← Search

གླེགས་བམ་བཅོ་བརྒྱད་པ།

འཇམ་མགོན་མི་ཕམ་རིན་པོ་ཆེ།

དུས་འཁོར་དབང་ལེའི་འགྲེལ་པ།

p. 1

དུས་འཁོར་དབང་ལེའི་འགྲེལ་པ་བཞུགས་སོ། །

p. 2

རྒྱལ་བ་ཀུན་གྱི་ཐུགས་མཆོག་རྡོ་རྗེའི་རིགས། །གཏུམ་དྲག་ཉམས་བརྒྱར་འབར་བ་དཔའ་བོའི་སྐུ། །དྲན་པའི་མོད་ལ་བདུད་བཞིའི་གཡུལ་འཇོམས་པ། །མི་གཡོ་མགོན་པོས་དེང་འདིར་མཆོག་སྩོལ་ཅིག །འཁོར་བའི་རྒྱ་མཚོ་གཏིང་མཐའ་བྲལ་བ་ལ། །རྣམ་རྟོག་རླབས་ཀྱིས་དཀྲུགས་པའི་ཉམས་ཐག་འགྲོ། །བདེ་བླག་དགྲོལ་བྱེད་དབང་མཆོག་རྡོ་རྗེའི་སྟོབས། །སྦྱིན་པའི་རྒྱུད་དོན་འབྱེད་ལ་བདག་སྤྲོའོ། །འདིར་དབང་གི་ལེའུ་འཆད་པ་ལ་གནས་པ་བཅུ་གཉིས་ཏེ། དབང་བསྐུར་བ་པོ་བླ་མ་༡ཡོངས་སུ་བརྟག་པའི་ངོ་བོ་ཉིད་ཀྱི་གནས་པ་དང་། དེ་བཞིན་དུ་མཆོག་༢འབྲིང་ཐ་མའི་སློབ་མ་ཡོངས་སུ་བརྟག་སྟེ་བསྡུ་བའི་དང་། ལས་རབ་༣འབྱམས་བསྒྲུབ་པ་ལ་གྲོང་སོགས་ཕྱོགས་ཀྱི་ཆ་དང་ས་ལ་སོགས་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། །ཐབ་ཁུང་༤དང་སྦྱིན་སྲེག་གི་རྫས་དང་བགྲང་ཕྲེང་དང་གདན་དང་ཕུར་བུ་དང་བུམ་པ་དང་། རྡུལ་ཚོན་དང་ཐིག་སྐུད་དང་། འཁྲུལ་འཁོར་དགོད་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། ས་ཡོངས་༥སུ་བཟུང་བ་དང་དཀྱིལ་འཁོར་བྲི་བ་དང་དེ་ཉིད་བཅུ་ཡོངས་སུ་ཤེས་པའི་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་༦སྦྱིན་པའི་དང་། ཐམས་ཅད་

p. 3

རབ་ཏུ་གནས་པའི་ཏིང་ངེ་འཛིན་༧གྱི་དང་། དམ་ཚིག་གི་འཁོར་ལོ་འདུས་པ་དང་དམ་ཚིག་གི་མཆོད་༨པའི་དང་། རིགས་སུམ་ཅུ་རྩ་དྲུག་གི་ལྷ་མོའི་ཕྱག་རྒྱ་དང་ལྟ་སྟངས་དང་མཚན་མ་དང་དམ་ཚིག་གི་བརྡ་དང་རིགས་ལ་༩སོགས་པའི་དང་། དཀྱིལ་འཁོར་འཁོར་ལོ་གཤེགས་སུ་གསོལ་༡༠བའི་དང་། ཆུ་ཆེན་སོགས་དང་རང་གི་ཁྱིམ་དུ་རྡུལ་ཚོན་དང་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ཏེ་༡༡མཆོད་པའི་དང་། དཔལ་ལྡན་བླ་མ་དབུལ་བ་ཐམས་ཅད་ཀྱིས་༡༢མཉེས་པར་བྱ་བའི་ངོ་བོ་ཉིད་ཀྱི་གནས་པ་དང་བཅུ་གཉིས་ཡོད་པ་ནི་དབང་གོང་མ་ལ་གཉིས་སུ་ཕྱེ་བའི་དབང་བཅུ་གཉིས་རྣམ་པར་དག་པའི་གྲངས་སུ་གནས་པའོ། །འགྲེལ་ཆེན་ལས་དབང་གི་ལེའུ་འདི་མདོར་བསྡུས་ཆེན་པོ་དྲུག་གིས་བཤད་པ་སོ་སོའི་ཐད་དུ་བརྗོད་པར་འགྱུར་རོ། །དེ་ལྟར་གནས་པ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་དབང་གི་ལེའུ་འདི་སངས་རྒྱས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཉིད་ལ་རྒྱལ་པོ་ཟླ་བ་བཟང་པོས་ཞུས་ཤིང་གསོལ་བ་བཏབ་པ་ནི་ལུས་ལ་སྣ་ཚོགས་ཚད་སོགས་ཚིགས་བཅད་གཅིག་གིས་བསྟན་པ་འདི་ལྟ་སྟེ། འདིར་ནང་གི་ལུས་ལ་ཕྱི་རོལ་གྱི་བཀོད་པ་སྣ་ཚོགས་པའི་ཚད་དང་ཉིན་དང་མཚན་མོའི་དུས་དང་ཟླ་བ་འཕོ་བའི་དབྱེ་བ་རྣམས་དང་ནི། རྩ་རྣམས་ཀྱི་ནི་གནས་ཚུལ་དང་ཕྲ་མོའི་

p. 4

དབུགས་ཏེ་དབུ་མའི་དབུགས་ཀྱི་གྲངས་དང་། རང་བཞིན་ཉེར་བཞི་དག་ལ་སྐྱེས་བུས་ལོངས་སྤྱོད་ཚུལ་མུ་སྟེགས་རྣམས་ཀྱི་འདོད་པ་ནང་དུ་ཇི་ལྟར་ཡིན་པ་དང་། རིག་བྱེད་དང་ནི་བྱེད་པོ་ལ་སོགས་པ་སྟེ་གྲུབ་མཐའི་དབྱེ་བ་རྣམས་བདག་གིས་ཐོས་ཟིན་པས། ད་ནི་དངོས་སུ་བསོད་ནམས་དང་བརྒྱུད་ནས་ཡེ་ཤེས་ཐོབ་པར་བྱ་བའི་སླད་དུ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དག་ནི་བསྟན་དུ་གསོལ། ཞེས་ཞུས་པའི་ཟླ་བ་བཟང་པོའི་ཚིག་དེ་དག་གསན་ནས་བདེ་བར་གཤེགས་པས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རབ་ཏུ་གསུངས། ཞེས་པའི་ཚིགས་བཅད་འདིས་གསོལ་བ་བཏབ་པ་ལ་ལན་བཙལ་བའོ། །འདི་མན་ཆད་དེ་བཞིན་གཤེགས་པས་ལན་གསུངས་པ་འབའ་ཞིག་ལས་སླར་གསོལ་བ་བཏབ་པ་མེད་དོ། །དེ་ལ་ཚོན་སོགས་ཀྱིས་བྲི་བའི་དཀྱིལ་འཁོར་འདི་ནི་འོག་མིན་པའི་སྲིད་པའི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཐབས་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ཡིན་ཅིང་དོན་དམ་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ན་རྡུལ་ཚོན་སོགས་ཀྱིས་བྲི་བ་མེད་དེ། དང་པོའི་སངས་རྒྱས་རྩ་བའི་རྒྱུད་ལས། །རྡོ་རྗེའི་ཐིག་རྣམས་གདབ་པ་དང་། །རྡུལ་ཚོན་དག་ཀྱང་གདབ་པ་ནི། །སྔགས་ཀྱི་དེ་ཉིད་ཀྱིས་མི་བྱ། །བྱེད་ན་བྱང་ཆུབ་ཐོབ་པར་དཀའ། །ཞེས་གསུངས་ཏེ་སྔགས་ཀྱི་དེ་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་དེ་ཁོ་ན་ཉིད་དོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་མཚན་མའི་ཆོས་ཀྱི་བྱ་བས་མི་ནུས་པས་མཚན་མེད་དེ་ཁོ་ན་ཉིད་ལ་གཞོལ་བ་བཞག་ནས་ཐིག་གདབ་པ་སོགས་མཚན་བཅས་ཀྱི་བྱ་བ་ལ་ཆེད་ཆེར་བྱས་ན་བྱང་ཆུབ་ཐོབ་པ་དཀའ་བར་འགྱུར་རོ་ཞེས་དེ་བཞིན་གཤེགས་པའི་ངེས་པའོ། །དེའི་ཕྱིར་འདིར་དཀྱིལ་འཁོར་བསྟན་པར་གསོལ་བ་གདབ་པ་ནི་གཙོ་བོར་མཚོན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར། འཇིག་རྟེན་པའི་དངོས་གྲུབ་གྲུབ་ཅིང་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་བསྟན་པར་ཞུས་པ་ཡིན་ཏེ། དོན་དམ་ཡེ་ཤེས་སྒྲུབ་པའི་སླད་དུ། །ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་

p. 5

པ་ཚོན་ལྔ་ལྡན་པ་མིན། །ཞེས་གསུངས་ཏེ་དབང་གོང་མ་དག་གི་བུམ་དབང་ནི་རིག་མའི་ལུས་ཀྱི་དབང་པོའི་དཀྱིལ་འཁོར་དུ་ཐོབ་པས་སྐུ་རྡོ་རྗེའི་དཀྱིལ་འཁོར་དང་། གསང་དབང་བྷ་གའི་དཀྱིལ་འཁོར་གསུང་དང་། ཤེས་རབ་ཡེ་ཤེས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ་དང་། དབང་བཞི་པ་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཐོབ་པས་སེམས་ཀྱི་དཀྱིལ་འཁོར་དེ་གཉིས་ནི་ཐུགས་རྡོ་རྗེའི་དཀྱིལ་འཁོར་རོ། །དེ་ལྟར་མཆོག་གི་དབང་གོང་མ་དོན་དམ་པའི་ཡེ་ཤེས་བདེ་ཆེན་གྱི་དབང་བསྐུར་བ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐོབ་པ་མ་ཡིན་ནོ། །གསོལ་བ་བཏབ་པ་དང་ལན་གྱི་ཚིགས་སུ་བཅད་པའོ། །དེ་ནས་གཞུང་གི་དོན་བཤད་པ་ལ། དང་པོ་བླ་མ་ཡོངས་སུ་བརྟག་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དང་པོར་ཡང་དག་བསྟེན་བྱ་སོགས་བླང་བྱ་དང་སྤང་བྱ་གཉིས་ཀྱི་ཚིགས་བཅད་རེ་རེ་སྟེ། ལམ་ལ་འཇུག་པའི་དང་པོར་ཡང་དག་པར་བསྟེན་པར་བྱ་བའི་བླ་མ་དག་ཀྱང་མཚན་ཉིད་ཅི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ཕྱི་དང་ནང་ངམ་དྲང་བ་དང་ངེས་པའི་དོན་གྱིས་འཆད་པར་འགྱུར་བའི་དམ་ཚིག་རྣམ་པར་དག་པ་དང་ལྡན་ཞིང་། །གཞན་མུ་སྟེགས་དང་ཉན་རང་གི་ཐེག་པ་རྣམས་ཀྱིས་མི་ཕྱེད་པ་སངས་རྒྱས་ཀྱི་ཐེག་པའམ་འབྲས་བུ་རྡོ་རྗེའི་ཐེག་པར་ལྷག་པར་གནས་པ་སྟེ་ཐེག་པ་འདི་ལ་གཙོ་བོར་བྱེད་པ་དང་། རྡོ་རྗེ་ལྟར་མི་ཕྱེད་པའི་ཐེག་པ་འདིས་མཐར་ཐུག་གི་འབྲས་བུ་ལ་འགྲོ་བར་བྱེད་པའི་ཕྱིར་ཐེག་པ་ཞེས་བྱའོ། །བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་ལམ་དུ་བྱེད་པ་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་དེ་ཁོ་ན་ཉིད་བསྒོམས་ཤིང་། བུ་དང་ཆུང་མ་ལ་སོགས་པ་ཐམས་ཅད་དང་། རང་གི་ལུས་ལའང་མཆོག་ཏུ་སྙིང་པོར་མི་འཛིན་པར་ཚེ་འདི་ལ་ལྟོས་པ་མེད་པས་མ་ཆགས་པ་དང་། རང་རྒྱུད་ཀྱི་དུག་གསུམ་དང་ང་རྒྱལ་ཕྲག་དོག་སེར་སྣའི་ཚོགས་རྣམས་གཉེན་པོ་བསྒོམ་པའི་ཐབས་མང་པོས་བཅོམ་པས་དྲི་མ་དག་དང་རྣམ་པར་བྲལ་ཞིང་། ལན་དུ་ཕན་འདོགས་པ་སོགས་ཀྱི་འབྲས་བུ་ལ་ལྟོས་པ་མེད་པའི་རང་བཞིན་གྱིས་བཟོད་པའི་ངང་ཚུལ་དང་ལྡན་པ་དང་།

p. 6

སྨོན་འཇུག་གི་སེམས་དང་ཕར་ཕྱིན་དྲུག་སོགས་སངས་རྒྱས་ཀྱི་ལམ་ཐེག་པ་ཆེན་པོའི་གཞུང་ཀུན་ལ་མཁས་ཤིང་ཉམས་སུ་ལེན་པས་ཞུགས་པ་དང་། དེ་ལྟ་བུ་ནི་སློབ་མ་རྣམས་ལ་སངས་རྒྱས་ཀྱི་ལམ་ནི་སྦྱིན་པར་བྱེད་པ་དང་དམྱལ་བའི་འཇིགས་པ་འཕྲོག་ཅིང་ཡོན་ཏན་གྱི་ཁྱད་པར་རྣམ་པ་མང་པོ་སྟེར་བའི་བདག་ཉིད་དུ་འགྱུར་རོ། །དེ་ཉིད་ལས་ནི་རྫོགས་རིམ་སྟོན་པའི་བླ་མ་ཁྱད་པར་ཅན་ནི་ཚངས་སྤྱོད་ལྡན་ཞེས་པ་མཆོག་གི་ཚངས་བར་སྤྱོད་པ་ཁུ་བ་འཕོ་བ་མེད་པའི་འཛག་མེད་ཀྱི་ཚུལ་ཁྲིམས་དང་ལྡན་པ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པ་ནི། ཕུང་པོ་ཉོན་མོངས་འཆི་བདག་ལྷའི་བུའི་བདུད་བཞི་པོ་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་ལྟ་བུས་འཇོམས་པར་བྱེད་པར་གྱུར་པ་དེ་ཡང་འཛིན་མའི་གཞིས་ཡི་སྟེང་འདི་ལ་ནི་རྡོ་རྗེ་སེམས་དཔར་རབ་ཏུ་གྲགས་པ་སྟེ་རྡོ་རྗེ་སེམས་དཔའ་དངོས་ཀྱི་ཞལ་སྐྱིན་ནམ་རྒྱལ་ཚབ་ཡིན་ཅིང་རྡོ་རྗེ་སེམས་དཔའི་སྤྲུལ་པའི་སྐུ་ཡིན་པའོ། །རྡོ་རྗེ་སློབ་དཔོན་བསྟེན་པའི་ངེས་པ་འདི་ཡིན་ལ། མཚན་ཉིད་དེ་ཐམས་ཅད་ཡོངས་སུ་རྫོགས་པའི་བླ་མ་རྙེད་དཀའ་ཡང་། དཔལ་དོན་དམ་པ་སྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་གསུངས་པ་ལྟར་ཡོན་ཏན་ཤས་ཆེ་བར་གྱུར་པ་ལས་བསྟེན་དུ་རུང་བ་དག་ལ་བླ་མར་བྱའོ། །ལམ་ལ་འཇུག་པ་རྣམས་ཀྱིས་བླ་མ་ཡོངས་སུ་བརྟགས་ནས་བསྟེན་པ་གལ་ཆེ་སྟེ། བླ་མ་བཟང་པོ་བསྟེན་པ་ནི་ལམ་གྱི་རྩ་བ་ལྟ་བུ་ཡིན་པས་བུ་དང་ཆུང་མ་སོགས་ཀྱིས་མཉེས་པར་བྱས་ཏེ་བསྟེན་པར་བྱ་ལ། མཚན་ཉིད་དང་མི་ལྡན་པ་བླ་མར་བསྟེན་ན་ལམ་ཕྱིན་ཅི་ལོག་བསྟན་ནས་དམྱལ་བར་འཕེན་པ་སོགས་འདི་དང་ཕྱི་མར་མི་ལེགས་པ་དུ་མ་འབྱུང་བར་བྱེད་པ་དེས་ན་དབང་དང་གདམས་པ་ནོད་པའི་ཡུལ་བླ་མ་བརྟག་པ་གལ་ཆེའོ། །དེ་ནས་སྤང་བར་བྱ་བའི་བླ་མའི་མཚན་ཉིད་གསུངས་པ། གདུག་པའི་སློབ་

p. 7

དཔོན་གང་ཞིག །རང་རྒྱུད་ཀྱི་ཡོན་ཏན་ལ་རློམས་པས་མཆོག་ཏུ་འགྱིང་ཞིང་ང་རྒྱལ་དང་ལྡན་པ་ནི་སྤང་བར་བྱའོ། །ང་རྒྱལ་གང་ཞིག་མཁས་པ་དང་། རྫས་དང་དབང་ཕྱུག་དང་གཟུགས་དང་དེ་ཉིད་བཅུ་སོགས་སྔགས་ཀྱི་ལས་དང་ལམ་ཤེས་པ་སོགས་ཀྱིས་མངོན་པར་ཁེངས་པ་ལྟ་བུ་འདི་ནི་རང་རྒྱུད་ཀྱི་ཡོན་ཏན་བསླད་པར་བྱེད་པའི་སྐྱོན་ཆེ་ཤོས་ཤིག་ཡིན་པས་འོག་མ་འོག་མ་ལ་བལྟས་ནས་བདག་ལྷག་གོ་སྙམ་དུ་ཁེངས་པར་མི་བྱ་བར། རང་ལས་གོང་མ་གོང་མ་ལ་བསམས་ནས་ང་རྒྱལ་ཞི་བར་བྱ་སྟེ་གང་ཁེངས་པ་ཆེ་ཞིང་སྙིང་རྗེ་དང་བྲལ་བ་ལ་མ་རིག་པ་རྣམས་ཀྱིས་སྤང་བར་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་གང་གི་རྒྱུད་ཁྲོ་བས་ཟིལ་གྱིས་མནན་པ་དང་། གསང་བའི་དམ་ཚིག་རྣམས་མངོན་དུ་གསལ་བོར་སྤྱད་པས་འཇིག་རྟེན་པ་རྣམས་ཀྱིས་ཆོས་དང་གང་ཟག་ལ་སྨད་པར་བྱེད་པའི་གཞི་བྱེད་པའི་གསང་བ་འཆལ་བ་ལ་སོགས་པའི་སྐྱོན་གྱིས་སྔགས་ལས་བཤད་པའི་དམ་ཚིག་དང་རྣམ་པར་བྲལ་བ་དང་། དགེ་འདུན་དང་མཆོད་རྟེན་གྱི་རྫས་སོགས་ལྕི་བའི་དཀོར་དང་། བླ་མའི་རྫས་ལ་སྤྱོད་པ་དང་། འཁོར་དང་ལོངས་སྤྱོད་ཀྱི་རྫས་ལ་བརྐམ་ཞིང་ཆགས་པས་གསོག་པར་བྱེད་པ་དང་། དམ་པའི་ལམ་གྱི་མན་ངག་དང་བྲལ་ཞིང་གཞུང་ལུགས་བཟང་པོ་ཐོས་པ་དག་ཀྱང་མེད་ཅིང་རྨོངས་པའོ། །དམ་པར་གྱུར་པའི་སློབ་མ་རྣམས་ནི་སླུ་བ་དོན་དུ་གཉེར་ཞིང་ཞེས་མི་བདེན་པའི་རྫུན་གྱིས་བསླུ་བའོ། །མཆོག་གི་བདེ་བའི་གནས་ལས་སེམས་ཉམས་ཞེས་པ་རྣལ་འབྱོར་གྱི་སྤྱོད་ཡུལ་ཐབས་ཀྱི་ལམ་ལྟར་ན་འཛག་མེད་ཀྱི་བདེ་བ་དང་མི་ལྡན་པར་ཕྱི་རོལ་གྱིས་འདོད་བདེ་འབའ་ཞིག་དོན་དུ་གཉེར་བའམ། གྲོལ་ལམ་ལྟར་ན་ཟག་མེད་མཆོག་གི་བདེ་བ་དེ་ཉིད་རྟོགས་པ་དང་མི་ལྡན་པར་རྣམ་རྟོག་གི་སྤྱོད་ཡུལ་འབའ་ཞིག་ལ་གཙོ་བོར་བྱེད་པའོ། །དབང་མ་བསྐུར་ཞེས་པ་དབང་བསྐུར་མེད་པར་རྒྱུད་འཆད་པའོ། །ཕྱི་རོལ་གྱི་འཁོར་བའི་ལོངས་སྤྱོད་དག་ལ་རྣམ་པ་ཀུན་ཏུ་ཆགས་པ་དང་། ཆང་འཐུང་པ་སོགས་

p. 8

ཀྱིས་རྟག་དུ་མཉམ་པར་འཇོག་པ་དང་བྲལ་ཏེ་བག་མེད་པ་དང་། ངག་མི་བསྡམ་པར་རྩུབ་མོའི་ཚིག་དང་བཅས་ཤིང་གཞན་གྱི་ཞེ་གཅོད་པ་དང་། དབང་པོའི་དོན་དུ་གཉིས་སྦྱོར་གྱི་འདོད་པ་འཛག་བདེ་ལ་སྲེད་པ་ཤས་ཆེ་བ་དང་ལྡན་པ་དེ་ཉིད་ནི་དཔེར་ན་མི་འདོད་པ་དམྱལ་བ་བཞིན་དུ་སློབ་མ་མཁས་པ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་ནི་དེ་ལྟ་བུ་གདུག་པའི་སློབ་དཔོན་བསྟེན་པ་ཡོངས་སུ་སྤང་བར་བྱའོ། །འདི་སྐབས་འགྲེལ་པ་ལས་གསུངས་པ་སྔགས་ཀྱི་ཚུལ་ལས་འདི་ལྟར། སློབ་དཔོན་ཡོན་ཏན་བླང་བྱ་སྟེ། །སྐྱོན་ནི་ནམ་ཡང་མིན་པ་ཉིད། །ཡོན་ཏན་བླང་བས་དངོས་གྲུབ་འགྱུར། །སྐྱོན་བརྗོད་པ་ལས་དངོས་གྲུབ་མེད། །ཅེས་དང་། དབང་མཆོག་ཐོབ་གང་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས། །དུས་གསུམ་བྱོན་ནས་ཕྱག་འཚལ་ལོ། །ཞེས་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ། དེའི་ཕྱིར་བླ་མ་ལ་སྐྱོན་ལྡན་མི་ལྡན་བརྟག་པར་མི་རིགས་ཀྱི་ཡོན་ཏན་འབའ་ཞིག་ཏུ་བཟུང་ཞིང་བླ་མར་བསྟེན་ནས་ཅི་གསུང་བསྒྲུབ་དགོས་ཞེས་བླ་མ་བསྟེན་ཚུལ་གྱི་ལམ་མི་ཤེས་པའམ་ཉམས་པ་མ་འོངས་པའི་སྐྱེ་བོ་བྱིས་པ་རྣམས་ཀྱི་ཚིག་འབྱུང་བ་དེ་ནི་དེ་ལྟར་མ་ཡིན་ཏེ། དང་པོར་བླ་མ་ཡོངས་སུ་བརྟག་དགོས་པར་དེ་བཞིན་གཤེགས་པས་གསུངས་པ་ནི། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམ་དང་། །རང་བསྟོད་བླ་མར་སློབ་མ་ནི། །བློ་བཟང་ལྡན་པས་མི་བྱའོ། །ཞེས་གསུངས་པས་བླ་མར་བྱས་སུ་ཟིན་ཀྱང་ཐར་པའི་ལམ་ལ་གེགས་སུ་འགྲོ་ན་མ་དད་པ་སོགས་ལྟུང་བ་མི་འབྱུང་བའི་བྱ་བའི་སྒོ་ནས་སྤང་དགོས་སོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལས། གང་ཞིག་ཁྱིམ་པ་བའི་དགེ་སློང་དགེ་འདུན་གྱི་བསྟི་གནས་སྤྱོད། རྒྱལ་པོ་སོགས་ཀྱི། གཡོག་པོ་ཞིང་པ་ཚོང་པ་དང་། །དམ་ཆོས་འཚོང་བའི་རྨོངས་པ་དེ། །ས་ལ་རྡོ་རྗེ་འཛིན་པ་མིན། །ཞེས་སོགས་དང་། བླང་བྱའི་བླ་མ་གསུམ་བརྟག་

p. 9

པ་གསུངས་པ། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་ཞིང་། །འབྲིང་ནི་དགེ་ཚུལ་ཞེས་བྱ་སྟེ། །ཁྱིམ་གནས་དེ་ལས་ཐ་མའོ། །ཞེས་སྔགས་ཀྱི་དེ་ཉིད་བཅུ་འཆད་འགྱུར་ལྟར་ལ་དེ་ཉིད་ཤེས་པའི་སློབ་དཔོན་དེ་ཡང་རྟེན་གྱི་དབང་གིས་དགེ་སློང་མཆོག་ཡིན་པ་སོགས་སོ། །ཡང་ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོས་བླ་མར་མི་བྱ་སྟེ། །དེ་ལ་ཐོས་པ་ཡོངས་ཤེས་པས། །གང་ཞིག་རྟགས་ཅན་བྱ་བ་ཉིད། །ས་ཐོབ་མ་གཏོགས་སློབ་དཔོན་ནི། །ཁྱིམ་གནས་གང་ཚེ་མཆོད་བྱེད་པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་རྣམས་ལ་གུས་མེད་འགྱུར། །ཞེས་དང་། ལྷ་ཁང་སོགས་ཀྱི་རབ་གནས་སོགས། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ན་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ལྡན་པས་མིན། །ཞེས་སོགས་དེ་ལྟར་རྣམ་པ་དུ་མར་སློབ་དཔོན་བརྟག་པ་གསུངས་པ་ནི་སྐྱོན་ལྡན་སྤང་བའི་ཆེད་ཡིན་ནོ། །སྐབས་འདིར་གསུངས་པའི་དོན་སྤྱིར་ཡེ་ཤེས་དང་ལྡན་པ་ངོ་བོའི་སྒོ་ནས་གཙོ་བོ་དང་མཆོག་ཏུ་གྱུར་པ་སྨྲོས་མ་དགོས་ལ། མདོ་ལམ་རྐྱང་བ་ལས་སྔགས་ཀྱི་དགོངས་སྤྱོད་དང་ལྡན་པ་ཁྱད་པར་འཕགས་པ་སྨྲོས་མ་དགོས་ཀྱང་། རྟགས་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་འདི་དེ་བཞིན་གཤེགས་པའི་བསྟན་པའི་མིག་སྒྲོས་ལ་མཆོག་ཏུ་ཕན་པ་དང་། ཁྱིམ་པའི་སྤྱོད་ལམ་སྤངས་པའི་རབ་བྱུང་རྣམས་སངས་རྒྱས་བསྟན་པའི་གཞི་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་རྗེད་པར་བྱ་བའི་དགོས་པ་ཁྱད་པར་ཅན་གྱི་དབང་གིས་རབ་བྱུང་གི་རྟགས་གཙོ་བོར་བྱ་དགོས་ཚུལ་གསུངས་པ་སྟེ། མ་འོངས་པ་ན་ཀླ་ཀློ་རྣམས་ཁྱིམ་པའི་གོས་དཀར་པོ་ལ་དགའ་ཞིང་དམར་པོ་ལ་སྡང་བ་དང་། སངས་རྒྱས་པ་རྣམས་གོས་དམར་སེར་གྱི་རྟགས་འཆང་བ་ཅན་ཡིན་པས། རབ་བྱུང་རྣམས་རྒྱལ་པོ་སོགས་ཀྱི་མཆོད་གནས་སུ་གཙོ་བོར་མ་བཟུང་ན་སངས་རྒྱས་སོགས་ལ་བཀུར་སྟིར་མི་འགྱུར་

p. 10

བའི་འཇིག་རྟེན་གྱི་ཚུལ་ལུགས་ཞིག་ཤུགས་ཀྱིས་བྱུང་ནས་བསྟན་པ་སྤྱིའི་སྲོལ་ལ་གནོད་པས། རྒྱལ་པོའི་བླ་མར་བྱ་བ་དང་། གཙུག་ལག་ཁང་གི་རབ་གནས་སོགས་རབ་ཏུ་བྱུང་བ་མེད་ན། རྟགས་ཅན་བྱ་བ་ཉིད་ཅེས་པ་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་འཆང་བར་བྱས་ནས་བྱ་བར་གསུངས་སོ། །དེ་ཉིད་བཅུ་ནི། དཀྱིལ་འཁོར་དང་ནི་ཏིང་འཛིན་དང་། །ཕྱག་རྒྱ་འདུག་སྟངས་སྟངས་སྟབས་དང་། །བཟླས་བརྗོད་སྦྱིན་སྲེག་མཆོད་སྦྱིན་དང་། །ལས་ལ་སྦྱར་དང་སླར་བསྡུ་བའོ། །ཞེས་པའམ། བསྲུང་བ་དབང་བསྐུར་གཏོར་མ་བཟླས་པ་དབྱེ། །ཕྱིར་བཟློག་དག་དང་དཀྱིལ་འཁོར་སྒྲུབ་ཐབས་དང་། །བཙན་ཐབས་སྦྱོར་བ་གཤེགས་སུ་གསོལ་བའོ། །ཞེས་པ་དེ་ཉིད་བཅུ་རྣམས་སུ་ནི་བཤད། །ཅེས་སོ། །གཞན་ཡང་བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་ཆོ་ག་ཤེས། །ཞེས་སོགས་ཀྱི་ཡོན་ཏན་གྱི་སྒོ་ནས་བརྟག་པར་གསུངས་སོ། །དེ་ལྟ་ན་བླ་མའི་སྐྱོན་མི་བརྗོད་ལ་ཡོན་ཏན་བླང་བར་བྱ་བ་དང་། བླ་མའི་བ་སྤུའི་ཁུང་བུ་མཆོད་པ་དུས་གསུམ་སངས་རྒྱས་མཆོད་པ་དང་མཉམ་པ་དང་། དབང་མཆོག་ཐོབ་པའི་བླ་མ་དང་སྔགས་འཛིན་པ་ལ་སངས་རྒྱས་རྣམས་གཤེགས་ནས་ཕྱག་བྱ་བའི་ཡུལ་དུ་གསུངས་པ་ནི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའམ། མ་མཐའ་ཡང་སྨིན་གྲོལ་གྱི་བརྒྱུད་པ་ཡོད་ཅིང་། །དབང་ཕྱག་བཞེས་བཞིན་དུ་བསྐུར་བ་དང་། གྲོལ་བྱེད་ཀྱི་གནད་བརྒྱུད་པའི་མན་ངག་བཞིན་དུ་སྟོན་པ་ལ་དེ་ལྟར་སྒྲ་ཇི་བཞིན་དུ་འཛིན་རུང་ལ། དག་སྣང་གི་སྒོ་ནས་རང་གི་གང་ལས་སྨིན་གྲོལ་མནོས་ཟིན་གྱི་བླ་མ་སུ་ལའང་དེ་ལྟར་བལྟས་ན་རང་རྒྱུད་ལ་ཡོན་ཏན་འཕེལ་བའི་རྐྱེན་དུ་ངེས་པར་འགྱུར་ཞིང་། གལ་ཏེ་མ་དད་པས་བརྙས་པ་ཐུགས་དཀྲུགས་པ་སོགས་ཀྱིས་བླ་མ་སྤང་བར་བྱས་ན་རྩ་ལྟུང་དང་པོའི་ལས་ཤིན་ཏུ་མི་བཟད་པར་འགྱུར་བས། དང་པོ་ནས་བླ་མ་བརྟག་པར་བྱ་ལ། བརྟགས་

p. 11

ནས་དབང་དང་གདམས་པ་ཞུས་ཕྱིན་ཆད་དག་པའི་སྣང་བས་ཅི་མཉེས་སུ་བྱ་བ་དང་། གལ་ཏེ་བླ་མ་ལ་ཁྲོ་བ་དང་བརྐམ་ཆགས་སོགས་མཐོང་བས། རང་གིས་ཐུགས་མཉེས་པར་དཀའ་ན་མ་དད་པ་ཅི་ནས་སྤངས་ཏེ། །ཕན་ཚུན་ཞེ་མ་འགྲས་པའི་དུས་ནས་རྒྱང་རིང་དུ་དད་པའི་སེམས་བཞག་ན་ལེགས་པས་བླ་མར་བསྟེན་ཀྱང་སྤང་བར་གསུངས་པ་དེ་ལྟ་བུ་ལ་ཤེས་དགོས་སོ། །དེས་ན་དབང་མཆོག་ཐོབ་གང་སོགས་ཀྱི་ཚིགས་བཅད་ཀྱི་དོན་ནི་ངེས་དོན་དང་དྲང་དོན་གྱིས་རྟོགས་ཚུལ་ཀྱང་བཤད་དུ་ཡོད་ཀྱི། དེང་སང་དབང་རྒྱུན་ཙམ་ཡང་མེད་པ་དང་། དམ་ཚིག་དྲལ་བ་རྫས་ལ་བརྐམ་པ་རྣམས་ཀྱིས་སློབ་དཔོན་གྱི་གོ་ས་བཟུང་ནས་བུམ་པའི་ཆུ་མགོ་ལ་བླུགས་ཚད་ལ་སངས་རྒྱས་ཐམས་ཅད་ཀྱིས་ཕྱག་བྱ་བའི་ངེས་པ་མེད་མོད། བླུན་དད་ཀྱིས་དག་སྣང་འབྱོང་ན་ཁྱི་སོ་ལ་རིང་སྲེལ་འབྱུང་བའི་དཔེ་ལྟར་དེ་ལ་འགལ་བ་མེད་པས་དག་སྣང་ཅི་འབྱོར་བྱ་དགོས་ནའང་། སྙིགས་དུས་ཟོག་པོས་བསྟན་པ་དང་སེམས་ཅན་ལ་མི་བསམ་པར་རང་འདོད་སྣ་ཚོགས་ཀྱིས་བླུན་དད་ཅན་རྣམས་བསླུ་བར་བྱེད་པ་ཡང་མང་བས་བརྟགས་དཔྱད་མི་ཤེས་པར་སུ་བྱུང་བླ་མར་འཛིན་ཅིང་དེ་ཡི་ངག་ལ་སངས་རྒྱས་ཀྱི་གསུང་ལྟར་ཡིད་ཆེས་བས་བསླུས་པ་མང་པོ་ཡོད་པས་བག་ཡོད་བྱ་དགོས་སོ། །དེ་ལ་དབང་མཆོག་ཐོབ་གང་ཞེས་པ། དབང་གི་མཆོག་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བ་རྡོ་རྗེ་ལྟ་བུ་མངོན་པར་བྱང་ཆུབ་པ་ཐོབ་པ་སངས་རྒྱས་ཤཱཀྱ་ཐུབ་པ་རྡོ་རྗེ་སློབ་དཔོན་མཆོག་དེ་ལ། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་བྱང་སེམས་རྣམས་ཀྱིས་དུས་གསུམ་དུ་ཕྱག་བྱས་པའི་ཚེ། དེ་དག་གི་ཕུང་པོ་རྣམས་དེ་བཞིན་གཤེགས་པའི་སྒྲས་བརྗོད་པ་དང་། བྱང་སེམས་དེ་དག་གིས་བཏུད་པའི་ཚེ་དེ་དག་གི་ཅོད་པན་ལ་གནས་པའི་རིགས་བདག་དེ་བཞིན་གཤེགས་པ་རྣམས་ཀྱང་བཏུད་པ་ཡིན་པ་ལ་དེ་ལྟར་བཤད་པ་དབང་མཆོག་མཚན་ཉིད་པ་ཐོབ་པའི་དོན་དུ་བཤད་པའོ། །

p. 12

དྲང་དོན་དུ་བཤད་ན། སློབ་མའི་ལུས་ཀྱི་སྟེང་འོག་ཕྱོགས་མཚམས་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཞེས་དང་། དེ་དག་གི་ཕུང་པོ་རྣམས་ལ་དེ་བཞིན་གཤེགས་པ་ཞེས་བརྗོད་དེ། དེ་དག་གིས་དབང་བསྐུར་བའི་སློབ་དཔོན་ལ་ཕྱག་བྱ་བའི་དོན་ལ་དགོངས་པར་བཤད་དུ་ཡོད་མོད། སྤྱིར་ཡོན་ཏན་གྱི་ངོས་ནས་སངས་རྒྱས་ལས་ལྷག་པ་རྣམ་པ་ཀུན་དུ་མེད་པས་དེས་ལམ་པའི་གང་ཟག་ལ་ཕྱག་བྱ་བའི་འོས་མ་ཡིན་ཀྱང་དེ་བཞིན་གཤེགས་པ་རྣམས་སྔགས་ཀྱི་དེ་ཁོ་ན་ཉིད་ལ་བླ་མར་བྱེད་པ་མི་འདོར་བའི་དབང་གིས་སྔགས་ཀྱི་སློབ་དཔོན་ལའང་འདུད་ཅིང་བསྔགས་པ་བརྗོད་པ་སྒྲ་ཇི་བཞིན་དུ་འདོད་མི་རུང་བར་སྟོན་པ་ནི་མ་ཡིན་ཏེ། དོན་དམ་བསྙེན་པ་ལས། ཡོན་ཏན་ལྡན་པའི་སྲས་རྣམས་ལ་ནི་འཁོར་བ་འཇོམས། །རང་ལུས་ཚངས་པའི་འཇིག་རྟེན་གནས་ནི་ཀུན་དུ་སྟོན། །དེ་ནི་བླ་མ་དཔལ་ཏེ་བླ་མ་དཔལ་གཞན་མིན། །དཔག་མེད་སངས་རྒྱས་ཀྱིས་ཀྱང་རྟག་ཏུ་དེ་ལ་མཆོད། །ཕྱོགས་བཞུགས་སངས་རྒྱས་བྱང་ཆུབ་སེམས་དཔའ་རྟག་ཏུ་དེ་ལ་འདུད། །ཅེས་གསུངས་སོ། །དེ་བས་ན་རྡོ་རྗེ་སློབ་དཔོན་རྟེན་གྱི་སྡོམ་པ་མཆོག་དམན་གྱི་དབྱེ་བས་བསྙེན་བཀུར་སོགས་ཀྱི་རིམ་པ་གསུངས་པ། འདིར་ངུར་སྨྲིག་འཛིན་པའི་དགེ་སློང་རྣམས་ཀྱིས་དུས་གསུམ་དུ་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ་བར་བྱེད་དེ། ཁྱིམ་པ་དང་གསར་བུ་རྣམས་ལ་ནི་དམ་པའི་ཆོས་འཆད་པའི་དུས་མ་ཡིན་པར་མ་ཡིན་ནོ། །དེ་ཡང་། འཇིག་རྟེན་སྨོད་པ་སྤང་བའི་ཕྱིར། །དམ་ཆོས་ལ་སོགས་མདུན་བདར་ཏེ། །ཁྱིམ་པའམ་ནི་གསར་བུ་ལ། །བརྟུལ་ཞུགས་འཛིན་པས་བློས་ཕྱག་བྱ། །ཞེས་ཆོས་འཆད་པའི་ཚེའང་འཇིག་རྟེན་སྨོད་པ་སྤང་བའི་ཕྱིར། དམ་ཆོས་དང་སྐུ་གཟུགས་དག་ཕྱག་བྱ་ཡུལ་དེའི་མདུན་དུ་བཞག་ནས་ཞེས་སོ། །གལ་ཏེ་ཁྱིམ་པའམ་རབ་བྱུང་གསར་བུ་དག་ཀྱང་རྟེན་དགེ་སློང་དང་རྡོ་རྗེ་སློབ་དཔོན་ཡིན་པར་མཚུངས་པར་གྱུར་ན། དེའི་ཚེ་འདི་ལྟར་

p. 13

སློབ་མ་དགེ་སློང་དེས། །མཆོག་མིན་ལས་དང་ཕྱག་སྤང་ནས། །སྟན་བསྟབས་པ་དང་ལྡང་བ་དང་། །དོན་བྱ་ལ་སོགས་བསྙེན་བཀུར་འདིར། །ཐམས་ཅད་བརྟུལ་ཞུགས་ཅན་གྱིས་བྱ། །ཞེས། རྐང་པ་བཀྲུ་བ་སོགས་མཆོག་མིན་གྱི་ལས་དང་ཡན་ལག་ལྔའི་ཕྱག་བྱ་བ་སྤང་ནས་ཞེས་སོ། །སློང་མོ་དང་ནི་གོས་དམར་གྱིས། །ངན་པའི་བདག་གང་ངོ་ཚ་ནས། །གཡེམ་བཅས་ཕྱག་དང་མཆོད་བྱེད་པས། །སངས་རྒྱས་པ་རྣམས་ལམ་ཉམས་པར། །འགྱུར་རོ་ཞེས་གོས་དམར་པོ་གྱོན་ནས་སློང་མོར་སྤྱོད་པའི་དགེ་སློང་ལ་ངན་པའམ་མ་བརྙས་པར་སེམས་པའི་སློབ་མ་འབྱོར་ལྡན་ངན་པའི་བདག་ཉིད་ཅན་གང་གིས་ཕྱག་བྱ་བ་སོགས་ལ་ངོ་ཚ་ནས། འདོད་པའི་ལོག་པར་གཡེམ་པ་དང་བཅས་པའི་ཁྱིམ་པ་ལ་ཕྱག་དང་མཆོད་པ་བྱེད་པས་སངས་རྒྱས་པའི་ལམ་སྟེ་བསྟན་པ་ཉམས་པར་འགྱུར་བ་འདིའི་དབང་གིས་ཕྱག་དང་བཀུར་སྟི་དང་རྒྱལ་པོའི་བླ་མར་ངུར་སྨྲིག་འཛིན་པ་གཙོ་བོར་འཛིན་དགོས་པ་ཡིན་གྱི། དོན་གྱི་དབང་དུ་བྱས་ན་ཁྱིམ་པའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཡིན་ན་ལྷར་བཅས་འཇིག་རྟེན་ཀུན་གྱི་ཕྱག་འོས་ཀྱང་ཡིན་ནོ། །དེ་ལྟར་ངུར་སྨྲིག་གི་རྟགས་ཙམ་ལའང་ཆེ་ཐང་དུ་འཛིན་པ་འདི་ནི། གང་ཚེ་གོས་དམར་མཐོང་གྱུར་ནས། །སྡིག་ཅན་རྣམས་ནི་ཞེ་སྡང་འགྱུར། །ཀླ་ཀློའི་ཆོས་དགའ་སངས་རྒྱས་པ། །དེ་ཚེ་དཀར་པོའི་གོས་ལ་མོས། །ཞེས་གསུངས་པ། གང་ཚེ་སངས་རྒྱས་པའི་རྗེས་ཞུགས་བསོད་སྙོམས་ཀྱིས་འཚོ་བ་རབ་བྱུང་གི་རྟགས་གོས་དམར་པོ་ཅན་མཐོང་ནས། སྡིག་ཅན་ཀླ་ཀློའི་ཆོས་ལ་དགའ་བ་རྣམས་ཞེ་སྡང་བར་འགྱུར་ལ། ཀླ་ཀློའི་ཆོས་ལ་དགའ་བའི་རྒྱལ་པོ་སོགས་སྔར་སངས་རྒྱས་པའི་ཆོས་ལུགས་འཛིན་པ་ཡིན་ཡང་། དེ་ཚེ་དཀར་པོའི་གོས་དང་། ཁྱིམ་པའི་ཆ་ལུགས་དང་། མཚོན་ཆ་འཆང་བ་ལ་དགའ་བར་འགྱུར་ཞེས་པ་དེང་སང་ཐོག་ཏུ་བབ་

p. 14

པར་མཐོང་ངོ་། །དེ་ལྟར་བསྟན་རྩ་འདུལ་བ་ལ་གཅེས་སྤྲས་བྱས་ན་སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པའི་ཕྱིར། རྒྱལ་པོ་འཇམ་དཔལ་གྲགས་པས་ཤམ་བྷ་ལའི་ཡུལ་གྱི་གཙུག་ལག་ཁང་དུ་དགེ་སློང་ངམ་དགེ་ཚུལ་ཕམ་པར་གྱུར་པ་ལ་གོས་དཀར་པོ་བྱིན་ཏེ། ངུར་སྨྲིག་བླངས་ནས་གཙུག་ལག་ཁང་དེ་ནས་སྐྲོད་པར་བྱེད་དོ། །རྡོ་རྗེ་སློབ་དཔོན་ལ་ཡང་སྔགས་ཀྱི་རྩ་ལྟུང་བྱུང་ན་སྔགས་པའི་གཙུག་ལག་ཁང་ནས་བསྐྲད་པར་བྱེད་དོ་རྒྱལ་པོའི་བཀའ་ཁྲིམས་ཀྱིས་ངེས་པས་སོ། །འཕགས་ཡུལ་དུ་ཡང་།ཁྱིམ་ན་གནས་པ་གོས་དཀར་པོ་ཅན་རྣམས་ངུར་སྨྲིག་འཛིན་པ་རྣམས་ཀྱི་བླ་མ་དང་། གཙུག་ལག་ཁང་ལ་སོགས་རབ་ཏུ་གནས་པར་བྱེད་པ་པོ་ཇི་ལྟར་ཡིན་ཏེ་མིན་ནོ། །གང་ཞིག་བླ་མར་འོས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཡོད་ཀྱང་བླ་མར་མི་བྱེད་པར་རབ་བྱུང་མ་ཡིན་པ་ཁྱིམ་གྱི་ཉེས་པས་གནོད་པའི་གནས་སྐབས་ཐོབ་པ་དག་བླ་མར་བྱས་ན་དགེ་འདུན་ལ་བརྙས་པ་ཆེན་པོ་སྟེ། ངེས་པར་འདིས་བདེ་བར་གཤེགས་པས་ཁྱིམ་པ་ཐམས་ཅད་ཀྱིས་ཕྱག་དང་མཆོད་པར་བྱ་བའི་གནས་རབ་ཏུ་བྱུང་བ་ཡིན་པའི་རྣམ་པར་དབྱེ་བ་མཛད་པའི་ཚུལ་ཉམས་པར་བྱེད་པ་དེའི་ཕྱིར་བླ་མ་བརྟགས་ནས་སྐྱོན་དང་བྲལ་བ་བསྟེན་པ་དང་། བདེ་བར་གཤེགས་པས་བསྔགས་པའི་ཁྱིམ་གྱི་འདུ་འཛི་སྤང་བའི་རབ་ཏུ་བྱུང་བ་དང་ངུར་སྨྲིག་འཛིན་པ་རྣམས་ཀྱི་ཆེ་བའང་ཉམས་པར་མ་བྱས་ན་བསྟན་པ་གནས་པར་འགྱུར་རོ། །འདིར་ཁྱིམ་པ་དང་དགེ་ཚུལ་དག་ལེ་ལོ་སོགས་ཀྱིས་དགེ་སློང་གི་རྟགས་མི་འཛིན་པས་སོ་ཐར་ཡོངས་སུ་ཤེས་པ་མེད་པས་དགེ་སློང་ལས་དམན་ལ། གལ་ཏེ་ལེ་ལོ་དང་ང་རྒྱལ་སོགས་མེད་ན་ཀྱེ་རྡོ་རྗེ་ལས། དང་པོར་གསོ་སྦྱོང་སྦྱིན་པ་སོགས་ནས་བརྩམས་ཏེ་སྔགས་ལ་འཇུག་པར་གསུངས་པ་ལྟར། དང་པོར་དགེ་སློང་གི་སྡོམ་པ་བཟུང་ནས་སྔགས་ལ་ཅིའི་ཕྱིར་མི་འཇུག །དེའི་ཕྱིར་དགེ་སློང་རྡོ་རྗེ་འཛིན་པ་ཡོད་ན་ཁྱིམ་ན་གནས་པའི་སློབ་དཔོན་ནི་དགེ་སློང་དང་ཡུལ་

p. 15

གྱི་རྒྱལ་པོ་རྣམས་ཀྱི་བླ་མར་བརྟེན་པར་མི་བྱའོ་ཞེས་གསུངས་སོ། །གཉིས་པ་མཆོག་འབྲིང་ཐ་མའི་སློབ་མ་ཡོངས་སུ་བརྟག་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། ཟབ་ཅིང་རྒྱ་ཆེ་སོགས་ཚིགས་བཅད་བཞི་པས་བསྟན་ཏེ། གང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་དུ་གཉེར་བ་རབ་དེ་ནི་སྟོང་པ་ཉིད་ཀྱི་ལམ་བསྒོམ་པའི་དོན་དུ་དབང་གོང་མས་སྨིན་པར་བྱ་བ་དང་། འཇིག་རྟེན་པའི་དངོས་གྲུབ་དོན་དུ་གཉེར་བ་ནི་དབང་བདུན་གྱིས་བསྡུ་བར་བྱ་བ་འབྲིང་པོའོ། །ཐ་མ་དབང་བསྐུར་བས་བསྡུ་བྱ་མ་ཡིན་ཏེ་དགེ་བསྙེན་གྱི་འདུལ་བས་བསྡུ་བར་བྱ་བའོ། །འདིར་སྟོང་པ་ཉིད་ཟབ་ཅིང་སྙིང་རྗེ་དང་གཟུངས་སོགས་རྒྱ་ཆེ་བ་ཟུང་འཇུག་ལ་མོས་པའམ་སེམས་པ་ནི་སློབ་མ་མཆོག་གོ། འཇིག་རྟེན་གསུམ་གྱི་བླ་མའི་ངེས་པ་སྟེ་དེས་བཅའ་བར་མཛད་པ་རྩ་ལྟུང་བཅུ་བཞི་དང་བྲལ་ཞིང་དགེ་བཅུའི་ཆོས་ལ་དགའ་བའོ། །གཞན་ཡང་སྔགས་སྟོན་པའི་བླ་མའི་བཀའ་བཞིན་བྱེད་པའང་ཤུགས་ཀྱིས་བསྟན་ཏོ། །ཆོས་དང་བླ་མའི་ཆེད་དུ་ལུས་དང་ལོངས་སྤྱོད་ཐམས་ཅད་གཏོང་བའི་དང་ཚུལ་དང་ལྡན་པ་སྟེ་འདུ་འཛི་ཐམས་ཅད་སྤངས་ཤིང་རྫས་སོགས་ལ་ལྟོས་པ་མེད་པར་གཏོང་བའོ། །ཡོན་ཏན་ཤེས་ཞེས་པ་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་ནས་དད་པའོ། །འཇིག་རྟེན་པའི་དངོས་གྲུབ་འབའ་ཞིག་ལ་ལྟོས་པ་མེད་པར་ཐར་བ་དོན་དུ་གཉེར་བ་དང་། རྒྱུད་ལ་གུས་ཤིང་ཞེས་པ་རྒྱུད་ལས་ཇི་སྐད་གསུངས་པ་ལ་ཡིད་ཆེས་ཤིང་དེ་ལས་བསྟན་པ་ལྟར་བླང་དོར་ལས་མི་འདའ་བར་སྡོམ་པ་སྲུང་བའོ། །འཇིག་རྟེན་པའི་ལམ་རྣམས་ཀྱིས་གཡོ་བ་མིན་པའི་སེམས་དང་ལྡན་པ་དང་། དེ་ཁོ་ན་ཉིད་ཐོབ་པ་ཇི་སྲིད་རང་གིས་ཉམས་སུ་ལེགས་པར་མྱོང་བ་དེ་སྲིད་དུ་ཤིན་ཏུ་སྦེ༷ད་པར་བྱེད་པ་དང་། གང་ནོར་སོགས་དོན་དུ་གཉེར་ཞིང་དགེ་བ་བཅུའི་ལས་ལམ་ལས་ཉམས་པར་བྱེད་པའི་ཁྱིམ་པའི་སློབ་དཔོན་ནམ་རབ་ཏུ་བྱུང་བ་

p. 16

དཀའ་ཐུབ་པ་ཡང་རུང་སྟེ། གང་ཟག་གཅིག་གིས་སྤྱིའི་བསྟི་གནས་དང་གཙུག་ལག་ཁང་སོགས་ཉེ་བར་ལོངས་སྤྱོད་པ་སོགས་གདུག་པ་རྣམས་ཀྱི་གྲོགས་ཉམས་པ་སྟེ་དེ་དང་བྲལ་བ་ཡི་སློབ་མ་ཆེན་པོ་དེ་ཉིད་བླ་མ་ཤིན་ཏུ་མཁས་པ་དེ་ཉིད་རིག་པ་རྣམས་ཀྱིས་སློབ་མར་བསྡུ་བར་བྱ་བ་སྟེ། ཅིའི་ཕྱིར་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་སོགས་པའི་ཞེས་དབང་བཞི་པ་སྦྱིན་པའི་རྒྱུར་བསྡུ་བ་ཡིན་ཏེ། གཞན་ཞེས་བྱ་བ་སླར་ཡང་སློབ་མ་འབྲིང་པོ་རྣམས་ནི་བསོད་ནམས་དག་གི་རྒྱུ་དབང་བདུན་གྱིས་བསྡུ་བར་བྱ་སྟེ་བཟླས་པ་དང་དཀྱིལ་འཁོར་བསྒོམ་པ་སོགས་འཇིག་རྟེན་པའི་དངོས་གྲུབ་ཀྱི་སླད་དུའོ། །ཐ་མ་ཡང་བླ་མར་བྱེད་ཅིང་སྨོད་པར་མི་བྱེད་ན་དགེ་སྙེན་གྱི་བསླབ་པའི་གནས་ལྔའི་རྒྱུར་བསྡུ་བར་བྱའོ། །གསུམ་པ་སློབ་དཔོན་གྱིས་དཀྱིལ་འཁོར་བཞེངས་པ་དང་མཆོད་པ་སོགས་ལས་རབ་འབྱམས་བསྒྲུབ་པའི་དོན་དུ་ཕྱོགས་དང་དུས་དང་ས་སོགས་བརྟག་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། ནག་པའི་མཐར་ནི་ཞེས་སོགས་ཚིགས་བཅད་ལྔ་པ་ནས་དགུ་པའི་བར་གྱིས་བསྟན་ཏེ། འདིར་རྒྱུད་བསྟན་པ་དང་དབང་བསྐུར་བ་དང་རྣལ་འབྱོར་མ་རྣམས་མཆོད་པའི་དོན་དུ་དཀྱིལ་འཁོར་བཞེངས་པ་ལ་དུས་ནི་ནག་པའི་མཐར་ནི་ཞེས་པ་ནག་པ་ཟླ་བའི་མཐར་གྱུར་པ་དཀར་པོའི་ཚིགས་ཏེ་ཚེས་བཅོ་ལྔ་ལ་གཞན་ལ་ཕན་པའི་བསམ་སྦྱོར་རྣམ་པར་དག་པ་མངའ་བའི་བླ་མས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དག་ནི་བཞེངས་པར་བྱས་ནས། ཞེས་གསུངས་པ་ཉ་སྐར་དེ་ཤར་བ་ཡན་ཆོད་ཀྱི་ཚེས་ཞག་སུམ་ཅུ་ལ་སྐར་མ་དེའི་ཟླ་བར་བསྟན་བཅོས་པ་རྣམས་འདོད་པ་ལྟར་སྐབས་འདིར་ཚེས་བཅོ་ལྔ་ནག་ཟླའི་མཐའ་ཡིན་པའི་དབང་དུ་བྱས་ཏེ། ཚེས་བཅོ་ལྔ་དེ་ལ་དཀྱིལ་འཁོར་བཞེངས་པ་ནི། འཕགས་པའི་ཡུལ་དུ་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཡོངས་སུ་རྫོགས་པ་བཅོ་ལྔའི་མཐར་ནག་

p. 17

པའི་ཚེས་གཅིག་འཇུག་པའི་ས་གའི་ཉའི་ཐོ་རངས་སྐྱ་རེངས་འཆར་བའི་ཚེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ཨ་ཤྭཏྠའི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བས་ཐེག་པ་གསུམ་བསྟན་པར་མཛད་ནས། ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ། ཤྲཱི་དྷཱ་ནྱ་ཀ་ཊ་ཞེས་པ་དཔལ་འབྲས་སྤུངས་ཏེ། དྷཱ་ན་སོ་བ་དང་ཀ་ཊ་ཀ་སྤུངས་པའོ། །སྔོན་གྲུབ་པ་ཐོབ་པའི་དྲང་སྲོང་ཞིག་གིས་འབྲས་སོ་བའི་ཆར་ཕབ་པ་ལས་མིང་དེ་ལྟར་ཐོགས་པའི་ཡུལ་དེར་འབྲས་སྤུངས་ཀྱི་མཆོད་རྟེན་ཞེས་པ་དེའི་ཁྲིའི་ནང་དུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཞེས་བྱ་བ་ཆ་བཅུ་དྲུག་གི་རྣམ་པར་དབྱེ་བའི་མཚན་ཉིད་ཅན་དང་། དེའི་སྟེང་གི་བུམ་པའི་ནང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆ་བཅུ་དྲུག་གི་རྣམ་པར་དབྱེ་བ་ཅན་དུ་དང་པོའི་སངས་རྒྱས་ཀྱི་ལྷ་ཚོགས་རྣམ་པར་སྤྲོས་ཏེ་ལྷ་གྲངས་རྒྱུ་སྐར་འཁོར་ལོའི་ཆུ་ཚོད་ཀྱི་གྲངས་དང་མཉམ་པའོ། །མཆོད་རྟེན་འདི་ལ་རྒྱུ་སྐར་གྱི་དཀྱིལ་འཁོར་ཞེས་བརྗོད་པ་ནི། མཆོད་རྟེན་གྱི་ཕྱི་རོལ་དུ་རྒྱུ་སྐར་ཉེར་བརྒྱད་དག་པའི་ཀ་བ་ཉེར་བརྒྱད་ཕྱོགས་བཞིར་བདུན་རེ་སྟེ་ཤར་གྱི་དེ་བདུན་ཁྱབ་འཇུག་གིས་ཁྱེར་ཏེ་འོང་ནས་བཙུགས་པ་དང་། དེ་བཞིན་ལྷོར་གཞོན་ནུ་ཀརྟི་ཀ་གདོང་དྲུག་དང་། །ནུབ་ཏུ་ཚངས་པ། བྱང་དུ་བདེ་བྱེད་དེ་དབང་ཕྱུག་གིས་བཙུགས་པས་དེ་ལྟར་གྲགས་སོ། །དེ་བཞིན་དུ་སྒོ་ལོགས་ཉེར་བཞི་ཕྱོགས་ཀྱི་དབྱེ་བས་ཞེས་པ། བླ་མ་ཁ་ཅིག་ཀ་བ་གཉིས་རེའི་བར་གྱི་སྒོ་ལོགས་ཉེར་བཞི་ཕྱོགས་ཀྱིས་དབྱེ་བས་གནས་ལ། ལྷག་མ་ཀ་བའི་བར་གྱི་གནས་བཞི་སྒོ་ཡིན་པར་དོན་གྱིས་གསལ་ལོ་ཞེས་འཆད། རྨ་འགྱུར་ལས་སྒོའི་ལོགས་ཉེར་བཞི་ཟླ་ཕྱེད་ཀྱི་ཆས་དབྱེ་བས་ཞེས་པ་ལྟར་ན་ཐུགས་གསུང་སྐུའི་དཀྱིལ་འཁོར་གྱི་སྒོ་བཅུ་གཉིས་ལ་སྒོ་

p. 18

ལོགས་ཉེར་བཞི་ཡོད་པ་ལོ་གཅིག་གི་ཟླ་ཕྱེད་ཉེར་བཞི་དག་པའི་དོན་དང་། ཡང་ན་ཀ་བ་ཉེར་བརྒྱད་དེ་ཕྱོགས་བཞིར་ཀ་བ་དྲུག་རེ་སྟེ་ཉེར་བཞི་དང་། དེའི་ཤུགས་ཀྱིས་ལྷག་མའི་ཀ་བ་བཞི་མཚམས་བཞིར་བཙུགས་པར་ཤེས་སོ་ཞེས་འཆད།གཞན་འོག་གི་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆ་བཅུ་དྲུག་དང་ལྡན་པ་ནི་སྟོང་ཉིད་སྙིང་རྗེ་བཅུ་དྲུག་རྣམ་པར་དག་པའི་གནས་ཉིད་དེ། གནས་དེར་ཉིན་ཞག་དེ་ཉིད་ལ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་དབང་བསྐུར་ནས་ལྷ་དང་ལྷ་མིན་སོགས་དེར་འདུས་པ་རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་པའི་དུས་ཡིན་པ་འདིའི་དབང་གིས་མ་འོངས་པའི་དུས་སུ་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་དཀྱིལ་འཁོར་བཞེངས་པ་ལ་དུས་ཀྱི་འཁོར་ལོ་ལས་ཉ་འདི་ནི་དུས་ཀྱི་ངེས་པར་བསྟན་ཏོ། །ཞེས་གསུངས། འགྲེལ་པའི་གསུང་འདི་ལ་བརྟེན་ནས་སྔ་མ་འགས་བཅོམ་ལྡན་འདས་ས་གའི་ཉ་ལ་སངས་རྒྱས་པ་དེ་ནས་བརྩིས་པའི་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་དུས་འཁོར་རྒྱུད་གསུངས་པར་བཞེད་ཅིང་། བསྟན་རྩིས་སོགས་དང་གཟའ་འཛིན་སོགས་ལའང་འགྲིག་ཚུལ་གསུངས། ཕུགས་པའི་ལུགས་ལ་བཅོམ་ལྡན་འདས་ཀྱིས་ནག་ཉ་ལ་དུས་འཁོར་གསུངས་པའི་ཟླ་བ་ཕྱི་མ་ས་གའི་ཉ་ལ་མྱ་ངན་ལས་འདས་བར་བཞེད། སངས་རྒྱས་པའི་དུས་ས་ག་ཟླ་བ་ནས་བརྩིས་པའི་ཟླ་བ་བཅུ་གཉིས་པ་ནག་ཟླ་ཡིན་པ་ཙམ་ལ་བཞེད་པ་སོགས་བསྟན་རྩིས་དང་། བཅོམ་ལྡན་འདས་འཁྲུངས་ལོ་སོགས་ལ་བཞེད་པར་མི་འདྲ་བ་དུ་མར་སྣང་བ་ནི་སོ་སོའི་ཡིག་འཇོག་ལས་ཤེས་སོ། །སྐབས་འདིར་འཕྲོས་དོན་ཅུང་ཟད་དཔྱད་ན། དབང་མདོར་བསྟན་གྱི་འགྲེལ་པར་དུས་འཁོར་རྩ་རྒྱུད་ལུང་དྲངས་པར། མདུན་གྱི་ཉ་བ་ཟླ་བར་ཏེ། །རྒྱབ་ཀྱི་ཉ་བ་ཉི་མ་ལའོ། །གཡོན་གྱི་མུན་ཅན་གདོང་པ་ལ། །གཡས་ཀྱི་མཇུག་མར་གནས་པ་ནི། །འཇིག་

p. 19

རྟེན་གསུམ་ལས་རྣམ་རྒྱལ་བ། །ཞེས་བྱ་བདུད་ནི་འཇོམས་པའི་དུས། །དེར་ནི་སྟོན་པ་ཤར་གྱི་ཞལ། །རིན་ཆེན་སེང་གེའི་ཁྲི་ལ་བཞུགས། །ཞེས་གསུངས་པ་ལྟར་ན་ལོ་དེའི་ནག་ཉར་སྲོད་ཀྱི་དུས་སུ་སྟོན་པ་ཞལ་ཤར་དུ་ཕྱོགས་ཏེ་རྩ་རྒྱུད་བསྟན་པ་ཡིན་ན་སྲིད་གསུམ་རྣམ་རྒྱལ་གྱི་དུས་སྦྱོར་འདིར་གསུངས་པ་ལྟར་འགྲིགས་ཀྱི། ཉི་ཤར་གྱི་དུས་ཡིན་ན་འདི་ལས་གོ་ལྡོག་ཏུ་འགྱུར་ལ། ཕྱིས་ཀྱི་རྩིས་ཡིག་ཕལ་ཆེར་ན་ཉི་མ་མདུན་ཟླ་བ་རྒྱབ་ཏུ་བྱས་པ་སྣང་སྟེ་སྲིད་གསུམ་རྣམ་རྒྱལ་གྱི་ཐེབས་དུས་ལས་གོ་བཟློག་པར་སྣང་། ལུགས་འདི་ལ་བརྟེན་ནས་རྩིས་གཞི་སོ་སོའི་ལུགས་བཞིན་དེ་ཉིན་གྱི་ཉིན་རྩིས་བྱས་ན་ཉི་ཟླ་གདོང་མཇུག་བཞི་འདིར་གསུངས་པ་ལྟར་སུ་དང་འགྲིགས་དཔྱད་དུ་ཡོད་ཅིང་། དེར་བརྟེན་རྩིས་འཕྲོ་འཚོལ་ཚུལ་གྱི་གནད་སོགས་ལ་ཅི་རིགས་གོ་རྒྱུ་ཡོད་པ་འདྲ་སྙམ་སྟེ་བློ་ལྡན་དག་གིས་བརྟག་པར་བྱོས་ཤིག །དེ་ལྟར་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས་ནས། སྡིག་པའི་དྲི་མ་འཕྲོག་པར་བྱེད་པའི་དབང་བདུན་པོ་རྣམས་ནི་དཀྱིལ་འཁོར་བསྒོམ་པ། མཆོད་ཅིང་སྔགས་བཟླས་པ་སོགས་ཀྱི་བསོད་ནམས་ཀྱི་དོན་དུ་སློབ་བུ་རྣམས་དག་ལ་སྦྱིན་པར་བྱ་ཞིང་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་སྦྱིན་པར་བྱའོ། །རང་གི་ཤ་ལ་སོགས་པ་གང་གཏོང་བ་ལྟ་བུའི་ཤིན་ཏུ་འདོད་པ་འབུལ་ཞིང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་དུ་གཉེར་བ་ལ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་བསྒོམ་པའི་དོན་དང་། དེ་ལས་མི་འགྱུར་བའི་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པ་ཡེ་ཤེས་ཚོགས་ཀྱི་དོན་དུ་དབང་གོང་མ་གསུམ་སྦྱིན་ཞིང་། དབང་བཞི་པ་མན་ངག་གིས་བརྗོད་པར་བྱའོ། །ཞེས་བཅོམ་ལྡན་འདས་ཀྱི་དབང་གི་ངེས་པའོ། །དེ་ལྟར་ནག་པའི་ཉ་གཙོ་བོར་བྱས་པའི་ཉ་བཅུ་གཉིས་པོ་རྣམས་ལ་དབང་བསྐུར་བ་དང་སྐུ་གཟུགས་སོགས་རབ་གནས་བྱ་ཞིང་། དེ་བཞིན་དུ་རྒྱུ་སྐར་

p. 20

དང་སྦྱོར་བ་དགེ་བའི་ཉིན་ཞག་གཞན་ལའང་བྱ་རུང་ངོ་། །ནག་པའི་ཉ་ལ་དཀྱིལ་འཁོར་བྲིས་ནས་སམ་ཡང་ན་དཀྱིལ་འཁོར་བྲིས་པ་མེད་པར་ཡང་རུང་། མཐའ་དག་ཡོན་ཏན་གཏེར་དུ་གྱུར་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ནི་སློབ་མ་རྣམས་ལ་བསྟན་པའི་སླད་དུ་ལྷའི་རྣལ་འབྱོར་བསྒོམ་པ་སྔོན་དུ་བཏང་ནས་ཕྱི་རོལ་གྱི་རྣལ་འབྱོ༷ར་མ་རྣམས་དག་ལ་བཟའ་བ་དང་བཏུང་བ་ལ་སོགས་པས་མཆོད་པ་བྱའོ། །ཅི་སྟེ་མཆོད་པའི་ཡོ་བྱད་མ་ཚོགས་ནས་ནག་པའི་ཉ་ལ་མཆོད་པ་མེད་པར་གྱུར་ན་དེའི་ཚེ་ལོ་གཅིག་དག་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་དག་ལས་ཞེས་པ་དག་ནི་ཞེས་པ་སྟེ། བླ་མས་བསྟན་པར་མི་བྱའོ། །ཅི་སྟེ་སློབ་མར་འོས་པ་འབྱོར་མེད་འགས་རྒྱུད་དོན་དུ་གཉེར་ན་འབྱོར་ལྡན་སློབ་མ་གཞན་གྱིས་ཉ་བཅུ་གཉིས་སུ་རྣལ་འབྱོར་མ་མཆོད་པ་བྱས་ནས་དེའི་བསོད་ནམས་ཀྱི་ཚོགས་ཀྱི་ཞར་ལ་གཞན་དག་གིས་ཀྱང་མཉན་པར་བྱའོ། །འདིར་ཕྱིའི་བགེགས་ཞི་བའི་དོན་དུ་རྟག་ཏུ་ཚེས་བརྒྱད་དང་བཅུ་བཞི་ལ་རྣལ་འབྱོར་མ་རྣམས་ལ་མཆོད་པ་ཇི་འབྱོར་བྱ་བ་དང་། འབྱུང་པོ་རྣམས་ལ་ཉིན་ཞག་སོ་སོར་གཏོར་མ་སྦྱིན་པ་དང་། སངས་རྒྱས་ལ་མཆོད་པ་མཎྜལ་སོགས་བྱ་བ་ནི། ཁྱིམ་གནས་ནོར་ལྡན་རྣམས་ཀྱི་ངེས་པའོ། །ཀུན་སྤངས་ཀྱི་སློབ་མ་ལ་ནི་མཆོད་པ་དེ་ལྟ་བུ་ངེས་པ་མེད་པས་དེ་རྣམས་ལ་རྒྱུད་བསྟན་པ་ལ་མཆོད་པའི་ངེས་པ་བླ་མ་རྣམས་ཀྱིས་ཀྱང་མི་བྱ་སྟེ། གང་ཕྱིར་སངས་རྒྱས་དང་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱང་ལྷག་པའི་བསམ་པ་གཙོ་བོར་འཛིན་པར་བྱེད་ཀྱི་མཆོད་པ་སོགས་ཀྱི་དངོས་པོ་གཙོ་བོར་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །རྒྱུད་བསྟན་པའི་མཆོད་པའི་ངེས་པའོ། །དེ་ནས་དབང་གི་དོན་དུ་ས་ནི་ཡོངས་སུ་བརྟག་སྟེ་ལས་དང་རྗེས་སུ་མཐུན་པ་གཟུང་བ་དང་། ནགས་ཚལ་དང་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གི་ཕྱོགས་ཀྱི་ཆ་གང་ལ་གང་ཤིས་དག་དང་། སྦྱིན་སྲེག་གི་ཐབ་ཁུང་རྣམས་ཀྱི་མཚན་ཉིད་དང་ནི་བུམ་

p. 21

པ་དང་བཅས་པའི་རྡུལ་ཚོན་དང་། སྦྱིན་སྲེག་དང་། ཕུར་བུ་དང་འཁྲུལ་འཁོར་ལ་སོགས་པ་དང་། སློབ་མ་རྣམས་ནི་བསྡུ་བ་དག་དང་། གང་ཡང་རྒྱལ་བའི་བདག་པོ་མཆོག་གི་དཀྱིལ་འཁོར་བྲི༷་བ་དག་ཤེས་ནས་རྡོ་རྗེ་སློབ་དཔོན་གྱིས་ནི། ཞི་སོགས་དགེ་བའི་ལས་དང་། བསད་བསྐྲད་སོགས་དྲག་པོའམ་མི་དགེའི་ལས་ཀྱི་འབྲས་བུ་བསྒྲུབ་པའི་སླད་དུ། ཞི་བ་དང་རྒྱས་པ་ལ་སོགས་ལས་བཅུ་གཉིས་པོ་མཐའ་དག་རབ་ཏུ་བྱའོ་ཞེས་སྤྱིར་བསྟན་པ་སྟེ་རྒྱས་པར་རྗེས་སུ་འཆད་པར་འགྱུར་རོ། །གདུག་པའི་སློབ་དཔོན་རྫས་ལ་ཆགས་པས་དཀྱིལ་འཁོར་བྲི་བ་སོགས་ཚུལ་བཞིན་ཤེས་པ་མེད་པ་དག་གིས་རྫས་ཀྱི་དོན་དུ་དབང་བསྐུར་བ་སོགས་ནི་དམྱལ་བར་འགྲོ་བར་ཤུགས་ཀྱིས་བསྟན་ཏོ། །ས་བརྟག་པ་ལ་འཇིག་རྟེན་གྱི་ཐ་སྙད་ཀྱི་ས་ཡི་རིགས་ནི་སོ་སོའི་ཡོན་ཏན་གྱི་དབང་གིས་རྣམ་པ་བཞིར་འགྱུར་བ་ནི་དམངས་རིགས་དང་རྗེའུ་དང་རྒྱལ་པོ་དང་བྲམ་ཟེ་སྟེ་རིམ་པ་བཞིན་སའང་ཁ་དོག་གནག་དང་སེར་དང་དམར་བ་དང་ནི་རི་བོང་འཛིན་པ་ལྟར་དཀར་བའི་ཁ་དོག་རྣམས་ཀྱིས་རིགས་དེ་དག་ཏུ་རིག་པར་བྱ་སྟེ་དམངས་རིགས་གནག་པ་ནས་བྲམ་ཟེ་རིགས་དཀར་བའི་བར་དུའོ། །དེ་བཞིན་དུ་དྲིའི་དབང་དུ་བྱས་ན་རུལ་བ་རྣག་གི་དྲི་ལྟ་བུ་དམངས་རིགས་དང་། ཆུ་ལས་སྐྱེས་པ་ལན་ཚའི་དྲི་ཅན་རྗེ་རིགས་དང་། པདྨའི་དྲི་ལྟ་བུ་རྒྱལ་རིགས་དང་། མཆོག་གི་དྲི་སྟེ་ཙན་དན་སོགས་དྲི་བཟང་མཆོག་གི་དྲི་བྲོ་བ་རྣམས་བྲམ་ཟེའི་རིགས་ཏེ་དེ་ལྟར་རིམ་པས་ནོར་གྱི་བློ་གྲོས་མའམ་ནོར་ལྡན་མ་ཞེས་པ་ས་གཞིའི་མིང་སྟེ་ས་གཞི་རིགས་བཞི་དག་ཏུ་འགྱུར་རོ། །རོ་ཡི་དབང་དུ་བྱས་ན། སྐྱུར་བ་དང་ལན་ཚྭ་བའི་རོ་ནི་དམངས་རིགས་དང་། མངར་དང་ཚ་བ་རྗེ་རིགས་དང་མི་བདག་སྟེ་མངར་བ་རྗེ་རིགས་དང་ཚ་བ་རྒྱལ་རིགས་སོ། །དེ་དག་ལས་གཞན་པ་ཁ་བ་བསྐ་བ་གཉིས་པོ་དག་ནི་གཉིས་སྐྱེས་

p. 22

བྲམ་ཟེའི་རིགས་སོ། །དེ་ནས་ཞི་སོགས་ལས་ཀྱི་དབྱེ་བའི་ཁྱད་པར་ནི་ས་ཁ་དོག་དཀར་པོ་དག་ནི་ཞི་བ་དང་རྒྱས་པ་ལ་སྟེ། སྤྲིན་ནག་པོ་དང་མཚུངས། བསད་པ་དང་བསྐྲད་པ་དག་ལ་ཡང་ངོ་། །དམར་པོ་དབང་དང་དགུག་པ་ལ་སྟེ། མཆོག་གི་གསེར་དང་མཚུངས་པ་སེར་པོ་ནི་རེངས་དང་རྨོངས་པ་ཡི་ལས་དག་ལ་ཡང་འགྱུར་རོ། །ཡང་ཡིག་ལས་དུག་གཞིལ་བ་ལ་སོགས་པ་ཞེས་པ། དབྱེ་བ་དང་། རིམས་བསྐྱེད་པ་དང་། ཕུར་བུས་གདབ་པ་རྣམས་ལ་ཞི་སོགས་ལས་བཞི་སྔ་མའི་རིམ་པ་ཇི་ལྟ་བས་འགྱུར་རོ། །འདིར་ལས་ཀྱི་ཆ་ནི་ཐམས་ཅད་པ་དག་ལ་ལྗང་གུར་འགྱུར་ཏེ། ལྗང་གུ་འདི་ནི་ཁ་དོག་ལྔ་པ་དང་ནི་རིགས་ལྔ་པ་མཐའ་མ་གདོལ་པའམ་མཐར་སྐྱེས་དག་གི་རིགས་ཡིན་ལ། ཁ་དོག་ཀྱང་སྔ་མ་བཞི་ལས་གཞན་པའི་ལྔ་པ་ལྗང་གུ་ནམ་མཁའི་ཁ་དོག་ཉིད་དོ། །ས་གང་ལ་རོ་དང་དྲི་རྣམས་ཐམས་ཅད་དང་ལྡན་པ་ནི་ལས་མཐའ་དག་གི་ཡོན་ཏན་གཏེར་དེ་ནི་རྣལ་འབྱོར་པ་ཡིས་ནམ་མཁའི་ཁམས་ཉིད་དུ་རིག་པར་བྱའོ། །དེ་ལྟར་ས་བརྟག་པའི་ངེས་པའོ། །གལ་ཏེ་ཞི་སོགས་ལས་ཀྱི་དོན་དུ་དེ་འདྲའི་མཚན་ཉིད་ཐམས་ཅད་གཅིག་ཏུ་ཚང་བ་ཕྱོགས་ཀྱི་ཆ་ཐམས་ཅད་དུ་རྙེད་དཀའ་ན་ཡང་དུས་འཁོར་རྩ་བའི་རྒྱུད་དུ་གསུངས་པ། འདིར་གང་དུ་ལས་དང་རྗེས་སུ་མཐུན་པའི་ས་མེད་ན་དཀྱིལ་འཁོར་བྱ་བའི་གཞི་དེ་ཆུའམ་རྡོ་བ་ལ་ཐུག་གི་བར་དུ་བརྐོས་ནས་དེར་ལས་དང་མཐུན་པའི་སས་བཀང་ལ་ས་དཀར་པོ་ལ་ཙན་དན་གྱི་ཆུ་དང་། དམར་པོ་ལ་པདྨའི་ཆུ་དང་ཙན་དན་དམར་པོའི་ཆུ་དང་། སེར་པོ་ལ་རྟ་བོང་མི་ཡི་གཅིན་དང་། ནག་པོ་ལ་ཤ་རུལ་བའི་ཆུས་བྲན་པར་བྱས་ཏེ། རོ་བྲོ་བའི་དོན་དུ་ས་ནག་པོ་ལ་ལན་ཚྭ་དང་སྐྱུར་བ་བསྲེ་བར་བྱ་ལ། སེར་པོ་ལ་བུ་རམ། དམར་པོ་ལ་ཚ་བ་གསུམ་དཀར་པོ་ལ་ཁ་བ་བསྐ་བ་བསྲེ་བར་བྱ་ཞིང་། ལྗང་གུ་ལས་

p. 23

ཐམས་ཅད་པ་ཉིད་ཀྱི་ཕྱིར་ཅི་ཡང་བསྲེ་བར་མི་བྱའོ། །དེ་བཞིན་ལས་སོ་སོ་དང་མཐུན་པའི་གཏེར་གཞུག་པ་ནི། ནག་པོ་ལ་ནི་གསད་པ་ལ་མི་རུས་དང་། བསྐྲད་པ་ལ་བྱ་རོག་གི་མཇུག་སྒྲོ་དང་། སྡང་བ་ལ་བོང་བུའི་རུས་པའོ། །སེར་པོ་ལ་ནི་ཕུར་བུས་གདབ་པ་ལ་ལུག་གི་རྭ་དང་། རེངས་པ་ལ་བ་བླ། རྨོངས་པ་ལ་སྦྲུལ་གྱི་མགོའམ་ཤའོ། །དམར་པོ་ལ་ནི། དབང་ལ་གི་ཝཾ། དགུག་པ་ལ་མཚལ། བསྐྱོད་པ་ལ་སྡོང་རོས་སོ། །དཀར་པོ་ལ་ནི་ཞི་བ་ལ་ཤེལ་དང་། རྒྱས་པ་ལ་དུང་དང་། རིམས་འཕྲོག་པ་དང་། བསྲེག་པ་ལ་མུ་ཏིག་གོ། ལྗང་གུ་ལ་ཅུང་ཟད་མི་གཞུག་པའམ། ཅི་སྟེ་ཐུན་མོང་གི་ལས་ཐམས་ཅད་པ་ཡིན་ན་ས་ཡི་སྙིང་པོར་རིན་ཆེན་ལྔ་གཞུག་པར་བྱའོ། །དཀར་པོ་དང་དམར་པོ་ལ་ཡང་རིན་ཆེན་ལྔ་གཞུག་གོ། ལས་ཐམས་ཅད་པ་ལ་དྲག་པོའི་རྫས་རྣམས་སྤང་བར་བྱ་སྟེ། ལས་ཐམས་ཅད་པ་ཞེས་པ། ཞི་བ་སོགས་དང་དབང་ལ་སོགས་པ་ལས་དྲུག་པོ་ཐམས་ཅད་བྱེད་པ་ཡིན་གྱི་བསད་པ་སོགས་དང་ཕུར་བུས་གདབ་པ་སོགས་དྲུག་ནི་མ་ཡིན་ནོ། །དེ་དག་ས་བརྟག་པའི་ངེས་པའོ། །ད་ནི་ལས་ཀྱི་དོན་དུ་ཕྱོགས་ཀྱི་ཆ་གསུངས་པ། གྲོང་སྤྱིའི་དབང་ལྡན་དང་ནི་བྱང་གི་ཕྱོགས་ཀྱིས་གཞི་དག་ལ་རིམ་བཞིན་ལས་སོ་སོ་བའི་ཞི་བ་དང་ནི་རྒྱས་པ་དག་ཏུ་འགྱུར་བ་སྟེ། དབང་ལྡན་དུ་ཞི་བ། བྱང་དུ་རྒྱས་པའོ། །དེ་ཡང་རྒྱལ་པོ་ཆེན་པོའི་གནས་ཀྱི་ཕྱོགས་བརྒྱད་ན་རོ་སྲེག་པ་སོགས་ཀྱི་དུར་ཁྲོད་བརྒྱད་ཡོད་པ་དེར་ནི་དབང་ལྡན་དང་བྱང་དུ་ཞི་རྒྱས་མི་འགྲུབ་པས་རྒྱལ་པོའི་ཁབ་ཀྱི་དབང་ལྡན་དང་བྱང་དུ་ཞི་རྒྱས་བྱའོ། །ལས་ལྷག་མ་ལ་ཁྱད་མེད་དོ། །དེ་བཞིན་དུ་མེ་ཡི་མཚམས་དང་ཤར་གྱི་ཕྱོགས་ཆར་ནི། རིམ་པར་རབ་ཏུ་གསལ་ཞིང་ངེས་པར་གསད་པ་དག་དང་བསྐྲད་པའོ། །བསྐྲད་པ་དང་དབྱེ་བ་ཕྱོགས་འདྲ་སྟེ་ཤར་དུའོ། །བདེན་བྲལ་དང་ནི་ལྷོ༷་ཕྱོགས་

p. 24

སུ་ཡང་གསལ་བར་རྟག་ཏུ་དབང་དུ་བྱ་དང་དགུག་པ་དག་ཀྱང་ངོ་། །རླུང་གི་མཚམས་དང་ནུབ་ཀྱི་ཕྱོགས་སུ་ངེས་པར་ནི་ཀྱེ་མཆོག་གི་མི་བདག་ཅེས་བོས་ནས་རེངས་པ་དང་ནི་རྨོངས་པ་བྱའོ། །ཕུར་བུས་གདབ་པ་ཡང་ནུབ་ཏུའོ། །གྲོང་གི་དབུས་སུ་ལས་ཐམས་ཅད་པའི་ཐབ་དང་སྦྱིན་སྲེག་སྔགས་པས་བྱའོ། །གྲོང་གི་ཕྱོགས་བརྒྱད་ཀྱི་ཆར་ལས་སོ་སོ་བྱེད་པའི་ངེས་པའོ། །བཞི་པ་ཐབ་ཁུང་ལ་སོགས་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱི་གནས་པ་ནི། ཐབ་ཁུང་གྲོང་གི་སོགས་ཚིགས་བཅད་བཅུ་པ་ནས་ཉེར་གཉིས་པའི་བར་གྱིས་བསྟན་ཏེ། དང་པོ་ཐབ་ཁུང་གི་མཚན་ཉིད་གསུངས་པ་སྦྱིན་སྲེག་གི་ཐབ་ཁུང་ནི་བཤད་མ་ཐག་པ་ལྟར་གྲོང་གི་ཕྱོགས་བརྒྱད་པོ་དེ་དག་ཏུ་ངེས་པར་རབ་ཏུ་བྱ་བར་འགྱུར་ཏེ། ཐབ་ཁུང་གི་དབྱིབས་ནི། ཞི་བ་ལ་ཟླུམ་པོ་དང་ནི་རྒྱས་པ་ལ་ཆུ་གཏེར་ཟུར་ཏེ་གྲུ་བཞི། གསད་པ་ཟླ་ཁམ་སྟེ་གཞུའི་རྣམ་པ་དང་། དབྱེ་བ་ལ་ཟུར་ལྔ་པ་དང་། རང་བཞིན་ཡོན་ཏན་དབང་གིས་ཞེས་པ་བར་གྱི་གསལ་བྱེད་དེ་ལས་ཀུན་ལའང་དེ་ལྟར་ཡོན་ཏན་དབང་གིས་དབྱིབས་དེ་ལྟར་འགྱུར་བ་ཤེས་པར་བྱས་ཏེ། དགུག་པ་ལ་ཟུར་བདུན་པ་དང་། དབང་ལ་ཟུར་ནི་གསུམ་པ་དང་། ཞེས་སོ། །འགྲེལ་པར་ཟུར་གསུམ་པ་སྔོན་དུ་གསུངས་ཀྱང་རྒྱུད་རྩ་བར་སྡེབ་སྦྱོར་གྱི་དབང་གིས་སོ། །རྨོངས་པ་ལ་ཟུར་དྲུག་པ་དང་། རེངས་བ་ལ་ཟུར་བརྒྱད་པར་འགྱུར་རོ། །འདི་རྣམས་ཀྱི་མཚན་ཉིད་སྦྱིན་སྲེག་གི་ཆོ་ག་ལས་འཆད་པར་འགྱུར་རོ། །འདིར་བསྟན་ཐབ་ཀྱི་དབྱིབས་དང་མཆོག་མི་འགྱུར་བ་དང་མདོར་བསྡུས་བཞི་པར་གསུངས་པ་དག་མི་འདྲ་བ་ནི་མེ་ལྷ་མཚན་མ་དང་སྲེག་རྫས་རྣམས་ཀྱི་དབང་གིས་དོན་ལ་འགལ་བ་མེད་ཀྱང་གཙོ་བོར་མདོར་བསྡུས་བཞི་པ་ལས་གསུངས་ལྟར་བཟུང་ཞེས་བཤད། ཁམས་སོ་སོའི་རིགས་ཀྱི་དབང་གིས་ཐབ་དེ་དག་རྣམས་ཀྱི་སྙིང་པོའི་མཚན་མ་ནི། ཐབ་ཁུང་ཟླུམ་པོའི་པདྨའི་

p. 25

ལྟེ་བར་མཚན་མ་ནི་པདྨ་གྲུ་བཞི་པ་ལ་འཁོར་ལོ་དང་། གཞུའི་རྣམ་པ་ལ་གྲི༷་གུག་དང་ཟུར་ལྔ་པ་ལ་རལ་གྲི༷་དང་ཟུར་གསུམ་པ་ལ་མདའ་ཞེས་བྱ་བ་དང་ཟུར་བདུན་པ་ལ་རྡོ་རྗེ་ལྕགས་ཀྱུ་དང་ཟུར་བརྒྱད་པ་ལ་ལྕགས་སྒྲོག་དག་དང་ཟུར་དྲུག་པ་རྨོངས་པ་ལ་སྦྲུལ་ལོ། །རྒྱུད་འདིར་སྦྲུལ་དང་ལྕགས་སྒྲོག་གོང་གི་གོ་རིམ་ལས་བཟློག་པ་ནི་སྡེབ་སྦྱོར་གྱི་དབང་གིས་སོ། །ཐབ་ཁུང་གི་མཚན་མའི་ངེས་པའོ། །དེ་ནས་ཐབ་ཀྱི་ཚད་གསུངས་པ་ཟླུམ་པོ་ནི་ཁྲུ་གཅིག་པ་དང་། གྲུ་བཞི་པ་ཁྲུ་གཉིས་དང་། གཞུའི་རྣམ་པ་ཁྲུ་ཕྱེད་པ་དང་། ཟུར་ལྔ་པ་ནི་ཞི་ཐབ་དང་འདྲ་བར་གཅིག་ནི་ཁྲུ་སྟེ་ཞེས་ཁྲུ་གཅིག་གོ། དགུག་ཐབ་ཟུར་བདུན་པ་ནི་མཁའ་དུས་ཏེ་སོར་བཞི་བཅུ་དང་། དབང་ཐབ་ཟུར་གསུམ་པ་སོར་མཁའ་མིག་སྟེ་ཉི་ཤུ་དང་། །ཟུར་དྲུག་པ་ནི་མཁའ་མེ་སྟེ་སོར་སུམ་ཅུ་དང་ཟུར་བརྒྱད་པ་ནི་སོར་མཁའ་དུས་ཞེས་དྲུག་ཅུ་ཐམ་པ་དག་གི་ནི་སོར་དུ་འགྱུར་རོ། །ཐབ་དེ་ཐམས་ཅད་ཀྱི་རང་རང་གི་ཐད་ཀའི་ཚད་ཀྱི་ཕྱེད་ཀྱི་ཡན་ལག་གམ་ཚད་ནི་ཟབས་ཡིན་པ་སོགས་གོང་འོག་རིམ་པར་སྦྱར་ལ། །དྲུག་གི་ཆ་ཤས་དང་། ཉི་མ་སྟེ་བཅུ་གཉིས་ཀྱི་ཆ་ཤས་དང་། ཡང་ཉི་མའི་ཆ་ཤས་དག་གིས་རིམ་བཞིན་ཟབས་དང་། ཁ་ཁྱེར་དང་། མཆུ་དང་། མཚན་མའི་ཕྲེང་བར་འགྱུར་ཏེ། མཚན་མའི་ཕྲེང་བ་དེ་གང་དུ་བྱ་ཞེ་ན་ཁ་ཁྱེར་དག་གི་སྟེང་དུ་ལས་སོ་སོའི་རིགས་ཀྱི་དབང་གིས་གོང་བཤད་པདྨ་ལ་སོགས་པའི་མཚན་མ་བརྒྱད་པོ་དེ་དག་ཕྱོགས་ཀུན་ནས་འཁོར་བར་གནས་སོ། །ཁ་ཁྱེར་གྱི་ཕྱི་རོལ་དུ་ཡང་ཆུ་སྐྱེས་ཀྱི་འདབ་མ་རྣམས་ཡོད་པར་མཛོད་ཅིག་ཀྱེ་མི་བདག་ཆུ་སྐྱེས་འདབ་མ་དེ་ནི་ཞི་རྒྱས་ཀྱི་ཐབ་ལ་བྱ་སྟེ་ཐབ་གཞན་ལ་མིན་ཞིང་དེ་དག་གི་རྩིག་པའི་ཕྱི་རོལ་དུ་གཞན་བྱ་བ་འཆད་པར་འགྱུར་རོ། །ཡང་ན་ལས་ནི་ཐམས་ཅད་ལ་ཡང་ཐབ་ཁུང་གི་དབུས་སུ་རྡོ་རྗེར་འགྱུར་ཏེ་རྡོ་རྗེའི་མཚན་མ་བྲི་བ་ཁོ་ནར་བྱས་ཀྱང་རུང་ངོ་། །ད་ནི་ས་ལ་ཕྱོགས་བཅུར་

p. 26

གདབ་པའི་ཕུར་པ་དག་གི་དབྱེ་བ་བརྒྱད་གསུངས་ཏེ། གང་ཞེ་ན་ཞི་བ་ལ་ཤིང་ནྱ་གྲོ་དྷ་ཡི་ཕུར་པ་དང་། དེ་བཞིན་རྒྱས་པ་ལ་ཨ་ཤྭཏྠ་ཀ་དང་། གསད་པ་ལ་རུས་པ་དང་བསྐྲད་པ་ལྕགས་དང་། དབང་ལ་སེང་ལྡེ༷ང་ལས་སྐྱེས་པའམ་བྱས་པ་དང་། དགུག་པ་ལ་ཤིང་ཙུ་ཏ་ལས་སྐྱེས་པ་དང་། རེངས་པ་ལ་བི༷ལ་བ་ལས་སྐྱེས་པ་དང་། རྨོངས་པ་ལ་ཤིང་ཨརྐ་ལས་སྐྱེས་པ་དང་བརྒྱད་དོ། །ལས་ཐམས་ཅད་པ་ལ་ཨུ་དུ་མྦཱར་ལས་སྐྱེས་པའི་ཕུར་པའོ། །དེ་ནས་བུམ་པ་གསུངས་ཏེ། ལས་ཀྱི་ཁྱད་པར་གྱི་ཕུར་པ་སོ་སོར་བཤད་པ་དེ་བཞིན་དུ་ཞི་བ་ལ་ཤེལ་གྱི་བུམ་པ་དང་ནི། རྒྱས་པ་ལ་དངུལ་མཆོག་གི་རང་བཞིན་གྱི་བུམ་པ་དང་། བསད་པ་ལ་དཔལ་ལྡན་ཐོད་པ་སྟེ་མིའི་ཐོད་པ་དག་དང་། བསྐྲད་པ་དང་། དབྱེ་བ་ལ་ལྕགས་ཀྱི་བུམ་པ་དང་། དགུག་པ་ལ་ཟངས་ཞེས་བྱ་བ་དང་། དབང་ལ་གསེར་གྱི་བུམ་པ་དང་། རབ་གསལ་ངེས་པར་རྨོངས་པ་ལ་ཤིང་ལས་སྐྱེས་པའི་བུམ་པ་དང་། རེངས་པ་ལ་ས་ཡི་རང་བཞིན་གྱི་བུམ་པ་ཡིན་ནོ། །ཞི་རྒྱས་ཀྱི་བུམ་པ་དེ་དག་གི་ཚད་ནི་བུམ་པའི་ལྟོ་བ་ཟླུམ་པོ་ནི་ཐད་ཀར་བརྒྱད་གཉིས་སོར་དུ་བརྗོད་དེ་སོར་བཅུ་དྲུག་ཡིན་པས་དབུས་སྦོམ་པ་དེའི་མཐའ་བསྐོར་སུམ་འགྱུར་རོ། །གཉིས་ཀྱིས་བསྒྱུར་བའི་བཅུ་ཡིས་དཔངས་ཞེས་པ་བུམ་པའི་ལྟོ་བའི་འོག་ནས་སྟེང་གི་ཁའི་བར་གྱི་དཔངས་ཚད་སོར་ཉི་ཤུ་ཡོད་པ་དང་། སོར་གཉིས་དག་གིས་མཆུ་ཕྱོགས་ཀུན་ཏུ་འཕྱང་བའི་ཞིང་སོར་གཉིས་སོ། །ཁའི་བུག་པའི་མཚམས་ནས་མར་སོར་དྲུག་གི་དཔངས་ཚད་ཅན་གྱི་མགྲི༷ན་པ་ཕྲ་བའོ། །སོར་བརྒྱད་པ་ཁ་སྟེ་ཞེས་པ་སྟེང་གི་མཆུའི་མཐའ་ནས་མཐར་ཐད་ཀར་སོར་བརྒྱད་ཡོད་པས་སོར་བརྒྱད་ཆ་གསུམ་དུ་བྱས་པའི་ཆ་གཉིས་ནི་དབུས་ཀྱི་མགྲིན་པའི་བུ་གའོ། །ལྷག་མ་ཆ་གཅིག་ནི་མཆུ་ཕན་ཚུན་གྱི་ཞེང་ངོ་། །དེ་ལྟར་ཚད་དང་ལྡན་ཞིང་རི་བོང་འཛིན་པ་ལྟར་དཀར་བའི་བུམ་པ་ནི་ཞི་རྒྱས་ཀྱི་ལས་དག་ལའོ། །ཚད་དང་ཁ་དོག་འདི་

p. 27

དབང་སོགས་ལས་གཞན་གྱི་བུམ་པ་ལ་ནི་མིན་ནོ། །གལ་ཏེ་ཞི་རྒྱས་ལ་ཤེལ་དང་དངུལ་གྱི་བུམ་པ་དག་མེད་ན་སའི་རང་བཞིན་གྱི་བུམ་པ་ནག་པོ་མིན་པ་དང་རྩ་བ་སྟེ་ཞབས་གདན་མེད་པ་རྣམས་འབྲས་སཱ་ལི་བཏགས་པའམ་ཙནྡན་གྱིས་ཕྱུགས་ནས་དཀར་པོར་བྱའོ། །དེ་བཞིན་རྩ་བའི་རྒྱུད་ལས་གསུངས་པ། བསད་པ་ལ་མི་ཐོད་དུར་ཁྲོད་ཀྱི་སོལ་བའི་ཕྱེ་མ་དང་མིའི་ཞག་གིས་བྱུགས་ཏེ་ནག་པོར་བྱའོ། །བསྐྲད་པ་དང་དབྱེ་བ་ལ་བུམ་པ་མགྲིན་པ་རིང་པོ་སོར་བརྒྱད་པ་འཁྱོག་པོ་ལུས་ཕྲ་བ་ཟླུམ་པོ་སོར་བཅུ་གཉིས་པ་སྲིད་དུ་སོར་ཉེར་བཞི་དང་། མཆུ་སོར་གཅིག །ཁ་སོར་དྲུག་པའོ། །དབང་དང་དགུག་པ་འཇིག་རྟེན་ཐ་སྙད་ཀྱིས་བཟོ་བོས་ཇི་ལྟར་བྱས་པའོ། །རེངས་བ་ལ་སྦོམ་ཐུང་སྟེ་དཔངས་ཟླུམ་པོ་དང་འདྲ་བར་སོར་བཅུ་དྲུག་པ། མགྲིན་པ་སོར་བཞི། ཁ་སོར་དྲུག །མཆུ་མཐུག་པོ་སོར་གཉིས་པའོ། །ལས་ཐམས་ཅད་པར་ཞི་སོགས་དབང་སོགས་ཀྱི་ལས་ལ་གསུང་པ་རྣམས་བཟུང་བར་བྱའོ། །དེ་ནས་ཞི་བ་ལ་སོགས་པའི་དུས་གསུངས་པ། སྔ་དྲོ་ཡི་ཐུན་ཚོད་ནས་ནི་བཟུང་སྟེ་ཉིན་མཚན་གྱི་ཐུན་བརྒྱད་བྱས་པའི་ཐུན་བརྒྱད་པོ་རྣམས་ཉིན་ཞག་སོ་སོའི་དུས་སུ་ཞི་དང་རྒྱས་པ་སོགས་ལ་འགྱུར་ཞེས་པ་ཐུན་དང་པོ་ལ་ཞི་བ། གཉིས་པར་རྒྱས་པ། གསུམ་པར་བསད་པ། བཞི་པར་བསྐྲད་པ། ལྔ་པར་དབང་། དྲུག་པར་དགུག་པ། བདུན་པར་རྨོངས་པ། བརྒྱད་པར་རེངས་པ་བྱའོ་ཞེས་པ་ཐུན་མཚམས་ཀྱི་ངེས་པ་སྟེ་སྦྱིན་སྲེག་འབའ་ཞིག་ཏུ་མ་ཟད་ལས་སྒྲུབ་པ་ཐམས་ཅད་ལ་ཡང་དུས་དེ་ཡིན་ནོ། །དེ་བཞིན་ཐུན་མཚམས་དེ་ཡི་ཐུན་ཕྱེད་དག་ལ་ཉིན་དང་མཚན་མོའི་དུས་སུ་ལས་བརྒྱད་དག་ནི་རབ་ཏུ་བྱ་བ་ཡིན་ཏེ་ཉིན་གྱི་སྔ་དྲོའི་ཐུན་ཕྱེད་སྔ་མ་ལ་ཞི་བ་དང་། ཕྱེད་ཕྱི་མ་ལ་རྒྱས་པ་དང་། དེ་བཞིན་མཚན་མོའི་ཐུན་ཕྱེད་སྔ་མ་ལ་ཞི་བ་དང་། ཕྱེད་ཕྱི་མ་ལ་རྒྱས་པ་བྱ་བ་སོགས་ཏེ། འདིར་ཐུན་མཚམས་དང་། ཐུན་ཕྱེད་གཉིས་གསུངས་པ་ནི། འཆད་འགྱུར་འདུག་སྟངས་

p. 28

བཅིངས་ནས་ཐུན་ཚོད་གཅིག་གི་བར་དུ་སྦྱིན་སྲེག་བྱེད་པར་མ་ནུས་ན་དེའི་ཐུན་ཕྱེད་གཅིག་སྦྱིན་སྲེག་བྱས་ནས་ལས་བསྒྲུབ་པར་བྱ་ཞེས་ཤེས་པའི་ཆེད་དུ་གཉིས་ཀ་གསུངས་སོ། །ཉི་མ་གུང་དང་མཚན་ཕྱེད་དག་ནི་ཉིན་དང་མཚན་མོའི་དུས་སུ་ཞི་བ་དག་ལ་སྤང་བར་བྱ་སྟེ་དེ་དག་གདུག་པའི་དུས་ཡིན་པས་ཞི་རྒྱས་ཀྱི་ལས་ལ་སྤང་དགོས་སོ། །གཞན་ཡང་འཆར་བའི་དུས་སྦྱོར་ལ་མིག་དམར་སྤེན་པ་དུས་མེ་སྟེ་གདུག་པའི་གཟའ་རྣམས་གནས་པ་དག་ནི་འཆི་བའི་འཇིགས་པར་བྱེད་པ་དེ་བཞིན་ཉིད་དུ་འཇིག་རྟེན་ན་རབ་ཏུ་གྲགས་པ་ཡིན་པས་དེ་དག་ལ་ཞི་རྒྱས་ཀྱི་ལས་མི་བྱ་ཞིང་། གུང་གཉིས་དང་གདུག་པའི་དུས་སྦྱོར་དེ་དག་དྲག་པོའི་ལས་ལ་གཟུང་བྱ་ཡིན་ནོ། །དེ་ནས་ཞི་སོགས་ཀྱི་ཡམ་ཤིང་གསུངས་པ། འོ་མ་དང་བཅས་པའི་ཤིང་གི་ཡམ་ཤིང་མདའ་བརྒྱ་སྟེ་ལྔ་བརྒྱ་ནི་ཞི་དང་རྒྱས་པ་དག་ལ་ཡིན་ཏེ། འོ་མ་ཅན་གྱི་ཤིང་ལྔ་ནི། ཨུ་དུམྦཱར་དང་། ཨ་ཤྭ་ཏྠི་དང་། ནྱ་གྲོ་དྷཱ་དང་། བརྐཱ་ཊཱི་དང་། མདྷུ་བྲྀཀྴ་ལྔ་སྟེ་ཤིང་འདི་དག་རྒྱ་གར་ན་ཡོངས་སུ་གྲགས་པའོ། །མ་དྷུ་བྲྀ་ཀྴ་མངར་ཤིང་ཞེས་པ་འདི་ཤོང་པས་རྒུན་འབྲུམ་ཤིང་ཟེར་ཡང་། རྒུན་འབྲུམ་མིན་ཏེ་མེ་ཏོག་སེར་པོ་རོ་མངར་བ་ཡོད་པའི་ཤིང་མ་ཧཱ་བོ་དྷི་ན་མང་པོ་ཡོད་པར་བཤད། སྤྱིར་ཟ་ཤིང་དང་རོ་མངར་པའི་ཤིང་དུ་མ་ཡོད་པར་འདུག །གསད་པ་ལ་ནི་མི་ཡི་རུས་པ་མཐེའུ་ཆུང་གི་དབྱིངས་སུ་བྱས་པ་ལྔ་བརྒྱའི་གྲངས་སོ། །དབྱེ་བ་དང་བསྐྲད་པ་ལ་ནི་བྱ་རོག་གི་མཇུག་མ་དག་གི་སྒྲོ་ལྔ་བརྒྱའོ། །དབང་ལ་སེང་ལྡི༷ང་ལས་སྐྱེས་པའི་ཡམ་ཤིང་དང་། དགུག་པ་ལ་ཀེ༷ང་ཤུ་ཀ་ཏེ་ཅི་ནེ་ཙོ་ཞེས་པ་ནེ་ཙོའི་མཆུ་ལྟར་དམར་བའི་མཚན་མ་ལྡན་པ་ལཱ་ཤའི་ཤིང་ནི་རྒྱ་སྐྱེགས་ཀྱི་ཤིང་ངོ་། །དེ་ལྟར་ཤིང་དེ་གཉིས་དགུག་པ་དང་དབང་ལའོ། །དེ་བཞིན་དུ་བྱི་ལ་ཝ་ཡི་ཤིང་དང་། སྨྱོ༷་བྱེད་དྷ་དུ་རའི་ཤིང་དག་ནི་ཚད་ཁྲུ་ཕྱེད་པ་སོར་བཅུ་གཉིས་པ་དང་། མདའ་བརྒྱའི་གྲངས་རྣམས་རིམ་བཞིན་རེངས་པ་དང་ནི་རྨོངས་པ་དག་ལ་སྟེ། ཁྲུ་ཕྱེད་དང་མདའ་བརྒྱའི་

p. 29

གྲངས་ནི་གཞན་དག་ལའང་ཤེས་པར་བྱ་ཞིང་། སྦོམ་ཕྲ་ནི་མཐེའུ་ཆུང་ནས་མཐེ་བོའི་བར་གྱི་ཚད་གང་རུང་སྟེ། ཚད་ལས་ལྷག་པའམ་དམན་པ་གཟུང་བར་མི་བྱ་བ་ཡམ་ཤིང་གི་ངེས་པའོ། །དེ་ནས་སྦྱིན་སྲེག་གི་སྲེག་རྫས་རྣམས་གསུངས་པ། འདིར་ཞི་བ་ལ་བ་ཡི་འོ་མ་དང་དཱུར་བས་སྦྱིན་སྲེག་བྱ་བ་དེ་བཞིན་འདི་དང་འོག་གི་རྫས་སྦྲགས་ཏེ་ཤེས་པར་བྱ་ལ་རྒྱས་པར་མར་དང་། བསད་པར་ཁྲག་དང་། བསྐྲད་པ་དབྱེ་བ་ལ་མིའི་ཞག་དང་། དབང་ལ་ལུས་ཀྱི་རྔུལ་དང་། དགུག་པ་ལ་རྡོ་རྗེའི་ཆུ་གཅིན་དང་། རེངས་པ་ལ་མཆིལ་མ་དང་། རྨོངས་ལ་ཆང་རྣམས་བསྲེག་པར་བྱ་སྟེ་གཤེར་བའི་རྫས་འདི་དག་གིས་སྲེག་རྫས་རྣམས་སྦག་པར་བྱའོ། །གང་དང་གང་ལ་སྦག་པར་བྱ་ཞེ་ན། ཞི་བ་ལ་དཱུར་བ་དང་། རྒྱས་པ་ལ་འབྲུ་སྣ་ལྔ་བུམ་རྫས་ཀྱི་སྐབས་སུ་འཆད་པ་ལྟར་དང་། བསད་པ་ལ་ཤ་དང་དུག་ལྷན་ཅིག་པ་དང་བཅས་པ་དག་དང་། དེ་བཞིན་བསྐྲད་པ་དང་དབྱེ་བ་ལ་སྐྱེ་ཚེ་སྟེ་སྐེ་ཚེ་དང་། ལན་ཚྭ་ལྷན་ཅིག་པ་དང་། དབང་ལ་ཀ་ར་བཱི་རའི་མེ་ཏོག་དམར་པོ་ལ་སོགས་པ་དང་བཅས་པ་སྟེ། ཀ་ར་བཱི་རའི་མེ་ཏོག་ནི་རྒྱ་བལ་ན་རྟ་བོང་གི་རྔོ་གསོད་པར་བྱེད་པ་རིགས་དཀར་དམར་གཉིས་ལས་དམར་པོ་ཡིན་ལ་བོད་དུ་དེའི་ཚབ་རེ་ལྕགས་པ་དཀར་ནག་གཉིས་ལས་ནག་པོ་དེ་ཡི་མེ་ཏོག་དམར་པོའོ་ཞེས་སྔ་མ་དག་གིས་བཞེད། དགུག་པ་ལ་བི༷ལ་བ་ཡི་འདབ་མའམ། དེའི་འབྲས་བུའི་འབྲུ་དང་། རེངས་པ་ལྷ་ལ་ཕུལ་བའི་མེ་ཏོག་རྙིངས་པའི་ཕྲེང་བ་དང་ནི། རྨོངས་པ་གསེར་བཟང་གི་མེ་ཏོག་ཞེས་ཤིང་དྷ་དུ་རའི་མེ་ཏོག་རྣམས་གོང་གི་གཤེར་རྫས་དང་ལྷན་ཅིག་པ་ཉིད་དེ་དེ་ལྟར་ཞི་བ་ལ་སོགས་པ་ལས་རྣམས་ལའོ། །ཞེས་པ་སྲེག་རྫས་ཀྱི་ངེས་པའོ། །དེ་ནས་སློབ་དཔོན་གྱི་གདན་གང་དུ་བྱ་བའི་ཕྱོགས་ཆ་གསུངས་པ། ཞི་བ་ལ་ཐབ་དེའི་གཤིན་རྗེ་སྟེ་ལྷོ་ཡི་ཕྱོགས་སུ་གདན་འཆད་འགྱུར་ལྟར་བྱའོ། །ལྷོར་གདན་བྱས་ན་ཁ་བྱང་དུ་

p. 30

ལྟ་བ་སོགས་གཞན་ཀུན་ལ་དེ་ལྟར་ཤེས་པར་བྱའོ། །རྒྱས་པར་བདེན་བྲལ་གྱི་ཟུར་དུ་དང་། བསད་པ་ལ་ཆུ་ར་ཅུང་བྱ་སྟེ་དེ་དང་བཅས་པ་དང་། བསྐྲད་དབྱེ་ལ་རླུང་གི་ཕྱོགས་དང་། དབང་ལ་གནོད་སྦྱིན་དང་། དགུག་པ་ལ་དབང་ལྡན་ནམ་དྲག་པོ་ཡི་ཕྱོགས་སུ་དང་། རྨོངས་པ་ལ་དབང་པོ་སྟེ་ཤར་དག་དང་། རེངས་པ་ལ་མེ་རུ་ནི། སློབ་དཔོན་དག་གི་གདན་དུ་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་ཞི་བ་ལ་སོགས་པའི་ལས་རྣམས་དག་ལ་སྦྱིན་བསྲེག་བྱ་བའི་དུས་སུའོ། །དེ་ནས་རྡུལ་ཚོན་གྱི་ཆོ་ག་གསུངས་པ། འདིར་རྡུལ་ཚོན་ནི་ཞི་བ་སོགས་ལས་གཉིས་རེ་དག་ལ་ཚོན་མདོག་གཅིག་འགྱུར་ཏེ། ཐབ་ཁུང་རྣམས་དང་དཀྱིལ་འཁོར་གྱི་དབུས་སུ་གཙོ་བོའི་པདྨ་ལ་ཡང་རྡུལ་ཚོན་ནི་ཞི་རྒྱས་ལ་དཀར་པོ་གདབ་བོ། །བསད་བསྐྲད་ལ་ནག་པོ། དབང་དགུག་ལ་ཉི་མ་སྟེ་དམར་པོ་དང་། རྨོངས་རེངས་ལ་སེར་པོའོ། །ལས་ཐམས་ཅད་པ་ལ་ལྗང་གུ་སྟེ་དེ་ཡང་དཀར་ནག་དམར་སེར་བཞི་དང་བཅས་པའོ་ཞེས་པ་ལ་དཀར་ནག་བསྲེས་པའི་སྔོན་པོ་དང་། དམར་སེར་བསྲེས་པའི་གསེར་མདོག་དང་། དེ་འདྲའི་སྔོན་པོ་དང་གསེར་མདོག་བསྲེས་པའི་ལྗང་གུ་ཡིན་པས་སོ་ཞེས་ཆོས་རྗེ་བུ་སྟོན་གསུངས་པ་ལྟར་འཐད། ཁ་ཅིག་མདོག་བཞི་ག་བྱ་བར་ཡང་གསུངས་ཁ་ཅིག་ཞི་རྒྱས་དཀར་སོགས་སོ་སོར་བཤད་པའང་སྣང་ངོ་། །དེ་བཞིན་ཐབ་ཁུང་རྣམས་དང་དཀྱིལ་འཁོར་གྱི་ཡང་ཕྱི་རོལ་ཏུ་ནི། སངས་རྒྱས་ཀྱི་དབྱེ་བའམ་བཅོམ་ལྡན་འདས་གཙོ་བོའི་ཞལ་གྱི་དབྱེ་བས། ལྷ་དང་གཤིན་རྗེ་ཆུ་དང་བྱང་རྣམས་དག་ཏུ་རྡུལ་ཚོན་གྱིས་ཡང་ནག་དམར་སེར་དཀར་དུ་གདབ་པར་བྱའོ། །ཐབ་ཁུང་དག་གམ་དཀྱིལ་འཁོར་ལ་ནི་གཙོ་བོའི་ཞལ་གྱི་རིགས་ཀྱི་དབང་གིས་ཕྱོགས་རྣམས་སུ་ཡང་ཚོན་ནི་དེ་ལྟར་གདབ་པར་འགྱུར་རོ། །ཞེས་པ་རྡུལ་ཚོན་གདབ་པའི་ངེས་པའོ། །དེ་བཞིན་དུ་འཆད་པར་འགྱུར་བའི་རིམ་པས། ཕུར་བུ་དགོད་པ་ལ་སོགས་པ་དང་། བསང་གཏོར་ལ་སོགས་པ་བྱ་

p. 31

བ་དང་། རང་གི་སྙིང་གའི་རྡོ་རྗེ་རྩེ་ལྔ་དག་ལས་ཡེ་ཤེས་ཀྱི་མེ་ལྷ་རྣམས་སྤྲོ༷་བ་དག་བྱའོ་ཞེས་པ་ནི་ངེས་པའོ། གཞན་ཡང་མཆོད་ཡོན་གྱི་སྣོད་ནི་ཤེལ་གྱི་སྣོད་ཁམ་ཕོར་གྱི་རྣམ་པ་སྟེ། ཀ་ཙོ་ལི་ཁམ་ཕོར་གྱི་མིང་ངམ། འགྱུར་མངས་དང་ཙ་མིས་སྐྱོག་ཞེས་དང་རྭས་དངུལ་ཕོར་གྱི་རྣམ་པ་ཞེས་ཟེར། དེ་ལྟར་ཤེལ་ལ་སོགས་པའི་སྒྲས་བསད་པ་སོགས་ཀྱི་མཆོད་ཡོན་གྱི་སྣོད་བཟུང་པའོ། །དེ་ལྟར་ཤེལ་ལ་སོགས་པའི་མཆོད་ཡོན་གྱི་སྣོད་ལ་ལྟེ་བ་དང་བཅས་པའི་པདྨ་ནོར་གྱི་འདབ་མ་ཞེས་བརྒྱད་པའི་བདག་ཉིད་ཅན། ཐམས་ཅད་ཀྱི་ཚད་ནི་རྒྱར་མཐེ་བོའམ་སོར་དག་ནི་བཅུ་གཉིས་ཀྱི་ཚད་ཀྱང་བྱའོ་ཞེས་ལྟེ་བ་ལ་སོར་བཞི་དང་འདབ་མ་རྣམས་སོར་བཞི་སྟེ་དེ་ལྟར་བཅུ་གཉིས་སོ། །དེ་བཞིན་རྒྱས་པར་དངུལ་དང་། བསད་པར་ཐོད་པ། བསྐྲད་དབྱེ་ལ་ལྕགས། དབང་ལ་གསེར། དགུག་པ་ལ་ཟངས། རྨོངས་པ་ལ་ཤིང་། རེངས་པ་ལ་ས་ཡི་སྣོད་རྣམས་མཆོད་ཡོན་གྱི་སྣོད་བྱ་ཞིང་མཆོད་ཡོན་བཤམས་ནས་སྒྲུབ་པར་བྱའོ། །དེ་བཞིན་དུ་སྲེག་བླུག་བྱ་བའི་དགང་གཟར་ནི་ཁྲུ་གང་ཙམ་གྱི་ཡུ་བའི་རྩེ་མོར་སྙིམ་པའི་རྣམ་པའམ་སྙིམ་པའི་ཚད་ཀྱིས་གྲུ་བཞི་པའི་སྣོད་དེ་སོར་མོ་གཅིག་གི་དཔངས་ཅན་ནོ། །ཕྱི་རོལ་འཁོར་ཡུག་ཏུ་མཆུ་སོར་གཅིག་ཕྱིར་བསྐྱེད་པ་ནང་མཉམ་པའི་གཞི་ལ་པད་འདབ་ཀྱི་རྣམ་པའི་རྩེ་མོ་ལ་མཆུའི་ནང་གི་ངོས་ཡོད་པ། ཕྱི་རོལ་དུ་རྡོ་རྗེ་རྩེ་ལྔའི་རྣམ་པའི་རྩེ་མོ་ལ་ལུས་ལ་གཅི་བ་དང་ཁུ་བའི་རྒྱུན་འབྱུང་བ་བཞིན་དུ་མར་གྱི་རྒྱུན་འབྱུང་བའི་བུ་ག་ཡོད་པའོ། ཁྲུ་གང་ཙམ་གྱི་ཡུ་བ་ནི་རྩ་རྒྱུད་ལས་སྙིང་གའི་པདྨ་ནས་རྡོ་རྗེའི་བར་གྱི་ཚད་ཀྱི་ངེས་པའོ། །དེ་བཞིན་བླུག་གཟར་གྱི་ཡུ་བའི་རྩེ་མོར་ཁྱོར་བ་ཡི་ཚད་དམ་རྣམ་པའི་བདག་ཉིད་ཅན་དག་ཀྱང་སྟེ། མཛོད་སྤུ་ནས་སྙིང་གའི་བར་གྱི་ཚད་སོར་མོ་ཉི་ཤུ་ཞེས་ཕྱེད་ཉི་ཤུའོ། །ཁའི་རྒྱ་ལ་ལག་མཐིལ་གྱི་ཚད་ཀྱི་པདྨ་སོར་དྲུག་པ་བླུག་གཟར་གྱི་ཡུ་བ་ལག་པས་བཟུང་བའི་གནས་སུ་རྡོ་རྗེ་རྩེ་ལྔས་

p. 32

མཚན་པའོ། །དགང་གཟར་བླུག་གཟར་དེ་གཉིས་ནི་བསྲེག་བླུགས་ཀྱི་སྒོ་ནས་སྦྱིན་སྲེག་བྱ་བ་དག་ལའོ། །དེ་ནས་ཐབ་ཁུང་གི་མེ་ལྷ་དང་དཀྱིལ་འཁོར་གྱི་གཙོ་བོའི་ལྷའི་ཁ་དོག་དང་རྣམ་པ་གསུངས་པ། ཞི་བ་ལ་ལྷ་རྣམས་ཞི་བ་ཡི་ཚུལ་ཅན་ཁ་དོག་དཀར་པོ་དང་། བསད་བསྐྲད་སོགས་ལ་དྲག་པོ་ཡི་རྣམ་པ་དང་མདོག་ནག་པོའོ། །དབང་དང་དགུག་པ་ཁ་དོག་དམར་པོ་ཆགས་པ་དང་བཅས་པར་འགྱུར་ཏེ། དེ་ལྟར་རིགས་ཀྱི་དབང་གིས་རེངས་པ་དང་། རྨོངས་པ་དག་ལ་ལྷ་ནི་རེངས་པ་དག་གི་སྐུ་ཞེས་ཁེངས་པའི་རྣམ་པས་རེངས་པའམ་འགྱིང་པ་ལྟ་བུའི་རྣམ་པ་ཅན་ནོ། །ལས་ཐམས་ཅད་པ་ལ་ལྗང་གུ་ཅུང་ཟད་བཞད་ཅིང་ཆགས་པའི་སྐུ་སྟེ་ལྷའི་ངེས་པའོ། །སྦྱིན་སྲེག་གི་སྐབས་དེ་བཞིན་དུ་ལས་གཉིས་དེ་དག་ལ་རབ་ཏུ་གསལ་ཞིང་ངེས་པར་དཀྱིལ་འཁོར་ལ་ཡང་ལས་སོ་སོར་ཉམས་དང་ཁ་དོག་དེ་ལྟ་བུ་ཅན་ནི་ལྷག་པའི་ལྷར་འགྱུར་རོ། །དེ་ནས་རྡུལ་ཚོན་གྱི་རྣམ་པར་དག་པ་གསུངས་པ། འདིར་མདོག་རྣམ་པ་ལྔ་ནི་རྒྱལ་བའི་དབང་པོ་རྡོ་རྗེ་སེམས་དཔའ་ཡེ་ཤེས་ལྔ་ཡིས་བདག་ཉིད་དེ། དེའི་ཡེ་ཤེས་ཀྱི་འོད་ཟེར་ལྔ་འཕྲོས་པས། གང་གི་ཕྱིར་རྣམ་གསུམ་སྲིད་པ་ལ་གནས་པའི་ཕུང་པོ་ལྔ་དང་། ཁམས་ལྔ་དང་སོགས་ཀྱི་ཞེས་པའི་སྐྱེ་མཆེད་ཁམས་ལྔས་བསྡུས་པ་རྣམས་སྒྲིབ་བྲལ་དུ་གྱུར་པའི་དབྱེ་བ་ཡིས་ཏེ། རྒྱུ་མཚན་དེ་ལས་ཀྱང་ནི་ལྷ་རྣམས་ཀྱི་དཀྱིལ་འཁོར་དག་ལ་རྡུལ་ཚོན་ཁ་དོག་རྣམ་པ་ལྔ་རུ་འགྱུར་བ་ཡིན་ནོ། །ཐིག་སྐུད་ཀྱི་མཚན་ཉིད་གསུངས་པ་ཐིག་སྐུད་ནི་རིང་ཐུང་སློབ་དཔོན་གྱི་ཁྲུ་ནི་བརྒྱད་པར་འགྱུར་ཏེ་ཞེས་པ་དཀྱིལ་འཁོར་ཁྲུ་བཞི་བའི་དབང་དུ་བྱས་ནས་དཀྱིལ་འཁོར་གྱི་ཉིས་འགྱུར་རོ། །ཡང་ན་བཞི་འགྱུར་ཁྲུ་བཅུ་དྲུག་བྱ་བ་ནི་དཀྱིལ་འཁོར་ཁྲུ་བརྒྱད་པའི་དབང་གིས་སོ། །དེ་བཞིན་དུ་དཀྱིལ་འཁོར་ཁྲུ་གཅིག་ནས་སྟོང་གི་བར་གང་བྱེད་དེའི་ཉིས་འགྱུར་གྱི་ཐིག་སྐུད་བྱའོ། །དེ་ཡང་དང་པོའི་སངས་རྒྱས་ལས་

p. 33

དཀྱིལ་འཁོར་གསུམ་གསུངས་པའི་ཐུགས་རྡོ་རྗེ་གཙོ་བོར་བྱས་པའི་ཐུགས་དཀྱིལ་ཁྲུ་བཅུ་གཉིས་པ་དང་། གསུང་རྡོ་རྗེ་གཙོར་བྱས་གསུང་དཀྱིལ་བཅུ་དྲུག་པ། སྐུ་རྡོ་རྗེ་གཙོར་བྱས་སྐུ་དཀྱིལ་ཁྲུ་ཉི་ཤུ་པར་གསུངས་པ་ལྟར་ན་ཐིག་སྐུད་དེ་དག་གི་ཉིས་འགྱུར་རོ། །སྐུ་གསུང་ཐུགས་ཡོངས་རྫོགས་བསྡུས་རྒྱུད་ལས་གསུངས་པ་འདི་ནི་ཡེ་ཤེས་རྡོ་རྗེ་གཙོ་བོར་བྱས་པའི་སྐུ་གསུང་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཡིན་པས་འདིའི་ཐུགས་དཀྱིལ་དང་ཐུགས་རྡོ་རྗེ་གཙོ་བོ་བྱས་པའི་དཀྱིལ་འཁོར་གཉིས་མི་འདྲའོ་ཞེས་བླ་མ་རྣམས་གསུངས། ཁྲུ་སྟོང་ལ་ཐིག་སྐུད་ཉིས་སྟོང་གིས་ཐིག་གདབ་པ་བརྗོད་པ་མེད་དེ་མི་སྲིད་པ་ཤིན་ཏུ་རྨད་དུ་བྱུང་བའི་ཕྱིར་རོ་ཞེས་གསུངས། ཐིག་སྐུད་དེ་ནི་སྲད་བུ་དུ་མ་སུམ་བསྒྲིལ་ཞེས་པ་སྣལ་མ་དུ་མའམ་སྤུ་དུ་མ་བསྒྲིལ་བའི་དོན་ཡིན་ལ། གཞོན་ནུ་མ་མ་ཉམས་པས་བཀལ་བའི་སྲད་བུ་སུམ་བསྒྲིལ་དུ་བྱ་བ་ཡིན་ཏེ། སུམ་བསྒྲིལ་བྱས་པ་དེའི་ཕྲ་སྦོམ་ནི་སློབ་དཔོན་གྱི་ནི་ལག་པའི་མཐེ་བོའི་ནས་གཅིག་གིས་སྦོམས་སུ་འགྱུར་བ་ཞེས་པ་མཐེ་བོའི་ཚིགས་ཀྱི་བརྒྱད་ཆའི་ནས་ཀྱི་ཚད་ཀྱིས་སོ། །སུམ་སྒྲིལ་གྱི་དོན་ནི་ལུས་ངག་ཡིད་རྣམ་པ་གསུམ་གྱི་ལམ་ན་གནས་པ་ཞེས་པ་རྩ་གསུམ་གྱི་ལམ་ན་གནས་པའི་རླུང་དྷཱུ་ཏཱིར་གཅིག་ཏུ་འདྲེས་པར་གྱུར་པའི་དག་པ་མཚོན་བྱེད་ཐིག་སྐུད་གཅིག་སྟེ། གཞན་པ་སྒོའི་ཉི་ཤུ་ཆ་སོགས་སུ་རྣམ་པ་ཀུན་ཏུ་ངེས་པ་ནི་མ་ཡིན་ནོ། །དེ་ཡང་རྒྱུད་གཞན་ལས་ཐིག་སྐུད་སྦོམས་སུ་སྒོའི་ཉི་ཤུ་ཆ་དང་། རིང་བ་དཀྱིལ་འཁོར་ལས་ཉིས་འགྱུར་ཡིན་པར་བཤད་ལ་འདིར་སྦོམས་སུ་ནས་ཙམ་དང་རིང་བ་ཁྲུ་བརྒྱད་དུ་བཤད་པ་མི་འགལ་ལམ་ཞེ་ན་མི་འགལ་ཏེ། འདི་མི་རྣམས་ཀྱི་ལུས་ཐུན་མོང་ཁྲུ་བཞི་ལ་ལུས་ལས་ཉིས་འགྱུར་ཁྲུ་བརྒྱད་ཀྱི་ཐིག་སྐུད་གཙོ་བོར་གསུངས་ཤིང་། རྒྱུད་གཞན་ལས་གསུངས་པའང་དཀྱིལ་འཁོར་ཁྲུ་གང་བ་སོགས་དེ་དང་ཆ་འདྲའི་དཀྱིལ་འཁོར་ཅི་རིགས་ཀྱི་དབང་དུ་མཛད་ཀྱི་རྣམ་པ་ཀུན་

p. 34

དུ་དཀྱིལ་འཁོར་ཀྱི་སྒོའི་ཉི་ཤུ་ཆ་ཡི་སྦོམས་དང་། ཉིས་འགྱུར་གྱི་རིང་ཚད་ཅན་ཡིན་པའི་ངེས་པར་བཤད་པ་མིན་ཏེ། ཡིན་ན་ཁྲུ་སྟོང་གི་དཀྱིལ་འཁོར་ལ་འཁོར་ལོའི་བརྒྱད་ཆའི་སྒོ་ཁྲུ་བརྒྱ་ཉེར་ལྔ་ཡོད་ལ། དེའི་ཉི་ཤུ་ཆ་སོར་དྲུག་ལྷག་པའི་ཁྲུ་དྲུག་ཡོད་པ་དེ་ཡི་སྦོམས་ཅན་གྱི་ཐིག་སྐུད་ཁྲུ་ཉིས་སྟོང་པ་དེས་སློབ་དཔོན་སུ་ཞིག་གིས་དཀྱིལ་འཁོར་ལ་ཐིག་འདེབས་པར་འགྱུར་ཏེ་དེ་ནི་མི་རིགས་སོ། །དེས་ན་ཁྲུ་སྟོང་གི་དཀྱིལ་འཁོར་བྱེད་ན། དང་པོ་སྙིང་པོའི་འཁོར་ལོའི་རྩིབས་ཐིག་བཏབ་ནས། དེ་ལ་ཕྱི་རིམ་དུ་འཕྲོ་མཐུད་དེ་ཡོངས་སུ་རྫོགས་པར་བྱ་བ་ལས་རྣམ་པ་གཞན་དུ་དཀྱིལ་འཁོར་ཆུང་ངུ་རྣམས་ལ་བཞིན་དུ་ཅིག་ཆར་ཐིག་གདབ་པ་མ་ཡིན་ནོ། །ཐིག་སྐུད་ཀྱི་ཆོ་གའི་ངེས་པའོ། །དེ་ནས་ཞི་སོགས་ཀྱི་འདུག་སྟངས་གསུངས་པ། ཞི་བ་ལ་སོགས་པའི་ལས་དག་ལ་ལས་ཀྱི་དབྱེ་བས། རིམ་པར་འདུག་སྟངས་སམ་གདན་ཡོངས་སུ་རྣམ་པར་བཀོད་པ་ནི། རིམ་པར་ཞི་བར་པུས་མོ་གཡོན་པའི་སྟེང་དུ་རྐང་པ་སྟེ་བྱིན་པ་གཡས་པ་གན་རྐྱལ་དུ་གནས་པའི་སྐྱིལ་ཀྲུང་དང་། རྒྱས་པར་རྡོ་རྗེ་ཡི་འདུག་སྟངས་སམ་གདན་དང་། བསད་པ་ལ་རུས་སྦལ་འཐབ་མོ་བྱེད་པའི་སྟབས་དང་མཚུངས་པ་ལྷ་མིན་གྱི་འདུག་སྟངས་དང་། བསྐྲད་པ་དང་དབྱེ་བ་ལ་ཙོག་པུ་ཡི་འདུག་སྟངས་དང་། དབང་དང་དགུག་པ་ལ་སྐྱིལ་ཀྲུང་ཕྱེད་པ་ལ་དབྱེ་བ་གཉིས་ཡོད་པ་དང་། རྨོངས་རེངས་ལ་བཤང་ལམ་རྐང་བར་གནས་པ་ལ་དབྱེ་བ་གཉིས་ཡོད་པ་དག་ཀྱང་སྟེ། འདི་རྣམས་ནི་ལས་བརྒྱད་ཀྱི་དབྱེ་བས་འདུག་སྟངས་སམ་གདན་བརྒྱད་ཡིན་ནོ། །དེ་ལ་རྡོ་རྗེའི་འདུག་སྟངས་ནི་རྐང་གཡས་བརླ་གཡོན་པའི་སྟེང་དང་རྐང་གཡོན་པ་བརླ་གཡས་པའི་སྟེང་དུ་འོང་ཞིང་རྐང་པའི་མཐིལ་ཐད་ཀར་གན་རྐྱལ་གྱིས་གནས་པ་རྡོ་རྗེའི་སྐྱིལ་ཀྲུང་ཡོངས་གྲགས་སོ། །ལྷ་མིན་གྱི་འདུག་སྟངས་ནི་གོང་དུ་ནང་ལེར་བཤད་པ་དེའོ། །ས་དྷུ་པུ་ཏྲས་ལུས་བསྐུམ་སྟེ་རུས་སྦལ་ལྟར་གནས་པ་ཞེས བཤད། །

p. 35

ཙོག་པུའི་འདུག་སྟངས་ནི། རྐང་པ་གཉིས་མཉམ་པར་གཤིབ་པའི་ལོང་བུ་འཕོང་ཚོས་ཀྱི་རྩ་བ་ལ་རེག་ཅིང་། པུས་མོ་གཉིས་གྱེན་དུ་བསླང་བ་ཙོག་པོར་འདུག་པའོ། །སྐྱིལ་ཀྲུང་ཕྱེད་པ་ལ་རྣམ་པ་གཉིས་ཏེ། དབང་གི་དུས་སུ་གཡོན་བསྐུམ་པ་སྐྱིལ་ཀྲུང་བཞིན་དང་གཡས་པ་ཙོག་པུ་བཞིན་བྱས་པ་དང་རྐང་མགོ་གཡས་སུ་ཅུང་ཟད་དུད་པའོ། །དགུག་པ་ལ་དེ་ལྡོག་གཡས་སྐྱིལ་ཀྲུང་བཞིན་དང་གཡོན་ཙོག་པུ་བཞིན་ཏེ། གཡོན་དུ་ཅུང་ཟད་དུད་པའོ། །རྨོངས་པ་ལ་རྐང་པ་གཡོན་པའི་ལོང་བུའི་སྟེང་དུ་གཤང་ལམ་བཞག་ཅིང་གཡས་པ་ཙོག་པུ་བཞིན་ནོ། །རེངས་པ་ལ་སྔ་མ་ལས་བཟློག་པ་སྟེ་རྐང་གཡས་ཀྱི་རྟིང་པའི་སྟེང་དུ་བཤང་ལམ་བཞག་ཅིང་གཡོན་ཙོག་པུ་བཞིན་ནོ། །འདུག་སྟངས་བརྒྱད་ཀྱི་ངེས་པའོ། །དེ་ནས་སྔགས་བཟླས་པའི་དོན་དུ་བགྲང་ཕྲེང་གི་མཚན་ཉིད་གསུངས་པ། ཞི་བ་ལ་ཤེལ་གྱི་བགྲང་ཕྲེང་དང་། རྒྱས་པ་ལ་མུ་ཏིག་གི་ཕྲེང་བ་དང་ནི། བསད་པ་ལ་མི་ཡི་སོ་ལས་བྱས་པའི་ཕྲེང་བ་དང་། བསྐྲད་པ་ལ་བོང་བུའི་སོའམ་རུས་པ་ལས་བྱས་པ་དག་དང་། དབང་ལ་པོ་དེ་ཙེ་ཡི་ཕྲེང་བ་དང་ནི། དགུག་པ་ལ་པདྨ་ཞེས་བྱ་བའམ་ཙན་དན་དམར་པོའི་ས་བོན་གྱི་ཕྲེང་བ་དང་། རེངས་པ་ལ་དབང་པོའི་མིག་ཅེས་པ་རུ་རག་ཤའི་ཕྲེང་བ་དང་། རྨོངས་པ་ལ་ལུང་ཏང་གི་བགྲང་ཕྲེང་སྟེ། འཆད་འགྱུར་ལྟར་འོད་དཔག་མེད་སོགས་བདེ་གཤེགས་རིགས་ཀྱི་དབང་གིས་སྔགས་བཟླས་པ་ལ་སོ་སོའི་ཕྲེང་བར་འགྱུར་རོ། །དེ་ནས་མཆོད་པའི་མེ་ཏོག་གི་མཚན་ཉིད་གསུངས་པ། འདིར་ཞི་བ་དང་རྒྱས་པའི་ལས་ལ་དྲི་ཞིམ་པའི་མེ་ཏོག་དཀར་པོ་རྣམས་ཀྱིས་ལྷ་ལ་མཆོད་པར་བྱ་བ་དང་ནི་བསད་པ་དང་བསྐྲད་པ་དང་དབྱེ་བ་ལ་ཚ་བ་དང་བཅས་པའི་ཤིང་ནག་པོ་ཚེར་མ་ཅན་གྱི་མེ་ཏོག་དག་དང་། དབང་དང་དགུག་པ་ལ་མེ་ཏོག་དམར་པོ་དང་། རྨོངས་པ་དང་རེངས་པ་ལ་མེ་ཏོག་སེར་པོས་མཆོད་པར་བྱ་སྟེ་མཆོད་པའི་མེ་ཏོག་གི་ངེས་པའོ། །

p. 36

དེ་ནས་སྤོས་གསུངས་ཏེ། ཞི་རྒྱས་ལ་བསིལ་བ་ཡི་སྤོས་ཞེས་པ་བསིལ་བའི་རྫས། ཨ་ག་རུ་དང་སིལ་ཏ་ཀ་དང་། ག་བུར་རྣམས་ཀྱི་སྤོས་སྦྲང་རྩི་དང་ཤ་ཀྲཱ་ར་ལ་སོགས་པ་དང་བཅས་པའི་སྤོས་དང་། བསད་བསྐྲད་ལ་བཤང་བ་དང་ཤ་ཡི་སྤོས་ཁྲག་དང་ལྡན་པ་དག་དང་། དེ་ལྟར་བསིལ་བ་ཡི་སྤོས་དང་། བཤང་བ་དང་ཤ་ཡི་སྤོས་ནི་རིམ་བཞིན་སྦྲང་རྩི་དང་ཁྲག་དང་ལྡན་པ་དག་དང་། དབང་དང་དགུག་པ་ལ་དྲག་པོའི་སྤོས་ཞེས་པ་གུ་གུལ་རྒྱ་སྐྱེགས་སྤོས་དཀར་ཀུན་དུ་རུ་ཤྲཱི་བ་ས་ཐང་ཆུ་རྣམས་བུ་རམ་གྱིས་སྦྱར་བ་དང་། རྨོངས་རེངས་ལ་བསྐ་བ་ཡི་སྤོས་ནི་ཨ་རུ་རའི་ཕྱེ་མ་བུ་རམ་དང་བཅས་པའོ། །བདུག་སྤོས་ཀྱི་ངེས་པའོ། །དེ་བཞིན་དུ་ཞལ་ཟས་ཀྱང་། ཞི་བ་ལ་འོ་མ་དང་ཟན། རྒྱས་པར་ཞོ་དང་ཟན། བསད་པ་ལ་མཆིན་པ། བསྐྲད་པ་ལ་ཤ། དབང་ལ་མར་དང་ཟན། དགུག་པ་ལ་ཏིལ་མར་དང་ཟན། རྨོངས་པར་སྲན་ཆུང་མུད་ག་དང་བསྲེས་པའི་ཟན། རེངས་པར་སྲན་མ་ཙ་ན་ཀ་དང་ཉ་དང་ཟན་ནོ། །སྲན་ཆུང་མུད་ག་སྐྱེར་ཁ་གཅིག་ཡོད་མོན་སྲན་རྡེའུ་ཡང་ཟེར། ཙི་པ་ཀ་སྲན་མ་ཉིད་དོ། །བྱུགས་པ་ཡང་ཞི་རྒྱས་ལ་ཙནྡན། བསད་བསྐྲད་ལ་ཁྲག་དང་སོལ་བ། དབང་དགུག་ལ་གུར་གུམ་གི་ཝཾ་ངམ་ཙན་དན་དམར་པོ། རྨོངས་རེངས་ལ་ཡུང་བ་དང་བ་བླའི་དྲི་ཡི་བྱུགས་པ་བྱའོ། །མར་མེ་ཡང་། ཞི་རྒྱས་ལ་མར་གྱི་མར་མེ། བསད་བསྐྲད་ལ་མི་ཡི་ཞག །དབང་དགུག་ལ་ཏིལ་མར། རྨོངས་རེངས་ལ་ཟར་མ་དང་བསེ་ཤིང་གི་འབྲུ་མར་གྱི་མར་མེའོ། །འབྲུ་ཡི་ཁྱད་པར་ཡང་། ཞི་རྒྱས་ལ་འབྲས་སཱ་ལུ་མ་ཆག་པའམ་མ་གྲུག་པའོ། །བསད་བསྐྲད་ལ་སྐེ་ཚེའི་འབྲུ་དང་། དབང་དགུག་ལ་ཡུངས་གར་དང་། རྨོངས་རེངས་ལ་སྲན་ཆུང་ངམ་འབྲུ་གཞན་ནོ། །དེ་བཞིན་དུ་གོས་སོགས་མཆོད་རྫས་ཐམས་ཅད་ཞི་རྒྱས་ལ་ཁ་དོག་དཀར་པོ། བསད་བསྐྲད་ལ་ནག་པོ། དབང་དགུག་ལ་དམར་པོ། རྨོངས་རེངས་ལ་སེར་པོ། ལས་ཐམས་ཅད་པ་ལ་ལྗང་གུ་སྟེ་མཆོད་པའི་ཆོ་ག་ངེས་པའོ། །དེ་ནས་

p. 37

ཞི་བ་སོགས་ཀྱི་འཁྲུལ་འཁོར་བྲི་བའི་ཆོ་ག་གསུངས་པ་ལས། དང་པོ་འཁྲུལ་འཁོར་གང་ལ་བྲི་བར་བྱ་བའི་གཞི་ནི། ཞི་རྒྱས་ལ་ཤིང་ནྱ་གྲོ་དྷ་ཡི་འདབ་མ་གསར་བ་ལ། ཤྲཱི་ཁན་དང་ས་ལུ་བཏགས་པའི་ཆུས་དཱུར་བའི་སྨྱུ་གུ་དང་བསིལ་བའི་སྨྱུ་གུས་བྲི་བར་བྱ་བ་དེ་བཞིན་བྲི་གཞི་བྲི་རྫས་སྨྱུ་གུ་གསུམ་སྦྱར་ཏེ་ཤེས་པར་བྱའོ། །བསད་བསྐྲད་ཀྱི་འཁྲུལ་འཁོར་ནི་དུར་ཁྲོད་ཀྱི་རོ་ཡི་རུས་དང་། དབང་དང་དགུག་པ་ལ་གྲོ་གའི་འདབ་མ་དང་། རྨོངས་རེངས་ལ་ཤིང་ཨརྐའི་འདབ་མ་སྨིན་པ་སེར་པོ་ལ་བྲི་བར་བྱའོ། །བྲི་བའི་རྫས་ནི། ཞི་རྒྱས་ལ་ཤྲཱི༷་ཁཎྚ་ཞེས་པ་དཔལ་གྱི་དུམ་བུ་སྟེ་སྐབས་འདིར་ཙན་དན་དཀར་པོར་བཞེད་པ་དེ་དང་འབྲས་སཱ་ལི༷་བཏགས་པ་ཡི་ཆུས་བྲི་བ་དག་དང་། བསད་བསྐྲད་ལ་དུར་ཁྲོད་ཀྱི་སར་གནས་པའི་སོལ་བ་དང་། ཁྲག་དང་དུག་དང་བཅས་པ་ཡི་ནི་ཆུས་བྲི་བ་དང་། དབང་ལ་ཁ་ཆེ་གུར་ཀུམ་དང་གི་ཝཾ་དང་། དགུག་པ་ལ་ཙན་དན་དམར་པོ་བཏགས་པའི་ཁུ་བས་བྲི་བ་དང་། རེངས་རྨོངས་ལ་འབྲས་བུ་གསུམ་གྱི་ཁུ་བ་དང་། ཡུང་བ་དང་བ་བླས་བྲི༷ས་པར་འགྱུར་བ་སྟེ། གང་གིས་འབྲི་བའི་སྨྱུ་གུ་ནི། ཞི་བ་ལ་དཱུར་བ་དང་། རྒྱས་པར་བསིལ་བ་ཙན་དན་དཀར་པོའི་སྨྱུ་གུ་དང་། བསད་པ་མི་རུས་ཀྱི་སྨྱུ་གུ་དང་། བསྐྲད་པ་ལ་བྱ་རོག་གི་མཇུག་སྒྲོ༷་ཡི་སྒྲོ་རྩའི་སྨྱུ་གུ་དང་། དབང་ལ་གསེར་གྱི་སྨྱུ་གུ་དང་། དགུག་པ་ལ་སེང་ལྡེ༷ང་ལས་སྐྱེས་པའི་སྨྱུ་གུ་དང་། རེངས་པ་ལ་ཤིང་བི༷ལ་བ་ལས་སྐྱེས་པ་དང་། རྨོངས་པ་ལ་ཤིང་ཨརྐ་དག་གི་སྨྱུ་གུའོ། །འཁྲུལ་འཁོར་དེ་ཉིད་སྣོད་གང་དུ་འཇོག་པ་ཁམ་ཕོར་སོགས་གསུངས་ཏེ། དེ་ཡང་དང་པོར་འཁྲུལ་འཁོར་ལེགས་པར་བྲིས་པ་བལྟེབ་ལ། སྦུ་གུའི་རྒྱབ་ཏུ་དཀྲིས་ནས་ཇི་སྲིད་འཁྲུལ་འཁོར་མི་མཐོང་བར་སྐུད་པས་དཀྲི་བར་བྱ་སྟེ། ཞི་རྒྱས་ལ་སྐུད་པ་དཀར་པོ། བསད་བསྐྲད་ལ་ནག་པོ། དབང་དགུག་ལ་དམར་པོ། རེངས་རྨོངས་ལ་སེར་པོས་དཀྲིས་ནས་ཞི་རྒྱས་དག་ལ་ཁམ་

p. 38

ཕོར་ཁ་སྦྱར་དུ་བཞག་པ་དང་། བསད་བསྐྲད་ལ་དཔལ་ལྡན་མི་ཡི་ཐོད་པར་བཞག་པར་བྱ་ལ། དེ་ཡང་ཞི་རྒྱས་ཀྱི་འཁྲུལ་འཁོར་ནི་མངར་གསུམ་སྟེ་སྦྲང་རྩི་དང་མར་དང་འོ་མ་གསུམ་བསྲེས་པའི་ནང་དུ་བཞག་པར་བྱའོ། །བསད་བསྐྲད་ནི། ཐོད་པའི་ནང་དུ་ཁྲག་དང་བཅས་པ་ལ་བཞག་པར་བྱའོ། །དབང་དགུག་ལ་སྤྲ་ཚིལ་གྱི་ཀོང་བུ་དག་གི་དབུས་སུ་བཞག་ནས་སླར་གྱོ་མོ་ཁ་སྦྱར་དུ་གཞུག་ནས་མེ་ལ་གདུང་བར་བྱའོ། །རེངས་རྨོངས་ལ་བ་བླའི་ཆུས་གང་བའི་སོ་ཕག་དག་གི་སྣོད་ཀྱི་དབུས་སུ་ནི་གཞུག་པར་བྱའོ།།དེ་ལྟར་བྱས་ནས་སླར་ཡང་གང་དུ་གཞག་པའི་གནས་ཀྱི་ཁྱད་པར་ནི། ཞི་རྒྱས་ལ་ན་དང་བཅས་པའི་གནས་ནི་གཙང་བ་དག་ཏུ་མཎྜལ་གྱི་སྟེང་དུ་བཞག་པ་དང་། བསད་བསྐྲད་ལ་རོ་བསྲེག་པའི་ཁང་པའི་འོག་ཏུ་ས་གཞི་ལ་དོང་བརྐོས་པ་དེར་གཞུག་པར་བྱའོ། །དབང་དགུག་ལ་ཐབ་ཀྱི་འོག་ཏུ་མེ་ཡིས་གདུང་བ་ལ་གཞག་པར་བྱ་བ་དང་། རེངས་རྨོངས་ལ། ས་སྐམ་པོ་དག་ལ་གཞུག་པར་བྱ་སྟེ། དེ་ལྟར་འཁྲུལ་འཁོར་དེ་གནས་སོ་སོར་གཞག་པར་བྱ་བར་འགྱུར་ཏེ། ཞི་རྒྱས་སོགས་དགེ་དང་བསད་བསྐྲད་སོགས་མི་དགེའི་འབྲས་བུ་སོ་སོའི་དབང་གིས་སྔགས་པ་ཡིས་ནི་དེ་ལྟར་རིག་པར་བྱའོ། །དེ་ནས་བྲིས་པའི་འཁྲུལ་འཁོར་གྱི་ཕྱི་རོལ་གྱི་གཟུགས་ཀྱི་མཚན་མ་བྲི་ཚུལ་གསུངས་པ། ཞི་བའི་འཁྲུལ་འཁོར་གྱི་ཕྱི་ལ་ཟླ་བ་ཡི་དཀྱིལ་འཁོར་ཟླུམ་པོའི་རི་མོས་འཁོར་བ་དེ་ཡི་དབུས་སུ་འཁྲུལ་འཁོར་ཚུད་པ་བྲིའོ། །དེ་བཞིན་དུ་རྒྱས་པ་ལ་གླང་ཆེན་གྱི་ལུས་ཀྱི་ཁོག་པར་རོ། །བསད་པ་ལ་ཡི་དྭགས་ཀྱི་གཟུགས་ཀྱི་ཁོག་པར་རོ། །བསྐྲད་པར་རྔ་མོ་ཡི་ལུས་ལའོ། །དེ་བཞིན་དུ་དབང་ལ་རི་དྭགས་དང་། དགུག་པ་ལ་རྟ་དང་། རྨོངས་པ་ལ་ཕྱུགས་རའམ་ལུག་གི་ལུས་ལ་དང་། རེངས་པ་ལ་རུས་སྦལ་གྱི་ལུས་ལ་སྟེ་དེ་ལྟར་རིམ་པས་སོ། །དེ་ནས་སྔོན་དུ་གསུངས་པའི་སྲད་བུས་དཀྲི་བར་བྱའོ། །དེ་ལ་འཁྲུལ་འཁོར་བསྐུལ་བའི་སྔགས་སོགས་ཀྱིས་འབུད་པར་

p. 39

བྱེད་པའི་ཕྱིར་འཁྲུལ་འཁོར་གྱི་ནང་དུ་གཞུག་པའི་སྦུ་གུ་ནི། ཞི་རྒྱས་ལ་དངུལ་གྱི་སྦུ་གུ་ཉིད་རིག་པ་ནི་ཞེས་པ་འཁྲུལ་འཁོར་གྱི་དབུས་སུ་གཞག་པར་བྱའོ། །བསད་པ་ལ་མི་རུས་ཀྱི་སྦུ་གུ། བསྐྲད་པ་ལ་བྱ་རོག་གི་རུས་པའི་སྦུ་གུ། །དབང་ལ་གསེར་གྱི་སྦུ་གུ། དགུག་པ་ལ་ཟངས། རྨོངས་པ་ལྕགས། རེངས་པ་ལ་ར་གན་གྱི་སྦུ་གུ་གཞུག་གོ། འདིར་གང་ཞིག་བསྐྲད་པར་བཤད་པའི་ཆོ་ག་དེས་དབྱེ་བ་བྱ་ལ། རེངས་པར་འགྱུར་བར་བཤད་པ་དེས་ཕུར་བུས་གདབ་པར་བྱ་སྟེ། དགྲའི་དྲི་མ་དང་བཅས་པའི་བདུད་རྩི་ལྔའི་དགྲའི་གཟུགས་བརྙན་བྱས་ལ་འཁོར་ལོ་དྲུག་དང་རྐང་ལག་གི་ཚིག་རྣམས་ལ་མྱོས་བྱེད་ཅེས་པ་པོ་སོན་ཆའི་ཤིང་གི་ཚེར་མ་རྣམས་ཀྱིས་ཕུར་བུས་གདབ་སྟེ་གཟུགས་པར་བྱ་བ་ནི་ཕུར་བུས་གདབ་པའི་ལས་ཀྱི་ཁྱད་པར་ཡིན་ལ་གཞན་རེངས་པ་ལ་སོགས་པ་བཞིན་ནོ། །དགུག་པའི་ཆོ་ག་དེས་རིམས་བསྐྱེད་པ་སྟེ། ཁྱད་པར་ནི་སྐེ་ཚེ་དང་ལན་ཚྭས་དགྲ་ཡི་གཟུགས་བརྙན་ལ་བྱུགས་ནས་མེས་རབ་ཏུ་གདུང་བར་བྱ་བ་ཙམ་ལས་ཀྱི་ཆོ་གའི་བྱ་བ་སྟེ། དགུག་པ་དང་རིམས་བསྐྱེད་པ་ཡི་སྔགས་ནི་སོ་སོའོ། །གང་གིས་ཞི་བར་འགྱུར་བའི་རྫས་སོགས་ཆོ་ག་དེ་ཉིད་ཀྱིས་གདུག་པའི་ལྟ་བ་དང་དུག་གཞིལ་བར་བྱ་སྟེ། དེ་ལྟར་ལས་བརྒྱད་དང་། ཞི་བསྐྲད་དགུག་རེངས་བཞིའི་ཁོངས་སུ་དུག་གཞིལ་བ་དང་དབྱེ་བ་དང་། རིམས་བསྐྱེད་པ་དང་ཕུར་བུས་གདབ་པའི་ལས་བཞི་བཅས་ཞི་དྲག་གི་ལས་བཅུ་གཉིས་པོ་འདི་དག་གི་ལས་ཀྱི་ཆོ་ག་ཤེས་ནས། གཞན་ལ་ཕན་པའི་ཆེད་དུ་བྱེད་ན་དེའི་ཚེ་བཅོམ་ལྡན་འདས་ཀྱི་ངེས་པས་གདོན་མི་ཟ་བར་འགྲུབ་པར་འགྱུར་ཀྱི། གཞན་དུ་རང་དོན་ལ་ཆགས་པས་བྱེད་ན་མི་འགྲུབ་པས་ངལ་བ་འབྲས་མེད་དུ་འགྱུར་རོ། །འདི་དག་གི་ངེས་པ་རྗེས་སུའང་འཆད་པར་འགྱུར་རོ། །འདི་ཡན་ཆད་ཀྱི་གནས་པ་བཞི་ནི་འགྲེལ་པར་སློབ་དཔོན་ལ་སོགས་པ་དང་ལས་རབ་འབྱམས་

p. 40

ཐམས་ཅད་བསྒྲུབ་པའི་མཚན་ཉིད་ཀྱི་མདོར་བསྡུས་དང་པོས་བཤད་པར་མཛད་དོ། །ལྔ་པ་ས་ཡོངས་སུ་བཟུང་བ་དང་དཀྱིལ་འཁོར་བྲི་བ་དང་དེ་ཉིད་བཅུ་ཡོངས་སུ་ཤེས་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། དཔལ་ལྡན་རྡོ་རྗེ་སོགས་ཚིགས་བཅད་ཉེར་གསུམ་པ་ནས་བདུན་བཅུ་དོན་བདུན་པའི་རྐང་པ་གཉིས་ཀྱི་བར་གྱིས་བསྟན་ཏེ། འདིར་སྔགས་པས་དང་པོར་རང་གི་ལུས་དང་གནས་སྲུང་བ་སྔོན་དུ་བཏང་ནས། སློབ་མ་སོགས་བསྡུ་བར་བྱ་དགོས་པས་དཀྱིལ་འཁོར་གྱི་དོན་དུ་བརྟགས་ནས་ཡོངས་སུ་བཟུང་བར་བྱ་བའི་སར་སོང་སྟེ་དབུས་སུ་འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་འདུག་ནས་དཔལ་དང་ལྡན་པའི་རྡོ་རྗེ་རྣམས་ཡན་ལག་ལ་དགོད་པ་དང་། དེ་ལས་སྤྲོས་པའི་རྡོ་རྗེ་རྣམས་ཀྱིས་ཕྱོགས་ཀུན་ཏུ་གནས་པའི་མཐའ་དག་བདུད་ཀྱི་ཚོགས་འཚེ་བ་རྩོམ་པ་རྣམས་ནི་ངེས་པར་བསྲེག་པར་བྱ་སྟེ། ཇི་ལྟར་ན་དཔྲལ་བར་ཟླ་དཀྱིལ་དཀར་པོ་ལ་ཨོཾ་དཀར་པོ། མགྲིན་པར་ཉི་དཀྱིལ་དམར་པོ་ལ་ཨཱཿདམར་པོ། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ནག་པོ་ལ་ཧཱུྃ་ནག་པོ་ལྟེ་བར་དུས་མེའི་དཀྱིལ་འཁོར་སེར་པོ་ལ་ཧོཿསེར་པོ། གཙུག་ཏོར་ནམ་མཁའི་དཀྱིལ་འཁོར་ལྗང་གུ་ལ་ཧྃ་ལྗང་གུ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་ལ་ཀྵཿཡིག་སྔོན་པོ་སྟེ་དེ་ལྟར་རྒྱལ་བ་རིགས་དྲུག་གི་ངོ་བོ་དཀྱིལ་འཁོར་དྲུག་བསྒོམས་ནས། ས་བོན་འདི་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམས་བསྒོམ་པར་བྱ་སྟེ། གཙུག་ཏོར་ནས་གསང་བའི་བར་དུ་རིམ་བཞིན་རྡོ་རྗེ་རྩེ་མོ་ལྔ་པ་དང་། བཅུ་བདུན་པ་དང་། སོ་གསུམ་པ་དང་། དགུ་པ་དང་། རེ་ལྔ་པ་དང་། སུམ་ཅུ་རྩ་གསུམ་པ་རྣམས་བཀོད་དོ། །དེ་བཞིན་དུ་ཀ་སྡེ་ཐུང་ངུ་ལས་ཕྲག་པ་གཡོན་པའི་ཚིགས་དང་། ཀ་སྡེ་རིང་པོ་ལས་ཕྲག་པ་གཡས་པའི་ཚིགས་སོགས། ཚིགས་ཆེན་བཅུ་གཉིས་དང་། སོར་མོའི་ཚིགས་ཕྲན་རྣམས་དང་། ཨ་ཨཱ་སོགས་ས་བོན་ལས། རྣ་བ་དང་སྣ་བུག་གཉིས་དང་། མིག་གཉིས་དང་ལྕེ་

p. 41

དང་ལྕེ་ཆུང་དང་། རྡོ་རྗེ་དང་གསང་བ། ཡིད་དང་ཁུ་བའི་རྩ། གཙུག་ཏོར་དང་། མགོ་བོ། མཆུ་དང་ལྕེ་རྐན། ལག་མཐིལ་དང་རྐང་བའི་མཐིལ། བཤང་ལམ་གཡོན་གཡས་རྣམས་སུ་རྡོ་རྗེ་བཀོད་དེ་བདག་ཉིད་རྡོ་རྗེའི་སྐུར་བསྒོམ་པར་བྱའོ། །ལུས་ལ་ས་བོན་ལས་གྱུར་པའི་རྡོ་རྗེ་བསྒོམ་པ་འདི་དག་གིས་ལུས་ལ་འཆི་ལྟས་ཀྱི་རླུང་རྒྱུ་བ་རྣམས་ཀྱང་འགོག་པར་འགྱུར་རོ། །འདི་དག་སྒྲུབ་ཐབས་ཀྱི་ཆོ་གར་གསལ་ཞིང་ཤེས་སླ་བས་འདིར་རྒྱས་པར་མ་བརྗོད་དོ། །དེ་ནས་རྡོ་རྗེ་དེ་རྣམས་ལས་འཕྲོས་པའི་རྡོ་རྗེ་འབར་བ། སྟེང་དུ་ལྗང་གུ། འོག་ཏུ་སྔོན་པོ། ཤར་དང་ཤར་ལྷོར་ནག་པོ། ལྷོ་དང་ལྷོ་ནུབ་ཏུ་དམར་པོ། བྱང་དང་བྱང་ཤར་དུ་དཀར་པོ། ནུབ་དང་ནུབ་བྱང་དུ་སེར་པོ་འབར་བ་རྣམས་ཀྱིས་ཕྱོགས་བཅུར་གནས་པའི་བདུད་ཀྱི་ཚོགས་བསྲེག་པར་བསྒོམ་པར་བྱའོ། །བདུད་ཀྱི་ཚོགས་བསྲེག་པ་དེ་ཡི་ཕྱི་ནས་འཁོར་ལོ་སྟེང་དང་འོག་ཏུ་རྩིབས་རེ་རེ་དང་། ཕྱོགས་བཞི་དང་ཕྱོགས་བྲལ་མཚམས་བཞི་ལ་རྩིབས་རེ་རེ་སྟེ་བརྒྱད་དང་བཅས་རྩིབས་བཅུ་དག་ལ་ཕྱོགས་དང་ཕྱོགས་བྲལ་དུ་གནས་པ་གཙུག་ཏོར་ལ་སོགས་པའི་ཁྲོ་བོའི་ཚོགས་ནི་བསྒོམ་པར་བྱ་སྟེ། ཕྱོགས་བཅུའི་བགེགས་རྣམས་ལ་ཕུར་བུས་གདབ་པ་དང་གནས་སྲུང་བའི་དོན་དུ་དེ་ལྟ་བུའི་སྲུང་བའི་འཁོར་ལོ་སྔགས་པས་བསྒོམ་པར་བྱའོ། །ཁ་ཅིག་འཁོར་ལོ་རྩིབས་བརྒྱད་གདན་ཐབས་ལས་སྦུབས་ཅན་སྟེང་འོག་ལ་རྩིབས་ཡོད་པ་མི་འདོད་པའང་སྣང་མོད་རྒྱུད་དང་འགྲེལ་པ་ལས་འཁོར་ལོ་རྩིབས་བཅུ་ཞེས་དངོས་སུ་གསུངས་པ་དང་འགལ་ལོ། །བསྲུང་བའི་འཁོར་ལོའི་དབུས་སུ་གཉིས་ཀྱིས་ལྷག་པའི་རྒྱལ་བའི་ཕྱག་ཉེར་བཞི་སྟེ་ལྷག་པ་གཉིས་བཅས་ཕྱག་ཉེར་དྲུག་དང་། དུས་ཀྱི་ཞེས་ཞལ་བཞི་དང་ལྡན་པ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སུ་བ དག་ཉིད་བསྒོམ་པར་བྱའོ། །དེ་ནས་བླ་མའི་ངེས་པ་དང་ལྡན་ཞེས་བླ་མ་སངས་རྒྱས་ཀྱི་གསུང་གི་ངེས་པ་དང་ལྡན་པར། གང་ཞིག་སྲུང་འཁོར་ལ་ཁྲོ་བོ་སོགས་

p. 42

ཀྱི་ལྷ་སྤྲོ་བ་རྒྱས་པའམ་ཅུང་ཟད་པ་བསྡུས་པར་འདོད་པ་དེ་ལྟར་སྒྲུབ་པ་པོ་ཡིས་བསྒྲུབ་པར་བྱ། དེ་ཡང་རྡོ་རྗེ་གསུམ་དག་པ་ཉིད་ཀྱི་རང་བཞིན་ཅན་གྱིས་ཁང་པ་བརྩེགས་མ་གསུམ་པ་ཁྲུ་ཉིས་བརྒྱ་པ་ས་ཡི་དཀྱིལ་འཁོར་ལ་གནས་པ་དང་། དེའི་ཕྱི་རོལ་ར་བྱ་གསུམ་ནི་བསྒོམ་པར་བྱ་སྟེ། ས་གཞིའི་ཚད་གང་ཙམ་དུ་ཞེ་ན་ནམ་མཁའ་དང་ས་འབྱར་བ་ལྟར་སྣང་བར་གྱུར་པའི་རིང་དུ་མཐོང་བའི་མཐའ་རུ་སྟེ་ཐོ་རེངས་ཉི་འོད་འཆར་བའི་ས་ནས་ནི་ཕྱི་དྲོ་ཉི་མ་ནུབ་པའི་གྲི༷བ་མའི་ས་ཡི་མཐའ་རུ་གྱུར་པའི་བར་ཟླུམ་པོར་བསྐོར་བ་སྲུང་བའི་ར་བའོ། །ས་གཞིའི་གནས་ལས་སྟེང་དུ་ནམ་མཁའ་དག་ལ་རྡོ་རྗེ་ཡི་རང་བཞིན་ཁང་པ་བརྩེགས་པའོ། །དེ་ཡང་ཡེ་ཤེས་སོགས་ལས་བྱུང་བའི་འབྱུང་བ་བཞིའི་དཀྱིལ་འཁོར་གཅིག་ཏུ་འདྲེས་པ་ལས་བྱུང་བའི་ཁང་བརྩེགས་དང་ར་བ་ནག་དམར་དཀར་བའི་རིམ་པ་གསུམ་པ་ཟླུམ་པོ་སྟེང་འོག་དང་ཕྱོགས་ཀུན་དུ་འཁོར་བ་ནི་གནམ་ས་འབྱར་བར་སྣང་བའི་མཚམས་སུ་དང་། ཡུལ་འཁོར་བསྲུང་ཕྱིར་ཡུལ་འཁོར་ཇི་ཙམ་པ་དེའི་མཚམས་སུ་ར་བ་ལྔ་པ་བསྒོམ་པར་བྱ་སྟེ། འོག་ཏུ་མདུང་དང་སྟེང་དུ་མདའི་དྲ་བ་རྣོན་པོ་ཅན་ནོ། །དབུས་སུ་སྲ་བརྟན་རྡོ་རྗེའི་ས་གཞི་ཡུལ་འཁོར་གྱི་མཚམས་ཀྱི་མཐར་ཐུག་པར་བསྒོམ་པར་བྱའོ། །ཁང་པ་བརྩེགས་པའི་དབུས་སུ་ཆུ་སྐྱེས་སམ་འདབ་བརྒྱད་དམ་ཡང་ན་འཁོར་ལོ་རྩིབས་བརྒྱད་པ་ཉི་མའི་ཁྲུ་སྟེ་ཁྲུ་བཅུ་གཉིས་པ། དེའི་ལྟེ༷་བ་དང་ཉི་མའི་གདན་དང་བཅས་པ་དག་ཀྱང་དུས་ཀྱི་ཁྲུར་ཞེས་ཁྲུ་བཞིར་འགྱུར་རོ། །གདན་དེ་ཡི་སྟེང་དུ་བདག་ཉིད་ཉེས་པ་དག་གི་དྲི་མ་དང་རྣམ་པར་བྲལ་བ་ཁྲོ་རྒྱལ་རྡོ་རྗེ་ཤུགས་སྔར་བཤད་པ་བཞིན་རྣལ་འབྱོར་པ་ཡིས་བསྒོམ་པར་བྱའོ། །ཆོ་གའི་གོ་རིམ་ནི། ཡོངས་སུ་བཟུང་བྱའི་ས་ཡི་ཕྱོགས་རྣམས་སུ་འདིར་དང་པོ་ཐོག་མར་རྡོ་རྗེ་གསུམ་གྱི་སྔགས་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མགོ་དྲངས་ཏེ། ཨོཾ་ཨཱཿཧཱུྃ། ཞིང་སྐྱོང་ཆེ་གེ་མོ་ས་པ་རི་ཝཱ་ར། ཨེ་དཾ་བ་ལིཾདྷ་

p. 43

སོགས་གཏོར་སྔགས་བཏགས་པས། ཡུལ་དེའི་བདག་པོ་ཞིང་སྐྱོང་རྣམས་ལ་གཏོར་མ་སྦྱིན་བར་བྱ་སྟེ། ཞིང་སྐྱོང་གང་ཞིག་རང་མིང་ངམ་དེ་མ་ངེས་ན་ཡུལ་ལམ་གྲོང་དེའི་མིང་གིས་ཡི་གེ་གཉིས་བཞི་དྲུག་སོགས་མཉམ་པ་ཡིན་ན་ཐོག་མཐའ་གཉིས་དང་མི་མཉམ་པ་གསུམ་ལྔ་བདུན་སོགས་ལ་ཐོག་མཐའ་བར་གསུམ་བཏུས་པ་དེ་ཉིད་ཆེ་གེ་མོའི་གནས་སུ་བཅུག་པས་སོ། །སོ་སོར་མ་བྱས་ན་གྲོང་གི་བདག་པོའམ། གནས་ཀྱི་བདག་པོ་ཞིང་སྐྱོང་བ་ཞེས་བརྗོད་པས་འཐུས་སོ། །དེ་ལྟར་གནས་བདག་ལ་གཏོར་མ་བྱིན་ནས་གཤེགས་སུ་གསོལ་བ་བྱས་ལ། དེའི་ཕྱི་ནས་རྡོ་རྗེ་བཞི་ཡིས་ཞེས་པ་གཙོ་བོར་སྨོས་པ་སྟེ། རྒྱས་པར་ཡན་ལག་ཐམས་ཅད་ལ་རྡོ་རྗེ་བཀོད་པའི་རྡོ་རྗེ་རྣམས་ཀྱིས་ཕྱོགས་དང་ཕྱོགས་བྲལ་དུ་གནས་བདུད་ཀྱི་ཚོགས་ནི་ངེས་པར་བསྲེག་པར་བྱའོ། །དེ་ལྟར་ཁྲོ་བོ་རྡོ་རྗེ་ཤུགས་བསྒོམས་ནས་དེའི་ཐུགས་ཀར་ཉི་དཀྱིལ་ལ་ཧ་ཡ་ར་ཝ་ལ་རྣམས་བརྩེགས་པའི་ཡི་གེ་ལས་གཙུག་ཏོར་ཅན་སོགས་ཁྲོ་བོ་རྣམས་བྱུང་སྟེ་ཡེ་ཤེས་ལ་སོགས་པ་ཁམས་དྲུག་གི་རང་བཞིན་རྣ་བ་སོགས་ཀྱི་ལམ་ནས་ཕྱིར་སྤྲོས་ཏེ་ཕྱོགས་སོ་སོར་འགོད་ཚུལ་སོགས་སྒྲུབ་ཐབས་ལས་གསལ་བར་འབྱུང་པས་ཤེས་ཕྱིར་འགྲེལ་པ་ལས་གསུངས་པ་འདིར་མ་བཀོད་དོ། །ཁྲོ་བོ་འདི་དག་གི་གདན་གྱི་ཁྱད་པར་ནི་ཉི་རྐང་གི་གྲངས་རོ་དུས་རི་བོང་ཅན་ཏེ་བཅུ་གཅིག་གིས་དབྱེ་བས། གཅིག་ནི་རྡོ་རྗེ་ཤུགས་ཀྱི་གདན་ནོ། །དུས་ཏེ་བཞི་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པ་བཞིའི་འོ། །རོ་སྟེ་དྲུག་ནི་གཙུག་ཏོར་ལ་སོགས་པ་དྲུག་གིའོ། །དེ་ཕྱིར་ཉི་མའི་ནོར་དང་བུ་ལོན་གྱི་དབྱེ་བས་ཐམས་ཅད་ཉི་གདན་ལ་གནས་པའམ།ཡང་ན་ཚེས་ཀྱི་ནོར་དང་བུ་ལོན་གྱི་དབྱེ་བས་ཐམས་ཅད་ཟླ་བ་ལ་གནས་པའམ། དེ་བཞིན་ལུས་ཀྱི་དབྱེ་བ་ས་ཕྱོགས་རྣམས་སུ་ཟླ་བ་ལ་གནས་པ་དང་། ཕྱོགས་བྲལ་རྣམས་སུ་ཉི་མ་ལ་གནས་པ་དང་། བསམ་པའི་དབྱེ་བས་དེ་ལས་བཟློག་པའོ། །

p. 44

དེ་བཞིན་ནུབ་དང་ལྷོར་ཉི་གདན་དང་། བྱང་དང་ཤར་དུ་ཟླ་གདན་ལ་གནས་པ་ནི་ཉི་མའི་རྐང་པའི་དབྱེ་བས་ངེས་པའོ། །དེས་ན་སྔགས་པ་རང་ཇི་ལྟར་འདོད་པ་བཞིན་ཁྲོ་བོའི་ཚོགས་གཞག་པར་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་ཟད་པར་དང་། ཕྱོགས་སྐྱོང་དང་། གཟའ་དང་། ཀླུ་དང་། འབྱུང་པོ་བཅུ་རྣམས་སྤྲོ་བར་བྱའོ། །དེ་ལྟར་སྲུང་བའི་འཁོར་ལོ་ལ་སྐུ་གསུང་ཐུགས་རྣམ་པར་དག་པའི་ཁང་པ་བརྩེགས་པ་དང་། ར་བ་གསུམ་པ་དག་དང་། ཡེ་ཤེས་ལྔའི་ར་བ་ལྔ་རྣམས་དང་། ཡེ་ཤེས་དང་ནམ་མཁའ། རླུང་དང་མེ། ས་དང་ཆུའི་ཁམས་དྲུག་གི་བདག་ཉིད་ཀྱི་ཁྲོ་བོ་བཅུ་དང་། གཟུགས་དང་གཟུགས་མེད་པའི་ལྷ་ཟད་པར་བཅུ་དང་། ཕྱོགས་སྐྱོང་དང་གཟའ་དང་ཀླུ་དང་འབྱུང་པོ་སྟེ་སྡེ་པ་དྲུག་གི་བདག་ཉིད་སྒྲུབ་པ་པོ་སྲུང་ཞིང་སྐྱོང་བ་རྣམས་ནི་འཁོར་ལོ་དང་། ར་བ་ཕྱི་ནང་གི་ནང་དང་ཕྱི་རོལ་ནས་ཡང་དག་པར་སྦྱོར་བས་དགོད་པར་བྱ་སྟེ། ས་དང་ཆུ་ལས་བྱུང་བ་ཟུང་དུ་སྦྱར་བས་ལུས་ཁམས་སྲུང་བ་དང་། མེ་རླུང་གིས་ངག །སྟོང་པ་དང་ཡེ་ཤེས་ཀྱི་ཁམས་ལས་བྱུང་བས་ཐམས་ཅད་དུ་སེམས་ཀྱི་ཁམས་སྲུང་བར་བྱེད་པ་སྟེ། དེ་ནི་བླ་མའི་ངེས་པ་ཞེས་པ་ས་གསུམ་གྱི་བླ་མ་བཅོམ་ལྡན་འདས་ཀྱི་གསུང་གིས་བསྟན་པའི་ངེས་པ་དང་ལྡན་པའི་སྒོ་ནས་གང་ཞིག་གནས་དང་སློབ་མ་སོགས་བསྲུང་བའི་དོན་དུ་སྲུང་འཁོར་སོགས་ཅུང་ཟད་འདོད་པ་ཐམས་ཅད་སྒྲུབ་པ་པོ་ཡིས་བསྒྲུབ་པར་བྱ་ཞེས་པ་ནི་ངེས་པའོ། །འགྲེལ་པར་སྐབས་འདིར་ཁྲོ་བོ་སོགས་ཀྱི་གཏོར་མའི་སྔགས་གསུངས་པ། སྒྲུབ་ཐབས་དང་མཆོད་ཆོག་རྣམས་སུ་གསལ་བས་འདིར་མ་བཀོད་དོ། །དེ་ཡང་གཏོར་མ་བྱིན་གྱིས་བརླབས་པ་ནས་རྡོ་རྗེ་ཤུགས་སྲུང་མ་དྲུག་ཅུ་དང་བཅས་པ་ལ་ཕུལ་ཏེ་གསང་བའི་འཁོར་ལོ་ཧཾ་ཡིག་སོགས་ལ་གཤེགས་གསོལ་བྱ་བ་ཆོ་ག་རྣམས་སུ་གསལ་ལོ། །དེ་ལྟར་བགེགས་གཞོམ་པ་དང་སྲུང་བའི་འཁོར་

p. 45

ལོ་གཏོར་མ་འབུལ་བ་རྣམས་བྱས་ནས་ས་ཡོངས་སུ་བཟུང་བའི་དོན་དུ་ཐོག་མར་སའི་ལྷ་མོ་སྤྱན་དྲངས་ཞིང་ས་བསླང་བ་ནི། གཏོར་མ་སོགས་བཤམས་ནས་རང་གི་ཐུགས་ཀའི་འོད་ཟེར་གྱིས་ས་ཡི་ལྷ་མོ་སྤྱན་དྲངས་པ་ལ། །མཆོད་ཡོན་གྱི་སྣོད་དུ་ཆུ་དང་བཅས་པའི་མེ་ཏོག་དང་དྲི་ལ་སོགས་པ་དག་གིས་ལྷ་མོ་འདི་ལ་མཆོད་ཡོན་རབ་ཏུ་སྦྱིན་ཞིང་ལྷ་མོ་དེ་ལ་ས་གནང་བའི་གསོལ་བ་བཏབ་སྟེ། དེའི་ཕྱི་ནས་ས་ཡི་གནས་ལ་སྦྱང་བའམ་དག་པ་ཡི་ཆོ་ག་དག་ནི་ཇི་ལྟར་འདོད་པ་མཛོད་ཅིག །དེ་ལ་གསོལ་བ་ཇི་ལྟར་གདབ་ཅེ་ན། སྔོན་རྒྱལ་བས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ཡི་བདག་པོ་དང་བཅས་པའི་བདུད་ཀྱི་སྡེ་ནི་བཅོམ་པ་དག་ལ་ལྷ་མོ་ཁྱོད་ནི་དབང་དུ་གྱུར་པ་ཡིན་ལ། དེ་ཕྱིར་ཁྱོད་ནི་བདག་གིས་མཆོད་པར་བྱ་ཞིང་ལྷ་མཆོག་གིས་བཏུད་པ་ཁྱོད་ཀྱིས་བཞེས་ཤིག་བཞེས་ཤིག་བདག་གི་མཆོད་ཡོན་ནོ། །ཇི་ལྟར་རྒྱལ་བས་བླ་ན་མེད་པའི་བྱང་ཆུབ་ཀྱི་སླད་དུ་བདུད་ཀྱི་སྡེ་ནི་སྟོབས་ལྡན་དག་ཀྱང་རབ་ཏུ་བཅོམ་གྱུར་པ། དེ་བཞིན་བདག་གིས་ཀྱང་ནི་སློབ་མ་རྣམས་ལ་རྡོ་རྗེའི་དབང་བསྐུར་བའི་སླད་དུ་བཟུང་ཞིང་བདུད་རྣམས་ཉམས་པ་དག་ཏུ་བྱ་སྟེ་ཁྱོད་དཔང་དུ་གྱུར་པས་བདག་ལ་དཀྱིལ་འཁོར་བྱ་བའི་དོན་དུ་ས་གནང་དུ་གསོལ་ཞེས་པའོ། །དེ་ནས་ལྷ་མོར་གཏོར་མ་ཕུལ་ཏེ། རང་གནས་སུ་གཤེགས་སུ་གསོལ་ནས། མདུན་མཁར་སྤྱན་དྲངས་པའི་སངས་རྒྱས་སོགས་ལ་ལྷ་མོ་བཅུགཉིས་ཀྱིས་མཆོད། མཆོད་ཡོན་ཕུལ་ནས་གསོལ་བ་འདི་ལྟར་གདབ་པར་བྱ་སྟེ། གང་དག་ཕྱོགས་རྣམས་ཀུན་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉེས་པ་ཐམས་ཅད་དང་རྣམ་པར་བྲལ་བ་གང་ཞིག་བཙུན་མོ་དང་བཅས་པ། དེ་དག་རྣམས་ཀྱིས་མཆོག་གི་སྙིང་རྗེས་དཀྱིལ་འཁོར་དུ་ནི་དབང་བསྐུར་བའི་སླད་དུ་བདག་ལ་བསྐྱང་བར་མཛད་དུ་གསོལ། དེ་ལྟར་སངས་རྒྱས་སྲས་བཅས་དེ་དག་ཀུན་ལ་གསོལ་བ་བཏབ་ནས་སེང་ལྡེ༷ང་གི་རང་བཞིན་སྲ་བའི་ཕུར་བུ་རྣམས་དག་གིས་ས་ལ་གདབ་པ་འཆད་འགྱུར་ལྟར་བྱ་སྟེ། ཕྱོགས་ཀྱི་ཁྲོ་བོ་ཕྱག་ན་མཚོན་ཆ་དང་

p. 46

ལྡན་པ་རྣམས་ནི་ཕྱོགས་ཀྱི་ཆ་རུ་བགེགས་ལ་ཕུར་བུས་གདབ་པ་དང་། བདག་གནས་ཡོ་བྱད་རྣམས་བསྲུང་བའི་དོན་དུ་དགོད་པར་བྱའོ། །དེ་ནས་གང་དུ་དཀྱིལ་འཁོར་བྱ་བའི་གཞི་དེར་ས་བརྐོ་བའི་མཚན་མ་གསུངས་པ། སའི་སྙིང་པོར་ཟུག་རྔུ་དག་ཏུ་གྱུར་པ་ནི། མི་ཡི་རུས་པ་དང་སོལ་བ་དང་བཅས་པ་དང་། སྲོག་ཆགས་ཀྱི་རྭ་ནི་དགེ་བའི་ལས་བྱེད་པ་ལ་འཆི་བའི་འཇིགས་པ་བྱེད་པས་ཟུག་རྔུ་དེ་དག་ཡོངས་སུ་བཟུང་བའི་ས་ཡི་སྙིང་པོར་ངེས་པར་ཞུགས་པར་གྱུར་ན། གནས་དེ་དག་ཏུ་ཡོན་ཏན་དབང་གིས་སྦྱང་བ་བྱ་དགོས་སོ། །གལ་ཏེ་མ་སྦྱང་ན་ས་ཡི་ཡོན་ཏན་རྣམ་པར་ཉམས་པར་འགྱུར་ཏེ་དེ་ཡི་ཕྱིར་ན་སྦྱང་པར་བྱའོ། །ས་བསྐོས་པ་ལ་རིན་ཆེན་དང་དུང་དང་། མཆིང་བུ་དག་བྱུང་ན་ནི་རྣམ་པར་རྒྱལ་ཞིང་བདེ་བ་བྱེད་པར་འགྱུར་རོ། །འདི་ལྟར་བརྟག་པ་ནི་དཀྱིལ་འཁོར་དག་གི་དོན་དུ་སྟེ། དེ་བཞིན་དུ་ཁང་བཟངས་ཀྱི་དོན་དང་། སྐྱེ་བོའི་ཁྱིམ་གྱི་དོན་དང་། རབ་གསལ་ངེས་པར་འདིར་ནི་མཆོད་སྦྱིན་ལ་སོགས་གང་དུ་བྱ་བའི་སླད་དུའང་དེ་ལྟར་ས་བརྟག་པ་དང་སྦྱང་བ་བྱའོ། །དེ་ནས་ས་སྦྱང་པའི་ཉི་མ་གསུངས་པ། རྫོགས་པ་དག་ལ་ས་ནི་སྦྱང་བ་དང་གཟུང་བ་དག་ཀྱང་བྱའོ། །ཞེས་པ་ཟླ་བ་གཅིག་ལ་རྫོགས་པའི་ཞག་དྲུག་སྟེ། ཡར་ངོ་མར་ངོའི་ལྔ་པ་གཉིས་ནི། ལྔ་དང་ཉི་ཤུ། བཅུ་པ་གཉིས་ནི་བཅུ་ཉེར་ལྔ། བཅོ་ལྔ་པ་གཉིས་ནི་ཉ་སྟོང་སྟེ། དེ་ལྟར་དུས་མཚམས་དེ་ལ་དགེ་ལས་དཀར་ཕྱོགས་ཀྱི་རྫོགས་པ་བིཥྚི་སྤང་བའི་ཆ་ལ་དང་། མི་དགེ་བའི་ལས་ལ་ནག་ཕྱོགས་ཀྱི་རྫོགས་པ་རྣམས་ལ་ས་བསྐོས་ཏེ་ཟུག་རྔུ་རྣམས་དབྱུང་བས་སྦྱང་བ་དང་། སྔགས་དང་ཕྱག་རྒྱ་སོགས་ཀྱིས་ཀྱང་སྦྱངས་བར་བྱས་ལ། སླར་ཁུང་བུ་སས་དགང་ཞིང་འཐས་པར་བཅག་པར་བྱའོ། །དེ་ནས་ས་ཡོངས་སུ་གཟུང་བ་དང་། དེ་བཞིན་དུ་སློབ་བུ་རྣམས་དག་ནི་ཡང་དག་བསྡུ་བ་དག་ཀྱང་རྫོགས་པའི་ཚེས་ལ་བྱ་ཞིང་ཁྱད་པར་ཉ་ལ་བྱ་བར་བསྔགས་སོ། །

p. 47

དཀྱིལ་འཁོར་བྲི་བའི་དུས་ཤེས་ནས་ཞག་བཅུ་གཉིས་པ་ལ་ཐིག་གདབ་པར་བྱ་ཞིང་འདོད་པ་དང་མ་ནུའི་ཉིན་ཞག་ཅེས་བཅུ་གསུམ་པ་དང་བཅུ་བཞི་པ་དག་ལ་དཔལ་ལྡན་རྡུལ་ཚོན་དབྱེ་བ་ཉིད་དུ་བྱའོ་ཞེས་པས་ཐིག་གདབ་པའི་སྔར་བཅུ་གཅིག་པར་ལྷག་གནས་ཀྱི་ཆོ་ག་བྱ་བ་ཤུགས་ཀྱིས་ཤེས་སོ། །དབང་དང་རབ་གནས་སྦྱིན་སྲེག་ལ་སོགས་པ་ཉ་ལ་མཆོག་གི་བླ་མས་སྦྱིན་ཏེ། ར་བ་ནག་པའི་ཉ་དང་། སངས་རྒྱས་ཀྱིས་བདུད་ནི་བཅོམ་པའི་ཉིན་ཞག་ས་གའི་ཉ་དག་ལ་ཡང་བྱའོ། །འགྲེལ་པར་ལུང་གི་ཚིག་གོ་ཞེས་སྐབས་ཅི་རིགས་སུ་བྱུང་བ་ནི་སྒྲ་པ་དང་མི་མཐུན་པའི་ཚིག་ཕྲད་སོགས་བྱུང་བ་སངས་རྒྱས་ཀྱི་ལུང་གི་ཚིག་ལ་དེ་ལྟར་མཛད་དོ་ཞེས་པའི་དོན་དུ་ཤེས་པར་བྱའོ། །དེ་ལྟར་མ་འགྲིགས་ན་ཡང་ཡིག་གིས་ཉ་གཞན་གང་རུང་ལ་ཡང་རུང་ངོ་། །ཉ་དེ་ཡི་མཚན་མོ་རྒྱལ་བའི་རིགས་ཀྱི་སྐུ་གཟུགས་སོགས་ལ་རབ་ཏུ་གནས་པར་བྱ་བར་འགྱུར་ཏེ་མཚན་མོ་གཞན་ལ་རབ་གནས་བྱ་བ་མིན་ཞེས་པ་ནི་ངེས་པའོ། །དག་པའི་དུས་སྦྱོར་བཟང་པོ་དང་། །གཟའ་དགེ་བ་དང་། རྒྱུ་སྐར་ལ་སོགས་པ་དགེ་ཞིང་ཤིས་པ་འཛོམ་པས་ན་ཀྱེ་མི་ཡི་བདག་པོ་མཚན་མོ་གཞན་ལ་ཡང་རབ་ཏུ་གནས་པར་འགྱུར་བ་ནི་དམིགས་བསལ་ལོ། །སྲོ༷ག་ཏེ་ཕུར་བུ་དང་པ་སངས་ཉི་མ་ལ་ནུབ་པར་གྱུར་ཏེ་མཐོང་བ་མ་ཡིན་པར་གྱུར་ན་དེ་ཚེ་ཟླ་བ་དེ་ལ་ངེས་པར་ཏེ་མཐའ་གཅིག་ཏུ་བག་མ་ལེན་པ་དང་རབ་ཏུ་གནས་པར་བྱ་བ་ཉིད་དུ་མི་འགྱུར་རོ། །འདི་ནི་འཇམ་དཔལ་རྩ་བའི་རྟོགས་པ་ལས། ཉི་མའི་མཐར་ཡང་གཟའ་བཟང་པོ། དཀར་པོ་ཟླ་བ་པ་ཝ་སངས་ཞེས་སོགས་ཀྱིས་ཞི་གཟའ་རྣམས་མཐོང་བའི་དུས་སུ་དགེ་བར་གསུངས་པ་ལྟར་རོ། །དེ་བཞིན་དུ་རྒྱལ་དང་ནག་པའི་ཉ་ལ་ཕུར་བུའི་ཞིང་དུ་ཉི་མ་ཞུགས་པ། རྒྱལ་གྱི་ཉ་ལ་རྒྱལ་པོ་རྣམས་ཀྱི་དབང་བསྐུར་བ་སྟེ་རྒྱལ་པོར་བསྐོ་བ་དང་། ནག་པའི་ཉ་ལ་སངས་རྒྱས་ཀྱི་དབང་བསྐུར་

p. 48

བའི་བྱ་བ་བཟང་ངོ་། །དེ་ལྟར་སློབ་དཔོན་དག་གིས་ས་གཞིའི་གནས་སུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དག་གི་ལས་གང་དང་གང་བྱེད་པའི་བྱ་བའི་ཆོ་ག་དང་། དུས་དང་གནས་དང་བསྒོམ་པ་དག་ཀྱང་མཐའ་དག་ཤེས་ནས་ནི། ཞི་སོགས་ལས་ཀྱི་བྱ་བ་གང་དང་གང་བྱེད་པ་དེ་དང་དེ་མཐའ་དག་དེ་ལྟར་འབྲས་བུ་དག་ནི་རབ་ཏུ་སྦྱིན་པར་འགྱུར་ཏེ་རྟེན་འབྲེལ་ཟབ་མོའི་མཐུ་ལས་སོ། །འདི་གཙོ་བོར་ཚེས་ཀྱི་དུས་ལ་སྦྱར་བར་འགྲེལ་པས་གསུངས། འདིར་དབང་དང་རབ་གནས་སོགས་ཀྱི་དཀྱིལ་འཁོར་བྱ་བའི་དང་པོར་སློབ་མས་དབང་དང་རབ་གནས་ཀྱི་དོན་དུ་གསོལ་བ་གདབ་པའི་དུས་དང་སློབ་མ་སྟ་གོན་དང་རབ་གནས་ཀྱི་སྟ་གོན་སོགས་ཀྱི་དུས་སུ་སྟ་གོན་གྱི་ལྷ་མཆོད་ནས། སློབ་མ་དང་རབ་ཏུ་གནས་བྱའི་རྟེན་བསྲུང་བར་བྱ་བ་ནི་བར་ཆད་མི་འཇུག་པའི་སླད་དུ་ཡིན་ལ། དེ་ཡང་སློབ་མའི་མགོ་བོ་ལ་ཨཱུ་ཡིག་ཡབ་ཀྱི་སྐུ། སྙིང་ག་རུ་ཨཱི་ཡབ་ཀྱི་གསུང་། དེ་བཞིན་གཙུག་ཏོར་དུ་ཨཱ་ཡབ་ཀྱི་ཐུགས་ཏེ་རིགས་གསུམ་དང་། ལྟེ༷་བ་རུ་ལཱྀ་ཡུམ་གྱི་སྐུ། མགྲིན་པ་ལ་རཱྀ་ཡུམ་གྱི་གསུང་། དཔལ་ལྡན་གསང་བའི་པདྨར་ནི་ཨཱཿཡུམ་གྱི་ཐུགས་ཏེ། དེ་ལྟར་རྒྱལ་བ་དང་ལ་སོགས་པ་ལྷ་མོ་སྟེ་ཡབ་ཡུམ་གཉིས་ཀའི་རིགས་སུ་གྱུར་པ་སྐུ་གསུང་ཐུགས་ཀྱིས་ཕྱེ་བ་དག་གིས་བསྲུང་བ་བྱས་ཤིང་། དེ་བཞིན་སྐུ་གཟུགས་སོགས་དང་གླེགས་བམ་རྣམས་ནི་རབ་གསལ་ངེས་པར་དཔལ་ལྡན་དབྱངས་རྣམས་དག་གིས་བསྲུང་བར་བྱས་ཏེ་ཞེས་པ་ཨ་ཨི་རྀ་ཨུ་ལྀ་ལྔས་བསྲུང་བ་བྱའོ། །དེའི་རྗེས་ལ་སངས་རྒྱས་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། སེམས་ཅན་རྣམས་ནི་ཐར་པའི་སླད་དུ་སློབ་དཔོན་ཆེ་གེ་མོ་བདག་ཀྱང་། གཙོ་བོའི་སྟེ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དག་ནི་བཞེངས་པར་བགྱིད་པ། དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་མ་ལ་སོགས་པ་རྣམས་བྱིན་གྱིས་བརླབས་པར་མཛད་དུ་གསོལ་ཞེས་

p. 49

བྱའོ། །དེ་ནས་ཐིག་སྐུད་སོགས་ཀྱི་ལྷག་པར་གནས་པ་གསུངས་པ། ས་གཞི་ཚུལ་བཞིན་སྦྱང་བ་བྱས་པས་དག་པའི་གནས་ནི་ལས་དང་མཐུན་པའི་སས་ལེགས་པར་གང་ཞིང་ཤིན་ཏུ་ཡ་ཡོ་མེད་པ་མཉམ་པར་བཀོད་པ་གྲུ་བཞི་པ། ཅུང་ཟད་རུས་སྦལ་གྱི་རྒྱབ་བཞིན་དབུས་མཐོ་བ་དག་ལ། དཀྱིལ་འཁོར་ནི་ཁྲུ་ཚད་གཅིག་ལ་སོགས་པ་བྱ་སྟེ་གང་ཞེ་ན། དུས་ཏེ་ཁྲུ་བཞི་པ་དང་། ནོར་ཞེས་པ་བརྒྱད་དང་། མི་བདག་བཅུ་དྲུག་དང་། དེ་བཞིན་ཁྲུ་སྟོང་ཕྲག་དག་གི་ས་ཡི་ཚད་སྦྱང་བ་སོགས་རྫོགས་པ་དེ་ལ་ནི། ཐིག་སྐུད་དང་། རྡོ་རྗེ་དང་། རྡུལ་ཚོན་གྱི་སྣོད་རྣམས་རིམ་བཞིན་ལྷ་དེ་ཤར་དང་གཤིན་རྗེ་ལྷོ་དང་ཆུ་བདག་ནུབ་ཏུ་བཀོད་པར་བྱ་བ་སྟེ། བྱང་དུ་རྡོ་རྗེ་དྲིལ་བུ་དག་དང་དབུས་སུ་རྣམ་པར་རྒྱལ་བའི་བུམ་པ་བཀོད་ནས་འཆད་འགྱུར་གྱི་རིམ་པས་མལ་སྟན་ལྷག་གནས་ཀྱི་སྒོ་ནས་མཚན་མ་བརྟག་པའི་དོན་དུ་གཉིད་ལོག་པར་བྱས་པས། སློབ་དཔོན་ནམ་སློབ་མས་དགེ་བའི་མཚན་མ་རྙེད་ན། ཕྱོགས་ཀྱི་དང་པོ་ཤར་གྱི་ཕྱོགས་དང་ནི་དེའི་ཕྱི་མའི་ཕྱོགས་ནུབ་ཀྱི་གནས་སུ་སློབ་དཔོན་སློབ་མས་དཀྱིལ་འཁོར་གྱི་ཚངས་ཐིག་ནི་དང་པོ་བཏབ་ལ་དེ་ནས་རིམ་བཞིན་ཐིག་ཡོངས་རྫོགས་སུ་གདབ་པར་བྱའོ། །དེ་ཡི་དུས་སུ་ཐིག་སྐུད་ཆད་པར་གྱུར་ན་བླ་མ་ཉམས་ཤིང་ཡོངས་འཇོམས་འགོངས་པར་གྱུར་ན་བུ་རྣམས་དག་ཀྱང་ངོ་ཞེས་པ་ཉམས་པར་འགྱུར་རོ། །གལ་ཏེ་རྡུལ་ཚོན་རླུང་གིས་ཁྱེར་ན་བླ་མ་ལ་སོགས་པ་རྣམས་ལ་འཇིགས་པ་གསལ་བར་བྱེད་ཅིང་། ཡུལ་འཁོར་དག་ཏུ་རྒྱལ་པོ་ལ་འཇིགས་པ་ཡང་གསལ་བར་བྱེད་དོ། །མཚན་མ་ངན་པ་དེ་དག་མཐོང་ནས་སླར་ཡང་སློབ་དཔོན་གྱིས་བསྲུང་འཁོར་དང་བཅས་ཏེ། གཙོ་བོ་དག་གི་སྔགས་ཀྱི་བཟླས་པ་རབ་ཏུ་བྱ་སྟེ་རུང་བའི་མཚན་མ་བྱུང་བར་གྱུར་གྱི་བར་དུའོ། །དེ་ནས་སླར་ཡང་དགེ་བའི་མཚན་མ་རྙེད་ན་མཉམ་དང་མི་

p. 50

མཉམ་རྐང་པ་དག་གིས་ཞེས་པ་སློབ་དཔོན་གྱི་རྐང་པ་གཡོན་པ་སྐྱིལ་ཀྲུང་དང་། གཡས་པའི་མཐིལ་ས་ལ་བཞག་པ་མཉམ་པའི་རྐང་པ་དང་། དེ་ལས་བཟློག་པ་མི་མཉམ་པའི་རྐང་པའི་འདུག་སྟངས་དེ་དག་གི་སྒོ་ནས་དཀྱིལ་འཁོར་གྱི་ཐིག་ནི་གདབ་པ་བསྒྲུབ་པར་བྱའོ་ཞེས་པའི་ངེས་པའོ། །ད་ནི་ཡོངས་འཇོམས་ཞེས་པ་ཅི་ལྟ་བུ་ཡིན་པ་གསུངས་པ། འདིར་ཤེས་རབ་དང་ཐབས་ཀྱི་ཡན་ལག་དབུས་སུ་ཞེས་པ། ཤེས་རབ་ཀྱི་ཡན་ལག་ནི་ལྷོ་དང་ནུབ་བོ། །ཐབས་ཀྱི་ཡན་ལག་ནི་ཤར་དང་བྱང་ཡིན་པས་འདི་དག་གི་དབུས་སུ་ཡོངས་འཇོམས་ཞེས་སུ་འགྱུར་བ་ཡིན་པས་ཡོངས་འཇོམས་དེ་ནི་དཀྱིལ་འཁོར་དག་གི་ལས་ཀྱི་ཐིག་གདབ་པ་ལ་དེར་འགོམས་པ་སྤང་བར་བྱ་དགོས་སོ། །དཀྱིལ་འཁོར་དུ་མ་ཟད་ས་གཞི་ལ་གཡུལ་གྱི་དུས་སུ་རྩེ་མོ་ཅན་མེ་དང་རླུང་གི་ཕྱོགས་ཉིད་དུ་གནས་པའི་དམག་གི་སྡེ་ཡི་དབུས་སམ་མཚམས་སུ་གདེང་ཅན་སྦྲུལ་བཞིན་དུ་དབྱུག་པའི་རྣམ་པར་གནས་པ་དེ་ལ་འགོངས་པར་གྱུར་པ་དེ་ཡིས་གཡུལ་དུ་སྡེ་ནི་ངེས་པར་ཉམས་པར་འགྱུར་ཏེ། ས་གཞི་དག་ཏུ་མཚན་མའི་འམ་འགྲན་པའི་འཐབ་མོ་ལ་ནི་གང་འགོངས་པ་དེ་ལ་ཡོངས་འཇོམས་དེས་བསྣུན་པ་ཉིད་དུ་འགྱུར་བའོ། །དཀྱིལ་འཁོར་གྱི་དུས་སུ་དེ་ལ་འགོམས་པས་འཐབ་པ་དང་རྩོད་པ་འབྱུང་བར་འགྱུར་རོ། །དེ་ཕྱིར་གཡུལ་འགྱེད་པ་དང་དབང་བསྐུར་བའི་ལས་ཀྱི་ཐིག་གདབ་པ་དག་ལ་ཡང་ཡོངས་འཇོམས་ཤིན་ཏུ་སྟོབས་དང་ལྡན་པར་སྔགས་པས་རིག་པར་བྱའོ། །འདི་ལ་པ་རི་གྷའི་ཙཀྲ་ཞེས་གཞུང་གཞན་ལས་བཤད་དེ་པ་རི་གྷ་ཞེས་པ་བོད་སྐད་དུ་ཡོངས་འཇོམས་ཞེས་སོ། །དེ་ནས་རྡུལ་ཚོན་སོགས་བྱིན་གྱིས་བརླབ་པའི་དོན་དུ་ལྷག་གནས་ཀྱི་འདོད་པའི་ལྷའི་དམིགས་པ་ཏིང་ངེ་འཛིན་མདོར་བསྡུས་གསུངས་པ། ཉི་ཟླ་འམ་ཐབས་ཤེས་ཀྱི་བདག་ཉིད་ཨ་སོགས་དབྱངས་དང་། ཀ་སོགས་གསལ་བྱེད་དང་རྡོ་རྗེ་ཧུཾ་ཡིག་

