང་སྤྱོད་པའི་མན་ངག་ནི་སྣང་བ་རང་སར་བཞག་པ་དང་སྣང་བ་ཅི་ནས་བསྒྱུར་བ་གཉིས་ལས་འགྲོ་ས་མེད་དོ༔ སྣང་བ་རང་སར་བཞག་པ་ནི་འཁྲུལ་པ་རང་དག་ཏུ་འགྲོ་བའི་དགོས་པ་ཡོད་པ་ཡིན་ནོ༔ སྣང་བ་བསྒྱུར་བས་ནི་ཉོན་མོངས་པ་ངོས་ཟིན་པའི་དགོས་པ་ཡོད་པ་ཡིན་ནོ༔ བསྒོམ་པའི་མན་ངག་ཐམས་ཅད་དུ་ནི་སེམས་སྦྱོང་བ་དང་༔ རིག་པ་བརྟན་པར་བྱ་བ་ལས་འགྲོ་ས་མེད་དོ༔ སེམས་སྦྱངས་པས་ནི་སེམས་ཀྱི་བྱུང་ཚོར་མི་སྐྱེ་བའི་དགོས་པ་ཡོད་པ་ཡིན་ནོ༔ རིག་པ་བརྟན་པས་ནི་སྣང་བ་ལ་རང་བྱན་ཚུད་པར་བྱ་བའི་དགོས་པ་ཡོད་པ་ཡིན་ནོ༔ ལྟ་བའི་མན་ངག་དུ་ནི་ཁྲེགས་ཆོད་དང་ཐོད་རྒལ་ལས་འགྲོ་ས་མེད་དོ༔ ཁྲེགས་ཆོད་ནི་ཅིག་ཅར་བའི་དོན་ཡིན་ཏེ་འབད་པ་མེད་པར་རང་གིས་རང་གྲོལ་བར་བསྟན་པ་ཡིན་ཏེ༔ འདི་ནི་སྔོན་སྦྱངས་པའི་གང་ཟག་གི་སྤྱོད་ཡུལ་ཡིན་གྱི༔ ད་ལྟ་ནི་ཉམས་སུ་ལེན་དགོས་སོ༔ ཉམས་སུ་མ་བླངས་ན་སྣང་བ་འདི་ཉིད་ལ་རིག་པ་མངོན་དུ་མི་ཕྱིན༔ རིག་པ་མངོན་དུ་མ་ཕྱིན་ན་རིག་པ་ཚད་ལ་མི་ཕེབས༔ རིག་པ་ཉིད་ཚད་ལ་མ་ཕབ་ན་ཆོས་ཉིད་ཟད་སར་མི་སྐྱོལ༔ ཆོས་ཉིད་ཟད་སར་མ་སྐྱོལ་ན་ཕུང་པོ་ཟག་མེད་དུ་སངས་མི་རྒྱ༔ ཟག་མེད་ཀྱི་ཕུང་པོ་དེ་ལྷག་མེད་དུ་སངས་མ་རྒྱས་ན༔
ཐེག་པ་ཐུན་མོང་བ་རྣམས་དང་ཁྱད་པར་ཅི་ཡང་མི་རྙེད་པས་དེའི་གནད་ཀྱིས་ཉམས་སུ་ལེན་དགོས༔ འདི་ལྟར་བསྟན་པ་འདི་ནི་གང་ཟག་ལེ་ལོ་ཅན་རྣམས་ལ་འབད་མི་དགོས་པར་གྲོལ་བ་ཡོད་དོ་བྱས་ནས་འཇུག་པར་བྱ་བའི་ཕྱིར་གསུངས་པ་ཡིན་གྱིས༔ འབྲས་བུ་གཅིག་ཅར་རང་དུ་མིན་ནོ༔ དེའི་ཕྱིར་ན་ཁྲེགས་ཆོད་དུ་བསྟན་པའི་དགོས་པ་ནི་འདི་ལྟར་དོན་དུ་བསྟན་པ་ལ་ཉམས་སུ་མྱོང་བའི་ཤེས་པ་ནི་ག་ལ་སྲིད༔ འདི་མི་སྲིད་པས༔ དེས་ན་སྡོད་ཀྱིས་འདི་ལ་ཉམས་སུ་མྱོང་བས་འདིར་འཇུག་བའི་དོན་དུ་གསུངས་པའོ༔ ཐོད་རྒལ་ནི་རིམ་གྱིས་རིག་པའི་ཡེ་ཤེས་རྣལ་འབྱོར་པས་ཉམས་སུ་མྱོང་ཞིང་ཡིད་དཔྱོད་ནི་མ་ཡིན་དེ་དབང་པོའི་རྣམ་ཤེས་རྣམས་ཀྱི་སྤྱོད་ཡུལ་དུ་མཐོང་བས་སོ༔ དེ་ཡང་ཐོད་རྒལ་ཞེས་བྱ་བ་ནི་འདི་ཉིད་མངོན་སུམ་མཐོང་བས་ཐོད་རྒལ་ཞེས་བསྟན་པའོ༔ དེའི་ཕྱིར་ན་གཞན་དག་གིས་ནི་ལྟ་བའི་དོན་ངོ་ཤེས་རང་མངོན་སུམ་དུ་ཡོད་ཅིང་སྣང་བ་ཡིན་གྱིས༔ དབང་པོ་ལ་ནི་ག་ལ་སྲིད་ཅེས་སྟོན་པ་ཡིན་ཏེ༔ འདིར་ལྟ་བའི་དོན་ལ་ལྟ་བའི་མཐར་ཐུག་པ་མིག་གིས་ལྟ་བ་ཡིན་ཏེ་ལྟ་བ་ཞེས་བྱ༔ ཐིག་ལེའི་སྐོར་ནི༔ ཐིག་ལེ་ནི་སྟོང་པ་ཆོས་ཀྱི་དབྱིངས་སོ༔ ཉག་ཅིག་ནི་ཆ་ཕྲ་སྟེ་གབ་པའོ༔ ཞེས་གསུངས་ཏེ༔ ཐིག་ལེའི་དོན་དེ་གཏན་ལ་ཕབ་ནས་གབ་ཅིང་བསྒྲིབས་ཏེ༔ མིང་བསྟན་ཡང་ངོ་སྤྲོད་མ་བསྟན་ཏེ་འདི་ལྟར་ལྟ་བའི་ཡི་ག་མེད་དོ༔ འདིར་ལྟ་བའི་དོན་དེ་ལ་དབང་པོའི་མངོན་སུམ་དུ་མེད་ན༔ ད་རེས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཟད་པར་བྱེད་ཅིང་༔ སྣང་བ་འདི་ཟད་པར་བྱེད་ཅིང་ཉོན་མོངས་པ་རྣམས་ཟད་པར་བྱེད་པའི་དོན་དུ་བསྟན་པ་ཡིན་པས༔ ཤེས་རབ་ཀྱིས་ནི་འདི་དག་ཟད་པར་མི་ནུས་པ་མངོན་དུ་གསལ༔ འདི་དག་མ་ཟད་པར་སངས་རྒྱ་ཡི་ཞེ་ན༔ རིགས་དྲུག་སྤྱི་དང་ཁྱད་པར་ཅུང་ཟད་ཀྱང་མི་རྙེད་དོ༔ དེའི་ཕྱིར་ན་སྣང་བ་མངོན་སུམ་པ་འདི་
རིག་པ་མངོན་སུམ་གྱིས་ཟད་པར་མ་བྱས་ན༔ ཤེས་རབ་ཀྱིས་ནི་ཟད་པར་ནུས་པ་ག་ལ་སྲིད༔ འདི་ལྟར་འདོད་པ་ནི་ཡིད་དཔྱོད་ཀྱི་ཤེས་པ་སྟེ༔ འདི་ནི་ཡང་དག་པ་མ་ཡིན་ནོ༔ དེའི་ཕྱིར་ཐོད་རྒལ་གྱི་ལྟ་བས་རིག་པའི་ཡེ་ཤེས་རིམ་གྱིས་རྟོགས་པར་བྱས་ནས༔ འདི་ལྟར་སྣང་བ་རང་ཟད་དུ་གཏོང་བས་ནི༔ ལུས་ངག་གི་སྤྱོད་པས་འཁོར་འདས་རུ་ཤན་འབྱེད་པ་ལ་སོགས་པའི་མན་ངག་རྣམས་ཀྱི་ས་རིམ་གྱིས་ཉམས་སུ་མྱོང་བ་དང་མཐོང་རྟགས་ཀྱི་རིམ་པ་འདི་ལྟར་གཏན་ལ་ཕབ་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱས་པའོ༔ ཕུང་པོ་ལྷག་མེད་ཅེས་བྱ་བའི་གོ་བ་ནི༔ འདི་ལྟར་ཉམས་སུ་བླངས་བས་འབྱུང་བ་ལྔ་རང་སར་དངས་ནས༔ ལུས་ཀྱི་འཛིན་པ་རང་འགགས་ཏེ་ཤ་ཁྲག་རང་དགར་མི་སྣང་༔ ཕྱིའི་འབྱུང་བ་ལྔ་འགགས་པས་ས་རྡོའི་སྣང་བ་རགས་པ་མི་སྣང་བ་ལས་ལྷག་མ་མེད་པའོ༔ ཤ་ཁྲག་རང་ག་མའི་གཟུགས་དང་བཅས་ཏེ་སོང་ཞིང་འགྲོ་བའི་ས་ཡོད་པ་མ་ཡིན་ནོ༔ འབྲས་བུའི་མན་ངག་ནི༔ འབྲས་བུ་ཚད་ཅན་དང་༔ ཚད་མེད་གཉིས་ལས་འགྲོས་མེད་དོ༔ ཚད་ཅན་ནི་ཇི་ལྟར་བསྒོམས་ཤིང་གྲུབ་པའི་མཐའ་འབྲས་བུ་སྐུ་གསུམ་དུ་འདོད་པ་སྟེ༔ དེ་ཡང་ཆོས་སྐུའི་སྐབས་སུ་མཐར་ཐུག་གི་འབྲས་བུར་འདོད་དེ༔ འདི་ནི་སངས་རྒྱས་ཀྱི་ཡོན་ཏན་འཆར་ཚུལ་ལམ༔ རྩལ་གྱིས་སངས་རྒྱ་བར་འདོད་པ་ཡིན་ནོ༔ འདི་ལྟར་འབྲས་བུར་འདོད་པ་ནི་སྣང་བ་ལ་སྟོང་པར་ཁས་བླངས་ནས༔ འབྲས་བུ་ལ་མཚན་མར་འདོད་པ་ཡིན་ནོ༔ སྐུ་ཡོད་ཕན་ཆད་ལུས་ཡོད་པས་འབྲས་བུ་མ་ཡིན་ནོ། ཚད་མེད་ནི་འདི་ལྟར་ཉམས་སུ་བླངས་པས༔ སྐུ་གསུམ་གྱི་སྣང་བ་འདི་ཉིད་ལ་གཏན་ལ་ཕབ་ནས་ཆོས་ཉིད་ཟད་པའི་ས་ལ་བསྐྱལ་བས་ལུས་སུ་འཛིན་པའི་ཞེན་པ་ལས་གྲོལ་བའི་དུས་ན༔ འདི་ལྟར་རང་གི་རྣ་བ་ལའང་མི་སྣང་བས་སྐུ་གསུམ་གྱི་ཞེན་པ་རང་སར་དག་
སྟེ་མཐར་ཐུག་ལ་ཆོས་ཀྱི་སྐུའི་སྣང་བ་འཆར་བའམ༔ དེ་ཉིད་དུ་འཛིན་པ་འམ་སྣང་བའི་མངོན་ཞེན་རང་ལོག་པ་ནི་ལུས་མེད་ཅེས་ཆོས་ཀྱི་སྐུའི་ཞེན་པ་ལས་བློ་ལྡོག༔ ལུས་ཏེ་ཞེས་འབྱུང་སྟེ་སྤྲུལ་སྐུའི་ཞེན་པ་ལས་ལྡོག༔ ལུས་ཀྱི་མཆོག་ཅེས་ལོངས་སྐུའི་ཞེན་པ་ལས་ལོགས་པས་ལུས་ཀྱི་མཐའ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱ་སྟེ་ལུས་ཀྱི་ཞེན་པ་ཐམས་ཅད་དང་རང་བྲལ་བའོ༔ ལྟ་སྒོམ་སྤྱོད་པ་འབྲས་བུའི་གནད་ཡིག་ཡང་འབྱེད༔ ཨིཏི༔ ཡིད་ཆེས་མི་འགྱུར་བ་དོན་གྱི་ལྷ་ལ་ཕྱག་འཚལ་ལོ༔ ཨྸ་ཡང་འབྱེད་གསལ་བའི་སྒྲོན་མེ་རིག་པའི་རྒྱབ་རྟེན་གྱི་གནད་ཡིག་ཆེན་པོ་ལ༔ སྣང་བ་ལ་རིག་པ་ཉིད་མངོན་སུམ་དུ་སྣང་བའི་ཐབས་ནི༔ ཐོག་ལྟ་བུའི་མན་ངག་ཡིན་ཏེ༔ འདི་ནི་རགས་པའི་འབྱུང་བས་མ་བསྒྲིབས་བར་ཐོགས་པ་མེད་པར་སྣང་བའི་ཚེ༔ དབྱིངས་ཀྱི་སྒྲོན་མ་ལ་ཡིད་ཆེས་མ་སྐྱེས་ན་འབྲས་བུ་གཏན་བརླག་ནས་སངས་རྒྱ་བ་རེ་བ་མེད་དོ༔ དེའི་ཕྱིར་ན་རིག་པ་ཐོགས་པ་མེད་པ་ཐོག་ལྟ་བུའི་དོན་གྱི་མན་ངག་གིས་ཕྱིར་མི་ལྡོག་པར་བྱ་བ་ནི་མཆོག་ཏུ་གཅེས་སོ༔ དེ་ལྟར་ཕྱིར་མི་ལྡོག་པར་བྱས་ནས༔ དབྱིངས་དང་རིག་པ་རང་གི་ངོ་བོར་མི་འགྱུར་བར་བྱ་བ་ནི༔ མི་འགྱུར་བ་གཟེར་ལྟ་བུའི་མན་ངག་གིས་སའི་འཆར་སྒོ་ལ་ཡིད་ཆེས་བར་བྱ་སྟེ༔ རང་གི་མིག་གིས་དེ་བཞིན་ཉིད་ལ་ཡིད་མ་ཆེས་ན་མཐོང་བྱེད་དོན་གྱི་ལྟ་བ་གཏན་བརླག་སྟེ་འཁྲུལ་པའི་སྣང་བ་ཆོད་མི་སྲིད་དོ༔ འཁྲུལ་བའི་སྣང་བ་མ་ཆོད་ན་འབྲས་བུ་སངས་རྒྱས་ལ་རེ་བ་མེད་དོ༔ དེ་ལྟར་རིག་པ་རང་གི་ངོ་བོ་མི་འགྱུར་བར་བྱས་ནས༔ རིག་པ་ཉིད་མཁའ་ལ་མངོན་སུམ་ཏུ་བསྟན་པ་ནི་འཕྲལ་དུ་བཅོས་པ་མ་ཡིན་ཏེ་ཡེ་ནས་དེ་ལྟར་གནས་ཤིང་སྣང་བ་ཡིན་ཏེ༔ མངོན་དུ་སྣང་མི་སྲིད་དོ་སྙམ་པའི་སྙེམ་བྱེད་ཀྱིས་རྟེན་ལ་ཡིད་མ་ཆེས་ན་རིག་པ་ཉིད་ཇི་སྲིད་དུ་གཏན་ལ་ཕེབས་པར་མི་འགྱུར་ཏེ༔
འདི་ཉིད་ལ་མ་ཕེབས་ན་འབྲས་བུ་སངས་རྒྱ་བ་ག་ལ་སྲིད་པས༔ དེའི་ཕྱིར་ན་སྐར་མདའ་ལྟ་བུའི་མན་ངག་གིས་རིག་པ་མཁའ་ལ་དབྱུང་བ་རབ་ཏུ་གཅེས་སོ༔ དེ་ལྟར་རིག་པ་མན་ངག་གསུམ་ལ་ཡིད་ཆེས་པས་རིག་པ་དི་ཉིད་འཁོར་བ་ལ་མི་ལྡོག་པ་ཡིན༔ དེ་ཡང་རིག་པ་རང་གི་ངོ་བོ་ལ་ཡིད་ཆེས་པའི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་ནི༔ དེའི་ཕྱིར་ན་རིག་པ་ཕྱིར་མི་ལྡོག་པའི་མན་ངག་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་གིས་རིག་པ་རང་གི་ངོ་བོ་ལ་ཡིད་ཆེས་པ་རབ་ཏུ་གཅེས་སོ༔ དེས་ན་མན་ངག་འདི་དག་ནི་རང་གི་ངོ་བོ་རང་གིས་གཏན་ལ་འབེབས་པའི་ཕྱིར་ན་ཉམས་སུ་ལེན་པའི་དུས་ན་རིག་པ་དང་དབྱིངས་གཉིས་ལ་གཏད་པའི་འབེན་མ་བཅས་ན་སྣང་བ་མངོན་སུམ་དུ་གཏན་ལ་མི་ཕེབས་པས༔ དབྱིངས་རིག་གི་མན་ངག་བླ་མས་མངོན་དུ་གཏན་ལ་འབེབས་གཅེས་སོ༔ དེ་ལྟ་བུའི་དབྱིངས་དང་རིག་པ་གཉིས་ལས་དང་པོ་པས་རང་གི་སྨིན་དབྲག་ཏུ་གཏད་པ་ནི་རྡེག་པའི་དམིགས་གསལ་བའི་མན་ངག་སྟེ༔ འདི་ཉིད་དུ་ཤེས་པ་མ་གཏད་ན་དབྱིངས་ཀྱི་སྣང་བ་མི་ཟིན་པས༔ འདིར་ཤེས་པ་གཏད་པས་དབྱིངས་ལས་ཡེ་ཤེས་སྐྱེའོ༔ དེ་ལྟར་བླ་མས་བསྟན་པ་དེ་ལ་རབ་ཏུ་གོམས་པར་མ་བྱས་ན་རིག་པའི་རང་སྣང་གཏན་ལ་མི་ཕེབས་པས༔ རྟག་ཏུ་གོམས་པས་ཉམས་གོང་ནས་གོང་དུ་འཕེལ་བས་ན་རིག་པ་འཕེལ་བའི་ས་བོན་གདབ་པ་ཞེས་བྱ་སྟེ༔ སྣང་བ་མི་འདྲ་བ་འཆར་བའི་ཚེ་རང་གི་སྣང་བ་གཅིག་ནས་གཅིག་ཏུ་ཚད་ལ་མ་ཕབ་ན༔ རིག་པ་ཐུག་པ་མེད་པས་དོན་གཅིག་ཏུ་སྐྱེ་མི་སྲིད་པས༔ འདི་ལ་གོམས་པ་ནི་རབ་ཏུ་གཅེས་པ་ཡིན་ནོ༔ དེ་ལྟར་རང་གི་རིག་པ་དེ་ཚད་ལ་ཕབ་པས་ན་མི་འགྱུར་བའི་ལུས་རྙེད་པར་བྱེད་པས༔ སྣང་བའི་འཕེལ་བ་འབའ་ཞིག་ལ་
བལྟས་ནས་བྱེད་པས་བསམ་གཏན་གྱི་ལྷའི་སྐྱེ་གནས་ལས་མི་གྲོལ་བའི་ཕྱིར་ན༔ ཆོས་ཉིད་ཟད་པའི་སྣང་བ་ལ་ཅི་ཡང་མ་ཡིན་པར་གཏན་ལ་མ་ཕབ་ན་དེ་ཉིད་དུ་འགྱུར་བས༔ རྒྱ་ཆེ་བའི་ནམ་མཁའ་ལ་སྤར་གྱིས་བཟུང་བའི་མན་ངག་གིས་སྣང་བ་ཅིའི་ངོ་བོར་ཡང་གྲུབ་རྒྱུ་མེད་པར་སྣང་བ་ནི་འཕྲལ་དུ་སོང་བ་མ་ཡིན་ཏེ་ཡེ་ནས་དེ་ཉིད་ཀྱི་ངོ་བོར་བཞུགས་པའོ༔ དེའི་ཕྱིར་ན་སྔོན་དུ་དབྱིངས་རིག་གི་སྣང་བ་མ་བསྟན་ན་ཉམས་སུ་བླང་བྱའི་དོན་མི་ཤེས༔ དེ་ནས་ཉམས་གོང་ནས་གང་དུ་འཕེལ་བའི་སྣང་བས་རིག་པའི་ཚད་མ་བཟུང་ན་སྐུ་གསུམ་དུ་འཛིན་པའི་ཞེན་ཡུལ་འགག་ཏུ་མི་བཏུབ་པས་དེ་ལ་གོམས་པར་བྱ༔ དེ་ནས་རིག་པ་ཚད་ལ་མ་ཕེབས་ན་ཆོས་སྐུ་ལ་མཐར་འཛིན་གྱི་ཞེན་པ་ལྡོག་ཏུ་མི་བཏུབ་པས་ཚད་ལ་དབབ་པ་གཅེས༔ ཐ་མ་ཆོས་ཉིད་ཟད་སར་མ་བསྐྱལ་ན་སྐུ་གསུམ་རང་རྒྱུད་དུ་མི་གྲོལ་བས་ན༔ ཡེ་ནས་དེ་ལྟར་བཞུགས་པའོ༔ ཨྠྀི༔ ༔ འགལ་བ་བསྡུས་པའི་གནད་ཀྱི་ཡི་གེ༔ ཐུན་མོང་གི་ཐེག་པ་རྣམས་ཀྱིས་རྩོལ་སྒྲུབ་ཅི་བྱས་ཚད་མ་རིག་པ་ལ་སོགས་པའི་ཉོན་མོངས་པར་འགྱུར་བས་ན༔ རང་གི་ལྟ་བ་རིག་པ་མངོན་སུམ་གྱི་མན་ངག་ལ་ཡིད་ཆེས་རང་བཞིན་གྱིས་སྐྱེ་བས་དེ་ཉིད་ལ་བརྩོན་པར་འགྱུར་བའི་དགོས་པ་དང་༔ ཉོན་མོངས་པ་ཞེས་ལོགས་སུ་གདགས་བྱ་གང་ཡང་མེད་པར་ཡིད་ཆེས་ནས་རང་གི་ངོ་བོ་ལ་རང་འཇུག་པའི་དད་པ་བརྟན་པོ་སྔོན་དུ་སྐྱེ་བ་དང་༔ མན་ངག་འདི་ལ་ཡིད་རབ་ཏུ་ཆེས་པས་གཞན་ལ་བློ་མི་འཇུག་པའི་གདེང་ཐོབ་པའོ༔ དེའི་ཕྱིར་ན་གྲུབ་མཐའ་མང་པོའི་སྤྲོས་པ་བཅད་ནས་བླ་མའི་མན་ངག་ཚིག་གསུམ་བློ་ཕེབས་ཏེ་ཉམས་སུ་ལེན་པ་ལ་བརྩོན་པ་དང་༔ ཚིག་གི་སྤྲོས་པ་རང་ཆོད་དེ་རང་གི་དོན་ལ་ཡིད་ཆེས་སྐྱེ་བ་དང་༔ རང་གི་རིག་པའི་གནད་གཟིར་བས་གནས་ལུགས་ཉིད་ཉམས་སུ་མྱོང་བ་དང་༔
རང་གི་རིག་པའི་ངོ་བོ་མཐོང་བས་ཚིག་ཇི་ལྟར་བརྗོད་ཅིང་འདུག་པ་ཐམས་ཅད་རང་གི་ལྟ་བའི་གྲོགས་སུ་མ་སོང་བ་གང་ཡང་མེད་པས༔ ཡེ་ནས་རང་གི་གནས་ལུགས་དང་འབྲེལ་བར་ཤེས་པར་བྱའོ༔ ཨྠྀི༔ ༔ གཞན་འདོད་བསྡུས་པའི་གནད་ཡིག༔ རྫོགས་པ་ཆེན་པོ་ལ་སོགས་ཐེག་པའི་ཆོས་རྣམས་དང་༔ ཐིག་ལེ་སྐོར་གསུམ་གྱི་ལྟ་བ་འདིའི་དོན་ལ་རེག་པ་མེད་པའི་གནད་ནི༔ དངོས་པོ་དབང་པོའི་སྤྱོད་ཡུལ་དུ་ཡོད་པར་མ་ཤེས་ཏེ་ཤེས་རབ་ཀྱི་སྤྱོད་ཡུལ་དུ་འདོད་པས༔ ཤེས་རབ་ཀྱིས་ནི་བརྟགས་ན་ཡང་དག་པར་ན་ཕུང་པོའི་གཏིང་ཡང་མེ་རྙེད་ན་རིག་པ་ནི་ལྟ་ཅི་སྨོས་ཏེ༔ དེའི་ཕྱིར་ན་འཁོར་བར་འཆིང་བའི་སྒོ་ནས་མུ་སྟེགས་རྟག་ཆད་དང་ཐེག་པ་རིམ་དགུའི་ལྟ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་དོ༔ བཀའ་དང་བསྟན་བཅོས་གཞུང་དུ་བཀོད་པ་འདི་ཀུན་ཐམས་ཅད་ནི་ཤེས་བྱའི་ཆོས་ཡིན་གྱིས༔ ཉམས་སུ་བླང་དུ་བཏུབ་པ་ནི་རྡུལ་ཙམ་ཡང་མེད་དོ༔ འདི་དག་ནི་འདི་ལྟར་ཚིག་རླབ་པོ་ཆེ་སྨྲ་བ་ཡང་ཡོད་དེ༔ གནས་ལུགས་ལ་ཉམས་སུ་བླང་རྒྱུ་བྱང་ན་གནས་ལུགས་མ་ཡིན་ནོ་ཞེས་སངས་རྒྱས་ཀྱིས་གསུངས་པའི་ཚིག་ཀྱང་ཡོད་དེ༔ དེ་ནི་ཉམས་སུ་བླངས་ནས་རང་གི་སྣང་བ་ཚད་ལ་ཕེབས་བའི་དུས་ན་ཡིན་ཏེ་གཞན་དུ་ནི་མ་ཡིན་ནོ༔ འདིས་ནི་བདག་པོ་མ་ཡིན་པར་གཞན་གྱི་ནོར་གྲངས་སུ་འདེབས་པའི་སྐྱེས་བུ་དང་འདྲ་སྟེ༔ གཞིའམ་གནས་ལུགས་ཀྱི་ཡོད་ཏན་ལ་འབྲས་བུར་འདོད་པ་ཡིན་ཏེ༔ འདི་ནི་གང་ཟག་གཞན་གྱི་ཡོན་ཏན་ལ་ཚིག་གིས་བརྗོད་ཀྱང་༔ དེའི་ཡོན་ཏན་རང་ལ་གོས་སུ་མི་བཏུབ་པ་དང་འདྲའོ༔ འདི་དག་རྣམས་ནི་ཡིད་དཔྱོད་ཀྱི་ཤེས་པ་ལས་ཡང་དག་པའི་ལྟ་བས་ཟིན་པའི་ཆ་གང་དུ་ཡང་མེད་ཅིང་སྣང་ཆ་གང་དུ་ཡང་མ་འགགས་པ་རིག་པ་མངོན་སུམ་དུ་མ་ཤེས་པའི་གནད་ཀྱིས་འདི་ལྟར་འགྱུར་བའོ༔ དེ་ལྟར་བསྒོམས་ཤིང་བསྒྲུབས་པས་
ལུས་ངག་གི་རྟགས་འགའ་འབྱུང་བ་ནི་སྔོན་དུ་སྦྱངས་པའི་བསོད་ནམས་ལས་འབྱུང་བ་ཡིན་གྱིསཿའདི་ཉིད་བསྟན་པ་ལས་འབྱུང་བ་མ་ཡིན་ནོ༔ ལུས་ངག་གི་རྟགས་ནི་མུ་སྟེགས་པ་ལ་ཡང་འབྱུང་བ་ཡིན་ཏེ༔ འདི་ཡང་སྔོན་སྦྱངས་པ་བར་ཆད་པ་ལས་འབྱུང་བ་ཡིན་ནོ༔ གལ་ཏེ་དེས་སངས་རྒྱ་བ་དག་བྱུང་ན༔ ཐ་མ་འབྲས་བུ་འདི་དང་ཕྲད་ནས་སངས་རྒྱ་བ་ཡིན་གཞན་གྱིས་དེ་ཁོ་ན་ལྟར་མ་ཡིན་ནོ༔ བདག་གིས་ཚིག་དེ་ཀུན་འདོད་རྒྱལ་དུ་བཀོད་པ་མ་ཡིན་ནོ༔ ལས་ཅན་ཅིག་དང་ཕྲད་པར་ཤོག༔ ཨི་ཏི༔ རིག་པ་བསྡུས་པའི་སྒྲོན་མའི་གནད་ཡིག་ཡང་འབྱེད་གསང་བའི་རྒྱབ་ཡིག༔ རིག་པའི་ལྟོས་པ་ནམ་མཁའ་སྟོང་པ༔ སྟོས་གཞི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཆེན་པོ༔ ལྟོས་པ་ལྟོས་གཞི་སྣང་བ་རང་གི་ངོ་བོ་ལ་གྲུབ་པ་གཅིག་ཀྱང་མེད༔ སེམས་ཅན་གྱི་མཚོན་ཚུལ་ལ་གཉིས་སུ་གཏན་ལ་མ་ཕབ་ན་དོན་ཉམས་སུ་མི་ལེན་ཏེ༔ དེའི་ཕྱིར་ན་རྡོ་རྗེ་ལུ་གུ་རྒྱུད་ན་དབུགས་མེད་པའི་འགྱུ་བ་དང་བཅས་པ་སྟེ༔ གཏིང་དུ་ཧྲིག་ཆགས་པ་ལ་ཉམས་སུ་སིང་བག་དང་བཅས་པས་ངོ་བོ་བཟུང་བ་དཀའ་བ་ལྟར་འདུག་ཀྱང་༔ རང་བཞིན་དལ་ཆགས་པ་ཡིན་ཏེ༔ གསལ་བ་རང་གི་ངོ་བོ་ལ་བལྟས་ན་བྲེང་ཆགས་པས་སྣང་བ་རྒྱ་མ་ཆད་པའི་རྟགས་ཡིན༔ དངོས་པོ་འདུག་ཚུལ་ལ་བལྟས་ན་ཐིག་ལེའི་སྣང་བ་བཤད་ཏེ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་རྟགས་ཡིན༔ འདུག་སྟངས་འགྲོ་འོང་གི་ངོ་བོ་ལ་བལྟས་ན༔ འགྱུ་བ་རང་སྒྲིན་དང་བཅས་པར་སྣང་སྟེ་ཡིད་དཔྱོད་ཀྱི་ཤེས་རབ་མ་ཡིན་པར༔ གཤིས་ལ་གནས་པའི་ཤེས་རབ་ཁོང་ནས་ཤར་བའི་རྟགས་ཡིན༔ སྣང་བ་རང་གི་ཆ་ལ་བལྟས་ན༔ རང་ཆས་ཀྱི་ཐིག་ལེ་ཕྲ་ཞིང་གྲངས་མང་བར་སྣང་བ་ཡིན་པས་ན་སྣང་བ་རྒྱ་ཆེ་བ་གོང་ནས་གོང་དུ་འཕེལ་བའི་རྟགས་ཡིན༔ དེ་ཉིད་འཆར་ཚུལ་རང་གི་ངོ་བོ་ལ་བལྟས་ན༔ ཕྲ་བའི་
སྣང་བ་གྱེན་འགྲེང་དུ་གནས་པས༔ ལྟ་བ་ཚིག་གིས་གཏན་ལ་མི་ཕབས་ཤིང་༔ ངང་གི་ངོ་བོ་ལྟ་བ་རང་ཡིན་པའི་རྟགས་ཡིན༔ རིག་པའི་སྣང་བ་འགྱུར་བའི་ཆ་ལ་བརྟགས་ན༔ གསལ་བ་འགྲོ་འོང་གི་འོད་འཕྲེད་ཉལ་རང་གསལ་དུ་སྣང་བས༔ རིག་པའི་སྣང་བ་ཅིར་ཡང་འཆར་པའི་རྟགས་ཡིན་ནོ༔ དེ་ལྟར་སྣང་བའི་རྡོ་རྗེ་ལུག་གུ་རྒྱུད་རང་གི་ངོ་བོ་ལ་གཟུང་ཆ་དང་འཛིན་ཆ་གཉིས་སུ་གྲུབ་པ་ནི་ཅང་མེད་དོ༔ སྣང་ཆར་ཡོད་པ་ནི་མངོན་སུམ་དུ་བལྟར་ཡོད་པའི་གནད་ཡིན་ནོ༔ དེ་ཡང་སྣང་ཆར་སྣང་བ་དེ་ཡང་སྣང་བ་རང་ཤར་ཡིན༔ ཤར་བ་རང་ལ་ཤར་བས་ན་སྣང་བ་རང་སྣང་དུ་གྲོལ་བ་ཡིན༔ སྣང་བ་རང་སྣང་དུ་གྲོལ་བའི་དུས་ན་གཞི་རང་སྣང་དུ་སྣང་བར་འོང་སྟེ༔ དེའི་ཕྱིར་ན་རིག་པ་ཚིག་གིས་གཏན་ལ་དབབ་ཏུ་མི་དགོས་པའི་གཏན་ཚིགས་དེ་ལྟར་ཡིན༔ འདི་ལྟར་ཉམས་སུ་བླངས་པས་ཚིག་ཐམས་ཅད་རང་ཤར་རང་བབས་སུ་སྣང་བར་འགྱུར་བ་ཡིན་གྱི༔ ད་ལྟར་ཚིག་གིས་གཏན་ལ་དབབ་ཏུ་ཅི་ཡང་མེད་དེ༔ དེའི་ཕྱིར་རིག་པའི་དབྱེ་བ་ལྔ་ལ་མཁས་པས་རིག་པའི་ཡིན་ཚུལ་གཏན་ལ་ཕེབས་པ་ཡིན་ཏེ༔ མཚན་ཉིད་འཛིན་པའི་རིག་པས་རིག་པའི་མིང་གཏན་ལ་ཕབ༔ གཞི་གནས་ཀྱི་རིག་པས་ནི་རིག་པའི་གནས་གཏན་ལ་ཕབ༔ གཞི་འཛིན་པའི་རིག་པས་ནི་དངོས་པོའི་གནས་ལུགས་གཏན་ལ་ཕབ་ནས་སྟོང་པ་ཉིད་ལས་ལྡོག་པའི་ཡེ་ཤེས་རང་གི་ངོ་བོས་བཟུང་༔ ལྷག་མཐོང་གི་རིག་པས་ནི་སྣང་བ་འདི་ལ་མངོན་སུམ་དུ་རིག་པས་རང་གི་ངོ་བོ་གཏན་ལ་ཕབ་ནས་ལྟ་སྒོམ་སྤྱོད་པ་ཐམས་ཅད་ལ་མི་ལྟོས་པར་རང་ངོ་གཏན་ལ་ཕབ༔ ཐོད་རྒལ་གྱི་རིག་པས་ནི་སྐུ་གསུམ་གྱི་སྣང་བ་ལ་རང་རྒྱུད་དུ་ཞེན་པའི་སྤྲོས་པ་བཅད་ནས་ཆོས་ཉིད་ཟད་པའི་སྣང་བ་ལ་བསྐྱལ་བས༔ འདོད་པར་བྱ་བའི་རྒྱུ་ནི་གང་ཡང་མེད་པར་རང་ཟད་དུ་འགྲོ་བ་ཡིན་གྱིསཿ ཆེད་དུ་འདོད་པ་
ཅི་ཡང་མེད་དོ༔ དེ་ལྟར་རིག་པ་དེ་རྣམས་ཀྱང་ཐ་དད་པ་མ་ཡིན་ཏེ༔ རིག་པ་སྣང་བ་ལ་ནི་འཕེལ་འགྲིབ་ཡོད་ཀྱི༔ རིག་པ་རང་གི་ངོ་བོ་ལ་འཕེལ་བ་དང་འགྲིབ་པ་མེད་པས་ནི་ཐོག་མ་ནས་ཟད་པའི་ས་ལ་ཆེ་ཆུང་དུ་སྣང་བ་ནི་རང་གི་ངོ་བོ་ལ་མེད་དོ༔ དེའི་ཕྱིར་ན་ཐིག་ལེ་ཉག་ཅིག་སྤྲོས་དང་བྲལ་བ་ཞེས་བྱ་བ་དེའི་གནད་ཡིན༔ སྣང་བ་ལ་འཕེལ་འགྲིབ་ཀྱི་ངོས་ནས་ནི་ཡོད་ཐོས་སྣང་གྲགས་ཐམས་ཅད་དུ་རིག་པ་གཏན་ལ་དབབ་ཏུ་བཏུབ་བོ༔ ཚིག་གིས་ནི་འདི་ལ་གཏན་ལ་དབབ་ཏུ་མི་བཏུབ་པས༔ རང་གི་ངོ་བོ་མི་མཐོང་བའི་གནད་ཀྱིས་སོ༔ ཨཏི༔ རིག་པ་སྐུ་གསུམ་གཏན་ལ་དབབ་པའི་གནད་ཡིག༔ ཡང་འབྱེད་གསང་བའི་གནད་བསྟན་པར་བྱའོ༔ དེ་ལྟར་རིག་པ་ཉིད་དངོས་སུ་གཏན་ལ་ཕབ་པ་ལ༔ སྐྱེས་བུ་གླེན་པ་འགའ་ཞིག་ནི་འདི་ལྟར་སྣང་བར་ག་ལ་ནུས་སྙམ་སྟེ་ཐེ་ཚོམ་བཅད་པའི་ཕྱིར༔ རིག་པའི་རྒྱབ་རྟེན་གྱི་མན་ངག་འདི་དག་བསྟན་པ་ཡིན་ཏེ༔ དེ་ཡང་ཕྲ་བ་ཤེས་རབ་ཀྱི་ཆ་ཟབ་མོའི་ཐིག་ལེ་ཉག་ཅིག༔ གསལ་བ་སྣང་བའི་ཆ་ཐིག་ལེ་སྣ་ཚོགས་འཕེལ་བའི་རྒྱུ༔ འགྲོ་འོང་རླུང་གི་ཆ་སྣང་བ་ལ་ཞེན་པ་མེད་པའི་རྐྱེན་དང་གསུམ་གྱིས་སྐུ་གསུམ་རང་རྒྱུད་གཞན་བྱུང་དུ་འདོད་པ་ནི་མ་ཡིན་ཏེ༔ དེ་ཉིད་ལ་དངོས་སུ་གཏན་ལ་ཕབ་ནས་རང་གི་ངོ་བོ་ལ་ཡིད་ཆེས་པར་བསྟན་པའོ༔ རིག་པ་མ་བཅོས་བར་མཁའ་ལ་སྣང་བས་ན་སྐུ་གསུམ་འབྲལ་བ་མེད་པར་བསྟན་པས༔ སྣང་བ་རང་གི་ངོ་བོ་དང་སྐུ་གསུམ་འབྲལ་བ་མེད་པར་བསྟན་པའོ༔ རིག་པ་ཉིད་གནས་པ་དང་བཞེངས་པ་དང་གྲོལ་བའི་དུས་སྐུ་གསུམ་དུས་གསུམ་དུ་གཏན་ལ་ཕབ་ནས༔ དུས་གསུམ་པ་ཉིད་དེ་དག་སྔ་ཕྱི་མེད་པར་བསྟན་པའོ༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ ༔ རིག་པ་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིར་གཏན་ལ་དབབ་པའི་གནད་ཡིག་ཡང་འབྱེད་ནི༔
རིག་པ་ཉིད་ཤེས་རབ་ཀྱིས་མ་ཡིན་པར་དབང་པོའི་མངོན་སུམ་གྱིས་བལྟར་ཡོད་པ་དང་༔ དེ་ལ་རྣལ་འབྱོར་པ་རྣམས་ཀྱིས་གོམས་སུ་ཡོད་པས༔ སྣང་བ་གོང་འཕེལ་དུ་ཡོད་པ་དང་༔ དེ་ཉིད་དང་དུས་ཐམས་ཅད་དུ་མི་འབྲལ་ཞིང་འབྲལ་མི་སྲིད་པས་གཡེངས་བ་མེད་པ་དང་༔ དེའི་ཕྱིར་ན་ཆོས་ཉིད་ཟད་པའི་སར་རང་ངོ་དག་པས་ན་འབྲས་བུ་ཤུགས་འབྱུང་གིས་འབྱུང་སྟེ་ཉམ་ང་མེད་པའོ༔ དེ་ལྟར་རིག་པ་རང་ངོ་ལ་གནས་པ་དང་༔ རིག་པ་སྣང་ངོར་བཞེངས་པ་དང་༔ རིག་པ་ཉིད་འཁྲུལ་ངོ་ལས་གྲོལ་བ་དང་༔ རིག་པ་ལ་རགས་པའི་སྣང་བ་རྣམས་རང་དག་པས་ན་དུས་བཞི་མཉམ་པར་སྦྱར་བས་འཁྲུལ་པ་རང་སར་དག་པ་སྟེ༔ རང་སྣང་ལུགས་སུ་བླུགས་ནས་སྐུ་གསུམ་ཅོག་བཞག་ཏུ་སུས་ཀྱང་བྱས་པ་མེད་པར་རང་བྱུང་སྟེ་སྣང་བ་རང་ཟད་ལ་སོང་དུ་ཉེ་བའི་དུས་ན༔ ལྟ་སྤྱོད་གང་དུ་ཡང་མི་འཛིན་པས་ན༔ ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིའི་རང་རྒྱུད་དུ་འཛིན་པའི་ཞེན་པ་རང་ལོག་པས་ལྟ་སྒོམ་རྣམས་རང་ལ་གནས་པའོ༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ རིག་པ་ཉིད་ཐིག་ལེ་ཉག་ཅིག་ཏུ་གཏན་ལ་འབེབས་པའི་གནད་ཡིག་ཡང་འབྱེད་གསལ་བའི་གནད་ནི༔ རིག་པ་འབྱུང་བའི་གནད་མིག་གི་རྣམ་པར་ཤེས་པ་མི་འགྱུར་བའི་དོན་དང་༔ རིག་པ་གཞིའི་གནད་ཀྱིས་ཤེས་རབ་ཀྱི་རང་རྩལ་རྫོགས་པའི་གནད་རྒྱུན་ཕྲ་བའི་རང་གི་ངོ་བོ་ལྟོས་པ་མེད་ཅིང་རིག་པའི་དོན་དང་༔ རིག་པ་ཉིད་རྡུལ་ཕྲ་རབ་ཀྱིས་མ་བསྒྲིབས་བས་འདུག་པའི་གནས་ཀྱིས་རྐྱེན་གང་གིས་ཀྱང་བཤིག་པར་མི་ནུས་པའི་དོན་གྱིས༔ ངོ་བོ་ཐིག་ལེ་ཉག་ཅིག་ཏུ་གཏན་ལ་ཕབ་ནས་གཞན་སྣང་གི་སྤྲོས་པ་ཆོད་པའི་དགོས་པ་ཡོད་པར་བསྟན་པ་སྟེཿ དེའི་ཕྱིར་ན་རིག་པ་མིག་ནས་དྲང་བ་དང་༔ ནམ་མཁའ་ལ་ལམ་གཏོད་ནས་སྟོང་པ་ལ་དབང་དུ་བསྡུ་བ་དང་༔ ཤེས་པ་གཏིང་དག་གིས་ཟབ་བའི་དོན་ཉམས་སུ་བླངས་པ་དང་༔
རིག་པ་ཉིད་སྨིན་མཚམས་ལས་ཕྲལ་ནས་སྟེང་གི་ནམ་མཁའ་ལ་བཏོན་ནས་བལྟས་པས་ཡུལ་ཐམས་ཅད་གཅིག་ཏུ་བསྡུས་པའི་མན་ངག་གིས་ཐིག་ལེ་ཉག་ཅིག་ཏུ་གཏན་ལ་ཕེབས་པའོ༔ ཨི་ཏི༔ ལས་ཅན་ཅིག་དང་ཕྲད་པར་ཤོག༔ རིག་པ་ཉིད་ལས་དགེ་སྡིག་ལས་འདས་པར་བསྟན་པའི་ཡང་འབྱེད་ཆེན་པོ་གནད་ཀྱི་ཡི་གེ༔ འདི་ལྟར་རིག་པ་མངོན་སུམ་དུ་མཚོན་པའི་སྣང་བ་མཐོང་བའི་སྐྱེས་བུ་ནི༔ འདི་ཉིད་ལ་བརྟེན་པར་ཉམས་སུ་བླངས་པའི་གང་ཟག་གིས་ནི་ལས་དགེ་སྡིག་མེད་དུ་བྱར་བཏུབ་པ་ཡིན་གྱིས་ཚིག་ཙམ་དུ་གོང་རྣམས་ཀྱིས་ནི་མ་ཡིན་ནོ༔ དེའི་ཕྱིར་འདི་ཉིད་ལ་རིག་པ་ཉིད་གཏན་ལ་དབབ་ཏུ་བཏུབ་ཅིང་བལྟར་ཡོད་པས་ན་འདི་ཉིད་གོམས་པར་ཤིན་ཏུ་གཅེས༔ གལ་ཏེ་འདི་ཉིད་ལ་མ་གོམས་པར་དགེ་སྡིག་མེད་པར་ཁས་ལེན་པ་ནི་བདུད་ཀྱིས་བསླུས་པར་རིག་པར་བྱའོ༔ རང་གི་ངོ་བོ་ཉིད་མཐོང་བས་དེའི་དུས་ན་དགེ་སྡིག་ཏུ་སྣང་བ་ཅི་ཡང་མེད་དོ༔ དེའི་ཕྱིར་ན་དགེ་སྡིག་ལས་འདས་པའི་རིག་པ་གཏན་ལ་དབབ་པར་བྱའོ༔ རིག་པ་དེ་བཟུང་ཟེར་ཀྱང་དོན་གྱིས་བཞག་པ་ཡིན་ཏེ༔ དེ་ཡང་རང་བཞག་རང་གནས་པ་ལས་གཟུང་བས་འཛིན་པ་ལྟ་བུ་ནི་མ་ཡིན་ནོ༔ དེས་ན་ཡུལ་ནམ་མཁའ་སྟོང་པ་ལ་རིག་པ་རང་སར་བཞག་པ་ནི་རིག་པ་ཡུལ་དང་ཕྲད་པ་ཡིན་ནོ༔ འོ་ན་འཇོག་པའི་ལུགས་བླ་མའི་མན་ངག་དང་འབྲེལ་བ་སྟེ༔ བླ་མས་མན་ངག་དེ་ཁམ་བསྟན་སྡེ་སྣོད་གསུམ་གྱི་ཤེས་བྱའི་ཆོས་ལ་བློ་འབྱོངས་ཀྱང་གྲོལ་བ་མ་ཡིན་ཏེ༔ གསང་སྔགས་ནི་བླ་མ་ལ་རག་ལས་པས་སོ༔ བླ་མས་མན་ངག་དེ་བསྟན་ན་དབུལ་མོ་བ་གླང་རྫི་ཡང་གྲོལ་བས༔ དེའི་ཕྱིར་ན་རང་བཞིན་རྫོགས་པ་ཆེན་པོ་ནི་ལས་དང་བག་ཆགས་ཀྱི་འབྲེལ་པ་དང་བྲལ་བ་ཡིན་ནོ༔ འོ་ན་བླ་མའི་གདམས་ངག་ཡོད་པའམ་བསྟན་པ་ཙམ་གྱིས་གྲོལ་བར་གྱུར་བ་ནི་མ་ཡིན་ཏེ༔
དེ་ཉིད་ཉམས་སུ་མ་བླངས་ན་མ་སྤྱད་པར་བཞག་པའི་གཏེར་དང་འདྲ་བས་ན༔ མན་ངག་གོམས་ཚད་ཀྱིས་ཉམས་སུ་མ་བླངས་ན་རྡོ་རྗེ་སེམས་དཔའ་ཡང་མི་གྲོལ་ཞེས་པ་ནི༔ ཐབས་འདིའི་སྒོ་མེད་ན་སངས་རྒྱས་ཀྱི་ཡོན་ཏན་ལུས་ལ་རྫོགས་ཀྱང་ཀུན་རྫོབ་ཀྱི་བདེན་པ་ཙམ་དུ་བས་ཏེ་ཡང་དག་དོན་དམ་མ་ཡིན་ནོ༔ དེས་ན་གསང་སྔགས་འདི་ཐབས་ཆེ་བའི་གནད་ཀྱིས་མཚམས་མེད་པ་ལྔ་བྱས་པ་ཡང་འདིའི་སྒོར་ཞུགས་ནས༔ བླ་མས་མན་ངག་ཕྱིན་ཅི་མ་ལོག་པར་བསྟན་ནས་དེ་ཉམས་སུ་བླངས་ན་ནི་ཚེས་འདི་ཉིད་རང་ལ་གྲོལ་ངེས་པས་སོ༔ འདི་ཉིད་ལ་བག་ཆགས་ཀྱིས་འགྲིབ་པར་མི་ནུས་པའི་གནད་ཀྱིས་དགེ་སྡིག་གང་གིས་ཀྱང་ཕན་གནོད་མ་བྱས་པར་ཡེ་ནས་བཞུགས་པ་དེའི་དོན་རྣལ་འབྱོར་པས་མཐོང་བས་སོ༔ ལུས་རྟགས་དང་རྫུ་འཕྲུལ་མང་པོ་ཡོད་ཀྱང་སངས་རྒྱ་མི་ནུས་ཏེ༔ དཔེར་ན་ཉན་ཐོས་ཀྱིས་བཞིན་དུ་སླར་ལྡོག་པ་ནི་འདིའི་མན་ངག་དང་བླ་མ་དང་མ་ཕྲད་པའོ༔ རིག་པ་ཉིད་ལ་ཆེ་ཆུང་དང་འཕེལ་འགྲིབ་མེད་པ་དང་༔ རིག་པའི་ཡིན་ཚུལ་འདི་ལྟར་ཡིན་ནོ་བར་གྲུབ་རྒྱུ་མེད་པ་དང་༔ རིག་པ་རང་གི་ངོ་བོ་ལ་རྣམ་པར་རྟོག་པ་ཡེ་འཆར་མི་སྲིད་པ་དང་༔ དབྱིངས་ལ་དགེ་བ་དང་སྡིག་པ་ཡེ་ནས་མེད་པ་དང་༔ རྡོ་རྗེ་ལུ་གུ་རྒྱུད་རང་གི་ངོ་བོ་ལ་དགེ་སྡིག་གཉིས་ཀའི་བསམ་པ་མེད་པ་དང་༔ དེའི་ངོ་བོ་ལ་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་མི་ལྟོ་བ་དང་༔ ངོ་བོ་ལ་སྡིག་པའི་ལས་ཅི་བྱས་ཀྱང་འགྲིབ་པ་མེད་པ་དང་༔ དེ་ཉིད་རང་གི་ངོ་བོ་ཚད་ཟིན་པས་དགེ་སྡིག་གང་གི་ངོ་བོར་ཡང་མ་གྲུབ་པའི་གནད་རྣམས་ཀྱིས༔ རིག་པ་ཉིད་ལ་ལས་དགེ་སྡིག་གིས་ཕན་མ་བཏགས་གནོད་པ་མ་བསྐྱལ་བ་ནི་ཚིག་ཙམ་དུ་མ་ཡིན་ཏེ༔ ངོ་བོ་དེ་ཉིད་མཐོང་ཞིང་ཉམས་སུ་ལོངས་པའི་རྣལ་འབྱོར་པ་དེ་རང་གི་ངོ་བོའི་ཐོག་ཏུ་གཏན་ལ་ཕེབས་པས་དེ་ལྟར་ངེས་པ་ཡིན་ནོ༔ ཁ་ཙམ་ཚིག་ཙམ་དུ་དགེ་སྡིག་མེད་བྱས་པས་
མི་ཕན་ཏེ༔ དེ་ནི་རང་གི་རྒྱུད་ལ་རང་གི་རྣམ་སྨིན་གྱིས་རང་ལ་འཆིང་བའི་གང་ཟག་ཅེས་བྱའོ༔ དེའི་ཕྱིར་ན་རང་གི་རིག་པའི་ཐོག་ན་བལྟས་པས་དགེ་སྡིག་གང་དུ་ཡང་མ་གྲུབ་པས་དགེ་སྡིག་ལས་འདས་པར་བསྟན་པ་ཡིན་ནོ༔ རང་གི་ཐོག་ནས་བལྟས་པས་རིག་པ་རྡོ་རྗེལུ་གུ་རྒྱུད་ཆེན་པོ་དེ་ལ་སངས་རྒྱས་ཀྱི་མིང་ཙམ་ཡང་མ་གྲུབ་པའི་གནད་དང་༔ དེ་ལྟར་སངས་རྒྱས་ཀྱི་མིང་མེད་པའི་གནད་ཀྱིས་དམྱལ་བའི་མིང་ཡང་ཡེ་ནས་མེད་ཅིང་ད་ལྟར་ཡང་ག་ལ་སྲིད་པར་བསྟན་པ་དང་༔ དེའི་ཕྱིར་ན་ཉམས་སུ་ལེན་པའི་རྒྱུད་ལ་སངས་རྒྱས་དང་དམྱལ་བ་གང་གི་ངོ་བོར་ཡང་མ་གྲུབ་པ་བསྟན་པས་ཐམས་ཅད་མཉམ་པ་རིས་མེད་པའི་དལ་ཆེན་པོ་གཉིས་སུ་འདུས་ཤིང་མཉམ་པ་ཆེན་པོར་རྣལ་དུ་ཕབ་པ་ཞེས་བྱའོ༔ ཐོག་མའི་གཞི་ལས་འཁྲུལ་གཞི་ནི་ཡང་དག་པར་རྩིས་གདབ་ལས་འདས་ཏེ༔ འདི་ཀུན་ནི་ཤེས་བྱའི་ཆོས་ཙམ་ཡིན་གྱི་ཉམས་སུ་བླང་དུ་བཏུབ་པ་ནི་མ་ཡིན་ཏེ༔ ཚིག་བརྒྱ་སྟོང་དུ་མས་ནི་འཁྲུལ་པ་གཏན་ནས་ཆོད་པ་མ་ཡིན་ཏེ༔ ཚིག་རང་གིས་རང་ནི་ཆོད་པ་མ་ཡིན༔ ཚིག་གི་དོན་གོ་བས་ཆོད་པ་ཡང་མ་ཡིན་ཏེ༔ དོན་དུ་གོ་བ་སྙམ་བྱེད་པ་དེ༔ གང་ལ་སྙེམ་བྱེད་ཡོད་པ་ནི་འཁྲུལ་པ་དངོས་ཡིན་པས༔ སྙེམ་བྱེད་པས་དོན་རང་དུ་གོ་བ་ནི་མ་མཐོང་བར་དུ་འོང་མི་སྲིད་དོ༔ དེ་ཅིའི་ཕྱིར་ན་ཐིག་ལེ་ཕྱི་ནང་གསང་བའི་སྐོར་རྣམས་ཀྱི་ལྟ་བ་ནི་ཡིད་དཔྱོད་དུ་བསྟན་པ་ཡིན་པས༔ ཐེག་པ་ཐུན་མོང་བ་རྣམས་དང་ཁྱད་པར་རྡུལ་ཙམ་ཡང་མེད་པ་ཡིན་པས༔ འདི་ཉིད་ནི་བདག་གིས་སྙིང་དུ་བསྟན་པ་ཡིན་པས་རབ་ཏུ་ཡང་ཟབ་བོ༔ དེའི་ཕྱིར་ན་དཔེ་ལ་སོགས་པ་བྱས་པ་ཐམས་ཅད་འཁྲུལ་པ་དངོས་ཡིན་ཏེ༔ འཁྲུལ་པ་ཉིད་འཁྲུལ་པས་མཐོང་བར་
ནུས་པ་མ་ཡིན་ཏེ༔ དཔེར་ན་རང་གི་བྱད་བཞིན་མི་མཐོང་བ་བཞིན་ནོ༔ རང་གི་མི་རྟོག་པའི་ཡེ་ཤེས་ནི་མི་རྟོགས་པ་བསྒོམས་པ་ལས་མ་བྱུང་བ་དང་༔ དེའི་ངོ་བོ་ལ་རྣམ་པར་རྟོག་པ་ཡེ་འབྱུང་མི་སྲིད་པ་དང་༔ རྣམ་པར་རྟོག་པ་དང་མི་རྟོག་པ་གང་གི་ངོ་བོར་ཡང་མ་གྲུབ་པས་ན་རྡོ་རྗེ་ལུ་གུ་རྒྱུད་ནི་བསམས་ཤིང་དཔྱད་པས་རྙེད་པ་ནི་མ་ཡིན་ནོ༔ བསམས་ནས་རྙེད་ན་ལྟ་བ་རང་གི་འདུག་ཚུལ་མ་ཡིན་ནོ༔ དེ་ཡང་ཆོས་ལས་འདས་པའི་རིག་པ་ཉིད་དུ་ཡེ་ནས་རང་ཤར་རང་སྣང་རང་གྲོལ་བ་ཡིན་གྱི་གཞན་གྱིས་ནི་མ་ཡིན་པས༔ དེས་ན་ཆོས་ལ་མ་བརྟེན་པས་རིག་པ་རང་གི་ངོ་བོ་ལ་འཆིང་བར་བྱེད་པའི་དྲི་མ་གང་ཡང་མེད་པའོ༔ དེ་ཡང་རིག་པ་རང་གི་ངོ་བོ་དཔྱད་པར་བྱ་བ་ལྟ་སྒོམ་སྤྱོད་པར་མི་གནས་པའི་གནད་དང་༔ ངག་དགེ་བའི་ལས་མ་གྲུབ་པའི་གནད་དང་༔ བསག་ཏུ་མེད་པའི་གནད་དང་༔ ཐོས་སུ་མེད་པའི་གནད་དང་༔ བསྐུར་དུ་མེད་པའི་གནད་དང་༔ བཟླས་སུ་མེད་པའི་གནད་དང་༔ བསྐྱེད་དུ་མེད་པའི་གནད་དང་༔ བསྒོམ་དུ་མེད་པའི་གནད་དང་༔ མཆོད་དུ་མེད་པའི་གནད་དང་༔ བསྡམ་དུ་མེད་པའི་གནད་དང་༔ བཤད་དུ་མེད་པའི་གནད་དང་༔ གནད་ཆེན་པོ་བཅུ་གཉིས་ཀྱིས་རང་བཞིན་རྫོགས་པ་ཆེན་པོའི་དོན་རྩོལ་སྒྲུབ་དང་བྲལ་བར་བསྟན་པས༔ འདི་ལྟར་ཉམས་སུ་ལེན་པའི་སྐྱེས་བུས་བྱ་བ་བཏང་ནས་དགེ་སྡིག་རྒྱུན་ཐག་བཅད་དེ་ཅི་ཡང་བྱར་མེད་པར་གཏོད་པ་ནི༔ རྫོགས་པ་ཆེན་པོ་རྩོལ་སྒྲུབ་དང་བྲལ་ལོ་ཞེས་པའི་དོན་ཏེ་ཚིག་ཙམ་དུ་བྲལ་བ་ནི་མ་ཡིན་ནོ༔ ཉམས་སུ་ལེན་པ་ནི་ཐབས་སུ་བསྟན་པ་ཡིན་ནོ༔ རིག་པ་རང་ངོ་ལ་རིགས་དྲུག་ཏུ་ཡེ་ནས་གྲུབ་པ་མེད་པའི་གནད་ཀྱིས་སྣང་ཚུལ་ལ་སྡུག་བསྔལ་རྣམ་པ་དྲུག་གི་ཞེན་པ་རང་ཆོད༔ རང་ངོ་ལ་མ་རིག་པ་མ་གྲུབ་
པའི་གནད་ཀྱིས་སྣང་ཚུལ་ལ་ཉོན་མོངས་པ་དྲུག་གིས་འཆིང་བ་རང་ཆོད༔ རང་ངོ་ལ་ཡུལ་ཤེས་མ་གྲུབ་པའི་གནད་ཀྱིས་སྣང་ཚུལ་ལ་ལུས་ངག་ཡིད་ཀྱིས་རྣམ་སྨིན་གྱི་ཞེན་པ་རང་ཆོད༔ དེ་ལྟར་དོན་གཉ ིས་མེད་དུ་རང་ཤེས་ནས་རིག་པ་རང་སྣང་སྤྲོས་པ་མེད་པའི་རང་བཞིན་དུ་ཡེ་ནས་གནས་པ་ཡིན་ཏེ༔ དགེ་སྡིག་རྣམ་རྟོག་མེད་པའི་སྣང་བ་རང་རྐྱེན་དབྱིངས་སུ་དག་པའི་ཡེ་ཤེས་ཞེས་རང་གི་ངོ་བོར་གཏན་ལ་དབབ་པའོ༔ དེའི་ཕྱིར་ན་རིག་པའི་ཡེ་ཤེས་དེ་དགེ་སྡིག་གང་གི་ངོ་བོར་ཡང་མ་གྲུབ་སྟེ་རྣམ་པ་ཐམས་ཅད་དུ་རང་རིག་ཏུ་ཟིན་པའི་སྐྱེས་བུའོ༔ དུས་གསུམ་གྱི་གནད་ཀྱི་མན་ངག་གིས་དུས་གསུམ་གྱི་སངས་རྒྱས་ཀྱིས་དགོངས་པ་དུས་གསུམ་མཉམ་པ་ཉིད་དུ་ཤེས་ཏེ༔ འདི་ལྟར་དུས་གསུམ་མཉམ་པ་ཉིད་དུ་སུས་རིག་པའི་སྐྱེས་བུ་ནི༔ སངས་རྒྱས་སུམ་སྟོང་གི་དཀྱིལ་འཁོར་སྐད་ཅིག་མ་སྟོན་ནུས་པ་ལ་ཐེ་ཚོམ་མེད་པས་ལོངས་སྐུའི་སྣང་བ་འདིར་གཏན་ལ་ཕེབས་པའི་རྟགས་ཡིན་ཏེ༔ སྣང་བ་ཉིད་དུས་གཅིག་ལ་སྟོན་པས་དུས་གསུམ་མཉམ་པ་ཉིད་དུ་རིག་པའི་སྐྱེས་བུ་ཞེས་བྱའོ༔ འདི་ནི་ངེས་པ་ཁོ་ནའོ༔ འདི་ལྟར་རིག་པ་དུས་གསུམ་བླངས་ན༔ རང་གི་སྣང་བ་དུས་གསུམ་རིམ་གྱིས་སྣང་བ་དང་༔ ཅིག་ཅར་དུ་གཏན་ལ་འབེབས་པ་གཉིས་ལས༔ རིམ་གྱིིིས་ནི་སྣང་བ་གསུམ་རིམ་གྱིས་ཤར་བས་སྣང་བ་གསུམ་མཐོང་སྟེ༔ རིག་པ་མཐོང་བས་རང་གི་སྣང་བ་ལ་ཡིད་ཆེས་ནས་ད་ལྟའི་སྣང་བ་འདི་སྐུ་གསུམ་དུ་གྲོལ་བར་བྱས་པ་ཡིན་ཏེ༔ དེ་ཡང་རིག་པ་ཉིད་མི་འགྱུར་བ་དང་༔ གསལ་བ་དང་ན༔ སྣ་ཚོགས་སུ་སྣང་བ་དང་གསུམ་གྱིས་རིག་པ་ཉིད་སྐུ་གསུམ་དུ་ཡིད་ཆེས་པར་གཏན་ལ་ཕབ་པའོ༔ ཉམས་སུ་ལེན་པའི་ཚེ་ན་རྣལ་འབྱོར་པ་སྐལ་བ་དང་ལྡན་པ་དེའི་རྒྱུད་ལ་ཉམས་མི་འདྲ་བ་ཉིན་ཞག་ཕྲུགས་རེ་ལ་གསུམ་
གསུམ་སྐྱེ་བས༔ སྐུ་གསུམ་སྣ་ཚོགས་སུ་ཤར་བའི་སྣང་བ་རང་གིས་ངོ་ཤེས་ནས༔ འདི་ནི་སྐུ་གསུམ་རང་ངོ་སྣ་ཚོགས་སུ་སྣང་བར་གཏན་ལ་ཕབ་པའོ༔ རང་གི་སྣང་བ་ཚད་དུ་ཕྱིན་པའི་དུས་ན་ཆོས་ཉིད་རྣམ་པར་དག་པ་རང་གི་སྣང་བའི་སྟོབས་ཀྱིས་ཕྲ་བ་དང་རིགས་པའི་སྣང་བ་ཐམས་ཅད་རང་གིས་རང་ཟད་པ་ནི་དངོས་པོ་གཤིས་ཀྱི་འདུག་ཚུལ་ཏེ༔ འདི་ལ་ཚིག་གིས་གཏན་ལ་དབབ་མི་དགོས་ཏེ༔ ཉམས་སུ་བླངས་པས་རང་སྣང་དུ་འོང་བ་ཡིན་པ་ལས་ཚིག་དུ་མས་གཏན་ལ་ཕབ་ཀྱང་འཆར་མི་སྲིད་དོ༔ སྔོན་དུ་འདི་དག་ཚིག་གིས་གཏན་ལ་ཕབ་ཀྱང་འདི་ཉིད་མ་མཐོང་བས༔ ཕྱོགས་ཙམ་དུ་ཉེ་བའི་ཚིག་ཅིག་ཀྱང་འབྱུང་བ་མ་ཡིན་ནོ༔ འདིའི་དུས་ན་སྐུ་གསུམ་གྱི་ཞེན་པ་རང་ཡུལ་ཟད་པས་ལུས་དང་ཡིད་ཀྱི་སྣང་བ་ནི་ཡེ་ཟད་ཡིན་ཏེ༔ སྐུ་གསུམ་ལུས་སུ་འཛིན་པའི་ཚིག་གི་སྤྲོས་པ་ཙམ་དུ་ཡང་མི་སྣང་སྟེ་ཡེ་ཤེས་རང་ངོ་ལ་ཐག་ཆོད་པས༔ འདས་པ་དང་འཁོར་བའི་ཞེ་འདོད་རང་དང་བྲལ་བའོ༔ དེ་ལྟར་སྣང་བ་གསུམ་རིམ་གྱིས་ཤར་བས་རིག་པ་ཉ ིད་ཐམས་ཅད་དུ་ཡང་འབྱུང་ལ༔ ཇི་ལྟར་ཡང་གཏན་ལ་དབབ་ཏུ་བཏུབ་ལ༔ ཇི་ལྟར་བྱས་ཀྱང་མི་ལྟོ་བར་བསྟན་པ་ཡིན་ནོ༔ ཅིག་ཅར་ནི་རང་དག་ཆེན་པོའི་སྣང་བ་རང་ཤར་བའི་ཚེ༔ ཆོས་ཐམས་ཅད་རང་སར་ཟད་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མི་སྣང་མི་ཕྱེད་མི་འཛད་པའི་ཚུལ་དུ་གཞི་ཆེ་བ་དང་༔ ཁྱབ་ཆེ་བ་དང་༔ གྲུབ་ཆེ་བའི་ཚུལ་དུ་སྣང་བའི་ཆ་ལ་འབྱུང་སྟེ༔ དེ་ཀུན་རང་དག༔ རང་སྣང་༔ རང་གྲོལ་བས༔ དུས་ལ་འཕོ་འགྱུར་མེད་པ་དང་༔ མཐའ་དབུས་སུ་བསྡུས་པ་དང་༔ བྱས་པ་ཐམས་ཅད་ཆུད་མ་གསན་པར་སྣང་བ་ཉིད་རང་གི་རང་དེངས་པའོ༔ རང་དེངས་ཆེན་པོའི་སྣང་བ་ལ༔ ཅི་ཡང་
ཡོད་པ་མ་ཡིན་ཏེ༔ ཅིར་ཡང་སྣང་བའི་ཚུལ་དུ་འབྱུང་༔ འབྱུང་པ་ཉིད་ལས་རྒྱུ་མེད་པས༔ རང་ཡུལ་རང་གི་རྐྱེན་གྱིས་དག༔ དག་པ་མེད་ཅིང་འགྲོ་བ་མེད༔ དང་པོ་འོངས་པའི་ཁུངས་མེད་པས༔ ཐ་མ་སོང་བའི་རྗེས་མི་ཆོད༔ ནམ་མཁའ་གཅིག་ལ་གཅིག་ཐིམ་བཞིན༔ སྔ་ཕྱི་མེད་པར་གཉིས་མེད་འདྲེས༔ དུས་གསུམ་མཉམ་པ་ཉིད་དུ་འོང་༔ འདི་ལ་ཚིག་གིས་གཟུང་དུ་མེད༔ ཚིག་གིས་ཕྱོགས་ཙམ་མཚོན་མི་ནུས༔ དེའི་ཕྱིར་ཤེས་མིན་ཀློང་གཅིག་པ༔ ཐ་དད་རྣམས་སུ་ཕྱེ་བ་མེད༔ འདི་ཞེས་ཉམས་སུ་མྱོང་དང་བྲལ༔ ལྐུགས་པ་ཡི་ནི་རྨི་ལམ་དང་༔ སྤྲིན་མེད་མཁའ་ལ་ཉི་ཤར་དང་༔ མཁའ་ལ་འཇའ་ཚོན་རང་ཡལ་བཞིན༔ གཞིས་མཚོན་དངོས་གཞི་རྣམས་དང་བྲལ༔ འདི་ཞེས་མཚོན་པ་ཀུན་ལས་འདས༔ བརྗོད་ཅིང་སྒྲ་ཚིག་རྣམས་དང་བྲལ༔ གྲུབ་མེད་རིག་གསལ་སྟོང་པར་བཞུགས༔ ཡི་གེ་མ་རུའི་ཡང་འབྱེད་སྦས་པའི་ལྡེ་མིག་གསལ་བ་ཆེན་པོ་རྫོགས་སོ༔ བྱེ་མ་ལས་སྒྲ་རང་འགྱུར་དུ་བསྒྱུར་བ༔ རྒྱའི་དཔེ་ལས་བོད་ཀྱི་ཡི་གེར་བསྒྱུར་ནས༔ མཆིམས་ཕུ་བྲག་མར་དགེ་གོང་དུ་སྦས་པ་ལགས་སོ༔ འདི་ལ་འདྲ་མིན་གཉིས་བརྟག་གོ༔ རྒྱ་རྒྱ་རྒྱ༔ དཔལ་ལྡན་མགོན་པོ་ནག་པོ་ཆོས་སྐྱོང་སྲུང་མ་ཁྱོད༔ བཀའ་འདི་གཏད་དོ་ཁྱོད་ཀྱིས་ཐུབ་པར་སྲུངས༔ སྨུག་ནག་ཨེ་ཀ་སྔགས་ཀྱི་སྲུང་མས་ཀྱང་༔ འདི་ཉིད་གང་དགར་ཤོར་ར་རེ༔ ཨི་ཏི༔ དམ་པ་རང་སྣང་འདི་ཉིད་རྫོགས་ལ་གུས་པས་འདུད༔ བདག་འདྲ་བྱེ་མ་མུ་ཏྲ་རྒྱལ་རིགས་སྔོན་དུ་སྦྱངས་པའི་ཤེས་རབ་རྒྱ་ཆེ་ཡང་༔ གསང་བ་སྙིང་གི་མན་ངག་འདི་མེད་ན༔ ཚེ་འདི་
སྟོང་ཟད་སླར་ལོག་ཡོང་རེ་བྱས༔ འདི་ནི་གསང་བའི་སྙིང་གི་ཏི་ཀ་བས༔ གཞན་གྱིས་དཔྱད་ཅིང་བསྟན་པའི་གནས་མེད་དེ༔ ཡང་མཛོད་དམར་པོའི་ནང་དུ་རྒྱས་བཏབ་ལ༔ ལུང་དང་མི་ལྡན་རྣམས་ཀྱིས་ཐོས་ས་རུ༔ རླུང་གི་ཕྱོགས་ཙམ་དུ་ཡང་བསྒྲག་པ་མིན༔ སྙིང་པོ་བྱང་ཆུབ་བར་དུ་ཁར་མི་དབྱུང་༔ ཤིན་ཏུ་དཀོན་པའི་སྙིང་རྒྱུད་བཅུ་བདུན་ལས༔ གསང་བའི་མན་ངག་ཡང་སྙིང་བཅུད་བསྡུས་ནས༔ གབ་པའི་སྙིང་དུ་ཡེ་གེ་མ་རུ་ནི༔ ཤིན་ཏུ་ཟབ་པའི་རྩ་ཏིག་སྙིང་གི་ཡང་༔ མན་ངག་སྙིང་པོ་གསང་བ་ཆེན་པོ་ཡི༔ དོན་གྱི་ཡི་གེ་སྙིང་གབ་མངོན་འབྱིན་པའི༔ སྙིང་གི་གནད་མཆོག་ཡི་གེ་མ་རུ་ལ༔ འགྱུར་མེད་སྙིང་དུ་དམིགས་གཏད་རིན་པོ་ཆེ༔ ཡང་འབྱེད་དོན་སྙིང་ངོ་བོ་ཉིད་ཀྱི་དེབས༔ ཡང་ཏིག་སྙིང་དུ་ཕབ་པའི་མདོ་བྱང་བསྡུས་པ་དང་། ཡང་སྙིང་སྦས་པའི་རྒྱབ་ཡིག་ཊི་ཀ་འདིས༔ འདི་བཞིས་སྙིང་ཏིག་གསལ་བྱེད་འགྱུར་བ་མེད་པར་བྱས༔ འདི་ལྟར་སྙིང་ཏིག་མ་བུ་ལྔ་ཡིས་ནི༔ རྣལ་འབྱོར་ཀུན་གྱི་སྙིང་གི་གནད་དུ་ཡང་༔ གསང་བ་སྙིང་ལ་ཕབ་པ་འདིས་འགྲོལ་ལོ༔ ཡང་སྙིང་གསང་བ་འདི་ལ་སྒྲོན་མ་ནི༔ རྣམ་པ་འདི་བཞིས་སྙིང་དུ་གཏན་ལ་ཕབ༔ འདི་ལྟར་སྙིང་གི་དོན་དུ་བཀོད་པ་འོ༔ གསང་བའི་ཡི་གེ་མ་རུ་ལ་སོགས་པོ་ཏི་གསུམ༔ རྒྱ་ཡི་དཔེ་ལས་བོད་ཀྱི་ཡི་གེར་ནི༔ བདག་གི་ཁོང་གི་སྙིང་ཏིག་ཕྱུང་ནས་ནི༔ ཕྱི་རབས་དོན་དུ་རྒྱ་ཡིས་བཏབ་ནས་ནི༔ བསྟན་པའི་བཙས་སུ་བཞག་པ་འདི་ཡིན་ནོ༔ འདི་ནས་བྱང་ན་ཕ་བོང་སྟག་འདྲ་ན༔ ཡི་གེ་ཨ་ཡིས་རྒྱས་བཏབ་ལྕགས་ཀྱིས་ལྟེམས་ནས་ནི༔ ཐིག་ལེ་སྐོར་གྱི་གསང་བའི་ཡི་གེ་
རྣམས༔ ཐོག་མའི་རྒྱ་ཡི་དཔེ་རྣམས་འདི་ན་ཡོད༔ ནམ་ཞིག་འདི་ཡང་བོད་ལ་སྣང་བར་འགྱུར༔ བདག་ནི་སླར་ལོག་རྒྱ་གར་ཡུལ་དུ་ནི༔ གཟུགས་ཕུང་འདི་དང་བཅས་ནས་མི་འགྲོ་སྟེ༔ རྒྱ་ནག་རི་བོའི་རྩེ་ལ་འཇིག་རྟེན་མ་ཞིག་བར༔ སྒྱུ་མའི་ཕུང་པོ་སྣང་བའི་ཆ་བཟུང་སྟེ༔ སྲིད་པ་མ་ཞིག་བར་ལ་འདིར་མཆི་འོ༔ དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོ་ལ༔ བཀའ་འདི་གཏད་དོ་སྲུངས་ཤིག་ས་མ་ཡ༔ སྨུག་ནག་ཁྲོས་པའི་རྒྱལ་མོས་འདི་སྲུངས་ཤིག༔ ནམ་ཞིག་བཀའ་འདི་དབྱུང་བའི་དུས་བྱུང་ན༔ སྐལ་ལྡན་སྙིང་གི་བུ་དང་ཕྲད་པར་ཤོག༔ ལྕེ་བཙུན་གྱིས་མཆིམས་ཕུ་ནས་ཕྱུང་ནས་སྦས་པའོ༔ ས་མ་ཡ༔ ན་རག་ཀན༔ ༔
གསང་བ་བླ་མེད་སྒྲོན་མ་དགུ་སྐོར་གྱི་གདམས་པ།
༼ཕྲ་ཡིག༽གསང་བ་བླ་མེད་སྒྲོན་མ་དགུ་སྐོར་གྱི་གདམས་པ་ཡིན་ནོ༔ ས་མཱ་ཡ་རྒྱ་རྒྱ་རྒྱ༔
དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལ༔ སྐུ་གསུམ་བསྡུས་པའི་སྒྲོན་མ་འདི་ལ་དོན་བཅུས་བསྟན་ཏེ༔ སྐུ་གསུམ་གྱི་ངོ་བོ་དང་༔ ངེས་ཚིག་དང་༔ དབྱེ་བ་དང་༔ སྐུ་གསུམ་གྱི་མཚན་ཉིད་དང་༔ སྐུ་གསུམ་དུ་འཇོག་པའི་འཐད་པ་དང་༔ སྐུ་གསུམ་དང་ངོ་བོ་ཇི་ལྟར་སྤྱད་པ་དང་༔ སྐུ་གསུམ་པོ་དེ་གང་ཟག་གང་གིས་ཇི་ལྟར་ལམ་དུ་འཁྱེར་བ་དང་༔ སྐུ་གསུམ་རྣལ་འབྱོར་ལམ་པ་རྣམས་ལ་ཇི་ལྟར་སྣང་བ་དང་༔ སྐུ་གསུམ་ཇི་ལྟར་ཡིན་ཚུལ་དང་༔ མཐར་ཐུག་འབྲས་བུའི་དུས་སུ་ཇི་ལྟར་འགྱུར་བ་དང་༔ སྐུ་གསུམ་ལམ་དུ་བྱ་སྟེ་མཐར་ཕྱིན་པའི་དུས་སུ་སེམས་ཅན་གྱི་དོན་མཛད་པའི་ཚུལ་དང་བཅུའོ༔ དེ་ཡང་སྐུ་གསུམ་གྱི་ངོ་བོ་ནི༔ ཆོས་སྐུའི་ངོ་བོ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞིའམ་འབྱུང་ཁུངས་སུ་བཞུགས་སོ༔ ལོངས་སྐུའི་ངོ་བོ་ནི༔ ཡེ་ཤེས་ཐམས་ཅད་ཀྱི་རྒྱན་ནམ༔ རྩལ་ལམ༔ རོལ་པར་བཞུགས་སོ༔ སྤྲུལ་སྐུའི་ངོ་བོ་ནི༔ འགྲོ་བ་ཐམས་ཅད་ཀྱི་གཙོ་བོར་
བཞུགས་སོ༔ སྐུ་གསུམ་གྱི་ངེས་ཚིག་ནི༔ ཆོས་སྤྱི་དང་རང་གི་མཚན་ཉིད་དུ་བྱེད་པ༔ ཀྱི་ནི་དེ་དང་འབྲེལ་བ་ཡིན་ནོ༔ སྐུ་ནི་རིན་པོ་ཆེ་གསང་བའི་སྦུབས་ཀྱི་སྐུ་ཞེས་བྱའོ༔ ཆོས་སྐུའི་ངེས་ཚིག་ནི༔ ཐམས་ཅད་སྟོང་པའི་རང་བཞིན་ནོ༔ ལོངས་སྐུའི་ངེས་ཚིག་ནི༔ ལོངས་སྐུའི་ཡེ་ཤེས་ལྔ་ལ་སྤྱོད་ལ༔ རྫོགས་པ་ནི་མཚན་དང་དཔེ་བྱད་རྫོགས༔ སྐུ་ནི་ཡེ་ཤེས་སྒྱུ་མའི་སྐུའོ༔ སྤྲུལ་སྐུའི་ངེས་ཚིག་ནི༔ སྐྱེ་བ་རྣམ་བཞིར་གཟུགས་མི་འདྲ་བ་ཐ་དད་པ་སྟེ༔ རིགས་དྲུག་གང་ལ་གང་འདུལ་དུ་སྤྲུལ་ནས༔ སྐུ་ནི་རྣམ་རྟོག་བག་ཆགས་ཀྱི་སྐུའོ༔ སྐུ་གསུམ་གྱི་དབྱེ་བ་ནི་དོན་བདུན་གྱིས་བསྟན་ཏེ༔ སྐུ་གསུམ་གྱི་གནས་དང་༔ སྐུ་གསུམ་གྱི་སྐུ་དང་༔ སྐུ་གསུམ་གྱི་གསུང་དང་༔ སྐུ་གསུམ་གྱི་ཐུགས་དང་༔ སྐུ་གསུམ་གྱི་འཁོར་དང་༔ སྐུ་གསུམ་གྱི་སྣང་བ་བསྟན་པ་དང་༔ སྐུ་ཞེས་བྱ་ལུས་ཞེས་བྱ་བ་འདི་དག་བདག་གིས་མཐར་ཐུག་ཏུ་བཤད་པ་ཡོད་དེ། དེ་ལྟར་ནི་མ་ཡིན་ནོ་སྐུ་གསུམ་གྱི་གདུལ་བྱ་བསྟན་
པའོ༔ དེ་ཡང་སྐུ་གསུམ་གྱི་གནས་ནི༔ ཆོས་སྐུའི་གནས་ནི་ངེས་པ་མེད་གནས་པ་མེད་ན་ཆོས་ཀྱི་དབྱིངས་སོ༔ ལོངས་སྐུའི་གནས་ནི༔ རྣམ་པར་གཏད་པ་ལ་ངེས་པ་ལྔ་ཡོད། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སོ༔ སྤྲུལ་སྐུའི་གནས་ནི་བྱ་རྒོད་ཕུང་པོའི་རི་ལ་སོགས་པའོ༔ སྐུ་གསུམ་གྱི་ངོ་བོ་ནི༔ ཆོས་སྐུའི་ཆོས་སྐུ་ནི་དཔལ་ཀུན་ཏུ་བཟང་པོའོ༔ ཆོས་སྐུའི་ལོངས་སྐུ་ནི་དཔལ་རྡོ་རྗེ་འཆང་༔ ཆོས་སྐུའི་སྤྲུལ་སྐུ་རྡོ་རྗེ་སེམས་དཔའོ༔ ལོངས་སྐུའི་ཆོས་སྐུ་ནིསྐུ་སྟོད་ལ་སངས་རྒྱས་ཀྱི་ཞིང་ཁམས་དུ་མ་གནས་རྣམ་པར་སྣང་མཛད་ཞབས་ཀྱི་སྐྱིལ་ཀྲུང་ལ་སངས་རྒྱས་ཀྱི་ཞིང་ཁམས་བཅུ་དྲུག་གནས་སོ། །དབུའི་ཐོར་ཚུགས་དང་མཉམ་པར་བཞག་པའི་སྟེང་ན་སངས་རྒྱས་ཀྱི་ཞིང་ཁམས་ཉི་ཤུ་རྩ་བརྒྱད་རྒྱ་ཐབས་བརྩེགས་པ་ལྟར་གནས་པ་ཕན་ཚུན་ཟ་འོག་གི་གུར་ཁྱིམ་ཕུབ་པ་ལྟ་བུ་རེ་རེ་ན་སྟོན་པ་ལྔ་ལྔ་ལ་སོགས་པ་ཁྱད་པར་དུ་གནས་སོ། །གང་ཆེན་མཚོའོ༔ ལོངས་སྐུའི་ལོངས་སྐུ་ནི༔ རིགས་ལྔའི་སངས་རྒྱས༔ ལོངས་སྐུའི་སྤྲུལ་སྐུ་ནི༔ ཕྱག་ན་རྡོ་རྗེ་ཡང་ན་འོད་དཔག་མེད་དོ། །སྤྲུལ་སྐུའི་ཆོས་སྐུ་ནི༔ རྡོ་རྗེ་སེམས་དཔའ༔ སྤྲུལ་སྐུའི་ལོངས་སྐུ་ནི༔ རིགས་གསུམ་མགོན་པོ༔ སྤྲུལ་སྐུའི་སྤྲུལ་སྐུ་ནི༔ ཐུབ་པ་དྲུག་གོ༔ སྐུ་གསུམ་གྱི་གསུང་ནི༔ ཆོས་སྐུའི་གསུང་གསུམ་ནི༔ ཨ་ཏི་ཡོ་ག་དང༔ ཨ་ནུ་དང༔ མ་ཧཱ་ཡོ་ག་དང་གསུམ་མོ༔ ལོངས་སྐུའི་གསུང་གསུམ་ནི༔ ཀྲི་ཡ་དང༔ ཨུ་པ་ཡ་དང༔ ཡོ་ག་དང་གསུམ་མོ༔ སྤྲུལ་སྐུའི་གསུང་གསུམ་ནི༔ འདུལ་བ་དང༔ མདོ་སྡེ་དང༔ མངོན་པ་དང་གསུམ་མོ༔ སྐུ་གསུམ་གྱི་ཐུགས་གསུམ་ནི༔ ཆོས་སྐུའི་ཐུགས་ནི༔ མ་སྤངས་ཡོངས་རྫོགས་སྐྱེ་མེད་སྤྲོས་བྲལ་ལོ༔ ལོངས་སྐུའི་ཐུགས་ནི༔ རང་བཞིན་མི་འཛིན་སྣ་ཚོགས་སུ་སྣང་བ་་གསལ་ལ་རྟོག་པ་མེད༔ མི་གཉིས་པ་གསལ་ལ་རྟོག་མེད་གསལ་ལ་འཛིན་པ་མེད་པའོ༔ སྤྲུལ་སྐུའི་ཐུགས་ནི༔ ཐུགས་རྗེས་ཀུན་ལ་ཕྱོགས་མེད་དུ་ཁྱབ་པའོ༔ ཡང་ན་ཆོས་སྐུའི་ཐུགས་ནི༔ ཕྱིའི་གཞི་ལ་དྲི་མ་མེད་པའི་ཏིང་ངེ་འཛིན་དང་༔ སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང་༔ དཔའ་བར་འགྲོ་
བ་དང་༔ ཡིད་བཞིན་ནོར་བུ་གློག་གི་དང་༔ རྒྱལ་མཚན་ནང་གི་བཞི་རྩེ་མོ་རྣམ་པར་རོལ་བ་དང་༔ གློག་གི་ཕྲེང་བ་དང་༔ འཁོར་ལོ་ཆེན་པོ་དང་༔ འོད་འབར་པའི་ཏིང་ངེ་འཛིན་ནོ༔ ལོངསས་སྐུའི་ཐུགས་ནི༔ ཕྱག་རྒྱ་གསང་བའི་བཞི་ཟིལ་གྱི་གནོན་པའི་དང་༔ འབར་ཆེན་མཉམ་པའི་དང་༔ ཆོས་ཉིད་སྣ་ཚོགས་པའི་དང་༔ རྣམ་པར་བཀོད་པ་དང༔ མཁྱེན་པ་ལོངས་ཡེ་ཤེས་རྣམ་དག་ས་མ་ཏི་སྐུ་རྫོགས་པའི་དང་༔ ཆོས་ཉིད་མངོན་སྣང་དང༔ ཟག་པ་ཟད་པའི་དང་༔ ཡེ་ཤེས་ལྔ་དང་གསལ་སྟོང་། སྣང་སྟོང་། རིག་སྟོང་ཡུལ་སེམས་དབྱེར་མེད་དོ། །དབྱེར་མེད་པའི་རྣམ་པ་བཞིར་བཞུགས་སོ༔ སྤྲུལ་སྐུའི་ཐུགས་ནི༔ ཏིང་ངེ་འཛིན་དང་༔ སྒོམ་པ་དང་༔ བསམ་གཏན་གསུམ་གང་མོས་སུ་འབྱུང་བའོ༔ སྐུ་གསུམ་གྱི་འཁོར་ལ༔ རྣམ་རོལ་རྫོགས་པར་མཛད། ཆོས་སྐུའི་འཁོར་ནི༔ ཆོས་སྐུའི་རིགས་ལྔའི་སངས་རྒྱས་ལ་སོགས་པ༔ རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་དང་༔ དཔག་ཏུ་རྣམ་སྣང་གང་ཆེན་མཚོ་ལ་རིགས་ལྔའི་སངས་རྒྱས་དཔག་ཏུ་མེད་པས་བསྐོར་བའི་འཁོར་དེ་རྣམས་སོ། །མེད་པ་རྣམས་སོ༔ ལོངས་སྐུའི་འཁོར་ནི་རིགས་ལྔ་དང་ས་བཅུའི་བྱང་ཆུབ་སེམས་དཔའ་གྲངས་མེད་པའོ༔ སྤྲུལ་སྐུའི་འཁོར་ནི༔ བྱང་ཆུབ་སེམས་དཔའ་དང་༔ འཁོར་སྡེ་བཞི་དང་༔ ལྷ་མ་སྲིན་སྡེ་བརྒྱད་དོ༔ སྐུ་གསུམ་གྱི་སྣང་བ་བསྟན་པ་ནི༔ ཆོས་སྐུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་༔ གང་ཟག་ཡང་རབ་ལ་སོགས་པ་རྟོགས་ལྡན་ལ་སྣང༔ ལོངས་སྐུ་ས་བཅུའི་བྱང་ཆུབ་བློ་ཆེ་བ་ཤེས་རབ་ཆེ་བ་བྱང་ཆུབ་ཆེ་བའོ། །སེམས་དཔའ་ལ་སོགས་ལ་སྣང་༔ སྤྲུལ་སྐུ་ནི༔ སེམས་ཅན་ལས་དག་པ་ལ་སྣང་ངོ་༔ ཆོས་སྐུའི་ཞིང་ཁམས་འདུལ་བྱ་ནི༔ ཞིང་ཁམས་འཇིག་རྟེན་གྱི་ཁམས་རྒྱ་ཡོངས་སུ་མ་ཆད་པ༔ རྒྱུ་བཀོད་པ་ནམ་མཁས་གར་ཁྱབ་པའི་ཆོས་སྐུའི་གདུལ་བྱའི་ཞིང་ཁམས་ཀྱིས་ཁྱབ་བོ༔ ལོངས་
སྐུའི་ཞིང་ཁམས་གདུལ་བྱ་ནི༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་མེ་ཏོག་གི་སྙིང་པོས་བརྒྱན་པའི་ཞིང་ཁམས་རྣམས་སོ༔ སྤྲུལ་སྐུའི་གདུལ་བྱའི་ཞིང་ཁམས་ནི༔ སྟོང་གསུམ་གྱི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱ་ན་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད་ཅིང་འགྲོ་བ་གང་ལ་གང་འདུལ་དུ་སྤྲུལ་ནས་དོན་བྱེད་པའོ༔ དེས་སྐུ་གསུམ་གྱི་དབྱེ་བ་ལ་བདུན་དུ་བསྟན་ནས༔ སྐུ་གསུམ་རང་གི་མཚན་ཉིད་དང་༔ གང་ཟག་ལམ་པ་དང་སྦྱར་བའི་མཚན་ཉིད་དོ༔ སྐུ་གསུམ་རང་གི་མཚན་ཉིད་ནི༔ ཆོས་སྐུའི་མཚན་ཉིད་ནི༔ སྤྲོས་པའི་མཐའ་དང་བྲལ་ཞིང་སྐྱེ་བ་མེད་དོ༔ ལོངས་སྐུའི་མཚན་ཉིད་ནི༔ སྣང་ལ་རང་བཞིན་མེད་པ་དང་༔ འགག་པ་མེད་པའོ༔ སྤྲུལ་སྐུའི་མཚན་ཉིད་ནི༔ སྣ་ཚོགས་མ་ངེས་ཤེས་རབ་ཕྱིན་ཅི་མ་ལོག་ཅིང་ཅིར་ཡང་སྟོན་ལ་གནས་པ་མེད་པའོ༔ ཡང་ན་ཆོས་སྐུའི་མཚན་ཉིད་ནི༔ འཁྲུལ་རྟོག་མི་མངའ་བ་ཡིན༔ ལོངས་སྐུའི་མཚན་ཉིད་ནི༔ གསལ་སྟོང་དབྱེར་མེད་པ་ཡིན༔ སྤྲུལ་སྐུའི་མཚན་ཉིད་ནི༔ མཁྱེན་པ་མ་འགགས་པར་སྤྲུལ་པའོ༔ གང་ཟག་ལམ་པ་དང་སྦྱར་བའི་མཚན་ཉིད་ནི༔ ཆོས་སྐུའི་མཚན་ཉིད་རང་གིས་རྒྱུད་ལ་སྐྱེ་བ་ཡིན་གྲུབ་པའི་མཐའ་ཞིག་པ་ཡིན༔ ལོངས་སྐུའི་མཚན་ཉིད་ནི༔ ཆོས་ཐམས་ཅད་ལ་བཟོད་པ་ཐོབ་པ་ཡིན༔ སྤྲུལ་སྐུའི་དགེ་བའི་ཆོས་ལ་མཚན་ཉིད་ནི༔ རྒྱུད་ལ་མ་སྐྱེས་པའི་ཚིག་ཐམས་ཅད་ལ་སྒྲོ་འདོགས་དང་སྤྲོས་པའི་མཐའ་ཆོད་པ་ཡིན་ནོ༔ སྐུ་གསུམ་དུ་འཇོག་པའི་འཐད་པ་ནི༔ ཆོས་སྐུ་མེད་ན་ཆོས་དང་ཆོས་མ་ཡིན་པའི་མཐའ་མི་ཕྱེད༔ ལོངས་སྐུ་མེད་ན་ཡེ་ཤེས་ལྔ་རང་གི་མཚན་ཉིད་མི་ཤེས༔ སྤྲུལ་སྐུ་མེད་ན་གཞན་དོན་མཐར་མི་ཕྱིན་ནོ༔ དེས་ན་ཆོས་ཉིད་ལས་གྲུབ་པས་ཆོས་གསེར་ལས་གྲུབ་པས་གསེར་སྐུ་ཟེར་བའི་དོན་
སྐུར་འཐད་དེ༔ དཔེར་ན་རྒྱལ་རིགས་ལ་སོགས་པ་མིའམ་སོ་སོའི་རིགས་མ་འཚོལ་ན་ལས་གྲུབ་པ་དང་འདྲའོ༔ ཡེ་ཤེས་ལྔ་ལ་ལོངས་སྤྱོད་རྫོགས་པའི་སྐུར་འཐད་དེ༔ དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་ཞིང་ལོངས་སྤྱོད་པ་དང་འདྲའོ༔ འགྲོ་བ་གང་ལ་གང་འདུལ་དུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པས་སྤྲུལ་པའི་སྐུར་འཐད་དེ༔ དཔེར་ན་སྒྱུ་མ་མཁན་གྱི་སྐྱེ་བོ་རྣམས་ལ་རྟ་དང་གླང་པོ་ལ་སོགས་པ་ཡིད་ལ་གང་འདོད་པ་སྤྲུལ་ནས་སྟོན་པ་ལྟ་བུའོ༔ དེ་ལྟར་ན་ཆོས་ཉིད་ལས་ཡེ་ཤེས་རྒྱུན་མ་ཆད་པ་ལས་མ་གྲུབ་པས་ན་ཆོས་སྐུའོ༔ དེ་ཐུགས་རྗེའི་འཆར་གཞིའོ་མཁྱེན་པའི་ཡེ་ཤེས་ཀྱི་ཆ་མ་འགགས་པས་ན་ལོངས་སྤྱོད་རྫོགས༔ སྤྲུལ་སྐུ་དེའི་མཛད་པའི་འཕྲིན་ལས་ཀྱི་ཆ་མ་འགགས་པར་སྤྱོད་པས་ན༔ སྤྲུལ་པའི་སྐུར་སྤྲུལ་ནས་དོན་བྱེད་ཅིང་གཞན་དོན་རྫོགས་པར་བྱེད་པས་ན༔ སྐུ་གསུམ་གྱི་ཐ་མ་སྤྲུལ་པའི་སྐུར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པའོ༔ ༔སྐུ་གསུམ་དང་ངོ་ཇི་ལྟར་སྤྲད་པའི་ཐབས་ནི༔ སེམས་དང་ཆོས་སྐུ་ངོ་སྤྲོད་ཀྱི་གདམས་ངག་གིས་གཞི་གནས་ཆེན་པོར་གཏན་ལ་ཕབ་སྟེ་འཁོར་འདས་གཉིས་གཅིག་ཏུ་བསྲེས་ཏེ༔ ཐིག་ལེ་ཉག་ཅིག་ཏུ་མྱ་ངན་ལས་འདའ་བར་བྱེད་པའོ༔ ༔ལོངས་སྐུའི་ངོ་སྤྲོད་ཀྱི་གདམས་ངག་གིས༔ ཆོས་ཐམས་ཅད་འོད་གསལ་ཆེན་པོར་གཏན་ལ་ཕབ་སྟེ༔ སྐྱེ་བ་གཉིས་སྣང་སྟོང་གཉིས་གཅིག་ཏུ་འདྲེས་ཀྱི་བར་དུ་སངས་རྒྱས་པར་བསྟན་པའོ༔ སྤྲུལ་སྐུའི་ངོ་སྤྲོད་ཀྱི་གདམས་ངག་གིས༔ སྣང་བ་ཡེ་ཤེས་ལྔ་སྐྱེ་འགྲོའི་རྣམ་རྟོག་དང་འདི་གཏན་ལ་ཕབ་སྟེ༔ རང་སྣང་འཛིན་མེད་དུ་ཤེས་པས་འབྱུང་གཟུང་འཛིན་གཉིས་གཅིག་ཏུ་འདྲེས་པས་མི་གནོད་པར་བསྟན་པའོ༔ གཞི་གནས་ལུགས་གཞི་ལ་བཞག་པས༔ ཆོས་སྐུར་ངོ་ཤེས༔ ཐབས་ཐུན་མོང་མ་ཡིན་པ་ལ་འདྲིས་པར་བྱས་པས་
ལོངས་སྐུར་ངོ་ཤེས༔ ཤེས་པ་གཏད་མེད་དུ་ཉམས་སུ་བླངས་པས་སྤྲུལ་སྐུར་ངོ་སྤྲོད་པ་དང་ངོ་ཤེས་སོ༔ སྐུ་གསུམ་གང་ཟག་གང་གིས་ཇི་ལྟར་ལམ་དུ་འཁྱེར་བ་ལ་བཞི་སྟེ༔ ཐོས་བསམ་སྒོམ་གསུམ་གྱི་དུས་སུ་སྐུ་གསུམ་ལམ་དུ་འཁྱེར་བ་དང་༔ མི་རྟོག་པ་ཉམས་སུ་ལེན་པའི་དུས་སུ་སྐུ་གསུམ་ལམ་དུ་འཁྱེར་བ་དང་༔ ལྟ་སྒོམ་སྤྱོད་པའི་དུས་སུ་སྐུ་གསུམ་ལམ་དུ་འཁྱེར་བ་དང་༔ ལྷ་བསྐྱེད་རྫོགས་སྒོམ་པའི་དུས་སུ་ལམ་དུ་འཁྱེར་ལུགས་བསྟན་པ་དང་བཞིའོ༔ ༔དེ་ལ་རྣལ་འབྱོར་པས་ཐོག་མར་ཆོས་ལ་སྤྱོད་པའི་ཚེ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱིས་ཕྱི་ནང་གསང་བ་གསུམ་གྱི་སྒྲོ་འདོགས་བཅད་ནས༔ སྤྲོས་པ་ཆོད་པའི་ཚེ་སྤྲུལ་པའི་སྐུའོ༔ དེ་ནས་གང་ཟག་ཆོས་ལ་གནས་པའི་ཚེ༔ ཚིག་དང་དོན་གཉིས་ཀ་ལ་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པའི་སྐུའོ༔ ༔དེ་ནས་ཆོས་བོར་བའི་ཚེ༔ རང་སྣང་ཆོས་ཉིད་ལས་མ་འདས་པར་རང་རིག་པའི་ཡེ་ཤེས་དང་འདུ་འབྲལ་མེད་པས་ན་ཆོས་ཀྱི་སྐུའོ༔ མི་རྟོག་ཉམས་སུ་ལེན་པའི་ཚེ༔ རྣལ་འབྱོར་པས་མཉམ་པར་བཞག་པའི་དུས་སུ་དྲན་བསམ་གྱི་རྣམ་པར་རྟོག་པ་རྒྱུན་འགགས་ནས་གནས་པ་དེ་ཆོས་སྐུའོ༔ ༔དེ་ལ་འཛིན་པའི་རྣམ་པར་རྟོག་པ་མ་ཞུགས་པར་གསལ་ལ་འཛིན་མེད་དུ་གནས་པ་དེ་ལོངས་སྐུའོ༔ དེ་ནས་མཉམ་བཞག་ལས་ལངས་ནས་རྗེས་ཐོབ་ལ་རོལ་བ་སྣ་ཚོགས་པར་འཁྱེར་བས་ཏེ༔ དེའི་ངང་ལ་གནས་པ་ནི་སྤྲུལ་སྐུའོ༔ ལྟ་བ་གྲོང་ཁྱེར་རྒྱུན་གཅོད་ལྟ་སྒོམ་སྤྱོད་པའི་དུས་སུ་སྐུ་གསུམ་ལམ་དུ་འཁྱེར་བ་ནི༔ ལྟ་བ་ཆོས་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་དུ་རྟོགས་པས་ཆོས་སྐུའོ༔ སྒོམ་པ་ཉིན་མཚན་ཁ་སྦྱར་བའོ་སྒོམ་པས་ཉོན་མོངས་དང་རྟོག་པ་ཐམས་ཅད་རང་སར་གྲོལ་ཏེ༔ ཉམས་དང་དྲོད་དང་རྟགས་ཤུགས་འབྱུང་འགག་མེད་དུ་ཤར་བ་ནི་ལོངས་སྐུའོ༔ སྤྱོད་པའི་དུས་སུ་
འཇིག་རྟེན་པ་དང་ཆ་མཐུན་ཞེན་མེད་རོ་སྙོམས་ཀྱི་སྤྱོད་སྣང་བ་ལ་དབང་བསྒྱུར་བའོ་པས་སེམས་ཅན་གྱི་དོན་བྱེད་པ་དང་༔ བརྟུལ་ཞུགས་རླུང་འཛིན་གྱི་སྤྱོད་པས་བརྟུལ་ཞུགས་ལམ་དུ་སློང་བས་ཉམས་ལ་བོགས་འདོན་པ་དང་༔ ཉམས་ལ་བོགས་འདོན་བྱིང་རྒོད་ཤན་འབྱེད་ཀྱི་སྤྱོད་པས་བར་ཆོད་ཀྱི་བགེགས་ལ་སོགས་པ་སེལ་བ་ནི༔ སྤྲུལ་སྐུའི་ལམ་དུ་འཁྱེར་བའོ༔ ལྷ་བསྐྱེད་རྫོགས་བསྒོམ་པའི་དུས་སུ་ལམ་དུ་འཁྱེར་བ་ནི༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་སྟོང་པར་བསྒོམ་ལས་བྱུང་པའམ༔ ཐ་མ་ཡང་རྫོགས་པའི་རིམ་པས་ཆོས་ཐམས་ཅད་ལྷ་དང་གཞལ་ཡས་ཁང་སྟོང་པར་སྟོང་པ་ལ་ཐིམ་ནས་བསྒོམ་པ་ནི་ཆོས་ཀྱི་སྐུའོ༔ འབྱུང་བ་རིམ་བརྩེགས་བསྒོམ་པ་དང་གཞལ་ཡས་ཁང་བསྒོམ་པ་དང༔ གདན་ཁྲི་དང་ཆོ་ག་བསྒོམ་པ་གསུམ་གྱིས་ལྷར་བསྐྱེད་དེ༔ ཞི་བ་ཁྲོ་བོ་གང་མོས་སུ་བསྒོམ་ཞིང་སྐུ་མདོག་དང་ཕྱག་མཚན་རྒྱན་ཐམས་ཅད་རྫོགས་པར་བསྒོམས༔ སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་༔ ཡེ་ཤེས་ལྔས་དབང་བསྐུར་བ་དང་༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ༔ འོད་ཟེར་གྱི་སྤྲོ་བསྡུ་འགོད་པ་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ༔ དེ་ནས་སྙིང་པོའི་སྔགས་བསྙེན་པ་དང་ཉེ་པའི་བསྙེན་པ་དང་༔ སྒྲུབ་པ་དང་སྒྲུབ་པ་ཆེན་པོ་དང་༔ འཕྲིན་ལས་རྣམ་པ་བཞིས་གང་ལ་གང་འདུལ་བདག་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་པ་ནི༔ སྤྲུལ་པའི་སྐུས་ལམ་དུ་འཁྱེར་བའོ༔ སྐུ་གསུམ་རྣལ་འབྱོར་ལམ་པ་རྣམས་ལ་ཇི་ལྟར་སྣང་བ་ནི༔ དེ་ལྟར་ལམ་དུ་འཁྱེར་བས་ཕྱིའི་ཡུལ་འཛིན་མེད་དུ་ཤེས་སོ༔ རྟོག་མེད་དུ་ཤར་བ་ནི་སྤྲུལ་སྐུའི་སྣང་བ་ཤར་བའོ༔ སྣངལུགས་གང་ལ་བདེ་བ་ཆེན་པོ་རང་ལུགས་སུ་ཤར་བ་ནི་ལོངས་སྐུའི་སྣང་བ་ཤར་བའོ༔ སྣང་བ་སེམས་དང་ཆོས་སྐུར་འདྲེས་ནས་
རྣམ་པར་རྟོག་པ་རྒྱུན་ཆད་ནས་ནི་ཆོས་སྐུའི་སྣང་བ་ཤར་བའོ༔ མཐར་ཐུག་འབྲས་བུའི་དུས་སུ་སྐུ་གསུམ་པོ་ཇི་ལྟར་འགྱུར་བ་བསྟན་པ་ནི༔ སྣང་བ་ཐམས་ཅད་རང་སར་དག་སྟེ༔ ཆོས་ཉིད་ཟད་པའི་སྣང་བ་འཆར་བའི་ཚེ༔ ཆོས་སྐུ་མཁྱེན་པའི་ཡེ་ཤེས་འཆར་ཙམ་ཡང་ཐ་སྙད་དུ་གྲུབ་པ་མེད་དེ༔ གནས་ལུགས་མ་བཅོས་པའི་ངང་ཆེན་པོ་ཞེས་བྱའོ༔ ཉམས་སུ་མྱོང་བའི་མཐར་ཐུག་རང་རིག་ཡེ་ཤེས་ཚད་ལ་ཕེབས་ནས༔ ཉམས་གོང་ནས་གོང་དུ་འཕེལ་བ་མེད་པས་ལོངས་སྐུ་ཞེས་བྱ་ཐ་སྙད་དུ་ཡོན་ཏན་གྱི་འབྱུང་ལུང་མ་འགགས་གྲུབ་པ་མེད་དེ༔ རང་སྣང་རང་གསལ་གཞི་མ་འགགས་འཛིན་མེད་ཅེས་བྱའོ༔ ལུས་ངག་གི་བྱས་ཆོས་བྱ་མི་དགོས་པར་དུས་རྒྱུན་དུ་རིག་པ་མངོན་སུམ་གྱི་དོན་ལ་གནས་པས༔ ད་མན་ངག་དང་ཆོས་ཉིད་ཀྱི་ཞེན་པ་ལས་འདས་པས་སྤྲུལ་སྐུ་ཞེས་ངོ་བོ་ལ་གྲུབ་པ་སྐུ་གསུམ་ལམ་དུ་མཛད་ཚུལ་དང་སྐུ་ཡིན་ཚུལ་དང་དོན་བྱེད་པའོ་ཞེས་སེམས་ཅན་གྱི་དོན་ལ་འགགས་པ་མེད་དེ༔ ཅི་ཡང་མི་མཛད་པའི་ཐུགས་རྗེ་ཆེན་པོ་ཞེས་བྱའོ༔ འབྲས་བུ་མཐར་ཕྱིན་པའི་དུས་སུ་འགྲོ་བའི་དོན་མཛད་པའི་ཚུལ་བསྟན་པ་ནི༔ དེ་ཡང་སྐུ་ཞེས་བྱ་བ་མཛད་ཚུལ་གསུམ་ལམ་དུ་འཁྱེར་ཚུལ་ནི༔ ལུས་ལ་ཞེས་བཅུགས་པས༔ སྐུ་གང་ན་ཡོད་པ་ཕན་ཆད་ལུས་ཡིན་ཏེ༔ ལམ་ནི་ལུས་ལ་བརྟེན་ནས་སྦྱོང་དགོས་ཏེ༔ འབྲས་བུ་ནི་ལུས་སུ་གྲུབ་པ་མེད་དོ༔ དེ་ལྟར་ཡིན་ཀྱང་གལ་ཏེ་ལམ་མི་འདོད་པར་འབྲས་བུ་ཅིག་ཆར་དུ་འདོད་པ་ཡང་འཁྲུལ་པའི་སེམས་ཅན་རྣམས་ལ་ཡོད་དེ༔ འདི་ནི་བསོད་ནམས་ཅི་ཡང་བྱ་མི་དགོས་པར་གྲོལ་ཟིན་ཟེར་བ་ཡོད་མ་བྱས་པར་འབྲས་བུ་འདོད་པའམ༔ རྣམ་པར་དག་པའི་ལམ་ཆེན་པོ་ལམ་ལ་མ་བརྟེན་པར་འདོད་པ་དང་འདྲ་སྟེ་མི་སྲིད་དོ༔ དེ་ལྟར་མ་ཡིན་པར་གསང་སྔགས་པ་ནི་རྟོགས་དགོས་སྒྱུ་འཕྲུལ་ལས་འདི་ནི་གསང་ཆེན་ལམ་དུ་འབྲས་བུ་ཡིན་ཅེས་སོ་འབྲས་བུ་ལམ་དུ་ངེས་པར་བྱེད་ཅེས་པ་ནི༔ སྐུ་གསུམ་ལམ་དུ་བྱེད་པ་ལ་དགོངས་པ་གོང་
དུ་བསྟན་པས་ཡིན་ནོ༔ གལ་ཏེ་སྐུ་གསུམ་མ་ཡིན་པའི་ལམ་དུ་བྱ་རྒྱུ་ཞིག་བྱུང་ན་འགལ་ཏེ༔ སྐུ་གསུམ་གྱི་ལམ་དངོས་བཞག་ནས་དངོས་མ་ཡིན་པ་འཚོལ་བའི་གོལ་སར་འགྱུར་རོ༔ དེའི་ཕྱིར་ན་གསང་སྔགས་ཀྱི་རྒྱུད་དང་མན་ངག་ཐམས་ཅད་ནས་སྐུ་གསུམ་དང་ཡེ་ཤེས་ལྔ་འབྲས་བུ་ཡིན་པར་གསུངས་ན༔ འདིར་རྫོགས་ཆེན་འདིའི་གཞུང་གི་ལམ་དུ་བྱེད་པ་སྟེ༔ ལམ་དུ་བྱེད་ལུགས་ནི་གོང་དུ་བསྟན་ནོ༔ དེ་སྐུའི་ཡིན་ཚུལ་ཡང་ལུས་ཡོད་ཀྱང་སྐུར་མི་འགྲོ་བ་ནི༔ རང་གི་མི་དང་ཤ་ཁྲག་བྱོལ་སོང་འབྱུང་བ་ལྔ་སྨིན་པ་སོ་སོའི་ལུས་དང་༔ སྤྲུལ་སྐུ་ནི་ལྷ་ངེས་པ་མེད་པའི་སྐུ་སྟེ་རིག་བྱེད་འོད་ཀྱི་ལུས་དང་༔ བར་དོ་དྲན་གཅོད་ཡིད་ཀྱི་ལུས་དང་༔ ཡི་དྭགས་འདུ་ཤེས་མཉམ་བྱེད་ཀྱི་ལུས་དང་༔ དམྱལ་བ་འཁྲུལ་འཁོར་བསགས་པའི་ལུས་ཞེས་བྱའོ༔ སྐུ་ནི་རིགས་དྲུག་ཐ་དད་ཀྱི་ལུས་ལ་སོགས་པས་སྐུ་ཞེས་བྱ་སྟེ༔ འགྲོ་བ་རིགས་དྲུག་དང་མཐུན་པའི་ཕྱིར་ན༔ རྣམ་རྟོག་བག་ཆགས་ཀྱི་ལུས་ཡོད༔ ལོངས་སྐུ་ལ་ཡེ་ཤེས་སྒྱུ་མའི་ལུས་སྣང་ངོ་ལ་གྲུབ་པར་ཡོད༔ སེམས་ཅན་གྱི་དོན་བྱེད་ཚུལ་ཆོས་སྐུ་ལས་གཟུགས་སྐུ་གཉིས་སྤྲུལ་ནས་དོན་བྱེད་པའི་ཕྱིར་རིན་པོ་ཆེ་གསང་བའི་ལུས་ཡོད༔ དེ་ལྟར་སྐུ་གསུམ་པོ་དེ་ལམ་གྱི་སྣང་བ་ཡིན་པས༔ ཡེ་ཤེས་མཐར་ཐུག་འབྲས་བུའི་དུས་ན་སྐུ་གསུམ་མི་སྲིད་དོ༔ འོ་ན་དེ་ལྟར་སྐུ་གསུམ་མེད་ན་ཡེ་ཤེས་རྒྱུན་ཆད་པ་ལྟ་བུ་ཞིག་ཡིན་ནམ་ཞེ་ན༔ ཡེ་ཤེས་རྒྱུན་ཆད་པ་ཡང་མ་ཡིན་ཏེ༔ མཛད་པ་ཡུལ་ཅན་དུ་གྲུབ་པ་མེད་ཀྱང༔ རང་ཤུགས་འགགས་མེད་ཀྱི་ཐུགས་རྗེ་ནི་ཉི་མའི་འོད་འབྱུང་བ་ལྟར་སེམས་ཅན་རྣམས་ལ་ཐུགས་རྗེས་རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་འགགས་མེད་དུ་ཤར་བས་གཟིགས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པས་མ་འགགས་པར་འབྱུང་པས་ཏེ༔ དཔེར་ན་ནམ་
ཟླ་དྲོས་པས་ཤུགས་འབྱུང་དྲོད་ཐམས་ཅད་ཕེབས་ཏེ༔ ཆབ་རོམ་ལ་སོགས་པ་རང་བཞིན་ལྟེམ་གྱིས་འཁྱགས་པ་ཐམས་ཅད་ཞུ་བ་རྩི་ཤིང་ལོ་འདབ་སྨིན་པ་ལྟར་སེམས་ཅན་རྣམས་བདེ་བར་གཤེགས་པའི་རང་བཞིན་གྱི་བྱིན་རླབས་ཆེན་པོ་མཁྱེན་པའི་ཡེ་ཤེས་ཀྱི་འཆར་གཞི་མ་འགགས་པས་རང་ཤར་ཏེ༔ དེས་ན་འགྲོ་བ་ཀུན་གྱི་བདེ་སྐྱིད་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཡིན་པར་ཤེས་པར་བྱའོ༔ སྐུ་གསུམ་བསྡུས་པའི་སྒྲོན་མ་ཞེས་བྱ་བ༔ རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ༔ སྐལ་ལྡན་སྙིང་གི་བུ་དང་ཕྲད་པར་ཤོག༔ བཀའ་འཆལ་གྱི་དོགས་པས་རྒྱ་རྒྱ་རྒྱ༔ གཏེར་ནས་གཏེར་དུ་དམ་པར་བཙས་སོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ སེམས་ཉིད་བསྡུས་པའི་སྒྲོན་མ་ཞེས་བྱ་བ་འདི་ལ་དོན་བཅུས་བསྟན་ཏེ༔ ཀུན་གཞི་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་དང་༔ འདུ་ཤེས་མི་འཇུག་པ་བྱང་ཆུབ་སེམས་ཀྱི་ཡུལ་བསྟན་པ་དང་༔ བྱང་ཆུབ་སེམས་ཀྱི་རྣམས་ཤེས་མ་བཅོས་པ་ཚོགས་བརྒྱད་བསྟན་པ་དང་༔ བྱང་ཆུབ་སེམས་ཀྱི་བཞག་ཐབས་བསྟན་པ་དང་༔ བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་བསྟན་པ་དང་༔ བྱང་ཆུབ་སེམས་ཀྱི་རྩལ་མངོན་ཤེས་ལྔ་བསྟན་པ་དང་༔ གཟུང་འཛིན་གཉིས་བྱང་ཆུབ་སེམས་ཀྱི་ཡོན་ཏན་བསྟན་པ་དང་༔ བྱང་ཆུབ་སེམས་ཀྱི་སྐྱོན་བསྟན་པ་དང་༔ བྱང་ཆུབ་སེམས་ཀྱི་གོལ་ས་རྟག་ཆད་གཉིས་བསྟན་པ་དང་༔ བྱང་ཆུབ་སེམས་ཀྱི་འབྲས་བུ་སྐུ་ལྔ་བསྟན་པའོ༔ དེ་ལ་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་ནི༔ ཀུན་གཞིའི་རྣམ་པར་ཤེས་པ་དེ་ལ་ཀུན་གཞི་ཞེས་བྱའོ༔ ཆོས་ཀུན་གྱི་གཞིར་གྱུར་པས་ན་ཀུན་གཞི་ཞེས་བྱའོ༔ སེམས་ཅན་ཀུན་ལ་ཆོས་སྐུ་ཁྱབ་པར་གནས་པ་ལ་ཀུན་གཞིར་མིང་བཏགས༔ རྣམ་རྟོག་ཡེ་ཤེས་འདྲེས་པ་ལ་མཚན་མ་ཆོས་སྐུ་དང་མ་འདྲེས་པ་ལ་ཡང་ཀུན་གཞིར་མིང་བཏགས༔ ཆོས་སྐུ་དང་རྣམ་རྟོག་ལུང་དུ་མ་བསྟན་པ་
བག་ཆགས་འདྲེས་པ་ལ་ཀུན་གཞི་ཞེས་བྱའོ༔ དེ་ཡང་ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ༔ རྣམ་པར་བྱང་བའི་གཞི་མ་ཡིན༔ ཅེས་གསུངས་སོ༔ ཀུན་གཞིའི་རྣམ་པར་ཤེས་པ་དང་ཐ་དད་པས་སོ་ཡོད་པའི་ས་ན་ཆོས་ཡོད་དེ༔ ཆོས་སྐུ་དྲི་མ་མེད་པའི་ས་ན་ཀུན་གཞིའི་རྣམ་པར་ཤེས་པ་སངས་རྒྱས་དང་སེམས་ཅན་གྱི་མིང་ཡང་མེད་དོ༔ རྣམ་དག་དེས་ནི་དེ་བཞིན་གཤེགས་པ་ལ་མ་རིག་པ་སངས་པས་ཀུན་གཞིའི་རྣམ་ཤེས་གཞི་ལ་སངས་ཏེ་མིང་ཡང་མི་སྲིད་ཀུན་གཞིའི་བྱ་བ་དོ༔ དེ་བས་ན་ཀུན་གཞིི་ནི་བག་ཆགས་དང་བཅས་པའོ༔ ཀུན་གཞིའི་ཆོས་སྐུ་ནི་བག་ཆགས་དང་བྲལ་བ་རྣམ་དག་དང་འོ༔ སེམས་ཀྱི་རང་བཞིན་ནི་བག་ཆགས་དང་མ་བྲལ་བ་ལ་སེམས་ཞེས་བྱའོ༔ དེ་ཉིད་ཆོས་སྐུ་སྟོང་པར་རིག་པ་ལ་རིག་པ་ཞེས་བྱའོ༔ དེ་ཡང་སྟོང་གསལ་ཆེན་པོར་ངེས་ཤེས་སྐྱེས་ཏེ༔ དེའི་ངང་ལ་གནས་པ་ནི་ཡེ་ཤེས་ཞེས་བྱའོ༔ བྱིང་རྒོད་ལ་སོགས་པའི་སྐྱོན་དང་བྲལ་ནས་རྟོག་མེད་ལ་གནས་པ་ནི་ཆོས་སྐུ་རིག་པ་རྗེན་པ་ཞེས་བྱའོ༔ བྱང་ཆུབ་ལམ་པ་སེམས་ཀྱི་ཡུལ་བསྟན་པ་ནི༔ ནམ་མཁའ་སྟོང་པ་འདི་ཉིད་ཡིན་ཏེ༔ ནམ་མཁའི་གཞི་བདག་མེད་པ་དང་༔ ནམ་མཁའ་ནི་མཐའ་དང་དབུས་མེད་པ་དང་༔ ནམ་མཁའ་ཡངས་པ་རྒྱ་ཆེ་བ་དང་༔ ནམ་མཁའ་ལ་ཕྱོགས་དང་ཁ་དོག་དང་དབྱིབས་སུ་མ་གྲུབ་པ་དང་༔ ནམ་མཁའ་ནི་སངས་རྒྱས་དང་སེམས་ཅན་འཁོར་འདས་སུ་མ་གྲུབ་པ་དང་༔ ནམ་མཁའི་ཆོ་འཕྲུལ་ཅིར་ཡང་སྣང་བ་བཞིན་ནོ༔ བྱང་ཆུབ་སེམས་ནམ་མཁའ་ལ་གཏད་ཅིང་བསྒོམས་པས་ནམ་མཁའ་དང་ཤེས་པ་འདྲེས་པ་ལ་བྱང་ཆུབ་སེམས་དཔའ་དེ་རྟོག་མེད་དུ་བདག་ཏུ་འཛིན་པ་མི་འཇུག༔ སེམས་ལ་སེམས་ཀྱིས་བལྟས་པའི་ཚེ༔ མཐའ་དབུས་སུ་མ་གྲུབ༔ རྒྱ་ཆེ་བར་འདུག༔ ཡངས་པར་འདུག༔ ཕྱོགས་རིས་དང་བྲལ་བར་འདུག༔ ཁ་དོག་དང་དབྱིབས་སུ་མ་གྲུབ་པར་འདུག༔ འཁོར་འདས་གཉིས་སུ་མ་གྲུབ་པའི་སེམས་དེ་རང་
གསལ་རྟོག་པ་མེད་པའོ༔ དེ་ལྟ་བུའི་སེམས་ཉིད་ལས་འཁོར་འདས་ཀྱི་ཆོ་འཕྲུལ་ཅིར་ཡང་འབྱུང་བས་ཡོན་ཏན་ནོ༔ བྱང་ཆུབ་སེམས་ཀྱི་རྣམ་གྲངས་ནི༔ དེ་ལྟ་བུའི་རང་བྱུང་གི་ཡེ་ཤེས་མ་རྟོགས་པས་རྣམ་པར་ཤེས་པའི་ཚོགས་མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་དང་། སྣའི་དང་། ལྕེའི་དང་། ལུས་ཀྱི་དང་། ཡིད་ཀྱི་དང་། ཀུན་གཞི་དང་། ཉོན་མོངས་པའི་ཡིད་ཀྱི་རྣམ་ཤེས་རྣམས་སོ། །བརྒྱད་བྱུང་བའོ༔ བྱང་ཆུབ་སེམས་ཀྱི་བཞག་ཐབས་བསྟན་པ་ནི༔ དང་པོ་ལུས་ངག་དལ་བར་བརྟེན་ཏེ༔ སེམས་མ་བཅོས་པའི་ངང་དུ་ཅི་ལ་ཡང་འདུ་ཤེས་མ་ཞུགས་ཙམ་དུ་བསྒོམ་དུ་མེད་པར་བཞག་གོ༔ དེ་ཡང་ལུང་ལས༔ བརྗོད་པའི་ཐ་སྙད་ལས་འདས་བསྒོམ་དུ་མེད༔ བསྒོམས་པ་ཉིད་ནི་སྒོམ་པའི་རྟོག་པས་ཏེ༔ མ་བསམས་མི་སྒོམ་རང་རིག་ཉིད་ཀྱི་སྐུ༔ དེ་བཞིན་ཉིད་དུ་དེ་བཞིན་གྱིན་འདར་བཞག༔ བཞག་ཏུ་ུའང་བཞག་པ་མེད་པས་ན༔ བཞག་པ་མེད་པའི་བཞག་སར་བཞག་ལ་བཞག༔ བཞག་པའི་དངོས་པོ་རྡོ་རྗེ་སེམས་དཔའི་ཐུགས༔ འདི་ཞེས་བྱ་བ་སངས་རྒྱས་ཉིད་ཀྱིས་མེད༔ ཅེས་གསུངས་པས༔ ཅིར་ཡང་མི་དམིགས་ཅིར་ཡང་མི་རྟོག་པའི་ངང་ལ་ཁོང་སློད་ལ་གྱིན་འདའ་ཙམ་དུ་མ་ཡེངས་པར་བཞག་གོ༔ བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་ནི༔ དེ་བཞིན་ཉིད་རྣམས་ལ་མ་བཅོས་མ་བསླད་པ་མི་འགྱུར་བ་ཉིད་ཡིན་ནོ༔ དེ་ཡང་ལུང་ལས༔ མ་བཅོས་མ་བསླད་རྣམ་དག་ཆོས་ཀྱི་དབྱིངས༔ རྒྱལ་བ་རྒྱ་མཚོའི་ཐུགས་དང་ཡེ་ནས་མཉམ༔ རྒྱུ་ཉིད་འབྲས་བུ་ཡིན་ཕྱིར་བསྒྲུབ་ཏུ་མེད༔ འབྲས་བུ་གདོད་ནས་དག་པ་སངས་རྒྱས་ཡིན༔ ཞེས་དང་༔ སེམས་མ་བཅོས་པ་དེ་ཆོས་ཀྱི་སྐུ་ཡིན་ནོ༔ ཞེས་གསུངས་སོ༔ བྱང་ཆུབ་སེམས་ཀྱི་རྩལ་བསྟན་པ་ནི༔ མངོན་པར་ཤེས་པ་དྲུག་ཡིན་ཏེ༔ ལྷའི་མིག་གི་མངོན་པར་ཤེས་པ་དང་༔ ལྷའི་རྣ་བའི་མངོན་པར་ཤེས་པ་དང་། ཕ་རོལ་དུག་རྩིར་བསྒྱུར་བ་དང་སྐོམ་ལས་གཤེར་གསེར་ལས་བྱེ་མ་བྱེ་མ་ལས་གསེར་མེའི་ཕུང་པོ་ཞི་བ་ལ་
སོགས་པའོ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང་༔ འཆི་འཕོ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པ་དང་༔ ལྐོག་འབུག་ཤེས་པའི་མངོན་པར་ཤེས་པ་དང་༔ དབང་པོ་རྣམ་དག་གི་གནས་ཞིང་ཁམས་བརྒྱད་སྦྲུལ་ཞི་ཁྲོ་གང་ལ་གང་འདུལ་དུ་འཁོར་འདས་ཐམས་ཅད་སྔགས་ཀྱི་སྒྲ་ལྟ་བུར་ལྟ་བའི་ཆོས་སྟོན་པའི་ཡི་གེ། ཡི་གེ་སྣ་ཚོགས་སུ་མ་འདྲེས་པ་ལ་ཡོངས་སུ་རྫོགས་པ་གང་ལ་གང་འདུལ་དུ་ཆོས་བསྟན་ནོ་ཡིན་ནོ༔ ཡང་ན་རྫུ་འཕྲུལ་དང་རྗེས་སུ་སྟོན་པའི་ཆོ་འཕྲུལ་དང་༔ ཆོས་སྟོན་པའི་ཆོ་འཕྲུལ་དང་༔ ཡོངས་སུ་བསྟན་པའི་ཆོ་འཕྲུལ་འབྱུང་བ་ནི༔ སེམས་ཀྱི་རྩལ་ཡིན་ནོ༔ བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི༔ ཡེ་ཤེས་ལྔ་དང་སྐུ་ལྔར་འབྱུང་སྟེ༔ དེ་ཡང་ཕུང་པོ་ལྔ་དང་༔ ཉོན་མོངས་པ་ལྔ་དང་༔ འབྱུང་བ་ལྔ་དང་༔ ཡུལ་ལྔ་དང་༔ ཁ་དོག་ལྔ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་རྟོགས་པས༔ ཆོས་ཀྱི་དབྱིངས་ཐམས་ཅད་སྐྱེ་མེད་དུ་ཤེས་ཀྱི་ཡེ་ཤེས་དང་༔ ཐམས་ཅད་ཤེས་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་དང་༔ མཉམ་པ་ཐམས་ཅད་གཉིས་མེད་དུ་ཤེས་པ་ཉིད་ཀྱི་ཡེ་ཤེས་དང་༔ སོ་སོའི་རྟོག་པའི་ཆོས་ཉིད་དུ་ཤེས་པ་ཡེ་ཤེས་དང་༔ བྱ་བ་གྲུབ་པའི་དེ་ཉིད་རྩོལ་སྒྲུབ་དང་བྲལ་བར་ཤེས་པ་ཡེ་ཤེས་དང་༔ རྒྱལ་བ་ཉོན་མོངས་པ་ལྔ་རིགས་ལྔ་དང་༔ ཡེ་ཤེས་ལྔ་སྐུ་ལྔར་འཆར་བ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡེ་ཤེས་ལྔའི་ནི་སེམས་ཀྱི་ཡོན་ཏན་ནོ༔ བྱང་ཆུབ་སེམས་ཀྱིས་མ་རྟོགས་པའི་སྐྱོན་ནི༔ གཟུང་འཛིན་གཉིས་ཡིན་ཏེ༔ ནང་འཛིན་པ་དང་ངར་འཛིན་པའི་སེམས་ཀྱིས་གང་ཟག་ལ་བདག་ཏུ་བཟུང་བ་ནི༔ ཉོན་མོངས་པའི་སྒྲིབ་པ་འབྱུང་སྟེ་འཛིན་རྟོག་གོ༔ ཕྱི་བཟུང་བར་བྱ་བའི་ཡུལ་ལ་བདག་ཏུ་བཟུང་བ་ནི༔ ཤེས་བྱའི་སྒྲིབ་པ་འབྱུང་སྟེ་གཟུང་རྟོག་གོ༔ གཟུང་འཛིན་གཉིས་ཀྱིས་སྲིད་གསུམ་དུ་འཁྱམས་ཤིང་རིགས་དྲུག་ཏུ་འཁོར་རོ༔ བྱང་ཆུབ་སེམས་ཀྱི་གོལ་ས་ནི༔ རྟག་ཆད་གཉིས་ཡིན་ཏེ༔ དེ་ཡང་རྣམ་པར་
རྟོག་པ་རང་རྒྱུད་དུ་མཐོང་ཞིང་རྟོག་པ་རང་སར་འཇོག་ན་རྟག་པར་འཛིན་པས་སོ་སོའི་སྐྱེ་བོར་ལྟུང་༔ ཉན་ཐོས་ཉོན་མོངས་པ་སྤོང་བ་དང་༔ རང་རྒྱལ་འགོག་པ་དང་༔ བྱང་ཆུབ་སེམས་སྤྱོད་པ་དང་༔ བསྒྱུར་ན་གསང་སྔགས་པ་ཐེག་པ་དམན་པར་ལྟུང་༔ ཉོན་མོངས་པ་མཚན་མའི་དངོས་པོ་དང་༔ སེམས་ཉིད་སྒྱུ་མ་ཙམ་དུ་གསལ་བ་དང་༔ སྟོང་པ་དེ་ལ་ཞེན་པ་དང་བདེ་བ་ཙམ་དུ་ཡོད་པར་འདོད་ན་རྟག་པར་ལྟུང་༔ དེ་དག་ཐམས་ཅད་ཅི་ཡང་མེད་པར་འདོད་ན་ཆད་པར་ལྟུང་ངོ་༔ བྱང་ཆུབ་སེམས་ཀྱི་འབྲས་བུ་ནི༔ དེ་དག་ཐམས་ཅད་སྤང་བླང་ཡོད་མེད་རྟག་ཆད་ལས་འདས་པར་མེད་ཅིང་མཉམ་པ་ཉིད་དུ་ཤེས་པ་ལས་དུས་ཐམས་ཅད་དུ༔ བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཀྱི་དོན་ལ་མ་ཡེངས་པར་ཉམས་སུ་བླངས་པས་སྐུ་གསུམ་གྱི་འབྲས་བུ་ཐོབ་པའོ༔ སེམས་ཉིད་བསྡུས་པའི་སྒྲོན་མ་ཞེས་བྱ་བ༔ སློབ་དཔོན་བྱེ་མ་ལས་མཛད་པ་རྫོགས་སོ༔ ལས་ཅན་ཅིག་དང་ཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ ༔༄༅༔ ༔དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ སྟོང་ཉིད་བསྡུས་པའི་སྒྲོན་མ་འདི་ལ་དོན་བརྒྱད་ཀྱིས་བསྟན་ཏེ༔ སྟོང་པ་ཉིད་ཀྱི་ངེས་ཚིག་དང༔ དབྱེ་བ་བསྟན་པ་དང་༔ སྟོང་ལུགས་བསྟན་པ་དང་༔ དགོས་པ་བསྟན་པ་དང་༔ ལྡོག་བྱ་བསྟན་པ་དང་༔ སྟོང་པ་ཉིད་ཀྱི་མཚམས་བསྟན་པ་དང་༔ ཐེ་ཚོམ་གྱི་སྐྱོན་སྤངས་པ་དང་བརྒྱད་ཀྱིས་བསྟན་ནོ༔ དེ་ལ་དང་པོ་སྟོང་པ་ཉིད་ཀྱི་ངོ་བོ་བསྟན་པ་ནི༔ སྟོང་པ་ཉིད་ཀྱི་ངོ་བོར་ཡོད་མེད་རྟག་ཆད་གཉིས་ལ་སོགས་པའི་མཐར་མ་ལྷུང་ཞིང་ཕྱོགས་རིས་དང་༔ སྔ་ཕྱི་དང་དུས་གསུམ་བར་མཚམས་དང་༔ སྐྱེ་འགག་དང་༔ འཁོར་འདས་དང་༔ འཕེལ་འགྲིབ་དང་གང་ཡང་མེད་པའོ༔ སྟོང་པ་ཉིད་ཀྱི་ངེས་ཚིག་ནི༔ སྟོང་ནི་ཕན་གནོད་གང་ཡང་མ་གྲུབ་ལ༔ སྟོང་པ་ཉིད་པ་ནི་མི་འགྱུར་བ་ཡིན་ལ༔ ཉིད་ནི་དེ་ལས་མ་བཅོས་པར་བཞག་ན་
ཆོས་ཉིད་དེ་ཉིད་ཡིན་པས་སོ༔ སྟོང་པ་ཉིད་ཀྱི་དབྱེ་བ་ནི༔ གོལ་སར་ལོག་པའི་སྟོང་པ་ཉིད་དང་༔ ཡང་དག་པའི་སྟོང་པ་ཉིད་དོ༔ ལོག་པའི་སྟོང་པ་ཉིད་ལ་བརྒྱད་ཡོད་དེ༔ ཀུན་བརྟགས་སྟོང་པ་དང་༔ ལམ་སྟོང་པ་དང་༔ ཉི་ཚེ་བའི་སྟོང་པ་དང་༔ བློས་བྱས་སྟོང་པ་དང་༔ རྒྱུན་ཆད་སྟོང་པ་དང་༔ རྒྱས་འདེབས་སྟོང་པ་དང་༔ གཉེན་པོ་སྟོང་པ་དང་༔ གཞི་ལ་ལས་པའི་སྟོང་པའོ༔ དེ་ལ་ཀུན་བརྟགས་སྟོང་པ་ནི༔ ཟད་ནས་སྟོང་པ་དང་༔ མེད་ནས་སྟོང་པ་དང་༔ བརྟགས་པའི་མིང་སྟོང་པ་རྣམས་ཡིན་ཏེ༔ འཇིག་རྟེན་པའི་རྣམ་གྲངས་སོ༔ ལམ་སྟོང་པ་ནི༔ ཡོད་པའི་དངོས་པོ་རྣམས་ལ་མི་གནས་པའི་སྟོང་པ་ལམ་དུ་བྱེད་དེ༔ མི་དམིགས་པར་བསྔོ་བ་རྣམས་སོ༔ ཉི་ཚེ་བའི་སྟོང་པ་ནི༔ ནམ་མཁའ་སྟོང་པ་རྒྱང་ཆད་པའོ༔ བློས་བྱས་སྟོང་པ་ནི༔ དངོས་པོར་སྣང་བ་ཐམས་ཅད་སེམས་ཀྱིས་མེད་པར་བསྒོམས་ནས་སྟོང་པ་ལ་ཞེན་པའོ༔ རྒྱུན་ཆད་སྟོང་པ་ནི༔ དང་པོ་ཡོད་ལ་ཐ་མ་མེད་པར་འགགས་པར་འདོད་པའོ༔ རྒྱས་འདེབས་སྟོང་པ་ནི༔ དགེ་བ་ཅི་བྱས་པ་ཐམས་ཅད་ལ་སྟོང་པས་རྒྱས་འདེབས་ཏེ༔ སྟོང་སྙམ་པའི་བློ་དང་མ་བྲལ་བའོ༔ གཉེན་པོ་རང་བཞིན་རྣམ་དག་ཏུ་མ་ཤེས་པས་སྟོང་པ་ནི༔ རྣམ་རྟོག་རེ་སྐྱེས་པ་དང་༔ སྟོང་པ་རེ་བསྟན་པའོ༔ གཞི་ཐོག་ཏུ་ལས་པའི་སྟོང་པ་ནི༔ སྟོང་པ་དང་རིག་པ་གཉིས་སུ་མ་འདྲེས་པར་སྟོང་པའི་ཁུངས་དང་ཡོན་ཏན་བརྗོད་ཅིང་དགེ་བ་མི་སྤྱོད་སྡིག་པ་མི་སྤོང་བ་རྣམས་ནི༔ ཆོས་ཉིད་སྟོང་པ་ལས་ལོག་ཅིང་གོལ་བའོ༔ ཡང་དག་པའི་སྟོང་པ་ལ་གཉིས་ཏེ༔ རིམ་གྱི་སྟོང་པ་ཉིད་དང་༔ ཐོད་རྒལ་གྱི་སྟོང་པ་ཉིད་དོ༔ རིམ་སྐྱེས་པའི་སྟོང་པ་ཉིད་ནི༔ དང་པོ་ཕྱིའི་ཡུལ་སྟོང་པར་རྟོགས་པས་ཕྱི་སྟོང་པ་ཉིད་དང་༔ དེ་ནས་ནང་གི་སེམས་སྟོང་པར་རྟོགས་པས་ནང་སྟོང་པ་ཉིད་དང་༔
དེ་ནས་ཕྱི་ནང་གཉིས་ཀ་སྟོང་པ་དང་༔ སྟོང་པ་ཉིད་ཀྱང་མ་གྲུབ་པར་སྟོང་པ་ཉིད་དང་༔ ཆེན་པོ་སྟོང་པ་ཉིད་དང་༔ དོན་དམ་པ་སྟོང་པ་ཉིད་དང་༔ འདུས་བྱས་སྟོང་པ་ཉིད་དང་༔ མཐའ་ལས་འདས་པ་སྟོང་པ་ཉིད་དང་༔ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་༔ དོར་བ་མེད་པ་སྟོང་པ་ཉིད་དང་༔ རང་བཞིན་སྟོང་པ་ཉིད་དང་༔ ཆོས་ཐམས་ཅད་སྟོང་པ་ཉིད་དང་༔ རང་གི་མཚན་ཉིད་སྟོང་པ་ཉིད་དང་༔ མི་དམིགས་པ་སྟོང་པ་ཉིད་དང་༔ དངོས་པོ་མེད་པ་སྟོང་པ་ཉིད་པ་དང་༔ ངོ་བོ་ཉིད་སྟོང་པ་ཉིད་དང་༔ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་༔ སྟོང་པ་ཉིད་བཅོ་བརྒྱད་པོ་རིམ་གྱིས་སྟོང་པར་རྟོགས་པས་ཆོས་ཉིད་ཀྱི་དོན་ཡང་དག་པ་སྐྱེ་བ་མེད་པའོ༔ ཐོད་རྒལ་གྱི་སྟོང་པ་ཉིད་ནི༔ གནས་ལུགས་སྟོང་པ་ཉིད་དོ༔ དེ་ལ་ཆོས་ཉིད་སྟོང་པ་ཉིད་ནི༔ རང་སོ་ཆོས་ཉིད་རང་བཞིན་མེད་པར་སྟོང་སྟེ༔ འདི་ལྟར་སྣང་བ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་བཞིན་ཡེ་ནས་མ་གྲུབ་པ་ཡིན༔ སྣང་བདོ་བའི་དུས་ན་ཆོས་ཉིད་སྟོང་པའི་གཞི་དེ་གང་ཡང་མ་གཡོས་ཏེ༔ ཆོས་ཉིད་སྟོང་པ་ལས་མ་འདས་པའོ༔ དེ་ཡང༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེས༔ སྐྱེས་ཙམ་ཉིད་ལས་སྐྱེ་བ་མེད༔ ཅེས་སོ༔ རང་ཐོག་གི་ཆོས་ཉིད་ལ་རྟེན་མེད་པར་སྟོང་སྟེ༔ གཞི་ལམ་འབྲས་བུ་ཐམས་ཅད་སྟོང་པ་ཆེན་པོ་གཅིག་གི་ངོ་བོར་དུས་ཐམས་ཅད་དུ་བཞུགས་ཏེ༔ དེ་ཡང་ཡེ་སྟོང་ཐོག་མ་མེད་པ་ནས་སྟོང་༔ དངོས་སྟོང་ངོ་བོ་ཉིད་ཀྱིས་སྟོང་༔ ཞེས་པས་ཆོས་ཉིད་སྟོང་པ་ཉིད་གཞི་ནས་མ་བཅོས་མ་བསླད་པར་གནས་པ་ལས༔ རྣལ་འབྱོར་པས་ཀྱང་མ་བཅོས་མ་བསླད་པར་རང་བཞིན་གྱིས་བཞག་པས་གྲོལ་ལོ༔ གནས་ལུགས་སྟོང་པ་ཉིད་ནི༔ ཡེ་གདོད་མ་ནས་འཁོར་འདས་གཉིས་སུ་གྲུབ་མ་མྱོང་བ་ཡིན་ཏེ༔ དེ་བཞིན་ཉིད་ཅེས་བྱ༔ རྣམ་དག་ཆེན་པོ་ཞེས་བྱ༔ སྲིད་
གསུམ་ཀ་དག་ཅེས་བྱ༔ ཁམས་གསུམ་ཡོངས་གྲོལ་ཞེས་བྱ༔ དེ་ཉིད་རྟོགས་པའི་དོན་ལས་མ་འགྱུར་བའོ༔ དེ་ཡང་སྟོང་ལུགས་ཇི་ལྟར་སྟོང་ན༔ ཟབ་པའི་སྟོང་པ་ཐོག་མ་ཡོད་ལ༔ ཐ་མ་མེད་པས་མུ་སྟེགས་ཆད་པར་ལྟ་བ་ལྟ་བུ་དེ་ཡང་མིན༔ རྒྱུན་ཆད་སྟོང་པ་སྔ་མ་ཡོད་ལ་ཕྱི་མ་མེད་པ་ཡང་མིན༔ ཉི་ཚེ་བའི་སྟོང་པ་སྔ་མ་ཡོད་ལ་ཕྱི་མ་མེད་པ་ཡང་མིན༔ བློ་སྟོང་པར་བཟུང་བ་དང་༔ གློ་བུར་དུ་སྟོང་པར་བཏང་བ་དང་༔ རིམ་གྱིས་སྟོང་པ་ལ་ལམ་བྱེད་པ་དང་དེ་རྣམས་མིན་ཏེ༔ འདི་ནི་རྒྱུ་སྟོང་པས་ལས་དང་རྣམ་སྨིན་རང་རང་གིས་སྟོང་༔ རྐྱེན་སྟོང་པས་རྣམ་ཤེས་བློའི་ཆོ་འཕྲུལ་ཐམས་ཅད་རང་སར་དག༔ གཞི་སྟོང་པས་ཆོས་ཉིད་ངོ་བོ་ངོས་བཟུང་ལས་འདས༔ ལམ་སྟོང་པས་ལྟ་བ་དང་སྒོམ་པ་དང་སྤྱོད་པ་ལ་འབད་རྩོལ་བྱ་མི་དགོས༔ འབྲས་བུ་སྟོང་པས་འཁོར་འདས་གཉིས་གང་དུ་ཡང་མ་གྲུབ་བོ༔ དེ་ཡང་ཐོག་མ་མེད་པ་ནས་སྟོང་པས་འཁོར་འདས་ཀྱི་ཆོས་སྟོང་པ་ལས་མ་འདས་སོ༔ སྟོང་པ་ཉིད་ཀྱི་དགོངས་པ་བསྟན་པ་ལ་བཞི་སྟེ༔ དུས་ཐམས་ཅད་སྟོང་པར་རྟོགས་པས་བྱ་བྱེད་སྤྱོད་ལམ་གྱིས་མི་སྒྲིབ་པའི་དགོས་པ་ཡོད༔ ཡོད་མེད་ཀྱི་མཐའ་གང་དུ་ཡང་མི་གནས་པས་འབྲས་བུ་རེ་དོགས་དང་བྲལ་བའི་དགོས་པ་ཡོད༔ ཆོས་ཉིད་སྟོང་པར་ཤེས་པས་དགེ་བའི་རྩ་བ་ཐམས་ཅད་གང་གིས་ཀྱང་ཕན་མ་བཏགས་ཤིང་ཡོངས་སུ་རྫོགས་པར་འགྱུར་བའི་དགོས་པ་ཡོད༔ མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་འབྲས་བུ་རྒྱུར་མི་ལྡོག་པའི་དགོས་པ་ཡོད་དོ༔ སྟོང་པ་ཉིད་ཀྱི་ལྡོག་བྱ་བསྟན་པ་ནི༔ ཡོད་པའི་དངོས་པོ་ལས་ལྡོག་པས་རྒྱུ་མཚན་གཏན་ལ་མི་ཕེབས༔ མེད་པའི་དངོས་པོ་ལས་ལྡོག་པས་ཀུན་དེ་ཉིད་ཀྱི་ངང་ལ་གནས༔ དངོས་པོ་མེད་པ་ལས་ལོགས་པས་ངོ་ཤེས་པའམ༔
ངོ་སྤྲོད་པ་རང་གིས་གྲོལ་ལོ༔ སྟོང་པ་ཉིད་ཀྱི་ས་མཚམས་ནི༔ མེད་པའི་མཐར་མ་ལྷུང་སྟེ༔ སེམས་ཉིད་སྟོང་པ་རང་ཐོག་ནས་གསལ༔ ཡོད་པ་མཐར་མ་ལྷུང་སྟེ༔ ཆོས་ཉིད་སྟོང་པ་ལ་རྒྱུ་མཚན་མེད༔ གོང་འོག་གི་འདེབས་དང་བྲལ་བའོ༔ ཡང་ན་ཡོད་པ་མ་ཡིན་ཏེ་དངོས་པོ་མེད༔ མེད་པ་མ་ཡིན་ཏེ་རིག་ཅིང་གསལ་བའི་ངོ་བོ་དེ་ཉིད་ལས་གཟུང་འཛིན་གྱི་རྟོག་པས་མ་བསླད་པ་དེ་ཉིད་ཅེས་བྱའོ༔ དེ་ཉིད་ལས་ཐེ་ཚོམ་གྱི་སྐྱོན་སྤངས་པ་ནི༔ སྟོང་པ་མ་ནོར་བ་ཡང་དག་པ་ཡིན་ཏེ་ལུང་གིས་ཤེས༔ རིག་པས་འཐད་གཏན་ཚིགས་ཀྱིས་གྲུབ་གོང་དུ་གཏན་ལ་ཕབ་པ་དང་༔ མན་ངག་གི་གནད་དུ་འགྲོ༔ ལུང་གི་རྒྱུད་རང་ཤར་ནས༔ རྒྱུ་རྐྱེན་བྲལ་བས་སྟོང་པར་གནས༔ ཞེས་བྱ༔ མུ་སྟེགས་ཕྲེང་བ་ལས༔ སྟོང་པ་བརྗོད་མེད་ཤེས་རབ་ཡིན༔ སྟོང་ཉིད་བློ་ཡི་སྤྱོད་ཡུལ་མིན༔ ཞེས་པ་དང་༔ སྒྱུ་མ་སྨིག་སྒྱུ་ཆུ་ཟླ་བཞིན༔ མེད་པ་ཡང་ནི་མ་ཡིན་ཏེ༔ ཡོད་པ་ཡང་ནི་མ་ཡིན་ནོ༔ ཡོད་མེད་གཉིས་ལས་འདས་པའི་ཕྱིར༔ སྟོང་པ་ཉིད་ལ་ངོས་བཟུང་བྲལ༔ ཞེས་པ་ལ་སོགས་པས་གསལ་ལོ༔ རིག་པ་ནི་རྒྱུ་འབྲས་རྗེས་མེད་ཀྱི་རིག་པས་འགྲུབ་སྟེ༔ སྔ་མ་སྟོང་པ་ལ་རྒྱུ་མེད་ལ༔ ཕྱི་མ་སྟོང་པ་ལ་འབྲས་བུ་མེད༔ དེ་ལྟར་རྒྱུ་འབྲས་གཉིས་སྟོང་པ་རྗེས་མེད་དེ༔ ལས་དང་རྣམ་སྨིན་ཐོན་མི་སྲིད་དོ༔ དེ་ལ་རྒྱུ་མཚན་གང་དུ་ཡང་མ་གྲུབ་པར་གཏན་ཚིགས་ཀྱིས་ཀྱང་གྲུབ་སྟེ༔ འདི་ལྟར་སྣང་བའི་ཆོས་ཉིད་སྟོང་པ་ཡིན་ཏེ༔ ཅིའི་ཕྱིར་ན་རང་བཞིན་གང་དུ་ཡང་མ་གྲུབ་པར་རྒྱུ་དང་མཚན་ཉིད་གོ་ལོག་པའི་ཕྱིར་རོ༔ མིང་གང་དུ་ཡང་གདགས་སུ་བཏུབ་པ་དཔེར་ན་མེའི་མཚན་ཉིད་ཚ་བ་དང་ཆུའི་མཚན་ཉིད་ནི་རླན་ཞིང་སྡུད་པར་བྱེད་པ་བཞིན༔ ཀུན་རྫོབ་ཙམ་དུ་མིང་ཅིར་ཡང་གདགས་སུ་བཏུབ་པས༔ ཡང་དག་པར་གྲུབ་པ་གང་ཡང་མེད་དོ༔ དེ་ལ་ཡང་འདི་ལྟར་སྣང་བ་འདི་
སོ་སོའི་རྒྱུ་མཚན་བཙལ་བས་མི་རྙེད་དོ༔ མིང་གི་རྣམ་གྲངས་མ་ཡིན་པ་གཞན་མེད་དོ༔ མིང་ལ་ཡང་རྒྱུ་མཚན་དང་རང་བཞིན་གང་ཡང་མ་གྲུབ་པས༔ རྒྱུ་མཚན་གོ་ལོག་གི་གཏན་ཚིགས་ཀྱིས་ཀྱང་མ་གྲུབ་བོ༔ མན་ངག་གི་གནད་དུ་འགྲོ་སྟེ༔ འདི་ལྟར་སྣང་བ་དང་ཤེས་པས་བསྡུས་པ་ཐམས་ཅད་ཆོས་ཉིད་ལས་མ་གཏོགས་པ་གཞན་ཅི་ཡང་མེད་པས༔ ཅིར་སྣང་ཐམས་ཅད་ཆོས་ཉིད་ཀྱི་གནད་མན་ངག་ཡང་དག་པའོ༔ ཆོས་ཉིད་སྟོང་པ་དེ་རྫོང་ལ་གནས་ཤིང་རྫོང་ལ་སྐྱོལ་བ་ནི༔ ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུའི་རྫོང་གིས་ཆོས་ཉིད་ལ་ཐོག་མཐའ་མེད་པར་བསྐོར་ཏེ༔ ཡོད་པ་ཆོས་ཉིད༔ མེད་པ་ཆོས་ཉིད༔ གཉིས་ཀ་ཆོས་ཉིད༔ གཉིས་ཀ་མ་ཡིན་པ་ཡང་ཆོས་ཉིད་དོ༔ དེ་ལྟར་གསལ་བ་དང་མི་གསལ་བ་དང་༔ སྟོང་པ་དང་མི་སྟོང་པ་དང་༔ ཡོད་མེད་དང་རྟག་ཆད་ལ་སོགས་པའི་མིང་ཐམས་ཅད་ལ་བསྐོར་བས༔ རྒྱུ་མཚན་མ་རྙེད་པ་དེ་ཉིད་ཆོས་ཉིད་དང་༔ དོན་ལ་ཡང་དེ་ལྟར་ཐམས་ཅད་ཆོས་ཉིད་མ་གཏོགས་པ་གང་ཡང་མེད་དོ༔ དེ་ལྟར་ན་སྟོང་པ་ཉིད་དེ་འོས་སོ་ཙམ་མམ༔ གཡུ་མེད་དམ༔ གཏད་མེད་དམ༔ སྤོམ་ཡོར་ལྟ་བུ་མིན་པར་ལུང་གིས་ཤེས༔ རེག་པས་འཐད༔ གཏན་ཚིགས་ཀྱིས་གྲུབ༔ མན་ངག་གི་གནད་དུ་འགྲོ༔ རྫོང་ལ་སྐྱོལ་བའོ༔ ཆོས་ཉིད་སྟོང་པ་ཡང་དག་པ་མ་ནོར་བ་ཡིན་པར་ཡིད་ཆེས་སོ༔ སྟོང་པ་བསྡུས་པའི་སྒྲོན་མ༔ སློབ་དཔོན་ཆེན་པོ་བྱེ་མ་ལ་མུ་ཏྲས་མཛད་པ་རྫོགས་སོ༔ སྐལ་ལྡན་ལས་ཅན་སྙིང་གི་བུ་དང་ཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ ༈བཅོམ་ལྡན་འདས་རིག་པ་འཕོ་འགྱུར་མེད་པ་ལ་ཕྱག་འཚལ་ལོ༔ ལྟ་སྒོམ་སྤྱོད་པ་འབྲས་བུ་བསྡུས་པའི་སྒྲོན་མ༔ ཡི་གེ་མང་པོ་རྣམས་ཀྱི་དོན༔ འདི་རུ་རྣམ་པར་བསྡུས་ནས་ནི༔ གསལ་བར་བསྟན་པ་འདི་ཡིན་ནོ༔ དེ་ལ་གསུམ་སྟེ༔
མདོར་བསྡུས་ཏེ་ལྟ་སྒོམ་སྤྱོད་འབྲས་བསྟན་པ་དང་༔ གསལ་བར་ཕྱེ་སྟེ་བསྟན་པ་དང་༔ རབ་ཏུ་གསལ་བར་བསྟན་པའོ༔ དང་པོ་ལ་བཞི་སྟེ༔ གཟའ་གཏད་ཕྱོགས་རིས་མེད་པ་ལྟ་བའི་མན་ངག་གིས་ཞེན་པའི་གཞི་ཉོན་མོངས་པ་ཟིལ་གྱིས་མནན་པ་དང་༔ དམིགས་གཏད་མེད་པ་བསྒོམ་པའི་གསལ་བ་དངོས་མེད་མན་ངག་གིས་དྲན་བྱེད་ཀྱི་ཡིད་ཟིལ་གྱིས་མནན་པ་དང་༔ འཛིན་ཆགས་མེད་པ་རྟེན་མེད་ལྷུག་པ་སྤྱོད་པའི་མན་ངག་གིས་འཁྲུལ་སྣང་ཟིལ་གྱིས་མནན་པ་དང་༔ མ་བྱས་ལྷུན་གྲུབ་སྤང་ཐོབ་མེད་པ་འབྲས་བུའི་མན་ངག་གིས་རིག་པ་ཕྱིར་མི་ལྡོག་པར་བསྟན་པའོ༔ གཉིས་པ་གསལ་བར་ཕྱེ་སྟེ་བསྟན་པ་ལ་བཞི་སྟེ༔ ལྟ་བ་དང་༔ སྒོམ་པ་དང་༔ སྤྱོད་པ་དང་༔ འབྲས་བུའོ༔ དང་པོ་ལྟ་བ་ལ་གཉིས་ཏེ༔ ཕྱི་ཐེག་པ་སྤྱིའི་ལྟ་བ་དང་༔ ནང་ཆོས་ཉིད་རང་གི་ལྟ་བའོ༔ སྤྱིའི་ལྟ་བ་ལ་བཞི་སྟེ༔ གང་ལ་བལྟ༔ གང་གིས་ཕྱོགས་རིས་མེད་བལྟ༔ གང་ལྟར་ལྟ༔ གང་ཐོབ་པའོ༔ ཆོས་ཉིད་རྫོགས་པ་ཆེན་པོ་འདི་ཉིད་ཀྱི་ལྟ་སྟངས་རིག་པའི་ཡེ་ཤེས་ཀྱི་དབྱིངས་སྐུ་གསུམ་ཕྱིར་མི་ལྡོག་པ་ཆོས་ཉིད་རང་གི་ལྟ་བ་ལ་བཞི་སྟེ༔ གང་ལྟར་ལྟ༔ གང་གིས་ལྟ། གང་ལ་ལྟ༔ གང་ཐོབ་པར་ལྟ༔ རྟོགས་པ་ཅན་གྱི་མེད་པར་ཕྱོགས་རིས་མེད་པར་སྐྱེ་མེད་རྣམ་དག་ཐོབ་པར་ལྟ༔ རང་གི་ལྟ་བ་ལ་ཡང་བཞི་སྟེ༔ གང་ལ་བལྟ་དངོས་པོ་གཤིས་ལ༔ གང་གིས་ལྟ་རྟོགས་པ་ཅན་གྱིས༔ གང་ལྟར་ལྟ༔ གང་ཐོབ་པ་སྐྱེ་མེད་རྣམ་དག་འོ༔ སྒོམ་པ་ལ་ཡང་གཉིས་ཏེ༔ ཆོས་སྤྱིའི་སྒོམ་པ་དང་༔ ཆོས་ཉིད་རང་གི་སྒོམ་པའོ༔ སྤྱིའི་སྒོམ་པ་བཞི་སྟེ༔ གང་གིས་སྒོམ་ན༔ དད་པ་ཅན་གྱི་གང་ཟག་གིས་བསྒོམ༔ གང་སྒོམ་ན་རྣམ་པར་མི་རྟོག་པ་བསྒོམ༔ གང་ལྟར་བསྒོམས་ན་བྱིང་རྒོད་གཉིས་སྤངས་ཏེ་བསྒོམ༔ གང་ཐོབ་ན་སྐྱེ་བ་མེད་པའི་འབྲས་བུ་ཐོབ་པའོ༔ ཆོས་ཉིད་རང་གི་ལ་ཡང་བཞི་སྟེ༔ གང་བསྒོམ་ན་
དབྱིངས་དང་རིག་པ་བསྒོམ༔ གང་གིས་སྒོམ་ན༔ སྐལ་པ་དང་ལྡན་པའི་ལས་འཕྲོ་ཅན་གྱིས་སྒོམ༔ གང་ལྟར་བསྒོམ་ན༔ དབྱིངས་དང་རིག་པ་ལས་འདུ་འབྲལ་མེད་པར་བསྒོམ༔ གང་ཐོབ་ན༔ རྟོག་པ་མེད་པའི་སྐུ་ཐོབ་པའོ༔ སྤྱོད་པ་ལ་གཉིས་ཏེ༔ སྤྱིའི་སྤྱོད་པ་དང་༔ རང་གི་སྤྱོད་པའོ༔ སྤྱིའི་སྤྱོད་པ་ལ་བཞི་སྟེ༔ གང་གིས་སྤྱོད་ན་རྟེན་གྱི་གང་ཟག་གིས་སྤྱོད༔ གང་ལ་སྤྱོད་ན་སྣང་བ་ལ་ཞེན་པ་མེད་པར་སྤྱོད༔ གང་ལྟར་སྤྱོད་ན་ཆོས་ཐམས་ཅད་རང་བཞིན་མེད་པར་སྤྱོད༔ གང་ཐོབ་ན་སྣང་བ་རོ་མཉམ་གྱི་འབྲས་བུ་མེད་པར་ཐོབ་པའོ༔ ཆོས་ཉིད་རང་གི་ལ་ཡང་བཞི་སྟེ༔ གང་གིས་སྤྱོད་ན༔ སྐལ་ལྡན་གྱི་རྣལ་འབྱོར་པས་སྤྱོད༔ གང་ལ་སྤྱོད་ན༔ སྣང་བ་སྟོང་གསལ་ཆེན་པོར་སྤྱོད༔ གང་ལྟར་སྤྱོད་ན༔ རིག་པ་དང་འདུ་འབྲལ་མེད་པར་སྤྱོད༔ གང་ཐོབ་ན་འཁྲུལ་སྣང་ཞིང་ཁམས་སུ་འཆར་བའི་དགོངས་པ་ཐོབ་བོ༔ འབྲས་བུ་ལ་ཡང་གཉིས་ཏེ༔ ཆོས་སྤྱིའི་འབྲས་བུ་དང་༔ ཆོས་ཉིད་རང་གི་འབྲས་བུའོ༔ སྤྱི་ལ་བཞི་སྟེ༔ གང་ཐོབ་ན༔ སྟོང་པ་ཉིད་ཐོབ༔ གང་གིས་ཐོབ་ན༔ སྒྲུབ་པ་པོའི་རྟེན་གྱི་གང་ཟག་གིས་ཐོབ༔ གང་ལྟར་ཐོབ་ན༔ རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟར་ཐོབ༔ ཐོབ་པ་ལ་དགོས་པ་ཅི་ཡོད་ན༔ འབྲས་བུ་རྒྱུར་མི་ལྡོག་པའི་དགོས་པ་ཡོད་དོ༔ རང་གི་ལ་ཡང་བཞི་སྟེ༔ གང་ཐོབ་ན༔ སྐུ་གསུམ་འདུ་འབྲལ་མེད་པར་ཐོབ༔ གང་གིས་ཐོབ་ན༔ རང་གི་རིག་པས་ཐོབ༔ གང་ལྟར་ཐོབ་ན༔ རྒྱལ་པོས་གདན་ས་ཟིན་པ་ལྟར་ཐོབ༔ ཐོབ་པ་ལ་དགོས་པ་ཅི་ཡོད་ན༔ འབྲས་བུ་རྒྱུར་མི་ལྡོག་པའི་མཐའ་བྲལ་ཡོངས་སུ་རྫོགས་པའི་དགོས་པ་ཡོད༔ གང་རྫོགས་ན་སྐལ་ལྡན་དེ་རྫོགས༔ གང་གིས་རྫོགས་ན༔ སྒྲོན་མའི་ཆོས་འདིས་རྫོགས༔
གང་ལྟར་རྫོགས་ན༔ ལྟ་བ་ལ་གཟའ་གཏད་མེད་པར༔ སྒོམ་པ་ལ་དམིགས་གཏད་མེད་པར༔ སྤྱོད་པ་ལ་འཛིན་ཆགས་མེད་པར༔ འབྲས་བུ་ལ་ཡུལ་ལྔ་དང་དབང་པོ་ལྔ་ལ་སོགས་པས་ཡུལ་རྣམ་པར་དག་པས་ཕྱིའི་འཁྲུལ་བས་མི་གནོད་པ་དང་ཡུལ་དུ་མ་ཐོགས་པ་ལ་སོགས་པའོ་སྤང་ཐོབ་མེད་པར༔ མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་སོ༔ ལྟ་སྒོམ་གསལ་བར་ཕྱེ་སྟེ་བསྟན་པ་ནི༔ ལྟ་བ་ལ་བཞི་སྟེ༔ ཕྱིའི་ལྟ་བ་ཡུལ་ལ་བལྟས་པས་འཁྲུལ་པ་རང་སར་དག་པ་འཁྲུལ་གཞི་ལ་བལྟས་པས་འཁྲུལ་མ་འཁྲུལ་གཉིས་མེད་དུ་བསྲེ་བའི་སྒོ་ནས་སྔར་རང་ཡན་གྱི་མན་ངག །ཚོགས་དྲུག་ལྷུག་པའི་མན་ངག་སྒོ་ལྔ་བསྟན་པའི་བསམ་གཏན་རང་གྲོལ་ལྷུག་པས་་གཟུགས་སྒྲ་དྲི་རོ་རེག་བྱ་དྲན་གཞི་སྙིང་གི་དཀྱིལ་དུ་མ་འཁྲུལ་བའི་སེམས་ལ་བལྟས་པས་ཤེས་པ་དྲང་ཐད་ཀྱི་མན་ངག་འབྱུང་བ་ཆུའི་རྙོག་མ་དངས་བ་ལྟར་ཉོན་མོངས་པ་རང་གྲོལ་དུ་རང་དག །དབྱིངས་དང་རིག་པ་ལ་བལྟས་པས་མི་འགྱུར་བ་རིན་པོ་ཆེའི་མན་ངག་གིས་ཡུལ་ཐམས་ཅད་མཁའ་ལ་སྤྲིན་དེངས་པ་ལྟར་རིག་པ་འགྲོའོ། །དབྱིངས་ལ་བསྣན་འཕྲི་མེད་པའོ་དང་༔ ནང་གི་ལྟ་བ་སེམས་ལ་བལྟས་པས་རིག་པ་རང་སར་དག་པ་དང༔ གསང་བའི་ལྟ་བ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་བལྟས་པས་ཉོན་མོངས་པ་རང་སར་དག་པ་དང༔ གསང་བ་བླ་ན་མེད་པའི་ལྟ་བས་རིག་པ་ལ་བལྟས་པས༔ ཡུལ་དང་ཆོས་ཐམས་ཅད་རང་སར་དག་པའོ༔ སྒོམ་པ་ལ་བཞི་སྟེ༔ ཕྱི་དྲན་པ་རྒྱུན་ཟད་ཀྱི་སྒོམ་པས༔ སྒོ་ལྔའི་ཡུལ་གཏན་ལ་དབབ་པ་དང་༔ ནང་བསམ་པ་རང་དག་གི་རིག་པ་སྒོམ་པའི་གནད་སྙིང་ལ་སྐུ་དང་ཡེ་ཤེས་གནས་པའོ། །འབྱུང་པས་མ་གྲོལ་ཏེ་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དབྱིངས་ཀྱི་སྒོམ་སྣང་བ་ཆོས་སྐུར་སྣང་ཡང་རང་རང་དབྱིངས་རང་ཡུལ་གྱི་
དབྱིངས་ལ་གོམས་པས་སྣང་བ་དབང་དུ་འདུས། ལུས་རིག་པ་ལ་གོམས་པས་དྲན་པ་དབང་དུ་འདུས། བློ་འདས་སུ་ངོ་སྤྲོད་པས་དྲན་པ་རང་ཡལ་སྣང་བ་ཟང་ཐལ་ཤེས་པ་ཐོག་བབས་འཁྲུལ་པ་དག་པའོ། །སྣང་བ་ཞེན་པ་ལས་ལོག་པའི་དགོས་པ་ཡོད་དོ། །སྒོམ་པས༔ ཡིད་ཀྱི་འབྱུང་ཁུངས་བཅད་པ་དང༔ གསང་བ་སྐྱེ་མེད་རང་གནས་ཀྱི་སྒོམ་པས༔ རང་ལུས་ལྷའི་སྐུར་གཏན་ལ་དབབ་པ་དང༔ གསང་བ་བླ་ན་མེད་པ་སྣང་བ་རང་གྲོལ་གྱི་སྒོམ་པས༔ སྣང་བ་ཐམས་ཅད་ཆོས་སྐུར་གཏན་ལ་དབབ་པའོ༔ སྤྱོད་པ་ལ་བཞི་སྟེ༔ ཕྱིའི་སྤྱོད་པས་སྣང་བ་འཁྲུལ་པ་རང་དག་ཏུ་ངོ་སྤྲད་པ་དང༔ ནང་གི་སྤྱོད་པས་སེམས་ཉིད་རིག་པ་རང་གྲོལ་དུ་ངོ་སྤྲད་པ་དང༔ གསང་བའི་སྤྱོད་པས་དབྱིངས་རིག་རང་གྲོལ་དུ་ངོ་སྤྲད་པ་དང༔ གསང་བ་བླ་ན་མེད་པའི་སྤྱོད་པས་ཆོས་ཉིད་དང་ཡེ་ཤེས་རང་གྲོལ་དུ་ངོ་སྤྲད་པ་དྲན་པ་གཞི་དྲན་མེད་ལམ། བློ་འགྲུས་པའི་སེམས་ཀྱིས་ཞེན་པ་བློ་ལྡོག་པའི་དགོས་པ་ཡོད། དྲན་པ་སྣང་མེད་རིག་མེད་སྟོང་པ་སྐྱེ་མེད་དབྱེར་མེད་བློ་འདས་རང་སོར་སྒོམ་ཞེན་པ་ལ་བློ་ལྡོག་པའི་དགོས་པ་ཡོད། ལུས་སྒྱུ་མའི་སྐུ་ཐོབ་པའོ། །དྲན་པ་གཉིད་སད་པ། དྲན་མེད་གཉིད་སད་པ། སྐྱེ་མེད་འོད་གསལ་དང་འདྲེས་པ་བློ་འདས་སྐྱེ་མེད་ཀྱི་གདམས་ངག་གོ། དྲན་པ་ཐམས་ཅད་རང་དག་ཏུ་སོང་བས་གྲུབ་མཐའ་ཐམས་ཅད་དང་སྒྲ་ཚིག་ལས་བློ་ལྡོག་པའི་དགོས་པ་ཡོད། འཛིན་ཆགས་ཆོས་སྐུར་ཤེས་པས་རང་ལུས་ཡེ་ནས་སྐུ་གསུམ་དུ་གནས་པས་ལུས་བྱར་མེད་དུ་ལྟ་བས་སྤྲུལ་སྐུ་ཡིན་འོ༔ འབྲས་བུ་ལ་ཡང་བཞི་སྟེ་ཚད་སྣང་བ་དང་རིག་པམི་མགུལ་པའོ༔ ཕྱིའི་འབྲས་བུ་ལུས་སྐུ་གསུམ་དུ་གྲོལ་བ་ཆོས་སྐུར་སྣང་བ་ལོངས་སྐུར་སྣང་བ་སྤྲུལ་སྐུར་སྣང་བའོ་དང༔ འཁྲུལ་པའི་བྱས་ཆོས་ཐམས་ཅད་རིག་པ་རང་གྲོལ་གྱིགདམས་ངག་བསྐྱེད་རིམ་རྣམ་པར་དག་པ་ནང་གི་འབྲས་བུ་སྣང་བ་སྐུ་གསུམ་དུ་གྲོལ་བ་དང༔ གསང་བའི་འབྲས་བུས་ཞིང་ཁམས་དབྱིངས་རིག་ཏུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཡེ་ནས་སངས་རྒྱས་པར་གཏན་ལ་ཕེབས། འགྱུར་མེད་ངོ་བོའི་ཀ་དག་ལ་གནས་སོ། །གསལ་བ་དང༔ གསང་བ་བླ་ན་མེད་པའི་འབྲས་བུ་རིག་པ་ཕྱིར་མི་ལྡོག་པའི་ས་ལ་གཟེར་ཐེབས་པའོ༔ ལྟ་སྒོམ་སྤྱོད་པ་འབྲས་བུ་བསྡུས་པའི་སྒྲོན་མ༔ སློབ་དཔོན་བྱེ་མ་ལ་མུ་ཏྲས་མཛད་པ་རྫོགས་སོ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ཨྠྀི༔ རྒྱ་རྒྱ་རྒྱ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔
དབྱིངས་དང་ཡེ་ཤེས་ཀྱི་དོན་བསྡུས་པའི་སྒྲོན་མ་འདི་ལ་དོན་བརྒྱད་ཀྱིས་བསྟན་སྟེ༔ དབྱིངས་དང་ཡེ་ཤེས་ཀྱི་ངོ་བོ་བསྟན་པ་དང༔ དེས་ཆོ་ག་དང༔ དགོས་པ་བསྟན་པ་དང༔ དབྱེ་བ་བསྟན་པ་དང༔ ཉམས་སུ་བླངས་པའི་ཐབས་བསྟན་པ་དང༔ དབྱིངས་དང་ཡེ་ཤེས་གཉིས་ཟུང་དུ་འཇུག་པའི་ལུགས་བསྟན་པ་དང༔ ཟུང་དུ་འཇུག་པའི་ལྟ་བ་བསྟན་པ་དང༔ འབྲས་བུ་བསྟན་པའོ༔ དེ་ལ་དང་པོ་དབྱིངས་དང་ཡེ་ཤེས་ཀྱི་ངོ་བོ་ནི༔ སྤྲོས་བྲལ་མཐའ་མི་དམིགས་པའི་ཆོས་ཉིད་སྟོང་པ་ཡིན་ནོ༔ གཉིས་པ་ངེས་ཚིག་ནི༔ སྐྱེ་བ་མེད་པ་ནི་ཆོས་དབྱིངས་ཡིན་ལ༔ འགག་པ་མེད་པགསལ་བའི་ཐུགས་རྗེས་ནི་ཡེ་ཤེས་ཡིན་ནོ༔ གཉིས་སུ་མེད་པ་སྐྱེ་འགག་གང་དུ་ཡང་མ་གྲུབ་པས༔ འདུ་བྲལ་ཅི་ཡང་མ་སྤངས་པའི་དགོངས་པའོ༔ དབྱིངས་གཞིའི་དབྱིངས་དང་བསྲེ་བ་དང་ཡེ་ཤེས་ཀྱི་དགོས་པ་ནི༔ དབྱིངས་ཀྱི་ཡེ་ནས་གནས་པའི་གནས་ལུགས་ཀྱི་དོན་རྟོགས་པ་དང༔ ཡེ་ཤེས་ཀྱིས་མ་རིག་པའི་མུན་པ་གསལ་ནས་ཁམས་གསུམ་མི་འཁོར་བའི་དགོས་པའོ༔ བཞི་པ་དབྱིངས་དང་ཡེ་ཤེས་ཀྱི་དབྱེ་བ་ནི་གསུམ་སྟེ༔ ཡེ་ཤེས་དང༔ ལམ་གྱི་དང་འབྲས་བུའོ༔ དེ་ལ་རྣམ་པར་གྲོལ་བའི་གཞིའི་དབྱིངས་དང་ཡེ་ཤེས་ལ༔ བཅས་བཅོས་དང་རྩོལ་སྒྲུབ་དང་འཕོ་འགྱུར་མེད་པས་སྟོང་པ་ཉིད་བསམ་ངོ་དང་བྲལ་བའི་དབྱིངས་ལ་གཞི་གནས་རང་བྱུང་གི་ཡེ་ཤེས་ཤར་བས༔ ཆོས་ཐམས་ཅད་གཞི་བཞག་རང་གྲོལ་ཆེན་པོར་རྟོགས་པ་ནི༔ འབད་མེད་རང་གྲོལ་གྱི་དབྱིངས་དང་ཡེ་ཤེས་ཞེས་བྱའོ༔ སྣ་ཚོགས་སྣང་བ་ལམ་གྱི་དབྱིངས་དང་ཡེ་ཤེས་ནི༔ སྣ་ཚོགས་སུ་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ཕྱོགས་མེད་དུ་ཤར་བས༔ སྣ་ཚོགས་འབད་མེད་དུ་གྲོལ་བ་ནི༔ ལྷུན་གྲུབ་ཀྱི་ཕྱོགས་ཙམ་མ་ཡིན་པ་དབྱིངས་ལ་སྒྱུ་མ་རྣམ་དག་ཕྱོགས་མེད་ཀྱི་ཡེ་ཤེས་ཤར་བས༔ ཆོས་
ཐམས་ཅད་སྤང་བླང་དང་དགག་སྒྲུབ་དང་འདོད་པ་མེད་པར་རྟོགས་པ་ནི་ལྷུན་གྲུབ་རྟོགས་ཚུལ་གྱི་དབྱིངས་དང་ཡེ་ཤེས་ཞེས་བྱའོ༔ རང་གྲོལ་ཆེན་པོ་བྱ་བ་དང་བྲལ་བའི་དབྱིངས་དང་ཡེ་ཤེས་ནི༔ འཁོར་བ་དང་མྱ་ངན་ལས་འདས་པ་མ་གྲུབ་ཅིང༔ མི་གནས་པས་རྩོལ་བྲལ་ཉག་ཅིག་བསྐྱར་གཞི་དང་བྲལ་བའི་དབྱིངས་ལ་མཐའ་བྲལ་སྟོང་པ་ལྟ་སྒོམ་ལས་འདས་པའི་ཡེ་ཤེས་ཤར་བས༔ ཆོས་ཐམས་ཅད་བདེ་སྡུག་རོ་མཉམ་དུ་རྟོགས་པ་ནི༔ ཆོས་ཉིད་བྱ་བ་ལས་འདས་པའི་དབྱིངས་དང་ཡེ་ཤེས་ཞེས་བྱའོ༔ ལྔ་པ་གང་ཟག་གིས་ཉམས་སུ་བླང་པའི་ཐབས་ནི༔ དབྱིངས་གཞི་ཡིན་ལ༔ ཡེ་ཤེས་ལམ་ཡིན་པས༔ གང་ཟག་བློ་འབྲིང་པོ་ལམ་པ་རྣམས་ཀྱིས་འབད་རྩོལ་གྱིས་གྲོལ་བ་ནི༔ དབྱིངས་སྐྱེ་བ་མེད་པ་སྟོང་པའི་ངང་ལས༔ ཆུ་ལས་ཉ་ལྟ་བུའི་ཚུལ་དུ་སྙིང་པོ་དྲན་པ་ཙམ་ཀྱིས་ལྷའི་ཡེ་ཤེས་ལྷའི་བསྐྱེད་རིམ་སྐུར་གསལ་བ་ནི༔ མཐའ་བྲལ་གྱི་རྣམ་རྟོག་བཟློག་པ་རྒྱལ་བའི་སྐུ་འོ༔ ཡང་དབྱིངས་རྒྱུ་ཡིན་ལ༔ འབྲས་བུ་ཡེ་ཤེས་ཡིན་པས༔ དབང་པོ་རྣོན་པོ་ལས་རྒྱུ་འབྲས་ལ་མ་ལྟོས་འདི་ཉིད་དུ་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་རྟོགས་པས་གྲོལ་ཏེ༔ དེ་ཡང་དབྱིངས་དང་སྟོང་གསལ་ཡེ་ཤེས་ཙམ་དུ་ཡང་དབྱེར་མེད་དུ་མ་གྲུབ་པ་མེད་པར་བློ་བྲལ་རྫོགས་པ་ཆེན་པོའི་ངང་དུ་འགྲོ་ཉལ་འདུག་སྡོད་བཞག་པ་ནི༔ འཁྲུལ་པའི་སྣང་བ་ཐམས་ཅད་བཟློག་པའོ༔ དྲུག་པ་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ལུགས་ནི༔ དབྱིངས་དང་ཡེ་ཤེས་གཉིས་རིམ་གྱིས་ཟུང་དུ་ཞུགས་པས༔ སྣང་བ་དང་སྟོང་པ་གཉིས་བདེན་པ་དབྱེར་མེད་དུ་ཟུང་དུ་འཇུག་པས་སྤང་བླང་མེད་པའི་ཟུང་འཇུག་ཅེས་བྱའོ༔ དབྱིངས་དང་ཡེ་ཤེས་གཉིས་ཅིག་ཅར་དུ་ཞུགས་པས༔ རང་བྱུང་གི་ཡེ་ཤེས་ལྟ་བ་དང་བྲལ་བར་གོ་བ་ནི༔ ཆོས་ཟད་པས་གྲོལ་རྒྱུ་མེད་པ་ཅིག་ཅར་བ་ཞེས་བྱའོ༔ བདུན་པ་དབྱིངས་དང་ཡེ་ཤེས་ཟུང་དུ་ཞུགས་པའི་ལྟ་བ་ནི༔ དེ་ཡང་དབྱིངས་དང་ཡེ་ཤེས་གཉིས་ཐ་དད་མེད་པར་རྟོགས་པ་ནི༔
གཉིས་མེད་རོ་སྙོམས་ཀྱི་ལྟ་བ་ཡིན་ནོ༔ དབྱིངས་དང་ཡེ་ཤེས་འགྲོ་འོང་མེད་པར་རྟོགས་པ་ནི༔ གནས་པ་ལས་གཞན་དུ་འགྱུར་དབང་མེད་པའི་ལྟ་བ་ཡིན་ནོ༔ དབྱིངས་དང་ཡེ་ཤེས་གཉིས་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པར་གོ་ཞིང་རྟོགས་པ་ནི༔ ཡེ་གདོད་ནས་གནས་པའི་ལྟ་བ་ཞེས་བྱ་བ་ཡིན་ནོ༔ དབྱིངས་དང་ཡེ་ཤེས་གཉིས་ལ་མཚོན་པའི་ཚིག་ཙམ་ལས་མ་རྟོགས་པར་གཅིག་ལ་གཅིག་བརྟེན་པ་མེད་པས་དཔེ་དང་ལྟོས་གཞི་གང་དུ་ཡང་མ་གྲུབ་པར་རྟོགས་པ་ནི༔ ལྟོས་གཞི་བྲལ་བའི་ལྟ་བ་ཞེས་བྱའོ༔ བརྒྱད་པ་དབྱིངས་དང་ཡེ་ཤེས་གཉིས་རྟོགས་པའི་འབྲས་བུ་དང་ལྟ་བ་ནི༔ དབང་པོ་རབ་ཚེ་འདི་ཉིད་ལ་སངས་རྒྱས་པ་དང༔ འབྲིང་བར་དོ་ནས་སངས་རྒྱས་པ་དང༔ ཐ་མ་ཡང་སྐྱེ་བ་བརྒྱུད་དེ་ཚེ་གསུམ་གྱིས་སངས་རྒྱས་ངེས་པའོ༔ དབྱིངས་དང་ཡེ་ཤེས་གཉིས་བསྡུས་པའི་སྒྲོན་མ༔ སློབ་དཔོན་བྱེ་མ་ལ་མུ་ཏྲས་མཛད་པ་རྫོགས་སོ༔ སྐལ་ལྡན་སྙིང་གི་བུ་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ་༔ ཨྠྀི༔ ༔དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ ཕྱག་རྒྱ་བསྡུས་པའི་སྒྲོན་མ་འདི་ལ་དོན་གཉིས་ཀྱིས་བསྟན་ཏེ༔ ཕྱག་རྒྱ་གཏན་ལ་དབབ་པ་དང་༔ ཕྱག་རྒྱ་ཆེན་པོར་གསལ་བར་ཕྱེ་སྟེ་བསྟན་པའོ༔ དང་པོ་ལ་བཞི་སྟེ༔ དེ་ལ་གཞི་དམ་ཚིག་གི་ཕྱག་རྒྱ་དང་༔ དཔེ་ལས་ཀྱི་ཕྱག་རྒྱ་དང་༔ ལམ་ཆོས་ཀྱི་ཕྱག་རྒྱ་དང་༔ འབྲས་བུ་ཕྱག་རྒྱ་ཆེན་པོ་དང་བཞིའོ༔ དེ་ལ་གཞི་དམ་ཚིག་གི་ཕྱག་རྒྱའི་ངོ་བོ་ནི༔ མི་དགེ་བ་ཐམས་ཅད་སྡོམ་པའོ༔ ངེས་ཚིག་ནི༔ དམ་པའི་དོན་རྒྱུད་ཐམས་ཅད་ཚིག་གིས་མཚོན་པ་ན་དམ་ཚིག་གི་ཕྱག་རྒྱའོ༔ དམ་ཚིག་གི་ཕྱག་རྒྱའི་རང་བཞིན་ནི༔ ཆོས་ཉིད་ཀྱི་དོན་ལས་མི་འདའ་བའོ༔ མཚན་ཉིད་ནི་དབང་དང་འབྲེལ་པའོ༔ འགྲོ་ས་ནི་ཆོས་ཀྱི་ཕྱག་རྒྱའོ༔ ལས་ཀྱི་ཕྱག་རྒྱའི་ངོ་བོ་ནི༔ བྱེད་པ་མ་འགགས་པའི་ལས་སོ༔ ངེས་ཚིག་ནི༔ ལས་
རྒྱ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་ནས་སངས་རྒྱས་པའོ༔ རང་བཞིན་ནི༔ ཕྱག་རྒྱའི་རྟེན་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་པའོ༔ མཚན་ཉིད་ནི༔ གཞན་ལ་མི་ལྟོས་པའི་ཆོས་ཡིན་པས་སོ༔ འགྲོ་ས་ནི༔ དམ་ཚིག་གི་ཕྱག་རྒྱ་ཡིན་པའོ༔ ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ནི༔ སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའོ༔ ངེས་ཚིག་ནི༔ ལུས་ངག་ཆོས་པས་ན་ཆོས་ཀྱི་ཕྱག་རྒྱའོ༔ རང་བཞིན་ནི༔ ལྟ་སྒོམ་སྤྱོད་པའོ༔ མཚན་ཉིད་ནི༔ སྒྲོ་འདོགས་ཐམས་ཅད་དང་བྲལ་བའོ༔ འགྲོ་ས་ནི་ཕྱག་རྒྱ་ཆེན་པོའོ༔ ཕྱག་རྒྱ་ཆེན་པོའི་ངོ་བོ་ནི༔ ཆོས་ཉིད་ཟབ་མོའི་དོན་གཞན་གྱིས་དཔག་པར་དཀའ་བའོ༔ ངེས་ཚིག་ནི༔ ཕྱག་རྒྱ་གསུམ་ལས་ཁྱད་པར་དུ་ཆེ་བས་ན་ཆེན་པོའོ༔ ཕྱག་རྒྱ་ཆེན་པོའི་རང་བཞིན་ནི༔ བློ་ལས་འདས་པའོ༔ མཚན་ཉིད་ནི་ཡིད་ལ་མི་བྱེད་པའོ༔ འགྲོ་ས་ནི་གཉུག་མའི་ཕྱག་རྒྱ་ཆེན་པོ་ཉིད་ཡིན་ནོ༔ ཕྱག་རྒྱ་ཆེན་པོ་ཉིད་གསལ་བར་ཕྱེ་སྟེ་བསྟན་པ་ནི༔ དང་པོ་ཕྱག་རྒྱ་ཆེན་པོའི་དབྱེ་བ་བསྟན་པ་ལ་གསུམ་སྟེ༔ རྣམ་གྲངས་ཕྱག་རྒྱ་ཆེན་པོ་དང་༔ རྣ་གྲངས་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་དང་༔ སྤྲོས་བྲལ་གཉུག་མའི་ཕྱག་རྒྱ་ཆེན་པོའོ༔ དེ་ལ་རྣམ་གྲངས་ནི༔ སྒྲུབ་སྐོར་དང་༔ ཨ་མ་ན་སི་དང་༔ ཕྱག་རྒྱ་ཆེན་པོ་མཛོད་དང་༔ སྙིང་པོའི་སྐོར་དང་༔ ལམ་གྱི་སྐོར་ལ་སོགས་པའོ༔ རྣམ་གྲངས་མ་ཡིན་པའི་བློ་འདས་ཕྱག་རྒྱ་ཆེན་པ་ནི༔ ལྷན་ཅིག་སྐྱེས་པའི་གཉུག་མ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ལ་མ་ཁྱབ་པ་མེད་པའི་དོན་དེ་ཉིད་དོ༔ སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ནི༔ ཚིག་དང་ཡི་གེ་དང་བསམ་པ་དང་རྟོག་དཔྱོད་ཀྱི་མཐའ་ཐམས་ཅད་ལས་འདས་པའོ༔ ཕྱག་རྒྱ་ཆེན་པོའི་ངོ་བོ་ནི༔ མི་འགྱུར་བ༔ དུས་ཐམས་ཅད་པ༔ འགྲོ་འོང་མེད་པ༔
གཟུགས་ཅན་མ་ཡིན་པ༔ ཀུན་ལ་ཁྱབ་པའོ༔ ཕྱག་རྒྱ་ཆེན་པོའི་ངེས་ཚིག་ནི༔ ཕྱག་རྒྱ་ནི་འཛིན་པར་བྱེད་པས་ཏེ༔ སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་བཟུང་ནས་རྒྱས་འདེབས་པ་ལ་ཞེན་པ་མེད་པས༔ སྤྲོས་མེད་གདག་བྲལ་རྒྱས་གདབ་པས༔ བློ་འདས་ངོ་བོ་ཉིད་ཀྱི་ཆེན་པོའི་དོན་ལས་མི་འདས་པ་ནི༔ ཐེག་པ་རྣམས་ལས་ཁྱད་པར་འཕགས་པས་ན༔ ཆེན་པོ་ཞེས་པ་ནི༔ དེའི་གོང་ན་གཞན་མེད་པས་སོ༔ དེའི་ཕྱི་རོལ་པའི་ཐེག་པ་ནས་བཟུང་ནས་བླ་ན་མེད་པའི་རྒྱུད་ཀྱི་ཐེག་པའི་བར་དུ་རིམ་པས་ཆེ༔ དེའི་སྤྱོད་པ་ཕྱག་རྒྱ་ཆེན་པོ་ཡང་སྤང་བླང་དགག་སྒྲུབ་མེད་པས་ཆེ༔ སྒོམ་པ་ཡིད་ལ་བྱེད་པ་མེད་པས་ཆེ༔ ལྟ་བ་གཉུག་མ་འདུས་མ་བྱས་པའི་བརྡའ་ལ་བརྟེན་ནས་ཅིག་ཅར་དུ་རྟོགས་པས་ཆེ༔ དེའི་ཕྱིར་ན་ཕྱག་རྒྱ་ཆེན་པོ་ཞེས་བྱའོ༔ དེ་ཡང་དྲན་པ་དང་༔ དྲན་མེད་དང་༔ སྐྱེ་མེད་དང་༔ བློ་འདས་བཞི་དང་སྦྱོར་ན༔ དང་པོ་དྲན་པ་བཤད་པ་སུས་དྲན་ན༔ སྐལ་བ་དང་ལྡན་པའི་རྣལ་འབྱོར་པས༔ གང་ལྟར་དྲན་ན༔ གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་དྲན༔ ཚུལ་ཇི་ལྟར་དྲན་ན༔ རང་བཞིན་དམིགས་པ་མེད་པར་སྟོང་པ་ཉིད་ཀྱི་ཚུལ་དུ་དྲན༔ གང་ལྟར་དྲན་ན༔ ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པར་དྲན་པའོ༔ དྲན་པའི་འགྲོ་ས་གང་ཡིན་ན༔ དྲན་པ་མེད་པ་དེ་ཉིད་ཡིན་ནོ༔ དེས་ན་ཤེས་པའི་འགྱུ་བ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གནས་ཏེ༔ གོང་མའི་དྲན་པ་ནུབ་པ་ལ་དྲན་མེད་ཅེས་བྱའོ༔ དེ་ཡང་དྲན་མེད་བཤད་པ་གང་ལ་དྲན་པ་མེད་ན༔ ཕྱག་རྒྱ་ཆེན་པོ་དེ་ཉིད་ལ་དྲན་པ་མེད་པའོ༔ གང་མེད་ན༔ རང་བཞིན་གྱིས་དྲན་པ་མེད་པའོ༔ གང་ལྟར་དྲན་པ་མེད་ན༔ ནམ་མཁའ་ལ་སྤྲིན་དེངས་པ་ལྟར་དྲན་པ་མེད༔ གང་གིས་ཕྱིར་དྲན་པ་མེད་ན༔ སྐྱེ་བ་མེད་པའི་ཆོས་ཉིད་ལ་གནས་པའི་ཕྱིར་
དྲན་པ་མེད་དོ༔ གང་སྐྱེ་བ་མེད་ན༔ བྱང་ཆུབ་ཀྱི་སེམས་ལ་སྐྱེ་བ་མེད་དོ༔ གང་ལྟར་སྐྱེ་བསདྲན་པ་མེད་ན༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་སྐྱེ་བ་མེད་དོ༔ གང་གི་ཕྱིར་སྐྱེ་བ་མེད་ན༔ བློ་ལས་འདས་པའི་ཆོས་སུ་ནུབ་པའི་ཕྱིར་སྐྱེ་བ་མེད་དོ༔ བློ་འདས་བཤད་པ་དེ་ལྟར་ཐམས་ཅད་རང་གྲོལ་དུ་རྟོགས་པ་ལ་བློ་ལས་འདས་ཞེས་བྱ་སྟེ༔ གང་འདས་ན་སྐྱེ་མེད་དུ་འདས༔ གང་དུ་འདས་ན༔ གཉུག་མ་ཕྱག་རྒྱ་ཆེན་པོའི་ངང་དུ་འདས༔ གང་གིས་འདས་ན༔ བློ་ལས་འདས་པས་འདས༔ གང་ལྟར་འདས་ན༔ སྐྱེས་བུ་རབ་ལ་བརྒལ་བ་ལྟར་འདས༔ གང་གི་ཕྱིར་འདས་ན༔ ཕྱག་རྒྱ་ཆེན་པོའི་དོན་མཐོང་བའི་ཕྱིར་འདས་སོ༔ དེ་ལྟར་ཕྱག་རྒྱ་ཆེན་པོ་རྟོགས་པའི་གང་ཟག་ལ་ཆོས་ཉན་པ་དང་༔ འཆད་པ་དང་༔ སྒོམ་པ་དང་༔ ཁ་ཏོན་ལ་སོགས་པ་མི་དགོས་ཏེ༔ དེ་དག་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དང་ཐམས་ཅད་ཀྱི་དོན་གཉུག་མའི་ངང་ལས་མ་འདས་པར་བརྡར་བསྟན་པའི་ཆོས་ཐམས་ཅད་སྤངས་པའོ༔ དེ་ལྟར་བར་དོ་དང་བྲལ་བ་དེ་ཉིད་ཕྱག་རྒྱ་ཆེན་པོ་ཡིན་ཏེ༔ དེ་ལས་ལྷག་པ་གཞན་ལོགས་ནས་མི་རྙེད་དོ༔ དེ་ལྟར་མན་ངག་གིས་བརྡའ་ལྷན་ཅིག་སྐྱེས་པ་དད་པས་ཆོས་ཉིད་གཉུག་མའི་དོན་དང་འཕྲད༔ དེ་ལྟར་འཕྲད་པས་གོང་གི་དྲན་སྣང་འགགས་པས་དྲན་མེད་དོ༔ དེ་ལྟར་བརྡའ་དོན་སྐྱེ་མེད་དུ་རྟོགས་པས་ན་སྐྱེ་མེད༔ བརྡའ་དོན་གྱི་གཉིས་འཛིན་བློ་དང་བྲལ་བས་ན་བློ་འདས་སོ༔ ཡང་ཕྱག་རྒྱ་དང་སྦྱར་ན༔ དྲན་པས་བརྡ་ལ་གནས་པས་ན་ལས་ཀྱི་ཕྱག་རྒྱ༔ བརྡ་སྣང་འགགས་པའི་བློ་འདས་ཆེན་པོ་དེ་ལས་མི་འདའ་བས་ན་དམ་ཚིག་གི་ཕྱག་རྒྱའོ༔ དེ་ལྟར་བརྡའ་དོན་སྐྱེ་མེད་དུ་རྟོགས་པ་དེ་ཆོས་ཉིད་ཡིན་པས་ན་ཆོས་ཀྱི་ཕྱག་རྒྱ༔ དེ་ལྟར་བརྡ་དོན་གཉིས་ཀ་དང་བྲལ་བ་དེ་བློ་འདས་ལས་
འགྲོ་ས་མེད་པས་ན་ཕྱག་རྒྱ་ཆེན་པོ་ཡིན་ནོ༔ དེ་ཡང་དགའ་བ་བཞི་དང་སྦྱར་ན༔ དྲན་པས་ཆོས་ཉིད་ཀྱི་རོ་མྱོང་པ་ནི་དགའ་བ༔ དྲན་མེད་དུ་རོ་གཅིག་པ་ནི་མཆོག་དགའ༔ སྐྱེ་མེད་ཀྱི་ངང་དུ་རྟོགས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ༔ བློ་འདས་ཆེན་པོ་སྤྲོས་པ་དང་བྲལ་བ་ནི་དགའ་བྲལ་ལོ༔ སྐད་ཅིག་མ་བཞི་དང་སྦྱར་ན༔ དྲན་པ་རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་མ༔ དྲན་མེད་རྣམ་པར་སྨིན་པའི་སྐད་ཅིག་མ༔ སྐྱེ་མེད་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ༔ བློ་འདས་རྣམ་པ་མེད་པའི་སྐད་ཅིག་མ༔ དེ་ལྟར་སྡེ་པ་བཞི་དང༔ འབྲས་བུ་བཞི་དང༔ སྐུ་བཞི་དང༔ ཡེ་ཤེས་བཞི་དང་སྦྱར་རོ༔ དེ་དག་ཐམས་ཅད་ཀྱང་ཐ་དད་པ་མ་ཡིན་ཏེ༔ གཉུག་མའི་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་གི་རྣམ་འཕྲུལ་ཡིན་པས༔ ཕྱག་རྒྱ་ཆེན་པོའི་དོན་ལ་ཐམས་ཅད་མ་སྤངས་པར་བསྟན་པའོ༔ ཕྱག་རྒྱ་བསྡུས་པའི་སྒྲོན་མ་ཞེས་བྱ་བ༔ སློབ་དཔོན་ཆེན་པོ་བྱེ་མ་ལ་མུ་ཏྲས་མཛད་པ་རྫོགས་སོ༔ སྐལ་ལྡན་ལས་ཅན་ཅིག་དང་ཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཤེས་རབ་བསྡུས་པའི་སྒྲོན་མ་འདི་ལ་དོན་བཅུ་གཅིག་གིས་བསྟན་ཏེ༔ ཤེས་རབ་ཀྱི་ངོ་བོ་དང༔ ཤེས་རབ་ཀྱི་ངེས་ཚིག་དང༔ དབྱེ་བ་བསྟན་པ་དང༔ མཚན་ཉིད་བསྟན་པ་དང་༔ ཡུལ་དང་༔ བྱེད་པའི་ལས་དང་༔ འཕྲད་པ་དང་༔ གོལ་ས་དང་༔ ས་མཚམས་དང་༔ ལྡང་ཚད་དང་༔ འབྲས་བུ་དང་བཅུ་གཅིག་གོ༔ དེ་ལ་ཤེས་རབ་ཀྱི་ངོ་བོ་ནི༔ ཆོས་ཉིད་དང་སེམས་ཉིད་གཉིས་སུ་མེད་པར་འདྲེས་པ་ལ་རྣམ་པར་རྟོག་པ་དང་བྲལ་བའི་སྟོང་པ་ཉིད་དེ་ཡིན་ནོ༔ ཤེས་རབ་ཀྱི་ངེས་ཚིག་ནི༔ ཤེས་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་སྐྱེ་བ་མེད་པ་སྤྲོས་བྲལ་དུ་ཤེས་པ་ལ༔ རབ་ནི་མཚན་ཉིད་མའི་རྣམ་རྟོག་ཐམས་
ཅད་ཆོས་ཉིད་ཀྱི་ངང་དུ་འགྱུར་བའོ༔ དེ་ཡང་ཤེས་རབ་ཀྱི་དང་ཆོས་ཀྱི་དབྱིངས་ནི་གཉིས་སུ་མེད་དོ་ཞེས་པ་དང་༔ ཤེས་རབ་ཅེས་བ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དག་གོ༔ མཚན་མ་མེད་པ་དང་སྨོན་པ་མེད་པའི་ཚིག་བླ་དག་གོ༔ ཞེས་སོ༔ ཡང་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ སྐྱེ་བ་མེད་པར་རྟོགས་གྱུར་ཅིང་༔ རང་བཞིན་སྟོང་ཉིད་ཤེས་པ་ནི༔ ཤེས་རབ་ཅེས་སུ་བཏགས་པ་ཡིན༔ ཞེས་སོ༔ ཏིང་འཛིན་རྒྱལ་པོ་ལས་གསུངས་སོ༔ ཡང་ན་ཤེས་པ་རྣམས་ཀྱི་ནང་ན་རབ་བམ༔ ཕུལ་དུ་གྱུར་པས་ཤེས་རབ་ཅེས་བྱའོ༔ ཤེས་རབ་ཀྱི་དབྱེ་བ་ལ་གཉིས་ཏེ༔ ལོག་པའི་ཤེས་རབ་དང༔ ཡང་དག་པའི་ཤེས་རབ་བོ༔ ལོག་པའི་ཤེས་རབ་ལ་བཞི་སྟེ༔ ཕྱིན་ཅི་ལོག་གི་ཤེས་རབ་དང་༔ སྒྲོ་བཏགས་ཡིད་དཔྱོད་ཀྱི་ཤེས་རབ་དང་༔ མིང་བསྒྱུར་གྱི་ཤེས་རབ་དང་༔ མ་དག་པའི་ཤེས་རབ་དང་བཞི་པོ་དེ་ནི་ཤེས་རབ་ཏུ་བཏགས་ཀྱང་ཤེས་རབ་མ་ཡིན་ནོ༔ དེ་ལ་མ་དག་པའི་ཤེས་རབ་ནི༔ ཐོས་པ་རྒྱ་ཆུང་ཏེ་མ་དག་པས་ཐེ་ཚོམ་དུ་གྱུར་པ་དང་༔ སྒོམ་པ་ཡུན་ཐུང་ཏེ་མ་དག་པས་ཡིད་གཉིས་སུ་གྱུར་པ་དང་༔ མན་ངག་རྩད་མ་ཆོད་པས་མ་དག་པ་ཆལ་ཆོལ་དུ་གྱུར་པ་དང་༔ གྲུབ་མཐའི་ཕུགས་མ་རྟོགས་པས་མ་དག་སྟེ་ལྟ་སྒོམ་ལ་ས་ཟིན་མེད་པར་གྱུར་པའོ༔ ཤེས་རབ་ཕྱིན་ཅི་ལོག་ནི་བཞི་སྟེ༔ ཐོས་པ་སྤྱི་གཞུང་དང་འགལ་ནས་རྒྱུད་ལུང་དང་འཐད་འཐད་འདྲ་ཡང་ཤེས་རབ་ཆེ་ཡང་བརྒྱུད་པ་ཕྱིན་ཅི་ལོག་གི་ཤེས་རབ་བོ༔ ལས་དང་རྣམ་སྨིན་མི་འཛེམ་ན་ཤེས་རབ་ཆེ་བ་འདྲ་ཡང་ལས་འགལ་ནས་བྱ་བ་སྤྱོད་པས་ཕྱིན་ཅི་ལོག་གི་ཤེས་རབ་ཡིན༔ ལྟ་སྒོམ་ཁྱད་དུ་བསད་ནས་འབྲས་བུ་མི་ཐོབ་པ་ཕྱིན་ཅི་ལོག་གི་ཤེས་རབ་ཡིན༔ གནས་ལུགས་ཀྱི་དགོངས་པ་ལ་དོན་ལ་གཏུགས་རྒྱུ་མེད་ན༔ ཕུགས་ཀྱི་ལྟ་བ་ཕྱིན་ཅི་ལོག་སངས་རྒྱས་ཀྱི་དགོངས་པ་ཁྱད་བསད་ནས་རས་ཆོད་གཟུ་ལུམ་མཁས་འདོད་བྱེད་པའོ། །ཏུ་རྟོགས་