p. 51

དང་ལྡན་པ་འདྲེས་པར་གྱུར་པ་དག་གིས་གཙོ་བོ་དུས་ཀྱི་འཁོར་ལོ་བསྒོམ་པར་བྱའོ། །དེ་ཡང་རང་གི་སྙིང་གའི་པདྨར་ཟླ་བ་དང་ཉི་མ་དུས་ཀྱི་མེ་ཡི་གདན་གྱི་སྟེང་དུ། སྒྲུབ་ལེར་འཆད་འགྱུར་ལྟར་དཔལ་ལྡན་དུས་ཀྱི་འཁོར་ལོ་རི་བོང་ཅན་གྱི་མཚན་མ་སྤྱི་བོར་འཛིན་པ་འདོད་པ་ཡི་ལྷ་མནན་པའི་གཡས་བརྐྱང་ཞབས་ཅན་ཡུམ་དང་བཅས་པར་ནི་བསྒོམས་པར་བྱས་ཤིང་ཤེས་རབ་མ་དང་བཅས་པའི་གཙོ་བོའི་ཐུགས་ཀའི་པདྨ་དང་། ཉི་ཟླ་སྦྱར་བར་ལྡན་པ་ཞེས་བརྩེགས་མ་ལ་གནས་པ་སྟེ། ཡབ་དང་ཡུམ་རང་རང་གི་དབུགས་ཀྱི་རྡོ་རྗེ་ལྕགས་ཀྱུ་ཡིས། སངས་རྒྱས་རིགས་ལྔ་དང་ལྷ་མོ་ཡུམ་ལྔ་རྣམས་བཀུགས་ནས་རྡུལ་ཚོན་དག་ལ་བསྟིམས་ནས་རོ་མཉམ་དུ་བཀོད་ཅིང་ཐིག་སྐུད་ལ་ཡང་དེ་ལྟར་བསྒོམ་པར་བྱའོ། །དེ་ཡང་ཡབ་ཀྱི་ཐུགས་ཀའི་རྡོ་རྗེ་ལྕགས་ཀྱུས་སངས་རྒྱས་ལྔ་དང་། ཡུམ་གྱི་ཐུགས་ཀའི་རྡོ་རྗེ་ལྕགས་ཀྱུས་ལྷ་མོ་ལྔ་བཀུག་ཡབ་ཡུམ་གྱི་དྷཱུ་ཏཱིའི་སྒོ་ནས་གཙུག་དཔྲལ་མགྲིན་སྙིང་ལྟེ་གསང་གི་བར་དུ་ཞུགས་པ་རང་གི་ཁུ་རྡུལ་གྱི་རང་བཞིན་དུ་ཞུ་ཞིང་རང་གི་རྡོ་རྗེ་ནས་ཡུམ་གྱི་པདྨར་སྤྲོས། ཡུམ་གྱི་རྡུལ་དང་གཅིག་ཏུ་འདྲེས་པ་སངས་རྒྱས་ལྔ་དང་ལྷ་མོ་ལྔར་གྱུར་པ་མཁའ་ནས་ཕྱིར་སྤྲོས་ཏེ་རྡུལ་ཚོན་སངས་རྒྱས་ལྔར་བསྒོམ་པ་ལ་སངས་རྒྱས་ལྔ་དང་། ཐིག་སྐུད་ལྷ་མོ་ལྔར་བསྒོམ་པ་ལ་ལྷ་མོ་ལྔ་བསྟིམ་ཞིང་དྲི་སོགས་ཀྱིས་མཆོད་དེ་འོག་ནས་འབྱུང་བའི་སྔགས་ཀྱིས་བྱིན་གྱིས་བརླབ། དེ་དག་འོད་དུ་ཞུ་བ་ལས་རྡུལ་ཚོན་དང་ཐིག་སྐུད་ཀྱི་རྣམ་པར་གྱུར་པར་བསམ་ལ་རྡུལ་མཚོན་དཀྱིལ་འཁོར་གྱི་ནུབ་དང་། ཐིག་སྐུད་ཤར་གྱི་ཕྱོགས་སུ་བཞག་གོ། འདིའི་ཚུལ་གྱིས་བུམ་པ་དང་རྡོར་དྲིལ་ཡང་བྱིན་བརླབ་བྱའོ། །སྐབས་འདིར་འགྲེལ་པ་ལས་གསུངས་པ་ལྟར། དང་པོར་རྡོ་རྗེའི་ཞལ་དག་པའི་སྔགས་ནི། ཨོཾ་ཨཱཿཧཱུྃ་ཧོ་ཧ་ཀྵ་པྲཛྙོ་སོགས་ཏེ། ཞི་རྒྱས་ལ་བཾ་ལས་བྱུང་བའི་ཟླ་བའི་

p. 52

དཀྱིལ་འཁོར་གྱིས་ལུས་སྦྱང་ནས་ཟླ་བ་ལྟ་བུའི་རྣམ་པར་བསྒོམ་པ་དང་། དབང་དགུག་ལ་རྃ་ལས་ཉི་དཀྱིལ་གྱིས་ལུས་སྦྱངས་ཏེ་ཁ་དོག་དམར་པོ་དང་། བསད་བསྐྲད་ལ་ཡྃ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་གྱིས་ནག་པོ་དང་། རྨོངས་རེངས་ལ་ལྃ་ལས་དུས་མེའི་དཀྱིལ་འཁོར་སེར་པོས་བྱ་བ་ཁྱད་པར་རོ། །སླར་གསོ་བ་ཧྃ་ལས་མཁའ་དཀྱིལ་ལྗང་གུས་བྱ་ཞིང་། ཨོཾ་སྭ་བྷ་བ་ཤུདྡྷ་སོགས་ཀྱི་སྔགས་བརྗོད་པར་བྱའོ། །ལག་པ་དག་པའི་སྔགས་ནི་ཨོཾ་ཧྲཿསརྦཱ་སཏྲ་རཱ་ཛ་སོགས་བརྗོད་ཅིང་ལག་པ་བཀྲུ་བའི་ཚུལ་དུ་ཕན་ཚུན་མཉེ་བར་བྱ་ཞིང་ལག་པའི་སོར་མོའི་ཚིགས་རྣམས་ལ་དབྱངས་ཐུང་རིང་དགོད་ཅིང་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བཅིངས་ཏེ་ཀ་ཡ་ཝཱ་ཀ་ཙིཏྟ་སོགས་ཀྱི་སྔགས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་བཞིར་དག་པའི་ང་རྒྱལ་བཅས་བཛྲ་ཀཱ་ཡ་སོགས་ཀྱི་སྔགས་བརྗོད་པར་བྱའོ། །དེ་ནས་རིགས་དྲུག་དང་ཡན་ལག་དྲུག་དགོད་པའི་སྔགས་དང་ཕྱག་རྒྱ་དང་། བསྲུང་འཁོར་ར་བ་དང་། ཁང་བརྩེགས་དང་། འོག་གི་རྡོ་རྗེའི་ས་གཞི་དང་། པདྨ་དང་ཉི་གདན་དང་། ཁྲོ་བོའི་དབང་པོར་བསྒོམ་པ་དང་། ཁྲོ་བོ་བཅུ་སོ་སོ་ལ་བཀའ་བསྒོ་བའི་སྔགས་དང་། ང་རྒྱལ་བཟུང་བ། ཚོགས་ཞིང་སྤྱན་དྲངས་པ་ལ་ལྷ་མོ་བཅུ་གཉིས་ཀྱི་མཆོད་པའི་སྔགས་དང་། བདག་ཉིད་ལྷའི་ང་རྒྱལ་གྱིས་གནས་པའི་སྔགས་དང་། གཏོར་མ་སྦྱང་སྤེལ་སྦར་བསྒྱུར་གྱི་སྔགས་བཞི་དང་། གཏོར་མགྲོན་སྤྱན་དྲངས་བ་དང་། སའི་ལྷ་མོ་སྤྱན་དྲངས་ཞིང་མཆོད་པའི་སྔགས་དང་། བདུད་གཞོམ་པ་དང་། ཕུར་པའི་སྔགས་དང་། ཐོ་བའི་སྔགས་རྣམས་གསུངས་ཤིང་། སྐབས་འདིར་ཕྱག་མཚན་ལྔ་རྐང་མཐིལ་ལ་བཀོད་ཅིང་རྡོ་རྗེ་ཡི་སྟབས་ལ་སོགས་པས་ས་བཅག་པར་གསུངས་སོ། །རྡོ་རྗེའི་ས་སྤྱན་དྲངས་བའི་སྔགས་དང་། བུམ་པ་དང་ཐིག་སྐུད་དང་རྡུལ་ཚོན་དང་རྡོ་རྗེ་དང་དྲིལ་བུ་ལྷག་པར་གནས་པ་དང་། སློབ་མ་ལྷག་གནས་ཀྱི་སོ་ཤིང་དོར་བ། རྡོ་རྗེ་སེམས་དཔའ་བསྐུལ་བའི་སྔགས་

p. 53

རྣམས་དང་། མལ་སྟན་ལྷག་གནས་ཀྱི་སྔགས་རྣམས་དང་རྨི་ལམ་གྱི་མཚན་མ་བཟང་ངན་ཀྱང་གསུངས་ལ། གཏོར་མ་སྦྱང་བའི་སྔགས་དང་གཏོར་མའི་མགྲོན་དུ་རྡོ་རྗེ་མཁའ་འགྲོ་མ་རྣམས་དགུག་པ་དང་། དབང་བདུན་གྱི་དོན་དུ་གསོལ་བ་འདེབས་པའི་སྔགས་དང་། དབང་ཐོབ་པའི་ང་རྒྱལ་བྱ་བའི་སྔགས་དང་། དབང་གོང་མའི་དོན་དུ་གསོལ་བ་འདེབས་པའི་སྔགས་དང་། དབང་ཐོབ་པའི་ང་རྒྱལ་གཟུང་བའི་སྔགས་དང་། དབང་བཞི་པའི་དོན་དུ་གསོལ་བ་འདེབས་པ་དང་ང་རྒྱལ་གཟུང་བའི་སྔགས་དང་། ཕྱག་རྒྱ་དྲུག་དང་། ཕྱག་རྒྱ་བཞིའི་སྔགས་དང་། གཡས་གཡོན་གྱི་ཕྱག་མཚན་རྣམས་ཀྱི་སྔགས་དང་། གླང་ལྤགས་དང་། སྦྲུལ་རྒྱན་གྱི་སྔགས་རྣམས་དང་། རྩ་བའི་སྔགས་རྐང་པ་བཅུ་དྲུག་པ་དང་། བདུད་རིགས་བརྒྱའི་མགོ་ཕྲེང་དང་། མཁའ་འགྲོ་མའི་ས་བོན་དང་། ཕྲེང་བའི་སྔགས་རྐང་པ་བདུན་ཅུ་རྩ་གཉིས་པ་དང་བཅས་པ་རྣམས་དང་། ཐིག་གདབ་པའི་སྐབས་ཀྱི་སྔགས་རྣམས་དང་། ཐིག་གདབ་ཚུལ་རྣམས་ནི་འགྲེལ་པ་ལས་ཤེས་པར་བྱ་ཞིང་གོ་སླ་ལ། སྔགས་རྣམས་བོད་སྐད་དུ་བསྒྱུར་བ་དང་། དེ་དག་གི་ལག་ལེན་དང་འབྲེལ་བར་སྔགས་རྣམས་སྒྲུབ་ཐབས་དང་དབང་ཆོག་རྣམས་སུ་གསལ་བས་འདིར་སླར་ཡང་མ་བཀོད་དོ། །འགྲེལ་པར་མདོར་བསྡུས་དང་པོའི་རྗེས་ནས་འདིའི་བར་དུ། སྲུང་འཁོར་དང་ས་སོགས་གཟུང་བའི་མདོར་བསྡུས་གཉིས་པས་བསྟན་པར་མཛད་དོ། །དེ་ནས་དཀྱིལ་འཁོར་གྱི་ཐིག་གདབ་པ་གསུངས་པ། དཀྱིལ་འཁོར་གྱི་ས་ལ་ཐོག་མར་སློབ་དཔོན་ནུབ་ཏུ་གནས་ཤིང་ཁ་ཤར་དུ་ཕྱོགས་པས་ལག་གཡོན་པས་ཐིག་སྐུད་བཟུང་ཞིང་རྐང་གཡོན་སྐྱིལ་ཀྲུང་ཕྱེད་པ་དང་གཡས་ས་ལ་བཞག་པས་འཁོད་ལ། སློབ་མ་ལས་ཀྱི་རྡོ་རྗེ་ཅན་ཤར་དུ་གནས་ནས་ཁ་ནུབ་ཏུ་ཕྱོགས་པས་ལག་གཡས་པས་ཐིག་སྐུད་བཟུང་

p. 54

ཞིང་རྐང་གཡས་ཕྱེད་དཀྱིལ་གཡོན་ས་ལ་བཞག་པས་འཁོད་དེ། དཀྱིལ་འཁོར་གྲུ་བཞིར་གཞལ་ནས་དབུས་སུ་ཚངས་པའི་ཐིག་དང་པོ་གདབ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ལྷོར་སློབ་དཔོན་བྱང་དུ་ཞལ་ཕྱོགས་པ་དང་། ལས་ཀྱི་རྡོ་རྗེ་ལྷོར་ཕྱོགས་པས་ཚངས་པའི་ཐིག་གཉིས་པ་གདབ་པར་བྱའོ། །དེ་ནས་རླུང་དང་མེའི་ཐིག་དང་བདེན་བྲལ་དང་དབང་ལྡན་གྱི་ཟུར་ཐིག་གཉིས་ཀྱང་བཏབ་ལ། དེ་ནས་ཕྱོགས་ཀྱི་ཡོངས་འཇོམས་སྤངས་ཤིང་། ཤར་ནུབ་ཀྱི་ཚངས་ཐིག་ནས་བརྩམས་ཏེ་ལྷོའི་ས་ལ་ཐིག་གདབ་པ་དང་དེ་ནས་བྱང་གི་ས་ལའོ། །དེ་ནས་ལྷོ་བྱང་ནི་ཚངས་ཐིག་ནས་ནུབ་ཀྱི་ས་ལའོ། །དེ་ནས་ཤར་གྱི་ས་ལ་ཐིག་གདབ། དཀྱིལ་འཁོར་ལ་དགོས་པའི་ཐིག་རྣམས་མ་གཏོགས་ལྷག་མ་དབྱེ་བར་བྱ་བ་སྤྱིར་ཤེས་པར་བྱའོ། །དེ་ནས་ཐིག་ནི་རོ་དང་དགུ་བཅུ་ཞེས་དགུ་བཅུ་རྩ་དྲུག་འདི་དག་དབུས་ཀྱི་ཚངས་བའི་ཐིག་ལས་ཤར་ལྷོ་ནུབ་བྱང་བཞིའི་ཕྱོགས་ཀྱི་ཆ་རྣམས་དག་ཏུ་རབ་ཏུ་སྦྱིན་པའམ་འགོད་པར་བྱ་སྟེ་ཕྱོགས་རེ་རེར་ཡང་ཐིག་གོ་དྲུག་རེ་གདབ་བོ། །ཐིག་གོ་དྲུག་པོ་རེ་རེའི་བར་ཚད་ནི་སོར་ཕྱེད་དུ་བརྗོད་པ་སྟེ། སོར་ཕྱེད་པ་གོ་དྲུག་གི་ཐིག་འདི་དག་ཐིག་རིང་ཡིན་ནོ། །དེ་ལས་དབུས་ཀྱི་ནོར་དང་དུས་ཀྱི་ཐིག་རྣམས་དག་གིས་དབུས་སུ་སྙིང་པོའི་དཀྱིལ་འཁོར་དག་ཏུ་འགྱུར་ཞེས་པ་ནང་གི་ཐིག་བཞི་བཅུ་རྩ་བརྒྱད་ནི་སྙིང་པོའི་དཀྱིལ་འཁོར་ཏེ་ཐུགས་དཀྱིལ་གྱི་ཆའོ། །སྙིང་པོ་ལས་ནི་ཕྱི་རོལ་དུ་ཐིག་བརྒྱ་དང་གོ་གཉིས་ཀྱི་ཐིག་མཐའ་དག་རྣམས་ཀྱིས་བཀོད་པ་དག་ཀྱང་དཀྱིལ་འཁོར་ཆེན་པོའི་སྒོ་ཡི་མཚམས་ཞེས་པ། ཐུགས་དཀྱིལ་གྱི་ཞེ་བརྒྱད་པོ་ལས་ཉིས་འགྱུར་གྱི་ཐིག་གོ་དྲུག་གིས་གསུང་གི་དཀྱིལ་འཁོར་གྱི་སྒོ་ཡི་མཚམས་དང་། གསུང་དཀྱིལ་གྱི་ཐིག་ལས་ཉིས་འགྱུར་གྱི་ཐིག་གིས་སྐུ་དཀྱིལ་གྱི་སྒོའི་མཐར་ཐུག་པར་འགྱུར་རོ། །དེ་ནས་ར་བ་ལྔ་དང་རྟ་བབས་དང་ལ་སོགས་པའི་སྒྲས་ས་དང་། ཆུ་དང་རྩེ་

p. 55

མོ་ཅན་མེ་དང་གཡོ་བའི་དཀྱིལ་འཁོར་རླུང་གི་ཁོར་ཡུག་བཞི་རྣམས་ནི་སྐུ་དཀྱིལ་གྱི་ཕྱི་རོལ་གྱི་ས་ལ་བལྟ་བར་བྱའོ་ཞེས་ཕྱི་རོལ་ནམ་མཁའི་མུ་ཁྱུད་ལ་རྡོ་རྗེའི་ཕྲེང་བ་དང་བཅས་པའོ། །ཐིག་གདབ་པའི་ངེས་པ་འདི་ནི་སྤྲོས་པའི་དོན་གྱིས་གསུངས་ཏེ། རང་གི་ངོ་བོས་ཐིག་གིས་ཆ་ཕྱེ་ཚུལ་ནི་ཚིགས་བཅད་ང་བཞི་པ་དང་ང་ལྔ་པ་གཉིས་ཀྱིས། གཉིས་དང་ཆུ་གཏེར་གཅིག་ཆུ་གཏེར་གཅིག་པ་དང་ཉི་མ་ཞེས་པ་ལ་སོགས་པས་ཆ་ཕྱེད་པའི་ཐིག་ཐུང་འདེབས་ཚུལ་གསུངས་སོ། །དེས་ན་ལག་ལེན་དུ་འདེབས་བདེ་བ་ཟླ་བའི་ཆ་བཅུ་དྲུག་དག་པ་རྩ་རྒྱུད་ལས་གསུངས་པའི་ཐིག་ནི། གྲུ་བཞི་མཉམ་པའི་ས་གཞི་ལ། །བཅུ་དྲུག་ཆ་རུ་བྱས་ནས་ནི། །ཞེས་སོགས་ཀྱིས་གསུངས་པ་ལྟར། དང་པོར་ཚངས་ཐིག་ཆ་བཅུ་དྲུག་པ་ཟུར་ཐིག་དང་བཅས་པ་བཏབ་ནས། དེ་ལས་ཕྱོགས་བཞིར་ཆ་བཞི་བཞི་དོར་བ་སྐུ་དཀྱིལ་དང་། ལྷག་མ་ནང་གི་ཆ་བརྒྱད་པོ་སླར་ཡང་ཕྱེད་མར་བགོས་པས་ཆ་བཅུ་དྲུག་ཏུ་འགྱུར་ལ། དེ་ལས་ཕྱོགས་བཞིར་ཆ་བཞི་བཞི་ཕྱིར་དོར་བ་གསུང་དཀྱིལ་གྱི་དོན་དུ་འགྱུར་རོ། །ལྷག་མ་ནང་གི་ཆ་བརྒྱད་པོ་སླར་ཡང་ཕྱེད་མར་བྱས་པས་ཆ་བཅུ་དྲུག་ཏུ་འགྱུར་ཏེ་ཐུགས་དཀྱིལ་གྱི་སའོ། །བཅུ་དྲུག་པོ་དེའི་ཆ་བཞི་བཞི་རེ་ཕྱོགས་བཞིར་དོར་བའི་ནང་གི་ཆ་བརྒྱད་ནི་སྙིང་པོ་བདེ་ཆེན་གྱི་དཀྱིལ་འཁོར་དུ་འགྱུར་བས། དེ་ལྟར་སྐུ་དཀྱིལ་སོར་ཕྱེད་པ་གོ་དྲུག་ཉིས་འགྱུར་དང་། གསུང་དཀྱིལ་སོར་ཕྱེད་པ་གོ་དྲུག་དང་། ཐུགས་དཀྱིལ་སོར་ཕྱེད་པ་ཞེས་བརྒྱད་དང་། བདེ་ཆེན་འཁོར་ལོ་སོར་ཕྱེད་པ་ཉེར་བཞི་སྟེ་དཀྱིལ་འཁོར་བཞི་པོ་ཕྱི་རིམ་གྱི་ཕྱེད་ཀྱི་ཆ་རེ་ནང་མར་འགྱུར་བ་ཡིན་ལ། ཐུགས་དཀྱིལ་གྱི་ཆ་བཅུ་དྲུག་པོའི་ཆ་རེ་རེ་སོར་ཕྱེད་གསུམ་དུ་འགྱུར་བ་ལས། ཆ་བཅུ་དྲུག་པོའི་ཆ་གཉིས་སྒོའི་དོན་དུ་བཤད་པས། སྒོ་སོར་ཕྱེད་པ་དྲུག་དང་། གསུང་གི་དེ་ལས་ཉིས་འགྱུར། སྐུའི་སྒོ་

p. 56

གསུང་ལས་ཉིས་འགྱུར་ཏེ་དཀྱིལ་འཁོར་གསུམ་གྱི་སྒོ་ནི་རང་རང་གི་འཁོར་ལོའི་ཚད་ཀྱི་བརྒྱད་ཆར་འགྱུར་རོ། །ཚངས་ཐིག་ལས་བྱང་ལྷོ་ཤར་ནུབ་ཏུ་སོར་ཕྱེད་པ་གཉིས་རེ་སྤངས་ནས་སྙིང་པོའི་པདྨའི་ལྟེ་བའི་གཙོ་བོའི་གདན་གྱི་དོན་དང་ཕྱོགས་དང་སྒོ་བཞི་རྣམས་སུ་ལྷའི་པདྨའི་གདན་གྱི་དོན་དུ་ཐིག་གདབ་པར་བྱ་ལ། དེ་ཡང་ཕྱོགས་བཞིར་སོར་ཕྱེད་པ་བཞི་ནི་པདྨའི་འདབ་མ་རྣམས་སུ་འགྱུར་ཏེ། གཙོ་བོའི་གདན་འཁོར་ལོའམ་ཆུ་སྐྱེས་པདྨ་ནི། ལྷ་དང་ལ་སོགས་པའི་སྒྲས་ལྷ་མོ་གཞན་རྣམས་ཀྱི་གདན་ལས་སུམ་འགྱུར་དག་ཀྱང་ཡིན་ལ་དེ་ལྟར་ཚངས་པའི་གནས་སུ་ནི་ཉི་མའི་རེའུ་མིག་དག་གིས་ཞེས་པ་སོར་ཕྱེད་པ་བཅུ་གཉིས་ཀྱིས་གཙོ་བོ་བཅོམ་ལྡན་འདས་ཀྱི་གདན་པདྨའོ། །པདྨའི་སུམ་ཆ་ལྟེ་བ་སྟེ་སོར་ཕྱེད་པ་བཞིར་འགྱུར་ཏེ། ཕྱོགས་རྣམས་སུ་འདབ་མའི་ནང་དུ་ཐིག་བཏབ་ནས། ལྷག་མ་སོར་ཕྱེད་པ་གསུམ་རྣམ་པ་གཉིས་སུ་བྱས་ཏེ། རྐང་པ་དང་བཅས་པའི་སོར་ཕྱེད་པའི་ཆས་སྙིང་པོའི་དཀྱིལ་འཁོར་ལ་རེ་ཁཱ་གསུམ་དུ་འགྱུར་རོ། །སླར་ཡང་པདྨའི་འདབ་མའི་ཕྱི་རོལ་དུ་སོར་ཕྱེད་པ་རི་བོང་ཅན་གྱིས་ཀ་བ་དང་རྡོ་རྗེའི་ཕྲེང་བར་འགྱུར་ལ། དེ་ནས་སོར་ཕྱེད་པ་བཞི་ཡིས་སངས་རྒྱས་བཞི་དང་ལ་སོགས་པའི་ལྷ་མོ་བཞི་ཡི་པདྨར་རབ་ཏུ་འགྱུར་ཞིང་། དེ་ཡི་ཕྱི་རོལ་དུ་སོར་ཕྱེད་པ་རི་བོང་ཅན་གྱི་ས་ཞེས་གཅིག་གིས་ཕྱི་རོལ་གྱི་རྡོ་རྗེའི་ཕྲེང་བར་ཡང་དོ་ལྷ་མོ་དང་སངས་རྒྱས་དག་གི་བར་གྱི་ལེ་ཚེ་ཉིད་དུ། བུམ་པའམ་ནི་ཐོད་པའི་རྣམ་པ་བརྒྱད་པོ་གདན་དུ་སོར་ཕྱེད་པའི་རེ་མིག་གསུམ་ཀྱིས་གཡོན་དང་གཡས་སུ་ཀ་བ་བཅུ་དྲུག་གི་བར་དུ་འགྱུར་རོ། །གནས་དེ་ནས་འདིར་ཇི་སྲིད་རེ་ཁཱའི་བར་དུ་སོར་ཕྱེད་པ་ཉིན་མོར་བྱེད་པ་སྟེ་བཅུ་གཉིས་དག་གིས་ཁྱམས་ཀྱི་ཚོན་གྱི་སར་འགྱུར་ཏེ། དེ་ནས་རྡོ་རྗེ་ཕྲེང་བ་ལས་སོར་ཕྱེད་པ་གསུམ་པའི་ཆ་གཉིས་དང་སོར་ཕྱེད་དོར་ནས་ཐིག་བཏབ་སྟེ་ཕྱོགས་དང་ཟུར་རྣམས་སུ་ཆུ་གཏེར་རེའུ་མིག་དག་གིས་

p. 57

ཞེས་བཞིས་དྲི་ལ་སོགས་པ་ལྷ་མོ་རྣམས་དང་སྣ་ལ་སོགས་པ་ལྷ་རྣམས་ཀྱི་ཟླ་ཉི་པདྨ་ཉིད་ཀྱི་གདན་ནོ། །དེ་ནས་སོར་ཕྱེད་དོར་ནས་ཕྱེད་དང་བཅས་པའི་སོར་ཕྱེད་པ་གཅིག་གིས་རེ་ཁཱའམ་ར་བ་གསུམ་སྟེ། དུས་ཏེ་དྲུག་དང་རོ་རྣམས་ཀྱིས་ཀྱང་སྒོ་དང་སྒོ་ཁྱུད་དང་དེ་བཞིན་སྒོ་ལོགས་དང་སྒོ་ཡི་འགྲམ་པ་དག་སྟེ། སོར་ཕྱེད་པ་གསུམ་གྱིས་ཀྱང་ནི་ཁ་ཁྱེར་ཆེན་པོ་ཞེས་པ་བེ་དི་ཀ་སྟེ་ལན་ཀན་ནམ་སྟེགས་བུར་བསྒྱུར་བ་དེ་ཡི་ས་ཆ་ཡིན་ཞིང་ར་བའི་ས་ལས་ཉིས་འགྱུར་དག་དང་ཀ་བ་ནི་ཕྱེད་ཀྱི་ཆའོ། དེ་ནས་སོར་ཕྱེད་པའི་ཕྱེད་དང་བཅས་པའི་སོར་གཅིག་སྟེ་ཕྱེད་གཉིས་དང་། སོར་ཕྱེད་ནི་དུས་ཀྱི་ཞེས་པ་གསུམ་གྱིས་ནོར་བུའི་རང་བཞིན་གྱི་སྣམ་བུ་དང་ནི་དོ་ཤལ་དང་དོ་ཤལ་ཕྱེད་པའི་ས་རུ་འགྱུར་ཏེ། སྟེགས་བུའི་ཕྱེད་ཀྱིས་རིན་ཆེན་སྣམ་བུ་དང་། སྣམ་བུའི་ཉིས་འགྱུར་གྱིས་དོ་ཤལ་དང་དོ་ཤལ་ཕྱེད་པ་ཡིན་པའི་ཕྱིར་རོ། །དོ་ཤལ་གྱི་ཕྱེད་ནི་བ་ཀུ་ལཱི་སྟེ་ཤར་བུ་ཞེས་གྲགས་པ་དང་། ཀྲ་མ་ཤཱིརྵཱ་ནི་མདའ་ཡབས་སོ། །དེ་ལྟར་ན་སྒོ་དང་མཉམ་པ་ནི་སྒོ་ཁྱུད་དོ། །སྒོ་ཁྱུད་དང་མཉམ་པ་ནི་ལོགས་ཡིན་ཏེ་འགྲམ་ཡང་དེ་བཞིན་ནོ། །སྒོ་ཡི་རྩ་བའི་ཐིག་གི་དང་པོ་ནས་ནི་གསུམ་གྱིས་བསྒྱུར་བའི་བཅུ་ཡིས་རྟ་བབས་ཀ་བར་བཅས་པར་འགྱུར་ཏེ། ཀ་བའི་སྟེང་དུ་རྟ་བབས་སྒོ་ལས་སུམ་འགྱུར་གྱི་ཚད་དོ། །དོ་ཤལ་གྱི་ས་ལས་ཐིག་ཕྱེད་སྟེང་དུ་དོར་ནས་དོ་ཤལ་ཕྱེད་པ་དག་གི་མཐར་ནི་བ་ཀུ་ལིར་ཡང་རབ་ཏུ་འགྱུར། ཞེས་པ་འདི་ཡན་ཆད་ཀྱིས་སྙིང་པོའི་དཀྱིལ་འཁོར་ལ་ཐིག་གདབ་པའི་ངེས་པའོ། །སླར་ཡང་དཀྱིལ་འཁོར་གྱི་དོན་དུ་ཐིག་གཞན་གཉིས་དང་ཆུ་གཏེར་གཅིག་དང་ཞེས་པ་ནས། རྟ་བབས་རབ་ཏུ་གསུངས་པའི་ཆ་རྣམས་ཀྱིས་ཞེས་པའི་བར་གྱིས་ཐུགས་དཀྱིལ་གྱི་དཀྱིལ་འཁོར་ལ་ཐིག་གདབ་པ་གཉིས་ཀ་རབ་ཏུ་གསུངས་སོ་ཞེས་པ་ནི་ཐུགས་དཀྱིལ་གྱི་ངེས་པའོ། །འདིར་རྩ་རྒྱུད་ལས་གསུངས་པའི་རྟ་བབས་ཀྱི་མཚན་ཉིད་ནི། རྟ་

p. 58

བབས་ཐམས་ཅད་སྒོའི་ཚད་ལས་སུམ་འགྱུར་དུ་གསུངས་པས་ན། ཐུགས་དཀྱིལ་ལ་སོར་ཕྱེད་པ་དྲུག་གི་སྒོ་ཡིན་པས་དེའི་རྟ་བབས་ནི། སོར་ཕྱེད་པ་བཅོ་བརྒྱད་དུ་འགྱུར་ལ། དེ་ཡང་བརྩེག་མ་གསུམ་ལས། དང་པོ་ནི་སོར་ཕྱེད་པ་དྲུག་གིས་སོ། །གཉིས་པ་ཕྱེད་དང་བཅས་པའི་བཞིས་དང་། གསུམ་པ་ཕྱེད་དང་བཅས་པའི་གསུམ་གྱིས་སོ། །དེ་ནས་གཉིས་ཀྱིས་ཧར་མི་དང་གཉིས་ཀྱིས་བུམ་པ་སྟེ། དེ་ལྟར་ཆ་བཅོ་བརྒྱད་ཀྱིས་རྟ་བབས་སུམ་བརྩེགས་སོ། །རྩེག་མ་དང་པོ་ལ་རྟ་བབས་ཀྱི་ཀ་བའི་སྟེང་དུ་སོར་ཕྱེད་ཀྱི་ཆས་སྣམ་བུ་སྟེ། རིང་ཚད་ལ་སོར་ཕྱེད་པ་ཉེར་བཞིའོ། །དེའི་སྟེང་དུ་སོར་ཕྱེད་ཀྱི་ཆས་མྱོས་པ་སྲུང་བ་སྟེ་རིང་བར་སོར་ཕྱེད་པ་བཅུ་དྲུག་གོ། དེའི་སྟེང་དུ་སྙིང་པོའི་ལྟེ་བའི་ཚད་ཀྱི་དབུས་སུ་མཆོད་པའི་ལྷ་མོའི་གནས་གྲུ་བཞིའོ། །དེའི་གཡས་དང་གཡོན་དུ་སོར་ཕྱེད་ཀྱི་ཀ་བའོ། །དེ་དག་གི་གཡས་གཡོན་དུ་སླར་ཡང་ལྷ་མོའི་གནས་སོ། །དེ་ནས་སླར་ཡང་གཡས་དང་གཡོན་དུ་ཀ་བའོ། །དེ་དག་གི་གཡས་དང་གཡོན་དུ་རྟ་བབས་ཀྱི་ཀ་བའི་སྟེང་དུ་གླང་པོ་ཆེ་མནན་པའི་སེང་གེ་ཟུང་ཞིག་མགོ་སྟེང་དུ་བལྟས་པའོ། །དེ་དག་གི་མགོ་བོའི་སྟེང་དང་ཀ་བ་བཞིའི་སྟེང་དུ་འོག་གི་སྣམ་བུའི་ཕྱེད་ཀྱི་ཆས་སྣམ་བུར་འགྱུར་ཏེ། རིང་དུ་སོར་ཕྱེད་པ་བཅོ་བརྒྱད་དོ། །དེ་སྟེང་རྩ་བའི་མྱོས་སྲུང་བཞིན་དུ་མྱོས་པ་སྲུང་བ་སྟེ། རིང་བར་སོར་ཕྱེད་པ་བཅུ་གཉིས་སོ། །དེའི་སྟེང་དུ་རྐང་པས་དམན་པའི་སོར་ཕྱེད་ཀྱི་ཆས་ཀ་བ་སོ་སོ་སྟེ། ཀ་བའི་བར་དུ་སོར་ཕྱེད་པ་གསུམ་གྱིས་ལྷའི་གནས་སམ་མཚན་མའི་གནས་གསུམ་མོ། །ཕྱི་རོལ་གྱི་ཀ་བ་དག་གི་གཡས་དང་གཡོན་དུ་ཤཱ་ལ་བྷཉྫི་ཀ་བྱའོ། །དེ་དག་གི་མགོ་བོའི་སྟེང་དང་ཀ་བ་བཞིའི་སྟེང་དུ་སླར་ཡང་སོར་ཕྱེད་པ་ཕྱེད་ཀྱི་ཆས་སྣམ་བུ་སྟེ། རིང་པར་སོར་ཕྱེད་པ་བཅོ་ལྔའོ། །དེའི་སྟེང་དུ་སྔ་མ་བཞིན་དུ་སོར་ཕྱེད་ཀྱིས་མྱོས་པ་སྲུང་བ་སྟེ། རིང་པར་སོར་ཕྱེད་བརྒྱད་

p. 59

པའོ། །དེའི་སྟེང་དུ་སོར་ཕྱེད་ཀྱིས་ཆས་ཀ་བ་སོ་སོ་བྱའོ། །ཀ་བའི་བར་བར་དུ་རྩ་བའི་རྩེག་མའི་ལྷའི་གནས་ཀྱི་ཕྱེད་ཀྱི་ཆས་གནས་གསུམ་མོ། །དེ་ལ་ཕྱི་རོལ་གྱི་ཀ་བ་དག་གི་གཡས་གཡོན་དུ་སླར་ཡང་ཤཱ་ལ་བྷཉྫཱི་ཀ་བྱའོ། །དེའི་སྟེང་དུ་ཆ་ཕྱེད་ཀྱི་སྣམ་བུ་སོར་ཕྱེད་བཅུ་གཉིས་པའོ། །དེའི་སྟེང་དུ་ཧར་མི་རིང་བ་ཉིད་དུ་སོར་ཕྱེད་པ་བརྒྱད་པའོ། །དེའི་སྟེང་དུ་གཉིས་ཀྱིས་བུམ་པ་སྟེ། གཡས་དང་གཡོན་དུ་རྒྱལ་མཚན་གྱི་ཡུ་བའི་གནས་སོ། །དེ་བཞིན་དུ་སྣམ་བུ་སོ་སོའི་རྩེ་མོར། རྔ་ཡབ་དང་། མེ་ལོང་འཕྱང་བ་དང་། རྒྱལ་མཚན་ཏེ་དེ་ལྟར་རྟ་བབས་ཀྱི་ཚད་དང་མཚན་ཉིད་ཤེས་པར་བྱའོ། །དེ་ནས་གསུང་གི་དཀྱིལ་འཁོར་གསུངས་པ། རེ་མིག་དྲུག་གིས་རྟ་བབས་འོག་ཏུ་ནོར་གྱི་པདྨ་དང་ལྡན་རྣལ་འབྱོར་མ་རྣམས་སྣམ་བུའོ། །ཞེས་པ་གསུང་དཀྱིལ་ལ་སོར་ཕྱེད་པ་དྲུག་གི་བདག་ཉིད་ཅན་གྱི་ཆ་ཆེན་བཞི་ཡི་ཁྱོན་ཡོད་པ་ལས་ནང་གི་ཆ་ཆེན་གཉིས་ལ་ཐུགས་དཀྱིལ་གྱི་ར་བ་དང་སྟེགས་བུའམ་ཁ་ཁྱེར་དང་སྣམ་བུ་དང་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་བ་ཀུ་ལཱི་དང་ཀྲ་མ་ཤཱིརྵ་རྣམས་བཀོད་ནས་ལྷག་མའི་ཆ་ཆེན་གཉིས་ལས་གཅིག་དོར་ནས། ཆ་གཞན་གྱི་རེ་མིག་དྲུག་པོ་རྣམས་ལ་སྟེང་འོག་གི་སྐལ་པའི་རེ་མིག་མི་དགོས་པས། ཕྱོགས་བཞི་མཚམས་བཞིའི་དབུས་རྣམས་སུ་ཆ་ཆུང་བཞི་ཡིས་རྣལ་འབྱོར་མ་རྣམས་ཀྱི་པདྨ་བརྒྱད་ཀྱི་སྣམ་བུ་བྱ་སྟེ། ཕྱོགས་རྣམས་སུ་ཐུགས་དཀྱིལ་གྱི་རྟ་བབས་ཡོད་ཀྱང་། བྲི་བྱ་ལ་ཐུགས་ཀྱི་རྟ་བབས་ཀྱི་རྩེག་མ་གཉིས་པའི་མྱོས་པ་སྲུང་བ་སོར་ཕྱེད་བཞི་ཙམ་དུ་དཔངས་སོར་ཕྱེད་དུ་བཤིག་ཅིང་།གཡས་གཡོན་གྱི་ཀ་བ་ཟུང་དག་སོར་མོ་ཕྱེད་ཕྱེད་ཙམ་རེ་གཡས་གཡོན་དུ་ཕྱིར་བགྱེད་ནས་དེར་སོར་ཕྱེད་པ་བཞི་གྲུ་བཞིའི་ས་ལ་རྣལ་འབྱོར་མ་རྣམས་ཀྱི་པདྨ་བྱའོ། །ཕྱི་རོལ་དུ་གསུང་དཀྱིལ་ལ་སྒོ་ནས་བརྩམས་སྟེ། རྟ་བབས་ཀྱི་མཐར་ཐུག་པ་

p. 60

ཐམས་ཅད་ཐུགས་དཀྱིལ་ལས་ཉིས་འགྱུར་དུ་བྱའོ། །དེ་ནས་སྐུ་དཀྱིལ་ལ་ཕྱོགས་བཞིར་སོར་ཕྱེད་པ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་ཆ་ཆེན་བཞི་ཡོད་པ་ལས། ནང་གི་གཉིས་ནི་གསུང་དཀྱིལ་གྱི་ར་བ་ནས་ཀྲ་མ་ཤཱིརྵའི་བར་གྱི་ས་དང་། དེ་ནས་ལྷག་ཆ་ཆེན་གཉིས་ལ་སོར་ཕྱེད་པ་རོ་ཡིས་བསྒྱུར་བའི་དུས་བཞིའི་གྲངས་ཀྱིས་ཏེ་ཉི་ཤུ་རྩ་བཞིས་དཔལ་ལྡན་ཚོན་གྱི་ས་སྟེ་སྐུ་ཡི་རེ་ཁཱ་ལྔ་ལ་ཐུག་པ་ཡི་བར་དུའོ། །ཕྱོགས་བཞི་དང་ཟུར་རྣམས་སུ་ཉི་མའི་པདྨ་སྟེ་པདྨ་བཅུ་གཉིས་བྱ་ལ། པདྨ་རེ་རེའང་ཉིས་འགྱུར་མ་ནུའི་འདབ་ལྡན་ཞེས་པ་ཉེར་བརྒྱད་དེ། དེ་ཡང་སོར་ཕྱེད་པ་བཅུ་གཉིས་པའམ་ཉི་མའི་རེ་མིག་དག་གིས་བྱ་སྟེ། སོར་ཕྱེད་པ་བཅུ་གཉིས་པོ་དེ་རྣམས་ཆ་བདུན་དུ་བྱས། གཅིག་དབུས་ཀྱི་ཆ་ལྟེ་བ་དང་། གཡས་གཡོན་གྱི་ཆ་གཉིས་པའི་འདབ་མ་བཞི་དང་། གསུམ་པའི་ཆ་གཉིས་ཀྱི་གཡས་གཡོན་གྱི་འདབ་མ་བརྒྱད་དང་། གཡས་གཡོན་གྱི་བཞི་པའི་འདབ་མ་བཅུ་དྲུག་སྟེ་ཉེར་བརྒྱད་བྱའོ། །སྙིང་པོའི་སྒོ་ནི་རང་གི་ཚད་ལ། དེ་ལས་ཉིས་འགྱུར་གསུང་དཀྱིལ་གྱི་སྒོའོ། །དེ་དག་ནི་ནང་ནས་རིམ་པ་བཞིན་མུན་པ་དང་རྡུལ་དང་སྙིང་སྟོབས་རྣམ་པ་གསུམ་གྱི་ཡོན་ཏན་དབང་གིས་དེ་ལྟར་སྔ་མ་ལས་ཕྱི་མའི་སྒོ་ཉིས་འགྱུར་ཏེ། འདིར་ནི་ཕྱི་རོལ་སྐུ་དཀྱིལ་གྱི་སྒོ་བཞི་པོ་དག་ཀྱང་གསུང་དཀྱིལ་གྱི་སྒོ་བཞི་ལས་ཉིས་འགྱུར་རོ། །ཐུགས་དཀྱིལ་མུན་པའི་ཡོན་ཏན། གསུང་དཀྱིལ་རྡུལ། སྐུ་དཀྱིལ་སྙིང་སྟོབས་ཀྱི་ཡོན་ཏན་གྱིས་དབྱེ་བས་སྒོ་བཅུ་གཉིས་སོ། །ར་བ་སོགས་དང་ཞེས་རྟ་བབས་ཀྱི་མཐར་ཐུག་པ་ཡང་དེ་བཞིན་ཉིད་དུ་སྔ་མ་ལས་ཕྱི་མ་ཉིས་འགྱུར་རོ། །ཕྱི་རོལ་དུ་ཆུ་མེ་རླུང་གི་དཀྱིལ་འཁོར་གསུམ་ཁོར་ཡུག་ཏུ་བཀོད་པ་རྣམས་ནི་སོར་ཕྱེད་པ་བརྒྱད་པ་གསུམ་གྱིས་ཏེ་ཉི་ཤུ་རྩ་བཞིས་རབ་ཏུ་བྱའོ། །ཁོར་ཡུག་གསུམ་པོ་དེ་དག་རྣམས་ཀྱི་ནང་དུ་ཐོག་མཐའི་ཆ་ལ་ཉི་ཟླའི་འོད་འཆར་བ་དང་། ནུབ་པའི་ས་ཡི་

p. 61

དཀྱིལ་འཁོར་དང་ནི། ཁོར་ཡུག་དེ་རྣམས་ཀྱི་མཐར་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བ་གང་ལ་གནས་པ་ནམ་མཁའི་དཀྱིལ་འཁོར་ཡང་གོང་བཤད་ཉེར་བཞི་པོ་དེ་ཡི་ཕྱེད་དེ་སོར་ཕྱེད་པ་བཅུ་གཉིས་ཀྱི་རེ་མིག་དག་གིས་བྱ་སྟེ། ས་དཀྱིལ་དང་རྡོར་ཕྲེང་གཉིས་ཀ་རེ་རེ་ནས་སོར་ཕྱེད་པ་བཅུ་གཉིས་ཀྱི་སའོ། །རྡོར་ཕྲེང་དེའི་ཕྱི་རོལ་སོར་ཕྱེད་པ་ཉེར་བཞིས་རྡོ་རྗེའི་མེ་ལྕེའོ། །ཕྱི་རོལ་དུ་དུར་ཁྲོད་ཀྱི་གཞིར་རབ་གཏུམ་མ་རྣམས་ཀྱི་གདན་གྱི་འཁོར་ལོ་གང་ཡིན་པ་དེ་ནི་རྩིབས་བརྒྱད་པ་སྟེ། དེ་ནི་སྐུ་ཡི་དཀྱིལ་འཁོར་གྱི་མཐར་ཡང་། མེ་དང་རླུང་གི་དཀྱིལ་འཁོར་གྱི་དབུས་ལ་འགོད་དེ་སོར་ཕྱེད་པ་བཅུ་གཉིས་ཀྱི་ཚད་དུ་བྱའོ། །སྐུ་དཀྱིལ་གྱི་ཕྱི་རོལ་གྱི་ཀ་བའི་འོག་ཏུ་སྟེགས་བུ་ལ། སོར་ཕྱེད་པའི་ཆ་བཅུ་གཉིས་ཀྱིས་གདེངས་ཅན་རྣམས་ཀྱི་གདན་རླུང་ལ་སོགས་པའི་དཀྱིལ་འཁོར་དུ་ཡང་རབ་ཏུ་འགྱུར་ཏེ། སྐུའི་སྒོ་སྐྱོང་གི་ལྷ་རྣམས་ཀྱི་གདན་ཤིང་རྟ་ནི་སོར་ཕྱེད་པའི་ཆ་ཉི་མ་སྟེ་བཅུ་གཉིས་དག་གིས་སྐུ་དཀྱིལ་གྱི་སྒོ་ཡི་དབུས་སུ་བྱ་བ་སྟེ། གསུང་དཀྱིལ་གྱི་རྟ་བབས་སོར་ཕྱེད་པ་བཅུ་གཉིས་སྤངས་ནས་སྒོའི་ཕྱེད་གཉིས་པ་ལ་དབང་པོ་ལ་སོགས་པའི་ལྷའི་སྣམ་བུ་དང་མཚུངས་པའི་ཤིང་རྟ་བྱ་བ་དང་། ནམ་མཁའ་དང་ས་གཞི་དག་ལ་གནས་པའི་ཁྲོ་བོ་གཉིས་ཀྱི་གདན་གྱི་ཤིང་རྟ་ནི། བྲི་བྱ་ལ་སྐུ་དཀྱིལ་གྱི་རྟ་བབས་ཀྱི་བུམ་པ་སྤངས་ནས་སྟེང་གི་ཁྲོ་བོའི་གདན་ཤར་གྱི་ཆ་དང་། འོག་གི་ཁྲོ་བོའི་གདན་ནུབ་ཀྱི་ཕྱོགས་ལ་ཡང་དགོད་པར་བྱའོ། །དཀྱིལ་འཁོར་གྱི་ཐིག་གདབ་པའི་ངེས་པ་སྟེ། འདི་རྣམས་ཞིབ་ཆ་ཐིག་ཡིག་གིས་གསལ་བས་འདིར་རྩ་བའི་འབྲུ་ནོན་མདོར་བསྡུས་ཙམ་ལས་མ་བཀོད་དོ། །དེ་ནས་རྡུལ་ཚོན་གདབ་པའི་ཆོ་ག་གསུངས་པ། དེ་ཡང་སྦྱིན་བདག་གི་འབྱོར་པ་དང་རྗེས་སུ་མཐུན་པར། འཁོར་ལོས་སྒྱུར་བ་དག་གིས་རྡོ་རྗེ་ལྗང་གུ་ལ་སོགས་པ་ལྔའམ། ཡང་ན་རིན་ཆེན་ལྔ་ཡི་ཕྱེ་མས་ཚོན་དབྱེ་བར་བྱ་སྟེ།

p. 62

རིན་ཆེན་ལྔ་ནི། མར་གད་ཀྱིས་ལྗང་གུ། ཨིནྡྲ་ནཱི་ལས་ནག་པོ། པདྨ་རཱ་གས་དམར་པོ། ཟླ་བ་ཆུ་ཤེལ་གྱིས་དཀར་པོ། ཀརྐེ་ཏ་ནས་སེར་པོ། མཐོན་ག་ཆེན་པོས་སྔོན་པོ་ཡི་ཚོན་གདབ་པ་དང་། དེ་བཞིན་དུ་འཁོར་བསྒྱུར་ཐུན་མོང་པའམ་ཕལ་པས།གསེར་གྱི་ཕྱེ་མས་སེར་པོ་དང་། མ་ར་ཀ་ཏ་ཡིས་ལྗང་གུ་དང་། བྱི་རུ་ཡིས་དམར་པོ་དང་། མུ་ཏིག་གི་ཕྱེ་མས་དཀར་པོ་དང་ལ་སོགས་དང་ཞེས་པས་མུ་མེན་གྱི་ཕྱེ་མས་ནག་པོ་དང་ཚོན་བཞི་བསྲེས་པས་ལྗང་གུས་བྱའོ། །དབྱེ་བ་ལྔ་ཡི་འབྲུའམ་ཞེས་པ་སྲན་མ་མུངྒ་དང་། འབྲས་མ་ཉམས་པ་སོགས་འབྲུ་ལྔའི་བྱེ་མ་ཁ་དོག་བསྒྱུར་བའམ། རྣམ་པ་མང་པོའི་ནོར་བུ་ཡི་ཕྱེ་མ་དག་དང་ནི། དེ་བཞིན་ཉིད་དུ་ཚོན་གྱི་ཁ་དོག་གང་རིགས་བཏགས་པའི་ཚོན་སྣ་ལྔ་དག་གིས་དཀྱིལ་འཁོར་ཀྱི་ཕྱོགས་ཀྱི་ཆ་ལ་སོ་སོའི་ཁ་དོག་ཏུ་འོས་པའི་ཚོན་གྱི། སར་ནི་ཀྱེ་མི་ཡི་བདག་པོ། སངས་རྒྱས་ཀྱི་རིགས་ཀྱི་དབྱེ་བས་རྡུལ་ཚོན་གདབ་པར་བྱ་བར་འགྱུར་རོ། །ཁ་དོག་ཇི་ལྟ་བུར་བྱ་བ་ནི་ཕྱི་རོལ་དུ་ཁོར་ཡུག་བཞིའི་ཁ་དོག་ནི། སེར་དང་དཀར་དང་དམར་བ་སོགས་ཀྱིས་ཞེས་ནག་པོ་རྣམས་ནི་ས་ཆའི་དཀྱིལ་འཁོར་དང་ནི་མེ་དང་རླུང་དག་ལ་རིམ་པས་སོ་ཞེས་པས་སེར་པོ་ནས་རླུང་ནག་པོའི་བར་དུའོ། །གཙོ་བོའི་ཞལ་གྱི་ཁ་དོག་གི་དབྱེ་བས། ཤར་དུ་ཐུགས་རྣམ་པར་དག་པས་དཔལ་ལྡན་ནག་པོའི་ཚོན་གྱི་ས་རུ་འགྱུར་ཞིང་། ལྷོ༷་རུ་གསུང་ཉི་མ་དང་མཚུངས་པ་དམར་པོ་དག་སྟེ། ནུབ་ཏུ་ཡང་ཡེ་ཤེས་ཀྱི་ཞལ་གྱིས་གསེར་མདོག་སེར་པོ་དང་། བྱང་དུ་སྐུ་རྣམ་པར་དག་པའི་དབྱེ་བ་གཞན་ཏེ་རི་བོང་འཛིན་པ་ལྟར་དཀར་བའི་ཆར་གྱུར་བ་ནི་གཙོ་བོ་རྡོ་རྗེ་ཅན་གྱི་ཞལ་གྱི་དབྱེ་བས་སོ། །དེ་ཡང་ཐོག་མར་སློབ་དཔོན་གྱིས་དབང་ལྡན་གྱི་རྩིག་པའི་ཚོན་བཀྱེ་ཞིང་། ཞི་སོགས་དང་མཐུན་པའི་ཚོན་ཐོག་མར་བྱས་ཏེ་བཀྱེ་ལ། དེ་ཡང་ཞི་སོགས་ལ་དབང་ལྡན་ནས་གཡས་སྐོར་དང་། དྲག་པོའི་ལས་ལ་དེ་

p. 63

ནས་གཡོན་སྐོར་བྱ་བར་བཤད། ཞི་དྲག་གང་ལའང་ཐུགས་ཀྱི་རྩིག་པ་རེ་ཁཱ་དཀར་དམར་ནག་གསུམ་གསུང་སྐུ་ཚོན་སྣ་ལྔ་པར་ངེས་ཀྱང་། དབྱེ་བའི་རིམ་པ་སྐྱེད་རིམ་དང་སྡུད་རིམ་གྱིས་ཚུལ་གྱིས་ལས་ཀྱི་རྗེས་སུ་འབྲངས་པས་དབྱེ་བར་བྱ་ལ། རྩིག་པའི་ཚོན་གྱི་རྗེས་སུ་ཕྱོགས་ཚོན་རྣམས་བཀྱེ་བར་བྱའོ། །དཀར་པོ་དང་དམར་པོ་དང་ནག་པོ་རིམ་པར་ཡོངས་སུ་བཀོད་པའི་ཁ་དོག་ནི། སྟེགས་བུ་སྟེ་གཟུངས་ཀྱི་སྣམ་བུའམ་འདོད་ཡོན་ལྷ་མོའི་སྣམ་བུ་དཀར་པོ་དང་ནི། སྟེགས་བུ་དེའི་སྟེང་དུ་རིན་ཆེན་སྣམ་བུའི་ས་དམར་པོ་སྟེ། དེ་ལ་རིན་པོ་ཆེའི་ཆུན་འཕྱང་རྣམ་པར་བཀྲ་ཞིང་། སྒོ་ཁྱུད་དང་ཀ་བའི་མཚམས་སུ་རིན་པོ་ཆེས་སྤྲས་པའོ། །དོ་ཤལ་དག་གི་ས་ནག་པོ་སྟེ་དེ་ལ་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་། མེ་ལོང་དང་རྔ་ཡབ་རྣམས་འཕྱང་བའོ། །བ་ཀུ་ལཱི་དཀར་པོ་དང་། ཀ་བ་སེར་པོ་དང་། ཀྲ་མ་ཤཱིརྵ་དཀར་པོའོ། །ལྷའི་གདན་གྱི་པདྨ་རྣམས་ནི་ཟླ་ཉིའི་ཁ་དོག་གིས་ཏེ་དཀར་པོ་དང་དམར་པོའོ། །སྙིང་པོའི་དཀྱིལ་འཁོར་གྱི་རྩིག་པ་ནི་ཐམས་ཅད་དུ་སྐུ་གསུང་ཐུགས་རྣམ་པར་དག་པས་དྲི་མེད་རི་བོང་ཅན་དང་མཚུངས་པར་དཀར་བ་དང་དམར་བ་དང་ནག་པའི་རི་མོའམ་རེ་ཁཱ་གསུམ་དང་ལྡན་པའོ། །ཐུགས་དཀྱིལ་གྱི་དབུས་སུ་གཙོ་བོའི་གདན་གྱི་པདྨ་འདབ་བརྒྱད་ནི་ཐུན་མོང་དུ་སྤྱིར་ལྗང་གུ་དག་སྟེ། ཞི་སོགས་ལས་སོ་སོའི་སྐབས་སུ་དཀར་པོ་སོགས་སུ་འགྱུར་རོ། །པདྨའི་ཕྱི་རོལ་དུ་བུང་བ་དང་མཚུངས་པ་ནག་པོའི་ཁ་དོག་ཅན་གྱི་ཀ་བ་བཅུ་དྲུག་ནི་རྡོ་རྗེའི་ཕྲེང་བར་འགྱུར་ཞེས་པ་ཤར་ལ་སོགས་པར་རིམ་བཞིན་རལ་གྲི་དང་རིན་པོ་ཆེ་དང་། འཁོར་ལོ་དང་། པདྨའི་ཕྲེང་བ་དང་ལྡན་པ་བཞི་ཉིད་དོ། །སྙིང་པོའི་པདྨའི་ཟུར་བཞི་རྣམས་སུ་དབང་ལྡན་དང་ལྷ་མིན་དང་མེ་དང་རླུང་གི་ཟུར་བཞི་པོ་དག་ཏུ་རིམ་བཞིན་ཟླ་བ་ལྟར་དཀར་བ་དང་། ཉི་མའི་ལུས་ཞེས་ཁ་དོག་དམར་པོ་དང་། ནག་པོ་དང་སེར་པོ་རིམ་པ་ཡིས། དུང་དང་། ཆོས་ཀྱི་གཎྚི༷་དང་། ཡིད་

p. 64

བཞིན་གྱི་ནོར་བུ་དག་དང་། དཔག་བསམ་གྱི་ལྗོན་པ་ཞེས་བྱ་བ་དང་། ཞེས་ཕྱོགས་བཞི་དང་ཁ་དོག་བཞི་དང་། ཁ་དོག་ཅན་དུང་སོགས་བཞི་སྦྱར་ཏེ། དབང་ལྡན་དུ་དུང་ཟླ་བའི་ཁ་དོག་ཅན་ནས། རླུང་གི་ཟུར་དུ་དཔག་བསམ་གྱི་ཤིང་སེར་པོའི་བར་དུའོ། །དེ་བཞིན་ཕྱོགས་བཞིའི་ཀ་བ་བཅུ་དྲུག་གི་བར་དུ་སངས་རྒྱས་དང་ལྷ་མོ་རྣམས་དང་། བུམ་པ་དཀར་པོ་བརྒྱད་ཕྱོགས་བརྒྱད་དུ་པདྨའི་སྟེང་ན་གནས་ཤིང་པདྨས་ཁ་བརྒྱན་པ་ནི། སངས་རྒྱས་དང་ལྷ་མོ་རྣམས་ཀྱི་བར་མཚམས་བརྒྱད་དུའོ། །འདིར་གདན་གྱི་ཁྱད་པར་ནི་ཟླ་བ་ནི་གདན་གྱི་ཆུ་སྐྱེས་དམར་པོའི་སྟེང་དུ་རབ་ཏུ་འགྱུར་ཏེ། ཉིན་བྱེད་ཀྱི་གདན་ནི་པདྨ་དཀར་པོའི་སྟེང་དུ་ཡང་སྟེ། ཉི་ཟླའི་གདན་དེ་ཡང་པདྨའི་འདབ་མ་བརྒྱད་པོ་སྤངས་ནས་པདྨའི་སུམ་ཆའི་ལྟེ་བའི་ཚད་དོ། །དེ་གང་དང་གང་གི་གདན་ཡིན་པ་ནི་ཆུ་སྐྱེས་དམར་པོའི་སུམ་ཆའི་ལྟེ༷་བ་ལ་ནི་ལྷ་མོ་རྣམས་ཀྱི་རི་བོང་འཛིན་པ་དག་གི་གདན་དུ་འགྱུར་ཏེ་ཟུར་བཞིར་རོ། །ཆུ་སྐྱེས་དཀར་པོའི་ལྟེ༷་བ་གསུམ་ཆ་དག་ལ་ལྷ་རྣམས་ཀྱི་ཡང་གདན་ཉིན་མོར་བྱེད་པར་འགྱུར་ཏེ་དེ་རྣམས་ཕྱོགས་སུའོ། །ཐམས་ཅད་ཀྱི་ཕྱི་རོལ་དུ་ནི་གཙོ་བོའི་གདན་གྱི་པདྨའི་ཁ་དོག་གི་དབང་གིས་དེ་ཡི་མདོག་དང་མཚུངས་པའི་རྡོ་རྗེའི་ཕྲེང་བར་འགྱུར་ཏེ། ཁ་ཁྱེར་རམ་སྟེགས་བུའམ་ལན་ཀན་ནི་ཁ་དོག་དཀར་པོའོ། །ཀ་བ་ནི་སེར་པོའོ། །བྱ་འདབ་ལས་ཐུར་དུ་འཕྱང་བའི་བཱ་ཀུ་ལི༷་ནི་ཁ་བའི་མདོག་ཏུ་རབ་ཏུ་འགྱུར་ཞིང་། རྟ་བབས་ནི་ཁ་དོག་སྣ་ཚོགས་སོ། །དཀར་པོའི་མདོག་སྟེ་ཅི་ཞིག་དཀར་ཞེ་ན་གསུང་དཀྱིལ་ལ་འདོད་མ་རྣམས་དང་། སྐུ་དཀྱིལ་ལ་ཕྱིར་འདོད་མ་རྣམས་ཀྱི་སྟེགས་བུའམ་སྣམ་བུ་དང་། གསུང་དཀྱིལ་གྱི་རྣལ་འབྱོར་མ་རྣམས་དག་གི་ནོར་གྱི་པདྨའི་སྣམ་བུ་ཞེས་པདྨ་བརྒྱད་ཀྱི་ས་གཞིའི་སྣམ་བུ་དག་ཀྱང་ཕྱོགས་ཀུན་ཏུ་འཁོར་བར་དཀར་པོའོ། །དེ་ལ་ཕྱོགས་ཀྱི་ཆར་ནི་པདྨ་ཁ་དོག་དམར་པོར་འགྱུར་ཏེ་སངས་རྒྱས་སམ་རྒྱལ་བའི་

p. 65

དབང་གིས་པདྨ་དཀར་པོ་རྣམས་ཟུར་བཞི་པོ་ཉིད་དུ་ཡང་ངོ་། །རྣལ་འབྱོར་མའི་པདྨ་དེ་དག་ཟླ་བ་དང་ཉི་མས་རྣམ་པར་དམན་པ་འདབ་མ་བརྒྱད་པའོ། །དེ་བཞིན་ཉིད་དུ་འཆི་མེད་ལྷ་ཆེན་པོ་བཅུ་གཉིས་རྣམས་ཀྱི་པདྨ་ཡང་ཉིས་འགྱུར་མ་ནུའི་འདབ་མ་དང་ལྡན་པ་ཉི་ཟླའི་གདན་གྱིས་དམན་པ་ཡིན་ནོ། །གསུང་དཀྱིལ་ལ་མཁའ་སོགས་རེ་ཁཱ་ལྔ་པོ་གང་ཡིན་དེ་དག་འབྱུང་བ་ལྔ་སྐྱེད་པ་དང་སྡུད་པའི་རིམ་པའི་རིམ་བཞིན་ཡོན་ཏན་དབང་གིས་འགྱུར་ཏེ། ཞི་བ་དང་དབང་ལ་སོགས་པ་ལ་གཡོན་པའི་རྒྱུ་བའི་དབང་གིས་མཁའ་རླུང་མེ་ཆུ་ས་སྐྱེ་རིམ་དང་མཐུན་པར་ལྗང་ནག་དམར་དཀར་སེར་པོའི་ཁ་དོག་རྣམས་སྙིང་པོའི་དཀྱིལ་འཁོར་གྱི་ཕྱོགས་ནས་བརྩམས་ཏེ་སྟེགས་བུའི་བར་དུའོ། །དེ་བཞིན་གསད་པ་དང་རེངས་པ་སོགས་ལ། གཡས་རྒྱུའི་འབྱུང་བ་སྡུད་རིམ་ལྟར་ས་ཆུ་མེ་རླུང་ནམ་མཁའི་རིམ་པས་སོ། །སུམ་ཆ་བར་དུ་གནས་ཞེས་པ་རེ་ཁཱ་རེ་རེ་ལ་ས་ཁྱོན་ཆ་གསུམ་བྱས་པའི་ཆ་གཅིག་བར་དུ་དོར་ནས་ཆ་གཉིས་རེ་ཁཱ་བྱ་བ་ཡིན་པས། ར་བའི་ས་ནི་ཆ་བཅོ་ལྔ་བར་རིག་པར་བྱའོ། །དེ་བཞིན་ཐུགས་དཀྱིལ་གྱི་ར་བའི་ས་ནི་ཆ་དགུ་པའོ། །དེ་བཞིན་སྐུ་དཀྱིལ་ལ་སྐུ་ཡི་མཐེའུ་ཆུང་ལ་སོགས་པའི་སོར་མོ་ལྔ་པོ་ནམ་མཁའ་སོགས་ཀྱི་རང་བཞིན་ཏེ། དེ་ཡང་ཞི་སོགས་ལས་སྤྲོ་བའི་རིམ་པས་ནམ་མཁའ་ལྗང་གུ་སོགས་ནས་དང་། བསད་སོགས་ལ་སེར་པོ་སོགས་ནས་སྡུད་རིམ་གྱིས་སོ། །ཀ་བའི་འོག་གི་སྒོ་ཡི་མཚམས་སུ་གདེངས་ཅན་རྣམས་ཀྱི་གདན་རླུང་ལ་སོགས་པ་ཡི་དཀྱིལ་འཁོར་དག་ཏུ་རབ་ཏུ་འགྱུར་ཏེ། ཤར་སྒོའི་གཡས་གཡོན་དུ་རླུང་དཀྱིལ་ཟླུམ་པོ་ནག་པོ་སྙིང་པོའི་པདྨའི་ཚད་ཅན་ཐིག་ལེས་མཚན་པ་དང་། ལྷོར་མེ་དཀྱིལ་དམར་པོ་ཟུར་གསུམ་བཀྲ་ཤིས་ཀྱིས་མཚན་པ་དང་། ནུབ་ཏུ་ས་དཀྱིལ་སེར་པོ་རྡོ་རྗེས་མཚན་པ་དང་། བྱང་དུ་ཆུ་དཀྱིལ་དཀར་པོ་ཟླ་ཕྱེད་ཀྱི་རྣམ་པ་པདྨས་མཚན་པ་གཉིས་

p. 66

ཏེ་བརྒྱད་དོ། །འདིར་རླུང་དཀྱིལ་ཟླུམ་པོ་དང་ཆུ་དཀྱིལ་ཟླ་ཕྱེད་དུ་བྱེད་པ་འགྱུར་མི་ལེགས་ཀྱི་བི་བྷཱུ་ཏི་ཙནྡྲའི་ཕྱག་དཔེའི་རྒྱ་དཔེ་ལས་རླུང་དཀྱིལ་ཟླུམ་པོ་ཕྱེད་པར་འགྱུར་ཏེ་ཞེས་དང་བྱང་དུ་ཆུའི་དཀྱིལ་འཁོར་ཟླ་བའི་རྣམ་པ་ཞེས་འབྱུང་བ་ལེགས་སོ་ཞེས་བཞེད་པ་ཡོད་ཀྱང་འབྲོ་འགྱུར་འགྲེལ་ཆེན་ལས། རླུང་ཟླུམ་པོ་དང་ཆུ་དཀྱིལ་ཟླ་གམ་དུ་ཡང་ཡང་གསལ་བར་གསུངས་པ་ལྟར་རོ། །དེ་བཞིན་ནག་དམར་སེར་དཀར་ལྗང་སྔོན་གྱི་མདོག་ཅན་གྱི་སྒོ་སྐྱོང་གི་གདན་ཤིང་རྟ་དྲུག་གོ། རྒྱལ་བའི་ཁ་དོག་གི་དབྱེ་བས་ཕྱོགས་རྣམས་སུ་རྡུལ་ཚོན་མདོག་བཞིའོ། །དབང་ལྡན་དང་ནི་ལྷ་མིན་གྱི་ཟུར་དུ་སྐུ་དཀྱིལ་གྱི་རྟ་བབས་ཀྱི་ཕྱི་རོལ་ས་ཡི་འཁོར་ཡུག་གམ་དཀྱིལ་འཁོར་སེར་པོ་སོར་ཕྱེད་བཅུ་གཉིས་པའི་ས་ལ་གནས་པའི་མཚན་མོའི་དབང་གིས་ཟླ་བ་ཉ་བ་དང་། ཉི་མ་ནུབ་པ་བྲི་བར་བྱ་སྟེ། དབང་ལྡན་དུ་ཟླ་བ་ཉ་བ་དང་། ལྷོ་ནུབ་ཏུ་ཉི་མ་ནུབ་པ་དག་གོ་ཀྱེ་མི་ཡི་དབང་པོ་ཞེས་སོ། །དེ་ནས་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་སྒོ་ཡི་སྟེང་གི་ཆར་ནི་རྟ་བབས་ཀྱི་རྩེག་མ་དང་པོའི་དབུས་མའི་གནས་སོར་ཕྱེད་བཅུ་དྲུག་གི་བདག་ཉིད་ལ་ཐུགས་རྣམ་པར་དག་པའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པའི་ཆོས་ཀྱི་འཁོར་ལོ་སྤྲིན་གྱི་མདོག་སྟེ་ནག་པོའི་ཁ་དོག་ཏུ་འགྱུར་ལ། དེ་ལས་གཞན་པའི་གནས་སུ་མཆོད་པའི་ལྷ་མོ་ཇི་སྐད་བརྗོད་པ་བཞིན་དུའོ། །གཡས་སུ་ལྷོའི་རྟ་བབས་ལ་གསུང་རྣམ་པར་དག་པའི་བུམ་པ་བཟང་པོ་ཁ་དོག་དམར་པོར་འགྱུར་ཏེ་དེའི་གཡས་དང་གཡོན་དུ་དུང་དང་པདྨའོ། །ནོར་སྦྱིན་དང་བཅས་ཆུར་ནི་ཞེས་བྱང་དུ་སྐུ་རྣམ་པར་དག་པའི་རྔ་བོ་ཆེ་དཀར་པོ་དང་། གཡས་གཡོན་དུ་དབྱུག་པ་དང་ཐོ་བའོ། །ནུབ་ཏུ་ཡེ་ཤེས་རྣམ་པར་དག་པའི་བྱང་ཆུབ་ཀྱི་ཤིང་སེར་པོ་དང་། དེའི་གཡས་དང་གཡོན་དུ་མིའམ་ཅི་དང་མིའམ་ཅི་མོ་དག་གནས་པའོ། །དེ་བཞིན་དུ་དྲིལ་བུ་དང་། མེ་ལོང་དང་། བ་དན་རྣམས་རི་བོང་འཛིན་པ་ལྟར་དཀར་བ། རྟ་བབས་རྣམས་དག་ལས་འཕྱང་པར་གྱུར་པ་དང་། དོ་ཤལ་ཕྱེད་པ་ཁ་དོག་དཀར་པོར་

p. 67

འགྱུར་ཏེ་རྒྱལ་བའི་རིགས་ཀྱི་དབང་གིས་སྒོ་སྲུང་གི་ཤིང་རྟ་ནི་སྐུ་དཀྱིལ་གྱི་སྒོ་ཡི་ནང་གི་དབུས་སུའོ། །དུར་ཁྲོད་ཀྱི་ས་གཞིར་གནས་པའི་རབ་གཏུམ་མ་རྣམས་ཀྱི་གདན་གྱི་འཁོར་ལོ་ནི་ཟླ་བ་དང་ཉི་མའི་ཁ་དོག་སྟེ། དཀར་དང་དམར་པོ་ནི་རང་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་རླུང་དཀྱིལ་གྱི་མཚམས་དག་ལ་སྐུ་དཀྱིལ་གྱི་སྒོ་ཡི་ཕྱི་རོལ་ཏུའོ། རྡོ་རྗེ་ཡི་ཕྲེང་བ་འོད་ཟེར་འབར་བ་འཕྲོ་བ་དག་གིས་ཀྱེ་མི་ཡི་བདག་པོ་འཁོར་ཡུག་གི་ཕྱི་རོལ་དུ་རྡོ་རྗེ་ཡི་ཕྲེང་བ་དག་ཏུའང་འགྱུར་ཏེ། རྡོར་ཕྲེང་གི་དང་པོ་དང་ཐ་མར་ཟླུམ་སྐོར་བཀོད་ནས་རྡོ་རྗེའི་ཕྲེང་བ་དང་དེའི་ཕྱི་རོལ་དུ་འོད་ཟེར་ལྔའི་རང་བཞིན་འབར་བ་བཀོད་པར་བྱ་སྟེ། ཀྲ་མ་ཤཱིརྵ་དང་སའི་འཁོར་ཡུག་དག་གི་བར་དུ་མཆོད་པའི་རྫས་ཇི་ལྟར་མཛེས་པར་བྱའོ། །དེ་ཡང་ར་བའི་རེ་ཁཱ་རྣམས་མཚན་ཉིད་དང་མི་ལྡན་པར་གྱུར་ན། ཞི་རྒྱས་ཀྱི་ལས་ལ་སྐྱོན་དུ་འགྱུར་ཏེ་གང་ཞེ་ན། རེ་ཁཱ་ཚད་ལས་ཐལ་ཏེ་སྦོམ་པར་གྱུར་པས་སློབ་དཔོན་ནམ་སྦྱིན་བདག་ལ་ནད་དག་བྱེད་ཅིང་། ཧ་ཅང་ཕྲ་བ་དག་རེ་ཁཱ་མི་ལེགས་ཤིང་ངན་པས་རྫས་ནི་ཉམས་པ་རབ་ཏུ་གསལ་བར་བྱེད་དོ། །བར་ཆད་པས་འཆི་བ་རབ་ཏུ་གསལ་བར་བྱེད་པ་དང་ནི། འཁྱོག་པོས་མི་ཡི་བདག་པོ་དང་བཅས་པའི་གྲོང་རྡལ་དེ་བཞིན་ཉིད་དུ་བསྐྱོད་པར་བྱེད་དོ། །སྐྱོན་གཞན་ཡང་མཚན་མའམ་ཉི་མ་དང་ཟླ་བ་ཡི་གདན་ཆད་པར་གྱུར་ཏེ་མ་ཚང་ན་སྔགས་པ་རྣམས་ལ་སྲིད་པའི་འཇིགས་པ་འཇོམས་པའི་དངོས་གྲུབ་གང་ཡིན་པ་དེ་མེད་པར་འགྱུར་རོ། །རྡུལ་ཚོན་ཕན་ཚུན་རྣམ་པར་འདྲེས་པས་སྦྱིན་བདག་དང་སློབ་དཔོན་གྱི་རིགས་བརྒྱུད་འཆད་པར་འགྱུར་བ་ཉིད་དེ་དེས་ན་རྒྱལ་བའི་རིགས་ཀྱིས་རྡུལ་ཚོན་གདབ་པའི་མཚན་ཉིད་དཀྱིལ་འཁོར་དག་ལ་རིག་པར་བྱ་སྟེ། དེ་ལ་དཀྱིལ་འཁོར་ནི་རྟེན་པ་ལྷ་དང་ལྷ་མོ་རྣམས་ཀྱི་འཁོར་ལོ་དང་། རྟེན་རྩིབས་བརྒྱད་པའི་འཁོར་ལོ་ལ་སོགས་པ་སྟེ་དེ་གཉིས་ཀའང་རྒྱལ་བའི་རིགས་སུ་གྱུར་པའི་དབང་གིས་ཁ་དོག་རྣམ་པ་ཐ་དད་དུ་གྱུར་པ་ཇི་སྐད་བསྟན་པ་དེ་

p. 68

བཞིན་ལ། གང་ཞིག་སྔགས་ཀྱི་ཚུལ་ལ་རྒྱུད་གང་ཡིན་པ་དེ་ཉིད་ཀྱི་ནང་དུ་རྒྱུད་ཀྱི་བདག་པོ་རྒྱལ་བས་གསལ་པར་མ་གསུངས་པའི་མཚན་མ་དེ་ནི་མཛེས་པའི་དོན་གྱི་རྒྱུར། དཀྱིལ་འཁོར་དག་ལ་དགོད་པར་མི་བྱ་སྟེ་དེ་ཅིའི་ཕྱིར་ན་ཕྱིན་ཅི་ལོག་ལྷག་པའི་མཚན་མ་དེ་ཉིད་བདུད་ཀྱི་མཚན་མ་ཉིད་དུ་འགྱུར་བ་དེའི་ཕྱིར་ནའོ། །རྒྱལ་བ་སྐྱེད་མཛད་རྡོ་རྗེ་སེམས་དཔའི་རིགས་ལ་ནི་རྡོ་རྗེ་སློབ་དཔོན་གྱིས་རྒྱུ་མཚན་དེ་ལྟར་ཤེས་ནས་དེ་ཕྱིར་རྒྱུད་ལས་གསུངས་པའི་ཆོ་གས་མཚན་མར་འགྱུར་ཏེ་འདི་ལྟར་རྒྱལ་བའི་རིགས་ཀྱི་དབང་གིས་སྒོ་ཡི་མཚམས་ནས་བཟུང་སྟེ་ནང་གི་དཀྱིལ་འཁོར་གྱི་ཆ་ཀུན་ལའོ། །ཕྱི་རོལ་དུ་དོ་ཤལ་ཕྱེད་པའི་མཐར་ནི་ཞེས་པས་བ་ཀུ་ལཱི་དང་ཀྲ་མ་ཤཱིརྵའི་མཐར་ཐུག་པར་དེ་ལྟར་རྒྱུད་ལས་གསུངས་པ་ལྟར་བྲིས་ལ། སྐུ་དཀྱིལ་གྱི་མཐར་ས་ཡི་དཀྱིལ་འཁོར་གྱི་གཞི་ལ་པདྨ་དང་བུམ་པ་སོགས་མཆོད་རྫས་སྣ་ཚོགས་ཀྱིས་མཛེས་པར་དག་རབ་ཏུ་བྱ་སྟེ་འདི་ལ་མཛེས་ཆོས་ཀྱི་ཉེས་པ་མེད་དོ་ཞེས་སོ། །དེ་ནས་རྡུལ་ཚོན་གྱི་དཔངས་གསུངས་པ། སྙིང་པོའི་དཀྱིལ་འཁོར་ལ་རྡུལ་ཚོན་ནག་པོ་ལ་སོགས་པ་གནས་ཀྱི་ཆ་བཞིའི་རྐང་པ་རིམ་པས་འཕེལ་བར་འགྱུར་པ་དག་ནི་རྡུལ་ཚོན་གྱི་དཔངས་ཏེ་ནས་ཀྱི་རྐང་པ་གཅིག་དག་ནས་ཀྱང་རིམ་པར་འཕེལ་བ་ནི་ཇི་ལྟར་ཤར་དུ་རེག་བྱའི་ཡོན་ཏན་དག་པ་རྡུལ་ཚོན་ནག་པོ་ནི་ནས་ཀྱི་རྐང་པ་གཅིག་གི་དཔངས་སོ། །ལྷོར་རེག་བྱ་དང་རོའི་ཡོན་ཏན་གཉིས་རྣམ་པར་དག་པའི་དམར་པོ་ནི་ནས་ཀྱི་རྐང་པ་གཉིས་ཀྱི་དཔངས་སོ། །བྱང་དུ་རེག་བྱ་དང་རོ་དང་གཟུགས་ཀྱི་ཡོན་ཏན་རྣམ་པར་དག་པས་དཀར་པོ་ནི་རྐང་པ་གསུམ་མོ། །ནུབ་ཏུ་རེག་བྱ་དང་རོ་དང་གཟུགས་དང་དྲིའི་ཡོན་ཏན་བཞི་རྣམ་པར་དག་པས་སེར་པོ་ནི་རྐང་པ་བཞིའི་དཔངས་སོ། །དེ་བཞིན་གསུང་དཀྱིལ་ལ་ཉིས་འགྱུར་དང་། སྐུ་དཀྱིལ་ལ་བཞི་འགྱུར་གྱི་དཔངས་སོ། །ནས་ཀྱང་རང་རང་གི་དཀྱིལ་འཁོར་གྱི་བདུན་བརྒྱ་དྲུག་ཅུ་རྩ་བརྒྱད་ཀྱི་ཆ་ཤས་སུ་རིག་པར་བྱའོ། །དེ་བཞིན་དུ་ར་བ་རྣམས་ཀྱི་དཔངས་ནི་རྡུལ་

p. 69

ཚོན་སེར་པོའི་དཔངས་སུམ་འགྱུར་དང་། རེ་ཁཱ་གཞན་ཐུན་མོང་པས་ནི་རྡུལ་ཚོན་སེར་པོའི་ཉིས་འགྱུར་དུ་འགྱུར་རོ། །པདྨ་རྣམས་ཀྱི་འདབ་མའི་ཕྱི་རོལ་དུ་པདྨའི་གདན་གྱི་སྣམ་བུ་དང་ཉིན་མོར་བྱེད་པ་དང་། རི་བོང་ཅན་དང་ཆུ་སྐྱེས་ཀྱི་རེ་ཁཱ་ཡི་གདན་གསུམ་ནི་སེར་པོ་ལས་ཉིས་འགྱུར་རོ། །སྙིང་པོ་དག་ལས་ཕྱི་རོལ་བར་མ་གསུང་དཀྱིལ་གྱི་དཔངས་ནི་སྔ་མ་ལས་ཉིས་འགྱུར་དུ་འགྱུར་ལ་གསུང་དཀྱིལ་དེའི་ཉིས་འགྱུར་ནི་ཀྱེ་མི་ཡི་བདག་པོ་སྐུ་ཡི་དཀྱིལ་འཁོར་འདི་ལ་སྟེ། དོ་ཤལ་ཕྱེད་པའི་མཐར་ནི་ནས་གཅིག་གི་དཔངས་ཡིན་ལ། དེ་ནི་ཀྲ་མ་ཤཱིརྵའི་མཐར་ཕྱི་རོལ་གྱི་མཆོད་པའི་ས་ཡིན་ནོ། །དེ་བཞིན་དུ་ས་ཆུ་བསྲེག་ཟ་ང་གི་ཁོར་ཡུག་བཞི་དང་། རྡོ་རྗེའི་ཕྲེང་བ་ཟླུམ་སྐོར་གཉིས་རྣམས་ལ་སྐུ་དཀྱིལ་གྱི་ར་བའི་ཚད་ཡིན་པའོ། །དེ་ལྟར་ཁམས་ཀྱི་ཡོན་ཏན་གྱི་དབྱེ་བས་རྡུལ་ཚོན་གྱི་དཔངས་ཀྱི་ངེས་པའོ། །དབྱེ་བ་གཞན་ནི་ཐམས་ཅད་དུ་ཡོན་ཏན་གསུམ་གྱི་དབྱེ་བས་ས་ཐམས་ཅད་ལ་ཚད་མཚུངས་པ་སྟེ། ར་བ་རྣམས་ནི་དཀྱིལ་འཁོར་གསུམ་གྱི་ཚད་ལས་སུམ་འགྱུར་རོ་ཞེས་པ་རྡུལ་ཚོན་རྣམ་པར་དག་པའོ། །དེ་ནས་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་དག་པས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་དག་པ་གསུངས་པ། འདིར། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །ཇི་ལྟར་ལུས་ལ་དེ་བཞིན་གཞན། །ཞེས་གསུངས་པ་ལྟར། ཕྱི་དང་ནང་ལུས་དང་དག་པ་གཞན་དཀྱིལ་འཁོར་མཚོན་བྱེད་རྡུལ་ཚོན་ལའང་དེ་བཞིན་ཏེ། ཕྱི་རོལ་འཇིག་རྟེན་གྱི་ཁམས་ཀྱི་ཚད་དཔག་ཚད་བཞི་འབུམ་ཡིན་པ་དེ་བཞིན་ལུས་ལ་ཁྲུ་བཞི་སྟེ། དེ་བཞིན་དཀྱིལ་འཁོར་ལ་ཡང་ཡིན་ནོ། །ཁྲུ་གཅིག་ནས་སྟོང་གི་བར་གྱི་དཀྱིལ་འཁོར་ཐམས་ཅད་དཀྱིལ་འཁོར་རང་གི་ཚད་ཀྱི་ཁྲུ་ཡིས་ཁྲུ་བཞི་པའི་དཀྱིལ་འཁོར་ཏེ། སོར་ཕྱེད་པ་དགུ་བཅུ་རྩ་དྲུག་ཉིས་འགྱུར་གྱི་ཆ་ཡིན་པའི་ཕྱིར་རོ། །དེས་ན་དཀྱིལ་འཁོར་ཞེས་ཆེ་ཆུང་ཐམས་ཅད་ཁྲུ་བཞིའི་བདག་ཉིད་དུ་འགྱུར་རོ། །སྙིང་པོའི་དཀྱིལ་

p. 70

འཁོར་གྱི་དབུས་ཚངས་ཐིག་ནས་སྒོ་ཡི་དང་པོའི་མཚམས་སུ་ཕྱོགས་ཀུན་དུ་སོར་ཕྱེད་པ་ཉེར་བཞིས་ནི་ནོར་གྱི་བློ་གྲོས་མར་ཞེས་ས་ཡི་དཀྱིལ་འཁོར་དུ་འགྱུར་ཏེ། སྙིང་པོའི་པདྨ་ཆ་བཅུ་གཉིས་པ་ནི་དཔག་ཚད་སྟོང་ཕྲག་ལྔ་བཅུའི་ཕྱེད་ཀྱི་ཚད་ཀྱིས་སོ། །བདེ་གཤེགས་འཕར་མ་ནི་ཕྱོགས་ཐམས་ཅད་དུ་གླིང་དྲུག་མཚོ་དྲུག་རི་དྲུག་གི་མཐར། སྟེང་དང་འོག་ཏུ་ལྷུན་པོའི་ཚད་ཀྱིས་ཏེ་དཔག་ཚད་སྟོང་ཕྲག་ལྔ་བཅུའོ། །དེ་ནས་ས་དཀྱིལ་དཔག་ཚད་སྟོང་ཕྲག་ཉེར་ལྔའི་ཞེང་ནི། དཀྱིལ་འཁོར་ལ་རྡུལ་ཚོན་གྱིས་སྒོའི་མཐར་ཐུག་པའོ། །དེ་ལྟར་སྙིང་པོའི་དཀྱིལ་འཁོར་མཐའ་དག་དཔག་ཚད་འབུམ་སྟེ་སོར་ཕྱེད་པ་བཞི་བཅུ་རྩ་བརྒྱད་ཀྱི་ཆ་དང་ལྡན་པ་སྟེ་དེ་ལྟར་ཕྱི་འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་ལ་ནི་ནོར་ལྡན་མ་ས་དཀྱིལ་ཏུ་འགྱུར་རོ། །བ་སུ་མ་ཏཱི་ཞེས་པ་ནོར་གྱི་བློ་གྲོས་མར་བསྒྱུར་ཀྱང་བ་སུ་ལ་དེ་ཕན་གྱི་ལྡན་རྐྱེན་མནྟུ་བྱིན་ཞིང་མོ་རྟགས་ཀྱི་ཨཱི་སྦྱར་བ་ཡིན་པས་ནོར་ལྡན་མའམ་དབྱིག་ལྡན་མར་འགྱུར་རོ་ཞེས་བཤད། དེ་བཞིན་དུ་ཐུགས་དཀྱིལ་གྱི་སྒོ་བཞི་ནས། ཙ་རྨི་ཀ་ལ་སོགས་པའི་མཐར་ཕྱོགས་ཀུན་དུ་སུམ་འགྱུར་གདེངས་ཅན་ཞེས་བརྒྱད་གསུམ་སྟེ་སོར་ཕྱེད་པ་ཉེར་བཞིའི་རེ་མིག་དག་གིས། ལན་ཚྭའི་ཆུ་གཏེར་རིན་ཆེན་སྣ་ཚོགས་ཀྱི་གནས་སུ་འགྱུར་ཏེ། གསུང་དཀྱིལ་ཤར་ནུབ་སོགས་ཐད་ཀར་འབུམ་ཕྲག་གཉིས་ཡོད་པའི་ལན་ཚྭའི་རྒྱ་མཚོར་འགྱུར་རོ། །གསུང་དཀྱིལ་གྱི་སྒོ་དེ་ནས་ཀྲ་མ་ཤཱིརྵའི་མཐར་ཐུག་པར་རྒྱལ་བའི་དབང་པོའི་རེ་མིག་སྟེ་ཕྱོགས་ཐམས་ཅད་དུ་སོར་ཕྱེད་པ་ཉི་ཤུ་རྩ་བཞིའི་རེ་མིག་གིས་ཀྱང་ཕྱི་རོལ་དུ་མེ་ཡི་དཀྱིལ་འཁོར་ཏེ་མེ་དཀྱིལ་ནི་ཐད་ཀར་འབུམ་ཕྲག་གསུམ་མོ། །དེ་ནས་དེ་བཞིན་རླུང་དུ་འགྱུར་ཞེས་གསུང་དཀྱིལ་ཀྲ་མ་ཤཱིརྵ་དེ་ནས་སྐུ་དཀྱིལ་གྱི་སྒོའི་མཐར་ཐུག་པར། རྒྱལ་དབང་གི་རེ་མིག་སྟེ་སོར་ཕྱེད་པ་ཉེར་བཞིས་འཇིག་རྟེན་གྱི་ཁམས་རླུང་གི་དཀྱིལ་འཁོར་ཏེ། ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་ཐད་ཀར་འབུམ་ཕྲག་བཞི་ནི།

p. 71

སོར་ཕྱེད་པ་དགུ་ཅུ་རྩ་དྲུག་ཉིས་འགྱུར་གྱི་ཆ་དང་ལྡན་པའི་སྐུའི་དཀྱིལ་འཁོར་གྱི་ཚད་དུའོ། །སླར་ཡང་དེ་ཡི་ཕྱི་རོལ་དུ་ནི་སྐུ་དཀྱིལ་གྱི་རྟ་བབས་ཀྱི་གནས་ལ་སོགས་པ་དེ་དག་རྣམ་པར་དག་པས་འབྱུང་བ་བཞིའི་དཀྱིལ་འཁོར་དག་པ་དང་སྦྱར་བ་ནི། སྐུ་དཀྱིལ་གྱི་རྟ་བབས་ཀྱི་ཚངས་ཐིག་གི་སྣེ་མོ་ཟད་མཚམས་ནས་སོར་ཕྱེད་པ་བཅུ་གཉིས་ནི་ས་དཀྱིལ་ཏེ། འདི་སྐབས་ལྷུན་པོ་སྤངས་ནས་ཞེས་པ་ནང་གི་ས་རྣམས་སྐབས་འདིར་མི་བརྩི་བར་མཆོད་པ་རྣམས་བྲི་བྱའི་ས་འབའ་ཤིག་ཁོར་ཡུག་གི་སར་བྱས་པའོ། །ཆུ་དང་བསྲེག་ཟ་རླུང་རྣམས་ནི་རེ་རེ་བཞིན་དུ་སོར་ཕྱེད་ཉེར་བཞི་དག་ཏུ་བལྟ་བར་བྱ་ལ། དེའི་ཕྱི་རོལ་དུ་སོར་ཕྱེད་པ་བཅུ་གཉིས་ཀྱིས་རྡོ་རྗེའི་ཕྲེང་བ་སྟེ་དེ་ཡང་གཡས་དང་གཡོན་དང་དབུས་ཆ་གསུམ་བྱས་ནས། དབུས་སུ་ཆ་དྲུག་གིས་རྡོ་རྗེའི་ཕྲེང་བ་བྱའོ། །དེའི་ཕྱི་རོལ་དུ་ཆ་ཉེར་བཞིས་རྡོ་རྗེའི་མེ་ལྕེ་བྱ་སྟེ་འདི་དག་སྒོམ་དོན་ཡིན་ལ། དེ་ལྟར་འཇིག་རྟེན་གྱི་ཁམས་རྣམ་པར་དག་པའོ། །ད་ནི་འཇིག་རྟེན་སྟེང་འོག་གི་ཚད་དཀྱིལ་འཁོར་དུ་རྣམ་པར་དག་པ་གསུངས་པ། ཕྱི་རོལ་དུ་ལྷུན་པོའི་གཙུག་ཏོར་སྟོང་ཕྲག་ཉེར་ལྔ་ནི་དབུས་སུ་སྙིང་པོའི་པདྨ་སོར་ཕྱེད་པ་བཅུ་གཉིས་པའོ། །ཞལ་ལམ་གདོང་འབུམ་ཕྲག་ཕྱེད་ཡོད་པ་ལས་ཕྱེད་སྔ་མ་བདེ་གཤེགས་འཕར་མ་དང་། ཕྱེད་ཕྱི་མ་ནི་འཁོར་ལོ་གཞན་ནོ། །ལྷག་མ་ཆ་གཉིས་ལ་རྡུལ་ཚོན་གྱི་ས་དང་སྒོའི་མཐར་ཐུག་པར་རོ། །དེ་ལྟར་ཕྱི་རོལ་དུ་ལྷུན་པོའི་གཙུག་ཏོར་དང་ཞལ་ལམ་གདོང་དང་མགྲིན་པ་དག་གི་ཐ་སྙད་བྱས་པ་དེ་དག་ནང་དུ་ལུས་ལ་གཙུག་ཏོར་ནས་དཔྲལ་བའི་བར་སོར་ཕྱེད་བཅུ་གཉིས་དང་། གདོང་སོར་ཕྱེད་ཉེར་བཞི་མགྲིན་པ་སོར་དྲུག་རྣམས། གཞན་དཀྱིལ་འཁོར་ལ་སུམ་འགྱུར་གདེངས་ཅན་རེ་མིག་དག་གིས་ཞེས་པ་སོར་ཕྱེད་པ་ཉེར་བཞི་སྟེ། གཡས་སུ་ཉེར་བཞི་དང་གཡོན་དུ་ཉེར་བཞི་དག་གིས་སྙིང་པོའི་དཀྱིལ་འཁོར་ལ་ནི་དག་པའམ་སྦྱང་བར་བྱ་བ་ཡིན་

p. 72

ནོ། །དེ་ལྟར་སྟེང་འོག་ཏུ་ལྷུན་པོའི་གཙུག་ཏོར་ནས་མགྲིན་པའི་བར་དཔག་ཚད་འབུམ་ཕྲག་གཅིག་པོ་དེ་དཀྱིལ་འཁོར་ལ་ཐུགས་དཀྱིལ་ཀུན་ནས་ཁྲུ་གང་བ་ཉིད་དོ། །དེ་ནས་ལྷུན་པོ་འབུམ་ཕྲག་གཅིག་གི་ཚད་མཐའ་དག་ནི། ནང་དུ་ལུས་ལ་མགྲིན་པའི་མ་མཐའ་ནས་དཔྱིའི་བར་ཡིན་ལ། དཀྱིལ་འཁོར་ལ་ནི་གསུང་དཀྱིལ་གྱི་གཡས་དང་གཡོན་དུ་སུམ་འགྱུར་གདེངས་ཅན་ཏེ་ཉི་ཤུ་རྩ་བཞིའི་རེ་མིག་དག་གིས། ལྷུན་པོའི་འོག་གཞིའི་ས་ལ་ཐུག་གི་བར་ནི་ཇི་སྲིད་ཉིད་དུ་སྟེ་དེ་དང་དག་པ་སྦྱར་བར་བྱའོ། །དེ་ནས་སྐུའི་དཀྱིལ་འཁོར་ལ་གཡས་སུ་སོར་ཕྱེད་པ་དྲུག་དང་། གཡོན་དུ་དྲུག་བསྡོམ་པའི་རེ་མིག་དྲུག་དྲུག་དག་གིས་རིམ་པས་གསལ་བར་ཕྱི་རོལ་དུ་ཀླུ་ཡི་སྲིད་པ་དང་ནི་ས་འོག་དམྱལ་བའི་སྲིད་པ་བདུན་པོ་ཉིད་དང་སྦྱར་བ་སྟེ། ལྷུན་པོའི་རྩ་བ་ནས་དམྱལ་བ་བདུན་པའི་བར་དུ་དཔག་ཚད་འབུམ་ཕྲག་གཉིས་ཡོད་པ་ཆ་བརྒྱད་དུ་བགོས་པས་སྟོང་ཕྲག་ཉེར་ལྔ་རེ་ཡོད་པའི། དཔག་ཚད་སྟོང་ཕྲག་ཉེར་ལྔ་དང་པོ་ལ་ཀླུའི་སྲིད་པ་དང་། དེ་འོག་མ་ལ་རིམ་བཞིན་སྟོང་ཕྲག་ཉེར་ལྔ་རེ་ལ་དམྱལ་བ་བདུན་ཡོད་པ་དེ། ནང་དུ་ལུས་ལ་དཔྱི་ནས་རྐང་པའི་མཐིལ་བར་དུ་ཁྲུ་དོ་ཡོད་པ་ཆ་བརྒྱད་དུ་བགོས་པའི་ཆ་དང་། དཀྱིལ་འཁོར་ལ་གསུང་གི་རྩ་ཐིག་ནས་སྐུའི་རྩ་ཐིག་གི་བར་ལ་གཡས་དང་གཡོན་དུ་སོར་ཕྱེད་པ་དྲུག་རེ་ཡོད་པའི་བཅུ་གཉིས་པོ་ཆ་བརྒྱད་དུ་བྱས་པ་དང་སྦྱར་བར་བྱའོ། །དེ་ལྟར་ཕྱི་འཇིག་རྟེན་རྒྱ་དཔངས་འབུམ་བཞི་དང་། ནང་གི་གྱེན་དང་འཕྲེད་དུ་ཁྲུ་བཞི་དང་། དཀྱིལ་འཁོར་ཁྲུ་བཞི་པ་སྦྱར་ཏེ་དེ་ལྟར་ས་ལ་སོགས་པ་ཐམས་ཅད་དང་སླར་ཡང་དེ་བཞིན་རང་གི་ལུས་དག་ལ་ནི་དཀྱིལ་འཁོར་གྱིས་སྦྱང་པར་བྱས་པའོ། །དེ་བཞིན་རྩ་རྒྱུད་ལས་གསུངས་པའི་དག་པ་གཞན་འགྲེལ་པས་གསུངས་པ། འདིར་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་ནང་ན་གནས་པ་ནི་རང་བཞིན་འོད་གསལ་གྱི་ཡེ་ཤེས་སོ། །དེ་ཡང་མཚན་མའི་རྣམ་རྟོག་གིས་གཞོམ་དུ་མེད་པའི་སྒྲ་ཞེས་བརྗོད་པ་

p. 73

རྟག་ཏུ་ནཱ་དའི་མཚན་ཉིད་དོ་ཞེས་གསུངས་པ་ནཱ་ད་ནི་ཕྲ་ཞིང་གཞིག་ཏུ་མེད་པའོ། །མི་ཤིགས་པའི་ཐིག་ལེ་དེ་ལ་བརྟེན་པ་རང་བྱུང་འོད་གསལ་གྱི་ཡེ་ཤེས་ནི་ནམ་མཁའ་ལྟ་བུར་ཁྱབ་པ་ཡིན་མོད་ཀྱི། གཙོ་བོར་ཀུན་རྫོབ་དྭངས་མའི་ཐིག་ལེ་ལ་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་གནས་པ་རྟེན་དང་བརྟེན་པའི་ཚུལ་ཡིན་པས་རྡོ་རྗེའི་ལུས་ལ་སྙིང་གའི་རྩ་འཁོར་གྱི་དབུས་སུ་གནས་པར་རྒྱུད་རྣམས་སུ་གསུང་ཞིང་ཨེ་ཝཾ་གཞོམ་མེད་ཀྱི་ཡི་གེའི་རང་བཞིན་ཡིན་པས་གཞོམ་མེད་ཀྱི་སྒྲ་ཞེས་གསུངས་པའང་དེའི་དོན་ཏོ། །དེའི་ཕྱིར་སྙིང་གའི་འཁོར་ལོ་དེ་ཉིད་དཀྱིལ་འཁོར་གྱི་དབུས་སུ་བྱས་ནས། མགྲིན་པ་དང་ལྟེ་བའི་བར་སོར་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་བདག་ཉིད་ནི་ཐུགས་ཀྱི་དཀྱིལ་འཁོར་དུ་བྱའོ། །མགྲིན་པ་ནས་ལྟེ་བའི་མཐར་ཐུག་པར་སོར་ཉེར་ལྔའི་བདག་ཉིད་གསུང་གི་དཀྱིལ་འཁོར་མཛོད་སྤུའི་གནས་ནས་ཆུ་སོའི་མཐར་སོར་ཚད་ལྔ་བཅུ་སྐུ་དཀྱིལ་ལ་སྦྱར་བར་བྱ་སྟེ། ལུས་ཀྱི་དཀྱིལ་འཁོར་གསུམ་པོ་དེ་དག་སྟེང་འོག་དང་གཡས་གཡོན་དུ་ཚད་མཉམ་པས་གྲུ་བཞིར་འགྱུར་བ་ཤེས་པར་བྱའོ། །སྐུའི་སྒོ་བཞི་ནི་བཤང་གཅི་ཁུ་བ་གཙུག་ཏོར་གྱི་བུག་པ་རྣམས་སོ། །གསུང་དཀྱིལ་གྱི་སྒོ་ནི་རོ་རྐྱང་དབུ་མ་དུང་ཅན་མ་བཞིའོ། །ཐུགས་དཀྱིལ་གྱི་སྒོ་བཞི་ནི་སད་རྨི་གཉིད་འཐུག་བཞི་པའི་མཚན་ཉིད་རྣམས་སོ། །དེ་ལྟར་སྒོ་བཅུ་གཉིས་ཀྱི་བདག་ཉིད་ཅན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཆོག་གི་དང་པོའི་སངས་རྒྱས། ཟླ་བའི་ཆ་བཅུ་དྲུག་གི་ཆ་དང་ལྡན་པ་ནི། ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ལུས་དང་། དེ་བཞིན་གཞན་དཀྱིལ་འཁོར་རྣམ་པ་གསུམ་གྱི་བདག་ཉིད་མཚོན་བྱེད་དཔེའི་དཀྱིལ་འཁོར་ལ་ཡང་རྫོགས་པ་ཤེས་ནས་སློབ་དཔོན་གྱིས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །དེ་ནས་གོང་བཤད་དཀྱིལ་འཁོར་གྱི་ཐིག་རྣམས་ལག་ལེན་ཁྱེར་བདེར་གསུངས་པ་ཚིགས་བཅད་གཉིས་ནི་འགྲེལ་པས་མ་བཤད་དེ་སྔར་ཐིག་གི་

p. 74

སྐབས་སུ་བཤད་ཟིན་པས་སོ། །གཉིས་དང་ཆུ་གཏེར་གཅིག་དང་ཆུ་གཏེར་གཅིག་ཉིད་དུས་རོ་རྩེ་མོ་ཅན་གཉིས་དུས་ཕྱེད་དུས་ཕྱེད་དང་། དུས་དང་དུས་ནི་རབ་ཕྱེད་དག་དང་དུས་དང་རོ་དག་ཀྱང་སྟེ་སྐྱོན་གྱི་ཆ་རྣམས་རིམ་པ་ཡིས་ཞེས་པ་རྣམས་ཆ་ཕྲན་གྱི་གྲངས་དང་། དེ་གང་དང་གང་གི་ཆ་ཡིན་པ་ནི། སྙིང་པོར་ལྟེ་བ་རྩིབས་སམ་པདྨའི་འདབ་མ་དག་དང་དེ་ནས་ཀ་བ་རྡོ་རྗེའི་ཕྲེང་བ་དང་། པདྨ་རྡོ་རྗེའི་ཕྲེང་བར་འགྱུར་ཏེ་ས་དག་དང་ནི་དེ་ནས་སྒོ་དང་སྒོ་ཁྱུད་ལ་སོགས་དང་། ཀ་བ་ར་བ་ཁ་ཁྱེར་དག་དང་སླར་ཡང་དེ་ནས་སྣམ་བུ་དང་ནི་དོ་ཤལ་ས་དག་དང་། མེ་ལོང་ས་ཡི་སྣམ་བུར་འགྱུར་རོ་མི་ཡི་བདག་པོ་རྟ་བབས་རབ་ཏུ་གསུངས་པའི་ཆ་རྣམས་ཀྱི་ཞེས་གསུངས་པའི་དོན་ནི་ཚངས་ཐིག་གཉིས་གཉིས་ཕྲད་པ་ནས་སོར་ཕྱེད་པ་གཉིས་ཀྱིས་སྙིང་པོར་གནས་པའི་དཀྱིལ་འཁོར་གྱི་ལྟེ་བ་ཡིན་པ་སོགས། གོང་དུ་གྲངས་བསྟན་པ་དང་། འོག་ཏུ་གྲངས་ཅན་གནས་སོ་སོ་སྦྱར་དགོས་ཀྱང་། འདིར་གོ་བདེར་སྟབས་གཅིག་ཏུ་བཤད་ན། དེ་ནས་ཆུ་གཏེར་ཏེ་སོར་ཕྱེད་པ་བཞིས་འཁོར་ལོའི་རྩིབས་སམ་པདྨའི་འདབ་མ་དག་དང་། དེ་ནས་སོར་ཕྱེད་གཅིག་གིས་ཀ་བ་དང་ནང་གི་རྡོ་རྗེའི་ཕྲེང་བ་དང་། དེ་ནས་ཆུ་གཏེར་ཏེ་སོར་ཕྱེད་པ་བཞིས་དེ་བཞིན་གཤེགས་པའི་འཕར་མའི་པདྨ་དང་། དེ་བཞིན་སོར་ཕྱེད་པའི་ཚད་ཡིན་པ་འོག་མ་ཀུན་ལ་ཤེས་པར་བྱས་ནས། དེ་ནས་གཅིག་གིས་ཕྱི་རོལ་གྱི་རྡོ་རྗེའི་ཕྲེང་བར་འགྱུར་ཏེ། དེ་ནས་ཉི་མ་སྟེ་བཅུ་གཉིས་ཀྱིས་ཚོན་གྱིས་དག་དང་ནི། དེ་ནས་དུས་ཏེ་དྲུག་གིས་སྒོ་དང་། དེ་ནས་རོ་སྟེ་དྲུག་གིས་སྒོ་ཁྱུད་དང་། རྩེ་མོ་ཅན་གསུམ་སྟེ་དེ་ལན་གཉིས་བྱས་པས་སྒོ་ཁྱུད་ལ་སོགས་ཞེས་སོགས་སྒྲས་བསྡུས་པ་སྒོ་ལོགས་དང་། སྒོ་འགྲམ་གཉིས་དང་། དུས་ཕྱེད་ཅེས་གསུམ་གྱི་ཕྱེད་ཀྱི་ཀ་བ་དང་། ཡང་དུས་ཕྱེད་ཅེས་གསུམ་གྱི་ཕྱེད་ཀྱིས་ར་བ་དང་། དུས་ཏེ་གསུམ་གྱི་ཁ་ཁྱེར་དག་དང་། དུས་ནི་རབ་ཕྱེ་དག་དང་ཞེས་པ་དུས་ཏེ་གསུམ་གྱི་ཆ་དུམ་བུ་གཉིས་སུ་རབ་ཏུ་ཕྱེད་པ་ཕྱེད་

p. 75

གཉིས་ཀྱི་ཆས་སླར་ཡང་དེ་ནས་སྣམ་བུ་དང་ནི་དུས་དང་རོ་དག་ཀྱང་སྟེ། ཀྱང་ཡིག་གིས་སྔ་མ་ལྟར་ཆ་གཉིས་སུ་དབྱེ་བ་ལ་བསྙེགས་ནས། དུས་ཞེས་པ་དྲུག་གི་ཕྱེད་ཆ་གསུམ་གྱིས་དོ་ཤལ་གྱི་ས་དག་དང་། རོ་སྟེ་དྲུག་གི་ཕྱེད་ཆ་གསུམ་གྱིས་མེ་ལོང་དང་ཀྲ་མ་ཤཱིརྵའི་ས་ཡི་སྣམ་བུར་འགྱུར་རོ་ཀྱེ་མི་ཡི་བདག་པོ་ཞེས་སོ། །སྐྱོན་གྱི་ཞེས་པ་སོར་ཕྱེད་པའི་ཆ་བཅོ་བརྒྱད་ཀྱི་ས་ཆ་རྣམས་ཀྱི་ས་ནི་རྟ་བབས་སྔར་རབ་ཏུ་གསུངས་པའི་ཆ་རྣམས་ཀྱི་སར་འགྱུར་རོ། །དེ་ལྟར་གཉིས་དང་ཆུ་གཏེར་སོགས་ཆ་ཡི་གྲངས་བཅུ་བདུན་བཤད་པ་དེ་རིམ་པ་ཡིས་སྙིང་པོར་ལྟེ་བ་སོགས་བཅུ་བདུན་དང་སྦྱར་ཞིང་ཆ་དེ་དག་སྔ་མ་སྔ་མ་ལས་ཕྱི་རོལ་དུ་འབྱུང་བ་ཤེས་པར་བྱའོ། །སྙིང་པོར་ལྟེ་བ་སོགས་ཚིག་རྐང་བཞི་གོང་དུ་བཤད་ཟིན་ཏོ། །དེའི་ཕྱི་རོལ་དུ་ནི་གསུང་གི་དཀྱིལ་འཁོར་ལ་སྒོ་ལ་སོགས་པ་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚད་ལས་ཉིས་འགྱུར་དུ་འགྱུར་ཞིང་། དེའི་ཕྱི་རོལ་དུ་ཡང་སྐུ་དཀྱིལ་ལ་སྒོ་སོགས་ཐམས་ཅད་གསུང་དཀྱིལ་དེ་ཡི་ཉིས་འགྱུར་དུ་འགྱུར་རོ། །ཕྱི་རོལ་དུ་ནི་སྐུ་དཀྱིལ་གྱི་པདྨ་དང་། དུར་ཁྲོད་ཀྱི་འཁོར་ལོ་རྣམས་དང་། སྒོའི་ཤིང་རྟའི་དཀྱིལ་འཁོར་རྣམས་ཀྱི་ཚད་ནི་ཉིན་བྱེད་དེ་སོར་ཕྱེད་པ་བཅུ་གཉིས་དག་གིས་སོ་ཞེས་སོ། །དེ་ནས་ལྷ་རྣམས་ཀྱི་ས་བོན་སོགས་མཚན་མ་དགོད་པ་གསུངས་པ། འདིར་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་གཞལ་ཡས་ཁང་སྐུ་རྡོ་རྗེ་ཡིན་པ་དང་། རྡུལ་ཚོན་རྣམས་ཀྱང་ཨོཾ་ཡིག་སྐུ་རྡོ་རྗེའི་རང་བཞིན་ཡིན་པས། དེས་དཀྱིལ་འཁོར་གསུམ་རྫོགས་པར་བྱས་པ་ལ་ཨོཾ་ཡིག་ཡེ་ཤེས་ལས་སྐྱེས་པ་ཞེས་བྱ་སྟེ། དེར་རྒྱལ་བ་མཆོག་གི་པདྨ་ཉེར་བཞི་པོ་རྣམས་སུ་ཟླ་བ་དང་ཉི་མ་དག་གི་གདན་རྣམས་ནི། ལོ་གཅིག་གི་ཉ་བཅུ་གཉིས་དང་གནམ་སྟོང་བཅུ་གཉིས་ཀྱི་དབྱེ་བས་ཐབས་ཤེས་རྣམ་པར་དག་པའོ། །གདན་དེ་དག་གི་སྟེང་དུ། ཨ་སོགས་དབྱངས་དང་ཀ་སོགས་གསལ་བྱེད་རྣམས་སྟོང་པར་ཞེས་

p. 76

ཐིག་ལེ་རྣམ་བཅད་དང་བཅས་པ་དག་དང་། སྒྲིབ་བྲལ་གྱི་སྲིད་གསུམ་སྐྱེད་པར་བྱེད་པའི་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡུམ་ནི་སྒྲ་གདངས་རགས་པར་བརྗོད་དུ་མེད་པས་ན་གཞོམ་མེད་ཀྱི་སྒྲ་ཞེས་པ་ནཱ་དའི་རང་བཞིན་ཐིག་ལེའི་སྟེང་དུ་གཞག་པར་བྱ་སྟེ། དེ་ལྟར་ན་ས་བོན་གྱི་ཡི་གེ་གང་ཡང་རུང་བ་གཅིག་ལ་ཡང་ཟླ་ཉི་སྒྲ་ཅན་གསུམ་དང་། ལུས་ངག་ཡིད་གསུམ། སྐུ་གསུང་ཐུགས་གསུམ་དབྱེར་མེད་པར་གཅིག་ཏུ་སྦྱོར་བར་འགྱུར་རོ། །དེས་ན་སྔགས་ཀྱི་ཡི་གེ་དེ་ནི་ཐིག་ལེ་ལ་སོགས་པ་དེ་རྣམས་དང་ལྷན་ཅིག་བརྗོད་པར་བྱ་སྟེ། དེ་ལྟ་ན་བཅོམ་ལྡན་འདས་ཀྱང་ཐབས་ཤེས་གཉིས་སུ་མེད་པའི་རང་བཞིན་བདེ་བ་ཆེན་པོའི་བདག་ཉིད་ཀྱིས་ས་བོན་གྱི་ཡི་གེ་དེའི་ནང་དུ་གནས་སོ། །དེ་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ས་བོན་གསུངས་པ། སྟོང་པ་ལྔ་ལས་སྐུ་སོགས་ཀྱི་སྔགས་ངག་ཏུ་བརྗོད་པ་འབྱུང་བ་ནི། འདི་ལྟར་གཡོན་གྱི་ཡན་ལག་ཏུ་སྟོང་པ་རྗེས་སུ་ང་རོ་དང་། ཤར་དུ་ཨ་ཐུང་དང་ནུབ་ཏུ་ཨཱ་ཡིག་སྟེ་དེ་ལྟར་གཉིས་དང་ལྷོའི་ཡན་ལག་ཏུ་རྣམ་པར་བཅད་པ་ཐིག་ལེ་གཉིས་དང་། དབུས་སུ་དབྱངས་དང་བྲལ་བ་མཆོག་ཅེས་པ་གཞོམ་དུ་མེད་པའི་ཧ་ཡིག་དབྱངས་མེད་པས་བརྗོད་དུ་མེད་པ་སྟེ། དེ་ལས་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ནི། ཡང་དག་པར་འབྱུང་བ་དེ་དག་སྔགས་རྣམས་ཀྱི་སྐྱེ་གནས་ཞེས་སྐྱེད་པར་བྱེད་པ་དང་། མི་འགྱུར་མཆོག་གི་བདེ་བ་སྐྱེད་པར་བྱེད་པ་ཡེ་ཤེས་རྡོ་རྗེ་དག་ནི་བཞི་པའོ་ཞེས་གསུངས་ཏེ། དེ་རྣམས་དེ་ལས་ཡང་དག་པར་འབྱུང་ངོ་། །དེ་ཇི་ལྟར་ན་དང་པོར་སྐུ་རྡོ་རྗེའི་སྔགས་འབྱུང་བ་བརྗོད་པ་མཇུག་ནས་ཡར་དང་པོ ར་ང་རོ་དང་། དེ་ནས་ཨ་ཡིག་དང་། དེ་གཉིས་ཀྱི་དབུས་སུ་རྣམ་བཅད་བཞག་ལ། ང་རོའི་མཐར་ཨཱ་རིང་པོ་བཞག་པས་ང་རོ་མ་ཡིག་ཏུ་སོང་ཞིང་མ་ཡིག་ཕ་རོལ་ཏུ་བྱུང་བས་རྣམ་བཅད་ཨུར་བསྒྱུར་ལ། ཕྱིན་ནས་ཨ་ཡིག་སྔ་མ་དང་ཕྱི་མ་ཨུ་དག་གིས་ཡོན་ཏན་དུ་གྱུར་

p. 77

པ་ཨོ་ཡིག་གོ། དེ་ནས་མ་ཕ་རོལ་གྱི་དབྱངས་ལ་དྲངས་པ་ལ་སྒྲ་རིག་པའི་ངེས་ཚིག་གི་མཚན་ཉིད་ལས། ཡི་གེ་ཉམས་པའམ་དབྱི་བ་ཡོད་པར་བཤད་པ་ལྟར་མའི་དབྱངས་ཕྲལ་ནས་དབྱི་བར་བྱས་ཤིང་མ་རྗེས་སུ་ང་རོར་བྱས་པས། ཨ་ཨུ་མ་སྟེ་ཡོན་ཏན་གསུམ་གྱི་བདག་ཉིད་ཨོཾ་ཡིག་ནི་སྐུ་རྡོ་རྗེའོ། །འདིར་སྔ་ཕྱིའི་ཨ་ཡིག་གཉིས་ལྷན་ཅིག་རིང་པོ་བྱས་ནས་མཐར་རྣམ་བཅད་བྱིན་པ། ཨ་ཨཱ་དང་རྣམ་བཅད་བཅས་ཡོན་ཏན་གསུམ་གྱི་བདག་ཉིད་ཨཱཿ་གསུང་རྡོ་རྗེའོ། །འདིར་སྔོན་དུ་ཧ་ཡིག་དབྱངས་མེད་པ་དང་། དེ་ནས་ཨ་ཐུང་དང་། དེ་ནས་ཐིག་ལེ་དང་། དེ་ནས་རྣམ་བཅད་དང་། དེ་ནས་ཨཱ་རིང་པོ་བཞག་ལ། སྔར་བཞིན་རྣམ་བཅད་ཨུར་བསྒྱུར་ཞིང་ཐོག་ཐའི་ཨ་ཡིག་དབྱི་བར་བྱས་པས་ཧུཾ་ཡིག་སྟེ། ཧ་ཨུ་མ་ཞེས་ཡོན་ཏན་གསུམ་གྱི་བདག་ཉིད་ཐུགས་རྡོ་རྗེའོ། །དེ་ནས་ཡེ་ཤེས་རྡོ་རྗེ་བརྗོད་པ་སྔོན་དུ་ཧ་ཡིག་དབྱངས་མེད་པ་དང་། དེ་ནས་ཨ་ཐུང་དང་། རྣམ་བཅད་དང་ང་རོ་དང་། ཨཱ་རིང་རྣམས་བཀོད་ལ། རྣམ་བཅད་ཨུར་བསྒྱུར། ཨུ་ཡིག་དང་སྔ་མའི་དབྱངས་ལྷན་ཅིག་ཨོ་རུ་སོང་ཧ་ཡིག་དབྱངས་ཨོ་ལ་དྲངས་ཤིང་། ཕྱི་མའི་ཨ་ཡིག་དང་ང་རོ་མ་ཡིག་ཏུ་བསྒྱུར་བ་དབྱི་བས། ཧ་ཨ་ཨུ་ཞེས་ཡོན་ཏན་གསུམ་གྱི་བདག་ཉིད་ཧོ་ཡིག་ཡེ་ཤེས་རྡོ་རྗེའོ། །རྡོ་རྗེ་བཞི་ཡི་ཡི་གེ་ལ་ཡོན་ཏན་གསུམ་རེ་ཡོད་པ་ནི་ཡེ་ཤེས་རྡོ་རྗེ་ལ་མ་རིག་པ་དང་འདུ་བྱེད་དང་རྣམ་ཤེས་གསུམ་དང་། སྐུ་རྡོ་རྗེ་ལ་མིང་གཟུགས་དང་སྐྱེ་མཆེད་དང་རེག་པ་གསུམ་དང་། གསུང་རྡོ་རྗེ་ལ་ཚོར་བ་དང་སྲེད་པ་དང་ལེན་པ་གསུམ་དང་། ཐུགས་རྡོ་རྗེ་ལ་སྲིད་པ་དང་སྐྱེ་བ་དང་རྒ་ཤི་སྟེ། འདི་དག་སྒྲིབ་པ་བཅས་ཀྱི་སྐབས་ན་སད་པ་སོགས་གནས་སྐབས་བཞིའི་ཐིག་ལེའི་གཟུགས་ཀྱིས་གནས་ལ་བཞི་པའི་སྙོམས་འཇུག་གི་སྐབས་ཀྱི་སེམས་ལས་མ་རིག་པ་སོགས་སྐྱེད་པར་བྱེད་པ་དང་། སྒྲིབ་བྲལ་གྱི་གནས་སྐབས་སུ་འཁོར་བའི་མ་རིག་པ་སོགས་ཡན་

p. 78

ལག་བཅུ་གཉིས་འགགས་པའི་བདེན་དོན་བཅུ་གཉིས་ཀྱི་བདག་ཉིད་རྡོ་རྗེ་བཞི་ཡིན་པས་མི་འགྱུར་མཆོག་གི་བདེ་བ་བྱེད་པ་ཡེ་ཤེས་རྡོ་རྗེ་ནི་ཡེ་ཤེས་ཀུན་གྱི་གཞི་ཡིན་ནོ། །དེ་ལྟར་རྣམ་པ་བཅུ་གཉིས་པའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་སྔགས་ནི་སྔགས་ཐམས་ཅད་ཀྱི་རྒྱལ་པོའོ་ཞེས་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་སྔགས་ཀྱི་མཚན་མ་དགོད་པ་གསུངས་པ་ལ། སྤྱིར་རྡུལ་ཚོན་གྱི་ཉི་མ་དང་ཟླ་བའི་གདན་སྟེང་དུ་རགས་པ་དང་ཕྲ་བ་དང་གཞན་གྱི་དབྱེ་བས་དགོད་པ་རྣམ་པ་གསུམ་དུ་གསུངས་ཏེ། གཞན་གྱི་དབྱེ་བ་ཞེས་པ་སྔགས་ཀྱི་ས་བོན་དགོད་པའོ། །ཕྲ་བའི་དབྱེ་བ་ས་བོན་ཡོངས་སུ་གྱུར་པ་རྡོ་རྗེ་སོགས་ཀྱི་མཚན་མ་དགོད་པའོ། །རགས་པའི་དབྱེ་བ་ཕྱག་མཚན་དེ་དག་ཡོངས་གྱུར་ལྷའི་གཟུགས་དགོད་པ་གསུམ་ཡོད་པ་ཡིན་ལ། འདིར་གཙོ་བོར་ས་བོན་དགོད་པ་གསུངས་ཏེ། རྒྱལ་བའི་བདག་པོའི་གདན་གྱི་པདྨ་སྣ་ཚོགས་མདོག་སྟེ་ལྗང་གུ་ལ། ཕྱི་རོལ་དུ་གནམ་སྟོང་གི་མཐར་གཟའ་འཛིན་གྱི་དུས་སུ་ཟླ་ཉི་སྒྲ་གཅན་རྣམས་སྦྱོང་བ་དང་། ནང་དུ་རོ་རྐྱང་དབུ་མའི་རྩ་དང་ལྡན་པ་སྙིང་གའི་པདྨ་སྦྱང་བའི་དོན་དུ། ཟླ་བ་དང་། ཉི་མ་དང་དུས་ཀྱི་མེ་སྟེ་སྒྲ་གཅན་གྱི་གདན་སུམ་བརྩེགས་དེ་ཡི་སྟེང་དུ་ས་བོན་ཧཱུཾ་ཡིག་ཐུང་ངུ་རྡུལ་ཚོན་སྔོན་པོས་བྲི་བར་བྱ་བ་སྟེ། ཡང་ན་དེ་ཡོངས་གྱུར་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་བྲི་བར་བྱ་ལ། སྦས་པའམ། གསང་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་འཇིག་རྟེན་པས་སྨོད་པ་སྤོང་བའི་སླད་དུ་ལྷའི་གཟུགས་ཁ་སྦྱོར་ཅན་ལྟ་བུ་སོགས་བྲི་བར་མི་བྱའོ་ཞེས་གསུངས། དེ་ནས་པདྨའི་འདབ་མ་ལ་ནུས་མ་རྣམས་ཀྱི་ས་བོན་ནི། ཕྱོགས་ཀྱི་འདབ་མ་རྣམས་ལ་ཨ་སོགས་སྟོང་པ་དབྱངས་ཀྱི་ཡི་གེ་བཞི་སྟེ།

p. 79

ཤར་དུ་ཨ། ལྷོར་ཨཱཿབྱང་དུ་ཨ། ནུབ་ཏུ་ཨཱ་ཡིག་འགོད་པའམ། ཡང་ན་ཕྱག་མཚན་འབྲི་ན་སྤོས་སྣོད་དང་མར་མེ་སོགས་གཡས་ཀྱི་དང་པོའི་ཕྱག་མཚན་གང་ཡིན་འགོད་པར་བྱའོ། །ཕྱོགས་བྲལ་མཚམས་བཞིའི་འདབ་མ་ལ་ཡང་ཧ་སོགས་སྟོང་པ་རྣམ་པ་བཞི་ཞེས། ཤར་ལྷོར་ཧ། ལྷོ་ནུབ་ཏུ་ཧཿ བྱང་ཤར་དུ་ཧྃ། ནུབ་བྱང་དུ་ཧཱའོ། ཡང་ན་སོ་སོའི་མདོག་མཚུངས་རྔ་ཡབ་བོ། །དབང་ལྡན་དང་བདེན་བྲལ་གྱི་ཟུར་རམ་མཚམས་དང་། རྩེ་མོ་ཅན་མེ་དང་རླུང་དུ་རིམ་བཞིན་སྐུ་དང་གསུང་དང་ཐུགས་དང་ཆགས་པ་ཡེ་ཤེས་རྡོ་རྗེ་ཡི་ས་བོན་དག་སྟེ། ཨོཾ་ཨཱཿཧཱུྃ་ཧོའམ། ཡང་ན་དུང་དང་གཎྚི་ནོར་བུ་དཔག་བསམ་གྱི་ཤིང་བྲིའོ། །དེ་རྣམས་སྙིང་པོའི་པདྨ་ལའོ། །དེ་ནས་འཕར་མ་གཉིས་པ་ལ། ཧི༷་ཡིག་ལ་སོགས་པ་བུམ་པ་རྣམས་ཀྱི་ས་བོན་བཅུ་རུ་འགྱུར་ཏེ། ཧ༷ཾ་ཧཿ ཞེས་པ་དག་གིས་མཐའ་ནི་ཤར་ནུབ་ཀྱི་སྒོ་འདིར་རོ་ཞེས། ཤར་གྱི་ལྷའི་པདྨའི་བྱང་དང་ལྷོ་སྟེ་གཡོན་དང་གཡས་སུ། ཧི་ཧཱིའམ་ཡང་ན་བུམ་པ་གཉིས་སོ། །དེ་བཞིན་ལྷོར་ཧྲཱྀ་ཧྲཱྀ། ནུབ་ཏུ་ཧླྀ་ཧླཱྀ། བྱང་དུ་ཧུ་ཧཱུ། ཧཾ་ཧཿནི་སྟེང་དང་འོག་ཏུ་ཡིན་ཡང་བྲི་བའི་དཀྱིལ་འཁོར་ལ། ཤར་དང་ནུབ་ཀྱི་སྒོར་ཁྲོ་བོའི་མཚན་མའི་སྟེང་འོག་ཏུ་འགོད་དོ། །དེ་རྣམས་ས་བོན་ནམ་ཡང་ན་བུམ་པ་དངོས་བྲི་བར་བྱའོ། །དེ་ནས་ལྷའི་ས་བོན་དགོད་པ་གསུངས་ཏེ་ཤར་གྱི་ཆུ་སྐྱེས་ཉི་མའི་གདན་གྱི་སྟེང་དུ་འདུ་བྱེད་དོན་གྲུབ་ཀྱི་ཨི༷་ཡིག་གམ་རལ་གྲིའོ། །རྩེ་མོ་ཅན་མེ་ཡི་ཕྱོགས་ཉིད་དུ་པདྨ་ལ་གནས་ཟླ་དཀྱིལ་ལ་རླུང་ཁམས་སྒྲོལ་མའི་ཨཱི༷་ཡིག་རིང་པོ་ཉིད་དེ་ཡང་ན་རལ་གྲིའམ་ཨུཏྤ་ལའོ། །དེ་བཞིན་ཕྱག་མཚན་ཅི་རིགས་སུ་ཤེས་པར་བྱ་ལ། འདིར་ས་བོན་དགོད་པ་གཙོ་བོར་གསུངས་པ། གཤིན་རྗེ་དང་ལྷ་མིན་གྱི་ཕྱོགས་ཉིད་དུ་ནི་ར༷ཾ་ཡིག་ཐུང་རིང་དག་སྟེ། ཚོར་བ་དང་མེ་ཁམས་དག་པ་རིན་འབྱུང་དང་གོས་དཀར་མོའི་ས་བོན་ནོ། །ནོར་སྦྱིན་དང་འཕྲོག་བྱེད་དུ་གནས་ཐུང་ངུ་རིང་པོའི་ཨུ་

p. 80

ཡིག་དག་ནི་འདུ་ཤེས་དང་ཆུ་ཁམས་དག་པ་འོད་དཔག་མེད་དང་མ་མ་ཀཱིའི་ས་བོན་ནོ། །ཆུ་དང་རླུང་གི་ཟུར་དག་ཏུ་ཡང་པདྨ་ལ་གནས་པའི་ཐུང་ངུ་དང་རིང་པོ་དག་གི་ལྀ་ཡིག་སྟེ། གཟུགས་ཕུང་དང་ས་ཁམས་དག་པ་རྣམ་པར་སྣང་མཛད་དང་སྤྱན་མའི་ས་བོན་ནོ། །དེ་ལྟར་ཕུང་པོ་དང་འབྱུང་བའི་ཁམས་དག་པའི་ལྷ་བདེ་གཤེགས་ཡབ་ཡུམ་གྱི་ས་བོན་བཀོད་པ་སྟེ། རྣམ་ཤེས་དང་ནམ་མཁའི་ཁམས་སྒྲིབ་བྲལ་གཅིག་ཏུ་སྦྱོར་བ་གཙོ་བོ་ཡབ་ཡུམ་ཀྱི་མཚན་མ་ནི་དབུས་སུའོ། །ས་བོན་དེ་རྣམས་ཀྱི་ཁ་དོག་ནི། ཤར་དང་ཤར་ལྷོའི་རྣམས་ནག་པོ། ལྷོ་དང་ལྷོ་ནུབ་ཀྱི་དམར་པོ་དག་དང་། བྱང་དང་བྱང་ཤར་གྱི་དཀར་པོ། ནུབ་དང་ནུབ་བྱང་གི་གསེར་མཆོག་དང་མཚུངས་པ་སེར་པོ་སྟེ། གཙོ་བོའི་ཞལ་གྱི་དབྱེ་བ་དག་གིས་དགོད་པར་བྱའོ། །དེ་ནས་འཕར་མ་གསུམ་པ་ལ་དབང་པོ་དྲུག་དང་ཡུལ་དྲུག་རྣམ་པར་དག་པ་ལྷ་དང་ལྷ་མོ་རྣམས་ཀྱི་ས་བོན་གསུངས་པ། ཤར་གྱི་སྒོ་ཡི་ལྷོ༷་དང་མེ་ཡི་པདྨ་ལ་གནས་ཨེ་ཡིག་ཐུང་དང་རིང་བ་དག་ནི་སྣ་དང་རེག་བྱ་དག་པ་ནམ་སྙིང་དང་རེག་བྱ་རྡོ་རྗེ་མའི་ས་བོན་ཏེ་སྔ་མ་དེ་བཞིན་ཉིད་དུའོ། །དེ་བཞིན་ཨར་ཡིག་ཐུང་རིང་ཟུང་ནི་གཤིན་རྗེ་དང་ལྷ་མིན་གྱི་ཕྱོགས་དག་ཏུ་གནས་ཏེ་མིག་དང་རོ་དག་པས་ས་སྙིང་དང་རོ་རྡོ་རྗེ་མའི་ས་བོན་ནོ། །ནུབ་དང་རླུང་གི་ཕྱོགས་དག་ཏུ་ཨལ་ཡིག་ཐུང་རིང་ཟུང་ནི་ལུས་དབང་དང་དྲི་དག་པ་སྒྲིབ་སེལ་དང་དྲི་རྡོ་རྗེ་མའི་ས་བོན་དག་གོ། ཨོཾ་དང་ཨཽ་ནི་གནོད་སྦྱིན་དང་དྲག་པོ་རུ་སྟེ། ལྕེ་དབང་དང་གཟུགས་དག་པ་འཇིག་རྟེན་དབང་ཕྱུག་དང་གཟུགས་རྡོ་རྗེ་མའི་ས་བོན་ནོ། །ལྷ་སྟེ་ཤར་སྒོའི་བྱང་དང་། ཆུ་སྟེ་ནུབ་སྒོའི་ལྷོ་དང་། གཤིན་རྗེ་སྟེ་ལྷོ་སྒོའི་ཤར་དང་། གནོད་སྦྱིན་སྟེ་བྱང་སྒོའི་ནུབ་དང་བཅས་པ། དེ་ལྟར་སྒོ་བཞི་ཡི་བྱང་ཞེས་གཡོན་དུ་ནི་ཨ༷ཾ་ཨཿསོགས་ཏེ་ཞེས་པ་བར་གྱི་གཉིས་བསྡུས་པ་སྟེ། ཨཾ། ཨཱ། ཨ། ཨཿབཞི་ནི་རིམ་པ་ལྟར། ཡིད་དབང་དང་ཆོས་ཁམས། རྣ་དབང་

p. 81

དང་སྒྲ་རྣམ་པར་དག་པ། ཀུན་བཟང་དང་ཆོས་དབྱིངས་རྡོ་རྗེ་མ། ཕྱག་རྡོར་དང་སྒྲ་རྡོ་རྗེ་མ་རྣམས་ཀྱི་ས་བོན་ཏེ་སྐྱེ་མཆེད་བཅུ་གཉིས་སྒྲིབ་བྲལ་གྱི་ས་བོན་དགོད་པའོ། །དེ་ནས་སྒོ་སྐྱོང་གི་ས་བོན་གསུངས་པ། རིམ་པ་ཡི་ས་ནི་སླར་ཡང་ཡ་ར་ཝ་ལ་བཞི་ནི་ལྷོ༷འམ་ཤར་ལ་སོགས་པའི་སྒོ་ཡི་པདྨ་ལའོ་ཞེས་པ། ཤར་སྒོར་ངག་གི་དབང་པོ་དག་པ་བགེགས་མཐར་བྱེད་ཀྱི་ས་བོན་ཡ་ཡིག་དང་། ལྷོར་ལག་པའི་དབང་པོ་དག་པ་ཤེས་རབ་མཐར་བྱེད་ཀྱི་ས་བོན་ར་ཡིག་དང་། བྱང་དུ་རྐང་པའི་དབང་པོ་དག་པ་པདྨ་མཐར་བྱེད་ཀྱི་ས་བོན་ཝ་དང་། ནུབ་ཏུ་བཤང་ལམ་གྱི་དབང་པོ་དག་པ་གཤིན་རྗེ་མཐར་བྱེད་ཀྱི་ས་བོན་ལ་ཡིག་དགོད་པར་བྱའོ། །དེ་ནས་ཟླ་བ་དང་ཉི་མའི་གདན་གྱི་ངེས་པ་གསུངས་པ། འདིར་ཤར་དང་བྱང་གི་སྒོར་ནི་རི་བོང་འཛིན་པ་དག་ཀྱང་སྒོ་སྲུང་ཁྲོ་བོ་དག་གི་གདན་དུ་འགྱུར་བ་སྟེ། ལྷོ༷་དང་ནུབ་ཏུ་པདྨ་ཉི་མ་དག་ནི་ཁྲོ་བོ་གཉིས་པོ་དག་གི་གདན་དུ་ངེས་པར་རབ་ཏུ་འགྱུར་རོ། །ཤེས་རབ་དང་ཐབས་ཀྱི་ཡན་ལག་གི་རབ་ཏུ་དབྱེ་བ་དག་གིས་ཕྱེ་བའམ། ཡང་ན་རང་རང་གི་གདན་གྱི་པདྨར་ཤེས་རབ་གཙོ་བོར་གྱུར་པའི་ཟླ་བ་དང་ཐབས་གཙོ་བོར་གྱུར་པའི་ཉི་མ་དག་ཀྱང་གདན་དུ་འགྱུར་རོ། །ཡང་ན་ས་དང་མེ་ཡུམ་གྱི་སྐུ་དང་གསུང་ཡིན་ལ། ཆུ་རླུང་ཡབ་ཀྱི་སྐུ་དང་གསུང་ཡིན་པས་ཕྱོགས་ཀྱི་དབང་དུ་བྱས་ཏེ། གཡས་ཏེ་ལྷོ་དང་རྒྱབ་ནུབ་ཏུ་གདན་ཉི་མར་འགྱུར་ཏེ། ལྷ་ཡི་བདག་པོ་ཤར་དང་། ནོར་སྦྱིན་བྱང་དུ་ཡང་ཟླ་བའི་གདན་དུ་འགྱུར་རོ་ཞེས་གདན་གྱི་འདམ་ང་བཤད་པའོ། །ཕྱག་མཚན་དགོད་ན་ཤར་དང་མེའི་ལྷ་རྣམས་ཀྱི་རལ་གྲི། ལྷོ་དང་བདེན་བྲལ་བ་རྣམས་ཀྱི་རིན་པོ་ཆེ། བྱང་དང་དབང་ལྡན་པ་རྣམས་ཀྱི་པདྨ་དང་། ནུབ་དང་རླུང་གི་ལྷ་རྣམས་ཀྱི་འཁོར་ལོ་དང་། སྟེང་དང་འོག་གི་ལྷ་རྣམས་ཀྱི་རྡོ་རྗེའོ། །ཡང་ན་ཡུལ་གྱི་དབྱེ་བས་སྒྲ་མའི་རྒྱུད་མངས། རེག་བྱའི་གོས། གཟུགས་ཀྱི་མེ་ལོང་། རོའི་ཞལ་ཟས་ཀྱི་སྣོད། དྲིའི་དུང་ཆོས་དང་། ཆོས་

p. 82

ཁམས་ཀྱི་ཆོས་འབྱུང་ངོ་། །དེ་བཞིན་དུ་ངག་གི་དབང་པོའི་རལ་གྲི་དང་། ལག་དབང་གི་དབྱུག་པ། རྐང་པའི་དབང་པོའི་པདྨ། བཤང་ལམ་དབང་པོའི་ཐོ་བ་སྟེ་སྙིང་པོའི་དཀྱིལ་འཁོར་གྱི་མཚན་མ་དགོད་པའོ། །དེ་ནས་གདན་གྱི་པདྨའི་ས་བོན་རྣམས་གསུངས་པ། ཐིག་ལེའི་རྣམ་པ་ལ་སོགས་པ་ཞེས་པ། ཨཾ་ཨཿ ཨ་ཨཱ་ཞེས་འདི་བཞི་པོ་དག་གིས་རྣམ་པར་ཕྱེ་བ་གང་ཞིག་ངེས་པར་པདྨ་ཉེར་བཞི་པོའི་རྩ་བ་སོགས་ལ་གནས་པའམ་བཀོད་པའི་ཀ་སོགས་སྡེ་པ་དྲུག་པོ་ཡི་ཡི་གེ་ཡང་ལྷའི་རིགས་ཀྱི་དབང་གིས་ལྷ་སོ་སོའི་གདན་གྱི་པདྨ་ལ་འགོད་པར་བྱ་སྟེ། པདྨའི་རྩ་བ་དང་སྡོང་བུ་དང་འདབ་མ་དང་ནི་གེ་སར་དང་ལྟེ༷་བ་དག་ལ་རིམ་པས་ཡོངས་སུ་བཀོད་པ་སྟེ། ཇི་ལྟར་ན་ཁམས་རེ་རེ་ལ་ཡང་འབྱུང་བ་ལྔར་ཕྱེ་བའི་རྣ་བའི་ཁམས་ཕྱག་རྡོར་གྱི་པདྨ་ལ་ནམ་མཁའི་ཁམས་ཀྱི་ཡི་གེ་ལྔ་སྟེ། རྩ་བ་ལ་ནམ་མཁའི་ས་ཡི་ས་བོན་ཀཾ སྡོང་བུ་ལ་ནམ་མཁའི་ཆུ་ཁཾ། འདབ་མར་ནམ་མཁའི་མེ་གཾ གེ་སར་ལ་མཁའི་ང་གྷཾ། ལྟེ་བར་ནམ་མཁའ་ཡི་ས་བོན་ངཾ་། ཞེས་བཀོད་པའོ། །དེ་བཞིན་ཆོས་ཁམས་ལ་ཀཱ་ཁཱ་གཱ་གྷཱ་ངཱ་། ཞེས་དང་། ཡིད་དབང་གི། སཾ་ཉྤཾ་ཥཾ་ཤཾ་ྈྐཾ་ཞེས་དང་། སྒྲའི་སཿཿ ཥཿ ཤཿ ྈྐཿ ཞེས་དང་ཡི་གེ་ལྔ་པོ་འདི་དག་ཡོངས་སུ་གྱུར་པ་ལས་པདྨའོ། །དེ་བཞིན་འདུ་བྱེད་དོན་གྲུབ་ཀྱི་གདན་གྱི་པདྨ་ལ། ཙ་ཚ་ཛ་ཛྷ་ཉ། ཞེས་དང་། སྣའི་ཙཾ་ཚཾ་ཛཾ་ཛྷཾ་ཉཾ། ཞེས་དང་། རླུང་གི་ཁམས་ཀྱི་ཙཱ་སོགས་རིང་པོ་ལྔ། རེག་བྱའི་ཙཿ་སོགས་རྣམ་བཅད་ཅན་ལྔ། ཚོར་བའི་ཊ་སོགས་ཊ་སྡེ་ཐུང་ངུ་། མིག་གི་ཊཾ་སོགས་ཐིག་ལེ་ཅན། མེ་ཁམས་ཀྱིཊཱ་སྡེ་རིང་པོ་རོ་རྡོ་རྗེ་མའི་ཊཿསྡེ་རྣམ་བཅད་ཅན། འདུ་ཤེས་ཀྱི་པ་སྡེ་ཐུང་ངུ་། ལྕེའི་པཾ་སོགས་ཐིག་ལེ་ཅན་ལྔ། ཆུ་ཁམས་ཀྱི་པཱ་སྡེ་རིང་པོ། གཟུགས་རྡོ་རྗེམའི་པཿ་སོགས་རྣམ་བཅད་ཅན་ལྔ། གཟུགས་ཀྱི་ཏ་སྡེ་ཐུང་ངུ་། ལུས་དབང་གི་ཏྂ་སོགས་རྣམ་བཅད་ཅན་ལྔ། སའི་ཁམས་

p. 83

ཀྱི་ཏཱ་སྡེ་རིང་པོ། དྲིའི་ཏཿསོགས་རྣམ་བཅད་ཅན། ངག་དབང་གི་ཙ་སྡེ་ཐུང་ངུ་། ལག་པའི་དབང་པོའི་ཊ་སྡེ་ཐུང་ངུ་། རྐང་པའི་དབང་པོའི་པ་སྡེ་ཐུང་ངུ་། བཤང་ལམ་གྱི་དབང་པོའི་ཏ་སྡེ་ཐུང་ངུ་སྟེ། སོ་སོའི་པདྨ་ལ་ས་བོན་ལྔ་རེ་ལྔ་རེ་ཡོངས་སུ་གྱུར་པ་ལས་པདྨ་བསམ་པར་བྱའོ། །དེ་བཞིན་དུ་ཐིག་ལེའམ་ཡང་ན་ཨ་ཡིག་གམ་ཡང་ན་ཧ་ཡིག་གིས་ཟླ་བའི་གདན་དང་། རྣམ་བཅད་དམར་ཡིག་གམ་ཀྵ་ཡིག་གིས་ཉི་མའི་གདན་རྣམས་ཏེ་ཉི་ཟླའི་གདན་དེ་དག་པདྨའི་ལྟེ་བའི་སྟེང་དུའོ། །དཀྱིལ་འཁོར་གྱི་བདག་པོའི་པདྨ་ལ། སཱྃ་འ ྂ་ཥཱྃ་ཤཱྃ་ྈྐའ ྃ་ཞེས་པ་དང་། ལྟེ་བའི་སྟེང་དུ་ཨཾ་ཨཿ ཨ་ལས་ཟླ་ཉི་སྒྲ་གཅན་གྱི་གདན་ནོ། །དེ་ལྟར་ས་སོགས་ནས་ནམ་མཁའི་མཐར་ནི་འདི་ལྟར་ཀ་ཁ་ག་གྷ་ང་ཞེས་པ་ཐུང་ངུ་དང་རིང་པོ་ལྷ་སོ་སོའི་རིགས་ཀྱི་དབང་གིས་རང་རང་གི་གདན་གྱི་པདྨའི་ས་ལའོ། །ཐིག་ལེ་ནི་ཟླ་བ་དག་གི་ས་བོན་དང་། རྣམ་པར་བཅད་པ་ཉིན་བྱེད་ཀྱི་ས་བོན་དུ་འགྱུར་སྟེ་ཉི་ཟླའི་གདན་དེ་ཡང་པདྨའི་ལྟེ་བ་དང་ཚད་མཉམ་ལ་ལྟེ༷་བ་དག་གི་སྟེང་དུ་བྱའོ། །དེས་ན་ཨཾ་ཟླ་བ། ཨཿཉི་མ་ཨ་ཐུང་སྒྲ་གཅན་དེ་ནང་དུ་ཁུ་རྡུལ་སེམས་གསུམ་མཚོན་ནོ། །མཆོད་པའི་ལྷ་མོ་རྣམས་ཀྱི་ས་བོན་གསུངས་པ་ཀ་སོགས་གསལ་བྱེད་སྡེ་པ་དྲུག་ཐུང་དང་རིང་བ་རྣམས་ནི་རང་བཞིན་ཡོན་ཏན་དབང་གིས་ཐུགས་དཀྱིལ་གྱི་འདོད་སྣམ་སྟེགས་བུའམ་ཁ་ཁྱེར་དག་ལ་རྟ་བབས་ཀྱི་ཀ་བའི་ནང་ངོས་སུ་ནི། དྲི་ཆབ་མ་ལ་སོགས་པ་རྣམས་རིམ་པས། རང་རང་གི་རིགས་ཀྱི་ས་ལ་གནས་ཏེ། ཇི་ལྟར་ན་ཤར་གྱི་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ་རང་རང་གི་ཕྱོགས་རྣམས་སུའོ། །ཞེས་ཤར་གྱི་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་བྱང་དུ་དྲི་མའི་ཙྖྫྡྷྷྙ་དང་། ལྷོར་ཕྲེང་བ་མའི་ཙྖྫྫྙྙཱའོ། །དེ་བཞིན་དུ་ལྷོར་སྤོས་མའི་ཊ་སྡེ་བརྩེགས་མ་ཐུང་ངུ་དང་། མར་མེ་མའི་ཊ་སྡེ་བརྩེགས་མ་རིང་པོའོ། །ནུབ་ཏུ་སྒེག་མོའི་ཏ་སྡེ་བརྩེགས་མ་ཐུང་ངུ་དང་། བཞད་མའི་ཏ་སྡེ་རིང་པོའོ། །དེ་བཞིན་དུ་ཐམས་ཅད་ལ་

p. 84

བརྩེགས་མ་ཡིན་པར་འདྲ་ལ། བྱང་དུ་བདུད་རྩི་མའི་པ་སྡེ་ཐུང་ངུ་དང་། མ་ཉམས་པའི་འབྲས་བུ་མའི་པ་སྡེ་རིང་པོའོ། །ཤར་སྒོའི་རྟ་བབས་ཀྱི་སྟེང་དུ་གར་མའི་ཀ་སྡེ་ཐུང་ངུ་། ནུབ་སྒོའི་རྟ་བབས་ཀྱི་སྟེང་དུ་སིལ་སྙན་མའི་ཀ་སྡེ་རིང་པོ། བྱང་སྒོའི་རྟ་བབས་ཀྱི་སྟེང་དུ་གླུ་མའི་ས་སྡེ་བརྩེགས་པ་ཐུང་ངུ་། ལྷོ་སྒོའི་རྟ་བབས་ཀྱི་འདོད་མའི་ས་སྡེ་བརྩེགས་པ་རིང་པོའོ། །ཡང་ན་འདི་དག་གི་མཚན་མ་དྲི་ཆབ་ཀྱི་དུང་དང་དེ་བཞིན་དུ་ཕྲེང་བ་དང་། སྤོས་སྣོད་དང་མར་མེ་དང་དབུ་རྒྱན་དང་དོ་ཤལ་དང་འབྲས་བུ་དང་། ཞལ་ཟས་ཀྱི་སྣོད་དང་གོས་དང་། རྔ་དང་རྡོ་རྗེ་དང་པདྨ་རྣམས་སོ་སོའི་ཆར་སྦྱར་བར་བྱའོ། །དེ་ནས་འདོད་མ་དང་ཕྱིར་འདོད་མ་རྣམས་ཀྱི་ས་བོན་གསུངས་པ། འདིར་ཕྱི་རོལ་དུ་ནི་གསུང་དང་སྐུ་དཀྱིལ་གྱི་སྟེགས་བུ་ལ་ནི། ཐིག་ལེ་དང་ལ་སོགས་པའི་སྒྲས་ཚེག་དྲག་གམ་རྣམ་བཅད་ཀྱིས་ཕྱེ་བས་སུམ་འགྱུར་ཉི་མས་ཞེས་ས་བོན་སུམ་ཅུ་རྩ་དྲུག་གིས་གསུང་དང་སྐུའི་ཁ་ཁྱེར་རམ་འདོད་སྣམ་གྱི་སྟེགས་བུ་དག་ལ་དེ་བཞིན་ཉིད་དུ་འདོད་མ་སོགས་ཀྱི་གནས་སུ་བཀོད་པར་བྱ་སྟེ། འདོད་མ་དང་དེས་མཚོན་པ་ཕྱིར་འདོད་མ་ཐམས་ཅད་ཀུན་ནས་རང་གི་རིགས་ཀྱི་ཕྱོགས་སུ་གནས་ཏེ། རྒྱལ་བ་རྣམས་ཀྱི་ཁ་དོག་ལྔའམ་དྲུག་གི་དབྱེ་བས་གནས་སོ། །ཞེས་པ་གསུང་དཀྱིལ་གྱི་ཤར་སྒོའི་ལྷོའི་ཞེས་པ་གཡས་ཀྱི་སྟེགས་བུ་ལ། ཙཿ ཚཿ ཛཿཛྷཿ ཉཿ ཞེས་པ་བཞིན་གསུང་དཀྱིལ་གྱི་འདོད་མའི་ས་བོན་ཐམས་ཅད་རྣམ་བཅད་ཅན་འབའ་ཞིག་ཡིན་པ་ངེས་པར་བྱས་ནས། ལྷོ་རུ་ཊཿསྡེ། ནུབ་ཏུ་ཏཿསྡེ། བྱང་དུ་པཿ སྡེ། ཤར་སྒོའི་བྱང་དུ་སཿཿ ཥཿ ཤཿ ྈྐཿ བྱང་སྒོའི་ནུབ་ཏུ་ལཿ ཝཿ རཿ ཡཿ ཧཿ། ལྷོ་སྒོའི་ཤར་གྱི་སྟེགས་བུ་ལ་ཀཿ ཁཿ གཿ གྷཿ ངཿ། ནུབ་སྒོའི་ལྷོར་ཀྵཿ ཞེས་པ་སྟེ་གསུང་དཀྱིལ་ལའོ། །སྐུ་དཀྱིལ་ལ་ཡི་གེ་འདི་རྣམས་ཚེག་དྲག་མེད་པར་ཐིག་ལེ་དང་བཅས་པ་སྟེ། གོང་གི་རིམ་པ་བཞིན་

p. 85

ཙཾ་ཚཾ་ཛཾ་ཛྷཾ་ཉཾ་སོགས་ཕྱིར་འདོད་མ་རྣམས་ཀྱི་ས་བོན་ཡིན་ལ། ཐ་མ་ཧ་ཀྵ་གཉིས་ནི་ཁྱབ་བྱེད་མ་གཉིས་ཀྱི་ས་བོན་ནོ། །ཡང་ན་མཚན་མའམ་གཟུགས་བྲི་བར་བྱའོ། །སྙིང་པོའི་སྟེགས་བུ་ལ་མཆོད་པའི་ལྷ་མོ་དུ་མ་སྟེ་གཟུངས་མ་མཐའ་དག་བྲི་བར་བྱའོ། །ཞེས་པ་འདིའི་སྐབས་སུ་སྒོ་བཞིའི་གཡོན་གྱི་འདོད་ཕྱིར་འདོད་བཅུ་དྲུག་གི་ས་བོན་ནི་ཀ་སྡེས་སྡེ་གཉིས་དང་ཧ་སོགས་ལྔ་སྟེ་བཅོ་ལྔའི་སྟེང་དུ་ཀྵ་དང་བཅས་པའི་བཅུ་དྲུག་ཡིན་ཡང་བཀོད་རིམ་རགས་པ་ཙམ་ལས་མ་གསུངས་པ་སྒྲུབ་ཐབས་དག་ལས་ཤེས་པར་བྱའོ། །དེ་ནས་གསུང་གི་དཀྱིལ་འཁོར་ལ་གནས་པའི་རྣལ་འབྱོར་མ་རྣམས་ཀྱི་ས་བོན་གསུངས་པ། ཐུང་ངུ་དང་རིང་བའི་ཧ་ཡིག་དང་དེས་མཚོན་ནས་ཐིག་ལེ་དང་རྣམ་བཅད་ཅན་བཅས་བཞིས་ཕྱེ་བའི་ཧ་ཡིག་དག་ནི་ལྷ་དང་ནོར་སྦྱིན་ནུབ་དང་ལྷོ༷་རུ་ཙ་རྩི་ཀ་སོགས་ཀྱི་ས་བོན་དང་། ཁྱབ་འཇུག་མ་སོགས་དག་གི་ཀྵ་ཡིག་ཨ་སོགས་བཞི་པོ་རྣམས་ཀྱིས་ཕྱེ་བ་མེ་དང་འཕྲོག་བྱེད་དེ་དབང་ལྡན་དང་། རླུང་དང་ལྷ་མིན་དུ་སོ་སོའི་པདྨའི་སྟེང་དུ་སྒྲུབ་ཐབས་སུ་བཤད་པ་ལྟར་རང་རང་གི་གདན་སོ་སོའི་སྟེང་དུ་ས་བོན་བྲི་བ་ཡིན་ནོ། །ཤར་དུ་ཙ་རྩི་ཀའི་ཧ། བྱང་དུ་དྲག་མོའི་ཧཾ། ལྷོར་ཕག་མོའི་ཧཿནུབ་ཏུ་དབང་མོའི་ཧཱའོ། །མེར་ཁྱབ་འཇུག་མའི་ཀྵ། དབང་ལྡན་དུ་དཔལ་ཆེན་མོའི་ཀྵྃ། རླུང་དུ་ཚངས་མའི་ཀྵ། བདེན་བྲལ་དུ་གཞོན་ནུ་མའི་ཀྵའོ། །འདི་རྣམས་ལ་ཉི་ཟླའི་གདན་མེད་དེ་ལྷ་མིན་གྱི་རིགས་སོ། །དེ་ནས་འཁོར་གྱི་རྣལ་འབྱོར་མ་རེ་བཞིའི་ས་བོན་གསུངས་པ། ཧི༷་ལ་སོགས་པ་བརྒྱད་དང་ཀྵི༷་ལ་སོགས་པ་ཡི་གྲངས་བརྒྱད་ནི། གཙོ་མོའི་པདྨའི་འདབ་མ་ལ་གནས་པ་ནི་ཐུང་ངུ་གཙོ་མོའི་མདུན་དང་རིང་པོ་རྒྱབ་ཏུ་གནས་ལ། གཞན་ལྷག་མ་རྣམས་སོ་སོའི་རང་རང་གི་ཕྱོགས་སུ། ཡ་སོགས་ཐུང་བ་དྲུག་དང་རིང་བ་དྲུག་རྣམས་རིམ་པས་ལྷའི་པད་འདབ་ཤར་དང་། མེ་ཡི་པདྨ་དག་ལ་རིམ་པ་

p. 86

ཡིས་གནས་སོ། །དེ་བཞིན་གཤིན་རྗེ་དང་། ལྷ་མིན་གྱི་པདྨའི་འདབ་མར་ཐུང་ངུ་རིང་པོས་རབ་ཏུ་དབྱེ་བས་ར་སོགས་ཏེ། གནོད་སྦྱིན་དང་དྲག་པོར་ཝ་ལ་སོགས་དང་། ཆུ་གཏེར་དང་བཅས་པ་ནུབ་དང་རླུང་གི་པད་འདབ་རྣམས་ལ་ལ་ལ་སོགས་པས་སོ་ཞེས་པ། ཤར་གྱི་ཙི་རྩི་ཀའི་མདུན་གྱི་འདབ་མ་ལ་འཇིགས་མའི་ཧི་དང་། རྒྱབ་ཏུ་ང་ཤུགས་མའི་ཧཱི་འོ། །དེ་ནས་གཞན་དྲུག་པོ་གཡས་སྐོར་གྱིས་མདུན་གྱི་འཇིགས་མའི་འདབ་མ་ནས་བརྩིས་པའི། གཉིས་པ་ལ་དྲག་མོའི་ཡ། གསུམ་པར་མཆེ་བ་མའི་ཡི། བཞི་པར་མེ་འབར་གདོང་མའི་ཡ།ྀ ྄། འདབ་མ་ལྔ་པར་ང་ཤུགས་མའི་ས་བོན་བརྗོད་ཟིན་ལ། དྲུག་པར་རབ་གཏུམ་མའི་ཡུ། བདུན་པར་དྲག་མིག་མའི་ཡླྀ་བརྒྱད་པར་སྣ་ཆེན་མའི་ཡཾ་ངོ་། །ཡང་ན་ལྟེ་བ་དང་འདབ་མའི་ལྷ་མོ་ཐམས་ཅད་ཀྱི་མཚན་མ་གྲི་ཁུག་བྲིའོ། །མེའི་པདྨའི་འདབ་མ་ལ་ཁྱབ་འཇུག་མའི་མདུན་དུ་དཔལ་མོའི་ཀྵི། རྒྱབ་ཏུ་མཆོག་ཏུ་རྣམ་པར་རྒྱལ་མའི་ཀྵཱིའོ། །དེ་བཞིན་ཡ་སོགས་ཏེ། སྒྱུ་མའི་ཡཱ། གྲགས་མའི་ཡཱྀ། དཔལ་མོའི་ཡཱྀ། འདབ་མ་དྲུག་པ་ལ་རྒྱལ་མའི་ཡཱུ། བདུན་པར་རྒྱལ་ལྡན་མའི་ཡླཱི། བརྒྱད་པར་འཁོར་ལོ་ཅན་མའི་ཡཿའོ། ཡང་ན་ཐམས་ཅད་དུ་འཁོར་ལོའི་མཚན་མའོ། །དེ་བཞིན་མདུན་རྒྱབ་ཏུ་གཉིས་རེ་དང་། དེ་ནས་མདུན་མའི་འཕྲོ་ནས་གཡས་སྐོར་གྱིས་འགོད་ཚུལ་སྔ་མ་འདི་དག་བཞིན་དུ་ངེས་པར་བྱས་ལ། གཤིན་རྗེའི་ཕྱོགས་སུ། ལྷོ་རུ་ཕག་མོའི་མདུན་དུ་ཀེང་རུས་མའི་ཧྲྀ། རྒྱབ་ཏུ་འདབ་མ་ལྔ་པར་མཆེ་གཙིགས་མའི་ཧྲཱྀ། དེ་ནས་ང་སོགས་ཏེ་དུས་མཚན་མའི་ར ། རབ་ཁྲོས་གདོང་མའི་རི། དུས་ཀྱི་ལྕེའི་རྼྀ་། ནག་མོའི་རུ། འཇིགས་རུང་མའི་རླྀ། གཟུགས་ངན་མའི་རྀཾ་མོ། དེ་བཞིན་ལྷ་མིན་ནམ་བདེན་བྲལ་གྱི་འདབ་མར་གཞོན་ནུ་མའི་མདུན་དུ་པདྨའི་ཀྵྲྀ། རྒྱབ་ཏུ་རིན་ཆེན་ཕྲེང་བ་མའི་རཀྵྀ། དེ་ནས་རི་མོ་

p. 87

བཞིན་ཡན་ལག་མེད་མའི་རཱ། གཞོན་ནུ་མའི་རཱི། རི་དྭགས་བདག་འགྲོ་མའི་རྼྰྀ། མིག་བཟང་མའི་རཱུ། རུལ་བ་མའི་རཱྀུ། བཟང་མོའི་རཿའོ། གནོད་སྦྱིན་དུ་དྲག་མོའི་མདུན་དུ་གཽ་རཱིའི་ཧུ། རྒྱབ་ཏུ་ཏོ་ཏ་ལའི་ཧཱུ། དེ་ནས་ཝ་སོགས་ཏེ། གཾ་གཱ་མའི་ཝ། རྟག་མའི་ཝི། མཆོག་ཏུ་མགྱོགས་མའི་ཝྼཱྀ་། མཚན་ཉིད་མའི་ཝུ། སེར་སྐྱ་མའི་ཝླྀ ། ནག་མོའི་ཝཾ་མོ། དྲག་པོར་དཔལ་ཆེན་མོའི་མདུན་དུ། དཔལ་དཀར་མོའི་ཀྵུ། རྒྱབ་ཏུ་འཛིན་མའི་ཀྵཱུ། དེ་ནས་ཟླ་བའི་རི་མོའི་ཝཱ། རི་བོང་འཛིན་ཞལ་མའི་ཝཱི། ངང་པའི་མདོག་མའི་ཝྼཱྀ ། པདྨའི་དབང་མོའི་ཝཱུ། སྐར་མིག་མའི་ཝླཱྀ། དྲི་མེད་རི་བོང་འཛིན་མའི་ཝཿའོ། ཆུ་བདག་ནུབ་ཏུ་དབང་མོའི་མདུན་དུ་རྡོ་རྗེ་འོད་མའི་ཧླྀ། རྒྱབ་ཏུ་སྣ་ཚོགས་རི་མོའི་ཧླཱྀ། དེ་ནས་ལ་སོགས་ཏེ། རྡོ་རྗེ་ལུས་མའི་ལ། མཆོག་གི་གསེར་ལྡན་མའི་ལི། ཨུར་བ་ཤཱིའི་ལྼྀ། རམ་གྷཱའི་ལུ། ཟུག་རྔུ་མེད་མའི་ལླྀ། སྒྲོལ་མའི་ལཾ་མོ། རླུང་དུ་ཚངས་མའི་མདུན་དུ་སཱ་བིད་ཏྱཱིའི་ཀྵླྀ། རྒྱབ་ཏུ་ངག་གི་དབང་ཕྱུག་མའི་ཀྵླཱྀ། དེ་ནས་ལཱ་སོགས་རིང་པོ་སྟེ། པདྨའི་མིག་མའི་ལཱ། ཆུ་སྐྱེས་ཅན་མའི་ལཱི། བློ་གྲོས་མའི་ལྲཱྀ གཱ་ཡཾ་ཏྲཱིའི་ལཱུ། གློག་འོད་མའི་ལླཱྀ། དྲན་མའི་ལཿའོ། ཡང་ན་ཐམས་ཅད་དུ་ཕག་མོ་ལ་སོགས་པ་ལ་དབྱུག་པའི་མཚན་མ་དང་། གཞོན་ནུ་མ་སོགས་ལ་ཤཀྟི། དྲག་མོ་སོགས་ལ་རྩེ་གསུམ། དཔལ་མོ་སོགས་ལ་པདྨ་འམ་རལ་གྲི། དབང་མོ་འཁོར་བཅས་ལ་རྡོ་རྗེ། ཚངས་མ་སོགས་ཐམས་ཅད་ལ་ཁབ་བམ་སྣོད་དོ། །གསུང་དཀྱིལ་ལ་ཙརྩི་ཀ་སོགས་ཀྱི་མཚན་མ་བྲི་བའི་ངེས་པའོ། །དེ་ནས་སྐུའི་དཀྱིལ་འཁོར་ལ་བདེན་བྲལ་ལ་སོགས་པ་ལྷ་ཆེན་བཅུ་གཉིས་སོགས་ཀྱི་མཚན་མ་དགོད་པ་གསུངས་པ། ལྟེ་བའི་ལྷ་ཆེན་ཡབ་ཡུམ་གྱི་པད་འདབ་ཉེར་བརྒྱད་ལ་ལྷ་མོ་ཉེར་བརྒྱད་དེ་གཙོ་འཁོར་སུམ་ཅུ་པོ་ནི་ནག་པའི་ཟླ་བ་

p. 88

སོགས་ཀྱི་ཚེས་སུམ་བརྒྱ་དྲུག་ཅུའི་ལྷག་པའི་ལྷ་ཡིན་ལ། དེར་ས་བོན་ཡི་གེ་སུམ་ཅུ་ལས་ཉ་དང་གནམ་སྟོང་གི་ས་བོན་རྣམས་ལྟེ་བ་ལ་གཙོ་བོ་ཡབ་ཡུམ་གྱི་ས་བོན་དང་ལྷག་མ་འཁོར་གྱི་ལྷ་མོ་རྣམས་ཀྱི་སྟེ། འདིར་ནག་པ་དང་ས་གའི་ཟླ་བ་གཉིས་ནི་རླུང་རྣམ་པར་དག་པའི་དཔྱིད་ཀྱི་དུས་སོ། །དེས་ན་སྐུ་དཀྱིལ་གྱི་ཤར་གྱི་སྒོ་ཡི་ལྷོ༷འམ་གཡས་ཀྱི་ཕྱོགས་དག་ཏུ་ཡང་པདྨའི་ལྟེ༷་བ་དང་། འདབ་མ་ལ་གནས་དབྱངས་དྲུག་པོ་ཉིད་ཀྱིས་ཕྱེ་བ་ཙ་ཡི་སྡེ་ཐུང་ངུ་ནི་ལྷ་མིན་ནམ་བདེན་བྲལ་ལམ་སྲིན་པོ་ཞེས་བྱ་པ་གཙོ་བོ་ཡབ་ཡུམ་དང་འཁོར་གྱི་ལྷ་མོ་རྣམས་ཀྱི་ས་བོན་ཡིན་པ་སྟེ། ཙ་སྡེ་རིང་པོ་རྣམས་ཀྱང་མེ་ཡི་ཟུར་ན་གནས་པ་རླུང་གི་ལྷའི་ས་བོན་ཡིན་པར་འགྱུར་རོ། །འདིར་ཤར་སྒོའི་ལྷོའི་འདབ་མ་དང་པོ་ཉ་ཡིག་ནི་ཉ་རྡོ་རྗེ་མའི་ས་བོན་ཏེ། ནག་ཟླའི་དཀར་པོའི་ཚེས་གཅིག་ལ་ཉ་རྡོ་རྗེ་མ་ཡིན་པ་དེ་བཞིན་ཚེས་ཐམས་ཅད་ལ་ས་བོན་དེ་དང་རྡོ་རྗེའི་མིང་སྦྱར་བས་ཤེས་པར་བྱ་སྟེ། འདབ་མ་གཉིས་པ་ལ་ཉི་རྡོ་རྗེ་མའི་ཉི། གསུམ་པར་ཉྼྀ་སོགས་རིམ་པས། ཉུ་ལ ཉྀ་ཉྃ་ཛྷ་ཛྷི་རཛྷྀ་ཛྷུ་ལཛྷྀ་ཛྷཾ་ཛ་ཛི་རྣམས་འདབ་མ་བཅུ་བཞི་པའི་བར་དུའོ། །དེ་ནས་ཚེས་བཅོ་ལྔ་པ་ཉ་ཡི་ས་བོན་ཛྔི་ནི་པདྨའི་ལྟེ་བ་ལ་ཤེས་རབ་ཡུམ་ཛྲ་རྡོ་རྡོ་རྗེ་མའི་ས་བོན་ནོ། །དེ་ནས་འདབ་མ་བཅོ་ལྔ་པ་ལ་ཛུ་ནས་རིམ་པར་ཛླྀ་ཛཾ། ཚ་ཚི་ཚྲྀ་ཚུ་ཚླི་ཚཾ། ཙ་ཙྼྀ་ཙི་་ཙུ་ཙླི། ཞེས་པ་པད་འདབ་ཉེར་བརྒྱད་པའི་བར་དུའོ། །གནམ་སྟོང་གི་ས་བོན་ཙཾ་ནི་པདྨའི་ལྟེ་བ་ལ་ཐབས་གཙོ་བོ་བདེན་བྲལ་གྱི་ས་བོན་ནོ། །འདིར་ནག་ཟླ་ལ་ཙ་སྡེ་ལུགས་ལྡོག་གི་ཡི་གེ་རེ་རེ་ལ་དབྱངས་ཨ་ཨི་རྀ་ཨ་ལྀ་ཨཾ་དྲུག་གིས་སྤེལ་བས་སུམ་ཅུ་ཡིན་ལ། དབྱངས་རིང་པོ་ལྔ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་ཨཿ རྣམ་བཅད་དྲུག་གིས་ཙ་སྡེ་ལུགས་འབྱུང་སྤེལ་བ་སུམ་ཅུ་ས་ག་ཟླ་བའི་ཚེས་ལྷ་རྣམས་ཀྱི་ས་བོན་ཏེ། དཀྱིལ་འཁོར་ལ་མེ་མཚམས་ཀྱི་པདྨ་ལའོ། །དེ་ཡང་ས་གའི་ཚེས་གཅིག་ལ་གཙོ་བོ་ཡབ་ཡུམ་མདུན་གྱི་འདབ་མ་དང་པོ་ལ། ཙཱ། གཉིས་པར་

p. 89

ཙཱི་སོགས། ཙྼཱྀ་ཙུ་ཙླཱི་ཙཿ ཚཱ་ཚཱེ་ཚྼཱྀ་ཚཱུ་ཚླཱི་ཚཿ ཛཱ་ཛཱི་འདབ་མ་བཅུ་བཞི་པའི་བར་དུ་དང་། ས་གའི་ཉ་ཡི་ས་བོན་ཛྼྰཱྀ་ཛྲཱ་རྡོ་རྗེ་མ་པདྨའི་ལྟེ་བར་རོ། །དེ་ནས་འདབ་མ་བཅོ་ལྔ་པ་ནག་པོའི་ཚེས་གཅིག་ལྷ་མོ་ཛཱུ་རྡོ་རྗེ་མ་སོགས་ཏེ་ཛླི་ཛཿཛྷཱ་ཛྷཱི་ཛྷྲིུ་ཛྷཱུ་ཛྷླཱི་ཛྷཿ ཉཱ་ཉཱི་རཱཉྀ་ཉཱུ་ཉླཱི་ཞེས་པ་འདབ་མ་ཉེར་བརྒྱད་པའི་བར་དུ་སྟེ། དེ་ནས་གནམ་སྟོང་གི་ས་བོན་ཉཿནི་གཙོ་བོ་ང་ལྷའི་ཡིན་པས་ལྟེ་བ་ལ་འགོད་པར་བྱའོ། །དེ་བཞིན་གཤིན་རྗེར་ཏེ་ལྷོ་སྒོའི་ནུབ་ཏུ་མེ་ལྷ་དང་། བདེན་བྲལ་དུ་རོ་ཡི་གདོང་པ་སྟེ། གདོང་དྲུག་དག་གི་ཊ་སྡེ་ཐུང་བ་དང་། རིང་པོའི་རབ་དབྱེ་ཡིས་ས་བོན་སུམ་ཅུ་པ་གཉིས་སོ། །སྣྲོན་ཟླའི་ཚེས་རྣམས་ལ་ཊ་སྡེ་ཐུང་ངུ་སྟེ། དང་པོ་ཎ་ནས་བརྩམས་ཤིང་། ལྟེ་བ་ལ་དྲྀ་ཊཾ། མེ་ལྷ་ཡབ་ཡུམ་གྱིའོ། །ཆུ་སྟོད་ཟླ་བའི་ཚེས་ལ་ཊཱ་སོགས་སུམ་ཅུ་སྟེ། ལྟེ་བར་དྲཱྀ་ཎཿནི་གདོང་དྲུག་ཡབ་ཡུམ་གྱིའོ། །དེ་བཞིན་གཡོན་ཏེ་བྱང་དང་དབང་ལྡན་དུ་ཡང་པ་སྡེར་འགྱུར་ཏེ། དེ་ཡང་ཐུང་ངུ་རྣམས་ཆུ་གཏེར་བདག་པོ་ཆུ་ལྷ་དང་ནི། རིང་པོའི་དབྱེ་བས་ཚོགས་ཀྱི་བདག་པོ་དག་གིའོ་ཞེས། བྱང་དུ་པ་སྡེ་ཐུང་དུ་ལུགས་ལྡོག་མ་སོགས་ནི་གྲོ་བཞིན་ཟླ་བ་རྣམས་པར་དག་པའི་ཚེས་ལྷ་སྟེ། དབུས་སུ་བྲྀ་བཾ་ནི། ཆུ་ལྷ་རྒྱ་མཚོ་ཡབ་ཡུམ་གྱིའོ། །པ་སྡེ་ལུགས་འབྱུང་རིང་པོ་ནི་ཁྲུམ་ཟླའི་ཚེས་ལྷ་སྟེ། བྲཱྀ་མཿགཉིས་ཚོགས་བདག་ཡབ་ཡུམ་གྱི་ས་བོན་ལྟེ་བ་ལའོ། །བརྒྱ་བྱིན་དབང་པོ་དང་ནི་ཚངས་པ་དག་གིས་ཆུར་བཅས་རླུང་དུ་ཐུང་ངུ་དང་རིང་པོ་ཡི་ཏ་ཡི་སྡེ་པའོ། །ཞེས་ནུབ་ཏུ་ཐ་སྐར་ཟླ་བའི་ཚེས་ལྷ་རྣམས་ཏ་སྡེ་ལུགས་ལྡོག་ན་སོགས་ཏེ། ལྟེ་བར་དྲྀ་ཏཾ། ལྷ་མོ་དང་དབང་པོ་བརྒྱ་བྱིན་གྱིའོ། །རླུང་དུ་ཏཱ་སོགས་སྨིན་དྲུག་ཟླ་བའི་ཚེས་ལྷ་རྣམས་ཏེ། ཉ་སྟོང་གི་ས་བོན་དྲཱྀ་ནཿ ལྟེ་བ་ལ་ཚངས་པ་ཡབ་ཡུམ་གྱིའོ། །ཤར་གྱི་སྒོ་ཡི་གཡོན་ནམ་བྱང་དུ་པདྨའི་འདབ་མར་ལྷ་མིན་དགྲ་ཡི་ཞེས་ཁྱབ་འཇུག་

p. 90

གི་ཀ་སྡེ་ཐུང་ངུར་འགྱུར་བ་སྟེ། མཆུ་ཡི་ཟླ་བའི་ཚེས་རྣམ་པར་དག་པ་དང་། ཉ་སྟོང་གི་ས་བོན་གྲྀ་གཾ་ལྟེ་བ་ལའོ། །ལྷོ༷་རུ་གཤིན་རྗེ་དག་གིས་ཀཱ་སོགས་རིང་པོར་འགྱུར་ཏེ། དབོ་ཡི་ཟླ་བ་རྣམ་པར་དག་པའི་ཚེས་སུམ་ཅུའི་གྲཱྀ་དཿདབུས་སུའོ། །ཀྱེ་མི་ཡི་བདག་པོ་བྱང་དག་དང་ནི་ནུབ་ཏུ་ཡང་། ཕྱུགས་ཀྱི་བདག་པོ་དྲག་པོ་དབང་ཕྱུག་ཆེན་པོ་དང་། ནོར་སྦྱིན་ནམ་ནོར་གྱི་བདག་པོ་ཛམ་བྷ་ལ་ཡི་རིམ་བཞིན་ཐུང་དང་རིང་བ་ཡི་ས་སྡེར་འགྱུར་བ་ཉིད་དོ་རྒྱལ་པོ་ཀྱེ། ཞེས་པ། ས་སྡེ་ཐུང་ངུ་ྈྐ་ལ་སོགས་པ་སུམ་ཅུ་མགོ་ཡི་ཟླ་བའི་ཚེས་ཏེ་ཥྀ་སཾ་ལྟེ་བ་ལའོ། །ནུབ་ཀྱི་སྒོའི་ལྷོར་པདྨ་ལ། གནོད་སྦྱིན་གྱི་སཱ་ལ་སོགས་པ་རིང་པོ་སུམ་ཅུ་སྟེརྒྱལ་གྱི་ཟླ་བ་རྣམ་པར་དག་པ་ཡིས་ཉ་སྟོང་གི་རཱ ཥྀ་དང་ྈྐཿཞེས་པ་པདྨའི་ལྟེ་བ་ལའོ། །དེ་ལྟར་ཟླ་བ་གཉིས་རེ་དུས་གཅིག་ཡིན་པས་དཔྱིད་དང་སོ་ཀ་དང་དབྱར་དང་སྟོན་དང་དགུན་སྟོད་དང་དགུན་སྨད་ཀྱི་དུས་དྲུག་ནི་རིམ་བཞིན། རླུང་དང་མེ་དང་ཆུ་དང་ས་དང་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་རྣམས་སོ། །ཚེས་སུམ་ཅུས་དབྱེ་བས་དཀྱིལ་འཁོར་ལྔའི་གསལ་བྱེད་རེ་རེ་ལ། དབྱངས་དྲུག་གིས་ཕྱེ་བས་སྐུ་དཀྱིལ་ལ་ཚེས་ལྷ་སུམ་བརྒྱ་དྲུག་ཅུའི་ས་བོན་དགོད་པའམ། ཡང་ན་གཙོ་བོའི་མཚན་མས་དབྱེ་བས་འདབ་མ་ཐམས་ཅད་ལ་ཡང་མཚན་མ་བཀོད་ཀྱང་ཆོག་སྟེ།བདེན་བྲལ་ལ་སོགས་པ་རིམ་བཞིན་རལ་གྲི་དང་ལྗོན་ཤིང་དང་། ཤག་ཏི་དང་མདུང་དང་ཞགས་པ་དང་དགྲ་སྟ་དང་རྡོ་རྗེ་དང་ཁབ་དང་འཁོར་ལོ་དང་དབྱུག་པ་དང་རྩེ་གསུམ་དང་བེ་ཅོན་ནོ། །དེ་ལྟར་ལྷ་མིན་ལ་སོགས་པ་ལྷ་ཆེན་ཡབ་ཡུམ་བཅུ་གཉིས་རྣམས་ཀྱི་རང་རང་གི་ས་བོན་དུ་འགྱུརཔ་གཉིས་ནི་ཕྱོགས་ཀྱི་འདབ་མ་ལ་འགོད་པ་མིན་ཏེ་པདྨའི་ལྟེ་བ་ལ་དགོད་པ་ཡིན་ནོ། །དེ་གང་ཞེ་ན། རང་རང་གི་སྡེ་པའི་ཡི་གེ་སུམ་བཅུ་པོ་དེའི་མཐའ་མ་གནམ་སྟོང་གི་ཡི་གེ་ནི་ཡབ་དང་

p. 91

དབུས་ཉ་ཡི་ཡི་གེ་ཡུམ་གྱི་ས་བོན་ཡིན་པས་དེ་གཉིས་དབུས་སུའོ། །འདབ་མ་བཟང་པོ་ཉི་ཤུ་རྩ་བརྒྱད་ལ་ཡང་ཉིན་ཞག་སོ་སོའི་དབང་གིས་རང་རང་སྡེ་པ་དག་གི་ཡི་གེ་རིང་ཐུང་རྣམས་འགོད་པར་བྱའོ། །དེ་ནས་ཤིང་རྟ་ལ་གནས་པའི་སྒོ་སྐྱོང་ཁྲོ་བོའི་རྒྱལ་པོ་ཡབ་ཡུམ་གྱི་ས་བོན་གསུངས་པ། ཡཱ་རཱ་ཝཱ་ལཱ་ཧ༷ཾ་ཧཱཿ དྲུག་ཀྱང་ངེས་པར་སྒོ་སྐྱོང་སོ་སོའི་ཤིང་རྟ་དག་ལ་འགོད་པར་བྱ་སྟེ། སྟེང་དང་རྩ་བ་ཞེས་པ་འོག་དང་ལྷ་སྟེ་ཤར་སོགས་སུའོ། །ཞེས་པ་ནི་ཤར་སྒོར་ལྷ་མོ་འོད་ཟེར་ཅན་གྱི་ལཱ་ཿདབྱུག་སྔོན་གྱི་ཡྃ། ལྷོ་སྒོར་ཙུན་ཌཱའི་ཝཱཿ འདོད་རྒྱལ་གྱི་རཾ། བྱང་སྒོར་ཁྲོ་གཉེར་ཅན་གྱི་རཱཿ མི་གཡོ་བའི་ཝྃ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མའི་ཡཱཿ སྟོབས་པོ་ཆེའི་ལཾ། སྟེང་གི་ནམ་མཁའ་དག་པས་ཤར་སྒོའི་མདུན་དུ་སྔོན་མོའི་ཧཱཿ གཙུག་ཏོར་གྱི་ཧྃ། ས་འོག་དག་པས་ནུབ་སྒོའི་མདུན་དུ་དྲག་སྤྱན་མའི་ཧཱ། གནོད་མཛེས་རྒྱལ་པོའི་ཧའོ། །ཡང་ན་མཚན་མ་བཀོད་ན་དབྱུག་པ་དང་། མདའ་དང་། གཏུན་ཤིང་དང་། བེ་ཅོན་དང་། རྡོ་རྗེ་དང་རྩེ་གསུམ་པའོ། །ཤིང་རྟ་ཕག་པ་དང་རྟ་དང་གླང་པོ་ཆེ་དང་། ཨ་ནི་ལ་ཞེས་པ་རླུང་གི་མིང་སྟེ་རླུང་དང་མཚུངས་པའི་མཁའ་ལྡིང་དང་། རྐང་པ་བརྒྱད་པ་ནི་སེང་གེ་ཤ་ར་བྷ་སྟེ་སོག་པ་གཡས་གཡོན་གྱི་སྟེང་ན་གཤོག་པ་གཉིས་གཉིས་ཡོད་པས་འགྲོ་བའི་བྱ་བ་བྱེད་པས་རྐང་པ་དང་མཚུངས་པའི་ཕྱིར་རྐང་པ་བརྒྱད་པ་ཞེས་བྱ་བ་དེའི་ཤིང་རྟའོ། །དེ་ནས་ཀླུའི་ས་བོན་རྣམས་གསུངས་པ། ཤར་ལ་སོགས་པའི་སྒོ་ལས་གཡས་དང་གཡོན་དུ་ཕྱིའི་ཁ་ཁྱེར་རམ་སྟེགས་བུ་ལ་གདེངས་ཅན་རྣམས་ཀྱི་ཡ་སོགས་ཀྱི་རང་བཞིན་རླུང་སོགས་ཀྱི་གདན་ལ་གནས་པ་ཧ་ཡིག་དག་ཏུ་རབ་ཏུ་འགྱུར་ཏེ། ཤར་སྒོའི་བྱང་རླུང་དཀྱིལ་ལ་སྟོབས་ཀྱི་རྒྱུའི་ཧླ། ཤར་སྒོའི་ལྷོར་པདྨའི་ཧྱཱ། ལྷོ་སྒོའི་ཤར་དང་ནུབ་ཏུ་མེ་དཀྱིལ་ལ་ནོར་རྒྱས་དང་དུང་

p. 92

སྐྱོང་གི་ཧྲ་ཧྲཱ། བྱང་སྒོའི་ནུབ་དང་ཤར་དུ་ཆུ་དཀྱིལ་ལ་རིགས་ལྡན་དང་མཐའ་ཡས་དག་གི་ཧྺ་ཧྺཱ ། ནུབ་སྒོའི་ལྷོ་དང་བྱང་དུ་ས་དཀྱིལ་ལ་འཇོག་པོ་དང་པད་ཆེན་དག་གི་ཧླ་ཧླཱའོ། །མཚན་མ་བྲི་ན་ཤར་གྱི་གཉིས་ལ་རྒྱལ་མཚན། ལྷོར་བཀྲ་ཤིས། བྱང་དུ་པདྨ། ནུབ་ཀྱི་ཀླུ་གཉིས་ལ་རྡོ་རྗེའོ། །དེ་ནས་དུར་ཁྲོད་ཀྱི་ལྷ་མོ་རབ་གཏུམ་མ་རྣམས་ཀྱི་ས་བོན་གསུངས་པ། ཀ་སོགས་སྡེ་དྲུག་བརྩེགས་པའི་གཟུགས་དང་སླར་ཡང་ཧ་ཡ་ར་ཝ་ལ་བརྩེགས་མ་དང་ཀྵ་སོགས་དང་ལྡན་པའི་ཡ་སོགས་བརྩེགས་པ་ནི། ཕྱོགས་ཀྱི་འཁོར་ལོར་ཀ་སོགས་སྡེ་པ་རྣམས་བརྩེགས་པ། མེ་དང་གཡོ་བའི་དཀྱིལ་འཁོར་ལ་གནས་པ་དང་། ཙ་སོགས་ནི་གཞན་ཕྱོགས་བྲལ་ལམ་མཚམས་བཞི་ལ་ལུགས་མཐུན་ཏེ། ཤར་དང་གཤིན་རྗེ་དང་བྱང་དང་ཆུ་སྟེ་ཕྱོགས་བཞི་དང་མེ་དང་ལྷ་མིན་དང་ནི་དབང་ལྡན་དང་རླུང་གི་ཟུར་བཞི་ཉིད་དུའོ། །ཞེས་པ་མེ་རླུང་གི་ཁོར་ཡུག་གི་དབུས་སུ་དུར་ཁྲོད་ཆེན་པོ་བརྒྱད་ལ་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ་ས་བོན་ནམ་མཚན་མ་འགོད་པར་བྱ་སྟེ། ཤར་དུ་ཀྑྒྒྷྔ ནུབ་ཏུ་སྐཔཥ་ཤཧཀ་བྱང་དུ་ལཝརཡཧ་ལྷོ་རུ་ཀྵ་སོགས་ལྡན་པ་ལཝརཡཀཥ ཞེས་སོ། །ཙ་སོགས་གཞན་ནི། མེར་ཙྖྫྫྙྙ བདེན་བྲལ་དུ་ཌྠྜྷྣ་རླུང་དུ་ཏྠྡྡྷ་དབང་ལྡན་དུ་བྦྷ མ འོ། །ཨ༷ཾ་དང་ཨཿ ནི་ས་དཀྱིལ་ལ་འཆར་བའི་ཟླ་བ་དང་ཉི་མ་དག་གི་ས་བོན་ཏེ། ས་བོན་བྲིན་དེ་ལྟར་དང་། ཟླ་ཉིའི་གཟུགས་བཀོད་ན་ས་བོན་བྲི་དགོས་པ་མ་ཡིན་ནོ། །དུར་ཁྲོད་ཀྱི་ས་གཞི་ལ་གནས་པའི་འབྱུང་པོའི་ཚོགས་ཕྱེད་དང་བཅས་པའི་བྱེ་བ་ཕྲག་གསུམ་རྣམས་ཀྱི་སྔགས་སམ་ས་བོན་ནི་དེའི་གྲངས་དང་མཉམ་པ་རྣམས་ཏེ། རང་མིང་གི་ཡི་གེ་དང་པོ་ལྟ་བུས་སོ། །ཡང་ན་རླུང་གི་འཁོར་ཡུག་ལ་སོ་སོའི་མཚན་མ་སྣ་ཚོགས་པ་ཅི་རིགས་སུ་བྱའོ། །དེ་ནས་ཆོས་ཀྱི་འཁོར་ལོ་སོགས་ཀྱི་མཚན་མ་ནི། ཤར་

p. 93

གྱི་རྟ་བབས་ལ་ཧཱུྃ་གི་ཡི་གེ་ཆོས་ཀྱི་འཁོར་ལོ་དང་ནི། དེ་བཞིན་ཨཱཿཡིག་ལྷོར་བུམ་པའི་ས་བོན་དག་ཏུ་འགྱུར། ཨོཾ་ཡིག་གི་བྱང་དུ་རྔ་བོ་ཆེ་ཡིར་འགྱུར་ཏེ། ཆུ་རུ་ཧོ༷་ཡང་བྱང་ཆུབ་ཤིང་དག་གིར་ནི་རབ་ཏུ་འགྱུར། ཞེས་པ་དེ་ལྟར་དབྱངས་དང་ལྡན་པའི་ཡི་གེ་དེ་རྣམས་ནི་སོ་སོའི་རིགས་ཀྱི་དབང་གིས་དཀྱིལ་འཁོར་དག་ལ་སྔགས་ཀྱི་དབྱེ་བར་འགྱུར། ཕྱག་རྒྱ་མཚན་མ་རྣམས་ཀྱི་ཁ་དོག་མཐའ་དག་ཀྱང་རྡོ་རྗེ་ཅན་གྱི་ཞལ་གྱི་དབྱེ་བ་དག་གིས་འགྱུར་རོ། །ཐབ་ཏུ་སྦྱིན་སྲེག་བྱ་བ་དག་ཀྱང་ཐབ་ཁུང་གི་མདོག་སོགས་ཞལ་གྱི་དབྱེ་བ་དེ་བཞིན་དུ་འགྱུར་ཏེ། སླར་ཡང་འཇུག་ངོགས་པ་དྲང་སྲོང་སྟེ་མེ་ལྷ་རྣམས་སྤྱན་དྲངས་པ་དག་དང་། སྦྱིན་སྲེག་གི་ཚེ་དཔལ་ལྡན་ས་གཞི་ལ་བསང་གཏོར་བྱ་བ་དང་ནི་མཆོད་ཡོན་གྱི་ཆོ་ག་དང་། དེ་བཞིན་བདུད་ནི་གཞོམ་པ་དག་ཀྱང་ངོ་། །ཞེས་པ་རྣམས་འཆད་འགྱུར་གྱི་རིམ་པས་སོ། །ད་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་སྒོ་རྣམས་བསྲུང་བའི་དོན་དུ་བརྟུལ་ཞུགས་ཉེར་ལྔ་འཆད་འགྱུར་ལྟར་ལ་དེ་དག་སངས་རྒྱས་ཀྱི་བཀས་དེ་ལ་གནས་པར་རྗེས་སུ་གནང་བ་ཡིན་པས་བརྟུལ་ཞུགས་དེ་ལ་ངེས་པ་ཉིད་དུ་གནས་པ་དང་ལྡན་པ། རྩ་ལྟུང་བཅུ་བཞི་དང་བྲལ་བས་དག་པའི་སློབ་མ་བཞི་རྣམས་ནི་སྒོ་རྣམས་སུ་སྒོ་སྲུང་བའི་སློབ་དཔོན་དུ་བརྐོས་པ་རབ་ཏུ་དགོད་པར་བྱའོ། །དཔལ་ལྡན་བུམ་པ་དག་གི་རྣལ་འབྱོར་མ་ཞེས་པ་བུམ་པ་འཛིན་པའི་རྣལ་འབྱོར་མ་དམ་ཚིག་དང་སྡོམ་པ་ལ་གནས་པ་མཚན་ཉིད་དང་ལྡན་པ་རྣམས་དཀྱིལ་འཁོར་སྒྲུབ་པའི་སྔོན་དུ་དཀྱིལ་འཁོར་གྱི་མེ་དང་ལྷ་མིན་རླུང་དང་དབང་ལྡན་གྱི་ཟུར་དུ་རིམ་པས་བཀོད་པར་བྱས་ནས་སོ། །དབང་བསྐུར་དུས་ཀྱང་བུམ་འཛིན་གྱི་རྣལ་འབྱོར་མ་ཚད་ལྡན་བྱུང་ན་རབ་ལ་མིན་ཀྱང་དབང་ཐོབ་ཅིང་བླ་མ་དང་སྔགས་ལ་མ་གུས་པ་མེད་པ་ངེས་པར་དགོས་སོ། །དབང་

p. 94

བསྐུར་བའི་རྡོ་རྗེ་སློབ་དཔོན་ཉིད་དཔལ་ལྡན་ཚོགས་ཀྱི་དབང་པོར་འགྱུར་ཏེ། མི་བདག་ཞེས་བོས་ནས་སྒོ་སྲུང་གི་སློབ་དཔོན་བཞི་ལ་ལྟོས་པའི་ལྔ་པ་ནི། སློབ་མ་བཟང་པོ་ལས་ཐམས་ཅད་ལ་མཁས་ཤིང་དཀྱིལ་འཁོར་འབྲི་བ་སོགས་དེ་ཉིད་བཅུ་ཡོངས་སུ་ཤེས་པ་དེ་ཉིད་སྦྱིན་སྲེག་དང་དབང་བསྐུར་སོགས་ཀྱི་ལས་རྣམས་ལ་ལས་ཀྱི་རྡོ་རྗེ་ཅན་དག་རབ་ཏུ་བྱས་ནས་ལས་རྣམས་བྱའོ། །དེ་འདྲའི་ལས་རྡོར་དུ་འོས་པའི་སློབ་མ་མེད་ན། ཚོགས་ཀྱི་དབང་པོ་རྡོ་རྗེ་སློབ་དཔོན་རང་གིས་ཀྱང་ནི་སྦྱིན་སྲེག་གི་ལས་ལ་སོགས་པ་དག་ཀྱང་བྱའོ། །ཞེས་སོ། །གོང་ནས་འདིའི་བར་དུ་འགྲེལ་པར་དཀྱིལ་འཁོར་བྲི་བའི་མདོར་བསྡུས་ཆེན་པོ་གསུམ་པས་བཤད་པར་མཛད་དོ། །སྒོ་སྲུང་པ་སོགས་འདི་དག་གནས་པ་ལྔ་པའི་དུམ་བུ་དེ་ཉིད་བཅུ་ཡོངས་སུ་ཤེས་པའི་བྱེ་བྲག་ཡིན་ནོ་ཞེས་ཀྱང་བཤད། དེ་ནས་སྦྱིན་སྲེག་གི་ཆོ་ག་གསུངས་པ་ཚིགས་བཅད་དོན་གཅིག་པ་འདི་ནས་གནས་པ་བདུན་པར་བྱེད་པ་ཡོད་ཀྱང་སྦྱིན་སྲེག་འདི་གནས་པ་ལྔ་པའི་དུམ་བུར་བྱས་ནའང་འཐད་པར་སེམས་སོ། །ལས་ཐམས་ཅད་པ་ལ་སོགས་པའི་སྦྱིན་སྲེག་གི་ཐབ་ཁུང་ནི་ཁྲུ་བཞི་པའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་ཟླུམ་པོའམ་ནི། དཀྱིལ་འཁོར་དང་མཉམ་པའི་རིག་བྱེད་ཟུར་ཞེས་གྲུ་བཞི་པ་གཉིས་པོ་དག་ནི་རིམ་བཞིན་རིགས་ཀྱི་དབང་གིས་ཞི་བ་དང་རྒྱས་པ་དག་གི་ཐབ་ཏུ་འགྱུར་རོ། །དཀྱིལ་འཁོར་གྱི་ཕྱེད་ཅེས་པ་ཅི་ལྟ་བུ་ཡིན་ཅེ་ན། འདིར་ཁ་ཅིག་དཀྱིལ་འཁོར་ཡོངས་རྫོགས་ཁྲུ་བཞི་པ་དེའི་ཕྱེད་ཁྲུ་གཉིས་ཀྱི་ཚད་ཅན་ཐབ་ཟླུམ་པོ་དང་། དཀྱིལ་འཁོར་དང་མཉམ་པ་ཁྲུ་བཞི་པ་རྒྱས་ཐབ་གྲུ་བཞིའི་ཚད་དུ་འདོད་དོ། །ཁ་ཅིག་གིས་ཟླུམ་པོ་ཁྲུ་གང་བ་དང་། གྲུ་བཞི་པ་ཁྲུ་དོ་བར་འདོད་དེ། འགྲེལ་ཆེན་ལས་རེ་ཞིག་རིགས་ཀྱི་དབང་གིས་ཡེ་ཤེས་འཁོར་ལོ་ནི་ཐམས་ཅད་དུ་སྙིང་པོར་ཏེ། རྡོར་ཕྲེང་དང་ཀ་བའི་མཐར་ཐུག་པ་ཐུགས་དཀྱིལ་ལས་ཕྱེད་ཀྱི་

p. 95

ཆར་འགྱུར་ཏེ་ཕྱི་རོལ་གྱི་འཁོར་ལོའི་ཕྱེད་ཀྱི་ཚད་ཀྱིས་ཞེས་པའི་ངེས་པ་ལས་སོ། །དེའི་ཕྱེད་ཀྱི་རྩ་བའི་པདྨ་སྟེ་དེའི་ཕྱིར་སྙིང་པོའི་པདྨའི་ཉིས་འགྱུར་རོ། །རྒྱས་པ་ལ་ཁྲུ་གཉིས་པ་གྲུ་བཞིའོ། །ཟླུམ་པོ་དང་སྙིང་པོའི་པདྨའི་ཚད་ནི་ཁྲུ་གཅིག་གོ། ཞེས་གསུངས་པ་འདིས་ཐུགས་དཀྱིལ་གྱི་ཕྱེད་ཡེ་ཤེས་འཁོར་ལོ་ཡིན་པ་བཞིན་དུ་དཀྱིལ་འཁོར་གྲུ་བཞི་པའི་ཕྱེད་རྒྱས་ཐབ་ཀྱི་ཚད་ཁྲུ་དོ་བར་བྱས་ན། ཐུགས་དཀྱིལ་གྱི་སྙིང་པོའི་པདྨའི་ཉིས་འགྱུར་གྱི་ཚད་དུ་འགྱུར་ལ། དེའི་ཕྱིར་རྒྱས་པ་ལ་ཁྲུ་གཉིས་པ་གྲུ་བཞིའོ། །དེའི་ཕྱེད་ཟླུམ་པོའི་ཐབ་ཁུང་གི་ཚད་དང་རྒྱས་ཐབ་ཀྱི་ནང་གི་སྙིང་པོའི་པདྨའི་ཚད་ནི་ཁྲུ་གཅིག་གོ་ཞེས་པའི་དོན་དུ་བཤད་ནས། ཞི་ཐབ་ཁྲུ་གང་དང་རྒྱས་ཐབ་ཁྲུ་དོ་བར་འདོད་པ་འདི་འོག་གི་སྐབས་རྣམས་སུ་འཆད་འགྱུར་ཀུན་དང་མཐུན་པས་འཐད་པར་མཐོང་ངོ་། །ལས་ཐམས་ཅད་པའི་ཞི་རྒྱས་ཀྱི་ཐབ་འདི་དག་གྲོང་ལ་སོགས་པའི་དབུས་སུ་བསོད་ནམས་ཀྱི་དོན་དུ་བྱའོ། །ཡང་ན་ལས་ཀྱི་རྗེས་སུ་མཐུན་པས་གྲོང་གི་ཕྱི་རོལ་ཏུ་བྱང་ངམ་དྲག་པོའི་ཟུར་ཏེ་དབང་ལྡན་དུ་བྱ་བ་དང་། གཞན་ཡང་ལས་དང་མཐུན་པ་དཀར་པོའི་ས་ལ་ཐབ་ཟླུམ་པོ་ནི་རྩ་བའི་པདྨ་དག་གི་ཚད་ཁྲུ་གང་ངམ། རྒྱས་པ་ལ་རྩ་བའི་པདྨ་དག་ནི་ཉིས་འགྱུར་རོ། །ཞེས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་རྡོ་རྗེ་འབར་བའི་ཕྱི་རོལ་བར་ཁྲུ་གཉིས་ཀྱི་ཚད་ཡོད་པ་དེ་ལ་སྦྱིན་སྲེག་གི་ཐབ་ཀྱང་ཁྲུ་གཉིས་པ་སྟེ། རྒྱར་ཕྱི་རོལ་གྱི་འཁོར་ལོའི་ཕྱེད་ཀྱི་ཚད་དེ་ཁྲུ་གང་ངོ་། །ཐབ་ཀྱི་ཟབ་ནི་པདྨའི་ཚད་དུ་ཞེས་པ་རྒྱས་ཐབ་ལ་མཐོ་གཉིས་དང་། ཞི་ཐབ་ཟླུམ་པོའི་ཟབས་སུ་མཐོག་གི་ཚད་དུ་འགྱུར་ཏེ། དེ་ཡི་ནང་དུ་སྙིང་པོའམ་རྩ་བའི་པདྨ་སྟེ་ཁྲུབ་ཞི་པའི་དཀྱིལ་འཁོར་ལ་ཇི་ལྟ་བ་བཞིན་དུ་ཐབ་གྲུ་བཞི་དང་། ཁྲུ་གཉིས་པའི་དཀྱིལ་འཁོར་ལ་ཇི་ལྟ་བ་བཞིན་དུ་ཐབ་ཟླུམ་པོའི་སྙིང་པོ་ལ་མཚན་མར་བཅས་པ་འགོད་པར་བྱའོ། །ཇི་ལྟར་

p. 96

དཀྱིལ་འཁོར་ལ་པདྨ་ཡི་ཕྱེད་ཕྱི་མ་ལ་པདྨའི་ཕྱི་རུ་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་བུམ་པ་དང་བཅས་པའི་བར་དུ་རལ་གྲི༷་དང་རིན་ཆེན་སོགས་ཀྱི་མཚན་མར་འགྱུར་ཏེ། དཀྱིལ་འཁོར་ལ་ཇི་ལྟ་བ་བཞིན་དུ་ཐབ་ཁུང་ལ་ཡང་ངོ་། །ཐབ་དེ་དག་ལས་ཀྱི་ཁ་དོག་དང་མཐུན་པར་བསྒྱུར་རོ། །དེ་ལྟར་ཐབ་ཁུང་གི་ཆ་ལ་ཚངས་པའི་གནས་ནས་ཐད་ཀའི་ཁྲུ་གཅིག་སྟེ་གྲུ་བཞི་པའི་ཕྱེད་ཀྱི་ཆའོ། །དེ་ལྟར་ན་ཐབ་ཁྲུ་བཞི་ནི་ར་བའི་མཚམས་སུ་སྟེ་མིག་ལ་སོགས་པའི་གནས་ཀྱི་མཐར་ཐུག་པར་རོ་ཞེས་པ་ནི་ངེས་པའོ། །དེའི་ཕྱེད་ནི་ཟླུམ་པོ་སྟེ་ཁྲུ་གཉིས་པའི་དཀྱིལ་འཁོར་གྱི་ཚུལ་ལོ། །ལྟེ་བའི་པདྨ་དེ་ཡི་ཕྱེད་ཀྱི་ཀྱང་ནི་མཆུ་ཡིས་དག་སྟེ། མཆུ་ཡི་ཚད་དེ་ལས་ཉིས་འགྱུར་དག་ཀྱང་ཁ་ཁྱེར་དག་གི་རྒྱ་ཡི་ཆ་ཡིན་ལ། ད་དུང་དེ་ལས་བཱ་ཀུ་ལཱི་དང་ཀྲ་མ་ཤཱིརྴའི་ས་ཚད་ཀྱི་ཕྱེད་ཀྲ་མ་ཤཱིརྵའི་ཚད་ཙམ་ཞིག་བསྣན་ཏེ་བསྐྱེད་ན་དཀྱིལ་འཁོར་གྱི་མདའ་ཡབ་ཀྱི་བར་གྱི་ཚད་རྫོགས་པར་འགྱུར་རོ་ཞེས་འགྲེལ་བར་གསུངས་སོ། །ཁ་ཁྱེར་གྱི་ཞེས་དེ་ཡི་སྟེང་དུ་ཆ་ལྔར་བྱས་པའི་དབུས་ཀྱི་གསུམ་པོའི་སྟེང་དུ་རྡོ་རྗེ་ཕྲེང་བ་དག་ཀྱང་མཆུ་ཡི་ཕྱེད་ཀྱི་དཔངས་དག་ཏུ་ནི་ངེས་པར་རབ་ཏུ་འགྱུར་པ་རྩིག་པའི་དབང་དུའོ། །ཁ་ཁྱེར་དེ་ནི་དཀྱིལ་འཁོར་ལ་སྣམ་བུ་ནས་མདའ་ཡབ་ཀྱི་བར་རོ། །ཁ་ཁྱེར་དེའི་ཕྱི་རོལ་ལ་མཐུར་དུའམ་འོག་ཏུ་པདྨའི་འདབ་མ་རྣམས་དང་ཞེས་འདབ་མའི་ཁ་གྱེན་དང་མཐིལ་འོག་ཏུ་བསྟན་པ་དེའི་དཔངས་ལ་ཁ་ཁྱེར་ཕྱེད་ཀྱི་ཚད་དོ། །པདྨའི་འདབ་མ་དེའི་ཕྱི་རོལ་དུ་ཐབ་ཀྱི་ཕྱོགས་སུ་ས་སྟེགས་ལ་ཀུ་ཤའི་ཆུན་པོ་བཀོད་པ་ཕྱོགས་རྣམས་ཀུན་ཏུ་འཁོར་བར་རབ་ཏུ་བྱའོ། །ཁ་ཁྱེར་གྱི་རྡོ་རྗེ་འབར་བ་དེ་ཡི་མཐར་ནི་དཀྱིལ་འཁོར་ཆེ་ཆུང་གང་ལའང་ཁྲུ་གཉིས་བཞག་ནས་ཕྱི་རོལ་དུ་དཀར་དམར་ནག་པོའི་རེ་ཁཱ་གསུམ་གྱི་རི་མོ་ཐབ་ཀྱི་དབྱིབས་དང་མཚུངས་པས་བསྐོར་ཞིང་ནུབ་ཀྱི་ཕྱོགས་དག་ཏུ་ངེས་པར་རེ་ཁཱ་གསུམ་གྱི་ར་བ་ཡི་སྒོ་གཅིག་ཏུ་ནི་རབ་ཏུ་འགྱུར་ཏེ་དཀྱིལ་འཁོར་གྱི་སྒོ་བཞིན་དུ་

p. 97

བརྒྱད་ཆའི་སྒོ་རྟ་བབས་དང་བཅས་པ་བྱའོ། །རྒྱས་པའི་ཐབ་ནི་གྲུ་བཞི་པ་རྒྱར་ཁྲུ་དོ་པ་སྙིང་པོའི་ཕྱི་རོལ་གྱི་གསུང་གི་འཁོར་ལོའི་ཕྱེད་ཀྱི་ཚད་དེ། ཟབས་ནི་པདྨའི་ཚད་ཅེས་པ་རྒྱས་ཐབ་ལ་མཐོ་གཉིས་སམ་ཁྲུ་ཚད་དོ། །དེའི་ནང་དུ་སྙིང་པོའི་པདྨ་ལ་སོགས་པ་དང་། བུམ་པ་དང་རལ་གྲི་སོགས་སྔ་མ་བཞིན་དུ་ལྡབ་འགྱུར་དུ་ཆ་དང་ཆ་ཡིས་ཤེས་པར་བྱའོ། །ཞི་རྒྱས་ཀྱི་བརྩིག་ཐབ་རྣམས་ལ་མཚན་མ་རྣམས་རྡུལ་ཚོན་གྱིས་བྲི་བའམ་འཇིམ་པ་ལས་འབུར་དོད་བྱས་པ་ལ་ཚོན་གྱིས་བསྒྱུར་བ་གང་འོས་བྱའོ། །ཐབ་གྲུ་བཞི་ནི་མིག་སོགས་བྱང་སེམས་རྣམས་ཀྱི་གནས་ཀྱི་མཐར་ཐུག་པའི་ཚད་དུ་འགྱུར་ཏེ། ཞི་རྒྱས་ཀྱི་ཐབ་དེ་དག་ལ་རྡུལ་ཚོན་དཀར་པོ་སོགས་སམ་འཇིམ་པས་ལས་ཀྱི་མདོག་ཏུ་བྱ་ཞིང་རྒྱས་ཐབ་ལ་འབྲས་བཏགས་པ་སོགས་ཀྱིས་སོ། །འདི་དག་ནི་དཀྱིལ་འཁོར་ལ་བཀོད་པ་བཞིན་དུ་ཐབ་ལའང་ཆ་འདྲར་སྦྱར་བ་སྟེ། ཞི་བ་དང་རྒྱས་པའི་ལས་ཐམས་ཅད་པ་ཡི་ཐབ་སྙིང་པོའི་དཀྱིལ་འཁོར་ལ་མཚུངས་པར་སྦྱར་བ་ཡིན་འདུག་ཅིང་། འདིའི་ཚད་སོགས་ལ་རྒྱ་དང་ཟབས་ཀྱི་ཚད་བསྡོམས་ནས་འཆད་ཚུལ་སོགས་མི་འདྲ་བ་འགའ་བླ་མ་དག་གིས་བཤད་པ་སོ་སོར་སྣང་ངོ་། །འདི་ལ་ལག་ལེན་གྱི་ཐིག་གོ་བདེ་ཞིག་བྱུང་ན་ལེགས་པར་མངོན་ནོ། །དེ་ནས་སློབ་དཔོན་དག་གི་གདན་ནི་རྒྱས་པ་ལས་ཐམས་ཅད་པ་ལ་ངེས་པར་ཐ་གྲུ་མཉམ་པར་འགྱུར་ཏེ་གྲུ་བཞི་པའོ། །ཐབ་ཀྱི་སྙིང་པོའི་པདྨ་དག་ལ་ཉིས་འགྱུར་རོ་ཞེས་པ་ཁྲུ་གཉིས་རེ་ཕྱོགས་བཞིར་ཐད་དཀར་ཡོད་པའོ། །དེ་བཞིན་དུ་སློབ་དཔོན་གྱི་གཡོན་དུ་མཆོད་ཡོན་སོགས་མཆོད་པའི་གདན་ཡང་ཁྲུ་གཉིས་པ་ཉིད་དུ་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་སྦྱིན་སྲེག་གི་སྲེག་རྫས་རྣམས་ཀྱི་སྣོད་དག་གི་གདན་ཡང་ཁྲུ་གཉིས་པ་སློབ་དཔོན་གྱི་གཡས་ཀྱི་ཕྱོགས་སུ་འགྱུར་ཏེ། སློབ་དཔོན་དང་མཆོད་སྟེགས་ཀྱི་གདན་གསུམ་པོ་ཚད་འདྲ་བའོ། །ཞི་བ་ལ་ནི་ཐབ་ཀྱི་ཚད་བཞིན་དུ་སློབ་དཔོན་གྱི་གདན་དང་། མཆོད་ཡོན་གྱི་སྣོད་

p. 98

སོགས་ཀྱི་གདན་དང་། སྲེག་རྫས་ཀྱི་གདན་གསུམ་ག་ཡང་ཁྲུ་གང་རེར་འདྲ་བར་འགྱུར་རོ། །གདན་གསུམ་པོ་ཀུན་གྱི་དབུས་སུ་འདབ་མ་བརྒྱད་པའི་པདྨའི་ལྟེ་བར། ལྗང་གུའི་མདོག་ཅན་སྣ་ཚོགས་རྡོ་རྗེའི་མཚན་མར་འགྱུར་ཏེ་རྡོ་རྗེ་སེམས་དཔའ་འམ་རྒྱལ་བའི་ བདག་པོའི་རིགས་ཀྱི་མཚན་མའོ། །ཡང་ན་མཁའ་ཡི་པདྨ་ཆོས་འབྱུང་བཀོད་པ་ནི་ཡུམ་གྱི་མཚན་མའོ། །འབྲུ་སོགས་གོང་བུའི་རྫས་རྣམས་བསྲེག་པའི་དོན་དུ་ཞལ་ཐབ་ཁུང་དང་། མར་སོགས་བདུད་རྩིའི་སྲེག་བླུག་སྦྱིན་པའི་སླད་དུ་གསང་བ་ཐབ་ཁུང་ངོ་། །དེ་ལྟར་ཞལ་དང་གསང་བ་དག་ཀྱང་ཐབ་ཁུང་རྣམ་པ་གཉིས་སུ་འགྱུར་ཏེ་ཀྱེ་རྒྱལ་པོ་ཕྱི་དང་ནང་དུ་ལུས་ལའོ་ཞེས་ནང་དུ་ཁ་གསང་ཕྱི་རོལ་དུ་རྫས་རིགས་གཉིས་བསྲེག་པའི་ཐབ་ཁུང་གཉིས་རེའོ། །དེ་ལྟར་ཞི་རྒྱས་ཀྱི་ལས་ཐམས་ཅད་པའི་ཐབ་ཁུང་བསྟན་པས་མཚོན་ནས། ཐབ་གཞན་འགྲེལ་པ་ལས་གསུངས་པ། ཞི་ཐབ་དབྱིབས་ཟླུམ་པོ་མདོག་དཀར་པོ། ཚད་རྒྱར་སྙིང་པོའི་པདྨ་ཁྲུ་གང་། ཟབས་སུ་ཁྲུ་ཕྱེད་དེ་བཞིན་ཐབ་ཀྱི་ཟབས་ཕྱེད་ཡིན་པ་འོག་མ་ཀུན་ལའང་འདྲའོ། །སྙིང་པོ་པདྨའི་བཅུ་གཉིས་ཆའི་མཆུ་རྒྱ་དཔངས་འདྲ་བ་ཁ་ཁྱེར་པདྨའི་ཆ་དྲུག་གི་རྒྱ་དཔངས་ཅན། ཁ་ཁྱེར་གྱི་སྟེང་ཆ་ལྔར་བྱས་པའི་མཐའ་གཉིས་སྤངས་པའི་དབུས་ཆ་གསུམ་ནི་མཚན་མའི་གནས་སོ། །མཚན་མ་ནི་ལྟེ་བ་ལ་རྡོ་རྗེ་ལྟེ་བའི་མཚན་མ་དེའི་ཕྲེང་བ་ཁ་ཁྱེར་གྱི་དབུས་སུའོ། །སྙིང་པོའི་འདབ་མའི་ཕྱོགས་བཞིར་རིགས་བཞིའི་མཚན་མ་དང་། ཟུར་བཞིར་སྤྱན་མ་སོགས་ཀྱི་མཚན་མའོ། །ཞི་ཐབ་ཀྱི་ཁ་ཁྱེར་གྱི་རྒྱབ་ཏུ་པད་འདབ་དང་། དེའི་ཕྱི་རོལ་ཞི་བ་ལ་ཀུ་ཤ་དང་རྒྱས་པ་ལ་དཱུར་བ་བཀྲམ་པའོ། །དེའི་ཕྱི་རོལ་ར་བ་གསུམ་དང་སྒོ་རྟ་བབས་བཅས་ལྷོར་བཏོད་པ་ལ། སློབ་དཔོན་བྱང་དུ་ཁ་བལྟས་པའི་མདུན་དུ་བྱའོ། །རྒྱས་ཐབ་མདོག་སེར་པོ་གྲུ་བཞི། རྒྱར་ཁྲུ་དོ་སྙིང་པོའི་པདྨ་དང་མཆུ་དང་ཁ་ཁྱེར་དེའི་བཅུ་གཉིས་ཆ་དང་དྲུག་ནི་འོག་མ་ཀུན་ལའང་རང་རང་གི་ཚད་གང་ཡིན་དེའི་ཆ་ལས་

p. 99

ཤེས་པར་བྱ་བ་འདྲ། ལྟེ་བའི་མཚན་མ་འཁོར་ལོ་ཡིན་ན་ཁ་ཁྱེར་ལ་ཡང་དེའི་མཚན་མ་སྟེ་འོག་མ་ཀུན་ལའང་དེ་ལྟར་འདྲའོ། །ལས་ལྷག་མ་ཞི་ཐབ་བཞིན་ནོ། །གསང་བའི་ཐབ་གཞུའི་རྣམ་པ་ཞེས་པ་ཟླ་གམ་སྟེ་ཞི་ཐབ་ཀྱི་ཕྱེད་བཅད་པ་ལྟ་བུ་ཁྲུ་ཕྱེད་པ་དབུས་སུ་པདྨ་སོར་བཅུ་གཉིས་པ་ཟབས་སུ་དེའི་ཕྱེད། དེའི་ཆས་མཆུ་སོགས་གཞལ་ཚུལ་སྔར་བཞིན་ནོ། །མདོག་ནག་པོ། མཚན་མ་གྲི་གུག །པད་འདབ་རྣམས་སུ་ལག་པའི་སོར་མོའི་ཕྲེང་པ། ཁ་ཁྱེར་གྱི་རྒྱབ་ཏུ་རོའི་སྐྲས་སྤྲས་པ་དང་། སློབ་དཔོན་གྱི་གདན་སོགས་ཀྱང་གཞུའི་རྣམ་པའི་དབུས་སུ་གྲི་གུག་གིས་མཚན་པ་སྟེ་ཐབ་གཞན་ལའང་འདིས་འགྲེ་བར་བྱའོ། །བསྐྲད་པ་དང་དབྱེ་ཐབ་ཟུར་ལྔ་པ་ནི། ཞི་ཐབས་ཀྱི་ཚད་དེ་མདོག་ནག་པོ་ཟུར་ལྔའི་ཁ་ཁྱེར་ཅན། མཚན་མ་རལ་གྲི། རྒྱབ་དུ་སའི་རང་བཞིན་གྱི་བྱ་རོག་གི་མཇུག་མའི་ཕྲེང་བ་ནག་པོ། དེའི་རྒྱབ་ཏུ་ཞི་རྒྱས་ཀྱི་དཱུར་བའི་ཚབ་ཏུ་འབྱུང་པོའི་ཤིང་གི་འདབ་མའོ། །དབང་ཐབ་ཟུར་གསུམ་པ་རྣ་བ་ནས་རྣ་བ་ཞེས་པ་རྩེ་ནས་རྩེ་བར་ལོགས་རེ་ལ་ཁྲུ་གང་བ་སྟེ་ཁྲུ་གསུམ་པ་མདོག་དམར་པོ་ལོགས་ནས་ཐད་ཀར་སོར་ཉི་ཤུ་པ་སྙིང་པོའི་པདྨའོ། །དེའི་ཕྱེད་སོར་བཅུ་ཟབས་སུ་ཡོད་པ་མཆུ་སོགས་ཉི་ཤུ་པའི་བཅུ་གཉིས་ཆ་སོགས་གོང་བཞིན། མཚན་མ་མདའ། རྒྱབ་ལོགས་སུ་པདྨ་དམར་པོའི་འདབ་མ། ཕྱི་རོལ་མེ་ཏོག་དམར་པོའོ། །དགུག་ཐབ་ཟུར་བདུན་པ་དམར་པོ་སྔ་མ་འདིའི་ཉིས་འགྱུར་ཏེ་སྙིང་པོའི་པདྨ་སོར་བཞི་བཅུ་པ། མཚན་མ་རྡོ་རྗེ་ལྕགས་ཀྱུ་དང་། ལྷག་མ་ཟུར་གསུམ་པ་བཞིན་ནོ། །རྨོངས་ཐབ་ཟུར་དྲུག་པ་ནི་སོར་སུམ་ཅུའི་པདྨ་སྟེ། མདོག་སེར་པོ་ལྟེ་བའི་མཚན་མ་སྦྲུལ་དང་ཁ་ཁྱེར་ལ་སྦྲུལ་ཞགས་སོ། །ཕྱི་རོལ་དུ་ཤིང་ཨརྐ་སེར་པོའི་འདབ་མ་དང་། དེའི་ཕྱི་རོལ་དུ་མེ་ཏོག་སེར་པོས་སོ། །རེངས་པའི་ཐབ་ཟུར་བརྒྱད་པ་ནི་སྔ་མ་ཟུར་དྲུག་པའི་ཉིས་འགྱུར་སོར་དྲུག་ཅུ་པ་མདོག་སེར་པོ་མཚན་མ་རྡོ་རྗེ་ལྕགས་སྒྲོག །རྒྱབ་སོགས་

p. 100

ཟུར་དྲུག་པ་བཞིན་ཏེ། གོང་དུ་ཚིགས་བཅད་བཅུ་པ་སོགས་ལས་བསྟན་པ་དང་སྦྱར་ཏེ་ཤེས་པར་བྱའོ། །ར་བ་གསུམ་ནི་ཐབ་ཀྱི་ཕྱི་རོལ་དུ་ཁྲུ་གཉིས་དོར་ནས་སོ། །སློབ་དཔོན་གྱི་གདན་སོགས་གདན་གསུམ་པོ་ཐམས་ཅད་ཐབ་ཀྱི་མཚན་མའི་རྣམ་པའོ། །ཞི་ཐབ་ཐབས་ཁུ་བ་ཟླ་བའི་རང་བཞིན་ཤེས་རབ་བམ་ཉི་མས་མཚན་མ་པདྨས་མཚན་པ་དང་། རྒྱས་ཐབ་ཉི་མའི་སྟེ་ཤེས་རབ་ཀྱི་ཆོས་ཅན་ཡིན་པས་ཉིས་འགྱུར་གྱི་ཕྱིར་ཞི་ཐབ་ཟླ་བ་ཉིས་འགྱུར་ནི་ཟླ་བས་མཚན་པ་འཁོར་ལོ་དཀར་པོའོ། །གསད་ཐབ་གཞུའི་རྣམ་པའི་སྒྲ་གཅན་གྱི་ལུས་ཀྱི་མཚན་ཉིད་ཟླ་ཕྱེད་ལྟ་བུ་ནག་པོ་དུས་མེས་མཚན་པ་གྲི་གུག་གོ། བསྐྲད་ཐབ་རླུང་གི་རང་བཞིན་ཟླ་གམ་གྱི་ཟུར་གཉིས་དང་མེ་ཡི་རང་བཞིན་ཟུར་གསུམ་འདྲེས་པས། ཟུར་ལྔ་པ་རང་གི་མཚན་མ་རལ་གྲིས་མཚན་པའོ། །ཟུར་གསུམ་ནི་དུས་ཀྱི་མེའི་མཚན་ཉིད་མདས་མཚན་པ། དགུག་ཐབས་ཟུར་བཞི་དང་མེའི་ཡོན་ཏན་གྲུ་གསུམ་གྱིས་ཟུར་བདུན་པ་ལྕགས་ཀྱུས་མཚན་པ། ཟུར་དྲུག་སྒྲ་གཅན་དང་སའི་བདག་ཉིད་གཉིས་དང་བཞི་འདྲེས་པ་སྦྲུལ་གྱིས་མཚན་པ་སྟེ། སྦྲུལ་ནི་རྨོངས་པར་བྱེད་པ་སྒྲ་གཅན་གྱི་མཚན་མའོ། །རེངས་ཐབ་ལྷུན་པོའི་ཕྱོགས་བཞི་དང་ས་ཡི་ཕྱོགས་བཞི་གཉིས་ཁ་སྦྱར་བ་གཉིས་ཀའི་མཚན་མ་ཟུར་བརྒྱད་པ་དང་གཉིས་ཀས་བསྡམས་པ་ལྕགས་སྒྲོག་གིས་མཚན་པའོ། །ཐབ་དེ་རྣམས་སུ་སྔར་གསུངས་པ་འདུག་སྟངས་དང་སྦྱིན་སྲེག་གི་རྫས་ལ་སོགས་པ་ངེས་པར་བྱས་ནས་བསྲེག་བླུག་བྱའོ། །སློབ་དཔོན་གྱི་གདན་ཐབ་ཀྱི་ནུབ་ཏུ་བྱས་ན་ཐབ་ཀྱི་སྒོ་ཉིད་སློབ་དཔོན་ལ་ཕྱོགས་པས་ཕྱོགས་སྤྱིའི་ནུབ་ཏུ་བསྟན་པ་ཡིན་ཀྱང་སློབ་དཔོན་གྱི་ཤར་དུ་འགྱུར་བ་དང་། སློབ་དཔོན་གྱི་གདན་ཐབ་ཀྱི་ལྷོ་ཕྱོགས་བྱས་ན་ཁ་བྱང་དུ་ལྟ་བས་ཐབ་ཀྱི་སྒོ་ཡང་སློབ་དཔོན་གྱི་བྱང་དུ་ཡོད་ལ་སྒོ་རང་ཉིད་ལྷོར་བལྟས་པ་སོགས་ཐམས་ཅད་ལ་ཤུགས་ཀྱིས་ཤེས་ཏེ། བདག་བསྐྱེད་དང་མདུན་གྱི་ཐབ་ལྷ་ཞལ་སྤྲོད་ཡིན་པས་སོ། །

p. 101

བླ་མ་སྔ་མ་དག་མདུན་བསྐྱེད་གཙོ་བོར་བྱས་པ་རྡུལ་མཚོན་གྱི་དཀྱིལ་འཁོར་དང་འབྲེལ་ཚེ་འདི་ལས་བཟློག་སྟེ་བྱ་དགོས་ཏེ་སྒྲུབ་ལེར་འབྱུང་པོའི་མགོན་པོ་སྒྲུབ་པའི་དབང་གིས་སྦྱིན་སྲེག་ལས་བཤད་པ་དང་འགྲིག་ཅེས་གསུངས།གདན་རྣམས་ཀྱང་རྒྱས་པར་ཁྲུ་དོ། གཞན་ཀུན་ལ་ཁྲུ་གང་བ་རང་གི་ཐབ་ཀྱི་དབྱིབས་འདྲ་བ་དབུས་སུ་པདྨ་འདབ་བརྒྱད་ལྟེ་བར་རང་རང་སོ་སོའི་མཚན་མ་བཀོད་པའོ་ཞེས་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་བདེན་བྲལ་དུ་དགུག་པའི་ཐབ། ནུབ་ཏུ་རྨོངས་པ། རླུང་དུ་རེངས་པ། བྱང་དུ་ཞི་བ། དབང་ལྡན་རྒྱས་པ། ཤར་དུ་བསད་པ། མེར་དབྱེ་བསྐྲད་ཀྱི་ཐབ་བྱ་སྟེ། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་རྡོ་རྗེ་འབར་བའི་ཕྱི་རོལ་དུ་ཁྲུ་གཉིས་དོར་བར་ཐབ་ཀྱི་ཐོག་མཐའ་ཡོད་པར་བྱ་བ་སྤྱིར་བཏང་དང་། རོ་ལངས་སྒྲུབ་ཚེ་དཀྱིལ་འཁོར་དང་ཐབ་ཀྱི་བར་དུ་རོ་རྐང་པ་བརྐྱང་ནས་བཞག་དགོས་པས་ཁྲུ་དོའི་ངེས་པ་མེད་དོ། །འདི་ནི་ལུས་ཀྱི་དབང་དུ་བྱས་པ་དང་། གྲོང་གི་བྱང་དུ་རྒྱས་པ། དབང་ལྡན་དུ་ཞི་བ་སོགས་ནི་བསམ་པའི་དབང་གིས་ཏེ། ཐབ་ཀྱི་ཆོས་ཉིས་འགྱུར་ཤེས་རབ་ཡིན་པས། ཕྱོགས་ཀྱི་ཐབ་རྣམས་ལ་མཚམས་ཐབ་རྣམས་ལས་ཉིས་འགྱུར་ཡོད་པ་དང་། ཕྱོགས་ཤེས་རབ་མཚམས་ཐབས་སུ་བྱས་པ་ནི་བསམ་པའི་དབང་གིས་ཡིན་ནོ་ཞེས་སོགས་བཤད་དོ། །དེ་ནས་སྦྱིན་སྲེག་གི་ཆོ་ག་གསུངས་པ། རང་ཉིད་རྡོ་རྗེ་ཤུགས་སུ་བསྒོམས་ནས་ཐབ་དེ་ཉིད་ཀྱི་ཕྱོགས་བཅུའི་དཀྱིལ་འཁོར་དག་ལ། ཁྲོ་བོའི་རྒྱལ་པོ་བཅུ་རང་རང་གི་ཡུམ་ལྷ་མོར་བཅས་པས་ཕྱོགས་རྣམས་སུ་བསྲུང་བ་བྱ་ཞིང་སྔར་བརྗོད་པའི་སྔགས་རྣམས་ཀྱིས་ཕུར་པ་བཏབ་པར་བྱས་ནས་ནི། དཔལ་ལྡན་རྡོ་རྗེ་ཡི་སྔགས་ཨོཾ་ཨཱཿཧཱུྃ་ཧྲཿཕཊ་ཅེས་པ་འདི་དག་གིས་མཆོད་ཡོན་གྱི་སྣོད་ནས་ཀུ་ཤའི་འཐོར་གཡབ་ཀྱིས་དྲིའི་ཆུ་བླངས་ཏེ་ཐབ་ཁུང་གི་ཕྱོགས་བཅུ་རྣམས་སུ་བསང་བ་དང་སོགས་དང་ཞེས་པས་མཆོད་པ་བྱིན་རླབས་བྱས་ནས། འཆད་

p. 102

འགྱུར་དེ་ཡི་རྣལ་འབྱོར་གྱི་སྒོ་ནས་དང་པོ་རང་གི་སྙིང་ག་རུ་མེ་ལྷ་དམ་ཚིག་པ་བསྒོམ་པར་ཡེ་ཤེས་པ་རོ་མཉམ་བྱས་པ་དེ་ཉིད་ཐབ་ཏུ་མེ་ལྷ་དམ་ཚིག་པ་ལ་ཡེ་ཤེས་པའི་ཚུལ་དུ་བཞག་པ་ལ་ཆུར་བཅས་པའི་མེ་ཏོག་རྣམས་ཀྱིས་མེ་ལ་མཆོད་ཡོན་ཉིད་སྦྱིན་པར་བྱའོ། །གང་གིས་ན་མེ་ལྷ་ཡེ་ཤེས་པ་དེ་ཡི་དམིགས་པ་ཏིང་ངེ་འཛིན་གྱི་རྣལ་འབྱོར་དང་ལྡན་པས་སྦྱིན་པར་བྱ་སྟེ། དེ་ཇི་ལྟར་ན་རང་གི་སྙིང་གའི་པདྨར་ཟླ་བའི་སྟེང་དུ་ཡེ་ཤེས་མེ་ལྷ་དེ་ཉིད་བསྒོམས་ནས་སོ། །དེ་རྣམ་པ་ཅི་འདྲ་ཞིག་ཡིན་ཞེ་ན། འདིར་ཞི་བ་གཙོར་གྱུར་ལས་ཐམས་ཅད་པ་ལ་ཞལ་གཅིག་ཁ་དོག་དཀར་པོ་དུས་ཀྱི་ཕྱག་གི་པདྨ་སྟེ་ཕྱག་བཞི་པ། གཡོན་གཉིས་ན་རིལ་བ་དང་ཆུ་སྐྱེས་དག་དང་ནི། གཡས་གཉིས་ན་དབྱུག་པ་དང་བགྲང་ཕྲེང་འཛིན་པ་རལ་པ་ཤིན་ཏུ་སེར་སྐྱ་ཅན། དམར་སེར་གྱི་མིག་དང་ལྡན་པ། གོས་དམར་སེར་དང་བཅས་པ་སྟེ། ལས་ཐམས་ཅད་པ་ལ་མི་བསྐྱོད་པའི་ཅོད་པན་ཅན་ནོ། །མེ་ལྷ་དེ་ཡི་སྙིང་གར་ཟླ་བའི་སྟེང་དུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བར་བྱེད་པ་ས་བོན་ཛཿཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྕགས་ཀྱུ་ངེས་པར་བསྒོམ་པར་བྱ་ཞིང་དབུག་ཕྱིར་འབྱིན་པ་དང་ལྷན་ཅིག་ལྕགས་ཀྱུ་དེ་ཡིས་བཀུག་པའི་སྒྲིབ་བྲལ་གྱི་བདག་ཉིད་ཀུན་འགྲོ་ཡེ་ཤེས་སེམས་དཔའ་དེ་ཉིད་སྙིང་གའི་མེ་ལྷ་དམ་ཚིག་པ་རང་གི་ལུས་ལ་ཤིན་ཏུ་རོ་མཉམ་དག་ཏུ་མཛོད་ཅིག །དེ་ལྟར་ཐབ་ཁུང་ལ་ཡང་མེ་ལྷ་དམ་ཚིག་པ་བསྒོམ་པ་ནི་ཡང་དག་པར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་དེ་བཞིན་ཨོཾ་ཨེ་ཧི་ཨེ་ཧི་སོགས་ཀྱི་སྔགས་དང་མཐེ་བོང་གཡབ་པའི་ཕྱག་རྒྱ་བཅས་མེ་ལྷ་ཡེ་ཤེས་པ་ནི་སྤྱན་དྲངས་བར་བྱ་ལ། དེ་ཡང་དང་པོར་རང་གི་སྙིང་གའི་མེ་ལྷ་དམ་ཚིག་པ་ལ་ལྕགས་ཀྱུ་སོགས་ཕྱག་རྒྱ་བཞི་དང་ཛཿཧཱུྃ་བཾ་ཧོས་དགུག་གཞུག་བཅིང་མཉེས་བྱས་ནས་རོ་མཉམ་པར་འགྱུར་བ་དེ་ཉིད་རྡོ་རྗེ་དྲིལ་བུ་དཀྲོལ་བས་དབང་དུ་བྱ་ཞིང་རང་གི་དབུགས་ཕྱིར་འབྱིན་པ་དང་ལྷན་ཅིག་ཏུ། ལག་གཡས་རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་མཐེ་བོང་སྒྲེང་ཞིང་ཅུང་ཟད་དགུག་པའི་རྣམ་པར་བྱས་པའི་ཕྱག་རྒྱ་དེས་ཕྱིར་དྲངས་

p. 103

ནས་ཐབ་དབུས་ཀྱི་མེ་ལྷ་དམ་ཚིག་པ་ལ་རོ་མཉམ་དུ་བྱ་བའང་ངོ་། །དེ་ཡང་འགྲེལ་པར་གསུངས་པ་ལྟར། ཡང་ན་ལས་ཐམས་ཅད་པའི་མེ་ལྷ་ལྗང་གུ་ཕྱག་བཞི་ཞབས་གཉིས་པ། གཡས་ཀྱི་དང་པོ་རྡོ་རྗེ་དང་གཉིས་པས་བགྲང་ཕྲེང་། གཡོན་གཉིས་ན་དྲིལ་བུ་དང་པདྨ་འཛིན་པ། རལ་པ་སེར་སྐྱ་མིག་དམར་སེར་ཅན་གོས་དམར་སེར་ཅན། ལས་ཐམས་ཅད་པ་ལ་མི་བསྐྱོད་པས་དབུར་རྒྱན་པ་བསྒོམ་པར་བྱའོ། །ཞི་བ་ལ་ཁ་དོག་དཀར་པོ་གོས་དཀར་པོ་དང་བཅས་པ། གཡས་གཉིས་པདྨ་དང་ཤེལ་ཕྲེང་། གཡོན་གཉིས་རིལ་བ་དང་དུང་འཛིན་པ། སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན་ནོ། །རྒྱས་པར་ཁ་དོག་དཀར་པོ། གཡས་གཉིས་འཁོར་ལོ་དང་མུ་ཏིག་གི་ཕྲེང་བ་གཡོན་པདྨ་དང་སྤྱི་བླུག་འཛིན་པ་རིགས་བདག་ཞི་བ་བཞིན་ནོ། །བསད་པར་ཁ་དོག་ནག་པོ་གོས་ནག་པོ་བགོས་པ་དོན་ཡོད་གྲུབ་པས་དབུ་ལ་བརྒྱན་པ། གཡས་གཉིས་གྲི་གུག་དང་རྩེ་གསུམ། གཡོན་ཐོད་པ་དང་ཁ་ཊཱཾ་གའོ། །བསྐྲད་དབྱེ་ལ་གཡས་གཉིས་རལ་གྲི་དང་རྩེ་གསུམ། གཡོན་གཉིས་ཐོད་པ་དང་ཁ་ཊཱཾ་གའོ། །མདོག་དང་རིགས་བདག་བསད་པ་བཞིན་ནོ། །དབང་ལ་གུར་ཀམ་གྱི་མདོག་ཅན་གོས་དམར་སེར་དང་བཅས་པ། གཡས་གཉིས་མདའ་དང་རིན་པོ་ཆེ། གཡོན་གཉིས་གཞུ་དང་མེ་ལོང་འཛིན་པ། རིན་ཆེན་དབང་ཕྱུག་གི་དབུ་རྒྱན་ཅན་ནོ། །དགུག་པར་དེ་དང་འདྲ་ལ། གཡས་གཉིས་རྡོ་རྗེ་ལྕགས་ཀྱུ་དང་རིན་པོ་ཆེ། གཡོན་གཉིས་རྡོ་རྗེ་ཞགས་པ་དང་མེ་ལོང་འཛིན་པའི་ཁྱད་པར་རོ། །རྨོངས་པ་ལ་ཁ་དོག་སེར་པོ་གོས་སེར་པོ་དང་བཅས་པ། གཡས་གཉིས་སྦྲུལ་ཞགས་དང་དབྱུག་པ། གཡོན་གཉིས་འཁོར་ལོ་དང་ཐོ་བ་འཛིན་པ་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་ནོ། །རེངས་པ་དང་ཕུར་བུས་གདབ་པ་ལ་གཡས་གཉིས་ལྕགས་སྒྲོག་དང་ཐོ་བ། གཡོན་གཉིས་འཁོར་ལོ་དང་རྡོ་རྗེ་ཕུར་བུ་འཛིན་པ། ཁ་དོག་དང་གོས་དང་རིགས་བདག་རྨོངས་པའི་

p. 104

སྐབས་བཞིན་ནོ། །མེ་སྦར་བའི་ཚེ་ལས་ཐམས་ཅད་པ་ལ་ལྷ་ཁང་ནས་མེ་བླངས་ཏེ་ཙན་དན་གྱི་ཤིང་གིས་མེ་སྦར་བར་བྱ་ལ་ཡང་ན་ཨ་ག་རུ་དང་། ཐང་ཤིང་སོགས་དྲི་བཟང་པོའི་ཤིང་ངམ་འོ་མ་ཅན་གྱི་ཤིང་གིས་སོ། །ཞི་རྒྱས་ལ་བྲམ་ཟེའི་ཁྱིམ་ནས་མེ་བླངས་ལ་འོ་མ་ཅན་གྱི་ཤིང་གིས་སོ། །གསད་བསྐྲད་དབྱེ་བ་རྣམས་ལ་དམངས་རིགས་ཀྱི་ཁྱིམ་ནས་མེ་བླངས་ནས་ཚེར་མ་ཅན་གྱིས་སྦར་བར་བྱའོ། །ཡང་ན་གསད་པ་ལ་གདོལ་པའི་ཁྱིམ་ནས་མེ་བླངས་བར་བྱའོ། །དབང་དགུག་ལ་རྒྱལ་རིགས་ཀྱི་ཁྱིམ་ནས་མེ་བླངས་ལ་སེང་ལྡེང་སོགས་དམར་པོའི་ཤིང་གིས་མེ་སྦར་བར་བྱའོ། །རེངས་རྨོངས་ལ་རྗེ་རིགས་ཀྱི་ཁྱིམ་ནས་མེ་བླངས་ལ་རོ་བསྐ་བའི་ཤིང་གིས་སྦར་བར་བྱའོ། །དེ་ནས་མེ་ལྷ་ལ་ཨོཾ་པྲ་ཝ་ར་སོགས་ཀྱི་སྔགས་ཀྱིས་མཆོད་ཡོན་འབུལ་བ་དང་། བཛྲ་གན་དྷཾ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ཀྱིས་མཆོད་པ་བཅུ་གཉིས་འབུལ་བར་བྱའོ། །ལས་ཀྱི་རྗེས་སུ་མཐུན་པའི་མེ་མཆོད་པ་ལ་སྭཱ་ཧཱའི་མཐའ་ཅན་དང་དཀྱིལ་འཁོར་མཆོད་པ་ལ་ན་མཿའི་མཐའ་ཅན་གྱིས་སོ་ཞེས་པ་ཐམས་ཅད་དུ་ངེས་པའོ། །དེ་བཞིན་དུ་ཞབས་བསིལ་སོགས་འབུལ་ཞིང་རོལ་མོ་ཐམས་ཅད་རབ་ཏུ་དཀྲོལ་བས་མཆོད་པར་བྱ་ཞིང་། དེ་ནས་ལས་སོ་སོའི་འདུག་སྟངས་དང་ཏིང་ངེ་འཛིན་ལ་གནས་པས་ཡམ་ཤིང་དང་མར་ཁུ་དང་སྲེག་རྫས་ཐམས་ཅད་འབུལ་བར་བྱ་ལ། དེ་ཡང་ལག་པས་ཡམ་ཤིང་དང་། བླུགས་གཟར་གྱིས་སྦྱིན་སྲེག་གི་རྫས་ཐམས་ཅད་དང་དགང་གཟར་གྱིས་མར་ཁུའི་སྲེག་བླུགས་དབུལ་བར་བྱ་ལ། བླུགས་དགང་གཟར་མེད་ནའང་རང་གི་གཡས་པའི་མཆོག་སྦྱིན་གྱི་ལག་པ་དག་གི་མཐེ་བོ་ཡིས་ཀྱང་སྲིན་ལག་དང་སྦྱར་བས་རྫས་ཐམས་ཅད་མེ་ཡི་ཞལ་དུ་སྦྱིན་སྲེག་དག་ནི་རབ་ཏུ་བྱའོ། །འདིར་མེ་ལྷའི་དག་པ་བརྗོད་པ། སྤྱིར་མེ་གསུམ་སྟེ་ལུག་སོགས་ཁྱིམ་བདག་གི་མེ་ཉི་མ་ནི་གཟའ་བདུན་གྱི་བདག་པོ་གཟའི་དབྱེ་བས་ལྕེ་བདུན་པ་སྟེ་ཞི་བ་ལ་ཟླ་བའི་ལྕེ། རྒྱས་པར་ཉི་མའི་ལྕེ་དང་། །

p. 105

བསད་བསྐྲད་དབྱེ་བར་སྤེན་པ། དབང་པ་སངས་དགུག་པ་ཕུར་བུ། རྨོངས་པ་གཟའ་ལྷག །རེངས་པ་བཀྲ་ཤིས་ཀྱི་ལྕེ་སྟེ། རེས་གཟའ་སོ་སོའི་དག་པའི་དབང་གིས་ལས་སོ་སོ་ལ་ཞལ་གཅིག་ཉིན་མཚན་དག་པའི་ཞབས་གཉིས། ཐུན་མཚམས་བཞི་དག་པས་ཕྱག་བཞི་པའོ། །བསད་པ་ལ་མཇུག་རེངས་རྣམ་པར་དག་པའི་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་ཅན་ནོ། །དབྱེ་བར་སྤེན་པ་དག་པས་ཕྱག་གཉིས་ན་རལ་གྲི་དང་ཐོད་པ་ཅན་ཏེ། སྤེན་པའི་རེས་ལ་སྔ་ཕྱེད་དང་ཕྱི་ཕྱེད་ཀྱི་དབྱེ་བས་སོ། །ལས་ཐམས་ཅད་པ་ལ་སྒྲ་གཅན་ཅན་དང་དུས་མེ་རྣམ་པར་དག་པ་སྟེ། རིམ་བཞིན་སྐྱེ་བ་དང་འཇིག་པའི་ཆོས་ཉིད་ཀྱི་ཕྱིར་རོ། །འདོད་པའི་མེ་དང་མཆོད་སྦྱིན་གྱི་མེ་ནི་རང་གི་ལྷའོ། །ཡེ་ཤེས་ཀྱི་མེ་ནི་གཟའ་ཐམས་ཅད་ལ་ཁྱབ་པར་བྱེད་པ་སྟེ། དེ་ལྟར་ཤེས་ནས་སྦྱིན་སྲེག་གི་ཆོ་གས་མཆོད་པར་བྱ་བའོ། །མེ་གཉིས་པ་ལྷོའི་མེ་ཞེས་པ་སྔར་བཤད་པ་ལྟར་ལ་འདིར་གློག་གོ། མེ་གསུམ་པ་མཆོད་སྦྱིན་གྱི་མེ་ནི་མི་བཟད་པ་ཞེས་བྱ་སྟེ་རིག་བྱེད་ཀྱི་མཐའ་ལས་སྨྲས་པ། མི་བཟད་མེ་ནི་རིང་དུ་བདག་སྤོང་སྟེ།། རི་ཀ་རབ་འཛིན་གཤིན་རྗེའི་རྒྱལ་སྲིད་འགྲོ། །འདི་ཉིད་དུ་ནི་གཞན་སྐྱེས་རིག་བྱེད་འདི། །ལྷ་དང་སྐྱེ་དགུ་སོགས་ལས་བསྲེག་བྱ་འཛིན། །ཞེས་བཤད་དེ། འདི་རིག་བྱེད་ཀྱི་ཚིག་ཡིན་ལ་འགྲེལ་པ་མེད་པས་དོན་འདི་ཞེས་གསལ་ཁ་མེད་མོད་བླ་མ་སྔ་མ་དག་གི་རང་བློས་འཆད་ཚུལ་མི་འདྲ་བ་འགའ་སྣང་ངོ་། །འོན་ཀྱང་འདི་ལྟར་མཆོད་སྦྱིན་དྲག་པོ་ལ་ནི་ཕྱུགས་སོགས་བསད་པའི་ཤ་སྲེག་པར་བྱེད་པས་ཤ་ཟའི་མེ་དང་མི་བཟད་པའི་མེ་ཞེས་གྲགས་པ་དེའི་དབང་དུ་བྱས་ནས་བརྗོད་པ། མི་བཟད་པའི་མེ་ནི་རིང་དུ་བདག་གིས་སྤོང་སྟེ། དེ་ཅིའི་ཕྱིར་ན་རི་ཀ་ཞེས་པ་ངེས་བརྗོད་ཀྱི་མིང་ཡིན་པ་ལྟར་ན་ངེས་བརྗོད་སོགས་ཀྱི་རིག་བྱེད་རབ་ཏུ་འཛིན་པ་རྣམས་ནི་གཤིན་རྗེའི་རྒྱལ་སྲིད་བྱེད་པའི་འགྲོ་བ་རྣམས་ལྟར། མིའི་འཇིག་རྟེན་འདི་ཉིད་དུ་

p. 106

ནི་གཞན་སྐྱེས་ཞེས་བྲམ་ཟེ་སྟེ་བརྟུལ་བཞུགས་སོགས་ཀྱི་ཆོ་ག་ལས་སྐྱེས་པའི་གཉིས་སྐྱེས་ཞེས་པ་དང་དོན་འདྲའོ། །དེས་ན་བྲམ་ཟེའི་མཆོད་སྦྱིན་དྲག་པོ་བྱེད་པའི་རིག་བྱེད་ལས་བཤད་པའི་མེ་འདི་ནི་ལྷ་དང་སྐྱེ་དགུ་སོགས་ལས་བསྲེག་བྱ་འཛིན་པ་སྟེ་ཟ་བར་བྱེད་པ་ཡིན་པས་སོ་ཞེས་པ་སྟེ། འདི་རིག་བྱེད་པས་སྨྲས་ན་རིག་བྱེད་སུན་འབྱིན་ཡིན་པས་དེ་ལྟར་སྨྲ་བ་མི་རིགས་སྙམ་ན་མི་རིགས་པ་མེད་དེ། མི་བཟད་པའི་དོན་སེམས་ཅན་བསྲེག་པ་ཟ་བས་དེ་ལ་འཇིགས་པའི་ཚུལ་དུ་བརྗོད་པ་ལ་མི་རིགས་པ་མེད་དེ། རིགས་བྱེད་ཀྱི་གཞུང་རྣམས་ན་བྲམ་ཟེ་རྣམས་ཀྱི་བློས་བཀོད་པ་སྣ་ཚོགས་ཀྱི་ངག་ཡོད་པས་འདི་འདྲ་གཞན་ཡང་དུ་མ་མཐོང་ལ། འགྲེལ་པར་ཡང་ཚིགས་བཅད་འདིའི་རྗེས་སུ། ཞེས་པ་རིག་བྱེད་ཀྱི་དོན་ཏེ། འདིར་ཡང་དོན་དེ་ཉིད་མི་བཟད་པའི་མེའོ་ཞེས་གསུངས། བླ་མ་དག་མཆོད་སྦྱིན་གྱི་མེ་སོགས་སྤངས་ནས་ཡེ་ཤེས་ཀྱི་མེ་ལ་བསྲེག་པའི་དོན་དུ་འཆད་པ་ནི་དེ་དག་གི་གཞུང་ན་འདིར་བཤད་ཡེ་ཤེས་ཀྱི་མེ་བླངས་ཤིང་མི་བཟད་པའི་མེ་སྤོང་བའི་གཞུང་ལུགས་ཡོད་དཀའ་ལ། ཡང་ཤ་ཟའི་མེ་ལྷ་ལ་ཡུན་རིང་དུ་བསྲེག་བླུགས་སྦྱིན་པའི་སླད་དུ་བདག་འགྲོ་སྟེ། ངེས་བརྗོད་ལས་བྱུང་བའི་མཆོད་སྦྱིན་འདིས་གཤིན་རྗེའི་རྒྱལ་སྲིད་དུ་འགྲོ་བའམ་རྒྱུག་པ་ལས་རབ་ཏུ་འཛིན་ཞིང་། མཐོ་རིས་འདི་ཉིད་དུ་བདེ་བ་ཁྱད་འཕགས་མྱོང་བའི་དོན་དུ་རིག་བྱེད་ལས་སྐྱེས་མེ་འདིས་ལྷ་དང་སྐྱེ་དགུ་སོགས་ལས་མར་སོགས་བསྲེག་བྱ་འཛིན་པར་བྱེད་ཅེས་འབྲུ་མནན་ཏེ་རིག་བྱེད་ལ་བསྔགས་པ་ལྟར་བྱེད་ཀྱང་ཚིག་གི་འབྲེལ་འགྲིག་པ་ཡང་མི་སྣང་ལ་མེ་འདི་མི་བཟད་པའི་དོན་ནི་ཅི་ཡང་མ་བསྟན་ཏོ། །དེ་ལྟར་འཇིག་རྟེན་པའི་མེ་གསུམ་དང་། བཞི་པ་ཡེ་ཤེས་ཀྱི་མེ་ནི། མཆོག་ཏུ་བདེན་པ་འཇིག་རྟེན་ལས་འདས་པའི་འབྲས་བུ་བདེ་བའམ་ཀུན་ཏུ་དགའ་བའི་ཡེ་ཤེས་སྐྱེད་བར་བྱེད་པའོ། །དེའི་ཕྱིར་བདེ་བ་དེའི་དོན་དུ་ཐམས་ཅད་སྦྱིན་སྲེག་བྱེད་ཀྱང་འཇིག་རྟེན་པ་དག་གིས་དེ་ཐོབ་པར་མ་ནུས་སོ། །ཚུལ་འདི་དང་

p. 107

མཚུངས་པར་རྣམ་སྣང་མངོན་བྱང་ལས་སྟོན་པ་ཉིད་སངས་མ་རྒྱས་པའི་གོང་དུ་དང་སངས་རྒྱས་ནས་མེའི་ཁྱད་པར་འདི་ལྟར་བསྟན་ཅེས་དབྱེ་བ་བདུན་དང་བཅུ་གཅིག་གསུངས་པ་བཞིན་ནོ། །འདིར་རང་གི་འདོད་པའི་མེ་ལྷ་སྤྱན་དྲངས་པའི་སྔགས། ཨོཾ་སརྦ་པཱ་པཾ་ད་ཧ་ན་སོགས་སྡིག་པ་བསྲེག་ཤིང་སྦྱོང་བ་སྟེ། དེ་བཞིན་ཉི་མའི་མེ་ཡི་སྔགས། ཨོཾ་བཛྲ་ཨ་ན་ལ་སོགས་སུ་གསུངས་སོ། །མེ་ལྷ་ལ་སྲེག་རྫས་འབུལ་བ་གསུངས་པ། རྡོ་རྗེ་སློབ་དཔོན་གྱིས་སྔར་བཤད་པའི་འདུག་སྟངས་ལ་གནས་ནས། ལག་པ་གཡོན་པ་མཉམ་གཞག་ལྟར་གན་རྐྱལ་དང་། གཡས་པ་མཆོག་སྦྱིན་པའི་ཕྱག་རྒྱའི་ལག་པ་དག་གི་མཐེ་བོ་ཡིས་ཀྱང་སྦྱིན་སྲེག་གི་རྫས་བསྐྱོད་ཅིང་ཞལ་ཕྱེ་བའི་མེ་ཡི་ཞལ་དུ་སྦྱིན་སྲེག་དག་ནི་སྦྱིན་པར་བྱ་ཞིང་གསོལ་ཏེ་མཉེས་པར་བསམ་པར་བྱའོ། །གཙོ་བོའི་རྡོ་རྗེ་ཞེས་པ་རིགས་དྲུག་གི་གཙོ་བོའི་སྔགས། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵ་སྭཱ་ཧཱ། ཞེས་པ་དང་། ཡན་ལག་གིས་ཀྱང་ཞེས་པ་ཡན་ལག་དྲུག་གི་སྔགས་ཏེ་ཧྲླཱྀ་ཧྲུཾ་རཱ ཧྲྀ་ཧྲཱྀཾ་ཧྲཱཾ་ཧྲཿསྭཱ་ཧཱ་ཞེས་པ་སྟེ། དེ་དག་གིས་མདའ་བརྒྱའི་ཡ་མ་ཤིང་དང་འབྲུ་དང་དཱུར་བ་མར་དང་འོ་མ་ཡིས་སྲེག་བླུགས་བྱའོ། །ལྷཱྀ་སོགས་འདིར་དྲག་པོའི་དབང་དུ་བྱས་ཏེ་ལུགས་ལྡོག་དུ་བསྟན་པ་ཡིན་གྱི་ཞི་སོགས་ལ་ལུགས་འབྱུང་དུ་བཟླ་བར་བྱ་ཞེས་བོད་འགྲེལ་འགར་གསུངས། དེ་ལ་གཙོ་བོའི་རྡོ་རྗེའི་སྔགས་ཀྱིས་ཡམ་ཤིང་ལྔ་བརྒྱ་ལས་བརྒྱ་རྩ་བརྒྱད་བསྲེག་པར་བྱ་ཞིང་། ཡན་ལག་གི་སྔགས་དག་གིས་ཀྱང་བརྒྱ་རྩ་བརྒྱད་བསྲེག་གོ། ཀྱང་ཡིག་གིས་བསྡུས་པ། ཕུང་པོ་དྲུག་དང་ཁམས་དྲུག་གི་སྔགས་རྣམས་ཀྱིས་བརྒྱ་རྩ་བརྒྱད་བསྲེག་ཏེ། ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿསྭཱ་ཧཱ་ཞེས་སོ། །དེ་བཞིན་སྐྱེ་མཆེད་རྣམས་ཀྱིས་ཀྱང་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿསྭཱ་ཧཱ་ཞེས་བརྒྱ་རྩ་བརྒྱད་དོ། །དེ་ནས་ལས་དབང་ཡུལ་བཅས་ཀྱི་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿ རྣམས་ཀྱིས་བརྒྱ་རྩ་བརྒྱད་དོ།

p. 108

།དེ་ལྟར་བཞི་བཅུ་ལྷག་པའི་ལྔ་བརྒྱ་རྣམས་ཀྱིས་ཡམ་ཤིང་ལྔ་བརྒྱའི་གྲངས་བཟུང་བར་བྱ་སྟེ། སོ་སོར་སྔགས་བརྒྱ་རྩ་བརྒྱད་བཟླས་པ་བྱའོ། །བགྲང་ཕྲེང་གི་ནི་གྲངས་ནི་བརྒྱ་རྩ་བརྒྱད་དེ་དེ་ལ་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུའི་གྲངས་ནི་བརྒྱ་དང་བཅུ་གཉིས་སོ། །དེའི་ཕྱིར་བགྲང་ཕྲེང་ལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་གྲངས་ཀྱི་གནས་རྣམས་སྤངས་ནས་ལྷག་མ་བརྒྱ་རྩ་བརྒྱད་ཀྱི་བགྲང་ཕྲེང་བྱ་ལ། གོང་གི་བཞི་པོ་ནི་ཕྲེང་བའི་ལྷུན་པོ་མདོ་འཛིན་ལ་རྡོ་རྗེ་བཞི་དག་པའི་ཞལ་ལམ་གདོང་བཞི་བྱའོ། །ལས་ཐམས་ཅད་པའི་སྦྱིན་སྲེག་ལ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་རྫས་ཐམས་ཅད་ལ་བརྒྱ་རྩ་བརྒྱད་ཀྱི་ཚད་དུ་བྱའོ། །ཆོ་ག་འདི་ཉིད་ཀྱིས་ཡམ་ཤིང་དང་འབྲུ་མར་ཁུས་སྦགས་པ་དང་། དཱུར་བ་འོ་མས་སྦགས་པ་རྣམས་རྡོ་རྗེ་ལ་སོགས་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་རེ་སྦྱིན་སྲེག་བྱའོ། །དེ་ནས་སྙིང་པོའི་སྔགས་ཨོཾ་ཧྐྵྨླྺ སྭཱ་ཧཱ་ཞེས་པ་འདིས་ག་གཟར་གྱིས་བླང་བའི་མར་ཁུས་དགངས་གཟར་བཀང་བ་སྐྱིལ་ཀྲུང་དུ་གནས་པ་རབ་ཏུ་ཞི་ཞིང་གཡོ་བ་མེད་པའི་སེམས་དང་ལྡན་པ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་རིག་པ་སྔགས་ཀྱི་ལྷའི་སྐུ་ཡི་རྣལ་འབྱོར་དང་ལྡན་པ་རྡོ་རྗེ་སློབ་དཔོན་ལས་ཀྱི་རྡོ་རྗེ་ཅན་གྱིས་སླར་ཡང་མེ་ལ་བསྲེག་བླུགས་དག་ནི་ངེས་པར་སྦྱིན་པར་བྱའོ། །དེ་ནས་བཀྲ་ཤིས་ཀྱི་དོན་དུ། ཨོཾ་བྷུར་བྷུ་བ༔ སོགས་བཀྲ་ཤིས་པའི་སྔགས་བརྗོད་ཅིང་ཐབ་ཀྱི་ཕྱི་རོལ་དུ་ཕྱིན་ནས་ཆུ་དང་ཟན་དེ་ཕྱོགས་སུ་གཏོར་བར་བྱའོ། །འདིར་རྒྱུད་དུ་བསྟན་པའི་སྔགས་རྣམས་བོད་སྐད་དུ་བསྒྱུར་བ་ཤེས་པར་འདོད་ན་སྔ་འགྲེལ་རྣམས་སུ་ཤེས་པར་བྱ་སྟེ་འདིར་མང་བས་མ་བཀོད་དོ། །དེར་བསང་གཏོར་བྱས་ལ་སླར་ཡང་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་མེ་ལ་ཀུ་ཤའི་བསང་གཏོར་བྱ་ཞིང་། ཨོཾ་ཨཱཿཧཱུཾ་ཀཱ་ཡ་སོགས་ཀྱི་སྔགས་བརྗོད་པར་བྱའོ། །ཐབ་ཀྱི་མེ་སྦར་བའི་དོན་དུ་ཁ་ཡི་ཕུ་མི་བྱ་བར་རླུང་གཡབ་ཀྱིས་བྱའོ། །དེ་ལྟར་ཆོ་གའི་རིམ་པ་ཡིས་ནི་སྦྱིན་སྲེག་བྱས་ནས་འཐོར་འཐུང་བསང་གཏོར་དག་ཀྱང་དེ་བཞིན་

p. 109

མེ་དང་བདག་ཉིད་དག་ལ་ཡང་བྱས་ནས། དྲི་ལ་སོགས་དང་སྤོས་དག་སྔར་བརྗོད་པའི་རིམ་པས་ཕུལ་ནས་དབུགས་ནང་དུ་འཇུག་པ་དང་ཆབ་གཅིག་རང་གི་སྙིང་གའི་པདྨར་ཡེ་ཤེས་ཀྱི་མེ་ནི་བསྡུ་ཞིང་འཇིག་རྟེན་མེ་ལྷ་རང་གནས་སུ་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་ཛཿགཙྪ་སོགས་སྔགས་དང་བཅས་པས་སོ། །དྲུག་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་སྦྱིན་པའི་ངོ་བོ་ཉིད་ཀྱི་གནས་པ་ནི་ཕྱི་ནས་སློབ་མ་ལ་ནི་སོགས་ཚིགས་སུ་བཅད་པ་དོན་བདུན་པའི་ཕྱེད་ནས་བརྒྱ་དང་གསུམ་པའི་བར་གྱིས་བསྟན་ཏེ། དེ་ལྟར་དབང་བསྐུར་བའི་སྔོན་དུ་དཀྱིལ་འཁོར་བཞེངས་པ་སོགས་ནས་སྦྱིན་སྲེག་གི་མཐར་ཐུག་པའི་ལས་རྣམས་བྱས་ཟིན་པའི་ཕྱི་ནས་སློབ་མ་རྣམས་ལ་ནི་དབང་བསྐུར་བ་ཉིད་དཔལ་ལྡན་བླ་མ་མཐའ་དག་ཡོན་ཏན་གཏེར་གྱིས་ངེས་པར་སྦྱིན་པར་བྱའོ། །དེ་ལ་དབང་གི་དོན་དུ་རྫས་དགོད་པ་སོགས་གསུངས་པ། དང་པོར་བདུད་རྩི་ལྔ་ནི་རྒྱལ་བ་མཆོག་གི་རྡོ་རྗེས་བྱིན་གྱིས་བརླབས་པ། ཁ་དག་པ་དང་བསང་གཏོར་སོགས་ཀྱིས་དག་པའི་སླད་དུའོ་ཞེས་གསུངས་པ། རྒྱལ་བ་མཆོག་རིགས་དྲུག་གི་རྡོ་རྗེ་ཡི་སྔགས་ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵ་ཞེས་པ་འདིས་ལན་བདུན་མངོན་པར་བསྔགས་པའི་བདུད་རྩི་ལྔའི་རིལ་བུ་ཉ་ཕྱིས་སམ་དུང་ཆོས་ཀྱི་སྣོད་དུ་བཞག་ལ། དེ་བཞིན་སྒྲོན་མ་ལྔའི་རིལ་བུ་ཡང་དེར་དེ་ལྟར་བྱའོ། །བྱ་བ་དང་རྣལ་འབྱོར་དང་རྣལ་འབྱོར་རྗེས་སུ་རིག་པ་དང་། རྣལ་འབྱོར་མའི་རྒྱུད་དུ་མ་ལས་གསུངས་པའི་རང་གི་སྔགས་རྣམས་ཀྱིས་རྒྱུད་ལས་གསུངས་པའི་ཆོ་གས་སྦྱིན་སྲེག་བྱ་བ་གྲུབ་ཅིང་རྡུལ་ཚོན་བཏབ་སྟེ། སྔགས་ཀྱི་མཚན་མ་རབ་ཏུ་བཀོད་པ་ཡི་དཀྱིལ་འཁོར་བཞེངས་གྲུབ་པ་ན། དཀྱིལ་འཁོར་དེ་ལ་བུམ་པ་སོགས་རྫས་དགོད་པར་བསྟན་ཏེ། འདིར་མ་ཟད་དཀྱིལ་འཁོར་དུ་དབང་བསྐུར་བ་ཀུན་ལ་ལས་ཀྱི་རིམ་པ་དེ་ལྟར་ཡིན་པར་བསྟན་ཏོ། །དཀྱིལ་འཁོར་དེ་ཡི་ཟུར་དུ་ཤེལ་གྱི་བུམ་པ་དཀར་པོ་སྐུད་པ་ལྔ་ཡིས་

p. 110

མགུལ་པ་དཀྲིས་པ་རྣམས་ནི་ཡང་དག་བཞག་པར་བྱ་ཞེས་པ་ཞི་བ་ལ་སྟེ། འདིར་གོང་དུ་སྦྱིན་སྲེག་སོགས་ཀྱི་སྐབས་སུའང་ཞི་བ་གཙོ་ཆེར་བསྟན་པ་ནི་དབང་གི་དོན་དུ་ཡིན་པས་ལས་ཐམས་ཅད་མ་གསུངས་པ་ཡང་དེ་ཡི་དོན་ཡིན་ལ་འགྲེལ་བས་ཁ་བསྐངས་ཏེ་གསུངས་པའོ། །ལས་ལྷག་མ་རྣམས་བུམ་པ་སོགས་ཇི་སྐད་གོང་དུ་གསུངས་པའི་ཆོ་གས་སྐུད་པ་ལྔས་དཀྲིས་ཤིང་མགྲིན་པ་གོས་ཀྱིས་བཅིངས་པ་རྣམས་སོ། །སྐུད་པ་ལྔས་ནི་བུམ་པའི་མགུལ་ཆིངས་ཀྱི་གོས་ཀྱི་སྟེང་དུ་དཀྲི་བ་ཡིན་ཞེས་བླ་མ་དག་གསུངས་འདིར་བུམ་པ་ལྔས་བྱ་བ་ཡིན་ན། དཀྱིལ་འཁོར་གྱི་ཕྱི་རོལ་དག་གི་ས་ལ་ཤར་དུ་རྒྱལ་བའི་བུམ་པ་དང་དེའི་སྟེང་དུ་དྲུག་པ་རྣམ་པར་རྒྱལ་བ་དུང་ཆོས་སོ། །བུམ་པ་བཅུས་དབང་བསྐུར་བྱ་བ་ལ་ཕྱོགས་བརྒྱད་དུ་བུམ་པ་བརྒྱད་དང་། རྒྱལ་བ་དང་རྣམ་རྒྱལ་བུམ་པ་ནི་ཤར་ནུབ་ཀྱི་བུམ་པའི་ཕྱི་རོལ་དུ་སོར་གཉིས་ཀྱི་མ་རེག་པར་བཞག་ཅིང་། ཤར་གྱི་རྒྱལ་བའི་བུམ་པའི་སྟེང་དུ་བཅུ་གཅིག་པ་རྣམ་རྒྱལ་ཆེན་པོའི་བུམ་པ་ནི་དུང་ཆོས་སོ། །དེ་ལྟར་བུམ་པ་བརྒྱ་སྟོང་དུ་བྱས་ན་ཡང་རྣམ་རྒྱལ་ཆེན་པོའི་བུམ་པ་ནི་དུང་སྟེ་ཞི་རྒྱས་དང་ལས་ཐམས་ཅད་པ་ལའོ། །དྲག་པོའི་ལས་ལ་ནི་ཐོད་པའོ། །དབང་དགུག་ལ་ཟངས་སམ་གསེར་གྱི་སྣོད་དང་། རེངས་རྨོངས་སོགས་ལ་ཁམ་ཕོར་དེར་བཞག་གོ། བུམ་པ་རྣམས་ལ་ལས་དང་རྗེས་མཐུན་གྱིས་སྐུད་པས་བཅིངས་ཏེ། གོས་ཀྱིས་མགུལ་དཀྲིས་དང་ཁ་རྒྱན་ཤིང་ཡལ་འདབ་དང་ལྡན་པ་རྣམས་སློབ་དཔོན་གྱིས་བཞག་པར་བྱའོ། །བུམ་པ་གཞན་དུ་རང་རང་གི་རིགས་ཀྱི་ལྷ་སོ་སོ་བསྐྱེད་པ་དང་། དུང་ཆོས་སུ་ལྷ་རྫོགས་པར་བསྐྱེད་པའི་རྣམ་རྒྱལ་ཆེན་པོའི་བུམ་པར་གསུངས་པ་འདི་དང་། རྒྱུད་གཞན་ལས་བུམ་པའི་ཁར་འཇོག་པའི་དུང་ཆོས་ནི་མཆོད་ཡོན་གྱི་སྣོད་དུ་བཤད་ཀྱི་ལྷ་མི་བསྐྱེད་པས་དེ་དང་འདི་དོན་མི་འདྲ་ལ། འདིའི་ལས་བུམ་ཀྱང་དུང་ཆོས་རྣམ་རྒྱལ་ཆེན་པོའི་བུམ་པ་འདིས་འཐུས་པ་སོགས་རྒྱུད་འདིའི་ཆོ་གའི་རྣམ་བཞག་

p. 111

མི་འདྲ་བ་རྣམས་གཞན་དང་མ་འདྲེས་པར་བྱེད་དགོས་སོ་ཞེས་མཁས་པ་དག་གསུངས་སོ། །དེ་ནས་སློབ་དཔོན་གཙོ་བོའི་ཤར་གྱི་ཞལ་དག་གི་མདུན་དུ་འདུག་སྟེ་སྒྲུབ་ཐབས་ལས་བྱུང་བ་ལྟར་སྡིག་བཤགས་སོགས་སྔོན་འགྲོ་དང་། དངོས་གཞི་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་དང་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་བཞི་རྫོགས་པར་བྱ་ལ། དེ་ནས་ཐབས་ཤེས་ཀྱི་རྡོ་རྗེ་པདྨ་མཉམ་པར་སྦྱོར་བ་ལས་སྐྱེས་པའི་ཞིང་ཀུན་སྐད་ཅིག་ལ་རབ་བགྲོད་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཤུགས་ལ་སོགས་ལྔ་པོ་རྣམས་དག་གིས། མཁའ་ཁྱབ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་ནི་མདུན་མཁར་བྱོན་པ་ལ་མཆོད་ཅིང་ཡེ་ཤེས་ཀྱི་འཁོར་ལོ་དེ་ཉིད་རྡུལ་ཚོན་དམ་ཚིག་གི་དཀྱིལ་འཁོར་དུ་བསྒོམ་པ་དག་ལ་ཛཿཧཱུཾ་བཾ་ཧོས་དགུག་གཞུག་བཅིངས་མཉེས་སུ་བྱས་ཏེ་རོ་མཉམ་དུ་བྱ་བ་ནི་དབང་གི་དོན་དུ་རྡུལ་ཚོན་ལ་རབ་ཏུ་གནས་པར་བྱ་བའི་ཆོ་གའོ། །འདིར་དང་པོར་བདག་བསྐྱེད་རྫོགས་པར་བྱས་ནས། དཀྱིལ་འཁོར་ཉེར་བསྡུ་བྱས་ལ་རང་གཙོ་བོ་ཡབ་ཡུམ་གྱི་རྣལ་འབྱོར་ལ་གནས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་མདུན་དུ་བསྐྱེད་པའི་དམ་ཚིག་པ་ལ་ཡེ་ཤེས་བསྲེ་བའི་དོན་དུ། རང་གི་ཐུགས་ཀ་ནས་སྤྲོས་པའི་རྡོ་རྗེ་ཤུགས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་བ་རང་གི་སྤྱི་བོ་ནས་ཞུགས་ཏེ་ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ་བ་བྱང་སེམས་ཀྱི་རྒྱུན་ཡུམ་གྱི་པདྨར་ཕྱུར་བ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་གྱུར་པ་ནི་རྡོ་རྗེ་པདྨ་ཡང་དག་པར་སྦྱོར་བ་ལས་སྐྱེས་པའི་དོན་ཡིན་ལ་དེ་ཉིད་རྡོ་རྗེ་ཤུགས་ཀྱིས་ཡུམ་གྱི་པདྨ་ནས་དྲངས་ཏེ། རྡུལ་ཚོན་དམ་ཚིག་གི་དཀྱིལ་འཁོར་ལ་རོ་མཉམ་བྱ་བ་ཡིན་པར་དམ་པ་དག་གསུངས་སོ། །དེ་ནས་དཀྱིལ་འཁོར་མཆོད་པའི་དོན་དུ་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་དུ་རྣམ་རྒྱལ་བུམ་པའི་མདུན་དུ་ཁྲུ་གང་བའི་མཆོད་པའི་མཎྜལ་བྱས་པ་དེར། ཨོཾ་ཨཱཿཧཱུཾ་ཧོ་ཏྭཻ་དྷཱ་ཧུ་ཀཻ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་སོགས་གསོལ་བ་འདེབས་པའི་མཆོད་ཡོན་འབུལ་བ་དང་། དྲི་

p. 112

ལ་སོགས་པ་དང་ཞབས་བསིལ་དབུལ་བར་བྱའོ། །དེ་བཞིན་ཕྱོགས་དང་ཕྱོགས་བྲལ་ཐམས་ཅད་དུ་ཡང་ལྷ་སོ་སོ་ལ་ལྷ་བཤོས་སོགས་མཆོད་པ་ཐམས་ཅད་འབུལ་བར་བྱ་བ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བྱ་བ་ལས། རྡུལ་ཚོན་དངོས་ལ་མེ་ཏོག་སོགས་དབུལ་ཞིང་དོར་བར་མི་བྱ་སྟེ། དོར་ན་རྡུལ་ཚོན་བསུབས་པར་འགྱུར་ཞིང་། རབ་ཏུ་གནས་པར་བྱས་པའི་རྡུལ་ཚོན་བསུབས་པ་ནི་མཆོད་རྟེན་འཇིག་པའི་ལས་སུ་གཏོགས་པར་འགྱུར་རོ། །དེས་ན་རིགས་ཡོངས་སུ་བརྟག་པའི་མེ་ཏོག་དོར་བ་ཡང་། དཀྱིལ་འཁོར་གྱི་ཕྱི་རོལ་ཤར་སྒོ་རུ་རྣམ་རྒྱལ་བུམ་པའི་སྟེང་དུ་རིགས་ལྔའི་མཚན་མ་བྱས་པ་དེར་དོར་བ་ཡིན་གྱི་དཀྱིལ་འཁོར་དངོས་ལ་མ་ཡིན་ཏེ་དཀྱིལ་འཁོར་དངོས་ལ་དོར་དགོས་ན། ཁྲུ་སྟོང་གི་དཀྱིལ་འཁོར་ལ་སློབ་མས་དོར་བའི་མེ་ཏོག་དཀྱིལ་འཁོར་མཐའི་རྡོ་རྗེ་འབར་བ་སྤངས་ནས་ལྷ་གནས་གང་དུ་ལྷུང་བར་འགྱུར་ཏེ། དེ་ལ་དེའི་རྡོ་རྗེ་འབར་བ་ཡང་རྐང་པ་བཅས་པའི་ཁྲུ་བརྒྱར་འགྱུར་བས་དེ་ལས་བརྒལ་ནས་རིགས་ཀྱི་ཕྱོགས་རྣམས་སུ་མེ་ཏོག་ལྷུང་བ་ནི་ལྷའི་བྱིན་གྱིས་རླབས་མ་གཏོགས་པར་འབྱུང་བ་མ་ཡིན་ནོ། །རྒྱུད་གཞན་དུ་ཁྲུ་གང་པ་སོགས་ཀྱི་དཀྱིལ་འཁོར་དུ་དཀྱིལ་འཁོར་དངོས་ལ་མེ་ཏོག་དོར་བར་གསུངས་པའང་ཡོད་དེ་དགག་དགོས་ཤེས་ན་འདི་དང་དེ་དག་དོན་འགལ་མེད་ཡིན་ནོ། །དེ་ནས་མཆོད་པ་ཕུལ་བ་ལ་སོགས་པའི་སྔགས་གསུངས་པ། ལྷ་དང་ལྷ་མོ་རྣམས་ནི་ཐམས་ཅད་དག་གི་རང་རང་མིང་གི་སྔོན་དུ་ཨོཾ་ཞེས་བྱ་བར་འགྱུར་བ་སྟེ། སྦྱིན་སྲེག་ལ་ནི་མཆོད་སྔགས་སོགས་ཀྱི་ཐ་མར་སྭཱ་ཧཱའི་མཐའ་ཅན་ནོ། །ཐམས་ཅད་ཀྱི་རང་མིང་དང་ས་བོན་གྱི་སྔགས་ནི་སྙིང་པོ་དེ་བཞིན་ཉིད་དེ་དཀྱིལ་འཁོར་མཆོད་པ་དག་ལ་ན་མཿའི་མཐའ་འོ། །འདིར་སྙིང་པོའི་སྔགས་ནི་སྭཱ་ཧཱའི་མཐའ་ཅན་སྦྱིན་སྲེག་ལ་སྟེ་དེ་བཞིན་ཉིད་དུ་མཆོད་པ་དག་ལ་ན་མཿའི་མཐའ། ཞེས་པའི་དོན་ཡིན་ནོ། །ཛཿཧཱུཾ་བ༷ཾ་ཧོ༷་ཞེས་པའི་མཐའ་རྟེན་འདི་རྣམས་ནི་ལྕགས་ཀྱུ་དང་ཞགས་པ་ལ་

p. 113

སོགས་རིམ་པས་ཡོངས་སུ་བཀོད་པའི་ཕྱག་རྒྱའི་དོན་དང་ལྡན་པ་རྣམས་ནི་ལྷ་རྣམས་སྤྱན་དྲངས་པ་དང་གཞུག་པ་དང་བཅིངས་པ་དང་མཉེས་པ་ལའོ། །མཆོད་ཡོན་སྦྱིན་པ་ལ་ཡང་ཨི༷་ད༷ཾ་གྲྀ༷ཧྞ་གྲྀ༷ཧྞ་ཨརྒྷ༷ཾ་ཀ༷ཾ་མེ་ཞེས་པར་འགྱུར་ཏེ། ཨི་དཾ་འདི་གྲྀཧྞ་ལན་གཉིས་བརྗོད་པ་ཟུངས་ཟུངས་ཨརྒྷཾ་ཀཾ་མཆོད་ཡོན་མེ་བདག་གི་ཞེས་པ་སྟེ་བདག་གི་མཆོད་ཡོན་འདི་ཟུངས་ཟུངས་སམ་དོན་གྱིས་བཞེས་བཞེས་ཞེས་པའོ། །རྒྱས་པ་ལ་ནི་སྭཱ་ཧཱའི་མཐའ་རྟེན་བྱས་པ་ཡི་སྔགས་སུ་འགྱུར་ཏེ་ན་དང་བཅས་པའི་རང་བཞིན་གྱི་ཡི་གེའོ། །ཀྱེ་མི་བདག་ཞི་བ་ལ་ནི་འདི་ལྟར་ན་མཿའི་མཐའ་ཞེས་པ་ཆུའི་རང་བཞིན་ནོ། །དགུག་པ་ལ་ནི་བཽ་ཥཊ་མཐའ་རུ་འགྱུར་ཏེ་མེ་དང་སའི་རང་བཞིན་ནོ། །བ་ཥ་ཊ་མཐའ་ཡང་དབང་ལ་འགྱུར་ཏེ་མེའི་རང་བཞིན་ནོ། །དེ་བཞིན་ཉིད་དུ་ནི་ཧཱུཾ་ཡིག་མཐའ་ཅན་མངོན་སྤྱོད་དབྱེ་བསྐྲོད་བསད་པ་ལ་སྟེ་ང་དང་མེའི་རང་བཞིན་ནོ། །རང་བཞིན་ཡོན་ཏན་དབང་གིས་ཕཊ་ཡིག་གི་མཐའ་ཅན་ནི་ཕུར་བུས་གདབ་པ་དང་། རེངས་པ་སོགས་ལའོ་ཞེས་པ་ལྷུན་པོ་དང་སའི་རང་བཞིན་ནོ། །རྨོངས་པ་ལ་ཡང་རླུང་དང་སའི་རང་བཞིན་ནོ། །ཡང་ན་ཐམས་ཅད་དུ་གསད་པ་སོགས་དབྱེ་བསྐྲད་དང་། རྨོངས་རེངས་ཕུར་གདབ་དྲུག་ཀར་ཧུཾ་ཐུང་དང་ཕཊ་མཐའ་བྱ་སྟེ། ལས་ཀྱི་བཟླས་པ་དང་། ལས་སྒྲུབ་པའི་སྦྱིན་སྲེག་དང་མཆོད་པ་སོགས་ལ་དེ་ལྟར་སྔགས་པས་བྱའོ། །དེ་ནས་ལས་སྒྲུབ་པའི་ལྷའི་ཁ་དོག་གསུངས་པ། ཞི་རྒྱས་ལ་ལྷ་ཁ་དོག་དཀར་པོ་དང་། དབང་དགུག་ལ་དམར་པོ་དང་། གསད་བསྐྲད་དབྱེ་བ་ལ་ནག་པོ་དང་། རྨོངས་རེངས་ཕུར་གདབ་ལ་མཆོག་གི་གསེར་དང་མཚུངས་པ་སེར་པོ་དག་སྟེ་ལས་ཀྱི་དབྱེ་བ་དག་གིས་སྔགས་ཀྱི་ཁ་དོག་དང་འོད་ཟེར་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཁྱབ་བྱེད་རྣམ་པར་དག་པའི་ས་བོན་ནམ་གཞི་ལྟ་བུ་གང་ཡིན་པ་གསུངས་པ། འདིར་ཤར་དུ་རླུང་རྣམ་པར་

p. 114

དག་པས་དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་དག་ནི་སྤྲིན་ནག་པོ་དང་མཚུངས་པ་ཁ་དོག་ནག་པོའི་རྩ་ཞལ་ནི་ཤར་གྱི་སའི་ཆ་ཀུན་ཏུ་ཁྱབ་པར་བྱེད་པའོ། །བྱང་དུ་ཆུ་ཁམས་དག་པ་སྐུ་ཡི་རྡོ་རྗེ་དང་། ལྷོ༷་རུ་མེ་དག་པ་གསུང་གི་རྡོ་རྗེ་དང་། ནུབ་ཏུ་ས་དག་པ་ཡང་ནི་རང་གི་རིགས་ཀྱི་ཕྱོགས་སུ་གནས་པ་ཡེ་ཤེས་རྡོ་རྗེ་སྟེ། འདི་དག་གི་ཁ་དོག་ནི་རིམ་པ་བཞིན་དུ་དཀར་དང་དམར་དང་སེར་པོ་དག་ནི། རིགས་ཀྱི་དབང་གིས་རང་རང་གི་ཕྱོགས་བྱང་དང་ལྷོ་དང་ནུབ་ཀྱི་ས་ཡི་ཆ་ལ་ཁྱབ་པར་བྱེད་པར་འགྱུར་རོ། །རང་རིགས་ཕྱོགས་སུ་གནས་པ་ནི་མཐའི་གསལ་བྱེད་དེ་གོང་མ་གསུམ་ལའང་ཤེས་པར་བྱ་བ་འདི་འདྲ་སྐབས་ཀུན་དུའང་འབྱུང་ངོ་། །དེ་བཞིན་རིམ་པར་སྒྲ་གཅན་ཟླ་བ་ཉི་མ་དུས་མེ་དག་པས་ཞལ་བཞིའི་དབྱེ་བས་སའི་ཆར་ཤེས་པར་བྱའོ། །ཁམས་བཞི་པོ་དེ་དག་གི་སྐྱེ་གནས་རླུང་གི་ཨི་མེ་ཡི་རྀ་ཆུ་ཨུ་དང་ས་ཡི་ལྀའོ། །དེ་བཞིན་དུ་ཁམས་དེ་དག་གི་ལྷ་རྣམས་དག་གི་སྐྱེ་བའི་གནས་ས་བོན་ནི་ཀྱེ་མི་ཡི་བདག་པོ་འདུ་བྱེད་དོན་གྲུབ་སོགས་ཀྱི་ཨི༷་རྀ༷་ཨུ་ལྀ༷་རིམ་བཞིན་ཤེས་པར་བྱའོ། །ཨ་ཡིག་ནམ་མཁའི་སྐྱེ་གནས་རྣམ་ཤེས་ཕུང་པོའི་རང་བཞིན་ནོ། །དེ་ལྟར་རང་བྱུང་རྩ་བའི་དབྱངས་ཨ་ཨི་རྀ་ཨུ་ལྀ་ལྔ་ནི་མཁའ་རླུང་མེ་ཆུ་ས་ལྔ་དང་། རྣམ་ཤེས་འདུ་བྱེད་ཚོར་བ་འདུ་ཤེས་གཟུགས་ཀྱི་ཕུང་པོ་ལྔ་ཡིན་པས་ཁྱབ་བྱེད་ལྔ་པོ་འདིས་གཞི་ལམ་འབྲས་བུའི་ཆོས་ཀུན་བསྡུས་ཏེ། རྣམ་ཤེས་ཡེ་ཤེས་གཅིག་ཏུ་སྦྱོར་བ་དང་། ནམ་མཁའ་སྟོང་པ་གཅིག་ཏུ་སྦྱོར་བས་འདི་ལྔས་ཐམས་ཅད་ལ་ཁྱབ་པ་ཡིན་པས་མ་དག་པའི་ཕུང་ཁམས་དང་སྒྲིབ་བྲལ་གྱི་ཕུང་ཁམས་གང་ལའང་ས་བོན་འདི་དག་སྤྱིར་གྱུར་པ་སྟེ་རྩ་བ་གཞོམ་མེད་ལྔ་དང་དབྱངས་ཡིག་ལྔའོ། །རིགས་ལྔ་པོ་དེ་ལས་སྤྲོས་ནས་རིགས་དྲུག་དང་སོ་དྲུག་དང་རིགས་བརྒྱ་དང་བསམ་ཡས་སྒྱུ་འཕྲུལ་དྲ་བའི་རིགས་ཀྱི་བར་དུ་འགྱུར་ལ། རིགས་ལྔ་ཡང་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རིགས་བཞིའམ། སྐུ་གསུང་ཐུགས་

p. 115

ཀྱི་རིགས་གསུམ་མམ། ཐབས་ཤེས་ཀྱི་རིགས་གཉིས་དང་། ཟུང་འཇུག་ངོ་བོ་ཉིད་སྐུ་གསང་ཆེན་རིགས་གཅིག་ཏུ་འགྱུར་བ་ཡིན་པས་ཡི་གེ་འདི་དག་གིས་ཆོས་སྒོ་བསམ་གྱིས་མི་ཁྱབ་པའི་གནས་མཚོན་པར་འགྱུར་རོ། །དེ་ནས་ཕྱག་རྒྱས་གདབ་པའི་དོན་དུ་ཕྱག་རྒྱའི་ས་བོན་གསུངས་པ། ཨོཾ་ཨཱཿཧུ༷ཾ་ནི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་གསུམ་སྟེ་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧུ༷ཾ་ནག་པོ་གསུམ་ནི་ཐབས་ཀྱི་ཕྱག་རྒྱའོ། །ཤེས་རབ་ཀྱི་ལྟེ་བར་སྭཱ། གསང་བར་ཧཱའི་ཡི་གེའམ་ཚིག་འབྲུ་དང་བཅས་པ་ཕལ་ཆེར་དབྱངས་རིང་པོའི་དབྱེ་བ་ལས་ཀྱང་ལྔ་སྟེ་ཟླ་རྐང་དང་པོ་དང་བཅུ་གསུམ་པར་ལྔ་ཡིན་པ་བཞིན་དུ་ལྔ་དང་། ཉི་མར་དུས་ཞེས་པ་ལྟར་ན་ཉི་རྐང་གསུམ་གྱི་གྲངས་འབྲུ་གསུམ་མོ། །རྩ་བར་སྡེབ་སྦྱོར་གྱི་དབང་གིས་སྭ་ཧ་ཐུང་ངུར་བྱས་པ་དེ་རིང་པོར་གོ་ཕྱིར་རིང་པོའི་དབྱེ་བ་ཞེས་གསུངས་སོ། །དེ་བཞིན་ཧུ༷ཾ་ཐུགས་ཀྱི་ཞལ། ཨཱཿགསུང་གི་ཞལ། ཨོཾ་སྐུའི་ཞལ་ཧོ༷ཿཡེ་ཤེས་ཀྱི་ཞལ་ཏེ། རང་གི་ཞལ་བཞི་པོ་རྣམས་ཀྱི་ཡི་གེའོ། །གང་གིས་གཙོ་བོ་རྒྱས་འདེབ་བྱེད་འབྲུ་གོང་བསྟན་ལྔ་དང་། དེ་ལས་གཞན་པ་དག་ཀྱང་རྒྱས་འདེབ་བྱེད་དེ་བཞིན་དུ་གཞོམ་དུ་མེད་པ་སྟོང་པ་ཆེན་པོ་འགྱུར་མེད་ལྔ་པར་འགྱུར་རོ། །ཨཱ་ལ་སོགས་པ་དབྱངས་དྲུག་དང་བཅས་པའི་ཏྲ༷ྃ་ཡིག་སོགས་དྲུག་སྟེ་རོ་རྐང་ཞེས་ཡན་ལག་གི་སྔགས་རྐང་པ་དྲུག་ན་མཿསོགས་ཀྱི་མཐའ་རྟེན་དྲུག་དང་བཅས་པ་ནི་དཔལ་ལྡན་ཡན་ལག་དྲུག་ཏུ་འགྱུར་ཏེ། ཨོཾ་ཧླཱྀ་ན་མཿཞེས་པ་ཞི་བ་དང་། ཨོཾ་ཧྲཱུྃ་སྭཱ་ཧཱ་ཞེས་པ་རྒྱས་པ་དང་། ཨོཾ་ཧྲྼཱྀ་བཽ་ཥ་ཊ་དགུག་པ། ཨོཾ་ཧྲཱྀཾ་ཧཱུྃ་མངོན་སྤྱོད་དབྱེ་བསྐྲད། ཨོཾ་ཧྲཱཾ་བ་ཥ་ཊ་དབང་། ཨོཾ་ཧྲཿཕཊ་ཅེས་པ་རྨོངས་རེངས་མཐའ་ཅན་ཏེ། གྲངས་ཀྱི་རིམ་པ་དེ་བཞིན་སྙིང་ག་དང་མགོ་བོ་དང་། གཙུག་ཏོར་དང་། ཡན་ལག་རྣམས་ལ་གོ་ཆ་དང་། མིག་དང་། ཕྱོགས་ཀུན་དུ་མཚོན་ཆ་དགོད་པའི་སྔགས་དང་ས་བོན་ཏེ། རིམ་

p. 116

བཞིན་ས་ཆུ་མེ་དང་རླུང་དང་སྟོང་པ་དང་ཡེ་ཤེས་ཀྱི་དབྱངས་དྲུག་དང་བཅས་པ་ཧྲཾ་ཡིག་གི་སྔགས་ཉིད་དེ་ལྟར་ཡན་ལག་དྲུག་གོ། ས་བོན་ཕྲེ༷ཾ་གྱི་ཡི་གེ་ནི་སྣ་ཚོགས་ཡུམ་གྱིར་འགྱུར་ཏེ་དེའི་ས་བོན་ནོ། །རྣམ་བཅུ་བརྩེགས་པའི་སྔགས་སམ་ཧྐྵྨླྻ་རྣམ་བཅུ་དབང་ལྡན་གྱི་སྔགས་ཞེས་ཀྱང་བྱ་སྟེ། འདི་ནི་རྒྱལ་བ་དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པ་དག་གི་སྔགས་ཏེ་སྔགས་ཀྱི་རྒྱལ་པོའོ། །ཧུ༷ཾ་ཡིག་ནི་གཙོ་བོ་ཡབ་ཀྱི་ཡེ་ཤེས་ཀྱི་ས་བོན་ཏེ་ཤེས་རབ་དང་ཐབས་སོ་སོར་བསྐྱེད་པའི་ཚེ་ཡབ་བསྐྱེད་པའི་ས་བོན་ནོ། །སྙིང་པོ་དག་ཀྱང་བརྩེགས་པ་ཆེན་པོའི་སྔགས་གོང་བཤད་རྣམ་བཅུ་བརྩེགས་པའམ་རྣམ་བཅུ་དབང་ལྡན་གྱི་སྔགས་དེ་ཉིད་དེ་བཟླ་བྱའི་སྙིང་པོའང་དེ་ཡིན་ལ། དེ་ནི་རྡོ་རྗེ་བཞི་ཡི་ཞལ་གྱི་སྔགས་ཨོཾ་ཨཱཿཧུཾ་ཧོ་དང་བཅས་པ་སྟེ་སྙིང་པོའི་དམ་པའོ། །རཱཧཾ་ཡིག་ལ་སོགས་ཡན་ལག་དྲུག་པོ་སྐུ་ཡི་རྡོ་རྗེ་ཨོཾ་ཡིག་དང་པོར་ལྡན་པ་འདི་ནི་ཉེ་སྙིང་ངོ་ཞེས་པ་ཉེ་བའི་སྙིང་པོ་ཡིན་ཏེ། ཨོཾ་ཧྲཱྀཾ་ཧྲཱིཾ་ཧྼཱྀ ་ཧྲླཱུ་ཧྲྀཾ་ཧྲཿ ཞེས་པ་འདི་སྐྱེད་པའི་རིམ་པས་ལས་ཐམས་ཅད་སྒྲུབ་པ་ལ་སྟེ། ཧྲླཱྀ་ཧྲཱུཾ་ཧྲཱིཾ་ཧྲཱཾ་ཧྲཿ ཞེས་སྡུད་རིམ་དུ་བཟླས་ན་དྲག་པོའི་ལས་སུ་འགྱུར་རོ། །གཞན་ལྷ་དང་ལྷ་མོ་རྣམས་ཀྱི་ཕྲེང་བའི་སྔགས་ནི་དེ་བཞིན་གཞན་དུ་འགྱུར་ཏེ། སྔགས་དེ་ཡང་ལས་ཀྱི་དབྱེ་བ་དུ་མ་ཡིས་རྣམ་པ་མང་པོ་ཡི་སྔགས་ཀྱི་ཚིག་དུ་མར་འགྱུར་བ་ཤེས་པར་བྱ་སྟེ་རྐང་པ་དོན་གཉིས་པ་ལ་སོགས་པ་བཞིན་ནོ། །དུས་ཀྱི་འཁོར་ལོ་ཡི་དཀྱིལ་འཁོར་འདིར་ནི་ས་ལ་སོགས་པ་འབྱུང་བའི་རང་བཞིན་ཡོན་ཏན་དབང་གིས་ལྷ་དང་ལས་ཀྱི་སྔགས་རྣམས་ཐམས་ཅད་བཤད་པ་ཡིན་ཏེ། སྒྲུབ་ལེའི་ཚིགས་བཅད་བརྒྱ་རེ་བརྒྱད་པ་སོགས་འཆད་འགྱུར་ལས་ཀྱང་བརྗོད་པར་འགྱུར་བ་དག་གིས་སོ། །དེ་ལྟར་རྒྱུད་གཞན་ཐམས་ཅད་ལ་ཡང་ངེས་པའོ། །ད་ནི་ལྷ་རྣམས་ཀྱི་མཆོད་པ་གསུངས་པ། སྔར་བརྗོད་པ་བཞིན་དུ་མདུན་དུ་ལྷ་རྣམས་བསྒོམ་པ་ལ་ཡེ་ཤེས་པ་རོ་མཉམ་དུ་བསྲེས་ནས། སྔར་བཤད་མཆོད་པའི་སྔགས་རྣམས་ཀྱི་མཆོད་ཡོན་སོགས་

p. 117

ཀྱིས་མཆོད་པར་བྱ་སྟེ། མཆོད་པའི་དོན་དུ་དང་པོར་ཙན་དན་ལ་སོགས་པའི་དྲི་ཡི་ཆུ་མཐེ་བོ་དང་མིང་མེད་ཀྱིས་བཟུང་ནས། དྲིའི་ཐིགས་ལེ་བཀོད་པའི་མཎྜལ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བྱས་ལ་དེར་གཙོ་བོ་ལ་སོགས་པ་ལྷ་ཐམས་ཅད་ལ་མཆོད་པར་བྱའོ། །དེ་ཡང་ལྷ་ཐམས་ཅད་ཀྱི་རང་རང་གི་མིང་གི་དང་པོར་ཨོཾ་སྦྱིན་ཞིང་། ལས་ཐམས་ཅད་ཀྱི་མཆོད་པ་ལ་མིང་གི་མཐར་ན་མཿཞེས་པར་འགྱུར་ཞིང་། རྒྱས་པ་སོགས་ལ་སྭཱ་ཧཱ་མཐར་སྦྱར་བར་བྱའོ། །འདིར་ལས་ཐམས་ཅད་པ་ལ་མཆོད་པའི་སྔགས་རྩ་རྒྱུད་ལས་གསུངས་པ། ཨོཾ་བུདྡྷཱ་ཡ་ན་མཿ སོགས་མཆོད་ཡུལ་ཐམས་ཅད་ཀྱི་མཚན་དང་སྦྱར་བའི་སྔགས་འགྲེལ་པ་ལས་གསུངས་པ་ལྟར་རོ། །འདིར་མཆོད་ཡོན་དང་ཉེར་སྤྱོད་ལྷ་རེ་རེ་བཞིན་རྐང་ཐོན་དུ་དབུལ་ན་ལེགས་མོད་ཀྱི་ཤིན་ཏུ་མང་བས་དེ་ལྟར་བགྱིད་དཀའ་བ་ལ་མཆོད་པ་ཅི་འབྱོར་བྱས་ནས་ལྷ་སོ་སོ་ལ་མཉེས་པར་ཕུལ་བར་མོས་པས་སྔགས་ཅི་རིགས་སྦྱར་བ་བླ་མ་གོང་མ་དག་གི་ཕྱག་བཞེས་བཞིན་བྱའོ། །དེ་ནས་མཆོད་པའི་དངོས་པོ་ཚན་གྲངས་སུ་བྱས་པ་དུ་མ་གསུངས་པ། ཨིནྡྲ་ནཱི་ལ་སོགས་རིན་ཆེན་སྣ་ཚོགས་དང་། གསེར་གྱི་མེ་ཏོག་དང་ཟླ་བ་ལྟ་བུའི་དངུལ་གྱི་མེ་ཏོག་སོགས་སྣ་ཚོགས་དང་ནི་ཁ་དོག་ལྔ་ལྡན་རྣམ་པ་མང་པོའི་གོས་བཟང་པོ་དང་། དྲི་མཆོག་རྣམས་དང་། སྤོས་བཟང་པོ་དང་། མར་མེ་དང་། དྲིལ་བུ་དང་། མེ་ལོང་དང་། བླ་རེ་དང་ནི་རྣམ་པ་མང་པོའི་འབྲས་བུ་དང་བ་དན་ཁ་དོག་ལྔ་པ་སོགས་དང་། གར་དང་རོལ་མོ་ཡིས་རྣམ་པར་བཀྲ་བའི་མཆོད་པ་བྱས་ཏེ་གཞན་ཕྱི་ནང་གི་མཆོད་པ་རྣམ་པ་བཅུ་དག་ཀྱང་འཆད་འགྱུར་ལྟར། བདག་ཉིད་ཀྱི་ཇི་ལྟར་ནུས་པས་ཇི་ལྟར་རྒྱུད་ལས་གསུངས་པ་བཞིན་མཆོད་པ་བྱས་ཏེ། དེ་ནས་རྡོ་རྗེ་སློབ་དཔོན་དག་གི་ཞབས་ཀྱི་རྩ་བར་མཆོག་གི་སློབ་བུ་ཡིས་ཡོན་ནི་རང་གི་སྒོ་གསུམ་དག་པའི་སླད་དུ་དབུལ་བར་བྱ་སྟེ། ལུས་དང་ངག་དང་སེམས་རྣམ་པར་དག་པ་གསུམ་གྱིས་ཅི་འབྱོར་པའི་རྫས་དང་བདག་ཉིད་ཀྱི་ལུས་དང་

p. 118

བུ་དང་བུ་མོ་དང་བཅས་པ་དང་། གལ་ཏེ་རང་ལ་བུ་མོ་མེད་ན་རང་གི་རིགས་སམ་གཞན་གྱི་རིགས་ལས་སྐྱེས་པའི་གཞོན་ནུ་མ་རིགས་བཟང་དབུལ་བར་བྱའོ། །དེ་ལྟར་ཡོན་ཕུལ་ཏེ་གསོལ་བ་གདབ་པ་ནི། དེ་རིང་ཉིད་ནས་མི་བཟད་འཁོར་བས་འཇིགས་པ་བདག་ནི་རྒྱལ་བ་རྣམས་ལ་བྱང་ཆུབ་མཆོག་ཐོབ་པའི་བར་དུ་སྐྱབས་སུ་ལྷག་པར་མཆིའོ། །རྒྱལ་བ་ཀུན་གྱི་གདུང་འཛིན་རྡོ་རྗེ་སློབ་དཔོན་ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ། ལུས་ངག་སེམས་ནི་དག་པས་སྐྱབས་སུ་མཆི་ཞིང་གསོལ་བ་འདེབས་སོ། །ཞེས་པས་ཚིག་འདིས་གསེར་དང་བཅས་པའི་མེ་ཏོག་དག་གིས་མཎྚལ་བྱས་ནས་བླ་མ་ལ་ནི་གསོལ་བ་གདབ་པར་འགྱུར་ལ། དེ་ནས་རྒྱལ་བ་རིགས་དྲུག་གི་གོ་འཕང་ལ་གནས་པའི་སྨོན་ལམ་གདབ་ཅིང་དམ་བཅའ་བཟུང་བ་ནི། འདོད་པའི་ལྷ་རྡོ་རྗེ་ཡི་རིགས་ལ་ནི་ཡིག་ལྔ་ཡི་གེ་དྲུག་གི་རང་བཞིན་མཚོན་པ་རྡོ་རྗེ་དང་དྲིལ་བུ་དང་། ཕྱི་དང་ནང་གི་ཡབ་དང་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་བླ་མ་དག་ཀྱང་མི་འབྲལ་གུས་པས་སྤྱི་བོས་གཟུང་བར་བགྱིའོ། །རིན་ཆེན་རིགས་ལ་ནི་བསོད་ནམས་ཀྱི་སླད་དུ་སྦྱིན་པ་རྣམ་པ་བཅུ་སྦྱིན་པར་བགྱི་སྟེ། རིན་ཆེན་ལྕགས་ཟས་བ་ལང་རྟ། །གླང་ཆེན་བུ་མོ་ནོར་འཛིན་དང་། །འདོད་པའི་ཆུང་མ་རང་གི་ཤ །སྦྱིན་པ་རྣམ་པ་བཅུ་རུ་འདོད། །ཅེས་པ་སྟེ་རིན་ཆེན་ལྔ་སྟེ་དབང་སྔོན་པད་རག་མར་གད་ཆུ་ཤེལ་ཀར་ཀེ་ཏ་ལྔ་དང་། ལྕགས་ལྔ་ནི་གསེར་དངུལ་ཟངས་ལྕགས་ཁབ་ལེན་ལྔ་ལ་བཤད། ནོར་འཛིན་ནི་ས་གཞི་སྦྱིན་པ་སྟེ་གཞན་རྣམས་གོ་སླའོ། །ཡིད་བཞིན་གྱི་ནོར་བུ་བསྒྲུབ་ནས་སེམས་ཅན་ཐམས་ཅད་ལ་ཅི་འདོད་སྦྱིན་པར་བགྱིའོ་སྙམ་དུ་སྨོན་པའོ། །འཁོར་ལོ་ཡི་རིགས་འདི་ལ་རྒྱལ་བ་མཆོག་རྣམ་སྣང་གི་དམ་ཚིག་བསྐྱང་བར་བྱ་བ་ནི་བདུད་རྩི་ལྔ་དང་གོ་ཀུ་ད་ཧ་ན་སྟེ་ཤ་ལྔ་བསྟེན་པ་དང་། ནང་དུ་ཕུང་པོ་དང་དབང་པོའི་ཚོགས་པ་བསྲུང་བར་བགྱི་བར་སྨོན་པའོ། །རལ་གྲི༷་ཡི་རིགས་ལ་ནི་བླ་མ་དམ་པ་

p. 119

དང་སངས་རྒྱས་བྱང་སེམས་རྣམས་དང་གཞན་རྣམས་ལ་ཡང་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བགྱི་སྟེ་གསལ་བར་ཆུ་སྐྱེས་པདྨའི་རིགས་ལ་རིགས་དང་རིགས་མ་ཡིན་པ་ལ་མངོན་པར་བགྲོད་པ་ན་ཡང་། པདྨ་ལ་རིག་པས་ཁུ་བ་མི་ཉམས་པར་འཛག་པ་མེད་པའི་ཚུལ་ཁྲིམས་ཚངས་པར་སྤྱོད་པའི་སྡོམ་པ་དག་ནི་བསྐྱང་བར་བགྱིའོ། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་སྐྱེད་མཛད་རྡོ་རྗེ་སེམས་དཔའི་རིགས་ལ་རྡོ་རྗེ་རྩེ་གཅིག་པ་ལྟར། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་ཕྱག་རྒྱ་ཆེན་པོ་དོན་དམ་པའི་བྱང་ཆུབ་སེམས་ནི་བདག་གིས་བསྐྱེད་པར་བགྱིའོ་ཞེས་སྨོན་ལམ་གདབ་པར་བྱའོ། །དེ་ལྟར་སྨོན་ཅིང་དབང་བསྐུར་བའི་སླད་དུ་གསོལ་བ་བཏབ་པས་བླ་མ་དགྱེས་བཞིན་པས། སློབ་མ་དམ་པ་ཁྲུས་བྱས་ཤིང་དྲི་བཟང་པོ་ཡིས་ལུས་ལ་རྗེས་སུ་བྱུགས་པའི་བརྟུལ་ཞུགས་ཀྱི་ངེས་པ་དང་ལྡན་པ་དེ་ཉིད་དཀྱིལ་འཁོར་གྱི་ཤར་གྱི་སར་ནི་བཞག་པར་བྱས་ཏེ། དངོས་གྲུབ་བརྟག་པའི་དོན་དུ་སོ་ཤིང་སྔགས་བརྗོད་པའི་ཆོ་གས་རྒྱལ་བ་མཆོག་གི་རྡོ་རྗེ་ཨོཾ་ཨཱཿཧཱུྃ་འདི་དག་གིས་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ། སློབ་མའི་ལག་པར་རབ་ཏུ་སྦྱིན་པར་བྱ་ཞིང་སོ་ཤིང་དེ་ཉིད་སློབ་མས་གསོར་ནས་མཎྜལ་དུ་ལྟོས་པ་མེད་པར་དོར་བར་བྱའོ། །ཕྱོགས་ཀྱི་ཆ་གང་དུ་ལྷུང་བ་དེ་དང་དེའི་ལས་རབ་འབྱམས་འགྲུབ་པར་འགྱུར་ཏེ། ཕྱོགས་བརྒྱད་པོ་རྣམས་སུ་ཞི་སོགས་ལས་བརྒྱད་སྔར་བཤད་པ་བཞིན་དུའོ། །དེ་ནས་ཁྱོར་ཆུ་ལན་གསུམ་ཕྱིན་པས་ཁ་དག་པར་བྱས་ཏེ། དཀྱིལ་འཁོར་ཡོལ་བས་བསྒྲིབ་པའི་ཤར་གྱི་སར་སློབ་མ་ཁྲིད་ནས་ལྕེ༷་ལའང་བདུད་རྩི་ལྔ་སྦྱིན་པར་བྱའོ། །དེ་ནས་ལྷ་དབབ་པའི་དོན་དུ་ངེས་པར་རྒྱལ་བ་མཆོག་གི་དམ་ཚིག་དག་གིས་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་སྤོས་བསྒྲུབ་ཟིན་པ་བདུག་པ་ནི་ལྷ་ཡེ་ཤེས་པ་སློབ་མ་ལ་དབབ་པའི་དོན་དུའོ། །དབབ་པའི་སྔགས་ནི་གཙོ་བོར་ཧུ༷ཾ་གི་ཡི་གེ་གཅིག་སྟེ། དེ་ཉིད་མཐར་བཞག་པའི་ཨ་ར་ལ་དང་བཅས་པ་ཁྲོ་པོའི་གཙོ་བོ་རྡོ་རྗེ་ཤུགས་བསྐུལ་བ་

p. 120

དང་དབབ་པར་བྱེད་པའོ། །ཞེས་པ། ཨོཾ་ཨ་ར་ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་བེ་ཤ་ཡ་ཧཱུྃ་ཞེས་པའི་སྔགས་འདི་ཉིད་བཟླས་པ་བྱེ་བ་དང་སྦྱིན་སྲེག་འབུམ་བཅས་སྔོན་དུ་བསྙེན་པ་བྱས་ན་དེས་འགྲུབ་པར་འགྱུར་ཏེ་དྲན་པ་ཙམ་གྱིས་ཁྲོ་བོ་འབེབས་པར་བྱེད་དོ། །སྤྱིར་དབབ་པ་ལ་རྫས་འབའ་ཞིག་གི་མཐུས་དབབ་པ་ནི། ཡི་དྭགས་ཁར་ནི་གུ་གུལ་གཞུག །མར་ངོའི་ཡི་དྭགས་ཉིན་ཞག་ལ། །ཡི་དྭགས་མེས་བསྲེག་བདུག་པས་ནི། །འགྲོ་བ་མ་ལུས་འབེབ་པར་བྱེད། །ཅེས་དང་། ཐོད་པ་དེ་དང་གསེར་ཤིང་གི། འབྲས་བུ་མ་དུ་ལུང་ག་དང་། །ཨ་ལ་ཙི་ཏྲ་ཤུ་དག་དང་། །ཁྱིམ་བྱའི་སྒོ་ངས་བདུག་ན་འབེབས། །ཞེས་དཱ་རི་ཀས་དབང་གི་རབ་བྱེད་དུ་དྲངས་པ་ལྟ་བུའང་ཡོད་མོད་ཀྱི་དེ་ཙམ་དབབ་པ་མཆོག་མ་ཡིན་ནོ། །འདིར་མཆོག་གི་དབབ་པའི་སྔགས་དོན་ནི། ཨོཾ་ཨཱཿཧཱུྃ་རྡོ་རྗེ་གསུམ། ར་མེ་ལ་སའི་ས་བོན་ཏེ། དེ་དག་ལ་ཡང་རྡོ་རྗེ་བཞི་དག་པས་ལན་བཞིར་བརྗོད་ཅིང་། སྡིག་པ་བསྲེག་པ་དང་ལྷ་རྒྱས་པའི་དོན་ནོ། །ཞེས་དང་དབབ་པའི་དམིགས་པ་ནི། སློབ་མ་གཙོ་བོར་བསྐྱེད་ནས། རང་དུས་འཁོར་ཡབ་ཡུམ་སྙོམས་པར་ཞུགས་པའི་འོད་ཟེར་གྱིས་རྡོ་རྗེ་ཤུགས་བསྐུལ་བས། ཡེ་ཤེས་པ་ཐམས་ཅད་བཀུག་སྟེ་སློབ་མའི་གཙུག་ཏོར་དུ་གཙོ་བོ་རྡོ་རྗེ་ཤུགས་དང་བཅས་པ། སྙིང་གར་ནུས་མ། དཔྲལ་བར་སངས་རྒྱས་ཡབ་ཡུམ། མགྲིན་པར་སེམས་དཔའ་སེམས་མ་ཐུགས་ཀྱི་སྒོ་སྐྱོང་བཅས་དང་། ལྟེ་བར་གསུང་གི་ལྷ། གསང་བར་སྐུའི་ཁྲོ་བོ་ཡབ་ཡུམ། ལས་ཀྱི་འཁོར་ལོ་ལ་ལྷ་ཆེན་བཅུ་གཉིས་དང་། བྱ་བའི་འཁོར་ལོ་རྣམས་ལ་ཀླུ་དང་རབ་གཏུམ་མ་རྣམས་ཐིམ་པར་བསྒོམ་ཞེས་བླ་མ་རྣམས་གསུངས་སོ། །ཕེབས་པའི་མཚན་མ་ནི་སློབ་མ་ལ་ཁྲོ་བོའི་རྒྱལ་པོ་ཕེབ་པ་དག་ཏུ་གྱུར་ན། མཚོན་ཆས་མཛེས་པའི་ལག་པ་ངག་གིས་བདུད་ཀྱི་ཚོགས་རྣམས་ལ་བསྡིག་པར་བྱེད་ཅིང་། བརྟན་པ་དང་གཡོ་བ་གང་ལ་བསྣུན་པ་དེ་ཕྱེ་མ་བརྒྱར་བྱེད་དོ། །བདུད་ཚོགས་ཆོས་ལ་

p. 121

འཚེ་བྱེད་གང་ལ་སྡིགས་མཛུབ་ཀྱིས་བསྡིགས་པ་ཙམ་གྱིས་ས་ལ་འགྱེལ་ཞིང་དྲན་པ་མེད་པར་བརྒྱལ་བར་བྱེད་དོ། །དེ་བཞིན་དུ་རྐང་པས་གཡོན་བརྐྱང་ལ་སོགས་སྟབས་རྣམས་དང་ནི། ལག་པས་ཕྱག་རྒྱ་རྣམ་པ་མང་པོ་བཅིང་པ་དག་གིས་རྡོ་རྗེ་གར་གྱི་བཀོད་པ་དུ་མས་གར་བྱེད་དེ། སྔར་གར་གྱི་མཚན་ཉིད་ཅུང་ཟད་མི་ཤེས་པའི་སློབ་མ་ལའང་ཁྲོ་བོ་ཕེབས་ན་དེ་ལྟར་རྡོ་རྗེའི་གར་དུ་མ་བྱེད་པར་འགྱུར་ལ། བར་སྣང་ལ་ཡང་རྣམ་མང་བྱེད་པ་དུ་མས་གར་བྱེད་དོ། །དེ་བཞིན་གསུང་ནི་བཞད་པར་བྱེད་པ་དང་། ཧཱུ༷ཾ་གི་ཡི་གེ་དག་གི་གདངས་འདྲེས་པ་དགྲ་སྟེ་བདུད་ཀྱི་ཚོགས་ལ་འཇིགས་པ་སྟེར་བ་དང་ནི། མི་ལ་སོགས་པས་རྟོགས་བྱ་མིན་པའི་སྒྲ་སྐད་ཀྱིས་རྒྱུད་གཞན་དུ་མར་གསུངས་པའི་རྡོ་རྗེའི་གླུ་ཡང་བྱེད་དོ། །གང་ལ་ཡང་ངོ་ཚ་བའི་འཛེམ་བག་མེད་ཅིང་འཇིགས་ཤིང་དོག་པ་མེད་པར་འཕྱུར་ཏེ་ཁྲོ་བོའི་ངང་ཚུལ་ལམ་ཡོན་ཏན་དབང་གིས་སོ། །ཅི་སྟེ་ཡོན་ཏན་དབང་གིས་འདི་ལྟར་སྤྱན་མ་ལ་སོགས་པའི་ལྷ་གཞན་ཕེབས་པ་ཡིན་ན་རྣམ་འགྱུར་དག་ཀྱང་ཞི་བའོ། །འདིར་ཁྲོ་བོ་བཅུ་པོ་གང་དང་གང་ཕེབས་པ་དེ་དག་རང་རང་གི་ཕྱག་རྒྱ་བཅིང་པས་ཤེས་པར་བྱའོ། །མཚན་མ་གང་གིས་ལྷ་གང་བསྐྱེད་པ་དེ་ཉིད་དེའི་ཕྱག་རྒྱར་འགྱུར་བ་ཡིན་ལ་ཕྱག་རྒྱ་དེས་ལྷ་དེ་ཤེས་པར་བྱའོ་ཞེས་པ་ངེས་པའོ། །གཞན་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཡིན་པས་དེའི་ཆ་ཤས་ཕེབས་པའམ་བྱིན་གྱིས་བརླབས་པའི་རྟགས་ནི་འདི་ལྟར། ཁྲོ་བོའི་རྒྱལ་པོའམ་བྱང་ཆུབ་སེམས་དཔའི་སྐུ་རྡོ་རྗེའི་བྱིན་གྱིས་བརླབས་ཏེ་སྐུ་ཕེབས་པས་ནི་རྣལ་འབྱོར་གྱི་སྤྱོད་ལམ་དང་ལྡན་པ་དང་། ཞི་བ་དང་ཁྲོ་བོ་སོགས་ལྷ་གང་ཡིན་པ་དེའི་རང་བཞིན་ཡོན་ཏན་དབང་གིས་ལྷ་དེ་དང་དེའི་སྐུ་ཡི་བྱ་བ་བྱེད་པ་སྟེ། ཇི་ལྟར་ཁྲོ་བོ་དང་བྱང་སེམས་རྣམས་ནམ་མཁའ་དང་ས་འོག་དང་རི་བྲག་ལ་ཐོགས་པ་མེད་པར་འགྲོ་བ་དང་རི་བོ་བསྐྱོད་པ་འོད་འབྱིན་པ་སོགས་སྤྱོད་ལམ་སྣ་ཚོགས་མཛད་པ་དེ་བཞིན་སློབ་

p. 122

མས་ཀྱང་ཅི་རིགས་སུ་བྱེད་པ་དང་། དཀྱིལ་འཁོར་སོགས་ལ་མཚན་ཉིད་ཆད་པ་སོགས་སྔར་མ་མཐོང་བའམ་མ་ཤེས་པ་སྟོན་པའམ་སྐྱེད་པར་བྱེད་དོ། །གསུང་ཕེབས་པས་ནི་ལྷ་དང་འབྱུང་པོ་ཀླུ་སོགས་དང་ལྷ་མིན་རྣམས་ལས་རྣམ་པར་རྒྱལ་བའི་ཚིག་སྨྲ་བ་པོ་རུ་འགྱུར་ཏེ་འཇམ་དཔལ་ཇི་ལྟ་བ་བཞིན་ནོ། །ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་སེམས་ཀྱི་རྟོག་པ་ཐམས་ཅད་དག་དང་སྔར་དང་ད་ལྟར་བྱུང་བ་དང་། མ་འོངས་པ་ན་འབྱུང་བ་ལྐོག་ཏུ་གྱུར་པ་ཐམས་ཅད་ཤེས་པར་འགྱུར་རོ། །ཅི་སྟེ་སྐྱེ་བ་སྔ་མར་གོམས་པའི་བག་ཆགས་ཀྱི་སྟོབས་ཀྱིས་དོན་དམ་ཕྱག་རྒྱ་ཆེན་པོའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་རྡོ་རྗེ་ཕེབས་པས་མཆོག་འགྲུབ་སྟེ། རིམ་གྱིས་རྫོགས་པའི་སངས་རྒྱས་བླ་མ་ཡི་ཡང་བླ་མ་རྫུ་འཕྲུལ་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོན་པ་གཅིག་པུར་འགྱུར་ཞེས་པ་སྟེ།གནས་སྐབས་ཀྱི་དབང་དུ་བྱས་ན། རིག་འཛིན་གྱི་ས་ཐོབ་པ་ལ་སངས་རྒྱས་སུ་བཏགས་པ་སྟེ་ལོ་གསུམ་ཕྱོགས་གསུམ་གྱིས་རླུང་སེམས་འཕོ་མེད་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ལ་དགོངས་པའོ། །དེ་ནས་ཡེ་ཤེས་ཀྱི་ས་སྤྱན་མ་སོགས་ཕེབས་པའི་མཚན་ཉིད་གསུངས་པ།ས་ཕེབས་པས་ནི་རྣལ་འབྱོར་པ་དེ་དག་རི་དང་མཚུངས་པར་འགྱུར་ཏེ་མི་བརྒྱ་ཕྲག་དུ་མས་ཀྱང་བསྐྱོད་པར་མི་ནུས་སོ། །མཱ་མ་ཀཱིའི་རང་བཞིན་ཆུས་ཀྱང་ལུས་སྣུམ་ཞིང་བསིལ་བར་རབ་ཏུ་འགྱུར་ཏེ། དེས་ཚ་བའི་རིམས་ཀྱིས་ཟིན་པ་ལའང་རེག་ན་རིམས་དང་བྲལ་བར་བྱེད་དོ། །གོས་དཀར་མོའི་བྱིན་གྱིས་བརླབས་པའམ་མེ་ཕེབས་པས་ནི་གང་ལ་ཆེད་དུ་རེག་པ་སྲེག་པར་འགྱུར་ཏེ། སྒྲོལ་མའི་རང་བཞིན་རླུང་གིས་ཀྱང་ནི་དེ་བཞིན་ལྕི་བའི་ཡོན་ཏན་དང་གཤེར་བ་དག་སྐམ་པ་དག་ཏུ་རབ་ཏུ་འགྱུར་ཞིང་ཡང་བ་དང་། གང་ལ་ཆེད་དུ་རེག་ན་དཔག་ཚད་དུ་མ་རྣམས་སུ་སྐྲོད་པར་བྱེད་དོ། །དེ་བཞིན་དུ་རྡོ་རྗེ་དབྱིངས་ཕྱུག་མའི་རང་བཞིན་སྟོང་པ་ནམ་མཁའ་ཕེབས་པས། གང་ལ་རེག་པ་དེ་མི་སྣང་བར་འགྱུར་ཞིང་ས་སྟེང་དུ་ནི་མཁའ་ལ་སྤྱོད་པ་ཉིད་དུ་རབ་ཏུ་འགྱུར་རོ། །དེ་བཞིན་

p. 123

དུ་ལྷའི་གཟུགས་ལ་སོགས་པ་ཕེབས་པ་ཐམས་ཅད་རང་བཞིན་ཡོན་ཏན་དབང་གིས་སོ་སོའི་རིམ་པ་ཡིས་ནི་མཚན་ཉིད་རྣམས་རིག་པར་བྱ་སྟེ། ལྷའི་མིག་ས་སྙིང་ཕེབས་ན་མིའི་མིག་གིས་མི་མཐོང་བའི་དངོས་པོ་རྣམས་ཀྱང་མཐོང་བར་འགྱུར་བ་དང་། དེ་བཞིན་ལྷའི་རྣ་བས་སྒྲ་ཐམས་ཅད་དང་། ལྷའི་ཡིད་ཀྱིས་གཞན་གྱི་སེམས་ཤེས་པ་དང་། ལྷའི་ལུས་ཀྱིས་ལྷའི་རེག་བྱ་འཛིན་པ་དང་། སྔོན་གྱི་གནས་ཤེས་པ་དང་། ལྷའི་ལྕེས་ལྷའི་རོ་མྱོང་བ་དང་། ནམ་མཁའི་ཁམས་ལ་སྤྱོད་པའི་རྫུ་འཕྲུལ་དུ་འགྱུར་རོ། །ལྷའི་ཤངས་ཀྱིས་ལྷའི་དྲི་འཛིན་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་པར་འགྱུར་རོ། །དེ་ལྟར་ཡེ་ཤེས་པ་དབབ་པ་ལ་ནི་ཆོ་ག་གོང་བཤད་འདི་རྣམས་ངེས་པར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་སློབ་དཔོན་སྔགས་པ་རྣམས་ཀྱི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་བསྒོམ་པའི་སྟོབས་དང་ནི་སྔོན་དུ་དབབ་པའི་ལས་ཀྱི་བསྙེན་པའི་དབྱེ་བ་དང་ནི། བྱང་ཆུབ་སེམས་ཀྱི་ཐིག་ལེ་མི་ཉམས་པར་བསྲུང་བ་སོགས་རྣམ་པ་མང་པོའི་དམ་ཚིག་ལ་གནས་པའི་སྟོབས་དང་། རྩ་བའི་བསྙེན་པ་སོགས་སྔགས་ཀྱི་བཟླས་པ་དང་། རྫས་དང་མཆོད་པ་ལ་སོགས་པའི་སྟོབས་ཀྱིས་དུས་འགའ་ཞིག་དག་གི་ཚེ་ཕེབས་པར་འགྱུར་ལ། བླ་མ་བརྒྱུད་པའི་རིམ་པས་སློབ་མ་མཆོག་ལ། སངས་རྒྱས་རྡོ་རྗེ་སེམས་དཔའ་བདེ་སྟོང་དབྱེར་མེད་ཀྱི་རོ་མྱོང་བར་བྱེད་པས། ཁུ་བ་འཕོ་མེད་ཀྱི་བདུད་རྩིའི་དབང་གི་སྟོབས་ལས། དོན་དམ་པའི་དཀྱིལ་འཁོར་འགའ་ཞིག་ཏུ་ནི་མཆོག་གི་སློབ་བུ་ལ་དོན་དམ་འགྱུར་མེད་ཀྱི་ཡེ་ཤེས་ཀྱང་ཕེབས་པར་འགྱུར་བའོ། །འདི་ལྟར་བཤད་པ་ལ་མི་འཐད་པར་སྨྲ་བ་ཡོད་ཀྱང་ཤིན་ཏུ་འཐད་དེ་དབང་བཞི་པའི་དབང་དོན་གྱི་ཡེ་ཤེས་བླ་མ་མཆོག་དང་སློབ་མ་མཆོག་འཛོམ་ན་དབང་གི་དུས་སུ་རྒྱུད་ལ་སྐྱེ་བར་མི་སྲིད་ན་དབང་བཞི་པ་བསྐུར་དུ་མེད་པར་འགྱུར་ནའང་དེ་མི་རིགས་པའི་ཕྱིར་རོ། །གོང་བཤད་ལྟར་དབང་དུས་ཀྱི་ཡེ་ཤེས་བཙན་ཐབས་སུ་ཕེབས་པའི་སྟོབས་

p. 124

ཀྱིས་ཐུན་མོང་དང་མཆོག་གི་དངོས་གྲུབ་ཅི་རིགས་ཐོབ་པ་ལ་དབང་བར་འགྱུར་རོ། །དེས་ན་དང་པོར་སྔགས་པ་རང་བྱིན་གྱིས་བརླབས་པའི་རྣལ་འབྱོར་བསྐྱེད་རྫོགས་ཚུལ་བཞིན་བསྒོམ་པས་དམན་པ་ཡི་གང་ཟག་རྣམ་པ་མང་པོས་སྲིད་པ་ལ་དགའ་ཞིང་གནས་པ་དག་གི་སྔགས་པ་རྣམས་ལ་དངོས་གྲུབ་ཚུལ་བཞིན་གྲུབ་པ་ཡོད་པ་མིན་ནོ། །དེའི་ཕྱིར་འོག་མིན་པའི་བར་གྱི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་ན་ཡང་བསྐྱེད་པའི་རིམ་པའི་རྣལ་འབྱོར་བདག་བྱིན་རླབས་དང་དཔའ་བོའི་རིམ་པ་ཚུལ་བཞིན་བསྒོམ་པ་དང་།མཆོག་བསྒྲུབ་པ་ལ་སྦྱོར་བ་ཡན་ལག་དྲུག་གི་རྡོ་རྗེའི་རྣལ་འབྱོར་ལ་ཚུལ་བཞིན་གོམས་པར་བྱ་དགོས་སོ། །གཞན་དུ་འབྱུང་པོ་དང་སྲིན་པོའི་འཁོར་ལ་སོགས་པ་རྣམས་ཀྱིས་དབབ་པ་ནི་མཐའ་ཡས་ཏེ། དེ་རྣམས་ཀྱི་མཚན་ཉིད་དང་བླ་མའི་བཀའི་མཚན་ཉིད་ཀྱང་ལེའུ་ལྔ་པར་བརྗོད་པར་བྱ་སྟེ་འདིར་དཀྱིལ་འཁོར་དུ་འཇུག་པ་ལ་དེ་རྣམས་མ་གསུངས་སོ། །དེ་ལྟར་ཁྲོ་བོའི་རྒྱལ་པོ་སོགས་ཕེབས་པ་ན་སློབ་དཔོན་གྱིས་གང་འདོད་པའི་བྱ་བ་ཅུང་ཟད་དྲི་བར་བྱས་ལ། ཨོཾ་ཨཱཿཧུཾ་གསུམ་གྱིས་བསྔགས་པའི་མེ་ཏོག་མགོ་ལ་བྱིན་པས་དེས་ཕེབས་པ་གཏང་ཞིང་རང་གི་གནས་སུ་འགྲོ་བར་བྱེད་དོ། །ཡང་ན་བདག་ཉིད་ཀྱི་གོས་ཀྱི་མཐའ་ལ་བསྔགས་ཏེ་བྱབས་པས་སོ། །དེས་ཀྱང་མ་བཏང་ན་སྤྱི་བོར་ས་དཀྱིལ་དང་རི་རབ་ཀྱིས་མནན་པར་བསམ་པས་འཕར་བ་སོགས་སངས་པར་འགྱུར་རོ། །དེ་ལྟར་ཕེབས་པ་བཏང་སྟེ་དེའི་ཕྱི་ནས་སློབ་མ་དེའི་མགོ་བོ་སྟེ་དཔྲལ་བར་ཨོཾ་དང་ནི་སྙིང་ག་རུ་ཧུཾ། སྤྱི༷་གཙུག་གམ་གཙུག་ཏོར་དུ་ཧཾ་གསུམ་ཐབས་རང་གི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་མོ། །ལྟེ༷་བ་ལ་ཧོཿདག་དང་། མགྲི༷ན་པ་ལ་ཨཿདང་གསང་བར་ཀྵཿགསུམ་ནི་ཤེས་རབ་རང་གི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་མོ། །དེ་ལྟར་རྒྱལ་བ་ཡབ་དང་ནི་ཤེས་རབ་རང་གི་རིགས་ཀྱི་སར་གནས་པ་རང་རང་གི་རྡོ་རྗེ་གསུམ་གྱིས་བསྲུང་བར་བྱའོ། །དུས་ཀྱི་འཁོར་ལོ་འདིར་ཐབས་ཤེས་གཉིས་ཀའི་སྐུ་

p. 125

གསུང་ཐུགས་གསུམ་གྱི་ས་བོན་བཀོད་པའི་སྐབས་སུ་ཧུཾ་ཐུང་ངུ་ཡིན་ལ། གཞན་དུ་ཧཱུཾ་རིང་པོ་གསུང་རྡོ་རྗེ་དང་ཐུང་ངུ་ཐུགས་རྡོ་རྗེ་ཉིད་དུ་སྐབས་གང་དུ་ཡོད་པ་དེར་དེ་ལྟར་ཤེས་པར་བྱའོ། །དེ་ནས་ལུས་ལ་སེར་པོའི་གོས་དག་བྱིན་ཏེ།མིག་དར་གྱིས་མིག་ནི་བསྒྲིབས་པར་གྱུར་པའི་སློབ་མ་དཀྱིལ་འཁོར་འདིར་ནི་གཞུག་པར་བྱའོ། །དེ་ནས་སློབ་བུ་དེ་ལ་ཀུན་རྫོབ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་བརྟུལ་ཞུགས་ཉེར་ལྔ་འཛིན་པ་དང་། རབ་མཆོག་གི་བགྲོད་པ་ནི་སྐལ་པ་བཟང་པོ་གང་ལ་མངོན་པར་སངས་རྒྱས་པ་རྣམ་གཟིགས་ནས་ཤཱཀྱ་ཐུབ་པའི་བར་གྱི་སངས་རྒྱས་རབས་བདུན་པོ་ལྟ་བུ་སྟེ། དེ་རྣམས་ཀྱི་བགྲོད་པ་ནི། བསོད་ནམས་དང་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་གསུམ་པོ་ལ་བརྟེན་ནས་ལམ་བགྲོད་པ་ཡིན་ལ། དེ་འདྲའི་བགྲོད་པ་དེ་དག་ལ་འཇུག་པའི་ཕྱིར། ལམ་གྱི་བགྲོད་པ་དེ་དག་ཉིད་ནི་སློབ་མ་ལ་རབ་ཏུ་སྦྱིན་པར་བྱ་སྟེ། བསྐལ་པ་གྲངས་མེད་པའི་ཚོགས་བསགས་པ་ལས་བགྲོད་པའི་ལམ་དེ་དག་སྔགས་ལམ་གྱིས་ཚེ་གཅིག་ལ་བགྲོད་ནུས་པ་ནི་དབང་གིས་སྨིན་པར་བྱས་ཤིང་རྡོ་རྗེ་ཐེག་པའི་ལམ་བསྒོམས་པའི་སྟོབས་ལས་ཡིན་པས་ཚུལ་དེ་ལྟ་བུ་སྦྱིན་པར་བྱའོ་ཞེས་སོ། །དེ་ལ་བཟུང་བར་བྱ་བའི་བརྟུལ་ཞུགས་ཉེར་ལྔ་ནི་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་གཟུང་བར་བྱ་བ་སྟེ། གང་ཞེ་ན་གཞན་ལ་འཚེ་བ་བྱེད་པ་དང་། མི་བདེན་པ་རྫུན་སྨྲ་བ་དང་། གཞན་གྱི་བུད་མེད་ལ་ལོག་པར་གཡེམ་པ་སྤང་བར་བྱ་ལ། གཞན་གྱི་ནོར་རྐུ་བ་དང་། མྱོས་པར་བྱེད་པའི་ཆང་གི་བཏུང་བ་ཡང་དེ་བཞིན་ཉིད་དུ་སྤང་བར་བྱ་བ་ཉིད་དེ་ཅིའི་ཕྱིར་ན། འཁོར་བར་མི་འཆོར་བར་འཆིང་བའི་རྡོ་རྗེའི་ཞགས་པ་དག་སྟེ། རང་གི་རྒྱུད་ཀྱི་དགེ་བ་འཇོམས་བྱེད་ནི་སྡིག་པ་ལྔ་པོ་འདི་དག་གོ། དེ་ཕྱིར་འདི་ལྔ་མི་བྱ་བའི་བརྟུལ་ཞུགས་ལྔ་འཛིན་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་བཀའི་ངེས་པའི་བརྟུལ་ཞུགས་ཀྱི་བསླབ་གཞི་ལྔ་པོ་མི་འཛིན་མི་རུང་བའི་གཞི་མེད་པས་ཅི་ནས་འཛིན་པར་བྱ་ལ།

p. 126

སྣ་ཚོགས་གཙོ་བོའི་བཀའ་འདི་སློབ་མ་ཁྱོད་ཀྱིས་བསྐྱང་བར་བྱ་ཞེས་ངེས་པར་སྦྱིན་པར་བྱའོ། །སྣ་ཚོགས་གཙོ་བོ་སུ་ཞིག་ཞེ་ན། སངས་རྒྱས་གང་ཞིག་གང་གི་དུས་སུ་བྱུང་བ་དེ་བཞིན་གཤེགས་པ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་ཏུ་སྦྱིན་པར་བྱ་སྟེ།ད་ལྟའི་དུས་སུ་བདག་ཅག་རྣམས་ཀྱི་སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་མཚན་ནས་སྨྲོས་ཏེ་འགྲོ་བ་སྣ་ཚོགས་པའི་གཙོ་བོའི་བཀའ་ཡིས་ངེས་པ་བྱིན་པའི་བརྟུལ་ཞུགས་འདི་ནི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ། ཐུབ་པ་སངས་རྒྱས་ཀྱི་རྗེས་སུ་ཞུགས་པའི་རིགས་ཀྱི་བུ་དང་བུ་མོ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་ཇི་ལྟར་བསྐྱངས་པ་དེ་བཞིན་དུ་སློབ་བུ་ཁྱོད་ཀྱིས་ཀྱང་ནི་འདི་རྣམས་ཇི་བཞིན་མ་ཉམས་པར་བསྐྱང་བར་བྱ་ཞེས་བརྗོད་ནས་བརྟུལ་ཞུགས་འཛིན་དུ་གཞུག་གོ། དེ་ནས་བརྟུལ་ཞུགས་གཞན་ཡང་བླང་འདོད་ན་དེ་ལྟར་སྦྱིན་པར་བྱ་སྟེ། ཆོ་ལོ་རྩེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པའི་ཟས་སྔར་ལེའུ་གཉིས་པར་བརྗོད་པ་ལྟ་བུ་དང་། ཚིག་ངན་པ་དམག་དང་སྨད་ཚོང་གི་གཏམ་ལ་སོགས་པའི་བསྟན་བཅོས་ངན་པ་ཀློག་པ་དང་།འབྱུང་པོ་ཡི་ཆོས་ཕ་མེས་ཀྱི་དོན་དང་མཆོད་སྦྱིན་གྱི་དོན་དུ་སྡིག་པ་བྱེད་པའི་ཆོས་ལུགས་དང་། ལྷ་མིན་དབང་པོའི་ཆོས་ཀླ་ཀློའི་ཆོས་ཏེ་དེ་རྣམས་ལ་དགའ་ཞིང་ཀློག་པ་སོགས་མི་བྱའོ་ཞེས་པ་ཉེ་བ་ལྔ་དང་། གསོད་པ་ལྔ་ནི་དུས་ཀུན་དུ་མི་བྱ་སྟེ། བ་ལང་གསོད་པ་དང་། བྱིས་པ་གསོད་པ། བུད་མེད་གསོད་པ། སྐྱེས་པ་གསོད་པ་རྣམས་དང་། ལྷ་མིའི་བླ་མ་གསོད་པ་ཞེས་སྐུ་གཟུགས་དང་མཆོད་རྟེན་བཤིག་པ་ལྔ་ནི་མི་བྱའོ། །དེ་བཞིན་དུ་འཁུ་བ་ལྔ་ནི། གྲོགས་པོ་ལ་སྙིང་ནས་འཁུ་བ་དང་། དེ་བཞིན་དུ་རྗེ་བོ་རྣམས་ལ་འཁུ་བ་དང་། ལྷ་དང་མི་ཡི་བླ་མ་སངས་རྒྱས་ལ་འཁུ་བ་དང་། དགེ་འདུན་ལ་འཁུ་བ་དང་། ཡིད་བརྟན་གྱི་གནས་བླ་མ་དང་བཤེས་གཉེན་རྣམས་ལ་འཁུ་བ་ལྔ་ཡང་སྤང་བར་བྱའོ། །དེ་བཞིན་དུ་མིག་སོགས་དབང་པོ་རྣམས་ནི་ཡུལ་

p. 127

གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལྔ་ལ་ཀུན་ནས་བག་མེད་དུ་ཆགས་པ་ལྔ་སྤང་བ་དག་དང་བཅས་པས། དེ་ལྟར་སྒྲིབ་བྲལ་གྱི་སྲིད་པའི་བདག་པོ་རྡོ་རྗེ་སེམས་དཔའ་དག་གི་ངེས་པའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་འདི་དག་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་ངེས་པ་སྦྱིན་པར་བྱ་ཞིང་སློབ་མ་རྣམས་ཀྱིས་ཀྱང་བསྐྱང་བར་བྱའོ་ཞེས་བརྟུལ་ཞུགས་སྦྱིན་པའི་ངེས་པའོ། །དེ་ལྟར་བརྟུལ་ཞུགས་བྱིན་པའི་དེ་མ་ཐག་པར་ལས་ཐམས་ཅད་པ་ལ་གོས་སེར་པོའམ། དམར་པོས་གདོང་བཅིངས་བར་བྱ་ཞིང་། ཞི་སོགས་ལ་ལྷའི་ཁ་དོག་དང་མཐུན་པའི་གོས་སྲབ་མོས་ཏེ། ཨོཾ་དྭཱ་ད་ཤཱཾ་སོགས་ཀྱིས་བསྔགས་ནས་སོ། །དེ་ནས་མིག་བཀབ་བཞིན་དགེ་བའི་གྲོགས་ཀྱིས་ཁྲིད་ནས་དཀྱིལ་འཁོར་ལ་ལན་གསུམ་གཡས་སུ་བསྐོར་ཏེ། དེ་ནས་ཤར་སྒོར་འཁོད་པ་ལ། སློབ་དཔོན་གཙོ་བོའི་རྣམ་པས་ཏེ། གལ་ཏེ་དཀྱིལ་འཁོར་ལ་ལྷ་ཉིད་གཡོན་བརྐྱང་སོགས་ཀྱི་སྟབས་ཀྱི་བཞུགས་པ་ཡིན་ན། དེ་ཚེ་སློབ་དཔོན་དེ་ལྟར་བཞེངས་པས་སློབ་མ་ལ་དབང་བསྐུར་བར་བྱ་ལ། ཅི་སྟེ་བཞུགས་པ་ཡིན་ན་དེའི་ཚེ་བཞུགས་པས་སྦྱིན་པར་བྱའོ། །དེ་ནས་དགེ་བའི་གྲོགས་ཀྱིས་གཏད་པའི་སློབ་མའི་མགོ་བོ་ལ་དུང་ཆོས་ཀྱི་ཆུས་བསང་གཏོར་བྱས་ཏེ་དཀྱིལ་འཁོར་དུ་དོར་བར་བྱ་བའི་མེ་ཏོག་རྣམས་དཔལ་དང་ལྡན་པའི་སྔགས་ཨོཾ་ཨཱཿཧཱུཾ་ཞེས་པ་རྣམས་ཀྱིས་ལན་བདུན་མངོན་པར་བསྔགས་ཏེ། སློབ་མའི་ལག་པའི་པདྨ་སྦྱར་བར་མེ་ཏོག་གཅིག་ནི་རབ་ཏུ་སྦྱིན་པར་བྱ་སྟེ་མེ་ཏོག་གི་སྙིམ་པ་རྣམ་པར་དག་པས་སོ། །དང་པོར་ཐལ་མོ་སྦྱར་བས་བླ་མ་དང་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་བའི་ཚུལ་བྱས་ཏེ། ལག་པའི་པདྨ་སྦྱར་བ་དག་ལས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ནི་སྔར་བཤད་པ་བཞིན་རྒྱལ་བའི་བུམ་པའི་སྟེང་དུ་མཚན་མ་བྱས་པ་དེར་སྙིམ་པའི་མེ་ཏོག་ལྟོས་མེད་དུ་དོར་བར་བྱའོ། །དེ་དང་ལྷན་ཅིག་མིག་དར་དཀྲོལ་བའམ། ཨོཾ་དཻ་

p. 128

བྱེ་ན་སོགས་སྔགས་བཟླས་པས་མིག་དབྱེ་བ་བྱས་ནས། ལྷའི་མཚན་མ་གང་གི་གནས་སུ་མེ་ཏོག་འབྲུ་གསུམ་གྱིས་བསྔགས་པའི་བཟང་པོ་ལྷུང་བ་དེ་ནི་ཀྱེ་མི་ཡི་བདག་པོ་ལྷ་དེ་ཡི་རིགས་སུ་ངེས་ལ། དེ་ཡི་སྔགས་དང་ཕྱག་རྒྱས་ལས་འགྲུབ་ཅིང་ལྷ་དེ་ཉིད་ལྷག་པའི་ལྷར་འགྱུར་རོ། །དེ་ལྟར་རང་གི་རིགས་ཀྱི་ལྷ་ངོ་བསྟན་ཏེ། ཕྱི་ནས་བུམ་པའི་ཆུ་ལ་སོགས་པས་བྱིས་པ་འཇུག་པའི་དབང་ནི་བདུན་པོ་དག་དང་། དབང་གོང་མ་བུམ་གསང་ཤེས་རབ་ཡེ་ཤེས་རྣམ་པ་གསུམ་པོ་དག་འདིར་ནི་ཇི་ལྟ་བ་བཞིན་དུ་ལས་ཀྱི་ཕྱག་རྒྱ་རྗེས་ཆགས་ཀྱི་བདེ་བས་མཆོད་ནས་དབང་བླང་བར་བྱའོ། །བླ་ན་མེད་པ་དབང་བཞི་པ་གོང་མ་ཆེན་པོ་འཇིག་རྟེན་ལས་འདས་པ་དོན་དམ་པའི་དབང་ཉིད་ཀྱང་ཡང་དག་པར་རབ་ཏུ་སྦྱིན་པར་བྱའོ། །དེ་ལ་དབང་བདུན་གྱི་དང་པོ་དྲི་མ་འཁྲུད་པ་ཆུའི་དབང་ལ། ཀླུ་སྟེ་བརྒྱད་དང་། དེ་ཙམ་མེད་ན་བཞི་ཡི་གྲངས་དང་ལྡན་པའི་ནོར་བུའམ་གསེར་གྱི་རང་བཞིན་གྱི་བུམ་པ་དག་གམ། དེ་མ་འབྱོར་ན་ཀྱེ་རྒྱལ་པོ་ས་ཡི་རང་བཞིན་གྱི་བུམ་པ་ལའོ་ཞེས་པ་བུམ་པ་བརྒྱད་བྱེད་པའི་ཕྱོགས་ལ་རྒྱལ་བའི་བུམ་པ་ལྔ་དང་རྣམ་རྒྱལ་བུམ་པ་ལྔས་སོ། །བུམ་པ་བཞིའི་ཕྱོགས་ལ་རྒྱལ་བའི་བུམ་པ་གསུམ་དང་རྣམ་རྒྱལ་བུམ་པ་གསུམ་སྟེ་དྲུག་གིས་སོ། །ཞེས་གསུངས་པ་བུམ་པ་བརྒྱད་བྱེད་ན་ཕྱོགས་མཚམས་ཀྱི་བུམ་པ་བརྒྱད་དང་དེ་སྟེང་རྒྱལ་རྣམ་རྒྱལ་བཅས་བཅུ་འོང་ཞིང་། ཡང་ན་ཕྱོགས་བཞིའི་བུམ་པ་བཞི་དང་། རྒྱལ་རྣམ་རྒྱལ་བཅས་དྲུག་འོང་བ་ལ། དང་པོ་ལྟར་ན་ཕྱོགས་བཞི་དང་ཤར་གྱི་རྒྱལ་བུམ་བཅས་ལ་རྒྱལ་བ་ཡབ་ལྔའི་བུམ་པ་ཞེས་དང་མཚམས་བཞིའི་བུམ་པ་དང་། འོག་གི་རྣམ་རྒྱལ་བུམ་པའི་ཐ་སྙད་མཛད་པ་དང་། གཉིས་པ་ལྟར་ན། ཤར་བྱང་གི་བུམ་པ་གཉིས་དང་ཤར་གྱི་རྒྱལ་བུམ་བཅས་ཡབ་ཀྱི་རྒྱལ་བུམ་དང་། ལྷོ་དང་ནུབ་ཀྱི་བུམ་པ་གཉིས་དང་ནུབ་ཀྱི་རྣམ་རྒྱལ་བཅས་གསུམ་ནི་ཡུམ་གྱི་རྣམ་རྒྱལ་བུམ་པར་བྱས་པའོ། །བུམ་པ་དེ་དག་གི་ནང་དུ་རྫས་ནི་རིན་ཆེན་དང་བཅས་པ་

p. 129

དང་། སྨན་དང་དྲི་དང་ལྡན་པའི་རྒྱལ་དང་རྣམ་རྒྱལ་བུམ་པ་དག་གིས་ཞེས་གསུངས་པ་ལས། བུམ་པའི་ནང་དུ་བླུགས་རྒྱུའི་རྫས་བཤད་པ་ལ་དང་པོ་རིན་པོ་ཆེ་ལྔ་ནི རྡོ་རྗེ་ཕ་ལམ་ལ་རིགས་ལྔ་སྟེ་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་དང་། མཐར་སྐྱེས་ཀྱི་རིགས་ལྔར་ཕྱེ་བ་རྣམས་དང་། ཡང་ན་ཨིནྡྲཱ་ནཱི་ལ་ཞེས་པ་དབང་སྔོན་དང་པདྨ་རཱ་ག་དང་ཟླ་བ་ཆུ་ཤེལ་དང་། མར་གད་དང་། ཀར་ཀེ་ཏ་དང་ལྔ་ནི་རིན་ཆེན་ལྔ་སྟེ་གཙོ་བོའོ། །ལྕགས་རིགས་ཀྱི་རིན་ཆེན་ལྔ་ནི། གསེར་དངུལ་ཟངས་དང་ལྕགས་ཀྱི་བྱེ་བྲག་ལྕགས་རྣོན་པོའམ་རྣོ་ལྕགས་ནི་ཁབ་ལེན་ལས་བྱུང་བ་དངོས་ཡིན་ལ་མ་རྙེད་ན་ལྕགས་རྒྱུ་བཟང་གིས་ཚབ་བྱ་བ་དང་། ཁབ་ལེན་གྱི་རྡོ་དངོས་དང་ལྔའོ། །དེ་བཞིན་དུ་རིན་པོ་ཆེ་འབྲིང་པོ་ནི། མུ་ཏིག་དང་བྱེ་རུ་དང་མུ་མེན་དང་། ཤུ་ལ་མ་ཎི་ཞེས་པ་སཱུལ་མ་ཎི་ཞེས་གསེར་གྱི་ནོར་བུ་སྟེ་རྒྱུ་གཟེར་གྱི་ནད་སེལ་བྱེད་སྦུར་ལེན་དུ་སྔ་མ་དག་གིས་བཤད། ཐིག་ལེ་དྲུག་པ་ཞེས་པ་དཀར་ཕྲ་མེན་དུ་བཞེད་དོ། །དེ་བཞིན་དུ་རིན་ཆེན་ཐ་མ་རྣམས་ནི་རང་བྱུང་གི་ཤེལ་དང་། ཛཱི་བ་ཛཱ་ཏི་ནི་འཚོ་བ་སྐྱེས་ཞེས་པ་མཆོང་དུ་བཞེད། ཌཽ་ཧ་རི་གཟི་དང་། མཆིང་བུ་ཞེས་པ་ཤེལ་ལས་ནོར་བུ་འདྲ་བའི་བཟོ་བྱས་པ་སྟེ། འབྲས་ཤེལ་མཐིང་ཤུན་སོགས་ཀྱིས་ཁ་བསྒྱུར་བའི་སྔོན་པོ་སེར་པོ་དམར་པོ་སོགས་འབྱུང་བ་ལས་སྐབས་འདིར་སྔོན་པོ་ལ་བཤད་པ་སྣང་། ནོར་བུ་ལྗང་གུ་ཞེས་པ་ཡང་མཆིང་བུ་ལྗང་གུ་ལ་བཤད་སྣང་། རིན་ཆེན་འདི་རྣམས་ལས་ཇི་ལྟར་འབྱོར་བ་ལྔ་བཟུང་བར་བྱའོ། །ཅི་སྟེ་བཀའི་འཁོར་ལོས་བསྒྱུར་བ་སོགས་རིན་པོ་ཆེ་ཆེན་པོའི་མངའ་དབང་ལྡན་པ་དག་གིས་བཻཌཱུཪྻའི་རིགས་ལས་བྱུང་བའི་ལྷ་དང་ཀླུ་རྣམས་ཀྱི་རིན་པོ་ཆེ་ཁ་དོག་སྣ་ལྔ་པ་དག་གིས་བྱའོ། །གཞན་ཡང་རི་སོགས་ལས་རང་བྱུང་བའི་ཤེལ་རིགས་ཀྱི་རིན་པོ་ཆེ་ཆ་འདྲ་ཁ་དོག་ལྔ་གང་རྙེད་ཀྱིས་རུང་བ་ནི་གོང་བཤད་དག་གིས་ཤུགས་ཀྱིས་ཤེས་ལ། དབུལ་པོ་དག་གིས་དེ་ལྟ་བུ་མ་འབྱོར་ན་ཁ་དོག་ལྔའི་

p. 130

མེ་ཏོག་དྲི་བཟང་པོ་རྣམས་ཀྱིས་ཚབ་བྱ་བར་འགྲེལ་པས་གསུངས་སོ། །སྨན་ནི་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས། དྲི་ཡི་ལེ་ཚེ་སྦྱར་བ་ལ། །རྒྱལ་པོ་ཚངས་མ་ལ་སོགས་སྨན། །མིག་ཟླ་མེ་སོགས་ཆ་ཤས་དང་། །ལྔ་ལྔ་ཡིས་ནི་རིམ་པས་དགོད། །ཚངས་མ་སྲེད་མེད་དྲག་མོ་དང་། །དབང་ཕྱུག་མཆོག་གི་དབང་ཕྱུག་མ། །དབང་མོ་དཔའ་མོ་ཕག་མོ་དང་། །གཞོན་ནུ་ཙ་རྩི་ཀ་དེ་བཞིན། །ས་མོ་ཆུ་མོ་མེ་མོ་དང་། །རླུང་མོ་མཁའ་སྤྱོད་མ་དེ་བཞིན། །མ་དང་སྲིང་མོ་བུ་མོ་དང་། །ཚ་མོ་རང་སྐྱེས་མ་དེ་བཞིན། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་མོ། །དམངས་མོ་གཡུང་མོ་དེ་བཞིན་བཤད། །ཅེས་པའི་སྨན་ནི་དངོས་གྲུབ་ཆེ། །ཟོས་པས་རྟག་ཏུ་རྫུ་འཕྲུལ་སྟེར། །ཞེས་གསུངས་པ་ལྟར་མོ་ཡི་མིང་ཅན་དུ་བྱས་པའི་སྨན་ཉེར་ལྔ་སྟེ། དང་པོ་ཚངས་མ་ཞེས་པ་བྲཧྨ་དཎྚི་སྟེ་ཚངས་པའི་དབྱུག་པ་ཞེས་པ་མེ་ཏོག་གསུམ་པ་ཞེས་ཀྱང་ཟེར་བ་རིགས་ལྔ་ལས། དཀར་པོས་རབ་རིབ་སེལ་འདིར་ནག་པོ་དབྱུག་པའི་རྩེ་མོ་གཉིས་སུ་སྤྱི་བླུགས་ཀྱི་གཟུགས་བསྐྱོན་པ་འདྲ་བ། རླུང་གི་ཁམས་པ་རོ་ཁ་བ་དེ་ཆ་གཉིས་སོ། །སྲེད་མེད་མ་ནི་བིཥྞུ་ཀྲཱནྟཱ་ཞེས་པ་ཁྱབ་འཇུག་གནོན་མ་སྟེ། མེ་ཏོག་སྔོ་ཆུང་འཁོར་ལོའི་དབྱིབས་ཅན་ཞིག་ཡོད་ལ། མཁའ་ཁམས་རོ་བསྐ་བ་ཅན་དེ་ཆ་གཅིག་གོ། མ་རྙེད་ན་བོད་དུ་ཚབ་སྤང་རྒྱན་གྱིས་རུང་བར་བཤད། དྲག་མོ་ནི་རུ་ཊ་ཛ་ཊཱ་སྟེ་དྲག་མོའི་རལ་པ་ཞེས་པ་ནཱ་ག་གེ་སར་ལ་ངོས་འཛིན་པར་མཛད། བོད་ན་བྲེ་དུ་ཞེས་ཟེར། མེ་ཁམས་རོ་ཚ་བ་ཅན་དེ་ཆ་གསུམ་བྱའོ། །ཁ་ཅིག་གིས་འདི་སྤང་སྤོས་ལ་ངོས་བཟུང་སྣང་། དབང་ཕྱུག་མ་ནི་པྲ་སི་ངྷ་ཞེས་པ་རབ་གྲགས་ཏེ་མེ་ཏོག་དཀར་པོ་རོ་མངར་བ་ཅན་ཆུ་ཁམས་པ་དབང་ལག་ཆ་བཞི་དང་། མཆོག་གི་དབང་ཕྱུག་མ་ནི་དེ་བ་དཱ་ལི་སྟེ་སླེ་ཏྲེས་སམ། ཡང་ན་རྒྱུས་པ་གཤིབ་འདྲ་འབྲུ་ཕྲ་མོ་ཡོད་པ་སྣར་བླུགས་ན་མགོ་ནད་སེལ་བ་མདོག་སེར་པོ་ཅན་ཞིག་སྟེ། ས་ཁམས་པ་རོ་ལན་ཚྭ་བ་འདི་ཆ་ལྔ་པ་སྟེ། འདི་ལྔ་སྟེང་གི་རེ་མིག་དང་པོ་ལ་དགོད་པའོ།

p. 131

།དབང་མོ་ཞེས་པ་ཨིནྡྲ་བ་རུ་ཎཱི་སྟེ། དབང་པོ་ཆུ་ལྷ་མོ་ཞེས་པ་ནང་ལེ་ལྟར་ན་ཏེ་ཀྟ། ཁ་ཅིག་ཏིལ་དཀར་ཀྱང་ཟེར། མེ་ཁམས་པ་མདོག་དམར་རོ་ཚ་བ་ཅན་དེ་ཆ་གསུམ། དཔལ་མོ་ནི་ལཀྵ་ཎཱ་ཞེས་པ་མཚན་ཉིད་ཀྱང་ཟེར་ཏེ་དཔའ་མོ་ཤིང་དཀར་པོ་འབྲས་བུ་ཕོ་མོ་སྦྱོར་བ་བྱེད་པ་འདྲ་བ། གངས་འདབ་ཏུ་སྐྱེ་བ། གང་ག་སྐྱིད་དར་དུ་སྐྱེའང་ཟེར། བུད་མེད་ཀྱིས་ཟོས་ན་བུ་སྐྱེ་ལ། སྐྱེས་པ་རོ་ཙ་བར་བྱེད་པ། ཆུ་ཁམས་རོ་མངར་བ་ཅན་ཆ་བཞིའོ། །ཕག་མོ་ཞེས་པ་བ་ར་ཧ་ཀརྑ་སྟེ། ཕག་རྣ་ཞེས་པ་ཕག་གི་རྣ་བ་འདྲ་བའི་འདབ་མ་ཡོད་པ་མདོག་སེར་པོ་སིང་ཧ་ནགས་ན་སྐྱེ། ས་ཁམས་པ་རོ་ལན་ཚྭ་བ་དེ་ཆ་ལྔ། གཞོན་ནུ་མ་ཀརྑི་ཀའམ་ཀརྑ་ཀ་ཞེས་པ་མདོག་སྔོ་ནག་ནང་མཁྲེག་པ་མེས་ཚིག་པར་ཕན་པ་ཞིག་བལ་པོར་སྐྱེ་བ་དེ་ཡིན་པར་བཤད་ལ། རོ་ཁ་བ་རླུང་ཁམས་པ་འདི་ཆ་གཉིས་སོ། །ཙརྩི་ཀ་ཞེས་པ་ཨ་དྷོ་པུཥྤི་ཀ་སྟེ་ཐུར་བལྟས་མེ་ཏོག་ཅན་ཞེས་ཀོ་བ་ལ་དམར་རྩི་བྱེད་པ་ཡིན། འབྲི་མོག་ཀྱང་ཟེར། ལོ་མ་སྔོ་བ་ཞིག་ཏུ་འདོད། རོ་བསྐ་མཁའ་ཁམས་པ་འདི་ཆ་གཅིག་སྟེ་འདི་ལྔ་རེ་མིག་གཉིས་པ་ལའོ། །ས་མོ་ཞེས་པ་མུ་ཥ་ལཱི་གཏུན་ཤིང་ཅན་མ་སྟེ་མེ་ཏོག་སེར་པོ་ཅན། མེ་ཏོག་གི་འབྲས་བུ་གཏུན་ཤིང་འདྲ་བ་རོ་ལན་ཚྭ་བ་ས་ཁམས་པ་ཆ་ལྔ། ཆུ་མོ་ཞེས་པ་རུ་དནྟཱི་དུ་བྱེད་མ་སྟེ། རྟག་དུ་མེ་ཏོག་སྔོ་ནག་ཅན་རླུང་ཁམས་རོ་བསྐ་བ་ཆ་གཉིས། མེ་མོ་ནི་ཛྱོ་ཏིསྨ་ཏཱི་སྟེ་མེ་ལྡན་མ་ཞེས་པ་མེ་ཏོག་སྔོན་པོ་མཚན་མོ་མེ་འོད་འཕྲོ་བ། མཁའ་ཁམས་རོ་བསྐ་བ་ཅན་ཆ་གཅིག །རླུང་མོ་ནི་ཛྫཱ་ལུ་ལཱ་ཞེས་ངོ་ཚ་ཅན་མ་སྟེ་སྤང་རྒྱན་འདྲ་བ་ཞིག་ཡོད་ཟེར། སྙེ་མདོ་པས། མེ་ཏོག་རོ་ཚ་བ་ཅན་གི་ཝཾ་དང་སྦྱར་ན་དབང་སྡུད་སྨན་ཡིན་ལ་རྨ་ལ་ཕན་པ་ཡིན་ཞེས་བཤད། མདོག་དམར་པོ་མེ་ཁམས་རོ་ཚ་བ་འདི་ཆ་གསུམ། མཁའ་སྤྱོད་མ་ནི་ཨརྐ་སྟེ་ཉི་མའི་ཤིང་གི་འདབ་མ་ཡིན་ལ། མདོག་དཀར་ཆུ་ཁམས་རོ་མངར་བ་སྟེ་ཆ་བཞི། ལྕམ་པས་ཚབ་རུང་ཡང་ཟེར། ཁ་ཅིག་ཉེར་ཤིང་གི་ལོ་མའང་ཟེར།

p. 132

འདི་རྣམས་རེ་མིག་གསུམ་པ་ལའོ། །མ་ཞེས་པ་པུ་ཏྲཾ་ཛཱ་རི་སྟེ་ས་འོག་ནས་སྐྱེ་བ་རྩ་བ་སྲན་མ་ཙམ་ཕྱེད་རུལ་ཕྱེད་མ་རུལ་པ་ཞིག་ཡོད་ཅེས་ཟེར། ཡང་ན་པུ་ཏྲཾ་ཛཱ་ཏི་ཞེས་བུའི་སྐྱེ་བ་བོ་དེ་ཙིའི་ཤིང་གི་འདབ་མ་སྟེ། མདོག་སྔོ་མཁའ་ཁམས་རོ་བསྐ་བ་ཆ་གཅིག །སྲིང་མོ་ཞེས་པ་ས་ཧ་དེ་བ་ལྷ་བཅས་ཏེ་བོད་ཀྱི་ཞིང་མུ་ལ་སྐྱེ་བའི་འབུ་སུ་ཧང་ངམ་ཅོ་ག་ཀླད་སྨན་ཡིན་པར་བཤད། རིགས་ཕོ་མོ་གཉིས་ཡོད་ཅིང་མདོག་དང་མེ་ཏོག་དམར་བ་མེ་ཁམས་རོ་ཚ་བ་དེ་ཆ་གསུམ། བུ་མོ་ནི་ཀྲྀ་ཏཱ་ཉྫ་ལི་སྟེ་སྙིམ་པ་བྱས་པ་ཞེས་པ། བྱང་ཆུབ་ཐལ་སྦྱོར་ཡང་ཟེར་བ་མདོག་དཀར་པོ་ཆུ་ཁམས་མངར་བ་འདི་ཆ་བཞི། འདི་དབང་ལག་ལའང་འགྲིག་མོད་དཔྱད། ཚ་མོ་ནི་ཨ་ཛ་ཀ་ཎཱརྑ་སྟེ། རའི་རྣ་བ་ཞེས་པ་ར་ཡི་རྣ་བ་དང་འདྲ་བ་སིང་ཧ་ནགས་སུ་སྐྱེ་བ། སེར་པོ་ས་ཁམས་ལན་ཚྭ་བ་འདི་ཆ་ལྔ། རང་སྐྱེས་མོ་ནི་མོ་ཧ་ནཱི་ཐ་ཊ་བ་ཏྲི་ཀ་སྟེ། རྨོངས་མོ་འདབ་ཆེན་མ་ཞེས་པ། ཏཱ་མ་ལའི་ལོ་མ་ཡང་ཟེར་བ། མེ་ཏོག་ནག་པོ་ཅན་རོ་ཁ་བ་ང་ཁམས་པ་འདི་ཆ་གཉིས་སོ། །ཁ་ཅིག་ནི་མ་པའི་ཤིང་གི་འདབ་མ་ལ་འདོད་དོ། །འདི་ལྔ་རེ་མིག་བཞི་པ་ལའོ། །བྲམ་ཟེ་མོ་ནི་བྲི་ཧ་ཏཱི་ཀཎྚ་ཀ་རི་སྟེ་འདི་ལ་རིགས་གཉིས་ཡོད་ཅིང་། སྡོང་པོ་ཚེར་མ་ཅན་ལས་སྐབས་འདིར་སྟག་ཚེར་བ་མེ་ཏོག་དཀར་བ་ཆུ་ཁམས་རོ་མངར་བ་འདི་ཆ་བཞིའོ། །རྒྱལ་རིགས་མོ་བྷྲྀང་ག་རཱ་ཛཱ་བུང་བའི་རྒྱལ་པོ་ཞེས་སུ་བསྒྱུར་ཀྱང་སྔར་བཤད་ལྟར་ལ། ཕྱོགས་མཐུན་ར་མོ་ཤག་གི་ལོ་མ་ཡིན་ཟེར། སེར་པོ་ས་ཁམས་ལན་ཚྭ་བ་ཆ་ལྔ། རྗེ་རིགས་མོ་ཤིང་མངར་ཏེ། ནག་པོ་ཁ་བ་རླུང་ཁམས་ཆ་གཉིས། དམངས་རིགས་མོ་ནི་ཀཎྚ་ཀཱ་རི་སྟེ་མཁའ་ཁམས་སྔོ་བ་བསྐ་བ་ཆ་གཅིག །ཀ་ཕྲན་སེང་ཚེར་ཡིན་ནམ་དཔྱད། གཡུང་མོའམ་གདོལ་བ་མོ་ནི། མ་ཡཱུ་རི་ཤི་ཁཱ་སྟེ་རྨ་བྱའི་གཙུག་ཕུད་ཅེས་པ་རྨ་བྱའི་མདོངས་འདྲ་བ། སྐྱིད་གྲོང་མུན་ལ་སོགས་སུ་སྐྱེ་བ། མེ་ཁམས་དམར་པོ་རོ་ཚ་བ་ཅན་ཆ་གསུམ་མོ། །འདི་ལྔ་རེ་མིག་ཐ་མར་

p. 133

དགོད་དོ། །དེ་ལྟར་ཉེར་ལྔ་པོའི་ནང་ནས་ཇི་ལྟར་རྙེད་པ་ལྔ་གཟུང་བར་བྱའོ་གསུངས་སྨན་ཉེར་ལྔ་པོ་འདི་གཙོ་བོར་ཤིང་གི་སྨན་ཡིན་པ་འདྲ་སྟེ་འགྲེལ་པར་ནགས་ཀྱི་སྨན་དང་ཞེས་གསུངས་བའི་ཕྱིར་རོ་སྙམ་མོ། །སྔར་གྱི་དྲིའི་ལེ་ཚེ་དང་འདི་སོགས་ལ་འཆི་མེད་མཛོད་སོགས་སྐད་དོད་གཞན་དང་ཅི་རིགས་ཞིབ་བསྡུར་བྱས་ན་གོ་རྒྱུ་ཅི་རིགས་ཡོད་པ་འདྲ་སྟེ། དེ་ལྟར་མ་གྲུབ་པས་སྐབས་འདིར་སྔ་མ་རྣམས་ཀྱིས་གསུངས་པ་ལྟར་བཀོད་པ་ཡིན་ནོ། །དེ་ནས་འབྲུ་ཉེར་ལྔ་ནི་སྨན་གྱི་ལེ་ཚེའི་ཆ་ཡི་གྲངས་དང་འདྲ་བར་རེ་མིག་ཉེར་ལྔ་བཀོད་པའི་རེ་མིག་དང་པོ་ལྔ་ལ། སོ་བ་དང་ཞེས་པ་འབྲས་སོ་བ་སྦུབས་དང་མ་བྲལ་བ། སོ་བ་ཆེན་པོ་ཞེས་པ་འབྲུ་སོ་བ་དངོས་ལ་བྱས་ན་ལེགས་ཀྱང་གཉིས་ཀ་འབྲས་ལ་འདོད་པའང་སྣང་།མོན་སྲན་ཞེས་པ་མོན་སྲན་ལ་རིགས་དུ་མར་སྣང་ཡང་། མོན་སྲན་ནག་གྲོ་ཅུང་ཟད་ནར་བ་ཡིན་ཞེས་བཤད། ཙ་ན་ཀ་དཀར་པོ་ཞེས་པ་སྲན་མའི་བྱེ་བྲག་ཙ་ན་ཀ་ཞེས་པ་མདོག་དཀར་དབྱིབས་ཅུང་ནར་བ་ལ་བཤད། ཏིལ་ནག་པོ་དང་ལྔའོ། །རེ་མིག་གཉིས་པ་ལ། ཀོ་ཊ་པཱ་ནི་ཁྲེ་ཙེ་སྟེ་བྲ་བོ་ཞིང་ལ་བཏབ་ནས་སྐྱེ་བའོ། །མུད་ག་ཞེས་པ་སྲན་མའི་བྱེ་བྲག་མོན་སྲན་རྔེའུ་ཞེས་པ་སྲན་ཆུང་མདོག་སྐྱེར་སྔོན་ཞིག་གོ། སྲན་མ་ནི་བོད་དུའང་སྐྱེ་བ་སྲན་ནག་དངོས་སོ། །ཏིལ་དཀར་པོ་དང་གྲོ་ལྔའོ། །གསུམ་པ་ལ་མཽཥྛ་འམ་ཨཽཥྛ་ཞེས་པ་སྲན་ཆེན་ལེབ་མོ་རྒྱ་སྲན་ནོ། །ཏྲི་བུ་ཊ་ཞེས་པ་སྲན་ཆུང་ཁྲ་བོ། ཡུངས་ནག་དང་། ནས་དང་། མོན་སྲན་ཞེས་པ་མོན་སྲན་གྲེའུ་སྟེ་སྲན་མ་མཱ་ཤཱ་ཡང་ཟེར་བ་མཁལ་དབྱིབས་འབྲུ་བརྒྱག་པ་ཅན་སྲན་ཆུང་དཀར་པོའོ། །བཞི་པ་ནི། སྲན་ཆུང་ཞེས་པ་བོད་དུའང་སྐྱེ་བའི་སྲན་ཆུང་ཕྲ་མོ་སྨུག་ལེབ་དེའོ། །ཉུངས་ཀར་ཡོངས་གྲགས་དང་། ཀཾ་ཀུ་ཞེས་པ་ཁྲེ་རྒོད་དེ་བྲ་རྒོད་དོ། །ཏུ་བ་རི་ཀ་ཞེས་པ་སོག་མའི་ཚིགས་འདྲ་བའི་འབྲུ་ཞིག་ཡོད་ཅེས་ཟེར། བར་བ་ཊི་ཀ་ཞེས་པ་

p. 134

སྲེ་ད་སྟེ་ཡུག་པོ་བཏབ་སྐྱེས་སོ། །ལྔ་པ་ནི་ཟར་མ་སྟེ་འདི་ལ་ཨ་ཏ་ཤཱིའང་ཟེར། བ་ར་ཊཱི་ནི་ཡུངས་དམར་ཏེ་ཡུངས་གཞི་དམར་པོ། བ་སྲན་ཆེན་དཀར་པོ། ཀུ་ལེན་ཐ་ཞེས་པ་རྒྱ་སྲན་ནག་པོ་ལེབ་ཆུང་། སྲན་མ་ཙ་ན་ཀ་ནག་པོ་ལྔའོ། །དེ་ལྟར་སྨན་གྱི་ལེ་ཚེ་སྦྱར་བའི་ཆ་བཞིན་བྱས་ལ་འདི་རྣམས་ལས་ཇི་ལྟར་རྙེད་པའི་འབྲུ་ལྔའི་ཆ་བཟུང་བར་བྱའོ། །འབྲུ་རྣམས་ཀྱི་ཆ་ནི་རང་རང་གི་རིལ་བུ་སྟེ་རྡོག་པོའི་གྲངས་ཀྱིས་བྱའོ། །དྲི་ནི་གོང་དུ་ནང་ལེར་དྲི་ཡི་ལེ་ཚེ་ཉེར་ལྔ་གསུངས་བའི་ནང་ནས་ཇི་ལྟར་རྙེད་པའི་ཆ་བཅོ་ལྔ་པའི་དྲི་ལྔ་ཚན་ཞིག་གཟུང་བར་བྱའོ། །བུམ་རྫས་དེ་རྣམས་བུམ་པ་གང་དང་གང་དུ་གཞུག་པའི་ཚུལ་ནི། རིན་པོ་ཆེ་རྣམས་ལས་རིན་ཆེན་ཁ་དོག་སྔོན་པོ་ནི་ཤར་དང་ནུབ་ཀྱི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ལའོ། །དེ་བཞིན་ནག་པོ་ནི་ཤར་དང་མེའི་བུམ་པ། དམར་པོ་ལྷོ་དང་བདེན་བྲལ། དཀར་པོ་བྱང་དང་དབང་ལྡན། སེར་པོ་ནུབ་དང་ང་གི་བུམ་པའི་ནང་དུ་གཞུག་པར་བྱ་སྟེ། རིན་ཆེན་ཉིད་ཀྱི་གོང་བུ་མ་བཤིག་པ་དེ་གར་གཞུག་པའོ། །མ་འབྱོར་ན་ཕྱེ་མ་ཙམ་དེ་ལྟར་སོ་སོར་རོ། །དེ་བཞིན་ཁབ་ལེན་གྱི་ལྕགས་ནི་སྔོན་པོ་གང་དུ་གཞུག་པ་དེར་གཞུག་པ་དང་། གཞན་ལྷང་ཚེར་སོགས་ཀྱི་ལྕགས་རྣོན་པོ་ནི་ནག་པོ་གཞུག་པ་དང་། ཟངས་དམར་པོ། དངུལ་དཀར་པོ། གསེར་རིན་ཆེན་སེར་པོར་གཞུག་པའི་བུམ་པར་རོ། །དེ་བཞིན་སྨན་ལྔ་པོའི་ཆ་གཅིག་པ་ཅན་རྒྱལ་བ་དང་རྣམ་རྒྱལ་བུམ་པར་གཞུག་ཅིང་། ཆ་གཉིས་པ་ཤར་དང་མེར། གསུམ་པ་ལྷོ་དང་ལྷོ་ནུབ། བཞི་པ་བྱང་དང་དབང་ལྡན། ལྔ་པ་ནུབ་དང་ང་གི་བུམ་པར་གཞུག་གོ། དེ་བཞིན་དུ་རིལ་བུའམ་རྡོག་པོའི་དབྱེ་བས་འབྲུ་རྣམས་དང་། སྔར་གསུངས་པའི་ནགས་ཀྱི་སྨན་ཚངས་མ་སོགས་དང་། ཨེ་ལ་སོགས་དྲིའི་རྫས་ཉེར་ལྔ་རྣམས་ལས་ཇི་ལྟར་རྙེད་པའི་ལྔ་ཚན་རྣམས་ཀྱང་ཆ་སོ་སོ་བུམ་པ་སོ་སོ་ལ་ཁྲོལ་བུའམ་དུམ་བུ་རེ་བླུག་པར་བྱའོ། །དེ་ལྟར་མ་འབྱོར་ན་ཆ་སོ་སོའི་

p. 135

ཕྱེ་མ་བྱ་བ་ལས་འོས་མེད་དོ། །སླར་ཡང་རིན་ཆེན་ལྔ། ལྕགས་རིགས་ལྔ། ནགས་ཀྱི་སྨན་ལྔ། འབྲུ་ལྔ། དྲིའི་རྫས་ལྔ་སྟེ་ཉེར་ལྔ་པོ་རས་སོགས་གཙང་མར་ཐུམ་པོར་བཅིངས་པ་རྣམ་པར་རྒྱལ་བའི་དུང་ཆུས་བཀངས་བར་གཞུག་པར་བྱ་སྟེ། དེ་རྣམས་སུ་དབང་ཆོག་བཞིན་དུ་ལྷ་ལེགས་པར་བསྐྱེད་བཟླས་བྱས་ནས་མཎྜལ་དང་བཅས་གསོལ་བ་གདབ་པ་སྔོན་དུ་བཏང་ནས། སློབ་དཔོན་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས་པ་ལ་མཆོད་ཅིང་གསོལ་བ་བཏབ་པས་དབང་བསྐུར་བར་བྱའོ། །ཞེས་སོ། །བུམ་པ་དེས་སྐྱེ་བའི་གནས་ལྔར་དབང་བསྐུར་བར་བྱ་སྟེ། གང་ཞེ་ན། གཙུག་ཏོར་དང་། ཕྲག་པ་དང་། དཔུང་པ་དང་འབྲེལ་བའི་ཚིགས་གཡས་པ་དང་། གཡོན་པ་དང་། དཔྱི་དང་བརླའི་མཚམས་གཡས་དང་གཡོན་དུའོ། །སྐྱེ་བའི་གནས་ལྔ་ཞེས་པ་མངལ་དུ་འབྱུང་བ་ལྔའི་ཁམས་སྐྱེ་བའི་འབུར་པོ་ལྔ་དང་པོར་བཏོད་པའི་གནས་ཏེ། ནམ་མཁའི་ཁམས་སྐྱེ་བའི་གནས་གཙུག་ཏོར་དང་། རླུང་དང་མེའི་ཁམས་སྐྱེ་བའི་གནས་ཕྲག་ཚིགས་གཡས་གཡོན་དང་། ཆུ་དང་སའི་ཁམས་སྐྱེ་བའི་གནས་དཔྱི་ཚིགས་གཡས་གཡོན་ནམ། རྭ་འགྱུར་དུ་པུས་མོའི་ཚིགས་ཞེས་འབྱུང་བ་དེ་དག་ཏུ་བུམ་པས་དབང་བསྐུར་བར་བྱའོ། །འདི་ནི་དབང་བདུན་གྱི་དང་པོ་ཆུ་དབང་གི་སྐབས་འབའ་ཞིག་ཏུ་མ་ཟད་ལྷག་མ་དྲུག་ལ་ཡང་མཐའ་བརྟེན་གྱི་ཆུ་དབང་བསྐུར་བའི་སྐབས་སུའང་ཚུལ་དེ་ཉིད་ཡིན་ཞེས་འཆད། མེ་ཏོག་དོར་བ་དང་། མིག་དབྱེ་བའི་སྔགས་ཀྱིས་ལས་དེ་དག་བྱས་ནས། རིགས་ཀྱི་ལྷ་མེ་ཏོག་ཕོག་པ་དང་། དཀྱིལ་འཁོར་གྱི་གཙོ་བོ་དང་པོར་བྱས་ནས་དཀྱིལ་འཁོར་གྱི་ལྷ་མཐའ་དག་ངོ་བསྟན་པར་བྱའོ། །དེ་ལྟར་ཐོག་མར་ཤར་གྱི་སྒོར་རིགས་དག་པར་བྱས་ཏེ། དེ་ནས་བྱང་ཕྱོགས་སྐུའི་ཞལ་དུ་ཕུང་ཁམས་དག་བྱེད་ཆུ་དང་ཅོད་པན་གྱི་དབང་། ལྷོ་ཕྱོགས་གསུང་གི་ཞལ་དུ་ང་བཅུ་དང་རོ་རྐྱང་གི་རྩ་དབུ་མའི་དག་བྱེད་དར་དཔྱངས་དང་རྡོ་རྗེ་དྲིལ་བུའི་དབང་།

p. 136

ཤར་ཕྱོགས་ཐུགས་ཀྱི་ཞལ་དུ་དབང་ཡུལ་དག་བྱེད་བརྟུལ་ཞུགས་དང་མིང་གི་དབང་། ནུབ་ཕྱོགས་ཡེ་ཤེས་ཀྱི་ཞལ་དུ་ཡེ་ཤེས་རྣམ་པར་སྦྱོང་བྱེད་རྗེས་གནང་འདོགས་བཅས་ཀྱི་དབང་སྦྱིན་པའི་སླད་དུ། སློབ་དཔོན་གྱིས་སློབ་མ་ལག་པ་གཡོན་པ་ནས་ཁྲིད་ཅིང་ལས་ཀྱི་རྡོ་རྗེ་ཅན་དང་ལྷན་ཅིག་དཀྱིལ་འཁོར་ལ་གཡས་སུ་བསྐོར་བ་བྱས་ནས། བྱང་གི་སྒོར་ཁྲིད་དེ་དེར་ལུས་རྣམ་པར་དག་པའི་དོན་དུ་བུམ་པ་འཛིན་པའི་སྒྲོལ་མ་སོགས་ལྷ་མོ་རྣམས་ཀྱིས་ཨོཾ་ཨཱ་ཨཱི་སོགས་ཡུམ་ལྔའི་ས་བོན་དང་བཅས་པའི་སྔགས་ཀྱིས་སྐྱེ་བའི་གནས་ལྔར་དབང་བསྐུར་ཞིང་ཁྲུས་བྱའོ། །དེས་ལུས་ཀྱི་ཁམས་ལྔའི་དྲི་མ་རྣམ་པར་དག་པར་བྱས་པ་དང་། དེ་བཞིན་དུ་སངས་རྒྱས་ལྔའི་རབ་ཏུ་དབྱེ་བའི་ཅོད་པན་གྱི་དབང་ཡང་སྐྱེ་བའི་གནས་ལྔར། ཨོཾ་ཨ་ཨི་སོགས་ཡབ་ལྔའི་སྔགས་ཀྱིས་བསྐུར་བས་སྦྱིན་པར་བྱ་བ་ཡིན་ཏེ་ཕུང་པོ་ལྔའི་དྲི་མ་དག་པར་བྱ་བའོ། །དེ་ལྟར་རིན་པོ་ཆེ་དང་གསེར་གྱི་ཅོད་པན་ནམ། གོས་ལས་བྱས་པའི་ཅོད་པན་བཅིངས་པར་བྱའོ། །དེ་ལྟར་དབང་བསྐུར་གཉིས་ཀྱིས་ཁམས་དང་ཕུང་པོ་ཡོངས་སུ་དག་པས་སྐུ་རྣམ་པར་དག་པར་འགྱུར་རོ། །འདིར་དབང་བདུན་བསྐུར་བའི་སྔོན་དུ་སྦྱང་བ་རྣམས་རྒྱུད་སྡེ་གཞན་དང་མཐུན་པར་ཁ་བསྐང་བ་དང་། དབང་བདུན་པོའི་སྔོན་དུ་ནང་དབང་བསྐུར་བ་ས་དྷུ་པུ་ཏྲས་བཤད་པ་ལྟར་བླ་མ་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱོར་བའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སློབ་མ་དྲངས་པ་ཁར་བཅུག་ནས། ཞུ་བའི་བྱང་སེམས་ལས་སློབ་མ་ཡུམ་གྱི་པདྨར་རྡོ་རྗེ་བཞི་སོ་སོར་བསྐྱེད་ནས། དེ་ལ་ཡེ་ཤེས་པ་བསྟིམས་ནས་གཉིས་སུ་མེད་པར་བྱས་པ་ཕྱིར་ཕྱུངས་ནས་དབང་སྟེགས་ལ་ཕྱོགས་སོ་སོར་དམིགས་པས་འགོད་པ་ཆོས་རྗེ་བུས་བཞེད་པ་སོགས་བླ་མ་སྔ་མ་རྣམས་ཀྱི་དབང་གི་ཆོ་ག་ལས་ཇི་ལྟར་འབྱུང་བ་ལྟར་ཤེས་པར་བྱ་སྟེ། འདིར་རྩ་འགྲེལ་ལས་གསུངས་པའི་ཚིག་གི་འགྲོས་ཙམ་ཞིག་མདོར་བསྡུས་ནས་བཤད་པ་ཡིན་ནོ། །དེ་ལྟར་སྐུའི་ཞལ་གྱི་ས་ལ་སྐུ་དག་

p. 137

པར་བྱས་ཏེ། དེ་ནས་རྡོ་རྗེ་སློབ་དཔོན་མཆོག་གི་བླ་མས་གཡས་སྐོར་གྱིས་ལྷོའི་སྒོར་ཁྲིད་ནས། གསུང་རྣམ་པར་དག་པའི་དོན་དུ་ནུས་མ་བཅུ་བོ་རྣམས་ཀྱིས་རླུང་བཅུ་དག་བྱེད་དར་དཔྱངས་ཁ་དོག་བཅུ་ཡི་དབང་ཉིད་སྐྱེ་བའི་གནས་ལྔར་ཨོཾ་ཨ་ཨཱ་སོགས་སྔགས་དང་བཅས་པས་བསྐུར་བར་བྱ་སྟེ། དབང་རྫས་ཀྱི་དར་དཔྱངས་ནི་རིན་པོ་ཆེའི་པ་འམ་གསེར་གྱི་པཊྚའམ་མ་རྙེད་ན་མེ་ཏོག་གི་ཕྲེང་བ་དཔྲལ་བར་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་ཡི་དབང་ནི་སྐྱེ་བའི་གནས་ལྔར་ཉི་ཟླ་ལས་ཏེ་ཞེས་པ་ཉི་ཟླ་རོ་རྐྱང་གི་རྩ་དག་པར བྱེད་པའི་ཆ་ལས་ཏེ། གཙོ་བོ་ཡབ་ཡུམ་གྱིས་ཨོཾ་ཧུཾ་ཧོཿསཱུཪྻ་ཙནྡྲ་བི་ཤྭ་དྷ་ཀ་སྭཱ་ཧཱ་ཞེས་པས་བསྐུར་ཞིང་། སླར་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་བཞག་ནས་དུང་ཆོས་ཀྱི་ཆུས་ཀྱང་དབང་བསྐུར་བར་བྱའོ། །དེ་ལྟར་དབང་བསྐུར་བ་གཉིས་ཀྱིས་གསུང་རྡོ་རྗེ་སྦྱང་བའམ་རྣམ་པར་དག་པར་བྱས་ནས་མཐེ་པོའི་རྡོ་རྗེ་སྟེ་སོར་གདུབ་བྱིན་ལ། སླར་ཡང་གཡས་སྐོར་གྱིས་ཤར་གྱི་སྒོར་ཐུགས་རྡོ་རྗེ་སྦྱང་བའི་དོན་དུ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་དག་ཀྱང་བྱང་ཆུབ་སེམས་དཔའ་ཡབ་ཡུམ་གྱིས་བསྐུར་བར་བྱ་སྟེ། དབང་གི་རྫས་ནི་མེ་ཏོག་སིལ་མ་ཁ་དོག་དྲུག་པའོ། །སྐུར་བའི་གནས་ནི་སྐྱེ་བའི་གནས་ལྔ་དང་རྣ་བ་སོགས་དབང་པོའི་སྒོ་རྣམས་སུའོ། །སྔགས་ནི་ཨོཾ་ཨ་ཨཱ་སོགས་སོ། །དགོས་པ་ནི་ཡུལ་ཅན་ལུས་ཀྱི་དབང་པོར་བཅས་པའི་ཡུལ་དག་པར་བྱེད་པ་ཅན་གྱིས་སྦྱང་བར་བྱ་བ་སྟེ་དབང་བདུན་དང་བྱིས་པ་འཁྲུད་པ་ནས་ཀློག་སོགས་བསླབ་པའི་བར་དུ་སྦྱར་བར་བྱ་བ་རྗེས་སུ་འཆད་དོ། །དེ་ནས་ལས་ཀྱི་དབང་པོ་ཡུལ་བཅས་དག་པའི་སླད་དུ་སྒོ་སྐྱོང་ཁྲོ་བོ་ཡབ་ཡུམ་རྣམས་ཀྱིས་བྱམས་སོགས་ཚད་མེད་བཞི་ཡི་རང་བཞིན་གྱི་རྡོ་རྗེ་མིང་གིས་དབང་བསྐུར་བ་སྟེ། རྫས་གང་གིས་ན་རྐང་ལག་གི་དཔུང་གདུབ་སོགས་དྲུག་གམ་མེད་ན་མེ་ཏོག་གི་ཕྲེང་བ་གདུབ་བུའི་གནས་རྣམས་སུ་བཅིངས་ལ། སྔགས་ནི་ཨོཾ་ཧ་ཧཱ་སོགས་ཀྱིས་སོ། །དགོས་པ་ལས་དབང་ཡུལ་བཅས་རྣམ་པར་དག་ཅིང་

p. 138

ཚད་མེད་བཞིས་སེམས་ཅན་གྱི་དོན་བྱེད་པ་ལ་དབང་བར་འགྱུར་རོ། །ཁྱོད་ནི་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་མིང་བཏགས་ནས་ལུང་བསྟན་པར་བྱའོ། །དེ་ལྟར་དབང་བསྐུར་བ་གཉིས་ཀྱིས་ཐུགས་རྡོ་རྗེ་སྦྱངས་ཏེ། སླར་ཡང་གཡས་སྐོར་གྱིས་ནུབ་སྒོར་ཁྲིད་དེ་ཡེ་ཤེས་རྣམ་པར་དག་པའི་དོན་དུ་གསལ་བར་རྡོ་རྗེ་སེམས་དཔའ་རྒྱལ་བའི་བདག་པོས་སྐྱེ་བའི་གནས་ལྔར་ཨོཾ་ཧཾ་ཀྵཿ སོགས་སྔགས་བརྗོད་ཅིང་འཁོར་ལོ་བྱིན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་རྗེས་སུ་གནང་པ་དང་འོག་ནས་འབྱུང་བའི་འདོགས་བཅས་རབ་ཏུ་སྦྱིན་པར་བྱ་ལ།དེ་ལྟར་དབང་བདུན་རྫོགས་ནས་སློབ་དཔོན་ཉིད་དུ་བྱ་བའི་དོན་དུ་ལག་པར་རྡོ་རྗེ་དང་དྲིལ་བུ་རབ་ཏུ་བྱིན་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་བྱས་ནས། རབ་མཆོག་སྙིང་རྗེ་དག་གིས་དག་པའི་ཆོས་ནི་བསྟན་པར་བྱ་སྟེ། གང་ཞེ་ན། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་མཚམས་མེད་ལྔ་བྱེད་པ་དང་། སངས་རྒྱས་ཀྱི་བསྟན་པ་བཤིག་པ་དང་དམ་ཚིག་འདྲལ་བའི་བསྒྲལ་བྱའི་སྔོན་དང་ཕྱི་མཐའ་ཤེས་ནས་ལས་ངན་གྱི་རྒྱུན་གཅོད་པའི་སྲོ༷ག་གཅོད་བྱ་སྟེ། རལ་གྲི༷་ཡི་རིགས་ལ་ཡང་ལམ་ངན་ལས་འདོན་པའི་སླད་དུ་བདེན་པ་མིན་པའི་ཞེས་རྫུན་གྱི་ཚིག་སྨྲའོ། །རིན་ཆེན་རིགས་ལ་ནི་ཡི་དྭགས་སུ་འགྲོ་བའི་འཇུངས་པ་གཞན་ལས་ནོར་དབྲོ༷ག་པའམ་འཕྲོག་པར་བྱ་སྟེ་མགོན་མེད་ལ་སྟེར་བར་བྱའོ། །མཆོག་གི་པདྨའི་རིགས་ཉིད་ལ་ཡང་ཆགས་ཅན་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་བཟློག་ཕྱིར་གཞན་གྱི་བུད་མེད་དབྲོ༷ག་པ་སྟེ་འཕྲོག་པར་བྱའོ། །བྲམ་ཟེ་སོགས་རིགས་སུ་འཛིན་པ་གཞོམ་ཕྱིར་ཆང་བཏུང་བ་དང་སྒྲོ༷ན་མ་ཤ་ལྔ་དང་། སངས་རྒྱས་ལྔའི་རང་བཞིན་བདུད་རྩི་ལྔ་རྣམས་བསྟེན་པ་དང་། འདོད་ཡོན་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ཡི་རིགས་ལ་ནི་བསྟེན་པར་བྱ་སྟེ། འདོད་པའི་རོ་ལ་ཆགས་པས་མིན་པར་རྡོ་རྗེ་ལུས་ཀྱི་ལྷ་མཆོད་ཅིང་ཐབས་ལ་མཁས་པས་འདོད་ཡོན་མི་སྤོང་བར་བྱེད་པའོ། །ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་བསྒྲུབ་པའི་སླད་དུ་གདོལ་པ་

p. 139

མོ་སོགས་མཐའ་དག་བུད་མེད་རྣམས་ནི་བསྟེན་པར་བྱ་སྟེ། གྲི༷་གུག་གི་རིགས་ལ་ཡང་བུད་མེད་ཀྱི་མཁའ་ཡི་པདྨར་སྨད་པ་དང་བརྙས་པར་མི་བྱའོ། །མདོར་ན་བུད་མེད་མི་སྨོད་ཅིང་འཇིག་རྟེན་གྱི་རིགས་དང་རིགས་མིན་དུ་མི་འབྱེད་པར་ཕྱག་རྒྱ་མཚན་ལྡན་བསྟེན་པ་གྲི་གུག་གི་དམ་ཚིག་གོ། དེ་ཡང་སྲོག་གཅོད་པའི་ལས་རྩོམ་པ་ལ་གང་ཟག་གང་ཞིག་འཆི་བ་ལ་ཐུག་གི་བར་དུ་མཚམས་མེད་སོགས་ལས་ངན་པ་ལ་ཞུགས་པ་དེ་དག་བསྒྲལ་བར་བྱས་ན། ལས་ངན་དེ་ལས་བཟློག་ནུས་པའི་ཚུལ་ཤེས་པའི་སྔོན་དང་ཕྱི་མཐའ་མཐོང་བའི་མངོན་ཤེས་དང་ལྡན་པའི་སྔགས་པས། ཁྲོ་བོའི་དྲག་སྔགས་བསྒྲུབ་ཅིང་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་བསྒྲལ་བར་བྱ་ཡི། མངོན་ཤེས་མེད་པས་སྔོན་དང་ཕྱི་མཐའི་ཚུལ་མ་མཐོང་བར་བསྒྲལ་ན་ཕན་པ་མེད་ཀྱི་སྟེང་དུ་གནོད་པར་འགྱུར་བའང་སྲིད་དེ། དཔེར་ན་རྒྱལ་པོ་མྱ་ངན་མེད་པ་ལ་གཞོན་དུས་གཏུམ་པོ་མྱ་ངན་མེད་དང་། ཕྱིས་ཆོས་རྒྱལ་མྱ་ངན་མེད་དུ་གྲགས་པ་ལྟར། ལས་ངན་སྤྱོད་པ་དག་ཀྱང་ལས་དེ་དོར་ནས། དགེ་བ་ལ་འཇུག་པ་བསད་ན་དམྱལ་བར་སྐྱེ་བའི་རྒྱུར་འགྱུར་རོ། །དེས་ན་མངོན་ཤེས་ལྔ་དང་ལྡན་པར་མ་གྱུར་པ་དེ་སྲིད་ཞི་རྒྱས་དང་དབང་དགུག་གི་ལས་མ་གཏོགས་དྲག་པོའི་ལས་མི་བྱ་ཞིང་། རྫུན་སྨྲ་བ་སོགས་གཞན་ཀྱང་རིགས་དེ་དང་དེའི་སྔགས་གྲུབ་པའི་ནུས་པ་ཐོབ་པའི་སྔགས་པས་རང་དོན་མིན་པར་གཞན་ཕན་གྱི་ཆེད་དུ་ཐབས་ལ་མཁས་པའི་སྒོ་ནས་བྱས་ན་འཇིག་རྟེན་གྱི་སྨད་པའི་གནས་སུ་མི་འགྱུར་ལ་དོན་ཆེན་པོར་འགྱུར་རོ། །སྲོག་གཅོད་པ་སོགས་རྫོགས་རིམ་ངེས་དོན་ལ་སྦྱར་ན། སྲོག་གཅོད་པ་ནི་གཙུག་ཏོར་དུ་རླུང་འགག་པར་བྱེད་པ་ཡིན་ལ་དེས་ཁུ་བ་སྟེང་དུ་འགྲོ་ཞིང་བརྟན་པར་འགྱུར་རོ། །བདེན་མིན་ནི་མཐའ་གང་དུའང་བདེན་པར་མི་སྨྲ་བའི་ཚིག་སེམས་ཅན་ཀུན་གྱི་སྐད་ཀྱིས་སྟོན་པ་ལོངས་སྐུ་བསྒྲུབ་པ་དང་། སྙིང་གར་གནས་པ་གཞོམ་མེད་སྟོང་པའི་སྒྲ་སྒྲུབ་པའོ། །གཞན་གྱི་ནོར་ནི་གཞན་རྡོ་རྗེ་

p. 140

སེམས་དཔའི་ནོར་བདེ་བ་ཆེན་པོ་སྟེར་བའི་ཁུ་བ། དེ་འཕྲོག་པ་མགྲིན་པ་ས་བརྒྱད་པ་ཐོབ་པའི་གནས་སུ་བཅིང་བའོ། །གཞན་གྱི་བུད་མེད་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་གང་ཞིག་མི་འགྱུར་བའི་བདེ་བ་འདྲེན་པ་དེ་ཉིད་རང་གིར་བྱས་ནས་དཔྲལ་བ་ས་བཅུ་པའི་གནས་སུ་སྲོག་བཀག་པས་ཁུ་བ་སྟེང་དུ་འགྲོ་བའོ། །ཆང་ལྷན་སྐྱེས་དགའ་བ། སྒྲོན་མ་ལྔ་ནི་ནང་དུ་དབང་པོ་ལྔ། ནང་དུ་རང་གི་ལུས་ཀྱི་བདུད་རྩི་ལྔ། ཡུལ་དབང་ཡུལ་རྣམས་ཏེ། དེ་རྣམས་བསྟེན་ཚུལ་ལྟེ་བའི་པདྨར་སྲོག་བཀག་པས་དབང་ཡུལ་འབྲེལ་པའི་རྣམ་རྟོག་འགོག་སྟེ་ལྷན་སྐྱེས་དགའ་བ་ལ་གནས་ཤིང་ནང་གི་བདུད་རྩི་ལྔའི་དྭངས་མ་འཛག་མེད་དུ་བཅིང་བའམ་བསྟེན་པའོ། །མཁའི་པདྨར་མི་སྨད་པ་ནི་བྱང་སེམས་འཕོ་བ་མེད་པ་འཛག་མེད་ཀྱི་ཚུལ་ཁྲིམས་ཐོབ་པས། ཕྱི་རོལ་དུ་ཡུམ་གྱི་པདྨ་ཁུ་བ་འཛག་པས་སྨད་པ་མེད་པའོ། །དེ་ལྟར་འདི་དག་ལ་ཕྱི་ལྟར་ན་ཐབས་ཤེས་ཀྱི་དགོངས་སྤྱོད་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་སྤྱོད་ཚུལ་དང་། ནང་དུ་སྦས་དོན་གྱི་ཚུལ་གཉིས་ཀྱིས་རྟོགས་པར་བྱའོ། །མདོར་ན་རང་དོན་ལ་ཆགས་པའི་སེམས་ཀྱིས་སྲོག་གཅོད་དང་རྐུ་བ་སོགས་ནི་རྣམ་པ་ཀུན་དུ་མི་དགེ་བའི་ལས་ཡིན་ལ། རང་དོན་ལ་མ་ཆགས་པར་གཞན་དོན་དུ་སྦྱོར་བ་དང་སྒྲོལ་བ་སོགས་ཀྱི་ལས་ཀྱིས་གདུལ་བྱ་གདུལ་དཀའ་བའི་དོན་རླབས་པོ་ཆེ་བྱེད་པ་ནི་གསང་སྔགས་ཀྱི་དགོངས་སྤྱོད་ཁྱད་པར་ཅན་ཡིན་པས་དེ་ཉིད་ལ་གུས་པར་བྱས་ནས། སེམས་ཅན་ཀུན་གྱི་དོན་གྱི་སླད་དུ་ནོར་དང་བཅས་པའི་རང་གི་ལུས་འདི་ཕངས་པ་མེད་པར་སྦྱིན་པར་བྱ་སྟེ། ཁྱོད་ཀྱིས་ལུས་མི་གཏོང་བར་བསྲུང་བར་མི་བྱའོ། །རིགས་ཀྱི་བུ་ཀྱེ་དེ་ལྟར་རང་གཅེས་འཛིན་དོར་ནས་གཞན་དོན་འབའ་ཞིག་པའི་བློ་དང་ཐབས་མཁས་དང་ཆོས་ཉིད་རྟོགས་པའི་ལམ་གྱིས་བསོད་ནམས་དང་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་གསུམ་རྫོགས་པ་ལས། ཁྱོད་སངས་རྒྱས་ཉིད་དུ་འགྱུར་པ་ཡིན་ལ། དེ་ལས་གཞན་དུ་ལམ་གཞན་ལ་འབད་ཀྱང་མཐའ་