པའི་ཤེས་རབ་ཡིན་པས༔ མིང་ཙམ་གྱི་ཤེས་རབ་ལས་ཡང་དག་པ་མིན་ནོ༔ སྒྲོ་བཏགས་ཀྱི་ཤེས་རབ་ནི༔ ཚིག་རྣམས་ལ་རྟོག་དཔྱོད་ཀྱི་བློ་དང་བཅས་པས་ཏེ༔ ཡང་དག་པའི་ལུང་དང་ངེས་པའི་ཤེས་པ་མེད་པར་མིན་པ་ལ་ཡིན་པར་སྒྲོ་བཏགས༔ དོན་མ་རྟོགས་པར་ཡིན་པ་ལ་མིན་པར་སྒྲོ་བཏགས༔ རྒྱུ་འབྲས་དེ་བཞིན་དུ་ཡོད་པ་ལ་མེད་པ་དང༔ ཆད་པ་ལྟར་སྣང་བ་ལ་སྟོང་པར་སྒྲོ་བཏགས་པ་དང༔ རྟག་པ་ལྟར་སྟོང་པ་ལ་སྣང་བ་ལ་སོགས་པར་སྒྲོ་བཏགས་ནས༔ འདི་ནི་བླ་མ་དང་པོ་ཐོས་པ་རྒྱ་ཆུང་བ་དང་བར་དུ་རྟོགས་པའི་གདིངས་ཀྱིས་མ་ཟིན་ཅིང་ཐ་མ་གོམས་འདྲིས་ཆུང་བ་གསུམ་ལས་སྐྱོན་བྱུང་བའི་མན་ངག་ཚད་མ་མ་ཡིན་པ་དང་༔ ཡང་དག་པའི་ལུང་གིས་མ་ཟིན་པའི་སྐྱོན་ལས་འབྱུང་བས་ཏེ༔ དེ་ལྟར་དྲན་བཟོ་དང་འདི་ཡིན་སྙམ་པ་དང་མིན་སྙམ་པ་དང་པྲ་སེ་ན་འདོད་པའི་ཕྱིར་སོང་བ་ཞེས་བྱའོ་བཀའ་ལ་གཟུ་ལུམས་རས་ཆོད་བྱེད་པར་འགྱུར༔ ངོའི་འབྲས་བུ་ནི་སེམས་ཀྱི་སྣང་བ་རྡོ་རྗེ་དམྱལ་བ་ལས་འགྲོ་ས་མེད་དོ༔ རང་དགེ་དང་ཡུལ་དང་གནས་སུ་ཉོན་མོངས་པ་དགོངས་པ་འདུས་མི་འགྱུར་བའི་དོན་དང་གནས་སྐབས་སུ་ཤེས་རབ་ནི༔ ཡང་ཐོག་མར་ཤེས་རབ་ཆུང་བས༔ རྒྱལ་བས་བཀའ་རྒྱུད་ལྡེམ་དགོངས་སུ་གསུངས་པ་ལ་སོགས་པ་ལ་ཡིད་ཀྱིས་མ་རྟོགས་ནས༔ སོ་སོའི་བཀའ་ལ་རས་ཆོད་དང་འདོད་གཞུང་དུ་ཚིག་རང་དག་རང་གསལ་གིས་ལེགས་བསྒྲིགས་འཐད་པས་ཀྱང་ཡོད་དོ༔ འདི་ནི་བློ་ཐེ་ཚོམ་མ་ཆོད་པ་ཡིན་ཏེ༔ ཆོས་ཀྱི་མི་འགྱུར་བ་ནི་ཡང་དག་པའི་ཤེས་པའི་གདིངས་ཀྱིས་ཟིན་པ་ནི་མེད༔ འདི་ལྟར་ཡིན་ནམ་སེམས་མིན་ནམ་སེམས་པས་སྙེམ་བྱེད་ཀྱི་བློ་ཅན་ཞེས་བྱ་སྟེ༔ ཤེས་རབ་ཏུ་བསྒྱུར་ཡང་ཤེས་རབ་མ་ཡིན༔ འདིས་ནི་འཁོར་བའི་ཤེས་རབ་ཕྱིན་ཅི་ལོག་གི་ས་བོན་འདེབས་པར་བྱེད་པ་ལས༔ ཐར་པ་ལ་རྡུལ་གྱི་ཆ་ཡང་མེད་པའི་སྟེང་དུ་ངན་སོང་དུ་འཕེན་པར་བྱེད་པའི་གྲོགས་ཡིན་ནོ༔ གཉིས་པ་ཡང་དག་པའི་ཤེས་རབ་བསྟན་པ་ལ་གསུམ་སྟེ༔
ཐོས་པའི་ཤེས་རབ་ཀྱིས་ཕྱིའི་སྒྲོ་འདོགས་གཅོད༔ བསམ་པའི་ཤེས་རབ་ཀྱིས་ནང་གི་འཁྲུལ་པ་བཟློག་པ་དང༔ སྒོམ་པའི་ཤེས་རབ་ཀྱིས་གསང་བའི་ཉོན་མོངས་པ་གཅོད་པར་བྱེད་པའོ༔ དེ་ལ་སྒྲོ་འདོགས་གཅོད་པ་ནི་ཚིག་ཡིན་ཏེ༔ ཚིག་གཅིག་མ་བྱུང་ན་མ་བྱུང་༔ བྱུང་ཕན་ཆད་དུ་སྒྲོ་འདོགས་པ་ནི་ཚིག་ཡིན་པས༔ ཆོས་ཉིད་སངས་རྒྱས་ཀྱི་དགོངས་པ་ཚིག་དང་བློ་ལས་འདས་པ་ཡིན་པས་ཤེས་རབ་ཀྱི་ཚིག་གིས་ཞེན་པའི་སྤྲོས་པ་གཅོད་པའི་དུས་ན་སྒྲོ་འདོགས་པ་ཞེས་བྱ་སྟེ༔ ཤེས་རབ་ཡང་དག་པ་ཡིན་ནོ༔ དེ་ལ་བསམ་པའི་ཤེས་རབ་ཀྱིས་ནང་གི་འཁྲུལ་པ་ཟློག་པར་བྱེད་པ་ནི༔ འདི་ལྟར་སྣང་བའི་སེམས་དང་སེམས་ལས་བྱུང་བའི་འཁྲུལ་པའི་མངོན་ཞེན་ཐམས་ཅད་ནམ་ཆོད་ཙ་ན་ཡང་དག་པའི་ཤེས་རབ་ཡིན་ནོ༔ ཉོན་མོངས་པ་སྒོམ་པའི་ཤེས་རབ་ཀྱི་གསང་བ་སོགས་པ་སྟེ་གཅོད་པར་བྱེད་པ་ནི༔ རང་གི་རྒྱུད་ལ་ཉོན་མོངས་པ་སྐྱེས་པའམ༔ སྐྱེ་བར་བྱེད་པ་ཙམ་ཡང་མེད་ཙ་ན་ཡང་དག་པའི་ཤེས་རབ་ཡིན་ནོ༔ དེ་ཡང་ཡང་དག་པའི་ཤེས་རབ་མ་ཡིན་པ་ལ་མ་ཡིན་པ་ནི་ཡིད་ཀྱིས་དཔྱད་པ་མ་ཡིན་ཏེ༔ དེ་ལྟར་ཀ་དག་ཆེན་པོ་རིམ་གྱིས་མ་ཡིན་པར་ཅིས་ཤེས་ན་ཤེས་རབ་ལ་བརྟགས་ཤིང་དཔྱད་མི་དགོས༔ ཤེས་རབ་ཆེན་པོས་སྐད་ཅིག་ལ༔ ཆོས་ཀུན་གནས་ལུགས་ཏེ་ཁོང་དུ་ཆུད་པས་ཐོག་བབས་སུ་ཏེ༔ དེ་ལྟར་ཆུད་པས་མངོན་པར་རྟོག་པ་ཤར་ནས༔ ཚིག་གི་མཐའ་ཐམས་ཅད་ཆོད་པའོ༔ ཐེ་ཚོམ་དང་ཡིད་གཉིས་དང་སོམ་ཉི་དང་སྙེམ་བྱེད་ཀྱི་སྒྲོ་འདོགས་ལ་སོགས་པ་རྣམས་ལ་ལོག་པས་ན་ཤེས་པ་ཐམས་ཅད་ཀྱི་རབ་ཡིན་པས་ན་ཤེས་རབ་ཅེས་བྱའོ༔ ཤེས་རབ་གྱི་རྣམ་གྲངས་ཀུན་གྱི་ནང་ནས་འདི་ནི་ཐོག་མ་མེད་པའི་ཤེས་རབ་བོ༔ དེ་ཡང་ཐམས་ཅད་སྐྱེ་མེད་སྟོང་པ་ཉིད་དུ་རྟོགས་པ་དེ་ཉིད་འདུས་སོ། ཐམས་ཅད་ལ་མཉམ་པ་ཉིད་ཀྱི་ཤེས་རབ་ཀྱིས་འགྲོ་བའི་ལུས་འཛིན་པ་ཞེས་བྱ་བ་ཐམས་ཅད་གཅིག་ཏུ་འདུས་པ་ཡིན་ནོ༔ ཡང་འབྱེད་ན༔ འཇིག་རྟེན་པའི་ཤེས་རབ་དང་༔
འདས་པའི་ཤེས་རབ་བོ༔ འཇིག་རྟེན་པ་ནི༔ བློ་དང་བཅས་པའི་ཤེས་རབ་དང་༔ གཏན་ཚིགས་རྗེས་སུ་སྟོན་པ་རྣམས་དང་༔ ཕྱིན་ཅི་ལོག་ཤེས་པ་འཇུག་པར་བྱེད་པ་རྣམས་སོ༔ འདས་པ་ནི་དེ་དག་རྣམས་ལས་ལོག་པ་ཡིན་ནོ༔ དེ་ཡང་འདས་པའི་ཤེས་རབ་ལ་བསྡུས་ན༔ ཐོས་པ༔ བསམ་པ༔ སྒོམ་པ་གསུམ་ཡིན་ནོ༔ དང་པོ་གང་ཟག་གི་སྒོམ་གྱིས་ལ་ལ་ཐོས་པའི་ཚིག་ལ་ཤེས་རབ་ཆེ་བ་དང་། ལ་ལ་བསམ་པའི་ཚིག་དོན་འགྲེལ་བ་ལ་ཤེས་རབ་ཆེ་བ་དང་། ལ་ལ་སྒོམ་པའི་ཚིག་དོན་ལ་ཤེས་རབ་ཆེ་བ་ཡང་ཡོད་དེ་ཤེས་རབ་ཀྱི་མཚན་ཉིད་ནི༔ ཐོས་པའི་ཤེས་རབ་ཀྱི་མཚན་ཉིད་ནི༔ ཕྱོག་རིས་མེད་པ་མང་དུ་ཐོས་ཤིང་ཚིག་ལ་ཆད་ལྷག་མེད་པར་ཤེས་པས་ཕྱི་ནང་གི་སྤྲོས་པ་ཆོད་པའོ༔ བསམ་པའི་ཤེས་རབ་ཀྱི་མཚན་ཉིད་ནི༔ སེམས་ཀྱི་ཚིག་དང་དོན་དུ་བཅས་པ་ལ་བརྟགས་ཤིང་བཤད་པར་བྱེད་པའོ༔ སྒོམ་པའི་ཤེས་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྒྱུད་ལ་ཤར་པའོ་མཚན་ཉིད་ནི༔ སྒོམ་པས་ཉམས་རྣམས་རྫོགས་ཏེ་དགོངས་པ་རྒྱུད་ལ་ཤར་བའོ་ཉོན་མོངས་པ་རྣམས་ལས་རིང་དུ་སྤང་པའོ༔ ཤེསརབ་ཀྱི་ཡུལ་ནི༔ ཚིག་དོན་ཕྱེད་མ་གཅིག་བསྟན་པ་ནི༔ ཐོས་པའི་ཤེས་རབ་ཀྱི་ཡུལ་ནི་ཚིག་ཡིན༔ བསམ་པའི་ཤེས་རབ་ཀྱི་ཡུལ་ནི་ཚིག་དོན་ཕྱེད་མ་གཙོ་ཆེ་ཡིན༔ སྒོམ་པའི་ཤེས་རབ་ཀྱི་ཡུལ་ནི་ཚིག་དོན་གང་ལ་ཡང་མི་རྟོག་པ་ཡིན་ནོ༔ ཤེས་རབ་ཀྱི་བྱེད་པའི་ལམ་བསྟན་པ་ནི༔ ཐོས་པའི་ཤེས་རབ་ཀྱིས་སྤྲོས་ཚིག་གི་སྤྲོས་པ་གང་ཡིན་པ་དང་ཤེས་པའི་སྤྲོས་པ་དང་ཕྱི་ནང་གི་ཚིག་གོ་པའི་མཐའ་བཅད་པ་ནས་ཐ་མ་བློ་གང་ལ་ཡང་མི་འཇུག་པར་བྱེད་པའོ༔ བསམ་པའི་ཤེས་རབ་ཀྱིས་ཚིག་དོན་ཕྱེ་སྟེ༔ ཚིག་གི་ཞེན་པ་དང་བྲལ་བར་བྱེད་དོ༔ སྒོམ་པའི་ཤེས་རབ་ཀྱིས་འཁྲུལ་པར་རྣམ་པར་རྟོག་པ་དང་༔ ཉོན་མོངས་པའི་རྣམ་པར་རྟོག་པ་བཅད་ནས༔ རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པར་བྱེད་པ་ཡིན་ནོ༔ ཤེས་རབ་ཏུ་འདོགས་པར་བསྟན་པའོ་ཀྱི་འཐད་པ་ནི༔ ཐོས་པའི་ཤེས་རབ་ཏུ་འདོགས་
པ་འཐད་པ་ནི༔ དཔེར་ན་རབ་ཏུ་སྙན་པའི་གཏམ་རྒྱུད་ངོ་མཚར་ཅན་ཐོས་པས་སྐྱེས་བུའི་སེམས་རངས་པ་དང་འདྲ༔ ཟབ་མོའི་ཆོས་ཐོས་པ་ཙམ་གྱིས་དད་པ་ཁྱད་པར་ཅན་སྐྱེས་པ་དང་སྐྱེས་བུ་དེའི་སེམས་རངས་ཤིང་ང་རྒྱལ་ལ་སོགས་པ་ཞི་ནས་རྒྱ་ཆེ་བའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་དང་༔ གྲུབ་མཐའི་མཚན་ཉིད་ཤེས་ཤིང་རྟོགས་པ་ནི་ཐོས་པའི་ཤེས་རབ་བོ༔ བསམ་པའི་ཤེས་རབ་ཏུ་འདོགས་པ་བློ་སྒྲིན་པོས་རྟོགས་པ་འཕེལ་བས་ཚིག་འཕེལ་་བ་ནི༔ དཔེར་ན་སྐྱེས་བུ་འདོད་ཅན་པའི་ཕྱིར་བསམ་ན་འདོད་པ་འཕེལ་བས་བསམ་པ་ལ་ཐུག་པ་མེད་པ་དང་འདྲ་བར༔ ཚིག་མ་བསམ་པས་ཚིག་ལ་ཐུག་པ་མེད་པ་ཕྱི་ནང་གི་ཡིན་ནོ༔ ཡིད་དཔྱོད་ཚིག་གིས་མཐའ་བརྟོལ་བ་ནི༔ ཡང་དག་པའི་བསམ་པའིཤེས་རབ་ཚིག་ཕྱིར་དོན་འབྲེངས་མ་ཡིན་ནོ༔ ཆོས་ཉིད་དེ་བཞིན་ཉིད་གདོད་ནས་བྱས་པ་མེད་པའི་སེམས་ཉིད་ལ་དྲན་རྟོག་བློ་ཡི་དོན་ལ་སྙིང་པོའི་ཆོས་དོན་དམ་མཆོག་དང་བཅས་པ་རང་བདེན་བསླུས་ཀྱི་དོན་ལ་བསམ་པས་དོན་གྱི་ཚད་ཟིན༔ ཚིག་གི་སྤྲོས་པ་ཆོད་ཙམ་ཚིག་གིས་དོན་རྙེད་ཡིད་གཉིས་ཐེ་ཚོམ་ཆོད་ན་ཡང་དག་པ་མ་ཡེངས་པའི་ངང་ལས་བསམ་པའི་ཤེས་རབ་བོ༔ སྒོམ་པའི་ཤེས་རབ་ཏུ་འདོགས་པའི་འཐད་པ་ནི༔ ཐོས་ཤིང་བསམ་པའི་ངོ་བོ་ཡང་དག་པའི་གནས་ལུགས་དེ་ཉིད་ལ་སྒོམ་ཡུན་བསྲིངས་པ་ལས༔ ཐོབ་བྱའི་སྐུ་གསུམ་ཡེ་ཤེས་ལྔའི་ཆོས་ཀྱི་དབྱིངས་འབྲས་བུའི་དོན་ཁོང་དུ་ཆུད་པས༔ མཁྱེན་པའི་ཡེ་ཤེས་ཀྱི་ཤེས་རབ་ནི་སྒོམ་པ་ལས་བྱུང་བའི་ཤེས་རབ་ཏུ་འཐད་དོ་བོ༔ ཤེས་རབ་བསྡུས་པ་བསྟན་པ་ནི༔ གནས་ལུགས་ཤེས་རབ་ཀྱིས་མ་རྟོགས་པས་ཐོས་པའི་དོན་ཁ་ཁྱེར་དུ་སོང་བ་ཡིན༔ ཤེས་རབ་ཀྱིས་གྲུབ་མཐའི་ཕུགས་མ་རྟོགས་པས་དོན་མ་རྙེད་པས་སྤྲོས་པ་མ་ཆོད་པའོ། །བསམ་པའི་གོལ་ས་ཡིད་དཔྱོད་ཚིག་གི་ཕྱིར་འབྲེངས་པ་ཡིན༔ སྒོམ་པའི་ཤེས་རབ་ཀྱི་གོལ་ས་བསྟན་པ་ནི༔ ཉམས་སུ་མྱོང་བས་དྲོད་རྟགས་སོ་ཚིག་གི་
སྡེབ་སྦྱོར་དང་༔ ཉམས་ལེན་མེད་པའི་རྟགས་སོ། །འབྱེད་པ་ལ་མཁས་པ་འཇིག་རྟེན་པའི་ལོ་འདོད་དུ་སོང་བ་ཡིན་ནོ༔ ཤེས་རབ་ཀྱི་ས་མཚམས་བསྟན་པ་ནི༔ ཐོས་པའི་ཤ ེས་རབ་ཀྱི་ས་མཚམས་ནི་དོན་གྱི་རོ་མ་མྱོང་བར་དུ་ཡིན་ནོ་ཡིད་གཉིས་དང་ཐེ་ཚོམ་ཆོད་ཚུན་ཆད་ཡིན༔ ཆོས་མ་རྟོགས་ཀྱི་བར་ལ་ཐོས་དགོས་པ་ཡིན་དེ་ནས་ཐོས་པ་མི་དགོས་བསམ་པས་ཆོག༔ ཚིག་ཏུ་ཟིན་དོན་དུ་གོ་ན་ཐོས་པ་རྫོགས་པ་ཡིན༔ བསམ་པའི་ཤེས་རབ་ཀྱི་ས་མཚམས་ནི༔ ཚིག་དང་དོན་དུ་འདྲེས་ཏེ་ཉམས་སུ་ལེན་ཤེས་ཙ་མ་འདྲེས་བར་དུ་ཡིན་ནོ་ན༔ བསམ་པའི་ཤེས་རབ་རྫོགས་པ་ཡིན༔ སྒོམ་པའི་ཤེས་རབ་ཀྱི་ས་མཚམས་བསྟན་པ་ནི༔ ཉོན་མོངས་པ་རྣམ་རྟོག་ཟད་ནས་བསྒོམ་མི་དགོས་མ་ཟད་ཀྱི་བར་བསྒོམ་དགོས་ཏེ༔ དེ་ནས་བསམ་མི་དགོས་སྒོམ་པས་ཆོག་ཉོན་མོངས་པ་དང་རྣམ་རྟོག་ཟད་ཙམ་ན་སྒོམ་པའི་ཤེས་རབ་རྫོགས་པ་ཆོས་ཟད་པས་ཡིན༔ ཤེས་རབ་ཀྱི་ལྡང་ཚད་བསྟན་པ་ནི༔ ཐོས་པའི་ཚད་ནི་བླ་མའི་གསུང་ལ་ལྷག་ཆད་མེད་པར་ཤེས་ཤིང་མདོ་རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པས་ལྟ་བ་ཁྲོལ་ཙ་ན༔ ཐོས་པའི་ཤེས་རབ་ལ་ལྡང་བ་ཡིན་ནོ༔ སྔ་མ་བསམ་པའི་ཚད་ནི་བཀའ་ལུང་མཐོང་མ་མཐོང་ལྟ་མ་མྱོང་བའི་ཆོས་ཀུན་ལ་མན་ངག་ཐེག་པ་ཕྱིན་ནང་གི་རྟོག་དཔྱོད་ཚུད་ཅིང་དོན་གོ་ཕྱེད་ཙམ་ན༔ བསམ་པའི་ཤེས་རབ་ལྡང་བ་དགོངས་པ་ཁྲོལ་བ་ཡིན་ནོ༔ སྣང་བ་སྣ་ཚོགས་འདི་ཉིད་ལ་སྒོམ་པའི་ཚད་ནི་ཕྱི་ནང་ཡུལ་གང་ལ་ཡང་བལྟས་ཀྱང་སྐྱེ་བ་མེད་དོ་བསྟན་ཏེ༔ ཆོས་ཉིད་དུ་བྲལ་གྱིས་འཆར་བའམ༔ ཡང་ན་མཉམ་རྗེས་ལ་ཁྱད་མེད་པར་མཉམ་པ་ཉིད་དུ་འཆར་བ་ཙམ་ན༔ སྒོམ་པའི་ཤེས་རབ་ལྡང་པ་ཡིན་ནོ༔ ཤེས་རབ་ཀྱི་འབྲས་བུ་བསྟན་པ་ནི༔ ཐོས་པའི་ཤེས་རབ་ཀྱི་འབྲས་བུ་ནི༔ དོན་གྱི་ངོ་བོ་རྙེད་ཅིང་ཐེ་ཚོམ་དང་ཡིད་གཉིས་དང་བྲལ་བ་ཡིན་ཚིག་གིས་སྤྲོས་པའི་མཐའ་ཆོད་པའོ༔ བསམ་པའི་ཤེས་རབ་ཀྱི་འབྲས་བུ་ནི་ཆོས་དང་ཆོས་མ་ཡིན་པ་ཕྱེད་པའོ༔
སྒོམ་པའི་ཤེས་རབ་ཀྱི་འབྲས་བུ་ནི༔ ཉོན་མོངས་པའི་དབང་དུ་མ་གྱུར་ཅིང་གྲོལ་ནས་ཡེ་ཤེས་ཡང་དག་པའོ། །དང་པོཉམས་དང་བར་དུ་དྲོད་དང༔ ཐ་མ་རྟགས་རྫོགས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའོ༔ དེ་ཡང་ཐོས་པའི་ཤེས་རབ་ཀྱིས༔ ཕྱིའི་ཚིག་དང་ཡི་གེའི་སྒྲོ་འདོགས་ཆོད་པས་སྤྲུལ་སྐུ་ཐོབ་པའོ༔ དོན་ལ་བསམ་པའི་ཤེས་རབ་ཀྱིས་ནང་གི་སྒྲོ་འདོགས་ཆོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའོ༔ སྒོམ་པའི་ཤེས་རབ་ཀྱིས་གསང་དུ་ཡོད་པས་གཏན་ལ་ཕབས་སྒྲོ་འདོགས་ཆོད་པའི་ཡེ་ཤེས་དང་ཆོས་ཉིད་ཀྱི་སྒྲོ་འདོགས་ཆོད་པས་ཆོས་སྐུ་ཐོབ་པའོ༔ ཤེས་རབ་བསྡུས་པའི་སྒྲོན་མ་ཞེས་བྱ་བ༔ སློབ་དཔོན་ཆེན་པོ་བྱེ་མ་ལ་མུ་ཏྲས་མཛད་པ་རྫོགས་སོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ་༔ གྷུ་ཧྱ༔ བཅོམ་ལྡན་འདས་ཡེ་ཤེས་རང་དག་ཉིད་ལ་ཕྱག་འཚལ་ལོ༔ ཡེ་ཤེས་བསྡུས་པའི་སྒྲོན་མ་འདི་ལ་དོན་བཅུ་གསུམ་གྱིས་བསྟན་ཏེ༔ དང་པོ་ཡེ་ཤེས་ཀྱི་རྒྱུ་གསུམ་ནི༔ སྣང་བས་མ་ཕྲོགས༔ ཤེས་པས་མ་བསྒྱུར༔ དངོས་པོའི་མཐའ་ཟད་པ་དང་གསུམ་མོ༔ ཡེ་ཤེས་ཀྱི་ངོ་བོ་གསུམ་ནི༔ རང་བྱུང་དུ་གནས་པ༔ མི་འགྱུར་བ༔ ཡེ་གདངས་དང་བཅས་པའོ༔ ཡེ་ཤེས་ཀྱི་མཚན་ཉིད་གསུམ་ནི༔ གསལ་བ༔ མ་འདྲེས་པ༔ ཡེ་ནས་སྟོང་ཞིང་རྫོགས་པའོ༔ ཡེ་ཤེས་ཀྱི་གདངས་གསུམ་ནི༔ བསམ་པ་ཟད་པ༔ གསལ་ལ་མི་རྟོག་པ༔ བློའི་མཐའ་ཟད་པའོ༔ ཡེ་ཤེས་ངོས་རང་གསལ་འཛིན་མེད་བཟུང་བ་ལ་གསུམ་སྟེ༔ སྨན་པ་མཁས་པས་ནད་ངོས་བཟུང་ནས་ནད་བྱང་སྟེ་བདེ་བ་ཐོབ་པ་ལྟ་བུའོ༔ ཡེ་ཤེས་དེ་ལ་འདས་པའི་རྗེས་མ་བཅད་མ་འོངས་པའི་སྔོན་མ་བསུ་ད་ལྟར་བར་འཛིན་པ་མེད་དོ་ལམ་དུ་འཁྱེར་བ་ནི༔ ཡེ་ཤེས་སྤྱི་བླུགས་ཀྱི་མཁའ་ལ་ཉི་མ་ཤར་བ་ལྟ་བུར་ལམ་དུ་འཁྱེར༔ ཡེ་ཤེས་གནས་པའི་གདམས་
ངག་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུར་ལམ་དུ་འཁྱེར་རོ༔ ཡེ་ཤེས་ཀྱི་རྩལ་ནི༔ སྒོ་ལྔ་ལ་འཆར་ཏེ༔ མིག་འཛིན་མེད་དེ་སྣང་སྟོང་༔ རྣ་བས་ཐོས་པས་གྲགས་སྟོང་༔ སྣས་ཚོར་བས་དྲི་སྟོང་༔ ལྕེས་མྱོང་བས་བདེ་སྟོང་༔ ལུས་འཛིན་མེད་རེག་སྟོང་༔ ཡེ་ཤེས་ཀྱི་ཡོན་ཏན་ལྔ་ལ༔ ཐིམ་པ་ལ་མི་རྨུགས་པ༔ གསལ་བ་ལ་མ་ཡེངས་པ༔ སྟོང་པ་ལ་ཕྱང་མ་ཆད་པ༔ གནས་པ་ལ་ཟང་ཐལ་བ༔ དངོས་པོ་ལ་བདག་ཏུ་མ་བཟུང་བའོ༔ ཡང་ན་ཡེ་ཤེས་ཀྱི་ཡོན་ཏན་ནི༔ ཡེ་ཤེས་ལྔར་རྟོགས་པས་ཉོན་མོངས་པ་ལྔ་ཡེ་ཤེས་སུ་གསལ་བའོ༔ ཡེ་ཤེས་གནས་པའི་སའམ་ལམ་ལྔ་ནི༔ རང་གི་སྙིང་གི་དཀྱིལ་ན་ཤེས་རིག་གི་རྒྱལ་པོ་རང་གིས་རང་གསལ་བར་གནས་པའོ༔ རྩ་རོ་མ་ན་ཐིག་ལེའི་དངས་མ་ཉུང་འབྲུ་ཙམ་གནས༔ རྐྱང་མ་ན་རླུང་གི་དངས་མ་ཏིལ་འབྲུ་ཙམ་གནས༔ ཀུན་དྷར་ན་འོད་ཀྱི་དངས་མ་སྲན་མ་ཙམ་གནས༔ ཨ་ཝ་དྷཱུ་ཏི་ན་ཤེས་པའི་དངས་མ་རྟ་རྔའི་སུམ་ཆ་ཙམ་གནས་སོ༔ ཡེ་ཤེས་འཆར་བའི་སྒོ་བཞི་ནི༔ མིག་གཡས་ཡེ་ཤེས་གསལ་བར་བྱེད་པ་ནས་ཐིག་ལེ་སྟོང་པའི་སྒྲོན་མ་དང་བཅས་ཏེ་འཆར༔ མིག་གཡོན་པ་ནས་ཤེས་རབ་རང་བྱུང་གི་སྒྲོན་མ་ཡེ་ཤེས་སྐྱེད་བྱེད་འཆར༔ རྣ་བ་གཡས་ནས་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཆར༔ རྣ་བ་གཡོན་པ་ནས་རྒྱང་ཞག་ཆུའི་སྒྲོན་མ་འཆར་ཏེ༔ སྒོ་ལྔའི་ཤེས་པ་བསྐྱེད་པའོ༔ ཡེ་ཤེས་ཀྱི་དབྱེ་བ་ནི་གཉིས་ཏེ༔ གཞི་གནས་ཀྱི་ཡེ་ཤེས་དང་༔ མཚན་འཛིན་པའི་ཡེ་ཤེས་སོ༔ གཞི་གནས་ལ་གསུམ་སྟེ༔ ངོ་བོ་ཀ་དག་གི་ཡེ་ཤེས་དང་༔ རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དང་༔ ཐུགས་རྗེས་རིག་པ་ཀུན་ལ་ཤར་བས་ཀུན་གྲོལ་གྱི་ཡེ་ཤེས་སོ༔ དེ་ལ་རིག་པ་ཉིད་འཁྲུལ་མ་མྱོང་བས༔ ངོ་བོ་ཡེ་ནས་ཀ་དག་གི་ཡེ་ཤེས་སུ་བཞུགས་པས༔ འཁོར་བ་ལ་ཐོག་མ་མེད་པའི་གནད་དང་༔ རིག་པ་ལ་རང་བཞིན་དེས་ཀུན་ལ་ཁྱབ་
པས༔ རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སུ་བཞུགས་པས་གནད་ཤེས་པ་རྣམས་སངས་མི་རྒྱ་མི་སྲིད་པ་དང་༔ རིག་པ་དེ་སྣ་ཚོགས་སུ་ཤར་བས༔ ཐུགས་རྗེས་ཀུན་གྲོལ་གྱི་ཡེ་ཤེས་སུ་བཞུགས་པས༔ འབད་རྩོལ་བྱ་མི་དགོས་པར་ཡོངས་སུ་གྲོལ་བའོ༔ མཚན་ཉིད་འཛིན་པའི་ཡེ་ཤེས་ནི་ལྔ་སྟེ༔ ཆོས་ཉིད་ཀྱི་ངང་ལས་གསལ་ལ་མ་འགགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ ངོ་བོ་ཀ་དག་ཏུ་དེ་ལ་འཁོར་འདས་གཟུགས་བརྙན་གསལ་བ་གནས་པ་ནི༔ མེ་ལོང་ལྟ་བུའི་ཡེ་ཤེས་སོ༔ རང་གི་གཞི་ལས་མ་གཡོས་ཤིང་༔ ཆོས་ཐམས་ཅད་མཉམ་པར་ཤེས་པས་ན༔ མཉམ་དེ་ཉིད་མཉམ་པ་རིས་མེད་དུ་ཁྱབ་པས་ན་པ་ཉིད་ཀྱི་ཡེ་ཤེས་སོ༔ ཆགས་པ་མེད་པར་གསལ་བ་ནི༔ ཡེ་ཤེས་ལྔ་པོ་དེ་ཐ་མི་དད་པར་ཆོས་ཉིད་དུ་འདུས་པས་སོ་སོར་རྟོག་པའི་དེ་སྣང་ཚུལ་སོ་སོའི་མཚན་ཉིད་དུ་ཤར་བས་ཡེ་ཤེས་སོ༔ ལུང་ལས་ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀུན་མེད་པར་འགྱུར། །རྩོལ་སྒྲུབ་ཀྱི་མཐའ་དང་བྲལ་བ་རང་བཞིན་གྱིས་གྲུབ་པ་ནི༔ བྱ་བ་ནན་ཏན་གྱི་ཡེ་ཤེས་སོ༔ ངེས་ཚིག་ནི་ཡེ་ཤེས་རྒྱུན་མི་ཆད་པར་བཞུགས་པས་ཏེ་ཡེ་ནས་འཛིན་པའི་སངས་རྒྱས་རྒྱུ་ཡིས་མ་སྐྱེད༔ རྐྱེན་གྱིས་མ་ཤིགས༔ འགྲོ་འོང་མེད་པ་ཞེས་སོ༔ དུས་ཐམས་ཅད་དུ་རྟག་པར་ཡེ་ནས་བཞུགས་ཏེ༔ ཕྱོགས་དང་སྔ་ཕྱི་ལས་མི་ལྟོས་པའོ༔ ཞེས་པ་ནི༔ དེ་ཉིད་ཀྱི་ཤེས་པ་དོན་ཇི་ལྟ་བར་ཤེས་པ་ཡིན་ཏེ༔ རྟོག་པ་མངོན་གྱུར་གྱི་སངས་རྒྱས་དང་ཅོག་བཞག་ཏུ་གཞན་དུ་ཤེས་པ་ལ་རྟོག་པའི་གཟེར་ཐེབས་པས་ཕྱིར་མི་ལྡོག་པའི་ས་ནོན་པའོ༔ ཡེ་ཤེས་བློ་འདས་ཆེན་པོར་ངོ་སྤྲད་ཅིང་ལ་བཟླ་བ་ནི༔ ལམ་ལས་མ་བསྒྲོད་པའི་འབྲས་བུ་གཞི་ཐོག་ཏུ་གྲོལ་བས༔ ལྷུན་གྲུབ་ཀ་དག་ཏུ་རྟོགས་པས་རང་སྣང་འཁྲུལ་པ་ལས་མ་བསྒྱུར་བའི་ཤེས་རབ༔ ཡེ་ནས་རང་ལ་གནས་པས་ལུང་ལས་མ་བྱུང་བའི་ཡེ་ཤེས༔ བྱེད་མཁན་མེད་པས་རྒྱུད་ལ་མ་བརྟེན་
པའི་རྟོགས་པ༔ སངས་རྒྱས་རྒྱུ་ལས་མ་བསྐྱེད་སེམས་ལས་མ་བྱུང་བའི་སངས་རྒྱས༔ བུ་ཐོག་མ་གྲོལ་བས་ཆོས་ལས་མ་བྱུང་བའི་དད་པ༔ མ་ཐོག་ཏུ་བུ་གྲོལ་བས་བསྒོམས་པ་ལས་མ་བྱུང་བའི་ཉམས་མྱོང༔ བལྟས་པས་ལྟ་བྱེད་ལ་འདས་པའི་ཤེས་རབ་མ་མཐོང་བའི་ལྟ་བ༔ རང་གི་འདུག་ཚུལ་གྱི་དོན་བླ་མ་ལས་མ་བྱུང་བའི་གདམས་ངག༔ ང་བདག་ཏུ་བཟུང་བས་སེམས་ཅན་རང་ཐོག་ཏུ་གྲོལ་བས་ལྟ་སྤྱོད་ཡ་མ་བྲལ་བས་ཡེ་ཤེས་རང་སོ་ན་གསལ༔ སེམས་མ་བཅིངས་པས་ཡ་མ་བྲལ་བས་སྒོམ་ཉམས་ཡེངས་བ་མེད་པའི་ཡེ་ཤེས་རང་སྣང་༔ གཉིས་འཛིན་ཡ་བྲལ་བས་རང་བྱུང་ཡེ་ཤེས་ཆེན་པོར་རང་ཤར་བའོ༔ ཡེ་ཤེས་བསྡུས་པའི་སྒྲོན་མ་ཞེས་བྱ་བ༔ སློབ་དཔོན་ཆེན་པོ་བྱེ་མ་ལ་མུ་ཏྲས་མཛད་པ་ཟངས་ཡིག་ཅན་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ རིག་པ་བསྡུས་པའི་སྒྲོན་མ་འདི་ལ་སྤྱི་དོན་བརྒྱད་ཀྱིས་བསྟན་ཏེ༔ རིག་པ་རང་གི་ངོ་བོ་ངོས་བཟུང་བ་དང་གཅིག༔ རིག་པའི་ངེས་ཚིག་དང་༔ རིག་པའི་དབྱེ་བ་བསྟན་པ་དང་༔ རིག་པ་སྐུ་གསུམ་དུ་གཏན་ལ་དབབ་པ་དང་༔ རིག་པ་ལྟ་སྒོམ་སྤྱོད་གསུམ་གཏན་ལ་དབབ་པ་དང་༔ རིག་པ་ཐིག་ལེ་ཉག་གཅིག་ཏུ་གཏན་ལ་དབབ་པ་དང་༔ རིག་པ་དགེ་སྡིག་ལས་འདས་པར་བསྟན་པ་དང་༔ རིག་པའི་འདུག་ཚུལ་གསུམ་དུ་གཏན་ལ་དབབ་པ་དང་བརྒྱད་དོ༔ དེ་ལ་དང་པོ་རང་རིག་པའི་ཡེ་ཤེས་ཞེས་བྱ་བ་འདི་ནི༔ སེམས་དང་ཡིད་བསམ་པ་ལས་གྲོལ་བ༔ ཤེས་པ་སྒྲིན་པོ་དང་བཅས་པ་རིག་གེ་སིང་ངེ་བ་གཏིང་ནས་ཧྲིག་ཆགས་པ་ཉམས་སིང་བག་དང་བཅས་པ༔ ངོ་བོ་གཟུང་བར་དཀའ་ཡང་རང་བཞིན་དལ་ཆགས་པ༔ རིག་པའི་རྡོ་རྗེ་ལུ་གུ་རྒྱུདཡུལ་ནམ་་མཁའ་དང་སྤྲད་པའི་ཚེ༔ རིག་པ་འཁྲུལ་པ་མེད་པའི་ཤེས་པ་དེ་ཧྲིག་གེ་སང་ངེ་སལ་ལེ་འདུག་ཀྱང་ཡུལ་གཟུང་ཆ་དང་ཤེས་པ་བདག་ཏུ་འཛིན་པ་མེད༔ སྣང་བ་རིག་པའི་རང་སྣང་༔ ཤར་བ་སྣང་བ་རང་ཤར༔ གཞི་གནས་པ་རང་
གནས༔ མཐོང་བ་ཤེས་རབ་ཀྱི་མིག་རང་མཐོང༔ གྲོལ་བ་ལྟ་བ་རང་གི་རང་དུ་གྲོལ་བ་ཡིན་ནོ༔ གཉིས་པ་ངེས་ཚིག་གམ་མཚན་ཉིད་ནི༔ འགྱུ་བས་སྒྲིན་པ༔ ཤེས་པ་དང་འོད་ཕྲ་ཞིང་སྣང་བས་རིག་པ༔ རིག་ཅིང་རང་གི་རིག་པས་བལྟས་པས་གསལ་བ་མི་འགྱུར་བའོ༔ གསུམ་པ་རིག་པའི་དབྱེ་བ་ནི་ལྔ་སྟེ༔ མཚན་ཉིད་སྤྱིའང་འཛིན་པའི་རིག་པ་དང་༔ གཞི་འཛིན་ཤེས་པ་བསྐྱེད་པ་པའི་རིག་པ་དང་༔ གཞི་གནས་ངོ་བོ་ཀྱི་རིག་པ་དང་༔ ལྷག་བླ་མའི་གདམས་པས་ཤེས་མཐོང་གི་རིག་པ་དང་༔ ཐོད་རྒལ་གྱི་རིག་པ་སྣང་བའི་ཚད་དང་ལྔའོ༔ ལས་དང་པོ་པའི་དུས་མཚན་ཉིད་འཛིན་པའི་རིག་པ་ནི༔ ཆོས་སྤྱི་དང་རང་གི་མིང་ཙམ་དུ་བཏགས་པའི་རིག་པ་ཞེས་བྱ་བ་དེ་ལ་ནི༔ དེ་རང་གི་རང་རིག་པ་ཤེས་པ་གསལ་བ་མི་རྟོག་པ་ཙམ་ཡིན་ཏེ༔ ཤེས་པ་དུ་མས་སྤགས་པའི་རིག་པའོ༔ གཞི་འཛིན་པ་ནི༔ རང་གི་ལུས་ལ་གནས་པའི་དུས་ན༔ ཤེས་པ་ཐམས་ཅད་བསྐྱེད་ཅིང་རང་གསལ་ཙམ་དུ་གནས་པ་དེ༔ མ་འོད་ཐིག་ལེའི་ཚད་སྨིན་པའི་རིག་པ་ཞེསས་བྱའོ༔ གཞི་གནས་ཐོག་མའི་ཀྱི་རིག་པ་ནི༔ ངོ་བོ་ཀ་དག་གི་གནས་ལུགས་ཏེ༔ ཡེ་ཤེས་གསུམ་ལྡན་དུ་ཡོད་དོ༔ ཆ་ཡིས་མ་བགོས་པའི་ཐུགས་རྗེས་ཡེ་ཤེས་ཀྱི་བདག་ཉིད་ཅན་རིག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་བཞུགས་ཏེ༔ ཡེ་ཤེས་དེ་ཡང་ཕྲ་ཐུགས་རྗེའི་ཆ་ལ་བའི་ཡེ་ཤེས་སུ་གནས་སོ༔ ཡེ་ཤེས་དེ་མེད་ན་ནམ་མཁའ་དང་ཁྱད་མེད་སྟོང་པ་ལས་མི་གྲོལ་ལོ༔ ཡང་ན་སྟོང་པར་མི་འདོད་ན་བེམ་པོ་ལས་མི་གྲོལ་ལོ༔ རིག་པ་ཡེ་ཤེས་ལྔ་ལྡན་དུ་སུ་ཡོད་ན་སྤྲུལ་སྐུ་དངོས་དང་ཁྱད་མེད་དོ༔ ལྷག་མཐོང་གི་རིག་པ་ནི༔ གདམས་པ་བསྟན་པའི་དུས་ན༔ ལྷག་གིས་སྣང་བ་དེ་ཡིན་པས༔ རང་སྣང་ཐིག་ལེའི་སྙིང་པོ་ཅན་ཞེས་བྱ་སྟེ༔ སྣང་བ་མི་འདྲ་བ་དུ་མ་སྟོན་པས༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེས༔ ཆོ་རིག་པའི་འཕྲུལ་ཆེན་པོ་ཅིར་ཡང་སྟོན༔ ཅེས་བྱའོ༔ ཐོད་རྒལ་
གྱི་རིག་པ་ནི༔ ཉམས་སུ་བླངས་པས་སྣང་རང་གི་ངོ་བོ་ཡང་མ་གྲུབ་བ་ཚད་དུ་ཕྱིན༔ ཉམས་ལ་འཕེལ་འགྲིབ་མེད༔ རྟགས་དང་ཡོན་ཏན་རྫོགས་ནས༔ རང་གི་ངོ་བོར་ཡང་མ་གྲུབ་ལ༔ མཁྱེན་པའི་ཡེ་ཤེས་སུ་རང་གསལ་བའི་དུས་ན༔ ཆོས་ཚིག་ལས་འདས་པ་བོར་བ་ཞེས་བྱ༔ ཆོས་རང་བཞིན་མ་རྙེད་ཟད་པ་ཞེས་བྱ༔ ཆོས་གདམས་པ་རྣམས་ཀྱང་མ་རྙེད་འདས་པ་ཞེས་བྱ༔ ཆོས་ལས་གྲོལ་བ་ཞེས་བྱ་སྟེ༔ སྐྱེས་ཙམ་ཉིད་ན་སྐྱེ་བ་མེད༔ ཅེས་བྱའོ༔ རིག་པ་དེ་ལྔ་ཡིན་ཞེ་ན་ཐ་དད་པ་ཡིན་ནམ་མིན་ན༔ ཐ་དད་པ་མ་ཡིན་ཏེ་ངོ་བོ་གཅིག་ལས་གང་དུ་ཡང་འགྱུར་བ་མེད་དོ༔ རིག་པ་འདི་ཕྲ་བའི་ངོས་ནས་ལྟ་བྱེད་བལྟས་ན་ཟབ་མོ་ཞེས་བྱ༔ ཐིག་ལེ་དང་འོད་དང་སྐུའི་ངོས་ནས་བལྟས་ན་སྣང་བ་ཞེས་བྱའོ༔ གསལབའི་ངོས་ནས་ལྟ་བྱེད་བལྟས་ན་ཤེས་རབ་ཅེས་བྱ༔ སྣང་བ་སྣ་ཚོགས་སུ་སྣང་བའི་ངོས་ནས་བལྟས་ན་ཡངས་པ་ཞེས་བྱ༔ བདེ་བའི་ངོས་ནས་བལྟས་ན་ཐུགས་རྗེ་ཞེས་བྱ་བ་ཡིན་ནོ༔ བལྟར་ཡོད་པའི་ངོས་ནས་དངོས་པོ་ཡང་ཡིན༔ ཉམས་སུ་ལོན་པའི་ཚད་ཆོས་ཟད་སར་ཕྱིན་པའི་ཚེ་སྟོང་པའང་ཡིན༔ ངོ་བོ་གཅིག་ལས་མེད་དེ་གསལ་འགྲིབ་མེད་པས་ཉག་ཅིག་ཀྱང་ཡིན༔ སྣང་བའི་སྣང་ཆ་གོང་ནས་གོང་དུ་འཕེལ་བས་དུ་མ་ཡང་ཡིན༔ སྣང་བ་བརྗོད་ཀྱིས་མི་ལངས་ལ་ཅིར་ཡང་འཆར་བས་མཐའ་ཡས་པ་ཡང་ཡིན༔ དོན་རིག་པ་གཅིག་ལས་མེད་པའི་ངོས་ནས་བལྟས་པས་ལོགས་པ་མེད་འདུས་པ་ཡང་ཡིན༔ རང་བཞིན་མེད་པའི་ཁ་དོག་གི་ངོས་ནས་བལྟས་ན་གསལ་བ་ཡིན༔ དེ་ལྟར་སྣང་བ་སྣ་ཚོགས་སུ་སྣང་བ་ཐམས་ཅད་རིག་པ་གཅིག་གི་ངོ་བོ་ལས་མ་འདས་སོ༔ རིག་པ་རིགས་ཀྱི་བུ་རིག་པ་ལ་ལྟོས་དང་སྐུ་གསུམ་དུ་གཏན་ལ་དབབ་པ་ནི༔ རིག་པ་སྟོང་ཞིང་ངོ་བོ་གང་དུ་ཡང་མ་གྲུབ་པ་དེ་ཆོས་སྐུ་ཡང་ཡིན་གཞན་ནས་ཡོད་པ་མ་ཡིན་ནོ༔ གསལ་ཞིང་སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པ་ནི་ལོངས་སྐུ་ཡང་
ཡིན༔ མཛད་སྤྱོད་སྣ་ཚོགས་ཐུགས་རྗེའི་རོལ་པ་ཉིད་སྤྲུལ་སྐུ་ཡང་ཡིན་གཞན་ནས་ཡོད་པ་མ་ཡིན་ནོ༔ རིག་པ་སྐུ་གསུམ་རང་ཆས་ཞེས་བྱ་བ་ནི༔ རིག་པ་འགྲོ་འོང་གནས་པའི་ཚེ༔ སྐུ་གསུམ་གཞི་དབྱིངས་ཀྱི་དགོངས་པ་ཞེས་བྱ༔ རིག་པ་བཞེངས་པའི་ཚེ༔ སྐུ་གསུམ་གཞི་དབྱིངས་ཀྱི་དགོངས་པ་ཞེས་བྱ༔ རིག་པ་གྲོལ་བའི་ཚེ༔ སྐུ་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ༔ རིག་པ་དག་པའི་ཚེ༔ སྐུ་གསུམ་ཀ་དག་གི་དགོངས་པ་ཞེས་བྱ་ཟད་སར་ཕྱིན་པའོ༔ རིག་པ་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིར་བསྟན་པ་ནི༔ རིགས་ཀྱི་བུ་རིག་པ་ལ་ལྟོས་དང་ནན་ལྟར་ལྟོས་དང་བལྟས་པས་རིག་པའི་ཡེ་ཤེས་ཉིད་ལ་དབང་པོས་བལྟར་ཡོད་པས༔ ལྟ་བ་དེ་ཉིད་མ་ཡེངས་པར་ཉམས་སུ་བླངས་པས༔ ཉམས་གོང་དུ་འཕེལ་བ་ནི་སྒོམ་པ་ཞེས་བྱའོ༔ གཞན་མ་ནི་ཡིད་སྒོམ་པ་ཡིན་ནོ༔ ཆོས་ཉིད་དོན་གྱི་སྣང་བ་དེ་ཉིད་ལ༔ རྒྱུན་དུ་སྤྱོད་བ་ན་སྤྱོད་པ་ཞེས་བྱའོ༔ གཞན་གྱི་ཡིད་དཔྱོད་ཕྱོད་པ་ཡིན་ནོ༔ དེ་ལྟར་ལྟ་བ་དང་སྒོམ་པ་དང་སྤྱོད་པ་དང་གསུམ་དུ་འབྲེལ་བས་འདུ་འབྲལ་མེད་པ་ཞེས་བྱའོ༔ དེའི་ཕྱིར་རིག་པ་གནས་པའི་ཚེ༔ ལྟ་སྒོམ་སྤྱོད་པ་གཞི་བཞག་ཅེས་བྱ༔ རིག་པ་བཞིངས་པའི་ཚེ༔ ལྟ་སྒོམ་སྤྱོད་པ་གཞི་དབྱིངས་ཞེས་བྱ༔ རིག་པ་གྲོལ་བའི་ཚེ་ལྟ་སྒོམ་སྤྱོད་པ་ཡོངས་གྲོལ་ཞེས་བྱའོ༔ རིག་པ་དག་པའི་ཚེ༔ ལྟ་སྒོམ་སྤྱོད་པ་ཀ་དག་ཅེས་བྱའོ༔ རིག་པ་རིག་པ་ལ་ལྟོས་དང་རིག་པ་ཐིག་ལེ་ཉག་ཅིག་ཏུ་གཏན་ལ་དབབ་པ་ནི༔ རིག་པ་མི་འགྱུར་བས་ཐིག་ཡིན༔ ཀུན་ལ་ཁྱབ་པས་ལེ་ཡིན༔ ཟབ་མོའི་ངོས་ནས་ཉག་ཡིན༔ ཐམས་ཅད་འདུས་པས་གཅིག་ཡིན༔ དོན་ལ་ཐིག་ནི་ཆོས་སྐུ༔ ལེ་ནི་ལོངས་སྐུ༔ ཉག་ནི་སྤྲུལ་སྐུ༔ གཅིག་ནི་སྐུ་འདུས་པས་འདུ་འབྲལ་མེད་པའོ༔
རིག་པ་དགེ་སྡིག་དང་བྲལ་བར་བསྟན་པ་ནི༔ ལས་དགེ་སྡིག་དང་བྲལ་ལོ་རྫོགས་པ་ཆེན་པོའི་ཞེས་བྱ་བ་ནི༔ རང་གི་རིག་པ་རིག་པ་ལ་ལྟོས་དང་མཐོང་བའི་རྣལ་འབྱོར་པ་ཡིན་ནོ༔ རིག་པ་འདི་ཉིད་བླ་མའི་གདམས་ངག་དང་འབྲེལ་བས་ཏེ༔ མ་བསྟན་ན་སྡེ་སྣོད་གསུམ་ལ་བློ་འབྱོངས་པའི་མཁས་པ་པཎྜི་ཏས་སྒྲིབ་པ་བྱང་བ་དང་སྡིག་པ་ཅན་ཡང་དོན་ལ་ཁྱད་མེད་དུ་བསྟན་དོན་ལ་རྡུལ་ཙམ་ཡང་མ་རེག་པས༔ དེའི་ཕྱིར་གསང་སྔགས་ཐབས་ལ་བརྟེན་པ་ཞེས་བྱའོ༔ དགེ་བས་མི་མཐོང་བསྟན་ན་དབུལ་པོ་བ་ལང་རྫིས་ཀྱང་མཐོང་བས༔ དེའི་ཕྱིར་ན་ལས་ཚོགས་བསག་ཏུ་མེད་ལ་བཟང་ངན་མེད་པ་ཞེས་བྱའོ༔ ཉམས་སུ་མ་བླང་ན་རྡོ་རྗེ་སེམས་དཔའ་ཡང་མི་གྲོལ་བས༔ དེའི་ཕྱིར་ན་མན་ངག་གོམས་ཚོད་ལ་ཐུག་པ་ཞེས་བྱའོ༔ ཉམས་སུ་བླངས་ན་མཚམས་མེད་པ་ལྔ་བྱས་པ་ཡང་མ་བསྒྲིབས་པར་འདི་ཉིད་ལ་གྲོལ་བས༔ དེའི་ཕྱིར་དགེ་སྡིག་གིས་རིག་པ་རང་གིས་ངོ་བོ་ལ་ཕན་གནོད་མ་བསྐྱལ་བ་ཞེས་བྱའོ༔ རིགས་ཀྱི་བུ་རིག་པ་ལ་ལྟོས་དང་ནན་ལྟར་ལྟོས་དང་རིག་པ་མཐོང་བའི་ཚེ༔ སངས་རྒྱས་དེ་ཉིད་རང་ཡིན་པ་ལས༔ གཞན་ན་མེད་པས་སངས་རྒྱས་མིང་དུ་འདོགས་མཁན་འཁྲུལ་བ་དང་༔ འཁོར་བ་ཡེ་སངས་རྒྱས་པའི་མན་ངག་རིག་པ་ཉམས་སུ་བླངས་པའི་ཚེ་དམྱལ་བ་མེད་པས༔ དམྱལ་བར་འདོགས་མཁན་བདུད་ཀྱིས་འཁྱེར་བ་དང་༔ རིག་པ་ཚད་ལ་ཕེབས་པའི་ཚེ༔ སངས་རྒྱས་དང་དམྱལ་བ་གཉིས་ཀ་ནས་མ་གྲུབ་པར་བསྟན་པའོ༔ དེའི་ཕྱིར་ན་སངས་རྒྱས་ཀུན་ཏུ་བཟང་པོ་དང་དམྱལ་བ་ཆོས་ཀྱི་རྒྱལ་པོ་གཉིས་རང་བཞིན་མེད་པའི་རྟགས་ཁྱད་པར་རྡུལ་ཙམ་ཡང་མེད་པར་བསྟན་པའོ༔ ཡང་རིག་པ་རང་བཞིན་གྱི་བྱིན་རླབས་ཤར་བས་ཉམས་སུ་བླངས་པའི་ཚེ༔ རྣམ་པར་རྟོག་པ་རྒྱུད་ལ་འཆར་
མི་སྲིད༔ ཉམས་གོང་དུ་འཕེལ་བའི་ཚེ༔ དགེ་བའི་བསམ་པ་ལས༔ སྡིག་པའི་བསམ་པ་འཆར་མི་སྲིད་དཀར་པོའི་ཕྱོགས་ལ་དབང་པ་དང་༔ ཉམས་ཚད་ལ་ཕེབས་པའི་ཚེ༔ དགེ་སྡིག་གང་གི་ཡང་བསམ་པ་མི་འཆར་བངོ་བོ་ཡང་མ་གྲུབ་པའོ༔ དེའི་ཕྱིར་ན་དགེ་སྡིག་གང་ཡང་མེད་ན་ཆོས་སྐུ་ཆེན་པོ་ཡིན་པའི་ཕྱིར༔ རང་གི་རིག་པ་ལ་ནན་ཏར་བལྟས་པས༔ རིག་པའི་ངོ་བོ་དེ་དགེ་བའི་ཕྱོགས་སུ་འདུག་གམ༔ གྲངས་སུ་ཆད་པ་ཉན་བཤད་སོགས་དགེ་བ་བཅུར་འདུག་གམ༔ བསག་པར་བྱ་བའི་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་སུ་འདུག་གམ༔ ངོ་བོ་དེ་ལ་སྤྱད་པར་བྱ་བའི་ལྟ་སྒོམ་སྤྱོད་པ་གསུམ་དུ་འདུག་གམ༔ ཐོབ་པར་བྱ་བའི་འབྲས་བུ་སྐུ་གསུམ་འདུག་གམ༔ ཐབས་རང་ལ་ཤར་བས་བསྐུར་བར་བྱ་བའི་དབང་དུ་འདུག་གམ༔ ཚིག་མེད་པས་བཟླས་པར་བྱ་བའི་སྙིང་པོར་འདུག་གམ༔ བསྐྱེད་པར་བྱ་བའི་སྣང་བ་རང་ཆས་ཡིན་པས་གཞལ་ཡས་ཁང་དུ་འདུག་གམ༔ སྐུ་རང་སྣང་ཡིན་པས་བསྒོམ་པར་བྱ་བའི་ལྷར་འདུག་གམ༔ ཐབས་རང་ལ་ཤར་བས་མཆོད་ཅིང་བཤགས་པའི་བདག་པོར་འདུག་གམ༔ མི་ཐམས་ཅད་དང་བྲལ་བས་སྡོམ་པར་བྱ་བའི་དམ་ཚིག་ཏུ་འདུག་གམ༔ སྤྲོས་པ་དང་བྲལ་བས་བཤད་ཅིང་བསྟན་པའི་ཆོས་སུ་འདུག་གམ༔ དེ་དག་གང་གི་ཡང་ངོ་བོར་མི་འདུག་པས༔ དགེ་བ་བྱས་པས་གཡེང་བའི་རྒྱུ་ལས་རིག་པ་ལ་རྡུལ་ཙམ་ཡང་ཕན་མ་བཏགས་པས༔ རྟག་ཏུ་ལུས་ངག་གི་བྱ་བ་བཏང་ལ༔ དགེ་སྦྱོར་རྒྱུན་བཅད་ལ་དལ་བར་རིག་པའི་ངང་ལ་གནས་པའི་གནད་ཀས་སོ༔ དེའི་ཕྱིར་ན་དགེ་བ་རྒྱུན་ཐག་བཅད་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ཉེ་ཞེས་གསུངས་སོ༔ ཡང་རིག་པ་ཉིད་ལ་ནན་ལྟར་ལྟོས་དང་༔ རིག་པ་ལ་དམྱལ་བ་ལ་སོགས་པ་རིགས་དྲུག་གྲུབ་ནས་འདུག་གམ༔ ཚ་གྲང་ལ་སོགས་པ་སྡུག་བསྔལ་གྲུབ་ནས་འདུག་གམ༔ མ་
རིག་ལ་སོགས་འཁྲུལ་པ་གྲུབ་ནས་འདུག་གམ༔ གཏི་མུག་ལ་སོགས་པ་ཉོན་མོངས་པ་ལྔ་གྲུབ་ནས་འདུག་གམ༔ ཕུང་པོ་ཁམས་དང་སྐྱེ་མཆེད་གྲུབ་ནས་འདུག་གམ༔ དབང་པོ་ཡུལ་དང་ཤེས་རབ་གྲུབ་ནས་འདུག་གམ༔ སྣང་བ་ཉིད་དང་མི་སྣང་བ་ཉིད་གྲུབ་ནས་འདུག་གམ༔ ལུས་ངག་སྡིག་དང་རྣམ་སྨིན་གྲུབ་ནས་འདུག་གམ༔ དེ་དག་གང་གི་ངོ་བོར་མ་གྲུབ་པས༔ ངོ་བོ་ལ་མ་གྲུབ་པས་རིག་པ་ལ་སྡིག་མེད་པས་ལྟུང་བྱེད་ཀྱི་རྒྱུ་རྡུལ་ཙམ་ཡང་མེད་པར་བསྟན་པའོ༔ དེའི་ཕྱིར་ན་སེམས་ཅན་བསྒྲལ་ན་རང་སྣང་མ་དང་འཕྲད༔ ཅེས་གསུངས་སོ༔ དུས་གསུམ་གནད་ཀྱི་མན་ངག་ཅེས་པས་རིག་པ་དུས་གསུམ་གྱི་གནད་ལ་མཁས་ན་བསྐལ་པ་སྟོང་གི་སངས་རྒྱས་པས་རིག་པ་རྒན་པ་ཞེས་བྱའོ༔ རིག་པ་ཉམས་སུ་ལེན་པའི་དུས་ན་ངོ་ཤེས་ན་ཆོ་ག་ལ་གནས་པས་མ་འོངས་པའི་སངས་རྒྱས་སྟོང་དང་སྐལ་པ་མཉམ་པ་ཞེས་བྱའོ༔ དེའི་ཕྱིར་ན་རིག་པ་དེ་དགེ་སྡིག་གི་ངོ་བོར་མ་གྲུབ་ལ༔ གང་གི་ངོ་བོར་ཡང་བྱུང་བས༔ དགེ་སྡིག་དེ་ཇི་ལྟར་བྱས་ཀྱང་མ་བཀག༔ མ་འགགས་མི་འགག་པས༔ དུས་གསུམ་གནད་ཀྱི་མན་ངག་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་ཞིང་དབང་བསྐུར་བ་ཞེས་བྱའོ༔ དེའི་ཕྱིར་ན་སངས་རྒྱས་པས་ཀྱང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྔ་བར་བྱུང་བ་ཞེས་བསྟན་པའོ༔ ཡང་རིག་པ་འདུག་ཚུལ་གསུམ་གྱི་བདག་ཉིད་མ་ཞེས་བྱ་སྟེ༔ རིག་པ་དེ་དག་ཅིར་ཡང་མ་གྲུབ་པའི་ངོ་བོ་དང༔ འོད་དང་ཐིག་ལེ་ལ་སོགས་སྣ་ཚོགས་སུ་འཆར་བའི་རང་བཞིན་དང་༔ ཕྲ་བའི་ཡེ་ཤེས་འཛད་པ་མེད་པའི་ཐུགས་རྗེའོ༔ དེ་ལྟར་ན་ཅིར་ཡང་མ་གྲུབ་པའི་ངོ་བོ་གཞི་ཀ་དག་ཆེ༔ སྣ་ཚོགས་སུ་སྣང་པའི་རང་བཞིན་ཁྱབ་ཆེ༔ མཛད་པ་མེད་པའི་ཐུགས་རྗེ་གྲུབ་གང་ཟག་གི་རྒྱུད་ལ་སྦྱར་བས་ངོ་བོ་ལ་འཁྲུལ་མ་མྱོངས་བའི་རང་བཞིན་ལ་འཁྲུལ་བ་མི་གནས་ཆེའོ༔ དེའི་ཕྱིར་ན་གཞི་ཆེ་བས་འདི་ཉིད་དུ་རྟོགས་པའི་མན་ངག་དེ་ཉིད་ལ་འཁྲུལ་
པ་མི་གནས་པས་ཐུགས་རྗེ་ལ་འཁྲུལ་པ་མི་སྲིད་དོ་དེ་ཡང་རང་བཞིན་འཁྲུལ་མ་མྱོངས་བར་གོ་བས་ལུས་ངག་ཅི་བྱེད་ཀྱང་འཁྲུལ་པ་ལ་མི་གནས་། དུས་གསུམ་ལ་འཕོ་འགྱུར་མེད་པ་དང་འཁྲུལ་མི་སྲིད་པར་གོ་བས་ལུས་ངག་ཁམས་གསུམ་དུ་མི་བཟློག་པའོ༔ ཁྱབ་ཆེ་བས་དབྱིངས་རིག་མཐའ་དབུས་སུ་སྡུད་པ་དང༔ གྲུབ་ཆེ་བས་ཉམས་སུ་བླངས་པས་བྱས་པའི་ལས་ཆུད་མི་གསོན་པའོ༔ རིག་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བ༔ མཁས་པ་ཆེན་པོ་བྱེ་མ་ལ་མུ་ཏྲས་མཛད་པ་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་གདམས་པ་རྫོགས་སོ༔ ལས་ཅན་རྣམས་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ༔ཡང་ངོ་བོ་སྐུ་ཡིན་པས་མི་འགྱུར༔ རང་བཞིན་འོད་ཡིན་པས་ཁ་དོག་རིས་ཅན་དུ་མེད༔ ཐུགས་རྗེ་ཡེ་ཤེས་ཡིན་པས་མཁྱེན་པའི་ཆ་མ་འགགས་པས་སོ་སོར་གསལ་ལོ༔ བྱ་བ་དང་བྱེད་པ་ནི་མེད་དོ༔ དེས་ན་མཁྱེན་པའི་ཆ་ནི་གཞི་གནས་ཀྱི་ཡེ་ཤེས་གསུམ་དུ་བཞུགས་སོ༔ མཁྱེན་པའི་འཆར་གཞི་མེད་ན་ཡང་བེམས་པོར་འགྲོ༔ ཡང་ན་སྟོང་པ་ཕྱང་ཆད་པར་འགྲོ་བས་ན༔ མཁྱེན་པའི་ཡེ་ཤེས་འཆར་གཞི་ནི༔ མ་འགགས་པར་གསལ་ལ༔ ཡང་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་ཀུན་ལ་ཁྱབ་པར་བཞུགས་པའོ༔ ས་མ་ཡཱ༔ ༔རྒྱ་རྒྱ་རྒྱ༔ ཨྠྀི༔ ཟངས་ཡིག་ཅན་ནོ༔ ཤུབྷཾ༔ ༔ཚ་རང་བཞིན་གནད་དབབ་དང་། ཛ་ཆགས་ཅན་རླུང་གི་པྲ་ཁྲིད་གཉིས་དཔེ་རྙེད་ན་སླར་འདིར་འཛུད། །
ཡང་སྙིང་བཅུད་ཀྱི་དུམ་བུ།
༼ཕྲ་ཡིག༽ཡང་སྙིང་བཅུད་ཀྱི་དུམ་བུ་བཞུགས་སོ༔
༔ཧྱརྦ།ནརྒལུཟ།༔ རྒྱ་གར་སྐད་དུ༔ པ་ཙི་ཏ་ནན་ཏིང་ཨ་ལ་ཡ་ནཱ་མ༔ བོད་སྐད་དུ༔ ཡང་སྙིང་བཅུད་ཀྱི་དུམ་བུ་ཞེས་བྱ་བ་གསང་བ་སྙིང་གི་དོན་བསྟན་པ༔ བཅོམ་ལྡན་འདས་གབ་པའི་དོན་མངོན་དུ་འབྱིན་པའི་བདག་ཉིད་ཆེན་པོ་ལ་ཕྱག་འཚལ་ལོ༔ གསང་ཆེན་སྙིང་གི་ཏི་ཀ༔ ཡང་ཏིག་ངེས་པའི་དོན༔ རང་སྣང་ངེས་པའི་དོན་རྣམས་ཁོལ་བུར་ཕྱུང༔ ཡང་བཅུད་སྙིང་ཏིག་ཡི་གེ་དཀར་དམར་གཉིས༔ དེ་ཡི་ཡང་ཏིག་གསང་བའི་ལག་ལེན་ཉིད༔ གསང་བའི་བཅུད་ཕྱུང་མན་ངག་ཁྲིགས་སུ་བསྡེབས༔ སྐལ་ལྡན་ཉམས་སུ་ལེན་པའི་ཏི་ཀ་ཉིད༔ གཞན་དུ་མ་བསྟན་འདིར་ནི་གབ་པའི་དོན༔ མངོན་དུ་ཕྱུང་སྟེ་མ་སྦས་མངོན་སུམ་པར༔ དབང་པོའི་ཡུལ་ལ་སྣང་བར་བྱེད་དོན་དུ༔ བསླབ་ཐབས་ཉིད་ལས་རང་རིག་གོམས་པའི་གནད༔ ཚིག་ཉུང་དོན་རྒྱས་རིག་པ་གནད་ཕེབས་པའི༔ བསླབ་པ་བྱ་བའི་རིམ་པ་འདི་ལྟ་བུ༔ ཚེགས་ཆུང་འབྲས་བུ་ཆེ་བའི་རང་གནད་ནི༔ ཇི་ལྟར་འདས་དང་མ་འོངས་ད་ལྟར་གྱི༔ ཉམས་སུ་མྱོང་བའི་ཡང་ཏིག་བསྡུས་པའི་དོན༔ ཡང་དག་པ་གསང་བའི་གནད་ཐམས་ཅད་ངེས་པར་བསྡུས་ནས་ཉམས་སུ་ལེན་པ་དག་གི་བཅུད་ཕུར་ངེས་པ་ནི༔ རབ་ཏུ་དབེན་པའི་ས་ཕྱོགས་དུར་ཁྲོད་ལ་སོགས་པར་སྙིང་ཏིག་གསང་བའི་མན་ངག་དམ་པ་འདི༔ བླ་མ་ལ་ངེས་པར་དད་པས་རྫས་དང་ལོངས་སྤྱོད་ཅི་ཡོད་པས་མཉེས་པར་ཕུལ་ལ༔ མཆོག་ཏུ་རིན་པོ་ཆེ་ལ་སོགས་པའི་མཎྜལ་དབུལ་བ་དང་༔ ཅི་མཉེས་པ་ཡིས་མཉ ེས་པར་བྱས་ལ་མན་ངག་འདི་ཞུ་བར་བྱའོ༔ དེ་ནས་ཡང་དང་ཡང་དུ་ཐག་བཅད་ལ་དུར་ཁྲོད་ལ་སོགས་པར་ཉམས་སུ་བླང་ངོ༔ གསང་བ་མཆོག་གི་མན་ངག་ངེས་པ་ནི༔ སྐལ་ལྡན་སྣོད་ཡོད་ངེས་པ་གཉིས་ནས་གསུམ་ཚུན་ཆད་ལ་བཞི་ལས་མང་ན་མཁའ་འགྲོ་མ་རྣམས་ཀྱི་ཆད་པ་འབྱུང་ངོ༔ དེ་ལྟ་བུའི་སྐལ་ལྡན་ལ་ཚིག་ཉུང་ལ་
དོན་རྒྱས་ཤིང་བསླབས་སླ་བ་འདི་ཉིད་རླུང་སེར་བུའི་སྒྲ་ཙམ་ཡང་མེད་ཅིང་གཞན་གྱིས་མི་མཐོང་བའི་ས་ཕྱོགས་སུ༔ རབ་ཏུ་དབེན་པར་སྐལ་ལྡན་རྣམས་ཁྲིད་ཅིང་སྐད་ཆུང་བས་ལན་གསུམ་མམ་ལྔའམ་བདུན་གྱིས་ཐེབས་པར་གདབ་བོ༔ དེ་ཡང་འདི་དག་གི་སྔོན་དུ་བརྡའི་རྣམ་པ་དག་བསྟན་པར་བྱ་བ་དང་༔ དཔེ་དང་རྟེན་འབྲེལ་ལ་སོགས་པ་བསྟན་པར་བྱས་ནའང་མཆོག་ཏུ་ལེགས་སོ༔ འདི་ནི་བརྗོད་པར་དཀའ་བ་སྙིང་ཏིག་རབ་ཏུ་གསང་བ་སྟེ་སྐལ་ལྡན་གྱི་དོན་དུ་བསྟན་པ་ལས་གཞན་དུ་མ་ཡིན་ནོ༔ མཆོག་ཏུ་གསང་བ་ནི་དེ་ལྟར་དབྱིངས་རིག་འདུ་འབྲལ་མེད་པའི་དོན་གྱི་དགོངས་པ་ཆོས་ཉིད་མངོན་སུམ་གྱི་གནད་དེ་ཡང་ཕྱིའི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ༔ ནང་གི་དབྱིངས་འདི་ཁྱིལ་གྱི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་ངོ༔ དེ་ཡང་གནད་རྣམ་པ་གསུམ་གྱིས་གཅུན་པས་རིག་པ་རྟེན་དང་དབྲལ་བ་དང་༔ བཞུགས་སྟངས་གསུམ་གྱིས་མ་བཅོས་རྣལ་དུ་དབབ་པ་དང་༔ བཞུགས་སྟངས་ཀྱི་དཔེ་གསུམ་གྱིས་ལུས་གནད་བསྟན་པས་ཡེ་ཤེས་མཁའ་ལ་ཐོན་ཏེ་ཡོ་གི་ཡིད་ཆེས་པར་བསྟན་པ་དང་༔ གཟིགས་སྟངས་གསུམ་གྱིས་དབང་པོ་ཉིད་ངོ་བོ་ཉིད་དང་མི་འབྲལ་བར་བྱ་བ་དང་༔ བསླབ་ཐབས་གསུམ་གྱིས་རིག་པ་མངོན་སུམ་པ་ལ་གོམས་པར་བྱ་བ་དང་༔ གཏད་པའི་འབེན་གསུམ་གྱིས་འཁྲུལ་སྣང་འོད་གསལ་དུ་བསྒྱུར་བ་དང་༔ ཁྲིད་པའི་ཐབས་ཀྱིས་སྣང་བ་ཉིད་ཟད་ས་ལ་བསྐྱལ་བ་དང་༔ དེ་ཉིད་སྐུ་གསུམ་གྱི་ལམ་སྣང་ལས་འདས་པའི་གནད་བསྟན་པའོ༔ ཨྠྀི༔ ཡང་དག་པའི་བཅུད་ཀྱི་ཡང་བཅུད་སྙིང་པོའི་དོན་དུ་དྲིལ་བ༔ ཡང་གསང་སྦས་པའི་ཏི་ཀ༔ སྐལ་ལྡན་ཀུན་གྱི་སྙིང་གི་ནོར༔ འབྲས་བུ་རྣམས་ཀྱི་ཡང་འབྲས་ནི༔ ལུས་ཀྱི་གནད་གཅུན་པས་རིག་པ་ཡུལ་དང་ཕྲད་པ་དང་༔
ངག་གི་གནད་གཅུན་པས་བརྗོད་དུ་མེད་པའི་དོན་ཁོང་དུ་ཆུད་པར་བྱ་བ་དང་༔ ཡིད་ཀྱི་གནད་གཅུན་པས་འགྱུ་བ་ཐམས་ཅད་རང་ཆོད་དེ་གང་བསམས་པ་བསམ་གཏན་དུ་འགྱུར་རོ༔ དེ་ཡང་ལུས་ཉིད་ལུས་ཀྱི་རུ་ཤན་འབྱེད་པའི་སྤྱོད་པས་ལུས་ཀྱི་མངོན་ཞེན་བཟློག་པས༔ ཕྱིས་འཁོར་བའི་ལུས་ལ་འཇུག་མི་སྲིད་དོ༔ ངག་གི་སྤྱོད་པས་ངག་གི་མངོན་ཞེན་བཟློག་སྟེ་ངག་ཕྱིས་འཁོར་བར་འཇུག་མི་སྲིད་དོ༔ ཡིད་ཀྱི་སྤྱོད་པ་བྱས་པས་ཡིད་ཀྱི་མངོན་ཞེན་ལོག་སྟེ་ཡིད་ཕྱིས་འཁོར་བར་འཇུག་མི་སྲིད་དོ༔ བཞུགས་སྟངས་གསུམ་ནི་ཆོས་སྐུའི་བཞུགས་སྟངས་དང་༔ ལོངས་སྐུའི་བཞུགས་སྟངས་དང་༔ སྤྲུལ་སྐུའི་བཞུགས་སྟངས་སོ༔ དཔེ་གསུམ་ནི༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་དང་༔ ལོངས་སྐུའི་བཞུགས་སྟངས་གླང་པོ་ཆེ་ལྟ་བུ་དང་༔ སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུར་བྱའོ༔ གཟིགས་སྟངས་གསུམ་ནི༔ ཆོས་སྐུའི་གཟིགས་སྟངས་དངས་མ་འདྲེན་བྱེད་བཟློག་པས་ཐབས་ངོས་བཟུང་བ་དང་༔ ལོངས་སྐུའི་གཟིགས་སྟངས་ཟུར་ལ་ཡིད་ཙམ་དལ་ཞིང་མཉམ་པར་བལྟས་པས༔ རྟེན་གསུམ་སྟོང་པ་ལ་ཡན་པར་བྱ་སྟེ་རང་སྣང་སྤེལ་བ་དང་༔ སྤྲུལ་སྐུའི་གཟིགས་སྟངས་ཕབ་ལ་ཕྱེད་བཙུམ་ཟིམ་ཙམ་བྱས་པས༔ རིག་པའི་སྣང་བ་འཁྲུལ་སྣང་འདྲེས་ཏེ་གཉིས་སུ་མེད་པར་བསྟན་པའོ༔ ཆོས་སྐུ་དྲང་ཐད་ཀྱི་བསླབ་ཐབས་ཀྱིས་རྫོགས་པ་ཆེན་པོ་ལྟ་བས་ཡས་ཁྲིད་དེ་སྣང་སྲིད་འོད་སྣང་དུ་འཆར་བའི་གནད་ནི༔ ས་རྡུལ་ཆར་གྱིས་མནན་པའི་དུས་ན་སྤྲིན་དང་སེར་བུ་ལ་སོགས་པ་མེད་ཅིང་སྒྲིབ་གཡོགས་དང་བྲལ་བའི་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་རིག་པ་རང་ཡན་ཏེ་ཆོས་སྐུའི་རྟེན་ཉི་མ་ལ་བསླབ་པས༔ དང་པོ་དཀར་པོ་ལང་ལོང་དུ་སྣང་བའོ༔ དཀར་ཟིང་ཟིང་དུ་སྣང་བ༔ དཀར་ཕྲ་ཕྲོར་སྣང་བ་དེ་ལ་དངས་མ་གཏད་དེ་མ་འགུལ་བ་གནད་ཡིན་ནོ༔ དེ་ལས་ལོངས་སྐུའི་
གཟིགས་སྟངས་ཀྱིས་རྟེན་དང་ཕྲལ་ལ་ཕན་ཚུན་ཡན་ལག་ཏུ་བགས་ཀྱིས་ཁྲིད་པས༔ དེ་ཉིད་ཁ་དོག་ལྔ་རང་དངས་ཏེ་རེ་ལྡེ་ཙམ་དུ་གྱུར༔ དེ་ནས་སྤྲུལ་སྐུའི་གཟིགས་སྟངས་ཀྱིས་ཁད་ཀྱི་ཐུར་ལ་ཕབ་པས༔ ལུང་པའི་གྲུ་ཙམ་དབྱིངས་ཀྱི་སྣང་བར་འགྱུར་བས༔ དེ་དག་ལ་དངས་མ་དང་རིག་པ་གཏད་ཅིང་མ་བྲལ་བ་དང་༔ ལུས་བཞུགས་ཚུལ་མ་ཞིག་པ་དང་༔ ངག་སྨྲ་བ་མ་ཤོར་བ་ནི་གནད་དོ༔ དེ་ལྟ་བུ་ལ་རྟག་ཏུ་གནས་པར་བྱས་པས་འཁྲུལ་སྣང་ཐམས་ཅད་དབྱིངས་ཀྱི་སྣང་བར་རང་འགྱུར་བ་ལ་ཐེ་ཚོམ་བྱར་མེད་དོ༔ ཐོག་མ་སཱུཪྱའི་རྟེན་ལས་དངས་མ་ཁྲུ་གང་ངམ་མདའ་གང་གི་ཚོད་ཙམ་དུ་མ་ཡེངས་པར་གཏད་པ་ན་ཡང་དག་པའི་གནད་ཡིན་ནོ༔ དེ་ནས་གཟིགས་སྟངས་གཉིས་རིམ་གྱིས་བྱས་ནས་སྣང་བ་གཞན་དུ་ཁྲིད་ཅིང་ཉམས་སུ་བླང་བ་ནི་མན་ངག་གོ༔ ཨ་ཏི༔ ལོངས་སྐུའི་བསླབ་ཐབས་ནི་ཙནྡྲ་སྟེ༔ གཞན་ཆོས་སྐུའི་རྟེན་ལ་སློབ་པ་དང་མཚུངས་པ་ལས༔ འདི་ལ་དངས་མ་གཞན་དུ་མ་ཡིན་པར་ཙནྡྲ་ཉིད་ཀྱི་དཀྱིལ་དུ་གཏད་པ་གནད་ཡིན་ནོ༔ གཟིགས་སྟངས་ནི་ཆོས་སྐུ་ལ་སོགས་པ་གསུམ་གོ་རིམ་གྱི་བཞུགས་ལུགས་དང་བསྟུན་ལ་བྱའོ༔ སྤྲུལ་པ་སྐུ་ནི་ཨཱ་ལོ་ཀེ་ལ་བསླབ་པ་སྟེ་གོང་དང་མཚུངས་སོ༔ འདི་ལྟར་བསླབ་པས་དབང་པོ་རབ་ལ་ལོ་གཅིག་ན་འཁྲུལ་སྣང་འགགས༔ འབྲིང་གསུམ་ན༔ ཐ་མ་དགུ་ན་འགགས་པར་ངེས་པ་ཡིན་ནོ༔ ཆོས་སྐུའི་བསླབ་ཐབས་ནི་རང་གསལ་ཁ་དོག་མ་འདྲེས་པ་རྒྱ་ཆེ་བ་མྱུར་བར་འཆར་ཏེ་ཉིན་དུས་མྱ་ངན་ལས་འདས་པའི་དུས་ངེས་པ་ཡིན་ནོ༔ གཟུགས་སྐུ་གཉིས་ཀྱིས་མཚན་མོ་འཁོར་བའི་ཆ་སྟེ༔ དམིགས་རྟེན་ངེས་པ་ལ་བསླབ་པས་འཁོར་བ་རང་སྣང་དུ་འཆར་བ་ནི་འགགས༔ སྐུ་མཚན་མོའི་ཆའི་གནད་ཀྱིས་སོ༔ འདི་ནི་
གནད་ཡིག་གསང་བའི་ཡི་གེ་མ་རུའི་གནད་བསྡུས་པ་རབ་ཏུ་བསྟན་ཅིང་བརྗོད་པར་དཀའ་བ༔ སྙན་བརྒྱུད་ཀྱི་མན་ངག་ཡི་གེར་བཀོད་པ་བཟོད་པར་གསོལ༔ ཨ་ཏི༔ གཏད་པའི་འབེན་གསུམ་ནི་མེ་ཤེལ་སྒྲིབ་གཡོགས་དང་བྲལ་བ་ལ་གཏད་པས་ཉིན་པར་རང་སྣང་དང་མི་འབྲལ་བར་བྱས་ནས་འཁྲུལ་པའི་སྣང་བ་ཟད་པར་བྱེད་པའི་གནད་བསྟན་ཏེ༔ འོད་སྣང་གསལ་བ་ལང་ལོང་དུ་སྣང་བ་ལ་བསླབ་ཅིང་གོམས་པར་བྱས་པས་འཁྲུལ་པའི་སྣང་བ་ཟད་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ༔ ཆུ་ཤེལ་དྲི་མ་དང་བྲལ་བ་ལ་གཏད་པས་མཚན་མོའི་སྣང་པ་ལོངས་སྐུ་འཆར་ཏེ༔ འོད་ཟང་ཟིང་དང་ལང་ལིང་དུ་འཆར་བ་ལ་བརྟེན་ནས་འཁྲུལ་སྣང་འགག་པར་ངེས་སོ༔ འོད་གསལ་རླུང་དང་བྲལ་བ་ལ་གཏད་པས་ཉིན་མཚན་གཉིས་ཀའི་སྣང་བ་སྤྲུལ་སྐུར་འཆར་བ་སྟེ༔ འོད་རྩེར་རྩེར་དང་ལྷང་ལྷང་དང་ཁྲག་ཁྲུག་ཏུ་འཆར་བ་ལ་བརྟེན་ནས་འཁྲུལ་པའི་སྣང་བ་འགག་པ་ལ་ཐེ་ཚོམ་བྱར་མེད་དོ༔ ཨ་ཏི༔ ཁྲིད་པའི་ཐབས་གསུམ་ནི་མེ་ཤེལ་ལ་བརྟེན་ནས་སློབ་པའི་དུས་ན་དང་པོ་ཤར་ཕྱོགས་སུ་གཏད་དེ་མ་ཡེངས་པར་གནས་པ་དང་༔ དེ་ལས་ལྷོ་ཕྱོགས་སུ་སྣང་བ་དེ་ཡིད་ཙམ་ཁྲིད་པས་དེ་ཉིད་རང་གསལ་དུ་གནས་པ་ལ་མ་ཡེངས་པར་གཏད༔ དེ་ལས་ཀྱང་ཕར་ཕར་བྱས་ཤིང་སྣང་བ་གང་གསལ་བ་ལ་གཏད༔ གལ་ཏེ་མི་གསལ་ན་ཐོག་མའི་རྟེན་ལ་དར་ཅིག་གཏད་ཅིང་ཡང་གོང་མ་ལྟར་བྱའོ༔ དེ་རྣམས་ཀུན་ལ་ལྷོ་ཕྱོགས་སུ་གཏད་ཅིང་འོད་གསལ་དུ་དཀར་པོ་ཉིད་དུ་མ་གྱུར་གྱི་བར་དུའོ༔ དེ་ཉིད་ཁ་དོག་ལྔར་གསལ་བ་ལས་ནུབ་ཏུ་བག་རེ་ཁྲིད་ཅིང་གསལ་བ་གནད་ཡིན་ནོ༔ དེ་ནས་མི་གསལ་ན་གོང་ལྟར་བསླབ་པ་གནད་ཡིན་ནོ༔ ཕྱི་འཕྲེད་ནུབ་ཏུ་གཏད་པ་ལ་འོད་གསལ་དུ་སྣང་བའི་ཚེ༔ ཡང་བྱང་གི་ཕྱོགས་སུ་དལ་གྱིས་ཁྲིད་པ་ནི་གནད་དོ༔ དེ་ཉིད་མི་གསལ་བའི་དུས་ན་ཐོག་མའི་རྟེན་ལ་བསླབ་ཅིང་འོད་གསལ་བ་ལ་བསླབ་པ་ནི་མན་ངག་གོ༔ འདི་དག་གི་དུས་ན་ལུ་གུ་རྒྱུད་དབྱིངས་ཀྱི་སྣང་བ་དེ་ཀུན་གྱི་དཀྱིལ་དུ་བཞུགས་པ་ནི་གནད་ཀྱི་
མན་ངག་ཡང་དག་པ་ཡིན་ནོ༔ དེའི་ཕྱིར་ན་དབྱིངས་རིག་གཉིས་གཟེར་ཐེབས་པར་འགྱུར་བ་དག་ཡིན་ནོ༔ འདི་ནི་རང་གི་རིག་པ་རྟོག་པ་དང་བྲལ་བའི་སྣང་བ་དབྱིངས་སུ་ཚུད་པ་དེ་ལ་གཏད་ཅིང་ཉམས་སུ་བླངས་པས་མེ་ཤེལ་གྱི་རྟེན་དང་བྲལ་བར་བྱེད་པའི་གནད་ཀྱི་མན་ངག་ཡིན་ཏེ༔ འདི་ལྟ་བུ་ལ་ཡུན་རིང་བྱས་པས་རྟེན་ལ་བསླབ་མི་དགོས་པར་འགྱུར་ཏེ༔ དངས་མ་གང་དུ་གཏད་པར་དབྱིངས་རིག་གི་སྣང་བ་བཀྲ་ཤིག་ཤིག་སྣང་བ་ཡིན་ཏེ༔ འདིའི་གནད་ནི་གཟིགས་སྟངས་གསུམ་གྱིས་གཡས་དང་༔ གཡོན་དང་༔ སྟེང་དང་༔ འོག་ལ་སོགས་པར་དར་རེ་བལྟ་ཞིང་སྣང་བ་དང་མ་བྲལ་བ་རབ་ཏུ་གཅེས་སོ༔ དེ་ལྟར་བྱས་པས་གང་དུ་བལྟས་ཚད་ཐམས་ཅད་དག་པར་སྣང་བའི་དུས་ན་བཞུགས་སྟངས་དང་༔ གཟིགས་སྟངས་དང་༔ གཏད་པའི་འབེན་ལས་གྲོལ་བས་སྣང་བ་ཆོས་སྐུར་ཤར་བའི་ཉམས་ཡིན་ཏེ༔ ཉམས་རང་བྱུང་དུ་འཆར་བས་ཉོན་མོངས་པ་ལ་སོགས་པའི་རྐྱེན་གང་གིས་ཀྱང་གནོད་པ་འབྱུང་མི་སྲིད་དོ༔ འདིའི་དུས་ན་ཉིན་མཚན་དུ་སྣང་བ་གང་ཡང་མེད་དོ༔ ཉིན་མེད་མཚན་མེད་དུ་དབྱིངས་རིག་གང་དུ་གཏད་ཀྱང་སྣང་བ་དག་འབྱུང་བ་ཡིན་ནོ༔ གཏད་པའི་ཚེ་སྣང་ལ་མ་གཏད་པའི་ཚེ་འཁྲུལ་སྣང་དུ་སྣང་བ་ནི་ཆོས་སྐུ་རང་ལུགས་ཀྱི་སྣང་བ་མ་ཡིན་ནོ༔ གཏད་ཀྱང་རུང༔ མ་གཏད་ཀྱང་རུང་བར་སྣང་བའི་དུས་ན་རིག་པ་ཚད་ལ་ཕེབས་པའི་སྣང་བའོ༔ འདི་ཚུན་ཆད་ཆོས་སྐུའི་སྣང་བ་སྟེ་ལམ་ཞེས་བྱའོ༔ རང་གི་ལུས་འོད་གསལ་ལས་འདས༔ དེ་སྐབས་སུ་སོར་མོ་ཙམ་སྣང་བ་ཕན་ཆད་ནི་འབྲས་བུའི་སྣང་བར་འགྲོ་བ་ཡིན་ཏེ༔ སྐྱེས་བུ་ཉམས་ལེན་ལས་འདས་ཏེ་གྲོལ་བ་ཞེས་བྱའོ༔ འདི་ལྟ་བུས་སྐལ་ལྡན་གཅིག་སྐྱེ་བ་དང་འཇུག་པ་ལ་དབང་ཐོབ་ནས་སྣང་བ་འདི་ལ་འཁྲུལ་སྣང་ཟད་དེ་ཟག་མེད་དུ་སངས་རྒྱ་བར་ངེས་པ་ཡིན་ནོ༔ དེའི་ཕྱིར་ན་བསླབ་ཐབས་
རྣམས་ལ་ཆོས་སྐུའི་བསླབ་ཐབས་སཱུཪྱ་མེ་ཤེལ་ལ་བརྟེན་པ་འདི་ཟབ་པས་རབ་ཏུ་གསང་ཞིང་རང་འབྲས་བུ་སྨིན་པར་བྱའོ༔ འདི་ལྟར་བྱས་པས་འཕོ་བ་ཆེན་པོས་གཞན་དོན་རབ་ཏུ་རྒྱ་ཆེ་བ་འགྲུབ་པ་ལ་ཐེ་ཚོམ་བྱར་མེད་དོ༔ འདི་ནི་ངེས་པར་དོན་གྱི་བཅུད་བསྡུས་པའོ༔ ཨྠྀི༔ ཆུ་ཤེལ་གྱི་མན་ངག་ཁྲིད་པའི་ཐབས་ནི་གཡས་གཡོན་དང་སྟེང་འོག་ཏུ་བྱའོ༔ ཐོག་མ་རྟེན་ལ་མ་ཡེངས་པར་བལྟ༔ དེ་ནས་ཁྲིད་པའི་གནད་རྣམས་བྱའོ༔ ཐབས་འདི་གཉིས་ནི་སྣང་བ་མ་འགྱུར་པ་ལས་དང་པོའི་དུས་ཡིན་གྱི༔ སྣང་བ་ཉིད་ཟིན་པའི་གང་ཟག་ལ་དགོས་པ་མེད་དོ༔ གལ་ཏེ་དབང་པོའི་བྱེ་བྲག་གི་གནད་ཀྱིས་འདི་ལྟ་བུ་རང་ལ་ཡང་ནས་ཡང་དུ་བསླབས་ཤིང་ཁྲིད་པས་འབྲས་བུ་ལ་ཐུག་པར་ངེས་པའི་སྙིང་པོ་རྙེད་པ་ཡང་ཡོད་དོ༔ ཨྠྀི༔ འོད་གསལ་གྱིས་ཁྲིད་པའི་ཐབས་ནི༔ དང་པོ་གཏད་པའི་འབེན་ལས་མཐོ་གང་ཁྲུ་གང་ལ་གཏད་པ་ནི་གནད་ཡིན་ནོ༔ དེ་ལས་གཡས་དང་གཡོན་དང་སྟེང་དང་འོག་ལ་སོགས་པ་དག་ཏུ་འཁྲིད་པ་ནི་ཡང་དག་པའི་གནད་ཡིན་ནོ༔ འདི་ལྟར་ཁྲིད་པས་འཁྲུལ་སྣང་རགས་པའི་སྣང་བ་འགགས་ཏེ་དག་པ་ཡེ་ཤེས་ཀྱི་སྣང་བ་ཁད་ཀྱིས་ཤར་ནས་ལུ་གུ་རྒྱུད་ལ་གཏོད་པ་དང་༔ ཅར་ལ་ཕེབས་པ་དང་༔ རྣལ་དུ་ཕེབས་པར་ངེས་པ་ཡིན་ནོ༔ འདི་དག་གང་ལ་བསླབ་ཀྱང་ལུ་གུ་རྒྱུད་དང་མ་བྲལ་བ་ནི་ཡང་དག་པའི་གནད་ཡིན་ནོ༔ དེའི་ཕྱིར་ན་དབྱིངས་རིག་གཉིས་སུ་མེད་པར་འདྲེས་པ་འཁོར་འདས་ཀྱི་ཐག་པ་ཆད་པ་ཞེས་བྱའོ༔ རིག་པ་ཚད་ལ་ཕེབས་པའི་བཅུད༔ སྣང་བ་ཅར་ལ་འབེབས་པའི་སྟོབས༔ ལུས་ངག་རྣལ་དུ་འབེབས་པའི་གནད༔ སྐུ་གསུམ་དངོས་སུ་ལྟ་བའི་མིག༔ ལྟ་སྒོམ་ཡུལ་ལས་འདས་པའི་གཞིའོ༔ ཡང་སྙིང་བཅུད་ཀྱི་དུམ་བུ་ཞེས་བྱ་བ་རང་གི་རིག་པ་ཚད་
ལ་ཕབ་པ་ཡང་དག་པའི་སྙིང་པོ༔ ཨྠྀི༔ ༔རབ་ཏུ་གསང་བའི་མན་ངག་བཅུད་བསྡུས་པ༔ ཡི་གེ་མ་རུ་བསྟན་པ་ཀུན་གྱི་བཅུད༔ དེ་ཉིད་མངོན་སུམ་དོན་ལ་བསླབ་པའི་གནད༔ གསང་བའི་ནང་ན་ཡང་ཟབ་སྙིང་པོ་འདི༔ སུ་ལའང་མ་བསྟན་སྙིང་གི་དཀྱིལ་དུ་སྦོས༔ གཞན་ལ་བསྟན་ཅིང་སྐལ་མེད་ཀྱིས་མཐོང་ན༔ མཁའ་འགྲོ་རྣམས་ཀྱིས་ཆད་པ་དྲག་ཏུ་ཕོབ༔ དེ་བས་སྐལ་དང་མི་ལྡན་གང་ཟག་ལ༔ ཆུ་སྲིན་པིར་གྱི་གྲེ་བ་བཞིན་དུ་སྡོམས༔ སྐལ་ལྡན་སྙིང་པོའི་དོན་ལ་ཡིད་ཆེས་ལ༔ འདི་དོན་བཅུད་དུ་དྲིལ་ལ་གཏད་པར་བྱོས༔ ཞེས་བྱེ་མ་ལས་གསུངས་སོ༔ འདི་ལས་ཟབ་པ་འཛམ་བུའི་གླིང་གཞན་ན་མེད་པར་ངེས་སོ༔ གྷུ་ཧྱ༔ ཨ་ཐ་མ༔ རྒྱ་རྒྱ་རྒྱ༔ ས་མ་ཡཱ༔ ༔
ཡང་སྙིང་འཕྲུལ་གྱི་དུམ་བུ།
༼ཕྲ་ཡིག༽ཡང་སྙིང་འཕྲུལ་གྱི་དུམ་བུ་བཞུགས་སོ༔
རྒྱ་གར་སྐད་དུ༔ ང།ཐ།ཨཱཅ།ཊ།ཊཨ༔ བོད་སྐད་དུ༔ ཡང་སྙིང་འཕྲུལ་གྱི་དུམ་བུ་ཞེས་བྱ་བ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ཀྱི་དོན་ཉམས་སུ་བླངས་པ་ལས་སྣང་བ་བཞིར་ངེས་པ་ནི༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་མ་མཐོང་ན་ཆོས་ཉིད་ཡིད་དཔྱོད་དུ་འགྱུར༔ ཉམས་གོང་འཕེལ་གྱི་སྣང་བ་མ་མཐོང་ན་ཐ་མལ་པ་དང་ཁྱད་མེད༔ རིག་པ་ཚད་ཕེབས་ཀྱི་སྣང་བ་མ་མཐོང་ན་བླ་མའི་མན་ངག་གི་བདེན་པས་བསླུས༔ ཆོས་ཉིད་ཟད་པའི་སྣང་བ་མ་མཐོང་ན་ཆོས་ཉིད་མངོན་སུམ་ཉིད་དངོས་པོར་འགྱུར་རོ༔ ཨྠྀི༔ ༔དེ་ལ་མཐའ་རྟེན་གྱི་མན་ངག་གསུམ་དུ་ངེས་པ་ནི༔ མི་འགུལ་བ་གསུམ་ལ་གཞི་མ་བཅས་ན་ཆོས་ཉིད་ཀྱི་དོན་ལ་ཁ་འཁྱལ༔ སྡོད་པ་གསུམ་གྱིས་ཚད་མ་བཟུང་ན་བསྒྲུབས་པའི་འབྲས་བུ་ལ་ཡིད་འབྱུང་༔ ཐོབ་པ་གསུམ་གྱིས་གཟེར་མ་བཏབ་ན་ཕུང་པོའི་རྡོས་པས་འཆིང་བར་འགྱུར་བས་ན༔ དེ་དག་ལས་མང་ན་མི་དགོས་པས་བྱ་རོགས་རྟོག་པའི་བསྟན་བཅོས་དང་འདྲ༔ དེ་ལས་ཉུང་ན་དགོས་པའི་དོན་མ་ཚང་བས་ཕྱུག་པོ་ལ་བུ་མེད་པ་དང་འདྲའོ༔ ཨྠྀི༔ ༔དབྱིངས་ཀྱི་སྐབས་སུ་ནི༔ དང་པོ་ཐིག་ལེའི་སྣང་བ་མ་མཐོང་ན་མིག་གཉིས་མཉམ་པར་ལྟ་བ་གནད་ཡིན༔ རྩིབས་ཤར་དུ་མཐོང་ན་རང་གི་མདུན་དུ་དྲིལ་ནས་ལྟ་བ་གནད་ཡིན༔ གྱེན་འགྲེང་དུ་མཐོང་ན་ཐུར་ལ་དབབ་པ་གནད་ཡིན༔ གྲུ་བཞིར་མཐོང་ན་གཡས་སུ་གཅུད་པ་གནད་ཡིན༔ ཟླུམ་པོ་ལ་གཡོན་དུ་གཅུད་པ་གནད་ཡིན༔ ཟླ་གམ་ལ་སྟེང་དུ་ལྟ་བ་གནད་ཡིན༔
གྲུ་གསུམ་ལ་ཐུར་དུ་མནན་པ་གནད་ཡིན༔ ཡེ་ཤེས་ལྔའི་དབྱིབས་མཁར་ཐབས་ལ་སོགས་པ་ནི༔ དེ་ཉིད་དང་བསྟུན་པ་ནི་ཡང་དག་པའི་གནད་དོ༔ ཨྠྀི༔ འཆར་བ་ཡུལ་གྱི་གནད་ནི་ཕྱིའི་ཡུལ་ནམ་མཁའ་སྟོང་པ་སྤྲིན་མེད་པ་ཉིད་དང་མ་བྲལ་བས་ཆོས་ཉིད་སྟོང་པ་ཉིད་ཐམས་ཅད་ལ་བྱན་ཚུད་པར་བྱེད་པའི་གནད་ཡིན༔ ནང་གི་གནད་དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་མ་བྲལ་བས་ཆོས་ཐམས་ཅད་ཚིག་དང་ཡི་གེ་ལས་འདས་པའི་དོན་ཉམས་སུ་མྱོང་བར་བྱེད་པའོ༔ ཨྠྀི༔ ཐིག་ལེ་གནས་པའི་གནད་ནི་ཉིན་མོའི་དུས་ན་སཱུཪྱའི་དཀྱིལ་འཁོར་དུ་རིག་པ་བཅུག་སྟེ་ཐུན་དུ་བཅད་ནས་བསྒོམས་པས་ཡེ་ཤེས་ཀྱི་སྣང་བ་ལྷུག་པར་འཆར་རོ༔ ཤེས་པ་གཏད་པའི་འབེམ་གྱི་གནད་ནི༔ ཡུལ་ནམ་མཁའ་ལ་མ་གཏད་ན་ཆོས་ཉིད་དངོས་པོར་འགྲོ༔ མིག་དེ་ཉིད་ལས་འགུལ་ན་རྟོག་པ་ཐ་དད་པ་མི་ཁེགས༔ རླུང་དལ་བས་མ་འཕངས་ན་ཉོན་མོངས་པ་འདུས་པས་སེམས་འཆིང་བར་འགྱུར་བས་ན་དེ་ལྟར་འབེམ་དེ་དག་དང་མ་བྲལ་བ་གནད་ཡིན་ནོ༔ ཨྠྀི༔ ལུ་གུ་རྒྱུད་ཀྱི་ངོ་བོ་བསྟན་པ་ནི་རིག་པ་རང་གི་ངོ་བོ་དེ་ལུ་གུ་རྒྱུད་དུ་འོང་བ་ཅི་ཞེ་ན༔ རང་བཞིན་དུ་རིག་པ་འོད་ཀྱི་ཡུལ་ཅན་འོད་མཐའ་མེད་པའི་ཡུལ་ཅན་དུ་གནས་པ་ལས༔ དོན་གྱིས་ནམ་མཁས་གར་ཁྱབ་པར་རིག་པས་ཁྱབ་པའོ༔ འདིར་ནི་རིག་པ་ལུས་ཀྱི་དབང་དུ་གྱུར་ནས་རྡོས་པས་བཅིངས་པ་སྟེ༔ དཔེར་ན་སྲིན་བལ་ཉིད་རང་གི་ཁ་ཆུས་ལུས་བཅིངས་པ་ལྟར་གནས་པ་སྟེ༔ ལམ་རྩ་ནས་ཐོན་པས་དེ་ཡང་འགྱུ་བའི་གནས་ཡོད་པས༔ ཆུ་ལས་ཆུ་བུར་
རྡོལ་བས་ཡང་གཅིག་བྱུང་༔ དེ་ལ་ཡང་གཅིག་བྱུང་ནས་བརྩེགས་པ་ལྟར་རིག་པའི་རྩལ་ཐིག་ལེ་གཅིག་རྩ་ལས་ཐོན་ནས་བྱུང་༔ དེའི་སྟེང་དུ་ཡང་གཅིག་བྱུང་༔ དེའི་བར་འོད་ཀྱི་ཟེར་ཐག་ཕྲ་མོས་འབྲེལ་བས་ཐིག་ལེ་ཉིས་འབྲེལ་དུ་བྱུང་བ་དེ་ལས་བྱུང་པའོ༔ དེ་ཉིད་ཀྱི་ངོ་བོ་རང་གི་སྐུར་གནས་པས་རིག་པ་ཚད་ལ་ཕེབས་པའི་དུས་ན་སྐུའི་སྣང་བར་འཆར་བས༔ དེ་མཐོང་བའི་ཚེ་རིག་པ་རྐྱེན་ལས་གྲོལ་བས༔ ད་རྐྱེན་གྱི་དབང་དུ་འགྲོ་མི་སྲིད་པའི་གནད་དོ༔ ཨྠྀི༔ ༔རིག་པ་དབྱིངས་ལ་མ་གཏད་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་མཆོད་པ་མ་ཕུལ་ན༔ དགོས་འདོད་མི་འབྱུང་པ་དང་འདྲ་བར་རིག་པ་ཉིད་ཀྱི་བཀྲག་དང་གཟི་བརྗིད་དབྱིངས་ཀྱིས་འབྱིན་པར་བྱེད་པས་ན༔ དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ལ་གནས་པ་གནད་ཡིན་ནོ༔ ལུས་གནད་ལ་བརྟེན་པའི་ཡེ་ཤེས་མངོན་སུམ་དུ་སྣང་བ་ནི༔ ལུས་ཀྱི་བཞུགས་སྟངས་བསྟུན་པས་རིག་པ་དངོས་སུ་གསལ་བའི་ཕྱིར༔ ལུས་ཐ་མལ་དུ་མི་འདུག་བར་འདུག་སྟངས་གང་རུང་རེ་ལས་མི་འབྲལ་བར་བྱ་བ་གནད་ཡིན་ནོ༔ སྒོའི་གནད་ཀྱི་སྐབས་སུ་རིག་པའི་ཡེ་ཤེས་ངོས་བཟུང་བ་ནི་ཐ་མལ་པར་མ་ཡིན་པར་གཟིགས་སྟངས་གསུམ་ལས་མི་འདའ་པར་གང་ཡང་རུང་བ་ཞིག་ལ་མི་འགྱུར་བར་བལྟས་པས༔ ཁ་དོག་གི་བྱེ་བྲག་ལ་དང་པོ་དམར་པོ་ཤས་ཆེ་བར་མཐོང་ན་མིག་ཐུར་ལ་མནན་པ་གནད་ཡིན༔ དཀར་བ་ཤས་ཆེ་ན་གཡས་སུ་ལྡོག་པ་གནད་ཡིན༔ སེར་བ་ཤས་ཆེ་ན་གྱེན་ལ་ལྡོག་པ་གནད་ཡིན༔ ལྗང་པ་ཤས་ཆེ་ན་གཡོན་དུ་ལྡོག་པ་གནད་ཡིན༔ མཐིང་ག་ཤས་ཆེ་ན་དབུས་སུ་དྲིལ་བ་གནད་ཡིན༔ ཁ་དོག་ལྔ་
གར་གསལ་ན་གཟིགས་སྟངས་གང་ཡིན་པ་ལས་མི་འགྱུར་བ་གནད་ཡིན༔ ཨྠྀི༔ ཁྲིད་ལ་བརྟེན་ནས་གནད་ལ་དབབ་པའི་སྐབས་སུ༔ ཙནྡྲ་ལ་བརྟེན་པ་ནི་ཐབས་གཙོ་བོ་ལ་ཡང་དགོས་པ་ཡིན་ཏེ༔ འདི་དག་གི་དུས་ན་བྱ་ནག་མོའི་སྒོ་ངའི་སེར་པོས་མིག་གི་ཡར་མར་ལ་བྱུག་པ་གནད་ཡིན༔ དེ་ལ་འོད་དུ་སྣང་བའི་དུས་ན་དངོས་པོའི་སྣང་བ་གང་བྱུང་བ་ལ་གཏད་ཅིང་ཉམས་སུ་བླང་བ་གནད་ཡིན་ནོ༔ དེ་ལས་རྐྱེན་མེད་པར་འོད་དུ་སྣང་བའི་དུས་སུ་རླུང་ནང་དུ་བསྡམ་པ་གནད་ཡིིན་ནོ༔ ཡང་སཱུཪྱ་ལ་ཁྲིད་པའི་དུས་ན༔ སྐབས་སུ་རས་ཡུག་ནག་པོ་ལ་བལྟས་པས་མིག་གི་འབྱུང་བ་སྙོམས་པའི་གནད་ཡིན་པ་དེ་ལྟར་བྱ༔ དེ་ལྟར་གཉིས་པོ་གང་ཁྲིད་ཀྱང་སྐྱེས་པས་མིག་གཡས་སུ་ཁྲིད་པར་བྱ་བ་དང་༔ བུད་མེད་ཀྱིས་གཡོན་དུ་ཁྲིད་པར་བྱ་བ་གནད་ཡིན་ནོ༔ དེ་བཞིན་དུ་མེ་ཤེལ་དང་༔ ཆུ་ཤེལ་དང་༔ རིན་པོ་ཆེའི་ཁྲིད་གང་བྱེད་ཀྱང་༔ འདི་དག་གི་དུས་སུ་རླུང་ལ་ཤིས་པའི་ཁ་ཟས་བརྟེན་པ་གནད་ཡིན་ནོ༔ འདི་དག་ལ་སོགས་པ་གནད་གང་བསྟུན་ཡང་༔ བླ་མ་ལ་མོས་པ་ལོག་ན་མི་འགྲུབ་པས་བླ་མ་ལ་དད་པ་གལ་ཆེའོ༔ ཨྠྀི༔ ༔དབྱིངས་ཀྱི་སྒྲོན་མའི་སྐབས་སུ་ནི༔ བུད་མེད་རྣམས་ཀྱིས་ནམ་མཁའ་ལྷིངས་པའི་དུས་ན་སཱུཪྱའི་དལ་ལ་བསླབ་པར་བྱ་སྟེ༔ ཐོག་མ་སཱུཪྱའི་མདངས་ལ་མིག་མ་ཡེངས་པར་བལྟས་པས༔ འོད་ཀྱི་གྲུ་ཆད་ཀྱི་སྣང་བ་འཆར་ཏེ༔ དེ་ལས་ཁད་ཀྱིས་སཱུཪྱའི་མདངས་དང་ཕྲལ་ནས་རིམ་གྱིས་སྣང་བ་གཞན་གྱི་སྟེང་དུ་བཞག་ཅིང་ཉམས་སུ་བླངས་པས་མཇུག་ཏུ་གང་ལ་གཏད་པ་སྣང་བ་འོད་དུ་ཤར་ནས་ས་རྡོའི་སྣང་བ་མི་སྣང་པའི་ཚེ་ན་
རང་གི་ལག་ཏུ་ཤེལ་གྱི་སྐུ་བཟུང་སྟེ་དེ་ཉིད་ལ་གཏད་པས་སྐུའི་སྣང་བ་འཆར་རོ༔ སྐྱེས་པ་རྣམས་ཀྱིས་ཙནྡྲ་རྒྱས་པའི་དུས་སུ་གོང་ལྟར་བལྟས་པས་འཁྲུལ་པའི་སྣང་བ་འགགས་པར་ངེས་སོ༔ ཨྠྀི༔ མིག་མི་བདེ་ན་བཅོས་པའི་ཐབས་ལ༔ ཞིམ་ཐིག་ལེའི་ལྡེ་གུས་བྱུག་གོ༔ སྣང་བ་སྤྲ་ཡས་ན་མིག་ཐུར་ལ་མནན༔ དེ་ཁྲིད་དུ་མ་བཏུབ་ན་རླུང་གྱེན་ལ་དྲངས་པས་འགྲུབ་བོ༔ ཨྠྀི༔ ཡང་གཏད་པ་ཡུལ་གྱི་སྐབས་སུ་ནི་མིག་རང་སོར་འཇོག་པ་ལ༔ ལུས་ཆ་སློད་པ་དང་༔ རླུང་བག་ལ་བཞག་པ་དང་༔ རིག་པ་མིག་ནས་འདོན་པ་གནད་ཡིན་ནོ༔ ཨྠྀི༔ མ་བརྟེན་པའི་སྐྱོན་ནི་ཡུལ་གྱི་གནད་མེད་ན་བསྒོམས་ཀྱང་ཉམས་གོང་དུ་མི་འཕེལ༔ སྒོའི་གནད་མེད་ན་ཆོས་ཉིད་ཡིད་སྨོན་དུ་འགྱུར༔ རླུང་དང་རིག་པའི་གནད་མེད་ན་བསྒྲུབས་ཀྱང་དོན་མེད་པར་འགྱངས་པས་ན་དོན་རང་ཐོག་ཏུ་ཕེབས་པར་བྱེད་པ་ལ་རླུང་རིག་གི་གནད་གལ་ཆེའོ༔ ཨྠྀི༔ དབྱིངས་ཀྱི་གནད་ཀྱི་དུས་ན༔ བྱིང་ན་རླུང་གྱེན་ལ་འཐེན་པ་དང་༔ རྒོད་ན་ཐུར་ལ་མནན་པ་གནད་ཡིན་ནོ༔ སྣང་བའི་གནད་ནི༔ སྣང་བའི་འཕེལ་ཟད་པར་བྱེད་པ་ལ་རླུང་ནང་དུ་མི་བཞག་པར་ཕྱིར་ཕུལ་ལ་ཁ་རབ་ཏུ་གདངས་ཏེ་ཧིག་གི་སྒྲ་འདོན་པ་གནད་ཡིན་ནོ༔ ཨྠྀི༔ ལུས་ཀྱི་འདུག་སྟངས་གཟིར་བས་རྩ་འབྱོངས་ནས་འབྱུང་བ་སྙོམས་པའི་དགོས་པ་ཡོད༔ ཡེ་ཤེས་མངོན་དུ་སྣང་བའི་དགོས་པ་ཡོད༔ གང་ཟག་གཅིག་ཆོས་ཉིད་མངོན་སུམ་གྱི་གནད་གཟིར་བའི་དུས་ན་ཐིག་ལེ་སྟོང་པའི་སྒྲོན་མ་སུམ་སྦྲེལ་དུ་མཐོང་བའི་ཚེ༔ ཡེ་ཤེས་ཀྱི་སྣང་བ་སུམ་ཆ་ལ་དབང་ཐོབ་པ་ཡིན་པས༔ ལས་ཀྱི་ལེན་པོ་རྣམས་འགགས་
ནས་ཁམས་གསུམ་དུ་འཇུག་མི་སྲིད་དོ༔ འདིའི་དུས་ན་ཡིད་ལས་བྱུང་བའི་ཤེས་རབ་ཡིད་དཔྱོད་ལ་གདེང་དུ་བཅས་ནས་ཚིག་འབྲེང་ན་འཁྲུལ་པའི་ཆར་སོང་སྒེ་གཟུང་པའི་ཡུལ་ལ་ལོག་པ་སྟེ༔ གང་ཟག་དེ་འདི་ལ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྣང་བ་ལ་རྒྱབ་ཀྱིས་ཕྱོགས་སོ༔ ཨྠྀི༔ ལས་ཀྱི་རླུང་ཟད་པར་བྱེད་པ་ལ་རླུང་ནང་དུ་འགེངས་པའི་ཚེ་དལ་བ་ལ༔ ཕར་འཕེན་པའི་ཚེ་ན་རབ་ཏུ་བཏུད་ནས་འུར་སྒྲ་དང་བཅས་ནས་འཕེན་པ་ནི་གནད་ཡིན་ནོ༔ ཨྠྀི༔ སྒྲོན་མ་དང་པོ་ངོ་སྤྲད་པའི་སྐབས་སུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བཙོན་དུ་བཟུང་བའི་གནད་ནི༔ རླུང་ཁ་ནས་དྲང་པ་དང་༔ མིག་ཨར་ལ་གཏད་པ་དང་༔ ལུས་འདུག་སྟངས་དང་བསྟུན་པ་དང་༔ ཤེས་པ་གཡས་སུ་བཅུག་པས་ཟིན་པའི་ཚེ་རྙེད་པའོ༔ ཨྠྀི༔ རྒྱང་ཞགས་སྒྲོན་མའི་གནད་ནི༔ མིག་སྤྲུལ་སྐུའི་གཟིགས་སྟངས་ཀྱིས་བལྟས་པས་འཁྲུལ་པའི་སྣང་བ་ཆོས་ཉིད་དུ་མཐོང་བས་རྟོག་པ་ཐ་དད་པ་རྣམས་འགག་པ་ནི་རིག་པ་གཏད་པའི་འབེམ་དང་མ་བྲལ་བའོ༔ ལོངས་སྐུའི་གཟིགས་སྟངས་ཀྱིས་བལྟས་པས་ཆོས་ཉིད་ཀྱི་སྣང་བ་དངོས་སུ་མཐོང་བས་རྣམ་པར་རྟོག་པ་ལས་ཀྱི་རླུང་རྒྱུན་ཆད་ནས་ཡེ་ཤེས་རང་གི་ངོ་བོ་དེ་ཐིག་ལེ་དང་ཐིག་ཕྲན་དུ་འཆར་བའོ༔ ཆོས་སྐུའི་གཟིགས་སྟངས་ཀྱིས་བལྟས་པས་སྐུ་གསུམ་གྱི་ཚད་མཐོང་སྟེ་རིག་པ་ཉིད་གང་དུ་བཞག་སར་སྡོད་པའོ༔ དེ་དག་གིས་ནི་ངོ་བོ་སྐུ་དང་༔ རང་བཞིན་གསལ་བ་དང་༔ ཐུགས་རྗེ་འགག་པ་མེད་པ་གསུམ་ལ་སྟོང་པ་ཡེ་དག་གི་རྒྱས་ཐེབས་པས་འཁོར་འདས་མ་བུ་མཉམ་པ་ཞེས་བྱའོ༔ ཨྠྀི༔ ༔ཆོས་ཉིད་
རང་ཐོག་ཏུ་གྲོལ་བར་བསྟན་པ་ནི༔ སེམས་ཅན་ལ་ཡང་དག་པའི་ཆོས་ཉིད་ཇི་ལྟ་བུ་ཞིག་གནས་ཞེ་ན༔ སྐུ་ལྔའམ་གསུམ་དང་༔ ཡེ་ཤེས་ལྔ་རང་ལུགས་སུ་གནས་པའི་གནད་ཀྱིས༔ འགྲོ་བའི་དབང་པོ་ལྔ་ཡུལ་ལྔ་ལ་རང་ཡན་པ་ཚོགས་དྲུག་གི་ཡུལ་དེ་ཁོ་ན་མ་བཅོས་པའི་ཆོས་ཉིད་དེ༔ དེ་ལྟར་གནས་པའི་གནད་ལ་རིག་པ་རྣལ་མ་རྡོ་རྗེ་ལུ་གུ་རྒྱུད་ལ༔ ཆོས་ཉིད་སོ་མ་དབྱིངས་རིག་འདུ་འབྲལ་མེད་པའི་རྒྱས་བཏབ་པས༔ དབང་པོའི་ཡུལ་ལ་རང་སྣང་ལྷུག་པར་འཆར་ཏེ༔ དེ་ཉིད་ཤར་བས་འཁྲུལ་པ་ཡོངས་སུ་དག་པའི་ཆོས་ཉིད་མ་ཐོག་ཏུ་བུ་གྲོལ་བ་ཞེས་བྱའོ༔ སྐལ་ལྡན་ཉམས་སུ་ལེན་པའི་རྒྱབ་བརྟེན་ཡང་སྙིང་འཕྲུལ་གྱི་དུམ་བུ་ཞེས་བྱ་བ་ཡང་དག་པའི་གནད་རྫོགས་སོ༔ དཔལ་ལྡན་སྔགས་ཀྱི་སྲུང་མས་སྲུངས་ཤིག༔ ས་མ་ཡཱ༔ ཞེས་སྔགས་སྲུང་ལ་གཏད་དོ༔ འདི་ལ་དུམ་བུ་ཉི་ཤུ་རྩ་བཞི་ཡོད་དོ༔ སྙིང་ཐིག་གི་བཅུད་འདིར་བསྡུས་པའོ༔ རིན་པོ་ཆེ་ཕྲ་མེན་གྱིས་བྲིས་པས༔ ཕྲ་ཡིག་ཅན་ཞེས་བྱའོ༔ སོ་ཕག་ཤི་ཐཾ༔ ས་མ་ཡཱ༔ གཏད་རྒྱ༔ སྦས་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ༔
དུང་ཡིག་ཅན་རྒྱུད་ཀྱི་ཁོང་དོན་བསྡུས་པ་སྒྲོན་མ་སྣང་བྱེད།
༼དུང་ཡིག་ཅན༽དུང་ཡིག་ཅན་རྒྱུད་ཀྱི་ཁོང་དོན་བསྡུས་པ་སྒྲོན་མ་སྣང་བྱེད་ཅེས་བྱ་བ་བཞུགས་སོ༔ ཁ་ཐཾ༔ ཨྠྀི༔
རྒྱ་གར་སྐད་དུ༔ ཏྲི་ལ་ཏན་ཏྲ་རྒྱུད་རྣམ་པར་འབྱེད་པའི་ཏི་ཀ་ཞེས་བྱ་བ་བྷ་དུ་ཏི་ཀ༔ བོད་སྐད་དུ༔ མདོ་རྒྱུད་འདི་ཉིད་རང་བཞིན་གྱི་ཀུན་གྱི་དོན་རྟོགས་པར་བྱེད་པས་གསལ་བར་བྱེད་པ༔ གཞིའི་རྟོགས་པ་སྟོང་པ་བདེ་ཆེན་ངང་ལ་ཕྱག་ཉམས་སུ་མྱོང་བས་འཚལ་ལོ༔ སརྦ་ཆོས་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཆེན་པོའི་ལུང་དུ་བསྟན་པའོ་པ་པཾ་ཨ་སིཾ་དྷ་ཡ༔ ཆོས་སྐུ་ཉག་གཅིག་སྤྲོས་དང་བྲལ་བ་རྟོགས་པར་བྱེད་པའི་ཐབས་བསྟན་པ་ཡི༔ དོན་རྣམས་རྟོགས་པར་བྱེད་པའི་མན་ངག་ཚིག་གིས་གཏན་ལ་ཕབ་ནས་མཚོན་པར་བྱ་བའི་ཕྱིར༔ དངོས་མེད་རིག་པ་སྟོང་པ་ལ་ཆོས་ཉིད་ཟང་ཐལ་དུ་སྣང་ཤེས་པར་དཀའ་བའི་དོན༔ སྒྲིབ་བྲལ་ཀ་དག་ལྟ་དང་བཅས་པའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འོད་དང་བཅས་པ་སྟེ༔ དེ་ཡི་གནད་རིག་པའི་གནད་དང་ལུས་ཀྱི་གནད་ཀྱིས་ཉམས་སུ་བླང་བ་བསྟན་དང་དགོངས་དོན་ཤེས་བྱའི་ཕྱིར༔ སྙིང་གི་མུན་བློའི་རྨོངས་པ་སེལ་སྒྲོན་མ་སྣང་བྱེད་འབྱེད་པའི་ལྡེ་མིག་འདི༔ བློ་དམན་པ་མི་ཤེས་པ་རྣམས་ཀྱིས་འཛིན་པའི་བ་ཐག་མདུད་པས་དམ་དུ་བཅིངས་པ་རྣམས་ལས་འགྲོལ༔ མ་རིག་འགྲོ་བ་རྣམས་མ་རིག་པའི་ལྕགས་སུ་བཅུག་པ་ལ་སོགས་མཐར་འཛིན་དམ་འབྱེད་པའི༔ རྒྱུད་དག་པར་བྱེད་པ་ཤེས་རབ་
འཕྲུལ་གྱི་ལྡེ་མིག་མི་ཤེས་པ་ཤེས་པར་བྱེད་པ་གསལ་བ་འདིས༔ ཡེ་ཤེས་མཛོད་ཀྱི་སྣང་བ་བསམ་གྱི་མི་ཁྱབ་པའི་ས་མ་ཏིའི་རོ་རྙེད་པར་བྱེད་པས་རབ་བསྟན་ཏེ༔ ཉམས་གོང་ནས་གོང་དུ་འཕེལ་བར་བྱེད་པ་ལྷག་མཐོང་རིག་པ་གཅེར་མཐོང་དུ་རྟོགས་པར་བྱེད་པ་ཅོག་བཞག་དགོངས་པ་ལྷན་ནེ་ཉིད༔ ནམ་མཁའ་ལ་སྣང་བར་བྱེད་པ་ཟག་མེད་ཐིག་ལེའི་སྣང་བ་སྣ་ཚོགས་སུ་འཆར་བ་རྒྱ་ཆེ་བ༔ ཆ་ཕྲ་མི་འགྱུར་བའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་ཉག་གཅིག་གསལ་བའི་ངང་དུ་བསྡུས༔ གསལ་བ་རིག་པའི་ཤེས་རབ་ཀྱིས་སྣང་བ་ཐོགས་པ་མེད་ཚར་གཅོད་པ་པའི་མཚོན་ཆེན་གྱིས༔ སྐྱེ་བའི་བརྒྱུད་པ་ལུས་ཇི་སྙེད་བླངས་པའི་ཉོན་མོངས་པ་འདི་ཉིད་ལ་གཅོད་པའོ་ཉོན་མོངས་དྲ་གཅོད་ཕྱིར༔ སངས་རྒྱས་ཀུན་གྱི་ཞལ་ནས་གསུངས་པའི་རྒྱུད་སྡེ་རྣམས་ཀྱི་བཀའ་གསང་ངེས་པའི་ལུང་༔ འདི་ལ་མོས་པའིི་སྐལ་ལྡན་གང་ཟག་རྣམས་ཀྱི་བློ་ལ་གོ་བྱའི་ཕྱིར༔ དབང་པོའིི་བྱེ་བྲག་རབ་འབྲིང་ཐ་མ་བློ་ཡིས་ཐེག་པ་རིམ་པ་དགུ་རིམ་ཕྱེ་ནས༔ ཡིད་ཆེས་རྒྱུད་ཀྱི་སྡེབས་བི་མ་ལ་བདག་གིས་ཚིག་དོན་གསལ་བར་དབྱེ༔ དམ་པ་དང་པོའི་སངས་རྒྱས་དངོས་འདྲ་མཁས་པ་ཡེ་ཤེས་མདོ་བའི༔ བླ་མ་དམ་པ་ཛྙཱ་ན་སུ་ཏྲའི་ཐུགས་ཀྱི་དགོངས་
པ་བྱེ་མ་ལ་མུ་ཏྲའི་བློ་ལ་བབས་པའི་དོན༔ དེ་ཉིད་གསལ་བའི་གདམས་ངག་རྣམས་བློོ་དང་སྦྱར་ཏེ་མདོ་སྡེ་འདུལ་མངོན་གྱི་རིམ་པའི་སྡེ་སྣོད་རྣམས་ལས༔ བསྡུས་ཏེ་ཁྱད་པར་དུ་འཕགས་པའི་དོན་ཁྱད་པར་ཆེན་པོའི་དོན་རྣམས་ནི༔ གོ་རིམ་གསལ་བར་རྣམ་པར་ཕྱེ་སྟེ་བི་མ་ལ་བདག་གིས་བཤད་པར་བྱ༔ སྡེ་སྣོད་རིན་ཆེན་ལས་ནི་མངོན་པ་སྟེ༔ ཐིག་པ་ཆེ་ཆུང་ལས་ཀྱང་ཆེན་པོ་ཉིད༔ ཕ་རོལ་ཕྱིན་དང་སྔགས་ལས་མན་ཏྲ་འོ༔ དེ་ཉིད་ཕྱི་དང་ནང་ལས་ནང་པ་སྟེ༔ དེ་ཉིད་ལས་ནི་ཐེག་པ་རིམ་དགུ་ཀུན་གྱི་རྩེ་མོ་རྫོགས་ཆེན་༔ ཐེག་རྒྱལ་ཨ་ཏི་གསང་བ་ཆེན་པོའི་གཞུང་རྒྱུད་དང་འགྲེལ་པ༔ དེ་ཉིད་སྡེ་རུ་ཕྱེ་ན་རྣམ་གསུམ་སྟེ༔ སེམས་སྡེ་ཀློང་སྡེ་མན་ངག་སྡེ་གསུམ་ལས༔ འདི་ནི་གསང་བ་མན་ངག་ཉིད་ཡིན་ནོ༔ མན་ངག་ལ་ནི་ཁ་འཐོར་དང་མན་ངག་ཁ་གཏམ་དང་རྒྱུད་རང་གཞུང་གི་མན་ངག་གསུམ་ལས་རྒྱུད་དུམ་བུའི་མན་ངག་ཏུ་བརྗོད་པ་འོ། །རྒྱུད་སྣ་ཚོགས་ཀྱི་ཚིག་ལ་བརྟེན་ནས། ཚིག་གཅིག་ཉམས་སུ་ལེན། རྒྱུད་ལུང་མན་ངག་ཏུ་འབྲེལ་བ། རྒྱུད་ནས་བྱུང་བའི་ཚིག་དེ་ལ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ཀྱང་འདི་ཐིག་ལེའི་སྐོར་རོ། །རྣམ་གསུམ་སྟེ༔ ཁ་གཏམ་དང་ནི་ཁ་འཐོར་དང༔ རྒྱུད་ཀྱི་རང་གཞུང་གསུམ་ལས་རྒྱུད༔ དེ་ཉིད་ལས་ནི་ཁྱད་པར་ཐིག་ལེའི་སྐོར༔ དེ་ལ་བཞི་སྟེ་ཕྱི་སྐོར་ནང་སྐོར་གསང་སྐོར་བ་དང་༔ གསང་བ་བླ་ན་མེད་པ་ཡོངས་རྫོགས་པའོ༔ ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་སྟོན་ལུས་རྫོགས་པར་ཡོད་ཀྱང་དོན་སྙིང་ལྔ་ལ་སོགས་པ་མེད་ན་རོ་དང་འདྲ༔ ནང་སྐོར་མིག་དང་འདྲ་སྟེ་མིག་གིས་ཕྱིར་མཐོང་ཡང་རང་མི་མཐོང་མཐོང་བ་བརྡའ་ཡི་ཆོས༔ གསང་སྐོར་སྙིང་དང་འདྲ་སྟེ་དྲན་བྱེད་སྙིང་གཅིག་པུས་དོན་བྱེད་མི་ནུས་ཏེ་སྔ་མ་ལས་བག་ཙམ་
ཟབབོ། །གཟུངས་ཀྱི་ཆོས༔ འདི་ནི་ལུས་ཀུན་རྫོགས་ཏེ་ལུས་ལ་ནད་མེད་དབང་པོར་སྐྱོན་མེད་པའི་སྐྱེས་བུ་འདྲ༔ དེ་དག་ཀུན་ཀྱང་བསྡུ་ན་རྣམ་པ་གཉིས༔ བཤད་རྒྱུད་དང་ནི་སྙན་བརྒྱུད་གཉིས་ཡིན་ནོ༔ སྙན་ནས་བརྒྱུད་པ་ལ་ནི་གཉིས་ཡིན་ཏེ༔ ཡི་གེ་ཅན་དང་ཡི་གེ་མེད་པ་གཉིས༔ བཤད་རྒྱུད་གོང་དུ་བརྗོད་ལྟར་བཞི་རྣམས་ལ༔ འདི་ནི་གསང་བ་བླ་མེད་ཡོངས་རྫོགས་པ༔ ཡི་གེ་མེད་པའི་སྙན་བརྒྱུད་འདི་ཉིད་འབྲེལ༔ རང་བཞིན་རྫོགས་པ་ཆེན་པོའི་རྒྱུད༔ འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས༔ འདི་ནི་ཉི་ཤུ་རྩ་གཅིག་པའོ༔ ཁྱད་པར་གསང་བ་བླ་མེད་པ༔ དེ་ཡི་རྒྱུད་ཀྱི་མཚན་རྣམས་དང་༔ གོ་དོན་དབྱེ་བ་རྣམས་པར་བཤད༔ དེ་རྒྱུད་གོ་བ་རྣམ་གཉིས་ཏེ༔ ཚིག་གི་རྒྱུད་དང་དོན་གྱི་རྒྱུད༔ དོན་རང་གི་ངོ་བོ་མཆོག་དེ་མཚོན་པར་བྱེད་པའི་ཚིག་རྣམ་པ་གཉིས་སུ་བསྡུས་ཏེ་བསྟན༔ འདི་ལྟ་བའི་དོན་དུ་བསྟན་པ་དོན་གྱི་རྒྱུད་ལ་རྣམ་གཉིས་ཏེ༔ རང་བཞིན་གྱི་རྒྱུད་དང་ནི་ཐབས་ཀྱི་རྒྱུད་ཡིན་ནོ༔ ཐབས་ཀྱི་རྒྱུད་ལ་རྣམས་གཉིས་ཏེ༔ མཚོན་བྱ་ཐབས་ཀྱི་རྒྱུད་དང་མཚོན་བྱེད་ཐབས་ཀྱི་རྒྱུད་གཉིས་སོ༔ མཚོན་བྱ་རང་གི་ངོ་བོ་རིག་པ་རང་ལ་གནས་པའི་དོན་གཅིག༔ མཚོན་བྱེད་རྒྱུད་ནི་རང་ལ་གནས་པའི་རིག་པ་དེ་རྟོགས་པར་བྱེད་པའི་ཚིག་གི་རྒྱུད་རྣམས་སོ་དེ་རྟོགས་བྱེད༔ རྒྱུད་དོན་རྣམ་པ་རེ་རེ་ལ་ཡང་ངོ་བོ་ངེས་ཚིག་དབྱེ་བ་གསུམ་གྱིས་གསུམ་ཡིན་པས༔ ངོ་བོ་ངེས་ཚིག་དབྱེ་བ་འོ༔ མཚོན་བྱའི་ངོ་བོ་རང་གི་ལུས་ལ་ཁྱབ་པ་སྟེ༔ ལུས་ཅན་རྣམས་ལ་རིག་པ་རང་ཆས་སུ་གནས་ཕྱིར་ཁྱབ༔ དབྱེ་བ་རྣམ་པ་གཉིས་སུ་བསྟན༔ སྟོང་པས་རིག་པ་དངོས་མེད་དུ་ཁྱབ་དང་གསལ་བ་རིག་པ་དངོས་སུ་འོད་དང་བཅས་པས་ཁྱབ༔ ངེས་ཚིག་
སྟོང་པས་རིག་པ་དེས་ཐམས་ཅད་ལ་ཁྱབ་ཕྱིར་རྒྱུད༔ མཚོན་བྱེད་ངོ་བོ་རིག་པ་དེ་རྟོགས་བྱེད༔ དབྱེ་བ་རྣམ་པ་གཉིས་ཡིན་ཏེ༔ འབད་པ་མེད་པར་དབང་པོ་རབ་རྩོལ་སྒྲུབ་བྱ་མི་དགོས་པར་བུདྡྷ་བར་བསྟན་རང་གྲོལ་དང་༔ འབད་བཅས་གྲོལ་བ་འབྲིང་མན་ཆད་ཀྱིས་ཚིག་དང་བླ་མའི་གདམས་པ་ལ་བརྟེན་ནས་ཉམས་སུ་བླངས་ཏེ་བུདྡྷཱའོ་གཉིས་ཡིན་ནོ༔ འབད་མེད་དབང་པོ་ཡང་རབ་ཡིན་གདམས་ངག་བསྟན་པ་ཙམ་གྱིས་རྟོགས་པ་རྙེད་ནས་གྲོལ་བའི་ཕྱིར༔ འབད་བཅས་གྲོལ་བ་རྣམ་པ་གཉིས༔ ཚིག་རྒྱུད་མ་བརྟེན་པར་བླ་མའི་གདམས་པས་གྲོལ་བ་དང་༔ ཚིག་གི་རྒྱུད་ཀྱིས་རྒྱུད་རྣམས་ཀྱི་གཞུང་དོན་རྒྱས་པར་བཤད་པས་གྲོལ་བ་འོ༔ ངེས་པའི་ཚིག་ལ་རྣམ་པ་གཉིས༔ གཞ་ི་མཚོན་པར་བྱེད་པ་ཐབས་ཡིན་ཏེ༔ མཚོན་པ་དེ་ཡང་ཚིག་ཙམ་སྟེ་དོན་གཞན་ནས་བཙལ་མི་དགོས་པ་རྒྱུན་དུ་རང་ལ་གནསཔས་རྒྱུད་ཅེས་བྱ༔ རང་བཞིན་རྒྱུད་ལ་རྣམ་གསུམ་སྟེ༔ གཞི་དང་རང་བཞིན་གྱི་རྒྱུད་སྙིང་པོ་རང་བཞིན་གྱི་རྒྱུད་བཅུད་རང་བཞིན་གྱི་རྒྱུད་ཡིན་ནོ༔ གཞི་རྒྱུད་དངོས་པོའི་གནས་ལུགས་ཐོག་མའི་ཀ་དག་ཏེ༔ དེ་གཞི་ཡི་ངོ་བོ་རང་བཞིན་སྟོང་པར་གནས༔ སངས་རྒྱས་ཐམས་ཅད་དེ་ལ་བརྟེན་ནས་འབྱུང་བས་བསྐྱེད་པའི་ཡུམ༔ དབྱེ་བ་རྣམ་པ་གསུམ་ཡིན་ནོ༔ ངོ་བོ་མི་འགྱུར་བ་རང་བཞིན་གསལ་བ་ཐུགས་རྗེ་ཁྱབ་པ་འོ༔ རྒྱུད་ཀྱི་སྙིང་པོ་སྣང་སྲིད་འཁོར་འདས་རྣམས༔ དེ་ཉིད་ངོ་བོར་རིག་པ་ལ་འདུས་པ་འོ༔ དེ་ཉིད་སྙིང་པོ་རང་བཞིན་རྒྱུད་ཀྱི་རྒྱུད་ཀྱི་ངོ་བོ་ནི༔ སྣང་བ་ཆོས་རིག་པ་ཉིད་སྐུར་ཤར་བའོ༔ དབྱེ་བ་རྣམ་པ་གཉིས་སུ་བསྟན༔ སྙིང་པོ་རིག་པ་སྙིང་པོར་གྱུར་
པས་ངེས་པའི་ཡེ་ཤེས་ཏེ༔ སྐུ་དང་ཡེ་ཤེས་སུ་རང་གི་ལུས་ལ་རྫོགས་པ་དང་༔ སྣང་བ་འབྱུང་བས་ཁྱབ་པས་ཡུལ་ལ་རྫོགས་པ་འོ༔ ངེས་ཚིག་ཀུན་གྱི་སྲོག་དང་འདྲ༔ སྙིང་པོའི་རྒྱུད་ཀྱི་དོན་ཅེས་རྣམ་པར་བཤད༔ བཅུད་ཀྱི་དོན་གྱི་ངོ་བོ་དང་ཕ་མ་རྒྱུད་ནི་རྣལ་འབྱོར་པས༔ ངེས་དོན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་ཆོས་སྐུའི་སྒྲོན་མའོ་མངོན་སུམ་མཐོང་བ་འོ༔ ངོ་བོ་རིག་པའི་བཅུད་སྙིང་པོའི་དོན་རྣམས་སྒྲོན་མར་བསྡུས༔ དེ་ཉིད་ངོ་བོ་ལ་གསུམ་སྟེ་གསང་བའི་ཚིག་དོན་གསུམ༔ སངས་རྒྱས་ཐམས་ཅད་རང་གི་རིག་པ་གཅིག་བུར་འདུས་པ་གཅིག་བསྡུས་པའི༔ ངོ་བོ་ཐམས་ཅད་དབྱིངས་རིག་མངོན་སུམ་དུ་མཐོང་བས་བཅུད་ཕྱུངས་པས༔ སྙིང་པོ་བསྡུས་པ་རིག་པ་རང་གི་ངོ་བོ་བཅུད་ཅེས་བྱའོ༔ དབྱེ་བ་རྣམས་པ་གསུམ་ཡིན་ཏེ༔ གཞི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གཞི་དང་གཞི་འཛིན་པའི་རིག་པ་སྙིང་པོའི་བཅུད་ཡེ་ཤེས་སུ་གསལ་བ་མེ་ཏོག་གི་བཅུད་སྒྲོན་མ་བཞི་ཅན༔ དེ་ཡང་བཅུད་ཀྱི་རང་བཞིན་དེ་རང་གི་ངོ་བོ་ནི་ནི༔ སྙིང་པོ་གཞི་ལས་བསྡུས་པས་དངས་མ་སྐུ་དང་རིག་པ་སྒྲོན་མ་གསུམ༔ ངེས་ཚིག་ཡེ་ནས་ཡོད་པ་རང་བཞིན་བབས་ཀྱིས་གྲུབ༔ སེམས་ཅན་ཀུན་ལ་ཁྱབ་པས་རང་བཞིན་ཉིད་ཀྱི་རྒྱུད་ཅེས་བྱའོ༔ འོ་ན་དེ་དག་ཐ་དད་པ་ཡིན་ནམ་ཞེ་ན་རྒྱུད་ཀྱི་རང་བཞིན་དེ་དག་རྣམས༔ དོན་རྣམས་ཐ་དད་མ་ཡིན་ངོ་བོ་གཅིག་ཏེ༔ དཔེར་ན་སྐྱེས་བུ་གཅིག་ལ་མིང་མི་འདྲ་བ་མང་པོ་ཡོད་པ་གང་ནས་བོས་ཀྱང་གཅིག་པ་བཞིན་གང་ཞིག་ལ༔ མིང་ནི་མང་པོ་ཡོད་གྱུར་པ༔ རྒྱུ་གཅིག་གང་ནས་
བོས་ཀྱང་འོངས་པ་བཞིན༔ འགྱུར་མེད་དོན་གཞི་གཅིག་ལ་མཚོན་ཚུལ་ཐ་དད་དུ་བྱུང་བ་ཡང་དེ་བཞིན་ནོ༔ དོན་གྱི་རྒྱུད་རིག་པ་གཏན་དབབ་རྣམས་བཤད་པའོ༔ ཚིག་གི་རྒྱུད་ལ་རྣམ་གསུམ་སྟེ༔ ངོ་བོ་ངེས་ཚིག་དབྱེ་བའོ༔ ངོ་བོ་ཚིག་དེ་དང་དོན་ཉམས་སུ་བླང་བ་འབྲེལ་བ་ཡིས༔ གང་ཟག་ཚིག་གཅིག་གིས་རྟོགས་པའང་ཡོད་རྒྱུད་རྣམས་གྲོལ་བར་བྱེད༔ སྐྱེ་བའི་གོ་རིམ་དང་འཇུག་པའི་གོ་རིམ་ཇི་ལྟ་ཞེས་པ་ན༔ ངོ་བོ་ཉིད་དེའི་ངོ་བོ་གོ་རིམ་ཤེས་པ་ལ་བྱ་ཅེས་རྣམ་བཤད་པ༔ གསང་དོན་གོ་རིམ་འདི་ལྟ་སྟེ༔ རྩ་བའི་རྒྱུད་ནི་རྫོགས་པ་རང་བྱུང་དང་ཡི་གེ་མེད་པའི་རྒྱུད་རྣམ་གཉིས་ཀྱིས༔ ཆོས་རྣམས་ངོ་བོ་གཅིག་པར་རྩ་བ་གཅིག་པའི་ཚུལ་དུ་བཤད༔ བཤད་རྒྱུད་རིག་པ་རང་ཤར་དང་མ་བུ་རིག་པ་རང་གྲོལ་གཉིས་ཀྱིས་ནི༔ ལོ་འདབ་རྩ་བ་དེ་ལས་ཡལ་ག་དང་ལོ་མ་གྱེས་པ་ལྟར་རྒྱས་པའི་ཚུལ་དུ་བཤད༔ ཡན་ལག་རྒྱུད་ཆེན་རིན་ཆེན་སྤུངས་པ་དང་སྐུ་གདུང་འབར་བ་རྣམ་གཉིས་ཀྱིས༔ རྒྱལ་མཚོར་གཟའ་སྐར་ཤར་བཞིན་སྣང་ལ་རང་བཞིན་མེད་པར་སྣང་བ་འདི་གཏན་ལ་འབེབས་པར་བཤད༔ ལུང་རིག་གསལ་བའི་རྒྱུད་སྒྲ་ཐལ་འགྱུར་དང་བཀྲ་ཤིས་མཛེས་ལྡན་གཉིས་ཀྱིས༔ མེ་ཏོག་ཁ་བྱེའི་ཚུལ་དུ་གསལ་བ་སྨིན་བྱེད་དང་བཅས་པར་བཤད༔ མན་ངག་རྒྱུད་སྡེ་མེ་ལོང་གཉིས་ངོ་སྤྲོད་སྤྲས་པ་མུ་ཏིག་ཕྲེང་བ་བཞི་ཡིས་ནི༔ དེ་ཉིད་ཚད་དུ་ཕྱིན་པའི་དྲོད་རྟགས་དང་བཅས་ཏེ་འབྲས་བུ་སྨིན་པའི་ཚུལ་དུ་བཤད༔ དགོངས་པ་རང་གནས་རྒྱུད་ཀློང་དྲུག་པ་དང་སྒྲོན་མ་འབར་བ་ཉི་ཟླ་ཁ་སྦྱོར་གསུམ་གྱིས༔ མཐོང་བྱེད་མིག་གི་ཚུལ་དུ་འབྲས་བུ་རྒྱུར་མི་ལྡོག་པར་བསྟན༔ འཇུག་པ་
རང་གྲོལ་རྒྱུད་སེང་གེ་རྩལ་རྫོགས་དང་ནོར་བུ་ཕྲ་བཀོད་གཉིས་ཀྱིས༔ དྲན་གཞི་སྙིང་གི་ཚུལ་དུ་ངེས་དོན་སྣ་ཚོགས་སུ་འཆར་བ་བསྟན༔ མཁས་པ་ཆོ་གའི་རྒྱུད་ནག་མོ་ཁྲོས་མ་ཀྱིས་ནི༔ དེ་དག་གིས་བསྟན་པ་བསྲུང་བའི་དོན་མེལ་ཚེ་བྱེད་པའི་ཚུལ་ཁྱི་ལྟར་བཤད༔ དེ་ལྟར་རྒྱུད་ཀྱི་ངོ་བོ་ནི༔ གོ་རིམ་རྩ་བའི་རྒྱུད་ལ་སོགས་པ་སྡེ་ཚན་རྣམ་པ་བརྒྱད་དག་གིས༔ གང་ཟག་དབང་པོ་འབྲིང་པོ་རྣམས་ཀྱི་གཅིག་གི་ཆ་རྐྱེན་ནོ༔ དབྱེ་བ་རྣམས་པ་བཅོ་བརྒྱད་དེ༔ རྒྱ་མཚོ་ལྟ་བུའི་རྒྱུད་རིག་པ་རང་ཤར་དང་ནི་ཉི་མ་ལྟ་བུའི་རྒྱུད་སྙིང་གི་མེ་ལོང་དང་༔ སེང་གེ་ལྟ་བུའི་རྒྱུད་སེང་གེ་རྩལ་རྫོགས་དང་ནི་རི་རྒྱལ་ལྟ་བུའི་རྒྱུད་ཡི་གེ་མེད་པ་དང་༔ འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན་དང་ནི་ལྡེ་མིག་ལྟ་བུའི་རྒྱུད་སྒྲ་ཐལ་འགྱུར་དང་༔ རལ་གྲི་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་དང་ནི་གསལ་ཤིང་ལྟ་བུའི་རྒྱུད་སྒྲོན་མ་འབར་བ་དང་༔ གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་ཕྲ་བཀོད་དང་ནི་མ་བུ་ཉི་ཟླ་ཁ་སྦྱོར་འབྲེལ༔ མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ་དང་ནི་མུ་ཏིག་བརྒྱུས་པ་ལྟ་བུའི་རྒྱུད་མུ་ཏིག་ཕྲེང་བ་༔ སྦྲུལ་མདུད་ལྟ་བུའི་རྒྱུད་རིག་པ་རང་གྲོལ་དང་ནི་ཁྱུང་ཆེན་ལྟ་བུའི་རྒྱུད་ཀློང་དྲུག་པ་དང་༔ ཆུ་རྒྱུན་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་དང་ནི་སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ་དང་༔ རྒྱལ་པོ་ལྟ་བུའི་རྒྱུད་སྐུ་གདུངས་འབར་བ་དང་ནི་བང་མཛོད་ལྟ་བུའི་རྒྱུད་རིན་ཆེན་སྤུང་བ་དོ༔ ངེས་ཚིག་རེ་རེས་དོན་རེ་མཚོནཚིག་རེ་རེ་ལ་དོན་གྱི་གོ་བ་རེ་སྐྱེ་བའོ༔ ངོ་བོ་ཉིད་ནི་རབ་མཚོན་དེ་རྟོགས་པར་བྱེད་པའོ༔ རྒྱུད་དེ་དག་གི་གོ་བ་རང་གང་ཞེ་ན་དེ་དག་རྣམས་ཀྱི་དོན་གོ་ནི༔ དེ་ལྟར་
རྒྱུད་ཆེན་བཅོ་བརྒྱད་རྣམས༔ དབང་པོ་ཐ་མའི་དོན་རྣམས་སུ་དེ་ཡང་རྒྱུད་སྡེ་ནི་ལྟ་བ་གེགས་སེལ་གྱི་རྒྱུད་དང་། གབ་པ་མངོན་བྱུང་གི་རྒྱུད་དང་། ཐིག་ལེ་སྤྲོས་བྲལ་གྱི་རྒྱུད་དོ་༔ རྣམ་པར་ཕྱེ་སྟེ་བསྟན་པ་འོ༔ དབང་བོ་འབྲིང་པོ་རྣམས་ལ་འདི་ལྟར་ཏེ༔ རྩ་བའི་རྒྱུད་གཉིས་དང་ཡན་ལག་རྒྱུད༔ ཆེན་གཉིས་བཤད་རྒྱུད་མ་བུ་གཉིས་ལུང་རིག་གསལ་བའི་རྒྱུད་གཉིས༔ དགོངས་པ་རང་གནས་ཀྱི་རྒྱུད་གསུམ་མན་ངག་རྒྱུད་ཆེན་རྣམ་པ་བཞི༔ འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་ཆོ་གའི་རྒྱུད་གཅིག་རྣམས༔ གང་ཟག་དབང་འབྲིང་གཅིག་གི་ཆ་རྐྱེན་དུ༔ སྤྲོས་པ་མེད་པའི་སྤྲོས་པ་ཉུང་བ་རྣམས་ལ་དག་འ་བའི་དོན་དུ་ཚུལ་དུ་བསྟན༔ ཤིན་ཏུ་སྤྲོས་པ་མེད་པའི་བློ་རབ་ཏུ་གྱུར་པ་རྣམས་ལ་ནི༔ ཐབས་ཀྱི་རྒྱུད༡དང་རང་བཞིན་རྒྱུད༢༔ དེ་ལ་གཞི་དངོས་པོའི་གནས་ལུགས་མཚོན་བྱ་ཐབས་ཀྱི་རྒྱུད༔ མཚོན་བྱེད་དེ་མཚོན་པར་བྱེད་པའི་ཚིག་དང་བླ་མའི་གདམས་པའོ་ཐབས་ཀྱི་རྒྱུད་དང་གཉིས༔ རང་བཞིན་ལ་ནི་དབྱེ་ན་རྣམ་གསུམ་སྟེ༔ གཞི་ཡི་རང་བཞིན་གྱི་རྒྱུད་དང་སྙིང་པོའི་རྒྱུད༔ བཅུད་ཉིད་ཆོས་སྐུ་དང་འདུ་འབྲལ་མེད་པ་རང་བཞིན་རྒྱུད་དང་ལྔ་ཐབས་ཀྱི་རྒྱུད་ལ་གཉིས་རང་བཞིན་རྒྱུད་གསུམ་སྟེ༔ བསྡུས་པ་དག་ལ་དགའ་བ་ཤིན་ཏུ་སྤྲོས་མེད་རྣམས་དོན་དུའོ་ནོ༔ བློ་ཡང་རབ་མཆོག་ཏུ་གྱུར་པ་ལདབྱེ་ན༔ མཚོན་བྱེད་ཚིག་གི་རྒྱུད་དང་གནས་ལུགས་ཀྱི་རིག་པ་དོན་གྱི་རྒྱུད༔ རྣམ་པ་གཉིས་སུ་དེར་མ་འདུས་པ་གང་ཡང་མེད་བསྡུས་ཏེ་བསྟན༔ བཅོ་བརྒྱད་དུ་དབྱེ་བ་དེ་ནི་སྤྲོས་པའི་བློ་ཅན་དང་༔ སྡེ་ཚན་བརྒྱད་དུ་བསྡུས་པ་སྤྲོས་པ་མེད་པའི་བློ་ཅན་དང་༔ ཤིན་ཏུ་སྤྲོས་པ་མེད་པ་རྒྱུད་ལྔར་བསྡུས་ཏེ་དང་༔ གཉིས་སུ་བསྡུས་ཏེ་རབ་ཏུ་སྤྲོས་མེད་རྣམས་ཀྱི་དོན༔ རྣམ་པར་ཕྱེ་སྟེ་བཤད་པར་བྱ༔ ཤིན་ཏུ་ཡང་སྤྲོས་པ་ལ་དགའ་བ་སྤྲོས་པར་གྱུར་
པ་ལ༔ རྒྱུད་རེ་རེ་རང་གཞུང་དུ་འདི་དག་རྣམས་ཀྱང་རྣམ་པར་དབྱེ༔ ཚིག་རྒྱུད་གསལ་བའི་རིམ་པ་ཡིས༔ སྤྱི་ཡི་དོན་དང་གོ་ཡུལ་ནི༔ རྒྱུད་རེ་རེ་ལ་ཡང་བདུན་བདུན་ཏེ༔ ངོ་བོ་ངེས་ཚིག་དབྱེ་བ་དང་༔ དགོས་དོན་དང་ནི་མཚོན་དཔེ་དང་༔ མན་ངག་ཇི་ཙམ་རེ་སྟོན་པ་ཁོང་བཅུད་མན་ངག་ལེའུ་གྲངས་དང་བདུན་ནོ་༔ བདུན་པོ་དག་ཏུ་ཤེས་པར་བྱ༔ དེ་ཉིད་གདམས་ཡུལ་གང་ཟག་གི་བློའི་བྱེ་བྲག་རྣམ་པ་བཞི༔ ཐ་སྙད་ལ་དགའ་བའི་སྤྲོས་པ་ཅན་གྱི་བློ་ཅན་དང་༔ དེ་བཞིན་སྤྲོས་པ་དེ་བས་ཐ་སྙད་ཆུང་བ་མེད་པ་དང་༔ ཤིན་ཏུ་སྤྲོས་པ་མེད་པའི་བློ་ཅན་དང་༔ རབ་ཏུ་སྤྲོས་པ་མེད་པའི་བློ་ཅན་རྣམ་བཞི་ལ༔ རྒྱུད་དོན་ཚིག་རྒྱུད་དང་བསྡུས་རྒྱུད་དང་དོན་རྒྱུད་ལྔ་དང་དོན་གཉིས་སུ་བསྡུས་པ་སྟེ་རྣམ་པ་བཞིར་བསྡུས་ཏེ༔ ངེས་པའི་ལུང་དུ་བཤད་པར་བྱ༔ སྤྲོས་པ་ལ་དགའ་བ་ཅན་གྱི་བློ་རྣམས་ལ༔ ཚིག་རྒྱུད་བཅོ་བརྒྱད་པོའི་དོན་གྱི་རིམ་པ་གསལ་ཕྱེ་ནས༔ རྒྱུད་དོན་བཅོ་བརྒྱདརང་ཤར་ལ་སོགས་པ་རེ་རེའི་དབྱེ་བ་རྣམས༔ རིམ་པ་འདི་ལྟར་ཤེས་པར་བྱ༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ བཤད་པའི་རྒྱུད་ཆེན་རིག་པ་རང་ཤར་དེ་ཉིད་རང་གི་གནས་ལུགས་ལ་བྱ་ལ༔ ཚིག་དོན་རྣམ་པ་བདུན་ངོ་བོ་ངེས་ཚིག་དབྱེ་བ་དང་རྒྱུད་དེ་ལ་དགོས་པ་ཇི་ལྟ་བུ་ཡོད་པ་དང་དཔེ་ཇི་ལྟ་བུ་ཡིན་པ་དང་དེའི་ནང་ནས་མན་ངག་གི་དོན་གོ་གང་བསྟན་པ་དང་ལེའུ་དུ་ཡོད་པའོ་གྱིས་བསྟན༔ ངོ་བོ་རིག་པའི་ཡེ་ཤེས་སོ༔ ངེས་ཚིག་དོན་ནི་རྣམ་གསུམ་སྟེ༔ རིག་པ་ཞེས་བྱ་གཞི་གནས་དངོས་པོ་གཤིས་ལ་བྱ་ཏེ༔ ངོ་བོ་དེ་དྲི་མ་དང་བྲལ་བའི་ངོས་ནས་ཀ་དག་ཡེ་ཤེས་སོ༔
རང་ཞེས་བྱ་བ་རང་ངོ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་སྟེ༔ སྣང་ལ་རང་བཞིན་མེད་དོ་ནས་རང་བཞིན་ལྷུན་གྲུབ་ཡེ་ཤེས་སོ༔ ཤར་ཞེས་བྱ་བ་རིག་པ་ཀུན་ལ་ཁྱབ་པས་སྣང་བ་སྟེ༔ ཐུགས་རྗེ་ཀུན་སྣང་བ་སྣ་ཚོགས་སུ་འཆར་བའི་ངོས་ནས་ཁྱབ་ཡེ་ཤེས་སོ༔ རྒྱུད་དེའི་དབྱེ་བ་རྣམ་པ་བཞི་ཡིན་ཏེ༔ རང་རིག་དེ་ཡང་གློ་བུར་དུ་བྱས་པ་ལྟ་བུ་མ་ཡིན་ཏེ་ཡེ་ནས་གནས་པས་ཡེ་ནས་རང་ཤར་དང་༔ ཉམས་སུ་བླངས་པས་དབྱིངས་དང་རིག་པ་འདུ་འབྲལ་མེད་པའོ་དུས་ན་རང་ཤར་དང་༔ ཡུལ་རྐྱེན་ནམ་མཁའ་བག་རྡུལ་དངས་པ་དང་ཕྲད་པའི་ཚེ་ཕྲད་ཚེ་རང་ཤར་དང་༔ བར་དོའི་ཡུལ་ལུས་བོར་བ་དང་རང་གི་རིག་པའི་སྣང་བ་ལྷུག་པ་ཤར་བའོ། །ལ་རང་ཤར་རོ༔ རིག་པ་རང་ཤར་ཞེས་བྱ་མིང་དུ་བཏགས་པ་ཙམ་པོ་འདི་བའི༔ ཚིག་ཏུ་བཀོད་པའི་རྒྱུད་མཚོན་ཚུལ་ཙམ་ཚིག་ཏུ་བྱུང་བ་དེ་ལ༔ དགོས་དེ་ལ་དགོས་པ་ཇི་ལྟ་བུ་ཞེ་ན་པའི་དོན་ནི་གང་ཞེ་ན༔ དབང་པོ་རྟུལ་བའི་གང་ཟག་ཚིག་ལ་ཡིད་ཆེས་བྱེད་པ་རྣམས༔ བརྗོད་བྱའི་ཚིག་ལ་དཀའ་ལ་རེ་བའི་དུས་ཡིད་ཆེས་པས༔ སྒྲ་དོན་འཇུག་པའི་དགོས་པ་རྟོགས་པར་བྱེད་པའི་རྒྱུ་མཚན་གྱིས་ངོ་བོ་རྟོགས་པར་བྱེད་པའོ༔ དཔེ་ཇི་ལྟ་བུ་ཞེ་ན་མཐུན་ཆོས་རྣམ་པ་གསུམ་ལྡན་རྒྱ་མཚོ་ཆེ་བ་གཏིང་ཟབ་པ་གཟུགས་གསལ་བར་བྱེད་པ་དང་འདྲ་བར་བརྗོད་བྱ་རྒྱ་ཆེ་བ་དང་ཚིག་དོན་མན་ངག་ཟབ་མོ་གཏིང་དཔག་དཀའ་བ་དང་ཐེག་པ་གཞན་གྱི་དོན་འདི་ནས་གསལ་བར་བྱེད་པའོཏེ༔ བརྗོད་བྱ་རྒྱ་མཚོ་ལྟ་བུར་བསྟན༔ ཁོང་བཅུད་མན་ངག་རྣམ་ལྔ་སྟེ༔ སྐུ་ཡི་དོན་གསུམ་གྱསི་བསྟན་ཡེ་ཤེས་གསུམ་བསྟན༔ ལྟ་སྒོམ་སྤྱོད་གསུམ་པའི་མན་ངག་བསྟན༔ རིག་པ་རང་གི་གནད་ཟིན་པ་དེ་ཡུལ་
ནམ་མཁའ་ཆོས་སྐུ་སྤྲོས་མེད་རིག་པའི་གནད༔ རིག་པ་རང་གི་ངོ་བོ་གཟིར་བ་དེ་རྡོ་རྗེ་ལུ་གུ་རྒྱུད་ལོངས་སྐུ་ཟང་ཐལ་རང་གི་གནད༔ རིག་པའི་རྩལ་སྒྲོན་མ་གཟིར་བ་སྟེ་མིག་ནམ་མཁར་སྤྲུལ་སྐུ་ཀུན་ཁྱབ་ཤར་བའི་གནད༔ ཡེ་ཤེས་ངེས་ཚིག་གསུམ་གྱིས་མཚན་ཉིད་སྐབས་སུ་སྟེ༔ གང་ཟག་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་རྣམ་པ་བཞི་དག་ལ༔ སྤྲོས་བཅས་རྣམས་ལ་ཡེ་ཤེས་ནི༔ ཉི་ཤུ་རྩ་ལྔའི་རང་ཤར་ལས་བཤད་པའོ་དབྱེ་བ་རྣམས༔ སྤྲོས་པ་ཅན་གྱི་དོན་དུ་འོ༔ ཁྱད་པར་ཆོས་དབྱིངས་ཡེ་ཤེས་ལ་སོགས་ཡེ་ཤེས་ལྔ་དོན་ནི༔ སྤྲོས་མེད་ཐ་སྙད་སྤངས་པ་རྣམས་ཀྱི་དོན་དུ་འོ༔ གཞི་གནས་ཡེ་ཤེས་རྣམ་གསུམ་ན ི་ངོ་བོ་ཀ་དག་གི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སོ་༔ ཤིན་ཏུ་སྤྲོས་མེད་རྣམས་ལ་འོ༔ ཉག་གཅིག་གསལ་བའི་ཡེ་ཤེས་ནི་ཐིག་ལེ་ཉག་གཅིག་ནི་རང་གི་སྒྲོན་མ་གསལ་བའོ་༔ རབ་ཏུ་ཚིག་གི་ཞེན་པ་ཆོད་པ་སྤྲོས་མེད་ཉིད་ལ་འོ༔ ལྟ་བ་རྣམ་པ་གཉིས་ཡིན་ཏེ༔ ཆོས་ཅན་ལྟ་བའི་ལྟ་བ་དང་ཆོས་ཉིད་ལྟ་བའི་ལྟ་བའོ་༔ ལྷ་དང་ཐེག་པའི་དང་པོ་མི་སོགས་ལུང་མ་བསྟན༔ མུ་སྟེགས་རྟག་ཆད་དུ་འཛིན་པའི་སྒོ་ནས་ཁྱད་མེད་རྟག་ཆད་མཐར་འཛིན་ཕྱི་པ་དང་༔ ཨ་ནུ་མན་ཆད་རང་འདོད་ཞེ་འདོད་ཞུགས་པས༔ ཆོས་ཅན་ཉིད་ལ་ཕྱིའི་ཡུལ་གཏན་ལ་འབེབས་འབེབས་ནས་ལྟ་ལྟ་ནས༔ ནང་སེམས་ཉིད་མ་མཐོང་བས་ཆོས་ཉིད་དོན་ལ་རྡུལ་རེག་མེད༔ ཨ་ཏི་སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་གཞན་རྣམ་པ་ཁ་ཅིག་གིས༔ འདི་ཉིད་རང་གི་ངོ་བོ་དེ་ཉིད་ཕྱོགས་ཙམ་མཐོང་བ་མེད༔ རྫོགས་པ་ཆེན་པོ་ཐིག་ལེའི་
སྐོར༔ ཕྱི་སྐོར་དང་ནང་སྐོར་དང་གསང་སྐོར་གྱི་རྩ་བའི་རྒྱུད་སྡེ་ལྔ་ཡན་ལག་བཞི་ལུང་སྡེ་དྲུག་སོགས་བས་ཀྱང་༔ འདི་ཉིད་དོན་ལ་རེག་དངོས་གཞིི་དེ་ལ་པ་མེད༔ དེ་ཕྱིར་གསང་ཆེན་བླ་ན་མེད་པའི་མན་ངག་གི༔ ལྟ་འདི་གཞན་གྱིས་མ་རྟོགས་པས་ཤིན་ཏུ་གསང་བ་འོ༔ བྱས་པ་མེད་པའི་ལྟ་བ་ཡེ་ནས་གནས་པའི་རིག་པ་ལ༔ ལྟ་བྱེད་མེད་པའི་ཡུལ་ནམ་མཁའི་ངང་དུ་མིག་གི་རྟེན་སྒྲོན་མ་མིག་གིས་མཐོང་༔ བྱུང་བ་མེད་པའི་གང་ནས་ཀྱང་འོང་བ་མེད་པ་རིག་པ་ཉིད༔ ཐོབ་པའི་རྒྱུ་མེད་ཡེ་ནས་རྟོགས་པར་ཡང་དེ་ཕྲལ་རྙེད་མིན་རང་ཞེས་བྱ༔ ཡུལ་ནམ་མཁའ་ལ་སྣང་བ་རྡོ་རྗེ་ལུ་གུ་རྒྱུད་དེ་ཉིད་ཤར༔ དེ་ཕྱིར་ལྟ་བ་མཐོང་བྱེད་དུ་ཡོད་པས་མིག་དང་འབྲེལ༔ སྒོམ་པ་ཞེས་བྱ་རྣམ་གསུམ་སྒོམ་པ་དང་ཏིང་ངེ་འཛིན་དང་དགོངས་པའོ་སྟེ༔ སྒོམ་པ་དེ་ཉིད་སེམས་འཛིན་ཏིང་འཛིན་མཉམ་རྗེས་དང་༔ བསམ་གཏན་དགོངས་པ་ཞེས་བྱ་གསུམ་དུ་བསྟན༔ སྒོམ་པ་དེ་ཉིད་ལྷ་དང་མི་ཡི་སེམས་འཛིན་ཏེ༔ མཚན་མ་ཨ་དཀར་ལ་སེམས་བཟུང་བ་སོགས་རིམ་རྩོལ་བློ་ཡི་རིམ་པ་ཉིད༔ ཨ་ནུ་མན་ཆད་ཐེག་པ་བརྒྱད་པོའི་གཞུང་༔ དངོས་པོའི་གནས་ལུགས་མི་རྟོག་ཡེ་ཤེས་ཆེན་པོ་ལ༔ བཅུ་དྲུག་ཆར་ཡང་ཉེ་བ་མེདརང་བཞིན་སྤྲུལ་པའི་ཞིང་ཁམས་སུ་ཡང་མི་ཉེ་བྱས་ཆོས་བློའི་ཆོས་ཡིན༔ ཏིང་འཛིན་ཞེས་བྱ་བློོ་བཞག་སེམས་ཀྱི་གནས་པ་ལ་གནས་པར་བྱ་བ་སྟེཿབློས་བྱས་མཉམ་གཞག་རྗེས་འཛིན་པས༔ སེམས་ཉིད་མ་རྟོགས་པ་ཨ་ཏི་སེམས་ཕྱོགས་པ་ཆ་འགའ་ཡི་གཞུང་༔ ཉམས་སུ་ལེན་པ་དེ་ཉིད་བསྒོམ་པའི་སྒོམ་ཆེན་པ༔ རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ༔ ལྷུན་གྲུབ་ཀྱི་ཕྱོགས་ཙམ་ཡང་མ་རྟོགས་པས་
རྡུལ་ཕྲན་བརྒྱར་གཤགས་ཆར་མི་ཉེ༔ དགོངས་པ་ཉིད་ནི་ཆུ་རྒྱུན་རྒྱུན་ཆད་མེད་པ་སྐྱེ་དགོས་པ་ཡིན་འདྲ༔ མཉམ་པར་གཞག་པའི་ཚེ་གསལ་དུ་མེད་དང་ལངས་པ་ཡིས་མི་གསལ་བའི་རྒྱུ་མེད༔ ཡེ་ཤེས་ཀྱི་ལམ་ལ་འགྲོ་དང་ཉལ་དང་རྟོག་མེད་ཀྱི་ངང་དུ་འདུག་གནས་ལུགས་ཀྱི་ཐོག་ཏུ་སྤྱོད་པའི་ཅི་བྱེད་ཀྱང་འབྲལ་བ་མེད་པ་དང་༔ ཟ་དང་འཐུང་བདེ་བ་ཉམས་སུ་མྱོང་དང་གདོད་མའི་གཤིས་སུ་འཆགས་པ་དང་༔ གླལ་ངོ་བོའི་རྩལ་སྣང་དང་སྦྲིད་ཡེ་ཤེས་རྒྱུན་དུ་དང་གློ་རང་བྱུང་རྟེན་མེད་ལུ་དང་༔ དུས་ཐབས་ཅད་དུ་འདི་ཉིད་རང་ཡིན་འདི་ཉིད་བྲལ་བ་མ་ཡིན་ཏེ༔ ཉིན་དང་མཚན་མོ་འཁོར་འདས་ཕྱེ་བ་མེད༔ དྲན་གཞི་ངོ་བོ་གཅིག་ཙིཏྟིའི་དཀྱིལ་འཁོར་དུ༔ དཔེར་ན་བུམ་པའི་མར་མེ་རང་གསལ་དུ་བཞིན༔ བསམ་རྒྱུན་གཞི་གནས་པས་ཟད་པས་རིག་པ་ཉིད༔ དྲན་བྱེད་འཛིན་པ་ནུབ་པས་འགགས་པས་རང་ཞེས་བྱ༔ རྒྱུན་དུ་དེའི་ཐོག་ནས་གནས་པས་ཤར་བའོ༔ དེ་ཕྱིར་སྒོམ་པ་སྙིང་དང་ལུས་གནད་སྐུ་དང་ཡེ་ཤེས་འབྲེལ༔ སྤྱོད་པ་རྩོལ་བཅས་དང་རྩོལ་མེད་རྣམ་པ་གཉིས་ཡིན་ཏེ༔ རྩོལ་བྱས་ཐིག་པ་གཞན་གྱི་བློ་ཡིས་སྤྱོད་པ་དང་༔ རྩོལ་མེད་རང་གི་མཚན་ཉིད་སྣང་བ་དབང་བསྒྱུར་རོ༔ རྩོལ་བཅས་རྣམས་ནི་གཞན་རིམ་དགུ་འི་དོན་ནོ༔ རྩོལ་མེད་རང་གྲོལ་དུ་ཤེས་པའི་རྩལ་རང་ཤར་སྤྱོད་པ་ནི༔ འཛིན་པ་རང་གྲོལ་གྱི་སྤྱོད་པ་བུ་ཆུང་ཤེས་པ་ཇི་བཞིན་དུ༔ སྣང་ཡང་ཞེན་པའི་རྟོག་པ་ཆོད་པ་སྣང་བ་ཐད་ཀའི་རྐྱེན་ཞེན་བྲལ༔ ལུ་གུ་རྒྱུད་ངོ་བོར་ཅིར་ཡང་མ་གྲུབ་ཀྱང་རང་བཞིན་འོད་དང་ཐིག་ལེ་དང་སྐུ་དང་ཡེ་ཤེས་སོ་ལ་རྟག་ཏུ་ལྟ༔ དེ་དང་འབྲལ་
བ་མེད་པ་ནི༔ རང་སྣང་སྣང་བ་མཐོང་ཡང་དོན་རང་སྣང་དུ་མཐོང་བས་ཞེན་མེད་སྤྱོད་པ་སྟེ༔ ཤེས་རིག་གསལ་བ་རིག་པའི་ངང་ཤེས་པ་རང་སོར་གནས་པ༔ ཡེ་ནས་དེ་ལྟར་ཡོད་པ་ཡིན་པས་གཞན་ནས་མ་བྱུང་རང་ཞེས་བྱ༔ ཁྱབ་གདལ་འཛིན་མེད་སྣང་བ་སྣ་ཚོགས་སུ་ཤར་ཞིང་སྣ་ཚོགས་སུ་གྲོལ་བའོ་རང་གྲོལ་བས༔ དབྱིངས་དང་རིག་པ་འདུ་འབྲལ་མེད་པ་སྙིང་པོའི་ཡུལ་ལ་ཤར་ཞེས་བྱ༔ ཨ་ནུ་མན་ཆད་རིམ་བློ་ཡིས་འདི་ཉིད་རྟོགས་པ་གང་ཡང་མེད༔ མ་ཆགས་སྣང་བ་སྤང་ལེན་དང་རེས་འཇོག་བྱེད་པ་ཞེན་པའི་སྤྱོད་པ་འོ༔ ཆགས་ལ་སྣང་བ་རང་གྲོལ་པས་ཞེན་མེད་སྤྱོད་པ་ནི༔ འདི་ཉིད་གདམས་པ་ཤེས་པས་མཐོང་བའི་རྣལ་འབྱོར་རོ༔ དེ་ཕྱིར་རྣལ་འབྱོར་སྤྱོད་པ་ནི་གནད་དུ་འགྲོ་མི་འགྲོ་བརྟག༔ ཡན་ལག་ལུས་ཀྱི་གནད་རྣམས་དང་འབྲེལ་བ་འོ༔ དེ་ཡི་ཕྱིར་ན་གདམས་ཡུལ་ནི༔ རྣམ་པ་གསུམ་དུ་འདུས་པ་ཡིན༔ ལུས་གྱི་གནད་འདུག་སྟངས་དང་ཡུལ་གྱི་གནད་སྤྲིན་དང་བྲལ་བ༔ རིག་པ་སྒྲོན་མེའི་གནད་མི་འགུལ་བ་གཉིས་དང་འབྲེལ་ཡིན་ནོ༔ ལེ་འུ་བརྒྱད་ཅུ་རྩ་དྲུག་གིས༔ གཞུང་དོན་ཚིག་རྣམས་རྫོགས་པར་བསྟན་པའོ༔ ཨི་ཏིཿརྒྱ་རྒྱ་རྒྱ༔ རྡོ་རྗེ་སེམས་དཔའ་སྙིང་གི་ཡང་དོན་བདུན་དུ་ཤེས་པར་བྱ༔ མེ་ལོང་ཞེས་བྱའི་རྒྱུད་ལ་ནི༔ ངོ་བོ་སྙིང་པོའི་རིག་པ་རང་གི་ཡེ་ཤེས་བཅུད་རྣམས་འདུས༔ ངེས་ཚིག་བླ་མའི་གདམས་པས་རྣམ་པ་བཞི་ཡིན་ཏེ༔ སྟོང་པ་རིག་པ་དངོས་མེད་ཟང་ཐལ་སྲ་མཁྲེགས་རྡོ་རྗེ་འོ༔ ཚིག་ཐམས་ཅད་འབྱུང་བས་དོན་དུ་མ་མཚོན་བྱེད་པ༔ སེམས་དཔའ་ཞེས་དྲན་བསམ་སྣ་ཚོགས་སུ་ཤར་བ་དེ་ཡང་རང་སར་གྲོལ་བར་བསྟན་
ནི་རྣམ་པར་བཤད༔ སྙིང་ནི་བཅུད་རྣམས་འདུས་པ་འོ༔ ཡུལ་ནམ་མཁའ་ལ་སྣང་བའི་རེག་པ་དེ༔ མིག་གི་དབང་པོ་མ་འགགས་པས་ལྟ་བར་བྱེད་པས་མེ་ལོང་ངོ༔ དབྱེ་ན་དོན་དུ་དང་ལྡན་ན་རྣམ་པ་གསུམ་ཡིན་ནོ༔ མཚོན་གཞི་རིག་པ་གསལ་ཆ་མ་འགགས་པས་པ་གཞི་ཡི་མེ་ལོང་དང་༔ མཚོན་བྱེད་ཚིག་གི་རྡོ་རྗེ་དེ་མཚོན་བླ་མའི་གདམས་པ་དང་༔ རིག་ངོ་སྙིང་དང་རིག་པ་སྣ་ཚོགས་སུ་སྣང་བ་སེམས་སུ་འབྲེལ༔ དགོས་པ་རྒྱུད་རྣམས་གཞན་གྱི་ནི༔ ཁོང་གི་སྙིང་མེད་རོ་དང་འདྲ་བར་སྙིང་དང་འདྲ་བར་བསྟན༔ སྙིང་མེད་ལུས་ཀྱི་སྟོབས་མེད་བཞིན༔ དཔེར་ན་མཁའ་ལ་ཉི་ཤར་བས༔ མཐའ་ཡི་མུན་པ་སེལ་བ་དང་འདྲ་བར་མ་རིག་པའི་མུན་པ་སེལ་བ་བཞིན༔ ཁོང་དོན་མན་ངག་ངོ་སྤྲོད་དང་ཡེ་ཤེས་དབང་པོ་རྣམ་གསུམ་སྟེ༔ ངོ་སྤྲོད་དཔེས་གཏན་ལ་དབབ་པ་བསྟན་ཉི་ཤུའི་དམིགས་བསྟན་དང་༔ དབང་པོའི་ཉི་ཤུ་གཅིག་ལ་བྱེ་བྲག་ཡེ་ཤེས་བཞི་དང་ཉི་ཤུ་རྩ་གཅིགསྒྲོན་མའི་བཞི་སྣང་བ་ཉིད་ཉམས་སུ་ལེན་པའི་གནད་བསྟན་ཏོ༔ ངོ་སྤྲོད་རྣམ་པ་གསུམ་ཡིན་ཏེ༔ འོད་ལ་སྤྲད་པ་རིག་པ་ལ་འོད་ཡོད་ཚུལ་གཏན་འབེབས་རྣམ་པ་བདུན༔ ཡེ་ཤེས་རིག་པ་དེ་ཉིད་ཡེ་ཤེས་སུ་སྣང་ལུགས་གཏན་ལ་འབེབས་བདུན་ཏེ་རིག་པ་བདུན་རིག་པ་རང་གི་ངོ་བོ་གཏན་ལ་འབེབས་༔ དེ་ལྟར་ཉི་ཤུ་རྩ་གཅིག་གིས༔ དོན་གྱི་ངོ་བོ་རིག་པ་གཏན་ལ་དབབ་མཚོན་པའོ༔ དེ་ལྟར་རྣམ་པ་མང་བཤད་སྤྲོས་བཅས་ཡིན་པར་བསྟན་ཀྱང་༔ མདོ་དོན་གསུམ་དུ་འདུས་འདི་དག་ཉིད་ཡིན་ནོ༔ ཆོས་སྐུ་ངོ་སྤྲོད་རང་ལ་ཐོག་མ་ནས་འདི་ལྟར་གནས་ཞེས་པའི་གདམས་ངག་གིས༔ གཞི་ཉིད་ལུ་གུ་རྒྱུད་
ནམ་མཁའ་ལ་མངོན་སུམ་ལམ་དུ་བྱེད༔ ལོངས་སྐུ་ངོ་སྤྲོད་རིག་པ་དེ་ཡང་རྒྱན་སྣ་ཚོགས་དང་ལྡན་པར་བསྟན་པའི་གདམས་ངག་གིས༔ རིག་པའི་འོད་ཁྱིམ་རིག་པའི་སྣང་བ་གཏན་ལ་དབབ་པའོ་མཁའ་ལ་དབྱུང་༔ སྤྲུལ་སྐུ་ངོ་སྤྲོད་སྣང་བ་ཆིག་ཆོད་དུ་ཤེས་པའི་གདམས་ངག་གིས༔ འཁྲུལ་སྣང་རང་གྲོལ་ཞེ་སྡང་ཉིད་ཞེ་སྡང་གིས་གྲོལ་བ་སོགས་ཉིད་དུ་བསྟན༔ དབང་པོར་རབ་བདུན་འབྲིང་བདུན་ཐ་བདུན་མ་ལ༔ བདུན་བདུན་དག་སྟེ་རྩ་གཅིག་གོ༔ ཡེ་ཤེས་སྣང་བ་བཞི་ཡིན་ཏེ༔ གཞི་འཛིན་པའི་ཡེ་ཤེས་གསུམ་རྡོ་རྗེ་སྟེ༔ མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་སེམས་དཔའ་འོ༔ ལམ་སྣང་པའི་ཡེ་ཤེས་ཉི་ཤུ་རྩ་གཅིག་སྒྲོན་མ་ལྔ་སྙིང་༔ སྤྲོས་བྲལ་ཐིག་ལེ་ཡིན་ལུགས་གཏན་ལ་དབབ་པའོ་ཉག་གཅིག་མེ་ལོང་ཡིན༔ དེ་ཕྱིར་གནད་བཞི་དག་གིས་གནད་དུ་འགྲོ་མི་འགྲོ་ལྟ་ནི༔ འདི་ཉིད་མན་ངག་ཉམས་སུ་ལེན༔ རྡོ་རྗེ་རིག་པ་སྐྱེ་འཇིག་དང་བྲལ་བ་རིག་པའི་གནད་དུ་བསྟན༔ སེམས་དཔའ་ཡུལ་ཉིད་འབྱུང་བའི་ཆོ་འཕྲུལ་དུ་མ་ཤར་ཡང་ནམ་མཁའ་ལ་རང་ཞི་བ་ལྟར་རིག་པའི་ངང་དུ་ཀུན་གྲོལ་བའོ་ནམ་མཁའི་གནད༔ ལུས་ཀྱི་སྒྲ་དང་ཡེ་ཤེས་མེད་པའོ་གནད་ནི་སྐུ་དང་ཡེ་ཤེས་ཡོད་པའོ་སྙིང་ཡིན་ནོ༔ མེ་ལོང་ལ་བཞིན་ཤར་བ་དང་འདྲ་བར་ནམ་མཁའ་ལ་སྒྲོན་མ་མཐོང་བའོ་སྒྲོན་མ་མཐོང་བའི་གནད༔ དེ་ལྟར་གནད་བཞི་ཟིན་པ་འདི༔ རིག་པའི་རང་ངོ་ཤེས་པ་འོ༔ ལེའུ་བརྒྱད་ཀྱིས་གཞུང་དོན་རྫོགས༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ སེང་གེ་རྩལ་རྫོགས་གནད་ཀྱི་དོན་ལ་ཡང་བདུན་ཏེ༔ ངོ་བོ་ལྟ་བའི་གནད་ལུས་གནད་འདུག་སྟངས་ཡུལ་གནད་ནམ་མཁའ་སྤྲིན་མེད་རིག་པའི་གནད་ཤེས་པ་
མ་འགུལ་བ་གསུམ་རྫོགས༔ ངེས་ཚིག་རྒྱུད་ཀྱི་རྣམ་པ་གསུམ་ཡིན་ཏེ༔ གཞན་གྱིས་འཇིགས་བྲལ་ཐེག་པ་གཞན་དང་རྒྱུད་གཞན་ལས་ཁྱད་པར་དུ་བྱུང་བས་སེང་གེ་སྟེ༔ འཁྲུལ་སྣང་ལྟ་བའི་རང་རྩལ་གྱིས་འཁྲུལ་པ་རང་གྲོལ་དུ་ཟིལ་གནོན་རྩལ་དུ་སྣང་༔ གནད་ལུས་ཀྱི་གནད་མིག་ཡུལ་གྱི་གནད་ནམ་མཁའ་ཡེ་ཤེས་ཀྱི་གནད་སྒྲོན་མ་སྟེ་དེ་ལྟར་ལྟ་བའི་གནད་དང་སྒོམ་པའི་གནད་དང་སྤྱོད་པའི་གནད་གསུམ་རང་ལ་རྫོགས་པའི་ཕྱིར༔ རྫོགས་ཞེས་རྣམ་པར་བཤད་པའོ༔ རྒྱུད་ཀྱི་དབྱེ་བ་རྣམ་པ་གསུམ་ཡིན་ཏེ༔ ལྟ་བྱེད་ཡུལ་གྱི་རྩལ་རྫོགས་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་གནས་པ་ལ་བྱ་དང་༔ མཐོང་བྱེད་ངོས་ཟིན་རྩལ་རྫོགས་དབྱིངས་དང་རིག་པ་སྒྲོན་མ་གསུམ་བར་སྣང་དུ་ཟིན་པས་དང་༔ སྙིང་པོའི་བཅུད་མཐོང་བའི་ཚད་དང་གོམས་པའི་ཚད་བརྟན་པའི་ཚད་དང་གསུམ་གསུམ་རྩལ་རྫོགས་སོ༔ དགོས་དོན་དེ་ལ་དགོས་པ་ཅི་ཡོད་ན་རྒྱུད་རྣམས་གཞན་གྱི་ཚིིག་དང་༔ དོན་རྣམས་ལྟ་བར་བྱེད་པས་མིག་དང་འདྲ༔ དཔེ་ནི་དཔེར་ན་རི་རྒྱལ་རྩེར་ཕྱིན་མཐོན་པོའི་ཁ་ནས་བལྟས་ན་ཐམས་ཅད་མཐོང་བ་དང་འདྲ་བས་ན༔ དམའ་བའི་ལུང་རྣམས་མཐོང་བ་བཞིན༔ འོག་མའི་ཐེག་པ་འོག་མ་རྒྱུད་དོན་ཇི་བཞིན་མཐོང་༔ འོག་མས་གོང་མ་མཐོང་བ་མེད་རྒྱུད་གཞན་གྱི་མན་ངག་རྣམས་འདི་ཉིད་ནས་གསལ་བས་གཞན་གྱིས་འདི་ཉིད་རྟོགས་པ་མིན༔ འདི་ནས་མན་ངག་ཇི་ལྟ་བུར་སྟོན་ཞེ་ན་ཁོང་དོན་མན་ངག་རྣམ་གསུམ་སྟེ༔ དགོངས་པའི་གནད་དང་ཐིག་ལེ་མཐོང་བ་ལ་སོགས་ལྔ་ལྟ་བའི་ཕུགས་དབྱིངས་རིག་གཉིས་མེད༔ ཉམས་སུ་བླང་བའི་མཐོང་བ་དང་གོམས་པ་དང་ཚད་བརྟན་པ་ལ་སོགས་རྣམས་
བསྟན༔ དགོངས་དོན་མན་ངག་རྣམ་པ་ལྔ༔ ཐིག་ལེ་མཐོང་སོགས་དགོངས་པ་ནི༔ རྩལ་རྫོགས་རང་གི་ནང་རྒྱུད་ན་གསལ་བས་དེར་ཤེས་བྱ༔ ལྟ་བའི་དོན་ནི་རྣམ་པ་གཉིས་སུ་བསྟན༔ ཕྱི་ལ་ཡུལ་ལྔ་མ་ཡིན་པར་ནང་དུ་ཡུལ་ལ་ལྟ་ཡུལ་ལ་ལྟ་དང་ངོ་བོ་ཉིད་རིག་པའི་གདངས་མ་ཡིན་པར་རིག་པའི་ངོ་བོ་ལ་ལྟ་བའོ་ལ་ལྟ༔ ཡུལ་ལ་ལྟ་བ་ཕྱི་ཡུལ་ནམ་མཁའ་དང་ནས་དབྱིངས་ཀྱི་སྒྲོན་མ་འོ༔ ངོ་བོ་ཉིད་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ དབྱིངས་རིག་འདུ་འབྲལ་མེད་པར་ནམ་མཁའི་ཁམས་སུ་དེའི་ཕྱིར་བར་སྣང་ཁམས་སུ་བཟུང་བ་དང་མཐོང་ཤེས་ནས༔ འགྱུར་མེད་ཚད་ཆེན་པོ་གསུམ་གྱི་དྲོད་རྟགས་མཐར་ཕྱིན་པས་འཕྲད་ཟིན་པའོ་གཟེར་ཆེན་ཐེབས་པས་འབྲལ་བ་མེད༔ དེ་ཕྱིར་དབྱིངས་ཁང་པ་འདྲ་བའི་ནང་དེའི་བདག་པོ་དང་འདྲ་བའི་རིག་པ་ཉིད་འཕྱོ་བ༔ ཆགས་པ་མེད་པའི་ཡིད་ཀྱིས་གཟེར་བར་སྣང་དུ་ཤེས་པ་གཏད་པས་བཏབ་ནས༔ མཐོང་རིགས་གསལ་རང་གི་ངོ་བོ་མཐོང་བའི་ཡི་གེ་ཞེས་བྱའོ་བ་ཅེར་མཐོང་དགོངས་པ་ལྟ་བའོ༔ ཉམས་བླང་བ་མཐར་ཕྱིན་ཚད་ནི་རྣམ་གསུམ་སྟེ༔ མཐོང་བའི་ཚད་གསུམ་དང་གོམས་པའི་ཚད་གསུམ་བརྟན་པའི་ཚད་ལ་ཡང་དང་གསུམ་དུ་བསྟན༔ རིག་པའི་ཡུལ་ལམ་རང་བཞིན་མཐོང་བའི་ཚད་ནི་འོད་ཡིན་ཏེ༔ མི་འགྱུར་མཐིང་ཁ་དབྱིངས་ཀྱི་ཚད་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡི་གེ་ན་རོ་ལ་བརྟེན་ནས་རིག་པའི་རྟེན་བཅའ༔ ཟླུམ་འཁྱིལ་གསལ་རྨ་བྱའི་མདོངས་ལྟ་བུར་རང་རྩ་ལྟེམས་པས་རང་ཤར་བ་སྒྲོན་མའི་ཚད༔ འཕྲ་དང་འགྱུ་བ་རིག་པའི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཚད༔ མཐོང་བའི་མིག་གི་དུས་སུ་ཤེས་པར་བྱ༔ གོམས་དེ་ལ་ཉམས་སུ་བླངས་པའི་སྟོབས་
པའི་ཚད་ནི་རྣམ་གསུམ་སྟེ༔ མཐིང་ཁ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལས་རྒྱ་ཆེར་མཆེད་ཁ་དོག་ལྔ༔ མིག་ལས་བར་སྣང་གི་ཐད་ཀར་ཁྲུ་གང་ཙམ་དུ་སྣང་བ་ནི༔ རིག་པ་ཡུལ་ལ་དང་པོ་གོམས་པའི་ཚད་ཡིན་ནོ༔ དེ་ཡང་ཐེར་ཟུག་ཏུ་ཉམས་སུ་བླངས་པས་དེ་ནས་དེ་ལ་རབ་འདྲིས་ནས༔ རེ་ལྡ་ེགྲུ་བཞིའི་རྣམ་པའང་ཡང་ན་ཡུལ་ཇི་ལྟར་ཡོད་པའི་དབྱིབས་ལྟ་བུའི་རྣམ་པ་ཙམ་འཆར་བས༔ དེ་ལ་རབ་ཏུ་གོམས་པའི་ཚད༔ དེ་མ་འགྱུར་བ་ཉམས་སུ་བླངས་པས་དེ་ནས་ཡུལ་ལུང་པ་དེ་ཉིད་ཀྱི་གྲུའམ་མདའ་རྒྱང་གང་ཚུན་ཆོད་ཙམ་དུ་སྟེ༔ དེ་ལ་མཆོག་ཏུ་གོམས་དེ་ཉིད་ལས་མི་འགྱུར་བར་བལྟས་པས་ནི༔ སྣང་བ་མིག་གི་མཐོང་ཚད་ཐམས་ཅད་འོད་སྣང་དུ༔ ཤར་བ་དབྱིངས་ལ་གོམས་པའི་ཚད་ཟིན་པའོ༔ ཟླུམ་འཁྱིལ་ཐིག་ལེ་སྟོང་སྒྲོན་ལས་ནི་ཟ་འོག་རིས༔ རང་གི་སྣ་རྩེ་ལ་མཐོ་གང་གི་སར་ཤར་ན༔ དང་པོ་སྒྲོན་མ་ཉིད་ལ་དང་པོར་བསླབ་པ་གོམས་པའི་ཚད་ཡིན་ནོ༔ དེ་ལས་གྱེན་དུ་སྨིན་མའི་མཚམས༔ མེ་ལོང་ཐིག་ལེ་ཆེ་ཆུང་ཙམ་དུ་གསལ་གྱུར་ན༔ བར་དུ་གོམས་པའི་ཚད་ཡིན་ནོ༔ སྣང་བ་འོད་ཀྱིས་གར་ཁྱབ་པར་ཐམས་ཅད་ཐིག་ལེ་རུ༔ ཤར་ནས་བྱ་དཀར་མོ་གདང་ལ་དཀྱུས་པ་བཞིན་དུ་ཀྲིག་གེར་གནས་པ་ན༔ མཆོག་ཏུ་གོམས་པའི་ཚད་ཡིན་དེ་ལ་བསླབ་པས་གཞན་མེད་དོ་ནོ༔ རིག་པའི་ངོ་བོ་ལུ་གུ་རྒྱུད༔ འདབ་ཆགས་ཕུག་རོན་འཕུར་རྐྱེན་ཙམ་གྱུར་ན༔ དང་པོ་སྣང་བ་ལ་གོམས་པའི་ཚད་ཡིན་ནོ༔ དེ་ནས་དེ་ཉིད་ལ་མ་འགུལ་བ་གསུམ་གྱིས་རབ་ཏུ་ཉམས་བླངས་ན༔ རིག་དྭགས་ཤྭ་བ་སྤང་རྩིབས་ལ་རྒྱུག་བའི་བང་དང་མཉམ་ཙམ་པ་ནི༔ བར་དུ་སྔ་མ་བས་བརྟན་པ་གོམས་པའི་ཚད་ཡིན་ནོ༔
དེ་ཉིད་ཡང་དང་མི་འགུལ་བ་གསུམ་དང་འབྲེལ་བར་ཡང་བལྟས་ན༔ བུང་བ་མེ་ཏོག་གི་བཅུད་ལ་འཁོར་བ་ཙམ་འདི་ནི་བོགས་དབྱུང་པ༔ དེ་ནས་མིག་གིས་བལྟས་པའི་ས་དེར་སྡོད་གྱུར་ན༔ མཆོག་ཏུ་སྣང་བ་དང་གོམས་པའི་དང་འདྲིས་པ་ཚད་ཡིན་ནོ༔ ཤིན་ཏུ་དེ་ལས་ཀྱང་ཉམས་སུ་བླངས་ན་ཡང་དག་གོམས་པའི་ཚད་༔ འགུལ་ནི་རིག་པ་ཡེ་ཤེས་ཀྱི་རླུང་ཆུན་པའི་རྟགས་དང་འཕྲིགས་པ་མེད་པ་དང་༔ ཉིན་གསལ་བ་དང་མཚན་མོ་མི་གསལ་བ་མ་ཡིན་པར་དུས་རྒྱུན་དུ་མེད་སྣང་ན༔ རབ་ཏུ་གོམས་པའི་ཚད་ཐེབས་པ་ཅེས་བྱ་བ་ཡིན་ནོ༔ ལུས་ཀྱི་སྐུར་སྣང་ལུ་གུ་རྒྱུད༔ ཚིགས་དང་འདྲ་བའི་བར་དག་ཏུ༔ ཡེ་ཤེས་ཀྱི་རྩལ་སྨིན་པས་གཟེར་ཐེབས་པ་ཅེས་བྱའོ་ཐིག་ལེ་ཉུང་འབྲུ་ཙམ་ནང་དུ༔ སྐུ་ནི་ཤིན་ཏུ་ཕྲ་ཤར་ཐིག་ལེ་རེ་རེའི་ནང་དུ་སྐུ་རེ་རེ་ཤར་བས་སྨིན་པ་སྟེ་དཔེར་ན་སྒོ་ང་ལ་བྱེའུ་ཕྲུག་བརྡོལ་བ་དང་འདྲའོ་དང་༔ སྣང་བ་ཐམས་ཅད་སྐུར་ཤར་ན༔ རིག་པ་སྐུ་གསུམ་གཉིས་མེད་དུ་འདྲེས་པ་ཞེས་བྱ་བརྟན་པའི་ཚད་ཡིན་ནོ༔ འདི་ལྟར་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་བྱུང་སྟེ་ས་ཆུ་མེ་རླུང་སྣང་བ་དང་༔ འབྱུང་བཞིའི་ས་རྡོ་རི་བྲག་དང་སྐྱེས་པ་བུད་མེད་སོགས་སྣང་བ་འགགས་གྱུར་ནས༔ ཁ་དོག་དབྱིངས་རིགས་འདུ་འབྲལ་མེད་བའི་དགོངས་པ་ལྔ་ཡི་འོད་སྣང་གིས༔ གང་ཡུལ་བལྟས་པ་དེར་སྣང་ན༔ དབྱིངས་ནི་འབྱུང་བ་བཞི་རང་སར་སྟེ་ཆོས་ཉིད་ལ་གཟེར་ཐིབས་པས་བརྟན་པ་ཚད་ཡིན་ནོ༔ རང་ལུས་འོད་ཀྱི་རང་གི་ལུས་ཀྱང་འོད་དུ་སྣང་སྟེ་འདི་ཡི་སྤྱི་བོའི་སྟེང་དུ་སྟེང་དག་ཏུ༔ འཁར་གཞོང་ཁ་སྦུབས་པ་ལྟ་བུ་དགུ་བརྩེགས་སུ་བརྩེགས་པ་ལྟ་བུ་ཡི༔ ཐིག་ལེ་བརྩེགས་མ་གྱེན་ཤར་ན་གཅིག་གི་སྟེང་དུ་གཅིག་བྱུང་ན་སྒྲོན་མ་སྨིན་པའི་ཚད་ཡིན་ནོཿསྒྲོན་
མ་བརྟན་པའི་ཚད་ཡིན་ནོ༔ དེ་ཉིད་མཐོང་བ་ལྟ་དང་མི་འབྲལ་བ་སྒོམ་པ་ཉམས་གོང་ནས་གོང་དུ་འཕེལ་ཏེ་དེ་དང་འདྲེས་པས་སྤྱོད་པ་ཡིན༔ ངག་སྔགས་དང་ཕྱག་རྒྱ་ལུས་ཀྱི་ཉིད་ཀྱང་ངོ་༔ རིམ་གྱིས་འཆར་བར་བསྐྱེད་དང་རྫོགས་པ་ཅེར་མཐོང་དུ་སྣང་བ་དེ་ཉིད་དེ༔ ལེ་འུ་བཅུ་གསུམ་རྒྱུད་ཀྱི་གཞུང་ཆོག་དག་གིས་ནི༔ གཞུང་གི་ཚད་རྣམས་རྫོགས་པའོ༔ ཨ་ཏི༔ རྒྱ༔ གསང་བ་ཡི་གེ་མེད་པའི་རྟགས་ཀྱི་ཡི་གེ་མེད་པ་ལ་ཟེར་རམ་བརྗོད་པའི་ཡི་གེ་མེད་པ་ལ་ཟེར་རམ་དངོས་པོ་གཤིས་ལ་ཡི་གེ་མེད་ཟེར་རམ་བརྗོད་པ་བཟང་ངན་མེད་དུ་བརྗོད་པ་བཟང་ངན་ཤུགས་ལས་བྱུང་བ་ལ་མེད་ཟེར་ན་ཤོག་གུའི་ཡི་གེ་མེད་པ་ལྟ་བུ་ལ་ཟེར་རམ་ཤོག་གུ་ལ་ཡི་གེ་བཀོད་པ་ལྟ་བུ་ལ་ཟེར་རམ་ཨཱ་ལི་དང་ཀ་ལི་མེད་པ་ལ་ཟེར་རྒྱུད་ལའང་བདུན་ལས༔ ཚིག་དོན་རྣམ་པ་བདུན་ཡིན་ཏེ༔ ངོ་བོ་སྤྲོས་མེད་ཐིག་ལེ་འོ༔ ངེས་ཚིག་བརྡ་དང་མིང་ཟད་པས༔ ངོ་བོ་ལ་ཚིག་མི་རྙེད་པས་ཚིག་ལ་རྟགས་སུ་བཀོད་པས་ཡི་གེ་མེད་པ་ཞེས་བྱ་འོ༔ དབྱེ་བ་རྣམ་པ་གཉིས་ཡིན་ཏེ༔ ཀ་དག་ཐོག་མའི་གཞི་ལ་ཚིག་མེད་པའི་གནད་ཀས་སྒྲིབ་ཟད་ཡི་གེ་མེད༔ འབྱུང་རྐྱེན་ཉམས་སུ་བླངས་པའི་ཡི་གེའི་མཐའ་ཟད་པས་འགགས་པས་ཡི་གེ་མེད༔ དེ་ཡི་དགོས་པ་ཅི་ཞེ་ན༔ དངོས་པོ་རིག་པ་རང་གི་ངོ་བོ་གཞི་གཤིས་ཀྱི་འདུག་ཚུལ་དེ་ལ་ཚིག་གིས་གཏན་ལ་ཕེབས་སམ་སྙམ་པ་རྣམས་ལ་ཚིག་གིས་གཏན་ལ་མི་ཕེབས་པར་བསྟན་ལ༔ ཐ་སྙད་དག་ཏུ་འཛིན་པ་རྣམས༔ དེ་ལས་ཞེན་པ་བཟློག་པའི་ཕྱིར༔ ཡི་གེ་མེད་ཅེས་ཐ་སྙད་ཀྱིས་སངས་མི་རྒྱ་བར་བཤད་པའོ༔ དཔེར་ན་རི་རྒྱལ་རྩེར་ཕྱིན་ན༔ ཐམས་ཅད་མཐོང་བཞིན་ཡུལ་རྐྱེན་གྲོལ༔
ཁོང་མན་ངག་དུ་སྟོན་ཞེ་ན་དོན་མན་ངག་རྣམ་གསུམ་སྟེ༔ བཞག་ཐབས་ངོ་བོ་སྣང་བ་ཅེར་བཞག་ལ་སོགས་ཏེ་བཞི་བསྟན་པ་དང་༔ དབྱིངས་ཆོས་སྐུ་རྣམ་པར་དག་པའི་སྒྲོན་མ་དང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཁྱད་པར་གསང་དོན་དང་༔ ཞལ་ཆེམས་ཆོས་ཀྱི་ངོ་བོ་གཟུང་བ་དཀའ་ཡང་ཡེ་ཤེས་ཀྱི་རྩལ་གདམ་པས་འགྲུབ་གསང་བའི་མན་ངག་གོ༔ བཞག་ཐབས་རྣམ་པ་བཞི་ཡིན་ཏེ༔ སྣང་བ་ཅོག་བཞག་རང་སོར་སྤྱོད་པའི་ཚད༔ རྒྱ་མཚོ་ཁ་སློབ་པར་གསལ་གཏིང་དངས་པའི་དཔེ་ཅོག་བཞག་བསྒོམ་པའི་ཚད༔ རི་བོ་མི་འགྱུར་བ་གཞི་ཆེ་བ་དཔངས་མཐོ་བའི་དཔེ་ཅོག་བཞག་ལྟ་བའི་ཚད༔ རིག་པ་ཅོག་བཞག་རང་སར་གྲོལ་བ་འབྲས་བུའི་ཚད༔ དེ་ལྟར་ཉམས་སུ་བླངས་པའི་ཚད་བཞི་ལྡན་པའི་རྣལ་འབྱོར་དེ༔ ངེས་པའི་དོན་གནས་ལུགས་དངབློ་འདྲེས་པའོ༔ སྤྱོད་ཡིད་འགྱུར་ནུས་པའི་དཔེ་སྟེ་དེ་ལྟར་བླ་མའི་གདམས་པའོ་པའི་མན་ངག་ཆང་ལྟ་བུ༔ སྣང་བ་དབང་བསྒྱུར་འབྱུང་བའི་དགྲ་དང་བྲལ་བ་ར་རོ་འདྲ༔ སྣང་བའི་ཚད་ནི་དབྱིངས་ཀྱིས་རྒྱ་ཆེ་བར་ཤར་བས་བཟུང་༔ སྒོམ་པའི་མན་ངག་རིམས་ནད་ཀྱི་དངོས་པོ་དེས་ཤེས་པ་བསྒྱུར་བར་ནུས་པ་ལྟ་བུ༔ ཉིན་མཚན་ཁ་སྦྱོར་རིམས་ཀྱིས་བཏབ་པའི་སྐྱེས་བུ་དང་འདྲ་སྟེ་དྲན་མེད་དུ་ཐེབས་བཞིན༔ དགོངས་པའི་ཚད་ནི་ནམ་མཁར་དབྱིངས་རིག་འདུ་འབྲལ་མེད་དུ་བཟུང་༔ ལྟ་བའི་མན་ངག་ཕ་རོལ་དུ་འབིགས་པ་སྟེ་མདའ་ལྟབུ༔ རིག་པའི་རང་ངོ་ཟིན་པ་ནི༔ སྐྱེས་བུའི་སྙིང་ལ་མདའ་ཕོག་པ་དང་ཤི་བ་མཉམ་པས་ཕྱིས་མི་ཐར་པ་བཞིན་རིག་པ་རྟོགས་པས་ཕྱིས་འཁོར་བར་མི་ལྡོག༔ ལྟ་བའི་ཚད་ནི་རང་སྣང་དུ་ཤར་བས་སྒྲོན་མས་