p. 141

ཡས་པའི་བསྐལ་པས་སངས་རྒྱས་འཐོབ་པ་མིན་པར་རྒྱལ་བས་གསུངས་སོ། །ཞེས་སྔགས་ཀྱི་དགོངས་སྤྱོད་ཁྱད་པར་ཅན་གྱི་དག་པའི་ཆོས་བསྟན་པའོ། །དེ་ལྟར་དཀྱིལ་འཁོར་དུ་དབང་བདུན་གྱི་ཆོ་ག་བྱས་ཏེ་སློབ་མ་ལ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པར་བསམ་པར་བྱས་ནས། སློབ་དཔོན་གྱིས་དབང་ཐོབ་སྔ་ཕྱིའི་རྒན་གཞོན་ཤེས་པའི་དོན་དུ་དབང་ཐོབ་པའི་དུས་བསྒྲིག་པ་ནི། རང་བྱུང་ལ་སོགས་པའི་བྱེ་བྲག་ལ་ཆེ་གེ་མོ་འདི་ཞེས་བྱ་ལ། རིག་ལྡན་གྱི་རྒྱལ་པོ་སུ་ཞིག་ཁྲི་ལ་བཞུགས་ནས་ཆོས་སྟོན་པ་དང་། ཟླ་བ་ཉ་དང་གཟའ་ཚེས་སྐར་སྦྱོར་བྱེད་པ་འདི་དང་འདི་ལ། རྡོ་རྗེ་སློབ་དཔོན་ཆེ་གེ་མོ་བདག་གིས། སློབ་མ་ཆེ་གེ་མོ་རྣམས་མཆོག་གི་དང་པོའི་སངས་རྒྱས་ཀྱི་དཀྱིལ་འཁོར་དུའམ། ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དུ། འོག་མིན་པའི་མཐར་ཐུག་པའི་འཇིག་རྟེན་གྱི་དངོས་གྲུབ་བསྒྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཉིད་དུ་འགྱུར་བའི་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་སླད་དུ་དབང་བདུན་གྱིས་དབང་བསྐུར་ཏེ། བདག་གིས་ལུང་བསྟན་ཞིང་རྗེས་སུ་གནང་བ་ཡིན་ནོ་ཞེས་རབ་ཏུ་བསྒྲག་པར་བྱའོ། །དབང་བདུན་པོ་ལ་ཅིའི་ཕྱིར་བྱིས་པ་འཇུག་པའི་དབང་ཞེས་བྱ་ན། བྱིས་པ་སྐྱེས་པ་ན་མས་ཆུས་བཀྲུ་པ་དང་། དེ་ནས་གཙུག་ཕུད་བཞག་པ་དང་། རྣ་བ་འབུག་པ་དང་། བྱིས་པ་དགོད་ཅིང་སྨྲ་པ་བྱེད་པ་དང་། ཡུལ་ལྔ་ལ་ལོངས་སྤྱོད་པ་དང་། མིང་བཏགས་པ་དང་། ཕས་ཀློག་སོགས་བསླབ་པ་དང་། ཆུ་དང་ཅོད་པན་དར་དཔྱངས། རྡོར་དྲིལ་བརྟུལ་ཞུགས་མིང་དང་རྗེས་གནང་རྣམས་རིམ་པར་སྦྱར་བ་དེ་ལྟ་བུའི་ཕྱིར་ནའོ། །གལ་ཏེ་འདུས་པ་སོགས་རྒྱུད་གཞན་རྣམས་སུ་མི་བསྐྱོད་པ་ཆུའི་དབང་དང་རིན་འབྱུང་ཅོད་པན་གྱི་དབང་སོགས་བྱིས་པའི་སྐྱེ་བོ་གཞུག་པའི་རིག་པའི་དབང་ལྔ་གསུངས་པ་དང་། འདིར་ཁམས་ལྔ་དག་པའི་ཆུ་དབང་དང་། རིགས་ལྔའི་ཅོད་པན་གྱི་དབང་སོགས་སུ་ཐ་དད་ཕྱེ་སྟེ་

p. 142

བསྟན་པ་མི་འགལ་ལམ་སྙམ་དུ་བྱིས་པའི་སྐྱེ་བོ་རྣམས་སེམས་ན་མི་འགལ་ཏེ། ཆོ་གའི་ཚུལ་མི་འདྲ་ཡང་དོན་འདྲ་སྟེ། རྒྱུད་གཞན་ལས་རིན་འབྱུང་གི་ངོ་བོ་ཅོད་པན་གྱི་དབང་བསྐུར་བ་དེའང་རིགས་ལྔའི་ཅོད་པན་བཅིང་པ་ཡིན་ཏེ། རྒྱུ ད་ཐམས་ཅད་ལས་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷ་དེ་གཙོ་བོར་བྱས་པའི་རིགས་ཀྱི་དབུ་བརྒྱན་པ་ཡིན་གྱི་རིན་འབྱུང་འབའ་ཞིག་གིས་མ་ཡིན་ཏེ། རིན་འབྱུང་འབའ་ཞིག་ལ་མེ་ཏོག་ཕོག་པར་མ་ངེས་སོ། །དེ་ལྟར་རིན་འབྱུང་གི་དབང་ཡིན་པས་རིན་འབྱུང་འབའ་ཞིག་གི་དབུ་རྒྱན་པར་སེམས་ན་སྔ་མ་མེ་ཏོག་གང་ལ་ཕོག་པའི་ལྷ་རིགས་བདག་ཏུ་འབོགས་པ་དང་། ཕྱི་མ་རིན་འབྱུང་འབའ་ཞིག་ལ་བྱེད་པ་འགལ་བར་འགྱུར་བས་རིན་འབྱུང་གི་ངོ་བོའི་དབུ་རྒྱན་གྱི་དབང་བསྐུར་བ་ཡང་རིགས་ལྔའི་དབུ་རྒྱན་གྱི་དབང་བསྐུར་བ་ཡིན་ཏེ། ཡེ་ཤེས་ལྔ་བདག་ཅོད་པན་ཅན། །ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་གསང་འདུས་དང་ཀྱེ་རྡོར་སོགས་ཀྱི་རྒྱུད་བསྡུས་པ་ད་ལྟ་བཞུགས་པ་རྣམས་ལས་ཀྱང་འདིར་བཤད་པ་ལྟར་ཆུ་དབང་གིས་ཁམས་ལྔ་དག་པ་སོགས་སོ་སོར་སྦྱར་བ་མེད་དེ་འདི་གཉིས་མི་འདྲ་བར་སྣང་ཡང་དོན་ལ་འགལ་བ་མེད་དེ་རྒྱུད་གཞན་དུ་ཆོ་ག་བསྡུས་པའི་སྒོ་ནས་རིགས་ལྔའི་དབང་གིས་ཕུང་པོ་ལྔ་སྦྱོང་བ་དང་། འདིར་ཆོ་ག་རྒྱས་པའི་སྒོ་ནས་ཁམས་དང་ཕུང་པོ་དབང་ཡུལ་སོགས་སོ་སོར་སྦྱང་བའི་དག་པ་ཉིད་ཀྱི་དབང་བསྐུར་བའི་ཆོ་གའི་ཚུལ་གཞན་སྟོབས་དང་ལྡན་པའི་ཕྱིར་ལུགས་གཞན་གྱིས་འདི་སུན་འབྱིན་མི་ནུས་ལ། འདི་ལས་གཞན་རྒྱུད་སྡེའི་དབང་ཆོག་གཞན་སྟོབས་དང་མི་ལྡན་པ་ཡང་མ་ཡིན་ཏེ། ཆོ་གའི་ཚུལ་རྣམ་པ་མི་འདྲ་ཡང་དོན་འགལ་མེད་ཡིན་པའི་ཕྱིར་རོ། །དེས་ན་གདུལ་བྱའི་མོས་པ་སོགས་དགོས་པ་གཞན་དག་གཞན་གྱི་སྒོ་ནས་རྒྱུད་རྣམས་སུ་དབང་དང་སྒྲུབ་ཐབས་སོགས་ཀྱི་ཆོ་ག་རྣམ་པ་མི་འདྲ་བ་དུ་མ་ཡོད་ཀྱང་དོན་ལ་འགལ་མེད་དུ་ཤེས་པར་བྱ་དགོས་ཀྱི། ལུགས་གཅིག་ལ་བརྟེན་ནས་དེ་དང་མི་འདྲ་བ་གཞན་ཆོ་ག་ཡང་དག་

p. 143

མ་ཡིན་པར་འཛིན་པ་ནི་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་ཡས་པ་ནམ་མཁའ་ལྟ་བུའི་དོན་ལ་ཁབ་མིག་ལྟ་བུར་བློ་ཉི་ཚེ་བར་འགྱུར་པ་ཡིན་པས་དེས་ཅིར་ཡང་མི་ཕྱིན་ཏོ། །དེ་ནས་དབང་གི་རྣམ་པར་དག་པ་གསུངས་པ། ཆུ་ཡི་དབང་ནི་རླུང་ལ་སོགས་པའི་ཁམས་ལྔ་སྒྲོ༷ལ་མ་ལ་སོགས་པའི་ལྷ་མོ་ལྔར་དག་པར་བྱེད་པའོ། །ཅོད་པན་གྱི་དབང་ཞེས་པ་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་དག་པར་བྱེད་པའོ། །དཔའ་བོའི་དར་དཔྱངས་ཀྱི་དབང་ནི་རླུང་བཅུ་པོ་ཕར་ཕྱིན་བཅུ་རྫོགས་པའི་ངོ་བོ་ནུས་མ་བཅུ་པོ་རྣམས་སུ་དག་པར་བྱེད་པའོ། །རྡོ་རྗེ་དང་དྲིལ་བུ་ཡི་དབང་ནི་ལ་ལཱ་ནཱ་དང་རས་ན་རྣམ་པར་དག་པ་སྟེ། ཤེས་རབ་ཉི་མ་དང་ཐབས་ཟླ་བ་སྒྲིབ་པ་མེད་པ་དག་ཏུ་བྱེད་པ་དང་། བརྟུལ་ཞུགས་ཀྱི་དབང་དག་ཀྱང་མིག་སོགས་དབང་པོ་དང་། གཟུགས་སོགས་ཡུལ་རྣམ་པར་དག་པ་རྣམས་ཏེ། ལྷའི་མིག་སོགས་ལ་འཇུག་པའོ། །མིང་གི་དབང་ནི་བྱམས་སོགས་ཚངས་པའི་གནས་པ་བཞིའི་གནས་ལ་སྦྱོར་བས་དུས་ཐམས་ཅད་དུ་འདོད་ཆགས་དང་ཞེ་སྡང་སོགས་རྣམ་པར་དག་ཅིང་སྒྲིབ་པ་མེད་པ་ལ་སྦྱོར་བའོ། །རྗེས་གནང་གི་དབང་ནི་རྫོགས་པའི་བྱང་ཆུབ་ཀྱི་དཔལ་མོ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་ཡིན་པས། དཔའ་མོའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་སྒྲ་དབྱངས་ངག་གི་རང་བཞིན་གྱི་དཔལ་མོ་ཞེས་མངོན་པར་བརྗོད་པའོ། །ཆོས་བསྟན་པ་དེའི་བྱེད་ལས་ནི། གནས་སྐབས་སུ་གཞན་ལ་ཕན་པར་བྱེད་པས་སྲིད་པའི་འཇིགས་པ་འཇོམས་པ་དང་། མཐར་ཐུག་འཕོ་མེད་ཀྱི་བདེ་བ་རྗེས་སུ་རིག་པར་བྱེད་པ་སྟོང་པ་ཉིད་སྟོན་པས། དེ་ཁོ་ན་ཉིད་དུས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་སྐུ་རྗེས་སུ་རིག་པ་སྟེ། དེ་ལྟར་སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་དག་རྡོ་རྗེ་སློབ་དཔོན་གྱི་དབང་གི་སྣོད་དུ་རུང་བའི་སློབ་མ་རྣམས་ལ་དཀྱིལ་འཁོར་དུ་ནི་ཡང་དག་པར་རབ་ཏུ་སྦྱིན་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དབང་བསྐུར་བའི་འབྲས་བུ་གསུངས་པ། འདིར་དབང་བདུན་པོ་དག་གིས་དཀྱིལ་འཁོར་ཆེན་པོར་མངོན་པར་དབང་བསྐུར་བར་བྱས་པར་གྱུར་ན་བསོད་ནམས་

p. 144

དགེ་བའི་རྣམ་སྨིན་གྱི་དབང་གིས་རྣལ་འབྱོར་གྱི་ས་བདུན་གྱི་ནི་དབང་ཕྱུག་ཉིད་དུ་འགྱུར་ཏེ། དབང་ཐོབ་ནས་མི་དགེ་བཅུ་དང་བྲལ་ཏེ་ཤི་བར་གྱུར་ན་ས་བདུན་གྱི་བར་དུ་རིམ་པར་འགྱུར་རོ། །གལ་ཏེ་དབང་དོན་དཀྱིལ་འཁོར་གྱི་འཁོར་ལོ་རིམ་གཉིས་ལམ་གྱིས་མངོན་སུམ་བྱས་ན། དེའི་ཚེ་ལུས་འདི་ཉིད་ཀྱིས་ས་བདུན་གྱི་དབང་ཕྱུག་ཉིད་དུ་འགྱུར་རོ། །དབང་གོང་མ་ལས་བུམ་པ་དང་གསང་བས་མངོན་པར་དབང་བསྐུར་བ་ཐོབ་ན་ཚུལ་ཁྲིམས་ཀྱི་དབང་གིས་སླར་ཡང་ཕྱིར་མི་ལྡོག་པ་ས་བརྒྱད་པ་མི་གཡོ་བ་དང་སོགས་ཀྱི་སྒྲས་ས་དགུ་པ་ལེགས་པའི་བློ་གྲོས་སུ་ངེས་པར་རབ་ཏུ་འཇུག་པར་འགྱུར་རོ། །འདིར་མི་གཡོ་བ་ནི་སྐྱེ་གནས་སུ་བསྲུབས་པ་ལས་བྱང་ཆུབ་ཀྱི་སེམས་མི་གཡོ་བ་འཛག་མེད་ཀྱི་ཚུལ་ཁྲིམས་སོ། །ལེགས་པའི་བློ་གྲོས་ཞེས་པ་ནི་བདེ་བ་ཆེན་པོའི་སེམས་སོ། །དེའི་ཕྱིར་དབང་གི་འབྲས་བུ་བརྒྱུད་ནས་བྱང་ཆུབ་སེམས་དཔའི་ས་དངོས་དང་། གནས་སྐབས་སུ་ལམ་གྱི་ཁྱད་པར་ལ་གོ་བར་བྱའོ། །ཤེས་རབ་ཡེ་ཤེས་དག་གིས་མངོན་པར་དབང་བསྐུར་ན་ཚུལ་ཁྲིམས་ཚོགས་ཀྱི་སྟོབས་ཀྱིས་སྲིད་པའི་འཇིགས་པ་འཇོམས་པའི་འཇམ་དབྱངས་ཉིད་དུ་འགྱུར་ཞེས་པ། འཇམ་པའི་དབྱངས་དང་མཚུངས་པར་ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པར་བྱེད་པའི་དོན་ཏེ། བདེ་བ་ཆེན་པོའི་ཆར་གྱིས་རང་གཞན་གྱི་དོན་བྱེད་པས་ཆོས་ཀྱི་སྤྲིན་ཞེས་བརྗོད་དོ། །དེ་ལྟར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་སྔོན་དུ་འགྲོ་བ་ལས་ཡེ་ཤེས་ཀྱི་ཚོགས་འབྱུང་ལ། ཡེ་ཤེས་ཀྱིས་རང་བཞིན་དོན་དམ་པའི་དབང་བཞི་པ་ཐོབ་པ་ནི་ས་བཅུ་གཉིས་པ་ལ་རྣལ་འབྱོར་རྣམས་སངས་རྒྱས་པ་ཉིད་དོ་ཞེས་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལྟར་དབང་ཐོབ་ནས་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་དགོས་ཏེ། གལ་ཏེ་དབང་བདུན་ཐོབ་པའི་རྗེས་སུ་གཡོ་དང་སྒྱུའི་མཚོན་པས་ཉོན་མོངས་པའི་སེམས་ཀྱིས་མི་དགེ་བཅུ་ལ་ཞུགས་པའི་དབང་གིས་འཆད་འགྱུར་རྩ་བའི་ལྟུང་བ་བྱུང་བར་གྱུར་ན།

p. 145

དམྱལ་བར་འགྲོ་སྟེ་དེའི་ཕྱིར་དམ་ཚིག་ཉམས་པ་འདི་དག་སྡུག་བསྔལ་ལོ་ཞེས། དབང་ཐོབ་ནས་དམ་ཚིག་མ་བསྲུང་ན་རང་གིས་རང་ལ་ཆེད་དུ་སྡུག་བསྔལ་སྦྱར་བ་ལྟར་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་སོ། །དེའི་ཕྱིར་ཅི་ནས་ཀྱང་དྲན་ཤེས་དམ་བཅའ་དྲག་པོས་ལྟུང་བས་མ་གོས་པ་ལ་འབད་ཅིང་། ཅི་སྟེ་བྱུང་ན་མྱུར་དུ་སོར་ཆུད་པར་བྱ་དགོས་ཀྱི་བཏང་སྙོམས་བྱ་མི་རུང་བས་ལྟུང་བའི་ཉེས་པ་རྣམ་པར་དག་པའི་ཐབས་ལ་འབད་དགོས་སོ། །ཐབས་གང་ཞེ་ན། ཚུལ་འདིས་རྩ་བའི་ལྟུང་བ་བྱུང་བ་རྣམ་པར་དག་པར་འགྱུར་ཏེ། གང་ཞེ་ན་གླང་པོ་ཆེ་ཆུ་ལ་ཁྲུས་བྱས་ནས་སླར་ཡང་འདམ་དུ་འཇུག་པ་ལྟ་བུ་ཕྱིས་སྡོམ་སེམས་མེད་པས་མི་ཕན་པས། ཕྱིས་དེ་ལྟ་བུ་མི་བྱེད་པའི་སྡོམ་སེམས་བརྟན་པོའི་ཡོན་ཏན་དང་ལྡན་པ་ཡི་སློབ་མ་དེས་དབང་བདུན་ལེགས་པར་ནོད་པའི་དམ་ཚིག་ལ་གནས་པ་དག་གི་སྒོ་ནས་ལྷ་ཡི་སྔགས་བཟླས་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་བྱས་པ་དག་གིས་དག་པར་འགྱུར་བའོ། །དབང་གོང་མའི་བུམ་པ་དང་གསང་བ་དག་གི་དབང་ཐོབ་པ་ལ་ནི་གལ་ཏེ་རྩ་བའི་ལྟུང་བ་བྱུང་ན་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་བརྟུལ་ཞུགས་ངེས་པའི་དབང་གིས་དག་པར་འགྱུར་བས་ན་དེ་ཉིད་ལ་སློབ་དཔོན་གྱིས་ལྟུང་བ་དག་བྱེད་བརྟུལ་ཞུགས་ཀྱི་ངེས་པས་ཆད་པ་སྦྱིན་པར་བྱ་སྟེ། དེས་ཀྱང་དེ་བཞིན་དུ་བསྒྲུབ་པར་བྱའོ། །གོང་མ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ལ་ནི་གང་གི་ཚེ་ཁུ་བ་འཕོས་པ་སོགས་རྩ་བའི་ལྟུང་བ་བྱུང་ན། དེ་ནི་ཆད་པ་སྦྱིན་པ་སོགས་གཞན་གྱིས་དག་པ་མེད་དེ། རང་གིས་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བསོད་ནམས་དང་འཕོ་མེད་ཀྱི་ཚུལ་ཁྲིམས་སྟོབས་བསྐྱེད་པས་དག་པར་བྱ་བ་ཡིན་ཏེ། དེའི་རྒྱུ་མཚན་འཇིག་རྟེན་ན། བྱིས་པ་ཆུང་ངུ་ཤེད་མ་ཕྱེ་བ་དག་གིས་ཉེས་པ་བྱས་པ་དེ་ཉེས་པ་ཆུང་ལ། ཆེར་སྐྱེས་ནས་ཤེས་པ་རྫོགས་ཚེ་ཉེས་པ་བྱས་པ་ཉེས་ཆེ་བ་ལྟར། དབང་བདུན་ཐོབ་པ་བྱིས་པ་ལྟ་བུ་དང་། གོང་མ་བུམ་

p. 146

གསང་ཐོབ་པ་དར་མ་ལྟ་བུ་ཡིན་པས་དེ་དག་གཞན་གྱིས་ཆོས་པ་དང་། ཤེས་རབ་ཡེ་ཤེས་ཐོབ་པ་རྒན་པོར་གྱུར་པས་རང་གི་བློས་བཅོས་དགོས་པ་ཡིན་ཞེས་བླ་མ་སྔ་མ་དག་གསུངས། དེ་ལྟར་དབང་བདུན་ནམ་བུམ་གསང་གི་དབང་ལ་གནས་པ་གང་ལ་རྩ་བའི་ལྟུང་བ་བྱུང་བ་ན་གང་ཞིག་དག་པའི་སླད་དུ། ཕྱིས་ཀྱི་སྡོམ་སེམས་བརྟན་པོས་སླར་ཡང་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་ཆེན་པོ་བྲིས་ནས་འདིར་ནི་འཇུག་ཅིང་དབང་བླང་བར་བྱ་སྟེ། སློབ་དཔོན་གྱིས་སློབ་མ་དེ་ལ་ལྟུང་བ་དག་པའི་བཀའ་ཡིས་རྗེས་སུ་གནང་བ་ཐོབ་ནས་དེའི་རྒྱུད་སྔགས་སྡོམ་དང་ལྡན་ཞིང་ལྟུང་བ་དག་པར་གྱུར་མོད་ཀྱི། སླར་ཡང་གསང་སྔགས་འཛིན་པའི་རིགས་ཀྱི་ཚོགས་ཀྱི་འདུས་པར་འགྲོ་བ་ན། སྔར་རིགས་ཀྱི་ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར་ཏེ། གྲལ་དམའ་བར་འགྱུར་ཞིང་སྔར་རང་ལས་དམན་པ་ལའང་བསྙེན་བཀུར་བྱ་དགོས་སོ། །དེ་ནས་དབང་ཐོབ་པ་གང་གི་སྤྱད་ན་རྩ་བའི་ལྟུང་པར་འགྱུར་བ་བཅུ་བཞི་གསུངས་པ། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་ཏེ་གཅིག་པའམ་དང་པོ་ཉིད་དུ་འགྱུར་རོ། །འདི་དཔལ་ལྡན་བླ་མ་ཞེས་པ་ནི་རང་གི་དོན་ལས་གཙོ་ཆེར་ཐུགས་འཁྲུགས་པ་མ་ཡིན་པར་གཞན་གྱི་དོན་ལ་ཐུགས་འཁྲུགས་པའམ་མི་མཉེས་པར་གྱུར་པ་དམ་པའི་ཆོས་ཆེད་ཆེར་བྱེད་པའི་བླ་མ་དམ་པ་ཡིན་གྱི། གཞན་དོན་ལས་མི་འཁྲུགས་ཤིང་རང་དོན་ལས་འཁྲུགས་པ་ནི་བླ་མ་དམ་པ་མ་ཡིན་མོད། འདིར་སློབ་མ་མི་དགེ་བ་བཅུ་ལ་ཞུགས་པས་དཔལ་ལྡན་བླ་མ་མི་མཉེས་ཤིང་ཐུགས་དཀྲུགས་པར་བྱས་པའོ། །རང་དོན་ལ་ཞུགས་པའི་བླ་མ་ནི་སློབ་མ་མི་དགེ་བ་བཅུ་ལ་ཞུགས་པ་ལས་གཙོ་བོར་ཁྲོ་བ་མ་ཡིན་ནའང་དབང་ཐོབ་ཕན་ཆད་བླ་མ་མི་མཉེས་པ་ཐུགས་གཏིང་འགལ་ནམ་ཡང་སྤང་བར་བྱའོ། །རྩ་ལྟུང་འདི་དག་ལ་ལྟུང་བ་དང་ལྟུང་མིན་ལ་སོགས་པའི་རྣམ་གྲངས་ངེས་པར་འབྱེད་པ་སྔགས་པ་རྣམས་ལ་སྲོག་ལྟར་གཅེས་པ་ཡིན་པས་ཞིབ་པར་སློབ་

p. 147

དཔོན་དཱ་རི་ཀའི་དབང་རབ་བྱེད་ཀྱི་འགྲེལ་པ་སོགས་གཞན་ལས་ཤེས་པར་བྱ་ལ། འདིར་འགྲེལ་པ་ལས་ཇི་སྐད་གསུངས་པ་ལྟར་མདོར་བསྡུས་ཏེ་འཆད་པར་བྱའོ། །བླ་མ་དེ་ཡི་བཀའ་ལ་འགོངས་ཏེ་ལྐོག་ཏུ་མི་དགེ་བ་བཅུ་ལ་ཞུགས་པས། རྩ་ལྟུང་སྔ་མ་ལས་གཞན་དུ་གཉིས་པར་འགྱུར་ཏེ། ངེས་པར་དེ་བཞིན་རྡོ་རྗེའི་སྤུན་རྒན་པའམ་གཞོན་ནུ་སྔགས་ཀྱི་བསླབ་ལྡན་ལ་གཏིང་ནས་ཁྲོས་པས་སྤུན་གྱི་སེམས་བཏང་བར་གྱུར་པ་ལས་གསུམ་པའོ། །སེམས་ཅན་གཅིག་ལའང་བྱམས་པ་ཡི་སེམས་ཡོངས་སུ་བཏང་བས་རྩ་ལྟུང་བཞི་པར་འགྱུར་ཏེ། སྐད་ཅིག་ཙམ་བྱམས་པ་བཏང་ཡང་དེ་ནས་སེམས་དེ་ལྡོག་པར་འགྱུར་བ་ཆུ་ལ་དབྱུག་པས་རི་མོ་བྲིས་པ་ལྟ་བུ་དང་། འབྲིང་པོ་བྱེ་མ་ལ་རི་མོར་བྲིས་པ་ང་གིས་བསུབ་པ་ལྟ་བུ་ཡུན་ཅིག་གནས་པ་དང་། ཆེན་པོ་ས་གས་པ་ཡུན་རིང་པོར་དབྱར་གྱི་ས་ཁད་མཉམ་པ་ལྟ་བུ་དང་། བྱམས་པ་གཏན་ནས་སྤངས་པའི་སེམས་ཆེན་པོ་རྡོ་ཆག་པ་སླར་མི་འབྱོར་བ་ལྟ་བུ་སྟེ་དཔེར་ན་འབྲས་བུ་སྨིན་པ་ཤིང་ལ་མི་གནས་པ་ལྟར་གྱུར་པས་རྩ་ལྟུང་འབྱུང་ངོ་། །བྱང་ཆུབ་ཀྱི་སེམས་ནི་འདིར་བདེ་བའི་རྟེན་དུ་གྱུར་པའི་ཀུནྡ་ལྟ་བུའི་བྱང་སེམས་ཏེ། དེ་ཉམས་ན་བདེ་བ་འཕོ་མེད་མི་འབྱུང་བས་ཅི་ནས་གཅེས་སྤྲས་ཀྱིས་འཛག་མེད་བསྒྲུབ་དགོས་པ་ལ་ཅི་ཡང་མི་སེམས་པར། དེ་ཁོ་ན་ཉིད་དང་རྗེས་སུ་མཐུན་པའི་ལམ་མེད་པར་དབང་པོ་གཉིས་སྦྱོར་གྱི་བདེ་བས་སངས་རྒྱས་ཐོབ་པར་འདོད་ནས་ཁུ་བ་རབ་ཏུ་ཉམས་པ་དག་ཏུ་བྱེད་པ་ལས་ཀྱང་རྩ་ལྟུང་མདའ་རུ་སྟེ་ལྔ་པར་འགྱུར་རོ། །རྩ་ལྟུང་དྲུག་པ་ནི་གྲུབ་པའི་མཐའ་ཡང་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་གྲུབ་མཐའ་ལ་མི་དགའ་ཞིང་སུན་འབྱིན་པའམ་སྨོ༷ད་པ་ནི་དེ་ཁོ་ན་ཉིད་ཀྱི་ཆོས་སྤང་བའི་ཕྱིར་གྲུབ་པའི་མཐའ་སྨོད་པའི་རྩ་ལྟུང་ངོ་། །རྩ་བའི་ལྟུང་བ་རི་བོ་སྟེ་བདུན་པ་དག་ཀྱང་འདི་ལྟར་བློ་མ་སྨིན་པའི་མི་གང་དག་ཉན་ཐོས་ཀྱི་ལམ་ལ་གནས་པས་བློ་དམན་ལ་གསང་བར་བྱ་བ་

p. 148

སྔགས་ཀྱི་ལམ་ཟབ་མོའི་ལྟ་བ་དང་སྤྱོད་པ་གང་ཞིག་བདེ་བ་ཆེན་པོ་ལ་འཇུག་ཅིང་ལམ་དུ་བྱེད་པ་བསྒྲག་ཅིང་བྱིན་པས་དེ་དག་གི་བློར་མི་ཚུད་ཅིང་སྨོད་པ་དང་། སུན་འབྱིན་པས་ཉེས་པ་ཆེན་པོར་འགྱུར་བར་བྱས་པ་ལས་སོ། །སྔགས་ལམ་པ་དག་གིས་ཕུང་པོ་རྒྱལ་བ་རྣམས་ཀྱི་རང་བཞིན་དུ་གོམས་ཤིང་བདེ་བར་བྱ་དགོས་པ་ལས་བཟློག་ནས་བསྙུང་བར་གནས་པ་ལ་བཀོད་པ་དང་། ལུས་གཅོད་པ་སོགས་ལམ་གཞན་གྱི་དཀའ་ཐུབ་ལ་ཆེད་ཆེར་བྱེད་པ་གཙོ་བོར་བཟུང་ནས་རང་གི་ཕུང་པོ་ཉོན་མོངས་པར་བྱས་པ་ལས་རྩ་བའི་ལྟུང་བ་ཀླུ་རུ་འགྱུར་ཏེ་ཞེས་པ་བརྒྱད་པའོ། །སླར་ཡང་རྩ་ལྟུང་དགུ་པ་ནི་ཆོས་ཐམས་ཅད་རང་བཞིན་རྣམ་པར་དག་པའི་ཆོས་སྟོང་པ་ཉིད་སྤྲོས་བྲལ་མཉམ་པ་ཆེན་པོའི་དོན་ལ་མ་དད་པར་གྱུར་ནས་མི་མཉམ་ཞིང་མ་དག་པའི་ཕྱོགས་གཙོ་བོར་འཛིན་པ་གང་ཡིན་པའོ། །མཉམ་པ་ཉིད་ཀྱི་དོན་ཟབ་མོར་སྐུར་པ་འདེབས་པ་ལ་སྔགས་ཀྱི་ལམ་དང་འབྲས་བུ་ཡང་དག་པ་མི་སྲིད་དེ་རྣམ་པ་ཀུན་ཏུ་འགལ་བར་འགྱུར་རོ། །སྒྱུ་ཡི་བྱམས་པ་ཞེས་པ་ཁ་ནས་བྱམས་པ་སྐད་དུ་སྨྲ་བས་སྙིང་ལ་བྱམས་པ་མེད་པ་ཁ་ཞེ་མི་མཐུན་པར་སེམས་ཅན་འབྱེད་པ་དང་ནི། མིང་སོགས་བྲལ་བ་བདེ་བ་སྟེར་ལ་ཞེས་པ་མིང་དང་མཚན་མ་ཐམས་ཅད་དང་བྲལ་བ་དེ་བཞིན་གཤེགས་པའི་རང་ལུགས་ཀྱི་དེ་ཁོ་ན་ཉིད་ཟག་མེད་ཀྱི་བདེ་བ་སྟེར་བ་ལ་རྣམ་པར་རྟོག་པ་དག་གི་སྤྱོད་ཡུལ་དུ་བྱས་ནས་སྤྲོས་བྲལ་དེ་ཁོ་ན་ཉིད་འདོར་བ་དང་གཉིས་ནི་རིམ་པ་བཞིན་སྔ་མ་རྩ་ལྟུང་ཕྱོགས་ཏེ་བཅུ་པ་དང་། ཕྱི་མ་དྲག་པོ་སྟེ་བཅུ་གཅིག་པའོ། །རྒྱུད་དག་པའི་སེམས་ཅན་རྣལ་འབྱོར་པ་དག་ལ་ཕྲག་དོག་གིས་སྐྱོན་བརྗོད་པ་ལས་ཉི་མ་ཡང་རྩ་ལྟུང་བཅུ་གཉིས་པའོ། །ཚོགས་ཀྱི་འཁོར་ལོ་སོགས་སུ་སྔགས་ཀྱི་དམ་ཚིག་གི་སྤྱོད་པ་དུས་སུ་བབ་པའམ་ཐོབ་པ་དག་ཀྱང་དང་དུ་མི་ལེན་པར་གཏོང་བ་ལས་ཀྱང་རྩ་ལྟུང་གཞན་བཅུ་གསུམ་པའོ། །སྔགས་ཀྱི་ལམ་གྱི་གྲོགས་མཆོག་ཏུ་གྱུར་པ་ལས་ཀྱི་ཕྱག་རྒྱ་ཡིན་བཞིན་དུ་དེ་ལ་ཅི་མི་སྙམ་དུ་བུད་མེད་ཐམས་ཅད་

p. 149

ལ་སྨོད་ཅིང་བརྙས་པར་བྱེད་པ་ནི་སྔགས་ཀྱི༢་མདང་འགལ་བས་ངེས་པར་བྱ་སྟུང་མ་ནུར་འགྱུར་ཏེ་ཞེས་བཅུ་བ་ཞི་པའོ། དེ་ལྟར་རྡོ་རྗེའི་ཐེག་པ་ནི་དཔལ་ལྡན་བླ་མས་དབང་དང་གདམས་ངག་གིས་སྨིན་ཅིང་གྲོལ་བར་བྱས་པའི་ལམ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་སངས་རྒྱས་ཀྱི་འབྲས་བུ་བདེ་མྱུར་དུ་འཐོབ་པར་བྱེད་པ་དག་པ་དང་མཉམ་པ་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའི་ཐབས་ཁྱད་པར་ཅན་དང་ལྡན་པ་ཡིན་པ་ལ། རྩ་ལྟུང་འདི་དག་ནི་ལམ་གྱི་མི་མཐུན་ཕྱོགས་ཆེ་ཤོས་ཏེ་གང་བྱུང་བས་ལམ་ལས་ཉམས་པར་བྱེད་པ་ཡིན་པས་དབང་ཐོབ་ཅིང་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལ་རྩ་ལྟུང་བཅུ་བཞི་འདི་དག་རྒྱུད་རྣམས་ལས་གསུངས་པའོ། །ལྟུང་བ་སྤོམ་པོ་རྣམས་ནི་རྩ་ལྟུང་གི་ཆར་གཏོགས་པའི་སྦོམ་པོ་དང་། རྩ་ལྟུང་སོ་སོའི་ཡན་ལག་མ་ཚང་བའི་སྦོམ་པོ་དང་། སྦོམ་པོ་རང་གི་སྡེ་ཚན་གྱི་ལྟུང་བ་ལ་སོགས་པ་དུ་མ་སྟེ་དེ་རྣམས་རྩ་ལྟུང་ལ་ལྟོས་ན་ཆད་པ་ཤིན་ཏུ་ཆུང་བར་འགྱུར་རོ། །ཞེས་གསུངས་སོ། །མདོར་བསྡུས་གསུམ་པའི་རྗེས་ནས་འདིའི་བར་དུ་འགྲེལ་ཆེན་ལས་དཀྱིལ་འཁོར་དུ་དབང་བསྐུར་བའི་མདོར་བསྡུས་ཆེན་པོ་བཞི་པས་བཤད་པར་མཛད་དོ། །བདུན་པ་ཐམས་ཅད་རབ་ཏུ་གནས་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱི་གནས་པ་ནི། ཀླུ་དང་བཞི་ཡི་ནོར་བུ་སོགས་ཚིགས་སུ་བཅད་པ་བརྒྱ་དང་བཞི་པ་ནས་བརྒྱ་དང་ཉེར་དྲུག་པའི་བར་གྱིས་བསྟན་ཏེ། འདིར་སློབ་མ་རབ་ཏུ་གནས་པ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་གི་ཆོ་ག་དང་། སྐུ་གཟུགས་སོགས་རབ་ཏུ་གནས་པའི་ཆོ་ག་བསྟན་ཏེ། སློབ་མ་གང་ཞིག་ཐོག་མར་དབང་བདུན་དང་འཇིག་རྟེན་ལས་འདས་པའི་དབང་གོང་མ་དང་བཅས་པ་རྫོགས་པར་ཐོབ་པས་རྒྱུད་དོན་མཐའ་དག་མཉན་པའི་སྣོད་རུང་དུ་བྱས་ཏེ། ཐོས་བསམ་བསྒོམ་གསུམ་ལ་འབད་པས་རྒྱུད་དོན་ཐམས་ཅད་ཤེས་ཤིང་གཞན་ལ་འཆད་པའི་དམ་བཅའ་ལ་གནས་པའི་སློབ་མ་དེ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོར་དབང་

p. 150

བསྐུར་ཞིང་མངའ་གསོལ་བ་འདི་ནི་སྔར་རྒྱུད་འགྲེལ་ཉན་ཞིང་དོན་ཤེས་ནས་ད་གཟོད་དབང་བསྐུར་འདི་སྦྱིན་པ་ལས་དེའི་གོང་དུ་མི་སྦྱིན་པའི་ཕྱག་སྲོལ་ཡོད་ཀྱང་། ཕྱིས་བཀའ་ཆད་ཀྱིས་དོགས་ནས་དེའི་གོང་དུ་བསྐུར་བ་འདི་རྗེ་བཙུན་རྒ་ལོ་མན་ཆད་ཀྱི་ཕྱག་ལེན་ལ་བྱུང་ངོ་ཞེས་གྲགས་སོ། །འདིའི་ཆོ་ག་ནི་ཐོག་མར་བླ་མ་ལ། ཀྱེ་དཔལ་ལྡན་བླ་མ་ཁྱོད་ཀྱི་བཀའ་དྲིན་ལས་ད་ནི་བདག་གིས་བདེ་བར་གཤེགས་པའི་ལམ་ཐམས་ཅད་ཤེས་སོ་ཞེས་ཞུས་ནས་དམ་བཅའ་བ་བྱ་སྟེ། དུས་འདི་ནས་བརྩམས་ཏེ་ཁྱོད་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤངས་ནས་བླ་མ་གཞན་ལ་བསྟེན་པར་མི་བགྱིའོ། །ཞེས་བྱའོ། །དེ་ལྟར་ཡོན་ཏན་ཐམས་ཅད་དང་ལྡན་པའི་སློབ་མ་དམ་བཅའ་ལ་གནས་པར་གཟིགས་ནས་དབང་བསྐུར་བར་བྱ་སྟེ། རྟེན་གྱི་དབང་གིས་རབ་འབྲིང་ཐ་མའི་བདག་པོ་རྣམས་ཀྱི་གོ་རིམ་གྱིས། དཀྱིལ་འཁོར་ཁང་པའི་ཕྱི་རོལ་ཏུ་མཉམ་པའི་སའི་ཆ་གྲུ་བཞི་ལ་ར་བ་ལྔའི་རེ་ཁཱ་བྱས་ནས། དེའི་དབུས་སུ་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་ཁྲུ་གཉིས་པ་བྱས་ལ་དེའི་སྟེང་དུ་ཤིང་གི་ཁྲིའུ་ཁྲུ་བཞི་པ་ལ་པདྨ་འདབ་བརྒྱད་ཚོན་སྣ་ལྔས་བྲིས་པ་ལ་གདན་ཁྲུ་བཞི་པར་རྟེན་རབ་དགེ་སློང་རྡོ་རྗེ་འཛིན་པ་རྣམས་བཀོད་པར་བྱ་སྟེ། གདུག་པ་བསྡིགས་པར་བྱེད་པའི་མཆོག །གང་གིས་ངུར་སྨྲིག་མཐོང་བ་ཡིས། །ལྷ་མིན་ས་ཡི་འོག་ཏུ་འགྲོ། །དགེ་སློང་རྡོ་རྗེ་འཛིན་པ་བྱ། །ཞེས་པ་ལྟར་རྟེན་མཆོག་གོ། རྟེན་འབྲིང་དགེ་ཚུལ་ལ་ནི་རེ་ཁཱ་ལྔ་བྱས་པའི་དབུས་སུ་རྡུལ་ཚོན་གྱི་པདྨ་སྤངས་ཤིང་དེར་ཤིང་སྟེན་དང་གདན་ཁྲུ་གཉིས་པ་སྦྱིན་པར་བྱའོ། །རྟེན་ཐ་མ་དགེ་བསྙེན་ལ་རེ་ཁཱ་ལྔ་སྤངས་ཏེ་རེ་ཁཱ་གསུམ་བྱས་པའི་དབུས་སུ་ཐུན་མོང་བའི་གདན་ཁྲུ་གང་བ་བྱིན་པ་ལ་བཀོད་ནས་རྟེན་གྱི་དབང་གིས་རིམ་པ་བཞིན། དགེ་སློང་རྡོ་རྗེ་འཛིན་པ་ལ་བུམ་པ་བརྒྱད་དང་རྒྱལ་རྣམ་རྒྱལ་དང་བཅས་པའི་བུམ་པ་བཅུས་ཁྲུས་བྱ་སྟེ། བུ་མོ་གཟུགས་མཛེས་རྒྱན་ཐམས་ཅད་དང་ལྡན་པ་བུ་མ་སྐྱེས་པ་བརྒྱད་དང་།

p. 151

གཞོན་ནུ་མ་སྐྱེ་གནས་མ་ཉམས་པ་སྟེ། སྐྱེས་པས་མ་སྤྱད་པ་གཉིས་ཀྱིས་མགོ་བོར་ཅོད་པན་དར་དཔྱངས་ཕྱག་རྒྱ་དྲུག་དང་བཅས་པ་བཅིངས་ཏེ་ཁྲུས་བྱའོ། །དགེ་ཚུལ་ལ་བུ་མོ་བཞི་དང་གཞོན་ནུ་མ་གཉིས་ཀྱིས་དར་དཔྱངས་ཕྱག་རྒྱ་བཅས་བཅིངས་ཏེ་ཁྲུས་བྱའོ། །ཕྱག་རྒྱ་ལ་ནི་ཞེས་པ་དགེ་བསྙེན་ཁྱིམ་པ་ལ་མཐེ་བོའི་རྡོ་རྗེ་བྱིན་ནས་བུམ་པ་གཅིག་དང་རྣམ་པར་རྒྱལ་བས་བུ་མོ་གཅིག་དང་གཞོན་ནུ་མ་གཅིག་གིས་ཁྲུས་བྱའོ། །དེ་ལྟར་དགེ་སློང་དགེ་ཚུལ་རྡོར་འཛིན་ལ་རིམ་བཞིན་ཀླུ་སྟེ་བརྒྱད་དང་བཞི་ཡི་གྲངས་ཀྱི་ནོར་བུའམ་གསེར་གྱི་བུམ་པ་དག་གམ་ཀྱེ་རྒྱལ་པོ་སྔ་མ་མ་འབྱོར་ན་ས་ཡི་རང་བཞིན་ལས་བྱས་པའི་བུམ་པར་གོང་བཤད་བཞིན་རིན་ཆེན་རྣམས་དང་བཅས་པ་དང་སྨན་དང་དྲི་དང་ལྡན་པའི་བུམ་པ་དེ་དག་གི་སྟེང་དུ་རྒྱལ་དང་རྣམ་རྒྱལ་བུམ་པ་གཉིས་པོ་དང་བཅས་པ་དག་གིས་རང་རང་གི་གདན་གྱི་དབུས་སུ་འཁོད་པ་ལ་ཁྲུས་བྱས་ཏེ། སླར་ཡང་དགེ་སློང་རྡོ་རྗེ་འཛིན་པ་ལ་བུམ་པ་འཛིན་པའི་བུ་མོ་ཀླུ་ཡི་གྲངས་དག་གིས་ནི་དཔལ་ལྡན་ཅོད་པན་བཅིངས་པར་བྱས་ཏེ། གདན་ནོར་འདབ་པདྨ་ར་ཞེས་པདྨ་འདབ་བརྒྱད་ལ་བཀོད་པ་དེ་ལའོ། །དགེ་ཚུལ་རྡོ་རྗེ་འཛིན་པ་ལ་སྔར་ལྟར་བུ་མོ་བཞི་དང་རྒྱལ་རྣམ་རྒྱལ་འཛིན་པའི་གཞོན་ནུ་མ་གཉིས་དང་བཅས་པ་ཡིས་ཁྲུས་བྱས་པའི་རྗེས་སུ་བུ་མོ་བཞི་ཡིས་དར་དཔྱངས་བཅིང་བར་བྱའོ། །ཕྱག་རྒྱ་ཞེས་པ་སོར་གདུབ་སྦྱིན་བྱ་དགེ་བསྙེན་ཁྱིམ་པ་རྡོ་རྗེ་འཛིན་པ་ལྔ་ནི་དཔལ་ལྡན་བུམ་པ་གཅིག་དང་རྣམ་པར་རྒྱལ་བའི་བུམ་པ་ཡིས་ཁྲུས་བྱས་ཏེ། མཐེ་བོའི་རྡོ་རྗེ་ཞེས་པ་རྡོ་རྗེའི་སོར་གདུབ་བྱིན་པར་བྱ་ཞིང་། འདིར་ནི་གདན་ལ་པདྨ་དང་བྲལ་ཞིང་རེ་ཁཱ་ལྔ་པོ་སྤངས་ལ་ཞལ་བ་སོགས་བྱ་བའི་གཤེར་ཏུ་ཚོན་དཀར་པོ་སྤྱིའི་བྱུག་པའི་ས་ལ་རེ་ཁཱ་གསུམ་བཀོད་པའི་དབུས་སུ་གདན་ཐུན་མོང་བ་པདྨ་སོགས་མེད་པ་ལ་འདུག་པར་བྱའོ། །དེ་ལྟར་དགེ་སློང་དགེ་ཚུལ་ཁྱིམ་པ་སྟེ་སྔགས་སྡོམ་གྱི་རྟེན་རབ་འབྲིང་ཐ་གསུམ་ལ་རྒྱུད་བསྟན་པར་བྱེད་པའི་སློབ་དཔོན་

p. 152

དུ་གསུང་གིས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ནས་དབང་གི་དག་པ་གསུངས་པ། འདིར་དང་པོར་ཆུ་དབང་ཞེས་གཙོ་བོའི་མིང་གིས་བསྒྲགས་པ་དབང་བདུན་པོ་དག་ཐོབ་པ་ལ་ནི་ས་བདུན་པར་ལུང་བསྟན་པའི་ཕྱིར་སྔགས་ཀྱི་ཚུལ་འདི་ལས་དགེ་བསྙེན་ཉིད་དུ་འགྱུར་ཏེ། གོང་མ་གསུམ་ལས་བུམ་པ་ཡི་དབང་ལ་ཡང་ས་བརྒྱད་པར་ལུང་བསྟན་པའི་ཕྱིར་རྒྱལ་བའི་སྲས་པོ་གཞོན་ནུར་འགྱུར་ཞིང་མདོ་ཡི་ཚུལ་དང་བསྟུན་ན་དགེ་ཚུལ་དག་ཏུ་འགྱུར་རོ། །གསང་བའི་དབང་ལ་དགེ་སློང་དུ་འགྱུར་ཏེ་ལེགས་པའི་བློ་གྲོས་སུ་ལུང་བསྟན་པའི་ཕྱིར་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་འགྱུར་བ་དང་ནི། དེ་ནས་གོང་མའི་དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་བྱེད་པ་ལ་ཡང་ཆོས་སྟོན་པ་དང་སློབ་མ་བསྡུ་བས་གནས་བརྟན་ཞེས་པར་འགྱུར་བ་སྟེ། ཆོས་ཀྱི་སྤྲིན་ལ་ལུང་བསྟན་པའི་ཕྱིར་སངས་རྒྱས་གཉིས་པ་ཉིད་དོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པར་ལས་གསུངས་པ། འཇིག་རྟེན་གསུམ་གཅིག་གཞོན་ནུའི་སྐུ། །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་དང་། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །ཞེས་པ་ནས། བསིལ་བར་གྱུར་པ་རྙོགས་པ་མེད། །ཅེས་པའི་བར་དང་། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་འཆང་། །ཞེས་པ་ནས། རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་པའི་བར་གྱིས་སློབ་དཔོན་གྱི་དབང་བསྟན་པར་ཡང་རིག་པར་བྱའོ། །འདི་དག་གི་ཚིག་དོན་དབང་གི་རིམ་པ་ལ་སྦྱར་ལུགས་བོད་འགྲེལ་རྣམས་སུ་མང་པོ་བཤད་པ་སྣང་ཡང་མ་བྲིས་ལ་གོ་རིམ་སོགས་བསྒྲིག་མི་དགོས་པར། གནས་བརྟན་དང་གཞོན་ནུ་སོགས་དང་།དགེ་སློང་དང་། ཕྱིར་མི་ལྡོག་པ་དང་ཁུ་བ་འཛག་མེད་ཀྱི་ཚངས་སྤྱོད་སོགས་ཀྱི་མིང་གིས་བསྟན་པ་དེ་དག་དང་ཆ་བསྟུན་པ་ཙམ་དུ་ཤེས་པར་བྱའོ། །དེ་ནས་སློབ་མའི་ལུས་ལ་རྡོ་རྗེའི་ཕྱག་རྒྱ་དྲུག་པོ་རྣམས་དང་། དར་དཔྱངས་དང་ཅོད་པན་དབུ་རྒྱན་དག་སྦྱིན་པ་ནི་

p. 153

ཐུགས་རྡོ་རྗེ་ཁྱབ་འཇུག་ཉིད་དུ་བྱེད་པའི་སླད་དུའོ། །དང་གི་སྒྲ་ནི་སྡུད་པའོ། །གསེར་སྐུད་དམ་སྐུད་པའི་རང་བཞིན་གྱི་རྡོ་རྗེ་མཆོད་ཕྱིར་ཐོགས་སྦྱིན་པ་ན། འཇིག་རྟེན་པའི་ལྷ་ལྟར་ན་ཚངས་པར་བྱེད་པ་དང་མཚུངས་པར་སྐུ་རྡོ་རྗེ་ཉིད་དུ་བྱེད་པའི་སླད་དུ་དེ་ལྟར་བླ་མ་མཆོག་གིས་སྦྱིན་པར་བྱའོ། །སློབ་མ་གསུམ་པོ་དེ་དག་རྡོ་རྗེ་སློབ་དཔོན་དུ་བྱ་བའི་སླད་དུ། རང་གི་མེ་ཏོག་གང་དུ་ཕོག་པའི་རྒྱལ་བའི་རིགས་ཀྱི་དབང་གིས་ཕྱག་རྒྱ་རྣམས་པར་དག་པ་ཉིད་ཀྱི་དབང་བསྐུར་བ་ནི་གསུང་རྡོ་རྗེ་རྣམ་པར་དག་པར་བྱེད་པའི་ཆེད་དང་དབང་ཕྱུག་ཆེན་པོར་བྱེད་པའི་སླད་དུའོ། །འདི་ཕྱག་རྒྱ་མ་སྦྱིན་པ་ལ་བཤད། དེ་ལྟར་ཡང་ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །རྒྱལ་པོ་ཐུགས་ཀྱི་རྡོ་རྗེ་འཛིན། །དེ་ཡང་ཁྱབ་འཇུག་རྫུ་འཕྲུལ་ཆེ། །ཞེས་གསུངས་པ་དང་། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྫ་ཅོད་པན་ཐོགས། །གདོང་ལྔ་ཟུར་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །ཅེས་གསུངས་པ་ལྟར་སེམས་ཅན་གདུལ་བའི་དབང་གིས་ཕྱག་རྒྱ་དང་ཆ་ལུགས་སྣ་ཚོགས་སུ་རྒྱུད་གཞན་ལས་གསུངས་པ་བཞིན་ནོ། །འདིར་དགེ་སློང་དགེ་ཚུལ་ཁྱིམ་པའི་རྟེན་ཅན་གསུམ་པོ་རྒྱུད་སྟོན་པའི་སློབ་དཔོན་དུ་དབང་བསྐུར་བ་དེ་དག་གིས། རྒྱལ་པོ་སོགས་ཀྱི་གཡོག་དང་། མངག་གཞུག་དང་ཞལ་ལྕེ་བ་བྱ་བ་དང་། ཁྱིམ་པ་ཕལ་བའི་ཆོས་ཞིང་ལས་ཕྱུགས་སྐྱོང་སོགས་དང་། རལ་གྲི་སོགས་མཚོན་ཆ་བྱེད་པ་དང་། དེའི་ལས་ལ་དགའ་བ་དང་། སྣག་ཚ་དང་ཤོག་ཤོག་བཟོ་བ་དང་། གྲོང་བའི་ལས་ཀོ་ལྤགས་མཁན་སོགས་ངང་ཚོང་ལ་སོགས་པ་མདོར་ན་འཇིག་རྟེན་ཕལ་པའི་ལས་གང་ཞིག །དེ་བྱས་ན་བླ་མ་སློབ་དཔོན་དེ་ལ་ཁ་ཟེར་བར་འགྱུར་བ་རྣམས་མི་བྱའོ་ཞེས་གསུངས་ཏེ། དེ་བྱས་ན་སློབ་དཔོན་གྱི་ངང་ཚུལ་ལམ་ཆོས་བཤིག་པའམ་ཉམས་པར་འགྱུར་ཞིང་། སློབ་དཔོན་གྱི་བཅས་པ་འདི་ལྟར་བྱས་པའི་རྒྱལ་བ་དང་བླ་མའི་བཀའ་བཅག་པས་མནར་མེད་པར་འགྱུར་རོ་ཞེས་འགྲེལ་ཆེན་ལས་

p. 154

གསུངས་སོ། །ཁ་ཅིག་རལ་གྲི་འཛིན་པ་ནི་དམག་དཔོན་དང་། སྣག་ཚ་བ་རྒྱལ་པོ་སོགས་ཀྱི་ཡི་གེ་པ་བྱེད་པ་ཞེས་བཤད། ཡང་ད་རི་ཀཱ་པས་རལ་གྲི་དང་སྣག་ཚ་འཚོང་པ་ལ་བཤད་དོ། །རྡོ་རྗེ་སློབ་དཔོན་བདག་པོའི་དབང་གི་ཆོ་གའི་རབ་ཏུ་གནས་པའོ་རིམ་པའོ། །དེ་ནས་སྐུ་གཟུགས་ལ་སོགས་པའི་རབ་གནས་གསུངས་པ། སྐུ་གཟུགས་སོགས་རབ་ཏུ་གནས་བྱ་དེའི་སྟེང་དུ་བླ་རེ་བཀོད་ཅིང་ཕྱོགས་མཚམས་སུ་རྒྱལ་མཚན་དང་བ་དན་ལ་སོགས་པའི་བཀོད་པ་མཛེས་པར་བྱས་པ་དག་གིས་གནས་ཁང་ལེགས་པར་བརྒྱན་པ་དེར། དཀྱིལ་འཁོར་གྱི་ཕྱི་རོལ་ཤར་དུ་རབ་ཏུ་གནས་བྱའི་རྟེན་དེ་དམ་ཚིག་སེམས་དཔའི་གཟུགས་ཐུགས་ཀར་ས་བོན་དང་བཅས་པར་བསམ་ནས་ན་བཟའ་དམར་པོ་བསྐོན་ཏེ་སྟེགས་ལ་བཀོད་པ་དེ་ཡི་མདུན་དུ། ས་ཡི་མཐིལ་གྱི་གནས་དག་ཏུ་ཡང་ཁྲུས་སྟེགས་དཀྱིལ་འཁོར་ཐུགས་དཀྱིལ་གྱི་ཚད་གྲུ་བཞི་པ་ལ་བདུད་རྩི་ལྔ་དང་བ་བྱུང་ལྔས་བྱུགས་ཏེ། རྩིག་པའི་རི་མོ་དཀར་དམར་ནག་གསུམ་ནི་ཐུགས་དཀྱིལ་དང་འདྲ་བར་ཀུན་ནས་བསྐོར་བ་ལ་ནུབ་ཏུ་ཕྱོགས་པའི་སྒོ་གཅིག་དང་ལྡན་པ། རྟ་བབས་མེད་པའི་དབུས་སུ་པདྨ་འདབ་བརྒྱད་ལ་རིགས་ལྔ་དང་ཡུམ་བཞིའི་མཚན་མ་བྲིས་པར་བྱ་ཞེས་སོ། །ཁྲུས་སྟེགས་ཀྱི་མཚན་མ་དེ་རྣམས་ཀྱི་ཟུར་དུ་ནོར་བུའམ་གསེར་སོགས་ཀྱི་རང་བཞིན་གྱི་བུམ་པ། དྲི་བཟང་པོ་དང་སྨན་ལ་སོགས་པ་སྔར་བཤད་རྣམས་ལེགས་པར་བཅུག་པའི་ཆུར་བཅས་མགྲིན་པར་སྐུད་པ་དཀར་པོས་དཀྲིས་པ་དང་ལྡན་པ། ཤིང་འབྲས་ལྡན་གྱི་ཡལ་འདབ་ཀྱིས་བུམ་པའི་པདྨའི་ཁ་རྒྱན་ནམ། བུམ་པའི་སྟེང་ཡལ་འདབ་དེས་པདྨའི་ཁ་ལྟར་མཛེས་པར་བྱས་པ་རྣམས་སོ། །སྤྲོ་ན་སྦྲང་རྩི་སོགས་བུམ་པ་གཞན་བདུན་ཡང་རབ་ཆོ་ག་གཞན་ནས་འབྱུང་བ་བཞིན་བྱ་བར་བཤད་དོ། །གཞན་ཡང་ཁྲུས་ཆུའི་སྣོད་དུང་དང་ཉ་ཕྱིས་ལ་སོགས་པའམ། ཡང་ན་གསེར་གྱི་སྣོད་དང་ཡང་ན་དངུལ་གྱི་རང་བཞིན་གྱི་སྣོད་དག་ཏུ་སྔར་བཤད་དྲི་ཡི་ལེ་ཚེ་སྦྱར་བའི་དྲི་

p. 155

ཡི་ཆུ་ནི་སྔགས་ཀྱིས་བསྒྲུབས་ཏེ་གཞག་པར་བྱའོ། །ཁྲུས་སྟེགས་དེ་ཡི་དབུས་སུའམ་སྙིང་པོར་གསེར་གྱི་རང་བཞིན་མདོག་གསལ་བའི་ཁྲུས་གདན་པདྨ་འདབ་བརྒྱད་བྲིས་པ་དག་རབ་ཏུ་བཀོད་དེ། དེར་སྐུ་གཟུགས་སོགས་འགོད་ཆོག་པ་བྱུང་ན་ཤར་དུ་ཞལ་ཕྱོགས་པར་བཀོད་པ་དེ་ལ་ཁྲུས་བྱ་བ་ནི་བརྩམ་པར་བྱ་ལ། དབུས་དེར་འགོད་མ་བདེ་ན་དེར་མེ་ལོང་ལ་རྟེན་དེའི་གཟུགས་བརྙན་ཤར་བ་ལ་ཁྲུས་བྱའོ། །དེ་ཡང་གོ་རིམ་ནི་སྔོན་དུ་དོན་གྲུབ་རྣམས་དང་སོགས་རྐང་པ་གཅིག་གི་དོན་བཞིན་སྦྱང་བ་དང་། དེའི་རྗེས་སུ་ཕྱི་མ་རྣམས་ཀྱིས་སོགས་རྐང་པ་གཅིག་གི་དོན་བཞིན་བཀྲུ་བ་དང་། བུམ་པའི་ཆུས་བཀྲུ་བར་བྱ་ཞིང་། དེ་ནས་དྲི་བཟང་གིས་བྱུགས་པར་བྱ་བ་ཡིན་ཀྱང་། འདིར་གཞུང་ལྟར་མཐར་ཆགས་སུ་བཤད་ན། ནང་ལེར་བཤད་པ་བཞིན་སྣ་མའི་མེ་ཏོག་སོགས་ཀྱིས་བགོས་པ་དང་། དྲི་བཟང་པོས་བགོས་པ་ཡི་ཏིལ་མར་ཉི་མ་དང་མེ་ཡིས་སྨི༷ན་པ་དག་གིས་ལྷ་ཡི་སྐུ་གཟུགས་དངོས་སམ་གཟུགས་བརྙན་ལ་བྱུག་པར་བྱའོ། །དེ་ནས་ནང་ལེར་གསུངས་པ་ནྱ་གྲོ་དྷ་ལ་སོགས་པའི་ཕྱེ་མ་རྣམས་ཀྱིས་དྲིལ་ཕྱིས་བྱས་ནས་ཡང་ཆུ་གཙང་མས་བཀྲུ་བར་བྱའོ། །དེ་ནས་སྦྲང་རྩི་དང་ཀ་རའམ་བུར་ཤིང་གི་ཁུ་བ་དང་མར་དང་ཞོ་དང་འོ་མ་དང་ཆུ་གཙང་དང་། ནང་ལེ་ནས་བཤད་པ་ལྟར་དྲི་བཟང་པོའི་ཆུ་ཡིས་གོ་རིམ་ལྟར་བཀྲུ་བར་བྱ་ཞིང་། ནང་ལེ་ལྟར་ན་ལྷ་བུམ་རྣམས་ཀྱིས་ཀྱང་བཀྲུའོ། །ཁྲུས་དེ་དག་རེ་རེའི་བར་དུ་ཡང་རྟེན་ལ་ཆགས་པའི་ཆུ་རས་འཇམ་པོས་ཕྱི་བ་དང་། གཟུགས་བརྙན་ཡིན་ན་མེ་ལོང་ལ་ཆགས་པའི་ཆུ་ཡང་དེས་ཕྱིས་ཏེ། ཁྲུས་སྟེགས་དེ་ནས་བསྐྱོད་པར་བྱ་བ་རྐང་པ་བཞི་པ་བཞིན་ནོ། །ཁྲུས་བྱ་བའི་སྔོན་དུ་དོན་གྲུབ་སྟེ་ཡུངས་ཀར་ལག་པ་གཉིས་སུ་བཟུང་ལ། ཡི་གེ་དྲུག་པ་བཟླས་བཞིན་སྐུ་གཟུགས་སོགས་ལ་གཡས་གཡོན་དུ་ལན་གཉིས་སུ་བསྐོར་ཞིང་བྱབས་ཏེ་མེ་ལ་དོར་བ་དང་། དེ་བཞིན་དུ་ཆུ་དང་ཁམ་ཕོར་

p. 156

དང་། ངཱུ་ཝར་བཅས་པའི་ལྕི་བའི་ཆང་བུ་དང་། ཟན་ཆང་དང་། སེང་རས་རྣམས་ཀྱིས་བྱབས་པ་དང་། ལག་པས་ཉེ་རེག་བྱས་ལ་ཐུགས་ཀར་དྲི་དང་། དབུ་ལ་མེ་ཏོག །མདུན་དུ་ཡོན་ཆབ་དང་། མར་མེ་དག་གིས་བསྐོར་བཞིན་པ་དང་། རྣམ་མང་འབྲས་བུ་མཆོག་གིས་རབ་ཏུ་གནས་པར་བྱ་བའི་རྟེན་འདི་ལ་བསྐོར་ཞིང་ངེས་པར་བྱབས་ནས་ནི། མར་དང་སྤོས་དཀར་བསྲེག་པས་བདུག་པ་བྱ་སྟེ། དེ་ཐམས་ཅད་དུ་ཡི་གེ་དྲུག་བཟླས་པས་བྱའོ། །འདི་ནི་མི་ཤིས་པ་སྦྱང་བའི་ཆོ་ག་ཡིན་པས། རྐང་པ་གསུམ་པ་འདི་ཐོག་མ་བྱེད་དགོས་ཏེ་རྒྱུད་འཁྲུགས་པ་གོ་རིམ་བསྡེབ་པའི་ཚུལ་དུ་ཤེས་དགོས་པ་ཡིན་ནོ། །ཁྲུས་ཐམས་ཅད་བྱས་ཟིན་པ་ན། ཁྲུས་སྟེགས་དེ་ཡི་གནས་ནས་རྟེན་དེ་བསྐྱོད་པར་བྱ་སྟེ་སྐུ་དེ་ཡང་དམར་པོའི་གོས་དག་གིས་ནི་ཡང་དག་པར་གཡོགས་པ་ཉིད་དུ་བྱའོ་ཞེས་པ་ནི་སྟ་གོན་ནོ། །དེ་ནས་དངོས་གཞི་ལ་སྐུ་གཟུགས་ལ་སོགས་པ་ནས་པུས་འཁྱུད་ལ་སོགས་པ་དང་རྒྱན་དྲུག་གི་བར་གྱི་རབ་གནས་གསུངས་ཏེ། དཔལ་ལྡན་དཀྱིལ་འཁོར་གྱི་མཐར་ཤར་ཕྱོགས་སུ་ནི་མཉམ་པའི་ས་ཡི་གནས་ལ་ཚངས་ཐིག་ནས་རྩིག་པའི་རེ་ཁཱའི་བར་དུ་སོར་ཕྱེད་པ་རྒྱལ་བའི་ཆ་སྟེ་ཉེར་བཞིར་བྱས་པ་ཡིས་སོར་ཕྱེད་པ་ཕྱེད་དང་གཉིས་ཀྱི་ཆ་ཡིས་སྤྲོ་རིམ་བཀོད་པའི་རེ་ཁཱ་ལྔ་བྱས་ཏེ། དེ་ཡི་དབུས་སུ་པདྨ་འདབ་མ་བརྒྱད་པ་རང་རང་གི་རིགས་ཀྱི་ཕྱོགས་སུ་གནས་པའི་རིགས་ལྔ་དང་ཡུམ་བཞིའི་མཚན་མ་བཅས་མཚན་མ་ལྔ་ཡིས་བརྒྱན་པ་བྱའོ། །དེ་ཡི་དབུས་སུ་རྟེན་གཞག་པར་བྱ་བ་ཞལ་གྱི་པདྨ་ནུབ་ཀྱི་དཀྱིལ་འཁོར་དག་ཏུ་ཕྱོགས་པའི་ལྷ་དང་ལྷ་མོ་ཡི་སྐུའམ། མཆོད་རྟེན་དང་སོགས་སྒྲས་རྡོར་དྲིལ་དང་བགྲང་ཕྲེང་དང་། གླེ༷གས་བམ་དག་གམ་ཐང་སྐུ་ཞེས་པའང་དེ་བཞིན་དཀྱིལ་འཁོར་དེ་ལ་མངོན་དུ་ཕྱོགས་པར་སྔགས་པ་དེས་བཞག་པར་བྱའོ་ཞེས་རབ་ཏུ་གནས་བྱའི་རྟེན་དགོད་པའོ། །དེ་ནས་སྔགས་པས་བདག་གི་རྣལ་འབྱོར་བསྒོམ་པ་ནི་རྒྱལ་བ་མཆོག་ཡེ་ཤེས་རྡོ་རྗེ་

p. 157

སྟོང་པའི་རང་བཞིན་རྣམ་ཐར་སྒོ་བཞིའི་ངོ་བོ་དག་ཏུ་བྱས་ནས་ནི། ཕྱི་ནས་འདོད་པའི་ལྷའི་དམིགས་པའམ་རྣལ་འབྱོར་མདོར་བསྡུས་པ་སྔར་བརྗོད་པའི་སྦྱོར་བ་དག་གིས་ཟླ་ཉི་རྡོ་རྗེ་ལས་སྐྱེས་པའི་དུས་ཀྱི་འཁོར་ལོ་ཉིད་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་རྟེན་དམ་ཚིག་པ་བསྐྱེད་པ་ནི། རབ་ཏུ་གནས་བྱའི་རིག་པའི་ལྷ་མོ་དང་། སོགས་སྒྲས་ཁྲོ་བོ་དང་བྱང་སེམས་དང་སངས་རྒྱས་ཀྱི་སྐུ་གཟུགས་རྣམས་སྟོང་པའི་ངང་ལས་ཨཱ་ལི༷་ཀཱ་ལི༷འི་རིགས་ལས་སྐྱེས་པ་རྣམས་རང་རང་གི་ས་བོན་དང་ཕྱག་མཚན་གྱིས་དམ་ཚིག་པའི་ལྷ་དེ་དང་དེར་རྫོགས་པར་བསྐྱེད་པ་རྣམས་ཀྱི་སྙིང་མགྲི༷ན་ལྟེ༷་བ་གསང་བ་མགོ་བོ་སྟེ་དཔྲལ་བ་དང་གཙུག་ཏོར་འཁོར་ལོ་དག་ལ། རིགས་ཀྱི་དབང་གིས་སྒྲ་གཅན་ལ་སོགས་པའི་གདན་དྲུག་གི་སྟེང་དུ་རིགས་དྲུག་གི་ཡི་གེ་དྲུག་བསྒོམ་པར་བྱའོ། །འདིར་ཨཱ་ལི་ཀཱ་ལིའི་རིགས་སྐྱེས་ཞེས་པ་ཐབས་ཤེས་དང་ཁུ་རྡུལ་གྱི་བདག་ཉིད་ཟླ་ཉི་དང་ས་བོན་གསུམ་ཚོགས་ནས་སྐྱེད་པའི་དོན་དུ་འཆད་པའང་ཡོད་དོ། །དེ་ལྟར་རྟེན་དམ་ཚིག་སེམས་དཔར་ངེས་པ་ཉིད་དུ་བསྒོམ་པར་བྱ་སྟེ། སླར་ཡང་དམ་ཚིག་པ་ཡི་མཐའ་དག་ལྷ་རྣམས་དག་གི་ལུས་ལ་ཡང་། རང་གི་ཐུགས་ཀ་ནས་ས་བོན་ལས་བྱུང་བའི་རྡོ་རྗེ་ཤུགས་སོགས་ཁྲོ་བོའི་རྒྱལ་པོ་ལྔ་པོ་དག་གིས་སྲིད་མེད་མྱང་འདས་དང་། སྲིད་པ་འཁོར་བ་རོ་མཉམ་པར་སོང་བ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སེམས་དཔའ་རྣམས་ཛཿཡིས་བཀུག་སྟེ། ཧཱུཾ་གིས་གཞུག་པ་དག་དང་ནི། བཾ་གྱིས་བཅིང་བ་དང་ཧོས་མཉེས་པ་དང་ནི་ཧིས་གཉིས་སུ་མེད་པར་རོ་མཉམ་བྱེད་པ་དག་ཀྱང་། རབ་ཏུ་གནས་བྱའི་ལྷ་དམ་ཚིག་པ་རྣམས་ཀྱི་ནི་རང་གི་ལུས་ལ་བྱའོ། །དེ་ནས་དེ་ལ་མཆོད་པ་སོགས་བྱ་བ་ནི། དེ་རྣམས་ཀྱི་སྙིང་གར་ཟླ་ཉི་ཁ་སྦྱོར་གྱི་དབུས་སུ་སོ་སོའི་ས་བོན་བསམ་ལ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། དབང་བསྐུར། དེ་ནས་ལྷའི་གཟུགས་བརྙན་གྱི་གཟུགས་སུ་བལྟས་ལ། མཆོད་པ་རྣམས་ཀྱིས་

p. 158

མཆོད། མེ་ལོང་བསྟན། སྦྱིན་སྲེག་གིས་མཉེས་པར་བྱ་ཞིང་སྤྱན་དབྱེ་བར་བྱའོ་ཞེས་བཤད། དེ་ནས་སློབ་དཔོན་རང་ཉིད་ཀྱིས་ཁྲུས་བྱས་ཤིང་གདོང་གི་དྲི་མ་བསལ་བས་ཞལ་ནི་དགའ་བའི་རྣམ་འགྱུར་བཅས་རབ་ཏུ་གསལ་བར་བྱས་པའི་སྒོ་ནས་རྟེན་གྱི་ལྷ་ལ་དྲི་ཞིམ་པའི་སྦྲང་རྩི་དང་བཅས་པ་འབུལ་བ་དང་ཕྱག་དག་འཚལ་བར་བྱ་ཞིང་། བརྟན་པར་བཞུགས་སུ་གསོལ་བའི་དམ་ཚིག་སྙན་དུ་གསོལ་བར་བྱའོ། །ཨ་སོགས་དབྱངས་དང་ཀ་སོགས་གསལ་བྱེད་དག་ལས་ལྷ་དང་ལྷ་མོ་རྣམས་ཀྱི་རང་རང་གི་རིགས་ཀྱི་ཡོན་ཏན་ལ་གནས་པའི་ས་བོན་གང་ཡིན་པ་དེ་ནི་ལྷ་དེའི་ཐུགས་སྲོག་ཡིན་པས། ལྷ་རང་གི་ས་བོན་དེ་ནི་ལྷ་དེའི་སྙིང་གི་དབུས་སུ་ཟླ་ཉི་ཁ་སྦྱོར་ལ་གནས་པར་བསམ་ཞིང་། གནས་གསུམ་དུ་ཨོཾ་ཨཱཿཧུཾ་གསུམ་གྱིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་དང་ལྡན་པར་བྱའོ། །འགའ་ཞིག་གིས་འདིར་རབ་ཏུ་གནས་བྱའི་རྟེན་ལ་གཞུག་རྒྱུའི་ཡེ་ཤེས་སེམས་དཔའ་ནི་རང་དུས་འཁོར་དཔའ་གཅིག་ཏུ་གསལ་བའི་ཐུགས་དབུས་སུ་ཟླ་ཉི་ཁ་སྦྱོར་ལ་ལྷ་གང་ཡིན་ལྷ་དེའི་ས་བོན་ལས་བསྐྱེད་ཅིང་སྐུ་གསུང་ཐུགས་རྫོགས་པར་བྱས་པ་ལ་ཡེ་ཤེས་པ་བཅུག་པ་སླར་དམ་ཚིག་གི་རྟེན་ལ་ཡེ་ཤེས་སེམས་དཔར་གཞུག་པར་བཤད་པའང་འདུག་གོ། གླེགས་བམ་གྱི་རབ་གནས་ནི། གླེགས་བམ་དེ་སྟོང་པའི་ངང་ལས་ས་བོན་དང་ཕྱག་མཚན་ལས་སྐྱེས་པའི་གསུང་རྡོ་རྗེ་འོད་དཔག་མེད་དུ་བསྐྱེད་ཅིང་རིགས་དྲུག་འགོད་པ་སོགས་བྱས་པ་དམ་ཚིག་པ་བསྐྱེད་པ་ཡིན་ཞིང་དེ་ཉིད་འོད་དུ་ཞུ་བའི་གླེགས་བམ་གྱི་རྣམ་པར་གནས་པ་ལ། ཡེ་ཤེས་པ་གཞུག་པའི་དོན་དུ་རང་ཉིད་དུས་ཀྱི་འཁོར་ལོར་གསལ་བའི་དབྱངས་གསལ་གྱི་ཡི་གེ་མཐའ་དག་ལུས་ལ་ཞེས་ཐུགས་ཀར་ཟླ་བ་ལ་གནས་པའི་སུམ་ཅུ་རྩ་གཉིས་མཚན་གྱི་ཡན་ལག་དབྱངས་སོ་གཉིས་དང་། དཔེ་བྱད་མཁའ་དང་བརྒྱད་ཀྱིས་ཏེ་བརྒྱད་ཅུའི་རང་བཞིན་གསལ་བྱེད་བརྒྱད་ཅུ་རྣམས་ཏེ། དེ་ལྟར་དབྱངས་གསལ་གྱི་ཡི་གེ་བརྒྱ་དང་བཅུ་གཉིས་རྣམས་ཀྱིས་ཕྱེ་བ་དེ་ཉིད་

p. 159

རབ་ཏུ་གསལ་བར། འདབ་མ་འདབ་མར་གླེགས་བམ་རྣམས་ལ་ཐིམ་པར་བསྒོམ་པར་བྱའོ་ཞེས་སོ། །མཆོད་རྟེན་གྱི་རབ་གནས་ལ་ལྷ་ཁང་དང་དྲི་གཙང་ཁང་དང་མཆོད་རྟེན་སོགས་སྟོང་པའི་ངང་ལས་ས་བོན་དང་ཕྱག་མཚན་ཡོངས་གྱུར་རྣམ་སྣང་ཡབ་ཡུམ་གྱི་སྐུར་བསྐྱེད་ཅིང་། རིགས་དྲུག་དགོད། ཡེ་ཤེས་པ་བསྟིམ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། དབང་བསྐུར་བ་ནས་བརྟན་བཞུགས་ཀྱི་བར་སྔར་ལྟར་བྱས་ཏེ་དེ་འོད་དུ་ཞུ་བ་ལས། ལྷ་ཁང་དང་དྲི་གཙང་ཁང་ནི་དཀོན་མཆོག་གསུམ་གྱི་བཞུགས་གནས་ཀྱི་ཁང་བཟང་དུ་གྱུར་པར་བསམ་མོ། །མཆོད་རྟེན་ནི་མཆོད་རྟེན་གྱི་རྣམ་པར་གྱུར་པའི་སྙིང་པོར་ཞེས་བུམ་པའི་དབུས་སུ་པདྨའི་ལྟེ་བར་ཟླ་བ་ལ་དབུས་སུ་རྣམ་སྣང་གི་ངོ་བོ་དཔལ་ལྡན་འཁོར་ལོ་དང་། ཤར་ལྷོ་ནུབ་ཀྱི་འདབ་མ་ལ་རྡོ་རྗེ་དང་ནོར་བུ་དང་པདྨ་དག་དང་། བྱང་དུ་རལ་གྲི༷་ཉིད་བསམ་ཏེ་མཆོད་པར་བྱའོ། །བགྲང་ཕྲེང་ལ་རབ་གནས་བྱ་བ་ནི། བགྲང་ཕྲེང་སྟོང་པའི་ངང་ལས་ཧཱུ༷ཾ་གི་ཡི་གེ་ལས་ཐུགས་རྡོ་རྗེ་ཡབ་ཡུམ་བསྐྱེད་པ་ལ། སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་པ་རྣམས་རྡོ་རྗེ་བཞི་ཡི་མདོ་འཛིན་བཞི་བརྩེགས་དང་། ཕྲེང་རྡོག་རྣམས་མཚན་དཔེའི་རང་བཞིན་ལ་བསྟིམ་པར་བྱ་ཞེས་ཀྱང་བཤད། ཡང་ན་ཧུཾ་གི་ཡི་གེ་ལས་གྱུར་པའི་མདོ་འཛིན་ནོར་བུ་དང་ཕྲེང་རྡོག་ཡོངས་སུ་བགྲང་བ་རྣམས་ནི་མཚན་དང་དཔེ་བྱད་ཀྱི་ཡི་གེ་བརྒྱ་བཅུ་གཉིས་རྣམས་ཀྱི་ངོ་བོར་བསམ་པས་རབ་ཏུ་གནས་པར་འགྱུར་རོ། །ཡང་ན་དབྱིངས་ནས་མཚན་དཔེའི་ངོ་བོ་དབྱངས་གསལ་གྱི་ཡི་གེ་བརྒྱ་བཅུ་གཉིས་སྤྱན་དྲངས་ཏེ་བསྟིམ་པར་བྱའོ། །རྡོར་དྲིལ་རབ་གནས་ནི། དྲིལ་བུ་སྟོང་པའི་ངང་ལས་ཡུམ་གྱི་སྐུར་བསྐྱེད་པ་ལ་དབྱངས་སུམ་ཅུ་གཞུག་ཅེས་དང་། སྟོང་པའི་ངང་ལས་ཡུམ་གྱི་རང་བཞིན་དྲིལ་བུའི་སྐུ་ལ་ཡེ་ཤེས་པའི་ངོ་བོ་དབྱངས་ནི་གསུམ་གྱིས་བསྒྱུར་བའི་བཅུ་རྣམས་དག་བསྟིམ་པ་དང་། དེ་བཞིན་ཀ་སོགས་སྡེ་པ་སུམ་ཅུ་རྣམས་

p. 160

རྡོ་རྗེ་ཡབ་ཀྱི་ངོ་བོར་བསྒོམ་པ་ལ་བསྟིམ་པར་བྱས་པས་རབ་ཏུ་གནས་པར་འགྱུར་རོ། །དེ་བཞིན་དུ་དབྱངས་གསལ་བཤད་མ་ཐག་པ་དེ་དག་ཁོ་ན་མཆོད་ཕྱིར་ཐོགས་སྐུ་རྡོ་རྗེར་བསྒོམ་པ་ལ་གཞུག་པ་དང་། བཅུ་ཡིས་བསྒྱུར་བ་ནོར་གྱི་དཔེ་བྱད་དེ། དཔེ་བྱད་བརྒྱད་ཅུའི་རང་བཞིན་གསལ་བྱེད་བརྒྱད་ཅུ་རྣམས་ནི་སྟོད་གཡོགས་ལ་གཞུག་གོ། ཀ་སོགས་སྡེ་པ་དབྱངས་དང་བཅས་པ་མཁའ་རོ་ཡོན་ཏན་ཏེ་སུམ་བརྒྱ་དྲུག་ཅུ་རྣམས་ནི་པུས་འཁྱུད་དག་ལ་ཞུགས་པ་བསྒོམ་པར་བྱའོ། །ཕྱག་རྒྱ་དྲུག་གི་རབ་གནས་ལ་ཧ༷ཾ་ཧཿདཔལ་ལྡན་རྣ་ཆ་ལ་སྟེ་ཞེས་པ། སྟོང་པའི་ངང་ལས་ཧཾ་ཧཿལས་བྱུང་བའི་རྣ་ཆ་ཟུང་དག་འོད་དཔག་མེད་ཡབ་ཡུམ་དུ་བསྐྱེད་པ་ལ། རང་གི་སྙིང་གའི་ས་བོན་ལས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་ཏེ་བཅུག་པ་འོད་དུ་ཞུ་ནས་རྣ་ཆར་གྱུར་པ་བསྒོམ་པར་བྱ་བ་དེ་བཞིན་རྒྱན་ལྷག་མ་ལ་རིགས་འགྲེ་བྱས་ལ། ཨོཾ་ཨ་ཞེས་པ་ཟུང་ནི་རིམ་བཞིན་མགུལ་རྒྱན་རིན་འབྱུང་དང་སྐ་རགས་དོན་གྲུབ་ཡབ་ཡུམ་དག་ལའོ། །དེ་བཞིན་དུ་ཡང་ཨ་ཡིག་ཐུང་རིང་ཟུང་ནི། ལག་པའི་གདུབ་བུ་ཟུང་དག་རྣམ་སྣང་ཡབ་ཡུམ་དུ་བསྒོམ་པ་དག་ལ་འགྱུར་ཏེ། རྐང་གདུབ་ཟུང་རྣམ་སྣང་ཡབ་ཡུམ་དག་ལ་ཧ་ཧཱ་ཡང་གོང་བཞིན་ནོ། །མཐའ་དག་ལུས་ལ་གནས་པ་སྟོང་པའི་རྣམ་པ་ཞེས་སྟོང་ཆེན་ལྔའི་ཡི་གེ་ཨ་ཨི་རྀ་ཨུ་ལྀ་ལྔ་པོ་དག་ནི་ཐལ་བ་དག་ལ་བསྒོམ་པར་བྱ་ཞིང་ཐལ་བ་ནི་རྡོར་སེམས་ཀྱི་ངོ་བོའོ། །སྐབས་འདིར་རྒྱན་དྲུག་གི་བྱེ་བྲག་འཁོར་ལོ་མ་གསུངས་ཀྱང་མི་བསྐྱོད་པའི་ངོ་བོ་འཁོར་ལོ་ནི་དེའི་ས་བོན་གྱིས་བྱེད་པར་འདྲའོ་སྙམ་མོ། །འདིར་ཡི་གེ་འདི་རྣམས་རང་ཉིད་གཙོ་བོའི་ཐུགས་ཀ་ནས་ཕྱུངས་ཏེ་གཞུག་པར་བཤད་པའང་སྣང་ངོ་། །རབ་གནས་བསྡུས་པའི་ཆོ་ག་ནི་རབ་ཏུ་གནས་བྱའི་རྟེན་ལྷ་དམ་ཚིག་པར་བསྐྱེད་པ་ལ། སློབ་དཔོན་རང་གི་ལུས་ཡེ་ཤེས་ཀྱི་ལྷའི་རྣམ་པ་ཅན་དུ་བསྒོམ་པ་དག་ལས། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་བཅས་པའི་བདག་ཉིད་ཅན་ཕུང་པོ་སངས་རྒྱས་ལྔ་དང་། ཁམས་ཡུམ་ལྔ་དང་ལ་སོགས་པ་ཞེས་དབང་ཡུལ་བྱང་སེམས་ཡབ་ཡུམ་དང་། ཁྲོ་བོ་ཁྲོ་མོ་ལ་སོགས་པ་ཀུན་ཕྱུངས་

p. 161

ནས་རྟེན་གྱི་ལྷ་དམ་ཚིག་པ་རྣམས་ཀྱི་ནི་རང་རང་གི་སྙིང་གའི་པདྨར་ལྷ་རང་རང་གི་ས་བོན་གྱི་སྔགས་བརྗོད་པ་དག་གི་སྒོ་ནས་རིམ་པས་དགོད་པར་བྱ་ཞིང་ལྷ་དེ་དག་གི་ཐུགས་ཀར་སོ་སོའི་ས་བོན་བཀོད་ན་ཚུལ་དེས་རབ་ཏུ་གནས་པར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་མཆོད་རྟེན་དང་སྐུ་གཟུགས་སོགས་ལའོ། །ཞེས་སོ། །དེ་ནས་རབ་གནས་ཀྱི་སྦྱོར་དངོས་རྗེས་གསུམ་གྱི་ཆོ་གའི་ཁ་སྐོང་བསྟན་པ་ལས། རབ་གནས་ཚར་ནས་དཀྱིལ་འཁོར་ཉེ་བར་བསྡུ་བའི་དུས་སུ་ལག་པའི་རྡོ་རྗེ་དག་གིས་རང་གི་ལུས་ལ་དཀྱིལ་འཁོར་དུ་བཀོད་པའི་ས་བོན་ལྷའི་ངོ་བོར་བསྒྲུབ་པ་རྣམས་གཞུག་པར་བྱ་ཞིང་། དེའི་རྗེས་སུ་ལག་པའི་རྡོ་རྗེ་དེས་དབང་ལྡན་ཕྱོགས་ཀྱི་རྩིག་པ་ནས་བཟུང་སྟེ་ཚངས་ཐིག་གི་ལམ་ནས་རྡུལ་མཚོན་དབྱི་བ་སོགས་བྱའོ། །དངོས་གཞི་མངའ་དབུལ་སོགས་ཀྱི་སྐབས་འདི་དང་དང་པོ་སྟ་གོན་གྱི་སྐབས་དེ་རུ་ཡང་། རི་མོར་བྲི༷ས་པའི་ཐང་སྐུ་རྣམས་ཀྱི་ཁྲུས་གསོལ་བ་ནི། མེ་ལོང་དུ་གཟུགས་བརྙན་ཤར་བ་ལ་ནི་ཁྲུས་བྱ་བའི་གནས་སུ་འགྱུར་ཏེ་དངོས་ལ་བྱར་མེད་དོ། །ཁྲུས་བྱས་པ་དང་། རབ་གནས་གྲུབ་པའི་ཕྱི་ནས་དྲི་དང་སྤོས་དང་ཤིན་ཏུ་དྲི་བཟང་མེ་ཏོག་རྣམས་དང་། གླུ་དང་རོལ་མོ་དག་དང་ནི། གར་དང་རྣམ་མང་མཆོག་གི་གོས་དང་། རྔ་ཡབ་དང་ནི་གདུགས་རྣམས་དག་གིས་རབ་ཏུ་གནས་པའི་ལྷ་ལ་མཆོད་པར་བྱའོ། །གཞན་ཡང་ཐལ་མོ་སྦྱར་ཏེ་ཇི་སྲིད་དུ་བརྟན་པར་བཞུགས་པར་གསོལ་བ་གདབ། ཡི་གེ་དྲུག་པ་བཟླས་ཤིང་རྡོ་རྗེ་བཅས་པའི་ལག་པས་རྟེན་གྱི་སྟོད་སྨད་པར་གསུམ་ལ་རེག་སྟེ་བརྟན་པར་བྱ། བསྟོད་པས་བསྟོད་པ་ཆོ་གའི་དངོས་གཞིའི་སྐབས་སུའོ། །དེ་ལྟར་རབ་གནས་བྱས་ནས་དེའི་རྗེས་སུ་གཏོར་མ་བཏང་།ཡོན་བདག་གིས་ཕྱག་འཚལ་ཞིང་ཡོན་བདག་བསྒོ་བ་བྱས་ནས། རྣམ་པ་མང་པོ་མཆོག་གི་རོ་རྣམ་དག་གིས་དགེ་འདུན་གྱི་སྡེ་ལ་མཆོད་སྟོན་རབ་ཏུ་སྦྱིན་པར་བྱའོ། །ཞར་བྱུང་ཁྲོན་པ་སོགས་དང་སྐྱེད་ཚལ་གྱི་ཤིང་རབ་ཏུ་གནས་པ་བྱ་ན།

p. 162

ཁྲོན་པ་དང་རྫི༷ང་བུ་དང་མཚེའུར་ཞེས་པ་མཚོ་ཆུང་ངུ་སྟེ་དེ་དག་རྣམས་ལ། དབུས་སུའམ་སྟབས་མ་བདེ་ན་གང་རིགས་སུ་མཆོད་སྡོང་དེའི་ཉིས་འགྱུར་གཟུགས་ལ་དེའི་དབུས་སུ་ཆུ་བདག་བ་རུ་ཎ་དང་། ཕྱོགས་བཞི་དང་ཕྱོགས་བྲལ་མཚམས་བཞི་ཉིད་དུ་ནི་ཀླུ་ཡི་རྒྱལ་པོ་དུང་སྐྱོང་ལ་སོགས་པ་ནོར་ཏེ་བརྒྱད་པོ་རྣམས་དམ་ཚིག་པ་བསྐྱེད་ནས་དགོད་པར་བྱ་ཞིང་། ཁྲོན་པ་སོགས་ཀྱི་ཆུ་དེ་ལ་ལན་ཚ་ནས་སྦྲང་རྩིའི་རྒྱ་མཚོའི་བར་གྱི་ཆུ་གཏེར་བདུན་པོ་རང་རང་གི་མིང་ཡིག་དང་པོའི་ས་བོན་ཀྵཾ་མཾ་ཨཾ་དུཾ་དཾ་གྷྲིཾ་མཾ་བདུན་གྱིས་བསྐྱེད་པ་བྱས་ཏེ། རྫིང་བུ་སོགས་ཀྱི་གནས་དེར་སྦྲང་རྩི་གཙང་མའི་ཆུ་དང་ལྡན་པའི་དྲི་ལྔ་ལ་སོགས་པ་གཞུག་པར་བྱ་ཞིང་། མེ་ཏོག་ལ་སོགས་པས་མཆོད་ནས་ཆུ་གཏེར་བདུན་གྱི་རང་བཞིན་དུ་བསྒོམ་མོ། །ས་དྷུ་པུ་ཏྲ་ས་བདུད་རྩི་ལྔ་གཞུག་པར་བཤད་ཀྱང་ནང་གི་བདུད་རྩི་ལྔ་ནི་གཞུག་པ་ཀླུ་ལ་མི་ལེགས་པར་བླ་མ་དག་གསུངས། རབ་ཏུ་གནས་བྱའི་རྗེས་སུ་སྦྱིན་སྲེག་གིས་ལྷ་རྣམས་ཚིམས་པར་བྱས་པའི་མཐར་ནི་རྫིང་བུ་སོགས་ཀྱི་འགྲམ་དུ་བ་ལང་གི་ལྕི་བས་བྱུགས་པའི་ཙན་དན་གྱི་དྲིའི་ཆུས་བརླན་པའི་མཎྜལ་ལ་དེར་དཀར་མངར་གཙང་མའི་གཏོར་མ་དང་མེ་ཏོག་སོགས་ཀྱིས་ཀླུ་མཆོད་པར་བྱ་ལ། དེ་ཡང་རྫི༷ང་བུ་ལ་སོགས་དེ་དག་ལ་དབུས་སུ་ཆུ་ལྷ་ཆུ་བདག་བ་རུ་ཎ་དཀར་པོ་ཕྱག་ན་ཞགས་པ་བསྣམ་པ་འཁོར་ཀླུ་བརྒྱད་ཀྱིས་བསྐོར་བ་བསྒོམ་པར་བྱ་ཞིང་། རང་གི་སྙིང་གའི་འོད་ཟེར་གྱིས་ཆུ་བདག་དང་ཀླུ་བརྒྱད་འཁོར་དང་བཅས་པ་ལ་གོང་བཤད་ལྟར་མཆོད་པ་ཕུལ་ཏེ་བསྟོད་པ་བྱ། ཡི་གེ་བརྒྱ་པ་བཟླས་ཏེ་གནས་དེར་བརྟན་པར་བཞུགས་སུ་གསོལ་བས་ཆུ་ཟད་པ་མེད་པར་གྱུར་པར་བསམ་ཞིང་ཤིས་བརྗོད་བྱ་ལ། གཞོན་ནུ་མ་རྣམས་སྟོན་མོས་མཉེས་པར་བྱའོ། །ལྗོན་ཤིང་སྐྱེད་ཚལ་རབ་གནས་བྱ་ན་སྐྱེད་མོས་ཚལ་དུ་ཤིང་གི་གཙོ་བོ་གང་འོས་གཅིག་རྣམ་སྣང་དུ་བསྐྱེད་ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་བྱས། དེ་ཡོངས་སུ་གྱུར་པ་ལས་ལྗོན་ཤིང་དེ་ཉིད་དུ་གྱུར་པར་བསམ་ལ།

p. 163

ལྷ་ཡུལ་སོགས་ཀྱི་དཔག་བསམ་ལྗོ༷ན་པ་མཐའ་དག་གི་ལྷ་དང་ཤིང་རྟེན་དང་བརྟེན་པར་བཅས་པ་བཀུགས་ལ་སྐྱེད་ཚལ་གྱི་ཤིང་དེ་དག་ལ་བསྟིམས་ཞིང་དབྱེར་མེད་དུ་གནས་པར་དབང་ནི་བསྐུར་ནས་སོ། །ལྗོན་ཤིང་ལ་གནས་པའི་ལྷ་གཏོར་མ་སོགས་ཀྱིས་མཆོད་དེ། ཤིང་རྣམས་མི་ཟད་པར་འཕེལ་བའི་སྨོན་ལམ་དང་ཤིས་པ་བརྗོད་པར་བྱའོ། །མཇུག་གི་ཆོ་གའི་ཡན་ལག་ནི། རབ་ཏུ་གནས་པའི་ཆོ་ག་ལེགས་པར་བྱས་ཟིན་ནས། དཀྱིལ་འཁོར་གྱི་མཆོད་པའི་ཡོ་བྱད་ཅོད་པན་དང་། དར་དཔྱངས་དག་དང་། དོ་ཤལ་དང་གདུ་བུ་དང་ནི་དེ་བཞིན་རྣ་ཆ་སྐ་རགས་ལ་སོགས་པ། སློབ་དཔོན་ལ་ནི་རབ་ཏུ་སྦྱིན་བྱར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་སློབ་དཔོན་ལ་ཡོན་ཡང་། སྦྱིན་བདག་བདག་ཉིད་ཀྱི་འབྱོར་པ་དང་མཐུན་པའི་ནུས་པས་དབུལ་བར་བྱས་ནས་སོ། །སྦྱིན་བདག་གིས་ནི་བསོད་ནམས་རྒྱ་ཆེན་པོ་ཐོབ་པའི་སླད་དུ་མཐའ་དག་ཚོགས་ཀྱི་རིགས་རྣལ་འབྱོར་དང་རྣལ་འབྱོང་མ་རྣམས་ལ་ཚོགས་ཀྱི་མཆོད་པ་ཕུལ་ཞིང་དགེ་བའི་རྩ་བ་དེ་ཐམས་ཅད་ཀྱང་། གཞན་དོན་དུ་བླ་མེད་བྱང་ཆུབ་དོན་དུ་གཉེར་བར་བྱ་སྟེ། བསོད་ནམས་འདི་ཡིས་རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་ཤོ༷ག་ཅིག་ཅེས་བསམ་པ་ཐག་པ་ནས་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ། །སྐུ་གཟུགས་སོགས་ཀྱི་རབ་གནས་བྱ་བ་སྟེང་དུ་བླ་རེ་བཀོད་ཅིང་སོགས་ནས་འདིའི་བར་དུ་ཚིགས་བཅད་བཅུ་གཉིས་འགྲེལ་བས་གོ་སླ་བར་མཛད་དེ་མ་བཤད་པ་གོ་སླ་ཡང་ཆོ་གའི་ཁྱད་པར་ཕྲ་མོ་འགའ་ཞིག་གསལ་ཁ་མེད་པས་སྔ་འགྲེལ་རྣམས་སུ་ཅུང་ཟད་མི་འདྲ་བ་འགར་བྱས་པ་ཡང་དོན་ལ་འགལ་བ་ཆེར་མེད་བར་མངོན་ནོ། །ད་ནི་དབང་གོང་མའི་ཆོ་ག་སོགས་ཀྱི་སླད་དུ་ལས་ཀྱི་ཕྱག་རྒྱའི་དབྱེ་བ་གསུངས་པ། ཇི་སྲིད་ཕྱོགས་ཀྱི་ལོ་སྟེ་ལོ་བཅུ་ནི་གཅིག་པུ་དེ་ཉིད་ཤེར་ཕྱིན་མའི་ངོ་བོ་ཡིན་ཀྱང་གནས་སྐབས་རྣམ་པ་བཅུ་རུ་འགྱུར་ཏེ། གང་ཞེ་ན་ལོ་གཅིག་མ་

p. 164

སྦྱིན་པ་ནས་ལོ་བཅུ་མ་ཡེ་ཤེས་ཀྱི་ཕར་ཕྱིན་གྱི་བར་གྱི་ནུས་མ་བཅུའི་རང་བཞིན་ཏེ། དེ་དག་ནི་མིག་གིས་བལྟ་བ་དང་ནི་ནུ་མ་ལ་རེག་པར་བྱ་བ་ཙམ་དུ་འགྱུར་གྱི་དངོས་སུ་བསྟེན་བྱའི་འོས་མ་ཡིན་ཏེ། བྱིས་པའམ་གཞོན་ནུ་མའི་གནས་སྐབས་སུ་གྱུར་པའི་ཕྱིར་རོ། །དེ་ལ་ཡང་རྣམ་པ་གཉིས་སུ་དབྱེ་བ་བྱས་ན་ཇི་སྲིད་སོ་ལྷུང་བར་མ་གྱུར་པ་ལོ་བརྒྱད་པ་དེ་སྲིད་དུ་ཡེ་ཤེས་ཀྱི་ཁམས་ཏེ་ལུས་ཀྱི་ཆ་སོ་སོགས་མ་ལྷུང་བའམ་མི་འཛད་པའི་ཕྱིར་རོ། །འདིར་རྡུལ་མི་འཛག་པའི་དོན་དུ་བཤད་ཀྱང་རྡུལ་མི་འཛག་པ་ནི་ལོ་བཅུ་གཉིས་ཀྱི་བར་དུ་ཡོད་པས་འདི་ཁོ་ནའི་ཆོས་སུ་མི་འགྱུར་རོ། །སོ་ལྷུང་ནས་ནམ་མཁའི་ཁམས་སོ། །དེ་ལྟར་གོང་དུ་ནུས་མ་བཅུ་དང་སྦྱར་བ་དང་འདིར་གཉིས་སུ་བྱས་པ་ནི་སྤྱི་དང་བྱེ་བྲག་གི་དབྱེ་སྒོ་ཡིན་པས་མི་འགལ་ལོ། །དེ་ལྟར་ཁམས་གཉིས་ཀྱི་གནས་སྐབས་ནི་གཞོན་ནུ་མ་སྐྱེ་གནས་ལ་རྡོ་རྗེས་བསྣུན་པ་སོགས་ཀྱིས་མ་ཉམས་པ་ཡིན་པས། བལྟ་བ་དང་རེག་པ་དང་ལག་བཅིང་གི་བཀུར་སྟི་སོགས་ཀྱིས་མཆོད་པར་བྱ་བ་ཡིན་ཡང་། དབང་གི་དོན་དུ་བསྟེན་བྱའི་འོས་མིན་ནོ། །ལོ་བཅུ་རྫོགས་པ་དེ་ནས་ལོ་ཉི་ཤུ་པའི་བར་དུ་ནི་འཁྱུད་པར་བྱ་བ་སྟེ་དེ་ཡང་རོ་དང་བཅས་པའི་ཆུ་གཏེར་ཞེས་པ་བཞི་དང་དྲུག་སྟེ། རིམ་བཞིན་གཡོ་བ་རླུང་གི་ཁམས་སྒྲོལ་མའི་རིགས་སམ་རང་བཞིན་དུ་གྱུར་པ་ལ་སོགས་པ་རྣམས་ནི་སྦྱོར་བའི་དོན་དུ་བསྟེན་པར་བྱའོ། །དེ་ལ་དང་པོ་བཞི་ནི་བཅུ་གཅིག་མ་རླུང་གི་ཁམས། བཅུ་གཉིས་མ་མེ། བཅུ་གསུམ་མ་ཆུ། བཅུ་བཞི་མ་ས་སྟེ་ཡུམ་ཆེན་བཞིའི་གནས་སྐབས་སོ། །དེ་ནས་དྲུག་ནི་སྒྲ་ལ་སོགས་པ་སེམས་མ་དྲུག་གི་རང་བཞིན་ཏེ། བཅོ་ལྔ་མ་སྒྲ། བཅུ་དྲུག་མ་རེག་བྱ། བཅུ་བདུན་མ་རོ། བཅོ་བརྒྱད་མ་གཟུགས། བཅུ་དགུ་མ་དྲི། ཉི་ཤུ་མ་ཆོས་ཁམས་རྡོ་རྗེ་མའི་བདག་ཉིད་དོ། །དེ་ནས་ལོ་ནི་ཉི་ཤུ་ཡན་ཆད་ཁུ་བ་ལྷག་པར་འཕྲོག་པས་ཕྱག་རྒྱ་མཆོག་ཏུ་འཇིགས་བྱེད་མ་ཞེས་བྱ་སྟེ། ཁྲོ་བོ་དང་འབྱུང་པོ་དང་ལྷ་མིན་གྱི་ཆ་ཡིན་པས། ཉེར་གཅིག་ནས་

p. 165

སུམ་ཅུའི་བར་དུ་རིམ་བཞིན་ཤིང་སྔོན་མ་དང་། ཤིན་སྟོབས་མ་དང་། རྨུགས་བྱེད་མ་དང་། ཁེངས་ལྡན་མ་དང་། རེངས་བྱེད་མ་དང་། འོད་ཟེར་ཅན་མ་དང་། ཙུན་དཱ་དང་། ཁྲོ་གཉེར་ཅན་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། དྲག་སྤྱན་མ་སྟེ་ཁྲོ་བོ་བཅུའི་ལྷ་མོ་རྣམས་སོ། །དེ་ནས་སོ་གཅིག་ནས་སོ་བརྒྱད་བར་ལོ་བརྒྱད་ནི་འབྱུང་པོའི་ཆ་སྟེ། ཙ་རྩི་ཀཱ་དང་ཕག་མོ་དང་དྲག་མོ་དང་དབང་མོ་དང་ཚངས་མ་དང་། དཔལ་ཆེན་མོ་དང་། གཞོན་ནུ་མ་དང་ཁྱབ་འཇུག་མའོ། །ལོ་སོ་དགུ་ནས་ཞེ་དྲུག་པའི་བར་བརྒྱད་ནི། ཁྱི་དང་ཕག་དང་སྟག་དང་ཅེ་སྤྱང་དང་མཁའ་ལྡིང་དང་འུག་པ་དང་བྱ་རྒོད་དང་བྱ་རོག་གི་གདོང་མ་སྟེ། དེ་ལྟར་ཇི་སྲིད་ལོ་བཞི་བཅུ་རྩ་དྲུག་གི་བར་དུའོ། །དེ་རྣམས་ལས་དབང་གི་དོན་དུ་ནི་བཅུ་གཅིག་ནས་ཉི་ཤུའི་བར་གྱི་སྔར་བཤད་དྲུག་དང་གསུམ་སྟེ། བཞི་ཡི་ནང་གི་དང་པོ་བཅུ་གཅིག་མ་ནི་རྡུལ་འཛག་པ་མེད་པའི་ཕྱིར་གཟུང་བར་མི་བྱའོ། །དེ་ལྟར་རིག་མ་དགུ་པོ་དེ་དག་བདེ་མཉམ་གྱི་འབྲས་བུ་སྟེར་བ་ཡིན་པས་དབང་གི་དུས་སུ་ངེས་པར་དུ་བསྟེན་པར་བྱ་ལ། གཞན་ཉེར་གཅིག་མ་ནས་ཞེ་དྲུག་མའི་བར་ནི་རྗེས་དྲན་གྱི་སྐབས་སོགས་སུ་བདེ་བ་ཆེན་པོ་བསྒོམ་པའི་དོན་དུ་བསྟེན་པར་བྱ་བའོ། །དབང་གོང་མ་དེ་ལ་གོང་མ་དང་། གོང་མ་ཆེན་པོ་གཉིས་སུ་དབྱེ་བའི་སྔ་མ་ནི་ཀུན་རྫོབ་ཀྱི་དབང་སྟེ་སེམས་ཅན་ལམ་ལ་གཞུག་པ་དང་། ལམ་ཡོངས་སུ་ཤེས་པ་དང། རྒྱུད་ཉན་པ་ལ་དབང་བའི་དོན་དུ་ཡིན་ལ། ཕྱི་མ་ནི་དབང་བསྐུར་བ་དང་རྒྱུད་སྟོན་པ་སློབ་དཔོན་ཆེན་པོའི་གོ་འཕང་གི་གནས་སྦྱིན་པའི་དོན་དུ་དོན་དམ་པའི་དབང་ངོ་། །དང་པོར་གནས་འདི་ལ་སྐྲག་པ་དང་མ་དད་པར་འཁྲུལ་པའི་སེམས་སོགས་ཀྱི་སྐྱོན་དང་བྲལ་བའི་རིག་མ་ལོ་བཅུ་གཉིས་པ་སོགས་རྒྱུད་ཡོངས་སུ་སྨིན་པ་ནི་སློབ་མས་བླ་མ་ལ་དབུལ་བར་བྱས་ཏེ། དེ་ནས་གསོལ་བ་གདབ་པ་དང་། འཆད་འགྱུར་ལྟར་བསྟོད་པའི་སྒོ་ནས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མ་མཉེས་པས་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བ་བཞིའི་སྒོ་ནས་དབང་བསྐུར་བ་

p. 166

ལ། དཔལ་ལྡན་ཤེས་རབ་མའི་ནུ་མ་ལ་ཡང་དབང་གོང་མའི་དང་པོར་ཏེ་ཐོག་མར་སློབ་མས་ལག་པས་རེག་པ་ལས། ཁུ་བ་གཡོ་བའི་བདེ་བ་བྱིས་པའི་གནས་སྐབས་ལྟ་བུ་གང་ཡིན་པ་བུམ་པའི་དབང་ནི་དེ་ཉིད་དོ། །དེ་ནས་སློབ་དཔོན་གྱིས་ཆོ་ག་བཞིན་དུ་གསང་བའི་མཆོད་པ་བྱས་ནས། སློབ་མ་མིག་བཀབ་པའི་ལྕེ་ལ་ཡུམ་གྱི་གསང་བ་དག་ལས་བླང་བའི་བདུད་རྩི་བྱང་ཆུབ་སེམས་རི་བོང་འཛིན་པ་ཁུ་བ་ཉིད་སློབ་དཔོན་གྱི་ལག་གཡོན་མཐེབ་སྲིན་སྦྱར་བས། སློབ་མའི་ཁར་བྱིན་པ་མྱོང་བ་དང་ནི་གདོང་གཡོགས་བཀྲོལ་ཏེ་ཕྱག་རྒྱའི་བྷ་གཡང་གསལ་བར་བྱས་པ་ལ། སློབ་མས་བལྟ་བ་དག་གིས་གཡོ་བའི་བདེ་བ་ལང་ཚོའི་གནས་སྐབས་ཀྱི་དགའ་བ་སྐྱེས་པ་གསང་བའི་དབང་དུ་འགྱུར་རོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་འཆད་འགྱུར་ལྟར་ཨོཾ་སོགས་རིགས་ལྔའི་ས་བོན་དང་། ཞལ་གྱི་ཡི་གེ་བཞི་སློབ་མའི་ལུས་ལ་བཀོད་དེ་སྦྱང་བ་བྱས་ནས་ནི། རྒྱལ་བ་རྡོ་རྗེ་སེམས་དཔའ་དག་ཀྱང་འདིར་ནི་བླ་མས་དཔང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་མ་ལག་བཅིངས་དང་འཁྱུད་པར་བྱ་བའི་དོན་དུ་གཏད་ནས་སྦྱིན་བར་བྱ་སྟེ། ཇི་ལྟར་སྐལ་བ་ངན་པའི་སེམས་ཅན་དབང་པོ་གཉིས་སྦྱོར་གྱི་བདེ་བ་ལ་བསྟེན་ནས་འཕོ་མེད་བདེ་བ་ཆེན་པོ་མངོན་དུ་བྱེད་པའི་ལམ་ལ་མི་འཇུག་པ་འདི་དག་སྔགས་ཀྱི་ལམ་བསྒོམ་པ་ལ་དབང་བ་དང་རྒྱུད་མཉན་པའི་ཆེད་དུ་དེ་ལྟར་དབང་བསྐུར་བ་ཡིན་གྱི་རྒྱུད་བསྟན་པ་དང་དཀྱིལ་འཁོར་འབྲི་བ་སོགས་སློབ་དཔོན་ཉིད་དུ་དབང་བསྐུར་པ་ནི་མ་ཡིན་ནོ། །སློབ་མ་དེས་ཀྱང་ཕྱག་རྒྱ་མ་དེ་ལ་ལག་བཅིངས་སོགས་བདེ་བའི་སྒྱུ་རྩལ་སྣ་ཚོགས་བྱ་བ་དང་འཁྱུད་པར་བྱས་ནས་དགའ་བ་བཞི་ངོས་བཟུང་ཞིང་དེ་ཁོ་ན་ཉིད་ཀྱི་ལྟ་བ་དང་མ་བྲལ་བར་བྱ་སྟེ། འདི་ནི་ཀུན་རྫོབ་འཇིག་རྟེན་པའི་དབང་བཞིའོ། །འདིར་ཡང་དང་པོར་ནུ་མ་ལ་རེག་པ་དང་དགོད་པ་ཡི་སྒྲ་དང་རེག་བྱའི་ཡོན་ཏན་གཉིས་ཀྱི་བདག་ཉིད་ཀྱི་ཁུ་བ་གཡོ་བའི་བདེ་བ་དང་། གསང་བའི་བྷ་ག་ལ་ལྟ་བ་

p. 167

གཟུགས་ཀྱི་ཡོན་ཏན་དང་སྔ་མ་གཉིས་བཅས་གསུམ་གྱི་སྔ་མ་ལས་བདེ་བ་ཆེ་བ་དང་། ལག་བཅངས་ཞེས་པ་སྔ་མའི་སྟེང་དུ་མཆུ་གཞིབ་པའི་རོ་བཅས་བཞི་དང་། གཉིས་སྦྱོར་ནི་དྲི་དང་བཅས་པའི་ལྔ་སྟེ་འབྱུང་བ་ལྔའི་ཡོན་ཏན་གྱི་ཆ་རྫོགས་པས་བདེ་བ་ཇེ་ཆེར་འཕེལ་བ་ནི་འདོད་གཟུགས་ཀྱི་ལྷའི་བདེ་བ་རྣམ་པར་དག་པ་དང་སྦྱར་བ་ལེའུ་ལྔ་པར་འཆད་པར་འགྱུར་རོ། །འདི་ནི་འཇིག་རྟེན་པའི་དབང་བཞིས་སྔགས་དོན་བསྒོམ་པའི་སློབ་དཔོན་ཙམ་དུ་བྱེད་པའི་སླད་དུ་སྟེ་འཇིག་རྟེན་གཞུག་པའི་སླད་དུ་ཀུན་རྫོབ་ཀྱི་དབང་རྣམ་པ་བཞིའི་ངེས་པའོ་ཞེས་གསུངས་པས། ཐིག་ལེ་དཔྲལ་བ་ནས་བབ་པའི་བྱང་སེམས་རྡོ་རྗེ་ནོར་བུའི་རྩེར་མི་འཛག་པར་བྱས་པ་ལས་རྣམ་རྟོག་ཅི་རིགས་འགག་པའི་དགའ་བ་བཞི་པའི་གནས་སྐབས་ལ་ལྷན་སྐྱེས་སུ་བཏགས་པ་ཙམ་གྱི་དབང་བཞིའོ། །དེ་ནས་རྒྱུད་འགྲེལ་པ་བཅས་པའི་དགོངས་དོན་ཤེས་པར་གྱུར་པ་ན། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བསྐུར་བའི་དོན་དུ་ཁྱིམ་ན་གནས་པའི་སློབ་མས་རིག་མ་བཅུ་པོ་རྣམས་བླ་མ་ལ་འབུལ་བར་བྱ་སྟེ། རྩ་རྒྱུད་ལས། སྲིང་མོའི་བུ་མོ་བུ་མོ་དང་། །སྲིང་མོ་དེ་བཞིན་སྐྱེད་བྱེད་མ། །དེ་བཞིན་ཆུང་མའི་མ་དང་ནི། །དེ་བཞིན་ཞང་པོའི་བུད་མེད་དང་། །ཕ་ཡི་སྤུན་ཟླའི་ཆུང་མ་དང་། །དེ་བཞིན་ཕ་ཡི་སྲིང་མོ་དང་། །རང་གི་མ་ཡི་སྤུན་ཟླ་ཉིད། །རང་གི་ཆུང་མ་མཆོག་གཟུགས་ཅན། །སྒྲོལ་མ་ལ་སོགས་ཆོས་ཁམས་མཐར། །རང་རིགས་ལས་སྐྱེས་རིག་མ་བཅུ། །ཐར་པ་འདོད་པའི་ཁྱིམ་པ་ཡིས། །དབང་གི་དུས་སུ་རབ་སྦྱིན་བྱ། །རིག་མ་འདི་རྣམས་རིགས་བསྲུང་ཕྱིར། །གལ་ཏེ་བླ་མར་མི་འབུལ་ན། །དེ་ཚེ་ཁྱིམ་ན་གནས་རྣམས་ལ། །གཞན་གྱིས་དབང་བསྐུར་སྦྱིན་མི་བྱ། །དཀྱིལ་འཁོར་དུ་ནི་དབང་བསྐུར་བའི། །དམངས་རིགས་སྐྱེས་སོགས་གཞན་རྣམས་ཀྱིས། །དགེ་སློང་དགེ་ཚུལ་རྣམས་ལ་ནི། །བླ་མས་སྦྱིན་བྱ་མི་ཡི་བདག །རླུང་སོགས་རིམ་པས་དམངས་རིགས་སོ། །

p. 168

རྒྱལ་རིགས་དེ་བཞིན་བྲམ་ཟེ་མོ། །རྗེ་མོ་གཡུང་མོ་ཉ་པ་མོ། །གར་མ་དེ་བཞིན་ཚོས་མཁན་མོ། །ཀོ་པགས་བྱེད་པ་གཏུམ་མོ་ནི། །མཐར་སྐྱེས་ཆོས་ཁམས་མ་སྟེ་བཅུ། །རིག་མ་ཆེན་མོར་ཡང་དག་བརྗོད། །ལོངས་སྤྱོད་གྲོལ་འབྲས་རབ་ཏུ་སྟེར། །ཞེས་གསུངས་པ་ལྟར། རང་གི་རིགས་ལས་སྐྱེས་པ་བཅུ་ནི། ཚ་མོ་དང་བུ་མོ་དང་སྲིང་མོ་དང་མ་བཞི་ནི། སྒྲོལ་མ་གོས་དཀར་མ་ཀཱི་སྤྱན་མའི་རིགས་སྟེ་རིམ་བཞིན་སྦྱར་རོ། །དེ་བཞིན་ཆུང་མའི་མ་སོགས་རང་གི་ཆུང་མའི་བར་ནི་སྒྲ་རེག་རོ་གཟུགས་དྲི་ཆོས་ཁམས་རྡོ་རྗེ་མའི་བར་དུ་སྦྱར་ཏེ་དེ་ལྟར་བཅུའོ། །རང་གི་རིགས་བསྲུང་བའི་ཕྱིར་དེ་དག་དབང་དུས་སུ་བླ་མའི་ཕྱག་རྒྱར་མི་འབུལ་ན་དབང་སྦྱིན་པར་མི་བྱའོ། །གཞན་རིགས་ནི་དམངས་རིགས་མོ་དང་རྒྱལ་རིགས་བྲམ་ཟེ་རྗེ་རིགས་མོ་བཞི་ནི་རླུང་མེ་ཆུ་ས་ཡི་ཡུམ་བཞིའི་རིགས་སོ། །གཡུང་མོ་སྟེ་གདོལ་པ་མོ་ནས་གཏུམ་མོའི་བར་དྲུག་ནི་སྒྲ་རེག་རོ་གཟུགས་དྲི་ཆོས་ཁམས་རྡོ་རྗེ་མའི་བར་དུ་སྦྱར་ལ། དབང་གི་དུས་སུ་ཡུམ་བཞི་དང་རྡོ་རྗེ་མ་དྲུག་གི་རིགས་ཅན་བཅུ་ལས་གཞན་མ་གསུངས་ལ། འདི་དག་དབང་དུས་སུ་བླ་མར་ཕུལ་ན་གནས་སྐབས་སུ་མཐོ་རིས་ཀྱི་ལོངས་སྤྱོད་དང་། མཐར་རྣམ་གྲོལ་མཆོག་གི་བདེ་བ་མི་འགྱུར་བ་ཐོབ་སྟེ་ཕར་ཕྱིན་བཅུ་དང་དབང་བཅུ་ས་བཅུ་སྟོབས་བཅུ་རྣམ་པར་དག་པར་འགྱུར་ཏེ། མཚན་བརྗོད་ལས། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནས། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པའི་བར་གྱི་བཅུ་ཚན་གྱིས་བསྟན་པ་བཞིན་ནོ། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་བདག་པོ་ཆེན་པོའི་གོ་འཕང་འདོད་པས་ཕྱག་རྒྱ་བཅུ་དབུལ་བར་བྱའོ། །དེ་ནས་ཀྱེ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་ཐམས་ཅད་ཐོབ་བོ། །ད་ནི་བདག་གིས་ཅི་ཞིག་བགྱི་ཞེས་ཞུས་པས། སློབ་དཔོན་གྱིས་ལན་བྱིན་པ་ཕྱག་རྒྱ་བཅུའི་ནང་ནས་ཁྱོད་རང་གི་ཆུང་མ་འདི་བཟུང་ནས་དེ་དང་ལྷན་ཅིག་བདག་ལ་དབང་གི་དོན་དུ་གསོལ་བ་གདབ་པར་བྱོས་ཤིག་ཅེས་བྱ་ལ་

p. 169

དགེ་སློང་དང་དགེ་ཚུལ་ཆུང་མ་མེད་པ་ལ་ནི་གཏུམ་མོ་མཐར་སྐྱེས་ཆོས་ཁམས་རྡོ་རྗེ་མ་རང་གི་ཆུང་མར་བྱའོ། །དེ་ནས་སློབ་མ་ཕྱག་རྒྱ་དང་ལྷན་ཅིག་པ་དེས་གསེར་སོགས་ཀྱི་མེ་ཏོག་རྣམས་ཀྱིས་མཎྜལ་བྱས་ཏེ་གསོལ་བ་འདི་ལྟར་གདབ་སྟེ། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །ཅེས་སོགས་ཚིགས་བཅད་གསུམ་འགྲེལ་པ་ལས་གསུངས་པ་བཞིན་ནོ། །དེ་ནས་གསོལ་བ་འདེབས་པའི་སློབ་མ་ཆུང་མ་དང་བཅས་པར་གཟིགས་ནས། གོང་དུ་ཇི་སྐད་གསུངས་པ་བཞིན་དུ་གོང་མ་བདག་པོ་ཆེན་པོའི་དབང་གི་ཆོ་གས་རྟེན་རབ་འབྲིང་ཐ་གསུམ་ལ། བུམ་པ་བཅུ་དང་དྲུག་དང་གཉིས་ཀྱིས་ཆུ་དབང་བསྐུར་བ་དང་། དར་དཔྱངས་ལ་སོགས་པ་དབང་བདུན་རྫོགས་པར་བྱ་སྟེ། དགེ་སློང་ལ་ཕྱག་རྒྱ་བཅུས་བུམ་པ་བརྒྱད་རྒྱལ་རྣམ་རྒྱལ་བཅས་བཅུས་ཁྲུས་བྱ་བ་དང་། དགེ་ཚུལ་ལ་ཕྱག་རྒྱ་བཅུའི་ནང་ནས་དྲུག་གིས་དང་། ཁྱིམ་གནས་ལ་རང་གི་ཆུང་མ་དང་གཞན་དགུའི་ནང་ནས་གང་རུང་གཅིག་བཅས་གཉིས་ཀྱིས་སོ། །དེ་ནས་བུམ་པའི་དབང་ལ་རིག་མ་གང་གཏད་པ་དེའི་ནུ་མ་ལ་རེག་པར་བྱ་ཞིང་། བླ་མས་ཀྱང་སློབ་མའི་ཆུང་མའི་ནུ་མ་ལ་རེག་ཅིང་བདེ་བ་དང་སྟོང་པ་དབྱེར་མེད་པའི་དོན་གྱི་བུམ་པའི་དབང་བསྐུར་བར་བྱའོ། །དེ་ནས་གསང་བའི་དབང་ལ་སློབ་མ་ལ་མིག་དར་བཅིངས་ཏེ་སློབ་མས་ཕུལ་བའི་རིག་མ་གང་ཞིག་རྒྱན་རྣམས་ཐམས་ཅད་དང་ལྡན་པ་ཞུན་མའི་གསེར་དང་མཚུངས་ཤིང་ཡིད་དུ་འོང་བ་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་དང་ནི། ལོ་ཉི་ཤུ་པའི་བར་གང་ཡང་རུང་བ་ཁྲག་གམ་རྡུལ་དང་ལྡན་པ་དག་ལ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལྷ་ཡབ་ཡུམ་གྱི་རྣལ་འབྱོར་དག་གིས་སློབ་དཔོན་རང་གི་རྡོ་རྗེ་ནོར་བུས་ཡུམ་གྱི་པདྨར་བསྲུབས་ཤིང་འདོད་པ་སྤྱད་ནས། ཤེས་རབ་མའི་པདྨའི་རྩ་སྣེ་ན་ར་ན་སི་ཀ་རྡོ་རྗེས་གཞིབ་པར་བྱའོ། །དེ་ནས་ས་བོན་དང་བཅས་པའི་སློབ་དཔོན་གྱི་རྡོ་རྗེ་དག་ཀྱང་སློབ་མ་རྒྱུད་དག་པར་ཤེས་ནས་དེ་ཡི་ཁ་རུ་འཕངས་

p. 170

པའམ་བཅུག་པར་བྱ་སྟེ། སློབ་མ་ཆུང་མ་དང་བཅས་པའི་ཁར་རྡོ་རྗེས་བྱང་སེམས་བྱིན་པ་བྱས་ནས་ནི་མྱོང་བར་བྱའོ། །དེ་སྟེ་དེ་ལྟར་མ་བྱུང་ན་ཕྱག་རྒྱའི་པདྨ་ནས་སློབ་མ་རྣམས་ཀྱི་ལྕེས་གཞིབ་པའམ། ཡང་ན་བླངས་ཏེ་ཆང་སོགས་དང་སྦྱར་བ་སློབ་མའི་ཁར་སྦྱིན་པ་དབང་ཆོག་གཞན་ནས་འབྱུང་བ་ལྟར་བྱའོ། །གསང་དབང་བྱིན་པ་དེའི་ཕྱི་ནས་ཤེར་དབང་བསྐུར་བའི་དོན་དུ་སློབ་དཔོན་རང་གི་ཕྱག་རྒྱ་མ་གང་ལ་མཉམ་པར་སྦྱོར་བ་བྱས་པ་དེ་སློབ་བུ་ལ་གཏད་ཅིང་སྦྱིན་པར་བྱ་སྟེ། སློབ་བུས་རང་གི་ཆུང་མ་ཕུལ་བ་ལ་སློབ་དཔོན་གྱིས་སྦྱོར་བ་མཛད་ནས་སློབ་བུ་ལ་དབང་གི་དོན་དུ་སླར་སྦྱིན་པར་བྱའོ། །གལ་ཏེ་ཕྱག་རྒྱ་བཅུ་ཡོད་ན་ཤར་དུ་སྒྲོལ་མ། ལྷོར་དཀར་མོ། བྱང་དུ་མཱ་ཀི ནུབ་ཏུ་སྤྱན་མ། མེར་རེག་བྱ་རྡོ་རྗེ་མ། སྲིན་པོར་རོ་རྡོ་རྗེ་མ། དབང་ལྡན་དུ་གཟུགས་རྡོ་རྗེ་མ། རླུང་དུ་དྲི་རྡོ་རྗེ་མ་སྟེ་རྣལ་འབྱོར་མའི་འཁོར་ལོ་གཅེར་མོ་སྐྲ་གྲོལ་ཞིང་ཕྱག་ན་གྲི་ཐོད་ཅན་རྣམས་བཀོད་ལ། སློབ་དཔོན་གྱིས་ཐོག་མར་སྒྲ་རྡོ་རྗེ་མ་རྒྱན་བཀྲོལ་ཞིང་གཅེར་བུར་བྱས་པ་ལ་འཁྱུད་དུ་གཞུག་པར་བྱའོ། །ཁྱིམ་པ་རྣམས་ནི་ཆུང་མའི་མ་ལའོ། །དེ་ནས་ཤར་དུ་སྒྲོལ་མ་སོགས་གང་དང་གང་ལ་འདོད་པ་སྤྱོད་པར་ནུས་པ་དེ་དང་དེ་སློབ་མ་ལ་གཏད་དེ་རིགས་སོ་སོའི་ཡབ་ཡུམ་གྱི་རྣལ་འབྱོར་བཅས་ཀྱིས་མཉམ་པར་སྦྱོར་ཞིང་ཐིག་ལེ་འཛག་པ་མེད་པའི་བདེ་བ་དང་། དེ་ཉིད་ཀྱི་ངོ་བོ་སེམས་ཉིད་རང་བཞིན་འོད་གསལ་དེ་ཁོ་ན་ཉིད་ཀྱི་དོན་རིག་པའི་སྒོ་ནས་མཚན་མོ་ཕྱེད་ནས་ཇི་སྲིད་ཆུ་ཚོད་གཉིས་ཀྱི་རྗེས་ལ་ཉི་མ་འཆར་ཞིང་ནམ་ལངས་པ་དེ་སྲིད་དུ་སྦྱོར་བར་བྱའོ། །དེའི་སྐབས་སུ་སློབ་དཔོན་གྱིས་འཇིག་རྟེན་ལས་འདས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དོན་དམ་པ་དེ་ཁོ་ན་ཉིད་ངོ་སྤྲད་པར་བྱ་བ་འགྲེལ་པ་ལས་གསུངས་པ་འདི་ལྟ་སྟེ། འཇིག་རྟེན་ཀུན་རྫོབ་ཏུ་གཉིས་སྦྱོར་གྱི་བདེ་བས་ཁྱད་པར་དགའ་བའི་མཐར་ལྷན་ཅིག་སྐྱེས་པའི་སྐད་ཅིག་ཉིད་ཡིན་པར་བདག་གིས་བརྗོད་པ་གང་ཡིན་པ་འདི་ནི་ཀུན་རྫོབ་

p. 171

གྱི་བདེ་བ་སྟེ་ཐིག་ལེ་གྲོལ་བ་གསུམ་གྱི་མཐར་འགྱུར་བ་དེ་སྐད་ཅིག་མ་དེ་ནི་དོན་དམ་པར་མི་འགྱུར་ཏེ། འདི་ནི་གཉིས་སྦྱོར་གྱི་ཚོར་བ་མི་རྟག་པ་འགྱུར་བ་འཕོ་བ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཅན་གསོག་དང་གསོབ་ལྟ་བུའོ། །དོན་དམ་པར་རྣལ་འབྱོར་པ་རྣམས་ཀྱི་སོ་སོ་རང་རིག་པར་བྱ་བའི་བདེ་བ་ནི་འཕོ་བ་མེད་པ་སྟེ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ་དོན་དམ་ཕྱག་རྒྱ་ཆེན་པོའོ། །དེ་མངོན་དུ་བྱ་བའི་ཐབས་ནི་ཁུ་བ་འཕོ་མེད་དུ་བཅིངས་པ་ལས་སོ། །དེས་ན་བདེ་བ་ཆེན་པོ་འདི་ཁྱོད་ཀྱིས་བསྲུང་བར་བྱའོ་ཞེས་འཛག་མེད་དུ་སྲུང་བའི་དམ་ཚིག་འཛིན་དུ་གཞུག་པར་བྱ་སྟེ། དང་པོའི་སངས་རྒྱས་རྩ་བའི་རྒྱུད་ལས། །ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང་། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པོས་སྲུང་བར་བྱ། །བྷ་གར་ལིང་ག་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །བསྲུངས་པ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡིས་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་བསྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ཁྱོད་བསྲུང་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་རླབས་རྫོགས་བྱང་ཆུབ་ཐོབ་འགྱུར། །ཅི་སྟེ་ཆགས་པས་ཟིལ་མནན་བདག །གཙོ་བོའི་མདུན་དུ་བླངས་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ངུ་འབོད་དུ་འགྲོ་འགྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་

p. 172

སེམས་ལྷུང་འགྱུར། །དེ་ལྟར་ཕྱག་རྒྱར་ཤེས་ནས་ནི། །པདྨའི་ཕྱི་རོལ་རང་ལྕེས་བླང་། །ཞེས་གསུངས་ཏེ། ཚིག་དོན་གོ་སླ་ལ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྗེས་ཆགས་ཀྱི་རྣལ་འབྱོར་ལས་བདེ་བ་བསྒྲུབ་པའི་དུས་སུ་བདེ་བ་ཆེན་པོ་བསྒྲུབ་དགོས་ཀྱི་གཉིས་སྦྱོར་གྱི་འཛག་བདེ་ཙམ་དུད་འགྲོ་ཚུན་ཆད་ཀྱིས་མྱོང་ཡང་དེས་སུ་ཡང་གྲོལ་བར་མི་འགྱུར་གྱི་སླར་འཆིང་བའི་རྒྱུར་འགྱུར་རོ། །བདེ་བ་ཆེན་པོའི་རྟེན་ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ནི་བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ་སྟེ། ཕྱག་རྒྱའི་བྷ་གར་ལིང་ག་བཞག་ནས་བསྲུབ་པ་སོགས་ཀྱིས་དགའ་བ་ཉམས་སུ་མྱོང་བའི་དུས་སུ་བྱང་ཆུབ་ཀྱི་སེམས་ནོར་བུའི་རྩེ་ནས་ཕྱིར་འཛག་པའམ་སྤྲོ་བར་མི་བྱ་བར། རླུང་སྟོབས་སོགས་ཀྱིས་བརྟག་པར་བཅིངས་ན་བདེ་བ་རྒྱུན་བརྟན་པར་འགྱུར་ཞིང་། ཁམས་གསུམ་པོ་ཕྱི་སྲིད་པ་གསུམ་ནང་དུ་ལུས་ངག་ཡིད་གསུམ་ཡིན་ལ་དེ་ཐམས་ཅད་མ་ལུས་པ་བདེ་སྟོང་དབྱེར་མེད་དེ་ཁོ་ན་ཉིད་ཀྱི་གཟུགས་སམ་རང་བཞིན་དུ་བསྒོམ་པར་བྱ་བ་ངེས་དོན་དང་། དྲང་དོན་བསྐྱེད་རིམ་ལྟར་ན་ལྷ་སྐུར་བསྒོམ་པ་དང་འདུ་ཤེས་གསུམ་གསུངས་པ་ལྟ་བུའོ། །ལམ་འདིའི་ཁྱད་ཆོས་ཁམས་གསུམ་པོ་ཐམས་ཅད་བདེ་བ་དང་དབྱེར་མེད་པའི་སྟོང་གཟུགས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་ཤར་བའོ། །དེ་ལྟར་བདེ་བའི་རྟེན་ཁམས་འཛག་མེད་དུ་བསྲུང་བ་འདི་ཁོ་ནས་ཚེ་འདི་ལ་སངས་རྒྱས་ཐོབ་ཅིང་། འཛག་མེད་ཀྱི་ཚུལ་ཁྲིམས་དང་། བསོད་ནམས་ཀྱི་ཚོགས་དང་། ཁམས་འཆིང་བའི་བདེ་བའི་སྟོབས་ཀྱིས་དོན་དམ་པ་དབང་བཞི་པའི་ཡེ་ཤེས་དེ་ཁོ་ན་ཉིད་རིག་པ་དང་ཡང་དག་པར་ལྡན་ལ། ཚོགས་གསུམ་རྫོགས་ཤིང་ཕར་ཕྱིན་བཅུ་རྫོགས་ནས། རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་མཉམ་པ་ཉིད་དུས་གསུམ་གཟིགས་ཤིང་དུས་གསུམ་མཉམ་པ་ཉིད་དུ་འཇུག་པ་ཐོབ་པ་ཡིན་པས་དུས་གསུམ་སྒྲིབ་མེད་དུ་གཟིགས་པ་འདི་ཡིས་སམ། ཡང་ན་འཕོ་མེད་བདེ་བའི་ལམ་འདི་

p. 173

ཡིས། སངས་རྒྱས་རྣམས་ཀྱིས་ཆོས་འཁོར་བསྐོར་ཞིང་། རང་གཞན་དོན་ཀུན་སྒྲུབ་པའི་སླད་དུ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་སྒོ་གསུམ་སྒྲིབ་པ་དང་བྲལ་བས་ཁམས་གསུམ་གྱི་དབང་ཕྱུག་ཡེ་ཤེས་ཀྱི་སྐུ་མི་འགྱུར་བ་དམ་པ་ནི་འདི་ལས་གཞན་དུ་ཡོད་པ་མིན་ལ། སྐྱོབ་པ་སངས་རྒྱས་ཀུན་གྱི་སྡོམ་པ་ཐིག་ལེ་མི་འཕོ་བ་འདི་གལ་ཏེ་ཁྱོད་ཀྱིས་ཚུལ་བཞིན་བསྲུང་ན་དེ་ཚེ་བདག་གི་བུ་རྒྱལ་བའི་སྲས་པོར་འགྱུར་ཞིང་སངས་རྒྱས་ཀུན་གྱིས་བྱིན་གྱིས་རླབས་ཅིང་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཅི་སྟེ་འཛག་བདེ་ལ་ཆགས་པའི་དབང་གིས་གཙོ་བོ་བླ་མ་དང་དཀྱིལ་འཁོར་གྱི་ལྷའི་མདུན་དུ་དབང་ནོད་ཅིང་དམ་ཚིག་སྲུང་བར་ཁས་བླངས་ནས། འཛག་མེད་ཀྱི་སྡོམ་པ་སྐྱོང་བར་མི་བྱེད་ན། དམྱལ་བ་ངུ་འབོད་དུ་འགྲོ་བར་འགྱུར་རོ།། དེ་བས་ཁམས་འཛག་མེད་དུ་འཆིང་བའི་སྒོ་ནས་ཕྱག་རྒྱ་བསྟེན་པར་བྱ་ཡི་འཛག་བདེའི་སྒོ་ནས་ནམ་ཡང་མི་བྱའོ། །གལ་ཏེ་ལས་དང་པོ་པ་རྣལ་འབྱོར་གོམ་པའི་སྟོབས་དམན་པའི་སེམས་ལས་ཁུ་བ་ཕྱག་རྒྱའི་སྐྱེ་གནས་སུ་ལྷུང་བར་གྱུར་ན། དེ་ཚེ་ཕྱག་རྒྱ་མ་དེ་རྒྱུད་དག་པས་མ་དད་པ་སོགས་མི་སྐྱེ་བ་ཞིག་ན། པདྨའི་ཕྱི་རོལ་དུ་རང་གི་ལྕེས་བླངས་ཏེ་མིད་པར་བྱའོ། །དེའི་སེམས་ལ་ངོ་ཚ་སོགས་དྲི་མས་མ་དག་པ་ཞིག་ན། མ་ཚོར་བར་མིང་མེད་ཀྱིས་བླངས་ཏེ་མྱོང་བར་བྱའོ། །ཞེས་སོ། །དོན་དམ་པའི་དབང་ཐོབ་པ་དེ་ནས་སླར་ཡང་ཕྱག་རྒྱ་གཞན་ན་ནི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་འཕོ་བ་འགགས་ནས་འཕོ་མེད་ཀྱི་སྐུ་བསྒྲུབ་པའི་སླད་དུ་སོར་སྡུད་ཀྱི་དུ་བའི་ལམ་སོགས་ཏིང་ངེ་འཛིན་གྱི་ཡན་ལག་གི་བར་དུ་ལྡན་པ་ཉིད་ཀྱིས་ཉམས་སུ་བླང་བར་བྱ་བའོ། །དབང་གི་མཚན་མ་དེ་རྫོགས་ནས་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ནས་སློབ་མ་ལ་གོང་ལྟར་ཁམས་འཛག་མེད་དུ་བསྲུང་བའི་སྡོམ་པ་སྦྱིན་པར་བྱ་ཞིང་བླ་མ་ལ་ཡོན་དབུལ་བར་བྱའོ། །དབང་གི་སྐབས་སུ་སྤང་བྱའི་ཤེས་རབ་མ་གསུངས་པ། བླ་མ་དང་གསང་སྤྱོད་ལ་སྐྲག་ནས་བྱོལ་བར་འདོད་པ་དང་

p. 174

ཆགས་པའི་དབང་གིས་རྣམ་པར་འཁྲུལ་པའི་སེམས་འབའ་ཞིག་དང་ལྡན་པའམ། སྔགས་ཀྱི་དགོངས་སྤྱོད་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་འཁྲུལ་བའི་དོན་དུའང་བཤད། གཡོ་སྒྱུ་དང་ལྡན་པ་རང་བཞིན་མི་དྲང་བ་དང་། སྐྱེས་པ་གཞན་གྱི་དབང་དུ་འགྲོ་བ་མ་དང་། ནད་ཀྱིས་ལུས་ཟིན་པས་གཅོང་དང་ལྡན་པ་དང་། བུ་སྐྱེས་པས་སྐྱེ་གནས་ཉམས་པ་མ་དང་། ཁྲོ་བ་དང་ཁེངས་པ་དང་། ནོར་ལ་སྲེད་པས་རྔན་པ་འདོད་པ་དང་། ཚིག་མི་བདེན་པ་དང་། འཐབ་ཅིང་རྩོད་བ་ལ་དགའ་བ་དང་། ནང་ངམ་རང་གི་ལུས་ཀྱི་ཡན་ལག་མིག་སོགས་མ་ཚང་བའམ་དམན་པ་དང་། ཞར་འཐེང་སོགས་ཡན་ལག་ཉམས་པའམ། རྣམ་དག་མིན་པ་ཡི་ཤེས་རབ་མ་མཚན་ཉིད་དང་མི་ལྡན་པ་འདི་དག་ཤེར་དབང་ལ་ཤིན་ཏུ་མཁས་པའི་བླ་མ་དག་གིས་སྤང་བར་བྱའོ་ཀྱེ་མི་ཡི་དབང་པོ་ཞེས་གསུངས་ཏེ་གཞན་དུ་བསྒོམ་པ་སོགས་ཀྱི་དོན་དུ་གཏན་བསྟེན་མི་རུང་མིན་ན་ཡང་། དབང་དུས་འབའ་ཞིག་ཏུ་མ་ཟད་ཕྱག་རྒྱ་མ་སྐྱོན་ལྡན་བསྟེན་པས་ཉེས་པ་དུ་མ་འབྱུང་བས་མཚན་ངན་སྤང་ནས་མཚན་ཉིད་ལྡན་པ་བསྟེན་པར་བྱའོ། །བསྟེན་བྱའི་མཚན་ཉིད་བཟང་པོ་དང་ལྡན་པ་གང་ཞེ་ན། སྔར་བརྗོད་པའི་བཅུ་གཉིས་མ་སོགས་རིགས་ཀྱི་མཚན་ཉིད་དང་ལྡན་པ། སངས་རྒྱས་དང་དེ་ཡི་བཀའ་ལ་གུས་ཤིང་བླ་མའི་དམ་ཚིག་ཇི་བཞིན་དུ་འཛིན་པར་བྱེད་པ་ཡི་ཕྱག་རྒྱ་མ་རྣམས་ནི་བསྟེན་བྱ་ཙམ་དུ་མ་ཟད་ཕྱག་འཚལ་བ་དང་མཆོད་པར་བྱ་བའི་འོས་ཀྱང་ཡིན་ནོ། །དེ་ནས་སླར་ཡང་སློབ་མས་མཎྜལ་ཕུལ་ནས་དབང་གི་རབ་ཏུ་བྱེད་པའམ་དབང་གི་དོན་རབ་ཏུ་རྣམ་པར་དབྱེ་བ་བསྟན་པའི་བཀའ་དྲིན་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས་ཀྱེ་བུ་ཁྱོད་ཉོན་ཅིག་ཀུན་རྫོབ་ཏུ་རྣལ་འབྱོར་པ་དང་རྣལ་འབྱོར་ཅན་མ་ཡིན་པའི་སེམས་ཅན་ཐམས་ཅད་ལ་གཉིས་སྦྱོར་གྱི་བདེ་བ་དགའ་བ་བཅུ་དྲུག་གི་མཚན་ཉིད་ཅན་ནི་འདི་ལྟ་སྟེ། འགྲོ་བ་ཐམས་ཅད་ཀྱི་གཉིས་སྦྱོར་གྱི་འདོད་པ་སྐྱོད་པར་བྱེད་པ་དག་གིས་བལྟ་བ་དང་རེག་པས་བདེ་བ་སྐྱེས་པ་ནི་དགའ་

p. 175

བ་ཞེས་བྱ་བ་དང་པོ་སྟེ། དེ་ཡང་འགྲོ་བ་རྣམས་རང་གི་ཡིད་ལ་འདོད་པ་བསྐྱོད་པ་ལས་བྱུང་བའི་དགའ་བའོ། །དེ་ནས་གང་བ་ཞེས་པའི་གནས་སྐབས་དག་ནི་འཁྱུད་པ་དང་ཙུམ་པ་ན་བྱས་པས་དཔྲལ་བར་བྱང་ཆུབ་ཀྱི་སེམས་རྫོགས་པའམ་གང་བ་ལྟར་གཡོ་བ་ཉིད་དུ་འགྱུར་དེ་ནི་གཉིས་པ་མཆོག་དགའོ། །གང་བ་དེ་ཉིད་དབང་པོ་གཉིས་སྦྱོར་ལ་བརྟེན་ནས་ཡན་ལག་མཆོག་མགོ་བོ་དག་ལས་ནི་རི་བོང་འཛིན་པ་ཐིག་ལེ་ཉིད་ཞུ་བ་ཁུ་བར་བྱས་ནས་ཆགས་པ་འབར་ཏེ་དཔྲལ་བ་ནས་ལྟེ་བའི་བར་དུ་ཐིག་ལེ་བཟང་པོ་འཛག་པ་ལས་སྐྱེས་པའི་བདེ་བ་ནི་གསུམ་པ་ཁྱད་པར་དགའ་བའོ། །དེའི་རྗེས་སུ་གནས་སྐབས་བཞི་པ་ལ་ཨོཊྚ་ཞེས་བྱ་སྟེ་ཟླ་བ་སོགས་དོན་འགའ་ལ་འཇུག་ཅིང་དགའ་བ་རྫོགས་པ་དེའི་མིང་གི་བརྡ་ཁྱད་པར་བ་ཡིན་ལ། དེ་འདྲའི་ཆགས་པ་ཆེན་པོའི་མེ་འབར་བ་ཨོ༷ ཊྚ་ས་ཐིག་ལེ་ལྟེ་བ་ནས་ནོར་བུའི་བར་དུ་བཀུག་པ་ལས་སྐྱེས་པའི་དགའ་བ་ཡོངས་སུ་རྫོགས་པ་མཆོག་གི་བདེ་བ་རང་བཞིན་གྱིས་རྒྱུད་ལ་སྟེར་པ་དེ་ནི། སྔ་མ་དགའ་བ་ལ་སོགས་པ་གསུམ་སྐུ་གསུང་ཐུགས་དང་སྦྱར་བའི་གནས་སྐབས་ཀྱི་ཐིག་ལེ་འཛག་པའམ་གྲོལ་བ་དག་ནི་གསུམ་གྱི་བདེ་བ་ཇེ་ཆེར་འཕེལ་བའི་མཐར་འཛག་བདེ་ཡོངས་སུ་རྫོགས་པ་ལ་བཞི་པ་ལྷན་སྐྱེས་ཀྱི་དགའ་བ་ཞེས་བྱ་སྟེ། འཛག་པའི་སྟོབས་ཀྱིས་རང་བཞིན་གྱི་བདེ་བ་སྟེར་བ་ཡོངས་སུ་རྫོགས་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་ནས་ཕྱིར་འཛག་པས་བདེ་བ་ཉམས་ཏེ་རེ་ཞིག་ཆགས་པ་དང་བྲལ་བར་འགྱུར་རོ། །དེ་ལྟར་ཤེས་རབ་མ་ལ་བལྟ་བ་དང་། རེག་པ་དང་། རྡོར་པད་གཉིས་སྦྱོར་ཏེ་འགྲོགས་ལ་བྱང་སེམས་ནོར་བུའི་རྩེ་ཡི་བར་འཛག་པའི་བདེ་བ་འདི་དག་ལ། འཇིག་རྟེན་པའི་དགའ་བ་དང་མཆོག་ཏུ་དགའ་བའི་དབྱེ་བ་ལ་སོགས་དག་གིས་བཞིར་ཕྱེ་བ་ལས་སོ། །དེ་དག་སྦྱར་ཏེ་སླར་ཡང་གསུངས་པ། ཡིད་ལ་འཛག་བདེ་འདོད་པ་དག་གིས་རང་སེམས་དགའ་བར་བྱེད་དེ། འདི་གནས་སྐབས་དང་པོ་དག་ཀྱང་ཡིན་ལ། དེའི་རྒྱུ་མི་རྣམས་

p. 176

ཀྱི་ནི་ཤེས་རབ་མ་ལ་མིག་གིས་བལྟ་བ་དག་ལ་བརྟེན་ནས་བྱུང་བའོ། །དེ་ཡི་ཕྱི་ནས་ཐིག་ལེའི་བདེ་བའི་ངད་ཀྱིས་དཔྲལ་བ་གང་བ་ནི་ཕྱག་རྒྱ་དང་འཁྱུད་པ་སོགས་ཀྱིས་རབ་ཏུ་སྦྱར་བ་ལ་སྟེ། དེ་ནི་སྔ་མ་ལས་སླར་ཡང་མཆོག་གི་དགའ་བ་ཞེས་བྱ་བ་ཉིད་དོ། །རང་གི་ལུས་ལ་ཆགས་པའི་མེ་དང་ཁམས་ཞུ་བའི་བདེ་བ་འབར་བ་ཡི་གནས་སྐབས་ཐིག་ལེ་དཔྲལ་བ་ནས། ལྟེ་བའི་བར་དུ་འཛག་པ་དང་ནི་དགའ་བ་ཡང་སྔ་མ་ལས་ལྷག་པར་སྐྱེ་བ་སྟེ་དེ་ནི་ཁྱད་པར་གྱི་དགའ་བ་ཡིན་ལ། དེ་ཡི་རྒྱུ་ནི་རྡོ་རྗེས་པདྨ་ལ་བསྲུབས་པར་བྱས་པ་ལས་སོ། །ཨོ༷ཊྚ་ནི་སྐུ་གསུང་ཐུགས་ཀྱི་ཐིག་ལེ་སྔ་མ་གསུམ་གྱི་མཐའ་རུ་ལྟེ་བ་ནས་རྡོ་རྗེའི་རྩེར་འཛག་པའི་འགྱུར་བ་ལ་གནས་པ་དེ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱ་སྟེ། སེམས་རྩེ་གཅིག་པ་རྡོ་རྗེ་ལྟར་བྱེད་པའོ། །འདི་གོང་གི་ཚིགས་བཅད་དང་ལྷན་ཅིག་དུ་དོན་གྱིས་བཤད་པས་འགྲེལ་བས་འདི་བཤད་པ་མི་འདུག་གོ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་བདེ་བ་ཆེན་པོའི་ཐིག་ལེ་གནས་པའི་དབང་གིས་འཇིག་རྟེན་པའི་དགའ་བ་བཞི་ཡི་དབྱེ་བས་བདེ་བ་སྐྱེ་བ་ཡིན་ན་ཡང་། ཐབས་མཁས་ཀྱིས་ལམ་དུ་བྱ་མ་ནུས་པས་འཛག་བདེ་འཁོར་བའི་བག་ཆགས་གསོག་པའི་རྒྱུར་སོང་བ་ཡིན་ཞིང་། བདེ་བའི་རང་བཞིན་གདོད་ནས་མ་སྐྱེས་པའི་དེ་ཁོ་ན་ཉིད་དུ་རྟོགས་པ་དང་མ་བྲལ་བས་ཉམས་མྱོང་གིས་ཟིན་པ་དང་། བདེ་བའི་རྟེན་ཀུནྡ་འཕོ་མེད་དུ་འཆིང་པའི་ཐབས་མཁས་ཀྱིས་ལམ་དུ་བྱས་ན་བདེ་བ་ཆེན་པོའི་སྐུ་འགྲུབ་ནུས་པའི་གནད་ལ་མཁས་པར་བྱའོ། །དེ་ལྟར་དགའ་བ་བཞི་པོ་དེ་དག་ལ་ནང་གསེས་དགའ་བ་བཅུ་དྲུག་བྱས་པ་ནི་ཕྱི་རོལ་དུ་ཚེས་བཅོ་ལྔ་དང་། རང་བྱུང་དང་ཡོན་ཏན་དང་བསྒྱུར་བའི་དབྱངས་བཅོ་ལྔ་དག་གི་ཆོས་ཅན་ཏེ། དང་པོ་ལྔ་ནི་དགའ་བའི་གནས་ལ་དུས་ཀྱི་ཆ་ལྔར་བྱས་པ་རྫོགས་པའོ། །དེ་དག་མཁའ་སོགས་ཀྱི་རང་བཞིན་དགའ་བ་སོགས་ཀྱི་ཚེས་ལྔ་དབྱངས་ཐུང་ངུ་ལྔའོ། །དེ་བཞིན་བཅུ་པ་མཆོག་དགའ་རྫོགས་པ་དང་།

p. 177

ཉ་ནི་ཁྱད་པར་དགའ་བ་རྫོགས་པ་སྟེ། ལྷན་སྐྱེས་དགའ་བ་ནི་འཇིག་རྟེན་པའི་ཆ་བཅོ་ལྔ་པོ་དེ་དག་མ་ཡིན་ཏེ། ཟླ་བའི་ཆ་བཅུ་དྲུག་ལ་སྦྱར་བ་སྟེ་དཀར་ཆ་ཡོངས་སུ་རྫོགས་པའི་མཐའ་དང་། ནག་པོའི་ཆ་དང་པོར་འཇུག་པ་དེ་གཉིས་ལ་མི་གཏོགས་པའི་དབུས་ཀྱི་ཆ་བཅུ་དྲུག་པའི་བདག་ཉིད་དོ། །དེས་ན་ཆགས་པ་དང་ཆགས་བྲལ་ལས་འདས་པར་བསྟན་ཏེ། ཁམས་ཐམས་ཅད་རོ་མཉམ་པར་བསྡུས་པའམ་དུས་གཅིག་ཏུ་ཚོགས་པའམ། ཡེ་ཤེས་ཀྱི་རང་བཞིན་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་པའམ་བདེ་བ་ཆེན་པོའི་རང་བཞིན་དུ་སྡོམ་པར་བརྗོད་དེ་ཕྱོགས་སུ་མ་ལྷུང་བའོ། །དེ་ལྟར་ཡང་མཚན་ཡང་དག་པར་བརྗོད་པ་ལས། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཞེས་སོགས་ཚིགས་བཅད་གཅིག་དང་། རྣམ་པ་ཀུན་ལྡན་རྣམ་པ་མེད། །སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དེ་ལྟར་ལྷན་སྐྱེས་དོན་དམ་པའི་ཡེ་ཤེས་ནི་ལེའུ་ལྔ་པར་རྒྱ་ཆེར་འཆད་པར་འགྱུར་བས་འདིར་རྒྱས་པར་མ་བྱས་ལ། རྣལ་འབྱོར་པས་རྟོགས་བྱ་དེ་ཉིད་བཅུ་དྲུག་གི་བདག་ཉིད་དགའ་བ་བཅུ་དྲུག་དང་། འཇིག་རྟེན་ཐུན་མོང་གི་འཛག་བདེའི་ཁྱད་ཕྱེ་བའི་ཕྱིར། འདིར་འཇིག་རྟེན་པའི་དགའ་བཞི་ཞིབ་པར་ཕྱེ་སྟེ་གསུངས་སོ། །དེ་ནས་དགའ་བ་བཅུ་དྲུག་ཏུ་ཕྱེ་བའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་སྦྱོར་བ་བཞི་གསུངས་པ། སེམས་ཅན་རྣམས་ཀྱི་སད་རྨི་གཉིད་ལོག་སྙོམས་འཇུག་གམ་བཞི་པའི་གནས་སྐབས་བཞི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་དང་སྦྱར་བ་ལ་དེ་དག་རེ་རེ་ཞིང་ཡང་སྐུའི་དགའ་བ་སོགས་བཞི་རེ་སྦྱར་བས་བཅུ་དྲུག་ཏུ་འགྱུར་རོ། །དེ་ཇི་ལྟ་བུ་ཞེ་ན། དང་པོ་དགའ་བའི་གནས་སྐབས་ལ་འདོད་པ་སྐུའི་དགའ་བ་དང་།དེ་ལས་སེམས་དགའ་བ་གསུང་གི་དགའ་བ་དང་ནི་དེ་ལས་སེམས་བསྐྱོད་པའམ་འདར་པ་ཐུགས་ཀྱི་དགའ་བ་དང་། འགྱུར་མེད་ཅེས་པ་དེ་ལ་རྩེ་གཅིག་མི་ལྡོག་པར་འདུན་པ་ནི་ཡེ་ཤེས་ཀྱི་དགའ་བ་དག་དང་། དེ་ལྟར་གནས་སྐབས་བཞི་པོ་ཡིས་ནི་རྡོ་རྗེ་

p. 178

བཞི་དང་སྦྱོར་བ་དེ་ནི་དང་པོའི་གནས་སྐབས་ཀྱི་སྦྱོར་བ་གཅིག་སྟེ་སྐུ་ཡི་གནས་སྐབས་སོ། །དེ་བཞིན་དུ་གང་བ་ཞེས་པ་སྐུ་ཡི་མཆོག་དགའ་དང་ནི། མཆོག་དགའི་ནུས་པ་རྫོགས་པ་ཡེ་ཤེས་ཀྱི་མཆོག་དགའ་དང་། ཡིད་ལ་དགའ་བ་དེ་ལྟ་བུ་སྐྱེ་བ་ཐུགས་ཀྱི་མཆོག་དགའ་དག་དང་། མཆོག་གི་དགའ་བ་ཉིད་ནི་གསུང་གི་དགའ་བ་སྟེ། རྒྱུད་ལས། ཡེ་ཤེས་དང་ཐུགས་དང་གསུང་གི་རྣམ་པ་རིམ་བཞིན་གསུངས་པ་སྡེབ་སྦྱོར་གྱིས་དབང་གིས་ཡིན་པས་འགྲེལ་པས། གང་བ་མཆོག་དགའ་སྐྱེ་བ་ནུས་པ་ཞེས་གོ་རིམ་བཞིན་དུ་བཤད་པར་མཛད་དོ། །དེ་ནི་རྡོ་རྗེ་བཞི་ཡི་སྦྱོར་བ་གཉིས་པར་ངེས་པར་འགྱུར་རོ། །བདེ་ཆགས་འབར་བ་སྐུའི་ཁྱད་པར་གྱི་དགའ་བ་དང་ནི་ཐིག་ལེ་ཞེས་པ་ཡེ་ཤེས་ཀྱི་ཁྱད་པར་དགའ་བ་སྟེ། ཁྱད་དགའི་གནས་སྐབས་ཀྱི་ཐིག་ལེ་འཛག་ པའི་མཐའ་འོ། །གཉིད་ཡུར་རམ་བརྒྱལ་བ་ལྟར་སེམས་མྱོས་པ་དག་ནི་ཐུགས་ཀྱི་ཁྱད་པར་དགའ་བ་དང་། སླར་ཡང་ཁྱད་པར་དགའ་བ་ཉིད་ནི་གསུང་གི་ཁྱད་དགའོ། །འདིར་ཡང་གོ་རིམ་སྡེབ་སྦྱོར་གྱི་དབང་སྟེ་འགྲེལ་པས་རིམ་བཞིན་བཤད་དོ། །འདི་སྦྱོར་བ་གསུམ་པའོ། །ཨོ༷ཊྚ་ནི་སྐུའི་ལྷན་སྐྱེས་དགའ་བ་དང་ནི་ན་དཱ་ཞེས་པ་ཕྲ་ཞིང་གཞོམ་དུ་མེད་པའི་རང་བཞིན་གྱི་སེམས་ཡེ་ཤེས་ཀྱི་ལྷན་སྐྱེས་དགའ་བ་དག་དང་། གཉིད་ཡུར་བ་ཞེས་པ་དེ་དང་ཆ་འདྲར་སེམས་མྱོས་པ་ནི་ཐུགས་ཀྱི་ལྷན་སྐྱེས་ཀྱི་དགའ་བ་དང་། ལྷན་གཅིག་སྐྱེས་པའི་དགའ་བ་ཉིད་ནི་གསུང་གི་ལྷན་སྐྱེས་དགའ་བ་སྟེ། འདི་ཡང་འགྲེལ་པས་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་གོ་རིམ་བཞིན་གསུངས་སོ། །འདི་དག་ནི་སྦྱོར་བ་བཞི་པར་འགྱུར་རོ།། དེ་ལྟར་ན་སྦྱོར་བ་བཞི་པོ་དེ་དག་རིམ་བཞིན་དུ་སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པ་དང་། ཆོས་དང་། ངོ་བོ་ཉིད་ཀྱི་དབྱེ་བས་སྐུ་བཞི་དང་དེ་བཞིན་གསུང་དང་ཐུགས་དང་ཡེ་ཤེས་རྣམ་པ་བཞིར་འགྱུར་རོ། །དགའ་བ་བཅུ་དྲུག་གི་དབྱེ་བ་གཞན་ཡང་རྗེས་སུ་ལེའུ་ལྔ་པའི་མདོར་བསྡུས་གཉིས་པར་

p. 179

འཆད་པར་འགྱུར་རོ། །དེ་ལྟར་དགའ་བ་བཅུ་དྲུག་གི་མཐའ་མ་ལྷན་ཅིག་སྐྱེས་དགའ་འདིར་བཤད་པ་ནི་ཀུན་རྫོབ་ཀྱི་བཞི་པའོ་ཞེས་པ་ངེས་པའོ། །དེ་ནས་ལས་ཀྱི་ཕྱག་རྒྱའི་རྣམ་པར་དག་པ་གསུངས་པ། འདིར་རྒྱུད་ཐམས་ཅད་ལས་མ་དང་སྲིང་མོ་ལ་སོགས་པའི་ཕྱག་རྒྱ་རྣམས་རྣལ་འབྱོར་པ་ཐུན་མོང་གི་བགྲོད་བྱར་གསུངས་ཏེ་རྣལ་འབྱོར་པ་རྣམས་བདེ་བ་ཆེན་པོའི་རྒྱུ་རྗེས་སུ་ཆགས་པར་བྱེད་པའི་སླད་དུའོ། །ལས་རྒྱ་ལ་བགྲོད་པ་དེ་ཡང་ཁམས་འཛག་མེད་དུ་བརྟན་པས་ཡིན་གྱི་གཞན་དག་གིས་མ་ཡིན་ནོ། །གཞན་རྣམས་ཀྱིས་འཇིག་རྟེན་ཐ་སྙད་ཀྱི་མ་དང་སྲིང་མོ་སོགས་བགྲོད་བྱ་མིན་པ་དང་། ཆུང་མ་སོགས་བགྲོད་བྱ་ཡིན་པར་བྱེ་བྲག་འབྱེད་ཀྱི་ཐུན་མོང་དུ་བགྲོད་བྱ་མ་ཡིན་ནོ། །ཐ་སྙད་དེའི་དབང་དུ་བྱས་ན་ཡང་བུད་མེད་གཅིག་ལ་འགའ་ཞིག་གི་མ། འགའ་ཞིག་གི་སྲིང་མོ། འགའ་ཞིག་གི་ཚ་མོ་སོགས་ཐ་སྙད་ཀྱི་དབྱེ་བ་དུ་མར་འགྱུར་བ་དེ་བཞིན་འདིར་མ་ལ་སོགས་པར་བརྗོད་པ་ཡང་ཐ་སྙད་འདི་ལྟ་བུའི་སྒོ་ནས་ཏེ། གང་ཞེ་ན། རྣལ་འབྱོར་པས་བུད་མེད་གང་ལ་འདོད་པའི་སེམས་ཀྱི་བསམ་པ་ཡིས་ནི་མ་རུ་འགྱུར་ཏེ། རེག་པ་དང་ནི་བལྟ་བ་དག་གིས་སྲིང་མོའོ། །རྡོ་རྗེ་བུད་མེད་དེའི་པདྨར་ཞུགས་པས་བུ་མོ་དག་ཏུ་འགྱུར་ལ། གཉིས་སྦྱར་ཏེ་བསྲུབ་པའི་བྱེད་པ་དང་བཅས་ཤིན་ཏུ་དགའ་བས་སྲིང་མོའི་བུ་མོ་སྟེ་ཚ་མོ་དག་ནི་དེ་བཞིན་ཉིད་དུའོ། །གལ་ཏེ་ཐིག་ལེ་པདྨར་ལྷུང་ན་ཆུང་མ་དག་ཏུ་འགྱུར་ལ་འདི་རྣམས་རང་རིགས་ཀྱི་དབྱེ་བའོ། །གཞན་གྱི་རིགས་ལ་གནས་པའི་རྣལ་འབྱོ༷ར་མར་ནི་གང་གིས་འགྱུར་ན་ཁམས་འཕོས་པའི་གནས་སྐབས་དེར་འདོད་ཆགས་ཉམས་ཏེ་འདོད་པ་མ་སྐྱེས་པ་ལས་སོ་ཞེས་སྐབས་དེར་རང་གི་འདོད་པ་དང་མ་འབྲེལ་བས་གཞན་གྱི་རིགས་ཀྱི་ཐ་སྙད་བྱས་པའོ། །འདིར་ཤེས་རབ་གང་ལ་སྐབས་དེར་ཆགས་པ་བྲལ་བའི་གནས་སྐབས་དེར་གཏུམ་མོ་དང་གཞན་རིགས་མ་ཞེས་པའི་ཕྱག་རྒྱ་དྲུག་པར་འཇོག་དགོས་ཀྱི་གཏུམ་མོ་ལ་ཁུ་

p. 180

བ་འཕོས་ནས་ཆགས་པ་བྲལ་བ་ཞེས་སྦྱར་བར་མི་བྱ་སྟེ། རིགས་ལྔ་པོ་གང་ལའང་བསམ་པ་ནས་ཆགས་བྲལ་གྱི་བར་འབྱུང་རུང་བ་ལ་ཁྱད་མེད་པའི་ཕྱིར་རོ། །དྲུག་པོ་འདི་དག་རྣལ་འབྱོ༷ར་པའི་ཕྱག་རྒྱ་དྲུག་སྟེ། ས་ཆུ་བསྲེག་ཟ་རླུང་དང་ནམ་མཁའ་དང་ཆད་པའི་དངོས་པོ་རྣམས་སོ་ཞེས་པ་ལ་འགྲེལ་བར་དང་པོ་སའི་ཁམས་འཁྲུག་པ་སོགས་ནས་ནམ་མཁའི་བར་དུ་གསུངས་ཤིང་འཁྲུག་པ་ལས་འཛག་གོ་ཞེས་གསུངས་པ། ས་ཁམས་སོགས་འཁྲུག་ཚུལ་ཅི་ཡིན་སྔ་འགྲེལ་རྣམས་སུ་གསལ་ཁ་མི་སྣང་ཡང་། རྣལ་འབྱོར་པ་ཁུ་བ་མི་བརྟན་པར་འཛག་པ་རྣམས་ལ། སེམས་ལ་འདོད་པ་སྐྱེས་པའི་རླུང་གིས་ལུས་ཀུན་དུ་ཁྱབ་ནས་ལུས་སྤྱིའི་ས་ཁམས་བསྐྱོད་པའམ་གཡོ་བ་ཙམ་འབྱུང་གི་ཐིག་ལེ་དངོས་སུ་གཡོ་བ་མེད་པས་ས་ཡི་ཁམས་རྗེ་རིགས་སྤྱན་མ་ནི་མ་དང་སྦྱར་བའོ། །བལྟ་བ་དང་རེག་པའི་སྒོ་ནས་ཐིག་ལེའི་ཁམས་གཡོ་བས་ཆུ་ཁམས་བསྐྱོད་པའམ་འཁྲུག་པར་བྱེད་པས་མཱ་མ་ཀཱི་བྲམ་ཟེའི་རིགས་སྲིང་མོའོ། །རྡོ་རྗེ་དང་པདྨ་སྦྱར་བས་ལུས་ལ་ཆགས་པའི་མེ་དྲོད་དངོས་སུ་སྐྱེ་བས་མེ་ཁམས་བསྐྱོད་པས་གོས་དཀར་མོ་རྒྱལ་རིགས་མ་ནི་བུ་མོའོ། །བསྲུབ་པ་སོགས་བྱེད་པ་སྣ་ཚོགས་ཀྱི་གཡོ་བས་རླུང་དངོས་སུ་བསྐྱོད་ཅིང་ཤིན་ཏུ་དགའ་བའི་རོ་མྱོང་བ་རླུང་ཁམས་སྒྲོལ་མ་ནི་དམངས་མོ་ཡི་རིགས་ཏེ་རང་རིགས་ལྟར་ན་ཆུང་མའོ། །ཐིག་ལེ་ཕྱག་རྒྱའི་མཁར་ལྷུང་བར་གྱུར་ན་མཁའ་དང་གསང་བའི་བུ་གའི་ནམ་མཁའ་འཁྲུག་པས། ནམ་མཁའི་རང་བཞིན་རྡོར་དབྱིངས་མ་ནི་ཆུང་མའོ། །འདི་ལྔ་རང་རིགས་དང་འབྲེལ་བའི་དབང་དུ་མཛད་ལ། གཞན་རིགས་ཀྱི་དབང་དུ་བྱས་ན། བུད་མེད་གང་གི་མཁར་ཐིག་ལེ་ལྷུང་བ་རྫོགས་ནས་འདོད་ཆགས་ཉམས་པར་གྱུར་པའམ་ཆགས་པ་དང་བྲལ་བའམ། གནས་སྐབས་དེར་ཆགས་པ་རྒྱུན་ཆད་པའི་ཕྱིར་ན། ཤེས་རབ་མ་དེ་ནི་སྐབས་དེར་གཞན་རིགས་མཐར་སྐྱེས་མའམ་གཏུམ་མོ་ཡེ་ཤེས་ཀྱི་ཁམས་སྣ་ཚོགས་ཡུམ་དུ་བཞག་པའོ། །དེ་བཞིན་དུ་རླུང་གི་འཕོ་

p. 181

བའི་དུས་སུ་སྣ་བུག་གཡས་གཡོན་གྱི་དཀྱིལ་འཁོར་ལྔའི་རླུང་རྒྱུ་བཟད་པའམ་འགག་པ་སྟེ་དབུ་མར་བཅིངས་པ་ལས་ནང་གི་ཕྱག་རྒྱ་ལྔ་དང་ཡེ་ཤེས་ཀྱི་རླུང་གཡུང་མོའི་ཕྱག་རྒྱ་སྟེ་ས་སོགས་རྣམ་པར་དག་པའི་ཕྱག་རྒྱ་དྲུག་ནི་ནང་གིའོ། །མཚན་མ་རྟགས་ཀྱི་ཕྱག་རྒྱ་དྲུག་ནི་འཁོར་ལོ་དང་རྣ་ཆ་དང་། མགུལ་རྒྱན་དང་ལག་གདུབ་སོགས་དང་། སྐ་རགས་དང་། ཐལ་བ་རྣམས་རྣལ་འབྱོར་པའི་ལུས་ལ་རྒྱན་གྱི་ཕྱག་རྒྱ་རྣམ་པ་དྲུག་སྟེ། འདི་དག་ཀྱང་ཁམས་དྲུག་རྣམ་པར་དག་པའི་རང་བཞིན་དང་ཕར་ཕྱིན་དྲུག་རྣམ་པར་དག་པའི་རང་བཞིན་ནམ་མཚོན་བྱེད་རྟགས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དྲུག་བཤད་པའི་ངེས་པའོ། །དེ་ནས་ཕྱག་རྒྱའི་རྣམ་གྲངས་གཞན་སྐུ་ལ་སོགས་པའི་ཕྱག་རྒྱ་གསུམ་གསུངས་པ། འདིར་རྒྱུད་ཐམས་ཅད་ལས་དྲང་དོན་བསྐྱེད་རིམ་གྱི་དབང་དུ་བྱས་ཏེ། དཔྲལ་བར་སྐུའི་ཕྱག་རྒྱ། མགྲིན་པར་གསུང་གི་ཕྱག་རྒྱ་སྙིང་གར་ཐུགས་ཀྱི་ཕྱག་རྒྱ། སྔགས་གསུམ་དང་ཟླ་བ་སོགས་མཚན་མ་གསུམ་ལྟ་བུ་གསུངས་ཀྱང་། ངེས་པའི་དོན་གྱིས་ཡུམ་གྱི་ཆུ་སྐྱེས་ལ་ནི་གསང་བའི་རྡོ་རྗེ་རབ་ཏུ་ཞུགས་ཤིང་རྟག་ཏུ་འགྲེང་བ་ནི་སྐུའི་ཕྱག་རྒྱའོ། །རྩེ་མོ་ཅན་སྟེ་སྟེང་དུ་རོ་རྐྱང་དབུ་མའི་རྩེ་གསུམ་གྱི་རྣམ་པ་ཅན་གྱི་དབུ་མ་ལ་སྲོག་གི་རླུང་རབ་ཏུ་ཞུགས་པ་གསུང་གི་ཕྱག་རྒྱ་དང་ཐིག་ལེ་འཕོ་མེད་དུ་བཅིངས་ནས་མི་ལྷུང་བ་ཐུགས་ཀྱི་ཕྱག་རྒྱ་སྟེ་གསུམ་པའོ། །སྔ་འགྲེལ་རྣམས་སུ་དཔྲལ་བའི་ཆུ་སྐྱེས་ཀྱི་ལྟེ་བར་རྡོ་རྗེ་ཡེ་ཤེས་ཀྱི་རླུང་ཞུགས་ནས་མི་གཡོ་བ་སྐུའི་ཕྱག་རྒྱ། རྩེ་མོ་ཅན་མགྲིན་པའི་རྩ་འཁོར་གྱི་དབུས་སུ་སྲོག་གི་རླུང་ཞུགས་ཏེ་མི་གཡོ་བར་བཅིང་པ་གསུང་གི་ཕྱག་རྒྱ། ཐིག་ལེ་མི་ལྷུང་བ་ནི་སྙིང་ག་ཡན་ཆད་ཀྱི་དབུ་མར་སྲོག་ཞུགས་པ་མི་གཡོ་བར་བཅིངས་པས་ཐུགས་ཀྱི་ཕྱག་རྒྱར་བཤད་དེ་དོན་ལ་དེ་དག་དེ་ལྟར་ཕྱག་རྒྱ་གསུམ་ཡིན་མོད་ཀྱང་། སྐབས་འདིའི་འགྲེལ་པའི་གསུང་སྒྲོས་དང་ཅུང་མི་མཐུན་པར་སྣང་ངོ་། །དེ་ལྟར་ཕྱག་རྒྱ་གསུམ་པོ་འདི་དག་ལམ་གྱི་

p. 182

རྣལ་འབྱོ༷ར་རྣམ་པ་གསུམ་གྱིས་རབ་ཏུ་གསལ་ཞིང་ངེས་པར་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱ་སྟེ། འདི་གསུམ་གྱི་སྟེང་དུ་ཆགས་པ་དཀར་པོའི་ཕྱོགས་དང་ཆགས་བྲལ་ནག་པོའི་ཕྱོགས་ཀྱི་རིམ་བཞིན་ཆགས་པའི་མཐར་གྱུར་པ་དང་། ཆགས་བྲལ་གྱི་དང་པོ་སྟེ་ཟླ་བའི་ཆ་བཅུ་དྲུག་ལ་དཀར་ནག་གཉིས་ཀའི་དབུས་སུ་གྱུར་པ་ལྟ་བུའི་མཆོག་བདེའི་གཏེར་ཞེས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཆགས་དང་ཆགས་བྲལ་ལས་འདས་པའི་དབུ་མ་མཉམ་པ་ཉིད་ཀྱི་དོན་བདེ་སྟོང་རོ་མཉམ་གྱི་ཡེ་ཤེས་ནམ་མཁའ་ལྟ་བུ་ནམ་ཡང་འཛད་པ་མེད་པའི་བདེ་བ་དམ་པའི་གཏེར་དུ་གྱུར་པ་ནི། རྣལ་འབྱོར་དམ་པ་རྣམས་ཀྱིས་སོ་སོ་རང་རིག་པས་རྟོ༷གས་པར་བྱ་བ་ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་སྟེ་ཕྱག་རྒྱ་བཞི་པའོ། །འདི་རྟོགས་ན་དོན་དམ་པའི་དབང་བཞི་པ་ཐོབ་པ་སྟེ་མཚོན་བྱ་དོན་གྱི་ཡེ་ཤེས་ནི་འདི་ཉིད་གཅིག་པུ་ཡིན་གྱི་འདི་ལས་གཞན་དུ་མེད་ལ། འདི་ནི་དེ་ཁོ་ན་ཉིད་དུས་ཀྱི་འཁོར་ལོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་པ་དང་། མཁའ་འགྲོ་མའི་དྲ་བའི་འཁོར་ལོ་སྡོམ་པ་དང་། གསང་བའི་སྙིང་པོ་དང་། ངེས་དོན་གྱི་རྡོ་རྗེ་སེམས་དཔའ་དང་། ཀུན་ཏུ་བཟང་པོ་ཉིད་ཡིན་པས། ལམ་ཐམས་ཅད་འདི་ཉིད་རྟོགས་པའི་དོན་དུ་ཡིན་ནོ། །དེའི་ཕྱིར་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་རླུང་སེམས་འཕོ་མེད་ཡེ་ཤེས་ཀྱི་སྐུ་བསྒྲུབ་པས་འདི་དོན་རྟོགས་པར་འགྱུར་ཏེ། རྫོགས་པའི་རིམ་པ་རྡོ་རྗེའི་རྣལ་འབྱོར་གྱི་ལམ་དེ་ལས་ལམ་གཞན་གྱིས་རྟོགས་བྱ་མ་ཡིན་ནོ། །སྔར་བསྟན་ཕྱག་རྒྱ་དྲུག་དང་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་གསུམ་བཅས་དགུ་པོ་དེ་རྣམས་ལས། བཞི་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་ནི་ཟག་མེད་ཀྱི་ཆོས་ཁམས་མཐའ་དག་སྐྱེད་པ་ལེགས་པའི་མ་རུ་འགྱུར་ཏེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཆེན་མོའོ། །དེ་ཇི་ལྟར་མར་འགྱུར་ཞེ་ན་འཇིག་རྟེན་ན་མས་བུའི་ལུས་དང་པོར་མངལ་དུ་བཟུང་བ་དེ་སྐྱེས་པའི་དུས་ནས་བརྩམས་ཏེ་འཆི་བའི་མཐར་

p. 183

ཐུག་པའི་བར་དུ་འབྱུང་བར་བྱེད་པ་མ་ལ་བརྟེན་ནས་བྱུང་བ་ལྟར། ཡེ་ཤེས་ཀྱི་ཕྱག་རྒྱ་དབང་དོན་གྱི་ཡེ་ཤེས་དང་པོར་རྒྱུད་ལ་སྐྱེས་པ་ནི་ས་བོན་མངལ་དུ་བཟུང་བ་དང་འདྲ་ལ། དེ་ནས་རྡོ་རྗེའི་རྣལ་འབྱོར་གྱི་སྟོབས་ལས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་པ་ལྟར་ཡེ་ཤེས་ཀྱི་གདངས་མངོན་སུམ་མཐོང་བས་ཉམས་སུ་མྱོང་བ་ནི་མངལ་ནས་བཙས་པ་དང་འདྲ་ཞིང་། དེ་ནས་རིམ་བཞིན་བསམ་གཏན་ལ་སོགས་པ་ཏིང་འཛིན་གྱི་སྔ་ལོགས་ཀྱི་བར་གྱིས་ལུས་འཕེལ་བ་སོགས་དང་འདྲ་ཞིང་། ཏིང་ངེ་འཛིན་གྱིས་ཡན་ལག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་འཕོ་བ་འགགས་པ་ནི་འཁོར་བའི་སྲོག་འགགས་ཏེ་འཆི་བའི་མཐར་ཐུག་པ་སྟེ་སངས་རྒྱས་རྣམས་མི་གནས་པའི་དབྱིངས་སུ་མྱ་ངན་ལས་འདས་པ་བཞིན་ནོ། །དེ་ལྟར་མི་གནས་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ནི་མྱང་འདས་ཆེན་པོ་སྟེ། རྟག་ཆད་དང་སྐྱེ་འགག་ལ་སོགས་པའི་མཚན་མ་ལས་འདས་པ་ཡེ་ཤེས་ཀྱི་སྐུའོ་ཞེས་སོ། །འདི་ལ་ཚེ་རབས་སྔ་མར་མི་འགྱུར་བའི་བདེ་བ་ཐོབ་པ་ཡིན་ན་སྐྱེས་དུས་ནས་འཆི་བའི་མཐའི་བར་དུ་གནས་ཞེས་དང་། སྐྱེད་བྱེད་མ་བདེ་གཤེགས་སྙིང་པོ་ལ་བྱས་ནས་དེ་སྐྱེས་ནས་འཆི་བའི་བར་དུ་གནས་པ་ལ་འཆད་པ་དག་ཀྱང་ལེགས་པར་མ་མཐོང་སྟེ་མི་འགྱུར་བའི་བདེ་བ་དང་། དོན་གྱི་ཡེ་ཤེས་མངོན་དུ་གྱུར་ཟིན་ན་སྐྱེས་ནས་འཆི་བའི་བར་ཁོ་ནར་མ་ཟད་སྐྱེ་བ་གཞན་དུའང་ཅིས་མི་གནས། བདེ་གཤེགས་སྙིང་པོ་ཀུན་ཁྱབ་ཀྱི་ཆོས་ཉིད་ལ་སྐྱེས་ནས་འཆི་བའི་བར་དུ་གནས་པའི་དམིགས་བསལ་གྱི་ཐ་སྙད་བྱ་མི་རུང་ངོ་། །དེ་འདྲའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྐྱེད་བྱེད་མ་དེ་ནི་གནས་སྐབས་ཀྱི་དབྱེ་བ་རྣམ་པ་བཅུ་སྟེ་དབུ་མར་རླུང་བཅུ་བརྟན་པའི་སྟོབས་ལས་དུ་བ་སོགས་རྟགས་བཅུ་གང་ཞིག་ཕ་རོལ་ཕྱིན་བཅུའི་ངོ་བོ་ནུས་མ་བཅུ་ཡི་རང་བཞིན་གྱི་རྣམ་པ་བཅུ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་དཔལ་ལྡན་བླ་མའི་ཞེས་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཞལ་བཞི་པ་ཉིད་འདི་ནི་མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་རང་བཞིན་དེ་ཆོས་ཐམས་ཅད་ཀྱི་

p. 184

ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྣམ་པར་དག་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་གསུངས་པ་འདིས་དོན་དམ་པ་འཇིག་རྟེན་ལས་འདས་པའི་དབང་བཞི་པ་མདོར་བསྡུས་ཙམ་གསུངས་པ་ཡིན་ལ་རྒྱས་པར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་ལེའུ་ལས་འཆད་པར་འགྱུར་རོ། །བརྒྱད་པ་དམ་ཚིག་གི་འཁོར་ལོ་འདུས་པ་དང་དམ་ཚིག་གིས་མཆོད་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། ཤེས་རབ་ཡུམ་ནི་སོགས་ཚིགས་བཅད་བརྒྱ་ཉེར་བདུན་པ་ནས། བརྒྱ་ཉེར་དགུ་པའི་བར་གྱིས་བསྟན་ཏེ། གོང་དུ་སློབ་མ་ལ་དབང་བསྐུར་བའི་དོན་དུ་ཕྱག་རྒྱའི་མཚན་ཉིད་བསྟན་ནས་ཚོགས་ཀྱི་འཁོར་ལོའི་སླད་དུ་བླ་མས་ངེས་པ་སྦྱིན་པ་ནི། རིགས་སོ་དྲུག་གི་ལྷ་མོ་རྣམས་སྤྱན་དྲངས་ཏེ་ཚོགས་ཀྱི་འཁོར་ལོས་མཆོད་པར་བྱ་བ་ཡིན་ལ། དེ་ཡང་ཚོགས་མཆོད་ཕུལ་བའི་ཉིན་མོའི་དང་པོའི་ཆ་ལ་ལོ་བཅུ་མན་ཆོད་ཀྱི་གཞོན་ནུ་དང་གཞོན་ནུ་མ་བཅུ་ལ་འོ་ཐུག་དང་མངར་བའི་ཟས་ཀྱིས་སྟོན་མོ་བྱས་ཏེ་ཇི་ལྟར་རིགས་པའི་ཡོན་ཕུལ་ནས་རང་གནས་སུ་གཤེགས་སུ་གསོལ་བར་བྱའོ། །དེའི་རྗེས་སུ་ཆུ་ཚོད་བདུན་པ་ལ་བབས་པ་ནས་དགེ་སློང་དང་དགེ་སློང་མའི་དགེ་འདུན་ལ་མངར་བའི་ཁ་ཟས་བཟང་པོ་ཤ་དང་བྲལ་བ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་། སངས་རྒྱས་ཉིད་ཀྱི་སྐུ་སྐལ་གཙོ་བོར་བྱས་པས། དགེ་འདུན་ལ་ཕྱི་མཆོད་བཅུ་གཙོ་བོར་བྱས་ནས་ཡོན་ཕུལ་ཏེ་གཙུག་ལག་ཁང་དུ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་སྐྱེ་བོ་གཞན་གྱིས་དབེན་ཞིང་ཁྱིམ་བུག་པ་མེད་པ་སྟེ་རལ་པ་དང་གློ་སྐར་སོགས་རྒྱ་ཆེན་པོ་དག་ནས་གཞན་གྱིས་གསང་སྤྱོད་མཐོང་བ་མེད་པའི་གནས་སུ་ཚོགས་ཀྱི་འཁོར་ལོའི་གནས་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་གདན་དང་ཡོ་བྱད་བཤམ་པར་བྱ་སྟེ། འབྱོར་པ་དང་མཐུན་པར་ཇི་ལྟར་རིགས་པས། དབུས་སུ་གཙོ་བོ་བླ་མ་དང་མི་ཡི་པགས་པའི་གདན་ལ་ཤེས་རབ་མ་གཡུང་མོ་སྣ་ཚོགས་ཡུམ་དང་། དེའི་ཕྱི་རོལ་ཟླུམ་སྐོར་དང་པོའི་ཕྱོགས་བཞིར་ཤར་དུ་ཁྱི་པགས་ཀྱི་གདན་ལ་སྒྲོལ་མའི་རིགས་དམངས་མོའོ། །ལྷོར་

p. 185

རྟའི་པགས་པའི་གདན་ལ་རྒྱལ་རིགས་མོ་གོས་དཀར་མོ། །བྱང་དུ་བ་ལང་གི་པགས་པར་བྲམ་ཟེ་མོ་མཱ་མ་ཀིའོ། །ནུབ་ཏུ་གླང་པོ་ཆེའི་པགས་པར་རྗེ་རིགས་མ་སྤྱན་མ་སྟེ་རྣལ་འབྱོར་མ་བཞི་དང་དབུས་ཀྱི་གཙོ་བོ་ཡབ་ཡུམ་བཅས་པ་ནི་ཚོགས་ཀྱི་གཙོ་བོའོ། །དེ་དག་གི་མཚམས་སུ་དབང་ལྡན་དུ་གཅི་བའི་སྣོད། རླུང་དུ་བཤང་བ། བདེན་བྲལ་དུ་ཁྲག །མེར་རྐང་གི་སྣོད་བཤམ་མོ། །དེའི་ཕྱིའི་ཟླུམ་སྐོར་གཉིས་པ་ལ་ཐུགས་ཀྱི་འཁོར་ལོ་ལ་གནས་པའི་རྣལ་འབྱོར་མ་བརྒྱད་དེ། ཤར་དུ་ལུག་གི་པགས་པའི་གདན་ལ་འཁར་བ་མཁན་མོ་སྒྲ་རྡོ་རྗེ་མ། ལྷོར་འབྲོག་དགོན་པའི་ཁྱི་ཞེས་སྤྱང་ཀུའི་པགས་པ་ལ་འོད་མའི་གར་མཁན་མོ་ཤིན་ཏུ་སྔོན་མོའོ། །འདི་ལ་འོད་མ་སྙུག་མ་ཡིན་པས་དེའི་རྩེར་གར་བྱེད་མཁན་མའམ། ཡང་ན་སྨྱུག་གླིང་འབུད་ཅིང་གར་བྱེད་པ་ཞེས་སྔ་མ་དག་གིས་བཤད་ཀྱང་གདོལ་པའི་རིགས་ཅན་གར་མཁན་མ་ཡིན་ཏེ་འགྲེལ་པར་གཡུང་མོའི་གར་མཁན་མའོ་ཞེས་གསུངས་པའི་ཕྱིར་འོད་མའི་དབྱུག་པ་ཐོགས་ནས་གར་བྱེད་པའོ། །བྱང་དུ་རྔ་མོའི་པགས་པ་ལ་ནོར་བུ་མཁན་མ་ཆོས་ཁམས་རྡོ་རྗེ་མ་དང་ནུབ་ཏུ་འདམ་སེང་གི་པགས་པ་ལ། ཁྲོན་པ་མཁན་མ་དྲག་སྤྱན་མ་དང་། མེར་ར་ཡི་པགས་པར་ཐགས་མཁན་མ་རེག་བྱ་རྡོ་རྗེ་མ་དང་། བདེན་བྲལ་དུ་རི་དྭགས་ཀྱི་པགས་པ་ལ་ཆང་འཚོང་མ་རོ་རྡོ་རྗེ་མ་དང་། དབང་ལྡན་དུ་བོང་བུའི་པགས་པ་ལ་གསེར་མཁན་མ་གཟུགས་རྡོ་རྗེ་མ་དང་། རླུང་དུ་ཕག་གི་པགས་པའི་གདན་ལ་མེ་ཏོག་གི་ཕྲེང་བ་མཁན་མ་དྲི་རྡོ་རྗེ་མ་སྟེ་བརྒྱད་བཀོད་དོ། དེ་ནས་ཟླུམ་སྐོར་གསུམ་པ་ལ་གསུང་གི་འཁོར་ལོའི་རྣལ་འབྱོར་མ་བརྒྱད་དེ། ཤར་དུ་ཆུ་སྲིན་ཀུམྦྷཱི་རིའི་པགས་པ་ལ་ཤ་འཚོང་མ་ཙརྩི་ཀཱའམ་ཙམུནྜཱི་དང་། མེར་འགྲོན་བུའི་ཕུང་པོ་བརྡལ་བའི་གདན་ལ་རྫ་མཁན་མ་ཁྱབ་འཇུག་མ་དང་། ལྷོར་ཀརྐ་ཊ་ཞེས་པ་སྦལ་པའི་རུས་པའི་ཕུང་པོ་ལ་འཁུར་བ་མཁན་མ་ཕག་མོ་དང་། དཔེ་ལ་ལར་ཀ་

p. 186

ཀ་རུའི་རུས་པའི་ཕུང་པོ་ཟེར་བ་ལྟར་ན་སྲིན་བུ་ཀ་ཀ་རུ་སྡིག་པ་ཡིན་པས་སྡིག་པའི་རུས་པའོ། །བདེན་བྲལ་དུ་ཉ་སྐམ་པོའི་གདན་ལ་སྨད་འཚོང་མ་གདོང་དྲུག་གཞོན་ནུ་མའོ། །ནུབ་ཏུ་ཆུ་སྲིན་མ་ཀ་རའི་པགས་པ་ལ་ཚེམ་བུ་མ་དབང་མོ་དང་། རླུང་དུ་སྦལ་བའི་པགས་པ་ལ་ཉ་པ་མོ་ཚངས་མ་དང་། བྱང་དུ་རུས་སྦལ་གྱི་ཁོག་པ་ལ་གར་མཁན་མ་དྲག་མོའམ་དབང་ཕྱུག་མ་དང་། དབང་ལྡན་དུ་དུང་གི་སྟེང་དུ་གོས་བཙོ་བླག་མཁན་མོ་ཚོས་མཁན་མ་ནི་དཔལ་མོ་སྟེ། དེ་ལྟར་བརྒྱད་པོ་དགོད་པར་བྱའོ། །དེ་ནས་ཕྱིའི་ཟླུམ་སྐོར་བཞི་པ་ལ་སྐུའི་འཁོར་ལོའི་གནས་ཀྱི་རྣལ་འབྱོར་མ་བརྒྱད་དེ། ཤར་དུ་བསེའི་པགས་པའི་གདན་ལ་ལྕགས་མགར་མཁན་མ་ཤིན་སྟོབས་མ་དང་། ལྷོར་སྟག་ལྤགས་ཀྱི་གདན་ལ་རྒྱ་སྐྱེགས་མཁན་མ་རྨུགས་བྱེད་མ་དང་། ནུབ་ཏུ་དོམ་པགས་ལ་སྲིན་བལ་མཁན་མ་རེངས་བྱེད་མ་དང་། བྱང་དུ་ནེའུ་ལེའི་པགས་པ་ནི་ན་ཀུ་ལ་ཟུར་ཆག་པ་སྲེ་མོང་གི་པགས་པ་ལ་ཏིལ་མར་མཁན་མ་ཁེངས་བྱེད་མ་དང་། མེར་འབྲིའི་པགས་པ་ལ་སྨྱུག་མ་མཁན་མོ་ལྕགས་སྒྲོག་མ་དང་། བདེན་བྲལ་དུ་ཅེ་སྤྱང་གི་པགས་པ་ལ་ཤིང་མཁན་མ་ཁྲོ་གཉེར་ཅན་ཏེ་ཅེ་སྤྱང་ནི་དུར་ཁྲོད་དུ་གནས་པ་སྤྱང་ཁྱི་ལས་ཆུང་བ་ཞིག་ཏུ་བཤད། རླུང་དུ་སྲམ་གྱི་པགས་པ་ལ་ཀོ་ལྤགས་མཁན་མ་འོད་ཟེར་ཅན་མ་དང་། དབང་ལྡན་དུ་བྱི་ལའི་པགས་པ་ལ་སྐྲ་སེན་འབྲེག་མཁན་མ་ཙུནྡཱ་སྟེ་བརྒྱད་དགོད་པར་བྱའོ། །དེ་ལྟར་ཟླུམ་སྐོར་ལྔ་པར་དུར་ཁྲོད་ཀྱི་རབ་གཏུམ་མ་བརྒྱད་དེ། ཤར་དུ་གོ་ངྷཱ་ཞེས་པ་འགྲོ་འགྱུར་དུ་སྦྲུལ་ཞེས་པར་བྱས་ཀྱང་དབྱིད་སྐྱིན་གོར་ཏེ་ལྷོ་སྦལ་ཆེན་པོའི་པགས་པ་ལ་ཀླ་ཀློ་མ་མཐའ་ཁོབ་པའི་རིགས་སམ་ཀླ་ཀློའི་དཀའ་ཐུབ་པའི་ཆུང་མའང་ཟེར་བ་ཁྱི་གདོང་མ་དང་། ལྷོ་རུ་བྱི་བའི་པགས་པ་ལ་མི་གཙང་བ་ཕྱགས་བདར་བྱེད་པའི་འཕྱག་པ་མོ་ཕག་གདོང་མ་དང་། ནུབ་ཏུ་སཱ་ལི་ཛཱ་ཏ་ཀ་ཞེས་པ་རྨིགས་པ་སྟེ་རྨིག་བུ་ཆེན་པོའམ། འབྲོས་ཨོག་དཀར་དུ་བསྒྱུར། འགྱུར་མངས་སུ་བྱི་ཙི་པད་ཟེར། ཅོག་གྲུས་གླ་བ་དང་། ལོ་གྲགས་ཀྱིས་བྱི་བ་མཇུག་ལེབ་

p. 187

ཅེས་གྲགས་པ་དེའི་པགས་པ་ཡིན་ཡང་ཟེར་དེ་ལ་གཏུམ་མོ་སྟེ་ཤན་པ་སོགས་གདོལ་བའི་ཆུང་མ་ནི་ཅེ་སྤྱང་གདོང་མའོ། །གཏུམ་མོ་འདི་ལ་ཁ་ཅིག་མི་གསོད་པའི་ཆུང་མ་ཡིན་ཡ་ཟེར། བྱང་དུ་སྤྱིའུའི་བགས་པ་ལ་སྟག་གཟིགས་མ་སོག་མོ་སྟེ་སྟག་གདོང་མའ་འདིར་མཁའི་ཡུལ་ལ་སྟག་གཟིག་པ་ཞེས་གྲགས་པ་ལྟ་བུ་ཀླ་ཀློའི་ཆོས་ལུགས་འཛིན་པའི་མཐའ་ཁོབ་པའི་བྱེ་བྲག་གིས་རུང་བར་མངོན་ནོ། །མེར་རི་བོང་གི་པགས་པ་ལ་བསྙོན་ཐབས་མ་སྟེ་རྭས་སྐོ་སྐྱ་མ་ཞེས་བསྐྱུར་བ་ཁ་འཆལ་སྣ་ཚོགས་ཀྱི་སྨྱོན་ཐབས་བྱེད་པའི་སྨྱོན་མ་ལྟ་བུ་བྱ་རོག་གདོང་མ་དང་། བདེན་བྲལ་དུ་གཟུགས་མོ་བྱི་ཐུལ་ཀྱི་པགས་པ་ལ་རོ་སྲེག་མ་བྱ་རྒོད་གདོང་མ་དང་། རླུང་དུ་ཨཱི་ཤུ་ཀ་ཕ་ཤུའི་པགས་པ་ཞེས་པ་འགྱུར་མངས་སུ་ཤ་རབ་བསྒྱུར་ལ། འགྱུར་གཞན་དུ་རྨིགས་པ་སྐྱ་ཆུང་ཞེས་པ་བྱེ་་མ་ལག་གནས་པའི་རྨི་གྲ་བུ་ཆུང་དུ་ཡིན་པ་དེ་འཐད་དམ་སྙམ་མོ། །དེ་ཡི་པགས་པའི་གདན་ལ་བྷི་ལླཱི་ཞེས་པ་མི་རྒོད་མར་བསྒྱུར་བ་ལྟར་ཏེ་མཁའ་ལྔིང་གདོང་མ་དང་། དབང་ལྡན་དུ་རྩ་ངས་པའི་པགས་པ་ལ་རི་ཁྲོད་མ་སྟེ་ཡུལ་རི་ཁྲོད་དུ་གནས་པ་མོ་འུག་གདོང་མ་སྟེ་བརྒྱད་འགོད་དོ། །གཏུམ་མོ་བརྒྱད་པོའི་རིགས་ཅན་འདི་རྣམས་མཐར་སྐྱེས་ཀྱི་རིགས་ཏེ་ཡུལ་གྱི་དབང་གི་ས་མཐར་ཁོ་བ་ཏུ་གནས་པ་དང་། ཤན་པ་སོགས་ཀྱི་རིགས་དང་། བྱ་བ་དམན་པ་རྣམས་ལ་བ་ལང་གི་པགས་པ་སྟེ་གཙོ་མོ་ལྔའི་གདན་གྱིས་སོ་སོའི་གདན་གྱི་པགས་པ་འདི་རྣམས་མེད་ན་དབུས་སུ་མི་པགས་དང་། ཤར་དང་མེད་ཁྱིའི་པགས་པ་དང་། ལྷོ་དང་ལྷོ་ནུབ་རྟ་པགས། ནུབ་དང་ནུབ་བྱང་གླང་པོ་ཆིའི་པགས་པ། བྱང་དང་བྱང་ཤར་པ་རྣམས་ལ་བ་ལང་གི་པགས་པ་སྟེ་གཙོ་མོ་ལྔའི་གདན་གྱིས་བྱ་བར་གསུངས་སོ། །དེ་ལྟར་གད་ན་བཤམས་ནས་རྣལ་འབྱོར་མ་རྣམས་སོ་སོར་རང་གི་ཕྱོགས་སུ་གདན་ལ་བཞུགས་སུ་གསོལ་བར་བྱའོ། །སོ་སོའི་གདན་གྱི་བ་གླ་པ་འདི་རྣམས་ཀྱི་སྡེར་མར་ཡང་བཟའ་བ་དང་། དེ་བཞིན་དུ་བཏུང་བ་འདྲེན་པའི་སྐྱོགས་རྣམས་ནི་ཤར་དང་མེ་རུ་

p. 188

ཉ་ཕྱིས་ཀྱི་སྣོད། ལྷོ་དང་བདེན་བྲལ་དུ་ནཱ་རི་ཀི་ལའི་སྐྱོགས་ཞེས་པ་ཤིང་ཐོག་ཆེན་པོ་ཞིག་གི་ཤུན་པའི་སྣོད་ཡིན་པར་ཡང་བཤད་ལ། ཁ་ཅིག་གིས་རྒྱ་ནག་ནས་བྱུང་བའི་ནཱ་རི་ཀེ་ལེའི་སྐྱོགས་ཟེར་བ་དེ་ཡིན་ནམ་ཞེས་ཀྱང་བཤད་མོད། ནཱ་རི་ཀེ་ལ་ཞེས་པ་མི་མོ་རྩེ་བའམ་སྡོང་བུ་ཅན་འགྱེད་ཅེས་ཤིང་ཏཱ་ལ་ལ་སོགས་པ་བཞིན་དུ་རྩྭ་ཡི་ལྗོན་ཤིང་གི་བྱེ་བྲག་ཞིག་སྟེ་བོད་དུ་དེའི་འབྲས་བུ་ལ་བེ་ཏ་ཟེར། ཤིང་འདིའི་མིང་དུ་ལཱིང་ག་ལཱི་གཤོལ་ལྡན་སོགས་ཟེར་བ་འཆི་མེད་མཛོད་དུ་བཤད་པ་དེ་ལས་བྱུང་བའི་སྐྱོགས་ཡིན་འདྲའོ། །ནུབ་དང་རླུང་དུ་སའི་ཁམ་ཕོར་གྱི་སྣོད། བྱང་དང་དབང་ལྡན་དུ་མིའི་ཐོད་པ་དང་། དབུས་སུ་ཤིང་གི་སྣོད་ཀྱིས་བྱ་བར་གསུངས། གདན་གྱི་པགས་པ་སོ་སོར་གསུངས་པ་འདི་ནི་རྣལ་འབྱོར་མ་དེ་དག་ཐང་དང་ཆུ་དང་ནགས་ལ་སྤྱོད་པའི་སེམས་ཅན་དེ་དག་གི་གཟུགས་སུ་བསྒྱུར་བར་བྱེད་པ་སོགས་རང་རང་གི་རིགས་ཀྱི་དམ་ཚིག་གི་དབང་གིས་ཡིན་ནོ། །དེ་ནས་ཆང་ལ་སོགས་པ་བཏུང་བ་ཕུལ་ནས་བཟའ་བ་དང་བཅའ་བ་ལ་སོགས་པའི་ཁ་ཟས་རྣམ་པ་མང་པོ་དང་། སྒྲོན་མ་ཤ་ལྔ་དང་འཆད་འགྱུར་ལྟར་དམ་ཚིག་གི་རྫས་དང་ཆུ་དང་མཆོད་ཡོན་སོགས་རྣམ་པ་བཅུ་པོ་ཕུལ་ཏེ། མཎྜལ་ཏེ་དཀྱིལ་འཁོར་བྱས་པས་སློབ་མ་ལས་ཀྱི་རྡོ་རྗེ་ཅན་དང་ལྷན་ཅིག་མཆོད་པའི་རྫས་ཕུལ་པར་བྱའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་ལ་རྣལ་འབྱོར་མ་རྣམས་ཀྱི་གནས་དང་རིགས་ཀུན་སྤྱོད་ངེས་པར་བྱས་ནས། དེ་དང་མཐུན་པའི་ཀུན་སྤྱོད་དང་འཁྲིག་པའི་ཆོས་ཀྱིས་བསྙེན་བཀུར་ཡང་བྱའོ། །ཀུན་སྤྱོད་ཅི་ལྟ་བུས་ཤེ་ན། ཤེས་རབ་ཡུམ་གྱི་ནང་ནས་གཙོ་མོ་དེ་ནི་མཆོག་གི་ཡུམ་སྟེ་གཡུང་མོའམ་གཏུམ་མོ་དཀྱིལ་འཁོར་གྱི་ལྟེ་བ་ལ་གནས་པ་སྒྲིབ་བྲལ་གྱི་སྲིད་གསུམ་སྐྱེད་མ་དེ་ནི་སྣ་ཚོགས་ཡུམ་གྱི་ངོ་བོ་སྟེ་མར་གྱུར་པའོ། །ཕྱོགས་བཞིའི་སྤྱན་མ་ལ་སོགས་པ་རིགས་བཞི་རྣམས་ནི་སྲིང་མོའོ། །སྒྲ་རྡོ་རྗེ་མ་སོགས་དྲུག་ནི་ཞེས་དྲག་མོ་དྲག་སྤྱན་དང་བཅས་པ་སྲིང་མོ་དེ་ལས་སྐྱེས་པའི་ཚ་མོ་རྣམས་ཏེ་དམ་ཚིག་མི་ཤེས་པ་ཕྱུགས་ཀྱི་

p. 189

སྐྱེ་བོ་རྣམས་ལ་འཇིགས་སྟེར་ཙ་རྩི་ཀ་སོགས་བརྒྱད་ནི་ཚ་མོ་རྣམས་ལས་སྐྱེས་པའི་ཡང་ཚ་མོའོ། །དེས་མཚོན་ནས་ཤིན་སྟོབས་མ་སོགས་བརྒྱད་ནི་ཡང་ཚ་མོ་དང་། རབ་གཏུམ་མ་བརྒྱད་ནི་ཡང་ཚའི་བུ་མོ་སྟེ་འོག་ཏུ་གཞན་ནི་རྣམ་མང་ཡང་ཚ་རྣམས་དང་ཡང་ཚའི་བུ་རྣམས་སོ་ཞེས་པས་རིགས་བསྒྲེས་ཏེ་ཤེས་པར་བྱའོ། །གཞན་དག་ཤིན་སྟོབས་མ་སོགས་བརྒྱད་ཡང་ཚའི་བུ་མོ་དང་། རབ་གཏུམ་མ་སོགས་བརྒྱད་སྲིང་མོའི་བུ་མོ་སྟེ་ཚ་མོར་འཆད་པའང་འདུག་གོ། ཚོགས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་པའི་རྣལ་འབྱོར་པ་སུམ་ཅུ་རྩ་དྲུག་ཁྱབ་བྱེད་གཙོ་མོ་བཅས་པ་དུས་གསུམ་ཀུན་ཏུ་ནི་རང་རང་གི་རིགས་ཀྱིས་ས་ལ་གནས་པ་སྤྱིའི་གཡུང་མོ་ལ་སོགས་པ་རིགས་ལྔ་དང་། བྱེ་བྲག་ཏུ་འཁར་བ་མ་ལ་སོགས་པ་གོང་དུ་ཇི་སྐད་བསྟན་པ་དེ་དག་རྣམས་རྣལ་འབྱོར་པ་ཡིས་མཆོད་ཅིང་མཉེས་པར་བྱེད་པས་བསྟེན་པར་བྱ་དགོས་ཀྱི། ཞིང་དང་གནས་དང་དུར་ཁྲོད་ལ་སོགས་པ་གནས་བཅུ་གཉིས་གང་དུ་གནས་ཀྱང་སྐྱེ་བོ་དང་བཅས་པ་གྲོང་གི་དབུས་སུའམ། ཕྱི་རོལ་གྱི་སྐྱེ་བོ་མེད་པ་ཚོགས་ཀྱི་འཁོར་ལོའི་གནས་དང་། སྐྱེ་བོས་དབེན་པར་གྱུར་པའི་གནས་སུ་ནམ་ཡང་དོར་བར་མི་བྱ་སྟེ་བསྙེན་ཅིང་མཉེས་པར་བྱའོ། །དེ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱིས་ཀྱང་དཔལ་ལྡན་རྡོ་རྗེ་ཅན་ཚོགས་ཀྱི་གཙོ་བོ་སློབ་དཔོན་ནི་དཔལ་ལྡན་ཡབ་སྟེ་སྒྲིབ་པ་མེད་པའི་སྲིད་གསུམ་བསྐྱེད་པར་མཛད་པ་རྡོ་རྗེ་སེམས་དཔའ་ནི་ཀུན་གྱི་ཡབ་ཉིད་དོ། །དེའི་རིགས་ནི་གཡུང་པོ་དང་གཏུམ་པོ་ཡི་རིགས་ཏེ། གཙོ་མོ་གཡུང་མོ་དང་གཏུམ་མོ་ལ་འཁྲིག་པ་བྱེད་ཅིང་དེའི་ལྷག་མའང་ཟ་བའི་ཕྱིར་རོ། །དེ་ལས་སྐྱེས་པའི་སངས་རྒྱས་བཞི་ཡི་རིགས་ཐམས་ཅད་ནི་མིང་པོ་སྟེ། དམངས་རིགས་འཕྱག་པ་སོགས་ཀྱི་ལས་དམན་པ་བྱེད་པ་ལ་སོགས་པ་རིགས་བཞིའོ། །སྤྱན་ལ་སོགས་པ་སེམས་དཔའ་དྲུག་གི་རིགས་འཁར་བ་མཁན་ལ་སོགས་པ་ནི་མིང་པོའི་བུ་ཚ་བོ་སྟེ། གཞན་ནི་རྣམ་མང་

p. 190

ཡང་ཚ་རྣམས་ཏེ་ཤན་པ་ལ་སོགས་པ་དང་། ཡང་ཚའི་བུ་ནི་ལྕགས་མཁན་ལ་སོགས་པ་རྣམས་སོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་པའི་ལྷ་སོ་དྲུག་ཁྱབ་བྱེད་དང་བཅས་པའི་ལྷ་རྣམས་རང་རིགས་ཀྱི་སར་གནས་པའི་རྣལ་འབྱོར་པ་ཡི་རིགས་རབ་ཏུ་དགའ་བ་རྣམས་ནི་རྣལ་འབྱོ༷ར་མ་རྣམས་དག་གིས་གུས་ཤིང་གདུང་བའི་སྒོ་ནས་རྟག་ཏུ་བསྙེན་བཀུར་གྱིས་བསྟེན་པར་བྱ་ལ། ཞིང་དང་གནས་དང་དུར་ཁྲོད་དག་ཏུ་སྐྱེ་བོ་དང་བཅས་པ་དང་། སྐྱེ་བོ་མེད་པར་ནམ་ཡང་དོར་བར་མི་བྱ་སྟེ། འདིར་གནས་བཅུ་གཉིས་ནི་གནས་དང་། ཞིང་དང་འདུན་པ་དང་དུར་ཁྲོད་དང་། ཚནྡོ་ལྔ་ལ་སྔ་མ་རང་མིང་དང་ཕྱི་མ་ཉེ་བ་ཞེས་སྦྱར་ཏེ་གནས་དང་ཉེ་གནས་སོགས་བཅུ་ནི་ཧེ་རུ་ཀའི་གནས་བཅུའོ། །དེ་སྟེང་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་གཉིས་བསྣན་པས་བཅུ་གཉིས་སུ་འགྱུར་རོ། །དེ་ལྟར་རྣལ་འབྱོར་མ་དང་རྣལ་འབྱོར་པའི་རིགས་དག་པ་སོ་བདུན་པོ་དེ་དག་གང་དུ་ཚོགས་ཀྱི་འཁོར་ལོ་སོགས་ཀྱི་དུས་སམ་གཞན་དུའང་རུང་རང་གི་རིགས་ཀྱི་མ་དང་། ཕ་དང་སྲིང་མོ་དང་སྤུན་ལ་སོགས་པའི་ཚུལ་དུ་འོང་བ་དེ་དག་དོར་བར་མི་བྱ་ལ་དེ་ལ་ངོ་ཚ་བར་མི་བྱ་ཞིང་། རྣལ་འབྱོར་པ་རྣམས་ཀྱིས་རྣལ་འབྱོར་མའི་རིགས་རྣམས་ལ་མཆོད་པར་བྱ་སྟེ། གཅེར་བུ་གོས་དང་བྲལ་ཞིང་སྐྲ་གྲོལ་བ་ལག་ན་གྲི་གུག་དང་ཐོད་པ་འཛིན་པའི་རྣལ་འབྱོར་མ་དེ་རྣམས་གནས་སྐབས་དེ་དག་ཐམས་ཅད་དུ་དེ་ལྟར་ཡང་དག་པར་རྒྱུ་བ་ཡིན་ནོ། །དེ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ཕ་དང་མིང་པོ་ཚ་བོ་ཡང་ཚའི་རིགས་ཀྱི་རྣལ་འབྱོར་པ་ཐམས་ཅད་མི་དོར་བར་རང་རིགས་ཀྱིས་དྲུང་དུ་འོང་པ་རྣམས་ལ་མཆོད་པར་བྱ་སྟེ། དཔའ་བོ་རྣམས་རང་གི་གཟུགས་ཀྱིས་ཐམས་ཅད་དུ་རྒྱུ་བའི་ཕྱིར་རོ། །དེ་ལྟར་ཤེས་ནས་ཕན་ཚུན་མཆོད་ཅིང་བསྟེན་པར་བྱས་ན་ཐབས་ཤེས་ཀྱི་རྟེན་འབྲེལ་ལེགས་པར་འགྲིག་ནས་ཉེ་རྒྱུའི་སྤྱོད་པའི་སྒོ་ནས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་དཔའ་བོ་དང་དཔའ་མོ་ཕན་ཚུན་སེམས་དག་པའི་ངེས་པའོ། །

p. 191

ཚོགས་ཀྱི་འཁོར་ལོའི་དུས་སུ་མཆོད་པའི་གཙོ་བོ་ཕྱག་རྒྱ་མཚན་ལྡན་གྱི་མཆོད་པ་བྱས་པའི་ཕན་ཡོན་གསུངས་པ། འདིར་རྣལ་འབྱོར་པ་འདུས་པའི་ཚོགས་ཀྱི་འཁོར་ལོའི་དུས་སུ། བུད་མེད་ཟླ་བའི་བཞིན་དང་ཨུཏྤལ་གྱི་མིག་ཅན་མཆོག་གི་དྲི་ཡིས་རྗེས་སུ་བྱུགས་པ་བདེ་བའི་རྣམ་པ་ཐམས་ཅད་སྐྱེད་པའི་མཚན་ཉིད་ལྡན་པ་གང་སུ་དག །བསོད་ནམས་དག་གི་ཚོགས་རྫོགས་པའི་རྒྱུ་རུ་ལུས་ངག་ཡིད་དག་པ་གསུམ་གྱིས་རྡོ་རྗེ་སློབ་དཔོན་དཔའ་བོའི་ཚོགས་དང་བཅས་པ་ལ་ནི། བདེ་ཆེན་སྔགས་ཀྱི་མཆོད་པའི་གཙོ་བོ་རྡོ་རྗེའི་མཆོད་པ་འདི་ལྟ་བུ་འབུལ་བར་བྱེད་པ་ན་དུས་གཞན་དུ་ས་གཞི་སྦྱིན་པ་དང་གླང་པོ་ཆེ་དུ་མ་དང་། རྟ་དུ་མ་དང་། ཤིང་རྟ་དུ་མའི་སྦྱིན་པ་དང་། དུ་མའི་བུ་མོ་རབ་ཏུ་སྦྱིན་པ་ལས་བསོད་ནམས་གང་ཐོབ་པ་ཡི་བསོད་ནམས་དེ་དག་ཐམས་ཅད་ཚོགས་ཀྱི་དུས་སུ་རྡོ་རྗེའི་མཆོད་པ་ཕུལ་བ་དེ་ལས་འགྱུར་ཏེ་ཀྱེ་མི་ཡི་བདག་པོ། ནམ་མཁར་གནས་པའི་ཟླ་བ་ཉི་མའི་དཀྱིལ་འཁོར་འཇིག་རྟེན་འདིར་ཇི་སྲིད་གནས་པ་དེ་སྲིད་ཀྱི་མཚམས་སུ་དགེ་རྩ་འཕེལ་ཞིང་མི་འཛད་ལ། །ཉི་ཟླའི་འོད་ཟེར་གྱིས་ཕྱོགས་ཀུན་དུ་ཁྱབ་པ་བཞིན་དུ་དགེ་བའི་གཟི་བྱིན་མཚུངས་པ་མེད་པར་འགྱུར་རོ་ཞེས་དང་། མཐར་ཐུག་ཐབས་ཤེས་ཟླ་ཉི་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ནམ་མཁར་གནས་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པའང་ཤུགས་ཀྱིས་བསྟན་པའོ། །དགུ་པ་རིགས་སུམ་ཅུ་རྩ་དྲུག་གི་ལྷ་མོའི་ཕྱག་རྒྱ་དང་ལྟ་སྟངས་དང་མཚན་མ་དང་དམ་ཚིག་གི་བརྡ་དང་རིགས་ལ་སོགས་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། སྒྲོལ་མ་དམངས་མོ་རྣམ་པ་བཞི་སོགས་ཚིགས་སུ་བཅད་པ་བརྒྱ་སུམ་ཅུ་པ་ནས། བརྒྱ་གོ་བདུན་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་མ་སོ་དྲུག་གི་རིགས་རྣམས་ས་གཞིའི་གནས་སུ་རིགས་སུམ་ཅུ་རྩ་དྲུག་ཏུ་གནས་པའི་ཚུལ་གསུངས་པ། མི་ཡི་འཇིག་རྟེན་འདིར་རང་རང་གི་ལས་དང་རྗེས་སུ་མཐུན་པས་རིགས་སུ་བཞག་པ་ནི་ལྷ་མོ་སྒྲོལ་མ་ནི་དམངས་རིགས་མོ་

p. 192

ཡིན་ལ་དེ་ནི་རྣམ་པ་བཞི་རུ་ས་ཡི་སྟེང་དུ་འགྱུར་ཏེ། དམངས་རིགས་ཀྱི་ལས་སུ་བྱ་བ་བཞི་བྱེད་པའི་སྒོ་ནས་སོ། །བཞི་གང་ཞེ་ན། ས་གཞི་རྨོ་བ་དང་། བ་ལང་སོགས་ཕྱུགས་སྐྱོང་བ་དང་། འཇིམ་པའི་ལས་བྱེད་པ་དང་། ས་ཞིང་སོགས་ཀྱིས་ཁྱིམ་ལ་སོགས་པའི་གནས་ཀྱི་ལས་བྱེད་པ་སྟེ་རྣམ་པ་བཞིའི་དབྱེ་བས་སོ། །གོས་དཀར་མོ་ནི་རྒྱལ་རིགས་མ་སྟེ། རྒྱལ་རིགས་ཀྱི་ཆོས་ལུགས་དེ་ཡང་སྔ་མ་བཞིན་དུ་རྣམ་པ་བཞི་སྟེ། དཔུང་ཚོགས་བཞི་དང་ལྡན་པ་བསྡུ་བ་སྟེ། རྐང་ཐང་གི་དཔུང་དང་། རྟ་ལ་ཞོན་པ་དང་།གླང་པོ་ཆེ་ལ་ཞོན་པ་དང་། ཤིང་རྟ་ལ་ཞོན་པ་ཡི་དཔུང་གིས་བསྐོར་བ་ཡིན་ལ། རྐང་ཐང་འབའ་ཤིག་དང་ལྡན་པ་ནས་ཉིས་ལྡན་སུམ་ལྡན་བཞི་ལྡན་གྱི་བར་གྱི་རྒྱལ་པོའི་དཔུང་གི་བཀོད་པ་ལ་དབང་བའོ། །ས་སྟེ་སྤྱན་མ་ནི་རྗེའུ་རིགས་མ་རྣམས་ཡིན་ལ་དེ་ནི་རྣམ་པ་གསུམ་སྟེ། རིགས་ཀྱི་ཆོས་ལས། ཚོང་པ་དང་། ཡིག་མཁན་དང་། སྨན་པའི་ལས་བྱེད་པའི་རིགས་གསུམ་མོ། །མཱ་མ་ཀཱི༷་ནི་གཉིས་སྐྱེས་བྲམ་ཟེའི་སྐྱེ་བོའི་རིགས་སུ་སྐྱེས་པ་དེ་ནི་རིགས་ཀྱི་ཆོས་ལས་རྣམ་པ་བདུན་དུ་འགྱུར་ཏེ། ངེས་བརྗོད་ཀྱི་ཡལ་ག་དང་དེ་བཞིན་དུ་མཆོད་སྦྱིན་དང་སྙན་ངག་དང་སྲིད་སྲུང་གི་ཡལ་ག་སྟེ་རིག་བྱེད་བཞི་ཡི་ཡན་ལག་བཞི་འཛིན་པའི་རིགས་སུ་སྐྱེས་པའི་བུད་མེད་དམ་དེ་དག་གི་ཆུང་མ་དང་། ནགས་ན་རབ་ཏུ་གནས་པ་ཁྱིམ་སྤངས་པའི་ཆུང་མ་དང་། ཁྱིམ་ན་གནས་པའི་བདག་པོ་ལས་གཞན་ལ་མི་གཡེམ་པར་བདག་པོའི་བརྟུལ་ཞུགས་འཛིན་པའི་བདག་པོའི་ཆུང་མ་དང་། ཁྱིམ་གྱི་འཆིང་བ་ཐམས་ཅད་ལས་གྲོལ་བའི་བྲམ་ཟེའི་ཆུང་མ་དང་བདུན་ནོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་ཞེས་བྱ་བ་ནི་འཁར་བ་མཁན་མོ་སྟེ་འཁར་བ་ལས་འཁར་རྔ་སོགས་ཀྱི་ལས་བྱེད་པ་དང་། ངེས་པར་རོ་ཡི་རྡོ་རྗེ་མ་ནི་ཆང་འཚོང་མ་དང་། གཟུགས་ཀྱི་རྡོ་རྗེ་མ་ནི་ཡང་དག་ངེས་པར་གསེར་མགར་སོགས་གསེར་ལ་བརྟེན་པའི་ལས་བྱེད་པ་གསེར་མཁན་མར་འགྱུར་ལ། ཀྱེ་མི་ཡི་བདག་པོའི་འཛིན་མ་ས་གཞི་དག་ལ་དྲི་ཡི་རྡོ་རྗེ་མ་ནི་ཕྲེང་བ་མཁན་དུ་

p. 193

རབ་ཏུ་གྲགས་ཏེ། རང་བཞིན་ཡོན་ཏན་དབང་གིས་རེག་བྱ་རྡོ་རྗེ་མ་ཐགས་མཁན་མ་དང་། རྡོ་རྗེའི་མཐའ་ཅན་ཆོས་ཀྱི་དབྱིངས་ཏེ་ཆོས་དབྱིངས་རྡོ་རྗེ་མ་ནི་ནོར་བུ་མཁན་མོར་འགྱུར་བར་འཇིག་རྟེན་དུ་ནི་རབ་ཏུ་གྲགས། ཙ་མུ་ཎྚཱི༷་ནི་ཤ་འཚོང་མར་འགྱུར་ཞིང་། རང་བཞིན་ཡོན་ཏན་དབང་གིས་ཁྱབ་འཇུག་མ་ནི་རྫ་མཁན་མ་དང་། ཕག་མོ་ནི་ཁུར་བ་མཁན་དུ་ངེས་པར་འགྱུར་ཞིང་། གདོང་དྲུག་མ་ནི་སྨད་འཚོང་མ་སྟེ། དབང་མོ་ནི་ཚེམ་བུ་མའོ། །ཚངས་མ་ནི་ཉ་པ་མོར་འགྱུར་ཞིང་། ས་གཞིའི་གནས་འདི་དག་ཏུ་ཡང་དྲག་མོའམ་དབང་ཕྱུག་མ་ནི་གར་མཁན་མ་རུ་འགྱུར་ལ། དཔལ་མོ་ཟླ་བ་ཉ་གང་བའི་ཞལ་ཅན་མ་ནི་བརྒྱད་པ་སྟེ་བཙོ་བླག་མཁན་ནམ་ཆོས་མཁན་མར་ཡང་འགྱུར་ཏེ་འདི་བརྒྱད་འབྱུང་པོའི་སྐྱེ་གནས་སོ། །སྒོ་སྐྱོང་ཁྲོ་བོའི་ཡུམ་བཅུ་ནི་རྨུགས་བྱེད་མ་ནི་རྒྱ་སྐྱེགས་མཁན་མོར་འགྱུར་ཏེ། ཀྱེ་མི་བདག་རེངས་བྱེད་མ་ནི་སྲིན་བལ་མཁན་མོའོ། །ཁེངས་བྱེད་མ་ཞེས་བྱ་བ་ནི་ཏིལ་མར་འཚིར་མ་དང་། རབ་ཏུ་ཆེ་ཞིང་ཤིན་ཏུ་སྟོབས་མ་ནི་ལྕགས་མཁན་མོ་སྟེ་བཞི་པའོ། །འོད་ཟེར་ཅན་ནི་ཀོ་ལྤགས་མཁན་མར་རབ་འགྱུར་ཁྲོ་གཉེར་ཅན་ནི་ཤིང་མཁན་མ་དག་དེ་བཞིན་ཉིད་དོ། །དཔལ་ལྡན་ཙུནྡཱ་སྟེ་སྐུལ་བྱེད་མ་ནི་འབྲེག་མཁན་མ་སྟེ། ས་ཡི་སྲིད་པ་ལ་གནས་ལྕགས་སྒྲོག་མ་ནི་སྨྱུག་མ་མཁན་མོའོ། །དྲག་སྤྱན་མ་ནི་ཁྲོན་པ་བྱེད་མར་འགྱུར་ཏེ་བཅུ་པ་འོད་མའི་གར་མ་ནི་ཤིན་ཏུ་སྔོན་མོའོ། །འདི་རྣམས་ཁྲོ་བོའི་ཆ་ཤས་ཏེ་ཁྲོ་བོ་ལས་སྐྱེས་པའི་རིགས་ཅན་བུད་མེད་བཅུ་པོ་རྣམས་ནི་རྣལ་འབྱོར་པ་ཡིས་མཆོད་པར་བྱའོ། །ཁྲོ་སྐྱེས་བཅུ་ལས་འོག་དང་སྟེང་གི་ཁྲོ་མོ་དྲག་སྤྱན་མ་དང་ཤིན་ཏུ་སྔོན་མོའི་རིགས་ཅན་གཉིས་ནི་རྡོ་རྗེ་མ་དྲུག་གི་རིགས་ཅན་ལ་བསྣན་ཏེ་བརྒྱད་དུ་བྱས་པ་མཆོད་པའི་སྐབས་སུ་ཟླུམ་སྐོར་གཉིས་པ་ལ་བཀོད་པ་དང་། ལྷག་མ་བརྒྱད་ཟླུམ་སྐོར་བཞི་པ་ལ་བཀོད་པར་མཛད་དོ། །དེ་ནས་རབ་གཏུམ་མ་བརྒྱད་ནི། དཔལ་ལྡན་ཁྱི༷་གདོང་མ་ནི་ཀླ་ཀློ༷་མར་འགྱུར་ཀྱེ་མི་ཡི་

p. 194

བདག་པོ་ཕག་གདོང་མ་ནི་བཤང་བ་འཕྱག་པ་མོ་ཅེ་སྤྱང་གདོང་མ་གཏུམ་མོ་དག་དང་། ས་ཡི་གཞི་ཡི་གནས་ལ་སྟག་གདོང་མ་ནི་སྟག་གཟིག་མ་དང་། བྱ་རོག་གདོང་མ་བསྙོན་ཐབས་མ་སྟེ་ཁ་ཅིག་ཏུ་མཐའ་ཁོབ་མ་ཡང་ཟེར། རབ་ཏུ་གསལ་ཞིང་ངེས་པར་བྱ་རྒོ༷ད་གདོང་མ་རོ་སྲེག་མ། མཁར་ལྡི༷ང་གདོང་མ་དཔལ་ལྡན་དྷིལླཱིར་འགྱུར་ཏེ། བརྒྱད་པ་འུག་པའི་གདོང་ཅན་མ་དག་ཀྱང་རི་ཁྲོད་མ་ཡིན་ལ། དེ་ལྟར་དམངས་རིགས་སོགས་སུམ་ཅུ་རྩ་དྲུག་རིགས་ཀྱི་དབྱེ་བས་ས་གཞིའི་གནས་སུ་རྣལ་འབྱོར་མ་རྣམས་དག་གི་རིགས་སོ་དྲུག་རྣམས་ཏེ། ཞིང་དང་གནས་དང་ཉེ་བའི་གནས་སོགས་གནས་བཅུ་གཉིས་དང་། ཡུལ་དང་། གྲོང་ཁྱེར་མཆོག་དང་། དཔལ་ལྡན་ནགས་སུ་ཡང་དག་གནས་པ་ནི་ཞེས་པར་རིམ་བཞིན་ཡུལ་ཐང་དང་། ཀླུའི་གྲོང་མཆོག་ཆུ་དང་ནགས་སུ་གནས་པའི་སྲོག་ཆགས་སོ་དྲུག་གི་གཟུགས་སུ་བསྒྱུར་བ་ཞེས་སུའང་འཆད་ཅིང་། མི་ཡི་བུད་མེད་རིགས་ཅན་སོ་དྲུག་གི་གཟུགས་སུ་གནས་ཤིང་། རྨོངས་པ་སྔགས་ཀྱི་དམ་ཚིག་དྲལ་བ་རྣམས་དུས་སུ་འཆིང་བར་བྱེད་ཅིང་། རབ་མཆོག་ས་ཡི་སྟེང་དུ་སྔགས་ཀྱི་རྣལ་འབྱོར་པ་རྣམས་དག་ལ་ལས་ཆེན་བཅུ་གཉིས་ཀྱི་དངོས་གྲུབ་སྟེར་བར་བྱེད་པའོ། །དེ་ལ་ནང་གསེས་སུ་བཞི་དང་དྲུག་དང་དེ་བཞིན་བརྒྱད་དང་བཅུ་དང་བཅས་བའི་ནོར་བརྒྱད་དང་། ཁྱབ་བྱེད་གཅིག་བུ་གཅིག་ནི་རིམ་པས་སོ་ཞེས་རིགས་ལྡན་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་གྱི་དབྱེ་བའོ། །ཞེས་མདོར་བསྟན་ནས་དེ་རྒྱས་པར་གསུངས་པ། དེ་ཡང་དམངས་མོ་སོགས་བཞི་ནི་སངས་རྒྱས་རིགས་བཞིའི་ཡུམ་སྒྲོལ་མ་ལ་སོགས་པས་དབྱེ་བ་རྣམས་ཏེ་སླར་ཡང་དུས་ཏེ་དྲུག་ནི་སྒྲ་རྡོ་རྗེ་མ་སོགས་བྱང་ཆུབ་སེམས་དཔའི་རིགས་ཀྱིས་རབ་ཏུ་དབྱེ་བ་རྣམས་སོ། །ཁྲོ་བོ་ཡི་ཡུམ་རྣམས་ནི་ཕྱོགས་ཀྱི་སྟེ་བཅུས་རབ་ཏུ་དབྱེ་བ་དང་། ས་སྟེང་གི་གནས་སུ་ཡི་དྭགས་ཀྱི་དབྱེ་བ་རྣམས་ནི་ཙ་རྩི་ཀཱ་སོགས་རྣལ་འབྱོར་མ་རྣམས་ནི་དེ་བཞིན་བརྒྱད་ཡིན་ལ་དེ་དག་གི་རིགས་

p. 195

ཅན་རྣམས་སོ། །ལྷ་མིན་དག་ཀྱང་ཀླ་ཀློ་སོགས་བརྒྱད་ཀྱིས་དབྱེ་བ་ནི་རབ་གཏུམ་མའི་རིགས་སུ་གྱུར་པ་སྟེ། ལྷ་མིན་དེ་དག་གདེངས་ཅན་ཀླུའི་སྲིད་པར་གནས་པ་སྟེ་དེ་ལྟར་རིགས་སོ་དྲུག་པོ་འདི་རྣམས་རྣལ་འབྱོ༷ར་པ་ཡིས་རིག་པར་བྱའོ། །གཅིག་པུ་གཅིག་ནི་སྣ་ཚོགས་ཡུམ་དང་གཙོ་བོ་སྟེ་དེ་ནི་སྲིད་པ་གསུམ་གྱི་གནས་སུ་དཔལ་ལྡན་རྣལ་འབྱོར་མ་དང་རྣལ་འབྱོར་པའི་རིགས་རྣམས་དག་གི་ཁྱབ་བྱེད་དེ་གཙོ་མོ་དང་བཅས་པས་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་དུ་འགྱུར་བ་ཉིད་དོ། །རྣལ་འབྱོར་མ་དེ་རྣམས་གནས་གང་དང་གང་དུ་གཙོ་ཆེར་བཞུགས་པ་གསུངས་པ། ས་འོག་ཀླུའི་སྲིད་པ་རྣམས་སུ་ཁྱི་གདོང་མ་སོགས་གཏུམ་མོ་བརྒྱད་དེ། མི་ཡི་འཇིག་རྟེན་ཕྱོགས་བཅུའི་དཀྱིལ་འཁོར་ལ་ནི་ཁྲོ་སྐྱེས་བཅུ་པོ་གནས་སོ། །ཡི་དྭགས་ཀྱི་རིགས་ཞེས་བྱ་བ་ཙརྩི་ཀཱ་སོགས་ཡི་དྭགས་ཀྱི་འཇིག་རྟེན་དུ་སྟེ་ལྷ་མཆོག་འདོད་པ་ན་སྤྱོད་པ་དྲུག་གི་གནས་སུ་སྒྲ་ཡི་རྡོ་རྗེ་མ་ལ་སོགས་པ་དྲུག་གནས་སོ། །ཚངས་པའི་ཡུལ་སར་ཞེས་པ་ཚངས་རིས་སོགས་གཟུགས་ཁམས་སུ་ས་སོགས་ཟད་པར་བསྒོམ་པའི་གནས་སུ་དཔལ་ལྡན་ཡུམ་བཞི་སྟེ། གཟུགས་མེད་ཁམས་ན་གཟུགས་མེད་ཅིང་སྟོང་པའི་ཁམས་དང་རྡོ་རྗེ་དབྱིངས་ཕྱུག་མ་བཞུགས་པའོ། །རབ་མཆོག་མྱང་ངན་འདས་པ་ཞི་བའི་གྲོང་དུ་སྒྲིབ་བྲལ་གྱི་ཁམས་གསུམ་དག་གི་ཡུམ་གཅིག་མ་བཞུགས་ཏེ་དེ་ནི་ཡེ་ཤེས་ཀྱི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །རྣལ་འབྱོར་མ་འདི་རྣམས་དམ་ཚིག་དྲལ་བ་རྣམས་ལ་རབ་ཏུ་ཁྲོས་པའི་ཞལ་རྣམས་ཀྱིས་བསྐྲད་དབྱེ་སོགས་ལས་སྣ་ཚོགས་ཀྱིས་སྲོག་དང་ལུས་ཡང་དག་པར་སྡུད་པར་བྱེད་དེ། དམ་ཚིག་དང་ལྡན་པ་ལ་དགྱེས་པ་རྣམས་ནི་དགའ་ཞིང་རྗེས་སུ་ཆགས་པའི་ཞལ་གྱིས་ཞི་སོགས་ལས་ཀྱི་སྒོ་ནས་ཕུན་སུམ་ཚོགས་པ་སྟེར་ཞིང་ཀུན་ནས་རྗེས་སུ་སྐྱོང་བར་བྱེད་པ་ཉིད་དོ་ཞེས་རྣལ་འབྱོར་མའི་རིགས་ངེས་པའོ། །དེ་ནས་རྣལ་འབྱོར་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་

p. 196

ཀྱི་དོན་དུ་རྡོ་རྗེ་མཆོད་པའི་ངེས་པ་གསུངས་པ། འདིར་དབེན་པར་ཚོགས་ཀྱི་འཁོར་ལོར་བྱེད་པའི་དུས་སམ། སྐྱེ་བོ་མེད་པར་ལམ་བསྒོམ་པའི་དུས་སུ་བུ་མོའམ་རྒན་མོའམ་དར་མ་རྣམས་དང་། ལུས་ནི་དྲི་མ་དང་བཅས་པས་མི་གཙང་བ་དང་བྲམ་ཟེ་མོ་དང་རྒྱལ་རིགས་མོ་དང་། རྗེའུ་མོ་དང་། དམངས་མོ་དང་། རིགས་དང་ཡུལ་གྱི་མཐར་སྐྱེས་གདོལ་པ་མོ་རྣམས་སམ། མིག་དང་ལག་པ་དང་བྲལ་བ་དང་། རྣ་བ་དང་མཆུ་དང་སྣ་ནི་ཆད་པ་མ་སོགས་ཡན་ལག་མ་ཚང་པ་རྣམས་ཀྱི་རིགས་མཐའ་དག་ལ་གཙང་དམེ་དང་བཟང་ངན་བླང་དོར་དུ་མི་བྱ་བར་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རྒྱུ་རུ་མཆོག་གི་སྙིང་རྗེས་བསྟེན་པར་བྱ་སྟེ། ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་བསྟེན་པ་དང་། ཐབས་ཐིག་ལེ་འཕོ་བའམ་འགྱུར་བ་མེད་པའི་བདེ་བ་ཉིད་ཀྱིས་ཐབས་ཤེས་མཉམ་པར་སྦྱོར་བའི་ཚུལ་གྱིས་གསང་བའམ་རྡོ་རྗེའི་མཆོད་པས་མཆོད་པར་བྱ་སྟེ། ཀྱེ་རྒྱལ་པོ་ཟླ་བ་བཟང་པོ་སྔགས་ཀྱི་སློབ་དཔོན་ནམ་རྣལ་འབྱོར་བ་མཆོག་གི་སྙིང་རྗེ་དང་བཅས་པའི་ཐུགས་དང་ལྡན་པ། ཁེངས་པ་ལ་སོགས་པའི་སྐྱོན་གྱི་དྲི་མ་དག་དང་རྣམ་པར་བྲལ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ཚོགས་གསུམ་ལ་རྗེས་སུ་ཞོན་པས་ཞེས་སྤྱོད་པ་དེ་ལ་གནས་པ་གང་ཞིག །ཁྱིམ་གྱི་འཆིང་བ་དང་། ཕྱི་རོལ་གྱི་གཡེང་བ་དང་རྫས་སོགས་ལ་ཆགས་པའི་འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བ་རྣམས་ཀྱིས་སོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཐབས་ཤེས་མཉམ་པར་སྦྱོར་བ་རྡོ་རྗེའི་མཆོད་པ་ལ་དགོས་པའི་ཕྱག་རྒྱ་བཞིའི་མིང་གསུངས་པ། འདིར་དམ་ཚིག་གི་འདུས་པ་ལ་མིང་རྣམ་པ་བཞི་ནི། དང་པོར་བུད་མེད་རྣམས་ནི་གསང་བའི་ཕྱག་རྒྱར་འགྱུར་ཏེ། དམ་ཚིག་གི་འདུས་པ་ལ་ནི་དཔལ་ལྡན་སྐྱེས་པ་རྣལ་འབྱོར་པ་ནི་མཆོག་གི་ཕྱག་རྒྱ་ཞེས་བྱའོ། །དེ་དག་ཕན་ཚུན་འདུས་ནས་རྩེད་མོའི་ཡན་ལག་ཙུམྤ་ན་སྟེ་འོ་བྱེད་པ་སོགས་ནི་ལས་ཀྱི་ཕྱག་རྒྱར་འགྱུར་ཏེ། དབང་པོ་གཉིས་ཀྱི་སྦྱོར་བའི་བདེ་བ་རོ་མཉམ་པ་དག་གིས་ཆོས་ཀྱི་ཕྱག་རྒྱ་ཞེས་སུ་

p. 197

བརྗོད་པའི་དམ་ཚིག་གི་སྐད་རྣམ་པ་བཞི་པོ་འདི་ནི་རྡོ་རྗེའི་མཆོད་པ་ལ་གསུངས་སོ། །ད་ནི་ཕོ་ཉ་མོ་རྣམས་ཀྱི་དྲི་དང་ལུས་སོགས་ཀྱི་མཚན་ཉིད་གསུངས་པ། ཕོ་ཉ་མོ་རྣམས་དག་གི་དྲི་མི་འདྲ་བ་ལྔ་པོ་འདི་དག་ལུས་དང་པདྨ་ལ་གནས་པའི་མཚན་ཉིད་དེས་དེ་དག་རྣམས་ཀྱི་རིགས་ལྔ་གང་ཡིན་ཤེས་པར་བྱ་སྟེ། མཁའ་སོགས་ཁམས་ལྔའི་རང་བཞིན་ཡོན་ཏན་དབང་གིས་འདི་ལྟར་མཁའ་ཁམས་ལས་བྱུང་བ་གླ་རྩི་ཡི་དྲི་དང་ནི། རླུང་ཁམས་པདྨ་ཡི་དྲི་དང་། མེ་ཁམས་གཅིན་གྱི་དྲི་དང་། ཆུ་ཁམས་ཤའམ་ཉའི་དྲི་དང་། ས་ཁམས་རུལ་པའི་རྣག་གི་དྲི་རྣམས་སོ། །དེ་ལྔ་རིམ་པ་བཞིན་དཔལ་ལྡན་ཤིན་ཏུ་བཟང་མོ་ཞེས་བྱ་བ་སྟེ་དེ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། པདྨའི་དྲི་བྲོ་བ་པདྨ་ཅན་ཞེས་བྱ་བ་ཉིད་དུ་ངེས་པར་འགྱུར་བ་དང་། གཅིན་གྱི་དྲི་ཅན་ནི་ཆུ་ལ་རྒྱུ་མ་སྟེ་དུང་ཅན་མ་དང་། ཉ་ཤའི་དྲི་ནི་སྣ་ཚོགས་མ་ཞེས་བྱ་བ་དང་། རྣག་གི་དྲི་ནི་གླང་ཆེན་མ་ཞེས་བྱ་སྟེ་རིགས་ལྔའོ། །དེ་ལས་པདྨ་ཅན་ནི་དཔལ་ལྡན་སྒྲོལ་མ་ཡི་རིགས་དང་། དུང་ཅན་མ་གོས་དཀར་མོ་ཞེས་བྱར་འགྱུར་ཏེ། དེ་བཞིན་དུ་རིགས་ཀྱི་དབང་གིས་སྣ་ཚོགས་མ་ནི་མཱ་མ་ཀཱི༷་དང་། གླང་ཆེན་མ་ནི་སངས་རྒྱས་སྤྱན་མ་ཡང་ངོ་། །དེ་བཞིན་དུ་དྲི་ལྔ་དང་ལྡན་པའི་རྣལ་འབྱོར་པ་ཡང་ནི་རིགས་ལྔ་སྟེ་གླ་རྩིའི་དྲི་ནས་རྣག་གི་དྲིའི་བར་གྱི་གོ་རིམ་བཞིན་སེང་གེ་དང་། རི་དྭགས་དང་། རྟ་རུ་འགྱུར་ཏེ་ཁྱུ་མཆོག་དང་། གླང་པོ་ཆེ་ཡི་རིགས་ཀྱི་དབྱེ་བ་ལས་རིམ་བཞིན་མི་བསྐྱོད་པ་དང་། དོན་ཡོད་གྲུབ་པ་དྲི་མེད་ནོར་བུའི་ཕྱག་རིན་འབྱུང་དང་། ཕྱག་ན་པདྨ་སྣང་བ་མཐའ་ཡས་དང་། འཁོར་ལོ་ཅན་རྣམ་སྣང་གི་རིགས་སོ། །དེ་ནས་དེ་རྣམས་ཀྱི་ལུས་ཀྱི་མཚན་ཉིད་གསུངས་པ། ཡན་ལག་རྣམས་མི་སྦོམ་པར་ཕྲ་བ་དང་ལྡན་པ་དང་སྐྲ་རྣམས་ཉག་ཕྲ་ཞིང་རྐང་ལག་འཇམ་ལ། སེམས་ཅན་རྣམས་ལ་རང་བཞིན་གྱིས་མཉེས་གཤིན་པ་ནི་དཔལ་ལྡན་ཤིན་ཏུ་བཟང་མོ་ཞེས་པའི་རིགས་ཀྱི་མཚན་ཉིད་དེ། དྲི་ནི་གླ་རྩི་དང་འདྲ་བ་གོང་དུ་

p. 198

བཤད་པ་བཞིན་གཞན་བཞི་ལའང་ཤེས་བར་བྱའོ། །དེ་བཞིན་དུ་ཡན་ལག་ཅུང་ཟད་ཕྲ་བ་དང་ལྡན་པ་གང་ཞིག་ལུས་དང་ཡན་ལག་ཅུང་ཟད་རིང་ཞིང་མིག་ནི་གཡོ་བ་མེད་ལ་སྐྲ་ནི་འཁྱོགས་པ་སྟེ་ལི་བ་པདྨ་ཅན་ནོ། །སྐྲ་ལི་བ་ཞེས་པ་འདི་ལ་སྐྲ་མདོག་ཁམ་པ་སོགས་བཤད་ཚུལ་སྣ་ཚོགས་བྱས་པ་མཐོང་ཡང་དངོས་དོན་སྐྲ་རིང་པོར་བཞག་ཚེ་ཚོམ་ཚོམ་ནས་གཅུས་ཤིང་བསྒྲིམ་པ་ལྟར་གྱུར་པ་དེ་ཡིན་པར་ངེས་སྙམ་དུ་སེམས་ཏེ་གཞུང་གཞན་དུ་ནི་སྐྲ་གཡས་སུ་ལི་བ་ཞེས་དང་། སྐྲ་གཡས་སུ་འཁྱིལ་བ་སོགས་གསུངས་པ་དེ་ཡི་དོན་ཡིན་འདྲའོ། །ངོ་ཚ་བས་གཞེམ་བག་མེད་ཅིང་འདོད་པ་ཤུགས་དྲག་ལ་རྩོད་པ་མང་པོ་བྱེད་པ་ལ་དགའ་ཞིང་སྐྲ་ནི་བོང་ཤིན་ཏུ་ཆུང་བ་དུང་ཅན་མ་ཡི་རིགས་སོ། །ལུས་བོང་རིང་ཞིང་ཡན་ལག་ཐམས་ཅད་ཆ་ལག་ཡངས་པོར་རྫོགས་ལ་ངེས་པར་ལུས་དང་བསྐྱོད་པ་ཡང་བའི་སྤྱོད་ཡུལ་དང་ལྡན་ཞིང་སྐྲ་ནི་རིང་བ་སྣ་ཚོགས་མའོ། །འདིར་ཁ་ཅིག་ཡང་བ་དང་འོག་ཏུ་སྲ་བའི་དོན་སྐྱེ་གནས་དམ་མི་དམ་ལ་བཤད་པའང་སྣང་ངོ་། །ལུས་ཐད་ཀར་སྦོམ་ཞིང་བོང་ཐུང་ལ་ཡན་ལག་མཁྲེགས་ཤིང་བརྟན་ལྡན་བསྐྱོད་ཁ་མི་ཡང་བ་ཤིན་ཏུ་སྲ་བའི་སྤྱོད་ཡུལ་ལམ་སྐྱེ་གནས་ཤིན་ཏུ་སྲ་བའི་ཡུལ་དང་ལྡན་ཞིང་སྐྲ་ནི་སྦོམ་པ་གླང་ཆེན་མ་སྟེ། འདི་དག་སྒྲོལ་མ་སོགས་ལྷ་མོ་ལྔའི་རིགས་ཡིན་པ་ནི་གོང་དུ་སྨྲོས་ཟིན་པ་བཞིན་ནོ། །དེ་ལྟར་ཕོ་ཉ་མོ་རྣམས་ཀྱི་རང་གི་རིགས་ཀྱི་མཚན་ཉིད་གཞན་དང་མ་འདྲེས་པར་ཚང་བ་དག་པའི་རིགས་ནི་ཡུལ་དུས་གནས་སྐབས་འགའ་ཞིག་དག་ཏུ་འབྱུང་བ་འདིར་འགྱུར་གྱི། དུས་ཀུན་དུ་ནི་ཕལ་ཆེར་མཚན་ཉིད་འདྲེས་པའི་རིགས་སུ་འགྱུར་ཏེ་འོན་ཀྱང་ཤས་ཆེ་བའི་ཆ་ནས་རིགས་ངོས་གཟུང་བར་བྱའོ། །དེ་ལྟར་ཕོ་ཉ་མོ་རྒྱས་པར་རིགས་སོ་དྲུག་དང་བསྡུ་ན་ལྔར་འདུ་བ་ཤེས་པར་བྱའོ། །དེ་བཞིན་དུ་རྣལ་འབྱོར་པའི་རིགས་དག་ནི་སེང་གེ་དག་ཀྱང་འབྲོ༷ག་དགོན་པ་ན་གནས་ཤིང་། གླ་རྩིའི་དྲི་དང་ལྡན་ལ་ལྟོས་པ་ཅན་གྱི་ཡུལ་དང་རྣམ་པར་བྲལ་ཏེ་རང་གར་མོས་སུ་གནས་པ་དང་། གཞན་

p. 199

གང་ལ་ཡང་འཇིགས་པ་མེད་ལ་སྦྱིན་པ་གཏོང་བའི་ངང་ཚུལ་ཅན་ནོ། །འདི་མི་བསྐྱོད་པའི་རིགས་ཡིན་ལ་གཞན་བཞི་ཀར་ཡང་དོན་གྲུབ་སོགས་གོང་བཤད་ལྟར་ཤེས་པར་བྱའོ། །རི་དྭགས་ཀྱི་རིགས་ནི་པདྨའི་དྲི་དང་ལྡན་ཞིང་མགྱོགས་པར་འགྲོ་བ་དང་ལྡན་པ་དང་མི་བརྟན་པར་འགྱུར་བར་བྱེད་པ་ཡིན་ཞིང་ལུས་དང་སེམས་ཡང་བའི་སྤྱོད་ཡུལ་ཅན་བསྐྱོད་སླ་བ་དང་། དཔེར་ན་རི་དྭགས་རྣམས་བཞིན་དུ་དོགས་པ་དང་བཅས་པ་སྐྲག་པའི་སེམས་སུ་གྱུར་པ་ཅན་ཏེ། གཞན་ལ་ཤིན་ཏུ་འཇིགས་པའོ། །རྟ་ཡི་རིགས་ནི་ངེས་པར་འདོད་པ་སྤྱོད་པ་ལ་སྲེད་པར་འགྱུར་ཏེ་གཞན་གྱི་དབང་དུ་གྱུར་པ་དང་། གཅིན་གྱི་དྲི་བྲོ་བ་དང་། གཞན་དོན་གཉེར་བ་ལ་བརྩོན་པར་བྱེད་པའོ། །ཁྱུ་མཆོག་གི་རིགས་ནི་མིག་གི་ལྟ་བའམ་འཛུམ་པ་དལ་བུར་བྱེད་པས་རེངས་པ་ལྟ་བུའི་ཕྱིར་ན་རེངས་པའི་མིག་དང་། འགྲོས་མི་མྱུར་ཞིང་ཤུགས་མི་དྲག་ལ་དལ་བུར་འཇམ་པོར་འགྲོ་བས། དམན་པར་འགྲོ་བ་དང་ལྡན་པ་དང་། བེམ་པོའི་རང་བཞིན་གྱི་ཡོན་ཏན་བླུན་པོ་དང་ལྡན་ལ་ཉ་ཡི་དྲི་རུ་འགྱུར་རོ། །གླང་ཆེན་གྱི་རིགས་ནི་འདོད་པ་དང་ལྡན་ལ་ངེས་པར་དལ་བར་འགྲོ་བར་འགྱུར་ཏེ་རུལ་པའི་དྲི་དང་སེམས་ཤིན་ཏུ་རྨོངས་པའོ། །དེ་ལྟར་རྣལ་འབྱོར་པའི་རིགས་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཕྱེ་བ་རྣམས་ས་ཡི་སྟེང་གི་གནས་སུ་གནས་ལ་དེ་དག་གི་རིགས་ཀྱི་དྲི་ཡི་རང་བཞིན་ལྔ་པོ་དེ་དག་ཡིན་ནོ། །དེ་དག་དྲི་གཞན་དང་མ་འདྲེས་པ་དག་པའི་རིགས་ཡིན་ལ། དྲི་ཕན་ཚུན་འདྲེས་པ་ལས་རིགས་མི་འདྲ་བ་དུ་མར་འགྱུར་རོ། །དེ་ལྟར་ཕོ་ཉ་མོ་དེ་རྣམས་དགྱེས་པ་སྐྱེད་བྱེད་རྡོ་རྗེའི་མཆོད་པའི་དོན་དུ་འདོད་པའི་བསྟན་བཅོས་བདེ་ཞིང་ཆགས་པའི་ཡོན་ཏན་མང་པོའི་གནས་སུ་གྱུར་པ་ནི་རྣལ་འབྱོར་པ་ཡིས་ཤེས་ཤིང་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ན། རྣལ་འབྱོར་མ་དེ་དག་ལ་ཤིན་ཏུ་དགའ་བ་བྱས་ཀྱང་རྣལ་འབྱོར་པ་དེ་ལ། རྣལ་འབྱོར་མ་དེ་ཡིས་རྣལ་འབྱོར་པ་དེ་དག་གིས་ཤིན་ཏུ་ཆགས་པར་གྱུར་པས་སྦྱོར་པས་མཆོད་པས་མཆོད་ནས་

p. 200

མ་ཚིམ་བར་དུ་དངོས་གྲུབ་སྦྱིན་པར་མི་འགྱུར་ལ། འདོད་པའི་སྒྱུ་རྩལ་དང་ལྡན་པའི་རྡོ་རྗེའི་མཆོད་པས་ཤིན་ཏུ་ཚིམ་པར་བྱས་ན་དངོས་གྲུབ་རྒྱ་ཆེན་པོ་སྦྱིན་པར་འགྱུར་བ་དེའི་ཕྱིར་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་འདོད་པའི་བསྟན་བཅོས་ཤེས་པར་བྱའོ་ཞེས་པ་ནི་ངེས་པའོ། །དེ་ནས་ཕོ་ཉ་མོ་དྲུག་གི་རིགས་གསུངས་པ། མཛེས་མ་ཞེས་བྱ་བ་དང་། དེ་བཞིན་ལྷ་མོ་དང་ནི་ཤ་ཟ་མོ་དང་མི་མོ་དང་ནི་སྲིན་མོ་དང་ཀླུ་མོ་དག་སྟེ་རིགས་དྲུག་ཏུ་འགྱུར་རོ། །འདི་དག་དངོས་ནི་མཛེས་མ་ཡེ་ཤེས་ཀྱི་ལྷ་མོ་དང་གཞན་སོ་སོའི་རིགས་དེ་དང་དེ་ཡིན་ཡང་ཀྱང་འདིར་ནི་དེ་དང་དེ་ཡི་རིགས་སུ་གྱུར་པའི་མི་ཡི་ཕོ་ཉ་མོའི་མཚན་ཉིད་གསུངས་པ་ཡིན་ལ། དེ་དག་རྡོ་རྗེ་མ་དྲུག་གི་རིགས་སུ་གྱུར་པ་ཡིན་ཏེ། མཛེས་མ་དཔལ་ལྡན་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ཞེས་སུ་འགྱུར་ཏེ་ཡོན་ཏན་དབང་གིས་ལྷ་མོ་ནི་སྒྲ་ཡི་རྡོ་རྗེ་མའོ། །ཤ་ཟ་མོ་ནི་དྲི་ཡི་རྡོ་རྗེར་འགྱུར་ཏེ་མི་མོ་དག་ཀྱང་གཟུགས་ཀྱི་རྡོ་རྗེ་མ་ཞེས་པའི་རིགས་ཡིན་ནོ་ཀྱེ་མི་ཡི་དབང་པོ། རྒྱུད་གདུག་པ་སྲིན་མོ་གང་ཡིན་པ་དེ་ནི་ངེས་པར་རོ་ཡི་རྡོ་རྗེ་མ་དང་། ཀླུ་མོ་ནི་རེག་བྱ་རྡོ་རྗེ་མའོ། །དེ་དྲུག་གི་མཚན་ཉིད་གང་དང་ཅི་ལྟ་བུ་ཞེ་ན། མཛེས་མ་ཞེས་བྱ་བ་ནི་སེམས་ཅན་ལ་ཕན་པ་བྱེད་མ། བླ་མས་རྗེས་སུ་བྱིན་པའི་བརྟུལ་ཞུགས་ཉེར་ལྔ་སོགས་ཀྱི་ངེས་པ་ལ་དགའ་བ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་དང་ཚུལ་བཞིན་ཡིད་ལ་བྱེད་པའི་རྣལ་འབྱོར་གྱི་བསམ་གཏན་བསྒོམ་པའི་ངང་ཚུལ་ཅན་ནོ། །ལྷ་མོ་ནི་འདོད་པའི་ལོངས་སྤྱོད་སྣ་ཚོགས་ལ་ནི་རྗེས་སུ་ཆགས་པར་འགྱུར་པའི་ངང་ཚུལ་ཅན་ཏེ། ལུས་དང་གོས་ལ་དྲི་མ་དང་ལྡན་ཞིང་ལྷག་མ་ཡི་ཟས་ལ་ལྷག་པར་ཆགས་པ་ནི་ཤ་ཟ་མོའོ། །ཁ་ཅིག་ཤ་ཡི་དྲི་བྲོ་བ་དང་ལྡན་པར་ཡང་འཆད་དོ། །མི་མོ་ནི་འདོད་པ་བསྟེན་པ་ལ་ལྷག་པར་རྗེས་སུ་ཆགས་པ་མའོ། །སྲིན་མོ་ནི་མི་ཡི་ཁྲག་དང་ཤ་ཁྲག་ལ་མཆོག་ཏུ་དགའ་ཞིང་གཞན་གསོད་པའི་སེམས་དང་ལྡན་པ་མ་སྟེ། ཀླུ་མོ་དག་ཀྱང་འོ་མའི་ཟས་ལ་དགའ་བ་དཀར་

p. 201

མངར་ལ་ལྷག་པར་སྲེད་པ་ཅན་ནོ། །དེ་ལྟར་རབ་མཆོག་ས་ཡི་སྟེང་དུ་རིགས་དྲུག་གི་ཕྱག་རྒྱ་མ་དེ་དག་རྣལ་འབྱོར་པ་ཡིས་གནས་དང་ཉེ་གནས་ལ་སོགས་པར་སྙོམས་འཇུག་གིས་མཆོད་པར་བྱའོ། །རིགས་དྲུག་གི་ཕོ་ཉ་མོ་དེ་བཞིན་དུ་གཞན་དུ་ཙརྩི་ཀ་ལ་སོགས་པ་རྣམས་དང་། འདོད་མ་དང་ཕྱིར་འདོད་མ་ལ་སོགས་པའི་རང་བཞིན་རྣམས་ནི་སྒྲུབ་ཐབས་ལེའུར་འཆད་འགྱུར་ལྟར་སོ་སོའི་ཁམས་དང་ཀུན་སྤྱོད་ཀྱི་རང་བཞིན་ཡོན་ཏན་དབང་གིས་དེ་དང་དེའི་རིགས་སུ་གྱུར་པའི་དབྱེ་བ་རྣམས་ནི་རྣལ་འབྱོར་པ་ཡིས་རིག་པར་བྱ་ལ་ཐམས་ཅད་མཆོད་པའི་སྒོ་ནས་བསྟེན་པར་བྱའོ། །དེ་ལྟར་ས་ཡི་སྟེང་གི་གནས་སུ་མཁའ་ལ་སྤྱོད་པ་དང་ས་ལ་སྤྱོད་པ་རྣམས་ནི་རིགས་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཕྱེ་བ་དེ་ལྟར་ངེས་པའོ། །ད་ནི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་དང་རྣལ་འབྱོར་པའི་བཟའ་བཏུང་དང་ཚོགས་ཀྱི་འཁོར་ལོའི་དུས་སུ་མཆོད་པར་བྱ་བ་དམ་ཚིག་གི་རྫས་ཀྱི་ངེས་པ་གསུངས་པ། འདིར་ཆང་ཐམས་ཅད་ནི་ཤེས་རབ་ཡུམ་གྱི་རང་བཞིན་ཏེ་རྩ་ཁམས་བདེ་བའི་གྲོགས་ཡིན་ལ། དེ་ཡང་སྦྲང་རྩི་དང་བཅས་པ་སྦྲང་ཆང་དང་། བུ་རམ་ལས་སྐྱེས་པ་དང་། འབྲས་ལས་སྐྱེས་པ་འབྲས་ཆང་ཞེས་སམ་གཞན་ཡང་ཤིང་ལས་སྐྱེས་པ་ཞེས་ཏེ། དེ་ལས་གཞན་པའི་ནས་ཆང་ལ་སོགས་པ་བཅོས་པ་དང་སྦྱར་པའི་ཆང་གི་རིགས་ཐམས་ཅད་ཕྱག་རྒྱ་དང་བྲལ་བའི་སློབ་དཔོན་དགེ་སློང་ངམ་དགེ་ཚུལ་གང་ཞིག་འཐུང་བར་བྱེད་པ་དེ་ནི་མྱོས་པའི་ཡུལ་ཅན་དུ་འགྱུར་ལ། དེས་བརྟུལ་ཞུགས་འཇིག་པས་དེ་ལྟར་ཆང་བག་མེད་པར་འཐུང་བ་དེ་ནི་བདུད་ཀྱི་ཚོགས་ཀྱིས་བསྐོར་བ་ཉིད་དུ་གྱུར་པའོ། །གལ་ཏེ་ཚོགས་ཀྱི་འཁོར་ལོའི་དུས་སུ་ཡང་ཤེས་རབ་མེད་ན་ཆང་བཏུང་བ་ལ་ཡང་དེ་ལྟར་བཀག་པར་བཤད་དོ། །དེ་ཕྱིར་ཤེས་རབ་མ་རྣམས་ལྷག་པར་ལྡན་པ་ཚོགས་ཀྱི་འཁོར་ལོའི་དུས་སུ་དམ་ཚིག་གི་དོན་དུ་ཧ་ཅང་མྱོས་པར་མི་འགྱུར་བ་ཙམ་དུ་ཆང་འཐུང་བ་ནི་སྡིག་པའི་དྲི་མ་འཕྲོག་ཅིང་། དེ་ལྟར་དམ་ཚིག་གི་བཏུང་བའི་

p. 202

སྔགས་པ་རྣམས་ལ། རྣལ་འབྱོར་མ་རྣམས་ཀྱིས་དངོས་གྲུབ་སྦྱིན་པར་འགྱུར་རོ། །དེའི་ཕྱིར་ཕྱག་རྒྱ་མ་གང་སུ་ཡང་རུང་བ་ཆང་འཐུང་བའི་དུས་འདིར་ནི་དཀྱིལ་འཁོར་དང་ཚོགས་ཀྱི་འཁོར་ལོ་མེད་ཅིང་དམ་ཚིག་གི་རྫས་གཞན་ཤ་ལ་སོགས་པ་རྣམ་པར་བྲལ་བ་སྟེ་མེད་ན་ཡང་། བཏུང་པའི་སླད་དུ་ཆང་རབ་ཏུ་ཚོགས་པར་བྱ་སྟེ། རང་གིས་ཀྱང་གསུང་རྡོ་རྗེ་མཆོད་པའི་ཕྱིར་བཏུང་བར་བྱའོ་ཞེས་མདོར་ན་ཤེས་རབ་མ་དང་ལྡན་པའི་སྐབས་སུ་དམ་ཚིག་གི་བཏུང་བ་ཚུལ་བཞིན་བསྟེན་བྱར་གསུངས་སོ། །དེ་ཡང་རྣལ་འབྱོར་པའི་དམ་ཚིག་བཞི་ནི་བཏུང་བའི་དམ་ཚིག་ཆང་ལྔ་དང་། བཟའ་བའི་དམ་ཚིག་ཤ་ལྔ་བཟའ་བ་དང་། བདུད་རྩི་ལྔ་བཟའ་བ་གཉིས་སོ། །བྱ་བའི་དམ་ཚིག་རིགས་ཅན་ལྔ་གང་ལ་ཡང་སྙོམས་འཇུག་བྱེད་པ་སྟེ། ཆང་དང་ཤ་དང་འཁྲིག་པ་དང་བདུད་རྩི་བསྟེན་པ་བཞིའོ། །དམ་ཚིག་གི་རྫས་བསྟེན་པ་དེའི་ཕན་ཡོན་གསུངས་པ། ཀྱེ་རྒྱལ་པོ་ཞེས་བོས་ནས་རི་བོང་མཚན་མ་སྟེ་ཁུ་བ་གཅིག་པུ་ཐམས་ཅད་དུས་སུའམ་དུས་ཀུན་ཏུ་མི་འཕོ་བར་བསྟེན་པ་དག་གིས་འཆི་བའི་འཇིགས་པ་འཕྲོག་པར་བྱེད་ན། ཤེས་རབ་མའི་ཆོས་འབྱུང་ལ་གནས་པའི་ཉིན་མོར་བྱེད་པ་རྡུལ་དང་བཅས་པ་འདྲེན་ཅིང་མི་འཕོ་བར་བྱེད་པའི་རྣལ་འབྱོར་ལྡན་པ་དག་ནི་སྨྲོས་ཅི་དགོས་ཏེ་ཉི་ཟླའི་དྭངས་མ་དེ་དག་རླུང་གི་སྟོབས་ཀྱིས་བཟའ་བའམ་དྲངས་ཏེ་ཕྱིར་མི་འཕོ་བར་བྱའོ། །དེར་མ་ཟད་བྱང་ཆུབ་ཀྱི་སེམས་ཤེས་རབ་མའི་མཁར་འཕོས་པ་རྡུལ་དང་བཅས་པ་བླངས་ཏེ་ཟོས་པས་ཀྱང་འཆི་བའི་འཇིགས་པ་འཕྲོག་ནུས་སོ། །གཞན་ཡང་མི་བསྐྱོ༷ད་པ་དྲི་ཆུ་དང་། དོན་ཡོད་གྲུབ་པ་རྐང་དང་། རྒྱལ་བ་མཆོག་རྣམ་སྣང་བཤང་བ་དང་བཅས་པ་ཡི་བདུད་རྩི་ལྔའི་དྭངས་མ་རང་གི་ལུས་ལ་འཕོ་མེད་དུ་བཅིང་བ་ནི་རྣལ་འབྱོར་ཅན་གྱི་བྱ་བ་སྟེ་མཆོག་གོ། གཞན་དུ་ཉི་ཟླའི་དངས་མ་བཟའ་བར་བྱས་ཏེ་བསྟེན་པས་ཀྱང་བཅུད་ལེན་གྱི་ཡོན་ཏན་འབྱུང་བ་དང་། བདུད་རྩི་ལྔ་བ སྟེན་པའི་བཅུད་ལེན་རྣམས་ནང་ལེར་གསུངས་པ་ལྟར་དང་། ཁྱི༷་དང་རྟ་

p. 203

དང་བ་ལང་དང་གླང་པོ་ཆེའི་ཤ་དང་ལྡན་པ་འདི་དག་གཙང་དམེར་ཞེན་པའི་འདུ་ཤེས་ཀྱི་ཀུན་རྟོག་ངན་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་རྡོ་རྗེའི་དབྱུག་པ་ལྟ་བུ་སྟེ། ཟབ་མོ་སྔགས་ཀྱི་དགོངས་སྤྱོད་མི་ཤེས་པའི་ཕྱུགས་ཀྱི་སྐྱེ་བོ་རྣམས་ལ་འཇིགས་པ་སྦྱིན་པར་བྱེད་པ་ཡིན་པས་འདི་དག་དང་དུ་ལེན་མི་ནུས་པ་ཡིན་ཞིང་། བཤང་གཅི་རྐང་དང་སྒྲོན་མ་ཤ་ལྔ་ནི་དམ་ཚིག་བརྒྱད་ཡིན་ལ། དེའི་བརྒྱད་པ་སྔ་མ་བདུན་དངོས་སུ་སྨྲས་པ་ལས་གཞན་ནི་མི་རྣམས་ལ་ཤིན་ཏུ་འཇིགས་པ་དྲག་པོ་སྟེར་བ་ཤ་ཆེན་ནོ། །དམ་ཚིག་བརྒྱད་པོ་དེའི་སྟེང་དུ་གཉིས་ནི་གོང་བཤད་ཉི་མ་དང་ཟླ་བའམ་ཁུ་བ་དང་རྡུལ་ཡིན་ཏེ། དེ་ལྟར་སྒྲོན་མ་ལྔ་དང་བདུད་རྩི་ལྔ་པོ་འདི་དག་སྔགས་པ་རྣམས་ཀྱིས་བསྟེན་བྱའི་དམ་ཚིག་གི་རྫས་ཁྱད་པར་ཅན་ཡིན་ནོ། །འདི་དག་སྔགས་ཀྱི་དགོངས་སྤྱོད་དང་ལྡན་པས་ཇི་སྐད་བསྟན་པ་བཞིན་དུ་རང་གི་ནུས་པ་དང་ཚོགས་ཀྱི་འཁོར་ལོ་སོགས་ཀྱི་དུས་དང་བསྟུན་ནས་དམ་ཚིག་གི་ཆོ་ག་བཞིན་དུ་སྤྱད་ན་དངོས་གྲུབ་ཀྱི་རྒྱུར་འགྱུར་གྱི་དེ་ལས་རྣམ་པ་གཞན་དུ་གསང་བའི་སྤྱོད་པ་འཆལ་བ་ནི་བདུད་ཀྱི་ཕྱོགས་ཀྱིས་འཛིན་པར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་རྣལ་འབྱོར་མ་རྣམས་ཀྱི་གཟུགས་ཡོངས་སུ་བསྒྱུར་བའི་དམ་ཚིག་སུམ་ཅུ་རྩ་དྲུག་གསུངས་པ། ཁྱི་མོ་ནི་སྒྲོལ་མའོ། །དེ་བཞིན་རྟ་མོ་གོས་དཀར་མོ། བ་ལང་མོ་མཱ་མ་ཀཱི། གླང་པོ་ཆེ་མོ་སྤྱན་མ།རྡོར་དབྱིངས་མ་ནི་རིགས་སོ་དྲུག་སོགས་ཀྱི་གཟུགས་ཐམས་ཅད་འཛིན་པའོ། །ལུག་མོ་སྒྲ་རྡོ་རྗེ་མ་དང་། ར་མོ་རེག་བྱ་རྡོ་རྗེ་མ་དང་། རི་དྭགས་མོ་རོ་རྡོ་རྗེ་མ་དང་། བོང་བུ་མོ་གཟུགས་རྡོ་རྗེ་མ་དང་། ཕག་མོ་དྲི་རྡོ་རྗེ་མ་དང་། རྔ་མོ་ཆོས་ཁམས་རྡོ་རྗེ་མ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིགས་ཀྱི་དབྱེ་བས་འདི་དག་རྣམས་ཕྱོ༷གས་ཞེས་པ་སྟེ་བཅུའོ། །སྲོག་ཆགས་འདི་རྣམས་ཐང་ལ་གནས་པའོ། །དེ་བཞིན་དུ་ཆུ་སྲིན་ཀུམྦྷཱིར་ཞེས་པའི་མོ་ནི་ཙརྩི་ཀཱ་དང་། མགྲོན་བུ་མོ་ནི་ཁྱབ་འཇུག་མ་དང་། ཀུ་ལླི༷་ར་ཀརྐཊ་

p. 204

མོ་ནི་ཕག་མོ་དང་། ཉ་མོ་གཞོན་ནུ་མ་དང་། ཆུ་སྲིན་མ་ཀ་ར་མོ་ནི་དབང་མོ་དང་། སྦལ་པ་མོ་ནི་ཚངས་མ་དང་། རུས་སྦལ་མོ་ནི་དབང་ཕྱུག་མ་དང་། དུང་མོ་དཔལ་ཆེན་མོ་སྟེ་ཆུ་ལ་སྤྱོད་པ་འབྱུང་པོ་ལས་སྐྱེས་པ་བརྒྱད་དོ། །བསེ་རུ་མོ་ནི་ཤིན་ཏུ་སྟོབས་མ་དང་། སྟག་མོ་ནི་རྨུགས་བྱེད་མ་དང་། དོམ་མོ་རེངས་བྱེད་མ་དང་། ནེ༷་ལེ་མོ་ནི་ང་རྒྱལ་མོའམ་ཁེངས་བྱེད་མ་དང་བཅས་པ་དང་། འབྲི༷་མོ་ནི་རྡོ་རྗེ་ལྕགས་སྒྲོག་མ་དང་། ཅེ་སྤྱང་མོ་ཁྲོ་གཉེར་ཅན་མ་དང་ནི་སྲམ་མོ་འོད་ཟེར་ཅན་མ་དང་། བྱི་ལ་མོ་ཙུནྡཱ་དང་། འབྲོ༷ག་དགོན་པའི་ཁྱི༷་མོ་ཞེས་སྤྱང་མོ་ཤིན་ཏུ་སྔོན་མོ་དང་། འབྲོག་དགོན་པའི་སེང་གེ་མོ་ནི་དྲག་སྤྱན་མ་དང་བཅས་པ་རྣམས་ཁྲོ་བོ་སྐྱེས་ཏེ། གོང་བཤད་ནོར་ཏེ་བརྒྱད་དང་བཤད་མ་ཐག་པ་བཅུ་སྟེ་འདི་དག་ནི་རིམ་བཞིན་འབྱུང་པོ་ལས་སྐྱེས་པ་དང་ཁྲོ་བོ་ལས་སྐྱེས་པའོ། །གོ་དྷཱ་ནི་ད་ཕྱིད་མོ་སྟེ་ཁྱི་གདོང་མ་དང་། བྱི་བ་མོ་ཕག་གདོང་མ་དང་། ཤཱ་ལི༷་ཛཱ་ཏ་ཀ་གོང་བཤད་ལྟར་ལ་ཅེ་སྤྱང་གདོང་མ་དང་། སྤྲེ༷འུ་མོ་སྟག་གདོང་མ་དང་ནི་རི་བོང་མོ་བྱ་རོག་གདོང་མ་དང་། གཟུགས་མོ་ནི་བྱ་རྒོད་གདོང་མ་དང་། ཨི༷་ཥུ་ཀཱ་ནི་རྨིགས་པ་གོང་བཤད་ལྟར་མཁའ་ལྡིང་གདོང་མ་དང་། རྩངས་པ་མོ་ནི་འུག་གདོང་མ་སྟེ་བརྒྱད་ནི་ལྷ་མིན་ལས་སྐྱེས་པ་རྣམས་ཏེ། དེ་ལྟར་རྣལ་འབྱོར་མ་རྣམས་སོ་སོའི་དམ་ཚིག་དང་གཟུགས་ཡོངས་སུ་བསྒྱུར་བ་སྟེ། ས་ལ་སྤྱོད་པ་དང་ཆུ་ལ་སྤྱོད་པའི་དམ་ཚིག་ངེས་པའོ། །ད་ནི་མཁའ་ལ་སྤྱོད་པ་རྣམས་ཀྱི་དམ་ཚིག་གསུང་པ། གོང་དུ་ཁྱི་སོགས་བཞི་པོ་ཇི་ལྟ་བ་བཞིན་དུ་སྒྲོལ་མ་ལ་སོགས་པ་བཞི་པོ་ནི་ཁེངས་ལྡན་འདབ་ཆགས་ཙ་ཏ་ཀ་ཞེས་པ་རྭ་དང་འབྲོས་ཁུག་རྟ་ཞེས་སུ་བསྒྱུར། འགྱུར་མངས་སུ་རྨ་བྱ་ཟེར་ཡང་སྔ་མ་ལེགས་ཏེ་ཁུག་རྟ་དང་ནི་ནེ༷་ཙོ་དང་། ཁུ་བྱུག་དག་དང་ཤཱ་རི་ཀ་རི་སྐེ༷གས་བཅས་རབ་ཏུ་གསལ་བར་ཆུ་ཡི་གཏེར་ཏེ་བཞི་ནི་ཡུམ་བཞིའོ། །སྒྲ་རྡོ་རྗེ་ལ་སོགས་པ་དྲུག་ནི་གོང་གི་རིམ་པ་བཞིན་དུ། ལཱ་བ་ཞེས་པ་འབྲོས་གླ་བྱ་ཞེས་ཟེར་ཀྱང་རྭས་བྱ་ཝང་དུ་བསྒྱུར་བ་ལེགས་ཏེ་སྒྲ་རྡོ་རྗེ་

p. 205

མའོ། །དེ་བཞིན་རོ་ཡི་ཕུག་རོན་དང་གཞན་པ་གཟུགས་ནི་བྱ་དཀར་ཞེས་བྱ་བ་དང་། དྲིའི་ཙ་ཊ་ཀ་མཆིལ་བ་མོ་དང་། རེག་བྱའི་ངུར་བ་སེར་པོ་དང་ནི་ཆོས་ཁམས་རྡོ་རྗེ་མའི་ངང་པ་སྐྱ་བོ་དང་དྲུག་གོ། དཔལ་ལྡན་ཙ་མུན་ཏྲཱི་སོགས་རྣལ་འབྱོར་མ་བརྒྱད་ནི་ཙ་མུན་ཏྲིའི་ཁྲུང་ཁྲུང་མོ་དང་། ཁྱབ་འཇུག་མའི་ཁུ་བྱུག་མིག་ཅེས་པ་ཁུ་བྱུག་ཆེན་པོ་ཞེས་བཤད་པ་དང་། ཕག་མོའི་ར་ཛ་ཀཱི༷་སྲིན་བྱ་མོ་དང་། གཞོན་ནུ་མའི་བྷ་ག་བ་ཏཱི་ཞེས་པ་སྐྱུང་ཀ་དང་། དབང་མོའི་ཏི་ཏི་རི་སྲེག་པ་དང་། ཚངས་མའི་བཞད་ཅེས་པ་བྱ་དཀར་པོ་ལུག་ཙམ་པ་མགྲིན་པ་ན་དཀར་དམར་སེར་གསུམ་གྱི་རི་མོའི་འཕྲེང་བ་ཡོད་པ་ཧ་ཧ་ཞེས་པའི་སྒྲ་འབྱིན་པ་ཞིག་ཡིན་ཞེས་བཤད། དབང་ཕྱུག་མའི་ཆུ་ལ་འཇུག་པ་ནི་ཆུའི་བྱ་རོག་སྟེ་སོ་བྱ་རོག་པོ་ཟེར་བ་དེ་ཡིན་པར་བཤད་པ་དེ་དང་ནི། དཔལ་མོའི་ཆུ་སྐྱར་ཏེ་བརྒྱད་དོ། །ཀཾ་ཀ་ཟེར་བ་བརྟག །དེ་ལྟར་སྔ་མ་ལཱ་བ་སོགས་རོ་སྟེ་དྲུག་དང་བཅས་པའི་ཁྲུང་ཁྲུང་སོགས་ནོར་ཏེ་བརྒྱད་པོ་རྣམས་ནི་རིམ་པ་ཡིས་ནི་རྡོ་རྗེ་མ་དྲུག་དང་རྣལ་འབྱོར་མ་བརྒྱད་ཀྱི་དམ་ཚིག་གི་མཁའ་སྤྱོད་ཀྱི་རིགས་སུ་རིག་པར་བྱའོ། །དེ་བཞིན་ཁྲོ་སྐྱེས་བཅུའི་དམ་ཚིག་བཅུ་ནི། རྨུགས་བྱེད་མ་བྱ་རོག་དང་། རེངས་བྱེད་མ་བྱ་རྒོ༷ད་དང་། ཁེངས་བྱེད་མ་འུག་པ་དང་། ཤིན་སྟོབས་མ་རི་དྭགས་དགྲ་ཞེས་པ་ཧོར་བ་ཆེན་པོ་བྱ་གླག་དང་། འོད་ཟེར་ཅན་མ་གཙུག་ཕུད་ཅན་རྨ་བྱ་དང་། ཁ་ཅིག་གིས་པུ་ཤུད་དུ་བཤད། ཁྲོ་གཉེར་ཅན་མའི་བྱ་གག་ནི་ཁྱིམ་བྱ་དང་། ཙུན་དཱའི་བྷེ༷་ཏྲ་ཞེས་པ་ཙ་ཀ་སྟེ་འགྱུར་མངས་སུ་བོང་ཁྲ་ཞེས་སུའང་བསྒྱུར། ལྕགས་སྒྲོག་མའི་གྷ་ར་ཞེས་པ་འོལ་བ་དང་། དྲག་སྤྱན་མའི་ཧོ༷ར་པ་བྱེའུ་ཁྲ་སྟེ་བྱེའུ་གསོད་པའི་ཁྲ་ཡོངས་གྲགས་དང་། ཤིན་ཏུ་སྔོན་མོའི་ལྗོ༷ན་ཤིང་དགྲ་ནི་བྱ་ཤིང་རྟ་མོ་སྟེ་མཆུས་ཤིང་འབིགས་པར་བྱེད་པ་གཞན་ཏེ་ཁ་ཅིག་བྱ་རོག་འདྲ་བ་དེ་ལས་ཆེ་ཙམ་ཤིང་འབིགས་པ་ཞིག་ཡོད་པར་ཡང་བཤད། དེ་བཅུ་པོ་ནི་ཁྲོ་བོ་ལས་སྐྱེས་ཁྲོ་བོ་ཡི་ནི་རིགས་སུ་འགྱུར་རོ། །ཁྱི་གདོང་མ་སོགས་

p. 206

ལྷ་མིན་མོ་རྣམས་ཀྱི་དམ་ཚིག་གི་རྫས་བརྒྱད་ནི། ཁྱི་གདོང་མ་འདྲེ་བྱ་མིག་སྔོན་དང་། ཕག་གདོང་མ་ཡི་དཔལ་ལྡན་ཙ་ཀོ་ར་ཞེས་པ་ཟླ་བའི་བདུད་རྩི་འཐུང་བའི་རྒྱུ་མཚན་གྱིས་དུག་ཞི་བར་བྱེད་པའི་བྱ་ཞིག་ཡིན་ལ་ཀུ་མུ་དའི་ཆུ་འཐུང་བའི་བྱ་སྐྱ་ག་འདྲ་བ་ཞིག་རྒྱ་གར་ན་ཡོད་ཅེས་ཐར་ལོས་གསུངས་པ་དེ་དང་། གཞན་དག་གོང་མོ་ལ་བཞེད་དེ་དེས་ཀྱང་རུང་བ་འདྲའོ། །ཅེ་སྤྱང་གདོང་མའི་ཨ་ནི་ལ་མཁའ་ལྡིང་ཨ་ནི་ལ་ཡིན་ཡང་ཟེར། ནཱི་རིང་ཆ་ཅན་དུ་བྱས་པ་ལྟར་ན་མི་སྔོ་བ་ཞེས་སུ་འགྱུར་ལ། སྒྲ་གཅིག་ཀྱང་དོན་ཐ་དད་ལ་འཇུག་པ་ཡོད་པས། ཤིན་སྔོན་མའི་ཤིང་རྟ་འདྲེན་པའི་མཁའ་ལྡིང་མདོག་ལྔ་པ་དེ་ཡིན་པའི་ངེས་པ་མེད་ལ ། ཁ་ཅིག་གིས་བྱ་གོ་བོ་ཡིན་པར་ཡང་བཤད་པ་དང་། སྟག་གདོང་མ་ཡི་གུ་ད་མུ་ཁ་ཞེས་པ་སྤྱང་གདོང་དུ་བསྒྱུར་ཏེ་ཕ་ཝང་དང་། ཆག་འགྱུར་དུ་བ་གྷུ་ལ་ཞེས་པ་བྱ་མ་བྱིས་ཡིན་པར་བཤད། བྱ་རོག་གདོང་མའི་བུག་ཀི༷་ཞེས་པ་རྭ་འགྱུར་དུ་དཱ་དཱ་པཱུ་ཧ་ཞེས་ནེ་ཙོར་བྱས་ཀྱང་གོང་དུའང་ཡོད་པས་བརྟག་བྱ་རྒོད་གདོང་མའི་རྐང་སྟེང་ཉལ་ཞེས་པ་ཊི་ཌི་བྷི ག་སྟེ་བྱེའུ་ཅོ་ཀ་དང་། ཁ་ཅིག་མཐིང་རིལ་ཡང་ཟེར། མཁའ་ལྡིང་གདོང་མའི་བྷེ༷་རུནྜ་ཞེས་པ་རྒྱ་མཚོ་ཆེན་པོར་གནས་པའི་བྱ་ཆེན་པོ་བྲུན་ཤིན་ཏུ་དྲི་ཞིམ་པ་ཞིག་ཡོད་པར་བཤད་པ་དེ་དང་། འུག་གདོང་མའི་ཨྃ་བ་རཱི༷་ཀ་ཞེས་པ་འདི་ཡི་གསལ་ཁ་བཤད་པ་མ་མཐོང་ལ། ཁ་ཅིག་གིས་ཁྲུང་ཁྲུང་དུ་རིགས་ཀྱང་སྔར་བཤད་པས་བརྟག་ཅེས་ཟེར། དེ་ལྟར་ཨམ་བ་རི་ཀ་ནི་བརྒྱད་པ་སྟེ་འདི་དག་ལྷ་མིན་མོ་བརྒྱད་ཀྱི་དམ་ཚིག་མཆོག་གི་འདབ་ཆགས་སུ་འགྱུར་རོ་མི་ཡི་བདག་པོ་ཀྱེ་ཞེས་བོད་པའོ། །འགྲེལ་པར་བྱ་རོག་གདོང་མ་ལ་སོགས་པ་ལྷ་མིན་མོ་རྣམས་ཀྱི་འདབ་ཆགས་བརྒྱད་དུ་འགྱུར་རོ་ཞེས་གསུངས་པ་ནི་བྱ་རོག་གདོང་མ་དང་པོར་བྱས་ནས་བརྩི་བའི་དོན་ཡིན་པ་མི་འདྲ་སྟེ། གོང་དུ་ཁྱི་གདོང་མ་ལ་སོགས་པ་ལྷ་མིན་རྣམས་ཀྱི་དམ་ཚིག་བརྒྱད་ནི་ཞེས་གསུངས་པས། འདིར་ཕྱི་མ་འདབ་ཆགས་ཀྱི་གདོང་ཅན་བཞིས་

p. 207

མཚོན་ནས་བསྟན་པ་འདྲའོ་སྙམ་མོ། །དེ་ལྟར་སུམ་ཅུ་རྩ་དྲུག་རིགས་ཀྱི་དབྱེ་བས་ས་ཡི་སྲིད་པ་འདི་ལ་གནས་པའི་ས་ལ་སྤྱོད་པ་དང་མཁའ་ལ་སྤྱོད་པ་རྣམས་ཀྱི་རིགས་སུ་གྱུར་པའི་དམ་ཚིག་སྟེ་གོང་བཤད་དམ་ཚིག་ས་སྤྱོད་མཁའ་སྤྱོད་སོ་དྲུག་བསྡོམས་པས། དམ་ཚིག་བདུན་ཅུ་རྩ་གཉིས་པོ་དེ་ཡི་ཤ་མཐའ་དག་རྣམས་ནི་མཆོད་པའི་དུས་སུ་རྣལ་འབྱོར་པ་ཡིས་བཟའ་བར་བྱ་ཞིང་རྣལ་འབྱོར་མ་རྣམས་ལ་ཚོགས་སུ་འབུལ་བར་བྱའོ། །རྣལ་འབྱོར་པ་རྨོངས་པས་སེམས་གཏི་མུག་པར་གྱུར་པ་དག་ལས་རྣལ་འབྱོར་མ་རྣམས་ཀྱིས་ཤ་འདི་དག་ཚོགས་འཁོར་སོགས་ཀྱི་དུས་སུ་དམ་ཚིག་གི་རྫས་སུ་བྱིན་པར་གྱུར་པ་གལ་ཏེ་སྤངས་ཤིང་མ་ཟོས་ན་ཀྱེ་མི་ཡི་བདག་པོ་དམ་ཚིག་གི་རྫས་ལ་མི་གཙང་བར་བལྟས་ནས་སྨོད་ཅིང་འདོར་བའི་རྣལ་འབྱོར་པ་དེ་མྱུར་དུ་ཉམས་པར་རབ་ཏུ་འགྱུར་རོ་ཞེས་གསུངས་ཏེ། སྔོན་པུ་ཧྲངས་ལོ་ཆུང་གི་སློབ་མ་སྒོམ་ཆེན་ཞིག་འ་ཞ་རྒྱ་གར་བརྩེགས་པ་དང་མར་པ་དོ་བ་སོགས་དང་འགྲོགས་ནས་བལ་པོ་ཕམ་མཐིང་པའི་དྲུང་དུ་ཕྱིན་པའི་ཚེ། སྒོམ་ཆེན་དེ་མཁའ་འགྲོ་མའི་ཚོགས་གྲལ་དུ་བཅུག་ནས། མཛེ་བོའི་ཤ་བྱིན་པ་སྐྱུག་བྲོ་ནས་མ་ཟོས་པས་ཞོ་བྱིན་པ་འཐུངས་སོ། །དེ་བླ་མ་ལ་ཞུས་པས་བོད་ངན་པ་དངོས་གྲུབ་ལེན་མ་ཤེས་ཞེས་གསུངས་ཏེ། ཞོ་དེ་ཁོ་རང་གི་ཀླད་པ་ཡིན་པར་འདུག་སྟེ་དེ་མ་ཐག་ཤི་ཞེས་གྲགས་པ་སོགས་འདི་འདྲའི་ལོ་རྒྱུས་དུ་མ་ཡོད་པ་ལྟ་བུའོ། །དེ་ནས་ལུས་ཀྱི་ཆ་ཤས་ཀྱི་དམ་ཚིག་གི་མཆོད་པ་གསུངས་ཏེ། སོ་དང་སྐྲ་དང་པགས་པ་ལ་སོགས་པ་ཤ་དང་བཅས་པ་དང་། ཆུ་རྒྱུས་དང་བཅས་པ་དང་། རུས་པ་དང་། སྙིང་ངམ་གྲོད་པ་ཡང་ཟེར་བ་དང་། པདྨ་སྟེ་སྐྱེ་གནས་དང་། ཤིག་དང་། བ་སྤུ་དང་། ལུས་ཀྱི་སྲིན་བུ་དག་དང་ཀྱེ་རབ་མཆོག་མི་ཡི་བདག་པོ་གློ༷་བ་དང་། རྒྱུ་མ་དང་། ཆུ་སོ་སྟེ་ཆུ་ལམ་དག་དང་། འགྱུར་གཞན་དུ་རྫི་ཤ་ཡང་ཟེར་ལུས་ཀྱི་བད་ཀན་བེ་སྣབས་ཀྱི་རྣམ་པ་དང་འགྱུར་གཞན་ཀླད་པའང་ཟེར། མཁྲིས་པ་དང་། ལུས་ཀྱི་ཆུ་དང་འགྱུར་གཞན་

p. 208

མཆིན་པའང་ཟེར། རྣག་དང་ཁམས་སྣ་ཚོགས་པའི་ལུས་ལ་གནས་པ་ཁྲག་དང་། རྔུལ་དང་། ཚིལ་བུ་དང་། མཆི་མ་དག་དང་། མཆིལ་མ་དང་། སྣབས་དང་། དྲི་ཆུ་དང་། ཆུ་སེར་དང་། སྣུམ་ཞག་དང་། ལུས་ཀྱི་སྣ་ཚོགས་པའི་ཁམས་ལ་གནས་པའི་ཁ་དོག་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། བཤང་བ་དང་། ལྕེ༷་དང་མིག་དང་རྣ་བ་དང་། སྣ་དང་རི་བོང་ཅན་ཁུ་བ་དང་བཅས་པ་དང་། ཉིན་བྱེད་རྡུལ་ཏེ་དམ་ཚིག་གི་རྫས་འདི་རྣམས་ཀྱིས་ལྷ་རྣམས་ལ་ཚོགས་ཀྱི་འཁོར་ལོའི་དུས་སུ་རྣལ་འབྱོར་པ་རྣམས་ཀྱིས་སྦྱང་རྟོགས་སྤར་བས་བདུད་རྩིར་བྱས་ནས་མཆོད་པར་བྱའོ། །དེ་ལྟར་ལུས་ལས་བྱུང་བའི་མཆོད་པ་དེ་ཉིད་ས་བོན་གྱི་ཡི་གེ་སོ་དྲུག་དང་། ཐབས་ཤེས་ཀྱི་རིགས་སོ་དྲུག་དང་། བྱང་ཆུབ་ཀྱི་ཆོས་རྣམས་སུ་རྣམ་པར་དག་པ་གསུངས་པ་ནི། སུམ་ཅུ་རྩ་དྲུག་གི་ཡི་གེ་རྣམས་ནི་ནམ་མཁའ་སོགས་ཀྱི་རང་བཞིན་གྱི་ཡོན་ཏན་དབང་གིས་ཁམས་སོ་དྲུག་གི་ས་བོན་དུ་གྱུར་པ་སྟེ། ང་གྷ་ག་ཁ་ཀ ནམ་མཁའ་དང་། དེ་བཞིན་ཉ་སོགས་ལྔ་རླུང་། ཎ་སོགས་ལྔ་མེ། མ་སོགས་ལྔ་ཆུ། ན་སོགས་ལྔ་ས། ྈྐ་་ཤ་ཥ་གྲས། ཧ་ཡ་ར་ཝ་ལ་ཀྵ་རྣམས་ཡེ་ཤེས་ཀྱི་ཁམས་ཏེ་སྡེ་པ་དྲུག་གི་ཡི་གེ་སུམ་ཅུ་དང་ཧ་སོགས་བཅས་སོ་དྲུག་གོ། འདི་དག་གསལ་བྱེད་ཐབས་ཀྱི་ཆ་ནས་བསྟན་པའི་ཤེས་རབ་རྣལ་འབྱོར་མ་རྣམས་ཀྱི་ས་བོན་ཏེ། ཁྱབ་བྱེད་བཅོམ་ལྡན་འདས་མ་དང་བཅས་པའི་སུམ་ཅུ་རྩ་བདུན་ནི་བྱང་ཕྱོགས་སོ་བདུན་རྣམས་གང་ངོ་། །ཤེས་རབ་དབྱངས་ཀྱི་ཆ་ནས་བསྟན་པའི་རྣལ་འབྱོར་པའི་རིགས་སོ་དྲུག་གི་ས་བོན་ནི། ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿཞེས་རྩ་བའི་དབྱངས་རིང་ཐུང་དང་། ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨ་ལ་ཨཱལ་ཨཾ་ཨཿ ཞེས་ཡོན་ཏན་དང་འཕེལ་བའི་དབྱངས་ཐུང་རིང་དང་། ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿཞེས་པ་བསྒྱུར་བའི་དབྱངས་ཐུང་རིང་བཅུ་གཉིས་ཏེ་སོ་དྲུག་ཏུ་འགྱུར་རོ། །དེ་ལྟར་ཁྱབ་བྱེད་གཙོ་བོ་ཡབ་ཡུམ་བཅས་པའི་སོ་བདུན་ནི་བྱང་ཆུབ་ཕྱོགས་ཀྱི་

p. 209

ཆོས་རྣམས་ཀྱང་ཡིན་ནོ། །དེ་བཞིན་དུ་གཞི་དུས་སུ་སུམ་ཅུ་རྩ་དྲུག་ཁམས་ཀྱི་དབྱེ་བ་མཐའ་དག་ལུས་ལ་གནས་པའི་ཐབས་ཤེས་ཀྱི་རིགས་སོ་དྲུག་དང་དེ་དག་གི་མཚན་མ་སོ་དྲུག་དང་ཕྱག་རྒྱ་སོ་དྲུག་དང་། སུམ་ཅུ་རྩ་དྲུག་གི་རིགས་ཀྱི་རྣལ་འབྱོར་རྒྱུད་ནི་ས་གཞི་དག་ལ་གནས་པ་རྣམས་ཏེ་ཀ་རྡོ་རྗེ་ལ་སོགས་པའི་རྒྱུད་ཀྱི་རིགས་སོ་དྲུག་གོ། འདིར་ནི་དེ་བཞིན་དུ་རྣལ་འབྱོ༷ར་མ་རྣམས་ཀྱི་རྒྱུད་ཀྱང་སོ་དྲུག་ཏུ་རིགས་པར་བྱ་ལ། རྣལ་འབྱོར་དང་རྣལ་འབྱོར་མའི་རིགས་ཀྱི་རྒྱུད་སོ་དྲུག་ཏུ་བཤད་པ་དེ་དག་རང་རང་གི་རིགས་གཙོ་བོ་གཞན་དང་མ་འདྲེས་པ་དག་པའི་རིགས་ཀྱི་དབང་དུ་བྱས་པ་ཡིན་གྱི། དེ་ལས་འཕྲོས་པའི་རྒྱུད་ལྷག་མའི་རིགས་ནི་མ་འདྲེས་པའམ་དག་པའི་རིགས་སུ་མི་འགྱུར་ཏེ། ས་བོན་ཡང་མ་འདྲེས་པ་རྩ་པའི་ཡི་གེ་སོ་དྲུག་གི་ཚུལ་ཅན་མ་ཡིན་པར་གསལ་བྱེད་སྣ་ཚོགས་འདྲེས་པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །དེས་ན་ལྷ་དང་སྔགས་ཀྱི་རྒྱུད་རྣམས་ནི་རིགས་གཅིག་ལས་ལྔ་ལ་སོགས་པ་ནས་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རིགས་ཀྱི་བར་དུ་འགྱུར་བས་ཚད་མེད་དེ། དེ་མཚོན་བྱེད་ས་བོན་གྱི་ཡི་གེ་ཡང་རྩ་བ་དབྱངས་གསལ་གྱི་ཡི་གེ་སུམ་ཅུ་སོ་དྲུག་པ་མཚན་གཉིས་པོ་ཕན་ཚུན་འདྲེས་པ་ལས་རྣམ་པ་ཤིན་ཏུ་མང་པོར་འགྱུར་བའི་ཚུལ་གྱིས་མཚོན་ནས་ཤེས་པར་བྱའོ། །དེ་ལྟར་རིགས་ཐམས་ཅད་ཀྱི་ཁྱབ་བདག་རིགས་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་བྲི་བ་དང་རྣལ་འབྱོར་མ་རྣམས་མཆོད་པ་ནི་ཟླ་བ་སོ་སོའི་ཉ་ལ་བྱའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ནས་ཚོགས་ཀྱི་འཁོར་ལོ་འདུས་པ་ལ་མཆོད་པའི་རྣམ་གྲངས་གཞན་ཡང་གསུངས་པ། ཆུ་གཙང་མས་བཀང་བའི་སྣོད་དང་། དེ་བཞིན་མཆོད་ཡོན་དང་དྲི་དང་། སྤོས་དང་། མེ་ཏོག་དང་ནི་འབྲས་བུ་དང་འབྲུ་མ་ཉམས་པ་ཡི་སྣོད་དང་། མར་མེ་དང་། ལྷ་བཤོ༷ས་དག་དང་། འདིར་ནི་ན་བཟར་འགྱུར་ཏེ་བཅུ་པོ་དེ་རྣམས་སྣོད་བཅུར་བཤམས་པ་ནི་ཚོགས་ཀྱི་འཁོར་ལོ་ལ་འདུས་པ་དང་དཀྱིལ་འཁོར་གྱི་འཁོར་ལོའི་

p. 210

ལྷ་རྣམས་དག་ལ་ཡང་མཆོད་པའི་དོན་དུ་འབུལ་བར་བྱ་སྟེ་ཕྱིའི་མཆོད་པའོ། །དེ་བཞིན་དུ་ནང་གི་མཆོད་རྫས་རྣམ་པ་བཅུ་ནི། རྡོ་རྗེ་ལུས་ལས་བྱུང་བ་ཁུ་བ་དང་ནི་གཅིན་དང་རྐང་དང་བཤང་བ་དག་དང་ཤ་དང་མཆིན་པ་དག་དང་། མཁྲིས་པ་དང་། ཁྲག་དང་ནི་རྒྱུ་མ་དང་པགས་པ་རྣམས་ནི་ཀྱེ་རྒྱལ་པོ་མཆོད་པའི་དམ་རྫས་རྣམ་པ་བཅུ་རུ་འགྱུར་ཏེ་ཚོགས་ཀྱི་འཁོར་ལོ་ལ་མི་དང་ལྷ་རྣམས་འདུས་པ་དག་ལ་ཡང་མཆོད་པར་བྱའོ། །མཆིན་པ་ཞེས་པ་ལ་ཁ་ཅིག་སྙིང་དང་ཁ་ཅིག་མཚེར་པ་ཞེས་འདོན་པར་སྣང་ངོ་། །དེ་ནས་སྒྲོལ་མ་ལ་སོགས་པའི་རིགས་ལས་སྐྱེས་པའི་རྣལ་འབྱོར་མ་རྣམས་ཀྱི་མཚན་མ་གསུངས་ཏེ། མཚན་མ་འདི་དག་གིས་རྣལ་འབྱོར་མ་དེའི་རིགས་ཤེས་པར་འགྱུར་བས་ན། ཚོགས་ཀྱི་འཁོར་ལོ་ལ་འདུས་པའམ། གཞན་གྲོང་ངམ་གྲོང་ཁྱེར་དུ་གནས་པའི་རྣལ་འབྱོར་མ་རྣམས་ཀྱི་དཔྲལ་བའམ། ཕྲག་པ་གཡས་གཡོན་ནམ། དཔྱི་གཡས་གཡོན་ཏེ་ལུས་ཀྱི་གནས་ལྔ་རུ་ཤ་མདོག་མི་འདྲ་བའི་མཚན་མའམ། གང་ཡང་ལག་པའམ་རྐང་པའི་གནས་སུ་རང་རང་གི་མཚན་མའི་རི་མོ་ཡོད་པ་དེས་རྣལ་འབྱོར་མའི་རིགས་དེ་ཉིད་ཤེས་པར་གྱུར་པས་དེའི་ཆེད་དུ་སྐྱེས་པ་དང་བུད་མེད་ཀྱི་མཚན་ཉིད་བརྟག་པ་བསླབ་ནས། ལག་རིས་སོགས་བརྟག་པ་ལ་ཞུགས་པའི་ཐབས་དེས་བུད་མེད་རྣམས་ཀྱི་རང་རང་གི་ལག་པ་བསྟན་ནས་མཚན་ཉིད་རྟོགས་སུ་འཇུག་པ་ན། ལག་རིས་བརྟག་པ་དེའི་ཟོལ་གྱིས་རང་གིས་བརྟག་བྱ་རྣལ་འབྱོར་མའི་མཚན་མ་བུད་མེད་དེའི་ལུས་སམ། རྐང་ལག་གི་མཐིལ་ན་གནས་པ་དང་། མོ་རང་གི་ཁྱིམ་དུ་རིགས་ཀྱི་མཚན་མ་གང་དང་གང་འབྲི་བའི་མཚན་མ་ལས། རྣལ་འབྱོར་མའི་མཚན་ཉིད་རིག་པར་བྱའོ། །རྣལ་འབྱོར་མའི་མཚན་ཉིད་རིག་པར་བྱའོ། །དེ་ལ་རྣལ་འབྱོར་མ་རྣམས་ཀྱི་མཚན་མ་ནི་འདི་ཡིན་ཏེ། རྡོ་རྗེ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མཚན་མའོ། །མཚན་མ་དེ་གོང་བཤད་སྐྱེ་བའི་གནས་ལྔར་

p. 211

ཤ་ཡི་ཁ་དོག་མི་འདྲ་བའི་རྣམ་པ་རྡོ་རྗེ་ལྟ་བུ་ཡོད་པའམ། རྐང་ལག་གི་མཐིལ་ཆ་རྡོ་རྗེའི་རི་མོ་གསལ་བར་ཡོད་པ་མཐོང་ན་དེ་ནི་ནམ་མཁའི་ཁམས་རྡོར་དབྱིངས་མའི་རིགས་ཅན་མར་ཤེས་པར་བྱ་བ་དང་ནི། དེ་བཞིན་དུ་སྦྱར་ཏེ་སྒྲོལ་མའི་རལ་གྲི༷་དང་། གོས་དཀར་མོའི་མདའམ་རིན་པོ་ཆེ་དང་། མཱ་མ་ཀིའི་པདྨ་འདབ་མ་བརྒྱ་བ་དང་ཇོ་འགྱུར་བརྒྱད་པ་ཞེས་སོ། །མཚན་མ་ལྔ་པ་སངས་རྒྱས་སྤྱན་མའི་འཁོར་ལོའི་མཚན་མ་སྟེ། དེ་ལྟར་རླུང་མེ་ཆུ་སའི་རིགས་ལས་སྐྱེས་པ་ལྔའི་མཚན་མ་ཤེས་པར་བྱའོ། །དེ་བཞིན་དུ་ཡུལ་དྲུག་གི་རིགས་རྡོ་རྗེ་མ་དྲུག་གི་མཚན་མ་ནི། སྒྲ་རྡོ་རྗེ་མའི་རྒྱུད་མངས་དང་ན། གཟུགས་རྡོ་རྗེ་མའི་མེ་ལོང་དང་། རོ་རྡོ་རྗེ་མའི་སྣོད་དུ་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་དྲི་རྡོ་རྗེ་མའི་མེ་ཏོག་ཕྲེང་བ་དག་དང་རེག་བྱ་རྡོ་རྗེ་མའི་གོས་དང་མཚན་མ་དྲུག་པ་ནི་ཆོས་ཁམས་རྡོ་རྗེ་མའི་ཆོས་འབྱུང་སྟེ་མཚན་མ་འདི་དག་ངེས་པར་ལག་པའི་མཐིལ་དུ་ཡོད་པར་འགྱུར་ཏེ་སྒྲ་ཡི་རྡོ་རྗེ་ལ་སོགས་པ་དྲུག་གི་མཚན་མའོ། །ལག་མཐིལ་ནི་གཙོ་བོར་མཚོན་པ་སྟེ་སྐྱེ་བའི་གནས་ལྔ་དང་མཐིལ་བཞི་གང་དུ་ཡོད་ཀྱང་འདྲའོ། །དེ་བཞིན་དུ་ཙརྩི་ཀཱའི་གྲི༷་གུག་ལ་སོགས་པ་སྟེ་ཁྱབ་འཇུག་མའི་བུམ་པ་ཞེས་དང་། དེ་བཞིན་དུ་ནི་བཅུ་གཟར་ཞེས་བཅུ་བར་བྱེད་པའི་གཟར་བུའོ། །གཞོན་ནུ་མའི་རིགས་ཅན་གྱི་གོས་ནི་མདོག་སེར་པོ་དང་། དབང་མོའི་ཁབ་བམ་ཡང་ན་ཐོ་བ་སྟེ་ཁ་ཅིག་དབུར་ཐེ་ཞེས་ཤོག་ཤོག་སོགས་དབུར་བའི་རྡོ་བ་ལྟ་བུ་ལ་ཡང་འཆད། དེ་ལྟ་བུའི་མཚན་མ་ལག་མཐིལ་སོགས་སུ་རབ་ཏུ་གསལ་བར་འགྱུར་ཞིང་། ཚངས་མའི་ནི་ངེས་པ་དག་ཏུ་ཉ་ཡི་རྒྱ་དང་། དྲག་མོའི་རྩེ་གསུམ་སྟེ་དཔལ་མོའི་མཚན་མ་ནི་ཐམ་བརྒྱད་པ་ཡིན་ལ་དེ་ནི་རྡོ་བ་གྲུ་བཞི་པར་འགྱུར་ཏེ། ཞེས་པ་ལ་རས་སོགས་ཆུ་བླུག་ནས་བརྡུང་བའི་གཞི་རྡོ་འཇམ་གྲུ་བཞི་ཡིན་ཞེས་སྔ་མ་དག་ཟེར། ཀྱེ་མི་ཡི་བདག་པོ་མཚན་མ་བརྒྱད་པོ་དེ་རྣམས་ནི་འབྱུང་པོ་ལས་སྐྱེས་པ་རྩི་ཀཱ་སོགས་རྣལ་འབྱོར་མ་

p. 212

བརྒྱད་རྣམས་ཀྱི་མཚན་མའོ། །དེ་ནས་རྨུགས་བྱེད་ལ་སོགས་ཁྲོ་སྐྱེས་རྣམས་ཀྱི་མཚན་མ་གསུངས་པ། རྨུགས་བྱེད་མའི་དམར་པོ བྱུག་པའི་སྣོད་ཉིན་མོར་བྱེད་པ་དང་མཚུངས་པ་དམར་པོ་ཟླུམ་པོའོ། །འདི་སྨུག་རྩིའི་སྣོད་དེ་འཁུར་བ་སོགས་སུ་བྱུག་རྒྱུའི་རྒྱ་སྐྱེགས་སོགས་ཚོན་བཞག་པའི་སྣོད་དོ། །རེངས་བྱེད་མའི་དར་གྱི་སྲིན་བུ་དང་། ཁེངས་བྱེད་མའི་ཀུ་ཤ་དང་། ཤིན་སྟོབས་མའི་ཆུ་གྲི༷་དང་ནི་འོད་ཟེར་ཅན་མའི་མཐིལ་ལྷམ་དག་དང་ཙུན་དཱའི་སྐྲ་འབྲེག་པའི་སྤུ་གྲི༷་ཞེས་བྱ་བ་དང་། དེ་བཞིན་དུ་ཁྲོ་གཉེར་ཅན་མའི་ཤིང་ལྷྭམ་དག་དང་། རྡོ་རྗེ་ལྕགས་སྒྲོག་མའི་གདུགས་དང་ནི། དྲག་སྤྱན་མའི་ཏོག་ཙེ༷་སྟེ་ས་བརྐོ་བའི་འཇོར་དང་ནི་ཤིན་ཏུ་སྔོན་མོའི་འོད་མའི་དབྱུག་པ་སྟེ། ཁ་ཅིག་སྨྱུག་གླིང་དུ་ཡང་བཤད། དེ་ལྟར་ཁྲོ་སྐྱེས་རྣམས་ཀྱི་རང་རང་གི་མཚན་མ་བཅུ་རུ་རབ་ཏུ་འགྱུར་རོ། །འགྲེལ་པར་རྣམ་གཉིས་ལས་ཀྱི་དབང་པོ་རྣམས་ཀྱིའོ་ཞེས་པའི་དོན་ལས་དབང་ལྔ་ལ་དབྱེ་བ་བཅུར་བྱས་པ་རྣམ་པར་དག་པ་སྟེ། ལྕེ་དང་ལྕེའུ་ཆུང་ལག་པ་གཉིས། རྐང་པ་གཉིས། བཤང་ལམ་གཡས་གཡོན་གཉིས་གཅི་བ་དང་ཁུ་བའི་རྩ་ལ་དབྱེ་བས་བྱ་བ་རྣམས་སོ། །དེ་བཞིན་དུ་ལྷ་མིན་རྣམས་ཀྱི་མཚན་མ་ནི། ཁྱི་གདོང་མའི་བ་ལང་གི་རྭ་དང་། ཕག་གདོང་མའི་སའི་ཁམ་ཕོར་དང་། ཅེ་སྤྱང་གདོང་མ་རྒྱུད་ལྡན་ཞེས་པ་གཞུ་དང་པི་ཝཾ་སོགས་ལ་གོ་རུང་ཡང་འགའ་ཞིག་གིས་ཐགས་བྲན་པའི་ཡོ་བྱད་ལ་བཤད་ཀྱང་། རི་དྭགས་འཛིན་པའི་རྙི་དང་རྒྱ་ལྟ་བུའི་ཐག་པ་བྲེས་བ་ཡིན་པ་འདྲ་སྙམ་མོ། །སྟག་གདོང་མའི་འཕང་དང་། བྱ་རོག་གདོང་མའི་ཤ་ཡི་གསལ་ཤིང་སྟེ་ཤིང་རྩེ་རྣོན་ལ་ཤ་དུམ་བརྒྱུས་པ་ལག་པའི་མཐིལ་དུ་འགྱུར་བ་སྟེ། བྱ་རྒོད་གདོང་མའི་རྒྱུད་མངས་ཉེ་བའི་ཡན་ལག་དང་ནི་ཞེས་པ་འདི་མིའམ་ཅི་མོ་ཡིན་པས་དེའི་ཉེ་བའི་ཡན་ལག་གམ་ཕྱག་མཚན་ནི་པི་ཝཾ་ཡིན་ནོ་ཞེས་གསུངས་སམ་སྙམ་མོ། །མཁའ་ལྡིང་གདོང་མའི་མདའ་དང་། འུག་གདོང་མའི་གཙུག་ཕུད་ཅན་གྱི་ཞེས་རྨ་བྱའི་མཇུག་མ་སྟེ་མཇུག་

p. 213

སྒྲོ་དག་འདིར་ནི་མཚན་མ་བརྒྱད་པར་འགྱུར་རོ། །མཚན་མ་བརྒྱད་པོ་འདི་ནི་ཁ་དང་བཤང་ལམ་དང་། མིག་གཉིས་རྣ་བ་གཉིས་སྣ་བུག་གཉིས་ཏེ་བུ་གའི་སྒོ་བརྒྱད་རྣམ་པར་དག་པས་རིགས་བརྒྱད་པོ་རྣམས་ལ་མཐོང་བར་འགྱུར་རོ། །དེ་ལྟར་སུམ་ཅུ་རྩ་དྲུག་མཚན་མའི་དབྱེ་བ་རབ་མཆོག་ས་ཡི་སྟེང་དུ་བུད་མེད་གང་ལ་མཐོང་བ་དེ་རྣམས་ནི་རྣལ་འབྱོར་མ་དེ་དང་དེའི་རིགས་ཅན་དུ་མཚན་མ་དེས་ཤེས་ནས་རྣལ་འབྱོ༷ར་པ་ཡིས་དེ་ལ་མཆོད་པར་བྱའོ། །སླར་ཡང་དམངས་རིགས་ལ་སོགས་པ་ཡུམ་ཆེན་མོ་རྣམས་ཀྱི་མཚན་མར་འདི་ལྟར་འགྱུར་ཏེ། དམངས་རིགས་ཀྱི་ཡོན་ཏན་གྱི་དབང་གིས་སྒྲོལ་མའི་རིགས་ལས་སྐྱེས་པ་རྣམས་ལ་ཨུཏྤ་ལའམ་ཐོང་གཤོ༷ལ་ལོ། །གོས་དཀར་མོ་རྒྱལ་རིགས་མ་ཡི་རིན་ཆེན་དང་པཊྚ་སྟེ་དར་དཔྱངས་ཀྱི་མཚན་མ་ཞེས་སུ་འགྱུར་རོ། །ཀྱེ་མི་ཡི་བདག་པོ་སྨྱུ་གུའམ་རིན་ཆེན་ཕྲེང་བ་ནི་སྤྱན་མའི་རིགས་རྗེ་རིགས་མ་ཡི་སྔ་མ་དེ་བཞིན་དུ་མཚན་མ་ཡིན་པར་རིག་པར་བྱ་སྟེ། དེ་བཞིན་ཆུ་ན་རྒྱུ་བ་དུང་དང་བཅས་པ་དང་ཟངས་ཀྱི་སྣོད་ནི། མཱ་མ་ཀཱི་གཉིས་སྐྱེས་མའི་རིགས་ཀྱི་མཚན་མ་ཡིན་ལ་དེ་ལྟར་ཡུམ་གྱི་མཚན་མ་རྣམ་པ་བཞི་སྟེ། ཁྱབ་བྱེད་གཙོ་མོ་གཉིས་ཀྱི་རིགས་ཀྱི་མཚན་མ་ནི། གཡུང་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རིགས་ལས་སྐྱེས་པའི་གསོད་འདོད་མའི་མཚན་མ་ཌ་མ་རུ་དང་རྔ་ཆེན་ནོ། །གཏུམ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་ཡུམ་གྱི་རིགས་ལས་སྐྱེས་པའི་བསྐྱེད་འདོད་མའི་མཚན་མ་ནི་ཅོད་པན་ཉིད་དང་བགྲང་ཕྲེང་ངོ་། །དེ་ལྟར་གང་གི་དཔྲལ་བའམ་ཕྲག་པ་གཉིས་དང་དཔྱི་གཉིས་དང་ལག་པའམ་རྐང་བའི་མཐིལ་རྣམས་སུ་མཚན་མ་གང་ཞིག་མཐོང་བའམ། ཡང་ན་བུད་མེད་དེས་རང་གི་ཁྱིམ་དུ་མཚན་མ་དེ་དག་བྲིས་ཤིང་མཆོད་པ་བྱེད་པ་དེ་ནི་རྣལ་འབྱོར་མ་དེ་དང་དེའི་རིགས་ཅན་དུ་རྣལ་འབྱོར་པས་རིག་པར་བྱ་ཞིང་། རིགས་ཅན་མ་དེས་གང་བྱིན་པའི་དམ་ཚིག་གི་རྫས་དེ་

p. 214

བཟའ་བར་བྱ་ཞིང་། དེ་ལྟར་ཡང་ཡང་བྱིན་ན་ལན་བདུན་གྱི་མཐར་ཐུག་པར་དེ་བསྟེན་པར་བྱ་སྟེ། དེ་ལྟར་བྱས་པས་དམ་ཚིག་གི་རྫས་དེས་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་རོ་ཞེས་པ་ནི་ངེས་པའོ། །དེ་ལྟར་མཚན་མ་འདི་དག་རྣལ་འབྱོར་མ་སོ་དྲུག་ལས་སྐྱེས་པའི་འདོད་ཕྱིར་འདོད་རྣམས་ཀྱི་མཚན་མའང་ཡིན་ལ། མིའི་བུད་མེད་གང་མཚན་མ་དེ་ཡོད་པ་དེ་རྣལ་འབྱོར་མ་དེ་དག་གི་རིགས་ཡིན་ཞིང་གོང་དུ་རྣལ་འབྱོར་མ་དང་། དམངས་མོ་དང་། འཁར་བ་མཁན་སོགས་སྦྱར་ཏེ་གསུངས་པ་ལྟར་རིགས་དེ་དག་དང་རྗེས་སུ་མཐུན་པའི་ལག་ཆའམ་ཕྱག་མཚན་ཡང་དེ་ཡིན་ནོ། །དེ་ནས་བཤང་བ་སོགས་དམ་ཚིག་གི་རྫས་རྣམས་ལ་ས་ལ་སོགས་པའི་ཁམས་ཀྱི་ལྷའི་རྣམ་པར་དག་པ་གསུངས་པ། འདིར་བཤང་བ་དང་། གཅི་བ་དང་ནི་ཁྲག་དང་ཤ་དང་བཅས་པ་ནི་རིམ་བཞིན་ས་དང་ཆུ་དང་མེ་དང་རླུང་གི་ལྷ་མོ་སྤྱན་མ་མཱ་ཀཱི་གོས་དཀར་སྒྲོལ་མ་སྟེ་ལྷ་མོ་རྣམས་ནི་བཞི་པོར་འགྱུར་བ་སྟེ། མ་སྨྲོས་ཀྱང་ཁུ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་པ་ནམ་མཁའི་ཁམས་སོ། །དེ་བཞིན་དུ་རྣ་བ་དང་སྣ་དང་མིག་དང་ལྕེ༷་དང་བཤང་ལམ་དང་ནི་བྷ་ག་སྟེ་རྟགས་ཀྱི་དབང་པོ་དྲུག་ནི་སྒྲ་ཡི་རྡོ་རྗེ་ལ་སོགས་པ་དྲི་གཟུགས་རོ་རེག་བྱ་ཆོས་ཁམས་ཀྱི་ལྷ་མོ་རྡོ་རྗེ་མ་དྲུག་གི་དམ་ཚིག་གོ། དེ་བཞིན་དུ་རྣག་དང་བད་ཀན་དང་ནི་ཤིག་དང་སྲིན་བུ་དང་ཆུ་སེར་དང་། ཞག་དང་བ་སྤུ་དང་སྐྲ་དང་བརྒྱད་པོ་ཡང་ཙརྩི་ཀཱ་དང་། ཁྱབ་འཇུག་མ་དང་ཕག་མོ་དང་གཞོན་ནུ་མ་དང་དབང་མོ་དང་ཚངས་མ་དང་། དྲག་མོ་དང་དཔལ་ཆེན་མོ་སྟེ། རྣལ་འབྱོར་མ་འབྱུང་པོ་ལས་སྐྱེས་པ་བརྒྱད་ཀྱི་དམ་ཚིག་གི་རྫས་རིམ་པ་བཞིན་ནོ། །དེ་བཞིན་དུ་རྒྱུ་མ་དང་མཁྲིས་པ་དང་རུས་པ་དང་རྐང་དང་། སེམས་ཅན་སྣ་ཚོགས་པ་ཐམས་ཅད་ཀྱི་ལུས་ལ་གནས་པ་གང་ཞིག་མཆིན་པ་དང་ནི་གློ༷་བ་དང་རྩ་དང་པགས་པ་རྣམས་དང་། སྙིང་དང་ཚིལ་བུ་ལྡན་པ་དག་སྟེ་དེ་ལྟར་བཅུ་ནི་གྲངས་བཞིན་དུ་རྨུགས་བྱེད་མ་དང་རེངས་བྱེད་མ་དང་། ང་རྒྱལ་ཅན་མ་དང་། ཤིན་ཏུ་སྟོབས་མ་དང་།

p. 215

རྡོ་རྗེ་ལྕགས་སྒྲོག་མ་དང་། ཁྲོ་གཉེར་ཅན་དང་། ཙུནྡཱ་དང་། འོད་ཟེར་ཅན་དང་དྲག་སྤྱན་མ་དང་ཤིན་སྔོན་མ་སྟེ་ཁྲོ་བོའི་ལྷ་མོ་འདི་རྣམས་ཀྱི་དམ་ཚིག་བཅུ་རུ་འགྱུར་རོ་ཀྱེ་མི་ཡི་དབང་པོ་ཞེས་བོད་པའོ། །དེ་བཞིན་དུ་རྣ་བ་དག་གི་དྲི་མ་དང་ནི་སྣ་ཡི་དྲི་མ་དང་། མིག་གི་དྲི་མ་དང་། ཁ་སྟེ་ལྕེ་ཡི་དྲི་མ་དང་། བཤང་ལམ་གྱི་དབུས་ཀྱི་དྲི་མ་དང་ནི་བྷ་ག་ཡི་དྲི་མ་དང་། རྟགས་ཀྱི་དྲི་མ་དག་དང་། མཆན་ཁུང་སོགས་ལུས་ཐམས་ཅད་ཀྱི་དྲི་མ་སྟེ་དེ་ལྟར་ལུས་ཀྱི་ཡན་ལག་གི་ཆ་ཤས་བརྒྱད་ལ་གནས་པའི་དྲི་མ་བརྒྱད་ནི་གྲངས་བཞིན་དུ། ཁྱི་དང་ཕག་དང་ཅེ་སྤྱང་དང་། སྟག་དང་བྱ་རོག་དང་བྱ་རྒོད་དང་མཁའ་ལྡིང་དང་། འུག་པའི་གདོང་ཅན་མ་བརྒྱད་དེ་ཀྱེ་མི་ཡི་བདག་པོ་ལྷ་མིན་མོ་རབ་གཏུམ་མ་དེ་རྣམས་ཀྱི་དམ་ཚིག་གི་རྫས་བརྒྱད་དུ་འགྱུར་རོ། །སེན་མོ་ཉི་ཤུ་དང་བཅས་པའི་སོ་སུམ་ཅུ་རྩ་གཉིས་དང་། རྩ་རྒྱུ་བའི་དབྱེ་བས་ཡན་ལག་བཅུ་གཉིས་སམ་དུམ་བུ་བཅུ་གཉིས་ཅན་གྱི་ཐོད་པ་སྟེ་དེ་ལྟར་དྲུག་ཅུ་རྩ་བཞི་ནི་འཇིགས་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་བརྒྱད་པ་བརྒྱད་དེ་དྲུག་ཅུ་རྩ་བཞིའི་དམ་ཚིག་གི་རྫས་ཉིད་དུ་འགྱུར་རོ། །རྣལ་འབྱོར་མ་སོ་དྲུག་དང་དྲུག་ཅུ་རྩ་བཞི་གཅིག་ཏུ་བསྡོམས་ན་རྣལ་འབྱོར་མ་རིགས་བརྒྱར་འགྱུར་རོ། །དེ་བཞིན་དུ་བདེ་བ་ཆེན་པོའི་རང་བཞིན་གྱི་རིགས་གཅིག་དང་། སྐུ་གསུང་ཐུགས་ཀྱི་རིགས་གསུམ་དང་། དེ་ལས་གྱེས་པའི་རིགས་བརྒྱ་ལ་སོགས་པའི་དབྱེ་བས་དམ་ཚིག་གི་རྫས་ཀྱང་དེ་སྙེད་དུ་འགྱུར་ཏེ། རིགས་གསུམ་དང་ནི་རིགས་ལྔ་ཉིད། །རང་བཞིན་གཅིག་སྟེ་རིགས་བརྒྱའོ། །ཞེས་གསུངས་པ་བཞིན་ནོ། །ད་ནི་གནས་ལ་སོགས་པ་རྣམས་ཀྱི་དམ་ཚིག་གི་རྫས་ཀྱི་རྣམ་པར་དག་པ་གསུངས་པ། བཤང་བ་དང་། གཅི་བ་དང་། ཁྲག་དང་ཤ་ནི་སེམས་ཅན་གྱི་རིས་སྣ་ཚོགས་ཀྱི་ལུས་ལ་གནས་པ་ནི་གནས་ཀྱི་དབྱེ་བ་དག་ལ་དམ་ཚིག་གི་རྫས་བཞི་སྟེ་གནས་དང་ཉེ་བའི་གནས་ཀྱིའོ། །རྣ་བ་དང་སྣ་དང་མིག་དང་ལྕེ༷་དང་བཤང་ལམ་

p. 216

དག་དང་། བྷ་གའམ་རྟགས་ནི་ཞིང་དང་ཉེ་ཞིང་གི་དབྱེ་བ་ལ་ཡང་དམ་ཚིག་དྲུག་གོ། རྣག་ལ་སོགས་པ་སྐྲ་ཡི་བར་བརྒྱད་ནི་གོང་བཤད་རྣལ་འབྱོར་མ་བརྒྱད་ཀྱི་དམ་རྫས་དེ་དག་ས་ཡི་སྟེང་གི་གནས་སུ། ཚན་དོ་དང་ཉེ་བའི་ཚན་དོ་ཧ་ཡི་དབྱེ་བ་བརྒྱད་དེ། དེ་བཞིན་དུ་གོང་བཤད་རྒྱུ་མ་ལ་སོགས་ཚིལ་གྱི་བར་ནི་ཁྲོ་སྐྱེས་མོ་རྣམས་ཀྱི་དམ་ཚིག་ཕྱོགས་ཞེས་བྱ་བ་བཅུ་པོ་དེ་ཉིད་ཀྱེ་མི་ཡི་བདག་པོ་འདུས་པ་དང་ཉེ་བའི་འདུས་པའི་རབ་ཏུ་ད བྱེ་བ་ཡི་དམ་ཚིག་རྣམས་སོ། །དེ་བཞིན་རྣ་བ་ལ་སོགས་ཡན་ལག་བརྒྱད་ཀྱི་ལུས་ལ་ངེས་པར་རྣམ་མང་དྲི་མ་རབ་གཏུམ་མ་བརྒྱད་ཀྱི་དམ་རྫས་གོང་བཤད་དེ་བརྒྱད་ནི། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་རབ་ཏུ་དབྱེ་བའི་དམ་ཚིག་རྣམས་སོ། །དེ་བཞིན་དུ་ཕྱི་རོལ་འཇིག་རྟེན་གྱི་ཁམས་ལ་གནས་པ་ས་ལ་སོགས་པའི་རྣམ་པར་དག་པའི་དམ་ཚིག་གསུངས་པ། འདིར་ཕྱི་རོལ་དུ་དུས་མེ་དང་ཟླ་བ་དང་། ཉི་མ་དང་སྒྲ་གཅན་བཞི་ནི་རབ་ཏུ་གསལ་ཞིང་ངེས་པར་གནས་དང་ཉེ་གནས་ཀྱི་དབྱེ་བ་དག་ལ་བཞི་སྟེ་སྤྱན་མ་ལ་སོགས་པ་བཞིའི་དམ་ཚིག་གོ། ས་སྐྱེས་མིག་དམར་དང་ཟླ་སྐྱེས་ལྷག་པ་དང་སྔགས་པ་ཕུར་བུ་དང་པ་སངས་དང་། སྤེ༷ན་པ་དང་གདེངས་ཅན་མཇུག་རིངས་རྣམས་ནི་ཞིང་དང་ཉེ་ཞིང་གི་དབྱེ་བ་ལ་ཡང་དྲུག་སྟེ། གཟུགས་རྡོ་རྗེ་མ་ལ་སོགས་པའི་དམ་ཚིག་རྣམས་སོ། །འདིར་མིག་དམར་མེ་ཁམས་གཟུགས་རྡོ་རྗེ་མ་ཆུ་ཁམས་ཀྱི་ཡིན་པར་གསུངས་པ་ལྟ་བུ་ལུས་བསམ་གྱི་དབྱེ་བས་ཡིན་ཞེས་འཆད་པ་སྣང་། དེ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་བཞི་པོ་རྣམས་དང་ནི་ས་ལས་སྐྱེས་པ་དང་། ཆུ་ལས་སྐྱེས་པ་དང་། མེ་ལས་སྐྱེས་པ་དང་། རླུང་ལས་སྐྱེས་པ་དག་གི་སྲོག་ཆགས་བཞི་དང་། དེ་ལྟར་བརྟན་པ་དང་གཡོ་བའི་འབྱུང་བ་བརྒྱད་པོ་རྣམས་ནི་ཚན་དོ་དང་ཉེ་བའི་ཚན་དོ་ཧ་ཡི་དབྱེ་བ་རྣམས་ཏེ་འབྱུང་པོ་ལས་སྐྱེས་པ་རྣམས་ཀྱི་དམ་ཚིག་གོ། སླར་ཡང་དེ་བཞིན་རོ་དྲུག་པོ་རྣམས་དང་དྲི་དང་ཁ་དོག་དང་རེག་བྱ་དང་སྒྲ་དང་བཅུ་ནི། དེ་བཞིན་ཉིད་དུ་རབ་

p. 217

ཏུ་གསལ་བར་འདུས་པ་དང་ཉེ་བའི་འདུས་པ་བཅུ་ཡི་རབ་ཏུ་དབྱེ་བ་ཁྲོ་བོ་ལས་སྐྱེས་བ་རྣམས་ཀྱིའོ། །ས་དང་ཆུ་དང་མེ་དང་རླུང་ནི་དབུགས་འབྱུང་བ་དང་འཇུག་པ་དག་གིས་ཟད་པ་དག་ཀྱང་མདུན་ཏེ་ཤར་དང་གཡོན་བྱང་དང་། གཡས་ལྷོ་དང་རྒྱབ་ནུབ་ཏུ་སྟེ་ཕྱོགས་བཞིའི་དུར་ཁྲོད་དང་། དེ་བཞིན་འབྱུང་བཞིའི་ཡོན་ཏན་ཁ་དོག་ལ་སོགས་ཞེས་དྲི་རོ་རེག་བྱ་བཞི་དབུགས་འབྱུང་འཇུག་གི་ཟད་པ་བཞི་པོ་རྣམས་ནི་ཕྱོགས་བྲལ་མཚམས་བཞི་དག་ཏུ་དབུགས་ཐིམ་པ་ནི་དེ་དེའི་དུར་ཁྲོད་དེ། དེ་ལྟར་འབྱུང་བཞི་དང་ཁ་དོག་སོགས་བཞི་དབུགས་འབྱུང་འཇུག་རེ་རེ་བཞིན་དུ་འགགས་ཤིང་དབུགས་དེ་དང་བྲལ་ལ་མཐར་ཟད་པ་སྟེ་ཐིམ་པའི་ཚུལ་གྱིས་དབྱེ་བ་ནི། དབུགས་བྲལ་ལམ་རོ་ལྡན་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་བརྒྱད་ཀྱི་དབྱེ་བ་ལྷ་མིན་མོ་རྣམས་ཀྱི་དམ་ཚིག་བརྒྱད་དོ། །གནས་ལ་སོགས་པ་ཕྱི་ནང་གི་དམ་ཚིག་རྣམ་པར་དག་པའི་ངེས་པའོ། །ད་ནི་གནས་དང་ཉེ་གནས་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཚུལ་དུ་གསུངས་པ་ནི། འདིར་རྒྱུད་གཞན་དང་གཞན་ལས་ཐུན་མོང་གི་དབང་དུ་བྱས་ཏེ། བྱིས་པ་རྣམས་ཡུལ་དུ་འཁྱམས་པའི་དོན་དུ་ཛཱ་ལནྡྷ་ར་ལ་སོགས་པའི་གནས་རྣམས་གསུངས་པ་ནི། ཡུལ་སོ་སོ་རེ་རེ་བ་ཡིན་པས་ཉི་ཙེ་བ་སྟེ་ས་ཐམས་ཅད་དུ་ཁྱབ་པར་ཡོད་པ་མིན་ལ། རྣལ་འབྱོར་མའི་རིགས་སུམ་ཅུ་རྩ་དྲུག་ནི་གྲོང་ཁྱེར་གཅིག་ཏུའང་གནས་པས་འདིར་ས་གཞི་ཐམས་ཅད་དུ་ཁྱབ་པར་ཡོད་པ་དམ་པ་དང་པོའི་སངས་རྒྱས་ཀྱི་རྒྱུད་གསུངས་པའི་ཕྱིར་ཏེ། མཆོག་གི་དང་པོའི་སངས་རྒྱས་ས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར། བོད་དང་རྒྱ་ནག་སོགས་ཡུལ་ཐམས་ཅད་དུ་གནས་ལ་སོགས་པ་ཐམས་ཅད་ཡོད་པ་ཡིན་ལ། འདི་ཉིད་ཀྱེ་རྡོར་དང་བདེ་མཆོག་སོགས་ཀྱི་བསྡུས་པའི་རྒྱུད་དམ་ཉུང་ངུའི་རྒྱུད་རྣམས་སུ་ནི་མ་བསྟན་ཏོ། །ཡུལ་དང་གྲོང་ཐམས་ཅད་དུ་གནས་ལ་སོགས་ཇི་ལྟར་ཡོད་ཅེན་གསུངས་པ། ཕྱི་རོལ་གྱི་

p. 218

དཀྱིལ་འཁོར་ལ་གནས་ཞེས་པ་ནི། སྒྲོལ་མ་ལ་སོགས་པའི་ཡུམ་བཞིའི་ཁྱིམ་སྟེ་དེ་ཉིད་གང་དུ་གནས་པ་དེ་ནི་གནས་ཞེས་བྱའོ། །གསལ་བར་སྒྲ་ཡི་རྡོ་རྗེ་མ་ལ་སོགས་པ་དྲུག་གང་དུ་གནས་པའི་གནས་དེ་ནི་དེ་བཞིན་ཞིང་དུ་བརྗོད་དེ་རྣམ་པ་དྲུག་གོ །ཚན་དོ་ཧ་རྣམ་པ་བརྒྱད་ནི་ཙརྩི་ཀཱ་ལ་སོགས་པར་རབ་ཏུ་འགྱུར་ཏེ། དེ་དག་གི་ཁྱིམ་ནི་ཚན་དོ་ཧ་རྣམ་པ་བརྒྱད་དོ། །ཀྱེ་མི་ཡི་བདག་པོ་འདུས་པ་རྣམ་པ་བཅུ་ནི་རྨུགས་བྱེད་མ་ལ་སོགས་རྣམ་པ་བཅུའི་ཁྱིམ་མོ། །དུར་ཁྲོད་ནི་ཁྱི༷་གདོང་མ་ལ་སོགས་པ་གཏུམ་མོ་བརྒྱད་གང་དུ་བཞུགས་པའི་ཁྱིམ་སྟེ། འདི་ལའང་འགྱུར་མེད་མཆོག་གི་སར་གནས་པ་གཙོ་མོ་རྣམ་པ་གཉིས་ནི་ནང་དུ་ལུས་ལ་རྩ་བའི་གནས་དྷཱུ་ཏི་དང་གསང་བར་བཅས་པ་ནི་ཡུམ་གྱི་ཁྱིམ་རྣམ་པ་གཉིས་ཡིན་ཏེ། དེ་དག་རབ་ཏུ་གསལ་བར་ཕྱི་རོལ་ས་གཞིའི་གནས་ལ་མཐར་སྐྱེས་མ་གཡུང་མོ་དང་། སླར་ཡང་མཐར་སྐྱེས་མ་ཞེས་པ་གཏུམ་མོའི་ཁྱིམ་སྟེ། དེ་ལྟར་དམངས་རིགས་ལ་སོགས་པའི་ཁྱིམ་ནི་གནས་ལ་སོགས་པའི་མིང་གིས་རྣལ་འབྱོར་པས་རིག་པར་བྱའོ་ཞེས་པ་ཐམས་ཅད་དུ་ངེས་པའོ། །འདིར་གཞི་དུས་ན་དམངས་རིགས་སོགས་རིགས་སོ་དྲུག་ཏུ་ཡུལ་གང་དུའང་གནས་ལ། དེར་རང་བཞིན་གྱི་གྲུབ་པའི་རྣལ་འབྱོར་མ་རྣམས་ཀྱང་གང་དུའང་མི་བཞུགས་པ་མ་ཡིན་ལ། གང་དང་གང་དུ་བཞུགས་པའི་ཁྱིམ་དེ་ཞིང་ལ་སོགས་གནས་བཅུའམ་བཅུ་གཉིས་སུ་ངེས་ཀྱི། ཛཱ་ལནྡྷར་སོགས་ཡུལ་ཉི་ཙེ་བ་དང་དེར་བཞུགས་དཔའ་བོ་རྣལ་འབྱོར་མ་རྣམས་དེ་ལས་གཞན་དུ་མི་བཞུགས་པའི་ཉི་ཙེ་བ་མ་ཡིན་པར་ཤེས་པར་བྱའོ། །ད་ནི་ནང་དུ་ལུས་ལ་དམ་ཚིག་གི་འདུས་པའི་སྐབས་སུ་གནས་ལ་སོགས་ཇི་ལྟར་ཡིན་པ་གསུངས་པ། དམ་ཚིག་གི་འདུས་པའི་སྐབས་སུ་གནས་ཞེས་བྱ་བ་ནི་བུད་མེད་ཀྱི་གསང་བའི་པདྨར་རབ་ཏུ་འགྱུར་ཏེ། ཚོགས་ཀྱི་འཁོར་ལོར་འདུས་པའི་དམ་ཚིག་དག་ལ་སྐྱེས་པའི་རྡོ་རྗེ་ཉིད་ནི་ཉེ་བའི་གནས་ཞེས་བྱའོ། །དེ་བཞིན་དུ་བུད་མེད་

p. 219

རྣམས་ཀྱི་སྐྱེ་མཆེད་དྲུག་ཞིང་དང་། སྐྱེས་པའི་དེ་དྲུག་ཉེ་བའི་ཞིང་ངོ་། །བུད་མེད་ཀྱི་མཉམ་གནས་ལ་སོགས་རླུང་བརྒྱད་ནི་ཚན་དོ་ཧ་དང་སྐྱེས་པའི་དེ་བརྒྱད་ཉེ་བའི་ཚན་དོ་ཧའོ། །བུད་མེད་རྣམས་ཀྱི་ལྕེ་དང་ལྕེ་ཆུང་དང་ལག་པ་གཉིས་དང་། རྐང་པ་གཉིས་དང་། བཤང་ལམ་གཡས་གཡོན་གྱི་རྩ་གཉིས་དང་། གཅི་བ་དང་ཁུ་བའི་རྩ་གཉིས་ཏེ་ལས་ཀྱི་དབང་པོ་བཅུ་པོ་འདི་རྣམས་ནི་འདུས་པའོ། །སྐྱེས་པའི་དེ་བཅུ་ནི་ཉེ་བའི་འདུས་པ་དག་དང་། བུད་མེད་ཀྱི་སྣ་བུག་གཉིས་དང་རྣ་བ་གཉིས་དང་། མིག་གཉིས་དང་། ཁ་དང་བཤང་ལམ་ལས་དྲི་མ་འབྱུང་བ་སྟེ་དེ་ལྟར་བརྒྱད་ནི་དུར་ཁྲོད་བརྒྱད་དོ། །སྐྱེས་པ་རྣམས་ཀྱི་དེ་བརྒྱད་ནི་ཉེ་བའི་དུར་ཁྲོད་ཀྱིས་གཞི་དེ་བཞིན་ཡིན་ལ། དེ་ལྟར་ལུས་ལ་གནས་བཅུའམ་བཅུ་གཉིས་བོ་མཐའ་དག་གོ། སྐྱེས་པ་བུད་མེད་སོ་སོའི་ལུས་ལའང་གནས་ནི་ལུས་ཀྱི་གཡོན་གྱི་ཡན་ལག་དག་དང་མདུན་གྱི་ཆ་ཡིན་ཏེ། མདུན་ལས་གཞན་པ་རྒྱབ་དང་དེ་བཞིན་གཡས་པ་དག་ཀྱང་ཉེ་བའི་གནས་སོ། །དེ་ལྟར་ཞིང་ལ་སོགས་པ་ཐམས་ཅད་ཤེས་པར་བྱ་སྟེ། གང་ཞེ་ན་གཡོན་གྱི་དབང་པོའི་ཚོགས་ནི་ཞིང་། གཡས་ཀྱི་དབང་པོའི་ཚོགས་ནི་ཉེ་བའི་ཞིང་། རུས་སྦལ་རྩངས་པ་ལྷ་སྦྱིན་ནོར་རྒྱལ་གྱི་རླུང་བཞི་ནི་ཚན་དོ་ཧ། མཉམ་གནས་གྱེན་རྒྱུ་ཁྱབ་བྱེད་ཀླུ་བཞི་ནི་ཉེ་བའི་ཚན་དོ་ཧའོ། །གཡོན་གྱི་ལས་ཀྱི་དབང་པོའི་ཚོགས་ནི་འདུས་པ་དང་། གཡས་ཀྱི་དེ་རྣམས་ནི་ཉེ་བའི་འདུས་པའོ། །གཡོན་གྱི་ཕྱོགས་ཀྱི་རྣ་བ་ལ་སོགས་པའི་བུག་པ་དྲི་མ་འབྱུང་བ་རྣམས་ནི་དུར་ཁྲོད་དང་། གཡས་ཀྱི་དེ་རྣམས་ཉེ་བའི་དུར་ཁྲོད་དོ། །དེ་བཞིན་དུ་ལག་པ་དང་རྐང་པ་ལ་གནས་པའི་ཆ་ལ་གནས་སོགས་སྦྱར་བ་སོར་མོའི་མཐའ་ཡི་བར་དུའམ་མཚམས་སུ་ཤེས་པར་བྱའོ། །ཞེས་པ་མདུན་དང་གཡོན་གྱི་ཡན་ལག་གནས་དང་། རྒྱབ་དང་གཡས་ཀྱི་ཡན་ལག་ཉེ་བའི་གནས་སོ། །

p. 220

དེ་བཞིན་གཡོན་གྱི་དཔུང་ཚིགས་ཏེ་ཕྲག་ཚིགས་དང་། གཡོན་གྱི་བརླ་ཡི་ཚིགས་དང་དཔྱིའི་ཚིགས་དེ་གཉིས་ཀྱི་མཚམས་ཀྱི་ཚིགས་ནི་ཞིང་དང་གཡས་ཀྱི་དེ་གསུམ་ཉེ་བའི་ཞིང་ངོ་། །གཡོན་གྱི་ཉེ་བའི་དཔུང་ཚིགས་ཞེས་པ་གྲུ་མོའི་ཚིགས་དང་། གཡོན་གྱི་རྐང་པའི་བྱིན་པ་དང་བརླའི་ཚིགས་པུས་ཚིགས་ཏེ་དེ་དག་ཚན་དོ་ཧའོ། །གཡས་ཀྱི་དེ་དག་ཉེ་བའི་ཚན་དོ་ཧའོ། །གཡོན་གྱི་ལག་པའི་ཚིགས་མཁྲིག་ཚིགས་དང་། རྐང་པའི་བོལ་ཚིགས་ནི་འདུས་པ་དང་། གཡས་ཀྱི་དེ་གཉིས་ཉེ་བའི་འདུས་པའོ། །གཡོན་གྱི་སོར་མོ་དང་སེན་མོ་རྣམས་དུར་ཁྲོད་དང་། གཡས་ཀྱི་དེ་རྣམས་ཉེ་བའི་དུར་ཁྲོད་དེ། ལག་པ་དང་རྐང་པ་ལ་སོགས་པར་གཏོགས་པའི་རྣམ་པར་དག་པ་གཞན་ནོ། །ཡང་ན་གནས་གོང་བཞིན་ལ་ལུས་གཡས་གཡོན་གཉིས་ཀའི་དཔུང་ཚིགས་གཉིས་ནི་ཞིང་། བརླའི་ཚིགས་གཉིས་ཉེ་ཞིང་གྲུ་ཚིགས་གཉིས་ཚནྡོ་ཧ་དང་པུས་ཚིགས་གཉིས་ཉེ་བའི་ཚན་དོ་ཧ། མཁྲིག་ཚིགས་གཉིས་འདུས་པ། བོལ་ཚིགས་གཉིས་ཉེ་བའི་འདུས་པ། སོར་མོ་རྣམས་དུར་ཁྲོད། སེན་མོ་རྣམས་ཉེ་བའི་དུར་ཁྲོད་དོ། །དེ་ནས་རྣལ་འབྱོར་མ་སོ་བདུན་དང་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྦྱར་བའི་རྣམ་པར་དག་པ་གསུངས་པ། དྲན་པ་ཉེ་བར་བཞག་པ་རྣམས་ཀྱང་ལྷ་མོའི་ཆུ་གཏེར་དུ་འགྱུར་ཞེས་པ། ལུས་དྲན་པ་ཉེ་བར་བཞག་པ་སྤྱན་མ་དང་། ཚོར་བ་དྲན་ཉེ་གོས་དཀར་མོ། །སེམས་དྲན་ཉེ་མཱ་ཀཱི། །ཆོས་དྲན་ཉེ་སྒྲོལ་མ་བཞི་ཡིན་ལ། ལུས་ཀྱི་དབྱེ་བས་གཡོན་དང་མདུན་མ་ཀཱི་དང་སྒྲོལ་མ། གཡས་དང་རྒྱབ་གོས་དཀར་མོ་དང་སྤྱན་མ་སྟེ་གོང་བསྟན་ལྟར་གནས་རྣམས་ཀྱང་བྱང་ཕྱོགས་ཀྱི་ངོ་བོར་དག་པ་སྦྱར་བར་བྱའོ། །ཚུལ་འདི་ལྟ་བུ་ནི་དཔལ་དུས་ཀྱི་འཁོར་ལོར་རབ་ཏུ་གྲགས་པ་ཡིན་གྱི་རྒྱུད་གཞན་དུ་མ་གྲགས་ཏེ་བཅོམ་ལྡན་འདས་ཀྱིས་སྦས་སོ་ཞེས་པའི་དོན་ཏོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་སོགས་བྱང་ཆུབ་ཡན་ལག་བདུན་གྱི་ནང་ནས། བཏང་སྙོམས་ཡང་དག་བྱང་

p. 221

ཆུབ་ཀྱི་ཡན་ལག་གཅིག་པུ་ནི་ཡུམ་ཆེན་མོ་སྟེ་རྡོ་རྗེ་དབྱིངས་ཕྱུག་མའི་རིགས་ཀྱི་གནས་ཡིན་ལ། གཞན་པ་དག་ཀྱང་སྒྲ་ཡི་རྡོ་རྗེ་མ་ལ་སོགས་པ་དྲུག་ཡིན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒྲ་རྡོ་རྗེ་མ། །དེ་བཞིན་དུ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་རེག་བྱ་རྡོ་རྗེ་མ། བརྩོན་འགྲུས་ཡང་དག་པ་གཟུགས་རྡོ་རྗེ་མ་རྣམས་ལུས་ཀྱི་དབྱེ་བས་ཉེ་བའི་ཞིང་ངོ་། །དགའ་བ་དྲི་རྡོ་རྗེ་མ། ཤིན་སྦྱངས་རོ་རྡོ་རྗེ་མ། ཏིང་ངེ་འཛིན་ཆོས་ཁམས་རྡོ་རྗེ་མ་ཞིང་ངོ་། །ཆུ་གཏེར་ཡང་དག་སྤོང་བ་རྣམས་དང་ཞེས་པ་སྡིག་པ་མ་སྐྱེས་པ་མི་བསྐྱེད་པའི་སྤོང་བ་ནི་ཙརྩི་ཀཱ་དང་། སྡིག་པ་སྐྱེས་པ་རྣམས་སྤོང་བའི་བརྩོན་འགྲུས་ཀྱི་དགེ་བའི་རྩ་བ་ཁྱབ་འཇུག་མ་དང་། མི་དགེ་བ་མ་སྐྱེས་པ་སྤོང་བ་དབང་ཕྱུག་མ་དང་། དགེ་བ་སྐྱེས་པ་རྣམས་སངས་རྒྱས་ཉིད་དུ་བསྔོ་བའི་ཡང་དག་སྤོང་བ་ནི་དཔལ་ཆེན་མོ་སྟེ། ཉེ་བའི་ཚན་དོ་ཧ་བཞིའོ། །གཞན་པ་ཆུ་གཏེར་གྱི་གྲངས་ལྡན་རྫུ་འཕྲུལ་རྐང་པ་ནི་ལྷ་མོ་བཞི་རྣམས་ཏེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཚངས་མ། དེ་བཞིན་བརྩོན་འགྲུས་ཀྱི་རྫུ་འཕྲུལ་རྐང་པ་དབང་མོ། སེམས་ཀྱི་རྫུ་འཕྲུལ་རྐང་པ་ཕག་མོ། དཔྱོད་པའི་རྫུ་འཕྲུལ་རྐང་པ་གཞོན་ནུ་མ་སྟེ་ཚན་དོ་ཧའི་དབྱེ་བ་བཞིའོ། །དེ་ལྟར་རྣལ་འབྱོར་མ་བརྒྱད་དུ་འགྱུར་རོ། །ཁྲོ་བོ་ཡི་རིགས་ཅན་ཁྲོ་མོ་ལྔ་ནི་སྟོབས་ལྔ་དག་སྟེ་དད་པའི་སྟོབས་ཤིན་སྔོན་མ་དང་། བརྩོན་འགྲུས་ཤིན་སྟོབས་མ་དང་། དྲན་པ་ལྕགས་སྒྲོག་མ་དང་། ཏིང་འཛིན་ཁེངས་བྱེད་མ་དང་། ཤེས་རབ་ཀྱི་སྟོབས་ཙུནྡཱ་སྟེ་ཉེ་བའི་འདུས་པའོ། །དེ་བཞིན་དུ་རབ་ཏུ་གསལ་ཞིང་ངེས་པར་དབང་པོ་ལྔ་པོ་རྣམས་ནི་ཁྲོ་མོ་ལྔ་ཉིད་དོ། །ཞེས་པ་དད་པའི་དབང་པོ་རེངས་བྱེད་མ་དང་། དེ་བཞིན་དུ་བརྩོན་འགྲུས་རྨུགས་བྱེད་མ་དང་། དྲན་པ་འོད་ཟེར་ཅན་མ་དང་། ཏིང་ངེ་འཛིན་ཁྲོ་གཉེར་ཅན་མ་དང་། ཤེས་རབ་ཀྱི་དབང་པོ་དྲག་སྤྱན་མ་སྟེ་འདུས་པ་ཡིན་ལ་དེ་ལྟར་ཁྲོ་མོ་བཅུའོ། །ཡང་དག་པའི་ཡན་ལག་བརྒྱད་ཀྱི་འཕགས་པའི་ལམ་ནི་ཀྱེ་མི་ཡི་བདག་པོ་ལྷ་

p. 222

མིན་དག་ལས་སྐྱེས་པ་རབ་གཏུམ་མ་བརྒྱད་དུ་འགྱུར་ཏེ། ཡང་དག་པའི་ལྟ་བ་ཁྱི་གདོང་མ་དང་། ཡང་དག་པའི་རྟོག་པ་བྱ་རོག་གདོང་མ་དང་། ཡང་དག་པའི་ངག་སྟག་གདོང་མ་དང་། ཡང་དག་པའི་ལས་ཀྱི་མཐའ་འུག་གདོང་མ་དང་། ཡང་དག་པའི་འཚོ་བ་ཅེ་སྤྱང་གདོང་མ་དང་། ཡང་དག་པའི་རྩོལ་བ་མཁའ་ལྡིང་གདོང་མ་དང་། ཡང་དག་པའི་དྲན་པ་ཕག་གདོང་མ་དང་། ཡང་དག་པའི་ཏིང་ངེ་འཛིན་བྱ་རྒོད་གདོང་མ་སྟེ་ཉེ་བའི་དུར་ཁྲོད་དང་དུར་ཁྲོད་ཀྱི་གནས་ཀྱི་ལྷ་མིན་མོ་བརྒྱད་དོ། །དེ་ལྟར་སུམ་ཅུ་རྩ་བདུན་གྱི་རབ་ཏུ་དབྱེ་བས་སྲིད་པ་གསུམ་གྱི་གནས་སུ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཏེ། དེ་དག་མཐའ་དག་གཡུང་མོ་ལ་སོགས་པ་རྣལ་འབྱོར་མ་རྣམས་ས་ཡི་སྟེང་གི་གནས་སུ་གནས་པ་རྣམས་ནི་རྣལ་འབྱོར་པ་ཡིས་རིག་པར་བྱ་ལ། དེ་ལྟར་བྱང་ཕྱོགས་སོ་བདུན་གྱི་ངོ་བོས་རྣམ་པར་སྦྱངས་པའི་གནས་ལ་སོགས་པ་ཐམས་ཅད་ཆོས་ཀྱི་སྐུ་རང་བཞིན་རྣམ་པར་དག་པ་སྒྲིབ་བྲལ་གྱི་བདག་ཉིད་དུ་འགྱུར་ཏེ། ཀྱེ་མི་ཡི་བདག་པོ་ཕྱི་རོལ་འཇིག་རྟེན་གྱི་ཁམས་དང་། ནང་དུ་ལུས་ལ་ཡང་ནི་དེ་བཞིན་དུ་འགྱུར་ཞེས་པ་ཐམས་ཅད་དུ་ངེས་པ་སྟེ། ཕུང་ལྔ་སངས་རྒྱས་ལྔ་དང་ཁམས་ལྔ་ཡུམ་ལྔ་སོགས་ཀྱི་དག་པ་གསུངས་པ་དང་འདྲ་བར་གོང་དུ་ཕྱི་དང་ནང་གི་དམ་ཚིག་དང་། ལུས་ལ་གནས་ལ་སོགས་པ་ཇི་སྐད་གསུངས་པ་དེ་རྣམས་བྱང་ཕྱོགས་སོ་བདུན་གྱི་ངོ་བོར་རྣམ་པར་དག་པར་རིག་པར་བྱའོ། །ཞེས་སོ། །ད་ནི་རྣལ་འབྱོར་མ་འདི་རྣམས་བསྟེན་པའི་སླད་དུ་རྣལ་འབྱོར་པ་རྣམས་ཀྱི་ཆ་ལུགས་སོགས་སྤྱོད་པ་སྣ་ཚོགས་ཀྱི་ཆོ་ག་གསུངས་པ་འདིར། རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བ་ཡིན་ཏེ། འདིར་མུ་སྟེགས་ཀྱི་ལྷ་དང་ལྷ་མོ་ཁྱབ་འཇུག་དྲག་པོ་ལ་སོགས་པ་ཆུང་མ་དང་བཅས་པ་དང་། ཙརྩི་ཀཱ་སོགས་ལྷ་མིན་རྣམས་ཀྱང་དག་པའི་

p. 223

ངོ་བོར་རྣམ་པར་སྦྱངས་པའི་དཀྱིལ་འཁོར་ཆེན་པོ་འདིར་འདས་མ་འདས་ཀྱི་ལྷ་ཀུན་འདུས་པས་སོ། །དེས་ན་རྒྱུད་འདིའི་དབང་བསྐུར་ཐོབ་པའི་རྣལ་འབྱོར་པས་ཡེ་ཤེས་སམ་འཇིག་རྟེན་གྱི་ལྷ་དང་ལས་གང་དང་གང་བསྒྲུབ་པར་འདོད་པ་དེས་ཡིད་ལ་གང་འདོད་པའི་དངོས་གྲུབ་དེའི་ཆེད་དུ་སྦས་པའི་ཚུལ་གྱིས་འཆད་འགྱུར་ལྟར་ཆ་ལུགས་དང་སྤྱོད་པ་སྣ་ཚོགས་རང་གི་ཡིད་ལ་གང་འདོད་པ་བཟུང་ནས་སྦས་ཏེ་བསྒྲུབ་པར་བྱ་ཞིང་། དེ་ནས་གྲུབ་པར་གྱུར་ཏེ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་གྲུབ་པའི་ནུས་པ་རྙེད་པ་ལས་འཇིག་རྟེན་ལས་འདས་པ་མངོན་དུ་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེའི་ཕྱིར་ཆ་ལུགས་སངས་རྒྱས་པ་དག་ཏུ་གྱུར་པ་དང་ཞི་བ་པའམ། གཅེར་བུ་པ་དད་པ་མཆོག་ཏུ་གྱུར་པའམ། ངང་པ་མཆོག་ཏུ་གྱུར་པ་ཟེར་བ་ལྟར་ན། རྒྱལ་སྲས་ངང་པ་ཅན་ཏེ་བཅུ་ཞེས་པའི་གཅེར་བུ་པའི་བརྟུལ་ཞུགས་དགུན་དུས་ཆུར་འཇུག་པ་དང་ཁྲུས་བྱེད་པའི་ངང་པའི་བརྟུལ་ཞུགས་ཅན་ཞེས་བཤད་པ་ཡང་འདུག་གོ། སྐལ་ལྡན་ཞེས་སམ་རས་བཙག་ཚོས་ཀྱི་གོས་ཅན་དང་། ཁ་ཅིག་གིས་ལྭ་བ་ཅན་མའང་ཟེར་བ་དང་། དེ་བཞིན་གཙང་སྦྲ་ལ་གནས་པ་ཁྲུས་བྱེད་པ་སོགས་སམ། བྲམ་ཟེའམ། གཙང་སྦྲ་ཆེར་མི་སྤྱོད་པ་མི་ཐོད་སོགས་འཆང་བའི་ཐོད་པ་ཅན་དང་། རང་གི་སྐྲ་འབལ་བ་ཟད་བྱེད་པ་དང་ནི་ཀླ་ཀློའི་དཀའ་ཐུབ་པ་གོས་དཀར་པོ་བགོས་པ་དག་དང་། ཞིང་སྐྱོང་བའི་རིགས་ཅན་དང་ནི། མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་སོགས་དབང་པོ་སྡོམ་པའི་ཐུབ་པ་དང་། སྨྱོན་པའི་ཚུལ་ལམ་གཟུགས་ཅན་དག་དང་། སྡིག་པ་མེད་པའི་སེམས་དང་ལྡན་པ་ཡི་རང་རང་གི་བསླབ་སྦྱང་མཐར་ཕྱིན་པའི་སློབ་དཔོན་རིག་པ་ཅན་ནམ་མཁས་པ་དང་ནི་གྲ་པ་ཉིད་འགྱུར་ཏེ་ཞེས་པ་བསླབ་སྦྱངས་ལ་བརྩོན་བཞིན་པ་སློབ་གཉེར་བ་ལ་བཤད། དཔེ་འགར་གྲགས་པ་ཞེས་ཀློག་པ་ལྟར་ན་ཡོན་ཏན་གྱིས་གྲགས་པ་ཉིད་དུ་གྱུར་པའོ། །དེ་ལྟར་ཆ་ལུགས་

p. 224

ཕྱི་རོལ་པ་དང་ནང་པ་གང་ལྟར་གྱུར་རུང་། དབང་ཐོབ་ཅིང་དམ་ཚིག་འཛིན་ལ་བླ་མེད་བྱང་ཆུབ་དོན་དུ་གཉེར་བ་དང་མ་བྲལ་ན་དག་པ་ཉིད་དུ་འགྱུར་ཏེ། དེ་ལྟ་བུའི་རྣལ་འབྱོ༷ར་པ་ནི་དངོས་གྲུབ་གཉིས་བསྒྲུབ་པའི་དོན་གྱི་སླད་དུ་མཐའ་དག་ཡོན་ཏན་རྣམས་ཀྱི་གཏེར་དུ་གྱུར་པ་ཡིན་ཏེ། དེའི་རྒྱུ་མཚན་འཇིག་རྟེན་འདས་མ་འདས་ཀྱི་དངོས་གྲུབ་འགྲུབ་པར་བྱེད་པའི་རྒྱུ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་དེ་ཉིད་ལེགས་པར་ཐོབ་པ་ཡིན་པའི་ཕྱིར་རོ། །ཀྱེ་མི་ཡི་དབང་པོ་ཞེས་རྒྱལ་པོ་ཟླ་བ་བཟང་པོ་ལ་དེ་བཞིན་གཤེགས་པས་བོད་པ་ཡིན་ནོ། །འགྲེལ་པར་མདོར་བསྡུས་སྔ་མའི་རྗེས་སུ་འདིའི་བར་གྱི་རྒྱུད་རྩ་བའི་དོན་རྣམས་ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་། རྣལ་འབྱོར་སྤྱོད་པའི་མདོར་བསྡུས་ཆེན་པོ་ལྔ་པས་གཏན་ལ་དབབ་པར་མཛད་དོ། །ད་ནི་གནས་པ་དགུ་པའི་དུམ་བུ་ཕྱག་རྒྱ་དང་། ལྟ་སྟངས་དང་མཚན་མ་དམ་ཚིག་གི་བརྡ་སོགས་བཤད་པ་ལས་དང་པོར་ལག་པས་བཅིང་བར་བྱ་བའི་ཕྱག་རྒྱ་གསུངས་པ། ཕྱག་རྒྱ་བཅིང་བའི་དོན་དུ་སོར་མོའི་མིང་ཐོག་མར་གསུངས་ཏེ། སོར་མོ་ལྔ་ལས་ཐུ་བོའམ་རྒན་པོ་ནི་མཐེ་བོ་ཞེས་བྱ་བ་དང་ནི་དེ་འོག་མཛུབ་མོ་དག་དང་། སླར་ཡང་དེ་བཞིན་དུ་ནི་མཐེ་བོ་ནས་མར་རིམ་པར་བགྲང་བ་གསུམ་པ་གུང་མོ་དང་ནི་བཞི་པ་སྲིན་ལག་གམ་མིང་མེད་དང་། དེ་ཡི་མཐར་ནི་སོར་མོ་ཆུང་ཤོས་ནི་ངེས་པར་མཐེའུ་ཆུང་ཞེས་བྱ་སྟེ། དེ་ནི་ཁམས་མཐའ་དག་གི་ཡོན་ཏན་གཏེར་ཏེ་ནམ་མཁའི་ཁམས་སོ། །ཞེས་གསུངས་པའི་ཤུགས་ཀྱིས་སོར་མོ་ཐམས་ཅད་ཀྱང་སོ་སོའི་ཁམས་ཀྱི་རང་བཞིན་ཡིན་པས་ཁམས་ལྔ་དང་ལྡན་ལ་དེ་དག་གི་བྱེད་ལས་ཕྱག་རྒྱ་སྣ་ཚོགས་ཀྱི་སྒོ་ནས་ཞི་སོགས་ལས་མཐའ་དག་བསྒྲུབ་པའི་ཡོན་ཏན་གྱི་གཏེར་དུ་སློབ་དཔོན་གྱི་མན་ངག་གིས་རྣལ་འབྱོ༷ར་པ་ཡིས་རིག་པར་བྱའོ་ཞེས་སོ། །བཅིང་པའི་ཕྱག་རྒྱའི་དོན་དུ་ཐོག་མར་སོར་མོ་རྣམས་ཀྱི་མིང་གི་དབྱེ་བར་དེ་ལྟར་འགྱུར་ཏེ། དེ་མ་ཤེས་ན་སོར་མོ་

p. 225

རྣམས་ཀྱི་བྱ་བའི་ཕྱག་རྒྱ་འཆིང་ཚུལ་མི་ཤེས་ལ། རང་རང་གི་ཁམས་ཀྱི་ཡོན་ཏན་དབང་གིས་སོར་མོ་རྣམས་ཀྱི་རིམ་པས་ཕྱག་རྒྱ་བཅིང་བ་ཡིན་པས་སོ། །དེ་ལ་སོ་སོའི་ཁམས་ནི་སྤྱིར་གཡས་པ་ཐབས་དང་། གཡོན་པ་ཤེས་རབ་ཀྱི་ཆ་ཡིན་ཞིང་སོར་མོ་ལྔ་པོ་མཐེ་བོ་ནས་རིམ་པར་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཡིན་ལ། དེ་དག་གི་ཡོན་ཏན་ནི་རིམ་པར་དྲི་གཟུགས་རོ་རེག་བྱ་སྒྲའོ། །ཡང་རྒྱུད་འདིར་གསུངས་པ་ལྟར་ན་གཡོན་པ་སངས་རྒྱས་ལྔའི་རང་བཞིན་གྱི་སོར་མོ་ལྔ་ཁམས་ལྔ་དང་། གཡས་པ་ཤེས་རབ་ཡུམ་ལྔའི་རང་བཞིན་དྲི་སོགས་ཡོན་ཏན་ལྔ་རུ་འཆད་པའང་ཡོད་དོ། །དེ་ལ་ལག་པ་གཡས་གཡོན་གཉིས་ཀའི་སོར་མོ་ཕན་ཚུན་རྩེ་བསྣོལ་བ་ནི་རྡོ་རྗེའི་ཐལ་མོ་ཞེས་བྱ་ལ། དེ་ཉིད་རྩ་བར་བསྡོམ་པ་ན་རྡོ་རྗེ་བཅིང་བ་ཞེས་བྱ་སྟེ་འདི་ལའང་སོར་མོ་བསྣོལ་ཏེ་ཕྱིར་བསྡམ་པ་དང་། ནང་དུ་བསྣོལ་ཏེ་བསྡམས་པ་ལ་ཕྱི་བསྡམ་ནང་བསྡམ་གྱི་ཐ་སྙད་རྒྱུད་གཞན་གྱི་ཆོས་སྐད་ལ་འབྱུང་ངོ་། །ལག་པ་གཉིས་ཀས་བཅའ་བའི་ཕྱག་རྒྱའི་གཞི་ནི་འདི་ཡིན་ལ། དེ་ཉིད་འདུས་པ་སོགས་རྒྱུད་གཞན་དུ་ལག་པ་གཉིས་ཀས་ཕྱག་རྒྱ་བཅིངས་པ་ལ་དམ་ཚིག་གི་ཕྱག་རྒྱ་དང་། ལག་པ་སོ་སོར་ཁ་ཕྲལ་ཏེ་བཅའ་བ་ལ་ལས་ཀྱི་ཕྱག་རྒྱའི་ཐ་སྙད་མཛད་པའང་ཡོད་ལ་ཕྱི་མ་འདིའི་གཞི་ནི་རྡོ་རྗེ་ཁུ་ཚུར་ཡིན་ནོ་ཞེས་འཕྲོས་དོན་དུ་སྨྲོས་པའོ། །དེའི་ཕྱིར་ཕྱག་རྒྱ་བཅིང་པ་ཞེས་བརྗོད་པར་གྱུར་ན་སོར་མོ་ཕན་ཚུན་བསྣོལ་ནས་བསྡམ་པ་རྡོ་རྗེ་བཅིང་བ་ཞེས་བྱ་བར་འགྱུར་ཏེ། ངེས་པར་མཐེ་བོང་ནང་དུ་བཅུག་ནས་ཁུ་ཚུར་བཅིང་བ་ལ་ཡང་དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་དེ་བཞིན་ནོ། །དེ་དག་ཕྱག་རྒྱ་སྤྱིའི་རྒྱུར་བཤད་པའོ། །དེ་ནས་བྱེ་བྲག་ཏུ་རྒྱལ་བའི་བདག་པོ་རྣམས་ཀྱི་ཕྱག་རྒྱ་གསུངས་པ། ལག་པ་གཉིས་ཀ་རྡོ་རྗེའི་ཁུ་ཚུར་བྱས་པ་བརླ་གཉིས་ཀ་ཡི་སྟེང་དུ་བཞག་ཅིང་རྐང་པ་རྡོ་རྗེ་གདན་ལ་སྟེ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་གནས་པར་བྱས་པ་ནི་རྒྱལ་བའི་བདག་པོའི་སྟེ་རྡོ་རྗེ་སེམས་དཔའི་རྡོ་རྗེའི་ཕྱག་རྒྱར་འགྱུར་རོ། །

p. 226

རྐང་པ་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བྱས་པ་ལ་ནི། དེ་ཡི་ནང་དུ་ལག་པ་གཡོན་པར་གན་རྐྱལ་མཉམ་གཞག་ལྟར་བྱས་པར་འགྱུར་ཏེ་ལག་པ་གཡས་པ་གཡས་ཀྱི་པུས་མོའི་ཕྱོགས་ནས་སོར་མོ་རྣམས་བརྐྱང་ཞིང་ཁ་སྦུབ་པ་ས་གཞི་ལ་སོན་པའམ་རེག་པ་ལྟར་གྱུར་པ་དེ། སོར་རྩེ་ས་ལ་རེག་པ་དེའི་སྒོ་ནས་ས་གནོན་ཞེས་གྲགས་པ་མི་བསྐྱོད་པའི་ཕྱག་རྒྱའོ། །སླར་ཡང་རིམ་པ་དེ་ཉིད་གཞིར་བཞག་གི་སྟེང་དུ་ལག་པ་གཡས་པ་ཁ་གྱེན་དུ་བསྟན་པ་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱང་བ་ཕྱག་ན་རིན་ཆེན་ནམ་རིན་ཆེན་འབྱུང་ལྡན་གྱི་མཆོག་སྦྱིན་གྱི་ཕྱག་རྒྱའོ། །སྐྱིལ་ཀྲུང་དུ་གནས་པའི་ལག་པ་གཡོན་པ་གན་རྐྱལ་གྱི་སྟེང་དུ་ལག་པ་གཡས་པ་གན་རྐྱལ་དུ་མཉམ་པར་གནས་པ་ཕྱག་ན་པདྨ་དག་གིར་འགྱུར་ཞེས་པ། སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱའམ་མཉམ་པར་གཞག་པའི་ཕྱག་རྒྱ་ཞེས་བྱའོ། །དེ་བཞིན་ལག་པ་གཡོན་པ་གན་རྐྱལ་སྐྱིལ་ཀྲུང་གི་སྟེང་དུ་བཞག་པ་སྔར་བཞིན་ལ་གཞན་པ་གཡས་པའི་ལག་པའི་མཐིལ་མདུན་ཕྱོགས་སུ་བསྟན་ཏེ་མཐོང་བར་བྱས་པ་པུས་མོ་གཡས་པའི་སྟེང་དུ་བྱས་པ་ན་འཇིགས་པ་མེད་པའི་ཕྱག་རྒྱའམ་མི་འཇིགས་པ་སྦྱིན་པ་དང་སྐྱབས་སྦྱིན་ཡང་ཟེར་ཏེ། ཕྱག་ན་རལ་གྲི༷་དོན་ཡོད་གྲུབ་པ་ཡི་ཕྱག་རྒྱའོ། །གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་འདི་སྙིང་གར་བཅའ་བ་ཡང་རྒྱུད་གཞན་དུ་ཡོད་ཀྱང་འདིར་པུས་མོའི་སྟེང་དུ་བྱ་བར་འགྲེལ་པས་དངོས་སུ་གསུངས་པ་ལྟར་བྱའོ། །སྐྱིལ་ཀྲུང་དུ་གནས་པས་ལག་གཡས་ཀྱི་རྡོ་རྗེ་ཁུ་ཚུར་གཡས་མིན་གཡོན་གྱི་ཁུ་ཚུར་ལ་སྟེ་ཇི་ལྟར་ན་ངེས་པར་སླར་ཡང་གཞན་གཡོན་གྱི་མཛུབ་མོ་ནི་གཡས་པའི་ཁུ་ཚུར་བཅིངས་པ་ཡི་ཞབས་ཀྱི་བུ་ག་ལ་བཅུག་པ་གསལ་བར་སྙིང་གར་སོན་པ་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཞེས་བྱ་བའོ། །རྣམ་སྣང་དེའི་ཕྱག་རྒྱ་གཞན་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ནི། ལག་པ་གཉིས་ཀྱི་མཛུབ་མོ་དང་མཐེ་བོ་རྩེ་སྦྱར་བ་ཟླུམ་པོ་གདུ་བུ་བཞིན་

p. 227

དུ་གྱུར་པ་དེའི་སེན་མོ་བཞི་ཀ་ཕྱོགས་གཅིག་འདུས་པ་སྟེ་གཡོན་པ་ཁ་ཚུར་བསྟན་པའི་སེན་མོ་གཉིས་དང་། གཡས་པ་ཁ་ཕར་བསྟན་པའི་སེན་མོ་གཉིས་ཕྱོགས་གཅིག་འདུས་པར་བྱས་པ་དང་ནི་གུང་མོ་ལ་སོགས་རང་སར་བརྐྱང་བ་འདི་ཆོས་འཆད་ཀྱི་ཕྱག་རྒྱ་ཞེས་ཀྱང་ཟེར་བ་དེའོ། །དེ་ལྟར་རྒྱལ་བ་རིགས་དྲུག་གི་ཕྱག་རྒྱ་བདུན་ཡིན་ནོ། །དེ་ནས་མཆོག་གི་ཕྱག་རྒྱ་གསུངས་པ། འདིར་རང་གི་ལུས་ལ་རྡོ་རྗེའི་གོ་ཆ་ཆེན་པོ་བགོ་བའི་དོན་དུ། ལག་པ་གཡོན་པ་ལ་དབྱངས་ཐུང་ངུ་བཅོ་ལྔས་མཚན་པའི་བདག་ཉིད་ཀྱི་ཤིན་ཏུ་ཆ་རྫོགས་ཤིང་གང་བའི་དྲི་མེད་རི་བོང་འཛིན་པ་ཟླ་བའི་དཀྱིལ་འཁོར་བསམ་པར་བྱ་ཞིང་། ལག་པ་གཡས་པ་ལ་དབྱངས་རིང་པོ་བཅོ་ལྔས་མཚན་པའི་བདག་ཉིད་ཀྱི་ཆ་རྫོགས་ཤིང་གང་བའི་རྡོ་རྗེ་ཉི་མ་བསྒོམ་པར་བྱ་སྟེ། ཉི་མ་ཟླ་བ་དེ་དག་ཁ་སྦྱར་བ་ལ་གནས་པ་འཇིགས་པར་བྱེད་པའི་རྡོ་རྗེ་ཁྲོ་བོ་ཧུཾ་ཡིག་བསམ་པར་བྱ་ཞིང་། དེ་ལས་སྐྱེས་པའི་ཁྲོ་བོའི་རྡོ་རྗེ་རྩེ་མོ་ལྔ་པ་ཉིད་ནི་བསྒོམ་པར་བྱ་ཞིང་འདིར་བཅིང་པའི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་འཆད་པར་འགྱུར་བ་ལྟར་བཅིངས་བར་བྱས་ནས། ཕྱག་རྒྱ་དེ་ཉིད་ཀྱིས་རང་གི་ལུས་ཀྱི་དཔྲལ་བ་སོགས་ཡན་ལག་ཐམས་ཅད་ལ་ནི་རེག་པར་བྱ་ཞིང་ཅོད་པན་ཏེ་གཙུག་ཏོར་དང་བཅས་པའི་མགོ་བོ་ནས་བརྩམས་ཏེ་རྐང་བའི་མཐའ་ཉིད་དུ་ཐུག་པའི་བར་དུའོ། །ཕྱག་རྒྱ་འདི་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཔལ་ལྡན་མཆོག་གི་ཕྱག་རྒྱ་བཅིངས་བ་ཙམ་གྱིས་ཐམས་ཅད་དུ་སྲུང་ཞིང་སྡིག་པའི་དྲི་མ་འཕྲོག་པར་བྱེད་པའོ། །ཕྱག་རྒྱ་འདིས་གང་ཞིག་ཅུང་ཟད་གཟུང་བར་བྱ་བའི་དངོས་པོ་ས་སྐྱེས་དང་ཆུ་སྐྱེས་དང་མངལ་སྐྱེས་དང་དྲོད་གཤེར་ལས་སྐྱེས་པའི་དམ་ཚིག་གི་རྫས་དང་། སོགས་པའི་སྒྲས་རུལ་བ་ལས་སྐྱེས་པའི་དམ་ཚིག་སོགས་དང་། དེ་བཞིན་དུ་བཟའ་བ་དང་བཏུང་བ་དང་། བརྩོན་འགྲུས་དང་བཅས་ཞེས་པའིཪྻའི་སྒྲ་དཔའ་བོ་ལ་ཡང་འཇུག་པས་སྐབས་འདིར་དཔའ་བོ་དང་བཅས་ཞེས་པའི་དོན་ཡིན་ཏེ་

p. 228

དཔའ་བོ་ནི་ཤའོ། །དཔའ་བོ་དང་བཅས་པའི་རྫས་རྣམས་ལ་འཆད་འགྱུར་ལྟར་སྦྱང་བ་དང་རྒྱས་པའམ་སྤེལ་བ་དང་རབ་ཏུ་འབར་བ་བྱ་སྟེ་ཕྱག་རྒྱ་འདི་དང་ལྡན་པའི་སྒོ་ནས་སོ། །དེ་བཞིན་དུ་བླ་མ་དང་ནི་ལྷ་སྐུའི་ཞབས་དག་ལ་ཡང་ཕྱག་རྒྱས་རེག་པར་བྱ་སྟེ་གུས་ཤིང་མཆོད་པའི་དོན་དུའོ། །ཡང་བླ་མའི་སྐུ་དང་གྲིབ་མ་ལ་འགོམ་པ་དང་ལྷ་སྐུ་སོགས་ཀྱི་སྟེང་དུ་རང་གི་རྐང་བས་བགྲོད་པ་བྱ་དགོས་ན་ཉེས་པ་མི་འབྱུང་བའི་དོན་དུ་རང་གི་རྐང་པ་ལ་ཕྱག་རྒྱས་རེག་པར་བྱ་ཞེས་སུའང་བཤད་དོ། །མདོར་ན་དངོས་པོ་གང་དང་གང་ཞིག་ལས་སམ་བྱ་བ་གང་དང་གང་ལ་ཉེ་བར་སྦྱོར་བར་འགྱུར་བ་དེ་དང་དེ་ཉིད་སྙིང་སྟོབས་རྡུལ་དང་མུན་པའམ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་དབང་གིས་སམ་དྲི་ལ་སོགས་པའི་ཡུལ་གྱི་དབང་གིས་བྱ་བའི་ཡུལ་ལམ་དངོས་པོ་དེ་ལ་ཕྱག་རྒྱ་དེ་ནི་སྦྱར་བར་བྱ་སྟེ། ཕྱག་རྒྱས་རེག་ནས་སྦྱང་བའམ་བྱིན་གྱིས་བརླབས་པར་བྱའོ། །ས་གཞི་ལ་སོགས་པའི་གཞི་ལ་དཀྱིལ་འཁོར་བྱ་བའི་དོན་དང་། དེར་རྐང་པ་དག་གིས་བགྲོད་པ་ལ་ཡང་རྣལ་འབྱོར་པ་ཡིས་ཕྱག་རྒྱ་འདིས་བསྣུན་པར་བྱ་སྟེ། ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱ་བ་དང་། རྐང་པས་ས་བཅག་པའི་སྐབས་སུའང་མཆོག་གི་ཕྱག་རྒྱའམ་རྡོ་རྗེའི་ཕྱག་རྒྱ་དེ་ལྟ་བུས་རེག་པར་བྱའོ་ཞེས་སོ། །ལག་པ་གཉིས་པོ་དག་གིས་རྡོ་རྗེ་ཁུ་ཚུར་བཅིངས་པ་ཡིས་ནི་ངེས་པར་ཁྲོ་བོའི་མགོན་པོ་ཆེན་པོའི་ཕྱག་རྒྱར་འགྱུར་ཞེས་པ་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་སྟེ། ལག་གཉིས་རྡོ་རྗེ་ཁུ་ཚུར་བྱས་པ་སྙིང་གར་བསྣོལ་བ་ཡིན་མོད་ཀྱི། ཞིབ་ཆ་འགྲེལ་པ་ལས་གསུངས་པ་ལྟར། ལག་པ་གཡོན་པའི་མཁྲིག་མ་འོག་ཏུ་བྱས་ཏེ་ཁ་གྱེན་དུ་བཟེད་པ་དང་། གཡས་པའི་མཁྲིག་མ་ཐུར་དུ་ཁ་ཕྱོགས་པའི་ཚུལ་གྱིས་གཡས་པ་ནང་དང་གཡོན་པ་ཕྱིར་བྱས་པ་སྙིང་གར་བསྣོལ་ནས་བསྡམས་པས། ལག་གཡས་ཀྱི་ཁུ་ཚུར་གཡོན་གྱི་དཔུང་ཚིགས་དང་། གཡོན་པའི་གྲུ་ཚིགས་ཀྱི་བར་དུ་འོང་བ་དེ་བཞིན་གཡོན་པའི་ཁུ་ཚུར་ཀྱང་གཡས་པའི་དེ་གཉིས་ཀྱི་

p. 229

བར་དུ་འོང་བ་འདི་ལྟ་བུར་བཅའ་བར་གསུངས་སོ། །འགྱུར་གཞན་ལས་དཔུང་པ་མཁྲིག་མའི་མཚམས་ཀྱི་སྟེང་དུ་ཞེས་འདོན་ནོ། །ལག་པ་གཉིས་ཀའི་རྒྱབ་སྦྱར་ནས་མཛུབ་མོ་ཐོག་མ་དང་། མཐའ་མཐེའུ་ཆུང་ལྕགས་ཀྱུ་ལྟར་བཀུག་པ་དག་ཕན་ཚུན་དུ་གཅིག་གི་ནང་དུ་གཅིག་བསྐོན་ཏེ་བཅིང་ཞིང་། སོར་མོ་ལྷག་མ་གུང་སྲིན་གཉིས་ཀྱི་ནང་དུ་མཐེ་བོང་བསྐུམས་ནས་ཁུ་ཚུར་བཅིངས་པས། གཙོ་བོ་སྲིད་པ་གསུམ་མམ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡི་ཕྱག་རྒྱ་སྟེ། གནས་གང་དུ་ན་སྙིང་གར་བཅིང་བར་བྱའོ། །ཕྱག་གི་མཚན་མའི་རྣམ་པ་གཞན་དག་ཀྱང་རྡོ་རྗེ་ཤུགས་ཀྱི་ཕྱག་ལྷག་མ་རྣམས་ཀྱི་ཕྱག་མཚན་རྣམས་ཏེ་དེ་རྣམས་ནི་རབ་ཏུ་གསལ་ཞིང་ངེས་པར་འཁོར་གྱི་ལྷ་དང་ལྷ་མོ་རྣམས་ཀྱི་ཡང་ཕྱག་རྒྱའོ། །ལག་པ་གཉིས་པོ་དག་གིས་རྡོ་རྗེ་བཅིངས་ལ་ཞེས་པ་ལ་འགྲེལ་པར་གཡོན་པའི་དཔུང་པ་དང་ཉེ་དཔུང་གྲུ་ཚིགས་ཀྱི་སྟེང་དུ་གཡས་པའི་དཔུང་པ་དང་ཉེ་དཔུང་དེ་གཉིས་བཅིངས་པ། ལག་གཡོན་ཉེ་བའི་དཔུང་ཚིགས་གཡས་པའི་ཉེ་བའི་དཔུང་ཚིགས་ཀྱི་སྟེང་དུ་བྱས་ཏེ་ལག་པ་གཉིས་ཀའི་སོར་མོ་རྣམས་བརྐྱང་བ་གཡོ་བའི་ཚུལ་གྱིས་གདེངས་ཀའི་རྣམ་པ་ལྟ་བུར་བྱས་པ་གདེངས་ཅན་ཀླུ་རྣམས་ཀྱི་ཕྱག་རྒྱར་འགྱུར་ཞེས་གསུངས་ཏེ། འདི་ལ་མཐེ་བོང་གཉིས་རྩེ་སྤྲད་ནས་སོར་མོ་ལྷག་མ་རྣམས་བརྐྱང་བ་གཡས་སུ་བྱས་ན་གཡས་ཕྱོགས་ཀྱི་གདེངས་ཅན་ཕྱག་རྒྱ་དང་དེ་ལས་ཟློགས་ཏེ་གཡོན་ཕྱོགས་སུ་བྱས་ན་གཡོན་གྱི་གདེངས་ཅན་གྱི་ཕྱག་རྒྱར་འགྱུར་ཞེས་བཤད་ཀྱང་། དཔུང་ཚིགས་གྲུ་ཚིགས་ལུས་ལ་སྦྱར་ཏེ་བསྡམས་ནས་ཅུང་ཟད་གཡོན་ཕྱོགས་འོག་ཏུ་བྱས་པ་དང་། ཡང་ན་གཡས་འོག་ཏུ་བྱས་པའི་ཚུལ་གྱིས་སོར་མོ་ལྔ་བརྐྱངས་བ་གདེངས་ཀའི་རྣམ་པ་གཡས་དང་གཡོན་དུ་བྱེད་པ་ཙམ་ལས་བཅིང་ཚུལ་གཞན་བྱ་རྒྱུ་མི་སྣང་ངོ་། །དེ་ནས་གོང་དུ་བཤད་པ་མཆོག་གི་ཕྱག་རྒྱ་གསུངས་པ། ལག་པ་གཉིས་ཀའི་མཐིལ་ཁ་སྦྱར་ཏེ་མཐེ་བོ་དག་དང་མཐེའུ་ཆུང་གཉིས་ཟུང་དུ་སྦྱར་

p. 230

བ་པདྨའི་འདབ་མ་དང་མཚུངས་པར་བྱས་པ་རྡོ་རྗེའི་རྭ་ཕན་ཚུན་གཉིས་དང་གུང་མོ་གཉིས་པོ་དག་ནི་ཟུང་དུ་སྦྱར་ཏེ་གྱེན་དུ་བརྐྱང་བ་རྡོ་རྗེའི་དབུས་ཀྱི་རྭའི་རྣམ་པ་དང་། དེའི་རྒྱབ་དུ་མཛུབ་མོ་གཉིས་ནི་རྩེ་ཅུང་ཟད་བཀུག་པ་ཕྱེད་འཁྱོག་པ་ཟླ་བ་ཕྱེད་པ་ལྟར་བྱས་ཏེ་སོ་སོར་བསྒྲེང་བ་གཡས་གཡོན་གྱི་རྭ་གཉིས་ཏེ། མིང་མེད་གཉིས་པོ་ནང་ངོས་སུ་འོག་ཏུ་བསྐུམ་པ་རང་གི་ལག་པའི་མཐིལ་དུ་སོན་པར་གྱུར་པ་ཡི་ཕྱག་རྒྱ་འདི་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཅན་དུས་འཁོར་གྱི་ཕྱག་རྒྱ་རྡོ་རྗེ་རྩེ་མོ་ལྔ་པར་འགྱུར་ཏེ་ཁྲོ་བོའི་རྡོ་རྗེ་རྭ་གདེངས་པའི་རྣམ་པའོ། །འདི་ནི་སློབ་དཔོན་གྱིས་སློབ་མ་སོགས་སམ་རིགས་སོགས་ཀྱི་དོན་དུ་བསྟན་པར་བྱ་བ་ཡི་ཕྱག་རྒྱའི་གཙོ་བོའོ། །ལག་པ་གཉིས་ཁ་ཕྲལ་ཏེ་སོ་སོར་རྡོ་རྗེའི་རྩིབས་ཀྱི་རྣམ་པ་སོར་མོ་ལྔ་པོ་རྣམས་ཏེ། ལག་པ་གཉིས་ཀའི་མཐིལ་དུ་སོན་པ་མཐེ་བོ་ལ་སོགས་པ་མཐའ་དག་རྣམས་སོ་ཞེས་པ་གུང་མོ་དབུས་རར་བྱས་པ་སྟེང་དུ་མཐོ་བར་བྱས་ནས་སོར་མོ་གཞན་མཛུབ་མོ་དང་སྲིན་ལག་བཞི་ཕྱོགས་བཞིར་སྦྱར་བ་གྱེན་དུ་བསྟན་པས་སོར་མོ་གཞན་རྣམས་ལག་པའི་མཐིལ་དུ་སོན་པའམ་གནས་པ་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་གཞན་ཏེ། ཤེས་རབ་མ་ལ་འཁྱུད་པ་དང་དེ་ལ་རྡོ་རྗེའི་མཚན་མའི་ཕྱག་རྒྱ་བསྟན་པ་ལ་སོགས་པའི་དོན་དུའོ། །ལག་པ་གཉིས་ནི་ཁ་སྦྱར་ཏེ་སྔ་མ་བཞིན་དུ་རྡོ་རྗེ་བཅིང་བའམ། ཡང་ན་སོ་སོར་རྡོ་རྗེ་ཁུ་ཚུར་བཅིང་པ་ཡང་རྡོ་རྗེར་འགྱུར་ཏེ། རྡོ་རྗེ་ཁུ་ཚུར་གཉིས་པོ་གཡས་པ་སྟེང་དུ་བྱས་ཤིང་གཡོན་པ་འོག་ཏུ་བྱས་པ་དག་གིས་དྲིལ་བུར་བཅས་པར་འགྱུར་ལ། དེ་ཡང་འོག་མ་ཅུང་ཟད་ཁ་ཕྱེ་བའི་རྣམ་པར་བྱའོ་ཞེས་སྔ་མ་རྣམས་གསུངས། ཁུ་ཚུར་ཕྱེད་པ་སྟེ་མིང་མེད་དང་མཐེའུ་ཆུང་གི་ནང་དུ་མཐེ་བོ་བཅུག་པས་ཁུ་ཚུར་བཅིངས་ཤིང་། མཛུབ་མོ་དང་ནི་གུང་མོ་གཉིས་གཤིབ་སྟེ་མདའ་དང་མཚུངས་པ་དྲང་པོར་བརྐྱང་བ་དག་ཀྱང་རལ་གྲི༷་རྣོ༷ན་བོར་འགྱུར་ཞེས་རལ་གྲིའི་ཕྱག་རྒྱ་སྟེ་ལག་པ་ཡ་གཅིག་གིས་བྱ་

p. 231

བ་སྟེ། སྟེང་དུ་ཕྱར་བའི་རྣམ་པ་བྱའོ་ཞེས་བཤད། མཛུབ་མོ་ལ་སོགས་ཞེས་མཛུབ་མོ་གུང་མོ་མིང་མེད་གསུམ་རྩེ་གསུམ་གྱི་རྣམ་པ་ཡིན་པས་བར་མེད་དུ་འབྱར་བར་མི་བྱ་བར་སླར་ཡང་སོ་སོར་བཀྲམ་པ་དག་སྟེ། མཐེའུ་ཆུང་གི་ནང་དུ་མཐེ་བོང་བཅུག་ནས་བསྡམས་པས་ཁུ་ཚུར་ཕྱེད་པ་ཡིས་ནི་རྩེ་གསུམ་གྱི་ཕྱག་རྒྱ་ལའོ། །འདིར་ཐམས་ཅད་དུ་ཕྱག་གིས་བཟུང་བྱའི་ཡུལ་ལམ་ཡང་ན་གནས་གཞིའི་དོན་གྱི་རྣམ་དབྱེ་བདུན་པ་སྦྱར་བའོ། །དེ་བཞིན་དུ་དཔལ་ལྡན་གྲི༷་གུག་གི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་བཅིངས་ཤིང་དཔལ་ལྡན་མཐེའུ་ཆུང་ཟླ་བ་ཕྱེད་པ་ལྟར་ཕྱེད་འཁྱོག་པར་བྱས་པ་གྲི་གུག་གི་ཕྱག་རྒྱ་སྟེ་གདུལ་དཀའ་བ་རྣམས་འཇིགས་པར་བྱེད་པར་འགྱུར་རོ། །གཡས་ཀྱི་རྣ་བའི་སྟེང་དུ་ཁུ་ཚུར་བཅིངས་ཤིང་མཐེ་བོང་ནི་གུང་མོའི་སྟེང་དུ་འགྱུར་ཏེ། འགྲེལ་པར་འོག་ཏུ་མཛུབ་མོ་སྟེ་ཞེས་པ་གོ་རིམ་མི་བདེ་ཞིང་མཐེ་བོ་མཛུབ་མོའི་འོག་ཏུ་སྟེ་ཞེས་པའི་དོན་ཡིན་ལ་འདི་འདྲ་འགྱུར་གྱི་དབང་གིས་གོ་དཀའ་བ་དུ་མ་ཡོད་པ་ཤེས་པར་བྱའོ། །འདི་ནི་མདའ་ཡི་མཆོག་འགེང་བའི་ཕྱག་རྒྱ་ལའོ་ཞེས་མདའ་ལྟོང་གུང་མཐེབ་ཀྱི་བར་དུ་བཟུང་ནས་གཞུ་རྒྱུད་དང་སྦྱར་བ་འཐེན་ཞིང་འགེང་པའི་ཕྱག་རྒྱ་ཡིན་ལ། སྐབས་ལ་ལར་ཕྱག་གཡོན་ན་གཞུ་འཛིན་པ་དང་སྦྱར་བ་ཡིན་ན་གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་གཞུ་འཛིན་པའི་ཚུལ་ཀྱང་བྱའོ། །ལྕགས་ཀྱུའི་ཕྱག་རྒྱ་ནི་ལག་པ་རྡོ་རྗེ་ཁུ་ཚུར་བཅིངས་ཤིང་མཛུབ་མོ་ཤིན་ཏུ་འཁྱོག་པོར་འགྱུར་རོ་ཞེས་ལྕགས་ཀྱུའི་རྣམ་པ་ལྟར་བྱས་པ་ནི་ཀྱེ་མི་ཡི་བདག་པོ་དེ་བཞིན་ཉིད་དུ་ལྕགས་ཀྱུ་ལའོ། །སོར་མོ་གསུམ་གྱི་རྩ་བར་སྟེ་འོག་ཏུ་མཐེ་བོ་དང་མཐེའུ་ཆུང་དག་ཁུ་ཚུར་བཅིངས་ལ། མཛུབ་མོ་དང་མིང་མེད་དུ་འགྱུར་བ་མདའ་དང་མཚུངས་པར་གཤིབས་པའི་རྒྱབ་ཀྱི་སྟེང་དུ་གུང་མོ་བརྐྱང་བ་ཡང་ནི་མདུང་གི་ཕྱག་རྒྱ་ལ་སྟེ། དེ་བཞིན་མདུན་གྱི་ཐད་དཀར་རྡོ་རྗེ་ཁུ་ཚུར་བྱས་པའི་ལག་པ་རབ་ཏུ་བརྐྱང་བ་ནི་དབྱུག་པ་ཡི་ཕྱག་རྒྱ་ལའོ། །ལག་མཐིལ་ཤིན་དུ་མཉམ་པར་བརྐྱང་བ་བྱས་ལ་སོར་མོ་བཞི་

p. 232

པོ་ཡང་ཐད་ཀར་གཤིབས་ཏེ་བརྐྱང་བ་དང་། མཐེ་བོ་སྟེང་དུ་བརྐྱང་བ་དགྲ་སྟ་ཡི་ཕྱག་རྒྱ་ལའོ། །འདི་ཡན་ཆད་ལག་པ་གཡས་ཀྱིས་བཅའ་བའི་ཕྱག་རྒྱ་སྟེ། གཡས་ཀྱི་ཕྱག་མཚན་རྣམས་སོ། །སྤྱིར་ལག་གཉིས་ཀས་བཅའ་རུང་སྟེ་མདའ་འགེང་པ་ནི་གཡས་ཁོ་ནས་སོ། །ཕྲག་པ་གཉིས་ཀྱི་སྟེང་དུ་ལག་པའི་རྡོ་རྗེ་ཁུ་ཚུར་གཉིས་གྱེན་དུ་ཕྱོགས་པར་བྱས་པ་དང་། མཛུབ་མོར་འགྱུར་ཏེ་ཞེས་པ་མཛུབ་མོ་གཉིས་སྟེང་དུ་བསྒྲེང་བ་ལྷ་མིན་བདག་པོ་གླང་ཆེན་མགོ་ཅན་ཞེས་པ་ལོག་འདྲེན་ཏེ། དེའི་པགས་པ་བཤུས་ནས་སྐུ་ལ་བགོས་པ་བཟུང་བའི་ཚུལ་གྱི་ཕྱག་རྒྱ་དག་ལའོ། །མཆེ་བ་ཡི་ཕྱག་རྒྱ་ལ་ནི་ལག་པ་གཉིས་ཀའི་སོ་སོའི་མཐིལ་དུ་རྡོ་རྗེ་ཁུ་ཚུར་བཅིངས་ཤིང་མཐེའུ་ཆུང་གཉིས་ཟླ་བ་ཕྱེད་པ་ལྟར་ཅུང་ཟད་འཁྱོག་པོར་བྱས་པ་ཁ་འགྲམ་གཡས་གཡོན་དུ་བཞག་པའོ། །ད་ནི་ལག་པ་གཡོན་པའི་མཚན་མའི་ཕྱག་རྒྱ་གསུངས་པ། ཁེཊ་ཀ་སྟེ་ཕུབ་ལ་དཔུང་པ་གཡོན་པ་རབ་ཏུ་བརྐྱང་ཞིང་ལག་པའི་མཐིལ་ནི་སྟེང་དུ་སོན་པར་འགྱུར་ཏེ་མི་འཇིགས་པའི་ལག་མཐིལ་ལྟ་བུར་བྱའོ། །དེ་བཞིན་དུ་ཁ་ཊྭཱཾ་ཀ་ཡི་ཕྱག་རྒྱ་ལ་མཛུབ་མོ་དང་གུང་མོ་མིང་མེད་གསུམ་གྱི་ནང་དུ་མཐེ་བོ་བཅུག་པའི་ཁུ་ཚུར་བཅིངས་པ་ལས་ནང་གི་ཆ་བར་སྟོང་ཡོད་པ་གུག་པར་འགྱུར་ཏེ་ངེས་པ་ཉིད་དུ་ཕྲག་པར་མཐེའུ་ཆུང་བརྐྱང་བའོ། །སོར་མོ་རྣམས་གུག་པ་མེད་པར་བྱས་པའི་ལག་པ་པད་འདབ་ལྟ་བུ་གཅིག་ཏུ་བྱས་པའི་ཁྱོར་བ་གན་རྐྱལ་ལམ་ཁ་སྟེང་དུ་བཟེད་པར་བྱས་པ་ནི་དཔལ་ལྡན་ཐོད་པ་དག་གི་ཕྱག་རྒྱ་ལའོ། །གཞུ་ལལག་པ་གཡོན་པ་གན་རྐྱལ་གྱི་ཁུ་ཚུར་དུ་འགྱུར་ཏེ་ངེས་པར་དཔུང་པ་གཡོན་པ་ཐད་ཀར་རབ་ཏུ་བརྐྱང་བའོ། །གཡོན་པའི་གུང་མོ་དག་ནི་མཛུབ་མོ་འཁྱོག་པོ་ཡི་རྣམ་པ་བཀུག་པའི་རྒྱབ་ཏུ་ཀུན་དུ་བརྟེན་པར་འགྱུར་ཏེ། གུང་མཛུབ་ཀྱི་བར་དུ་བར་སིང་བུག་པ་ཡོད་པར་བྱས་ལ། མིང་མེད་དང་མཐེའུ་ཆུང་གི་ནང་དུ་མཐེ་བོ་བཅུག་པའི་ཁུ་ཚུར་བྱས་པ་ནི་ངེས་པར་རྡོ་རྗེ་ཞགས་པ་ཡི་ཕྱག་རྒྱ་ལའོ། །འདི་ནི་ལག་པ་ཡ་གཅིག་གི་ཞགས་པའི་