བཟུང་༔ འབྲས་བུའི་མན་ངག་རྩི་དུག་སྦྱར་བ་ལ་ནུས་པ་ཡོད་པས་རྩི་དང་འདྲ༔ གདིང་ལྟ་སྒོམ་སྤྱོད་བའི་གསུམ་ཚད་དུ་ཕྱིན་པ་ནི༔ སྐྱེས་བུའི་ཁོང་དུ་རྩིས་ཐེབས་རྣམས་པ་ཐམས་ཅད་དུ་ཐར་མི་སྲིད་པ་བཞིན༔ འབྲས་བུའི་ཚད་ནི་རིག་པ་ཕྱིར་མི་ལྡོག་པའི་རིག་པ་ཐོག་ལྟ་བུས་བཟུང་༔ དེ་ལྟར་འབྲས་བུའི་རང་གིས་རང་ངོ་མཐོང་བས་ཚད་ཟིན་ན༔ ཆང་ནད་སངས་པའི་སྐྱེས་བུ་རང་སངས་ལ་སོང་བ་བཞིན༔ རིམས་ནད་བྱང་བའི་སྐྱེས་བུ་སླར་མི་ལྡོག་པ་དང་༔ སྙིང་ལ་མདའ་ཕོག་ཤི་བ་སོས་མི་སྲིད་པར་གནད་དུ་སོང་བ་དང་༔ རྩི་ཡིས་ཤི་བའི་སྐྱེས་བུ་བཞིན༔ ཕྱིར་མི་ལྡོག་པའི་རིག་པ་སྐར་མདའ་ལྟ་བུ་ཕྱིར་ལ་ལྡོག་པ་མ་ཡིན་ནོ༔ དབྱིངས་དང་རིག་པའི་ངོ་བོ་ནི༔ དབྱིངས་ལ་རྣམ་པ་གཉིས་ཡོད་ཏེ་གང་ཞེ་ན༔ ཕྱི་ཡི་དབྱིངས་དང་ནང་དབྱིངས་སོ༔ ཕྱི་ཡི་དབྱིངས་ནི་ནམ་རྐྱེན་སྤྲིན་དང་བྲལ་བ་མཁའོ༔ ནང་དབྱིངས་རྣམ་དག་སྒྲོན་མ་སྟེ་ཡི་གེ་ན་རོ་ལྟ་བུའོ༔ རིག་པ་ཉིད་ཀྱང་གཉིས་ཡིན་ཏེ༔ རིག་པའི་ཆ་ཐིག་ལེ་ཤས་གདངས་དང་ནི༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་རང་གི་ངོ་བོ་འོ༔ མདོར་ན་དབྱིངས་རིག་ཁྱིམ་དང་བདག་པོའི་ཚུལ་རྣམ་པ་གཉིས༔ ངོ་བོ་ཉིད་དེ་ཉམས་བླངས་ན་མིག་གི་དབང་པོ་ལ་བལྟས་ན་༔ སྐུ་དང་འོད་དང་ཐིག་ལེ་དང་༔ སྣ་ཚོགས་བྲེང་བྲེང་གཟུང་བར་དཀའ་བ་འགྱུ་བའི་ཟེར་སྣང་བ༔ སྣང་བ་དེ་ཉིད་གཞན་ནས་མ་བྱུང་རང་སྣང་ཡིན༔ ཤར་ཡང་རིག་པ་རང་གི་ངོ་ལས་ཤར༔ གྲོལ་པ་ཉིད་ན་གཞན་དུ་སོང་བ་མེད་དེ་རང་གྲོལ་ལོ༔ དེ་ལྟར་མིག་གི་ཡུལ་དུ་སྣ་ཚོགས་ཤར་བ་དེ༔ བྱས་ཤིང་གོམས་པས་བྱུང་བ་
མིན༔ ཡེ་ཉིད་ནས་ནི་གཞི་སངས་རྒྱས་དང་སེམས་ཅན་ཁྱད་མེད་དུ་གནས་པའི༔ བརྟན་པའི་ཚད་དེ་ལྟར་གདེང་ཚུད་རྣལ་འབྱོར་པས༔ ཤར་བས་ཡེ་ནས་ཡོད་པ་ཡིན་ཏེ་གཅིག་ལ་ཡོད་པ་མ་ཡིན་ཐམས་ཅད་ལ་དེ་ལྟར་གནས་པས་དགའ་བའི་སེམས་མེད་དེ༔ འདུག་ཚུལ་ཤེས་བྱ་ལ་བབས་ཀྱིས་གྲུབ་པ་དེ་ལྟར་ཡེ་ནས་ཡིན༔ རིག་གདང་ལུ་གུ་རྒྱུད་དབྱིངས་སྒྲོན་མའི་སྣང་བ་ལ༔ ས་མི་སུབ་ཆུ་མི་ཁྱེར་མེ་མི་ཚིག་རླུང་མི་འཐོར་འབྱུང་བའི་དགྲ༔ དེ་ཉིད་བཤིག་པར་ནུས་པ་མིན༔ ལུང་དུ་མ་བསྟན་གདམས་ངག་མེད་པའི་གང་ཟག་གིས༔ གསལ་བའི་མེ་ལོང་ཕྱར་ནས་བལྟས་ཀྱང་གནད་མེད་པས་མི་གསལ་དག་གམ་ནི༔ མིག་སྟོང་དག་གིས་བལྟས་པས་ཐམས་ཅད་དུ་བལྟས་ཀྱང་གདམས་པ་མེད་པས་མི་མཐོང་རྒྱ་ལ་ལས་ཅན་བུདྡྷ་བ་རྣམས་ཀྱིས་མཐོང་ན་འཚང་རྒྱ་སྟེ་དེ་ཉིད་མ་མཐོང་བ་རྣམས་བུད་མི་དྷའོ་ཀྱང་༔ དེ་ཉིད་མཐོང་བ་མ་ཡིན་ནོ༔ གྲུབ་པའི་མཐའ་དང་འབྲེལ་བ་མེད་ལྟ་སྒོམ་བྱས་ཆོས་ཀྱིས་མི་རྟོགས་གྱིས༔ དེ་ཉིད་དཔྱད་ཀྱང་རྙེད་པ་མིན༔ ཕྱྭ་དང་དབང་ཕྱུག་གིས་མ་བྱས་ཏེ་ཡེ་ཤེས་ཡོད་པས་ཐ་མ་འཇིག་པ་མེད་པའོ༔ འཇིག་རྟེན་ལྟར་སྣང་ལྟར་འཁྲུལ་བ་ཡང་མིན་ཏེ་ཆོས་གཞན་གྱིས་ཚིག་ཏུ་བརྗོད་ཀྱང་མཐོང་བ་མེད་དོ་འཁྲུལ་པ་མེད༔ འདོད་ཆགས་ཞེ་སྡང་གཏི་མུག་གིས༔ དེ་ཉིད་ཡེ་ནས་བསྒྲིབས་འབྲས་བུ་ལས་ཡིན་པ་མིན༔ རང་སྣང་རང་ལ་ཤར་བ་སྟེ༔ ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད་གཏིང་མི་དཔོགས༔ རྒྱུད་ལུང་མན་ངག་རྣམས་ཀྱིས་ནི༔ དེ་ཉིད་ཚིག་དང་ཡི་གེས་བརྟགས་ཀྱང་མཐོང་བ་མིན་ཏེ་ཚིག་དང་མ་འབྲེལ༔
དམྱལ་བ་བྱོས་སོང་ཡི་དྭགས་དང་༔ རིགས་དྲུག་སྣང་བ་ཡང་རིག་ནང་དུ་ཤར་བས་དེ་རང་ཉིད་༔ ཆེད་དུ་བསྒྲུབས་པ་བྱས་པས་བྱུང་བ་ལྟ་བུ་མ་ཡིན་ཏེ༔ ཐོག་མ་ཡེ་ནས་དེ་ལྟར་ཤར་ནས་ཡོང་༔ སྐྱེས་བུའི་རྩོལ་བས་སྒྲུབ་ལས་བྱུང་བ་མིན༔ མ་བྲིས་པའི་དཀྱིལ་འཁོར་དེ་ཡིན་མ་བསྒོམས་པའི་ལྷ་དེ་རང་༔ མ་བཟླས་པའི་སྔགས་དང་མ་བསྒྱུར་བའི་ཕྱག་རྒྱ་མ་བཤམས་པའི་མཆོད་པ་དེ༔ བསྐྱེད་རིམ་གྱིས་ཤར་བ་དང་སྐུ་དང་ཡེ་ཤེས་རྫོགས་པའི་རིམ་པ་དེ༔ སངས་རྒྱས་དེ་ཉིད་དུ་འདུས་པ་སེམས་ཅན་འཁོར་འདས་ཡིན༔ དབང་རིག་པ་ལ་རང་དབང་ཐོབ་པ་དང་རིམ་པ་རིག་པ་ཉིད་དང་གཟེར་ཐེབས་པས་དམ་ཚིག་ཡིན༔ རང་གི་བླ་མ་ལྷ་ཡང་ངོ་༔ ཞལ་ལེའུ་ཐ་མའི་དོན་ཆེམས་མན་ངག་རྣམ་གསུམ་སྟེ༔ ཕྱི་ནང་ལུས་ངག་ཡིད་ཀྱི་ལུས་གསང་བའི་བྱ་བ་གཏོང་༔ དལ་བ་ངག་དལ་བས་ལོངས་སྐུ་སེམས་དལ་བས་ཆོས་སྐུ་ཐོབ་རྣམ་གསུམ་ཐོབ་མཐོང་འགྱུར༔ ཕྱི་ནི་ལུས་དལ་ན་ཡེ་ཤེས་སྐྱེ་བའི་གྲོགས་ཡིན་ནང་ནི་སེམས་དལ་བས་རིག་པ་རང་བཞིན་གྱི་གནས༔ གསང་བ་དལ་ན་འཁོར་འདས་གཉིས་མེད་དུ་འདྲེས་པ་རིག་པ་ཉིད་ཡིན་ནོ༔ ཕྱི་ལ་ཆ་གསུམ་དག་དུ་སྟེ༔ ལུས་དང་ངག་དང་ཡིད་ཡིན་ནོ༔ ལུས་ཀྱིས་འཇིག་རྟེན་པའི་ཞེན་པ་དབྱུང་སོ་ནམས་རབ་ཏུ་གཏང་༔ རྐྱེན་མེད་གྲོགས་མེད་པར་རི་དྭགས་སྨས་མ་བཞིན་རི་ཁྲོད་དང་དགོན་པར་གནས་པ་འོ༔ སྐོར་བ་ལ་སོགས་ཅི་ཡང་མི་བྱ་ལྷ་ཕྱག་དང་༔ འགྲོ་དང་ཡན་ལག་བསྐྱོད་བྱེད་རྒྱུ་ཅིག་བྱུང་ན་བཟང་བྱས་ངན་བྱས་འདྲ་མི་བྱ༔ གྲོགས་དང་བྲལ་ཏེ་གཅིག་པུར་འདུག༔ ངག་ལ་རྣམ་པ་གསུམ་ཡིན་ཏེ༔
འཇིག་རྟེན་འཁྲུལ་པའི་ལོང་གཏམ་དང་༔ སྔགས་བཟླས་ཁྱད་པར་མེད་ཁ་ཏོན་བརྗོད་མེད་ཀྱི་དོན་ལ་སྒྲིབ་པར་མཚུངས་ལ་སོགས་དང་༔ མདོར་ན་བརྗོད་པའི་ཚིག་རྣམ་སྤངས༔ ལྐུགས་པ་གསོད་པ་བྱུང་ཡང་ཚིག་མི་འཆོར་བར་དག་ནི་ཇི་བཞིན་ནོ༔ ཡིད་ལ་རྣམ་པ་གསུམ་སྤང་ཏེ༔ བསམ་དང་མི་བསམ་ཐམས་ཅད་དང་༔ བཟང་དང་ངན་བའི་བཟང་ངན་གང་ཡང་གསེར་སྒྲོག་གིས་བཅིངས་པ་དང་ཐག་པའི་སྒྲོག་གིས་བཅིངས་པ་འཆིང་བའི་སྒོ་ནས་མཉམ་པར་འདྲའོ་རྟོག་པ་དང་༔ བསམ་པའི་རྒྱུན་རྣམས་བཅད་པ་འོ༔ སེམས་མེད་འདུ་ཤེས་མེད་པའམ་འགུལ་སྐྱོད་མེད་པ་རོ་དང་འདྲ་བར་འདུག༔ ནང་ནི་རྣམ་པ་གསུམ་ཡིན་ཏེ༔ ལུས་ཀྱི་སྤྱོད་པ་སྤྱད་མི་བྱ༔ ངག་གིས་བརྡ་ཙམ་ཉིད་མི་བྱ༔ བསྒོམ་བློས་དེ་མི་མཐོང་བས་ཡིད་ཀྱིས་སྒོམ་པ་སྒོམ་པ་མིན༔ ཤེས་རབ་ཀྱིས་ཀྱང་མིག་གི་དེ་བཞིན་ཉིད་མེད་ན་མི་མཐོང་ལྟ་མི་བྱ༔ གསང་བ་རྣམ་པ་གསུམ་ཡིན་ཏེ༔ མིག་ནི་འགུལ་བར་མི་བྱ་སྟེ༔ གླང་པོ་ལྟ་བུར་གཡས་སུ་མི་འཁྲུལ་གཡོན་དུ་མི་འཁྲུལ་ཧར་པོར་ལྟ་གནས་པར་བྱ༔ ལུས་ནི་འདུག་སྟངས་གཅིག་ལས་འགུལ་བར་མི་བྱ་སྟེ༔ དྲང་སྲོང་ཉིད་དང་འདུག་སྟངས་ཙོག་བུ་དང་གན་རྐྱལ་དང་ཁྱི་ཚུགས་བཞིན༔ སྒྲོན་མ་ལ་གཏད་པའི་ཤེས་པ་འགུལ་བར་མི་བྱ་སྟེ༔ མདའ་བསྲང་མིག་གི་ཟུར་མནན་ཏེ་བཞིན་དུ་མིག་ཏུ་གཞུག༔ ལུས་ཀྱི་གནད་ནི་དལ་བ་རྩ་རང་བཞིན་གྱིས་དལ་བས་ཡིན༔ ངག་གནད་སྨྲ་བ་བཅད་པས་ལས་ཀྱི་རླུང་མི་ལྡང་སྟེ་དེ་མ་ལངས་ན་ཡེ་ཤེས་རང་བཞིན་གྱིས་སྐྱེ་བའོ་པ་ཡིན༔ སེམས་ཀྱི་གནད་ནི་གཏད་པ་དབུགས་ཀྱང་ཡིད་ཙམ་འཐེན་པ་ཡིན༔ ལེ་འུ་རྣམ་པ་དྲུག་དག་གིས༔ གཞུང་གི་ཚད་
རྣམས་རྫོགས་པ་འོ༔ ཨ་ཏི༔ རྒྱ༔ ༔བཀྲ་ཤིས་མཛེས་ལྡན་ཞེས་བྱ་བའི༔ རྒྱུད་ཀྱི་ཚིག་དོན་བདུན་དུ་ཕྱེ་ནས་རྣམ་པར་བཤད༔ ངོ་བོ་འཁྲུལ་པ་རིག་པ་གཞི་ཐོག་ཏུ་རང་སར་གྲོལ༔ ངེས་ཚིག་རྣམ་པ་བཞི་ཡིན་ཏེ༔ སྣང་བ་འབྱུང་བ་ལྔའི་བག་རྡུལ་དང་བྲལ་བས་ཡེ་ཤེས་ལྔའི་རང་འོད་གསལ་བ་མ་འདྲེས་ཡོངས་རྫོགས་པས༔ སོ་སོ་གང་ན་གནས་པར་ཝལ་ལེ་གསལ་བས་བཀྲ་ཞེས་བྱ་བར་རྣམ་པར་བཤད༔ བརྗོད་བཅས་འཁྲུལ་པ་དང་པོ་ཅིས་བྱུང་ཞེ་ན་གཞི་ཁུངས་བཅད་དེ་ཡང་གཞི་དང་དེའི་ཤེས་པའི་ཆ་ལས་ཕྱིར༔ གནས་ལུགས་ངོས་ནས་ཤིས་པ་འོ༔ སྒྲོན་མ་མིག་གི་སྒྲོན་མ་ཡུལ་གྱི་སྒྲོན་མ་ལ་གཉིས་སུ་མེད་པར་ཟུང་འཇུག་རང་གསལ་ཕྱིར༔ འོད་ཀྱི་རྒྱན་དུ་མཛེས་པ་ཐིག་ལེ་ཟེར་དང་མུ་ཁྱུད་ལས་མཚོན་ཆ་ལྟར་འཕྲོ་བ་ཡང་འབྱུང་བའོ༔ ཐམས་ཅད་ཞི་ཁྲོ་ལ་སོགས་པའི་སྐུ་རྫོགས་པས་ལྡན་ཞེས་པའོ༔ དབྱེ་བ་རྣམ་པ་གསུམ་ཡིན་ཏེ༔ འཁྲུལ་པའི་འབྱུང་ཁུངས་ཇི་ལྟར་ཡིན་བཅད་པ་དང་༔ དེ་རང་མ་འཁྲུལ་བའི་ཡེ་ཤེས་སུ་གཏན་ལ་དབབ༔ འཁྲུལ་པ་དེ་ཉིད་གཞི་ལ་ལྡོག་པ་འོ༔ དགོས་པ་འཁྲུལ་པ་བརྩད་བཅད་དེ༔ ཡེ་ཤེས་རང་གི་ངོ་བོ་དང་པོའི་གཞི་ཀ་དག་ལབཟློག་པ་འོ༔ དཔེར་ན་རྒྱུད་རིམ་པ་འཁོར་བ་འཁོར་ལོ་ལྟ་བུ་སྟེ༔ འཁྲུལ་པ་དེ་ཉིད་རྩད་མ་ཆོད་ནས་མ་ཤེས་ན༔ ལུས་གཅིག་ནས་གཅིག་ཏུ་ལེན་ཞིང་ཡུན་རིང་འཁོར༔ འཁོར་ལོ་དེ་མ་བསྐོར་སོར་བཞག་ན༔ དེ་ཉིད་རང་སར་དག་པ་འོ༔ ཁོང་དོན་མན་ངག་བཞི་ཡིན་ཏེ༔ འཁྲུལ་པའི་གཞི་ཉིད་ལྷུན་འགྲུབ་རིན་པོ་ཆེ་གནས་ལུགས་གཏན་དབབ་དང་༔ འཁྲུལ་པའི་འཁྲུལ་ལུགས་དག་པའི་རིག་པ་ལ་ཇི་ལྟར་བྱུང་ལུགས་
བསྟན་པ་དང་༔ མ་འཁྲུལ་ཡེ་ཤེས་ངོ་བོ་ཀ་དག་གི་རིག་པ་ངོས་བཟུང་དང་༔ དེ་ཉིད་ལྡོག་པའི་གཞི་ཉིད་དང་གཞི་ཉིད་དུ་གྲོལ་བའི་མན་ངག་བཟློག་པ་འོ༔ འཁྲུལ་བའི་ཡེ་ཤེས་མ་རིག་པ་ལ་སོགས་པས་སྦག་སྦོག་དེ༔ ཐོག་མ་ཅི་ཡི་ངོ་བོར་ཡང་གྲུབ་པ་མེད་པས་ཀ་དག་འཁྲུལ་མེད་ལས༔ ངེས་པ་མེད་པའི་ཤེས་པའི་ཁ་ཕྱིར་ཤོར་བས་ལྷུན་གྲུབ་ལས༔ སྣ་ཚོགས་དུ་མའི་འཆར་སྒོ་བརྒྱད་ཤར་ཚུལ་ལ༔ སྐུ་དང་ཡེ་ཤེས་ལྟར་འཁོར་བ་ལྟར་འགགས་པ་མེད་པའི་རོལ་པ་ནི༔ ཐུགས་རྗེའི་རྩལ་ལས་ཅིར་ཡང་མཛད་ཅིང་ཅིར་ཡང་འཆར༔ ངེས་མེད་སྣང་བ་དུ་མ་བྱུང་བའོ༔ དེ་ཉིད་མ་དཔྱད་པའི་ཤེས་པ་གཟུ་བོའི་བློ་ཅན་ལ༔ མཐོང་བ་མ་འགགས་ཡེ་ནས་གསལ་བས་ཤེས་པའི་ཆ་བག་ཙམ་ཕྱིར་འགྱུར་ཏེ་ནང་གསལ་ཏེ༔ དེ་ལ་ངེས་པའི་ཆར་བཟུང་བའོ༔ དེ་ལྟར་གནས་པའི་གཞི་དེ་ལས༔ འཁྲུལ་པའི་མ་རིག་པ་རྒྱུ་དང་འཁྲུལ་བའི་ས་བོན་ཤེས་པ་བྲེང་ཙམ་ལས་ནི༔ གསལ་བའི་ཆ་རིག་པ་རང་འགྱུ་བྱེད་དུ་ནི་ཕྱིར་ཤོར་བས༔ ཤེས་པ་གསལ་གསལ་དྲགས་ཏེ་ཆ་ཅན་ཅིག་ལ་བདག་གི་ཤེས་པ་གཅིག་ལ་ཟེར་བ་བརྟག་གསལ་རིག་རིག་སྟེ༔ མ་རིག་པ་ནི་རྒྱུ་བདག་ཉིད་གཅིག་པ་དང་། ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའི་མ་རིག་པ་གསུམ་དག་ལས༔ ཡིད་ཙམ་ཕྱིར་འགྱུས་ཏེ་འཁྲུལ་པ་ལ་བདག་རྟོག་གི་བློ་ཤར་སྣང་ཆ་ལས༔ ཡུལ་དེ་གསལ་ཆ་བདག་ཏུ་བཟུང་བའི་བློས༔ གཞི་དང་གཞི་ཡི་ངོ་བོ་ཀ་དག་སྣང་ཆ་ལྷུན་གྲུབ་ལ༔ གཞི་དང་གཞི་ཞེས་ཁྱད་པར་འཁྲུལ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མ་རིག་པས་འཁྲུལ་པའི་རྒྱུ་ལས་ཡུལ་རྐྱེན་ཕྲད༔ རྐྱེན་རྒྱུའི་རྐྱེན་རིག་པ་དང་དམིགས་པའི་རྐྱེན་ཡུལ་དང་བདག་པོའི་རྐྱེན་དེར་འཛིན་དང་དེ་མ་ཐག་
རྐྱེན་དེ་རྣམས་དུས་མཚུངས་པའོ་བཞིའི་དམིགས་པ་མ་དག་པས༔ སྣ་ཚོགས་སྣང་བའི་གསལ་ཆ་འདྲེས༔ ཡིད་དྲུག་མ་རིག་པ་དང་མཚུངས་ལྡན་གྱི་ཡིད། ཡིད་ཀྱི་རྣམ་ཤེས། གཏན་ལ་འབེབས། ཀུན་དུ་འཚོལ། རྣམ་པར་དག་པ། ངེས་པ་འཇོག་པའི་འཛིན་པ་མ་འགགས་པས༔ ཉོན་མོངས་དྲུག་གི་དུག་ལྔ་མ་རིག་པས་བདག་ཏུ་བཅིངས༔ ཡུལ་དྲུག་གཟུགས་སྒྲ་དྲི་རོ་རེག་ཆོས་སོ་སོའི་སྣང་བ་ཤར༔ དེ་ལྟར་ཡུལ་ལ་བདག་བཟུང་བས༔ དེ་ནས་རིམ་གྱིས་ཕྱི་སྣོད་ནང་བཅུད་ཀྱི༔ སྣང་བ་མི་འདྲ་བ་དུ་མས་ས་ཆུ་སོགས་རིགས་དྲུག་གི་གཟུགས་བསྡུས་པའོ༔ འདི་ཉིད་མི་ཤེས་གདམས་པ་འདི་མེད་པའི་ཐེག་པ་གཞན་བྱིས་པ་རྣམས༔ ཟོ་ཆུན་བཞིན་ཏེ་གཅིག་ནས་གཅིག་ཏུ་བརྒྱུད་མར་གནས༔ སོ་སོའི་ལུས་དང་ཚད་དེ་ཡང་ཁ་དོག་སྣ་ཚོགས་ཤེས་པའི་དུས་ན་རྒོད་པ་ལ་དགག་པའི་ཐབས་མེད་རླུང་དང་ཐིག་ལེ་ཤར་བ་ཙམ་གྱིས་ཐོག་མའི་ལུས་ཀྱི་ལེན་ལུགས་རིགས་དྲུག་སོ་སོའི་གཟུགས་སུ་ལེན་པའོ༔ དེ་ལྟར་འཁྲུལ་པའི་དོན་ཤེས་ནས༔ མ་འཁྲུལ་ཡེ་ཤེས་ཡེ་ནས་གནས་པའི་དོན་འདི་ལྟ་བུ༔ ནམ་མཁའ་འཁྲུལ་སྤྲིན་དང་བྲལ་བ་པ་མེད་པ་ལ༔ རིག་པ་འཁྲུལ་མེད་རྡོ་རྗེ་ལུ་གུ་རྒྱུད་ཕྱུངས་བྱས་ཏེ༔ དབང་པོ་འཁྲུལ་པ་མེད་པར་མིག་མ་འགུལ་བར་བལྟ༔ དེ་ལྟར་གསུམ་ཤེས་ཉམས་སུ་ལེན་པའི་སྐྱེས་བུ་དེ་གནས་གཞན་གྱི་སྒྲ་མི་གྲག་པའི་སར་རྣལ་འབྱོར་པས༔ གཟེར་གསུམ་དག་ནི་གདབ་པར་བྱ༔ ལུས་ཀྱི་གནད་ནི་རྩ་ཨ་བ་དྷཱུ་ཏི་ཡིན་ཏེ༔ སྟེམས་དང་གཅུད་པ་མིག་དང་འབྲེལ་པས་དེ་སྟིམས་པས་སྣང་བ་ཟིན་པའོ་དེ་རྩེ་ཆུང་དང་འབྲེལ་བས་གཡས་གཡོན་གྱི་གཅུད་ཐབས་
མཆོག་ཏུ་གཅེས༔ རིག་པའི་གནད་ནི་ཡེ་ཤེས་རླུང་དང་བཅས་ཏེ་རྒྱུ་བས་རླུང་ཡིན་ཏེ༔ བཟུང་དང་སྟེང་རླུང་བསྐྱིལ་འོག་རླུང་བསྡམ་མཆོག་ཏུ་གཅེས༔ དབྱིངས་ཀྱི་སྒྲོན་མའི་གནད་ནི་འོད་མཐིང་ཀ་ཡིན་ཏེ༔ མཆེད་པའི་དུས་ཚོད་དེ་ལས་ཁ་དོག་སྣ་ཚོགས་སུ་འཆར་བའི་དུས་སུ་རྒོད་པ་མནན་པའི་ཐབས་དེ་ལས་རླུང་དང་ཐིག་ལེ་ཤར་ཙམ་ན་བྱིང་བ་སེང་ཐབས་བཟུང་བ་གཅེས༔ མ་འཁྲུལ་ཡེ་ཤེས་དེ་བཞིན་ནོ༔ གདེང་གསུམ་ཐོབ་པའི་རྣལ་འབྱོར་ལ༔ སྣང་བ་ངོ་བོ་ཀ་དག་ཏུ༔ རང་ཤར་དང་པོ་ནས་རང་གྲོལ་ཡིན་པས་ན༔ ཐ་མ་ཡང་དེ་རིག་པ་ཉིད་ལ་དང་པོ་ཀ་ནས་དག་འཁྲུལ་རྒྱུ་མེད༔ འཁྲུལ་རྒྱུ་མེད་པས་རང་གནས་ཀྱི་ལྟ་བ་གཞི་ལ་བསྐྱལ༔ རིག་པ་ངོ་བོ་དང་སྣང་བ་རྩ་བྲལ་རང་དག་དུ་འགྲོ་སྟེ་དུས་མཚུངས་པས༔ འཁྲུལ་པ་ཉིད་ནི་དེ་ཉིད་ལྡོག་རྒྱུ་མེད་དེ་རང་གི་ངང་དུ་གྲོལ་བའོ་གཞི་ལོག་པའོ༔ ལེ་འུ་བདུན་འདིར་རྒྱུད་ལེའུ་ལྔ་ལས་མི་སྣང་བ་རྒྱུད་ཀྱི་ཞབས་མ་ཚང་ངམ་བརྟག་གྱིས་གཞུང་རྫོགས་སོ༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ ཐལ་འགྱུར་ཞེས་བྱ་རྒྱུད་ཀྱི་ནི༔ དེའི་དོན་གསལ་བར་བྱེད་པ་ངེས་ལུང་རྟོགས་པར་བྱེད་པའི་ཚིག༔ འདི་ཉིད་དོན་ནི་རྣམ་པར་དབྱེ༔ ངོ་བོ་རང་གི་འདུག་ཚུལ་རང་རིག་བདེ་ཆེན་ལ༔ གཞན་གྱི་བརྗོད་གཞི་དང་བྲལ་བར་བསྟན་རྩོད་པའི་སྐྱོན་རྣམས་སྤོང་༔ ངེས་ཚིག་རྣམ་པ་གཉིས་ཡིན་ཏེ༔ སྒྲ་འབྱུང་བ་དང་འཇུག་པ་ལྡོག་པའི་གསུམ་དུས་བསྟན་པས༔ གྲག་སྟོང་དབྱེར་མེད་སྒྲ་ཞེས་རྣམ་པར་བཤད་པ་འོ༔ དེ་ཉིད་བློས་བཏགས་རང་གཉེན་པོ་གཞན་ལ་མ་ལུས་པར་གྲོལ་བས༔ ཐལ་འགྱུར་ཞེས་སུ་བཤད་པ་འོ༔ དབྱེ་ན་རྣམ་པ་གསུམ་ཡིན་ཏེ༔
སྒྲ་འབྱུང་བའི་སྒྲ་དང་། བཀོད་པའི་སྒྲ་དང་། གནས་པའི་སྒྲ་དང་། གྲག་པའི་སྒྲའོ་བཞི་གཏན་འབེབས་ཐལ་འགྱུར་དང་༔ གཞི་གནས་ཚད་གཞི་དེ་ཉིད་འཛིན་ཐལ་འགྱུར་དང་༔ སྒྲ་རྒྱུད་དེ་རྣམས་ལ་བརྟགས་པས་འབྱུང་རྐྱེན་གྲོགས་འཆར་ཐལ་འགྱུར་རོ༔ དཔེར་ན་བང་མཛོད་ལྡེ་མིག་གིས་ཕྱེ་བས་རྫས་ལ་ལོངས་སྤྱོད་པ་དང་འདྲ༔ དགོས་པ་གང་ཞེ་ན་རྒྱུད་རྣམས་གཞན་དག་གི༔ སྒྲ་དོན་གཏན་ལ་འབེབས་པའོ༔ ཁོང་དོན་མན་ངག་གང་ཞེ་ན༔ རྣམ་པ་གསུམ་དུ་བསྟན་པ་ཡིན༔ རྟགས་བྲིས་པ་དང་གཟུགས་རྣམས་བཀོད་ཡི་གེའི་སྒྲ་དོན་དང་༔ རིགས་དྲུག་དེ་དག་ཀུན་རང་གིས་ཤེས་པའི་ཚད་གཟུགས་ཀྱི་རང་སྒྲ་དང་༔ འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་ལྔ་ཡི་སྒྲ་དོན་ནོ༔ དེ་དག་ཉམས་སུ་ལེན་པས་གཏན་ལ་ངེས་ཕབ་ནས༔ རྟོག་མེད་རིག་པའི་ལྟ་བའི་ཚད་ཉམས་སུ་བླངས་པ་ཡིས༔ འདི་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་འགྱུར༔ རྟགས་བཀོད་ཡི་གེའི་སྒྲ་དོན་ནི༔ བརྗོད་པའི་ངག་གི་སྒྲ་དང་ལུས་ལ་གནས་པའི་སྒྲ༔ བྲིས་པ་བཀོད་པའི་སྒྲ་དང་གསུམ་ཡིན་ནོ༔ བརྗོད་པའི་སྒྲ་ནི་མིང་གི་ཚོགས༔ དུ་མ་བརྗོད་པའི་རང་སྒྲ་རྣམས༔ ཐིག་ལེ་ཉག་གཅིག་གི་ངོ་བོ་ལ་ངག་གི་སྒྲ་དང་འབྱུང་བའི་སྒྲ་ལ་སོགས་པའི་སྤྲོས་མེད་པས༔ ཕ་རོལ་སྒྲ་ནི་གྲགས་པ་སྟོང་༔ མེད་སྣང་ཙམ་དུ་བྲག་ཆ་ལྟ་བུར་ཤེས་པ་སྟེ༔ སྣང་བ་ཅེར་གྲོལ་ཡིན་བཞག་ཐབས་དང་འབྲེལ༔ དང་པོ་ཡོ་གིས་ཉམས་སུ་ལེན་དུས་སུ༔ ངག་ནི་བཅད་པས་སུ་ལ་ཡང་གཏམ་མི་བརྗོད་པར་འདུག་པ་ངག་ལ་གནད་ཡིན་པར་རང་བརྗོད་འགགས༔ མི་རྟོག་བསམ་གཏན་ཆེན་པོར་འདུ་ཤེས་གཅིག་པར་གནས༔ གནས་པའི་སྒྲ་ནི་རང་གི་ལུས་ཉིད་ལ༔ ཨཱ་ལི་ཀཱ་ལི་ཕྲེང་གནས་སྙིང་ནང་ཕྲེང་བས་བསྐོར་ནས་གནས་པས་རྩ་ནང་ན་
རྐྱང་པར༔ ངག་ཏུ་ཇི་ལྟར་བརྗོད་པ་ཨཱ་ལི་ཀཱ་ལི་ལས་མི་འདའ་རྣམས༔ ཨཱ་ལི་ཀཱ་ལིའི་བཟླས་སྔགས་ཟློས་མི་དགོས་པའི་གནད་པའོ༔ ཉམས་སུ་ལེན་འདི་ཉིད་ཤེས་པའི་ཡོ་གི་ནི༔ ངག་ཏུ་བརྗོད་པ་སྔགས་ཡིན་པས༔ དམིགས་གཏད་མེད་པའི་སྔགས་ཀྱི་འཕྲེང་བ་འོ༔ དེ་ཕྱིར་གང་བསམས་བསམ་གཏན་ཡིན༔ བཀོད་པའི་སྒྲ་ནི་ཡི་གེ་ཨཱ་ལི་ཀཱ་ལའི་སྟེ་ཚོགས༔ བོས་དང་འབོད་གཟུགས་སུ་འདུག་པ་ཐམས་ཅད་བྲིས་པ་ཡིན་པ་ཉིད་ཡིན་ནོ༔ བོས་པ་རྣམས་ནི་བཏགས་པ་ཚིག་ཡིན་ཏེ༔ གཞི་ལ་གྲུབ་རྒྱུ་མེད་པས་དངོས་པོར་བརྟགས་པ་ཐམས་ཅད་དོ༔ བརྟགས་པ་དེ་ཀུན་རང་གྲོལ་བར་རང་གི་རང་གྲོལ་བ་སྦྲུལ་མདུད་བཞིན་ནོ་༔ ཡོ་གི་དག་གིས་ཤེས་པ་ན༔ ཡི་གེ་ཟད་པས་གྲངས་མཐའ་ཟད༔ དེ་ཕྱིར་ཐིག་ལེ་ཉག་གཅིག་གོ༔ འབོད་པའི་སྒྲ་ནི་ཨཱ་ལི་བཅུ་བཞི་དང་༔ ཀཱི་ལི་སུམ་ཅུ་བཞི་ལ་སོགས༔ གཞི་རྩལ་ལས་སྣ་ཚོགས་སྣང་བས་ན༔ འདི་ཉིད་ཀྱང་ནི་རང་བཞིན་མེད་པ་བརྗོད་པས་སྟོང་༔ སྣང་ལ་རང་བཞིན་མེད་པ་སྟེ༔ དཔེར་ན་ཆུ་ཟླ་ལྟ་བུར་ཤེས་པར་བྱ༔ ལུས་ལ་ཨཱ་ལི་ཀཱ་ལི་གནས་པའི་ཡི་གེ་དེ༔ སྙིང་གི་དཀྱིལ་ན་ཕྲེང་བའི་ཚུལ་དུ་ཀུན་གནས་ཏེ༔ ལྕེ་དང་སོ་བར་དང་མཆུ་རྣམས་གཉིས་ཀྱི་བར་དང་༔ རྐན་ཕུགས་དང་མགྲིན་པར་དག་ནས་འབྱུང་༔ དེ་ཉིད་ཡོ་གིས་རབ་བརྟགས་ན༔ གནས་སྟོང་པ་ཡིན་དེ་གནས་མེད་རང་མི་རྟག་པ་སོ་འོ༔ ཨཱ་ལི་ཀཱ་ལིའི་ཚོགས་རྣམས་ཀྱིས༔ རྩ་རེ་རེ་ན་ཡི་གེ་རེ་གནས་པས་རྩ་རྣམས་སྐྱེད་པར་བྱེད་པས་ན༔ ཁ་དོག་དཀར་དམར་དབྱེ་བ་ཤེས་པར་བྱ༔ དེ་ཉིད་ལ་བརྟགས་ཡི་གེ་དེ་ལ་སེམས་བཞག་ན་ལས་རླུང་ཟད༔ རིག་པ་རང་གྲོལ་ངོ་བོ་ཐིག་ལེ་ཟླ་དང་བྲལ་བ་འོ༔
འབྱུང་བ་ལྔ་ཡི་སྒྲ་དོན་ནི༔ རྣལ་འབྱོར་འདུག་ཚུལ་ལྟ་བ་དེས་དངོས་གཞི་ལ་མཐོང་བར་འདོད་པ༔ ཕྱི་ཡི་འདུ་འཛི་རྣམ་སྤངས་ཏེ༔ དབེན་པའི་གནས་སུ་མི་མེད་པའི་སར་སོང་ནས་ཀྱང་༔ ཐོག་དང་པོའི་སྤྱོད་པ་མ་སྔོན་དུ་འགྲོ་བ་ནི༔ ལུས་ཀྱི་གནད་ཀེ་རེ་ལངས་པས་ལུས་ཀྱི་ཞེན་པ་གཅོད་པ་དུ་ལངས་པ་ལ༔ རྐང་པ་ལག་པ་གཤོག་པ་ལྟར་གདེངས་བྱས་ཏེ༔ མཇིང་པ་ཡིད་ཙམ་ལྟག་པ་བག་ཙམ་དགྱེ་ལ་བརྟག་པ་རྒྱབ་ཏུ་འོ༔ ངག་གི་གནད་དུ་སྒྲ་ཆེན་པོ་བྱུང་བྱུང་འདོན་ཀུ་ཅོ་ཆེ༔ རྩོལ་བ་དྲག་པོས་སྐད་ཆེན་པོ་རྣམས་དབྱུང་ངག་གི་ཞེན་པ་ཆོད༔ སེམས་ཀྱི་གནད་དུ་མིག་དང་རིག་པ་ནམ་མཁའི་མཐོངས་སུ་མཁའ་ལ་སྤུར༔ དེ་ལ་དྲན་པ་རིག་པ་གཟིར་གསལ་བར་བྱ༔ དེ་ནས་ཐང་ཅིག་ཆད་ནས་མྱོས་པར་འགྱུར༔ དེ་ནས་དེ་ཉིད་དྲན་སངས་ངལ་སོས་ནས༔ སྤྱོད་ལམ་ཇི་ལྟར་བདེ་བ་མོས་པ་བྱ༔ དབེན་པའི་གནས་སམ་མི་རྣམ་པ་ཐམས་ཅད་དུ་མི་རྒྱུ་ུབ་ལུང་སྟོང་དུ༔ ཙན་དན་ལ་སོགས་ཤིང་ཤིན་ཏུ་མང་བ་སྐམ་པོ་ཤིང་རྣམས་ཀྱི༔ ཕུང་པོ་ལ་སོགས་རབ་བྱས་ཏེ༔ དེ་ལ་མེ་ཆེན་གཏང་བྱས་ལ༔ མཁའ་འགྲོ་མ་ལ་ཚོགས་དང་གཏོར་མ་སྦྱིན༔ དེ་ནས་མེ་ཡི་དབྱིབས་ལ་ཐུན་མོང་གི་དངོས་གྲུབ་བརྟག༔ མེ་ཏོག་གི་དབྱིབས་དང་ལ་སོགས་མདུང་རྩེ་ལྟ་བུ་ནི༔ དབང་དང་དགུག་པའི་ལས་རྣམས་གང་ཡང་འགྲུབ༔ འཁོར་ལོ་ལྟ་བུ་རལ་གྲི་ལྟ་བུ་དང་གྲུ་གསུམ་ནི༔ གཞན་བསྐྲད་དང་ཚར་གཅོད་དྲག་པོའི་ལས་རྣམས་འགྲུབ༔ དེ་ལ་དེ་དག་ཡང་སྟོང་པར་རང་བཞིན་མེད་ཤེས་ནས༔ རང་ཉིད་ཇི་ལྟར་མོས་པའི་རྣལ་འབྱོར་སྤྱོད་པ་ཉིད་ལ་སྦྱར༔ ཁ་དོག་ཉིད་ཀྱང་མཆོག་གི་དངོས་གྲུབ་
རྣམ་པར་བརྟག༔ དཀར་སེར་མི་རྟོག་ཡེ་ཤེས་སོ་དེ་ཉིད་རང་དུ་སྐྱེ་བ་ཡིན༔ ཤིན་ཏུ་དཀར་ལ་གདངས་པ་གཏིང་གསལ་བ་འདྲ་ན་ནི༔ རྣལ་འབྱོར་བྱང་ཆུབ་སེམས་ཆེན་པོ༔ སྙིང་རྗེས་འགྲོ་བའི་དོན་སྤྲུལ་འབྱིན་བྱེད་རྟགས༔ རབ་ཏུ་དམར་ལ་གསལ་བ་དྭངས་པ་ནི༔ ཅུང་ཞིག་འཇིག་རྟེན་དུ་སྤྱོད་པ་གནས་པའི་རྟགས༔ དབྱིབས་ཀྱང་ལུག་གི་རྭ་དང་མཚུངས༔ སྔོ་ནག་འཇིགས་པའི་ནག་ནར་ནར་འདུག་ན་དབྱིབས་འདྲ་ན༔ དྲག་པོའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྣ་ཚོགས་སྤྱོད་པ་སྣ་ཚོགས་ཀྱིས༔ དུར་ཁྲོད་དག་ཏུ་འགྲོར་རུང་བའི་རྟགས་སུའོ་རྒྱུ་བར་བྱ༔ ཆགས་ཆེན་གསལ་ལ་སེར་ལ་རྩི་གནག་པས༔ བདག་ནི་འཇིགས་པ་ཀུན་སྤངས་ཏེ༔ སེང་གེ་ལྟ་བུར་གཞན་གྱིས་གནོད་པའི་འཇིགས་བྲལ་གྱི་རྟགས་རྒྱུ་བར་བྱ༔ དེ་ལྟར་སྤྱོད་པ་མཆོག་བྱས་ནས༔ ཡང་ནི་དབེན་པ་དེ་ཉིད་དུ༔ བུད་ཤིང་ཚོགས་ལ་མེ་སླར་ཡང་མེ་བུས་ལ༔ དེ་ནས་འདོམ་དོའི་ས་ཚོད་དུ༔ བདེ་བའི་སྟན་ལ་འདུག་ནས་ནི༔ ལུས་ཀྱི་གནད་ནི་བྱོས་སོང་ཁ་བུག་ཏུ་ཉལ་ཏེ་མིག་མ་བཙུམ་པར་ལག་པའི་གྲེ་མོ་ས་ལ་བཙུག་ཏེ་མཇིང་པ་གྱེན་ལ་བཏེག་ལ་ལག་པའི་ཐལ་མོ་འགྲམ་པ་ལ་སྦྱར་བཞིན༔ རིག་པ་མེ་ཡི་དཀྱིལ་དུ་འཕང་༔ སེང་གེ་བཞིན་དུ་རྣམ་པར་མིག་ཧ་རེ་ལ་གྱེན་དུ་ལྟ༔ དེ་ནས་འབྱུང་བ་མེ་མ་ཆད་པ་ཡི་སྒྲ༔ འཚག་ཆེན་བཤད་དང་རླབ་ལྷབ་ལྷབ་པ་དང་༔ འུར་དང་སྦྲག་དང་རྩེག་པ་རྣམས༔ རང་གིས་ཤེས་པའི་བདེ་སངས་པ་དང་དགའ་ཡལ་
བ་སོགས་ཉམས་དང་སྦྱར༔ ཟླ་བ་ཕྱེད་ཀྱིས་སྐལ་ལྡན་པར༔ རྣལ་འབྱོར་གཅིག་གིས་མེའི་ལས་བྱས་འགྲུབ་པར་འགྱུར་ལ་དོན་གང་འདོད་ཐེ་ཚོམ་མེད༔ རྣལ་འབྱོར་མངོན་ཤེས་ལྡན་པར་མེ་ཐམས་ཅད་ཀྱི་སྐད་ཤེས་པར་འགྱུར༔ ཆུ་ཡི་སྒྲ་སྤྱོད་རྣལ་འབྱོར་པས༔ སྔོན་འགྲོ་གོང་བཞིན་བྱས་ནས་ནི༔ སྟོན་སེར་སྤང་པོ་ཁ་སེར་གྱི་དུས་ལོ་ཐོག་སྨིན་དུས་སུ༔ ལུང་སྟོང་ཐུར་ཟུགས་ཆུ་དྲག་འབབ༔ རྦ་རླབས་ཤིན་ཏུ་ཤྭ་སྒྲ་ཆེ་བ་དྲག་པ་རུ༔ ལུས་ཀྱི་གནད་ལོང་བུ་གཤིབས་ནི་ཙོག་པུ་ལ༔ རིག་པའི་གནད་ཤེས་པ་ཆུའི་དཀྱིལ་དུ་ནི་ཆུ་དཀྱིལ་གཏད་ལོ༔ གླང་ཆེན་མིག་གིས་མི་འགུལ་བར་གཞུང་ལ་བལྟ༔ ཁམས་ཀྱི་དང་པོ་མགོ་འཐོམ་པ་སོགས་ཚུགས་མ་ཐུབ་ན༔ ཆུའི་སྒྲ་མེད་ས་རུ་གོས་ཀྱིས་མགོ་བསྟུམས་ཏེ༔ ཐང་རེ་ཐང་རེ་བག་ཙམ་ཉལ་བར་བྱའོ༔ ཟླ་བ་གཅིག་ནི་བསྒོམས་བྱས་ན༔ རང་རིག་པའི་གདིང་དང་ལྡན་པའོ་བདེ་ཆེན་འགྲུབ་པ་འོ༔ ཤེས་པ་རིག་པ་རྣ་བར་གཏད་བྱས་ནས༔ སྒྲ་ཆུ་ཡི་ལ་རྟག་ཏུ་ཉན་བྱས་ན༔ སྐྱེ་མེད་འབྲས་བུ་མཆོག་ལ་ཐེ་ཚོམ་མེད༔ རྣལ་འབྱོར་སྣ་ཚོགས་ཆུ་ལ་བརྟེན་ནས་མཁའ་འགྲོ་མ་ཆོས་སྨྲ་བ་ཡང་ཐོས་པར་འགྱུར་རོ་ཆོས་ཤེས་འགྱུར༔ བྱིང་བ་ལར་ཉམས་ལེན་དུ་བྱིང་ན་དེ་ཚུག་བྱའོ་གསེང་བའི་ཆོ་ག་འོ༔ རླུང་གི་སྒྲ་རྣམས་ཤེས་འདོད་པས༔ སྔོན་དུ་འགྲོ་བ་མེ་སྒྲ་དང་གོང་བཞིན་ཏེ༔ ལུང་གསུམ་མདོ་རླུང་ཆེན་ཡོང་སར་འམ་རི་རྩེ་རུ༔ དབེན་ཁང་ཆུང་ངུ་གཅིག་ཕྱོགས་ཀྱི་སྐར་ཁུང་ཅན༔ ཕྱོགས་ཕྱེད་པར་ལེགས་པར་བརྩེགས་ཏེ་རྣལ་འབྱོར་ནི༔ རླུང་གི་ཕྱོགས་དག་གང་ནས་འོང་བའི་ཡིན་པར༔ རྣམ་པར་ཤེས་པ་རྣམ་གཏད་སྟེ༔ རྟག་ཏུ་འམ་དེ་ཉིད་རྒྱུན་དུ་སྤྱོད་པ་ཡིས༔ ཟླ་བ་གཅིག་གིས་སྐལ་ལྡན་པར༔ རིག་པའི་གསལ་འདེབས་འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ རྣལ་འབྱོར་ཉམས་མྱོང་གོང་ནས་གོང་དུ་འཕེལ་བའི་མཆོག་ཐོབ་པའོ༔ ས་ཡི་སྒྲ་ནི་ལྕིད་མཉམ་སྟེ་ས་སྤྱིན་བཟང་པོ་ལ་ངང་པའི་སྒོ་ང་ཙམ་མང་དུ་བྱས་ཏེ་ཁ་དོག་ཀྱང་ཚོན་གྱིས་བསྒྱུར་བ་དེ་ལ་ཤེས་པ་གཏད་ཏེ་རྩེ་བར་བྱ༔
སྒོ་ང་རིམ་པ་མང་བྱས་ལ༔ རྒྱུན་དུ་ལག་གི་འདུ་བྱེད་རྟག་ཏུ་སྒོ་ང་དང་ཤེས་པ་མ་བྲལ་བར་བསྒོམས༔ ཟླ་བ་དྲུག་ཏུ་བསྒོམས་ན་འབྱུང་བ་སའི་གནོད་པས་མི་ཚུགས་ཤིང་འབྱུང་ལ༔ དབང་བསྒྱུར་རིག་པའི་སྣང་བ་ངེས་པའི་འབྲས་བུ་ཐོབ༔ ནམ་མཁའི་སྒྲ་ནི་རི་རྩེ་མཐོན་པོ་ལ་སོང་ལ༔ རྣལ་འབྱོར་སྐལ་ལྡན་ཉིད་ཕྱིན་ཏེ༔ ལུས་ཀྱི་གནད་ནི་གན་རྐྱལ་ཡན་ལག་ཐང་ཐང་བརྒྱངས་ཏེ་ལ༔ རིག་པ་མཁའ་ལྡིང་མཁའ་ལ་ཤིན་ཏུ་མཐོ་བར་འཕང་༔ དབུགས་ནི་ཡང་ཡང་ཧ་ཧ་ཞེས་ཕྱིར་ཕྱུངས་ཏེ༔ རྟག་ཏུ་ནམ་མཁའ་དེ་ཉིད་ལ་གནས་ན༔ ལོ་གསུམ་གྱིས་ནི་བར་དུ་བསྒོམས་ན་ནམ་མཁའ་ལ༔ བྱ་བཞིན་ཐོགས་མེད་དུ་འཕུར་བར་འགྱུར་བར་ཐེ་ཚོམ་མེད༔ རྟག་ཏུ་འདི་དག་ཉིད་བསྒོམས་ན༔ འཇིག་རྟེན་པ་ལ་ཕན་པའི་གྲུབ་པ་དང་མངོན་ཤེས་དང་༔ ཕྱག་རྒྱ་ཆེན་པོའི་རིགས་འཛིན་མཆོག་ནི་དེས་ཐོབ་བོ༔ རིགས་དྲུག་སོ་སོའི་གཟུགས་སྒྲ་ནི༔ དེ་དག་རྟག་ཏུ་བསྒོམས་པ་ཡིས༔ གཟུགས་མཐོང་སྐད་ཇི་ལྟ་བ་ཞེས་པ་སྟེ་ཇི་ལྟར་འདོད་བཞིན་ཤེས་པར་འགྱུར༔ དེ་ཉིད་འབྱུང་བའི་སྒྲ་ལ་རྟག་ཏུ་གོམས་པ་ཡིས༔ སྤྲུལ་པ་སྐུ་ཡི་ཡོན་ཏན་འགྲུབ་པས༔ འདི་ཉིད་ལ་སྤྲུལ་སྐུ་སྒྲུབ་པ་ཞེས་བྱ་འོ༔ ཟས་ཀྱི་འདུ་ཤེས་ཉིད་བྲལ་མི་འདོད་ཏེ༔ མཉམ་གཞག་སྒོམ་ལ་རང་བཞིན་གྱི་བསམ་གཏན་ལ་རྟག་ཏུ་སྤྱོད༔ ལུས་ནི་བཅོ་བརྒྱད་ལོའི་ན་ཚོད་ལྟ་བུ་གཞོན་ཤ་ཆགས་པ་བཞིན་དུ་འགྱུར༔ ནམ་མཁའ་ལ་ནི་བྱ་བཞིན་འཕུར་བར་ནུས་ཏེ༔ རྒྱ་མཚོའི་གཏིང་དམྱལ་བའི་གནས་ཀྱི་བར་འཛུལ་བར་ནུས༔ རི་བྲག་རྣམས་ལ་ཟང་ཐལ་ལོ༔ མདོར་ན་འབྱུང་བའི་སྒྲ་རྣམས་དང་༔ རྒ་ཤིའི་སྡུག་བསྔལ་རྣམས་དང་
བྲལ༔ ལྷ་ཡི་མིག་སོགས་སྤྱན་དང་མངོན་ཤེས་དྲུག་རྣམས་རྒྱུན་དུ་སྐྱེ༔ ཐབས་དེ་རྒྱུད་གཞན་ནས་མི་སྟོན་པས་མཆོག་ཏུ་གསང་བ་འོ༔ ལེའུ་དྲུག་གིས་གཞུང་དོན་རྫོགས༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ ཀུན་ཏུ་བཟང་པོ་མེ་ལོང་རྒྱུད༔ ངོ་བོ་ངེས་ཚིག་དབྱེ་བ་མཚོན་དཔེ་དགོས་པ་ཁོང་དོན་གྱི་མན་ངག་ལེའུ་ཡི་གྲངས་དང་ཚིག་དོན་རྣམ་པ་བདུན་གྱིས་བསྟན༔ ངོ་བོ་ཉོན་མོངས་རིག་པ་ཀ་དག་རང་དག་པས༔ ཡེ་ཤེས་སྣང་བ་ཟང་མ་ཉོན་མོངས་པ་མེད་པ་ཡིན༔ བདག་གཞན་ཐེག་པ་ཆེན་པོའི་རིག་དོན་རྣམས་མཐར་འབྱིན་པའོ༔ ངེས་ཚིག་རྣམས་པ་བཞི་ཡིན་ཏེ༔ ཐམས་ཅད་ངོ་བོ་ཉིད་རིག་པ་ལ་འདུས་པས༔ ཡེ་ཤེས་ཉིད་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པས་ཀུན་ཏུ་འོ༔ བདེ་དང་སྡུག་བསྔལ་གཉིས་མེད་རང་གྲོལ་བས༔ མ་རིག་པ་སོགས་ངན་པའི་བློ་མེད་བཟང་པོར་གནས༔ རྣམ་རྟོག་རྒྱུན་ཟད་རིག་པ་ཟླ་དང་འབྲལ་བ་ཀ་དག་པས༔ གཡོས་པ་མེད་པའི་ཐུགས་བསམ་གཏན་ཞེས་བྱ༔ སྣང་བ་ཉིད་ལ་རིག་པ་ཡུལ་རྡོ་རྗེ་ལུ་གུ་རྒྱུད་ཤར༔ དབྱིངས་རྣམས་དག་ཐིག་ལེ་སྟོང་པའི་སྒྲོན་མ་གསལ་བྱེད་མེ་ལོང་ངོ་༔ དབྱེ་བ་རྣམ་པ་གཉིས་ཡིན་ཏེ༔ རང་བཞིན་ལྷུན་གྲུབ་སེམས་ཅན་ཐམས་ཅད་ལ་ཁྱབ་པས་ཀུན་བཟང་དང་༔ རྟོགས་པ་དེ་ལྡོག་པའི་ལྟ་བ་མངོན་གྱུར་ཀུན་བཟང་ངོ་༔ དཔེར་ན་ཐམས་ཅད་གཅོད་པ་རལ་གྲི་ལྟ་བུ་སྟེ༔ ལྟ་བ་རྣམས་ཀྱི་ལ་ཤན་འབྱེད༔ ཁོང་དོན་མན་ངག་རྣམ་གསུམ་སྟེ༔ དངོས་ཏེ་གཞི་མ་ཡིན་པ་ལ་ཡིན་པར་བཟུང་བ་མ་མཐོང་གོལ་ས་དང་༔ བློ་བཏགས་རིམ་པའི་ཐེག་པ་སོ་སོའི་གྲུབ་མཐའ་གོལ་ས་དང་༔ ལམ་གྱི་གནད་མ་ཤེས་པར་ཉམས་བླངས་འཁྲུལ་པའི་
གོལ་ས་འོ༔ དངོས་པོ་རིག་པོའི་ངོ་བོ་ལ་གཤིས་ཀྱི་འདུག་ཚུལ་ལ༔ སྐུ་དང་ཡེ་ཤེས་ཡོད་དང་ཡེ་ཤེས་རྒྱུན་ཆད་མེད་པའི་མཐའ་འདོད་པ་གཉིས་ནི༔ ཡེ་ཤེས་ཉིད་ལ་བཞག་པ་སྟེ༔ ཡེ་ཤེས་དེ་ཉིད་ཡོད་ན་རྟོགས་པ་དང་བཅས་པ་འམ༔ འོན་ཏེ་མེད་ན་བེམས་པ ོ་བཞིན་གཞི་མི་བཏུབ་༔ ཡང་ན་ལུང་མ་བསྟན་བཞིན་ཤེས་པ་མེད་པ་རྣམས་དང་ཁྱད་མེད་འགྱུར༔ ཡང་དག་རྫོགས་པའི་སངས་རྒྱས་འབྲས་བུ་སྐུ་གསུམ་གྱི་གནས་ལུགས་ལ༔ ཡེ་ཤེས་ཆོས་སྐུའི་ཡེ་ཤེས་ལོངས་སྐུའི་ཡེ་ཤེས་སྤྲུལ་སྐུའི་ཡེ་ཤེས་རྣམ་པ་གསུམ་ཡིན་ཏེ༔ ལོངས་སྐུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤེས་རབ་ཀྱི་རྩལ་མ་འགགས་པས་བུདྡྷཱ་དང་༔ སྤྲུལ་སྐུ་རྣམ་པ་ལྟ་བྱེད་ཤེས་པའི་རྩལ་ནང་དུ་མཁྱེན་པའི་ཡེ་ཤེས་སེམས་ཅན་ལ་གནས་ལུགས་ཇི་ལྟར་ལྟ་བ་མཁྱེན་པ་དང་༔ ཆོས་སྐུ་གཞི་ལ་ཆོས་སྐུའི་ཆ་དང་བཅས་པའི་ཤེས་རབ་ཀྱི་སྩལ་གནས་པའི་ཡེ་ཤེས་སོ༔ སྤྲུལ་སྐུ་ཡེ་ཤེས་རྣམ་གཉིས་ཏེ༔ དེ་ཡང་ཕྲ་བའི་ཡེ་ཤེས་གཞི་ལ་གནས་པའི་ཡེ་ཤེས་ཀྱི་དངོས་པོའི་གནས་ལུགས་ཇི་ལྟ་མཁྱེན་པས་གནས་ལུགས་ཤེས༔ ཤེས་བྱ་ཇི་སྙེད་པའི་ཡེ་ཤེས་གདུལ་བྱའི་བསམ་པ་མཁྱེན་པས་གཞན་དོན་ཤེས༔ ལོངས་སྐུའི་ཡེ་ཤེས་སྣང་བ་ཐམས་ཅད་ཐད་ཀར་ཤེས་པའོ༔ ཆོས་སྐུའི་ཡེ་ཤེས་རགས་པ་མ་ཡིན་ཕྲ་བའི་ཡེ་ཤེས་གསལ་ཆ་ཙམ་ཐུགས་རྗེའི་རང་བཞིན་ཤུགས་ཀྱིས་བསྔགས་པའོ་གཞི་གནས་ཏེ༔ ཤེས་པའི་ཆ་ནི་གསལ་བྱེད་ལ༔ འཛིན་པ་རགས་པའི་རྟོག་པ་དངོས་འཛིན་མེད༔ ངང་ངམ་ཤུགས་ཀྱི་འབད་པ་མེད་པའི་ཐུགས་རྗེ་འོ༔ བུམ་ནང་གི་མར་མེ་ལྟར་གསལ་ཞིང་ཤེས་པ་རིགས་དང་བཅས༔ ཆ་ལ་འདྲེས་པ་མེད་པར་མི་བསྐྱོད་པའི་ཤེས་རབ་ཀྱི་རྩལ་གསལ་བྱེད་ཙམ་དུ་གནས་ཏེ་མེད་པ་ཡང་མུ་སྟེགས་ཆད་བ་དང་ཁྱད་མེད་
གནས༔ དེ་ལྟར་ཡེ་ཤེས་ཆ་མེད་ན༔ ཕྱི་རོལ་ནམ་མཁའ་སྟོང་པ་ཕྱང་ཆད་པའི་སྐྱོན་དང་༔ ཁྱད་པར་ཉིད་ནི་ཡོད་པ་མིན༔ དེ་ཕྱིར་གཞི་གནས་ཡེ་ཤེས་ཁྱབ༔ ཡེ་ཤེས་མེད་ན་གསལ་ཆ་ཙམ་དུ་མེད་ན་མེད་པ་ད་ལྟ་བ་ཆད་པ་དང་༔ ཁྱད་པར་ཅི་ཡང་ཡོད་མི་འགྱུར༔ རགས་པའི་ཡེ་ཤེས་སྣང་ཆར་ཡོད་འགྱུར་ན༔ འོན་ཏེ་མུ་སྟེགས་རྟག་པ་སྣང་བ་རྡུལ་ཕྲ་རབ་དང་བཅས་པ་འདི་དག་ལུས་འདི་ཡི་གློ་བུར་བ་དང་ཁྱད་ཅིས་འབྱེད་ཉིད་དང་མཉམ༔ དེ་ཕྱིར་ཤེས་བྱ་ཉིད་ལ་ནི༔ བརྟེན་ནས་རགས་པར་ཡོད་པ་མ་ཡིན་ཏེ༔ ཕྲ་བའི་ཡེ་ཤེས་ཉིད་དུ་གནས༔ བློས་བཏགས་རིམ་པའི་ཐེག་པའི་གོལ་ས་ནི་རྒྱུད་གཞན་ན་ཞི་བ༔ ཤེས་བྱ་མེད་ན་མེད་པ་སྟེ༔ ཡོད་པར་གྱུར་པ་ཐམས་ཅད་ལ༔ ཡེ་ཤེས་ཡེ་ཤེས་ཞེས་བྱའི་ཚིག༔ ཚིག་ཏུ་བརྗོད་པ་ཀུན་བརྗོད་དེ༔ དོན་ཀུན་འདི་ཞེས་དོན་ངོ་བོ་རང་འདི་ཡིན་ཞེས་གཞན་གྱིས་གཏན་ལ་མ་ཕེབས་པས་མ་རྟོགས་པས༔ པོ་ཏི་གླེགས་བམ་ཡི་གེ་རྣམས་གཞུང་ཚད་ཇི་ཙམ་ཡོད་ཀྱང་༔ དགོས་མེད་ཚི་ཆད་ངལ་བའི་རྒྱུ་འདི་དག་གིས་སངས་རྒྱས་རྡུལ་ཙམ་ཐོབ་པ་མིན་ནོ༔ འོ་ན་སངས་རྒྱས་ཀྱི་གསུངས་པ་དགོས་པ་མེད་དམ་ཞེ་ན། རེ་ཞིག་མ་ཡིན་པའི་སྒྲོ་འདོགས་གཅོད་པ་ཙམ་ཡིན། དཔེར་ན་གསེར་མ་ཡིན་པའི་སྒྲོ་འདོགས་བཅད་ནས་གསེར་རང་མ་ཤེས་པ་དང་འདྲ་བར་གནས་ལུགས་མ་ཡིན་པའི་སྒྲོ་འདོགས་བཅད་ནས་གནས་ལུགས་རང་ངོ་མ་ཤེས་པའོ༔ འདི་ཉིད་མི་ཤེས་རྨོངས་པ་སྟེ༔ འོག་མ་རྣམས་དང་ཁྱད་མེད་འགྱུར༔ དེས་ན་རྣལ་འབྱོར་ཉམས་ལེན་ལ་གོམས་པ་གཅེས༔ ཉམས་
བླངས་བས་འཁྲུལ་ཏེ་མ་ཤེས་པར་གོལ་བ་ནི༔ རིག་པ་ལུས་ལ་བརྟེན་པས་ལུས་ཀྱི་གནད་ཉིད་གལ་ཆེ་སྟེ་མ་ཤེས་ན༔ དཀོར་མཛོད་ནང་ན་ནོར་ཡོད་ཀྱང་སྒོ་མོ་དམ་དཀྲིགས་འདྲ་སྟེ་ནོར་མི་ལོན་པས༔ ཕྱི་ནས་ནོར་རྙེད་མ་ཡིན་ནོ༔ བསྙེན་སྒྲུབ་ལ་རེ་བའི་ལྷ་སྒོམ་བསྐྱེད་པ་ཡི་ནི་རིམ་པ་དང་༔ དོན་འདི་ཉིད་ནི་ཁྱད་མེད་འགྱུར༔ ཕྱི་ནང་གི་དབྱིངས་ཀྱི་སྒྲོན་མའི་གནད་ཀ་མ་ཤེས་ན༔ བྱ་ལོང་ནམ་མཁའི་མཐའ་འཚོལ་མཐའ་ལ་ཐུག་པ་མེད་པས་མི་རྙེད་པ་དང་འདྲ༔ རིག་པའི་གནད་རྡོ་རྗེ་ལུག་གུ་རྒྱུད་དེ་མ་ཤེས་ན༔ དངོས་མེད་ལ་དངོས་པོར་འཛིན་པ་ནམ་མཁའ་སྤར་གྱིས་འདེབས་པ་དང་འདྲ༔ ལུས་ཡུལ་རིག་པའི་གནད་གསུམ་མན་ངག་མི་ཤེས་པར༔ ཆོས་གཞན་གྱི་སྒོར་ཞུགས་ནས་བསྒོམ་པར་འདོད་པའི་སྒོམ་ཆེན་པ༔ སྤྱད་དབང་མེད་པའི་ནོར་ཕྱུག་པོའི་ཁལ་ཁོལ་དང་བདག་འདྲ་དེ་ཡང་དངོས་པོ་གཤིས་རང་མ་མཐོང་དེའི་ཡོན་ཏན་ལ་གྲངས་སུ་ཤེས་པའོ༔ དེ་ཕྱིར་གསུམ་ཉིད་དུ་འབྲེལ་བའོ༔ རིག་པའི་རྟེན་ས་ལུས་ལ་གནས་པ་ཡིན་ཏེ༔ ལུས་གཅིག་མེད་ན་མེད་པ་བེམས་པོ་མ་ཡིན་པ་ཐམས་ཅད་ལ་སྟེ༔ ཡོད་ན་ཡེ་ཤེས་ཡོད་པར་རིག་པས་ཁྱབ་པར་ངེས༔ དེ་ལྟར་ལུས་ལ་རིག་པ་ཡོད་པ་དེ༔ ཆོས་ཅན་སྤྱི་ཡི་མཚན་ཉིད་གཞན་གྱི་ཀྱིས༔ སྤྱི་བོའི་གཙུག་ནས་རྐང་མཐིལ་བར་ལུས་མགོ་དང་རྐང་ལ་སོགས་པ་ལ༔ བརྟག་དཔྱད་རྣམ་པ་སྣ་ཚོགས་ཀྱིས༔ དཔྱད་པས་དེ་ཉིད་དང་པོའི་གཤིས་དེ་རྙེད་པ་མིན༔ མོ་དང་པྲ་ལ་སོགས་པ་ཡི༔ རྩིས་ནི་རྣམ་པ་སྣ་ཚོགས་ཀྱིས༔ བྱས་པ་མ་ཡིན་ཡེ་ཤེས་ཡིན་པས་བལྟས་ཤིང་དཔྱད་ཀྱང་རྙེད་པ་མིན༔ འོ་ན་ལུས་ལ་བསྟན་མེད་ངེས་
ཞིག་གམ་ན་མེད་ཡིན་ཞེ་ན༔ བསྟན་དུ་མེད་པ་མ་ཡིན་ཏེ༔ ལུས་གནད་སྟེམས་ན་མངོན་དུ་མིག་གི་དེ་ཉིད་རིག་པ་མིག་གི་མངོན་སུམ་དུ་སྣང་༔ དཔེར་ན་ལུས་ལ་ཁྲག་ཁྱབ་སྟེ་སྐྱེས་བུ་ལ་ཁྲག་གིས་གང་ཞིང་རྒྱས་པ་ཡང་༔ སྐྱེས་བུ་གླེན་པ་གནད་མི་ཤེས་པ་འགའ་ཞིག་གིས༔ གང་གང་ལུས་ལ་རྩ་མེད་པའི་སར་གཏར་ཡང་ཁྲག་བཙལ་བས༔ གཅིག་ཀྱང་འབྱུང་བ་མ་ཁྲག་མི་ཡོང་པ་དང་འདྲའོ་ཡིན་ནོ། འོ་ན་ལུས་ལ་ཁྲག་མེད་དམ་སྙམ་ན༔ ལུས་ལ་ཁྲག་མེད་མ་ཡིན་ཏེ༔ ལུས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་ཐམས་ཅད་ཁྱབ་ཅིང་ཁྲག་ལ་བརྟེན༔ སྐྱེས་བུ་ཐབས་དང་ལྡན་པ་སྨན་པ་ལྟ་བུ་ཡིས༔ ཁྲག་རྒྱུ་བའི་རྩ་ལ་གཏར་ན་ཁྲག་འབྱུང་ལྟར༔ ལུས་གནས་ཡེ་ཤེས་དེ་བཞིན་ནོ་ལུས་ཀྱི་གནད་མ་ཤེས་ན་ཡེ་ཤེས་མི་འཆར་ལུས་གནད་ལ་བརྟེན་ནས་འཆར་བའོ༔ ཡུལ་གྱི་གནད་ནི་ནམ་མཁའ་སྟེ་སྤྲིན་བྲལ༔ གདམས་པ་འདི་ཉིད་མི་ཤེས་ཁ་གཅིག་གིས༔ ཉིན་དང་མཚན་མོ་མེད་པ་རུ༔ ནམ་མཁའ་ཉིད་ལ་བཙལ་ཞིང་བལྟས་བྱས་ཀྱང་༔ རིག་པའི་ཡེ་ཤེས་འདི་ཉིད་མཐོང་བ་མ་ཡིན་ནོ༔ བསྟན་འོ་ན་ནམ་མཁའ་ལ་མི་འཆར་རམ་ཞེ་ན་དུ་མེད་པ་མ་ཡིན་ཏེ༔ འདི་ཉིད་ཀྱི་གདམས་པ་ལ་གོམས་པའི་རྣལ་འབྱོར་པས༔ བལྟས་ན་སྐདཅིག་ཉིད་ལ་དོན་ཤེས་འགྱུར༔ རིག་པའི་གནད་ནི་ཉིན་མཚན་དུ༔ རྟག་ཏུ་དབྱིངས་རིག་དེ་ཉིད་ལ་གནས་པ་གལ་ཆེ་བྱ༔ གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་༔ ཡེངས་ཤིང་བལྟ་བར་མི་བྱ་འོ༔ འོ་ན་གནད་གསུམ་ཡེ་ཤེས་དེ༔ འདི་ཉིད་མ་གཏོགས་གཞན་རྣམས་ཀྱིས༔
མཐོང་བ་དག་ནི་མེད་དམ་ཅི་ཞེན༔ གཞན་ལྟ་སྤྱོད་པའི་རྣལ་འབྱོར་པས༔ འདི་ཉིད་མ་བསྟན་བར་དུ་ནི༔ ཇི་ལྟར་བརྟགས་ཀྱང་ཐབས་དང་གདམས་པ་མེད་པའི་ཕྱིར་མཐོང་བ་མིན༔ དམ་པའི་གདམས་ངག་འདི་བསྟན་ན༔ དཔེར་ན་བ་རྣམས་ལུས་ལ་འོ་མས་ཁྱབ་ཀྱང་རྭ་དང་མཇུག་མ་ནས་འཐེན་ཀྱང་འོ་མ་མི་འབྱུང་༔ མཁས་པས་ནུ་མ་ནས་འཐེན་ན༔ འོ་མ་དག་ནི་འབྱུང་བ་བཞིན༔ དེ་བཞིན་དུ་ལུས་ཀྱི་གནད་ཤེས་ན་མངོན་དུ་གསལ་ཏེ་ལུས་གནད་ཀྱང་༔ རྟག་ཏུ་གོམས་སྒོམ་པ་དང་མ་སྒོམ་པ་དང་ཁྱད་མེད་མཐོང་༔ ལུས་ཡོད་པ་དང་ཤེས་པ་ཡོད་པས་འདི་དགེ་སྡིག་ལས་འདས་པའི་རྟགས་ཤན་པ་སྨད་འཚོང་སྡིག་ཅན་ཡང༔ འདི་ཉིད་བསྟན་པས་གྲོལ་ཐོབ་འགྱུར་དམུས་ལོང་ལ་ནི་ཡེ་ཤེས་རྒྱུན་ཆད་པས་འདི་མི་མཐོང་སྟེ་བསྒོམས་ཏེ་བསླབ་པར་བྱའོ༔ ཉན་ཐོས་རང་སངས་རྒྱས་རྣམས་དང་༔ བྱང་སེམས་ཉོན་མོངས་པའི་སྒྲིབ་པ་བྲལ་བ་སྤྲུལ་བ་སྣ་ཚོགས་འགྱེད་རྫུ་འཕྲུལ་སྟོན་ནུས་བས་ཀྱང་༔ འདི་ཉིད་གནད་གསུམ་གྱི་མན་ངག་གི་གདིང་མེད་ན༔ རྡུལ་ཆ་ཙམ་ཡང་མཐོང་མི་འགྱུར་རྒྱ་ལ་མཐོང་ཡང་རང་སྣང་དུ་མ་ཤེས་པས་མི་གྲོལ༔ གཞན་དག་གིས་ནི་སྨོས་ཅི་དགོས༔ དེས་ན་རྟག་ཏུ་གོམས་དང་ཐབས་ཀྱི་མན་ངག་ཉིད་གཅེས༔ ལེའུ་བདུན་གྱིས་གཞུང་དོན་རྫོགས༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ ༔སྒྲོན་མ་འབར་བ་ཞེས་བྱ་བའི༔ རྒྱུད་ཀྱི་ཚིག་དོན་བདུན་དུ་བསྡུས་ཏེབཤད་པར་བྱ༔ ངོ་བོ་གསལ་བྱེད་སྣང་བ་སྟོན་རང་རིག་པའོ༔ ངེས་ཚིག་རྣམ་པ་གསུམ་ཡིན་ཏེ༔ འཁོར་བའི་བག་ཆགས་ཀྱི་མུན་པ་ཐམས་ཅད་སེལ་བས་སྒྲོན༔ ཀུན་གྱི་གཞིར་གྱུར་དངོས་པོའི་འདུག་ཚུལ་མ་ཡིན་ནོ༔
འོད་ཟེར་ཀུན་ཏུ་ཡངས་པའི་ཕྱིར༔ འབར་བ་ཡིན་པས་གསལ་བར་མངོན་སུམ་དུ་བལྟར་ཡོད༔ དབྱེ་ན་རྣམ་པ་བཞི་ཡིན་ནོ༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་མཐིང་ཁ་འགྱུར་མེད་ཀྱི་འོད་དང་༔ ཐིག་ལེ་སྟོང་པའི་སྒྲོན་མ་དང་ཆགས་ཆེན་དམར་པོ༔ ཤེས་རབ་རང་བྱུང་སྒྲོན་མ་རིག་རྩལ་གསལ་སྟོང་གཉིས་མེད་དང་༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་མིག་གི་དབང་པོ་སྐྱོན་མེད་པ་འོ༔ དགོས་པ་རྒྱུད་རྣམས་གཞན་གྱི་ཚིག༔ འདི་ཉིད་དུ་ནི་གསལ་བར་སྣང་བར་བྱེད༔ དཔེར་ན་གསལ་བྱེད་སྒྲོན་ཤིང་གི་མེ་ཁྱེར་ནས་ཕྱིན་ན་ལམ་སྣང་བ་བཞིན༔ ཁོང་དོན་མན་ངག་རྣམ་པ་ལྔ༔ མིང་ཕར་བཏགས་པ་ཚིག་གི་སྒྲོན་མ་ཡིས༔ འཇིག་རྟེན་མིང་གི་དོན་འབྱེད་པ་ས་བོན་བྱེད༔ རྟན་འབྲེལ་རྫས་ཀྱི་སྒྲོན་མ་མེ་སྒྲོན་དང་གཙུབ་ཤིང་ལ་སོགས་ཡིས༔ བཏགས་པ་གྲངས་ཀྱི་གནས་སྐབས་ཀྱི་ཁྱིམ་གྱི་མུན་པ་སེལ་བ་ལྟ་བུ་༔ སྤྱི་མཐུན་ལས་ཀྱི་སྒྲོན་མ་ཉི་ཟླ་སོགས་ཡིས༔ འགྲོ་བའི་མུན་པ་སེལ་བར་བྱེད༔ མཚོན་པ་དཔེ་ཡི་སྒྲོན་མ་འདི་ལྟ་བུ་ཞེས་མཚོན་ནས་ཡིས༔ ལོག་རྟོག་ཕྱིན་ཅི་ལོག་གི་འགལ་བའི་ཐེ་ཚོམ་སེལ༔ ཡེ་ཤེས་རྟགས་ཀྱི་སྒྲོན་མ་ཆོས་སྐུ་དང་ཐིག་ལེ་སྟོང་སྒྲོན་ཡིས༔ བག་ཆགས་འཐུག་པོའི་མུན་པ་སེལ༔ ཡེ་ཤེས་རྟགས་ཀྱི་སྒྲོན་མ་དེ་ལ་བཞི་ཡིན་ཏེ༔ འོད་ཀྱི་རྟག་སུ་དབྱིངས་ཡི་གེ་ན་རོ་ལྟ་བུ་ཡིན་ནོ༔ ཡེ་ཤེས་རྟགས་སུ་ཐིག་ལེ་རྨ་བྱའི་མདོངས་ལྟ་བུ་སྟེ༔ སྐུ་ཡི་རྟགས་སུ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྟ་བུ༔ འདུག་ཚུལ་གནས་ལུགས་རྟགས་སུ་འགྱུ་དག་འཕྲིག༔ དེ་ཡང་གནད་དུ་ཞེ་ན་
གསང་དོན་གསུམ་དུ་བསྟན༔ སྐུ་དང་ཡེ་ཤེས་སུ་སྒྲོན་མའི་གནས་ནི་སྙིང་ཡིན་ཏེ༔ ལམ་ནི་རོ་རྐྱང་དབུ་མ་ཀ་ཏི་ཤེལ་སྦུག་རྩ་ཆེན་བཞི་ཡིན་ནོ༔ སྒོ་ནི་མཐོང་བྱེད་མིག་གི་སྒོ༔ ཉམས་སུ་ལེན་པར་འདོད་པ་རྣལ་འབྱོར་པ་ཡིས༔ འཁྲུལ་པའི་བྱ་བ་ཕྱི་ནང་གི་ཀུན་བཏང་སྟེ༔ དུར་ཁྲོད་གནས་སམ་དབེན་ས་སྐྱེ་བོ་མེད་པ་རུ༔ བདག་ཉིད་གཅིག་པུར་གནས་ཀྱང་རུང་༔ ལྟ་སྤྱོད་མཐུན་པའི་གྲོགས་བཙལ་ཏེ༔ བསམ་གཏན་གནོད་པའི་དགྲ་རྣམ་གཡེང་དང་འདུ་འཛི་མི་སྒྲ་ཁྱི་སྒྲ་སོགས་སྤངས་ལ༔ སྒྲོན་མ་ཉིད་དེ་མཐོང་བར་བྱེད་པའི་ཐབས་ནི་གོམས་བྱེད་ན༔ འཁྲུལ་འཁོར་བཞིན་དུ་གནད་རྣམས་སྟེམས༔ ལུས་ཀྱི་གནད་ནི་སྙིང་ཡིན་པས༔ དང་པོའི་དུས་སུ་བསམ་རྒྱུན་ལས་དང་པོ་པས་དབུགས་ནང་དུ་དུམ་རེ་འཐེན་བཅད༔ སྙིང་གི་གནད་ནི་རྩ་ཡིན་པས་རིག་པའི་གནད་ཡོད་པས་འགྱུ་སྲང་བཅད་པ་གཅེས༔ གཡས་སུ་གཅུད་དང་གྱེན་ལ་བཟློག་དང་ཐུར་དུ་མནན་པ་ནི༔ ཡོ་གི་ཉིད་ཀྱིས་ཤེས་པར་བྱ༔ རྩ་ཡི་གནད་ནི་མིག་ཡིན་རིག་པ་འཆར་བའི་སྒོ་ཡོད་པས་༔ སེང་གེ་གྱེན་ལ་གླང་ཐད་ཀར་དང་རི་བོང་ཧད་པོར་དང་༔ མདའ་ཟུར་གྱིས་མནན་སྲང་ལྟ་བུ་ལྟ་སྟངས་བཞི༔ ཉིན་དུས་རྣལ་འབྱོར་པ་ཡིས་ཤེས་པ་མིག་ཏུ་གཞུག་ལ་ལྟ༔ མཚན་དུས་ཤེས་བྱ་བུམ་པར་གཞུག་མིག་བཙུམ་དབུགས་ནང་དུ་རྔུབ་ལ་༔ ཤེས་པ་ཉིད་ནི་སྙིང་ཁར་འོད་ཀྱི་གོང་བུ་ལ་བསྡུ༔ སྒྲོན་མ་ཙིཏ་ཏའི་དཀྱིལ་དུ་ཤེས་པ་རང་གསལ་དུ་སྟིམས༔ ཐིག་ལེ་རྩ་འོད་ཀྱི་དྲ་བར་ཡི་ནང་དུ་སྦ༔ དེས་ནི་ཡེ་ཤེས་ནང་དུ་བུམ་ནང་གི་མར་མེ་ལྟར་གསལ༔ དེ་ལྟར་ཉིན་དང་མཚན་དུས་སུ༔ ཉམས་ལེན་རྒྱུན་དུ་བྱེད་པའི་
རྣལ་འབྱོར་པས༔ གོམས་པའི་ཚད་ནི་རྩལ་རྫོགས་གྱི་མན་ངག་གོང་དང་མཚུངས༔ དེ་ནས་གོམས་ཏེ་མཐར་ཉམས་སུ་ལོངས་པའི་ཚད་ཕྱིན་པས༔ ཉིན་རྐྱེན་ལ་རག་མ་ལུས་པའི་རྟགས་དང་མཚན་མོ་གཉིས་མེད་པར༔ རྟག་ཏུ་ཉིན་མོ་བཞིན་དུ་ལུས་ལ་ཡང་འོད་ལྟར་འོང་འགྱུར༔ དེ་དུས་རྣལ་འབྱོར་པ་དེ་ཉིད་རིག་པ་རླུང་དང་འདྲེས་པས༔ ལུས་ཀྱི་རྟགས་ཤིང་བལ་ལྟར་ནི་ཡང་བ་དང་འབུ་སྲིན་མི་འོང་༔ རྟ་ལྟར་མགྱོགས་ཤིང་ཡེ་ཤེས་ཀྱི་རླུང་ལ་བྱན་ཚུད་པའི་རྟགས་སུ་གཞན་ལ་མིག་མི་ཆགས་དབུགས་ཕྱི་ནང་དུ་རྒྱུ་བ་མེད༔ ཟས་དང་སྐོམ་གྱི་དྲན་པ་འགགས་རླུང་ལ་འགྲོ་འོང་མེད་པའི་རྟགས་སུའོ༔ རང་ལ་ཆེད་དུ་རྟགས་འདོད་པ་མེད་ཀྱང་དེ་ལྟར་འབྱུང་༔ ཤེས་རབ་རྩལ་མ་འགགས་པ་ལས་རྟགས་ནི་འདི་ལྟ་བུ༔ ཤེས་རབ་དང་རིག་པ་དབྱེར་མེད་པའི་རྟགས་སུ་སྔར་མཐོང་མ་མྱོང་བའི་ཆོས་ཀྱི་ཚིག་རང་གིས་ཤེས་པ་དང་༔ ངག་ཏུ་འཁྲུལ་པ་ཤེས་རབ་ཀྱི་དབང་དུ་འདུས་པའི་རྟགས་སུ་ཅི་བརྗོད་ཆོས་ཀྱི་གཏམ་འབྱུང་༔ བློ་དང་གདམས་པ་འདྲེས་པའི་རྟགས་སུ་ལུང་དང་རྒྱུད་ཀྱི་ཚིག་རྣམས་ཀུན༔ མ་བལྟས་བཞིན་དུ་རང་ལ་འཆར༔ རིག་པའི་རྟག་ནི་ལུ་གུ་རྒྱུད་ཡུལ་ལ་སྣང་བ་ད༔ འགུལ་དང་འཕྲིག་པ་ཉིད་བྲལ་ཏེ༔ སྣང་བ་རང་སར་སྟོང་པ་ཉིད་ཁོང་དུ་ཆུད་པའི་རྟགས་སུ་ཤེས་པ་གར་གཏད་དུ་མི་འགུལ་བར་གནས་པའོ༔ གསང་བ་ཉམས་སུ་མྱོང་བའི་རྟགས་གདིང་བཞི་སྟེ༔ རིགས་དྲུག་གི་འགྲོ་བ་རིག་པར་གྲོལ་བས་དམྱལ་བ་ལ་སོགས་ངན་སོང་ལ༔ དེ་ཉིད་རང་རིག་ཏུ་ཤེས་པ་ཡ་ང་བག་ཚ་ཀུན་དང་བྲལ༔ རིག་པ་ཡེ་
སངས་རྒྱས་པས་སངས་རྒྱས་ལ་ཡང་བྲོད་པ་མེད༔ གཞི་ལ་འཁོར་བ་མ་གྲུབ་པར་ཤེས་པས་འཁོར་བར་ལྟུང་དོགས་སྡུག་བསྔལ་བྲལ༔ མྱ་ངན་འདས་ལ་དེ་ཉིད་རང་རིག་ཡིན་པར་རྟོགས་པས་རེ་བ་མེད། ལེའུ་བཞི་ཡིས་གཞུང་དོན་རྫོགས༔ ཨི་ཏི༔ རྒྱ༔ ནོར་བུ་འཕྲ་བཀོད་ཅེས་བྱ་བའི༔ རྒྱུད་ཀྱི་ཚིག་དོན་བདུན་གྱིས་བསྟན་པར་བྱ༔ ངོ་བོ་རང་རིག་གཞི་ལ་སྣ་ཚོགས་རང་གྲོལ་དུ་སྤྱོད༔ ངེས་ཚིག་རྣམ་པ་གསུམ་ཡིན་ཏེ༔ རྒྱུད་གཞན་གྱི་དགོས་པ་འདིས་སྐོང་ཕྱིར༔ དགོས་འདོད་འབྱིན་པས་མ་ཚང་བ་ཁ་བསྐང་བ་ནོར་བུ་ུའོ༔ རྡོ་རྗེ་ལུག་རྒྱུད་འཕྲ་ཞིང་འགྱུར་བ་བརྟགས་དཀའ་བས༔ ཀུན་གྱིས་མི་མཐོང་གཞི་གཟུང་བར་དཀའ་བ་ཕྲ་བའི་དོན༔ དེ་ལྟར་རྟོགས་དཀའི་ངོ་བོ་ཉིད་ཡེ་ཤེས་དེ༔ ཡུལ་ལ་ཁྱབ་པས་ནམ་མཁའ་ལ་འཆར་བ་བཀོད་པ་འོ༔ དབྱེ་བ་རྣམ་པ་གསུམ་ཡིན་ཏེ༔ རང་ཤར་སྣང་བ་ཐམས་ཅད་རང་གྲོལ་ལོངས་སྤྱོད་པས༔ གཞི་ལ་ལོངས་སྤྱོད་ཀུན་གྱི་ནོར་བུ་དང་འདྲ༔ ཕྲ་རིག་པ་དེ་རླུང་ཤེས་ཀྱི་རྩལ་གྱིས་དང་འཁྱུག་དང་འགྱུ་བའི་ཚེ༔ འདི་ཉིད་ཀྱི་གནད་མེད་པར་གཞན་གྱིས་མི་མཐོང་ཟད་གཏིང་དཔག་དཀའ་བ་ཕྱིར་ཕྲ༔ སྣང་བ་དུམ་བུ་དུམ་བུའི་ཚེ་འོད་དུམ་བུ་དུམ་བུར་ཤར་ཚེ༔ མཆོད་པ་རྟོགས་ཕྱིར་ཇེ་ཆེ་ཇེ་ཆེ་མཐོང་བས་བཀོད་པའི་དོན༔ དགོས་པ་ཇི་ལྟ་བུ་ཞེ་ན་རྒྱུད་གཞན་འདོད་པ་རྣམས༔ རྒྱུད་འདི་ནས་རབ་ཏུ་སྟོན་བྱེད་པས༔ ཕྲ་མོའི་དོན་རྣམས་རྟོགས་བྱེད་པའོ༔ དཔེར་ན་བཞུ་བའི་བཙོ་བསྲེགས་བྱས་པ་དང་གསེར་དང་མཚུངས༔ ཁོང་དོན་མན་ངག་དུ་སྟོན་ཞེ་ན་རྣམ་བཞི་སྟེ༔ སྤྱོད་པ་གཙོ་ལམ་དུ་བྱེད་རྣལ་འབྱོར་དང་༔ སྒོམ་པ་ཉིད་ལམ་དུ་རྒྱུན་དུ་བྱེད་པ་དང་༔ ལྟ་བ་ཉིད་ལ་གཙོར་ལམ་དུ་བྱེད་དང༔ དེ་བཞིན་འབྲས་བུ་
ལམ་བྱེད་པའོ། །སྤྱོད་པ་རྣམ་པ་གསུམ་ཡིན་ཏེ༔ བྱིང་རྒོད་གསེང་བའི་སྤྱོད་པ་ནི༔ ཉམས་ལེན་གྱི་དུས་གལ་ཏེ་བྱིང་བ་ཉིད་ཡིན་ན༔ གནད་ནི་རྣམ་པ་གསུམ་བསྟན་ཏེ༔ ལུས་ཀྱི་གནད་དུ་རྒྱུག་ཅིང་སྤྱོད་པ་སྣ་ཚོགས་བྱེད་པ་དང་༔ ཡན་ལག་གར་ལ་སོགས་པ་མི་འདྲ་བ་མང་པོ་བྱ༔ ངག་གི་གནད་ནི་ཧ་ཧ་དྲག་པོ་ལྷང་ལྷང་པ་དང་༔ ཧི་ཧི་ཧཱུཾ་ཧཱུཾ་དྲག་རིང་ཐུང་བཟླས་ཤིང་༔ ཡང་ན་སྐད་ཉམས་ལ་ཅི་བྱུང་གི་རྣམས་དྲག་པོར་འདོན༔ སེམས་རིག་པ་ལ་རབ་ཕབ་ནས༔ མིག་ནི་གཡས་གཡོན་གྱི་ཟུར་ལ་རིལ་པོར་མནན་ཧྲིག་ཧྲིག་ཕར་ཁྲོལ་ཚུར་ཁྲོལ་བྱ༔ བྱིང་བ་ལ་ནི་མཆོག་དེ་ལྟར་བྱས་ན་རིག་པ་སོས་འདེབས་ཏུ་གསལ༔ རྒོད་པ་གཡེང་བའི་ཉམས་བྱུང་ན༔ སྐར་ཁུང་སོགས་བཀག་ལ་སྣང་བ་མེད་པའི་ཁྱིམ་དག་ཏུ༔ ལུས་ཀྱི་གནད་ནི་སེང་གེ་བཞིན་ཁ་སྦུབ་ཏུ་ཉལ་ལ་ལག་པ་གཉིས་སྔས་ནས་པར་བརྐྱང་རྐང་པ་ཡང་བརྐྱང་བའོ༔ མཇིང་པ་ཚུར་ནང་དུ་ཡིད་ཙམ་ཐུར་ལ་འོ༔ ངག་ནི་ཅི་ཡང་གླེང་བ་མིན༔ རིག་པ་ཙིཏ་ཏའི་དཀྱིལ་དུ་ཕྱིར་གཞན་དུ་མི་འཕྲོ་བར་གཞུག༔ མིག་ནི་དྲག་པོར་བཙུམ་པ་འོ༔ སྣང་བ་དབང་བསྒྱུར་འདི་ལྟར་སྣང་བ་ཐམས་ཅད་ལ་ཐོགས་པ་མེད་པར་སྤྱོད་པ་ནི༔ འབྱུང་བའི་སྒྲ་རྣམས་ལ་ཐུན་མོང་མ་ཡིན་པ་སྒྲ་ཐལ་འགྱུར་གྱི་མན་ངག་སྐབས་ལྟར་གོམས་ན༔ སྣང་བ་དག་ལ་མངོན་ཤེས་ལ་སོགས་གསང་རྟགས་ཅི་དགར་འགྱུར༔ འདུག་ཚུལ་གཞི་ཐོག་མ་ནས་གནས་ལ་སྤྱོད་པ་ནི༔ ནམ་མཁའི་ཁམས་སུ་དབྱིངས་རིག་འདུ་འབྲལ་མེད་པ་ལུ་གུ་རྒྱུད༔ སྐུ་དང་ཐིག་ལེ་རིག་པའི་རང་གདངས་ཤར་བ་རྣམས་ལ་སྤྱོད༔ ལུས་ངག་མི་གཡེང་དེ་དང་མི་འབྲལ་བར་གཏད་
གཟེར་བཏབ་སྟེ༔ རྒྱུན་དུ་འབྲལ་བ་མེད་གནས་པས༔ འཇིག་རྟེན་འཁྲུལ་པའི་སྣང་བ་འབྱུང་མི་འགྱུར༔ འཁྲུལ་སྤྱོད་དག་ནི་བྱུང་སྲིད་ཀྱང་༔ ངོ་བོ་ཉིད་མཐོར་པས་ཇི་ལྟར་བྱས་ཀྱང་མི་ལྟོ་དེ་ནི་རྡུལ་ཆ་ཙམ་མི་འགྲིབ༔ རྟག་ཏུ་ཡང་དང་ཡང་དུ་དེ་ལ་གོམས་པ་ནི༔ རང་རིག་པའི་གནས་ལུགས་གཤིས་དངོས་པོ་མཐོང་པའི་སྤྱོད་པ་འོ༔ སྒོམ་པ་ཉིད་ནི་འདི་རང་ལམ་དུ་བྱེད་ན་རྣམས་གསུམ་སྟེ༔ ལྷ་དང་མི་ཡི་སེམས་འཛིན་གྱིས༔ སྣ་ཚོགས་མཚན་མ་ཨ་དཀར་ལ་སོགས་འཛིན་པ་ནི༔ སྟན་བདེ་བར་ལུས་ཀྱི་གནད་ནི་སྐྱིལ་ཀྲུང་ལ༔ དབུགས་ཀྱི་གནད་ནི་ནང་དུ་རྔུབ་ཁ་སྣའི་དབུགས་བསྡམ༔ རིག་པའི་གནད་ནི་སྣ་རྩེེ་འོ་མིག་ཀྱང་ངོ་༔ བྱང་ཆུབ་སེམས་དཔའི་བསམ་གཏན་ན་ིཤུགས་ལས་སྐྱེ་བར་འདོད་སྟེ་མ་སྐྱེས་ན་འདི་ལྟར༔ བསམ་པའི་ཞེན་པ་འགོག་པ་དྲན་པ་ལ་བརྟག་སྟེ༔ ལུས་ཀྱི་གནད་ནི་སྟན་བདེ་བར་སྐྱིལ་ཀྲུང་ལ༔ རྒལ་པའི་ཚིགས་ནི་དྲང་པོར་བསྲངས་བྱས་ནས༔ ལག་པ་མཉམ་པའི་ཕྱག་རྒྱ་ལྟེ་འོག་ཏུ་བཅའ༔ ཨོག་མ་བྲང་ལ་སོར་བཞིས་མ་རེག་པར་མགྲིན་པ་ཡིད་ཙམ་དགུག་པ་འོ༔ མིག་ནི་སྣ་ཡི་རྩེ་ལ་དབབ་སེམས་དཔའི་མིག་ལྟར་བྱ༔ རིག་པའི་གནད་ནི་སྨིན་ཕྲག་ནས་མདའ་གང་ཙམ་དུ༔ འདི་དག་མིག་གིས་སྣང་བ་ལ་མི་ལྟ་བར༔ དབུགས་ནི་ནང་དུ་ཐུབ་ཐང་འཐེན་པ་ལ༔ ཕར་ཡང་མཆོག་ཏུ་རིངས་པར་གཏང་༔ ཡིད་ནི་སྟེངས་མེར་རེ་བཞིན་ས་ལ་བཞག༔ ལམ་ལམ་དུ་བྱེད་པ་ལྟ་བ་དག་ནི་རྣམ་གསུམ་ལ༔ སྤྱི་དང་རང་གི་མཚན་ཉིད་དང་༔ ཁྱད་པར་ཆེན་
པོའི་ལྟ་བའོ༔ སྤྱི་ནི་ཐེག་པ་བརྒྱད་པོའི་ལམ་རིམ་རྩོལ་བློ་ཡི་རིམ༔ ནང་ནི་ཕྱི་སྐོར་ནང་སྐོར་གསང་སྐོར་བ་འོ༔ ཁྱད་པར་ཆེན་པོའི་ལྟ་བ་ནི་ལུས་གནད་མིག་དང་འབྲེལ༔ ཡུལ་གནད་ནམ་མཁའ་སྤྲིན་བྲལ་ལ༔ རིག་པའི་གནད་ནི་ཕྱུང་མཁའ་ལ་ཕྱུངས་པས་ཟླ་དང་བྲལ་པ་ཞེས་ཀྱང་བྱ་བ་སྟེ༔ ལྟ་བྱེད་མིག་གིས་དབྱིངས་དང་རིག་པ་ལ་ལྟ་བས་ན༔ ཇི་ལྟར་ལྟ་ན་ཐམས་ཅད་ཡེ་ཤེས་ཀྱི་སྣང་བ་དགོས་འདོད་ཡིད་བཞིན་ནོར་ལྟར་བལྟ༔ རིག་པ་ལུ་གུ་རྒྱུད་ནི་འོད་དང་ཐིག་ལེ་སོགས་གྲངས་མང་བས༔ གཞན་གྱིས་མི་ཟིན་རྩེ་གཅིག་ཏུ་ཕྲ་བར་བལྟ༔ དེ་ཉིད་ཡེ་ཤེས་གོམས་པའི་གནད་ཀས་ཁྱབ་གདལ་བས༔ ཅི་ཡང་མ་རིག་པ་ལ་སོགས་འཇིག་རྟེན་གྱི་སྤྱོད་པ་མི་སྤངས་བཀོད་པ་ལྟའོ༔ འབྲས་བུ་ལམ་བྱེད་ཉིད་ཀྱང་སྤྱི་རང་ཁྱད་པར་གསུམ་ཡིན་ཏེ༔ སྤྱི་ཡི་རིམ་དགུས་ཇི་ལྟར་འབད་ཀྱང་ལྷ་མི་འབྲལ་མཐར་ཐུག་ལས་མི་ཐོབ༔ རང་གི་ཕྱི་སྐོར་སོགས་འོད་གསལ་ལྷ་རྣམས་སོ༔ ཁྱད་པར་འདི་ཉིད་ཀྱིས་སྐུ་གསུམ་ཕྱིར་མི་ལྡོག༔ ཅི་ཡི་ཕྱིར་ན་སྣང་བ་འདི་ཉིད་ཐམས་ཅད་དུ༔ རིག་པ་གཏན་ལ་འདིས་ཕེབས་པ་སྐུ་གསུམ་ས་ལ་གོམས་པས་ན༔ འདི་ཉིད་དུ་གཏན་ལ་ཕེབས་པས་ཕྱི་ནས་རེ་དང་དོགས་མེད་པར༔ འདི་ཉིད་རང་ལ་ཆོས་སྐུ་དང་རིག་པ་འདུ་འབྲལ་མེད་པས་འཚང་རྒྱ་འོ༔ དེ་ལ་ཡེ་ནས་སངས་རྒྱས་པའི་ཕྱིར་འཁོར་འདས་གྲུབ་མེད་པས༔ གཞན་རང་ཡིན་པར་འདི་ཉིད་ལ་གཏན་ལ་ཕེབས་པས་རྩོལ་འདོད་དང་བྲལ་བས་ན༔ སྨིན་པས་མ་རིག་པ་ཡེ་ནས་གྲོལ་བས་སྨིན་པ་ལམ་དུ་བྱས༔ མཆོག་ཏུ་སྨིན་པས་ཉམས་སུ་
བླངས་པ་དེ་ཡང་གཞན་དུ་བཙལ་དུ་མེད་པས་འོད་ཅེས་སོ༔ ལེ་འུ་བཅུ་བཞིས་གཞུང་དོན་རྫོགས༔ ཨ་ཏི༔ རྒྱ༔ ཉི་ཟླ་ཁ་སྦྱོར་ཞེས་བྱ་བའི༔ རྒྱུད་ཀྱི་ཚིག་དོན་བདུན་དུ་བསྡུས་ཏེ་གསལ་བར་བྱ༔ ངོ་བོ་མཉམ་པས་ཐབས་དང་དེ་ལ་བལྟས་པས་ཤེས་རབ་ཡིན༔ ངེས་ཚིག་རྣམ་པ་གསུམ་དུ་བསྟན༔ འདི་ལྟར་འཁོར་འདས་སྣང་བའི་ཆོས་རྣམས་ནི༔ ཆོས་ཉིད་མ་ལ་ཐིམ་ཕྱིར་རིག་པ་ཉི་མ་སྟེ༔ བུ་ལ་རིག་པ་མ་འདྲེས་སྣང་བས་ཟླ་བར་བསྟན༔ འཁོར་འདས་འདྲེས་པ་འབྱུང་བ་ལྔ་རང་སར་གྲོལ་བ་ཞེས་ཀྱང་བྱ་ཁ་སྦྱོར་རོ༔ དབྱེ་བ་རྣམ་པ་བཞི་ཡིན་ཏེ༔ ཆགས་ཅན་ཡུལ་གྱི་བདེ་བ་ལམ་དུ་བྱེད་པ་གསང་བ་སྙོམས་འཇུག་ཁ་སྦྱོར་དང་༔ འཁོར་འདས་འཁོར་འདས་གཉིས་མེད་དུ་རྟོག་པ་འདྲེས་པའི་ཁ་སྦྱོར་དང་༔ ལམ་རིག་བར་དོ་ལ་རིག་པ་དང་སྣང་བ་གཉིས་འདྲེས་པའི་ཁ་སྦྱོར་དང་༔ དབྱིངས་རིག་གདོད་ནས་དབྱེར་མེད་པ་ཡེ་ནས་ཁ་སྦྱོར་རོ༔ དགོས་དོན་དབང་པོ་འབྲིང་པོ་ཉིད༔ ཆོས་ཉིད་ཀྱི་བར་དོར་གྲོལ་བར་བསྟན་པ་འོ༔ དཔེར་ན་མ་བུ་ཕྲད་པ་བཞིན༔ ཚོམ་བུ་ལ་སོགས་རང་སྣང་ཡིན་པར་རང་གི་ཡིད་ཆེས་རིམ་གྱིས་གྲོལ༔ ཁོང་དོན་མན་ངག་བཞི་ཡིན་ཏེ༔ རང་བཞིན་གནས་པའི་བར་མ་དོར་འདིར༔ རང་གི་ཤེས་པའི་གྲས་ཐག་མན་ངག་ལ་ནན་ཆགས་སུ་བྱ་བཅད༔ དཔེར་ན་མཐུན་པའི་གྲོགས་དབྱིངས་རིག་ལ་རྟག་ཏུ་མི་འབྲལ་བར་ལྟར་འགྲོགས༔ ལུས་ཀྱི་སྟོབས་ཉམས་ནས་དབུགས་ངར་ངར་དུ་སོང་བའི་ཚེ་འཆི་ཁ་མ་ཡི་བར་མ་དོར༔ མན་ངག་གསང་བའི་གསེར་ཐིག་གསལ་གདབ༔ དཔེར་ན་རྫི་འུའི་གྲངས་རེ་རེ་ལ་རྡོ་བགྲང་ནན་ཏན་བྱ་ལྟར་འགྲོགས༔ ཆོས་ཉིད་མ་ཡི་བར་མ་དོར་འོད་དང་འོད་ཁྱིམ་དུ་ཤར་བས༔ བླ་མའི་
གདམས་ངག་དྲན་པས་བཟུང་རང་ངོ་ཤེས་པར་བྱ༔ དཔེར་ན་གོམས་འདྲིས་མི་སྔར་འདྲིས་ཀྱི་མི་ཕྱིས་ཕྲད་ན་ངོ་ཤེས་པ་ལྟར་ལྟོས༔ སྲིད་པར་འཇུག་པའི་བར་མ་དོར༔ ཟབ་མོའི་གོམས་ནུས་འདི་ཡི་གདམས་པ་མཐོང་བའི་སྟོབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་༔ དཔེར་ན་ལོངས་སྤྱོད་ཆེ་ཞིང་དབང་འབྱོར་བ་རྒྱལ་པོ་ལྟ་བུས་འདུག༔ ལེ་འུ་བཞི་ཡིས་གཞུང་དོན་རྫོགས༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ རང་ལ་ཡོད་པའི་སྣང་བ་དེ་གདམས་པ་བསྟན་ནས་ངོ་ཤེས་པར་བྱེད་པས་ངོ་སྤྲོད་སྤྲས་པ་ཞེསབྱ་བའི༔ རྒྱུད་ཀྱི་ཚིག་དོན་བདུན་གྱིས་བཤད་པར་བྱ༔ ངོ་བོ་རང་སྣང་ལ་ཡིད་ཆེས་པའི་ངེས་ཤེས་བརྟན་པར་བྱེད༔ ངེས་ཚིག་རྣམ་པ་གསུམ་ཡིན་ཏེ༔ ངོ་བོ་རང་རིག་ཚུལ་ལ་ཡང་༔ སྤྲོད་པ་བླ་མའི་གདམས་ངག་དཔེ་དོན་རྟགས་གསུམ་ལ་སོགས་གོ༔ སྤྲས་པ་འོད་ལ་བདུན་ཡེ་ཤེས་ལ་བདུན་རིག་པ་ལ་བདུན་ཏེ་ཉི་ཤུ་རྩ་གཅིག་གིས༔ གང་ཟག་དབང་པོ་ཉི་ཤུ་རྩ་གཅིག་གི་དོན་དུ་བློ་ལ་གོ་བར་བྱེད༔ བསྡུས་པའི་དབྱེ་བ་རྣམས་པ་གསུམ་ཡིན་ཏེ༔ སྣང་བའི་ཡུལ་འབྱུང་པ་ཉི་ཤུ་རྩ་གཅིག་ལྔ་ཟེར་བ་ལ་སོགས་ལ་ངོ་སྤྲོད་དང་༔ རིག་པ་དྲན་པ་རང་སངས་ཀྱི་གདམས་ངག་སེམས་ལ་ངོ་སྤྲོད་དང་༔ ངོ་སྤྲོད་ཉེར་གཅིག་སོགས་བློ་དམན་དྲང་བའི་ངོ་སྤྲོད་དོ༔ དགོས་པ་རིག་པ་རང་ལ་གནས་མེད་རང་ངོ་སྤྲོད༔ དཔེར་ན་མེ་ལོང་གཡའ་དག་དུ་བཞིན་གསལ་བ་དང་འདྲ༔ ཁོང་དོན་མན་ངག་རྣམ་བཞི་སྟེ༔ དཔེ་མན་ཤེལ་དོན་རིག་པ་རྟགས་སྒྲོན་མ་གསུམ་ཀྱི་ཡིད་ཆེས་བསྐྱེད༔ རིག་དང་ཡེ་ཤེས་འོད་གསུམ་ལ་བདུན་ཚན་གྱིས༔ ལག་ལེན་མན་ངག་གྲངས་ཉེར་གཅིག་ཤེས་བྱ༔
སྐུ་གསུམ་ལྷག་མཐོང་ངོ་སྤྲོད་ཀྱིས་ཆོས་སྐུ་ངོ་སྤྲོད་ཀྱི་གདམས་ངག་གིས་རིག་པ་ཉིད་ཅེར་མཐོང་དུ་བསྟན་ལོངས་སྐུ་ངོ་སྤྲོད་ཀྱི་གདམས་ངག་གིས་རིག་པ་དབྱིངས་ཀྱི་གོ་རར་གཞུག །སྤྲུལ་སྐུ་ངོ་སྤྲོད་ཀྱི་མན་ངག་གིས་འཁྲུལ་སྣང་ཞིང་ཁམས་སུ་སྦྱང་བའོ༔ དེ་ཡང་ཆོས་སྐུ་རང་རིག་ཡིན་པར་ཡིད་ཆེསལོངས་སྐུ་དེ་ལས་བྱུང་བའི་སྐུའི་སྣང་བ་དང་འོད་ཐིག་ལེ་ཡིན་པར་ཡིད་ཆེས་སྤྲུལ་སྐུ་དེ་ལ་ལྟ་བྱེད་མ་འགགས་པས་རང་སྣང་དུ་ཡིད་ཆེས་པ་སྟེ༔ མཐར་ཕྱིན་འབྲས་བུ་གཏན་ལ་དབབ༔ ལུས་ཀྱི་གནད་སྙིང་གི་ནང་ན་སྐུ་དང་ཡེ་ཤེས་སུ་གནས་པ་སྲོག་གི་གནད་རྩའི་ནང་ན་ཐིག་ལེ་དབང་པོའི་གནད་མིག་གི་སྒྲོན་མའི་ནང་དུ་རྟག་ཏུ་འཆར་བ་གནད་གསུམ་བཞག་པའི་ངོ་སྤྲོད་ཀྱིས༔ རང་གི་འདུག་ཚུལ་ཉམས་སུ་བླང་༔ དེ་ལ་གནད་གསུམ་ངོ་སྤྲོད་ནི༔ དེ་ལྟར་ཡེ་ཤེས་ལུས་ཀྱི་གནད་ལ་བརྟེན་འོད་ཡུལ་གྱི་གནད་རིག་པ་ལྟ་བའི་གནད་ལ་བརྟེན་པས་ཉི་ཤུ་རྩ་གཅིག་ཏུ་ཕྱེ་ཡང་དབང་པོ་སྤྲོས་པ་ལ་དགའ་བའི་དོན་ཡིན་ཏེ་གྲངས་གཞན་ཉེར་གཅིག་དེ་དག་ཀུན༔ འདི་ཉིད་དུ་ནི་རྣམ་པར་བསྡུས་ན༔ ཡེ་ཤེས་ལུས་གནད་སྒྲོན་མ་མིག་ནས་འཆར་བས་མིག་ཏུ་འདུས༔ འོད་ནི་ཡུལ་སྤྲིན་བྲལ་ལ་འཆར་བས་གནད་ནམ་མཁའོ༔ རིག་པ་མཐོང་གནད་མིག་གིས་ལུ་གུ་རྒྱུད༔ སྤྲུལ་སྐུ་ལུས་གནད་དྲན་པ་བསྐྱེད་པའི་གཞི་སྙིང་ཡིན་ཏེ༔ ལོངས་སྐུ་ཡུལ་གནད་ཁ་དོག་གསལ་བའི་ཡུལ་དབྱིངས་སུ་བསྟན༔ ཆོས་སྐུ་རིག་གནད་ལུ་གུ་རྒྱུད་བརྟེན་པ་མངོན་སུམ་དུ༔ དཔེ་ནི་ལུས་གནད་རྩ་དྲན་པ་བསྐྱེད་གཞི་ཡིན་ཏེ༔ རྟགས་ནི་ཡུལ་གཞི་ཡི་སྣང་བ་དང་གནད་སྒྲོན་མ་འོ༔ དོན་ནི་རིག་གནད་དབྱིངས་འདུ་འབྲལ་མེད་པ་རིག་འདྲེས༔ གཞུང་དོན་ལེའུ་གསུམ་གྱིས་རྫོགས༔ ཨི་ཏི༔ རྒྱ་རྒྱ་རྒྱ༔
མུ་ཏིག་ཕྲེང་བ་ཞེས་བྱ་བའ་ིདོན་བདུན་ལས༔ ངོ་བོ་མན་ངག་ཚིག་བཅུ་གཅིག་ཁྲིགས་ཆགས་ཀྱིས༔ འཁྲུལ་བའི་ཡུལ་རྐྱེན་གཞི་ལ་རང་དག་དུ་བཟློག༔ ངེས་ཚིག་རྣམ་པ་གཉིས་ཡིན་ཏེ༔ མུ་ཏིག་མན་ངག་ཁྲིགས་དུམ་བུ་གང་ཟག་བློ་ལ་སྐྱེ་བའོ་དང་འབྲེལ༔ ཕྲེང་བས་གྲངས་རྣམས་གཅིག་དུ་སྡུད༔ དབྱེ་བ་རྣམ་པ་བཞི་ཡིན་ཏེ༔ གཞི་གནས་རང་སར་ཡེ་ནས་རང་ལ་ཡོད་པ་གྲོལ་བས་མུ༔ གནད་གསུམ་ལུས་གནད་སྙིང་སྲོག་གནད་རྩ་དབང་པོའི་གནད་མིག་གོ་སྟེ་མི་འགྱུར་གཟེར་འདེབས་ཏིག༔ དེ་ལྟར་གནད་གསུམ་བསྟན་པས་འདོད་པའི་དོན་སྤྱོད་རིན་པོ་ཆེ༔ དབྱིངས་རིག་འདུ་འབྲལ་མེད་པར་རྒྱུན་ཆགས་གནས་ཕྱིར་ཕྲེང་༔ དགོས་པ་མན་ངག་དུམ་བུར་ཚིག་ཉུང་ལ་དོན་འདུས་པར་སྟོན༔ དཔེར་ན་ཇི་འདྲ་མུ་ཏིག་ཁྲིགས་ཆགས་སུ་བརྒྱུས་ལེགས་འདྲ༔ ཁོང་དོན་མན་ངག་རྣམ་པ་གསུམ༔ འཁྲུལ་པ་རང་དག་རང་གིས་རང་གྲོལ་བར་བསྟན་རྐྱེན་གྲོོལ་མུ༔ གལ་མདོ་བཅུ་གཅིག་སྡུད་བྱེད་གྲོལ་བྱེད་ཏིག༔ ལུས་སོགས་གནད་གསུམ་ཐོབ་ཡུལ་ཉམས་ལེན་ཕྲེང་༔ འཁྲུལ་པ་དུ་མ་རོ་གཅིག་ཏུ་ཤེས་པས་གྲོལ་ཚུལ་དབང་པོ་རྣོ་རྟུལ་གྱིས་གཉིས་ཡིན་ཏེ༔ འབད་མེད་འཁྲུལ་པ་རང་གིས་རང་གྲོལ་པའི་མན་ངག་རང་གིས་རང་གྲོལ་དང་༔ འབད་བཅས་གནད་དང་ཉམས་ལེན་གྱི་དུས་སུ་ལུས་འདུག་སྟངས་ཀྱི་གནད་ཡུལ་རྐྱེན་མེད་ཀྱི་གནད་རིག་པ་མ་རྩལ་བའི་གནད་ད་འབྲེལ་བ་འོ༔ གལ་མདོའི་མན་ངག་བཅུ་གཅིག་སྟེ༔ སྔོན་བྱུང་ཐོག་མ་རྟོག་ཏེ་སངས་རྒྱས་མ་བྱུང་མ་རྟོག་ཏེ་སེམས་ཅན་མ་བྱུང་བའི་གནས་ལུགས་ཀ་དག་གཞི༔ ངོ་བོ་འཁྲུལ་པ་མི་མངའ་བའི་ཡེ་ཤེས་འབྱེད་པ་མེད་པར་ཀ་ནས་དག་པའི་རིག་པ་ལ་བཞུགས་སོ་
རང་བཞིན་ཆ་ཡིས་མ་གོས་པའི་སྣང་བ་ཁ་དོག་ལས་འདས་པའི་གསལ་བ་རང་དུ་བཞུགས་སོ་ཐུགས་རྗེ་ནི༔ ཡེ་ཤེས་ཕྲ་བའི་ཡེ་ཤེས་སུ་འདོད་སྟེ་དེ་མེད་ན་བེམས་པོ་དང་ཁྱད་མེད་རགས་པར་ན་གཟུགས་སྐུ་གཉིས་དང་ཁྱད་མེད་པས་ཕྲ་བར་ཡོད་གསུམ་གྱི་བདག་ཉིད་དོ་དེ་ཡང་རང་གི་འདུག་ཚུལ་གྱི་ཆ་ལ་ངོ་བོ་ཀ་དག་གི་ཡེ་ཤེས་དེ་འཁྲུལ་མ་མྱོང་བས་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སོ་གསལ་བྱེད་བག་ལ་ཉལ་ཏེ་ཆ་ཚང་བར་ཡོད་ཐུགས་རྗེ་ཀུན་ཁྱབ་གྱི་ཡེ་ཤེས་རང་བཞིན་ཤུགས་ལ་གསལ་བའོ༔ དེ་ལས་མ་ངེས་ལྷུན་གྲུབ་གཞི་སྣ་ཚོགས་མ་ངེས་པའི་གཞི་ཞེས་བྱ་སྟེ་ལྷུན་གྲུབ་རིན་པོ་ཆེའི་ལུས་ལ་བག་ཆགས་ཀྱི་ས་བོན་ལངས་ཏེ་ཉོན་མོངས་པ་ལྔའི་ས་བོན་བག་ཙམ་བྱུང་༔ མ་རིག་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ནི་རང་གི་གཞིའི་ཆ་ལས་བྱུང་དེ་ཉིད་རང་བཞིན་ལྷན་ཅིག་པ་སྐྱེས་པའི་མ་རིག་པ་ནི་དུས་མཉམ་པའི་སྐུ་སྟེ་ཤེས་པའི་ཆ་ཀུན་བཏགས་ཀྱི་མ་རིག་པ་ཡུལ་གྱི་ཆའོ་གསུམ་དང་རྐྱེན་བཞི་རྒྱུའི་རྐྱེན་མ་རིག་པ་དངོས་བདག་པོའི་རྐྱེན་ཤེས་པ་རགས་པའི་ཆ་སྟེ་རྟོག་པ་དམིགས་རྐྱེན་ཡུལ་དུ་མར་ཤར་བ་ལ་བདག་པོར་གཟུང་སྟེ་དེ་དུས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱའ་ོདང་༔ ཤེས་པ་སྦགས་པའི་དེ་རང་གཞན་དང་གཞི་ཤེས་པའི་ཁྱད་པར་ལས་འཁྲུལ་པ་འོ༔ འཁྲུལ་ནས་སེམས་ཅན་ལ་ཇི་ལྟར་གནས་ན་ཁམས་གསུམ་སེམས་ཅན་ལ༔ གཞི་གནས་ཡེ་ཤེས་སྤྱན་གསུམ་དག་ཏུ་གནས་ཏེ་རང་གི་ངོ་བོ་དེ་སྙིང་གི་དཀྱིལ་ན་སྐུ་ཉུང་འབྲུ་ཙམ་དེ་འོད་ལྔའི་གོང་བུར་ཚོན་སྣ་ལྔའི་གྲུ་གུ་དྲིལ་བ་ལྟར་གནས་སོ་སྙིང་ན་གནས༔ འགྱུར་མེད་རྩ་ཆེན་རོ་མ་རྐྱང་མ་ཀུན་དྷར་མ་དང་ཀ་ཏི་གསེར་གྱི་རྩ་ཆེན་ཞེས་བྱ་ཤེལ་སྦུག་ཅན་ཞེས་བྱ་ཨ་ཝ་དྡྷུ་ཏེ་ནས་ཡི་གེ་སྲན་མའི་གའུ་སླེབ་པ་ཙམ་དུ་རྒྱུད་རླུང་གི་སྟོབས་ཀྱིས་བཞི་ནས་རྒྱུ༔ འཆར་བྱེད་མིག་སོགས་མིག་གཉིས་རྣ་
བ་གཉིས་ཚངས་བུག་དང་ལྔ་ཟེར་སྒོ་བཞི་འོ༔ ཡུལ་ནི་གང་ལ་ཤར་ན་ནམ་མཁའ་སྤྲིན་མེད་སྟོང་པ་ལ༔ དེ་ཉིད་ཉམས་སུ་བླངས་པ་ནི༔ རྣལ་འབྱོར་སྤྱོད་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་སྒོམ་པ་དང་ལྟ་བ་འབྲས་བུ་རྒྱུན་དུ་བྱེད་པ་བཞི་དང་བཞག་ཐབས་སྣང་བ་ཅོག་བཞག་རྒྱ་མཚོ་རི་བོ་རིག་པ་ཅོག་བཞག་གོ་བཞི༔ དགོངས་ཆེན་གནས་བསྒྱུར་གནས་དག་རྒྱས་གདབ་རང་གྲོལ་བཞི་དང་དག་ལུགས་བཞི་སྣང་སྲིད་གཞི་བཞེངས་ནི་འཁོར་འདས་རང་གི་བློ་ལ་ཤར་བ་ལ་བྱ་སྣང་སྲིད་གཞི་བཞག་ནི་དེ་ཉིད་བདག་ཏུ་མ་གྲུབ་པར་རང་སར་ཞག་པ་ལ་བྱ་ཁམས་གསུམ་ཡོངས་གྲོལ་ནི་ཐམས་ཅད་རང་སར་རང་གྲོལ་བ་ལ་བྱ་སྲིད་གསུམ་ཀ་དག་གི་དགོངས་པ་ནི་རིག་པ་ཡེ་ནས་སངས་རྒྱས་པར་ཤེས་པ་ལ་བྱའོ༔ ཟིན་ལུགས་བཞི་དམངས་ཆམས་ལ་ཕབ་སྟེ་མི་འགྱུར་བློན་པོ་བཙོན་དུ་ཟིན་ཏེ་རྒྱལ་པོ་གདན་ས་ཟིན་ཏེ་རིགས་པ་རང་ས་ཟིན་ཏེ་མི་འགྱུར་བའོ་དང་བཅུ་དྲུག་གོ༔ ཚད་ནི་གདེང་བཞིའི་རྣལ་འབྱོར་གོང་ལྟར་རོ༔ བར་དོ་འོད་རིག་པ་ལ་འཇུག་རིག་པ་འོད་ལ་འཇུག་རིག་པ་འབྱུང་བ་ལས་གྲོལ་སེམས་འཁྲུལ་བ་ལས་གྲོལ་ལྷུན་གྲུབ་རང་གི་ས་ལ་ངེས་པ་རྙེད་ནས་རང་གི་འདུག་ཚུལ་དུ་ཤེས་པ་ནི་མཐར་ཕྱིན་ནོ༔ གྲོལ་ས་ཐོག་མ་ཀ་དག་གི་ངང་དུ་གྲོལ་བ་གང་ཡིན་པའོ༔ ཉམས་སུ་ལེན་པ་རྣམ་གཉིས་ཏེ༔ འབད་ཆུང་རྩོལ་བ་མེད་པར་ཤེས་རབ་ཀྱིས་རང་གྲོལ་བ་དབང་པོ་རབ་དང་༔ རྩོལ་ཏེ་ལུས་སེམས་ཀྱི་གནད་གཟིར་རང་གྲོལ་བ་བློ་དམན་པ་གཉིས་ལོ༔ ཤེས་པས་གྲོལ་བ་གཉིས་ཡིན་ཏེ༔ སྣང་བ་ཁྲེགས་ཆོད་ལ་གདམས་ཏེ་ཕྱིའི་ཡུལ་སྣང་ཐམས་ཅད་རང་ལས་བྱུང་ཞིང་རང་གི་ངང་དུ་གྲོལ་ཙམ་ན་ཕྱི་རོལ་གྱིས་སྣང་བ་ངན་པའི་བློ་སྐྱེ་མི་སྲིད་དེ་རིག་སྣང་མཐོང་བའི་གནད་ཀས་དཔེར་
ན་ཆུ་འོལ་ཁའི་བསྒྱུར་བ་ལྟ་བུ་དབྱིངས་དང་མ་བྲལ་བ་ཉམས་ལེན་དང་༔ རིག་པ་ཐོད་རྒལ་ལ་གདམས་ཏེ་དེ་ལྟར་སྣང་བ་ལ་གོམས་པས་རིག་པ་ཅིར་མཐོང་སྣང་བ་ཅེར་གྲོལ་ཤེས་པ་རང་ཡན་དུ་བསྒོམས་པས་ཡེ་ཤེས་སྒོམ་དུ་ཤེས་ཏེ་འབད་ཅིང་ལུས་ཀྱི་གནད་གཟིར་བའི་དགོས་པ་དེ་ཉིད་ལ་ཆོད་པའོ་གཉིས་ཡིན་ནོ༔ རྩོལ་བ་ཅན་དེ་རྣམ་པ་གསུམ༔ འདུག་སྟངས་གསུམ་ལ་ཤེས་པ་བྱིང་ན་སྐྱེས་བུའི་རྒྱངས་ཐབས་ཏེ་རྟག་ཏུ་རྒོད་ན་དྲང་སྲོང་གི་འདུག་སྟངས་བྱིང་རྒོད་གང་ཡང་མེད་ཙ་ན་གླང་པོ་ཆེའི་འདུག་སྟངས་བྱའོ་གཞི་བཅའ་སྟེ༔ མི་འགུལ་གསུམ་གྱིས་ལུས་མ་འགུལ་བས་མིག་མི་འགུལ་དེ་མ་འགུལ་བས་རིག་པ་མི་འགུལ་བའོ་དེ་ནས་ཤེས་པ་རང་ཟིན་པའོ་གཏན་ལ་ཕབ༔ སྡོད་པ་གསུམ་གྱིས་དབྱིངས་སྡོད་པས་རིག་པ་སྡོད་དེ་སྡོད་པས་འགྲོ་འོང་ཆད་དེ་ལས་ཀྱི་རླུང་ཟད་ཡེ་ཤེས་ཀྱི་རླུང་ཟིན་པའི་རྟགས་རིག་པ་སྡོད་པས་གཞི་མ་འདེགས་པས་ཆོས་ཉིད་རྐྱེན་བཞི་ལས་གྲོལ་བའི་རྟགས་སོ་ཚད་རྣམས་བཟུང་༔ གྲོལ་བ་གསུམ་དབྱིངས་འབྱུང་བ་ལས་གྲོལ་དེས་ས་རྡོ་ལ་སོགས་འབྱུང་བའི་སྣང་བ་འགག་རིག་པ་རླུང་ལས་གྲོལ་ཏེ་མི་འགྱུར་བར་སྡོད་ལུས་རྐྱེན་ལས་གྲོལ་ཏེ་གནད་གཟུང་མི་དགོས་པར་ཇི་ལྟར་བྱས་ཀྱང་སྣང་བ་ཟིན་པའོ་གྱིས་ཡིད་ཆེས་བྱ༔ སྨིན་པ་གསུམ་གྱིས་དབྱིངས་སྨིན་པས་ཁ་དོག་ལྔ་མ་འདྲེས་པར་འཆར་ཐིག་ལེ་སྨིན་པས་ནང་དུ་སྐུ་རེ་རེ་རིག་པ་སྨིན་པས་གར་གཏད་དུ་སྡོད་པ་ནི་ཕྱིར་མི་ལྡོག་པའོ་བརྟན་པར་བྱ༔ ཐོབ་པ་གསུམ་གྱིས་མཐར་ཕྱིན་དབྱིངས་གཞལ་ཡས་ཁང་དུ་ཐོབ་པ་དང་རིག་པ་གཏན་གྲོལ་དུ་ཐོབ་པ་དང་འཁྲུལ་རྐྱེན་སྣ་ཚོགས་དབྱིངས་རིག་ཏུ་ཐོབ་པ་ནི་དེ་ལས་ཡར་གཤེགས་ཀྱང་ཤུལ་མེད་པ་ཞེས་བྱའོ་པའོ༔ ལེའུ་བརྒྱད་ཀྱིས་གཞུང་དོན་རྫོགས༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ ༔རིག་པ་རང་གྲོལ་ཞེས་བྱ་བའི༔ རྒྱུད་དེའི་ཚིག་དོན་བདུན་གྱིས་གསལ་
བར་བྱ༔ ངོ་བོ་རང་གཞན་རང་ཤར་ལ་སོགས་པའི་རྒྱུད་ཚིག་གྲོལ་བར་བྱེད༔ ངེས་ཚིག་མ་རིག་སོགས་འཁྲུལ་པའི་རྟོག་པ་དུ་མས་དམ་དུ་བཅིངས་པ༔ གཞན་ལ་མ་ལྟོས་པ་རང་གིས་གྲོལ་བས་རང་གྲོལ་ཞེས༔ དབྱེ་ན་རྣམ་པ་གསུམ་ཡིན་ཏེ༔ སྣང་བ་རང་སར་གྲོལ་ཕྱིར་རིག༔ གཞན་ལ་ལྟོས་པ་མེད་པས་མཐའ་རྣམས་འགགས་ཕྱིར་རང་༔ སྤྱི་སྣང་བ་རང་སེམས་ཀྱི་མཚན་ཉིད་ཐེ་ཚོམ་གཅོད་པས་གྲོལ༔ དཔེར་ན་སྦྲུལ་མདུད་རང་གྲོལ་བཞིན༔ དགོས་པ་རྣམ་པ་གཉིས་ཡིན་ཏེ༔ རྒྱུད་གཞན་རང་ཤར་གྱི་ཐེ་ཚོམ་གཅོད་པས་རང་༔ རྟོག་མེད་རིག་པ་རང་ཤར་གྲོལ༔ ཁོང་དོན་མན་ངག་དུ་ཞེ་ན་རྣམ་གསུམ་སྟེ༔ གཅིག་པུ་གྲོགས་དང་བྲལ་བར་འདུག་པས་རང་གཅིག་པུར་འདུག་པས་ཐམས་ཅད་གྲོགས་སུ་ཤར་ཏེ་རིག་པ་ཡང་གཅེར་བུ་ཕྱུངས་པ་ཞེས་བྱའོ་རང༔ ལུག་རྒྱུད་རྟེན་མེད་མཁའ་ལ་ཕྱུང་བས་རིག་པ་ལུས་ལ་མི་བཞག་པར་མཁའ་ལ་ཕྱུངས་ཏེ་དེ་ཉིད་ལ་བལྟས་པས་ཡེ་ཤེས་རྩལ་དང་འོད་དུ་འཆར་ཆོས་ཉིད་ཀྱི་རྩལ་ལུ་གུ་རྒྱུད་སྐུའི་རྩལ་ཐིག་ལེ་འཆར་དེ་ཡང་དང་པོ་ཤེས་ལ་ཐབས་ཀྱི་རིག་པས་རིག༔ སྣང་བ་ཅེར་བཞག་དེ་ཡང་འོད་དང་ཐིག་ལེ་དང་རིག་པ་ཉིད་ལ་བདག་ཏུ་འཆིང་བའི་བློས་མི་གཟུང་བར་རང་སྣང་རང་གྲོལ་དུ་སྣང་བ་ཐམས་ཅད་ཐད་ཀར་གཅོད་པའོ་དབྱིངས་སུ་ཤར་བས་གྲོལ༔ ལེའུ་དགུ་ཡིས་རྒྱུད་གཞུང་དོན་རྣམས་རྫོགས༔ ཨི་ཏི༔ རྒྱ༔ རྫོགས་པ་རང་བྱུང་ཞེས་བྱ་བའི་དོན་བདུན་ཏེ༔ ངོ་བོ་རང་བཞིན་འབྲས་བུ་རང་ལ་གནས་པའི་རྫོགས༔ ངེས་ཚིག་གཞན་ནས་བཅུག་པ་ལྟ་བུ་མིན་རང་ལས་བྱུང་ཕྱིར་བསྐུར༔ དབྱེ་བ་རྣམ་པ་གསུམ་ཡིན་ཏེ༔ མ་བསྐུར་གཞི་ལ་གནས་བློ་རབ་ལ་བསྐུར་རྒྱུ་མེད་པར་བསྟན་པས་རྫོགས༔ གཞན་མིན་དེ་ཡེ་ནས་རང་ལ་ཡོད་པའི་གནད་ཀས་
ཉིད་ལས་བྱུང་བས་རང་༔ ཕྱི་རྫས་ལ་བརྟེན་ནས་དམན་པ་རྣམས་གྲོལ་བར་བྱེད་པས་རྫས་བཅས་བསྐུར་དུ་ཡོད་ཕྱིར་བྱུང་༔ བྱིན་རླབས་རྒྱུན་མི་ཆད་པས་དཔེར་ན་ཆུ་བོའི་རྒྱུན་ལྟ་བུ༔ དགོས་པ་རྣམ་པ་གཉིས་ཡིན་ཏེ༔ དབང་པོ་དམན་པ་རྣམས་ལ་རྫས་ཀྱིས་མཚོན་པ་རྫས་ཀྱིས་བརྡ་དོན་རྟོགས༔ རིག་པ་རྩལ་གྱིས་བློ་རབ་ལ་རིག་པའི་རང་ངོ་སྤྲད་པས་རང་བྱུང་རྙེད༔ ཁོང་དོན་མན་ངག་གསུམ་ཡིན་ཏེ༔ ཕྱི་ནང་དབང་རྫས་དང་དཀྱིལ་འཁོར་ལ་བརྟེན་པ་ནི་རྣམ་གཉིས་ཀྱིས༔ དབང་པོ་རྟུལ་པོ་སྔགས་ཀྱི་སྐལ་པ་དང་མི་ལྡན་པ་རྣམས་འཇུག་པའི་དགོས་པ་ཡོད་གཞུག་པར་བྱ༔ རིག་མ་ལ་བརྟེན་པ་གསང་བ་ཤེས་རབ་ཡེ་ཤེས་ཀྱིས༔ སྙོམས་འཇུག་གི་བདེ་བ་ལ་བརྟེན་ནས་རིག་པའི་བདེ་བ་ལ་ལྟ་རུ་གཞུག་པ་ཆགས་པ་ཅན་རྣམས་ལམ་དུ་དྲང་༔ རང་རིག་ཚིག་དབང་ཞེས་བྱ་སྟེ་གདམས་པ་དངོས་ཀྱིས་ཡོངས་རྫོགས་དབང་ཆེན་གྱིས༔ སྐལ་ལྡན་ལ་ལུས་ཡུལ་རིག་པའི་གནད་ཀྱི་མན་ངག་བསྟན༔ དེ་ཉིད་རྣམ་པ་གསུམ་ཡིན་ཏེ༔ ལུས་ནི་ལུས་དྭངས་སྙིགས་འབྱེད་པར་བྱེད་པས་ན་སྐུ་གསུམ་གྱི་གནད་ཡིན་ཏེདང་པོ་མའི་མངལ་དུ་མ་ཚུད་པའི་དུས་ཆོས་སྐུར་གནས་དེ་ནས་མེར་མེར་པོ་སོགས་ན་ཟླ་བཅུའི་བར་ལ་ལོངས་སྐུ་སྟེ་ཤེས་པ་ནང་གསལ་བཙས་ནས་སྤྲུལ་སྐུ་དྲག་པོའི་གཟུགས་བྱེད་པའོ་དལ་བྱེད་སྐུ་གསུམ་རྫོགས༔ རྩ་ནི་འགུལ་བྱེད་གཡས་ན་ཐབས་ཀྱི་རྩ་སྟེ་ཡེ་ཤེས་སྐྱེ་བའི་རྒྱུ་གཡོན་ན་ཤེས་རབ་ཀྱི་རྩ་སྟེ་རྟོགས་པ་འཆར་བྱང་སེམས་རང་༔ མིག་ནི་ལྟ་བྱེད་སྒྲོན་མ་གཡས་ན་ཡེ་ཤེས་ཀྱི་རླུང་གི་ཆ་གསེར་གྱི་རླངས་པ་ཙམ་ལས་འོག་དང་ཐིག་ལེ་སྟོང་པ་གཡོན་ཤེས་པའི་རྩ་རྟ་རྔ་བཅུར་གཤགས་ཙམ་གྱི་ཆ་ལས་ཤེས་རབ་རང་བྱུང་གི་སྒྲོན་མ་དང་རྒྱང་ཞགས་ཆུའི་སྒྲོན་མ་གཉིས་དབུས་རླུང་གི་ཟེར་ཏིལ་འབྲུའི་བདུན་ཆ་ཙམ་ལས་ཚངས་པའི་བུ་གར་རིག་
པ་རྟོག་པ་མེད་པའི་མདངས་རྒྱུའོ་རླུང་གི་ཆ་ལ་རྣ་བ་གཉིས་ནས་རྒྱུ་སྟེ་རྟགས་སུ་མནན་པས་སྒྲ་འོང་ངོ་བྱུང་༔ ལུང་ཆེན་བརྒྱད་ཀྱིས་གཞུང་དོན་རྫོགས༔ ཨ་ཏི༔ རྒྱ༔ ཀུན་ཏུ་བཟང་པོ་ཀློང་དྲུག་གི༔ རྒྱུད་ཀྱི་ཚིག་དོན་བཤད་པར་བྱ༔ ངོ་བོ་ཆོས་ཉིད་རང་གི་རིག་པ་གཅིག་པུར་སྡུད༔ ངེས་ཚིག་རྣམ་པ་གཉིས་ཡིན་ཏེ༔ ཟད་ཅིང་བྲི་བ་མེད་ཕྱིར་ཆོས་དབྱིངས་རྒྱ་ཆེ་བ་ལ་མཐའ་ཡས་པས་ཀློང་༔ འགྲོ་དྲུག་གནས་སུ་དག་ཕྱིར་དྲུག༔ དབྱེ་བ་དག་ནི་བཞི་ཡིན་ཏེ༔ རྣམ་དག་ཤེས་རབ་ཀྱིས་དབྱིངས་སུ་སྐྱེལ་བས་ཀློང་༔ རིགས་དྲུག་གི་སྐྱེ་གནས་དག་པར་བྱེད་པས་གཏན་ནས་སྤྲུག་ཕྱིར་དྲུག༔ ཡུལ་རྐྱེན་རང་སར་གྲོལ་བས་ཀློང་༔ རྣམ་དག་དུ་མ་འཁྲུལ་བ་གློ་བུར་གྱི་ཆོས་དག་ཕྱིར་དྲུག༔ དཔེར་ན་ཁྱུང་ཆེན་ཐད་ཀར་གཅད་དེ་འགྲོ་བ་བཞིན་མཁའ་ལྡིང་འདྲ༔ དགོས་པ་རྣམ་པ་གཉིས་ཡིན་ཏེ༔ འཁོར་བའི་རྦ་ཀློང་ཉོན་མོངས་པ་སྐེམས་པས་ཀློང་༔ འཁྲུལ་པའི་རྒྱུད་པ་རྩད་གཅོད་དྲུག༔ ཁོང་དོན་མན་ངག་རྣམ་གཉིས་ཏེ༔ རིགས་དྲུག་གི་སྐྱེ་གནས་རང་དག་ལ་གཏོང་པའི་ཐབས་འབྲོས་ཁུངས་གཅོད་པས་དྲུག༔ རང་སྣང་ཉམས་སུ་ལེན་པས་དབྱིངས་རིག་འདུ་འབྲལ་མེད་པ་ལྷུག་པར་འདུག་པས་ཀློང་༔ དེ་ཡི་མན་ངག་རྣམ་གསུམ་སྟེ༔ འགྲོ་དྲུག་འབྲོས་ཁུངས་སྐྱེ་བ་བཞི་བཅད་པས་ཡུལ་གཟུགས་སོགས་དྲུག་རྣམ་པར་དག༔ རང་སྣང་ལྷུག་པར་ཤར་བས་འབྱུང་བ་ས་ཆུ་མེ་རླུང་བཞིའི་རྐྱེན་དང་བྲལ༔ ལུས་ཀྱི་གནད་གསུམ་སྙིང་རྩ་མིག་གི་དེ་ཉིད་གཟིར་བས་འཁྲུལ་པ་དག་པར་བྱེད་ཕྱགས་མས་བཏབ༔ རིག་པའི་འབྲོས་ཁུངས་མ་རྟོག་པའི་ཡུལ་ཡུལ་ཅན་གཏིབས་པས་འཁོར་བའི་རྡོས་ཐག་བཅད༔ གནད་གསུམ་མིག་
གཅིག་ཏུ་དྲིལ་བས་གཏད་སའི་འབེན་རྡོ་རྗེ་ལུ་གུ་རྒྱུད་དང་ཕྲད༔ སྐབས་ནི་རྣམ་པ་དྲུག་དག་གིས༔ གཞུང་གི་ཚད་རྣམས་རྫོགས་པའོ༔ ཨི་ཏི༔ རྒྱ༔ སྐུ་གདུང་འབར་བཞེས་བྱ་བའི་དོན་ལ་བདུན༔ ངོ་བོ་མི་འགྱུར་ཡེ་ཤེས་སོ་སྟོང་པ་རྒྱ་ཡན་གྱི་ལྟ་བ༔ ངེས་ཚིག་སངས་རྒྱས་ཐམས་ཅད་ཀྱི༔ བརྒྱུད་པ་རང་ལ་ཡོད་ཚུལ་གཏན་ལ་འབེབས་པའི་ཕྱིར༔ སྐུ་གདུང་འབར་བ་ཞེས་བྱ་སྟེ་རང་གི་རྟགས་བཞི་ཡིན་བྱ་བའོ༔ དབྱེ་བ་རྣམ་པ་གསུམ་ཡིན་ཏེ༔ སྐུ་གསུམ་གཏན་ལ་འབེབས་པས་སྐུ༔ ལྟ་བ་རང་བྱུང་ཡེ་དག་ཆེན་པོའི་དགོངས་པ་འགྱུར་མེད་གདུང་༔ སྒྲོན་མེས་རང་གི་ལུས་རྣམས་ཁྱབ་པས་འབར༔ དཔེར་ན་རིགས་བཙུན་ལ་སྤྱོད་པ་ཆེན་པོ་རྒྱལ་པོ་ལྟ་བུའོ༔ དགོས་པ་རིག་པའི་ཉམས་སུ་བླངས་རྟགས་རྣམས་སྟོན༔ ཁོང་དོན་མན་ངག་རྣམ་གསུམ་སྟེ༔ གནད་གསུམ་གྱིས་ཉམས་སུ་བླངས་པའི་སྟོབས་ཀྱིས་གོམས་ཚད་རྒྱུད་ཉིད་སྨིན་པས་སྐུ༔ དག་པའི་མཁའ་ལ་ནམ་མཁའ་དང་རིག་པ་མིག་གསུམ་མི་འབྲལ་བས་གཟེར་ཆེན་ཐེབས་པས་གདུང་༔ ཉམས་བླངས་རང་ཉམས་གོང་ནས་གོང་དུ་འཕེལ་བ་གོམས་པའི་རྟགས་དང་ལྡན་པས་འབར༔ གནད་གསུམ་མན་ངག་ཉམས་སུ་བླངས་པས་གོམས་ཚད་ལ་ནི༔ ལུས་ནི་སྐུ་གསུམ་རང་ལུས་པས༔ འབྲས་བུ་ཕྱིར་མི་ལྡོག་པར་བསྟན༔ བག་རྡུལ་དེངས་པའི་ནམ་མཁའ་ལ་གཞན་ནས་མ་བཙལ་བར་སངས་རྒྱ་བའི་དགོས་པ་ཡོད༔ རྟེན་དང་བྲལ་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་བསྒོམས་པའི་ཚེ་ཚིག་རྣམས་ལའང་སྐུ་དང་ཐིག་ལེའོ་གཏད༔ ཉམས་བླངས་གོམས་པའི་རྟགས་ནི་རྣམ་གསུམ་སྟེ༔ ཕྱི་ལུས་དང་ནངངག་དང་གསང་བ་སེམས་ཀྱི་
རྟགས་ཡིན་ནོ༔ ལུས་ཀྱི་རྟགས་ནི་རྣམ་པ་གཉིས་ཡིན་ཏེ༔ སྔོན་དུ་ཕུང་པོ་ཡོད་ཀྱི་བར་རྟགས་དང་ཕྱིས་ཀྱི་ཕུང་པོ་བོར་བའི་རྟགས་ཡིན་ནོ༔ སྔོན་དུ་རིག་པའི་གནད་གཟིར་གོམས་པ་ཡིས༔ འདི་དག་རྣམས་ནི་འདོད་པ་མེད་ཀྱང་འབྱུང་༔ ཆོས་ཉིད་སྣུམ་དང་ལྡན་པས་ལུས་ལ་སྣུམ་ཤ་ཆགས༔ སྐྱེ་མེད་རྩ་བ་མཐོང་བས་ལུས་ཀྱི་འབུ་སྲིན་དེངས༔ ཡེ་ཤེས་རླུང་ཚད་ཟིན་པས་གཟུགས་མེད་རླུང་ལྟར་མགྱོགས༔ རྡོས་བཅས་འཁྲུལ་པ་ཞིག་པས་ཕྱི་ནང་གི་འཁྲུལ་པ་རང་སར་དེངས་པས་ཤིང་བལ་འདབ་ལྟར་ཡང་༔ རང་ལུས་སྐུ་རུ་གྲོལ་བས་ཤ་ཁྲག་མི་སྣང་བས་མཁའ་ལ་བྱ་ལྟར་འགྲོ༔ སྔོན་དུ་འདི་དག་འདོད་པ་མེད་ཀྱང་འབྱུང་༔ ཕྱིས་ཀྱི་རྟགས་ནི་རིགས་ཀྱི་བུ་དེ་མྱ་ངན་འདའ་བའི་ཚེ༔ དབྱིངས་ཉིད་སྨིན་པའི་རྟགས་སུ་ཕུང་པོ་ལ་འཇའ་ཟུག་པ་སོགས་འོད་རྣམས་འབྱུང་༔ ཐིག་ལེ་སྨིན་པའི་རྟགས་སུ་རིགས་ལྔའི་གདུང་ཡང་སྟེ༔ སྐུ་གསུམ་ས་ལ་གོམས་པས་ལྷའི་གཟུགས་སྐུ་ཡང་འབྱུང་༔ དེ་ལྟར་རྟགས་ནི་མི་འདོད་བཞིན་དུ་གང་ཟག་འདྲེན་པའི་དོན་དུ་འབྱུང་༔ ངག་གི་སྣང་རྟགས་རྣམ་པ་འདི་དོན་ཉིད་ཡིན་ནོ༔ ཆོས་ཉིད་མ་དང་གོམས་པས་ཅི་སྨྲས་གཞན་ལ་ཕན་གཞན་ལ་ནུས་པ་འཇུག་ཅིང་བྱིན་རླབས་སྐྱེ༔ འཇིག་རྟེན་སྣང་བ་ནུབ་པས་འཁྲུལ་པའི་ཚིག་མི་འབྱུང་རྒྱ་ལ་བྱུང་ཡང་གཞན་དོན་དུ་འགྱུར༔ སྤྲོས་བྲལ་ཆོས་ཉིད་རྟོགས་པས་ལྐུགས་པ་ལྟ་བུར་འགྱུར༔ འདི་དག་རྣམས་ནི་རང་བཞིན་བབས་ཀྱིས་འབྱུང་༔ སེམས་ཀྱི་གསང་བ་ལས་སུ་འདི་ལྟ་བུ་ཡང་འབྱུང༔ ཐིག་ཆེན་དོན་དང་ཕྲད་པས་འགྲོ་ལ་རང་བཞིན་གྱི་སྙིང་རྗེ་སྐྱེ༔
འཁྲུལ་སྣང་ཞེན་པ་འགགས་པས་གང་བསམས་ཡུལ་དེར་ཕྱིན༔ ཤེས་བྱ་རྒྱུད་ལ་ཤར་བས་ཕ་རོལ་གྱི་སེམས་ཤེས་པ་སོགས་མངོན་ཤེས་དྲུག་ཀྱང་འཆར༔ སྣང་སྲིད་སྟོང་པར་ཤེས་པས་དངོས་པོའི་མཐའ་ཟད་པས་ཤེས་པ་གར་གཏད་སར་མེར་གྱིས་འཇུག་ནུས་གང་གཏད་ལྷན་གྱིས་འཇུ༔ སེམས་ཉིད་མཁའ་ལ་ཕྱུངས་པས་ཆུ་ལ་ཉ་ལྟར་བྱིང་བ་མེད༔ ཅིར་སྣང་ཆོས་སྐུར་གྲོལ་བས་རི་ལ་ཐོགས་མེད་དུ་ཟང་ཐལ་ལོ༔ ལེའུ་གསུམ་གྱིས་གཞུང་ཚད་རྫོགས༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ རིན་ཆེན་སྤུངས་པ་ཞེས་བྱ་བའི་རྒྱུད་ལ་བདུན་ཏེ༔ ངོ་བོ་རིག་པའི་ཡོན་ཏན་སྐྱེད་པར་བྱེད༔ ངེས་ཚིག་རྣམས་པ་གཉིས་ཡིན་ཏེ༔ དབྱིངས་རིག་ཡོན་ཏན་རྫོགས་པས་རིན་པོ་ཆེ༔ ངོ་བོ་ལ་མི་ཟད་ཡེ་ཤེས་རབ་རྫོགས་སྤུངས་༔ དབྱེ་བ་རྣམ་པ་གསུམ་ཡིན་ཏེ༔ གཞི་ནས་དངོས་པོ་རང་གི་ཡོན་ཏན་དུ་བྱུང་བ་འཁྲུལ་པ་དག་པས་རིན་པོ་ཆེ༔ ཟག་མེད་ཡེ་ཤེས་ཆེན་པོའི་དབྱིངས་རིག་གཉིས་མེད་དོན་སྤུངས་པ༔ འགྱུར་མེད་ལྟ་བ་མ་འགག་པ་རྒྱུན་དུ་གནས་པས་རྒྱུད་དུ་བསྟན༔ དཔེར་ན་ཕྱུག་པོའི་བང་མཛོད་སྒོ་ཕྱེས་བཞིན་ནོར་རྫས་ཅི་འདོད་འབྱུང་བ་དང་འདྲ༔ དགོས་པ་ཡོན་ཏན་ཨ་ནུ་དབྱིངས་དང་རིག་པ་ལྟར་སྣང་བ་དང་སྟོང་ཆ་ལ་བཞག་པ་མ་ཡིན་ཚད་རྣམས་འཛིན༔ ཁོང་དོན་མན་ངག་རྣམ་གཉིས་ཏེ༔ ཡོན་ཏན་དུ་མ་རྫོགས་པའི་རིག་གནད་གཟིར་ཞིང་ཉམས་སུ་བླང་བ་དང་༔ རྒྱ་ཆེ་འཁྲུལ་སྣང་འགགས་ཏེ་རིག་པའི་སྣང་བ་ཟད་པ་མེད་པའི་དབྱིངས་རིག་སྤུངས༔ རིག་པ་ཉིད་ཀྱི་ཆོ་འཕྲུལ་སྣ་ཚོགས་སུ་སྣང་ཞིང་འཆར་བ་རིན་པོ་ཆེ༔ འཁྲུལ་པ་ཉིད་ཀྱང་དེ་ཡི་རྩལ་དུ་སྣང་༔ སངས་རྒྱས་ཉིད་ཀྱི་མཛད་པ་དུ་མ་ཡང་༔ རིག་པའི་རྩལ་ཏེ་དེ་ཉིད་རང་གི་ངང་༔ རིག་པའི་གནས་དེ་སྙིང་ཡིན་པས༔ ཆོས་ཀྱི་སྐུ་ཡང་སྙིང་
ཁར་རིག་པ་རྟོག་མེད་དུ་ཡོད་གནས༔ རིག་པའི་ལམ་ནི་རྩ་ཡིན་པས༔ ཐིག་ལེ་ཉག་ཅིག་རྩ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་ལ་བྲེང་ཆགས་པ་ནས་འགྱུ༔ རིག་པའི་སྒོ་ནི་སྐྱོན་མེད་མིག་ཡིན་པས༔ ལྟ་བ་རིག་པ་ཉིད་མིག་གིས་མཐོང་བའི་ལྟ་བ་ཟེར་ཁྱབ་ཆེ་མིག་ནས་འཆར༔ རིག་པའི་ཡུལ་ནི་ནམ་མཁའ་སྤྲིན་མེད་ཡིན་པས༔ གཟུང་དཀའ་ཁྱབ་གདལ་རིག་པ་ནམ་མཁར་ཟིན༔ རིག་པའི་ལྟོས་འདི་ལ་སྣང་བས་ནི་འཁོར་བ་སྟེ༔ ཉག་གཅིག་གཟུང་དཀའ་ཆ་ཕྲ་ཀུན་ཏུ་ཁྱབ༔ རིག་པའི་དགྲ་གྲོགས་ཟེར་བའང་ནི་མྱང་འདས་ཏེ༔ གནད་གཟིར་རིག་ངོ་སྟོང་གསལ་མཐོང་༔ རིག་པའི་གོལ་ས་སྐུ་གསུམ་སྟེ༔ འབྲས་བུ་ལ་ཞེ་འདོད་ཀྱིས་མཐར་ནི་ལྷུང་བར་འགྱུར༔ རིག་པའི་སྒྲིབ་པ་བློས་བྱས་ཀྱིས་ལྟ་སྒོམ་མེད་པ་ལ་བདག་ཏུ་འཛིན་པ་རྣམས་སྟེ༔ བྱས་པ་རྣམས་ནི་འཇིག་པའི་རྒྱུ༔ རིག་པའི་རང་སྣང་དུ་མ་ཤེས་ན་འཁྲུལ་པ་འོད་ཡིན་ཏེ༔ གཞན་འབྱུང་གཉིས་འཛིན་གྱིས་འཁོར་བར་འཁྲུལ་པའི་རྩ་བ་ཅན༔ དབྱིངས་ཀྱི་གནས་ནི་ཙིཏྟ་ཚོན་སྣ་ལྔའི་དྲུ་བུ་བསྡོགས་པ་ལྟར་སྟེ༔ ནམ་མཁའི་ཁམས་ནི་ཟབ་ཅིང་རྒྱལ་ཆེ་བའི་ཡེ་ཤེས་སྙིང་ན་གནས༔ དབྱིངས་ཀྱི་ལམ་འགུལ་བ་དང་བཅས་པ་ནི་རླུང་ཡིན་པས༔ ཤེས་པའི་དངས་མ་ནམ་མཁར་འོད་དུ་གསལ༔ དབྱིངས་ཀྱི་སྒོ་ནི་མཛོད་སྤུ་ནས༔ དང་པོ་མཐིང་ཁ་གོམས་པས་ལྔ་ལྡན་ཁྱབ་ཆེན་ཤེས་པའི་གྲོགས༔ དབྱིངས་ཀྱི་ཡུལ་ནི་མིག་ཡིན་པས༔ མཐོང་བྱེད་མིག་ཟུར་ལ་མནན་པས་རྒྱུན་དུ་གནས༔ དབྱིངས་ཀྱི་ཟད་ས་འབྱུང་རྐྱེན་ནམ་མཁའ་སྟེ༔ རིས་མེད་ཡུལ་ལ་འོད་སྐུ་ཐིག་ལེ་སོགས་ཁྱབ་པར་གདལ༔ དབྱིངས་ཀྱི་འབྲས་བུ་ལུས་ཡིན་པས་འདི་ཉིད་དུ་རྟོག་པ་མེད་པས༔ མཐོང་བྱེད་འཁྲུལ་སྣང་ཕྱིས་རེ་བ་མེད་པར་
འདི་ལ་གཅོད༔ དབྱིངས་ཀྱི་གོལ་ས་འོད་ཡིན་པས་རང་སྣང་དུ་མ་ཤེས་ན༔ གསེར་སྒྲོགས་ཐག་སྒྲོག་འཆིང་བར་མཉམ༔ དབྱིངས་ཀྱི་གྲོགས་ནི་འབྱུང་ལྔ་རྐྱེན་འོད་དུ་གྲོལ་བས༔ འབྱུང་ལྔ་ཟད་པས་འཁྲུལ་པའི་ཞེན་ཡུལ་འགགས༔ དེ་ཕྱིར་ཡོན་ཏན་ཐམས་ཅད་ནི༔ དབྱིངས་ཡུལ་དང་རིགཔར་ཡུལ་ཅན་ལ་སྤུངས་པས་སྤུངས༔ ལེའུ་ལྔ་ཡིས་གཞུང་ཚད་རྫོགས༔ ཨ་ཏི༔ རྒྱ་རྒྱ་རྒྱ༔ ནག་མོ་ཁྲོས་མ་ཞེས་བྱ་བས༔ ངོ་བོ་འདི་བསྟན་པ་བསྲུང་བའི་དོན་དུ་འགལ་བྱེད་ཆམ་ལ་འབེབས༔ ངེས་ཚིག་རྣམ་པ་གཉིས་ཡིན་ཏེ༔ མི་འགྱུར་ཡེ་ཤེས་ནག་མོ་ལ༔ དུག་གི་རྩད་གཅོད་ཁྲོས་མ་ཡིན༔ དབྱེ་བ་རྣམ་པ་ལྔ་ཡིན་ཏེ༔ གཏི་མུག་ཁྲོས་པའི་རྒྱལ་མོས་ཤལ་དབབ་པས་ཨེ་ཀར་གཅིག༔ ང་རྒྱལ་ཁྲོས་པའི་རྒྱལ་མོས་སྲོག་ལ་དབབ་པས་ཙ་ཏིར་བྱུང་༔ འདོད་ཆགས་ཁྲོས་པའི་རྒྱལ་མོས་ཁྲག་ལ་དབབ་པས་བདག་གཞན་དཔལ༔ ཕྲག་དོག་ཁྲོས་པའི་རྒྱལ་མོས་དབུགས་ལ་དབབ་པས་མི་འགྱུར་ནག༔ ཞེ་སྡང་ཁྲོས་པའི་རྒྱལ་མོས་རུས་ལ་དབབ་པས་འབྱུང་ཁུངས་མོ༔ དཔེར་ན་གཅོད་བྱེད་སྤུ་གྲི་ལྟ་བུ་འོ༔ དགོས་པ་སངས་རྒྱས་ཀྱི་བསྟན་པ་དམ་པ་བསྲུང་༔ ཁོང་དོན་མན་ངག་རྣམ་པ་གསུམ༔ ཁྲོས་པའི་དུས་ཚོད་མན་ངག་དང་ཟླ་བས་འབྱེད༔ བསམ་པ་གནག་པའི་མན་ངག་བསམ་ལེ་མས་འགྲུབ་དང་༔ མོ་སྟེ་སྒོང་ཐུན་དུག་ཐུན་མདའ་ཐུན་དྲུག་མན་ངག་གོ༔ དུས་ཚོད་དཔྱིད་ཟླ་སོགས་ར་བཞི་བརྒྱད་དང་དྲུག༔ བཅུ་བཞི་བཅུ་དགུ་གོ་རིམ་བཞིན་ཐུན་དང་སྦྱོར་ཀ་བྱ༔ དཔྱིད་ཟླ་འབྲིང་པོ་བཞིའི་མར་ངོ་ཉི་ཤུ་གཉིས་དང་ལྔ༔ བདུན་དང་གནམ་སྟོང་གོ་རིམ་བཞིན༔ དཔྱིད་ཟླ་སོགས་ཐ་ཆུང་བཞི་དང་བརྒྱད་དང་དགུ༔ བཅུ་གཅིག་བཅས་ཏེ་གོ་རིམ་བཞིན༔
བསམ་པ་རྫས་ཐོད་པ་དང་ཁྲག་སྔགས་བཛྲ་ཏིང་ཏིང་ཉལ་ལུགས་སོ་ཁ་བྱང་དུ་ལྟ་བ༔ ཐུན་དྲུག་རེ་རེ་ཡ་ཕྲལ་གཅིག་ཏུ་དྲིལ་བ་དང་༔ དེའི་ནང་ནས་སྙིང་ཐུན་གཙོ་སྟེ་བསད་སྔགས་མ་མ་ཙ་ཚ་བཅུ༔ མ་མ་ཁྲོམ་བྷྱོ་སོགས་ཁྲོམ་བཅུ་བཏབ་སྟེ་བྷྱོ་ཡིས་འགྲུབ༔ ལེ་འུ་བརྒྱད་དང་བཅུ་གཅིག་གིས༔ གཞུང་གི་ཚད་རྣམས་རྫོགས་པ་འོ༔ དེ་ལྟར་སྤྲོས་ལ་དགའ་བ་ལ་ཏེ་རྒྱུད་ཀྱི་དོན༔ རྣམ་པ་བདུན་དུ་རབ་ཕྱེ་ནས༔ བསྟན་པ་འཛིན་སྐྱོང་བསྲུང་བ་ཡི༔ དོན་དུ་དེ་ཉིད་བསྟན་པ་འོ༔ མཆོག་ཏུ་ཉམས་ལེན་གནད་གསུམ་དུ༔ བསྡུས་ཏེ་དྲིལ་ནས་གང་ཟག་ནི༔ གཅིག་གི་ཆ་རྐྱེན་དག་དུ་བསྟན༔ རྒྱུད་རྣམས་ཀུན་གྱི་སྙིང་དང་འདྲ་སྟེ་ཕྱུངས་པས༔ སྙིང་ཁྲག་མན་ངག་དབྱིངས་དང་རིག་པ་བྱུང་༔ གནད་གསུམ་ལྡན་པའི་མཆུས་གཞིབས་ནས༔ སྔར་མ་མྱོང་བའི་ཉམས་མྱོང་རོ་རྙེད་སྟེ༔ རོ་མྱོང་སྙིང་ལ་མདའ་ཕོག་བཞིན༔ ཕྱི་ཕྱིར་ལྡོག་པ་མ་ཡིན་ནོ༔ གསངབ་བླ་ན་མེད་པ་འདི་དོན་མན་ངག་མི་ཤེས་པར༔ ཕྱི་ནང་གསང་བར་གདིང་འཆའ་བ༔ དབུལ་པོའི་ནང་ན་མེད་པ་ཡོད་ཡོད་ལྟར་བྱས་པ་མཛོད་བུ་སྒོ་བཅད་འདྲ༔ དེ་ཕྱིར་འདི་ནི་སྙིང་ལ་ཕུར༔ རྒྱུད་ཀུན་སྙིང་ནི་འདིར་ཕྱུངས་པས༔ རྒྱུད་ཚིག་རྣམས་ཀྱིས་ཅི་ཞིག་བྱ༔ འདི་ཉིད་ཉམས་སུ་ལེན་པར་གྱིས༔ ཨ་ཏི༔ རྒྱུད་ཐམས་ཅད་ཀྱི་ཁོང་སྙིང་ཕྱུངས་པ་དཀར་པོ་དུང་གིས་བྲིས་པའི་དུང་རིས་མ་ཞེས་ཀྱང་བྱ༔ སྒྲོན་མ་སྣང་བྱེད་ཅེས་བྱ་བ་དུར་ཁྲོད་བྷ་སིང་དུ༔ ཡེ་ཤེས་མདོས་ལུང་བསྟན་ཏེ་མཁས་པ་བི་མ་ལས་རྡོ་རྗེའི་མཁའ་འགྲོ་མ་རྣམས་ཀྱི་དོན་དུ་མཛད་པའོ༔ ལོང་བའི་སྣ་ཁྲིད་དང་འདྲ་བ་རྫོགས་སོ༔ གཏེར་ནས་གཏེར་དུ་བཙས་པ་འདི་སྔགས་ཀྱི་སྲུང་མས་སྲུངས་ཤིག །འདི་ནི་འཛམ་བུ་གླིང་གཞན་ན་མེད་པར་ཡིད་ཆེས་སོ༔ ལས་ཅན་ཅིག་དང་ཕྲད་པར་ཤོག༔ ཨ་ཏི༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ཤུ་བྷཾ༔ ༔
དུང་ཡིག་ཅན་གྱི་རྒྱབ་ཡིག་སྟེ་གནད་ཀྱི་ཡི་གེ།
༼དུང་ཡིག་ཅན། ༽དུང་ཡིག་ཅན་གྱི་རྒྱབ་ཡིག་སྟེ་གནད་ཀྱི་ཡི་གེ་བཞུགས༔ རྒྱུད་ཀྱི་གནད་ཡིག་གསང་བ་ཟེར།
རྒྱ་གར་སྐད་དུ༔ ཨ་ཁྱ་ར་ཏན་ཏྲ་ནན་གུ་ཧྱ་ནཱ་མ༔ བོད་སྐད་དུ༔ རྒྱུད་ཀྱི་གནད་ཚིག་གསང་བ་ཞེས་བྱ་བ༔ བཅོམ་ལྡན་གབ་པ་རྣམས་མངོན་དུ་སྟོན་པ་ལ་ཕྱག་འཚལ་ལོ༔ གང་དག་རྒྱུད་ཀྱི་གསང་བའི་ཚིག་རྣམས་ཀྱི༔ དེ་ཡི་དོན་ལ་ཐེ་ཚོམ་གཅད་པའི་ཕྱིར༔ གསང་བ་དུང་གི་ཡི་གེ་ཅན་ལ་ཡང་༔ ཏིག་ལ་འབེབས་པའི་སྙིང་ཏིག་སྒྲོན་མ་འདི༔ མུན་པ་རྣམས་ལ་སྣང་བའི་འོད་བཞིན་དུ༔ རྩ་ཏིག་སྙིང་གི་དཀྱིལ་དུ་ཕབ་ནས་ནི༔ གསང་བའི་ཡང་གསང་ཐུགས་ཀྱི་བཅུད་རྣམས་ནི༔ བླ་མའི་མན་ངག་རིམ་ནས་རིམ་བརྒྱུད་པའི༔ ཐུགས་ཀྱི་བཅུད་རྣམས་བདག་གིས་འདིར་བཀོད་ལ༔ སྙིང་པོའི་ཡང་སྙིང་གསལ་བར་བྱ་བའི་ཕྱིར༔ བཅུད་རྣམས་བསྡུས་ནས་ཉམས་ལེན་ཕྱོགས་གཅིག་ཏུ༔ བསྡེབས་ཏེ་སྐལ་ལྡན་གཅིག་གི་ཆ་རྐྱེན་དུ༔ བཅུ་བདུན་རྒྱུད་ཀྱི་གསང་དོན་གཅིག་ཏུ་བསྟན༔ དེ་ཡི་ཕྱིར་ན་རྒྱུད་ལུང་ཚིག་རྣམས་ལ༔ འགྲུབ་དང་མི་འགྲུབ་མན་ངག་བཅུད་དུ་ནི༔ གསང་བའི་རྒྱབ་ཡིག་མེད་ན་འགྲུབ་མི་སྲིད༔ དེ་ཡི་ཕྱིར་ན་ཡི་གེ་
འདི་ཉིད་གཅེས༔ འདི་མེད་རྒྱུད་ལ་དགོས་པ་ཅི་ཡང་མེད༔ ཚིག་གིས་ངེས་པའི་སྙིང་པོ་མི་མཐོང་སྟེ༔ མཆུ་འགྱུར་སྒྲ་ཡིས་སྣ་ཚོགས་སྨྲ་བྱེད་ཀྱང་༔ དོན་གྱི་ཕྱོགས་སུ་རྡུལ་རྩམ་ཉེ་བ་མེད༔ དེས་ན་གསང་བའི་སྒྲོན་མ་འདི་མེད་ན༔ མུན་ཁུང་ནང་གི་ཕྱག་རྒྱ་བསྒྱུར་བ་འདྲ༔ འདི་ནི་གསང་བ་དུང་གི་ཡི་གེ་ཅན༔ ཏིག་ལ་འབེབས་པའི་མི་འགྱུར་ཐིག་ཡིན་ནོ༔ འདིར་ཚིག་རྒྱུད་རྣམས་ཀྱི་རྒྱབ་ཡིག་གི་མན་ངག་ནི༔ མདོ་རྒྱུད་ཀྱི་དོན་གསལ་བ་ཞེས་བྱ་སྟེ་གསང་བ་དུང་གི་ཡི་གེ་ཅན་ཡིན་ནོ༔ མན་ངག་དེ་ཡི་རྒྱབ་ཏུ་འདི་མེད་ན་རྣལ་འབྱོར་པ་རྣམས་ཀྱི་དོན་མི་འགྲུབ་སྟེ༔ ཚི་ཆད་པ་དོན་མེད་དོ༔ དེའི་ཕྱིར་ན་འདི་རབ་ཏུ་གསང་བར་བྱའོ༔ ཚིག་གི་རྒྱུད་རྣམས་ལ་རེ་རེ་ལ་བདུན་བདུན་གྱིས་བསྟན་པ་ནི༔ ངོ་བོ་དང་༔ ངེས་ཚིག་དང་༔ དབྱེ་བ་དང་༔ དགོས་པའི་དོན་དང་༔ མཚོན་པའི་དཔེ་དང་༔ ཁོང་བཅུད་ཀྱི་མན་ངག་དང་༔ ལེའུའི་གྲངས་དུ་ཡོད་པ་དང་བདུན་གྱིས་རྒྱུད་དེ་དག་གི་རིམ་པ་བསྟན་པ་ཡིན་ཏེ༔ དེ་ཡང་ངོ་བོས་ནི་
རང་གི་རིག་པའི་མཚོན་ཚུལ་སྟོན་པ་ཡིན་གྱི༔ གཞན་སྟོན་པ་མ་ཡིན་ནོ༔ ངེས་ཚིག་གིས་ནི་རྒྱུད་དེ་མི་འགྱུར་བར་བྱ་བའི་ཚིག་ཡིན་གྱི་ཉམས་སུ་ལེན་པའི་ཐབས་སུ་ནི་མ་ཡིན་ནོ༔ དབྱེ་བས་ནི་ཚིག་གི་རིམ་པ་བཤད་པ་ཡིན་གྱི་རིག་པ་གཏན་ལ་འབེབས་པ་ནི་མ་ཡིན་ནོ༔ དགོས་པའི་དོན་ནི་སེམས་ཅན་གྱི་དབང་པོ་ལས་ཕྱེ་བ་ཡིན་གྱི་གནས་ལུགས་ལ་ནི་མ་ཡིན་ནོ༔ མཚོན་པའི་དཔེ་ནི་རྒྱུད་དེ་ཉིད་རང་ཆེ་བསྟན་པ་ཡིན་གྱི་རིག་པ་ལ་ནི་མ་ཡིན་ནོ༔ ཁོང་དོན་གྱི་མན་ངག་གིས་ནི་རྣལ་འབྱོར་པ་རྣམས་ཀྱི་ཉམས་སུ་བླང་བ་ཡིན་གྱི༔ ཚོགས་སུ་བཤད་པ་ནི་མ་ཡིན་ནོ༔ ལེའུའི་གྲངས་དུ་ཡོད་པས་ནི་གང་ཟག་རྣམས་ཀྱི་རྒྱུད་ལ་བསྣན་ཕྲི་མི་འདོད་པའི་དོན་དུ་བསྟན་པ་ཡིན་གྱི་གཞན་གྱི་དགོས་པ་ནི་ཅི་ཡང་མེད་དོ༔ དེའི་ཕྱིར་ན་བདུན་པོ་དེ་དག་གིས་གང་ཟག་གཅིག་འཚང་རྒྱ་བར་བྱེད་པའི་ཐབས་ལ་ནི་བདུན་ཆར་དགོས་པ་མ་ཡིན་ཏེ༔ ཁོང་བཅུད་ཀྱི་མན་ངག་རྣམས་ཀྱི་འདི་ཉིད་དུ་སངས་རྒྱས་པར་བྱེད་པའི་ཐབས་བསྟན་པ་ཡིན་ནོ༔ འཚང་རྒྱ་བར་བྱེད་པའི་གནད་ཀྱི་ཡི་གེ་རྣམས་བསྡུས་ནས་གཅིག་ཏུ་བསྟན་པ་ནི༔ སྔོན་དུ་རྫོགས་པར་རང་བྱུང་གི་རྒྱུད་ཀྱི་མན་ངག་གི་རྟེན་ཁྱད་པར་ཅན་བསྒྲུབ་པ་སྟེ༔ ཕྱི་ནང་གིས་དབང་གིས་སྤྲོས་པ་དང་བཅས་པའི་བློ་ཅན་གྱི་དོན་ཡིན་ཏེ་འདི་ཡིས་དུས་ན་ལུས་སྐུ་གསུམ་དུ་གཏན་ལ་ཕབ་ནས་ལུས་ཀྱི་གནད་ཏུ་རྩ་གཏིམས་པ་ཡིན་ནོ༔ གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་གང་ཟག་ཆགས་པ་ཅན་གྱི་དོན་ཡིན་ཏེ༔ དེའི་མན་ངག་ཏུ་ཆགས་ཅན་གྱི་པྲ་ཁྲིད་ཀྱི་སྔོན་དུ་འགྲོ་བའི་མན་ངག་བྱས་ནས་གནས་པ་རྩའི་ཐེམས་ཀྱིས་གཏིམས༔ དེ་མ་གཏིམས་ན་རླུང་མི་ཟིན༔ མིི་འགྱུར་བ་ཡི་གེ་ཐེབས་ཀྱིས་རླུང་གཏིམས༔ དེ་མ་གཏིམས་ན་ལས་རླུང་ལོག་ནས་ལུས་ཀྱི་འབྱུང་བ་འཁྲུགས༔ བཀོད་པ་བྱང་ཆུབ་སེམས་ཀྱི་ཐེམས་ཀྱིས་ལུས་གཏིམས༔ དེ་མ་གཏིམས་ན་ཀུན་རྫོབ་ཀྱི་ཐིག་ལེ་ལ་དབང་མི་ཐོབ་བོ༔ དེ་དག་ཡང་གཞན་དོན་ཐབས་ཡིན་གྱི༔
སངས་རྒྱས་པ་ལ་ནི་དགོས་པ་མ་ཡིན་ནོ༔ རང་རིག་ཡོངས་སུ་རྫོགས་པའི་དབང་གི་མན་ངག་གིས་སྤྲོས་བཅས་ཀྱི་དོན་ཁྱད་པར་ཅན་སྒྲུབ་པར་བྱེད་པའོ༔ རྒྱུད་ཀྱི་ནང་ནས་བསྟན་པའི་དབང་དེ་ཀུན་ནི་དྲང་ཞིང་བཀྲི་བའི་དོན་ཡིན་ནོ༔ རྫོགས་པ་རང་བྱུང་གི་རྒྱབ་ཡིག་གསང་བ་སྙིང་པོ་དུང་ཡིག་ཅན་གྱི་སྙིང་ཐིག༔ རྫོགས་སོ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་སྒྲུབ་པར་བྱེད་པ་སྒྲ་ཐལ་འགྱུར་གྱི་རྒྱུད་ཀྱི་རྒྱབ་ཡིག་གསང་བ་ནི༔ འདི་ནི་འཇིག་རྟེན་དོན་མངོན་ཤེས་ལ་སོགས་པའི་རྟགས་ཕྱུངས་ཏེ་གཞན་འཇུག་པར་བྱ་བའི་ཡན་ལག་དུ་བསྟན་པ་ཡིན་ཏེ༔ འདི་ལ་བརྟེན་ནས་འདོད་པའི་ཡོན་ཏན་ལྔ་ལ་ལམ་དུ་བྱེད་པའི་རྣལ་འབྱོར་པ་ཉིད་ཀྱི་ཉམས་ལེན་བསྟན་པ་ཡིན་གྱི༔ ཉམས་སུ་བླང་བ་དངོས་གཞི་མ་ཡིན་ནོ༔ དེ་ཡང་ཉམས་སུ་ལེན་པའི་དངོས་གཞི་དེ་ཉིད་ཀྱི་གྲོགས་སུ་འགྲོ་བའི་མན་ངག་གཞན་ནི་དཔེའོ༔ དེ་རང་གི་འགྲུབ་པ་ཡིན་ནོ༔ འབྱུང་བ་ལྔའི་སྒྲ་དོན་ཉམས་སུ་ལེན་པའི་དུས་ན་གནད་བསྡུས་པའི་ནི་འདི་ལྟར་ཡིན་ཏེ༔ འདི་ཀུན་གྱི་སྔོན་དུ་ནི་ལུས་ངག་གི་གནད་གཏིམས་པ་གལ་ཆེའོ༔ ལུས་ངག་གི་གནད་གཏིམས་པའི་རྗེས་ལ་གང་མོས་པའི་སྤྱོད་ལམ་རྩོམ་པ་ནི་སེམས་རྣལ་དུ་འབེབས་པའི་དགོས་པ་ཡོད་པས་གལ་ཆེ༔ དེ་ལ་ཐོག་མར་མེའི་དབྱིབས་ལ་བརྟག་པ་ནི༔ མཚན་མོའི་དུས་སུ་རི་ཡི་རྩེ་ལ་ཕྱིན་ལ་བརྟག་པ་ཡིན་གྱིས་གམ་ནས་ནི་མཐོང་བ་མ་ཡིན་ནོ༔ ལྷག་མ་ནི་དཔེ་རང་ན་ཞིབ༔ འདི་ནི་གནད་ཡིན་ནོ༔ ཁ་དོག་ལ་བརྟག་པའི་དུས་ན་རྒྱང་གྲགས་ཕྱེད་ཀྱིས་ནི་ལྐོག་གི་ཕྱོགས་ནས་བལྟ་བར་བྱའོ༔ དེ་ན་སྒྲ་དངོས་གཞི་ལ་ཉམས་སུ་ལེན་པའི་དུས་ན་རླུང་གང་ནས་བྱུང་བའི་མིའི་རྒྱབ་ཏུ་འདུག་པ་ཡིན་ཏེ་འདོམ་དོ་ཙམ་ཟེར་ཡང་སྐྱེས་བུས་རྡོ་བ་འཕངས་པས་སླེབ་པའི་ས་ཡིན་ནོ༔ དེའི་ཚེ་རྣ་བར་ཤེས་པ་བཅུག་སྟེ་མ་ཡེངས་པ་གཙོ་ཆེ༔ དེའི་དུས་ན་ཞག་གསུམ་ལོན་ནས་བདེ་སངས་པ་ཅིག་འོང་༔
བཞི་ལ་དགའ་ཡལ་བ་ཅིག་འོང་༔ བདུན་ན་མི་རྣམས་ཀྱི་ཤེས་པ་ལ་ཅི་ཡོད་པ་སྐད་སྟོན་པས་ཤེས་པའོ༔ བཅུ་ལ་དམྱལ་བའི་སྐད་ཤེས༔ བཅུ་གཅིག་ལ་ཡི་དྭགས་རྣམས་ཀྱི་སྐད་ཤེས༔ བཅུ་གཉིས་ལ་བྱོས་སོང་རྣམས་ཀྱི་སྐད་ཤེས། བཅུ་གསུམ་ལ་ལྷ་མ་ཡིན་གྱི་སྐད་ཤེས༔ བཅུ་བཞི་ལྷ་རྣམས་ཀྱི་སྐད་ཤེས་ཏེ་མངོན་པར་ཤེས་པ་རྣམས་དུས་གཅིག་ཏུ་འཆར་རོ༔ དེ་ནི་དབང་པོ་ཡང་རབ་རྣམས་ཀྱིའོ༔ འབྲིང་གིས་དེ་ལྟར་ལན་བདུན་གྱིས་འགྲུབ་པ་ཡིན་ཏེ་འདི་ནི་ལོ་རེ་ལ་ལན་གྲངས་དེ་སྙེད་དུ་བྱའོ༔ ཐ་མས་ནི་བཅོ་ལྔ་བྱས་པས་འགྲུབ་པ་ལ་ཐེ་ཚོམ་མེད་དོ༔ ཨ་ཏི༔ ༔ཆུའི་སྒྲ་ལ་སྤྱོད་ན༔ དུས་ནི་སྟོན་ཆར་ཆད་དུ་ཉེ་བའི་དུས་ནི་གནད་ཡིན་ནོ༔ དེ་ཡང་མཚན་མོ་ཤིན་ཏུ་ཐག་རིང་བ་ནས་ཤེས་པ་རྣ་བར་གཏད་དེ་མ་ཡེངས་པ་རབ་ཏུ་གཅེས་སོ༔ དེའི་ཚེ་བྱིང་ན་ཆུ་བོ་ཡི་རྩར་འདུག་སྟེ་ཤེས་པ་གཏད༔ རྒོད་ན་མགོ་བསྟུམས་ཏེ་དར་གཅིག་འདུག་གོ༔ ཉིན་མོ་ཆུའི་དཀྱིལ་དུ་ཤེས་པ་གཏད་པ་ནི་མན་ངག་གོ༔ དེ་ལྟར་ལུས་ཀྱི་གནད་དང་བསྟུན་ནས་བྱས་ན་ཟླ་བ་གཅིག་ན་མཁའ་འགྲོ་མ་ཡིས་ཆོས་སྨྲ་བའི་སྐད་སྣ་ཚོགས་པ་འོང་༔ གཉིས་ན་རང་ལ་ཆོས་སྣ་ཚོགས་པའི་ཉམས་སྐྱེ༔ གསུམ་ན་ཆོས་ལས་གྲོལ་བའི་ཉམས་ནི་དབང་པོ་རབ་ལ་འོང་༔ འབྲིང་ལ་དགུ༔ ཐ་མ་བཅོ་བརྒྱད་ན་དེ་ལྟར་མི་འོང་མི་སྲིད་དོ༔ འདི་ནི་ཤེས་རབ་སྣ་ཚོགས་པ་སྒྲུབ་པ་ཞེས་བྱ་བའི་མན་ངག་ཡིན་ནོ༔ ཨི་ཏི༔ རླུང་གི་སྒྲ་ལ་སྤྱོད་པ་ནི༔ སྔོན་དུ་འགྲོ་བ་སྤྱིར་འདྲ༔ ལྷག་མ་དཔེ་ན་ཞིབ༔ རླུང་ཕྱོགས་ཀྱི་ཞུར་ཁུང་ལ་རྣ་བ་གཏད་དེ་ཤེས་པ་རྣ་བར་གཞུག་པ་མན་ངག༔ དེ་ཡང་རེས་མགོ་བསྟུམས་ཤིང་ཉལ་བ་ནི་གནད༔ འདིའི་དུས་སུ་ཁ་ཟས་ནི་ཤ་ཆེན་པོ་དང་༔ མར་བཟང་པོ་དང་༔ བུ་རམ་རྙིང་པ་བརྟེན་ནོ༔ འདི་ལྟར་ཉམས་སུ་བླངས་པས་དབང་པོ་རབ་ཀྱིས་ཟླ་བ་གཅིག་ན་ནམ་མཁའ་ལ་རྒྱུ་ནུས༔
འབྲིང་གི་ཟླ་བ་ལྔ་འམ་བཅུ་གཅིག་ན༔ ཐ་མས་ལོ་གསུམ་ན་ནམ་མཁའ་ལ་རྒྱུ་ནུས་ཏེ༔ འདི་ནི་ཕྱིའི་རླུང་སྦྱོང་བའི་མན་ངག་གོ༔ ཨྠྀི༔ ༔སའི་སྒྲ་ལ་སྤྱོད་པ་ནི༔ སྒོ་ང་ཁ་དོག་ཚོན་གྱིས་ཁ་བསྒྱུར་བ་ལ་སོགས་པའི་ལག་པའི་འདུ་བྱེད་བསྒོམ་པ་སྟེ༔ འདི་ལ་རྟག་ཏུ་སྦྱངས་ན་དབང་པོ་རབ་ཟླ་བ་དྲུག་ནས་འབྱུང་བའི་དགྲས་མི་ཚུགས༔ འབྲིང་བཅོ་བརྒྱད་ན༔ ཐ་མ་ན་ལོ་དྲུག་ན་འབྱུང་བ་རྣམས་ཀྱི་དགྲས་མི་ཚུགས་པ་ཡིན་ནོ༔ ཨྠྀི༔ ༔ནམ་མཁའི་སྒྲ་ལ་སྤྱོད་པའི་རྣལ་འབྱོར་ནི༔ ལུས་བརྒྱངས་པས་རླུང་རང་སོ་ན་གནས་པ་ཡིན་ནོ༔ དབུགས་དྲག་པོ་ཕྱིར་བཏོན་ཏེ་མི་འགྱུར་བ་དྲག་པོའི་ཡི་གེ་ཧ་ཧ་ཉིས་བརྩེགས་ངག་ཏུ་གདོན་ནོ༔ ལུས་ཀྱི་ནང་དུ་དབུགས་ཆགས་སུ་མི་གཞུག་པ་ནི་གནད་ཡིན་ནོ༔ མིག་གིས་མཐོང་ཚད་ཀྱི་ནམ་མཁའི་སྟེང་དུ་འཕང་བ་ནི་རླུང་གི་ཚད་འཛིན་པ་ཡིན༔ དེ་ཡང་དབང་པོ་རབ་ཀྱིས་ལོག་གསུམ་ན་མིག་གི་མཐོང་ཚད་ཀྱི་ནམ་མཁའ་ལ་རྒྱུ་བར་ནུས༔ འབྲིང་གིས་དགུ་ན༔ ཐ་མས་བཅོ་བརྒྱད་ན་རྒྱུ་བར་ནུས་པར་ཐེ་ཚོམ་མེད་དོ༔ འདི་ནི་ངེས་པ་ཁོ་ནའོ༔ འདི་ནི་ནང་གི་རིག་པ་ཕྱིའི་དབྱིངས་ལ་བོར་བའི་མན་ངག་གོ༔ ཨྠྀི༔ ༔དེའི་ཡོན་ཏན་ནི་དཔེ་ན་ཞིབ་བོ༔ སྒྲ་ཐལ་འགྱུར་གྱི་རྒྱུད་ཀྱི་རྒྱབ་ཡིག་མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཏིག་གཏན་ལ་འབེབས་པ་རྫོགས་སོ༔ ལས་ཅན་ཅིག་དང་ཕྲད་པར་ཤོག༔ ས་མ་ཡཱ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ༔དེ་ལྟར་སྤྲུལ་པའི་སྐུ་བསྒྲུབས་ནས་གཞན་དོན་རྫོགས་པར་བྱས་ཏེ༔ ད་རིག་པའི་གནས་ཚུལ་གཏན་ལ་དབབ་པའི་ཕྱིར་བཀྲ་ཤིས་མཛེས་ལྡན་གྱི་གནད་ཀྱི་མན་ངག་བསྟན་པ་ནི༔ འདི་ནི་ཤེས་པར་བྱ་བའི་ཆོས་ཡིན་པ་ལས་ཉམས་སུ་བླང་དུ་བཏུབ་པ་ནི་མ་ཡིན་ཏེ༔ དེ་ཉིད་ལ་ཁོང་དོན་མན་ངག་བཞིར་བསྟན་པའི་མ་འཁྲུལ་བའི་ཡེ་ཤེས་ཀྱི་མན་ངག་ནི་ཉམས་སུ་བླང་བར་བསྟན་པ་ཡིན་ནོ༔
དེའི་སྔོན་དུ་ཡི་གེ་མ་རུ་ནས་བྱུང་བའི་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བྱས་ནས་དེ་ལ་རྟགས་བྱུང་བ་དང་༔ རང་གི་རིག་པ་ཉིད་མངོན་དུ་གཏན་མ་ལ་ཕབ་ན༔ སྣང་བའི་དངོས་པོ་འདི་ཟད་པར་བྱེད་པ་ལ་རིག་པ་མངོན་སུམ་གྱི་ཡིན་གྱིས༔ སྟོང་པས་ནི་སྣང་བའི་དངོས་པོ་འདི་ཟད་པར་ནུས་པ་མ་ཡིན་ནོ༔ དེའི་ཕྱིར་ན་དངོས་པོས་དངོས་པོ་ཟད་པར་བྱེད་པ་ཡིན་གྱི༔ སྟོང་པས་ནི་སྟོང་པ་ཟད་པར་ནུས་ལ༔ མངོན་སུམ་གྱིས་མངོན་སུམ་ཟད་པར་ནུས་པས་ན༔ རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རང་གིས་རང་གྲོལ་བར་བསྟན་པ་ཡིན་ནོ༔ དེས་གསང་བ་མཆོག་གིས་མན་ངག་འདི་ཡི་ལུགས་ཀྱི༔ ཚིག་གི་རྣམ་པ་ཐམས་ཅད་ཏུ་སངས་རྒྱ་བར་མི་ནུས་པ་དང་༔ རྫོགས་ཆེན་སྤྱི་ལ་སོགས་ཏེ་ཐེག་པ་རིམ་པ་དགུ་ལ་སོགས་པའི་ཚིག་རྣམས་དང་༔ མུ་སྟེགས་རྟག་ཆད་པ་དང་༔ འཇིག་རྟེན་ཐ་མལ་པའི་ཚིག་ལ་འདི་གསུམ་ཁྱད་པར་རྡུལ་ཙམ་ཡང་མེད་པ་ནི་ཚིག་ཏུ་མཉམ་པ་དང་༔ དོན་ནི་ཡིད་དཔྱོད་ཡིན་པར་མཉམ་པའི་ཕྱིར་རོ༔ དེ་ལྟར་ཚིག་ལ་སངས་རྒྱས་མེད་པར་ཡིད་ཆེས་ནས་དོན་གྱི་རིག་པ་མངོན་སུམ་དུ་བསྟན་པར་བྱ་བ་ནི༔ དེ་ལྟར་ལུས་ངག་གི་ཞེན་པ་རང་ལོག་པའི་རྣལ་འབྱོར་པས་ཡུལ་ནམ་མཁའ་སྟོང་པ་འཁྲུལ་པ་མེད་པ་ནི་སྤྲིན་དང་བྲལ་བ་ལ་བྱ༔ རིག་པ་འཁྲུལ་པ་མེད་པ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ནམ་མཁའ་ལ་གཏད་པ་ཡིན་ཏེ་ཤིན་དུ་དབེན་པའི་གནས་སུ་མི་སྐད་ལ་སོགས་མི་ཐོས་པའི་སར་ཉམས་སུ་བླང་བར་བྱའོ༔ དབང་པོ་འཁྲུལ་པ་མེད་པ་ནི་མིག་མི་འགུལ་བ་གནད་ཡིན་ནོ༔ དེའི་ཕྱིར་མི་འགུལ་བ་རྣམ་པ་གསུམ་ལ་གནད་དུ་བསྟུན་པ་ནི་རབ་ཏུ་ཟབ་བོ༔ གཟེར་རྣམ་པ་གསུམ་གྱིས་མན་ངག་གིས༔ དེའི་རྒྱབ་བརྟེན་གྱི་གནད་ཡིན་ཏེ་དེ་ནི་དཔེ་ན་ཞིབ་པོ༔ བཀྲ་ཤིས་མཛེས་ལྡན་གྱི་རྒྱུད་ཀྱི་རྒྱབ་ཡིག་མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཏིག་གནད་ལ་འབེབས་པ་རྫོགས་སོ༔ ༔
ཨ་ཏི༔ རྒྱ་རྒྱ་རྒྱ༔ ༔ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་གནད་ཀྱི་མན་ངག་གསུམ་ལ༔ དངོས་པོ་མ་ཤེས་པས་གོལ་ས་དང་༔ བློས་བརྟགས་རིམ་པའི་གོལ་སའི་མན་ངག་གཉིས་ནི་ཤེས་པར་བྱ་བའི་ཆོས་ཡིན་གྱི་ཉམས་སུ་བླང་དུ་བཏུབ་པ་ནི་མ་ཡིན་ནོ༔ དེའི་ཕྱིར་ན་ཉམས་སུ་བླང་བའི་མན་ངག་མ་ཤེས་ན་འཁྲུལ་པ་ཡིན་ཏེ་དེ་ཡང་དངོས་པོ་རགས་པའི་སྣང་བ་འདི་མ་ཟད་པར་ནང་གི་ལུས་ཀྱི་འབྱུང་བ་འདི་མི་འཛད༔ ནང་གི་འབྱུང་བ་མ་ཟད་ན་ཉོན་མོངས་པ་ཟད་མི་སྲིད་ཉོན་མོངས་པ་མ་ཟད་ན་སངས་རྒྱ་མི་སྲིད་པས༔ དངོས་པོ་ཟད་པར་བྱེད་པ་ལ་ལུས་ངག་གི་གནད་གཅུན་དགོས་ཏེ༔ དེ་ཡང་དང་པོ་ལུས་ཀྱི་གནད་འདུག་སྟངས་གསུམ་ཡིན་ནོ༔ འདིར་རབ་ཏུ་ཟབ་པས་འདི་མ་བྱས་ན་ཉམས་སུ་བླངས་ཀྱང་ཡེ་ཤེས་སྐྱེ་མི་སྲིད་དོ༔ ཡེ་ཤེས་དེ་ལུས་ལ་གནས་ཤིང་ལུས་ལ་བརྟེན་པའི་ཕྱིར་རོ༔ ལྷག་མ་ནི་དཔེ་ན་ཞིབ་བོ༔ དེས་ན་རིག་པའི་ཡེ་ཤེས་དེ་ཚིག་གིས་གཏན་ལ་མི་ཕེབས་པའི་གནད་ནི་ངག་ཡིན་ཏེ་ཉམས་སུ་ལེན་པའི་རྣལ་འབྱོར་པས་རྟག་ཏུ་ངག་བཅད་པ་གནད་ཡིན༔ ངག་མ་བཅད་ན་བརྗོད་དུ་མེད་པའི་དོན་བློ་ལ་སྐྱེ་མི་སྲིད་དོ༔ དེའི་ཕྱིར་ཡིད་དཔྱོད་འཛིན་པའི་ལྟ་བ་རྣམས་ལ་བརྗོད་དུ་མེད་ཅེས་པ་ནི༔ ངག་འགགས་པས་རང་བརྗོད་འགགས༔ རང་བརྗོད་འགགས་པས་གཞན་བརྗོད་ཀྱི་རྣམ་རྟོག་སྐྱེ་མི་སྲིད༔ དེས་ན་ངག་བཅད་པ་ནི་རབ་ཏུ་ཟབ་བོ༔ དེའི་ཕྱིར་ན་ལུས་ངག་གཉིས་ཀྱི་གནད་ཀྱི་མན་ངག་དངོས་པོ་ཡིན་པས་དངོས་པོ་འདི་ཀུན་རང་ཟད་ལ་འགྲོ་བའི་གནད་ཡིན་ནོ༔ དེ་གཉིས་ཀྱི་གནད་གཅུན་པས་ཡིད་ཀྱི་གནད་ནི་རང་ཤུགས་ལ་འབེབས་པ་ཡིན་པས་འདི་བཅོས་ཤིང་དཔྱད་དུ་མེད་དོ༔ དེ་ལྟར་ལུས་ངག་གི་གནད་ལ་བརྟེན་ནས་དབྱིངས་ནམ་མཁའ་ལ་གཏད་པས་འོད་ལྔའི་སྣང་བ་མི་འཆར་མི་
སྲིད་དོ༔ དེ་ཤར་བའི་དུས་ན་ལུ་གུ་རྒྱུད་ལ་རང་དབང་མི་ཐོབ་མི་སྲིད་དོ༔ དེ་ཐོབ་པས་ཆོས་ཉིད་ཟད་པའི་ས་ལ་རང་སྤྱོད་པས་ན་རྒྱུད་ལུང་གི་ཚིག་ལ་བརྟེན་མི་དགོས་པས་གཞི་ཡི་ཚིག་དང་༔ འཁྲུལ་པ་དང་༔ དེ་ལྡོག་ཚུལ་རྣམས་གཏན་ལ་འབེབས་པ་ནི་བླུན་པོ་ཡིན་ཏེ༔ རང་གི་ངོ་བོ་མཐོང་བ་ལ་ཅི་ཡང་བྱ་མི་དགོས་པའི་གནད་ཡིན་ནོ༔ ཚིག་འདི་ཀུན་གྱིས་ནི་ངོ་བོ་མཐོང་མི་སྲིད་དོ༔ ངོ་བོ་མ་མཐོང་ན་ཚིག་ལ་དགོས་པ་ཡང་མེད་པའི་ཕྱིར་རོ༔ ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱབ་ཡིག་མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཏིག་ལ་འབེབས་པའི་གསང་བ་རྫོགས་སོ༔ ཨ་ཏི༔ རྒྱ་རྒྱ་རྒྱ༔ རྒྱུད་ཀྱི་རྒྱལ་པོ་སྒྲོན་མ་འབར་བའི་ཁོང་དོན་གྱི་མན་ངག་ལྔ་ལ༔ ལྷག་མ་ནི་ཤེས་པར་བྱ་བའི་ཆོས་ཡིན་གྱི་ཡེ་ཤེས་རྟགས་ཀྱི་སྒྲོན་མའི་མན་ངག་ནི་ཉམས་སུ་བླང་དུ་བཏུབ་པ་མ་ཡིན་ནོ༔ དེ་ཡང་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་སོགས་སྔོན་དུ་མ་བྱས་ན་རྣལ་འབྱོར་པའི་ལུས་ངག་གི་ཞེན་པ་མི་བཟློག༔ དེའི་ཞེན་པ་མ་ལོག་ན་འཁོར་འདས་རུ་ཤན་མི་ཕྱེད༔ དེ་མ་ཕྱེད་ན་འཇིག་རྟེན་པ་དང་ཁྱད་མེད་པས་ཉམས་སུ་བླངས་ཀྱང་ངོ་བོ་ཉིད་མཐོང་མི་སྲིད་དོ༔ དེས་ན་འཁོར་འདས་རུ་ཤན་འབྱེད་པའི་གདམས་ངག་ཟབ་བོ༔ དེ་ནས་ལུས་ངག་གི་གནད་གཅུན་པ་གལ་ཆེའོ༔ དེ་ཡང་ལུས་གནད་སྙིང་༔ སྙིང་གནད་རྩ༔ རྩའི་གནད་མིག་ཡིན་པས་ནི་དཔེ་ལྟར་གྱིས་འགྲུབ༔ དེ་ཡང་ཉིན་མོ་ལྟ་སྟངས་བཞིས་བལྟས་པས་ཉམས་གོང་ནས་གོང་དུ་འཕེལ་བ་འབྱུང་༔ མཚན་མོ་ཤེས་བྱ་བུམ་པར་བཅུག་པ་ནི་དུས་བཞིའི་ཡི་གེར་བལྟ༔ ཐིག་ལེ་རྩའི་ནང་དུ་སྦ་བའི་གནད་ནི་དབུགས་ནང་དུ་རྔུབ༔ སྟེང་འོག་དབུགས་ཀྱི་སྐད་གདོན༔ དེ་ནི་སོ་དང་མཆུ་བསྟུན་ཏེ་ལྕེ་ཡང་འགྱུར་ལྡོག་མེད་པར་འབྱུང་བ་ཡིན༔ འདི་ནི་མཚན་མོའི་རིམ་པ་ཡིན་ཏེ་ཨིག་སྐད་ནི་བརྩེགས་མ་དང་རིང་པོ་གཉིས་རེས་འཇོག་ཏུ་བྱའོ༔ འདི་ལྟར་ཉམས་སུ་བླངས་པས་ནི་ཉིན་མཚན་མེད་པའི་
སྣང་བ་མྱུར་དུ་སྐྱེ་བའི་གནད་ཡིན་ནོ༔ དེ་ལྟར་གྱི་ཡེ་ཤེས་ཉམས་སུ་བླངས་པས་ནི་རྟགས་འབྱུང་བ་ཡིན་ཏེ༔ འདི་ཀུན་དགོས་པའི་རྒྱུ་མི་དགོས་པ་ཡང་ཡོད་པ་ཡིན་ཏེ༔ རང་བྱུང་དུ་འབྱུང་བ་ཡིན་ཏེ༔ དེ་ཡང་ལུས་ངག་གི་གནད་གཅུན་པའི་གནད་ཀྱིས་སྔོན་དུ་ལུས་ངག་ལ་རྟགས་རྣམས་འོང་༔ དེ་ནས་རིག་པའི་ཡེ་ཤེས་མངོན་སུམ་དུ་ཉམས་སུ་བླངས་པས་སྐུ་རྣམ་པ་གསུམ་གྱི་ལམ་རྟགས་འབྱུང་ངོ་༔ དེ་ལྟར་རིག་པ་ཚད་ལ་ཕེབས་ནས་རྟགས་ལས་འདས་པའི་སྣང་བྱེད་ཅེས་བྱའོ༔ དེ་ཡང་སྐྱེས་བུ་ཡང་རབ་ལ་ཟླ་བ་བདུན་ན་རྟགས་འབྱུང་༔ འབྲིང་ལོ་བདུན་ན་རྟགས་དེ་ཀུན་འབྱུང་༔ ཐ་མ་ལ་ལོ་བཅུ་བཞི་ལ་འབྱུང་བ་ལ་ཐེ་ཚོམ་མེད་དོ༔ སྐྱེས་བུ་ལ་ལ་ནི་ཉི་མ་བདུན་ན་ཡང་ཡོད་དོ༔ དེའི་ཕྱིར་ན་འདི་ཀུན་ལ་མ་ཡེངས་པ་རབ་ཏུ་གཅེས་སོ༔ ཉམས་སུ་མ་བླངས་ན་ཉམས་སུ་མྱོང་བ་རྒྱུད་ལ་སྐྱེ་མི་སྲིད་དོ༔ ཉམས་སུ་མྱོང་བ་རྒྱུད་ལ་མ་སྐྱེས་ན་ཡིད་དཔྱོད་ཀྱི་ལྟ་བ་ཡིན་ཏེ་ཡིད་དཔྱོད་གྱི་ལྟ་བས་སངས་མི་རྒྱ་བར་ལ་ཆོད་དོ༔ དེའི་ཕྱིར་ན་སྙིང་གི་གདམས་པ་གསང་བའི་ཡི་གེ་མ་རུ་གཅེས་སོ༔ དེ་ནི་སུ་ལ་ཡང་གྲགས་སུ་མི་རུང་ངོ་༔ སྒྲོན་མ་འབར་བའི་རྒྱུད་ཀྱི་རྒྱབ་ཡིག་མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཏིག་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ༔
རྡོ་རྗེ་སེམས་དཔའི་སྙིང་གི་མེ་ལོང་གི་ཁོང་དོན་གྱི་མན་ངག་ནི་གསུམ་ལས༔ ལྷག་མ་ནི་ཤེས་པར་བྱ་བའི་ཆོས་ཡིན་གྱིས་ཉམས་སུ་བླང་བྱ་མ་ཡིན་པས༔ སྐུ་གསུམ་གྱི་ངོ་སྤྲོད་ནི༔ ལུས་ངག་ཡིད་གསུམ་གཅུན་པ་ལས་ལམ་དུ་སྐུ་གསུམ་གྱིསྣང་བ་རང་འཆར་བ་ཡིན་ཏེ༔ དེའི་སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བསྟན་པ་ནི་ཚིག་གི་སྤྱོད་པ་རྣམས་ལས་རང་ལོག་ནས་སྤྲུལ་པའི་སྐུ་མངོན་དུ་བསྒྲུབ་པའི་མན་ངག་ཡིན༔ དེ་ནས་རིག་པ་དེ་མངོན་སུམ་དུ་བླ་མས་བསྟན་ནས་ཉམས་གོང་ནས་གོང་དུ་འཕེལ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་བསྒྲུབ་པ་ཡིན་ནོ༔ དེ་ནས་རིག་པ་ཚད་ལ་
ཕེབས་པའི་ངོ་བོ་ནི་ཆོས་སྐུ་ངོ་བོ་ཉིད་བསྒྲུབས་ཏེ་གྲུབ་པ་ཡིན་ནོ༔ དེ་ཀུན་ཡང་གོང་དུ་ལུས་ངག་གི་གནད་ལས་འབྱུང་བ་ཡིན་ཏེ༔ ལུས་ཀྱི་གནད་ཀྱིས་སྤྲུལ་སྐུ་ལམ་དུ་སྣང་༔ ངག་གི་གནད་ཀྱིས་ལོངས་སྐུ་ལམ་དུ་སྣང་༔ ཡིད་ཀྱི་གནད་ཀྱིས་ཆོས་སྐུ་ལམ་དུ་སྣང་བས་ན༔ སྐུ་གསུམ་ནི་ལམ་དུ་ཤར་བ་ཡིན་གྱི་འབྲས་བུ་ནི་མ་ཡིན་ནོ༔ སྐུ་ཞེས་བྱ་བ་ཞིག་བྱུང་ཕན་ཆད་སྣང་བ་ཞིག་ཡོད་དགོས༔ སྣང་བ་ཡོད་པས་སྐུ་ཡོད་དགོས་པས༔ མདོར་ན་སྐུ་ནི་ལུས་ཡིན་པས་སོ༔ དེའི་ཕྱིར་ན༔ ལུས་མེད་ལུས་ཏེ་ལུས་ཀྱི་མཆོག༔ ལུས་ཀྱི་མཐའ་ནི་རྟོགས་པ་པོ༔ ཟེར་བས་ན༔ ཆོས་ཉིད་ཟད་པ་ནི་ལུས་ཀྱི་སྒྲོ་འདོགས་དང་བྲལ་བ་སྟེ༔ འདི་ཉིད་ལས་ཡེ་ཤེས་དང་འོད་དང་སྐུའི་སྣང་བ་མི་སྣང་བས་སོ༔ འདི་ཉིད་ལ་ཡེ་ཤེས་བཞིའི་གྲངས་མཐའ་ཡང་རང་ལོག་པའོ༔ དེའི་ཕྱིར་ན་ལུས་ཀྱི་གནད་དང་༔ དེ་སྣང་བ་ཡུལ་གྱི་གནད་དང་༔ དེ་འཆར་བ་རང་གི་ངོ་བོ་རིག་པའི་གནད་དང་༔ དེ་ལ་ལྟ་བས་ན་སྒྲོན་མའི་གནད་དང་བཞིར་ཉམས་སུ་བླང་བའི་རིམ་པས་ངོ་བོ་དེ་གཏན་ལ་འབེབས་པ་སྟེ་རང་གི་འདུག་ཚུལ་མ་མཐོང་བའི་སྐལ་ལྡན་ཞེས་བྱའོ༔ རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱབ་ཡིག་གསང་བ་མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཏིག་རྫོགས་སོ༔ ལས་ཅན་དེ་དང་ཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ ༔དཔལ་ལྡན་སྔགས་ཀྱི་སྲུང་མ་རག་གདོང་མས༔ བཀའ་འདི་སྲུངས་ཤིག་སཱ་མཱ་ཡཱ༔ བྱེ་མ་ལས་སྒྲ་རང་འགྱུར་དུ་བསྒྱུར་བའོ༔ རིག་པ་རང་ཤར་གྱི་ཁོང་དོན་གྱི་མན་ངག་ལ་ལྔས་བསྟན་པའི་ཚིག་འདི་ཀུན་ཡང་ཤེས་པར་བྱ་བའི་ཆོས་ཡིན་གྱི་ངོ་བོ་སྙིང་ཏིག་མ་ཡིན་ནོ༔ འདི་ནི་ཉམས་སུ་ལེན་ན་གནད་གསུམ་གྱིས་ཉམས་སུ་བླང་ཏུ་བཏུབ་པས་འདི་ཉིད་ལ་ཡང་སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་མ་བྱས་ན་ལུས་ངག་ཡིད་ཀྱི་ཞེན་པ་མི་ལྡོག་ཅིང་༔ དེ་ཉིད་ཀྱི་བར་ཆད་མི་སོལ་བས་འདིར་རབ་ཏུ་གཅེས་སོ༔ དེ་ནས་ཡུལ་གྱི་གནད་མ་གཅུན་ན་ཕྱི་ཡི་འབྱུང་
བ་ལྔ་མི་ཟད་པས་ཡུལ་གྱི་གནད་གལ་ཆེ༔ དེ་ནས་ལུས་ཀྱི་གནད་མ་གཅུན་ན་ནང་གི་འབྱུང་བ་རང་ཟད་ལ་མི་འགྲོ་བས་འདི་གལ་ཆེའོ༔ འདི་ཉིད་མ་ཟད་སྣང་བ་འདི་ཉིད་ལ་ཟག་མེད་དུ་སངས་རྒྱས་མི་རྒྱའོ༔ རིག་པའི་གནད་མ་གཅུན་པ་ལྟ་སྒོམ་སྤྱོད་པའི་གཞི་སྟོངས་པས་འདི་རབ་ཏུ་གཅེས་སོ༔ དེ་དག་གི་གཞི་སྟོངས་ན་སྣང་བ་ཚད་ལ་མི་ཕེབས་སོ༔ སྣང་བ་ཚད་ལ་མ་ཕེབས་ན་ཡིད་དཔྱོད་འཛིན་པའི་ལྟ་བ་རྣམས་དང་ཁྱད་ཅི་ཡང་མེད་དོ༔ དེས་ན་འདི་དག་རབ་ཏུ་ག །ལ་ཆེ་བས་ཉམས་སུ་ལེན་པ་གལ་ཆེ༔ དེ་ཡང་རྣལ་འབྱོར་པ་རབ་ཀྱི་གནས་ནི་རི་ཁྲོད་དུ་རི་དྭགས་ལྟ་བུ་ཡིན༔ འབྲིང་ནི་ཕྱོགས་མེད་དུ་ཐ་མལ་པར་བརྫུས་ནས་ལྡོམ་སྟེ་སྤྲང་པོ་ལྟ་བུ་ཡིན༔ རྣལ་འབྱོར་པ་ཐ་མ་ནི་དགོན་པར་གནས་ཏེ་འཕྱི་བ་ལྟ་བུ་ཡིན་ནོ༔ འདི་གསུམ་དང་མི་ལྡན་པར་སངས་མི་རྒྱའོ༔ རིག་པར་རང་ཤར་གྱི་རྒྱབ་ཡིག་མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཐིག་རྫོགས་སོ༔ ཨི་ཏི༔ རྒྱ་རྒྱ་རྒྱ༔ ༔ནོར་བུ་ཕྲ་བཀོད་ཀྱི་རྒྱུད་ཀྱི་ཁོང་དོན་གྱི་མན་ངག་བསྟན་པ་ནི་བཞི་སྟེ༔ སྤྱོད་པའི་མན་ངག་གིས་ཉམས་ལེན་པ་སྤྱི་ལ་བྱིང་རྒོད་ལ་སོགས་པས་ཕན་པའི་གནད་ཡིན་ནོ༔ དེ་ཡང་སྣང་བ་དབང་བསྒྱུར་སྤྱོད་པའི་མན་ངག་ནི་ཉམས་སུ་ལེན་པའི་གནད་ཡིན་ཏེ༔ འདི་ཡི་དུས་སུ་སྒྲ་ཐལ་འགྱུར་གྱི་མན་ངག་བཞིན་དུ་འབྱུང་བ་ལྔའི་སྒྲ་ལ་མངོན་སུམ་དུ་གོམས་པ་རབ་ཏུ་གཅེས་སོ༔ དེ་ནི་ཕྱི་རོལ་གྱི་སྣང་བ་ཟད་པར་བྱ་བའི་དོན་དུ་རབ་ཏུ་ཟབ་བོ༔ དེ་ནས་འདུག་ཚུལ་ལ་གནས་པའི་སྤྱོད་པས་རིག་པ་མངོན་སུམ་གྱི་མན་ངག་ཉམས་སུ་བླངས་པས་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ དེའི་མན་ངག་དཔེ་ན་ཞིབ་པས་དེས་འགྲུབ་པ་ཡིན་ནོ༔ དེའི་ཕྱིར་ན་ཚིག་མ་ཡིན་པར་དོན་གྱིས་ཡེ་ཤེས་དགེ་སྡིག་ལས་འདས་པའི་གནད་བསྟན་པའོ༔ ཁྱད་པར་རང་གི་ལྟ་བ་ནི་ཉམས་སུ་བླང་བའི་གནད་ཡིན༔ དེ་ཡང་མངོན་སུམ་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་གལ་ཆེ༔