p. 233

ཕྱག་རྒྱ་སྟེ། གཞན་ལག་པ་གཉིས་ཀ་ཅིག་ཆར་ཞགས་པའི་ཕྱག་རྒྱ་བཅའ་བ་ནི་ཆུ་ལྷ་ལ་སོགས་པའི་ཕྱག་གཡས་པ་གང་དུ་རྡོ་རྗེ་ལྕགས་ཀྱུ་མ་མཐོང་བ་དེར་ཡང་ཞགས་པ་ཡོད་པ་ཡིན་ན་དེ་ལྟར་བྱ་ལ། གཡས་ན་ལྕགས་ཀྱུ་དང་གཡོན་ན་ཞགས་པ་ཡོད་པ་ལྟ་བུ་ལ་གཡོན་པ་གཅིག་པུས་ཞགས་པའི་ཕྱག་རྒྱ་བྱའོ། །རིན་ཆེན་གྱི་ཕྱག་རྒྱ་ལ་ནི་སྦྱར་བའི་སོར་མོ་འགྱུར་ཏེ་ཞེས་པ་གུང་མོ་དབུས་སུ་ཅུང་ཞིག་མཐོ་བར་བྱས་ནས་དེ་ལ་ཕྱོགས་སུ་སོར་མོ་གཞན་བཞི་སྦྱར་བ་སྟེང་དུ་བརྐྱང་བའོ། །ཀྱེ་མི་བདག་རིན་ཆེན་གྱི་ཕྱག་རྒྱ་དེ་དག་གི་སོར་མོའི་ཁ་རྣམ་པར་ཕྱེ་བ་པདྨ་ལ་ཞེས་པ་ལག་གཡོན་མཐེ་བོང་དང་མཐེའུ་ཆུང་སྦྱར་བ། པད་འདབ་གཅིག་དང་སོར་མོ་གཞན་གསུམ་ལ་ཕྱོགས་གསུམ་དུ་བྱས་པའི་པདྨ་འདབ་བཞིའི་རྣམ་པ་སྟེ། ལག་པ་གཉིས་མཐིལ་སྦྱར་ཏེ་མཐེ་བོང་གཉིས་དང་། མཐེའུ་ཆུང་གཉིས་སྦྱར་བས་པད་འདབ་གཉིས་དང་། ལྷག་མ་སོར་མོ་དྲུག་སོ་སོར་བྱེད་པ་པད་འདབ་དྲུག་སྟེ། དེ་ལྟར་སྟེང་དུ་ཁ་ཕྱོགས་པའི་པདྨ་འདབ་བརྒྱད་ཀྱི་ཕྱག་རྒྱར་འགྱུར་རོ། །རྩ་བར་མ་གསུངས་པ་འགྲེལ་པས་ཁ་བསྐང་བའི་ཌ་མ་རུ་དང་ཐོ་བ་དང་འཁོར་ལོའི་ཕྱག་རྒྱ་གསུམ་ནི། གུང་མོ་དང་མིང་མེད་ཀྱི་ནང་དུ་མཐེ་བོང་བཅུག་པའི་ཁུ་ཚུར་བཅིངས་ལ། མཛུབ་མོ་དང་མཐེའུ་ཆུང་ལྕགས་ཀྱུའི་རྣམ་པར་འཁྱོག་པོར་བྱས་པ་རྒྱབ་ཏུ་སྦྱར་བ་ཌ་མ་རུའི་རྣམ་པའོ། །དེ་བཞིན་ཐོ་བ་ལ་ལག་པ་གཅིག་གིས་རྡོ་རྗེ་ཁུ་ཚུར་བཅིང་བའོ། །འཁོར་ལོ་ལ་ནི་སོར་མོ་ཐམས་ཅད་རྩིབས་ཀྱི་རྣམ་པ་ལྟར་ཕྱོགས་སུ་བགྲད་དེ་བརྐྱང་བ་ལག་པ་ཡ་གཅིག་གིས་བྱ་ཚུལ་ཡིན་ལ། ལག་པ་གཉིས་ཀའི་མཐིལ་སྦྱར་ཏེ་སོར་མོ་ལྔ་རྩིབས་ལྟར་བརྐྱང་བ་ནི་ལག་པ་གཉིས་ཀས་འཁོར་ལོའི་ཕྱག་རྒྱ་བཅིང་བ་ཡིན་ནོ། །ཆུ་ན་རྒྱུ་བ་དུང་གི་ཕྱག་རྒྱ་ལ་ནི་མཛུབ་མོ་མཐེ་བོ་རྩེ་སྦྱར་བར་བྱས་ལ་བརྐྱང་བར་འགྱུར་ཏེ་མཐེ་བོའི་འོག་ཏུ་གུང་སྲིན་མཐེ་ཆུང་གསུམ་རྩེ་ནང་དུ་བཀུག་ནས་ཁུ་ཚུར་བྱས་པ་གན་རྐྱལ་དུ་བཞག་ཚེ་དུང་གི་དབྱིབས་སུ་གྱུར་པ་དེ་ལྟར་རོ། །མེ་ལོང་

p. 234

གི་ཕྱག་རྒྱ་ལ་ནི་ལག་པ་གཡོན་པ་ཤིན་ཏུ་མཉམ་པའི་ལག་མཐིལ་དང་སོར་མོ་རྣམས་བར་སིང་བུག་པ་མེད་པ་དང་བཅས་ནས་མདུན་དུ་ཕར་མངོན་དུ་ཕྱོགས་པར་བྱས་པ་དེ་ཡིན་པར་འགྱུར་རོ། །མཐེ་བོང་ལ་ནི་སྟེང་དུ་མཛུབ་མོ་འཁྱོག་པོའི་རྣམ་པར་བཀུག་པའི་ཟླུམ་པོར་བྱས་པ་སྦྱར་བ་དང་དེ་བཞིན་དུ་ལ་སོགས་པའི་སྒྲས་མཛུབ་མོའི་རྒྱབ་དུ་གུང་མོ། །དེའི་རྒྱབ་ཏུ་མིང་མེད། དེའི་རྒྱབ་ཏུ་མཐེའུ་ཐུང་རྣམས་རིམ་པར་མཛུབ་མོ་ཇི་ལྟ་བ་བཞིན་དུ་སྔ་མ་སྔ་མའི་སྟེང་དུ་ཕྱི་མ་ཕྱི་མ་འཁྱོག་པོ་རིམ་པར་ཡོངས་སུ་བཀོད་པ་ལྕགས་སྒྲོག་གི་ཕྱག་རྒྱ་ལའོ། །ཚངས་པའི་མགོ་བོ་ཡི་ཕྱག་རྒྱ་ལ་ནི་མཐེ་བོ་ལ་སོགས་བཞི་པོ་རྩེ་མོ་ཕན་ཚུན་སྦྱར་བས་སེན་མོ་བཞི་གདོང་བཞི་དང་མཚུངས་ཤིང་དེ་དག་གི་འོག་ཏུ་མཐེའུ་ཆུང་བསྐུམ་པའོ། །དེ་ནས་ཅོད་པན་ལ་སོགས་པའི་ཕྱག་རྒྱ་གསུངས་པ། ཅོད་པན་ལ་ནི་ལག་པ་གཉིས་ཀ་དག་གིས་གོང་བཤད་དུང་གི་ཕྱག་རྒྱ་བྱས་པ་ཁ་སྦྱར་ནས། མཛུབ་མོ་གཉིས་པོ་རྩེ་སྦྱར་བ་གྱེན་དུ་བསྟན་པས་ནོར་བུའི་དབྱིབས་སམ་རིན་པོ་ཆེའི་ཅོད་པན་ཉིད་དུ་ཡང་འགྱུར་རོ། །ལག་མཐིལ་གཉིས་པོ་དག་གི་རྒྱབ་ཏུ་སོར་མོ་ལྔ་པོ་རྣམས་ནི་གཅིག་ཏུ་སྦྱར་བ་དག་ཀྱང་རྣ་རྒྱན་ལ་ཞེས་པ། ལག་པ་གཉིས་རྒྱབ་བསྣོལ་ཏེ་སོར་མོ་ལྔ་པོ་ཕན་ཚུན་རྒྱབ་ངོས་སྦྱར་བ་རྣ་རྒྱན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པའི་རྒྱབ་ཏུ་སོར་མོ་རྣམས་ནི་རིམ་པར་ཡོངས་སུ་བཀོད་ཅིང་ཕན་ཚུན་ནེའུ་ལེའི་རི་མོའི་ངོས་སྦྱར་ཏེ་བཅིངས་པ་མགུལ་བའི་རྒྱན་ལ་སྟེ། ལག་པ་གཉིས་ཀའི་དབུས་མའི་སོར་མོ་གསུམ་ནི་ཕན་ཚུན་རྩེ་མོ་སྦྱར་ཞིང་ཐོག་མཐའ་མཐེ་བོང་དང་མཐེའུ་ཆུང་གཉིས་ནང་དུ་བསྐུམས་ཏེ་ཁུ་ཚུར་བྱས་པ་དག་ནི་སྐ་རགས་ལའོ། །ལག་པ་གཉིས་ཀའི་སོར་མོ་གཞན་ཁུ་ཚུར་བཅིངས་པ་ལྟར་ནང་དུ་བསྐུམས་ནས་མཐེ་བོང་དག་དང་གུང་མོ་གཉིས་པོ་རྩེ་སྦྱར་ཏེ་ཟླུ་མ་སྐོར་ལྟ་བུར་བྱས་པ་རྐང་གདུབ་ལའོ། །དེ་བཞིན་དུ་ནི་དཔུང་རྒྱན་ཟུང་དང་ལག་པའི་གདུ་བུ་ལ་ཡང་གུང་མོའི་ཚབ་ཏུ་མཛུབ་མོ་ཕན་ཚུན་སྦྱར་བ་དག་ཏུ་འགྱུར་ཏེ་གཞན་སྔ་མ་བཞིན་ནོ། །དེ་ནས་སོ་སོའི་རིགས་ཀྱི་ཕྱག་རྒྱ་གསུངས་པ། འདིར་རྡོ་རྗེ་ཁུ་ཚུར་བཅིངས་ནས་དེའི་སྟེང་དུ་མཐེ་བོ་བསྒྲེང་བ་བསྟན་པ་ནི། །

p. 235

མཁའ་འགྲོ་མ་རྣམས་དག་གི་ཐུན་མོང་གི་མཆོག་གི་རིགས་སུ་འགྱུར་ཏེ། དེ་བཞིན་ཁུ་ཚུར་ལས་མཛུབ་མོ་འབའ་ཤིག་བརྐྱང་བ་ནི། གསང་བ་པ་གནོད་སྦྱིན་རྣམས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་དྲི་ཟ་རྣམས་དང་གདེངས་ཅན་ཀླུ་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱ་ནི་གུང་མོ་དང་མིང་མེད་དག་ནི་རིམ་པར་ཡོངས་སུ་བཀོད་པའོ། །འབྱུང་པོ་རྣམས་ཀྱི་དཔལ་ལྡན་མཐེའུ་ཆུང་བརྐྱངས་ཏེ་བསྟན་པའོ། །རབ་མཆོག་སོར་མོ་ཀུན་ནང་དུ་བསྐུམས་ནས་ལག་པའི་མཐིལ་འབའ་ཞིག་བསྟན་པ་ནི་སྲིན་པོ་རྣམས་ཀྱི་རིགས་སུ་འགྱུར་རོ། །གྲུབ་པ་རྣམས་ཀྱི་ནི་རྡོ་རྗེ་ཁུ་ཚུར་བཅིངས་པ་མཆོག་གི་རིགས་ཏེ། དེ་བཞིན་དཔུང་པ་དང་ཉེ་བའི་དཔུང་པའི་ཚིགས་ཞེས་གྲུ་ཚིགས་ཀྱི་མཚམས་སྟོན་པ་ནི་ལྷ་རྣམས་དག་གི་རིགས་སུའོ། །ལག་པའི་རྒྱབ་ཀྱི་མཐིལ་ནི་ཚངས་པའི་སྲིན་པོ་དང་། ཉེ་བའི་དཔུང་པ་དང་ལག་པའི་ཚིགས་ཞེས་མཁྲིག་ཚིགས་བསྟན་པ་ནི་རོ་ལངས་རྣམས་ཀྱི་རིགས་ཏེ། དེ་ལྟར་ཕྱག་རྒྱ་བརྒྱད་པོ་དེ་ནི་རིགས་བརྒྱད་ལས་སྐྱེས་པ་རྣམས་ལ་ལག་པ་གཡོན་པས་བསྟན་པར་བྱའོ། །དེ་ནས་དུད་འགྲོའི་གདོང་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱ་གསུངས་པ། འདིར་ལག་པ་གཅིག་གམ། གཉིས་ཀའི་མཐིལ་དུ་སོར་མོལྔ་པོ་རྣམས་ཕྱེད་འཁྱོག་པ་སེང་གེའི་སྡེར་མོའི་རྣམ་པར་བྱས་པ་ནི། རིགས་ཀྱི་ཕྱག་རྒྱ་སྟེ་གང་གིས་ན་སྡེར་མོ་ཅན་རྣམས་ཀྱིའོ། །དེ་བཞིན་དུ་ཁུ་ཚུར་བཅིངས་པ་ལས་མཛུབ་མོ་གཉིས་པོ་ཕྱེད་འཁྱོག་པར་བྱས་པ་རྭ་ཡི་རྣམ་པ་ལྟ་བུ་ངེས་པར་མགོ་བོར་སོན་པར་བྱས་པ་རྭ་ཅན་རྣམས་ཀྱིའོ། །མི་མཉམ་པའི་ལག་པའི་མཐིལ་ལ་ཞེས་པ་ལག་པའི་མཐིལ་གྱི་རྒྱབ་སྦྱར་བ་ཡིན་ལ།མཐེའུ་ཆུང་ཕན་ཚུན་གཅིག་ལ་གཅིག་མདུད་པའམ་བཅིངས་ཤིང་། མཛུབ་མོ་གུང་མོ་གསུམ་གཤིབས་ཏེ་བརྐྱང་བ་གཤོ༷ག་པ་གཡས་གཡོན་ལྟར་སྦྱར་བ་དང་། མཐེ་བོ་དག་གི་གདོང་སྦྱར་བ་ནི་སྒོང་སྐྱེས་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱ་སྟེ། བྱ་

p. 236

ཁྱུང་གི་ཕྱག་རྒྱའང་དེ་ཁོ་ནའོ། །དེ་བཞིན་དུ་སོར་མོ་ལྔ་པོ་ཡི་རྩེ་མོ་འཁྱོག་པ་བསྟན་པ་གདེངས་ཀ་ཅན་ཀླུ་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱ་ཁྱད་པར་འཕགས་པར་འགྱུར་རོ། །རིགས་ཀྱི་ཕྱག་རྒྱ་རྣམས་དེ་དག་གི་གདོང་ཅན་རྣམས་ལ་བསྟན་པར་བྱའོ། །ཉིན་ཞག་སོ་སོའི་དུས་ཀྱི་གཏོར་མ་ལ་མགྲོན་རྣམས་སྤྱན་དྲངས་པ་འབར་བའི་ཕྱག་རྒྱ་ནི། ལག་པ་གཉིས་ཀའི་མཛུབ་མོའི་མཐའ་ལ་གནས་པ་གུང་མོ་མིང་མེད་མཐེའུ་ཆུང་གསུམ་པོ་རྣམས་རབ་ཏུ་བརྐྱང་ཞིང་། དེ་ལས་གཞན་པ་མཛུབ་མོ་གཉིས་ནི་དེ་དག་གི་འོག་ཏུ་ཕན་ཚུན་མདུད་དེ་སྦྱར་བར་བྱས་པ་ཁ་འོག་ཏུ་བསྟན་ནས་མགོ་བོའི་སྟེང་དུ་བཞག་པ་ནི་འབར་བ་ཡི་ཕྱག་རྒྱ་དག་ལ་སྟེ། མཐེ་བོ་གཉིས་ཀྱང་སྦྱར་ཏེ་བྱའོ་ཞེས་སོ། །འབར་བའི་ཕྱག་རྒྱ་གཉིས་པ་ནི་གཞན་རྣམས་བཤད་མ་ཐག་པ་ལྟར་ལ་མཆོག་གི་ལག་མཐིལ་དག་གི་མཛུབ་མོ་གཉིས་ཀྱང་བརྐྱང་བ་ནི། སྔ་མ་ལས་གཞན་པའོ། །ད་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཕྲད་པའི་ཚེ་ཕན་ཚུན་ཕེབས་པར་སྨྲ་བ་སོགས་ཀྱི་ཕྱག་རྒྱ་གསུངས་པ། འདིར་གང་དུ་རྣལ་འབྱོར་པས་རྣལ་འབྱོར་མ་དང་དང་པོར་ཕྲད་པ་ཙམ་ནས་ཁུ་ཚུར་བཅིངས་པའི་མཛུབ་མོ་ཁ་གྱེན་དུའམ་སྟེང་དུ་ཕྱོགས་པ་བསྟན་ཅིང་ཚུར་ནང་དུ་མཐེ་བོང་ལ་མངོན་པར་ཕྱོགས་ཞིང་སྦྱར་བའི་ཚུལ་དུ་བསྟན་ན་ཕྱག་རྒྱ་དེས་ཁྱོད་ལེགས་པར་འོངས་སམ་ཞེས་པ་དག་ཀྱང་ངེས་པར་བརྗོད་པར་འགྱུར་ཏེ་དེ་བཞིན་རྣལ་འབྱོར་མས་རྣལ་འབྱོར་པ་ལ་ཡང་བྱའོ། །དེ་བཞིན་དུ་གུང་མཛུབ་གཉིས་བརྐྱངས་པ་ཉིད་ཀྱིས་ཤིན་ཏུ་ལེགས་པར་འོངས་སོ་ཞེས་སུ་ལན་བརྗོད་པ་དང་ནི། དེ་བཞིན་དུ་སྐལ་བཟང་དགེ་བ་ཞེས་མཚོན་པ་ནི་གཡོན་པའི་མཐེ་བོ་ནང་དུ་བཅུག་སྟེ་སོར་མོ་གཞན་གྱིས་ཕྱི་ནས་བསྡམ་པའི་རྡོ་རྗེ་ཁུ་ཚུར་བཅིངས་པ་བསྟན་པས་རབ་ཏུ་བརྗོད་པར་འགྱུར་རོ། །དེ་བཞིན་དུ་མཐེ་བོ་དང་མཛུབ་མོ་དག་གི་སོར་མོའི་སེ་གོལ་རྡེབས་པ་ནི་ཁྱོད་ནི་འདི་རུ་སྔགས་པ་མཆོག་གམ་དཔེ་ལ་ལར་བསྔགས་པ་

p. 237

འོས་པ་མཆོག་ཅེས་ངེས་པར་བརྗོད་པར་འགྱུར་བ་སྟེ། མཐེ་བོ་དང་ནི་མིང་མེད་དག་གིས་སེ་གོལ་བྱས་ན་དམ་ཚིག་གི་བཟའ་བ་དང་བཅས་བའི་ཆང་གིས་ཁྱོད་ནི་ཚིམ་བར་བྱེད་པའོ་ཞེས་བརྗོད་པར་འགྱུར་རོ། །དེ་བཞིན་དུ་ཕྱག་འཚལ་བའི་སྦྱོར་བས་ལག་པ་གཉིས་ཀྱི་སོར་མོ་ཐམས་ཅད་ཀྱི་རྩེ་མོ་བརྐྱང་བས་སྐལ་བཟང་ལེགས་པར་འོངས་པ་ཞེས་བརྗོད་པར་འགྱུར་ཏེ་རྣལ་འབྱོར་མས་རྣལ་འབྱོར་པ་ལ་ཡང་དེ་ཁོ་ན་བཞིན་དུ་ཡིན་པ་ཤེས་པར་བྱའོ། །རྣལ་འབྱོར་མས་རྣལ་འབྱོར་པ་དང་འཕྲད་ཚེ་མོ་རང་གི་གཡོན་གྱི་ཡན་ལག་ལ་རེག་པས་རྟག་ཏུ་ཁྱོད་ནི་བདག་གི་གཉེན་གཅིག་པུ་དག་ཡིན་ནོ་ཞེས་པ་བརྡ་དེ་ཡིས་རབ་ཏུ་གསལ་བར་བྱེད་དོ། །སྐྱེ་གནས་དག་ལ་རེག་པས་ཁྱོད་ནི་བདག་གི་གཙོ་བོ་སྟེ་ཁྱོ་བོར་འགྱུར་ཞེས་དང་། དེ་བཞིན་མཆུ་དང་ནུ་མ་ཟུང་ལ་རེག་པ་དང་ངེས་པར་གནས་དེ་དག་སོགས་སུ་སེན་མོ་འདེབས་པས་ཀྱང་ཁྱོ་བོར་བརྗོད་པར་འགྱུར་རོ། །ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བཅིངས་ཤིང་བསྡམས་ནས་དེ་ལས་གུང་མོ་དང་ནི་མཐེ་བོ་བརྐྱང་བས་དམ་ཚིག་ལ་འདུས་པ་ཞེས་བརྗོད་པར་བྱེད་པ་ཡིན་ནོ། །དེ་རྣམས་བག་ཕེབས་པར་སྨྲ་བའི་ཕྱག་རྒྱའོ། །དེ་ནས་རྣལ་འབྱོར་མས་སྨོད་པའི་ཕྱག་རྒྱ་གསུངས་པ། འདིར་གང་གི་ཚེ་གནས་གང་དང་གང་དུ་ཕོ་ཉ་མོས་སྒྲུབ་པ་པོ་མཐོང་བར་གྱུར་པ་ན་མཆུ་ལ་སོགས་པ་ཡོ་བ་སྟོན་ན་སྨད་པའི་དོན་ཏེ། མཆུ་ཡོ་བ་དང་། སྨིན་མ་ཡོ་བ་དང་། མིག་དག་ཡོ་ཞིང་དེ་བཞིན་དུ་རང་གི་མགོ་ལ་འཕྲུག་པར་བྱེད་ན་ཁྱོད་ནི་ཤིན་ཏུ་ཆེར་རྨོངས་པ་ཞེས་བརྗོད་པར་བྱེད་དེ། གང་གི་ཚེ་ཕྱག་རྒྱའི་བརྡ་མ་ཤེས་པའི་ཕྱིར་རོ། །གལ་ཏེ་མོ་རང་གི་སྟེང་འོག་གི་མཆེ་བའི་དབུས་སུ་མཐེའུ་ཆུང་བཀོད་པ་དང་ནི། སྙིང་ག་དང་། ཁ་རུ་མཛུབ་མོ་འཛུག་པ་སྟོན་ན་འཇིགས་པ་རབ་ཏུ་གསལ་བར་བྱེད་པའོ། །དེ་བཞིན་དུ་མཐེ་བོ་ནང་དུ་བཞག་པའི་ཁུ་ཚུར་བཅིངས་པ་ས་ལ་རྡེབས་པ་དང་ནི་ལག་པ་དང་རྐང་པ་དག་ས་

p. 238

ལ་རྡེབས་པར་བྱེད་ན་ཕྱག་རྒྱའི་བརྡ་མངོན་པར་མི་ཤེས་པ་ཁྱོད་ང་ཡིས་བཟའ་བར་བྱའོ་ཞེས་པར་འགྱུར་རོ། །དེ་བཞིན་དུ་ཟས་ཀྱི་དོན་དུ་ནི་མིང་མེད་ཀྱིས་ལྕེ༷་ལ་རེག་ན་ཟས་ཟོས་པ་དང་ནི། ལག་པ་གཡོན་པས་ལྟོ༷་བ་དང་སོ་ལ་བསྣུན་པ་དག་གིས་མ་ཟོས་པ་ཉིད་བརྗོད་པར་བྱེད་དོ། །ལག་པའི་རྒྱབ་སྟོན་པར་འགྱུར་བ་ཉིད་ཀྱིས་འདིར་མ་འདུག་པར་སོང་ཞིག་ཅེས་ངེས་པར་རབ་ཏུ་བརྗོད་དེ། ལག་པའི་མཐིལ་མངོན་དུ་ཕྱོགས་པ་སྟོན་པར་གྱུར་བས། མ་འགྲོ་འདུག་ཅིག་འདུག་ཅིག་ཅེས་བརྗོད་པ་དག་གོ། དེ་བཞིན་དུ་མོ་རང་གི་ལུས་ཀྱི་བྱིན་པ་ལ་ལག་པས་ཉེད་པ་དང་། བརླ་ལ་ཉེད་པར་བྱེད་ན་སྐལ་བཟང་ཁྱོད་ནི་དེ་རིང་ཁོ་ན་ལ་འདིར་ངལ་སོ་གྱིས་ཞེས་ངེས་པར་བརྗོད་པར་བྱེད་པའོ། །རྐང་པ་རབ་ཏུ་རྐྱོང་བས་ཁྱོད་གཉིད་ལོག་ཅིག་ཅེས་ངེས་པ་བྱིན་པ་དང་། པུས་མོ་ཟུང་དག་རྐྱོང་བ་ན་བདག་ལ་ཤིན་ཏུ་དགའ་བ་ཉིད་ཀྱིས་ཞེས་བར་ངེས་པའོ། །རང་གི་ཡན་ལག་ཀུན་ལ་ལག་གཡོན་གྱིས་རེག་པར་བྱེད་བའམ་ཅིང་ཞེས་པ་ཚིག་ཕྲད་དོ། །ཁ་རུ་ལག་པ་གཡོན་པ་བཀབ་པའམ་གནས་པ་དེ་ལྟར་བྱེད་ན། བདག་རྗེ་བོ་སོགས་ཀྱིས་བསྲུང་བའི་ཕྱིར་བདག་ལ་ཁྱོད་དང་ལྷན་ཅིག་འདུས་པ་མེད་པ་ཡིན་ནོ་ཞེས་བྱ་བའོ། །དེ་བཞིན་དུ་ཕན་ཚུན་དུ་རང་གི་ལག་པ་བཅིངས་བས་མཐེ་བོ་དང་མཛུབ་མོ་དབུས་ནས་རྣམ་པར་ཕྱུང་པ་སྟོན་ན་བདག་གི་ཁྱིམ་དུ་དེ་རིང་ཚོགས་ཀྱི་འཁོར་ལོ་འདུས་པ་དག་ནི་འབྱུང་བར་འགྱུར་བས་ཁྱོད་ཀྱང་འདུག་ཅིག་ཅེས་རྗོད་པར་བྱེད་པའོ། །མཐེ་བོ་དང་མིང་མེད་ཀྱི་རྩེ་མོ་སྦྱར་བ་དག་གིས་རྣམ་པ་མང་པོའི་དམ་ཚིག་རྣམས་ཀྱིས་ཁྱོད་ལ་ཇི་ལྟར་འདོད་པར་མཆོད་པར་བྱའོ་ཞེས་བརྗོད་པའོ། །རྐང་པ་ལ་ནི་འཕྲུག་པར་བྱེད་ན་དེ་བཞིན་དུ་ནི་བདག་ཕྱི་རོལ་གྱི་འཁོར་ལོ་འདུས་པ་དག་ལ་འགྲོ་བ་ཡང་བརྗོད་པར་བྱེད་དེ་ཁྱོད་ཀྱང་དེར་ཤོག་ཅིག་ཅེས་པའོ། །དེ་བཞིན་དུ་མཛུབ་མོ་ལྕགས་ཀྱུའི་རྣམ་པས་ཕན་ཚུན་བཅིངས་བར་བྱེད་ན་

p. 239

རྡོ་རྗེའི་གྲོགས་པོ་ཁྱོད་ནི་དེ་རིང་འཇིགས་པ་འཕྲོག་པར་བྱེད་པའམ་འབྲལ་བར་བྱེད་པའོ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་དམ་ཚིག་ལ་འདུས་པའི་ཕྱག་རྒྱའི་ངེས་པའོ། །དེ་ནས་ཤིན་ཏུ་ཁྲོས་པ་རྣམས་ཀྱི་ཕྱག་རྒྱ་གསུངས་པ། འདིར་གང་གི་ཚེ་སྒྲུབ་པ་པོ་ལོག་པའི་ང་རྒྱལ་གྱིས་ཕོ་ཉ་མོ་རྣམས་ལ་བརྙས་པར་བྱས་པའམ། ནུས་པ་ཐོབ་པ་མ་གཏོགས་པར་ཁྲོས་པ་ལ་རྩོད་པའི་ཆེད་དུ་ཕྱག་རྒྱའི་ལན་སྟོན་པར་བྱེད་པ་ན། དེའི་ཚེ་ནུས་པ་དང་ལྡན་པའི་ཕོ་ཉ་མོས་རང་གི་སྐྲ་ནི་རང་གི་སོ་ཡིས་གཅོད་པར་བྱེད་ན་མི་ཡི་ཕྱུགས་ཁྱོད་བདག་གིས་འདིར་ནི་ལྟུང་བར་བྱ་བ་ཡིན་ནོ་ཞེས་རྗོད་པར་བྱེད་པའོ། །སོ་ནི་ཕན་ཚུན་དུ་བདར་བའམ་འདར་བར་བྱེད་ན་ཞེས་སོ་འཆའ་ན་ཀྱེ་མི་ཡི་ཕྱུགས་ཁྱོད་ཀྱི་ཤ་ནི་འདི་དག་བདག་གིས་དུས་དེ་རིང་ཉིད་དུ་བཟའ་བར་བྱའོ་ཞེས་པ་འདི་བརྗོད་པའོ། །དེ་བཞིན་དུ་ལྕེ༷་དང་མཆུ་མྱག་མྱག་གཡོ་བར་བྱེད་ན། ཁྱོད་ཀྱི་ལུས་ལས་ཁྲག་ནི་བདག་གིས་བཏུང་བར་བྱའོ་ཞེས་ངེས་པར་རྗོད་པར་བྱེད་དོ། །རང་གི་མཆུ་ལ་སོ་ནི་འདེབས་བར་བྱེད་ན་ཁྱོད་ཀྱི་རྒྱུ་མ་ལྟོ༷་བར་གནས་པ་འདི་བདག་གིས་བཟའ་བར་བྱའོ། །ཀྱེ་མི་ཡི་ཕྱུགས་ཁྱོད་ད་གང་དུ་འགྲོ་ཞེས་བརྗོད་པར་བྱེད་པ་སྟེ། དེ་ལྟར་ཁྲོས་པར་གྱུར་པའི་ཕྱག་རྒྱ་སྟོན་པར་བྱེད་ན་ནུས་པ་དང་བྲལ་བས་དེ་ལ་ཕྱག་རྒྱའི་ལན་བསྟན་པར་མི་བྱ་སྟེ། དེ་རྣམས་ལ་ཕྱག་བྱས་ནས་རང་གི་སྙིང་གར་ལག་པ་གཡོན་པའི་མཐིལ་བཞག་ལ། རང་གི་ལུས་ཀྱིས་གཡོན་སྐོར་གྱིས་ཡོངས་སུ་བསྐོར་ཞིང་དེ་ནས་ལག་པ་གཡོན་པས་སྟེང་དུ་འདུད་ཚུལ་གྱི་ཕྱག་བྱས་ནས་གཞན་དུ་འགྲོ་བར་བྱ་སྟེ། དེ་རྣམས་དང་ལྷན་ཅིག་རྩོད་པར་མི་བྱའོ། །བྱིས་པའི་རྣལ་འབྱོར་པ་རྣམས་ལ་སྤྱོད་པའི་ངེས་པ་གང་བྱིན་པ་དེ་དང་དེས་བྱ་ཞིང་རྣལ་འབྱོར་མ་རྣམས་ཀྱི་ངེས་པ་བྱིན་པ་ལས་ཀྱང་འགལ་བ་བྱ་མི་རུང་ངོ་། །དེ་ལས་རྣམ་པ་གཞན་དུ་བྱས་ན་འཆི་བ་ཐོབ་སྟེ་ཁྲོས་པའི་ཕོ་ཉ་མོ་ཆེས་ནུས་པ་དང་ལྡན་པའོ་ཞེས་བཅོམ་ལྡན་འདས་ཀྱི་བཀའི་ངེས་པའོ། །ད་ནི་ཕན་

p. 240

ཚུན་ཕྱག་རྒྱ་བསྟན་པ་ལ་ལན་གྱི་མཚན་ཉིད་གསུངས་ཏེ། འདིར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་གཡོན་པ་དང་གཡས་པའི་ཕྱག་གི་མཚན་མ་གང་ཡིན་པའི་ཕྱག་རྒྱ་རྣམས་ཕན་ཚུན་དུ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཡིན་ཏེ། རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ། རལ་གྲི་དང་ཕུབ། རྩེ་གསུམ་དང་ཁ་ཊྭཱཾ་ཀ གྲི་གུག་དང་ཐོད་པ་ནས། དགྲ་སྟ་དང་ཚངས་པའི་མགོའི་བར་དང་། གླང་ཆེན་པགས་པ་དང་སྡིག་མཛུབ། དབུ་རྒྱན་དང་རྣ་རྒྱན། མགུལ་རྒྱན་དང་ལག་གདུབ། སྐ་རགས་དང་རྐང་གདུབ། རྭ་ཅན་དང་སྡེར་མོའམ་སེན་མོ་ཅན། ཀླུ་དང་མཁའ་ལྡིང་། ལག་པ་དང་རྐང་པ། ཁ་དང་བཤང་ལམ། བྷ་ག་དང་རྟགས། ནུ་མ་དང་མཆུ། མིག་དང་སྨིན་མ། ཐིག་ལེ་དང་མིག་སྨན། རབ་ཏུ་ཁྲོ་བ་དང་གཙུག་ཕུད་གྲོལ་བ། པུས་མོ་དང་བརླ་དག་དང་། མགྲིན་པ་དང་དཔྲལ་བ་དག་དང་། ལྟེ་བ་དང་སྙིང་ག་དག་དང་། སྐྲ་མཚམས་དང་སིནྡྷུ་ར་དག་དང་། མཆེ་བ་དང་མཐེ་ཆུང་དག་དང་། མཐེ་བོ་དང་མིང་མེད་དག་དང་། མཛུབ་མོ་དང་གུང་མོ་དག་གོ། དེ་ལྟར་ཕྱག་རྒྱ་དུ་མ་བསྟན་པ་ན་ཕྱག་རྒྱའི་ལན་དུ་མར་འགྱུར་ཏེ། ཤེས་རབ་དང་ཐབས་ཀྱི་ཆོས་དང་། ས་སོགས་འབྱུང་བའི་དེ་ཉིད་ཀྱི་དབྱེ་བས་ཐམས་ཅད་དུ་རྣལ་འབྱོར་པས་ཤེས་ཤིང་རིག་པར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་སྒེག་པ་ལ་སོགས་པའི་ཕྱག་རྒྱ་མཐའ་ཡས་པ་རྣམས་ཏེ། དེ་རྣམས་ཀྱི་རང་བཞིན་ཤེས་ནས་དེ་རྣམས་ཐམས་ཅད་བྱའོ། །དེ་ཡང་འདི་ལྟ་སྟེ། ཁུ་ཚུར་དཀུར་བཞག་ལ་མགོ་གཡོན་དུ་འདུད་པ་སོགས་འཕྱོར་ཞིང་སྒེ༷ག་པའི་སྦྱོར་བ་ཡིས་ནི་སྒེག་པ་ཡི་ཕྱག་རྒྱ་ཡིན་པར་འགྱུར་ཏེ། ཀྱེ་མི་ཡི་བདག་པོ་རྡོ་རྗེ་ཁུ་ཚུར་ཁ་ཕྱིར་བསྟན་པ་ཁ་འགྲམ་དུ་བཞག་པ་ལྟ་བུ་བཞད་པའི་སྦྱོར་བས་བཞད་པ་ཡི་ཕྱག་རྒྱའོ། །དེ་བཞིན་དུ་ལག་གཉིས་གར་པང་དུ་བསྐོར་ཞིང་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་པས་གར་གྱི་སྦྱོར་བ་ཡིས་ནི་གར་དུ་འགྱུར་ཏེ། རྡོ་རྗེ་ཁུ་ཚུར་གྱིས་རྔ་སོགས་བརྡུང་བའི་ཚུལ་ལ་སོགས་པ་རྣམ་པ་མང་པོའི་རོལ་མོའི་

p. 241

སྦྱོར་བས་རོལ་མོའོ། །རྡོ་རྗེའི་ཁུ་ཚུར་གྱིས་ཁ་ནས་ཚིག་དབྱུང་བའི་ཚུལ་ལམ། པི་ཝཾ་བསྒྲེང་བའི་ཚུལ་གྱིས། གླུ་ཡི་སྦྱོར་བ་ཡིས་ནི་གླུ་སྟེ། གཡོན་དུང་ཆོས་འཛིན་པ་དང་གཡས་པས་བྱུག་པའི་ཚུལ་གྱིས། མཆོག་གི་ཡོན་ཏན་རྣམ་པ་མང་པོའི་དྲི་ཡི་སྦྱོར་བ་དག་གིས་དྲི་ཡི་ཕྱག་རྒྱར་འགྱུར་རོ། །དཔྲལ་བར་ཕྲེང་བ་འཆིང་ཚུལ་སོགས་ཕྲེང་བའི་སྦྱོར་བ་ཡིས་ནི་ཕྲེང་བར་འགྱུར་ཏེ། ཡོན་ཏན་དབང་གིས་བདུག་སྤོས་ཀྱི་སྦྱོར་བ་འབུལ་བའི་ཚུལ་སོགས་བྱ་བ་དག་གིས་སྤོས་ཀྱི་ཕྱག་རྒྱར་འགྱུར་རོ། །མཐེ་བོ་བསྒྲེང་བ་མར་མེའི་རྣམ་པས་མར་མེ་ངེས་པར་མུན་པ་བཅོམ་པ་མཚོན་པ་དང་ནི། ཟས་སྣོད་འཛིན་ཚུལ་སོགས་སྣོད་ཀྱི་ཕྱག་རྒྱ་ནི་ཞལ་ཟས་བདུད་རྩིར་འགྱུར་རོ། །ཞེས་པ་དེ་ལྟར་མཆོད་པ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་དང་། སླར་ཡང་དེ་ནས་ལུས་ཀྱི་ཡན་ལག་ལྔ་ཡི་དབྱེ་བས་རྣམ་པར་ཕྱེ་བ་སྟེ་རིགས་ཀྱི་བདག་པོའི་ཕྱག་རྒྱ་སྔར་བསྟན་པ་ལྟ་བུ་ལ་སོགས་པ་དང་། གཞན་པ་ཕྱག་རྒྱ་དག་གི་རྣམ་གྲངས་མཐའ་ཡས་པ་རྒྱུད་རྣམས་ལས་གསུངས་པ་རྣམས་ཀྱང་། དེ་མཐའ་དག་ལུས་ཀྱི་རྣམ་འགྱུར་རམ་བཀོད་པ་ལ་གནས་པ་རྣལ་འབྱོར་པ་ཡིས་རིག་པར་བྱ་ཞིང་། གང་དང་གང་གི་དངོས་པོའི་རང་བཞིན་དུ་འགྱུར་བ་ས་ཡི་སྟེང་དུ་ཇི་སྙེད་མཆིས་པའི་དངོས་པོ་དེ་ཡི་རང་བཞིན་དང་མཚུངས་པའི་རྣམ་པའམ་རྣམ་འགྱུར་གྱི་ལུས་ཀྱི་བཀོད་པ་མཐའ་དག་ཀྱང་དེ་དང་དེའི་ཕྱག་རྒྱ་རྣམས་སུ་འགྱུར་བས་ཕྱག་རྒྱ་ལ་མཐའ་མེད་པ་ཤེས་པར་བྱའོ། །དེ་ལྟར་ཡང་། ཇི་སྙེད་མིག་ནི་རྣམ་གཡེང་བ། །དེ་སྙེད་ཕྱག་རྒྱ་རབ་ཏུ་གྲགས། །ཕྱག་རྒྱ་ཕྱག་རྒྱའི་ལན་ལ་ནི། །ངེས་པ་འཛིན་པར་སུ་ཡིས་ནུས། །རྣལ་འབྱོར་རྣམས་ཀྱི་ཏིང་འཛིན་གྱིས། །ཇི་སྲིད་མངོན་ཤེས་མ་བསྐྱེད་པ། །དེ་སྲིད་འཇིག་རྟེན་རྩོད་དོན་དུ། །ཕྱག་རྒྱའི་ལན་ནི་བསྟན་མི་བྱ། །ཞེས་གསུངས་སོ། །ཕྱག་རྒྱའི་བརྡའི་ངེས་པའོ། །ད་ནི་ཕོ་ཉ་མོ་རྣམས་ཀྱི་ལྟ་སྟངས་ཀྱི་བརྡ་གསུངས་པ་འདིར་གང་གི་ཚེ་རྣལ་འབྱོར་པ་མཐོང་བ་ན།

p. 242

ཕོ་ཉ་མོ་ཞེས་པ་རྣལ་འབྱོར་མ་ནི་མིག་འཕྲེད་ལ་ལྟ་བས་ཞེས་ལྟ་བར་བྱེད་ན་ལྟ་སྟངས་དེས་ཁྱོད་ནི་གནས་གང་ཞིག་ནས་འོངས་པ་ཡིན་ཞེས་སྐལ་བ་བཟང་ལ་ཞེས་པ་རྣལ་འབྱོར་པ་དེ་ལ་བརྗོད་པར་བྱེད་པ་ཡིན་པས། དེ་ཡི་ལན་དུ་རྣལ་འབྱོར་བ་རང་གི་མགོ་བོར་ལག་པ་གཡོན་པ་བཞག་ཅིང་རང་ཉིད་ཕྱོགས་གང་ནས་འོང་བ་དེ་ཡི་ཕྱོགས་སུ་ངེས་པར་བལྟས་པ་ནི་རྣལ་འབྱོར་པ་ཡིས་རྣལ་འབྱོར་མ་དེ་ལ་གང་ནས་འོངས་པའི་ལན་ནི་སྨྲས་པར་འགྱུར་བ་ཡིན་ནོ། །ཕོ་ཉ་མོས་མིག་སྟེང་དུ་ལྟ་བས་ཁྱོད་ནི་དགེའམ་ཞེས་བརྗོད་པ་ཡིན་ལ། ལྟ་སྟངས་ས་ཡི་སྟེང་དུ་གནས་པས་ཏེ་ས་ལ་བལྟ་བས་ཁྱོད་ནི་འདུག་ལ་ངལ་སོ་ཅིག་ཅེས་པ་ཡིན་ནོ། །མིག་ཡོན་པོར་ལྟ་བས་ཁྱོད་སོང་ཞིག་ཅེས་པའོ། །ཤིན་ཏུ་བརྩེ་ཞིང་ཆགས་པའི་ལྟ་བས་ཕོ་ཉ་མོ་དེ་ནི་རང་ལ་ཤིན་ཏུ་དགའ་བ་བརྗོད་པར་རམ་གསལ་བར་བྱེད་དོ། །ཞི་བའི་ལྟ་བས་ཁྱོད་ནི་བདག་གི་གྲོགས་པོའོ་ཞེས་རྗོད་པར་བྱེད་པ་སྟེ་འདི་རྣམས་ཕེབས་པར་སྨྲ་བའི་ལྟ་སྟངས་ཀྱི་ངེས་པའོ། །དེ་ནས་འཇིགས་པའི་ལྟ་སྟངས་རྣམས་གསུངས་ཏེ། འདིར་གང་གི་ཚེ་ཕོ་ཉ་མོས་ཁྲོ་གཉེར་བྱས་ནས་ཁྲོ་བོའི་ལྟ་བས་ལྟ་བར་བྱེད་ན། རྣལ་འབྱོར་པ་ལ་འཇིགས་པ་རབ་ཏུ་གསལ་བར་བྱེད་དེ་བརྡ་མི་ཤེས་པའི་ཕྱིར་ཁྲོ་བའི་མཚན་མའོ། །དེ་བཞིན་དུ་རང་གི་སྐྲ་ལ་བལྟ་བས་བདག་ནི་མ་རུངས་པ་ཡིན་པར་བརྗོད་པ་སྟེ། སུ་ལ་ན་སྐལ་བཟང་ཞེས་པ་རྣལ་འབྱོར་པ་དེ་ལ་ནི་བརྗོད་པ་ཡིན་ལ། དེ་ལྟར་རྣལ་འབྱོར་མ་དེ་དག་རང་གི་དགའ་བའམ་ཁྲོ་བའི་རང་བཞིན་གང་ཡིན་པ་ལྟ་སྟངས་སོགས་མཚན་མའི་ཟུར་གྱིས་སྟོན་པ་ཡིན་པ་ཤེས་པར་བྱའོ་ཞེས་སོ། །ཕོ་ཉ་མོ་རང་གི་མཛོད་སྤུར་ལྟ་བས་བདག་ནི་མཆོག་གོ་ཞེས་རབ་ཏུ་གསལ་བར་བྱེད་དོ། །རྣལ་འབྱོར་མ་ནི་རང་གི་སྣ་ལ་ལྟ་བས་རང་གི་ཡོན་ཏན་རབ་ཏུ་གསལ་བར་བྱེད་དོ། །མཆུ་ལ་ལྟ་བས་རང་གི་སྐལ་བ་བཟང་པོ་རབ་ཏུ་གསལ་བར་བྱེད་པ་སྟེ། རང་གི་ནུ་མ་ཟུང་ལ་ལྟ་ན་བདག་ནི་ཕྱག་རྒྱ་བཟང་མོར་

p. 243

བརྗོད་པ་ཡིན་ནོ། །སྙིང་གར་ལྟ་བས་བདག་ནི་བསྒོམས་པའི་བདག་ཉིད་དོ་ཞེས་བརྗོད་དོ། །དེ་བཞིན་དུ་ལག་པ་ཟུང་ལ་ལྟ་ན་བདག་ནི་རབ་ཏུ་གཏུམ་མོར་བརྗོད་པའོ། །རང་གི་ཕྲག་པར་ལྟ་བས་བདག་ནི་ནུས་མའོ་ཞེས་བརྗོད་པའོ། །དེ་བཞིན་དུ་སེན་མོ་དང་བཅས་པའི་ལག་པའི་མཐིལ་ལ་ལྟ་ན་བདག་ནི་སྲིན་མོའོ་ཞེས་བརྗོད་པའོ། །རྒྱབ་ཏུ་ལྟ་ན་ལག་འགྲོ་མ་ཀླུ་མོ་ཡིན་པར་བརྗོད་པ་སྟེ། ལྟེ༷་བར་ལྟ་བས་ཀྱེ་མི་ཡི་དབང་པོ་བདག་ནི་དམ་ཚིག་ཅན་ཞེས་བརྗོད་པའོ། །རང་གི་གསང་བར་ལྟ་བས་བདག་ནི་རྣམ་པར་དག་པའོ་ཞེས་བརྗོད་དོ། །བརླ་ལ་བལྟ་བས་བདག་ནི་ཤིན་ཏུ་དགའ་ལ་འདུལ་བར་དཀའ་ཞེས་བརྗོད་པའོ། །པུས་མོར་ལྟ་བས་བདག་ནི་གྲུབ་པ་མོ་ཡིན་ནོ་ཞེས་ངེས་པར་རྗོད་པར་བྱེད་ལ། རྐང་པར་ལྟ་བས་བདག་ནི་རྫུ་འཕྲུལ་སྦྱིན་པ་མོ་ཞེས་སུ་བརྗོད་དོ། །རྐང་པའི་མཐེ་བོ་ལ་ངེས་པར་བལྟ་ན་བདག་ནི་སྲིད་པར་རྡོ་རྗེའི་སྐུ་སྟེ་དཔའ་མོ་གཅིག་པུའོ་ཞེས་རྗོད་པར་བྱེད་པ་དང་། རང་གི་རྐང་པ་དག་གི་སོར་མོ་ཀུན་གྱི་རྩེ་མོར་ལྟ་བས་སྲིད་པ་གསུམ་གྱི་གནས་སུ་བདག་ནི་ཀུན་དུ་འགྲོ་མ་སྣ་ཚོགས་ཡུམ་མོ་ཞེས་རྗོད་པར་བྱེད་དོ། །དེ་བཞིན་དུ་རྣལ་འབྱོར་ནུས་པ་དང་ལྡན་པས་ཀྱང་བདག་ཉིད་ཀྱི་ཡོན་ཏན་རྣམས་ཕོ་ཉ་མོ་རྣམས་ལ་རབ་ཏུ་གསལ་བར་བྱེད་དོ། །དེ་ལྟར་ཕོ་ཉ་མོ་རྣམས་ཀྱི་ལྟ་སྟངས་ཤིན་ཏུ་མང་པོའི་དབྱེ་བ་ཉིད་ནི་ས་ཡི་སྟེང་གི་གནས་སུ་རྣལ་འབྱོར་པ་ཡིས་རིག་པར་བྱའོ་ཞེས་པ་ནི་ལྟ་སྟངས་ཀྱི་བརྡའི་ངེས་པའོ། །དེ་བཞིན་དུ་ངག་གི་བརྡ་ཡང་དངོས་པོ་གང་གི་མིང་གང་ཡིན་པ་དེའི་ཡི་གེ་དང་པོ་དེ་བཟུང་བར་བྱ་སྟེ། དེ་ལས་གནས་སྐབས་ཀྱི་དབང་གིས་དོན་དེ་གོ་བར་འགྱུར་པ་དཔེར་ན་སིནྡྷེ་པ་ཁྱེར་ལ་ཤོག་ཅེས་བརྗོད་པ་ན། ཁྲུས་བྱེད་པའི་ཚེ་གོས་དང་། ཟས་ཀྱི་དུས་སུ་ལན་ཚྭ་དང་། འགྲོ་བ་ལ་རྟ་དང་། གཡུལ་འགྱེད་པ་ལ་རལ་གྲི་ཉིད་དུ་གོ་བར་བྱེད་པའི་རིགས་པ་བཞིན་དུ་མིང་ཡིག་དང་པོས་བརྡས་ཀྱང་ཆོས་ཐམས་ཅད་རིག་པར་བྱའོ། །

p. 244

ཚོགས་ཀྱི་འཁོར་ལ་སོགས་ཀྱི་དུས་སུ་དམ་ཚིག་དང་མི་ལྡན་པའི་སེམས་ཅན་གྱི་ནང་དུ། རྣལ་འབྱོར་པའམ་རྣལ་འབྱོར་མ་རྣམས་ཀྱིས་དགོངས་པའི་སྐད་གཞན་ནམ་བརྡས་བརྗོད་པར་བྱའོ་ཞེས་པ་ཐམས་ཅད་དུ་ངེས་པའོ། །བཅུ་པ་དཔལ་ ལྡན་བླ་མ་ལ་དབུལ་བ་ཐམས་ཅད་ཀྱིས་མཉེས་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། དྲུག་ཆ་ལུས་ཀྱི་སོགས་ཚིགས་བཅད་བརྒྱ་དང་གོ་བརྒྱད་པ་ནས་ཉིས་བརྒྱའི་བར་གྱིས་བསྟན་ཏེ། འདི་རྩ་རྒྱུད་ལྟར་ན་གནས་པ་ཐ་མ་བཅུ་གཉིས་པ་ཡིན་ཀྱང་། བསྡུས་རྒྱུད་འདིར་གནས་པ་བཅུ་པར་གསུངས་སོ། །དེ་ཡང་སློབ་མ་རྣམས་ཀྱིས་སློབ་དཔོན་ལ་དབང་གི་ཡོན་སྦྱིན་པའི་དོན་དུ་རང་གི་ལུས་ལ་སོགས་པའི་ཆ་ཤས་ཀྱི་ངེས་པ་དྲུག་ཆ་འབུལ་ཚུལ་གསུངས་པ་ནི་རྡོ་རྗེ་སློབ་དཔོན་གྱི ཁྱིམ་པའམ། དགེ་ཚུལ་ལམ་དགེ་སློང་ལ་དབང་བསྐུར་བ་ན་སློབ་མ་དེས་དམ་བཅའ་བ་འདི་བྱ་སྟེ། བདག་གིས་དུས་ཐམས་ཅད་དུ་དངོས་པོ་ཐམས་ཅད་ཀྱི་དྲུག་ཆ་སྦྱིན་པར་དབུལ་བར་བྱའོ་ཞེས་ངེས་པའོ། །དེ་ལ་ཡང་སློབ་དཔོན་ལ་དྲུག་ཆ་དབུལ་བར་གསུངས་པའི་དང་པོ་རང་གི་ལུས་ཀྱི་ནང་ནས་ལག་པ་གཉིས་དང་རྐང་པ་གཉིས་དང་། ལུས་དག་གི་ནི་ཡན་ལག་ལྔ་པོ་འདི་རྣམས་ཀྱི་ནང་ནས་དྲུག་ཆ་ཡན་ལག་མཆོག་མགོ་བོ་དག་ཀྱང་སློབ་དཔོན་ལ་ཕྱག་འཚལ་བའི་དོན་དུ་སྦྱིན་པ་ཉིད་བྱ་སྟེ་གཏན་དུ་དབུལ་བར་བྱའོ། །དེ་བཞིན་དུ་ལས་ཀྱི་དབང་པོ་རྣམས་ཀྱི་ནང་ནས་དྲུག་ཆ་ངག་གི་དབང་པོ་ནི་བླ་མ་ལ་རྫུན་ཚིག་ཕྲ་མོ་ཡང་མེད་པར་བདེན་པར་སྨྲ་བ་དང་། བསྟོད་ཅིང་རྗེས་སུ་མཐུན་པར་སྨྲ་པའི་དོན་དུ་དབུལ་བར་བྱ་བ་དང་། མིག་སོགས་ལུས་ཀྱི་དབང་པོ་རྣམས་ཀྱི་ནང་ནའམ། ནང་ནས་གཡོ་སྒྱུའི་སྤྲོས་པ་དང་བྲལ་བའི་ཡོན་ཏན་དང་བཅས་པའི་ཡིད་ཀྱི་དབང་པོ་དག་ཀྱང་བླ་མ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དབུལ་བར་བྱ་སྟེ། རྣམ་པ་ཐམས་ཅད་དུ་ཡིད་བླ་མའི་རྗེས་སུ་ཕྱོགས་ཤིང་དེ་ལ་གཏད་པར་བྱའོ། །དེ་བཞིན་དུ་སྐམ་ནོར་གསེར་སོགས་རིན་པོ་ཆེ་དང་འབྲུ་ལ་

p. 245

སོགས་པ་སེམས་མེད་པའི་རྫས་སམ་ཁམས་ཀྱི་རང་བཞིན་གྱི་ནོར་རྣམས་སྔར་ནས་ཡུན་རིང་གི་ཡོད་པའམ། གློ་བུར་དུ་བྱུང་བ་རང་ལ་ཅི་བདོག་པ་དེ་རྣམས་ལས་དྲུག་གི་ཆ་ཤས་ནི་ཁམས་ཀྱི་ནང་ན་གང་གཅེས་པ་རྣམས་རྣལ་འབྱོར་མ་ལ་སོགས་པ་མཆོད་པའི་དོན་དུ་དབུལ་བར་བྱའོ། །དེ་བཞིན་སེམས་དང་བཅས་པའི་བདོག་པ་རང་ལ་དབང་བ་ཇི་ཙམ་ཡོད་པ་ལས། རྐང་གཉིས་པ་མི་དང་། རྐང་བཞི་པ་སོགས་ཕྱུགས་ཀྱི་ཚོགས་ཀྱི་དྲུག་གི་ཆ་གཅིག་ནི་སློབ་དཔོན་ལ་དབུལ་བར་བྱ་སྟེ་བླ་མའི་ཐུགས་ལ་གང་འཐད་པའི་བུ་དང་ཆུང་མ་སོགས་དང་། རྟ་དང་གླང་ཆེན་སོགས་གཅེས་པའི་ཆ་ཤས་སོ། །ཆ་ཤས་གཞན་ལྔ་ནི་བདག་ཉིད་དང་རྩ་ལག་རྣམས་ཉེ་བར་ལོངས་སྤྱོད་པའི་དོན་དུ་བཞག་པར་བྱའོ། །དེ་ཉིད་ཆ་ཡིས་གཞན་ཞེས་པ། །གཞན་ནི་འདོད་པའི་སྦྱིན་པ་སྟེ། །གཟུགས་བཟང་ཆུང་མ་ལ་སོགས་ལ་ཟླ་བ་རེའི་ནང་དུ་ཟླ་བ་གཅིག་གི་དྲུག་ཆ་ལན་ལྔར་འདོད་པའི་སྦྱིན་པར་དབུལ་བར་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །རྣམ་པ་གཞན་དུ་སྔགས་ཀྱི་ཚུལ་ལ་འདོད་པའི་སྦྱིན་པ་མ་གཏོགས་པར་བསྐལ་པ་མཐའ་ཡས་པ་དག་གིས་སྦྱིན་པ་སོགས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཉིད་དུ་མི་འགྱུར་ཞིང་། ལས་ཀྱི་ཕྱག་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཏུ་ཡང་མི་འགྱུར་ཏེ། ཆགས་པས་ཟིལ་གྱིས་མནན་ནས་རང་གི་རིག་ལ་ཞེན་པ་དག་གིས་ཆུང་མ་སོགས་འབུལ་བར་མི་ནུས་པ་ལ་ཕྱག་རྒྱའི་དངོས་གྲུབ་དམ་པ་མི་འབྱུང་ངོ་ཞེས་གསུངས་སོ། །དེ་ལྟར་བདོག་པ་ཐམས་ཅད་ཀྱི་དྲུག་ཆ་ཕུལ་ཞིང་། མི་འགྱུར་བའི་བདེ་བ་མཆོག་གི་ཕྱག་རྒྱ་ཆེན་མོ་རྗེས་སུ་རིག་པ་སློབ་བུ་གང་གིས་བདེ་བ་ཆེན་པོའི་དོན་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྡན་པ་དཀྱིལ་འཁོར་གྱི་བྱེད་པོ་རྡོ་རྗེ་སློབ་དཔོན་བླ་མ་དེ་ལ་ནི་རབ་ཏུ་ཕུལ་བར་བྱས་ན་འགྱུར་མེད་བདེ་བའི་གནས་སུ་འགྲོ་བར་འགྱུར་རོ། །དེ་ལྟར་དྲུག་ཆ་དབུལ་བའི་ངེས་པའོ། །

p. 246

དེ་ནས་སློབ་དཔོན་བདག་ཉིད་ཆེན་པོས་སེམས་ཅན་རྣམས་ལ་སྙིང་རྗེས་དབང་བསྐུར་བ་གསུངས་པ་འདིར་འཇིག་རྟེན་གྱི་ཁམས་འགྲོ་བ་རིགས་དྲུག་པོ་རྣམས་ན། སེམས་ཅན་གང་དག་དབང་མ་ཐོབ་པ་རྣམ་གསུམ་སྲིད་པར་གནས་པ་མ་ལུས་རྣམས། འཇིག་རྟེན་གྱི་ཁམས་སོ་སོའི་གནས་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལྕགས་ཀྱུ་ཡིས་བཀུག་སྟེ་དཀྱིལ་འཁོར་དེར་བཞག་པར་བསྒོམ་པ་བྱ་ལ། སེམས་ཅན་དེ་དག་མཐའ་དག་ལ་མཆོག་གི་སྙིང་རྗེས་དཀྱིལ་འཁོར་ཆེན་པོ་དེ་ཉིད་དུ་ནི་སངས་རྒྱས་རྣམས་དང་ཞེས་པ་བཤང་གཅི་ཁྲག་དང་རྐང་རྣམས་དང་། རྡོ་རྗེ་ཡི་བདུད་རྩི་ཁུ་བ་ཡིས་མངོན་པར་དབང་བསྐུར་ནས་ནི་དྲི་མ་མེད་པའི་རི་བོང་ཅན་ཟླ་བ་ལྟར་དག་པའི་ལུས་ཐོབ་ཅིང་། དེ་ནས་དེ་དག་གི་སེམས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་བདག་ཉིད་རྡོ་རྗེ་ཅན་གྱི་ལམ་ཐོབ་པ་དག་ཏུ་གྱུར་པར་བསྒོམ་ཞིང་། དེ་ནས་སློབ་དཔོན་གྱི་ཉེས་པའི་དྲི་མ་དང་རྣམ་པར་བྲལ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལ་རྗེས་སུ་གནས་པར་བྱས་པ་དེ་དག་རྣམས་རང་རང་གི་གནས་སུ་སླར་གཏང་བར་བྱའོ་ཞེས་པ་སྙིང་རྗེའི་དབང་གི་ངེས་པའོ། །ད་ནི་རྫས་མེད་པའི་ཀུན་སྤངས་ཀྱི་སློབ་མ་ལ་དབང་བསྐུར་བའི་ངེས་པ་གསུངས་པ། འདིར་གང་གི་ཚེ་རྫས་རྣམས་མེད་པས་འབུལ་བ་ཅི་ཡང་མི་འབྱོར་མདོ་སྔགས་ཀྱི་ཚུལ་ལ་གཅིག་ཏུ་མོས་ཤིང་དབང་ནོད་པ་དང་དམ་ཚིག་ངེས་པར་འཛིན་ནུས་པའི་ཀུན་སྤངས་ལ་ནི། དེའི་ཚེ་བླ་མས་རྫས་རྣམས་སྔར་བཤད་ལྟར་མེད་པའི་འམ་མ་འབྱོར་ཀྱང་ཇི་ཙམ་རུང་བ་ལ་བརྟེན་ནས། ཏིང་ངེ་འཛིན་གཙོ་བོར་བྱས་པའི་སྒོ་ནས་མངོན་པར་དབང བསྐུར་བ་སྦྱིན་པ་ནི་རྒྱལ་བའི་བདག་པོའི་ངེས་པ་བྱིན་པའི་བཀའ་ཡིས་ཀུན་སྤངས་ལ་ནི་དབང་དང་མན་ངག་སྦྱིན་པར་བྱ་སྟེ་ཐུན་མོང་གི་དབང་བདུན་དང་། བུམ་པ་སོགས་དབང་གོང་མ་གསུམ་དང་། དེ་བཞིན་དུ་བ་ལ་སོགས་པའི་ལམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་བསྒོམ་པ་དབང་བཞི་པའི་ལམ་ཡང་ཚིག་གི་སྒོ་ནས་སྦྱིན་པར་བྱ་བ་དང་། མཐའ་དག་ཡོན་ཏན་

p. 247

མཆོག་གི་གཏེར་དུ་གྱུར་པ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་མ་ནི། སྟེང་འོག་གི་རྩ་དྲུག་པོ་དེ་ཡི་གནས་སུ་སྲོག་འགོགས་པའི་རྣལ་འབྱོར་དང་ལྡན་པ་དག་གིས་ཐོབ་པར་བྱེད་པའི་ལམ་རྣམས་ཇི་ལྟ་བ་བཞིན་དུ་ཚིག་གིས་བསྟན་ཅིང་སྦྱིན་པར་བྱ་བ་སྟེ། དེའི་ཚེ་ཀུན་སྤངས་ཀྱི་སློབ་མ་དེ་ལ་བདེ་བའི་དོན་དུ་བསྟེན་པར་བྱ་བའི་ལས་ཀྱི་ཕྱག་རྒྱ་མེད་ན། བདེ་བ་བསྟེན་པའི་དོན་དུ་ལག་པའི་ཕྱག་རྒྱ་ལ་བསླབ་པར་བྱ་བའི་ངེས་པ་སྦྱིན་པར་བྱ་སྟེ། ལག་ཕྱག་དེ་ནི་རང་གི་སྙིང་གི་སྟེ་བསམ་པའི་དབང་དུ་སྟོན་པས་རང་དབང་དུ་འགྱུར་ཞིང་། མ་དད་པ་དང་ཁྲོ་བ་དང་གཞན་གྱིས་སྨོད་པ་སོགས་སྐྱོན་རྣམས་ཀུན་ལས་རྣམ་པར་གྲོལ་བ་ཡིན་ལ་དེས་བདེ་བའང་སྐྱེད་ཅིང་། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ་མི་འཕོ་བར་བརྟན་པའི་བདེ་བ་སྒྲུབ་པར་བྱ་སྟེ་ཁམས་འཕོ་བའི་ཕྱིར་ནི་མ་ཡིན་ནོ་ཞེས་པ་ངེས་པའོ། །ཁ་ཅིག་གིས་ཕྱག་རྒྱ་མེད་པ་ལ་གཏུམ་མོའི་མེས་རང་གི་སྙིང་གི་ཐིག་ལེར་རླུང་སེམས་ཞུགས་པའི་དུས་ཀྱི་དབང་དུ་སོན་པས་དྲག་ཏུ་བརྒྱལ་བ་སོགས་ཀྱི་ཚེ་ལག་པའི་ཕྱག་རྒྱ་ལ་བསྟེན་ནས་ཁམས་དབབ་པས་སྐྱོན་དེ་ལས་གྲོལ་ཞེས་འཆད་ཀྱང་ཕྱག་རྒྱ་མེད་པ་ལ་གེགས་སེལ་ཙམ་དུ་འགྱུར་མོད་ཀྱི་སྐབས་འདིར་ཀུན་སྤངས་པའི་བདེ་བ་བསྒོམ་པའི་དོན་དུ་གསུངས་པ་དང་འགྲེལ་པས་ཀྱང་དེ་ལྟར་གེགས་སེལ་དུ་དམིགས་བསལ་ཏེ་གསུངས་པ་མེད་པས་སྤྱི་ལྟར་བཤད་པར་བྱའོ། །གཞན་ཁྱིམ་པ་ནོར་རྫས་དང་ཆུང་མ་སོགས་ཡོད་པ་རྣམས་ལ་ནི་རྒྱལ་བ་མཆོག་གི་སྙིང་པོ་རྡོ་རྗེའི་ཚིག་དབང་བཞི་པའི་ལམ་དེ་ཉིད། ཡུམ་གྱི་སྟེ་ཕྱག་རྒྱ་མའི་འདོད་པའི་མཆོད་པ་རྣམ་པར་དམན་པ་སྟེ་གཏོང་མི་ནུས་པ་ལ་སྦྱིན་པ་ཉིད་མི་བྱ་སྟེ། དེ་དག་དམན་པ་ལ་ཆགས་ནས་མཆོག་གི་བདེ་བ་རྗེས་སུ་མི་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་རྫས་ལ་ཆགས་ནས་རྣལ་འབྱོར་མའི་མཆོད་པ་སོགས་མི་བྱེད་པ་ལའང་དབང་དང་གདམས་ངག་རིན་ཆེན་དབང་གི་རྒྱལ་པོ་ལྟ་བུ་རྣམས་མི་སྦྱིན་ཏེ། བྱིན་ན་

p. 248

ཆུད་ཟ་ཞིང་མཁའ་འགྲོ་རྣམས་ཀྱིས་བཀའ་ཆད་དྲག་པོའི་གནས་སུ་འགྱུར་བའི་ཕྱིར་རོ་ཞེས་དེ་བཞིན་གཤེགས་པའི་དབང་གི་ངེས་པའོ། །བཅུ་གཅིག་པ་དཀྱིལ་འཁོར་གྱི་འཁོར་ལོ་གཤེགས་སུ་གསོལ་བའི་ངོ་བོ་ཉིད་ཀྱི་གནས་པ་ནི། དབང་གི་མཐར་ནི་སོགས་ཚིགས་བཅད་ཉིས་བརྒྱ་དང་གཅིག་པ་དང་འོག་མའི་ཚིག་འབྲུ་བརྒྱད་དང་བཅས་པས་བསྟན་ཏེ། དབང་བསྐུར་བའི་ཆོ་ག་ཡོངས་སུ་རྫོགས་པ་དག་གི་མཐར་ནི་དཔལ་ལྡན་བུམ་པ་རྣམས་ཀྱི་སྟེང་དུ་དགབ་པའི་ཆ་རྐྱེན་དུ་སྦྱིན་པའི་འཇམ་ཞིང་ལུས་ལ་བདེ་སྟེར་སྟོད་ཀོར་ཏེ་སྟོད་གཡོགས་དང་ནི་གོས་ཟུང་དག །དཔལ་ལྡན་རྣལ་འབྱོར་མ་བུམ་པ་སྲུང་ཞིང་སྐྱོང་བ་རྣམས་དག་ལ་སྦྱིན་པར་བྱ་ཞིང་། གཞན་ཡང་དེ་བཞིན་སྟོད་ཀོར་དང་ནི་གོས་ཟུང་དག་སོ་སོའི་སྒོ་ན་གནས་པ་དཀྱིལ་འཁོར་སྲུང་ཞིང་སྐྱོང་བ་རྣམས་ལ་རབ་ཏུ་སྦྱིན་པར་བྱ་སྟེ། སྔོན་དུ་ཇི་ལྟར་འབྱོར་པས་ཅོད་པན་ལ་སོགས་པ་ཡང་ཇི་ལྟར་རིགས་པར་བྱའོ། །དེ་བཞིན་དུ་མཐའ་དག་ཁམས་དང་ཡོན་ཏན་གྱི་རིགས་ཅན་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་སློབ་མ་བདག་ཉིད་ཀྱི་ནུས་པས་སློབ་དཔོན་ལ་ཕུལ་བ་དེ་བཞིན་མཆོད་པ་ཅི་ནུས་བྱ་ཞིང་ཚོགས་ཀྱི་འཁོར་ལོའི་འདུས་པ་གཞན་རྣམས་ལ་ཡང་མཆོད་པར་བྱའོ། །དེ་ནས་ཚོགས་ཀྱི་འཁོར་ལོའི་འདུས་པ་རང་གནས་གཤེགས་སུ་གསོལ་ཏེ། མཐར་ནི་སྦྱིན་སྲེག་བྱས་ནས་སློབ་དཔོན་གྱིས་སྔར་བཞིན་མཆོད་པ་བྱས་ལ། ཤར་གྱི་སྒོར་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ལག་པ་རྡོ་རྗེ་བཅིངས་པས། རང་གི་སྙིང་གའི་པདྨར་དཀྱིལ་འཁོར་གྱི་ཡེ་ཤེས་སེམས་དཔའ་རྣམས་རབ་ཏུ་གཞུག་པར་བྱ་སྟེ། དབང་པོ་ལ་སོགས་པ་འཇིག་རྟེན་པ་རྣམས་ནི་རང་རང་གི་གནས་སུ་གཤེགས་སུ་གསོལ་བར་བྱས་ནས། དེ་ནས་བྱང་ཆུབ་ཀྱི་ཤིང་ཨ་ཤྭད་ཐའི་འདབ་མའམ། རང་གི་ལག་པའམ། ཕྱག་མཚན་རྡོ་རྗེས་ཚངས་པའི་ཐིག་གི་ལམ་ནས་བདེ་བ་ཆེན་པོའི་འཁོར་ལོའི་རྡོ་རྗེ་ཇི་སྲིད་

p. 249

པར་དབྱི་བར་བྱའོ། །དེ་ནས་དེ་ལས་རང་གི་མགོར་རྡུལ་ཚོན་ཅུང་ཟད་བཀོད་དེ་པདྨ་ལ་སོགས་པ་ཡང་དབྱི་བར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོ་གཤེགས་སུ་གསོལ་བའི་ངེས་པའོ། །བཅུ་གཉིས་པ་ཆུ་བོ་ཆེན་པོ་ལ་སོགས་པ་དང་རང་རང་གི་ཁྱིམ་དུ་རྡུལ་ཚོན་དང་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ཏེ་མཆོད་པའི་ངོ་བོ་ཉིད་ཀྱི་གནས་པ་ནི་མཐའ་དག་རྡུལ་ཚོན་དག་ཀྱང་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ནས་མཐའ་དག་རྡུལ་ཚོན་བསྡུས་ཏེ་རིན་པོ་ཆེའི་བུམ་པའི་སྣོད་དུ་བླུགས་པ་གོས་བཟང་པོས་བརྒྱན་པ་དག་ཀྱང་གླང་པོ་ཆེའི་སྟེང་དུ་གདུགས་དང་རྔ་ཡབ་དང་རྒྱལ་མཚན་དང་། མཆོད་པ་སྣ་ཚོགས་དང་བཅས་པ་ཁྱེར་ཏེ། རྒྱ་མཚོར་འགྲོ་བའི་དག་པའི་ཆུ་ཀླུང་ལ་སྤྱན་དྲངས་པར་བྱས་ནས། བུམ་པ་གང་དུ་རྡུལ་ཚོན་ཁྱེར་བའི་བུམ་པ་དེ་ཆུས་གང་བར་བྱས་པ་སླར་ཡང་གླང་པོ་ཆེའི་ཕྲག་པར་བཞག་སྟེ་དཀྱིལ་འཁོར་གྱི་ཁང་པར་ཁྱེར་ཏེ་འོང་བར་བྱའོ། །གླང་པོ་ཆེ་མེད་ན་བདེ་བའི་གདན་ལ་ཁྱོགས་བྱས་ནས་ཁྱེར་བར་བྱའོ། །ཆུ་ཆེན་སོགས་སུ་རྡུལ་ཚོན་གཤེགས་སུ་གསོལ་བའོ། །དེ་ནས་ཚོགས་ཀྱི་འཁོར་ལོར་འདུས་པ་རྣམས་རང་རང་གི་ཁྱིམ་དུ་གཤེགས་སུ་གསོལ་བ་ནི། རྡུལ་ཚོན་གཤེགས་གསོལ་བྱས་ནས་དཀྱིལ་འཁོར་གྱི་ཁང་པར་འོངས་ཏེ། བ་ཡི་ལྕི་བས་བྱུགས་པའི་དཀྱིལ་འཁོར་གྱི་ཁང་པར་ལོ་ལྔ་ནས་ལོ་བཅུའི་བར་གྱིའམ། དཔེ་འགར་ལོ་བཅོ་ལྔ་ནས་ལོ་བཅུའི་བར་གྱི་གཞོན་ནུ་མ་བཅུ་ལ་འོ་མ་དང་མར་དང་འོ་ཐུག་དང་། ཁནྜ་དང་ལ་དུ་ལ་སོགས་པ་མངར་བའི་ཟས་རྣམས་ཀྱིས་སྔ་དྲོ་ཡང་དག་པར་མཆོད་ནས། དེ་ནས་ཏཱཾ་པཱུ་ལ་སོ་རྩི་གོ་ཡུ་དང་། དྲི་དང་སྤོས་དང་། མེ་ཏོག་དང་འབྲས་བུར་བཅས་པ་དང་། བུམ་པའི་མགྲིན་པ་བཅིངས་པའི་རས་ཡུག་དག་ནི་བུ་མོ་གཞོན་ནུ་མ་རྣམས་ལ་བྱིན་ནས། རྡོ་རྗེ་སློབ་དཔོན་སློབ་མར་བཅས་པས་མཐའ་དག་ཚོགས་ཀྱི་རིགས་ནི་དཔའ་བོའི་སྟོན་མོས་ཇི་ལྟར་འདོད་པར་མཆོད་པར་བྱ་སྟེ། འདིར་དཔའ་བོའི་

p. 250

སྟོན་མོའི་ཆོ་ག་ནི། རྡོ་རྗེ་སློབ་དཔོན་ནི་མཆོག་འབྲིང་ཐ་མ་གསུམ་སྟེ། ཡོངས་སུ་བརྟག་པ་ལས། །དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་ཞིང་། །འབྲིང་པོ་དགེ་ཚུལ་ཞེས་བྱ་སྟེ། །ཁྱིམ་གནས་དེ་ལས་ཐ་མའོ། །ཞེས་རྒྱུད་ཀྱི་ངེས་པ་ལས། དགེ་སློང་དང་དགེ་ཚུལ་དང་། ཁྱིམ་པ་དེ་རྣམས་དབང་བསྐུར་བའི་རྒན་པའམ་གཞོན་པ་ཉིད་སོ་སོའི་སྡེ་ཚན་ཐུན་མོང་གཅིག་ཏུ་འདུས་པ་དེའི་དགེ་སློང་རྡོ་རྗེ་འཛིན་པ་རྣམས་ཀྱི་གྲལ་ཁ་ཤར་དུ་མངོན་པར་ཕྱོགས་པ་དང་། དེ་བཞིན་དགེ་ཚུལ་རྣམས་ཀྱི་གྲལ་བྱང་དུ་ཕྱོགས་པ་དང་། ཁྱིམ་པའི་སློབ་དཔོན་གྱི་གྲལ་ལྷོར་མངོན་པར་ཕྱོགས་པར་བཀོད་དོ། །དེ་བཞིན་དུ་དགེ་སློང་མ་དང་། དགེ་ཚུལ་མ་དང་། དགེ་བསྙེན་མའི་གྲལ་ནི་སོ་སོར་རོ། །དེ་རྣམས་ལ་དབང་གི་རིམ་པས་རྒན་གཞོན་གྱི་གདན་སྦྱིན་པར་བྱའོ། །དགེ་སློང་རྣམས་ལས་གང་ཞིག་དབང་གིས་རྒན་པ་ནི་ཚོགས་ཀྱི་གཙོ་བོར་འོས་ན་ཡང་། འོན་ཀྱང་དེ་རྒྱུད་སྟོན་མི་ཤེས་པའི་རྨོངས་པ་ཡིན་ན། དེ་ལས་གཞོན་པ་རྒྱུད་སྟོན་པའི་སློབ་དཔོན་ཆེན་པོ་ཡིན་ན་དེ་དཔའ་བོའི་སྟོན་མོ་ལ་ཚོགས་ཀྱི་གཙོ་བོར་བྱ་ལ། དགེ་སློང་རྒན་པ་ཁྱིམ་གཞན་དུ་སོ་སོར་ཡང་དག་པར་མཉེས་པར་བྱའོ། །དེ་བཞིན་དུ་རྒན་པོ་ཆོས་སྟོན་པ་པོ་མ་ཡིན་པའི་མན་ངག་དང་ལྡན་པ་གཞན་ཡང་དེ་དང་འདྲ་སྟེ། དེ་དག་སེམས་ཅན་གྱི་དོན་བྱེད་མི་ནུས་པའི་ཕྱིར། རྒྱུད་སྟོན་པའི་སློབ་དཔོན་ཉིད་ཚོགས་ཀྱི་གཙོ་བོར་བྱའོ། །གཞན་ཡང་དགེ་ཚུལ་ཁྱིམ་པ་སྔོན་དུ་དབང་བསྐུར་བ་ཐོབ་པས་རྒན་ཡང་ཇི་སྲིད་ལམ་མངོན་པར་ཤེས་པ་མ་བསྐྱེད་ཀྱི་བར་དུ་དགེ་སློང་རྡོ་རྗེ་འཛིན་པ་ལས་རྒན་པོར་མི་འགྱུར་རོ། །ཅི་སྟེ་འགའ་ཞིག་བདག་ནི་དབང་གིས་རྒན་པ་སོགས་ཀྱི་ཚོགས་ཀྱི་གཙོ་བོར་འོས་སོ་ཞེས་རྩོད་པ་བྱེད་ན་ནུས་བ་དྲི་བར་བྱ་སྟེ། གལ་ཏེ་མངོན་ཤེས་སོགས་སྟོན་པར་བྱེད་ན་དེའི་ཚེ་དེ་ཚོགས་ཀྱི་གཙོ་བོར་བྱའོ། །ཅི་སྟེ་ཡང་དག་པའི་སྤྱོད་པ་བཟང་པོ་བདེན་པའི་ལམ་བཏང་ནས། རྫུན་

p. 251

གྱི་དབང་བསྐུར་གྱི་མངོན་པའི་ང་རྒྱལ་དང་ལྡན་པས་རྩོད་པར་བྱེད་ན་དེའི་ཚེ་དེ་རང་གི་གནས་སུ་བསྐྲད་པར་བྱའོ། །ཅི་སྟེ་གནས་ནས་ཕྱུངས་པས་ཆད་པ་ཁས་ལེན་ན་ཆད་པའི་བདག་པོས་བཟའ་བཏུང་སོགས་ཀྱི་ཆད་པ་སྦྱིན་པར་བྱའོ། །དེ་ལྟར་དགེ་སློང་དང་དགེ་ཚུལ་དང་ཁྱིམ་པ་རྣམས་ལ་བཟའ་བ་དང་བཏུང་བ་ལ་སོགས་པ་སྦྱིན་པར་བྱ་སྟེ། དེ་རྣམས་ཐམས་ཅད་ལས་དང་པོར་ཤར་དུ་བྲིམ་པར་བྱའོ། །དེ་རྣམས་ཀྱི་དབུས་སུ་དཀྱིལ་འཁོར་བྱས་ནས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་དང་པོར་བཟའ་བཏུང་སོགས་ཀྱི་ཕུད་ཕུལ་ཏེ། དེ་ནས་དགེ་སློང་ལ་སོགས་པའི་སློབ་དཔོན་རྣམས་དང་དབང་བསྐུར་བ་གཞན་རྣམས་དང་། དེ་རྣམས་ཀྱི་དྲུང་ན་གནས་པ་རྣམས་ལ་སྦྱིན་པར་བྱའོ། །དེ་ལྟར་མཐའ་དག་རྣལ་འབྱོར་པའི་ཚོགས་ཀྱི་རིགས་ནི་དཔའ་བོའི་སྟོན་མོས་མཆོད་པར་བྱས་ཏེ། སློབ་མ་སྦྱིན་བདག་ལ་ནི་སློབ་དཔོན་གྱིས་འདུས་པ་ལ་ཡོན་སྦྱིན་པའི་དོན་དུ་གནང་བ་རབ་ཏུ་བྱིན་ནས་སྦྱིན་བདག་བདག་ཉིད་ཀྱི་ནུས་པས་ཚོགས་ལ་ཡོན་ཇི་ལྟར་རིགས་པ་ཕུལ་ནས། རབ་མཆོག་ཚོགས་ཀྱི་རིགས་ཀུན་དུ་དགའ་བར་བྱས་པ་རྣམས་ནི་རང་རང་གི་གནས་སུ་གཤེགས་སུ་གསོལ་བར་བྱའོ་ཞེས་པ་དཔའ་བོའི་སྟོན་མོའི་ངེས་པའོ། །དེ་ནས་འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་བྱེད་པ་གསུངས་ཏེ། འདིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དཀྱིལ་འཁོར་བྲིས་ནས་དབང་བསྐུར་བ་བླངས་ཏེ་སྔར་བཤད་པའི་རྣལ་འབྱོར་མ་རྣམས་ཀྱི་ཞབས་ཉིན་ཞག་སོ་སོར་དྲན་པར་བྱེད་ན། དེ་ལ་འཇིགས་པ་བཅུ་དྲུག་དང་གཞན་ཡང་འཇིགས་པ་ཐམས་ཅད་ཞི་བར་འགྱུར་ཏེ། གང་ཞེ་ན་དཔུང་བཞི་ལྡན་པའི་དམག་གོ་མཚོན་དང་ལྡན་པ་སོགས་དགྲ་ཡི་འཇིགས་པ་དང་། གཅན་གཟན་གྱི་རྒྱལ་པོ་མི་བཟད་པའི་མཆེ་སྡེར་དང་སྟོབས་དང་ལྡན་པ་སེང་གེ་དག་གསོད་པར་ཆས་པ་དང་། གླང་ཆེན་གྱི་དབང་པོ་སྟོབས་ལྡན་མྱོས་པ་ལུས་ཤིན་ཏུ་ཆེ་བ་ལྗོན་ཤིང་ཆེན་པོ་ཡང་དྲུང་ནས་འབྱིན་པར་བྱེད་ཅིང་ལག་པས་བརྫིས་ཏེ་སོ་ཡི་རྩེ་མོས་འབྱེད་པ་རྣམས་དང་། ཕྱོགས་ཀུན་ནས་མེ་ལྕེ་དྲག་པོ་དང་དུ་བའི་ཕྲེང་བས་དཀྲིགས་ཤིང་མེ་སྟག་འཕྲོ་བ་དང་བཅས་པས་གྲོང་ལ་སོགས་པ་དུས་གཅིག་བསྲེགས་ཏེ་འཆི་

p. 252

བར་བྱེད་པའི་མེ་ཡི་འཇིགས་པ་དང་། ཁྲོས་ཤིང་ཁྱོག་པོར་འགྲོ་ཞིང་མདོག་སྔོན་རླུང་གི་ཤུགས་ཅན་གཏུམ་པོ་ལུས་ཆེ་བ་གང་དང་ཕྲད་པ་ཟ་བར་བྱེད་པའི་ལྟོ༷་འཕྱེའི་བདག་པོ་སྦྲུལ་ཆེན་འཇིགས་སུ་རུང་བ་དང་། མཚོན་ཆ་ཐོགས་ནས་ལམ་འཕྲང་སོགས་བཀག་པའི་ཚོགས་རྔམ་ཞིང་སྡང་བའི་སེམས་ལྡན་ཆོམ་རྐུན་གྱི་འཇིགས་པ་དང་། རྐང་པ་དང་ལག་པ་ལྕགས་སྒྲོག་སོགས་དང་ཞགས་པས་འཆིང་བ་ཉིད་དུ་བྱས་ཏེ་བཙོན་རར་ཆུད་པའི་འཆིང་བའི་འཇིགས་པ་དང་། ཆུ་གཏེར་ཆེན་པོར་ཞུགས་པ་སོགས་ལ་ཆུ་གནས་ཆུ་སྲིན་སོགས་གདུག་པས་གཙེས་ཤིང་རླུང་དང་རླབས་ཀྱིས་དཀྲུགས་པས་ཆུ་གཏེར་འཁྲུགས་པ་སོགས་ཆུ་ཡི་འཇིགས་པ་དང་ནི། ལུས་གཅེར་བུ་མི་སྡུག་འཇིགས་སུ་རུང་བའི་ཆ་བྱད་ཅན། སྒྲ་དྲག་པོ་སྒྲོགས་ཤིང་ལག་ན་གྲི་ཐོད་སོགས་ཐོགས་པའི་རོ་ལངས་ལ་སོགས་པ་གདུག་པའི་སེམས་དང་ལྡན་པས་མི་ཡི་ཤ་ཁྲག་ཚོལ་བའི་ཤ་ཟ་རྣམས་ཀྱིས་འཆི་བའི་འཇིགས་པ་བྱེད་པ་དང་། འབྱུང་བ་འཁྲུགས་པའི་མཛེ་ཡི་ནད་སོགས་ནད་རྣམ་པ་སྣ་ཚོགས་མི་བཟད་པས་གཟིར་ཏེ། དབང་པོ་དང་མདོག་ཉམས་ཤིང་ལུས་རུལ་བ་རྣག་དང་བཅས་པའི་དྲིས་གཉེན་རྣམས་ཀྱིས་ཀྱང་ཡོངས་སུ་གཏོང་པའི་སྡུག་བསྔལ་དང་ལྡན་པའི་ནད་རྣམས་ཀྱི་འཇིགས་པ་དང་། དབང་པོའི་ཕོ་ཉའི་ཚོགས་ཀྱིས་ཉེ་བར་འཚེ་བ་ནི། དབང་པོ་དང་རྒྱལ་པོ་བཞི་སོགས་ཀྱི་འཁོར་གདུག་པ་མི་སྲུན་པ་བཞོན་པ་སྣ་ཚོགས་དང་། མཚོན་ཆ་སྣ་ཚོགས་འཛིན་པ་ཕྱོགས་ཀུན་ཏུ་རྒྱུ་ཞིང་། བསམ་གཏན་བྱེད་པ་སོགས་ལ་འཚེ་ཞིང་སྡིགས་པར་བྱེད་པའི་འཇིགས་པ་དང་། སྔོན་གྱི་སེར་སྣའི་ལས་བྱས་པའི་རྒྱུས་གང་ཞིག་བདོག་པ་དང་བྲལ་ཏེ་ཚ་གྲང་བཀྲེས་སྐོམས་ངལ་བས་མནར་བ་བཀྲེན་ཅིང་ཕོངས་པ་དབུལ་བའི་འཇིགས་པ་དང་། ལས་ངན་པའི་དབང་གིས་ལུས་མི་སྡུག་ཅིང་

p. 253

དྲི་ང་བ་སོགས་དང་ལྡན་པས་བུད་མེད་རྣམས་དང་བྲལ་ཞིང་བུད་མེད་ཀྱིས་རྟག་པར་སྡང་བར་འ གྱུར་ཏེ་འདོད་པ་ལ་རྐམ་བཞིན་འདོད་པའི་བུད་མེད་དང་བྲལ་བའི་འཇིགས་པ་དང་། མི་བདག་རྒྱལ་པོ་རྣམས་གང་ཟག་གང་ལ་ཁོང་འཁྲུག་པའི་དབང་གིས་ཆད་པ་དྲག་པོ་དང་གསོད་པར་གཤེད་མ་བསྐོ་བ་སོགས་ཀྱི་འཇིགས་པ་དང་ནི། ཕྱི་རོལ་དུ་ནམ་མཁའི་ཁམས་ནས་འབར་བའི་གློག་དང་བཅས་ཏེ་འབྲུག་གི་སྒྲ་དྲག་པོ་སྒྲོགས་ཤིང་རྡོ་རྗེ་གནམ་ལྕགས་ལྷུང་བའི་འཇིགས་པ་དང་། ནང་དུ་བུད་མེད་ལ་ཆགས་པའི་དབང་གིས་དགའ་བ་བཅུ་དྲུག་གི་འཕོ་བ་མེད་པར་གྱུར་པ་ལས་ཉམས་ཏེ། རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཡང་ཡང་ཕྱིར་ལྷུང་ཞིང་སྐྱེ་འཆི་བརྒྱུད་མར་མྱོང་བའི་འཕོ་བའི་འཇིགས་པ་དང་། སྐྱེ་བོ་གང་ཞིག་བུད་མེད་ལ་ཆགས་པ་སོགས་ཀྱིས་ནོར་མཐའ་དག་ཟད་ཅིང་ཉམས་པ་དང་། གང་དུ་སོང་ཡང་འདོད་པའི་དོན་མི་འགྲུབ་ལ། དོན་གང་དང་གང་ཞིག་བརྩམས་པ་ཐམས་ཅད་འབྲས་བུ་མེད་པར་གྱུར་པའི་དོན་ཉམས་པ་ཡི་འཇིགས་པ་དང་བཅས་པའི་བཅུ་དྲུག་པོ་དེ་དག །སྐྱེས་བུ་གང་ཞིག་གཙོ་མོ་སྣ་ཚོགས་ཡུམ་ལ་སོགས་པའི་རྡོ་རྗེའི་རྣལ་འབྱོ༷ར་མ་རྣམས་ཀྱི་ཞབས་ནི་ཉིན་ཞག་སོ་སོར་གུས་པས་དྲན་པར་བྱེད་པ་དེ་ལ་འཇིགས་པ་དེ་དག་རབ་ཏུ་ཉམས་ཏེ་རྨེང་མེད་པར་ཞི་ནས། སླར་ཡང་དཔལ་དང་སྐལ་པ་བཟང་པོ་དང་ལྡན་ཞིང་རྣམ་པ་ཀུན་ཏུ་འཇིགས་པ་མེད་པར་འགྱུར་རོ། །ཕྱིའི་འཇིགས་པ་བཅུ་དྲུག་ལས་རྡོ་རྗེ་ལྟུང་བ་ཕྱི་དང་ནང་ལ་སྦྱར་བ་དེས་མཚོན་ནས། གཞན་ཀུན་ལའང་ནང་གི་རླུང་སེམས་འཕོ་བའི་ཉེས་པ་འགོག་ཚུལ་བོད་འགྲེལ་འགར་སྣང་ཡང་། སོ་སོར་མ་སྦྱར་ཀྱང་ནང་གི་འཕོ་བ་ཁེགས་པས་འཇིགས་པ་བཅུ་དྲུག་གིས་མཚོན་པའི་

p. 254

འཇིགས་པ་མཐའ་དག་ཞི་བར་འགྱུར་བ་ཡིན་པར་ཤེས་པས་ཆོག་གོ། དེ་ལྟར་ཕྱིའི་རྣལ་འབྱོར་མ་རྣམས་ཀྱི་ཞབས་དྲན་པས་ཀྱང་གནས་སྐབས་སུ་འཇིགས་པ་བཅུ་དྲུག་དང་། དེ་ལས་གཞན་པའི་འཇིགས་པ་མཐའ་དག་ཀྱང་ཞི་བར་གསུངས་ལ། ནང་གི་རྣལ་འབྱོར་མ་རྣམས་ཀྱི་ཞབས་དྲན་ཚུལ་ནི། འགྲེལ་པའི་མདོར་བསྡུས་དང་པོར། སེར་སྐྱ་ལུག་དང་ཀུན་འདར་མ་སྟེ་ཉི་ཟླ་སྒྲ་གཅན་ལམ་གསུམ་བགྲོད་རྣམས་རྣལ་འབྱོར་མ། །དངོས་དང་དངོས་མེད་རབ་ཉམས་མཉམ་བགྲོད་ཞབས་དེ་དག་ནི་དེ་དག་རྣམས་ཀྱི་ཡེ་ཤེས་སྐུ། དེ་ཡི་ལྷན་སྐྱེས་བདེ་བའི་གོ་འཕང་འགྱུར་མེད་གཅིག་འདི་དེ་དག་དེ་ཉིད་གང་གིས་དྲན། །དེ་ཡིས་སྐྱེ་བ་འདི་ལ་མ་ལུས་འཇིགས་འཕྲོག་འདིར་བརྗོད་འབྲས་བུ་མྱུར་དུ་འབྱུང་བར་འགྱུར། །དཔལ་ལྡན་རྣལ་འབྱོར་མ་རྣམས་དག་གི་གནས་ནི་རྡོ་རྗེ་ནོར་བུའི་ཁྱིམ་དུ་དེར་འཇུག་ལམ། །ཉོན་མོངས་མེད་ཅིང་བདུད་ཉམས་སྔོན་དུ་རྒྱལ་བས་གསུངས་པའི་བསྟོད་པ་བདག་གིས་འདིར་བརྗོད་དོ། །སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། །དེ་དག་རྣམས་ཀྱིས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་བ་མིན་པར་འོང་གྱུར་ཅིག །ཅེས་གསུངས་པ་ལྟར། ནང་གི་རིགས་ལྡན་མ་ཨ་བ་དྷུ་ཏིའི་ནང་དུ་རླུང་སེམས་འཕོ་མེད་བཅིངས་པའི་ཡེ་ཤེས་ཀྱི་སྐུ་བསྒྲུབ་པས་ནི་སྲིད་པའི་འཇིགས་པ་མཐའ་དག་གཏན་དུ་ཕྲོགས་ནས་འཕོ་མེད་མཆོག་གི་བདེ་བ་འགྲུབ་པར་འགྱུར་རོ། །དེ་ལྟར་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་དུ་དབང་བསྐུར་བར་འགྱུར་ཞིང་། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང་། སྔགས་ཐམས་ཅད་ཀྱི་རྗེས་སུ་གནང་བ་སྦྱིན་པ་པོ་དང་། དངོས་གྲུབ་ཐམས་

p. 255

ཅད་ཀྱི་སྒྲུབ་པ་པོར་འགྱུར་ཏེ། དེའི་ཕྱིར་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི། བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང་། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་བཞིན་དུ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ་ཞེས་འགྲེལ་ཆེན་ལས་གསུངས་སོ། །གནས་པ་ཕྱི་མ་འདི་རྣམས་འགྲེལ་བས་ཕྱག་རྒྱ་དང་། ལྟ་སྟངས་དང་། དཀྱིལ་འཁོར་གཤེགས་སུ་གསོལ་བ་དང་། དཔའ་བོའི་སྟོན་མོའི་མདོར་བསྡུས་ཆེན་པོ་དྲུག་པས་རྒྱས་པར་བཤད་པར་མཛད་དེ་ལེའུ་འདི་ལ་མདོར་བསྡུས་དྲུག་ཡོད་དོ། །གང་གཞན་རྣམ་དག་དུས་ཀྱི་འཁོར་ལོ་ཡི། །དོན་ལ་འཇུག་པའི་སྒོར་གྱུར་སྨིན་བྱེད་མཆོག །དྲི་མ་བཞི་འཁྲུད་སྐུ་བཞིའི་འབྲས་སྟེར་བ། །རྡོ་རྗེ་དབང་གི་ཆོ་ག་མཆོག་འདི་རྨད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དཔལ་དང་པོའི་སངས་རྒྱས་ཆེན་པོ་ལས་ཕྱུང་བའི་དཔལ་དུས་ཀྱི་འཁོར་ལོ་ལས་མངོན་པར་དབང་བསྐུར་བའི་ལེའུ་སྟེ་གསུམ་པ་རྣམ་པར་བཤད་པའི་འགྲེལ་པའོ།། །།

དུས་འཁོར་སྒྲུབ་ཐབས་ལེའུའི་འགྲེལ་པ།

p. 256
p. 257

དུས་འཁོར་སྒྲུབ་ཐབས་ལེའུའི་འགྲེལ་པ་བཞུགས།

p. 258

ཡིད་འོང་ཟླ་བ་གཞོན་ནུའི་ཞལ་རས་ལས། །དགྱེས་འཛུམ་བཞད་པའི་རྣམ་འགྱུར་འོད་དཀར་ཕྲེང་། །སྙིང་དབུས་ཀུནྡའི་ཚལ་དུ་ལེགས་འགྱེད་པ། །དབྱངས་ཅན་ངག་གི་དཔལ་མོས་དཔལ་སྩོལ་ཅིག །གང་ལ་བསྟེན་ན་དངོས་གྲུབ་རྣམ་གཉིས་ཀྱི། །དགའ་སྟོན་སྣང་བ་ནམ་མཁའི་མུ་ཁྱུད་དང་། །མཉམ་པ་ཡིད་ཀྱི་དཔལ་དུ་སྦྱིན་པ་ཡི། །རྒྱུད་དོན་རྣམ་པར་འབྱེད་ལ་ཅིར་ཡང་སྤྲོ། །འདིར་དཔལ་ལྡན་ཀ་ལཱ་པའི་གྲོང་གི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་ཚལ་གྱི་དབུས་སུ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་མཐར་རིན་པོ་ཆེའི་སྒོ་ཁྱམས་ན་སེང་གེའི་ཁྲི་ལ་བཞུགས་པ་བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པ་ལ་ཉི་མའི་ཤིང་རྟས་གསོལ་བ་བཏབ་པར་གྱུར་པས་མཆོག་གི་དང་པོའི་སངས་རྒྱས་ལས་སྒྲུབ་ཐབས་ཀྱི་ལེའུར་ཟླ་བ་བཟང་པོས་གསོལ་བ་བཏབ་པ་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལན་གྱི་ཚིགས་སུ་བཅད་པ་དང་པོས་འཁོར་ཆེན་པོ་ལ་རབ་ཏུ་བསྟན་པར་གྱུར་པ་གསུངས་པ། རྒྱལ་བ་སྐྱེད་མཛད་སོགས་ཚིགས་བཅད་དང་པོས་

p. 259

བསྟན་ཏེ། ཀྱེ། རྒྱལ་བ་བསྐྱེད་མཛད་ཅེས་བོས་ནས་ཟླ་བ་བཟང་པོ་བདག་གིས་དབང་བསྐུར་བདུན་པོ་རྣམས་དང་བུམ་པ་དང་ནི་གསང་བའི་དབང་བསྐུར་པ་དག་དང་། འཇིག་རྟེན་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང་ནི་སྲིད་པའི་འཇིགས་པ་མ་ལུས་པ་འཇོམས་པ་འཇིག་རྟེན་ལས་འདས་པ་རྣལ་འབྱོར་དག་གིས་བགྲོད་བྱ་དབང་བཞི་པ་ཡང་ཐོབ་ལགས་ན། སླར་ཡང་རྒྱལ་བ་མཆོག་མི་བསྐྱོད་པ་སོགས་དང་བཅས་པའི་ལྷ་དང་ལྷ་མོ་སྣ་ཚོགས་པ་རྣམས་ཀྱི་གཙོ་བོའི་སྟེ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་བསྐྱེད་པ་དང་རྫོགས་པའི་མཚན་ཉིད་ཅན་ཡང་དག་པར་ནི་ཤེས་པར་འདོད་པ་བདག་གིས་ཞུའོ། །དེ་ལྟར་གསོལ་བ་བཏབ་པ་ཟླ་བ་བཟང་པོའི་ཚིག་དེ་གསན་ནས་ནི་རྒྱལ་བའི་བདག་པོས་ཞེས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་རྡོ་རྗེ་ཅན་དུས་ཀྱི་འཁོར་ལོ་དག་གི་ཡང་སྒྲུབ་ཐབས་གསུངས་ཏེ། ཡང་ཡིག་གིས་མི་བསྐྱོད་པ་སོགས་བདེ་གཤེགས་ཡབ་ཡུམ་རྣམས་དང་ཕྱག་ན་རྡོ་རྗེ་སོགས་སེམས་དཔའ་སེམས་མ་རྣམས་

p. 260

དང་། གཙུག་ཏོར་སོགས་ཁྲོ་བོ་ཁྲོ་མོ་རྣམས་དང་། །ཙརྩི་ཀཱ་སོགས་རྣལ་འབྱོར་མ་རྣམས་དང་། །ཁྱབ་འཇུག་སོགས་ལྷ་རྣམས་དང་། རྒྱལ་བ་སོགས་ཀླུའི་རྒྱལ་པོ་རྣམས་དང་། ཁྱི་གདོང་མ་སོགས་རབ་གཏུམ་མ་རྣམས་དང་། འཁོར་གྱི་ལྷ་ལ་སོགས་པ་ཞི་སོགས་ལས་གཞན་རྣམས་ཀྱི་ཡང་སྒྲུབ་ཐབས་རྒྱལ་བའི་བདག་པོས་གསུངས་ཏེ་གཟུགས་ཀྱི་སྐུ་བསྒོམས་པས་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་དངོས་གྲུབ་སྒྲུབ་པའི་ཆེད་དུའོ། །ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ།སྒྲུབ་ཐབས་ལེའུ་ཞུས་ཤིང་ལན་བསྟན་པའི་ཚིགས་བཅད་འདི་ལས་ཇི་སྲིད་ལེའུ་ཡོངས་སུ་རྫོགས་པའི་བར་ནི་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ་ཡིན་གྱི་སླར་གསོལ་བ་བཏབ་པ་སོགས་མེད་དོ། །སྒྲུབ་ཐབས་ཀྱི་ལེའུ་འདི་ནི་ཕྱི་ནང་གི་ཟུང་བདུན་ནམ།ནང་གི་སྐྱེ་བ་བདུན་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་གནས་པ་བདུན་ཏེ། བསྲུང་འཁོར་སོགས་དང་། གདོང་དག་པ་དང་། རང་གི་སྙིང་གའི་ཟླ་བའི་ས་བོན་གྱི་འོད་ཟེར་རྣམས་ལས་དེ་བཞིན་གཤེགས་པ་སྤྲོ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༡ དེ་བཞིན་དུ་བླ་ན་མེད་པའི་མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རངས་བ་དང་། སྐྱབས་སུ་འགྲོ་བ་གསུམ་དང་བདག་ཉིད་དབུལ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་བརྟེན་པ་དང་། སྟོང་པ་ཉིད་ལ་དམིགས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༢ སྐྱེད་པའི་རིམ་པ་ལ་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་དང་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་ལ་སོགས་པའི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༣ ཕྱི་རོལ་འཇིག་རྟེན་པའི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་དང་། ༤ མཆོད་སྦྱིན་ལ་སོགས་པ་དང་རིག་བྱེད་ཀྱི་མཐའ་གསང་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་ཡན་ལག་དྲུག་གི་སྦྱོར་བ་ལ་སོགས་པའི་ངོ་བོ་ཉིད་ཀྱི་གནས་པ་དང་། ༥ སྦྱིན་པ་ལ་སོགས་

p. 261

པའི་བསོད་ནམས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་དང་། ༦ མངོན་སུམ་དང་ལྐོག་ཏུ་གྱུར་པའི་སེམས་བསྒོམ་པའི་ངོ་བོ་ཉིད་ཀྱི་གནས་པ་དང་བདུན་ལས། ༧ གནས་པ་དང་པོ་གཉིས་ནི་སྔོན་འགྲོ་དང་། གསུམ་པ་དངོས་གཞི་དང་། བཞི་པ་ལས་སྒྲུབ་པ་དང་། ལྔ་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་། དྲུག་པ་བསོད་ནམས་དང་། བདུན་པ་རིམ་གཉིས་ཀྱི་དགོངས་དོན་བཤད་པ་ཡིན་ལ། འདིར་དང་པོར་དུས་རྣམ་པར་དག་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་གཟུགས་ཀྱི་བརྟག་པ་བརྗོད་པའི་ཚིགས་བཅད་གཉིས་པ་ཟླ་བའི་སྐུ་དང་ཞེས་པ་ལ་སོགས་པས་བསྟན་ཏེ་དཀྱིལ་འཁོར་གྱི་གཙོ་བོ་འདི་ལྟ་བུ་ཏིང་ངེ་འཛིན་གྱིས་བསྒོམས་ནས་བསྒྲུབ་པར་བྱའོ། །ཞེས་གསུངས་པས་མདོར་བསྟན་པ་ལྟ་བུ་ཡིན་ཞིང་། ཚིགས་བཅད་ལྷག་མ་རྣམས་རྒྱས་བཤད་ཡིན་པས།འདིར་དང་པོར་དུས་ཀྱི་ཆ་རྣམ་པར་དག་པའི་བཅོམ་ལྡན་འདས་ཀྱི་སྐུའི་རྣམ་པ་གསུངས་པ་སྟེ། དང་པོའི་སངས་རྒྱས་རྩ་བའི་རྒྱུད་ལས། ཉིན་མོ་ཉི་མ་རྡུལ་རྡོ་རྗེ། །བསམ་པའི་དབྱེ་བས་མཚན་མོ་ཟླ། །ཁུ་བ་པདྨ་དེ་དག་གཅིག །དུས་ཀྱི་འཁོར་ལོ་བདེ་ཆེན་པོ། །ཞེས། ཕྱི་རོལ་དུ་ཉིན་མཚན་གྱི་དུས་དང་། ཟླ་ཉི་དང་། རྡོར་པད་དང་། ཁུ་རྡུལ་རྣམས་ནི་ལུས་བསམ་གྱི་དབྱེ་བས་ཐབས་དང་ཤེས་རབ་ཏུ་འགྱུར་ལ། ཐབས་ཤེས་གཉིས་ཀྱི་ཆ་དེ་དག་དབྱེར་མེད་གཅིག་ཏུ་གྱུར་པ་ནི་དུས་ཀྱི་འཁོར་ལོ་བདེ་བ་ཆེན་པོའི་བདག་ཉིད་དོ་ཞེས་དང་། འཁོར་ལོ་སྡོམ་པ་སོགས་རྒྱུད་གཞན་ལས་ཀྱང་། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་རབ་ཏུ་གྲགས། །ཇི་ལྟར་ཉི་མ་དྲག་པོ་དང་། །དེ་བཞིན་ཟླ་བ་ཨུ་མར་འདོད། །ཅེས་གསུངས་ཏེ། ཐབས་ཤེས་སུ་འཇོག་ཚུལ་ལུས་དང་བསམ་པས་དབྱེ་བས་མི་འདྲ་བ་ལྟར་བྱས་ཀྱང་དོན་ཐ་དད་མིན་པར་མཚུངས་པར་འགྱུར་ཞིང་། དེ་ལྟར་ཉིན་མཚན་གྱི་དབྱེ་བས་དུས་ཞེས་བྱ་བ་དེའི་འཁོར་ལོ་

p. 262

དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བདག་ཉིད་ཅན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་དུས་སྦྱོར་གྱི་ཁྱིམ་གྱི་འཁོར་ལོ་སྟེ་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་དང་འཇིག་པའི་སྐད་ཅིག་མའི་རྒྱུར་གྱུར་པ་འཇིག་རྟེན་ཀུན་རྫོབ་ཀྱི་དབང་གིས་ཇི་ལྟར་སྣང་བ་སྟེ། དུས་ཀྱིས་འབྱུང་པོ་རྣམས་སྤྲོ་ཞིང་། །དུས་ཀྱིས་རྟག་ཏུ་སྡུད་པར་བྱེད། །དུས་ནི་བཅོམ་ལྡན་རྡོ་རྗེ་ཅན། །ཉིན་མཚན་རང་བཞིན་ཅན་ཡིན་ནོ། །ཞེས་རྒྱུད་ལས་གསུངས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དུས་མ་གཏོགས་པར་དུས་ཞེས་བྱ་བའི་འཇིག་རྟེན་སྐྱེ་བ་དང་སྡུད་པའི་བྱེད་པོ་གཞན་ཕྱི་རོལ་པས་འདོད་པ་དེ་ལྟ་བུ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཕྱི་རོལ་གྱི་འཇིག་རྟེན་ཆགས་གནས་འཇིག་པའི་དུས་སུ་སྣང་བ་ཐམས་ཅད་སེམས་ཅན་རྣམས་ཀྱི་ནང་གི་ཀུན་དུ་རྟོག་པའི་དབང་གིས་བསྒྲུབ་པ་སྟེ། སེམས་མེད་ན་ལས་མི་བསགས་ལ། ལས་མེད་ན་འཇིག་རྟེན་སྣ་ཚོགས་མངོན་པར་འགྱུར་བའི་རྒྱུ་མེད་པར་གྱུར་པས་འབྱུང་མི་སྲིད་ལ། ལས་བྱེད་པ་པོ་ཡང་འཕོ་བའི་ཡང་དང་འགྲོགས་པའི་ཀུན་ཏུ་རྟོག་པ་ལས་གཞན་དུ་མེད་ལ། རླུང་སེམས་དེ་དག་གི་གཞི་ནི་བཞི་པའི་དུས་ཀྱི་རླུང་སེམས་ཤིན་ཏུ་ཕྲ་བའི་རྩ་བ་ལས་བྱུང་ཞིང་། དེ་ཉིད་ཀྱི་མཐའ་ཡང་རང་བཞིན་འོད་གསལ་བའི་དབྱིངས་ལས་གཞན་དུ་དངོས་པོར་གྲུབ་པ་ཅི་ཡང་མེད་བཞིན་དུ་སྣང་བ་ཡིན་པས། དུས་ཀྱི་ཆ་ཐམས་ཅད་རྣམ་པར་དག་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ནི་ཀུན་དུ་རྟོག་པའི་དབང་ལས་བྱུང་བའི་འཁོར་བའི་སྐྱེ་བ་དང་འཇིག་པ་རྣམ་པར་ཉམས་པའི་དོན་དུ་འཆད་འགྱུར་ལྟར་གྱི་སྒྲུབ་ཐབས་རྣམས་རྣལ་འབྱོར་པ་རྣམས་ཀྱིས་རིག་པར་བྱ་སྟེ། ཐ་མལ་པའི་རྣམ་པར་རྟོག་པའི་དུས་ཀྱི་ཆ་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་ཀྱི་ལྷའི་འཁོར་ལོར་བསྒོམ་པས་མ་དག་པའི་མཚན་མ་ཐམས་ཅད་སྦྱང་ཞིང་ཤིན་ཏུ་རྣམ་དག་དེ་ཁོ་

p. 263

ན་ཉིད་ཀྱི་དོན་རྫོགས་པའི་རིམ་པའི་སྨིན་བྱེད་དུ་འགྱུར་བ་དང་། གནས་སྐབས་སུ་ཞི་སོགས་ལས་རབ་འབྱམས་སྒྲུབ་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །ཚུལ་དེས་ན། དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་ཅན་ཉིན་མཚན་ཟུང་གཅིག་ནི་ཟླ་བའི་སྐུ་སྟེ་སྐུ་གཅིག་དང་། དུས་སྦྱོར་དྲུག་དྲུག་གི་བདག་ཉིད་གཉིས་ནི་གཡོན་དང་གཡས་པ་ཟུང་གི་ཞབས་ཏེ་དུས་སྦྱོར་བཞིའི་བདག་ཉིད་གཡས་གཡོན་དབུས་ཀྱི་མེ་མི་མགྲི༷ན་པ་སྟེ་གསུམ་མོ། །དུས་སྦྱོར་གསུམ་གསུམ་གྱི་བདག་ཉིད་ཤར་ལྷོ་ནུབ་བྱང་གི་ཆུ་གཏེར་བཞི་ཡི་གྲངས་ཀྱི་དཔལ་ལྡན་ཞལ་བཞི་ནི་ནག་པོ་སོགས་སྣ་ཚོགས་པའི་མདོག་ཅན་ནོ། །དུས་སྦྱོར་གཉིས་གཉིས་ཀྱི་བདག་ཉིད་གཡོན་དང་གཡས་སུ་ཤར་སྟེ་མདུན་དང་ནུབ་རྒྱབ་དང་དེ་གཉིས་ཀྱི་དབུས་ཀྱི་ཕྲག་པ་དྲུག་དང་། དེ་བཞིན་དུ་ཁྱིམ་སོ་སོའི་ཟླ་བ་བཅུ་གཉིས་ཀྱི་བདག་ཉིད་ཉི་མའི་དཔུང་པ་སྟེ་བཅུ་གཉིས་སོ། །དུས་སྦྱོར་ཕྱེད་པའམ་ཕྱོགས་ཉེར་བཞིའི་དབྱེ་བས་རྒྱལ་བའི་ཕྱག་གི་པདྨ་སྟེ་ཉེར་བཞིའོ། །ཞག་གཅིག་ལ་དབུག་དྲུག་ཅུ་པ་སུམ་བརྒྱ་དྲུག་ཅུ་ཡོད་དེ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་དྲུག་ཅུས་བགོས་པས་སུམ་བརྒྱ་དྲུག་ཅུ་ཐོབ་ཅིང་ལྷག་མེད་པ་དེའི་ཕྱིར་དབུགས་དྲུག་ཅུ་དང་ནི། ལོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་དག་པའམ་སྒྲིབ་བྲལ་དུ་གྱུར་པ་ནི་ཕྱག་ཉེར་བཞི་པོ་རེ་རེ་ལ་ཁམས་ལྔའི་ཕྱག་སོར་ལྔ་རེ་ཡོད་ཅིང་། དེ་དག་ལ་ཡོན་ཏན་གསུམ་གྱི་ཚིགས་གསུམ་རེ་ཡོད་པས་བཅོ་ལྔ་སྟེ། ཕྱག་སོར་ཐམས་ཅད་ཀྱི་ཚིགས་བསྡོམ་པས། སྟོང་པ་དྲུག་དང་མེ་ཡི་ཚིགས་ཞེས་སུམ་བརྒྱ་དྲུག་ཅུའོ། །འདིར་ཞག་གཅིག་གི་དུས་སྦྱོར་ལ་སྦྱར་བ་དེ་བཞིན་ལོ་གཅིག་དང་བགྲོད་པ་གཉིས་དང་། དུས་གསུམ་དང་། དུས་དྲུག་དང་། ཟླ་བ་བཅུ་གཉིས་དང་། ཕྱོགས་ཉེར་བཞི་དང་། ཞག་སུམ་བརྒྱ་དྲུག་ཅུ་རྣམ་པར་དག་པ་ཡང་ཤུགས་ཀྱིས་ཤེས་པར་

p. 264

འགྱུར་རོ། །གཡས་པ་དང་གཡོན་པའི་ཞབས་གཉིས་པོ་དག་གིས་ནི་ཟླ་བ་དང་ཉི་མ་དང་དུས་མེའམ་བསྲེག་ཟའི་དཀྱིལ་འཁོར་དག་ལ། ཕུང་པོ་དང་ཉོན་མོངས་དང་འཆི་བདག་དང་ལྷའི་བུའི་བདུད་ནི་བདུད་ཅེས་བྱ་བ་ཡིན་ལ་དེའི་ངོ་བོ་བདུད་དང་། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་གྱི་བདག་ཉིད་དྲག་པོ་སྟེ་དེ་དག་སྐྲག་བཞིན་པ་ཞབས་གཉིས་བརྐྱང་བསྐུམ་གྱི་རོལ་པས་མནན་པའི་སྲིད་མེད་མྱ་ངན་ལས་འདས་པ་དང་། སྲིད་པ་འཁོར་བ་གཉིས་མཉམ་པ་ཉིད་དུ་གཅིག་ཏུ་འདྲེས་པར་གྱུར་པ་སྒྲིབ་བྲལ་གྱི་བདག་ཉིད་དུས་ཀྱི་འཁོར་ལོ་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ་གཉིས་སུ་མེད་པ་དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པས་བསྒྲུབ་པར་བྱའོ། །ཞེས་སོ། །ཇི་ལྟར་སྒྲུབ་ཚུལ་རྒྱས་པར་བཤད་པ་ལ། དང་པོ་སྲུང་འཁོར་སོགས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་ནི། སྐྱེད་མོས་ཚལ་ལམ་ཞེས་སོགས་ཚིགས་བཅད་གསུམ་པ་དང་། བཞི་པའི་ཁ་ལ་སོགས་པ་དག་པར་བྱས་ནས་ཞེས་པའི་བར་གྱིས་བསྟན་ཏེ། སྒྲུབ་པ་བྱེད་པ་ལ་ཐོག་མར་གནས་བསྟན་པ་ནི།དབང་དང་དགུག་པའི་ལས་སྒྲུབ་པའི་གནས་སྐྱེད་མོས་ཚལ་ལམ། རེངས་རྨོངས་ཕུར་བུས་གདབ་པའི་དོན་དུ་རི་བོ་དང་ནི། དངོས་གྲུབ་ཆེན་པོ་བརྒྱད་ཀྱི་དོན་དུ་རྒྱལ་བ་མཆོག་གི་གནས་ཞེས་པ་རྒྱལ་བས་བྱིན་གྱིས་བརླབས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དང་། དུར་ཁྲོད་ཆེན་པོ་བརྒྱད་དང་། རྒྱ་གར་རྡོ་རྗེ་གདན་དང་། གཞན་ཡང་རི་བོ་གྲུ་འཛིན་སོགས་གནས་ཆེན་པོ་བྱིན་རླབས་དང་ལྡན་པ་རྣམས་ལྟ་བུ་དང་། བསྐྲད་པ་དང་དབྱེ་བའི་དོན་དུ་ལྷ་ཡི་གནས་ནི་ལྷ་ཁང་སོགས་མི་མེད་པས་སྟོང་པ་དང་། དང་གི་སྒྲས་རྒྱ་མཚོ་ཆེན་པོའི་ངོགས་སུ་ཡང་ངོ་། །ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཉིད་ཀྱི་དོན་དུ། དཔའ་བོ་དང་རྣལ་འབྱོར་མ་རང་བཞིན་གྱིས་འདུ་བ་ཨོ་རྒྱན་གྱི་ཡུལ་དང་། ཛ་ལནྡྷར་སོགས་རང་བཞིན་གྲུབ་པའི་གནས་

p. 265

རྣམས་དང་། གསད་པའི་ལས་ཀྱི་དོན་དུ་རོ་ཡི་གནས་དུར་ཁྲོད་རྣམས་དང་ནི། མཚོ་དང་ས་གཞི་དང་གྲོང་ཕྱུག་ཅིང་ལོ་ལེགས་པ་སོགས་བཟང་པོའི་གནས་སུ་ཞི་རྒྱས་ཀྱི་ལས་བསྒྲུབ་པ་དང་དེ་བཞིན་ཉིད་དུ་སྦས་པའི་ས་ཞེས་པ་གཞན་གྱིས་མི་མཐོང་བའི་སྦས་གནས་ཕུག་པའམ། ཁང་པ་སུམ་རིམ་ལྟ་བུ་ལ་སོགས་སའི་ཁང་པ་དག་ཏུ་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་བསྒྲུབ་པར་བྱ་ལ་དེ་ལྟར་འཇིག་རྟེན་པའི་ལས་དང་རྗེས་སུ་མཐུན་པའམ། ཐུན་མོང་དུ་ཡང་ཡུལ་གང་དུ་སེམས་ནི་བག་ཕེབས་ཤིང་རབ་ཏུ་ཚིམ་པར་འགྱུར་བ་དེར་ནི་བསྒྲུབ་པ་བརྩམ་པར་བྱའོ། །མི་ཡི་བདག་པོ་ཀྱེ་ཞེས་གསུངས་ཏེ། དེ་བཞིན་དུ། གང་ན་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པ། །དེར་ནི་རྣལ་འབྱོར་བརྩམ་པར་བྱ། །ཞེས་གསུངས་པ་ལྟར་གནས་ཡོངས་སུ་བཟུང་ནས། ངེས་པར་འཇམ་པའི་མལ་ཆ་དང་སྟན་དག་དང་། འདུག་སྟངས་ཀྱི་གདན་ལ་ཉེ་བར་གནས་པའམ་འདུག་པར་བྱས་ནས། སྔར་དབང་གི་ལེའུར་བརྗོད་པའི་བསྲུང་བ་ཡི་འཁོར་ལོ་བསྒོམས་པར་བྱས་ནས་ནི། དང་པོར་བདག་ཉིད་སྐད་ཅིག་གིས་ལྷའི་གཟུགས་ཀྱི་རྣམ་པར་བསྒོམ་པའི། རང་གི་སྙིང་གར་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཨཾ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ལས་སྐྱེས་པའི་དེ་ཉིད་ཅེས་པ་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ཁ་དོག་སྣ་ཚོགས་པ་སྟེ་དཀར་སེར་དམར་མཐིང་ལྗང་ཁུ་ལྔ་རྣམས་ནི་ཕྱོ༷གས་བཅུར་འཕྲོ་བ་བསྒོམ་པར་བྱའོ། །དེའི་སྔོན་དུ་བདུད་རྩི་ལྔའི་རི་ལུ་ཁར་བཅུག་སྟེ་ཁ་དག་པར་བྱ་བ་དང་ལ་སོགས་པ་ཞེས་པས་མཆོག་གི་ཕྱག་རྒྱས་ལུས་ཀུན་དུ་རེག་ཅིང་ལུས་དག་པར་བྱས་ནས་ཞེས་སོ། །གཉིས་པ་མཆོད་པ་སོགས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་ནི། སླར་ཡང་ནམ་མཁའ་སོགས་ནས་ཚིགས་བཅད་བདུན་

p. 266

པའི་བར་གྱིས་བསྟན་ཏེ། སླར་ཡང་རྡོ་རྗེའི་འོད་ཟེར་གྱིས་མདུན་གྱི་ནམ་མཁའ་དག་ལ་སྤྲོ༷ས་པའི་རྒྱལ་བ་དེ་བཞིན་གཤེགས་པ་རྣམས་རྟོགས་པའམ་མངོན་སུམ་དུ་དམིགས་པ་བྱས་པ་འོད་ཟེར་རྣམས་རང་གི་སྙིང་གར་གཞུག་ཅིང་། མདུན་གྱི་རྒྱལ་བ་དེ་རྣམས་ལ་ནི་མཆོད་པའི་དོན་དུ་རང་གི་སྙིང་གའི་ཟླ་བ་ལ་མཆོད་པའི་ལྷ་མོ་བཅུ་གཉིས་ཀྱི་ས་བོན་ཀ་སྡེ་སོགས་བརྩེགས་པ་ཐུང་རིང་ས་བོན་ཡི་གེའི་གོང་བུ་རྣམས་ལས། རོལ་མོ་དང་གར་མ་ནས་འདོད་མའི་བར་གྱི་མཆོད་པའི་ལྷ་མོ་བཅུ་གཉིས་ཀྱིས་མཆོད་པ་རྣམ་པ་སྣ་ཚོགས་བྱས་ནས་འཆད་པར་འགྱུར་བའི་རིམ་པས་ཚེ་རབས་ཐོག་མ་མེད་པ་ནས་སྡིག་པ་རྣམ་པ་མང་པོ་བསགས་པ་དག་ནི་སྙིང་ཐག་པ་ནས་རྒྱལ་བ་སྲས་དང་བཅས་པའི་མདུན་དུ་བཤགས་ཤིང་བསྡམས་པར་བྱས་ཏེ། དེ་ནས་སྒྲུབ་པ་པོ་ཡི་ལུས་དང་ངག་དང་སེམས་རྣམས་གཡོ་སྒྱུ་སོགས་ཀྱིས་དག་པ་ཡིས་ནི་དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་འགྲོ་བར་བྱའོ། །སྡིག་བཤགས་ཀྱི་རྗེས་སུ་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་པ་མང་པོའི་དགེབ་གང་བྱས་པ་དེ་དག་མཐའ་དག་ལ་ནི་སྔགས་པ་རང་ཉིད་སྒོ་གསུམ་གྱི་སྡིག་པ་ལས་རྣམ་པར་གྲོལ་བའམ་རྣམ་པར་བྲལ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལ་རྗེས་སུ་གནས་པས་རྗེས་སུ་ཡི་རངས་པ་བྱའོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་ཐུན་མོང་དང་ཐུན་མིན་བཅས་པ་གསུམ་ནི་སྐྱབས་སུ་ངེས་པར་བཟུང་བ་ཙམ་གྱིས་སྲིད་པའི་འཇིགས་པ་འཕྲོག་པར་བྱེད་པ་ལ་ཡང་། དུས་འདི་ནས་བླ་མེད་བྱང་ཆུབ་མཆོག་ཐོབ་པའི་བར་དུ། བདག་ནི་སྐྱབས་སུ་མཆིའོ་ཞེས་བདག་ཉིད་ཀྱི་དངོས་པོ་ཕུལ་བ་བྱས་ནས། དེ་ནས་སེམས་ཅན་དོན་གྱི་སླད་དུ་དམ་བཅའ་བའི་སྨོན་ལམ་འདི་བྱ་སྟེ། རྫོགས་པའི་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་འདི་སེམས་ཅན་ཐམས་ཅད་ཀྱི་དོན་

p. 267

གྱི་སླད་དུ་བདག་གིས་བགྱིད་དོ་ཞེས་པས་མཚོན་ནས་ཕྱག་འཚལ་བ་དང་། མཆོད་པ་ཕུལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རངས་པ་དང་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། བསོད་ནམས་བླ་མེད་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ་དེ་བཞིན་གཤེགས་པ་དགྱེས་པའི་མཆོད་པ་བདུན་ནམ་ཡན་ལག་བདུན་རྣམ་པར་དག་པ་བྱའོ། །དེ་ནས་དགེ་བའི་རྩ་བ་མ་ཆགས་མ་སྡང་གཏི་མུག་མེད་པ་གསུམ་དྲན་པར་བྱ་སྟེ་གང་ཞེ་ན་རང་དོན་ལ་མ་ཆགས་པ་བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཞེ་སྡང་མེད་པ་བདག་གཞན་མཉམ་པ་དང་བརྗེ་བའི་སྙིང་རྗེ་བསྒོམ་པ་དག་པའི་བསམ་པ་རྣམ་པར་དག་པ་དང་། གཏི་མུག་མེད་པ་རྣམ་པར་མི་རྟོག་པ་ལ་འཇུག་པའི་དོན་དུ་བདག་དང་བདག་གིར་འཛིན་པ་ཡོངས་སུ་སྤང་བའོ། །དེ་ནས་བསོད་ནམས་དང་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་གསུམ་གྱི་དོན་དུ། སྦྱིན་པའི་ཕར་ཕྱིན་ནས་ཡེ་ཤེས་ཕར་ཕྱིན་གྱི་བར་དུ་ཕར་ཕྱིན་བཅུ་ལ་བློ་བཞག་སྟེ་བསམ་པར་བྱའོ། །དེ་ནས་བྱམས་སོགས་ཚངས་པའི་གནས་པ་བཞི་དྲན་པར་བྱའོ། །དེ་ནས་སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་མཐུན་ཏེ་བསྡུ་དངོས་བཞི་བསམ་པར་བྱ་ལ། དེ་ནས་སྲོག་གཅོད་པ་སོགས་མི་དགེ་བཅུ་སྤོང་བ་དང་འགྱོད་པ་སོགས་སྒྲིབ་པ་ལྔ་སྤང་བ་དང་། ཆགས་སྡང་གཏི་མུག་ང་རྒྱལ་ཏེ་ཉོན་མོངས་པ་རྣམས་སྤང་པ་དང་། འདོད་པ་དང་སྲིད་པ་དང་མ་རིག་པ་དང་ལྟ་བའི་ཟག་པ་བཞི་སྤང་བ་བསམ་པར་བྱའོ། །འདི་རྣམས་ལམ་རང་གི་རྒྱུད་ལ་བརྟེན་པའོ། །དེ་ནས་སྟོང་པ་ཉིད་ལ་དམིགས་པ་ནི་སྟོང་ཉིད་མཚན་མེད་སྨོན་མེད་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་བཞི་བསྒོམ་པར་བྱ་སྟེ། རྒྱུ་བ་དང་མི་རྒྱུ་བའི་ཁམས་གསུམ་པོ་འདི་དག་རྣམ་པར་དཔྱད་ན་མཚན་ཉིད་མེད་པ་སྟེ།

p. 268

རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་དམིགས་སུ་མེད་པས་སྤྲོས་པ་དང་བྲལ་བ་ཚིག་འདིས་གསལ་འདེབས་པར་བྱ་སྟེ། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མིན་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་ལྟར། སྟོང་པ་ཉིད་ནི་ཤེས་བྱའི་དངོས་པོའི་ངོ་བོའི་རང་བཞིན་ཏེ་མེའི་ཚ་བ་དང་ཆུའི་གཤེར་བ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་ཏེ་འདི་ལྟར་སྣང་བའི་ཁམས་གསུམ་གྱི་འགྲོ་བ་གནས་སྣོད་དང་བཅས་པ་མཐའ་དག་འདི་ནི་རང་རང་གི་ངོ་བོར་གྲུབ་པའི་དངོས་པོ་དག་གིས་རྣམ་པར་དམན་པ་སྟེ་ངོ་བོ་ཉིད་མེད་པའོ། །ངོ་བོ་ཉིད་མེད་བཞིན་དུ་སྣང་བས་ན་སྣང་བ་དང་སྟོང་པ་ཐ་དད་དུ་མེད་པ་སྒྱུ་མ་ལ་སོགས་པའི་སྣང་བ་ལྟར་སྣང་ཡང་བདེན་པས་སྟོང་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་སོ་སོ་རང་གིས་རིག་པར་བྱ་བ་སྤྲོས་པ་དང་བྲལ་བའོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་བདེན་པ་དབྱེར་མེད་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལ་གནས་པའི་དེ་ཁོ་ན་ཉིད་དོན་དམ་པ་དེའི་དབང་དུ་བྱས་ན་ཆོས་ཉིད་མཉམ་པ་དེ་ཁོ་ན་ལས་གཞན་ཐོབ་བྱ་སངས་རྒྱས་ཀྱི་བྱང་ཆུབ་འབྲས་བུའི་མཚན་མ་མེད་ཅིང་རྣམ་པར་དག་པ་ནི་སྨོན་པ་མེད་པའོ། །གཞན་ཕན་སྙིང་རྗེ་དག་དང་བདག་དང་གཞན་དུ་དམིགས་པ་སོགས་གཉིས་ཆོས་ཀྱི་མཚན་མའི་དམ་བཅའ་མེད་པ་སྟེ། དེ་ནི་རྒྱུ་མཚན་མ་མེད་པའོ། །དངོས་པོ་མཐའ་དག་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཆོས་ཀྱི་དབྱིངས་དམིགས་པ་མེད་པ་དེ་ལྟར་ཤེས་ནས་དེ་ལས་གཞན་དུ་ནམ་ཡང་མི་འགྱུར་མོད་ཀྱི། དེ་ལྟ་ན་ཡང་ཀྱེ་མི་ཡི་བདག་པོ་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་ནི་དཔག་ཏུ་མེད་པའི་ཡོན་ཏན་ཅན་སྒྲིབ་བྲལ་འབྲས་བུའི་དཀྱིལ་འཁོར་དབང་པོ་རྣམས། བསྒྲུབ་པར་བྱ་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱ་སྟེ། དེ་ལས་སྒྱུ་མ་ལྟ་བུའི་བསོད་ནམས་ཚད་མེད་པ་

p. 269

ཐོབ་པ་དང་། གཞི་འབྲས་རང་བཞིན་དབྱེར་མེད་སྒྲིབ་བྲལ་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་མངོན་དུ་འགྱུར་བའི་སླད་དུའོ། །དེ་ལྟར་བདེན་པ་གཉིས་འགལ་བ་མེད་པར་མ་ཟད་དབྱེར་མེད་དོན་གཅིག་ཏུ་རྟོགས་པ་འདི་ནི་མངོན་པར་འདུས་མ་བྱས་པའམ་རང་བཞིན་འོད་གསལ་བའི་སྒོ་སྟེ་བདེན་གཉིས་ཡེ་ནས་དབྱེར་མེད་དུ་གནས་པའི་གནས་ལུགས་འགྱུར་མེད་ཡིན་པའི་ཕྱིར་ཟབ་མོ་བརྒྱད་ལྡན་རྟོགས་པའི་ཚུལ་དང་མཚུངས་པ་རྡོ་རྗེའི་ཚིག་གི་ཟབ་དོན་ཡིན་ནོ། །དེ་ནས་གཟུང་བ་དང་འཛིན་པའི་རང་བཞིན་གྱི་འཁོར་བའི་ཆོས་རྣམས་སྦྱང་བའི་དོན་དུ་མི་དམིགས་པའི་ཏིང་ངེ་འཛིན་གསུངས་པ་ནི། མི་ཡི་འཇིག་རྟེན་འདིར་མངལ་སྐྱེས་འཆི་བའི་དུས་སུ་ལུས་ཀྱི་འབྱུང་བའི་ཆ་རྣམས་ཀྱིས་ཕན་ཚུན་གནད་བཅད་དེ་མེས་ཆུ་ཉམས་པར་བྱེད་པ་ལ་སོགས་པ་དང་མཚུངས་པར་ཕུང་པོ་སྦྱངས་བའི་ཏིང་ངེ་འཛིན་བསྒོམ་པ་ལ་ལུས་ཀྱི་ཆུ་ཡིས་མེ་ནི་རྣམ་པར་ཉམས་པ་དག་བྱས་ཏེ་མེ་མེད་པར་གྱུར་པ་བསྐྱེད་རིམ་བསྒོམ་པའི་དང་པོ་འདིར་ནི་རང་གི་ལུས་ཀྱི་དབུས་སུ། རིག་འཛིན་གྱི་སྡོམ་པ་བཟུང་བ་སྡོམ་བརྩོན་དག་གིས་བྱ་སྟེ། དེའི་ཕྱི་ནས་སའི་སྲ་བ་འཛིན་བྱེད་མེ་མེད་པའི་ཕྱིར། འཛིན་མ་དག་ནི་ཆུ་རུ་འགྱུར་ཏེ་དཔེར་ན་ལན་ཚྭ་བཞིན་དུ་ཞུ་ནས་ཆུ་ཡི་དབུས་སུའམ་ནང་དུ་རབ་ཏུ་ཞུགས་པ་དང་དེ་ནས་ལུས་ཀྱི་རླུང་གིས་ནི་ཆུ་བོ་དེ་དག་བསྐམས་ནས་མེད་པར་བྱས་ཏེ། དེ་ཡང་ནམ་མཁའ་ལ་ནི་སྣང་བ་མིན་པར་མྱུར་དུ་འགྲོ་བར་འགྱུར་ཏེ་དེ་ལྟར་ཁམས་ཀྱི་ཚོགས་སྣང་བ་རྣམ་པར་ཉམས་པ་དེ་ནས་སེམས་ནི་མེ་སྟེ་སྣང་བ་མཆེད་པ་དང་མུན་པའི་ཞེས་ཉེར་ཐོབ་ཀྱི་མཐའ་མ་ནམ་མཁའི་ཁམས་མཐའ་དབུས་མེད་པ་རྣམ་པ་ཐམས་ཅད་པའི་གཟུགས་སམ་རང་བཞིན་ཡུལ་འཛིན་པ་དང་རྣམ་པར་བྲལ་བ་གཉིས་སྣང་མེད་པ་དབུས་ཀྱིས་ཀུན་གཞིའི་ངང་ལ་ཀུན་གཞིའི་རྣམ་པར་ཤེས་པ་བཞག་པར་བྱའོ། །ཞེས་པ་དམིགས་པ་ཅིར་ཡང་མི་འཛིན་པའི་

p. 270

ཀུན་གཞིའི་ངང་ཙམ་དུ་བཞག་པར་བྱས་ནས། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་སོགས་སྟོང་བ་མཚན་མེད་སྨོན་མེད་མངོན་པར་འདུས་མ་བྱས་པའི་རྣམ་ཐར་སྒོ་བཞིའི་སྔགས་བརྗོད་པས་འཁོར་བའི་ཀུན་གཞི་ལས་འདས་ནས་ཁམས་གསུམ་ཐམས་ཅད་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པའི་རང་བཞིན་གདོད་ནས་མ་སྐྱེས་ལ་རྣམ་པ་མི་འགག་པའི་འོད་གསལ་གཉུག་མ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་སྤྲོས་པ་མཐའ་དག་ལས་འདས་པའི་དེ་ཁོ་ན་ཉིད་ཀྱི་དོན་ལ་བསྒོམ་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་དག་ནི་སྟོང་པ་ཉིད་ལ་དམིགས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ཡིན་ནོ། །འདི་ཡན་ཆད་འགྲེལ་བའི་གནས་སྲུང་བ་དང་སྡིག་པ་བཤགས་པ་ལ་སོགས་པའི་མདོར་བསྡུས་ཆེན་པོ་དང་པོས་བཤད་པར་མཛད་དོ། །དེ་ནས་སྟོང་པ་དེའི་ངང་ལས་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་དང་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་མངལ་དུ་འཇུག་པའི་ཚུལ་གྱིས་བསྐྱེད་པའི་རིམ་པས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དང་རྫོགས་རིམ་གྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ་གསུངས་པ་འདི་ནི་གནས་པ་གསུམ་པ་ཡིན་པས་ཚིགས་བཅད་བརྒྱད་པ་ནས་བརྒྱ་དང་ཉེར་བརྒྱད་པའི་བར་གྱིས་བསྟན་པ་ཡིན་ཡང་། འདིར་ནང་གསེས་སུ་བསྐྱེད་རིམ་གྱི་སྒྲུབ་ཐབས་བསྙེན་སྒྲུབ་ཡན་ལག་བཞི་དང་། རྫོགས་རིམ་གྱི་སྒྲུབ་ཐབས་བསྙེན་སྒྲུབ་ཡན་ལག་བཞི་དང་ལམ་གྱི་ཡན་ལག་འགའ་ཞིག་བསྟན་པ་དང་གསུམ་དུ་ཕྱེས་ནས་བཤད་ན། དང་པོ་བསྐྱེད་པའི་རིམ་པའི་བསྙེན་སྒྲུབ་ཀྱི་རྣལ་འབྱོར་བཞི་ལས་དང་པོ་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནི། །སྟོང་པ་རླུང་མེ་སོགས་ཚིགས་བཅད་བརྒྱད་པ་ནས། ཞེ་དགུ་པའི་བར་གྱིས་བསྟན་ཏེ་འདི་ལའང་རྟེན་གཞལ་ཡས་དང་བརྟེན་པ་ལྷ་ཡི་ཚོགས་བསྒོམ་པ་གཉིས་ལས་དང་པོ་གོང་ལྟར་མ་དག་པའི་སྣང་བ་ཐ་མལ་པ་དབྱིངས་སུ་སྦྱངས་

p. 271

ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་འོད་གསལ་གྱི་ངང་ལས་སྒྲིབ་བྲལ་གྱི་རང་བཞིན། སྟོང་པ་ནམ་མཁའི་ཁམས་མཐའ་ཡས་པ་ཆོས་འབྱུང་གྲུ་གསུམ་རྩེ་ཕྲ་བ་ཐུར་དུ་བསྟན་ཅིང་ཁ་གདེངས་པ་གྱེན་དུ་བསྟན་པ་ནི་ནང་དུ་ཤེས་རབ་མ་ཡི་ཆོས་འབྱུང་དག་པར་བྱེད་པའོ། །དེ་བཞིན་དུ་དེའི་ཕྱི་རོལ་དུ་རྡོ་རྗེའི་རང་བཞིན་རྩིབས་བཅུ་ཟླུམ་པོ་བསྒོམ་པ་ནི་སྲུང་གུར་དང་དོན་འདྲ་ལ། ནང་དུ་མའི་ལུས་སོ། །ཆོས་འབྱུང་ནམ་མཁའི་ཁམས་ལ་གནས་པའི་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་མདོག་ནག་པོ་དབུས་སུ་གཞུའི་རྣམ་པ་ཐད་ཀར་དཔག་ཚད་འབུམ་ཕྲག་བཞི་པ་འོག་དང་སྟེང་དུ་ཧཱུྃ་ཡིག་ལས་བྱུང་བ་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ་འོག་དང་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་གཉིས་ཀྱིས་མཚན་པ་ནི་འོག་གི་ཆུ་དང་ས་སྟེ་དཀྱིལ་འཁོར་བཞི་ཀར་འདྲ་ལ། མེ་དཀྱིལ་བཀྲ་ཤིས་ཏེ་གཡུང་དྲུང་གིས་མཚན་པའོ། །ཁ་ཅིག་ནོར་བུས་མཚན་པ་ཟེར། དེའི་སྟེང་དུ་ཝཾ་ལས་ཆུ་ཡི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ཐད་དཀར་དཔག་ཚད་འབུམ་ཕྲག་གཉིས་པ་སྟེང་འོག་ཏུ་སྣ་ཚོགས་རྡོ་རྗེ་གཉིས་དང་པདྨས་མཚན་པ་དང་། དེའི་སྟེང་དུ་ལྃ་ལས་ས་དཀྱིལ་སེར་པོ་གྲུ་བཞི་པ་ཐད་ཀར་དཔག་ཚད་འབུམ་ཕྲག་གཅིག་ཡོད་པ་སྟེང་འོག་གི་སྣ་ཚོགས་རྡོ་རྗེ་དང་བཅས་པ་རྡོ་རྗེས་མཚན་པ་དང་དེའི་སྟེང་དུ་མཾ་ལས་རྡོ་རྗེའི་རང་བཞིན་གྱི་ལྷ་ཡི་རི་བོ་ལྷུན་པོ་ཆེན་པོ། རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་། སྟེང་དུ་སྟོང་ཕྲག་ལྔ་བཅུ་པ། དེའི་རྩེ་མོའི་དབུས་སུ་ཀྵྃ་ལས་ལྷུན་པོའི་ཕྱེད་ཀྱི་ཚད་ཀྱི་ཆུ་སྐྱེས་ཏེ་སྣ་ཚོགས་པདྨ་་འདབ་མ་བརྒྱད་པ་དེའི་སུམ་ཆ་ནི་ལྟེ་བའོ། །ལྟེ་བའི་སྟེང་དུ་ཧཾ་ལས་ཟླ་བ་ཡི་དཀྱིལ་འཁོར་ལྟེ་བ་དང་མཉམ་པ། དེའི་སྟེང་དུ་རྣམ་པར་བཅད་པ་ཡོངས་སུ་གྱུར་

p. 272

པ་ལས་ཉི་མ་ཡི་དཀྱིལ་འཁོར། དེའི་སྟེང་དུ་རོའི་རྣམ་པའི་ཐིག་ལེ་ལས་མེ་ཞེས་པ་སྒྲ་གཅན་གྱི་དཀྱིལ་འཁོར་ཁ་དོག་མཐོན་མཐིང་སྟེ་སྔོན་པོའོ། །དེ་ལྟར་དེ་མཐའ་དག་རྣམས་ནི་གཅིག་ཏུ་འདྲེས་པར་གྱུར་པ་ནི། ཧྐྵྨླྺྼ་ཡྃཞེས་པ་ས་བོན་གྱི་ཡི་གེ་བསྒོམ་པར་བྱ་ཞིང་དེ་ལ་འཇིག་རྟེན་གྱི་ཁམས་གྲུབ་པར་བསམ་པ་ནི་ཕྱི་རོལ་དུའོ། །ནང་དུ་མའི་ལུས་ལ་དཔྲལ་བར་རླུང་དཀྱིལ། མགྲིན་པར་མེ་དཀྱིལ། སྙིང་གར་ཆུ་དཀྱིལ། ལྟེ་བར་ས་དཀྱིལ། ལྟེ་བ་ནས་གསང་བའི་པདྨའི་མཐར་ཐུག་པ་ལྷུན་པོ་ཆེན་པོ་དང་། གསང་བའི་པདྨ་ནི་བཅོམ་ལྡན་འདས་ཀྱི་གདན་གྱི་པདྨ་དང་འདྲའོ། །བཤང་གཅི་ཁུ་བ་འབབ་པའི་རྩ་གསུམ་ཟླ་ཉི་སྒྲ་གཅན་གྱི་དཀྱིལ་འཁོར་ཏེ་གསང་བའི་པདྨའི་ལྟེ་བར་དེ་རྣམས་འདུས་པའོ། །དེ་བཞིན་དུ་རི་རབ་དེའི་སྟེང་དུ་སྲུང་འཁོར་གྱི་ཁང་པ་བརྩེགས་པའི་ཀུན་ནས་དྲི་མ་མེད་པའི་འོད་ཟེར་རྣམ་པར་འཕྲོ་བ་བསྒོམ་པའམ་ནི་ཡང་ན་རྡོ་རྗེ་སྟེ་ཧཱུྃ་ཡིག་ལས་སྐྱེས་པ་རྡོ་རྗེའི་གུར་ཁང་བསྒོམ་པ་དག་གོ། འདི་ནི་མ་ཡི་སྐྱེ་གནས་ཏེ། རྡོ་རྗེ་དང་བཅས་པའི་པདྨ་ཞེས་པའི་དེ་ཉིད་དུ་ཤེས་པར་སྣང་བའོ། །དེ་ཡི་དབུས་སུ་རྡོ་རྗེའི་ས་ལ་བྷྲཱུྃ་ཡིག་གམ་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་ནོར་བུའི་འོད་ཟེར་རྣམ་པར་འཕྲོ་བའི་ཚོགས་ཀྱི་རང་བཞིན་གྱི་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་ཀུན་ནས་འོད་རྣམ་པར་འཕྲོ་བ་སྟེ། འདིར་འགྱུར་གྱི་དབང་གིས་དེ་ལྟར་བརྗོད་མོད། དོན་ལ་ནོར་བུའི་ཚོགས་ཀྱི་དཀྱིལ་འཁོར་འོད་ཟེར་རྣམ་པར་འཕྲོ་བ་སྟེ། ཞེས་པའི་དོན་ཡིན་ནོ། །གཞལ་ཡས་ཁང་དེའི་དབུས་སུ་ཨོཾ་ཡིག་ཡེ་ཤེས་ཀྱི་རང་བཞིན་ལས་སྐྱེས། རྒྱལ་བ་མཆོག་གི་པདྨ་ཉེར་བཞི་དང་། ཟླ་བ་བཅུ་གཉིས་དང་ནི་ཉི་མ་བཅུ་གཉིས་དག་གི་གདན་ཞེས་པ་སའི་དཀྱིལ་འཁོར་གྱི་མཐར་ཐུག་པར་རྣམ་པར་དག་པ་ཐུགས་ཀྱི་དཀྱིལ་འཁོར་རོ། །དེའི་ཕྱི་རོལ་དུ་ནི་གསུང་གི་དཀྱིལ་འཁོར་རྒྱ་མཚོའི་མཐར་ཐུག་པ་རྣམ་པར་དག་པ་སྟེ། ནོར་གྱི་པདྨ་ཞེས་པ་པདྨ་བརྒྱད་པོ་འདི་ནི་ཟླ་

p. 273

བ་དང་། ཉི་མས་རྣམ་པར་དམན་པ་པདྨ་རྐྱང་པའི་གདན་ནོ། །དེ་ཡི་ཕྱི་རོལ་སྐུ་ཡི་དཀྱིལ་འཁོར་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པ་རྣམ་པར་དག་པ་སྟེ། ཕྱོགས་བཞི་དང་ཟུར་གྱི་ཆར་ནི་ཉིན་མོར་བྱེད་པའི་པདྨ་སྟེ་པདྨ་བཅུ་གཉིས་ཟླ་ཉིས་དམན་པ་དང་། སྒོ་བཞི་ཡི་དབུས་སུ་ཤིང་རྟ་རྣམས་སོ། །དེ་ལྟར་སྐུ་དཀྱིལ་ཕྱི་རོལ་དང་སྦྱར་ན་ཞིང་དུ་དཔག་ཚད་བཞི་འབུམ་ལ། དེའི་ཕྱེད་གསུང་དཀྱིལ་དང་། དེའི་ཕྱེད་ཐུགས་དཀྱིལ་དང་། དེའི་ཕྱེད་བདེ་བ་ཆེན་པོའི་འཁོར་ལོ་དང་། དེའི་ཕྱེད་བཅོམ་ལྡན་འདས་ཀྱི་པདྨ་དང་། པདྨ་དེའི་སུམ་ཆ་ལྟེ་བ་དང་ཟླ་ཉི་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་སོ། །དེ་བཞིན་དུ་ནང་དུ་ལུས་ལ་རྩ་རྒྱུད་ལྟར་ན་སྙིང་ག་དབུས་སུ་བྱས་ཏེ། འོག་ཏུ་གསང་བའི་པདྨ་དང་། སྟེང་དུ་སྤྱི་བོའི་བར་དུའོ། །ཡང་ན་ཐད་ཀར་སྙིང་གའི་དབུས་ནས་དཔུང་པ་དང་། ལག་ངར་སེན་མོའི་མཐའ་ཇི་སྲིད་པ་སྟེ། མའི་ལུས་ལ་བསྐྱེད་རིམ་གྱིས་རྣམ་པར་བརྟག་པའི་ལྷའི་དཀྱིལ་འཁོར་ཆོས་མཐུན་སྦྱར་ནས་བསྒོམ་པའི་དོན་ཏོ། །དེ་ལྟར་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རེ་རེ་ལ་སྒོ་བཞི་རེ་ཡོད་པས་ཉི་མའི་སྒོ་རྣམས་སུ་ནི་ཀྱེ་རྒྱལ་པོ་ཞེས་བོས་ནས་ནོར་བུ་དང་གསེར་གྱི་རང་བཞིན་གྱི་རྟ་བབས་རྣམས་དང་སྐུ་དཀྱིལ་གྱི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་དང་། སྙིང་པོར་བརྒྱད་གཉིས་ཞེས་ཀ་བ་བཅུ་དྲུག་རྡོ་རྗེའི་རང་བཞིན་ཅན་ཏེ་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ། །དེ་ལྟར་ཤིན་ཏུ་བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱི་མངའ་དབང་རྣམ་པ་ཐམས་ཅད་པ་རྫོགས་པའི་དཀྱིལ་འཁོར་འཁོར་ལོ་འདི་ལྟ་བུ་རྒྱལ་བ་ཡི་བཞུགས་གནས་གཞལ་ཡས་ཁང་ཡིན་ནོ། །འདི་ལ་ནང་ལུས་ཀྱི་ཁམས་རྣམ་པར་དག་པ་ཡེ་ཤེས་ལེའུ་ལས་བརྗོད་པར་བྱ་ལ། འདིར་རྟེན་གཞལ་ཡས་ཁང་རྣམས་བྱང་ཕྱོགས་སོ་བདུན་སོགས་ཀྱི་ཆོས་ཀྱི་ཕུང་པོའི་ངོ་བོར་རྣམ་པར་དག་པ་དུས་འཁོར་རྩ་རྒྱུད་ལས་གསུངས་པ། སངས་

p. 274

རྒྱས་ཆོས་དང་དགེ་འདུན་ཆེས། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རོ། །ཚངས་པའི་གནས་བཞི་རྣམས་ཀྱི་ནི། །རྡོ་རྗེའི་ཐིག་ནི་བཞི་པོ་སྟེ། །དྲན་པ་ཉེར་བཞག་བཞི་རྣམས་ཀྱིས། །ཀུན་ནས་གྲུ་བཞི་པ་ཉིད་དོ། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །སྒོ་ནི་བཅུ་གཉིས་པོ་རྣམས་ཏེ། །དེ་བཞིན་ས་ནི་བཅུ་གཉིས་ཀྱིས། །རྟ་བབས་རྣམས་ནི་མཛེས་པ་རྣམས། །འཕགས་ལམ་ཡན་ལག་བརྒྱད་རྣམས་ཀྱིས། །ཕྱོགས་བརྒྱད་དུ་ནི་དུར་ཁྲོད་རྣམས། །སྟོང་ཉིད་བཅུ་དྲུག་ཀ་བ་རྣམས། །ཁམས་ལྔ་རྣམས་ཀྱིས་ཀྱང་ཁང་པ་ཕྱི་ནང་ལྔ་ཕྱོགས་མདོག་ར་བ་ཕྱི་ནང་སྦྲག་མའམ་བརྩེགས། །རྣམ་ཐར་བརྒྱད་ཀྱིས་སྒོ་ཁྱུད་རྣམས། །གཟུགས་ཅན་འབྱུང་བཞི་དང་སྒྲ་མ་གཏོགས་བཞི་སྟེ་བརྒྱད་དང་ཟླ་ཉིའི་རྐང་པའི་ཡོན་ཏན་བརྒྱད་བཅས་སོ། །ཡོན་ཏན་བརྒྱད་རྣམས་ཀྱིས།།འགྲམ་རྣམས་བརྒྱད་དང་ནི་ལོགས་རྣམས་བརྒྱད་ཉིད་དོ། །ཐུགས་གསུང་སྐུ་ཡི་དབྱེ་བས་སོ། །སོ་སོར་རོ། །ཚུལ་ཁྲིམས་ལ་སོགས་ཕུང་པོ་ལྔའི། །ཁ་དོག་ལྔ་ནི་རྣམ་པར་དག །ཐེག་པ་གསུམ་གྱིས་ཐུགས་ཀྱི་ར་བ་གསུམ། །དད་པའི་དབང་པོ་སོགས་ཀྱིས་གསུང་གི་ར་བ་ལྔ། །དད་སོགས་སྟོབས་རྣམས་དག་གིས་སྐུའི་ར་བ་ལྔ། །དེ་ལྟར་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལའོ། །ཏིང་ངེ་འཛིན་དང་གཟུངས་སྒོ་བཞི་རྣམས་ཀྱིས། །དཀྱིལ་འཁོར་གསུམ་ལ་སྟེགས་བུ་སྟེ། །ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས། །རིན་ཆེན་སྣམ་བུ་རྣམ་པར་བཀྲ། །མ་འདྲེས་ཆོས་ནི་བཅོ་བརྒྱད་ཀྱིས། །དོ་ཤལ་དོ་ཤལ་ཕྱེད་པ་རྣམས། །དབང་བཅུ་རྣམས་ཀྱིས་ཀྱང་བ་ཀུ་སྟེ་ཤར་བུ་དང་ཟར་ཚག་ཀྱང་ཟེར་ལི། །དགེ་བས་བཅུ་ཀྲ་མ་ཤཱི་རྵ་འོ། །མདབ་ཡབ་བོ་སྟོང་ཉིད་ལ་སོགས་རྣམ་ཐར་གྱིས། །དྲིལ་བུའི་སྒྲས་ནི་གང་བ་སྟེ། །རྫུ་འཕྲུལ་རྐང་པས་རྒྱལ་མཚན་གཏམས། །ཡང་དག་སྤོང་བས་མེ་ལོང་རབ་ཏུ་འབར། །བྱང་ཆུབ་ཡན་ལག་རྔ་ཡབ་གཡོ། །གསུང་རབ་ཡན་ལག་དགུ་ཡི་ཕྲེང་

p. 275

བས་བརྒྱན། །བསྡུ་བ་བཞི་པོ་རྣམས་ཀྱིས་ནི། །ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན། །བདེན་བཞིའི་རིན་པོ་ཆེ་བཞི་རྣམས་ཀྱིས། །སྒོ་དང་སྒོ་ཁྱུད་མཚམས་སུ་སྤྲས། །མངོན་ཤེས་ལྔ་ཡིས་རྟག་ཏུ་ནི། །ས་སོགས་ཁོར་ཡུག་ཆེན་པོ་ལྔ་ཡིས་བསྐོར། །རྣམ་པ་ཀུན་མཁྱེན་བྱང་ཆུབ་པས། །རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར། །བདེ་བ་གཅིག་པུའི་ཁོར་ཡུག་གིས། །དེ་བཞིན་ཕྱི་རོལ་གྱི་རྡོར་ཕྲེང་ཡེ་ཤེས་རྡོ་རྗེ་འབར། །ཐབས་དང་ཤེས་རབ་ཆ་ཡིས་ནི། །ཟླ་དབང་ལྡན་སོགས་སུ་བ་ཉི་མ་རྟག་ཏུ་ཤར། །ཐུགས་གསུང་སྐུ་དང་དག་པ་ཡེ་ཤེས་རྡོ་རྗེ་ཡིས། །ཆོས་ཀྱི་འཁོར་ལོ་བུམ་པ་ཆེ། །རྔ་བོ་ཆེ་དང་བྱང་ཆུབ་ཤིང་། །དེ་བཞིན་ཡིད་བཞིན་ནོར་བུ་སོགས། །འདི་ནི་དཔལ་ལྡན་དུས་འཁོར་གྱི། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །ཕུན་སྒྲིབ་བྲལ་གྱི་ཚོགས་ཀུན་བྱེད་བསྒོམ་ནས་ནི། །དེ་ནས་ལྷའི་ས་བོན་ཨ་སོགས་ཀ་སོགས་དགོད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་གཞལ་ཡས་ཁང་བསྒོམ་པ་ནི་མངལ་དུ་འཇུག་པའི་དུས་སུ་མངལ་སྦྱང་བའི་དོན་དུའོ། །དེ་ནས་ཕྱི་རོལ་དུ་ལྷ་སྐུ་རྫོགས་པར་བསྒོམ་པ་དང་ནང་དུ་མངལ་གྱི་ལུས་རྫོགས་པ་མཐུན་པར་གསུངས་ཏེ། དེ་ལྟར་རྟེན་གཞལ་ཡས་ཁང་བསྒོམས་ནས་བརྟེན་པ་ལྷ་བསྒོམ་པ་ལ་དང་པོར་གཙོ་བོ་བསྒོམ་པ་ནི། འདིར་དཀྱིལ་འཁོར་དབུས་ཀྱི་ལྟེ་བའི་པདྨ་དང་ཟླ་ཉི་སྒྲ་གཅན་གྱི་གདན་སྟེང་དུ་གཙོ་བོ་མངོན་པར་བྱང་ཆུབ་པ་ལྔའི་ཚུལ་གྱིས་བསྐྱེད་པ་ནི། ཟླ་བ་ཉི་མ་ལ་ཡང་ཨ་སོགས་ཀ་སོགས་རྡོ་རྗེ་དང་བཅས་མེ་ལོང་ལ་སོགས་ལྔ་རྣམས་ཀྱིས། ཞེས་གསུངས་པ་ནི་སྒྲ་གཅན་གྱི་གདན་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཨ་སོགས་དབྱངས་སུམ་ཅུ་དང་ཐིག་ལེ་དང་རྣམ་པར་བཅད་པ་ཅན་བཅས་མཚན་སོ་གཉིས་ཀྱི་ངོ་བོ་དབྱངས་སུམ་ཅུ་རྩ་གཉིས་པོ་གཡོན་དང་གཡས་སུ་བསྐོར་བས་འགོད་པར་བྱས་པ་ནི་ཟླ་བའི་ཆ་དང་ནང་དུ་ཁུ་བའི་ཁམས་ཏེ་

p. 276

ཡེ་ཤེས་ལྔ་ལས་མེ་ལོང་ཡེ་ཤེས་ཏེ་གཟུགས་ཀྱི་ཕུང་པོ་དག་པ་རྣམ་པར་སྣང་མཛད་གྱི་བདག་ཉིད་དུ་མངོན་པར་བྱང་ཆུབ་པའོ། །དབྱངས་སོ་གཉིས་ནི་ཨ་ཨི་རྀ་ཨུ་ལྀ། དང་པོ་རྩ་བའི་དབྱངས་ལྔའོ། །ཨ་ཨེ་ཨར་ཨོ་ཨལ། ཡོན་ཏན་ལྔའོ།།ཧ་ཡ་ར་ཝ་ལ། བསྒྱུར་བ་ལྔ་སྟེ་བཅོ་ལྔའི་མཐར་ཨཾ་སྦྱར་བ་དང་བཅུ་དྲུག་ནི་ཟླ་དཀྱིལ་ལ་གཡོན་སྐོར་གྱིས་དགོད་པར་བྱའོ། །དབྱངས་ཐུང་ངུ་བཅུ་དྲུག་པོ་དེ་དག་དཀར་པོའི་ཚེས་རྣམས་སོ། །དེ་ནས་གཡས་སྐོར་གྱིས་ནག་པོའི་ཚེས་གཅིག་ལ་སོགས་པའི་དབྱངས་རིང་པོའི་ཆ་རྣམས་དགོད་པར་བྱ་སྟེ། ལཱ་ཝཱ་རཱ་ཡཱ་ཧཱ་ཨཱལ་ཨཽ་ཨཱར་ཨཻ་ཨཱ་ལཱྀ་ཨཱུ་རཱྀ་ཨཱི་ཨཱཿ བཅོ་ལྔ་དང་གནམ་སྟོང་གི་མཐར་རྣམ་པར་བཅད་པ་ཨཿ ཞེས་སོ། །ཟླ་བ་དབྱངས་དང་བཅས་པ་དེའི་འོག་ཏུ་ཉི་དཀྱིལ་ལ་དཔེ་བྱད་བརྒྱད་ཅུའི་ངོ་བོ་གསལ་བྱེད་ཀྱི་ཡི་གེ་བརྒྱད་ཅུས་མཚན་པ་ནི་ཤེས་རབ་ཉི་མའི་ཆ་དང་ནང་དུ་མ་ཡི་རྡུལ་ཡིན་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཚོར་ཕུང་རྣམ་པར་དག་པ་རིན་འབྱུང་གི་ངོ་བོར་མངོན་པར་བྱང་ཆུབ་པའོ། །དེ་ལ་གསལ་བྱེད་ནི་སྡེ་པ་དྲུག་དང་དེ་སྟེང་ཧ་སོགས་བསྒྱུར་བ་ལྔ་པོ་དབྱངས་བསྒྱུར་བ་ཡིན་པས་དབྱངས་སུ་གཏོགས་ན་ཡང་། ངོ་བོ་གསལ་བྱེད་དུ་ཡང་གཏོགས་པས་འདིར་ཡང་དེ་ལྔ་དང་། དེའི་སྟེང་དུ་ལ་ཝ་ཡ་ཌ་ཌྷ་ལྔ་ལན་གཉིས་བཟུང་བར་བྱའོ། །རྀ་ལྀ་རིང་ཐུང་བཞི་རྒྱུད་གཞན་ལས་གསལ་བྱེད་ལ་ལྟོས་ན་དབྱངས་དང་། དབྱངས་ལ་ལྟོས་ན་གསལ་བྱེད་ཡིན་པས་དབྱངས་གསལ་གཉིས་ཀའི་ཆ་དང་ལྡན་པས་མ་ནིང་གི་ཡི་གེ་ཞེས་དབྱངས་རང་མཚན་པར་མི་བཞེད་པ་ཡོད་ལ། བརྡ་སྤྲོད་པའི་གཞུང་འགར་ལྀ་ལ་རིང་པོ་མེད་པའི་ལུགས་ཀྱང་ཡོད་མོད། རྒྱུད་འདིར་རྀ་ལྀ་དག་དབྱངས་མཚན་ཉིད་པར་བཞེད་དེ་སྔར་ཡང་བཤད་ཟིན་ཏོ། །དེ་ལ་ལླ་ཝྺ་་ཌྜ་ཌྷྜྷ ། མྨ་ཝྺ་ཪྼ་ཡྻ་ཧྷ ། སྶ་་ཥྵ་ཤྴ་ྈྐྈྐ ། ཏྟ་ཐྠ་དྡ་དྷ་དྷ་ནྣ། དེ་བཞིན་པ་སྡེ། ཊ་སྡེ་ཙ་སྡེ་ཀ་སྡེ་བརྩེགས་པ་

p. 277

བཞི་བཅུ་གཡས་སྐོར་དུ་ས་ལ་སོགས་པ་དབྱེ་བས་བརྩེགས་པ་རྣམས་སོ། །དེ་ནས་གཡོན་སྐོར་གྱིས། ང་གྷ་ག་ཁ་ཀ །དེ་བཞིན་ཉ་སོགས། ཎ་སོགས། མ་སོགས། ན་སོགས། ྈྐ་སོགས། ཧ་སོགས། ཌྷ་ཌ་ཡ་ཝ་ལ། ཞེས་པ་གསལ་བྱེད་གཅིག་པུ་མ་བརྩེག་པ་བཞི་བཅུ་དགོད་པར་བྱའོ། །ཟླ་བའི་དབུས་སུ་དྲི་ཟའི་སེམས་ཅན་གྱི་རྣམ་ཤེས་ཧཱུྃ་ཡིག་ཟླ་བ་ལྟ་བུ་ནི། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་འདུ་ཤེས་རྣམ་པར་དག་པ་སྣང་བ་མཐའ་ཡས་ཀྱི་ངོ་བོར་བྱང་ཆུབ་པའོ། །ཟླ་ཉི་ས་བོན་དང་བཅས་པ་དེ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་སྲོག་རླུང་ཧི་ཡིག་དང་ལྡན་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་འདུ་བྱེད་ཕུང་པོ་རྣམ་དག་དོན་ཡོད་གྲུབ་པའི་ངོ་བོར་མངོན་པར་བྱང་ཆུབ་པའོ། །དེ་ནས་ལྷའི་སྐུ་ཡན་ལག་ཐམས་ཅད་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་རྣམ་པར་ཤེས་པ་ཧྃ་ཡིག་དང་ལྡན་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་རྣམ་ཤེས་ཕུང་པོ་དག་པ་མི་བསྐྱོད་པའི་ངོ་བོར་མངོན་པར་བྱང་ཆུབ་པ་སྟེ། ཟླ་ཉི་ལ་སོགས་པ་འདི་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ས་བོན་ཧྃ་ཡིག་སྟེ། དབྱངས་རྣམས་སྟེང་དུ་ཐིག་ལེའི་རྣམ་པ་དང་། གསལ་བྱེད་རྣམས་རྣམ་བཅད་དུ་གྱུར་པ་ཐིག་ལེའི་འོག་ཏུ་ཟླ་ཚེས་དང་། གཞོམ་དུ་མེད་པ་ཧ་དང་། དེའི་སྲོག་གི་ཨ་ཡིག་ཏུ་གྱུར་པ་ཡིན་པ་དེ་བཞིན་ལྷ་རྣམས་ཀྱི་ས་བོན་གཞན་ལའང་ཟླ་ཉི་སྒྲ་གཅན་གྱི་ཆ་དང་གཞོམ་མེད་ལྔའི་ཆ་ཡོད་པ་སྔར་བཤད་པ་ལྟར་ཤེས་པར་བྱ་བ་ཤུགས་ཀྱིས་བསྟན་ཏོ། །དེ་ལྟར་གསུངས་པའི་རིམ་པས་སྐུ་ཡོངས་སུ་རྫོགས་པའི་བཅོམ་ལྡན་འདས་འོད་ཟེར་ལྔ་རྣམས་ཕྱོགས་བཅུར་འགྱེད་པར་བྱེད་ཅིང་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་དུས་ཀྱི་འཁོར་ལོ་ཉིད་བསྒོམ་པར་བྱའོ། །དེ་ནི་ནང་དུ་མངལ་དུ་ལུས་རྫོགས་པའི་ངེས་པའོ། །འདིར་ལྷ་རྣམས་སྐྱེ་བའི་ཚེ་རྒྱན་ཐམས་ཅད་དང་བཅས་པར་སྐྱེ་བ་ལྟར།

p. 278

དཀྱིལ་འཁོར་གྱི་ལྷ་རྣམས་རྒྱན་སྣ་ཚོགས་དང་སྐུ་ཡི་ཆ་ཤས་དང་དབྱིབས་དང་ཁ་དོག་སྣ་ཚོགས་པ་ཉིད་དུ་འབྱུང་སྟེ། རྡོ་རྗེའི་རྒྱན་ཐམས་ཅད་དང་ལྡན་པའི་སྐུའམ་ལུས་དང་། རྒྱལ་བའི་ཕྱག་གི་པདྨ་སྟེ་ཕྱག་ཉེར་བཞི་དང་ཉི་མའི་དཔུང་པ་བཅུ་གཉིས་དང་དུས་ཀྱི་ཞལ་བཞི་དང་། མགྲི༷ན་པ་གསུམ་དང་ཉི་མའི་སྤྱན་ཏེ་ཞལ་རེ་རེ་ལ་སྤྱན་གསུམ་རེ་མངའ་བས་བཅུ་གཉིས་དང་། རྣམ་པར་རྒྱས་པའི་ཞལ་ཡང་མཆེ་བ་ཕྱེད་ནི་གཙིགས་པའོ། །ནང་དུ་ལུས་རྫོགས་པ་ལ་ལུས་ཀྱི་བདག་པོ་རྣམ་པར་ཤེས་པ་ལྟ་བུའི་དཀྱིལ་འཁོར་གྱི་གཙོ་བོ་པདྨའི་ལྟེ་བར་གནས་པ་ལས། རང་གི་ལུས་ལྟ་བུའི་དཀྱིལ་འཁོར་པ་རྣམས་རིམ་གྱིས་རྫོགས་པ་ནི། དཔལ་ལྡན་ཨོཾ་ཡིག་ལས་སྐྱེས་པའི་རྒྱལ་བའི་བདག་པོའི་གདན་གྱི་པདྨར་ཟླ་བ་ཉི་མ་མེ་ཡི་སྟེང་དུ་ནི་ཞེས་རྐྱང་མ་དང་རོ་མ་དབུ་མའི་ངོ་བོའི་གདན་གསུམ་ལ། དྲག་པོ་དང་ལུས་མེད་བདུད་གཉིས་ཀྱི་སྙིང་གར་ཞེས་གཡོན་དང་གཡས་པར་འབབ་པ་ལས་ཀྱི་ང་གི་སྙིང་གར། རྒྱལ་བའི་དབང་པོ་ཤིན་ཏུ་རོལ་པའི། ཞབས་ནི་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་མནན་པ་སྟེ། དེ་ཡང་ཞབས་གཡས་པ་དམར་པོའི་མདོག་ཅན་མཆོག་གི་ཞབས་ཀྱི་འོག་ཏུ་བདུད་དེ་འདོད་པའི་ལྷ་མདོག་དམར་པོ་གདོང་པ་གཅིག་པ། ལག་པ་བཞིས་མེ་ཏོག་གི་མདའ་ལྔ་དང་། གཞུ་དང་། ཞགས་པ་དང་། ལྕགས་ཀྱུ་འཛིན་པའོ། །མདོག་དཀར་པོ་ཡི་ཞབས་གཡོན་པར་ཡང་ནི་དྲག་པོ་དཀར་པོ་མིག་གསུམ་པ་གདོང་གཅིག་པ་ལག་པ་བཞི་ཡིས་རྩེ་གསུམ་དང་། ཌ་མ་རུ་དང་། ཐོད་པ་དང་། ཁ་ཊྭཱྃ་ག་འཛིན་པ་མནན་པའོ། །འདི་ལྟར་གཙོ་བོ་ཉིད་སྐུ་མདོག་སྔོན་པོ་ལ། དབུས་དང་གཡས་དང་གཡས་མིན་གཡོན་གྱི་མགྲི༷ན་པ་གསུམ་པོ་དག་ཀྱང་རིམ་བཞིན་བུང་བ་ལྟར་མཐོན་མཐིང་སྟེ་སྔོ་ལ་ནག་པ་དང་། ཉི་མ་དང་མཚུངས་པ་དམར་པོ་དང་ཟླ་བ་དག་

p. 279

གི་མདོག་ལྟར་དཀར་བའོ། །སྔར་གསུང་བའི་རྣམ་པས་ཤར་གྱི་ཞལ་ནག་པོ་མཆེ་བ་གཙིགས་པ་དྲག་པོའི་རྣམ་པ་དང་། གཡས་ཞལ་ཆགས་པ་དང་བཅས་པ་དམར་པོ་དང་། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ་དང་།ནུབ་ཞལ་ཏིང་ངེ་འཛིན་ལ་གནས་པ་སེར་པོའོ། །རལ་པའི་ཅོད་པན་ལ་དབུས་སུ་སྣ་ཚོགས་རྡོ་རྗེ་དང་གཡོན་དུ་ཟླ་བ་ཕྱེད་པ་དང་དབུ་གཙུག་ཏུ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། སྤྱི་གཙུག་ཏུ་རྡོ་རྗེ་ནོར་བུ་དང་རྡོ་རྗེའི་རྣ་རྒྱན་དང་། རྡོ་རྗེའི་མགུལ་རྒྱན་དང་རྡོ་རྗེའི་གདུབ་བུ་དང་། རྡོ་རྗེའི་སྐ་རགས་དང་། རྡོ་རྗེའི་རྐང་གདུབ་དང་། རྡོ་རྗེའི་དར་དཔྱངས་དང་། རྡོ་རྗེའི་ཕྲེང་བ་དང་། སྟག་གི་པགས་པའི་ཤམས་ཐབས་འཛིན་པའོ། །རྡོ་རྗེའི་རྒྱན་འདི་རྣམས་རྡོ་རྗེའི་ཕ་ལམ་གྱི་རང་བཞིན་ལ་ཐམས་ཅད་དུ་རྡོ་རྗེའི་རྣམ་པ་ཅན་ནམ་དེས་མཚན་པར་བྱས་པ་མདོག་སེར་པོ་ཡིན་ཞེས་བཤད་པ་སྣང་ངོ་། །རྡོ་རྗེའི་ཕྲེང་བ་ནི་རྡོ་རྗེ་རྩེ་གཅིག་པའི་དོ་ཤལ་ལོ། །དེ་བཞིན་དུ་ཕྲག་པ་དང་པོ་མདུན་མ་སྔོན་པོ་དང་ནི་གཉིས་པ་དམར་པོ་དང་གསུམ་པ་རྒྱབ་མ་རི་བོང་འཛིན་པ་ལྟར་དཀར་བ། གཡས་པ་ཡི་ཕྲག་པའི་ཁ་དོག་དང་ནི་གཡོན་དུ་ཡང་དེ་བཞིན་ནང་ནས་ཕར་སྔོ་དམར་དཀར་པོའོ། །གཡས་དང་གཡས་མིན་གཡོན་གྱི་དཔུང་པ་གཉིས་རེ་གཉིས་རེ་དག་ནི་མདུན་ནས་ཕར་གནག་དང་ཉི་མའི་ལུས་ཏེ་དམར་པོ་དང་ཟླ་བའི་མདོག་ལྟར་དཀར་བ་རྣམས་ཏེ། དེ་བཞིན་དུ་འཆད་འགྱུར་ལྟར་ངེས་པར་མཚོན་ཆ་དག་དང་བཅས་པའི་ཕྱག་རྣམས་དག་ཀྱང་བརྒྱད་གསུམ་གྱིས་ནི་རིམ་པས་སོ། །ཕྱག་གི་པདྨ་རི་བོང་ཅན་ཏེ་གཅིག་ལའང་ཚིགས་གསུམ་དང་ལྡན་པའི་སོར་མོ་ལྔ་པོ་རྣམས་ནི་ཁ་དོག་ལྔ་རྣམས་ལ་སོར་གདུབ་ཀྱི་འོད་འཕྲོ་བ་སྟེ། མཐེ་བོ་སེར་མཛུབ་མོ་དཀར་གུང་མོ་དམར། མིང་མེད་ནག །མཐེའུ་ཆུང་ལྗང་གུ་དང་། དེ་རྣམས་ཀྱིའང་ཕྱག་མཐིལ་ངོས་ལ་བརྟེན་པའི་ཚིགས་ཀྱི་ཕྲེང་བ་དང་པོ་རྣམས་

p. 280

ནག་པོ་དང་གཉིས་པ་རྣམས་དམར་པོ་དང་གསུམ་པ་རྩེ་ཚིགས་རྣམས་དཀར་པོའོ། །དེ་ལྟར་གཙོ་བོ་ཡབ་ཡུམ་བསྐྱེད་པ་ནི་ནང་དུ་ལུས་ལ་མ་རིག་པ་དང་འདུ་བྱེད་རྣམ་ཤེས་རྣམས་རབ་ཏུ་ཞུགས་པའི་ངེས་པ་སྟེ་མངལ་གྱི་ཟླ་བ་གསུམ་པ་དང་གནས་སྐབས་དང་པོ་སྐུ་རྡོ་རྗེ་རྫོགས་པའི་སྐབས་སོ། །དེ་ནས་ཕྱག་མཚན་རྣམས་གསུངས་པ་གཡས་གཡོན་གྱི་ཕྱག་དང་པོ་བཞི་གནག་པ་དང་། དེ་རྗེས་བཞི་དམར་བ་དང་དེ་རྗེས་བཞི་དཀར་བའི་རབ་མཆོག་གི་ཕྱག་གི་མཐིལ་དུ་མཚོན་ཆའི་ཚོགས་ནི་ཡང་དག་གནས་པ་ཡང་། འདི་ལྟ་སྟེ་གཡས་ཀྱི་ཕྱག་ནག་པོ་བཞིས་རིམ་པ་བཞིན་དང་པོས་རྡོ་རྗེ་དང་གཉིས་པས་རལ་གྲི༷་དག་དང་གསུམ་པས་རྩེ་གསུམ་པ་སྟེ་རྡོ་རྗེ་རྩེ་གསུམ་པའི་རྭ་གཡས་གཡོན་ཐད་ཀར་སོང་བ་དང་། བཞི་པས་སྲིད་པ་འཇིགས་བྱེད་གྲི༷་གུག་དང་ནི་བཞི་ཡིན་ནོ། །དེ་བཞིན་དུ་དམར་པོའི་ཕྱག་བཞི་ཡི་མཐིལ་ན་རིམ་བཞིན་མེ་ཡི་མདའ་དང་དེ་ནས་རྡོ་རྗེ་ལྕགས་ཀྱུ་དང་ངེས་པར་སྒྲ་དང་བཅས་པའི་ཌ་མ་རུ་དང་བཞི་པར་ཐོ་བའོ། །ཐོ་བ་ནི་ཡུ་བའི་རྩེ་མོར་སྣ་ཚོགས་རྡོ་རྗེ་ལྟ་བུ་ལ་ཕྱོགས་གཅིག་ཐོ་བའི་དབྱིབས་ཅན་ནོ། །གོང་དུ་མེ་ཡི་མདའ་ཞེས་པ་ལྕགས་སྦུབ་ཏུ་མདའ་ཐུར་བཅུག་ནས་ཚ་རེག་གི་མེ་རྫས་ཀྱིས་ཤུགས་ཀྱིས་འཕེན་པ་ལ་སྔ་མ་ཁ་ཅིག་གིས་བཤད། ཁ་ཅིག་གིས་མེ་ཞེས་པ་གསུམ་གྱི་མིང་སྟེ་མེའི་མགྲིན་པ་ཞེས་པ་ལྟར་མདའ་གསུམ་ཕྱག་ན་འཛིན་པ་ལ་བཤད་ཀྱང་མེ་ལས་གྲུབ་པའི་མདའ་འམ་ཡང་ན་མེ་ལྟར་དམར་ཞིང་རྣོ་བ་མེའི་མཚན་ཉིད་ཅན་གྱི་མདའ་ཡིན་ནོ། །ཕྱག་དཀར་པོ་བཞིས་རིམ་བཞིན་འཁོར་ལོ་ཉིད་དང་། མདུང་དང་དབྱུག་པ་དང་དགྲ་སྟ་རྣམས་ནི་རྡོ་རྗེ་ཅན་གྱི་ཉི་མའི་ཕྱག་གི་པདྨ་གཡས་ལའོ། །ཞེས་གཡས་ཀྱི་ཕྱག་བཅུ་གཉིས་ཀྱི་ཕྱག་མཚན་ནོ། །དེ་ནས་གཡོན་པའི་ཕྱག་བཅུ་གཉིས་ཀྱི་ཕྱག་མཚན་གསུངས་པ། ཕྱག་ནག་པོ་བཞིས་རིམ་པར་རྡོ་རྗེ་དྲིལ་བུ་དང་ཕུབ་དང་ཁ་ཊྭཱྃག་ནི་

p. 281

རྣམ་པར་རྒྱས་པའི་ཁ་ཅན་ཏེ་རྡོ་རྗེ་རྩེ་ལྔ་པ་ནི་དགྱེས་པ་དང་། ཁྲག་གིས་གང་བའི་ཐོད་པ་དང་། ཕྱག་དམར་པོ་བཞིས་གཞུ་དང་རྡོ་རྗེས་མཚན་པའི་ཞགས་པ་དང་ནོར་བུ་རིན་ཆེན་དང་པདྨ་དཀར་པོ་རིམ་བཞིན་ནོ། །ཕྱག་དཀར་པོ་བཞིས་རིམ་བཞིན་ཆུ་ན་རྒྱུ་བ་དག་ཅེས་པ་དུང་དང་། མེ་ལོང་དང་ནི་རྡོ་རྗེ་ལྕགས་སྒྲོག་དང་། ཚངས་པའི་མགོ་བོ་སྐྲ་མཚམས་སུ་པདྨས་བརྒྱན་པ་རིག་བྱེད་ཅེས་བཞི་ཡི་གདོང་དང་ལྡན་པ་གང་ཡིན་པ་རྒྱལ་བའི་གཡོན་གྱི་ཕྱག་ནའོ། །འདིར་ཁ་ཊྭཱཾ་ག་ཞེས་པ་དབྱུག་པ་དཀར་པོའི་རྩེ་མོར་རྡོ་རྗེ་རྩེ་ལྔ་པ་དེ་འོག་མི་མགོ་སྐོམ་ན་རྙིད་གསུམ་དང་དེ་འོག་སྣ་ཚོགས་རྡོ་རྗེ་དང་དེ་འོག་གསེར་གྱི་བུམ་པ་དང་དེའི་རྩ་བ་ལས་བྱུང་བའི་གསེར་གྱི་དྲིལ་བུ་གཡེར་ཁས་བརྒྱན་པ་བ་དན་སྣ་ཚོགས་ཀྱིས་མཛེས་པའོ་ཞེས་སློབ་དཔོན་ཀཾ་ཀ་ནས་བཤད་དོ། །མདུང་གྱི་རྩེ་རྣོ་བ་ཡུ་བ་མི་གཉིས་སམ་གསུམ་གྱི་ཚད་དུ་རིང་བའོ། །དགྲ་སྟ་ནི་གཞན་ལྕགས་ཀྱུ་འདྲ་ལ་ཁ་གཉིས་ལ་སོར་བཅུ་གཉིས་པ་སྟ་རེ་རྒྱབ་སྤྲད་ལྟ་བུའི་དབྱིབས་ཅན་ནོ། །གཞུ་ནི་སྲིད་དུ་མཐོ་བཅུ་ཞེང་སོར་བཞི་པ་ཆང་ཟུང་སོར་བཅུ་དྲུག །མཆོག་སོར་བརྒྱད་པ་མཐའ་སྐོར་གྱི་ཟླུམ་སྐོར་དགུ་པ་ཞེས་སོ། །འཁོར་ལོ་ནི་ཆ་གཅིག་གིས་ལྟེ་བ་ཆ་ཕྱེད་ཀྱིས་དེ་རྒྱབ་མུ་ཁྱུད། རྐང་པ་དང་བཅས་པའི་ཆ་གཅིག་གིས་རྩིབས་ཆ་གཅིག་གིས་ཕྱིའི་མུ་ཁྱུད་བྱས་པའོ།། ཞེས་བཤད་དོ། །བདུད་ཀྱི་ལྷ་མོ་དགའ་མ་དང་དྲག་པོའི་ལྷ་མོ་ཨུ་མ་དག་ནི་རང་རང་གི་བདག་པོ་མནན་པའི་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་ལ་འཛིན་ཅིང་གདོང་ནི་འོག་ཏུ་ཕྱོགས་ཏེ་དམན་པ་དག་ཏུ་བྱེད་པའོ། །མི་བསྐྱོད་པ་ནི་གཙོ་བོ་ཉིད་ལ་རབ་ཏུ་ཞུགས་པའོ། །འདིར་གཙོ་བོ་ནི་མི་བསྐྱོད་པའི་ངོ་བོར་རབ་ཏུ་བཞུགས་པའོ་ཞེས་ཀྱང་འདོན། དེ་ནས་སྣ་ཚོགས་ཡུམ་གྱི་མཚན་ཉིད་གསུངས་པ། གསེར་གྱི་མདོག་ཅེས་གསུངས་ཏེ་དེ་ཡང་ཡབ་ཡུམ་ཐབས་ཤེས་དབྱེར་མེད་རོ་མཉམ་པ་ཉིད་དུ་གྱུར་པ་གཅིག་ལས་ལྡོག་ཆས་དབྱེ་བའི་ཟླ་བ་

p. 282

དང་ཁུ་བའི་རང་བཞིན་གྱིས་བཅོམ་ལྡན་འདས་བསྐྱེད་ཅིང་། ཉི་མ་དང་རྡུལ་གྱི་རང་བཞིན་གྱིས་ཡུམ་བསྐྱེད་པས་ན། དཀར་པོ་དང་ནག་པོའི་ཆོས་ཅན་ཟླ་བ་དང་། དམར་པོ་དང་སེར་པོའི་ཆོས་ཅན་ཉི་མ་ཡིན་པས་ཡབ་ཀྱི་སྐུ་མདོག་དཀར་ནག་འདྲེས་པ་སྔོན་པོ་དང་ཉི་མའི་དབང་གིས་ཡུམ་དམར་སེར་གསེར་གྱི་མདོག་ཅན་ནོ། །རིག་བྱེད་ཞལ་ལྡན་ནི་ཞལ་བཞིའོ། །ནོར་གྱི་ཕྱག་གི་པདྨ་ནི་ཕྱག་བརྒྱད་དོ། །ཕྱག་གི་པདྨས་གཙོ་བོའི་མདུན་ནས་འཁྱུད་པ་དག་ནི་སྣ་ཚོགས་ཡུམ་ཡིན་ཏེ།དེའི་གཡས་ཀྱི་ཕྱག་བཞི་ན་དང་པོ་ནས་བཞི་པའི་བར་དུ་རིམ་བཞིན་གྲི༷་གུག་དང་ལྕགས་ཀྱུ་དང་ངེས་པར་སྒྲ་དང་བཅས་པའི་ཌ་མ་རུ་དང་བགྲང་ཕྲེང་རིམ་པས་སོ། །དེ་བཞིན་གཡོན་བཞི་ན་ཐོད་པ་དང་ཞགས་པ་དང་ནི་འདབ་མ་བརྒྱ་པའི་པདྨ་དཀར་པོ་དང་མཆོག་གི་རིན་ཆེན་དག་ནི་དེ་བཞིན་ཉིད་དུའོ། །ཞབས་ནི་གཡས་བསྐུམ་པས་གཙོ་བོ་ལ་འཁྱུད་ཅིང་གཡོན་བརྐྱང་པས་གདན་ལ་གནས་པ་ཉི་མའི་སྤྱན་ཏེ་ཞལ་བཞི་པོ་རེ་རེར་ཡང་སྤྱན་གསུམ་མངའ་བས་སྤྱན་བཅུ་གཉིས་དང་ལྡན་པ། རྒྱལ་བའི་བདག་པོའི་ཞེས་རྡོ་རྗེ་སེམས་དཔའི་ཅོད་པན་ཅན། ཕྱག་རྒྱ་ལྔ་པོ་རྣམས་ཀྱིས་སྐུ་ལ་རྒྱ་ཡིས་བཏབ་བ། ཡབ་དང་སྙོམས་པར་ཞུགས་པས་གནས་པའོ། །ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་མ་ནི་ཤེས་རབ་ཕར་ཕྱིན་སྣ་ཚོགས་ཡུམ་དེའི་ནང་དུ་འདུས་ཤིང་སྦྱིན་སོགས་ཕར་ཕྱིན་གཞན་བརྒྱད་ནི་འདབ་མའི་ལྷ་མོ་རྣམས་ཏེ། དེ་རྣམས་ཀྱི་ནང་དུ་ཡང་ཤེས་རབ་ཕར་ཕྱིན་མ་འདུའོ་ཞེས་སྔ་མ་དག་འཆད། འདབ་མའི་ལྷ་མོ་བརྒྱད་ནུས་མ་བརྒྱད་ཡིན་ལ་མཆོག་གི་ཆ་དང་ཐིག་ལེ་མ་གཉིས་ནི་དཀྱིལ་འཁོར་དུ་སྒོམ་ཚེ་སྣ་ཚོགས་ཡུམ་དུ་འདུས་ལ། ངོ་བོའི་ཆ་ནས་སྣ་ཚོགས་ཡུམ་དང་ཤེར་ཕྱིན་མ་གཉིས་ཡིན་ནོ། །དེ་ཡང་གཙོ་བོའི་པདྨའི་འདབ་མ་བརྒྱད་ལ་ནི། གཙོ་བོའི་གཟུངས་མ་ལྷ་མོ་ནུས་མ་བརྒྱད་པོ་རྣམས་ནི་ནོར་གྱི་ཕྱག་གི་པདྨ་ཞེས་

p. 283

ཕྱག་བརྒྱད་དང་རིག་བྱེད་ཞལ་ཞེས་པ་ཞལ་བཞི་དང་། ཉི་མའི་སྤྱན་ཞེས་སྤྱན་བཅུ་གཉིས་མའོ། །དེ་དག་རྣམས་ལས་དུ་བ་མ་སོགས་བཞི་ནི་སྦྲུལ་གྱི་རྔ་ཡབ་ཅེས་ཕྱག་བརྒྱད་ཀས་རྔ་ཡབ་བརྒྱད་འཛིན་ཏེ་མཚམས་བཞིའམ་ཟུར་བཞི་ཉིད་དུ་རྒྱལ་བའི་ཞལ་གྱི་དབྱེ་བས་གནས་སོ། །ཞེས་པ། ཤར་ལྷོར་དུ་བ་མ་ནག་མོ་ཕྱག་བརྒྱད་ཀྱི་རྔ་ཡབ་ནག་པོ་བརྒྱད་འཛིན་པ། དེ་བཞིན་གཞན་གསུམ་གྱིས་ཀྱང་རྔ་ཡབ་རྣམས་རང་མདོག་དང་མཚུངས་པ་ཤེས་པར་བྱས་ལ་བདེན་བྲལ་དུ་སྨིག་རྒྱུ་མ་དམར་མོ། རླུང་དུ་མར་མེ་མ་སེར་མོ། དབང་ལྡན་དུ་མཁའ་སྣང་དཀར་མོའོ། །དེ་དག་གི་རྒྱབ་ཏུ་དབང་ལྡན་དང་བདེན་བྲལ་དང་ནི་རྩེ་མོ་ཅན་མེ་དང་རླུང་གི་ཟུར་དུ་སྔ་མའི་རིམ་པ་བཞིན་ཆོས་ཀྱི་དུང་དཀར་པོ་དང་། ཆོས་ཀྱི་གཎྚཱི༷་དམར་པོ་དང་། དེ་བཞིན་དུ་ཡིད་བཞིན་གྱི་ནོར་བུར་འགྱུར་ཏེ་ཁ་དོག་ནག་པོའོ། །ངེས་པར་དེ་བཞིན་དུ་ནི་དཔག་བསམ་ཤིང་སེར་པོ་ཉིད་དུ་རིམ་པས་འགྱུར་རོ། །དེ་བཞིན་དུ་ཤར་གྱི་འདབ་མ་ལ་ནག་མོ་འབར་མ་ཡིས་ནི་གཡས་ཀྱི་དང་པོའི་ཕྱག་གི་མཐིལ་ན་སྤོས་ཀྱི་སྣོད་དང་། གཉིས་པ་དག་ན་བསིལ་བའི་སྣོད་དེ་ཙན་དན་གྱི་སྣོད་དང་། དམར་པོ་སྦྱར་བ་གུར་གུམ་གྱི་སྣོད་ནི་ཕྱག་གསུམ་པ་ན་སྟེ། མྱོས་བྱེད་གླ་རྩི་དང་བཅས་པའི་རི་བོང་འཛིན་པ་ག་བུར་གྱི་སྣོད་ནི་གཡས་ཀྱི་ཕྱག་བཞི་པ་ནའོ། །གཡོན་པ་བཞི་ན་དྲིལ་བུ་དང་པདྨ་དང་ལྷ་ཡི་ཤིང་གི་མེ་ཏོག་དང་ནི། མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་རིམ་པས་སོ། །ལྷ་ཤིང་ཡོངས་འདུའི་མེ་ཏོག་དཀར་རྐྱང་ངམ་ཁ་དོག་སྣ་ལྔ་སྐྱེས་པའོ། །ཁ་ཅིག་གིས་ཡོང་འདུའི་མེ་ཏོག་མནྡ་ར་བ་ཡིན་ཡང་ཟེར། ལྷོའི་འདབ་མ་ལ་དམར་མོའི་ཞེས་དམར་མོ་འབར་མའི་གཡས་བཞི་ན་མར་མེ་དང་དོ་ཤལ་དག་དང་། ཅོད་པན་འཛིན་པ་དང་བཅས་པ་དང་གདུབ་བུ་རྣམས་ཏེ།

p. 284

ཕྱག་གཡོན་པ་བཞི་ན་གོས་དང་སྐ་རགས་དང་ནི་དྲི་མ་མེད་པའི་འོད་ཟེར་འཕྲོ་བའི་རིན་པོ་ཆེའི་རྣ་རྒྱན་དང་ནི་རྐང་གདུབ་བོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་བཞུགས་པ་སེར་མོ་འབར་མ་སྐུ་མདོག་སེར་མོའི་གཡས་ཀྱི་ཕྱག་བཞི་ན་དུང་དང་གླིང་བུ་དང་། ནོར་བུ་འཛིན་པ་དང་བཅས་པ་དང་། ཌ་མ་རུ་ནི་རིམ་པས་སྟེ། གཡོན་བཞི་ན་རྒྱུད་མངས་ཏེ་པི་ཝཾ་དང་ནི་རྔ་དང་། སིལ་སིལ་གྱི་སྒྲ་རབ་ཏུ་སྒྲགས་པའི་འཁར་བ་ཡི་རྔ་དག་དང་ཟངས་དུང་ངོ་། །བྱང་གི་པད་འདབ་ལ་བཞུགས་པ་དཀར་མོ་འབར་མའི་ཕྱག་གཡས་པ་བཞི་ན་འོ་མ་དང་ཆུ་དང་མཆོག་གི་སྨན་དང་ཆང་གི་སྣོད་བཞི་དང་། གཡོན་བཞི་ན་བདུད་རྩི་ཡི་སྣོད་དང་། གྲུབ་པའི་རོ་བཅུད་ཀྱི་སྣོད་དང་། བདུད་རྩིའི་འབྲས་བུ་དང་ཟས་སམ་ཟན་གྱི་སྣོད་ནི་དཀར་མོ་ཡི་ཕྱག་མཚན་ནོ། །འདིར་མཆོག་གི་སྨན་ཞེས་པ་སྨན་གཅིག་གིས་ལུས་ཀྱི་ནད་ཐམས་ཅད་སེལ་བ་སྨན་ཆེན་པོའོ། །ཡན་ལག་བརྒྱད་འགྲེལ་དུ་སྨན་ཆེན་པོ་ལག་སྨི་དང་། གུ་ཧ་དང་། ཛ་ཏི་ཕ་ལ་དང་ཤུ་དག་དང་ཡུངས་ཀར་ལ་སོགས་པའང་བཤད་ཀྱང་འཇིག་རྟེན་ན་སྨན་ཆེན་པོ་མཆོག་གཞན་ཡང་དུ་མར་ཡོད་དོ། །རོ་ཡི་སྣོད་ཅེས་པ་རེག་པ་ཙམ་གྱིས་ལྕགས་སོགས་གསེར་དུ་བྱེད་ཅིང་ཟོས་པས་ལྷའི་ལུས་སུ་བྱེད་པའི་དངུལ་ཆུའི་བཅུད་གྲུབ་པ་ལ་སོགས་པའི་རོའི་སྣོད་དོ། །བདུད་རྩིའི་འབྲས་བུ་དཔག་བསམ་ཤིང་གི་འབྲས་བུ་ཡང་ཟེར་ཁ་ཅིག་ཨ་རུ་ར་ལ་འདོད་དེ་འདྲ་དུ་མ་ཡོད་དོ། །བཞི་པར་ཟན་སྣོད་ནི་འབྲས་ཟན་གྱི་སྣོད་ཅེས་བཤད་པར་སྣང་། གཙོ་བོ་སྣ་ཚོགས་ཡུམ་དང་ནུས་མ་བརྒྱད་པོ་འདི་རྣམས་བཅོམ་ལྡན་འདས་ཀྱི་ཞལ་ཕྱོགས་བཞིའི་དབྱེ་བ་ཇི་ལྟ་བ་བཞིན་དུ་ལྷ་མོ་རྣམས་ཀྱི་སྟེ། སྣ་ཚོགས་ཡུམ་གྱི་མདུན་ཞལ་དང་པོ་གསེར་མདོག་དང་། གཡས་དཀར་གཡོན་དམར། རྒྱབ་ཞལ་མཐོན་མཐིང་ངོ་། །དེ་བཞིན་ལྷ་མོ་སེར་མོ་རྣམས་ཀྱིའང་དེ་ལྟར་རོ། །དཀར་མོ་རྣམས་ཀྱི་མདུན་དཀར་