དེ་ནས་གནད་གསུམ་གྱི་མན་ངག་གིས༔ རྟགས་དང་༔ ཚད་དང་༔ ཟད་པ་གསུམ་གཏན་ལ་ཕབ་ནས་རང་གི་རིག་པ་མངོན་སུམ་དུ་མཐོང་བས་གཞན་ལ་ཡིད་མི་འཇུག་པའི་གནད་དོ༔ དེའི་ཕྱིར་ན་ཉམས་སུ་ལེན་པའི་གནད་རྣམ་པ་གསུམ་དུ་བསྡུས་ནས་བསྟན་པ་ཡིན་ནོ༔ འབྲས་བུ་ནི་ཁྱད་པར་གྱི་འབྲས་བུ་སྐུ་གསུམ་རང་ཟད་ལ་སོང་བས་རང་གི་འབྲས་བུ་སྣང་བ་འདི་ཉིད་ལ་གཏན་ལ་ཕབས་པ་ཡིན་ནོ༔ ལྷག་མ་ནི་ཤེས་བྱའི་ཆོས་ཡིན་གྱི་ཉམས་སུ་བླངས་དུ་བཏུབ་པ་དུམ་རེ་ཙམ་ཡོད་ཀྱང་ཁྱད་པར་བ་མ་ཡིན་ནོ༔ དེའི་ཕྱིར་ན་ཉམས་སུ་བླངས་པ་ལ་ཅི་ཡང་དགོས་པ་མ་ཡིན་ཏེ༔ བླ་མའི་མན་ངག་རབ་ཏུ་གཅེས་སོ༔ འདི་ནི་ཉམས་སུ་བླང་བྱའི་རིམ་པས་བསྟན་པ་ཡིན་གྱི་ཚིག་གིས་ནི་འཚང་རྒྱ་བ་ལ་རྡུལ་བརྒྱར་གཤགས་པའི་ཆ་ཙམ་ཡང་ཕན་པ་མེད་དོ༔ དེ་ཡང་ཚིག་གི་ལྟ་བ་ཐམས་ཅད་ཡིད་དཔྱོད་ཡིན་གྱི་དངོས་པོའི་གཤིས་ལ་རྡུལ་ཙམ་ཡང་རེག་པ་མེད་དོ༔ དེའི་ཕྱིར་ན་རིག་པ་མངོན་སུམ་གྱི་གདམས་ངག་འདི་རབ་ཏུ་གསང་ངོ་༔ རྒྱུད་ཀྱི་རྒྱལ་པོ་ནོར་བུ་འཕྲ་བཀོད་ཀྱི་རྒྱབ་ཡིག་གསང་བ་མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཏིག་རྫོགས་སོ༔ བི་མ་ལས་སྒྲ་རང་འགྱུར་དུ་བསྒྱུར་བའོ༔ ཨི་ཏི༔ རྒྱ༔ ངོ་སྤྲོད་སྤྲས་པའི་རྒྱུད་ཀྱི་ཁོང་དོན་གྱི་མན་ངག་ལ་བཞི་ལས༔ གནད་རྣམ་པ་གསུམ་གྱི་ངོ་སྤྲོད་ཀྱི་རིག་པའི་ངོ་བོ་དེ་ཉམས་སུ་ལེན་པར་འདོད་པས་སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་ལུས་ངག་གི་སྤྱོད་པ་ནི་རབ་ཏུ་གཅེས་སོ༔ དེ་ཡང་སྒྲོན་མ་མིག་ནས་འཆར་བས་ཡེ་ཤེས་ཀྱི་གནད་གལ་ཆེ༔ འོད་ནི་མཁའ་ལ་སྣང་བས་ཡུལ་གནད་ནམ་མཁའ་རབ་ཏུ་ཟབ་སྟེ་སྤྲིན་མེད་པ་གཅེས་སོ༔ རང་གི་མིག་གིས་རིག་པ་ལུ་གུ་རྒྱུད་མཐོང་བས་མིག་མི་བདེ་ན་བཅོས་པའི་ཐབས་རབ་ཏུ་ཟབ་སྟེ༔ འདི་ནི་འབྱུང་བ་ཆ་སྙོམས་པར་བྱེད་པའི་མན་ངག་གོ༔ དེ་ཡང་མིག་མི་བདེ་བའམ་ཚ་བའམ་མཆི་མ་འཛག་པ་སྙམ་བྱེད་ན་མགོ་གོས་
ཀྱིས་གཏུམས་ཏེ་མིག་རབ་ཏུ་བཙུམ་ལ་དར་ཅིག་བསྡད༔ དེ་ནས་ཁད་ཀྱིས་ལངས་ཏེ་དལ་གྱིས་མིག་ཕྱེ་ལ་གཡས་སུ་ཡུལ་གྱིས་བལྟ༔ དེ་ནས་མིག་དལ་གྱིས་གཡོན་དུ་ཡུལ་གྱིས་བལྟ༔ དེ་ནས་སྟེང་དུ་བལྟ༔ དེ་ནས་འོག་ཏུ་ཡུལ་གྱིས་བལྟ་སྟེ་དེ་ནས་ས་རྡོ་འམ་ཤིང་བུའམ་མཚན་མ་ཅན་ཞིག་ལ་ཡུན་བག་ཅིག་ཏུ་མིག་ཧ་རེ་བལྟས་པས་ལུས་ཀྱི་འབྱུང་བ་འཁྲུགས་པར་མི་འགྱུར་ཏེ༔ དེ་ནས་ཡང་དལ་གྱིས་སེང་གེའི་ལྟ་སྟངས་ཀྱིས་བལྟའོ༔ དེས་ནི་འབྱུང་བ་མི་འཁྲུགས་པར་བྱེད་པའི་མན་ངག་ཟབ་བོ༔ དེ་ལྟར་གནད་གསུམ་གཏིམས་པས་སྐུ་གསུམ་གྱི་སྣང་བ་ལམ་དུ་འཆར་བ་ལ་ཐེ་ཚོམ་མེད་དོ༔ ལྷག་མ་ནི་ཤེས་བྱའི་ཆོས་ཡིན་ནོ༔ ངོ་སྤྲོད་སྤྲས་པའི་རྒྱུད་ཀྱི་རྒྱབ་ཡིག་གསང་བ་མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཐིག་རྫོགས་སོ༔ ཨི་ཏི༔ རྒྱ༔ ༔ཀུན་ཏུ་བཟང་པོ་ཀློང་དྲུག་ཁོང་དོན་གྱི་མན་ངག་གཉིས་སུ་བསྟན་པ་ཡིན་ཏེ༔ དེའི་མན་ངག་རྣམས་ལ་རང་སྣང་ལྷུག་པར་མཐོང་བའི་མན་ངག་ལས་ལུས་ཀྱི་གནད་གསུམ་གྱི་མན་ངག་འདི་རིག་པ་མངོན་དུ་བྱ་བའི་ཆོས་ཡིན་ཏེ༔ འདི་ལ་ཡང་སྔོན་འགྲོ་དང་དངོས་གཞི་གཉིས་ཡིན༔ སྔོན་འགྲོ་ནི་ལུས་ངག་སེམས་ཀྱི་བྱ་བ་བཏང་བ་ཡིན་ནོ༔ དངོས་གཞི་ནི་འདུག་སྟངས་གསུམ་ཡིན་ནོ༔ དེ་དག་གི་སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པའི་མན་ངག་གལ་ཆེའོ༔ དེ་ནས་གནད་གསུམ་གཅིག་ཏུ་དྲིལ་པའི་མན་ངག་གིས་རིག་པ་མངོན་སུམ་དུ་བལྟས་པས་ཏེ༔ མན་ངག་གི་རྒྱལ་པོ་ཉམས་སུ་ལེན་པའི་གནད་ཟངས་ཡིག་ཅན་དང་འབྲེལ་ལོ༔ དེ་ལྟར་རིག་པ་ཉིད་བསྟན་པ་དང་༔ དེ་ཉིད་ཉམས་སུ་བླངས་པས་སྣང་བ་སྐྱེས་པ་དང་༔ རིག་པ་ཚད་ལ་ཕེབས་པ་དང་༔ ཆོས་ཉིད་ཟད་པ་དང་བཞི་རིམ་གྱིས་སྐྱེས་པས་སངས་རྒྱས་པར་བྱེད་པའི་ས་དང་འདི་ཉིད་ལ་ཕྲད་པར་བྱེད་པའི་མན་ངག་རབ་ཏུ་ཟབ་པར་བསྟན་པས་ཐེག་པ་གཞན་ལས་འདི་ཉིད་ཁྱད་པར་
འཕགས་པར་བསྟན་པ་ཡིན་ནོ༔ ལྷག་མ་ནི་ཤེས་པར་བྱ་བའི་ཆོས་ཡིན་ནོ༔ ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱབ་ཡིག་གསང་བ་མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཐིག་རྫོགས་སོ༔ བི་མ་ལས་སྒྲ་རང་འགྱུར་དུ་བསྒྱུར་བའོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ༔གསང་བ་ཡི་གེ་མེད་པའི་ཁོང་དོན་གྱི་མན་ངག་གསུམ་ལས༔ ཞལ་ཆེམས་ཀྱི་མན་ངག་གིས་ཉམས་སུ་ལེན་པ་ཡིན་ཏེ་འདི་ལ་སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་ལུས་ངག་གི་སྤྱོད་པ་ནི་རབ་ཏུ་གལ་ཆེ༔ དེ་ཡང་རིག་པའི་སྔོན་དུ་བྱ་བའི་ཆོས་དང་༔ དངོས་གཞིའི་ཆོས་དང་༔ ཆོས་ཉིད་ཟད་པ་དང་གསུམ་ཡིན་ནོ༔ སྔོན་དུ་བྱ་བ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཡིན་པ་ལས་འཁོར་བ་ལས་བློ་ལོག་པའི་སྐལ་ལྡན་འཁོར་བ་ལས་ཐར་བར་འདོད་པ་དེ་བླ་མ་ལ་གདམས་པ་ཞུ་བ་ལ༔ སྔོན་དུ་སློབ་མས་བྱ་བ་གསུམ་བཏང་དགོས་པས་ཐིང་ངམ་ཞེས་དྲིས་ཐིངས་ཟེར་ན་བྱ་བ་གསུམ་བཏང་བ་ནི་སྔོན་འགྲོ་ལགས་སོ༔ དེ་ནས་ནང་གི་བྱ་བ་གསུམ་གཏོང་བ་ནི་ལུས་ངག་ཡིད་གསུམ་སོར་གཞུག་པར་བྱེད་པའི་ཐབས་ཏེ་རབ་ཏུ་ཟབ༔ དེ་ནས་མི་འགུལ་བ་གསུམ་གསང་བའི་གནད་ཡིན་པས་འདི་དག་ལ་སོགས་པ་ནི་དཔེ་ན་ཇི་ལྟར་འདུག་པས་འགྲུབ་པ་ཡིན་ནོ༔ ལྷག་མ་ནི་ཤེས་པར་བྱ་བ་ཡིན་ནོ༔ གནད་འགའ་འདུག་པའི་ནི་མཁས་པས་དཔྱད་པར་བྱའོ༔ དེའི་ཕྱིར་ན་སྐུ་གསུམ་དང་ཡེ་ཤེས་ལྔ་ཞེས་ཚིག་ཏུ་འབྲས་བུ་ཡིན་ཟེར་བ་ནི༔ འབྲས་བུ་ནི་མ་ཡིན་ཏེ་ཉམས་ལེན་པ་གཅིག་གི་ལམ་དུ་སྣང་བ་འདི་དག་འཆར་བ་ཡིན་གྱི་འབྲས་བུ་ནི་མིན་ནོ༔ དེའི་ཕྱིར་ན་ཡིད་དཔྱོད་འཛིན་པའི་ལྟ་བས་སངས་རྒྱ་མི་སྲིད་དོ༔ དེས་ན་གསང་བའི་ཡི་གེའི་འདི་དག་རབ་ཏུ་གཅེས་པར་གཟུང་བར་བྱའོ༔ གསང་བའི་ཡི་གེ་མེད་པའི་རྒྱུད་ཀྱི་རྒྱབ་ཡིག་མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཐིག་རྫོགས་སོ༔ རྒྱ་རྒྱ་རྒྱ༔ སྔགས་ཀྱི་སྲུང་མས་སྲུངས་ཤིག༔
རྒྱུད་ཀྱི་རྒྱལ་པོ་སེང་གེ་རྩལ་རྫོགས་ཀྱི་ཁོང་དོན་གནད་ཀྱི་མན་ངག་གསུམ་ལས༔ ལྟ་བ་ཕུགས་ཀྱི་མན་ངག་ལ་གཉིས་ལས༔ འདི་གཉིས་ཀྱིས་ཉམས་སུ་བླང་བ་དངོས་གཞིའི་མན་ངག་བསྟན་པ་སྟེ༔ འདི་དག་གི་སྔོན་དུ་འཁོར་འདས་རུ་ཤན་འབྱེད་པ་ལ་སོགས་པ་ལུས་ངག་གི་གནད་རྣམས་གཏན་ལ་ཕབ་ནས་དངོས་གཞི་འདི་ལྟར་བྱེད་པ་ཡིན་ནོ༔ ཉམས་སུ་ལོངས་པའི་ཚད་ཀྱི་མན་ངག་ནི་ཉམས་གོང་ནས་གོང་དུ་འཕེལ་བ་ཡིན་གྱི༔ འདི་ལ་ནན་ཏན་བྱ་མི་དགོས་ཏེ་འདི་ལྟར་ཉམས་སུ་བླངས་བས་མི་སྐྱེ་མི་སྲིད་དོ༔ ལྷག་མ་ནི་ཤེས་བྱ་ཡིན་ནོ༔ སེང་གེ་རྩལ་རྫོགས་ཀྱི་རྒྱུད་ཀྱི་རྒྱབ་ཡིག༔ མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཐིག་རྫོགས་སོ༔ ཨི་ཏི༔ རྒྱ༔ ༔མུ་ཏིག་ཕྲེང་བའི་རྒྱུད་ཀྱི་གནད་ཡིག་ཁོང་དོན་གྱི་མན་ངག་རྣམ་པ་གསུམ་ལས༔ གནད་རྣམ་པ་གསུམ་གྱིས་ཐོབ་པར་བྱེད་པའི་མན་ངག་གིས་ཉམས་སུ་བླང་སྟེ༔ དེ་ཡང་འབད་མེད་གྲོལ་བའི་མན་ངག་ནི་གང་ཟག་ལེ་ལོ་ཅན་འཇུག་པར་བྱེད་པ་ཡིན་གྱིས་སངས་རྒྱས་པ་ནི་མ་ཡིན་ནོ༔ དེ་ཅིའི་ཕྱིར་ཞེ་ན་ཡིད་དཔྱོད་འཛིན་པའི་རྫོགས་ཆེན་རྣམས་དང་ཁྱད་པར་ཅི་ཡང་མེད་པའི་ཕྱིར་རོ༔ རྩོལ་བ་གནད་གཟིར་བ་ནི་འབད་བཅས་ཟེར་ཡང་ཐོག་མ་གནད་གཟིར་བའི་དུས་སུ་རྩོལ་བར་མངོན་ཙམ་ལས༔ འདི་ནི་དལ་བས་བསྒྲུབ་པའི་གནད་ཡིག་ཡིན་པས་འདི་ཉམས་སུ་མ་བླངས་ན་འཚང་རྒྱ་མ་ིསྲིད་པས༔ འདི་དག་གི་འཁོར་འདས་རུ་ཤན་འབྱེད་པ་ལ་སོགས་པ་ལུས་ངག་གི་གནད་རྣམས་སྔོན་དུ་བྱས་ཏེ་སྣང་བ་ཁྲེགས་ཆོད་ཀྱི་མན་ངག་གིས་སྣང་བ་འདི་གཏན་ལ་ཕབ་སྟེ་འཁྲུལ་བ་རྣམས་རང་དག་ལ་གཏོང་བའི་གནད་ཡིན་ནོ༔ རིག་པ་ཐོད་རྒལ་ཀྱི་མན་ངག་གི་རིག་པའི་སྣང་བ་གཏན་ལ་འབེབས་པ་སྟེ་འདུག་སྟངས་བཞི་ལ་སོགས་པ་དཔེ་ན་ཞིབ་པས་དེས་འགྲུབ་པ་ཡིན་ནོ༔ ལྷག་མ་ནི་ཤེས་བྱའི་ཆོས་ཡིན་པས་དེའི་ཕྱིར་ན་ཚིག་གིས་སངས་མི་རྒྱ་བའི་གནད་དོ༔ རྒྱུད་ཀྱི་རྒྱལ་པོ་མུ་ཏིག་
ཕྲེང་བའི་གནད་ཡིག་གསང་བ༔ མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཐིག་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་པ་རང་གྲོལ་གྱི་རྒྱུད་ཀྱི་མན་ངག་གི་ཁོང་དོན་གྱི་གནད་ཡིག་མན་ངག་གསུམ་ལས༔ གཅིག་པུ་གྲོགས་དང་བྲལ་བའི་མན་ངག་གིས་རིག་པའི་སྔོན་དུ་འགྲོ་བའི་མན་ངག་བསྟན་ཏེ༔ དེ་ཡང་སུ་དང་ཡང་མི་འགྲོགས་པ་ནི་གནད་ཡིན་ནོ༔ འདི་ཡི་སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་སྦྱོར་བ་ནི་རབ་ཏུ་གལ་ཆེའོ༔ དེ་ནས་ལུ་གུ་རྒྱུད་མཁའ་ལ་འབྱིན་པའི་མན་ངག་ནི༔ རིག་པ་དངོས་གཞིའི་མན་ངག་ཡིན་ཏེ་འདི་ནི་ཤེས་རབ་ཀྱི་སྤྱོད་ཡུལ་མ་ཡིན་པར་དབང་པོའི་སྤྱོད་ཡུལ་དུ་གཏན་ལ་དབབ་ཏུ་ཡོད་པས་ན་ངེས་པ་ཁོ་ནར་ཉམས་སུ་བླངས་བ་གལ་ཆེའོ༔ སྣང་བ་ཅེར་བཞག་དབྱིངས་སུ་གྲོལ་བའི་མན་ངག་གིས་ནི་ཉམས་གོང་ནས་གོང་དུ་འཕེལ་བའི་སྣང་བ་གཏན་ལ་འབེབས་པ་ཡིན་ཏེ་ཚད་ཡིག་ཅེས་བྱའོ༔ དེ་ལྟར་ཉམས་སུ་བླངས་པ་ལས་ཆོས་ཉིད་ཟད་པར་གྲོལ་བ་ནི་རང་ཤུགས་ཀྱིས་འབྱུང་བ་ཡིན་ནོ༔ འདི་ནི་ཉམས་སུ་བླང་བ་ལ་ཐུག་པས་ན་ཉམས་སུ་བླངས་ན་དགེ་སྡིག་གང་གིས་ཀྱང་ཕན་གནོད་དང་བྲལ་བས་རང་བཞིན་རྫོགས་པ་ཆེན་པོ་ཉིད་ཡིན་པར་བསྟན་པའོ༔ མན་ངག་འདི་གསུམ་གྱི་རང་གི་ངོ་བོ་ཉམས་སུ་བླངས་པས་གང་ཟག་གཅིག་སངས་རྒྱ་བར་བྱེད་པའོ༔ རིག་པར་རང་གྲོལ་གྱི་རྒྱུད་ཀྱི་རྒྱབ་ཡིག་གསང་བ༔ མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཐིག་རྫོགས་སོ༔ རྒྱ༔ རིན་པོ་ཆེ་སྤུངས་པའི་རྒྱུད་ཀྱི་ཁོང་དོན་གྱི་མན་ངག་གི་གནད་ཡིག་ནི༔ མན་ངག་གཉིས་ལས༔ རྒྱ་ཆེ་ཟད་པ་མེད་པའི་དབྱིངས་རིག་གི་མན་ངག་གིས་ཉམས་སུ་བླང་བ་དངོས་གཞི་སྟེ༔ འདི་ལ་ཡང་དང་པོ་རུ་ཤན་འབྱེད་པ་རབ་ཏུ་གལ་ཆེའོ༔ དེ་ནས་དབྱིངས་ཀྱི་གནད་དང་རིག་པའི་གནད་ཀྱི་མན་ངག་ནི་དཔེ་ན་གསལ་བས་དེས་འགྲུབ་ངེས་སོ༔ ལྷག་མ་ནི་ཤེས་པར་བྱ་བའི་ཆོས་ཡིན་གྱི་ཉམས་སུ་བླང་བྱ་ནི་མ་ཡིན་ནོ༔ དེའི་ཕྱིར་ན་གནད་
ཀྱི་རྒྱབ་ཡིག་འདི་རབ་ཏུ་གཅེས་སོ༔ རིན་པོ་ཆེ་སྤུངས་པའི་རྒྱུད་ཀྱི་རྒྱབ་ཡིག༔ མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཏིག་རྫོགས་སོ༔ ཨི་ཏི༔ རྒྱ༔ ༔སྐུ་གདུང་འབར་བའི་རྒྱུད་ཀྱི་གནད་ཡིག་ཁོང་དོན་གྱི་མན་ངག་ནི་གསུམ་ལས༔ གནད་གསུམ་མན་ངག་གི་ཚད་ཀྱིས་ཉམསསུ་བླངས་པས་ཉམས་སུ་མྱོང་བ་སྐྱེ་སྟེ༔ འདིའི་སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པས་ལུས་ངག་སྤྱོད་པར་རབ་ཏུ་གཅེས༔ ལུས་ངག་གི་གནད་ཀྱིས་སྐུ་གསུམ་ལམ་དུ་བླང་བར་བྱ་སྟེ་འདི་ལ་ངོ་སྤྲད་པའི་ཐབས་རབ་ཏུ་གསང་བའོ༔ དེ་ཡང་སྐུ་གསུམ་གྱི་སྣང་བ་ལ་བསླབས་ནས་ཕྱིར་མི་ལྡོག་པ་ཡིན་ནོ༔ དེ་ནས་རིག་པ་སྔོན་དུ་ཡུལ་ལ་གཏད་པ་ནི་བླ་མའི་མན་ངག་སྟེ༔ དེ་ལྟར་གཏད་པས་ཉམས་གོང་ནས་གོང་དུ་འཕེལ་བ་ལ་ཐེ་ཚོམ་མེད་དོ༔ དེའི་གསང་བའི་མན་ངག་འདི་རབ་ཏུ་ཟབ་པས་གཞན་ལ་ཚིག་ཙམ་ཡང་བརྗོད་པར་མི་བྱའོ༔ དེ་ལྟར་ཉམས་སུ་བླངས་པས་ལུས་ངག་ཡིད་ཀྱི་རྟགས་ནི་ངེས་པ་ཁོ་ནར་འོང་སྟེ༔ འདི་ནི་གང་ཟག་ཡིད་ཆེས་པར་བྱ་བའི་དོན་ཡིན་གྱི་ཉམས་སུ་ལེན་པའི་དངོས་གཞི་ལ་དགོས་པ་ཅི་ཡང་མེད་དོ༔ དེ་ཡང་འདི་ལྟར་ཉམས་སུ་བླངས་ན་རྟགས་འདི་ཀུན་ནི་མི་འོང་མི་སྲིད་དོ༔ འདི་ནི་རྟགས་ཡིག་ཅེས་བྱ་སྟེ་དཔེ་ལྟར་འོང་ངེསཔ་ཡིན་ནོ༔ འདི་ལྟར་འབྱུང་བ་ནི་གོམས་ཚད་ལས་བྱུང་བ་དང་བཙན་ཐབས་སུ་འབྱུང་བ་གཉིས་ཡིན་ནོ༔ འོན་ཀྱང་རྟགས་ཡིག་ལ་སོགས་པ་ལྷག་མ་འདི་ཀུན་ཤེས་བྱ་ཡིན་ནོ༔ སྐུ་གདུང་འབར་བའི་རྒྱུད་ཀྱི་རྒྱབ་ཡིག་གསང་བ༔ མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཐིག་རྫོགས་སོ༔ ཨ་ཏི༔ རྒྱ་རྒྱ་རྒྱ༔ ༔ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ཀྱི་གནད་ཡིག་ཁོང་དོན་གྱི་མན་ངག་བཞི་ལས༔ རང་བཞིན་གནས་པའི་བར་དོར་ཉམས་སུ་བླང་བ་ནི་གནད་ཡིན་ཏེ་འདིར་ཉམས་སུ་མ་བླངས་ན་བར་དོ་ལ་རེ་བ་རྣམས་ནི་རྣམ་དཔྱོད་
དུས་ལ་ལྟོས་པ་རྣམས་སུ་དུས་དེར་འབྱུང་བར་མི་འགྱུར་རོ༔ ཆོས་ཉིད་ཀྱི་བར་དོ་ལ་སངས་རྒྱ་བར་བྱེད་པ་ལ་འདི་ཉིད་དུ་ཉམས་སུ་བླང་བ་གཅེས་སོ༔ དེ་ཡང་འཁོར་འདས་རུ་ཤན་འབྱེད་པ་ལ་སོགས་ཟངས་ཡིག་ཅན་ལྟར་བྱས་ནས་ཉམས་སུ་བླངས་པའི་ཚེ་སྐྱེས་བུ་དེ་གལ་ཏེ་བར་ཆོད་དུ་མ་སོང་ན་འདི་དག་ཏུ་སངས་རྒྱ་བ་ཡིན་གྱི༔ བསྟན་པ་ཙམ་གྱིས་མ་ཡིན་ནོ༔ དེ་ཡང་རིག་པའི་མན་ངག་བླ་མས་བསྟན་ནས་ཉམས་དུམ་རེ་ཙམ་བླངས་ནས་བར་ཆད་ན་ནི་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ ཉམས་གོང་ནས་གོང་དུ་འཕེལ་བའི་སྣང་བ་ཐིག་ལེའི་སྣང་བ་ཚུན་ཆད་ལ་བར་ཆད་ན་ཆོས་ཉིད་ཀྱི་བར་དོ་ལ་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ དེའི་ཕྱིར་ན་འདི་ནི་སྐྱེ་བ་མ་བརྒྱུད་པར་སངས་རྒྱས་བའི་གནད་ཡིན་ནོ༔ དེ་ཕན་ཆད་ལ་ནི་སྐུ་གསུམ་གྱི་སྣང་བ་ལམ་དུ་སྣང་བ་ཞེས་བྱ་སྟེ་ཕྱིར་ལྡོག་པ་ནི་མ་ཡིན་ནོ༔ འདི་ཉིད་ལས་འབྱུང་བ་རང་ཟད་ལས་སངས་རྒྱ་བ་མ་ཡིན་ནོ༔ དེའི་ཕྱིར་ན་ཉམས་སུ་ལེན་པ་ལ་ནི་འདི་ཀུན་ལ་དགོས་པ་མེད་དེ་ཚིག་ཅེས་བྱ་བ་ཡིན་ནོ༔ འདི་ཉིད་ལ་གོམས་པ་བར་མ་ཆད་པའི་སྐྱེས་བུ་རྣམས་ལ་ནི་བཤད་མི་དགོས་པར་ཤུགས་ཀྱིས་སྐྱེ་བ་ཡིན་ནོ༔ ཉི་ཟླ་ཁ་སྦྱོར་གྱི་རྒྱབ་ཀྱི་ཡིག༔ མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཐིག་རྫོགས་སོ༔ ཨ་ཏི༔ རྒྱ་རྒྱ་རྒྱ༔ ༔དེ་དག་གི་བསྟན་པ་དམ་པ་སྲུང་བའི་རྒྱུད་དཔལ་ནག་མོ་ཁྲོས་མའི་རྒྱུད་ཀྱི་གནས་ཡིག་ཁོང་དོན་གྱི་མན་ངག་གསུམ་ལས༔ བསམ་པས་གནག་པའི་མན་ངག་ནི་ཉམས་སུ་ལེན་པའི་དུས་ན་བྱ་བ་ཡིན་གྱི་གཞན་དུ་ནི་འགྲུབ་པ་མ་ཡིན་ནོ༔ དུས་ཚོད་ནི་ཐུན་དང་ཟོར་གྱི་དུས་ན་སྦྱར་བ་ཡིན་གྱི་གཞན་ལ་ནི་མ་ཡིན་ཏེ༔ བསམ་ལེ་མ་གསང་བ་ངན་སྔགས་འདུས་པའི་རྒྱུད་ལེའུ་སྟོང་བཞི་བཅུ་ཡོད་པ་ལས༔ བསམས་པས་འགྲུབ་པའི་ལེའུ་འདི་ཕྱུང་བ་ཡིན་ཏེ༔ འདི་མིན་བསམ་ལེ་མས་ནི་འགྲུབ་པ་མ་ཡིན་ནོ༔ བསམ་
པའི་དུས་སུ་རྣལ་འབྱོར་པའི་མགོ་བོ་ལྟ་ལུགས་ནི་དུས་ཚོད་འདི་ཀུན་དང་བསྟུན་དགོས་སོ༔ འདི་དང་མ་བསྟུན་ན་རྣལ་འབྱོར་པས་ལས་མི་འགྲུབ་སྔགས་པ་ཡི་ཆད་པ་ལས་དོན་མི་འབྱུང་ངོ་༔ ཐུན་དྲུག་ལ་སོགས་པའི་ངན་སྔགས་འདི་དག་ནི་གཅིག་ཏུ་དྲིལ་བའི་མན་ངག་ལ་བྷྱོཿསྔགས་བདུན་བརྟགས་ནས་བསྒྲུབ་པ་ལས་དེ་མིན་དུ་འགྲུབ་མི་སྲིད་དོ༔ ཐུན་ཡ་བྲལ་བ་རྣམས་ནི་ཤེས་བྱ་ཡིན་པ་ལས་ལག་ཏུ་བླང་དུ་མི་བཏུབ་སྟེ༔ བླངས་ཀྱང་ཡི་ཆད་པ་ལས་དོན་མི་འགྲུབ་བོ༔ དེའི་ཕྱིར་ན་གསང་སྔགས་ཀྱི་རྒྱུད་ཀུན་ལ་རྒྱབ་ཡིག་མེད་ན་གཟུངས་ཀྱི་ནང་གི་ལས་ཚོགས་དང་འདྲ་སྟེ་འགྲུབ་མི་སྲིད་པས་ཡི་ཆད་པ་ལས་ཕན་མེད་དོ༔ ཨེ་ཀ་ཙ་ཏི་ནག་མོ་ཁྲོས་མའི་རྒྱུད་ཀྱི་རྒྱབ་ཡིག༔ མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱི་སྙིང་ཏིག་རྫོགས་སོ་རྒྱ༔ དེ་ལྟར་གསང་བའི་རྒྱུད་བཅུ་བདུན་ལ་ཁོང་དོན་གྱི་མན་ངག་དེ་དག་ནི་ཉམས་སུ་ལེན་པའི་སྐྱེས་བུ་ལ་དེ་ལྟར་སྟོན་པ་ཡིན་གྱི་ཚོགས་བཤད་དུ་མ་ཡིན་ནོ༔ དཔེའི་ནང་གི་རྒྱུད་བཅུ་བདུན་གང་ཟག་གཅིག་གི་ཆ་རྐྱེན་དུ་བསྒྲིགས་ནས་ཉམས་སུ་ལེན་པར་བསྟན་ནས་ཡོད་དེ༔ དེ་མ་ཡིན་པས་རྒྱུད་རེ་རེ་ནས་གང་ཟག་རེ་རེས་ཉམས་སུ་བླང་བའི་མན་ངག་ཏུ་བསྒྲིགས་ནས་བསྟན་པ་ཡིན་ནོ༔ བཤད་ཅིང་སྤྲོས་པ་ལ་དགའ་ན་དེ་ལྟར་ཡང་ཉམས་སུ་ལེན་པའི་ལག་ལེན་དུ་བསྒྲིགས་ནས་བསྟན་པ་ཡིན་གྱི༔ ཡང་དག་པར་ན་རྒྱུད་ཀྱི་ཚིག་ཀུན་ལ་དགོས་ཆེད་མེད་དོ༔ དེ་ཡང་ཚིག་གི་རིག་པའི་ཡེ་ཤེས་གཏན་ལ་མི་ཕེབས་པའི་གནད་ཀྱིས་སོ༔ དེའི་ཕྱིར་ན་གསང་བའི་མན་ངག་སྙིང་ཐིག་འདི་ནས་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པའི་མན་ངག་འདི་རྣམས་སྟོན་པ་ཡིན་ནོ༔ དེ་ཡང་ཚིག་གིས་སངས་རྒྱས་ལ་རྡུལ་ཙམ་ཡང་ཕན་པ་མེད་པར་བསྟན་པ་དང་༔ རིག་པའི་ཡེ་ཤེས་དེ་ཤེས་རབ་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་དང་༔ བླ་མས་གདམས་ངག་
བསྟན་ན་དབང་པོ་ལ་རྣོ་རྟུལ་མེད་པ་དང་༔ ཉམས་སུ་ལེན་ནུས་ན་ལས་ལ་བཟང་ངན་མེད་པ་དང་༔ བླ་མས་རིག་པའི་མན་ངག་བསྟན་པའི་མི་ལ་ལས་དགེ་སྡིག་མེད་པར་བསྟན་པ་དང་༔ སྐུ་གསུམ་དང་ཡེ་ཤེས་ལྔའི་སྣང་བ་རྣམས་འདི་ཉིད་ལ་ལམ་དུ་སྣང་བ་ལས་འབྲས་བུ་མ་ཡིན་པ་དང་དྲུག་གིས་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པས༔ རིག་པ་ཉིད་ཤེས་རབ་ཀྱི་སྤྱོད་ཡུལ་མ་ཡིན་པར་དབང་པོ་སྤྱོད་ཡུལ་དུ་གཏན་ལ་ཕབ་ནས་འདི་ཉིད་ལ་ཕྱི་ནང་གི་བྱུང་བ་རྣམས་རང་སར་དངས་པས་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་ལྷག་མེད་དུ་འཚང་རྒྱ་བས་ན་མན་ངག་འདི་ཤིན་ཏུ་ཟབ་པར་བསྟན་པའོ༔ མན་ངག་གི་རྒྱལ་པོ་དུང་ཡིག་ཅན་འདི་ནི་མན་ངག་ཡིན་གྱི་ཁ་བྱང་ནི་མ་ཡིན་ནོ༔ འདི་ལ་འདྲ་མིན་གཉིས་ཡོད་པ་ལས་ཡང་དག་པའི་མན་ངག་འདི་ལགས་སོ༔ ཁ་བྱང་ནི་འདི་བས་ཉུང་བ་མི་ཟབ་པ་ཅིག་ཡོད་དོ༔ དེའི་ཕྱིར་ན་འདི་རབ་ཏུ་གཅེས་སོ༔ རང་བཞིན་རྫོགས་པ་ཆེན་པོ་ཐིག་ལེའི་སྐོར་གྱི་རྒྱུད་འདི་རྣམས་ཀྱང་རྒྱུད་རྐྱང་པ་ཡིན་ཏེ༔ སངས་རྒྱས་ཀྱི་ཞལ་ནས་གསུངས་པས་ནང་སྦྲེལ་ཏེ་བཤད་པ་ཡིན་པ་ལས༔ འགྲེལ་པ་བདག་གིས་བྱས་པའི་སྐུའི་རྒྱུད་ཀྱི་དོན་འགྲེལ་ཆུང་བ་གཅིག༔ ཡོན་ཏན་གྱི་རྒྱུད་ཀྱི་དབུ་འགྲེལ་དང་༔ སྙིང་གི་མེ་ལོང་གི་འགྲེལ་ཆུང་དང་༔ དབང་འགྲེལ་དང་བཞི་ལས་མེད་དོ༔ བཤད་ན་རྒྱུད་ནང་སྡེབས་ནས་བཤད་པ་ཡིན་ནོ༔ ཉམས་སུ་ལེན་པའི་གནད་དུ་མན་ངག་གི་ཡི་གེ་རྣམས་ཡིན་ལ་ཡིད་ཆེས་འཇུག་པར་བྱེད་པ་ལ་རྒྱུད་རྣམས་ཡིན་ནོ༔ དེའི་གདམས་པ་སྙིང་ཏིག་ལ་འབེབས་པ་ནི་ཡི་གེ་གསུམ་ཡིན་ཏེ༔ རྒྱབ་ཡིག་དང་༔ ཚད་ཡིག་དང་༔ རྟགས་ཡིག་དང་གསུམ་མེད་ན་ཉམས་སུ་བླངས་ཀྱང་ཚི་ཆད་པ་ལས་དོན་ཅི་ཡང་མེད་དོ༔ མན་ངག་གི་རྒྱལ་པོ་དུང་ཡིག་ཅན་གྱིི་རྒྱབ་ཡིག༔ མཁས་པ་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ༔ བྱེ་མ་ལས་སྒྲ་རང་འགྱུར་དུ་བསྒྱུར་བའོ༔
དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོས་བཀའ་འདི་སྲུངས་ཤིག༔ སཱ་མཱ་ཡཱ༔ སྨུག་ནག་ཨེ་ཀ་ཙ་ཏིས་བཀའ་འདི་སྲུངས་ཤིག༔ ས་མ་ཡཱ༔ ལྕེ་བཙུན་བདག་གིས་འོ་ཡུག་ཕྱི་གོང་རྫའི་ར་བར་འདི་ཁོ་ན་ལྟར་ཉམས་སུ་བླངས་པས་གྲུབ་པ་མིན་རེ་གོ་མགོ༔ མདོ་རྒྱུད་གསལ་བར་བྱེད་པའི་མན་ངག་དུང་ཡིག་ཅན༔ ཚིགས་བཅད་འདིེ་རྣམས་ལྕེ་བཙུན་གྱི་གསུང་ཡིན་ནམ་བརྟག །འདི་ནི་གསང་བའི་མདོ་རྒྱུད་ཐམས་ཅད་ལས༔ མན་ངག་སྙིང་པོ་བསྡུས་པའི་བཅུད་ཡིན་པས༔ དེ་ཡི་མན་ངག་མི་གྱུར་དོན་བསྟན་པ༔ དམིགས་གཏད་རིན་ཆེན་གསལ་བའི་སྒྲོན་མ་ཡིས༔ འདི་ཡི་མདོ་དོན་འགྱུར་མེད་གསལ་བར་བྱས༔ གསང་བ་ངོ་བོ་ཉིད་ཀྱི་དེབས་ཀྱིས་ནི༔ འདི་ཡི་དོན་གྱི་མན་ངག་གཟབ་པ་ནི༔ འཁྲུལ་མེད་ཡིན་པར་ཤེས་པ་གནད་དུ་ཕབ༔ མདོ་བྱེད་བསྡུས་པའི་སྒྲོན་མས་རང་ངོ་བསྟན༔ རྩ་ཏིག་སྙིང་འབེབས་རྒྱབ་ཡིག་འདི་དང་བཞིས༔ གསང་བའི་ཡང་བཅུད་མན་ངག་དུང་ཡིག་ཅན༔ ལྷག་མ་མེད་པར་ཡོངས་སུ་རྫོགས་པ་འོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ༔ མངྒ་ལཾ༔
དུང་ཡིག་ཅན་རྒྱུད་ཀྱི་ཁོང་སྙིང་བསྡེབས་པ།
༼དུང་ཡིག་ཅན༽ དུང་ཡིག་ཅན་རྒྱུད་ཀྱི་ཁོང་སྙིང་བསྡེབས་པ་ཞེས་བྱ་བ་བཞུགས་སོ༔ ཨྠྀི༔
རྒྱ་གར་སྐད་དུ༔ ཏན་ཏྲ་ཙིཏྟ་དྷ་ཏྭཱ་ཡེ༔ བོད་སྐད་དུ༔ རྒྱུད་ཀྱི་ཁོང་སྙིང་བསྡེབས་པ༔ རྡོ་རྗེ་སྟོང་པ་ཆེ་ལ་ཕྱག་འཚལ་ལོ༔ ལུང་དང་རིག་པས་རྒྱུད་དོན་གསལ་ཕྱེ་ནས༔ མན་ངག་ངེས་པའི་དོན་འདི་བསྟན་པར་བགྱི༔ འདི་དག་རྣམས་ཀྱི་སྙིང་ཕྱུང་དོན་བསྡེབས་ཏེ༔ གང་ཟག་གཅིག་གི་རྒྱུད་ལ་གོམས་པར་བྱ༔ ཀྱེ་མ་རིགས་ཀྱི་བུ་རྣམས་འདི་ལྟར་གོམས་ཤིང་བརྟན་པར་གྱིས་ཤིག༔ ཐེག་པ་ཆེན་པོས་རིགས་ལ་གནས་ཤིང་༔ ཐེག་པ་ཆེན་པོས་གཞན་དོན་མཐར་ཕྱིན་པར་བྱས་ནས༔ དེ་ནས་གསང་བའི་མན་ངག་ལ་འཇུག་པར་བྱ་བའི་ཕྱིར་ན༔ སྒྲ་ཐལ་འགྱུར་གྱི་རྒྱུད་ཀྱི་དོན་གྱི་མན་ངག་གིས་སྤྲུལ་པའི་སྐུ་བསྒྲུབ་ཏེ་གཞན་གྱི་དོན་རྫོགས་པར་བྱས་ནས་རང་གི་དགོངས་པ་ལ་གནས་པར་བྱ་བའི་ཕྱིར༔ རྟགས་བཀོད་ཡི་གེའི་སྒྲ་དོན་གྱི་གྲགས་སྟོང་དབྱེར་མེད་དུ༔ ཤེས་པར་བྱས་ལ་འགྲོ་བ་རིགས་དྲུག་གི་རང་སྒྲས་ཕ་རོལ་གྱི་དོན་བྱ་མི་བྱ་དང་མངོན་པར་ཤེས་པ་རྒྱུད་ལ་སྨིན་པར་བྱས་ནས༔ དེ་ནས་འབྱུང་བ་ལྔའི་སྒྲ་དོན་གྱིས་རྫུ་འཕྲུལ་ཡ་མ་ཟུང་བསྒྲུབས་ནས་ཕ་རོལ་གྱི་དོན་བྱེད་པའོ༔ དེ་ནས་རང་གི་རིག་པའི་དོན་ལ་འཇུག་པ་སྟེ༔ བཀྲ་ཤིས་མཛེས་ལྡན་གྱི་རྒྱུད་ཀྱི་མན་ངག་གིས་རིག་པའི་གནས་ཚུལ་གཏན་ལ་དབབ་སྟེ༔ འཁྲུལ་བའི་གཞི་གཏན་ལ་ཕབ་པའི་མན་ངག་གིས་རིག་པའི་རང་ངོ་ཤེས་པར་བྱས་ནས༔ མ་འཁྲུལ་པའི་ཡེ་ཤེས་ངོས་བཟུང་བའི་མན་ངག་གིས་རིག་པ་རང་དུ་གཏན་ལ་ཕབ་ནས༔ འཁྲུལ་པའི་འཁྲུལ་ལུགས་ཀྱི་མན་ངག་གིས་རིག་པའི་ཤན་ཕྱེ་ནས༔ དེ་བཟློག་པའི་མན་ངག་གིས་རིག་པའི་འགྲོ་ས་ངོ་ཤེས་པར་བྱའོ༔ དེ་ལྟར་རིག་པའི་འཁྲུལ་གཞི་གཏན་ལ་ཕབ་ནས༔ ད་རིག་པའི་གོལ་ས་གཅོད་པའི་
ཕྱིར་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་མན་ངག་གིས་གཏན་ལ་འབེབས་དགོས་ཏེ༔ བློས་བཏགས་རིམ་པའི་གོལ་ས་གཅོད་པའི་མན་ངག་གིས་རིག་པ་ཐེག་པ་གཞན་གྱི་གྲུབ་མཐའི་ཕྱོགས་སུ་ལྷུང་ངམ་མ་ལྷུང་གཏན་ལ་ཕབ་ནས་ཉམས་བླང་འཁྲུལ་པའི་གོལ་ས་གཅོད་པའི་མན་ངག་གིས་བླ་མའི་གདམས་ངག་མ་འཁྲུལ་བར་གཏན་ལ་ཕབ་སྟེ༔ དངོས་པོ་གཤིས་ཀྱི་འདུག་ཚུལ་མ་ཡིན་པར་འཛིན་པའི་གོལ་ས་གཅོད་པའི་མན་ངག་གིས་རང་གི་རིག་པའི་འདུག་ཚུལ་གཏན་ལ་དབབ་པའོ༔ དེ་ལྟར་རིག་པའི་གོལ་ས་བཅད་ནས༔ ད་རང་གི་རིག་པ་སྒྲོན་མར་གཏན་ལ་དབབ་པའི་ཕྱིར༔ སྒྲོན་མ་འབར་བའི་རྒྱུད་ཀྱི་མན་ངག་གིས་བསྟན་ཏེ༔ བཏགས་པ་ཚིག་གི་སྒྲོན་མའི་མན་ངག་གིས་མིང་མཚོན་པར་བྱས་ནས་རྟེན་འབྲེལ་རྫས་ཀྱི་སྒྲོན་མའི་མན་ངག་གིས་སྐྱེས་བུའི་རྩོལ་བ་ལས་ཡེ་ཤེས་སྐྱེ་བའི་དཔེ་གཏན་ལ་ཕབ་ནས༔ སྤྱི་མཐུན་ལས་ཀྱི་སྒྲོན་མའི་མན་ངག་གིས་རིག་པ་ཟུང་འཇུག་གི་དཔེ་གཏན་ལ་ཕབས་ནས༔ མཚོན་པ་དཔེའི་སྒྲོན་མའི་མན་ངག་གིས་རང་གི་རིག་པ་ལ་ཕྱིན་ཅི་ལོག་གི་རྟོག་པ་བསལ་ནས༔ ཡེ་ཤེས་རྟགས་ཀྱི་སྒྲོན་མའི་མན་ངག་གིས་ལུས་ཀྱི་གནད་སྐྱེས་བུའི་རྩོལ་བ་ལ་བརྟེན་ནས་ཉམས་སུ་བླང་བར་བསྟན་པའོ༔ དེ་ལྟར་སྒྲོན་མ་གཏན་ལ་ཕབ་ནས༔ ད་རང་གི་རིག་པའི་སྒྲོན་མ་དེ་ཡང་༔ དཔེ་དུ་མའི་སྒོ་ནས་ངོ་སྤྲད་ནས་ཡེ་ཤེས་ངོས་བཟུང་སྟེ་སྒྲོན་མའི་སྣང་བ་རང་སྣང་དུ་གཏན་ལ་དབབ་པ་ནི་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཀྱི་མན་ངག་རྣམས་བསྟན་ཏེ༔ ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་དབང་པོ་རབ་འབྲིང་ཉི་ཤུ་རྩ་གཅིག་ལ་སྤྲད་པས་ཡེ་ཤེས་སྐྱེ་བར་བྱས་ནས༔ དེ་ཡང་དབང་པོ་གསུམ་གྱི་དོན་དུ་བསྡུས་ནས་བསྟན༔
སྒྲོན་མའི་སྣང་བའི་མན་ངག་གི་གནད་བཞིས་གཏན་ལ་ཕབ་སྟེ་ཉམས་སུ་ལེན་པའི་གནད་བཙལ་ལོ༔ དེ་ལྟར་ངོ་སྤྲད་ནས༔ དེ་ལྟར་ངོ་སྤྲོད་ཀྱི་མན་ངག་དེ་ཉིད་རང་ཡང་ལྟ་སྒོམ་སྤྱོད་པ་གསུམ་དུ་གཏན་ལ་དབབ་པར་བསྟན་པ་ནི༔ རིག་པ་རང་ཤར་གྱི་རྒྱུད་ཀྱི་མན་ངག་གིས་བསྟན་ཏེ༔ སྤྱོད་པའི་མན་ངག་གིས་རང་གཞན་གྱི་སྣང་བ་གཏན་ལ་ཕབ་ནས༔ སྒོམ་པའི་མན་ངག་གིས་རང་གཞན་གྱི་བློ་མི་གནས་པར་གནས་པར་བྱས་ཏེ་རང་གི་རིག་པ་ཉིད་དུ་གཏན་ལ་ཕབ་ནས༔ ལྟ་བའི་མན་ངག་གིས་རིག་པ་སྐུ་གསུམ་དུ་གཏན་ལ་ཕབ་སྟེ༔ གང་ཟག་བཞིའི་དོན་དུ་ཡེ་ཤེས་བཞི་སྐྱེ་བའི་རིམ་པ་བསྟན་པའོ༔ དེ་ལྟར་ལྟ་སྒོམ་དུ་གཏན་ལ་ཕབ་ནས༔ ད་ལྟ་སྒོམ་སྤྱོད་པ་འབྲས་བུ་དེ་དག་གི་སྐྱོན་དང་གོལ་ས་བཅད་ཅིང་བསལ་བའི་ཕྱིར༔ ནོར་བུ་ཕྲ་བཀོད་ཀྱི་རྒྱུད་ཀྱི་མན་ངག་བསྟན་ཏེ༔ སྤྱོད་པ་གཙོ་བོར་བྱེད་པའི་མན་ངག་གིས་སྒོམ་པའི་བྱིང་རྒོད་དང་སྣང་བའི་སྐྱོན་རྣམས་གསལ་བར་བྱས་ནས༔ སྒོམ་པ་ལ་གཙོ་བོར་བྱེད་པའི་མན་ངག་གིས་དབང་པོ་གསུམ་གྱི་སེམས་བཟུང་བའི་ཆོ་ག་དང་གནས་པར་བྱས་ནས༔ ལྟ་བ་གཙོར་བྱེད་པའི་མན་ངག་གིས་སྤྱི་དང་རང་གི་མཚན་ཉིད་གཏན་ལ་ཕབ་ནས༔ འབྲས་བུ་ལ་གཙོར་བྱེད་པའི་མན་ངག་གིས་སྤྱི་དང་རང་གི་འབྲས་བུ་ཇི་ལྟར་ཐོབ་པའི་རིམ་པ་གཏན་ལ་ཕབ་བོ༔ དེ་ལྟར་ལྟ་སྒོམ་སྤྱོད་པ་དང་འབྲས་བུའི་སྐྱོན་དང་གོལ་ས་བཅད་ནས༔ ད་རིག་པའི་ངོ་བོ་དེ་ལག་ལེན་དུ་བསྒྲིག་ན་ཇི་ལྟར་སྒྲིག་བསྟན་པ་ནི༔ ངོ་སྤྲོད་སྤྲས་པའི་རྒྱུད་ཀྱི་མན་ངག་བསྟན་ཏེ༔ དཔེ་དོན་རྟགས་གསུམ་གྱི་མན་ངག་གིས་སྣང་བ་ལ་ཡིད་ཆེས་པར་བྱས་ནས༔ རིག་པ་དང་འོད་ཡེ་ཤེས་གསུམ་གྱི་མན་ངག་གིས་ལག་ཏུ་ལེན་
པའི་གྲངས་ཤེས་པར་བྱས་ནས༔ སྐུ་གསུམ་གྱི་ངོ་སྤྲོད་ཀྱི་གདམས་ངག་གིས་རིག་པ་གཏན་ལ་ཕབ་ནས༔ གནད་གསུམ་དུ་བཞག་པའི་ངོ་སྤྲོད་ཀྱི་མན་ངག་གིས་ཉམས་སུ་བླངས་པས་ལག་ལེན་དུ་གཏན་ལ་ཕབ་པའོ༔ དེ་ལྟར་ལག་ལེན་གཏན་ལ་ཕབས་ནས༔ ད་རིགས་དྲུག་གི་སྐྱེ་བའི་སྒོ་དགག་པའི་ཕྱིར་ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་ཀྱི་མན་ངག་གིས་གཏན་ལ་དབབ་པར་བྱ་སྟེ༔ རིགས་དྲུག་གི་འབྲོས་ཁུངས་གཅོད་པའི་མན་ངག་གིས་ཡུལ་དྲུག་རྣམས་དག་པར་བྱས་ནས༔ རང་སྣང་ལྷུག་པར་ཤར་བའི་མན་ངག་གིས་སྣང་བའི་རྐྱེན་ཐམས་ཅད་དང་བྲལ་བར་བྱའོ༔ དེ་ལྟར་རིགས་དྲུག་གི་སྐྱེ་གནས་བཅད་ནས༔ ད་ཉམས་སུ་བླང་པ་དངོས་ལ་འཇུག་པར་བྱ་སྟེ༔ ཡི་གེ་མེད་པའི་རྒྱུད་ཀྱི་མན་ངག་གིས་ཉམས་སུ་ལེན་པ་དངོས་བསྟན་ཏེ༔ ཞལ་ཆེམས་ཀྱི་མན་ངག་གིས་ཕྱི་ནང་གསང་བའི་བྱ་བ་བཏང་སྟེ་རྐྱེན་མེད་ཀྱི་ཡུལ་དུ་གནས་པར་བྱས་ནས་བཞག་ཐབས་བཞིའི་མན་ངག་གིས༔ རིག་པ་རང་སོར་ཆུད་པར་བྱས་ནས་དབྱིངས་དང་རིག་པའི་མན་ངག་གིས་དངོས་གཞི་རིག་པ་ཟག་པ་མེད་པའི་ཐབས་བསྟན་པའོ༔ དེ་ལྟར་ཉམས་སུ་བླང་བའི་ཐབས་བསྟན་ནས༔ ད་ཉམས་སུ་ལོངས་པའི་ཚད་གཏན་ལ་དབབ་པའི་ཕྱིར༔ སེང་གེ་རྩལ་རྫོགས་ཀྱི་རྒྱུད་ཀྱི་མན་ངག་གིས་བསྟན་ཏེ༔ བསྒོམ་པ་རྣམ་པ་ལྔའི་མན་ངག་གིས་རང་གི་ཤེས་པ་བརྟན་པའི་ཚད་བཟུང་ལ༔ ལྟ་བ་ཞེ་ཕུགས་ཀྱི་མན་ངག་གིས་རིག་པ་མི་འགྱུར་བར་བྱས་ནས༔ ཉམས་སུ་བླངས་པ་དངོས་གཞིའི་མན་ངག་གིས་ཉམས་གོང་ནས་གོང་དུ་འཕེལ་བར་བྱའོ༔ དེ་ལྟར་ཉམས་སུ་བླངས་བའི་ཚད་བསྟན་ནས༔ ད་རིག་པ་དེ་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར༔ མུ་ཏིག་ཕྲེང་
བའི་རྒྱུད་ཀྱི་མན་ངག་གིས་རིག་པ་མ་སྨིན་པ་སྨིན་པར་བྱའོ༔ གལ་མདོ་བཅུ་གཅིག་གི་མན་ངག་གིས་རིག་པ་ཁྲིགས་སུ་ཉམས་སུ་བླངས་ནས༔ གནད་རྣམ་པ་གསུམ་མཐོང་བའི་མན་ངག་གིས་གོམས་པའི་གདེང་བཅས་ནས༔ འཁྲུལ་པའི་རང་རྐྱེན་དག་པའི་མན་ངག་གིས་འབད་བཅས་དང་འབད་མེད་དུ་གྲོལ་བར་བསྟན་པའོ༔ དེ་ལྟར་རིག་པ་ཕྱིར་མི་ལྡོག་པར་བྱས་ནས༔ ད་རིག་པ་དེ་བྱས་པ་མ་ཡིན་པར་རང་གིས་རང་གྲོལ་བར་བྱ་བ་ནི༔ རིག་པ་རང་གྲོལ་གྱི་རྒྱུད་ཀྱི་མན་ངག་གིས་བསྟན་ཏེ༔ གཅིག་པུ་གྲོགས་དང་བྲལ་བར་གནས་པའི་མན་ངག་གིས་སྣང་བ་ལ་དབང་བར་བྱས་ནས༔ རིག་པ་མཁའ་ལ་དབྱུང་བའི་མན་ངག་གིས་རྡོ་རྗེ་ལུ་གུ་རྒྱུད་དང་འདྲིས་པར་བྱས་ལ༔ སྣང་བ་ཅེར་བཞག་གིས་མན་ངག་གི་འཁོར་འདས་ཐམས་ཅད་རང་གྲོལ་དུ་བྱའོ༔ དེ་ལྟར་རང་གྲོལ་དུ་བསྟན་ནས༔ ད་ཡོན་ཏན་སྣ་ཚོགས་སུ་ཤར་བ་ཐམས་ཅད་དབྱིངས་རིག་རང་གི་ངོ་བོ་ཡིན་པར་བསྟན་པའི་ཕྱིར༔ རིན་པོ་ཆེ་སྤུངས་པའི་རྒྱུད་ཀྱི་མན་ངག་བསྟན་ཏེ༔ ཡོན་ཏན་དུ་མ་རྫོགས་པའི་རིག་པའི་གནད་ཀྱི་མན་ངག་གིས་ཐམས་ཅད་རང་གི་རིག་པའི་ཆོ་འཕྲུལ་དུ་བལྟས་ནས༔ རྒྱ་ཆེ་བ་དབྱིངས་རིག་གི་མན་ངག་གིས་གནད་དུ་མའི་སྒོ་ནས་རང་གི་དབྱིངས་རིག་ཏུ་རྟོགས་པར་བྱའོ༔ དེ་ལྟར་ཡོན་ཏན་སྣ་ཚོགས་སུ་ཤར་བ་ཐམས་ཅད་རང་གི་དབྱིངས་རིག་ཏུ་གཏན་ལ་ཕབ་ནས༔ ད་གང་ཟག་རྣམས་འཇུག་ཅིང་ཡིད་ཆེས་པར་བྱ་བའི་ཕྱིར་སྔ་རྟགས་ཕྱི་རྟགས་ནི་སྐུ་གདུང་འབར་བའི་རྒྱུད་ཀྱི་གདམས་ངག་བསྟན་ཏེ༔ གནད་རྣམ་པ་གསུམ་གོམས་པའི་ཚད་ཀྱིས་རྒྱུད་སྨིན་པའི་མན་ངག་གིས་ལུས་ལ་སྐུ་གསུམ་འབྱུང་བའི་རྟགས་གཏན་ལ་ཕབ་ནས༔ རྣམ་པར་དག་པའི་
ནམ་མཁའ་ལ་གཟིར་འདེབས་པའི་མན་ངག་གིས་རིག་པ་སྨིན་པའི་རྟགས་བསྟན་ཏེ༔ ཉམས་སུ་བླང་བ་གོམས་པའི་རྟགས་ཀྱི་མན་ངག་གིས་ལུས་ངག་ཡིད་གསུམ་འཚང་རྒྱ་བའི་སྔ་རྟགས་དང་ཕྱི་རྟགས་ཀྱི་གཞན་འཇུག་པའི་དོན་བསྟན་པའོ༔ དེ་ལྟར་རྟགས་དང་ལྡན་པའི་གང་ཟག་དེ་མྱ་ངན་ལས་འདའ་བས༔ ད་ལམ་དུ་བར་དོ་ལ་ཇི་ལྟར་འཆར་བའི་སྣང་བ་བསྟན་པ་ནི༔ ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ཀྱི་གདམས་ངག་གིས་གཏན་ལ་དབབ་སྟེ༔ རང་བཞིན་གནས་པའི་བར་དོ་ལ་ཤེས་པ་གྲས་ཐག་བཅད་པའི་གདམས་ངག་གིས་བླ་མའི་མན་ངག་ལ་ཡིད་ཆེས་པར་བྱས་ནས༔ འཆི་ཁ་མའི་བར་དོ་ལ་མི་གསལ་བ་གསལ་གདབ་པའི་མན་ངག་གིས་རང་གི་རིག་པ་བསྟན་པར་བྱས་ནས༔ ཆོས་ཉིས་ཀྱི་བར་དོ་ལ་རང་གི་རིག་པ་ངོས་བཟུང་སྟེ་འཚང་རྒྱ་བར་བསྟན་པའོ༔ གལ་ཏེ་མ་སྨིན་པའི་དབང་པོ་རྣམས་ནི་སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་འཐུད་པའི་མན་ངག་གིས་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས༔ སྐྱེ་བ་གཅིག་གིས་བར་དོ་མེད་པར་ཡང་དག་པར་རྫོགས་པར་འཚང་རྒྱ་བར་བསྟན་པའོ༔ དེ་ལྟར་དེ་དག་གི་སྔོན་དུ་ནི་རྟེན་ཁྱད་པར་ཅན་དུ་བསྒྲུབ་པའི་ཕྱིར༔ རྫོགས་པར་རང་བྱུང་གི་རྒྱུད་ཀྱི་མན་ངག་གིས་དབང་རྣམ་པ་བཞི་བསྟན་ཏེ༔ ཕྱི་ནང་གི་དབང་གི་མན་ངག་གིས་དབང་པོ་རྟུལ་པོ་རྣམས་ཞུགས་པར་བྱས་ནས༔ གསང་བ་ཤེས་རབ་ཡེ་ཤེས་གསལ་བར་བྱེད་པའི་གདམས་ངག་གིས་ཆགས་པ་ཅན་གྱི་གང་ཟག་རྣམས་ཡང་དག་པའི་ལམ་དུ་དྲངས་ནས༔ རང་རིག་པ་ཡོངས་སུ་རྫོགས་པ་ཆེན་པོའི་དབང་གི་མན་ངག་གིས་དེ་དག་རྣམས་ཀྱི་ཞེན་པ་བཟློག་པར་བྱ་བའི་ཕྱིར་རིག་པ་རྩལ་གྱིས་དབང་བསྐུར་དུ་མེད་པར་བསྟན་པའོ༔
གྲོགས་དམ་ཚིག་ནི་རྒྱུད་དེ་དག་རེ་རེ་ལ་ལྡན་པས་གུད་དུ་མ་བཤད་དོ༔ དེ་ལྟར་གང་ཟག་གཅིག་གི་ཆ་རྐྱེན་དུ་རྒྱུད་རྣམས་གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་པའི་གང་ཟག་དེ་ལ་གཞན་གྱི་གནོད་པ་བསྲུང་བར་བྱ་བའི་ཕྱིར༔ དཔལ་ཨེ་ཀ་ཙ་ཏཱི་ནག་མོ་ཁྲོས་མའི་རྒྱུད་ཀྱི་མན་ངག་བསྟན་ཏེ༔ ཁྲོས་པའི་དུས་ཚོད་ཀྱི་མན་ངག་གིས༔ ཟླ་བ་གཅིག་ལ་དུས་འདི་ཙམ་ན་མ་མོས་བསད་པའི་ལས་བྱ་བའི་དུས་ཀྱིས་འགལ་བ་ཆམ་ལ་ཕབ་པ་དང་༔ བསམ་པ་འགྲུབ་པའི་ངན་སྔགས་ཀྱི་རྫས་ལ་བརྟེན་ནས་རྣལ་འབྱོར་པའི་ཉལ་ལུགས་ཀྱིས་འགལ་བྱེད་དགུག་པར་བྱས་ནས༔ གནག་པ་ཐུན་དྲུག་གི་ངན་སྔགས་གཅིག་ཏུ་དྲིལ་བ་དང་༔ རྐྱང་པའི་བྱ་ཐབས་ཀྱིས་འགལ་བྱེད་གསོད་པའོ༔ དེ་ལྟར་རྣལ་འབྱོར་པ་གཅིག་གིས་བསྟན་པ་འཛིན་པ་དང་སྐྱོང་བ་དང་༔ བསྲུང་བ་གསུམ་ཚང་བར་བསྟན་པས་ན༔ རྒྱུད་དེ་དག་ཚིག་མཐའ་ཡས་ཀྱང་དོན་རྣལ་འབྱོར་པ་གཅིག་གི་ཆ་རྐྱེན་དུ་བསྟན་པའོ༔ དེའི་ཕྱིར་ན་རྒྱུད་ཐམས་ཅད་ཀྱི་ཙིཏྟ་ཕྱུང་བ་སྟེ༔ དེ་དག་རྣམས་ལ་མན་ངག་གི་གཟེར་འདི་དག་དང་མ་ལྡན་ན་སྙིང་བཏོན་པའི་རོ་དང་འདྲ་བས་དོན་མེད་པའོ༔ དེའི་ཕྱིར་ན་རྣལ་འབྱོར་པ་སྤྲོས་པ་མེད་པའི་བློ་ཅན་རྣམས་ཀྱི་དོན་དུ་རྒྱུད་ཀྱི་ཁོང་སྙིང་ཕྱུང་སྟེ་བསྟན་པའོ༔ འདི་ཡི་མན་ངག་དོན་དང་ལྡན་པའི་རྣལ་འབྱོར་པ་ལ་རྒྱུད་ཚིག་རྣམས་དགོས་པ་མེད་པར་བསྟན་པས༔ ཚིག་གི་སྤྲོས་པ་ཆོད་དེ་དེའི་དོན་གཅིག་ཏུ་གནས་པའི་དགོས་པ་ཡོད་པས༔ དོན་ལ་ཡིད་ཆེས་ཤིང་ཚིག་ལ་མཐར་རྟོགས་པས་ན་རྣལ་འབྱོར་པ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་ལོ༔ དེའི་ཕྱིར་
ན་མན་ངག་འདི་གཞན་ལ་ཚིག་ཙམ་མམ༔ ཟུར་གཅིག་ཀྱང་བརྗོད་པར་མི་བྱའོ༔ འདི་ནི་ཉམས་སུ་ལེན་པའི་གང་ཟག་གསུམ་ལས་འཕེལ་ན་མཁའ་འགྲོའི་ཆད་པ་འབྱུང་ངོ་༔ དེས་ན་རབ་ཏུ་གསང་བར་བྱའོ༔ བསྟན་པ་ཐམས་ཅད་ཀྱི་སྙིང་པོ༔ ལྟ་བ་ཐམས་ཅད་ཀྱི་ཡང་ཞུན༔ མན་ངག་ཐམས་ཅད་ཀྱི་སྙིང་ཁུ་ཡིན་པས་སོ༔ རྒྱུད་ཀྱི་ཁོང་སྙིང་གང་ཟག་གཅིག་གི་ཆ་རྐྱེན་དུ་བསྡུས་པ་གསལ་བ་མིག་གི་ལྡེ་མིག་ཅེས་བྱ་བ་གསང་བའི་དེབས་རྫོགས་སོ༔ ཨི་ཏི༔ སྔགས་ཀྱི་སྲུང་མས་སྲུངས་ཤིག༔ དམ་ཚིག་དང་མི་ལྡན་ཞིང་སྐལ་མེད་རྣམས་ལ་བྱིན་ན༔ ཞྭའི་མགོན་པོས་ཆད་པ་བཅད་ནས་མིག་ཐང་ལ་བྲུལ་ནས་ཚེའི་དུས་བྱེད་པར་འགྱུར་རོ༔ དེས་ན་རབ་ཏུ་གསང་ངོ་༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ༔ཤུབྷཾ༔
གཡུ་ཡིག་ཅན་པོ་ཏི་སྨུག་ཆུང་སྐོར་རྣམས།
༼གཡུ་ཡིག༽ གཡུ་ཡིག་ཅན་པོ་ཏི་སྨུག་ཆུང་སྐོར་རྣམས་བཞུགས་སོ། །མ་ཡིག་བུ་ཡིག་བསྡོམས་པས་སྐབས་དོན་བཅུ་གཉིས་དང་ཐོར་བུའི་སྐོར་རྣམས།
༔ཁཾན།ག་ཤྭཏམྭཧ།༔ སཾ་སྐྲྀ་ཏའི་སྐདཨེ་ཝཾ་མ་ཡ་ཤྲུ་ཏ་ཨེ་ཀ་སྨིན༔ ཨོ་རྒྱན་སྐད་བྷ་དུ་ས་ར་དྷཾ་བྷི་ལ་ཀི༔ རྒྱ་ནག་པོའི་སྐད་བཻ་རོ་བྷ་ཞ་ཏི་སག་ཏི་ཀོ༔ མཁའ་འགྲོ་མའི་སྐད་བྷེ་ཏི་བྷྱ་གུ་ལིར་ཏ༔ སིང་གྷ་ལའི་སྐད་པ་བྷྱ་ཞུ་ཏི་རོས་ཏུ༔ སོག་པོའི་སྐད་ཕེ་ཏེ་བྱེ་ལ་པོ་ཏང་ཀེ༔ བོད་སྐད་དུ༔ ལོ་རྒྱུས་རིན་པོ་ཆེའི་མདོ་བྱང་༔ བཅོམ་ལྡན་འདས་བྱ་བྲལ་རྫོགས་པ་ཉིད་ལ་ཕྱག་འཚལ་ལོ༔ གང་ཞིག་རྨོངས་པ་གདུང་བ་སེལ་པའི་དོན་ཚིག་དང་༔ གང་ཞིག་སེམས་ཉིད་རྣལ་དུ་འབེབས་པའི་དོན་ཚིག་དང་༔ གང་ཞིག་རྒྱུད་ལུང་དོན་དུ་འགོད་པའི་དོན་ཚིག་དང་༔ གང་ཞིག་ལྷ་རྣམས་མངོན་དུ་སྣང་བའི་དོན་ཚིག་དང་༔ གང་ཞིག་སྐྱེ་མེད་གདིང་དུ་འཛུད་པའི་དོན་ཚིག་དང་༔ གང་ཞིག་ཆོས་སྐུ་ཅོག་གིས་འཇོག་པའི་
དོན་ཚིག་དང་༔ གང་ཞིག་འཁྲུལ་པ་ཐུར་དུ་གཞུག་པའི་དོན་ཚིག་དང་༔ གང་ཞིག་ཉོན་མོངས་སྔར་གྱི་འཛིན་པའི་དོན་ཚིག་དང་༔ གང་ཞིག་ལྷག་པའི་བསམ་གཏན་རྫོགས་པའི་དོན་ཚིག་དང་༔ གང་ཞིག་ཁམས་གསུམ་གཡུལ་ངོ་བཟློག་པའི་དོན་ཚིག་དང་༔ གང་ཞིག་བྱ་བྱེད་ལམ་དུ་སློང་བའི་དོན་ཚིག་དང་༔ གང་ཞིག་བཀོད་པ་ཡོངས་སུ་རྫོགས་པའི་དམ་ཚིག་རྣམས༔ རྣམ་པར་ཕྱེ་སྟེ་གསལ་བར་འདིར་ནི་བསྟན་པར་བྱའོ༔ ཨྠྀི༔ ཁ་ཁཾ་གར་ཀ་ནཱཿདབཱཊ༔ རྨོངས་པ་གདུང་བ་དག་ནི་བསལ་བའི་ཕྱིར་པོ་ཏི་སྨུག་གུ་ལ་ཟངས་ཀྱི་ཁྱམས་བག་ཏུ་བཅུག་ནས་རྒྱས་གདབ་ནས་སྦས་པའི་མན་ངག་པོ་ཏི་སྨུག་ཆུང་ཞེས་བྱ་སྟེ་འདི་ལ་འདྲ་མིན་གཉིས་ཡོད་དེ། མིན་པ་ལ་ཡིན་པའི་སྐད་བྱས་པ་ཅིག་ཀྱང་ཡོད་དོ། །འདི་ནི་བསེ་རིན་པོ་ཆེའི་བྱང་དམར་ལ་གཡུས་ཡི་གེ་བྲིས་ནསསོག་པོ་གཡུའི་སྨིན་མ་ཅན་གྱིས་
ཡུལ་ནས་བསྒྱུར་བའོ༔ བཀོད་པ་ཆེན་པོའི་དོན་ནི་རྒྱ་ཆེ་ལས་ལོ་རྒྱུས་རྒྱས་འབྲིང་གསུམ་ལས་འདི་ལེགས༔ རིན་ཆེན་ལོ་རྒྱུས་མིག་འབྲས་འདིར་སྤྲོ་འོ༔ དོན་ཉིད་གསང་བ་བསྡུས་པའི་ཡི་གེ་འདི༔ སྒྲ་དང་ཐ་སྙད་བཀོད་པ་ཆེན་པོ་པས༔ སྙིང་པོ་འདི་ནི་ཡོངས་སུ་བསྡུས་པའོ༔ ཤིན་ཏུ་དཀོན་པས་སྔོན་པོའི་གཡུ་ཡིས་བྲིས༔ གསང་སྐོར་སོགས་གཞན་དང་ཐུན་མོང་དག་ཏུ་མ་བྱས་པ༔ འདི་ནི་མཆོག་ཏུ་གསང་བའི་ཡི་གེའོ༔ རྒྱ་རྒྱ་རྒྱ༔ རྒྱ་གར་སྐད་དུ༔ བྷ་དུ་བྷ་ཏྲི་ལ༔ བོད་སྐད་དུ༔ སངས་རྒྱས་དགོངས་པས་རིན་འཛིན་བརྡ་བརྒྱུད་གང་ཟག་སྙན་བརྒྱུད་བརྒྱུད་པ་གསུམ་པ༔ དཔལ་གཉིས་མེད་ཀྱི་རྒྱལ་པོ་སྐྱེ་བ་མེད་པའི་ལུས་ཅན་ལ་ཕྱག་འཚལ་ལོ༔ ཡིད་ཆེས་བསྐྱེད་པ་འཇིག་རྟེན་མུན་པའི་བློ་དང་ཡུལ་ཅན་གྱི༔ མ་རིག་མུན་པའི་དམག་དཔུང་གདམས་པ་ཉམས་ལེན་གྱི་གནད་ཀྱིས་བཟློག་བྱའི་ཕྱིར༔ གསང་བའི་སྐྱེས་བུ་རྣམས་ལ་ཡེ་ཤེས་འོད་ཀྱི་སྣང་བ་འདི་བྱ་རྒོད་ཕུང་པོའི་རི་ལ་བསྟན་ཏོ༔ དེ་ནས་དགེ་སློང་དད་དང་རིག་མཆོག་ལྡན༔ ཞུ་བ་པོ་ཤཱ་རིའི་བུ་སྟེ་སྐར་མ་འོད་བཟང་གིས༔ སྟོན་པ་འོད་སྲུངས་ཉིད་དུ་སྐུ་སྤྲུལ་པ་ལ་འདི་སྐད་ཞུས༔ སྟོན་པའི་མཛད་སྤྱོད་ཇི་ལྟ་བུ་ཞུས་པ་ཀྱེ་ཀྱེ་འཇིག་རྟེན་མུན་པ་སྣང་བྱེད་པ༔ སངས་རྒྱས་ཆོས་རྫོགས་ཆེན་གྱི་དོན་འདི་དག་ཀྱི་བསྟན་པ་འོད་འབར་འདི༔ ལོ་རྒྱུས་རིན་པོ་ཆེའི་མཛོད་བྱང་གིས་འཇིག་རྟེན་རིགས་དྲུག་མུན་པ་སེལ་བའི་ཕྱིར༔ བསྟན་པའི་སྟོན་པ་དང་པོ་ཇི་ལྟར་བྱོན༔ བསྟན་པའི་སྒྲོན་མ་གསང་ཆེན་ངེས་པའི་རྒྱུད་འདི་རྣམས་ཇི་ལྟར་བསྟན་ཞིང་གསུངས༔ སྙིང་པོ་བསྡུས་
པའི་བཀའ་གསང་ངེས་པ་འདི༔ ཚིག་དང་ཡི་གེ་ཤད་བར་དུ་ཡིས་བཅད༔ ལྗགས་ལ་བཀྲམ་པའི་ཐེག་རྒྱལ་ཨ་ཏི་ལ༔ སྡེ་དང་འབུམ་ཚོའི་གྲངས་ནི་ཇི་ཙམ་ཞིག༔ ཤིན་ཏུ་ཐིག་ལེའི་སྐོར་ལ་བཞི་ཡོད་པ་ལས་གསང་བ་བླ་ན་མེད་པ་འདི་ལ་བསྡུས་པའི་སྙིང་པོ་ཡང་གསང་ལ༔ གསལ་བའི་ཚིག་མཚོན་ཚེག་བར་དུ་དང་ལྡན་ན་བདུན་བདུན་བར་བཅད་པའོ༔ ཐིག་ལེའི་སྐོར་ཤིན་ཏུ་དཀོན་པ་གསང་བའི་རྒྱུད་རྒྱལ་གྲངས༔ ཤིན་ཏུ་རྒྱ་ཆེ་རྣམ་པར་བཀོད་པ་ལས༔ བསྡུས་ཏེ་གསང་ཏིག་སྙིང་དང་འདྲ་བ་དུ་བླ་མེད་ཕྱི་རྒྱུད་བཅུ་བདུན་༔ དེ་ལྟར་སྙིང་ཐིག་ཡང་གབ་སྦས་པ་ཡི༔ རྒྱུད་གསང་བ་ཡང་ནས་ཡང་དུ་བསྡུས་པ་མར་གྱི་ཡང་ཞུན་ལྟ་བུའི་སྙིང་པོ་འདི༔ ཕྱི་རབས་གང་དང་གང་གིས་འཛིན་པར་འགྱུར༔ ཐ་མ་སྟོན་པའི་བསྟན་པ་མི་གནས་ནུབ་པའི་ཚེ་ཆོས་གང་གིས་བྱེད༔ བསྟན་པའི་བཙས་སུ་གང་གིས་མེ་རོ་བྱེད༔ ཐིག་ལེ་མཆོག་གསང་བླ་མེད་ཡོངས་རྫོགས་འདིའི༔ བསྟན་པ་ཉིད་ལ་འཕེལ་འགྲིབ་ཇི་ལྟར་འབྱུང་༔ སྐལ་དང་ལྡན་པའི་སྐྱེས་བུ་ལུང་རབ་ཅན༔ འབྱུང་བ་རང་དེངས་བློ་ལྡན་དུ་ཞིག་ཕུང་པོ་ལྷག་མེད་འབྱུང་༔ སྙིགས་མ་རྩོད་ལྡན་ལེ་ལོས་རབ་གཡེངས་པས་༔ འདི་ཉིད་གོམས་པར་མ་གྱུར་གདིང་མེད་པ༔ བར་དོར་འཚང་རྒྱ་བ་རང་ངོ་བསྟན་པ་དུ་ཞིག་འབྱུང་༔ སྐྱེ་མེད་རིག་པའི་སྣང་བམཆོག་དེ་གོམས་པ་མ་གྱུར་ཡང་༔ འདི་ཉིད་མཐོང་བས་གར་སྐྱེ་ཡོན་ངལ་བསོའི་ས་གནས་གང་༔ རྨོངས་པ་རྣམས་ཀྱི་གདུང་བ་བཅད་པའི་ཕྱིར༔ སྟོན་པ་ཐུགས་རྗེ་ཆེན་པོ་ཉིད་
བཞེངས་ལ༔ བདག་ནི་དོན་ལ་ཡིད་ཆེས་འཇུག་ཕྱིར་གསུངས༔ དེ་ནས་སྟོན་པ་དྲུག་པ་རྡོ་རྗེ་འཆང་འོད་སྲུངས་སུ་སྤྲུལ་ནས་ཉིད༔ ཏིང་ངེ་འཛིན་སྣང་བ་རྣམ་པར་དག་པ་ལས་བཞེངས་ནས་ནི༔ ཤཱ་རིའི་བུ་ལ་འདི་སྐད་གསུངས༔ ཀྱེ་མ་ཚེ་དང་ལྡན་པ་ཉོན༔ གདུང་པ་དག་ནི་སེལ་བའི་ཚིག༔ ཁྱོད་ཀྱིས་ཁྱོད་ཐིག་ཆེན་གྱི་རིགས་ཡིན་པ་འདི་དག་གཟུང་བར་དཀའ༔ ཐེག་པ་དམན་ལ་ཞུགས་པ་དང་༔ རྟོག་གེ་བ་དགེ་སྦྱོང་དག་གི་གཟུགས་འཛིན་ལ༔ སྐྲག་བར་འགྱུར་བས་འདི་ནི་རབ་གསང་སྙིང་པོའི་དོན༔ བྱང་ཆུབ་སེམས་དཔའ་ཆེན་པོ་ཡི༔ སྤྱོད་ཡུལ་ཉིད་ལས་གཞན་གྱིས་མིན༔ དེ་ཡི་ཕྱིར་ན་དོན་འདི་ཁྱོད་ཀྱི་ས་གཟུང་བ་དཀའ་འོ༔ དེ་ནས་འོད་བཟང་ཤཱ་རིའི་བུ༔ བདག་སྐལ་བར་རེ་ཆུང་སྙམ་སྟེ་རབ་ཏུ་བརྒྱལ་ནས་འདྲེ་ལྡོག་ཅིང་༔ ཀྱེ་མ་ཀྱེ་ཧུད་ཨེ་ཤ་ཀ༔ བདག་ནི་འཇིག་རྟེན་འཁོར་བའི་ལས་མི་ཐར་སྙམ་ནས་རྒྱུ༔ དད་པས་རབ་ཏུ་མི་སྤོབས་པས༔ སྡུག་བསྔལ་འཆིང་བས་དམ་དུ་བཅིངས༔ ཐེག་ཆེན་གྱི་ཐར་པའི་ས་བོན་ཉིད་དང་བྲལ༔ ད་ནི་འཁོར་བར་ཡུན་རིང་གནས༔ སྟོན་པའི་ཐུགས་རྗེས་མི་སྐྱོབ་པས་དཔྱངས་ཐག་ཆད༔ ཡུན་གྱི་མགོན་སྐྱབས་ཉིད་དང་བྲལ༔ ཀྱེ་མ་འཇིག་རྟེན་ཡུལ་འདི་ན༔ མགོ་རྐང་ལུས་སོགས་ལྷ་ཀླུ་མི་སོགས་སུ་འདོད་པ༔ ཚུར་ཤོག་ཚུར་ཤོག་འདི་ལོངས་ཤིག༔ ཁྲག་དང་ཆུ་སེར་ནང་རོལ་ཡང་༔ སུ་འདོད་སུ་འདོད་འདི་ལོངས་ཤིག༔ དེ་སྐད་བརྗོད་ཅིང་ལུས་སོགས་བཏང་༔ དེ་ལྟར་སྡུག་བསྔལ་ཉིད་ལྡན་པས་སྒྲིབ་པ་ཟད་དེ༔ སྟོན་པའི་
ཐུགས་རྗེས་རབ་བཟུང་སྟེ༔ ཉིད་ཀྱི་མཛོད་སྤུའི་བུ་ག་ནས༔ བདུད་རྩི་སྣང་བར་བྱེད་ཅེས་པའི༔ འོད་ཟེར་རབ་ཏུ་སྤྲོས་ནས་ནི༔ ཤ་རིའི་བུའི་ཉོན་མོངས་བག་ཆགས་སྒྲིབ་སྦྱོངས་ཏེ༔ འདི་སྐད་ཐུགས་རྗེ་ཆེན་པོས་གསུངས༔ ཨེ་མ་རིགས་ཀྱི་བུ་ཉིད་ནི༔ འཁོར་བའི་བག་ཆགས་སྦྱང་དཀའ་བ༔ འདི་ཉིད་དུ་ནི་རབ་སྦྱངས་པས༔ ད་ནི་བསྟན་པའི་སྙིང་པོ་བཟུང་འདི་ཁྱོད་ལ་སྣང་བར་འགྱུར་རོ༔ དེ་སྐད་རབ་ཏུ་གསུངས་པ་ཡིས༔ ཤཱ་རིའི་བུ་ནི་དྲན་སད་ནས༔ མགོ་དང་ཡན་ལག་བྲལ་བ་ཡང་༔ སྔོན་དུ་ཡོད་པ་ཇི་བཞིན་འགྱུར༔ ཡང་ནི་ཐལ་མོ་རབ་སྦྱར་ནས༔ ཀྱེ་ཀྱེ་ཐུགས་རྗེའི་ལྕགས་ཀྱུས་ཟུང་༔ ཐར་པའི་ལམ་ལ་ཡང་དག་འཁོད༔ སྣང་མཛད་ཆེན་པོ་ཨ་ལ་ལ༔ སྤྲོས་མེད་བདེ་ཆེན་ཨ་ལ་ལ༔ ཉག་གཅིག་ཆེན་པོ་ཨ་ལ་ལ༔ ཁྱབ་བརྡལ་འུབ་ཆུབ་ཨ་ལ་ལ༔ ཉིད་ཀྱི་མཐུ་སྟོབས་འོད་ཟེར་གྱིས༔ བདག་གི་ཇི་ལྟར་གོང་ཞུས་པའི༔ བཅུ་གཅིག་པོ་ཚིག་རྣམས་རིམ་པ་ཕྱེ་སྟེ་གསུངས༔ དེ་ནས་ཉིད་ཀྱིས་འདི་སྐད་གསུངས་༔ དགེ་སློང་རྡོ་རྗེ་འཛིན་པ་ཁྱོད༔ འདི་ཉིད་རབ་ཏུ་གཟུང་དཀའ་ཡང་༔ ཁྱོད་ཀྱི་དད་པའི་སྟོབས་ཀྱིས་ཟུང༔ ཞུས་དོན་དང་སྟོན་པའི་བྱོན་ལུགས་ང་ནི་མི་ཤིགས་རྡོ་རྗེ་གཞི་མི་འགྱུར་བ་ལས༔ ཕྱི་རོལ་ས་ཆུ་ལ་སོགསདམིགས་པ་གཅིག་ཀྱང་མེད༔ ནང་དུ་ཡིད་གཡོས་རིག་རིག་མ་རིག་པ་ཆས༔ འབྱེད་མེད་རྒྱུད་ཀ་དག་ལས་ཡིད་ཀྱི་རླུང་གིས་ཕུལ༔ རིག་པ་
མི་རྟོག་རྩེ་གཅིག་ས་བོན་རྒྱུ་ལས༔ འཕེན་པའི་ཡེ་ཤེས་ཉིད་ཀྱིས་བསྐྱོད༔ མུན་འཁོརདང་སྣང་འདསམཚམས་ལྷུམས་སུ་ཞུགས༔ ཕ་ནི་མ་འགགས་པ་ཐབས་ཆ་སྟོང་པ་ཤེས་རབ་མ༔ ལྷུན་གྲུབ་སྟོང་པའི་ཡུལ་ལ་ཤར་སྤྱིའི་གཞི༔ དེ་ཚེ་རྐྱེན་བཞིའི་འཁྲུལ་འཁོར་ལས༔ འཛིན་པའི་རྒྱ་དང་བཅས་པར་གྱུར༔ རླུང་ཆུ་མེ་སའི་དངོས་པོ་ལས༔ རྟེན་དང་ཡུལ་གྱི་ཁྱད་པར་བྱུང་༔ གཟུགས་མེད་རྣམས་དང་འདོད་པ་ཡི༔ གནས་བཅུ་དག་ནི་མཐོ་རིསཐོག་མར་བྱུང་༔ གདུལ་བྱའི་དང་པོ་སྐལ་པ་དགའ་ལྡན་བརྩེགས་པ་ལ༔ སྐྱེ་དགུའི་ཚེ་ལོ་དཔག་མེད་དུས༔ སྐྱེ་བཞི་སེམས་ཅན་རིགས་རྣམས་ཀྱིས༔ ཤེས་པའི་རྟགས་འདི་འཛིན་པ་ལས༔ ས་ཆུ་རྫུས་སྐྱེས་ཀྱི་འབྱུང་བའི་དམིགས་རྟེན་ལས༔ བེམས་པོ་འབྱུང་བ་རང་དྲོད་སྐྱེས་པས་དག་ནི་འདོད་གཡོས་པས༔ ཆུ་ལ་དྲོད་ཕེབས་པའི་དུསམེ་ཡི་བདེ་བ་སྐྱེས༔ མེ་ལ་ཆུ་སྟེ་རླན་གྱིས་ཞདས་ལ་རླུང་གཡོ་བའི་ཆ༔ དེ་བཞིན་རླུང་དལ་གྱི་ལས་ལ་ས་བདེ་ཤར༔ དེའི་ཚེ་ལུས་རྫུས་ཏེ་དང་པོ་བེམས་པོའི་གཟུགས་གཉིས་རྫུས་སྐྱེས་སོ༔ རྫུས་ནས་ཤེད་བུ་དང་ཤེད་གྲོགས་སྒོང་སྐྱེས་ཟེར་ཏེ་མ་ཡིན་པར་རིན་པོ་ཆེའི་ཟིལ་པ་ལས་རྫུས་ཏེ་སྐྱེས་བུ་གདུལ་བྱ་ནི༔ མའི་རྒྱུ་རྐྱེན་ཉི་མ་རབ་ཏུ་སྣང་བྱེད་དང་༔ ཕའི་རྒྱུ་ཟླ་བ་དྲི་མེད་ཅེས་བྱ་འོ༔ ད་ནི་ལྟ་སྟངས་སྟོན་པ་ཡུལ་གསུམ་སྐྱེ་གནས་གདུལ་བྱ་ལ་གཟིགས་དང་བཅས༔ པདྨ་ཆུ་ཡི་སྙིང་པོ་ལས་སྐྱེས༔ དྲོད་ཕེབས་པམེ་ཡིས་བདེ་བ་བཟུང་ནས་འོངས༔ ཡུལ་ཤེས་པ་དྲོད་ཀྱི་འདྲེན་པའི་སྟོབས་ཀྱིས་དེ་དགའ་ལྡན་བརྩེགས་པར་གྲགས༔
ལོ་བརྒྱད་ས་བརྒྱད་ལ་དགོངས་མཛེས་པའི་ཟུར་ཕུད་ཅན་ལྔ་པར་རིགས་ལྔ་མཚོན་པ༔ དྲི་མ་མེད་པའི་བརྡར་ཁ་དོག་དཀར་བའི་ལུས་བླངས་སོ༔ འཁོར་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱུང་བའི་བརྡར་ནི་སངས་རྒྱས་སྟོང་ཕྲག་གཅིག༔ དེའི་བསྟན་པར་རེ་རེས་འདུལ་བའི་བརྡར་རང་རང་གདུལ་བའི་ཕྱག་རྒྱར་ལྡན༔ འདིས་འདུལ་བའི་གཉེན་པོ་གཉིས་སུ་འབྱུང་བའི་བརྡར་ཡིད་དང་སེམས་དང་འབྱུང་བའི་རྒྱུ༔ འབུམ་ཕྲག་དག་ནི་དྲུག་ཅུ་བཞི༔ འོད་ཐིག་ཡང་ཞུན་བཅུ་བདུན་ནི་རྒྱུད་བཅུ་བདུན༔ ནམ་མཁའ་འོད་སྣང་ཡེ་ཤེས་འབར༔ བསྟན་པའི་བུ་གཅིག་དགྲ་དང་བྲལ༔ ཡང་ཏིག་སྙིང་པོ་རྟགས་སུ་འོ༔ ཡུལ་གྱི་ཡོན་ཏན་མངོན་པར་བརྗོད༔ འདོད་འཇོ་དང་ནི་ཅང་ཤེས་རྟ༔ ཁྲུས་རྫིང་མ་བཏབ་ལོ་ཐོག་དང་༔ ལུས་ལ་གོས་མེད་གཅེར་བུ་ནི༔ རང་རང་འོད་དང་བཅས་པ་འོ༔ དེ་ལྟར་ཚེ་ལོ་དཔག་མེད་ནས༔ བརྒྱད་ཁྲི་དག་གི་བར་དག་ཏུ༔ སྟོང་སྟོང་གཉིས་ལས་ལོ་རེ་བྲི༔ དེ་ལྟར་བསོད་ནམས་རབ་ཟད་པས༔ ལུས་ཀྱི་འོད་སོགས་རིམ་གྱིས་ཡལ༔ ཉོན་མོངས་དག་ཀྱང་བགས་ཀྱིས་སྐྱེ༔ དེ་ནས་ཚེ་ལོ་བྱེ་བ་ལ༔ འབྱུང་བཞིའིསྒོ་ང་ལས་སྐྱེས་གཟུགས་དག་འབྱུང་འགྲོ་ན་ནམ་མཁར་བྱ་ལྟར་འགྲོ༔ འབྱུང་བ་ལྔ་ལས་སྐྱེས་པའི་གཟུགས༔ ས་རྡོ་འདུས་པའི་ཤ་གཟུགས་ས་ཡི་སྒོ་ང་ལས༔ ས་ལས་སྐྱེས་པའི་མི་ཤ་སླ་མགོ་ཆེ་ཁ་དོག་སེར༔ དྲོད་ཤས་མེ་ལས་སྐྱེས་པས་མེ་ལས་ཤ་སྐམ་ལྷུ་གཟུགས་ཕྱེད༔ དམར་པོ་ཡན་ལག་མཆེད་པར་འབྱུང་༔ མང་པོ་འདུས་པ་རླུང་ནི་མགོ་ཆུང་ཤ་མདངས་
གནག༔ ཆུའི་རླངས་འདུས་པའི་ཟིལ་པ་ལས་ཆུ་ནི་སྔོ་སངས་འཇིགས་པའི་གཟུགས༔ ནམ་མཁའ་ཡིད་འདུས་པའི་སྤྲིན་ལས་བྱུང་བ་མགོ་ཆུང་དཀར་པོའི་གཟུགས༔ འབྱུང་བ་ཀུན་ལ་ཡང་ལྔ་ལྔ་ཚང་པ་ལ་ཤས་ཆེ་ཆུང་ཡོད་པའོ་ལྔ་ལས་འབྱུང་བ་ཡི༔ སྒོ་ང་ལས་ནི་སྐྱེས་པ་སྟེ༔ དེ་ཚེ་ང་ནི་ལྟ་སྟངས་ཡུལ་གདུལ་བྱ་རྟེན་གསུམ༔ འབྱུང་ལྔ་འདུས་པའི་འོད་ལྔས་ཁྱབ་པ་སྒོ་ལྔ་ནི༔ ཡིད་འོང་དངས་མ་ཤིང་ཟིལ་ཚུལ་དུ་ཁ་དོག་ལྔ་ལྡན་པ༔ འབྱུང་ལྔ་རང་སྒྲ་མེའི་སྒྲ་བརླབ་པ་ཆུ་སྒྲ་གཤང་བས་སྒྲ་ཏིག་པརླུང་སྒྲ་ཆག་པནམ་མཁའ་སེང་བའོ་འདོད་གཡོས་པས༔ འབྱུང་བ་གྲང་བས་ཕ་ཡི་སྙིགས་མ་རྒྱུ༔ ཚ་བ་ལས་ནི་མ་ཡི་རྐྱེན་དངས་མ་རྒྱུ་རྐྱེན་དངས་མ་ཚ་བ་སྒོ་ངར་དྲིལ་འཛོམས་ནས་བདག་ལུས་རྫོགས༔ ལོ་བཅུ་དྲུག་གཟུགས་དང་ཁ་དོག་མཛེས་པའི་ཚུལ་དུ་འོངས༔ མདའ་གང་འོད་ཀྱིས་རངས་ལུས་བརྒྱན༔ ཆགས་པ་ཆགས་པས་འདུལ་བར་བྱེད་པས་ཤེས་རབ་ཆ་ལས་སྐྱེས་པ་ཡི༔ སངས་རྒྱས་པ་དེ་ཙམ་འབྱུང་བའི་བརྡ་མཁའ་འགྲོའི་ཚོགས་ནི་འབུམ་ཚོ་གཉིས༔ ཡུལ་ནི་འཇིག་རྟེན་མི་མཇེད་ཅེས༔ འབྱུང་བ་བཞི་ཡི་དངས་མ་དག་སའི་དངས་མ་ཞག་སོགས༔ ཟས་སུ་ཟ་ཞིང་ཉོན་མོངས་ཆུང་༔ ཤིང་ལོའི་གོས་ཅན་དབང་པོ་མེད༔ དེ་ནས་ལོ་ཡང་རིམ་གྱིས་བྲིས༔ ཉོན་མོངས་པའི་དབང་གི་འོད་སོགས་དག་ཀྱང་རིམ་གྱིས་ཉམས༔ བརྒྱད་བརྒྱ་ལོན་ཞིང་བརྒྱ་བརྒྱའམ་བརྟག་ཉིད་ལ་ལོ་རེ་བྲི༔ དེ་ནས་ཚེ་ལོ་འབུམ་པ་ལ༔ དེ་ལྟར་འབྱུང་ལྔའི་འདི་དག་ལས་ཀྱི་རླུང་གིས་བཏེག་ནས་འདོམ་གང་གི་སྟེང་དུ་འགྲོ་ལུས་ངག་ལས༔ འབྱུང་ལྔ་ནད་ཚ་གྲང་མ་སྙོམས་པ་སོགས་ཉོན་
མོངས་ཀྱི་རྒྱུ་ལས་བྱུང་༔ དྲོད་དང་གཤེར་ལས་ལུས་གཟུགས་གྲུབ༔ འབྱུང་ལྔའི་ས་བོན་ལངས་མེ་དྲོད་བསྡུས་ཏེ་ཆུས་རླན་རླུང་གིས་བསྐྱོད་ནམ་མཁས་འདྲེས་པ་ལས༔ གཟུགས་ནི་ཐ་དད་དུ་མར་བྱུང་༔ དེ་ཚེ་སྟོན་པ་བདག་ནི་དྲོད་བརླན་ལས༔ ལུས་བོངས་ལྡན་ཞིང་ཁ་དོག་ལྡན༔ ས་བརླན་སྡུད་པ་ཕ་རྒྱུད་རླུང་དྲོད་སྨིན་པ་མ༔ དེ་ལྟར་རྒྱུ་རྐྱེན་ལས་སྐྱེད་དོ༔ ཐབས་ཀྱི་རྒྱུ་ལས་བསྐྱེད་པའི་ཆགས་མེད་ལེ་ལོ་ཅན་འདུལ་ཕྱིར༔ བྱང་ཆུབ་སེམས་དཔའ་འབུམ་ཕྲག་འདི་དག་ཕ་རྒྱུད་ཀྱིས་ཚིམས་པར་བྱས་དྲུག༔ རིགས་ལྡན་འཁོར་གྱི་ཚུལ་དུ་བྱུང་༔ དེ་ཚེ་སེམས་ཅན་དེ་དག་ཀྱང་༔ ལྗོན་ཤིང་དག་ནི་ཟས་སུ་འོ༔ ལུས་འོད་ཆགས་གང་མུན་ཚད་མཐོང་༔ དེ་ནས་ཉོན་མོངས་བགས་སྐྱེས་ནས༔ དྲུག་བརྒྱ་དག་ལ་ལོ་རེ་བཞིན༔ ཚེ་ཡི་ལོ་ནི་ཁྲི་པ་དག༔ ལུས་ཀྱི་འོད་ཟད་ཉི་ཟླ་བྱུང་༔ འདོད་ཆགས་དུག་གི་འདོད་གཡོས་པས༔ ཕོ་མོའི་དབང་པོའི་སྒོ་ཡང་དོད༔ གོང་གི་དྲོད་རླན་རྒྱུ་ལས་ནི༔ ཁུ་དང་ཁྲག་གི་རང་བཞིན་ནི༔ འབྱུང་བ་ལྔ་ཡི་གཟུགས་ཅན་ནོ༔ བལྟས་པས་ཚིམ་པ་ལོ་བརྒྱ་ལ༔ དགོད་པ་དག་ནི་དྲུག་ཅུའི་བར༔ བརྒྱ་ཕྱེད་ལ་ནི་ལག་བཅངས་སོ༔ དེ་ནས་གཉིས་གཉིས་འཁྱུད་པ་འོ༔ དེ་ལས་ཁྱེ་འུ་བུ་མོའི་གཟུགས༔ ཀུན་ནས་རས་སམ་ཤིང་ཤུན་གྱོན༔ ཟས་སུ་ས་ཡི་ཚིལ་ཞག་ཟ༔ སེར་སྣའི་གསོག་འཇོག་དག་གིས་ནི༔ ཞག་རིམ་བླངས་པས་དེ་ཡང་ནུབ༔ དེ་ནས་ས་ལུའི་འབྲས་ཀྱང་སྤྱད༔ དེ་ལ་ང་དང་
བདག་བཟུང་བས༔ ང་རྒྱལ་དག་དང་ཞེ་སྡང་སྟེ༔ དེ་ཡིས་ཟས་ཀྱང་རིམ་གྱིས་ནུབ༔ སྟོང་ཕྱེད་དག་གིས་ལོ་རེ་བྲི༔ བརྒྱད་ཁྲི་དག་གི་དུས་ཀྱི་ཚེ༔ བདག་ནི་མངལ་སྐྱེས་གཟུགས་ཅན་ཏེ༔ ལྷ་དབང་མཆོག་རབ་གཙུག་ཕུད་དང་༔ འདོད་ཡུམ་བརྩེ་ལྡན་རྒྱུ་རྐྱེན་ལས༔ བུས་པ་དག་གི་གཟུགས་སུ་འོངས༔ དེ་ཚེ་སེམས་ཅན་དེ་དག་གི༔ འདོད་ཆགས་བཞི་ལས་བྱུང་བའི་གཟུགས༔ སྐྱེ་བ་བཞི་གཟུགས་ཐ་དད་སྟེ༔ བརྫུས་ནས་སྐྱེས་པ་ས་ཡི་གཟུགས༔ སྒོང་སྐྱེས་དྲོད་སྟེ་མེ་ཡི་གཟུགས༔ དྲོད་རླན་སྡུད་པ་ཆུ་ཡི་གཟུགས༔ མངལ་སྐྱེས་རླུང་གི་གཟུགས་སུ་འོ༔ དེ་ལྟར་སྐྱེ་བཞིའི་ལུས་ལེན་ཡང་༔ འབྱུང་བ་ཉིད་ལས་བསྐྱེད་པ་འོ༔ ཕལ་ཆེར་དྲོད་དང་གཤེར་ལས་སོ༔ ཐོག་མར་འབྱུང་བས་བསྐྱེད་པས་ན༔ ཐ་མ་འབྱུང་བས་འཇིག་པ་འོ༔ སུམ་ཅུ་རྩ་གསུམ་ཞེས་བྱ་བ༔ དགའ་དང་ལྡན་པའི་ཡུལ་དེ་རུ༔ གསོ་བར་བྱེད་པའི་སྨན་གྱི་མཆོག༔ སྐྱེད་པར་བྱེད་པ་སྨན་གྱི་མཆོག༔ སྐྱེད་པར་བྱེད་པས་གཞོན་ནུ་ལ༔ ཁྱད་པར་ཡིད་འོང་ལྡུམ་ར་དེར༔ ང་ནི་དྲུག་པ་རྡོ་རྗེ་འཆང་༔ བྱང་ཆུབ་སེམས་དཔའི་གཟུགས་སུ་འཁྲུངས༔ སངས་རྒྱས་འོད་སྲུངས་ལ་སོགས་ཏེ༔ རབ་ནི་བདུན་པོ་འཁོར་དུ་འོ༔ འབྲས་བུ་གསུམ་གྱི་ཟས་ཟོས་སོ༔ ལྷ་དབང་བརྒྱ་བྱིན་ཁངས་བཟངས་ཀྱི༔ ལྷོ་ཡི་ཕྱོགས་སུ་དེ་ལྟར་རོ༔ ལྷ་དབང་བརྒྱ་བྱིན་བཙུན་མོ་དང་༔ སུམ་ཅུ་རྩ་གཉིས་སྲས་བཅས་པས༔ ཉིད་དང་དྲག་པོ་ཡིད་བཞིན་དང་༔ ལྷ་མོར་བཅས་
པ་དེ་དག་གི༔ ཉོན་མོངས་ཟད་པར་བྱ་ཕྱིར་འོངས༔ དེར་ནི་བདུན་ཅུ་རྩ་ལྔ་ལོན༔ དེ་ནས་དོན་མེད་སྟོང་ཕྲག་བདུན༔ ཡང་ནི་བརྩེ་བའི་སེམས་སྐྱེས་ནས༔ ཉོན་མོངས་གདུག་རྩུབ་མཁའ་འགྲོའི་གནས༔ གསང་ཆེན་རོལ་པའི་དུར་ཁྲོད་དུ༔ གནོད་སྦྱིན་རཀྵ་སེང་གདོང་དང་༔ འདོད་པའི་དབང་མོའིལྷུམས་ནས་སྐྱེས༔ ཡིད་ཁྲོས་འཇིགས་པའི་གཟུགས་སུ་བྱས༔ གཞོན་ནུ་དཔའ་བོའི་སྟོབས་དང་ལྡན༔ འཁོར་ནི་བྱང་ཆུབ་སེམས་དཔའ་བདུན༔ མཁའ་འགྲོ་པུརྣ་ཉེར་ཞི་དང་༔ ཚངས་པ་ཉིད་ནི་དུང་གི་མགྲིན༔ དྲང་སྲོང་ཟླ་འོད་གཞོན་ནུ་དང་༔ སེང་གེའི་གདོང་ཅན་ལ་སོགས་ཏེ༔ འདི་དག་གདུལ་བའི་ཡུལ་དུ་བྱས༔ ཚེ་ལོ་དྲུག་ཁྲིའི་དུས་སུ་འོ༔ དེ་ནས་སྟོང་དུ་བསྟན་པ་བཙུགས༔ དེ་ནས་མྱ་ངན་འདའ་ཚུལ་སྟོན༔ དེ་ལྟར་རིམ་པ་གཉིས་ལྡན་ནོ༔ དེ་འོག་ཏིང་འཛིན་བུམ་ཕྲག་གཅིག༔ ཚེ་ལོ་སྟོང་གི་དུས་དག་ཏུ༔ སྲིན་པོ་པུརྣའི་ཡུལ་དུ་ཡང་༔ སྲིན་པོར་རཀྴ་ཁྲོ་གདོང་དང་༔ སྲིན་མོ་ཤམ་ཤམ་ནག་མོའི་བུར༔ ང་ནི་དྲང་སྲོང་ཁྲོས་པར་འོངས༔ འཁོར་ནི་སྲིན་པོ་བྱེ་བ་གཅིག༔ དེ་དག་ཞི་ལྡན་སེམས་ལ་བཀོད༔ དེ་དོན་སྟོང་ཕྲག་གཉིས་ཀྱི་བར༔ དེ་ནས་མྱ་ངན་འདའ་བའི་ཚུལ༔ སྟག་སྤྱང་ཁྲོས་པའི་རི་ལ་འོ༔ ཏིང་འཛིན་དག་ལ་འབུམ་ཕྲག་ཕྱེད༔ དེ་ནས་ལྷོ་ཕྱོགས་འཛམ་གླིང་རྒྱན༔ ཉན་ཐོས་རྣམས་དང་ཡིད་འདྲེས་ཕྱིར༔ རྒྱལ་པོ་ཛ་རི་ཞེས་བྱ་བའི༔ ཁབ་ཀྱི་
ལྷོ་ནས་རྒྱང་གྲགས་གཅིག༔ བྱ་རྒོད་སྤུངས་པ་ཞེས་བྱ་བའི༔ རི་འདིར་ང་ནི་ད་ལྟ་འོ༔ ཚེ་ལོ་དག་ནི་སྟོང་ཕྱེད་ལ༔ རིགས་ལྡན་རྒྱལ་རིགས་དག་གི་བུ༔ རྒྱལ་པོ་སེང་གེ་བཟང་པོ་དང་༔ མཛེས་མ་འོད་ལྡན་ཡུམ་གྱི་ལྷུམས༔ ང་སྐྱེས་སྐྱེས་བུ་ལུས་ཤེད་ཅན༔ འཕངས་དང་སྒྱུ་རྩལ་ཀུན་ལ་མཁས༔ ཉི་ཤུ་རྩ་ལྔ་དག་ན་ནི༔ ནུབ་ཕྱོགས་བསགས་པའི་མཆོད་རྟེན་རྩར༔ རང་གིས་རང་བྱུང་རབ་ཏུ་བྱུང་༔ ཁ་དོག་ངུར་སྨྲིག་གོས་གྱོན་ཏེ༔ ཉན་ཐོས་རྣམས་ཀྱི་གདུང་བ་བཅད༔ དེ་ནས་འདི་ནས་བྱང་གི་ཕྱོགས༔ འབྲས་བུ་ཡོངས་སུ་རྫོགས་པ་ཡི༔ བྱང་ཆུབ་སྙིང་པོའི་ཤིང་ཅན་དུ༔ ལོ་ནི་བརྒྱ་དང་ཉི་ཤུ་རུ༔ བྱང་ཆུབ་སེམས་དཔའི་གདུང་བ་བཅད༔ དེ་འོག་ད་ལྟ་ཕུང་པོའི་རིར༔ བདུན་ཅུ་རྩ་གཉིས་བར་དུ་ནི༔ ཉན་ཐོས་བྱང་ཆུབ་སེམས་དཔའ་ཡི༔ གདུང་བ་བཅད་ཕྱིར་འདི་ལྟར་རོ༔ བྲམ་ཟེ་དག་ནི་མཚན་བཟང་དང་༔ དགེ་སློང་མ་ནི་པདྨའི་སྤྱན༔ གདུལ་ཡུལ་ཡོན་བདག་འདི་དག་གོ༔ དགྲ་བཅོམ་བདུན་གྱི་འཁོར་སྣང་བ༔ ཐོག་མའི་སངས་རྒྱས་བདུན་ལ་སོགས༔ དཀྱིལ་འཁོར་གཅིག་བསྡུས་འཁོར་ཡིན་ནོ༔ ད་ལྟ་ཚེ་ལོ་སུམ་བརྒྱ་ལ༔ གདུལ་བྱ་ཉོན་མོངས་རྣམས་བཅད་ཕྱིར༔ འོད་སྲུང་བསྒྲེས་པོ་ཞེས་བྱ་བ༔ རྒས་པའི་སྡུག་བསྔལ་ཞི་བྱའི་ཕྱིར༔ དགེ་སློང་རྡོ་རྗེ་འཛིན་པ་འོ༔ ད་ནི་འདི་ནས་ནུབ་བྱང་མཚམས༔ རྡོ་རྗེ་གདན་དྲུང་བྱང་ཆུབ་གནས༔ བྱང་ཆུབ་ཤིང་ལ་རྒྱབ་གཏད་ནས༔ སྲོད་ལ་བདུད་ཀྱི་དཔུང་རྣམས་བཏུལ༔ ནམ་ཕྱེད་ཏིང་
འཛིན་མཉམ་བཞག་ནས༔ སྐྱ་རེངས་དག་ནི་ཤར་བ་ལ། ང་ནི་མྱ་ངན་འདའ་ཚུལ་སྟོན༔ ངས་ནི་ཐོག་མ་དེ་ལྟར་དུ༔ བརྫུས་དང་སྒོ་ང་དྲོད་དང་བརླན༔ མངལ་ལས་སྐྱེས་པའི་གཟུགས་དང་ནི༔ རིམ་པས་སེམས་ཅན་ཉིད་དང་བསྟུན༔ དེ་ལྟར་སྤྲུལ་ནས་དོན་བྱས་སོ༔ བཀོད་པ་ཆེན་པོ་འབུམ་ཚོ་དྲུག་གི་བདག་ཉིད་ལས༔ དུས་གསུམ་སངས་རྒྱས་དགོངས་པས་བརྒྱུད་པའི་དོན་ཚིག་ཅེས་བྱ་བ་རྫོགས་སོ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ ༔༈དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བའི་ལོ་རྒྱུས་ཞེས་བྱ་བ་རྣམ་པར་སྤྲོས་སོ༔ ཚེ་དང་ལྡན་པ་ཁྱོད་ཉོན་ཅིག༔ ང་ནི་བརྫུས་ནས་སྐྱེས་པའི་ཚེ༔ ཁྱེ་འུ་གཞོན་ནུ་འཁྲུལ་མེད་ལ༔ འཇིགས་རྟེན་ཉི་མས་རབ་དགང་ཕྱིར༔ རྒྱུད་ཀྱི་རྒྱལ་པོ་ཐལ་འགྱུར་ཏེ༔ ནམ་མཁའ་མི་འབྱེད་བར་སྣང་ནས༔ ཀ་ལ་པིང་ཀའི་མཆུས་བསྒྱུར་ནས༔ འགྲོ་བ་འདུལ་ཕྱིར་འདི་དག་བསྟན༔ འདི་ནི་བསྟན་པ་འབྱུང་བའི་འགོ༔ ང་ནི་སྒོ་ང་ལས་སྐྱེས་ཚེ༔ སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད༔ ཡོན་ཏན་ཕྲིན་ལས་རྒྱུད་ལྔ་ནི༔ འབྱུང་བ་འགྱུར་བའི་བར་དག་ནས༔ འབྱུང་བའི་རང་སྒྲ་དག་གིས་བསྒྱུར༔ དེས་ནི་སེམས་ཅན་ལུས་སོགས་གྲོལ༔ ང་ནི་དྲོན་བརླན་ལས་སྐྱེས་ཚེ༔ དོང་སྤྲུག་རྨ་བྱ་མཇིང་བསྣོལ་དང་༔ འབྱུང་བ་ཟད་པའི་རྒྱུད་རྣམས་ནི༔ བར་སྣང་གཟུང་དང་བྲལ་བ་ལས༔ རླུང་གི་སྒྲ་ལས་དྲངས་ཏེ་བསྒྱུར༔ འདིས་ནི་འདོད་པའི་ཞེན་ཆགས་གཅོད༔ དེ་ནས་སུམ་ཅུ་རྩ་གསུམ་གྱི༔
རྣམ་པར་རྒྱལ་བའི་ཁང་བཟངས་སུ༔ རིགས་དྲུག་ཉོན་མོངས་གདུང་བཅད་ཕྱིར༔ གདུང་བ་སེལ་བའི་དམ་ཆོས་དྲུག༔ བློ་རིམ་གཉིས་སུ་སྣང་བའི་ཕྱིར༔ རྩོལ་སྒྲུབ་འབད་པས་གྲོལ་བ་དང་༔ འབད་མེད་རང་སར་གྲོལ་བ་གཉིས༔ འབད་བཅས་དག་ནི་ཚིག་གི་དོན༔ འབུམ་ཚོ་གཉིས་སུ་རྣམ་བཤད་དོ༔ དེ་ཡང་རྒྱས་པ་འབུམ་དང་གཅིག༔ བཞི་ཁྲི་སྟོང་ཕྲག་བརྒྱད་དུ་བསྟན༔ འབད་མེད་ཡོངས་སུ་བཤད་པ་དང་༔ ཀུན་གསལ་དང་ནི་རིགས་གསུམ་རྒྱུད༔ རྣམ་པར་ཕྱེ་སྟེ་བསྟན་པ་འོ༔ དེ་ནས་དུར་ཁྲོད་གསང་ཆེན་དུ༔ ཤེས་རབ་ཆགས་པ་ཅན་དག་ལ༔ འདོད་ཆགས་ཉིད་ཀྱིས་འདུལ་བའི་ཕྱིར༔ མ་ཡི་རྒྱུད་ནི་བྱེ་བ་གཉིས༔ ཆགས་པ་ཅན་གྱི་དོན་དུ་བསྟན༔ ཐབས་ཀྱིས་སྐྱེས་པ་འདུལ་བའི་ཕྱིར༔ ཕ་ཡི་རྒྱུད་ནི་བྱེ་བ་དགུ༔ སྐྱེས་པ་རྣམས་ཀྱི་དོན་དུ་གསུངས༔ མ་ཡི་རྒྱུད་ལས་རྣམ་བསྡུས་པ༔ འབུམ་ཚོ་ལྔ་ཡི་བདག་ཉིད་དོ༔ ཕ་ལས་ཁྱད་པར་རྣམ་སྡུད་པ༔ གསང་མཆོག་བླ་ན་མེད་པ་ཡི༔ བཀོད་པ་གསང་བའི་རྒྱུད་རྣམས་བསྟན༔ དེ་ནས་སྲིན་པོའི་ཡུལ་དག་ཏུ༔ རགས་པ་འདུལ་བའི་རྒྱུད་བཅུ་བསྟན༔ སོག་པོའི་ཡུལ་དུ་ཕྲ་རྒྱུད་བདུན༔ འདིར་ནི་མདོ་སྡེ་འབུམ་ཕྲག་ནི༔ ཉི་ཤུ་རྩ་ལྔ་ཉིད་དུ་བསྟན༔ སྔགས་ནི་ཁྲི་ཕྲག་གཉིས་སུ་བསྟན༔ ལུང་ནི་ཁྲི་ཕྲག་ཕྱེད་དང་བརྒྱད༔ དེ་ལྟར་རྣམ་པར་ཕྱེ་བ་འོ༔ ཞེས་བཀོད་པ་ཆེན་པོ་འབུམ་ཚོ་དྲུག་གི་བདག་ཉིད་ལས༔ བསྟན་
པའི་ཆོས་ཇི་ལྟར་གསུངས་པའི་དོན་ཚིག་བསྟན་པ་སྟེ་གཉིས་པའོ༔ རྫོགས་སོ༔ རྒྱ་རྒྱ་རྒྱ༔ ༔དེ་ནས་རྡོ་རྗེ་ཆེན་པོ་རྣམ་པར་རོལ་བ་ཞེས་བྱ་བའི་ཚིག་དག་རྣམ་པར་སྤྲོས་སོ༔ དེ་ལྟར་བསྟན་པའི་ཆོས་རྣམས་ལ༔ ཤད་ནི་བརྒྱད་ཀྱིས་གཅིག་བྱས་པའི༔ བརྒྱད་འགྱུར་བཅུ་ཕྲག་འབུམ་ཕྲག་འགྱུར༔ དེ་རྫོགས་ཚིག་རྣམས་རྣམ་ཕྱེ་བས༔ གསལ་བྱེད་སྒྲོན་མའི་རིམ་པ་འོ༔ སྟོང་པ་ཉིད་ནི་མཚོན་པ་ཡི༔ རིམ་དང་རིམ་མིན་ཕྱེ་ནས་བསྟན༔ འདི་རྫོགས་ཆོས་གྱི་འཁོར་ལོ་འོ༔ ཞེས་བཀོད་པ་ཆེན་པོ་འབུམ་ཕྲག་དྲུག་པ་ལས༔ གཅད་པར་བྱ་བ་འབྲས་བུའི་དོན་ཚིག་བསྟན་པ་སྟེ་གསུམ་པ་རྫོགས་སོ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ ༔དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་སྡེ་རྣམ་པར་འབྱེད་པའི་ཞེས་བྱ་བའི་ཚིག་རྣམ་པར་ཕྱུང་ངོ་༔ ཀྱེ་ཀྱེ་ཉོན་ཅིག་དགེ་སྦྱོང་ཁྱོད༔ རིགས་ལྡན་རིགས་བུ་ཤཱ་རིའི་བུ༔ རྫུ་འཕྲུལ་མཆོག་དང་ལྡན་པ་ཉོན༔ ངས་བསྟན་པ་ཡི་ཆོས་རྣམས་ནི༔ སེམས་ཅན་བློ་ཡི་རིམ་པ་ལས༔ ཆེ་དང་ཆུང་བའི་ཁྱད་པར་གྱིས༔ རིམ་པ་གཉིས་ཀྱི་ཚུལ་དུ་བསྟན༔ རང་རང་ལྟ་དང་སོར་གཞག་གོ༔ རང་རང་ཉིད་ནི་རིམ་པ་གཉིས༔ ཕྱིན་ཅི་ལོག་དང་ཡང་དག་ལྟ༔ ལོག་པར་རྟོགས་པས་འཁོར་ལ་གནས༔ ཡང་དག་པ་ནི་རིམ་གསུམ་སྟེ༔ ཆུང་བའི་བློ་དང་ཆེན་པོ་ལ༔ དེ་བཞིན་འབྲིང་པོའི་བློ་ཅན་ལའོ༔ རིམ་པ་གསུམ་གྱི་ཚུལ་དུ་བསྟན༔ ཆུང་བའི་རིམ་པ་རྣམ་གསུམ་སྟེ༔ དེ་ཡི་བློ་དང་མཐུན་པའི་ཆོས༔
རྟོག་པས་སྦགས་ལ་ཉན་ཐོས་ཏེ༔ འདུ་ཤེས་ཅན་ལ་རང་རྒྱལ་ཉིད༔ རྟོག་འཇུག་ཅན་ལ་བྱང་སེམས་སོ༔ འབྲིང་པོ་གསུམ་ལ་བསྟན་པ་ནི༔ རབ་ཏུ་དམན་ལ་བྱ་བ་སྟེ༔ དམན་པ་རྣམས་ལ་སྤྱོད་པ་འོ༔ རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད༔ ཆེན་པོ་རིམ་ལྡན་གསུམ་དག་ལ༔ སེམས་ཡས་པ་ལ་བསྐྱེད་པ་སྟེ༔ སེམས་བཅུད་ཅན་ལ་རྫོགས་པ་འོ༔ མཆོག་གསང་རབ་ལ་རྫོགས་པ་ཆེ༔ དེ་ཡི་རྣམ་པར་དབྱེ་བ་ནི༔ འོན་ཀྱང་དེ་འདས་འོག་དག་ཏུ༔ འདི་ལྟར་རྣམ་པར་སྣང་བར་འགྱུར༔ ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ༔ ནམ་མཁའ་ཅན་ལ་ཀློང་གི་སྡེ༔ རིམ་རྩོལ་བྲལ་ལ་མན་ངག་གོ༔ དེ་ལྟར་རྫོགས་ཆེན་ཨ་ཏི་ལ༔ འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས༔ སེམས་སྡེ་ཉི་ཤུ་རྩ་གཅིག་སྟེ༔ ཀློང་ནི་ཉི་ཤུ་གཉིས་ཡིན་ནོ༔ མན་ངག་ཉི་ཤུ་རྩ་གཅིག་པ༔ དེ་ལས་རྒྱུད་སྡེ་རིམ་གསུམ་ལ༔ ཕ་དང་མ་དང་མ་ནིང་ངོ་༔ ཨ་ཏི་ཕ་རྒྱུད་ཆེན་པོ་ནི༔ བཀོད་པ་ཆེན་པོ་གསང་བའི་རྒྱུད༔ འབུམ་ཕྲག་དྲུག་པ་འདི་ཉིད་དོ༔ མ་རྒྱུད་འབུམ་ཕྲག་བཅུ་གསུམ་ལ༔ མ་ནིང་དག་ནི་རྣམ་པ་གཉིས༔ འདིར་ནི་ཕ་མ་མ་ནིང་གསུམ༔ རྣམ་པར་བསྡུས་ནས་གཅིག་ཏུ་སྟེ༔ དེ་ཡི་དོན་ཚིག་རྣམ་སྤྲོས་པས༔ སྤྲོས་བཅས་རྣམས་ལ་བཞི་ཉིད་སྟེ༔ སྤྲོས་མེད་རྣམ་གྲངས་བཅུ་བདུན་ནོ༔ ཤིན་ཏུ་སྤྲོས་པ་མེད་པ་ནི༔ རྡོ་རྗེ་བཀོད་པ་ཉིད་ཡིན་ནོ༔ རབ་ཏུ་སྤྲོས་དང་བྲལ་བ་ལ༔ འདས་རྗེས་གསུམ་གྱིས་
གྲོལ་པ་ཡིན༔ གལ་ཏེ་ཚིག་ལ་རབ་འཛིན་ན༔ ཐིག་ལེའི་རྒྱུད་ནི་སུམ་ཅུ་དགུ༔ འདི་དག་རྣམས་ནི་ངས་བསྟན་པས༔ དེ་དག་རྣམས་ལ་ཡིད་ཆེས་བྱ༔ བཅོ་ལྔ་གསུམ་ཕྱེད་མིང་རྒྱུད་ལ༔ ཁྲི་ཕྲག་གཉིས་དང་སྟོང་ཕྲག་ལྔ༔ ཐིག་ལེ་མཆོག་གི་རྒྱུད་རྣམས་སོ༔ ཁྱད་པར་མཆོག་ཏུ་གསང་བའི་རྒྱུད༔ བསྟན་པ་འཛིན་སྐྱོང་བསྲུང་བ་ཡི༔ རིམ་གསལ་སྙིང་དང་འདྲ་བའི་རྒྱུད༔ རྣམ་པ་བཅོ་བརྒྱད་དག་བསྟན་ལ༔ སྟོང་ཕྲག་དག་ནི་བཅུ་བདུན་ཡིན༔ བསྟན་པ་ཀུན་གྱི་བུ་གཅིག་པོ༔ བརྒྱ་ཕྲག་གཉིས་དང་ཕྱེ་དང་བརྒྱད༔ སྡེ་དང་ལུང་རབ་དེ་ལྟར་སྣང་༔ འདི་ནི་མཆོག་ཏུ་གསང་བ་ལས༔ ཀུན་གྱི་སྤྱོད་ཡུལ་མ་ཡིན་པས༔ འབྱུང་བའི་དགྲ་བྲལ་སངས་རྒྱས་འཛིན༔ འདི་ལས་སྡེ་བཞི་དག་ཏུ་འཕྲོ༔ ནམ་མཁའ་ཉིད་ལ་འཕར་བ་དང་༔ ས་རྣམས་ལ་ཡང་ཐོགས་མེད་འགྱུར༔ དེས་ནི་སངས་རྒྱས་གདུང་འཛིན་པའོ༔ དེ་ལྟར་ངས་བསྟན་རྒྱུད་ཆེན་རྣམས༔ བརྫུས་སྐྱེས་དུས་ཀྱི་བྱིན་བརླབསལ༔ སྒོང་སྐྱེས་ཐར་པའི་རྒྱུད་ཙམ་མཚོན༔ དྲོད་སྐྱེས་ལ་ནི་དྲང་བའི་དོན༔ མངལ་སྐྱེས་དགའ་ལྡན་ཡུལ་དག་ཏུ༔ འགའ་ཞིག་སྟོངས་པར་གཏན་ལ་ཕབ༔ ཁ་ཅིག་དེ་བས་ཉེ་བར་བསྟན༔ དུར་ཁྲོད་ཉིད་དུ་རྣམ་བཤད་པ༔ ཕོ་མོ་མ་ནིང་རྣམས་ཀྱི་དོན༔ སྣ་ཚོགས་ཐབས་ཀྱིས་མཚོན་ནས་བསྟན༔ ཁྱད་པར་མཆོག་གསང་ཟབ་པར་བསྟན༔ འདིར་ནི་དྲང་ཞིང་འདུལ་བར་བསྟན༔ ངེས་པའི་སྙིང་པོ་
འགའ་ཙམ་མོ༔ སྲིན་པོའི་ཡུལ་དུ་ཞི་རྒྱས་དབང་༔ ཚར་གཅོད་དོན་དུ་མངོན་སྤྱོད་བསྟན༔ སོག་པོའི་ཡུལ་དུ་སེམས་རྒྱུད་བཅད༔ དེ་ལྟར་རྒྱུད་རྣམས་རབ་ཕྱེ་བ༔ སེམས་ཅན་རྣམས་ཀྱི་དོན་དུ་སྟེ༔ དེ་ཡི་དོན་རྣམས་རྒྱ་ཆེ་བས༔ བསྟན་པའི་ལུགས་ནི་རྣམ་པ་གསུམ༔ ཇི་ལྟར་སྐས་ཀྱི་རིམ་པ་བཞིན༔ དབང་པོའི་དོན་དུ་བསྟན་པ་དང་༔ འོ་མ་ལས་ནི་མར་བཞིན་དུ༔ བསྡུ་བའི་དོན་དུ་བསྟན་པ་དང་༔ ཚ་བའི་ནད་ལ་ག་བུར་བཞིན༔ གཉེན་པོའི་དོན་དུ་བསྟན་པ་འོ༔ དབང་བའི་དོན་དུ་བསྟན་པ་ནི༔ རིམ་དགུ་བློ་དང་བསྟུན་ནས་ནི༔ ཆེ་ལོངས་དང་ནི་ཞིབ་ཚེགས་སོ༔ བསྡུ་བ་བརྒྱད་ཁྲི་བཞི་སྟོང་ལས༔ སྡེ་བཞིར་དག་ཏུ་རྣམ་པར་བསྡུས་༔ གཉེན་པོ་སེམས་ཅན་རང་རྒྱུད་ལ༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སྟེ༔ དེ་ཡི་སྙིང་པོར་ཆོས་ཀྱང་ངོ་༔ དེ་ལྟར་བཤད་པའི་སེམས་ཅན་གྱི༔ རང་རྒྱུད་བཅིངས་པ་དག་ལས་གྲོལ༔ ཚིག་གིས་མཚོན་པའི་རྒྱུད་རྣམས་ནི༔ སྡེ་དང་འབུམ་ཚོ་གྲངས་སུ་བཅད༔ ཅེས་ཨ་ཏི་བཀོད་པ་ཆེན་པོ་འབུམ་ཕྲག་དྲུག་པ་ལས༔ བསྟན་པའི་ཆོས་རྣམས་ཀྱི་སྡེ་དང་གྲངས་གཏན་ལ་ཕབ་པ་སྟེ་བཞི་པ་རྫོགས་སོ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ ༔དེ་ནས་དམ་ཚིག་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་ལངས་ཏེ༔ འདི་སྐད་ཅེས་ཆེད་དུ་བརྗོད་དོ༔ དེ་ལྟར་བསྟན་པ་སྙིང་པོ་བཀོད་པའི་དོན༔ རྒྱ་ཆེ་རབ་ཏུ་སྤྲོས་ཏེ་བསྡུས་པ་དང་༔ མཆོག་ཏུ་བསྡུས་དང་ཤིན་ཏུ་རབ་བསྡུས་པས༔ སེམས་ཅན་
བློ་ཡི་གདུང་བ་ལས་གྲོལ་ཏེ༔ སྟོང་པ་ཆེན་པོའི་ངང་དུ་མཚོན་པའི་ཕྱིར༔ ཚེག་བར་བདུན་གྱི་རྣམ་པར་བཅད་པ་འདི༔ ཤྭ་ལོ་འབུམ་ཚོའི་གྲངས་དང་ཚིག་དུ་བཅད༔ ཉི་ཤུ་བརྒྱད་ལ་ཤ་ལོ་གཅིག་ཏུ་བསྟན༔ དེ་ཉིད་གོང་ནས་གོང་དུ་བགྲངས་པ་ཡིས༔ འབུམ་དང་བྱེ་བ་ས་ཡ་རྒྱ་ཆེར་འགྱུར༔ སྙིགས་མ་དུས་ཀྱི་མཐའ་ལ་དགོས་སྲིད་པས༔ རབས་བདུན་བསྟན་པ་སྨིན་པར་བྱ་བའི་ཕྱིར༔ ཚེག་བར་བདུན་གྱིས་རྣམ་པར་བཅད་ནས་བསྟན༔ རྒྱུད་ཀྱི་གཞུང་ལ་ཕྲི་གཞུག་མི་བྱའི་ཕྱིར༔ འདི་ནི་སྙིང་པོའི་དོན་དུ་བཀོད་པ་འོ༔ ཞེས་བཀོད་པ་ཆེན་པོ་འབུམ་ཚོ་དྲུག་པ་ལས༔ ཚིགས་སུ་བཅད་པའི་དོན་བསྟན་པ་སྟེ་ལྔ་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ༔དེ་ནས་ཉིད་ཀྱིས་རྒྱུད་རྣམ་པར་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་བཞེངས་ནས༔ ཡང་ཆེད་དུ་བརྗོད་པའི་འདི་བརྗོད་དོ༔ ཨེ་མ་ཧོ༔ བཀའ་གསང་ངེས་པའི་སྙིང་པོ་དོན་རྣམས་ནི༔ ཤིན་ཏུ་རྒྱ་ཆེ་གྲངས་སུ་ཆོད་པ་ལས༔ འབུམ་ཕྲག་ཉིད་ནི་དྲུག་ཅུ་རྩ་བཞི་ལ༔ ལེ་འུ་འབུམ་ཕྲག་གསུམ་དང་ལྡན༔ ཡང་དག་ངེས་པའི་སར་བསྒྲལ་ཕྱིར༔ རྣམ་པར་བཀོད་ནས་ང་ཡིས་བསྟན༔ དེ་ནས་མཆོག་ཏུ་བསྡུས་པ་ནི༔ ཁྲི་ཕྲག་གཉིས་དང་སྟོང་ཕྲག་ལྔའོ༔ དེ་ཉིད་རྣམ་པར་བཤད་པའི་རྒྱུད༔ བསྐྱེད་དང་བསྡུས་དང་གནས་པ་དང་༔ གསལ་དང་བྱམས་དང་ཉིད་དང་ནི༔ གསུམ་བཞི་དྲུག་དང་ཡང་གཉིས་དང་༔ བཤད་དང་རྫོགས་
དང་སྤུངས་པ་འོ༔ དེ་ཉིད་ལས་ནི་ཤིན་དུ་གསང་༔ ཡང་གབ་སྦས་པའི་གསང་ཚིག་ལ༔ སྟོང་ཕྲག་དག་ནི་བཅུ་བདུན་ནོ༔ དེ་དོན་རབ་ཏུ་གསང་བ་ནི༔ བབས་དང་རྟོགས་པར་བྱེད་པའོ༔ དེ་དོན་སྙིང་པོའི་རྒྱུད་རྣམས་ནི༔ གཉིས་དང་གཉིས་འབྲེལ་ཡང་གཉིས་དང་༔ དེ་ཡི་ཡང་གསུམ་དོན་རྣམས་ལ༔ དེ་ནི་བསྡུས་པ་གསུམ་ཡིན་ནོ༔ དེ་ལས་རྣམ་པར་རབ་སྤྲོས་པས༔ རྩ་བ་བརྒྱད་ཀྱི་ཚུལ་ལས་ནི༔ གོ་རིམ་འཇུག་ཕྱིར་རྣམ་བཤད་པ༔ བསྐྱེད་དང་བཤད་པ་ཡན་ལག་དང་༔ ལུང་དང་མན་ངག་དགོངས་པ་དང་༔ འཇུག་དང་མཁས་པ་ཆོ་ག་ཡིས༔ བསྟན་པ་འཛིན་དང་སྐྱོང་དང་བསྲུང་༔ སྤྲོས་པ་བཅོ་བརྒྱད་ཚུལ་དུ་བྱུང་༔ གུ་ཧྱ་བསྟན་པའི་བུ་གཅིག་པོ༔ སྙིང་པོ་ཡང་གསང་རབ་ཏུ་གསང་༔ འདི་དག་རྣམས་ནི་རབ་ཏུ་བསྡུས༔ དེ་ཡི་དོན་རྣམས་རྒྱ་ཆེར་བཀོད་པ་ལས༔ སྙིང་པོ་ངེས་པའི་ལུང་ནི་འདི་དག་གོ༔ འདི་དག་རྟག་ཏུ་གོམས་པར་གང་བྱེད་པ༔ དམ་པ་རྣམས་ཀྱི་གསང་ཆེན་འདི་ཡིས་ཐོབ༔ ཨ་ཏི་བཀོད་པ་ཆེན་པོ་འབུམ་ཕྲག་དྲུག་པ་ལས༔ གསང་བ་སྙིང་དང་འདྲ་བའི་རྒྱུད་རྣམས་བསྡུས་ཏེ་རྣམ་པར་བསྟན་པ་སྟེ་དྲུག་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ ༔དེ་ནས་ལུང་བསྟན་རྗེས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་སྐུ་གསུང་ཐུགས་རྡོ་རྗེ་བཀོད་པ་ཆེན་པོ་ལས༔ འདི་སྐད་ཆེད་དུ་བརྗོད་དོ༔ ཀྱེ་ཤཱ་རིའི་བུ་ཉིད་དང་ལྡན་པ༔ འདི་ཉོན་རིགས་ཀྱི་བུ་ཁྱོད་ཟུང་༔
ང་ནི་འདི་ནས་མི་གནས་ཚེ༔ ཕྱི་རབས་ང་ཡི་བསྟན་པ་འདི༔ སྙིང་པོ་ཡང་ནས་ཡང་བསྡུས་པ༔ ངེས་གསང་མཆོག་གི་སྙིང་པོའི་རྒྱུད༔ འདི་དག་རྣམས་ཀྱིས་འཛིན་པར་འགྱུར༔ ང་ནི་འདི་ནས་མི་གནས་ནས༔ སུམ་བརྒྱ་དང་ནི་དྲུག་ཅུ་ན༔ ནུབ་ཕྱོགས་ཨོ་རྒྱན་དག་གི་ཡུམ༔ དྷ་ན་ཀོ་ཤ་ཞེས་བྱ་བར༔ ཐབས་ཀྱི་ཆ་མེད་ཤེས་རབ་ལས༔ ཨུ་པ་རཱ་ཙ་ཞེས་པ་དང་༔ སྣང་བ་གསལ་བའི་འོད་ལྡན་ཡུམ༔ གཉིས་ལས་བསྐྱེད་པ་ཆོས་ཀྱི་སྡེའི༔ ལྷུམས་སུ་ཕ་ཡི་རྒྱུ་མེད་ཞུགས༔ ཆོས་ཀྱི་སྡེ་ཡི་རྨི་ལམ་དུ༔ ཤེལ་ལས་གྲུབ་པའི་མི་དཀར་ནི༔ གཟུགས་དང་ལང་ཚོ་ལྡན་པ་ཞིག༔ ཤེལ་ཀྱི་བུམ་པ་འོད་འབར་བ༔ ཡི་གེ་ལྔ་དང་བཅས་པ་ཐོགས༔ སྤྱི་བོའི་སྟེང་དུ་བཞག་པ་རྨི༔ དེ་ནས་དུས་ཚོད་རྫོགས་པ་ལ༔ ངེས་པའི་སྙིང་པོ་འདི་འཛིན་པའི༔ ཁྱེ་འུ་བདེ་བའི་བག་ལྡན་པ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྲས༔ དེ་མིང་བཛྲ་པྲ་ཧེ་ཞེས༔ མི་ལུས་རྣམ་དག་སེམས་ཅན་འབྱུང་༔ དེས་ནི་བསྟན་པ་འདུལ་བ་ཡི༔ ཐབས་ནི་རྣམ་པ་དུ་མ་ཡི༔ མཛད་པ་དག་ནི་སྤྲོས་བྱས་ནས༔ ལོ་ནི་སུམ་ཅུ་རྩ་གཉིས་ན༔ ང་ཡིས་བསྟན་པའི་ཆོས་རྣམས་ནི༔ མ་ལ་ཡ་ཡི་རྩེ་མོ་ལ༔ རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ༔ འཇིག་རྟེན་བདེ་བའི་རོ་ཅན་དང་༔ བདེ་བྱེད་སེར་མོ་ཞེས་བྱ་བས༔ ཚིག་དང་ཡི་གེར་འགོད་པར་འགྱུར༔ རང་བྱུང་དག་གིས་ཡི་གེ་ནི༔ བསྟན་པ་ཀུན་གྱི་བུ་གཅིག་
གོ༔ དེ་ནས་རྗེས་འཇུག་སྤྲུལ་པ་དེ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཤེས་རབ་ཀྱི་ནི་གདུལ་བྱ་ལ༔ བསྟན་པ་དམ་པ་འདི་ཉིད་སྟོན༔ དེ་ཚེ་ནུབ་ཕྱོགས་རིམ་གཉིས་གྲོང་༔ བྲམ་ཟེ་ལེགས་ལྡན་སྟོན་པ་དང་༔ སྣང་བའི་སྒྲོན་མའི་ཡུམ་ལྷུམས་སུ༔ ཞུགས་ཏེ་སྐལ་ལྡན་རྗེས་འཛིན་པ༔ དེ་མིང་མཉྫུ་ཤྲི་པྲ་ཏི༔ རིག་པའི་གནས་རྣམས་ཀུན་སྦྱངས་པ༔ སྐྱེས་བུ་ཉིད་ནི་མཆོག་དེ་ལ༔ འཇམ་དཔལ་གྱི་ནི་ལུང་བསྟན་ནས༔ བསྟན་པ་དམ་པ་འདི་ལ་གཟུད༔ སྤྲུལ་པ་པོ་ནི་ལོ་བརྒྱ་དགུ༔ དེ་ཚེ་རྗེས་འཇུག་དེ་དང་འཕྲད༔ དེ་ཡང་ཤེས་པའི་རྒྱུད་དག་ནས༔ ཤེལ་གྱི་གོང་བུ་བཞིན་དུ་འགྱུར༔ འདི་ལྟར་འབུམ་ཚོའི་དབྱེ་བ་དང་༔ བསྡུས་དང་རྒྱས་དང་རབ་རྒྱས་སུ༔ རྣམ་པར་ཕྱེ་ནས་སྟོན་པའོ༔ དེ་ནས་བདུན་བཅུ་རྩ་ལྔ་ན༔ དེ་ཡང་མྱ་ངན་འདའ་ཚུལ་སྟོན༔ ཆུ་བོ་དན་ཏིག་ཅེས་བྱའི་མགོར༔ ཟག་བཅས་ཕུང་པོ་ཉིད་དང་བྲལ༔ ནམ་མཁའ་འོ་ཕུང་གིས་བཀང་སྟེ༔ གདུང་བ་བཅད་ཀྱི་ཞལ་ཆེམས་སོ༔ དེ་ནས་རྗེས་འཇུག་མཉྫུ་དེས༔ བསྟེན་པ་ཀུན་གྱི་སྙིང་པོ་འདི༔ རྡོ་རྗེ་གདན་དུ་སྦེད་པར་འགྱུར༔ དེ་དུས་མན་ངག་སྡེ་གཉིས་སུ༔ དེ་ཉིད་ཀྱིས་ནི་རྣམ་པར་འབྱེད༔ སོ་ས་གླིང་གི་དུར་ཁྲོད་དུ༔ རྗེས་འཇུག་དེ་ཉིད་ཉམས་སུ་ལེན༔ བསྟན་པའི་སྙིང་པོ་འདི་སྟོན་འགྱུར༔ དེ་ལོ་བརྒྱ་དང་རྩ་དགུ་ན༔ རྒྱ་ནག་ཤོ་ཥའི་གླིང་ཞེས་པར༔ ཁྱིམ་བདག་དགེ་ལྡན་ཡིད་ཅན་དང་༔ སྣང་གསལ་མཁྱེན་མ་བྱ་བའི་
ཡུམ༔ གཉིས་ཀྱི་རྒྱུ་རྐྱེན་ལས་འཁྲ྄ུངས་པའི༔ དེ་མིང་དཔལ་གྱི་སེང་གེ་ཞེས༔ མཁས་པ་སྦྱངས་པའི་དོན་ལྡན་པའི༔ སྐལ་ལྡན་སྐྱེས་བུ་དེ་ཉིད་ལ༔ སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས༔ བརྒྱ་དང་སུམ་ཅུ་རྩ་གཉིས་ན༔ མཉྫུ་ཉིད་དང་འཛོམ་པར་འགྱུར༔ དེ་ཡང་སྔོན་སྦྱངས་སྐལ་ལྡན་པས༔ ཤེལ་གྱི་གོང་བུ་བཞིན་དུ་འགྱུར་༔ དེ་ནས་ཉི་ཤུ་རྩ་ལྔ་ན༔ མཉྫུ་མྱ་ངན་འདའ་ཚུལ་སྟོན༔ འབྱུང་བ་དག་ནི་རང་དེངས་སུ༔ ནམ་མཁའ་འོད་ཀྱི་ཕུང་པོར་འགྱུར༔ གདུང་བ་བཅད་ཕྱིར་ཞལ་ཆེམས་སོ༔ སྒྲ་དང་བཅས་ཏེ་ལུང་བསྟན་ཐོབ༔ དེ་ནས་བསྟན་པའི་སྙིང་པོ་ནི༔ སྐལ་དང་ལྡན་པ་དེས་ཁྱེར་ནས༔ རྒྱ་ནག་ཡུལ་དུ་སྣང་བར་འགྱུར༔ བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ༔ དགོངས་པ་རྩེ་གཅིག་དོན་ཆོད་ནས༔ རིགས་བཞི་དག་ཏུ་དེས་འབྱེད་འགྱུར༔ སྡེ་གསུམ་དོན་རྣམས་གཏེར་སྦེད་འགྱུར༔ ཡང་དག་གསང་བ་སྙིང་ཐིག་འདི༔ བཀྲ་ཤིས་ཁྲི་སྒོ་ཞེས་བྱར་སྦེད༔ དེས་ན་ལོ་བརྒྱ་ཉི་ཤུ་ལོན༔ དགོངས་པ་དག་ལ་རབ་ཏུ་གནས༔ དེ་ཚེ་རྒྱ་གར་ནུབ་ཕྱོགས་ཡུལ༔ གླང་པོ་སྒང་ཞེས་རྒྱུད་རིངས་པར༔ ཁྱིམ་བདག་དེ་ནི་དགེ་ལྡན་ལས༔ རབ་ཏུ་རྒྱུ་དང་རྐྱེན་ལས་འཁྲུངས༔ དེ་མིང་ཕྱག་རྒྱ་རྒྱ་ཆེན་དང་༔ ཤར་ཕྱོགས་ཀ་མ་ཤཱི་ལའི་གྲོང་༔ གདོལ་པ་ཤན་ཏིང་ལག་པ་དང་༔ དགེ་བའི་སེམས་ཅན་ཡུམ་གྱི་ལྷུམས༔ རྒྱུ་དང་རྐྱེན་ལས་འཁྲུངས་པ་ཡི༔ དེ་མིང་ཛྙཱ་ན་སུ་ཏྲ་ཞེས༔ དེ་གཉིས་སྦྱངས་པའི་ཡོན་ཏན་
རྫོགས༔ དེ་དུས་རྡོ་རྗེ་གདན་ཉིད་ན༔ པཎ་ཌི་ཏ་ནི་ལྔ་བརྒྱ་བཞུགས༔ དེ་དག་རྣམས་ལས་མཆོག་ཏུ་མཁས༔ ཡེ་ཤེས་མདོ་དང་བྱེ་མ་ལར༔ ནུབ་ཕྱོགས་འདམ་བུའི་ཚལ་ཞེས་པར༔ རྡོ་རྗེ་སེམས་དཔས་ལུང་སྟོན་འགྱུར༔ སེང་ཧ་ཉིད་དང་ཞལ་འཕྲད་སྟེ༔ དེས་ཀྱང་དམ་པའི་དོན་རྙེན་འགྱུར༔ ཡང་གསང་སྙིང་པོའི་བསྟན་པ་འདི༔ ཛྙཱ་ན་སུ་ཏྲ་སྐལ་ལྡན་པར༔ དེ་ཡི་སློབ་མར་དེ་འགྱུར་རོ༔ དེ་ནས་ལོ་ནི་བཅུ་བདུན་ན༔ དེ་ཡང་མྱ་ངན་འདའ་ཚུལ་སྟོན༔ འབྱུང་བ་དག་ནི་རང་དེངས་སུ༔ ནམ་མཁའ་འོད་ཀྱིས་བཀང་སྟེ་འགྲོོ༔ གདུང་བ་དག་ནི་གཅད་པའི་ཕྱིར༔ བསྟན་པའི་བཙས་སུ་ཞལ་ཆེམས་སོ༔ སྐལ་བ་ཉིད་དང་རབ་ལྡན་པའི༔ ཡེ་ཤེས་མདོ་ནི་བྷ་སིང་དུ༔ མཁའ་འགྲོའི་གདུང་བ་གཅོད་པར་འགྱུར༔ མཁའ་འགྲོ་མ་ཡི་ལུང་བསྟན་ནས༔ མུ་དྲ་ཉིད་ཀྱང་སྐལ་ལྡན་འགྱུར༔ གཉིས་ཀྱིས་ལོ་ནི་བརྒྱ་དང་གསུམ༔ དེ་ནས་ལོ་ལྔའི་བར་དུ་གནས༔ སྐལ་ལྡན་མཆོག་དེ་རང་དེངས་སུ༔ ནམ་མཁའ་འོད་སྣང་དེ་བཞིན་ནོ༔ གདུང་བ་བཅད་ཕྱིར་ཞལ་ཆེམས་སོ༔ ཕྱག་རྒྱ་རྒྱ་ཆེན་ཞེས་བྱ་བའི༔ མཁས་པ་མཆོག་དེ་ཀཾ་རུར་གནས༔ དེ་ནས་དུར་ཁྲོད་རབ་སྣང་དུ༔ དགོངས་ལ་གནས་ཤིང་སྤྱོད་པ་སྐྱོང་༔ དེ་དུས་བྷོ་ཊའི་རྒྱལ་ཁམས་སུ༔ རྒྱལ་པོ་བྱང་ཆུབ་སེམས་པའི་རིགས༔ སྤྲུལ་པ་ཕྱག་བརྙན་བཅས་པ་འབྱུང་༔ དེ་ཡི་བསྟན་པའི་སྙིང་པོ་འདི༔ བི་མ་ལ་དང་སྐལ་ལྡན་པར༔ གྱུར་ནས་སྙིང་
པོའི་དོན་འདི་ནི༔ རབ་ཏུ་གསང་ཞིང་འཛིན་པར་འགྱུར༔ མུ་དྲ་ཉིད་ནི་རྒྱ་ནག་ཡུལ༔ བྷེ་ལ་ཤ་ཀྲ་ཞེས་བྱ་བར༔ དེ་ནས་སྣང་སྟེ་སྐྱེ་ཤི་བྲལ༔ འདི་ཉིད་མྱ་ངན་འདའ་བ་མིན༔ དེ་ནས་ལྔ་བཅུ་རྩ་ལྔ་ན༔ དེ་ཡི་ཕྱག་བརྙན་དགེ་སློང་གཟུགས༔ རང་རྒྱུད་རྣམ་པར་དག་ནས་ནི༔ བྷི་ལ་ཀི་ཞེས་བྱ་བ་ཡི༔ གཙུག་ལག་ཁང་དུ་སྦེད་པར་འགྱུར༔ ལོ་བརྒྱའི་བར་དུ་དེར་གནས་ཏེ༔ དེ་འོག་དགེ་སློང་དད་བརྩོན་ལྡན༔ དེ་དང་འཕྲད་ནས་སྐལ་ལྡན་འགྱུར༔ དེ་ནས་ལོ་ནི་བཅོ་ལྔ་ན༔ ཡང་ནི་དགེ་སྦྱོང་གཟུགས་འཛིན་པ༔ སྐལ་ལྡན་དེ་ལ་སྣང་བར་འགྱུར༔ དེས་ནི་ཤིང་ལྡན་རི་རྒྱུད་ལ༔ བསྟན་པ་དམ་པ་འདི་སྦེད་འགྱུར༔ དེ་ནས་ལོ་ནི་སུམ་བཅུ་ན༔ པཎ་ཌི་ཏ་ནི་གནམ་དུམ་ཞེས༔ དེས་ནི་སྡེ་གཉིས་དག་ལ་སྤྲོད༔ དེ་ནས་ལོ་ནི་བརྒྱ་ཕྱེད་ན༔ བསྟན་པ་ཡང་གསང་ངེས་པ་ཡི༔ དོན་རྒྱུ་མན་ངག་གསང་ཏིག་འདི༔ ས་ལ་གནས་པ་གཅིག་གིས་སྤྱོད༔ དེ་ཡི་རྗེས་འཛིན་སློབ་མ་ནི༔ ལག་ན་རྡོ་རྗེ་སྤྲུལ་པ་པོ༔ འདིས་ནི་བསྟན་པ་དར་བར་འགྱུར༔ དེ་ནས་དེ་དག་འདས་འོག་ཏུ༔ དགེ་སྦྱོང་དག་གི་གཟུགས་འཛིན་པ༔ ལུས་ནག་ཡན་ལག་རགས་པ་ཡིས༔ བསྟན་པ་འདི་ནི་བཟུང་བའི་ཚེ༔ དམ་ཆོས་འདི་ནི་ལོ་བརྒྱ་རུ༔ འདི་དག་རྣམས་ནི་ནུབ་པར་འགྱུར༔ དེ་ནས་ཡང་ནི་བོད་ཡུལ་དུ༔ རྒྱལ་པོ་དགེ་བའི་སེམས་ལྡན་པ༔ ཁ་དོག་དམར་པོ་གསེར་གྱི་སྭོ༔ རིགས་ལྡན་འཁོར་གཡོག་ལྡན་པས་ནི༔
བསྟན་པའི་མེ་རོ་སློང་ནས་ནི༔ མཁས་པ་ལྕེ་ཡི་རྫུ་འཕྲུལ་ཅན༔ ཞིག་གི་ཡི་གེའི་བརྡ་བསྒྱུར་ཏེ༔ འདི་ཉིད་མེ་ལྕེ་འབར་བ་བཞིན༔ བསྟན་པའི་སྙིང་པོ་ལོ་སྟོང་དུ༔ ཡི་གེ་ཡོ་གིའི་གཟུགས་དག་གིས༔ རིམ་ལས་རིམ་གྱིས་འཛིན་པར་འགྱུར༔ དེ་ནས་ལོ་ནི་ཉིས་བརྒྱ་ན༔ ཡང་ནི་རྒྱལ་པོ་བོངས་ཆུང་བ༔ མགོ་ལ་རལ་གྲིའི་ཆུན་པོ་འཛིན༔ འདི་དང་འཕྲད་ནས་མུན་པར་འགྱུར༔ དེ་ནས་དགེ་སློང་དཔལ་དང་ལྡན༔ བྲམ་ཟེ་དག་གི་རིགས་མཆོག་གིས༔ ཁ་ཆེའི་ཡུལ་ནས་འདི་རྙེད་ནས༔ དེ་ཉིད་ཡུལ་དུ་བསྟན་པ་འདི༔ སྤང་ལ་མེ་མཆེད་བཞིན་དུ་སྟེ༔ སྙིང་པོ་ལོ་བརྒྱའི་བར་དུ་གནས༔ དེ་ནས་ལོ་ནི་སུམ་ཅུ་རུ༔ ཡབ་ནི་རྒྱལ་པོ་སྙིང་སྟོབས་ཅན༔ དེ་དང་འཕྲད་ནས་མུན་པར་འགྱུར༔ དེ་ནས་ནུབ་ཕྱོགས་ཨོ་རྒྱན་ཡུལ༔ གླིང་དང་ལྡན་པ་ཞེས་བྱ་བར༔ མཁའ་འགྲོ་དཔལ་འཛིན་ཞེས་བྱ་བས༔ རྒྱ་མཚོའི་གླིང་ནས་ཕྱུང་ནས་ནི༔ ཡང་ནི་བསྟན་པ་དར་བར་བྱེད༔ དེ་ནས་རིམ་དང་རིམ་གྱིས་ནི༔ སྐལ་དང་ལྡན་པའི་སྐྱེས་བུ་ནི༔ དོན་རྣམས་རིམ་པ་ཉིད་ལྡན་འགྱུར༔ ཚེ་ལོ་བཅུ་པའི་དུས་དག་ཏུ༔ འདིས་ནི་སྒྲོན་མ་འབར་བར་བྱེད༔ དེ་ནས་བསྟན་པའི་སྙིང་པོ་རྣམས༔ ནམ་མཁའ་དག་ལ་འཕར་བར་འགྱུར༔ བསྟན་པ་ཀུན་གྱི་བུ་གཅིག་པོ༔ འབྱུང་བའི་སྒྲ་དང་བྲལ་བའི་ཕྱིར༔ རྡོ་རྗེ་གདན་ནས་མེ་རོ་བྱེད༔ ཅེས་ཨ་ཏི་བཀོད་པ་ཆེན་པོ་འབུམ་ཕྲག་དྲུག་
པ་ལས༔ ཕྱི་རབས་སྐལ་བ་དང་ལྡན་པའི་གང་ཟག་ཇི་ལྟ་བུ་འབྱུང་བ་ལུང་བསྟན་པ་བདུན་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་འདི་དག་ཕྱུངས་ཏེ་རྣམ་པར་སྤྲོས་སོ༔ ཉོན་ཅིག༔ དགེ་སྦྱོང་རྡོ་རྗེ་ཡང་འཛིན་པ༔ འདི་ནི་སངས་རྒྱས་ཀུན་གྱི་གསང་༔ རྡོ་རྗེ་ཐེག་པ་རབ་གྲགས་པ༔ ཁྱད་པར་ཆེན་པོའི་ཆོས་རྣམས་ནི༔ འཇིག་རྟེན་བཀོད་པའི་ཞིང་ཁམས་འདིར༔ བསྟན་པ་དག་གི་གནས་མི་གནས༔ ཡེ་ཐོག་དང་པོའི་སངས་རྒྱས་དང་༔ དམ་པ་སྟོང་གི་དཀྱིལ་འཁོར་འདུས༔ དེ་ནས་བསྟན་པ་གཉིས་པ་ལ༔ སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས༔ དམ་པ་སྟོང་གིས་འདི་ཕྱག་མཛད༔ བསྟན་པ་དག་ནི་གསུམ་པ་ལ༔ ཚངས་པ་སྟོང་གི་སྤྱི་ཕུད་མགོན༔ སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ༔ དེ་ནས་བསྟན་པ་བཞི་པ་ལ༔ ཉི་མ་སྟོང་གི་རྒྱལ་པོ་དང་༔ སངས་རྒྱས་སྟོང་གིས་མངའ་དབང་བསྐུར༔ བསྟན་པ་ཉིད་ནི་ལྔ་པ་ལ༔ འཇིག་རྟེན་དྲ་བ་མགོན་ཞེས་པའི༔ དམ་པ་སྟོང་གི་ཐུགས་ལ་སྦས༔ བསྟན་པ་དྲུག་གི་སངས་རྒྱས་ནི༔ འོད་ཟེར་སྟོང་གི་མུ་ཁྱུད་མགོན༔ རིགས་ཅན་སྟོང་གིས་འདི་ཉིད་སྦས༔ དེ་ནས་བསྟན་པ་བདུན་པ་ལ༔ ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན༔ བདེ་ཆེན་སྟོང་གི་སྤྱི་བོར་བཟུང་༔ དེ་ལྟར་དེ་ལྟར་བསྟན་པ་ནི༔ འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ༔ སངས་རྒྱས་གྲངས་ནི་དེ་ཉིད་ཀྱིས༔ གསང་ཆེན་འདི་ནི་ཡོངས་བཟུང་པའོ༔ བསྟན་པའི་
སངས་རྒྱས་ངེས་པ་ཡི༔ ས་ཡ་ཕྲག་ནི་བཅུ་དགུ་ཡིས༔ འདི་ཉིད་ཕྱག་མཛད་བཅུད་དྲིལ་པའོ༔ དེ་ཕྱིར་བསྟན་པའི་ས་བོན་ནི༔ ངེས་པའི་སྙིང་པོ་ཞེས་བྱ་བ༔ བསྟན་པ་ཀུན་གྱི་བུ་གཅིག་པུ༔ འབྱུང་བ་ལྔ་ཡི་དགྲ་དང་བྲལ༔ རང་བྱུང་ངག་གི་ཡི་གེ་ནི༔ གང་གི་རྐྱེན་གྱིས་འཇིག་པ་མེད༔ ཉི་མ་སྤུངས་པའི་སྒྲོན་མ་འདིས༔ སངས་རྒྱས་ཀུན་གྱི་ས་བོན་འདེབས༔ སྟོན་པ་དག་ནི་རེ་རེ་འོ༔ བསྟན་པ་དག་ནི་ནུབ་པའི་ཚེ༔ འདི་ནི་སྟོན་པ་གང་འབྱུང་བའི༔ སྔོན་དུ་ལོ་བརྒྱའི་དང་པོ་ལ༔ འབྱུང་སྟེ་སྐུ་གསུང་ཐུགས་ཀྱི་རྒྱུད༔ འདི་ཉིད་ལས་ནི་འཕྲོ་བར་འགྱུར༔ འདི་ཉིད་གང་གི་བཟུང་བ་དེ༔ བཟོ་དང་སྒྱུ་རྩལ་ཐམས་ཅད་དང་༔ བསྟན་བཅོས་ཀུན་དང་སྒྲ་རྣམས་ནི༔ ཇི་ལྟར་འདོད་བཞིན་ཤེས་པར་འགྱུར༔ གསང་མཆོག་བླ་ན་མེད་པ་དེ༔ མཆོད་དང་བསྟོད་དབང་བསྐུར་བྱས་ན༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ ཇི་ལྟར་འདོད་པ་བཞིན་དུ་འབྱུང་༔ འདི་ཉིད་བཅངས་པ་ཙམ་གྱིས་ནི༔ ལུང་དང་མན་ངག་འཛིན་པར་འགྱུར༔ འཇིག་རྟེན་མུན་སེལ་ནོར་བུའི་འོད༔ སྣང་བ་བྱེད་པའི་སྒྲོན་མ་འདི༔ གང་ལ་སྣང་བར་འགྱུར་བ་དེ༔ དེ་ནི་འབྱུང་བ་རང་དེངས་སུ༔ སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད༔ ཅེས་ཨ་ཏི་བཀོད་པ་ཆེན་པོ་འབུམ་ཕྲག་དྲུག་པ་ལས༔ བསྟན་པའི་སྙིང་པོ་འབྱུང་ཁུངས་བསྟན་པ་སྟེ་བརྒྱད་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡང་ཉིད་ཀྱི་སྐུ་གསུང་ཐུགས་ལས་འདི་དག་བྱུང་ངོ་༔ ཀྱེ་ཀྱེ་ཉོན་ཅིག་རིགས་ལྡན་ཤཱ་རིའི་བུ༔
བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་ལས༔ མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ༔ གསེར་གྱི་སྙིང་པོ་ཉི་མས་སྣང་བྱེད་འདི༔ ཐུན་མོང་འཚོལ་བར་དར་བ་མ་ཡིན་ཏེ༔ གསང་ཆེན་རིགས་དང་ལྡན་པ་འགའ་ལ་འབྱུང་༔ སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས༔ སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག༔ རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད༔ ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང་༔ བསགས་པའི་ཚོགས་ཡལ་ས་ཡི་བཅུད་རྣམས་ཟད༔ མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང་༔ སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་བྲི༔ བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ༔ སྙིང་པོ་འདི་ནི་ལོ་ནི་དྲུག་ཅུར་གནས༔ དེ་ནས་འོག་ཏུ་ལོ་བརྒྱའི་བར་དུ་ནི༔ རྟོག་གེ་དཔྱོད་ཅིང་གསང་བ་འདི་མི་གནས༔ དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང་༔ ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི༔ གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར༔ དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར༔ དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན༔ སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས༔ དེ་འདས་སུམ་ཅུའི་བར་དུ་མུན་པ་འགྱུར༔ དེའི་འོག་ལོ་བརྒྱའི་བར་དུ་གནས་པ་ལ༔ དེ་འདས་ཚེ་ལོ་སུམ་ཅུའི་དུས་ན་འདི༔ ནུབ་ནས་རྒྱང་འཕེན་ལོ་བརྒྱའི་བར་དུ་དར༔ དེ་ནས་ཡང་ནི་ལོ་བཅུའི་བར་དུ་གནས༔ ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང་༔ བཅུ་པའི་དུས་སུ་སྙིང་པོ་འདི་
འབྱུང་བས༔ འདི་དང་གང་འཕྲད་འབྱུང་བ་རང་དེངས་འགྱུར༔ དེ་ནས་ཡལ་ཏེ་མི་སྣང་བསྟན་པའི་བཙས༔ ཡང་ནི་བསྟན་པའི་མེ་རོ་བཞིན་དུ་འགྱུར༔ ཞེས་བཀོད་པ་ཆེན་པོ་འབུམ་ཕྲག་དྲུག་པ་ལས༔ བསྟན་པ་དམ་པའི་འཕེབ་འགྲིབ་ཇི་ལྟར་འབྱུང་བ་སྟེ༔ ཞུས་དོན་དགུ་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡང་སྐུའི་འོད་ཟེར་རྣམ་པར་སྤྲོས་ཏེ་འདི་སྐད་ཅེས་རྔམས་པར་བསྒྲགས་སོ༔ ཉོན་ཅིག་རིགས་ལྡན་དགེ་སྦྱོང་དཔལ༔ ང་ནི་འདི་ནས་མི་གནས་ནས༔ ཚེ་ལོ་དྲུག་ཅུ་ཡན་ཆད་ལ༔ འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག༔ འབྱུང་བར་རང་དེངས་དག་ཏུ་སྟེ༔ དགེ་སྦྱོང་གཟུགས་ནི་དེ་ཡི་ཕྱེད༔ ལྷག་མ་བྱང་ཆུབ་སེམས་དཔའོ༔ དེ་ནས་ལྔ་བཅུ་ལ་ཐུག་པར༔ འབྱུང་བར་རང་སར་དེངས་པ་ནི༔ འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་ཐོབ༔ ཕལ་ཆེར་བུད་མེད་དག་གི་གཟུགས༔ སྐྱེས་པ་དག་ནི་སྟོང་ཕྲག་གཉིས༔ དེ་ནས་ཚེ་ལོ་སུམ་ཅུའི་བར༔ འབུམ་ཕྲག་དག་ནི་དྲུག་པ་སྟེ༔ འདི་དག་ཕལ་ཆེར་སྐྱེས་པ་ལ༔ བུད་མེད་གཟུགས་ནི་འབུམ་གཅིག་ཡིན༔ འབྱུང་བ་དག་ནི་རང་དེངས་སོ༔ དེ་དག་སྔོན་བྱུང་ང་ཡི་འཁོར༔ སྙིགས་མའི་དུས་ན་སངས་རྒྱས་ཐོབ༔ ངེས་གསང་སྙིང་པོ་ཡང་བསྡུས་པའི༔ འབྲས་བུ་ཉིད་ནི་ཐོབ་པ་ལས༔ བསྟན་པ་གཞན་གྱི་འབྲས་བུ་མེད༔ གལ་ཏེ་བསྟན་པ་གཞན་དག་ལ༔ མངོན་པར་སངས་རྒྱས་འབྱུང་འདོད་ན༔ འདི་ཉིད་ཕྲད་དེ་དེ་བཞིན་ནོ༔ དེ་ཕྱིར་འབྲས་བུའི་དུས་
ཀ་རུ༔ འདི་ཉིད་དག་ནི་བསྟན་པ་འོ༔ ཞེས་བཀོད་པ་ཆེན་པོ་འབུམ་ཕྲག་དྲུག་པ་ལས༔ ངེས་པའི་འབྲས་བུ་ཐོབ་པ་འབྱུང་བ་རང་དེངས་སུ་སོང་བའི་གྲངས་ལུང་བསྟན་པ་སྟེ་བཅུ་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡང་ཉིད་ཀྱི་ཐུགས་ཀྱི་དལ་ནས་མགུར་གྱི་བུམ་པར་དྲིལ༔ ལྗགས་ཀྱི་དབང་པོ་ལ་བཀྲམ་ནས་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ༔ ཨེ་མ་གསང་བའི་གསང་མཆོག་ངེས་པའི་སྙིང་པོ་འདིས༔ འཁོར་བར་བརྒྱུད་པའི་བག་ཆགས་ཀུན་བཅད་ནས༔ ཡེ་ཤེས་མཛོད་ཀྱི་སྣང་བ་རབ་བསྟན་ཏེ༔ སྙིགས་མའི་ཡང་སྙིགས་ཚེ་ལོ་སུམ་ཅུ་ལ༔ ལེ་ལོས་གཡེངས་ནས་དེ་འདས་འོག་ཏུ་ནི༔ སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ༔ ཚེ་ལོ་བཅུ་པའི་བར་ཆད་འདི་རྣམས་འབྱུང་༔ སྟོང་ཕྲག་བདུན་ནི་སྣང་བ་མ་དང་ཕྲད༔ སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ༔ བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ༔ དེ་ལྟར་སྐྱེ་དང་བུད་མེད་ཁྱི་དང་མོ༔ ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སླའི༔ འདི་དང་ཕྲད་པར་རྣམ་པར་གྲོལ་བའོ༔ གཞན་གྱི་རིགས་ལས་ཕྲད་ཡང་འདི་ཉིད་དུ༔ དེས་ན་གསང་མཆོག་ངེས་པའི་སྙིང་པོ་འདི༔ གཞན་གྱི་ཡུལ་མིན་སྐལ་ལྡན་ཤུགས་ཀྱིས་ཕྲད༔ བདེ་གསལ་སྙིང་པོའི་དོན་དུ་བཀོད་པའོ༔ ཞེས་བཀོད་པ་ཆེན་པོ་འབུམ་ཕྲག་དྲུག་པ་ལས༔ སྐྱེ་གཉིས་མཚམས་སུ་སངས་རྒྱས་པ་འབྱུང་བར་ལུང་བསྟན་པ་སྟེ་བཅུ་གཅིག་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡང་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་
ཞེས་བྱ་བ་ལས་བཞེངས་ནས༔ ཡང་ཆེད་དུ་བརྗོད་པ་འདི་གསང་བའི་སྙིང་པོ་རྣམས་མི་ཡུལ་དུ་སྣང་བ་དག་རྣམ་པར་བརྗོད་དོ༔ སྙིགས་མ་ལྔ་བརྒྱ་ཚེ་ལོ་དྲུག་ཅུ་པའི་དུས་ནས་དུས་ཀྱི་ཐ་མ་ལ༔ གསང་བའི་སྙིང་པོ་ཆོས་འདི་ནི་མི་ཡུལ་སྣང་༔ དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན༔ སྙིང་པོ་འདི་ནི་སུ་ལ་སྣང་གྱུར་པ༔ དེ་དག་རྣམས་ནི་མི་འགྱུར་ས་ལ་མྱ་ངན་ལས་འདའ༔ གལ་ཏེ་སྙིགས་མར་ཚེ་ཐུང་ནད་མང་བས༔ སྙིང་པོའི་དོན་འདི་གོམས་པ་ཆུང་བསགདིང་དུ་མ་གྱུར་ཀྱང་༔ འདི་ཉིད་ཀྱི་ངོ་སྤྲོད་མཐོང་བས་འཁོར་བ་ལས་དབུགས་ཆེན་ཉིད་འབྱིན་པ༔ བཅུ་གཅིག་ཕ་རོལ་དུ་ཕྱིན་པ་ལྟར་ན་ཀུན་ཏུ་འོད་སྟེ་སྤྲུལ་པའི་ཞིང་༔ བརྫུས་སྐྱེས་དག་པས་མངལ་གྱི་རྒྱ་དང་བྲལ༔ ཤར་ཕྱོགས་མངོན་དགའ་མི་འགྱུར་རྡོ་རྗེའི་ཞིང་༔ མི་བསྐྱོད་སྟོན་པས་འཁོར་གྱི་ཆོས་འདི་བསྟན་པས་རྒྱུད་གྲོལ༔ གདུལ་བྱ་རང་སྣང་ཡོན་ཏན་བསམ་མི་ཁྱབ་སྟེ་ས་བཅུ་གསུམ༔ ལྷོ་དཔལ་ལྡན་དང་ནུབ་པདྨ་བརྩེགས་པ་དང་༔ བྱང་ལས་རབ་ཉིད་ནི་ཡོངས་སུ་རྫོགས་པའི་ཞིང་༔ རིན་ཆེན་འབྱུང་དང་པདྨ་གར་དབང་རྟ༔ སྟོན་པའི་བསྟན་པ་འཁོར་གྱིས་ཤེས་བྱའི་སྒྲིབ་པ་སྦྱོང་༔ ཤར་དཀར་ལྷོ་སེར་ནུབ་དམར་དང་བྱང་ལྗང་ཁུའི་ཁ་དོག་གསལ༔ མཐོ་དམན་མེད་པས་ཁོད་སྙོམས་ཡིད་འོང་རི་སྐེག་སོགས་བྱ་སྐད་སྣ་ཚོགས་སྒྲོགས༔ དྲི་བསུང་ངད་འཇམ་ལྟ་བས་ཆོག་མི་ཤེས༔ དབང་པོ་ཚིམ་བྱེད་ཡོན་ཏན་ཀུན་དང་ལྡན༔ ཁ་དོག་ལུས་རྫོགས་ཟས་གོས་དུས་གཅིག་རྫོགས༔ ལུས་ཀྱི་རྩོལ་བྲལ་ལས་ཀྱི་རླུང་གིས་
བསྐྱོད་ནས་བར་སྣང་ལ་འགྲོ་དང་འདུག༔ རླུང་འབྱུང་བས་མ་བསྐྱེད་པའི་གནད་ཀྱིས་མཁྲིས་བད་ཀན་འདུས་པའི་ནད་རྣམས་མེད༔ ཡན་ལག་བརྒྱད་ལྡན་རོ་བརྒྱ་འདུས་པའི་ཆུ༔ འཐུངས་པས་ལུས་སེམས་ཚིམ་བྱེད་རེག་ན་ལུས་ཀྱང་འཇམ༔ ས་ཆུ་མེ་ལོང་འབྱུང་བས་ཕན་གནོད་བྲལ༔ ཡིད་ལ་འདོད་པའི་བཀྲེས་དང་སྐོམ་དང་ཚ་གྲང་སྡུག་བསྔལ་མེད༔ འདོད་ཆགས་ཞེ་སྡང་གཏི་མུག་ཉོན་མོངས་རྣམས༔ སྐྱེ་བའི་རྒྱུ་མེད་ཤེས་པ་བག་ཡངས་སོ༔ བལྟ་རྒོད་ལག་བཅངས་གཉིས་འཁྱུད་འདོད་ཆགས་མེད༔ ཆོག་ཤེས་སྲེད་བྲལ་རྟག་ཏུ་ཆོས་ལ་ཉན༔ སྒྲིབ་གཉིས་བྲལ་ནས་སྐྱེ་བ་གཅིག་གི་ཐོགས༔ མཆོད་པའི་ལྷ་མོས་ཡིད་འོང་བཀྲ་ཤིས་བརྗོད༔ གཞལ་ཡས་ཁང་མཛེས་སྒོ་བཞི་རྟ་བབས་ལྡན༔ ཤེལ་དཀར་དང་གསེར་སེར་དང་མར་གད་དམར་ལྗང་ཨིཎྜ་ནཱི་ལ་སྔོ༔ བཀྲ་ཤིས་ཕྱོགས་རྣམས་གདུགས་དང་འཁོར་ལོ་རྒྱལ་མཚན་མཛེས༔ དེ་ལྟར་ཕྱོགས་བཅུ་རང་བཞིན་སྤྲུལ་པའི་ཞིང་༔ རང་རང་སྟོན་པས་རང་རང་འཁོར་རྒྱུད་འགྲོལ༔ མདུན་གྱི་ནམ་མཁའ་མི་འབྱེད་རྩེགས་པ་ན༔ འཇིགས་པའི་ཁྲོ་གནས་དུར་ཁྲོད་མེ་རི་འབར༔ འཇིགས་པའི་སྒྲ་ཧཱུྃ་ཕཊ་སོགསདང་ཁྲོ་གཟུགས་ཨ་ལ་ལ༔ འདི་ཉིད་མཐོང་བ་ཙམ་གྱིས་གང་ཟག་དེ་གྲོལ་འགྱུར༔ སྐལ་ལྡན་མ་གོམས་པ་སྟོབས་མེད་སྙིང་པོའི་དོན་འཛིན་པ༔ དེར་རང་བཞིན་སྤྲུལ་པའི་ཞིང་ནི་དབུགས་ཕྱུང་སྐྱེ་བ་གཅིག་པ་སྟེ༔ ལྔ་བརྒྱ་དག་ན་ངེས་པའི་སར་གྲོལ་ལོ༔ ཞེས་བཀོད་པ་ཆེན་པོ་འབུམ་ཚོ་དྲུག་གི་བདག་
ཉིད་ལས་རྨོངས་པའི་གདུང་བ་རྣམ་པར་བསལ་བ་བརྒྱུད་པ་གསུམ་དུ་གཏན་ལ་ཕབ་པ་སྟེ༔ ཤཱ་རིའི་བུ་སྐར་མ་འོད་བཟང་གིས་སྟོན་པ་འོད་སྲུངས་ཉིད་ལ་ཞུས་པའི་ལན་གྱི་ལེའུ་སྟེ་བཅུ་གཉིས་པ་རྫོགས་སོ༔ རྡོ་རྗེ་ལེགས་པ་མགོན་པོ་གྲེས་ཐག་ཅན༔ བཀའ་འདི་གཏད་དོ་ཁྱོད་ཀྱིས་བྱ་ར་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཞན་ཡང་༔ བཀོད་པ་ཆེན་པོ་འབུམ་ཚོ་དྲུག་པ་ལས༔ ལུས་དང་འདྲ་བའི་ལེ་འུ་སྟོང་ཕྲག་བཞི༔ བརྗོད་བྱ་མཆོག་ཏུ་ཟབ་ཅིང་རྒྱ་ཆེ་ཡང་༔ སུམ་བརྒྱ་གསང་བའི་ལེ་འུ་འདི་མེད་ན༔ གཟུགས་ཀྱི་ཕུང་པོ་སྙིང་མེད་རོ་དང་འདྲ༔ དེས་ན་སྙིང་དང་འདྲ་བའི་ལེ་འུ་འདི༔ འཇམ་དཔལ་བཤེས་གཉེན་བདག་གིས་ཕྱུང་༔ ནམ་ཞིག་སྙིགས་མ་ལྔ་བརྒྱའི་དུས༔ ཚེ་ལོ་ཉིད་ནི་དྲུག་ཅུ་ལ༔ བསྟན་པའི་བཙས་སུ་འདི་ཉིད་ནི༔ སྐལ་ལྡན་དེ་དང་ཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ རྒྱ་གར་ནུབ་ཕྱོགས་གླང་པོ་སྒང་གི་གྲོང་༔ འབུམ་ཚོའི་གྲངས་ལས་ཁྱད་པར་བདག་གི་བློ་ཉིད་སྦྱངས༔ སྐད་དང་ཡི་གེ་མ་མཐུན་གྲངས་མང་བདག་གི་བློ་ལ་སྣང་༔ དེ་ཡི་ཕྱིར་ན་སྒྲ་དང་བསྟན་བཅོས་ཚད་མ་ཀུན་ལ་མཁས༔ རྒྱུད་ལུང་མན་ངག་མང་པོ་བློ་སྦྱངས་ཀྱང་༔ སྙིང་པོ་ཡང་བསྡུས་གསང་མཆོག་འདི་མེད་ན༔ བདག་བློས་མཐོང་བའི་དོན་མེད་བྲག་ཅའི་སྒྲ་ལ་སྤྱོད༔ དམ་པའི་རྒྱུད་པ་རྣམས་ཀྱི་རྩ་བ་ངེས་ཤེས་ཅན༔ བྷ་སིང་ནགས་སུ་བདག་གི་བློ་ཡི་མུན་པ་ཀུན་བསལ་ནས༔ དེ་ནས་དུར་ཁྲོད་ཆེན་པོ་རབ་ཏུ་སྣང་བྱེད་དུ༔ ཐིག་ལེ་མཆོག་གི་རྒྱུད་ལུང་མན་ངག་རྣམས༔ དཔེ་གསུམ་ཉིད་དུ་བདག་གིས་
བྲིས་པ་ལས༔ དཔེ་གཅིག་ཨོ་རྒྱན་ཡུལ་གྱི་རྒྱ་མཚོའི་གླིང་ལ་སྦས༔ དཔེ་གཅིག་ཁ་ཆེའི་ཡུལ་གྱི་མཐའ་འཁོབ་རིགས་ངན་དག་གི་ཡུལ༔ གསེར་གྱི་གླིང་ཞེས་མཁའ་འགྲོ་འདུ་བའི་གནས༔ ཕྱི་རབས་བསྟན་པའི་བཙས་སུ་དགོས་སྲིད་ནས༔ རང་རྒྱས་བཏབ་སྟེ་མཁའ་འགྲོ་རྣམས་ལ་གཏད༔ དཔེ་གཅིག་བོད་ཀྱི་རྒྱལ་པོའི་བཀའ་ནན་རབ་ཆེ་བས༔ བོད་ཡུལ་དབུས་ཀྱི་བསམ་ཡས་སྒྲ་བསྒྱུར་གླིང་༔ མཚན་མོ་ཐོ་རངས་སྐལ་ལྡན་སྐ་ཅོག་གཉིས༔ སྨྲ་བྱེད་ལྕེ་ལ་དབང་ཐོབ་གཉིས་ཀྱིས་ཕལ་ཆེར་བསྒྱུར༔ རྩ་བའི་རྒྱུད་ལྔ་གཉགས་ཀྱིས་སྔོན་དུ་བསྒྱུར༔ དེ་དག་སྐལ་ལྡན་རྗེ་བློན་གཉིས་ལ་གཏད༔ དེ་ནས་མཆིམས་ཕུ་བྲག་དམར་དགེེ་གོང་དུ༔ རྒྱ་ཡི་དཔེ་ལས་བོད་ཀྱི་ཡི་གེ་རུ༔ གསང་བའི་མན་ངག་འདི་ནི་བདག་གིས་བསྒྱུར༔ ར་གན་སྦྱངས་པའི་བྱང་བུ་ལྔ་བཅུ་ལ༔ དཀར་པོ་དུང་བཞུས་ཡི་གེར་བཏབ་སྟེ་བསྒྱུར༔ ཡང་ནི་ར་གན་སྦྱངས་པའི་བྱང་བུ་དྲུག་ཅུ་ལྔ༔ ཟངས་བཞུས་ཡི་གེར་བཏབ་སྟེ་བསྒྱུར་བའི་པུ་ཏི་གཅིག༔ དམར་པོ་ཟངས་བྱང་བྱང་བུ་བརྒྱ་དང་སུམ་ཅུ་ལ༔ སྔོན་པོ་གཡུ་སྦྱངས་ཡི་གེ་བཏབ་ཏེ་བསྒྱུར་བའི་པོ་ཏི་གཅིག༔ ཆུ་དར་བསྒྲིགས་པའི་ལྡེབ་མ་ཉི་ཤུ་ལ༔ ཕྲ་མེན་ཡི་གེ་སྔོ་དམར་བཏབ་སྟེ་བསྒྱུར་བའི་པོ་ཏི་གཅིག༔ རྒྱ་ཡི་དཔེ་ལས་འདི་དག་བསྒྱུར་ནས་ནི༔ སུ་ལའང་མ་བསྟན་བསྟན་པའི་བཙས་སུ་བཞག༔ རྒྱ་གར་ཡུལ་དུ་སླར་ལོག་བདག་མི་འགྲོ༔ རྒྱ་ནག་རི་བོའི་རྩེ་ལ་སྡོད་སྙམ་ནས༔ བདག་གིས་མ་ཁྱེར་ལམ་ལ་གདུག་
རྩུབ་པས༔ བདག་གི་དོན་སྙིང་ཕྱུང་ནས་འདི་རུ་སྦས༔ དམ་པ་བསྟན་པའི་བདག་པོས་འདི་རྙེད་ཤོག༔ ཡི་གེ་མི་མཐུན་བརྒྱ་དང་དྲུག་ཅུ་ལས༔ གསང་བའི་རྒྱུད་ལུང་མན་ངག་ཡི་གེ་རྣམས༔ ནཱ་ག་ར་ཡི་ཡི་གེར་བཀོད་ནས་ནི༔ འདི་ནས་བྱང་ཤར་འདོམ་ཚད་ཉི་ཤུའི་བར༔ ཕ་འོང་དམར་པོ་སྟག་ཉལ་འདྲ་བའི་འོག༔ ཡི་གེ་ཨ་ཡི་མཚན་མ་བཏབ་ནས་ནི༔ ལྕགས་ཀྱི་སྒྲོམ་བུར་བཅུག་ནས་སྦས་ཏེ་ཡོད༔ སྙིགས་མའམ་དུས་ན་གསང་བའི་རྒྱུད་ལུང་རྣམས༔ ཚོང་འདུས་འོ་མ་བཞིན་དུ་བསླད་ནས་ནི༔ བོད་ཀྱི་རྒྱལ་ཁམས་འདི་ཡིས་ཁེངས་པའི་ཚེ༔ འདི་ཉིད་ལོངས་ལ་རྒྱ་ལ་གོམས་པས་བསྒྱུར༔ ལྷག་དང་ཆད་པ་རྣམས་ནི་འདི་ཡིས་བསྐངས༔ འདི་ལས་ལྷག་པ་གཞན་ལ་གཅིག་ཀྱང་མེད༔ དེས་ནི་བསྟན་པའི་སྒྲོན་མེ་བྱས་ནས་ནི༔ འདི་ཉིད་སྤྱོད་པའི་སྐལ་ལྡན་དུ་མ་འབྱུང་༔ བསྟན་པའི་དམ་པ་ཡང་ནས་ཡང་བསྡུས་སྙིང་པོ་འདི༔ རང་གི་སྙིང་ལ་ཕུར་ལ་གཞན་ལ་བསྟན་པ་མིན༔ འཇིག་རྟེན་ཡིད་དགའ་སྒྱུ་མའི་ནོར་གྱི་ཕྱིར༔ ང་ཡི་དཔྲལ་མིག་ཁོང་སྙིང་འདི་བཏང་ན༔ སྙིང་ཁྲག་འཛག་ཅིང་མི་འབྲས་ཐང་ལ་ལྷུང་༔ དེ་བས་རང་གི་སྙིང་ལ་རྒྱས་གདབ་ལ༔ རིག་པ་གོམས་པས་གནད་དུ་འདི་ཕུར་ཞིག༔ མགོན་པོ་ནག་པོ་ཆོས་སྐྱོང་སྲུང་མ་ཁྱོད༔ བཀའ་འདི་གཏད་དོ་ཁྱོད་ཀྱིས་ཐུབ་པར་སྲུངས༔ སྐལ་ལྡན་མན་ངག་བདག་པོ་བྱུང་བའི་ཚེ༔ ཁྱོད་ཀྱིས་ཞེན་པ་ཐོངས་ལ་འདི་བྱིན་ཅིག༔ བན་དགྲ་དམ་མེད་དག་གིས་འདི་ཁྱེར་ན༔ ཚེ་ལ་བར་ཆོད་གྱིས་
ལ་འགྱུར་བའི་སྲོག་དབུགས་ཆོད༔ རྒྱ་རྒྱ་རྒྱ༔ བདག་གི་བློ་ལ་འཁྲུལ་པའི་སྣང་བ་རང་དག་ཀྱང་༔ མན་ངག་འདི་ལ་བློ་ནི་བྲེང་ཆགས་ནས༔ རྒྱ་ནག་ཡུལ་དུ་ཁྱེར་ཏེ་འགྲོ་སྙམ་པས༔ ལམ་དུ་བསྟན་པའི་སྣོད་མེད་གདུག་ཅོར་མོན་པ་དང་༔ ཚལ་དང་གདུག་པའི་གཅན་གཟན་ཆུ་ཆེན་དང་༔ འཇིགས་པའི་རོང་ཁུང་དམིགས་པའི་ལམ་མ་བྱང་༔ བྲག་དང་ཆུ་འཐབ་འཇིགས་པའི་ཤིང་ནགས་ཁྲོད༔ འདི་དག་རྣམས་སུ་འདི་ཉིད་བརླག་དོགས་ནས༔ རང་རྒྱས་བཏབ་སྟེ་བསྟན་པའི་བཙས་སུ་བཞག༔ དེ་ལྟར་ལམ་ན་གདུག་རྩུབ་གྲངས་མང་ཡང་༔ བདག་རང་གཅིག་པུར་རྫུ་འཕྲུལ་ཐབས་ཀྱིས་འགྲོ༔ སྐལ་ལྡན་སྙིང་གི་བུ་དང་འཕྲད་པར་སྨོན༔ རྒྱ་རྒྱ་རྒྱ༔ དད་ལྡན་རྣམས་ཀྱི་སྙིངགི་དཀྱིལ་དུ་ཞོག༔ འདི་ལས་ལྷག་པའི་བཞག་ཐབས་གཞན་ན་ཡོད་རེ་ཀན༔ བདག་ནི་ཐོས་ཆུང་རྟོག་གེ་མ་ཡིན་པས༔ ཐེག་པ་སྤྱི་ཡི་དོན་རྣམས་བདག་གིས་ཤེས༔ དེ་ཡི་ཕྱིར་ན་ཐབས་འདི་སྙིང་གི་བུ༔ ཡང་མཛོད་དམར་པོའི་ནང་དུ་རྒྱས་ཐོབ་ལ༔ རང་གི་ཡིད་ལ་བརྣག་ཅིང་ཞེ་དགའི་ཡིད་ཀྱིས་འགྲོགས༔ འཕངས་པའི་ནོར་བཞིན་སེར་སྣས་དམ་དུ་ཟུང་༔ དེ་ལྟར་བྱས་ན་དངོས་གྲུབ་ཅིག་ཅར་ཐོབ༔ པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲས་བསྒྱུར་བ་རྫོགས་སོ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ མ་ཡིག་རིན་པོ་ཆེ་གདུང་པ་བཅད་པའོ༔ དགེའོ༔
བུ་ཡིག་རིན་པོ་ཆེ་གསེར་གྱི་སྒྲོམ་བུ༔
བུ་ཡིག་རིན་པོ་ཆེ་གསེར་གྱི་སྒྲོམ་བུ༔
རྒྱ་གར་སྐད་དུ༔ ས་ཏྭ་ནཾ་ཀི་གུ་རུ༔ བོད་སྐད་དུ༔ སེམས་ཀྱི་གནད་
བསྟན་པ༔ རང་སངས་རྫོགས་པ་བདེ་བ་ལ་ཕྱག་འཚལ་ལོ༔ གང་ཞིག་གླང་ཆེན་སྨྱོས་འདྲའི་སེམས༔ མི་རྟོག་བདེ་བའི་ལྕགས་ཀྱུས་ནི༔ དེ་ཉིད་འཛིན་པར་སུ་འདོད་པ༔ མི་རྟོག་ཆེན་པོ་རྣལ་དུ་ཕེབས༔ གནས་པ་སེམས་ཉིད་ཀྱི་རྒྱན་དུ་བཀོད་པ་དང་༔ གཞག་པ་སེམས་ཀྱི་ར་བར་གཞུག་པ་དང་༔ འཕྲོ་བ་སེམས་ཀྱི་རོལ་པར་ཤར་བའོ༔ ཨྠྀི༔ གང་ཞིག་དུར་ཁྲོད་ཝ་ཡི་སེམས༔ རྟོགས་སངས་ཆེན་པོའི་གལ་གྱིས་ནི༔ དེ་ཉིད་འཛིན་པར་སུ་འདོད་པ༔ རྒྱུ་མེད་འབྲས་མེད་རྣལ་དུ་ཕེབས༔ བྱུང་ཁུངས་འགག་པ་སེམས་ཀྱི་གནས་བཙལ་བ་དང་༔ གནད་གཟིར་བས་སེམས་ཀྱི་རྟ་བསད་པ༔ རྟག་བཅག་པས་སེམས་རོ་མཆོག་ཇི་ལྟར་འདུག་བསྟན་པའོ༔ གང་ཞིག་ཟོ་ཆུ་ལྟ་བུའི་སེམས༔ འཁྲུལ་པ་རང་དེངས་ཐོ་བ་ཡིས༔ འདི་ཉིད་འཇོམས་པར་སུ་འདོད་པ༔ འཁྲུལ་འཁོར་རང་ལྡན་རྣལ་དུ་ཕེབས༔ ལྟོས་པ་ཟད་པར་བྱས་པས་སེམས་ཀྱི་གྲངས་ཟད་པ་དང་༔ འགྲོ་འོང་ལ་བརྟགས་པས་སེམས་ངོས་བཟུང་བ་དང་༔ དེ་ཉིད་བཟློག་པས་སེམས་ལམ་དུ་བོར་བའོ༔ ཨྠྀི༔ གང་ཞིག་ནམ་མཁའ་ལྟ་བུའི་སེམས༔ ངོ་བོ་གཅིག་པའི་ཕྱགས་ཤིང་གིས༔ དེ་ཉིད་སྡུད་པར་སུ་འདོད་པ༔ ཆོས་སྐུ་གཅིག་པར་རྣལ་དུ་ཕེབས༔ སྒོ་འགགས་པས་སེམས་ཀྱི་བྱུང་ཚོར་སྟོངས་པ་དང་༔ ཡུལ་ཕྱུང་བས་སེམས་ཀྱི་རྟེན་སྟོངས་པ་དང་༔ རྒྱ་བསྐྱེད་པས་སེམས་ཉིད་དབུས་སུ་དྲིལ་བའོ༔ གང་ཞིག་སེམས་ལ་དགའ་བའི་གང་ཟག་སྤྲོས་པ་ཅན༔ འདི་ཉིད་
གོམས་ནས་སྙིང་པོའི་དོན་ལ་འཇུག༔ དེ་ཡི་ཕྱིར་ན་འདི་ལ་འབད་པར་བྱ༔ འབད་སྟེ་གོམས་ན་རིག་པ་མཐོང་བར་འགྱུར༔ ཞེས་བཀོད་པ་ཆེན་པོ་འབུམ་ཕྲག་དྲུག་པ་ལས་སེམས་ཉིད་རྣལ་དུ་དབབ་པའི་དུམ་བུ་ཞེས་བྱ་བ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ རྒྱ་གར་སྐད་དུ༔ ཏན་ཏྲ་བྷེ་ལ་ཀྲ༔ བོད་སྐད་དུ༔ རྒྱུད་ལུང་གསལ་བའི་མེ་ལོང་༔ སྟོང་པ་མངོན་བྱུང་ཉིད་ལ་ཕྱག་འཚལ་ལོ༔ རོལ་པ་ཆེན་པོའི་ལྟ་སྟངས་ཀྱིས༔ གཅིག་པར་སྣང་བའི་ཡེ་ཤེས་ཐོབ༔ སྒྲ་དོན་ཤེས་པའི་རྣལ་འབྱོར་གྱིས༔ འབྱུང་བ་རྣམས་ལ་ཅི་དགར་རོལ༔ འཁྲུལ་པ་འཆོས་པའི་རྣལ་འབྱོར་གྱིས༔ ངོ་བོ་ཐམས་ཅད་རྣལ་དུ་འབེབས༔ ལྟ་སྒོམ་མཐོང་བའི་རྣལ་འབྱོར་གྱིས༔ ཡེ་ཤེས་ཉིད་ལ་ཅི་བདེར་སྤྱོད༔ དེ་རྒྱུད་འགྲོལ་བའི་རྣལ་འབྱོར་གྱིས༔ ཉོན་མོངས་འཆིང་བའི་མདུད་པ་འགྲོལ༔ དབྱིངས་རིག་ཤེས་པའི་རྣལ་འབྱོར་གྱིས༔ སངས་རྒྱས་རྣམས་དང་རྒྱུན་དུ་གནས༔ བཞག་ཐབས་ཤེས་པའི་རྣལ་འབྱོར་གྱིས༔ རིག་པ་ཉིད་ནི་བཙོན་དུ་ཟིན༔ བཀོལ་དོན་ཤེས་པའི་རྣལ་འབྱོར་གྱིས༔ ཆོས་ཅན་དུམ་བུ་རྩེ་རུ་གྲོལ༔ གོལ་སྒྲིབ་ཤེས་པའི་རྣལ་འབྱོར་གྱིས༔ རང་གི་དེ་ཉིད་ཡིད་ཆེས་སྐྱེས༔ རྣལ་འབྱོར་ཤེས་པའི་རྣལ་འབྱོར་གྱིས༔ ལྟ་སྤྱོད་དོན་རྣམས་བདག་པོར་འགྱུར༔ གལ་མདོ་ཤེས་པའི་རྣལ་འབྱོར་གྱིས༔ རྒྱུད་ཚིག་རྣམས་ལ་ཅི་དགར་རོལ༔ དབྱིངས་དོན་ཤེས་པའི་རྣལ་འབྱོར་གྱིས༔ ཆོས་ཀྱི་དབྱིངས་རྣམས་དབང་དུ་འདུས༔ སྐྱེ་མཚམས་ཤེས་པའི་རྣལ་
འབྱོར་གྱིས༔ སྐྱེ་གཉིས་བར་ལ་ཅི་བདེར་སྤྱོད༔ རང་སྣང་ཤེས་པའི་རྣལ་འབྱོར་གྱིས༔ ཡེ་ཤེས་རྟགས་ལ་ཐུགས་ཕྲད་གྲོལ༔ སྔ་ཕྱིར་ཤེས་པའི་རྣལ་འབྱོར་གྱིས༔ གོམས་ཤུགས་བྱིན་རླབས་མངོན་དུ་འབྱིན༔ དཔེ་འབྱེད་ཤེས་པའི་རྣལ་འབྱོར་པས༔ ཡིད་ཆེས་འབྲས་བུ་གཏན་ལ་འབེབས༔ ཡོན་ཏན་ཤེས་པའི་རྣལ་འབྱོར་པས༔ མ་བཙལ་བཞག་པའི་དོན་རྣམས་ཤིས༔ གྲོལ་སྨིན་ཤེས་པའི་རྣལ་འབྱོར་གྱིས༔ སྤྱི་ཡི་དོན་རྣམས་རང་དབང་བསྒྱུར༔ དམོད་སྔགས་ཤེས་པའི་རྣལ་འབྱོར་གྱིས༔ གདུག་པ་རྣམས་ནི་ཚར་གཅོད་འགྱུར༔ ངེས་པའི་སྙིང་པོ་ཡོངས་བསྡུས་པའི༔ རྩ་བ་བརྒྱད་ལ་རྣམ་འཕྲོས་པ༔ ཡན་ལག་གྲངས་ནི་དེ་སྙེད་དོ༔ ཕ་དང་མ་དང་མ་ནིང་ལས༔ ཁྱད་པར་འདི་ནི་ངེས་བསྡུས་སོ༔ ངེས་གསང་སྙིང་པོའི་དོན་དུ་འོ༔ ཉོན་མོངས་བག་ཆགས་བྲལ་བར་ནི༔ འདི་དག་རྣམས་དང་འཕྲད་ན་འགྱུར༔ ཞེས་བཀོད་པ་ཆེན་པོ་ལས་རྒྱུད་ལུང་གསལ་བའི་མེ་ལོང་ཞེས་བྱ་བ་རྫོགས་སོ༔ ལས་ཅན་ཅིག་དང་ཕྲད་པར་ཤོག༔ རྒྱ་གར་སྐད་དུ༔ བྷ་ཀ་ལ་དེ་ཝ༔ བོད་སྐད་དུ༔ ལྷ་སྒོམ་པ་བདེ་བ་ཆེན་པོ་ཉིད་ལ་ཕྱག་འཚལ་ལོ༔ ཨེ་ཝཾ་མ་ཡ་ཞེས་བྱ་བ༔ མཚོན་དང་གཞི་དང་དངོས་པོར་བརྗོད༔ ཁྱབ་ཕྱིར་རྟོགས་དང་ལམ་དུའོ༔ ཕྱག་རྒྱའི་དཀྱིལ་འཁོར་བསྒོམ་འདོད་པས༔ ཐོག་མར་ལུས་སོགས་དངོས་པོ་ནི༔ རྣམ་པར་སྦྱང་བར་བྱ་བའི་ཕྱིར༔ སྔོན་འགྲོ་དངོས་
གཞི་མཇུག་དང་རྗེས༔ ཆོ་ག་རྣམ་པ་བཞི་ལྡན་པས༔ ལྷ་ཡི་དཀྱིལ་འཁོར་ཉིད་ལ་འཇུག༔ སྔོན་དུ་རང་གི་ལུས་སྦྱོང་བ༔ ཡི་གེ་རཾ་གྱིས་འཇིག་ཆགས་ནས༔ སྤྲོ་དང་བསྡུ་བ་མཁས་པས་བརྟག༔ ཕུང་པོ་ལྔ་ཡི་རྒྱུད་སྤྱོད་པ༔ ༀ་དང་ཨཱ༔ དང་ཧཱུྃ་སྭཱ་ཧཱ༔ འཇིག་དང་ཆགས་པ་ཉིད་དུ་བསྒོམ༔ དེ་ནས་དབང་པོའི་རྟེན་སྦྱོང་བ༔ ཛི་བྲུཾ་ཛྷ་ཛུ་བྷ་ཡིས་ནི༔ འཇིག་དང་ཆགས་པ་མཁས་པས་བསྒོམ༔ འབྱུང་བའི་ལུས་རྟེན་དབྲལ་བའི་ཕྱིར༔ རཾ་ཡཾ་ཁཾ་དང་ལཾ་གྱིས་ནི༔ འཇིགས་དང་ཆགས་པ་ཉིད་ཀྱང་བསྒོམ༔ དབང་པོའི་ཡུལ་རྣམས་རྣམ་སྦྱོང་པ༔ ས་མ་ཏ་ཀེ་ར་ཡིས་ནི༔ འཇིག་དང་ཆགས་པ་སྔོན་བཞིན་ནོ༔ ཉོན་མོང་ལྔ་ཡི་གཞི་སྦྱོང་བ༔ ཀ་གྷ་བྷ་ཛྷ་ཀྵ་ཡིག་གིས༔ ཡང་ནི་འཇིག་དང་ཆགས་པར་རོལ༔ སེམས་ཀྱི་རྟོག་པ་རྣམ་སྦྱོང་བ༔ ཨེ་ཞེས་རྔམ་པའི་སྒྲ་ཡིས་ནི༔ ཡོད་དང་མེད་པའི་དངོས་པོ་སྦྱོང་༔ དེ་ལྟར་དངོས་པོ་ཉི་ཤུ་དྲུག༔ ཡི་གེ་དེ་ཡི་གྲངས་ཀྱིས་སྦྱོར༔ དེ་ཀུན་རྣམ་གྲངས་རྒྱས་གདབ་པ༔ ཤུ་དང་ཛྙ་དང་ཏ་ཛྙ་དང་༔ ཧཾ་ཞེས་ཡོད་མེད་དངོས་པོ་རྣམས༔ འཇིག་པ་ཉིད་དེ་ཆགས་པ་མེད༔ གལ་ཏེ་དངོས་པོ་མ་སྦྱངས་ན༔ སྟོང་པ་ཉིད་ནི་སྐྱེ་མི་འགྱུར༔ འོན་ཏེ་སྟོང་རྒྱས་མ་བཏབ་ན༔ ལྷ་རྣམས་ཇི་ལྟར་བསྒོམས་བྱས་ཀྱང་༔ དངོས་གྲུབ་འབྱུང་བ་མ་ཡིན་ནོ༔ དེས་ན་སྔོན་འགྲོའི་མན་ངག་གཅེས༔ རཾ་བཱ་མརྦྦ་བུ་ུཀ་ཏ་ཥ་ཅཱ་གུ༔ ཨྠྀི༔ ནཾ་ཏྲཾ་ༀ་ཨཱ༔ ཧཱུྃ་སྭཱ་ཧཱ་ཛིཾ་བྲུཾ་ཛྙཱ་ཛུ་བྷེ་
རཾ་ཡཾ་ཁཾ་ལཾ་ས་མ་ཏ་ཀེ་ར་ཀ་གྷ་བྷ་ཛྷ་ཀྵ་ཨེ་ཤུ་ཛྙཱ་ཏ་ཛྙཱ་ན་ཧཾ༔ དེ་ལྟར་དངོས་པོ་སྦྱངས་ནས་ནི༔ རང་ལུས་ལྷ་ཡི་རྣལ་འབྱོར་འཇུག༔ ཅིག་དང་རིམ་གྱིས་ཐར་ཆགས་དང་༔ ཐོད་རྒལ་དག་གིས་སྐྱེ་བར་འདོད༔ ཅིག་ཅར་འོད་ཀྱི་གོང་བུ་ལས༔ ཆུ་ཡི་ཟླ་བ་ཇི་བཞིན་དུ༔ སྣང་གཟུགས་རེག་དང་བྲལ་བར་བསྒོམ༔ རིམ་གྱིས་པ་ནི་ཡི་གེ་སྟེ༔ མི་འགྱུར་ཡི་གེ་དབུས་གནས་པར༔ སེམས་ཀྱི་དངོས་པོ་འོད་དཀར་པོ༔ སྣང་མེད་རིག་པའི་གཟུགས་སུ་སྟེ༔ རེག་སྟེ་སྡུད་པའི་ཡི་གེ་ཡིས༔ བསྡུས་ཏེ་འོད་ཀྱི་གོང་བུར་རོ༔ དེ་དཀྱིལ་སེམས་ཀྱི་ནམ་མཁའི་ཡིག༔ དེ་དབུས་མི་འགྱུར་ཡི་གེ་ལས༔ རིགས་ལྔའི་ཡི་གེ་དག་ལས་ནི༔ གང་མོས་ཞལ་ཕྱག་རྣམ་པར་བསྒོམ༔ ཡི་གེ་གཞན་གྱི་ཆོ་འཕྲུལ་གྱིས༔ ལྷ་རྣམས་བསྐྱེད་ན་འཇིག་པར་འགྱུར༔ དེ་ཕྱིར་འདི་ལྟར་ཤེས་པར་བསྒོམ༔ ཐར་ཆགས་ཉིད་ནི་བསླབ་བྱའི་དོན༔ དང་པོ་སྟོང་པ་ཉིད་དུ་སྟེ༔ གཉིས་པ་ཚངས་པའི་གནས་བཞི་འོ༔ གསུམ་པས་མཆོད་དང་བསྟོད་པ་བརྩམ༔ བཞི་པས་སྡིག་བཤགས་གསོལ་བ་འདེབས༔ རྗེས་སུ་ཡི་རང་སྨོན་ལམ་གདབ༔ ལྔ་པ་དངོས་པོ་རྩ་དྲུག་སྦྱོང་༔ དྲུག་པ་ཞལ་ཕྱག་རྣམ་པ་སྟེ༔ རང་སེམས་མི་འགྱུར་ཡིག་དབུས་སུ༔ འོད་ལྔའི་རང་བཞིན་དབུས་གནས་པར༔ ཁྲོ་བོ་ལ་ནི་ནམ་མཁའི་ཡིག༔ ཞི་བ་རྣམས་ནི་སྡུད་བྱེད་ཡིག༔ ཞལ་ཕྱག་ཇི་ལྟར་འདོད་པ་བསྒོམ༔ ཐོད་རྒལ་འོད་ལྔའི་གོང་བུ་ལས༔ རང་ལྷའི་ཁ་དོག་ཇི་ལྟ་བུའི༔ ཐོད་ནི་ཐིག་ལེའི་ཚུལ་
ཅན་ལས༔ སྐད་ཅིག་གིས་ནི་ཞལ་ཕྱག་ཏུ༔ ཇི་ལྟར་འདོད་པ་སེམས་ཀྱི་ལུས༔ རྣལ་འབྱོར་པས་ནི་གང་བསྒོམས་པ༔ མི་ཤིགས་རྡོ་རྗེའི་གོ་དང་ལྡན༔ སྐྱེ་གཉིས་མཚམས་སུ་སྒྱུ་མའི་ལུས༔ ཇི་ལྟར་ལྷ་ཡི་སྐུ་ལ་འཇུག༔ འདི་ནི་དངོས་པོ་མེད་སྣང་བའོ༔ ཉི་ཤུ་དྲུག་ནི་མ་སྦྱངས་ན༔ གང་གིས་ལྷ་ཡི་སྐུ་བསྒོམས་ཀྱང་༔ ཆུ་ཡི་རི་མོ་ཇི་བཞིན་དུ༔ འཇུག་ཅིང་ཆགས་པ་མ་ཡིན་ནོ༔ ཨྠྀི༔ དེ་ལྟར་ཞལ་ཕྱག་རྣམ་པ་ལས༔ སྟོང་པ་ཉིད་དུ་མ་ཡིན་ཏེ༔ རང་རང་ཁ་དོག་ཇི་འདྲའི་འོད༔ སེམས་ཀྱི་ཡུལ་དུ་གང་གྱུར་པ༔ རྒྱ་ཆེ་གཞན་སྣང་མེད་པར་བསྒོམ༔ དེ་བློ་བརྟན་པར་མ་གྱུར་བར༔ ཡང་ནས་ཡང་དུ་རྣམ་བསྒོམས་ན༔ རང་གིས་གང་འདོད་ཡི་དམ་དེ༔ འོད་ཀྱི་ཞལ་ཕྱག་རྣམ་པར་ནི༔ ཇི་ལྟར་འདོད་པ་བཞིན་དུ་མཐོང་༔ དེ་ཉིད་མཐོང་བའི་དུས་དག་ཏུ༔ ཁ་དོག་ལྔ་ཡིས་རྒྱས་བཏབ་པས༔ ཇི་ལྟར་འདུག་ཀྱང་དེ་མི་འབྲལ༔ རང་ལུས་འོད་ལྔའི་ཐིག་ལེ་ལ༔ ཤེས་པ་ཇེ་ཕྲ་ཇེ་ཕྲར་བཞག༔ དེ་ཉིད་གོམས་པའི་རྣལ་འབྱོར་གྱིས༔ རྟག་ཏུ་རང་ལུས་ཕྱག་རྒྱར་མཐོང་༔ འཇུག་ལ་དེ་ལྟར་སུ་གོམས་པ༔ འདི་ནི་ཡང་དག་དོན་ལ་ཉེ༔ ཨྠྀི༔ དེ་རྗེས་གོམས་པའི་ཡོ་གི་ནི༔ རྫོགས་ཆེན་ལྷ་ཡི་བསྐྱེད་རིམ་པས༔ ཕྱི་ནང་ལྷ་རུ་གསལ་བའི་ཕྱིར༔ གཞན་བྱུང་བཟང་ངན་བླང་དོར་བྲལ༔ རང་ལུས་ཞལ་ཕྱག་རྣམ་གསལ་བས༔ མཆོད་དང་བསྟོད་པའི་གནས་གཞན་མེད༔ འོད་
ཀྱིས་ཕྱི་ཡུལ་སྣང་གོམས་པས༔ ཇི་ལྟར་སྤྱད་ཀྱང་དགེ་སྡིག་བྲལ༔ ཐིག་ལེ་ཕྲ་ལ་ཤེས་པ་གཏད་༔ ཤེས་པའི་རྒྱུ་ནི་ཕྲ་གྱུར་པས༔ ཉོན་མོངས་བདག་འཛིན་དངོས་པོ་སྟོངས༔ དེ་ལ་གོམས་ཏེ་ཚད་ཕྱིན་པས༔ ལྟ་དང་སྒོམ་དང་སྤྱོད་པ་པོ༔ ལུས་ངག་སྨྱོན་པ་གདེང་ཐོབ་པས༔ བདེ་སྡུག་རྒྱུ་ལས་རྣམ་པར་གྲོལ༔ རེག་པའི་གཟུགས་མེད་རང་སྣང་བས༔ དགེ་སྡིག་སྐྱབས་དང་འཇིགས་པ་མེད༔ འདི་ལྟར་རྒྱུན་དུ་སུ་ཤེས་པ༔ ཨ་ཏི་ཉིད་ཀྱི་རྣལ་འབྱོར་ཏེ༔ ཆུ་རྒྱུན་བཞིན་དུ་རྟག་ཏུ་སྤྱོད༔ དེ་ཕྱིར་ལྷ་ཡང་རང་ངོ་བས༔ རིག་པའི་སྐུ་ནི་མངོན་སུམ་མོ༔ དེ་ཕྱིར་ལྷ་ཡང་མངོན་དུ་སྣང་༔ རྗེས་སུ་སྐྱེས་ན་བརྟན་པ་ཡིན༔ དངོས་པོ་མཐོང་ན་གོམས་པ་ཡིན༔ རང་བཞིན་མེད་ན་འབྲས་བུ་ུའོ༔ བཀོད་པ་ཆེན་པོ་ལས་ལྷའི་སྒོམ་ལུགས་གནད་ཀྱི་མན་ངག་གིས་ལྷ་མངོན་དུ་སྣང་བར་བསྟན་པ་སྟེ་བཞི་པ་རྫོགས་སོ༔ སཱ་མཱ་ཡཱ༔ ལས་ཅན་དེ་དང་ཕྲད་པར་ཤོག༔ རྒྱ་གར་སྐར་དུ༔ ཨ་དྷ་ན་ཡོ་གི༔ བོད་སྐད་དུ༔ སྐྱེ་བ་མེད་པའི་དོན༔ དཔལ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ༔ རང་སྣང་རྟོགས་པའི་གདེང་ཅན་སུ་འདོད་པ༔ སྙིང་པོ་ཡང་བསྡུས་བསྟན་པ་འདི་ལ་འདུད༔ སྟོང་པ་ཉིད་ལ་མཚོན་པའི་ཚིག་མེད་ཀྱང་༔ སྤྲོས་པའི་རིམ་པ་རྣམ་གྲངས་འདི་ཉིད་དོ༔ ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག༔ མི་ཤིགས་པ་རྡོ་རྗེའི་མན་ངག་གི་དེ་ཉིད་བསྟན་པར་བྱ་བ་ལ་བདུན་ཏེ༔
རྐྱེན་གྱིས་མི་འཇིག་པའི་རིག་པ་ཕུགས་རྡུགས་ལ་རྒྱབ་གཏད་པས་བསྙེན་པའི་ལྷ་སྐྱེ་མེད་དུ་གྲོལ་བའི་མན་ངག་དང་༔ ཀུན་ཏུ་ཟང་ཐལ་བའི་རིག་ལ་སྣ་སེལ་མེད་པ་ལ་སྣ་གཏད་ན་མ་བསྒོམས་པར་རང་སར་དངས་པའི་མན་ངག་དང་༔ གཞན་གྱིས་བསྐྱོད་པར་མི་ནུས་པ་ལྕི་བའི་རིག་པ་ལ་འཕང་གིས་བཏབ་ན་འདུས་བྱས་མ་སྤངས་པར་འགྱུར་མེད་དུ་གྲོལ་བའམ་མན་ངག་དང་༔ འཕྲང་བསལ་བས་དགྲ་དང་བྲལ་བ་འཇིགས་པ་མེད་པའི་རིག་པ་ལ་རྟེན་བཅས་ན་རྐྱེན་རྣམས་རྐྱེན་གྱིས་གྲོལ་བའི་མན་ངག་དང་༔ ཁོད་སྙོམས་པ་མཐོ་དམན་མེད་པའི་རིག་པ་ལ་ལམ་གཏོད་ན་ཆོས་ཀྱི་དབྱིངས་ཐམས་ཅད་ལ་མངོན་དུ་སྤྱོད་པའི་མན་ངག་དང་༔ སྲང་འཛུད་པ་འགྱུར་བ་མེད་པའི་རིག་པ་ལ་སྲབ་བཅུག་ན་ཉམས་གོང་ནས་གོང་དུ་འཕེལ་བའི་མན་ངག་དང་༔ མཐའ་དཔྱད་པས་དབུས་ཟད་པའི་རིག་པ་ལ་ཕུགས་བརྟེན་ན་ཆོས་ཀྱི་སྐུ་ལ་ཚད་ཟིན་པའི་མན་ངག་གོ༔ ཀྱེ་སེམས་དཔའ་ཆེན་པོ༔ མི་འགྱུར་བ་རི་བོའི་གཞི་ལ་ལྔ་སྟེ༔ དྲན་པ་སད་ས་དྲན་མེད་རང་དག་པའི་གཞི་དང་༔ བློ་ཡི་སྤྱོད་ཡུལ་རང་ཟད་པས་སྐྱེ་མེད་རང་དག་པའི་བཞི་དང་༔ བློ་མ་བུ་ཕྲད་པས་སྐྱེས་པ་ཐམས་ཅད་རང་སྣང་དུ་གྲོལ་བའི་གཞི་དང་༔ སྐྱེ་མེད་རང་སར་གྲོལ་བས་འབྲས་བུ་རྒྱུན་ཆད་མེད་པའི་གཞི་དང་༔ འབྲས་བུ་རྒྱུན་ཆད་པས་ཟད་པ་ཉིད་ཟད་པ་ལ་སྦྱོར་བའི་གཞིའོ༔ ཀྱེ་སེམས་དཔའ་ཆེན་པོ༔ སྣང་བ་ཆེན་པོ་རང་སར་སྣང་བ་ལ་བཞི་སྟེ༔ སྣང་སྲིད་ཐམས་ཅད་
གཞི་ལ་བཞེངས་པས་སྤྲུལ་པའི་སྐུ་རྩོལ་སྒྲུབ་དང་བྲལ་བའི་ལམ་དང་༔ སྣང་སྲིད་ཐམས་ཅད་གཞིར་བཞག་པས་ལོངས་སྤྱོད་རྫོགས་པའི་སྐུ་ཡི་གཟུགས་མཐོང་བའི་ལམ་དང་༔ ཁམས་གསུམ་དུས་གཅིག་ལ་གྲོལ་བས་ཆོས་ཀྱི་སྐུ་ངོས་ཟིན་པའི་ལམ་དང་༔ སྲིད་པ་གསུམ་ཀ་དག་པས་སྐུ་གསུམ་གཏན་པའི་ལམ་མོ༔ ཀྱེ་སེམས་དཔའ་ཆེན་པོ༔ དག་པས་དག་པ་ཉིད་མཐོང་ནས་ཟང་ཐལ་བའི་འབྲས་བུ་ལ་གསུམ་སྟེ༔ རྒྱུ་ཐམས་ཅད་རང་སར་དེངས་པས་འབྱུང་བ་ལྔ་ལས་གྲོལ་བའི་འབྲས་བུ་དང་༔ རྐྱེན་ཐམས་ཅད་རང་ཡུལ་དུ་ཆོད་པས་སྣང་བ་ཐུག་ཕྲད་དུ་གྲོལ་བའི་འབྲས་བུ་དང་༔ གཅིག་ཚད་ཟིན་པས་སྣང་བ་ཐམས་ཅད་གཏན་ལ་ཕེབས་པའི་འབྲས་བུ་འོ༔ མན་ངག་ཀུན་གྱི་ལུས་དང་ཚད་མེད་ན༔ བསྒོམས་ཀྱང་དོན་མེད་རང་ལ་ཡིད་རེ་ཆད༔ ཆོས་རྣམས་ཀུན་གྱི་ཟད་པའི་ཚད་མེད་ན༔ འབྲས་བུ་རྣམས་ནི་དངོས་དང་ཁྱད་མེད་འགྱུར༔ ཞེས་བཀོད་པ་ཆེན་པོ་ལས་སྐྱེ་མེད་ཀྱི་མན་ངག་གཏན་ལ་ཕབ་པ་སྟེ་ལྔ་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ལས་ཅན་ཅིག་དང་ཕྲད་པར་ཤོག༔ རྒྱ་གར་སྐད་དུ༔ དྷརྨཱ་ཀཱ་ཡ་བྷེ་ལ༔ བོད་སྐད་དུ༔ ཆོས་ཀྱི་སྐུ་ཡི་དོན་བསྟན་པ༔ ཆོས་སྐུ་བདེ་སངས་འཛིན་ལ་ཕྱག་འཚལ་ལོ༔ འཇིག་རྟེན་མུན་པའི་དམག་དཔུང་བཟློག་པའི་ཕྱིར༔ ཡེ་ཤེས་འོད་ཀྱི་དཔའ་བོ་མཚོན་ཐོགས་པས༔ བདག་འཛིན་སྡུག་བསྔལ་རྒྱ་མཚོ་ལས་བརྒལ་ཏེ༔ དྲན་བསམ་འཆིང་
བའི་དགྲ་རྣམས་གསད་པར་བྱའོ༔ ཨེ་མ་ཧོ༔ རྡོ་རྗེ་འཛིན་པ་ཉོན་ཅིག༔ སྟོང་པས་སྟོང་པའི་གྲོང་ཁྱེར་བཅོམ་པའི་ཚེ༔ ང་ནི་དུས་གསུམ་འགྱུར་མེད་བདག་ཉིད་ཅན༔ ལྟ་སྒོམ་བཅིངས་པའི་གོལ་ས་གཅད་པའི་ཕྱིར༔ རྣོ་མཉེན་ངར་དང་ལྡན་པའི་རལ་གྲི་ནི༔ ཤེས་རབ་བརྟུལ་ཤུགས་ཆེན་པོས་རབ་བཟུང་ནས༔ ཐེ་ཚོམ་ལོག་རྟོག་མདུད་པ་གཅད་པར་བྱའོ༔ ཨེ་མ་ཧོ༔ རྡོ་རྗེ་འཛིན་པ་ཉོན་ཅིག༔ གསལ་བའི་ཡེ་ཤེས་ཀྱི་སྣང་བ་འཕྲོགས་པའི་ཚེ༔ ང་ནི་ལུང་ཀུན་གྱི་བདག་ཉིད་དུ་བཞུགས་སོ༔ ཆོས་ཅན་གྲངས་ཀྱི་བ་ཐག་འཛིངས་པ་དང་༔ འགྱུར་མེད་གསང་འཛིན་སྤུ་གྲི་སོ་རྒལ་གྱིས༔ དད་བརྩོན་དེ་ནི་གོམས་པས་བཟུང་ནས་ནི༔ ཆགས་བྲལ་འབྱུང་བ་རང་དེངས་དབྱིངས་སུ་གཅད༔ ཨེ་མ་རྡོ་རྗེ་འཛིན་པ་ཉོན་ཅིག༔ དག་པ་ཉིས་ཀྱིས་དག་པ་བཀྲུས་པའི་ཚེ༔ ང་ནི་སྣང་བ་ཐམས་ཅད་ཀྱི་བདག་པོར་ཡེ་ཐོག་མ་ཉིད་ནས་གནས་པ་ཡིན་ནོ༔ རྐྱེན་གྱི་བཅོས་པའི་འདུ་འཕྲོ་དུ་མ་རྣམས༔ འདུ་ཤེས་གཅིག་པའི་སྟོང་ཉིད་ར་བ་རུ༔ དྲན་པར་རང་སངས་རྒྱས་ཡིས་བཟུང་ནས་ནི༔ རྐྱེན་བཞི་རང་སར་གྲོལ་བའི་སྒོ་མོ་གཅད༔ ཨེ་མ་ཧོ༔ རྡོ་རྗེ་འཛིན་པ་ཉོན་ཅིག༔ འཛིན་པས་འཛིན་པར་རང་བཟུང་བའི་ཚེ༔ ང་ནི་འབྱེད་པ་མེད་པའི་ཆོས་ཅན་དུ་ཡེ་ཐོག་མ་གནས་གནས་སོ༔ དབྱིངས་དང་རིག་པའི་སྣང་བ་ཡུལ་ཤར་བ༔ དག་བྱེད་རྐྱེན་དང་བྲལ་
བའི་ནམ་མཁར་ནི༔ རང་གནད་རྣལ་དུ་ཕབ་པའི་ལུས་གཅུན་ནས༔ བཅོས་པ་མེད་པའི་མིག་གིས་ལྟ་བར་བྱའོ༔ ཨེ་མ་ཧོ༔ རྡོ་རྗེ་འཛིན་པ་ཉོན་ཅིག༔ རྡོ་རྗེ་ལུ་གུ་རྒྱུད་ཡུལ་ཀུན་ཏུ་ཤར་བའི་ཚེ༔ ང་ནི་སྣང་བ་ཐམས་ཅད་ཀྱི་ཕུང་པོར་བཞུགས་ནས་སོ༔ བྱ་བྱེད་རང་བྲལ་སྣང་བ་ཡུལ་ཤར་བ༔ སྙིང་པོ་ངེས་པའི་ཐབས་དང་ལྡན་པ་ཡིས༔ སྟོང་པ་ཅིར་ཡང་སྣང་བའི་གཞི་བལྟས་ན༔ ཡེ་ཤེས་ཉིད་ནི་སྔར་མེད་ཡང་ཡང་མཐོང་༔ ཨེ་མ་ཧོ༔ རྡོ་རྗེ་འཛིན་པ་ཉོན་ཅིག༔ ནམ་མཁའ་གཅིག་ལ་གསལ་བའི་ཉི་ཟླ་དུས་ཅིག་ལ་ཤར་བའི་ཚེ༔ ང་ནི་ཡུལ་གང་གིས་ཀྱང་མ་བསྒྲིབས་པར་ཡེ་ཐོག་མ་ནས་དེ་ལྟར་གནས་སོ༔ ཀྱེ་རིགས་ཀྱི་བུ་དེ་ལས་འདས་པའི་འོག་ཏུ་ཅི་ཡང་མ་ཡིན་པའི་ཤེས་པ་ཉམས་སུ་མྱོང་བར་འགྱུར༔ ཞེས་བཀོད་པ་ཆེན་པོ་ལས་ཆོས་སྐུ་ཅོག་བཞག་ཏུ་གཏན་ལ་ཕབ་པ་སྟེ་དྲུག་པ་རྫོགས་སོ༔ ཨྠྀི༔ རྒྱ་སྐར་དུ༔ པྲ་བ་བྷེ་ལ༔ བོད་སྐད་དུ༔ འཁྲུལ་བ་གཅོད་པའི་གལ་མདོ༔ བདེ་ཆེན་ཉིད་ནི་རྒྱ་ཆེ་རབ་ཆོད་ན་ཟེར་བ་བརྟག་ཟབ་ལ༔ སྐུ་གསུམ་ཕྱག་རྒྱ་དྲན་པས་ཕྱག་འཚལ་ལོ༔ གཞི་དང་ལམ་ནི་མ་རིག་འཁྲུལ་སོགས་སུ༔ སྒྲ་དང་དྲི་རོ་རྣལ་འབྱོར་ཀུན་གྱི་རྒྱན༔ མ་སྐྱེས་མི་སྐྱེ་གདོད་ནས་སྐྱེ་དང་བྲལ༔ མི་སྐྱེ་མི་འགག་སྐྱེ་བའི་ཆོ་འཕྲུལ་ཅན༔ མ་སྐྱེས་གདོད་ནས་སྐྱེ་དྲིའི་དོན་རྣམས་ཤེས༔ གང་གི་སྐྱེ་བ་ཤེས་ན་སྐྱེ་མེད་ཐུར་དུ་འཇུག༔ གང་གིས་འགག་པ་ཤེས་ན་འགག་མེད་ཐུར་དུ་འཇུག༔ གང་གིས་འཁྲུལ་པ་ཤེས་ན་འཁྲུལ་མེད་ཟང་ཀ་མའོ༔ འཁྲུལ་པའི་ས་བོན་བསྲེགས་ན་མྱུ་གུ་ལོ་འདབ་རྒྱས༔ དྲན་པའི་
འཕྲེང་ཐག་བཅད་ན་དྲན་མེད་ཆེན་པོ་འགྲུབ༔ མཐོ་དམན་དལ་ཁོད་སྙོམས་ན་དམའ་བའི་ལུང་མི་སྣང་༔ རང་ཤར་རང་རྐྱེན་ཕྲད་ན་བླ་མའི་ལུང་ཡང་ཡིན༔ གོམས་ཤུགས་སྔོན་དུ་བྱས་ན་འཆི་བའི་འཇིགས་པ་བྲལ༔ བླ་མའི་ལུང་བཞིན་སྤྱད་ན་རྟགས་རྣམས་མྱུར་དུ་འབྱུང་༔ གནས་སུ་དུར་ཁྲོད་བརྟེན་ན་མཁའ་འགྲོའི་བྱིན་རླབས་འཇུག༔ སྨྲ་བརྗོད་འཁྲུལ་གཏམ་བཀག་ན་ཞེ་སྡང་སྐྱེ་མི་སྲིད༔ གཅིག་པུར་དལ་བར་འདུག་ན་ཡི་དམ་མངོན་དུ་སྣང་༔ རི་དྭགས་བཞིན་དུ་བྱས་ན་ཟས་དང་གོས་མི་དགོས༔ འཁོར་འདས་རུ་ཤན་ཕྱེད་ན་ཕྱིས་ཀྱི་བག་ཆགས་བྲལ༔ རྟག་ཏུ་རླུང་སེམས་གཅུན་ན་ནམ་མཁའི་བྱ་བཞིན་འགྱུར༔ རྟེན་འབྲེལ་ཉིད་ལ་གོམས་ན་དངོས་གྲུབ་སྣ་ཚོགས་འབྱུང་༔ ཞེས་བཀོད་པ་ཆེན་པོ་ལས་འཁྲུལ་བའི་དོན་ཉམས་སུ་བླང་བ་དང་སྦྱར་བ་སྟེ་བདུན་པ་རྫོགས་སོ༔ རྒྱ་གར་སྐད་དུ༔ བྷ་ལ་ཀ་ཀ་པ༔ བོད་སྐད་དུ༔ རྟོག་ཚོགས་ཉོན་མོངས་གཞོམ་པ༔ རྡོ་རྗེ་ལུས་ཀུན་རྫོགས་ལ་ཕྱག་འཚལ་ལོ༔ དྲང་སྲོང་ལྟ་བུའི་འདུག་སྟངས་ཀྱིས༔ འབྱུང་བ་ཚ་གྲངས་འདུས་པ་མནན༔ སེང་གེ་ལྟ་བུའི་འདུག་སྟངས་ཀྱིས༔ དྲན་པ་རྣམས་ཀྱི་ཐག་པ་བཅད༔ གླང་པོ་ལྟ་བུའི་འདུག་སྟངས་ཀྱིས༔ འཁྲུལ་པ་དེ་ཉིད་དབང་དུ་བསྡུ༔ སྐྱེས་བུ་ལྟ་བུའི་འདུག་སྟངས་ཀྱིས༔ འབྱུང་བའི་དྲི་མ་ཆམ་ལ་དབབ༔ ཝ་མོ་ལྟ་བུའི་འདུག་སྟངས་ཀྱིས༔ ཕྱི་ཡི་ཡུལ་རྣམས་རྒྱ་ཡིས་གདབ༔ ལྕགས་སྡོང་ལྟ་བུའི་འདུག་སྟངས་ཀྱིས༔ སྒོ་ལྔའི་ཤེས་པ་གཅིག་ཏུ་དྲིལ༔ དེ་ལྟར་འདུག་སྟངས་རྣམ་པ་དྲུག༔ སྐྱེས་ཆེན་སྐལ་པ་རབ་ལྡན་པས༔ གོམས་ནས་གཞན་རྩོལ་བྱ་མི་དགོས༔ ཀྱེ་མ་ཉོན་ཅིག་རྡོ་རྗེ་འཛིན༔ སེང་གེ་ལྟ་བུའི་ལྟ་སྟངས་ཀྱིས༔ འཁྲུལ་པའི་ཡུལ་རྣམས་དུས་གཅིག་བལྟ༔ གླང་པོ་ལྟ་བུའི་ལྟ་སྟངས་ཀྱིས༔
རང་གི་དེ་ཉིད་རྒྱུན་དུ་ལྟ༔ རི་བོ་ལྟ་བུའི་ལྟ་སྟངས་ཀྱིས༔ རིག་པའི་སྣང་བ་མཆེད་པ་བལྟ༔ མདའ་སྲོང་ལྟ་བུའི་ལྟ་སྟངས་ཀྱིས༔ རིག་པ་མི་འགྱུར་སྲངས་སུ་གཞུག༔ ཐི་བྱ་ལྟ་བུའི་ལྟ་སྟངས་ཀྱིས༔ ཕྱི་ཡི་ཆོས་ཅན་དུམ་བུར་བལྟ༔ ལྕེ་སྤྱང་ལྟ་བུའི་ལྟ་སྟངས་ཀྱིས༔ ཉིན་དང་མཚན་མོ་མེད་པ་བལྟའོ༔ ཀྱེ་རྡོ་རྗེ་འཛིན་པ་ཡང་ཉོན་ཅིག༔ མདུད་པ་ལྟ་བུའི་ཤེས་པ་ཡིས༔ ལུས་དང་དབང་པོ་གཅིག་ཏུ་གསལ༔ མདའ་སྲོང་ལྟ་བུའི་ཤེས་པ་ཡིས༔ རླུང་དང་ཤེས་པ་ནང་དུ་དྲང་༔ མདུང་ཁྱིམ་ལྟ་བུའི་ཤེས་པ་ཡིས༔ དབང་པོའི་མདོ་ནི་གཅིག་ཏུ་གསལ༔ གཅུད་ཕུར་ལྟ་བུའི་ཤེས་པ་ཡིས༔ ལུས་དང་དབང་པོའི་གནད་རྣམས་གཅུན༔ རྒྱལ་མཚན་ལྟ་བུའི་ཤེས་པ་ཡིས༔ ལུ་གུ་རྒྱུད་ནི་ཡུལ་ལ་གཏད༔ མེ་ལོང་ལྟ་བུ་ཤེས་པ་ཡིས༔ དེ་ཉིད་གོང་ནས་གོང་དུ་བལྟའོ༔ ཀྱེ་མ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག༔ དེ་དག་རྣམས་ལ་སུ་གོམས་པ༔ ཉོན་མོངས་རྣམས་ནི་རང་དག་གོ༔ རྟོག་པ་ཉིད་ཀྱང་རྟོག་མེད་དུ༔ རྣམ་པར་དག་པ་ལམ་ཡིན་ནོ༔ མ་རིག་ལ་སོགས་ཉོན་མོངས་དྲུག༔ འདུག་སྟང་དྲུག་གིས་གཅུན་ནས་ནི༔ ལྟ་སྟངས་དྲུག་གིས་རྩད་བཅད་ནས༔ ཤེས་པ་དྲུག་གིས་གཏན་མེད་དག༔ དེ་ཕྱིར་ཉོན་མོངས་རང་དག་པའོ༔ ཆུ་ཡིས་ཆུ་རྣམས་ཁྱེར་བ་དང་༔ མེ་ཡིས་མེ་རྣམས་བསྲེགས་པ་དང་༔ རླུང་གིས་རླུང་རྣམས་དེད་པ་དང་༔ ས་ཡིས་ས་རྣམས་མནན་པ་བཞིན༔ རང་གི་གཉེན་པོར་རང་གིས་སོ༔ ཞེས་བཀོད་པ་ཆེན་པོ་ལས་ཉོན་མོངས་རང་དག་གི་གནད་གཏན་ལ་ཕབ་པ་སྟེ་བརྒྱད་པ་རྫོགས་སོ༔ རྒྱ་གར་སྐད་དུ༔ ས་མ་ཏི་བ་ཏཾ་ཀི༔ བོད་སྐད་དུ༔ ལྷག་པའི་བསམ་གཏན༔ དགོངས་པ་རང་སར་གནས་ལ་ཕྱག་འཚལ་ལོ༔ གཤིས་གནས་པ་ལ་དྲན་
པ་མེད༔ མངོན་སྣང་རྟོགས་ལ་སྤང་བླང་མེད༔ སེམས་རྒྱུད་ཟད་ལ་འདུ་ཤེས་མེད༔ ཅིག་ཅར་བ་ལ་བློ་དངོས་མེད༔ ཨེ་མ་ཧོ༔ དྲན་པ་རྒྱུན་ཟད་ཀྱི་མན་ངག་གིས་ཡིད་བསམ་གཏན་ལ་གནས་པར་བྱ་བ་དང་༔ བསམ་པ་རྒྱུན་ཟད་ཀྱི་མན་ངག་གིས་བསམ་གཏན་ལ་གནས་པར་བྱ་བ་དང་༔ དངོས་པོ་རྒྱུན་ཟད་ཀྱི་མན་ངག་གིས་ལུས་བསམ་གཏན་ལ་གནས་པར་བྱ་བ་དང་༔ འབྱུང་བ་རྒྱུན་ཟད་ཀྱི་མན་ངག་གིས་ཉོན་མོངས་པ་རང་ཟད་སྟེ་དེ་དག་མངོན་དུ་འབྱིན་པར་བསྟན་པའོ༔ ཕྱི་ཡུལ་ལ་བརྟེན་པའི་བསམ་གཏན་གྱིས་ཕྱིའི་ཞེན་པ་གཅད༔ ནང་སེམས་བརྟེན་པའི་བསམ་གཏན་གྱིས་ནང་གི་ཞེན་པ་གཅད༔ བར་ལུས་ལ་བརྟེན་པའི་བསམ་གཏན་གྱིས་ཕྱི་ནང་གཉིས་ཀའི་ཞེན་པ་གཅད་པའོ༔ རྡོ་རྗེ་བཀོད་པ་ཆེན་པོ་ལས་ལྷག་པའི་བསམ་གཏན་གཏན་ལ་ཕབ་པ་སྟེ་དགུ་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ རྒྱ་གར་སྐད་དུ༔ སརྦ་བ་གུ་ལི༔ བོད་སྐད་དུ༔ ཞིང་ཁམས་ཡུལ་གྱི་གནད༔ སྣང་བ་རང་སངས་ཆེ་ལ་ཕྱག་འཚལ་ལོ༔ དྲི་མ་རྣམས་ནི་རང་དག་པས༔ ཡེ་ནས་སྐུ་གསུམ་རྫོགས་པའི་ཞིང་༔ རང་གི་ལྷ་རྣམས་མངོན་སྣང་བས༔ ཡི་དམ་ལྷ་ནི་མ་བསྐྱེད་རྫོགས༔ ཀྱེ་ཧོ༔ རྡོ་རྗེ་འཛིན་པ་ཆེ༔ སྣང་བ་གོམས་པར་གང་བྱེད་པ༔ འཁོར་འདས་གཏིང་ནས་བཟློག་པའི་ཕྱིར༔ རུ་ཤན་འབྱེད་པའོ་སྤྱོད་པ་ཡིས༔ འཁོར་འདས་རུ་ཤན་མ་ཕྱེད་ན༔ རྟག་ཏུ་འཁོར་བ་ལ་གནས་གྱུར༔ ལུས་ངག་རྣལ་དུ་མ་ཕབ་ན༔ རྟག་ཏུ་བྱ་བྱེད་གཡེང་བར་འགྱུར༔ ལུས་ཀྱི་གནད་རྣམས་མ་གཟིར་ན༔ ཡེ་ཤེས་མངོན་དུ་འབྱིན་མི་ནུས༔ ལུག་རྒྱུད་གོམས་པར་མ་བྱས་ན༔ ཐ་མལ་རྣམས་དང་ཁྱད་མེད་འགྱུར༔ སྣང་བ་གོང་དུ་མ་སྤེལ་ན༔ འབྱུང་བའི་དགྲ་དང་བྲལ་མེད་འགྱུར༔ རིག་པ་
ཚད་ལ་མ་ཕབ་ན༔ ཡིད་དཔྱོད་འབྲས་བུ་ཐུག་མེད་འགྱུར༔ ཆོས་རྣམས་ཟད་སར་མ་བསྐྱལ་ན༔ དངོས་པོ་རྣམས་དང་ཁྱད་ཅི་ཡོད༔ ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན༔ དེ་ལྟར་གཏན་ལ་མ་ཕབ་ན༔ ཡིད་དཔྱོད་འཛིན་པ་རྣམས་དང་ནི༔ ཁྱད་པར་ཅི་ཡང་མེད་པར་འགྱུར༔ དེ་ཕྱིར་ངེས་གསང་སྙིང་པོ་འདི༔ མུན་པ་ལས་ནི་མར་མེ་འམ༔ བ་གླང་རྣམས་ལས་གླང་ཆེན་ནམ༔ གཅན་གཟན་རྣམས་ལས་སེང་གེའམ༔ རྐང་ཐང་ལས་ནི་རྟ་པ་བཞིན༔ ཀུན་གྱི་ནང་ནས་ཁྱད་པར་རོ༔ ཞེས་བཀོད་པ་ཆེན་པོ་ལས་རང་བཞིན་ཞིང་ཁམས་ཀྱི་གནད་གཏན་ལ་དབབ་པ་སྟེ་བཅུ་པ་རྫོགས་སོ༔ ༔རྒྱ་རྒྱ་རྒྱ༔ ལས་ཅན་ཅིག་དང་ཕྲད་པར་ཤོག༔ རྒྱ་གར་སྐད་དུ༔ བྲ་བྷ་ས་ར་ཡ༔ བོད་སྐད་དུ༔ བྱ་བྱེད་ལམ་སྣང་༔ བཅོམ་ལྡན་འདས་རྡོ་རྗེ་བཀོད་པ་ཆེ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་འབྲས་བུ་གོང་འདོད་པ༔ རྟག་ཏུ་ལག་གི་འདུ་བྱེད་བསྒོམ༔ བརྡའ་ལ་གོམས་པར་བྱེད་པ་ཡིས༔ སྣང་དང་མི་སྣང་ལ་སོགས་བསྒོམ༔ རྣལ་འབྱོར་དེ་ལྟར་གང་བསྒོམས་པ༔ ཡན་ལག་རྣམས་ནི་ཕྱག་རྒྱར་གྲོལ༔ སྒྲ་ཡི་འདུ་བྱེད་གང་བསྒོམས་པ༔ དབང་པོ་རྣམས་ནི་ཕྱག་རྒྱར་གྲོལ༔ ཁ་དོག་ཉིད་ལ་སུ་གོམས་པ༔ ལུས་ནི་ཕྱག་རྒྱ་ཆེན་པོར་གྲོལ༔ ངག་གི་སྒྲ་ལ་གང་གོམས་པ༔ ངག་གི་ཕྱག་རྒྱ་ཆེན་པོ་གྲོལ༔ ཡི་གེའི་འཕྲོ་འདུ་གང་གོམས་པ༔ སེམས་ནི་ཕྱག་རྒྱ་ཆེན་པོར་གྲོལ༔ རླུང་ལ་གོམས་པར་གང་བྱེད་པ༔ བླ་མེད་གསང་བ་མཆོག་ལ་སྤྱོད༔ འདི་དག་རྣམས་ནི་སུ་གོམས་པ༔ ཕྱག་རྒྱ་ཆེན་པོ་ཉིད་ཐོབ་བོ༔ ཞེས་བཀོད་པ་ཆེན་པོ་ལས༔ ལུས་ངག་གི་བྱ་བྱེད་གཙོ་བོར་བྱེད་པ་གཏན་ལ་ཕབ་པ་སྟེ་བཅུ་གཅིག་པ་རྫོགས་སོ༔ ཨྠྀི༔ ༔
རྒྱ་གར་སྐད་དུ༔ པྲ་ཝ་ར་ས་ད་ས་ཏུ་ཏིང་༔ བོད་སྐད་དུ་བཀོད་པ་ཡོངས་སུ་རྫོགས་པ༔ བཅོམ་ལྡན་འདས་སྐུ་གསུམ་གྱི་བདག་ཉིད་ལ་ཕྱག་འཚལ་ལོ༔ གང་འདིར་རྡོ་རྗེ་བཀོད་པའི་ལུང་བསྟན་པ༔ རྒྱུད་རྣམས་བཀོད་དང་ལུང་ཚིག་བཀོད༔ མན་ངག་བཀོད་དང་དོན་སྡེབས་བཀོད༔ འབྱུང་བ་རྣམས་དང་ཕུང་པོ་བཀོད༔ ཁམས་དང་སྐྱེ་མཆེད་ཡུལ་རྣམས་དང་༔ འཇིག་རྟེན་འདས་དང་མ་འདས་བཀོད༔ ཕ་རོལ་ཕྱིན་དང་ལྷ་རྣམས་བཀོད༔ ཐབས་རྣམས་ཡན་ལག་དུ་མ་བཀོད༔ དེ་སོགས་བཀོད་དོན་རྒྱ་ཆེ་ལས༔ སྙིང་པོ་ཡང་ནས་ཡང་བསྡུས་པ༔ ངེས་པ་བཀོད་པའི་དོན་འདི་དག༔ གང་གིས་གང་བཀོད་གང་ལས་བསྟན༔ གང་བྱུང་གང་གི་དོན་དུ་དང་༔ ཁྱད་པར་གང་ཡིན་སྙིང་པོ་དང་༔ སྣོད་དང་བཅུད་ཀྱི་རིམ་པ་ཡིས༔ གང་མོས་བློ་ལ་འདི་ཉིད་བསྟན༔ སྒྲ་དང་བརྡ་དང་རྟེན་འབྲེལ་དང་༔ དམིགས་པ་རྟེན་དང་དམིགས་མེད་པ༔ ཇི་ལྟར་གོམས་དང་དེ་བློ་དང་༔ དེ་ཡི་ཐབས་དང་གནད་དང་ཡང་༔ རླུང་དང་རྩ་དང་ཐིག་ལེ་དང་༔ ཡི་གེ་དབྱིབས་དང་ཁ་དོག་དང་༔ གནས་ནི་རྣམ་པ་དུ་མ་ཡིས༔ བློ་རིམ་ཇི་ལྟར་གནས་པ་བཞིན༔ སྐས་ཀྱི་རིམ་པ་ཇི་ལྟ་བར༔ གོང་འོག་རྣམ་པར་ཕྱེད་པ་ལྟར༔ གསལ་བ་དེ་ལྟར་བཀོད་པ་ལས༔ འདི་དག་རྣམས་ནི་ཡོངས་སུ་རྫོགས༔ རྣལ་འབྱོར་སྤྱོད་པ་རྣམས་བརྩོན་པས༔ འདི་ལྟར་རྒྱུན་དུ་གནས་པར་བྱ༔ རི་དྭགས་ལྟ་བུའི་སེམས་ཤུགས་ཀྱིས༔ རྟག་ཏུ་རི་ལས་གྲོང་ཡུལ་མིན༔ སྟག་སྤྱང་ལྟ་བུའི་སེམས་ཤུགས་ཀྱིས༔ རྒྱུན་དུ་དུར་ཁྲོད་ནགས་སུ་རྒྱུ༔ སེང་གེ་ལྟ་བུའི་སེམས་ཤུགས་ཀྱིས༔ སྐབས་སུ་གངས་ཀྱི་སྟོངས་སུ་གནས༔ ཅེ་སྤྱང་ལྟ་
བུའི་སེམས་ཤུགས་ཀྱི༔ མཚན་དུས་དུར་ཁྲོད་རྣམས་སུ་ཉུལ༔ འབྱུང་པོ་ལྟ་བུའི་སེམས་ཤུགས་ཀྱི༔ སྐབས་སུ་ཆུ་བྲག་འཛོམ་སར་བསྡད༔ དེ་ལྟར་གནས་ནི་རྣམ་པར་ལྔར༔ རྣལ་འབྱོར་སྤྱོད་པ་ལ་གནས་ཚེ༔ ལུས་ཀྱི་ལས་སུ་འདུག་སྟངས་གནས༔ ངག་ནི་ལྐུགས་པ་བཞིན་དུ་སྡོམ༔ སེམས་ནི་ནམ་མཁའ་ཉིད་དང་ངོ་༔ དེ་ལྟར་རྣལ་འབྱོར་གང་སྤྱོད་པ༔ དེས་ནི་བཀོད་པ་དོན་ཚིག་ཤེས༔ རྣལ་འབྱོར་འབྲས་བུ་རང་སར་གྲོལ༔ འདི་ལྟར་བཀོད་པའི་དོན་འདི་ཡིས༔ སངས་རྒྱས་རྣམས་ཀྱི་ཨཱ་ལི་ཀ༔ གསང་བ་ཟབ་མོ་མངོན་དུ་འོ༔ ཞེས་བཀོད་པ་ཆེན་པོ་འབུམ་ཚོ་དྲུག་པ་ལེའུ་སྟོང་ཕྲག་བཞི་པ་ལས༔ རིམ་པ་ལྡན་ཟེར་བརྟག་མངོན་བསྟན་གསང་བ་སྙིང་གི་ལེའུ་ཞེས་བྱ་བ་ལེའུ་སུམ་བརྒྱ་པ་ལས༔ འདི་འཇམ་དཔལ་བཤེས་གཉེན་གྱིས་ཕྱུང་བའོ༔ རྫོགས་སོ༔ བཀོད་པ་ཆེན་པོ་ནི་ཁ་ཆེའི་ཡུལ་རིགས་ལྡན་གྱི་མཐའ་འཁོབ༔ མཁའ་འགྲོ་མ་གསེར་གྱི་གླིང་བྱ་བར༔ མཁའ་འགྲོ་མ་ལ་རྣམས་གཏད་ནས་དེ་ནི་ཡོད་དོ༔ ནམ་ཞིག་དེ་ཡང་སྣང་བར་འགྱུར་རོ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ ༔རྒྱ་གར་སྐད་དུ༔ སརྦ་དྷརྨཱ་སུ་ཏྲ༔ བོད་སྐད་དུ༔ ཆོས་ཐམས་ཅད་ཀྱི་མདོ༔ བཅོམ་ལྡན་འདས་བྱམས་པ་ཆེན་པོ་མངོན་དུ་སློང་བ་ལ་ཕྱག་འཚལ་ལོ༔ ཆོས་ཉིད་དྲག་པོས་རང་གི་རྒྱུད་རྣམས་གཅོད༔ དད་པ་དྲག་པོ་སྡུག་བསྔལ་ལས་ཡིད་དབྱུང་༔ བརྩོན་འགྲུས་དྲག་པོས་གང་འདོད་དོན་རྣམས་འགྲུབ༔ བསྒྲུབ་པ་དྲག་པོ་དངོས་གྲུབ་མྱུར་དུ་ཐོབ༔ ཉམས་ལེན་དྲག་པོས་རྟགས་རྣམས་མྱུར་དུ་འབྱུང་༔ སརྦ་ཏ་ཐཱ་ག་ཏ༔ ཨྸ་བྷེ་ཤ་གྷཥྚེ་ཤ་ཊ་ཎ་ཡྻེ༔ ཆོས་ཐམས་ཅད་ཀྱི་རང་སྒྲ་ཉེ་བར་བཅད་པ༔ བདེ་བ་ནས་བདེ་བར་
རང་གི་ངོ་བོ་ལ་སྤྱད་པའི་ཐབས་ནི༔ འདི་ལྟ་སྟེ༔ ཐོག་མར་མཐོང་བ་འགགས་པ་རང་ཤར་ནས༔ ཡིད་བྱེད་པ་པོ་ཀུན་དུ་བཟང་པོ་དང་༔ ཆོས་ཀུན་ཏུ་བཟང་མོའི་མཁའ་དབྱིབས་སུ་ཐམས་ཅད་སངས་རྒྱས་པའི་ཚེ༔ ཡིད་ཀྱི་ཁྱེའུ་སྣང་བ་རིག་བྱེད་དུ་རང་བྱུང་ནས༔ ཆོས་ཅན་དུ་མས་སྣ་དྲངས་ནས་འབྱུང་བ་ཀུན་གྱི་བདག་པོར་བྱུང་བས་རང་གི་ལུས་ངག་ལ་རང་གིས་རྒྱས་བཏབ་པ་དང་༔ དེ་ཡང་རྡོ་རྗེ་སེམས་དཔའ་མན་ངག་ཐམས་ཅད་ཀྱི་བདག་པོར་བྱུང་ནས་སྒྲ་དུ་མ་གཏན་ལ་ཕབ་སྟེ༔ ནམ་མཁའ་རྣམ་པར་དག་པ་དང་གཉིས་སུ་མེད་པར་ཁྱབ་གདལ་འུབ་ཆུབ་ཏིང་འཛིན་དབང་དུ་འདུས་པས་ཡུལ་དྲུག་ཆམ་ལ་ཕབ་པའོ༔ སྤྱད་པའི་ཡུལ་ལྔ་ལ༔ སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཤར་ནས་ནུབ་པ་མེད་པའི་གཏེར་འཆང་བ་ཞེས་རྡོ་རྗེ་སྙིང་པོའི་ཚིག་ཏུའོ༔ ཡང་རྒྱུད་ལུང་ཀུན་གྱི་གོལ་ས་བཅད་པས་ཡིད་ཆེས་ཀྱི་སྤྲོས་པ་ཆོད་པ་དང་༔ སྣང་བ་ཐམས་ཅད་ལྟ་བ་རང་བྱུང་གི་རྒྱལ་པོར་གཏན་ལ་ཕབས་པས་ཆོས་ཅན་གྲངས་ཀྱི་ཞེན་པ་ཆོད་པ་དང་༔ རིག་པ་ཉིད་དྲི་མ་ཀུན་ལས་འདས་པར་རང་རང་གྲོལ་བའི་ཚེ་ཉོན་མོངས་པ་ཐམས་ཅད་རང་ཐོག་ཏུ་གྲོལ་བའོ༔ འདོད་པའི་ཡོན་ཏན་རྣམས་རྒྱན་མ་བཀོད་པའི་ནང་དུ་ཐིམ་པའི་ཚེ་ཆོས་ཀྱི་དབྱིངས་ཐམས་ཅད་སྤྲོད་པ་དང་བྲལ་བའོ༔ འབྱེད་པ་མེད་པའི་ཤེས་རབ་ཀྱིས་སྣང་བའི་བློ་ལོག་པའི་ཚེ་རིག་པ་ཉིད་རྒྱུད་ལུང་གི་ཚིག་དང་བྲལ་བའོ༔ སངས་རྒྱས་ཀྱི་ཐུགས་རྗེས་ཀློང་གཅིག་ཏུ་དྲིལ་ནས་མི་སྣང་བའི་ཚེ་རིག་པ་ཉིད་འདུས་མ་བྱས་པར་བཞུགས་སོ༔ ཐབས་ལས་བྱུང་བའི་དྲན་པ་ཡུལ་ལ་འཇུག་ནུས་པའི་ཚེ་སྐྱེ་བ་མེད་པའི་ཆོས་རྣམས་རྒྱུད་དག་པའོ༔ སྟོང་པ་ཉིད་ཀྱི་སྤྱོད་པ་མངོན་དུ་྄བྱུང་
ན་འཁྲུལ་པ་རྒྱ་ཡིས་ཐེབས་པ་ཞེས་བྱའོ༔ འགྱུ་བྱེད་རང་སར་དག་པའི་ཚེ་འགྲོ་དྲུག་གི་གཡང་ས་ཆོད་པ་ཞེས་བྱའོ༔ བློ་ཡིན་མིན་གྱི་རྩིས་དང་བྲལ་ཙ་ན་སྒྲོ་འདོགས་ཐམས་ཅད་ནང་དུ་ཆོད་པ་ཞེས་བྱའོ༔ དབང་པོ་རྣམས་ཡུལ་གང་ལའང་མི་འཇུག་ན་རིག་པ་མ་དང་བུ་ཕྲད་པས་ཆོས་ཅན་དུམ་བུའི་རྟོགས་པ་ཞེས་བྱའོ༔ སྟོང་པ་ཉིད་ལ་ཆོ་འཕྲུལ་ཆེན་པོའི་ཏིང་ངེ་འཛིན་བསྟན་པའི་ཚེ་སངས་རྒྱས་ཀྱི་མཛད་པ་ཆེན་པོ་སྟེ༔ འབྱེད་པ་མེད་པའི་ཤེས་རབ་ཀྱིས་དཔྱད་ན་ཆོས་ཐམས་ཅད་ངོ་བོ་ཉིད་དུ་མར་སྣང་བ་ཞེས་བྱ་སྟེ༔ ཡང་དག་ལམ་དང་། ཡང་དག་པའི་ཤེས་རབ་དང་༔ ཡང་དག་པའི་སྙིང་རྗེ་ལ་གོམས་པས་ཐེག་པ་ཆེན་པོ་ལ་བྱན་ཚུད་པའི་སྐྱེས་བུ་བློ་རབ་ཅན་དེ་ནི་གནས་པའི་ཡོངས་ངན་ལས་འདའ་བར་འགྱུར་རོ༔ དེ་ནི་མྱ་ངན་ལས་འདས་ནས་ཀྱང་ཕྱོགས་བཅུ་ཐམས་ཅད་དུ་རྡོ་རྗེ་རོལ་པའི་ལྟ་སྟངས་མཛད་དེ་ཆོས་ཐམས་ཅད་ཀྱི་སྒྲ་དེ་བཞིན་ཉིད་ལ་དབང་བསྒྱུར་ཏེ་ནམ་མཁའ་མི་ཕྱེད་ཀྱི་བདག་པོར་འགྱུར་རོ༔ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྟོང་ལ་དབང་བསྒྱུར་ནས༔ ལམ་དུ་མི་འཇིགས་པ་དང་༔ རྫུ་འཕྲུལ་དང་། སྟོབས་དང་༔ སོ་སོ་ཡང་དག་པར་རིག་པ་རྣམས་མངོན་དུ་བྱས་ཏེ་སྐུ་གསུང་ཐུགས་ཀྱི་བདུད་རྩིར་གྱུར་ནས༔ ཡང་འཛིན་པ་ཐམས་ཅད་ཀྱི་བདག་པོར་གྱུར་ཏེ་དེ་ཡི་ཕྱིར་ན་མཁའ་སྟོང་ལས་ཆོ་འཕྲུལ་འབྱུང་བ་ཞེས་བྱའོ༔ ། གཅེས་པའི་སྙིང་པོ་ཞེས་བྱ་བ་མན་ངག་གི་རྒྱལ་པོ་སློབ་དཔོན་ཆེན་པོ་འཇམ་དཔལ་ཤེས་གཉེན་གྱིས་ཁ་ཆེའི་ཡུལ་དུ་མཛད་པ༔ མཁའ་འགྲོ་མ་ནག་མོ་ཅན་ལ་གདམས་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ལས་ཅན་དེ་དང་ཕྲད་པར་ཤོག༔ ༔རྒྱ་གར་སྐད་དུ༔ པྲ་ཀཱ་ཚ་བཱ་བྷེ་ཀ་རཾ༔ བོད་སྐད་དུ༔ དཔེ་རྣམས་བསྡུས་པའི་སྒྲོན་མ༔
བཅོམ་ལྡན་འདས་བྱ་བྲལ་རང་དག་ངང་ལ་ཕྱག་འཚལ་ལོ༔ སརྦ་ཨ་པ་ཡ་པྲ་བྷ་ལོཀྞི༔ ཆོས་ཉིད་སྤྲོས་དང་བྲལ་བའི་ཡེ་ཤེས་དེ༔ སྣ་ཚོགས་ཐབས་ཀྱིས་དེ་ཉིད་མཚོན་པའི་ཕྱིར༔ དཔེ་ཡི་སྒོ་ནས་གཏན་ལ་དབབ་པ་ནི༔ སྟོན་པའི་ལུང་བཞིན་བདག་གིས་བསྟན་པར་བྱའོ༔ ཕྱི་མའི་གང་ཟག་དཔེ་ལ་ཡིད་ཆེས་བྱེད་པའི་དུས་ན་འདི་དགོས་པས༔ འདི་ཉིད་རིགས་ཀྱི་བུ་རྣམས་ཀྱི་གཟུང་བར་བྱའོ༔ བཀོད་པ་ཆེན་པོའི་རྒྱུད་ལས་ངོ་སྤྲད་པའི་ལེའུ་ཉི་ཤུ་རྩ་དགུ་གསུངས་པ་ཡང་མདོ་ཉི་ཤུ་རྩ་གཅིག་ཏུ་འདུས༔ དེ་ཡང་བདུན་དུ་འདུས༔ དེ་ཡང་ལེའུ་གསུམ་པ་དྲན་པ་གཞི་འཚོལ་གྱི་ལེའུར་བསྡུས་ནས་བསྟན་ཏེ༔ དེ་དག་གོ་དོན་རྣམ་པར་བཤད་ན་གཉིས༔ ཕྱི་ཡུལ་ལ་ངོ་སྤྲད་པ་དང་༔ ནང་སེམས་ལ་ངོ་སྤྲད་པའོ༔ ཕྱི་ལ་གསུམ་སྟེ༔ སྣང་བ་འོད་ལ་ངོ་སྤྲད་པ་དང་༔ དྲན་པ་ཤེས་པ་ལ་ངོ་སྤྲད་པ་དང་༔ བཞི་རིག་པ་ལ་ངོ་སྤྲད་པའོ༔ སྣང་བ་འོད་ལ་ངོ་སྤྲད་པ་ནི༔ རིག་ཀྱི་བུ་ལས་དང་སྐལ་བར་ལྡན་པ་རྣམས་ཀྱིས་གངས་སམ༔ མཚོ་ཆེན་པོའི་གླིང་ངམ༔ ས་ཡི་སྙིང་པོའམ༔ བྲག་སྔོན་པོའི་ཐེམ་པར་ནས་བྱུང་བའི་རིན་པོ་ཆེ་ཟུར་བརྒྱད་པའམ༔ བཅུ་དྲུག་པའམ༔ ཉི་ཤུ་རྩ་གཅིག་པའམ༔ ཉི་ཤུ་རྩ་བརྒྱད་པ་དག་ཤིན་ཏུ་མཆོག་ཡིན་ཏེ༔ དེ་ལྟ་བུ་ཤིན་ཏུ་གསལ་བ་ལ་མ་ཆག་པ་དྲི་མའི་སྐྱོན་གྱིས་མ་གོས་པ༔ ཆེ་བ་ནི་ཁྱི་དཀར་པོའི་མགོ་བོ་ཙམ༔ བྱ་ངང་པའི་སྒོ་ང་ཙམ༔ སོར་བཞི་པའམ༔ གསུམ་པའམ༔ ཚོན་གང་བའམ༔ ཐ་མ་ཡང་སྐྱེ་བུའི་མིག་ཚད་ཙམ་བླངས་ཏེ༔ འདི་ནི་རྡོ་རྗེ་སེམས་པ་གསལ་བྱེད་ཀྱི་མེ་ལོང་ཞེས་བྱ་སྟེ༔ དཔེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་
བ་ཡིན་ནོ༔ དེ་ལྟར་གསལ་བྱེད་ཀྱི་མེ་ལོང་དེ་ལ་མཆོད་པར་བྱ་སྟེ༔ དེ་ཉིད་སྟོན་པ་རྡོ་རྗེ་འཆང་གི་སྐུ་དྲི་མ་མེད་པར་སྐྱེས་བུའི་བློས་བྱས་ཏེ༔ ཙན་དན་དང་༔ ག་བུར་དང་༔ གླ་རྩི་ལ་སོགས་དྲི་བཟང་པོའི་སྨན་གྱིས་བྲན་པའི་རྒྱ་མཚོའི་ཆུ་ལ་གཟུངས་སྔགས་མང་པོ་བཟླས་ཏེ་དེ་ཉིད་ཁྲུས་ནས་བཏོན་ལ༔ འཁར་གཞོང་ངམ༔ བསེ་ཕོར་ནང་དུ་དར་ཚོན་སྣ་ལྔའི་གྲིལ་ལ་བཞུགས་སུ་གསོལ་ལ༔ ཕྱག་འཚལ་བ་དང་༔ མཆོད་པ་འབུལ་བ་དང་༔ སྡིགས་པ་བཤགས་པ་ལ་སོགས་པ་ཚོགས་བསགས་པ་ཇི་ལྟར་རིགས་པ་བྱས་ལ༔ དེ་ནས་མཁའ་འགྲོ་དང་ཆོས་སྐྱོང་ལ་གཏོར་མ་རྒྱ་ཆེན་པོ་བྱིན་ལ༔ དེ་ཉིད་དར་ནས་ཕྱུང་ལ་ཟ་འོག་གི་གུར་ཁྱིམ་ཁར་བཞག་སྟེ༔ ཕྱོགས་ཀུན་ནས་སྐལ་བ་དང་ལྡན་པ་ཀུན་གྱིས་བལྟས་ན་དེ་ཉིད་ཁྲ་ལམ་གྱིས་འགྲོ་སྟེ༔ དེ་ཡང་ཕྱི་ནང་མེད་པར་ཟང་ཐལ་བའི་དཔེས་བར་དོའི་སྣང་བ་མཆེད་པ་ངོས་བཟུང་ངོ་༔ དེ་ཡང་ཁ་དོག་དཀར་པོ་བཙལ་ན་དཀར༔ དམར་པོ་བཙལ་ན་དམར༔ དེ་བཞིན་དུ་སེར་པོ་དང་སྔོན་པོ་ལ་སོགས་པ་གང་བཙལ་བའི་མདོག་ཏུ་འགྲོ་ཞིང་༔ དེ་དང་བྲལ་ན་རང་གི་ངོ་བོ་ཆུའི་སྙིང་པོ་ལྟ་བུར་རེག་གཟུགས་ཟང་ཐལ་དུ་འདུག་པ་བཞིན་དུ་རིག་པ་ཡང་འབྱུང་བ་ལྔའི་རྐྱེན་དང་བྲལ་ནས་ཉམས་སུ་བླངས་ན་དེ་བཞིན་ནོ༔ དེ་ལྟར་རིག་པ་ཆོས་ཀྱི་སྐུའི་སྙིང་པོ་དྲི་མ་མེད་པ་དེ་ལས་རང་འོད་ཕྱི་ཡི་ཡུལ་དུ་སྣང་བའི་དཔེ་ནི༔ ཡིད་མཐུན་པའི་སྐལ་ལྡན་གཉིས་ནས་གསུམ་ལས་མང་དུ་མི་རུང་༔ དེ་ཡང་གནས་ཁང་ཤར་ནུབ་ཕྱོགས་ཕྱེད་པ་ཞིག་ལ་ཤར་དུ་སྐར་ཁུངས་གཏད་དེ་ལྷག་མ་རྣམས་བསྒྲིབས་ལ༔ རྗེས་སུ་འཇུག་པའི་སྐལ་ལྡན་གྱི་ཉི་མའི་བཞུར་ལ་བཟུང་སྟེ་འཕྱར་བས་ཕྱིར་མེན་ཤེལ་ལས་འོད་ལྔའི་སྣང་བ་ཤར་ཏེ་ཡོང་བས༔
དེ་ནི་རང་གི་སྣང་བ་ཐམས་ཅད་དུ་ཡོད་པའི་རྟགསཀྱིས་མཚོན་པའི་དཔེའོ༔ དེ་ནས་རྗེས་སུ་འཇུག་པ་ཞིག་གི་མིག་སྟེང་དུ་འོད་དེ་ཕོག་པར་བྱས་ལ་ལག་པ་གཅིག་གིས་མིག་ཡ་གཅིག་བཀབ་སྟེ་རྡོ་རྗེ་སེམས་དཔའི་གསལ་བྱེད་ལ་མ་འགུལ་བར་བལྟས་ན༔ གསལ་བྱེད་དམ༔ བར་གྱི་འོད་ཀྱི་ཟེར་ཐག་དང་༔ ནམ་མཁའི་ཉི་མའི་སྙིང་པོ་གསུམ་དུས་གཅིག་ལ་མཐོང་བ་ནི་སྐུ་གསུམ་གྱི་འབྲེལ་བ་གཏན་ལ་འབེབས་པའི་དཔེར་ཤེས་པར་བྱའོ༔ ཡང་དེ་ལྟར་སྐྱེས་བུའི་མིག་གཅིག་གི་སྟེང་དུ་མན་ཤེལ་བཞག་སྟེ་གོང་ལྟར་བལྟས་ན་སྔར་བས་ལྷག་པའི་འོད་ཟེར་ཀྱི་ཐག་པ་མཐོང་སྟེ༔ དེ་ལས་འོད་ཟེར་ཕྲ་མོ་གྲངས་མེད་པ་འཕྲོ་བ་ཡང་འོད་སྟེ༔ དེ་ནི་སྐུ་ལས་སྐུའི་འོད་ཟེར་སྐུ་ཇི་ལྟར་འཕྲོ་བའི་དཔེ་ཡིན་ནོ༔ ཡང་ཤེལ་དེ་སྐྱེས་བུ་དེའི་མིག་གི་སྟེང་དུ་བཞག་ན༔ བལྟས་ཚད་འོད་ཀྱི་སྣང་བར་མཐོང་སྟེ་དེ་ནི་རིག་པ་ནང་གསལ་ཡིན་ནོ༔ ཡང་མཁས་པས་མིག་གི་སྟེང་དུ་བཞག་སྟེ་མར་མེའི་སྣང་བ་ལ་བལྟས་ན་དེ་བཞིན་ཏེ༔ ལོངས་སྐུའི་འོད་གཏན་ལ་ཕབ་ནས༔ ལོངས་སྐུའི་ངོ་བོ་ནི་མར་མེ་དང་འདྲ་བས་ཁྱིམ་དུ་དེ་ལྟར་མར་མེ་ལྔའམ་དྲུག་གམ་བརྒྱད་ནས་བཅུ་ལ་སོགས་པ་བསྟན་པར་དེ་བཞིན་ནོ༔ རྒྱལ་བའི་སྐུ་ཡང་དེ་ལྟར་རོ༔ དེ་ནི་སྣང་བ་འོད་ལ་ངོ་སྤྲོད་པ་ཞེས་བྱའོ༔ དྲན་པ་ཡེ་ཤེས་ལ་ངོ་སྤྲད་པ་ནི༔ ཤིན་ཏུ་གནམ་དངས་པའི་ཚེ་ཤར་ཕྱོགས་ཀྱི་ཐང་ལ་དམ་དཀར་དམར་གྱི་སྣམ་བུའི་སྟེང་དུ་མེ་ལོང་བཞག་སྟེ༔ ཡང་མེན་ཤེལ་མིག་གི་སྟེང་དུ་བཞག་སྟེ་མ་ཡེངས་པར་ཟུར་གྱིས་དེ་ཉིད་ལ་ལྟ་ཞིང་ཐབས་མཁས་པས་གྱེན་ལ་བཏེག་ན་འོད་སྣང་དང་ཐག་ལེ་འཆར་ཏེ་ཡེ་ཤེས་རང་གི་ངོ་བོ་གཏན་ལ་ཕབ་པའོ༔ ཡང་སྐལ་ལྡན་
གྱིས་ནམ་དངས་པའི་ཚེ་འཁར་ཕོར་བརྩེགས་མ་ལྔའམ་དགུ་བ་ཙོད་ཆུས་བཀང་སྟེ༔ ཡང་མེན་ཤེལ་གྱི་གོང་ལྟར་བལྟས་ན་ཐིག་ལེའི་ངོ་བོ་ཡང་གཏན་ལ་ཕེབས་སོ༔ ཡང་སྐལ་ལྡན་གྱིས་ནམ་དངས་པའི་ཚེ་ཤར་ཕྱོགས་ཀྱི་རྫིངས་ཆུས་བཏམས་པ་ལ་ནུབ་ནས་གོང་ལྟར་བལྟས་ན་ཡེ་ཤེས་ཀྱི་འོད་གཏན་ལ་ཕེབས་སོ༔ ཡང་འཁར་ཕོར་ཆེ་ཆུང་རིམ་པ་ཅན་ལྔའམ་བདུན་བྱས་ཏེ་དབུས་ནས་སྲོག་ཤིང་གཅིག་ཞབས་ལ་ཆས་སྦྱར་ལ༔ དེ་ལྟར་བརྩེགས་ལ་ནང་ཚོན་ཆུ་མི་མཐུན་པས་བཀང་ལ༔ ཡང་གོང་ལྟར་བལྟས་ན་ཐིག་ལེ་རིགས་མི་མཐུན་པ་བརྩེགས་མར་འཆར་ཏེ་རིགས་ལྔའི་ཐིག་ལེ་གཏན་ལ་ཕེབས་པ་ཡིན་ནོ༔ ཡང་ནམ་དངས་པའི་ཚེ་རང་གི་མདུན་དུ་འདོམ་གསུམ་ཙམ་ཚོད་དུ་བར་ཐག་ཀྱང་དེ་ཙམ་ཚོད་དུ་བར་ཐག་ཀྱང་དེ་ཙམ་ལ་ཤིང་འདོམ་རེ་པ་རེ་ཕྱོགས་བཞིར་བཙུག་སྟེ་དེ་རྣམ་ཀྱི་བར་དུང་གི་ཕྲེང་བའམ་རུས་པའི་ཕྲེང་བ་བཀྲག་ཆེ་བས་དྲ་བའི་ཚུལ་དུ་སྦྲེལ་ཏེ༔ སྟེང་དུ་ཕྲེང་བའི་དྲ་བ་བྱས་ནས་དེའི་དབུས་སུ་རང་འདུག་སྟེ་ས་གཞི་རྣམས་ཀྱང་མེ་ལོང་དང་འཁར་གཞོང་གི་གཅལ་བཀྲམས་ལ༔ ཡང་མེན་ཤེལ་གྱིས་གོང་ལྟར་བྱས་ན་དྲ་བ་དང་དྲ་བ་ཕྱེད་པ་མཐོང་བར་འགྱུར་རོ༔ དེ་ཡེ་ཤེས་ཀྱི་ཕོ་བྲང་གཏན་ལ་ཕབ་པའོ༔ ཡང་ནམ་དངས་པའི་ཚེ་རང་གི་མདུན་དུ་ཤིང་གཅིག་ལ་རྟ་རྔ་ལ་བྱའི་སྒོ་ང་མང་པོ་བརྒྱུས་ཏེ་བར་དུ་དར་སྣའི་ཕུར་ལྕེ་ཡང་བཏགས་ལ་གོང་ལྟར་བལྟས་ཏེ༔ སྐལ་ལྡན་ཅིག་གིས་དེ་དག་སྐབས་སུ་བསྐྱོད་པར་བྱའོ༔ དེས་ནི་བར་དོ་ལ་ཡེ་ཤེས་རླུང་གི་ཐིག་ལེ་གཏན་ལ་ཕེབས་པ་ཡིན་ནོ༔ ཡང་ནམ་དངས་པའི་ཚེ་རང་གི་མདུན་དུ་ཟ་འོག་གི་གདིང་པ་བཞག་སྟེ་ཡང་གོང་ལྟར་བལྟས་ན་སྣང་བ་ཁྲ་བོར་མཐོང་སྟེ་དེས་ནི་ཡེ་ཤེས་ཀྱི་རྩལ་གཏན་ལ་ཕབ་པའོ༔ དེ་བཞིན་དུ་དར་གྱི་ཡུག་
དམར་པོ་བཏིང་སྟེ་བལྟས་ན་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་འོད་གཏན་ལ་ཕེབས་སོ༔ དེ་བཞིན་དུ་སེར་པོས་མཉམ་པ་ཉིད༔ དཀར་པོས་མེ་ལོང་ལྟ་བུ༔ ལྗང་གུས་བྱ་བ་གྲུབ་པ༔ མཐིང་ཁས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཏན་ལ་ཕབ་པ་སྟེ་ཉེ་བར་མཚོན་པའོ༔ ཡང་དར་དེ་དག་དབྱུགས་པ་ལ་འཕྱུར་ཏེ་བལྟས་ན་ཡེ་ཤེས་རླུང་དང་འདྲེས་པའི་ཚད་གཏན་ལ་ཕེབས་པ་ཡིན་ནོ༔ དེ་དག་གིས་དྲན་པའི་ཡེ་ཤེས་ངོ་སྤྲོད་པའི་དཔེ་ཡིན་ནོ༔ རིག་པ་ལ་ངོ་སྤྲད་པ་ནི༔ ཡང་ནམ་དངས་པའི་ཚེ་ཁང་པར་ཕྱེད་ཕུབ་ལ་ཁ་ལྷོར་ལྟ་བའི་ནང་དུ་སྐྱེས་བུ་ཞིག་ལ་གོས་ཁ་དོག་དཀར་དམར་གང་ཡང་རུང་བ་ཁ་དོག་གསལ་བ་གྱོན་ཏེ༔ དེ་ལ་རུས་པའི་རྒྱན་བཏག་ལ་མེ་ལོང་ལ་སོགས་པས་བརྒྱན་ཏེ༔ ཡང་གོང་ལྟར་བལྟས་ན་ནམ་མཁའ་སྐུ་འགྲོའི་འོང་དང་བཅས་པར་སྣང་སྟེ་རིག་པ་གཞོན་ནུ་བུམ་པའི་སྐུ་གཏན་ལ་ཕེབས་པ་ཡིན་ནོ༔ ཡང་ཁྱིམ་མུན་པ་དང་ལྡན་པ་ཞིག་གི་སྒོ་ཡི་ཉི་མས་ཕོག་པ་ཞིག་ཏུ༔ སྐྱེས་བུ་གོས་ནག་པོ་གྱོན་པ་སྐྲ་སྤྱི་བོར་བཅིངས་པ་ཞིག་ལ་རྒྱན་གདབ་སྟེ༔ གོང་ལྟར་བལྟས་ན་རིག་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་སྐུ་གཏན་ལ་ཕེབས་སོ༔ ཡང་ཁྱིམ་ཕྱེད་སྣང་གི་སར་སྐྱེས་པའི་རྒྱན་གོང་ལྟར་བྱས་ཏེ་ལུས་ཕྱེད་གྲིབ་མ་ལ་འདུག་པ་ལ་ཕྱེད་སྣང་བ་ལ་བསྟན་ཏེ་འཕྱར་བ་དེ་གོང་ལྟར་བྱས་ན་སྐུ་ཕྱེད་འགྲོ་འོང་དང་བཅས་པ་མཐོང་སྟེ་རིག་པ་ཕྱེད་སྐུ་གཏན་ལ་ཕེབས་པ་ཡིན་ནོ༔ ཡང་ཁྱིམ་སྣང་བ་དང་ལྡན་པ་དེར་སྐྱེས་བུ་རྒྱན་དང་ལྡན་པ་ཕྱེད་ཀྲུང་དུ་འདུག་སྟེ་ཡང་གོང་ལྟར་བལྟས་ན་རིག་པ་གཞུག་སྐུ་གཏན་ལ་ཕེབས་པ་ཡིན་ནོ༔ ཡང་སྐལ་བ་དང་ལྡན་པའི་སྐྱེས་བུ་ཐབས་ལ་མཁས་པ་
དེས་ལ་ཚོན་བཀྲག་དང་ལྡན་པས་རིགས་ལྔའི་སྐུ་ཡི་འདྲ་འབག་ལེགས་པར་བྲིས་ཏེ་ནམ་དངས་པའི་ཚེ༔ རང་གི་མདུན་དུ་སྐུ་བཀྲམ་སྟེ་ཡང་གོང་ལྟར་བལྟས་ན་རིག་པའི་གཟུགས་སྐུ་གཏན་ལ་ཕེབས་པ་ཡིན་ནོ༔ ཡང་དེ་ལྟར་བཀྲམ་པའི་སྟེང་དུ་མེ་ལོང་ཆུང་ངུ་དང་དྲིལ་བུ་གཡེར་ཁ་རྣམས་ཀྱི་གཅལ་དུ་བཀྲམ་སྟེ་བལྟས་ན་སྐུ་ལ་ཐིག་ལེས་བརྒྱན་པ་གཏན་ལ་ཕེབས་པ་ཡིན་ནོ༔ ཡང་ཁྱིམ་གྱི་ཤར་གྱིསྐར་ཁུང་གི་བུག་པ་ནས་མེ་ལོངབརྒྱུས་པའི་ཕྲེང་བའི་ཐག་པ་འཐེན་ཏེ་བལྟས་ན་ཐིག་ལེའི་ཟེར་ཐག་གཏན་ལ་ཕེབས་པ་ཡིན་ནོ༔ ཡང་དེ་ལས་ཕྲེང་བ་དཀར་པོ་འཐེན་ཏེ་བལྟས་ན་རྣམ་པར་སྣང་མཛད་ཀྱི་ཐུགས་རྗེ་གཏན་ལ་ཕེབས་སོ༔ མཐིང་ཁས་མི་བསྐྱོད་པའོ༔ སེར་པོས་རིན་ཆེན་འབྱུང་ལྡན་ནོ༔ དམར་པོས་སྣང་བ་མཐའ་ཡས་སོ༔ ལྗང་གུས་དོན་ཡོད་གྲུབ་པའི་ཐུགས་རྗེ་གཏན་ལ་ཕེབས་སོ༔ ཡང་ཟངས་སམ་འཁར་གཞོང་ཆེན་པོ་འོ་མས་བཀང་སྟེ་དེ་ཡི་ནང་དུ་མེ་ཏོག་ཁ་དོག་མི་འདྲ་བའི་ཚོམ་བུ་ལྔ་བྱས་ཏེ༔ ཡང་གོང་ལྟར་བལྟས་ན་རྡོ་རྗེ་རིགས་ཀྱི་ཚོམ་བུ་གཏན་ལ་ཕེབས་སོ༔ ཡང་ཟངས་སམ་འཁར་གཞོང་དུ་སྐྱེར་པའི་ཁུ་བས་བཀང་ནས་མེ་ཏོག་གི་ཚོམ་བུ་གོང་ལྟར་བཀོད་བལྟས་ན་རིན་པོ་ཆེའི་རིགས་ཀྱི་ཚོམ་བུ་གཏན་ལ་ཕེབས་སོ༔ ཡང་གཙོད་ཆུས་བཀང་ནས་བལྟས་ན་པདྨ་རིགས་ཀྱི་ཚོམ་བུ་གཏན་ལ་ཕེབས་སོ༔ ཡང་ཙན་དན་གྱི་ལོ་མ་གདུས་པའི་ཁུ་བས་བཀང་སྟེ་བལྟས་ན་ལས་ཀྱི་རིགས་ཀྱི་ཚོམ་བུའོ༔ དེ་བཞིན་དུ་རམ་གྱི་ཁུ་བས་བཀང་སྟེ་བལྟས་ན་དེ་བཞིན་རིགས་ཀྱིའོ༔ ཡང་ནམ་དངས་པའི་ཚེ་སྐལ་ལྡན་གྱིས་ལག་གཡས་པས་ཤེལ་གྱི་ལུགས་
མའི་སྐུ་བཟུང་སྟེ་ལག་པ་གཡོན་པས་མིག་གཡོན་པའི་སྟེང་དུ་གསལ་བྱེད་བཞག་སྟེ་བལྟས་ན་རྡོ་རྗེ་སེམས་པའི་སྐུ་གཏན་ལ་ཕེབས་སོ༔ ཡང་གསེར་གྱི་སྐུ་ཚོན་གང་བ་ལ་བལྟས་ན་རིན་ཆེན་འབྱུང་ལྡན་རང་རྐྱ་བ་མཐོང་བར་འགྱུར་རོ༔ ཟངས་སམ་བྱི་རུའི་སྐུ་ལ་བྱས་ན་སྣང་བ་མཐའ་ཡས་ཀྱི་སྐུ་རང་རྐྱ་བ་མཐོང་བ་ཡིན་ནོ༔ མུ་མེན་གྱི་སྐུ་ལ་བྱས་ན་དོན་ཡོད་གྲུབ་པའི་སྐུ་མཐོང་བ་ཡིན་ནོ༔ ལྕགས་སམ་བཻཊཱུར་ཡ་ལས་བྱས་པའི་སྐུ་ལ་བལྟས་ན་རྣམ་སྣང་གི་སྐུ་མཐོང་བ་ཡིན་ནོ༔ ཡང་ཤེལ་གཅིག་ལས་གཅིག་བལྟས་ན་རིག་པ་དྲི་མ་དང་བྲལ་བའི་སྐུ་གཏན་ལ་ཕེབས་པའི་དཔེའོ༔ ཡང་རང་གི་མདུན་དུ་རྨ་བྱའི་མདོངས་གཅལ་དུ་བཀྲམ་སྟེ་བལྟས་ན་ཐིག་ཕྲན་རྣམས་གཏན་ལ་ཕེབས་སོ༔ ཡང་ཉི་གྲིབ་མཚམས་སུ་ནུབ་ཕྱོགས་ཀྱི་གྲིབ་མའི་ངོས་ནས་སྐྱེས་བུ་ཞིག་གིས་རྔ་ཡབ་ཆུར་བཅུག་པ་གཡབས་ནས༔ སྐལ་ལྡན་གྱིས་ཤར་ངོས་ནས་བལྟས་ན་འོད་ལྔའི་སྣང་བའི་རང་བཞིན་དུ་མཐོང་སྟེ༔ དེ་ཉིད་ཉམས་སུ་བླངས་ན་འབྱུང་བའི་རྩལ་ནུབ་པའི་ཚེ་དེ་ལྟར་དུ་སྣང་བའི་དཔེའོ༔ ཡང་ནམ་དངས་པའི་ཚེ་སྐལ་ལྡན་ཤིང་ཏ་ལའི་སྡོམ་པོའི་རྩར་སོང་སྟེ་གཅིག་གི་དབྱུག་པས་ཏ་ལའི་ལོ་མ་རྣམས་ཕབ་སྟེ་སྐལ་ལྡན་གྱིས་ནུབ་ནས་ཤེལ་གྱིས་གོང་ལྟར་བལྟས་ན༔ འོད་ཀྱི་མེ་ལོང་ནམ་མཁའ་ལ་འབབ་པར་མཐོང་སྟེ༔ དེས་ནི་རིག་པའི་ཡོན་ཏན་གཏན་ལ་ཕེབས་སོ༔ ཡང་ནམ་དངས་པའི་ཚེ་ཤར་ཕྱོགས་སུ་བུམ་པ་ཆུ་ཡིས་བཀང་བ་བཟུང་སྟེ་བར་སྣང་ནས་ས་ལ་ཆུའི་རྒྱུན་སྦྲེང་༔ སྐལ་ལྡན་གྱིས་ཁ་ཤར་དུ་བལྟས་ནས་བར་དོའི་དབང་གི་ཆུ་བོ་གཏན་ལ་ཕེབས་སོ༔ ཡང་སྐལ་ལྡན་ཞིག་གིས་
མདུན་དུ་དར་སྣ་ཚོགས་ལས་བྱས་པའི་ཕྱེ་མ་ཕུར་མས་གཡབ་སྟེ༔ གཅིག་གི་བལྟས་ན་བར་དོའི་མཆོད་པའི་ལྷ་མོ་རྣམ་གར་བྱེད་པ་གཏན་ལ་ཕེབས་སོ༔ ཡང་རང་གི་མདུན་དུ་སྐལ་ལྡན་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་འདུག་སྟེ་རང་ཡང་རྒྱན་གྱིས་བརྒྱན་ནས་དེ་གཉིས་ཀྱི་སྙིང་ཁར་དར་སྣ་ཚོགས་ཐག་པ་འཐེན་ཏེ་དེའི་མདོ་མདོར་མེ་ལོང་ཡང་བཏགས་ལ་སྐྱེས་བུ་གཉིས་ཀྱིས་ཤེལ་རེ་བཟུང་སྟེ་བལྟས་པས་གཅིག་ལ་གཅིག་འོད་ཀྱི་སྙེ་ཚོན་དུ་མཐོང་སྟེ༔ བར་དོ་ལ་རིགས་ལྔ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་རྒྱུན་གཏན་ལ་ཕེབས་སོ༔ ཡང་ནམ་དངས་པའི་ཚེ་སྐལ་ལྡན་དེ་གན་རྐྱལ་དུ་ཉལ་ཏེ༔ རང་གི་སྙིང་ཁར་གདུགས་གསེར་གྱི་ཡུ་བ་ཅན་གཅིག་བཟུང་སྟེ་མིག་གཡོན་པས་གསལ་བྱེད་ཀྱིས་བལྟས་ན་རིག་པ་མ་བུ་འབྲེལ་བ་དང་ལྷུན་གྲུབ་ཀྱི་སྣང་བ་གཏན་ལ་ཕེབས་སོ༔ ཡང་ནམ་དངས་པའི་ཚེ་གསེར་གྱི་དྲིལ་བུ་གཡེར་ཁའི་ཕྲེང་བ་སྐྱེས་བུ་གཅིག་གིས་ཕྱི་བོར་འཐེན་ཏེ༔ ཡང་སྐལ་ལྡན་གྱིས་བལྟས་ནས༔ དེ་ལ་ཡང་གཅིག་གིས་དབྱུག་པ་དལ་བུས་བརྒྱབ་ཅིང་གོང་ལྟར་བལྟས་ན་རིག་པ་འགྱུ་བ་རླུང་གི་སྒྲ་དང་བཅས་པ་གཏན་ལ་ཕེབས་སོ༔ དེ་རྣམས་ནི་གཞི་རིག་པ་ལ་ངོ་སྤྲད་པའོ༔ དོན་དེ་དག་གསུམ་གྱིས་ཕྱི་ཡུལ་ལ་ངོ་སྤྲད་པས་བར་དོ་ལམ་ལ་བརྟན་པ་ཐོབ་པའི་དགོས་པ་ཡོད་དོ༔ གཉིས་པ་ནང་སེམས་རིག་ལ་ངོ་སྤྲད་པ་ལ་གཉིས་ཏེ༔ བྱ་བྱེད་སེམས་ལ་ངོ་སྤྲད་པས་སྣང་བའི་འདུ་བ་བཅད་པར་བསྟན་པ་དང་༔ མི་འགྱུར་བའི་རིག་པ་ལ་ངོ་སྤྲད་པས་འདུག་ཚུལ་ཤེས་པར་བསྟན་པའོ༔ སེམས་ལ་ངོ་སྤྲད་པ་ནི་ཉེར་གཅིག་གཏན་ལ་ཕབ་པས་འདིར་མ་སྤྲོས་སོ༔
རིག་པ་ལ་གཉིས་ཏེ༔ རིག་པར་རང་གི་ངོ་བོ་ལ་སྤྲད་པ་དང་༔ རྟགས་ལ་སྤྲད་པའོ༔ རྟགས་ནི་ཐིག་ལེའི་རྟགས་སུ་རང་གི་མིག་གི་ཕུགས་སུ་རང་གི་མཐེབ་མཛུབ་ཀྱིས་དེད་པས་ཐིག་ལེ་མཐེབ་གང་པ་ཞིག་འཆར་ཏེ༔ དབང་གི་བརྡར་དམར་པོ་ཤས་ཆེ་བའི་འོད་དུ་ཤར་བ་དེ་ལུས་ལ་ཐིག་ལེར་གནས་པའི་རྟགས༔ མཚན་མོ་སྦྲིད་པ་དྲག་པོ་བྱུང་བའི་ཚེ་མིག་ནས་མེ་སྟག་དམར་པོ་འཕྲོ་བའི་ཚུལ་འོད་ཏུ་འཆར་ཏེ་ཤེས་རབ་ཀྱི་རྟགས༔ དབྱིངས་ཀྱི་རྟགས་ཨ་ཐམ༔ ཡེ་ཤེས་ཀྱི་རླུང་གི་རང་སྒྲ་ནི༔ རྣ་བའི་མདུན་ངོས་མཐེབ་མོས་མནན་པས་སྒྲ་འོང་བ་དེ་ཡིན༔ ཡེ་ཤེས་ཀྱི་རྟགས་ནི༔ སྐྱེས་བུ་གཅིག་སྔ་དྲོ་ཤར་དུ་འདུག༔ བར་དུ་བཙོད་ཆུ་བཞག་སྟེ་དེ་ཡི་ནང་དུ་བལྟས་པས་ཆུའི་ནང་དུ་སྔོན་དམར་དུ་སོང་བ་དེ་ཡིན་ནོ༔ ཁའི་རླངས་པ་ཉི་ཟེར་ལ་སྔོན་དམར་དུ་ཡོང་བ་དེ་ཡེ་ཤེས་ཀྱི་རླུང་ཡིན་པའི་རྟགས༔ བ་སྦུ་རྣམས་ཉི་ཟེར་ལ་བསྟན་ན་འོད་འབྱུང་བ་ནི་སྐུའི་རྟགས༔ རིག་པའི་རྟགས་ནི་བཙོད་ཆུའི་ནང་དུ་ཁ་རླངས་འོད་ཏུ་འབྱུང་བ་དེ་ཡིན་ནོ༔ རིག་པའོ་ངོ་བོ་ལ་གསུམ་སྟེ༔ རིག་པའི་སྐུ་ལ་ངོ་སྤྲད་པ་དང་༔ རིག་པ་རང་གི་འདུག་ཚུལ་ལ་ངོ་སྤྲད་པ་དང་༔ རིག་པའི་གོམས་ཚད་ལ་ངོ་སྤྲད་པའོ༔ སྐུ་ནི་གསུམ་སྟེ༔ སྤྲུལ་སྐུ་ངོ་སྤྲོད་ཀྱི་མན་ངག་གིས་སྣང་བ་འདི་གཏན་ལ་དབབ་པར་བསྟན་པས་འབྱུང་བའི་གནོད་དང་བྲལ་བར་བསྟན་པ་དང་༔ ལོངས་སྐུ་ངོ་སྤྲོད་ཀྱི་མན་ངག་གིས་བར་དོའི་སྣང་བ་གཏན་ལ་ཕབ་པ་སྟེ་སྐྱེ་གཉིས་མཚམས་སུ་མངོན་པར་རྫོགས་པ་བུདྡྷ་བར་བྱེད་དོ༔ ཆོས་སྐུ་ངོ་སྤྲོད་ཀྱི་གདམས་ངག་གིས་
གཞི་གནས་ཆེན་པོ་གཏན་ལ་དབབ་པ་སྟེ་འཁོར་འདས་བསྲེས་ཏེ་མྱ་ངན་ལས་འདའ་བར་བྱེད་པའོ༔ རིག་པ་རང་གི་འདུག་ཚུལ་ནི༔ རིག་པ་མངོན་སུམ་གྱི་མན་ངག་ཅེས་བྱ་བ་སྟེ་དཔེ་དང་རྟགས་རྣམས་བྲལ་བར་རབ་ཏུ་གསང་བའི་དོན་དུའོ༔ རིག་པ་གོམས་ཚད་ནི༔ འཁོར་འདས་རུ་ཤན་ཕྱེད་པ་ལ་སོགས་པའོ༔ དེ་ལྟར་དཔེ་དུ་མས་གཏན་ལ་ཕབ་པ་ནི་འདི་ཉིད་ལ་དབང་པོ་འབྲིང་པོ་རྣམས་ཡིད་ཆེས་པའི་དགོས་པ་དང་༔ བར་དོར་ངོ་ཤེས་པའི་དགོས་པ་ཡོད་དོ༔ མངོན་སུམ་དུ་གཏན་ལ་དབབ་པ་རྣམས་ནི་ཀུན་གྱི་སྤྱོད་ཡུལ་མ་ཡིན་པས་ཡང་མཛོད་དུ་ཨ་ཐཾ༔ དེའི་ཕྱིར་ན་ངོ་སྤྲད་པ་དང་རྟོགས་པ་ཐོབ་པ་དུས་མཉམ༔ རྟོགས་པ་ཐོབ་པ་དང་ཆོས་གྲུབ་མཐའ་གཞན་ལ་བོར་དེ་བ་ལ་བརྟག་པ་གཅེས་དུས་མཉམ༔ ཆོས་བོར་བ་དང་དབུགས་ཆད་པ་དུས་མཉམ༔ དབུགས་ཆད་པ་དང་སངས་རྒྱས་པ་དུས་མཉམ་པར་བསྟན་ནོ༔ ལྟ་བ་རང་བྱུང་གི་ཡེ་ཤེས་དཔངས་མཐོ་ཡང་དཔེ་དུ་མས་མ་བསྟན་ན་དབང་པོ་འབྲིང་པོ་རྣམས་བྷུད་མི་དྷའོ༔ ཨ་ཏི་ཡོ་ག་རྩོལ་སྒྲུབ་དང་བྲལ་ཡང་གསང་སྔགས་ཀྱི་དབང་དང་བྱིན་རླབས་མ་བྱས་ན་དབང་པོ་ཐ་མ་རྣམས་སྐྱེ་བ་གཅིག་གིས་ཐོགས་པར་མི་འགྱུར་ཏེ༔ སྐྱེ་བ་བརྒྱུད་པར་འགྱུར་རོ༔ ལྟ་བ་སྟོང་པ་ཉིད་རྒྱ་ཆེ་ཡང་རིག་པ་ཚད་ལ་མ་ཕབ་ན་སྤྱི་འབྱམས་དབང་པོ་རབ་ཀྱིས་འདི་ཉིད་ལ་ཡེ་ཤེས་ཀྱི་སྩལ་མི་རྫོགས་སོ༔ དེའི་ཕྱིར་ན་ཡང་མཛོད་ཀྱི་གདམས་པ་བསྟན་པའོ༔ རིག་པའི་ཡེ་ཤེས་དཔེ་དུ་མའི་སྒོ་ནས་གཏན་ལ་ཕབ་པ༔ ངོ་སྤྲོད་རིན་པོ་ཆེའི་འཁོར་ལོ་ཞེས་བྱ་བ༔ སྤྲུལ་པ་པོ་དགའ་རབ་རྡོ་རྗེ་མཛད་པ་རྫོགས་སོ༔
སཱ་མཱ་ཡཱ༔ ན་ར་ཀན༔ རྒྱ་རྒྱ་རྒྱ༔ རྒྱུད་མེད་རྣམ་པར་དག་པའི་སྟོན་པ་རྡོ་རྗེ་འཆང་༔ སེལ་མེད་དྲི་མ་དག་པ་ངེས་པའི་བཀའ༔ དེ་དོན་མ་ནོར་བསྡུས་པའི་ཡི་གེ་འདི༔ སངས་རྒྱས་མྱ་ངན་འདས་པའི་རྟེན་དུ་ཡི་གེར་བཏབ༔ བདག་ནི་སྐྱེ་བོའི་རིགས་མེད་ཨུ་རྒྱན་ཡུལ་དུ་ནི༔ དར་མ་སྡེ་ཡི་ལྷུམས་སུ་ཞུགས་པའི་ཚུལ་བསྟན་ནས༔ གསང་སྔགས་གསང་བའི་ཡི་གེ་འདི་དག་བཀོད༔ འཇིག་རྟེན་མུན་པ་རྣམས་ནི་འདི་ཡིས་འོད་དུ་འབར༔ རྒྱུད་དང་མན་ངག་རྣམས་སུ་རབ་ཕྱེ་ནས༔ འཇམ་དཔལ་ཤེས་གཉེན་ཉིད་ཀྱི་རྒྱུད་སྦྱང་ཕྱིར༔ མན་ངག་སྙིང་པོ་རྒྱུད་ཀྱི་གསང་དོན་བཀོད༔ བསྟན་པའི་རྒྱལ་པོ་འདི་ནི་གར་གནས་པར༔ མུན་པ་རང་དག་སྣང་བའི་འོད་དང་ལྡན༔ ཐེག་པའི་ནང་ནས་ཁྱད་འཕགས་ཨ་ཏི་གསང་བ་ཆེ༔ དེ་ཡི་ཚིག་དང་ཡི་གེ་རྒྱུད་དང་མན་ངག་ལུང་༔ སྤྱི་ཡི་ལུས་བཞིན་ཕྱི་ཡི་ཡུལ་ཙམ་མཚོན༔ དེ་ལྟར་བཀོད་པའི་ཚིག་ཚོགས་གྲངས་མང་ལ༔ གསང་བའི་མན་ངག་སྙིང་ཏིག་འདི་མེད་ན༔ གཟུགས་ཀྱི་ཕུང་པོ་ཁོང་གི་སྙིང་མེད་འདྲ༔ དེ་ལྟར་ཨ་ཏི་རང་དོན་གཞུང་རྣམས་ལ༔ མཚོན་པར་བྱེད་པའི་ཡི་གེ་འདི་མེད་ན༔ དབང་པོའི་དངས་མ་དཔྲལ་བའི་མིག་མེད་འདྲ༔ ཨ་ཏི་སྡེ་དང་གྲངས་བཀོད་ཆོས་རྣམས་ལ༔ བཤད་པར་བྱ་བའི་རྒྱུད་ཆེན་འདི་མེད་ན༔ སྒྱུར་བར་བྱེད་པ་ཁ་ཡི་ལྕེ་མེད་འདྲ༔ བསྟན་པ་འདི་ལས་ཁྱད་པར་ཆེ་བའི་ཐབས༔ གཞན་ནས་སྟོན་རེ་བདག་ནི་ན་ར་ཀན༔ དེ་ཡི་ཕྱིར་ན་ཕྱི་རབས་འཇུག་པ་རྣམས༔
འདི་ལ་གོམས་པར་གྱིས་ལ་མིག་ལྟར་འཚོས༔ འཇམ་དཔལ་ཁྱོད་ཀྱིས་བསྟན་པའི་སྙིང་པོ་འདི༔ བསྟན་པའི་དོན་དུ་སྐལ་དང་ལྡན་ལ་བྱིན༔ སྐལ་པ་དག་དང་མི་ལྡན་བྱུང་སྲིད་ན༔ བསྟན་པའི་བཙས་སུ་རང་རྒྱས་ཐོབ་ལ་སྦོོས༔ བདག་ནི་མྱ་ངན་འདའ་སྟེ་གསང་བའི་ཚིག་གསུམ་པོ༔ ཁྱོད་ཀྱིས་ཟུང་ལ་སྙིང་གི་དཀྱིལ་དུ་ཕུར༔ འདི་ནི་སྐལ་མེད་རྣམས་དང་ཐེག་དམན་ལ༔ རླུང་ཕྱོགས་ཙམ་དུ་བརྗོད་པར་མ་བྱེད་ཅིག༔ ཅི་ཕྱིར་སྐྲག་ཅིང་བརྒྱལ་ནས་གསང་སྔགས་ཉིད་སྤོང་བས༔ འདི་ཉིད་བསྐལ་པ་འཇིག་ཀྱང་སྙིང་ལ་རྒྱས་གདབ་བྱ༔ སྙིང་པོ་བྱང་ཆུབ་བར་དུ་ཁ་རུ་དབྱུང་མི་བྱ༔ ཞེས་པ་སྤྲུལ་པ་པོ་དགའ་རབ་རྡོ་རྗེས་གསུངས་པ་རྫོགས་སོ༔ ལས་ཅན་དེ་དང་ཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ མརླསཱཙ་ཏྲགྭཐ༔ རྒྱ་གར་སྐད་དུ༔ པི་ཏེ་ཏ་ཀི་ལ་སྱ་མི་ཤ་ནཱ་མ༔ བོད་སྐད་དུ༔ འཆི་བ་བརྟག་པ་ཞེས་བྱ་བ༔ བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ གཉིས་མེད་སྟོན་པས་འགྲོ་ལ་ཕན་གདགས་ཕྱིར༔ མཆོག་གསང་རྒྱུད་ལས་མདོར་བསྡུས་རྣམ་བཤད་པ༔ དེ་ཡི་དོན་རྣམས་རིམ་པ་ཇི་ལྟ་བར༔ རྣམ་པར་ཕྱེ་ནས་བདག་གིས་བསྟན་པར་བྱ༔ སེམས་ཅན་ལུས་རྣམས་སྡུག་བསྔལ་བཞིས་བཅིངས་པས༔ ཐུགས་རྗེ་ཆེ་མཆོག་རྡོ་རྗེ་འཆང་ཆེན་གྱིས༔ འཆི་བའི་སྡུག་བསྔལ་ཉིད་ཀྱི་དུས་ཚོད་དང་༔ རྒྱུད་དུ་བཀོད་པ་ཚིག་དོན་རྒྱ་ཆེ་ཡང་༔ འཆི་བ་དག་ནི་གཉིས་ཡིན་ཏེ༔ གདོན་དང་ནད་ལ་སོགས་པ་དུས་མ་ཡིན་པར་འཆི་བ་དང་༔ འབྱུང་བ་ཟད་དེ་འཆི་བའོ༔
ཇི་ལྟར་གྱུར་ཀྱང་བརྟག་པའི་འདིའོ༔ གོང་གི་འཆི་བ་བརྟག་པའི་སྐྱེས་བུ་དེས༔ བླ་མ་དཀོན་མཆོག་ལ་ཚོགས་བསགས་པ་སྔོན་དུ་འགྲོ་བས་མཁའ་འགྲོ་དང་ཆོས་སྐྱོང་མཆོད་ལ༔ འཆི་བར་ངེས་པའི་དུས་བརྟག་པ་ལ་གསུམ་སྟེ༔ ཕྱི་ཕུང་པོ་ལ་བརྟག་པ་དང་༔ ནང་རླུང་ལ་བརྟག་པ་དང་༔ གསང་བ་རིག་པ་ལ་བརྟག་པ་དང་༔ དང་པོ་ལ་གཉིས་ཏེ༔ གཞན་གྱིས་ཕུང་པོ་ལ་བརྟག་པ་དང་༔ རང་གི་ཕུང་པོ་ལ་བརྟག་པའོ༔ དང་པོ་ལ་གཉིས་ཏེ༔ དབྱིབས་དང་ཁ་དོག་ལ་བརྟག་པ་དང་༔ རྩ་དང་རླུང་ལ་བརྟག་པའོ༔ དང་པོ་ལ་གཉིས་ཏེ༔ ཚེའི་ཡན་ལག་ལ་བརྟག་པ་དང་དབང་པོ་ལ་བརྟག་པའོ༔ ཡན་ལག་ནི༔ སེན་མོའི་བཀྲག་ཤོར་ན་ཟླ་བ་དགུའི་ཉིན་ཕྱེད་ན་ནད་ཀྱིས་བཏབ་ན་འཆིའོ༔ མིག་གི་མཐའི་སྤྲིས་དཀར་པོ་ཡལ་ན་ཟླ་བ་ལྔ་ན་འཆིའོ༔ ལྟག་པའི་བདུད་སྒོ་ནས་སྐྲ་ཚོམ་ཅིག་གྱེན་ལ་ལངས་ན་ཞག་ཉི་ཤུ་རྩ་གཅིག་ན་འཆིའོ༔ རྐང་པའི་ལོང་བུ་ཕྱིར་ལོག་ཏུ་འགྱུར་ན་ཟླ་བ་གཅིག་གི་འབྱུང་བ་ཟུག་པའི་དུས་སུ་འཆིའོ༔ སྐྱེས་བུ་ནད་ཀྱིས་བཏབ་པ་ལ་བརྟག་པ་ནི༔ སོ་རྣམས་ཀྱི་རྩ་བར་རྡུལ་དང་དྲེག་པ་ཆགས་ན་བྱུང་བའི་བདུད་འདུས་པ་ཞེས་བྱ་སྟེ་ཞག་དགུ་ན་འཆིའོ༔ སྣ་ཞོམ་ན་རླུང་གི་སྒོ་འགག་པ་ཞེས་བྱ་སྟེ་ཞག་ལྔ་ན་འཆིའོ༔ རྟག་ཏུ་ཡན་ལག་བརྐྱངས་ན་འབྱུང་བའི་རི་སྙེག་པ་ཞེས་བྱ་སྟེ་ཞག་བདུན་ནའོ༔ འབྱེད་འཛུམ་མེད་པར་མིག་འབྲུ་ཚུགས་སུ་བལྟ་ན་རླུང་ཡུལ་ལ་ཤོར་བ་ཞེས་བྱ་སྟེ་ཞག་གསུམ་ནའོ༔ མིག་གི་ཚིགས་འཁྲུལ་ཞིང་གློག་ཡུད་ཙམ་གྱེན་ལ་བལྟ་ན་ཆུའི་རྦ་ལོག་པ་ཞེས་བྱ་སྟེ་ཞག་བཅོ་ལྔ་ནའོ༔
འགྲམ་པའི་ཤ་ཤོར་གཤོང་བུ་བྱུང་ན་སའི་སྒང་རལ་བ་ཞེས་བྱ་སྟེ་ཞག་བཅུ་དགུའི་འབྱུང་བ་ཟུག་པའི་དུས་ན་འཆིའོ༔ དབུགས་ཡང་ཡང་རྒོད་ན་རླུང་གི་གྲངས་འདེབས་པ་ཞེས་བྱ་སྟེ་ཞག་དྲུག་ནའོ༔ སྣ་གཡས་གཡོན་དུ་ཡོ་ན་སྣའི་མན་ཇི་ཀ་ཆད་པ་ཞེས་བྱ་སྟེ་ཞག་བདུན་ནའོ༔ མིག་གི་མཆི་མ་མི་ཐུབ་པར་འཛག་ན་བར་ཆད་པ་ཞེས་བྱ་སྟེ་ཞག་ལྔ་ནའོ༔ འགྲམ་པ་གཡོན་གཤོང་བུར་སོང་ན་བར་ཤ་ཆད་པ་ཞེས་བྱ་སྟེ་ཞག་གཅིག་ནའོ༔ སྭོ་འཐམས་ནས་འབྱུང་བའི་ལམ་ཆད་པ་ཞེས་བྱ་སྟེ་ཞག་གསུམ་གྱི་ཉི་མ་ཕྱེད་ནའོ༔ ལྕེ་ལ་སྔར་མེད་པའི་ཐིག་ལེ་ནག་པོ་བྱུང་ན་ཞག་གཉིས་ཀྱི་འབྱུང་བ་ཟུག་པའི་དུས་ནའོ༔ རྣ་བ་ལེབ་མོར་འབྱར་ན་རྣ་བའི་གནམ་འཐེན་ཆད་པ་ཞེས་བྱ་སྟེ་ནམ་ཕྱེད་ནའོ༔ བྲང་གི་ལྷན་སྣ་ཞོམ་ན་ཆུའི་རྐ་ཆད་པ་ཞེས་བྱ་སྟེ་ཟླ་བ་ཕྱེད་ཀྱི་བྱེར་བའི་དུས་ནའོ༔ རྩ་གཉིད་ལོག་མེད་ན་མེའི་ས་བོན་སྟོང་པ་ཞེས་བྱ་སྟེ་ཟླ་བ་ཕྱེད་ཀྱི་མེའི་དུས་ནའོ༔ དེ་དག་ནི་གཞན་ལ་བརྟག་པའོ༔ རྣལ་འབྱོར་པ་རང་གི་དོན་དུ་བརྟག་པ་ནི༔ སྔོན་དུ་བླ་མ་ལ་སོགས་ལ་ཚོགས་བསགས་པ་ལ་བྱའོ༔ དེ་ཡང་ནམ་མཁའི་ཁམས་སུ་ཚེའི་གཟུགས་བརྙན་ཡལ་ལམ་མ་ཡལ་བརྟག་པ༔ བར་སྣང་ཁམས་སུ་གནམ་ས་གཉིས་ཀྱི་འབྲེལ་ཐག་ཆད་མ་ཆད་བརྟག་པ༔ རི་རབ་ཀྱི་ལོགས་ལ་སེང་གེ་དཀར་མོའི་མི་བབས་སམ་མ་འབབ་བརྟག་པ༔ རི་ཐང་མཚམས་སུ་ལྗོན་ཤིང་གི་སྐེད་པ་ཆག་གམ་མ་ཆག་བརྟག་པ༔ རྒྱ་མཚོའི་གཏིང་དུ་ཆུའི་སྤྲིས་མ་ཡལ་ལམ་མ་ཡལ་བརྟག་པ༔ སའི་གྲོང་ཁྱེར་དུ་དགེ་སྦྱོང་གི་དུད་པ་ཆད་དམ་མ་ཆད་བརྟག་པ༔ རི་རབ་ཀྱི་རྩེ་ལ་མི་འགྱུར་བའི་ཉི་མ་ནུབ་བམ་མ་ནུབ་བརྟག་པ༔ རི་རབ་ཀྱི་
ཁོང་སེང་ན་མཁའ་འགྲོ་མའི་རང་སྒྲ་ཆད་དམ་མ་ཆད་བརྟག་པ༔ དཔག་བསམ་གྱི་ཤིང་ལ་འཆི་བདག་གི་བདུད་ལངས་སམ་མ་ལངས་བརྟག་པ༔ དང་པོ་ནི་ནམ་དངས་པའི་ཚེ་སྔ་དྲོའམ་ཕྱི་དྲོ་ལ་རང་གི་གྲིབ་མའི་སྙིང་ཁར་རྡོའམ་ཤིང་བཙུགས་ལ་མིག་གཏད་དེ་ལངས་ལ་དབྱུག་པའམ་ཕྲེང་བ་བཟུང་ནས༔ ཡན་ལག་བརྐྱངས་པའི་དྲི་མ་ལ་བལྟས་ནས་ནམ་མཁར་བལྟས་པས་གཟུགས་བརྙན་འཆར་ཏེ་ཡན་ལག་ཚང་ཞིང་གོས་གྱོན་པའི་ཁ་དོག་ཤར་ན་སྐྱོན་མེད་དོ༔ བར་ཆད་ལ་གསུམ་སྟེ༔ ཆད་ལྷག་ལས་འཆི་བའི་དུས་བཟུང་བ༔ ཁ་དོག་ལས་གདོན་ངོས་བཟུང་བ་དབྱིབས་ལ་བསླུ་བས་བཟློག་གམ་མི་ཟློག་ངོས་བཟུང་བའོ༔ དང་པོ་ནི་ལག་གི་ཕྱག་མཚན་མེད་ན་བརྟེན་པའི་ལྷ་དང་བྲལ་བས་ལོ་བདུན་ན་འཆིའོ༔ ལག་པ་གཡས་མེད་ན་ལོ་ལྔ་ནའོ༔ གཡོན་མེད་ན་གསུམ་ནའོ༔ རྐང་པ་གཡས་པའི་པུས་མོ་མན་ཆད་མེད་ན་ལོ་གཉིས་ནའོ༔ ཐམས་ཅད་མེད་ན་ཟླ་བ་བརྒྱན་ནོ༔ རྐང་པ་གཡོན་མེད་ན་ལོ་གཅིག་ནའོ༔ མགོ་ཡི་གཡས་ཕྱེད་མེད་ན་ཟླ་བ་དགུ་ནའོ༔ གཡོན་མེད་ན་ཟླ་བ་བདུན་ནའོ༔ རྐེ་ཡན་ཆད་མེད་ན་ཟླ་བ་ལྔ་ནའོ༔ རྐེ་དང་བཅས་པ་མེད་ན་ཟླ་བ་གསུམ་ནའོ༔ རོ་སྟོད་མེད་ན་ཟླ་བ་གཉིས་ནའོ༔ སྨད་མེད་ན་ཟླ་བ་གཅིག་ནའོ༔ ལུས་ཕྱེད་ཚལ་གྱི་གཡས་མེད་ན་ཞག་ཉི་ཤུ་རྩ་དགུ་ནའོ༔ གཡོན་མེད་ན་ཞག་ཉི་ཤུ་རྩ་གཅིག་ནའོ༔ དབྱིབས་ལ་གྲུ་བཞིར་བྱུང་ན་བསླུ་བས་བཟློག་གོ༔ ཟླུམ་པོ་དང་༔ ནར་མོ་དང་༔ ཟླ་གམ་ཡང་དེ་བཞིན་ནོ༔ རོ་བསྟུམས་པ་ལྟ་བུ་དང་༔ གྲུ་གསུམ་ནི་ཐུགས་རྗེ་ཆེན་པོས་ཀྱང་མི་བཟློག་གོ༔
ཁདོག་ནི༔ དཀར་པོ་ལས་དབུས་ནས་ཡལ་ན་ཀླུ་དང་རྒྱལ་པོས་ཟིན་པའོ༔ ནག་པོ་གཡས་ནས་ཡལ་ན་བདུད་དང་མ་མོའོ༔ དམར་པོ་གཡོན་ནས་ཡལ་ན་ཀླུ་བཙན་དང་རྒྱལ་འགོང་ངོ་༔ སྔོན་པོ་རྐང་པ་ནས་ཇེ་ཐུང་ཡལ་ན་ཀླུ་དང་མཚོ་སྨན་ནོ༔ ནག་བན་བུན་དུ་འདུག་ན་མ་མོ་དང་གཤིན་རྗེས་ཟིན་པའོ༔ སེར་བྲེང་བྲེང་ནི་ས་བདག་གོ༔ ཁྲ་ཁྱག་ཁྱུག་ནི་ཤི་འདྲེའོ༔ གནམ་ས་གཉིས་ཀྱི་འབྲེལ་ཐག་ལ་བརྟག་པ་ནི༔ ཉིན་ཕྱེད་དུས་སུ་ཁ་ལྷོར་བལྟས་ལ་གྲུ་མོ་པུས་མོའི་སྟེང་དུ་བཞག་ནས་ལག་ངར་གྱེན་ལ་བསྒྲེངས་པས་ཁ་ཚུར་སྨིན་ཕྲག་ཏུ་བཅངས་པ་ལ་མིག་ཟུར་མཉམ་པར་བལྟས་པས་ལག་ངར་ཤིན་དུ་ཕྲ་མོར་འོང་ངོ་༔ དེ་ཉིད་ཆད་ན་ཞག་བཅུ་དགུ་ན་འཆིའོ༔ རི་རབ་ཀྱི་སེངགེ་ཞོན་པའི་མི་ལ་བརྟག་པ་ནི༔ ཉི་ཤར་གྱི་ཤར་ཕྱོགས་སུ་ཆུའི་རྫིངས་ལྟེང་ཀ་ཡོད་པའི་ནུས་ངོས་ཀྱི་གྱང་ངམ་རྩིག་ངོས་ལ་རང་གི་གྲིབ་མ་ཉིས་བརྩེགས་སུ་འོང་བའི་སྟེང་མ་མེད་ན་ཆུའི་མི་སྟོར་བ་ཞེས་བྱ་བ་སྟེ་ཞག་བཅུ་དྲུག་གི་ཉིན་ཕྱེད་ན་འཆིའོ༔ རི་ཐང་མཚམས་སུ་ལྗོན་ཤིང་གི་རྐེད་པ་ལ་བརྟག་པ་ནི༔ རྩ་རྣམས་ལ་བརྟག་པ་སྟེ་འདིར་མ་བྲིས་སོ༔ རྒྱ་མཚོའི་གཏིང་དུ་ཆུའི་སྤྲིས་ལ་བརྟག་པ་ནི༔ མཚན་མོ་ཆང་མང་པོ་མ་འཐུངས༔ འཁྲིག་པ་མ་སྤྱད༔ གཏམ་མང་པོ་མ་སྨྲས་པའི་ནང་པར་ཉི་མ་ཙེ་ཤར་ལ་ཤར་དུ་བལྟས་ཏེ༔ འཁར་ཕོར་ལ་སོགས་པ་སྣོད་དཀར་ནག་རན་པར་རང་གི་ཆུ་ལ་བརྟག་པ་སྟེ་རླངས་པ་ལ་སྔོན་དམར་དུ་བྱུང་ན་ཟླ་བ་ཕྱེད་ན་འཆིའོ༔ ནག་པོ་ཧྲལ་ཧྲོལ་དུ་སོང་ན་ཞག་བཅུ་གཅིག་ནའོ༔ དམར་པོ་ཐིག་ལེ་ཅན་ནི་ཞག་དགུ་ནའོ༔ དེ་མ་ཡིན་པ་ནི་ཚེའི་དུས་
མི་བྱེད་དོ༔ ཁ་དོག་ལས་གདོན་བརྟག་པ་ནི་སྔར་དང་འདྲའོ༔ སའི་གྲོང་ཁྱེར་དུ་དུ་བ་ལ་བརྟག་པ་ནི༔ ཉི་མ་རྩེ་ཤར་ན་དྲི་ཆེན་གྱི་རླངས་པ་མེད་ན་ཞག་དགུ་ནའོ༔ རི་རབ་ཀྱི་རྩེ་ནས་ཉི་མ་བརྟག་པ་ནི༔ མིག་གི་འོད་མེད་ན་ཞག་གསུམ་ནའོ༔ རི་རབ་ཀྱི་ཁོང་གསེང་གི་སྒྲ་ལ་བརྟག་པ་ནི༔ སེང་གེའི་ཉལ་ཐབས་ལས་རྣ་བ་ས་ལ་སྦྱར་བས་སྒྲ་འབྱུང་བ་སེམས་ཅན་འགུལ་བ་སྐད་ཤག་ཤག་གྲགས་ན་སྐྱོན་མེད༔ རླུང་གི་སྒྲ་བྱུང་ན་ཞག་བདུན་ནམ་བཅུ་གཅིག་ནའོ༔ སྐད་མེད་ན་ཞག་བཅུ་གཅིག་ནའོ༔ དཔག་བསམ་གྱི་ཤིང་ལ་བརྟག་པ་ནི༔ ལྟག་པའི་བདུད་སྒོ་ན་སྐྲ་ཚོམ་གཅིག་གྱེན་དུ་ལངས་ན་ཞག་བདུན་ནའོ༔ འདི་དག་ཕལ་གྱི་དབང་དུ་བྱས་པ་སྟེ་རྒས་པ་ལུས་ཟུངས་ཟད་པ་རྣམས་ལ་ངེས་པ་མེད་དོ༔ རྣལ་འབྱོར་པས་མོ་དང་དཔྱད་ལ་སོགས་པའི་རྟེན་འབྲེལ་ཐུན་མོང་བ་རྣམས་ཀྱི་སྤྲོས་པ་དང་བྲལ་བར་བྱ་བའི་ཕྱིར༔ འཆི་བ་བརྟག་པའི་གལ་མདོ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ༔ སངས་རྒྱས་ཀུན་གྱི་དགོངས་པ་ངེས་པའི་བཀའ༔ སྒྲ་ཚིག་རྟགས་སུ་བཀོད་པ་མ་ཡིན་པར༔ དོན་དམ་སྙིང་པོ་ངེས་པའི་བཀའ་གསང་འདི༔ འབྲས་བུ་ཡང་དག་ངེས་པའི་སྙིང་པོའོ༔ བདག་གི་བག་ཆག་ཉིད་ཀྱི་ལུས་རྣམས་ནི༔ རི་རབ་ཉིད་ཀྱི་རྡུལ་གྱི་གྲངས་སྙེད་གཅིག་ནས་གཅིག་ཏུ་བླངས༔ ལུས་ཀྱི་ཐ་མ་དངས་སྙིགས་འབྱེད་པ་ནི༔ རྒྱ་གར་ནུབ་ཕྱོགས་རིམ་གཉིས་གྲོང་ཁྱེར་དུ༔ བྲམ་ཟེའི་རིགས་མཆོག་ལེགས་ལྡན་སྟོན་པ་དང་༔ སྣང་བའི་སྒྲོན་མ་གཉིས་ཀྱི་བུར་
སྐྱེས་ཏེ༔ ཤེས་རབ་དད་ལྡན་ཡི་གེའི་རིགས་རྣམས་དང་༔ སྒྲ་ཚིག་ཀུན་མཁས་འཇམ་དཔལ་རྣོན་པོས་བཟུང་༔ མཁས་པའི་བློ་ལྡན་སྙིང་ཐིག་དོན་རྙེད་ན༔ གསང་ལུང་ཉིད་དུ་བརྟུལ་བཞུགས་སྤྱོད་པ་མཛད༔ འཇམ་དཔལ་ལུང་བསྟན་སྤྲུལ་པ་ཉིད་དང་མཇལ༔ ཡུན་གྱི་སྒྲིབ་པ་མ་སྦྱངས་གནས་སུ་དག༔ སངས་རྒྱས་སྤྲུལ་པས་དམ་པའི་དོན་དག་གི༔ བཀའ་གསང་སྙིང་པོ་ཐུགས་ཀྱི་དཀྱིལ་ནས་ཕྱུང་༔ བདུད་རྩིའི་ཆུ་རྒྱུན་བདག་གི་སྙིང་ལ་བབས༔ མ་རིག་རང་དག་ཡེ་ཤེས་འོད་ཀྱིས་སྦྱངས༔ དཔེར་ན་ཉི་ཤར་མུན་པ་སངས་པ་བཞིན༔ འབུམ་ཚོའི་གྲངས་ལས་རྒྱས་བསྡུས་ཕྱེ་ནས་བསྟན༔ བདག་ནི་སྔོན་ནས་སྦྱངས་པའི་ལས་སད་དེ༔ ཇི་ལྟར་གནས་བཞིན་གོ་བའི་སེམས་བྱུང་ནས༔ བསྟན་པ་དམ་པའི་བདག་པོར་བདག་ཉིད་གྱུར༔ བདག་དང་མཇལ་ནས་བདུན་ཅུ་རྩ་ལྔ་ན༔ སྤྲུལ་པ་པོ་ནི་མི་སྣང་དབྱིངས་སུ་གཤེགས༔ ཚིག་གསུམ་གཏམ་གྱིས་འཁོར་བའི་ཞེན་ཐག་བཅད༔ དེ་ནས་བདག་གི་བློ་ལ་དགོངས་ཤར་བ༔ བསྟན་པ་དམ་པ་འདི་རྙེད་རབ་དྲིན་ཆེ༔ སྟོང་གསུམ་གང་བའི་རིན་ཆེན་རྙེད་གྱུར་ཀྱང་༔ ཚེ་གཅིག་ཙམ་སྟེ་ཆུ་བོའི་རྒྱུན་འབབ་འདྲ༔ སྔ་མའི་སྤྱོད་ཡུལ་མིན་པར་ཕྱི་མའི་རྒྱུན་དང་ཕྲད༔ བསྟན་པ་ཉིད་ནི་ཡུན་གྱི་མཛད་དང་ནོར༔ དམ་པ་ཉིད་ཀྱི་དྲིན་ནི་གང་གིས་འཁོར་ཐབས་མེད༔ བདག་གི་ལུས་དང་ངག་དང་ཡན་ལག་ཐམས་ཅད་ནི༔ ལན་སྟོང་བར་དུ་ཉིད་ལ་མཆོད་ཕུལ་ཡང་༔ དམ་པའི་བཀའ་དྲིན་རྡུལ་ཆ་ཙམ་མི་འཁོར༔ དེས་ན་དམ་པ་དྲིན་མེད་མགོན་ལ་ལུས་སོགས་མཆོད༔ དེ་ལྟར་དམ་པའི་འོག་དུ་བདག་ལ་བསམ་ཤར་
བ༔ སྐལ་ལྡན་སྙིང་གི་རིགས་མཆོག་གཅིག་མེད་པས༔ སུ་ལའང་མ་བསྟན་འཕངས་པའི་ཡིད་བཞིན་ནོར་མཆོག་འདི༔ སངས་རྒྱས་ཀུན་གྱི་བསྟན་པའི་བཙས་སུ་ནི༔ རྒྱ་ཡིས་བཏབ་སྟེ་སྦ་བར་བློར་ཤར་ནས༔ རྡོ་རྗེ་གདན་གྱི་འོག་ཏུ་སྦས་ནས་བཞག༔ ཕྱི་རབས་སྐལ་པ་ཅན་ལ་སྨོན་ལམ་བཏབ༔ དེ་ལྟར་སྦས་ནས་བདག་ནི་གང་དགར་སྤྱོད༔ འབྱུང་བའི་དངས་ཡལ་ཚེ་ཡི་ཐ་མ་ལ༔ རྒྱ་ནག་རིགས་མཆོག་སིང་ཧ་ཉིད་དང་ནི༔ དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་ཕྲད༔ སྔོན་གྱི་སྐལ་ལྡན་སྙིང་གི་བུ་གཅིག་པོ༔ བསྟན་པའི་ཡང་སྙིང་བུ་ཡི་བུ་ལ་གཏད༔ འདི་ཉིད་སྙིང་ལ་བརྣོགས་སྟེ་རྒྱས་ཐོབ་ལ༔ སྙིང་པོ་བྱང་ཆུབ་བར་དུ་ཁར་མི་དབྱུང་༔ གལ་ཏེ་བསྟན་ཞིང་སྦྱིན་པའི་དུས་བྱུང་ན༔ སྙིང་དང་འདྲ་བ་གཅིག་ལས་མངས་པ་ན༔ མ་ཧཱ་ཀཱ་ལ་ལེགས་ལྡན་ནག་པོ་ཡིས༔ ཚེ་ལ་བར་ཆད་གྱིས་ལ་སྙིང་ཁྲག་ཐང་ལ་སྐྱུགས༔ དེ་ཡི་ཕྱིར་ན་འདི་ཉིད་སྙིང་ལ་ཟུང་༔ ང་ནི་འདི་ནས་འབྱུང་བ་རང་དེངས་འོག༔ སུམ་བརྒྱ་ཉེ་ཤུ་ལྔ་འདས་ལོ་ཡི་འོག༔ རྒྱ་གར་ནུབ་ཕྱོགས་གསེར་གྱི་མེ་ཏོག་གླིང་༔ བརྫུས་ནས་སྐྱེ་ཞིང་སྤྲུལ་པ་དེ་ཉིད་ཀྱིས༔ པད་མ་འབྱུང་གནས་ཨུ་རྒྱན་རྒྱལ་པོའི་རིགས༔ དད་བརྩོན་ལྡན་པ་དེ་དང་ཕྲད་ནས་ནི༔ གསང་སྔགས་སྒྲུབ་སྡེ་དོན་རྣམས་ངེས་ཤེས་འགྱུར༔ དེ་ནས་ཡང་དག་སྙིང་པོའི་བསྟན་པའི་འདི༔ རྣལ་འབྱོར་སྒྲུབ་ལ་བརྩོན་པའི་ཨཪྱ་དེ་ཝ་ལ༔ དེ་ཉིད་སྣང་བར་གྱུར་ནས་དེ་ཡང་རང་དེངས་སུ༔ དུར་ཁྲོད་འཇགས་མའི་གླིང་དུ་དེ་ཉིད་གྲོལ༔ དེ་ལྟར་བདག་གིས་འདི་ཉིད་ཉམས་བླངས་པས༔ སྣང་བ་ཐམས་
ཅད་ཟད་དེེ་དེ་ཉིད་བསྒྱུར༔ མིག་གི་སྤྱོད་ཡུལ་འགྱུར་ཏེ་འབྱུང་བ་རང་ཟད་འདིའོ༔ སྒྲ་དང་དྲི་རོ་ཉིད་དང་སྒོ་ངའི་ཁ་དོག་དེངས༔ མངོན་ཤེས་ལྡན་ཞིང་འབྱུང་བའི་དགྲ་རྣམས་ཟད༔ ལུས་ལ་སངས་རྒྱས་རྣམས་ཀྱི་སྐུ་ཡི་ཡོན་ཏན་ཤར༔ སྣང་བ་རྣམས་ནི་ཟད་པའི་སར་སྐྱེལ་བས༔ དྲན་ཚོར་ཐམས་ཅད་མི་རྟོག་ཡེ་ཤེས་སོ༔ རྟོགས་པས་སངས་རྒྱས་དང་ནི་ཤེས་རབ་མཉམ༔ དེ་ཉིད་དཔེ་ཡི་ལུང་ལ་ཇི་ལྟར་སྣང་བ་བཞིན༔ བདག་གི་བློ་ལ་དེ་ཡི་སྤྱོད་ཡུལ་དུ༔ སྣང་བ་རྣམས་ནི་ཟབ་ཅིང་རྒྱ་ཆེའོ༔ དེ་ཡི་དོན་རྣམས་དྲིལ་བ་སིང་ཧ་ལ༔ གཏད་ཀྱིས་འབྱུང་བའི་དགྲ་དང་བྲལ་བར་གྱིས༔ སྙིང་ལ་ཕུར་ལ་ཡིད་ལ་རྣམ་པར་དཔྱོད༔ ཅེས་སློན་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་གསུངས་སོ༔ གཏད་པའི་རྒྱ་དང་བཅས་པ་རྫོགས་སོ༔ ༔ཁ།བབླ།མཱརྦ།ཧ།རྒ།༔ རྒྱ་གར་སྐད་དུ༔ ཏྲོ་ཏ་ལ་མུ་གྷ་བྷེ་ལ༔ བོད་སྐད་དུ༔ འཆི་བ་བསླུ་བ༔ བཅོམ་ལྡན་འདས་གཞོན་ནུ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ༔ འགྲོ་བ་སྡུག་བསྔལ་རྣམས་ལས་གྲོལ་བར་བྱ་བའི་ཕྱིར༔ འཆི་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་དྲག་པོ་རྣམས༔ ཐུགས་རྗེ་ཆེན་པོས་དེ་དག་མ་ལུས་གཟུང་བྱའི་ཕྱིར༔ འཆི་བ་ལས་བཟློག་དུས་ལས་བཤོལ་འདེབས་རྣམ་པར་བཤད་པར་བྱ༔ དེ་ལ་རིགས་ཀྱི་བུ་ཁ་ཅིག་ལ་གོང་གི་འཆི་བའི་རྟགས་འབྱུང་བ་དེ་དག་ལས་ལོར་ནུར་བ་དང་༔ ཟླ་བར་ནུར་བས་བཟློག་པའི་མན་ངག་ལ༔ སྤྱིར་དྲིལ་ནས་བཟློག་པ་དང་༔ བྱེ་བྲག་ཏུ་བཟློག་པའོ༔ དང་པོ་ནི་བར་ཆད་ཀྱི་གདོན་འབྱུང་པོ་རྣམས་ཀྱིས་ཚེ་འདུ་བྱེད་པ་ཡིན་ཏེ༔ ལུས་འབྱུང་བ་ལྔའི་རྟེན་ཡན་ལག་ལྔ༔
དབང་པོ་ལྔ༔ དོན་སྙིང་ལྔ༔ སྣོད་ལྔ༔ རྩ་ཆེན་པོ་ལྔའི་རང་བཞིན་དུ་གནས་པར་ལོ་ཟླ་ཉིན་མཚན་གྱི་འཕོ་བས་རྐྱེན་གྱིས་བསླངས་ཏེ་འཆི་བ་དང་༔ འབྱུང་བ་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཀྱི་དུས་སུ་ུའབྱུང་བ་རེས་ཟླ་བ་གཉིས་དབང་ངོ་གཉིས་ཀྱི་སྤྱི་ཁྱབ་ཏུ་གནསཟླ་བ་གཅིག་ལ་རེ་རེས་ཞག་ལྔ་ལྔ་དབང་ལྔ་སྤྱི་ཁྱབ་ཏུ་གནས་ནང་འཁྲུགས་པས་འཆི་བ་དང་༔ བར་ཆད་གདོན་གྱི་འཆི་བ་འོ༔ དེའི་རྟགས་སུ་འཆི་ལྟས་འབྱུང་བ་རྣམས་རྟོག་པའོ༔ དེ་ཡང་བྱུང་མ་ཐག་ཆོ་ག་དང་རིམ་གྲོ་དང་ལྟ་སྤྱོད་ལ་སོགས་པས་བཟློག་གོ༔ འབྱུང་བ་དང་གདོན་གྱིས་གནད་ལ་སླེབ་ནས་མི་བཟློག་གོ༔ དཔེར་ན་མཁར་གྱི་འོག་ཁང་དུ་མེ་སོད་སླ་ཞིང་ཡང་ཐོག་རུ་ཤོར་ན་མི་སོད་པ་དང་འདྲའོ༔ འཆི་ལྟས་བྱུང་ནས་སྔོན་དུ་བླ་མ་དཀོན་མཆོག་མཆོད་དེ་ཚོགས་བསགས་པའི་ལས་ཅི་འགྲུབ་བྱའོ༔ དེ་ནས་འབྱུང་བ་འཁྲུགས་པ་ལ་འཁོར་ལོ་དང་འབྱུང་བའི་ཡི་གེས་བཟློག་པ་ནི༔ རྒྱ་ཤོག་གམ་ཏ་ལའི་ལོ་མ་ལ་ཡི་གེ་བྲིའོ༔ དེའང་རླུང་གི་འཁོར་ལོ་རྩིབས་བཞི་པ་དང་ལྔའི་ལྟེ་བ་དང་རྩིབས་ལ་ཡཾ༔ མུ་ཁྱུད་ལ་ཨཱ་ལིའོ༔ དེ་བཞིན་དུ་མེ་ལ་རཾ༔ ས་ལ་ལཾ༔ ཆུ་ལ་ཁཾ༔ མཁའ་ལ་ཨེ༔ མུ་ཁྱུད་ལ་ཨཱ་ལི༔ ཁ་དོག་འབྱུང་བ་དང་མཐུན་པར་བྱས་ལ་འབྱུང་བ་སོ་སོའི་ལྷར་བསྐྱེད་དེ༔ དེ་ལ་མཆོད་པ་ལྔ་འབུལ་ཞིང་སྡིག་པ་བཤགས་ལ་རང་གི་འདོད་པའི་དོན་ལ་གསོལ་བ་གདབ་ཅིང་སོ་སོའི་ཡི་གེ་ལོ་གྲངས་བརྗོད་ནས་ལྷ་ལ་བསྟིམ༔ ཁམ་ཕོར་ཁ་སྦྱར་དུ་བཅུག་པ་ཚོན་སྐུད་ལྔས་རྒྱ་གྲམ་དུ་བཅིང་པ་དང་༔ ཤིང་སྣ་དང་༔ ཆུ་སྣ་དང་༔ མེ་སྣ་དང་༔ ས་སྣ་དང་༔ སེམས་ཅན་རིགས་མི་མཐུན་པའི་ཁའི་རླངས་པ་བསྒྲེས་པའི་ངར་ཟན་དང་བཅས་
པ་ལ་མི་གཟུགས་ཁྲུ་གང་པ་བྱས་ཏེ་དབང་པོ་ལྔ་ལ་ཡི་གེ་ལྔ་བྲིས་ལ་གཞུག་གོ༔ གདོན་བསླུ་བའི་རྫས་ནི་ཁམ་ས་འམ་ངར་ཟན་ལ་བྱས་པའི་ངར་གླུད་ལོ་གྲངས་ཙམ་ལ་ཚོན་རྩིས་འབྱུང་བ་ལྔའི་མདོག་ཏུ་བསྒྱུར་བ་སྔོ་ནག་བདུད་དང་༔ དམར་པོ་བཙན་དང་༔ དཀར་པོ་རྒྱལ་པོ་དང་༔ སེར་པོ་གཉན་དང་༔ ལྗང་གུ་ཀླུ་དང་༔ ཁྲ་བོ་ཤི་འདྲེ་དག་བྱས་ལ་རང་གི་དྲི་མ་དང་གོས་དུམ་དང་མཆིལ་མ་དང་སྐྲ་སེན་དང་དྲི་ཆུ་བསྲེ་ཞིང་༔ བལ་ཚོན་དང་༔ དར་སྣ་དང་༔ ལྟས་ངན་གྱི་བྱ་འུག་པ་སྲིན་བྱ་སོགས་སྒྲོ་སྣ་ཚོགས་གླུད་ལ་བཙུག་པའི་མདུན་དུ་གཏོར་མ་ཁ་དོག་དང་མཐུན་པ་རེ་རེ༔ ངར་ཟན་གྱི་ཆང་བུ་ལོ་གྲངས་རེ་བཞག་ནས༔ དེ་ཐམས་ཅད་སྔགས་དྲུག་གིས་བྱིན་གྱིས་བརླབས་ལ༔ ཚིག་ཏུ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་དང་༔ དྲན་དང་གཟུང་དང་བསམ་དང་རིག༔ གློད་དང་ཞི་དང་གྲོལ་བར་མཛོད༔ ཅེས་བརྗོད་ནས་གླུད་འཁོར་ལོ་དང་བཅས་པ་ཆུ་ཆེན་པོའི་གཞུང་ལ་བསྐྱལ་ན་ལོ་གསུམ་གྱི་བར་དུ་འཆི་བ་ལས་བཟློག་པར་འགྱུར་རོ༔ འཆི་ལྟས་མ་བྱུང་གི་གོང་དུ་ལོ་གསུམ་གསུམ་ན་རེ་རེ་བྱས་ན་མཆོག་ཏུ་ལེགས་སོ༔ ༔།ཐམཋཟ།ཐཾ།༔ བདེ་བ་ཆེན་པོ་སྐྱོབ་པའི་ལྷ༔ ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ༔ བྱེ་བྲག་བཟློག་པའི་ཐབས་ལ༔ རང་གི་བླ་མ་ཡོད་ན་རབ༔ མེད་ནའང་གྲོགས་ཡིད་དང་མཐུན་པ་ཞིག་གི་འབྱུང་བ་ལྔའི་ས་བོན་གྱི་དབང་པོ་ལྔ་ལ་དབང་བསྐུར་བར་བྱས་ལ༔ དེ་ནས་སེན་མོའི་བཀྲག་མེད་ན་དགེ་སློང་བདུན་ལ་ཆོས་སྟོན་བྱ་ཞིང་ཡོན་དབུལ༔ སྡོམ་ལྡན་ཡིན་ན་བསྐྱར༔ མེད་ནའང་བླང་༔ གོས་སེར་པོ་གྱོན་པས་བཟློག་གོ༔ མིག་གི་
སྤྲིིས་ཡལ་ན་ཚ་ཚ་དཀར་པོ་ལོ་གྲངས་བཏབ་ལ་བསྐོར་བ་བདུན་བྱས་ནས་ཆུ་ཆེན་པོར་དོར་ཞིང་གོམ་པ་ལོ་གྲངས་མ་སོང་བར་ཕྱི་མིག་མི་བལྟ་བར་འོང་ངོ་༔ ལྟག་པའི་སྐྲ་གྱེན་ལ་ལོག་པས་འབྲུ་ནག་པོ་ལ་ཟན་བྱས་ཏེ་ངར་གླུད་ཁྲུ་གང་བཅོས་པའི་སྙིང་ཁར་ལུང་ཏང་གི་རྡོག་པོ་ལོ་གྲངས་དང་༔ རང་གི་མིང་བྲིས་པ་བཅུག་ནས་ནག་པོར་བྱས་པའི་སྐྲ་དང་གོས་རང་གི་གོས་རས་ཀྱི་བྱས་ལ་རང་གི་གནས་ཁང་ནས་གོམ་པ་བརྒྱ་ཉི་ཤུ་རྩ་གཅིག་གི་སར་དོང་ནག་པོ་གྲུ་གསུམ་བྲུས་ཏེ་རཾ་ལོ་གྲངས་བརྗོད་ནས་གླུད་དེ་བསྐྱུར་ལ༔ བདུད་ནག་པོ་ཁྱོད་འདི་ཁྱེར་ཅིག༔ ཁལ་ཆེའོ༔ ཁལ་ཆེའོ༔ ཞེས་ལན་གསུམ་བརྗོད་ནས་དྲི་ཆེན་བཏང་ལ་སས་བྱིབས་ནས༔ ཕྱི་མིག་མི་ལྟ་བར་འབྲོས་སོ༔ རྐང་པའི་ལོང་མོའི་རྟགས་ལ་ཉི་མ་གྲིབ་ཆུང་ཕེབས་ཙམ་ན་ནུབ་ཏུ་བལྟས་ཏེ་གཅེར་བུར་འདུག་པའི་འཕོངས་སུ་ཁྱི་མཇུག་བཙུགས༔ མདུན་དུ་དྲིན་ཆེན་བཏང་ལ་ཁམ་རེ་ཟ་ཞིང་ཁྱི་སྐད་རེ་འདོན་པ་ལན་གསུམ་བྱའོ༔ སྭོའི་རྩ་བར་དྲེག་པ་བྱུང་ན་ར་ལྤགས་གྱོན་ནས་ཤར་དུ་བལྟས་ཏེ་རའི་སྐད་ལན་གསུམ་གདོན་ནོ༔ སྣ་ཞོམ་པས་སྣའི་རྩེ་མོར་ཨ་བསམ་ལ་ཨ་ཉི་ཤུ་རྩ་གཅིག་བརྗོད་ཅིང་ཆུ་སྣ་དགུའི་ཁྲུས་བྱའོ༔ ཡན་ལག་བརྐྱངས་པས་ཡན་ལག་ལ་འབྱུང་བ་ལྔའི་འཁོར་ལོ་སྔར་བཞིན་རྒྱ་སྐེགས་ཀྱིས་བྲིས་ནས་གཟུངས་ཆུས་སྔར་བཞིན་བཀྲུའོ༔ མིག་འབྲུ་ཚུགས་སུ་བལྟ་ན་དགེ་སློང་ལ་ཆོས་སྟོན་བྱ༔ བྱིས་པ་ལོ་གྲངས་བསགས་ལ་སྟོན་མོ་བྱ༔ གོས་དམར་པོ་གྱོན་ནོ༔ འགྲམ་པ་གཤོང་བུར་སོང་ན་སཱཙྪ་སེར་པོ་ལ་གྲངས་གདབ༔ ཆུ་གཏོར་དང་སྦྱིན་སྲེག་དང་དར་ལྗང་ཁུའི་བ་དན་ལོ་གྲངས་བྱ་ཞིང་ཨེ་ལོ་གྲངས་ལ་བཟླས་སོ༔
དབུགས་རྒོད་ན་བུ་རམ་གྱི་ལྡེ་གུ་ལ་རླུང་གི་སྙིང་པོ་བཟླས་ནས་ཟའོ༔ སྣ་ཡོ་ན་སྣ་རྩེར་ཧཱུྃ་དཀར་པོ་བསམ་མོ༔ མཆི་མ་འཛག་ན་མིག་ཏུ་བྷྲཱུཾ་བསམས་ལ་བཟླས་སོ༔ འགྲམ་པ་གཤོང་གི་སོང་ན་ཀྵྃ་བཟླས་སོ༔ སོ་འཐམས་ན་ཤྒྲ་ཤྷྭཾ་བཟླས་སོ༔ ལྕེ་ལ་ཐིག་ལེ་ནག་པོ་བྱུང་ན་ཧཱུྃ་བསམ་མོ༔ རྣ་བ་འབྱར་ན་ཡུཾ་བསམ་མོ༔ བྲང་གི་ལྷེན་སྣ་ཞོམ་ན་ཡྨྨྃ་བསམ་མོ༔ རྩ་གཉིད་ལོག་མེད་ན་ཧྨྲུ་བསམ་མོ༔ ཡི་གེ་དེ་དག་ངག་ཏུའང་བཟླས་ཤིང་མཚལ་དང་དྲི་བཟང་པོས་བྲི་བར་ཡང་བྱའོ༔ ཚེ་གཟུགས་ཀྱི་ཕྱག་མཚན་མེད་ན་རང་གི་བླ་མ་ལ་ཚོགས་བརྒྱ་རྩ་བྱའོ༔ ལག་པ་གཡས་མེད་ན་འབྲུ་སྣ་བདུན་གྱི་ཕྱེ་ལ་གླུད་ཁྲུ་གང་པ་སེང་གེའི་མགོ་ཅན་ཁ་གདངས་པ་བྱས་ཏེ༔ བྱང་བུ་ལོ་གྲངས་བཙུགས་ནས་བྱང་ཕྱོགས་ཀྱི་ལམ་སྲོང་དུ་བསྐྱལ་ལོ༔ གཡོན་མེད་ན་སྲེ་མོའི་སླུད་བུར་སྟག་ནག་ཕག་ནག་ཁྱི་ནག་གསུམ་གྱི་མཆེ་བ་དང་༔ དྲི་ཆུས་སྦྲུས་པའི་ངར་གླུད་བླུགས་ལ་ཆུ་ལ་དོར་རོ༔ རྐང་པ་གཡས་པའི་པུས་མོ་མན་ཆད་མེད་ན་ཉི་མ་ནུབ་ཏུ་ས་སྲོས་དུས་སེང་ལྡེང་ངམ་རྒྱ་ཤུག་གི་མེ་ལོ་གྲངས་བཏང་ངོ་༔ གཡོན་མེད་ན་དཀར་པོའི་གླུད་ཁྲུ་གང་གི་སྙིང་ཁར་སྟག་པའི་བྱང་བུ་ལོ་གྲངས་ཀྱི་ཉ་ག་བྲིས་ལ་བཙུག་ནས་ལྷ་ཁང་འདྲེ་ཅན་དུ་ཐོ་རེངས་བསྐྱལ་ལོ༔ མགོའི་གཡས་མེད་ན་ཕུང་ཤུལ་གྱི་ས་སྣ་དགུ་དང་ཤིང་ནག་པོའི་འབྲས་བུ་སྦྱར་ཏེ་གའུ་ནག་པོ་ཁ་སྦྱར་བྱས་པའི་ནང་དུ་རང་གི་སྐྲ་དང་གོས་དུམ་བཅུག་པའི་གའུའི་རྒྱབ་ཏུ་ལོ་ཡི་རྒྱལ་པོ་རྟགས་འདི་ཁྱེར་སོགས་ལོ་བཅུ་གཉིས་ཀྱི་མིང་གླང་མའི་བྱང་བུ་ལ་བྲིས་པ་བཙུག་སྟེ་ཚེར་མ་སྣ་ཚོགས་ཀྱང་བཙུགས་ནས་ནམ་ཕྱེད་དུས་དུར་ཁྲོད་ཏུ་བསྐྱལ་ལོ༔ གཡོན་མེད་ན་འབྲུ་སྣ་ཉི་ཤུ་རྩ་ལྔའི་ངར་གླུད་ཀྱི་སྙིང་ཁར་མི་རྟ་ཁྱི་གསུམ་གྱི་རུས་པ་གོས་དུམ་གྱིས་གྲིལ་
བ་བཅུག་ལ་ཚེས་བཅུ་གཅིག་གི་ནམ་སྲོས་དུས་གོམ་པ་བརྒྱད་ཅུའི་ཕྱིར་དོང་བྲུས་པར་བཅུག་ནས་རང་གི་མིང་ནས་བོས་ཏེ་ངུ་བའི་ཚུལ་ལན་གསུམ་བྱས་ལ་སྦའོ༔ སྐེ་མན་ཆད་མེད་ན་ཤར་ལྷོ་ཚེར་མའི་ཧོམ་ལོ་གྲངས་བྱས་ཏེ་རིམ་གྱིས་བསྲེག་ཅིང་རཾ་ལོ་གྲངས་བརྗོད་དོ༔ སྐེ་དང་བཅས་པ་མེད་ན་ལུས་རོ་སོལ་གྱིས་བྱུགས་ཏེ་སྐྲ་སྤྱི་བོར་བཅིངས་ལ་ཤོག་བུ་སོར་བཞི་ལ་རང་གི་ལོའི་མིང་དང་༔ གནམ་ལོའི་མིང་བྲིས་པའི་ཕྱོགས་བཞིར་རཾ་ཡཾ་ལཾ་ཁཾ་བྲིས་པར་རང་གི་སྣ་ལ་བཏགས་ཏེ་གུ་གུལ་གྱིས་བདུག་ཅིང་༔ ཚེས་དགུའི་ནམ་ཕྱེད་དུས་ཕྱོགས་བཞིར་རྒྱུག་ཅིང་ཁ་ལ་ཁྱོད་ཁྱེར་ཅེས་འབྲེལ་མེད་པ་མང་པོ་བརྗོད་ནས་ཤོག་བུ་དེ་དུར་ཁྲོད་དུ་སྦའོ༔ སྟོད་ཁོག་མེད་ན་མེ་བཏང་ནས་ལོ་བཅུ་གཉིས་ཀྱི་མིང་བྱང་བསྲེག་གོ༔ སྨད་མེད་ན་དུར་ཁྲོད་དུ་ཕྱིན་ནས་རུས་པ་སྣ་ཚོགས་ཀྱི་དུད་པ་བཏང་ངོ་༔ ལུས་སྤྱིའི་གཡས་མེད་ན་གཙུག་ཏོར་འདོན་པ་ཚྭ་ཚྭ་ལོ་གྲངས་བྱའོ༔ གཡོན་མེད་ན་གོས་དམར་པོ་གྱོན་ཞིང་གཟུངས་གྲངས་མང་འདོན་ནོ༔ གནམ་སའི་འབྲེལ་ཐག་ཆད་ན་དགེ་བ་གྲུབ་ཚད་དང་གསུང་རབ་མང་པོ་ཀློག་གོ༔ སེང་གེའི་མི་བབས་ན་དཀྱིལ་འཁོར་གྱི་ཆོ་ག་ལོ་གྲངས་ཞུའོ༔ རི་ཐང་མཚམས་སུ་ལྗོན་ཤིང་ཆག་ན་དོན་སྣོད་སོ་སོའི་སྨན་སྦྱོར་བྱའོ༔ ཆུའི་རླངས་པ་སྔོ་དམར་བྱུང་ན་ལོ་བཅུ་གཉིས་ཀྱི་གཟུགས་ཁམ་ས་ལ་བྱས་ཏེ་ཁ་དོག་ལྔར་བསྒྱུར་ལ༔ སཙྪ་རེ་ངར་གླུད་རེ༔ སྟག་པའི་ཧོམ་རེ་བྱས་ཏེ་ཉི་མ་དམར་ཐག་ཆོད་དུས་བྱང་ཤར་གྱི་དུར་ཁྲོད་དུ་བསྐྱལ་ལོ༔ ནག་པོ་ཧྲལ་ཧྲོལ་ལ་འབྲུ་སྣ་ལྕགས་ཟངས་ཀྱི་ཕྱེ་དང་བཅས་པ་ཕྱོགས་བཞིར་གཏོར་རོ༔ དམར་པོ་ཐིག་ལེ་ཅན་ལ་རང་གི་དྲི་མ་བསྐྲེས་
པའི་ངར་གླུད་ལོ་གྲངས་ལ་གཟི་མོ་བྱི་ཐུར་རེ་དང་དར་དམར་པོའི་བ་དན་རེ་བཙུག་སྟེ་རུས་པ་སྣ་ཚོགས་དང་ལྷན་ཅིག་ཤར་གྱི་ལམ་པོ་ཆེར་བསྐྱལ་ལོ༔ དྲི་ཆེན་གྱི་རླངས་མེད་ན་རྟ་ཐོད་ལ་འབྱུང་བའི་ས་བོན་བྲིས་ཏེ་ཉི་མ་མདུང་གང་དུས་ནུབ་ཏུ་བལྟས་ཏེ་རྟ་སྐད་གྲངས་མེད་འདོན་ནོ༔ རྣ་བའི་རླུང་སྒྲ་ལ་ཟས་སྣ་ཚོགས་ཚད་ཀྱི་གཏོར་མ་ལོ་བཅུ་གཉིས་ཀྱི་མིང་དང་བཅས་པ་ནུབ་ཕྱོགས་ཀྱི་སྡོང་པོའི་དྲུང་དུ་བསྐྱལ་ལོ༔ སྐད་མེད་ན་སྙིང་ནང་དུ་ཡཾ་བསམ་ལ་མིག་གྱེན་དུ་བསྒྲད་དེ་འདུག་པའི་སྤྱི་བོར་གཅིག་གིས་གཟུངས་ཆུས་བཀྲུའོ༔ ཤིང་ལོ་ལངས་ན་ཚོགས་དང་དགེ་སྦྱོར་ལ་འབད་དོ༔ ཆོ་ག་དེ་དག་བྱས་ལ་བརྟགས་པས་ལན་བདུན་ནས་ལོ་གྲངས་ཙམ་གྱིས་འཆི་བ་བཟློག་ངེས་སོ༔ འཆི་བ་བསླུ་བའི་མན་ངག༔ སློབ་དཔོན་ཆེན་པོ་ཤྲཱི་སིང་ཧས་མཛད་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ སངས་རྒྱས་དགོངས་པ་མཐར་ཐུག་ངེས་པའི་ལུང་༔ ཟབ་ཅིང་རྒྱ་ཆེ་བཀོད་པ་ཆེན་པོའི་དོན་རྣམས་ལས༔ ངེས་པའི་བཀའ་གསང་ཡོངས་བསྡུས་སྙིང་པོའི་དོན་འདི་ནི༔ དམ་པ་འཇིག་རྟེན་གཡུལ་ངོ་ཐམས་ཅད་བཟློག་མཛད་པའི༔ འཇམ་དཔལ་ཉིད་ཀྱི་སྤྲུལ་པ་དྲི་མེད་ཀུན་གྱི་མགོན༔ ངེས་པའི་སྙིང་པོ་གཅིག་ཏུ་དྲིལ་ནས་ནི༔ གཏི་མུག་འཐུག་པོས་བཅིངས་པ་ཡེ་ཤེས་འོད་དུ་ནི༔ རྣམ་པར་བཀྲོལ་ཏེ་རང་སྣང་ཉིད་སྟོན་བླ་མ་མགོན༔ དྲི་མེད་འཇམ་དཔལ་སྤྲུལ་པ་ཁྱོད་ལ་བདག་ནི་འདུད༔ བདག་གི་གནས་སྐབས་བག་ཆགས་བསགས་པའི་ལུས་འདི་ནི༔ ཤོ་ཥ་རབ་ཏུ་བཀོད་པའི་གླིང་ཞེས་ཡུལ་དུ་ནི༔
རྒྱ་ནག་རིགས་ལ་ཁྱིམ་བདག་དགེ་བ་ལྡན་པའི་ཡིད༔ སྣང་བ་གསལ་བར་བྱེད་པའི་ལྷུམས་སུ་ནི༔ གྲོང་ཁྱེར་ཤོ་འཁྱམ་ནག་པོ་ཞེས་བྱར་བདག་ནི་སྐྱེས༔ དེ་ནས་ལོ་ནི་བཅོ་ལྔ་དག་ན་བྱང་ཆུབ་ཤིང་དྲུང་དུ༔ སློབ་དཔོན་མཁས་པ་ཧསྟི་བྷ་ལ་ལས༔ བདག་གིས་ཡི་གེ་རྩིས་དང་སྒྲ་དང་བསྟན་བཅོས་ཉན༔ ལོ་གསུམ་གྱིས་ནི་མཁས་པའི་སྙན་པ་ཐོབས༔ དེ་ནས་ནུབ་ཕྱོགས་གསེར་གླིང་དག་ཏུ་འགྲོ་སྙམ་ནས༔ རྔ་མོ་སྟོབས་ལྡན་དག་ལ་ཞོན་ནས་ནུབ་ཕྱོགས་ཕྱིན༔ བར་གྱི་ཐང་ཁོབ་སྙུག་ཚལ་འདམ་བུའི་ཁྲོད་དུ་ནི༔ སྒྲ་ཆེན་འཇིགས་པའི་ང་རོ་ནམ་མཁའ་དག་ནི་གྲགས༔ བདག་ནི་དད་པའི་ཤུགས་ཀྱིས་ནམ་མཁར་ཅེར་བལྟས་པས༔ འོད་དཔུང་ཡིད་ལྡན་དཀྱིལ་ན་ཐུགས་རྗེ་ཆེན་པོ་ཉིད༔ འཛུམ་པའི་ཞལ་དང་བདེ་བའི་ཕྱག་རྒྱ་མཛད་ནས་ནི༔ ལུང་བསྟན་འབྲས་བུ་འདོད་ན་སོ་སའི་གླིང་དུ་སོང་༔ ཞེས་ཐོས་བདག་ཡིད་རབ་ཏུ་དགའ་བ་ལས༔ བདག་གི་བསམ་པ་ཕྱིར་ལ་འདི་ལྟར་སྐྱེས༔ བདག་ནི་ད་རུང་ན་གཞོན་ལོ་བརྒྱད་བར་དུ་ཡང་༔ འབྲས་བུ་ངེས་པའི་གསང་སྔགས་གོ་བྱའི་ཕྱིར༔ གསང་སྔགས་མཐའ་དག་ལ་ནི་གོམས་པ་བྱ་སྙམ་ནས༔ སླར་ལོག་རྒྱ་ནག་ཤར་གྱི་རི་བོ་རྩེ་ལྔ་ལ༔ གདོལ་བའི་སློབ་དཔོན་བྷེ་ལ་ཀིརྟི་ལས༔ གསང་བའི་སྔགས་སུ་གྲགས་པའི་རྒྱུད་སྡེ་དང་༔ ལུང་དང་མན་ངག་སྒྲུབ་པའི་ཐབས་རྣམས་ཉན༔ ལོ་བདུན་གྱིས་ནི་བདག་གིས་མ་ལུས་ཤེས༔ སྔ་དྲོའི་གྲོ་ཐོན་རི་བོའི་ཤར་དུ་ཕྱིན༔ ཁྲུས་རྫིངས་དལ་འཇམ་ནང་ན་ཁྲུས་བྱེད་འདུག་པ་ལས༔ བདག་
ནི་ཡིད་འགྱུར་སྐད་ཅིག་ཙམ་དུ་དྲན་པ་ཉམས༔ དེ་ནས་དྲན་པ་ཉིད་ནི་སད་ནས་ཡར་ལངས་པས༔ ནམ་མཁར་འོད་དཔུང་དཀྱིལ་ན་ཐུགས་རྗེ་ཆེན་པོ་ཉིད༔ སྣང་བ་འགྱུར་ཏེ་བདག་ལ་ལུང་ཡང་བསྟན༔ དེ་ནས་བདག་གིས་བསམ་པ་ཡང་བཏང་བ༔ འདི་ནས་རྒྱ་གར་ཡུལ་དུ་བསྒྲོད་ཅིང་འགྲོ་བ་ལ༔ འཇིགས་པའི་གཅན་གཟན་ཁྱུང་དང་རིགས་མེད་མོན༔ གདུག་པ་རྣམས་ཀྱིས་ལམ་ནི་གཙེར་སྙམ་ནས༔ ལོ་གསུམ་བར་དུ་རྫུ་འཕྲུལ་སྣ་འགའ་བསྒྲུབས༔ དེ་ནས་རྫུ་འཕྲུལ་སྟོབས་ཀྱིས་ས་ལ་ཁྲུ་གང་དུ༔ རེག་པ་མེད་པར་རླུང་གིས་བསྐྱོད་དེ་ཕྱིན༔ ཉིན་ཞག་དགུན་ན་དུར་ཁྲོད་སོ་སའི་གླིང་༔ འཇམ་དཔལ་སྤྲུལ་པ་ཉིད་དང་བདག་མཇལ་ནས༔ ཡུན་གྱི་སྒྲིབ་པ་མ་སྦྱངས་གནས་སུ་དག༔ ཉི་ཤུ་རྩ་ལྔའི་བར་དུ་འབྲས་བུའི་ཡང་ཞུན་རྣམས༔ ཉམས་སུ་བླངས་ཤིང་ཡང་སྙིང་ཞུ་དག་བྱས༔ གསང་བའི་རྒྱུད་དང་མན་ངག་ཡི་གེ་རྣམས༔ དམ་པ་ཉིད་ཀྱིས་ལུང་བསྟན་རྡོ་རྗེ་གདན་ནས་ཕྱུང་༔ ཁྱེར་ནས་སླར་ལོག་རྒྱ་ནག་དག་ཏུ་ཕྱིན༔ བྱང་ཆུབ་ཤིང་དྲུང་སངས་རྒྱས་འབྱུང་བའི་གནས༔ ཡང་སྟེང་དག་གི་བྲང་ཁང་སྦྲེལ་མ་རུ༔ གསང་བའི་རྒྱུད་དང་མན་ངག་ལུང་དང་ནི༔ དམ་པས་ལུང་བསྟན་བདག་གིས་སྡེ་བཞིར་ཕྱེས༔ སྡེ་གསུམ་སྤྲོས་བཅས་དོན་དུ་སྡེབས་ནས་ནི༔ ལྷ་ཁང་བྱ་འདབ་འོག་གི་ཀ་བ་བཞི་སྒྲིལ་ནང་༔ ཟངས་ཀྱི་སྒྲོམ་བུར་དེ་དག་སྩལ་ནས་ནི༔ ཕྱི་རབས་དོན་དུ་རྒྱ་ཡིས་བཏབ་སྟེ་སྦས༔ ཡང་གབ་སྦས་པའི་སྙིང་ཏིག་སྒྲོན་མ་འདི༔ བདག་གི་སྙིང་དང་གཟུགས་ཀྱི་ཕུང་པོ་བཞིན༔ འབྲལ་བའི་སྐབས་མེད་ལུས་ལ་རྟག་ཏུ་བཅངས་༔ དེ་ནས་
ནམ་ཞིག་ཤིང་ནགས་འཐུག་པོ་རུ༔ བདག་གིས་གསང་བའི་ཉམས་བསྐྱངས་ལུས་ཀྱི་སྤྱོད་པ་བརྩམས༔ དེ་ནས་ནམ་ཕྱེད་དུས་ཀྱི་ཐུན་གཅིག་རྨི་ལམ་ན༔ བདག་གི་མ་རུ་བྱས་པའི་བུད་མེད་རྒྱན་ལྡན་ཞིག༔ བུ་གཅིག་ལོངས་དང་གསང་བ་ཡང་བསྡུས་སྙིང་པོ་རྣམས༔ བཀྲ་ཤིས་ཁྲི་སྒོའི་ཀ་བའི་འོག་ཏུ་སྦོས༔ རང་རྒྱས་ཐོབ་ལ་བསྟན་པའི་བཙས་སུ་ཞོག༔ དེ་སྐད་ཟེར་བས་ཀ་བའི་དཀྱིལ་དུ་ནི༔ རང་རྒྱས་བཏབ་ནས་འདི་ནི་དེ་རུ་སྦས༔ སྨུག་ནག་འཇིགས་པའི་གཟུགས་ཅན་སྔགས་ཀྱིས་སྲུངས༔ ཨེ་ཀ་ཙ་ཏི་ཁྲོས་མ་རག་གདོང་མ༔ བསྟན་པའི་སྙིང་པོ་འདི་གཏད་བཀའ་འདི་སྲུངས༔ ལུང་དང་མི་ལྡན་བན་འདྲས་འདི་ཁྱེར་ན༔ ཁྱོད་ནི་སྨུག་ནག་སྲོག་ལ་རྔམས་པའི་འཁོར༔ རབ་ཏུ་མི་བསྲུན་ཤ་དང་ཁྲག་འདོད་རྣམས༔ དེ་ཡི་ཤ་དང་ཁྲག་ལ་ལོངས་སྤྱོད་ཀྱིས༔ སྐལ་ལྡན་སྙིང་གི་བུ་དང་ཕྲད་པའི་ཚེ༔ འདི་རྣམས་བྱིན་ལ་ཁྱོད་ཀྱི་སྟོངས་གྲོགས་གྱིས༔ རྩིས་དང་གཏོ་དང་ཁྲམ་ལ་དཔྱད་རྣམས་ནི༔ རི་བོ་རྩེ་ལྔའི་ཤར་གྱི་དཀྱིལ་ངོས་སྦོས༔ མཆོག་ཏུ་ཟབ་པའི་ཡང་ཟབ་སྙིང་པོའི་ཆོས༔ དཀོན་པའི་རིན་ཆེན་མིག་གི་འབྲས་བུ་འདི༔ ནམ་ཞིག་འབྱུང་བའི་དུས་ནི་བྱུང་བ་ན༔ དད་བརྩོན་ཤེས་རབ་ལྡན་པའི་སྤྱོད་ཡུལ་ལས༔ གཞན་ལ་བཤད་ཅིང་བསྟན་པའི་གནས་མེད་པས༔ རང་གི་སེམས་ལ་རྒྱ་ཡིས་ཐོབས་ལ་བརྣོགས༔ འཆི་བ་ཉིད་ལས་བཟློག་པའི་མན་ངག་འདི༔ བདག་གིས་ཉམས་བླངས་འཆི་དུས་ལན་གསུམ་བཟློག༔ དེ་ཡི་ཕྱིར་ན་ཉམས་སུ་ལེན་པའི་གྲོགས༔ གཞན་ལ་མི་
ལྟོས་ཕྱིར་ན་འདི་དག་བྲིས༔ ཨ་ཏིའི་རང་ངོ་སྤྲོས་པ་ཀུན་བྲལ་ཡང་༔ སེམས་ཅན་བློ་ཡི་དྲི་མ་མ་ཟད་པར༔ འདི་དག་རྣམས་ཀྱང་ཀུན་རྫོབ་བདེན་པ་འོ༔ དོན་དམ་ཉིད་ལ་སྐྱེ་ཤིའི་སྡུག་བསྔལ་བྲལ༔ ཞེས་ཤྲཱི་སིང་ཧས་གསུངས་སོ༔ རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲས་སྒྲ་རང་འགྱུར་དུ་བསྒྱུར་བའོ༔ རྒྱ་རྒྱ་རྒྱ༔ ཐ།གཐ།ཐ།དྠ།ཐ།བྠ།ཿ རྒྱ་གར་སྐད་དུ༔ གྲྀ་ཏྲི་པ་སཾ་ཧི་ནཱ་མ༔ བོད་སྐད་དུ༔ ལྟ་བའི་སྙིང་པོ་ཞེས་བྱ་བ༔ སྟོང་པ་ཆེན་པོ་ཡེ་ནས་ཐབས་ཀྱིས་གྲུབ་པ་ཉིད་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་གྱི་བདེ་བ་ཆེན་པོ་སྟེ༔ མངོན་སུམ་ཉིད་དུ་གཏན་ལ་ཕབ་ནས་ནི༔ སྣང་བ་ཅེར་མཐོང་གོམས་པའི་ཚད་རྣམས་ལ༔ ཉམས་བླངས་ཕྱོགས་ཤིང་དོན་ལ་མི་མོས་ན༔ འདི་ལྟར་ཡིད་ཀྱི་ཕྱོགས་ལ་གཏད་པར་གྱིས༔ དངོས་པོའི་འདུག་ཚུལ་དྲན་པ་རང་དག་པས༔ ཡོད་མེད་མཐའ་བྲལ་སྒྲ་ཚིག་མིང་ཡང་མེད༔ བྱ་དང་བྱེད་དང་བཅོས་པའི་མཐའ་མི་སྲིད༔ དེ་ཡི་དོན་རྣམས་ཕྱོགས་གཅིག་ཉིད་དུ་ཡང་༔ བླ་མའི་ལུང་ལ་བརྟེན་ནས་བསྟན་པར་བྱ༔ ཀྱེ་མ་ཀྱེ་མ༔ རྗེས་སུ་འཛིན་པའི་མཁའ་འགྲོ་མ་ཁྱོད་ཉོན་ཅིག༔ གསང་བ་ཡང་ནས་ཡང་དུ་བསྡུས་པའི་མན་ངག་གི་སྙིང་པོ་འདི་མེད་པར་ཕྱི་དང་ནང་དང་གསང་བ་གསུམ་ལ་གདིང་འཆའ་བའི་སྐྱེས་བུ་ནི་རྣམ་ཤེས་ཀྱི་སྙིང་མེད་པའི་རོ་ལ་དོན་དུ་འཛིན་པའི་སྐྱེས་བུ་དང་འདྲ་བའོ༔ དེའི་ཕྱིར་ན་ངོ་མཚར་གྱི་གད་མོ་བཅུ་གཉིས་རྒྱུད་རྣམས་ཀྱི་ཁོང་དོན་དུ་མཛད་པ་བདག་གིས་བསྟན་གྱིས་མ་ཡེངས་པར་ཉོན་ཅིག༔ ལྟ་བར་རང་བྱུང་ཡེ་ཤེས་ལ་
ལྟོས་དང་༔ དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར༔ གཞི་མ་བསྐྱོད་པར་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ༔ ཆོས་ཀྱི་སྐུ་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་༔ སྐྱེ་བ་མེད་པ་ཡེ་ནས་ལྷན་ཅིག་དུ་གནས་པ་ངོ་མཚར༔ སྐྱེས་བུ་མཚོན་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཡང་གང་ཟག་གི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ༔ ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་༔ གང་སྣང་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར༔ ཅིར་སྣང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ༔ རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་༔ རང་གི་སྙིང་པོ་རང་ཆེ་བ་ལ་ངོ་མཚར༔ ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ༔ རིག་པ་ཡེ་ནས་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་༔ འབད་རྩོལ་མེད་ན་འབྲས་བུ་རྙེད་པ་ངོ་མཚར༔ གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ༔ ངོ་བོ་སྟོང་པ་ཆེན་པོ་ཀུན་བཞག་གི་ཚད་ལ་ལྟོས་དང་༔ འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར༔ འགྲོ་བ་རྣམས་ཀྱིས་སྒོམ་པ་རྡུལ་ཙམ་མ་བྱས་པར་དུས་གཅིག་ལ་སངས་རྒྱ་བ་ཧ་ཧ༔ སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་༔ དུས་གསུམ་འབྲལ་བ་མེད་པ་ངོ་མཚར༔ ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ༔ རིག་པ་ཅེར་བཞག་ཆེན་པོ་ཀུན་མཉམ་ཀྱི་ཡེ་ཤེས་ལ་ལྟོས་དང་༔ བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར༔
སྤོངས་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ༔ སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་༔ སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར༔ བྱ་བྱེད་སྒོམ་པས་ལྟུང་བར་འགྱུར་བ་ཧ་ཧ༔ མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་༔ མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར༔ སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ༔ ལྟ་བའི་གཞི་འཛིན་པ་སྟོང་པའི་ཡུལ་དངོས་པོ་ལམ་དུ་བྱེད་པ་ངོ་མཚར་གྱི་གད་མོ་བཅུ་གཉིས་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ༔ཨེ་མ་ཉོན་ཅིག༔ བླ་ན་མེད་པའི་གསང་ཆེན་ངེས་པ་འདི་མ་མཐོང་བར་ཕྱི་ནང་གསང་བ་གསུམ་ལ་གདིང་འཆའ་བའི་སྐྱེས་བུ་ནི་བལྟ་བར་འདོད་ཀྱང་དཔྲལ་བའི་མིག་མེད་པ་དང་འདྲའོ༔ དེའི་ཕྱིར་ན་གཞིའི་ངོམ་ཚིག་དགུ་ལ་གོམས་པ་ལ་གཅེས་སོ༔ མི་འགྱུར་བ་གཞི་ལ་དྲན་པ་རང་དག་དྲན་མེད་ཀྱི་སྐྱེ་བ་བཀག་པས་བློ་འདས་སྐྱེ་རྒྱུན་མེད་པ་ངོམ་པའི་ཚིག་ཏུ་བྱུང་བའོ༔ ཆོས་སྐུར་རང་སྣང་གཞན་བྱུང་གི་སྣང་བ་རང་དག་པ་ནི༔ སྒྲ་དང་དྲི་རོ་མྱ་ངན་ལས་འདའ་བར་བྱེད་པས་ལུང་ཀུན་གྱི་བདག་ཉིད་དུ་བྱུང་བ་ནི་ངོམ་པའི་ཚིག་ཏུ་བྱུང་བའོ༔ ཉོན་མོངས་རང་རྒྱས་བཏབ་པའི་གཞི་ཆོས་ཀུན་གྱི་བདག་ཉིད་ཏུ་བྱུང་བས༔ འཁྲུལ་བ་རང་སར་དག་པ་ངོམ་པའི་ཚིག་ཏུ་བྱུང་བའོ༔ འཛིན་པས་ཡུལ་ཐམས་ཅད་གཅིག་ཏུ་མཐོང་བ་སྣང་བར་རང་རྒྱས་བཏབ་པ་ནི་ངོམ་པའི་ཚིག་ཏུ་བྱུང་བའོ༔ དེ་ཉིད་འབྱེད་པ་མེད་པ་སྣང་བ་ཀུན་གྱི་བདག་པོར་ཡེ་ནས་འདུག་པས༔ སྒོ་ལྔ་རང་སར་དག་པ་ངོམ་པའི་ཚིག་ཏུ་བྱུང་བའོ༔ འབྱེད་པ་མེད་པའི་ཤེས་རབ་ཀྱིས་བསྡུས་ཡིག་ལ་མཁས་པ་ནི་སྤྲོས་མེད་
དུ་ལ་བཟླ་བས་ངོམ་པའི་ཚིག་ཏུ་བྱུང་བའོ༔ ཆོས་རྣམས་ཅོག་བཞག་གི་ལྟ་བ་དགོངས་པ་དང་འབྲེལ་བ་ནི་ལྟ་བ་ངོམ་པའི་ཚིག་བྱུང་བའོ༔ སྒྲོ་འདོགས་ཐམས་ཅད་དུས་གཅིག་ལ་ཆོད་པའི་ཚིག་གིས་རྣལ་འབྱོར་པ་གྲོལ་སར་བསྐྱལ་བ་ནི༔ ཐེག་པ་ཐམས་ཅད་ངོམ་པའི་ཚིག་ཏུ་བྱུང་བའོ༔ རང་སྣང་སྒྲོན་མ་གཉེན་པོ་ལ་མ་ལྟོས་པ་རང་སྣང་བ་ནི་རྟགས་ཐམས་ཅད་ཀྱི་ངོམ་པའི་ཚིག་ཏུ་བྱུང་བའོ༔ གཞི་སྣང་འཁྲུལ་པ་དག་པས་ཆོས་རྣམས་སྤར་གྱིས་ཟིན༔ ལམ་དུ་གོལ་ས་ཆོད་པའི་རེ་དོགས་ཚིག་མཐའ་ཆོད༔ བླ་མའི་གསུང་བཞིན་བསྒྲུབས་པས་དངོས་གྲུབ་མྱུར་དུ་ཐོབ༔ ཤེས་རབ་རྣོན་པོར་སྐྱེས་པས་ཆོས་ཅན་དུམ་བུར་བཤིག༔ ངོམ་པའི་ཚིག་དགུས་གཞིའི་བཅུད་ཕྱུང་བ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ཀྱེ་མ་རིགས་ཀྱི་བུ་གསང་བ་ཡང་ཞུན་ངེས་པའི་ལྟ་བ་རང་བྱུང་གི་རྒྱལ་པོ་མ་མཐོང་བར༔ ཕྱི་ནང་གསང་བའི་ལྟ་བ་མུན་རྡོ་ལྟ་བུ་ལ་ཡིད་འཆའ་བའི་གང་ཟག་ནི་འབེན་མེད་པར་སྐྱེས་བུས་མདའ་འཕེན་པ་དང་འདྲ་སྟེ་གང་དུ་བབས་ངོ་མི་ཤེས་སོ༔ དེའི་ཕྱིར་ཁྱད་པར་དུ་འཕགས་བའི་ཚིག་བཅུ་གཅིག་ལ་མཁས་པར་བྱའོ༔ སྲོག་མི་བཅད་ན་དགེ་བ་མི་འཕེལ་བས་སྤྱོད་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ་ཡ་མཚན༔ སངས་རྒྱས་ཀྱི་བསྟན་པ་མ་ནུབ་ན་ཞིང་ཁམས་མི་འཕེལ་བའི་ཡུལ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ་ཡ་མཚན༔ དམྱལ་བ་རྣམས་ལ་མཆོད་པ་མ་ཕུལ་ན་དངོས་གྲུབ་མི་འབྱུང་བས་ཉམས་ལེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ་ཡ་མཚན༔ སྡུག་བསྔལ་ཐམས་ཅད་དང་དུ་མ་བླངས་ན་བདེ་བ་ཉིད་གཏན་
ལ་ཕེབས་མི་སྲིད་པས་སྒོམས་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ་ཡ་མཚན༔ མ་སྐྱེས་པ་ཐམས་ཅད་སྐྱེས་པར་མ་བྱས་ན་སྐྱེ་མེད་རྙེད་མི་སྲིད་པས་འབྲས་བུ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ་ཡ་མཚན༔ འབྱུང་བ་མ་འཕེལ་ན་ཉམས་མི་སྐྱོང་བས་དགོངས་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ་ཡ་མཚན༔ སེམས་ཅན་མ་འཕེལ་ན་འཁོར་བ་ཉིད་དོང་མི་སྤྲུག་པས་གཞི་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ་ཡ་མཚན༔ སྙིང་རྗེའི་རྒྱུན་ཐག་མ་བཅད་ན་ཐུགས་རྗེ་མི་འབྱུང་བས་མཛད་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ་ཡ་མཚན༔ མ་རིག་པ་མ་བསྒོམས་ན་འཁྲུལ་པ་མི་འདག་པས་རྩ་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ་ཡ་མཚན༔ མ་བཙལ་རང་ལས་རྙེད་པའི་ནོར་བུ་རིན་ཆེན་དེ༔ མ་བསྒོམས་གཞི་ལ་བཞག་པའི་མན་ངག་རིན་པོ་ཆེ༔ མ་བསྒྲུབས་ཅིག་ཅར་འབྱུང་བའི་རང་རིག་འོད་པོ་ཆེ༔ མ་སོང་གནས་སུ་ཕྱིན་པས་སྙིང་པོ་ཡེ་དག་ཉིད༔ རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་ཐེ་ཚོམ་མི་ཟ་བར་བསྟན་པའི་ཕྱིར༔ གཞི་ཐམས་ཅད་ཀྱི་བཅུད་ཕྱུང་ནས་ལུང་ཀུན་གྱི་རྒྱན་དུ་བཀོད་པ་ཁྱད་པར་དུ་འཕགས་པའི་ཚིག་དགུས་གཏན་ལ་ཕབ་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ གསང་བ་ཡང་གསང་སྙིང་ཏིག་གི་དོན་མ་མཐོང་བར་ཕྱི་ནང་གསང་བ་གསུམ་གྱི་ངོ་སྤྲོད་ལ་ཡིད་ཆེས་པར་བྱེད་པའི་གང་ཟག་ནི༔ རྒྱུ་ཁ་བའི་ས་བོན་ལ་འབྲས་བུ་མངར་བ་འདོད་པ་དང་འདྲའོ༔ དེའི་ཕྱིར་ན་རང་བྱུང་གི་ཆེ་བ་བཅུ་དྲུག་པོ་འདི་གོམས་པར་བྱའོ༔ དངོས་པོ་གཤིས་ལ་ཚིག་དང་བརྗོད་བྱ་མ་གྲུབ་པས་
མེད་ཕྱིར་སངས་རྒྱས་རྣམས་ཀྱི་སློབ་དཔོན་དུ་དམྱལ་བར་རང་བྱུང་བའོ༔ རིག་པ་ཉིད་ལ་སྲོག་མེད་པའི་ཕྱིར་སྲོག་བཅད་པས་དགེ་བ་འཕེལ་བར་རང་བྱུང་བའོ༔ འདུག་ཚུལ་ལ་བཟང་ངན་མེད་པའི་ཕྱིར་སངས་རྒྱས་པས་སེམས་ཅན་སྔ་བར་རང་བྱུང་བའོ་༔ རིག་པ་རྩོལ་སྒྲུབ་དང་བྲལ་བའི་ཕྱིར་མི་རྟོག་པ་སྒོམ་པའི་སྒོམ་ཆེན་བས་ཤན་པ་སྔོན་དུ་སངས་རྒྱས་བར་རང་བྱུང་བའོ༔ ལམ་ལ་ཉེ་རིང་མེད་པའི་ཕྱིར་ས་བཅུའི་སེམས་དཔའ་བས་མཚམས་མེད་པ་ལྔ་བྱས་པའི་གང་ཟག་རྫུ་འཕྲུལ་ཆེ་བར་རང་བྱུང་བའོ༔ ལྟ་བ་ལ་མཐོ་དམན་མེད་པའི་ཕྱིར་ཉན་ཐོས་དགྲ་བཅོམ་པ་བས་མུ་སྟེགས་རྟག་ཆད་སྔོན་དུ་སངས་རྒྱ་བར་རང་བྱུང་བའོ༔ སྒོམ་པ་ལ་བར་མཚམས་མེད་པའི་ཕྱིར་བསམ་གཏན་རང་ལུགས་སུ་གནས་པའི་རང་སངས་རྒྱས་པས་གྲུབ་མཐའི་ཚིག་མེད་པའི་སྐྱེ་བོས་འབྲས་བུ་སྔོན་དུ་ཐོབ་པར་རང་བྱུང་བའོ༔ སྤྱོད་པ་ལ་ཟིན་པ་མེད་པའི་ཕྱིར་བརྟུལ་ཞུགས་ཆེན་པོ་དུར་ཁྲོད་དུ་རྒྱུ་བ་ལས་བྱིས་པ་ཤེད་མ་བྱེ་བ་སྣང་བ་ལ་དབང་དུ་བསྒྱུར་བར་རང་བྱུང་བའོ༔ འབྲས་བུ་ལ་སེམས་མེད་པའི་ཕྱིར་སྔོན་བྱུང་གི་ཀུན་ཏུ་བཟང་པོ་དང་ཤན་པ་རྣམས་ཁྱད་མེད་དུ་རང་བྱུང་བའོ༔ ཤེས་པས་བསྡུས་པ་ཐམས་ཅད་གཞི་གཅིག་པའི་ཕྱིར་སེམས་ཅན་གྱི་ཐུགས་རྗེས་སངས་རྒྱས་ལ་སྐྱོབ་པར་རང་བྱུང་བའོ༔ གཞི་བསླབ་བྱ་དང་བྲལ་བའི་ཕྱིར་རང་གི་མན་ངག་སྟོན་པའི་བླ་མ་བས་སྡེ་སྣོད་ལ་ལས་དང་པོ་པ་འབྱོངས་བར་རང་བྱུང་བའོ༔ རིག་པ་ལ་གོལ་སྒྲིབ་མེད་པའི་ཕྱིར་སེམས་ཅན་འབུམ་གྱི་སྲོག་བཏོན་པའི་དགེ་སློང་དང་༔ སེམས་ཅན་འབུམ་
གྱི་སྲོག་གཅད་པའི་རྒྱལ་པོ་གཉིས་འཚང་རྒྱ་བ་ལ་ཁྱད་པར་མེད་པར་རང་བྱུང་ངོ་༔ དངོས་པོ་ལ་ཚིག་མེད་པའི་ཕྱིར་སྡེ་སྣོད་ཤེས་པའི་པཎྜི་ཏ་བས་བ་གླང་རྫི་ཆོས་མཁས་པར་རང་བྱུང་ངོ་༔ ངོ་བོ་ལ་སྡུག་བསྔལ་མེད་པས་དམྱལ་བའི་གྲོལ་ས་སངས་རྒྱས་ཡིན་པར་རང་བྱུང་ངོ་༔ སྟོང་པ་ལ་གོ་མཚམས་མེད་པའི་ཕྱིར་སྟོང་པ་ཉིད་ལ་འབྱོངས་པའི་སྐྱེས་བུ་བས་མུ་སྟེགས་པ་ས་མཐོ་བར་རང་བྱུང་ངོ་༔ སྣང་བ་བསྒོམ་མི་དགོས་པའི་ཕྱིར་ཆོས་ཀྱི་དབྱིངས་ལས་འབྱུང་བ་སྔ་བར་རང་བྱུང་ངོ་༔ མ་བལྟས་ཅིག་ཅར་མཐོང་བའི་སྒྲོན་མེ་འོད་པོ་ཆེ༔ མ་བརྟེན་རང་ལ་བཞག་པའི་ཡོན་ཏན་གཏེར་པོ་ཆེ༔ མ་བསྙགས་རང་ལ་གནས་པའི་བདེ་བ་སྐྱིད་པོ་ཆེ༔ ཆོས་རྣམས་ཡེ་ནས་དག་པས་རང་ལ་རང་དྲིན་ཆེ༔ འདུག་ཚུལ་རང་སྣངདུ་བཀོད་པའི་མན་ངག༔ དྲན་པར་རང་ཡུལ་གྱི་ཐབས༔ གཞིའི་དོན་གཏན་ལ་ཕབ་པ་ཆེ་བ་བཅུ་དྲུག་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ རིགས་ཀྱི་བུ་ཡང་གབ་སྦས་པའི་སྙིང་ཏིག་འདི་ཡི་ཚད་མ་ཟིན་པར་ཕྱི་ནང་གསང་བའི་བར་དོ་གཞི་ལ་ཕུགས་གཏོད་པ་ནི་ནམ་མཁའི་སྤྲིན་ལ་འཛོལ་འཛུག་པའི་སེམས་ཅན་དང་འདྲའོ༔ དེའི་ཕྱིར་ན་ཁྱད་མེད་ཏུ་བསྟན་པའི་ཚིག་དོན་བདུན་ལ་བསླབ་པར་བྱའོ༔ རིག་པ་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས་སེམས་ཅན་བྱེ་བའི་སྲོག་བཅད་པ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གནས་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོས་བསྟན་ཏོ༔ ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས་སྟོང་པ་ཉིད་སྒོམ་པའི་སྐྱེས་བུ་དང་སྐད་ཅིག་ཀྱང་མི་སྒོམ་པའི་གང་ཟག་གཉིས་འཚང་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོས་
བསྟན་ཏོ༔ རིག་པ་འདུས་མ་བྱས་པའི་གནད་ཀྱིས་འདུས་མ་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་སྡིག་ཅན་གཉིས་ལ་ཚོགས་རྫོགས་པའི་གོ་ནས་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོས་བསྟན་ཏོ༔ རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས་ཆོས་ཉིད་ཀྱི་རྟགས་དུ་མ་དང་ལྡན་པའི་སྐྱེས་བུ་དང་ཐོས་བསམ་ལ་མ་སྦྱངས་པ་གཉིས་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོས་བསྟན་ཏོ༔ ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས་དམྱལ་བའི་སྡུག་བསྔལ་མྱོང་དགོས་པའི་སྡིག་ཅན་དང་བདེ་བའི་འབྲས་བུ་མྱོང་ངེས་པའི་སྐྱེས་བུ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོས་བསྟན་ཏོ༔ རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས་ཆོས་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་བདག་ཏུ་ལྟ་བ་གཉིས་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོས་བསྟན་ཏོ༔ ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས་ཕྱིར་མཆོད་བསྟོད་སྣ་ཚོགས་བྱས་པའི་སྐྱེས་བུདང་ཉལ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོས་བསྟན་ཏོ༔ རང་བཞིན་ཉག་གཅིག་མཐོང་བས་ལྟ་བའི་ལྟ་བར་གྱུར༔ མཉམ་བཞག་ཟུང་འཇུག་ཤེས་པས་སྒོམ་པའི་སྒོམ་པར་གྱུར༔ རྩལ་ཆེན་ཡོངས་རྫོགས་ཤེས་པས་སྤྱོད་པའི་སྤྱོད་པར་གྱུར༔ རང་དག་ཅེར་ཚད་ཟིན་པས་འབྲས་བུའི་འབྲས་བུར་གྱུར༔ འདི་ལྟར་རྒྱུད་ལ་འབྱོངས་ན་ཀུན་ཏུ་བཟང་པོའི་ལམ༔ གཞིའི་ངོམ་ཚིག༔ ལམ་གྱི་ཁྱད་མེད༔ འབྲས་བུ་རང་མཉམ་དུ་གཏན་ལ་ཕབ་པ་ཁྱད་མེད་བདུན་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ༔
ཨེ་མ་ཧོ༔ འདིར་ནི་ཡང་གསང་དོན་བསྟན་པ༔ ཚོགས་དང་མཆོད་པའི་རིམ་པ་ཡི༔ དགེ་སྦྱོར་རྣམས་ནི་རྒྱུན་ཐག་གཅད༔ ཐོས་དང་བསམ་དང་སྒོམ་པ་ཡིས༔ ངན་སོང་གསུམ་གྱི་འདུན་ས་བྱེད༔ ལྟ་དང་སྒོམ་དང་སྤྱོད་པ་ཡིས༔ སྡུག་བསྔལ་རྣམས་ཀྱི་ཕུང་པོ་འཛིན༔ ལྷ་དང་གཏོར་མ་དཀྱིལ་འཁོར་གྱིས༔ འཁོར་བའི་བག་ཆགས་རྟེན་པར་བྱེད༔ སྔགས་དང་ཏིང་འཛིན་བསྟོད་གསོལ་གྱིས༔ འཇིག་རྟེན་དྲི་མ་སྣ་ཚོགས་སྡུད༔ ཐེག་པའི་རིས་དང་གྲུབ་མཐའ་ཡིས༔ རང་གི་དེ་ཉིད་དམ་དུ་འཆིང་༔ དད་དང་ཤེས་རབ་བརྩོན་འགྲུས་ཀྱིས༔ ཐར་པའི་ལམ་ཆེན་སྒྲིབ་པར་བྱེད༔ དབང་དང་དམ་ཚིག་སྡོམ་པ་ཡིས༔ བླ་མའི་བྱིན་རླབས་སྤོང་བར་བྱེད༔ གོམས་དང་དྲོད་ཚད་རྟགས་རྣམས་ཀྱིས༔ སྐུ་གསུམ་འབྲས་བུ་སླུ་བར་བྱེད༔ བླ་མ་སངས་རྒྱས་ཡི་དམ་གྱིས༔ ངན་སོང་གསུམ་དུ་བྱིང་བར་བྱེད༔ སྒྲུབ་དང་སྒྲུབ་པ་ཆེན་པོ་ཡིས༔ ལྷ་ཡི་སྐུ་རྣམས་སྤོང་བར་བྱེད༔ སྦྱིན་དང་བཟོད་དང་བརྩོན་འགྲུས་ཀྱིས༔ འཁོར་བའི་སྒོ་ཉིད་སྤེལ་བར་བྱེད༔ དེ་ཕྱིར་ཡེ་ཤེས་ཡེ་ཤེས་ལས༔ ཡེ་ཤེས་ཉིད་ནི་ཁྱད་པར་ཆེ༔ སྲོག་གཅད་པས་ནི་བདེ་བ་ཐོབ༔ མ་བྱིན་ལེན་པ་ངེས་པའི་ལམ༔ མི་ཚངས་སྤྱོད་པས་བདེ་སྟོང་རྟོགས༔ མདོར་ན་ལུས་ངག་འདོད་ཡོན་རྣམས༔ ཇི་ལྟར་སྤྱད་ཀྱང་དེར་རང་ཉིད༔ ལྟ་བའི་སྙིང་པོ་ཞེས་བྱ་བ༔ སློབ་དཔོན་མཁས་པ་ཆེན་པོ་ཡེ་ཤེས་མདོས༔ རྒྱུད་ཀུན་གྱི་ཁོང་དོན་དུ་མཛད་པ་རྫོགས་སོ༔ ༔
རྒྱ་རྒྱ་རྒྱ༔ སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་དགོངས་བརྒྱུད་པའི༔ ཐུགས་རྗེ་མཆོག་གི་སྤྲུལ་པ་མི་ལུས་ཅན༔ འཇིག་རྟེན་ལས་གཙོ་དམ་པ་དྲི་མེད་མགོན༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྨད་པོ་ཆེ༔ དམ་པ་ངེས་པའི་སྐལ་ལྡན་ཉིད་ལ་ནི༔ བདག་གི་སྤྱི་བོས་ཞབས་ལ་རབ་བཏུད་ནས༔ མགོན་པོ་བདག་འཆིང་གཅོད་ལ་ཕྱག་འཚལ་ལོ༔ བཀའ་གསང་ངེས་པའི་ལུང་རབ་སྣང་བ་འདི༔ བཀའ་ཡི་བྱིན་རླབས་རིམ་ནས་རིམ་བརྒྱུད་པ༔ བདག་གི་བློ་ལ་ངེས་པའི་འབྲས་བུ་འདི༔ ངེས་པའི་ཤེས་པ་རྟོགས་ཏེ་རྟགས་འདི་དག༔ འདི་ལ་གོམས་པའི་སྟོབས་ཀྱིས་ཤར་བ་ཡིན༔ དང་པོ་ཉིད་ནས་ཡོད་པ་མ་ཡིན་ཏེ༔ བདག་གི་ཡུལ་ནི་རྒྱ་གར་ཤར་ཕྱོགས་སུ༔ རིགས་ནི་གདོལ་པ་རབ་ཏུ་དམན་པའི་རིགས༔ ཕ་ནི་ཤན་ཏིང་ལག་པ་ཞེས་བྱ་དང་༔ མ་ནི་དགེ་སེམས་བྱམས་མ་ཞེས་བྱའི་བུར༔ བདག་ནི་སྐྱེ་བའི་ལུས་བླངས་ནས༔ ད་ལྟའི་ལུས་ལ་ཐུག་བར་རོ༔ དེ་དུས་ཕུང་པོ་བག་ཆགས་ལ༔ ད་ལྟའི་རྟགས་འདི་ག་ལ་སྲིད༔ དེ་ཕྱིར་འདི་ལ་རབ་གོམས་ནས༔ རྟགས་ནི་འདོད་པ་མེད་བཞིན་འབྱུང་༔ སྔོན་གྱི་ཕུང་པོ་དར་བའི་དུས༔ སྡེ་སྣོད་རྣམས་ལ་བློ་སྦྱངས་ནས༔ ཐེག་པ་རྣམས་ཀྱི་སྤྲོས་པ་བཅད༔ དེ་ནས་རྡོ་རྗེ་གདན་དྲུང་ཡོང་༔ ཕྱག་རྒྱ་ཡི་ནི་རྒྱ་ཆེན་དང་༔ དུས་ཀྱི་འགྲོ་དོན་ཁམས་བསངས་པས༔ ནུས་ཕྱོགས་འདམ་བུའི་ཚལ་གནས་ཚེ༔ ནམ་མཁའ་མི་མཇེད་བར་སྣང་ནས༔ རྡོ་རྗེ་སེམས་དཔའ་ཞེས་
བྱའི་སྐུ༔ མིག་གི་ཡུལ་དུ་མངོན་པ་རུ༔ སྣང་བར་གྱུར་ཏེ་ལུང་ཡང་བསྟན༔ རྒྱ་ནག་རིགས་ནི་ཡིན་པར་གྲགས༔ དེ་གནས་གཉིས་ཀྱི་སླར་ལོག་ནས༔ སོ་སོའི་བྲང་ཁང་ནང་དུ་ཡོང་༔ བདག་ནི་ལེ་ལོས་བཅིངས་ཏེ་གཡེངས༔ དེ་དུས་དམ་པའི་ལུས་མ་བླངས༔ ཕྱིས་ནི་བི་མ་ལ་དང་ཕྲད༔ བདག་ཀྱང་དད་དང་བརྩོན་འགྲུས་སྤྲུག༔ དམ་པའི་བྱིན་རླབས་སྙིང་ལ་ཞུགས༔ ལམ་ཡང་ནམ་མཁའ་དག་ལས་ཕྱུང་༔ བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ༔ བླ་མ་ལ་དམིགས་ལུས་ཀྱིས་བརྟོལ༔ དམ་པ་ཉིད་ནི་མི་སྣང་བར༔ བདག་ནི་ཤེས་པ་ཡིད་ཀྱང་འཁྲུགས༔ དེ་ནས་ཕྱོགས་ནི་ཀུན་ཏུ་བལྟས༔ གཞན་ནི་གང་ཡང་མ་མཐོང་བར༔ བུད་མེད་ལྡེམ་བག་ཆུ་བན་ཁུར༔ དུང་སོ་འཁོར་བ་སྨིན་མ་གཡུ༔ དཔྲལ་བའི་གཉེར་མ་གྱེན་ལ་ལངས༔ ཤིན་ཏུ་མཚན་ལྡན་གཅིག་ན་རེ༔ དམ་པ་ངེས་པའི་ལུང་འདོད་ན༔ བཀྲ་ཤིས་ཁྲི་སྒོར་སྣང་བར་འགྱུར༔ ཞེས་བསྟན་བདག་གིས་དེར་ཕྱིན་པས༔ ཐུགས་རྗེའི་མངའ་བདག་ཉིད་དང་ཕྲད༔ བྱིན་རླབས་རིམ་པ་དེ་རུ་ཞུས༔ ཡུན་རིང་སྒྲིབ་པ་མ་སྦྱང་པར༔ རང་བཞིན་གྱིས་ནི་གནས་སུ་དག༔ སྐུ་གསུམ་རང་ངེས་ལུང་ཡང་ཐོབ༔ ལོ་ནི་བཅུ་བདུན་བར་དག་ཏུ༔ དམ་པའི་མཛད་སྤྱོད་རྟེན་འབྲེལ་བལྟས༔ བླ་མ་འབྱུང་བ་རང་དེངས་སུ༔ མཁའ་འོད་གྱིས་བཀང་སྟེ་གཤེགས༔ བྱིན་རླབས་ཚིག་གི་སྤྲོས་པ་བཅད༔ བླ་མས་ལུང་ཉིད་རབ་བསྟན་པས༔ ཐེག་ལེ་མཆོག་གི་ཡི་གེ་རྣམས༔ ཁྱེར་ཏེ་བྷ་སིང་ནགས་སུ་ཕྱིན༔ མདོར་ན་མནངག་ངེས་པའི་དོན༔
མཁའ་འགྲོ་རྣམས་ཀྱི་གདུང་བ་བཅད༔ སྐལ་ལྡན་སྙིང་གི་བུ་གཅིག་པོ༔ བི་མ་མི་ཏྲ་ཁྱོད་ལ་གཏད༔ འདི་ལ་རབ་ཏུ་གོམས་པར་མཛོད༔ གལ་ཏེ་འདི་ལ་མ་གོམས་ན༔ མ་སྤྱད་བཞག་པའི་གཏེར་དང་འདྲ༔ དེ་བས་འདི་ལ་གོམས་པ་གཅེས༔ ནམ་ཞག་སྐལ་ལྡན་གཉིས་ནས་གསུམ༔ བཞི་ལས་མང་ན་མཁའ་འགྲོས་འཚོད༔ སྙིང་དང་འདྲ་བའི་རིགས་ལ་གཏོད༔ རང་གར་བཏང་ན་རང་སྲོག་འཚིག༔ དེ་བས་སྙིང་ལ་རབ་ཏུ་བརྣོགས༔ ཞེས་ཡེ་ཤེས་མདོས་གསུངས་སོ༔ རྒྱ་རྒྱ་རྒྱ༔ ལས་ཅན་དེ་དང་ཕྲད་པར་ཤོག༔ རྒྱ་གར་གྱི་མཁས་པ་ཆེན་པོ་བི་མ་ལ་མི་ཏྲས་སྒྲ་རང་འགྱུར་དུ་བསྒྱུར་བའོ༔ སྨུག་ནག་ཁྲོས་མའི་རྒྱལ་མོ་ཨེ་ཀ་ཙ་ཏི་དང་༔ དཔལ་མགོན་པོ་ནག་པོ་ལ་གཏད་དོ༔ སྲུངས་ཤིག༔ རྒྱ་རྒྱ་རྒྱ༔ རྒྱ་གར་སྐད་དུ༔ ས་མུན་ཏྲ་སརྦ་རྣོ་པེ་ཀ༔ ཀ་ཏ་པ་ཏ་ན་ཧ་ནཱ་མ༔ བོད་སྐད་དུ་སྣང་བ་འདུས་པའི་བཅུད་ཕུར་ཞེས་བྱ་བ༔ བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་སྐུ་ལ་ཕྱག་འཚལ་ལོ༔ འཇིག་རྟེན་ཁམས་ན་དཀོན་པའི་རིན་ཆེན་འདི༔ ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན་ཉིད་དུ༔ བླ་མའི་ལུང་དང་མཐུན་པར་བདག་གིས་བཀོད༔ སྣང་བ་རྣམས་ཀྱིས་དངོས་ལ་རང་བསྒྲིབས་པ༔ དེ་ཡི་མདོ་རྣམས་གསལ་བར་བྱས་བའི་ཕྱིར༔ ཚིག་ཉུང་དོན་འདུས་གསལ་བར་གཏན་ལ་དབབ༔ འཁྲུལ་པའི་སྣང་བ་ཉིད་ཀྱིས་གང་བཅིངས་པ༔ དེ་ཉིད་གྲོལ་བའི་ཐབས་འདི་མཆོག་དུ་བཟུང་༔ སེམས་སོགས་ཉོན་མོངས་རྣམས་ཀྱིས་གང་བསྒྲིབས་པ༔ དེ་ཉིད་སེལ་བར་འདོད་པའི་སྐལ་ལྡན་རྣམས༔ ཡི་གེ་འདི་ལ་རྟག་ཏུ་གོམས་པར་མཛོད༔ སྣང་བ་ཐམས་
ཅད་སྣང་བའི་བདག་པོར་བྱུང་བ་ནི་རྡོ་རྗེ་སེམས་དཔའི་རྡོ་རྗེ་སེམས་དཔའ་ཡིན༔ ཞེས་པ་ནི༔ འགྲོ་དྲུག་འཁྲུལ་པའི་སྣང་བ་མེད་ན་ནི་ཆོས་ཅན་གྱི་གཞི་མེད་པས་ལས་དང་པོ་པས་འགྲོ་དྲུག་འཁྲུལ་པའི་སྣང་བ་ཙམ་འབྱོངས་པ་ཤིན་ཏུ་གཅེས་སོ༔ ཡེ་ཤེས་སྒྱུ་མའི་སྣང་བ་མེད་ན་སེམས་ཅན་གྱི་ལམ་ཆད་པས་ལས་དང་པོ་པས་དཔེ་རྣམས་གོམས་པར་བྱ་སྟེ༔ ཡེ་ཤེས་སྒྱུ་མའི་སྣང་བ་ཙམ་ཤེས་པ་གལ་ཆེའོ༔ རིག་པ་མངོན་སུམ་གྱི་སྣང་བ་མེད་ན་སྐྱེས་བུ་རྣམས་ཀྱི་འབད་རྩོལ་ཅི་བྱས་ཀྱང་རང་སངས་མི་རྒྱ་བས་རྣལ་འབྱོར་པ་རྣམས་ཀྱི་རིག་པ་མངོན་སུམ་གྱི་སྣང་བ་ལ་གོམས་པར་གཅེས་སོ༔ བདེ་གཤེགས་གདུལ་བྱའི་སྣང་བ་མེད་ན་རྟེན་གྱི་གང་ཟག་རྣམས་སངས་རྒྱས་པའི་དུས་ན་སྤྲུལ་སྐུའི་ཞིང་མི་ཤེས་པས་བདེ་གཤེགས་གདུལ་བྱའི་སྣང་བ་ལ་རྩལ་རྫོགས་པར་རབ་ཏུ་གཅེས་སོ༔ འཁྲུལ་བ་རང་དག་གི་སྣང་བ་མེད་ན་ཉམས་སུ་བླངས་ཀྱང་ཚེ་འདི་རུ་རྟགས་མི་ཕྱིན་པས་སྐལ་ལྡན་རྣམས་ཀྱི་འཁྲུལ་པ་རང་དག་གི་སྣང་བ་ལ་ཚད་དུ་ཟིན་པ་རབ་ཏུ་གཅེས་སོ༔ ཆོས་ཉིད་རང་ཟད་གྱི་སྣང་བ་མེད་ན་རྟགས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་འབྲས་བུ་ལ་ཐུག་པ་མེད་པས་ན་ཆོས་ཉིད་རང་ཟད་ཀྱི་སྣང་བ་ཟད་སར་རབ་ཏུ་སྐྱོལ་བ་གཅེས་སོ༔ ངོ་བོ་ཀ་དག་གི་སྣང་བ་མེད་ན་སྐྱེས་བུ་རྣམས་ཀྱིས་འབྲས་བུ་ཟད་སར་བསྐྱལ་ཡང་རིག་པ་འབེམ་གྱིས་གྲོལ་བ་ངོ་མི་ཤེས་པས༔ འབྱུང་བར་རང་དག་ཏུ་སོང་བའི་སྐྱེས་བུ་རྣམས་ཀྱིས་ངོ་བོ་ཀ་དག་གི་སྣང་བའི་ས་བཟུང་བ་རབ་ཏུ་གཅེས་སོ༔ རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་མེད་ན་སྐྱེས་བུ་དེ་སངས་རྒྱས་ཀྱང་ཐུགས་རྗེ་སེམས་ཅན་གྱི་དོན་བྱེད་མི་ནུས་པས་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ལ་གོམས་
ཤིང་ངོ་མི་ཤེས་པ་རབ་ཏུ་གཅེས་སོ༔ དེ་ལྟར་སྐྱེས་བུས་སྣང་བ་རྣམ་པར་བརྒྱད་ཀྱི་དོན་ཤེས་ན༔ སྣང་བ་འདི་ངག་རྣམ་པར་དག་པའི་རྟགས་དང་ལྡན་པའི་གང་ཟག་ཅེས་བྱའོ༔ འགྲོ་དྲུག་འཁྲུལ་པའི་སྣང་བས་དུས་ན་སྐྱེས་བུ་རྣམས་ཀྱིས་འདི་ལྟར་ཤེས་པར་བྱའོ༔ སྣང་བ་མཆེད་པར་ཤེས་པ་རྣམས་ཀྱི་སྒོ་ལྔའི་རླུང་ཟད་དེ་རང་དག་པའོ༔ སྣང་བ་ཐོབ་པའི་དོན་ཤེས་པའི་སྐལ་ལྡན་རྣམས་ཀྱི་ཁ་དོག་དང་དབྱིབས་སུ་འཛིན་པའི་རླུང་ཟད་དེ་འཁྲུལ་བའི་དེ་ཉིད་དུ་ཤེས་པའོ༔ སྣང་བ་ཉེ་བར་ཐོབ་པའི་རྣལ་འབྱོར་པས་ནི་ཉེ་བར་ལེན་པའི་ཕུང་པོ་འཛིན་པའི་རླུང་ཟད་དེ་སྐུ་ཕྱག་རྒྱ་ཆེན་པོར་གྲོལ་ལོ༔ དེའི་ཕྱིར་ན༔ མཆེད་དང་ཐོབ་པ་ཉེར་ཐོབ་པ༔ འདི་དག་རླུང་ལ་རྟེན་པ་འོ༔ མཆེད་པ་རྟོགས་ཕྱིར་གྲངས་རླུང་ཟད༔ ཕྱག་རྒྱ་ཆེན་པོར་རང་གྲོལ་པའོ༔ ཐོབ་པའི་ས་ནི་སྤུ་ཟེར་ཕྲ་རླུང་སྟོབས༔ ཉེར་ཐོབ་པས་ནི་བདག་འཛིན་གྲོལ༔ ཞེས་སོ༔ ཡེ་ཤེས་སྒྱུ་མར་སྣང་བའི་དུས་ནི༔ སྐུའི་སྣང་བ་ཚོམ་བུ་ལ་མཁས་པར་བྱ་བ་དང་༔ ཐིག་ལེའི་སྣང་བ་ལ་མཁས་པར་བྱ་བ་དང་༔ ཡེ་ཤེས་ཀྱི་སྣང་བ་ཟེར་ཐག་ལ་མཁས་པར་བྱ་བ་དང་༔ འོད་ཀྱི་སྣང་བ་དུམ་བུ་ལ་མཁས་པར་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་ལམ་མཐོང་བ་ལ་མཁས་པར་བྱ་བ་སྟེ༔ དེའི་ཕྱིར་ན༔ སྐུ་དང་ཐིག་ལེ་ཡེ་ཤེས་འོད༔ འདི་དག་རྣམས་ལ་སུ་གོམས་པ༔ ཡེ་ཤེས་དག་པའི་ལམ་ཟིན་པའོ༔ ཞེས་ཏེ༔ ལྔ་ལྔ་ཟུང་དུ་འབྲེལ་བའི་ཚེ༔ རང་ངོ་གནད་ལ་དྲིལ་བ་གཅེས༔ འཕྲོ་དང་འདུ་དང་འགྱུར་བའི་ཚེ༔ རང་གི་ཤེས་པ་བརྟན་པ་གཅེས༔ སྙིང་ཁར་ཟེར་ཐག་ཤར་བའི་ཚེ༔ གོང་གི་ཡིད་ཆེས་བཟུང་བ་གཅེས༔ སྣང་བ་དུམ་