p. 285

གཡས་ནག་གཡོན་སེར་རྒྱབ་དམར་པོའོ། །དམར་མོ་རྣམས་ཀྱི་མདུན་དམར། གཡས་སེར་གཡོན་མཐིང་། རྒྱབ་དཀར་པོའོ། །ནག་མོ་རྣམས་ཀྱི་མདུན་ནག་གཡས་དམར་གཡོན་དཀར་རྒྱབ་སེར་པོའོ། །སྙིང་པོའི་པདྨའི་ལྷ་མོ་རྣམས་ཀྱི་རྒྱན་དང་ཕྱག་རྒྱ་ལྔ་པོ་ནི་སྣ་ཚོགས་ཡུམ་ཇི་ལྟ་བ་བཞིན་ནོ། །དེ་རྣམས་སྙིང་པོ་བདེ་ཆེན་གྱི་འཁོར་ལོའི་ལྷ་རྣམས་སོ། །དེ་ནས་ཐུགས་ཀྱི་ལྷ་རྣམས་ལ་བཞུགས་པ་སོགས་ཀྱི་ལྷ་རྣམས་ཀྱི་སྐུ་མདོག་ཞལ་ཕྱག་རིམ་པས་གསུངས་པ་སྟེ། འདིར་ལྷ་དྲུག་བརྒྱ་སོ་དྲུག་ལ་སྒྲུབ་ཐབས་ཞེས་སུ་བཤད་པ་འདི་དུས་ཀྱི་འཁོར་ལོ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཞེས་བྱ་ཞིང་རྩ་རྒྱུད་ལས་གསུངས་པ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ནི་དཀྱིལ་འཁོར་བཅུ་གཅིག་གམ་བཅུ་གཉིས་ཡོངས་སུ་བསྡོམས་པའི་མཁའ་མིག་རྒྱལ་པོའི་གྲངས་ཀྱི་ལྷ་ཡིན་ལ། འདིར་སྔ་མ་བསྡུས་རྒྱུད་ཀྱི་ལྷ་གྲངས་རྣམས་སྤྲོ་བ་ལ་དེ་ནས་མངལ་དུ་མིང་དང་གཟུགས་ལ་སོགས་པ་བསྐྱེད་པའི་སླད་དུ་འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་སེམས་ཅན་རྣམས་དང་པོའི་སངས་རྒྱས་བསྟན་པའི་སྣོད་དུ་གཟིགས་ནས་ཤིན་ཏུ་དགའ་བའི་སྒྲས་རང་གི་ལུས་ལ་ཕུང་ཁམས་མི་བསྐྱོད་པ་སོགས་སངས་རྒྱས་ཡབ་ཡུམ་དང་དབང་ཡུལ་སེམས་དཔའ་སེམས་མ་རྣམས་དང་། ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོའི་རང་བཞིན་དུ་གྱུར་པ་རྣམས་གཞུག་ཅིང་ཆགས་པ་ཆེན་པོའི་མེས་བསྐུལ་བས་རང་གི་ལུས་ལས་སྤྲོས་ནས་སྣ་ཚོགས་ཡུམ་གྱི་ནང་དུ་ཞུགས་པ། སླར་ཡང་ཕུང་ཁམས་ཀྱི་རང་བཞིན་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་འཁོར་ལོའི་རྣམ་པས་རང་གི་ལུས་ལ་གཞུག་པར་བྱ་སྟེ། བདུད་རྩི་ཟླ་བ་བྱང་ཆུབ་སེམས་སུ་ཞུ་བར་གྱུར་པ་རང་གི་རྡོ་རྗེ་ནས་སྤྲོས་ཏེ་ཡུམ་གྱི་པདྨར་རང་རང་གི་ས་བོན་དང་མཚན་མ་

p. 286

དེ་རྣམས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་གཙོ་བོར་གྱུར་པའི་ལྷ་དང་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པའི་བདག་ཉིད་དུ་གྱུར་པ་ལས། མི་བསྐྱོད་པ་ཡུམ་མཁའ་ནས་ཕྱིར་ཕྱུངས་ཏེ་གཙོ་བོའི་སྐུ་ལ་གཞུག་པར་བྱའོ། །དེ་ནས་ཕྱོགས་ཀྱི་པདྨར་ཆུ་གཏེར་སངས་རྒྱས་ཏེ་དོན་གྲུབ་ལ་སོགས་པ་བཞི་བོ་རྣམས་ནི་ངེས་པར་སྤྱན་དགུ་དང་ལྡན་པའི་མེ་ཡི་ཞལ་ཏེ་ཞལ་གསུམ་པ་དང་དུས་ཀྱི་ཕྱག་ཞེས་ཕྱག་དྲུག་པ་རྣམས་བསྒོམ་པར་བྱ་སྟེ། ཤར་གྱི་པདྨར་ཉི་མའི་སྟེང་དུ་དོན་ཡོད་གྲུབ་པ་ནག་པོ། མདུན་ཞལ་ནས་གཡས་སྐོར་གྱིས་ནག་པོ་དང་དམར་པོ་དང་དཀར་པོའི་ཞལ་ཅན་ནོ། །ལྷོར་རིན་ཆེན་འབྱུང་ལྡན་དམར་པོ་གཡས་སྐོར་གྱིས་དམར་པོ་དང་དཀར་པོ་དང་ནག་པོའི་ཞལ་ཅན། དེ་བཞིན་དུ་བྱང་དུ་སྣང་བ་མཐའ་ཡས་དཀར་པོ་གཡས་སྐོར་གྱིས་དཀར་ནག་དམར་བའི་ཞལ་ཅན། ནུབ་ཏུ་རྣམ་པར་སྣང་མཛད་སེར་པོ་གཡས་སྐོར་གྱིས་སེར་དཀར་ནག་པོའི་ཞལ་ཅན་ནོ། །དེ་བཞི་ནི་ཉི་དཀྱིལ་ལ་སྟེ་ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན་ཞེས་པས་སོ། །མཚམས་སམ་ཟུར་དུ་སྒྲོལ་མ་ལ་སོགས་ལྷ་མོ་རྣམས་དང་། ཞེས་གསུངས་པ། མེར་སྒྲོལ་མ་དོན་གྲུབ་ལྟ་བུ། བདེན་བྲལ་དུ་གོས་དཀར་མོ་རིན་འབྱུང་ལྟ་བུ། དབང་ལྡན་དུ་མཱ་མ་ཀཱི་སྣང་མཐའ་ལྟ་བུ། རླུང་དུ་སྤྱན་མ་རྣམ་སྣང་ལྟ་བུ་བཞི་ནི་ཟླ་དཀྱིལ་ལ་བཞུགས་པ་སྟེ་མཚན་མོ་ཤེས་རབ་རབ་ཏུ་གྲགས་ཞེས་པས་སོ། །སླར་ཡང་ལྷ་དང་ལྷ་མོ་དེ་དག་གི་བར་མཚམས་བརྒྱད་དུ་ནི་བདུད་རྩིའི་བུམ་པ་བརྒྱད་དོ། །དེ་ལྟར་ལྷ་དང་ལྷ་མོ་རྣམས་གནག་དང་དམར་དང་སེར་བ་དང་ནི་རི་བོང་འཛིན་པ་ལྟ་བུར་དཀར་བ་སྟེ། ཤར་དང་ཤར་ལྷོར་བཞུགས་པ་ནག་པོ། ལྷོ་ལྷོ་ནུབ་ཀྱི་དམར། ནུབ་ནུབ་བྱང་གི་སེར་བྱང་དང་བྱང་ཤར་གྱི་དཀར་པོ་ཡིན་པ་འདི་འོག་མ་ཐུགས་དཀྱིལ་གྱི་ལྷ་ལྷག་མ་རྣམས་ལའང་འདྲ་བར་ཤེས་པར་བྱ་སྟེ་གཙོ་བོའི་ཞལ་གྱི་ཁ་དོག་གི་དབྱེ་བས་སོ། །ལྷ་དེ་དག་གི་གདན་

p. 287

ནི་མདོག་ནག་པོ་དང་དཀར་པོ་དང་སྟེང་གནས་རྣམས་རླུང་དང་ཆུ་དང་མཁའ་ཁམས་རྣམས་ཁུ་བའི་ཆོས་ཅན་གྱི་ཕྱིར། ཟླ་བའི་གདན་གྱི་སྟེང་དུ་གནས་པའམ། ཡང་ན་ཕྱོགས་བྲལ་དུ་གནས་ལྷ་མོ་རྣམས་ཟླ་དཀྱིལ་ལ་བཞུགས་པ་མཚན་མོ་ཤེས་རབ་ཏུ་བྱས་པའོ། །དེའི་ཤུགས་ཀྱིས་ཕྱོགས་ན་གནས་པ་རྣམས་ཉི་གདན་བྱས་ན་ཉིན་མོ་ཐབས་ཀྱི་ཆའོ། །ལྷ་སྐུ་མདོག་དམར་པོ་དང་སེར་པོ་དང་འོག་གནས་སྔོན་པོ་རྣམས་མེ་དང་ས་དང་ཡེ་ཁམས་རྡུལ་གྱི་ཆོས་ཅན་གྱི་ཕྱིར་ཉི་མའི་སྟེ་ཞེས་པ་ཉི་གདན་བྱའོ་ཞེས་སོ། །དེ་བཞིན་ཤར་སྒོར་ཁྲོ་བོ་ཤིན་ཏུ་སྟོབས་དོན་ཡོད་གྲུབ་པ་ལྟ་བུ་ནག་པོ། ལྷོ་སྒོར་རྨུགས་བྱེད་དམར་པོ་རིན་འབྱུང་ལྟ་བུ། ནུབ་སྒོར་རེངས་བྱེད་སེར་པོ་རྣམ་སྣང་ལྟ་བུ། བྱང་སྒོར་ཁེངས་བྱེད་དཀར་པོ་སྣང་མཐའ་ལྟ་བུ། སྟེང་དུ་གཙུག་ཏོར་ལྗང་གུ་མི་བསྐྱོད་པ་ལྟ་བུ་སྟེ་ཁྲོ་བོ་འདི་རྣམས་གཡས་བརྐྱང་དང་དེ་དག་གི་ཡུམ་རྣམས་གཡོན་བརྐྱང་གིས་བཞུགས་པའོ། །དེ་ལྟར་མངལ་གྱི་ཟླ་བ་བཞི་པ་ལ་མིང་གཟུགས་སྐྱེ་བའི་དུས་སུ་གཟུགས་ནི་ང་མེ་ས་ཆུའི་ཁམས་ཀྱི་བདག་ཉིད་ཡིན་པ་དེས་ན་ཁམས་དང་ཕུང་པོ་དང་ཁྲོ་བོ་རྣམས་དཀྱིལ་འཁོར་དུ་སྤྲོ་བའོ། །དེ་ནས་ཟླ་བ་ལྔ་པ་ལ་སྐྱེ་མཆེད་དྲུག་སྐྱེ་བའི་དུས་སྦྱང་བའི་ཕྱིར། ནམ་མཁའ་ཡི་སྙིང་པོ་ལ་སོགས་པ་སྤྲོ་བར་བྱ་སྟེ་དཀྱིལ་འཁོར་གྱི་རྩིག་པ་ལ་ནི་ཕྱོགས་པར་ཕྱོགས་དང་། ཕྱོགས་བྲལ་དུ་གནས་པ་རེག་བྱ་རྡོ་རྗེ་མ་ལ་སོགས་ཞེས་དེ་ཡང་ནམ་སྙིང་སོགས་བཞི་ནི་ཤར་དང་ཕྱོགས་གཞན་གསུམ་གྱི་ནི་གཡས་དང་། དེ་བཞིན་ཕྱོགས་བཞིའི་གཡས་མིན་གཡོན་གྱི་པདྨ་དག་ལ་ཀུན་ཏུ་བཟང་པོ་དེ་བཞིན་ཉིད་དུ་དགོད་པ་དང་། དཔལ་ལྡན་ཕྱག་ན་རྡོ་རྗེ་དང་། ངེས་པར་སྒྲ་ཡི་རྡོ་རྗེ་མ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་བཞི་ནི་རིམ་པས་སོ། །ཞེས་པས། འདིར་ང་ལས་སྐྱེས་པ་སྣ་དབང་ནམ་མཁའི་སྙིང་པོ་དབྱིབས་དང་ཁ་དོག་དང་ཕྱག་མཚན་དོན་ཡོད་གྲུབ་པ་ལྟ་བུ་ཤར་སྒོའི་གཡས་སུ་ར་བའི་རྩིག་པ་ལ་སྟེ་ཕྱོགས་སུའོ། །

p. 288

ཕྱོགས་བྲལ་དུ་མེའི་ཟུར་དུ་རླུང་ལས་སྐྱེས་པ་རེག་བྱ་རྡོ་རྗེ་མ་ཁ་དོག་དབྱིབས་སོགས་སྒྲོལ་མ་ལྟ་བུའོ། །ལྷོ་སྒོའི་གཡས་སུ་མེ་ལས་སྐྱེས་པ་མིག་ནི་ས་ཡི་སྙིང་པོ་དབྱིབས་སོགས་རིན་འབྱུང་ལྟ་བུའོ། །བདེན་བྲལ་གྱི་ཟུར་དུ་མེ་ཁམས་ལས་སྐྱེས་པ་རོ་རྡོ་རྗེ་མ་གོས་དཀར་མོ་ལྟ་བུ། ནུབ་སྒོའི་གཡས་སུ་ས་ཁམས་ལས་སྐྱེས་པ་ལུས་ཀྱི་དབང་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམ་སྣང་ལྟ་བུ། རླུང་གི་ཟུར་དུ་ས་ཁམས་ལས་སྐྱེས་པ་དྲི་རྡོ་རྗེ་མ་སྤྱན་མ་ལྟ་བུ། བྱང་སྒོའི་གཡས་སུ་ཆུ་ཁམས་ལས་སྐྱེས་པ་ལྕེ་དབང་འཇིག་རྟེན་དབང་ཕྱུག་སྣང་མཐའ་ལྟ་བུ། དབང་ལྡན་དུ་ཆུ་ཁམས་ལས་སྐྱེས་པ་གཟུགས་རྡོ་རྗེ་མ་མཱ་ཀཱི་ལྟ་བུ། འོག་ཏུ་ཡེ་ཤེས་ཀྱི་ཁམས་ལས་སྐྱེས་པ་ཡིད་དབང་ནི་ཀུན་ཏུ་བཟང་པོ་ཁ་དོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་དུས་ཀྱི་འཁོར་ལོ་ལྟ་བུ་སྟེ་ཤར་སྒོའི་གཡོན་དུ་ར་བའི་རྩིག་པ་ལའོ། །དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ལས་སྐྱེས་པ་སྒྲ་རྡོ་རྗེ་མ་ནི་ཀུན་ཏུ་བཟང་པོ་ལྟ་བུ་སྟེ་བྱང་སྒོའི་གཡོན་དུའོ། །སྟེང་དུ་ནམ་མཁའི་ཁམས་ལས་སྐྱེས་པ་རྣ་བ་ནི་ཕྱག་ན་རྡོ་རྗེ་ལྗང་ཁུ་མི་བསྐྱོད་པ་ལྟ་བུ་ལྷོ་སྒོའི་གཡོན་དུའོ། །དེ་བཞིན་ནམ་མཁའི་ཁམས་ལས་སྐྱེས་པ་ཆོས་ཁམས་རྡོ་རྗེ་མ་ནི་ཕྱག་ན་རྡོ་རྗེ་ལྟ་བུ་སྟེ་ནུབ་སྒོའི་གཡོན་དུའོ། །དེ་ལྟར་མངལ་སྐྱེས་རྣམས་མངལ་དུ་གནས་པའི་ཟླ་བ་ལྔ་པ་ལ་མིག་སོགས་ནང་གི་སྐྱེ་མཆེད་དྲུག་དང་ཟླ་བ་དྲུག་པ་ལ་ཡུལ་དྲུག་དང་རེག་པའི་ཡན་ལག་འབྱུང་བ་དེ་ལྟ་བུ་སྦྱོང་བའི་ཕྱིར་སྐྱེ་མཆེད་བཅུ་གཉིས་ཀྱི་ལྷ་དང་ལྷ་མོ་རྣམས་དཀྱིལ་འཁོར་དུ་སྤྲོས་པའོ། །འདི་དག་སྐུ་རྡོ་རྗེའི་གནས་སྐབས་གཉིས་པའོ། །འགྲེལ་པ་ལས་སྐབས་འདིར་གོང་བཤད་བཞིན་ཤར་དང་བྱང་དང་སྟེང་ན་གནས་པའི་ལྷ་དང་ལྷ་མོ་ནག་པོ་དང་དཀར་པོ་རྣམས་ནི་ཟླ་དཀྱིལ་ལ་དགོད་པར་བྱ་སྟེ་ནམ་མཁའ་རླུང་དང་ཆུའི་ཁམས་རྣམས་ཏེ་ཁུ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །ཞེས་སོགས་གསུངས་སོ། །དེ་ལྟར་གང་ཞིག་དབུས་ཀྱི་གཙོ་བོ་བཅོམ་ལྡན་འདས་ལ་ཞལ་མངོན་དུ་ཕྱོགས་པ་དེ་ནི་

p. 289

གཙོ་བོ་སྟེ་ཕྱོགས་རྣམས་སུ་བཞུགས་པའི་ཐབས་རྣམས་བཞིན་ནོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པའི་ལྷ་མོ་ནི་གཙོ་མོ་སྟེ་ཕྱོགས་བྲལ་རྣམས་སུའོ། །ཞལ་གཞན་དུ་ཕྱོགས་པ་གཙོ་བོ་མ་ཡིན་ནོ། །རྨུགས་བྱེད་ཅེས་པ་ཤེས་རབ་མཐར་བྱེད་དམར་པོ་ལྷོ་སྒོ་དང་། རེངས་བྱེད་ཅེས་པ་གཤིན་རྗེ་མཐར་བྱེད་སེར་པོ་ནུབ་སྒོ་དང་། ཁེངས་བྱེད་ཅེས་པ་པདྨ་མཐར་བྱེད་དཀར་པོ་བྱང་སྒོ་ལ་བཞུགས་པ་དག་སྟེ་ཤིན་ཏུ་སྟོབས་ཞེས་པ་གང་ཡིན་པ་བགེགས་མཐར་བྱེད་ནག་པོ་སྒོ་སྐྱོང་དེ་ནི་ཤར་དུའོ། །རྒྱུད་རྩ་བར་དབང་ཡུལ་གྱི་རྗེས་སུ་སྒོ་སྐྱོང་བཞི་གསུངས་ཀྱང་། འགྲེལ་པར་མངལ་གྱི་མིང་གཟུགས་ཀྱི་ཡན་ལག་དག་པའི་ཕྱིར་དབང་ཡུལ་གྱི་སྐྱེ་མཆེད་ཀྱི་སྔར་གསུངས་ལ་གཙུག་ཏོར་སྐུའི་སྒོ་སྐྱོང་ཡིན་ཡང་།ཐུགས་དཀྱིལ་དུ་ཡང་ལས་དབང་ལྔ་དག་པར་ཤེས་པའི་དོན་གྱིས་གསུངས་པ་ཙམ་སྟེ། བླ་མ་འགས་སྟེང་གི་ཁྲོ་བོ་གཙུག་ཏོར་ཐུགས་དང་སྐུ་དཀྱིལ་ལ་ལན་གཉིས་བསྒོམས་པ་ཡང་བྱེད་པ་སྣང་། ཕུང་ཁམས་རྣམས་ཀྱི་ལྷ་རྣམས་བསྒོམས་པས་མིང་གཟུགས་ཀྱི་གནས་སྐབས་སྦྱོང་ཞིང་སྒོ་སྐྱོང་རྣམས་དེའི་ཡན་ལག་ཏུ་ཤེས་པར་བྱ་བ་ལས་སྔར་བསྒོམ་ཀྱང་རུང་ལ། སྐྱེ་མཆེད་བཅུ་གཉིས་ཀྱི་རྗེས་སུ་བྱས་ཀྱང་ལུས་དབང་གི་ཡན་ལག་ཡིན་པས་འགལ་བ་ཅི་ཡང་མ་མཐོང་སྟེ་རྒྱུད་གཞན་ལས་སེམས་དཔའ་སེམས་མའི་རྗེས་སུ་བསྒོམ་པ་དང་། རྒྱུད་འདིར་ཡང་སྐུ་དཀྱིལ་གྱི་ཁྲོ་བོ་རྣམས་དང་ཚིགས་དང་ཚིགས་ཕྲན་དག་པའི་ལྷ་རྣམས་ཀྱང་རྗེས་སུ་བསྒོམ་པ་མི་འགལ་བ་བཞིན་ནོ། །གང་ཞིག་གཙོ་བོ་ལ་ཞལ་ཕྱོགས་པའི་ལྷའམ་ལྷ་མོ་གང་ཡིན་ཀྱང་གཙོ་བོ་དང་གཙོ་མོར་འབྱུང་བ་དེའི་ཕྱིར། ཤེས་རབ་ཀྱི་ཕང་པར་འཁྱུད་པའི་ཐབས་ནི་གཙོ་བོ་མ་ཡིན་ཏེ་གཙོ་མོ་དེ་ནི་ཐབས་སོ། །དེ་དག་རི་བོང་འཛིན་པའི་པདྨ་ལ་སྟེ། པདྨ་དང་ཟླ་བའི་གདན་ལ་ཟུར་གྱི་ཆ་ཕྱོགས་བྲལ་རྣམས་སུ་འབྱུང་ངོ་། །དེ་བཞིན་ཐབས་ཡབ་ཀྱི་ལྷ་

p. 290

རྣམས་ཀྱི་ཕང་པར་གནས་པ་ཡང་ལྷ་མོ་གཙོ་མོ་མ་ཡིན་པ་སྟེ་འདི་རྣམས་ཉི་དཀྱིལ་ལ་ཕྱོགས་རྣམས་སུ་རང་རང་གི་ཡབ་དང་སྙོམས་པར་ཞུགས་པས་གནས་པའོ། །དེ་ལྟར་ཡབ་ཡུམ་གཉིས་པོ་དག་ནི་རང་རང་གི་ཕྱག་གི་ཆུ་སྐྱེས་ཏེ་ཕྱག་གི་པདྨ་རང་རང་གི་མཚན་མས་མཚན་པ་དག་གིས་ཕན་ཚུན་འཁྱུད་པར་མཛད་པའོ། །རྡོ་རྗེ་ལ་སོགས་པའི་མཚན་མ་གང་ཞིག་ལྷ་གང་གི་གཡས་ཀྱི་དང་པོའི་ཕྱག་གི་མཐིལ་ན་ཡོད་པ་སྟེ་གཡས་ཀྱི་ཕྱག་མཚན་དང་པོ་དེ་ནི་ལྷ་དེ་ཡི་ཕྱག་རྒྱ་གཙོ་བོ་ཡིན་པས་མཚན་མ་དེ་ལས་ལྷ་དེ་བསྐྱེད་པ་དང་། དཀྱིལ་འཁོར་ལ་མཚན་མ་དེ་བྲི་བ་སོགས་དེའི་མཚན་མ་ཐུན་མོང་མིན་པ་ཡིན་པར་ཤེས་པར་བྱའོ། །དམིགས་གསལ་དུ་ཆུ་སྐྱེས་དམན་ཞེས་པ་ཆུ་སྐྱེས་པདྨ་ནི་གཡས་ཀྱི་དང་པོ་ན་དམན་པའམ་མེད་པར་གཡོན་དང་གཡས་སུ་ཡོད་ཀྱང་ཐུན་མོང་སྟེ་འདྲ་ལ་དེ་ལྷ་དེ་ཉིད་བསྐྱེད་པའི་མཚན་མར་འགྱུར་བའང་ཡོད་དོ་ཞེས་གསུངས་པ་སྟེ། དེ་བཞིན་དུ་རིན་པོ་ཆེ་དང་རལ་གྲི་ཡང་དེ་དང་འདྲ་བར་གསུངས་སོ། །དེ་ལྟར་ཕྱོགས་བཞི་དང་སྟེང་འོག་ཏུ་བཞུགས་པའི་ཡབ་ཡུམ་ཕན་ཚུན་འཁྱུད་པ་རྣམས་ནི་ཤེས་རབ་དང་ཐབས་ཀྱིས་རྣམ་པར་སྦྱོར་བས་ལྷའི་འཁོར་ལོ་མཆོག་གི་བདེ་བར་གནས་པ་སྟེ། ལྷ་མོ་རྣམས་པདྨ་ཡི་འདུག་སྟངས་ཀྱིས་ཐབས་ལ་འཁྱུད་པ་ནི་ལྷ་མོ་འདྲེན་མ་ཞེས་བྱ་སྟེ་ཐབས་ལ་མཆོག་གི་བདེ་བ་སྟོབ་པའམ་འདྲེན་པ་ཡིན་པ་དང་ནི་ཐབས་རྣམས་རྡོ་རྗེའི་གདན་གྱིས་ཡུམ་ལ་འཁྱུད་ཅིང་བཞུགས་པ་ནི་འདྲེན་པ་སྟེ་ཡུམ་ལ་བདེ་བ་སྐྱེད་པའོ། །དེ་ནས་ལྷ་རྣམས་ཀྱི་ཕྱག་མཚན་གསུངས་པ། འདུ་བྱེད་ཀྱི་རིགས་ལས་སྐྱེས་པ་དོན་གྲུབ་སྒྲོལ་མ་ནམ་སྙིང་རེག་བྱ་རྡོ་རྗེ་མ་ཤིན་སྟོབས་ཏེ་ལྷ་སྐུ་མདོག་ནག་པོ་རྣམས་ཀྱི་གཡས་ཀྱི་ཕྱག་གསུམ་གྱི་དང་པོ་ན་རལ་གྲི༷་གཉིས་པ་ན་གྲི༷་གུག་དག་དང་གསུམ་པ་ན་སྲིད་པ་གསུམ་འཇིགས་པར་བྱེད་པ་རྩེ་གསུམ་སྟེ། གཡོན་པའི་ཕྱག་གསུམ་པ་དག་གི་

p. 291

མཐིལ་དུ་དང་པོ་ཕུབ་དང་གཉིས་པར་ཐོད་པ་དག་དང་གསུམ་པར་ཁ་ཊྭཱྃ་ག་ནི་དཀར་པོ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཚོར་བའི་རིགས་ལས་སྐྱེས་པ་རིན་འབྱུང་གོས་དཀར་མོ་རྨུགས་བྱེད་ས་སྙིང་རོ་རྡོ་རྗེ་མ་རྣམས་ཀྱི་མེའི་མདའ་དང་རྡོ་རྗེ་ལྕགས་ཀྱུ་དང་སྒྲ་དང་བཅས་པའི་ཌ་མ་རུ་ནི་གཡས་ཀྱི་ཕྱག་གསུམ་ན་རིམ་པ་ཡིས་གནས་ཤིང་། གཞུ་དང་རྡོ་རྗེའི་ཞགས་པ་དག་དང་དྲི་མེད་འོད་ཟེར་འཕྲོ་བའི་ནོར་བུ་རིན་པོ་ཆེ་རྩེ་མོ་དགུ་པ་རྣམས་ཏེ། འདི་རྣམས་ལྷ་ཁ་དོག་དམར་པོ་ཅན་དེ་རྣམས་ཀྱི་གཡོན་གྱི་ཕྱག་གསུམ་ན་སྔ་མ་དེ་བཞིན་ཉིད་དུ་འཛིན་པའོ། །རིན་པོ་ཆེ་རྩེ་མོ་དགུ་པ་ཞེས་པ་ནོར་བུ་ཟུར་བརྒྱད་པ་དབུས་ཀྱི་རྩེ་མོ་བཅས་པ་དགུ་ཡིན་ནོ་ཞེས་སྔ་འགྲེལ་རྣམས་སུ་གསུངས། གཟུགས་ཀྱི་རིགས་ལས་སྐྱེས་པ་རྣམ་སྣང་སྤྱན་མ་རེངས་བྱེད་སྒྲིབ་སེལ་དྲི་རྡོ་རྗེ་མ་སྟེ་སྐུ་མདོག་སེར་པོ་རྣམས་ཀྱི་གཡས་ཀྱི་ཕྱག་གསུམ་ན་འཁོར་ལོ་དང་དབྱུག་པ་དང་ནི་འཇིགས་པར་བྱེད་པའི་རྡོ་རྗེ་རྭ་གདེངས་པ་རྣམས་རིམ་པས་ཏེ། ཕྱག་གཡོན་དུ་དཔལ་ལྡན་དུང་དང་རྡོ་རྗེ་ལྕགས་སྒྲོག་དང་ནི་ངེས་པར་སྒྲ་སྒྲོགས་པ་དང་བཅས་པའི་རྡོ་རྗེ་དྲིལ་བུར་འགྱུར་རོ། །དེ་བཞིན་དུ་འདུ་ཤེས་ཀྱི་རིགས་ལས་སྐྱེས་པ་སྣང་མཐའ་མ་མཱ་ཀཱི་པདྨ་མཐར་བྱེད་འཇིག་རྟེན་དབང་ཕྱུག་གཟུགས་རྡོ་རྗེ་མ་རྣམས་ཏེ། སྐུ་མདོག་རི་བོང་འཛིན་པ་ལྟ་བུར་དཀར་བ་རྣམས་ཀྱི་གཡས་གསུམ་ན་དཔལ་ལྡན་ཐོ་བ་དང་མདུང་དང་རྩེ་གསུམ་སྟེ། གཡོན་ན་པདྨ་དཀར་པོ་འདབ་མ་བརྒྱ་དང་ལྡན་པ་དག་དང་མེ་ལོང་དང་ནི་བགྲང་ཕྲེང་ངོ་། །ཇོ་འགྱུར་འདབ་མ་བརྒྱད་པ་ཞེས་འདུག །དེ་བཞིན་དུ་རྣམ་པར་ཤེས་པའི་རིགས་ལས་སྐྱེས་པ་མི་བསྐྱོད་པ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། གཙུག་ཏོར་དང་ཕྱག་ན་རྡོ་རྗེ་དང་ཆོས་ཁམས་རྡོ་རྗེ་མ་སྟེ་ལྷ་སྐུ་མདོག་ལྗང་གུ་རྣམས་ཀྱི། གཡས་སུ་རྡོ་རྗེ་དང་གྲི༷་གུག་དང་ནི་དགྲ་སྟར་རིམ་པས་

p. 292

རབ་ཏུ་འགྱུར་བ་སྟེ། གཡོན་དུ་དྲིལ་བུ་དང་ནི་ཐོད་པ་མཐའ་དག་ཡོན་ཏན་གཏེར་དུ་གྱུར་པ་དང་། ཚངས་པའི་གདོང་པ་དེ་ཉིད་དོ། །དེ་བཞིན་དུ་ཡེ་ཤེས་ཀྱི་རིགས་ལས་སྐྱེས་པ་རྡོ་རྗེ་སེམས་དཔའ་དང་སྣ་ཚོགས་ཡུམ་དང་ཤེར་ཕྱིན་མ་དང་། གནོད་མཛེས་རྒྱལ་པོ་དང་། ཀུན་ཏུ་བཟང་པོ་དང་། སྒྲ་རྡོ་རྗེ་མ་སྟེ། ལྷ་དང་ལྷ་མོ་སྔོན་མོ་རྣམས་དག་གི་ཡང་རང་བཞིན་ཡོན་ཏན་དབང་གིས་ཕྱག་མཚན་ནི་ལྗང་གུ་རྣམ་ཤེས་ཀྱི་ཁམས་རྣམས་ཀྱི་དེ་བཞིན་དུ་ནི་རིག་པར་བྱའོ།། དེ་ལྟར་རིགས་དྲུག་གི་ཕུང་པོ་རྣམ་པར་དག་པས་མཚན་མ་དྲུག་རྣམས་སོ། །སྐབས་འདི་དག་ཏུ་ཀུན་ཏུ་བཟང་པོ་དུས་འཁོར་ལྟ་བུ་ཞེས་དང་སྣ་ཚོགས་ཡུམ་གྱི་ཕྱག་མཚན་ཀྱང་གསུངས་པ་དུས་འཁོར་དང་སྣ་ཚོགས་ཡུམ་ཞལ་གསུམ་ཕྱག་དྲུག་པ་བྱས་ན་འདི་ལྟ་བུའང་ཡོད་ཅེས་གསུངས་པའི་རིགས་ཀྱི་དབང་གིས་དེ་དག་ཀྱང་གསུངས་པའི་དོན་དུ་གོ་རྒྱུ་འདྲའོ་སྙམ། དེའང་ཕྱག་མཚན་གྱི་ངེས་པའོ། །ཡང་ན་སྒྲོལ་མ་དང་ཀུན་ཏུ་བཟང་པོའི་ཕྱག་མཚན་ཁ་ཊྭཱཾ་གའི་གནས་དང་ཚངས་པའི་མགོ་བོའི་གནས་སུ་ཨུཏྤལ་བྱའོ། །དེ་ལྟར་གནག་དང་དམར་དང་དཀར་དང་མཆོག་གི་གསེར་དང་མཚུངས་པ་ཤར་གྱི་ས་ལ་སོགས་པའི་ལྷ་མོ་རྣམས་ཀྱི་མདོག་སྟེ་སྔར་བཤད་པ་བཞིན་དུའོ། །ཐུགས་ཀྱི་དཀྱིལ་འཁོར་ལྷ་ཞེ་དྲུག་པ་འདི་ལས་གང་གི་ཚེ་དུ་བ་ལ་སོགས་པའི་ལྷ་མོ་བརྒྱད་པོ་དང་བུམ་པ་བརྒྱད་དང་ཆོས་ཀྱི་དུང་ལ་སོགས་པ་དོར་ནས་རྒྱལ་བའི་བདག་པོའི་པདྨ་དག་ལ་སངས་རྒྱས་ཡབ་ཡུམ་བརྒྱད་བཀོད་ཅིང་ཕྱི་རོལ་དུ་སེམས་དཔའ་བཅུ་དྲུག་དང་སྒོ་སྐྱོང་བཞི་བཀོད་ན་རེས་འགའ་ནི་དཔལ་ལྡན་ཐུགས་ཀྱི་འཁོར་ལོ་སྙིང་པོའི་དབུས་སུ་ཀྱེ་མི་ཡི་བདག་པོ་བཅོམ་ལྡན་འདས་ལ་འཁོར་ཉེར་བཞིས་བསྐོར་བ་ལྷ་ཉི་ཤུ་རྩ་ལྔ་ཡི་བདག་ཉིད་དཔལ་ལྡན་འདུས་པ་ལྟ་བུ་ཉིད་དུ་ཡང་འགྱུར་ཞིང་འདི་ལ་སྐྱོན་ཡོད་པ་མ་ཡིན་ཏེ་ཡེ་ཤེས་ཀྱི་ལྷ་ལ་རྣམ་པ་ཙམ་

p. 293

མ་གཏོགས་པ་ཐ་དད་ཀྱི་རིས་མེད་པ་ཉིད་ཀྱི་ཕྱིར་ལྷ་ཞེ་དྲུག་རྣམས་ཀྱི་ངོ་བོ་ཡང་ཉེར་བཞི་པོ་དེར་འདུས་སོ། །དེ་ལྟར་བསྐྱེད་རིམ་སྒོམ་པའི་ཚེ་སྒོམ་པ་པོ་རང་གི་སེམས་ཀྱི་ནུས་པ་ཤེས་ནས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་འདི་ཡང་རྒྱས་པ་དང་བསྡུས་པ་ཞལ་ཕྱག་གི་མང་ཉུང་རྣམས་རྣལ་འབྱོར་པ་རྣམས་དག་གིས་ཇི་ལྟར་རིགས་པ་བསྒོམ་པར་བྱ་སྟེ། སྔ་འགྱུར་བའི་རྒྱུད་སྒྱུ་འཕྲུལ་དྲྭ་བ་སོགས་ལས་ཞལ་ཕྱག་དང་ཚོམ་བུ་སྤྲོ་བ་སོགས་རིགས་གཅིག་ནས་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བསྒོམ་པའི་བར་དུ་གསུངས་པ་ལྟར་རྒྱུད་གང་ལའང་དེ་ལྟར་བསྒོམ་མི་རུང་བའི་གུ་དོགས་ཨ་འཐས་མི་དགོས་ཏེ་ལྷ་ཐམས་ཅད་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅིར་ཡང་སྟོན་ལ་དཀྱིལ་འཁོར་གྱི་ལྷ་མང་ཉུང་དང་ཞལ་ཕྱག་སྣ་ཚོགས་སུ་བསྟན་པ་ཡིན་གྱི་རང་རྒྱུད་ཨ་འཐས་སུ་གྲུབ་པ་མེད་དོ། གནས་སུ་ཨུཏྤལ་བྱའོ། །འོན་ཀྱང་རྒྱུད་སྡུད་པ་པོ་དང་གྲུབ་ཆེན་རིག་འཛིན་རྣམས་ཀྱི་མན་ངག་བཞིན་དུ་དཀྱིལ་ཆོག་ཚད་ལྡན་གཙོ་བོར་འཛིན་དགོས་ཀྱི་གང་ཟག་གི་རྟོག་པ་སྣ་ཚོགས་ཀྱིས་ཆོ་ག་ཅི་འདོད་བཟོ་བ་ལ་དགོས་པ་མེད་ཅེས་དམ་པ་དག་གིས་གསུངས་པ་ལྟར་ཤེས་པར་བྱས་ན་ཕྱག་ལེན་ཁུངས་ལྡན་ཡིད་ཆེས་སུ་རུང་བར་འགྱུར་རོ། །དབང་གི་དོན་དུ་ཡང་ན་དཀྱིལ་འཁོར་དག་ནི་རིགས་ཀྱི་དབང་གིས་ཐུགས་དཀྱིལ་ཙམ་བྲིས་ནས་ཕྱི་ཡི་གསུང་དང་སྐུ་ཡི་འཁོར་ལོ་རབ་ཏུ་དམན་པར་འགྱུར་ཏེ། དེ་དག་མེད་ཀྱང་ཆོ་ག་ལ་ཐུགས་དཀྱིལ་དུ་རིགས་དྲུག་ཀ་ཚང་བའི་ཕྱིར་རོ། །འདི་ལ་སྟེང་འོག་གི་ཁྲོ་བོ་ཡབ་ཡུམ་བྲི་བསྒྲུབ་གཉིས་ཀའི་སྐབས་སུ་མ་ཆད་པ་དགོས་ཏེ། གདུ་བུའི་དབང་རྫས་བསྐྱེད་ཆོག་དང་། དབང་བསྐུར་བའི་ཚུལ་ལ་བརྟགས་པས་ཤེས་སོ་ཞེས་བླ་མ་གོང་མ་དག་གསུངས་དཀྱིལ་འཁོར་རྒྱས་པར་བྲི་ཞིང་དབང་རྫས་སྒྲུབ་པ་སོགས་རྒྱས་པར་བྱས་ན་གདུལ་བྱ་དབང་བརྟུལ་དག་ཀྱང་བློ་ཚིམས་ལ་ཡིད་ཆེས་པར་

p. 294

འགྱུར་བ་ནི་སྨྲོས་མ་དགོས་སོ། །འདིར་དང་པོར་མངལ་དུ་ཁུ་རྡུལ་གྱི་དབུས་སུ་བར་དོ་བའི་སེམས་ཞུགས་པ་ལྷན་ཅིག་སྐྱེས་པའི་བདེ་བ་གཞི་དུས་ཀྱི་རྡོ་རྗེ་སེམས་དཔའ་ཞེས་བཏགས་པ་གང་ཞིག་ཁུ་བ་མངལ་དུ་དང་པོར་ཞུགས་པ་ལས་ལུས་ཆགས་པ་ནི། ཟླ་བ་དང་པོ་ལ་མ་རིག་པ་དང་གཉིས་པ་ལ་འདུ་བྱེད་གསུམ་པ་ལ་རྣམ་པར་ཤེས་པ་དང་བཞི་པ་ལ་མིང་གཟུགས་སོ། །གཟུགས་དང་འབྲེལ་བ་སྟེ་གཟུགས་ཀྱི་གནས་སྐབས་རྫོགས་པ་ལས་སྐྱེ་མཆེད་དྲུག་དང་དེའི་ཡུལ་རེག་བྱ་ལ་སོགས་པ་རེག་པ་དྲུག་འབྱུང་བ་ནི་ཟླ་བ་དྲུག་པ་ཇི་སྲིད་པ་སྟེ་དེ་ལྟར་རིགས་ཀྱི་དབང་གིས་གཙོ་བོ་བསྐྱེད་པ་ནས་སྙིང་གར་ཐུགས་དཀྱིལ་གྱི་ཁམས་ལྔའི་བདག་ཉིད་ཀྱི་ལྷ་ཡོངས་རྫོགས་བསྐྱེད་པའི་བར་གྱིས་དག་པར་བྱེད་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ནས་མངལ་གྱི་ཟླ་བ་བདུན་པ་ལ་ཚོར་བ་སྐྱེ་བའི་དུས་སྐུ་རྡོ་རྗེའི་གནས་སྐབས་གསུམ་པ་ལ་ནི་ཕྱི་རོལ་དུ་ནི་གསུང་གི་དཀྱིལ་འཁོར་ལ། ལྟེ་བའི་རྩ་རྣམ་པར་དག་པའི་ལྷ་མོ་རྣམས་སྤྲོ་བ་སྟེ། དེ་ལ་གསུང་གི་དཀྱིལ་འཁོར་ནི་ནང་དུ་ལུས་སྟེང་དུ་མགྲིན་པ་ནས་འོག་ཏུ་སྤྲུལ་པའི་འཁོར་ལོའི་མཐར་ཐུག་པ་གྲུ་བཞིར་གཟུང་པར་བྱའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་དེ་ལ་ཡང་རྩ་ཡི་རིམ་པ་རྣམ་པ་བཞི་སྟེ་ནང་གི་ཟླུམ་སྐོར་དང་པོ་ལ་བཞི། གཉིས་པ་ལ་བརྒྱད། གསུམ་པར་བཅུ་གཉིས་ཏེ། དེ་གསུམ་རིམ་པར་ཐུགས་དང་གསུང་དང་སྐུ་ཡི་རང་བཞིན་ནོ། །དེ་ནས་ཟླུམ་སྐོར་བཞི་པ་ལ་རྡོ་རྗེ་གསུམ་ཐུན་མོང་གི་རྩ་དྲུག་ཅུ་རྩ་བཞི་སྟེ། དེ་ལས་དྲུག་ཅུ་ནི་དུས་སྦྱོར་གྱི་རླུང་གི་དཀྱིལ་འཁོར་འབབ་པ་ཡིན་ལ་བཞི་ནི་མི་འབབ་པ་སྟོང་པའོ། །དེ་བཞིན་དུ་མགྲིན་པའི་རྩ་སོ་གཉིས་ལས་སུམ་ཅུ་ནི་ཡུད་ཙམ་གྱི་རླུང་འབབ་ལ་གཉིས་ནི་སྟོང་པ་སྟེ་ང་མི་འབབ་པའོ། །དེ་ལྟར་ལྟེ་བ་སྤྲུལ་པའི་འཁོར་ལོ་ནས་གསུང་གི་རྩ་ཐུན་ཚོད་བརྒྱད་འབབ་པ་ཟླུམ་སྐོར་གཉིས་པ་ལ་གནས་པ་རྣལ་འབྱོར་མ་བརྒྱད་དང་། ཕྱི་རོལ་དུ་ཐུན་མོང་གི་རྩ་དྲུག་ཅུ་རྩ་བཞི་ནི་འཁོར་གྱི་ལྷ་མོ་རེ་བཞི་

p. 295

སྟེ་དེ་ལྟར་བདུན་ཅུ་རྩ་གཉིས་ནི། འཕོ་བའི་རླུང་གི་རྒྱུ་བས་མགྲིན་པའི་བར་དུ་རྒྱུ་བའམ་སྤྲོ་བར་བྱེད་པ་སྟེ་དེའི་ཕྱིར་མགྲིན་པ་ནས་ལྟེ་བའི་བར་དུ་གསུང་དཀྱིལ་གྲུ་བཞིར་འགྱུར་བ་ཡིན་ནོ། །དེ་ལ་ཐུགས་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ནི་གསུང་དཀྱིལ་ཏེ་བརྒྱད་པ་བརྒྱད་ཀྱིས་ཞེས་དྲུག་ཅུ་རྩ་བཞི་ཡི་འཁོར་གྱི་ལྷ་མོ་རྣམས་འཁོད་པར་གྱུར་པའི་པདྨ་བརྒྱད་ཕྱོགས་བརྒྱད་དུ་བཀོད་པ་ལས་པདྨའི་འདབ་མ་བརྒྱད་ལས་འདབ་མ་བརྒྱད་པོ་རྣམས་ལ་ཕྱོགས་བརྒྱད་དུ་རང་རང་གི་འཁོར་གྱི་ལྷ་མོ་བརྒྱད་པོ་རྣམས་དང་ནི། པདྨའི་ལྟེ་བ་ལ་ཙརྩི་ཀཱ་སོགས་རྣལ་འབྱོར་མ་གཙོ་མོ་བརྒྱད་པོ་རྣམས་གདན་ཟླ་བ་ཉི་མ་དང་བྲལ་ཞིང་རང་རང་གི་བཞོན་པ་ལ་གནས་པ་དང་། རིག་བྱེད་ཕྱག་སྟེ་ཕྱག་བཞི་པ་དང་སྤྱན་གསུམ་མ། གདོང་སྣ་ཚོགས་པ་སྟེ། ཚངས་པ་གདོང་བཞི། གཞོན་ནུ་མ་གདོང་དྲུག་གཞན་རྣམས་གདོང་གཅིག་པ་མདོག་ཀྱང་མི་གཅིག་པ་སྣ་ཚོགས་པའོ། །དེ་དག་སོ་སོར་གསུངས་པ། ཤར་གྱི་པདྨར་ཙརྩི་ཀཱ་ནག་མོ་ཞལ་གཅིག་མ་སྟེ། མེར་ནི་མཁའ་འགྲོའི་བདག་པོས་འགྲོ་མ་ཞེས་མཁའ་འགྲོའི་བདག་པོ་མཁའ་ལྡིང་གི་བཞོན་པས་འགྲོ་བ་མོ་ཁྱབ་འཇུག་མ་ནག་མོ་ཞལ་གཅིག་མའོ། །དེ་བཞིན་དུ་ཕག་མོ་དང་། གདོང་དྲུག་མ་གཉིས་ཀ་དམར་མོ་སྟེ། རིམ་བཞིན་གཤིན་རྗེ་དང་བདེན་བྲལ་གྱི་ཟུར་དག་ཏུ་སྟེ་ཆུ་ནུབ་ཕྱོགས་དང་བཅས་ང་དུ་རིམ་བཞིན་རྡོ་རྗེ་ལག་བརྒྱ་བྱིན་མོའམ་དབང་མོ་དང་ཆུ་གཏེར་གདོང་མ་ཚངས་མ་གདོང་བཞི་མ་གཉིས་སེར་མོའོ། །དྲག་མོ་དང་དཔལ་མོ་གཉིས་ཀ་དཀར་མོ་སྟེ་རིམ་བཞིན་བྱང་དང་དབང་ལྡན་དུ་སྟེ། དེ་ཐམས་ཅད་རང་རང་གི་ཕྱག་གི་མཚོན་ཆ་དང་བཅས་སོ་སོའི་ཐབས་ཀྱི་སྐུ་ལ་འཁྱུད་པའོ། །དེ་དག་གི་འཁོར་བརྒྱད་པ་བརྒྱད་ཀྱི་རྣལ་འབྱོར་མ་གང་ཡིན་པ་པདྨའི་འདབ་མ་ལ་གནས་པ་དེ་དག་ནི་རང་རང་གི་པདྨའི་ལྟེ་

p. 296

བ་ལ་བཞུགས་པའི་གཙོ་མོའི་ཁ་དོག་དང་ཞལ་ཇི་ལྟ་བ་བཞིན་དུ་གྱུར་པ་རྣམས་སོ། །དེ་ནས་རྣལ་འབྱོར་མ་བརྒྱད་ཀྱི་ཕྱག་མཚན་གསུངས་པ། ཤར་ལ་སོགས་ནས་རིམ་པར་རྣལ་འབྱོར་མ་བརྒྱད་ཀྱི་གཡས་ཀྱི་ཕྱག་མཚན་རྣམས་ནི་འདི་ལྟར་ཙརྩི་ཀཱའི་གཡས་ཀྱི་དང་པོའི་ཕྱག་གི་མཐིལ་ན་གྲི༷་གུག་དང་ནི་གཉིས་པ་ན་རྩེ་གསུམ་མོ། །དེ་བཞིན་དུ་ཁྱབ་འཇུག་མའི་གཡས་གཉིས་ན་འཁོར་ལོ་དང་བེ་ཅོན་དང་དེ་བཞིན་དུ་ཕག་མོའི་དབྱུག་པ་དང་རལ་གྲི༷་དང་ནི་གཞོན་ནུ་མའི་མདུང་ཐུང་དང་ལྕགས་ཀྱུ་དག་ནི་གཡས་ཀྱི་ཕྱག་གི་པདྨ་ཟུང་སྟེ་གཉིས་ལའོ། །དེ་བཞིན་དུ་དབང་མོའི་རྡོ་རྗེ་དང་མདའ་འཛིན་པ་དང་། ཚངས་མའི་པདྨ་དང་ནི་དྲི་མེད་གློག་དང་མཚུངས་པ་ཚངས་པའི་དབྱུག་པ་དག་བསྣམས་པ་དང་། དྲག་མོའི་རྩེ་གསུམ་དང་། སྣ་ཚོགས་པའི་རིན་ཆེན་གྱི་ཕྲེང་བ་ཡིད་དུ་འོང་པ་ཅན་གྱིས་བཅིངས་པའམ་བརྒྱན་པའི་སྒྲ་དང་བཅས་པའི་ཌ་མ་རུ་བསྣམས་པ་དང་། དཔལ་ཆེན་མོའི་པདྨ་ཉིད་དང་བགྲང་ཕྲེང་སྟེ། དེ་ལྟར་གཡས་གཉིས་ཀྱི་ཕྱག་མཚན་རྣམས་སོ། །ཕྱག་མཚན་འདི་རྣམས་གཞན་གོ་སླ་ལ། བེ་ཅོན་ནི་ཁྲུ་དོ་ལས་མི་རིང་བ་རྩ་རྩེར་རྡོ་རྗེས་མཚན་པའི་དབྱུག་པ་བརྒྱད་བཞོག་དཀྱིལ་སྦོམ་པ་རྩ་བ་ཟླུམ་པོ་ཅུང་ཕྲ་བ་ལྟ་བུ་ཡིན་ཞིང་། གཤིན་རྗེའི་བེ་ཅོན་སོགས་ལ་རྩེ་མོར་མི་མགོས་མཚན་པའི་ཏོག་རྡོ་རྗེར་བྱས་པ་ཡོད་པ་དང་། གཞན་ཀེང་རུས་ཀྱི་སྒལ་ཚིགས་ཀྱི་ཡུ་བ་དང་རྩེར་མགོ་བོ་ཡོད་པའི་རུས་པའི་དབྱུག་པ་ལ་བཤད་པ་སོགས་ཡོད་ཀྱང་འདིར་སྔ་མ་ལྟར་རོ། །ཚངས་པའི་དབྱུག་པ་ཞེས་པ་བྲམ་ཟེ་རྣམས་ཀྱི་ལག་པར་ཐོགས་པ་སྟེ་འདི་ལ་དབྱུག་གུ་གཅིག་པ་དང་། གསུམ་པ་གཉིས་ཡོད་པའི། དང་པོ་དབྱུག་གུ་དྲང་པོ་སྣེ་གཉིས་སུ་ཏོག་ཡོད་པ། མགོ་མཐའ་བར་གསུམ་དུ་སྐུད་པ་དཀར་པོས་མཐོ་རེའི་ཁྱོན་ཙམ་དཀྲིས་པ་རིང་ཐུང་རང་རང་གི་ལུས་ཚད་ཙམ་པའོ། །དབྱུག་

p. 297

གུ་གསུམ་པ་ནི་དེ་འདྲ་ཕྲ་བ་གསུམ་གཤིབ་སྐུད་པ་དཀར་དམར་ནག་གསུམ་གྱིས་སྟེང་འོག་ཏུ་མཐོ་རེའི་ཁྱོན་ཙམ་དང་། བར་དུ་ཇི་འོས་དཀྲིས་པ་ཞིག་གོ། ཤཀྟི་ཞེས་པ་མདུང་ཐུང་ཡིན་ཀྱང་སོ་དགྲ་སྟ་ཁ་ཕྱིར་བསྟན་པ་ལྟ་བུ་ཞེས་ཀྱང་བཤད། དབྱུག་པ་ནི་མགོ་མཇུག་ཕྲ་སྦོམ་ཆེར་མེད་ཀྱང་ཁྲུ་དོ་ལས་མི་ཐུང་བར་ཅི་རིགས་རིང་བ་རྩེ་མོར་ཏོག་ཡོད་པའོ། །དེ་ནས་རྣལ་འབྱོར་མ་རྣམས་ཀྱི་གཡོན་གྱི་ཕྱག་མཚན་གསུངས་པ། ཙརྩི་ཀཱའི་གཡོན་གྱི་ཕྱག་དང་པོ་ན་མི་ཡི་ཐོད་པ་དང་ནི་གཉིས་པ་ན་ཁ་ཊྭཱཾ་ག་སྟེ་སྔར་བཤད་པ་ལྟར་རམ། ཁ་ཊྭཱཾ་གི་ཡུ་བར་སྦྲུལ་དཀྲིས་པ་ཅན་ཡང་ཟེར། ཡང་ཁ་ཊྭཱཾ་ག་ནི་དབྱུག་པ་མགོ་གཞུག་ཅན་གྱི་རྩེར་མི་མགོ་སྐམ་རློན་གང་རུང་ཡོད་པའི་མགུལ་དུ་དར་དཔྱངས་དང་དྲིལ་ཆུང་བཏགས་པ་ཞིག་ཡིན་ལ། དེའི་རྩེར་རྡོ་རྗེ་ཡོད་ནའང་རུང་ཞེས་བཤད་པ་དེ་ལྟ་བུ་དང་། དེ་བཞིན་དུ་ཁྱབ་མཇུག་མའི་པདྨ་དང་དུང་བསྣམས་པ་དང་། ཕག་མོའི་ལྕགས་སྒྲོག་དག་དང་ཕུབ་དང་ནི། གཞོན་ནུ་མའི་ངེས་པར་རིན་པོ་ཆེ་དང་ཞགས་པའོ། །དབང་མོའི་སྒྲ་ནི་རབ་ཏུ་སྒྲོགས་པའི་རྡོ་རྗེ་དྲིལ་བུ་དང་། གཞུ་དག་དང་། ཚངས་མའི་སྤྱི་བླུགས་དང་། སྣོད་ཅེས་པ་པར་བྲུ་སྟེ་ཁ་ཅིག་ལྷུང་བཟེད་ཟེར་ཀྱང་དེ་དངོས་མིན་ཏེ། ལྷུང་བཟེད་ཀྱི་དབྱིབས་འདྲ་བའི་སྣོད་ཁ་ཆོད་ཅན་པར་བྲུའམ་པ་རུ་ཞེས་ཡོངས་སུ་གྲགས་པ་དེ་དང་། དྲག་མོའི་ཁ་ཊྭཾ་ག་དང་སྦྲུལ་དང་། དེ་ནས་དཔལ་ཆེན་མོའི་ཆུ་ལས་སྐྱེས་པ་པདྨ་དང་རིན་པོ་ཆེ་ཉིད་དེ། དེ་ལྟར་གཙོ་མོ་བརྒྱད་ཀྱི་ཕྱག་མཚན་རྣམས་སོ། །པདྨ་ནོར་འདབ་ཞེས་འདབ་མ་བརྒྱད་ལ་ནི་གནས་པ་འཁོར་གྱི་མ་མོ་བརྒྱད་པ་བརྒྱད་ཀྱི་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་ཡི་ཕྱག་གི་མཚོན་ཆ་རྣམས་རང་རང་གི་པདྨའི་ལྡེ་བའི་གཙོ་མོའི་ཕྱག་མཚན་གང་ཡིན་པ་དེ་བཞིན་ནོ། །རྣལ་འབྱོར་མ་བརྒྱད་པོ་ཁྱབ་འཇུག་སོགས་ཀྱི་སྲིང་མོ་

p. 298

ཡིན་པས་དེའི་མིང་གིས་བསྙད་ལ་དཔལ་མོ་རྣམ་ཐོས་བུའི་སྲིང་མོ་ཡིན་པར་ཡང་བཤད། འཇིག་རྟེན་ན་དབང་ཆེ་བཞི་མ་མོ་དེ་རྣམས་ལྷ་ཆེན་པོ་རྣམས་ཀྱི་ཆུང་མར་གྱུར་བའང་ཡིན་ནོ། །དེ་ནས་འཁོར་གྱི་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་སོ་སོའི་མིང་གསུངས་པ། ཤར་གྱི་པདྨའི་འདབ་མ་ལ་གནས་པའི་ལྷ་མོ་བརྒྱད་ཀྱི་མིང་ནི་འདབ་མ་དང་པོ་ལ་འཇིགས་མ། གཉིས་པ་དྲག་མོ་དེ་བཞིན་དུ། དུས་ཀྱི་མཆེ་བ་མ་དང་། མེ་འབར་གདོང་མ་དང་། རླུང་གི་ཤུགས་མ་དང་ནི་རབ་གཏུམ་མ་དང་། དྲག་སྤྱན་མ་དང་། སྣ་ཆེན་མ་སྟེ་བརྒྱད་པོ་རྣམས་ནི་ཙརྩི་ཀཱ་ཡི་པདྨ་ནོར་འདབ་ལ་ནི་ཕྱོགས་བརྒྱད་པོ་རྣམས་སུའོ། །དེ་བཞིན་མེ་ཡི་པདྨའི་འདབ་མ་ལ། གཡང་མོ་དང་སྒྱུ་མ་དང་། གྲགས་མོ་དང་དཔལ་མོ་དང་། རབ་མཆོག་རྣམ་པར་རྒྱལ་མ་དང་། དཔལ་ལྡན་རྒྱལ་མ་དང་། དཔལ་ལྡན་རྒྱལ་བྱེད་མ་དང་། བརྒྱད་པ་ནི་དཔལ་ལྡན་འཁོར་ལོ་ཅན་མ་སྟེ་དེ་རྣམས་ནོར་འདབ་པདྨ་ལ་ནི་ཁྱབ་འཇུག་མ་ཡི་ཕྱོགས་བརྒྱད་ཀྱི་ཆར་གནས་པའོ། །དེ་བཞིན་དུ་ཀེ༷ང་རུས་མ་དང་། དུས་ཀྱི་མཚན་མོ་སྟེ་དུས་མཚན་མ་དང་། རབ་ཏུ་ཁྲོས་པའི་གདོང་མ་དང་། དུས་ཀྱི་ལྕེ༷་དང་གཙིགས་མ་དང་། ནག་མོ་དང་འཇིགས་རུང་མ་དང་། གཟུགས་ངན་མ་རྣམས་ནོར་འདབ་པདྨ་ལ་སྟེ་ཕག་མོའི་འདབ་མའི་ལྷ་མོ་ལྷོ་ཡི་ཕྱོགས་ལའོ། །དེ་བཞིན་དུ་བདེན་བྲལ་དུ་པདྨ་དང་། ལུས་མེད་མ་དང་། གཞོན་ནུ་མ་དང་། རི་དྭགས་བདག་པོས་འགྲོ་མ་དང་། རིན་ཆེན་ཕྲེང་བ་མ་དང་མིག་བཟང་མ་དང་རུལ་མ་དང་། བཟང་མོ་བརྒྱད་ནི་གང་ན་གཙོ་མོ་མཆོག་གི་རྨ་བྱའི་འགྲོ་མ་གཞོན་ནུ་མའི་ཆུ་སྐྱེས་འདབ་བརྒྱད་ལ་ཡིན་ནོ་རྒྱལ་པོ་ཀྱེ་ཞེས་བོད་པའོ། །དེ་བཞིན་དུ་རྡོ་རྗེ་འོད་དང་རྡོ་རྗེ་ལུས་དང་མཆོག་གི་གསེར་ལྡན་མ་དང་། ཨུརྠ་

p. 299

སཱི་དང་བཀུ་བའི་རི་མོ་དང་། རམྦྷ་དང་ཟུག་རྔུ་མེད་དང་ཤིན་ཏུ་སྒྲོལ་མ་དང་བརྒྱད་ནི་པདྨ་ནོར་འདབ་ལ་རྡོ་རྗེ་ལག་མ་དབང་མོ་ལྷག་པའི་ལྷ་ཅན་ཏེ་དེའི་འཁོར་ཡིན་ལ་ནུབ་ཀྱི་ཕྱོགས་ལའོ། །སཱ་བི༷་ཏྲཱི༷་དང་པདྨའི་མིག་མ་དང་ངེས་པར་ཆུ་སྐྱེས་ཅན་མ་དང་བློ་གྲོས་མ་དང་ངག་གི་དབང་ཕྱུག་མ་དང་། གཱ་ཡ་ཏྲཱི་དང་གློག་མ་ཉིད་དང་དྲན་མ་དག་ཀྱང་པདྨ་རིག་བྱེད་གདོང་མ་ཚངས་མ་ནི་ལྷག་པའི་ལྷ་ཅན་ང་གི་ཕྱོགས་ལའོ། །གཽ༷་རཱི༷་དང་གངྒཱ་དང་ནི་རྟག་མ་དང་ཤིན་ཏུ་མཆོག་ཏུ་མྱུར་མ་དང་། ཏོ་ཏ་ལཱ་དང་མཚོན་བྱེད་མ་དང་། དམར་སེར་མ་དང་ནག་མོ་བརྒྱད་ནི་དེ་བཞིན་གང་ན་དྲག་མོ་བཞུགས་པའི་གཙོ་མོའི་པདྨ་ནོར་གྱི་འདབ་མ་ལ་ཞེས་པ་བྱང་དུའོ། །དཔལ་ལྡན་དཀར་མོ་དང་ཟླ་བའི་རི་མོ་དང་། རི་བོང་འཛིན་པའི་གདོང་མ་དང་། ངང་པའི་མདོག་མ་དང་། འཛིན་མ་དང་། པདྨའི་དབང་མོ་དང་། སྐར་མིག་མ་དང་། དྲི་མེད་རི་བོང་འཛིན་མ་དང་བརྒྱད་ནི་དབང་ལྡན་གྱི་པདྨ་དག་ལ་གཙོ་མོ་དཔལ་ཆེན་མོའི་ཕྱག་གི་མཚན་མར་བཅས་ཏེ་ཞེས་ཕྱག་མཚན་འཛིན་པ་དང་བཅས་ཏེ་གནས་སོ། །དེ་ནས་མངལ་དུ་སྲིད་པའི་ཡན་ལག་ཟླ་བ་བརྒྱད་པ་ལ་སྐུ་རྡོ་རྗེའི་གནས་སྐབས་ཐམས་ཅད་རྫོགས་པ་སྟེ་སྐུ་ཡི་དཀྱིལ་འཁོར་ནི། ལུས་ལ་དཔྲལ་བ་ནས་གསང་བའི་པདྨའི་མཐར་གྲུ་བཞིར་རིག་པར་བྱའོ། །དེ་ཡང་ལག་པ་དང་རྐང་པའི་ལས་ཀྱི་འཁོར་ལོ་དང་བྱ་བའི་འཁོར་ལོའི་ཚོགས་བཅུ་གཉིས་ལ་འདབ་མ་ཉེར་བརྒྱད་པའི་པདྨ་བཅུ་གཉིས་པོ་གང་ཡིན་པ་དེ་ལ་ནང་དུ་རྩ་དང་ཕྱི་རོལ་ལྷའི་གཟུགས་ཀྱིས་སྤྲོ་བར་བྱ་སྟེ། གསུང་གི་དཀྱིལ་འཁོར་དེ་ཡི་ཕྱི་རོལ་དུ་ཉི་མའི་པདྨ་སྟེ་པདྨ་བཅུ་གཉིས་རེ་རེར་ཡང་འདབ་མ་ཉེར་བརྒྱད་རེ་ལྡན་པ་ལ་ནི་ལྷ་ཆེན་བཅུ་གཉིས་ཏེ། ཇི་ལྟར་ཐུགས་དཀྱིལ་གྱི་ནམ་སྙིང་ལ་སོགས་པ་བཞིན་དུ་སྐུ་དཀྱིལ་གྱི་ཤར་

p. 300

སྒོའི་གཡས་ཀྱི་ཆ་ལ་སོགས་པར་བདེན་བྲལ་ལ་སོགས་པ་སྟེ། ཤར་སྒོའི་གཡས་སུ་ལྷ་མིན་ཞེས་པ་བདེན་བྲལ་དང་། མེར་གཡོ་བ་ཞེས་པ་རླུང་དང་། ལྷོ་སྒོའི་གཡོན་དུ་གཤིན་རྗེ་དང་། གཡས་སུ་མེ་དང་། བདེན་བྲལ་དུ་གདོང་དྲུག་དང་། ནུབ་སྒོའི་གཡོན་དུ་གནོད་སྦྱིན་དང་། གཡས་སུ་བརྒྱ་བྱིན་དང་། རླུང་དུ་ཆུ་གཏེར་གདོང་སྟེ་ཚངས་པ་གདོང་བཞི་དང་། བྱང་སྒོའི་གཡོན་དུ་ཕྱུགས་བདག་སྟེ་དྲག་པོའམ་དབང་ཕྱུག་དང་། གཡས་སུ་ཆུ་ལྷ་རྒྱ་མཚོ་དང་དབང་ལྡན་དུ་དཔལ་ལྡན་ཚོགས་ཀྱི་དབང་པོའམ་བདག་པོ་དང་། ཤར་སྒོའི་གཡོན་དུ་ཁྱབ་འཇུག་གོ། དེ་ཐམས་ཅད་ཕྱག་བཞི་པ་དེ་རྣམས་ཀྱི་ཕྱག་གཡས་པ་གཉིས་ཀྱི་ཕྱག་མཚན་རྣམས་འདི་ལྟར་བདེན་བྲལ་གྱི་གཡས་དང་པོ་ན་རལ་གྲི།གཉིས་པ་ན་གྲི༷་གུག །དེ་བཞིན་དུ་རླུང་གི་ལྗོན་ཤིང་དབང་པོ་དཔག་བསམ་ཤིང་དང་ལྷ་ཡི་ཤིང་གི་མེ་ཏོག་ནི་ཤིང་ཡོངས་འདུའི་མེ་ཏོག་ཡིན་པར་གསུངས་ལ་དེའི་མེ་ཏོག་དཀར་རྐྱང་ངམ་མདོག་ལྔ་ཀ་སྐྱེས་པའོ། །གཤིན་རྗེའི་དབྱུག་པ་དང་རལ་གྲི་མེའི་ཤཀྟི༷་སྟེ་མདུང་ཐུང་དང་ཡིན་ལ་འདི་མཚོན་རྩེ་གཅིག་པའང་ཟེར་བ་དེ་དང་དབྱུག་པའོ། །གདོང་དྲུག་གི་ཤཀྟི༷་དག་དང་མདུང་ཡུ་བ་རིང་བ་དང་། ནོར་སྦྱིན་གྱི་ནོར་བུ་དང་ནི་བེ་ཅོན་དང་། དབང་པོའི་རྡོ་རྗེ་ཉིད་དང་མེ་ཡི་མདའ། ཚངས་པའི་ཁབ་དང་བགྲང་ཕྲེང་དག་ནི་གཡས་ཀྱི་ཕྱག་གི་མཐིལ་དུ་འགྱུར་ཏེ། དེ་བཞིན་དུ་དྲག་པོའི་རྩེ་གསུམ་པ་དང་མདའ་བསྣམས་པ་དང་། ཆུ་ལྷའི་ཞགས་པ་དང་རིན་ཆེན་ནོ། །ལོག་འདྲེན་ཏེ་ཚོགས་ཀྱི་བདག་པོའི་དགྲ་སྟ་དང་རྡོ་རྗེ་དང་ནི་འཁོར་ལོ་དང་དབྱུག་པ་ནི་འཕྲོག་བྱེད་ཁྱབ་འཇུག་དག་གི་གཡས་ཀྱི་ཕྱག་ཏུ་འགྱུར་རོ། །དེ་རྣམས་ཀྱི་ཕྱག་གཡོན་དུ་ནི་འདི་ལྟར་བདེན་བྲལ་གྱི་གཡོན་དང་པོ་ན་ཕུབ་དང་གཉིས་པ་ན་ཐོད་པའོ། །དེ་བཞིན་དུ་རླུང་གི་དཀར་པོ་མིན་པའི་ནོར་བུ་ཞེས་པ་ཨིནྡྲ་ནཱི་ལ་དང་ནི་ཨུཏྤ་ལ་སྔོན་པོ་

p. 301

བསྣམས་པ་དང་། གཤིན་རྗེའི་ལྕགས་སྒྲོག་དང་ཞགས་པ། མེ་ལྷའི་ཆུ་སྐྱེས་པདྨ་དང་རིལ་བ་སྤྱི་བླུགས་དག་ནི་ངེས་པར་གཡོན་གྱི་ཕྱག་ཏུ་རིམ་པས་འགྱུར་རོ་ཀྱེ་མི་ཡི་བདག་དེ་བཞིན་དུ་སྐེམ་བྱེད་དམ་གདོང་དྲུག་གི་རིན་ཆེན་དང་མེ་ལོང་དང་ནི། དེ་བཞིན་གནོད་སྦྱིན་གྱི་ནེ༷འུ་ལེ་འཛིན་པ་དང་བཅས་ཤིང་ཆུ་སྐྱེས་པདྨའོ། །དབང་པོའི་རྡོ་རྗེ་དྲིལ་བུ་དང་གཞུ་འཛིན་པ་དང་ནི་ཚངས་པའི་པདྨ་དང་ནི་སྤྱི་བླུགས་སོ། །དྲག་པོའི་སྤྲུལ་དང་བཅས་པའི་ཁ་ཊྭཱཾ་ག་དང་གཞུ་འཛིན་པ་དང་། དེ་བཞིན་ཆུ་ལྷ་རྒྱ་མཚོའི་ཀླུ་ཡི་ཞགས་པ་སྟེ་སྦྲུལ་ཞགས་དག་དང་ཟླ་བ་ཆུ་ཤེལ་གྱི་ནོར་བུ་རིན་ཆེན་དང་། བི་ན་ཡ་ག་སྟེ་ལོག་འདྲེན་གྱི་ཞགས་པ་དང་རིན་པོ་ཆེ་དང་། པདྨ་དང་སྐྱེ་བ་ལྔ་པའི་དུང་ནི་ལྷ་མིན་དགྲ་བོ་ཁྱབ་འཇུག་དག་གིར་འགྱུར་ཏེ། འདིའི་མིང་དུ་ནོར་ལྷའི་བུ་ཞེས་ཀྱང་བྱའོ། །དེ་ལྟར་བདེན་བྲལ་ལ་སོགས་པ་པདྨའི་ལྟེ་བ་ལ་གནས་པ་དེ་རྣམས་ཀྱི་པདྨའི་འདབ་མ་ཟླུམ་སྐོར་གསུམ་ལས། དང་པོ་ལ་བཞི། གཉིས་པར་བརྒྱད། གསུམ་པར་བཅུ་དྲུག་སྟེ་ཉེར་བརྒྱད་དག་ལ་ནག་པ་ཟླ་བ་སོགས་ཀྱི་ནོར་ལག་སྟེ་ཉེར་བརྒྱད་ཚེས་ཀྱི་ལྷ་མོ་རྣམས་འཁོད་ཅིང་། ལྟེ༷་བ་ལ་ནི་དཀར་ནག་གི་ཕྱོགས་ཀྱི་རྫོགས་པ་ཉ་སྟོང་གི་ཚེས་ཀྱི་བདག་པོ་གཙོ་བོ་ཡབ་ཡུམ་གཉིས་སོ། །དེ་ལྟར་ནག་ཟླའི་ཚེས་རྣམས་བདེན་བྲལ་གྱི་པད་འདབ་ལའོ། །དེ་བཞིན་ས་གའི་རླུང་ལྷ། སྣྲོན་གྱི་མེ་ལྷ། ཆུ་སྟོད་གདོང་དྲུག །གྲོ་བཞིན་ཆུ་ལྷ། ཁྲུམས་སྟོད་ལོག་འདྲེན་ཏེ་ཚོགས་བདག་ཐ་སྐར་དབང་པོ། སྨིན་ཟླ་ཚངས་པ། མགོ་ཟླ་དྲག་པོ། རྒྱལ་ཟླ་གནོན་སྦྱིན། མཆུ་ཟླ་ཁྱབ་འཇུག །དབོ་ཟླ་གཤིན་རྗེའི་པདྨ་ལའོ། །འཁོར་གྱི་ལྷ་མོ་རྣམས་ཀྱི་ཁ་དོག་དང་དབྱིབས་དང་ཕྱག་མཚན་ནི་རང་རང་གི་གཙོ་བོ་ཇི་ལྟ་བ་བཞིན་ནོ། །ལོ་གཅིག་གི་མཆོག་གི་ཟླ་བའི་དཀར་ནག་གི་ཆ་ཡི་ཚེས་གྲངས་རྣམས་ཐམས་ཅད་བསྡོམ་པས་

p. 302

སྟོང་དུས་འཇིག་རྟེན་ཏེ་སུམ་བརྒྱ་དྲུག་ཅུའི་གྲངས་དག་ཏུ་ལོ་ཡི་སྦྱོར་བས་འགྱུར་བ་རིག་པར་བྱ་སྟེ། དེའི་ཕྱིར་དེ་རྣམས་རྣམ་པར་དག་པ་ཚེས་ལྷ་སུམ་བརྒྱ་དྲུག་ཅུའོ། །ཚེས་ཀྱི་ལྷ་མོ་རྣམས་ནི་རང་རང་གི་ས་བོན་ཐོག་མར་བྱས་ནས་རྡོ་རྗེའི་མཐའ་ཅན་གྱི་མིང་དུ་འགྱུར་ཏེ། ཉ་རྡོ་རྗེ་མ་ཉི་རྡོ་རྗེ་མ་ཞེས་པ་ལ་སོགས་པའོ། །དེ་ནས་ནང་དུ་ལུས་ལ་ལག་པ་དང་རྐང་པའི་མཐིལ་བཞི་དང་གཙུག་ཏོར་དང་བཤང་ལམ་གྱི་རྩ་སྤྲོ་བ་དག་པའི་སྒོ་སྐྱོང་དྲུག་སྤྲོ་བ་ནི། སྐུ་དཀྱིལ་གྱི་ཕྱོགས་བཞིའི་སྒོར་ནི་ལྷ་མོ་རང་རང་གི་ཤིང་རྟ་ལ་གནས་པ་འོད་ཟེར་ཅན་མ་སོགས་ཞལ་གཅིག་ཕྱག་བཞི་པ་རྣམས་ཏེ། འདི་རྣམས་ལྷ་གཞན་གྱི་རིགས་ཀྱི་གནས་སུ་འགྲོ་བའི་ཕྱིར་གཙོ་མོ་མ་ཡིན་ལ་དབྱུག་སྔོན་སོགས་ནི་རང་གི་གནས་ཀྱི་ཕྱིར་གཙོ་བོ་ཉིད་དོ། །དེའི་ཕྱིར་རྡོ་རྗེ་ལྕགས་སྒྲོག་མ་ལ་སོགས་པ་འདི་རྣམས་ཐབས་གང་ལ་མངོན་དུ་ཕྱོགས་པའི་གནས་སུ་འགྲོ་བ་ནི་ཤར་ལ་སོགས་པའི་རིགས་སོ། །རིགས་ཀྱི་དབང་དེས་རྡོ་རྗེ་ལྕགས་སྒྲོག་མའི་གཡས་དང་པོ་ན་རལ་གྲི༷་དང་གཉིས་པ་ན་རྡོ་རྗེ་འཛིན་པ་སྟེ་དོན་ཡོད་གྲུབ་པའི་རིགས་ཀྱི་དབང་གིས་དང་། དེ་བཞིན་དུ་རིན་པོ་ཆེའི་རིགས་ཀྱི་དབང་གིས་ཁྲོ་གཉེར་ཅན་གྱི་ཕྱག་གཉིས་པ་ན་ལྕགས་ཀྱུ་དང་བཅས་པ་དང་། དང་པོ་མདའ་ཡི་ཕྱག་གོ། རྣམ་སྣང་གི་རིགས་ཀྱི་དབང་གིས་འོད་ཟེར་ཅན་གྱི་ཕྱག་དང་པོ་ན་དཔལ་ལྡན་འཁོར་ལོ་དང་། གཉིས་པ་དབྱུག་པའི་ཕྱག་དང་། པདྨའི་རིགས་ཀྱི་རང་བཞིན་ཡོན་ཏན་དབང་གིས་ཙུནྡཱའི་ཕྱག་དང་པོ་ན་ཐོ་བ་དང་ནི་གཉིས་པ་མདུང་གི་ཕྱག་གོ། ཡེ་ཤེས་ཀྱི་རིགས་ཀྱི་དབང་གིས་ཤིན་ཏུ་སྔོན་མོའི་ཕྱག་དང་པོ་ན་དཔལ་ལྡན་གྲི༷་གུག་གཉིས་པ་རྡོ་རྗེའི་ཕྱག་མཚན་དང་། ནམ་མཁའི་རིགས་ཀྱི་དབང་གིས་ངེས་པར་དྲག་སྤྱན་མའི་ཕྱག་དང་པོ་ན་དགྲ་སྟ་དང་། ཕྱག་གཉིས་པ་ན་རྩེ་གསུམ་མོ། །དེ་ལྟར་ཁྲོ་མོ་དྲུག་གི་གཡས་གཉིས་ན་བསྣམས་པའི་ཕྱག་མཚན་དག་སྟེ། དེ་བཞིན་

p. 303

དུ་གཡོན་གྱི་ཕྱག་གཉིས་ན་ལྕགས་སྒྲོག་མའི་ཕུབ་དང་སྦྲུལ་ཏེ་རང་བཞིན་ཡོན་ཏན་དབང་གིས་ཁྲོ་གཉེར་ཅན་གྱི་གཉིས་པ་ན་ཞགས་པ་དང་ནི་དང་པོ་ན་གཞུ་ཡི་ཕྱག་མཚན་ནོ། །འོད་ཟེར་ཅན་མ་དཔལ་ལྡན་དུང་དང་རིན་ཆེན་གྱི་ཕྱག་མཚན་པ་དང་། ཙུན་དཱའི་པདྨ་རི་བོང་འཛིན་པ་ལྟར་དཀར་བ་དང་མེ་ལོང་གི་ཕྱག་མཚན་དག་ཀྱང་དེ་བཞིན་ནོ། །ཤིན་ཏུ་སྔོན་མོའི་དཔལ་ལྡན་དྲིལ་བུ་ཐོད་པའི་ཕྱག་མཚན་དང་། དྲག་སྤྱན་མའི་ངེས་པར་ཕྱག་ན་ལག་འགྲོ་སྦྲུལ་གྱི་ཞགས་པ་ཉིད་དང་ཁ་ཊྭཱཾ་ག་ཡི་ཕྱག་མཚན་པའོ། །དེ་ལྟར་ལྷ་མོ་འོད་ཟེར་ཅན་ལ་སོགས་པ་དྲུག་པོ་དེ་རྣམས་ཞལ་གཅིག་མ་དུས་ཀྱི་ཕྱག་གི་པདྨ་སྟེ་ཕྱག་བཞི་པ་རྣམས་ནི་ཇི་སྐད་བཤད་པའི་རིམ་པས་ཕྱག་མཚན་སོགས་རིག་པར་བྱ་ལ་དེ་བཞིན་དུ་ཤར་ལྷོ་ནུབ་བྱང་གི་སྒོར་གནས་པ་དབྱུག་སྔོན་འདོད་རྒྱལ་སྟོབས་པོ་ཆེ་མི་གཡོ་བ་རྣམས་ཀྱང་ལྷ་མོ་དེ་རྣམས་དང་སྐུ་མདོག་ཕྱག་མཚན་འདྲའོ། །དེ་ནས་མངལ་གྱི་ཟླ་བ་དགུ་པ་ལེན་པ་ལ་བྱ་བའི་འཁོར་ལོ་སོར་མོ་ཉི་ཤུའི་རྩ་རྣམ་པར་དག་པས་ཀླུ་བཅུ་དང་རབ་གཏུམ་མ་བཅུ་དཀྱིལ་འཁོར་ལ་སྤྲོ་བར་བྱ་སྟེ། སྐུ་དཀྱིལ་གྱི་ཕྱི་རོལ་ཏུ་རྟ་བབས་བཞིའི་བརྒྱད་ཀྱི་གྲངས་ལྡན་ཀ་བའི་འོག་ཏུ་ཀླུ་བརྒྱད་དང་འོག་དང་སྟེང་དུ་རྒྱལ་བ་དང་རྣམ་པར་རྒྱལ་བ་རྣམས་ཀྱང་ཐམས་ཅད་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་ན་བདུད་རྩིའི་བུམ་པ་དང་གཉིས་པ་རྡོ་རྗེའི་ཕྱག་མཚན་དང་། གཡོན་དང་པོ་པདྨ་དང་། གཉིས་པ་ནོར་བུ་རིན་པོ་ཆེ་དག་གི་ཕྱག་གོ། རླུང་ལ་སོགས་པའི་དཀྱིལ་འཁོར་ལ་ནི་པདྨ་དར་ཀ་ཀ་རོ་ཊ་སྟོབས་རྒྱུ་སོགས་དུས་ཀྱི་སྟེ་བཞི་ཡི་ཕྱག་གི་པདྨ་ཅན་རྣམས་སོ་ཞེས་པས། ཤར་གྱི་རླུང་དཀྱིལ་གཉིས་ལ་པདྨ་དང་སྟོབས་རྒྱུ། ལྷོར་མེ་དཀྱིལ་གཉིས་ལ་ནོར་རྒྱས་དང་དུང་སྐྱོང་། ནུབ་ཏུ་ས་དཀྱིལ་གཉིས་ལ་འཇོག་པོ་དང་པད་ཆེན། བྱང་དུ་ཆུ་དཀྱིལ་གཉིས་ལ་མཐའ་ཡས་དང་

p. 304

རིགས་ལྡན་ནོ། །སྟེང་དུ་ནམ་མཁའི་དཀྱིལ་འཁོར་ལ་རྒྱལ་བ་དང་། འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྣམ་པར་རྒྱལ་བ་སྟེ་རྐང་བའི་སོར་མོ་བཅུའོ། །དེ་ནས་ལག་པའི་སོར་མོ་རྣམ་པར་དག་པས་ཤར་དུ་ཁྱི༷་གདོང་མ་དང་། ལྷོར་ཕག་གདོང་མ་དང་ནུབ་ཏུ་ཅེ་སྤྱང་གདོང་མ་རྣམས་ངེས་པར་གཡོ་བའི་རླུང་དང་མེ་ཡི་དཀྱིལ་འཁོར་གྱི་མཚམས་སུ་དུར་ཁྲོད་ཆེན་པོ་བརྒྱད་ལ་ནི་ཕྱོགས་རྣམས་སུ་གནས་པའོ། །སྟག་གདོང་མ་ནི་བྱང་དུ་གནས་ཏེ་རབ་གཏུམ་མ་བརྒྱད་པོ་འདི་རྣམས་དུར་ཁྲོད་ས་གཞི་ལ་གནས་པ་ཞལ་གཅིག་ཕྱག་གཉིས་པ་ཕྱག་ན་གྲི༷་གུག་དང་ནི་ཐོད་པའི་ཕྱག་ཅན་ནོ། །དེ་བཞིན་མེར་བྱ་རོག་གདོང་མ་དང་བདེན་བྲལ་དུ་བྱ་རྒོད་གདོང་མ་དང་། རླུང་དུ་མཁའ་འགྲོའི་བདག་པོའི་སྟེ་མཁའ་ལྡིང་གི་གདོང་མ་དང་འུག་གདོང་མ་ནི་དབང་ལྡན་གྱི་ཟུར་དུའོ། །རྡོ་རྗེ་མིག་མ་དང་ཤིན་ཏུ་སྔོན་མོ་རིམ་བཞིན་འོག་ཏུ་ས་འོག་དང་སྟེང་དུ་ནམ་མཁའ་ལ་གནས་པ་སྟེ། འདི་ཐམས་ཅད་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་མགོ་ཕྲེང་འཕྱང་བའོ། །དེ་བཞིན་དུ་སྐྲ་དང་བ་སྤུ་རྣམ་པར་དག་པས་ཕྱེད་དང་བཅས་པའི་བྱེ་བ་ཕྲག་གསུམ་འབྱུང་པོའི་སྐྱེ་གནས་ལས་སྐྱེས་པ་ཅན་རྣམས་ནི་གཡོ་བའི་མཐར་ཞེས་པ་ང་དཀྱིལ་གྱི་ཕྱི་མཐར་གནས་ཏེ་པགས་པའི་མཐར་བ་སྤུ་རྣམས་སོ། །དེ་ལྟར་མངལ་ཟླ་དགུའི་མཐར་ལུས་ཡོངས་སུ་རྫོགས་པ་ལྟར་དཀྱིལ་འཁོར་ལ་ལྷ་རྣམས་ཡོངས་སུ་རྫོགས་པར་བསྒོམ་པའོ། །དེ་ནས་ཙ་མུན་ཊཱི་ལ་སོགས་པ་རྣམས་ཀྱི་གདན་གསུངས་པ། ཤར་གྱི་པདྨའི་ལྟེ་བ་ལ་ཙཱ་མུཎྜཱའི་གདན་ནི་ཡི་དྭགས་དམར་པོ་ཆེན་པོ་དང་དེ་བཞིན་ཁྱབ་འཇུག་མའི་མཁའ་འགྲོའི་དབང་པོ་མཁའ་ལྡིང་དང་། ཕག་མོའི་མ་ཧེ༷་དང་། གཞོན་ནུ་མའི་རྨ་བྱ་དང་། དབང་མོའི་གླང་པོ་ཆེ་དང་ཚངས་མའི་ངང་པ་དང་དྲག་མོའི་གླང་ཁྱུ་མཆོག་དང་། ཞེས། ཁྱུ་མཆོག་ཅེས་པ་འདི་བ་ལང་གི་ནང་ན་མངོན་ཤེས་

p. 305

ལྡན་པ་ཁྱུ་རྣམས་ཀྱིས་སྣ་འདྲེན་ཅིང་གང་དུ་གནོད་པ་མེད་པའི་སར་འགྲོ་ཤེས་པ་སོགས་ཡོན་ཏན་ཆེན་པོ་ཡོད་པའི་བ་མཆོག་གམ་ཁྱུ་མཆོག་ཅེས་གྲགས་པ་སྟེ། རྟ་ཡི་ནང་ན་རྟ་ཅང་ཤེས་བཞིན་ནོ། །དེ་བཞིན་མ་ཧེ་སོགས་ཀྱི་རིགས་ཀྱི་ནང་ན་ཡང་ཁྱུ་མཆོག་འབྱུང་རུང་ངོ་། །དཔལ་ཆེན་མོའི་གདོང་ལྔ་པ་སེང་གེའི་གདན་ནོ། །དེ་ལྟར་རིམ་པས་ཙཱ་མུཎྚ་ལ་སོགས་པའི་པདྨའི་གདན་གྱི་སྟེང་དུ་རབ་འགྱུར་ཕྱོགས་དང་ཕྱོགས་བྲལ་རྣམས་སུའོ། །ལྷ་ཆེན་རྣམས་ཀྱི་གདན་གསུངས་པ། ལྷ་མིན་བདེན་བྲལ་ལ་སོགས་པ་རྣམས་ཀྱི་གདན་ཡང་རྣལ་འབྱོར་མ་བདུན་གྱི་གདན་དེ་བཞིན་དུ་སྟེ་བདེན་བྲལ་གྱི་ཡི་དྭགས་དམར་པོ། ཁྱབ་འཇུག་གི་མཁའ་ལྡིང་། གཤིན་རྗེའི་མ་ཧེ། གཞོན་ནུའི་རྨ་བྱ། དབང་པོའི་གླང་པོ་ཆེ། ཚངས་པའི་ངང་པ་དྲག་པོའི་ཁྱུ་མཆོག་གོ། ནོར་བདག་གནོད་སྦྱིན་དང་། རྩེ་མོ་ཅན་མེ་ལྷ་དང་ཆུ་གཏེར་ཆུ་ལྷ་རྒྱ་མཚོ་དང་། རླུང་ལྷ་དང་། ཚོགས་ཀྱི་བདག་པོ་ལྔ་ཡི་གདན་ནི་རིམ་པ་ལྟར་གླང་པོའི་དབང་པོ་དང་ནི་ལུག་དང་ཆུ་སྲིན་ཞེས་བྱ་བ་དང་རི་དྭགས་དང་ནི་བྱི་བ་ལྔ་རིམ་པས་སོ། །དེ་བཞིན་དུ་རབ་གཏུམ་མ་རྣམས་ཀྱི་གདན་ནི། བྱ་རོག་གདོང་མའི་འཁོར་ལོའི་འོག་ཏུ་བྱ་བྷེ༷་རུ་ཎྚ་སྟེ། གོང་བཤད་རྒྱ་མཚོའི་བྱ་ཆེན་སེར་པོ་བྲུན་དྲི་ཞིམ་ཅན་དེ་དང་། བྱ་རྒོད་གདོང་མའི་ཁྲུང་ཁྲུང་དང་། མཁའ་ལྡིང་གདོང་མའི་འདྲེ་བྱ་མིག་སྔོན་ཞེས་པ་ཕུག་རོན་ཆེ་ཤོས་ཙམ་གཡུ་མདོག་ཤིན་ཏུ་ལེགས་པ་མཇུག་སྒྲོ་རིང་བ་ཞིག་ཡོད་པར་བཤད། འུག་གདོད་མའི་བཤང་ལམ་གདོང་ཞེས་པ་བྱ་མ་བྱིས་ཡིན་པར་བྱས་པ་ལྟར་ན་དེ་ལྟར་ལ་ཁ་ཅིག་ཕ་ཝཾ་ལ་འདོད་པ་ཡོད། དེ་རྣམས་ནི་བཤད་མ་ཐག་པ་ལྟར་བྱ་རོག་གདོང་མ་ལ་སོགས་པའི་གདན་མཚམས་བཞིའམ་ཟུར་བཞི་པོ་ཉིད་དུ་སྟེ། དེ་བཞིན་དུ་ཁྱི་གདོང་མའི་འཁོར་ལོའི་འོག་ཏུ་བསེ་ཞེས་པ་ལུས་

p. 306

གླང་པོ་དང་མགོ་མ་ཧེ་འདྲ་བ་དཔྲལ་བར་རྭ་གཅིག་ཡོད་པ་ལུས་ཐམས་ཅད་འབུར་པོས་གང་བ། ཁབ་འདྲ་བའི་སྤུ་ཐོར་ཙམ་ཡོད་པ་ཞིག་ཡིན་པར་བཤད་པ་དེ་དང་། ཕག་གདོང་མའི་དོམ་དང་ཁ་ཅིག་གིས་དྲེད་དུ་བསྒྱུར། ཅེ་སྤྱང་གདོང་མའི་སེང་གེ་དང་། སྟག་གདོང་མའི་གདན་མིང་མོ་རྟགས་ཅན་ཡིན་པས་འབྲིའམ་གཡག་ནི་བཤད་མ་ཐག་པ་ལྟར་ཁྱི༷་གདོང་མ་ལ་སོགས་པ་ཡི་གདན་དག་སྟེ་ཕྱོགས་བཞིའི་གནས་སུ་རབ་ཏུ་འགྱུར་རོ། །སྒོ་སྐྱོང་གི་ཤིང་རྟ་འདྲེན་པ་རྣམས་ནི། རྡོ་རྗེ་མིག་གི་ཤིང་རྟ་འདྲེན་པ་ན་སེང་གེ་རྐང་པ་བརྒྱད་པ་ཤ་ར་བྷ་ཞེས་པ་སྔར་བཤད་པ་ལྟར་ཏེ། དེ་ནི་ས་ཡི་འོག་གི་ཤིང་རྟ་ལ་གནས་པའོ། །ནམ་མཁའ་ལ་གནས་པའི་ཤིན་ཏུ་སྔོན་མོའི་ཤིང་རྟ་ཡི་འདྲེན་བྱེད་ནི་ནམ་མཁར་བགྲོད་པའི་མཁའ་ལྡིང་ཁྲོ་བ་དང་བཅས་པའི་ཉམས་ཅན་ཁ་དོག་ལྔ་པ་སྟེ་རྐང་པ་ནས་དཔྱིའི་བར་སེར་པོ་དེ་ནས་ལྟེ་བའི་བར་དུ་དཀར་པོ། དེ་ནས་མགྲིན་པའི་བར་དམར་བ་དེ་ནས་སྨིན་མའི་བར་ནག་པོ། དེ་ནས་སྤྱི་བོའི་བར་ལྗང་གུ་ལུས་ཤིན་ཏུ་རྒྱས་པ་མིག་གསུམ་དང་ལྡན་པ་མིང་ཨ་ནི་ལ་ཞེས་པ་དེ་བདུན་གྱིས་དྲངས་པའོ། །འོད་ཟེར་ཅན་དང་ཙུན་དཱ་དང་ལྕགས་སྒྲོག་མ་དང་ཁྲོ་གཉེར་ཅན་གྱི་ཤིང་རྟ་རྣམས་ལ་རིམ་བཞིན་འདྲེན་བྱེད་ནི་ཕག་དང་ནི། རྟ་དང་གླང་པོ་ཆེ་དང་སེང་གེ་བདུན་གྱི་གྲངས་སུ་འགྱུར་ཏེ་རིམ་པར་ལྷ་སྟེ་ཤར་དང་གཤིན་རྗེ་ལྷོ་དང་ཆུ་སྟེ་ནུབ་དང་བྱང་གི་སྒོ་ཉིད་དུའོ། །དེ་ནས་སྙིང་གའི་ཕྱོགས་བརྒྱད་དང་སྟེང་འོག་གི་རྩ་བཅུའི་རང་བཞིན་གྱི་ཐུགས་དཀྱིལ་གྱི་སྒོ་བཞིའི་གཡས། གཡོན་གྱི་སྟེགས་བུ་ལ་མཆོད་པའི་ལྷ་མོ་སྤྲོ་བར་བྱ་སྟེ། ཤར་དུ་དྲི་མ་དང་ཕྲེང་བ་མ་སྟེ། གཤིན་རྗེ་སྟེ་ལྷོ་རུ་དང་ཆུ་བདག་ནུབ་ཕྱོགས་ལ་གནས་པ་ནི་རིམ་བཞིན་སྤོས་མ་དང་མར་མེ་མ་གཉིས་དང་། སྒེག་མོ་དང་བཞད་མའོ། །གར་མ་དང་རོལ་མོ་མ་ནི་ནོར་སྦྱིན་ཏེ་བྱང་གི་ས་གཞི་ལ་སྟེ། ནམ་

p. 307

མཁའ་ལ་གླུ་མ་དང་འདོད་མའོ། །འོག་ཏུ་བཤང་གཅིའི་རྩ་དག་པའི་རང་བཞིན་ལྷ་བཤོས་མ་དང་བདུད་རྩིའི་འབྲས་བུ་མ་དོན་གྱིས་བསྟན་པའོ། །བདུད་རྩིའི་འབྲས་བུ་ཞེས་ཤིང་ཨ་མྲའི་འབྲས་བུ་ཡིན་ཡང་ཟེར། བྲི་བྱ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཐུགས་དཀྱིལ་ལམ་སྙིང་པོར་མཆོད་པའི་ལྷ་མོ་བརྒྱད་ནི་ནང་གི་སྟེང་དུ་ཁ་ཁྱེར་ལ་སྟེ། ནམ་མཁའ་དང་འོག་ན་གནས་པ་ཡི་ལྷ་མོ་གང་སུ་ཡང་རུང་བ་དེ་རྣམས་ཤར་ནུབ་ཀྱི་རྟ་བབས་འོག་ཏུ་དེའི་མཚན་མ་འགོད་པ་ངེས་པར་སྦྱར་བར་བྱ་སྟེ་ཕྱོགས་སྐྱོང་སོགས་སྟེང་འོག་ཏུ་བསྒོམ་པ་རྣམས་ནི་ཇི་སྐད་གསུངས་པ་སྟེང་འོག་གི་གནས་དེ་དང་དེར་བསྒོམ་པར་བྱའོ། །སྒོའི་གཡོན་གྱི་ཀུན་བཟང་ལ་སོགས་པ་ཡང་དེ་བཞིན་དུ་སྟེང་འོག་གི་ཆ་ལ་ཡིན་པ་ཤེས་པར་བྱ་སྟེ་སྟེང་འོག་ཏུ་བསྒོམ་དགོས་པའི་ངེས་པ་མེད་དོ། །དེ་ལྟར་མཆོད་པའི་ལྷ་མོ་རྣམས་ཇི་ལྟ་བ་བཞིན་དུ་མཐའ་ཡས་པའི་གཟུངས་མ་རྣམས་ནི་འདོད་པའི་སྣམ་བུའམ་སྟེགས་བུ་ལ་བསམ་པར་བྱའོ། །མཆོད་པའི་ལྷ་མོ་གཟུངས་མ་འདོད་མ་རྣམས་ནི་གསུང་དཀྱིལ་ནང་གི་སྟེགས་བུའམ་འདོད་པའི་སྣམ་བུ་ལ་སྟེ། གདེངས་ཅན་རིགས་དང་བཅས་པའི་ཕྱིར་འདོད་མ་རྣམས་ནི་སྐུ་དཀྱིལ་གྱི་ནང་གི་ལྷ་རྣམས་ཀྱི་ཕྱི་རོལ་རྩིག་པའི་འགྲམ་སྟེགས་ལྟ་བུ་འདོད་སྣམ་མམ་ཁ་ཁྱེར་དེ་ལ་འགོད་དོ། །དེ་ཡང་གསུང་དཀྱིལ་གྱི་འདོད་སྣམ་ལ། ཤར་དུ་སྒྲོལ་མ་ལས་སྐྱེས་པའི་དབྱེ་བ་འདོད་མ་དང་ནི། ལྷོར་གོས་དཀར་མོ་ལས་སྐྱེས་པའི་བསྐྱོད་པ་འདོད་མར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་དེ་བཞིན་དུ་བྱང་དུ་མཱ་མ་ཀཱི་ལས་སྐྱེས་པའི་རྒྱས་པར་འདོད་མ་དང་། ནུབ་ཏུ་སྤྱན་མ་ལས་སྐྱེས་པའི་རེངས་པར་འདོད་མ་བཞི་ནི་ལྷ་མོ་སྒྲོལ་མ་ལ་སོགས་པ་མི་རིགས་ཀྱི་དམངས་རིགས་སོགས་བཞི་དག་པ་ཡིས་ཡིན་ཏེ་སྒྲིབ་བྲལ་གྱི་སྲིད་གསུམ་སྐྱེད་མ་རྡོ་རྗེ་དབྱིངས་ཕྱུག་མ་དང་སྣ་ཚོགས་ཡུམ་ལས་

p. 308

སྐྱེས་པ་ནི་རིམ་བཞིན་གསོད་པ་འདོད་མ་དང་ནི། སྐྱེད་པར་འདོད་མ་ཞེས་བྱ་སྟེ་གཟུངས་མ་སོ་དྲུག་པོའི་ཁྱབ་བྱེད་མ་གཉིས་སོ། །དེ་བཞིན་དུ་སྒྲ་ལས་སྐྱེས་པ་རོལ་མོ་འདོད་མ་དང་ནི་གཟུགས་ལས་རྒྱན་འདོད་མར་འགྱུར་ཀྱེ་མི་ཡི་བདག་པོ་རོ་ལས་ཟས་འདོད་མ་དང་། དེ་བཞིན་ཉིད་དུ་དྲི་ལས་དྲི་འདོད་མ་དང་། རེག་བྱ་ལས་གོས་ནི་འདོད་མར་འགྱུར་ཏེ། ཆོས་ཁམས་རྡོ་རྗེ་མ་ལས་སྐྱེས་པ་ངེས་པར་འཁྲིག་པ་འདོད་མ་དག་ནི་དྲུག་པའོ། །དེ་རྣམས་ཤར་ལ་སོགས་པའི་སྟེགས་བུ་ལ་སོ་སོའི་རིགས་ཀྱི་དབྱེ་བས་རང་རང་གི་ཕྱོགས་སུ་དགོད་པར་བྱའོ། །ཙཱ་མུཎྜཱ་ལས་སྐྱེས་པ་ལུས་ལ་འཕྲུག་འདོད་མ་དང་། དེ་བཞིན་དུ་ཁྱབ་འཇུག་མ་ལས་ཁ་ན་གནས་པའི་མཆིལ་མ་འདོར་བར་འདོད་མ་དང་། ཕག་མོ་ལས་ལུས་ཀྱི་དྲི་མ་འདོད་མ་དང་། གཞོན་ནུ་མ་ལས་གར་འདོད་མ་དང་། དྲག་མོ་ལས་སྟན་འདོད་མ་དང་། ཚངས་མ་ལས་ཆུ་ལ་རྐྱལ་འདོད་མ་དང་། དབང་མོ་ལས་མལ་སྟན་དག་ལ་སྙེས་པར་འདོད་མ་སྟེ། དེ་ལྟར་ཆུ་དང་མལ་དག་ལ་རྐྱལ་དང་སྙེས་པར་འདོད་མ་ཞེས་རིམ་པར་སྦྱར་བ་དང་ཞེས་པའི་སྒྲས་དཔལ་མོ་ལས་སྐྱེས་པའི་རྒྱལ་སྲིད་འདོད་མ་སྟེ་བརྒྱད་པོ་འདི་རྣམས་ཙཱ་མུཎ་ཌཱ་སོགས་ཀྱི་རིགས་ཤ་འཚོང་མ་སོགས་བརྒྱད་ཀྱི་བྱ་བ་རྣམས་ཏེ། དེ་བཞིན་ས་གཞི་ལ་ཁྲོ་སྐྱེས་རྣམས་ཀྱི་འདོད་མ་ཡང་འདི་ལྟ་སྟེ། ཤིན་ཏུ་སྔོན་མོ་ལས་སྐྱེས་པའི་ཀུན་ཏུ་གདུང་བར་འདོད་མ་དང་རེངས་བྱེད་མ་ལས་འཆིང་བར་འདོད་མའམ་གཉེན་འདུན་འདོད་མ་དང་། ཁེངས་བྱེད་དམ་ང་རྒྱལ་མ་ལས་ངེས་པར་འཇམ་པོར་སྨྲ་བ་འདོད་མ་དང་ནི། རྨུགས་བྱེད་མ་ལས་སྐྱེས་པ་སྐེམས་འདོད་མ་དང་། ཤིན་སྟོབས་མ་ལས་སྐྲོད་འདོད་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་ལས་རེག་བྱ་འདོད་མ་དང་། ཁྲོ་གཉེར་ཅན་ལས་དགུག་པ་འདོད་མ་དག་དང་། ཙུན་དཱ་ལས་ཕྱག་རྒྱ་འཆིང་འདོད་མའམ་ཕྱག་འཚལ་བར་འདོད་མ་དང་ཀྱེ་མི་ཡི་བདག་པོ་དེ་བཞིན་དུ་འོད་ཟེར་

p. 309

ཅན་ལས་ཕུར་བུ་འདེབས་པར་འདོད་མ་དང་། དྲག་སྤྱན་མ་ལས་སྐྱེས་པ་རྒྱུག་པ་འདོད་མར་འགྱུར་རོ། །དེ་བཞིན་དུ་ལྷ་མིན་རིགས་ཁྱི་གདོང་མ་སོགས་ལས་སྐྱེས་པ་ནི། ཁྱི་གདོང་མ་ལས་སྐྱེས་པ་ཡན་ལག་ཐམས་ཅད་བསྐྱོད་པར་འདོད་མ་དང་། དེ་བཞིན་རབ་ཏུ་གསལ་ཞིང་ངེས་པར་ཕག་གདོང་མ་ལས་བཤང་གཅི་ཟག་པར་འདོད་མ་དང་། ཅེ་སྤྱང་གདོང་མ་ལས་སེམས་ཅན་རྣམས་ལ་སླུ་བར་འདོད་མ་དང་། སྟག་གདོང་མ་ལས་ངེས་པར་རྩོད་པ་མང་པོ་འདོད་མ་དང་ལྔ་པ་ནི་བྱ་རོག་གདོང་མ་ལས་སྐྱེས་པ་ལྷག་མ་ཟ་བ་འདོད་མ་དང་། བྱ་རྒོད་གདོང་མ་ལས་གཡུལ་འདོད་མ་དང་། མཁའ་ལྡིང་གདོང་མ་ལས་སྦྲུལ་འཆིང་བར་འདོད་མ་དང་། འུག་གདོང་མ་ལས་སྐྱེས་པ་བྱིས་པ་ཁྲོ་བར་རམ་བསྡིགས་པར་འདོད་མ་རྣམས་ནི་ལྷ་མིན་རིགས་ལ་འགྱུར་རོ། །དེ་ལྟར་འདོད་མ་སོ་བདུན་རྣམས་རང་རིགས་ཀྱི་ཕྱོགས་རྣམས་སུའོ། །དེ་དག་གི་སུམ་ཅུ་རྩ་བདུན་རྣམས་ནི་སྔ་མའི་བྱ་བ་གང་ཡིན་པ་དེ་དག་མི་འདོད་པས་ཕྱིར་འདོད་མ་རྣམས་སླར་ཡང་གསུང་དཀྱིལ་དེ་ནས་ཕྱི་རོལ་སྐུ་ཡི་དཀྱིལ་འཁོར་དག་གི་རྩིག་འགྲམ་གྱི་ཁ་ཁྱེར་རམ་སྟེང་དུ་ལའོ། །འདིར་སུམ་ཅུ་རྩ་བདུན་ཞེས་གསུངས་པ་ནི་ཁྱབ་བྱེད་མ་གཉིས་གཅིག་ཏུ་བསྡོམ་པ་དང་བཅས་པ་བརྩིས་པ་ཡིན་ལ། དེ་གཉིས་དཀྱིལ་འཁོར་ལ་དངོས་སུ་འགོད་པའི་ལུགས་ཀྱང་ཡོད་ལ། མི་འགོད་པར་འདོད་ཕྱིར་འདོད་རྣམས་ལ་བསྟིམ་པའང་ཡོད་དོ། །དེ་ལྟར་ཉིན་ཞག་སོ་སོའི་དུས་སུ་གང་ཞིག་ཅུང་ཟད་ཀྱང་རུང་སྟེ་སེམས་ཅན་རྣམས་ཀྱི་བྱ་བ་རྣམ་པ་སྣ་ཚོགས་པ་ཐམས་ཅད་ནི་དཀྱིལ་འཁོར་དུ་རྣལ་འབྱོར་མ་ཡི་བྱ་བ་འདིར་ཁམས་ཀྱི་དབང་གིས་བསྡུས་ཏེ་རིག་པར་བྱའོ།། ཞེས་པ་དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་སྒྲིབ་བཅས་ཀྱི་སྲིད་པ་གསུམ་པོ་མཐའ་དག་གི་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱང་སྒྲིབ་བྲལ་གྱི་དཀྱིལ་འཁོར་གྱི་རྣམ་པར་སྦྱང་

p. 310

པའམ་དག་པའི་ཚུལ་ཏུ་གསུངས་ཏེ་དེའི་ཕྱིར། ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་རང་གི་ལུས་དང་། གཞན་སྒྲིབ་བྲལ་དཀྱིལ་འཁོར་འཁོར་ལོ་རྟེན་དང་བརྟེན་པའི་ཚུལ་ལ་ཡང་ནི་སྤྲོ༷་བ་སྟེ་སྐྱེད་པ་དང་སླར་སྡུད་པ་དག་ལ་དངོས་པོའི་སྐྱེ་བ་ཡང་དག་གནས་ཞེས་པ། དངོས་པོ་ནི་རྡུལ་ཕྲ་རབ་ཀྱི་རྫས་ས་ཆུ་མེ་རླུང་འབྱུང་བ་བཞི་དང་། ནམ་མཁའི་ཁམས་ནི་ཟླ་བ་དང་རྗེས་སུ་ང་རོའམ་ཁུ་བ་དང་། དེ་བཞིན་རྡུལ་དང་ཐིག་ལེ་གཉིས་ཏེ་རྣམ་བཅད་དང་ཉི་མ་ཡང་ནམ་མཁའི་ཁམས་སུ་བྱས་པ་དང་། སྒྲ་གཅན་རྣམ་པར་ཤེས་པའི་ཁམས་ཏེ། དེ་ལྟར་ཁམས་དྲུག་གི་བདག་ཉིད་ཅན། སྐྱེས་བུ་ཆེན་པོའི་གང་ཟག་ནི་དངོས་པོའི་སྐྱེ་བ་ཞེས་བྱའོ། །དངོས་པོའི་སྐྱེ་བ་དེའི་འབྱུང་བ་ནི་སྤྲོ་བ་དང་། ཉམས་པ་ནི་སྡུད་པ་སྟེ། དེ་གཉིས་ལས་འབྱུང་བ་ལས་སྐྱེས་པ་རྣམས་ཡང་དག་པར་གནས་སོ། །དེ་ཡང་སའི་སྐྱེ་བ་ནི་ལྗོན་ཤིང་སོགས་བརྟན་པ་རྣམས་དང་། ཆུའི་སྐྱེ་བ་དྲོད་གཤེར་ལས་སྐྱེས་པ་དང་། མེའི་སྐྱེ་བ་མངལ་སྐྱེས་རྣམས་དང་། རླུང་གི་སྐྱེ་བ་སྒོང་སྐྱེས་རྣམས་དང་། ཟླ་བའི་སྐྱེ་བ་ཀླུ་དང་ལྷ་མ་ཡིན་རྣམས་དང་། ཉི་མའི་སྐྱེ་བ་ནི་འབྱུང་པོ་དང་ལྷ་རྣམས་དང་། སྒྲ་གཅན་གྱི་སྐྱེ་བ་ནི་གཟུགས་མེད་པ་རྣམས་དང་། དུས་མེའི་སྐྱེ་བ་ནི་དམྱལ་བ་རྣམས་ཏེ་དེ་ལྟར་སྐྱེ་བ་རྣམ་པ་བརྒྱད་ནི་དངོས་པོའི་རང་བཞིན་ཅན་དངོས་པོའི་སྐྱེ་བའོ། །དེ་ལ་རྣམ་པར་དཔྱད་ན་རྟག་པ་ནི་དགུ་པ་ནམ་མཁའི་རྡུལ་ཕྲ་རབ་ཀྱི་རྫས་དང་བྲལ་བ་སྟོང་པ་གཅད་དུ་མེད་པ་དབྱེར་མེད་པ་མི་ཆོད་པ་ནམ་མཁའི་ཡི་ཁམས་མཁའ་ཡི་རྡོ་རྗེ་མི་འཇིག་པ་ནི་རྣམ་པ་གསུམ་གྱི་སྲིད་པ་ལ་གནས་པ་དེ་ནི་མི་རྟག་པ་ཉིད་དུ་འགྱུར་བ་མ་ཡིན་ཏེ།ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་ཚིག་པ་མེད། །ཅེས་སོགས་དང་། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་འཚིག་འགྱུར་ཡང་། །ནམ་མཁའ་འཚིག་པར་མི་འགྱུར་རོ། །ཞེས་སོགས་གསུངས་

p. 311

པ་ལྟར་ཁམས་གཞན་གྱི་རྡུལ་ཕྲ་རབ་ལ་གོ་འབྱེད་པའི་ཁྱབ་པའི་ཆ་ནས་སྐྱེད་བྱེད་ཀྱི་རྫས་སུ་བཞག་པའི་ནམ་མཁའི་རྡུལ་ཞེས་གོང་འོག་ཏུ་གསུངས་པ་དེ་ལྟ་བུ་མ་ཡིན་ཏེ་ཐོག་རེག་བསལ་པའི་ཆ་ནས་ཆ་བཅས་ཀྱི་རྣམ་པས་སྟོང་པའི་ནམ་མཁའ་སྐྱེ་འཇིག་མེད་པ་སྤྱི་ལྟར་གོ་བར་བྱའོ། །དེ་འདྲའི་ནམ་མཁའ་སྟོང་སང་གི་ངང་དུ་སྐྱེ་བ་བརྒྱད་བཤད་མ་ཐག་པ་དེ་ལྟ་བུ་ནི་ཕྱི་ནང་གི་འབྱུང་པོའི་ཚོགས་ནི་སྐྱེ་བ་དང་འགག་པ་ཡོད་པས་རྟག་པ་མིན་པར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་ཟླ་བ་བཟང་པོ་སྐྱེ་བ་དང་སྡུད་པར་སྣང་བ་ཡོད་ཀྱང་བརྟགས་ན་དེ་ལྟར་མ་གྲུབ་པ་དཔེར་ན་མིག་འཕྲུལ་ལ་སོགས་པ་སྒྱུ་མའི་དཔེ་བརྒྱད་ཇི་ལྟ་བ་དེ་བཞིན་ཉིད་དུའོ། །དེས་ན་སེམས་ཅན་རྣམས་ཀྱིས་ནམ་མཁའ་སོགས་ཆོས་འགའ་ཞིག་རྟག་པ་དང་དངོས་པོ་རྣམས་མི་རྟག་པར་མཐོང་སྟེ་གཉིས་སུ་འཛིན་ཅིང་ཞེས་པ་དེ་ལྟ་ན་ཡང་དེ་འདྲའི་གཉིས་འཛིན་ཅན་དེ་ཁོ་ན་ཉིད་མི་ཤེས་པ་བླུན་པོའི་བློ་ཅན་རྣམས་ཀྱི་སེམས་ནི་གཞུག་པའམ་སྦྱང་བའམ་དག་པའི་དོན་གྱི་སླད་དུ། བསྐྱེད་རིམ་གྱི་སྒྲུབ་ཐབས་དག་ནི་བརྗོད་པར་བྱ་སྟེ་དེ་ལས་དངོས་གྲུབ་སྣང་བའང་ཡོད་མོད་ཀྱི། དོན་དམ་པར་ནི་རྟག་པའམ་མི་རྟག་པའི་རང་བཞིན་གྱི་སྙིང་པོར་གྱུར་པ་འགའ་ཡང་འདིར་ནི་བསྒྲུབ་པར་བྱ་བ་མེད་དེ། རྟག་པ་དང་མི་རྟག་པ་གཉིས་ཀ་སངས་རྒྱས་ཀྱི་སྒྲུབ་ཐབས་སུ་མི་འགྱུར་ཏེ། སངས་རྒྱས་ནི་དེ་ཁོ་ན་ཉིད་རྟོགས་པ་འདུས་མ་བྱས་ཆེན་པོས་རབ་ཏུ་ཕྱེ་བ་ཡིན་པས་རྟག་མི་རྟག་གི་མཐའ་ལས་འདས་པའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་བསྒྲུབ་པར་བྱ་བ་རྟག་མི་རྟག་གང་རུང་དུ་བཟུང་ནས་དེ་བདག་གིས་བསྒྲུབ་པོ་སྙམ་དུ་དངོས་ཞེན་ཅན་གྱི་སྒྲུབ་པ་པོ་དེ་ནི་སེམས་ཀྱིས་རྣམ་པར་བརྟག་པའི་གྲུབ་མཐའ་ལ་འཆེལ་བས་ན་འཁྲུལ་བ་ཞེས་པ་སྟེ། རྡོ་རྗེ་ཅན་གྱི་སྒྲུབ་ཐབས་མཐའ་དག་གང་ཡིན་པ་གཉིས་ཆོས་ཀྱི་རྣམ་པར་བརྟག་པ་ཐམས་ཅད་ཀྱང་ཇི་སྲིད་གཉིས་མེད་དེ་ཁོ་ན་ཉིད་རྟོགས་

p. 312

པའི་གདིང་གིས་མ་ཟིན་བར་དུ་མཐར་ཐུག་གི་འབྲས་བུ་ལ་དངོས་སུ་སྦྱོར་བའི་ལམ་མ་ཡིན་ནོ། །དེ་ཕྱིར་རྒྱལ་པོ་ཞེས་བོས་ནས་ཆོས་ཐམས་ཅད་མཐར་ཐུག་གི་དོན་ལ་རྟག་མི་རྟག་དང་སྒྲུབ་བྱ་སྒྲུབ་བྱེད་ལས་འདས་པའི་དེ་ཁོ་ན་ཉིད་གཉིས་སུ་མེད་པའི་དོན་རྟོགས་ནས་རང་གི་སེམས་རྣམ་པར་རྟོག་པའི་དྲི་མ་རྣམ་པར་བྲལ་བ་དག་ནི་དཀྱིལ་འཁོར་ཀུན་གྱི་མཆོག་དང་དམ་པ་བླ་ན་མེད་པའི་དབང་པོར་རབ་ཏུ་བྱ་སྟེ་དེ་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་བླ་ན་མེད་པའོ།།འདིས་སེམས་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་གང་དེ་དཀྱིལ་འཁོར་ཐམས་ཅད་ཀྱི་མཐར་ཐུག་ཏུ་རྟོགས་པར་བྱ་བར་གསུངས་སོ། །ད་ནི་དཀྱིལ་འཁོར་དེ་དག་གི་རྟེན་དང་བརྟེན་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་འདིར་དཔལ་ལྡན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཅན་གཙོ་བོ་ནི་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཅན་གྱི་གཞལ་ཡས་ཁང་གི་དཀྱིལ་འཁོར་ནི་སྐུ་ཡི་རྡོ་རྗེའོ། །ལྷ་རྣམས་ཀྱི་འཁོར་ལོ་གང་ཞིག་ཨཱ་ལི༷་ཀཱ་ལི༷འི་རིགས་རང་རང་གི་ས་བོན་ལས་སྐྱེས་པའི་ལྷ་རྣམས་ནི་གསུང་གི་རྡོ་རྗེ་སྟེ་གདན་ཟླ་བ་ཉི་མའི་སྟེང་དུ་གནས་པའོ། །དེ་ལྟར་གསུང་དང་སྐུའི་དཀྱིལ་འཁོར་ལ་ཡང་ལྷའི་ཚོགས་ནི་གསུང་རྡོ་རྗེའོ། །དེ་ལྟར་དཀྱིལ་འཁོར་གསུམ་གྱི་གཙོ་བོའི་སྐུའི་རྣམ་པའི་སྒོ་ནས་ཐུགས་རྣམ་པ་གསུམ་དང་། དཀྱིལ་འཁོར་གསུམ་གྱི་རྣམ་པས་སྐུ་རྣམ་པ་གསུམ་དང་། དབྱངས་གསལ་རིག་སྐྱེས་ལྷའི་འཁོར་ལོ་སོ་སོར་བརྗོད་པས་གསུང་ཡང་རྣམ་པ་གསུམ་མོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །སྔར་དབང་ལེར་ཐུགས་དཀྱིལ་གྱི་པདྨ་རྣམས་ཡི་གེ་ལྔ་ལས་བྱུང་བར་བསྟན་ནས་འདིར་བསྡུས་པ་ལྟར་ན་གདན་པདྨ་རྣམས་ཀྱི་རྩ་བ་དང་སྡོང་བུ་དག་ནི་ཨ་ཡིག་ལས་བྱུང་བའོ། །འདབ་མ་དང་ནི་དེ་བཞིན་གེ་སར་རྣམས་ཀྱང་ཨུ་ཡིག་

p. 313

ལས་ཡང་དག་པར་བྱུང་བ་དག་གོ། དབུས་སུ་དཔལ་ལྡན་ལྟེ༷་བ་དང་ནི་ཟླ་བ་དང་ཉི་མ་རྣམ་པ་གཉིས་རྐང་པའི་གནས་ཏེ་གདན་དུ་གྱུར་པ་དག་གི་ང་རོ་མ་ཡིག་ལས་བྱུང་བ་དག་གོ། དེ་ལྟར་ན་ཨོཾ་ཡིག་བྲ་ཎ་བ་སྟེ་རབ་བསྔགས་སམ་ཕྱག་འཚལ་བའི་ཡི་གེ་ནི་གདན་པད་ཉི་ཟླ་བའི་ས་བོན་ཏེ་ཨ་ཨུ་མ་གསུམ་མོ། །ཡང་ན་ཉི་གདན་ར་ཡིག་ལས་སོ། །དེ་ལྟར་དཀྱིལ་འཁོར་གྱི་ལྷ་ཡོངས་རྫོགས་སྤྲོས་ཏེ་བསྐྱེད་པ་ནི། མངལ་སྐྱེས་རྣམས་སྐྱེ་བ་དེ་ལ་ལུས་རྫོགས་པ་ལྟར་ལྷ་སྐུའི་དབྱིབས་རྫོགས་པའི་རྣལ་འབྱོར་ལ་དཀྱིལ་འཁོར་རྒྱལ་མཆོག་ཅེས་པའི་ཐ་སྙད་དུ་བྱ་བ་ནི་ངེས་པའོ། །དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་བསྒོམས་ཏེ། རིགས་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་དེ་ཉིད་དུ་བཅུག་པ་ལ། ནམ་མཁར་བཞུགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཁམས་ལྔའི་ཡུམ་དང་བཅས་པ་རང་གི་སྙིང་གར་བཅུག་ནས་བྱང་ཆུབ་སེམས་སུ་ཞུ་བར་གྱུར་པ་རྣམས་རང་གི་གསང་བའི་རྡོ་རྗེའི་ལམ་ནས་སྤྲོས་པས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བས་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་རེག་པའི་སེམས་ཅན་ཐམས་ཅད་ཞལ་གསུམ་པ་དང་ཞལ་སྣ་ཚོགས་པ་དང་ཁ་དོག་སྣ་ཚོགས་པའི་ལྷའི་རང་བཞིན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་མཆོག་གི་དགའ་བདེས་གང་བ་དེ་རྣམས་ཀྱི་ལུས་དཀྱིལ་འཁོར་འཁོར་ལོའི་རང་བཞིན་དུ་གྱུར་པར་སྐད་ཅིག་གིས་བལྟ་བར་བྱའོ། །དེ་དག་གི་ས་བོན་ནི་གསལ་བྱེད་ཐམས་ཅད་ཀྱི་ཐོག་མཐའ་བསྡུས་པ་ཀ་ས་འདུས་པའི་ཀྵ་ཡིག་ལ་རང་བྱུང་གི་དབྱངས་ལྔས་སྤེལ་བའི་ཀྵ་ཀྵི་རཱཀྵྀ་ཀྵུ་ཀྵླྀ་ལས་མི་བསྐྱོད་པ་སོགས་དེ་བཞིན་

p. 314

གཤེགས་པ་ལྔ། ཀྵཱ་སོགས་རིང་པོ་ལྔ་ལས་དབྱིངས་ཕྱུག་མ་སོགས་ཡུམ་ལྔ། འཕེལ་བའི་དབྱངས་ལྔ་དང་ཨཾ་གིས་སྤེལ་བའི་ཀྵ་སོགས་དྲུག་སེམས་དཔའ་དྲུག །དེ་རིང་པོ་ལྔ་དང་རྣམས་བཅད་བཅས་ཀྵ་ཡིག་དྲུག་གིས་སེམས་མ་དྲུག །ཀྵྷ་སོགས་བསྒྱུར་བ་ལྔས་སྤེལ་བ་ས་ལས་དབང་ལྔ། དེ་རིང་པོ་ལྔས་ལས་དབང་གི་ཡུལ་ལྔ་སྟེ་ཁྲོ་བོ་ཡབ་ཡུམ་བཅས་ཕུང་ཁམས་སྐྱེ་མཆེད་ལས་དབང་ཡུལ་བཅས་སྐྱེས་བུ་ཆེན་པོའི་མཚན་སོ་གཉིས་ཀྱི་བདག་ཉིད་དཀྱིལ་འཁོར་འཁོར་ལོའི་རྣམ་པར་སེམས་ཅན་ཐམས་ཅད་སྐད་ཅིག་གིས་བསྒོམ་པར་བྱའོ། །ཡང་ན་རྒྱས་པར་བྱེད་ན་ཤེས་རབ་ལྷ་མོའི་གསང་བར་ས་བོན་དེ་རེ་རེ་ལས་ལྷ་རྣམས་རྫོགས་པར་བྱའོ། །དེ་ལྟར་ཡང་དུས་འཁོར་རྩ་བའི་རྒྱུད་ལས། སངས་རྒྱས་ཞིང་ན་སེམས་ཅན་གང་། །སྐུ་གསུམ་དམ་ཚིག་བདུད་རྩི་ཡིས། །བསྐྱེད་ཅིང་རྡོ་རྗེ་དཔལ་གྱིས་རེག །ཐམས་ཅད་དེར་ནི་དེ་བཞིན་གཤེགས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཐོབ། །འདིར་ནི་རྫོགས་སངས་རྒྱས་གྱུར་པར། །བསྒོམས་ཏེ་དེ་ནས་དེ་དག་རྣམས། །རང་རང་ཞིང་དུ་རབ་ཏུ་གཞུག །ཅེས་སེམས་ཅན་ཐམས་ཅད་དཀྱིལ་འཁོར་དུ་བཅུག་པ་ལ་སྐུ་གསུམ་གྱི་རང་བཞིན་དཀྱིལ་འཁོར་གསུམ་གྱི་ལྷ་ཐམས་ཅད་རང་གི་སྙིང་གར་བཅུག་པ་དམ་ཚིག་གི་བདུད་རྩི་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བར་བསྐྱེད་ཅིང་རྡོ་རྗེ་དཔལ་བདུད་རྩི་དེས་དབང་བསྐུར་ཏེ་རེག་པས་ཐམས་ཅད་སངས་རྒྱས་སུ་གྱུར་ཅིང་རྡོ་རྗེ་གསུམ་གྱིས་ཡེ་ཤེས་ཐོབ་པར་བྱས་ནས་རང་རང་གི་ཞིང་དུ་གཤེགས་པར་བྱའོ་ཞེས་པ་སྟེ། སེམས་ཅན་རྣམས་ལ་སྙིང་རྗེས་དབང་བསྐུར་སྦྱིན་པའི་ངེས་པའོ། །དེ་ལྟར་སྐུ་རྫོགས་པ་བསྙེན་པའི་ཡན་ལག་དཀྱིལ་འཁོར་རྒྱལ་མཆོག་གི་རྣལ་འབྱོར་རམ་སྐུ་རྡོ་རྗེ་འཛིན་པ་བསྒོམ་པ་སོང་ནས། ད་ནི་རྣལ་འབྱོར་གཉིས་པ་གསུང་རྫོགས་པ་ཉེར་སྒྲུབ་ཀྱི་ཡན་ལག་འབྲས་བུ་རྡོ་རྗེ་འཛིན་པ་ལས་

p. 315

རྒྱལ་མཆོག་གསུངས་པ། ཧོ་ཡིག་ཐོག་མ་ཐ་མའི་སོགས་ཚིགས་བཅད་ལྔ་བཅུ་པ་ནས་བརྒྱ་དང་དགུ་པའི་བར་གྱིས་བསྟན་ཏེ། འདིར་མངལ་སྐྱེས་ཀྱི་ཟླ་བ་བཅུ་པ་སྲིད་པའི་ཡན་ལག་ལ་ཕྱིར་བཙས་ནས་དབུགས་སམ་སྲོག་གི་རྒྱུ་བ་དང་པོར་འབྱུང་བ་དང་མཐུན་པར་གསུང་གི་རྡོ་རྗེ་ལས་རྒྱལ་མཆོག་གི་རྣལ་འབྱོར་བསྐྱེད་པ་ནི་ཕྱི་རོལ་དུ་བསྐྱེད་པ་གཉིས་པ་གསུང་རྫོགས་པ་སྟེ། དེ་ཡང་རང་ཉིད་དུས་ཀྱི་འཁོར་ལོའི་ལྟེ་བ་དང་གཙུག་ཏོར་དུ་ཧོ༷་ཡིག་ཐོག་མ་དང་ཐ་མའི་ཡེ་ཤེས་ཀྱི་ས་བོན་ནམ་སྙིང་པོ་འདི་ལ་རོ་མཉམ་པའི་འབྲས་བུ་སྟེར་བ་གཉིས་ཀྱི་དབུས་སུ་ཚུད་པའི་དཔྲལ་བར་སྐུ་རྡོ་རྗེ་ཨོཾ། མགྲིན་པར་གསུང་རྡོ་རྗེ་ཨཱཿ སྙིང་གར་ཐུགས་ཀྱི་རྡོ་རྗེ་ཧཱུྃ་ཞེས་པའི་རྡོ་རྗེ་གསུམ་གྱི་ས་བོན་རྩ་རོ་རྐྱང་དབུ་མ་གསུམ་བསྐྱེད་པར་བྱེད་པ་དེ་གསུམ་དང་། ཐོག་མཐའི་ཧོ་ཡིག་གཉིས་བཅས་ལྔ་པོ་དེ་དག་བསྒོམ་པར་བྱ་སྟེ། ལྟེ་བའི་ཧོཿཡིག་ལས་གཏུམ་མོ་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེ་ནི་ཤེས་རབ་ལ་ཆགས་པས་ཞུ་བ་ལས་ཁྱབ་བདག་རྡོ་རྗེ་ཅན་ཡང་ཞེས་པའི་ཡང་ཡིག་གིས་ཤེས་རབ་མ་དང་ནུས་མ་རྣམས་དང་བཅས་པ་རི་བོང་འཛིན་པ་བཞིན་དུ་བྱང་ཆུབ་སེམས་ཁུ་བའི་རང་བཞིན་ཟླ་ཞུན་གྱི་ཐིག་ལེར་གྱུར་པར་བལྟས་ནས། དེའི་རྗེས་སུ་ནང་དུ་དཀྱིལ་འཁོར་ལྔའི་ཡང་འབབ་པ་དང་ཕྱི་རོལ་དུ་ཡུལ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པ་དང་ལྷའི་སྐུ་རྫོགས་པར་བཞེངས་ནས་འགྲོ་བ་མཐའ་དག་གི་དོན་བྱེད་པའི་སླད་དུ་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞིའི་རང་བཞིན། སྒྲོལ་མ་མཱ་ཀཱི་གོས་དཀར་མོ་སྤྱན་མ་སྟེ་ལྷ་མོ་རྣམས་ཀྱིས་བཅོམ་ལྡན་འདས་སྐུ་ཡོངས་རྫོགས་ཀྱི་རྣམ་པར་བཞེངས་པར་བསྐུལ་བའི་གླུ་དག་མཛད་དེ་ཇི་ལྟར་ན། བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕྲིན་ལས་སྣ་ཚོགས་ཀྱིས་ཕན་པར་མཛད་པའོ། །ཡུམ་བཞི་པོ་བདག་

p. 316

ཅག་སྲུངས་ཤིག་ལྷ་མིའི་བླ་མ་རྡོ་རྗེ་བཞི་དང་ལྡན་པ་ཁྱོད། ཁུ་བའི་རང་བཞིན་ལས་བཞེངས་ནས། ཁམས་བཞི་དང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོ་བར་འདོད་པ་དོན་གཉེར་རྣམས་ལ་འདོད་པ་བཞིན་དུ་མཛོད་ཅིག་ཅེས་གླུས་བསྐུལ་བའོ། །བྱམས་པའི་རང་བཞིན་སྒྲོལ་མས་ཐུགས་རྡོ་རྗེ་དང་སྙིང་རྗེའི་རང་བཞིན་མ་མཱ་ཀཱིས་སྐུ་རྡོ་རྗེ་དང་། དགའ་བའི་རང་བཞིན་གོས་དཀར་མོས་གསུང་རྡོ་རྗེ་དང་། བཏང་སྙོམས་ཀྱི་རང་བཞིན་སྤྱན་མས་ཡེ་ཤེས་རྡོ་རྗེ་སྐུལ་བར་བྱེད་དེ། བླ་མ་ཁ་ཅིག་གླུས་བསྐུལ་མཁན་བཞི་དཀྱིལ་འཁོར་གྱི་ལྷ་མོ་བཞི་མིན་ཟུར་དུ་ཡིན་ནོ་ཞེས་ཀྱང་གསུང་མོད། གང་ལྟར་ཀྱང་ནམ་མཁའ་ལས་རང་སྣང་བའི་ཚུལ་དུ་ཚད་མེད་བཞིའི་ལྷ་མོ་རྣམས་ཀྱིས་སྟོང་པ་ཉིད་ལས་བསྐུལ་བའི་གླུ་ནི་ཐུགས་རྗེ་དང་སྨོན་ལམ་ཡེ་ཤེས་ཀྱི་སྟོབས་ལས་འབྱུང་བ་ཆོས་ཉིད་དོ། །དེ་ལྟར་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་ཅན་དེས་གླུ་དེ་དག་གསན་ནས་འདོད་གཟུགས་གཟུགས་མེད་ཀྱི་སྲིད་པ་གསུམ་པོ་མཐའ་དག་རྣམས་ཀྱང་མིག་འཕྲུལ་ཏེ་སྒྱུ་མ་ལྟ་བུར་ནི་གཟིགས་ནས་སེམས་ཅན་དེ་དག་ལམ་ལ་གཞུག་པའི་ཕྱིར། སླར་ཡང་ཉིད་ཀྱི་སྐུ་སྐྱེད་པ་མཛད་དེ། ཇི་ལྟར་ན་ཟླ་བ་ཞུ་བ་དེ་ཉིད་ཧཱུྃ་ཡིག་ཁ་དོག་སྔོན་པོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ་དང་། དེ་ཡོངས་སུ་གྱུར་པ་ལས་རང་གི་མཚན་མ་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ལྔ་འཕྲོ་བ་གདན་གྱི་སྟེང་དུ་གནས་པ་ཉིད་ཡོངས་སུ་གྱུར་པ་ལས་སྐུའི་སྣང་བ་ཡོངས་རྫོགས་སྤྲོས་པ་སྟེ་བསྐྱེད་པར་བྱས་ནས། རྡོ་རྗེའི་རྒྱན་དང་ལྡན་ཞིང་རྒྱལ་བའི་བདག་པོའི་སྟེ་མི་བསྐྱོད་པའི་ཅོད་པན་ཅན་ཡུམ་ཤེས་རབ་ཀྱིས་ནི་འཁྱུད་པར་གྱུར་པ་ཡང་སྔ་མ་བཞིན་དུ་ཡོངས་སུ་རྫོགས་པར་བྱས་ཏེ། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་དང་། དམ་ཚིག་གི་དཀྱིལ་འཁོར་རྣམས་ཀྱང་རང་གི་ལུས་ལ་གཞུག་པ་ཤེས་རབ་མ་དང་ཐབས་

p. 317

སྙོམས་པར་ཞུགས་པ་ཉིད་ཀྱིས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཞུ་བ་ཡུམ་གྱི་མཁར་བབས་པ་ལས། ཀྱེ་རྒྱལ་པོ་ཞེས་བོས་ནས། ལྷ་རང་རང་གི་ས་བོན་དང་ཕྱག་མཚན་ལས་སླར་ཡང་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་མ་ལུས་པ་ནི་རབ་ཏུ་སྤྲོ་བ་དག་ཀྱང་སྔ་མ་བཞིན་བྱ་བ་ཡང་ངོ་། །ལྷའི་ང་རྒྱལ་བཟུང་བའི་སྔགས་ནི། ཨོཾ་སུ་བི་ཤུདྡྷ་དྷ་རྨ་དྷཱ་ཏུ་སྭ་བྷ་བ་ཨཱཏྨ་ཀོ྅ཧཾ། ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བདག་ཉིད་ངའོ་ཞེས་པའོ། །འདི་དག་བྱིས་པ་མངལ་དུ་གནས་པ་རྨི་ལམ་ལྟ་བུའི་གནས་སྐབས་ལས་བཙས་པར་གྱུར་པ་ན་དབང་པོ་རྣམས་ཕྱི་རོལ་ཡུལ་ལ་རབ་ཏུ་སད་པ་དང་ཁ་སྣར་རླུང་འབབ་པས་ངུ་བར་བྱེད་པའི་གནས་སྐབས་དག་པར་བྱེད་པ། བསྙེན་པའི་ཡན་ལག་གཉིས་པ་ཉེར་བསྙེན་གསུང་རྡོ་རྗེ་ལས་རྒྱལ་མཆོག་གི་རིམ་པའོ། །སྔ་མ་ཟླ་བ་དགུ་པ་ལ་ལུས་རྫོགས་པ་ལྟར་བསྙེན་པའི་ཡན་ལག་དང་པོ་མངོན་བྱང་ལྔས་ལྷ་རྣམས་སྐུ་ཡོངས་སུ་རྫོགས་པ་ནི་བསྙེན་པ་དཀྱིལ་འཁོར་རྒྱལ་མཆོག་གི་རིམ་པའོ། །འདིར་འགྲེལ་པས་མདོར་བསྡུས་དང་པོའི་རྗེས་ནས་འདིའི་བར་དུ་བསྐྱེད་པའི་རིམ་པས་སྐུ་རྫོགས་པའི་མདོར་བསྡུས་ཆེན་པོ་གཉིས་པ་ཉིད་ཀྱིས་བཤད་པར་མཛད་དོ། །དེ་ལ་མངལ་ནས་དེ་ཟླ་བ་བཅུ་པ་ལ་ཕྱིར་བཙས་ནས་དཀྱིལ་འཁོར་ལྔའི་རླུང་འབབ་པ་དག་བྱེད་གསུང་རྡོ་རྗེ་ལས་རྒྱལ་མཆོག་གི་སྐབས་འདི་ནི་འདི་ལྟར་མིའི་འཇིག་རྟེན་དུ་མངལ་སྐྱེས་རྣམས་ཟླ་བ་བདུན་པ་ནས་བཙས་པའི་བར་དུ་མངལ་དུ་གནས་ཚེ་ཁ་སྣའི་རླུང་དངོས་སུ་མི་རྒྱུ་ལ། རྨི་ལམ་གྱི་སྣང་བ་ལྟ་བུར་གནས་པ་ལས་ཕྱིར་བཙས་པ་ན་སད་དེ་སྲོག་གི་རླུང་གཡས་གཡོན་གྱི་དཀྱིལ་འཁོར་ལྔ་འབབ་ཅིང་བསྐྱེད་པ་ཡིན་ལ། དེའི་ཕྱིར་མི་གཉིད་པ་ལ་སད་པར་བསྐུལ་བ་བཞིན་དུ། རྡོ་རྗེ་བཞི་ཡི་ས་བོན་ཟླ་ཉི་སྒྲ་གཅན་དུས་མེ་དང་བཅས་པའི་ཧོ་ཡིག་ལ་སོགས་

p. 318

པས་གཏུམ་མོའི་མེས་ཞུ་བར་གྱུར་པ་ལ། སྤྱན་མ་ལ་སོགས་པས་བསྐུལ་བར་བྱེད་པ་ཡང་དེ་བཞིན་ནོ། །འདིར་བསྐུལ་བ་གཉིས་ཏེ་གཅིག་ནི་སྲོག་རྒྱུ་བ་གསུང་རྡོ་རྗེ་རྫོགས་པའི་དོན་དང་། གཉིས་པ་ནི་ལོ་བཅུ་དྲུག་གི་མཐར་ཁམས་འབབ་པའི་ཡེ་ཤེས་རྡོ་རྗེ་རྫོགས་པའི་དོན་དུའོ། །རྡོ་རྗེ་ཅན་ཤེས་རབ་མ་རྣམས་དང་བཅས་པ་ལྷན་ཅིག་ཟླ་བ་ལྟར་ཞུ་ཞིང་དབྱེར་མེད་པར་གྱུར་པ་ནི། ཐུགས་དང་ཡེ་ཤེས་རྡོ་རྗེའི་ངོ་བོ་ཙམ་དུ་གནས་པ། ཨ་བ་དྷཱུ་ཏཱི་དང་དུང་ཅན་མ་ལ་བརྟེན་པ་སྲོག་ཕྱིར་རྒྱུ་བ་དང་སྐུ་ཡོངས་སུ་རྫོགས་པ་མེད་པའི་གནས་སྐབས་སོ། །དེ་ལས་སྐུ་ཡོངས་སུ་རྫོགས་པ་དང་། སྲོག་གི་རླུང་འབབ་པ་ལས་གསུང་རྡོ་རྗེ་རྫོགས་པ་དང་། ཁམས་འཕོ་བའི་བདེ་བ་ཡེ་ཤེས་རྫོགས་པའི་སླད་དུ་གླུས་བསྐུལ་བ་ཡིན་ལ། གླུ་ནི་གོང་བཞིན་ལ། དུས་འཁོར་རྩ་རྒྱུད་ལས། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །གོས་དཀར་མོ་བདག་བུ་མོ་སྟེ། །རྣལ་འབྱོར་པ་ཡི་སྐྱེས་བུར་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་བྲལ་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བ་འདོན་པའི་བསམ་པ་ཡིས། །འགྲོ་བའི་མགོན་པོ་སྤྲོ་བར་མཛོད། །ཅེས་པ་སྟེ། འདིའི་ཚིག་གི་དོན་ལྷ་མོ་བཞི་རྡོ་རྗེ་ཅན་གྱི་ཡུམ་

p. 319

དང་སྲིང་མོ་སོགས་ཡིན་ལ་རྣལ་འབྱོར་མའི་རྒྱུ་མཐུན་སོགས་བཞི་ཡིན་ཅིང་རང་གིའམ་བདག་གི་དཀྱིལ་འཁོར་བཞེངས་ལ་བདག་གི་འདོད་པ་མཛོད་ཅེས་བཤད་པའང་སྣང་ལ། ལྷ་མོ་བཞི་ནི་ཚད་མེད་བཞིའི་རང་བཞིན་ཡིན་པས་འགྲོ་བ་རྣམས་ལ་བྱམས་པའི་མ་སོགས་སུ་གྱུར་པ་སྟེ། རྣལ་འབྱོར་པ་ཡི་ནི་ཐིག་ལེ་ནོར་བུ་ནས་ལྟེ་བར་བྱོན་བ་རྒྱུ་མཐུན་གྱི་འབྲས་བུ། ལྟེ་བ་ནས་སྙིང་གར་བྱོན་པ་རྣམ་སྨིན་གྱི་འབྲས་བུ། སྙིང་ག་ནས་མགྲིན་པར་བྱོན་པ་སྐྱེས་བུ་བྱེད་པའི་འབྲས་བུ། མགྲིན་པ་ནས་སྤྱི་བོར་བྱོན་པ་དྲི་བྲལ་གྱི་འབྲས་བུ་བཞི་ཡིན་པས་མ་སོགས་སུ་གྱུར་པ་ཡིན་ལ། དེའི་ཕྱིར་ལྟེ་བ་ས་ཡི་དཀྱིལ་འཁོར་ལ་རླུང་དང་ཁམས་འཆིང་བ་ལ་ས་ལམ་ཕྱི་མ་འབྱུང་ཞིང་སྒྲིབ་བྲལ་འཕགས་པའི་ཆོས་རྣམས་སྐྱེད་པའི་མ་ཡིན་པས་བདག་གི་དཀྱིལ་འཁོར་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱིས། དུས་འཁོར་ཁུ་བ་ལས་བཞེངས་ནས་བདག་གི་འདོད་པ་བཞིན་མཛོད་ཅིག །དེ་བཞིན་དུ་སྔ་མ་རྒྱུ་མཐུན་པའི་འབྲས་བུ་ལས་སྐྱེས་པའི་རྣམ་སྨིན་གྱི་འབྲས་བུ་མཱ་མ་ཀཱི་ནི་མ་ལས་སྐྱེད་པའི་སྲིང་མོ་ལྟ་བུ་སྟེ་སྲིང་མོའི་སྐད་དོད་བྷ་གི་ནཱི་ཞེས་པ་སྐལ་ལྡན་མ་ཡིན་པས། སྙིང་གར་ཆུ་ཁམས་དག་པས་བདེ་བ་ཆེན་པོ་ལ་སྐལ་པ་དང་ལྡན་མ་སྟེ། བདག་གི་དཀྱིལ་འཁོར་སྐུ་རྡོ་རྗེའི་རང་བཞིན་གྱིས་ཞེས་དང་གོས་དཀར་མོ་བདག་ནི་བུ་མོ་སྟེ།བུ་མོའི་སྐད་དོད་དྷུ་ཧི་ཧཱི་ཞེས་འཇོམ་ཞེས་སུའང་འགྱུར་ཞིང་། རྣམ་སྨིན་གྱི་འབྲས་བུ་མཱ་ཀཱི་སྲིང་མོ་ལས་སྐྱེས་པའི་ཕྱིར་རོ། །དེའི་དཀྱིལ་འཁོར་མགྲིན་པར་རླུང་ཁམས་བརྟན་པ་ལས་གསུང་གི་ཡོན་ཏན་ནམ་འདོད་པ་འཇོམ་བདག་གི་གསུང་རྡོ་རྗེའི་དཀྱིལ་འཁོར་ཞེས་སོགས་སོ། །སྒྲོལ་མ་བདག་ནི་སྙིང་གར་ཁམས་བརྟན་པའི་རང་བཞིན་བུ་མོ་གོས་དཀར་མོ་ཉིད་ལས་སྐྱེས་པའི་ཚ་མོ་སྟེ་སྤྱི་བོར་རླུང་ཁམས་བརྟན་པ་དྲི་མ་དང་བྲལ་བའི་འབྲས་བུར་གནས་ལ་དེ་ནི་ཐུགས་རྡོ་རྗེའི་རང་བཞིན་ཡིན་པས་

p. 320

བདག་གི་དཀྱིལ་འཁོར་ཐུགས་རྡོ་རྗེའི་རང་བཞིན་གྱིས། དུས་ཀྱི་འཁོར་ལོ་ཁྱེད་ཁུ་བའི་རྣམ་པ་ལས་བཞེངས་ནས་བདག་འདོད་མཛོད་ཅེས་པ་སྟེ་སྔར་ཚད་མེད་བཞིའི་རང་བཞིན་གྱི་ལྷ་མོ་བཞིས་རྡོ་རྗེ་བཞི་སོ་སོ་ལ་བསྐུལ་བར་གསུངས་པ་བཞིན་ནོ། །ཐུན་མོང་དུ་བཅོམ་ལྡན་འདས་ཉིད་ཀྱིས་སྟོང་པ་ནམ་མཁའི་དཀྱིལ་འཁོར་གྱི་རང་བཞིན་ཁུ་བའི་ངོ་བོར་ཞུ་བའི་ཡེ་ཤེས་ཉམས་སུ་མྱོང་བར་མཛད་ནས། འགྲོ་བ་མཐའ་དག་འཁོར་བ་ལས་གདོན་པའི་བསམ་པས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། འགྲོ་བའི་མགོན་པོས་སླར་ཡང་སྤྲོ་བར་མཛོད་ཅིག་ཅེས་པའོ། །དེ་ལྟར་བདེ་མཉམ་འབྲས་བུ་སྟེར་བ་ལྟེ་བ་དང་གསང་བ་ལ་སོགས་པའི་པདྨ་ཡི་དབུས་དྷཱུ་ཏཱི་ལ་རླུང་གནས་པའི་ཚེ་བྱིས་པ་རྣམས་ཀྱི་རྣམ་པར་ཤེས་པ་དེའི་ངང་དུ་བརྒྱལ་བ་ལྟར་གྱུར་པ་ལས། ཕྱིར་བཙས་ནས་དབང་ཤེས་ཡུལ་ལ་སད་པར་བྱེད་པ་དེ་བཞིན་དུ་ལས་རྒྱལ་མཆོག་གི་ལྷའི་སྐུ་ཡོངས་སུ་རྫོགས་པར་བཞེངས་ཏེ་གནས་སོ་ཞེས་པ་གཞུང་གི་ངེས་པའི་དོན་ཏོ། །དེ་ལྟར་གླུས་བསྐུལ་བ་གསན་ནས་སླར་ཡང་ཤེས་རབ་མ་བཅས་པའི་སྐུར་བཞེངས་པའི་སྣ་ཚོགས་ཡུམ་གྱི་ཐུགས་ཀར་སྟོང་པའི་དཀྱིལ་འཁོར་འབབ་པའི་རང་བཞིན་རྡོ་རྗེ་དབྱིངས་ཕྱུག་མ་ཞུགས་པ་ནི་བྱིས་པ་རྣམས་ཀྱི་རླུང་རྒྱུ་བའི་དང་པོར་ཡེ་རླུང་རྒྱུ་བ་བཞིན་ནོ། །འདི་ལ་འཆད་ལུགས་མི་འདྲ་བ་གཞན་ཡང་སྣང་ངོ་། །དེ་བཞིན་དུ་གཙོ་བོའི་ཅོད་པན་ལ་མི་བསྐྱོད་པ་དང་རྡོར་སེམས་གང་བྱས་ཀྱང་དེ་གཉིས་ཀྱི་ངོ་བོ་ནི་གཙོ་བོ་ཡིན་པས་གང་ལྟར་ཀྱང་འགལ་བ་མེད་མོད་བླ་མ་སྔ་མ་དག་གིས་མི་འགལ་བའི་དོགས་སྤོང་དུ་མ་བཀོད་པར་སྣང་ལ་རྣམ་པའི་ཚུལ་དུ་རྒྱུ་རྡོ་རྗེ་འཛིན་པ་མི་བསྐྱོད་པའི་ངོ་བོ་ལ་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་དང་། འབྲས་བུ་རྡོ་རྗེ་འཛིན་པ་རིགས་འདུས་རྡོ་རྗེ་སེམས་དཔའི་ངོ་བོ་ལ་རྒྱས་གདབ་མི་བསྐྱོད་པས་མཛད་པ་ཡིན་ནོ། །དེ་ལྟར་བྱིས་

p. 321

པ་གཅེར་བུ་མངལ་གྱི་ཕྲུ་མའི་གོས་འཛིན་པའི་གནས་སྐབས་དེར་དབང་ཤེས་ཡུལ་ལ་སད་པའི་དོན་དུ་སྲོག་ལ་སོགས་པའི་རླུང་བཅུ་འབབ་པའམ་སྐྱེ་བ་བཞིན་དུ་བསྐྱེད་རིམ་ལ་ལྷའི་དམ་ཚིག་གི་དཀྱིལ་འཁོར་རྫོགས་པ་དང་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་པའི་ཚེ་རིགས་སད་པའི་དོན་དུ་མེ་ཏོག་དོར་བ་དང་ཆོས་མཐུན་ནོ། །དེ་ནས་བྱིས་པ་དབང་པོ་རབ་ཏུ་སད་པ་དང་ཆོས་མཐུན་པ་ནི་ཡེ་ཤེས་སེམས་དཔའ་གཞུག་པ་ཡིན་ནོ། །འདིར་ལྷ་བསྐྱེད་པའི་རིམ་པ་ལ་གཉིས་ཏེ། གཅིག་ནི་མི་སོགས་མངལ་སྐྱེས་རྣམས་ཀྱི་སྐྱེ་བའི་བག་ཆགས་སྦྱོང་བ་མངོན་བྱང་ལྔའི་ཚུལ་གྱིས་སྐུ་རྫོགས་པ་བསྙེན་པའི་ཡན་ལག་དཀྱིལ་འཁོར་རྒྱལ་མཆོག་གོ། གཉིས་པ་ནི་ཕྱི་རོལ་པ་དག་གིས་ཚངས་པའི་སྒོ་ང་ལས་འཇིག་རྟེན་སྐྱེས་ཞེས་པའི་ཚིག་གི་གྲགས་པ་བཞིན་དུ་དེ་དང་མཐུན་པར་གཞུག་པའི་ཐབས་སུ་བསྟན་པའམ། འདབ་ཆགས་སོགས་དངོས་སུ་ལན་གཉིས་སྐྱེ་བ་རྣམས་ཀྱི་བག་ཆགས་སྦྱོང་བྱེད་དུ། སྔ་མ་དཀྱིལ་འཁོར་རྒྱལ་མཆོག་སྔོན་དུ་བཏང་ནས། རྣམ་པ་ཉི་ཤུས་མངོན་པར་རྫོགས་པ་བྱང་ཆུབ་པ་ལས་རྒྱལ་མཆོག་གསུང་རྡོ་རྗེ་རྫོགས་པ་ཉེ་བའི་སྒྲུབ་པའོ། །འདི་ལ་མངོན་པར་བྱང་ཆུབ་པ་ཉི་ཤུ་ནི་སྤྱི་ཡི་དབང་དུ་བྱས་ན་ཡེ་ཤེས་ལྔ་པོ་རེ་རེ་ལའང་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་དབྱེ་བས་ཉི་ཤུར་འགྱུར་བ་ཡིན་ལ། བཙས་པའི་བྱིས་པ་ལ་ཡང་ཕུང་ལྔ་ཁམས་ལྔ་དབང་ལྔ་ཡུལ་ལྔའི་རང་བཞིན་ཉི་ཤུ་ཡོད་པ་བཞིན་སྦྱོང་བྱེད་ཀྱང་ཉི་ཤུའོ། །འདིར་ལས་རྒྱལ་མཆོག་ལ་ཉི་ཤུ་བརྩི་ཚུལ་སྔ་མ་དག་གིས་བསྐུལ་བ་ལྔ། དེའི་ངོ་བོར་བཞེངས་པ་ལྔ། དགུག་གཞུག་བཅིང་མཉེས་རོ་མཉམ་ལྔ། རྒྱས་གདབ་བཞི་དབང་བསྐུར་དང་བཅས་པ་ཉི་ཤུ་ལ་འཆད། གྱི་ཇོ་ལུགས་ཀྱིས་ལྷ་མོ་བཞི། ཚད་མེད་བཞི། ཡུམ་བཞི། འབྲས་བུ་

p. 322

བཞི། ཁམས་བཞི་སྟེ། ཉི་ཤུ་ལ་བཤད་པ་ཞུ་བ་གླུས་བསྐུལ་ཁོ་ནའི་སྐབས་སུ་སོང་བས་མི་ལེགས་པར་བཞེད་ཀྱང་། ཆ་རེ་རེ་ནས་མི་ལེགས་པ་ཡང་མི་འདུག་གོ། གཞན་ཡང་ཉི་ཤུ་རྩི་ཚུལ་དུ་མར་བྱས་པ་སྣང་ངོ་། །གཞན་རྫུས་ཏེ་སྐྱེ་བ་སྦྱོང་བྱེད་སྐད་ཅིག་གིས་རྟེན་དང་བརྟེན་པའི་ལྷ་དཀྲོང་བསྐྱེད་གྱི་རིམ་པ་ནི་སྐྱེད་རིམ་གྱི་ཚུལ་གཞན་པ་གཅིག་སྟེ་དབང་རབ་ཀྱི་སྤྱོད་ཡུལ་ལོ། །དེ་ལྟར་སེམས་ཅན་རྣམས་ཀྱི་བསམ་པ་དང་མཐུན་པར་སྐྱེད་པའི་ཚུལ་མི་འདྲ་བར་རྒྱུད་རྣམས་སུ་གསུངས་སོ། །དྲོད་གཤེར་ལས་སྐྱེ་བ་སྦྱོང་བྱེད་ནི་ཟླ་ཉི་ས་བོན་ལས་སྐྱེས་པའི་ཁོངས་སུ་འདུ་སྟེ། རྒྱུད་གཞན་འགའ་ལས་སྔགས་ཀྱི་སྒྲ་ཟུར་ཙམ་ལས་བསྐྱེད་པ་དང་། རྡོ་རྗེའི་ཆོ་ག་གསུམ་བསྐྱེད་དེ་ཟླ་ཉི་ས་བོན་ཙམ་ལས་སྐྱེད་པར་ཡང་གསུངས་སོ། །རྫོགས་པའི་རིམ་པ་ནི་བློས་བརྟགས་ཏེ་བསྒོམ་པ་མ་ཡིན་གྱི་ཆོས་ཉིད་འོད་གསལ་བའི་རང་བཞིན་དངོས་ཡུལ་དུ་བྱེད་པའི་གྲོལ་ལམ་དང་། ཐབས་ཁྱད་པར་ཅན་གྱི་ལམ་སྟེ། སྐབས་འདིའི་རྫོགས་རིམ་ཐུན་མོང་མིན་པའི་དབང་དུ་བྱས་ན། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པ་ལ་སོགས་པ་བཞིན་དུ། དཀྱིལ་འཁོར་ལྔའི་རླུང་དབུ་མར་ཞུགས་ཅིང་བརྟན་པ་ལས་རང་བཞིན་འོད་གསལ་གྱི་སྣང་བ་རྣམ་པ་ཐམས་ཅད་རིས་མེད་པ་ཡེ་ཤེས་རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་ཉིན་མཚན་གྱི་རྟགས་སྣང་བཅུ་མངོན་སུམ་པྲ་ཕབ་པ་ལྟ་བུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཉིད་མངོན་དུ་བྱེད་པ་སོ་སོར་སྡུད་པ་སོགས་ཀྱི་ལམ་གྱིས་སྟོབས་ལས་སྣང་བའོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་གཞུག་པ་གསུངས་པ། འོད་ཟེར་སྔོན་པོ་ཞེས་པ་ནང་དུ་ལུས་ལ་བྱིས་པ་ཕྱིར་སྐྱེས་པ་ན་སྲོག་ཅེས་དང་པོར་དབུགས་

p. 323

འབྱུང་བ་ནི་ཡེ་ཤེས་ཀྱི་རླུང་ཡིན་པས་འོད་ཟེར་སྔོན་པོ་སྟེ་དེས་དབང་པོ་རྣམས་རབ་ཏུ་སད་ཅིང་ཕྱི་རོལ་གྱི་ཡུལ་རྣམས་ལ་རྣམ་ཤེས་དྲུག་འཇུག་པར་བྱེད་དོ། །དེ་བཞིན་ཕྱི་རོལ་གྱི་ལྷ་དམ་ཚིག་པ་བསྐྱེད་པ་རྫོགས་པ་ལ་དབུ་མའི་སྲོག་རྣམ་པར་དག་པས་རྡོ་རྗེ་ཤུགས་འོད་ཟེར་སྔོན་པོ་འབར་བ་ཤིན་ཏུ་འཇིགས་པའི་སྐུ་སྟེ་རབ་ཏུ་བཞད་པའི་ཞལ་དང་མཆེ་བ་ཕྱེད་ནི་གཙིགས་པ་དང་། སྒྲ་དྲག་པོ་སྒྲོགས་པར་བྱེད་པ། ཉི་མའི་སྤྱན་ཏེ་སྤྱན་བཅུ་གཉིས་པ་དང་། གཉིས་ལྷག་པའི་རྒྱལ་བའི་ཕྱག་ཅེས་ཕྱག་ཉི་ཤུ་རྩ་དྲུག་པ་སྟེ། རིག་བྱེད་ཞལ་ཞེས་ཞལ་བཞི་པ་དང་། ཞབས་གཉིས་པ། ཤེས་རབ་ཡུམ་དང་ཐབས་ཡབ་གཉིས་སྙོམས་པར་ཞུགས་པ་ལའམ་ལས་རབ་ཏུ་བྱུང་བའམ། ཐབས་ཤེས་གཉིས་སུ་མེད་པའི་ཆོས་ཉིད་ལས་བྱུང་བ་གང་ཞིག་ཕྱག་ཉེར་བཞི་གཙོ་བོ་བཞིན་དུ་ཕྱག་གི་མཚོན་ཆ་རྣམས་དང་ཕྱག་ལྷག་མ་གཉིས་ཀྱིས་གླང་ཆེན་གྱི་པགས་པའི་གོས་འཛིན་པ་དང་བཅས་པ་ཕྱག་རྒྱ་ལྔ་དང་སྦྲུལ་དང་མི་མགོའི་ཕྲེང་བས་བརྒྱན་པ། ཐོད་པའི་དབུ་རྒྱན་ལ་མི་བསྐྱོད་པ་བཞུགས་པ་ས་བོན་ཧུཾ་ཡིག་དང་ཕྱག་མཚན་རྡོ་རྗེ་ལས་སྤྲུལ་པའམ་བྱུང་བའོ། །སེང་གེ་རྐང་པ་བརྒྱད་པའི་ཤིང་རྟ་དག་ལ་གནས་པ་ནི་སྒྲ་སོགས་ཡོན་ཏན་ལྔ་དང་སྙིང་སྟོབས་སོགས་གསུམ་སྟེ་ཟླ་ཉིའི་རྐང་པའི་ཡོན་ཏན་བརྒྱད་ལ་གནས་པའི་རང་བཞིན་ནོ། །རྒྱལ་བའི་དགྲ་བདུད་དང་ཉོན་མོངས་པ་ནི་འཇོམས་པར་བྱེད་པ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཞེས་ཏེ། དེ་ཉིད་ཡེ་ཤེས་ཀྱི་འཁོར་ལོའི་སླད་དུ་བསྐུལ་ནས་བཏང་བར་བྱ་སྟེ་ནང་དུ་བྱིས་པ་ལ་ཀུན་གཞིའི་རྣམ་ཤེས་ལས་ཡུལ་ལ་འཇུག་པའི་རྣམ་ཤེས་རྣམས་སྐྱེ་བ་བཞིན་དུ་སྟེ་ལྟེ་བའི་པདྨ་ལས་ཕྱི་རོལ་དུ་འབྱུང་བའི་སྲོག་གིས་ཕྱི་རོལ་གྱི་དངོས་པོ་རྣམས་སེམས་ཀྱི་ཡུལ་དུ་བཀུག་ནས་སླར་

p. 324

ལྡོག་པ་བཞིན་ནོ། །དེས་དྲི་མེད་འོད་ཟེར་འཕྲོ་བ་ཡེ་ཤེས་འཁོར་ལོའི་དབང་ཕྱུག་བཅོམ་ལྡན་འདས་གཙོ་བོ་དུས་ཀྱི་འཁོར་ལོ་ཉིད་རང་བཞིན་གྱི་གནས་ན་བཞུགས་པ་དག་གི་ནི། ལྟེ༷་བར་གཡས་ཀྱི་ཕྱག་མཚན་རྡོ་རྗེ་ལྕགས་ཀྱུས་བསྣུན་ཏེ་བཟུང་བར་བྱས་ཤིང་། དེའི་ཕྱག་རྣམས་རང་གི་ཕྱག་གཡོན་པའི་རྡོ་རྗེ་གདེངས་ཅན་ཏེ་སྦྲུལ་གྱི་ཞགས་པ་དག་གིས་དེ་བཞིན་རབ་ཏུ་བཅིངས་པར་བྱས་ནས་ཞེས་སོ། །འདིར་གཙོ་བོའི་གཡོན་གྱི་ཕྱག་གཉིས་པའི་ཞགས་པ་དེ་རྡོ་རྗེའི་ཞགས་པ་ཡིན་གྱི་སྦྲུལ་མིན་ཡང་རྡོ་རྗེ་ཤུགས་ཀྱི་སྐབས་སུ་ཁྲོ་བོའི་ཕྱག་མཚན་སྦྲུལ་ཞགས་སུ་བྱས་པར་མངོན་ལ། ཁ་ཅིག་གདེངས་ཅན་དང་ཀླུ་ནི་བརྒྱད་ཀྱི་མིང་ཡིན་པས་བརྒྱད་ཀྱི་ཞགས་མིག་དང་ལྡན་པའི་ཞགས་པ་ཞེས་ཟེར་བ་སྣང་ངོ་། །རྡོ་རྗེ་ཤུགས་ཀྱི་ཕྱག་གི་མཚོན་ཆ་ལྷག་མ་རྣམས་ཀྱིས་འཇིགས་པའམ་བསྡིགས་པར་གྱུར་པའི་ཚུལ་དུ་བྱས་ཏེ། འཁོར་ལོའི་དབང་ཕྱུག་འཁོར་དང་བཅས་པ་མཐའ་དག་རང་དབང་གི་རྣམ་པར་བསྒྲུབ་བྱར་བྱས་ཤིང་། དཀྱིལ་འཁོར་བའི་ལྷ་སྣ་ཚོགས་པའི་འཁོར་ལོ་བཟང་པོ་མཐའ་དག་གནས་ནས་བསྐྱོད་པར་བྱས་ཏེ་རང་གི་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་ཡང་དག་པར་མཆོད་པ་བྱས་ནས་རྡོ་རྗེ་ཤུགས་འདི་ནི་སླར་ཡང་རང་གི་ཐུགས་ཀར་འགྲོ་བ་སྟེ་བསྟིམ་པར་བྱའོ། །དེ་ནས་གཞུག་པ་ནི་ཉེར་ལེན་ཀུན་གཞིའི་རྣམ་ཤེས་དང་བདག་རྐྱེན་མིག་གི་དབང་པོ་ལས་སྐྱེས་པ་མིག་གི་རྣམ་པར་ཤེས་པའི་ངོ་བོ་རྨུགས་བྱེད་ཀྱིས་བྱེད་པ་དང་། དེ་བཞིན་དུ་བཅིང་བ་ནི་ལུས་དབང་ལས་སྐྱེས་པ་ལུས་ཤེས་ཀྱི་ངོ་བོ་རེངས་བྱེད་ཀྱིས་བྱེད་པ་དང་། མཉེས་པ་ལྕེ༷་དབང་ལས་སྐྱེས་པ་ལྕེ་ཤེས་ཀྱི་ངོ་བོ་ཁེངས་བྱེད་ཀྱིས་བྱེད་པ་དང་ནི། རོ་མཉམ་པར་བྱེད་པ་དག་ནི། སྣ་དབང་ལས་སྐྱེས་པ་སྣའི་རྣམ་པར་ཤེས་པའི་ངོ་བོ་ཤིན་སྟོབས་ཀྱིས་བྱེད་དོ། །དེ་ལྟར་རྨུགས་བྱེད་ལ་སོགས་པ་རྣམས་

p. 325

ཀྱིས་གཞུག་པ་སོགས་བྱེད་པ་སྟེ། འདིར་སྔགས་ནི་དགུག་པ་ཛཿ དེ་བཞིན་དུ་ཧཱུྃ་གིས་གཞུག །བྃ་གྱིས་བཅིངས ། ཧོཿཡིག་གིས་མཉེས། ཧཱི་ཡིག་གིས་རོ་མཉམ་པར་བྱ་ལ། ཕྱག་རྒྱ་ནི་ཁྲོ་བོ་ལྔ་པོའི་ཕྱག་མཚན་རྡོ་རྗེ་ལྕགས་ཀྱུས་དགུག །རྡོ་རྗེས་གཞུག །རྡོ་རྗེ་ཞགས་པས་བཅིངས། རྡོ་རྗེ་དྲིལ་བུས་མཉེས། རྡོ་རྗེ་དབྱུག་པས་གཉིས་སུ་མེད་པར་རོ་མཉམ་པར་བྱ་སྟེ། དེ་ལྟར་དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་པ་རྣམས་རོ་མཉམ་ཉིད་དུ་བྱའོ་ཞེས་པ་ངེས་པའོ། །ཇི་ལྟར་རོ་མཉམ་པ་བྱ་ཞེ་ན་སོ་སོར་གསུངས་པ། འདིར་བསྐྱེད་པའི་རིམ་པས་དམ་ཚིག་གི་ལྷ་རྣམས་ཡོངས་སུ་རྫོགས་པར་བྱས་པའི་རྣལ་འབྱོ༷ར་དག་བསྒོམ་པ་ལ། སེམས་རྣམ་པར་ཤེས་པ་དང་ནི་ནམ་མཁའ་ཡི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་བཅས་པ་བདེ་བ་ཆེན་པོའི་འཁོར་ལོ་སྙིང་པོའི་པདྨར་ཟླ་ཉི་སྒྲ་གཅན་དུས་མེ་ཡི་དཀྱིལ་འཁོར་གྱི་སྟེང་དུ་དམ་ཚིག་སེམས་དཔའ་དང་དེའི་ཡེ་ཤེས་སེམས་དཔའ་དག་རོ་མཉམ་དུ་འགྱུར་རོ། །དེ་བཞིན་དུ་ཤར་གྱི་འདབ་མའི་སྟེང་དུ་དམ་ཚིག་པ་དཔལ་ལྡན་ནག་མོ་འབར་མ་ལ་དེའི་ཡེ་ཤེས་པ་ནག་མོ་འབར་མ་རོ་མཉམ་དུ་བྱའོ། །དེ་བཞིན་དུ་སོ་སོའི་ཡེ་ཤེས་པ་རྣམས་རང་རང་གི་དམ་ཚིག་པ་དང་རོ་མཉམ་དུ་བྱ་སྟེ། མཆོག་གི་པད་འདབ་ལ་ནི་ལྷོ༷་རུ་དམར་མོ་འབར་མ་སྟེ། བྱང་དུ་དཔལ་ལྡན་དཀར་མོ་འབར་མར་འགྱུར་ཏེ། ཡེ་ཤེས་ཞལ་གྱི་རིགས་ཀྱི་དབང་གིས་ནུབ་ཏུ་སེར་མོ་འབར་མ་རོ་མཉམ་པའོ། །མེར་ནི་དུ་བ་མ་དང་།ད་ནུའི་བུ་ཡི་ཞེས་པ་ལྷ་མིན་ཏེ་བདེན་བྲལ་གྱི་ཕྱོགས་སུ་སྨིག་རྒྱུ་མ་དང་། དབང་ལྡན་ཕྱོགས་སུ་མཁའ་སྣང་མ་དང་། རླུང་དུ་དཔལ་ལྡན་མར་མེ་མ་རོ་མཉམ་པ་སྟེ་དེ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་དང་ནི་དཔག་བསམ་གྱི་ཤིང་

p. 326

དང་ཆོས་ཀྱི་གཎྚཱི༷་དག་དང་ཆོས་ཀྱི་དུང་རྣམས་རིམ་པར་མེ་དང་ང་དང་ལྷ་མིན་དང་ནི་འཕྲོག་བྱེད་ཕྱོགས་སུ་དེ་བཞིན་པདྨའི་འདབ་མ་དག་གི་བར་གྱི་ཟུར་གྱི་ཆ་ལ་རོ་མཉམ་དུ་བྱའོ། །དེ་བཞིན་ཤར་དུ་པད་འདབ་ཀྱི་ལྟེ་བར་འདུ་བྱེད་དང་ནི་ས་ཡི་རིགས་དོན་གྲུབ་དང་སྤྱན་མ་དག་དམ་ཡེ་རོ་མཉམ་དུ་བྱའོ། །དེ་བཞིན་དུ་ངེས་པར་པདྨ་ཡི་ལྟེ་བ་ལ་གནས་ལྷོ༷་རུ་ཚོར་བ་དང་ཆུ་དག་གོ། བྱང་དུ་འདུ་ཤེས་དང་ནི་མེ་རུ་འགྱུར་ཏེ་ནུབ་ཏུ་ཡང་ནི་རླུང་དང་བཅས་པའི་གཟུགས་ཉིད་རོ་མཉམ་དུ་བྱ་སྟེ། འདི་རྣམས་ཐབས་གཙོ་བོར་གྱུར་པ་ཉིད་དོ། །དེ་བཞིན་མེ་ཡི་ཕྱོགས་སུ་ང་དང་གཟུགས་སུ་འགྱུར་ཏེ། ལྷ་མིན་བདག་པོར་མེ་དང་འདུ་ཤེས་གཉིས་པོའོ། །དབང་ལྡན་དུ་ནི་ཆུ་དང་ཚོར་བ་དག་སྟེ། རླུང་དུ་འཛིན་མར་དང་འདུ་བྱེད་ཕུང་པོར་ལྡན་པའོ། །དེ་ལྟར་ཟུར་བཞིར་ལྷ་མོ་རྣམས་གཙོ་མོའོ། །འདིར་ཕུང་པོའི་རིགས་ཡབ་རྣམས་དང་ཁམས་ཀྱི་རིགས་ཡུམ་རྣམས་ཕན་ཚུན་འཁྱུད་པའི་བདེ་གཤེགས་འཕར་མའི་ལྷ་རྣམས་སོ། །ལྷ་མོ་དང་སངས་རྒྱས་ཀྱི་བར་མཚམས་རྣམས་སུ་ནི་ལེ་ཚེ་བརྒྱད་ཀྱི་གནས་སུ་བཤང་བ་སོགས་བདུད་རྩིའི་རོ་ཡི་བཅུད་ཀྱིས་གང་བའི་བུམ་པ་རྣམས་རོ་མཉམ་པར་འགྱུར་རོ་ཞེས་ངེས་པ་སྟེ། དེ་བཞིན་གཤེགས་པའི་འཕར་མ་ལའོ། །དེ་ནས་སླར་ཡང་འཕར་མ་ཕྱི་མ་བྱང་ཆུབ་སེམས་དཔའི་འཕར་མ་ལ་ནི་ཤར་དུ་གནས་པའི་པདྨ་ལ་སྣ་དང་དྲི་སྟེ། ལྷོ༷་རུ་མིག་དང་གཟུགས་དག་གོ། བྱང་དུ་ལྕེ༷་དང་རོ་རུ་འགྱུར་ཏེ། ཆུར་ནི་དེ་བཞིན་ཉིད་དུ་ལུས་དང་རེག་བྱ་དག་ཏུ་འགྱུར། ས་འོག་ཏུ་ནི་རྣ་བ་དང་སྒྲ་རུ་འགྱུར་ཏེ། རིགས་ཀྱི་དབང་གིས་དེ་ལྟར་ཡིན་ཀྱང་དཀྱིལ་འཁོར་དུ་འགོད་ཚེ་ལྷོ༷་ཡི་སྒོ་ཡི་གཡོན་དུའོ། །དེ་བཞིན་སྟེང་དུ་ནམ་མཁའ་ལ་ནི་ངེས་པར་སེམས་སམ་ཡིད་དང་ཆོས་ཀྱི་དབྱིངས་སུ་

p. 327

འགྱུར་ཏེ་ཤར་གྱི་སྒོ་ཡི་གཡོན་དུའོ། །འདིར་རྩ་བར་ས་འོག་ཏུ་རྣ་བ་དང་སྒྲ། ནམ་མཁར་སེམས་དང་ཆོས་སུ་གསུངས་ལ། འགྲེལ་བར་ས་འོག་ཏུ་ཡིད་དང་ཆོས་ཁམས། ནམ་མཁར་རྣ་བ་དང་སྒྲ་ཞེས་གསུངས་པ་ལས་གཞན་འདྲ་ལ། རྩ་འགྲེལ་མེ་འདྲ་བ་འདི་དག་ཅི་ཡིན་སྔ་མ་དག་གིས་བཤད་པ་མ་མཐོང་ཡང་། རྩ་བས་བསམ་པའི་དབང་དུ་བྱས་པ་དང་། འགྲེལ་པར་ལུས་ཡིན་ནམ་རྒྱུ་མཚན་གཞན་ཅི་ཡིན་བརྟག་དགོས་པར་མངོན་ནོ། །དང་པོར་བྱང་ཆུབ་སེམས་དཔའ་ཐབས་ནི་དྲུག་པོ་གཙོ་བོར་གྱུར་པ་དག་ཀྱང་རྒྱལ་བའི་རིགས་དྲུག་གི་དབང་གིས་ཐུགས་ཀྱི་དཀྱིལ་འཁོར་གྱི་ནི་ཕྱོགས་རྣམས་སུ་ལྷག་པའི་ལྷ་རུ་འགྱུར་ལ་ཐབས་གཙོ་བོའོ། །ཕྱི་ནས་ཤེས་རབ་ཆོས་དབྱིངས་མ་ལ་སོགས་པ་དྲུག་ནི་རབ་ཏུ་གསལ་བར་གདན་གྱི་བདག་པོ་གཙོ་མོ་སྟེ་རང་ཉིད་ཐབས་དང་བཅས་པ་བྱང་སེམས་ཀྱི་འཕར་མར་རང་རང་གི་པདྨའི་གདན་ལ་གནས་པའོ། །དེ་ཡང་མེར་རེག་བྱ་རྡོ་རྗེ་མ་དང་ལུས་ཀྱི་དབང་པོའོ། །བདེན་བྲལ་དུ་རོ་རྡོ་རྗེ་མ་དང་ལྕེའོ། །དབང་ལྡན་དུ་གཟུགས་རྡོ་རྗེ་མ་དང་མིག་གོ། རླུང་དུ་དྲི་རྡོ་རྗེ་མ་དང་སྣའོ། །ས་འོག་ཏུ་སྒྲ་རྡོ་རྗེ་མ་དང་རྣ་བ་སྟེ་བྱང་སྒོའི་གཡོན་དུའོ། །ནམ་མཁའ་ལ་ཆོས་ཁམས་དང་ཡིད་དེ་ནུབ་སྒོའི་གཡོན་དུ་རང་རང་གི་པད་གདན་ལ་ཟླ་བའི་སྟེང་དུ་བཞུགས་པ་ལ་ཡེ་ཤེས་སེམས་དཔའ་དང་རོ་མཉམ་དུ་བྱེད་པའོ། །དེ་ལྟར་སྐྱེ་མཆེད་བཅུ་གཉིས་པོ་རྣམས་ནི་བྱང་ཆུབ་སེམས་དཔའི་འཕར་མ་ལའོ། །དེ་ནས་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་རོ་མཉམ་པ་གསུངས་ཏེ། ཤར་གྱི་སྒོར་ནི་རབ་ཏུ་གཏུམ་པོ་རལ་གྲི༷་འཛིན་པ་ཤིན་ཏུ་སྟོབས་ཏེ་བགེགས་མཐར་བྱེད་དང་དེ་ཡི་ཕྱག་རྒྱ་རེངས་བྱེད་མ་སྟེ་གཤིན་རྗེ་གཤེད་ཀྱི་རིགས་གང་ཡིན་པའོ། །གཡས་སུ་ཞེས་པ་ལྷོའི་སྒོར་རྨུགས་བྱེད་ཤེས་རབ་མཐར་བྱེད་དང་ནི་དེའི་ཡུམ་ཁེངས་བྱེད་མའམ་ང་རྒྱལ་མར་

p. 328

འགྱུར་བ་ནི་པདྨ་མཐར་བྱེད་ཀྱི་རིགས་སོ། །ནོར་སྦྱིན་བྱང་དུ་ཡང་ཁེངས་བྱེད་པདྨ་མཐར་བྱེད་དང་ནི་དེའི་ཡུམ་རྨུགས་བྱེད་མ་ཤེས་རབ་མཐར་བྱེད་ཀྱི་རིགས་སོ། །ཆུ་རུ་སྟེ་ནུབ་ཏུ་རེངས་བྱེད་གཤིན་རྗེ་མཐར་བྱེད་དང་ནི་དེའི་ཕྱག་རྒྱ། མཐའ་ཡས་བརྩོན་འགྲུས་མའམ་རབ་བརྩོན་མར་འགྱུར་བ་བགེགས་མཐར་བྱེད་ཀྱི་རིགས་སོ། །སྒོ་སྐྱོང་བཞི་པོ་ཡབ་ཡུམ་དེ་རྣམས་སྒོ་བཞི་ཡི་དབུས་ན་གནས་པའི་པདྨ་དག་གི་ལྟེ་བ་ལ་གནས་པའོ། །དེ་ལྟར་ཐུགས་དཀྱིལ་གྱི་སྒོ་སྐྱོང་ཁྲོ་བོ་ཡབ་ཡུམ་སོ་སོར་དམ་ཡེ་རོ་མཉམ་པ་ནི་མངལ་དུ་སྐྱེ་བ་ཅན་གྱི་ལྟེ་བའི་འཁོར་ལོ་དང་སྙིང་གའི་པདྨ་ལའོ་ཞེས་པ་ནི་ངེས་པའོ། །འདིར་ལྟེ་བར་ཟླ་ཉི་སྒྲ་གཅན་དུས་མེ་བཞི་རོ་མཉམ་ཡང་ཟེར་ཏེ་ཕྱོགས་ཀྱི་སྒོ་བཞིའི་འདབ་མ་འདྲ་སྟེ་སྙིང་གའི་བཞི་ཁྲོ་བོ་དང་ལྟེ་བའི་བཞི་ཡུམ་གྱིའམ་དེ་ལས་བཟློག་ཏེ་སྦྱར་བའང་སྣང་ངོ་། །དེ་བཞིན་ཐུགས་དཀྱིལ་གྱི་ཁྲོ་བོའི་ཞར་ལས་བྱུང་བ་ཕྱི་རོལ་སྐུ་དཀྱིལ་གྱི་སྒོ་སྐྱོང་ནི། ཤར་དུ་དབྱུག་པ་སྔོན་པོ་དང་འོད་ཟེར་ཅན་རོ་མཉམ་པ་དང་། བྱང་དུ་མི་གཡོ་བ་ཞེས་པ་དང་ཁྲོ་གཉེར་ཅན་མ་དང་། ནུབ་ཏུ་བརྩོན་འགྲུས་མཐའ་ཡས་སམ་སྟོབས་པོ་ཆེ་དང་ལྕགས་སྒྲོག་མ་དང་། ལྷོར་འདོད་པ་ཡི་རྒྱལ་པོ་དང་ཙུན་དཱ་རྣམས་དམ་ཡེ་རོ་མཉམ་པ་སྟེ། དེ་རྣམས་རང་རང་གི་ཤིང་རྟ་ལ་གནས་ཤིང་བཤད་མ་ཐག་པ་ལྟར་ལྷ་དང་ནོར་སྦྱིན་དང་གཞན་ནུབ་དང་། ལྷོ༷་ཡི་སྒོ་ཡི་དབུས་སུ་སྟེ། གནོད་མཛེས་རྒྱལ་པོ་དང་དྲག་སྤྱན་མ་ནི་ས་ཡི་འོག་ཏུ་འགྱུར་ཞིང་། སྟེང་གི་ནམ་མཁའ་ལ་ནི། གཙུག་ཏོར་དང་ནི་ཤིན་ཏུ་སྔོན་མོ་ཉིད་དེ་རྣམས་སོ་སོར་དམ་ཡེ་རོ་མཉམ་དུ་བྱའོ། །སྟེང་འོག་གི་སྒོ་སྐྱོང་འདི་དག་བསྒོམ་པའི་ཚེ་དཀྱིལ་འཁོར་གྱི་སྟེང་དང་འོག་ཏུ་བསྒོམ་པ་ཡིན་ཡང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མཚན་མ་འགོད་པའི་ཚེ་ཤར་གྱི་སྒོ་ཡི་སྟེང་དུ་གཙུག་ཏོར་དང་། གཞན་

p. 329

ནུབ་སྒོའི་སྟེང་དུ་ཡང་ནི་གནོད་མཛེས་ཀྱི་མཚན་མ་ངེས་པར་འགྱུར་ཏེ། དེ་གཉིས་པོ་དག་གི་ཤིང་རྟ་ཡང་དེར་བྱའོ་ཞེས་པའོ། །དཀྱིལ་འཁོར་གྱི་སྒོ་རྣམས་ནང་དུ་ལུས་ལ། ཁ་དང་དབང་པོ་དང་བཤང་ལམ་དང་གཙུག་ཏོར་ནི་སྒོ་རྣམས་ཏེ་སྐབས་འདིར་དབང་པོ་ཞེས་པ་གཅི་བ་དང་ཁུ་བ་འབབ་པའི་ཆུ་ལམ་གྱི་སྒོའོ། །གཅིན་དང་ཁུ་བ་ཡི་ལམ་སོ་སོར་ཕྱེས་ན་སྒོ་ལྔའོ། །ཕྱི་རོལ་གྱི་སྐུ་དཀྱིལ་ལ་སྣ་དང་མིག་དང་ལྕེ་དང་ལུས་དང་རྣ་བ་སྟེ་དབང་པོའི་སྒོ་ལྔ་ནི་སྒོའོ། །སྒྲ་སྐྱེ་བ་སྤྱི་བོ་ལ་སོགས་པ་གནས་ལྔ་ནས་བརྗོད་པའི་དབང་གིས་གསུང་དཀྱིལ་ལ་སྒོ་ལྔའོ། །བྱིས་པའི་ལུས་ལ་དེ་དག་སྒོ་ཡིན་པ་བཞིན་དུ་དཀྱིལ་འཁོར་ལ་ཡང་སྒོ་སོ་སོར་ཡོད་པའོ། །དེ་ལྟར་རྣམ་གྲངས་ཀྱི་སྒོ་བཅོ་ལྔ་པོ་དེ་ལས་འོག་དང་སྟེང་དུ་སྒོ་གཞན་ལ་ཁྱབ་བྱེད་སྟོང་པའི་སྒོ་གསུམ་པོ་ནི། ཐུགས་ལ་ཁུ་བའི་སྒོ་དང་། སྐུ་ལ་ལུས་ཀྱི་སྒོ་དང་། གསུང་ལ་མགྲིན་པའི་གནས་ཀྱི་མཚན་ཉིད་སྒོ་གསུམ་པོ་སྤངས་ནས། ལྷག་མ་བཅུ་གཉིས་པོ་ནི་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་གསུམ་ལ་སྒོ་བཅུ་གཉིས་ཡིན་པར་འགྱུར་ཞིང་། དེ་ལྟར་ཉི་མའི་དུས་སྦྱོར་གྱི་དབྱེ་བས་སྒོ་བཅུ་གཉིས་དང་། ཟླ་བའི་ཆའི་དབྱེ་བས་སྒོ་བཅོ་ལྔ་སྟེ། བཅོ་ལྔ་བྱས་ན་སྒོ་གསུམ་ནི་དཀྱིལ་འཁོར་གྱི་སྟེང་ངམ་འོག་ཏུ་མཐོངས་ཁུང་ལ་བྱའོ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཆོས་རྣམ་པར་དག་པ་ཉིད་ཀྱིས་ཕྱེ་བའི་དཀྱིལ་འཁོར་དུའང་སྒོ་སོགས་སྟེ་ཕྱི་ནང་གི་དག་པ་སྦྱར་བའོ།། གསུང་དཀྱིལ་ཀྱི་རོ་མཉམ་ནས་བཞུགས་སྟབས་ཀྱི་བར་གསུང་ལས་སྐྱེས་པའི་དཀྱིལ་འཁོར་དུ་ནི་ཞེས་པ་ནས་རྡོ་རྗེ་གར་གྱི་སླད་དུའོ། །ཞེས་པའི་བར་གྱི་ཚིགས་བཅད་ཕྱེད་དང་བཅས་པ་དགུ་ནི་གོ་སླ་བར་མཛད་དེ་འགྲེལ་པས་བཤད་པ་མ་མཛད་མོད། འདིར་འབྲུ་གནོན་ཙམ་བྱས་ན། གསུང་ལས་སྐྱེས་པའི་དཀྱིལ་འཁོར་ལ་ནི་ནོར་

p. 330

གྱི་ཕྱོགས་ཏེ་ཕྱོགས་བརྒྱད་རྣམས་སུ་འབྱུང་པོ་ལས་སྐྱེས་གསུང་གི་རྣལ་འབྱོར་མ་རྣམས་ཀྱི་གདན་དུ་འགྱུར་བ་ནི། ཤར་དུ་ཙ་མུཎྚཱ་དང་དེའི་ཐབས་དབང་བོར་འགྱུར་ཏེ། རྩེ་མོ་ཅན་མེ་མཚམས་ཉིད་དུ་ཁྱབ་འཇུག་མ་དང་རིག་བྱེད་གདོང་ཚངས་པའོ། །གཤིན་རྗེར་ཕག་མོ་དང་དྲག་པོར་འགྱུར་ཏེ། ལྷ་མིན་བདག་པོར་གདོང་དྲུག་མ་དང་བགེགས་ཀྱི་མགོན་པོ་ཚོགས་ཀྱི་བདག་པོའོ། །ནུབ་ཏུ་དབང་མོ་དང་བདེན་བྲལ་དུ་འགྱུར་རླུང་དུ་ངེས་པར་དུས་ཀྱི་སྟེ་བཞི་ཡི་གདོང་མ་ཚངས་པ་མོ་དང་ནི་ཁྱབ་འཇུག་ཉིད་དོ། །གནོད་སྦྱིན་དུ་ནི་དྲག་མོ་དང་གཤིན་རྗེར་འགྱུར་ཏེ། ཕྱུགས་ཀྱི་བདག་པོར་ཞེས་དབང་ལྡན་ཕྱོགས་སུ། དཔལ་མོ་ཉིད་དང་དེའི་ཡབ་གཞོན་ནུ་གདོང་དྲུག་པ་སྟེ་དེ་རྣམས་སོ་སོར་དམ་ཡེ་རོ་མཉམ་པའོ། །དེའི་ཕྱི་རོལ་སྐུ་དཀྱིལ་གྱི་ནི་དབང་པོའི་སྒོ་ཡི་སྟེ་ཤར་སྒོའི་གཡས་སུ་ལྷ་མིན་བདག་པོ་སྲིན་པོ་དང་དེ་ཡི་ཕྱག་རྒྱ་སྲིན་མོར་འགྱུར། མེར་ནི་རླུང་ལྷ་དང་རབ་གཏུམ་མ་སྟེ། མེ་ལྷ་དང་ཆུ་ལྷ་མོ་ཡང་ལྷོ༷་ཡི་སྒོ་ཡི་གཡས་སུའོ། །ལྷ་མིན་བདག་པོར་ཏེ་བདེན་བྲལ་དུ་དཔལ་ལྡན་གདོང་དྲུག་པ་དང་དཔལ་མོར་འགྱུར་ཏེ། ནུབ་ཏུ་དབང་པོ་དང་རླུང་ལྷ་མོའོ། །རླུང་དུ་ཚངས་པ་དང་ནི་གློག་མར་འགྱུར་ཏེ་ནོར་སྦྱིན་བྱང་དུ་ཡང་ཆུ་ལྷ་རྒྱ་མཚོ་དང་ནི་ཕག་མོའོ། །དབང་ལྡན་དུ་ནི་ཚོགས་ཀྱི་དབང་པོ་གཞོན་ནུ་མ་སྟེ་ནོར་སྦྱིན་བྱང་དང་གཤིན་རྗེ་ལྷོ་ཡི་སྒོ་ཡི་གཡོན་གྱི་ཆར་རིམ་བཞིན་དྲག་པོ་དང་དུས་ཏེ་ཞེས་པ་སེམས་ཅན་རྣམས་དུས་མཐར་བྱེད་པས་གཤིན་རྗེའོ། །དེ་བཞིན་དུ་ཁྱབ་འཇུག་དང་ནི་ནོར་སྦྱིན་ནོར་ལྷ་ཞེས་པ་རིམ་བཞིན་ལྷ་སྟེ་ཤར་དང་ནུབ་ཀྱི་སྒོ་ཡི་གཡོན་དུའོ། །ལྷོ་ཞེས་པ་དཔེ་མ་དག་པའོ། །དྲག་པོ་ལ་སོགས་པ་བཞི་པོ་དེ་དག་རྣམས་ཀྱི་ཕྱག་རྒྱར་རབ་གྲགས་རིམ་བཞིན་རི་སྲས་མ་དང་གཤིན་རྗེ་མ་དང་། དཔལ་མོ་དང་།

p. 331

ནོར་གྱི་དབང་མོར་འགྱུར་ཏེ་སོ་སོར་རོ་མཉམ་པའོ། །སྐུ་དཀྱིལ་གཞལ་ཡས་ཁང་གི་ཕྱི་རོལ་དུ་ནི། ལྷ་སྟེ་ཤར་དང་དེ་བཞིན་གཤིན་རྗེ་དང་ནོར་སྦྱིན་དང་ནུབ་ཀྱི་ཕྱོགས་ཀྱི་རྩིག་འགྲམ་གྱི་ཁ་ཁྱེར་རམ་ཕྱིའི་སྟེགས་བུ་དག་ལ་ཀླུ་རྣམས་མཐའ་དག་སྟེ། ཤར་ཕྱོགས་སུ་པདྨ་དང་ནི་སྟོབས་ཀྱི་རྒྱུ་དག་གཡོ་བའི་སྟེ་རླུང་གི་དཀྱིལ་འཁོར་ལ་གནས་པ་དང་ལྷོར་ནོར་རྒྱས་བུ་དང་དུང་སྐྱོང་ནི་མེ་དཀྱིལ་ལ་གནས་པ་དག་སྟེ། བྱང་དུ་ཆུ་ཡི་དཀྱིལ་འཁོར་གྱི་སྟེང་དུ་རིགས་ལྡན་དང་མཐའ་ཡས་ཀླུར་ནི་རབ་ཏུ་གྲགས་པར་འགྱུར་ཞིང་དེ་བཞིན་ནུབ་ཏུ་ས་ཡི་དཀྱིལ་འཁོར་ལ་གནས་པ་རིགས་ཀྱི་དབང་གིས་འཇོག་པོ་དང་ནི་པདྨ་ཆེན་པོར་འགྱུར། ཀླུ་དེ་རྣམས་ཀྱི་ཤེས་རབ་མ་ནི་རབ་གཏུམ་མ་རྣམས་ཡིན་ལ་དེ་དག་དུར་ཁྲོད་ཀྱི་ས་ལ་གནས་པ་ཁྱི་གདོང་མལ་སོགས་པ་སྟེ། རབ་གཏུམ་མ་དེ་རྣམས་ཀྱི་ཐབས་ནི་ཀླུ་པདྨ་ལ་སོགས་པ་སྟེ། དེ་ཡང་ས་རླུང་ཐབས་ཤེས་དང་མེ་ཆུ་ཐབས་ཤེས་ལྟ་བུ་གཞན་གྱི་རིགས་ཀྱི་ཐབས་ཤེས་འཁྱུད་པའི་དབང་གིས་བདེ་བ་དམ་པའི་དོན་དུ་འགྱུར་ཏེ། དམ་པའི་བདེ་བ་བསྐྱེད་དོ་ཞེས་སོ། །ཕྱི་རོལ་དུ་དུར་ཁྲོད་ལ་ནི། ཤར་གྱི་འཁོར་ལོར་མདུང་གི་རྩེ་མོས་འབི༷གས་པའི་དུར་ཁྲོད་དུ་ནི་གཡོ་བའི་དཀྱིལ་འཁོར་གྱི་གཞི་ལ་གནས་པའི་ཁྱི༷་གདོང་མའོ། །གཤིན་རྗེ་ལྷོ༷་དག་ཏུ་ངེས་པར་རོ་ནི་བསྲེགས་པ་ཞེས་པའི་དུར་ཁྲོད་གང་ཡིན་པར་ཕག་གི་གདོང་མའོ། །བྱང་དུ་རུལ་བ་དང་བཅས་པ་ཞེས་པའི་དུར་ཁྲོད་གང་ཡིན་པར་སྟག་གདོང་མ་སྟེ། ཆུ་རུ་ཞེས་ནུབ་ཏུ། དུར་ཁྲོད་རྣག་གི་དྲིར་ནི་དེ་བཞིན་ཉིད་དུ་ཅེ་སྤྱང་དག་གི་གདོང་མར་འགྱུར་རོ། །མེ་དང་ལྷ་མིན་བདག་པོར་རིམ་བཞིན་ལྷག་མ་ཟ་བའི་དུར་ཁྲོད་དང་ནི། མི་བཟད་གཡུལ་གྱི་དུར་ཁྲོད་དུ། རིམ་བཞིན་བྱ་རོག་

p. 332

གདོང་མ་དང་བྱ་རྒོད་གདོང་མ་བཅས་དང་། རླུང་དུ་སྦྲུལ་གྱིས་ཟོས་པ་ཞེས་པའི་དུར་ཁྲོད་གང་ཡིན་པར་མཁའ་འགྲོའི་བདག་པོའི་ཞེས་མཁའ་ལྡིང་གདོང་མ་དང་དབང་ལྡན་དུ་ཡང་དུར་ཁྲོད་ཀྱི་མིང་བྱིས་པ་ཤི་བར་ནི། གདན་གྱི་འཁོར་ལོ་ལ་གནས་འུག་གདོང་མ་སྟེ་དེ་རྣམས་སོ་སོར་དམ་ཡེ་རོ་མཉམ་པར་བྱ་ཞིང་། ཕྱི་རོལ་ཏུ་ས་ཡི་དཀྱིལ་འཁོར་ལ་གནས་པ་བྱང་ཤར་དུ་ཟླ་བ་ཉ་གང་བ་འཆར་བཞིན་པ་དང་། ལྷོ་ནུབ་ཏུ་ཉི་མ་ནུབ་བཞིན་པ་དག་ཀྱང་རོ་མཉམ་པ་བསྒོམ་པར་བྱའོ། །དེ་ནས་ལྷ་རྣམས་འདུག་སྟངས་གང་གིས་བཞུགས་པ་དང་། འདུག་སྟངས་ཀྱི་མཚན་ཉིད་གསུངས་པ། གཡོན་བརྐྱང་བ་ཡི་འདུག་སྟངས་ནི་ཡུམ་གྱིར་ཞེས་སྣ་ཚོགས་ཡུམ་གྱི་བཞུགས་སྟངས་སུ་འགྱུར་ཏེ། མཉམ་པའི་སྟབས་ནི་འདབ་མ་བརྒྱད་པོ་དག་གི་སྟེང་དུ་བཞུགས་པ་ནག་མོ་འབར་མ་སོགས་ལྷ་མོའི་ཚོགས་ཀྱིའོ། ཁྲོ་མོ་བཅུ་དང་། གསུང་དཀྱིལ་གྱི་རྣལ་འབྱོར་མ་ནོར་གྱི་ཞེས་བརྒྱད་ཀྱི་ཚོགས་དག་གི་བཞུགས་སྟངས་ནི་རིམ་བཞིན་གཡོན་བརྐྱང་དང་ས་ག་ཡི་འདུག་སྟངས་ཏེ། ཁྲོ་མོ་བཅུ་གཡོན་བརྐྱང་དང་རྣལ་འབྱོར་མ་བརྒྱད་ས་གའི་སྟབས་ཀྱིས་སོ། །དུར་ཁྲོད་ཀྱི་ལྷ་མིན་མོ་གཏུམ་མོ་རྣམས་ཀྱི་ཡང་། ཟླུམ་པོ་ཡི་འདུག་སྟངས་གང་ཡིན་པའོ། །གཡོན་བརྐྱང་དག་ལ་གནས་པ་ཡུམ་རྣམས་ཀྱི་སྙོམས་པར་འཇུག་པ་ཐབས་ཡབ་རྣམས་ནི་གཡས་བརྐྱང་བའི་སྟབས་སུ་ངེས་པར་འགྱུར་བ་སྟེ། ཡུམ་ས་ག་ཡི་འདུག་སྟངས་ཅན་ལ་ནི། ཡབ་ཀྱང་ས་ག་ཉིད་ཅེས་བྱ་བར་འགྱུར་ཞིང་། དེ་བཞིན་ངེས་པར་ཡུམ་ཟླུམ་པོ་ཡི་འདུག་སྟངས་ཅན་ལ་ཡང་ཡབ་ཀྱང་ཟླུམ་པོ་ཡི་འདུག་སྟངས་ཡིན་པའོ། །དཀྱིལ་འཁོར་དུ་ཡང་བཤད་མ་ཐག་པའི་འདུག་སྟངས་ཅན་དེ་རྣམས་མ་གཏོགས་པའི་ལྷག་མའི་དཀྱིལ་འཁོར་གྱི་ལྷ་སངས་རྒྱས་དང་བྱང་སེམས་རྣམས་