བུར་ཤར་བའི་ཚེ༔ མཁས་པས་སྣང་བ་མཆེད་པ་བཟུང་༔ ཞེས་པའོ༔ རིག་པ་མངོན་སུམ་གྱི་སྣང་བ་ནི༔ ལུས་ངག་གི་སྣང་བ་བཟློག་ལ་སྔོན་དུ་འགྲོ་བའི་རིམ་པ་ལ་མཁས་པར་བྱའོ༔ ཉམས་གོང་ནས་གོང་དུ་འཕེལ་བ་ལ་སྣང་བའི་ཚད་ལ་མཁས་པར་བྱའོ༔ ཆོས་ཉིད་རང་ཟད་ཀྱི་རིག་པ་ངོ་བོ་ཀ་དག་གི་འདུགས་ས་ཤེས་པར་བྱའོ༔ དེའི་ཕྱིར་ན༔ སྒོ་དང་ཡུལ་དང་གནད་དང་གསུམ༔ འདི་གསུམ་ལམ་དུ་གང་བྱེད་པ༔ འབྱུང་བ་རྣམས་ལས་རང་སར་གྲོལ༔ ཞེས་སོ༔ བདེ་གཤེགས་གདུལ་བྱའི་སྣང་བ་ནི༔ གང་གི་ཞིང་ཁམས་མཁས་པས་དབྱིངས་རྣམས་ལ་ཚད་ཟིན་པ་དང་༔ གང་གི་སྐུ་ཡི་སྣང་བ་མཁས་པས་བདག་མེད་རྟོགས་པ་དག༔ མཛད་པའི་སྣང་བ་ལ་མཁས་པ་དང་༔ སེམས་ཅན་གྱི་དོན་ལ་ཐོགས་པ་མེད་པའོ༔ དེའི་ཕྱིར་ན༔ ཁམས་གསུམ་པ་དང་མཛད་པ་ལ༔ གང་གིས་འདི་གསུམ་མངོན་སྤྱོད་ན༔ སངས་རྒྱས་སྐུ་གསུམ་མངོན་དུ་ཤེས༔ ཞེས་པས་སོ༔ འཁྲུལ་པ་རང་དག་གི་སྣང་བ་ནི༔ དག་པའི་སའི་སྣང་བ་ལ་མཁས་པའི་ཕུང་པོ་མྱ་ངན་ལས་འདས་པའི་དོན་རྟོགས་པ་དང་༔ དག་པ་དུས་ཀྱི་སྣང་བ་ལ་མཁས་པས་ཡུལ་རྣམས་མྱ་ངན་ལས་འདས་པའི་དོན་རྟོགས་པ་དང་༔ དག་པའི་ཚད་ལ་མཁས་པས་ནི་འབྲས་བུ་མྱ་ངན་ལས་འདས་པའི་དོན་རྟོགས་པ་དང་༔ དེའི་ཕྱིར་ན༔ ས་དང་ཚད་དང་དུས་ཤེས་ན༔ སྣང་བ་རྣམས་ལ་ཅི་དགར་རོལ༔ ཞེས་པའོ༔ ཆོས་ཉིད་རང་ཟད་ཀྱི་དགོངས་པ་ནི༔ ཟད་པའི་དུས་ལ་མཁས་པས་འབྱུང་བ་རྣམས་རང་ས་དག་པ་དང་༔ ཟད་པའི་ལུགས་ལ་མཁས་པས་སྐུ་དང་ཡེ་ཤེས་སྟོང་དང་མི་སྟོང་ལ་སོགས་པ་རྣམས་རང་ས་དག་པའོ༔ དེའི་ཕྱིར་ན༔ དུས་དང་ལུགས་དང་ཚད་རྣམས་
ཀྱིས༔ བླ་མའི་མན་ངག་མཐར་ཕྱིན་པའོ༔ ཞེས་པའོ༔ ངོ་བོ་ཀ་དག་གི་སྣང་བ་ནི༔ ངོ་བོའི་སྣང་བ་ལ་མཁས་པས་སྐུའི་དེ་བཞིན་ཉིད་ཀ་ནས་དག་པ་དང་༔ རང་བཞིན་གྱི་སྣང་བ་ལ་མཁས་པས་འོད་དང་ཐིག་ལེའི་དེ་བཞིན་ཉིད་རྣམ་པར་དག་པ་དང་༔ ཐུགས་རྗེའི་སྣང་བ་ལ་མཁས་པས་གཟིགས་སྣང་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཀ་ནས་དག་པའོ༔ དེའི་ཕྱིར་ན༔ ངོ་བོ་རང་བཞིན་ཐུགས་རྗེ་ཡིས༔ བྱས་པའི་དོན་རྣམས་ཆུད་མི་གསོན༔ ཞེས་པའོ༔ རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ལ་མཁས་པ་ནི༔ འཆར་ལུགས་ཀྱི་སྣང་བ་ལ་མཁས་པ་ནི༔ མཐའ་གང་ལའང་མི་གནས་པར་མྱ་ངན་ལས་འདས་པའོ༔ དེའི་ཕྱིར་ན༔ འཆར་ལུགས་ཐིམ་ལུགས་གྲོལ་ལུགས་དང་༔ རང་གི་གདེང་དུ་ཆུད་པའོ༔ འཁྲུལ་པ་རྣམས་ནི་རང་དག་པའོ༔ ཞེས་སོ༔ དེ་ལྟར་ན་སྣང་བ་རྣམ་པར་བརྒྱད་ཀྱི་དོན་སྐྱེས་བུས་ཉམས་སུ་མྱོང་ནས་སངས་རྒྱས་དང་མཉམ་པར་སྦྱོར་བ་ཞེས་བྱའོ༔ སྣང་བ་རིན་པོ་ཆེའི་པྲ་ཁྲིད་ཅེས་བྱ་བ༔ མཁས་པ་བྱེ་མ་ལ་མུ་ཏྲས༔ དུར་ཁྲོད་ཆེན་པོ་རབ་ཏུ་སྣང་བྱེད་དུ་མཁའ་འགྲོ་བདེ་བའི་ཡིད་ཅན་གྱི་དོན་དུ་མཛད་པའོ༔ རྫོགས་སོ༔ རྒྱ་གར་གྱི་མཁས་པ་ཆེན་པོ་བི་མ་ལ་མི་ཏྲས་སྒྲ་རང་འགྱུར་དུ་བསྒྱུར་བའོ༔ ༔གུ་རུ་ན་མོ་ཡོ་གི༔ དམ་པ་སངས་རྒྱས་ཀུན་གྱི་ཞལ་མཐོང་བདུད་རྩིའི་རོ་ལྡན་པའི༔ རོ་ལངས་བདེ་བ་བཅོམ་ལྡན་ལྷ་ཡི་ལྷ་མཆོག་ཉིད༔ སངས་རྒྱས་སྤྲུལ་པ་འགྲོ་བའི་གདུང་བ་སེལ་མཛད་པ༔ དམ་པ་བདུད་རྩི་བདེ་བ་ཉིད་ལ་ཕྱག་འཚལ་བསྟོད༔ དམ་པ་དེ་ཉིད་རྗེས་འཛིན་སྤྲུལ་པའི་སྐུ༔ ཉོན་མོངས་རང་དག་མཁྱེན་པའི་ཐུགས་དང་ལྡན༔ གསུང་གི་འོད་ཀྱིས་འགྲོ་བའི་སྡུག་བསྔལ་གཅོད༔ དམ་པ་ཡིད་
བཞིན་མྱུ་གུ་དེ་ལ་ཕྱག་འཚལ་བསྟོད༔ དམ་པའི་གདུང་འཛིན་མཁས་པོ་སྡེ་སྣོད་རྣམས་ཀྱི་བདག༔ ཐུགས་རྗེ་ཆེན་པོའི་སྤྲུལ་པ་འཛམ་གླིང་ཀུན་གྱི་རྒྱན༔ དྲི་མེད་གསུང་མངའ་འགྲོ་བ་ངལ་གསོའི་གནས༔ དམ་པ་ཤེས་རབ་མྱུ་གུ་དེ་ལ་ཕྱག་འཚལ་བསྟོད༔ དེ་རྗེས་འཛིན་པའི་མཁས་པ་འཇིག་རྟེན་གསུམ་གྱི་མགོན༔ རྡོ་རྗེ་སེམས་དཔའ་སྤྲུལ་པ་དག་བློའི་འཆིང་གཅོད་པ༔ ཚངས་པའི་གསུང་མངའ་མཁའ་འགྲོ་ཀུན་གྱི་ཡིད་རབ་འཕྲོག༔ དམ་པ་བདེ་བའི་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད༔ བདག་གིས་བླ་མ་རྣམས་ལ་བསྟོད་ཕུལ་བས༔ ཕྱི་རབས་རྗེས་སུ་འཇུག་པའི་རྣལ་འབྱོར་རྣམས༔ ཡིད་ཆེས་དད་པའི་མཆོག་ཏུ་འདི་ཟུངས་ཤིག༔ གསང་བའི་མན་ངག་བདག་གི་ཁོང་སྙིང་འདི༔ རྒྱ་ཡི་དཔེ་ལས་བོད་ཀྱི་ཡི་གེ་བསྒྱུར༔ བསྟན་ཞིང་བཤད་པའི་རྗེ་བློན་གཉིས་པོ་ཡང་༔ དམ་ཚིག་གཞུང་དང་ལྡན་ཞིང་དད་ལྡན་ཡང་༔ སྙིང་གི་མན་ངག་མཆོག་འདི་བློས་མ་ཐེངས༔ བསྟན་པའི་བཙས་སུ་ས་ཡི་གཏེར་དུ་སྦས༔ འདི་ཉིད་ནམ་ཞིག་འབྱུང་བའི་དུས་བྱུང་ན༔ སྐལ་ལྡན་སྙིང་གི་བུ་དང་ཕྲད་པར་ཤོག༔ མཆིམས་བུའི་བྲག་བཙན་རྡོ་རྗེ་དྲག་པོ་རྩལ༔ བཀའ་འདི་སྲུངས་ལ་བསྟན་པའི་བདག་པོ་གྱིས༔ ཆོས་སྐྱོང་མགོན་པོ་ལེགས་ལྡན་ནག་པོ་ཁྱོད༔ བཀའ་འདི་གཏད་དོ་ཁྱོད་ཀྱིས་ཐུབ་པར་སྲུངས༔ སྨུག་ནག་ཁྲོས་མའི་རྒྱལ་མོ་སྔགས་ཀྱི་བདག༔ བཀའ་འདི་བཅོལ་ལོ་ཁྱོད་ཀྱིས་དམ་དུ་ཟུངས༔ གལ་ཏེ་དུས་མིན་སྨོན་ལམ་མཐའ་ཟད་ནས༔ བན་འདྲ་དམ་ཉམས་དག་གིས་འདི་ཁྱེར་ན༔ ཚེ་ལ་བར་ཆོད་སྲོག་ལ་སྤར་ཀྱིས་ཐོབ༔ སྙིང་ཁྲག་གཟོགས་ལ་མིག་འབྲས་ཐང་ལ་བྲུལ༔ སྐལ་ལྡན་སྙིང་གི་བུ་དང་ཕྲད་པའི་ཚེ༔ ཞེན་པ་སྤོངས་ལ་དེ་ཡི་སྟོངས་གྲོགས་ཀྱིས༔ དེས་ཀྱང་རང་རྒྱས་ཐོབས་ལ་སེམས་ལ་རྣོགས༔
ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔དཔལ་བདེ་བ་ཆེན་པོ་ཕྱག་འཚལ་ལོ༔ གསང་བ་ཡང་ཞུན་པོ་ཏི་སྨུག་ཆུང་ལ༔ ཆོས་ཀྱི་སྡེ་དང་གྲངས་ནི་གསལ་བྱའི་ཕྱིར༔ གསང་བའི་དེབས་འདི་ལྷག་དང་ཆད་མེད་པར༔ ཡིད་ཆེས་འཇུག་ཕྱིར་ཡི་གེ་འདི་ལ་ལྟོས༔ བཀོད་པ་ཆེན་པོ་དུམ་བུའི་རྒྱུད་དག་ལས༔ སྐབས་ཀྱི་དོན་ནི་རྣམ་པ་བཅུ་གཉིས་ཡོད༔ རྨོངས་པ་གདུང་བ་སེལ་བ་ཡིད་ཆེས་ལོ་རྒྱུས་བསྟན༔ དེ་ཉིད་ལ་ནི་གཞུང་དོན་བཅུ་གཉིས་ལས༔ ཞུས་དོན་དང་པོས་སྟོན་པའི་བྱོན་ཚུལ་བསྟན༔ ཞུས་དོན་གཉིས་པས་འཇུག་སྒོ་གསལ་བར་བྱས༔ གསུམ་པས་བཤད་བྱ་འབྲས་བུའི་དོན་ཚིག་གིས༔ གཞུང་གི་དོན་ལ་དབྲི་གཞུག་མེད་པར་བསྟན༔ བཞི་པས་ཆོས་ཀྱི་སྡེ་དང་གྲངས་རྣམས་བསྟན༔ ལྔ་པས་དོན་གྱི་གཞུང་རྣམས་གསལ་བར་བཀོད༔ དྲུག་པས་སྙིང་གི་རྒྱུད་རྣམས་བསྡུས་ཏེ་བསྟན༔ བདུན་པའི་སྐལ་ལྡན་ཕྱི་རབས་ལུང་ཡང་བསྟན༔ བརྒྱད་པས་བསྟན་པའི་སྙིང་པོའི་བྱུང་ཁུངས་བསྟན༔ དགུ་པས་བསྟན་པ་འབྱུང་བའི་ལུང་ཡང་བསྟན༔ བཅུ་པས་འབྲས་བུ་ཐོབ་པའི་གྲངས་ལུང་བསྟན༔ བཅུ་གཅིག་བར་དོར་སངས་རྒྱས་འབྱུང་ཚུལ་བསྟན༔ བཅུ་གཉིས་རང་བཞིན་སྤྲུལ་སྐུ་དབུགས་འབྱིན་བསྟན༔ དེ་དག་རྨོངས་པ་གདུང་བ་སེལ་བའི་སྐབས་དོན་ནོ༔ སྐབས་དོན་གཉིས་པས་སེམས་ཉིད་གཏན་ལ་ཕབ༔ གསུམ་པ་ཡིས་ནི་རྒྱུད་ལུང་གསལ་བར་བྱས༔ བཞི་པ་ཡིས་ནི་ལྷ་རྣམས་མངོན་དུ་བསྒོམས༔ ལྔ་པ་ཡིས་ནི་སྐྱེ་མེད་མན་ངག་བསྟན༔ དྲུག་པ་ཡིས་ནི་ཆོས་སྐུ་གཏན་ལ་ཕབ༔ བདུན་པ་ཡིས་ནི་འཁྲུལ་བའི་དོན་རྣམས་བསྟན༔ བརྒྱད་པ་ཡིས་ནི་ཉོན་མོངས་རང་དག་བསྟན༔ དགུ་པ་ཡིས་ནི་ལྷག་པའི་བསམ་གཏན་
བསྟན༔ བཅུ་པ་ཡིས་ནི་ཞིང་ཁམས་རང་གནད་བསྟན༔ བཅུ་གཅིག་པས་ནི་བྱ་བྱེད་ལམ་དུ་བླངས༔ བཅུ་གཉིས་པས་ནི་བཀོད་པ་ཡོངས་རྫོགས་བསྟན༔ དེ་ལྟར་སྐབས་དོན་བཅུ་གཉིས་ཀྱིས༔ བཀོད་པ་ཆེན་པོའི་སྙིང་པོ་རྫོགས༔ གཅེས་པའི་སྙིང་པོ་འཇམ་དཔལ་བཤེས་གཉེན་མ་ཡིས་རང་དོན་གཏན་ལ་ཕབ༔ དཔེ་ཡི་སྒྲོན་མ་དགའ་རབ་རྡོ་རྗེ་མ་ཡིས་གཞན་དོན་གཏན་ལ་ཕབ༔ འཆི་བ་བརྟག་པ་འཇམ་དཔལ་བཤེས་གཉེན་མས་ནི་རང་གཞན་གཉིས་ཀྱི་དོན༔ འཆི་བ་བསླུ་བ་ཤྲཱི་སིཾ་ཧ་མས་ནི་ཕལ་ཆེར་རང་གི་དོན༔ ཡེ་ཤེས་མདོ་ཡིས་ལྟ་བའི་སྙིང་པོས་འབད་མེད་གྲོལ་བ་བསྟན༔ བི་མ་ལ་ཡིས་རིན་ཆེན་པྲ་ཁྲིད་སྣང་བ་གཏན་ལ་ཕབ༔ དེ་དག་རྣམས་ཀྱིས་པོ་ཏི་སྨུག་ཆུང་རྫོགས༔ གལ་ཏེ་ཕྱི་མའི་དུས་ཀྱི་སྙིགས་མ་ལ༔ མན་ངག་དུམ་བུའི་དེབས་མཁས་པ་བི་མ་ལས་མཛད་པ་རྫོགས་སོ༔ ལས་ཅན་གཅིག་དང་ཕྲད་པར་ཤོག༔ དམ་པ་སངས་རྒྱས་ཀུན་གྱི་གདུང་འཛིན་པའི༔ རྒྱ་གར་མཁས་པ་ལྔ་ལ་བདག་ཕྱག་འཚལ༔ བདག་འདྲ་སྨྱོན་པ་ལྕེ་བཙུན་གྱིས༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་ཉི་མ་འདི༔ སྔོན་ནས་སྦྱངས་པའི་སྟོབས་ཀྱིས་བདག་ལ་གཏེར་རྣམས་བབས༔ གསར་པའི་རྒྱུད་ལུང་མན་ངག་ཕྱི་མོ་རྣམས༔ དམ་པའི་སྤྲུལ་པ་ལྡང་མས་བདག་ལ་གཏད༔ ཤིན་ཏུ་དཀོན་པའི་མན་ངག་པོ་ཏི་བཞི༔ མཆིམས་ཕུ་དགེ་གོང་ཤར་གྱི་ཕ་འོང་འོག༔ ལྕགས་ཀྱི་སྣོད་དུ་གདམས་པ་བདག་གི་བཏོན༔ ཁུ་ལུང་གད་སྟོང་ཁྱི་རྟག་དབེན་རྩ་ནས༔ གནུབས་ཀྱི་ངན་སྔགས་བརྒྱ་དང་བརྒྱད་བཅུ་སྟེ༔ ཤངས་དང་རྟ་ནག་འདུས་པའི་རི་ཡི་ཟོམ༔ སྤོ་མཐོན་རྫ་ནས་པདྨའི་ཆོས་རྣམས་བཏོན༔ དེ་ལྟར་གཏེར་གྱི་མན་ངག་བཀའ་
འདུས་པའི༔ མན་ངག་ཀུན་གྱི་བདག་པོས་བདག་གྱུར་ཏེ༔ ལུང་བསྟན་ལྡན་པ་བསྟན་པའི་གནས་མ་རྙེད༔ སླར་ལ་ས་ཡི་འོག་ཏུ་སྦ་སྙམ་ནས༔ ལུང་དང་མཐུན་པའི་གཏེར་ཁ་ལྔ་རུ་སྦས༔ འདི་དག་ནམ་ཞིག་འབྱུང་བའི་དུས་བྱུང་ན༔ སྐལ་ལྡན་ལུང་བསྟན་དེ་དང་འཕྲད་པར་ཤོག༔ ཞྭ་ཡི་མགོན་པོ་ཁྱོད་ཀྱིས་བཀའ་འདི་སྲུངས༔ རྩེ་ལ་བྱང་ཆུབ་རྒྱལ་བ་ཡུལ་གྱི་ལྷ༔ ཁྱོད་ལ་གཏད་དོ་བཀའ་འདི་དམ་དུ་ཟུངས༔ ཞེས་གསུངས་ནས་གཏེར་དུ་སྦས་སོ༔ བདག་གིས་འདི་ནས་ཇི་ལྟར་འདུག་པ་བཞིན་ཉམས་སུ་བླངས་པས་གྲུབ་པ་ཡང་དེ་ཁོ་ན་བཞིན་ཐོབ་པ་ལགས་སོ༔ ས་མ་ཡཱ༔ ན་ར་ཀན༔ རྗེས་འཇུག་རྣམས་ཀྱིས་འདི་ལྟར་ཉམས་སུ་ལོངས་ཤིག༔ འདི་བཞིན་བྱས་ན་འཚང་རྒྱ་བ་ལ་ཐེ་ཚོམ་ཡོད་རེ༔ ལྕེ་བཙུན་བདག་གི་མགོ་ཁོས༔ པོ་ཏི་འདི་ལ་འདྲ་མིན་གཉིས༔ མིན་པ་ལ་ཡིན་བྱས་པ་གཅིག་ཀྱང་ཡོད༔ འདི་ནི་ཡང་དག་པའོ༔ དགེ་བར་གྱུར་ཅིག་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་སྙིང་པོའི་བསྟན་པ་རྒྱས་པས་གྲོལ་བ་མྱུར་དུ་ཐོབ་པར་ཤོག༔ མངྒ་ལམྦྷ་ཝནྟུ༔ ༔
མན་ངག་ངེས་པའི་ཁ་བྱང་མིང་རྣམ་པར་བཀོད་པ།
མན་ངག་ངེས་པའི་ཁ་བྱང་མིང་རྣམ་པར་བཀོད་པ་ཞེས་བྱ་བ་བཞུགས་སོ། །
ཐམས་ཅད་མཁྱེན་པ་ཉིད་ལ་ཕྱག་འཚལ་ལོ། །སྐུ་གསུམ་ཉིད་ནི་སྣང་བ་འདི་ཉིད་ལས། །མ་ནོར་དབང་པོའི་ཡུལ་དུ་གཏན་དབབ་ཕྱིར། །མན་ངག་ཡིག་ཆུང་གསལ་བ་སྙིང་ནོར་གྲགས། །མེ་ལོང་ཉིད་ལ་བཞིན་བསྟན་ཇི་བཞིན་དུ། །མ་ནོར་འགྱུར་བའི་ས་མེད་གསང་ཆེན་ཉིད། །སྙིགས་མའི་དུས་སུ་གང་ཟག་ལ་ལ་དག །སྙིང་པོའི་ནོར་ལ་རས་ཆོད་གཟུ་ལུམ་གྱིས། །བརྩམས་ཤིང་མུན་པའི་ནང་དུ་ཁབ་གཏོར་ལྟར། །མན་ངག་སྙིང་པོ་དཀྲུགས་ཤིང་ལྷག་ཆད་བྱེད། །དེ་རྣམས་ཀྱིས་ནི་བསྣན་ཕྲི་བྱར་མེད་ཕྱིར། །མིང་ངེས་གསང་བའི་ཁ་བྱང་འདི་ཉིད་ནི། །དམ་པ་རྣམས་ནི་ལུས་ངག་ཡིད་ཀྱིས་ཀྱང་། །རབ་ཏུ་གུས་པས་གསོལ་བ་བཏབ་ནས་ཀྱང་། །མ་འོངས་སྙིགས་མའི་དུས་སུ་དགོས་སྲིད་པས། །འཁྲུལ་པ་མེད་པའི་བློ་ཡིས་འབྲི་བར་བྱ། །གསང་བའི་མན་ངག་ཡི་གེ་འདི་ཉིད་ནི། །གཅིག་ལ་གཅིག་དགོས་མ་བུ་མ་ཡིན་ཏེ། །གནད་ཀྱི་མན་ངག་ངེས་པ་སོ་སོའི་ཐབས། །ངེས་པའི་སྙིང་པོ་མན་ངག་ངེས་པའི་གྲངས། །བླ་མེད་ཡོངས་སུ་རྫོགས་པའི་སྡེ་ཚན་ལ། །འདི་དག་ཡི་གེ་གསང་བའི་གནད་དུ་ཕབ། །འདི་ལྟར་མིང་གི་ཁ་བྱང་ངེས་པ་ལ། །གསང་བའི་མན་ངག་ཁ་བྱང་ཡི་གེ་ནི། །ངེས་པར་གྲངས་སུ་བཅད་ན་འདི་ལྟར་མཆིས། །རྒྱ་ཆེར་བཤད་པའི་ཡི་གེ་གྲངས་མང་ཡང་། །རྣམ་པར་བསྡུས་ན་སྙིང་པོའི་དོན་ཉིད་ནི། །བརྒྱ་དང་བཅུ་དགུ་ཉིད་དུ་བཀོད་པ་ལ། །རེ་རེས་ཀྱང་ནི་གྲོལ་བའི་སྙིང་པོ་འོ། །ལྟ་བའི་སྐོར་བཞིའི་རྩ་ངེས་དུམ་དུམ་ཁྲིགས་༡སུ་ལྟོས། །སྟོན་པའི་ལོ་རྒྱུས་
ལ་སོགས་པོ་ཏི་སྨུག་ཆུང་༢ལྟོས། །འཁྲུལ་གཞི་གསལ་བའི་མེ་ལོང་༣ཉིད་དང་འབྱུང་བཞི་གནད་ཡིག་༤དང་། རིན་ཆེན་གསེར་ཐིགས་༥ཉིད་དང་སྣང་བྱེད་སྒྲོན་མ་༦དང་། །འདོ་གསལ་ལྡེ་མིག་༧ཉིད་དང་ཤེས་བྱ་སྐོར་གསུམ་༨དང་། །གསང་བའི་སྡོམ་བྱང་༩ཉིད་དང་སྒྲ་བརྟགས་འཁོར་ལོ་༡༠ཉིད། །༈སྐུ་གསུམ་ལག་ཁྲིད་༡༡དང་ནི་མཁའ་འགྲོ་པྲ་ཁྲིད་༡༢དང་། །བབས་ལུགས་གསུམ་༡༣སྐོར་དང་ནི་འཁྲུལ་བའི་སྡོམ་ཡིག་༡༤གཉིས། །གསང་༡༥ཐིག་ཆེན་པོ་དང་ནི་གསེར་༡༦བྱང་བཀོལ་བ་ཉིད། །ལམ་ཁྲིགས་༡༧ཆེན་པོ་དང་ནི་ཡེ་ཤེས་༡༨ལག་ཕྲད་གཉིས། །བཀའ་ཁྲོལ་༡༩ཆེན་པོ་དང་ནི་བསམ་གཏན་རང་༢༠གནས་གཉིས། །༈གསལ་བའི་མེ་༢༡ལོང་ཉིད་དང་གསང་བ་ཉིང་༢༢བཀོལ་གཉིས། །སྣང་བ་བསྡུས་པ་༢༣དང་ནི་གནས་པའི་བྱུང་ཁུངས་༢༤གཉིས། ཁྲེགས་ཆོད་བདུན་པ་༢༥དང་ནི་ཐོད་རྒལ་དགུ་༢༦པ་གཉིས། །ལུང་བསྟན་ཆེན་༢༧མོ་དང་ནི་གླང་ཆེན་དྲུག་༢༨པ་གཉིས། །སྤྱོད་ལམ་བསྡུས་༢༩པ་དང་ནི་ལྟ་བའི་གསེར་༣༠བཀོད་གཉིས། །༈པདྨའི་ཀློང་༣༡ཡངས་དང་ནི་ལྷ་ཡི་ཕྱག་༣༢སོར་མ། །གསེར་གྱི་ཨུཏྤལ་༣༣ཉིད་དང་དྲན་པ་རྒྱུན་༣༤གཅོད་གཉིས། །རགས་པ་༣༥ཉམས་བླངས་ཉིད་དང་ཕྲ་རྒྱུན་༣༦དྲིལ་བ་གཉིས། །གསལ་བའི་སྒྲོན་༣༧མ་ཉིད་དང་སེང་གེ་༣༨རྩལ་སྤྲུག་གཉིས། །ཨ་ཏི་རྣལ་དགོངས་༣༩དང་ནི་དགོས་དོན་བཞི་༤༠པ་གཉིས། །༈རྡོ་རྗེ་ལམ་༤༡བསྟན་དང་ནི་རིན་ཆེན་འོད་འབར་༤༢ཉིད། །ལྷག་པའི་འཁོར་ལོ་༤༣དང་ནི་ཁྱུང་ཆེན་མཁའ་༤༤ལྡིང་གཉིས། །ལྟ་བའི་མིག་སེལ་༤༥ཉིད་དང་བླ་མའི་རིམ་པ་༤༦གཉིས། །དྲང་བའི་༤༧ཚིག་རྒྱུད་དང་ནི་འཁྲུལ་གཞི་རྩད་ཆོད་༤༨གཉིས། །སེམས་ཀྱི་དམིགས་དྲུག་༤༩ཉིད་དང་སྒོམ་པའི་
འཁོར་ལོ་༥༠གཉིས། །༈དབང་གི་ལྡེ་༥༡མིག་ཉིད་དང་དབང་གིས་ལས་བྱང་༥༢གཉིས། །སྤྲོས་མེད་དབང་གི་མན་༥༣ངག་དག་དང་དབང་གི་རྩ་བ་༥༤པ་གཉིས། །དབང་གི་རིགས་༥༥འབྱེད་ཉིད་དང་དབང་གི་ཕྲ་ཏིག་༥༦གཉིས། །འཁོར་ལོ་དྲུག་པའི་༥༧དབང་དང་དམ་ཚིག་བར་༥༨འབྱེད་གཉིས། །དབང་བཀོད་ཆེན་པོ་༥༩ཉིད་དང་དབང་སྦྱོར་པྲ་༦༠ཁྲིད་གཉིས། །༈རིག་པའི་༦༡མེ་ཏོག་ཉིད་དང་གསེར་༦༢ལུང་ཆེན་པོ་དང་། །མན་ངག་རྩ་བ་༦༣ཉིད་དང་ལུང་ཏིག་བཅོ་བརྒྱད་༦༤པ། །རིག་པ་དྲུག་༦༥པ་དང་ནི་སེམས་ལུང་སྒོམ་ཁྲིགས་༦༦གཉིས། །ཡང་གསང་༦༧དྲིལ་བ་དང་ནི་སྦས་པའི་ཉི་༦༨མ་དང་། །འཕྲ་བཀོད་བཅུ་༦༩པ་དང་ནི་ལུང་༧༠ཡིག་བསྡུས་པ་ཉིད། །༈བདུད་རྩི་ཡང་༧༡ཞུན་དང་ནི་ལུང་༧༢གསུམ་འདུས་པ་ཉིད། །གསང་ཆེན་གཡུ་༧༣ཡིག་ཅན་དང་མན་ངག་ཕྲ་༧༤ཡིག་ཅན། །གསང་བ་གསེར་༧༥ཡིག་ཅན་དང་སྙིང་གཟེར་༧༦ཆེ་ཆུང་དང་། །བསམ་གཏན་ཉལ་བའི་འཁོར་ལོ་༧༧དང་ནི་འཕྲུལ་ཡིག་༧༨ཆེ་ཆུང་དང་། །མཁའ་འགྲོ་༧༩མཛོད་དང་འཕོ་བ་༨༠ཆེན་མོ་ཉིད། །གསང་བའི་གཟེར་༨༡བུ་དང་ནི་རྩ་གནས་འཁོར་༨༢ལོ་དང་། །བསམ་གཏན་༨༣བབས་ལུང་དང་ནི་རིག་པ་ས་༨༤འབྱེད་གཉིས། །སྣང་བ་རྒྱས་༨༥འདེབས་ཉིད་དང་ཡེ་ཤེས་སྦུབས་༨༦འཇུག་གཉིས། །ལོ་རྒྱུས་༨༧ཆེན་མོ་ཉིད་དང་གསལ་བའི་ཞལ་༨༨ཆེམས་ཉིད། །ཐེག་པའི་བསྡུས་༨༩ཤན་དང་ནི་གསང་བའི་སྒྲ་༩༠ཡིག་གཉིས། །༈ཡི་གེའི་༩༡སྒྲ་བཤད་དང་ནི་སྒྲ་བཞི་མཚམས་སྦྱོར་༩༢གཉིས། །བསྟན་པའི་གོ་༩༣ཆ་མ་དང་འགྱུར་མེད་ཐིག་ལེ་༩༤གཉིས། །དངོས་པོའི་ཁ་༩༥བསྒྱུར་དང་ནི་འབྲས་བུ་མངོན་བྱེད་༩༦གཉིས། །སྟོང་པའི་མཐའ་༩༧འབྱེད་དང་ནི་ནམ་མཁའ་༩༨ལམ་ཁྱེར་གཉིས། །ཐི་བྱ་ཚང་༩༩འཇུག་དང་ནི་གསལ་བར་རིན་༡༠༠ཆེན་འོད། །ཀ་དག་ཆེན་པོའི་དག་༡༠༡ཡིག་དང་
ནི་ལྷུན་གྲུབ་ཡི་གེ་༡༠༢གཉིས། །ཤེས་རབ་འཁོར་ལོ་དང་༡༠༣ནི་སྨྲ་བའི་མཚོན་ཆེན་༡༠༤གཉིས། ཡེ་ཤེས་ལྔ་བསྐོར་༡༠༥དང་ནི་འོད་ཀྱི་ཚུལ་༡༠༦བཤད་གཉིས། །འབྱུང་བའི་གནས་༡༠༧འབྱེད་དག་ནི་སྒྲོན་མའི་ཁུངས་གཅོད་༡༠༨གཉིས། །ཕྱག་རྒྱས་༡༠༩འདུས་པ་དང་ནི་བཀོད་པ་༡༡༠ལྔ་པ་གཉིས། །རྒྱ་མཚོ་ཨར་གཏད་༡༡༡དང་ནི་རླུང་གི་སྡོམ་བྱུང་༡༡༢གཉིས། །ངོ་སྤྲོད་གསུམ་པ་༡༡༣དང་ནི་བབས་ལུགས་༡༡༤བཅུ་གཅིག་པ། །རྩ་ཐིག་༡༡༥ཆེ་ཆུང་དང་ནི་རླུང་གིས་སྟེམས་ཡིག་༡༡༦དང་། །རིག་པ་གནས་ས་༡༡༧དང་ནི་མིག་གི་བསམ་གཏན་༡༡༨ན། །དེ་ལྟར་མན་ངག་ཡིག་ཆུང་བརྒྱ་དང་བཅུ་དགུ་ནི། །གཅིག་ལ་གཅིག་བརྟེན་མ་ཡིན་འབྲེལ་མེད་སོ་སོའི་གནད། །ངེས་པར་གང་ཟག་རེ་ལ་ཕན་པ་དང་། །དགོས་པའི་ཡིག་ཆུང་རྒྱུད་ལ་ཕན་པ་དང་། །སྙིང་པོ་རབ་ཏུ་བསྡུས་པ་ཉི་ཚེ་ལས། །གནད་མེད་ཡི་གེ་གཅིག་ཀྱང་མ་མཆིས་སོ། །གསང་ཆེན་དམ་པའི་ཡི་གེ་འདི་དག་ནི། །མཐར་ཐུག་མན་ངག་ངེས་པའི་གནད་ཡིན་པས། །སྐལ་ལྡན་སེམས་ཀྱི་བུ་ཡིས་ཡིད་ལ་ཆོངས། །སྐུ་གསུམ་ཡེ་ཤེས་ལྔ་ཉིད་ས་ལ་གོམས་པ་ཡི། །ཐབས་ཀྱི་ཡན་ལག་རྣམས་སུ་འདི་དག་འདྲ། །ལྷག་པའི་ཡི་གེ་གསར་བའི་གནད་འདི་ཡིས། །གང་གི་དུག་གསུམ་ནད་རྣམས་འདོན་པར་བྱེད་པ་འོ། །གསང་བའི་མན་ངག་ཡིག་ཆུང་ངེས་པའི་གྲངས། །སྙིགས་མའི་དུས་སུ་འདི་ཉིད་དགོས་སྲིད་པས། །མ་འོངས་སྐལ་ལྡན་འདི་ལ་འཇུག་པ་རྣམས། །སྙིང་པོ་དོན་གྱི་ཡི་གེའི་གྲངས་ཉིད་ལས། །ཐེ་ཚོམ་བློ་ཡིས་སྤྲོས་པ་གཅོད་པའི་ཕྱིར། །མ་ནོར་དམིགས་བསྟན་མན་ངག་ངེས་པའི་གྲངས། །
ཐེ་ཚོམ་བསལ་ཕྱིར་མན་ངག་ངེས་པ་ཡི། །མིང་རྣམས་ངེས་པའི་ཁ་བྱང་འདི་བྲིས་པས། །རང་བཞིན་རྫོགས་པ་ཆེན་པོའི་དོན་འདི་ལ། །མོས་འཇུག་དད་པའི་སྐལ་པ་ལྡན་པ་ལ། །མུན་པའི་ནང་དུ་སྒྲོན་མེ་བཏེགས་པ་ལྟར། །ཇི་ལྟར་སྣང་བའི་འོད་ཀྱིས་ཆོས་རྣམས་ཀུན། །རང་བཞིན་མཉམ་པ་ཉིད་དུ་ཤེས་པར་ཤོག །མན་ངག་ངེས་པའི་ཁ་བྱང་མིང་རྣམ་པར་བཀོད་པ། །སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །།ཨྠྀི། རྒྱ་རྒྱ་རྒྱ། ས་མ་ཡཱ། །དགེའོ། །
མན་ངག་དུམ་དུམ་ཁྲིགས་དུམ་བུ་བདུན་ཅུ་རྩ་བཞི་པ།
མན་ངག་དུམ་དུམ་ཁྲིགས་དུམ་བུ་བདུན་ཅུ་རྩ་བཞི་པ་བཞུགས་སོ། །མན་ངག་དང་པོ།
བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ༔ ཡང་གསང་དུམ་དུམ་ཁྲིགས་ཁྲིད་གསང་བའི་ཐིགས་ཡིག་གནད་ཀྱི་གལ་མདོ༔ གབ་པ་རྣམས་མངོན་དུ་གཏན་ལ་འབེབས་པར་བྱེད་པ༔ དང་པོ་གཞི་གཏན་ལ་འབེབས་པར་བྱེད་པ༔ གཞི་ཀ་དག་ཆེན་པོ༔ རང་བཞིན་གར་ཡང་རྒྱ་མ་ཆད་པ༔ ཕྱོགས་གང་དུ་ཡང་མ་ལྷུང་༔ རང་བཞིན་དུ་འོད་གསལ་རྒྱ་མ་ཆད་པ་བུམ་པའི་སྐུ་ལྟ་བུ་འོད་ལྔ་མ་འདྲེས་པར་གསལ་བ༔ ནམ་མཁའི་འཇའ་ལྟ་བུ༔ དེ་ཡང་གསལ་ལ་མ་འགགས་པ༔ གསལ་བྱེད་མ་གྲུབ༔ དེ་ལྟ་བུ་དེ་ལ་འཁོར་འདས་གཉིས་ཇི་ལྟར་བྱུང་ན༔ གཞི་དེ་ཡང་སྐུ་དངོས་འོད་དབྱིངས་རིག་པ་ལུ་གུ་རྒྱུད་གསུམ་དུ་ཡེ་ནས་གྲུབ་པས་ཏེ༔ དཔེར་ན་ཏིལ་ལ་མར་གྱི་གཞི་གྲུབ་པ་ལྟ་བུའོ༔ དེ་ལ་རང་བཞིན་གྱི་དབང་པོ་རྣོན་པོ་དང་༔ རང་བཞིན་གྱི་དབང་པོ་རྟུལ་པོ་གཉིས༔ རང་
བཞིན་གྱི་དབང་པོ་རྟུལ་པོ་ནི༔ དཔེར་ན་མེ་ལོང་དུ་བྱད་ཤར་བ་རང་བྱད་དུ་མ་ཤེས་པའོ༔ དབང་པོ་རྣོན་པོ་ནི༔ མེ་ལོང་དུ་བྱད་ཤར་བ་རང་བྱད་དུ་ཤེས་པ་ལྟ་བུ༔ གཞི་དེ་ལ་ཡེ་ཤེས་ཀྱི་རང་རླུང་ཞེས་བྱ་བ་ཉི་ཚན་ལ་སྤུ་འགུལ་བ་ཙམ་ཞིག་ལས་རིག་པ་གཡོས་སོ༔ གདངས་ཕྱིར་ཤར་བས་རྐྱེན་བཞིས་ཡར་གྲོལ་ཏེ༔ རྒྱུའི་རྐྱེན་གཞི་ལས་འཕགས་བཞི་དངོས་པོའི་གནས་ལུགས༔ བདག་པོའི་རྐྱེན་རང་རིག་པའི་ལུ་གུ་རྒྱུད་ཡེ་ཤེས། །དམིགས་པའི་རྐྱེན་རང་དུ་ཤེས་པ་ཆོས་ཉིད་ཀྱི་ཡིད་ལ་ཤར་བ་སྣང་༔ མཚུངས་པའི་རྐྱེན་སྐད་ཅིག་མ་ལ་ཚོམ་བུ་དང་བཅས་པ་ལོངས་སུ་སྐུ་བཞི་བཅུ་རྩ་གཉིས་སུ་སངས་རྒྱས་པའོ༔ དེ་ནས་བདུད་བཞི་རང་བཞིན་དུ་ཆོམས༔ རང་སྣང་དུ་ཤེས་པས་ལྷའི་བུའི་བདུད་ཆོམས༔ ཡེ་ཤེས་ཀྱིས་རང་ལུས་ཟིན་པས་ཕུང་པོའི་བདུད་ཆོམས༔ ཡེ་ཤེས་ཀྱི་ལུས་ལ་ཉོན་མོངས་པ་མེད་པས་ཉོན་མོངས་པའི་བདུད་
ཆོམས༔ ཡེ་ཤེས་ཀྱི་ལུས་ལ་སྐྱེ་ཤི་མེད་པས༔ འཆི་བདག་གི་བདུད་ཆོམས་ནས་མྱ་ངན་ལས་འདས་པའོ༔ ལོངས་སྐུ་ནས་ལྷུན་གྲུབ་རིན་པོ་ཆེ་གསང་བའི་སྦུབས་སུ་གྲོལ་ཏེ༔ ལེགས་པར་མྱ་ངན་ལས་འདས་པའོ༔ དེས་ཀྱང་གྲོལ་ལུགས་བསྟན་པའོ༔ ཨྠྀི༔ རང་བཞིན་གྱི་དབང་པོ་རྟུལ་པོ་ལས༔ མེ་ལོང་དུ་བྱད་ཤར་བ་དེ་རང་སྣང་དུ་མ་ཤེས་པས༔ དཔེར་ན་གཞན་བྱད་དུ་ཤེས་པ་ལྟ་བུའོ༔ སྐུ་དབྱིངས་རིག་པ་གཞན་སྣང་དུ་མཐོང་བས༔ སྐུ་ལས་ལུས་སུ་འཁྲུལ༔ དབྱིངས་ལས་ཡུལ་དུ་འཁྲུལ༔ རིག་པ་སེམས་སུ་འཁྲུལ༔ མར་འཁྲུལ་པ་ལ་ཡང་རྐྱེན་བཞི་རང་སྣང་དུ་མ་ཤེས་པ་དེ་རྒྱུའི་རྐྱེན༔ གཞན་དུ་ཤེས་པ་བདག་པོའི་རྐྱེན༔ འཁྲུལ་སྣང་དུ་མར་ཤར་བ་དེ་དམིགས་པའི་རྐྱེན༔ དེ་རྣམས་དུས་མཚུངས་པས་མཚུངས་པ་དེ་མ་ཐག་པའི་རྐྱེན༔ རང་སྣང་དུ་མ་ཤེས་པས་ལྷའི་བུའི་བདུད་༔ ཟག་བཅས་ཀྱི་ཕུང་པོ་བླངས་པས་ཕུང་པོའི་བདུད༔ ཟག་བཅས་ཀྱི་ཕུང་པོ་ལ་ཉོན་མོངས་པ་ཡོད་པས་ཉོན་མོངས་པའི་བདུད༔ ཟག་བཅས་ཀྱི་ཕུང་པོ་ལ་སྐྱེ་ཤི་ཡོད་པས་འཆི་བདག་གི་བདུད་བྱུང་བའོ༔ ཨྠྀི༔ དང་པོ་གཞི་དེ་ལས་འཁོར་འདས་བྱུང་ལུགས་བསྟན་ནས༔ ད་ཟག་བཅས་ལ་སྐུ་འོད་རིག་པ་གསུམ་གནས་ལུགས་སྟོན་པའོ༔ དང་པོ་གཞི་ལ་ཇི་ལྟར་གནས་པ་ལྟར་ཟག་བཅས་ལ་གནས་ཏེ༔ སྐུ་འོད་རིག་པ་གསུམ་པར་གྲོལ་བས་སྐུ་གསུངས་ཐུགས༔ མར་འཁྲུལ་བས་ལུས་ངག་ཡིད་གསུམ༔ གནས་གང་ན་གནས་ན་ཀུན་ཏུ་བཟང་པོའི་གའུ་ཁ་སྦྱོར་ཞེས་བྱ་བ༔ ཙིཏྟ་འོད་ཀྱི་གའུ་ན་སྐུ་ཡུངས་འབྲུ་ཙམ༔ ཞི་བའི་སྐུ་ལ་ཁྲོ་བོའི་དབུ་རྒྱན་དུ་བཞུགས་སོ༔ ཡབ་ཡུམ་གྱི་ཚུལ་དུ་བཞུགས་སོ༔
དུང་ཁང་ན་ཁྲོ་བོའི་སྐུ་བཞུགས་སོ༔ ཞི་བའི་སྐུ་ལམ་དར་དཀར་གྱི་སྐུད་པ་ཙམ་ནས་ལམ་བྱུང་ངོ་༔ སྒོ་མིག་གི་དབང་པོ་ནས་ཐོན་ནས་ཡུལ་ཆོས་ཉིད་ཀྱི་ནམ་མཁའ༔ རང་ལངས་པའི་མགོའི་ཁྲུ་གང་ན་གནས་ཏེ༔ ལུ་གུ་རྒྱུད་འཆར་ཏེ་ལུ་གུ་རྒྱུད་ཀྱི་ཚིགས་ལའང་སྐུའི་སྣང་བ་འཆར་ཏེ་རང་གི་ངོ་བོ་རྩ་ནས་ཐིག་ལེ་དང་༔ ཐིག་ལེའི་ནང་དུ་ཞལ་རས་ཀྱི་སྣང་བ་འཆར་བ་སྟེ༔ རང་བཞིན་རྩ་ཕྲན་ནས་འོད་དང་ཐིག་ཕྲན་འཆར་བ་དེ་ཐུགས་རྗེ་ཀུན་ཁྱབ་སྣང་སྲིད་ཞིང་ཁམས་སུ་འཆར་བའོ༔ ཨྠྀི༔ མིག་ནས་སྐུ་འོད་རིག་པ་གསུམ་འཆར་ཏེ༔ གསལ་བ་ཟང་ཐལ་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བས་རིན་པོ་ཆེ་མན་ཤེལ༔ སྐུ་འོད་རིག་པ་གསུམ་གཏན་ལ་འབེབས་པས༔ འཁོར་འདས་ཀྱི་འབྲེལ་ཐག༔ མྱང་འདས་ཀྱི་ལམ༔ དེ་ཉམས་སུ་ཇི་ལྟར་བླངས་ན༔ དབྱིངས་ཀྱི་ནང་ན་ལུ་གུ་རྒྱུད་འདུ་འབྲལ་མེད་པར་ཉམས་སུ་བླངས༔ དེ་ཉམས་སུ་ལོངས་པའི་ཚད་ལུས་ངག་གི་ཞེན་པ་རང་ཟད༔ སྐུ་གསུམ་གྱི་ཞེན་པ་ལས་འདས་པའོ༔ ཨྠྀི༔ དེ་ཡང་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཨ་ཝ་དྷཱུ་ཏི་ན་གནས་སོ༔ དེ་ཡང་འོད་ལྔ་སྐུ་དང་བཅས་ནས་གནས༔ ཐིག་ལེ་སྟོང་པའི་སྒྲོན་མ་ཆོས་ཉིད་དག་པའི་རྩ་ལ་གནས༔ དཔེར་ན་ཉའི་མིག་ལྟ་བུའོ༔ འོད་ཀྱི་ཐིག་ལེར་གནས༔ ཤེས་རབ་རང་བྱུང་གི་སྒྲོན་མ་སྐྱོན་ཡོན་འབྱེད་པའི་རྩ་ལ་གནས༔ དེ་ཡང་སྟོང་པ་འགྱུར་མེད་དང་བཅས་པར་གནས༔ དཔེར་ན་སྤུ་གྲི་ལྟ་བུའོ༔ རྒྱང་ཞགས་ཆུའི་སྒྲོམ་མ་མིག་ལ་གནས༔ མཐོང་བ་མ་འགགས་པར་གསལ་ལོ༔ སྒྲོན་མ་དེ་རྣམས་ཐམས་ཅད་མིག་ནས་འཆར་ཏེ༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་ནི༔
བར་སྣང་གི་འཇའ་གུག་པར་ལྟ་བུར་ནམ་མཁའ་ལ་འཆར་ལ༔ དེ་ཡང་གོམས་པ་ཚད་དུ་ཕྱིན་ན་ཡེ་ཤེས་སྐུ་དང་འོད་ལ་འགག་པ་མེད་པ་འཆར་རོ༔ ཐིག་ལེ་སྟོང་པའི་སྒྲོན་མ་ནི་རྨ་བྱའི་མདོངས་ལྟ་བུར་འཆར་ཏེ༔ དེ་ནི་དབྱིངས་ཀྱི་སྒྲོན་མ་ཉམས་སུ་བླངས་པའི་དུས་ན་གོམས་པ་མཐར་ཕྱིན་པའི་རྟགས་འོད་དང་ཐིག་ལེར་འཆར་བའི་རྟགས་སུ་བསྟན༔ ཤེས་རབ་རང་བྱུང་གི་སྒྲོན་མ་ནི༔ སྐྱོན་དང་ཡོན་ཏན་ཐམས་ཅད་སེལ་ལོ༔ རིག་པ་གཉིས་མེད་ཀྱི་སྐུ་ནི་ཚངས་པའི་བུ་ག་ནས་འབྱུང་བའོ༔ སྐུ་རུ་འཆར་རོ༔ དོན་རང་གི་ལུས་ལ་གནས༔ རྟགས་དངོས་སུ་འཆར་བའི་སྒྲོན་མ་གཉིས༔ དབྱིངས་ཀྱི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མའོ༔ འབྲས་བུ་ཅིར་སྣང་འོད་ཀྱི་སྐུར་ཤར༔ རྟོགས་པ་ནི་རང་ལས་བྱུང་བར་རྟོགས༔ མཐར་ཕྱིན་པའི་ལམ་སྐྱེ་མེད་ཀྱི༔ སངས་རྒྱས་ཐོབ་པའོ༔ རང་ལ་ཡེ་ཤེས་ཕྱོགས་མེད་དུ་འཆར་བའོ༔ དེ་རང་ལ་གནས་པའོ༔ ཨྠྀི༔ དང་པོ་གཞི་ལས་འཕགས་གཞིའི་སྣང་བ་འགག༔ འཁྲུལ་པའི་སྣང་བ་མ་ཤར་བའི་དུས་ན་གཞོན་ནུ་བུམ་པའི་སྐུ་ཞེས་བྱ་བ་རྒྱ་མ་རལ་དེ་ལས༔ འཛིན་བྱེད་ཀྱི་ཤེས་པས་བློ་དང་བཅས་པའི་རྟའི་རྔ་མ་ཙམ་ཞིག་བྱུང་༔ བར་དེར་སྣང་བ་སེང་མ་སང་མ༔ ཤག་མ་ཤིག་མ༔ ཁྲལ་མ་ཁྲོལ་མ༔ འགྱུ་འཕྲིག༔ འགུལ་འཕྲོ་ཡེད་ཡེད་སྔངས་ལམ་པ་སོགས་འབྱུང་ངོ་༔ དེ་ནི་རྡོ་རྗེ་སེམས་དཔའ་ཡིད་རང་བྱུང་གི་ཡེ་ཤེས་བྱ་བའོ༔ དེ་ལས་འཁྲུལ་པ་དུ་མར་འཁྲུལ་པ་བྱུང་ངོ་༔ ཨྠྀི༔ ད་ནི་ཐིག་ལེའི་གནས་ལུགས་བསྟན་ཏེ༔ རིན་པོ་ཆེ་ཤེལ་དཀར་རྒྱུས་པའི་རྩ་ནང་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ་གནས་ཏེ༔ ཆེ་ཆུང་གི་ཚད་ནི་སྲན་མ་
ཙམ་དུ་གནས་ཏེ༔ དེ་ཡང་ཁ་དོག་ལྔའོ༔ འོད་ཟེར་དུ་འཕྲོ༔ སྐུ་དང་བཅས་སོ༔ ཙིཏྟའི་རྩེ་མོ་ན་གནས་སོ༔ རིན་པོ་ཆེ་ཤེལ་གྱི་སྦུ་གུ་ཅན་ན་དབྱིངས་ཀྱི་ཐིག་ལེ་གནས་ཏེ༔ དེ་ཡང་ཆེ་ཆུང་གི་ཚད་སྲན་ཆུང་ཙམ་དུ་གནས་སོ༔ ཁ་དོག་དཀར་པོ་འོད་ཟེར་ཆ་ཙམ་དུ་གནས་སོ༔ ཙིཏྟའི་གཡས་ནས་འབྱུང་ངོ་༔ རིན་པོ་ཆེ་དྲ་བ་འདུས་པའི་ནང་ན༔ ཀུན་ཏུ་བཟང་པོའི་ཐིག་ལེ་གནས་ཏེ༔ ཆེ་ཆུང་ནི་ཡུངས་འབྲུ་ཙམ་དུ་གནས་སོ༔ ཁ་དོག་དམར་པོར་གནས་སོ༔ འགྲོ་འོང་དང་བཅས་པའོ༔ ཙིཏྟའི་སྐེད་པ་ནས་འབྱུང་བའོ༔ ཐིག་ལེ་ལྔའི་ཚོམ་བུ་དང་བཅས་པའོ༔ རིན་པོ་ཆེ་སྟོང་པ་རང་སང་གི་ནང་ན་ཆོས་ཉིད་ཀྱི་ཐིག་ལེ་གནས་ཏེ༔ ཆེ་ཆུང་སྐྲའི་རྩེ་མོ་ཙམ༔ ཁ་དོག་སེར་པོ༔ སྤྲོ་བསྡུ་མེད་པ་ཙིཏྟའི་སྐེད་པ་ནས་འབྱུང་༔ རིན་པོ་ཆེ་ལས་རབ་རྫོགས་པའི་རྩ་ན་ཡེ་ཤེས་ཀྱི་ཐིག་ལེ་གནས་ཏེ༔ ཆེ་ཆུང་ཏིལ་འབྲུ་ཙམ་དུ་ཁ་དོག་དམར་སེར༔ འགྲོ་འོང་མེད་ཅིང་ཙིཏྟའི་རྩ་བ་ནས་འབྱུང་༔ རིན་པོ་ཆེ་དར་དཀར་སྣ་མ་ལྟ་བུའི་རྩལ༔ ཡེ་ཤེས་ཆེན་པོའི་ཐིག་ལེ་གནས་ཏེ༔ ཆེ་ཆུང་རྟ་རྔ་བཅུར་གཤགས་པ་ཙམ༔ ཁ་དོག་སྔོན་པོར་གནས༔ འགྲོ་འོང་ལྟར་སྣང་བའོ༔ ཙིཏྟའི་འདབས་ནས་འབྱུང་ངོ༔ དེ་རྣམས་ཀྱི་ལམ་མིག་ནས་འཆར་རོ༔ ཨྠྀི༔ ད་ནི་རིག་པའི་ཡེ་ཤེས་རང་ལ་ཡོད་ལུགས་བསྟན་ཏེ༔ དེ་ཡང་རིག་པའི་ཡེ་ཤེས་ཆེན་པོ་དེ༔ རང་གི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ཏེ༔ གནས་ནི་སྙིང་གི་དཀྱིལ་ན་གནས༔ དེ་ཡང་འདི་ལྟ་སྟེ༔ ཀུན་ཏུ་བཟང་པོ་གའུ་ཁ་སྦྱོར་གྱི་དགོངས་པ་ཞེས་བྱ་སྟེ༔ སྙིང་རིན་པོ་ཆེ་
ཟུར་བརྒྱད་པའི་ནང་ན༔ ཡེ་ཤེས་ཀྱི་འོད་ཚོན་གྱི་དྲུ་བུ་བསྡོགས་པ་ལྟ་བུའི་ནང་ན༔ ཞི་བའི་སྐུ་ཡུངས་འབྲུ་ཙམ་རང་རང་འོད་དང་བཅས་ནས་གནས་སོ༔ དེ་ཡབ་ཡུམ་གྱི་ཚོམ་བུར་གནས་སོ༔ དེ་ཡང་སྐུ་དེ་རྣམས་འགུལ་བའི་དུས་སུ་ཨིག་ཟེར་ནས་ཨིག་གུའི་སྒྲ་འབྱུང་ངོ་༔ དེ་ནི་འོད་དང་སྐུའི་གནས་ལུགས་སོ༔ ཨྠྀི༔ ལུ་གུ་རྒྱུད་ནི་གསལ་བ་རང་ཤེས་ཀྱི་དགོངས་པ་ཡེ་ཐོག་མ་ནས་བཞུགས་སོ༔ ཕྲ་བའི་ཚད་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུའོ༔ གཟུང་བར་དཀའ་ལ་འགྲོ་འོང་དང་བཅས་པར༔ མིག་གར་འགུལ་བའི་ཕྱོགས་སུ་འགྲོ་བའོ༔ དེ་བཟུང་བར་བྱས་ཏེ༔ ཆོས་སྐུའི་སྟ་སྟངས་ཀྱི་གྱེན་ལ་སྨིན་ཕྲག་ཏུ་མིག་དང་ཤེས་པ་རྩེ་གཅིག་ཏུ་དྲིལ་བ་བཟུང་ངོ་༔ ཟིན་པ་དང་དབྱིངས་ཀྱི་སྣང་བར་འཆར་ཏེ༔ དེ་གཉིས་འདུ་འབྲལ་མེད་པ་ལ་དགོངས་པ་གནས་པར་བྱའོ༔ ཨྠྀི༔ ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་སྣང་བ་ཡིན་པས༔ འདི་ནི་ཡུལ་སྟོང་པ་ལ་ངོ་བོ་ཉིད་རང་དག་ཅིང་གནས་པ་ཞེས་བྱ༔ འདི་ནི་ཐོག་མ་ནས་སྟོང་པ་ཉིད་ཀྱི་སྣང་བ༔ སྟོང་པ་ཉིད་དུ་གྲོལ་བ་ཞེས་བྱ་སྟེ༔ ཡུལ་སྟོང་པ་ལ་རིག་པ་གསལ་བར་ཤར་བས༔ གསལ་སྟོང་དབྱེར་མེད་སྣང་བ་རང་དག་ཡིན་ཏེ༔ དག་པ་ཟུང་འཇུག་གི་དགོངས་པ་ཞེས་བྱ༔ རིག་པ་ལུ་གུ་རྒྱུད་ནི་གསལ་བ་རང་ཤེས་ཀྱི་རྒྱལ་པོ་ཞེས་བྱ་བ་ཡེ་ཐོག་མ་ནས་བཞུགས་པ་ཡིན་ཏེ༔ སངས་རྒྱས་པའི་སྣང་བ་དང་དབྱེར་མི་ཕྱེད་པར་བཞུགས་ཚུལ་ལ་ཁྱད་མེད༔ སྣང་ཚུལ་རྒྱུན་དུ་ཕྱེ་བའོ༔ དེའི་དབང་པོའི་མངོན་སུམ་རིག་པ་ཟང་ཐལ་ཞེས་བྱ་སྟེ༔ རིག་པ་ཉིད་ཉམས་སུ་མྱོང་དུ་ཡོད་པས་སོ༔ ཨྠྀི༔ རང་གི་ངོ་བོ་དང་སྦྱོར་ན༔ ངོ་བོ་
རིག་པས་ཏེ་རང་གིས་རང་རིག་པ་དང་༔ རང་བཞིན་འཆར་ཚུལ་དུ་བཞུགས་པས༔ དེ་ལ་སྐུ་དང་ཡེ་ཤེས་དང་༔ འོད་དང་ཐིག་ལེ་རྣམས་སུ་ཤར་བའོ༔ ཐུགས་རྗེ་འཆར་བྱེད་དུ་བཞུགས་པས༔ དབྱིངས་དང་རིག་པ་ཡུལ་དང་དབང་པོ་རྣམས་རང་སྣང་བའོ༔ ཨྠྀི༔ རང་ལ་གནས་ས་དང་སྦྱར་ན༔ ངོ་བོ་ཙིཏྟ་ན་ཞི་བའི་སྐུ་ལྔ༔ དུང་ཁང་ན་ཁྲོ་བོའི་སྐུ་ལྔ་ཡབ་ཡུམ་གྱི་ཚུལ་དུ་བཞུགས༔ རང་བཞིན་ནི་རྩ་གནས་ན་ཐིག་ལེ་དང་ཐིག་ཕྲན་དུ་གནས༔ ཐུགས་རྗེ་འོད་ལྔ་གསལ་བར་བཞུགས་སོ༔ ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་མ་འགགས་པའོ༔ ཨྠྀི༔ མིག་དང་ནམ་མཁའ་སྤྲད་པས་ཡུལ་དང་གཟེར་ཐེབས་ཏེ༔ མི་འགྱུར་བའི་གནད་དང་༔ ནམ་མཁའ་དང་རིག་པ་ངོ་སྤྲད་པས་རང་ངོ་ལ་གཟེར་ཐེབས་ཏེ༔ རིག་པ་ཉིད་ལྷག་མཐོང་དུ་ཤེས་པའི་གནད་དང་༔ དེ་ཉིད་འདུ་འབྲལ་མེད་པར་སྐུ་གསུམ་རང་ཟད་ཀྱི་ཉམས་སྐྱེའོ༔ ཨྠྀི༔ འདི་ལྟར་ཉམས་སུ་བླངས་པའི་སྐྱེས་བུ་གོམས་སྟོབས་ཀྱིས་གནད་བསྟན་མི་དགོས་པ་ནི༔ ཆོས་ཉིད་སྤྲོས་པ་དང་བྲལ་བའོ༔ ཨྠྀི༔ བརྗོད་དཔག་གིས་ཀྱང་ཐོག་ཏུ་མི་ཕེབས་པའོ༔ རིག་པ་གནས་པ་ནི་རིག་པ་ལ་རྣམ་པར་རྟོགས་པས་མ་བསླད་པ་སྟེ༔ དངོས་པོ་གང་དུའང་མ་ཆད་པའི་རིག་པ་ཡིན་པས་ན་སྣང་སྟོང་དུ་ཡོད་པའོ༔ ཨྠྀི༔ འདི་ལ་བརྩོན་པར་བྱས་པ་རིག་པའི་ལུ་གུ་རྒྱུད་ཉིད་ལ་རྣམ་པར་གནས་པ་ཁོ་ནའོ༔ དབྱིངས་ལ་བརྟན་པར་བྱ་བའི་ཕྱིར༔ སྣངབ་ཀུན་ལ་རང་གཟེར་གདབ༔ རིག་པ་བརྟན་པར་བྱ་བའི་ཕྱིར༔ ངོ་བོ་ཉིད་ལ་རྣལ་དུ་དབབ༔ ལྟ་བ་བརྟན་པར་བྱ་བའི་ཕྱིར༔ རྟག་ཏུ་ལུ་གུ་རྒྱུད་ལ་གཟིར༔
ཤེས་པ་བརྟན་པར་བྱ་བའི་ཕྱིར༔ རིག་པ་དབྱིངས་སུ་བཙོན་དུ་གཟུང་༔ ལུས་ནི་བརྟན་པར་བྱ་བའི་ཕྱིར༔ འདུག་སྟངས་རྣམས་ལ་རབ་ཏུ་སྦྱང་༔ ངག་ནི་བརྟན་པར་བྱ་བའི་ཕྱིར༔ རྟག་ཏུ་ལྐུགས་པ་ལྟ་བུར་གནས༔ སེམས་ནི་བརྟན་པར་བྱ་བའི་ཕྱིར༔ རྟག་ཏུ་ལུ་གུ་རྒྱུད་ལ་བལྟ༔ སྣང་བའི་འཁྲུལ་པ་ཀུན་གཅོད་ཕྱིར༔ སྟོང་པ་ཉིད་ལ་གོམས་པར་བྱ༔ འདི་ལྟར་ཉམས་སུ་ལེན་པའི་མི༔ སངས་རྒྱས་རྣམས་དང་ཉེ་བ་ཡིན༔ དེ་ཕྱིར་འདི་ལ་གོམས་པར་བྱ༔ ཨྠྀི༔ ལུ་གུ་རྒྱུད་ཀྱི་རྩེ་ལ་ཐིག་ལེ་འཁར་ཕོར་ལྟ་བུ་གསུམ་འབྲེལ་དུ་སྣང་བའི་དུས་ན༔ ཆོས་ཉིད་སུམ་ཆ་ལ་དབང་ཐོབ་པས༔ མངལ་དུ་མི་འཇུག་པའི་གནད་དང་༔ ཐིག་ལེའི་ནང་དུ་སྐུ་རྐྱང་པ་རེ་རེ་སྣང་བའི་དུས་ན༔ རིག་པ་དབྱིངས་ཀྱ་ི་གཟེང་ལ་ཐེབས༔ ཐིག་ལེ་རེ་རེའི་ནང་དུ་སྐུ་ལྔ་ལྔ་ཤར་བའི་དུས་ན༔ སྐུ་གསུམ་ཞེན་པ་ཆོད་དོ༔ སྐུ་གསུམ་ལམ་དུ་བྱས་པའི་གནད༔ རིག་པ་རྟོག་མེད་དངོས་པོ་འོད་དང་ཁྱིམ་དང་ཐིག་ལེའི་ནང་དུ་ཕྱེད་སྐུ་འཆར་རོ༔ ཨྠྀི༔ རང་གི་ལུས་མི་སྣང་སྟེ་སྐབས་སུ་འོད་ཀྱི་སོར་མོ་སྣང་བའི་དུས་ན༔ ཆོས་སྐུའི་སྒྲོ་འདོགས་ལམ་དུ་ཆོད༔ ཐིག་ལེ་སྟོང་པའི་སྒྲོན་མ་ལ་སྐུ་ལྔ་ལྔར་ཤར་བའི་དུས་ན་ལོངས་སྐུའི་སྒྲོ་འདོགས་ལམ་དུ་ཆོད༔ ལུས་ངག་ཡིད་གསུམ་གྱི་གནད་གཏན་ནས་གཟིར་བས་སྤྲུལ་སྐུའི་སྒྲོ་འདོགས་ལམ་དུ་ཆོད༔ སྐུ་གསུམ་གྱི་སྒྲོ་འདོགས་ཆོད་པའོ༔ ཨྠྀི༔ འབྱུང་བ་དྭངས་སྙིགས་ཕྱེད་པའི་ཚད༔ ཕྱིའི་སྣང་བ་འགགས་ཏེ་འོད་དུ་སྣང་བ་ཡིན༔ ཆོས་ཅན་དང་ཆོས་ཉིད་ཕྱེད་པའི་ཚད༔ དབྱིངས་སྨིན་མཚམས་ལས་བྲལ་བའི་ཚེ་ཡིན༔ སེམས་དང་ཡེ་ཤེས་ཕྱེད་པ་ནི༔ རིག་པ་ལ་ཉིན་མཚན་མེད་པ་ཡིན༔ ཀུན་གཞི་དང་ཆོས་སྐུ་ཕྱེད་པ་ནི༔
གདོས་བཅས་མི་སྣང་བ་ཡིན༔ ཡིད་དང་ཤེས་རབ་ཕྱེད་པ་ནི་སྣང་བ་སྣ་ཚོགས་སུ་ཤར་བ་ཡིན་ནོ༔ ཨྠྀི༔ དབྱིངས་ཀྱི་སྒྲོན་མ་སྨིན་མཚམས་ལས་བྲལ་བའི་དུས་ན༔ འཁོར་འདས་གཉིས་ཀ་རྒྱབ་གྱེས་པ་ཡིན༔ མངལ་དུ་མི་འཇུག༔ དབྱིངས་དང་རིག་པ་ཉིན་མཚན་མེད་པའི་དུས་ན་འཁོར་འདས་གཉིས་སུ་མེད་པ་ཞེས་བྱ་སྟེ༔ འཁོར་བ་ཉིད་མྱང་འདས་སུ་གྲོལ་བ་ཡིན་ནོ༔ ཨྠྀི༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ མིག་ནམ་མཁའ་རིག་པ་གསུམ་འབྲེལ་བ་ལ་བྱ༔ ཉམས་གོང་འཕེལ་གྱི་སྣང་བ་ནི༔ དང་པོ་སྨིན་ཕྲག་ནས་ཁྲུ་གང་ན་འཆར་རོ༔ སྲན་མ་ཙམ་རིལ་མ་ཙམ་འཆར་ཏེ༔ དེ་ལ་ཉམས་སུ་བླངས་པས་ཐིག་ལེ་ཁ་དོག་ལྔར་འགྱུར་ཏེ༔ དེ་ལ་དབྱིངས་ཀྱི་སྣང་བ་འཆར་རོ༔ དེ་ཉམས་སུ་བླངས་པས་སྣང་བ་ཙམ་འོད་དུ་འཆར་རོ༔ རིག་པ་ཚད་ལ་ཕེབས་པ་ནི༔ དེ་ནས་འོད་དེ་རྣམས་ཀྱང་སྐུ་དང་ཐིག་ལེར་འཆར་ཏེ༔ དེ་ནས་སྐུ་དེ་རྣམས་ཀྱང་ལྔ་ལྔར་སྣང་བའི་རིག་པ་ཚད་ཕེབས་ཀྱི་སྣང་བའོ༔ ཆོས་ཉིད་ཟད་པའི་སྣང་བ་ནི༔ གང་གི་ངོ་བོར་ཡང་གྲུབ་པ་མེད་ཅིང་༔ འདི་ལྟར་ཡིན་ནོ་བར་གྲུབ་པ་མེད་པའི་དུས་ན་ལུས་ངག་ཡིད་གསུམ་གྱི་ཞེན་པ་ཟད་དེ༔ རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཆེན་པོ་བཞུགས༔ འདིར་ནི་སྐུ་གསུམ་གྱི་ཞེན་པར་རང་ཟད་སྐུ་ལས་འདས་པའོ༔ ཨྠྀིཿདང་པོ་མི་འགུལ་བ་གསུམ་གྱི་གཞི་བཅའ༔ ལུས་འདུག་སྟངས་ལས་མ་འགུལ༔ རིག་པ་ནམ་མཁའ་ལས་མ་འགུལ༔ མིག་གཟིགས་སྟངས་ལས་མ་འགུལ་བའོ༔ སྡོད་པ་གསུམ་གྱི་ཚད་གཟུང་བ༔ ཕྱི་སྣང་བ་ལ་སྡོད་པ་ནི༔ རླུང་ཟད་པས་འོད་སྣང་བ་གར་གཏད་དུ་སྡོད༔ ནང་ཕུང་པོ་སྡོད་པ་ནི༔ འཇིག་རྟེན་གྱི་བྱ་བ་ལ་མི་
འཇུག༔ གསང་བ་རླུང་སེམས་སྡོད་པ་ནི༔ རླུང་གར་གཏད་དུ་འདྲོངས་སོ༔ ཚད་རྨི་ལམ་གྱིས་གཟུང་བ༔ རབ་རྨི་ལམ་རྒྱུན་ཆད༔ འབྲིང་རྨི་ལམ་ལ་རྨི་ལམ་དུ་ཤེས༔ ཐ་མལ་རྨི་ལམ་འགྱུར་ནས་འོང་ངོ་༔ ཨྠྀི༔ ཉི་མ་དམར་ཐག་ཆད་པ་དབང་པོ་གནས་སྡུད་མ་ཤེས་ན༔ དགོངས་པ་རྩེ་གཅིག་གིས་བག་ཆགས་དང་མཚན་མ་སྡུད་མི་ནུས་སོ༔ སྲོད་འཁོར་ནས་ནམ་གུང་སུམ་ཆ་ཤེས་བྱ་བུམ་འཇུག་མ་ཤེས་ན༔ གཏི་མུག་གི་གཉིད་དོན་གྱི་ངོ་བོ་ལ་སྦྱོར་མི་ཤེས་སོ༔ ཉི་མ་རྩེ་ཤར་ཡེ་ཤེས་རང་དག་མ་ཤེས་ན༔ འབྲས་བུ་ཚད་མི་ཟིན་ནོ༔ སྣང་བ་རྒྱ་ཡིས་མ་ཐེབས་ན༔ མཚན་མ་ཟིལ་གྱིས་མི་ནོན༔ དབང་པོ་གནས་སྡུད་ཀྱི་དུས་སུ༔ ངང་ཀུན་ཏུ་བཟང་མོ་མ་བཅོས་པའི་ངང་དུ་གཞག༔ ཤེས་བྱ་བུམ་འཇུག་གི་དུས་སུ༔ ཤེས་རབ་མ་ཐོབ་ན་གནས༔ རྒྱུ་ལ་རྒྱུ་ཐིམ་པའོ༔ རིག་པའི་རྩལ་མ་འགགས་པར་སྣང་ཡང་༔ བྱེད་པ་པོ་མངོན་དུ་མི་སྣང་ངོ་༔ འབྱེད་མེད་ཀྱི་ཤེས་རབ་ཆེན་པོ་ལ་གནས༔ སྐུ་གསུམ་ཇ་ལོག་གི་ཏིང་ངེ་འཛིན་ཚད་དུ་ཕྱིན་པའོ༔ ཡེ་ཤེས་རང་སྣང་གི་དུས་སུ༔ བདེ་གསལ་ཆེན་པོ་ལ་གཞག་གོ༔ སྣང་བ་རྒྱས་འདེབས་ཀྱི་དུས་སུ༔ རྣལ་འབྱོར་པ་ཡེངས་ན་མཚན་མའི་རྟོག་པ་ལ་སྤྱོད་པས༔ མ་ཡེངས་པར་དབྱིངས་རིག་གི་དགོངས་པ་ལ་གནས་པར་བྱ༔ དེས་མཚན་མ་ཟིལ་གྱིས་ནོན་ནོ༔ རིག་པ་ལ་ཡེ་ཤེས་ཀྱིས་བརྒྱན༔ ཡེ་ཤེས་ལ་ཐུགས་རྗེས་བརྒྱན༔ ཐུགས་རྗེས་སེམས་ཅན་གྱི་དོན་བྱེད་དོ༔ ཨྠྀི༔ ལུས་ངག་ཡིད་གསུམ་འཁོར་བ་ལ་ཞེན་ཆེ་བ༔ འཁོར་འདས་རུ་ཤན་དབྱེ་བའོ༔ ལུས་ཀྱི་བྱ་བྱེད་ནུས་ཚད་དུ་ཞག་གཅིག་བྱས་པས༔ ལུས་ཀྱི་ཞེན་པ་བཟློག༔
དེས་ཆད་ནས་ལུས་རང་བཞིན་མེད་པའི་ཉམས་སྐྱེའོ༔ ངག་གི་ཅ་ཅོ་ཁ་ནས་ཐོན་ཚད་བྱས་པས༔ ངག་གི་ཞེན་པ་ལོག་ནས༔ ངག་དེས་ཆད་ངག་རང་བཞིན་མེད་པའི་ཉམས་སྐྱེའོ༔ ཡིད་བསམ་པ་ཡིད་སྔར་དང་ཕྱིས་ད་ལྟ་ནུས་ཚད་བྱས་པས༔ ཡིད་ཀྱི་ཞེན་པ་ལོག༔ དེས་ཆད་ནས་ཡིད་རང་བཞིན་མེད་པའི་ཉམས་སྐྱེའོ༔ ལུས་ངག་ཡིད་གསུམ་ལ་ཞེན་ཆགས་མེད་པས་འཁོར་བ་ལུས་ངག་ཡིད་གསུམ་ལ་རང་བཞིན་མེད་པར་ཤེས་པས་འདས་པའོ༔ དེ་ལྟར་རུ་ཤན་ཕྱེ་ནས༔ དེ་རྣལ་དུ་འབེབས་པ་ཞེས་བྱ་བ་སྟེ་ཞག་གཅིག་གམ་མ་ཐ་ཉིན་གཅིག་ཏུ་ལུས་དལ་བ་ལུས་རང་བཞིན་མེད་པར་བྱ༔ ངག་སྐུགས་པ་ལྟ་བུ་ལ་ངག་རང་བཞིན་མེད་པར་གནས་པར་བྱའོ༔ ཡིད་དལ་བ་ལ་འཕྲོ་འདུ་མེད་པ་སྤྲོས་དང་བྲལ་བ༔ འབོལ་ཤིག་གེ་གློད་ལ་ཞོག༔ ལུས་དལ་བས་སྤྲུལ་པའི་སྐུ་ལ་རེག་པ་ཡིན་ནོ༔ ངག་དལ་བས་ལོངས་སྤྱོད་རྫོགས་པའི་སྐུ་ལ་རེག་པ་ཡིན་ནོ༔ ཡིད་དལ་བས་ཆོས་ཀྱི་སྐུ་ལ་རེག་པ་ཡིན་ནོ༔ དེ་ལྟར་ཤེས་པ་དང་༔ སྐུ་གསུམ་ལམ་དུ་སློང་བའོ༔ དེ་ནས་དུར་ཁྲོད་དང་རི་ནས་འོངས་ལ་མི་སྐད་ཁྱི་སྐད་མེད་པར་ཕྱིན་པས་ན༔ དེ་ནས་ཤིན་ཏུ་སྤྲོས་པ་མེད་པའི་དབང་བསྐུར་ལ་བརྡ་ལ་བརྟེན་ནས་བསྐུར་བའོ༔ ལས་འཕྲོ་ཅན་འགས་ནི་བརྡ་དེ་རྣམས་ཁྲོལ་ལོ༔ མ་ཁྲོལ་ན་རང་གིས་བཀྲོལ་ལ་ཉམས་སུ་ལོན་དུ་གཞུག༔ གདམས་ངག་དུས་གཅིག་ལ་མིན་པར་སློབ་མའི་ཉམས་དང་སྦྱར་དུམ་བུ་དུམ་བུར་བསྟན་ནོ༔ ཨྠྀི༔ སོར་བཞི་ཚད་ཡར་མཚམས་ལས་བྲལ་བའི་སྐྱེས་བུ་སྐལ་བ་བཟང་༔ རང་གི་སྨིན་མཚམས་ལས་སོར་བཞི༔ དབྱིངས་རིག་ཐིག་ལེ་དང་བྲལ་བའི་
སྐྱེས་བུ་འཁོར་བ་ལ་འཇུག་པར་ག་ལ་སྲིད༔ ཨྠྀི༔ དེ་ཡང་ཉིན་མོ་མྱང་འདས་ཀྱི་ཆ༔ དབྱིངས་རིག་དབང་པོའི་མངོན་སུམ་དུ་གཏན་ལ་ཕེབས་པའོ༔ ནུབ་མོ་འཁོར་བའི་ཆ༔ དབྱིངས་རིག་དང་པོར་གཏན་ལ་མི་ཕེབས་པའོ༔ དེ་ལྟར་གཏན་ལ་མ་ཕེབས་ན༔ ནུབ་མོ་ཉམས་སུ་ཇི་ལྟར་བླང་ན༔ ནུབ་མོ་མར་མེ་ལ་ཉམས་སུ་བླང་སྟེ༔ མར་མེ་ལ་དབྱིངས་རིག་ཤར་བའི་དུས་ན་འཁོར་འདས་འདྲེས་པའོ༔ མར་མེ་མེད་པར་ཉམས་སུ་བླང་ན༔ ཉིན་མོ་དབྱིངས་ཀྱི་སྣང་བ་དང་༔ རིག་པའི་སྣང་བ༔ ཐིག་ལེའི་སྣང་བ་ཇི་ལྟར་ཤར་བ་བཞིན་དུ་ནུབ་མོ་ཡང་དམིགས་པས་ཉམས་སུ་བླང་ངོ་༔ དེ་ནས་གོམས་སྟོབས་ཀྱིས་ཉིན་དང་མཚན་མོ་མེད་པར༔ དབྱིངས་རིག་བཀྲག་ཤིག་གེ་འཆར་རོ༔ དེ་ལྟར་ཤར་ཙམ་ན་འཁོར་འདས་གཉིས་མེད་མཉམ་པ་ཞེས་བྱའོ༔ ཨྠྀི༔ ཐིག་ལེ་སྟོང་པའི་སྒྲོན་མའི་ཡི་གེ༔ ཨ་ཧ་ཥར༔ སྒྲོན་མ་བལྟམས་པའི་དུས་སུ་ཐུན་མཚམས་སུ་འདི་བརྒྱ་ཕྲག་གསུམ་བརྗོད་པས་འཆར་བ་ཡིན་ནོ༔ དབྱིངས་རྣམ་པར་དག་པའི་སྒྲོན་མེ་ཡི་གེ༔ ཊ་ཕམ༔ སྣང་བ་ལ་གཏད་པའི་ཚེ་ན་སྔོན་དུ་བརྒྱ་ཕྲག་གསུམ་བཟླས་ན༔ ངག་གི་ནུས་པ་རྫོགས་པར་བྱེད༔ ཤེས་རབ་རང་བྱུང་གི་ཡི་གེ༔ ཀྵ་ཧི་ཕ༔ འདི་དག་སྐྱེས་བུ་ཐོ་རངས་སྐྱ་རེངས་ཤར་ཙམ་ན༔ བརྒྱ་ཕྲག་གསུམ་མ་ཆག་པར་བརྗོད་ན་ཤེས་རབ་དང་བློ་དང་ལྡན་པར་འགྱུར༔ རྒྱང་ཞགས་ཆུའི་སྒྲོན་མའི་ཡི་གེ༔ པུ་ུཛ་ཧཱུྃ༔ འདི་གསུམ་ཟླ་བ་མཐོང་རེས་ཀྱིས་བརྒྱ་ཕྲག་གསུམ་བརྗོད་ན༔ སྐལ་ལྡན་དེའི་མིག་འགྲིབ་པར་མི་འགྱུར་རོ༔ སྒྲོན་མ་བཞིའི་ཐེམས་ཡིག་གསང་བ༔ ཨྠྀི༔ ཟུག་པའི་དུས་སུ་ཤེས་པ་ནི༔ ཤིན་ཏུ་ཁྱིམ་
པར་འགྱུར་བ་ཡིན༔ འདི་དུས་རྣལ་འབྱོར་གཡེང་བ་བྱ༔ ཡང་ན་ལག་པའི་འདུ་བྱེད་བསྒོམ༔ བྱེར་བའི་དུས་སུ་རྣལ་འབྱོར་པ་ཤེས་པ་ཡས་ཏེ༔ བསྡུ་བའི་མན་ངག་བྱ༔ བྱེར་དང་ཟུག་པ་མཉམ་པའི་ཚེ༔ དུས་བཞི་མཉམ་པར་སྦྱོར་ཞེས་བྱ༔ འདི་དུས་རྣལ་འབྱོར་ལྡན་པ་ཡིས༔ ཤེས་པ་རང་གི་སོར་གནས་ཏེ༔ རང་བཞིན་ཆེན་པོའི་བསམ་གཏན་དུ༔ ཡེ་ཉིད་ནས་ནི་མི་གནས་པས་ཏེ༔ འདི་དུས་རིག་པའི་ལྟ་སྟངས་ཀྱིས༔ ཆོས་སྐུ་མཉམ་པ་ཆེན་པོར་ལྟ༔ འདི་དང་བྲལ་བར་མ་བྱས་ན༔ རྟག་ཏུ་བྱེར་ཟུག་སྙོམས་པའོ༔ དེ་ཕྱིར་དུས་བཞི་མཉམ་སྦྱར་རོ༔ འཁྲུགས་པ་བྱུང་བའི་དུས་ཉིད་ན༔ རྣལ་འབྱོར་པ་ཡིས་ཀྱང་༔ བྱེར་དང་ཟུག་པ་མཉམ་པ་ནི༔ འཁྲུགས་དང་ཆ་མི་ཕྱེད་པར་གནས༔ འདི་དུས་གནས་ཁང་ཡང་ཡང་སྤོ༔ རང་གི་ཉམས་ལ་ཅི་དགའ་བྱའོ༔ བླ་མའི་མན་ངག་ཐེབས་རེ་ཉིད༔ གང་ལ་བློ་ཞུགས་འདི་དུས་བསྒོམ༔ འདི་ལྟར་སུ་ཡིས་བྱས་པའི་མི༔ དུས་བཞི་མཉམ་པ་ཆེན་པོ་འོ༔ ཨྠྀི༔ ཕྱིས་སྙོམས་པར་བྱེད་པ་ལ༔ རྙིང་མའི་རྩ་སྐྱེད་པར་བྱེད་པའི་ཡི་གེ༔ ཨཾ་སྟོང་ཕྲག་དྲུག་དྲུག་ལན་རེ་བརྗོད་པར་ཉེ་བར་འགྲུབ་པ་ཡིན་ནོ༔ སྒྲོན་མ་རྩ་གནས་རང་བཞིན་གྱི་ཡི་གེ་ནི༔ དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་སྒྲོན་མའི་ཡི་གེ་ནི༔ ཨེ་ཡིན༔ ཐིག་ལེ་སྟོང་པའི་སྒྲོན་མའི་ཨ་ཡིན༔ ཤེས་རབ་རང་བྱུང་སྒྲོན་མའི་ས་ཡིན༔ རྒྱངས་ཞགས་ཆུའི་སྒྲོན་མའི་ཨེ་ཡིན༔ འདི་ཀུན་ནི་རླུང་དང་བཅས་ཏེ་སྐབས་སུ་སྤུར་བར་བྱའོ༔ ཡང་རང་གི་སྒྲོན་མ་གང་དུ་གཏོད་པའི་ས་ཉིད་དུ་གནས་པར་བྱས་ཏེ༔ ཤེས་པ་དེ་ལ་གཏད་པས་འགྲུབ་པ་
ཡིན་ནོ༔ སྟེང་འོག་གཉིས་ཀའི་རླུང་བསྡམས་པ་མ་ཡིན་ནོ༔ འོག་རླུང་བསྡམས་ཤིང་གྱེན་ལ་དྲངས༔ སྟེང་རླུང་རབ་ཏུ་དལ་བས་སྤྲོ་བ་དང་བསྡུ་བར་བྱའོ༔ དེ་ལྟར་བྱས་པས་དུས་ནམ་ཞིག་ཙམ་ན༔ སྟེང་ནས་རླུང་འབྱུང་བའི་འཕྲོ་ཆད་པའོ༔ དེ་ཉིད་ཆོད་པའི་ཚེ་ཡོ་གི་ཡང་ཟས་ཀྱི་འདུ་ཤེས་བྲལ་ནས་འགྲོ་བར་ངེས་པ་ཡིན་ནོ༔ དེའི་ཕྱིར་ན་གསང་བའི་གནད༔ ཨྠྀི༔ བསམ་གཏན་ཉལ་བའི་འཁོར་ལོ་དང་སྒོ་བསྟུན་ནས་ཉམས་སུ་ལེན་ན༔ སྲོད་ལ་སྐྱེད་བྱེད་ཀྱི་ཙཀྲ་ལྟེ་བར་ཤེས་པར་བཅུག་ལ༔ དྲན་པའི་རྒྱུན་འགགས་པར་བྱེད་པའི་གནད་དོ༔ ནམ་ཕྱེད་ན་སྙིང་གར་བཅུག་ཅིང་ཉལ་བས་ཤེས་རབ་ཀྱི་དྲན་པ་དང་མི་འབྲལ་བ་ཉིད་དོ༔ དེས་ནི་ཚིག་དོན་གཉིས་སུ་མེད་པར་བྱེད་པའི་གནད་ཡིན་ནོ༔ ཐོ་རངས་རོ་རྣམས་འདུས་པ་མགྲིན་པའི་གནས་སུ་བཅུག་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཐམས་ཅད་ལ་ལོངས་སྤྱོད་པ་སྟེ༔ གཉིས་མེད་ཀྱི་ཉམས་རྒྱུད་ལ་འཆར་བར་བྱེད་པའི་གནད་ཡང་དག་པའོ༔ ཉིན་མོ་སྤྱི་བོ་རྩེ་མོའི་གནས་སུ་ཤེས་པ་བཅུག་ནས་དར་གཅིག་ཏུ་གནས་པར་བྱས་ན༔ དེ་ནས་མིག་ནས་ཤེས་པ་དྲངས་ནས༔ ཡུལ་ནམ་མཁའ་སྤྲིན་དང་བྲལ་བ་ལ་རིག་པ་གཏད་པས༔ སྣང་བ་རྒྱས་ཐེབས་ཏེ༔ འཁོར་འདས་རུ་བཟློག་པའི་བསམ་གཏན་གྱི་འཁོར་ལོ་ལ་བསྐོར་བ་ཞེས་བྱའོ༔ རྣམ་རྟོག་ཡེ་ཤེས་སུ་གྲོལ་བའི་གནད་ཡིག་གོ༔ ཨྠྀི༔ རིག་པ་རྒྱུ་རྐྱེན་གཉིས་ལ་མ་བརྟེན་པར༔ ཤེས་རབ་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར༔ དབང་པོ་ཉིད་ལ་རྣོ་རྟུལ་མེད་པར་ཡང་༔ དེ་ཉིད་མཐོང་སྟེ་དེ་དོན་ཉམས་སུ་བླང་ན༔ གསང་སྔགས་རྣམས་ཀྱི་འབྲས་བུ་འདི་ཉིད་ལ༔ ཐོབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད༔ དེ་ཡི་ཕྱིར་ན་གསང་བའི་གནད༔ བཤད་ཅིང་བསྟན་པ་མི་དགོས་ངོ་མཚར་ཆེ༔ ཡང་དག་ཡེ་ཤེས་ཚིག་གིས་མི་རྟོགས་ཏེ༔ མངོན་སུམ་རང་གནས་ཚད་འདི་ངོ་མཚར་ཆེ༔ རང་བཞིན་རྫོགས་པ་ཆེན་པོའི་
དོན་དེ་ཉིད༔ དགེ་སྡིག་གཉིས་ཀྱིས་ཕན་གནོད་ལས་འདས་ཕྱིར༔ དབང་པོ་ཉིད་དང་འབྲེལ་བར་ངོ་མཚར་ཆེ༔ སྨྲ་བསམ་བརྗོད་དུ་མེད་པའི་དོན་དེ་ཉིད༔ གཞན་གྱིས་བཤད་པས་དོན་དེ་མི་རྙེད་ཕྱིར༔ རང་གི་གནས་ལས་འབྱུང་བ་ངོ་མཚར་ཆེ༔ གསང་བ་ཆེན་པོ་སུས་ཀྱང་མ་རྙེད་པ༔ ཐེག་པ་ཐུན་མོང་རྣམས་ལས་ཁྱད་འཕགས་ཕྱིར༔ ངེས་པའི་དོན་ཉིད་སྤུངས་པར་ངོ་མཚར་ཆེ༔ བླ་མའི་མན་ངག་རྐྱེན་ལ་རག་མ་ལུས༔ རང་སྣང་དབང་པོའི་གནད་དང་བསྟུན་ནས་ནི༔ སྔོན་ཆད་མཐོང་མ་མྱངས་བའི་སྣང་བ་དེ༔ གོམས་ཤིང་སྦྱངས་བ་མི་དགོས་གཅིག་ཆར་དུ༔ སྟོང་པའི་ཡུལ་ལ་ལྷག་མཐོང་ཉིད་དུ་ཡང་༔ ལས་ལ་དག་དང་མ་དག་མེད་པ་ཡི༔ མངོན་སུམ་ཉིད་དུ་མཐོང་བར་འགྱུར་བ་ལ༔ ཐེ་ཚོམ་ཡོད་པ་ཉིད་ནི་མ་ཡིན་ནོ༔ དེ་ཡི་ཕྱིར་ན་གསང་བའི་ཐེག་ཆེན་འདི༔ སངས་རྒྱས་རྣམས་ཀྱིས་རྡོ་རྗེ་འཆང་ལ་དབང་བཞི་རྫོགས་བྱས་ནས༔ གསང་བ་མཆོག་ལ་དབང་བར་མངའ་དབང་བསྐུར༔ ཉིད་ཀྱི་གསང་དོན་འདི་ཉིད་བརྗོད་པ་ལས༔ གཞན་གྱིས་གསུངས་ཤིང་བསྟན་པ་ནུས་མི་སྲིད༔ དེ་ཡི་ཕྱིར་ན་གསང་ཆེན་ཐབས་གཅིག་སྙིང་གི་བཅུད༔ ཨྠྀིརི་བོ་ཅོག་གཞག་གི་ལྟ་བ༔ མི་འགྱུར་བའི་རིག་པ༔ དཔེ་རི་བོ་ལྟར་དཔངས་མཐོ་བ༔ བྱ་བྱེད་མེད་པར་ནམ་མཁའི་ངང་ལས་མ་གཡོས་པར་བཞག་སྟེ༔ རང་གིས་མི་འབྲལ་བར་བྱའོ༔ རང་གསལ་ཙམ་དུ་གཞག་པར་བྱ་སྟེ༔ དེ་ཡང་སྒྲོན་མ་ཉིད་མིག་གིས་མ་ཡེངས་པར་བསྟན་ཏེ༔ དབྱིངས་ཀྱི་སྒྲོན་མ་དང་མ་བྲལ་བར་བྱའོ༔ ཨྠྀི༔ རྒྱ་མཚོ་ཅོག་གཞག་གི་དགོངས་པ༔ གཞན་གྱི་ཕྱོགས་སུ་མི་ལྟ་ཞིང་༔ དེའི་ངང་ལ་རླུང་གིས་མ་བསྐྱོད་པ་བཞིན་དུ༔ རྐྱེན་དབང་དུ་མི་འགྲོ་ཞིང་༔ གནས་པ་ཉིད་ལ་བྱ་ཞིང་དགོངས་པ་ལས་མི་འདའ་བར་གསལ་
བ་མ་ཡེངས་པར་སྣང་བ་ལ་ཀུན་ཏུ་ཁྱབ་པ་ཆེན་པོ་ཡངས་པ་ལ་མཛེས་པར་སྣང་བ༔ སྒྲོན་མ་ལ་མིག་གི་ཟུར་གྱིས་བལྟ་བར་བྱ་སྟེ༔ དབྱིངས་ཀྱི་ངང་དུ་རིག་པ་ཉིད་དོ༔ ། ཨྠྀི༔ རིག་པ་ཅོག་གཞག་གི་མན་ངག༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་བྱ་སྟེ༔ སྐུ་དེ་ཡང་སྒྲོན་མའི་ནང་དུ་བཟུང་སྟེ༔ བྱ་བྱེད་དང་བྲལ་བར་བྱ༔ དབྱིངས་ཀྱི་སྒྲོན་མ་དེ་ཉིད་ཀྱི་ནང་དུ་ཐབས་ཀྱིས་གསུང་བ་ལ་བྱ་བ་སྟེ༔ མིག་མི་འགུལ་བའོ༔ དེ་ཡང་སྡོད་པ་གསུམ་མི་འགུལ་བ་གསུམ་ལ་བྱའོ༔ ཨྠྀིསྣང་བ་ཅེར་གཞག་གི་ཐབས་བསྟན་པ༔ ཐད་ཀའི་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོ་སློང་བའོ༔ སྣང་བ་ཉིད་ཅེ་རེ་སྣང་ཡང་ཡིད་མ་ཤོར་ཞིང་དོན་ལ་མ་གྲུབ་པའོ༔ དེ་ཡང་སྣང་བའི་རང་བཞིན་ཇི་སྙེད་པ་ཐམས་ཅད་རྟོག་པ་མེད་ཅིང་རང་གི་སྒྲོན་མ་དེ་ཉིད་དང་མ་བྲལ་བར་གནས་ཏེ༔ ཕྱི་ནང་གི་བྱ་བ་བཏང་ཞིང་༔ རྐྱེན་མེད་པའི་ཡུལ་ཤིན་ཏུ་དབེན་པར་ཅོག་ཞག་རྣམས་ལ་བལྟ་བར་བྱའོ༔ ཨྠྀི༔ དབྱིངས་ཀྱི་རྒྱུ་བསྟན་པ་ནི༔ ཕྱི་དབྱིངས་ནམ་མཁའ་སྟོང་པ༔ ནང་གི་དབྱིངས་འོད་དང་ཁ་དོག་གོ༔ གསང་བའི་དབྱིངས་སྒྲོན་མ༔ ཉོན་མོངས་པའི་དྲི་མ་རྣམ་པར་དག་པས་ན༔ ཡང་དག་པའི་སྒྲོན་མ་དེ་ཉིད་ཀྱང་༔ སེམས་ཅན་ལ་སྔར་ལུས་ལ་མ་བརྟེན་པའི་དུས་ན་སུས་ཀྱང་མ་བྱས་པའོ༔ ཨྠྀི༔ ཐིག་ལེའི་ཕྱེད་སྐུ་དང་བཅས༔ ཕྱེད་ནི་དོན་པའི་རྒྱུ་འབྱུང་བས་བསྐྱེད་པའི་སྒྲོན་མ་བཞི་ཡིན་ལ༔ རྐྱེན་ཉམས་སུ་ལེན་པ་རྒྱུན་མ་ཆད་པ་ལས༔ འབྲས་བུ་སྐུ་རྣམས་སུ་སྨིན་ལ༔ ཕྱེད་ཀུན་རྫོབ་ཀྱི་ཐིག་ལེའི་རྒྱུ་འབྱུང་བ་འདུས་པའི་མའི་ཐིག་ལེས་ལུས་བསྐྱེད་ལ༔ རྐྱེན་སྐྱེ་བ་བཞིས་འབྱུང་བ་ལ་གཟུགས་ཐ་དད་པར་སྨིན་ལ༔ ཕའི་རྒྱུ་བྱང་ཆུབ་ཀྱི་སེམས་ཀྱི་སྙིགས་མ་འདུས་པས་དྲན་བསམ་དུ་མ་བསྐྱེད་ལ༔ རྐྱེན་བཞིས་བསྡུས་པའི་སེམས་ཐ་དད་པར་
སྨིན་པས་ན་ཕྱེད་སྐུ་སྟེ༔ དོན་དམ་གྱི་སྐུར་སྨིན༔ ཀུན་རྫོབ་ཀྱི་ལུས་སུ་སྨིན་པའོ༔ ཉམས་ལེན་གྱི་དུས་སུ་འོད་ཀྱི་ཐིག་ལེ་དབུས་སུ༔ སྐུ་ལྟེ་བ་མན་ཆད་རེས་སྣང་བས་ན༔ ཐིག་ལེའི་ཕྱེད་སྐུ་ཞེས་བྱའོ༔ ཨྠྀི༔ ཆོས་ཉིད་ཟད་པའི་སྣང་བ་གང་དུའང་མ་གྲུབ་པ་ནི༔ ས་སྲ་བ་མེད་པའི་འོད་སེར་པོ༔ ཆུ་གཤེར་བ་མེད་པའི་སྡུད་པ་དཀར་པོ༔ མེ་ཚ་བ་མེད་པའི་འོད་དམར་པོ་དང་༔ རླུང་གཡོ་བ་མེད་པའི་འོད་ལྗང་གུ་དང་༔ ནམ་མཁར་ཁྱབ་པ་མེད་པའི་མདངས་ཅན་མཐིང་ག་ཆེན་པོ་དང་ལྔ༔ ཆོས་ཉིད་ཟད་པའི་དབྱིངས་སུ་རང་དག་པའི་སྣང་བའི་ངོ་བོ་གང་དུ་ཡང་གྲུབ་པ་མེད་པས༔ དེ་ཉིད་ལ་འཇིགས་པ་མེད་པས༔ ཕྱིས་ཀྱང་མི་འཇིགས་པ༔ དེ་ལ་རྐྱེན་གྱིས་མི་ཤིགས་པས༔ ཡུལ་སྣང་མེད་པ་ལ༔ རྐྱེན་བླ་མའི་མན་ངག་ཆེན་པོ་ལ་བརྟེན་ནས་དེ་ལྟར་གྲོལ་བ་ཡིན་ནོ༔ ཨྠྀི༔ ཆོས་ཉིད་མ་བཀོད་པ་ནི་དངོས་པོའི་གནས་ལུགས་སོ༔ རིག་པ་རང་སྣང་ནི་དབྱིངས་སོ༔ ཡེ་ཤེས་ཇི་བཞིན་གྱི་སྣང་བ་ནི་ཆོས་ཉིད་ཟད་པའོ༔ ཡེ་ཤེས་ཕྱོགས་དག་གི་སྣང་བ་ནི༔ སྐུ་ཡེ་ཤེས་ཐིག་ལེའོ༔ རིག་པ་རང་གྲོལ་གྱི་སྣང་བ་ནི་ལུ་གུ་རྒྱུད་དོ༔ འགྲོ་དྲུག་འཁྲུལ་པའི་སྣང་བ་ནི༔ ཡུལ་གཅིག་ལ་ཐ་དད་པར་མཐོང་བའོ༔ ཨྠྀི༔ རིག་པའི་མཚན་ཉིད་གང་ཞེ་ན༔ མདོག་མེད་པའི་གནག་པ་ཆེན་པོ༔ དབུགས་མེད་པའི་འགྱུ་བ་ཆེན་པོ༔ གཤོག་པ་མེད་པའི་འཕུར་བ༔ རྐང་པ་མེད་པའི་འགྲོ་འོང་དང་བཅས་པ༔ རང་གིས་རང་རིག་པས་ན་རིག་པའོ༔ ཨྠྀི༔ ཐིག་ལེ་གང་ཞེ་ན་མ་བྲིས་པའི་མུ་ཁྱུད་འོད་ལྔ་དང་བཅས་པ་ཉམས་སུ་བླངས་ན་མུ་ཁྱུད་བཅུ་རུ་སྣང་༔
དེ་ནས་འཁར་གཞོང་ཙམ༔ དེ་ནས་བསེ་ཕུབ་ཙམ་དུ་སྣང་བའོ༔ དེ་ནས་ཞལ་རས་སུ་སྣང་༔ དེ་ནས་ཕྱེད་སྐུ་རུ་སྣང་༔ ཐིག་ལེར་ནང་དུ་སྐུ་ལྔ་ལྔ་སྣང་བ་ནི་ཐིག་ལེ་སྨིན་པའོ༔ ཨྠྀི༔ དེ་ནས་འོད་སྣང་གྱེན་འགྲེང་དང་༔ རྩིབས་ཤར་དང་༔ དྲ་བ་དང་༔ དྲ་བ་ཕྱེད་པ་དང་༔ མིག་མངས་རིས་དང་༔ ཟ་འོག་གི་རྣམ་པ་དང་༔ མདུང་རྩེ་དང་༔ ཉ་མིག་དང་༔ རེ་ལྡེ་ཙམ་དང་༔ ཡུངས་འབྲུ་ཙམ་སྣང་བ་ཐམས་ཅད་གཞལ་ཡས་ཁང་དུ་སྣང་ངོ་༔ དབྱིངས་ཚད་དུ་ཕྱིན་པའོ༔ ཨྠྀི༔ རིག་པའི་ངོ་བོ་ལ་རིགས་དྲུག་ཡེ་ནས་གྲུབ་པ་མེད་པའི་གནད་ཀྱིས༔ སྣང་ཚུལ་ལ་སྡུག་བསྔལ་རྣམ་པ་དྲུག་གི་ཞེན་པ་རང་ཆོད༔ རང་ངོ་ལ་མ་རིག་པ་གྲུབ་པ་མེད་པའི་གནད་ཀྱིས༔ སྣང་ཚུལ་ཉོན་མོངས་པ་དྲུག་གིས་འཆིང་བར་རང་ཆོད༔ རང་ངོ་ལ་ཡུལ་ཤེས་མ་གྲུབ་པས་གནད་ཀྱིས༔ སྣང་ཚུལ་ལ་ལུས་ངག་ཡིད་ཀྱི་རྣམ་སྨིན་གྱི་ཞེན་པ་རང་ཆོད༔ དེ་ལྟར་དོན་གཉིས་མེད་དུ་ཤེས་ནས་རིག་པ་རང་སྣང་སྤྲོས་པ་མེད་པའི་རང་བཞིན་ཡེ་ནས་གནས་པ་ཡིན་ཏེ༔ དགེ་སྡིག་རྣམ་རྟོག་མེད་པའི་སྣང་བ་རང་རྐྱེན་དབྱིངས་སུ་དག་པའི་ཡེ་ཤེས༔ ཞེས་རང་གི་ངོ་བོ་གཏན་ལ་ཕབ་པའོ༔ ཨྠྀི༔ ཆོས་སྐུ་ངོ་སྤྲོད་གདམས་ངག་གིས༔ རིག་པ་དེ་ཉིད་ཅེར་མཐོང་བསྟན༔ ལོངས་སྐུ་ངོ་སྤྲོད་གདམས་ངག་གིས༔ རིག་པ་དབྱིངས་ཀྱི་གོ་རར་གཞུག་པ་དང་༔ སྤྲུལ་སྐུ་ངོ་སྤྲོད་གདམས་ངག་གིས༔ འཁྲུལ་སྣང་ཞིང་ཁམས་སུ་སྦྱར་བའོ༔ དེ་ཡང་ཆོས་སྐུ་རང་གི་རིག་པ་ཡིན་པར་ཡིད་ཆེས༔ ལོངས་སྐུ་དེ་ལས་བྱུང་བ་སྐུའི་སྣང་བ་དང་ཐིག་ལེ་རྣམས་ཡིན་པར་ཡིད་ཆེས༔ སྤྲུལ་སྐུ་དེ་ལས་ལྟ་བྱེད་མ་འགགས་པས་རང་སྣང་དུ་ཤེས་པ་དེ་
ཡིན་པར་ཡིད་ཆེས་སོ༔ ཨྠྀི༔ ལུས་ཀྱི་གནད་སྙིང་གི་ནང་ན་སྐུ་དང་ཡེ་ཤེས་སུ་གནས༔ སྲོག་གི་གནད་རྩའི་ནང་ན་ཐིག་ལེར་གནས༔ དབང་པོའི་གནད་མིག་གི་ནང་ནས་སྒྲོན་མ་བཞི་དུས་མེད་དུ་འཆར་བའོ༔ ཨྠྀི༔ ཡེ་ཤེས་ལུས་ཀྱི་གནད་ལ་བརྟེན༔ འོད་ཡུལ་གྱི་གནད་ལ་བརྟེན༔ རིག་པ་ལྟ་བའི་གནད་ལ་བརྟེན་པའོ༔ ཨྠྀི༔ འགྱུར་མེད་རྩ་ཆེན་བཞི་ནས་རྒྱུ༔ རོ་མ་རྐྱང་མ་ཀུན་དྷརྨ༔ ཀ་ཏི་གསེར་གྱི་རྩ་ཆེན་ཞེས་ཀྱང་བྱ༔ ཤེལ་གྱི་སྦུ་གུ་ཅན་ཞེས་ཀྱང་ཟེར༔ ཨ་ཝ་དྷཱུ་ཏི་ནས་ཐིག་ལེ་སྲན་མའི་གའུ་གླེབས་པ་ཙམ་དུ་བྱུང་༔ རླུང་གི་སྟོབས་ཀྱིས་འགྱུར་བའོ༔ ཨྠྀི༔ སྣང་བ་ཐམས་ཅད་ཆོས་སྐུར་ངོ་སྤྲད༔ ཆོས་སྐུ་སྣང་སྟོང་དབྱེར་མེད་དུ་ངོ་སྤྲད༔ སྣང་སྟོང་རིག་སྟོང་དབྱེར་མེད་དུ་ངོ་སྤྲད༔ རིག་སྟོང་དྲན་པ་རང་ཡལ་དུ་ངོ་སྤྲད༔ སྣང་བ་ཐོག་བབས་འཁྲུལ་པ་རང་དག་ཏུ་ངོ་སྤྲད༔ འོད་དྲན་པ་དང་དྲན་མེད་སྐྱེ་མེད་བློ་འདས་སུ་ངོ་སྤྲད༔ དེས་ཡུལ་སྣང་གི་ཞེན་པ་ལས་ལོག་པའི་དགོས་པའོ༔ ཨྠྀི༔ དྲན་པ་གཞི༔ དྲན་མེད་ལམ༔ སྐྱེ་མེད་ཐབས༔ བློ་འདས་སྤྲོས་བྲལ༔ གནད་སེམས་ཀྱི་ཞེན་པ་ལས་བློ་བཟློག་པའི་དགོས་པ་ཡོད༔ ཨྠྀི༔ དྲན་པ་སྣང་བ༔ དྲན་མེད་སྟོང་པ༔ སྐྱེ་མེད་གཉིས་མེད༔ བློ་འདས་རང་སོ༔ ལྟ་སྒོམ་གྱི་ཞེན་པ་ལས་བློ་བཟློག་པའི་དགོས་པའོ༔ ཨྠྀི༔ དྲན་པ་གཉིད་སད་པའི་གདམས་ངག༔ དྲན་མེད་གཉིད་ཀྱི་གདམས་ངག༔ སྐྱེ་མེད་གཉིད་ལོག་པའི་གདམས་ངག༔ བློ་འདས་རྨི་ལམ་གྱི་གདམས་ངག༔ གྲུབ་མཐའ་ཚིག་ལས་བློ་བཟློག་པའི་དགོས་པའོ༔ ཨྠྀི༔
ལུས་ལ་གཞི་བཅའ༔ ནམ་མཁའ་ལ་འབམ་བཅའ༔ རིག་པ་ལ་མིག་གཏད༔ ཨྠྀི༔ དང་པོ་འོད༔ གཉིས་པ་ཐིག་ལེ༔ གསུམ་པ་སྐུའི་སྣང་བ་སྟེ༔ མི་འདྲ་བ་ཡང་ཡང་སྐྱེས་ཏེ༔ དེ་ཡང་རིག་པའི་ཆོ་འཕྲུལ་ཅིར་ཡང་སྟོན་པའོ༔ ཨྠྀི༔ ཅི་ནས་ཀྱང་རིག་པ་དེ་བསྡུས་ཏེ༔ དབྱིངས་ཀྱི་ནང་དུ་ཚུད་པར་བྱས་ཏེ༔ རང་གི་སྔུན་སྨིན་མཚམས་སུ་གཏད་པའོ༔ དེ་ཡང་བྱེད་མཁན་སུ་ཡང་མེད༔ དེ་ཡང་བྱེད་པ་མེད་པར་གནས་པའོ༔ ཨྠྀི༔ ལུས་སྡོད་པས་རིག་པ་སྡོད་དེ༔ རིག་པ་སྡོད་པས་མི་རྟོག་པ་ལ་རྒྱུན་དུ་གནས་ཏེ༔ རྗེས་ཀྱི་ཤེས་པ་ཤེས་རབ་ཀྱིས་སྐྱེ་མེད་དུ་གྲོལ༔ ཨྠྀི༔ རིག་པ་ལས་དྲོད་སྐྱེས་པས༔ སྣང་བ་ལ་ཡིད་མི་འཇུག་པར་བརྟན་པ་ལ་རྒྱུན་དུ་གནས་ཏེ༔ རྗེས་ཀྱི་ཤེས་པ་ལ་ཡུལ་ཐམས་ཅད་རིག་ངོར་དག་པའོ༔ ཨྠྀི༔ རིག་པ་སྐུ་གསུམ་གཉིས་མེད་གནས་པ༔ གཞི་ཟད་པའི་ཏིང་ངེ་འཛིན་ལ་གནས་པ༔ རྗེས་ཀྱི་ཤེས་པ་འཁོར་འདས་གཉིས་མེད་དུ་འདྲེས་པའོ༔ ཨྠྀི༔ དབྱིངས་ནས་ནམ་མཁའ་རིག་པ་གསུམ་མི་འབྲལ་བས༔ རྗེས་ཀྱི་ཤེས་པ་ལ་རིག་པ་དབྱིངས་སུ་ཚུད་པའོ༔ ཨྠྀིཡུལ་རིག་པ་གཉིས་མེད་དུ་རྟོགས་པས༔ སྒོ་ལྔ་རང་གསལ་དུ་གནས་ཏེ༔ རྗེས་ཀྱི་ཤེས་པ་རྟོག་མེད་རང་གྲོལ་དུའོ༔ ཨྠྀི༔ རིག་པ་འབྱུང་བ་བཞི་ཟད་པས་འཁྲུལ་བ་གཏིང་དག་གི་དགོངས་པ་ལ་གནས་ཏེ༔ རྗེས་ཀྱི་ཤེས་པ་ལ་རིག་པ་ཉིད་ཡུལ་དུ་འགྲོལ་བའོ༔ ཨྠྀི༔ རིག་མེད་ཀྱི་སྣང་བ་ལ་ཕྱོགས་མེད་ཀྱི་རིག་པ་ཤར་བས༔ ཡུལ་མེད་ཀྱི་ཡུལ་དུ་སོང་སྟེ༔ བལྟར་མེད་པའི་སྐུ་ལ་བལྟས་པས༔ རྟོག་མེད་ཀྱི་རིག་པ་མཐོང་སྟེ༔ གཏད་མེད་ཀྱི་ཤེས་པ་སྤྱོད་པ་ཞེས་བྱའོ༔ ཨྠྀི༔ སྒྲོན་མ་བཞིའི་
སྣང་བ་རང་གི་མཐོང་བས་འབྱུང་བ་བཞི་ཟད་པར་བསྐྱལ་ལོ༔ ཨྠྀི༔ ཆོས་སྤྱིའི་ལྟ་བ་དང་ཆོས་ཉིད་རང་གི་ལྟ་བས་ཏེ༔ ལྟ་བ་བཞི་སྐོར་དུ་བསྟན༔ སྤྱི་ལ་བཞི་སྟེ༔ གང་ལ་བལྟ་ན་དངོས་པོའི་གཤིས་ལ་ལྟ༔ གང་གིས་བལྟ་ན་རྟེན་གྱི་གང་ཟག་གིས༔ གང་ལྟར་བལྟ་ན་ཕྱོགས་རིས་མེད་པར་བལྟའོ༔ བལྟས་པས་གང་ཐོབ་ན༔ ཆོས་སྐུ་ཕྱི་ནང་མེད་པ་ཐོབ་པའོ༔ ཨྠྀི༔ རང་གི་ལྟ་བ་བཞིས་ཏེ༔ གང་ལ་བལྟ་ན་དབྱིངས་རིག་ལ་བལྟ༔ གང་གིས་ལྟ་ན་མིག་གིས་ལྟ༔ གང་ལྟར་བལྟ་ན་གླང་པོ་ཆེ་ལྟ་བུའི་མིག་གིས་ལྟ༔ བལྟས་པས་གང་ཐོབ་ན་སྐུ་གསུམ་ཐོབ་པའོ༔ ཨྠྀི༔ ཐོག་ལྟ་བུའི་མན་ངག་གིས་རིག་པ་ཐོགས་པ་མེད་པར་བསྟན་པས༔ སྣང་བ་ཡིད་ཆེས་པར་བསྟན་པ་དང་༔ ཨྠྀི༔ རིག་པར་འགྱུར་བ་མེད་པའི་གཟེར་ལྟ་བུའི་མན་ངག་གིས༔ རིག་པའི་འཆར་སྒོ་ལ་ཡིད་ཆེས་པར་བསྟན་པ་དང་༔ ཨྠྀི༔ རིག་པ་མཁའ་ལ་ལྡིང་བ་ནི༔ སྐར་མདའ་ལྟ་བུའི་མན་ངག་གི་རྟེན་པ་ལ་ཡིད་ཆེས་པར་བསྟན་པ་དང་༔ ཨྠྀི༔ རིག་པ་ཕྱིར་མི་ལྡོག་པ་ནི་གྱད་ཀྱི་མདའ་ལྟ་བུའི་མན་ངག་གིས་རིག་པ་རང་གི་ངོ་བོ་ལ་ཡིད་ཆེས་པར་བསྟན་པའོ༔ ཨྠྀི༔ དེའི་ཕྱིར་གཏད་པའི་འབེམ་གཟུག་པའི་མན་ངག་ནི༔ དབྱིངས་རིག་གཉིས་ལ་གཏད༔ བརྡེག་པའི་དམིགས་བཙལ་བ་ནི༔ རང་གི་སྨིན་མཚམས་སུ་འཕེལ་བའི་ས་བོན་གདབ་པ་དང་༔ དེ་ལ་གོམས་པ་རབ་ཏུ་གཅེས༔ རྒྱ་ཆེ་བའི་ནམ་མཁའ་སྦར་གྱིས་བཟུང་བའོ༔ ཨྠྀི༔ ཐིག་ལེ་ཉག་གཅིག་ཅེས་བྱ་བ་ནི༔ རང་གི་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡིན་པས༔ དེའི་དོན་ལ་མ་ཡེངས་པར་བྱ༔
ཐིག་ལེ་ནི་ཆོས་སྐུ༔ ཉག་ནི་ལོངས་སྐུ༔ གཅིག་ནི་སྤྲུལ་སྐུ༔ ཞེས་བྱ་བ་ནི་སྐུ་གསུམ་འདུ་འབྲལ་མེད་པའོ༔ ཨྠྀི༔ ཆོས་སྐུའི་གནད་སྙིང་དུ་བསྟན་པས༔ ལུས་ཡོངས་སུ་མྱ་ངན་ལས་འདས་པའི་མན་ངག༔ ལོངས་སྐུའི་གནད་རྩར་བསྟན་པས༔ ངག་ཡོངས་སུ་མྱ་ངན་ལས་འདའ་བའི་མན་ངག༔ སྤྲུལ་སྐུའི་གནད་མིག་ཏུ་བསྟན་པས༔ སེམས་ཡོངས་སུ་མྱ་ངན་ལས་འདའ་བར་བསྟན་པའོ༔ ཨྠྀི༔ སེམས་ཀྱི་སྤྲོས་པ་ལྟ་བས་བཅད༔ ཚིག་གི་སྤྲོས་པ་ཉམས་ལེན་གྱིས་བཅད༔ མཚན་མའི་སྤྲོས་པ་རིག་པས་བཅད༔ བློའི་སྤྲོས་པ་གདམས་པས་བཅད༔ ཉམས་མྱོང་གི་སྤྲོས་པ་གོམས་པས་བཅད༔ གྲུབ་མཐའི་སྤྲོས་པ་ཤེས་རབ་ཀྱིས་བཅད་པའི་མན་ངག༔ ཨྠྀི༔ ཡིད་ཀྱི་རྣམ་པར་ཤེས་པ་དང་༔ རིག་པའི་ཁྱེའུ་ཆུང་གཉིས་སྟོབས་བྱེད་པས་ཡིད་ཀྱི་རྣམ་པར་ཤེས་པ་ལ་སྲོག་གཅོད་པ་དང་༔ མ་བྱིན་པར་ལེན་པ་དང་༔ མི་ཚངས་པར་སྤྱོད་པ་དང་༔ ངག་འཁྱལ་བ་དང་༔ ཚིག་རྩུབ་པ་དང་༔ རྔམ་སེམས་དང་༔ རློམ་སེམས་དང་༔ ལོག་པར་ལྟ་བ་ལ་སོགས་པ་དེ་རྣམས་སྤངས་ནས༔ སྟོང་པ་ཉིད་དུ་བསྒོམས་པས༔ རིག་པའི་ཁྱེའུ་ཆུང་ན་རེ༔ ཁྱོད་ཀྱིས་བསྒོམ་པ་དེ་ནི་རྫ་བེའུ་དང་འདྲ་སྟེ་འཇིག་པའི་ཆོས་ཅན་ཡིན་ནོ༔ རིག་པའི་ཁྱེའུ་ཆུང་ཁྱོད་ཇུག་བསྒོམས་བྱས་པས༔ ཡིད་ཀྱི་རྣམ་པར་ཤེས་པ་ཁྱོད་ཉོན་ཅིག༔ ཁྱོད་ནང་དུ་ལྟོས་ལ་ཕྲ་མོའི་སྐུ་ལུ་གུ་རྒྱུད་དེ་
ངོ་ཤེས༔ ཕྱིར་བལྟས་པས༔ རང་སྣང་གི་ནམ་མཁའ་ལ་ཕྲ་མོའི་སྐུ་ཤར་བ་དེ་ངོ་ཤེས་ན་ལུ་གུ་རྒྱུད༔ ཁམས་གསུམ་གྱི་སྲོག་དུས་གཅིག་ལ་འཆད་དོ༔ སྐྱི་སེར་གྱི་རླུང་རྫུ་འཕྲུལ་གྱི་ལྷ་མོ་ལ་ཞོན་ནས༔ དྲང་སྲོང་གི་བུ་མོ་བདེ་བ་ཟག་པ་མེད་པའི་གནས་སུ་སྐྱེའོ༔ ཉི་མའི་འོད་ཟེར་སྟོང་གིས་བསྐོར་རོ༔ ཉིན་མོ་དང་མཚན་མོ་མེད་པར་བསྐོར་རོ༔ ཏི་མ་རའི་བུ་སེང་གེ་དཀར་མོ་ལྕགས་ཐག་ལ་འདོགས་སོ༔ རང་སྣང་གི་ནམ་མཁའ་ལ་ཕྲ་མོའི་སྐུ་དེ་ཤེས་ན༔ སེང་གེ་དཀར་མོ་ལྕགས་ཐག་ལུ་གུ་རྒྱུད་ལ་ཐོགས་པ་ཡིན་ནོ༔ ཨྠྀི༔ དཔེར་ན་རིག་པའི་ཡེ་ཤེས་དེ་ནམ་མཁའི་གླིང་དང་འདྲ་སྟེ༔ མ་བྲིས་པའི་དཀྱིལ་འཁོར་ན༔ སྲོག་མེད་པའི་སྐུ་བཞུགས་སོ༔ ཤེས་བྱ་མ་རྨོངས་པ༔ དབུགས་མེད་པའི་འགྱུ་བ་ཤེས་བྱ་མ་རྨོངས་པ༔ ཨྠྀི༔ སྙིང་གི་ནང་དུ་མ་རིག་པ་དང་༔ རིག་པའི་ཁྱེའུ་ཆུང་གཉིས་རིག་པའི་ཁྱེའུ་ཆུང་གིས༔ མ་རིག་པ་ལ་ཁྱོད་ཉོན་ཅིག༔ ཁྱོད་འཁོར་བ་ལ་མ་དགའ༔ དུག་ལྔ་ལ་མ་དགའ་ཞིག༔ ངའི་ཟེར་དཀར་པོ་གཅིག་ཡར་ལ་འགྲོ་བ་ལས་ཞེ་སྡང་གི་ཆུ་འབབ་སྟེ་ཁྱོད་ཀྱིས་ཚོར་རམ༔ ངའི་ཐུར་ལ་རྒྱུག་པའི་ཟེར་དམར་པོ་ལས་འདོད་ཆགས་ཀྱི་ཆུ་ཆེན་པོ་ཞིག་རྒྱུག་སྟེ་ཁྱོད་ཀྱིས་ཚོར་རམ༔ ངའི་ཐུར་ལ་ཟེར་ནག་པོ་ལས༔ གཏི་མུག་གི་ཆུ་ཆེན་པོ་འབབ་སྟེ༔ ངའི་གཞོགས་གཡས་ནས་ཡར་ལ་ཟེར་ཁམ་སེར་གྱི༔ ང་རྒྱལ་གྱི་
ཆུ་ཆེན་པོ་འབབ་པ་ཁྱོད་ཀྱིས་ཚོར་རམ༔ ངའི་གཞོག་གཡས་ནས་རྩ་ཁ་ལྗང་གཅིག་གི་ནང་ན་ཡར་མར་ལ་ཕྲག་དོག་གི་ཆུ་འབབ་སྟེ་ཁྱོད་ཀྱིས་ཚོར་རམ༔ དེ་ཚོར་ན་ངས་མི་འགྱུར་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཤེས་པས༔ དེ་ཁྱོད་ཀྱི་ཚོར་རམ༔ ངས་མི་འགྱུར་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཤེས་པས་ཞེ་སྡང་གི་གྲོང་ཁྱེར་ཞིག་སྟེ༔ མེ་ལོང་ལྟ་བུའི་ཡེ་ཤེས་ཤར༔ ང་རྒྱལ་གྱི་གྲོང་ཁྱེར་ཞིག་སྟེ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཤར༔ འདོད་ཆགས་ཀྱི་གྲོང་ཁྱེར་ཞིག་སྟེ༔ སོ་སོར་རྟོགས་པའི་ཡེ་ཤེས་ཤར༔ ཕྲག་དོག་གི་གྲོང་ཁྱེར་ཞིག་སྟེ༔ བྱ་བ་ནན་ཏན་གྱི་ཡེ་ཤེས་ཤར༔ གཏི་མུག་གི་གྲོང་ཁྱེར་ཞིག་ནས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཤར༔ སངས་རྒྱས་ཀྱི་དགོངས་པ་ཨྠྀི༔ ༔རང་སྣང་གི་ནམ་མཁའ་ལ་གསེར་གྱི་བྱ་ཁྱུང་རྒྱུའོ༔ དབང་པོ་སྒོ་ལྔ་ལ་རྒྱུའོ༔ གསེར་གྱི་བྱ་ཁྱུང་དེ་གཟུགས་སྟོང་པའོ༔ སྟོང་པ་ཉིད་གཟུགས་སོ༔ ལྷུན་པོའི་རྩེ་ལ་རིན་པོ་ཆེའི་འོད་ཟེར་སྟོང་འཆར་རོ༔ ཨྠྀི༔ ངོ་བོ་སྟོང་པར་རང་བཞིན་གསལ་བ༔ ཐུགས་རྗེ་མ་འགགས་པའོ༔ ངོ་བོ་སྟོང་པ་དེ་ངོ་བོ༔ གསལ་བ་དེ་རང་སྣང་༔ རང་སྣང་དེ་གསལ་བ༔ གོ་མ་འགགས་པ་དེ་ཐུགས་རྗེའོ༔ ངོ་བོ་དབང་པོས་གཏན་ལ་མ་ཕེབས་ན༔ ཐེག་པ་ཐུན་མོངས་བ་དང་ཁྱད་པར་མེད་པས༔ རང་གི་ངོ་བོ་རང་གིས་མི་ཤེས་པའོ༔ ངོ་བོ་དེ་དབང་པོའི་མངོན་སུམ་དུ་གསལ་བ་དང་རང་བཞིན་དེ་སྣང་བ་ཕྱོགས་མེད་ཇི་ལྟ་བུར་ཡང་འཆར་རོ༔ ཐུགས་རྗེ་ཀུན་ལ་ཁྱབ་བོ༔
ཨྠྀི༔ དཔལ་བེའུའི་ནང་ནས་ཡར་ལ༔ རྩ་གསེབ་ཀྱི་སྤུ་ཐག་ཙམ་ནི་ཡར་ལ་རྒྱུའོ༔ ཆུ་སྟེང་གི་ཉ་ཆུང་ལྟ་བུ༔ ཆུ་ལས་ཡར་མ་ཐོན༔ ས་ལས་མར་མ་རེག༔ དེ་བཞིན་དུ་མིག་ནས་ལམ་བྱུང་ནས་རང་སྣང་གི་ནམ་མཁའ་ལ༔ གནམ་ལ་མ་རེག་ས་ལ་མ་རེག་བར་སྣང་ལ་འགྱུ་བ་དང་༔ འཕྲིག་པ་དང་༔ དེ་ལས་ཟེར་ཕྲ་མོ་རེ་ལ་ལྔ་ཚང་བའི་དུས་ན༔ རང་སྣང་ལྷུག་པར་ཤར་བས༔ བར་དོ་ལ་ཡང་དེ་ལས་ལྷག་པ་སྣང་བ་མེད་དོ༔ གསང་བ་ཡང་གསང་དུམ་དུམ་ཁྲིགས༔ དུམ་བུ་བདུན་ཅུ་རྩ་བཞི་པ་རྫོགས་སོ༔ དགེའོ༔
ཁྱུང་ཆེན་མཁའ་ལྡིང་།
ཁྱུང་ཆེན་མཁའ་ལྡིང་ཞེས་བྱ་བ་བཞུགས་སོ༔ ཁྲིགས་ཆོད་ཀྱི་ཡི་གེ་ཡིན༔ མན་ངག་ཞེ་བཞི་པ།
རྒྱ་གར་སྐད་དུ༔ མཧཱ་གྷ་རུ་བྷེ་ལ་ག་ཤ་ནཱ་མ༔ བོད་སྐད་དུ༔ ཁྱུང་ཆེན་མཁའ་ལྡིང་ཞེས་བྱ་བ༔ བཅོམ་ལྡན་འདས་ཆོས་ཉིད་འདུས་མ་བྱས་པའི་དཔལ་ལ་ཕྱག་འཚལ་ལོ༔ ཁམས་གསུམ་ཉིད་ལས་རྣམ་པར་རྒྱལ་བའི་དཔལ༔ འགྲོ་རྣམས་སྙིང་གི་མུན་པ་སེལ་བར་བྱེད་པ་ཡི༔ སྟོན་པའི་བཀའ་ཉིད་སྟོན་པར་ཞལ་འཆེས་པ༔ དེ་རྗེས་འབྲེང་བའི་བླ་མ་དཔའ་བོ་ཉིད་ལ་འདུད༔ བདག་གི་ནུས་པ་ཚིག་ལ་དབང་མིན་ཡང་༔ གོང་མའི་གོང་མ་རྣམས་དང་དྲིན་ཅན་བླ་མ་དང་༔ རྒྱུད་ལུང་མན་ངག་དགོངས་དོན་ཚིག་ཉིད་ཀྱི༔ སོ་སོའི་འདོད་པའི་རིམ་པས་རྗེས་འབྲངས་ཏེ༔ ཚིག་ལ་བརྟེན་ནས་ཟབ་མོ་ཉིད་ཀྱི་དོན༔ གང་དང་མི་འགལ་ཀུན་གྱིས་མ་རྟོགས་པའི༔ སོ་སོའི་འདོད་གཞུང་རྣམས་ཀྱི་བཅུད་བསྡུས་ནས༔ འཁོར་བའི་ཡིད་དང་བྲལ་བ་རྣམས་ཀྱི་དོན་དུ་སྤྲོ༔ རང་བཞིན་གནས་པའི་ཐབས་ནི་ལྔ་ལས་ཀྱང་༔ མ་བསྒོམས་ཡེ་ཤེས་ལྷུག་པ་བཅོས་པ་མེད་པའི་གནད༔ རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད༔ རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི༔ ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ༔ སྒྱུ་མའི་ཆུ་དེ་གཟུགས་ལས་བྱུང་བ་ཡི༔ སྙིང་པོ་བརྒྱ་དང་བརྟག་དཔྱད་ཡིད་ཟད་དེ༔ སྒྲིབ་བྲལ་ཅོག་བཞག་བསླད་པ་མེད་པའི་ལམ༔ མཐོང་མེད་མཚུངས་པ་མེད་ཅིང་ཡེ་ཤེས་ཀུན་གྱི་དངོས༔ འཁྲུལ་བའི་ཡུལ་ལ་གཟུང་བས་ལྟོས་བྲལ་ཉིད༔ རང་བཞིན་ཡུལ་ལ་འགག་མེད་སྙིང་པོའི་རྗེས༔ སྟོང་ཡུལ་མ་དཔྱད་རང་སར་བཞག་སྟེ་གྲོལ༔ མཐའ་བྲལ་དེ་ཉིད་གོང་མའི་སྐྱེ་
གནས་དག༔ འཇུག་ནུས་གདིང་ནི་འོག་མས་མ་སླེབ་པར༔ གནས་ཤིང་མི་གཡོ་ཡེ་ནས་སྐྱོན་མིན་ཡུལ༔ ཐོབ་མཐོང་གྲོལ་གསུམ་གྱིས་ནི་རང་བཞིན་བདེན་གནས་པའོ༔ རང་བཞིན་སུ་ཡིན་གང་ལ་སུས་བསྟན་པ༔ མ་བསྒོམ་བཞག་པའི་ས་སྟེ་དེ་ཉིད་རང་རིག་པ༔ སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང་༔ དམིགས་བཅས་རང་བཟོ་ཉིད་དེ་བཅོས་མི་དགོས༔ གནས་པས་འགག་ལ་འགྱུས་པས་རང་སར་དག༔ མེད་མཐོང་མ་སྤངས་ངོ་ལ་སངས་མེད་པས༔ ས་མེད་འདི་ཉིད་གནས་ཏེ་གང་དགའི་ཡུལ༔ འཇུག་སྟེ་གང་གི་ཕ་རོལ་སོང་བ་མེད་པའོ༔ རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་ཤིང་༔ མ་བསམས་འཁྲུལ་པ་མེད་པའི་ཡེ་ཤེས་ཉིད༔ བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ༔ སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས༔ སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ༔ མ་བཟུང་མ་གཏང་མ་བསླད་རང་སོ་སྟེ༔ གཅིག་གིས་གསུམ་ལ་སུ་ཡིས་ཕོག་པ་ཉིད༔ རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ༔ རང་བཞིན་གཅིག་སྟེ་རྣམ་པ་ཉིད་དང་བྲལ༔ དངོས་དེ་ཉིད་ལ་ཚིག་དང་བརྗོད་མེད་པ༔ ཡེ་དག་རང་སྟོང་མཚན་ཉིད་བྲལ་བའི་ངང་དུ་ལྟོས༔ གཞི་མེད་རྩ་བ་གང་ལ་ལྟོས་མེད་པ༔ མཐོ་དམའ་ཡོད་དང་མེད་སྣང་སྟོང་པ་ལ་འཇུག་ཁྱབ༔ དེ་ལས་རང་བཞིན་བློ་ཡི་མཐའ་འགག་ངང་གཅིག་པ༔ ཆོས་མིན་ལྷན་ཅིག་སྐྱེས་ཞེས་ཡེ་ཟླ་མེད༔ གང་ལས་དེ་བྱུང་སུ་ཡིས་མྱོང་སྟེ་རྒྱལ༔
རང་སྣང་དོན་དེ་གང་ལ་བཞིན་གསལ་བ༔ བསྒྱུར་བ་མེད་ཅིང་མ་རྙོག་སུས་མ་ཕྲོགས༔ ཡེ་ཤེས་གཉིས་ཏེ་གཅིག་དང་ཐ་མི་དད༔ གཞི་མེད་ལམ་ཟད་འབྲས་བུ་ཡོད་མ་མྱོང་༔ མཐོང་ཐོས་བརྡར་སྣང་གཅིག་གིས་གང་གྲོལ་བ༔ མ་བཙལ་སུ་མི་རྙེད་པ་ཀུན་གྱི་སྙིང་ལ་གནས༔ ཡེ་ནས་ཡོད་ཅིང་བལྟས་ཤིང་མཐོང་ལས་འདས༔ དེ་ཉིད་རང་དེ་མ་བཅོས་ཐོག་མའི་ངང་༔ རྒྱུ་སྟོང་རྐྱེན་གསལ་ངོ་བོ་འདུས་པས་གནས༔ བྱ་བྱེད་དཔྱོད་དང་འཛིན་པའི་མཐའ་གཉིས་རང་༔ རིག་པས་བྱུང་དང་སོ་སོས་གང་བསྒྱུར་བ༔ གནས་ཐབས་དེ་ཉིད་དེ་ལ་སྨོས་ཅི་དགོས༔ རྩོལ་མེད་བཙལ་མི་དགོས་ཏེ་བྱུང་ཁུངས་ཀུན་གྱི་དངོས༔ རང་དག་དྲི་མའི་ཆོས་ནི་བཅོས་ཤིང་བྱེད༔ འབད་འགགས་གྲོལ་བར་ངས་རེག་སྟེ༔ ལྷག་པར་གྲོལ་དང་གྲོལ་བས་འདུག་གམ་ཅི༔ གང་ལ་སྲིད་དེ་ཡེ་ཤེས་ཁྱབ་བརྡལ་བའོ༔ སྟོང་པ་ཉིད་ལས་ལམ་བྱས་ཆོས་ཉིད་དངོས༔ སྟོང་པས་འབད་པ་མེད་པ་ལམ་གྱི་ཡང་༔ རླུང་བཀག་མིག་བཙུམ་པས་ནི་རང་སེམས་འཆིང་༔ བཅོས་མེད་ལྟོས་དང་བྲལ་བའི་གཞི་མེད་པར༔ ལུས་བཅོས་གསལ་བས་ངལ་སོས་སྣང་བ་འཆིང་༔ ཕྱོགས་མེད་རིས་སུ་མ་བཅད་སེམས་མེད་པར༔ ཡིད་དཔྱོད་སྤྲོོས་དང་བཅས་པས་གནས་ལུགས་འཆིང་༔ ཡེ་གྲོལ་བྱ་བྲལ་སོར་བཞག་གདིང་མེད་པར༔ ཞེ་འདོད་ཉམས་དང་བཅས་པ་རྟོག་པས་འཆིང་༔ མ་བཙལ་རང་སར་བཞག་པའི་གནས་
མེད་པར༔ རྒྱུ་འབྲས་ལུང་ལ་ལྟོས་པས་རིག་པ་ཉིད༔ ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས༔ བྱས་མེད་རང་སར་གྲོལ་བའི་གནད་ནི་རབ་ཏུ་ཆེ༔ རྒྱུ་འགག་རྐྱེན་ཡལ་འབྲས་བུ་ཟད་པའི་གནད༔ གང་ལ་མ་བརྟེན་གཅིག་གིས་གྲོལ་བའི་ཀློང་ཉིད་དོ༔ སྤྱོད་བྲལ་སྒོམ་དག་ལྟ་རུ་མེད་པའི་དོན༔ སུ་ཡིས་མ་བཅོས་སྣང་བ་རང་སར་བཞག་པས་གྲོལ༔ འཇུག་ཤེས་བརྡའ་དང་ཐ་སྙད་ལས་འདས་དགོངས་པ་ནི༔ འདི་ཞེས་ཚིག་དང་བྲལ་ན་དེ་ཉིད་ཡིན་ཏེ་སུ་ཞིག་འཆོས༔ བཅོས་མེད་གཟེག་དང་བྲལ་བའི་ལམ་ལ་ཅི་ཞིག་བྱ༔ གང་གིས་མ་བསླད་རང་རིག་གྲོལ་བའི་གནས༔ ལུས་དང་སེམས་ལ་ཉོན་མོངས་རང་གི་ཆོས༔ མིག་ཤེས་བྱིས་པ་རྣམས་ཀྱིས་རྒྱར་སྣང་ཡང་༔ རང་བཞག་མ་བཅོས་རྣལ་མའི་རང་རིག་པ༔ ཡེ་ནས་རང་གྲོལ་སུས་ཀྱང་བཤིག་པ་མེད༔ མ་བཀྲོལ་རང་སར་གྲོལ་བས་འབད་ཅི་དགོས༔ ཡེ་ནས་རང་གྲོལ་གྲོལ་བའི་རྒྱུ་མེད་ཉིད༔ སྡིག་སྤྱད་མི་དགེ་རྣམ་སྨིན་བདེ་བའི་གྲོགས་ཆེ་བ༔ རང་ཤུགས་མ་བཙལ་འབད་པ་མེད་པའི་གནད༔ འདི་ཉིད་རྟེན་འབྲེལ་དགེ་བས་སུ་ལ་ཕན༔ སངས་རྒྱས་མེད་ཅིང་སུ་ཡིས་བཅིངས་པའི་རྒྱ༔ འཁྲུལ་དང་མ་རིག་སེམས་ཅན་སུ་ལ་སྲིད་མིང་མེད༔ དེ་ཕྱིར་ཡེ་ནས་མ་བཀྲོལ་ཕྱིས་གྲོལ་མེད་སྣང་བའོ༔ གཞི་མེད་ལམ་ཞེས་འབྲས་བུ་སུ་འདོད་པ༔ འདོད་ཕྱིར་ཐར་པའི་གནས་ལ་འདི་ཡིས་བསྒྲིབས༔ སྟོང་མུ་གསལ་དང་ཡོད་དང་མེད་པ་གཉིས༔ རྟག་ཆད་རྒྱུ་འབྲས་བཞི་སྟེ་བརྒྱད་རྣམས་ལ༔
མཐའ་མེད་ནམ་མཁའི་མཐའ་དང་མཚུངས་པ་ཉིད༔ མུ་མཐའ་འཚོལ་བར་འདོད་པ་གང་ཡིན་པ༔ བྱ་ལོང་ནམ་མཁའི་མཐའ་ཚོལ་འདྲ་སྟེ་རྙེད་པ་མིན༔ མི་རྙེད་དོན་དེ་ཉིད་ལ་སུས་ཀྱང་བཅོས་མི་སྲིད༔ ཤེས་བྱ་སྤྲོས་མེད་འདི་ལ་མཐའ་མ་མི་སྲིད་དོ༔ གཞི་གནས་འདོད་པ་མི་སྲིད་སེམས་འདི་ལ༔ རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན༔ ནམ་མཁར་མེ་ཏོག་སྐྱེ་བའི་གནས་མེད་རྟེན་འབྲེལ་ལྟར༔ ལུས་ལ་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད༔ དེ་ཕྱིས་ཅི་བྱས་སེམས་ཀྱི་གྲོགས་ཏེ་གང་གིས་ཕན་གནོད་བྲལ༔ བར་སྣང་རྫས་སོགས་བརྟེན་པར་མི་ནུས་བཞིན༔ ཡེ་ནས་ཕྱོགས་སུ་ལྷུང་བ་མེད་པའི་སེམས༔ འཁོར་དང་ངན་སོང་སུ་ལ་གྲུབ་སྣང་བ༔ མི་བདེན་རྨི་ལམ་སྒྱུ་མ་དྲི་ཟའི་གྲོང་ཁྱེར་བཞིན༔ རྫུན་སྣང་བདེན་པའི་ནུས་པ་འདི་ལ་མི་སྲིད་དོ༔ སྐུ་དང་ཡེ་ཤེས་མེད་ཕྱིར་མ་རིག་ལ་སོགས་ཉོན་མོངས་སུ་ལ་སྲིད༔ དེས་ན་ཉིད་ཀྱིས་ཉིད་གྲོལ་གཉེན་པོ་ཡོད་མ་མྱོང་༔ འདོད་ཆགས་ལ་སོགས་ཉོན་མོངས་གྲངས་འདི་རྣམས༔ གཅིག་ཉིད་ཡིན་ཏེ་ཐ་དད་ག་ལ་སྲིད༔ གཅིག་གིས་གཅིག་གྲོལ་གཉིས་སོགས་རང་མིན་པར༔ ལྷག་པར་གྲོལ་མོད་སྦྲུལ་གྱི་མདུད་པ་བཞིན༔ མ་བཅོས་ལྷུག་པ་གང་ལ་རྟེན་མེད་པའི༔ ཡེ་ནས་གྲོལ་ཕྱིར་ཕྱིས་ནས་གཉེན་པོས་མིན༔ སྡུད་ཅིང་ལྡན་མིན་ལྷག་མཐོང་འདི་ཉིད་དོ༔ འགྲོ་བ་དྲུག་ཅེས་མིང་ཙམ་ཡང་དག་བརྟགས་པས་སྟོང་༔ སྟོང་པ་ཡེ་གྲོལ་གནས་གྱི་བྱར་མེད་དེ་ཉིད་རང་༔ གར་ཕྱིན་ས་མེད་ཡེ་ནས་
བཅོས་མེད་དང་༔ ལྷུན་འབྱམས་སྙིང་པོ་ཡེ་ནས་ཡུལ་སྣང་བས༔ སྔགས་བཟླས་དཀའ་ཐུབ་བསམ་གཏན་ངོ་བོ་ཉིད་ལ་སྒྲིབ༔ ཡིག་འབྲུ་སྒྱུར་བྱེད་ལུས་ངག་དགེ་བ་རྣམས༔ ཡེ་གྲོལ་རང་དག་གནོད་པར་བྱེད་པ་འོ༔ ཅིར་གྲོལ་རང་དག་མཐའ་བྲལ་ཡོངས་སུ་རྫོགས༔ གང་གིས་མཐའ་བྲལ་གགས་གཉིས་རང་བསལ་བས༔ བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོ་འགག༔ ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་གཏམས༔ མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི༔ འབད་མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ༔ ཐུག་ཕྲད་རྣམ་གསུམ་ཡུལ་ལ་རོལ་པའི་གེགས༔ གང་ཤར་མ་ཡེངས་ཡུལ་སེམས་བར་དུ་བསྡམས༔ རྒྱུ་མེད་རང་གྲོལ་རྐྱེན་ལ་མ་བརྟེན་འདི༔ ཕྱོགས་མེད་རང་དག་འདི་ཞེས་ལྟ་བ་མེད༔ ཞེ་འདོད་མཐའ་དང་བཅས་པ་གེགས་གསུམ་གསལ༔ སྣང་ཤེས་ཐོག་བབས་རང་བྱུང་ཆེན་པོའི་གེགས༔ རང་ཤར་སྤྲོས་བྲལ་རྒྱུ་རྐྱེན་བར་དུ་གཏམས༔ ལས་དང་དབང་པོ་ཚིག་དང་བློ་ཟད་པའི༔ བསླད་བཅོས་ཐབས་དང་ཤེས་རབ་གེགས་གཉིས་བསལ༔ ཆོས་མེད་དེ་ལ་བརྟེན་པའི་འབྲས་བུ་འདོད་པ་ཉིད༔ དགོས་པ་མེད་ཅིང་སླར་འདོད་འཆིང་བ་ལས༔ ལྷུག་པ་སོ་གཉུག་རྣལ་མ་དྲོད་ཀྱི་འགག༔ རང་སོར་འགྱུར་ཏེ་འཁོར་འདས་བར་དུ་གཏམས༔ བདེ་འདོད་སེམས་ལ་གནོད་པའི་ཆོས་སྤངས་ཏེ༔ རང་བཞག་ལྟོས་དང་འཁོར་འདས་བྱ་བ་བྲལ༔ རང་མིན་གཞན་མིན་སྣང་ཤེས་ཆོ་འཕྲུལ་ཀྱང་༔ འགྱུས་མཐོང་འཛིན་དང་ཞན་པའི་གེགས་བསལ་བས༔ ཅོག་
བཞག་ཚིག་ཏུ་སྤྲོས་པའི་མཐའ་འགག་སྟེ༔ ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་འགག༔ ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་གཏམས༔ རང་གིས་མ་དཔྱད་སེམས་ཀྱིས་བསྒྱུར་བ་མིན༔ བློ་ཡིས་དཔྱད་ཅིང་སེམས་ཀྱིས་གར་བསྒྱུར་བ༔ འཁྲུལ་པ་རང་མདུད་བཅིངས་པའི་འགྲོ་བ་དང་༔ འདི་ཉིད་ཁྱད་པར་ཅུང་ཟད་ང་ཡིས་མ་མཐོང་ངོ་༔ ལུས་བཅོས་ངག་བསྡམས་ཡིད་ལ་བྱེད་རྣམས་དང་༔ དྲན་རྟོག་ཕུང་པོ་ཡུལ་ལ་ངན་ཤར་དང་༔ འདི་ལ་ཁྱད་པར་མེད་དེ་སླར་འཆིང་བྱེད༔ སྟོང་པའི་ལམ་ལ་སེམས་ཀྱི་དཀྱིལ་འཕྱོ་བ༔ ཡུལ་དང་དབང་པོའི་བྱེད་སྤྱོད་མྱ་ངན་འདས༔ གང་ལ་ཐེག་པ་ཡོད་ཅིང་ཆོས་ཡོད་པས༔ ངན་སོང་ཉིད་དེ་ལོག་པ་ཡོད་དམ་ཅི༔ དེས་ན་སངས་རྒྱས་མིང་དུ་འདོགས་པའི་སྟོན་པ་འཁྲུལ༔ མིང་མེད་འདོགས་པ་ཡིད་བློ་བདེན་པ་མེད༔ འགག་སྡོམ་བྱ་བཙལ་མེད་པའི་གདིང་ཉིད་ནི༔ འཕྱུགས་ཤིང་འགྲོ་དང་བྲལ་བའི་ས་མེད་པར༔ འདི་ཉིད་རང་སྟེ་སྔོན་མེད་ཕྱིས་ནས་མེད༔ རང་བྱུང་སྙིང་པོའི་དོན་ཞེས་འདོད་དང་བྲལ༔ འབྲལ་མེད་དོན་དེངས་སུ་ལ་གདམས་དང་བྲལ༔ སྣང་དང་ཤེས་རྐྱེན་ལྟར་ཤར་འདི་ཉིད་དོ༔ གདོད་ནས་བྱས་པ་མེད་པའི་སེམས་ཉིད་ལ༔ དྲན་རྟོག་བློ་ཡིས་དོན་དམ་སྙིང་པོའི་དོན༔ ཤེས་རབ་ཚིག་དང་བཅས་པས་རང་བདེན་བསྲུང་༔ ཚིག་ལ་མཁས་ཤིང་རྒྱུ་འབྲས་གཙོར་ལེན་པ༔ མནར་མེད་དེ་ཉིད་དེ་ལས་གཞན་པ་སུ༔ ལུས་ངག་བཅོས་ཤིང་ཡིད་ཀྱི་གཏད་འཛིན་པ༔ ཆོས་ཉིད་བདེན་པ་སྒྲིབ་པ་མེད་པར་བྱེད་པ་ལ༔ འདི་ལས་ལྷག་པའི་གཉེན་པོ་གཞན་པ་ཅི༔ དེ་ཕྱིར་མ་བཅོས་འཁོར་འདས་བྱ་བྱེད་
ནམ་བྲལ་ན༔ རྫོགས་ཆེན་ཉིད་དང་གཞན་པ་ཅི་ཞིག་ཡོད༔ སེམས་ལ་བལྟར་མེད་རྒྱུ་འབྲས་སུ་མཐོང་མེད༔ དེ་ཕྱིར་སྡིག་བྲལ་དགེ་བས་འདི་ལ་ཅི༔ རང་ལུགས་འབྱུང་ཁུངས་ཐོག་མ་ཉིད་དང་སྦྱར༔ སྒྲིན་པོའི་སེམས་ལ་གཟེག་སྐུར་ཁམས་གསུམ་ལས་མི་འདའ༔ མ་བཅོས་གླེན་སྣང་སུ་ལ་ལྷོད་ཡོད་པ༔ འདི་ནི་འཁོར་འདས་གཉིས་ལ་མི་གནས་སོ༔ རྫོགས་ཆེན་གསང་བའི་དངོས་པོའི་གནད་བསྡུས་ཏེ༔ མ་འོངས་ངེས་པའི་བློ་ཅན་དོན་ཆེད་དུ༔ འབད་མེད་རང་སར་གྲོལ་བའི་ཡི་གེ་འདིས༔ འདི་ལ་མོས་པའི་འགྲོ་རྣམས་རྩོལ་མེད་དོན་ལྡན་ཤོག༔ ཁྱུང་ཆེན་མཁའ་ལྡིང་ཞེས་བྱ་བ༔ རྒྱ་ནག་པོའི་སློབ་དཔོན་ཤྲཱི་སིདྷས་མཛད་པ་རྫོགས་སོ༔ ཟབ་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ སྔགས་སྲུང་རྒྱལ་མོས་སྲུངས་ཤིག༔ ཨྠྀི༔ དགེའོ༔ སརྦ་མངྒལཾ༔ ༔
སེམས་ཀྱི་དམིགས་དྲུག་གི་རྣམ་པར་བཤད་པ།
སེམས་ཀྱི་དམིགས་དྲུག་གི་རྣམ་པར་བཤད་པ་ཞེས་བྱ་བ་བཞུགས་སོ༔ མན་ངག་ཞེ་དགུ་པ༔
རྒྱ་གར་སྐད་དུ། ཨ་བ་ལོ་ཤ་ནཱ་མ། བོད་སྐད་དུ། རྣམ་པར་བཤད་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་གཉིས་མེད་རང་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། ཁམས་གསུམ་རང་རྒྱུད་བཅིངས་ལས་བརྒལ་བའི་དཔལ། །འགྲོ་བའི་བླ་མ་རྡོ་རྗེ་འཆང་བ་ཉིད། །དེ་ལས་ཁྱད་གྱུར་སངས་རྒྱས་གཉིས་པའི་ལུང་། །དགའ་རབ་རྡོ་རྗེ་གཉིས་མེད་བདེ་ལྡན་པས། །རྫོགས་ཆེན་གནད་བཏུས་ངེས་པའི་སྙིང་པོ་ཉིད། །གཞན་དུ་བསྟན་པ་མེད་པའི་སེམས་ཉིད་གནད། །དམིགས་ཆེན་དྲུག་བསྟན་ཁམས་གསུམ་དོང་སྤྲུག་པའི། །གསང་བ་ཁྱད་པར་གནས་ཀྱི་ཡི་གེ་ཉིད། །སྙིང་གི་ཏི་ཀ་ཀུན་དང་མི་མཉམ་པ། །དེ་དོན་གསལ་བར་བདག་གི་བླ་མ་ལ། །གསོལ་བ་བཏབ་ནས་བདག་གིས་ལེགས་བཤད་བྱ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་ཉིད་ཀྱིས། སེམས་ཅན་རྣམས་ཀྱི་མོས་པའམ་དབང་
པོའི་བྱེ་བྲག་ལ་དགོངས་ནས། དམ་པའི་ཆོས་ཀྱི་སྒོ་དཔག་ཏུ་མེད་པར་གསུངས་པ་ལས། དེ་དག་གི་སྙིང་པོའི་དོན་བཅུད་དུ་དྲིལ་ནས། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས། མ་བསྒོམས་པར་སངས་རྒྱ་བར་བྱེད་པའི་སེམས་ཀྱི་དམིགས་དྲུག་ལ་བརྟེན་ནས། འགྲོ་བ་རྣམས་ཆོས་ཉིད་གནད་ཤེས་པ་ཙམ་གྱིས་གྲོལ་བར་བསྟན་པ་འདི། གང་ཟག་གཅིག་གི་ཆ་རྐྱེན་དུ་སློང་བའི་གནད་ལ་འདིའི་དོན་དྲིལ་ནས་བཤད་ན། ཆེ་བ་ལྔས་ཐེག་པ་ཐུན་མོངས་པ་ལས་ཁྱད་པར་དུ་བསྟན་ཏེ། སློབ་དཔོན་ལོ་རྒྱུས་ཀྱི་ཆེ་བས་མཛད་པའི་སློབ་དཔོན་གྱི་ཡོན་ཏན་བསྟན་པ་དང་། འཇུག་སྒོ་ཐེག་པའི་ཆེ་བས་རྒྱུད་གང་ལ་བརྟེན་ཅིང་མན་ངག་གི་ཁུངས་གསལ་བར་བསྟན་པ་དང་། དགོས་ཆེད་གང་ཟག་གི་ཆེ་བས་དོན་ཆེད་གང་ཡིན་པ་གསང་སྔགས་སྣོད་ཀྱི་ཁྱད་པར་བསྟན་པ་དང་། བསྡུས་དོན་མན་ངག་གི་ཆེ་བས་ས་བཅད་ཀྱི་དམིགས་གསལ་བར་བསྟན་པ་དང་། ཟབ་པ་མཚན་གྱི་ཆེ་བས་མན་ངག་གི་གཞུང་བདེ་བླག་ཏུ་
རྟོགས་པར་བསྟན་པ་དང་ལྔས་བསྟན་ཏོ། །དེ་དག་ཀྱང་འདུས་གཞི་གང་ཟག་གཅིག་གི་རྒྱུད་ལ་ཉོན་མོངས་པ་ལྔ་གནས་པ་ལ་དགོངས་པའོ། །དེ་དག་ཀྱང་གཙོ་ཆེ་ཆུང་གི་དབང་དུ་བྱས་ན། ཉོན་མོངས་པ་གཏི་མུག་ཅན་འཇུག་ཅིང་། དམིགས་གཏད་མེད་པའི་དགོངས་པ་གཙོ་ཆེ་བ་ལ་དགོངས་པ་དང་། ཞེ་སྡང་ཅན་འཇུག་ཅིང་གཟའ་གཏད་མེད་པའི་ལྟ་བ་གཙོ་ཆེ་བ་ལ་དགོངས་པ་དང་། འདོད་ཆགས་ཅན་འཇུག་ཅིང་ཕྱོགས་གཏད་མེད་པའི་སྤྱོད་པ་གཙོ་ཆེ་བ་ལ་དགོངས་པ་དང་། ང་རྒྱལ་ཅན་འཇུག་ཅིང་སྨྲ་གཏད་མེད་པའི་གཞི་ལམ་གཙོ་ཆེ་བ་ལ་དགོངས་པ་དང་། ཕྲག་དོག་ཅན་འཇུག་ཅིང་འདོད་གཏད་མེད་པའི་འབྲས་བུ་གཙོ་ཆེ་བ་ལ་དགོངས་པའི་འདུལ་བྱེད་དུ་བྱུང་བའོ། །དེ་ལ་དང་པོ་སློབ་དཔོན་ལོ་རྒྱུས་ཀྱི་ཆེ་བ་ནི། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་དེ། དེའི་སྐུ་ཆེ་བའི་ཡོན་ཏན་ནི། སྟོན་པ་ཉིད་ལས་སྤྲུལ་པས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐྱེ་བ་བཞིས་བསྡུས་པའི་འགྲོ་བ་རྣམས་འདུལ་བའི་གཟུགས་སུ་བྱོན་པའི་དུས་སུ་འཁོར་འདུས་པ་དང་པོར་བཞུགས་པ་དང་། སྟོན་པས་མཛད་པ་སུམ་ཅུ་སོ་དྲུག་མཛད་པའི་དུས་ཐམས་ཅད་དུའང་བཞུགས་པ་དང་། དེ་དག་གི་ལོ་རྒྱུས་ནི་རྒྱུད་ཀྱི་སྐབས་སུ་ཞིབ་པར་སྟོན་པས་འདིར་མ་སྤྲོས་སོ། །སློབ་དཔོན་དགའ་རབ་རྡོ་རྗེའི་ལོ་རྒྱུས་བཤད་དོ། །དེ་ཡང་གསང་བ་ཉེ་བརྒྱུད་ཀྱི་དབང་དུ་བྱས་ནས་སྟོན་པས་དགའ་རབ་རྡོ་རྗེ་དངོས་ལ་བསྟན། སློབ་དཔོན་དགའ་རབ་རྡོ་རྗེས་བྱེ་མ་ལ་ལ་བསྟན། བྱེ་མ་ལས་ལྷ་རྗེ་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་ལོ་བདུན་གྱི་བར་ལ་རེས་མཇལ་རེས་མི་མཇལ་བར་དེ་དག་གི་བར་ལ་གདམས་ངག་རྣམས་གནང་ངོ་། འཇུག་སྒོ་ཐེག་པའི་ཆེ་བ་ནི། སྤྱིར་སངས་རྒྱས་ཀྱིས་ཆོས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་བཀའ་སྩལ་ལུགས་གསུམ་ལས་མི་འདའ་སྟེ། དབང་པོ་
ལ་དགོངས་ཏེ་སྩལ་བ་དང་། བསྡུ་བ་ལ་དགོངས་ཏེ་སྩལ་བ་དང་། གཉེན་པོ་ལ་དགོངས་ཏེ་བཀའ་སྩལ་ཏོ། །དེ་ཡང་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་དགོངས་པའོ། །རབ་རྣམས་ལ་འོ་མ་ལས་མར་ལྟར་བསྡུས་པ་ལ་དགོངས་ཏེ་གསུངས་པ་ནི། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་རྣམས་རྩ་བ་བྱང་ཆུབ་ཀྱི་སེམས་ལ་བསྡུས་ཏེ་བསྟན་པའོ། །འབྲིང་པོ་རྣམས་གཉེན་པོ་ལ་དགོངས་ཏེ་བཀའ་སྩལ་བ་སྟེ། ཉོན་མོངས་པ་བརྒྱད་ཁྲི་དང་བཞི་སྟོང་སྟེ། འདོད་ཆགས་ལས་འགྱུར་བ་ཉི་ཁྲི་དང་ཆིག་སྟོང་གི་གཉེན་པོར། ཆོས་ཀྱི་སྒོ་འདུལ་བ་ལས་གྱུར་པ་ཉི་ཁྲི་དང་ཆིག་སྟོང་། ཞེ་སྡང་ལས་གྱུར་པ་ཉི་ཁྲི་དང་ཆིག་སྟོང་གི་གཉེན་པོར། མངོན་པ་ལས་གྱུར་པ་ཉི་ཁྲི་དང་ཆིག་སྟོང་། གཏི་མུག་ལས་གྱུར་པ་ཉི་ཁྲི་དང་ཆིག་སྟོང་གི་གཉེན་པོར། མདོ་སྡེ་ལས་གྱུར་པ་ཉི་ཁྲི་དང་ཆིག་སྟོང་། དུག་གསུམ་ཆ་མཉམ་ལས་གྱུར་པ་ཉི་ཁྲི་དང་ཆིག་སྟོང་གི་གཉེན་པོར་སྡེ་སྣོད་གསུམ་ཆ་མཉམ་པ་ལས་གྱུར་པ་ཉི་ཁྲི་དང་ཆིག་སྟོང་སྟེ། བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ལས། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། གསུང་པར་འགྱུར་རོ། །ཞེས་པའོ། །ཐ་མ་རྣམས་ལ་དབང་པོ་ཆེ་ལོངས་ལ་དགོངས་ཏེ་བཀའ་སྩལ་པ་ལ། བློ་ཅིག་ཅར་པ་དང་རིམ་གྱིས་པ་གཉིས་སུ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་སུ་བསྡུས་ཏེ། དེ་ལ་འཇིག་རྟེན་པ་ལ་གཉིས་ཏེ། སོར་བཞག་གི་ཐེག་པ་ལྷ་དང་མི་ལུང་དུ་མ་བསྟན་པ་རྣམས་སོ། །ཕྱིན་ཅི་ལོག་ལ་ལྟ་ངན་སུམ་བརྒྱ་དང་དྲུག་ཅུ་ལ་ཡང་རྟག་ཆད་གཉིས་སུ་བསྡུས་སོ། །དེ་ལྟར་ཡང་ཕ་རོལ་
ཕྱིན་པ་ལས། འཇིག་ཚོགས་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་ལྟར། ཞེས་པས་སོ། དབང་པོ་ཞིབ་རྩེགས་ལ་དགོངས་པ་ལ་རབ་ཀྱི་རབ་དང་། འབྲིང་དང་། ཐ་མ་ལ་སོགས་པ་དགུ་ལ་འཇིག་རྟེན་ལས་འདས་པའི་ཐེག་པ་སྟེ། འདི་དག་གི་ཁྱད་ལ་སོགས་པ་རྒྱུད་ཀྱི་སྐབས་སུ་སྟོན་ནོ། །འདས་པ་ལ། རྒྱུ་ལ་ལམ་དུ་བྱེད་པ་དང་། རྒྱུའི་ཐེག་པ་གསུམ་ནི་དབང་པོ་ཐ་མ་གསུམ་ལ་དགོངས་ཏེ། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་པའོ། །འདི་དག་ལ་བྱེ་བྲག་ཏུ་བཤད་པ་མང་ཡང་འདིར་མ་སྤྲོས་སོ། །འབྲས་བུ་ལམ་དུ་བྱེད་པ་ལ་ཡང་གཉིས་ཏེ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །ཕྱི་པ་གསུམ་ནི། དབང་པོ་འབྲིང་པོ་གསུམ་ལ་དགོངས་པ་སྟེ། ཀྲྀ་ཡ་དང་། ཨུ་པ་ཡ་དང་། རྣལ་འབྱོར་ཡོ་གའི་ཐེག་པ་དང་གསུམ་མོ། །ནང་པ་གསུམ་ནི་རབ་གསུམ་སྟེ། མ་ཧཱ་མ་ནུ་ཨ་ཏི་ཡོ་གའོ། །དེ་དག་གི་ཁྱད་པར་ལ་སོགས་པ་འདིར་མ་སྤྲོས་སོ། །དེ་ལ་དེར་འཇིག་རྟེན་པ་མ་ཡིན་ཏེ་འདས་པའོ། །འདས་པ་ལ་གཉིས་ལས་རྒྱུ་མ་ཡིན་ཏེ་འབྲས་བུ་ལ་ལམ་དུ་བྱེད་པའོ། །དེ་ཡང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་ལས། འདི་ནི་གསང་ཆེན་ངེས་པ་ཡི། འབྲས་བུ་ལམ་དུ་གྱུར་པའོ། །ཞེས་པས་སོ། །དེ་ལ་གཉིས་ལས། ཕྱི་མ་མ་ཡིན་ཏེ་ནང་པའོ། །ནང་པ་ལ་མ་ཧཱ། ཨ་ནུ་ཨ་ཏི་གསུམ་ལས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ། །རྫོགས་པ་ཆེན་པོ་ལ། ཡང་དག་དོན་གྱི་རྫོགས་པ་ཆེན་པོ་དང་། མཚན་མ་ཚིག་གི་རྫོགས་པ་ཆེན་པོའོ། ཡང་དག་དོན་ལ་གཉིས་ཏེ། སྨྲ་བྱེད་གཞི་ལམ་འབྲས་བུའི་དང་། གནས་པ་རང་སྣང་གི་རྫོགས་པའོ། །སྨྲ་བྱེད་གཞི་ལམ་གྱི་རྫོགས་པ་ཆེན་པོ་
ལ་གསུམ་སྟེ། གཞི་མདུང་གྱུར་སྨྲ་བའི་རྫོགས་པ་ཆེན་པོ་དང་། ལམ་དྲང་ཐད་དུ་སྨྲ་བའི་རྫོགས་པ་ཆེན་པོ་དང་། འབྲས་བུ་ཡེ་གྲོལ་སྨྲ་བའི་རྫོགས་པ་ཆེན་པོའོ། གཞི་ལ་གསུམ་སྟེ། སྣང་བ་གཞི་གནས་རང་ཤར་དུ་སྨྲ་བའི་དང་། འཁྲུལ་པ་གཞི་ལྡོག་ཏུ་སྨྲ་བའི་དང་། ངོ་བོ་གཞི་ཁྱབ་ཏུ་སྨྲ་བའི་རྫོགས་པ་ཆེན་པོའོ། ལམ་ལ་གསུམ་སྟེ། གནད་ལ་བརྟེན་པར་སྨྲ་བའི་དང་། སེམས་སྟོབས་ལ་བརྟེན་པར་སྨྲ་བའི་རྫོགས་པར་སྨྲ་བའི་རྫོགས་པ་ཆེན་པོ་དང་། འགྱུ་བ་གཏད་ཡལ་དུ་སྨྲ་བའི་རྫོགས་པ་ཆེན་པོའོ། །དེ་ལས་ནི་འགྱུ་བ་གཏད་ཡལ་དུ་སྨྲ་བའི་རྫོགས་པ་ཆེན་པོའོ། །དེ་དག་ལའང་ཞིབ་པར་གཞན་དུ་བསྟན་པས་འདིར་མ་སྨོས་སོ། །གནས་པ་རང་སྣང་གི་རྫོགས་པ་ཆེན་པོ་ལ་གསུམ་སྟེ། ལུས་གནས་རྩ་ཡི་རྫོགས་ཆེན་དང་། སེམས་གནས་རླུང་གི་རྫོགས་ཆེན་དང་། ཡུལ་གནས་གཞི་བཞག་གི་རྫོགས་པ་ཆེན་པོའོ། །མཚན་མ་ཚིག་གི་རྫོགས་པ་ཆེན་པོ་ནི་ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། བམ་པོ་ཉི་ཁྲི་དང་ཆིག་སྟོང་། དེ་དག་ཀྱང་ཀློང་ནི་དགུར་བསྡུས་ལེའུ་ནི་ཁྲི་ཕྲག་གསུམ་དང་། སྟོང་ཕྲག་ལྔ། བརྗོད་པ་ནི་ནམ་མཁའི་མཐའ་དང་མཉམ་པ་ཞིག་གསུངས་པ་ཡང་སྡེ་གསུམ་དུ་བསྡུས་ཏེ། སེམས་ཀྱི་སྡེ་དང་། ཀློང་གི་སྡེ་དང་། མན་ངག་གི་སྡེ་དང་གསུམ་དུ་བསྡུས་པ་ནི་འགྲོ་བ་རྣམས་ལ་ལུས་ངག་ཡིད་གསུམ་དུ་གནས་ཏེ། དེ་རྣམས་དག་པར་བྱེད་པའི་དག་བྱེད་ལ་དགོངས་པའོ། །སེམས་ཀྱི་སྡེ་ལ་ལུགས་གཉིས་ཏེ། གཞི་གནས་རང་གྲོལ་གྱི་རྫོགས་ཆེན་དང་། འདོད་པ་རང་ཤར་གཉིས་སོ། །ཀློང་སྡེ་ལ་གསུམ་སྟེ། ཀློང་དཀར་པོ་མུ་བཞི་ལམ་ཁྱེར་དུ་སྨྲ་བ་དང་། ཁྲ་བོ་རབ་འབྱམས་སུ་སྨྲ་བ་དང་། ནག་པོ་རང་གྲོལ་དུ་སྨྲ་བའོ། དེ་ལ་འདི་ནི་
མན་ངག་གི་སྡེ་སྟེ། འདི་ལ་ཡང་གསུམ་སྟེ། སྟོན་པས་ཁ་འཐོར་བའི་ཚུལ་དུ་གསུངས་པ་དང་། ཁ་གཏམ་གྱི་ཚུལ་དུ་བཀའ་སྩལ་པ་དང་། རྒྱུད་རང་གཞུང་གི་ཚུལ་དུ་བཀའ་སྩལ་པའོ། །དེ་ལ་འདི་རྒྱུད་རང་གཞུང་ངོ་། །དེ་ལ་ཡང་བཞི་སྟེ། གཏར་ཀ་གེགས་སེལ་གྱི་ཚུལ་དུ་བཀའ་སྩལ་པ་དང་། གབ་པ་མངོན་བྱུང་གི་ཚུལ་དུ་བཀའ་སྩལ་པ་དང་། ལྟ་བ་སྒང་དྲིལ་ཏེ་བཀའ་སྩལ་པ་དང་། བཤད་པ་རང་གསལ་གྱི་ཚུལ་དུ་བཀའ་སྩལ་པ་བཞི་ལས། འདི་ནི་བཤད་པ་རང་གསལ་ལོ། །འདི་ལ་ཡང་ལུགས་གསུམ་སྟེ། འཁྲུལ་གཞི་གཞི་ལ་ལྡོག་པའི་ཚུལ་དུ་བཀའ་སྩལ་པ་དང་། འཁྲུལ་པ་བ་འདེད་ཀྱི་ཚུལ་དང་། ཐིག་ལེ་རང་གནད་ལ་ཕབ་སྟེ་བཀའ་སྩལ་པའོ། །དེ་ལ་འདི་ཐིག་ལེ་རང་གནད་ལ་ཕབ་སྟེ་བཀའ་སྩལ་པའོ། །འདི་ལ་གཉིས་ཏེ། སྙན་ནས་སྙན་དུ་བརྒྱུད་པ་སྙན་བརྒྱུད་དང་། རྒྱུད་ལུང་དཀྱུས་ལ་བརྟེན་ནས་བཤད་པའི་བརྒྱུད་པ་གཉིས་སོ། །འདི་བཤད་རྒྱུད་དོ། །དེ་ལ་བཞི་ཡོད་པ་ལས། ཕྱི་སྐོར་ལུས་དང་འདྲ་བ་དང་། ནང་སྐོར་མིག་དང་འདྲ་བ་དང་། གསང་སྐོར་སྙིང་དང་འདྲ་བ་དང་། གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པ་ལུས་དང་དབང་པོ་ཡན་ལག་རྫོགས་པའི་སྐྱེས་བུ་དང་འདྲ་བ་སྟེ། འདི་ནི་གསང་བ་བླ་ན་མེད་པའོ། །ཆོས་དེ་དག་ཀྱང་སྡེ་སྣོད་གསུམ་དུ་འདུས་པ་ལས། མདོ་སྡེ་དང་། འདུལ་བ་དང་མངོན་པར་གསུམ་སྟེ་སྡེ་སྣོད་ཀྱིས་དབྱེ་བའོ། །མདོ་སྡེ་ལ་དྲང་པ་དང་། ངེས་པའི་མདོའི་སྡེའོ། །འདུལ་བ་ལ་རྩ་བའི་སྡེ་པ་བཞི་སྟེ། ཕལ་ཆེར་སྡེ་པ་སྡུག་བསྔལ་གྱི་བདེན་པའི་གཉེན་པོ་གཙོར་བྱེད། མང་པོས་བཀུར་བའི་སྡེ་པ་ཀུན་འབྱུང་གི་
བདེན་པའི་གཉེན་པོས་སྤོང་བ་ལ་གཙོར་བྱེད་པ་དང་། གནས་བརྟན་པའི་སྡེ་པས་འགོག་པའི་བདེན་པ་ལ་གཙོར་བྱེད་པ་དང་། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལམ་གྱི་བདེན་པ་ཡན་ལག་དང་བཅས་པ་ལ་གཙོར་བྱེད་པའོ། །མངོན་པ་ལ་གཉིས་ཏེ། ལུང་གི་ཆོས་དང་། རྟོགས་པའི་བདག་ཉིད་ཀྱི་ཆོས་གཉིས་ལས། འདི་མངོན་པ། དེ་ལས་ཀྱང་ལུང་གི་ཆོས་སོ། །ལུང་ལ་གཉིས་ཏེ། བསྟན་པའི་ལུང་དང་། ངེས་པ་བརྗོད་པའི་ལུང་ལས། འདི་ནི་ངེས་པར་བརྗོད་པའོ། །དེ་དག་ཀྱང་བསྡུ་ན། བཀའ་དང་བསྟན་བཅོས་གཉིས་ཏེ། བཀའ་ལ་གཉིས་ཏེ། རྒྱུད་སྡེ་དང་། མདོ་སྡེའོ། །དེ་དག་རེ་རེ་ལ་བཀའ་དངོས་དང་། བྱིན་གྱིས་བརླབས་པ་དང་། རྗེས་སུ་གནང་བ་དང་གསུམ་མོ། །དེ་ལ་འདི་བསྟན་བཅོས་ཏེ། བསྟན་བཅོས་ལ་མང་ཡང་། རྫོགས་པ་ཆེན་པོ་མན་ངག་གི་བསྟན་བཅོས་སོ། །དེ་ཡང་ཤན་འབྱེད་བྲམ་ཟེའི་སྨྲེང་འདོན་པ་ལྟ་བུའི་བསྟན་བཅོས་དང་། ལ་བཟླ་བའི་བསྟན་བཅོས་རྒྱལ་པོའི་བཀའ་བབས་ལྟ་བུའི་བསྟན་བཅོས་གཉིས་ལས། འདི་ལ་བཟླ་བའི་བསྟན་བཅོས་སོ། །འདི་ལའང་མང་ན་ཡང་སྣང་བ་ཡུལ་གྱི་ལ་བཟླ་བའི་མན་ངག་གི་བསྟན་བཅོས་སོ། །གསང་བ་བླ་ན་མེད་པ་ལ། གསང་ཆེན་ངེས་པའི་རྒྱུད་བཅུ་བདུན། མན་ངག་གི་ཡི་གེ་བརྒྱ་དང་བཅུ་དགུ་བཞུགས་པ་ལས། མན་ངག་གི་ཡི་གེ་ཡང་སྐོར་བདུན་དུ་བཞུགས་པ་ལས། འདི་ནི་མངོན་སུམ་སྙིང་ཐིག་སྟེ། འདི་ལ་གཉིས་ཏེ། སྒོམ་པ་མངོན་སུམ་མཐོང་བ་གནད་ཀྱི་གྲོལ་བའི་བསྟན་བཅོས་དང་། ཡལ་དུས་གནད་ཀྱིས་གྲོལ་བའི་མན་ངག་གཉིས་
ལས། འདི་ཡལ་དུས་སོ། འདི་ལ་ཡང་སེམས་ཀྱི་དམིགས་དྲུག་ལ་བརྟེན་ནས་ཆོས་ཉིད་ཀྱི་གནད་ཤེས་པས་གྲོལ་བའོ། །གསུམ་པ་དགོས་ཆེད་གང་ཟག་གི་ཆེ་བ་ནི། དེ་ཡང་གནས་ཀྱི་གྲོལ་བའི་མན་ངག་འདི་བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ། སློབ་མ་དད་པ་དང་ལྡན་པས་དུས་གཅིག་ལ་གྲོལ་བ་སྟེ། སློབ་མ་ནི་རང་བཞིན་རྫོགས་པ་ཆེན་པོའི་སྣོད་དུ་རུང་བ་དང་། སྔོན་སྦྱངས་པས་ལས་འཕྲོས་རུང་བའོ། །རང་བཞིན་ནི་རྣམ་རྟོག་བགས་ཀྱིས་ཆུང་བ་དང་། འཛིན་པ་ཆུང་བ་དང་། གཏོང་ཕོད་ཆེ་བའོ། །སྦྱངས་པའི་ཡོན་ཏན་བཅུ་གཅིག་སྟེ། དད་ལྡན་འཁོར་བའི་ཡིད་བྲལ་བ། །བརྩོན་འགྲུས་ལྡན་ཞིང་གཏང་བར་ནུས། །བླ་མར་གུས་ཤིང་དམ་ཚིག་ལྡན། ཁ་གསག་གཡོ་སྒྱུ་རྣམ་པར་སྤངས། །དྲིན་གཙོ་ང་རྒྱལ་དྲེགས་མེད་ཅིང་། །ཆོས་མིན་བྱ་བ་སྤངས་པ་ནི། །སྦྱངས་པས་སློབ་མའི་མཚན་ཉིད་དེ། །བཅུ་གཅིག་པོས་ནི་བྱང་ཆུབ་ཀྱི། །ས་བོན་ངེས་པར་འབྱིན་པའོ། །ཞེས་བཀོད་པ་ཆེན་པོ་ལས་གསུངས་སོ། །དེ་ལྟ་བུའི་སྦྱངས་པའི་མཚན་ཉིད་བཅུ་གཅིག་གམ། །རང་བཞིན་མཚན་ཉིད་དང་ལྡན་པ་ལ། གནད་ཀྱིས་གྲོལ་བའི་མན་ངག་འད ི་བསྟན་པར་བྱའོ། །ཟབ་མོ་མཚན་གྱི་ཆེ་བ་ནི་མཚན་སྐབས་སུ་བསྟན་ཏེ། སེམས་ཀྱི་ངོ་བོ་ངེས་ཚིགས་ཡལ་ས་དང་། ཡལ་དུས་ལ་སོགས་པ་བསྟན་པའོ། །བསྡུས་དོན་མན་ངག་གི་ཆེ་བས་ས་གཅོད་ཀྱི་དམིགས་བསྟན་པ་ནི། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་སངས་རྒྱས་དངོས་དང་འདྲ་བས་མཛད་པའི་སེམས་ཀྱི་དམིགས་དྲུག་ཏུ་བསྟན་པའི་མན་ངག་འདི་ལ་གཉིས་ཏེ་དབང་པོ་ཅིག་ཅར་བ་རྣམས་ཀྱིས། ཅིག་ཅར་དུ་རྟོགས་པར་བསྟན་པའི་ཕྱིར་ན། མཚན་
བསྟན་པ་དང་དབང་པོ་རིམ་གྱིས་པ་རྣམས་ཀྱིས་རིམ་གྱིས་རྟོགས་པར་སྟོན་པའི་ཕྱིར་མན་ངག་གི་གཞུང་སྟེ། གཞུང་ལ་དུམ་བུ་དྲུག་ཏུ་བསྟན་པ་སྟེ། དང་པོ་བསྡུས་པའི་ཚིག་དྲུག་གིས་བསམ་པ་ངོས་བཟུང་བར་བསྟན་པ་དང་། གཉིས་པ་རྣམ་རྟོག་གཅོད་པའི་སྤུ་གྲིས་བྱུང་ཚོར་གྱི་སྒོ་དགག་པར་བསྟན་པ་དང་། གསུམ་པ་ཤེས་པའི་གཏད་པ་བཅུ་པས་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་བསྟན་པ་དང་། བཞི་པ་འགྱུར་བྱེད་རང་ལ་གནས་པའི་འཁོར་ལོས་འཁོར་བའི་བྱུང་རྩལ་བསྟན་པ་དང་། ལྔ་པ་རིམ་པ་རྣམ་པ་དྲུག་གིས་སེམས་ཀྱི་རང་སྐྱོན་དབྱེ་བར་བསྟན་པ་དང་། དྲུག་པ་རྒྱུན་དུ་འཁོར་ལུགས་དྲུག་གིས་སེམས་ཀྱི་རང་བཞིན་བསྟན་པའོ། །དེ་ལ་མཚན་བསྟན་པ་ནི། གང་ཟག་གི་བློའི་རིམ་པ་གསུམ་ལ་དགོངས་པ་གསུམ་སྟེ། སྒྲ་དོན་ཚིག་ཙམ་ལ་བརྟེན་ནས་དབང་པོ་རབ་རྣམས་ཀྱིས་རྟོགས་པར་བསྟན་པར་བྱ་བའི་ཕྱིར། མཚན་སྒྲ་འགྱུར་གནས་ལུགས་དང་བཅས་པར་བསྟན་པ་དང་། འཁོར་འདས་བརྡའ་ཙམ་ལ་བརྟེན་ནས་དབང་པོ་འབྲིང་པོས་རྟོགས་པར་བྱ་བའི་ཕྱིར། མཚན་བརྡའ་འགྱུར་དུ་བསྟན་པ་དང་། དོན་རང་ངོ་ལ་བརྟེན་ནས་དབང་པོ་ཐ་མ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། མཚན་དོན་འགྱུར་མན་ངག་དང་སྦྱང་བར་བསྟན་པའོ། །དེ་ལ་དངོས་པོ་གཤིས་ཀྱི་སེམས་ཉིད་དེ་ལ་མ་རིག་པ་མེད་པས་སྔར་སྐྱེ་མ་མྱོང་བའི་གནད་ཀྱི་འཁྲུལ་བའི་མིང་མེད་ལ། ད་ལྟ་འཁྲུལ་པ་མི་བདེན་པའི་གནད་ཀྱིས་ད་ལྟ་སྐྱེས་བ་ལ་མི་གནས་པས། རྣམ་རྟོག་ཐ་དད་པ་ཉིད་རངས་སར་ཡལ་ལ། ཕྱིས་སྐྱེ་མི་སྲིད་པའི་གནས་ཀྱིས་འཁོར་བ་ཉིད་ཡེ་ནས་གྲོལ་བའི་ཕྱིར་ནི་ཡི་གེ་སྭ་ཞེས་བྱའོ། །
དེའི་ཕྱིར་ན་འགྱུར་བ་རང་སར་ཡལ་བས། ཆོས་རྣམས་ཟད་སར་ཟད་པ་ཞེས་བྱའོ། །དེ་ལྟ་བུའི་གནས་ལུགས་དངོས་པོའི་འདུག་ཚུལ། ལྟ་བ་གཏུགས་ཐུབ་པ་ལ་རག་ལུས་པ་སྟེ། ལྟ་བ་སྟོང་པས་ཟད་པའི་ལུགས་ལ་མཁས་པ་དང་། ལྟ་བ་གྲོལ་བས་ཟད་པའི་དུས་ལ་མཁས་པ་དང་། ལྟ་བ་དང་བྲལ་བས་ཟད་པའི་ཚད་ལ་མཁས་པས་ན་རྟོག་པ་རང་ལོག་པས་དེ་དུས་གསུམ་ཡང་ཆོས་ཀྱི་དབྱིངས་སྟོང་ཉིད་གཅིག་གི་འཁོར་ལོ་ལས་མ་འདས་པའི་ཕྱིར་ན། ཚ་ཞེས་རང་ཟད་དུ་བྱུང་བའོ། །དེ་ཉིད་མ་རིག་པ་རང་གནས་རང་ཤར་རངགྲོལ་དུ་ཞེས་འདས་པའོ། །མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་རང་གྲོལ་གཅིག་གི་འཁོར་ལོ་ལས་མ་འདས་པའི། །དེ་ཡང་གཞི་གནས་རང་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས་རྟོགས་པའི་ཕྱིར་ན་ཡི་གེ་པེ་སྟེ། ཤེས་རབ་སྟོང་པས་མཚན་པའི་རྟོག་པ་རྣམས་རང་ཟད། ཤེས་རབ་ཉིད་གསལ་བའི་ཆ་ནས་སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གྲོལ། ཤེས་རབ་གནས་པའི་ཆ་ནས་རང་བྱུང་རང་ཤར་དུ་རྟོགས་པའོ། །དེ་ཡང་སྟོང་ཉིད་ཟད་པའི་ངང་དུ་ལ་བཟླས་པས་ན་ལ་ཞེས་མི་གནས་པས་དངོས་མིན་ལ། ཐམས་ཅད་དུ་ཤར་བས་ཚད་ཡིན་པའོ། །དེ་ལྟ་བུའི་དོན་དེ་འགྲོ་བ་རྣམས་ཀྱི་ལུས་ལ་བརྟེན་ནས་རྟོགས་པའི་ཕྱིར་ན་ཡི་གེ་ན་ཞེས་བྱའོ། །དེ་ཡང་སེམས་ཉིད་གཉུག་མ་ལ་ལས་དང་བག་ཆགས་ཀྱིས་གོས་པ་མེད་པའི་གནད་ཀྱིས་རྣམ་རྟོག་བག་ཆགས་ཀྱིས་ལུས་ཀྱི་གདར་ཤ་ཆོད། སེམས་ཉིད་སྟོང་པ་ལ་མཚན་མ་རིས་ཅན་གྱི་ཁ་དོག་ཏུ་གྲུབ་པ་མེད་པས། ཡེ་ཤེས་སྒྱུ་མའི་ལུས་ཀྱི་གདར་ཤ་ཆོད། སེམས་ཉིད་ལྷུག་པ་སྐྱོན་དང་ཡོན་ཏན་ལས་འདས་པས་རིན་པོ་ཆེ།
གསང་བའི་ལུས་ཀྱི་གདར་ཤ་ཆོད་པས་ན། ཐ་མ་ལུས་ལ་མི་གནས་པའི་ཕྱིར། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དེ་ཡང་སེམས་ཉིད་མ་བཅོས་པའི་གཞི་ཡིན་པས་བྱ་བྱེད་དང་འབད་རྩོལ་ལས་འདས་པ་མ་བསྒྱུར་བའི་ལམ་ཡིན་པས་བསྒྲོད་ཅིང་སྦྱངས་པ་ལས་འདས། མ་བསླད་པའི་འབྲས་བུ་ཡིན་པས་རེ་དོགས་དང་དགག་སྒྲུབ་ལས་འདས་པས་ན། མ་ཞེས་ཐོག་མའི་གཞི་ལ་སེམས་ཉིད་ཐིམ་པས་འཁོར་འདས་དུས་གཅིག་ལ་འགགས་པས་ཁམས་གསུམ་མིང་མེད་པའོ། །མཚན་བརྡ་འགྱུར་དུ་བསྟན་པ་ནི། སྤྱིར་ཡང་ཆོས་ཐམས་ཅད་བརྡས་བརྟགས་པ་ལས་མ་གཏོགས་པའི་ཆོས་ལ་སོགས་པ་ཡོད་མི་སྲིད་པས། རང་བཞིན་གྱི་བརྡས་འཁོར་བ་དུས་གཅིག་ལ་ཆོས་ཉིད་དུ་འཆར་བ་དང་། བརྗོད་པའི་བརྡས་ཆོས་རྣམས་ཀྱི་མིང་དོན་གཏན་ལ་ཕེབས་པའོ། །བྱས་ཤིང་བསྟན་པའི་བརྡས་རྟོགས་པ་རྒྱུད་ལ་སྐྱེད་པའོ། །དེའི་ཕྱིར་ན་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱང་བརྡས་བརྟགས་ལ། བོད་སྐད་དུ་ཞེས་བྱ་བ་ཡང་བརྡས་བརྟགས་པས་ན། ཐམས་ཅད་བརྡའ་དོན་གྱི་མན་ངག་ཏུ་གྲོལ་བའོ། །དོན་འགྱུར་མན་ངག་སྦྱར་བ་ནི། སེམས་ཀྱི་ཞེས་བྱ་བ་ནི། ངོ་བོ་དང་། ངེས་ཚིགས་དང་། དབྱེ་བ་དང་། ཡལ་ལུགས་དང་། ཡལ་དུས་དང་། ཡལ་ས་དང་། ཟད་པའི་མཚན་ཉིད་བདུན་དུ་ཤེས་པར་བྱའོ། །དེ་ལ་སེམས་ཀྱི་ངོ་བོ་གནས་པ་ལས་འཇུག་ལ་འཇུག་པས་ཁྱབ་ལ། ཁྱབ་པ་ཟད་པའོ། །ངེས་ཚིགས་ནི་གང་ལ་སེམས་ན་འཁོར་འདས་ལ་སེམས་པས་ན་སེམས་
ཞེས་བྱ་ལ། གང་སེམས་ན་འགྱུ་བ་ཐ་དད་པ་དང་། རྟོག་པ་སྣ་ཚོགས་ལ་སེམས་པས་སོ། །གང་གི་ཕྱིར་སེམས་ན་འཁོར་འདས་ཀྱི་འཇུག་པའི་ཕྱིར་སེམས་སོ། །དཔེ་ཇི་ལྟར་སེམས་ན་བརྒྱ་བྱིན་གྱི་བུ་ལག་བཟང་ནོར་ལ་སེམས་པ་ལྟར་སེམས་པས་ན་སེམས་སོ། །དབྱེ་བ་ནི་འོག་ཏུ་བསྟན་པར་བྱའོ། །ཡལ་ལུགས་ནི་རྟོག་པ་ཐ་དད་པ་གློ་བུར་ཡིན་པས། དེ་གློ་བུར་དུ་ཡལ་བས་ལས་དང་བག་ཆགས་ཀྱིས་མི་གོས་ཏེ། སེམས་ཉིད་སྟོང་པ་ངོ་བོ་ཉིད་ངོས་བཟུང་ལས་འདས་པའི་ཕྱིར་རོ། །དེ་ཡང་ནམ་མཁའ་ལས་སྤྲིན་ལ་སོགས་པ་གློ་བུར་བྱུང་ཞིང་གློ་བུར་དུ་ཡལ་བས། ཕྱོགས་དང་རིས་མེད་ཅིང་རྗེས་མེད་པས་གོས་པ་མེད་པ་དང་འདྲའོ། །ཡལ་དུས་ནི་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པའི་དུས་ན་ཡལ་བས། སྔར་ཞེན་པའི་བག་ཆགས་ལ་མི་གནས་པས། ལུས་སེམས་ལ་འབྲེལ་པ་མེད་པའི་གནད། ད་ལྟའི་བག་ཆགས་རང་སར་ཡལ་བས་ལས་དང་རྣམ་སྨིན་དང་བྲལ་བའི་གནད་དང་། ཕྱིས་འབྱུང་བའི་བག་ཆགས་ཟད་སར་ཟད་པས་ཁམས་གསུམ་དུ་མི་ལྡོག་པའི་གནད་དོ། །དཔེར་ན་རྒྱ་མཚོའི་རླབས་ཡལ་བའི་རྣམ་པ་དང་འདྲ་བར་ཡལ་ལོ། །ཡལ་ས་ནི་སྣང་བ་སྔ་ཕྱིའི་བར་དུ་ཡལ་བས་བེམས་རིག་གི་ཤན་ཕྱེད། ཤེས་པ་སྔ་ཕྱིའི་བར་དུ་ཡལ་བས་བློ་མ་བུའི་འབྲེལ་ཟད། བློའི་འགྱུ་བ་སྔ་ཕྱིའི་བར་དུ་ཡལ་བས་ལས་དང་རྣམ་སྨིན་གྱིས་གོས་མི་སྲིད། ཆོས་ཉིད་སྔ་ཕྱིའི་བར་དུ་ཡལ་བས། སྔ་ཕྱི་ལུས་སེམས་ཀྱི་ཉིང་མཚམས་སྦྱོར་བ་ཡང་མི་སྲིད་དོ། །སྔ་མའི་སེམས་ཀྱི་འགྱུ་བ་གཞི་ལ་ཡལ་བས་སྣང་སར་སྣང་བས་སྟོང་སར་སྟོང་པའོ། །ད་ལྟའི་དྲན་རྟོག་ནམ་མཁའ་ལ་ཡལ་བས།
ཉོན་མོངས་པ་ཆོས་ཉིད་དུ་གྲོལ་ལ། མ་འོངས་པའི་སེམས་ཀྱི་དྲན་རྟོག་ཆོས་ཀྱི་དབྱིངས་སུ་ཡལ་བས། སྐྱེ་བ་སྔ་ཕྱི་ལ་མི་གནས་པའོ། །ཆོས་ཉིད་རང་ངམ་སེམས་ཉིད་རང་གི་ཟད་པའི་མཚན་ཉིད་ནི། སྣང་རྟགས་སྔ་ཕྱིའི་འཁོར་ལོ་ལ་མི་གནས་པས་ཆོས་ཟད་པས་རང་གི་གྲུབ་མཐའ་ཞིག་བློ་སྔ་ཕྱིའི་འཁོར་ལོ་མི་གནས་པས་དྲན་རྟོག་ཟད་པས་རྒྱུ་མཚན་གོང་འོག་སྡེབ་ཞིག་གོ། སྐྱེ་བ་སྔ་ཕྱིའི་འཁོར་ལོ་ལ་མི་གནས་པ་ལུས་སེམས་ཀྱི་འབྲེལ་པ་ཞིག་པའོ། །དེ་ཡང་འཁོར་འདས་ཟད་པས་ཅིར་སྣང་ཆོས་ཉིད་དྲན་གསལ་གྱི་འཁོར་ལོ་ཟད་པས་འགྱུ་བ་རང་སར་གྲོལ། ལྟ་སྒོམ་ཟད་པས་ཡིད་ལ་བྱེད་པ་མ་འདས་པའོ། །རྒྱུ་ཟད་པས་རྟོག་པ་སྔ་ཕྱིའི་འཕེལ་བ་མེད་ལ། ཆོས་ཟད་པས་སྒོམ་སྒྲུབ་ལས་འདས་པ་དང་། ཉམས་ཟད་པས་རྟོགས་པ་སྔ་ཕྱིའི་སྡེབས་མེད་པ་དང་། སེམས་མེད་པས་འཇུག་པ་སྔ་ཕྱིའི་ཡུལ་སྟོང་པ་དང་། སེམས་ཅན་ཟད་པས་འཁོར་བ་སྤྱིར་ཕྱིན་པ་དང་། སངས་རྒྱས་ཟད་པས་རེ་དོགས་ཕྱོགས་ལྷུང་མེད་པ་དང་། འཁོར་བ་ཟད་པས་ཆོས་ཉིད་སྔ་ཕྱིའི་ལྟོས་པ་མེད་པ་དང་། དེའི་ཕྱིར་ན་ཟད་པས་སྟོངས་པ་དང་། སྟོངས་པས་ལྡོག་པ་མེད་པའོ། །དམིགས་ཞེས་པ་ནི། དེ་ཡང་སེལ་བའི་གནད་ཀྱིས་འཁོར་འདས་ཀྱི་དམིགས་གསལ་བ་ནི། མེད་པའི་དམིགས་བསལ་བས་ཟད་པའི་དུས་ཚོད་ལ་མཁས་ཏེ། བློ་ཟད་པས་ཡལ་བའི་ཚོད་ཟིན་པས་རྟོག་པ་ཐ་དད་པ་ཆོས་ཉིད་གཅིག་གི་འཁོར་ལོ་ལས་མ་འདས་པའོ། །ཡོད་པའི་དམིགས་བསལ་བས་སྣང་ཤེས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །གཉིས་ཀའི་
དམིགས་བསལ་བས། སེམས་ཉིད་མཐའ་གཉིས་ལ་མི་གནས་ཏེ། སྔ་མཐའ་ལས་མི་གནས་པས་སྐྱེ་བ་རང་རྒྱུད་དུ་འཛིན་པ་ལས་འདས། ཕྱི་མཐའ་ལ་མི་གནས་པས་ལྡོག་རྒྱུ་དང་ལྡོག་རྐྱེན་གང་ལའང་མི་གནས་པའོ། །དམིགས་དེ་གནས་པའི་དབང་དུ་བྱས་ན། གཞི་ལ་གནས་པས་སེམས་ལ་བཅོས་མི་དགོས། ལམ་ལ་གནས་པས་སེམས་ལ་བསྒྱུར་མི་དགོས། འབྲས་བུ་ལ་གནས་པས་དུས་གསུམ་ཐ་དད་པ་ལས་མ་འདས་པའོ། །དམིགས་དེ་གཏད་པའི་དབང་དུ་བྱས་ན། ཕྱི་ཡུལ་ལ་དམིགས་པ་གཏད་པས་སྣང་རྐྱེན་ཆོས་ཉིད་དུ་གྲོལ་བའི་གནད་དང་། ནང་ཕུང་པོ་ལ་གཏད་པས་སྡུག་བསྔལ་ཐམས་ཅད་ཆོས་ཉིད་དུ་གྲོལ་བའི་གནད་དང་། གསང་བ་སེམས་ལ་གཏད་པས་སེམས་ཉིད་དེ་སྐྱེ་བ་མེད་པའི་གནད་དང་གསུམ་གྱིས། ཆོས་སྐུ་རང་སྟོང་པའི་ངང་དུ་གྲོལ་བས་སེམས་ལ་རྒྱུ་མེད། ལོངས་སྐུ་གསལ་བའི་ངང་དུ་གྲོལ་བས་སེམས་ལ་རྐྱེན་མེད། སྤྲུལ་སྐུ་བདག་འཛིན་མེད་པའི་ངང་དུ་གྲོལ་བས་སེམས་ལ་འབྲས་བུ་མེད་པ་སྟེ། རྒྱུ་མེད་པས་བཟློག་པའི་གཞི་སྟོང་ལ། རྐྱེན་མེད་པས་ལུས་སེམས་ལ་འབྲེལ་བ་མེད་པའི་གནད་དང་། འབྲས་བུ་མེད་པས་སེམས་རང་ཡལ་བའི་གནད་ཀྱི་གང་གིས་ཀྱང་དགོས་པ་མེད་པའོ། །དྲུག་ཅེས་པ་དུམ་བུ་ངེས་པའི་གྲངས་ཏེ། དང་པོ་བསྡུས་པའི་ཚིག་གིས་བསམ་པ་ངོས་བཟུང་བས་ཡལ་བའི་དུས་ཚོད་ངོ་ཤེས་པའི་དགོས་པ་ཡོད། གཉིས་པ་རྣམ་རྟོག་གཅོད་པའི་སྤུ་གྲིས་བྱུང་ཚོར་སྒོ་བཀག་པས་རྣམ་རྟོག་གློ་བུར་བ་རྣམས་རང་སར་གྲོལ་བའི་དགོས་པ་ཡོད།
གསུམ་པ་ཤེས་པའི་གཏད་ས་བཅུ་པས་སེམས་དང་ཡེ་ཤེས་དབྱེ་བས། རང་ངོ་ཆོས་ཉིད་དུ་གྲོལ་བའི་དགོས་པ་ཡོད། བཞི་པ་འགྱུ་བྱེད་རང་ལ་གནས་པའི་འཁོར་ལོས་འཁོར་བའི་བྱུང་ཁམས་བཙལ་བས་འཁོར་འདས་མིང་མེད་པའི་དགོས་པ་ཡོད། ལྔ་པ་རིམ་འབྱེད་དྲུག་གི་སེམས་ཀྱི་དབྱེ་བ་བསྟན་པས་རང་སེམས་ལ་བྱན་ཚུད་པའི་དགོས་པ་ཡོད། དྲུག་པ་རྒྱུན་དུ་འཁོར་ལུགས་དྲུག་གིས་སེམས་རང་སྐྱོན་བསྟན་པས། སེམས་སྟོང་པའི་མཚན་ཉིད་ཤེས་པའི་དགོས་པ་ཡོད་པས་དེ་ལྟར་དྲུག་ཏུ་ངེས་པས་འགྲོ་བ་དྲུག་རང་སར་གྲོལ་བར་བྱེད་པའི་གནད་ལ། དེ་ལས་མང་ན་དགོས་པ་མེད་ལ། ཉུང་ན་དགོས་པའི་དོན་མ་ཚང་བས་དྲུག་ཁོ་ནར་ངེས་པའོ། །དེ་ཡང་དམིགས་དང་པོས་བསྡུས་པའི་དོན་དྲུག་ཏུ་བསྟན་པ་ནི། རིགས་དྲུག་གི་རྟོག་པ་གཅོད་པ་ལ་དགོངས་ལ། གཉིས་པ་བསྡུས་པའི་དོན་ལྔས་བསྟན་པ་ནི་དུག་ལྔ་རང་གྲོལ་ལ་དགོངས་པའོ། །གསུམ་པ་ལ་གཉིས་ཀྱིས་བསྟན་པ་ནི་ཐབས་ཤེས་རབ་འདུ་འབྲལ་མེད་པ་ལ་དགོངས་པའོ། །བཞི་པ་ལ་བཞིས་བསྟན་པ་ནི། སྐྱེ་གནས་བཞི་དག་པར་བྱེད་པ་ལ་དགོངས་པའོ། །ལྔ་པ་ལ་ལྔས་བསྟན་པས་ཡེ་ཤེས་ལྔ་མངོན་དུ་གསལ་བར་བྱེད་པ་ལ་དགོངས་པའོ། །དྲུག་པ་ལ་གསུམ་གྱིས་བསྟན་པ་ནི། ལུས་ངག་ཡིད་གསུམ་ཁམས་གསུམ་དུ་མི་ལྡོག་པ་ལ་དགོངས་པའོ། །ཞེས་པ་ནི་གཞུང་དུམ་བུ་དྲུག་ལ་བསྡུས་པའི་དོན་ཉེར་ལྔར་བསྟན་པར་བྱ་བཤད་པར་བྱ་ཞེས་པའོ། །ད་ནི་
གཞུང་གི་དོན་བསྟན་པ་ལ་གཉིས་ཏེ། ཕྱག་བཙལ་བས་མདོར་བསྟན་པ་དང་། དུམ་བུ་ངེས་པས་རྒྱས་པར་བཤད་པའོ། །དེ་ལ་ཕྱག་འཚལ་བ་བསྟན་པ་ནི། བཅོམ་ཞེས་པ་རྟོག་པ་ཡལ་བའི་རྒྱུ་ངོ་ཤེས་པས་ཆོས་ཉིད་སྤང་བླང་དང་བྲལ་བར་ངོ་སྤྲད་པས། འགྱུ་བ་ཐ་དད་པས་བཅོམ་ལ། ཡུལ་དུས་ངོ་ཤེས་པས་ཆོས་ཉིད་ལ་འཕོ་འགྱུར་མེད་པར་ངོ་སྤྲད་པས་རྟོག་པ་བདག་ཏུ་བཅིངས་པ་བཅོམ་ལ། ཡལ་ས་ངོ་ཤེས་པས་ཆོས་ཉིད་རྒྱུ་རྐྱེན་ལས་འདས་པར་ངོ་སྤྲད་པས། དྲན་བསམ་གྱི་འཁོར་ལོ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ནུབ་པས་ན་བཅོམ་ཞེས་བྱའོ། །དེ་ལྟར་བཅོམ་པས་གནད་ཤེས་པ་ཙམ་གྱིས་ཆོས་ཉིད་མ་ཐོག་ཏུ་གྲོལ་བས། ལུས་ངག་ཡིད་གསུམ་དང་གདངས་རང་བཞིན་བདག་ཉིད་ཆེན་པོ་གསུམ་དང་ལྡན་པས་ན་ལྡན་ཞེས་བྱའོ། །དེ་ལྟར་ལྡན་པའི་འགྲོ་བའི་ལུས་ངག་ཡིད་གསུམ་ལས་འདས་པས་ན་འདས་ཞེས་བྱའོ། །རང་ནི་གཞན་གྱི་སྤྲོས་པ་བཅད་པས་ཆོས་ཉིད་རང་ཐོག་ནས་གྲོལ་བས་ཡིད་ཆེས་པའོ། །གྲོལ་ཞེས་པ་གནད་ཤེས་པས་གྲོལ་བ་ནི། ཏི་པ་རའི་བུ་ལག་བཟང་གི་ལས་ཀྱི་མཐའ་ལས་གྲོལ་བ་ལྟར་གྲོལ་བ་དང་། གནད་དེ་མཐོང་བ་ཙམ་གྱིས་གྲོལ་བ་སྔར་འདྲིས་ཀྱི་མི་ཕྱིས་མཐོང་བ་ཙམ་གྱིས་ངོ་ཤེས་པས་ཐག་ཆོད་པ་ལྟ་བུའོ། །གནད་དེ་རང་ཐོག་ཏུ་གྲོལ་བ་ནི་སྦྲུལ་གྱི་མདུད་པ་མ་བཤིགས་པར་རང་གྲོལ་བ་ལྟ་བུའོ། །དེ་ལྟ་བུའི་དོན་དེའི་གོང་ན་གཞན་གང་གིས་ཐབས་གདའ་བ་མེད་པས་ཆེན་པོ་ཞེས་བྱའོ། །བདེ་བ་ནི་ཕྱི་སྣང་བའི་བདེ་བས་རྐྱེན་ངན་ཐམས་ཅད་གྲོགས་སུ་ཤར་ལ། ནང་ལུས་ཀྱི་བདེ་བས་སྡུག་བསྔལ་ཐམས་ཅད་ཆོས་ཉིད་དུ་ཤེས་པའོ། །གསང་བ་སེམས་
ཀྱི་བདེ་བས་སེམས་རང་དག་རང་གྲོལ་བས་འགྱུ་བ་རང་སར་གྲོལ་བས་རྣམ་རྟོག་ཡེ་ཤེས་སུ་ལྡང་བའོ། །དཔལ་ནི་སྟོང་པ་ཆོས་དབྱིངས་སུ་ཤར་བས་དྲན་བསམ་སེམས་ཀྱི་དཔལ་དུ་བྱུང་བ་དང་། སྣང་ཤེས་རྒྱན་དང་ཁ་དོག་ཏུ་ཤར་བས་སྣང་རྟགས་སེམས་ཀྱི་དཔལ་དུ་བྱུང་བའོ། །དེ་ལྟ་བུའི་ངང་ལས་མ་གཡོས་པས། ཕྱག་སྐྱེ་མེད་རབ་གྲོལ་བ་ཉིད་ལ་ཉིད་བཙལ་བས། སྣང་ཤེས་ཀྱི་བདག་ཏུ་འཛིན་པ་ལས་གྲོལ་བ་དེའི་ཕྱིར་ན་ཕྱག་འཚལ་ལོ་ཞེས་ཆོས་ཉིད་དོན་ལ་བྱས་པའོ། །ད་ནི་གཞུང་དངོས་ལ་དུམ་བུ་དྲུག་ལས། དུམ་བུ་དང་པོ་བསྡུས་པའི་ཚིག་དྲུག་ལ་བརྟེན་ནས་བསམ་པ་ངོས་བཟུང་བར་བསྟན་པ་ལ་བསྡུས་པའི་དོན་དྲུག་སྟེ། ཀླད་དུ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་བསྟན་པ་དང་། གཉིས་པ་ལུས་ངག་ཡིད་ཀྱི་རྒྱུ་རྐྱེན་བརྟགས་པས་ཁམས་གསུམ་གྱི་གཞི་སྟོངས་པར་བསྟན་པ་དང་། གསུམ་པ་ལུས་སེམས་ཀྱི་འབྲེལ་པ་བརྟགས་པས་སྐྱེ་བ་སྔ་ཕྱི་ལ་མི་ལྟོས་པར་བསྟན་པ་དང་། བཞི་པ་ཡེ་ཤེས་ལ་སོགས་པ་གཏད་པའི་མཚན་ཉིད་ལ་བརྟེན་ནས་འཁོར་འདས་འགོག་པའི་ལུགས་བསྟན་པ་དང་། ལྔ་པ་ཐབས་ཀྱི་འཇུག་པ་ཁྱད་པར་ཅན་བླ་མ་དྲིན་ལྡན་ལ་བརྟེན་ནས་བསྡུ་བར་བསྟན་པ་དང་། དྲུག་པ་ཡལ་ས་དུས་ཀྱི་གནད་ལ་བརྟེན་ནས་ཆོས་ཉིད་ལྟ་སྒོམ་ཡིད་ལ་བྱེད་པ་ལས་སྟོན་པར་འདས་པར་བསྟན་པའོ། །དེ་ཡང་ཀླད་དོན་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བར་བསྟན་པ་ལ་ནང་དོན་གཉིས་ཏེ། མི་འགལ་བའི་ཁུངས་གསལ་བར་བསྟན་པས་སྟོན་པ་ལ་ཁྱད་པར་གྱིས་མཆོད་པར་བརྗོད་པ་བསྟན་པ་ནི། འགྲོ་རྣམས་མ་རིག་ཚོགས་བཅོམ་རང་བྱུང་དཔལ། །ཅེས་པ་ལ་
སོགས་པས་བསྟན་ཏེ། དེ་ཡང་འགྲོ་བ་ནི། དང་པོ་ཁམས་གསུམ་དུ་འཇུག་པ་འཕེན་པ་ལས་ཀྱི་རླུང་མ་དག་པ་ལས་བྱུང་བས་ན། ད་ལྟ་ལུས་ཇི་སྲིད་གནས་ཀྱི་བར་ལ་རླུང་གིས་བཏེག་ནས་འགྲོ་ལ། ཕྱིས་ཀྱང་རླུང་སེམས་ལས་ཀྱི་འབྲེལ་གྱི་འགྲོ་བས་ན། འགྲོ་ཞེས་བྱ་ལ། རྣམས་ནི་ལྷ་ལ་སོགས་པའོ། །དེ་ཡང་ལྷ་རྣམས་མ་རིག་པ་ང་རྒྱལ་དང་བཅས་པས་འཁྲུལ་ལ། ལྷ་མིན་མ་རིག་པའི་ཕྲག་དོག་དང་བཅས་པས་འཁྲུལ་ལ། མི་རྣམས་ཁོང་ཁྲོ་རྒྱུ་རྐྱེན་དང་བཅས་པས་འཁྲུལ་ལ། བྱོལ་སོང་རྣམས་གཏི་མུག་གིས་མ་རིག་པའི་རྐྱེན་བྱས་ནས་འཁྲུལ། ཡི་དྭགས་རྣམས་འདོད་ཆགས་ཀྱིས་མ་རིག་པའི་རྐྱེན་བྱས་ནས་འཁྲུལ་ལ། དམྱལ་བ་ཞེ་སྡང་གིས་རྐྱེན་བྱས་ནས་འཁྲུལ་ལོ། །དེ་ལྟར་ན་འགྲོ་བ་དྲུག་གི་མ་རིག་པ་རྐྱེན་དང་བཅས་པའི་ཚོགས། ཕྱི་གདུལ་བྱ་ལ་དགོངས་ནས་བཅོམ་པས་རང་བྱུང་གི་ཡེ་ཤེས་རང་ཤར་དུ་ཤར་བས། ཕྱི་ནང་འཁོར་འདས་ཡོངས་ལ་མི་གནས་པས་དཔལ་ལོ། རྒྱུད་ནི་གསང་བ་ཆེན་པོའི་རྒྱུད་བཅུ་བདུན་གྱི་སྟོང་པ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དེས། འགྲོ་བ་གོང་མ་རྣམས་ཀྱི་བླ་མ་ཡིན་ལ། ཁྱད་པར་དུ་སློབ་དཔོན་དགའ་རབ་རྡོ་རྗེ་ཉིད་ཀྱི་བླ་མ་ཡིན་པས་ན། སྐྱེ་བ་བཞིའི་ལུས་སུ་བླངས་ཏེ། རྗེས་སུ་འབྲངས་པའི་དགོངས་པའི་དོན་བསྡུས་པ་དང་། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བཀའ་སྡེ་སྣོད་རིན་པོ་ཆེ་གསུམ་དང་ཡང་མི་འགལ་བར་དོན་གནད་ཤེས་པའམ་མཐོང་བ་ཙམ་གྱིས་གྲོལ་བ་ཉིད་ཀྱི་དེབས། རྟོག་པ་རང་གྲོལ་བའི་ཆོས་ཉིད་ཀྱི་གཞི། སེམས་ནི་ཡོད་པ་དང་། མེད་པ་དང་། སྣང་བ་དང་། མི་སྣང་
བ་དང་། སྟོང་པ་དང་། ཟད་པ་དང་། ཡལ་བའི་གནད་ཤེས་པས་གྲོལ་བ་ནི། གོམས་མི་དགོས་པར་རང་ཐོག་ཏུ་གྲོལ་བ་དང་། བསླབ་མི་དགོས་པས་བསྟན་པ་ཙམ་གྱིས་གྲོལ། རང་གི་གནད་ནི། ཆོས་ཉིད་སྔ་མ་ལ་གཞི་བཅས་པ་དང་། ཕྱི་མ་ལ་འབེམ་བྱས་པ་དང་། ད་ལྟ་ཡུལ་བཙལ་བས་ཤེས་པའོ། །ཞེས་དང་པོ་མི་འགལ་བའི་ཁུངས་གསལ་བར་བྱས་ནས་སྟོན་པ་ལ་ཁྱད་པར་གྱིས་མཆོད་པར་བརྗོད་པ་བསྟན་ནས། ད་ནི་གཉིས་པར་བཤད་པར་དམ་བཅའ་བ་དངོས་མན་ངག་དང་བཅས་པར་བསྟན་པ་ནི། ཁམས་གསུམ་དོང་ནས་སྤྲུག་སྟེ་ལ་སོགས་པས་བསྟན་ཏེ། དེ་ཡང་མན་ངག་གི་སྐབས་སུ་དང་པོ་ལུས་ངག་ཡིད་ཀྱི་རྒྱུ་རྐྱེན་བརྟགས་པས། ཁམས་གསུམ་གྱི་རྩ་བ་སྟོངས་པར་བྱེད་པ་སྟེ། དེ་ཡང་ལུས་ཀྱི་འཕེན་པ་མ་དག་པ་ལས་གཟུགས་ཁམས་སུ་འཁྲིད་པ་དང་། ངག་གིས་འདོད་ཁམས་དང་། སེམས་ཀྱིས་གཟུགས་མེད་ཁམས་སུ་འཁྲིད་པར་བྱེད་པ་ནི། ཐོག་མར་ལུས་སེམས་ཀྱི་རྒྱུ་རྐྱེན་ལ་བརྟགས་པས་མེད་པར་ཤེས་པས་དོང་སྤྲུག་སྟེ་མི་ལྡོག་པའི་གནད་དོ། །དེ་ལྟར་ལུས་སེམས་ཀྱི་འབྲེལ་བ་མེད་པར་ཤེས་པས། ད་འགྱུ་བ་རྟོག་པ་དང་ཐ་དད་པ་རྣམས་གློ་བུར་གྱི་རྟོག་པ་ཡིན་པས། དེ་ཉིད་ཡལ་བའི་གནད། རྒྱུད་ཀྱི་སྟོན་པའི་གསུང་ཚིག་དང་ཡི་གེར་བཀོད་པ་ལ་བརྟེན་ནས་འཁོར་བའི་ཆོས་ལ་མི་གནས་པའི་སྐྱེས་བུ་ལ་བཤད་པར་བྱའོ། །ཞེས་ཞལ་གྱིས་བཞེས་པའོ། །དེ་ཡང་མཚོན་པ་ཙམ་ལས་ཡང་དག་པའི་ཚིག་གི་སྤྲོས་པ་ལ་མ་བརྟེན་པར་ཁམས་གསུམ་དུ་ཕྱིས་ལོག་པ་མེད་པའི་རང་སྟོབས་ཀྱིས་སངས་རྒྱ་བར་བྱེད་པའོ། །ཐེག་པ་ཐུན་མོང་
བ་ཀུན་གྱིས་གནད་དེ་མ་རྟོགས་པས་ཡིད་དཔྱོད་ཀྱི་ལྟ་བ་ནི། གནད་དེ་མཐོང་བ་ཉིད་ཀྱི་དོན་འདིར། དཔེར་ན་མུན་པའི་ནང་དུ་སྒྲོན་མེ་བཏེག་པས་དངོས་པོ་ཇི་ལྟར་ཡོད་པ་མཐོང་བ་བཞིན་དུ། གནད་དེ་ཤེས་པའམ། མཐོང་བ་ཙམ་གྱིས་གྲོལ་བའི་གནད་འདི་ནི། སེམས་ཀྱི་དམིགས་དྲུག་ལ་བརྟེན་ནས་བདག་གིས་བཤད་པར་བྱའོ། །ཞེས་དམ་བཅས་པའོ། །ཞེས་དེ་དག་གི་སྤྱི་དོན་དང་པོ་ཀླད་དོན་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་ལ་གཉིས་སུ་བྱས་ནས་བསྟན་ཏོ།། །།ད་ནི་བསྡུས་པའི་དོན་གཉིས་པ་ལུས་ངག་ཡིད་ཀྱི་རྒྱུ་རྐྱེན་བརྟགས་པས་ཁམས་གསུམ་གྱི་གཞི་སྟོངས་པར་བསྟན་པ་ལ། ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ་དངོས་པོ་ལུས་ཀྱི་འབྲེལ་བ་བཅད་པས་གཟུགས་ཀྱི་ཁམས་ལས་གྲོལ་བར་བསྟན་པ་ནི། །ལུས་ངག་ཡིད་ཀྱི་གཞི་བཅས་པས། ཞེས་པ་ལ་སོགས་པས་བསྟན་ཏེ། ལུས་ཞེས་པ་འབྱུང་བ་ཕྲ་བ། རྡུལ་ཕྲ་རབ་ལས་གྲུབ་པས་རགས་པ་གཟུགས་ཀྱི་ཕུང་པོ། འབྲུའི་ཕུང་པོ་སྤུངས་པ་ལྟ་བུ་སྣ་ཚོགས་པར་གྲུབ་པས། དེའི་མཚན་ཉིད་སྟོངས་པར་བྱེད་པ་ལ་ལུས་དང་སེམས་ཀྱི་འབྲེལ་ཤིག་པའི་ཆོ་ག་ལ་བརྟེན་ནས་ཆོས་ཉིད་ཀྱི་བྱུང་ས་བཙལ་ལོ། །ངག་ནི་སྒྲའི་འཇུག་པ་ལ་བརྟེན་ནས་ཨཱ་ལི་ཀཱ་ལིའི་འགྲེལ་སྣ་ཚོགས་པར་བསྒྱུར་བས། ཚིག་གི་སྤྲོས་པ་ཐ་དད་པ་ལ་འཇུག་ཅིང་། དེ་ཉིད་རྟོགས་པས་འགྲེལ་པར་སྦྱོར་བ་སྟེ། དེ་ཉིད་སྟོང་པར་བྱེད་པ་ལ་སྨྲ་བ་བཅད་པས་བརྗོད་པའི་འཁྲུལ་འཁོར་གྱི་ཁང་བུ་གཞིག་པའི་ཆོ་ག་ལ་བརྟེན་ནས། བརྗོད་མེད་ཀྱི་དོན་རྒྱུད་ལ་སྐྱེ་བའི་ཐབས་དང་། ཡིད་ཀྱིས་ནི་རྣམ་པ་མེད་པ་ལ་འཇུག་པ་ཀུན་ལ་འཇུག་པ་ལ། རྒྱུ་མཚན་བརྟགས་ན་མ་རྙེད་པ།
འགྱུ་བ་དྲན་བསམ་གྱི་འཁོར་ལོ་གློ་བུར་གྱི་རྟོག་པ་བྱེ་བྲག་པ་རྣམས་སུ་བྱུང་བ་སྟེ། དེའི་མཚན་ཉིད་སྟོངས་པར་བྱེད་པ་ལ། ཡལ་ས་ཆོས་ཉིད་ཀྱི་གནས་ས་འགྱུས་ས་ཐ་དད་པ་གློ་བུར་གྱི་ཁང་བུ་གཞིག་པའི་ཆོ་ག་ལ་བརྟེན་ནས་རྣམ་རྟོག་གི་གཞི་སྟོངས་པར་བྱེད་པའོ། །གཞི་བཅས་པས་ཞེས་པ་ནི། དེ་དག་གི་ཁང་བུ་གཞིག་པའི་ཆོ་ག་ལ་བརྟེན་པས་ཁམས་གསུམ་གྱི་ཁུངས་སྟོར་བར་བྱེད་པའོ། །ཁམས་ནི་འདུས་ཤིང་ཚོགས་པ་དད་པ་ལ། གསུམ་ནི་གྲངས་ཏེ། འདོད་པ་འདོད་ཆགས་རང་རྒྱུད་པ་ལས་བྱུང་བ་དང་། གཟུགས་ནི་ཞེ་སྡང་རང་རྒྱུད་དུ་འཛིན་པ་ལས་བྱུང་པ་དང་། གཟུགས་མེད་ནི་གཏི་མུག་རང་རྒྱུད་དུ་འཛིན་པ་གསུམ་ནི། ལུས་ངག་ཡིད་ཀྱིས་ཁྲིས་པས་སོ། །གཏིང་ནི་ལས་དང་བག་ཆགས་ལས་གྲུབ་པ། ཟློག་པར་འདོད་པའི་གང་ཟག་དད་པ་ཅན། རང་བཞིན་རྫོགས་པ་ཆེན་པོའི་སྐལ་བ་ཡོད་པ། བརྩོན་འགྲུས་དང་ལྡན་པ་ཞིག་གིས། ལུས་འབྱུང་བའི་ཟག་པ་སྟོངས་པར་འདོད་པ་ཡིས། རང་བཞིན་དུ་གནས་པའི་སེམས་མ་བཅོས་པ་ལས་འབྱུང་བ་ལུས་ཀྱི་ལྟོས་གཞི་རྡུལ་ཕྲ་རབ་ལ་རང་རྒྱུད་དུ་འཛིན་པ་དང་བྲལ་བས། འབྲེལ་བ་རྐྱེན་གྱི་དངོས་པོ་སྟོངས་པས། དེ་ཡང་དང་པོ་རྒྱུ་ཡིས་བསྐྱེད་པའི་གནད་རིག་པས་ཐ་མལ་རྐྱེན་གྱིས་མི་ཤིགས་ཏེ། དེ་ཉིད་སྟོང་པའི་རང་བཞིན་དུ་གོ་བས། དང་པོ་རྒྱུ་ལས་མ་བྱུང་བས་འབྲས་བུ་ལ་ལྡོག་པ་མེད། ཐ་མལ་རྐྱེན་གྱིས་མི་ཤིགས་པས་ཆོས་ཉིད་ལ་སྐྱེ་བ་མེད་པའི་གནད། དེ་ལྟར་རྒྱུ་རྐྱེན་མེད་པའི་ལུས་སུ་བརྟག་པས་དེ་ཉིད་དུ་ཤེས་པའི། དེའི་འདུ་བ་རྟོག་པ་
ནི་ཁང་བུ་བཤིག་པས། གཟུགས་ཁ་དོག་གི་བྱེ་བྲག་དང་། དབྱིབས་སྣ་ཚོགས་པ་དང་། ལུས་ཀྱི་བྱེ་བྲག་གི་རྣམ་པ་མང་པོ་འདུས་པ་ལས་ཁམས་ཏེ། དེ་ཉིད་དུ་སུ་ཞིག་འགྲོ་བར་མི་འདོད་པས། ལུས་ཀྱི་རྒྱུ་རྐྱེན་ལ་བརྟགས་པས་འཇུག་པ་ཡིན་ནོ། །དེ་ཅིའི་ཕྱིར་ན། གཞི་མེད་པས་ལྡོག་པ་མེད་ལ། རྩ་བ་མེད་པའི་གནད་ཀྱིས་འཁོར་མི་སྲིད་པས་ན། མ་སྤངས་རང་བྱུང་གི་ཡེ་ཤེས་ཀྱི་རོལ་པ་ཕྱོགས་མེད་དུ་ཤར་བ་ཞེས་བྱའོ། །ཞེས་ཡན་ལག་གི་དོན་དང་པོ་དངོས་པོ་ལུས་ཀྱི་འབྲེལ་བ་བཅད་པས་གཟུགས་ཀྱི་ཁམས་ལས་གྲོལ་བར་བསྟན་ནས། ད་ནི་གཉིས་པ་གྲགས་པ་ངག་གི་འབྲེལ་བ་བཅད་པའི་གནད་ལ་བརྟེན་ནས་འདོད་པའི་ཁམས་ལས་གྲོལ་བར་བསྟན་པ་ནི། ངག་ནི་དང་པོ་བརྗོད་པའི་རྒྱུ། །ཡིད་ལས་ཚིག་གི་གཞི་སྟོངས་པས། །བརྗོད་པ་སྒོས་འབྲེལ་གྱི་བརྟེན་པ་རང་འགགས། ཞེ་འདོད་ཚིག་གི་ཞེན་པ་ལས་གྲོལ་བར་འདོད་པས། རང་རྒྱུད་ལ་མི་གནས་པའི་ཆོས་ཉིད་ཀྱི་བཞིན་སྣང་རྐྱེན་སྣ་ཚོགས་ལ་ཤར་བས། བརྗོད་བྱ་སེམས་ཀྱི་གཞི་ལ་ཐིམ་པས། ལས་དང་བག་ཆགས་ཀྱི་སྡེབས་ཟད་པས་སོ། །ད་ལྟར་ན་ངག་མེད་པའི་མཚན་རྟོགས་པས་བརྗོད་པ་ཚིག་ཙམ་དུ་མི་རྟོགས་ལ། དེའི་རང་བཞིན་ལ་རྒྱུ་མེད་པས་ལྡོག་པའི་རྟེན་ཉམས། རྐྱེན་ཟློག་བྱེད་བློའི་འགྱུ་བ་ཡལ་བའོ། །དེའི་ཕྱིར་ན་ངག་བརྗོད་པའི་འབྲས་བུ་ཚིག་གི་མཚན་ཉིད་བརྗོད་བྱ་དང་རྗོད་བྱེད་གང་གིས་ཀྱང་མི་ཤེས་པས་ན་སྐྱེས་བུ་འདིས་ནི་འདོད་པའི་ཚིག་གི་སྒྲོ་འདོགས་རྟོག་དཔྱོད་བློ་དང་བཅས་པ། ཁམས་ཚོགས་པ་རྣམས་ཡེ་ནས་སྟོངས་པས། ལྡོག་
པ་མེད་པ་ནམ་མཁའ་ལ་རྫས་དོར་བ་ལྟ་བུ་དང་། དེ་ལྟ་བུའི་ཡེ་ཤེས་ཀྱི་ངང་མ་བཅོས་པ་ལས་གནས་པ་ནི། དཔེར་ན་ཆུ་བོའི་རྒྱུན་སྔ་མའི་སར་ཕྱི་མ་མི་ལྡོག་པ་དང་འདྲའོ། །དེ་གང་ལས་བྱུང་ན་ངག་གི་རྒྱུ་རྐྱེན་ཡེ་ནས་མེད་པའི་མཚན་ཉིད་ཤེས་པ་ལས་བྱུང་བའོ། །ཞེས་གཉིས་པ་གྲགས་པ་ངག་གི་འབྲེལ་བ་བཅད་པའི་གནད་ལ་བརྟེན་ནས་འདོད་པའི་ཁམས་ལས་གྲོལ་བར་བསྟན་ནས། ད་ནི་གསུམ་པ་ཡིད་ཀྱི་འགྱུ་བ་དྲན་བསམ་གྱི་འཁོར་ལོ་སྣ་ཚོགས་པའི་འབྲེལ་བ་བཅད་པའི་གནད་ལ་བརྟེན་ནས་གཟུགས་མེད་པའི་ཁམས་ལས་གྲོལ་བར་བསྟན་པ་ནི། ཡིད་སྟོངས་པར་བྱེད་པའི་གནས་སྐབས་ཞེས་པ་ལ་སོགས་པས་བསྟན་ཏེ། ཡིད་ནི་འཇུག་པ་ཡན་ལག་དང་བཅས་པས། མེད་པ་ལ་འཇུག་ཅིང་ཡོད་པའི་མཚན་ཉིད་གཏན་ལ་མི་ཕེབས་པས་ཏེ། དེ་སྟོངས་པར་འདོད་པའི་དད་པ་ཅན་གྱིས་ནི། རབ་ཏུ་དབེན་པའི་ས་ཕྱོགས་སུ་ཕྱིན་ལ། གནས་སྐབས་ཀྱི་སེམས་ལས་མ་གཏོགས་པའི་དྲན་རིག་ཡོད་མི་སྲིད་པས། དེ་ཡང་འགྱུ་བ་སྔ་མ་ཕྱི་མ་ལྡོག་པ་དང་། ཕྱི་མ་སྔ་མ་ལ་ལྡོག་པའི་དུས་སུ་རྒྱུ་འགག་རྐྱེན་རང་ཡལ་བའི་མཚམས་སུ་ཤེས་པར་བྱའོ། །དེ་ལ་འབྲས་བུ་རྟོག་པ་གློ་བུར་བ་བྱུང་བའི་ས་མ་རྙེད་པས། དེ་ལ་བརྟགས་པས་གནས་པའི་ས་སྟོང་པ་ནི་ཆོས་ཉིད་རྙེད་པའོ། །དེ་ལས་རླུང་ཕྱི་ནང་དུ་འགྲོ་བའི་རང་བཞིན་མེད་པར་ཤེས་པས། གཟུགས་མེད་པའི་ཁམས་ཀྱི་གཞི་རྣམ་པར་ཤེས་ཙམ་ལ་ཡང་བདག་ཏུ་འཛིན་པ་སྟོངས་པས་རྒྱུ་རྐྱེན་གང་ལ་ཡང་ལྡོག་པ་མེད་པའི་ཡེ་ཤེས་ནི། རྒྱུ་དང་མཚན་ཉིད་འདི་འདྲ་ཞེས་བྲལ་བ་མེད་པའི་སྣང་བ་ཉིད་ལ་གཞན་མེད་དོ། །
དེ་ཡང་གནད་ཤེས་པ་ཙམ་ལས་བྱུང་བའོ། །དེ་ལྟར་ལུས་ངག་ཡིད་ཀྱི་གཞི་མ་རྙེད་པས། ཁམས་གསུམ་ལ་རྒྱུན་དུ་གཞི་འཛིན་པ་ལ་རྩལ་མེད་པའི་ཕྱིར་གནད་ཁྱད་པར་དང་ལྡན་པའི་འགྲོ་བ་དེ་ཉིད། །རྟོགས་པ་ཡིན་པས་ན་ཁམས་གསུམ་དུ་སྣང་བའི་གཞི་སྟོངས་པས་འགྲོ་བ་དྲུག་གི་གཟུགས་བརྙན་རྒྱུན་ཆད་པའོ། །དེ་ཡང་གང་ལས་བྱུང་ཞེ་ན། དེ་ཡང་དང་པོ་ལུས་ངག་བཅོས་པའི་བསླབ་བྱ་ལ་བརྟེན་ནས་སེམས་ཉིད་དུ་གཞུག་པའི་དཔེ་སྲིན་མོ་བུ་སྟོར་བ་ལྟ་བུའི་བསླབ་བྱ་སྟེ། དེ་ལ་སྲིན་མོ་གཡོ་བར་བྱེད་པ་ཞེས་བྱ་བའི་བུ་ཕས་བསད་པས། ཕ་སྲིན་པོ་ལངྐ་ཁ་དགུ་ཞེས་བྱ་བས། བུ་སྟོར་བ་ཡིན་བྱས་པས། མས་སྟོར་བ་ཚོར་ནས། གླིང་བཞིའི་རི་རབ་དང་བཅས་པ་ལན་གསུམ་དུ་བསྐོར་ཞིང་བཙལ་བས་མ་རྙེད་པས་ཁོ་ཐག་ཆོད་ཅིང་བློ་བདེ་བ་དང་འདྲ་བར། ལུས་ངག་ཡིད་རྒྱུ་རྐྱེན་ནས་འདས་པར་ངོ་ཤེས་པས། ཁམས་གསུམ་དུ་མི་ལྡོག་པར་ཁོ་ཐག་ཆོད་པས་བློ་བདེ་བའོ། །དཔེ་དང་བཅས་པས་ལུས་ངག་ཡིད་ཀྱི་རྒྱུ་རང་འགགས་པས་རྐྱེན་རང་ཡལ་བས་ཁམས་གསུམ་འགག་པར་ཤེས་པ་ནི། སེམས་ཉིད་མེད་པའི་དོན་རང་ལ་སྣང་བ་ཟད་པས་རྟོག་པ་ལས་འདས་པ་གོ་བ་ལས་བྱུང་བའོ། །ཞེས་བསྡུས་པའི་དོན་གཉིས་པ་ལུས་ངག་ཡིད་ཀྱི་རྒྱུ་རྐྱེན་བརྟགས་པས་ཁམས་གསུམ་གྱི་གཞི་སྟོངས་པར་བསྟན་པ་ལ་ནང་དོན་གསུམ་དུ་བཅས་ནས་བསྟན་ནོ། །ད་ནི་བསྡུས་པའི་དོན་གསུམ་པ་ལུས་སེམས་གྱི་འབྲེལ་པ་བརྟགས་པས་སྐྱེ་བ་སྔ་ཕྱི་ལ་མི་ལྟོས་པར་བསྟན་པ་ལ་ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ་ལུས་ངག་ཡིད་རང་གྲོལ་དུ་འགྲོ་བའི་གནད་ཆོས་ཉིད་ལ་
འཕྱུགས་པ་མེད་པས་བསྟན་པ་ནི། གཉིད་ལས་འགག་པ་དང་ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ཉིད་ནི་ལུས་ངག་ཡིད་ཀྱི་གཞི་མ་རྙེད་པ་ལ། འགག་པ་དང་ཞེས་དབུགས་ཕྱི་ནང་དུ་འགྱུ་བའི་ལམ་ཟད་པའོ། །གནས་པ་དང་ཞེས་པ་དེ་ཟད་པས་སེམས་རང་བཞིན་གྱིས་གནས་པའོ། །དེ་གནས་པས་འགྱུ་བ་རྣམས་རང་སར་ཡལ་བ་དང་། དེ་ཡལ་བས་དྲན་པའི་ཁུངས་འགགས་པ་དང་། དེ་འགགས་པར་བྱུང་ཚོར་གྱི་རྟོག་པ་བསད་པ་དང་། དེ་བསད་པས་དྲན་བསམ་གྱི་འཁོར་ལོ་དུས་གཅིག་ལ་སོད་པའོ། །དེ་སོད་པས་ཆོས་ཉིད་རང་ལ་སྐྱེ་བ་དང་། དེ་སྐྱེས་པས་འཁོར་འདས་དུས་གཅིག་ལ་སྟོངས་པ་དང་། དེ་གཉིས་སྟོངས་པས་སྣང་བ་འཆར་བའི་དུས་ངོ་ཤེས་པ་དང་། དེ་ཤེས་པ་དང་འཁྲུལ་པ་འགག་པ་དུས་མཉམ་མོ། །དེ་ཡང་རྒྱུ་འགགས་པ་དང་རྐྱེན་ཡལ་བ་ལ་མཁས་པ་ནི། དྲན་བསམ་གྱི་འགྱུ་བ་གློ་བུར་བར་ཤེས་པ་ལས། ནང་བདེ་བའི་བདག་ཏུ་མ་བཅིངས། ཕྱི་སྡུག་པས་ཉམས་སུ་མ་མྱངས་བར་ཆ་རང་ངོ་སྟོང་པར་སྙོམས་པས། ལུས་ཀྱི་རྩ་བ་རྡུལ་ཕྲ་རབ་ཀྱི་རྩ་བ་ཆད། ངག་གི་རྩ་བ་གྲགས་པ་སྒྲ་ཙམ་དུ་འཛིན་པར་རང་ཟད། ཡིད་ཀྱི་རྩ་བ་འགྱུ་བ་ཐོད་རྒལ་བ་རྣམས་རང་ཡལ་བས་ན། ཕྲ་སར་ཕྲ་ལ། ཟད་སར་ཟད་ལ། ཡལ་སར་ཡལ་བས། དེ་ལས་གྲོལ་བའི་རྣལ་འབྱོར་པ་ཞེས་བྱའོ། །ཞེས་ནང་དོན་དང་པོ་ལུས་ངག་ཡིད་རང་གྲོལ་ལ་འགྲོ་བའི་གནད་ཆོས་ཉིད་ལ་འཕྱུགས་པ་མེད་པར་བསྟན་ནས། ད་ནི་ནང་དོན་གཉིས་པ་རླུང་གི་འཕེན་པ་ལ་བརྟེན་ནས་དྲན་རིག་གི་ཡལ་ས་ངོས་བཟུང་
བར་བསྟན་པ་ནི། དེ་ཡང་ལུས་སེམས་ལ་བརྟགས་པས་དེ་ལ་དཔྱད་པར་བྱ་བའི་གཞི་མ་རྙེད་པའི་རྒྱུ་སྟོང་པ། རྐྱེན་ཡལ་བ། བརྗོད་པར་མིང་གི་རྣམ་གྲངས་ལས་མ་རྟོགས་པའི་རྣམ་པ་མི་རྙེད་པ་ན། བཏགས་པ་ནི་ང་ཡིན་གྱི་གཏན་ཚིག་ཀྱིས་གཞིག་པས། གང་དུ་ཡང་མ་གྲུབ་པས་སོ། དེ་ཡང་ལུས་བདེ་ལུགས་སུ་བཞག་ནས། རླུང་དལ་བའི་འཕེན་པ་ཕྱིར་ལ་དལ་གྱིས་ཕུལ་བ་ལས་ཤེས་པ་རང་སར་ཡལ་བ་དེ་ཀ་ན་ཆོས་ཉིད་དོ། །དེ་ཡང་ཡལ་བ་དེ་ཀ་ན་ཆོས་ཉིད་དོ། །དེ་ཡང་ཡལ་བའི་དུས་ནི་ཕྱིར་འཕངས་པ་ཙམ་གྱིས་ཡལ་བའོ། །དེ་ཡང་དཔེར་ན་རྒྱ་མཚོ་ཆེན་པོའི་རླང་ཡལ་བ་ལྟ་བུ་ལ་ཤེས་པ་བཞག་པས། རྣམ་རྟོག་རྣམས་ལས་གྲོལ་བ་ནི། དཔལ་རྡོ་རྗེ་འཆང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དགའ་རབ་རྡོ་རྗེའི་མགོན་པོ་ཡིན་པས་ན་གང་གིས་ཀྱང་མ་བསླད་པའི་ཆོས་ཉིད་མཁྱེན་པ་ཡེ་ཤེས་སུ་ཤར་བའི་དོན་དེ་ལས་ཀྱང་ཁྱད་པར་དུ་སོང་སར་སོང་བས་ཡལ་སར་ཡལ་བ་ཞེས་པའི་དོན། ངས་དགའ་རབ་རྡོ་རྗེས་རིག་གོ་ཞེས་འགྲོ་བ་སྣོད་དང་ལྡན་པ་ལ་གདམས་པའོ། ཞེས་ནང་དོན་གཉིས་པ་རླུང་གི་འཕེན་པ་ལ་བརྟེན་ནས་དྲན་རིག་ཡལ་ས་ངོར་བཟུང་བར་བསྟན་ནས། ད་ནི་སེམས་ཀྱི་དམིགས་དང་པོའི་བསྡུས་དོན་གསུམ་པའི་ནང་དོན་གསུམ་པ་གཞི་ལམ་སྟོངས་པས་འཁོར་འདས་ལ་བཟླ་བར་བསྟན་པ་ནི། འདས་པའི་འགྱུ་བ་དང་ཞེས་པ་ལ་སོགས་པས་བསྟན་ཏེ། འདས་པའི་ཞེས་པ་ནི་དུས་འདས་པ་མ་ཡིན་གྱི་གེགས་བསལ་བ་ལ། འདིར་གང་ཟག་གཅིག་གི་རླུང་སྔ་མའི་འགྱུ་བ་ལ་ཆོས་ཉིད་ཀྱི་རྗེས་བཅད་པས་བསམ་པའི་ཁོག་སྟོངས་པར་ཤེས་པས། སྔ་མ་སྐྱེས་མ་མྱོང་བའི་གནད་དང་། འགྱུ་
བ་དང་ཞེས་པ་ནི་རླུང་ཟད་པས་རྟོག་པའི་ཁུངས་འགགས་ལ། དེ་ཉིད་ཝལ་པོ་རྗེས་མེད་དུ་ཤེས་པ་ཆུ་ལ་རི་མོ་བྲིས་པ་ལྟ་བུའོ། །མ་འོངས་པ་ཞེས་པ་ནི་དེ་ལྟ་བུའི་ཆོས་ཉིད་དེ་གང་ནས་ཀྱང་མ་འོངས་ལ། གར་ཡང་གནས་པ་ལས་འགྱུར་བ་མེད་དོ། །དེ་ཡང་རླུང་འོག་མའི་སྣ་སྟེབས་པས། དྲན་པ་རྒྱུན་ཆད། ཡེ་ཤེས་མཁའ་ལ་གསལ་བའོ། །ད་ལྟ་ཞེས་པར་རང་ངོ་རང་ཐོག་ཏུ་སྤྲད་པ་སྟེ། རླུང་དལ་བུས་བདས་པས་འགྱུས་པའི་ལྟོས་ཟད་ནས། རྟོག་པ་གློ་བུར་བ་སྟོངས་ཏེ། དེ་ཉིད་སྟོངས་པས་ལྡོག་པའི་རྒྱུ་རང་འགགས། ལྡོག་བྱེད་ཀྱི་རྐྱེན་དྲན་པ་རང་ཡལ་བའོ། །དེའི་ཕྱིར་ན་གཞི་སྟོངས་པས་ད་བཟློག་ས་མེད་པ་དང་། ལམ་ཟད་པས་འགྲོ་ས་མེད་པ་དང་། འབྲས་བུ་རྡུགས་པས་འཁོར་ས་མེད་པའི་ཕྱིར་ན། འཁོར་བ་སྣང་ཤེས་དང་། འདས་པ་སྐུ་དང་ཡེ་ཤེས་ཀྱི་མིང་མེད་པས། རང་གནས་ཅོག་བཞག་ཡིན་པས་བློ་བདེ་བའོ། །གཏན་ཚིགས་དེའི་ཕྱིར་རྒྱུ་མེད་པས་ལྡོག་ས་འཁོར་བ་ལ། སེམས་མེད་པར་ལ་བཟླ་བས་སེམས་ཀྱི་བྱུང་སའི་ཁུངས་ཡལ་བར་སྟོར་བས། ཡིད་ཀྱི་འགྲོ་སའི་གཏད་ཡལ་བ་ལ་ཆོས་ཉིད་ཅེས་བྱའོ། །ཞེས་དེ་དག་གིས་ནི་བསྡུས་དོན་གསུམ་པ་ལས་ཀྱི་འབྲེལ་པ་བརྟག་པ་སྐྱེ་བ་སྔ་ཕྱི་ལ་མི་ལྟོས་པར་བསྟན་པ་ལ་ཡན་ལག་གི་དོན་གསུམ་དུ་བྱས་ནས་བསྟན་ཏོ། །ད་ནི་སེམས་ཀྱི་དམིགས་དང་པོའི་བསྡུས་པའི་དོན་བཞི་པ་ཡེ་ཤེས་ལོག་པའི་མཚན་ཉིད་ལ་བརྟེན་ནས་འཁོར་འདས་ལ་སོགས་པའི་ལོག་ལུགས་བསྟན་པ་ལ། མན་ངག་གི་དོན་གཉིས་ཀྱི་བསྟན་པའི་དང་པོ་ཆོས་
ཉིད་ཀྱི་ཡལ་ས་མེད་པའི་མཚན་ཉིད་འབྲེལ་བ་མེད་པ་དཔེ་དང་བཅས་པ་བསྟན་པ་ནི། ལོག་པའི་བར་ལས་ཡེ་ཤེས་ལམ་ཞེས་པ་ལ་སོགས་པས་བསྟན་ཏེ། ལོག་པའི་ཞེས་པས་འགྱུ་བ་ལོག་པས་དྲན་རིག་འགག་པ་དང་ལས་རླུང་ལོག་པས་གཟུང་འཛིན་འགགས་པའོ། །དེ་གཉིས་བར་ལས་ཡེ་ཤེས་ཀྱི་ལམ་རྩ་ནས་འབྱུང་བའི་དུས་དང་། ཚད་ཤེས་པར་བྱའོ། །ཞེས་པའོ། །དེ་ཡང་རླུང་ཕར་སོང་བ་དང་དེ་ལས་གཏད་མེད་པ་དང་། རླུང་ནང་དུ་གནས་པ་དང་འགྱུ་བ་བག་ལ་ཉལ་བ་དང་། རླུང་ཕྱིར་འབྱུང་བ་ལས་གློ་བུར་གྱི་འགྲོ་ས་ངོ་ཤེས་པའོ། འདིའི་དུས་ན་བདག་ཏུ་འཛིན་པའི་སྟོང་པ་དང་། འགྱུར་བ་གཞན་ལ་འཇུག་པའི་འཁོར་ལོ་རྒྱུན་ཆད་པ་དང་། དེ་གཉིས་ཀ་ཆོས་ཉིད་དུ་གྲོལ་བར་ངོ་ཤེས་པ་ནི། ལུས་སེམས་བྲལ་བའི་དུས་ལ་མཁས་པས་ཏེ། དེ་ཤེས་པ་ཙམ་གྱིས་ཁམས་གསུམ་དུ་མི་ལྡོག་པའོ། །དེ་ལྟར་ན་སེམས་ཀྱི་དམིགས་དྲུག་ལ་བརྟེན་པའི་གནད་འདི་ཤེས་པའི་ཆོས་ཉིད་རྣལ་མ་ལ། རང་རིག་གནད་ཐོག་ཏུ་འབྱོར་པ་ནི། ལུས་ཀྱི་འཛིན་པ་དང་བྲལ་བས་རྡོས་བཅས་རང་དག་པ་དང་། ནང་ངག་གི་འཛིན་པ་དང་བྲལ་བས་འཁྲུལ་གཏམ་ཟུངས་ཟད་པ་དང་། གསང་བས་སེམས་ཀྱི་ཡིད་འཛིན་པ་དང་བྲལ་བས་འགྱུ་བ་རང་སར་ཡལ་བས། ད་ལུས་སེམས་ཀྱི་འབྲེལ་ཆད་པ་ནི། དཔེར་ན་ཨརྫ་ཀའི་དོག་པ་ལྟར། ཕྱིས་གཅིག་ཏུ་མིག་གནས་ཏེ། འབྲས་བུ་རྒྱུ་མེད་པས་རྐྱེན་གཅིག་ཏུ་མི་གནས་ཏེ་ལུས་སེམས་གཉིས་མཚན་ཉིད་མིག་གཅིག་པའི་ཕྱིར་རོ། །ཞེས་དང་པོ་ཆོས་ཉིད་ཀྱི་ཡལ་ས་མེད་པའི་མཚན་ཉིད་འབྲེལ་པ་
མེད་པ་དཔེ་དང་བཅས་པ་བསྟན་ནས། ད་ནི་ནང་དོན་གཉིས་པ་རྒྱུ་རྐྱེན་ལ་མི་གནས་པའི་སེམས་ཉིད་འཁོར་འདས་གང་དུ་ཡང་མ་གྲུབ་པར་བསྟན་པ་ནི། སྟོང་པ་རྒྱུ་ལ་ཡལ་བས་རྐྱེན་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སེམས་ཀྱི་མཚན་ཉིད་སྟོང་པས། རྒྱུ་མེད་པ་ངོ་ཤེས་པ་ནི་ཐག་སྣང་བ་ལ་ཆོད་པའོ། །དེའི་དྲན་རྟོག་ཡལ་བས་སྣང་རྐྱེན་ཐམས་ཅད་ཆོས་ཉིད་དུ་ཤར་བའོ། །དེ་ལྟར་རྒྱུ་རྐྱེན་གཉིས་ཀ་དང་བྲལ་བ་ནི་སེམས་ཉིད་ལྡོག་པ་མེད་པའི་འབྲས་བུ་ཞེས་མིང་དུ་གདགས་སུ་བཏུབ་པའོ། །དེ་འཁྲུལ་པས་བཅིངས་པ་ལས་ཐར་བ་ནི། དཔེར་ན་གྱི་ལིང་སྒྲོག་གྲོལ་བ་ལྟ་བུའོ། །དེས་སྣང་རྟགས་ཀྱི་ཆོས་འགོག་པ་ནི། དཔེར་ན་ཀ་ལིའི་རྒྱལ་པོ་སིདྷའི་ཡུལ་འགོག་པ་ལྟ་བུའོ། །གོགས་པ་དང་ཞེས་པ་ནི་སེམས་ཀྱི་ཟླ་ལུས་གོགས་པས། འཁོར་འདས་འབྲེལ་ཆོད་པ་ནི། དཔེར་ན་དགོངས་མལ་གཅིག་པའི་འགྲོན་པོ་ནང་པར་སོ་སོར་གྱེས་པ་ལྟ་བུར། ལུས་སེམས་ཀྱི་འབྲེལ་རང་སར་དག་པའོ། །དེ་ལྟར་ལུས་སེམས་ཀྱི་འབྲེལ་པ་བྲལ་བ་ནི། ནམ་མཁའ་ལ་འཕུར་བའི་བྱ་ལ་རྗེས་མེད་པ་ལྟ་བུའོ། །གཞི་སེམས་སྟོང་པ་བདག་ཏུ་མེད་པས། ལམ་དམིགས་པ་རྒྱུད་ལ་བརྟེན་པ་རྣམས་དྲན་པ་ཡལ་སར་སད་པས། སྣང་བ་མ་བུ་འཕྲད་པའོ། །དཔེར་ན་བུ་གཅིག་པའི་མ་ལྟ་བུའོ། །ལམ་ནི་གོམས་པ་གནད་ཀྱི་མན་ངག་གིས་འབྲས་བུ་གཅིག་ཅར་དུ་སྐྱེ་བ་ཆོས་ཉིད་བཟུང་བས། རྒྱུ་འབྲས་གོ་བཟློག་པས་རང་གནད་གཤིས་ལ་ཕེབས་
པས་སོ། །རྒྱུ་ཡོད་པ་ནི་བཏགས་པ་མིང་ཡིན་གྱི་གཞིག་པས། འབྲས་བུ་རང་རྐྱེན་གནས་པ་དང་བྲལ་བ་ནི། གང་ལ་ཡོད་ལ་བྱེད་པ་མི་གནས་སོ། །དེ་ཡང་རྒྱུ་བདག་དང་། རྐྱེན་བླ་མའི་གདམས་ངག་སྟོངས་པས་འབྱེད་པ་མེད་པའི་བར་དུ་ཡལ་བ། རང་གྲོལ་ཏུ་སེམས་འཛིན་མེད་རང་གསལ་དུ་སྟོར་བས། འཁོར་འདས་ཀྱི་འབྲས་བུ་རང་དྲོད་ལ་ཕེབས་པ་ནི། འཁོར་རྐྱེན་ཆོས་ཉིད་ལས་འགྲོ་ས་མེད་པ་དང་། འདས་པ་ལམ་དུ་གསལ་བས། སྤང་བླང་དང་དགག་སྒྲུབ་མེད་པ་དང་། དེ་གཉིས་ལ་འབྲེལ་མེད་པས་འཁོར་འདས་གཉིས་སུ་འཛིན་པ་དུས་གཅིག་ལ་འགགས་པ་ཞེས་བྱའོ། །ཞེས་དེ་དག་གིས་ནི་སེམས་ཀྱི་དམིགས་དང་པོའི་བསྡུས་པའི་དོན་བཞི་པ་ཡེ་ཤེས་ལོག་པའི་མཚན་ཉིད་ལ་བརྟེན་ནས་འཁོར་འདས་འགག་པའི་ལུགས་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་ལྔ་པ་ཐབས་ཀྱི་འཇུག་པ་ཁྱད་པར་ཅན་བླ་མ་དྲིན་ཅན་ལ་བརྟེན་ནས་འབྱུང་བར་བསྟན་པ་ལ། ནང་དོན་གསུམ་གྱིས་བསྟན་པའི་དང་པོ་ཐབས་ཀྱི་གནད་བླ་མའི་ཞལ་ནས་འབྱུང་བར་བསྟན་པ་ནི། ཐབས་ནི་གང་ལ་འགགས་པ་མེད་ཅེས་ལ་སོགས་པས་བསྟན་ཏེ། ཐབས་ཞེས་པ་ཐོག་མ་མིན་པ་ལས་བསྐོར་ནས་ཐ་མ་གང་ཡིན་གྱི་སྟེང་དུ་ཕེབས་པས་ན། ཐབས་ཆེ་བ་ཞེས་བྱའོ། །ཕྱོགས་སྣ་ཚོགས་ནས་གང་ལ་ཡང་འགགས་པ་མེད་པ་ནས་མཚོན་ནས། ཐ་མ་ཆོས་ཉིད་ཀྱི་བབས་ཐོག་ཏུ་འབེབས་པར་བྱེད་པའོ། །དེ་ལྟར་བསྟན་པ་དེའི་རྗེས་སུ་དད་པ་ཅན་གང་འཛིན་པ་ནི། སངས་རྒྱས་ཐམས་
ཅད་དང་གཉིས་སུ་མེད་པའི་རྡོ་རྗེ་ཞེས་བྱ་བར་བཤད་པ་ནི། དུས་གསུམ་གྱི་སངས་རྒྱས་ཀྱིས་དགའ་རབ་རྡོ་རྗེ་ལ་བསྟན་པས་སོ། །དེ་ཡང་དཔལ་ལྡན་ནི་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ལ། སྔོན་བྱུང་གི་དུས་ན་སློབ་དཔོན་དགའ་རབ་རྡོ་རྗེ་བླ་མ་ཡིན་པས་ཉིད་ལ་གདམས་པའི་དོན་འདིར་བསྟན་པར་བྱའོ། །ཞེས་པས་སོ། །ཞེས་དང་པོའི་བསྡུས་པའི་དོན་ལྔ་པའི་ནང་དོན་དང་པོ་ཐབས་ཀྱི་གནད་བླ་མའི་ཞལ་ལས་བྱུང་བར་བསྟན་ནས། ད་ནི་ནང་དོན་གཉིས་པ་བླ་མ་མཚན་ཉིད་དང་ལྡན་པ་བརྟེན་པས་འགྲོ་བ་དེ་ཁམས་གསུམ་དུ་མི་ལྡོག་པར་བསྟན་པ་ནི། མཚན་ཉིད་རྫོགས་པའི་བླ་མ་ཡིས། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་མཚན་ཉིད་ཅེས་པས་མ་འོངས་པའི་དུས་ཀྱི་རྗེས་སུ་འཇུག་པས་བླ་མ་རྒྱུད་ལ་མཁས་པས་ཚིག་ལྷད་མེད་པ་དང་། དོན་ལ་འགྲུས་མེད་པར་སྟོན་ཤེས་པ་དང་། དོན་ལ་མཁས་པས་ཡལ་བའི་ཚད་ལས་མཁས་པ་དང་། བརྡའ་དོན་དབྱེར་མེད་ལ་མཁས་པས་དོན་རང་ཐོག་ཏུ་ཕེབས་པའོ། །དེ་ཡང་འདི་ནས་ཡངས་ཤིང་རྒྱུད་ལ་མཁས་པ་དང་། གོམས་ཤིང་སྒྲུབ་ཐབས་ལ་མཁས་པ་དང་། རྟོགས་ཤིང་ལྟ་བ་ལ་མཁས་པ་དང་། ཉམས་སུ་བླང་ཤིང་ཉམས་མྱོང་ལ་མཁས་པའོ། །དེ་བཞིན་དང་ལྡན་པ་ལ་བླ་མའི་མཚན་ཉིད་རྫོགས་པ་ཞེས་བྱའོ། །བླ་མ་ནི་རྩ་བ་དང་། ཡན་ལག་གཉིས་སོ། །གནད་ལ་ནི་དད་པ་དང་ལྡན་པའི་སྐལ་ལྡན་བརྟེན་ནས་གྲོལ་བ་ལ་གསུམ་སྟེ། དབང་པོ་རབ་བླ་མས་བསྟན་པའི་ཚེ་མཐོང་བ་ཙམ་གྱིས་སྐད་ཅིག་མ་དང་པོ་ལ་གྲོལ་ལ། འབྲིང་པོས་བསྟན་པ་དེ་ཤེས་ཏེ།
ཤེས་པ་ཙམ་གྱི་སྐད་ཅིག་མ་གཉིས་པ་ལ་གྲོལ་ལ། ཐ་མས་བསྟན་པ་གོ་བ་ལ་བརྟེན་ནས། གོ་བ་ཙམ་གྱིས་སྐད་ཅིག་མ་གསུམ་པ་ལ་གྲོལ་བའོ། །དེ་ལྟར་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཅེས་པ་དང་། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པས་སོ། །དེ་ཡང་དབང་པོའི་འགྱུར་དག་གིས་གང་ཟག་སུ་ཡང་རུང་བའི་སྙིང་ལ་བླ་མས་གནད་འདི་བཅུག་ནས་བསྟན་པ་ཙམ་གྱིས་མཐོང་ལ་མཐོང་བས་ཤེས་ལ། ཤེས་པས་གོ་བས་ན། གང་ཟག་དེ་གསུམ་ཀ་ཡང་དག་པར་ངེས་པ་རྙེད་ལ། དཔེར་ན་བརྒྱལ་ནད་ཅན་གྱི་ནད་ལངས་པས་སྐད་ཅིག་མར་དྲན་མེད་འགྱུར་བ་ལྟར་དབང་པོར་རབ་གྲོལ། །ཡང་དཔེར་ན་དྷ་སེང་གི་ཁུ་བ་འཐུང་པས་སྐད་ཅིག་མ་གཉིས་པ་ལ་དྲན་པ་མེད་པར་འགྱུར་བ་ལྟར། འབྲིང་པོ་རྣམས་སྐད་ཅིག་མ་གཉིས་པ་ལ་གྲོལ་ལ། དཔེར་ན་སྨྱོ་བའི་དུག་འཐུངས་པས་སྐད་ཅིག་མ་གསུམ་པ་ལ་དྲན་པ་མེད་པར་འགྱུར་བ་ལྟར། ཐ་མ་རྣམས་སྐད་ཅིག་མ་གསུམ་པ་ལ་གྲོལ་བར་ངེས་སོ། །དེས་ན་གནད་བསྟན་པ་ཙམ་ལ་བརྟེན་ནས་གོམས་མི་དགོས་པར་གྲོལ་བས་ན། ཁམས་གསུམ་དུ་མི་ལྡོག་པ་ནི། དཔེར་ན་འཆི་བར་ངེས་པ་སླར་ལྡོག་པ་མེད་པ་ལ་བཞག་པའོ། །ཞེས་ནང་དོན་གཉིས་པ་བླ་མ་མཚན་ཉིད་དང་ལྡན་པ་བརྟེན་པས་འགྲོ་བ་དེ་ཁམས་གསུམ་དུ་མི་ལྡོག་པར་བསྟན་ནས། ད་ནི་ནང་དོན་གསུམ་པ་ཡང་དག་པའི་གནད་ཀྱིས་གྲོལ་ཞེས་ཐ་སྙད་དུ་བསྟན་པ་ནི། གང་མ་ཤེས་པ་དང་ཞེས་པ་ལ་སོགས་པས་བསྟན་ཏེ། གང་ཞེས་སྣང་བ་རང་སར་བཞག་ནས་མ་ཤེས་པ་སྟེ་བློས་མ་བསྒྱུར་
བ་ཉིད། དེ་ཉིད་དབང་པོས་ཚུར་མ་བཅད་པར་རང་སར་བཞག་པ་དང་དེ་ལས་འགྲོ་ས་གཞན་མེད་དོ། །ཐ་མལ་ལྟ་བུ་འགྲོ་བའི་རྟོག་པ་ལ་མ་གྲོལ་བ་ལྟར་སྣང་ཡང་སེམས་མེད་པ་ལྟར་ཞེས་པས་སོ། །མ་བལྟས་པ་ནི་ཞེས་པ་དེ་ཉིད་ལ་ཕྱོགས་དང་གཏད་མེད་པས་ནི། བླ་མའི་གདམས་པའི་མཆོག་སྟེ། དེ་ལ་མིང་དུ་བཏགས་ལ་གཏད་མེད་ཀྱི་སེམས་ཉིད་གཏོད་མེད་དུ་གྲོལ་ཞེས་བྱའོ། །དེ་ལྟ་བུའི་གནད་དེ་ལ་སྔར་འདྲིས་ཀྱི་མི་ཕྱིས་མཐོང་བ་ཙམ་གྱིས་ཤེས་པ་དང་འདྲ་སྟེ། ད་བསྐྱར་ནས་འདྲིས་པ་ཅི་ཞིག་བྱ་སྟེ། ཡེ་གྲོལ་ལ་བསྐྱར་གཞི་མེད་པའི་གནད་དེ། དེ་ལ་མིང་དུ་བཏགས་ན། རྟོན་མེད་ཀྱི་རིག་པ་ཙེན་མེན་དུ་གྲོལ་བ་ཞེས་བྱའོ། །དེ་ཤེས་པ་ཙམ་ལས་དེ་གྲོལ་མི་དགོས་པའི་གནད་ཡིན་པས་ནི། དེ་ཉིད་ལ་གོམས་པས་ནི་མཐོང་བས་བདེ་ལ་ཤེས་པས་སྟོང་པས་སྟོང་པ་ན། དེ་ཉིད་ལ་མིང་དུ་བཏགས་ན་གདིང་དང་ལྡན་ཞིང་ཁམས་གསུམ་དུ་མ་ལྡོག་པའི་རྣལ་འབྱོར་པ་ཞེས་བྱའོ། །དེ་ལ་གོམས་མི་དགོས་པས། སེམས་ཉིད་མེད་པས་མཐོང་བ་ཙམ་གྱིས་རང་གི་རིག་པ་ལས་གྲོལ་ས་མེད་དོ། །ཞེས་དེ་དག་གིས་བསྡུས་པའི་དོན་ལྔ་པ་ཐབས་ཀྱིས་འཇུག་པ་ཁྱད་པར་ཅན་བླ་མ་དྲིན་ཅན་ལ་བརྟེན་ནས་འབྱུང་བར་བསྟན་པ་ལ་ནང་དོན་གསུམ་དུ་བྱས་ནས་བསྟན་ནས། ད་ནི་སེམས་ཀྱི་དམིགས་དང་པོའི་སྤྱི་དོན་དྲུག་པ་ཡལ་ས། དུས་གནད་ལ་བརྟེན་ནས་ལྷ་སྒོམ་ཡིད་ལ་བྱེད་པ་ལས་འདས་པར་བསྟན་པ་ལ་ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ་གནད་མཐོང་བའི་འགྲོ་བ་རྣམས་སླར་ཁམས་གསུམ་དུ་
མི་ལྡོག་པའི་དཔེ་དང་བཅས་པ་ནི། གང་ལས་བྱུང་བ་གང་བྱུང་ནུབ། ཅེས་པ་ལ་སོགས་པས་བསྟན་ཏེ། གང་ལས་བྱུང་ན་གནད་ཤེས་པ་ལས་བྱུང་པས། རྣམ་པར་རྟོག་པ་གློ་བུར་བ་གང་བྱུང་བ་ཆོས་ཉིད་ཀྱི་ཀློང་དུ་ནུབ་པའོ། །དེ་ཡང་ཆོས་ཉིད་དེ་གང་ལས་སྐྱེས་པ་རྟོག་པ་ཐ་དད་པ་འགགས་པས་མི་ཤེས་སོ། །དེ་ཅིས་མི་ཤེས་ཞེ་ན། དུས་ཕྱིས་རྟོག་པ་གློ་བུར་བ་རྣམས་འགགས་པ་ནི་རྒྱུ་རང་དག །ཡལ་རྐྱེན་རང་འགགས། ཡལ་ས་ལ་ལྟོས་ཟད་པ་དམིགས་མེད་གཞི་མེད་པའི་སེམས་ངེས་རིག་པ་ནི་རྩ་མེད་རིས་མེད་པའི་སེམས་རྣམ་པར་དག་གོ། དེ་ལྟར་ཤེས་པས་ཁམས་གསུམ་དུ་ལྡོག་པ་མེད་ཅིང་དམིགས་གཏད་རྗེས་མེད་པའི་སེམས་ཉིད་རང་སར་ཡལ་བ་ནི། དཔེར་ན་སྐྱེས་བུ་སྒྱུ་རྩལ་མཆོག་དང་ལྡན་པ་ཞིག་གིས་གནམ་དུ་མདའ་འཕངས་པས་སླར་ལྡོག་པ་མེད་ཅིང་། དམིགས་པའི་འབེན་མེད་ལ། རྗེས་དང་གཏད་ས་མེད་པ་དང་། ཡུལ་མེད་པར་ཟང་ཐལ་བ་བཞིན་དུ་རིག་པ་ཉིད་གཞི་ལ་ཐིམ་པས་འཕྲལ་རྐྱེན་གློ་བུར་གྱི་རྟོག་པ་རྣམས་འདིར་སོང་གི་གཏད་མེད་ལ། སེམས་ཉིད་ཕྱོགས་དང་རིས་མེད་པར་ཡལ་བའོ། །དེ་ཡང་དངོས་པོ་ལ་ལྡོག་པ་མེད་པས་སྟོང་པ་རིས་མེད། དེ་ཉིད་གནས་སྐབས་སུ་ནམ་མཁའ་ལས་གར་ཡང་སོང་བ་མེད་པས་དངོས་མེད་ཟང་ཐལ། དེ་ཉིད་ནམ་མཁའ་ལ་ཡང་གནས་པ་མེད་ལ་ས་ལ་ཡང་ལྟུང་བ་མེད། སིངྒ་ལའི་མདའ་བར་སྣང་ལ་རླུང་གིས་བཏེག་ནས་འབབ་པ་མེད་པ་བཞིན་ནོ། །གྲོལ་བ་ཡལ་བའི་ཚད་ཤེས་པའི་སེམས་འདི་དེ་ལའང་ནི་སྐྱེས་བུ་སྒྱུ་རྩལ་དང་ལྡན་པས་སིངྒ་ལའི་མདའ་གནམ་དུ་འཕངས་པ་
དེ་དང་མཚུངས་སོ། །ཞེ་ནང་དོན་དང་པོ་གནད་མཐོང་བའི་འགྲོ་བ་རྣམས་ཁམས་གསུམ་དུ་མི་ལྡོག་པའི་དཔེ་དང་བཅས་པ་བསྟན་ནས། ད་ནི་ནང་དོན་གཉིས་པ་དེ་ལྟར་གནད་མཐོང་ཞིང་ཤེས་པ་ཙམ་གྱིས་ལྟ་བསྒོམ་འབད་པ་ལ་མ་བརྟེན་པར་རང་གྲོལ་བར་བསྟན་པ་ནི། དེ་ཡང་སེམས་ཀྱི་རྒྱུ་ཡེ་ནས་སྟོང་པར་གནས་པའི་གང་ཤར་ཅིར་སྣང་ཡང་རང་གནས་བདེ་བ་ཆེན་པོ་ལས་མ་འདས་པའོ། །སེམས་ཀྱི་རྒྱུ་མེད་པའི་ཕྱིར། ཕྱི་སྣང་རྐྱེན་ཐ་དད་པ་དེ་ཉིད་ལ་གཏད་པ་ཙམ་གྱིས་རང་སར་ཡལ་བས། འགག་པའི་ཆོས་ཉིད་ལ་ཡིད་ཆེས་པའོ། །དེའི་ཕྱིར་ན་སེམས་ཀྱི་འབྲས་བུ་འཁོར་འདས་གཉིས་རང་སར་གྲོལ་བས་མཐོང་སྣང་དུས་གཅིག་ལ་འགག་པའོ། །དེ་ལ་མིང་དུ་བཏགས་ན་འཁོར་འདས་གཉིས་དུས་གཅིག་ལ་ཁྱེར་བས་འཁྲུལ་བའི་སྣང་བ་དུས་གཅིག་ལ་ཆོད་པའི་ལྟ་བ་ཞེས་བྱའོ། །དེ་ལ་གོམས་པ་མི་དགོས་པས། གནད་དེ་མཐོང་བ་ཙམ་གྱིས་ཤེས་ལ། ཤེས་པ་ཙམ་གྱིས་གྲོལ་བས་ན། སྒོམ་པ་བཞག་སར་གནས་ལ། གནས་སར་སྟོངས་པ་ཞེས་བྱའོ། །དེ་གང་ལས་བྱུང་ན་ཐོག་མ་ལུས་ངག་ཡིད་ཀྱི་རྒྱུ་རྐྱེན་ལ་བརྟགས་པས། སེམས་ཀྱི་འཇུག་པ་ཁྱད་པར་ཅན་སྐྱེ་བ་ནས། དེ་ལ་རྒྱུན་དུ་སྤྱོད་པས་ན་སྤྱོད་པའོ། །དེ་དག་གིས་ནི་སྤྱི་དོན་ཐ་མ་ལ་གཉིས་སུ་བྱས་ནས་བསྟན་ཏོ། །སེམས་ཀྱི་ངོ་བོས་ངེས་ཚིག་དབྱེ་བ་གོང་དུ་བསྟན་ཏོ། །དམིགས་ནི་བསལ་བར་བྱེད་པའོ། །དང་པོ་ནི་གྲངས་ཀྱི་གནས་ཏེ་ཐོག་མའོ། །བསྡུས་པ་ནི་སྤྱིད་དོན་དྲུག་གིས་བསྟན་པའོ། །བསམ་པ་ནི་འདས་
མ་འོངས་ད་ལྟའིའོ། །གང་ནས་བྱུང་རྒྱུ་མེད་པས་སྟོང་དག །འབྲས་བུ་མེད་པས་བསྐྱར་མེད་ཡེ་གྲོལ་ལོ། །དེ་ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོས་བཟུང་བས་བློ་མ་བུའི་སྟོབས་མེད་ལ། རྟོག་པ་སྔ་ཕྱིའི་བར་དུ་ངོས་བཟུང་བས་ལས་དང་བག་ཆགས་ཀྱི་གཞི་སྟོངས། ཆོས་ཉིད་སྔ་ཕྱིའི་བར་དུ་ངོས་བཟུང་བས། འཁོར་འདས་གཉིས་ཀྱི་ལྟོས་ཟད། རྒྱུ་རྐྱེན་གཉིས་ཀྱི་བར་དུ་ངོས་བཟུང་བས། ལྟ་སྒོམ་སྤྱོད་པ་འབྲས་བུ་ལ་རག་མ་ལུས། བློ་སྔ་ཕྱིའི་བར་དུ་ངོས་བཟུང་བས་བྱ་བྲལ་སོ་མའི་ལམ་བསལ། འཁྲུལ་པ་སྔ་ཕྱིའི་བར་དུ་ངོས་བཟུང་བས་སྣང་རྐྱེན་ཐ་དད་པ་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེ་ལྟར་རང་བཞིན་སྟོང་པ་ལ་བལྟས་པས་འཁོར་འདས་གཉིས་དུས་གཅིག་ལ་མཐོང་ལ་སྣང་བ་སྟོང་པ་ལ་བལྟས་པས་ཆོས་དང་ཆོས་མིན་གྱི་རྩ་བ་མཐོང་ལ། ངོ་བོ་སྟོང་པ་ལ་བལྟས་པས་ལྟ་སྒོམ་རྣམས་ཀྱི་སྲོག་དུས་གཅིག་ལ་ཆོད་པའོ། །བསྟན་པ་སྟེ་ཞེས་པ་ནི། སེམས་ཀྱི་དམིགས་པ་དང་པོ་ལ་བསྡུས་པའི་དོན་དྲུག་བསྟན་པ་ནི་འགྲོ་བ་དྲུག་གི་ལམ་བསམ་པ་ནས། ཡེ་ཤེས་དྲུག་རང་ལུགས་སུ་འཆར་བ་ལ་དགོངས་པའོ། །དེ་ཡང་དེ་དག་རིམ་གྱིས་བསྒོམས་པས་བསླབ་བྱ་དང་པོ་སྲིན་མོ་བུ་སྟོར་བ་ལྟ་བུའི་བསླབ་བྱས། ལུས་ངག་ཡིད་ཀྱི་གཞི་སྦྱངས་ནས་ཆོས་ཉིད་ཀྱི་བྱུང་ཁུངས་བཙལ་བ་སྟེ། དོན་གྱི་ལུགས་གཉིས་སུ་བསྟན་ཏེ། བསླབ་བྱ་ལམ་དུ་ཁྱེར་བས་ཤེས་པ་རྒྱུད་ལ་འཆར་གནད་ཤེས་པས་ཁམས་གསུམ་གྱི་གཞི་སྟོངས་པས། འཁོར་འདས་གཉིས་དུས་གཅིག་ལ་འགག་པའི་
ལུགས་དང་གཉིས་སུ་བྱས་པས་ནི། འདི་ནས་གང་ཟག་གཉིས་དུས་གཅིག་ལ་གྲོལ་བར་བསྟན་པའོ། །དེ་ལ་དགའ་བའི་ལུས་ངག་ཡིག་ལ་བདེ་བ་ཁྱད་པར་ཅན་སྐྱེས་པས་རྟོགས་པས་བདག་བསྒྲལ། དེ་ཉིད་ལ་ཤེས་རབ་ཁྱད་པར་ཅན་གྱིས་སྤྱི་དང་རང་གི་མཚན་ཉིད་ལ་དབང་ཐོབ་པས། ཐུགས་རྗེས་གཞན་བསྒྲལ་བའོ། །རྡོ་རྗེ་ནི་དེ་ལྟར་རྟོགས་པས་དུས་གསུམ་སྐྱེ་ཤི་མེད་པའི་དོན་ལ་མི་འདའ་བའོ། །དགོངས་པ་ནི་ཐུགས་ཀྱི་བཞེད་པ་དང་། རྟོག་པ་དམ་པ་ཉིད་འདིར་ངེས་པར་གནད་དུ་ཕབ་པའོ། །རྣམ་པར་བཤད་པ་སློབ་དཔོན་དགའ་རབ་རྡོ་རྗེ་དགོངས་པ་ཉིད་ཀྱི་དོན་བྱེ་མ་ལ་མུ་ཏྲས་རྣམ་པར་བཤད་པ་སྟེ། སེམས་ཀྱི་དམིགས་དང་པོ་བསྟན་པའོ། །ཨྠྀི། རྒྱ་རྒྱ་རྒྱ། ས་མ་ཡ་གཏེར་ནས་གཏེར་དམ་པ་ཉིད་དུ་བཙས་པའོ། །དཔལ་སྔགས་སྲུང་གི་རྒྱལ་མོ་ལ་གཏད་དོ། །ད་ནི་སེམས་ཀྱི་དམིགས་གཉིས་པ་རྣམ་པར་བཤད་པར་བྱའོ། །དུམ་བུ་གཉིས་པ་རྣམ་རྟོག་གཅོད་པའི་སྤུ་གྲི་ལ་དོན་དྲུག་སྟེ། སྤྱི་དོན་དང་པོ་མེད་སྣང་རང་དག་པས་འཁོར་འདས་ཀྱི་ལམ་ཟད་པ་གཏན་ཚིགས་དང་བཅས་ཏེ་བསྟན་པ་དང་། སྤྱི་དོན་གཉིས་པ་སེམས་ཀྱི་བྱུང་ས་བཙལ་བ་འཁོར་བའི་གཞི་སྟོངས་པར་བསྟན་པ་དང་། གསུམ་པ་ལུས་སེམས་ཀྱི་འབྲེལ་བར་བརྟག་པ་ཁྱད་པར་ཆོས་ཉིད་ཀྱི་སྐྱོན་ཡོན་རིག་པས་སྒྲུབ་པར་བསྟན་པ་དང་། བཞི་པ་ཡིན་ཚུལ་སྟོང་པ་ངོས་བཟུང་བ་གོལ་ས་དགག་པར་བསྟན་པ་དང་། སྤྱི་དོན་ལྔ་པར་ལུས་ངག་ཡིད་གློད་པ་ལས་སེམས་ཀྱི་ཡལ་ས་ངོ་ཤེས་པར་
བསྟན་པ་དང་། དྲུག་པ་གློད་པའི་གནད་དམ་ཚད་བསྟན་པའོ། །དེ་ལ་སྤྱི་དོན་དང་པོ་མེད་སྣང་རང་དག་པས་འཁོར་འདས་ཀྱི་ལམ་ཟད་པ་གཏན་ཚིགས་དང་བཅས་ཏེ་བསྟན་པ་ལ། ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ། ལུས་སེམས་ཀྱི་འབྲེལ་པ་བརྟག་པས་གཏན་ཚིགས་ཀྱི་གྲུབ་པར་བསྟན་པ་ནི། གང་གི་ལུས་ཀྱི་དངོས་པོ་དག་ཅེས་པ་ལ་སོགས་པས་བསྟན་ཏེ། དངོས་པོ་གང་གིས་ན་སེམས་དང་འབྲེལ་བ་ཡོད་ཅེ་ན། ལུས་ཀྱི་ངོ་བོ་ཕུང་པོ་ཁམས་དངསྐྱེ་མཆེད་དུ་མ་ཚོགས་པའོ། །ངེས་ཚིག་ནི་འཁོར་བའམ། འཇོག་པའམ། ལས་པའམ། གཅིག་ཏུ་མི་གནས་པའི་ཕྱིར་ན་ལུས་ཞེས་བྱའོ། །དེ་གང་ལུས་ལ་སྔར་གྱི་ལུས་ལ་འབྱུང་བ་བཞི་རྡུལ་ཕྲ་རབ་དང་བཅས་པ་ལ་ལུས་ནས་ད་ལྟའི་ལུས་འདི་སྔར་ཀྱི་ལུས་མིན་པར་ངོ་ཤེས་པ་དང་། ཕྱིས་ཀྱང་གནད་མ་ཤེས་ན་ལུས་འདི་མིན་པ་ལེན་པས། ད་ལྟའི་འདི་ལུས་ནས་འགྲོ་བས་ན་ལུས་ཞེས་བྱའོ། །དབྱེ་བ་ནི་བཞི་སྟེ། རིན་པོ་ཆེ་གསང་བའི་ལུས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་འདུས་པ། ཡེ་ཤེས་སྒྱུ་མའི་ལུས་ལོངས་སྐུ་ལ་ཡོད་ལ། ཡང་ན་རིན་པོ་ཆེ་ཆོས་སྐུ་ཡིན་ཏེ། ཡེ་ཤེས་སྒྱུ་མ་གཟུགས་སྐུ་ཉིད་དོ། །རྣམ་རྟོག་བག་ཆགས་ཀྱི་ལུས་ནི་འགྲོ་བ་རྣམས་ལ་ཡོད་པའོ། །རྣམ་པར་རིག་ཙམ་གྱི་ལུས་ནི་འགོག་པ་དང་། གཟུགས་མེད་པ་ཁ་ཅིག་ལ་ཡོད་དོ། རྣམ་རྟོག་བག་ཆགས་ལ་རིག་བྱེད་འོད་ཀྱི་ལུས་འོད་གསལ་གྱི་ལྷ་རྣམས་ལ་ཡོད། ཤ་ཁྲག་རང་ག་མ་རྡོས་བཅས་ཀྱི་ལུས་འགྲོ་བ་མི་དང་བྱོལ་སོང་རྣམས་ལ་ཡོད་ལ། དྲན་པ་རྗེས་འབྲང་གི་ལུས་ཡི་དྭགས་ཕལ་པ་རྣམས་
ལ་ཡོད་ལ། རྣམ་པར་ཤེས་པ་ཙམ་གྱི་ལུས་གཟུགས་མེད་པའི་ལྷ་རྣམས་ལ་ཡོད་དོ། །སྡུག་བསྔལ་ཉེར་ལེན་གྱི་ལུས་དམྱལ་བ་རྣམས་ལ་ཡོད། འགྱུ་བ་ཡིད་ཀྱི་ལུས་སྲིད་པ་བར་མ་དོའི་འགྲོ་བ་མཁའ་ལ་རྒྱུ་བའི་ཡི་དྭགས་ཕལ་ལ་ཡོད། དེ་དག་གི་མཚན་ཉིད་དང་ཚད་ལ་སོགས་པ་ནི་འདིར་མ་སྤྲོས་སོ། །དེ་དག་གི་དངོས་པོ་ནི་སོ་སོ་ལ་རེ་རེ་གནས་ཏེ་འདིར་མ་སྤྲོས་ལ། འདི་ཤ་ཁྲག་རང་ག་མའི་ལུས་འབྱུང་བ་ཕྲ་རགས་ཀྱི་དངོས་པོ་རྡུལ་ཕྲ་རབ་ཡན་ལག་དང་བཅས་པ་རྣམས་ཏེ། ས་ཆུ་མེ་རླུང་གིས་བསྡུས་པ་དག་ཡིན་པས་ན། དེའི་རྒྱུ་ཕ་མའི་བྱང་སེམས་ཏེ། ཕས་རྒྱུ་བྱས་པས་སྲིད་པའི་གཞི་སོང་ལ། མས་རྐྱེན་བྱས་པས་འབྱུང་བ་བཞི་གཅིག་ཏུ་འདུས་སོ། །དེ་ཡང་འགྲོ་བའི་ལུས་མི་འདྲ་བ་ཐ་དད་པ་ནི་རྒྱུ་མི་གཅིག་སྟེ། ཕ་མི་འདྲ་བས་བསྐྱེད་པ་དང་། རྐྱེན་མི་འདྲ་བས་གཅིག་པ་མེད་པ་ནི། ཁ་དོག་དང་དབྱིབས་ལ་སོགས་པ་མི་འདྲ་བའི་ཕྱིར་རོ། །ལུས་མི་གཅིག་པ་བཞིན་སེམས་མི་གཅིག་པ་ནི་མ་ཡིན་ཏེ། དཔེར་ན་རྫ་མཁན་གྱི་འཁོར་ལོས་རྫའི་བྱེ་བྲག་དཔག་ཏུ་མེད་པ་བྱས་པས་རྫ་ཙམ་དུ་གཅིག་ཀྱང་དབྱིབས་དང་ཁ་དོག་མི་གཅིག་པ་བཞིན་དུ། ལུས་ཀྱང་ལུས་ཙམ་དུ་གཅིག་ཀྱང་། ཡང་དག་པར་བརྟགས་ན་མི་འདྲའོ། །རྫ་མི་འདྲ་ཡང་ནང་གི་ནམ་མཁའ་ནི་མཚན་ཉིད་གཅིག་ཅིང་ཁྱད་པར་མེད་པས་ན། སེམས་གཅིག་ངོ་བོ་ལས་འདས་པ་མེད་པས་ན། ལུས་སེམས་ཉིད་རྒྱུ་མི་གཅིག་པས་རྒྱུ་བདག་ཉིད་གཅིག་པའི་འབྲེལ་པ་ཡང་མེད་དོ། །འོ་ན་སེམས་ཅན་ལ་བསམ་པ་ཐ་དད་པར་འོང་བ་ཅི་ཞེ་ན། རྫའི་དབྱིབས་དང་ཆེ་ཆུང་གིས་ཕྱེ་བ་དང་འདྲ་ལ། དེ་
ཡང་སྣོད་ཀྱིས་བཅུད་ལ་སྐྱབས་པས་དེ་ལྟར་བྱུང་བ་ཡིན་ལ། དེའི་གནད་ཀྱིས་དྲན་བསམ་གྱི་འཁོར་ལོ་གློ་བུར་གྱི་རྟོག་པ་ཡིན་པས་སོ། །དེའི་ཕྱིར་ན་སེམས་ལས་ལུས་མ་བྱུང་སྟེ། ལུས་དངོས་པོ་ཡོད་པས་སོ། །སེམས་སྟོང་པའི་མཚན་ཉིད་གང་དུ་ཡང་མ་གྲུབ་པས་སོ། །དེ་བཞིན་དུ་སེམས་སྟོང་པ་གཞི་མེད་པས་སྔ་པར་ལྡོག་པའི་རྟེན་མེད་ལ། རྩ་བ་མེད་པས་འབྱུང་བས་བཅིངས་པའི་ལུས་ལ་ཆགས་པའི་རྟེན་མེད་པའི་ཕྱིར་ན། ལུས་ལས་སེམས་མ་བྱུང་ལ། སེམས་ལས་ལུས་བྱུང་བ་མིན་ཏེ། དེ་ལྟར་ལུས་སེམས་ཀྱི་འབྲེལ་བ་མེད་པ་དེའི་ཕྱིར་དང་ད་སྔ་བར་མི་ལྡོག་ལ། ཕྱི་མ་རང་ཡལ་བ་དང་། ད་ལྟ་སྟོངས་སར་སྟོངས་པས། འགག་སར་འགག་པའོ། །གཏན་ཚིགས་དེའི་ཕྱིར་ན་ལུས་ལས་ཀྱང་སེམས་དེ་ཉིད་ཅི་སྟེ་འབྱུང་། སེམས་རྒྱུ་མེད། སྟོང་པ་ཡེ་ནས་དག་པའི་ཕྱིར་ན། བསྒྲུབ་བྱ་འདི་ཡིན་ཞེས་པ་དང་། སྤང་བྱའི་འདི་ཡིན་ཞེས་པ་གྲུབ་མཐས་བཅིངས་པ་ལས་མ་རྟོགས་པ་གང་ཡང་མེད་པར། ངེས་ན་ལུས་སེམས་འབྲེལ་པ་མེད་པར་དེ་ནི་ཆོས་ཉིད་ཞེ་འདོད་དང་བྲལ་བར་ངས་རིག་པས། འཁོར་བའི་གཞི་སྟོངས་པས་མྱ་ངན་འདས་པའི་ཁུངས་འགགས་པའོ། །ཞེས་དམིགས་གཉིས་པའི་བསྡུས་དོན་དང་པོའི་ནང་དོན་དང་པོ་ལུས་སེམས་ཀྱི་འབྲེལ་པ་བརྟག་པ་གཏན་ཚིགས་དང་བཅས་ཏེ་བསྟན་ནས། ད་ནི་ནང་དོན་གཉིས་པ་བསླབ་བྱ་དཔེ་དང་བཅས་པ་ལ་བརྟེན་ནས་ལམ་ལ་ཟད་པས་བགྲོད་སྦྱང་གི་གཞི་སྟོངས་པར་བསྟན་པ་ནི། བསླབ་བྱ་དཔེ་དང་བཅས་པ་ལས། ཞེས་པ་ལ་སོགས་པས་བསྟན་ཏེ། བསླབ་བྱ་ཞེས་པ་ནི་གཉིས་པ་དྲན་པ་ཁུངས་གཅོད་ཀྱི་བསླབ་བྱ་ལ་
བརྟེན་ནས་ཆོས་ཉིད་ཀྱི་བབས་བལྟས་པས། དོན་རང་ངོ་ལ་འབེབས་པ་ནི། དཔེར་ན་ཁྱུང་གཤོག་པ་རྫོགས་པ་ལྟ་བུའི་བསླབ་བྱས་བྱ་བྱེད་འབད་རྩོལ་མེད་པར་བསྟན་ཏེ། དེ་ཡང་གྲོལ་བའི་དཔེ་ནི་རྒྱལ་པོའི་གཉའ་ལས་གྲོལ་བ་ལྟ་བུའོ། །དེ་ཉིད་དང་བཅས་པས་སེམས་ཀྱི་བབས་བལྟས་པས། ངོ་བོ་གཅེར་མཐོང་བས་གནད་དང་བྲལ་བའི་རྣལ་འབྱོར་པ་ཞེས་བྱའོ། །འདིའི་དུས་ན་སྐྱོན་ཐམས་ཅད་ཆོས་ཉིད་ཀློང་དུ་ཐིམ་ལ་ཡོན་ཏན་ཐམས་ཅད་གཞི་རྫོགས་སུ་ཤར་བ། ལུས་རང་གྲོལ་བས། རྡུལ་དང་། རྡུལ་ཕྲན་གྱི་ལྟོས་ཟད་པ་དང་། ངག་རང་གྲོལ་བས་བརྗོད་པ་ཚིག་གི་གཞི་སྟོངས་པ་དང་། སེམས་རང་གྲོལ་བས་མཚན་ཉིད་རྩ་མེད་གཞི་མེད་དུ་རིག་པས། སྐུ་གསུམ་བཅིངས་པ་ལས་གྲོལ་བ་སྟེ། འདི་ལྟ་བུའི་གནད་ཤེས་པས་ནི་ལུས་དང་སེམས་ཀྱི་ལྡོག་མཚམས་འབྲེལ་བ་མ་བརྟགས་པ་སྟེ། དེ་ཉིད་སྔོན་དུ་འབྲེལ་བརྟགས་པའི་གནད་ཀྱིས་དྲན་པའི་ཁུངས་རང་འགགས་པས་སྟོར་བས། ཕྱིས་རྙེད་པའི་གནད་མེད་དོ། །དེས་ན་དམིགས་པ་རང་ཆོད་པས་འགྲོ་བའི་ལམ་རྡུགས་སླར་ལྡོག་པའི་གཞི་མ་རྙེད་དེ། ཕྱིས་སེམས་འགྲོ་བའི་ལམ་ཟད་པས། འགྲོ་བྱ་དང་འགྲོ་བྱེད་མེད་པ་ལྟ་བུ་སྟེ། དེས་ན་གང་ཤར་ཆོས་ཉིད་ལས་མ་གཏོགས་པ་གཞན་མེད་པས་སོ། །དེའི་ཕྱིར་ན་འགྲོ་བའི་ལམ་མེད་པས་གྲོང་ཁྱེར་ཀྱི་མཐའ་ཡང་དག་པར་སུས་ཀྱང་མི་ཤེས་པ་ལྟར། རྟོགས་པས་བདག་བསྒྲལ་བས་འདས་པ་ལ་ཡང་དག་ཏུ་འཛིན་པ་ལས་བློ་ལོག་པའོ། །གཏན་ཚིགས་དེའི་ཕྱིར་ན་བསྒྲོད་པ་བློ་རིམ་གྱི་ལམ་
མེད་པའི་ཕྱིར། སྦྱང་བྱའི་བློའི་གེགས་བསལ་བས་ཡེ་ཤེས་ཙམ་དུ་འཛིན་པ་ཡང་མེད་དོ། །ཞེས་ནང་དོན་གཉིས་པ་བསླབ་བྱ་དཔེ་དང་བཅས་པ་ལ་བརྟེན་ནས་ལམ་ཟད་པས་བསྒྲོད་སྦྱང་གི་གཞི་སྟོངས་པར་བསྟན་ནས། ད་ནི་གསུམ་པ་སེམས་མེད་པའི་མཚན་ཉིད་ཤེས་པས་འཁོར་འདས་དུས་གཅིག་ལ་འགག་པར་བསྟན་པ་ནི། རྣལ་འབྱོར་པ་གང་གི་སེམས་མེད་པའི་དོན་ལ་གནས་ན། འཁྲུལ་པའི་ཡུལ་དུས་གཅིག་འགགས་པས་ན། དེའི་ཕྱིར་སེམས་མེད་པའི་གནས་གྱི་སངས་རྒྱས་དང་སེམས་ཅན་མེད་པའི་ཕྱིར་སྣང་བ་ཡང་མེད་པར་མཁས་པ་སྟེ་བརྡ་ལ་མཁས་པས་ཚིག་གི་རྟོགས་དཔྱོད་ལས་འདས་དོན་ལ་མཁས་པས་གཞི་དང་རྩ་བ་རང་གྲོལ་བར་གང་ཟག་སུས་ཤེས་པ་ནི། འདི་ལྟར་སྣང་གྲགས་ཀྱི་ཆོས་ཡོད་པར་རྟོག་པའི་མཐའ་ལྟ་བ་དང་སྒོམ་པ་ལ་སོགས་པ་རང་རྒྱུད་དུ་འཛིན་པ་འགགས་པས། ད་འཁོར་བ་ཡོད་མེད་དུ་རྟོག་པ་དང་། འདས་པ་ལ་ཡོད་མེད་དུ་རྣམ་པར་རྟོག་པར་འཛིན་པ་ཙམ་ཡང་མེད་པའི་ཕྱིར་ན། དེ་གཉིས་མེད་པའི་ཕྱིར་ན་དག་བྱ་དག་བྱེད་ཀྱི་གཞི་སྟོངས་པའི་གནད། སྐུ་དང་ཡེ་ཤེས་ཙམ་དུ་འཛིན་པ་མེད་པས་སངས་རྒྱ་བར་བྱ་བའི་རྟེན་ནམ་གཞི་མེད་ཅིང་། དེ་ལ་ལྟོས་པའི་སེམས་འགྱུ་བ་སྣ་ཚོགས་པ་ལ་རྟེན་ལུས་ཀྱི་བསླད་པ་ཡང་མེད་པས་ན། ད་ལྡོག་ས་དང་། འགྲོ་ས་མེད་པའི་གནད་དོ། །དེའི་ཕྱིར་ན་སེམས་ཉིད་སྟོང་པ་ངོས་བཟུང་ལས་འདས་པ་ཉིད་ལ། ལས་བཟང་པོས་ཕན་མ་བཏགས་ལ། ངན་པས་གནོད་པ་སྐྱེལ་བ་མེད་པའི་ཕྱིར། རྣམ་པར་སྨིན་པ་ཡང་ཡོད་མི་སྲིད་དོ། །དེ་ལྟ་བུའི་སེམས་
ཉིད་དེ་ལ་བག་སྣོད་དང་འདྲ་བ་ལ་ཆགས་པ་རྡུལ་དང་འདྲ་བའི་རྟེན་མེད་པས། སྔ་མཐའ་ལྡོག་པའི་གཞི་མེད་པ་དང་། ཕྱི་མཐར་འགྲོ་བའི་ལམ་འདས་པའི་ཕྱིར། ཅི་བྱས་པ་ཐམས་ཅད་ཆོས་ཉིད་ལས་འགོས་མེད་དོ་དེའི་ཕྱིར་ན་གང་ཟག་འདིས་ནི་རྣམ་པར་རྟོག་པ་གློ་བུར་དུ་ཐམས་ཅད་དུས་གཅིག་ལ་གཅོད་པ་ཡིན་པས་ན། དེ་ཡང་ལུས་སེམས་སོ་སོའི་དམིགས་བཙལ་བས། རྟོག་པ་ཐ་དད་པའི་ཡུལ་ལས་འདས་པ་ནི། མེད་པའི་དོན་མེད་པར་ཤེས་པ་ཙམ་ལས་བྱུང་བའོ། །ཞེས་དེ་དག་གིས་ནི་སེམས་གྱི་དམིགས་གཉིས་པའི་སྤྱི་དོན་དང་པོ་མེད་པའི་སྣང་བར་རངས་སར་དག་པས་འཁོར་འདས་ཀྱི་ལམ་ཟད་པ་གཏན་ཚིགས་དང་བཅས་ཏེ་བསྟན་པ་ལ་ཡན་ལག་གི་དོན་གསུམ་དུ་བྱས་ནས་བསྟན་ཏོ། །ད་ནི་སྤྱི་དོན་གཉིས་པ་སེམས་ཀྱི་བྱུང་ས་བཙལ་བས་འཁོར་བའི་གཞི་སྟོངས་པར་བསྟན་པ་ལ་ནང་དོན་བཞིས་བསྟན་པའི་དང་པོ། །རྟོག་པ་ཡལ་བའི་དུས་ལ་བརྟེན་ནས་ཆོས་ཉིད་དངོས་གཟུང་བར་བསྟན་པ་ནི། གསང་བ་རང་གཞུང་གི་སྤུ་གྲི་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། གསང་བ་ནི་སོ་སོའི་སྐྱེ་བོ་ལ་རང་བཞིན་གྱིས་གསང་བ། ཉན་ཐོས་ལ་སོགས་པའི་ཐེག་པ་དམན་པ་རྣམས་ལ་གབ་པའི་ཚུལ་གྱིས་གསང་ལ། སྣོད་མེད་པའི་འགྲོ་བ་རྣམས་པ་འདི་ཉིད་སྦས་པའི་ཚུལ་གྱིས་གསང་ངོ་རང་གཞུང་གི་ཡལ་ས་དང་། ཡལ་དུས་དང་། ཡལ་རྐྱེན་ངོས་ཟིན་པས། རྣམ་པར་རྟོག་པ་ཐམས་ཅད་དུས་གཅིག་ལ་གཅོད་པས་ན་སྤུ་གྲི་ཞེས་བྱའོ། །སེམས་དེ་ཕྱི་རོལ་ཀྱི་ཡུལ་ཐམས་ཅད་ལ་འཇུག་ཅིང་ཁྱབ་པ་ནི། ཐ་དད་པ་ཡང་མ་ཡིན་
ཡུལ་དེ་དག་ལས་སེམས་མ་བྱུང་། སེམས་ཀྱི་སྣ་ཚོགས་པའི་འགྱུར་སུས་ཀྱང་མི་ཤེས་པའི་ཕྱིར་ན། སེམས་ལས་ཀྱང་ཡུལ་མ་བྱུང་བས། ཡུལ་སེམས་གཉིས་རྒྱུ་མི་གཅིག་པའི་གནད་ཀྱིས། ཡུལ་ལ་སེམས་ཀྱི་རྟོག་པ་ཐ་དད་པ་ལྟར་སྣང་ཡང་འགྱུ་བ་གློ་བུར་གྱི་རྟོག་པ་ཡིན་པས་དེ་ཉིད་རང་སར་ཡལ་བས་སྔར་གྱི་སྟེང་ན་མི་གནས་ལ། ཕྱིས་ཀྱང་དེའི་དབང་དུ་མི་འགྱུར་བའི་ཕྱིར་རོ། །དེས་ན་ཡུལ་སེམས་གཉིས་སུ་མེད་པས་ན། འགྱུ་བའི་རྟ་རླུང་རང་སོ་ནམ་མཁའ་ལ་ཐིམ་པས། རྟོག་པ་ཕྲ་རགས་ལ་གནས་མི་སྲིད་པ་ནི། རླུང་སེམས་ཀྱི་འགྱུ་བ་སྟོང་པར་ཤེས་པས། རྟོག་པ་ཐམས་ཅད་དུས་གཅིག་ལ་དག་གོ། དེ་དག་ཀྱང་སེམས་ཀྱི་གནས་ས་རང་བཞིན་གྱིས་བྱུང་བས། རྟོག་པ་ཐ་དད་པ་རྣམས་རང་གིས་རང་སྟོངས་པས་ན་གཉེན་པོས་བཅོས་པ་མ་ཡིན་ནོ། །དེའི་ཕྱིར་རླུང་ཕྱིར་འགྲོ་བའི་ཡུལ་མེད་པས། འགྱུ་བ་རང་གྲོལ་བ་ཞེས་བྱའོ། རླུང་ནང་དུ་ཕྱིན་པས་ཆགས་པའི་གནས་མེད་པ་ནི། རླུང་སེམས་ཀྱི་གཞི་སྟོངས་པས་སོ། །ཞེས་སྤྱི་དོན་གཉིས་པའི་ནང་དོན་དང་པོ་རྟོག་པ་ཡལ་བའི་དུས་ལ་བརྟེན་ནས་ཆོས་ཉིད་ངོས་བཟུང་བར་བསྟན་ནས། ད་ནི་གཉིས་པ་ཡུལ་སེམས་བྲལ་བའི་གནད་ཀྱིས་སེམས་ཀྱི་བབས་བྱུང་ས་ལ་ལྟ་བར་བསྟན་པ་ནི། བསླབ་བྱ་དཔེ་དང་བཅས་པ་ཡིས། །ཞེས་པ་ལ་སོགས་པ་གོང་དུ་བསྟན་པ་ལ་བརྟེན་ནས། ཁམས་གསུམ་འཁོར་བ་དོང་ནས་སྤྲུག་སྟེ། སྲིད་པ་གསུམ་རང་གྲོལ་བའི་གནད་བསྟན་པའོ། །དེའི་ཕྱིར་ན་སེམས་རང་བཞིན་གྱིས་མ་བཅོས་ན་གསལ་ལ། ཆུ་མ་རྙོག་ན་དངས་པས་སོ། །དེ་ལྟར་ན་ཀློད་པ་ཙམ་
གྱིས་གྲོལ་བ་ལས། རང་སོར་བཞག་པས་གནས་པས་ཏེ། རང་ལུགས་སུ་བཞག་པ་ཙམ་གྱི་གྲོལ་བ་ལས་མ་གཏོགས་གཞན་མེད་དོ། །དེ་ལྟར་ཀློད་པ་དེ་ཡང་སྔར་ལུས་དང་སེམས་བྲལ་གྱིན་བསླབ་པའི་གནད་ལས་བྱུང་བའོ། །དེའི་ཕྱིར་གནད་རྟོགས་པའི་གང་ཟག་ལ་ལུས་ཀྱི་གཞི་སྟོངས་པ་དེ་ལ་སེམས་མི་གནས་པ་ནི། ལུས་སེམས་ཀློད་པ་ཙམ་གྱིས་གནད་ལས་བྱུང་བའོ། །ཞེས་ནང་དོན་གཉིས་པ་ལུས་སེམས་གཉིས་འབྲེལ་བའི་གནད་ཀྱིས་སེམས་ཀྱི་བབས་བྱུང་ས་ལ་བཟླ་བར་བསྟན་ནས། ད་ནི་ནང་དོན་གསུམ་པ་སྐྱེས་པ་སྔ་ཕྱི་ལ་མི་གནས་པའི་གནད་ཀྱི་སེམས་ཀྱི་གོམས་སྟོབས་ལ་མི་གནས་པར་བསྟན་པར་བསྟན་པ་ནི། ལུས་རྗེས་སུ་སྤྱོད་པས་སེམས་སྟོང་པའི་རྟེན་བྱེད་ལ། དེ་གཉིས་ཀྱི་འབྲེལ་བ་རླུང་གི་འགྲོ་འོང་གཞི་ཟད་ནས་མེད་པའི་གནད་ནི་སྔར་རླུང་མཁའ་ལ་སྤུར་བ་ལས་བྱུང་བའོ། །དེས་ན་སྐྱེས་པ་སྔ་མ་རང་འགགས་ལ། དེ་ཉིད་ཐོག་ན་ད་ལྟ་མི་གནས། སྐྱེ་བ་ཕྱི་མའི་ལས་སུ་རྟོག་པ་ལ་མི་གནས་པས་ལྡོག་པའི་ས་དང་ཁུངས་འཛོལ་བས་གཞི་མེད་རྩ་བ་ཆད་པ་ཞེས་བྱའོ། །དེས་ན་རྟོག་པ་ཐ་དད་པ་འདི་བདེན་པ་མིན་པ་ཐམས་ཅད་མེད་པར་ཤེས་པས་རྫུན་གྱི་སྣང་བ་ཡིན་པར་གང་ཟག་གང་གིས་ཤེས་པ་ནི། ཁམས་གསུམ་ལ་མི་གནས་པ་ཞེས་བྱའོ། །དེས་ན་གནད་འདི་ཤེས་པ་ཙམ་གྱིས་གྲོལ་བ་ལས། གོམས་པ་རྒྱུད་ལ་བརྟེན་མི་དགོས་ཏེ། དེ་ཡང་གཞན་སྟོབས་མ་ཡིན་པ། རང་སྟོབས་ལ་བརྟེན་ནས་སྐད་ཅིག་མ་ལ་གཅིག་ཅར་དུ་ཁམས་གསུམ་ལས་གྲོལ་བར་འགྱུར་རོ། །ཞེས་ནང་དོན་གསུམ་པ་སྐྱེ་བ་སྔ་ཕྱིར་ལ་མི་གནས་
པའི་གནས་ཀྱི་སེམས་ཀྱི་གོམས་སྟོབས་ལ་མ་བརྟེན་པར་གྲོལ་བར་བསྟན་ནས། ད་ནི་ཡན་ལག་གི་དོན་བཞི་པ་ཁམས་གསུམ་དུ་ལྡོག་པའི་གཞི་སྟོངས་པར་ཕྱེད་པ་རླུང་གི་གནད་ཀྱིས་ཡལ་བའི་དུས་བསྟན་པ་ནི། དེ་ཡང་གཞི་ཟད་པས་འཁོར་བའི་རྟེན་སྟོངས་ལ་རྟོག་པ་གློ་བུར་བ་རང་ཡལ་བས་འགྱུ་བ་རྣམ་པར་དག་པས། འགྱུ་ཤེས་དྲན་པ་གཅོད་པས་ན་སྤུ་གྲིའོ། །དེ་ཡང་འགྱུ་བ་སྔ་ཕྱི་བར་རླུང་ཁ་ནས་ཕུལ་ཏེ་དེད་པས། སྟོང་སར་སྟོངས་ལ། ཡལ་སར་ཡལ་བས་རྟོག་པ་དང་བྲལ་བ་གང་གིས་འཁོར་འདས་ཀྱི་མཚམས་ངོ་མི་ཤེས་པ་ནི། དྲན་པ་ཁུངས་སུ་ཡལ་བས་སྐྱེ་མེད་ཀྱི་གདེང་འཆོས་པའི་རྣལ་འབྱོར་པ་ཞེས་བྱའོ། །དེ་ཡང་ངོ་གར་སྤྲད་ན་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། དེ་གཉིས་ཀྱི་བར་དུ་སེམས་ཉིད་མེད་པ་དང་བཅས་པའི་ཆོས་ཉིད་མཐོང་བས། རྒྱུ་ཁམས་གསུམ་དུ་ལྡོག་བྱའི་ལས་དང་ཉོན་མོངས་པ་སྟོང་ལ། དེ་ཉིད་སྟོངས་པས་འཁོར་བའི་རྒྱུ་ལས་དང་བག་ཆགས་འབྲས་བུ་སྡུག་བསྔལ་སྣ་ཚོགས་པའི་འབྲེལ་ཡེ་གྲོལ་མཐའ་ལ་མི་གནས་པར་ཆད་པས། བཞི་སྣང་འཁྲུལ་པ་ཡོད་ཅེས་པ་དང་། མེད་ཅེས་པའི་ལམ་རྒྱུ་རྐྱེན་རང་འགག་པའི་བར་དུ་སྟོར་པས་འཁོར་འདས་ཀྱི་འབྲེལ་ཆད་པའོ། །ཞེས་དེ་དག་གིས་ནི་སེམས་ཀྱི་དམིགས་གཉིས་སྤྱི་དོན་གཉིས་པ་སེམས་ཀྱི་བྱུང་ས་བཙལ་བས་འཁོར་བའི་གཞི་སྟོངས་པར་བསྟན་པ་ལ་ནང་དོན་བཞིར་བྱས་ནས་བསྟན་ཏོ། །ད་ནི་སྤྱི་དོན་གསུམ་པ་ལུས་སེམས་ཀྱི་འབྲེལ་བ་བརྟག་པ་ཁྱད་པར་དུ་ཆོས་ཉིད་སྐྱོན་ཡོན་རིག་པས་གྲུབ་པར་བསྟན་པ་ལ། ཡན་ལག་གི་དོན་གསུམ་གྱིས་བསྟན་
པའི་དང་པོ་ས་ལམ་གྱི་གོལ་ས་བཅད་པ་སེམས་ཀྱི་གཞི་རྩ་གཏན་ལ་དབབ་པར་བསྟན་པ་ནི། གལ་ཏེ་ཕྱིན་པར་འདོད་པ་ཡིས། །ཞེས་པ་ལ་སོགས་པས་བསྟན་ཏེ། གལ་ཏེ་ས་ལམ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པར་འདོད་པའི་ཐིག་པ་ནི་སླར་དེ་ཉིད་ཀྱིས་བཅིངས་ནས། སླར་འཁོར་ཏེ་སྔ་མའི་ས་འཁོར་བའི་ལས་རྒྱུ་འབྲས་ཀྱི་ལས་ཀྱི་འབྲེལ་གྱིས་ཡང་དང་ཡང་དུ་དེ་ཉིད་འཁོར་བ་ལས་མ་གཏོགས་པ་མེད་པས་ས་དང་ལམ་གཙོ་བོར་བྱེད་པའི་ཐེག་པས་དགོས་པ་ཅི་ཡང་མེད་པས་ན། དེ་ཡང་སྔ་མའི་ས་ལ་གནས་པས་གཞན་ལ་འཇུག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ན་ཞེ་འདོད་དང་བཅས་པའི་ཆོས་ཀྱི་སེམས་རྟོག་པ་སྣ་ཚོགས་སུ་ཁྲིད་ནས་ལུས་དང་། ངག་དང་། ཡིད་ཀྱི་གནས་ངན་ལེན་དུ་བྱེད་པའི་འགྲོ་བ་མ་དག་པ་ནི། ཁམས་གསུམ་འཁོར་བའི་གཞི་འཛིན་པ་ལས་འགྲོ་ས་གཞན་མེད་དོ། །དེ་གཏན་ཚིགས་གང་གིས་འཛིན་ན། རང་གི་སེམས་ཡོད་པ་དང་། མེད་པ་དང་། སྣང་བ་དང་། སྟོང་པ་ལ་རྟོག་པ་ཉིད་ཀྱིས་བཅིངས་པའི་ཕྱིར་ན། ཐེག་པ་ཐུན་མོང་བའི་གྲུབ་པའི་མཐའ་འཛིན་པའི་འགྲོ་བ་རྣམས་ཁམས་གསུམ་གྱི་སར་ཡང་ནས་ཡང་དུ་འཁོར་བ་ལས་འགྲོ་ས་གཞན་མེད་པས་སོ། །དེའི་ཕྱིར་ན་སེམས་ནི་དྲན་བསམ་རྟོག་པ་སྣ་ཚོགས་འདུས་པའི་ཕྱིར། འགྲོ་བ་ཐ་དད་པའི་གཟུགས་ཅན་དུ་འཁོར་བ་ལས་མེད་པའི་ཕྱིར་རོ། དེ་ལྟར་ཁམས་གསུམ་གྱི་ཁ་ཡང་ནས་ཡང་དུ་འཁོར་བ་ལས་མེད་པའི་ཕྱིར་ན། འཁོར་བ་ཁམས་གསུམ་པའི་སྤྱོད་ཡུལ་ལས་མ་རྟོག་པ། འདས་པ་རྣམ་པར་ཐམས་ཅད་
མཁྱེན་པའི་རང་བཞིན་ཅན་གཉིས་སུ་ཅིས་ཏེ་འབྱུང་བར་རིགས་ཏེ། གལ་ཏེ་རིགས་ན་འཁོར་བའི་མཚན་ཉིད་སྟོང་པས། འདས་པའི་མཚན་ཉིད་ཀྱང་མཐོང་བར་རིགས་ལ། འདས་པའི་མཚན་ཉིད་མཐོང་ན་འཁོར་བ་གྲུབ་པ་ཅིས་རིགས་ཏེ། གཉིས་ཕན་ཚུན་འགལ་བར་ཚ་རེག་དང་གྲང་རེག་བཞིན་ནོ། །གལ་ཏེ་སེམས་ལ་ལྟོས་པས་འགྲོ་བ་དྲུག་གི་གཟུགས་ཐ་དད་པ་ལ་མི་གནས་ན་རང་གི་འདོད་པའི་ལས་དང་བག་ཆགས་མི་བདེན་པའི་སྐྱོན་སྤང་བར་མི་ནུས་ཏེ། བག་ཆགས་ཀྱི་འབྲེལ་མ་ཆོད་པར་འདུག་པར་ལུང་རིག་གིས་ཤེས་སོ། །ས་ལམ་ལ་སོགས་པས་ཡང་བག་ཆགས་ཀྱི་སྡེབ་བསོག་པ་ལ་བརྟེན་པས་སོ། །རིག་པ་ནི་རྒྱུ་འབྲས་རྗེས་མེད་ཀྱི་རིག་པས་འགྲུབ་སྟེ། རྒྱུས་ལམ་ལ་སོགས་པ་སྦྱོར་བ་ཡོད་དོ་རེ་ཤེ་ཡང་། འབྲས་བུ་དེའི་ཐོག་ཏུ་མི་གནས་ཏེ་རྗེས་མེད་པའི་ཕྱིར། དཔེར་ན་ཆུ་ལ་བྲིས་པ་བཞིན་ནོ། །དེ་ཡང་སེམས་སྟོང་པ་དང་། ལུས་དངོས་པོ་གཉིས་ལ་འབྲེལ་བ་མེད་པར་མ་ཤེས་ན། ཁམས་གསུམ་གྱི་གཞི་སྟོངས་མི་སྲིད་པ་ནི། འབྲེལ་བར་གཅོད་གཞི་མེད་ཀྱི་གཏན་ཚིགས་ཀྱིས་འགྲུབ་སྟེ། ལུས་དངོས་པོ་རྫས་སུ་གྲུབ་པ་གཅིག་དང་སེམས། སྟོང་པ་དང་རྩ་བ་གཉིས་དང་པོ་རྒྱུ་མི་གཅིག་པས་རྒྱུ་བདག་ཉིད་གཅིག་པའི་འབྲེལ་པ་ཡང་མེེད་ལ། རྒྱུ་གཅིག་ན་ལུས་སེམས་བྲལ་བའི་ཚེ་ལུས་དངོས་པོ་འདི་བོར་ནས་རོ་འོང་བ་བཞིན་དུ། སེམས་ལ་ཡང་དངོས་པོ་ཡོད་ན་རོ་འོང་བར་འགྱུར་ཏེ། སེམས་ལ་དངོས་པོའི་རོ་མེད་པས་སོ། །དེ་ལས་བྱུང་བའི་འབྲེལ་བ་ཡང་མེད་དོ། །ལུས་ལས་སེམས་མ་བྱུང་བས་སེམས་དངོས་སུ་མི་སྣང་ལ།
སེམས་ལས་ལུས་མ་བྱུང་བས་ན་ལུས་དངོས་པོར་གསལ་བའོ། །དེ་ཡང་གལ་ཏེ་ལུས་ལས་སེམས་བྱུང་ན་སེམས་དངོས་པོར་ཐལ་བའི་སྐྱོན་སྤང་བར་མི་ནུས། སེམས་ལས་ལུས་བྱུང་ན་སེམས་སྟོང་པ་རྒྱུ་མཚན་དང་བཅས་པ་སུས་ཀྱང་མཐོང་བ་མེད་པ་བཞིན་དུ། ལུས་ཀྱང་རྒྱུ་མཚན་སུས་ཀྱང་མཐོང་བ་མེད་པར་རིགས་ཏེ། མངོན་སུམ་གྱིས་གསལ་ལོ། །དོན་དམ་པ་ལ་གྲུབ་པ་མེད་དོ་ཞེ་ན། དོན་དམ་པར་ཆོས་དང་གང་ཟག་ལ་སོགས་པ་གང་ལ་ཡང་གྲུབ་པ་མེད་པར་འདོད་རྟོག་གོ། དེས་ན་ལུས་འབྱུང་བ་ཕྲ་རགས་ལས་གྲུབ་པ་དང་། སེམས་སྟོང་པ་ངོ་བོ། །ངོས་བཟུང་ལས་འདས་པ་གཉིས་ལ་འབྲེལ་པ་ཡོད་ན་གཏན་ཚིགས་གང་གི་ཕྱིར་འབྲེལ་པ་ཡོད་དེ། །དེ་རིག་པས་ཀྱང་མི་འཐད་དོ། །དངོས་པོ་དང་དངོས་པོ་མ་ཡིན་པ་ཁྱད་པར་མི་རྙེད་དོ། །ནམ་མཁའ་ཡང་རྫས་སུ་ཐལ་བའི་སྐྱོན་སྤང་བར་མི་ནུས་སོ། །དེའི་ཕྱིར་ན་སེམས་ཀྱང་བརྡའ་ཙམ། ལུས་ཀྱང་བརྡའ་ཙམ་ལས་དོན་གཉིས་སུ་འབྲེལ་བ་ཤེས་བྱ་མི་སྣང་བའི་ཕྱིར། དཔེར་ན་ནམ་མཁའ་དང་གཟུགས་བརྙན་བཞིན་ནོ། །དེའི་ཕྱིར་ན་རྟོག་པའི་མཐའ་ཉེ་བར་དྲན་པ་དང་ལྡན་པ་ལ་འཁྲུལ་པ་དང་མ་འཁྲུལ་པར་འཛིན་པ་ཅི་ཞེས་བློའི་རིམ་པས་རྟོགས་པས་སོ། །ཞེས་ནང་དོན་དང་པོ་ས་ལམ་ཀྱི་གོལ་ས་བཅད་པ་སེམས་ཀྱི་གཞི་རྩ་གཏན་ལ་དབབ་པར་བསྟན་ནས། ད་ནི་ནང་དོན་གཉིས་པ་ལྟ་སྒོམ་ལ་མ་བརྟེན་པས་གྲོལ་བའི་མཚན་ཉིད་གཏན་ལ་དབབ་པར་བསྟན་པ་ནི། བཀོད་ཅིང་དབྱེ་བ་རྟོགས་པ་ལ་
ཞེས་པ་ལ་སོགས་པས་བསྟན་དེ། ཕྱི་ནང་བའི་བཀོད་པས་གཟུགས་ཆོས་ཉིད་དུ་འཆར་བ་དང་། ནང་གཟུགས་ཀྱི་བཀོད་པས་ཕུང་པོ་ཡེ་སངས་རྒྱས་པ་དང་། གསང་བ་སེམས་ཀྱི་བཀོད་པས་སྟོང་པ་ཉིད་རྒྱུ་རྐྱེན་དང་བྲལ་བར་རྟོག་པ་དང་། དེ་ཁོ་ན་ཉིད་ཚིག་གི་བཀོད་པ་ལ་བརྟེན་ནས་བརྗོད་དུ་མེད་པའི་དོན་རྟོགས་པའོ། །དེ་ལྟར་བཀོད་པའི་དབྱེ་བ་བཞིས་མངོན་སུམ་དུ་རྟོགས་པ་ལ། ཐ་སྙད་བཏགས་པ་རྣམ་གྲངས་ཀྱི་ཆོས་དགོངས་པས་ཅི་ཞིག་བྱ་སྟེ། ཕྱི་སྣང་བ་ལ་སོགས་པའི་མ་རྟོགས་པའི་ཆོས་ལ་སོགས་པ་མེད་དོ། །སེམས་ལས་བྱུང་བ་དང་། དེའི་དྲན་པས་ཚོར་བ་རང་སར་ཡལ་ལ། སེམས་འཛིན་དང་ཞེ་འདོད་ཀྱི་ལྟ་བ་དང་། དམིགས་གཏད་དང་བཅས་པའི་སྒོམ་པ་ཅི་ལ་དགོས་ཏེ། གནད་ཤེས་པའམ་མཐོང་བ་ཙམ་གྱིས་གྲོལ་བས་སོ། །བརྟགས་པ་རྣམ་གྲངས་ཀྱི་ཆོས་ཀྱིས་རང་གིས་སེམས་བཅིངས་པ་ལས་ཕན་པ་གང་དུ་མ་གྲུབ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱ་བ་དང་བྱེད་པ་ལ་ཡིད་བརྟགས་པས་སླར་དེ་ཉིད་ཀྱིས་ཁམས་གསུམ་དུ་འཆིང་བར་བྱེད་དེ། དཔེར་ན་ཐག་པའི་སྒྲོག་གིས་འཆིང་བ་དང་། གསེར་གྱི་སྒྲོག་གིས་འཆིང་བ་ལས་འཆིང་བྱེད་ལ་ཁྱད་མེད་པར་དང་འདྲའོ། །ཆོས་ཀྱིས་སེམས་ཆིང་པས་ན་དེ་ལས་མ་གཏོགས་པའི་གྲོལ་བར་བྱེད་པ་སུ་ཞིག་ཡིན་ཞེ་ན། ལུས་དང་སེམས་འབྲེལ་བ་མེད་པར་རྟོགས་ན། རྣལ་འབྱོར་པ་ལ་དམིགས་གཏད་བློ་དང་བཅས་པའི་སྒོམས་པས་ཆོས་ཉིད་གནད་གྲོལ་བར་འདོད་པར་ཅི་ཞིག་ཡོད་དེ། མ་བསྒོམས་ལྷུག་པར་གནས་པའི་ཆོས་ཉིད་ལ་བསྐྱར་མི་དགོས་སོ། །ཞེས་
ནང་དོན་གཉིས་པ་ལྟ་བསྒོམ་ལ་མ་བརྟེན་པར་གྲོལ་བའི་མཚན་ཉིད་གཏན་ལ་དབབ་པ་བསྟན་ནས། ད་ནི་ནང་དོན་གསུམ་པ་ཆོས་ལས་གྲོལ་བ་རང་ཡལ་བའི་མཚན་ཉིད་དཔེ་ལ་བརྟེན་ནས་རྟོགས་པར་བསྟན་པ་ནི། རང་ཡལ་དཔེ་དང་བཅས་པ་ལ། ཞེས་པ་ལ་སོགས་པས་བསྟན་ཏེ། གཞན་རྣམ་པར་བཅད་པས་རང་ལས་མ་རྟོགས་པའི་ལོགས་པའི་ཆོས་མེད། དེ་ཡང་གཞན་གྱིས་བྱས་པའམ། བཅོས་པ་མ་ཡིན་པར་དེ་ཉིས་སྟོང་སར་སྟོང་བས། ཡལ་བ་ནི་དཔེ་ཞེས་པ། དཔེར་ན་ནམ་མཁའ་ལ་སྤྲིན་ཡལ་བས་སྒྲིབ་བྱེད་གང་གིས་ཀྱང་ཕན་གནོད་མེད་ལ། རྒྱ་མཚོའི་རླབ་རང་ཡལ་བས་འདིར་སོང་གི་གཏད་མེད་ལ། སྨྱོན་པའི་ཤེས་པ་རང་ཡལ་བས་དྲན་པའི་སྟོབས་ཉམས་ལ། སེམས་ལ་རྣམ་རྟོག་གློ་བུར་བ་རང་ཡལ་བས་དྲན་བསམགྱི་ཁུངས་འགག་པའོ། །དེ་ཡང་གནད་དེ་མཐོང་བས་གྲོལ་ལ། གང་མཐོང་གི་དམིགས་གང་སྔས་རྟོག་པ་ཆོད་པ་ལྟ་བུ་དང་། ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་ཕྱིས་མཐོང་བ་ཙམ་གྱི་ངོ་ཤེས་པ་ལྟ་བུ་དང་། གནད་དེ་གོམས་པས་གྲོལ་བ་བྲམ་ཟེའི་ཕྲུག་གུ་རིག་བྱེད་ཀྱི་རྨིང་འབྱོངས་བ་ལྟ་བུའོ། །དེ་ཡང་དཔེ་ངོ་སྤྲོད་དང་བཅས་པས་གྲོལ་བའོ། །དེའི་ཕྱིར་ན་བསྟན་པས་མཐོང་ལ་མཐོང་བས་ཤེས་ལ། ཤེས་པས་གྲོལ་བས་ན་དེ་ཉིད་དུ་རྟོགས་པས་བྱ་བ་ཅུང་ཟད་ཙམ་ཡང་མེད་པའི་ཕྱིར། དེར་གང་གིས་ཤེས་ན་དང་པོ་དྲན་བསམ་བྱུང་བའི་ལམ་རླུང་གི་འགྱུ་བ་ཐ་དད་པ་དྲན་མེད་ཀྱི་ངང་དུ་གཏོང་བས། མཐོང་བ་དང་ཚོར་བའི་རྐྱེན།
འགྱུ་བྱེད་སྣ་ཚོགས་པ་རྐྱེན་མེད་ཀྱི་ཀློང་དུ་འགགས་པས་གང་ཟག་འདི་ནི་བརྟགས་པ་རྣམ་གྲངས་ཀྱི་ཆོས་ཞེ་འདོད་དང་བཅས་པ་ལས་གྲོལ་བའོ། །ཞེས་དེ་དག་གིས་ནི་སྤྱི་དོན་གསུམ་པ་ལུས་སེམས་ཀྱི་འབྲེལ་བ་བརྟག་པ་ཁྱད་པར་ཆོས་ཉིད་ཀྱི་སྐྱོན་ཡོན་རིག་པས་འགྲུབ་པར་བསྟན་པ་ལ་ཡན་ལག་གི་དོན་གསུམ་དུ་བྱས་ནས་བསྟན་ནས། ད་ནི་སྤྱི་དོན་བཞི་པ་ཡིན་ཚུལ་སྟོང་པ་ངོས་བཟུང་བ་གོལ་ས་དགག་པར་བསྟན་པ་ལ། ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ་ཆོས་དང་རྟགས་ངེས་པ་རྟོགས་པར་བསྟན་པ་ནི། དེ་ལ་ཕྱི་སྣང་བ་ལ་རྟོག་པ་ནི་ཀུན་བརྟགས་འགེགས་པའི་གཞི། ནང་དབང་པོ་ལ་རྟོག་པ་དངོས་པོ་འགེགས་པའི་ལམ། གསང་བ་འགྱུ་བ་རྟོག་པ་དང་དྲན་རིག་འགེགས་པའི་འབྲས་བུའོ། །དེ་ཡང་ཕྱི་ཡུལ་ལ་གནས་པས་འབྱུང་རྐྱེན་རང་གྲོལ། ནང་སེམས་ལ་གནས་པས་བྱུང་ཚོར་རང་ཡལ་བ་དང་། དྲན་རིག་སེམས་སུ་ཆོད་པས་འཁྲུལ་པ་རང་དག །སེམས་ཉིད་རྩ་མེད་ཆོད་པ་ནི་འཁོར་བ་གཏིང་ནས་བཟློག་པའོ། །དེ་ཡང་ཡུལ་དམིགས་པ་དྲན་པ་གློ་བུར་བ་དང་། དེ་ལུས་ལས་སྐྱེས་པའི་ཕྱིར་ན། ལུས་བོར་བ་དང་། དྲན་པ་ཁུངས་སུ་ཡལ་བའི་གནད་དོ། །དེ་ཉིད་སྟོང་ཉིད་བརྗོད་གཞི་དང་བྲལ་བའི་ངང་དུ་འགག་པ་ནི་འདུས་མ་བྱས་པའི་ཆོས་སོ། །ཕྲ་བ་ཤེས་པ་དང་། ཡང་བ་རླུང་དང་། འགྱུ་བ་བློ་སྟེ། ཤེས་པར་རང་ཡལ་བས་བྱུང་ཚོར་གྱི་སྒོ་འགགས། རླུང་གིས་ལས་རྫོགས་པས་རྣམ་རྟོག་གི་གཞི་སྟོངས་ལ། བློ་ཆོས་ཉིད་འགྱུར་བ་ནི་སྐྱེ་མེད་དྲོད་ལ་ཕེབས་པའི་རྟགས་སོ། །ཞེས་
ནང་དོན་དང་པོ་ཆོས་དང་རྟགས་ངེས་པར་རྟོགས་པར་བསྟན་ནས། ད་ནི་ནང་དོན་གཉིས་པ་སེམས་ཀྱི་རྒྱུ་རྐྱེན་འབྲས་བུ་མེད་པའི་གནད་བསྟན་པ་ནི། དེ་ཡང་དང་པོ་སེམས་ལ་རྒྱུ་མེད་པས་ཁམས་གསུམ་འཁོར་བའི་འཕེལ་བ་མེད་པ་ནི་གཞི་མེད་རྩ་མེད་དུ་རྟོགས་པ་ལས་བྱུང་ལ། སེམས་ལས་རྐྱེན་མེད་པས་སྣང་བ་ཀུན་སྤངས་པ་ནི་ཅིར་སྣང་ཆོས་ཉིད་དུ་ཤེས་པ་ལས་བྱུང་བའི། སེམས་ལ་འབྲས་བུ་འཁོར་འདས་སུ་གྲུབ་པ་མེད་པར་སྣང་བ་དང་། ཤེས་པ་དང་། སྐུ་དང་ཡེ་ཤེས་ཀྱི་ས་བོན་འཁོར་འདས་གོ་ལྡོག་པའི་བར་དུ་སྟོར་བ་ནི། ཆོས་ཉིད་ཀྱི་འགྱུར་བ་ཤེས་པ་ལས་བྱུང་བའོ། །ཞེས་དེ་དག་གིས་ནི་སྤྱི་དོན་བཞི་པའི་ཡིན་ཚུལ་སྟོང་པ་ངོས་བཟུང་བ་གོལ་ས་དགག་པ་བསྟན་པ་ལ་ནང་དོན་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་དམིགས་གཉིས་པའི་སྤྱི་དོན་ལྔ་པ་ལུས་ངག་ཡིད་གསུམ་གློད་པས་སེམས་ཀྱི་མལ་ས་ངོ་ཤེས་པར་བསྟན་པ་ལ། ཡན་ལག་གི་དོན་བཞིས་བསྟན་པའི་དང་པོ་བསྒྲུབ་བྱ་ཁྱད་པར་གྱི་མཚན་ཉིད་གཏན་ཚིགས་དང་བཅས་ཏེ་བསྟན་པ་ནི། སྟོང་པ་སྤྱོད་པ་མེད་པའི་ཡེ་ཤེས་གང་། ཞེས་པ་ལ་སོགས་པས་བསྟན་ཏེ། སྟོང་པ་སེམས་ལས་མ་བྱུང་པའི་ཡིད་དཔྱོད་བློའི་འགྱུར་བ་མེད་པའི་ཕྱིར་ད་ལྟའི་ཡིད་ཀྱི་རྟོག་པ་གློ་བུར་བར་ཤེས་པ་ཐ་དད་པ་འདི་གང་ལས་བྱུང་ཞེ་ན། ཐོག་མ་འཕེན་པ་ལས་ཀྱི་རླང་མ་དག་པ་ལས་བྱུང་སྟེ། དེའི་གནད་དུ་རླུང་གི་འགྱུ་བ་ཕྱིར་འཕང་བ་གནད་ཡིན་ནོ། །འགྲོ་ཀུན་སེམས་ཀྱི་ཁང་བུ་བཤིག་པས་གྲོལ་བའི་གནད་ནི་རླུང་ལ་བརྟེན་པས་འགྱུ་བ་མེད་པའི་འགྲོ་འོང་ཞེས་བྱ་སྟེ། དེ་ནི་དྲན་རིག་
སྣ་ཚོགས་སུ་སྣང་བའི་སེམས་དེ་གང་ཡིན་ཞེ་ན། ཐོག་མ་གཞི་མེད་རྩ་མེད་དུ་ཤེས་པ་ལས་བྱུང་སྟེ། དེའི་གནད་དུ་རླུང་ཡིད་ཙམ་ནང་དུ་རྡུབ་པའོ། །སེམས་ལ་རྒྱུ་རྐྱེན་གང་དུ་ཡང་མ་གྲུབ་པས་ལས་མེད་པས། ཉོན་མོངས་བདག་ཏུ་རྟོག་པའི་སྒྲིབ་པ་ཟད་པའི་ཕྱིར། ལུང་ལས་མ་བྱུང་བའི་གྲུབ་མཐའ་ཞེས་བྱ་སྟེ། གཞི་དངོས་པོའི་གཤིས་ཞེས་བྱ་བ་དེ་ཅི་ཡིན་ཞེ་ན། སེམས་ཉིད་དྲན་བསམ་གློ་བུར་བ་འདུས་པའི་འཁོར་ལོར་མ་ཤེས་པ་ལས་བྱུང་བའོ། །དེའི་གནད་དུ་གློ་བུར་གྱི་ཤེས་པ་ནམ་མཁའ་ལ་འཕངས་པ་གནད་ཡིན་ནོ། །སེམས་ནི་ཐོག་མ་གང་ནས་ཀྱང་མ་འོངས་ད་འགྲོ་བའི་ས་མེད་པའི་ཕྱིར། སེམས་ལས་རྟོག་པ་སྣ་ཚོགས་སུ་འཇུག་པའི་ཡུལ་དེས་སུ་ཡིན་ཤེས་ན། སྣང་རྟགས་རང་གྲོལ་བའི་ཆོས་ཉིད་དུ་མ་ཤེས་པ་ལས་བྱུང་བ་སྟེ། དེའི་གནད་དུ་གང་སྣང་གི་སྟེང་དུ་གང་འགྱུས་བཞག་པ་ཡིན་ནོ། །དེའི་ཕྱིར་ན་ཀུན་གཞི་ལས་མ་བྱུང་བའི་ཆོས་སྐུ་ཞེས་བྱའོ། །སེམས་ཀྱི་རྟོག་པ་རྣམས་རང་ཡལ་བས་གང་དུ་ཡང་འཁོར་ས་མེད་པའི་ཕྱིར། གདམས་ངག་ལས་མ་བྱུང་བའི་ལྟ་སྒོམ་ཞེས་བྱ་སྟེ། དེའི་ཕྱིར་ན་འགྲོ་བ་དྲུག་གི་གནས་སྟོངས་པས་རླུང་གི་འགྲོ་བའི་ལམ་ཟད་པའི་ཕྱིར། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་ཅི་ཡིན་ཞེ་ན། གཉིས་མེད་གཞི་གྲོལ་དུ་ཤེས་པ་ལས་བྱུང་སྟེ། དེའི་གནད་དུ་སྒྱུ་མ་དང་རྨི་ལམ་གྱི་རྗེས་ལྟ་བ་གནད་ཡིན་ནོ། །དེའི་ཕྱིར་ན་གོམས་པ་ལས་མ་བྱུང་བའི་ཉམས་མྱོང་ཞེས་བྱའོ། །ཞེས་ནང་དོན་དང་པོ་བསྒྲུབ་བྱ་ཁྱད་པར་གྱི་མཚན་ཉིད་གཏན་ཚིགས་དང་བཅས་ཏེ་བསྟན་ནས། ད་ནི་དམིགས་གཉིས་པའི་བསྡུས་དོན་བཞི་པའི་ནང་དོན་གཉིས་པ་སྐྱེ་ཤི་ལ་བཟླ་བ་འཁྲུལ་གཞི་རང་སྟོངས་པར་བསྟན་པ་ནི། སྐྱེ་བས་ནི་དྲན་པ་གློ་བུར་བ། ཤི་ལ་ནི་དེ་ཉིད་ཡལ་སར་ཡལ་བར་རྗེས་མེད་པའོ། །ཤི་བས་ནི་དེའི་རྗེས་
མ་བཅད་པར་རང་སར་བཞག་ནས་ཤེས་བཞིན་གྱི་རྩིས་ཐེབས་པའོ། །ཤི་བས་ནི་དྲན་རྟོག་ཟད་སར་ཟད་པས་ལས་དང་ཉོན་མོངས་པ་ཡལ་བའོ། །ཡལ་བས་དྲན་པར་དབྱིངས་སུ་ཐིམ་པས་མཐའི་རྟོག་པ་འགགས་ལ། དངོས་པོ་རང་རྒྱུད་དུ་འཛིན་པ་སྟོངས་ལ། རྟོག་པ་རགས་པ་རྣམས་མཐར་གྱིས་སྟོངས་པས་འཁྲུལ་པ་ལོག་པའི་ཤེས་པར་སྣང་བ་མེད་པའོ། །ཞེས་ནང་དོན་གཉིས་པ་སྐྱེ་ཤི་ལ་ལྟ་བས་འཁྲུལ་གཞི་རང་སྟོངས་པར་བསྟན་ནས། ད་ནི་ནང་དོན་གསུམ་པ་རླུང་གི་གནད་ལ་བརྟེན་ནས་རྟོག་པ་ཡལ་བར་བྱེད་པའི་ཐབས་བསྟན་པ་ནི། རླུང་ཤེས་ནམ་མཁའ་ལ་འཕངས་པས་འཁྲུལ་པ་ལོག་པའི་ཤེས་པ་སྣང་བ། སྣང་བ་ཕྱི་རོལ་གྱི་ཡུལ་ལ་སྣང་བ་ནི། ཆོས་ཉིད་མངོན་སུམ་དུ་སྣང་བ་སྟེ། དེ་ལས་མ་འདས་པས་སྒྲོ་འདོགས་པའི་ཚིག་གི་མཐའ་ཆོད་པའོ། །ཡེ་ཤེས་ཀྱི་སྣང་བས་རང་བྱུང་གི་ཡེ་ཤེས་ཉིད་གཉེན་པོ་ལས་འདས་པའོ། །ལུས་ངག་སོ་གློད་པས་རླུང་གྱེད་ལ་དབང་ཐོབ་པའོ། །སེམས་སོ་གློོད་པས་རླུང་གི་དལ་བ་རྙེད་པས། འཁྲུལ་པ་དུས་གཅིག་ལ་འགགས་པས། ཆོས་ཉིད་ཀྱི་གཞི་ཡངས་ལ། དེའི་ཕྱིར་ན་སེམས་མ་བཅོས་ན་གསལ་བ་སྟེ། དཔེར་ན་ཆུ་མ་རྙོག་ན་རང་དྭངས་པ་ལྟ་བུའོ། །ཆོས་ཉིད་ཇི་ལྟར་ཚད་དུ་ཤར་བས་ཡངས་པ་སྟེ་གང་ལ་བརྟེན་ནས་ཀྱང་གྲོལ་བས་ན། རྟོག་པ་རགས་པ་རྣམས་འཆིང་བ་ནི་རླུང་སེམས་ཕྱིར་ཁ་ནས་གཏོན་ནས་འཕངས་པ་ལས་བྱུང་བའོ། །དེ་ཡང་ཕྱི་རོལ་གྱི་ཡུལ་ལ་ཆོས་ཉིད་གསལ་བས་རྣམ་པར་རྟོག་པ་ཐམས་ཅད་དུས་
གཅིག་ལ་ནུབ་པ་ནི། ཆོས་ཉིད་རང་ངོ་ལ་ཐིམ་པ་ཞེས་བྱའོ། །དེ་ལྟར་རྣམ་རྟོག་ནུབ་པས་དྲན་པ་རང་ཡལ་བ་ནི་ཆོས་ཉིད་མ་ཐོག་ཏུ་ཐིམ་པ་སྟེ། དྲན་པ་རླུང་གིས་འགྲོ་འོང་གིས་བཅད་པ་ཞེས་བྱའོ། །ཞེས་ནང་དོན་གསུམ་པ་རླུང་གི་གནད་ལ་བརྟེན་ནས་རྟོག་པ་ཡལ་བའི་ཐབས་བསྟན་ནས། ད་ནི་ནང་དོན་བཞི་པ་སེམས་ལ་གནོད་པ་གྲུབ་མཐའི་བློས་བཏགས་ཀྱིས་ཆོས་ཀྱི་གོལ་ས་རྣམ་པར་བཅད་པ་བསྟན་པ་ནི། ལུས་སེམས་བདེ་བར་འདོད་པའི་སེམས་ཀྱི་འགྲོ་འོང་ལ་རྟོག་པའི་ཆོས་ཀྱིས་འཆིང་བ་ལས། ཆོས་ཉིད་རྟོག་པ་ལ་ཕན་པ་ཅི་ཡང་མེད་པས་ན། དེ་ནི་རྟོག་པ་འདུས་པ་འབའ་ཞིག་ཡིན་པས་ན། བྱ་བ་དང་བྲལ་བའི་ཆོས་མ་ཡིན་ནོ། །ཚིག་གིས་རང་གི་ཚིག་སྐྱོབ་པ་ལ་གཞན་གྱི་ཆོས་ཚིག་ལ་གནོད་པའི་རིག་པ་སྟོང་པའི་གྲུབ་མཐས་བློ་སྤྲོས་པ་དང་བཅས་པས་གཞན་པ་ལས་ཕན་པ་ཅི་ཡང་མེད་པའོ། །དེའི་ཕྱིར་ན་ཆོས་ཉིད་གནད་ཐོག་ཏུ་གྲོལ་བའི་མན་ངག་ནི་ཤེས་པ་ཙམ་གྱིས་གྲོལ་བས་སོ། །ཡང་ཁ་ཅིག་བློ་དང་བཅས་པས་བསྒོམ་པས་སེམས་མ་ཤེས་པ་གཟེངས་བསྟོད་ནས། ལུས་ཀྱང་བཅོས་ནས། ཤེས་པ་ལ་སྒྲིན་བསྐུར་ནས། སེམས་རང་གསལ་ཙམ་ལ་ངལ་སོས་ནས། རང་རིག་གསལ་བ་མྱོང་བ་ལ་བདེ་བར་འདོད་པས་ནི། སླར་འཁོར་བའི་ནང་གནས་ཀྱི་གཟུགས་མེད་པ་རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་དུ་འཇུག་པར་བྱེད་པ་ལས། ཁམས་གསུམ་ལས་འཆོས་པའི་ཆོས་མ་ཡིན་ནོ། །དེའི་ཕྱིར་ན་མ་བཅོས་རང་བཞག་ཆེན་པོའི་གནད་གཟིར་བས་འཁྲུལ་སྣང་འཁོར་བ་རྒྱུན་ཆད་པའོ། །ཡང་རྩོལ་བས་ཡུལ་འཚོལ་བའི་སྒོམ་པ་
ལུས་སྐྱིལ་ཀྲུང་དུ་བཅས་ནས། རླུང་ཕྱིར་འགྲོ་བ་བཀག་ནས་ལུས་ཀྱི་ནང་དུ་སྡིགས་ནས་བསྒོམས་ལ། སེམས་ཀྱི་འགྱུ་བ་ལ་རྟོག་པས་རང་གི་སེམས་ཀྱི་མཚན་ཉིད་སྟོང་པ་ངོས་བཟུང་དང་བྲལ་བ་མི་ཤེས་ཏེ། དེའི་ཕྱིར་ན་སེམས་ཀྱི་སེམས་ལ་བལྟས་པས་རྗེས་མེད། སྣང་བ་སྣང་ཐོག་ནས་གྲོལ་བས་འཁོར་རྐྱེན་ཆོས་ཉིད་དུ་ཤར་བ་དང་། ཤེས་པ་དང་། ཤེས་པ་འགྱུ་ཐོག་ནས་གྲོལ་བས། དྲན་བསམ་རང་ངོ་ལ་ཡལ་བའི་གནད་སེམས་ཀྱིས་ཟད་ས་མི་ཤེས་པས་དེ་དག་གིས་སླར་ཁམས་གསུམ་དུ་འཆིང་བ་ལས་མ་གཏོགས་པ་གཞན་ཅི་ཡང་མེད་དོ། །ཡང་ལུས་ཀྱི་བྱ་བ་རྒྱན་ཆ་སྣ་ཚོགས་པས་བརྒྱན་ནས། དུར་ཁྲོད་ལ་སོགས་པར་ཡན་ལག་གི་བྱེད་པ་སྣ་ཚོགས་པས་ལམ་དུ་སློང་བར་བྱེད་པའི་སྤྱོད་པས་བཅིངས་པ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་སུ་བྱེད་པ་ལས་མ་གཏོགས་པ། ཆོས་ཉིད་རང་ཐོག་ཏུ་ཕེབས་པ་མ་ཡིན་ནོ། །དེའི་ཕྱིར་སྣང་བས་རྟོག་པ་དུ་མའི་ཞེན་པ་གཅོད་པའི་གནད་མེད་པར། དྲན་བསམ་ཡུལ་གྱི་རྟོག་པ་སྡུད་པས་ཁམས་གསུམ་དུ་འཁྲིད་པར་བྱེད་པའོ། །ཡང་དཀྱིལ་འཁོར་དང་རྫས་ལ་བརྟེན་ནས་ལུས་ལ་དབང་བསྐུར་བ་ལ་བརྟེན་ནས། སེམས་ལ་བྱིན་རླབས་འཆར་བ་འདོད་པས་ནི། སླར་ཡང་ཁམས་གསུམ་དུ་འཆིང་བར་བྱེད་པའོ། །དེའི་ཕྱིར་རང་བཞིན་མ་བཅོས་རྣལ་མའི་རྒྱ་མེད་པར། ཀུན་བརྟགས་ཡུལ་ལ་གཙོར་བྱེད་པས་རང་རིག་གི་གནད་མི་མཐོང་བའོ། །དེ་དག་གིས་བསྡུས་པའི་དོན་ལྔ་པ་ལུས་ངག་ཡིད་གློད་པ་ཙམ་གྱིས་སེམས་ཀྱི་ཡལ་ས་ངོ་ཤེས་པར་བསྟན་པ་ལ་ཡན་ལག་གི་དོན་བཞིར་བྱས་
ནས་བསྟན་ཏོ།། །།ད་ནི་སྤྱི་དོན་དྲུག་པར་ཆོས་ཉིད་དེ་གློད་པ་རང་གི་གནད་དང་ཚད་བསྟན་པ་ལ་ཡན་ལག་གི་དོན་དྲུག་གིས་བསྟན་པའི་དང་པོ། སེམས་གློད་པའི་གནད་ཀྱིས་བཅོས་གོལ་བར་བསྟན་པ་ནི། གང་གིས་མ་བཅིངས་སེམས་འདི་ཉིད་ཅེས་པ་ལ་སོགས་པས་བསྟན་ཏེ། དྲན་པ་དང་རྟོག་པ་གང་གིས་ཀྱང་མ་བཅིངས་པར་རང་སོ་ན་གནས་པ་སེམས་འདི་ཉིད་ནི། གང་སྣང་གི་སྟེང་དུ་བཞག་པས་ཤེས་པ་གཅོད་བྱེད་ཕྱིར་མ་བལྟས། ཡིན་པ་ལ་བདག་ཏུ་མེད་པ་ཞེས་བྱའོ། །དེ་ཡང་རང་སྣང་གི་སྟེང་དུ་གློད་པ་ཙམ་གྱིས་གྲོལ་བ་ལ། སེམས་ལ་གསལ་བའམ་སྟོང་པར་གཟེག་བསྐུར་ནས་བསྒོམ་པ་ནི། སླར་འཆིང་སྟེ། གཏན་ཚིགས་ཅིའི་ཕྱིར་ན། ངོ་བོ་སྟོང་པས་མཚན་ཉིད་ལ་བཅོས་སུ་མེད་པས། བཅོས་ན་སླར་འཆིང་བའི་ཕྱིར་རོ། །ཞེས་ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་དྲན་རྟོག་རང་ཡལ་བས་ཆོས་ཉིད་ལས་འཁྱེར་ས་མེད་པར་བསྟན་པ་ནི། འཇུག་ནས་ཞེས་པ་སོགས་པས་བསྟན་ཏེ། དེ་ཡང་ཡུལ་ཀུན་ལ་འཇུག་ནུས་ཤིང་རང་གི་སེམས་གཞི་རྩ་མེད་པ་ལ་འཆིང་བའི་དྲན་པ་ཆོས་ཉིད་ཀྱི་ཀློང་དུ་ཐིམ་པ་ནི། དྲན་བསམ་གྱི་འཁོར་ལོ་ལ་མི་གནས་པ་ཉིད་དོ། །དེ་ཡང་དྲན་པ་གང་ལ་སྣང་བ་སྣང་ཐོག་སོ་སོའི་རང་སར་ཡལ་བ་ལ། སྔ་ཕྱིའི་སྡེབས་དང་འགྲོ་ས་མེད་པས། རྟོག་མེད་ཀྱི་བསམ་གཏན་སེམས་བཟུང་ན་བསྒོམ་པ་སླར་དྲན་པ་རྒྱུད་ལ་བརྟེན་པར་འགྲོ་བས། དེ་ཡང་ཅིའི་ཕྱིར་དྲན་པ་བརྟེན་ཞེ་ན། རྟོག་དཔྱོད་ཡུལ་གྱི་ཤེས་པ་ནང་དུ་བཟུང་བས། སྣང་བ་ཕྲ་བའི་ཞེན་པ་རང་རྒྱུད་དུ་བཟུང་བས་དྲན་པ་སླར་རགས་སུ་སོང་བའོ། །ཞེས་
ནང་དོན་གཉིས་པ་དྲན་རྟོག་རང་སར་ཡལ་བའི་ཆོས་ཉིད་ལས་འཁྱེར་ས་མེད་པར་བསྟན་ནས། ད་ནི་ནང་དོན་གསུམ་པ་དྲན་པ་རང་ཡལ་བའི་གནད་ལ་བརྟེན་ནས་གཏན་ཚིགས་དང་བཅས་པ་བསྟན་པ་ནི། དེ་ཡང་རང་ལུས་དངོས་པོར་རང་རྒྱུད་པ་འབྱུང་བ་བཞིའི་བྱེད་པོ་དང་བཅས་པ་དང་། སེམས་དངོས་མེད་སྟོང་པ་རྒྱུ་རྐྱེན་དུ་མ་གྲུབ་པ་གཉིས་འདྲེས་ཤིང་དུས་མཚུངས་པ་ལ། གནད་དུ་ལུས་སེམས་ཀྱི་འབྲེལ་པ་བཅད་པའི་མན་ངག་རླུང་སེམས་ཡ་བྲལ་ནས་བསླབ་པ་ཙམ་གྱིས་དྲན་པ་སྟོངས་པ་ལ་ཆོས་ཉིད་ཡིན་ལ། ཨ་དང་ཧཱུྃ་ལ་སོགས་པས་ལུས་ཁྲོ་བའི་སྐུར་བདག་ཏུ་གཟུགས་སུ་སློང་བ་ཅིའི་ཕྱིར་ཏེ། དངོས་པོ་གཅིག་ལ་གཟུགས་བརྙན་ཐ་དད་པ་མི་རུང་ངོ་། །ཞེས་ནང་དོན་གསུམ་པ་དྲན་པ་རང་ཡལ་བའི་གནད་ལ་བརྟེན་ནས་གཏན་ཚིགས་དང་བཅས་པ་བསྟན་ནས། ད་ནི་ནང་དོན་བཞི་པ་གཅིག་ཤེས་ཀུན་གྲོལ་བའི་གནད་ཀྱིས་ཐ་སྙད་རྣམས་རང་འགགས་པར་བསྟན་པ་ནི། གཅིག་ཆོས་ཉིད་དུ་ཤེས་པས་ཐ་སྙད་ཀུན་ལས་གྲོལ་བའི་རང་བཞིན་ལ་བྱ་བ་བྱེད་པས་གནོད་པ་ནི། ལུས་ངག་གི་བྱ་བ་དང་བྲལ་བ་ལ་ཤེས་པ་གླེན་ལྷོད་ཀྱིས་སོང་ན་སྤྱོད་པ་ཤུགས་ཀྱིས་ཡངས་པས་རྟོག་པ་ལས་གྲུབ་མཐའི་ཐ་སྙད་བརྗོད་པའི་ཚིག་གི་མཐའ་ལ་མཇལ་བ་ཅིའི་ཕྱིར་ཞེས་ནང་དོན་བཞི་པའོ། །ད་ནི་ནང་དོན་ལྔ་པ་དེ་ཡང་རང་གྲོལ་གཅིག་གི་འཁོར་ལོས་མ་འདས་པར་བསྟན་པ་ནི། ཉོན་མོངས་པ་ལྔ་པོ་བྱང་ཆུབ་ཐོབ་པར་བྱེད་པའི་ས་བོན་ཡིན་པ་ལ། རང་གྲོལ་གཉེན་པོ་གཞན་ལ་མ་ལྟོས་པར་བཞག་པ་ཙམ་གྱིས་གྲོལ་བ་ལས། ལམ་ལྔ་འདོད་པ་དང་སའི་གྲངས་དང་
གཉེན་པོ་འདོད་པ་ཅིའི་ཕྱིར་ཞེས་ནང་དོན་ལྔ་པའོ། །ད་ནི་ནང་དོན་དྲུག་པ་དེ་གཉིས་ཀྱི་གྲོལ་ས་བསྟན་པ་ནི། གང་ལས་ཀྱང་མ་བྱུང་བས་བྱ་བ་ལས་གྲོལ་བ་ནི། གང་དུ་ཡང་མ་སོང་བས་སྤང་བླང་དུ་ཡང་མེད་པས་སོ། །དེས་གང་ཡང་གནས་ཤིང་འགྱུར་བ་མེད་པ་ཉིད་དོ། །དེ་ཡང་རང་ངོ་སྤྲད་པ་ཙམ་ལས་ཅི་ཞིག་བྱ་སྟེ་འབད་པ་བྱ་མི་དགོས་སོ། །ཞེས་རྣམ་པ་ཡུལ་རྟོག་པ་དྲན་པ་གཅོད་པའི་གནད་སྤུ་གྲི་ལྟ་བུ་ལ་སེམས་ཀྱི་ཡུལ་བསྟན། དམིགས་བསླབ་བྱ་གཉིས་པ་ལ་བསྡུས་པའི་དོན་དྲུག་ཏུ་བྱས་ནས་བསྟན་ཏོ། །མཁས་པ་བྱེ་མ་ལས་རྣམ་པར་བཤད་པའོ། །ཨྠྀི། རྒྱ་རྒྱ་རྒྱ། །ས་མ་ཡཱ།། །། ༈ སེམས་ཀྱི་དམིགས་གསུམ་པའི་རྣམ་པར་བཤད་པ་ནི། འདི་ལ་བསྡུས་པའི་དོན་གཉིས་ཏེ། དེ་ལ་སྤྱི་དོན་དང་པོ་གནད་ལ་བརྟེན་ནས་ཁྱད་པར་ཡེ་ཤེས་ཀྱི་བབས་ལྟ་བ་དང་། སྤྱི་དོན་གཉིས་པ་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་གཏན་ཚིགས་དང་བཅས་ཏེ་བསྟན་པའོ། །དེ་ལ་སྤྱི་དོན་དང་པོ་གནད་ལ་བསྟན་ནས་ཁྱད་པར་ཡེ་ཤེས་ཀྱི་སྣང་བ་བསྟན་པ་ལ། ཡན་ལག་གི་དོན་དགུས་བསྟན་པའི་དང་པོ་རླུང་གནས་རིན་པོ་ཆེ་ལ་བརྟེན་ནས་སངས་རྒྱས་ཀྱི་ཞིང་ཁམས་རང་ལ་རྫོགས་པ་བསྟན་པ་ནི། གང་གིས་རླུང་ལ་གོམས་པ་ཡིས། །ཞེས་པ་ལ་སོགས་པས་བསྟན་ཏེ། གང་གིས་ཞེས་འགྲོ་བ་གང་ཟག་སྨོས་པ་སྟེ། རླུང་ཕར་འཕེན་པ་ལ་གོམས་པར་བྱས་པ་ཡིས། བཏགས་པ་རྣམ་གྲངས་ཀྱི་ཆོས་རྣམས་ཐམས་ཅད་འཇིག་པར་བྱེད་པ་ནི། ཚད་རང་ལ་ཟིན་པས་སོ། །སེམས་ཀྱི་དམིགས་ནི་བསླབ་བྱའི་རིམ་པ་དྲུག་དཔེ་དང་བཅས་པ་ལ་མཁས་པ་ནི་
ལག་ལེན་ཁྲིག་ཆགས་སུ་སྟོན་ཤེས་པས་འགྲོ་བ་ལྷ་ལ་སོགས་པ་དྲུག་གིས་འབྲོས་པའི་ཁུངས་སྲིད་པའི་བར་དོ་ལམ་བྱུང་ནས་སོ་སོའི་མངལ་གྱི་སྒོར་འཛུད་པ་ནི། རླུང་གི་བྱེད་པའི་ལས་བྱེད་པ་སྟེ། དེ་གཅོད་པར་བྱེད་པ་སེམས་ཀྱི་ཁང་བུ་ཞིག་པར་བྱེད་པ་སྔོན་འགྲོ་དང་། དངོས་གཞིའི་ལག་ལེན་ནོ། །དེ་ཡང་སློབ་པའི་གང་ཟག་གིས་སྔར་འགྱུ་བ་ཡལ་ལ། ཕྱི་མའི་འགྱུ་བ་སྣ་སྟེབས་པའི་བར་དུ་ཡལ་བའི་མཚམས་དྲན་རིག་གང་གིས་ཀྱང་མ་བཟུང་བའི་དུས་སུ་ཤེས་པ་གཏད་པས། དྲན་རེག་དབྱིངས་ལ་ཐིམ་ནས། འགྱུ་བ་ཁོག་སངས་པ་ཞེས་བྱ་བའི་ཉམས་སུ་མྱོང་བ་རྒྱུད་ལ་འཆར་རོ། །་དེ་ལྟར་ན་ཡུལ་གྱི་རྐྱེན་གང་སྣང་གི་སྟེང་དུ་བཞག་པས་རྣམ་ཤེས་གཅིག་ཏུ་སྡུད་པའི་ཐབས་ནི་རླུང་འགྲོ་བ་ལ་བརྟེན་ནས། ནང་དུ་མེར་གྱིས་གང་བའི་ཚེ། རྣམ་པར་རྟོག་པར་རང་སོར་སངས་ནས། ཡེ་ཤེས་རང་ངོ་ལ་རྒྱས་ཏེ། ཆོས་ཉིད་ཀྱི་ཞིང་ཁམས་སུ་མི་ལྡོག་པས་རང་རྫོགས་པའོ། །ཞེས་ནང་དོན་དང་པོ་རླུང་གནད་རིན་པོ་ཆེ་ལ་བརྟེན་ནས་བུ་ཐུ་བོའི་ཞིང་ཁམས་རྫོགས་པར་བསྟན་ནས། ད་ནི་ནང་དོན་གཉིས་པ་ཡལ་བའི་དུས་ངེས་པ་ཁྱད་པར་ཀྱི་མཆོད་བྱ་ལས་བྱུང་བ་བསྟན་པ་ནི། དེ་ཡང་མཆོད་པ་ཞེས་པ་གཏོར་བ་ཁྱད་པར་གྱི་བྱེ་བྲག་སྟེ། དེ་མཆོད་པར་བྱེད་པའི་གནད་དུ་མ་ཆགས་མི་གཡོ་བའི་རླུང་ལ་གཏད་པས་ཁམས་གསུམ་དུས་གཅིག་ལ་གྲོལ་བའོ། །དེ་ལྟར་སེམས་སྡེ་ལས། བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ལས། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་པས་སོ། །དེ་ལ་འགྲོ་བ་
ནི་རླུང་རྣམས་ཀྱིས་ནི་ཕྱིར་འགྲོ་ནང་དུ་འགེངས་པའོ། །དམིགས་ནི་ཉམས་དང་རྟོགས་པ་གསལ་བར་བྱེད་པའོ། །སེམས་ཀྱི་ཡལ་དུས་ནི་སྣང་སྟོང་གང་དུའང་མ་ཕྱེ་བའི་དུས་སོ། །དེ་རང་གི་རླུང་ལ་མངོན་པར་འགྲོ་འོང་མེད་པ་ཉིད་དུ་རྟོགས་པ་ནི། རླུང་སྔ་མ་འདས་པ་དང་ཕྱི་མ་མ་འོངས་པའི་མཚམས་དྲན་རྟོག་རང་ཡལ་ལ་མཁས་པའོ། །ཞེས་པ་ནང་དོན་གཉིས་པའོ།། །།ད་ནི་ནང་དོན་གསུམ་པ་བསླབ་པར་བྱ་བ་ཐུན་མོང་མ་ཡིན་པའི་གནད་བསྟན་པ་ནི། རིག་པའི་ངོ་བོ་སྟོང་པ་རང་བཞིན་གྱིས་གསལ་བའོ། །ཡེ་ཤེས་ནི་གཞི་གནས་དང་ཀ་དག་ལྷུན་གྲུབ་ཐུགས་རྗེ་ཀུན་ཁྱབ་གྱི་ཡེ་ཤེས་སོ། །མཚན་ཉིདའཛིན་པ་ཡེ་ཤེས་རྣམ་པ་ལྔའོ་དང་། ཤེས་བྱས་བསྡུས་པའི་ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་སོ། ལོགས་པ་ནི་སློབ་པའི་གང་ཟག་གིས་གྱང་ངམ་རྩིག་ལོགས་ལ་རང་གི་སྙིང་གར་ཤིང་གཏད་ནས། དེ་ལ་རླུང་ཤེས་བཅུག་ནས་ཡུན་རིང་བསླབས་པས་གང་ལ་ཡང་ཟང་ཐལ་བར་རྒྱུ་ནུས་པ་དག་ཏུ་འགྱུར་ལ། མི་སློབ་པས་དེ་ཉིད་གཏད་པ་ཙམ་གྱིས་གནད་དེ་ཤེས་པ་ཙམ་གྱིས་གྲོལ་བའོ། །དེ་ནི་སློབ་པ་དང་མི་སློབ་པ་གཉིས་ཀས་ལུས་འབྱུང་བ་ས་ཆུ་མེ་རླུང་བཞིས་སེམས་བཅིངས་པ་ལས་གྲོལ་ནས། ལུས་འབྱུང་བ་བཞིའི་ཆར་པ་ལ་ཐོགས་པ་མེད་པ་རྒྱུ་བར་ནུས་པ་དག་འབྱུང་ངོ་། །དེ་ལ་ལུས་འབྱུང་བ་རྡུལ་ཕྲ་རབ་ཀྱི་རྟོག་པ་སངས་པས་ལུས་ཀྱང་སངས་སེང་དུ་མཐོང་ལ། ནང་སེམས་ཉིད་ཟད་པའི་མཐར་གྲོལ་བས། རང་ངོ་ཡེ་ཤེས་སུ་རྒྱས་པའི་དྲི་མ་འབྱུང་བ་ཕྲ་རགས་ལ་བདག་ཏུ་བཅིངས་པ་ངོ་ཤེས་པའི་རྣལ་འབྱོར་དེས་ནི་རི་བྲག་རྣམས་ལ་ཟང་ཐལ་བར་རྒྱུ་བར་ནུས་སོ། །ཞེས་ནང་
དོན་གསུམ་པ་བསྟན་ནས། ད་ནི་ནང་དོན་བཞི་པ་གནས་པ་རྩའི་གནད་ལ་བརྟེན་ནས་བཙན་ཐབས་སུ་སངས་རྒྱ་བར་བསྟན་པ་ནི། ད་རེས་རིག་པ་ནི་འགྱུ་བའི་ཆ་ནས་བཞག་ལ། ཡེ་ཤེས་ནི་གསལ་ཙམ་ལ་བཞག་ལ། སྦུར་བ་ནི་སློབ་པ་རང་གི་ལུས་དཀྱིལ་ན་རྩ་ཕྱི་དཀར་བ། ནང་དམར་བ། ཁ་ཆེ་ལ་རྩ་བ་ཕྲ་བ་སྙིང་གི་དཀྱིལ་ནས་ལམ་བྱུང་སྟེ་མིག་ལ་ཟུག་ནས་ཡོད་དེ། དེའི་ནང་ནས་རླུང་སེམས་དྲངས་ལ་མཁའ་ལ་བཏོན་པས་རླུང་སེམས་ཆོས་ཉིད་དུ་འགྱུར་བའོ། །གཉིད་དང་རྨི་ལམ་གྱི་རྣལ་འབྱོར་བྱེད་པ་དྲན་པ་རྩ་ནང་དུ་བསྟིམས་ལ། ཁ་ལ་ཡི་གེའི་རྒྱས་ཨ་དཀར་པོས་བཏབ་ནས་གཉིས་ཀྱི་རྣལ་འབྱོར་དུ་བྱས་ནས། གཉིད་འོད་གསལ་གྱི་གནད་ཀྱིས་གཉིད་འོད་གསལ་རྟོག་པ་མེད་པ་དང་རྨི་ལམ་ཆོས་ཉིད་དུ་འགྱུར་བའི་རྣལ་འབྱོར་དམ་པའོ། །ཞེས་ནང་དོན་བཞི་པའོ།། །།ད་ནི་ནང་དོན་ལྔ་པ་རླུང་། སྤུར་བའི་གནས་ཀྱིས་ལུས་སེམས་ཀྱི་འབྲེལ་བ་བཅད་པར་བསྟན་པ་ནི། རིག་པའི་འཕེན་པ། ཡེ་ཤེས་ནི་ཕྱིར་གསལ་བ། མཁའ་ནི་སློབ་པས་ལུས་ཀྱི་གནད་ལ་བརྟེན་ནས། ཕྱིར་འཕངས་པས། རང་བཞིན་གྱིས་འབྲེལ་བ་དག །འབྱུང་བའི་གནད་ཀྱིས་རླུང་ཕྱིར་ཕུལ་བས་རིག་པ་རང་སར་དྭངས་ཏེ། ཡུལ་དམིགས་ལ་སོགས་པ་གཟུགས་ལ་རྟོག་པ། སེམས་ཀྱིས་དེའི་རྒྱུད་བཟུང་བ་དང་འཛིན་པར་བྱེད་པའི་དེ་གཉིས་ཀྱི་འབྲེལ་རླུང་། དེ་མ་སྐྱེས་མི་སྐྱེ་བའི་དགོངས་པ་ལ་དཔྱད་ན། འཁྲུལ་རྐྱེན་དུ་མ་ཆོས་ཉིད་དུ་འཆར་བའོ། །ཞེས་ནང་དོན་ལྔ་པའོ། །ད་ནི་ནང་དོན་དྲུག་པ་ཁྱད་པར་ཆེན་པོ་མཆོག་གིས་རང་ངོ་གཅེར་
མཐོང་དུ་བསྟན་པ་ནི། ངོ་གཞན་མ་ཡིན་པའི་ཆོས་ཉིད། སྤྲད་པ་གཉིས་འདུས་པ་གནད་དེ་དེ་ཉིད་ངོ་ཤེས་པས་རིག་པ་རང་ཐོག་ཏུ་གྲོལ་ཡེ་ཤེས་ཀྱི་རང་ངོ་བློ་ཡིས་དཔྱད་པས། སྣང་བས་མ་བསྒྱུར་བའོ། །དེ་བསྟན་པ་ཙམ་གྱིས་ཤེས་པས་གྲོལ་བའོ། །རྫོགས་པས་བཅོས་སུ་མེད་ལ། ཆེན་པོ་ཡིན་པས་དེ་ལས་འདས་པ་མེད་པའོ། །བྱ་བ་དང་བྲལ་བས་འབད་མི་དགོས། ཀློང་ནི་དེ་ལས་འཕྱུགས་པ་མེད་པ། ལྟ་བ་ནི་མཐོང་བ་རྣམ་པར་དག་པ། ངོས་རླུང་སེམས་ཀྱི་བར་དུ་བཟུང་བའོ། །ཞེས་ནང་དོན་དྲུག་པའོ།། །།ད་ནི་ནང་དོན་བདུན་པ་བྱ་བ་དང་བྲལ་བའི་གནད་ཀྱིས་མ་བྱས་པའི་ཆོས་ཉིད་གཏན་ལ་དབབ་པ་བསྟན་པ་ནི། ཐག་སེམས་ཉིད་མ་བཅོས་པ་རྣལ་མ་ལ། འཁོར་འདས་དུས་གཅིག་བཅད་པའི་གནད་ལ་བརྟེན་པས་ནི། དྲན་རིག་གི་ཡལ་ས་ཤེས་པས་སོ། །རྫོགས་པ་ནི་སྤང་བླང་དགག་སྒྲུབ་ལས་འདས་ཤིང་། བྱ་བཙལ་དང་བྲལ་བའི་དོན་ནོ། ཆེན་པོ་ནི་ཐབས་ཀྱི་ཁྱད་པར་ལ་དགོངས་པའོ། །བྱ་བྲལ་ཞེས་པས་རྣལ་འབྱོར་པས་ཕྱི་ལུས་ཀྱི་དལ་བ་བརྟེན་པ་དང་། ནང་ངག་གི་དལ་བ་བརྟེན་པ་དང་། གསང་བ་སེམས་ཀྱི་དལ་བ་བརྟེན་པའོ། །དེ་ལྟར་བྱས་པས་ལུས་དལ་བས་རྩ་དལ་ལ། རྩ་དལ་བས་རླུང་དལ། རླུང་དལ་བས་རྣམ་རྟོག་རྒྱུན་ཆད་པས་གནད་ཆེའོ། །དེ་ལྟར་བྱས་པས་ལུས་ཆོས་ཉིད་ཀྱི་ཀློང་དུ་ཚུད་པས་ལུས་ཀྱི་དངོས་པོ་རང་ཞིག་ནས་ལུས་ཀྱི་བདེ་བ་རྙེད། ངག་ཆོས་ཉིད་ཀྱི་ཀློང་དུ་ཚུད་པས་ངག་གི་དངོས་པོ་ཞིག་པས། ངག་བརྗོད་དུ་མེད་པ་ལ་ལོངས་སྤྱོད་དོ། །སེམས་ཆོས་ཉིད་ཀྱི་ཀློང་དུ་ཚུད་པས།
སེམས་ཀྱི་ཁང་བུ་ཞིག་ནས། སེམས་ཀྱི་ཡལ་ས་ངོ་ཤེས་པའོ། །དེ་ལྟར་ཆེན་པོ་ཉིད་ཀྱི་ལྟ་བ་དངོས་བསྟན་པ་ནི། ཡལ་ངོ་ཤེས་པས་ལུས་ཀྱི་ཞེན་པ་སེམས་དང་འབྲེལ་བས་ལུས་ཀྱི་བརྡའ་ཐབས་ལ་གནས་པས། ལྡོག་པའི་གཞི་སྟོངས་པ་དང་། ཡལ་རྐྱེན་ངོ་ཤེས་པས་ངག་གི་ཞེན་པ་ཚིག་གི་རྟོག་དཔྱོད་དང་འབྲེལ་བ་ཆོད་དེ་ངག་གྱིན་བརྡའི་ཐབས་གཙོ་བས། ལྡོག་པའི་ལམ་མ་རྙེད་པའོ། ཡང་ཡལ་བའི་དུས་ངོ་ཤེས་པས་སེམས་ཀྱི་ཞེན་པ་ཡུལ་ཐ་དད་པ་ལ་རྟོག་པའི་འབྲེལ་བ་ཆོད་པས་སེམས་གྱིན་བརྡར་གནས་པས་བསྟན་པས་ལྡོག་པའི་འབྲས་བུ་ཟད་པའོ། །ཞེས་ནང་དོན་བདུན་པ་བསྟན་ཏོ། །ད་ནི་ནང་དོན་བརྒྱད་པ་ཉམས་དང་རྟོག་པ་ལ་བརྟེན་ནས་ཁམས་གསུམ་གྱི་གཞི་སྟོངས་པར་བསྟན་པ་ནི། དེ་ཡང་གདིང་གྲོལ་བ་བཞིའི་སྟེང་དུ་བཅའ་བའི་གནད་ཡེ་གྲོལ་བསྐྱར་གཞི་མེད་ལ། རང་གྲོལ་ལ་གཉེན་པོ་མེད་པ་དང་༔ ཡོངས་སུ་གྲོལ་བ་ལ་རྣམ་སྨིན་མེད་པ་དང་༔ ཅེར་གྲོལ་མཐོང་བ་ཙམ་གྱིས་ཡལ་བའི་གནད་ལ་བརྟེན་པས་ནི་འཁོར་བ་སྣང་ཤེས་ཐ་དད་པ་དང་། འདས་པ་སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་དང་། དེ་གཉིས་ཀྱི་འབྲེལ་པ་ཆོས་ལ་བདག་ཏུ་ལྟ་བ་རྣམས་བཅད་ནས། སེམས་ཅན་གྱི་ཁམས་གསུམ་གྱི་དོང་ཐར་བར་དཀའ་བའི་ཡལ་བའི་མཚན་ཉིད་ཤེས་པ་ལ་བརྟེན་ནས་དུས་ཅིག་ལ་སྤྲུག་ནས། དེ་ནས་ཕྱི་ལུས་དང་། ནང་ངག་དང་། གསང་བ་སེམས་ཀྱི་སྲིད་པ་དང་གསུམ་ཀྱི་གདར་ཤ་རྟོག་པ་རྣམས་རང་འགགས་པས་གཅོད་པའོ། །ཞེས་ནང་དོན་བརྒྱད་པ་བསྟན་ནས། ད་ནི་ཡན་ལག་གི་དོན་
དགུ་པ་གནད་གསུམ་གྱི་ཁྱད་པར་གྱི་ཆོས་བསྟན་པ་ནི། དེ་ཡང་ཞེས་པ་སྐྱར་བའམ་བསྣན་པའི་ཚིག་གོ། ངོ་ནི་རང་ངོ་རིག་པ། གཞན་ངོ་སྣང་བ། རང་ནི་རང་གི་རིག་པས་རྒྱུ་མེད་གཞན་ལ་མ་ལྟོས། རང་སྣང་བས་རྐྱེན་མེད་ཡུལ་ལ་མི་གནས་པའོ། །ཐོག་ཏུ་ནི་འགྲོ་ས་མེད་པས་འཆར་བ་དང་འཆུག་པ་མེད་པའོ། །དེ་ལྟར་སྣང་བ་དང་རིག་པ་གཉིས་སྤྲད་པས་ཕྱི་སྣང་བ་ལ་བརྟེན་ནས་འཁོར་བའི་གཟིབས་ལྡོག་པའི་ཁུངས་འགགས་པས་ཕྱིན་ལ། ནང་རིག་པ་ལ་བརྟེན་ནས་འདས་པའི་གཟིབས་འོང་མེད་འགྲོ་ས་མེད་པས་ཕྱིན་པའོ། །ཐག་གཉིས་སྣང་མེད་པར་རིག་པ་གཅིག་པའི་ཐོག་ཏུ་འཁོར་འདས་གཉིས་མེད་དུ་བཅད་པས། སེམས་འགྱུ་བ་སྣ་ཚོགས་ལ་རྟོགས་པའི་འཁོར་ཏེ། སེམས་འགྱུ་བ་རང་དག་པ། སྟོང་པ་ངོ་བོ་རང་ཐོག་ན་གསལ་བ་གཉིས་གཞི་མི་གཅིག་པས་སོ་སོར་ཕྱེ་བས། གཅིག་ཡལ་གཅིག་སྣང་བས་རང་ངོ་འབྲེལ་མེད་ཕྱེད་པའོ། །དེ་ལྟར་ཕྱེད་པས་གདིང་གྲོལ་བ་བཞིའི་ཐོག་ཏུ་བཅད་ཅིང་བཙལ་དུ་མེད་པར་བཅས་པས། ད་འཁོར་བ་རང་ཐོག་ཏུ་ལྡོག་པ་མེད་པའི་རྩད་རང་སེམས་ཡལ་བའི་དུས་སུ་ཆོས་པས། ད་ཁམས་གསུམ་དུ་ལྡོག་པའི་རྟེན་མེད་པའོ། །ཞེས་དེ་དག་གིས་སེམས་ཀྱི་དམིགས་གསུམ་པའི་བསྡུས་པའི་དོན་དང་པོ་ལ་བརྟེན་ནས་དཔྱད་པར་ཡེ་ཤེས་ཀྱི་སྣང་བར་བསྟན་པ་ལ་ཡན་ལག་གི་དོན་དགུར་བྱས་ནས་བསྟན་ཏོ། །ད་ནི་སྤྱི་དོན་ཐ་མ་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་ཚིག་དང་བཅས་ཏེ་བསྟན་པ་ལ། ཡན་ལག་གི་དོན་གཉིས་ཀྱི་བསྟན་པའི་དང་པོ་དབྱེ་བ་ལ་བསྟན་ནས་ཡེ་ཤེས་རང་གི་མཚན་
ཉིད་བསྟན་པ་ནི། ཨེ་མ་ཧོ་ཞེས་ངོ་མཚར་ཆེ་བའི་ཚིག་ཁྱད་པར་ཡེ་ཤེས་དངོས་བསྟན་ཞེས་པའི། དེ་ཡང་སེམས་ཞེས་ངོ་བོ་མེད་པས་མཚན་ཉིད་གང་དུ་ཡང་མ་གྲུབ། དེ་ལྟར་མ་གྲུབ་ཀྱང་འགྱུ་བ་སྣ་ཚོགས་པ་ལ་རྟོག་པས། དེ་ཡང་ཡལ་སར་ཡལ་བས་རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད། ཟད་སར་ཟད་པས་འབྲས་བུ་ངེས་པ་གང་དུ་ཡང་གྲུབ་པ་མེད་པས་ན། སྟོང་པ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་དང་། ངོ་བོ་རྒྱུ་དང་མཚན་ཉིད་གང་ནས་ཀྱང་བཙལ་དུ་མི་རྙེད་པ་དང་། ངོ་བོ་དེ་ལ་གཞི་མེད་པས་རྟོག་པའི་ཁུངས་སྒོ་འགགས་པ་དང་། རྩ་བ་མེད་པས་ལྡོག་པའི་རྐྱེན་གང་ལ་ཡང་རག་མ་ལུས་པའོ། །དེ་རྣམས་ལ་མཁས་པས་ནི། ཐོག་མ་བྱུང་ས་མེད་པས་དངོས་པོ་སྟོང་པར་ཤེས་པ་དང་། བར་དུ་གནས་ས་མེད་པས་ཡལ་བའི་དུས་ཚོད་ཟིན་པ་དང་། ཐ་མ་འགྲོ་ས་མེད་པས་ལྡོག་པའི་གཞི་སྟོངས་པ་ནི། ཡེ་ཤེས་ཀྱི་འགྱུར་རྟོག་པ་གློ་བུར་བར་ཆད་ཟིན་པས། །ཅིར་སྣང་ཤེས་བཞིན་གྱི་བྱ་རས་ངོ་ཤེས་པས། རྟོག་པ་ཅི་བྱུང་ཡེ་ཤེས་སུ་གྲོལ་བས། སེམས་ཀྱི་རྟོག་ཚོགས་ཀྱི་མིང་མེད་པའོ། །དེ་ལྟར་ཡང་ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། ཞེས་པས་སོ། སེམས་ཀྱི་རང་བཞིན་ནི་དྲན་པ་སྣ་ཚོགས་པས་ཡུལ་ཐམས་ཅད་ལ་འཇུག་པར་བྱེད་པ་སྟེ། དེ་ཡང་གནས་པས་སྟོང་ལ། སྟོང་པས་ཡལ་བ་ནི་མཁས་པས་ཏེ། དེ་ལྟར་ན་འགྱུ་བ་སྟོང་དག །དྲན་པར་རང་ཡལ། འགྱུ་བས་རྗེས་མེད་པ་ནི་ཡེ་ཤེས་ཀྱི་ཡུལ་ཏེ། དེའི་ཚད་ནི་དྲན་རྟོག་སྣ་ཚོགས་སུ་
ཤར་བ། ཤར་སར་ནུབ་པ། ནུབ་ས་ནས་སྟོངས་པའོ། །དེ་བྱར་མེད་རང་དག་ཏུ་ཟིན་པ་ནི། སྐྱེ་བ་སྔ་ཕྱི་ལ་མི་གནས་པས། ལུས་སེམས་ལ་འབྲེལ་མེད་པར་ངོ་ཤེས་པའོ། །ཡང་སེམས་ཀྱི་འགྱུ་དུས་ནི་རྟོག་པ་ཕྲ་རགས་བར་པ་ལས། འཇུག་པ་ལས་ཀྱི་རླུང་གིས་བྱས། དྲན་པ་ཡུལ་ཐ་དད་པས་བླང་། ཤར་བ་གཏད་མེད་རང་གྲོལ་བར་ཤར། གནས་པ་བསམ་ངོ་རང་དག་པར་གནས་པ་ལ་མཁས་པས་ཡེ་ཤེས་ཀྱི་རྐྱེན་ནི། དྲན་བསམ་ཡལ་བའི་ཚད་ཟིན་པས་རླུང་སེམས་ལ་དབང་ཐོབ་པས། འཁོར་འདས་འབྲེལ་ཆད་པས། སྣང་རྟོགས་ཀྱི་ཆོས་ཐམས་ཅད་རང་གྲོལ་བར་གཏན་ལ་ཕེབས་པ་ནི། ཕྱི་སྣང་བའི་དམིགས་པ་དག་པས་རྐྱེན་མེད་ན་ཡེ་ཤེས་འཆར་བའི་ཡུལ་སྟོངས་ལ། ལས་དང་ཉོན་མོངས་པ་མེད་ན་ཡེ་ཤེས་རང་ཡིན་པར་གཏན་ལ་མི་ཕེབས་པས་སོ། །ཡང་སེམས་ཀྱི་ཡལ་ས་ནི་བློ་སྔ་ཕྱིའི་བར་ཡལ་བས། རྒྱུ་མཚན་གོང་འོག་གི་སྡེབས་མེད་ལ། དྲན་པ་སྔ་ཕྱིའི་བར་དུ་ཡལ་བས། བློ་མ་བུའི་འཆུག་མེད། སྣང་ཤེས་སྔ་ཕྱིའི་བར་དུ་ཡལ་བས་འཇུག་པ་ཐ་དད་པ་ལྟོས་མི་འཆའོ། །དེ་དག་འགྱུ་མེད་རང་དག་ལ་མཁས་པས་ཡེ་ཤེས་ཀྱི་རང་ངོ་སྟོང་པ་མཚན་ཉིད་གང་དུ་ཡང་མ་གྲུབ་པས་གནས་པ་ལ་མི་འཕྲོ་བས་རང་སར་བརྟན་པར་བྱས་པའོ། །སེམས་ཀྱི་མེད་པ་ནི། ཐོག་མ་རྒྱུ་ཡིས་མ་བསྐྱེད་པས་རང་ངོ་ལ་མ་རིག་པ་མེད། ཐ་མ་རྐྱེན་གྱིས་མ་བཤིགས་པས་དྲན་བསམ་ལ་སྐྱེ་བ་མེད་པའི་ས་ནི་ཕྱི་སྣང་བ་ཡིན་པས། རྐྱེན་ཆོས་ཉིད་དུ་གྲོལ། ནང་འགྱུ་བ་ཡིན་པས་རྣམ་རྟོག་ཉིད་ལས་
ཡེ་ཤེས་སོ། །ཡེ་ཤེས་རྣམས་ཀྱི་ཚད་ནི། དྲན་པ་བློས་མ་དཔྱད། དྲན་མེད་དུ་ཡིད་ཀྱིས་མ་བརྟག །སྐྱེ་མེད་དུ་ཤེས་བྱས་མ་ཕྱེ། བློ་འདས་སུ་ལུང་གིས་མ་བསལ་བ་ནི། རང་གསལ་དངོས་མེད་ལ་མཁས་པ་ནི་རྣལ་འབྱོར་པ་ཞེས་བྱའོ། །ཞེས་ནང་དོན་དང་པོ་དབྱེ་བ་ལ་བརྟེན་ནས་ཡེ་ཤེས་རང་གི་མཚན་ཉིད་བསྟན་ནས། ད་ནི་ནང་དོན་གཉིས་པ་དེ་ལྟ་བུའི་གནད་དེ་ཡང་ལུས་རིག་གིས་འབད་པས་གྲུབ་པར་བསྟན་པ་ནི། སྟོང་པའི་སེམས་ནི་མི་སྣང་ཕྱིར། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སེམས་ངོ་བོས་སྟོང་པས་རྒྱུ་མཚན་དུ་མ་གྲུབ་པས། སེམས་ནི་དངོས་པོ་གཟུགས་ཅན་དུ་མི་སྣང་བས། སྐྱེ་བ་སྔ་ཕྱི་མི་བདེན་ཏེ། སེམས་ཀྱི་ལས་ཀྱིས་ཉེ་བར་ལེན་ན། ལུས་མཐོང་བ་བཞིན་དུ་སེམས་མིག་གིས་མཐོང་བར་འགྱུར་ཏེ། ལུས་ལས་དང་འབྲེལ་བ་ཡོད་པའི་ཕྱིར་རོ། །ལུས་ཀྱིས་ཉེ་བར་ལེན་ན། ལུས་བོར་ནས་འགྲོ་བས་སེམས་ལ་ལྟོས་པ་མེད་དོ། །དེའི་ཕྱིར་ན་གང་ཟག་སུ་ཡིས་སྐྱེ་བ་སྔ་ཕྱི་ཡོད་པར་འཛིན་ན། སྔ་མ་འགག་ནས་ད་ལྟའི་ལུས་མེད་པར་ཡིད་ཆེས་ཏེ། ཡིན་ནོ་རེ་ཤེ་ན་ལུས་གཞན་སྐྱེ་བ་བཞིན་དུ་ལུས་གཞན་པ་ལས་སེམས་ཀྱང་གཞན་སྐྱེ་བར་འགྱུར་ཏེ། སྔ་མ་ལ་སྐྱེ་བོ་ཡོད་མི་སྲིད་ལ། གལ་ཏེ་ཡོད་ན་སྔ་མའི་ལུས་འདི་ཡིན་པར་ཅིས་ཤེས། སེམས་གཅིག་གི་ལུས་ཐ་དད་པ་གཞན་ལེན་ནོ་ཞེ་ན། ཤེས་བྱེད་དུ་གང་སྟོང་སྟེ་ཤེས་མི་སྲིད་དོ། །ལུས་ཐ་དད་པ་བཞིན་དུ་སེམས་ཀྱང་ཐ་དད་པ་གཞན་ཡིན་ནོ་ཞེ་ན། གཞན་ལས་གཞན་སྐྱེ་བ་མི་
འཐད་དེ། མེ་ལས་ཀྱང་ཆུ་སྐྱེ་བར་འགྱུར། སྐྱེ་མི་སྲིད་པར་མངོན་སུམ་གྱིས་གསལ་ལོ། །སྔ་མའི་ལུས་སེམས་གཉིས་གཅིག་པ་ཡིན་ན། ལས་དང་རྣམ་པར་སྨིན་པ་མི་བདེན་ཏེ། དགེ་བ་ལ་སོགས་པར་འབད་པ་བྱས་པ་ལ་དགོས་པ་མེད་དོ། །དེས་ན་སྐྱེ་བ་སྔ་མའི་ལུས་འདི་མིན་པར་ལུང་རིག་གིས་ཤེས་ཏེ། གསེར་གྱི་སྙིང་པོ་ལས། ལུས་ལ་མི་གནས་སེམས་ནི་ཀུན་ལ་འཇུག །སྔ་ཕྱི་འདྲེས་པའི་གནས་མེད་སེམས་ལ་རྟེན་མེད་ཕྱིར། །ཞེས་དང་། ཡང་བཀོད་པ་ཆེན་པོ་ལས། སེམས་ཀྱི་འཇུག་པའི་གནད་ཀྱིས་མ་གྲོལ་ན། སྔ་མ་མི་བདེན་ལུས་འདི་ད་ལྟར་མིན། །ཞེས་པས་སོ། །རིག་པ་སྐྱེ་བའི་མིང་མེད་པས་ད་ལྟའི་ལུས་སྔ་མ་མིན་པར་ཡིད་ཆེས་ལ། ཕྱི་མ་མི་བདེན་པས་གནད་ཤེས་པ་ཙམ་གྱིས་གྲོལ་བའི་ཕྱིར་རོ། །གལ་ཏེ་སྐྱེ་བ་སྔ་མའི་ལུས་ད་ལྟ་ཡིན་པས་སྔ་ཕྱི་ཡོད་ན་སྐྱེ་བ་གཅིག་པར་འགྱུར་ཏེ། མ་འོངས་པའི་དུས་སུ་ཡང་ལུས་སེམས་ད་ལྟའི་འདི་ཡིན་པས་སོ། །དེ་ཡང་སེམས་མི་འཆི་བ་བཞིན་དུ་ལུས་ཀྱང་མི་འཆི་བར་འགྲོགས་ནས་འགྲོ་བར་འགྱུར་ཏེ། དེ་མི་འཐད་དེ། ལུས་སེམས་བྲལ་ནས་ལུས་དངོས་པོར་འཇོག་པའི་ཕྱིར་ཤེས་སོ། །དེས་ན་ཡལ་བའི་གནད་ཤེས་པས་ཕྱི་མ་ལུས་ལ་འཇུག་མི་སྲིད་པས། ཕྱི་མ་མི་བདེན་ནོ། །དེའི་ཕྱིར་ན་སྣང་བ་སྣང་ཐོག་ནས་གྲོལ་བས། རང་སྣང་ལ་བཅོས་མི་དགོས་ལ། ཤེས་པ་འགྱུས་ཐོག་ནས་གྲོལ་བས། དྲན་བསམ་འགྱུ་བ་གློ་བུར་བ་གཉེན་པོ་མི་དགོས་པ་རྣམས་ནི། རྩ་བ་ལུས་སེམས་གཉིས་ཡང་ནས་ཡང་དུ་འབྲེལ་ན་འཁོར་
བའི་རྩ་བ་སྟོངས་པར་ལུས་ཀྱང་ཤེས་པ་མིན་པའི་ཕྱིར། ལྟ་སྒོམ་འབད་པས་དགོས་པ་མེད་དོ། །དེས་ན་འདི་ཉིད་ལས་མ་གཏོགས་པ་ལུས་སེམས་གཅིག་ཏུ་འཁོར་བས་མྱ་ངན་ལས་འདའ་བར་མི་རིགས་སོ། གཏན་ཚིགས་དེའི་ཕྱིར་སེམས་དྲན་བསམ་གྱི་འཁོར་ལོ་གློ་བུར་བ་ཡིན་པས་དེ་ཡལ་བའི་མཚན་ཉིད་ཤེས་པས། འགྱུ་བ་གཞན་ལ་འཇུག་མི་སྲིད་པས་ན་དེ་རང་ཡེ་ཤེས་ཏེ། དེའི་དབྱེ་བ་སྐྱེ་བ་སྔ་ཕྱིར་ལུས་མི་བདེན་པས་ཤེས་སོ། །དེའི་གནད་ནི་བླ་མ་མཚན་ཉིད་དང་ལྡན་པས་སྔ་མའི་ལུས་འདི་མིན་པས་ལུས་སེམས་འབྲེལ་མེད་ལ། ད་ལྟའི་དྲན་རིག་གློ་བུར་བ་ཡིན་པས་དེ་ཉིད་ཀྱིས་གྲོལ་བ་ནི། བྱུང་ཡང་རང་བྱུང་དུ་བྱུང་བས་ད་དེ་ལ་བྱས་ཤིང་བཅོས་པས་མི་གྲོལ་ལོ། །ཞེས་བློའི་འགྱུར་ལས་ཤེས་པའི་ཕྱིར་རོ། །དེས་ན་ལུང་ལས་ཀྱང་། རྡོ་རྗེ་ཉི་མ་སྲ་བ་འབྱུང་བ་ལས། །དྲན་རྟོག་གློ་བུར་རང་ཡལ་གྲོལ་བ་ལས། །རང་བྱུང་ཡེ་ཤེས་བཅོས་པས་གྲོལ་བ་མིན། །ཞེས་པ་དང་། གསེར་གྱི་སྙིང་པོ་ལས་ཀྱང་། བླ་མ་ལས་འབྱུང་འབྲེལ་པ་མེད། །ལུས་སེམས་གཅིག་མི་གནས་པའི་ཕྱིར། །འདི་ལ་དྲན་རྟོག་རང་འགགས་ན། །དེ་ལས་བྱས་པ་ག་ལ་ཡོད། །ཅེས་པས་སོ། །བསླབ་པའི་ཐབས་ནི་སེངྒེ་ཡན་ལག་རྫོགས་པའི་བསླབ་བྱས་རྩལ་རང་རྫོགས་སུ་བསྟན་པ་ནི། དེ་ཡང་ཁྱད་པར་ཡུལ་དང་ཡུལ་མ་ཡིན་པ་བསླབ་པས། འགྱུ་བ་དུས་གཅིག་ལ་ཆོད་པ་དག་འབྱུང་སྟེ། དེ་ཡང་གནད་བསྟུན་པ་གནས་ལུགས་ཚད་ལ་འབེབས་པའི་བསླབ་བྱ་ལ་བསླབས་པས། ཐ་སྙད་བཏགས་པ་རྣམ་གྲངས་ཀྱི་ཆོས་ལས་གྲོལ་
བ་ནི། དཔེ་ཇི་ལྟར་གྲོལ་ན་ལི་གར་ཏའི་རྒྱལ་པོ་བྲམ་ཟེའི་དམོད་པ་ལས་གྲོལ་བ་ལྟར་གྲོལ་བས། འཇིགས་ཤིང་ཡ་ང་བ་དང་བག་ཚ་བ་མེད་པས་བློ་བདེ་བའོ། །ད་ལྟ་གནད་དང་བཅས་པ་ཡིས། ལུས་སེམས་ལ་འབྲེལ་བ་མེད་པའི་གནད་ཀྱི་སྐྱེ་བ་སྔ་ཕྱིའི་ལུས་མི་བདེན་པའི་གནས། དེའི་རྩ་བ་འདིར་དྲན་རྟོག་རང་ཡལ་བའི་མཚམས་སུ་རིག་པར་བྱའོ། །དེ་ཡང་གང་ལས་བྱུང་ཞེ་ན། སེམས་ཀྱི་ཁང་བུ་གཞིག་པའི་ཐབས་ཀྱིས་རྒྱུ་རྐྱེན་ཁོག་སྟོངས་པས་སྐྱེ་ཤི་གཉིས་ཀྱི་མཐའ་ལ་མི་གནས་པ་ནི། ཤེས་བྱ་ལ་མཐའ་མེད་པའི་གནད་དེ། དེ་ཡང་གཞིག་པས་མེད་ལ་མེད་པས་སྣང་བ་ནི་ཡལ་ས་ངོ་ཤེས་པ་མེད་ན། སངས་རྒྱས་པ་ཀུན་ཀྱང་སྡུག་བསྔལ་གྱི་ལམ་དུ་ཞུགས་པ་ལས་མ་གཏོགས་པ་མེད་པས་ན། གསེར་གྱི་མཁའ་ལྡིང་ལས། སྡུག་བསྔལ་ལམ་དུ་ཁྱེར་ན་བདེ་བ་ཤུགས་ལས་བྱུང་། ཞེས་པས་སོ། །དེས་ན་སེམས་ཀྱི་བྱུང་ས་ལ་མཁས་པས་འཁོར་བའི་གཟིབས་ཕྱིན་པ། གནས་ས་ལ་མཁས་པས་དྲན་བསམ་གྱི་རྒྱུ་སྟོངས་ལ། འགྲོ་ས་ལ་མཁས་པས་འཁོར་འདས་ཀྱི་འབྲེལ་ཆོད་པའོ། །དེའི་གནད་སེམས་མེད་པར་ཤེས་པས་འཁོར་འདས་ཀྱི་རྩ་བ་སྟོངས། ཡལ་ས་ཤེས་པས་རྐྱེན་གང་གིས་ཀྱང་ཕན་གནོད་དང་བྲལ། སྟོངས་པར་ཤེས་པས་འཁོར་འདས་གཉིས་དུས་གཅིག་ལ་འགགས་པའོ། །ཤེས་པའི་ཡལ་རྒྱུ་གློ་བུར་དུ་བྱུང་ལ། གློ་བུར་དུ་ཡལ་བས་གང་གིས་ཀྱང་གོས་པ་མེད། ཡལ་རྐྱེན་རང་དག་པས་ཡུལ་བདག་ཏུ་འཛིན་པ་ལས་གྲོལ། ཡལ་བའི་དུས་ལ་མི་གནས་པའི་ངེས་མེད་ཕྱོགས་དག་ལ་
ཡལ་བ་ཉིད་རང་གྲོལ་བས་གཉེན་པོ་གཞན་ལ་རག་མ་ལུས་པའོ། །གཏད་ས་ནི་གནད་དྲུག་དང་། གྲོལ་ལུགས་བཞི་སྟེ་བཅུས་གང་ཟག་གཅིག་ཡོངས་སུ་སྨིན་ཅིང་གྲོལ་བར་བྱས་པས་ནི། སེམས་འགྱུ་བ་ཐ་དད་པ་དང་། ཡེ་ཤེས་སྟོང་ཉིད་སྨྲ་བསམ་ལས་འདས་པ་གཉིས་ཀྱི་དབྱེ་བ་བསྟན་པའི་དམིགས་ཏེ་གསུམ་པ་ལས་བསྡུས་པའི་དོན་གཉིས་སུ་བྱས་ནས་བསྟན་པའོ། །མཁས་པ་བྱེ་མ་ལ་མུ་ཏྲས་རྣམ་པར་བཤད་པ་སྟེ་གསུམ་པའོ། །ཨྠྀི། རྒྱ་རྒྱ་རྒྱ། ས་མ་ཡཱ། ད་ནི་སེམས་ཀྱི་དམིགས་བཞི་པས་རྣམ་པར་བཤད་པ་ནི། འདི་ལ་སྤྱི་དོན་བཞི་སྟེ། དང་པོ་རླུང་གི་གནད་ཡལ་བའི་ལས་ཀྱི་རྒྱུ་མ་ཤེས་པ་ལས། འཁྲུལ་ཅིང་ལས་ཀྱི་འཇུག་པ་བསྟན་པ་དང་། གཉིས་པ་ལྟོོས་པ་རང་ཟད་པའི་ཆོས་ཉིད་ལ་འབད་རྩོལ་མེད་པར་བསྟན་པ་དང་། གསུམ་པ་ཁྱད་པར་མཆོག་གི་ཚིག་ལ་བརྟེན་ནས་ཐེག་པ་གཞན་ལས་ཁྱད་པར་འཕགས་ལུགས་བསྟན་པ་དང་། བཞི་པ་ལྟ་སྒོམ་རང་ཤེས་ཀྱི་རྟོག་པ་ལས་གྲོལ་ནས་བསྒོམ་དུ་མེད་པའི་དོན་བསྟན་པའོ། །དེ་ལ་སྤྱི་དོན་དང་པོ་རླུང་གི་གནད་ཡལ་བའི་རྒྱུ་མ་ཤེས་པ་ལས་འཁྲུལ་ཅིང་ལས་ཀྱི་འཇུག་པ་བསྟན་ནས། ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ་འགྱུ་བ་རླུང་གི་ཆ་ལས་འཁྲུལ་པའི་གཞི་བསྟན་པ་ནི། རླུང་གི་ལས་ནི་སོ་སོ་ལས། ཞེས་པ་ལ་སོགས་པས་བསྟན་ཏེ། རླུང་གི་ངོ་བོ་དང་། ངེས་ཚིགས་དང་། དབྱེ་བ་དང་། འགྱུ་ཚད་དང་། བྱེད་པའི་ལས་དང་ལྔར་ཤེས་པར་བྱའོ། །ངོ་བོ་ཡང་ཞིང་སྣ་ཚོགས་སྟོན་པར་བྱ་ལ། ངེས་ཚིགས་འགྲོ་བས་ན་རླུང་། བསྐྱོད་ཅིང་
གཅིག་ཏུ་མི་གནས་པས་ན་རླུང་ལ། དབྱེ་ན་ལས་ཀྱི་རླུང་དང་། ཡེ་ཤེས་ཀྱི་རླུང་གཉིས་སོ། ལས་ཀྱི་རླུང་ལས་འབྱུང་བའི་རླུང་དང་། ག་ནས་འབྱེད་ཀྱིའོ། །འབྱུང་བ་ནི་ས་ཆུ་མེ་རླུང་བཞི་ལ། སའི་ཆུ་དང་། མེ་དང་། རླུང་དང་། སའི་རླུང་དང་བཞི་སྟེ། ལྷག་མ་གསུམ་ལ་ཡང་བཞི་བཞི་སྟེ་བཅུ་དྲུག་གོ། གནས་འབྱེད་ནི་ཕོ་རླུང་མོ་རླུང་མ་ནིང་གི་རླུང་དང་གསུམ་མོ། །ཡེ་ཤེས་ལ་དངོས་དང་། བྱེ་བྲག་པ་གཉིས་སོ། །འགྱུ་ཚད་ནི་སྐྱེས་བུ་ན་ཚོད་དར་ལ་བབས་པ། ལུས་ལ་འབྱུང་བའི་ནད་དམ་པོས་མ་ཟིན་པ་རྣམས་ལ་ཉིན་ཞག་ཕྲུགས་ཅིག་ལ། རླུང་ཕར་འགྲོ་ཚུར་འོང་བ་ཉི་ཁྲི་དང་ཆིག་སྟོང་དྲུག་བརྒྱ་རྒྱུ་བའོ། །བྱེད་པ་ལས་ནི་ལས་ཀྱི་རླུང་གིས་གྱེན་ལ་རྒྱུ་བ་དང་། ཐུར་དུ་སེལ་བར་བྱེད་ལ། ཡེ་ཤེས་ཀྱིས་ནི་རིག་པ་སྟོན་པ་དང་། དབྱིངས་ཀྱི་སྣང་བ་སྟོན་པར་བྱེད་པས་ན་ལས་སོ་སོ་ལས་ཞེས་པས་སོ། །དེ་ཡང་གྱེན་ལ་རྒྱུ་བས་ནི་འཕེན་པ་དང་སྤེལ་བའི་ལས་བྱེད་ལ། ཐུར་དུ་སེལ་བས་ནི་དྭངས་སྙིགས་འབྱེད་པའི་ལས་བྱེད་པ་སྟེ། སྙིགས་མ་དྲི་ཆེན་དང་། དྲི་ཆུ་ཕྱིར་འདོར་བར་བྱེད། དངས་མས་ལས་བསྐྱེད་ཅིང་བཀྲག་དང་གཟི་མདངས་རྣམས་སྐྱེད་པར་བྱེད་པའོ། །ཡེ་ཤེས་ནི་རིག་པ་ལུ་གུ་རྒྱུད་མངོན་སུམ་བསྟན་ནས། ཡིད་དཔྱོད་ཚིག་གི་གཞི་ཉམས་པར་བྱེད་ལ། དབྱིངས་ཀྱི་སྣང་བ་བསྟན་པས་ནི། སྣང་བ་བཞི་མཐར་ཕྱུང་ནས། ཁམས་གསུམ་གྱི་མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པར་བྱེད་པའོ། །དེ་ཡང་ཐོག་མ་འཕེན་པ་ལས་ཀྱི་རླུང་མ་དག་པ་ལས། ཡུལ་བདག་ཏུ་འཛིན་པའི་ཆ་ཡིན་སྙམ་
པ་དང་། མིན་སྙམ་པ་ལ་སོགས་པ་ཤར་བས། དེའི་ཕྱིར་འཕེན་པའི་ལས་ལ་མ་དག་པ་ལས། མ་རིག་པའི་ངོ་བོ་སྒྲིབ་པར་བྱེད་པ། ངེས་ཚིགས་ལ་གཞི་ལ་མ་རིག་པར་སོང་བས་ནི། འཆོར་བའི་གཞི་མ་སྡུད་པའོ། །རླུང་དེའི་ནང་དུ་འགྱུ་བ་མ་དག་པ་འགེངས་པའི་ལས། རྣམ་པར་རྟོག་པ་ཚོགས་དགའ་བ་དང་། མི་དགའ་བ་དང་། བདེ་བ་དང་། སྡུག་བསྔལ་བ་རྣམས་ཀྱི་གཞི་མར་སེམས་མེད་པ་ལ་འཇུག་པ་ཐ་དད་པ་དང་། འབྱུང་བ་དང་ཤར་བའི་ཡུལ་ཐ་དད་པར་འགྱུ་བ་ན། ཐོག་མ་ཕྱིར་འཕེན་པའི་རླུང་སྣང་བ་སྣ་ཚོགས་པར་ཤར་བས་ལས་ཀྱི་རླུང་གི་འཁོར་རྒྱུ་དང་། འཁོར་རྐྱེན་དུ་མ་ལ་བརྟེན་ནས་འཁོར་བའི་འབྲས་བུ་འགྲོ་བ་དྲུག་གི་གཟུགས་སུ་བྱུང་བ་ནི། དེ་དག་ཀྱང་འགྲོ་བར་བྱེད་པ་རླུང་གི་སྟོབས་ལ་བརྟེན་ནས་འགྲོ་བར་བྱེད་པའོ། །དེ་དག་ནི་མ་སྨིན་པ་ལས་འཁོར་བའི་རླུང་ཞེས་བྱའོ། །ཞེས་ནང་དོན་དང་པོ་འགྱུ་བ་རླུང་གི་ཆ་ལས་འཁྲུལ་བའི་གཞི་བསྟན་ནས། ད་ནི་ནང་དོན་གཉིས་པ་རླུང་གི་འགྱུ་བ་བླ་མའི་ཞལ་ལ་རག་ལུས་པས། གནད་ཤེས་ན་འགྲོ་བ་ཀུན་གྲོལ་བར་བསྟན་པ་ནི། འགྱུར་བ་ནི་ཕྱིར་འགྱུས་པས་དྲན་རྟོག་ཐ་དད་པ། ནང་དུ་འགྱུས་པས་སེམས་ཉིད་མེད་པ་ལས་གཟུགས་བརྙན་སྣ་ཚོགས་པར་གསལ་བ། དེ་ལྟར་ལས་གཉིས་ནི་ཁྱད་པར་དུ་ཐབས་ལ་བརྟེན་པས། འགྱུ་བ་རང་སོར་གྲོལ་བའི་གནད་ནི། དཔལ་ལྡན་རྡོ་རྗེ་འཆང་ལས་ལྷག་པའི་རང་གི་རྩ་བའི་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ཡང་ཤེས་ལུགས་ནི། རླུང་བཟུང་བས་རྟོག་པ་བཙོན་
དུ་ཟིན་པས། འགྱུ་བ་རྣམ་པར་དག་པ་ནི། སྐྱེས་པ་ཡིན་ན་སྣ་བུག་གཡས་པ་ནས་བཟུང་། བུད་མེད་ཡིན་ན་གཡོན་པ་ནས་ནར་གྱིས་དྲངས་ལ། ནང་དུ་བཟུང་བས་ཕོ་ཁ་ཚ་མེར་གྱིས་བྱུང་བ་ནི་ཕྱིར་བག་རེ་འཕངས། སྐབས་སུ་སྤྱི་བོ་ནས་ཕུལ་ལོ། །རླུང་གནན་པ་ནི་སྐྱེས་པའི་ཕོ་ཁ་གཡས་སུ་མནན་ལ་བུད་མེད་ཀྱིས་གཡོན་དུ་མནན་པས། ལྗིད་ཏིག་གིས་བྱུང་ཙ་ན་ཁ་བསྡམས་ཏེ་སྣ་བུག་ནས་བསང་ངོ་། །དེ་ཡང་གཞན་གྱི་ཐབས་ནི་རླུང་འགྱུ་ན། ཡི་གེ་གང་མོས་པ་དང་། ཁ་དོག་དཀར་དམར་སེར་པོ་ལྗང་མཐིང་ལ་སོགས་པར་བསྒྱུར་བ་དང་། དབྱིབས་ཆོས་འབྱུང་དང་། རྒྱ་གྲམ་དང་། ཟླ་གམ་ལ་སོགས་པ་གང་མོས་པར་བསྒྱུར་བས་ལས་ཀྱི་རླུང་སྤྱི་བོར་བསྡུས་པས་ལུས་དྲོད་ཕེབས། མགྲིན་པར་བསྡུས་པས་ངག་ལ་ནུས་པ་འབྱུང་། སྙིང་གར་བསྡུས་པས་སེམས་ལ་དྲོད་ཕེབས། ལྟེ་བར་ཁ་དོག་གང་མོས་དང་བཅས་པས་གཉིད་དང་རྨི་ལམ་ལ་རྒྱས་ཐེབས་པའོ། །ཡང་ཡེ་ཤེས་ཀྱི་རླུང་མིིག་ནས་འཐེན་པའི་ཚུལ་དུ་དྲངས་པས། རྟོག་པ་དུམ་བུ་བ་འགག །སྣ་ནས་འཐེན་པས་སྣང་བ་ལ་དྲོད་རྙེད། ཁ་ནས་འཐེན་པ་དང་འགྱུ་བ་རྣམས་ཀྱི་ཁོག་ཟད་པའོ། །དེ་ཡང་ཧཱུྃ་སྒྲས་འཐེན་པ་དང་། ཕཊ་དང་། ཨ་དང་། ཧས་འཐེན་པའོ། །འཇུག་པ་ཞེས་པ་རླུང་ཡུལ་ལ་བཅུག་པས་སྣང་རྐྱེན་ཆོས་ཉིད་དུ་འཆར་ལ། ནང་ཕུང་པོ་ལ་བཅུག་པས་ལུས་ཀྱི་ནད་དང་སྡུག་བསྔལ་ཞི། གསང་བ་སེམས་ལ་བཅུག་པས་སེམས་ཀྱི་རྟོག་པ་ལས་རང་གྲོལ་བའོ། །དེ་ལྟར་རླུང་ཕར་འགྲོ་བའི་
དུས་ན་ལུས་སེམས་དལ་བའི་ཆོ་ག་བྱ། ཚུར་འགེངས་པའི་དུས་ན་ཕུང་པོ་སྦྱང་བའི་རྟེན་བྱའོ། །དེ་ལྟར་གཉིས་ཀྱི་ཆ་ལས་འཁོར་འདས་གཉིས་སུ་ངེས་པ་ནི། རླུང་ཕྱིར་འཕངས་པས་འདས་པའི་ལམ་སྣ་འདྲེན་ལ། ནང་དུ་རྔུབས་པས་འཁོར་བའི་ལས་བསོག་པས་སོ། དེ་ཡང་འཁོར་བའི་ས་བོན་ལས་ཀྱི་རླུང་གིས་འཕེན་པ་ལས་ལྷ། འཐེན་པ་ལས་ལྷ་མིན། འཇུག་པ་ལས་མི། འགྱུར་བ་ལས་བྱོལ་སོང་། ཁྲོས་པ་ལས་ཡི་དྭགས། རྣམ་པར་རྒོད་པ་ལས་དམྱལ་བ་དང་དྲུག་ཏུ་འགྱུར་བའོ། དང་པོ་འཕེན་པའི་རྒྱུ་མ་དག་པ་ལས་བྱུང་བའོ། །དེ་ལྟར་རླུང་འདི་ནི་སྣ་བུག་གཡས་ཀྱི་རླུང་དལ་བ་དང་། འཇིལ་བ་དང་། ཡང་བ་དང་། བསྐྱོད་པ་དང་། ཞར་བ་དང་། སྟོང་པའི་ལམ་ལས་བརྟག་པ་དང་། ཡང་རྣ་བའི་བུ་ག་གཡས་གཡོན་གྱི་མདུན་གྱི་གཤོང་བུའི་རྩ་མཐེབ་མཛུབ་ཀྱིས་གཏེམས་པས་སྒྲ་འཚེགས་པ་དང་། བཤང་བ་དང་། སིང་བ་དང་། ཕྲ་བ་དང་། རིང་བ་ལ་ངེས་པར་བརྟགས་ཏེ། དེའི་ལས་ཀྱི་འགྱུར་གྱིས་ཕྱེ་ན། རང་གི་སྐྱེ་བ་སྔ་ཕྱིའི་ལས་ཀྱི་བྱེ་བྲག་རྣམས་ཤེས་པར་འགྱུར་ཏེ། མཆོག་དང་ཐུན་མོང་གིས་དངོས་གྲུབ་ཀྱི་བྱེ་བྲག་རྣམས་ཀྱང་ཤེས་སོ། །ཡེ་ཤེས་ཀྱི་རླུང་གི་འབྲས་བུའི་འགྱུར་ཡེ་ཤེས་འཆར་བའི་ཚད་དང་། སེམས་གནས་པའི་དུས་དང་། རྣམ་རྟོག་འགགས་པའི་དུས་དང་། ཚད་དང་གྲངས་རྣམས་ཤེས་པའོ། །དེ་ལྟར་ན་ལས་དང་ཡེ་ཤེས་ཀྱི་རླུང་གི་དེ་ཁོ་ན་ཉིད་ཤེས་ན་འཁོར་འདས་གཉིས་ཀྱི་མཚན་ཉིད་
རྟོགས་པའོ། །ཞེས་ནང་དོན་གཉིས་པ་རླུང་གིས་འགྱུ་བ་བླ་མའི་ཞལ་ལ་རག་ལུས་པས་གནད་ཤེས་ན་འགྲོ་བ་ཀུན་གྲོལ་བར་བསྟན་ནས། ད་ནི་ནང་དོན་གསུམ་པ་རླུང་སེམས་ཀྱི་འཇུག་པ་ཁྱད་པར་གྱི་ཐབས་བསྟན་པ་ནི། ཟུང་དུ་ནི་ལས་ཀྱི་རླུང་དང་ཡེ་ཤེས་གཉིས་ཏེ། ལས་ཀྱིས་འཁོར་བ་ལ་འཇུག་པས་ལས་གཉིས་བྱེད་དེ། འཁོར་བའི་རྒྱུ་ཀུན་རྫོབ་བདག་ཏུ་འཛིན་པའི་ཡུལ་ལ་ཞུགས་ནས་འབྲས་བུ་ཁམས་གསུམ་དུ་སྨིན་པར་བྱེད་དོ། །ཡེ་ཤེས་ཀྱིས་བཟླས་པ་ལ་འཇུག་པའི་ལས་གཉིས་ལས་ནི། དོན་དམ་པ་ཆོས་ཉིད་ལ་ཞུགས་ནས། འབྲས་བུ་མྱ་ངན་ལས་འདས་པའི་སྐུ་དང་། ཡེ་ཤེས་སུ་སྨིན་པར་བྱེད་པའོ། །དེ་ལྟར་རླུང་དེ་གཉིས་ཀྱི་ཟླ་ནི་ལུས་ངག་ཡིད་གསུམ་ལས། ལུས་ཀྱི་དངོས་པོ་རླུང་གི་གནད་ཀྱིས་རྡུལ་ཕྲ་རབ་ཀྱི་གཞི་སྟོངས་པས་རྡོས་བཅས་མེད་ལ། སེམས་ཀྱི་དྲན་རྟོག་ཡལ་སར་ཡལ་བས་སེམས་ཀྱིས་ཕྱེད་པས། དེའི་ལུས་ངག་ལ་སྣང་བ་ནི། གནས་པས་སྟོང་ལ། བརྗོད་པས་གསལ་ལ་གསལ་བས་ཟད་ཅིང་མེད་པར་ཤེས་པའོ། །དེ་ཡང་སྐྱེད་བྱེད་དང་པོའི་འཁོར་ལོ་ན་སའི་རླུང་ཤས་ཆེར་གནས་པས་ལུས་ཤའི་མདངས་སྟོན་ལ། ཡེ་ཤེས་ཀྱི་ས་བོན་དུ་བྱེད། སྙིང་སྟེ་དྲན་པ་འདུས་པའི་འཁོར་ལོ་ན་ཆུའི་རླུང་གནས་ཏེ། ལུས་ཀྱི་ཁྲག་གི་མདངས་སྟོན་ཅིང་། ཡེ་ཤེས་ཀྱི་རྩ་ལ་འཆར་བ་བྱེད། རོ་རྣམས་འདུས་པའི་འཁོར་ལོ་ན་མེའི་རླུང་ཤས་ཆེར་གནས་ཤིང་ལུས་ཀྱི་དྲོད་ཀྱི་འཕེལ་སྟོན་ལ། ཡེ་ཤེས་ཀྱི་སྣང་བ་རྫོགས་པར་བྱེད། རྩེ་མོ་རྣམ་པར་བཀོད་
པའི་འཁོར་ལོ་ན་རླུང་གི་རླུང་ཤས་ཆེར་གནས་ཤིང་ལུས་ཀྱི་དབུགས་ཀྱི་བསྐྱོད་བྱེད་ལ་ཡེ་ཤེས་དངོས་སུ་འཆར་བའི་སྒོ་འདོད་པར་བྱེད་པ་ཅན་ཏེ། རླུང་གཉིས་ལ་ལས་ཀྱི་རླུང་ལ་འབྱོངས་ན། ཐུན་མོང་གི་རྟགས་སྣ་ཚོགས་སྟོན་པར་ནུས་ཤིང་། ལས་དང་ལས་ཀྱི་བྱེ་བྲག་ལ་མཁས་སོ། །ཡེ་ཤེས་ཀྱི་རླུང་ལ་འབྱོངས་ན། མཆོག་གི་ཡོན་ཏན་སྟོན་ཅིང་ཕྱི་རོལ་གྱི་སྣང་བ་རྣམས་ཟད་པར་བྱེད་པའོ། །དེ་ཡང་སློབ་པར་འདོད་པའི་གང་ཟག་གིས་དྲན་བསམ་གྱི་འགྱུ་བའི་ཞེན་པ་ཡལ་བར་བྱ་བའི་གནད་དུ། རླུང་ཅི་ནས་ཀྱང་དལ་བར་མཁའ་ལ་འཕང་ཞིང་། ཁ་ནས་ཕྱིར་སྤུར་ལ་ལུས་ལ་མི་གནས་རྟག་ཏུ་བྱས་ན་གོང་གི་ཡོན་ཏན་དེ་དག་ཤེས་པར་ངེས་སོ། །དེ་ཡང་རླུང་གི་འཕེན་པས་རང་གི་ཁ་ནས་ཕྱིར་དབུལ་བ་ནི་གནད་ཡིན་ལ། འདིའི་དུས་ན་སྣ་བུག་གཉིས་དར་གྱི་མདོས་དགག་པར་བྱའོ། །དེ་ལྟར་ཡུན་རིང་དུ་བསླབས་པས་རིམ་གྱིས་ལུས་ཀྱི་བདེ་བ་ཐོབ་ལ། དེ་ནས་ངག་གི་དེ་ནས་སེམས་ཀྱི་བདེ་བ་འབྱུང་བ་ནི་བཞག་སར་སྡོད་པ་དང་། གཏང་སར་འགྲོ་བ་དང་། ངོ་ཤེས་པ་རྣམས་འབྱུང་ངོ་། །འདིའི་དུས་ན་འཁོར་བའི་མཚན་ཉིད་ཤེས་པ་དང་། འདས་པའི་མཚན་ཉིད་ཤེས་པ་གཉིས་ལས། རང་གིས་དེ་གཉིས་ཀྱི་རྒྱུ་རྐྱེན་འབྲས་བུ་བརྟགས་པས་སོ་ན་གནས་པའི་ཡེ་ཤེས་ཀྱི་རྩལ་འབྱོངས་པ་ལ་ཐེ་ཚོམ་མེད་དོ། །ཞེས་དེ་དག་གིས་ནི་སྤྱི་དོན་དང་པོ་རླུང་གི་གནད་ཡལ་བའི་རྒྱུ་མ་ཤེས་པ་འཁྲུལ་ཅིང་ལས་ཀྱི་འཇུག་པ་བསྟན་པ་ལ་ནང་དོན་གསུམ་དུ་བྱས་ནས་བསྟན་ཏོ། །ད་ནི་སྤྱི་དོན་གཉིས་པ་བསྟན་
པ་ལ། ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ་མེད་པའི་ཆོས་ཉིད་ལ་རྩལ་སྦྱངས་པས་འགྱུ་བའི་ཁོག་སྟོངས་པར་བསྟན་པ་ནི། གང་གི་ལམ་མེད་ན་འགྲོ་བའི་ཕུགས་གཏིབས་ཞེས་པ་ལ་སོགས་པས་བསྟན་ཏེ། གང་གི་གནད་ཤེས་པའི་འགྲོ་བ་ཡི། །དེ་ཡང་སེམས་འགྲོ་བར་བྱེད་པའི་ལམ་དྲན་བསམ་གློ་བུར་བ། དེས་གློ་བུར་བར་ཤེས་པ་ཙམ་གྱིས་དྲན་པ་ལ་སྐྱེ་བའི་སྟོབས་མེད་པ་ནི། སེམས་ཀྱིས་ཕྱི་རོལ་ཡུལ་དང་། ནང་ལུས་ལ་འགྲོ་བའི་ཕུགས་འཁྲུལ་བའི་ཡུལ་ཐ་དད་པ་རྣམས་གཏིབས་པས། འཁོར་བའི་གཞི་སྟོངས་པས་ལྡོག་པའི་ས་མེད་པས། ལུས་སེམས་ཀྱི་འབྲེལ་ཆོད་པའོ། །དེ་ལྟར་ཤེས་པ་ད་ལྟ་སྒོམ་གྱི་གཏད་པའི་ས་དང་ཤེས་པ་གུད་དུ་བཅད་པ་མེད་པ་ནི་བྱ་བ་དང་རྩོལ་སྒྲུབ་ཀྱི་གཞི་བློའི་དམིགས་པ་ཡུལ་དང་བཅས་པས་སྟོངས་པས་འབད་མི་དགོས་པར་རང་དོན་གསལ་བའོ། །དེ་ཉིད་ལ་བློའི་འགྱུ་བ་སྣ་ཚོགས་སུ་འཕོ་བ་མེད་ན་འཁྲུལ་པའི་རྩལ་ལོག་པའི་ཤེས་པ་རྣམས་ཟད་དེ། སེམས་ཉིད་མེད་པའི་དོན་མངོན་དུ་སྣང་བའོ། །དེ་ལ་བར་མཚམས་མེད་པར་གནས་ན་སངས་རྒྱས་ཀྱི་དགོངས་པའི་གཞི་འབྲེལ་མེད་ཡེངས་ས་མེད་པའི་གདང་རྙེད་པ་ཡིན་ནོ། །དེ་ལ་བཅོས་མའི་ཆོས་དམིགས་གཏད་དང་བཅས་པ་མེད་ན་བློ་བདེ་ན་སེམས་ཉིད་བདེ་གསལ་ཁོང་དུ་ཆུད་པའོ། །ཞེས་དང་པོ་མེད་པའི་ཆོས་ཉིད་ལ་རྩལ་སྦྱངས་པས་འགྱུ་བ་ཁོག་སྟོང་པར་བསྟན་ནས། ད་ནི་ནང་དོན་གཉིས་པ་བདེ་འདོད་ལྟོས་པའི་ཆོས་ཀྱི་བར་ཆད་བསལ་བར་བསྟན་པ་ན།
དེ་ལྟར་རྟོགས་པ་དེ་ཡང་གང་ལས་བྱུང་ཞེ་ན། ལྟོས་པ་རྣམས་རང་ཟད་ལས་བྱུང་སྟེ། སངས་རྒྱ་ཞེས་བྱ་བར་བཏགས་པ་མེད་པའི་སྔོན་རོལ་ན། སེམས་ཅན་ཞེས་པ་ཡང་དེ་ལས་ལྟོས་པས་ག་ལ་སྲིད་མིང་མེད་དོ། །དེའི་ཕྱིར་ན་བཏགས་པ་མིང་ཡིན་གྱི་གཏན་ཚིགས་ཀྱིས་གཞིགས་པས་གང་ཡང་མ་གྲུབ་པར་གཏན་ལ་ཕེབས་སོ། །གྲུབ་པའི་མཐས་བདེ་བར་བརྟགས་པ་སེམས་ལ་མི་སྣང་ན། ཕྱི་ལུས་དང་ནང་སེམས་ཀྱི་སྡུག་བསྔལ་བཙལ་བས་རྙེད་པར་སུ་ལ་ཡང་མི་སྲིད་དོ། །དེའི་ཕྱིར་ན་བདེ་སྡུག་རོ་སྙོམས་ཀྱི་གཏན་ཚིགས་ལས་མ་གཏོགས་པ། བླ་མས་མིང་དུ་བཏགས་པའི་འདི་ལྟར་བསྒོམས་དང་ཞེས་སེམས་བདེ་བར་འདོད་པའི་ཆོས་ནི། བསྒོམ་དུ་མེད་པའི་ཆོས་ཉིད་འཁྲུལ་པ་རྩ་བ་ཉིད་ལས་བྱུང་སྟེ། དེ་ཡང་གོང་མའི་འགྱུར་རམ་ལྟོས་པ་ལས་འོག་མ་སྣང་བ་ནི་ལྟོས་པ་ལས་བྱུང་བ་སྟེ། ཆོས་ཉིད་ལ་རྒྱུ་མཚན་གོང་འོག་གི་ལྟོས་མེད་པའོ། །ཞེས་སྤྱི་དོན་གཉིས་པ་བདེ་འདོད་ལྟོས་པའི་ཆོས་ཀྱི་བར་ཆད་གསལ་བར་བསྟན་ནས། དེ་གཉིས་ཀྱི་སྤྲོས་པ་རང་ཟད་པ་ཆོས་ཉིད་ལ་འབད་རྩོལ་མེད་པར་བསྟན་པ་ལ་ཡན་ལག་གི་དོན་གཉིས་སུ་བྱས་ནས་བསྟན་ཏོ།། །།ད་ནི་སྤྱི་དོན་གསུམ་པ་ཁྱད་པར་མཆོག་གི་ཚིག་ལ་བརྟེན་ནས་ཐེག་པ་གཞན་ལས་ཁྱད་པར་འཕགས་ལུགས་བསྟན་པ་ལ་ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ། ཁྱད་པར་གྱི་ཚིག་བདུན་གྱིས་ཐེག་པ་གཞན་ལ་གཡངས་ས་བསྐུར་བར་བསྟན་པ་ནི། དེ་ཡང་ཁྱད་
པར་ཆེན་པོ་མཆོག་གི་ལྟ་བས་ཕྱེ་ན། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་དག་པར་གཞན་ལ་ཁྱད་པར་འཕགས་པ་རྫོགས་པ་ཆེན་པོ་མཆོག་གི་ཁམས་གསུམ་དུ་མི་བརྒྱུད་པའི་ལྟ་བ་ལྡོག་མེད་ཡོངས་སུ་གྲོལ་བས་ཕྱེ་ན། དབུ་མ་དང་སེམས་ཙམ་ལ་སོགས་པའི་གྲུབ་མཐའ་མཁན་པོ་རྣམས་ཀྱི་ཚིག་གིས་སངས་རྒྱ་བ་ལ་ཕན་མ་བཏགས་པ་ནི་ཁ་ཚིག་ཏུ་སོང་བས་ཞེན་པ་མ་གྲོལ་བས་ཕན་པ་མེད། དེ་ལ་གནོད་པ་བསྐྱལ་བ་ཡང་མེད་དེ། ཚིག་དེ་མིང་ཙམ་ལས་ཡང་དག་ཏུ་མ་གྲུབ་པས་སོ། །དེ་ཡང་ཚིག་དེ་ཤེས་པས་གྲོལ་བ་ཡིན་ན་བྱིས་པ་བརྡའ་སྨྲ་ཤེས་ལ་བསླབ་ན་གྲོལ་ཏེ། མི་གྲོལ་ལ། བཅངས་པས་གྲོལ་ན་བྱོལ་སོང་ལ་སོགས་པའི་མགུལ་དུ་བཏགས་ན་ཡང་གྲོལ་བར་རིགས་ཏེ། མི་གྲོལ་ངེས་པ་དང་། བདག་ཉིད་ཀྱིས་བདག་ཉིད་གྲོལ་ན། བུ་ཏོ་གྲོལ་བ་སྟེ་གང་ཟག་ལ་ཕན་པ་མེད་དོ། །བརྗོད་པས་གྲོལ་ན་སྨན་དཔྱད་ཀྱི་བུ་ཏི་ནད་པའི་དྲུང་དུ་བཀླག་པ་ཙམ་གྱིས་གྲོལ་བར་འགྱུར་ཏེ། ནད་པ་ལ་ཕན་པ་མེད་དོ། །དེ་ཡང་དཔེར་ན་མི་གསེར་གྱི་ནད་ཀྱིས་ཟིན་པའི་མི་ལ། དུང་དཀར་པོ་ལ་སེར་པོར་མཐོང་བ་དེ་ལ་ཁྱོད་ཀྱི་མིག་འཁྲུལ་ནས་འདུག་གོ། དུང་དཀར་པོ་ལ་སེར་པོ་མཐོང་བས་སོ་བྱས་ཀྱང་། འཁྲུལ་ནས་འདུག་སྙམ་པ་ཙམ་ལས་སེར་པོར་མཐོང་བའི་བདེན་པའི་མངོན་ཞེན་ནི་ལྡོག་པ་མ་ཡིན་ནོ། །དེ་ལྟར་གྲུབ་མཐས་གཏན་ཚིགས་དང་རིག་པས་བཤིག་ཀྱང་འཁྲུལ་པ་ལས་ལྡོག་མི་སྲིད་དོ། །དཔེར་ན་མིག་སེར་ཅན་སྨན་པ་མཁས་པས་ཚིག་གིས་བརྗོད་མི་དགོས་པར། མིག་
ཐུར་གྱི་ཕྱེ་ནས་མི་སྨན་བཏབ་པས། དུང་དཀར་ལམ་གྱིས་མཐོང་བ་དང་འདྲ་བར། བླ་མ་མཚན་ཉིད་དང་ལྡན་པ་གཅིག་གིས་ཚིག་སྤྲོ་མི་དགོས་པར་གནད་བསྟན་པ་ཙམ་གྱིས་དབང་པོ་རབ་སྐད་ཅི་མ་དང་པོ་ལ་གྲོལ་ལ། འབྲིང་པོ་གནད་དེས་བསྟན་པས་ཤེས་པ་ལ་བརྟེན་ནས་སྐད་ཅིག་མ་གཉིས་པ་གྲོལ་ལ། ཐ་མས་ཀྱང་དེ་ཤེས་པ་སྟེ་གོ་བ་ལ་བརྟེན་ནས་སྐད་ཅིག་མ་གསུམ་པ་ལ་གྲོལ་བར་ངེས་པས་ན། ཁམས་གསུམ་དུ་མི་བརྒྱུད་པའོ། །ཡང་དེ་ལྟ་བུའི་གནད་དེ་ལ་དབང་པོ་རྣོ་བ་ཤེས་རབ་ཅན་ལ་ཡང་ཚིག་གི་། སྙད་མང་པོ་མེད་པས་ཤེས་མི་དགོས་པས་ཕན་པ་མེད་ལ། དབང་པོ་རྟུལ་པོས་ཀྱང་གནད་དེ་བསྟན་ན་མི་ཤེས་མི་སྲིད་པས། དེ་ཡང་ཚིག་གི་རྟོག་དཔྱོད་མེད་པའི་གནད་ཀྱིས། ཐོས་པ་བྱས་ནས་དེ་ཉིད་རང་རྒྱུད་ལ་མ་སྐྱེས་པའམ། དེ་ལྟར་མི་བྱེད་པས། དེ་བཞིན་དུ་བསམ་པས་དོན་དང་མ་སྦྱར་བ་དང་། བསྒོམས་པས་ཆོས་ཉིད་ཀྱི་ཉམས་མྱོང་རྒྱུད་ལ་མ་སྐྱེས་པས་ཏེ། དེ་དག་ཤེས་བཞིན་དུ་དེ་རྣམས་དང་མ་འབྱར་བར་འཇིག་རྟེན་གྱི་ཆོས་ལ་སྤྱོད་པས་སླར་ངན་སོང་དུ་ལྟུང་བའི་གྲོགས་བྱེད་པས་ཕན་པ་མེད་དོ། །ཡང་གནད་འདི་བསྟན་ན་མཚམས་མེད་ལྔ་སྤྱད་པ་ཞིག་ཀྱང་མི་གྲོལ་མི་སྲིད་ལ། མ་བསྟན་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྒྱུན་དུ་སྤྱོད་པ་ཞིག་ཀྱང་ཁམས་གསུམ་ལས་མི་གྲོལ་བས། ལས་བཟང་པོ་བསགས་པས་ཕན་པ་མེད་ལ། བླ་མས་འདི་ཉིད་བསྟན་ནས་དེ་ལས་མི་གྲོལ་མི་སྲིད་པས། ངན་པས་གནོད་པ་མེད་གནད་ཀྱིས། དགེ་བའི་སྦྱོར་བ་ཅི་
བྱས་ཀྱང་རང་གི་སེམས་འཆིང་བ་ལས་མ་གཏོགས་པ་ཅི་ཡང་མེད་དོ། །ཡང་ཐེག་པ་རིམ་པ་དགུའི་ཆོས་རྣམས་ཀྱི་སངས་རྒྱ་བ་ལ་ཕན་གནོད་གང་ཡང་མེད་དོ། །དེ་དག་ནི་གནད་མེད་པས་ཡིད་ཀྱིས་དཔྱོད་ཅིང་དེའི་རྗེས་འཛིན་པའི་ལྟ་བ་དང་སྒོམ་པ་ཡིན་པའི་གནད་ཀྱིས། ཕན་པ་མེད་པའི་སྟེང་དུ་སླར་སངས་རྒྱས་རྣམས་ཀྱི་ཡོན་ཏན་དང་ཐབས་དང་ཤེས་རབ་ལ་སྒྲིབ་པར་བྱེད་པ་དང་། འོ་ན་གཞུང་པུ་ཏི་དང་གླེགས་བམ་འདི་དག་ལ་དགོས་པ་མེད་དོ། །ཞེ་ན་འདི་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པར་བྱེད་པ་ལམ་གྱི་སྟེགས་ཡིན་ཙམ་ལས་གཞན་དུ་ཕན་པ་མེད་དོ། །ཡང་རིག་པའི་ཡེ་ཤེས་ཉིད་ཤེས་རབ་ཀྱི་སྤྱོད་ཡུལ་མ་ཡིན་ན། ཡིད་རྟོག་པ་ཐ་དད་པ་དང་འདྲེས་པའི་ཕྱིར་རོ། །དེ་ལྟར་ན་ལུང་ལས་ཀྱང་ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོ་གཏིང་མི་རྙེད། །ཅེས་པས་སོ། །གནད་དེ་དབང་པོ་མིག་གིས་མཐོང་བ་ཙམ་གྱིས་གཏན་ལ་ཕེབས་པའི་གནད་ནི། དཔེར་ན་སྔར་འདྲིས་པའི་མི་ཕྱིས་མཐོང་བ་ཙམ་གྱིས་ངོ་ཤེས་ཏེ། མཚན་ཉིད་གཏན་ལ་དབབ་མི་དགོས་པ་དང་འདྲའོ། །དེས་ན་གྲུབ་མཐའ་འདོད་རྒྱལ་དུ་སྨྲ་བའི་ཆོས་ཡིད་ཀྱིས་དཔྱོད་པ་ན། སླར་ཁམས་གསུམ་དུ་འཆིང་བར་བྱེད་པ་མ་གཏོགས་པ་ལས་ཕན་པ་མེད་དོ། །དེ་ཡང་གནད་དེ་མ་བསྟན་ན་ཁམས་གསུམ་ལས་གྲོལ་བར་བྱེད་པ་ལ་དགེ་བས་ཕན་མ་བཏགས་ལ། གནད་དེ་ཤེས་པ་ལ་སྡིག་པས་གནོད་པ་གང་དུ་ཡང་མ་གྲུབ་པའི་གནད་ཀྱིས། ལུས་ངག་ཡིད་ཀྱིས་རྩོལ་བ་ཅི་བྱས་པ་ཐམས་ཅད་སྡུག་བསྔལ་དུ་འགྱུར་བ་ལས་ཁམས་
གསུམ་ནས་གྲོལ་བས་ཕན་པ་གང་ཡང་མེད་དོ། །ཡང་སྔགས་ཀྱི་སྐུ་གསུམ་ཡེ་ཤེས་ལྔ་པོ་འདི་འབྲས་བུར་འདོད་པ་ལ་འདི་ལམ་དུ་ཉམས་གོང་འཕེལ་གྱི་སྣང་བ་ཡིན་པའི་གནད་ཀྱིས། དེ་ཡང་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཐོབ་ཏུ་རེ་བའི་རང་རྒྱུད་ཀྱི་བཅིངས་པས་ཁམས་གསུམ་ལས་མི་འདའ་བ་ཉིད་དེ། ཞེས་ཡན་ལག་གི་དོན་དང་པོ་ཁྱད་པར་ཀྱི་ཚིག་བདུན་ལ་བརྟེན་ནས་ཐེག་པ་གཞན་ལ་གཡངས་ས་བསྐུར་བར་བསྟན་ནས། ད་ནི་ནང་དོན་གཉིས་པ་རྫོགས་པ་ཆེན་པོའི་བྱ་བ་དང་བྲལ་བའི་གནད་ཀྱིས་ཅི་ཡང་སྤང་དུ་མེད་པར་བསྟན་པ་ནི། བདེ་བ་དང་སྡུག་བསྔལ་གཉིས་རང་ངོ་མཉམ་ངོས་ནས་རྒྱུད་དབྱེར་མེད་པར་མཐུན་པས། བདེ་བ་སྒྲུབ་ཏུ་མེད་ལ་སྡུག་བསྔལ་སྤང་དུ་མེད་པར་རྒྱུད་ཀྱི་སྟོན་པ་དཔལ་ལྡན་རྡོ་རྗེ་འཆང་བས་གསུངས། ཞེས་སློབ་དཔོན་ཉིད་སྟོན་པའི་ངག་གསུང་ལ་བརྟེན་པའོ། །འདོད་ཆགས་ལ་སོགས་པའི་ཚིག་དྲུག་གཞུང་གསལ་ལོ། །དེ་ལྟ་བུའི་ལྟ་བ་འདིས་ནི་དགེ་བས་ལུས་ངག་ཚི་ཆད་པའི་སྡུག་བསྔལ་བསལ་བས་སྡིག་པ་རྣམ་སྨིན་གྱི་རྒྱུ་གཉིས་ཀ་སེལ་ཏེ། སེལ་ལུགས་ཇི་ལྟར་སེལ་ན། དགེ་བྱ་བློ་ཡི་ཞེ་འདོད་མེད་པས། །སྡིག་པ་ཡང་ཤུགས་ལས་སེལ་བས་སོ། །འཁོར་འདས་གཉིས་ཀ་ཟད་པར་བྱེད་པའི་རྒྱུ། །རང་སེམས་གཞི་ཐོག་ཏུ་གློད་པ་དེའི་རང་བཞིན་མ་བཅོས་པ་རྣལ་མའི་རྒྱས་ཐེབས་པ་རྐྱེན་གང་སྣང་གི་སྟེང་དུ་བཞག་པས། ཡུལ་ལ་ཡུལ་གྱི་རྟོག་པ་བཅོམ་དེས་སྣང་ཤེས་ཆོས་ཉིད་དུ་ལྡན། དེ་ལ་ལྟ་སྒོམ་བདག་དང་བཅས་པ་སངས་པས། སྣང་བ་སྣང་ཐོག་ཏུ་ཆོས་ཉིད་རྒྱས་ཏེ།
ཤེས་པའམ་འགྱུ་བའམ་འགྱུས་ཐོག་ཏུ་འཇིག་པའི་གྲོགས་སུ་འདི་ལས་ལྷག་པ་མེད་དོ། །དེ་ཉིད་ཀྱིས་སེམས་ཀྱི་རྩ་བ་དྲན་བསམ་གློ་བུར་བར་ཤེས་པར་བརྟུལ་བར་ནི་ཕྱིས་མི་སྐྱེ་བར་བྱེད་པའོ། །དེ་ལྟར་ཤེས་པས་ཡིད་ལ་བྱེད་པའི་ཆོས་རྣམས་བསྣུབས་པས་སྲོག་ཡལ་ས་ངོ་ཤེས་ལ། དེ་ཉིད་རྟོགས་ཤིང་ངོ་ཤེས་པས་ཁམས་གསུམ་དུ་སླར་ལྡོག་པ་མེད་པའོ། །ཞེས་ནང་དོན་གཉིས་པ་རྫོགས་པ་ཆེན་པོ་བྱ་བ་དང་བྲལ་བ་ལ་སྤང་བླང་གང་ཡང་མེད་པར་བསྟན་ནས། ད་ནི་ནང་དོན་གསུམ་པ་སེམས་ཀྱི་རྟོག་པ་གདར་ཤ་བཅད་པ་གཏན་ཚིག་རིགས་པས་གྲུབ་པ་སུན་དབྱུང་བར་བསྟན་པ་ནི། གྲུབ་པས་ནི་དྲན་རིག་སྣ་ཚོགས་པར་སྣང་བའི་ཕྱིར་ན། དྲན་རིག་ནི་འཁྲུལ་བའི་སེམས་སུ་འདུག་པས་བརྟགས་པ་རྣམ་གྲངས་ཀྱི་ཆོས་ཀྱིས་དེ་ལས་བདེ་བར་འབྱུང་བར་འདོད་པ་ཅིའི་ཕྱིར་ཏེ། སེམས་ནི་དྲན་རྟོག་འཁྲུལ་པར་བྱུང་བས་གལ་ཏེ་དྲན་རྟོག་གློ་བུར་བ་བཞིན་དུ་སེམས་ཀྱང་ཡོད་ན་དྲན་རྟོག་ཀྱང་ཆོས་ཉིད་དང་བདེ་བར་འདོད་པར་རིགས་ཏེ། དེ་མི་འཐད་དེ། དྲན་རྟོག་གི་འགྱུ་བ་རང་ཡལ་བ་བཞིན་དུ་སེམས་ཡལ་ན། སེམས་ལས་བྱུང་བའི་བདེ་བ་ཡང་ཡལ་ནས་འགྲོ་ལ་དྲན་རྟོག་མི་ཡལ་ན་སེམས་ལས་བདེ་བ་འབྱུང་བར་མི་རིགས་སོ། །དྲན་རྟོག་མ་ཡིན་པའི་སེམས་ལོག་ནས་མི་རྙེད་ལ། རྙེད་ན་སེམས་དངོས་པོར་ཐལ་བའི་སྐྱོན་སྤང་བར་མི་ནུས་སོ། །སེམས་ལ་སྐྱེ་བ་མེད་དོ་ཞེ་ན། སྐྱེ་བ་མེད་པ་ལས་བདེ་བ་སྐྱེ་བ་མི་འཐད་ལ་སེམས་རང་ཆོས་ཉིད་ཡིན་ནོ་ཞེ་ན། དྲན་རིག་ཡལ་བས་སེམས་ཀྱི་མཚན་ཉིད་སྟོངས་པས་
སེམས་ཀྱི་མིང་ཙམ་དུ་ཡང་ཤེས་བྱ་ལ་གྲུབ་པ་མེད་པས། སེམས་ཆོས་ཉིད་ཡིན་ཞེས་ཅི་ལ་བྱ། དེ་ལྟར་ན་ཐེག་པ་སོ་སོའི་འདོད་པ་སེམས་ཆོས་ཉིད་ཡིན་ན། སེམས་ཡུལ་ཐ་དད་པ་ལ་འཇུག་པ་བཞིན་དུ་ཆོས་ཉིད་ཀྱང་འཇུག་པར་འགྱུར་ཏེ། འཇུག་ན་ཆོས་ཉིད་ཡིན་པ་ལ་གོང་མེད་དེ། མི་འཇུག་ན་སེམས་ཆོས་ཉིད་ཡིན་ཞེས་རང་གི་ཚིག་གི་དམ་བཅའ་ཉམས་སོ། གལ་ཏེ་སེམས་ལ་སྐྱེ་བ་མེད་པས་ཆོས་ཉིད་དུ་འགྲོ་ཞེ་ན། སེམས་ཡུལ་ཐ་དད་པ་ལ་འཕྲོ་ཞིང་སྒོ་ལྔ་ལ་སོགས་པའི་ཡུལ་ཀུན་ལ་མཆོད་པ་བཞིན་དུ་ཆོས་ཉིད་ཀྱང་མཆེད་པར་འགྱུར་ཏེ། ཡུལ་དེ་རང་ཆོས་ཉིད་ཡིན་ཞེ་ན་ཅིའི་ཕྱིར། ཡུལ་ལ་རང་བཞིན་མེད་པས་ཞེ་ན། མངོན་སུམ་དུ་གསལ་བས་སོ། དེ་ལྟར་ན་ཆོས་ཉིད་དང་ཡུལ་གང་དུ་སེམས་དང་ཆོས་ཉིད་གཉིས་སུ་འདུ་བར་འོས་པ་མིན་ཏེ། དེ་ལྟར་གཉིས་སུ་བྱུང་ན་རང་གི་སེམས་ཀྱང་གཞན་ལས་འབྱུང་བར་འགྱུར་ཏེ། གཞན་ལས་གཞན་འབྱུང་བ་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། དེ་ལྟར་མིན་ཏེ་རླུང་ལས་སེམས་བྱུང་ལ་སེམས་ལས་རྟོག་པ་བྱུང་། རྟོག་པས་འཁོར་བའི་འབྲས་བུ་དང་བཅས་པར་བྱུང་བ་ཅིས་ཏེ་མི་རིགས་ཏེ། ཐོག་མའི་ཡང་རླུང་གི་འཕེན་པའི་ལས་མ་དག་པ་ལས་ཁམས་གསུམ་དུ་འཕངས་ལ། ད་ལྟར་ཡང་ལུས་སེམས་ཀྱི་འབྲེལ་རླུང་གིས་བྱེད་ལ་ཐ་མ་ཡང་ངན་སོང་ལ་སོགས་པར་རླུང་ལ་རྟོག་པ་ཞོན་ནས་འགྱུས་པས་འཁོར་བའི་ལས་སྣ་ཚོགས་བྱེད་ལ། རླུང་ཟད་པས་འདས་པའི་ལས་གང་ཡིན་ཡང་ཆོས་ཉིད་དུ་བྱེད་པའོ། དྲན་པ་རང་དག་པར་
ཤེས་པ་དེས་ན་རླུང་གི་འགྱུ་བ་ཙམ་ལ་མ་གཏོགས་པ་ཆོས་ཉིད་དུ་གྲོལ་བའོ། དེ་ཉིད་འགྱུ་བ་རང་ཡལ་དུ་མ་ཤེས་པ་ལས། གནད་མེད་པའི་ཕྱིར་འཁྲུལ་བའི་བདག་ཉིད་ལས་མ་གཏོགས་པ་མེད་དོ། ཞེས་སྒྱི་དོན་གསུམ་པ་ཁྱད་པར་མཆོག་གི་ཚིག་ལ་བརྟེན་ནས་ཐེག་པ་གཞན་ལས་ཁྱད་པར་འཕགས་ལུགས་བསྟན་པ་ལ་ནང་དོན་གསུམ་དུ་བྱས་ནས་བསྟན་ཏོ། ད་ནི་སྤྱི་དོན་བཞི་པ་ལྟ་སྒོམ་ཀྱིས་བདག་ཏུ་བཅེངས་པ་ལས་གྲོལ་བར་བསྟན་པ་ལ་ཡན་ལག་གི་དོན་བཞིས་བསྟན་པའི་དང་པོ་ལྟ་སྒོམ་འབད་པ་མེད་པའི་ཚད་བསྟན་པ་ནི། བལྟས་པས་ཕྱི་ནང་གང་ལ་ཡང་གནད་མཐོང་བའི་གཞི་རང་གི་སེམས་ཀྱིས་རྙེད་པ་ནི། ལྟ་བ་ལས་འདས་པའི་ཆོས་ཉིད་དོ། འཁོར་བ་རིང་དུ་ལ་སོགས་པ་གཞུང་ན་གསལ་ལོ། ནང་དོན་དང་བོའོ། ད་ནི་ནང་དོན་གཉིས་པ་བསྒོམ་དུ་མེད་པའི་སེམས་ཉིད་གློད་པས་གྲོལ་བར་བསྟན་པ་ནི། བློའི་བྱ་བ་དང་བྱེད་པས་བློས་བརྟགས་སུ་མ་བསྒོམས་པར་བཞག་ན་དེ་ཉིད་གྲོལ་བ་སེམས་ཡིན་ལ། རང་གི་ལྟ་སྒོམ་གྱི་འདོད་པས་སེམས་དེ་འཆིང་བ་ཅིའི་ཕྱིར་ཞེ་ན། ཆོས་གྱི་བྱ་བས་ཀྱང་ཁམས་གསུམ་དུ་འཁྲིད་པར་བྱེད་ལ། འཁོར་བའི་བྱ་བས་ཀྱང་ཀྱམས་གསུམ་དུ་འཁྲིད་པ་ལས་མི་བྱེད་དེ། དཔེར་ན་ཐག་སྒྲོག་དང་གསེར་སྒྲོབ་གཉིས་འཆིང་བྱེད་དུ་ངོ་མཉམ་པ་དང་འདྲ་བས་སོ། དེས་ན་སེམས་ལ་བྱ་བ་དང་བྱེད་པའི་མཐའ་དང་བྲལ་ས་བྱས་བཅོས་གང་བྱུང་ཡང་འཆིང་བས་ན། ཉག་གཅིག་དུ་མའི་སྤྲོས་པ་དང་བྲལ་བའི་སེམས་ཉིད་ནི། གློད་ན་ལ་སོགས་པ་གཞུང་ན་གསལ་བོ། ནང་དོན་གཉིས་པའོ། ད་ནི་ནང་དོན་གསུམ་པ་
གཅིག་ཤེས་པས་ཐམས་ཅད་གྲོལ་བར་ལྡོག་པ་དང་བཅས་པར་བསྟན་པ་ནི། གཅིག་དྲན་བསམ་གློ་བུར་དུ་ཡལ་བར་ཤེས་པས་འཁོར་འདས་ཀུན་ཆོས་ཉིད་དུ་གྲོལ་བ་ནི། བླ་མ་དམ་པའི་གསུང་གི་གནད་ཆ་བྱད་བཟང་པོས་གྲོལ་བའོ། །དེ་ཡང་ཐེག་པ་ཐུན་མོང་བས་འཁོར་འདས་ཀུན་དེད་པས་གཅིག་དྲན་པ་གློ་བུར་དུ་ཡལ་ས་ངོ་མ་ཤེས་པས་འཁོར་འདས་གང་ཡང་མ་ཟིན་པའོ། །སེམས་ཀྱི་གང་མཐོང་འགག་པ་ལ་སོགས་པ་ཚིག་བཞི་གཞུང་ན་གསལ་ལོ། །ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་པ་མེད་པའི་ཆོས་ཉིད་ལ་བཟླ་བ་དང་བཅས་པར་བསྟན་པ་ནི། ལྟ་བ་མེད་ཅིང་ཞེས་པའི་ཚིག་བཞི་གཞུང་གསལ་ཡིད་རང་ནི། ཁམས་གསུམ་དུ་འཇུག་པའི་གཞི། དེའི་འདུ་བ་དྲན་པ་དང་། སེམས་དང་། བསམ་པ་དང་། རྟོག་པ་ཡིད་ཀྱི་ཁོངས་སུ་འདུས་པ་ལས་ཉོན་མོངས་པ་སྟེ། དེའི་ཡལ་ས་ངོ་ཤེས་པས་ཟད་པ་ནི། སྟོངས་པ་རང་སྟོངས་ནས་གྲོལ་སར་གྲོལ་བའོ། །དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ལས་མ་བྱུང་བ་མེད་པས་གཞན་ལ་བརྟེན་པ་སུའི་རིག་པ་ཡིན་ཏེ། དེ་ལྟར་རང་བྱུང་ཆེན་པོ་བཅོམ་ལྡན་འདས་ཞེས་པས་སོ། །དེའི་ཕྱིར་ད་རང་བྱུང་ཡེ་ཤེས་ལས་མ་བྱུང་བའི་ཁྱོད་ཅི་ཡིན་ཏེ། །དེ་ལྟར་ན་ཕྱི་རོལ་སྣང་རྟོག་ཀུན་ཀྱང་རང་གྲོལ་བས་སོ། །དེས་ན་གཞན་ལ་བྱུང་བ་མེད་པའི་ཆོས་ནི་མངོན་སུམ་མཐོང་བར་རང་གི་གནད་དོ། །ངོ་མཚར་རྨད་དུ་བྱུང་བ་བྱང་བ་སེམས། ཆུབ་པ་སྣང་བ། དེ་གཉིས་ས་བོན་འགྱུ་བ་སྣ་ཚོགས་པ་ཉིད་ཡིན་པས། དེ་ཡལ་བ་གློ་བུར་གྱི་རྩིས་
ཐེབས་པ་ནི་གཏན་ནས་བཅད་པ་སྟེ། དེ་ཡང་ཁ་ནས་རླུང་ཕྱིར་ཕུལ་བས་བྱུང་ཚོར་གྱི་རྣམ་རྟོག་གི་སྒོ་འགག་པའོ། ཡིད་ལས་རླུང་བྱུང་བ་དང་། རླུང་ལས་རྟོག་པ། རྟོག་པ་ལས་ཕྱི་ཡུལ་གྱི་སྣང་བ་རྣམས་སུ་བྱུང་བ་གསུམ་པོ་ཡང་དག་པ་ནི། ཡང་སྣང་བ་དང་བཅས་པ་དྲན་རྟོག་ཅི་བྱུང་བ་ཕྱི་ནས་ནང་དུ་རླུང་གིས་དྲངས་ཏེ། མགྲིན་པའི་འོག་ཏུ་སྦས་པ་ནི། དེ་དག་སྣུབ་པས་ཕྱི་ཡུལ་གྱི་སྣང་བའི་འབྲེལ་བ་ཆོད། དེ་ཁ་ནས་རང་གིས་ཟོས་ན་འཆིང་སྟེ། ཁམས་གསུམ་ལས་མི་ལྡོག་པར་ངེས་སོ། །དེ་ལྟར་ཡང་རང་ཤར་ལས། སྣང་སྲིད་ལྟོ་རུ་མིད་ཀྱང་ང་མ་བཤོས། ཞེས་སོ། །ཕྱི་ནང་གི་རྟོག་པ་མིན་པ་ནི། དཔེར་ན་བརྒྱལ་ནད་ཅན་ནད་ལངས་པས་དྲན་མེད་དུ་སོང་བས་བདེ་བ་རྙེད་དེ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལྟར། རྣམ་རྟོག་གློ་བུར་བ་ཡིན་པར་ཤེས་པས་དྲན་པ་ནམ་མཁའ་ལ་ཡལ་བ་ལ་རྗེས་མེད་པས་ཆོས་སྐུ་སྟོང་པ་ཉིད་ཐོབ་པ་ནི། ཡལ་ས་ངོ་ཤེས་པ་ལས་བྱུང་བའོ། །དེས་ན་སེམས་སམ་རིག་པ་ལ་རྩ་བ་མེད་པ་སྔོན་ཆད་སུས་ཀྱང་མ་མཐོང་བས་སེམས་འགྱུ་བ་སྣ་ཚོགས་པའི་ཕྱིར་འབྲེངས་པས། ལུས་སེམས་ཀྱི་འབྲལ་བྱས་པས་ཏེ། སེམས་ཀྱི་རྩ་བ་མེད་པར་ཤེས་པས་དྲན་རྟོག་རང་འགགས་པ་དང་། ཕྱི་སྣང་བ་འགགས་པ་དང་། ནང་བྱ་བ་འགགས་པ་དང་། གསང་བ་རླུང་སེམས་འགགས་པ་རྣམས་ཀྱིས་འགྲོ་བ་དྲུག་གི་སོ་སོའི་སྐྱེ་གནས་རང་དག་པས། ད་དེར་སྐྱེ་མི་སྲིད་པའི་གནད་དོ། །དེ་ཡང་དངོས་པོ་རགས་པ་རྣམས་སྟོང་པ་ལ་ལྟོས་ནས་བརྟགས་པས་དངོས་པོ་སོང་བས། དེ་
ཉིད་རང་ཡང་སྟོངས་པས་སོ། །ཕྱི་ནང་རང་བཞིན་གྱི་ཆོས་ཉིད་ལས་མ་གཏོགས་པ་མེད་པས། ཇི་ལྟར་སྣང་བ་བདེ་བའི་ལུགས་སུ་བླུགས་པ་ཡིན་པས་འཁོར་བའི་ཆོས་ལ་སོགས་པ་ཅི་ཡང་མེད་དོ། །དཔེ་ལས་བྱུང་བ་ནི་གཞི་རྒྱལ་མཚན་གྱི་རྩེ་ལ་བཏགས་པའི་ནོར་བུ་རིན་པོ་ཆེ་ལྟ་བུའི་བསླབ་བྱ་ལ་བརྟེན་ནས་བསླབས་པས། སེམས་ཉིད་ཚིག་དང་། ཐ་སྙད་ལས་གྲོལ་བའི་དགོས་པ་ཡོད་དོ། །དེ་ཡང་འཁོར་བའི་རྟོག་པ་བདག་ཏུ་འཛིན་པ་ལས་གྲོལ་བ་ནི། མཁའ་ལྡིང་གི་བུ་གསེར་འགྱུར་གྱི་ལས་ལས་གྲོལ་བ་ལྟར་གྲོལ་བས། འཁོར་འདས་ཀྱི་བྱ་བ་རང་ལོག་པའོ། །དེ་ལྟར་འཁོར་བ་སྣང་ཤེས་ཀྱིས་སྡུས་པའི་ཆོས། སྣང་བ་སྣང་ཐོག་ཏུ་གྲོལ་བས་བཤིག་ལ་ཤེས་པ་འགྱུ་ཐོག་ཏུ་གྲོལ་བས་འགྱུ་བ་གློ་བུར་དུ་བཤིག་ལ། ཡེ་ཤེས་གཞི་ནས་རང་བཞག་ཏུ་ཤེས་པས་གསལ་སྟོང་གཉིས་དུས་གཅིག་འཇིག་པའི་ལས་ཀྱི་མཐའ་འཁོར་འདས་གང་དུ་ཡང་མ་དམིགས་པའོ། །སེམས་ཀྱི་མཚན་དུ་བསྟན་པ། དམིགས་ནི་བསླབ་བྱ་དང་ཤེས་བྱའོ། །དྲུག་པ་གྲངས་སོ། །འགྱུ་བ་རླུང་བྱེད་པ་ཡིད། རང་ལ་བཅང་བ། གནས་པ་སེམས། འཁོར་ལོ་གཅོད་པ། འཁོར་བའི་བྱུང་ཁུངས་རླུང་ལ་བཙལ་བས་འགྱུ་བ་ལས་ཀྱི་དམིགས་འགགས་ཏེ། འགྲོ་ས་མེད་པའོ། །ཞེས་བཞི་པ་ནི་གནད་དོ། །སེམས་ཀྱི་དམིགས་བཞི་པའི་རྣམ་པར་བཤད་པའོ། །ཨྠྀི། རྒྱ་རྒྱ་རྒྱ། ས་མ་ཡཱ། སེམས་ཀྱི་དམིགས་པ་ལྔ་པ་རྣམ་པར་བཤད་པ། དེ་ལ་སེམས་ཀྱི་དམིགས་ལྔ་པ་རིམ་འབྱེད་དྲུག་གིས་སེམས་
ཀྱི་དབྱེ་བ་བསྟན་ཏེ། འདི་ལ་སྤྱི་དོན་ལྔས་བསྟན་ཏེ། ཁྱད་པར་ལྟ་སྒོམ་གྱི་གཟེར་བསྟན་པ་དང་། གཉིས་པ་ཁྱབ་བརྡལ་དོན་གྱི་མན་ངག་ལ་བརྟེན་ནས་ཁམས་གསུམ་དུས་གཅིག་ལ་གྲོལ་བར་བསྟན་པ་དང་། གསུམ་པ་རང་གྲོལ་གྱི་གནད་བྱས་བཅོས་ཅི་བྱས་ཀྱང་ཆོས་ཉིད་ལས་འདའ་ས་མེད་པར་བསྟན་པ་དང་། བཞི་པ་མི་རིགས་པར་སྦྱར་བ་ལ་འཁོར་འདས་ལྟོ་བཟློག་པར་བསྟན་པ་དང་། ལྔ་པ་ཁྱད་པར་སྟོབས་ཀྱིས་འཁོར་འདས་དུས་གཅིག་ལ་བསྒྲལ་བར་བསྟན་པའོ། །དེ་ཡང་བསྡུས་པའི་དོན་དང་པོ་ཁྱད་པར་ལྟ་སྒོམ་གྱི་གཟེར་བསྟན་པ་ལ་ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ་འཁྲུལ་བར་རང་བཞིན་གྱིས་གཞི་བསྟན་པ་ནི། དེ་ཡང་ཐོག་མ་ཆོས་ཉིད་སྟོང་པ་ཉིད་ཀྱི་ཁྱབ་བྱེད་ཀྱི་སྣང་བ་རང་ཤར་བ་ལས། ཁ་དོག་རྣམ་པར་མཛེས་པ་ཞེས་བྱ་བའི་རླུང་གི་འཕེན་པ་ཁ་ཕྱིར་འཁྱལ་བ་ལས། སྣ་ཚོགས་སྡུད་པ་དྲན་རྟོག་གི་རླུང་ཞེས་བྱ་བར་འགྱུས་པ་ལས། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་ཐམས་ཅད་རླུང་དེ་ལས་སྐྱེས་པ་ནི། དྲན་རྟོག་གི་ལས་བློ་ནང་དུ་བསགས་པ་ལས་བྱུང་བའོ། །དེ་ཡང་དང་པོ་གཟུགས་འབྱུང་བ་ཕྲ་རགས་ལས་བྱུང་བ་མེད་པའི་ལུས་ནི། རྣམ་ཤེས་ཡས་པ་ལས་ལུས་སུ་སོང་བའོ། །དེ་ལས་གཟུགས་སུ་བྱུང་བ་འདི་ཡང་དང་པོ་མེད་པ་སྟོང་པ་ལས་གཟུགས་མེད་པའི་ལུས་སུ་བྱུང་བའི་གནད་ཀྱིས། ད་ལྟའི་ལུས་འབྱུང་བ་ཕྲ་རགས་ལས་གྲུབ་པ་འདི་ལ་ཡང་དང་པོ་རྒྱུ་མེད་པས་རྟོག་པའི་རྟེན་མེད་ལ། བར་དུ་རྐྱེན་མེད་པས་སེམས་ཆགས་པའི་གནས་མེད་པའི་ཕྱིར་རང་བཞིན་གྱི་རྣམ་པར་དག་གོ། དེའི་ཕྱིར་ན་ཕུང་པོ་ལྔ་འབྱུང་
བ་བཅུད་པའི་གནད་ལ་བོར་ལ་ཁམས་བཅོ་བརྒྱད་མ་བྱུང་མ་སྐྱེས་པའི་ངང་ལ་བཞག །སྐྱེ་མཆེད་བཅུ་གཉིས་གཅིག་སྐྱེ་གཅིག་འགགས་པ་ཡིན་པ་མེད་པའི་ངང་ལས་བཞག་པས་གྲོལ་བ་སྟེ། དེ་ཡང་ཁྱད་པར་དུ་ལུས་ངག་ཡིད་མ་བཅོས་སེམས་རྣལ་མའི་ངང་རྒྱུན་རིང་བ་ལ་ཞོག་ཅེས་མངོན་འབྱུང་དུ་སློབ་དཔོན་གྱིས་གདམས་ལ། དེ་ཡང་སུ་ལ་གདམས་ན་འཇམ་དཔལ་བཤེས་གཉེན་ལ་གདམས་སོ། རྗེས་འཇུག་ཏུ་བླ་མས་སློབ་མ་ལ་གདམས་པའོ། །དེ་ཡང་བཞག་ལུགས་ཇི་ལྟར་བཞག་ཅེ་ན། ལུས་ངག་ཡིད་ཀྱི་བྱ་བ་དང་བྲལ་བ་ལ་བརྟེན་པས་སེམས་གཞི་ལ་བཞག་པས་གྲོལ་བའོ། །ཞེས་ནང་དོན་དང་པོ་བསྟན་ཏོ། །ད་ནི་ནང་དོན་གཉིས་པ་སྤྱོད་པའི་མཚན་ཉིད་ཉེ་བར་བསྡུས་པ་དཔེ་དང་བཅས་པར་བསྟན་པ་ནི། སྤྱོད་པས་ཞེས་པ་འཇིག་རྟེན་གྱི་བྱ་བ་ལ་སོགས་པ་མ་ཡིན་པར། ཆོས་ཀྱི་སྤྱོད་པས་བསྡུས་པས་མཚོན་པའི་ཚིག་ནི། གང་ཟག་དམ་པ་གང་གིས་གྲོལ་བར་ནི་འཁོར་བ་ལས་གྲོལ་བར་འདོད་པའི་རྫོགས་པ་ཆེན་པོའི་སྣོད་ཡོད་པའི་རིགས་ཀྱི་སྣང་བ་ལ་མ་ཆགས་པ་དང་། ཞེན་པ་མེད་པར་སྤྱད་དེ། དཔེར་ན་སྨྱོན་པས་འབྲེལ་བ་མེད་པའི་སྤྱོད་པ་སྣ་ཚོགས་བྱེད་པ་ལྟར། འགྲོ་བ་དང་འདུག་པ་ལ་ཐོགས་པ་མེད་ཅིང་དངོས་པོའི་རྫས་ལ་སོགས་པ་ལ་ཞེན་པ་སྤུ་ཙམ་མེད་པར་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་བྱ་སྟེ། འགྲོའམ་སྙམ་ཙ་ན་འགྲོ་ལ། །འདུག་གམ་སྙམ་ཙ་ན་འདུག་སྟེ། འགྲོ་འདུག་སུས་ཀྱང་ངོ་མི་ཤེས་པར་བྱའོ། །ཤུགས་ལས་འབྱུང་སྟེ། གལ་ཏེ་བྱུང་ཡང་ཆེད་དུ་བྱའོ། །
དེ་ལྟར་བྱས་པས་རྣལ་འབྱོར་པའི་ལུས་ནི་གྱི་བརྡའ་རྩོལ་བ་དང་བྲལ་བར་འགྱུར་རོ། །དེ་ལྟར་སོང་བས་རྣལ་འབྱོར་པ་དེའི་དབང་པོ་ལྔ་རང་ཡན་དུ་འགྲོ་བས་ཚོགས་དྲུག་དགག་ཏུ་མེད་པ་ཡིན་ནོ། །ཞེས་ནང་དོན་གཉིས་པ་བསྟན་ཏོ། །ད་ནི་ནང་དོན་གསུམ་པ་དཔེ་བརྡའ་ཐབས་དང་གསུམ་གྱིས་གྲོལ་བ་བསྟན་པ་ནི། གང་ཞིག་ཚིག་ལ་གདིང་འཆའ་ན། ཞེས་པ་ལ་སོགས་པ་ཚིག་རྐང་བརྒྱད་ཀྱིས་བསྟན་པ་གཞུང་ན་གསལ་ལོ། །དེ་དག་གིས་བསྡུས་པའི་དོན་དང་པོ་ཁྱད་པར་ལྟ་སྒོམ་གྱི་གཟེར་ལས་གསུམ་དུ་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་གཉིས་པ་ཁྱབ་པ་བརྡའ་དོན་གྱི་མན་ངག་ལ་བརྟེན་ནས་ཁམས་གསུམ་དུས་གཅིག་ལ་གྲོལ་བར་བསྟན་པ་ལ། ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ་དཔེ་ལ་བརྟེན་ནས་དངོས་པོ་གཤིས་དེ་གཏན་ལ་དབབ་པར་བསྟན་པ་ནི། བྱ་བ་དང་བྲལ་བ་ཞེས་པ་ལ་སོགས་པས་བསྟན་ཏེ། བྱ་བ་ནི་ལས་དང་། རྟོག་པ་དང་། ལུས་ངག་གི་སྟེ། དེ་དག་དང་བྲལ་བ་ནི། དཔེར་ན་འོག་མིན་གྱི་ལྷའི་བུ་བདུད་རྩི་མ་གིང་གས་མྱོས་ཙམ་ན། ལུས་ངག་གི་བྱ་བ་དང་བྲལ་ནས་འདུག་ས་གཅིག་ནས་མི་འགུལ་བ་སྟེ། དེ་ལྟར་རྣལ་འབྱོར་པས་ཀྱང་བྱ་བ་བཏང་ནས། རི་ཁྲོད་བརྟེན་ན་ལུས་སེམས་གཡེང་བ་དང་བྲལ་ནས་འཁོར་འདས་གང་དུའང་རྟོག་པ་གང་ཡང་མི་སྐྱེའོ། །སེམས་ཅན་ལ་མཉམ་པར་ཤེས་པ་གནོད་སྦྱིན་ལག་ན་བེ་ཅོན་ཞེས་བྱ་བ་ལ་བུ་རབ་ཏུ་ཡིད་སྦྱིན་ཞེས་བྱ་བ་ཡོད་དེ། དེས་ལྷའི་ཡིད་བཞིན་གྱི་ནོར་བུ་ལྷུང་བ་རྙེད་པས་སེམས་རབ་ཏུ་རངས་
པས། སེམས་ཅན་ཐམས་ཅད་ལ་བདག་གིས་ཕན་པ་སྙམ་སྙོམས་སུ་བྱའོ་སྙམ་པའི་བློ་སྐྱེས་ནས། དགྲ་གཉེན་དང་ཉེ་རིང་མེད་པར་ཀུན་ལ་ཕན་པར་བྱས་པས། དེའི་སྟོབས་ཀྱིས་ལུས་ངག་ཡིད་ལ་བདེ་བ་ཁྱད་པར་ཅན་སྐྱེས་པ་ལྟ་བུར། རྣལ་འབྱོར་པས་ཀྱང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ནས་སེམས་ཅན་ཐམས་ཅད་ལ། དགྲ་དང་བུ་ངོ་མཉམ་སྟེ་ཉེ་རིང་མེད་པར་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ནས། སྦྱིན་པ་ལ་སོགས་པ་བཏང་ནས། །སེམས་ཀྱི་གནད་གཏེམས་ན་ལུས་ངག་ཡིད་ལ་བདེ་བ་ཁྱད་པར་ཅན་སྐྱེ་བར་ངེས་སོ། །དེ་ལྟར་བྱས་པས་བློ་ལས་གྲོལ་བར་གནས་པ་ནི། དཔེར་ན་ཚངས་པའི་རྒྱལ་པོས་ཤར་ཕྱོགས་ཀྱི་ནམ་མཁའ་ཟད་པའི་མཐའ་མ་རྙེད་པས་ད་འགྲོ་བའི་ལམ་སྟོར་བ་ལྟ་བུར། རྣལ་འབྱོར་པ་གློ་བུར་གྱི་རྣམ་རྟོག་ལས་གྲོལ་བ་ཡང་ཆོས་ཉིད་སྟོང་པ་ཉིད་མཐའ་རྟོག་པས་ད་བགྲོད་པར་བྱ་བ་འཁོར་འདས་ཀྱིི་གཞི་སྟོངས་པའོ། །སེམས་ཀྱི་ཁྱད་པར་ནི་ཀླུ་དགའ་བོའི་བུ་མོ་འབྲས་ལྡན་ཞེས་བྱ་བ། ནམ་མཁའ་ལྡིང་གིས་འཇིགས་པའི་ལས་ལ་རྟོག་པའི་གཞི་སྐྱེས་ནས། ནམ་མཁའ་རིན་པོ་ཆེའི་གུར་ཕུབ་པར་བློས་བསམ་ཞིང་དམིགས་པས། ནམ་མཁའ་ལ་རིན་པོ་ཆེ་སྣ་ཚོགས་པའི་ཁང་པ་ཡིད་དུ་འོང་བ་སྟེང་གི་ཕྱོགས་རྡོ་རྗེ་འབར་བའི་གུར་གྱིས་གཏམས་པ་ཀུན་གྱི་ཡིད་དུ་འོང་བ་ཞིག་བྱུང་ངོ་། དེ་བྱུང་བས་ནམ་མཁའ་ལྡིང་གིས་ཀླུ་ཀུན་ལ་འཇིགས་པ་དང་བྲལ་བ་ལྟ་བུར། རྣལ་འབྱོར་པས་རླུང་སྦྱངས་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ལུས་ཀྱི་ལས་ཀྱིས་ཉེ་བར་བསྒྲུབས་པས།
འགྲོ་བའི་མོས་པ་བསྒྱུར་བའི་སྟོབས་ཀྱིས་འགྲོ་བ་རྣམས་འཁོར་བའི་འཇིགས་པ་ལས་སྒྲོལ་བའོ། །ཡང་རྣལ་འབྱོར་པས་དངོས་པོ་གཤིས་མཐོང་བས་འཁོར་འདས་གང་ལ་ཡང་ཐོགས་པ་མེད་དོ། རྣལ་འབྱོར་པ་གྲུབ་ཚུལ་ལ་སེམས་ཀྱི་གནས་པ་སྐྱེས་པས་རང་སེམས་ལ་བྱན་ཚུད་པ། དཔེར་ན་དྲང་སྲོང་གིས་དམོད་པ་དོར་བས་ཀུན་བརླག་པར་བྱས། ལྷག་མ་རང་དབང་དུ་འདུས་པ་ལྟ་བུར། གྲུབ་མཐའ་རང་རྒྱུད་དུ་འཛིན་པ་ལས་བློ་ལོག་པའོ། །སེམས་ཀྱི་དམིགས་ལྔ་པའི་བསྡུས་དོན་གཉིས་པའི་ནང་དོན་དང་པོ་བསྟན་ཏོ། །ད་ནི་ནང་དོན་གཉིས་པ་སེམས་ཀྱི་བསླབ་བྱ་ཤེས་པའི་འགྱུར་རྩིས་པའི་གནད་བསྟན་པ་ནི། དེ་ལ་རྣལ་འབྱོར་པ་དད་པ་ལྡན་པ་ཞིག་གིས་སེམས་བཅོས་པའི་ཐབས་ལ་སློབ་ན། དཔའ་ན་ཞེས་སེམས་དྲན་ཅིང་འཕོ་ན་གོ་ཆ་བགོ་གོས་ཀྱིས་ཕུར་ལ་རླུང་ནང་དུ་ཡིད་ཙམ་བཟུང་། མཚོན་ནི་བླ་མའི་མན་ངག་དྲན་པར་བྱས་ལ། དེ་དང་ལྡན་པར་བྱས། དེ་དང་མི་འབྲལ་བ་གཅེས་སོ། །མགྱོགས་ན་རླུང་གི་འགྲོ་འོང་འུར་ཞིང་སེམས་གཅིག་ཏུ་མི་ཕེབས་ན། གཅིག་སེམས་སྙིང་གི་ནང་དུ་བཅུག་པ། མགོའི་ཚོགས་མར་ཆུ་ལྕག་གིས་བྲབ་པ་གཅེས་སོ། །ཡང་མནོན་ནི་ཤེས་པ་དྲན་པ་སྣ་ཚོགས་སུ་འགྱུར་ན་དང་གར་འགྲོ་བར་བཏང་། སླར་དེ་ཉིད་ཀྱི་སྟེང་དུ་སེམས་ཡང་དང་ཡང་དུ་ཕབ་ཅིང་བཞག་ལ་རྟེན་འབྲེལ་སྐུ་ལ་མུ་ཏིག་མིག་མ་ཕུག་པ་གདགས་པ་ཅེས་སོ། །ཡང་གུལ་ན་ནི་སེམས་རབ་ཏུ་རྨུགས་ན། གཏོད་པ་རང་གི་སྨིན་མཚམས་སུ་རླུང་སེམས་ཀྱི་ཐིག་ལེའི་ནང་དུ་སེམས་བཅུག་ལ། རླུང་ཡིད་
ཙམ་བཟུང་ལ་ཕོ་ཁར་རླུང་དེ་མནན་པ་གཅེས་སོ། །མཐོན་ཞེས་པ་སེམས་ཕེབས་སུ་མ་བཏུབ་ན། འོབས་ནི་སེམས་གར་སོང་གི་རྗེས་བཅད་པས། ཐ་མ་རང་ལ་བསྐོར་གྱིས་ལོག་ནས་དེ་ལ་རང་ངོ་ཤེས་པ་གཅེས་སོ། ལོ་ན་ཞེས་པ་སེམས་རབ་ཏུ་རྨུགས་ན། མིག་འབྲས་ནི་ཐིག་ལེ་སྟོང་པའི་སྒྲོན་མ་རང་མཐེབ་འཛུབ་ཀྱིས་གཏེམ་ཞིང་དེ་ལས་ཕྱིར་ནམ་མཁའ་ལ་འདོན་པ་གཅེས་སོ། །ཡང་རྟོག་ན་ནི་སེམས་རྟོག་པ་མང་པོས་ཀུན་ནས་སློང་སྒོམ་མ་ཕེབས་ན། དྲན་པ་གང་བྱུང་བའི་ཕྱིར་ན་ཕར་དེད་པས་ཤེས་པ་ཅི་མི་སྙམ་པའི་ཉམས་རྒྱུད་ལ་འཆར་ཏེ། དེ་ལ་ཡུན་རིང་བ་གཅེས་སོ། །ལྐུགས་ན་ཞེས་པ་སེམས་གང་དུ་ཡང་མི་འཕྲོ་ན་རང་བཞིན་རྟོག་མཐའ་ཕྱོགས་གཅིག་ཏུ་གོལ་བ་ཡིན་པས། བརྗོད་བྱ་ངག་སྨྲ་བཅད། སྣ་བུགས་གཡས་པ་དར་གྱི་ལྟོས་དགག་པ་གཅེས་སོ། །སྨྲ་ན་ཞེས་པ་འདིའི་ལུས་སེམས་ཀྱི་རྗེས་སུ་འབྲངས་པ་ཡིན་ཏེ། ངག་ཏུ་སྨྲ་སྙིང་འདོད་ན་སྒྲའི་གནས་སུ་ཏྲིང་ཞེས་པ་དང་། ས་ཨེ་ལི་ཞེས་པ་དང་། དྷ་ཀ་ཨུར་རྣ་ཞེས་པ་བསྒྱུར་བ་གཅེས་སོ། ཡེངས་ན་ཞེས་ཤེས་བཞིན་གྱིས་མ་ཟིན་ན་བག་ལ་ལུས་ཀྱི་ནང་དུ་སེམས་བཞག་པ་གཅེས་སོ། །འཁོར་ན་གཅིག་ལས་བསྐྱེད་པས་ན་རྒྱ་ཡིས་བཟུང་བ་ནི། རླུང་ནང་དུ་བཟུང་ལ་རིག་པ་མིག་ནས་ཕྱིར་ཕུལ་བ་གཅེས་སོ། །ལོག་ན་ཞེས་སེམས་ལ་ཆགས་ཤིང་ཕྱིར་འགྲོར་མ་བཏུབ་ན་རང་སར་བཏང་བ་ནི། རླུང་སེམས་ནམ་མཁར་རྒྱང་རིང་པོར་འཕང་བ་གཅེས་སོ། །འགྲོ་ན་ཞེས་སེམས་
མ་ཟིན་ན་ཉལ་བའི་མལ་འཚོལ་བ་ནི་དམིགས་པའི་རྟེན་ལ་གཏད་ཅིང་བསླབ་པ་གཅེས་སོ། །འདུག་ན་ཞེས་གང་གཏད་པས་ས་ལས་བོགས་མེད་ན། ཡན་ལག་བསྐྱོད་པ་ནི་དམིགས་རྟེན་ཡང་ནས་ཡང་དུ་སྤོ་བ་གཅེས་སོ། །ཞེས་ནང་དོན་གཉིས་པ་སེམས་ཀྱི་བསླབ་བྱ་ཤེས་པའི་འགྱུར་རྩིས་པའི་གནད་བསྟན་ནས། ད་ནི་ནང་དོན་གསུམ་པ་ལྟ་སྒོམ་གྱི་གཅེས་པའི་གཟེར་བསྟན་པ་ནི། གལ་ཏེ་ནི་རང་བཞིན་ཆོས་ཉིད་ལ་གནས་པར་འདོད་པས་རང་གི་སེམས་དལ་བ་འཚོལ་བའི་མིས་ནི། སྤྱོད་པ་བྱེད་པའི་ཚེ་ན་སེམས་ཡེངས་ལ་བོར་བ་གཅེས་སོ། །བསྒོམ་ན་ལ་སོགས་པ་ཚིག་རྐང་གསུམ་གཞུང་ན་གསལ་ལོ། །དེ་དག་གིས་བསྡུས་པའི་དོན་གཉིས་པ་ཁྱབ་པ་བརྡའ་དོན་གྱི་མན་ངག་ལ་བསྟེན་ནས་ཁམས་གསུམ་དུས་གཅིག་ལ་གྲོལ་བར་བསྟན་པ་ལ་ནང་དོན་གསུམ་དུ་བྱས་ནས་བསྟན་ཏོ། །ད་ནི་སྤྱི་དོན་གསུམ་པར་རང་གྲོལ་བརྡའི་གནད་བྱ་སྤྱོད་ཅི་བྱས་ཀྱང་ཆོས་ཉིད་འདས་པ་མེད་པར་བསྟན་པ་ལ་ཡན་ལག་གི་དོན་ལྔས་བསྟན་པའི་དང་པོ་སེམས་ཀྱི་དབྱེ་བ་ལ་བརྟེན་ནས་ཆོས་ཉིད་རྟོགས་པར་བསྟན་པ་ནི། བྱུང་ས་མེད་པའི་སེམས་ནི་ཞེས་པ་ལ་སོགས་པས་བསྟན། བྱུང་ས་མེད་པའི་སེམས་ནི། དབྱེ་བ་ནི། བྱུང་ས་ལ་བརྟགས་པས་བྱུང་ས་མ་རྙེད་པ་དང་། དེ་ཉིད་བྱས་པ་ཡིན་ནམ་བྱས་པས་བྱས་པ་མིན་པས་སེམས་ཕན་ཚུན་འདུས་མ་བྱས་པ་དང་། དེ་སུས་ཀྱང་མཐོང་བ་མེད་པས་བལྟར་མེད་པ་དང་། ཕན་ཚུན་ལྟོས་པ་གང་ཡང་མེད་པས་གཅིག་ཡིན་པ་དང་། དེ་ལྟར་ན་སྣ་ཚོགས་སུ་
རྟོག་པས་སྤང་བླང་མེད་པའོ། །དེ་ལྟར་སེམས་ལྔ་པོ་དེ་ཡང་ཉོན་མོངས་པ་ལྔ་རང་སར་དག་པར་བྱེད་པ་དགོངས་པའོ། །གཞི་ཇི་ལྟར་བཟུང་ཞེ་ན། གནད་ཤེས་པར་བྱེད་པ་ནི་སེམས་ལ། དེ་ཤེས་པས་འདས་པའི་གཞི་ལྡོག་མེད་སོ་མར་ཟིན་པ་དང་། དེ་བསླབས་པས་སེམས་དེ་འགྲོ་མེད་དུ་ཟིན་པས་ན་རླུང་གི་འགྱུ་བ་རྒྱུན་ཆད་དོ། །ལམ་ཇི་ལྟར་གསལ་ཞེ་ན། སེམས་མཁའ་ལ་ཕྱུང་བ་ལུས་ཀྱི་འབྲེལ་བ་བཅད་པས་སྣང་བ་དུས་གཅིག་ལ་འགགས་པས་ཆོས་ཉིད་མངོན་སུམ་དུ་མཐོང་ལ། ཡེ་ཤེས་རྩ་ནང་ནས་དྲངས་པས་ལས་ཀྱི་རླུང་གི་བསལ་བས་ཡེ་ཤེས་རང་ངོ་ལ་མཐོང་བས་སོ། །ཕུག་ཇི་ལྟར་བཀྲུ་ན་དྲན་བསམ་གྱི་འཁོར་ལོ་ཡང་དག་པར་བཏགས་པས། དྲན་བསམ་ཐུན་མོང་བ་རྣམས་གློ་བུར་དུ་ཡལ་བ་སེམས་ཀྱི་མཚན་ཉིད་ཡེ་ནས་མ་གྲུབ་པས། སེམས་བྱ་བ་ཡང་ཐ་སྙད་བཏགས་པ་ཙམ་ལས་གྲུབ་པ་གང་ཡང་མེད་པས་ཅི་ཡང་མེད་པར་རྟོགས་པས་དེ་ལས་འགྲོ་ས་གཞན་མེད་པའོ། །རླུང་གི་འཕེན་སྡུད་ལ་ཇི་ལྟར་གཏད་ཅེ་ན། རླུང་ཕྱིར་འཕེན་པས་ལུས་སེམས་ཀྱི་འབྲེལ་བཅད་ནས་སེམས་ཀྱི་དངོས་པོ་སྟོངས་པར་བྱས། ནང་དུ་བསྡུས་པས་ཆོས་ཉིད་ཀྱི་གཞི་ལ་བཙལ་ལུས་ཀྱི་དངོས་པོ་བཤིག་པས་སོ། །གནད་ཇི་ལྟར་སྒེར་ཞེ་ན། རླུངགནད་ལ་སྒེར་བས་རྣམ་རྟོག་ཁོག་སྟོངས། ལུས་གནད་ལ་སྒེར་བས་ཡེ་ཤེས་དངོས་སུ་སྣང་། ངག་གནད་ལ་སྒེར་བས་བརྗོད་དུ་མེད་པའི་དོན་རྟོགས། སེམས་
གནད་ལ་སྒེར་བས་སེམས་ཀྱི་ཁར་བུ་གཞིག་སྟེ་མེད་པའི་དོན་མེད་པར་ཤེས་པའོ། །དེས་ནང་དོན་དང་པོ་བསྟན་ཏོ། །ད་ནི་སྤྱི་དོན་གསུམ་པའི་ནང་དོན་གཉིས་པ་བརྗོད་པ་བརྡའི་གནད་ལ་བརྟེན་ནས་བརྗོད་དུ་མེད་པའི་ཆོས་ཉིད་རྟོགས་པར་བསྟན་པ་ནི། ཡང་པ་ནི་རླུང་སྟེ་རླུང་གཅུད་པས་དབང་པོ་རང་དངས་པ་སྟེ། ལྕིད་ནི་དྲོད་སྐྱེ་བར་འདོད་ན་ཕོ་ཁར་ཚ་མེར་གྱི་མནན་ནོ། ཁམས་གསུམ་དུ་མི་ལྡོག་པར་འདོད་ན་ཕྱིར་ཅི་ནས་ཀྱང་འཕང་། ཟས་ཀྱི་རྣལ་འབྱོར་བྱེད་པར་འདོད་ན་ལྕེའི་སྟེང་དུ་བཞག །རྐང་མགྱོགས་ཐོབ་པར་འདོད་ན་རྐང་མཐིལ་དུ་བོར་བས་འགྲུབ་ལ། ལུས་བདེ་བར་འདོད་ན་ཤམ་ཐང་བར་དུ་གཞུག །ངག་ལ་ནུས་པ་རྫོགས་པར་འདོད་ན་སྟོང་མགོའི་ཨིག་སྐད་དང་བཅས་ཏེ་མགྲིན་པར་སྦས། སེམས་འོད་གསལ་དུ་གྲོལ་བར་འདོད་ན་རླུང་འོད་ཀྱི་དྲ་བའི་སྙིང་ནང་དུ་གཞུག་གོ། དེ་ལྟར་བྱས་པས་གོས་ལ་ཞེན་པའི་མཐའ་དང་། ཁམས་གསུམ་གྱིས་བཅིངས་པའི་དང་། ལས་ལ་ཞེན་པའི་དང་། གནས་གཅིག་ལ་ཞེན་པའི་དང་། ལུས་ལ་མངོན་པར་ཞེན་པ་དང་། ངག་དང་། སེམས་ཀྱིས་བཅིངས་པའི་མཐའ་དང་བདུན་རང་བཞིན་གྱིས་སངས་སོ། །ལྕི་བ་ནི་སའི་རླུང་སྟེ། ཉི་མ་གཡོན་ནས་རྒྱུ་བ། ཟླ་བ་གཡས་ན་རྒྱུ་བ། བར་ཁ་ནས་བཅུག་པས་དུས་རླུང་གི་འགྱུ་ཚད་ཤེས། དྲོད་ཕྱི་ལུས་ལ་ཕེབས་པའི་རྟགས་སུ་ལུས་ཡང་ཞིང་འབུ་སྲིན་ལ་སོགས་པ་མེད། ནང་སེམས་ལ་ཕེབས་པའི་རྟགས་སུ་གང་དུ་བཞག་
སར་སྡོད། གསང་བ་ཆོས་ཉིད་ལ་ཕེབས་པའི་རྟགས་སུ་ཅི་བསམ་ཆོས་ལས་འགྲོ་ས་མེད་པའོ། །དེ་ལྟར་བྱས་པ་ལ་གལ་ཏེ་ལུས་ངག་ལ་བདེ་བ་ཐུན་མོང་མ་ཡིན་པ་སྐྱེས་ན། ཐུན་ཡང་ནས་ཡང་དུ་སྤོ་བ་ནི། སྡུག་པའི་དོང་སྟེ། དེ་ཡང་བློ་ཆོས་ལ་བོར་བས་འཁོར་འདས་ཀྱི་ཚད་དུས་འདི་ཙམ་ན་ལུས་སེམས་འབྲལ་བར་ངོས་ཟིན་པར་ངེས་སོ། །སྟོང་ཉིད་ནི་སེམས་དངོས་པོ་ནི་སྣང་བ་གང་བ། ར་བར་བཅུག་པས་ནི་གང་གི་སྟེང་དུ་བཞག་པ། ཕ་ནི་འཁོར་བ། འཆི་བ་ནི་དེ་ཉིད་དུ་མི་ལྡོག་པ། དངོས་པོ་སྒོ་ལྔའི་ཞེན་པ་འཕྲ་བའི་ནི་གདམས་ངག་ཟབ་མོ། རླུང་ནི་ཉམས་དང་དྲོད་ཚད་བསྐུར་བས་ནི་ཡང་ན་གནད་ཤེས་པས་ཡལ་སར་ཐིམ་ལ། ཐིམ་སར་ཡལ་བའོ། །ཡུལ་ནི་སྣང་བ་ཙམ་ཆོས་ཉིད་དུ་ཤེས་པ། རྙེད་པ་རྟོགས་པའི་གདིང་ངོ་། །བདེ་འདོད་ན་ཡིད་ལ་བྱེད་པའི་ཆོས། སེམས་ཀྱི་གནོད་པ་ནི་རང་ལུས་སུ་འཇོག་པ་ལ་གནོད། བཤིགས་པས་ནི་ཡིད་ལ་མི་བྱེད་པ། མ་ནི་ཆོས་ཉིད། བསད་པ་ནི་ཆོས་ཉིད་ལ་རང་རྒྱུད་དུ་འཛིན་པ་ལས་གྲོལ་བའོ། །བྱར་མེད་པ་གནས་ལུགས། བྱ་བའི་ནི་བསླབ་བྱ། སྲབ་ཀྱིས་བཅུག་པས་ནི་ཤེས་བཞིན་གྱིས་ཟིན་པ། བུ་ནི་རིག་པ་སྐྱེ་བ་ནི་ཆོས་ཉིད་མཐོང་བ་རྣམ་པར་དག་པས་མངོན་སུམ་དུ་རིག་པ་མཐོང་བའོ། །ཆོས་རྣམས་ནི་གྲུབ་མཐའ་འདོད་རྒྱལ་དུ་འཛིན་པ། རྒྱ་མཚོ་ནི་མཉམ་བཞག་གཏིང་དུ་ནི་ཆོས་ཉིད་མ་བཅོས་པ། །
སྦས་པས་ནི་དེ་དང་བྲལ་བ་མེད་པ། དགྲ་ནི་ཉོན་མོངས་པ། སོད་པ་ནི་ཉོན་མོངས་པ་ཉིད་ཡེ་ཤེས་སུ་ཤར་བ། རང་ནི་ཤེས་པ་ལྟ་སྒོམ་ནི་གྲུབ་མཐའ་ཞེ་འདོད། །རླུང་ལ་ནི་ཤེས་རབ་བསྐུར་བས་ནི་བྱར་མེད་ཆེན་པོའི་དོན། གདིང་ཆེ་བ་ནི་ཁམས་གསུམ་དུ་མི་ལྡོག་པར་ངོ་ཤེས་པའོ། །ཞེས་ནང་དོན་གཉིས་པ་བརྗོད་པ་བརྡ་གནད་ལ་བརྟེན་ནས་བརྗོད་དུ་མེད་པའི་ཆོས་ཉིད་རྟོགས་པར་བསྟན་ནས། ད་ནི་ནང་དོན་གསུམ་པ་རང་གྲོལ་ལ་གཉེན་པོ་མེད་པའི་གནད་ལ་བརྟེན་ནས་རིགས་མཐུན་ནང་གིས་གྲོལ་བར་བསྟན་པ་ནི། དཔེར་ན་དུག་ལ་སོགས་པ་ཚིག་རྐང་པ་བདུན་གཞུང་ན་གསལ་ལོ། །ད་ནི་ནང་དོན་བཞི་པ་རང་བཞིན་དག་པའི་ཆོས་ཉིད་ཀྱི་ལམ་ལས་འཁྱར་ས་མེད་པར་བསྟན་པ་ནི། བྱར་མེད་ཅེས་པ་དངོས་པོའི་གཤིས། ཆོས་ནི་དེ་ལ་སྤྱོད་པ། བྱ་བ་ནི་ཡིད་ལ་བྱེད་པ། འཆིང་བ་ནི་མངོན་སུམ་དུ་སྣང་བ་ལ་སྒྲིབ་ལ། བྱུང་བར་འདོད་པས་ནི་ཚོགས་བསགས་པའི་བྱེ་བྲག་དཔག་ཏུ་མེད་པ་བྱས་པའི་མཐའ་ཁོང་ཁྲོ་སྐྱེས་པས་སླར་དྲི་མར་གྱུར་པ་ནི། ལུས་ངག་གི་སྡིག་པ་འཕེལ་བའོ། །དཔེར་ན་ཆུའི་རྙོག་མ་སངས་པར་འདོད་པས་བསལ་ན་སླར་རྙོག་མར་འགྱུར་བ་ལྟར། ལྟ་སྒོམ་ཡིད་ལ་བྱས་པས་སླར་སེམས་ཀྱི་རྟོག་པར་འགྱུར་བ་ནི། ཆུ་མ་རྙོགས་ན་དྭངས་ལ། སེམས་མ་བཅོས་ན་གསལ་བ་ཞེས་བྱའོ། །ཤེས་རབ་ལྡན་པ་ནི་ཆོས་ཀྱི་རློམ་པ་སྐྱེས་པས་དྲེགས་སེམས་དང་ལྡན་པ་ངའོ་སྙམ་པའི་ང་རྒྱལ་སྐྱེས་པས་སླར་ངན་སོང་གསུམ་དུ་སྐྱེ་
བའི་རྒྱུ་བྱེད་པས། ཆོས་སེམས་ཐོག་ཏུ་བཞག་པ་གནད་དོ། །ཆོས་ཀྱིས་ནི་མངོན་སུམ་གནད་ཀྱིས་ཆོས་ཀྱི་བཏགས་པ་རྣམ་གྲངས་ཀྱི་ཆོས་རྣམས་ཐ་དད་དུ་ཤེས་པས་ན་ཕྱགས་མས་འདེབས་ཏེ། །ཐ་སྙད་ལ་བློ་མི་གནས་པའོ། །ལྟ་དང་སྒོམ་པས་ནི་ཡང་དག་པའི་གནད་ཀྱི་ལྟ་སྒོམ་གྱིས་རང་གི་སེམས་སྟོང་པ་ངོས་བཟུང་དང་བྲལ་བས། མཚན་ཉིད་གང་དུ་ཡང་མ་གྲུབ་པར་ཤེས་པས་བསད་པ་སྟེ་སླར་མི་ལྡོག་པར་བྱེད་པའོ། །ཡང་རང་གི་མན་ངག་ལྡན་པས་ནི། དེ་ཉིད་ལ་མངོན་པར་ཞེན་པས་སླར་འཁོར་བར་འཆིང་བར་བྱེད་དོ། །གཏན་ཚིགས་དེའི་ཕྱིར་ན་ལམ་བདག་ཏུ་བཟུང་བ་མེད་པར་ཆོས་ཉིད་རྫོགས་པའོ། །ཞེས་དེ་དག་གི་སྤྱི་དོན་གསུམ་པ་རང་གྲོལ་བརྡའི་གནད་ཀྱིས་ཆོས་ཉིད་ལ་ཅི་བྱས་ཀྱང་ཆོས་ཉིད་ལས་འདའ་ས་མེད་པར་བསྟན་པ་ལ་ཡན་ལག་གི་དོན་བཞིར་བྱས་ནས་བསྟན་ཏོ། །ད་ནི་སྤྱི་དོན་བཞི་པ་མ་རིག་རིགས་པར་སྦྱར་བས་འཁོར་འདས་ལྟོ་ལྡོག་པར་བསྟན་པ་ལ། ཡན་ལག་གི་དོན་བཅུ་གཉིས་ཀྱིས་བསྟན་པའི་དང་པོ། ཆོས་ཉིད་ལྟོས་གཞི་དང་བྲལ་བའི་བརྡས། སྣང་རྐྱེན་རང་འགགས་པར་བསྟན་པ་ནི། ཡང་བརྗོད་པའི་ཚིག་ཙམ་ལ་བརྟེན་ནས་ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་བྱ་བ་གནན་པའི་ཚིག་ཡིན་ཏེ། བརྡ་ལ་རང་བཞིན་གྱི་བརྡ་དང་། བྱས་ཤིང་བསྟན་པ་དང་། བརྗོད་པའི་བརྡ་དང་གསུམ་ལས་མི་འདའོ། །དེ་ལ་འདིར་བརྗོད་པ་ཚིག་ཙམ་ལ་བརྟེན་ནས། འཁོར་འདས་ཀྱི་ཆོས་ཐམས་ཅད་
བརྗོད་དུ་མེད་པར་ལ་བཟླ་བ་ནི། ཨེ་མ་ནི་ངོ་མཚར་ཤིན་ཏུ་ཆེ་བའོ། །ཡིད་ནི་རླུང་། བུ་ནི་དེ་ལ་རྟོག་པ་སྣ་ཚོགས་པ་ཞོན་ནས་འགྱུ་བ། སེམས་ཀྱིས་ནི་རླུང་ཕྱིར་ལ་འཕངས་པས་དྲན་བསམ་རང་ཡལ་བ། བཙོན་དུ་བཟུང་བས་ནི་དྲན་བསམ་ལས་འཕྲོས་པའི་ཡུལ་མེད་པའོ། །སྐྱེ་བ་ནི་ཡུལ་རྐྱེན་ལས་བྱུང་བའི་དྲན་རྟོག་རྒྱུན་ཆད་པར་ཡིན་ནོ། །དེ་ཉིད་ནམ་མཁའ་ལ་ཡལ་བ། ཚ་ནི་ཡལ་བའི་དུས་རྟོག་པ་ལྔ་རང་དེངས་པས། ང་བདག་གི་སྣང་བ་རྣམས་དུས་གཅིག་འགག་གོ། ཞེས་ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་དྲན་རྟོག་སྤུར་བའི་ཐབས་བསྟན་པ་ནི། སེམས་ཀྱིས་མ་བཅོས་པའི་ཆོས་ཉིད། རྟོག་པ་ནི་དེ་ལ་རྟོག་དཔྱོད་བློ་དང་བཅས་པ། དེ་ཡང་རླུང་དང་བཅས་ཏེ་ཧ་ཞེས་བར་སྣང་ལ་འཕངས་པས། ནམ་མཁར་རྒྱང་རིང་པོར་འཕངས་པས་འགྱུ་བ་ལྔའི་ལྟོས་ཟད་པའི་ཚེ། ཕྲོགས་པ་ནི་གསལ་བའོ། །དྲན་པ་ནི་འགྱུ་བ་སྣ་ཚོགས་པ། ཁུངས་ནི་དང་པོ་འདི་ནས་འོངས་ཀྱིས་མེད་པ། འགགས་པ་ནི་དྲན་བསམ་གློ་བུར་བ་ཡིན་པར་ཤེས་པ་སྔར་མ་ཤེས་པ་ཡ་ཆ། ཞེས་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་ཆོས་ཉིད་བདེ་བ་ཆེན་པོ་ཤར་ལུགས་བསྟན་པ་ནི། སེམས་ཀྱི་རང་བཞིན་མ་བཅོས་པ། བུ་ནི་ཡུལ་ལ་ཤར་བའི་ཆོས་ཉིད། ཡིད་ཀྱི་རྟོག་པ་གློ་བུར་བའི་དབང་དུ་སོང་བ། བསད་པ་ནི་ཆོས་ཉིད་དམ། རྟོག་པ་འཆར་བ་ལ་གནོད་པ། ཕ་ནི་ཐབས། མ་ནི་ཤེས་རབ། དུས་གཅིག་ནི་དེ་ལྟར་ཐབས་ཤེས་རབ་གཉིས་ལ་
ཞན་པའི་མཐའ་མེད་པའོ། །ཤི་བ་ནི་སླར་མི་ལྡོག་པ་སྟེ། དེ་ཐབས་ཤེས་རབ་ལ་མི་ལྟོས་པའོ། །ཡ་དང་མི་སྐྱེ་བ། ལ་འདས་པ། ལ་མི་ལྡོག་པའི་རྒྱས་ཐེབས་པའོ། །ཞེས་ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་པ་བློ་ལས་འདས་པའི་ཆོས་ཉིད་གཏན་ལ་དབབ་པ་བསྟན་པ་ནི། སྐྱེ་བའི་ནི་དྲན་བསམ་གྱི་ཁུངས་དེད་པ། བུ་ནི་དྲན་པ་སྐྱེ་བའི་རྐྱེན་ཤི་བས་ནི་དྲན་བསམ་རྐྱེན་ཐོག་རང་དུ་ཡལ་བས། བློ་དང་བཅས་པས་རླུང་དང་བཅས་ཏེ་ནམ་མཁའ་ལ་འཕངས་པའི་གཞི་མེད་པ་ནི། རབས་ཆད་པ་ནི་དྲན་རྟོག་སྐྱེ་བའི་རྒྱུ་འགགས་པའོ། །དེ་བློ་ཐོག་ཏུ་ལྡོག་པ་ལ་གཞི་ལུས་སེམས་སྟོངས་པ་ནི་དེ་གཉིས་ཀྱི་འབྲེལ་བ་ཆད་པའོ། །དེ་ད་ལྟ་ཤེས་པ་ངོ་མཚར་ཆེ་བའོ། །ཞེས་ནང་དོན་བཞི་པའོ།། །།ད་ནི་ནང་དོན་ལྔ་པ་ཡིད་ཚར་བཅད་པས་སེམས་ཉིད་རང་དོན་གསལ་བར་བསྟན་པ་ནི། མགྱོགས་པོ་ནི་ཡིད་གང་ལ་ཡང་ཐོགས་པ་མེད་པ། ལྕག་གིས་ནི་གར་སོང་གི་རྗེས་བཅད་པ། བྲབས་པས་ནི་ཡང་ནས་ཡང་དུ་ཡིད་ཀྱི་འགྱུ་བ་ལ་བརྟགས་པས་འཆི་བ་ཡལ་རྒྱུ། རྒྱུན་ཆད་པ་ནི་དེ་ཉིད་མ་རྙེད་པའོ། །དོན་དེ་ཆོས་ཉིད་ཡིན་པ་ཧ་ཅང་ཆེས་སོ། །ཞེས་ནང་དོན་ལྔ་པའོ། །ད་ནི་དྲུག་པ་རླུང་གནད་ཐབས་ཀྱི་མན་ངག་གིས་གཟུང་འཛིན་གྱི་ཡུལ་གདོན་པར་བསྟན་པ་ནི། གུལ་བོ་རླུང་དལ་བ་བརྟེན་པ། གཏོད་པ་ནི་ཡིད་ཙམ་ནང་དུ་འཐེན་པ། མནན་པ་ནི་ཕོ་ཁ་གཡས་སུ་མནན་པའོ། །གཉིས་ནི་གཟུང་བ་ཡུལ་དང་། འཛིན་པ་སེམས་བཙོན་
དུ་བཟུང་བ་གོང་མ་གཉིས་ཀྱི་གཞི་འགྱུ་བ་མེད་པ་ནི། མན་ངག་ཟབ་པའི་གནད་ཆེན་པོ་ལས་བྱུང་བའོ། །ནང་དོན་དྲུག་པའོ། །ད་ནི་ནང་དོན་བདུན་པ་འཁྲུལ་པ་གཞི་ལ་ལྡོག་པའི་ཐབས་བསྟན་པ་ནི། གཅིག་ནི་མ་རིག་པ། མཐར་སྔར་འཁྲུལ་མ་མྱོང་པའི་གནད། །སྤྱུགས་པ་ནི། ད་ལྟར་འཁྲུལ་པ་ལ་མི་གནས་པའི་རྩིས་ཐེབས་པ། བརྒྱ་ནི་འཁོར་བའི་འཇུག་སྒོ་བརྒྱ་དང་བཞི། ཡུལ་ཟིན་པ་ནི་ད་འཁྲུལ་མི་སྲིད་པར་ཐག་ཆོད་པས། དེ་ཡང་མ་རིག་པ་རིག་པར་ཤེས་པ་ཁྱབ་ཆེ་བའོ། །ནང་དོན་བདུན་པའོ། །ད་ནི་ནང་དོན་བརྒྱད་པ་ནི་སྐུ་གསུམ་གྱིས་བཅིངས་པ་ལས་གྲོལ་བའི་གནད་བསྟན་པ་ནི། སྟོང་ནི་འགྱུ་བ་ཐ་དད་པ། ལྕགས་སུ་བཅུག་པས་ནི་རླུང་གིས་བཟུང་ནས་མཁའ་ལ་སྦུར་བ། གསུམ་ནི་སྐུ་གསུམ་ལ་རང་རྒྱུད་དུ་བཟུང་བ། བཙོན་ལས་ཐར་བ་ནི་ལུས་ངག་ཡིད་ཀྱིས་བཅིངས་པ་ལས་ཐར་བས་སྐུ་གསུམ་རང་ཆས་པ་ལྟོས་པ་ཆེ་བའོ། །ནང་དོན་བརྒྱད་པའོ། །ད་ནི་ནང་དོན་དགུ་པ་འཁོར་འདས་ལ་བཟླ་བ་ཆོས་ཉིད་ལ་གང་ཡང་མེད་པར་བསྟན་པ་ནི། རྒྱབ་པ་ནི་གནད་ཤེས་པ། གཅིག་ནི་འཁོར་བ། རྒྱབ་པས་ནི་ནང་དེ་ཡལ་བར་ཤེས་པས། བོག་ཀུན་ལ་ཕོག་པ་ནི་འཁོར་འདས་གཉིས་མེད་འདྲེས་པས་གཉིས་སྣང་གི་ཤེས་པ་རང་ཡལ་བ་རྒོད་རང་སེམས་ལ་བྲོ་བའོ། །ནང་དོན་དགུ་པའོ། །ད་ནི་ནང་དོན་བཅུ་པ་ཐུན་མོང་གི་གོལ་ས་རྣམ་པར་བཅད་པ་བསྟན་པ་ནི། རྒྱབ་ཀུན་ལ་ནི་ཐིག་པ་ཐུན་མོང་པའི་ཚིག་གིས་སྤྲོས་པས་རྒྱབ་པས་ནི་ཀུན་རིག་པ་དང་གཏན་
ཚིགས་ཀྱིས་བཤིགས་ཀྱང་། ཕོག་པ་ནི་གནད། གཅིག་ནི་ཆོས་ཅན་གཅིག་ལ་ཡང་གནད་དུ་མ་སོང་བས་ཁམས་གསུམ་དུ་འཁྲིད་པར་བྱེད་པ་ནི་ཨེ་ཤ་ཞེས་བྱ་བ་ལ་གོད་པ་མེད་པའོ། །ཞེས་བཅུ་པའོ། །ད་ནི་བཅུ་གཅིག་པ་སེམས་ཉིད་གཉུག་མ་ལ་ལས་དང་བག་ཆགས་ཀྱིས་མི་གོས་པར་བསྟན་པ་ནི། གཅིག་ནི་མ་བཅོས་པའི་སེམས། དོང་ནས་ནི་ཁམས་གསུམ་འཁོར་བ་བཏོན་པས་མ་བཅོས་རང་སོར་བཞག་པ། མི་བརྒྱ་ནི་འཁོར་བའི་རྟོག་པ་སྣ་ཚོགས་པ། བཙོན་ནས་ཐར་བ་ནི་འཁོར་བ་ཉིད་དུ་གྲོལ་བས། ལས་དང་ཉོན་མོང་པ་ཐམས་ཅད་རང་དག་པ་ཧ་ཧ་ཞེས་པ་བཅུ་གཅིག་པའོ། །ད་ནི་ནང་དོན་བཅུ་གཉིས་པ་སེམས་ཉིད་ལ་ཐེག་པའི་ཆོས་འདུས་པར་བསྟན་པ་ནི། སྡོང་པོ་ནི་སེམས་ཉིད་ལ་འཁོར་འདས་གཉིས་གཅིག་ཏུ་བསྡོམས་པ་བཅད་པས་ནི་སེམས་ཀྱི་རྩ་བ་མེད་པར་ཆོད་པས་རྩ་བ་དགུ་ཆོད་པ་ནི་ཐེག་པ་རིམ་པ་དགུའོ། །ཞེ་འདོད་དང་བཅས་པའི་ལྟ་བ་དུས་གཅིག་ལ་ཤེས་པས། ཆོས་ལས་འདས་པ་ཨེ་ཆོས་ཨ་སྐྱེ་མེད་དུ་ལ་བཟླ་བའོ། །ཞེས་བསྡུས་པའི་དོན་བཞི་པ་མ་རིག་རིག་པ་སྦྱར་བས་འཁོར་འདས་ལྟོ་བཟློག་པར་བསྟན་པ་ལ་ཡན་ལག་གི་དོན་བཅུ་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་སྤྱི་དོན་ལྔ་པ་ཁྱད་པར་སྟོབས་ཚིག་གིས་འཁོར་འདས་དུས་གཅིག་ལ་བསྒྲལ་བར་བསྟན་པ་ལ་ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ། མངོན་སུམ་རང་གནད་ཀྱིས་འཁོར་འདས་ལྟོ་སྦྱར་བར་བསྟན་པ་ནི། གཅིག་རྒྱབ་ཀུན་ཤི་བས་རང་ཡལ་ཞེས་པ་ལ་སོགས་
པས་བསྟན་ཏེ། གཅིག་རྒྱབ་འཁྲུལ་བའི་རྩ་བ་མ་རིག་པ་ངོ་ཤེས་པས་ཀུན་ཤི་བ་ནི་འཁྲུལ་པ་རང་ངོ་སངས་པས། དྲན་བསམ་རང་ཡལ་བའོ། །དེ་ལྟར་འཁྲུལ་པ་ཀུན་ཤི་བ་ནི་སླར་ལྡོག་པའི་ས་སྟོངས་པ། གཅིག་མ་སོད་པ་ནི་སེམས་ཉིད་ལ་སྐྱེ་ཤི་མེད་པ་འཕེལ་བ་ཆོས་ཀྱི་དབྱིངས་སོ། །ལས་ནི་བསླབ་བྱ་དང་མ་བྲལ་བ། སྲོག་ནི་འཁོར་བའི་བདག་ཏུ་ལྟ་བ། བདག་མེད་དུ་བཅད་པས་འདས་པའི་བདེ་བ་རང་གི་སེམས་ལ་རྙེད་པའོ། །བསྟན་པ་ལ་གནོད་པ་ལ་སོགས་པ་སྲོག་ཆགས་མ་རུངས་པ་རྣམས་ལ་དངོས་སུ་སྡིག་པ་སྤྱད་པར་བྱས་ན་ཕ་རོལ་ཕྱིན་པ་དྲུག་གི་དགེ་བ་བས་འདི་རྣལ་འབྱོར་པའི་གྲོགས་སུ་ཆེའོ། །གཞན་ནི་སྣང་བ་བསད་པ་ནི་སྣང་ཐོག་ཏུ་བཞག་པའི་དང་པོའི་རོ་ཤི་བས་བསད་ལ། རང་ནི་ཤེས་པ་གང་སྣང་གི་སྟེང་དུ་བཞག་པས་ཤི་བ་ནི་ཡལ་ས་ངོ་ཤེས་པས་འཁོར་བར་ལྡོག་པའི་རྐྱེན་ལས་རྣམ་སྨིན་ཟད་པའོ། །རང་ང་བདག །ཤི་བ་བདག་མེད་ཀྱི་དོན་རྟོགས་པ། གཞན་སྣང་བ་ཡེ་ཤེས་སུ་འཕེལ་བས་ཤེས་རབ་ཀྱི་སྟོབས་ཆེ་བའོ། །ཞེས་ནང་དོན་དང་པོའོ། །ད་ནི་གཉིས་པ་ཡི་གེ་བརྡའ་སྦྱོར་གྱི་སྣང་བ་རང་ལུས་སུ་བསླབ་པ་བསྟན་པ་ནི། རི་བོ་ནི་ཕྱི་རོལ་གྱི་སྣང་བ་དངོས་པོ་རགས་པ་རྣམས། ཏིལ་འབྲུའི་མིག་ཏུ་དྲངས་པའི་གནད་བཙུད་པས་ནི་རླུང་གིས་ལྟོ་འདི་སེམས་སྟོངས་པ་མ་ཁེངས་པ་ནི་དང་པོ་ཧ་ཧ་ཞེས་ཁར་མིད་དོ། །རི་རབ་ནི་ལུས། སྲང་ལ་གཞལ་བ་ནི་ལུས་ཀྱི་རྡུལ་ཕྲ་རབ་ཀྱི་ཚད་ཤེས་པས། ཕྱེད་ནི་འཁོར་འདས་ཀྱི་མཚམས་ཤེས་པའོ། །མེད་པ་ནི་སྟོང་པར། ངོས་ཟིན་པ་ནི། ཐེག་པ་ཧོ་ཧཱ་
ཞེས་དྲག་ཏུ་བརྗོད་པ་ལས་བྱུང་པས་སོ། །དེ་ཡང་རང་གི་ལུས་བདེ་ལུགས་སུ་འདུག་ནས་ཨྸཱ་ཞེས་དབང་པོ་སྤྱོད་ཡུལ་སྟོང་གསུམ་ཙམ་སྣང་ཡང་རང་རང་ལྟོང་འོག་ཁུགས་ལ་མིད་པས་སྐྲེས་མ་ཡལ་བ་ནི་སྟོང་པ་ལ་སྟོང་པ་ཐིམ་པའི་འོག་ཏུ་ཧྲཱི༔ ཞེས་པ་ལས་བྱུང་བའོ། །ནང་དོན་གཉིས་པའོ། །ད་ནི་གསུམ་པ་སྤྱོད་པའི་ཁྱབ་བྱེད་བསྟན་པ་ནི། རྣལ་འབྱོར་པ་ལམ་དུ་འགྲོ་བའི་དུས་ན་རྐང་པ་གཡས་པ་ལ་ཟླ་བ་བསྒོམ། གཡོན་པར་ཉི་མ་བསྒོམ་འགྲོ་བ་ནི་གདན་དུ་བཏིང་བའོ། །དེ་ལྟར་ཕྱིན་པས་འགྲོ་བ་གཞན་གྱི་མུན་སྲོས་པ་ནི་མཐོང་བའི་ནུས་པ་མི་འབྱུང་ངོ་། །སྤྱོད་པ་བྱེད་པའི་ཚེ་ལག་ཏུ་ཁ་ཊྭཱཾ་ཀ་རྩེ་གསུམ་པ་ཐོགས་པས་རང་ང་བདག་བསད་པས་སྤྱོད་པའི་ཚད། ཡང་སྤྱོད་པའི་ཚེ་ལུས་ལ་གོས་ནག་པོ་མུན་པ་དང་འདྲ་བའི་གོས་གྱོན་ལ་མཐོང་མིག་གསུམ་ཧུར་ཐོན་ལ་འབྲུ་ཚུགས་སུ་བལྟས་པས་ནི་ནང་དུ་རིག་པ་གསལ་བར་འགྱུར་རོ། །ལྟེ་བར་རཾ་བསྒོམ་སྟེ་རང་གི་ལུས་གཅེར་བུར་ཕྱུང་བས་དམ་པའི་དོན་ལ་དམིགས་ལ་གཞན་གྱི་ལུས་ལ་ཧས་བཏབ་ན་གྲང་བའི་རེག་པ་ཉམས་སུ་མྱོང་བ་ནི། དེ་ལ་བརྟེན་ནས་བྱིན་བརླབས་ཀྱི་རྐྱེན་དུ་འགྱུར་རོ། །གཅིག་ནི་སེམས་གངས་ནི་ཆོས་ཉིད། བསྐྱལ་བས་ནི་སྤྱོད་པའི་དུས་སུ་ལམ་དུ་ཁྱེར་བ། རང་ལུས་ལ་དྲོདསླེབས་པ་ནི་དེ་ལྟར་སྤྱོད་པས་བླང་བས་ནང་དུ་རྟོགས་པ་འཆར་ལ། ཕྱིར་ལུས་ཀྱི་འཇིགས་པ་དང་བྲལ་བ་དག་འབྱུང་ངོ་། །བསླབས་ཐབས་ནི་བྱ་ཚང་འཇུག་གི་བསླབ་པས་རང་སེམས་ཁུངས་
སུ་བཅུག་པས། དཔེ་ཡིས་སྦྱར་བས་ནི། ཀླུའི་བུ་ནི་མཁའ་ལྡིང་གི་འཇིགས་པ་ལས་གྲོལ་བ་ལྟར་གྲོལ་བས། ཡ་ང་བ་དང་བག་ཚ་བ་མེད་པའོ། །དེ་ལྟར་ཡལ་བའི་གནད་སུ་ཡིས་ཤེས་པ་དེ་ཉིད་ལ་བཅོས་སུ་མེད་ཉིད་དོ། །ཞེས་གདམས་པ་ནི་སྤྱི་དོན་ལྔས་སེམས་ཀྱི་དམིགས་ནི་བསླབ་བྱ། དྲུག་ནི་གྲངས་ཏེ། དེ་ལས་ལྔ་པ། དེ་ཡང་རིམ་གྱིས་འབྱེད་པའི་གནད་གོང་དུ་སེམས་ཀྱི་དབྱེ་བ་དྲུག་ལ་བརྟེན་ནས། སེམས་ཀྱི་དབྱེ་བ་ཡང་ལྔར་བསྡུས་ནས་བསྟན་པའོ། །རྣམ་པར་བཤད་པ་ཞེས་བྱ་བ། །མཁས་པ་བྱེ་མ་ལ་མུ་ཏྲས་མཛད་པ་རྫོགས་སོ། །རྒྱ་རྒྱ་རྒྱ། ཨྠྀི། ས་མ་ཡཱ།། །།༈ད་ནི་སེམས་ཀྱི་དམིགས་དྲུག་པ་རྒྱུན་དུ་འཁོར་ལུགས་དྲུག་གི་རྣམ་པར་བཤད་པ་ནི། འདི་མ་བསྡུས་པའི་དོན་གསུམ་སྟེ། དང་པོ་ཆོས་ཉིད་གནད་ཐོག་ཏུ་གྲོལ་བ་རང་གི་ཁྱད་པར་གྱི་གཞི་བསྟན་པ་དང་། གཉིས་པ་ཆོས་ཉིད་ཡལ་བའི་ཁྱད་པར་གྱིས་མ་གྲོལ་བ་གང་ཡང་མེད་པར་བསྟན་པ་དང་། གསུམ་པ་བསླབ་བྱ་རང་གི་མཚན་ཉིད་དཔེ་དང་བཅས་པས་གཞི་ལྡོག་མེད་དུ་བསྟན་པའོ། །དེ་ལ་སྤྱི་དོན་དང་པོ་ཆོས་ཉིད་གནད་ཐོག་ཏུ་གྲོལ་བ་ཁྱད་པར་རང་གི་གཞི་བསྟན་པ་ལ་ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ་མན་ངག་ཁྱད་པར་ཆེས་གདམས་པ་དང་བཅས་པ་བསྟན་པ་ནི། དེ་ལྟར་བབས་ལུགས་བསྟན་པ་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་བླ་མས་ཆོས་ཀྱི་བབས་ལུགས་རྟོགས་པར་བྱས་ལ་དེ་ངོ་སྤྲད་པར་
བྱ་སྟེ། ངོ་སྤྲད་པ་ལུགས་མང་ན་ཡང་། འདིར་ནི་བསྒོམ་དུ་མེད་པའི་དོན་དྲན་རྟོག་ཡལ་མཚམས་ཀྱི་གནད་ལ་བརྟེན་ནས་ངོ་སྤྲད་པ་བསྟན་པར་བྱ་སྟེ། དེ་ཡང་འདིར་ལག་ལེན་དུ་སྒྲིག་ན་རྒྱབ་ཡིག་སྣང་བའི་སྒྲོན་མ་དང་སྦྱར་རོ། །ད་ནི་དམ་པའི་དོན་ལ་འཇུག་པ་ཞེས་པ་ཚིག་རྐང་བཅུ་གཞུང་གིས་ཤེས་སོ། །ད་ནི་གཉིས་པ་སེམས་གློད་པས་གྲོལ་བ་བཞག་ཐབས་དང་བཅས་ཏེ་བསྟན་པ་ནི། དེ་ལ་དུས་གསུམ་སངས་རྒྱས་ཀྱི་རིགས་སྐལ་བ་ཡོད་པའོ། །ཀྱི་འབྲེལ་པ་མཚོན་པ་སྟེ། བླ་མ་དང་འབྲེལ་བས་སྐལ་ལྡན་སེམས་ཀྱི་བུ་ཞེས་བྱའོ། །ལུས་ཀྱི་ཆ་ས་ལ་ཕབ་ནས་ཇི་ལྟར་བདེ་ལུགས་སུ་བཅོས་ནས་གློད་པ་དང་། ཤེས་པ་ཡེངས་ལ་བོར་བའི་གནད་ཡང་དག་པ་ཡིན་པས། རང་སོ་ཞེས་སེམས་བཅོས་པ་མེད་པར་ཡེངས་ལ་བོར་ནས་བཞག་པས་དྲན་བསམ་གྱི་སྒོ་རྟོག་པ་སྣ་ཚོགས་སུ་འགྱུ་བ་བླ་མའི་བྱིན་བརླབས་ཀྱིས་འགག་གོ། གཉིས་པའོ། །ད་ནི་གསུམ་པ་བླ་མའི་མན་ངག་གནད་ལ་བོར་བ་བླ་མའི་གསུང་བརྗོད་པ་དང་བཅས་པར་བསྟན་པ་ནི། སེམས་རྟོག་པ་སྣ་ཚོགས་སུ་ཤོར་ན་གཤིས་གང་སྣང་བཅོས་པ་མེད་པའི་སྟེང་དུ་དབང་པོ་རང་ཡན་དུ་བཞག་པས་ནི། དྲན་པས་ཟུངས། རིག་པ་གཅོད་གཉིས་ལས་བྱུང་བའི་ཡིད་དང་། བློ་དང་། བསམ་པ་ལ་སོགས་པ་ཐམས་ཅད་ཡལ་བས་དུས་གཅིག་ལ་འགག་གོ། །ཞེས་བརྡས་བསྐུལ་བས། ཆོས་ཉིད་
བསམ་པ་ལས་འདས་པའི་གཞི་རྙེད་པ་ནི། ངག་ཏུ་ཨ་ཞེས་བརྗོད་པས་དྲག་པ་བླ་མ་བྱིན་རླབས་དང་ལྡན་པའི་ངག་ཏུ་གསལ་བས་གདབ་བོ། །དེ་ལ་བརྟེན་ནས་སྐལ་ལྡན་ལ་ངེས་པར་དེ་ཁོ་ན་ཡིན་ནོ་བའི་ཤེས་པ་སྐྱེ་བ་ནི་སེམས་ཉིད་མེད་པའི་དོན་རང་ཡལ་དུ་མཚོན་པ་ལས། དྲན་མེད་དང་སྨྲ་བ་དང་། འཕར་བ་ལ་སོགས་པ་འབྱུང་བ་ནི། གཤིས་ཀྱི་རྩལ་ཡིན་པས། སྐལ་ལྡན་གྱི་སེམས་གནས་པའི་སྟེང་ནས་ཤེས་པ་ཧད་པོ་དྲན་པ་ཡལ་བ་ལ་གནས་པ་ནི་བརྡ་དོན་གཉིས་མེད་དུ་འདྲེས་པའོ། །དེ་ལ་བླ་མས་དེ་ནི་གློ་བུར་བའི་དྲན་པ་དང་རིག་པའི་འགྱུ་བ་ཟད་པ་ལས་བྱུང་བ་ཡིན་པས། ཕྱིས་ཀྱང་དེའི་སྟེང་ལས་མ་འདའ་ཞིག །ཅེས་མཚོན་པའོ། །ཤེས་པ་དེ་ལྟར་སོང་ནི། འདི་ནི་དུས་ཀྱི་ཡལ་ས་ནམ་མཁར་སྦྱིན་པར་གྱིས་ཞེས་པས་སོ། སེམས་མེད་པ་ལས་དྲན་རིག་མེད་པར་མཚོན་པའི། དེས་ན་སེམས་ཀྱི་རྩ་བར་རང་ལས་རྟོགས་པ་ཁྱད་པར་ཅན་སྐྱེས་པས་བཟུང་ངོ་། །དེའི་ཕྱིར་ན་སེམས་མེད་པ་ལས་འདི་ལྟར་འཁྲུལ་པ་འོང་བར་ཅི་ལ་རིགས་ཏེ། འཁྲུལ་པ་ཉིད་འཁྲུལ་ཐོག་ཏུ་གྲོལ་བས་ན། དེས་ན་འདི་སེམས། དེ་ཡུལ། དེ་ལྟར་ཡུལ་སེམས་གཉིས་རང་གྲོལ་བ་ལས་མ་གཏོགས་པ་གཞན་མེད་དོ། །ཞེས་དེ་དག་གིས་ནི་སྤྱི་དོན་དང་པོ་ཆོས་ཉིད་གནད་ཐོག་ཏུ་གྲོལ་བ་ཁྱད་པར་རང་གི་གཞི་བསྟན་པ་ལ་ཡན་ལག་གི་དོན་གསུམ་དུ་བྱས་ནས་བསྟན་ཏོ། །ད་ནི་སྤྱི་དོན་གཉིས་པ་ཆོས་ཉིད་ཡལ་བའི་ཁྱད་པར་གྱིས་མ་གྲོལ་བ་གང་ཡང་མེད་པར་བསྟན་
པ་ལ་ཡན་ལག་གི་དོན་བདུན་གྱིས་བསྟན་པའི་དང་པོ། བློ་རིམ་གྱིས་པ་རྣམས་ཀྱིས་བསླབ་པ་ཐུན་མོང་མ་ཡིན་པ་ལ་བརྟེན་ནས་ཆོས་ཉིད་ལས་འཁྱེར་ས་མེད་པར་བསྟན་པ་ནི། གལ་ཏེ་སློབ་པར་འདོད་པའི་མིས་ཞེས་པ་ལ་སོགས་པས་བསྟན་ཏེ། གལ་ཏེ་བློ་རིམ་གྱིས་པ་རྣམས་ཀྱིས་ཆོས་ཉིད་ཀྱི་དོན་དེ་སློབ་པར་འདོད་པའི་མིས། རླུང་ཁ་ནས་ནམ་མཁའ་ལ་ཕྱིར་འཕངས་པས་དྲན་པ་ཡལ་བའི་མཚམས་ཤེས་བཞིན་དུ་གནས་པ་ནས་ངོས་བཟུང་བས་རྟོག་པ་གློ་བུར་བ་ཐམས་ཅད་རྒྱུན་ཆད་དོ། །དེ་ལ་དུས་ཐམས་ཅད་དུ་བཞག་པས་རང་གི་ཤེས་པ་ཅི་མི་སྙམ་པའི་ཉམས་འདི་ཡིན་འདི་མིན་གྱི་ཚད་བཟུང་བ་མེད་པ་རང་གི་རྒྱུད་ལ་འཆར་རོ། །དེ་ལ་རྒྱུན་དུ་གནས་པས་སེམས་ཀྱི་འཇུག་པ་ཐ་དད་པའི་རྒྱུན་རླུང་དང་བཅས་འགག་པ་ནི། དེ་ཚོ་གང་ལས་འབྱུང་ཞེ་ན། དེ་ནི་དང་པོ་ལུས་ཀྱི་གནད་ལུས་སྐྱིལ་ཀྲུང་ངམ་གང་བདེ་བར་བྱའམ། སེང་གེ་ལྟར་བྱས་པ་ལས་བྱུང་བའོ། །དེ་ལྟར་བྱས་པས་སེམས་ཀྱི་གནད་དུ་དྲན་རྟོག་རང་ཡལ་བས་བདག་གཞན་གྱི་འབྲེལ་བ་ཆོད་པ་ནི། རང་ལས་བྱུང་བས་སོ། །དེའི་ཕྱིར་ན་ཐ་མ་གང་དུ་ཡང་འགྲོ་བའི་ས་མེད་པས་ལྡོག་པའི་ཉིན་མེད་པའོ། །དང་པོའོ། །ད་ནི་གཉིས་པ་དྲན་རྟོག་གློ་བུར་དུ་ངོས་བཟུང་བ་དཔེ་དང་བཅས་ཏེ་བསྟན་པ་ནི། དཔེར་ན་ནམ་མཁའ་ལ་སྤྲིན་དེ་བྱུང་ཡང་གློ་བུར་དུ་བྱུང་ལ་ཡལ་ཡང་གློ་བུར་དུ་ཡལ་བ་བཞིན་དུ། དྲན་རྟོག་སྣ་ཚོགས་པ་གློ་བུར་རྐྱེན་གྱིས་སུ་ལ་ཡང་གནོད་པ་
མེད་དོ། །ནམ་མཁའ་ལ་སྤྲིན་གྱིས་གོས་པ་མེད་པ་དང་འདྲ། སེམས་རྟོག་པ་སྣ་ཚོགས་སུ་འགྱུ་བ་འདི་ཡང་དཔེར་ན་སྣོད་ལ་དྲི་མའམ་རྡུལ་ཆགས་པ་དང་འདྲ་སྟེ། སྣོད་ལ་དྲི་མ་དེས་གནོད་པ་དང་ཕན་པ་མེད་པ་ལྟར། ཆོས་ཉིད་ལ་ཕན་གནོད་དུ་མ་གྲུབ་པའོ། །དེ་ཡང་གློ་བུར་བར་ཤེས་པ་ལས་བྱུང་བའོ། །དེ་བཞིན་དུ་དྲན་པ་དང་རིག་པ་རྣམས་ནི་གློ་བུར་དུ་ལུས་ལ་ཆགས་པས་ཕན་གནོད་མེད་དོ། །སྣོད་ལ་དྲི་མས་གནོད་པར་ནུས་པ་མེད་པ་ལྟར་ཆོས་ཉིད་ལ་གནོད་པ་མེད་པ་དྲན་རིག་སེམས་ཀྱང་དེ་བཞིན་ནོ། །ཞེས་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་ཡལ་བའི་མཚན་ཉིད་ལུས་སེམས་ཀྱི་འབྲེལ་བ་བཅད་པ་བསྟན་པ་ནི། རྣམ་རྟོག་རང་ཡལ་བ་ནི། དཔེར་ན་འཇའ་ཚོན་བར་སྣང་ལ་བཀྲ་ལམ་མེ་ཡོད་པ་དེ་གར་སོང་ཆ་མེད་པར་ནམ་མཁར་རང་ཡལ་གྱིས་སོང་བ་ལྟར། དྲན་རྟོག་སྣང་བ་གློ་བུར་བ་ཡིན་པས་གར་སོང་ཆ་མེད་པར་ཡལ་ལ། དེ་ཉིད་གློ་བུར་བར་ཤེས་པ་ཙམ་ཀྱིས་རྒྱ་མཚོ་ཆེན་པོ་ལས་རླང་པ་བུན་གྱིས་བྱུང་ནས། ཐ་མ་ཡལ་གྱིས་སོང་ནས་དངོས་པོ་མེད་པ་ལྟར་དྲན་པ་སྣ་ཚོགས་སུ་ཤར་བ་བྲིང་གིས་བྱུང་ཡང་། དེ་ཉིད་བུན་གྱིས་རང་ཡལ་བས་དང་པོ་གང་ནས་བྱུང་གི་རྒྱུ་མེད། ཐ་མ་གང་དུ་འགྲོ་བའི་ལམ་མེད། བར་དུ་གང་དུ་གནས་པའི་རྟེན་མེད་པས་སོ། །དེའི་ཕྱིར་ན་རེས་ཡོད་པ་ལྟར་སྣང་ལ་རེས་མེད་པར་ལྟར་སྣང་བའི་སེམས་ཀྱང་དེ་དང་མཚུངས་ཏེ། དང་པོ་བྱུང་ས་མེད་པས་གཞི་དང་། རྩ་བ་མེད་པ་དང་།
ད་ལྟ་གནས་ས་མེད་པས་རྒྱུ་དང་མཚན་ཉིད་གང་དུ་ཡང་མ་གྲུབ་པ་དང་། ཐ་མ་འགྲོ་ས་མེད་པས་སྐྱེ་མེད་ངོས་བཟུང་དུ་མེད་པའི་སེམས་ཞེས་བྱའོ། །དེ་ཡང་ཕྱི་རོལ་རིག་པ་ཅན་ལྟར་དུས་ཀྱིས་ཡལ་བ་ཡིན་ཏེ། སེམས་ཀྱི་རྩ་བ་མེད་པར་ཤེས་པ་ཙམ་ལས་རྫུ་འཕྲུལ་ལམ། རྨི་ལམ་ལྟ་བུ་མ་ཡིན་པར་ངེས་པར་ཡལ་བས། རྟོག་པས་ཕན་གནོད་དུ་གྲུབ་པ་གང་ཡང་མེད་དོ། །དེའི་ཕྱིར་ལུས་འབྱུང་བའི་བྱེད་ལས་ཅན་ལས་སེམས་མ་བྱུང་བས་སེམས་ལ་ལྟར་མེད་ཅིང་བལྟས་པས་ཀྱང་མཐོང་བ་མེད་ལ། སེམས་སྟོང་པ་ངོས་བཟུང་དང་དང་བྲལ་བ་ལས་ལུས་མ་བྱུང་བས། འབྲེལ་བ་མེད་དེ་ལུས་བཞག་ནས་འགྲོ་བའི་ཕྱིར་རོ། །དེ་ལྟར་མེད་པའི་དོན་སྣང་བས་སྒྱུ་མའི་སེམས་ཏེ། མེད་པའི་འཇུག་པ་ཅན་ལས་སྒྱུ་མ་ལྟ་བུའི་ལུས་ཀྱང་མི་རྟག་པས། སྒྱུ་མ་ལྟ་བུའོ། །དེས་ན་སྒྱུ་མས་སྒྱུ་མ་བསླུས་པ་ལྟར། སེམས་མེད་པའི་ཡུལ་མེད་པ་བཟུང་བའོ། །ཞེས་ནང་དོན་གསུམ་པ་ཡལ་བའི་མཚན་ཉིད་ལུས་སེམས་ཀྱི་འབྲེལ་བ་བསྟན་ནས། ད་ནི་བཞི་པ་སྟོང་པའི་ཆོས་རང་ཤེས་པ་དཔེ་དང་བཅས་པ་བསྟན་པ་ནི། དཔེར་ན་ནམ་མ་རིག་པ་མཁའ་ཡེ་ཤེས་ལས་ནི་སྤྲིན་ཉོན་མོངས་པ་གློ་བུར་བ་བཞིན་དུ། སྣང་ཡང་དེ་ཉིད་ལ་གོས་པ་མེད་པ་སྟེ། རྣམ་རྟོག་ཅི་བྱུང་ཡང་འདི་ནི་རྣལ་འབྱོར་དག་པའི་ལམ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་རྟོག་པ་སྐྱེ་བའི་གནས་མེད་ཅིང་མི་གནས། དེ་བཞིན་དུ་ཆོས་ཉིད་
སྟོང་པ་ཉིད་ལ་དྲན་བསམ་བློའི་རྟོག་པ་སྐྱེ་བའི་གནས་མེད་དོ། །གལ་ཏེ་དྲན་བསམ་གྱི་རྟོག་པ་དེ་ཉིད་ནམ་མཁའ་འདྲ་སྟེ། སྐྱེ་བྱ་སྐྱེད་བྱེད་གང་དུ་ཡང་མ་གྲུབ་བོ། །དཔེར་ན་ཡོད་པ་ལྟར་སྣང་བ་དང་མེད་པ་ལྟར་སྣང་བའི་ནམ་མཁའ་ལ་སྤྲིན་དང་། ཆར་དང་། ཁུ་རླངས་དང་། གཟའ་དང་། སྐར་མ་ལ་སོགས་པའི་ཆོ་འཕྲུལ་ཆེན་པོའི་དཀའ་བ་མིན་པ་ལྟར། སེམས་ལས་ཀྱང་དྲན་པ་དང་། རྟོགས་པ་དང་། འགྱུར་བ་སྣ་ཚོགས་པར་ཤར་བ་ནི། བཟང་བ་དང་ངན་པ་སུ་ལ་ཡང་དམིགས་ཏེ། ཕན་གནོད་གང་དུ་ཡང་མ་གྲུབ་བོ། །དེའི་ཕྱིར་ན་མ་རིག་པ་ལས་རྟོགས་པའི་ཡེ་ཤེས་ལོག་ན་མེད་པས། མེད་པར་མགོ་མཉམ་ལ། སེམས་ཅན་ལས་མ་གཏོགས་སངས་རྒྱས་ཞེས་བྱ་བར་མེད་དོ། །དེ་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་འབྲེལ་གྱིས་དེ་ལྟར་སྣང་ངོ་། །ཞེས་ནང་དོན་བཞི་པའོ། །ད་ནི་ལྔ་པ་སྤང་བླང་མེད་པའི་དོན་ངོ་སྤྲད་པ་དང་བཅས་པ་བསྟན་པ་ནི། ཡལ་བའི་གནད་ནི་དང་པོ་མེད་པ་ལས་བྱུང་ལ། ཐ་མ་མེད་པར་མ་ཤེས་ན་མ་མཁས་པ་སྟེ། རྟོག་ཚོགས་གང་གིས་ཀྱང་སྤངས་པས་མི་སྤོང་བས། མེད་པའི་དོན་ཤེས་པས། སྤང་རྒྱུ་གང་ཡང་མེད་ལ་བླང་རྒྱུ་གང་ཡང་མེད་པའི་རྫོགས་པ་ཆེན་པོའི་དོན་ཞེས་བྱའོ། །གལ་ཏེ་གང་ཟག་ཆོས་ཉིད་བབས་ལས་ཤེས་པ་ཡོད་པ་ལ། སྣང་བ་སྔ་ཕྱིའི་བར་དང་། ཤེས་པ་སྔ་ཕྱིའི་བར་དུ་བཅས་པའི་ཞེས་
པའི་ཆོས་ཉིད་སྔ་ཕྱིར་དང་། རྟོག་པ་སྔ་ཕྱི་ལ་སོགས་པའི་བར་དུ་རང་སེམས་ལ་ངོ་སྤྲད་ན། དེར་ངོས་ཟིན་ནས་དྲན་རྟོག་རང་ཡལ་བས་བབས་ལས་ཡལ་བའི་མི་དེའང་ནི་དེ་བཞིན་དུ་སངས་རྒྱའོ། །ཞེས་ནང་དོན་ལྔའོ། །ད་ནི་དྲུག་པ་ཁམས་གསུམ་དུ་མི་ལྡོག་པ་དཔེ་དང་བཅས་པར་བསྟན་པ་ནི། ལུས་དང་སེམས་འབྲེལ་བའི་ཆོས་ལ་མི་ལྟོས་པས། རྟོག་པ་སྔ་ཕྱི་མ་འདྲེས་པ་དཔེར་ནམ་མཁའི་སྤྲིན་དང་མཚུངས་པ་ནི། ནམ་མཁའ་དང་སྤྲིན་སྔ་མ་དང་ཕྱི་ནས་འབྲེལ་བ་ཡོད་མི་སྲིད་པ་ལྟར། སྤྲིན་རང་ཡལ་ནས་ཕྱིས་ལྡོག་པ་མིན་ལ། དེ་བཞིན་དུ་ཡལ་བའི་གནད་ཡོད་མེད་གང་དུ་ཡང་མ་གྲུབ་ལ་མཁས་པ་ཡིས། ད་ཁམས་གསུམ་དུ་ལྡོག་པའི་རྒྱུ་མེད་པས་རྐྱེན་རང་སར་ཡལ། ལུས་སེམས་ཀྱི་འབྲེལ་མེད་པས་ལོག་པ་ཟད་པས་འཁོར་འདས་འབྲེལ་མེད་པར་རྟོགས་པའོ། །གལ་ཏེ་ལྡོག་པ་ཡོད་ན་དངོས་པོ་འདི་ལྟར་སྣང་བས་གསལ་ཏེ། སྔ་མའི་ད་ལྟ་འདི་མིན་པར་ཡིད་ཆེས་སོ། །དེ་ཡང་གང་ལས་བྱུང་ཞེ་ན། སེམས་ཉིད་ཐོག་མ་སྐྱེ་མ་མྱོང་བའི་གནད་ཀྱིས། ད་ལྟའི་དྲན་བསམ་གློ་བུར་བ་ཡིན་པས་དེང་བ་ཙམ་གྱིས་རང་སར་ཡལ་བའོ། །ཕྱིས་ན་སྔར་ཡལ་བའི་གནད་ཀྱིས་ཡང་གློ་བུར་བ་མ་ཡིན་པ་མེད་པས། གང་ཡལ་བ་ལ་རྗེས་མེད་པས་ན་ཕན་གནོད་གང་དུ་ཡང་མ་གྲུབ་པའོ། །དེ་ལྟར་ཤེས་པས་ཁམས་གསུམ་དུས་གཅིག་
ལས་འདའ་འོ། །ཞེས་ནང་དོན་དྲུག་པའོ། །ད་ནི་ནང་དོན་བདུན་པ་གཞི་རྩ་མེད་པའི་སེམས་ཉིད་བྱས་པ་ལས་འདས་པར་བསྟན་པ་ནི། དེ་ཡང་སེམས་ལ་གཞི་མེད་པས་ལྡོག་བྱ་བློའི་རྟེན་ཉམས་ལ། རྩ་བ་མེད་པའི་སེམས་ལ་སྐྱེ་བའི་གནས་མེད་པའི་འདི་ནི། དེ་ཡང་དྲན་པ་དང་བསམ་པ་གཞི་ལ་ཡལ་བས་ད་བསྐྱར་ནས་གཞི་ལ་རྫོགས་པ་མེད་དོ། །སེམས་ཉིད་ཐིག་ལེ་ཉག་གཅིག་ཡིན་པས་རྩ་བ་ཆད་པས་འཕེལ་མེད་པའོ། །གཏན་ཚིགས་དེས་ན་གཞི་དང་ལམ་དུ་འདོད་པའི་ཐེག་པ་འཁྲུལ་ལོ་ས་ལམ་ལ་སོགས་པའི་ཚིག་རྐང་བཅུ་བཞི་གཞུང་གིས་ཤེས་སོ། །དེ་དག་གིས་ནི་བསྡུས་པའི་དོན་གཉིས་པ་ལ་ཡན་ལག་གི་དོན་བདུན་དུ་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་གསུམ་པ་ལ་ཡན་ལག་གི་དོན་བཞིས་བསྟན་པའི་དང་པོ། ཆོས་ཉིད་ཀྱི་དོན་ཏེ་བསླབ་བྱ་དཔེ་དང་བཅས་པ་ལ་བརྟེན་ནས་ཡིད་ཆེས་པར་བསྟན་པ་ནི། དེ་ཡང་དཔེར་ན་སྲིན་མོ་གཡོ་བར་བྱེད་པ་ཞེས་པའི། བུ་རབ་ཏུ་བརྟན་པ་བྱ་བ་ཡིད་དུ་འོང་བ་ཞིག་ཕ་སྲིན་པོ་བསོད་དགའ་ཞེས་བྱ་བས་བསད་པས། མས་ངའི་བུ་གར་སོང་བྱས་པས། ཕ་ན་རེ་སྟོར་ཟེར་ནས་མོས་གླིང་བཞི་རི་རབ་དང་བཅས་པ་ལན་གསུམ་དུ་བསྐོར་ནས་བཙལ་བས་མ་རྙེད་པས། ཁོ་ཐག་ཆོད་ནས་ཞེན་པ་དང་བྲལ་བའོ། །དེ་ལྟར་དྲན་པས་རིག་པ་བསད་པས་དྲན་རིག་གི་ཁུངས་བཅད་པས་མཆོད་པས། རྟོག་པའང་ཡལ་བའི་ཚད་མེད་སྣང་དངོས་དག་པ་ལ་མཁས་པར་འགྱུར་རོ། །
གཉིས་པ་ཁྱུང་ཆེན་གཤོག་པ་རྫོགས་པ་ལྟ་བུའི་བསླབ་བྱ་ནི། ཁྱུང་སྒོ་ང་ནས་ཐོན་པ་དང་གཤོག་པ་རྫོགས་ཏེ། ནམ་མཁའ་ལ་ཐོགས་པ་མེད་པར་འགྲོ་བ་དང་འདྲ་བར། དྲན་ཤེས་པའི་རྟོག་པ་ཐ་དད་པ་གཞི་དངོས་པོའི་འདུག་ཚུལ་མ་བཅོས་པ་ལ། རང་ཐིམ་པའི་ཚུལ་གྱི་སྦས་པ་ནི། རླུང་དང་བཅས་ཏེ་མགྲིན་པའི་འོག་ཏུ་སྦས་པས་འཁོར་བའི་རྟོག་པ་ཐོགས་པ་མེད་པར་གཅོད་པའོ། །དེ་ལྟར་བྱས་པ་འདི་ནི་རང་གི་ཚད་ཡེ་ཤེས་སུ་འགྱུར་བ་ཤེས་པར་འགྱུར་རོ། །གསུམ་པ་སེང་གེ་ཡན་ལག་རྫོགས་པ་ལྟ་བུའི་བསླབ་བྱ་ནི། དཔེར་ན་སེང་ཕྲུག་མའི་མངལ་ནས་ཐོན་ནས་ཞག་དྲུག་ལ་ཡན་ལག་རྣམས་རྫོགས་ཏེ་གང་ལ་ཡང་ཐོགས་པ་མེད་པ་ལྟ་བུས། སེམས་སྔ་ཕྱི་ཟད་པས་རྟོག་པ་ཡལ་བའི་མཚམས་བཙལ་ནས། སྣང་བ་ལ་ཐོགས་པ་མེད་པར་སྤྱད་པས་སྣང་བ་དང་། ཤེས་པའི་གནད་ཟད་པ་དང་། ཡལ་ས་ལ་མཁས་པར་འགྱུར་རོ། །བཞི་པ་དཔག་བསམ་ཤིང་གི་རྩེ་ལ་ནོར་བུ་བཏགས་པ་ལྟ་བུའི་བསླབ་བྱ་ནི། དཔེར་ན་མི་དབུལ་པོ་ཞིག་གིས་ཉི་མ་དང་ཟླ་བ་གཟས་ཟིན་པའི་དུས་སུ་ཡིད་བཞིན་གྱི་ནོར་བུ་དཔག་བསམ་ཤིང་གི་རྩེ་མོ་ལ་བཏགས་ནས་མཆོད་པ་བྱས་ན་དགོས་འདོད་ཇི་ལྟར་བསམ་པ་འོང་བ་ལྟར། ཐབས་ཀྱི་རང་གནད་ཟིན་པ་ཡིས་ཅི་བྱས་ཐམས་ཅད་ཆོས་སུ་འགྲོ་བའོ། །དེ་ལྟར་ཐབས་ཀྱི་སེམས་ཀྱི་ཁྱད་ཡོད་མེད་
མཐའི་བྱེ་བྲག་ཕྱེད་པ་ལ་མཁས་པར་འགྱུར་རོ། །ལྔ་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་བསླབ་བྱ་ནི། ཐོག་མར་རྒྱ་བཅད་ནས་དེ་ནས་གང་ལ་ཡང་མི་འཛེམ་པར་འོང་བ་ལྟར། བརྡའ་རྗོད་པའི་ཚིག་ཙམ་ལ་བརྟེན་ནས་ནི། ཆོས་ཉིད་བརྗོད་དུ་མེད་པ་ལ་མཁས་པར་འགྱུར་རོ། །དྲུག་པ་སྟག་མོ་ཚང་ན་ཉལ་བ་ལྟ་བུའི་བསླབ་བྱ་ནི། སྟག་གྲུས་མ་ཚང་ན་ཉལ་བའི་དྲུང་ན་གང་གིས་ཀྱང་རྒྱུ་བར་དཀའོ། །གནད་ཤེས་པས་རང་ངོ་མཚང་ལ་ཕབས་ནས་དོན་རང་ཐོག་ཏུ་བཞག་པས་ཉོན་མོངས་པའི་དབང་དུ་མི་འགྲོ། དེ་ཡང་ལུས་སེམས་འབྲེལ་མེད་པར་ཤེས་པས། སེམས་ཉིད་ཡལ་བའི་རྗེས་ཆོད་པར་འགྱུར་རོ། །ཞེས་ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་མ་བསླབ་པའི་སྐྱོན་ངོ་ཤེས་པས་མཐོང་བ་ཙམ་གྱིས་གྲོལ་བ་སྟོན་པ་ནི། མ་བསླབས་པའི་སྐྱོན་ནི། དེ་ཡང་དང་པོ་ལུས་ངག་བཅོས་པའི་བསླབ་བྱ་ལ་མ་བསླབས་ན། ཁམས་གསུམ་གྱི་གཞི་མི་སྟོངས་ཏེ། དེ་ལ་བསླབས་པས་ཁམས་གསུམ་ལས་གྲོལ་བའི་དགོས་པ་ཡོད། དཔེར་ན་བཙོན་ལྕགས་ལས་གྲོལ་བ་ལྟར་གྲོལ། གཉིས་པ་ལ་མ་བསླབས་ན། རྣམ་རྟོག་ཆོས་ཉིད་དུ་མི་འགྱུར་བས། བསླབས་པས་ཉོན་མོངས་པ་ལས་གྲོལ་བའི་དགོས་པ་ཡོད། འདི་རྒྱལ་པོའི་གཉའ་ལས་གྲོལ་བ་ལྟར་གྲོལ། གསུམ་པ་གནད་བཏུབ་པ་གནས་ལུགས་ཚད་ལ་འབེབས་པའི་བསླབ་བྱ་མ་
བསླབས་ན། སེམས་ཀྱི་གཞི་རྩ་མི་སྟོངས་པས། དེའི་ཕྱིར་ན་སེམས་ཀྱི་འཇུག་པ་རྒྱུ་རྐྱེན་ལས་གྲོལ་བའི་དགོས་པ་ཡོད། དཔེར་ན་ལི་གར་ཏའི་རྒྱལ་པོ་བྲམ་ཟེའི་དམོད་པ་ལས་གྲོལ་བ་ལྟར་གྲོལ་ལོ། །བཞི་པ་མ་བསླབས་ན་ཐེག་པ་ཐུན་མོང་བ་དང་ཁྱད་པར་མི་རྙེད་པས། སེམས་ཉིད་ཚིག་དང་ཐ་སྙད་ལས་གྲོལ་བའི་དགོས་པ་ཡོད། དཔེར་ན་མཁའ་ལྡིང་གི་བུ་གསེར་འགྱུར་གྱི་ལས་ལས་གྲོལ་བ་ལྟར་གྲོལ། ལྔ་པ་མ་བསླབས་ན་སྣང་རྟགས་ཀྱི་ཆོས་ཡིད་སྣང་དུ་འཆོར་བས། དྲན་བསམ་འགྱུ་བ་ཐ་སྙད་པ་ལས་གྲོལ་བའི་དགོས་པ་ཡོད། དཔེར་ན་ཀླུའི་བུ་མཁའ་ལྡིང་གི་འཇིགས་པ་ལས་གྲོལ་བ་ལྟར་གྲོལ། དྲུག་པ་ལུས་སེམས་འབྲེལ་བ་བཅད་པའི་བསླབ་བྱ་མ་བསླབས་ན་སྐྱོན་ནི་རྟོག་པ་། དད་པའི་དབང་དུ་འགྱུར་བས། དེའི་དགོས་པ་ནི་ལྟ་སྒོམ་ཡིད་ལ་བྱེད་པ་ལས་གྲོལ་བའི་དགོས་པ་ཡོད་དོ། །དེའི་དཔེས་ཀྱང་ནི་ནམ་མཁའ་དང་འཕྲད་པས་རིས་མེད་མེད་སྣང་དུ་གྲོལ་བའི་རང་ཐོག་ཏུ་ཕེབས་པ་སྟེ། དེ་ཡང་དཔེར་ན་སྔར་འདྲིས་ཀྱི་མི་ཕྱིས་མཐོང་བ་ཙམ་གྱིས་ངོ་ཤེས་པ་བཞིན་ནོ། །དེ་ལྟར་ཆོས་དྲུག་གསུམ་པོ་ངོ་ཤེས་པས་ཐེ་ཚོམ་དང་ཡིད་གཉིས་མེད་པར་སངས་རྒྱས་པ་ཁོ་ནའོ། །གལ་ཏེ་གནད་དེ་མཐོང་བ་ཙམ་གྱིས་གྲོལ་བར་འདོད་ན་ཡང་། འདི་ལྟར་སྣང་བ་མངོན་སུམ་གྱི་གནད་དུ་བསྟན་པ་ཡིས། དབང་པོ་ལྔའི་ཡུལ་དུ་མཐོང་ཚད་དག་པའི་སྣང་བར་གྲོལ་ལོ། །ཞེས་ནང་དོན་གཉིས་པའོ། །ད་ནི་
ནང་དོན་གསུམ་པ་དབང་པོ་ཡུལ་གྱི་གནས་ལ་གཏན་ཚིགས་ཀྱིས་གཟེར་བཏབ་པས་རང་དབང་མེད་པར་གྲོལ་བར་བསྟན་པ་ནི། དེས་ན་དབང་པོ་ནི་ལྔ། ཡུལ་ནི་གཟུགས་ལ་སོགས་པ་ལྔ། གནད་ནི་དེ་ཉིད་ཤེས་བཞིན་གྱིས་ཟིན་པ་བསྟན་པའི་ཚིག་ནི་བླ་མའི་གསུང་གཟེར་བཏབ་པས་ནི། བསྟན་པ་ཙམ་གྱིས་མཐོང་ལ་མཐོང་བ་ཙམ་གྱིས་རྟོགས། རྟོགས་པ་ཙམ་གྱིས་འབྲས་བུ་ཐོབ་པ་གསུམ་དུས་མཉམ་པས་ན། གནད་ལ་ཕབ་པ་ཞེས་བྱའོ། །དེ་ཡང་ཤེས་པའི་དུས་ནི་མཐོང་བ་ཙམ་ལས་ངེས་པ་ཅིག་ཅར་དུ་སྐྱེ་བའོ། །དེ་ལྟར་སྐྱེས་པས་རང་གི་གཞི་དང་ཕྲད་པར་ངེས་སོ། །དེ་ལྟར་ཆོས་ནི་ཡོད་པ་ཙམ་ལས་ནི། རང་ངོ་ཤེས་པ་ལ་བརྟེན་ནས་ཡིད་ཆེས། དེ་ལ་བརྟེན་ནས་ཐག་ཆོད་པ་དང་། གསུམ་ལ་བརྟེན་ནས་བློ་བདེ་བའོ། །དེའི་གནས་བླ་མའི་ཞལ་ལས་ཕྱུང་བའོ། །ཞེས་ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་པ་འབྲས་བུ་ངེས་པས་གྲོལ་བའི་མཚན་ཉིད་བསྟན་པ་ནི། སེམས་ཀྱི་བསླད་པ་མེད་པའི་ལུས་ཀྱི་མཐའ། གནད་མཐོང་བས་ད་ནི་ཟད་པས་ལྡོག་པ་མེད་པའོ། །སེམས་ལ་རྒྱུ་མེད་པས་གློ་བུར་གྱི་རྐྱེན་ཅིས་ཏེ་ཡོད་པས་ན། དེའི་ཕྱིར་ན་སེམས་ལ་རྒྱུ་མེད་པའི་སྐད་ཅིག་ལས་གྲོལ་བ་ནི་དབང་པོའི་ཁྱད་དོ། །རང་གི་སེམས་ཉིད་ཡལ་བས་ཟད་པ་ནི་ཅིའི་ངོ་བོར་ཡང་མ་གྲུབ་པའོ། །དེ་ལྟར་ན་ཆོས་ཉིད་ཟད་པ་འདི་ལ་རྣལ་འབྱོར་པ་གང་སྤྱོད་པ། ཁམས་གསུམ་དུ་ལྡོག་པ་མ་ཡིན་ནོ། །སེམས་ཀྱི་ལ་སོགས་པ་མཚན་སྐབས་སུ་བསྟན་ལ། དེ་ལ་དགོས་པ་ཅི་ཡོད་ན། སེམས་ཀྱི་དམིགས་དྲུག་
ལ་བརྟེན་ན། འགྲོ་བ་རིགས་ལྷ་ལ་སོགས་པ་དྲུག་གི་སྐྱེ་བའི་གནས་སུ་མི་སྐྱེ་བས་སྟོངས་པར་བྱེད་པའི་གནད་ནི་བསླབ་བྱ་དྲུག་ལ་བརྟེན་པས་སོ། །སློབ་དཔོན་ཡོན་ཏན་རྫོགས་པ། ཆེན་པོ་དེ་ལས་ལྷག་པ་མེད་པ། སངས་རྒྱས་གཉིས་པ་ནི། ལུས་མིའི་ལུས་སུ་ཡོད་ཀྱང་དགོངས་པ་སངས་རྒྱས་དང་མཉམ་པའོ། །སངས་རྒྱས་ཀྱི་སྤྲུལ་པ་དགའ་རབ་རྡོ་རྗེ་ནི་མཚན་ནོ། །མཛད་པ་ནི་གང་ཟག་བློ་ཅིག་ཅར་བ་རྣམས་མ་བསྒོམས་པར་སངས་རྒྱ་བའི་དོན་དུ་མཛད་པའོ། །རྫོགས་སོ་ཞེས་དམིགས་དྲུག་ཏུ་གཏན་ལ་ཕབ་པ་རྫོགས་པ་ལ། ཡལ་བའི་དུས་ངོས་ཟིན་པའི་གནད་དང་བཅས་པའོ། །རྫོགས་པས་སོ། །སེམས་ཀྱི་དམིགས་དྲུག་གི་རྣམ་པར་བཤད་པ་ཞེས་བྱ་བ། རྒྱ་གར་ཀྱི་མཁས་པ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ། །ལེགས་པའི་དཔེ། ཨྠྀི། རྒྱ་རྒྱ་རྒྱ། སྔགས་ཀྱི་སྲུང་མས་སྲུངས་ཤིག །ས་མ་ཡཱ། རྒྱ་རྒྱ་རྒྱ། ལས་ཅན་ཞིག་དང་འཕྲད་པར་ཤོག།། །།
སྤྲོས་མེད་དབང་གི་ཏི་ཀ
སྤྲོས་མེད་དབང་གི་ཏི་ཀ་བཞུགས་སོ། །གུ་ཧྱ་ཁ་ཐཾ༔ ང་བཞི་པ།
བཅོམ་ལྡན་འདས་དཔལ་ རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ དེ་ལ་འདིར་སྤྲོས་པ་མེད་པའི་དབང་གསལ་བར་བྱེད་པའི་ཏི་ཀ་སྟོན་ཏེ༔ དེ་ཡང་བླ་མ་དང་སློབ་མའི་མཚན་ཉིད་ངེས་པར་བསྟན་པ་ནི༔ བླ་མ་ནི་ཤེས་པ་ཁོང་ཁྲོལ་བ༔ འཁོར་བའི་ཆོས་རྒྱབ་ཏུ་དོར་བ༔ འདོད་པ་ཆུང་ཞིང་ཆོག་ཤེས་པ༔ ལག་ལེན་མཁས་ཤིང་ཉམས་མྱོང་ཡོད་པ༔ རྒྱུད་དོན་ལ་མཁས་ཤིང ་སྒྲུབ་པ་ལ་བརྩོན་པ༔ ལྟ་སྒོམ་གྱི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ༔ སྙིང་རྗེ་ཆེ་ཞིང་གཏོང་བ་ལ་དགའ་བས༔ སློབ་མ་ལ་སྤྲོས་མེད་ཀྱི་དབང་བསྐུར་བ་ནི༔ སློབ་མ་དད་པ་དང་ལྡན་པ༔ སངས་རྒྱས་ཐོབ་པར་འདོད་པ༔ བློ་ཉུང་ཞིང་བརྟན་པ༔ དབང་པོ་དུལ་བ་ཤེས་རབ་དག་པ༔ དབང་པོ་གསལ་བ༔ ཚིག་དོན་ཕྱེད་པ༔ དམ་ཚིག་ཕོག་པ་ལས་མི་འདའ་བ༔ སྡོམ་པ་གསུམ་ལ་གནས་པ༔ སྙིང་རྗེ་ཆེ་བ་བླ་མ་ལ་གུས་པ༔ གཙང་སྦྲ་ཆུང་བ་བརྟུལ་ཞུགས་ཆེ་བ༔ འབྱོར་པ་ཐམས་ཅད་གཏོང་བར་ནུས་པ་ནི༔ སྔ་མ་ལ་སྔགས་ལ་སྦྱངས་པའི་རྟགས་ཡིན་པས་ནི༔ དེ་ལ་བླ་མས་གཟེངས་བསྟོད་པ་དང་གནང་བ་སྦྱིན་པར་བྱའོ༔ དེ་ནས་སློབ་མས་བླ་མ་ལ་གུས་པ་དང་ལྡན་པའི་སེམས་ཀྱིས་བརྟེན་ལ༔ འཁོར་བའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་སྤང་ལ༔ དམ་པའི་གོ་འཕང་ལ་དམིགས་པར་བྱའོ༔ དེ་ཡང་དབང་གི་གནས་ནི༔ ཆུའི་ལུས་ཀྱིས་ཆུ་གླིང་ལ་སོགས་པར་སོ་སོའི་ལོ་དང་ཟླ་བ་དང་༔ ཚེས་དང་ལོ་དུས་དང་ངེས་པ་ལ་ཞུགས་ན༔ སྨིན་པ་དབང་གི་འབྲས་བུ་ངེས་པར་འབྱིན་ནོ༔ མེའི་ལུས་ཀྱིས་ནགས་དང་རྩྭ་དང་རི་དྭགས་སྣ་ཚོགས་ཡོད་པ་ལ་སོགས་པར༔ མེའི་མི་གསུམ་གསུམ་གྱིས་སོ་སོའི་ལོ་དང་ཟླ་བ་དང་ཞག་དུས་ངེས་པར་འགྲུབ་བོ༔ སའི་ལུས་ཐང་ཆེ་བ་སྔ་མ་དང་འདྲའོ༔ རླུང་
གི་ཡུལ་དྲང་ཞིང་རླུང་འཚུབ་པ་རང་རང་སྔར་དང་འདྲའོ༔ དེ་ལྟར་ལུས་དང་ཡུལ་ངེས་པ་ལ་སྦྱར་བས་འབྲས་བུ་ངེས་པར་འབྱིན་པའོ༔ དེ་ལ་འདི་བསྙེན་པ་དང་༔ སྒྲུབ་པ་དང་༔ འཇུག་པ་ཁྱད་པར་ཅན་གྱི་སྦྱོར་བ་དང་༔ བསྙེན་རྫས་ཀྱི་བསྔགས་པ་དང་༔ བསམ་བྱ་སེམས་ཀྱི་གདུལ་བྱའོ༔ བསྙེན་པ་ནི་སྐུའི་འགྱུར་བྱེད་ཀྱི་ཡི་གེ་ལ་སྟོང་ཕྲག་བདུན༔ གསུང་ལ་འབུམ་ཕྲག་གཅིག༔ ཐུགས་ལ་ཁྲི་ཕྲག་གཅིག་བསྐྱལ༔ བྱིན་རླབས་ཀྱིས་འཕོ་བའི་རྒྱུན་ངེས་པར་འབྱེད་པའོ༔ དེ་ནས་སྒྲུབ་པ་ལ༔ སྐྱེ་མཆེད་རང་བྱུང་གི་ཡི་གེ་ལ་འབུམ་ཕྲག་བདུན་བྱས་པས༔ ངག་དང་སེམས་ཀྱི་སྐྱེ་བ་རྣམ་པར་དག་པར་བསམ་གཏན་ཐེབ་པའོ༔ དེ་ནས་འཇུག་པར་ཁྱད་པར་གྱི་སྦྱོར་བ་ནི༔ དུས་ཀྱི་འཇུག་པ་ནི༔ ས་བོན་གྱི་དུས་སུ་ཞུགས་པས༔ འདི་དང་ཕ་རོལ་གྱི་དོན་རྫོགས་པར་བྱེད་པའོ༔ འབྲས་བུའི་དུས་སུ་ཞུགས་པས༔ སྙིང་པོའི་དོན་བཅུད་དུ་དྲིལ་བར་བྱེད་དོ༔ དད་པས་ཞུགས་པས༔ སྦྱོར་བ་ཁྱད་པར་ཅན་ངེས་པར་འགྲུབ་བོ༔ མཁའ་འགྲོ་མ་བཞིས་འཁོར་ལོ་བསྐོར་བའི་དུས་སུ་ཞུགས་པས་དངོས་གྲུབ་ཉེ་ཞིང་མཐུ་རྩལ་འབྱུང་བ་ཡིན༔ རྟེན་འབྲེལ་རྫས་ཀྱི་བསྔགས་པ་ནི༔ ཕྱི་ནང་གི་མཆོད་པའི་བྱེ་བྲག་ནི་ཚོགས་བསགས་པ་ལ་དམ་ཅན་གྱིས་གྲོགས་བྱེད༔ ཚོགས་དང་གཏོར་མའི་ཡོ་བྱད་དཔག་ཏུ་མེད་པས་འཁོར་འདུ་ལོངས་སྤྱོད་འཕེལ་བར་བྱེད་དོ༔ དམ་རྫས་དུ་མ་བསགས་པས་དམ་ཅན་འདུ༔ འཇིག་རྟེན་གྱི་དབང་ཕྱུག་ཕུན་སུམ་ཚོགས་པ་ཐོབ་བོ༔ མཎྜལ་དང་༔ བུམ་པ་དང་༔ མེ་ལོང་དང་༔ རྨ་བྱ་ལ་སོགས་པ་དབང་བསྐུར་བའི་རྫས་བསགས་པས་བྱིན་རླབས་འབྱུང་ཞིང་རང་གི་རྒྱུད་སྨིན་པར་བྱེད་དོ༔ བསམ་བྱ་སེམས་ཀྱི་འདུལ་བ་ནི༔ དཔོན་སློབ་གཉིས་
བསམ་པ་མཐུན་པས་ཅི་ནས་འཁོར་བ་ལས་ཐར་བར་བྱ་བའི་བློས་མོས་པར་བྱ་བ་དང་༔ སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བར་བྱ་བའི་བསམ་པ་ཐག་པས་བྱའོ༔ དེ་དག་ནི་སྔོན་དུ་འགྲོ་བའོ༔ དེ་ལ་སྐུའི་ཡི་གེ་ཨཱོཾ་གྱི་བསྙེན་པ་བསྐྱལ་བས༔ སངས་རྒྱས་ཀྱི་སྐུ་སྐལ་ལྡན་གྱི་ལུས་ཀྱིས་ཐོབ་ནས༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་མྱ་ངན་ལས་བཟླ་བའི་དགོས་པ་ཡོད༔ གསུང་ཨཱཿལ་བསྙེན་པ་བསྐྱལ་བས༔ སངས་རྒྱས་ཀྱི་གསུང་དྲི་མ་མེད་པ་དང་༔ བརྗོད་དུ་མེད་པ་དང་༔ སྒྲ་ཚིག་དང་བྲལ་ནས༔ སངས་རྒྱས་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་མྱ་ངན་ལས་བཟླ་བའི་དགོས་པ་ཡོད་ད༔ ཐུགས་ཀྱི་བསྙེན་པ་ཧཱུྃ་ལ་བསྐྱལ་བས༔ སྐལ་ལྡན་གྱི་ཡིད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་མི་སྐྱེ་བ་དང་མི་འགག་པ་དང་༔ ཅི་ཡང་ས་ལེར་མཁྱེན་པ་དང གསུམ་ཐོབ་ནས༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་མྱ་ངན་ལས་བཟླ་བའི་དགོས་པ་ཡོད་དོ༔ དེ་ལྟ་བུའི་བསྙེན་པས་བྱིན་རླབས་འོང་པ་ནི་ཚོགས་གཏོར་དང་༔ དབང་གི་ཆོ་ག་ཞིབ་མོས་སློབ་མའི་ལུས་ངག་ཡིད་གསུམ་སྦྱང་བར་བྱའོ༔ དེ་ནས་བླ་མའི་བྱ་བ་ནི༔ ས་བོན་ཀྱི་དོན་དུ་སློབ་མ་ལ་ཐིག་ལེ་གདབ་པ་དང་༔ བུམ་པའི་བྱེ་བྲག་རྣམས་དབང་བསྐུར་བའི་ཐུན་མོང་གི་ཆོ་ག་ནས་བཤད་པ་དང་བསྟུན་པར་བྱའོ༔ དེ་ལ་ཁྱད་པར་དུ་བོགས་འདོན་པ་སློབ་མ་ལྷག་པར་གནས་པའི་ཆོ་ག་ནི༔ གནས་གསུམ་དུ་དྲིའི་ཐིག་ལེ་གསུམ་གདབ༔ བུམ་པ་རིན་པོ་ཆེ་ལ་སོགས་པའི་ཚད་དང་ལྡན་པ༔ ཕྱི་ནང་ལེགས་པར་བཀྲུས་པ༔ ནང ་དུ་རྫས་རྣམས་བླུགས་ལ་ཕྱོགས་བཞིར་རྡོ་རྒྱུས་པས་ཨཱ༔དཀར་པོ་བཞི་བྲིས་ལ༔ ཁ་རས་དམར་པོ་ཁ་ཚར་མ་ཉམས་པར་མགུལ་དུ་བཅིངས་ལ༔ ཤིང་
དྲི་ཞིམ་པོའི་མེ་ཏོག་དང་འབྲས་བུ་དང་བཅས་པས་ཁ་རྒྱན་དང་བཅས་ལ་ཨཱ༔བརྒྱ་རྩ་བརྒྱད་ཀྱི་རྒྱས་བཏབ་ལ་བཞག་གོ༔ དེ་ལ་ཡེ་ཤེས་མཚོན་པའི་མེ་ལོང་ལ་ཐིག་ལེ་གདབ་པ་དང་༔ འོད་དང་ཐིག་ལེ་མཚོན་པའི་རྨ་བྱ་ལ་གསེར་གྱི་ཐུར་མས་མཐོངས་གསལ་བ་དང་༔ དེ་ནས་མཎྜལ་ཟླུམ་པོ་ཁྱད་པར་དུ་ཡིད་དུ་འོང་བ་ནི༔ བླ་མའི་ལུང་གིས་ཕྱེ་ལ་བྱའོ༔ བུམ་པ་བྲི་བ་དང་དགྲམ་པ་ནི༔ ཆོས་ཉིད་སྟོང་པ་ཉིད་མཚོན་ནས་གཞན་དོན་དུ་བུམ་པའི་སྐུ་རུ་སངས་རྒྱ་བར་བྱེད་པའོ༔ འོད་ལྔ་རང་ལུས་སྐུ་གསུམ་མོ༔ ཡེ་ཤེས་ལྔ་རུ་སངས་རྒྱ་བར་བྱེད་པའོ༔ མེ་ལོང་གི་ཆོས་སྤྱི་དང་རང་གི་མཚན་ཉིད་གཟུགས་ཅན་དུ་གསལ་བར་བྱེད་ལ༔ ཨཱ༔བརྒྱ་རྩ་བརྒྱད་རླུང་གཅིག་གི་ཁོངས་སུ་བརྗོད་པར་བྱའོ༔ དེ་ནས་ཐེ་ཚོམ་སྤངས་ལ༔ བྱ་བ་ལ་མཁས་པའི་བླ་མས༔ སྔར་ཆོས་ཉིད་མངོན་སུམ་གྱི་གནད་ལ་གོམས་པར་བྱས་ལ༔ འདིའི་དུས་སུ་སློབ་མ་ལ་སེམས་རང་ཐོག་ཏུ་ངོ་སྤྲད་པར་བྱས་པས༔ དཔོན་སློབ་དུས་གཅིག་ཏུ་སངས་རྒྱ་བར་བྱེད་དོ༔ དེ་ཡང་བླ་མས་མི་ཤེས་པ༔ ནང་གི་ལག་ལེན་མ་མཐོང་བར་ཡིད་ལ་བྱུང་བ་ཙམ་གྱི་བྱ་བ་ནི་མ་ཡིན་ནོ༔ འདིར་གོམས་ཤིང་མཁས་པས་བྱའོ༔ དེ་ནས་དབང་བསྐུར་བའི་མཎྜལ་ཟླུམ་པོ་ཞེས་པ་ནི༔ དབང་གི་གནས་པ་ཡོད་པ་དེས་ཐོབ་ལ༔ བསྐུར་བ་ནི་ཐོབ་པར་འོས་པའོ༔ མཎ་ནི་གཞི་ཡིན་ལ་ཌལ་ནི་སྙིང་པོ་བཅུད་དུ་ལེན་པར་བྱེད་པའོ༔ ཟླུམ་པོ་ནི་ཟུག་རྔུ་མེད་པ་ཆོས་ཉིད་ཐམས་ཅད་ལ་ཁྱབ་པའོ༔ མཉམ་ཞིང་ཟླུམ་པའི་མཎྜལ་ནང་དུ་སློབ་མ་བཅུག་པས་ཁམས་གསུམ་དུ་མི་འཁོར་བའོ༔ དེ་ལ་མེ་ཏོག་ཁ་དོག་མང་པོ་བཀྲམ་པ་ནི༔ སློབ་མའི་ཕུང་པོ་དང་ཁམས་རྒྱས་པར་བྱེད་པའོ༔ འདིའི་དུས་ན་བླ་མ་ལ་འབུལ་བའི་མཎྜལ་རང་གི་མདུན་
དུ་བཞག་ལ༔ ཅི་འབྱོར་པའི་ཡོན་དང་བཅས་པས་ཕུལ་ན་རྡོ་རྗེ་འཆང་གི་ཡོན་ཏན་ཐོབ་པའོ༔ འདིའི་དུས་སུ་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་བཤམས་པས༔ འདི་དང་ཕ་རོལ་གྱི་འདོད་པའི་དོན་རབ་ཏུ་ཉེ་བར་ཐོབ་པའོ༔ ལས་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་མཆོད་པའི་ཕྱིར་གཏོར་མ་དང་ཚོགས་བྱས་པས་འདི་ལ་བདེ་སྐྱིད་དང་༔ མ་འོངས་པའི་དུས་སུ་ཐར་པའི་འབྲས་བུ་ཐོབ་པའོ༔ ངན་པ་བཟང་པོར་འགྱུར་ཞིང་ཕྲིན་ལས་བཞི་ཇི་ལྟར་འདོད་པ་འགྲུབ་པའོ༔ ལས་ཀྱི་བྱེ་བྲག་གང་ལ་འཇུག་ཀྱང་༔ ཁྱད་པར་གྱི་མཆོད་པ་བདུད་རྩི་ལྔ་དང་༔ ཤ་ལྔ་དང་༔ རྨད་དུ་བྱུང་བའི་གཏོར་མ་ལ་བརྟེན་ནས་ལས་གང་ཡང་འགྲུབ་པར་འགྱུར་རོ༔ དབང་བསྐུར་བའི་སྦྱོར་བ་ཁྱད་པར་ཅན་ཐོབ༔ འབྲུ་སྣ་ཚོགས་དང་ཤིང་ཐོག་དང་༔ སྤྱན་གཟིགས་ཁུར་བ་ལ་སོགས་པ་དང་༔ བཏུང་བ་དང་༔ དཀར་གསུམ་དང་༔ དྲི་ཆུ་དང་༔ བཟའ་བཏུང་སྣ་ཚོགས་དང་༔ ཁྲོ་བོ་ཁྲོ་མོ་མ་མོ་མཁའ་འགྲོ་དང་༔ ལྷ་དང་ཀླུ་དང་དཔའ་བོ་དཔའ་མོ་དང་འགྲོ་བ་ཐམས་ཅད་མཆོད་ན༔ འདི་དང་ཕ་རོལ་གྱི་འདོད་པའི་བྱེ་བྲག་སྣ་ཚོགས་པ་ལ་ལོངས་སྤྱོད་པར་ངེས་སོ༔ འདིའི་དུས་ན་རང་གི་བླ་མ་དང་༔ སློབ་མ་ལ་སོགས་པ་ལ་བཟའ་བཏུང་བྱིན་གྱིས་བརླབས་ནས་ཕྱིན་ན་འདི་དང་ཕ་རོལ་གྱི་སྐྱེ་བ་རྣམས་སུ་མུ་གེའི་འཇིགས་པ་དང་བྲལ་བར་འགྱུར་རོ༔ དེ་ལྟར་འགྲོ་བ་དེ་དམིགས་པ་རྣམ་པར་དག་པར་སྟོན་མོའི་ཚུལ་གྱིས་ལོངས་སྤྱོད་བྱའོ༔ དེ་ཡང་རང་གི་སེམས་སྐྱེ་མེད་དུ་རྟོགས་པར་བྱ་བའི་ཕྱིར་ཀུན་གྱིས་ཡང་ནས་ཡང་དུ་ཨཱ༔དཀར་པོའི་འཕྲེང་བར་དཀར་ཀྲིག་གེ་འཁོར་བ་ལ་སེམས་བཞག་ལ་བཟླས་པ་ཨཱ༔རྗོད་དོ༔ དེ་ཡང་སེམས་འདོད་པའི་ཡོན་ཏན་ལ་མ་ཤོར་བར་བྱ་བ་ནི་གནད་ཡིན་ནོ༔ ཕྱིར་ཨཱཿལ་བཟླས་
པ་གཙོ་ལ་བར་བར་དུ་རང་གི་གསང་མཚན་བརྗོད་དེ༔ སྐྱེ་མེད་དུ་སྦ་བར་གསལ་ཞེས་ལེགས་པར་སྦྱར་ལ་བཟླའོ༔ དེ་རང་གི་མགྲིན་པ་ནས་དབྱངས་དང་བཅས་པས༔ རླུང་ལས་དྲངས་པ་དང་གོང་མའི་མིང་དང་སྦྱར་ཏེ༔ འཕྲོ་གཅོད་པའི་དུས་སུ༔ རང་གི་ལུས་ཀྱི་འཁོར་ལོ་བཞིའི་མདུད་པར་ཡི་གེ་དང་བཅས་པར་གཞུག་པ་ནི་གནད་ཡིན་ནོ༔ དེ་ནས་འོད་གསལ་དུ་བཅུག་སྟེ་དེ་ཉིད་དུ་གནས་པར་བྱའོ༔ དེ་ཉིད་འོད་གསལ་དུ་ཤེས་ན་ཀ་ལིའི་སྦྱོར་བ་ཐུགས་ཀྱི་དགོངས་པ་དང་སྦྱར་བ་བསྒྱུར་ཞིང་ངག་ཏུ་བརྗོད་པ་མཉམ་པ་སློབ་མས་བྱའོ༔ དེ་ཡང་ངག་ཏུ་བརྗོད་པ་ལས་ཨཱ༔སྐྱེ་མེད་གཟུང་ཞེན་ལས་བཟླས་པས་སྙིང་པོ་ལེན་པར་བྱེད་པའོ༔ རིག་པའི་མེ་ཏོག་བརྗོད་དུ་མེད་པའི་དོན་རིག་པའི་མེ་ཏོག་བླ་མའི་ཐུགས་ཀྱི་དཀྱིལ་ལ་གཏོར་བས་གཉིས་སུ་མེད་པར་འདྲིས་པ་ལས༔ བླ་མའི་བྱིན་རླབས་དངོས་སུ་འབྱུང་བའོ༔ དེའི་རྟགས་སུ་སྙིང་བདེ་སངས་པ་ཞིག་ཁྱད་པར་དུ་བྱུང་བ་ནི་བྱིན་རླབས་བྱུང་བའོ༔ དེ་ནས་ཤར་ཕྱོགས་སུ་སྐུའི་དམ་ཚིག་སྲུང་བར་བྱེད་པའི་གནང་བ་སྦྱིན༔ ལྷོར་གསུང་གི་དམ་ཚིག་སྲུང་བར་བྱེད་པའི་གནང་བ་སྦྱིན༔ ནུབ་ཏུ་ཐུགས་ཀྱི་དམ་ཚིག་སྲུང་བར་བྱེད་པའི་གནང་བ་སྦྱིན༔ བྱང་ཕྱོགས་སུ་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་དམ་ཚིག་གི་གནང་བ་སྦྱིན་ནོ༔ དམ་ཉམས་ན་འཆིང་བར་བྱེད་ལ༔ མ་ཉམས་པར་ལེགས་པར་བསྲུངས་ཤིང་ཐུབ་པས་དམ་པའི་དོན་ངེས་པར་སྟེར་བར་བྱེད་དོ༔ ཡང་དྲིའི་རྣམ་པ་ལྔ་རྣམས་བྱེ་བྲག་འོ་མ་དང་བསྲེས་ཏེ༔ མེ་ལོང་གི་ནང་དུ་ཐིག་པ་ལེགས་པར་སྦྱར་བ་དཔྲལ་བ་དང་༔ མགྲིན་པ་དང་༔ སྙིང་ག་གསུམ་དུ་ཐིག་ལེ་བྱས་པ་ནི༔ ཉི་མ་ཟླ་བར་དམིགས་ལ༔ བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ལྷའི་གཟུགས་བརྙན་དུ་
བསྐྱེད་ལ་ལུས་ངག་ཡིད་གསུམ་སྦྱང་པར་བྱའོ༔ དེ་ནས་འོད་ཀྱིས་གོང་བུ་ཞུ་ནས་སློབ་མའི་སྙིང་ལ་བཅུག་ལ༔ དེ་འོད་དུ་ཞུ་བ་ལས་རང་སེམས་བདེ་བར་གཟུང་བས་ལུས་ངག་ཡིད་གསུམ་ལ་གཡོ་བའི་ཉམས་ཤར་བ་ནི་ཐབས་ཀྱི་ཁྱད་པར་ལས་བྱུང་བའོ༔ དེ་ལས་དང་པོ་ནི་མི་རྟག་བསྒོམ་པ་ནི༔ སློབ་མའི་སེམས་སྦྱང་པ་ནི༔ འཁོར་བ་ལས་བློ་ལྡོག་པའོ༔ དེ་ལྟར་འཁོར་བའི་ཉེས་དམིགས་བཤད་པས༔ དམ་པའི་ཆོས་ལ་གཟུད་པའི་དགོས་པ་ཡོད་དོ༔ བླ་མ་ལ་གསོལ་བ་བཏབ་པས་བྱིན་བརླབས་འཇུག་པ་དང་༔ སངས་རྒྱས་ཀྱི་ཆེེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་༔ ཞིང་ཁམས་དང་ཡོན་ཏན་ལ་སོགས་པས་དཀོན་ཅོག་ལ་ཡིད་ཆེས་པའི་དགོས་པ་ཡོད༔ དེ་ནས་གནས་ཡིད་དུ་འོང་བར་འབྲས་བུ་མེ་ཏོག་ལ་སོགས་པས་བརྒྱན་པས་ཉམས་སྐྱེ་བའི་གནས༔ མི་མེད་པའི་ལུང ་སྟོང་ངམ༔ དུར་ཁྲོད་ལ་སོགས་པར་ཁྲུས་བྱ་བ་ནི༔ ལུས་ངག་གི་དག་བྱེད་དོ༔ གནས་དེར་མཎྜལ་ཟླུམ་པོ་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མཚོན་པའོ༔ ཁྲུ་དོ་བ་ནི་ཐབས་དང་ཤེས་རབ་ཀྱི་ཁྱད་པར་འཇུག་པའོ༔ རབ་ཏུ་མཉམ་པ་ནི་མུ་མཐའ་དང་བྲལ་བའི་རྟགས་སོ༔ དེར་འབྲས་བུ་དང་མེ་ཏོག་སྣ་ཚོགས་དང་༔ རྡུལ་ཚོན་ལྔ་ཡིས་ལེགས་པར་བསྐོར་བ་ནི༔ ཡེ་ཤེས་ལྔའི་མདངས་སྟོན་པའོ༔ དྲི་ལྔའི་ཚོམ་བུ་ནི༔ ཉམས་ཁྱད་པར་ཅན་སྟོན་པའི་བྱེ་བྲག་གོ༔ བུམ་པ་དམར་པོ་ཁ་རྒྱན་མགུལ་ཆིངས་དང་བཅས་པ་ནི་དབྱིངས་ཡེ་ཤེས་གཉིས་སུ་མེད་པར་དུས་རྟག་ཏུ་མི་འབྲལ་བར་སྐུ་གསུམ་གྱི་རྒྱན་འཆར་བའོ༔ རིན་པོ་ཆེ་བུམ་པ་ཚད་དང་ལྡན་པ་ནི་སྟོང་པ་ཉིད་དབྱིངས་དང་གཅིག་པའོ༔ ནང་དུ་དྲི་ལྔ་དང་འབྲུ་ལྔ་རིན་ཆེན་ལྔ་དང་སྙིང་པོ་ལྔས་སྤྲས་པ་ནི༔ འདོད་པའི་དོན་ཐམས་ཅད་རབ་ཏུ་སྐོང་བར་བྱེད་པའོ༔
གྲངས་གསུམ་ནི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱོང་བའོ༔ བུམ་པ་ལ་མེ་ལོང་བཞག་པ་ནི༔ ཡེ་ཤེས་རྣམ་པར་དག་པའི་ཐིག་ལེ་ལ་ལོངས་སྤྱོད་པའོ༔ རྨ་བྱས་བརྒྱན་པ་ནི༔ ཐིག་ལེའི་སྒྲོན་མེ་གདངས་སུ་འཆར་བར་བྱེད་དོ༔ མན་ཤེལ་བཞག་པ་ནི་མཁས་པའི་ཡོན་ཏན་དྲི་མ་མེད་པའི་ཆོས་ཉིད་དོ༔ དེ་ནས་སློབ་མས་ཁྲུས་བྱས་ལ་གོས་གསར་པ་དྲི་མ་མེད་པ་གྱོན་པ་ནི༔ མཚན་མའི་དྲི་མ་དང་བྲལ་བར་བྱེད་དོ༔ བླ་མ་ལ་གསོལ་བ་བཏབ་པས་བྱིན་རླབས་འཇུག་པའི་དགོས་པ་ཡོད་པའོ་དེ་ནས་མཎྜལ་ཕུལ་བས༔ འདོད་པའི་དོན་ཕུན་སུམ་ཚོགས་པར་བྱེད་པའི༔ ཡིད་ཀྱིས་སྟོང་གསུམ་རིན་པོ་ཆེ་དང་འདོད་ཡོན་ལྔར་སྤྲུལ་ནས་འབུལ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་ངེས་པར་སྟེར་བའོ༔ སློབ་མས་ཐལ་མོ་སྙིང་ཁར་སྦྱར་ནས་འགྲེངས་ཚུགས་སུ་འདུག་པ་ནི༔ ཆོས་ཀྱི་ས་བོན་འདེབས་པར་བྱེད་པའོ༔ བླ་མའི་ཐུགས་ཀྱི་དལ་དུ་འཇུག་པའི་ཕྱིར༔ མདུན་ནས་ཚིགས་སུ་བཅད་པས༔ བླ་མའི་ནུས་པ་བདག་ལ་འཇོག་པར་བྱེད་པའོ༔ ཨེ་མ་ཞེས་པ་ཁྱད་པར་གྱི་གསུང་གིས་སྙིང་ལ་བསྐྱེད་པའི་བུ་ཞེས་འབོད་པའོ༔ རྫོགས་པ་ཆེན་པོའི་སྐལ་པ་བཟང་པོའི་རིགས་སུ་ངེས་པར་བྱའོ་ཞེས་སོ༔ གསང ་སྔགས་ཀྱི་སྐལ་པ་བཟང་པོར་བཅུག་པས་ལུས་ངག་ཡིད་གསུམ་སྡིག་པ་བྱང་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སུ་ཆུབ་པར་བྱ་སྟེ་བདག་གཞན་གྱི་དོན་སེམས་དཔའ་ཆེན་པོ་ཞེས་བྱ་བར་འགྱུར་རོ་ཞེས་པ་ལ་སོགས་པའོ༔ དེ་ལྟར་ལུས་དངོས་པོའི་བདེ་བ་དང་༔ ངག་གསལ་བའི་བདེ་བ་དང་༔ སེམས་སྟོང་པའི་བདེ་བ་ནི་རྟེན་བྱང་ཆུབ་སེམས་དཔའ་ཡིན་པས༔ འདི་ནས་བརྩམས་ཏེ་ཁྱོད་སླར་མ་ལྡོག་ཅིག་པར་གནང་བ་སྦྱིན་ནོ༔
ད་ནི་བསྲེ་མནན་བྱ་བ་ནི༔ བླ་མའི་ཐུགས་ལ་གཏད་པ་དང་༔ སེམས་ཨ་ལི་ཀ་ལིའི་ཕྲེང་བས་ཡོངས་སུ་བསྐོར་བ་བསྒོམ་དུ་གཞུག་གོ༔ འདིའི་དུས་སུ་བླ་མས་ཀྱང་༔ ཨ་ལི་དང་ཀ་ལི་བརྗོད་པར་བྱའོ༔ བླ་མས་མིག་ཕུགས་ཀྱི་རྩ་ལྟེམས་པ་དང་༔ རྣ་བ་གཡས་པའི་མདུན་གྱི་ཤོང་བུ་ཐེབ་མོས་མནན་པས༔ རྣ་བའི་རླུང་གི་རང་སྒྲ་འགགས་པ་ནི༔ བདེ་བའི་སྣ་འདྲེན་པར་བྱེད་པའོ༔ དེའི་དུས་སུ་སེམས་དགའ་བའི་གླུ་དང་གར་ཡང་བྱའོ༔ དེ་ནས་དབང་བསྐུར་བ་དངོས་གཞི་ནི༔ སྔོན་དུ་སློབ་དཔོན་གྱི་བྱ་བ་རྫོགས་ནས༔ གཉིས་པ་སེམས་དབང་བསྐུར་བ་ནི༔ ལུས་ངག་ཡིད་གསུམ་ལས་ཀྱང་ཁྱད་པར་དུ་ངག་ལ་བསྐུར་བར་བྱའོ༔ ཆས་ནི་གོས་དང་བྲལ་བ༔ གཅེར་བུ་ནི་རིག་པའི་མཚན་མ་དང་བྲལ་བའི་རྟགས་སོ༔ ཁ་ནུབ་ཏུ་གཏད་པ་ནི་ཉོན་མོངས་པ་ཟད་པའི་རྟགས་སོ༔ བླ་མས་ཙནྡན་དང་ག་བུར་དང་བྱང་སེམས་བསྲེས་པའི་ཐིག་ལེ་སྤྱི་གཙུག་ཏུ་བཏབ་པས་སྐུ་རྡོ་རྗེས་སངས་རྒྱས་སུ་བྱས་པའོ༔ ངག་ཏུ་ༀ་དྲག་ཤུལ་དང་བཅས་པ་བཟླས་པས༔ ལུས་ལ་ནུས་པ་འཇོག་པའོ༔ ངག་ལ་དེ་ཉིད་ཀྱི་ཐིག་ལེ་བཏབ་པ་ནི༔ གསུང་རྡོ་རྗེ་སངས་རྒྱས་སུ་བྱས་པའོ༔ གསུང་གི་ཡི་གེ་ཨཱཿབཟླས་པས༔ གསུང་གི་ནུས་པ་འཇོག་པའོ༔ སྙིང་ཁར་ཐིག་ལེ་བྱས་པས༔ ཐུགས་རྡོ་རྗེར་སངས་རྒྱས་སུ་བྱས་པའོ༔ ཐུགས་ཀྱི་ཡི་གེ་ཧཱུྃ་བཟླས་པས་སེམས་ལ་ནུས་པ་འཇོག་པའི་གནད་དོ༔ བླ་མ་དང་སློབ་མས་གསུམ་པོ་དྲག་ཏུ་བཟླས་པས་སློབ་མ་གཉིད་ལོག་རྩ་གཏེམས་པ་ནི༔ མཉམ་པའི་དོན་ལ་གནས་པར་བྱེད་པའོ༔ འདིའི་དུས་སུ་སློབ་མའི་ལུས་འཕར་བ་དང་༔ གཡོ་བ་དང་སེམས་གསལ་བའི་རྟགས་ཀྱིས་དབྱེའོ༔ དེ་ནས་ནུ་མའི་རྩ་གཏེམས་པས༔ བདེ་བའི་ཉམས་རང་བཞིན་དུ་གནས་པའོ༔ འདིའི་དུས་སུ་སྟོང་པའི་
རྒྱས་གདབ་ལ་བསྒོམ་མོ༔ དེ་ནས་བུམ་པ་ལ་བརྟེན་ནས་སྟོང་ཉིད་བསམ་ངོ་དང་བྲལ་བའི་དབང་བསྟན་པ་ནི༔ བུམ་པ་ནི་སྟོང་པ་ཉིད་ཀྱི་དབྱིངས་ཡིན་ཏེ༔ སློབ་མའི་ལུས་སྟོང་པ་ཉིད་དུ་དམིགས་པའོ༔ དེ་ནི་ཐུན་མོང་དང་ཁྱད་པར་གྱི་འདོད་པ་བསྐང་པའོ༔ བླ་མས་ཆོས་ཐམས་ཅད་དུ་བརྗོད་དུ་མེད་པའི༔ ཞེས་ཚིགས་སུ་བཅད་པ་བསྟིམ་ཞིང་བརྗོད་པས༔ སློབ་མའི་སེམས་ཀྱིས་གསལ་གདབ་བོ༔ སློབ་མའི་ངག་ལ་ནུས་པ་བཞག་པའི་ཕྱིར༔ བླ་མས་རྡོ་རྗེའི་གླུ་ལན་གསུམ་བླངས་པས༔ ཁམས་གསུམ་འཁོར་བའི་ཞེན་པ་གཅོད་པའོ༔ གཞན་ཡང ་རྔ་དང་༔ དུང་དང་༔ ཆ་ལང་དང་༔ དྲིལ་བུ་དང་སྒྲ་དང་སྒྲའི་ཁྱད་པར་ཅི་ཡོད་པ་རྣམས་ཀྱིས་ལས་མ་དག་པ་རྣམས་སྦྱོང་བའི་རྣ་བའི་བུ་གར་སྒྲ་བསྒྲག་པར་བྱའོ༔ དེས་ནི་སངས་རྒྱས་ཀྱི་དབྱངས་སུ་ངེས་པར་འགྱུར་བའོ༔ དེ་ནས་དབང་ཐོབ་པར་བྱེད་པའི་རྐྱེན་ཚིགས་སུ་བཅད་པས་བསྐུར་བར་བསྟན་པ་ནི༔ ངེས་པ་ཁོ་ན་བརྗོད་པའི་ཚིག་འདི་དག་གི་དོན་སྐད་ཅིག་ལ་སྐྱེ་བའི་ཕྱིར་བརྗོད་པར་བྱའོ༔ ཨེ་ཞེས་པ་ནི་དྲག་པོ་སྐུ་གསུམ་རྫོགས་པའི་གཞི༔ མ་ཞེས་བཅོས་མ་ལས་གྲོལ་བའི་དོན༔ ཧོ་ནི་དག་པ་དབྱིངས་གཅིག་ཏུ་སྡུད་པའི་དོན་ནོ༔ ཚིག་འདི་རྣམས་ཀྱིས་ཡོད་མེད་རྟག་ཆད་སྣང་སྟོང་ཀུན་མཉམ་ཉིད་དུ་གཅིག་པས༔ སྤང་བླང་ལས་འདས་པའི་ཚིག་དང་ཡི་གེ་སྤྲོས་པ་མེད་པའི་དོན་ཆོས་ཉིད་མངོན་སུམ་ལ་བརྟེན་ནས༔ ལུས་ངག་ཡིད་གསུམ་གྱི་བདེ་བ་ཁྱད་པར་ཅན་སྐྱེ་བར་བྱེད་པས་ཡིད་དཔྱོད་ཚིག་གིས་བལྟར་མེད་པས༔ ཀུན་གྱིས་རྟོགས་པར་དཀའ་ཞིང་བསམ་ཡུལ་མ་རྙེད་པས་དྲན་བསམ་ལས་འདས་པ་དེ ཉིད་རྟོག་པ་ཐ་དད་པ་ལས་འདས་པས་བརྗོད་དུ་མེད་པའི་ཆོས་དེ་ངོ་མཚར་བས་ན༔ རང་གི་ཆེ་བ་ཅན་གྱི་བྱའོ༔ དེ་ལྟར་ངོ་
མཚར་ཚིག་བརྒྱད་ཀྱིས་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་རྟེན་དང་སྒོ་དག་པར་བྱ་སྟེ༔ ཆོས་ཉིད་ལ་བརྒྱད་སྦྱོར་བའོ༔ དེ་ལ་ངེས་ཤེས་སྐྱེས་ན་ཆོས་རྣམས་ལ་སྤྲོས་པ་མེད་པའི་དབང་ཐོབ་པར་འགྱུར་རོ༔ དེ་ནས་འཁོར་བའི་གཡངས་བཀུར་བས༔ འཇུག་པར་བྱེད་པའི་ཚིག་གི་བརྡའ་ངེས་པར་བསྟན་པ་ནི༔ གོང་གི་ངོ་མཚར་བརྒྱད་ཀྱི་ཚིག་གིས༔ སེམས་ཀྱི་སྤྲོས་པ་མེད་པའི་དབང་༔ བླ་མའི་གསུང་གསལ་ཞིང་སྙན་པས་སྨིན་པར་བྱས་པས་སློབ་མ་ལ་ངེས་ཤིང་འཇོག་པར་བྱེད་པའོ༔ དེ་ལ་ཤེས་པ་རྙེད་ན་དཔེ་ཡིས་ངོ་སྤྲད་པས་མཚོན་ཏེ༔ ངོ་སྤྲད་པའི་ཆོས་ཀྱང་དེ་བཞིན་དུ་བསྟན་ནོ༔ འཇིག་རྟེན་གྱི་འདོད་པ་ལས་བློ་ལྡོག་པའི་ཕྱིར་ན་འཁོར་བ་མི་རྟག་པ་དང་༔ སྡུག་བསྔལ་བ་དང་༔ རྐྱེན་སྣ་ཚོགས་པ་འཁོར་བའི་ལས་དང་༔ འབྲས་བུར་གྱུར་པའི་དཔེ་ནམ་ཟླ་དུས་ཚོད་དང་སྣང་བ་འགྱུར་བ་དང་འཆི་བ་མི་རྟག་པ་བསམ་པ་དང་༔ ཕྱིའི་རྩི་ཤིང་ནགས་ཚལ་གྱིས་ཀྱང་མཚོན་པར་བྱེད་པའོ༔ དེ་ལྟར་དཔེ་དུ་མས་མཚོན་ལ་འཇིགས་པའི་གཡང་ས་བཀུར་ཏེ༔ དེ་ནས་ཆོས་ཉིད་ཀྱི་ཚིག་དང་ཡི་གེས་སྒྲོ་མ་བཏགས་མིང་གི་རྣམ་གྲངས་སུ་མ་སོང་བར༔ བློ་ཡིས་འགྱུར་བས་མ་སྤྲོས་པས༔ བརྗོད་པའི་སྒྲ་ལ་མ་བརྟེན་པ༔ ཐམས་ཅད་ཡིན་ཐོག་ཏུ་གནས་པའི་དོན་ལ་སེམས་སྐྱེ་བ་མེད་པ་ལས་འགག་པ་མེད་པའི་འགག་མེད་དུ་གྲོལ་བའི་གནད་ལ་མཁས་པས་སློབ་མ་གཞུག་པ་ནི་ཐབས་ཀྱི་འཇུག་པ༔ ཁྱད་པར་ཅན་ཉིད་དོ༔ དེས་ན་དོན་ཅིག་ཅར་འཇུག་པ་ནི༔ གནད་ལུས་དང་བསྟུན་པས༔ འཁོར་བ་ལས་གྲོལ་བའི་བརྡའ་ཡིས༔ ལུས་ངག་ཡིད་གསུམ་གྱི་བདེ་བ་བཙན་ཐབས་བསྐྱེད་པས་སེམས་བསྐུལ་བ་ནི༔ ཀྱེ་བུ་གཅིག་ཆོས་འཁོར་བ་དང་འདས་པའི་སྤྱི་དང་༔
རང་གི་དང་གཉིས་རྣམས་སྟོང་པ་ཉིད་ཡིན་པས་འདི་ལ་སྒྲོས་གདགས་སུ་མེད་དོ༔ དེ་ལ་རང་གནས་ཤིང་གཞན་ཡང་བརྟེན་པ་ཡིན་ནོ༔ སངས་རྒྱས་གཞན་ནས་མ་འཚོལ་ཅིག་བུ༔ དེ་ལ་གང་ཟག་དང་ཆོས་ཀྱི་བདག་མེད་ཤེས་ནས༔ ལས་དང་བག་ཆགས་ཅི་རུང་ཡང་དག་པར་འགྱུར་རོ༔ ཕྱི་ས་ཆུ་མེ་རླུང་གི་དངོས་པོ་དང་༔ ནང་ཕུང་ཁམས་དང་༔ སྐྱེ་མཆེད་ཀྱི་དངོས་པོ་རང་རྒྱུད་དུ་བཟུང་ནས༔ འཁོར་བའི་ཁ་བརྒྱུད་པས༔ དངོས་མེད་ཡེ་ཤེས་ཟང་ཟང་ཤེས་པར་གྱིས་ཤིག༔ དེ་ལྟར་མ་ཤེས་ན་ཚིག་དང་མཚན་མར་འཛིན་པ་ནི་འཁྲུལ་བ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན་པར་བྱའོ༔ ཡང་རྣལ་འབྱོར་པས་ཡེ་ནས་ལས་དང་ཉོན་མོངས་པ་སངས་ནས་མཁྱེན་པའི་ཡེ་ཤེས་སུ་རྒྱས་པ་ཡིན་ལ༔ ངན་སོང་ལ་སོགས་པ་འཇིགས་པའི་བློ་བྱུང་བ་ནོར་བ་ཁྱོད་རེ་འཁྲུལ༔ དོན་གྱི་མ་འཁྲུལ་པའི་ཡེ་ཤེས་ངོས་ཟིན་པར་གྱིས ་ཤིག་པའོ༔ དེ་ནས་གཞན་ལས་གྲོལ་ཆོས་འདི་ལ་ལོངས་སྤྱོད་ཅིག་པ་ལ་སོགས་པའོ༔ ཡང་ཐེག་པར་རིམ་པ་དགུ་ཡང་༔ རང་ལས་ཤར་ཞིང་རང་སྣང་བར་འདོད་པའི་བྱེ་བྲག་ལ་ཡང་དག་པར་ཆོས་ཉིད་ལ་འདུས་པ་ལས༔ ཉན་ཐོས་ལ་སོགས་པ་སོ་སོའི་ལྟ་བ་འདོད་པའི་གཞུང་འཛིན་པ་ཡོངས་རེ་འཁྲུལ༔ ཞེས་ངེས་པར་ཁྱད་པར་དུ་འཇུག་པའི་ཐབས་སོ༔ དེ་ལྟར་ཚིག་གིས་སློབ་མའི་སྤྲོ་བ་བསྐྱེད་པར་བྱའོ༔ དེ་ནས་བར་ཆད་ཞི་བ་དང་༔ སློབ་མའི་ཚོགས་བསྐྱེད་པར་བྱ་བའི་ཕྱིར༔ མཁའ་འགྲོ་མ་རྣམས་ལ་ཚོགས་དང་གཏོར་མས་མཉེས་པར་བྱ་བ་ནི༔ དེ་ཡང་མཁའ་དབྱིངས༔ འགྲོ་བ་ཡེ་ཤེས༔ མ་ཆོས་ཉིད་རྣམས་ནི་རིགས་བཞི་དང་༔ འཇིག་རྟེན་པ་དང་༔ འདས་པ་དང་༔ དབང་བསྐུར་བའི་མཁའ་འགྲོ་མ་རྣམས་མཉེས་པར་བྱས་ན༔ ཐམས་
ཅད་མཁྱེན་པ་ཐོབ་པ་དང་༔ བསམ་པ་རྫོགས་པ་དང་༔ ཕྱི་མ་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འཇུག་པར་འགྱུར་རོ༔ དེ་ནས་བླ་མ་ལ་ཡོན་དབུལ་བ་ནི༔ ཟང་ཟིང་གིས་མཉེས་ན་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ༔ རིན་པོ་ཆེ་ཕུལ་ན་འདི་ཉིད་ལ་ལོངས་སྤྱོད་དང་བྱང་ཆུབ་ཀྱི་ལམ་ཉེ༔ བུ་དང་ཆུང་མ་དང་རང་གི་ལུས་ཕུལ་ན་ཆོས་ལ་མཁས་པ་དང་༔ མཁའ་འགྲོ་འདུ་ཞིང་མཐུ་རྩལ་ལྡན་ནོ༔ དབང་རྫོགས་པ་དང་དགའ་སྟོན་བྱས་ན༔ ཕ་རོལ་ཏུ་བརྙེས་པ་དང་༔ བསོད་ནམས་ནམ་མཁའ་དང་མཉམ་མོ༔ སྤྲོས་མེད་དབང་གི་ཏི་ཀ༔ མཁས་པ་བི་མ་ལས་མཛད་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ དགེའོ༔