p. 333

ནི་རབ་ཏུ་གསལ་ཞིང་ངེས་པར་རྡོ་རྗེ་གདན་གྱིས་བཞུགས་པའམ་གནས་པ་སྟེ། རང་གི་རིགས་ཀྱི་ཕྱོགས་ན་གནས་པ་ལྷ་མོ་རྣམས་ནི། རང་རང་གི་གདན་པདྨ་དང་ཟླ་བའི་སྟེང་དུ་པདྨའི་གདན་གྱིས་བཞུགས་པའམ་གནས་པའམ། ཀླུ་ཆེན་པདྨ་ལ་སོགས་པ་གདེངས་ཅན་གྱི་རིགས་དང་བཅས་པ་དང་། བདེན་བྲལ་ལ་སོགས་པ་རང་རང་གི་ཕྱོགས་ཀྱི་བཞོན་པར་གནས་པའི་སྐུ་ཡི་ལྷ་ཆེན་བཅུ་གཉིས་རྣམས་རྡོ་རྗེ་གདན་གྱིས་གནས་ཤིང་། ལྷ་ཆེན་བཅུ་གཉིས་པོ་རྣམས་ཀྱི་པདྨའི་འདབ་མར་གནས་པའི་ལྷ་མོ་རྣམས་ནི་རོལ་པའི་སྟབས་སུ་བཞུགས་ཏེ་འབྱུང་པོ་ལས་སྐྱེས་པ་གསུང་དཀྱིལ་གྱི་རྣལ་འབྱོར་མ་བརྒྱད་ཀྱི་པདྨའི་འདབ་མའི་ལྷ་མོ་དྲུག་ཅུ་རྩ་བཞི་རྣམས་ཀྱི་སྟབས་ཀྱང་དེ་བཞིན་ཉིད་དེ་རོལ་བའི་སྟབས་ཅན་ཡིན་ནོ། །དེ་ལྟར་ལྷ་རྣམས་ཀྱི་བཞུགས་སྟངས་བཤད་ནས། རྐང་པའི་འདུག་སྟངས་སམ། སྟངས་སྟབས་དེ་དག་ཇི་ལྟ་བུ་ཡིན་པ་གསུངས་པ། རྐང་པ་གཡས་པ་དྲང་པོར་མི་བྱ་བར་པུས་མོའི་ཚིགས་ཅུང་ཞིག་བསྐུམ་པ་དག་ཀྱང་ས་གཞི་ལ་ནི་རྐང་པའི་མཐིལ་ངེས་པར་བཀོད་ཅིང་འགྱིང་བ་དང་བཅས་ཤིང་། རྐང་པ་གཡོན་པ་དྲང་པོར་བརྐྱང་བ་དག་བྱས་ཏེ། རྐང་པ་དེ་གཉིས་ཀྱི་གཡས་པའི་པུས་མོའི་ཚིགས་གི་ཐད་ནས་གཡོན་པའི་བར་དུ་ཕྱེད་དང་བཅས་པའི་ཁྲུ་གཉིས་ཡོད་པ་སྟེ། རྐང་སོར་རྣམས་ཀྱི་རྩེ་མོ་ནས་སོར་རྩེ་བར་མཐོ་ལྔ་ཡོད་པར་བྱས་པ་གང་ཞིག་ཀྱེ་མི་ཡི་བདག་པོ་དེ་ནི་གཡོན་པ་བརྐྱང་བའི་སྟབས་སུ་འགྱུར་ཏེ།དེ་བཞིན་གཡས་བརྐྱངས་ཤིང་གཡོན་པ་བསྐུམ་པའི་སྦྱོར་བ་ཡིས་ནི་གཡས་བརྐྱང་དུ་འགྱུར་རོ། །རྐང་པ་ཟུང་ནི་དྲང་པོར་མཉམ་པ་དག་ཏུ་གཤིབ་ནས་སོར་མོའི་རྩེ་རྣམས་མདུན་དུ་བསྟན་པ་དག་ཀྱང་། མཉམ་པའི་སྟབས་ཡིན་ནོ། །

p. 334

ནམ་མཁའ་དང་ང་གི་ཡོན་ཏན་དབང་གིས་པུས་མོ་ཟུང་ནི་དྲང་པོར་རབ་ཏུ་བརྐྱང་བ་དག་ལས་ས་ག་ཡི་འདུག་སྟངས་དང་ནི་ཟླུམ་པོར་འགྱུར་ཏེ། ཇི་ལྟ་བུར་བྱ་ཞེ་ན་རྐང་སོར་གྱི་རྩེ་ལོགས་སུ་བསྟན་པའི་རྐང་པའི་བར་གྱི་རྒྱར་སོར་ཉེར་དྲུག་བྱས་པ་ས་ག་ཡི་སྟབས་དང་། དེ་ཉིད་ལས་པུས་མོའི་བར་དུ་ཁྲུ་དོ་བར་བྱས་ནས། པུས་མོ་གཉིས་ངང་པའི་གཤོག་པ་ལྟར་བྱས་པ་ཟླུམ་པོར་འགྱུར་རོ། །རྐང་པ་གཡས་པ་བརྐྱང་བའི་པུས་མོ་ཅུང་ཟད་བསྐུམས་ཞིང་། གཡོན་པས་སེམས་དཔའི་འདུག་སྟངས་ལྟར་ཅུང་ཟད་པུས་མོ་ཕྱེད་ནི་འཁྱོག་ཅིང་འགྱིང་བག་དང་བཅས་པ་རོལ་པར་འགྱུར་ཏེ་ལྷག་མ་རྡོ་རྗེའི་གདན་ལ་སོགས་དག་ནི་གཞན་ལས་རབ་ཏུ་གྲགས་པ་ཉིད་དོ། །པདྨའི་གདན་ནི་རྐང་པ་ཅུང་ཟད་བརྐྱངས་བའི་བྱིན་པ་གཡས་སྟེང་གཡོན་པ་བཞག་སྟེ་པུས་མོ་གཉིས་སྨད་པར་ཨ་བྷ་ཡས་བཤད། ཡང་ན་རྐང་པའི་མཁྲིག་མ་བསྣོར་ནས་པུས་མོ་གཉིས་ངང་པའི་གཤོག་པ་ལྟར་ཟླུམ་པོར་བརྐྱང་བར་བྱའོ། །སྤྱིར་རྡོ་རྗེ་དང་པདྨའི་གདན་མ་གཏོགས་མཉམ་པ་དང་བརྐྱང་བསྐུམ་དང་ས་ག་ཟླུམ་པོ་རོལ་པ་འདི་རྣམས་བཞེངས་བཞུགས་གཉིས་ཀར་བཞུགས་སྟངས་འདི་རྣམས་སྦྱར་ཆོག་མོད་ནུས་མ་རྣམས་མཉམ་པའི་སྟབས་སུ་བཞེངས་པ་དང་། གཙོ་བོ་ཡབ་ཡུམ་དང་ཁྲོ་བཅུ་ཡབ་ཡུམ་རྣམས་བརྐྱང་བསྐུམ་གྱི་སྟངས་ཅན་ཡིན་ལ། འདི་ལའང་སྤྱིར་གར་སྟབས་དང་དོར་ཐབས་གཉིས་ལས། སྐབས་འདིར་ཕྱི་མ་དོར་སྟབས་ཡིན་པས་ཞབས་ཀྱི་མཐིལ་གཉིས་ཀ་གདན་ལ་རེག་པས་སྦྱོར་བ་ཡིན་ནོ། །བཞུགས་པའི་རོལ་སྟབས་ནི་གཡས་བརྐྱང་རྒྱལ་པོ་རོལ་པ་དང་། གཡོན་བརྐྱང་བཙུན་མོ་རོལ་སྟབས་ཞེས་གཞན་དུ་གྲགས་ཤིང་། རྡོ་རྗེའི་སྐྱིལ་ཀྲུང་དང་པདྨའི་སྐྱིལ་ཀྲུང་ཕྱེད་སྐྱིལ་རོལ་སྟབས་སོགས་ཞིབ་ཏུ་དབྱེ་སྒོ་ཕྲ་མོ་མང་མོད་འདིར་མ་སྤྲོས་སོ། །སླར་ཡང་རྣལ་འབྱོར་པ་

p. 335

ཡིས་སྟངས་དང་སྟབས་ཀྱི་བྱེ་བྲག་གར་གྱི་བསྟན་ཆོས་བྷ་ར་ཏ་ལས་ཤེས་པར་བྱ་སྟེ་བསམ་པས་འགྱུར་བའི་ལྟ་སྟངས་སོ་དྲུག་དང་། གར་གྱི་ཉམས་བརྒྱད། བྱེད་པ་བརྒྱ་རྩ་བརྒྱད། ལུས་བསྒྱུར་སོ་གཉིས་དབྱུང་བ་བཞི་ལ་སོགས་པར་གྲགས་པ་རྣམས་སོ། །གར་གྱི་བསྟན་བཅོས་བསླབ་པ་དེ་ནི། རྡོ་རྗེ་གར་གྱི་བྱ་བ་བྱེད་པའི་སླད་དུའོ། །དེ་ནས་ལྷ་རྣམས་ལ་རིགས་ཀྱི་བདག་པོས་རྒྱས་གདབ་པ་གསུངས་པ། འདིར་མཆོག་གི་དང་པོའི་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་དབུ་ཡི་ཅོད་པན་དག་ལ་རྒྱལ་བ་རིགས་དྲུག་གི་རྒྱས་འདེབས་པའི་ཚུལ་ནི་འདི་ལྟར་ཕན་ཚུན་དུ་རྣམ་ཤེས་ཡེ་ཤེས་དབྱེར་མེད་པ་རྡོ་རྗེ་ཡི་ནི་རིགས་ལ་རྒྱས་འདེབས་པ་པོ་ཡང་རྡོ་རྗེར་འགྱུར་ཏེ་དེ་ཅིའི་ཕྱིར་ན་རྣམ་ཤེས་ཡེ་ཤེས་ཕན་ཚུན་ཡང་དག་པར་སྦྱོར་བའི་ཕྱིར་ཏེ། དེས་ན་ཡེ་ཤེས་ཀྱིས་རྣམ་པར་ཤེས་པ་ལ་རྒྱས་གདབ་པ་དང་། རྣམ་པར་ཤེས་པས་ཡེ་ཤེས་ལ་རྒྱས་གདབ་པ་སྟེ། རྣམ་ཤེས་དང་ཡེ་ཤེས་ཀྱི་ལྷ་གཉིས་ཀའོ། །གཙོ་བོ་ཡབ་ཡུམ་གཉིས་ཀའི་སྤྱི་བོ་ལ། ཐུགས་རྡོ་རྗེ་སྤྲུལ་སྐུའི་རྣམ་པ་ཆོས་གོས་དང་གཙུག་ཏོར་ཅན། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་ས་ལ་རེག་པ་ཞེས་ས་གནོན་གྱི་ཕྱག་རྒྱ་ཅན་གྱིས་རྒྱས་བཏབ་པ་ནི་དེ་བཞིན་གཤེགས་པའི་རིགས་སུ་དབུགས་དབྱུང་བའམ་མགོན་དང་བདག་པོར་མཛད་པའོ། །དེ་ནི་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གཉིས་ཀར་རྡོར་སེམས་ཀྱིས་རྒྱས་བཏབ་པ་བཞིན་ནོ། །འོ་ན་ཐུགས་རྡོ་རྗེ་མི་བསྐྱོད་པ་ལ་གང་གིས་རྒྱས་གདབ་ཅེ་ན། ངོ་བོ་ཉིད་ཀྱི་རིགས་མི་བསྐྱོད་པ་ལ་སྐབས་འདིར་རིགས་ལྔ་གཞན་གྱིས་རྒྱས་གདབ་པ་མེད་དེ་སངས་རྒྱས་རྣམས་ཀྱི་སྐྱེད་པར་བྱེད་པ་པོ་ཡིན་པའི་ཕྱིར་རོ། །ཡང་ན་རང་གི་ངོ་བོ་ཉིད་ལ་རང་གི་ངོ་བོ་ཉིད་ཀྱིས་རྒྱས་གདབ་པ་རྒྱུད་འདིའི་ལུགས་ལ་མེད་དེ་རང་གིས་རང་ལ་བྱ་བ་འགལ་

p. 336

བའི་ཕྱིར་རོ། །ཞེས་སུའང་བཤད་པ་སྣང་། འོ་ན་གཙོ་བོ་ལ་མི་བསྐྱོད་པའི་ཅོད་པན་བྱེད་པའང་མི་འཐད་དོ་སྙམ་ན། དེ་ནི་དེའི་བདག་ཉིད་དུ་མཚོན་པར་བྱེད་པའི་ཅོད་པན་ཡིན་གྱི། རྒྱས་འདེབས་ཀྱི་ཅོད་པན་མིན་ནོ་ཞེས་སྔ་མ་དག་ཟེར་ཀྱང་བརྟག །ཡང་ན་ཞེས་ངོ་བོ་ཉིད་ཀྱི་རིགས་ཀྱི་བདག་པོ་ལ་རྒྱས་འདེབས་མེད་པར་བཤད་ཀྱང་སྐབས་འགའ་ཞིག་ཏུ་དམིགས་བསལ་བ། ཡེ་ཤེས་དང་རྣམ་ཤེས་ཀྱི་རིགས་ཅན་གཙོ་བོ་ཡབ་ཡུམ་གྱི་ཆོས་ཀྱིས་ཀྱང་སངས་རྒྱས་ལྔ་རྣམས་ཀྱི་ཅོད་པན་ནི་སྐབས་རེས་འགའ་ན་ཡོད་དེ། དབང་བསྐུར་བའི་དུས་སུ་མེ་ཏོག་གང་ལ་ཕོག་པའི་ལྷ་གཙོ་བོར་བྱས་ཏེ་རིགས་ལྔས་དབང་བསྐུར་བ་བཞིན་ནོ། །གཟུགས་ཀྱི་རིགས་ཅན་རྣམ་སྣང་གི་སྟེང་དུ་མི་བསྐྱོད་པ་སྟེ་སྐུའི་རྣམ་པ་ལ་ཐུགས་ཀྱིས་རྒྱས་བཏབ་པའོ། །དེ་བཞིན་དུ་གསལ་བར་གསུང་སྣང་མཐའ་པདྨ་འཛིན་པའི་ཅོད་པན་ནི་རྣམ་པར་སྣང་མཛད་ཉིད་དུ་འགྱུར་ཏེ། ལུས་ཀྱི་གནས་ལྔ་ལས་གསུང་སོ་སོར་བརྗོད་པའི་རྟེན་དང་བརྟེན་པའི་དབང་གིས་སོ། །རིན་ཆེན་དབང་པོའི་ཆུ་སྐྱེས་འཛིན་པ་སྣང་མཐའི་སྟེ་རིན་འབྱུང་རྡུལ་གྱི་ཆོས་ཅན་འོད་དཔག་མེད་གཤེར་བའི་ཁམས་ལས་བྱུང་བའི་ཕྱིར་དང་། དོན་ཡོད་གྲུབ་པའི་ཅོད་པན་ལ་ནི་རབ་མཆོག་ནོར་བུའི་ཕྱག་སྟེ་རིན་འབྱུང་བྱེད་པ་ནི་རིན་འབྱུང་ཁྲག་ལས་དོན་གྲུབ་ཤའི་ཁམས་བྱུང་བའི་ཕྱིར་རོ། །དེ་ལྟར་བདེ་གཤེགས་དྲུག་གི་ཅོད་པན་རལ་བ་ལ་འཛིན་པ་ཞེས་བྱར་འགྱུར་ཏེ། མུ་སྟེགས་པ་རྣམས་གཞུག་པའི་སླད་དུ་ཡོན་ཏན་དབང་གིས་དབང་ཕྱུག་གི་ཞལ་རྣམ་པར་དག་པས་དྲུག་གམ། ཚངས་པའི་སྟེང་ཞལ་བཅས་རྣམ་པར་དག་པས་ཅོད་པན་ལྔ་ནི་རལ་བའི་ཅོད་པན་འཛིན་པའོ། །འདིར་དབང་ཕྱུག་གི་ཞལ་དྲུག་ནི་དེ་མ་ཐག་པ་རྣམ་པར་སྣང་མཛད་དང་པོ་དང་། གཡོན་གྱི་ལྷ་སྣང་བ་མཐའ་ཡས་དང་། མི་འཇིགས་པ་རིན་ཆེན་འབྱུང་

p. 337

ལྡན་དང་། བཞི་པ་དེའི་སྐྱེས་བུ་ཞེས་དོན་ཡོད་གྲུབ་པ་དང་དབང་ལྡན་ཏེ་མི་བསྐྱོད་པ་དང་། དྲུག་པ་དུས་ཀྱི་མེ་སྟེ་རྡོ་རྗེ་སེམས་དཔའ་རྣམས་ནི་རིམ་བཞིན་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་རང་བཞིན་གྱི་ཐ་མལ་པའི་ཕུང་པོའི་རོལ་པ་རྣམས་ལ། དག་པའི་ཕུང་པོ་རྒྱལ་བ་རིགས་དྲུག་པོ། གཙུག་ཏོར་དང་ཆོས་གོས་ཅན་མཆོག་གི་སྤྲུལ་སྐུའི་ཆ་བྱད་ལྡན་པ་རྣམས་ཀྱིས་རྒྱས་འདེབས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་དྲུག་ནི་རལ་པའི་ཅོད་པན་ཅན་ཞེས་བྱའོ། །ལྷག་མའི་འཁོར་ལོ་ཡི་ལྷ་དང་ལྷ་མོ་རྣམས་ཀྱི་ཅོད་པན་ཡང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རང་བཞིན་ལ། རང་རང་གི་རིགས་ཀྱི་ལྷ་གཞན་དག་གིས་རྒྱས་གདབ་པ་སྟེ་འཆད་འགྱུར་བཞིན་ནོ། །གང་ཞིག་གང་གིས་བསྐྱེད་པ་དེ་ནི་དེས་རྒྱས་གདབ་བོ། །འདིར་ལྷ་བསྐྱེད་པའི་མཚན་མ་གསུང་པ་ནི་ས་ལས་འཁོར་ལོ་སོགས་ཏེ། ནང་ལེར་གནས་པ་བཅུ་གཅིག་པར་ཁམས་རྣམས་ལས་ལྷའི་མཚན་མ་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པ་ཞེས་པ་དེ་རྩ་རྒྱུད་ན་ནང་ལེར་གསུངས་ཀྱང་བསྡུས་རྒྱུད་འདིར་སྒྲུབ་ཐབས་ལེའུ་འདིར་གསུངས་པ་ནི། འདིར་སའི་ས་བོན་ལྀ་ཡིག་ལས་འཁོར་ལོ་རབ་ཏུ་སྐྱེ་བར་འགྱུར་ཏེ། དེ་བཞིན་ཆུ་ཡི་ས་བོན་ཨུ་ལས་པདྨ་དང་ནི། མེ་ཡི་ཡི་གེ་རྀ་ལས་ནོར་བུའོ། །རླུང་སྟེ་ཨི་ལས་རལ་གྲི༷་དང་ནི། །སྟོང་པ་ཨ་ཡིག་དག་ལས་རྡོ་རྗེར་འགྱུར་ཏེ། །འགྱུར་མེད་ཡེ་ཤེས་ཨཾ་ཡིག་ལས་ནི་གྲི༷་གུག་གོ། དེ་བཞིན་དུ་ཡུལ་དྲུག་གི་མཚན་མ་ནི། ལཱྀ་ལས་གོས་དང་ཨཱུ་ལས་བདུད་རྩིའི་སྣོད་དུ་འགྱུར་ཏེ། རཱྀ་ལས་ངེས་པར་མེ་ལོང་དང་བཅས། ཨཱི་ཡིག་ལས་དྲི་ཡི་ཕྲེང་བའམ་སྦྱར་བ་དང་ནི་ཞེས་དང་། རྩ་བར་ཕྲེང་བ་གསུངས་པ་དྲི་ཡི་དོན་ཡིན་དགོས་ལ་ཡིག་ནོར་རམ་དྲི་རྒྱུད་མར་འབྱུང་བ་སོགས་དོན་ཅི་ཡིན་བརྟག་ཨཱ་ཡིག་ལས་རྒྱུད་མངས་དང་། ཨཿ ཡིག་ལས་དྲུག་པ་

p. 338

ཆོས་འབྱུང་སྟེ་དེ་དག་ངེས་པར་དེ་ལྟར་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའ་དང་། ཞི་བ་ཡེ་ཤེས་ཀྱི་ཁམས་ཀྱི་ས་བོན་དག་ལས་སོ། །དེ་བཞིན་དུ་ཨལ་ལས་ཕུབ་དང་ཨོ་ལས་མདུང་དང་། ཨར་ལས་མདའ་དང་། ཨེ་ལས་དགྲ་སྟ་དང་ནི། ཨ་ལས་ཌ་མ་རུ་དག་ཡིན་ལ་ཡོན་ཏན་གྱི་དབྱེ་བས་མཚན་མ་ལྔ་སྟེ། དེ་བཞིན་དུ། ཨཱ་ལ་ལས་དབྱུག་པ་ཨཽ་ལས་ཞགས་པ། ཨཱར་ལས་ལྕགས་ཀྱུ་དག་དང་ངེས་པར་དེ་བཞིན་ཨཻ་ལས་ཐོ་བ་དང་ནི་ཨཱ་ཡིག་ལས་རྩེ་གསུམ་དག་ཏུ་འགྱུར་ཏེ་འཕེལ་བའི་དབྱངས་ཀྱི་མཚན་མ་ལྔའོ། །དེ་བཞིན་དུ། ལ་ལས་གཞུ་དང་ཝ་ལས་ཨུཏྤ་ལ་དང་། སླར་ཡང་དེ་བཞིན་ར་ཡིག་ལས་མགོ་བོ་དང་ནི། ཡ་ཡིག་ལས་ཁ་ཏྲཱ༷ཾ་ག་དང་། ཧ་ཡིག་ལས་དྲིལ་བུ་དང་། དེ་བཞིན་དུ། ལཱ་ལས་ལྕགས་སྒྲོ༷ག་དང་ལ་སོགས་པ་སྟེ། ཝཱ་ལས་ཆུན་རྒྱུ་བ་དུང་དང་། རཱ་ལས་ཐོད་པ་དང་། ཡཱ་ལས་སྟག་གི་པགས་པ་དང་ནི་ཧཱ་ཡིག་ལས་གླང་པོའི་པགས་པ་སྟེ། ཡ་ཎར་འགྱུར་བ་རིང་པོ་རྣམས་ལས་སོ། །དེ་ལྟར་མཚན་མ་སུམ་ཅུ་རྩ་གཉིས་ཀྱི་དབྱངས་ཀྱི་ངེས་པའོ། །འདིར་ནི་མཚན་མ་དེ་རྣམས་ཀྱི་ལྷག་མ་མཚན་མ་དེ་རྣམས་ཀྱི་རིགས་ལས་བྱུང་བའི་ཉེ་བའི་མཚན་མ་གང་ཞིག་ལྀ་ལ་སོགས་པ་ས་དང་ཆུ་དང་བསྲེག་ཟ་དང་། རླུང་དང་ནམ་མཁའ་ལས་སྐྱེས་པ་དེ་དག་རང་རང་གི་རང་བཞིན་ཡོན་ཏན་དབང་གིས་དེ་ལྟར་ཤེས་པར་བྱ་བ་ཉིད་དེ་མཚན་མ་དེ་རྣམས་གསུང་དང་སྐུ་དང་དུར་ཁྲོད་ན་གནས་པའི་ལྷ་དང་ལྷ་མོ་རྣམས་ཀྱིའོ། །གང་ཞིག་ལྀ༷་ལ་སོགས་པ་སུམ་ཅུའི་དབྱངས་ནི་ས་དང་ཆུ་དང་བསྲེག་ཟ་དང་རླུང་དང་ནམ་མཁའ་ལས་སྐྱེས་པ། ཐུང་ངུ་དང་རིང་པོའི་རབ་དབྱེ་རྣམས་ཀྱིས། རིམ་པར་ཡོངས་སུ་བཀོད་པ ། ངེས་པར་པདྨ་ལ་གནས་པའི་ཟླ་བ་དང་ཉི་མའི་གདན་ལ་གནས་པ་དེ་དག་མཐའ་དག་གི་ལྷ་

p. 339

རྣམས་ཀྱི་ཕྱག་ན་བསྣམས་པའི་འཁོར་ལོ་ལ་སོགས་མཚན་མ་རྣམས་ཀྱི་རང་རང་གི་སྔགས་སོ། །གང་ཞིག་ལྔ་པོ་དེར་མ་འདུས་པའི་ངེས་པ་ཁོ་ནར་མཚན་མ་དྲུག་པར་གྱུར་པ་ཆོས་འབྱུང་དང་གྲི་གུག་དེར་ནི་ཡེ་ཤེས་ཀྱི་ཡོན་ཏན་དབང་གིས་གཡས་གཡོན་གྱི་གཞོམ་དུ་མེད་པར་འགྱུར་ཞེས་པ། གཞོམ་མེད་ཐིག་ལེ་དང་རྣམ་བཅད་གཉིས་དང་འབྲེལ་བའི་ཨ་ཡིག་ཏུ་འགྱུར་ཏེ་ཨཾ་ཨཿགཉིས་སོ། །ས་བོན་ཐུང་ངུར་གྱུར་པ་རྣམས་ཐབས་དང་རིང་པོ་རྣམས་ཤེས་རབ་ཏུ་མཚོན་པའོ། །དེ་ལྟར་ས་བོན་གྱིས་མཚན་མ་བསྐྱེད་པ་དང་། མཚན་མས་ལྷ་བསྐྱེད་པ་ནི། རྣལ་འབྱོར་པས་ཐམས་ཅད་དུ་རྟོགས་པར་བྱ་བ་ནི་ཐམས་ཅད་དུ་རྒྱུད་ཀྱི་ངེས་པའོ། །དེ་ནས་རྡོ་རྗེ་སེམས་དཔའ་སོགས་ཀྱི་སྐྱེ་བའི་ས་བོན་གྱི་ཡི་གེ་གསུངས་ཏེ། ནཱ་ད་སུམ་འཁྱོག་གི་རི་མོ་ཙམ་གཞོམ་དུ་མེད་པ་ཡེ་ཤེས་ཀྱི་མཚན་མ་ནི་དཔལ་ལྡན་རྡོ་རྗེ་སེམས་དཔར་འགྱུར་ཏེ། དེ་བཞིན་དུ་མིང་ས་བོན་དང་མིང་ཅན་ལྷ་རྣམས་རྒྱུ་དང་འབྲས་བུར་འབྲེལ་བ་ནི། ཀྱེ་མི་ཡི་བདག་པོ་འདི་ལྟར་ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པ་ནི་ཨ་ཡིག་གོ། ཨི༷་ཡིག་ཐུང་ངུ་རལ་གྲི༷་ལྡན་པའམ། རལ་གྲི་ཅན་དོན་ཡོད་གྲུབ་པར་འགྱུར་ཏེ་སླར་ཡང་རྀ༷་ཡིག་དག་ནི་ཕྱག་ན་རིན་ཆེན་ནམ་རིན་ཆེན་འབྱུང་ལྡན་ནོ། ཨུ་ཡིག་ཐུང་ངུ་སྣང་བ་མཐའ་ཡས་སུ་འགྱུར། སླར་ཡང་འདིར་ནི་ལྀ༷་ཡིག་རྣམ་པར་སྣང་མཛད་དོ། །དེ་ལྟར་ལུས་ཀྱི་དབྱེ་བས་ཐབས་རྣམས་དབྱངས་ཐུང་ངུ་དང་། བསམ་པའི་རབ་ཏུ་དབྱེ་བས་དབྱངས་ཀྱི་ཚོགས་པ་རིང་པོ་མཐའ་དག་རྒྱལ་བ་དྲུག་གི་རིམ་པས་ཡུམ་དྲུག་གི་ས་བོན་དུ་གནས་སོ། །དེ་ཇི་ལྟར་ན་དཔལ་ལྡན་ཡུམ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་གཞོམ་དུ་མེད་པ་ཨཱཿཞེས་པར་འགྱུར་ཏེ། དེ་བཞིན་དུ་ཨཱཿཡིག་ལས་སྐྱེས་པ་ནམ་མཁའི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །

p. 340

རླུང་དང་མེ་དང་ཆུ་དང་ས་རྣམས་ལ་ནི་ཨཱི༷་རཱྀ༷་ཨཱུ་ལཱྀ༷་ཐམས་ཅད་རིམ་པས་གནས་པར་འགྱུར་ཏེ། སྒྲོལ་མའི་ཨཱི་གོས་དཀར་མོའི་རཱྀ་མཱ་ཀིའི་ཨཱུ། སྤྱན་མའི་ལཱྀའོ། །ཐབས་ཤེས་འདི་དག་རང་གི་ལུས་དང་དེ་ལ་བདེ་བ་བསྐྱེད་པའི་ཡུལ་དུ་བསམ་པའི་སྒོ་ནས་ཐབས་ཤེས་སུ་འགྱུར་ཏེ་ཇི་ལྟར་ན། མཆོག་གི་རྒྱལ་བའི་བདག་པོ་དུས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་ཕུང་པོ་དང་སྣ་ཚོགས་ཡུམ་ཡེ་ཤེས་ཀྱི་ཁམས་ནི། མཆོག་གི་བདེ་བའི་དོན་དུ། ཕན་ཚུན་དུ་ཡུམ་གྱིས་ཡབ་ལ་འཁྱུད་པ་ལུས་དང་བསམ་པ་སྟེ། ལུས་ཡབ་ཀྱིས་བསམ་པ་ཡུམ་ལ་འཁྱུད་པའོ། །འོ་ན་རང་རིགས་ལ་འཁྱུད་པར་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ་གཉིས་ཀ་ཡེ་ཤེས་སུ་འདྲ་ཡང་རྒྱུ་འབྲས་ཡིན་པས་རིགས་མི་མཐུན་ཞེས་བཤད་ཀྱང་དེ་ལྟ་ན་གཞན་ལའང་མཚུངས་པས་ད་དུང་བརྟག་བྱའོ།། ཁ་ཅིག་ཁྱབ་བྱེད་གཙོ་བོ་རིགས་ཀུན་འདུས་པ་ཡིན་པས་འདི་ལ་རང་རིགས་ལ་འཁྱུད་ཀྱང་འགལ་བ་མེད་ལ། ཁྱབ་བྱ་རྣམས་ཀྱི་རིགས་ནི་གཞན་རིགས་ལ་འཁྱུད་པར་བཤད།དེ་བཞིན་དུ་རྣམ་ཤེས་ཕུང་པོ་མི་བསྐྱོ༷ད་པ་དང་། ནམ་མཁའ་སྟོང་བའི་ཁམས་གཉིས་ལུས་བསམ་མམ་ཐབས་ཤེས་སུ་འགྱུར་བ་དང་། དེ་བཞིན་འདུ་བྱེད་ཕུང་པོ་ཕྱག་གི་པདྨ་རལ་གྲི༷་ཅན་དོན་གྲུབ་དང་ནི་ས་ཁམས་སྤྱན་མ་ཡང་ལུས་དང་བསམ་པའོ། །དེ་བཞིན་ཚོར་ཕུང་རིན་ཆེན་དབང་པོ་དང་ཆུ་ཁམས་མཱ་མ་ཀཱི་དང་། དེ་བཞིན་གསལ་བར་འདུ་ཤེས་ཕུང་པོ་པད་མ་འཛིན་པ་སྣང་མཐའ་དང་མེ་ཁམས་གོས་དཀར་མོ་ནི་ལུས་དང་བསམ་པ་སྟེ། དེ་བཞིན་གཟུགས་ཕུང་འཁོར་ལོ་ཅན་རྣམ་སྣང་དང་རླུང་ཁམས་སྒྲོལ་མ་ཡང་ལུས་དང་བསམ་པའོ། །དེ་ལྟར་ཁམས་ཀྱི་རང་བཞིན་ཡོན་ཏན་གྱི་དབང་གིས་ཐུང་དང་རིང་བའི་དབྱངས་ཀྱིས་ཕུང་ཁམས་ཀྱི་ལྷ་དེ་དག་བསྐྱེད་པར་གནས་སོ། །ཨ༷ཾ་ཡིག་ཀུན་ཏུ་བཟང་

p. 341

པོར་འགྱུར་ཏེ་ཡོན་ཏན་དབང་གིས་ཨ་ཡིག་དག་ཀྱང་ཕྱག་ན་རྡོ་རྗེའོ། །ཨེ༷་ཡིག་ཐུང་ངུ་ནམ་མཁའི་སྙིང་པོ་ཨར་ཡིག་དག་ཀྱང་དེ་བཞིན་ཡང་དག་ས་ཡི་སྙིང་པོར་འགྱུར། ཨོ༷་ཡིག་འཇིག་རྟེན་མགོན་པོ། ཨ་ལ་ཡང་དེ་བཞིན་འདིར་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བར་འགྱུར་ཏེ། འདི་རྣམས་ནི་ལུས་ཀྱི་དབྱེ་བ་ལའོ། །ཨཱ་ཡིག་ཆོས་ཀྱི་དབྱིངས་སུ་འགྱུར་ཏེ་ངེས་པར་དེ་བཞིན་ཨཱཿཡིག་ལས་སྐྱེས་སྒྲ་ཡི་རྡོ་རྗེ་མ། ཨཻ་ཡིག་རེག་བྱ་རྡོ་རྗེ་མ་སྟེ། ལུས་ཀྱི་དབྱེ་བས་ཨཱར་ཡིག་ལས་སྐྱེས་རོ་ཡི་རྡོ་རྗེ་མ། ཨཽ༷་ཡིག་གཟུགས་ཀྱི་རྡོ་རྗེ་མར་འགྱུར། ངེས་པར་དེ་བཞིན་ཨཱར་ཡིག་ལས་སྐྱེས་དྲི་ཡི་རྡོ་རྗེ་མའོ། །དཔལ་ལྡན་ཀུན་ཏུ་བཟང་པོ་དང་ཆོས་ཀྱི་དབྱིངས་ལུས་དང་བསམ་པར་འགྱུར་ཏེ། ཕྱག་ན་རྡོ་རྗེ་དང་ནི་སྒྲ་ཡི་རྡོ་རྗེ་མ་དག་ཟུང་ཏེ་ལུས་དང་བསམ་པའོ། །ནམ་མཁའ་དག་གི་སྙིང་པོ་དང་དྲི་ཡི་རྡོ་རྗེ་མ་ཟུང་དང་འཇིག་རྟེན་མགོན་པོ་དང་རོ་ཡི་རྡོ་རྗེ་མ་དག་ཐབས་ཤེས་ཟུང་དང་། ས་ཡི་སྙིང་པོ་དང་གཟུགས་ཀྱི་རྡོ་རྗེ་མ་ཡང་ཟུང་དང་། རེག་བྱ་མ་དང་སྒྲིབ་པ་རྣམ་པར་སེལ་བ་དག་ནི་ཟུང་དུ་འགྱུར། དེ་ལྟར་བྱང་ཆུབ་སེམས་དཔའ་ཡབ་ཡུམ་གྱི་རིགས་ནི་དྲུག་པོ་རྣམ་པར་དག་པ། ཁམས་ཀྱི་རང་བཞིན་ཡོན་ཏན་དབང་གིས་ཐབས་ཤེས་སུ་འགྱུར་བ་རྣལ་འབྱོར་པས་ཡང་དག་པར་ནི་རིག་པར་བྱའོ། །དེ་བཞིན་དུ་ཁྲོ་བོ་རྣམས་ཀྱི་ས་བོན་གསུངས་པ། ཧྃ་ཡིག་གཙུག་ཏོར་འཁོར་ལོ་ཅན་དུ་འགྱུར་ཏེ་དེ་ཡང་ལུས་ཀྱི་དབང་གིས་ཡིན་ལ། འདིར་ནི་བསམ་པའི་དབང་གིས་ཧཿཡིག་ཤིན་ཏུ་སྔོན་མོའོ། །ཧ་ཡིག་ཐུང་ངུ་གནོད་མཛེས་སུ་འགྱུར། ངེས་པར་དེ་བཞིན་ཧཱ་རིང་པོ་ལས་སྐྱེས་དྲག་པོའི་མིག་མ་སྟེ་དྲག་སྤྱན་མའོ། །དེ་བཞིན་ཡཱཾ་ལཱཿ རིམ་པས་རབ་ཏུ་གསལ་བར་ཤིན་ཏུ་སྟོབས་དང་རེངས་བྱེད་མ་ཡི་ས་བོན་དག་སྟེ་དེ་གཉིས་

p. 342

པོ་དག་ཀྱང་ལུས་བསམ་ཟུང་ངོ་། །ར༷ཾ་ཝ༷ཾཿརྨུགས་བྱེད་དང་ང་རྒྱལ་མ་སྟེ་ཟུང་ངོ་། །ཝྃ་དང་རཱཿཞེས་པ་ནི་ཁེངས་བྱེད་དང་དེའི་ཡུམ་རྨུགས་བྱེད་མར་འགྱུར་རོ། །ལྃ་ཡཱཿརེངས་བྱེད་དང་ཤིན་ཏུ་བརྩོན་འགྲུས་མར་འགྱུར་ཏེ་ཟུང་ངོ་། །ཡ་ཝ་ར་ལ་བཞི་ནི་རིམ་པར་དབྱུག་པ་སྔོན་པོ་དང་མི་གཡོ་བ་དང་། འདོད་པ་ཡི་རྒྱལ་པོ་དང་ནི་སྟོབས་པོ་ཆེའམ་མཐའ་ཡས་བརྩོན་འགྲུས་སུ་འགྱུར་རོ། །ལུས་ཀྱི་དབང་གིས་ལྷ་མོ་རྣམས་ཀྱི་ཡ་སོགས་དེ་དག་རིང་པོ་སྟེ། ལཱ་རྡོ་རྗེ་ལྕགས་སྒྲོག་ཝཱ་ཙུན་དཱ། རཱ་ཁྲོ་གཉེར་ཅན། ལཱ་འོད་ཟེར་ཅན་བཞི་ནི་དེ་བཞིན་དུ་རིམ་པར་གླང་པོ་ཆེ་དང་རྟ་དང་སེང་གེ་དང་ནི་ཕག་གི་ཤིང་རྟ་དག་ལ་གནས་པར་འགྱུར་བའོ། །དབྱུག་སྔོན་དང་འོད་ཟེར་ཅན་ཕན་ཚུན་ལུས་བསམ་ཐབས་ཤེས་དང་། མི་གཡོ་བ་ཞེས་དང་ཁྲོ་གཉེར་ཅན་མ་ཐབས་ཤེས་ཟུང་དང་། བརྩོན་འགྲུས་མཐའ་ཡས་སྟོབས་པོ་ཆེ་དང་ལྕགས་སྒྲོ༷ག་མ་ཟུང་དང་། འདོད་པ་དང་ཙུནྡཱ་ཟུང་དུ་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་དཀྱིལ་འཁོར་ལ་ནི་མཆོག་གི་བདེ་བ་དམ་པའི་དོན་དུ་དེ་ལྟར་ཐབས་ཤེས་ཕན་ཚུན་འཁྱུད་པའོ། །ཨ་ཡིག་རིང་ཐུང་དག་དང་ཨ༷ཾ་དང་རྣམ་པར་བཅད་པ་ཅན་ཨཱཿདང་བཞི་ནི་རིམ་པར། ནག་མོ་འབར་མ་དང་སེར་མོ་འབར་མ་དང་། དཀར་མོ་འབར་མ་དང་། དམར་མོ་འབར་མ་འོ། །ཧ༷ཾ་དང་ཧཿདང་ཧ་ཧཱ། བཞི་ནི་རིམ་བཞིན་མཁའ་གསལ་ལམ་མཁར་སྣང་མ་དང་སྨིག་རྒྱུ་མ་དང་། དུ་བ་མ་དང་། མར་མེ་མ་སྟེ། དེ་ལྟར་ཡི་གེ་བརྒྱད་ལས་སྐྱེས་པའི་ནུས་མ་བརྒྱད་དོ། །བུམ་པ་རྣམས་ལ་དེ་བཞིན་ཧཿཡིག་གཅིག་ཉིད་ང་ཨི་དང་མེ་རྀ་དང་ཆུ་ཨུ་དང་། ས་ལྀ་བཞི་ཡི་དབྱངས་ཐུང་རིང་གཉིས་ཀྱིས་ཕྱེ་བར་འགྱུར་ཏེ་ཤར་གྱི་བུམ་པར་ཧི་ཧཱི། ལྷོར་ཧྲྀ་ཧྲཱྀ། བྱང་ཧུ་ཧཱུ། ནུབ་ཧླྀ་ཧླཱྀའོ། །སྟེང་འོག་གི་བུམ་པ་ཧ་ཧཱའོ། །ཨོཾ་ཧུཾ་ཧོ༷་ཨཱཿ བཞི་ནི་རིམ་བཞིན་ཆོས་ཀྱི་དུང་དང་། དྲི་

p. 343

མེད་ཡོན་ཏན་རྫོགས་པའི་ཡིད་བཞིན་གྱི་ནོར་བུ་དང་ནི། རྐང་པས་འཐུང་བ་དཔག་བསམ་གྱི་ཤིང་དང་། ཆོས་ཀྱི་གཎྚཱི༷འོ། །དེ་རྣམས་ཐུགས་དཀྱིལ་གྱི་ལྷའི་ས་བོན་ནོ། །དེ་ནས་གསུང་དཀྱིལ་གྱི་ལྷ་རྣམས་ཀྱི་ས་བོན་གསུངས་པ། ཧ་ཡིག་ཙ་མུཎྜཱ་སྟེ་ཧ༷ཾ་དང་ཧཿཞེས་བྱ་བ་འདིར་ནི་རིམ་བཞིན་དབང་ཕྱུག་མ་དང་ཕག་མོའོ། །ཧཱ་དང་ཀྵ་ཐུང་དང་ཀྵཱ་རིང་དང་ཀྵ༷ཾ་དང་ཀྵཿལྔ་ནི་རིམ་བཞིན་དབང་མོ་དང་མཁའ་འགྲོའི་བདག་པོས་འགྲོ་མ་ཁྱབ་འཇུག་མ་དང་ཚངས་མ་དང་། དཔལ་མོ་དང་། གཞོན་ནུ་མ་ལྔ་ཡི་ས་བོན་ནོ། །དེ་ལྟར་གཙོ་མོ་བརྒྱད་ཀྱི་ས་བོན་བཤད་ནས་འཁོར་གྱི་ལྷ་མོ་རྣམས་ཀྱི་ས་བོན་ནི། ཕྱོགས་བརྒྱད་ཀྱི་པདྨའི་འདབ་མ་ལ་ནི། ཧཱི༷་ཧྲཱྀ་ཧཱུ་ཧླཱྀ༷་སྟེ་རིང་པོ་བཞི་ནི་རྒྱབ་ཏུ་པདྨ་མཆོག་གི་འདབ་མ་གཅིག་ལ་ཡི་གེ་རེ་རེ་འགོད་པར་བྱ་སྟེ་དེ་བཞིན་ཐུང་ངུའི་དབྱངས་རྣམས་སུ་གྱུར་བ་ནི་མདུན་དུ་པད་འདབ་གཅིག་ལའོ། །ཀྵཱི༷་རཀྵྀ༷་ཀྵཱུ་ཀྵླཱྀ༷་བཞི་ཡང་དེ་བཞིན་ཉིད་དེ་རབ་ཏུ་གསལ་ཞིང་ངེས་པར་ཀྵ་ཡིག་ཐུང་ངུའི་དབྱངས་དང་ལྡན་པ་རྣམས་མདུན་གྱི་འདབ་མ་གཅིག་ལ་འགོད་པ་སྔ་མ་དེ་བཞིན་ནོ། །མདོར་ན་ཤར་ལ་སོགས་པའི་ཕྱོགས་བརྒྱད་ཀྱི་པདྨའི་འདབ་མ་རྣམས་ཀྱི་རྒྱབ་ཏུ་རིམ་པར་ཧཱི་རཱ་ཧྀ་ཧཱུ་ཧླཱྀ་ཀྵཱྀ་རཱཀྵི་ཀྵཱུ་ཀྵླཱྀ། བརྒྱད་ཀྱི་ཡི་གེ་རེ་རེ་བཀོད་ཅིང་། དེ་དག་གི་མདུན་གྱི་འདབ་མ་ལ་དེ་དག་ཐུང་ངུར་བྱས་པ་རེ་རེ་བཀོད་པས་ཕྱོགས་བརྒྱད་ཀྱི་པདྨའི་འདབ་མ་གཉིས་རེ་ས་བོན་དང་བཅས་པར་འགྱུར་ལ། དེ་ནས་ཤར་དང་གཡས་ཞེས་པ་ལྷོ་དང་གཡས་མིན་བྱང་དང་ཆུ་དང་མེ་དང་ལྷ་མིན་དང་། དབང་ལྡན་དང་ནི་རླུང་གི་ཕྱོགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་པདྨ་ལ། དེ་དག་གི་འདབ་མ་སྔར་གྱི་ལྷག་མ་དྲུག་ལ། ཡ་སོགས་ཞེས་པ་ཡ་ར་ལ་ཝ་དབྱངས་ཨ་ཨི་རྀ་ཨུ་ལྀ་ཨཾ་དྲུག་གིས་ཕྱེ་བ་ཐུང་ངུ་དང་རིང་པོ་རྣམས་ནི་རིམ་པར་ཡོངས་སུ་བཀོད་པ་ཙཱ་མུཎྜཱའི་ཧི༷་སོགས་དང་།

p. 344

ཁྱབ་འཇུག་མའི་ཀྵི༷་ལ་སོགས་པ། ལ་ཡིག་ཉིད་མཐའ་མ་བྱས་པའི་བར་གྱི་ཡི་གེ་དྲུག་ཅུ་རྩ་བཞི་ཐམས་ཅད་ནོར་བརྒྱད་ནི་གདེངས་ཅན་གྱིས་བསྒྱུར་བ་སྟེ་བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའི་ལྷ་མོ་རྣམས་ཀྱི་གནས་པདྨའི་འདབ་མ་དེ་བཞི་ལ་བཀོད་པར་བྱ་སྟེ། ཙཱ་མུཎྜཱའི་པད་འདབ་ལ་མདུན་དུ་ཧི་སྔར་བཀོད་པ་སྟེ་དེ་ནས་གཡས་སྐོར་གྱིས་འདབ་མ་གཉིས་པར་ཡ། གསུམ་པར་ཡི་བཞི་པར་ཡ། ལྔ་པ་རྒྱབ་ཏུ་སྔར་བཀོད་ཟིན་པའི་ཧཱི། དྲུག་པར་ཨཱུ། བདུན་པར་ཡླྀ་བརྒྱད་པར་ཡཾ་ངོ་། དེ་བཞིན་ཁྱབ་འཇུག་མའི་ཀྵི་ཡཱ་ཡཱི་རཱཡྀ ། ཀྵཱི་ཡཱུ་ཡླཱི་ཡཿའོ། །དེ་བཞིན་ཕག་མོའི་ཧྲྀ་སོགས་ཏེ། སྔར་ཡང་བཤད་ཟིན་པས་འདིར་མ་བརྗོད་དོ། །དེ་ལྟར་འཇིགས་མ་སོགས་ལྷ་མོ་དྲུག་ཅུ་རྩ་བཞིའི་ས་བོན་རྣམས་ཏེ། ཧི་སོགས་རིང་ཐུང་བཞི་ཤར་སོགས་ཕྱོགས་བཞིར་དང་། ཀྵི་སོགས་མཚམས་བཞིར་རོ། །རྣལ་འབྱོར་མ་རྣམས་རང་རང་གི་རིགས་འདུ་བྱེད་ལ་སོགས་པའི་ཕྱོགས་ཀྱི་རིགས་ཀྱི་དབང་གིས་དེ་ལ་མངོན་དུ་ཕྱོགས་པའི་ཐབས་རིགས་གཞན་ནི་ཙཱ་མུ་ཎ་ཌཱ་ལ་སོགས་པའི་ཐབས་སུ་འགྱུར་ཏེ་དེ་དག་གི་ས་བོན་ནི་སོ་སོའི་སྔགས་ཀྱི་ཡི་གེའི་དབྱེ་བས་སོ། །ཞེས་པ། ཙཱ་མུཎྜཱ་དང་ཁྱབ་འཇུག་མ་ནི་འདུ་བྱེད་ཀྱི་རིགས་ཅན་མའོ། །དེ་དག་ལ་མངོན་དུ་ཕྱོགས་པ་གཟུགས་ཀྱི་རིགས་ཅན་ནི་ཐབས་ཏེ་སྔགས་ཀྱི་དབྱེ་བས་ལྀ་ཡིག་གི་རིགས་ཅན་ཉིད་དོ། །ཕག་མོ་དང་གཞོན་ནུ་མ་ཚོར་བའི་རིགས་ཅན་ལ། འདུ་ཤེས་ཀྱི་རིགས་ཅན་ཐབས་ཏེ་ཨུ་ལས་སྐྱེས་པའོ། །དབང་མོ་དང་ཚངས་མ་གཟུགས་ཀྱི་རིགས་ཅན་ལ་ཐབས་འདུ་བྱེད་ཀྱི་རིགས་ཅན་ཨི་ལས་སྐྱེས་པའོ། །དྲག་མོ་དཔལ་མོ་འདུ་ཤེས་ཀྱི་རིགས་ཅན་ལ། དེ་ལ་མངོན་ཕྱོགས་ཐབས་ཚོར་བའི་རིགས་ཅན་རྀ་ཡིག་ལས་སྐྱེས་པའོ། །དེ་ལྟར་གསུང་དཀྱིལ་ལ་རིགས་བཞིའི་རྣམ་པར་བཞག་པའོ། །དེ་ནས་སྐུའི་

p. 345

དཀྱིལ་འཁོར་དུ་བརྒྱ་བྱིན་སོགས་ཀྱི་ས་བོན་གསུངས་པ། ཏ༷ཾ་དང་ནཿནི་རིམ་བཞིན་བརྒྱ་བྱིན་དང་ཆུ་གཏེར་གདོང་ཚངས་པའི་ས་བོན་ཞེས་བྱ་སྟེ། དེ་བཞིན་པ༷ཾ་དང་མཿཞེས་པ་ཆུ་ལྷ་རྒྱ་མཚོ་དང་ནི་དཔལ་ལྡན་ཚོགས་ཀྱི་དབང་པོ་འོ། །ཊཾ་ཎཿམེ་ལྷ་དང་གཞོན་ནུ་དག་སྟེ་ཙ༷ཾ་དང་ཉཿཞེས་བྱ་བ་སྲིན་པོའི་དབང་པོ་དག་དང་རླུང་ལྷའོ། །ཀ༷ཾ་དང་དཿཁྱབ་འཇུག་དུས་དགྲ་གཤིན་རྗེ་ཞེས་ཏེ། འཕྲོག་བྱེད་དྲག་པོ་ཅེས་དང་ནོར་སྦྱིན་དག་ཀྱང་སཾ་དང་འདིར་ནི་ྈྐཿཉིད་དོ། །དེ་ལྟར་ཙ་སོགས་སྡེ་པ་དབྱངས་དང་བཅས་པ་རྣམས་ནི་གཙོ་བོ་ལྷ་ཆེན་པོ་དེ་ཡི་པདྨའི་འདབ་མར་ལྷ་མོ་རྣམས་ཀྱིར་འགྱུར་ཏེ། འདི་ལྟར་ནག་པའི་ཟླ་བ་སོགས་ཀྱི་ཚེས་རྣམས་ཡོངས་སུ་རྫོགས་པའི་དུས་ཀྱི་ངེས་པའི་དབང་གིས་སྟོང་པ་དྲུག་དང་མེ་ཡི་གྲངས་ཏེ་ས་བོན་ཡི་གེ་སུམ་བརྒྱ་དྲུག་ཅུར་འགྱུར་བ་སྔར་ཡང་བཤད་ཟིན་ཏོ། །ཀླུའི་རྒྱལ་པོ་རྣམས་ཀྱི་ས་བོན་གསུངས་པ། ཡ་ར་ཝ་ལ་བཞི་ཡི་དེ་ཉིད་ལ་ཞོན་པའམ་གནས་པ་ཡི་ཧ་ཡིག་ཧྱ་ཧྱཱ་སོགས་ནི་ཕྱོགས་བཞིར་རླུང་དང་མེ་དང་ཆུ་དང་ས་རྣམས་དག་ལ་ཤར་གྱི་སྟོབས་རྒྱུ་དང་པདྨ་ལ་སོགས་པའི་ཀླུ་རྣམས་ཀྱི་ས་བོན་ནོ། །དེ་ནས་ཁྱི་གདོང་མ་ལ་སོགས་པའི་ས་བོན་གསུངས་པ། ཀ་སོགས་སྡེ་བདུན་བརྩེགས་པ་ལ་གནས་ཀྵ་ཡ་ར་ཝ་ལར་ལྡན་པ་དང་བཅས་པ་ནི། དུར་ཁྲོད་བརྒྱད་དུ་ནི་ལྷ་མིན་མོ་རྣམས་ཀྱི་ས་བོན་དུ་འགྱུར་ཏེ། ཤར་དུ་ཀྑྒྷྡྀ ། ལྷོར་ཀྵྐྵྱྺླ ། ནུབ་ཏུ་ྈྐཥཤ ས ། བྱང་དུ་ཧྻྼྺླ ། མེར་ཉྗྙྙྷྫྪྩ ། ཙ་སྡེ་བཟློག་བརྩེགས། དེ་བཞིན་བདེན་བྲལ་དུ་ཊ་སྡེ་བཟློག་བརྩེགས། རླུང་དུ་ཏ་སྡེ་བཟློག་བརྩེགས། དབང་ལྡན་དུ་པ་སྡེ་བཟློག་བརྩེགས་ཏེ། དབང་ལེར་གསུངས་པའི་བརྩེགས་ཚུལ་ལུགས་འབྱུང་ལྡོག་གི་གོ་རིམ་དང་མི་མཐུན་ཡང་རྒྱུད་ལ་རང་གར་འཇུག་པ་དགག་པའི་དོན་ནོ་ཞེས་

p. 346

བླ་མ་གོང་མ་དག་གསུངས་འགའ་ཞིག་གིས་འདམ་ངའོ་ཞེས་ཀྱང་གསུངས། དེ་ལྟར་ཐམས་ཅད་དུ་ཤེས་རབ་དང་ཐབས་ཀྱི་ལུས་དང་བསམ་པའི་རིགས་ཀྱི་དབང་ལས་དཀྱིལ་འཁོར་འདིར་ནི་གང་ཞིག་དབུས་སུ་ཞལ་མངོན་པར་ཕྱོགས་པར་འགྱུར་བ་དེ་ནི་གཙོ་བོ་དང་། མི་ཕྱོགས་པ་ཉེ་བའི་གཙོ་བོ་ཞེས་སུ་འགྱུར་རོ། །ད་ནི་བསྐྱེད་བྱ་སྐྱེད་བྱེད་ལ་སོགས་པའི་འགྲེལ་པ་གསུངས་པ་དཔལ་ལྡན་རྡོ་རྗེ་ཅན་རྡོ་རྗེ་སེམས་དཔའ་རིགས་དང་ཀུན་ཏུ་བཟང་པོའི་རིགས་ཅན་ཏེ་ཡེ་ཤེས་ཀྱི་ཁམས་ལས་ཡིད་བསྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་ནམ་མཁའི་རིགས་ཀྱི་དབང་གིས་སྐྱེད་བྱེད་རྡོ་རྗེ་འཛིན་པ་མི་བསྐྱོད་པ་རིགས་དང་རིགས་ཅན་དུ་ཕྱག་ན་རྡོ་རྗེར་འགྱུར་ཏེ། མཁའ་ལས་རྣ་ཤེས་སྐྱེ་བས་སོ། །དེ་བཞིན་དོན་ཡོད་གྲུབ་པ་དང་དེ་ལས་ནམ་མཁའི་སྙིང་པོ་བསྐྱེད་པས་རིགས་དང་རིགས་ཅན་ནོ། །དེ་བཞིན་དྲི་མེད་ནོར་བུའི་ཕྱག་དང་ས་ཡི་སྙིང་པོ་དག་རིགས་དང་རིགས་ཅན་ཡང་དག་གོ། ཕྱག་ན་འཁོར་ལོ་དང་སྒྲིབ་པ་རྣམ་པར་སེལ་བར་འགྱུར་ཏེ་རིགས་ཀྱི་དབང་གིས་འོད་དཔག་མེད་དང་འཇིག་རྟེན་མགོན་པོའོ། །དཔལ་ལྡན་ཡུམ་དང་ཆོས་ཀྱི་དབྱིངས་དག་རིགས་དང་རིགས་ཅན་ཏེ། སྒྲ་ཡི་རྡོ་རྗེ་མ་རིགས་ཅན་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རིགས་སོ། །དཔལ་ལྡན་སྒྲོལ་མ་དང་རེག་བྱ་རྡོ་རྗེ་མ་སྟེ། དེ་བཞིན་རིགས་ཀྱི་དབྱེ་བས་གོས་དཀར་དང་རོ་ཡི་རྡོ་རྗེ་མའོ། །མཱ་མ་ཀཱི༷་དང་གཟུགས་རྡོ་རྗེ་མ་ཞེས་གྲགས་པར་འགྱུར་ཏེ། རིགས་ཀྱི་དབང་གིས་སྤྱན་མ་དྲི་ཡི་རྡོ་རྗེ་མ། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་རིགས་ཅན་དང་། རྒྱལ་བའི་བདག་པོར་འགྱུར་ཏེ་ཞེས་པ་རྒྱལ་བའི་བདག་པོ་རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོ་ནི་དེ་བསྐྱེད་པའི་རིགས་སོ། །ཀུན་ཏུ་བཟང་པོའང་རིགས་དེ་ཉིད་དོ། །ཁྲོ་བོ་གཙུག་ཏོར་རིགས་ཅན་དང་དེའི་རིགས་

p. 347

མི་བསྐྱོད་པ་ཉིད་ཡིན་ལ། དཀྱིལ་འཁོར་འདིར་ནི་སླར་ཡང་ཤིན་ཏུ་སྟོབས་དང་དོན་ཡོད་གྲུབ་པར་རབ་ཏུ་གྲགས་པ་ནི་རིགས་ཅན་དང་རིགས་སོ། །དེ་བཞིན་དུ་རྨུགས་བྱེད་དང་ནི་ཕྱག་ན་རིན་ཆེན་དུ་འགྱུར་རིགས་ཀྱི་དབང་གིས་ཁེངས་བྱེད་དང་ནི་འོད་དཔག་མེད། རེངས་བྱེད་དང་ནི་རྣམ་པར་སྣང་མཛད་དུ་འགྱུར་སྟོབས་ལྡན་ཕྱག་ན་རྡོ་རྗེ་དག་དང་གནོད་མཛེས་སོ། །མཁའ་སྙིང་དང་ནི་དབྱུག་པ་སྔོན་པོ་དང་། རང་བཞིན་ཡོན་ཏན་དབང་གིས་ས་ཡི་སྙིང་པོ་འདོད་པ་ཡི་རྒྱལ་པོའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་དང་ཤིན་ཏུ་བརྩོན་འགྲུས་སུ་འགྱུར་ལ། རིགས་ཀྱི་དབང་གིས་འཇིག་རྟེན་མགོན་པོ་དང་། མི་གཡོ་བ་རིགས་དང་རིགས་ཅན་ནོ། །སྣ་ཚོགས་ཡུམ་དང་། ཁྲོ་བོའི་དབང་པོའི་ཕྱག་རྒྱར་ཞེས་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་ཁྲོ་མོའི་དབང་ཕྱུག་མ་རིགས་དང་རིགས་ཅན་དུ་འགྱུར་ཏེ། རིགས་ཀྱི་དབང་གིས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ནི་སྣ་ཚོགས་ཡུམ་གྱི་རིགས་དེ་བཞིན་ཉིད་དོ། །སྟོང་པར་གྲགས་པ་རྡོ་རྗེ་དབྱིངས་ཕྱུག་མ་དང་ཤིན་ཏུ་སྔོན་མོ་རིགས་དང་རིགས་ཅན་ནོ། །དེ་བཞིན་དུ་ང་ཁམས་སྒྲོལ་མ་དང་། མེ་གོས་དཀར་མོ་དང་། ཆུ་མཱ་མ་ཀཱི་དང་། ས་སངས་རྒྱས་སྤྱན་མ་ལ་སོགས་པ་རིམ་བཞིན། མཐས་ཡས་བརྩོན་འགྲུས་མ་དང་། རྨུགས་བྱེད་མ་དང་། ཁེངས་བྱེད་མ་དང་། རེངས་བྱེད་མར་ནི་རིམ་པས་རབ་ཏུ་གསལ་ཞིང་ངེས་པར་རིགས་དང་རིགས་ཅན་དུ་རབ་ཏུ་གྲགས་སོ། །དེ་བཞིན་དྲག་སྤྱན་མ་ཡི་རིགས་ནི་སྒྲ་ཡི་རྡོ་རྗེ་མར་འགྱུར། རིགས་ཀྱི་དབང་གིས་ལྕགས་སྒྲོག་མ་དང་རེག་བྱ་རྡོ་རྗེ་མ་རིགས་ཅན་དང་རིགས་སོ། །འོད་ཟེར་ཅན་དང་དྲི་ཡི་རྡོ་རྗེར་རབ་ཏུ་འགྱུར་ཏེ་དེ་བཞིན་ཁྲོ་གཉེར་ཅན་དང་ཙུན་དར་རབ་ཏུ་གྲགས་པ་གཉིས་

p. 348

ནི། དེ་བཞིན་རིགས་ཀྱི་དབྱེ་བས་ངེས་པར་རོ་ཡི་རྡོ་རྗེ་མ་དང་གཟུགས་ཀྱི་རྡོ་རྗེར་རིམ་པས་ཤེས་པར་བྱའོ། །འདིར་ནི་ཁྲོ་བོ་རེངས་བྱེད་ནི་དུས་མཐར་བྱེད་པ་གཤིན་རྗེ་གཤེད་ཉིད་དེ་དེ་ཡི་མིང་གི་རྣམས་གྲངས་སོ། །སླར་ཡང་ཤིན་ཏུ་སྟོབས་དང་བགེགས་མཐར་བྱེད་དམ་བགེགས་དགྲར་རབ་ཏུ་གྲགས་པ་དོན་གཅིག་གི་མིང་གི་རྣམ་གྲངས་ཙམ་མོ། །རྨུགས་བྱེད་ཅེས་བྱ་བ་ཤེས་རབ་མཐར་བྱེད་དག་ཏུ་རབ་ཏུ་འགྱུར་ཏེ། དེ་བཞིན་ཁེངས་བྱེད་དང་ནི་པདྨའི་དགྲའམ་པདྨ་མཐར་བྱེད་ཀྱང་དེ་བཞིན་ནོ། །པདྨའི་དགྲ་ཅེས་པ་པདྨའི་དགྲར་གྱུར་པ་མ་ཡིན་ལ། མཚན་གྱི་ངོ་བོ་པདྨའི་རིགས་སུ་གྱུར་པ་གང་ཞིག་བདུད་བགེགས་ཀྱི་དགྲར་གྱུར་པའམ་དེ་དག་མཐར་བྱེད་པའོ། །དེ་བཞིན་ཤེས་རབ་མཐར་བྱེད་ཀྱང་ཤེས་པར་བྱའོ། །བགེགས་དང་གཤིན་རྗེ་མཐར་བྱེད་ནི་གཞོམ་བྱ་བགེགས་དང་གཤིན་རྗེ་མཐར་བྱེད་པའོ། །རླུང་སྒྲོལ་མ་དང་མེ་གོས་དཀར་མོ་དང་ཆུ་མཱ་མ་ཀཱི་དང་ས་སངས་སྤྱན་མ་བཞི་ནི་རིམ་བཞིན་ཙཱ་མུཎ་ཌཱ་དང་ཕག་མོ་དང་དབང་ཕྱུག་མ་དང་དེ་བཞིན་དབང་མོ་བཞི་པ་ཐ་མ་སྟེ། དེ་དག་གི་སྐྱེད་བྱེད་མ་ནི་སྒྲོལ་མ་ལ་སོགས་པ་སྟེ་དེ་དང་དེའི་རིགས་སུ་འགྱུར་རོ། །དེ་བཞིན་དུ་དྲི་དང་གཟུགས་དང་རོ་དང་རེག་བྱ་རྡོ་རྗེ་མ་ཞེས་པ་བཞི་ནི་རིམ་པར་གཡོ་བ་རླུང་སྟེ་ནུབ་བྱང་དང་འཕྲོག་བྱེད་དབང་ལྡན་དང་ལྷ་མིན་ལྷོ་ནུབ་དང་ཤར་ལྷོར་མེར་ནི་གནས་པ། ཁྱབ་འཇུག་མ་ལ་སོགས་པ་བཞི་ཡི་ཡང་སྐྱེད་པའོ། །དེ་བཞིན་ལྷ་ཆེན་པོ་བཅུ་གཉིས་པོ་སངས་རྒྱས་དང་བྱང་སེམས་གང་དང་གང་གི་རིགས་སུ་གྱུར་བ་ནི་འདི་ལྟར་ཚངས་པ་དང་ནི་རྣམ་པར་སྣང་མཛད་རིགས་ཅན་དང་། རིགས་ཉིད་དུ་འགྱུར་ལ། དེ་བཞིན་དུ་རིགས་ཀྱི་དབང་གིས་ཆུ་ལྷ་རྒྱ་མཚོ་དག་དང་འོད་དཔག་ཏུ་མེད་པའོ། །མེ་ལྷ་དང་དཔལ་ལྡན་ཕྱག་ན་རིན་ཆེན་དུ་འགྱུར་

p. 349

རླུང་ལྷ་དང་དོན་ཡོད་གྲུབ་པ་དག་ནི་དེ་བཞིན་ཉིད་དོ། །མི་བསྐྱོད་པ་དང་ཁྱབ་འཇུག་གམ་ལྷ་མིན་དགྲ་བོར་འགྱུར་ཏེ། རྒྱལ་བའི་བདག་པོ་རྡོ་རྗེ་སེམས་དཔའ་དང་ནི་བདེ་བྱེད་དམ་དྲག་པོའམ་དབང་ཕྱུག་ཆེན་པོར་རབ་ཏུ་གྲགས་པ་དེ་བཞིན་ནོ། །སྒྲིབ་པ་རྣམ་པར་སེལ་བ་གང་དེ་ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་ནི་ལོགས་འདྲེན་ནམ་ཚོགས་ཀྱི་བདག་པོ་དེ་བཞིན་ཉིད། ས་ཡི་སྙིང་པོ་གཞོན་ནུ་གདོང་དྲུག་པར་འགྱུར། དཔལ་ལྡན་ནམ་མཁའ་ཡི་སྙིང་པོ་ད་ནུའི་བདག་པོར་རབ་ཏུ་གྲགས་པ་ཡིན་ཞེས་པ་ལྷ་མིན་གྱི་བདག་པོ་བདེན་བྲལ་ལམ་སྲིན་པོ་གང་ཡིན་པའོ། །དཔལ་ལྡན་ཕྱག་ན་རྡོ་རྗེ་དུས་སུ་འགྱུར་ཏེ་དུས་མཐར་བྱེད་གཤིན་རྗེའོ། །རིགས་དྲུག་པ་ཀུན་ཏུ་བཟང་པོ་ནི་ནོར་སྦྱིན་གྱི་བདག་པོ་གནོད་སྦྱིན་ནམ་ནོར་ལྷའོ། །རིག་མ་ཡུམ་དྲུག་དང་ཕྱག་རྒྱ་སེམས་མ་དྲུག་ནི་ཁམས་དྲུག་གི་རང་བཞིན་དང་ཡུལ་དྲུག་གི་ཡོན་ཏན་གྱི་དབང་གིས་ལྷ་ཆེན་བཅུ་གཉིས་པོ་དེ་རྣམས་ཀྱི་རང་རང་གི་ཕྱག་རྒྱ་མ་རྣམས་ཀྱི་རིགས་ཀྱི་ལྷ་མོ་སྟེ། ཕྱག་རྒྱ་སེམས་མ་དྲུག་དང་རིག་མ་རྡོར་དབྱིངས་མ་ལ་སོགས་པ་ཡུམ་དྲུག་གི་རིགས་ཅན་ཉི་མ་སྟེ་བཅུ་གཉིས་དང་། དེ་དག་ལ་འཁྱུད་པ་ལྷ་ཡི་མཆོག་གི་བདག་པོ་བཅུ་གཉིས་པོ་རྣམས་ནི། དཀར་པོ་རྫོགས་པ་ཉ་དང་ནག་པོ་རྫོགས་པ་སྟོང་བཅུ་གཉིས་ཀྱི་རང་བཞིན་གང་ཡིན་པའོ། །ལྷ་ཆེན་བཅུ་གཉིས་ཡབ་ཡུམ་དེ་དག་རྣམས་ཀྱི་པདྨའི་འདབ་མ་ལ་ནི་ནོར་ལག་ཞེས་ཉེར་བརྒྱད་གྲངས་ཀྱི་ཚེས་ཀྱི་ལྷ་མོ་རྣམས་ཏེ་མཆུ་ཡི་ཟླ་བ་ལ་སོགས་ཟླ་བ་བཅུ་གཉིས་པོའི་ཚེས་ཀྱི་ལྷ་གང་ཡིན་པ་དེ་རྣམས་ནི། མི་མཉམ་པའི་ཟླ་བ་དྲུག་གི་ས་བོན་ནི་དབྱངས་ཐུང་ངུ་ཅན་གྱི་སྡེ་པ་སྔ་མ་དྲུག་ཏུ་འགྱུར་ཏེ་དབྱངས་གསལ་

p. 350

གཉིས་ཀ་སྐྱེད་པའི་རིམ་པས་སོ། །རིགས་ཀྱི་དབང་གིས་ལྷ་མོ་རྣམས་ཀྱི་ཕྱི་མ་མཉམ་པའི་ཟླ་བ་དྲུག་གི་ས་བོན་ནི་དབྱངས་རིང་བོས་ཕྱེ་བ་གསལ་བྱེད་ལུགས་ལས་བཟློག་པ་དབྱངས་ལུགས་མཐུན་གྱིས་སྤེལ་བ་སྡེ་པ་དྲུག་གི་ཡི་གེ་སྟེ་སྔར་ཡང་བརྗོད་ཟིན་པ་བཞིན་ནོ། །ཡང་ན་སྔ་མ་དང་ཕྱི་མ་ནི་ཕྱག་རྒྱ་དྲུག་དང་རིག་མ་དྲུག་ལའང་སྦྱར་ཏེ་བཤད་ཀྱང་རུང་ངོ་། །ཕྱི་རོལ་གྱི་ཀླུ་བརྒྱད་པོ་གང་དེ་ཡི་རིགས་ནི་བུམ་པ་རྣམས་ཏེ་དེ་རྣམས་ལས་བྱུང་བ་ཞེས་བྱ་ལ་བུམ་པ་ལ་སོགས་པར་སྣང་བའང་ངོ་བོ་ལྷ་ཡི་རང་བཞིན་ཡིན་ནོ། །ཁྱབ་བདག་གཙོ་བོའི་པདྨའི་འདབ་མ་ལ་བཞུགས་པའི་ནུས་མ་དེ་རྣམས་ནི་དུར་ཁྲོད་ཀྱི་རབ་གཏུམ་མ་རྣམས་ཀྱི་རིགས་ཀྱི་བདག་པོའི་ལྷ་མོ་སྟེ་གང་ཞེ་ན། དཔལ་ལྡན་དུ་བ་མ་ནི་བྱ་རོག་གདོང་མར་འགྱུར་ཏེ་རིགས་ཀྱི་དབང་གིས་བྱ་རྒོད་གདོང་མ་སྨི༷ག་རྒྱུ་མ། མཁའ་སྣང་མ་ནི་འུག་པའི་གདོང་མ། དཔལ་ལྡན་མར་མེ་མ་ནི་མཁའ་འགྲོའི་བདག་པོའི་གདོང་མར་རབ་ཏུ་གྲགས། ནག་མོ་འབར་མ་ཁྱི༷་གདོང་མ་སྟེ། དམར་མོ་འབར་མ་ནི་ཤིན་ཏུ་ཁྲོས་པའི་རྣམ་འགྱུར་གྱི་བཞིན་རས་དང་ལྡན་པའི་ཕག་གདོང་མ་དང་། དཀར་མོ་འབར་མ་སྟག་གི་གདོང་མར་འགྱུར་ཏེ་རིགས་ཀྱི་དབང་གིས་སེར་མོ་འབར་མ་ཅེ་སྤྱང་གདོང་མའོ། །དེ་བཞིན་སྒེག་མོ་ལ་སོགས་མཆོད་པའི་ལྷ་མོ་བཅུ་གཉིས་པོ་ཐམས་ཅད་རབ་ཏུ་གསལ་བར་ནུས་མ་རྣམ་པ་བཅུ་ཡི་རིགས་ཡིན་ཏེ། དེ་ལས་བརྒྱད་སྔར་བཤད་དང་འདྲ་ལ། སྣ་ཚོགས་ཡུམ་ནི་ལྷག་མ་བཞི་ཡི་རིགས་གྱི་བདག་མོ་སྟེ། དེ་ཡང་རྡོར་དབྱིངས་དང་ཤེར་ཕྱིན་མ་སྣ་ཚོགས་ཡུམ་དུ་འདུས་ལ་སྟེང་འོག་གི་ལྷ་མོ་བཞི་ནི་རྡོར་དབྱིངས་དང་ཤེར་ཕྱིན་མའི་རིགས་སུ་གྱུར་པའོ། །འདོད་ཕྱིར་འདོད་རྣམས་གང་གིས་བསྐྱེད་པའི་རིགས་ནི་སྔར་བཤད་ཟིན་ཏོ། །འགྲེལ་ཆེན་ལས།

p. 351

ད་ནི་བསྐྱེད་བྱ་སྐྱེད་བྱེད་ལ་སོགས་པའི་འགྲེལ་པ་དཔལ་ལྡན་རྡོ་རྗེ་ཅན་དང་ཀུན་བཟང་ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་བཅས་པའི་དགུ་ནི་གོ་སླ་སྟེ། སྣ་ཚོགས་ཡུམ་གྱི་ལྷག་མའོ། །ཞེས་པའི་མཐར་ཐུག་པ་རིགས་དང་རིགས་ཅན་དག་གི་འགྲེལ་པའོ། །ཞེས་གསུངས་ཏེ་འདི་རྣམས་ལ་འགྲེལ་བཤད་མ་མཛད་དོ། །ད་ནི་དཀྱིལ་འཁོར་གྱི་ལྷ་རྣམས་སྐུ་བཞི་ཉིད་དུ་རྣམ་པར་དག་པའི་ཚུལ་གྱིས་དག་པ་གསུངས་པ། འདིར་ནང་གི་ལེའུར་མངལ་ནས་སྐྱེས་པའི་བྱིས་པའི་གནས་སྐབས་རྣམ་པ་བཞིའི་དབྱེ་བས་མངལ་དུ་གནས་པ་དང་ཕྱི་རོལ་དུ་བཙས་པ་ན་ཡང་སྐུ་བཞིའི་གནས་སྐབས་སུ་གསུངས་པ་དེ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་དུ་ལྷ་བསྒོམ་པ་ལ་ཡང་རྣལ་འབྱོར་པས་སྐུ་བཞིར་རྣམ་པར་སྦྱང་བའམ་དག་པ་ཤེས་པར་བྱ་སྟེ་དེ་ལ་ལྷ་མོ་ཞེས་པ་ནི་དུ་བ་མ་ལ་སོགས་པ་གཙོ་བོའི་པདྨའི་འདབ་མ་བརྒྱད་ལ་བཞུགས་པའི་གཙོ་བོའི་གཟུངས་མ་ནུས་མ་བརྒྱད་དེ། འོད་གསལ་རྟགས་བཅུའི་ངོ་བོ་ཡིན་ལ་རང་རང་གི་མཚན་དུ་བ་མ་དང་ནག་མོ་འབར་མ་སོགས་ཀྱིས་རྟགས་བརྒྱད་དངོས་སུ་བསྟན་ཅིང་། མཆོག་གི་ཆ་གློག་གི་སྣང་བ་དང་། ཐིག་ལེ་ཆེན་པོའི་གཟུགས་ཅན་མའམ་སྣང་བ་གཉིས་ནི་རྡོར་དབྱིངས་དང་ཤེར་ཕྱིན་མ་ཡིན་ལ་དེ་གཉིས་དཀྱིལ་འཁོར་ལ་སྣ་ཚོགས་ཡུམ་དུ་འདུས་སོ། །འདི་རྣམས་བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་པ་སྟེ། དངོས་སུ་ཡབ་ཀྱི་རྣམ་པ་སོ་སོས་འཁྱུད་པ་མེད་ཀྱང་གཙོ་བོ་དང་ཐབས་ཤེས་སུ་རྟག་ཏུ་སྦྱོར་བ་ཅན་ཡིན་ཏེ། ཇི་ལྟར་ན་སུམ་ཅུ་རྩ་གསུམ་པའི་ལྷ་ལ་སོགས་པ་རྣམས་ཀྱང་ལུས་མར་མེའི་འོད་ལྟར་དྭངས་བས་ལྷ་ཕོ་ཡི་ལུས་སུ་གྱུར་པ་གཅིག་ལ། ལྷ་མོ་བརྒྱ་སྟོང་མང་པོས་ལྷན་ཅིག་རྩེ་དགའ་བྱས་ཀྱང་ལྷ་མོ་སོ་སོས་ལྷ་འདི་ནི་བདག་ཁོ་ན་དང་རྩེ་དགའ་བྱེད་དོ་སྙམ་དུ་བསམ་པར་འགྱུར་བར་

p. 352

མདོ་ལས་གསུངས་པ་དང་། ལྷན་ཅིག་མང་པོ་ཚོགས་པས་གོ་ས་དོག་པོ་ལྟ་བུའི་སྐྱོན་མི་འབྱུང་བར་གསུངས་ན་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཀྱི་སྐུ་ཅན་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་ལྟ་བུ་ལ་ལྟ་ཅི་སྨྲོས་སོ། །དེས་ན་སྔ་མ་དག་གིས་ནུས་མ་བརྒྱད་གཙོ་བོའི་པདྨའི་ལྟེ་བར་རེས་མོས་སུ་གནས་པར་འགྱུར་བས་གཙོ་བོའི་གཟུངས་མར་འདོད་པ་ནི་མི་རྣམས་ལ་དཔེ་བྱས་པའི་བློ་གྲོས་ཆུང་བའི་གཏམ་ལྟ་བུ་སྟེ། རེས་ཀྱིས་གཙོ་བོ་དང་འཁྱུད་ན་སྣ་ཚོགས་ཡུམ་ལོགས་སུ་ཕྱེ་དགོས་པ་སོགས་མི་རྣམས་ཀྱི་སྤྱོད་ལམ་ལས་ལྷ་རྣམས་ཀྱི་སྤྱོད་ལམ་ཡང་མི་ནུས་པ་ཞིག་ཡེ་ཤེས་ཀྱི་ལྷའི་མཛད་སྤྱོད་དུ་ག་ལ་འགྱུར། དེ་བཞིན་རབ་གཏུམ་མ་རྣམས་བྱ་རོག་སོགས་ཀྱི་མགོ་བརྙན་དངོས་སུ་བྱེད་པ་ནོར་བ་སྟེ། དེ་ལ་རྣ་རྒྱན་ཇི་ལྟར་གདགས་ཟེར་བ་སོགས་འདི་འདྲའི་བློ་མཁོས་ཆུང་གིས་རྡོ་རྗེ་ཐེག་པའི་དགོངས་དོན་ཟབ་ཡངས་ནམ་མཁའི་མཐའ་གཞལ་དཀའ་བས་འདི་འདྲའི་རིགས་ཀྱི་འགལ་སྤོང་སོགས་དོན་ཆུང་རྣམས་དགོས་པ་ཆུང་བས་གཞུང་འདིར་བདག་གིས་མ་བཀོད་དོ། །ལྷ་རྣམས་ཞལ་རས་སྤྱི་མི་དང་འདྲ་ལ་ཤངས་སོགས་གདོང་པ་བྱ་ལ་སོགས་པའི་རྣམ་འགྱུར་ལྟ་བུར་བྱེད་པའི་སྐབས་ཀྱང་ལ་ལར་སྲིད་མཐའ་མི་ཁེགས་ཀྱང་དེ་ལྟ་ན་བྱ་ཡི་གདོང་ཅན་ལ་རྣ་བ་ཡོད་པས་རྒྱན་གདགས་རུང་བ་བྱས་ཀྱང་འགལ་བ་མེད་པ་མཚུངས་སོ། །ལྷ་ཡི་སྐུ་ལ་དངོས་སུ་མ་ཧེ་སོགས་ཀྱི་ཞལ་དུ་གྱུར་པ་རྡོ་རྗེ་འཇིགས་བྱེད་ལ་སོགས་པ་ལྟ་བུ་དང་། ཕྲ་མེན་མགོ་བརྙན་ཅན་དུ་བྱེད་པ་རྒྱུད་སྡེ་ཆེན་པོ་དག་ལས་གསུངས་པའི་ཕྱིར་ཕྱོགས་རེའི་མཐོང་བ་ཉི་ཙེ་བ་ཁབ་མིག་ལྟ་བུས་རྡོ་རྗེ་ཐེག་པའི་རྒྱུད་དོན་རྒྱ་མཚོ་ལྟ་བུ་ལས་གསུངས་པ་རྣམས་ལ་ཕྱོགས་དང་རིས་སུ་བཅད་དེ་སུན་འབྱིན་བརྗོད་པ་རྣམ་པ་ཀུན་ཏུ་བྱ་མི་རུང་ངོ་ཞེས་འཕྲོས་དོན་དུ་སྨྲོས་པའོ། །དེ་བཞིན་དུ་འཕར་མ་གཉིས་པ་ལ་བཞུགས་

p. 353

པའི་སངས་རྒྱས་དོན་ཡོད་གྲུབ་པ་སོགས་དང་། རིག་མ་སྒྲོལ་མ་ལ་སོགས་པ་དང་། དཔག་བསམ་ཤིང་སོགས་བཞི་དང་བཅས་ཤིང་བུམ་པ་ནི་སྟེང་འོག་ཏུ་རྡུལ་དང་ཁུ་བའི་བུམ་པ་དག་གིས་བསྐྱེད་པའི་རིགས་ཅན་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེའི་དབྱེ་བས་བཤང་གཅི་ཁྲག་དང་རྐང་གི་བུམ་པ་བརྒྱད་དང་བཅས་པ་ནི། རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་གྱི་བདག་པོ་ཡི་ནི་ལྷན་ཅིག་སྐྱེས་པའི་སྐུའམ་དག་པའི་སྐུའོ། །དེ་ནས་དེའི་ཕྱི་རོལ་གྱི་འཕར་མ་ལ་ཐུགས་དཀྱིལ་གྱི་སྒོ་རྣམས་སུ་བགེགས་མཐར་བྱེད་ལ་སོགས་པ་དང་། སྟེང་གི་གནས་སུ་གཙུག་ཏོར་དང་བཅས་པའི་ཁྲོ་བོའི་དབང་པོ་ལྔ་དང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་ནམ་སྙིང་ལ་སོགས་པ་དྲུག་དང་། ངེས་པར་རོ་ཡི་རྡོ་རྗེ་མ་ལ་སོགས་པ་དྲུག་དང་བཅས་པ་ནི་ཆོས་ཀྱི་སྐུ་དེ་ཉིད་དོ། །དེ་ནས་གསུང་གི་དཀྱིལ་འཁོར་ལ་བཞུགས་པའི་རྣལ་འབྱོར་མ་བརྒྱད་འདབ་མའི་ལྷ་མོ་དང་བཅས་པ་རྣམས་ནི། བདེ་བ་ཆེན་པོར་ལོངས་སྤྱོད་པའི་སྐུ་སྟེ་རླུང་གི་འཕོ་བ་དག་པའི་གསུང་གི་བདག་ཉིད་གཙོ་ཆེ་བས་སོ། །དེའི་ཕྱི་རོལ་དུ་སྐུ་ཡི་དཀྱིལ་འཁོར་ལ་རབ་མཆོག་ཤིང་རྟ་ལ་གནས་པ་འོད་ཟེར་ཅན་ལ་སོགས་པ་རང་རང་གི་ཐབས་དང་བཅས་པ་དང་། ལྷ་ཆེན་པོ་བདེན་བྲལ་ལ་སོགས་པ་ནི་ཉི་མར་རབ་གྲགས་པ་ཞེས་པ་བཅུ་གཉིས་སུ་རབ་ཏུ་གྲགས་པ་དང་། སྟོབས་རྒྱུ་སོགས་ཀླུ་ནི་བརྒྱད་པོ་རྣམས་དང་། ཁྱི་གདོང་མ་ལ་སོགས་པའི་རབ་གཏུམ་མ་རྣམས་ཏེ། ལྷ་ལ་སོགས་པ་འདི་རྣམས་རང་རང་གི་པདྨའི་འདབ་མ་ལ་གནས་པའི་འཁོར་དང་བཅས་པ་རྣམས་ནི་སངས་རྒྱས་ཀྱི་ནི་སྤྲུལ་བའི་སྐུ་སྟེ་འཇིག་རྟེན་པ་རྣམས་གདུལ་བའི་ཕྱིར་དེ་དང་དེའི་རྣམ་པར་བསྟན་པ་གཙོ་ཆེ་བས་སོ། །དེ་བཞིན་སླར་ཡང་རྒྱལ་བའི་སྐུ་བཞི་ནི་དབྱེ་བ་གཉིས་སུ་འགྱུར་ཏེ་གཉིས་པོ་གང་ཞེ་

p. 354

ན་ཕྱི་རོལ་དུ་བཙས་པ་དག་དང་། ནང་དུ་མངལ་ན་གནས་པ་ན་ཡང་སྟེ། མངལ་ནས་སྐྱེས་པ་ལ་སྐུ་བཞི་ནང་དང་ཕྱིའི་དབྱེ་བས་བཞག་པ་ཇི་ལྟ་བ་ཉིད་དེ་བཞིན་ཁོ་ནར་དཀྱིལ་འཁོར་དུ་ལྷ་བསྒོམ་པ་ལ་ནི་དབྱེ་བ་གཉིས་སུ་ངེས་པར་རབ་ཏུ་འགྱུར་ཏེ། འདིར་མངལ་དུ་བྱིས་པའི་རྣམ་ཤེས་དང་ཡེ་ཤེས་བདེ་བ་དང་ཁུ་བ་དང་རྡུལ་རྣམས་ནང་མངལ་དུ་དག་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་བཅོམ་ལྡན་འདས་སྟོན་པ་གཙོ་བོ་དང་ལྷ་མོ་ནུས་མ་བརྒྱད་སོགས་དང་ཞེས་ཆོས་དུང་སོགས་དང་བུམ་པ་བརྒྱད་རྣམས་ནི་ལྷན་ཅིག་སྐྱེས་པ་རྒྱལ་བའི་སྐུ་སྟེ་དཀྱིལ་འཁོར་གྱི་སྙིང་པོའི་དབུས་སུའོ། །དེ་ནས་བྱིས་པའི་ཕུང་པོ་དང་ཁམས་འབྱུང་བ་ཆོས་ཀྱི་སྐུ་ཡིན་པ་བཞིན་དུ་དཀྱིལ་འཁོར་ལ་སངས་རྒྱས་ལ་སོགས་ཆོས་ཀྱི་སྐུ་སྟེ་དེ་ནས་བྱིས་པའི་སྐྱེ་མཆེད་ལྔ་འབྱུང་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ལ་ངེས་པར་སྒྲའམ་རོ་ཡི་རྡོ་རྗེ་མ་ལ་སོགས་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ནས་བྱིས་པའི་རྐང་ལག་སོགས་དང་སྐྲ་སོགས་འབྱུང་བ་དང་བཙའ་བའི་དུས་དེ་ཉིད་སྤྲུལ་པའི་སྐུ་ཡིན་པ་ཇི་ལྟ་བ་བཞིན་དུ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཞི་ནི་སྤྲུལ་པའི་སྐུ་རུ་འགྱུར་ཏེ་རིགས་ཀྱི་ཡོན་ཏན་དབང་གིས་དཀྱིལ་འཁོར་གྱི་ནི་སྙིང་པོར་ཏེ་ཐུགས་དཀྱིལ་ལ་ཐུགས་ཀྱི་རིགས་ཀྱི་དབང་གིས་ཡང་དག་པར་གནས་པའི་ལྷ་རྣམས་དང་ནང་དུ་སེམས་ཅན་རྣམས་མངལ་དུ་གནས་པའི་གནས་སྐབས་བཞི་སྐུ་བཞིར་དག་པ་སྦྱར་བའོ། །ད་ནི་ཕྱི་རོལ་དུ་བཙས་པའི་སྐུ་རྣམ་པ་བཞི་གསུངས་པ། བྱིས་པ་ཕྱིར་སྐྱེས་པའི་ལྟེ་བ་ནས་སྲོག་དང་པོར་འབྱུང་བ་ལྷན་སྐྱེས་དག་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ཐུགས་དཀྱིལ་གྱི་ཕྱི་རོལ་ཏུ་ནི་གསུང་གི་དཀྱིལ་འཁོར་ལ་ཙཱ་མུཎ་ཌཱ་ལ་སོགས་པ་ལྷ་མོ་བརྒྱད་པོ་འཁོར་ལྷ་མོ་དྲུག་ཅུ་རྩ་བཞི་

p. 355

དང་བཅས་པ་དག་པའི་སྐུའོ། །འདིར་བྱིས་པའི་རྐང་ལག་སོགས་བསྐུམ་པ་དང་ཁ་ནས་ཚིག་གསལ་པོར་འབྱིན་པ་མིན་པའི་གནས་སྐབས་ཆོས་ཀྱི་སྐུར་གསུངས་པ་ཇི་ལྟ་བ་བཞིན་དུ། ལྷ་ཆེན་པོ་བཅུ་གཉིས་དང་ལ་སོགས་པའི་སྒྲས་ཤིང་རྟ་ལ་གནས་པའི་ལྷ་མོ་དྲུག་དང་བཅས་པ་ཆོས་ཀྱི་སྐུ་སྟེ། བྱིས་པའི་སོ་སྐྱེས་པ་དང་ཚིག་གསལ་བར་གྱུར་པ་ན་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་མཐའ་དག་གདེངས་ཅན་ཀླུ་ཡི་རིགས་རྣམས་ཀྱང་དཀྱིལ་འཁོར་འདིར་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །འདིར་བྱིས་པའི་སོ་ལྷུང་སྟེ་སླར་ཡང་སྐྱེས་པ་ནས་འཆི་བའི་བར་དུ་སྤྲུལ་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་ནི་རབ་གཏུམ་མོ་རྣམས་འཁོར་དང་བཅས་པ་སྟེ་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་རྣམས་དང་བཅས་པ་ནི་སྤྲུལ་པའི་སྐུར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་སེམས་ཅན་ཀུན་གྱི་དོན་གྱི་སླད་དུ་ཕྱི་རོལ་དུ་སྐུ་བཞི་རྣམས་པར་དག་པའི་དཀྱིལ་འཁོར་དེ་ལྟར་སྤྲོས་པ་ངེས་པའོ། །དེ་ནས་སྐུ་བཞི་དང་རྡོ་རྗེ་བཞི་ཕན་ཚུན་དུ་སྦྱར་བ་གསུངས་པ། འདིར་བྱིས་པའི་གཟུགས་རྫོགས་པའི་སླད་དུ་ལྷན་ཅིག་སྐྱེས་པའི་སྐུ་འཛག་བདེ་དང་མངལ་དུ་ལུས་ཀྱི་འབྱུང་བ་བཞི་ཡི་བདག་ཉིད་ཀྱི་སྐུ་རྡོ་རྗེ་ཟུང་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་ཡང་སྐུ་ཡི་རྡོ་རྗེ་དང་ལྷན་ཅིག་སྐྱེས་པའི་སྐུ་ནི། ཟུང་དུ་འགྱུར་ཏེ་དེའི་རྒྱུ་མཚན་བྱིས་པའི་གཟུགས་ནི་ཡོངས་སུ་རྫོགས་པའི་གནས་སྐབས་ལས་ཁམས་འཕོ་བའི་ཡེ་ཤེས་ཀྱི་བདེ་བ་འབྱུང་བའི་སླད་དུའོ། །དེ་བཞིན་དུ་བྱིས་པའི་ངག་བརྗོད་པའི་དོན་དུ་སྲོག་འབབ་པ་གསུང་རྡོ་རྗེ་དང་ཚིག་མི་གསལ་བ་ཆོས་ཀྱི་སྐུ་ཟུང་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་གསུང་གི་རྡོ་རྗེ་དང་ནི་ཆོས་ཀྱི་སྐུ་ཡང་ཟུང་དུ་འགྱུར་ཏེ། ཇི་ལྟར་བདག་ཉིད་ཀྱི་ཐུགས་སུ་

p. 356

ཆུད་པའི་ཆོས་ཉིད་སེམས་ཅན་གཞན་ལ་བསྟན་པའི་དོན་དུའོ། །འདིར་བྱིས་པའི་ལོ་བཅུ་གཉིས་ནས་བྱང་ཆུབ་སེམས་རྫོགས་ནས་གཡོ་བ་དང་བདེ་བ་ལོངས་སྤྱོད་རྫོགས་པའི་སྐུ་འཁྱུད་སོགས་ཀྱི་བདེ་བ་བསྐྱེད་པའི་སྒོ་ནས་སེམས་ཅན་ཀུན་གྱི་དོན་བྱེད་པ་པོ་ཟུང་ཡིན་པ་བཞིན་དུ། ཐུགས་རྡོ་རྗེ་དང་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཟུང་དུ་འགྱུར་ཏེ། ཐུགས་མཁྱེན་བརྩེ་དང་ལྡན་པའི་གཟུགས་སྐུས་ཆོས་སྟོན་པ་སོགས་ཀྱི་སྒོ་ནས་སེམས་ཅན་ཀུན་གྱི་དོན་ནི་བྱེད་པ་པོ་ཉིད་དུ་འགྱུར་བའི་ཕྱིར་རོ། །འདིར་བྱིས་པའི་ཡེ་ཤེས་ཞེས་པ་ཁུ་བ་འཕོ་བའི་དུས་སུ་བདེ་བ་འབྱུང་བའོ། །སྤྲུལ་པའི་སྐུ་ཞེས་པ་ལོ་བཅུ་དྲུག་གི་མཚམས་སུ་ཁམས་ཡོངས་སུ་རྫོགས་པའོ། །དེས་ན་དེ་འདྲའི་ཡེ་ཤེས་དང་སྤྲུལ་པའི་སྐུ་ཟུང་དུ་གྱུར་པ་བཞིན་དུ་དཀྱིལ་འཁོར་ལ་ཡང་ཡེ་ཤེས་དང་ནི་སྤྲུལ་པའི་སྐུ་དག་ཟུང་དུ་འགྱུར་ཏེ་སྲོག་ཆགས་རྣམས་ལ་ལུས་ཀྱི་འཁོར་ལོ་དྲུག་ཏུ་འཕོ་བ་བཅུ་གཉིས་ཀྱི་རླུང་འགགས་པས་མི་འགྱུར་བའི་བདེ་བ་ལས་ཐར་པ་སྟེར་བར་བྱེད་པ་ཉིད་དོ། །དེ་ཡང་ཁམས་འཕོ་བའི་སྐད་ཅིག་གིས་གནས་སྐབས་ཀྱི་ཚ་གདུང་ལས་ཐར་བའི་བདེ་བ་སྟེར་བ་ཙམ་དང་དེ་དང་ཆོས་མི་མཐུན་པ་ཁམས་འཕོ་མེད་དུ་འགགས་པས་ལས་ཉོན་རྒྱུ་དང་མིང་གཟུགས་སོགས་འབྲས་བུར་གྱུར་པའི་ཡན་ལག་བཅུ་གཉིས་འགགས་པའི་ཐར་བ་སྟེར་བའོ་ཞེས་པ་སངས་རྒྱས་ཀྱི་ངེས་པའོ། །འདིར་བླ་མ་སྔ་མ་དག་གིས་རྣལ་འབྱོར་བཞི་དང་སྦྱར་ན་དཀྱིལ་འཁོར་རྒྱལ་མཆོག་སྐུ་ཡོངས་སུ་རྫོགས་པ་སྐུ་རྡོ་རྗེ་དང་དེའི་རང་བཞིན་དང་པོའི་གནས་སྐབས་ལྷན་སྐྱེས་ཀྱི་སྐུ་ཟུང་དུ་འཇུག་པ་དང་། ལས་རྒྱལ་མཆོག་གི་སྐབས་སུ་དབང་པོ་སོགས་ཀྱི་གཟུགས་སྤངས་ནས་ཁུ་བའི་རྣམ་པར་བཞུགས་པ་ཆོས་སྐུ་དང་ས་བོན་ལས་དཀྱིལ་འཁོར་སྤྲོ་བ་གསུང་རྡོ་རྗེ་ཟུང་དང་། ཐིག་ལེའི་

p. 357

རྣལ་འབྱོར་ལ་བྱང་ཆུབ་ཀྱི་ཐིག་ལེ་ཐུགས་རྡོ་རྗེ་དང་བདེ་བ་ལོངས་སྐུ་ཟུང་དང་། ཕྲ་མོའི་རྣལ་འབྱོར་ལ་རྒྱུ་དང་འབྲས་བུའི་ཡན་ལག་བཅུ་གཉིས་འགོགས་པ་ཐར་པ་སྟེར་བ་ཡིན་ལ་དེ་ཡང་འགྱུར་མེད་བདེ་བ་ཡེ་ཤེས་རྡོ་རྗེ་དང་། དྲི་བྲལ་གྱི་འབྲས་བུ་སྤྲུལ་པའི་སྐུ་ཟུང་དུ་འཇུག་པའོ་ཞེས་ཀྱང་གསུངས་སོ། །སླར་ཡང་སྐུ་བཞི་དང་རྡོ་རྗེ་བཞི་པོ་རྣམས་ཀྱི་ནང་གི་དབྱེ་བ་ཡང་ཤེས་རབ་དང་ཐབས་ཀྱི་ལུས་དང་བསམ་པ་མཉམ་པ་རྡུལ་ལས་བྱུང་བའི་ཁམས་ཀྱི་རིགས་དང་། མི་མཉམ་པ་ཁུ་བ་ལས་བྱུང་བའི་ཁམས་ཀྱི་རིགས་ནི་རིམ་བཞིན་ཕྱི་རོལ་དུ་ཉི་མ་དང་ཟླ་བ་དང་ཡི་གེ་ཀ་སོགས་གསལ་བྱེད་དང་ཨ་སོགས་དབྱངས་རྣམས་དང་། འདོད་ཁམས་སོགས་རྣམ་གསུམ་སྲིད་པ་ལ་གནས་པའི་ཡེ་ཤེས་ཀྱི་དབྱེ་བ་དགའ་བ་ལ་སོགས་པ་དང་རྣམ་ཤེས་ཀྱི་དབྱེ་བ་སྐྱེ་མཆེད་བཅུ་གཉིས་ཀྱི་དབྱེ་བ་དག་གིས་རྣལ་འབྱོར་པ་ཡིས་དེ་མཐའ་དག་རིག་པར་བྱ་སྟེ་ནང་གི་ལེའུ་ལས་བྱིས་པ་ལ་ཇི་ལྟར་གསུངས་པ་བཞིན་དུ་ལྷའི་སྒྲུབ་ཐབས་བསྐྱེད་པའི་རིམ་པ་ལའང་དབྱེ་བ་དེ་འདྲའི་ཚུལ་དུ་ཤེས་པར་བྱའོ། །དེ་ལྟར་ལྷའི་གཟུགས་ཡོངས་སུ་རྫོགས་པའོ། །སྐབས་འདིར་མཉམ་པའི་རིགས་རྡུལ་ལས་བྱུང་བ་ས་མེ་ཡེ་ཤེས་ཀྱི་ཁམས་རྣམ་པ་གསུམ་ཤེས་རབ་ཀྱི་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དང་། མི་མཉམ་པའི་རིགས་ཁུ་བ་ལས་བྱུང་བ་ཆུ་རླུང་ནམ་མཁའི་ཁམས་ཐབས་ཀྱི་སྐུ་གསུང་ཐུགས་ཀྱི་རིགས་ཏེ། ལུས་ཀྱི་དབྱེ་བས་རིགས་གསུམ་དང་། བསམ་པའི་དབྱེ་བས་རིགས་དྲུག་གོ། དེ་གཉིས་ནི་ཉི་མ་དང་ཟླ་བ་དང་། ཀ་སོགས་གསལ་བྱེད་དང་། ཨ་སོགས་དབྱངས་ཀྱི་རིགས་དང་། ཡེ་ཤེས་ཀྱི་དབྱེ་བས་ཟླ་བའི་ཆ་དགའ་བ་བཅུ་དྲུག་དང་། རྣམ་ཤེས་ཀྱི་དབྱེ་བས་མངལ་དུ་སྐྱེ་མཆེད་བཅུ་གཉིས་དང་། གཞན་དུ་བདེན་དོན་བཅུ་གཉིས་ཉི་མའི་ཆ་ཡི་དབྱེ་བས། གཞི་དུས་བྱིས་

p. 358

པའི་ལུས་དང་ལམ་དུས་དཀྱིལ་འཁོར་གྱི་ལྷ་བསྒོམ་པ་མཐའ་དག་རྩ་བ་ཤེས་རབ་དང་ཐབས་ཀྱི་རིགས་ལས་བྱུང་ཞིང་། དེ་ལས་དབྱེ་བའི་རྣམ་གྲངས་དུ་མར་འགྱུར་བའི་ཚུལ་གྱིས་ནང་ལེར་སྐུ་བཞི་དང་རྡོ་རྗེ་བཞི་ཐབས་ཤེས་སུ་བསྟན་པ་ཇི་ལྟ་བ་བཞིན་སྐྱེད་རིམ་ལའང་རིག་པར་བྱའོ་ཞེས་བཤད་དེ། མདོར་ན་ལྷ་རྣམས་ཐབས་ཤེས་དང་དེའི་དབྱེ་བས་སྣ་ཚོགས་སུ་འགྱུར་བ་ཡིན་པས་རྣལ་འབྱོར་པས་ཐམས་ཅད་ཐབས་ཤེས་ཟུང་འབྲེལ་དུ་ཤེས་པར་བྱ་ཞེས་པའི་དོན་ཏོ། །དེ་ནས་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་པའི་སྔགས་གསུངས་ཏེ། འདིར་བྱིས་པ་སྐྱེས་པའི་ལུས་ངག་སེམས་ཀྱི་བྱིན་བརླབས་སད་རྨི་གཉིད་འཐུག་གི་མཚན་ཉིད་དུ་འགྱུར་བ་བཞིན་དུ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཨོཾ་ཨཱཿཧཱུྃ་ཧོ་བཞི་སྭཱ་ཧཱའི་མཐའ་ལྡན་དག་གིས་རིམ་བཞིན་མགོ་བོ་སྟེ་དཔྲལ་བ་དང་མགྲིན་པ་དང་སྙིང་ག་དང་ལྟེ༷་བ་དང་གསང་བ་དང་གཙུག་ཏོར་རམ་སྤྱི་བོར་བཀོད་པར་བྱས་ཏེ། སྔགས་ཀྱི་ཡན་ལག་འདི་དག་གི་ནི་བྱིན་གྱིས་བརླབས་པ་ཡི་ཡན་ལག་གི་ཆོ་ག་བྱས་ནས། བྱིས་པ་མས་འཁྲུད་པར་བྱེད་པ་བཞིན་དུ་རབ་མཆོག་རྒྱལ་བའི་བདག་པོ་ཡི་ལྷ་མོ་རྣམས་ཀྱིས་བདུད་རྩི་བུམ་པས་བཀྲུ་བར་བྱའོ། །ཞེས་པས། དང་པོ་བྱིན་གྱིས་བརླབ་པ་ནི། དཔྲལ་བར་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་དཀར་པོ་ལས་འཁོར་ལོ་རྩིབས་བརྒྱད་པ་དེ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་ཁ་དོག་དཀར་པོ་རྩ་ཞལ་དཀར་ཞིང་གཡས་ནག་གཡོན་དམར་བ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་རྡོ་རྗེ་པདྨ། གཡོན་གསུམ་རལ་གྲི་དྲིལ་བུ་ནོར་བུ་འཛིན་པ་ཤེས་རབ་མ་དང་བཅས་པ་རྫོགས་པར་བྱས་ནས་དཔྲལ་བ་ནས་ཕྱིར་སྤྲོས་ཏེ་དེས་ནམ་མཁའི་ཁམས་ཀུན་ཡོངས་སུ་བཀང་བས་སྐུ་རྡོ་རྗེས་གདུལ་བར་བྱ་བ་རྣམས་ལ་ཆོས་བསྟན་ནས་སླར་ལོག་སྟེ། རང་གི་མདུན་དུ་བཞུགས་པ་ལ། སྐུ་རྡོ་རྗེ་འཛིན་པས་བདག་ལ་དབང་བསྐུར་

p. 359

དུ་གསོལ་ཞེས་གསོལ་བ་བཏབ་པས། སྐུའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར་བར་བསྒོམ་པར་བྱའོ། །དེ་ལྟར་དབང་བསྐུར་བ་ལ་བྱིན་གྱིས་བརླབས་པར་བྱ་སྟེ། དཔྲལ་བར་ཟླ་དཀྱིལ་ལ་སྐུ་རྡོ་རྗེ་རབ་ཏུ་བཅུག་ནས་འདི་སྐད་བརྗོད་པར་བྱའོ། །དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། །ཅེས་པ་སྐུ་བྱིན་གྱིས་བརླབས་པའོ། །དེ་བཞིན་དུ་མགྲིན་པར་ར་ལས་ཉི་དཀྱིལ་ལ། ཨཱཿ ལས་པདྨ་དམར་པོ་འདབ་བརྒྱད་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་ཤེས་རབ་མ་དང་བཅས་པ་དམར་པོ། དམར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་པདྨ་རྡོ་རྗེ་འཁོར་ལོ། གཡོན་གསུམ་ནོར་བུ་དྲིལ་བུ་རལ་གྲི་འཛིན་པ་སྤྲོས་ནས་གསུང་རྡོ་རྗེས་གདུལ་བྱ་ལ་ཆོས་བསྟན་ནས་རང་གི་མདུན་དུ་བཞུགས་པ་ལ་དབང་བསྐུར་བར་གསོལ་བ་གདབ་ཅིང་དབང་བསྐུར་བ་བྱས་ཏེ། རང་གི་མགྲིན་པར་ཉི་དཀྱིལ་ལ་བཀོད་ཅིང་། ཚིགས་བཅད་གཉིས་ལ་སྐུ་ཡི་རྡོ་རྗེའི་ཚབ་ཏུ་གསུང་གི་རྡོ་རྗེ་བཅུག་པ་མ་གཏོགས་གཞན་འདྲའོ། །སྙིང་གར་ང་རོའམ་ཐིག་ལེ་ཡོངས་གྱུར་སྒྲ་གཅན་གྱི་དཀྱིལ་འཁོར་སྔོན་པོ་ལ། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཡོངས་གྱུར་ཐུགས་རྡོ་རྗེ་ནག་པོ། ནག་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་འཁོར་ལོ་པདྨ་གཡོན་གསུམ་དྲིལ་བུ་རལ་གྲི་ནོར་བུ་འཛིན་པ་སྤྲོས་ཏེ་ཐུགས་རྡོ་རྗེས་གདུལ་བྱ་ལ་ཆོས་བསྟན་པ་སོགས་གོང་བཞིན་བྱའོ། །འདིར་ང་རྒྱལ་འཛིན་པའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་བ་

p. 360

ཨཱཏྨ་ཀོ྅ཧཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་བདག་ཉིད་ནི་ངའོ་ཞེས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ལྟེ་བར་ཧོ་ཡིག །གསང་བར་སྭཱ། གཙུག་ཏོར་ལ་ཧཱ་ཡིག་གིས་བྱིན་བརླབས་དབང་བསྐུར་བྱ་སྟེ། ཁུ་བའི་ཆོས་ལས་ཐབས་ཀྱི་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དང་རྡུལ་དང་ཁུ་བའི་ཆོས་ལས་ཤེས་རབ་རིགས་དྲུག་གི་བྱིན་བརླབ་བྱ་བའོ། །གསོལ་བ་གདབ་པ་གཞན་དབང་གི་ལེའུ་ལས་གསུངས་པའི་ཆོ་གས་བྱའོ། །དེར་མ་གསུངས་པ་གང་ཡིན་པ་ཆོ་ག་འདིས་བྱ་སྟེ། གོང་འོག་གི་གནད་བསྡེབ་ནས་ཕྱག་ལེན་དུ་བྱ་བ་ནི་ངེས་པའོ། །འདིར་ང་རྒྱལ་འཛིན་པའི་སྔགས་གསུངས་པ། སེམས་ཅན་ཐམས་ཅད་ཤི་བའི་མཐར་ཕུང་པོ་སྟོང་པ་ཉིད་དུ་གྱུར་པ་ལྟར། རྣལ་འབྱོར་པ་རྣམས་ཀྱིས་ཐ་མལ་མིའི་ཕུང་པོའི་ང་རྒྱལ་སྤང་ནས་ལྷའི་ཕུང་པོ་རྫོགས་པའི་དོན་དུ། ཨོཾ་ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་འདིའི་དོན་ལྟར་ང་རྒྱལ་བྱ་སྟེ། སྟོང་པ་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་ནི་ངའོ་ཞེས་པའི་དོན་ཏེ། དེའི་ཕྱིར་སྟོང་པ་ཞེས་པ་ཤཱུནྱ་ཏའི་སྔགས་འདི་གསུངས་པ་ཡིན་ཏེ་སྟོང་པ་ཉིད་ཀྱི་དུས་སུའོ། །དེ་ལྟར་སྟོང་པ་ཉིད་བསྒོམས་པའི་རྗེས་སུ་མངལ་དུ་རིམ་པས་ཉེ་བར་བསྐྱེད་པའམ་སྐྱེ་བའི་ཆ་ཤས་ཅན་གྱི་ཕུང་པོ་ལྔས་བྱིས་པའི་ལུས་རིམ་པས་རྫོགས་པ་ལྟར། མེ་ལོང་ལྟ་བུ་སོགས་མངོན་བྱང་ལྔས་ཉེ་བར་བསྐྱེད་པའི་ལྷའི་སྐུ་རྫོགས་པའི་དུས་སུ་ང་རྒྱལ་བཟུང་བའི་སྔགས་ནི། ཨོཾ་སུ་བི་ཤུདྡྷ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བདག་ཉིད་ནི་ངའོ་ཞེས་པའི་དོན་ཏེ། དེའི་ཕྱིར་དྷརྨྨ་དྷ་ཏུའམ་ཆོས་ཀྱི་དབྱིངས་ཀྱི་སྔགས་ཞེས་གསུངས་ཏེ་ལྷའི་སྐུ་རྫོགས་པའི་དུས་ཀྱི་སྔགས་དང་། དེ་ནས་བྱིས་པ་བཙས་ནས་ཁྲུས་བྱེད་པ། སད་རྨི་གཉིད་ལོག་གི་གནས་

p. 361

སྐབས་བཞིན་དུ་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ་པའི་སྔགས་ནི་གོང་དུ་བཤད་པ་དེ་ཉིད་དེ། དེས་ན་རྡོ་རྗེ་གསུམ་གྱི་དུས་དང་ཞེས་གསུངས་སོ། །དེ་ནས་བྱིས་པའི་རྣ་བ་འབིགས་པ་ལ་སོགས་པའི་གནས་སྐབས་རིམ་པར་རྫོགས་ནས་ལོ་བཅུ་དྲུག་གིས་མཚམས་སུ་བག་མ་ལེན་པ་དང་དེའི་ལག་པ་འཛིན་པ་དང་ཁམས་ཞུ་བའི་དགའ་བ་ནི་ཡེ་ཤེས་བདེ་བའི་མཆོད་པ་ཡིན་པས་དེ་ཉིད་ལ་རྗེས་སུ་ཆགས་པ་སྤྱད་པ་ལྟར་ལྷ་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་བའི་རླུང་རྒྱལ་གྱི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ངའོ་ཞེས་སོ། །དེས་ན། དེ་ལྟར་ཡེ་ཤེས་ཀྱི་མཆོད་པ་དག་གིས་དུས་སུ། ཨ་ནུ་ར་ག་ཎ། ཞེས་པའི་རྗེས་སུ་ཆགས་པ་ཡི་སྔགས་བརྗོད་དོ་ཞེས་པའི་དོན་ཏོ། །ལ་ཞེས་པ་འོག་གི་ཏཏ་སོགས་དང་འབྲེལ་བའི་ཚིག་ཕྲད་དོ། །དེ་ལྟར་དང་པོ་སྐྱབས་སུ་འགྲོ་བ་གསུམ་མམ་གསུམ་ལ་སྐྱབས་སུ་འགྲོ་བ་ནས་བརྩམས་ཏེ་ཆོ་གའི་རིམ་པ་མཐར་ཆགས་སུ་བྱས་ནས་སྟོང་པ་ཉིད་བསྒོམ་པ་དང་། སྐུ་རྫོགས་པ་དང་། གནས་གསུམ་བྱིན་གྱིས་བརླབས་པ་དང་། རྗེས་སུ་ཆགས་པའི་རྣལ་འབྱོར་བསྒོམ་པ་དེ་དག་གི་དུས་སུ་སྒྲུབ་པ་པོ་ཡིས། ཏཏ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧ༷ཾ། ཞེས་སྔགས་བརྗོད་ཅིང་དེའི་དོན་བཞིན་ང་རྒྱལ་འཛིན་པར་བྱའོ་ཞེས་གསུངས་པ་སྟེ། ང་རྒྱལ་ནི་སྒྲུབ་པ་པོས་དོན་དེ་ཉིད་དུ་ངེས་པའི་ཤེས་པས་ང་རྒྱལ་བྱེད་པ་སྟེ། ཏཏ་ནི་དེའི་ཞེས་པའི་དོན་ཏེ།སྟོང་པ་ཉིད་དེའི་རང་བཞིན་གྱི་བདག་ཉིད་ནི་ངའོ་ཞེས་སམ། ཆོས་ཀྱི་དབྱིངས་དེའི་རྡོ་རྗེ་གསུམ་དེའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ་དེའི་ཞེས་སུ་ང་རྒྱལ་བཞག་པར་བྱའོ་ཞེས་པའི་དོན་ཏེ། གོང་གི་སྔགས་རྣམས་ཀྱི་མཇུག་

p. 362

ཀྱང་ཡིན་ལ་དེ་ལྟར་བསྒོམ་པར་བྱ་བའི་དོན་ཀྱང་ཡིན་པས་དེ་ལྟར་གསུངས་པ་ཡིན་གྱི་ཏཏ་ཞེས་པ་བརྗོད་རྒྱུའི་སྔགས་ལ་འཛུད་དགོས་པ་ནི་མ་ཡིན་ཏེ། སྒྲུབ་པ་པོ་ཡིས་དེའི་རང་བཞིན་གྱི་བདག་ཉིད་ངའོ་ཞེས་བརྗོད་པར་བྱ། ཞེས་པའི་དོན་ཏོ། །དེ་ལྟར་བསྐྱེད་པའི་རིམ་པ་ལ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ནས་འཁོར་ལོ་དྲུག་གི་རྩ་རྣམས་ལྷའི་རྣམ་པར་དག་པ་གསུངས་པ། བུམ་པ་བརྒྱད་པོ་རྣམས་དང་ལྷན་ཅིག་ཏུ་དུ་བ་མ་ལ་སོགས་པ་ལྷ་བརྒྱད་པོ་རྣམས་ཀྱིས་ལུས་ཀྱི་སྙིང་གར་གནས་པའི་རྩ་འདབ་བརྒྱད་པའི་ཆོས་ཀྱི་འཁོར་ལོར་རབ་ཏུ་འགྱུར་ཏེ། སྐུ་བཞི་ལས་ཆོས་ཀྱི་སྐུའོ། །རིག་མ་བཞི་རྣམས་དང་སངས་རྒྱས་བཞི་པོ་འདི་རྣམས་ལུས་དང་བསམ་པའི་དབྱེ་བས་བཅུ་དྲུག་ཏུ་གྱུར་པ་ཉིད་ཀྱིས། དཔྲལ་བའམ་མགོ་བོར་རྩ་ཡི་འདབ་མ་ལ་རྩིབས་བཅུ་དྲུག་པ་རྣམ་པར་དག་པ་སྟེ་དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཡིན་པར་རྒྱུད་ལས་རབ་ཏུ་གྲགས་སོ། །འདི་སྐབས་དངོས་སུ་མ་གསུངས་ཀྱང་དོན་གྱིས་ཤེས་པར་བྱ་བ་ཆོས་དུང་ནོར་བུ་གཎྚི་དཔག་བསམ་གྱི་ཤིང་བཞི་ནི་གཙུག་ཏོར་གྱི་འཁོར་ལོ་དག་པའོ། །བྱང་ཆུབ་སེམས་དཔའ་དྲུག་དང་ལ་སོགས་ཞེས་པས་ལྷ་མོ་དྲུག་ཕན་ཚུན་ཐབས་ཤེས་ཀྱི་དབྱེ་བས་ཉེར་བཞི་དང་སྒོ་སྐྱོང་ཡབ་ཡུམ་བརྒྱད་བཅས་ཉིས་འགྱུར་གྱི་མི་བདག་སྟེ་བཅུ་དྲུག་ཞེས་པ་སུམ་ཅུ་རྩ་གཉིས་རྣམས་ཀྱིས་མགྲི༷ན་པར་རྩ་འདབ་སོ་གཉིས་དག་སྟེ་དེ་ནི་ལོངས་སྐུའི་རང་བཞིན་ལོངས་སྤྱོད་རྫོགས་པའི་འཁོར་ལོར་འགྱུར་རོ། །འཇིགས་མ་ལ་སོགས་ནོར་ནི་གདེངས་ཅན་དག་གིས་བསྒྱུར་པ་དྲུག་ཅུ་རྩ་བཞི་རྣམས་ཀྱིས་ལྟེ༷་བར་རྩ་འདབ་དྲུག་ཅུ་རྩ་བཞི་རྣམ་པར་དག་པས་དེ་ཉིད་སྤྲུལ་སྐུའི་རང་བཞིན་སྤྲུལ་པའི་འཁོར་ལོར་འགྱུར་རོ། །ལག་པ་དང་རྐང་པའི་ཚིགས་ཆེན་བཅུ་གཉིས་ལ་ཚེས་ཀྱི་ལྷ་སུམ་བརྒྱ་དྲུག་ཅུ་རྣམས་ཀྱི་ནི་ལས་ཀྱི་འཁོར་ལོའི་རྩ་འདབ་དགུ་བཅུ་དུས་ཀྱིས་ཞེས་བཞིས་

p. 363

བསྣུན་པའམ་བསྒྱུར་བ་སུམ་བརྒྱ་དྲུག་ཅུ་བོ་དག་པ་སྟེ། ཀླུ་དང་གཏུམ་མོ་མི་ཡི་བདག་པོ་སྟེ། བཅུ་དྲུག་དེ་དག་ལུས་བསམ་གྱི་དབྱེ་བས་སོ་གཉིས་སུ་གྱུར་པ་དེ་རྣམས་ཀྱིས་ལག་པ་དང་རྐང་པའི་སོར་མོའི་ཚིགས་ཀྱི་མཚམས་སུམ་ཅུ་སུམ་ཅུ་ཡོད་པ་ལ་བྱ་བ་ཡི་འཁོར་ལོ་ཞེས་བྱར་བརྗོད་པ་དེ་རྣམས་རྣམ་པར་དག་པར་འགྱུར་ཏེ། གཉིས་ནི་ལག་པ་དང་རྐང་པར་ཁྱབ་བྱེད་དུ་བྱས་ལ་སུམ་ཅུ་པོ་ནི་ལག་པའི་ཚིགས་མཚམས་སུམ་ཅུ་དང་རྐང་པའི་ཚིགས་མཚམས་སུམ་ཅུ་ལའོ། །དེ་བཞིན་དུ་ཙཱ་མུཎ་ཌི་སོགས་རྣལ་འབྱོར་མ་བརྒྱད་དང་། སྒེག་མོ་སོགས་ཕྱོགས་བཞིའི་གཟུངས་མ་བརྒྱད་དེ་བཅུ་དྲུག་པོ་རྣམས་ཀྱིས་གསང་བའི་འཁོར་ལོའི་ཕྱི་སྐོར་གྱི་འདབ་མ་བཅུ་དྲུག་དག་པའམ། ཡང་ན་བཅུ་དྲུག་པོ་ལུས་བསམ་གྱི་དབྱེ་བས་སོ་གཉིས་ཀྱིས་གསང་བའི་འཁོར་ལོ་དག་པའོ། །ཞེས་འགྲེལ་ཆེན་དུ་ཁ་བསྐང་ནས་གསུངས་སོ། །དེ་ལྟར་ལུས་ཀྱི་རྩ་ཡི་འཁོར་ལོ་རྣམ་པར་དག་པའི་ངེས་པའོ། །དེ་བཞིན་དུ་དག་པ་གཞན་ཡང་འདི་ལྟར། དུས་ཀྱི་དག་པས་དཔལ་ལྡན་རྡོ་རྗེ་ཅན་འགྱུར་ཞེས་པ་ནི། ཕྱི་རོལ་དུ་ལོ་ལ་སོགས་པའི་དུས་དང་ནང་དུ་ལུས་ལ་ཆུ་སྲིན་ལ་སོགས་པའི་ཁྱིམ་བཅུ་གཉིས་ཀྱི་དུས་སྦྱོར་འཕོ་བ་བཅུ་གཉིས་ནི། མ་རིག་པ་སོགས་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་ཏེ། འདི་ལྟར་མ་རིག་སྲེད་ལེན་གསུམ་ཉོན་མོངས་དང་། འདུ་བྱེད་སྲིད་པ་གཉིས་ལས་ཏེ་ལས་ཉོན་ལྔ་ནི་རྒྱུ་དང་། ལྷག་མ་རྣམ་ཤེས་སོགས་སྡུག་བསྔལ་གྱི་གཞི་བདུན་ནི་འབྲས་བུའི་ཆོས་སོ། །རྒྱུ་དང་འབྲས་བུའི་ཡན་ལག་དེ་དག་འགགས་པ་ནི་རྡོ་རྗེ་ཅན་དཀྱིལ་འཁོར་གྱི་གཙོ་བོ་དུས་ཀྱི་འཁོར་ལོ་རྣམ་པར་དག་པའོ། །ཀྱེ་མི་ཡི་བདག་པོ་ལོ་དང་ཟླ་བ་ལ་སོགས་དབྱེ་བས་སོ་ཞེས་པ་དེ་དག་གི་དག་པ་ནི་སླར་འཆད་པར་འགྱུར་བ་ལས་ཤེས་པར་བྱའོ། །ཐུགས་ཀྱི་

p. 364

རྣམ་པ་ནི་རང་བཞིན་རྣམ་པར་དག་པ་གཉུག་མ་འོད་གསལ་བའི་སེམས་ཆེན་པོའོ། །དེ་ནི་སྲོག་གི་རླུང་ལ་ཞོན་པ་འཁོར་བའི་སེམས་ཀྱི་མཚན་ཉིད་ཅན་གྱི་ཉི་མ་ནི་མ་ཡིན་ཀྱང་། ལོ་ལ་ཆུ་སྲིན་སོགས་ཀྱི་ཟླ་བའི་དབྱེ་བས་དུས་སྦྱོར་བཅུ་གཉིས་ཇི་ལྟ་བ་བཞིན་དུ་ཉིན་ཞག་རེ་རེའམ་སོ་སོའི་དུས་སུ་འཆར་བའི་ཕྱི་ཡི་དུས་སྦྱོར་བཅུ་གཉིས་དང་། དེ་བཞིན་དུ་སྲིད་པའི་ཡན་ལག་བཅུ་གཉིས་འགགས་པའི་དབང་གིས་ཤེས་རབ་སྣ་ཚོགས་ཡུམ་ནི་རྣམ་པར་དག་པ་སྟེ་ཡུམ་ཉི་མ་རྡུལ་ཤེས་རབ་ཀྱི་ཆར་བྱས་ཀྱང་འཁོར་བའི་སེམས་སྲོག་རླུང་གིས་བསྐྱེད་པའི་རྣམ་པ་མེད་པས་ཉི་མའི་ཆ་དག་པ་ཡིན་གྱི་ཉི་མ་ཕལ་བ་ལྟར་མིན་པར་བསྟན་པ་འདིས་གཞན་ལའང་སྲིད་པ་ལས་འདས་པའི་རྣམ་གྲོལ་དང་རྣམ་ཤེས་ལས་འདས་པའི་ཡེ་ཤེས་སུ་གོ་བར་བྱ་དགོས་པར་བསྟན་ཏོ། །དེ་ལྟར་གདུལ་བྱ་རྣམས་གཉིས་སུ་མེད་པའི་དོན་ལ་གཞུག་པའི་ཕྱིར་ཐབས་ལ་མཁས་པའི་ཐབས་ཤེས་ཀྱི་རྣམ་པ་དང་གཙོ་འཁོར་ཞལ་ཕྱག་སོགས་ཀྱི་རྣམ་པར་བསྟན་ཀྱང་གཉིས་སུ་མེད་པའི་ཆོས་ཉིད་ལས་གཞན་དུ་གྱུར་པ་མེད་པའི་ཕྱིར། གཙོ་བོ་ཡབ་ཡུམ་ནི་རིགས་ཐམས་ཅད་ཀྱི་ཁྱབ་བདག་དང་སྐྱེད་པ་པོ་དང་རྒྱས་འདེབས་པ་པོ་ཡིན་ཏེ། ཇི་ལྟར་ན་ཐེག་པ་གསུམ་ལ་རྒྱས་གདབ་པ་ནི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་གནད་ཡེ་དྷ་རྨ་སྟེ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། སྲིད་བ་སྐྱེ་བ་དང་འགོག་པའི་ཚུལ་གསུངས་པ་འདི་སངས་རྒྱས་ཀྱི་ཆོས་ཇི་སྙེད་གསུངས་པའི་རྩ་བའམ་མདོ་འགག་ལྟ་བུ་ཡིན་ཏེ་འདི་ལས་མི་འདའ་བའོ། །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རྒྱས་གདབ་པ་ནི་ཀུན་གྱི་གཙོ་བོ་སངས་རྒྱས་རིགས་དྲུག་རྣམས་སོ། །དགེ་འདུན་རྣམ་པ་བཞིའི་རྒྱས་གདབ་པ་ནི་རྟེན་གྱི་དབང་གིས་འཁོར་བཞིའི་གཙོ་བོ་དགེ་སློང་ངོ་། །དེ་བཞིན་དུ་དགེ་སློང་ཐོག་མར་བྱས་པའམ་སྔོན་དུ་འགྲོ་བ་ནི་དགེ་འདུན་ནོ།

p. 365

--c།ཡེ་དྷརྨ་སྔོན་དུ་འགྲོ་བ་ནི་ཆོས་སོ། །སངས་རྒྱས་སྔོན་དུ་འགྲོ་བ་ནི་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ལྷའི་ཚོགས་སོ། །དེ་བཞིན་དུ་དཀྱིལ་འཁོར་ལ་གཙོ་བོ་ནི་བསམ་དུ་མེད་པའམ་རྣམ་པར་མི་རྟོག་པའི་ཐུགས་རྡོ་རྗེ་སྟེ་དེས་སྤྱད་བྱའི་ཡུལ་གཙོ་མོ་ནི་སྟོང་པ་ཉིད་དང་ཡེ་ཤེས་ཀྱི་ཆོས་ཅན་སྣ་ཚོགས་ཡུམ་མོ་ཞེས་པ་རིགས་པའོ། །རླུང་གི་དག་པས་ནི་འདི་ལྟར་དུ་བ་མ་ལ་སོགས་པ་བརྒྱད་ནི་རང་གི་སྙིང་གའི་པདྨར་རྩ་ཡི་འཁོར་ལོ་བརྒྱད་པོ་ལ་གནས་པའི་སྲོག་ཐུར་མ་གཏོགས་པའི་ང་བརྒྱད་པོ་རྣམས་རྣམ་པར་དག་པའོ། །ཨ་བ་དྷུ་ཏཱི་དང་དུང་ཅན་མ་དག་གི་མཆོག་གི་ཆ་དང་ཐིག་ལེའི་གཟུགས་ཅན་མ་དག་སྟེ་ང་བཅུ་འགགས་པས་ནུས་མ་བཅུའོ། །ཆགས་སྡང་རྨོངས་གསུམ་ང་རྒྱལ་བཅས་ཉོན་མོངས་པ་བཞི་པོ་རྣམས་ཟད་པ་ཉིད་ཀྱིས་ཞབས་གཡོན་པའི་འོག་ཏུ་དྲག་པོ་ཆུང་མར་བཅས་པ་མནན་པ་ནི། དྲག་པོ་དག་པའོ། །ཁྱབ་བདག་གཙོ་བོའི་ཞབས་གཡས་ཀྱི་འོག་ཏུ་བདུད་ཀྱི་ཚོགས་མནན་པ་ཉིད་ཀྱིས་བདུད་རྣམ་པར་དག་པ་སྟེ་བདུད་ཀྱི་ཚོགས་ཟད་པའོ། །དེ་བཞིན་དུ། ལུས་ཀྱི་སྒྲིབ་པ་ཟད་པས་དུང་དག་པ་དང་། ངག་སྒྲིབ་ཟད་པས་གཎྚཱི༷་དང་། སེམས་ཀྱི་སྒྲིབ་པ་ཟད་པས་མ་ཎི༷་སྟེ་ནོར་བུ་དང་། ཡེ་ཤེས་ཀྱི་སྒྲིབ་པ་ཟད་པས། དཔག་བསམ་ལྗོན་པ་ཞེས་པ་དག་ཀྱང་བཤད་མ་ཐག་པ་དེ་བཞིན་སྐུ་ཡི་རྡོ་རྗེ་ལ་སོགས་ཀྱིས་སྒྲིབ་པ་བཞི་དག་པའོ། །བུམ་པ་བརྒྱད་ནི་རྐང་སོགས་བདུད་རྩིའི་ཡན་ལག་གིས་ཏེ། རྐང་འགག་པའི་བུམ་པ་གཉིས་ནི་གཡོན་དང་གཡས་ཀྱི་དབྱེ་བས་གཉིས་སུ་གྱུར་པ་བཞིན་གཞན་དྲུག་ལའང་དེ་ལྟར་ཤེས་པར་བྱས་ནས་ཁྲག་འགགས་པ་དང་། དེ་བཞིན་བཤང་པ་དང་གཅི་བ་མི་འཛག་པའི་བུམ་པ་རྣམས་སོ། །ཁུ་བ་མི་འཛག་པས་རྒྱལ་བའི་བུམ་པ་དང་། རྡུལ་མི་འཛག་པས་རྣམ་པར་རྒྱལ་

p. 366

--dབའི་བུམ་པ་སྟེ་དེ་གཉིས་ནི་དེ་ལྟར་བྱང་ཆུབ་སེམས་ཁུ་བ་དང་སོགས་སྒྲས་རྡུལ་དག་པ་ཉིད་ཀྱིས་སོ། །དེ་ལྟར་བུམ་པའམ་ཡང་ན་ཐོད་པ་རྣམས་རྣམ་པར་དག་པའོ། །དེ་ནས་སངས་རྒྱས་ལ་སོགས་པ་ལྷ་གཞན་རྣམས་ཀྱི་དག་པ་གསུངས་པ། འདིར་འཇིག་རྟེན་ཀུན་རྫོབ་ཀྱི་ཆོས་འདུ་བྱེད་ཀྱི་སྒྲིབ་པ་ཟད་པའམ་རྣམ་པར་དག་པ་ལས། སྒྲིབ་བྲལ་གྱི་འདུ་བྱེད་གཞན་དོན་ཡོད་གྲུབ་པ་ཉིད་དུ་འགྱུར་བའོ། །དེ་བཞིན་དུ་ཚོར་བ་སྒྲིབ་བྲལ་དྲི་མེད་ནོར་བུའི་ཕྱག་རིན་འབྱུང་དང་། འདུ་ཤེས་སྒྲིབ་བྲལ་སྣང་བ་མཐའ་ཡས་ཏེ། གཟུགས་སྒྲིབ་བྲལ་ནི་འཁོར་ལོ་ཅན་རྣམ་སྣང་ཡིན་ནོ། །སླར་ཡང་ལུས་ཀྱི་ཆ་ལས་རི་བོང་ཅན་ཁུ་བ་དང་སྟོབས་ཞེས་པ་ཤ་དང་ཁྲག་དང་བཤང་བ་དང་གཅི་བ་ལྔ་རྣམ་པར་དག་པ་ནི་མི་བསྐྱོད་པ་ལ་སོགས་པ་ཕུང་པོ་ལྔའི་རིགས་རྣམ་པར་དག་པ་ཉིད་དུ་གྱུར་བའོ། །སྣ་ཚོགས་ཡུམ་དང་རྡོར་དབྱིངས་མ་དང་། སྒྲོལ་མ་གོས་དཀར་མཱ་ཀཱི་སྤྱན་མ་སྟེ། ལྷ་མོ་དྲུག་ནི་ཡེ་ཤེས་དང་ནམ་མཁའ་དང་རླུང་མེ་ཆུ་སའི་ཁམས་རྣམས་རྣམ་པར་དག་པ་ཉིད་ཀྱིས་ཏེ། གཟུགས་སོགས་ཡུལ་དྲུག་དང་མིག་སོགས་ཡུལ་ཅན་དབང་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས་པ་སྟེ། དབང་ཡུལ་དག་པ་སེམས་དཔའ་སེམས་མ་རྣམས་སོ། །གཙུག་ཏོར་སོགས་སྒོ་སྐྱོང་ཁྲོ་བོ་ལྔ་ནི་མི་དད་པ་སོགས་ལྔ་ཟད་པས་དད་བརྩོན་དྲན་ཏིང་ཤེས་རབ་ཀྱི་སྟོབས་ལྔ་པོ་རྣམས་ཀྱིས་ཏེ། ངེས་པར་སླར་ཡང་ཁྲོ་བོ་གཞན་པ་གནོད་མཛེས་སོགས་ལྔ་ནི། བྷ་ག་དང་ངག་དང་ལག་པ་དང་རྐང་པ་དང་བཤང་ལམ་སྟེ། དབང་པོ་གཞན་ལས་ཀྱི་དབང་པོ་ལྔ་རྣམས་རྣམ་པར་དག་པ་ཉིད་ཀྱིས་སོ། །དབང་པོའི་བྱ་བ་རྣམས་ཀྱིས་དྲག་སྤྱན་མ་སོགས་དང་ལྷན་གཅིག་ཡོངས་སུ་དག་པའོ། །ཙཱ་མུནྜཱ་སོགས་རྣལ་འབྱོར་མ་བརྒྱད་ནི་ཐུན་བརྒྱད་རྣམ་པར་དག་པ་ཉིད་ཀྱིས་ཏེ། པདྨའི་འདབ་མར་གནས་པ་འཇིགས་མ་ལ་སོགས་པ་རྣམས་ནི། ཉི་མའི་དུས་སྦྱོར་

p. 367

ཆུ་ཚོད་དྲུག་ཅུ་རྣམས་ཀྱིས་སོ། །དེ་ལས་བཞི་ནི་སྟོང་པའི་འདབ་མ་རྣམ་པར་དག་པས་སོ། །སྤྲུལ་པའི་འཁོར་ལོ་སྒྲིབ་བྲལ་དུ་གྱུར་པའི་རྣལ་འབྱོར་མ་བརྒྱད་འཁོར་དང་བཅས་པ་རྣམ་པར་དག་པའོ། །ལྷ་མིན་ལ་སོགས་ལྷ་ཆེན་བཅུ་གཉིས་ནི་ཉི་མའི་ཟླ་བས་ཞེས་པ་ཟླ་བ་བཅུ་གཉིས་རྣམ་པར་དག་པས་སོ། །དེ་དག་གི་པདྨའི་འདབ་མར་གནས་པ་རྣམས་དང་སྒེག་མོ་མཆོད་ལྷ་བཅུ་གཉིས་དང་བཅས་པའི་ལྷ་མོ་སུམ་བརྒྱ་དྲུག་ཅུ་ནི་ནང་དུ་ཆུ་ཚོད་གཅིག་གི་དབུགས་སུམ་བརྒྱ་དྲུག་ཅུའི་གྲངས་ཀྱི་ཕྱི་རོལ་དུ་ལོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ཡི་གྲངས་རྣམ་པར་དག་པ་ཉིད་ཀྱིས་སོ། །གསང་བར་མི་བདག་སྟེ་བཅུ་དྲུག་ཉིས་འགྱུར་སུམ་ཅུ་རྩ་གཉིས་ཀྱི་ཆུ་ཚོད་ཀྱི་རྩ་འདབ་རྣམས་རྣམ་པར་དག་པ་ཉིད་ཀྱིས་ཀླུ་བརྒྱད་པོ་རྣམས་དང་ནི་གཏུམ་མོ་བརྒྱད་པོ་རྣམས་ཀྱང་ལུས་བསམ་གྱི་དབྱེ་བས་སོ་གཉིས་པོ་རྣམ་པར་དག་པའོ། །འདིར་ཆུ་ཚོད་ཅེས་པའི་སྐད་དོད་ན་ཊི་ཀཱ་བྷི༔ ཞེས་ཡོད་པ་རྩ་ཞེས་པར་བསྒྱུར་དགོས་པ་ཡིན་ཞེས་བཤད་ལ་འགྲེལ་བར་གསང་བར་མི་བདག་ཉིས་འགྱུར་རྩ་རྣམས་ཀྱིས་ཀྱང་ཀླུ་རྣམས་དང་ནི་གཏུམ་མོ་རྣམ་པར་དག་ཅེས་གསུངས་པ་ལྟར་བྱའོ། །དེ་བཞིན་འདོད་མ་དང་ལ་སོགས་པས་ཕྱིར་འདོད་མ་དེ་དག །རང་རང་གི་ཁམས་ཀྱི་རང་བཞིན་དང་ཡོན་ཏན་གྱི་དབང་གིས་ལུས་ཀྱི་བྱ་བས་རྣམ་པར་དག་པ་སྟེ།བྱ་བ་གང་ཡིན་པ་དེ་དང་དེ་སྒྲིབ་བྲལ་དུ་གྱུར་པས་སོ། །སྐྲ་རྣམས་སྒྲིབ་བྲལ་དུ་གྱུར་པ་ཉིད་ཀྱིས་ནི་གྲུབ་པ་མཐའ་དག་དང་། བ་སྤུ་རྣམས་སྒྲིབ་བྲལ་ཉིད་ཀྱིས་དུར་ཁྲོད་ཀྱི་ས་གཞི་ལ་གནས་འབྱུང་པོའི་ཚོགས་རྣམ་པར་དག་པའོ། །དེ་ལྟར་གྲུབ་པ་དང་འབྱུང་པོ་གཞན་ཏེ་ཐ་མལ་རང་རྒྱུད་པའི་སྒྲིབ་པ་ཟད་པ་སྒྲིབ་བྲལ་གྱི་རང་བཞིན་ནོ། །དེ་ནས་ཕྱག་མཚན་གྱི་དག་པ་གསུངས་པ། དེ་ཉིད་ཉི་ཤུ་རྩ་བཞི་སྔར་བཤད་པ་དེ་རྣམས་རྣམ་པར་དག་པ་ཉིད་ཀྱིས་གཙོ་བོའི་ཕྱག་གི་མཚོན་

p. 368

ཆ་ཉེར་བཞི་པོ་རྣམ་པར་དག་པ་སྟེ་རང་བཞིན་མེད་པ་སྒྲིབ་བྲལ་གྱི་ཕྱིར་རོ། །འདིར་འགྲེལ་པ་སྔ་མ་རྣམས་སུ། རྩ་བའི་རང་བཞིན་ནམ་མཁའི་ཁམས་རྡོ་རྗེ། ས་འཁོར་ལོ། ཆུ་པདྨ། མེ་ནོར་བུ། རླུང་རལ་གྲི། རྣ་བ་ཌཱ་མ་རུ། སྣ་དགྲ་སྟ་མིག་མདའ། ལྕེ་མདུང་ཐུང་། ལུས་ཕུབ། སྒྲ་རྩེ་གསུམ། རེག་བྱ་ཐོ་བ། རོ་ལྕགས་ཀྱུ། གཟུགས་ཞགས་པ། དྲི་དབྱུག་པ། བཤང་ལམ་གཞུ། རྐང་པ་ནི་ཐབས་ཀྱི་དབང་གིས་ཨུཏྤ་ལ་ཡིན་ཡང་འདིར་དེ་མེད་པས་ཤེས་རབ་ཀྱི་དུང་ངོ་། །ལག་པ་དང་མགོ་བོ་ཁ་རྣམས་ཁ་ཊྭཱཾ་ག །དྲི་ཆུའི་དབང་པོ་དྲིལ་བུ། དབང་པོ་མཆོག་གྲི་གུག །ཕྱི་རོལ་དུ་སྒྲ་གཅན་ཉི་མ་ཟླ་བ་གསུམ་དང་ནང་དུ་ཡིད་བློ་ང་རྒྱལ་གསུམ་ནི་དངོས་སུ་མ་གསུངས་ཀྱང་མེ་ལོང་ལྕགས་སྒྲོག་ཐོད་པ་གསུམ་དུ་དོན་གྱིས་ཐོབ་པོ་ཞེས་བཤད། ཁ་ཅིག་གིས་དེ་ལྟར་བཤད་པ་ལ་ཤེས་བྱེད་མེད་དོ། །ཞེས་བཤད། དེ་བཞིན་དུ་ས་སོགས་ཁམས་དྲུག་གི་རང་བཞིན་གྱི་ཡོན་ཏན་དབང་གིས་ཡུལ་དྲི་ལ་སོགས་པ་ཁམས་སྒྲིབ་པ་དང་བྲལ་བའི་བདག་ཉིད་ཀྱིས་ཕྱི་ཡི་ཕྱག་རྒྱ་འཁོར་ལོ་དང་རྣ་ཆ་ལ་སོགས་པ་དྲུག་རྣམ་པར་དག་པའོ། །རྡོ་རྗེས་ནང་གི་ཕྱག་རྒྱ་ཞེས་གསུངས་པ། སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་བཞི་སྒྲིབ་བྲལ་དུ་གྱུར་པའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེས་ནི་ནང་གི་ཕྱག་རྒྱ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་ས་བོན་ནམ་ཕྱག་མཚན་ལྷ་སྐུའི་རྣམ་པས་གནས་བཞིར་བསྒོམ་པ་རྣམ་པར་དག་པའོ། །དེའི་ཤུགས་ཀྱིས་གཞན་ཕྱིའི་ཕྱག་རྒྱ་བཞི་ནི་སྐུའི་ཕྱག་རྒྱ་ལས་རྒྱ་ལ་སོགས་པ་བཞི་རྣམ་པར་དག་པའང་ངོ་། །རྡོ་རྗེ་བཞི་པོ་གཅིག་ཏུ་འདུས་པ་མཚོན་བྱེད་རྡོ་རྗེ་རྩེ་ལྔ་པ་ནི། རྡོ་རྗེ་འཛིན་པའི་སྟེ་གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཡང་དག་པར་གནས་པའོ། །ཡང་ན་ནང་གི་ཕྱག་རྒྱའི་བྱེ་བྲག་ཐུགས་རྡོ་རྗེ་མཚོན་པ་རྡོ་རྗེ་ནི་ཐུགས་

p. 369

ཀར་ཟླ་དཀྱིལ་ལ་བཀོད་པ་དེ་བཞིན། སྤྱི་བོར་འཁོར་ལོ་སོགས་ཀྱང་དེས་མཚོན་ནས་བསྟན་པར་བྱས་ཀྱང་རུང་ངོ་། །གཙོ་བོ་དཔལ་ལྡན་རྡོ་རྗེ་ཅན་དང་སྣ་ཚོགས་ཡུམ་ནི་འདོད་པ་སོགས་རྣམ་གསུམ་སྲིད་པ་ལ་ཆོས་ཉིད་ཀྱི་ཚུལ་དུ་གནས་པ། འགྱུར་མེད་ཀྱི་བདེ་བ་ཆེན་པོ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལྡོག་ཆས་དབྱེ་བ་ལས་ཐབས་དང་ཤེས་རབ་ཀྱི་རྣམ་པར་འབྱེད་ཀྱང་ངོ་བོ་གདོད་ནས་དབྱེར་མེད་ཡིན་ཏེ། འཕོ་བའི་བདེ་བ་དང་རྣམ་པར་རྟོག་པས་བརྟགས་པའི་སྒྲིབ་པ་ཟད་པའི་ཕྱིར། སྲིད་པར་གཏོགས་པའི་ཕུང་སོགས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་གདོད་ནས་རང་གི་ངོ་བོས་རང་བཞིན་རྣམ་དག་ཏུ་གནས་པ། དེ་ཇི་ལྟ་བ་བཞིན་མངོན་དུ་གྱུར་བས་སྒྲིབ་བྲལ་གྱི་བདག་ཉིད་དེ། སྲིད་པའི་རང་བཞིན་གདོད་ནས་རྣམ་པར་དག་པ་ཤེས་པ་ནི་མྱ་ངན་ལས་འདས་པ་ཞེས་བརྗོད་དེ། དེ་ལྟར་ཆོས་ཉིད་ཇི་ལྟ་བ་བཞིན་གཟིགས་པ་སྒྲིབ་བྲལ་གྱི་དུས་ན། ཆོས་ཉིད་དེས་བསྡུས་པའི་ཆོས་ཅན་དུས་གསུམ་གྱི་སྲིད་པ་ཐམས་ཅད་ཅིག་ཆར་འབད་མེད་དུ་རྣམ་པར་རྟོག་པ་མི་མངའ་བར་གཟིགས་ཏེ། སྲིད་པ་གསུམ་གྱི་སྒྲིབ་པ་ཟད་པ། རྒྱུ་དང་འབྲས་བུ་འགགས་པའི་དོན་དམ་ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །གཞན་ཉན་རང་བྱང་སེམས་རྣམས་ཀྱིས་དུས་གསུམ་གྱི་ཤེས་བྱ་ཅིག་ཆར་གཟིགས་པར་མི་འགྱུར་ཏེ། ཉན་རང་རྣམས་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་ས་ལ་གནས་པ་རྣམས་ཀྱང་སྒྲིབ་པ་མཐའ་དག་མ་སྤངས་ལ། ཞི་བའི་དབྱིངས་སུ་ལྷག་མེད་མྱ་ངན་ལས་འདས་པ་རྣམས་ནི་རེ་ཤིག་ཟག་མེད་ཀྱི་དབྱིངས་སུ་གཉིད་ལོག་པ་ལྟར་གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་ད་དུང་ཤེས་བྱའི་སྒྲིབ་པ་ཅུང་ཟད་ལུས་པའི་ཕྱིར་འདི་རྣམས་

p. 370

དང་ཁྲོ་བོ་རྣམས་ཀྱང་ས་བཅུའི་དབང་ཕྱུག་ཉིད་དུ་གྲུབ་ཀྱི་སངས་རྒྱས་མ་ཡིན་ནོ། །དེ་ནས་ལྷན་སྐྱེས་དག་པའི་སྐུ་ལས་སྐུ་གཞན་འབྱུང་བ་གསུངས་པ། དཔལ་ལྡན་དག་པ་ལྷན་ཅིག་སྐྱེས་པའི་སྐུ་ལས་ནི་ཆོས་སྐུར་འགྱུར་ཏེ་ཆོས་སྐུ་ལས་ངེས་པར་གདུལ་བྱ་ས་བཅུའི་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་སྟོན་པའི་ལོངས་སྤྱོད་རྫོགས་སྐུ་བཟང་པོའོ། །ལོངས་སྤྱོད་རྫོགས་པའི་སྐུ་ལས་ནི་སེམས་ཅན་སྣ་ཚོགས་པའི་དོན་བྱེད་པའི་སྤྲུལ་པའི་སྐུ་རུ་འགྱུར་ཏེ་རྒྱལ་བའི་བདག་པོས་རྒྱུད་རྣམ་པར་དག་པ་དང་མ་དག་པའི་སེམས་ཅན་ནམ་མཁའ་དང་མཉམ་པ་མ་ལུས་པ་ཀུན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པའམ་བྱེད་པ་ནི་འབྲས་བུ་ཤིན་ཏུ་རྣམ་དག་གི་སྐབས་སུའོ། །གཞི་དུས་ཀྱི་དབང་དུ་བྱས་ན་ཡང་དེ་དང་ཆ་འདྲ་འཇིག་རྟེན་ཀུན་རྫོབ་ཀྱི་སྐུ་བཞི་ནི། ཀུན་རྫོབ་བདེན་པ་རྟེན་ཅིང་འབྲེལ་འབྱུང་གི་ཆོས་སྐད་ཅིག་གིས་སྐྱེ་ཞིང་འཇིག་པའི་རང་བཞིན་གྱིས་འཁོར་བ་པ་རྣམས་ལ། སྲིད་པའི་རང་བཞིན་ཡོངས་སུ་མི་ཤེས་པའི་མ་རིག་པའི་བག་ཆགས་ཀྱིས་བསླད་ནས་བཞི་པ་ལ་སོགས་པའི་གནས་སྐབས་རྣམ་པ་བཞིར་འགྱུར་ཏེ། དེ་རྣམས་ལ་སྐུ་བཞི་ཡི་རབ་ཏུ་དབྱེ་བས་ཡིད་རྣམ་པ་བཞི་རུ་གནས་ཏེ། གང་ཞེ་ན་མངལ་དུ་སྐྱེ་བ་འཛིན་པའི་དུས་སུ། ཁུ་བ་འཕོ་བའི་གནས་སྐབས་ན་བཞི་པའི་གནས་སྐབས་ཡིན་ལ་དེ་ཡང་ཀུན་རྫོབ་ཏུ་བདེ་བ་ཆེན་པོ་ཞེས་བརྗོད་དེ། བདེ་བ་ཆེན་པོ་ནི་ཤྲཱི་ནི་གཉིས་མེད་ཡེ་ཤེས་ཉིད། ཅེས་གསུངས་པ་བཞིན་དུ་གཉིས་སུ་མེད་པའི་ཡེ་ཤེས་ལྷན་སྐྱེས་དག་པའི་སྐུ་ཞེས་བྱ་སྟེ་དེ་སྒྲིབ་བྲལ་དུ་གྱུར་པའི་ལྷན་སྐྱེས་དག་པའི་སྐུ་དངོས་མ་ཡིན་པ་སྨྲོས་མ་དགོས་ཀྱང་། ལྷན་སྐྱེས་ཀྱི་སྐུར་བརྗོད་པ་ནི་དེའི་རང་གི་གནས་ཚུལ་ལ་ཡེ་ནས་དག་པ་ཡིན་གྱི་མ་དག་པ་མེད་ཀྱང་། རང་གི་རྒྱུད་ཀྱི་མ་རིག་པའི་བག་ཆགས་ཀྱིས་བསླད་ནས་དེའི་རང་བཞིན་ཇི་ལྟ་བ་བཞིན་རྟོགས་

p. 371

མ་ནུས་པའི་སྣང་ཚུལ་གྱི་དབང་དུ་མ་དག་པ་སྒྲིབ་བཅས་གཞི་དུས་ཀྱི་ངོ་བོ་ཉིད་སྐུ་ཞེས་བརྗོད་དོ། །ལྷན་སྐྱེས་ཀྱི་སྐུ་དེ་ལས་ཆོས་ཀྱི་སྐུ་རྣམ་རྟོག་ཀུན་དང་བྲལ་བ་ཤིན་ཏུ་གཉིད་ལོག་པའི་མཚན་ཉིད་ཅན་དང་། དེ་ལས་ངེས་པར་སླར་ཡང་གཞན་རྨི་ལམ་གྱི་མཚན་ཉིད་ཅན་རླུང་སེམས་ཙམ་ལས་བྱུང་བའི་གཟུགས་ཕྲ་བ་ལོངས་སྐུ་དང་། དེ་ལས་རགས་པའི་ལུས་ཀྱི་དབྱེ་བས་སད་པ་ཡི་གནས་སྐབས་ཀྱི་ཡུལ་སྣང་རགས་པ་སྤྲུལ་པའི་སྐུ་འབྱུང་སྟེ། དེ་ལྟར་གཞི་དུས་ན་གང་ལ་བརྟེན་པའི་ལུས་སམ་རྟེན་ཉིད་ཀྱི་རབ་ཏུ་དབྱེ་བས། སྲོག་ཆགས་རྣམས་ཀྱི་ལུས་ལ་ཡིད་ནི་བདེ་བ་དང་གཉིད་ལོག་སོགས་སེམས་ཤིན་ཏུ་ཕྲ་བ་དང་རགས་པའི་གནས་སྐབས་རྣམ་པ་བཞི་རུ་གནས་པ་ཡིན་ནོ། །དེ་ལའང་གང་དུ་མངལ་གྱི་གནས་སྐབས་ཀྱི་སྐུ་བཞི་དང་། མངལ་དུ་ལུས་རྫོགས་ནས་ཕྱི་རོལ་དུ་བཙས་ཚེ་སྲོག་ཐོག་མར་རྒྱུ་བ་ནས་འཆི་བའི་མཐར་ཐུག་པའི་གནས་སྐབས་བཞི་ཡང་སྐུ་བཞིར་གསུངས་པ་དེ་བཞིན། ཤིན་ཏུ་རྣམ་པར་དག་པ་སྒྲིབ་བྲལ་གྱི་དཀྱིལ་འཁོར་བདག་པོས་སེམས་ཅན་ཀུན་གྱི་དོན་བྱེད་པ་ལའང་། གཞི་ཆོས་ཉིད་ངོ་བོ་ཉིད་སྐུ་གཅིག་གི་དབྱིངས་ལས་མ་གཡོས་བཞིན་དུ་སྐུ་གསུམ་གྱི་རྣམ་པར་རོལ་པས་ནམ་མཁའ་ཇི་སྲིད་དུ་སེམས་ཅན་གྱི་དོན་མཛད་པ་སྟེ། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་སེམས་མཐའ་ཡས་པ་དང་སྔོན་གྱི་གནས་ལ་སེམས་པ་ཐམས་ཅད་ཅིག་ཆར་མཁྱེན་པའི་ཐུགས་ཀྱིས་སྲིད་པ་ཡོངས་སུ་ཤེས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བརྙེས་པའི་ཕྱིར་རོ། །དེ་ལྟར་གཞིའི་ཆོས་འདི་དག་མེད་ན་འབྲས་དུས་ཀྱི་ཆོས་རྣམས་ཀྱང་རྣམ་པ་ཀུན་ཏུ་མི་འབྱུང་སྟེ་ས་བོན་མེད་པའི་འབྲས་བུ་བཞིན་ནོ། །གཞིའི་ཆོས་རྣམས་ཀྱང་རང་བཞིན་གྱིས་དག་པ་མིན་ན་ལམ་ལ་ཇི་ལྟར་འབད་ཀྱང་དག་པར་མི་སྲིད་དེ། མ་དག་པ་དེ་ཆོས་རྣམས་ཀྱི་གཤིས་

p. 372

སམ་གནས་ལུགས་ལ་གྲུབ་ན་དག་པར་བསྒོམས་ཀྱང་དག་པར་མི་འགྱུར་ཏེ་ཆོས་ཉིད་ནི་སུས་ཀྱང་གཞན་དུ་བྱར་མི་ནུས་ལ་ཆོས་ཉིད་དང་མི་མཐུན་པར་དག་པར་བསྒོམ་པའམ། འཛིན་པ་ཡང་ལོག་ཤེས་སུ་འགྱུར་གྱི་ཡང་དག་པ་བདེན་པ་མཐོང་བའི་ལམ་དུ་མི་འགྱུར་རོ། །ཡང་དག་པའི་དོན་གྱི་དབང་དུ་བྱས་ན་ཆོས་ཉིད་དག་ཀྱང་ཆོས་ཅན་མ་དག་ཅེས་བྱ་བར་ཡང་མི་རུང་སྟེ། ཆོས་ཉིད་ནི་ཆོས་རྣམས་ཀྱི་རང་བཞིན་ནམ་གཤིས་སམ་གནས་ལུགས་ཡིན་པས་མེའི་ཚ་བ་དང་ཆུའི་གཤེར་བ་ལྟར་རང་བཞིན་དང་རང་བཞིན་ཅན་གྱི་ཆོས་ཐ་དད་དུ་གྲུབ་པ་མེད་ཅིང་། གལ་ཏེ་ཡོད་ན་ཆོས་རྣམས་ཀྱི་ཆོས་ཉིད་ནི་དེའི་ཆོས་ཉིད་དང་གནས་ལུགས་སུ་ནམ་ཡང་མི་རུང་ངོ་། །དེས་ན་ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་པའི་ངེས་ཤེས་ཀྱིས་དག་པའི་སྣང་བ་རྩལ་དུ་བཏོན་ཏེ་ཡིན་པ་ལ་ཡིན་པ་ལྟར་མངོན་དུ་འགྱུར་བའི་ཕྱིར་རིམ་གཉིས་ཀྱི་ལམ་སྒོམ་པའི་གནད་ཁོང་དུ་ཆུད་དགོས་ཀྱི། གཉིས་སྣང་འཁྲུལ་བས་བསླད་པ་མ་དག་པའི་སྣང་ཚུལ་གྱི་ཕྱོགས་ལ་འཆེལ་ནས་རྡོ་རྗེ་ཐེག་པའི་དགོངས་དོན་བསླད་པར་བྱ་མི་རུང་སྟེ་སེམས་ཅན་རྣམས་ལས་ཉོན་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས་མ་དག་པ་དང་། སངས་རྒྱས་རྣམས་འཁོར་བའི་རྒྱུ་འབྲས་ལས་འདས་ཏེ་དག་པ་ཡིན་པ་ཙམ་ནི་ཆོས་ཉིད་ཀྱི་བདེན་པ་ལ་རྨོངས་པའི་སེམས་ཅན་རྣམས་ཀྱི་སྣང་ཚུལ་ལ་ཡང་གྲུབ་ཟིན་པས་དེ་ཡི་གྲུབ་མཐའ་ནན་འཛིན་བྱས་པས་མཁས་པར་མི་འགྱུར་གྱི་རང་ཉིད་རྣལ་འབྱོར་ཟབ་མོའི་དོན་ལས་རིང་དུ་གྱུར་པའི་དེ་ཉིད་སྟོན་པར་བྱེད་དོ། །གནས་ལུགས་ལ་འཁོར་འདས་དབྱེར་མེད་རང་བཞིན་དག་པ་ཆེན་པོའི་གྲུབ་མཐའི་ཕྱོགས་བཟུང་ནས་རྡོ་རྗེ་ཐེག་པའི་དགོངས་སྤྱོད་ཟབ་མོའི་གཏམ་གྱི་སྦྱོར་བ་གང་ལ་མངའ་བ་དེ་ནི་ཕྱིར་མི་ལྡོག་པའི་བྱང་སེམས་ཆོས་ཟབ་མོའི་གཏམ་སྟོན་པ་ལས་རྗེས་སུ་དཔགས་ནུས་པ་ལྟར་

p. 373

རྣལ་འབྱོར་ཟབ་མོའི་དགོངས་སྤྱོད་ཅན་དུ་ཤེས་པར་ནུས་སོ། །བདེན་གཉིས་དབྱེར་མེད་དག་མཉམ་ཆེན་པོའི་དོན་ཀྱི་དབང་དུ་བྱས་ནས་དེ་ལྟར་བཤད་པ་ལ་རིགས་པས་གནོད་པ་ནམ་ཡང་མི་སྲིད་ལ། རྒྱལ་བ་དང་རྒྱལ་སྲས་སེམས་དཔའ་མཆོག་རྣམས་ཀྱིས་རྡོ་རྗེ་སེང་གེའི་སྒྲ་བསྒྲགས་པའི་མདོ་རྒྱུད་ཟབ་མོ་རྣམས་ཀྱི་ལུང་དང་ལྡན་པ་ཡིན་མོད་ཀྱི། བློ་དམན་དག་གི་སྐལ་བར་མ་ཤོངས་པའི་སུན་འབྱིན་ཅི་ལྟར་སྨྲས་ཀྱང་རང་ཉིད་འདི་དང་ཕྱི་མར་ཉམས་པར་བྱེད་པ་ལས་འབྲས་བུ་ཅི་ཡང་མེད་དོ། །གནས་ལུགས་དེ་ལྟ་བུ་ལས་ནམ་ཡང་མི་གཡོ་བར་གྱུར་ཡང་། སྣང་ཚུལ་ལ་བདེན་པ་གཉིས་སུ་ཕྱེ་བའི་རྣམ་བཞག་གི་སྒོ་ནས། དག་པ་དང་མ་དག་པ། རྒྱུ་དང་འབྲས་བུ་གཞི་དང་ལམ་ལ་སོགས་པ་ཐམས་ཅད་སུ་ལ་ཡང་བསྙོན་མེད་དུ་གྲུབ་པས་དེ་དག་གི་རྣམ་བཞག་རྣམས་མ་འདྲེས་འགལ་མེད་དུ་འཇོག་ཤེས་ན་རྡོ་རྗེ་ཐེག་པའི་དགོངས་དོན་ཚུལ་བཞིན་སྨྲ་བའི་སྐྱེས་བུ་ཆེན་པོར་འགྱུར་རོ། །ཞེས་འཕྲོས་དོན་དུ་སྨྲོས་པའོ། །གཞི་དུས་སུ་རྟེན་ལུས་ཀྱི་གནས་སྐབས་བཞི་ལ་བརྟེན་པའི་ཡིད་རྣམ་པ་བཞི་སྐུ་བཞིར་བཞག་པའི་བྱ་བ་གསུངས་པ། འདིར་འཁོར་བ་པ་རྣམས་ཀྱི་སྤྲུལ་པར་ཞེས་པ་སད་པའི་གནས་སྐབས་སུ་ཡིད་ནི་ཡུལ་དྲུག་ལ་ལོངས་སྤྱོད་པར་བྱེད་པ་པོ་རུ་རབ་ཏུ་འགྱུར་ཏེ། ཇི་ལྟར་ན་ཡིད་བྱེད་པ་པོ་དེས་བསྐུལ་ནས་ལུས་ཀྱིས་འཇུག་པ་དང་ངག་གིས་ནི་བརྗོད་པའི་ཐ་སྙད་ཀྱི་སྒོ་ནས་དང་དབང་པོས་ཡུལ་རྣམས་འབྱེད་པར་བྱེད་པས་སོ། །འདིར་ལུས་དང་ངག་དང་དབང་པོས་སོ་ཞེས་སྦྱར་བ་བདེ་སྟེ་འགྲེལ་པར་ཡང་ལ་ཞེས་པ་གཞི་དུས་ཀྱི་ལོངས་སྐུའི་གནས་སྐབས་སུ་བརྗོད་པ་རྨི་ལམ་གྱི་དུས་་དེ་ལྟར་གསུངས་སོ། །ལོངས་སྤྱོད་རྫོགས་ན་དབང་པོ་གཟུགས་ཅན་ལ་བརྟེན་ནས་མཐོང་བ་མ་ཡིན་པའམ་དེས་མ་མཐོང་བའི་ཡུལ་རང་སེམས་ཀྱི་སྣང་བ་ཕྱི་རོལ་

p. 374

བེམ་པོ་མ་ཡིན་པ་ལ་ཡིད་དེས་སེམས་པར་འགྱུར་ཏེ་ཡོན་ཏན་དབང་གིས་ཞེས་པ་ཡུལ་སྣ་ཚོགས་ཀྱི་བག་ཆགས་སེམས་ལ་ཡོད་པའི་དབང་གིས་སོ། །དེ་བཞིན་ཆོས་ཀྱི་སྐུ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ལ་ནི། གཉིད་ཀྱི་ངང་དུ་ཡིད་དེ་དབང་པོ་ལ་བརྟེན་པའི་དྲན་རིག་གང་ཡང་འབྱུང་བ་མེད་པར་རྟོག་མེད་དུ་འཐུམ་པོར་གནས་པ་ཉིད་ཀྱང་ངོ་། །དག་པ་ཞེས་བཞི་པའི་གནས་སྐབས་ལ་ནི་ཡིད་དེ་བདེ་བར་རབ་ཏུ་འགྱུར་ཏེ་འདིར་ནི་ཉིན་མོའམ་མཚན་མོའི་དུས་སུ་ཡང་འཁྲིག་པ་བྱས་པ་སྐུ་གསུང་ཐུགས་ཀྱི་དབྱེ་བས་ཐིག་ལེ་གྲོལ་བ་ལས། རིམ་བཞིན་བབ་པའི་དགའ་བ་གསུམ་གྱི་རང་བཞིན་མྱོང་བའི་མཐར། ལྷན་སྐྱེས་བདེ་བ་ཆེན་པོ་རབ་ཏུ་འགྱུར་རོ་ཞེས་པ། ཀུན་རྫོབ་ཀྱི་ལྷན་སྐྱེས་སམ་བདེ་ཆེན་དུ་བརྗོད་པ་སྟེ། དེ་ཕྱིར་ལྷན་སྐྱེས་བདེ་བ་དེ་ནི་ཉིན་དང་མཚན་གྱི་དུས་སུ་རྣལ་འབྱོར་བ་ཡིས་བསྒོམ་པར་བྱ་སྟེ། གང་གི་ཕྱིར་ན་འགྱུར་མེད་བདེ་བའི་དོན་དུ་ཡིན་གྱི་འཛག་བདེའི་དོན་དུ་མ་ཡིན་ཏེ། འཛག་པ་ལས་བདེ་བ་ཉམས་ཤིང་ཆགས་པའི་བག་ཆགས་ཀྱིས་འཁོར་བར་འཁྲིད་པར་བྱེད་པ་ནི་སེམས་ཅན་ཐ་མལ་པ་དུད་འགྲོ་ཚུན་ཆད་ཀྱི་ཡང་ཡང་མྱོང་ཡང་དེ་ལ་སྙིང་བོ་ཅི་ཡང་མེད་པས། ཁམས་འཕོ་མེད་དུ་འཆིང་བས་ཆགས་དང་ཆགས་བྲལ་ལས་འདས་པ་མི་འགྱུར་བའི་བདེ་བ་ཆེན་པོ་འགྲུབ་པས་ན་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་འཕོ་མེད་ཀྱི་བདེ་བ་ཉིན་དང་མཚན་དུ་བསྒྲུབ་པར་བྱའོ། །དེ་ལྟར་སྒྲིབ་པ་དང་བཅས་པའི་ཆོས་འགགས་ན་སྒྲིབ་པ་མེད་པའི་ཆོས་སུ་གནས་འགྱུར་ཏེ། ཀུན་རྫོབ་ཀྱི་ཆོས་སྐྱེ་བ་དང་འཇིག་པ་དང་བྲལ་བའོ་ཞེས་ཡང་དག་པ་དོན་དམ་པའི་རིགས་པས་སོ། །ཞེས་གསུངས་སོ། །དེ་ནས་གཡོན་བརྐྱང་གི་སྟབས་ལ་སོགས་པའི་རྣམ་པར་དག་པ་གསུངས་པ། འདིར་གང་གི་འཁོར་བ་པ་རྣམས་ཀྱི་གཡོན་གྱི་རྩ་ཉིད་དུ་

p. 375

སྲོག་ནི་རབ་ཏུ་རྒྱུ་བར་འགྱུར་བ་ན་གཡས་རྒྱུ་བསྐུམ་པ་དེ་བཞིན་དུ་ནི་སྲོག་དག་པ་སྔགས་ཀྱི་ལྷ་སྐུ་དག་གི་གཡས་པ་བསྐུམ་པ་གང་ཡིན་པ། དེ་ནི་གཡོན་བརྐྱང་བའི་སྟབས་ཏེ། དེ་བཞིན་དུ་མཉམ་པའི་སྟབས་དང་གཞན་པ་གཡས་བརྐྱང་བ་ནི་རིམ་བཞིན་དུས་མེ་སྟེ་དབུ་མའི་རྒྱུ་བ་དང་། ཉི་མའི་རྒྱུ་བ་ལས་དེ་ལྟར་འགྱུར་རོ། །དེ་བཞིན་ས་ག་དང་ནི་ཟླུམ་པོ་ཉིད་དང་མཆོག་གི་རོལ་བའི་སྟབས་དང་། པདྨ་ཡི་འདུག་སྟངས་དང་ནི་རྡོ་རྗེའི་གདན་ལྔ་ནི་ནམ་མཁའ་སོགས་ལ་རབ་ཏུ་རྒྱུ་བ་ཞེས་པ་དཀྱིལ་འཁོར་ལྔའི་ང་དག་པ་ནི་འདི་ལྟར་ས་ག་ནམ་མཁའི་ང་རྒྱུ་བ་ནས་རིམ་བཞིན་རླུང་མེ་ཆུ་དང་རྡོ་རྗེའི་གདན་ས་ཡི་བར་དུ་སྟེ། དེ་དག་ཀྱང་མཉམ་པ་གཡས་རྒྱུ་དང་མི་མཉམ་པ་གཡོན་རྒྱུའི་བགྲོད་པ་དག་ལ་སྲོག་གི་རླུང་རྒྱུ་བ་རྣམ་པ་ལྔ་གང་ཡིན་པ་དེ་སྟངས་སྟབས་གསུམ་དང་འདུག་སྟངས་གཉིས་དང་ལྔ་པོ་དེ་རྣམ་པར་དག་པར་འགྱུར་ཏེ་རླུང་གཡོ་བ་མེད་པར་གྱུར་པ་ལས་སོ། །དེ་བཞིན་དུ་མངལ་ནས་སྐྱེས་པའི་ངག་རྫོགས་པའི་གནས་སྐབས་གཉིས་པའོ། །སྔ་མ་ནས་འདིའི་བར་དུ་འགྲེལ་པར་སྲོག་དང་ལྷ་བསྐྱེད་པའི་མདོར་བསྡུས་ཆེན་པོ་གསུམ་པས་བཤད་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྫོགས་པ་ཐིག་ལེའི་རྣལ་འབྱོར་ནི། གཏུམ་མོ་ལྟེ་བའི་འཁོར་ལོ་སོགས་ཚིགས་བཅད་བརྒྱ་དང་བཅུ་པ་ནས་བརྒྱ་བཅུ་གཅིག་པའི་རྐང་པ་དང་པོའི། ཤེས་རབ་ཆོས་འབྱུང་དག་ལ་གནས་པ་མཐའ་དག་སླར་ཡང་སྤྲོ་བ་བྱས་ཏེ། ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་བསྐྱེད་པའི་རིམ་པ་ཐམས་ཅད་ལ་མངལ་དུ་བྱིས་པ་ལུས་རྫོགས་པ་དང་འདྲ་བར་དཀྱིལ་འཁོར་ལ་སྐུ་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག་མངལ་ནས་སྐྱེས་པ་ན་སྲོག་འབྱུང་བ་དང་འདྲ་བར་གསུང་རྫོགས་པ་ལས་རྒྱལ་མཆོག་སྟེ་སྲོག་རྫོགས་པ་ན་ལས་ཀྱི་དབང་པོ་བྱ་བ་ལ་འཇུག་པའི་ཕྱིར་རོ། །

p. 376

ལོ་བཅུ་དྲུག་གི་མཐར་བྱིས་པའི་ཁམས་རྫོགས་པ་དང་འདྲ་བར་བྱང་ཆུབ་སེམས་ཀྱི་ཐིག་ལེ་ནོར་བུར་རྫོགས་པ་ཐིག་ལེའི་རྣལ་འབྱོར་ཤེས་རབ་དང་འདུས་ཏེ་འཁྲིག་པའི་དུས་སུ་ཁུ་བ་འཕོ་བ་ལས་བདེ་བ་ལ་དམིགས་པ་དང་འདྲ་བར་བྱང་སེམས་རྡོ་རྗེ་ནོར་བུ་ནས་སྟེང་དུ་གཤེགས་པའི་བདེ་བ་ལ་དམིགས་པ་ཕྲ་མོའི་རྣལ་འབྱོར་ཏེ། མི་རྣམས་ལ་ལོ་བཅུ་དྲུག་གི་མཚམས་སུ་འཛག་བདེ་འབྱུང་བ་ལྟ་བུའོ། །དེས་ན་འཇིག་རྟེན་པའི་གཉིས་སྦྱོར་གྱི་བདེ་བའི་དོན་དུ་བག་མ་ལེན་པ་དང་ལག་འཛིན་ལ་སོགས་པའི་བྱ་བ་བྱེད་པ་ལྟར་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་སློབ་དཔོན་གྱིས་སློབ་བུ་ལ་ཤེས་རབ་མ་གཏོད་པར་བྱེད་དོ། །དེ་ལྟར་བྱིས་པའི་སྐྱེ་བོ་རྣམས་ལ་ལས་ཀྱི་ཕྱག་རྒྱ་དེས་བདེ་བ་སྒྲུབ་པར་བྱེད་ལ། འབྲིང་པོ་རྣམས་ལ་ཡེ་ཤེས་ཕྱག་རྒྱས་དང་། མཆོག་གི་རྣལ་འབྱོར་བ་རྣམས་ལ་ཕྱག་རྒྱ་ཆེན་མོས་མི་འགྱུར་བའི་བདེ་བ་སྟེར་བས། ཕྱག་རྒྱ་དེ་གསུམ་ལ་བརྟེན་ནས། བདེ་བ་སྒྲུབ་པ་ཡིན་ཏེ། དུས་འཁོར་རྩ་བའི་རྒྱུད་ལས། རྗེས་དྲན་གྱི་སྐབས་སུ་བཅུ་དྲུག་ལོ་ལོན་རླུང་ཁམས་རྡོ་རྗེའི་རིགས་ཅན་མ། །ཡིད་དུ་འོངས་བའི་གཟུགས་དང་ལང་ཚོས་བརྒྱན་པ་ལ། །དང་པོར་སེམས་བསྐྱེད་སོགས་བསླབ་གནས་རྣམས་ལེགས་པར་བསླབ་བྱས་ནས། །དབང་བསྐུར་བར་བྱས་ནས་ནི་བདེ་བསྒྲུབ་པ་བརྩམ། །ཨོཾ་སྐུ་ཨཱཿགསུང་ཧཱུཾ་ཐུགས་དང་ཧོ་ཆགས་པ་ནི། །དཔྲལ་བ་ལ་སོགས་རྣམས་ལ་དགོད། །སྭཱ་ཧཱ་གཉིས་ནི་རིམ་བཞིན་གསང་བ་གཙུག་ཏོར་ཆེ། །དེ་ནས་ཤེས་རབ་ཀྱི་པདྨ་རྣམ་པར་མི་དམིགས་པར་སྦྱངས། །ཨཱཿཡིག་པདྨ་འདབ་བརྒྱད་པ། །ལྟེ་བར་ཧཱུྃ་ཡིག་གིས་ནི་རྡོ་རྗེར་ལྡན། །དེ་ལྟར་རྡོ་རྗེ་དང་བཅས་པའི། །ཤེས་རབ་པདྨ་བསྐྱོད་པར་བྱེད་པའི་རྒྱུ་ལས། །ཧཱུྃ་གིས་རང་གི་རྡོ་རྗེ་ནི། །རྩེ་མོ་ལྔ་བར་རྣམ་པར་བསྒོམ། །དེ་དབུས་པདྨ་འདབ་བརྒྱད་པ། །ཨཱཿཡིག་གིས་ནི་མཚན་པ་ཉིད་རབ་ཏུ་བརྟག །དེ་ལྟར་རང་གི་རྡོ་རྗེ་པདྨ་དང་། །བཅས་པ་བྱས་ནས་ཤེས་རབ་ཀྱི་པདྨར་གཞུག་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པའི་སྙེམས། །

p. 377

པ་སྟེང་རྒྱལ་འཛིན་ཅིང་རྣལ་འབྱོར་པས་ངག་ཏུ་ཧུཾ་ཕཊ་བརྗོད་པར་བྱ། །ཡུམ་གྱི་བྷ་གར་ཐབས་ཀྱི་ལིང་ག་རབ་བཀོད་ནས། །བྱང་ཆུབ་སེམས་ནི་ཕྱི་རོལ་ཏུ་སྤྲོ་མི་བྱ། །ཁམས་གསུམ་པོ་བརྟན་གཡོ་ནི་མ་ལུས་པའི། །རྣམ་ཀུན་མཆོག་ལྡན་སངས་རྒྱས་ཀྱི་གཟུགས་སུ་ནི་བསྒོམ་པར་བྱ། །ལྟེ་བར་སྲོག་ཐུར་སྦྱོར་བས་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ཡི་མིང་ཅན་གཡོན་གྱི་ཕུང་ལྔའི་རླུང་ལྔ་བསྲེག་ཅིང་། །གཡས་ཀྱི་ཁམས་ལྔའི་རླུང་། སྤྱན་མ་མིག་ལ་སོགས་པ་དབང་ཡུལ་ཡང་། །བསྲེག་ནས་ཞེས་རླུང་མི་གཡོ་བ་དང་དབང་ཡུལ་འཇུག་པ་འགགས་པའོ། །རི་བོང་ཅན་ཧཾ་འཛག །པ། བདུད་རྩི་ཁུ་བའི་ཆོས་ཅན་དེ་ནི། །ཐིག་ལེའི་གཟུགས་ཀྱིས་མར་འཛག་པར་བྱེད། །པའི་དགའ་བ་བཞི་བསྒོམ་པ་ནི་ཐིག་ལེའི་རྣལ་འབྱོར་ཞེས་པར་གྲགས། །དགའ་བ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཐིག་ལེ་བཞི་འཛིན་པས་ཆ་བཅུ་དྲུག་པ་ནི་ལྷན་སྐྱེས་ཏེ་ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་ནམ་དགའ་བ་བཞི་པའི་རྩེ་མོ་འཆང་། །པ་ཞེས་པ་ཕྲ་མོའི་རྣལ་འབྱོར་ཞེས་པར་གྲགས། །ཐེག་ལེ་གྱེན་དུ་དྲངས་པས་ལྟེ་བར་རྒྱུ་མཐུན་ལ་སོགས་སྟེང་དུ་འགྲོ། །སྟེ་སྙིང་གར་རྣམ་སྨིན་མགྲིན་པར་སྐྱེས་བུ་བྱེད་པ་དཔྲལ་བར་དྲི་མེད་ཀྱི་འབྲས་བུའོ། །འོག་ཏུ་རྩ་དུང་ཅན་མ་འདི་ཤེས་རབ་བམ་ཕྱག་རྒྱ་ཆེ། །ཡིན་ལ་དེ་ནི་གཏུམ་མོར་རབ་ཏུ་བརྗོད། །དེ་གཏུམ་མོའི་མེ་ཡི་གནས་ཡིན་པས་སོ། །ལྟེ་བའི་སྟེང་ཡན་ཆད་དུ་དབུ་མ་ནི་ཕྱག་རྒྱ་གཡུང་མོ་གང་། །གཙང་དམེ་སོགས་ཀྱི་རྟོག་བྲལ་གདོལ་བ་མོའོ། །དེ་ལྟར་ཨ་བ་དྷཱུ་ཏི་ཡི་མར་སྣེ་མི་ཡི་སྣ། །ན་ར་སི་ཀ་ཞེས་པར། འོད་ཟེར་ལྔ་ཡི་རང་བཞིན་སྲོག །གཡས་གཡོན་གྱི་དཀྱིལ་འཁོར་ལྔ་ནི་འབབ་བྱེད་པ། །སྣ་རྩེར་ཡུངས་ཀར་ཙམ་ཀྱི་ཐིག་ལེ་ཉིད་དུ་གྲགས་པ། །ལ་མི་འགྱུར་པའི་རླུང་སེམས་འཛིན་པ་དེ་ཡང་

p. 378

སྲོག་རྩོལ་ཉིད་དུ་བཤད། །ཁམས་གསུམ་པོ་ནི་མ་ལུས་པའི། །སྲིད་པ་གསུམ་ནི་ཡོངས་སྟོང་གཟུགས་ཀྱི་རྣམ་པ་པྲ་ཕབ་པ་ལྟར་ཤེས་པ། །ནི་སྲོག་དབུ་མར་འགགས་པ་ནི་ཡུངས་ཀར་ལྟ་བུའི་ཕྲ་ཐིག་ལ་ཏེ། །དེ་ཡང་རྒྱུ་བ་སེམས་ཅན། བཅས་རྒྱུ་མེད་བརྟན་པ་ཐམས་ཅད་དུའོ། །སོ་སོར་སྡུད་པ་ནི་ཕྱག་རྒྱ་ཆེ། །འམ་ཆེན་པོ་བསྒོམ་པ་སྟེ་ནམ་མཁའ་སྟོང་པའི་མཚན་ཉིད་དེ། །ལ་གོམས་པས་སོ། །དབུ་མའི་མར་སྣ་དེ་ཡི་ནི་ཕྱོགས་སུ་ཡང་། །གང་ཞིག་ཁོ་ནར་ཡིད་བཀོད་པ། །དེར་དུ་སོགས་ཀྱི་མཚན་མའི་མཐར་ནི་རེ་ཁཱ་ནག་པོ་གང་། །དེ་ལ་སྣ་ཚོགས་རྒྱུ་བ་གཡོ་བ་སེམས་ཅན་མི་རྒྱུ། །སྣོད་ཀྱི་དངོས་པོ། མ་ལུས་བསྒོམ་བར་བྱ་བ་དེ་ལ། །རྣལ་འབྱོར་པའི་བསམ་གཏན་སོགས་ཀྱི་ཡན་ལག །དེ་ཡང་། །སྔོན་དུ་འགྲོ་བ་ཡིན་ནོ། །ཞེས་གསུངས་པ་ལྟར། །སྔོན་དུ་སྲོག་གཟུགས་ལ་བརྟན་པ་ཅི་རིགས་ཐོབ་པའི་རྣལ་འབྱོར་པས་ཕྱག་རྒྱ་མ་ཇི་སྐད་གསུངས་པ་ལྟ་བུ་མཚན་ལྡན་ལ། ཆོས་བཤད་ཅིང་དབང་བསྐུར་ཏེ་རྒྱུད་ལས་སུ་རུང་བར་བྱས་ནས། གནས་རྣམས་སུ་ཡི་གེ་འགོད་པ་དང་ཡབ་ཡུམ་གྱི་གསང་བ་བྱིན་བརླབས་བྱས་ནས། ལྷའི་ང་རྒྱལ་གྱིས་དེ་དང་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཡས་བབ་ཀྱི་དགའ་བཞི་རྫོགས་པར་ཉམས་སུ་མྱོང་བ་ཐིག་ལེའི་རྣལ་འབྱོར་ཡིན་ལ། རྡོ་རྗེ་ནོར་བུའི་རྩེར་ལྷན་སྐྱེས་ཀྱི་དགའ་བ་རྫོགས་པར་བྱས་ནས་སླར་ཡང་གྱེན་དུ་སྔར་ཇི་ལྟར་བྱོན་པ་བཞིན་གཤེགས་པས་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་བར་བྱས་ཏེ་ཆ་མེད་ཆ་ལས་འདས་པ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་པར་བྱ་ཞིང་། ཕྲ་མོའི་རྣལ་འབྱོར་ནི་དབུ་མའི་མར་སྣ་སོགས་སུ་འོད་ལྔ་འདུས་པའི་ཐིག་ལེ་ཡུངས་ཀར་ཙམ་ལ་རླུང་སེམས་རྩེ་གཅིག་ཏུ་ཞུགས་

p. 379

པ་ལས་ཁམས་འཕོ་བ་ཡང་མེད་ལ། བདེ་བ་དང་རླུང་སེམས་རོ་གཅིག་པའི་ཐིག་ལེ་ཕྲ་མོ་དེའི་ནང་དུ་སྲིད་གསུམ་བརྟན་གཡོའི་སྣང་བ་ཐམས་ཅད་ཅིག་ཆར་གསལ་ལ་མ་འདྲེས་པར་སྣང་བ་པྲ་ཕབ་པ་ལྟ་བུ་ལ་མཉམ་པར་བཞག་པ་ནི་དངོས་ཡིན་ལ། རྗེས་མཐུན་པ་ནི་རྣམ་པ་ཡིད་བྱེད་ཀྱིས་མོས་སྒོམ་ཙམ་གྱིས་སོ། །གཏུམ་མོ་གང་ཞིག་ལྟེ༷་བའི་རྩ་ཡི་འཁོར་ལོ་དགུ་ཡིས་བསྣུན་པའི་ལག་འགྲོ་བརྒྱད་དེ་དགུ་བརྒྱད་བདུན་ཅུ་རྩ་གཉིས་ཀྱི་གྲངས་དང་ལྡན་པ་ཁྱིམ་བཅུ་གཉིས་དང་ཆུ་ཚོད་ཀྱི་དཀྱིལ་འཁོར་དྲུག་ཅུའི་རང་བཞིན་ཙཱར་ཙི་ཀཱ་སོགས་རྣལ་འབྱོར་མ་བརྒྱད་འཁོར་དང་བཅས་པ་ལྷག་པའི་ལྷའམ། བདག་པོར་གྱུར་པ་དང་ལྡན་པ་དེའི་དབུས་སུ་ཧོ༷་ཡིག་ཡེ་ཤེས་རྡོ་རྗེའི་སྙིང་པོ་དེ་ལ་ནི། སྲོག་དང་ཐུར་སེལ་གྱི་རླུང་གིས་སྦྱོར་བས་བསྐུལ་བས་དྲི་མ་མེད་པའི་གློག་དང་མཚུངས་པའི་ཡེ་ཤེས་གཏུམ་མོའི་མེ་ནི་རབ་ཏུ་རྒྱས་པ། ཀུན་རྫོབ་ཀྱི་ཡེ་ཤེས་འདོད་ཆགས་ཆེན་པོའི་མེའོ། །མེ་དེས་ལྟེ༷་བར་སྤྲུལ་པའི་འཁོར་ལོ་དེ་ཉིད་དུ་གཡོན་གྱི་དཀྱིལ་འཁོར་ལྔར་གྱུར་པ་ཕུང་ལྔའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་བསྲེག་ཅིང་། ཀྱེ་མི་ཡི་བདག་པོ་དེ་བཞིན་གཡས་ཀྱི་ཁམས་ལྔའི་རང་བཞིན་སྤྱན་མ་སོགས་ཡུམ་ལྔའི་རླུང་དང་། མིག་ལ་སོགས་པ་དབང་པོ་དང་། གཟུགས་སོགས་ཡུལ་རྣམས་ཐམས་ཅད་བསྲེག་ནས་ཞེས་པ་ཡིད་བདེ་བ་ཡི་རྟོག་པ་ཆོས་ཀྱི་དབྱིངས་འཛིན་པའི་ཕྱིར་ན་ཕུང་སོགས་དེ་ཐམས་ཅད་ཀྱི་འཇུག་པ་མེད་པར་རོ་གཅིག་ཏུ་འགགས་པར་བྱེད་པ་ལ་བསྲེག་པའི་ཐ་སྙད་བྱས་པའོ། །དེ་ནས་མེ་དེས་འཁོར་ལོའི་ལྟེ་བ་རྣམས་ཕུག་ནས་ཡར་སོང་བས་དཔྲལ་བའམ། མགོ་བོར་ཟླ་བ་བཟང་པོ་སྟེ། བྱང་ཆུབ་སེམས་ཀྱི་ས་བོན་ཧཾ་ཡིག་ལས་ཐིག་ལེའི་གཟུགས་ཁུ་བའི་རྒྱུན་ནི་འཛག་པར་བྱེད་པ་གང་དེ་རྡོ་རྗེ་ཅན་ཞེས་བྱ་སྟེ།

p. 380

བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཡིན་པས་སོ། །དེ་ཡང་མགོ་བོ་ནས་རིམ་པར་མགྲིན་པ་སྙིང་ག་ལྟེ་བ་གསང་བའི་བར་དུ་བྱོན་པའི་དགའ་བ་བཞི་འབྱུང་ཞིང་། ཤེས་རབ་ཆོས་འབྱུང་དག་ལ་གནས་པ་ཞེས་པ་ནི་སྐབས་འདིར་དཔྲལ་བ་སོགས་ཀྱི་འཁོར་ལོའི་གནས་རྣམས་ཀྱི་པདྨ་ལ་གནས་པ་ཉིད་དུ་གོ་བར་བྱ་བ་ཡིན་ལ། དེ་ཡང་དཔྲལ་བ་ནས་མར་བབ་པའི་ཚེ་དགའ་བ་ལ་སོགས་པའམ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང་རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་།མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་བཞིའི་དབྱེ་བས་ཇི་ལྟར་བྱོན་པ་དེ་བཞིན་དུ། རང་གི་གསང་བའི་པདྨ་ཤེས་རབ་ཀྱི་ཆོས་འབྱུང་དག་ལ་གནས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ་མཐའ་དག་སླར་ཡང་རྒྱུ་མཐུན་ལ་སོགས་པའི་དབྱེ་བས་སྟེང་དུ་དཔྲལ་བའི་བར་དུ་རིམ་པར་བྱོན་པའམ་སྤྲོ༷་བ་བྱས་ཏེ་ཞེས་པ་ཐིག་ལེའི་རྣལ་འབྱོར་ཏེ་ཐིག་ལེ་ཞུ་བ་གསང་བར་གནས་པ་སྐུའི་ཐིག་ལེ་དེ་བཞིན་ལྟེ་བར་གསུང་སྙིང་གར་ཐུགས། མགྲིན་པར་ཡེ་ཤེས་ཀྱི་ཐིག་ལེ་ཞེས་བྱའོ། །དེ་ནས་ཐིག་ལེའི་རྣལ་འབྱོར་དེ་ཉིད་ལས་ཕྲ་མོའི་རྣལ་འབྱོར་དུ་གྱུར་པ་ནི། ངེས་པར་ཐིག་ལེ་ཡིས་སོགས་ཚིགས་བཅད་བརྒྱ་བཅུ་གཅིག་པའི་རྐང་པ་དང་པོའི་ལྷག་མ་ནས་རྐང་པ་གསུམ་གྱི་བསྟན་ཏེ། ངེས་པར་དབུ་མའི་སྣ་རྩེར་དྲི་མ་མེད་པའི་འོད་ལྔའི་ཐིག་ལེ་ཉུངས་ཀར་ལྟ་བུའི་ནང་དུ་རླུང་སེམས་ཞུགས་པ་ཡིས་སྣ་ཚོགས་པའི་རྒྱན་དང་ཆ་ལུགས་ལྡན་ཞིང་མེ་ལོང་དག་ལ་གནས་པ་པྲ་ཕབ་པ་ལྟ་བུའི་དཀྱིལ་འཁོར་འཁོར་ལོའི་ལྷ་རྟེན་དང་བརྟེན་པར་བཅས་པའི་ཡེ་ཤེས་ཀྱི་འཁོར་ལོ་རླུང་སེམས་ཙམ་ལས་རང་བྱུང་བ་གང་གིས་འདོད་པ་དང་ནི་གཟུགས་དང་གཟུགས་མེད་ཀྱི་སྲིད་པ་རྣམ་པ་གསུམ་པོ་དག་ཀྱང་རིམ་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྐྱེད་རིམ་གྱིས་སྦྱངས་པར་བྱས་ཏེ། དེའི་ཕྱི་ནས་མི་འཕོ་བ་

p. 381

ཡེ་ཤེས་ཀྱི་མེ་ལྕེ་བདེ་བའི་འོད་ཟེར་དག་གིས་སྲིད་པ་གསུམ་པོ་མཐའ་དག་དུས་གཅིག་ཏུ་ནི་ཅིག་ཆར་གྱི་ཡིད་ཀྱི་ཡུལ་དུ་དགུག་པ་ནི་ཐམས་ཅད་བདེ་བ་ཆེན་པོར་རོ་མཉམ་པར་བསྒོམ་པར་བྱ་སྟེ་ཅིག་ཆར་དུས་གསུམ་ཤེས་པའི་ཚུལ་གྱིས་སོ། །དེ་ལྟ་བུའི་ཕྲ་མོའི་ཐིག་ལེ་སྤྲོ་ནུས་པ་ནི་སྐྱེད་རིམ་གྱི་མཐར་ཐུག་པའོ། །དེ་ལྟར་འཁོར་བ་པ་རྣམས་ཀྱིས་བུ་དང་བུ་མོ་སྤྲོ་བ་དང་རྣལ་འབྱོར་པ་རྣམས་ཀྱིས་དཀྱིལ་འཁོར་འཁོར་ལོའི་རྣམ་པ་སྤྲོ་བ་ཡང་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས་སོ། །ཇི་ལྟར་མངལ་སྐྱེས་རྣམས་ལོ་བཅུ་དྲུག་གི་མཚམས་སུ་ལུས་ངག་སེམས་དང་འཛག་བདེའི་ཡེ་ཤེས་རྫོགས་པ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་དཀྱིལ་འཁོར་རྒྱལ་མཆོག་སོགས་རྣལ་འབྱོར་རྣམ་པ་བཞི་བསྒོམ་པའི་སྟོབས་ཀྱིས་སྐུ་གསུང་ཐུགས་ཡེ་ཤེས་བཞི་རྫོགས་པའོ། །སངས་རྒྱས་རྣམས་ཀྱིས་ནི་རྣམ་པར་ཐར་པ་བཞིའི་སྟོབས་ཀྱིས་སྐུ་བཞི་ཡོངས་སུ་རྫོགས་པའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པས་རྡོ་རྗེ་བཞི་རྫོགས་པའི་ཚུལ་གསུངས་པའོ། །དེ་ཡན་ཆད་ཀྱིས་བསྐྱེད་པའི་རིམ་པ་བསྙེན་སོགས་ཀྱི་ཡན་ལག་བཞི་གསུངས་ནས། ལ་སོགས་པའི་སྒྲས་བསྟན་རྫོགས་པའི་རིམ་པའི་བསྙེན་སོགས་སྒྲུབ་ཐབས་བཞི་གསུངས་པ་འདི་གནས་པ་གསུམ་པའི་དུམ་བུ་ཡིན་ལ། དེ་ཡང་ཟླ་བ་ཉི་མ་སོགས་ཚིགས་བཅད་བརྒྱ་བཅུ་གཉིས་པ་ནས་བརྒྱ་བཅུ་དགུ་པའི་རྐང་པ་སྔ་མ་གཉིས་ཀྱི་བར་གྱིས་བསྟན་ཏེ། དེ་ཡང་ནང་དུ་རྡོ་རྗེ་སྔགས་ཀྱི་བཟླས་པ་གསུངས་པ། འདིར་ལུས་ལ་ཟླ་བ་ཞེས་པ་གཡོན་གྱི་རྩ་དང་ཉི་མ་ཞེས་པ་གཡས་ཀྱི་རྩ། ཨ་ལ་སོགས་པ་དབྱངས་ཀྱི་ཚོགས་ཏེ་གཡོན་དུ་སྲོག་ཡང་དག་པར་རྒྱུ་བའོ། །ཀ་སོགས་གསལ་བྱེད་ཀྱི་ཚོགས་ནི་གཡས་སུ་སྲོག་ཡང་དག་པར་རྒྱུ་བ་ཡིན་ལ། དེ་འདྲའི་དབྱངས་གསལ་གྱི་སྲོག་རྒྱུད་

p. 382

རྣམས་ཀྱིས། གཡོན་དང་གཡས་དང་དབུས་རྣམ་པ་གསུམ་གྱི་བགྲོད་པ་ལ་གནས་པ་ནི་སྐུ་ཡི་རྡོ་རྗེ་སོགས་བཟླས་པ་ཞེས་གསུངས་ལ། གཡོན་བགྲོད་ལ་གནས་པའི་སྲོག་གམ་དབུགས་ནི་སྐུ་རྡོ་རྗེའི་བཟླས་པ་དང་། གཡས་སུ་སྲོག་རྒྱུ་བ་གསུང་རྡོ་རྗེའི་དང་། དབུ་མའི་བགྲོད་པ་ལ་གནས་པའི་སྲོག་ནི་ཐུགས་རྡོ་རྗེའི་བཟླས་པ་ཞེས་བརྗོད་དེ། རླུང་གི་བགྲོད་པ་འདི་རྣམས་དབུ་མར་འགགས་པ་ལས། གཞོམ་དུ་མེད་པ་ཐམས་ཅད་མཁྱེན་པའི་གསུང་དུ་འགྱུར་རོ། །གཞོམ་དུ་མེད་པའི་རྡོ་རྗེ་བཞི་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཕྱིར་ན་སོ་སོར་སྡུད་པ་ལ་སོགས་པ་ཞེས་པ། སོ་སོར་སྡུད་དང་བསམ་གཏན་དང་། །དེ་བཞིན་སྲོག་རྩོལ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་པ་ལྟར་འཆད་འགྱུར་གྱི་སོར་སྡུད་སོགས་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་ས་གསེར་བཟང་པདྨ་སྟེ་ས་ཁམས་ལྟེ་བའི་པདྨ་ལ་ནི་རྣམ་གསུམ་བགྲོད་པ་ལ་གནས་པའི་སྲོག་འགོགས་པ་ནི་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ཏེ།དེ་ནས་མཁའ་གསང་སྦྱར་བས། དགའ་བ་དང་ལ་སོགས་པ་མཆོག་དགའ་ཁྱད་པར་དགའ་བ་ལྷན་སྐྱེས་དགའ་བ་རྣམས་ཀྱིས་རྣལ་འབྱོར་པའི་རྡོ་རྗེ་ནི་ཤེས་རབ་མའི་ཆུ་སྐྱེས་དག་ལ་རོ་མཉམ་གྱུར་པས་འཕོ་མེད་ཀྱི་བདེ་བ་བསྒོམ་པ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་སྟེ། ཁུ་བ་དང་བཤང་གཅི་འགོག་པའོ། །དེ་ལྟར་ཡང་རྩ་བའི་རྒྱུད་ལས། དབུ་མ་མཆོག་གི་གནས་སུ་ཞུགས་པའི་དབུགས་དང་ནི། །དྲི་ཆེན་དང་དྲི་ཆུ་འཛག་མེད་དང་ལྡན་པས་ཀྱང་། ཞེས་པས་སྟེང་འོག་གི་རྩའི་རླུང་དང་་དྭངས་མ་བཅས་གཅིག་ཏུ་སྦྱོར་བས། རྟག་ཏུ་རིགས་ལྡན་མ་དབུ་མ་མཆོད་བྱ། །ཁྱད་པར་དུས་ཞེས་དུས་སྦྱོར་གྱི་ཐུན་མཚམས་སོགས། ལ་ཕོ་ཉ་མོ། སོ་དྲུག་སོ་སོའི་རླུང་གི་བཟླས་པས་མཆོད་ཅེས་སོ། །ཞེས་གསུངས་སོ། །དེ་ལྟར་ཤེས་རབ་ཀྱི་པདྨར་བརྟེན་ནས་

p. 383

བྱང་ཆུབ་སེམས་ཀྱི་ཐིག་ལེ་མི་འཕོ་བར་བསྒྲུབ་པ་བརྟན་པ་དག་ལ་གོམས་པས་ལྷན་སྐྱེས་བདེ་བའི་དབང་གིས་བསྒོམ་པ་ནི། སྐུ་གསུང་ཐུགས་གཞོམ་དུ་མེད་པར་འགྱུར་ཏེ་ཁུ་བ་སྟེང་དུ་བརྟན་པས་སྐུ། དམར་ཆ་འོག་ཏུ་བརྟན་པས་གསུང་། རླུང་བར་དུ་དབུ་མར་འཆིང་བས་ཐུགས་རྡོ་རྗེ་གཞོམ་མེད་འགྲུབ་པའོ། །དེ་ནས་བསྙེན་པ་ལ་སོགས་པ་རྣམ་པ་བཞི་གསུངས་པ་འདིར་ལས་དང་པོ་བས་ཐོག་མར་སྒྲུབ་ཐབས་ཀྱི་ཆོ་གའམ་བྱ་བའི་སྒོ་ནས་བསྙེན་པ་བྱ་སྟེ། བདུད་རྩི་ལྔ་དང་། ལ་སོགས་པས་ཤ་ལྔ་དག་བཟའ་ཞིང་བརྟེན་པའི་བརྟུལ་ཞུགས་ཀྱིས་ལྷ་མཉེས་པར་བྱེད་པས་བསྙེན་པ་དང་། ནང་དུ་ནི་བདུད་རྩི་ལྔ་ཕུང་པོ་ལྔ། སྒྲོན་མ་ལྔ་དབང་པོ་ལྔ་སྟེ། དེ་རྣམས་ལ་ལྟོས་པ་མེད་པ་སྟེ་ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་པ་སྟེ་ཚུལ་དེ་ལྟ་བུས་བསྙེན་པས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་བཤང་བ་སོགས་ཟོས་བ་ཙམ་གྱིས་ནི་མ་ཡིན་ནོ། །དེ་བཞིན་དུ་ཆུ་གཏེར་རྡོ་རྗེ་རྣམས་དང་ཞེས་པ་རྡོ་རྗེ་བཞི་སྒྲུབ་བྱེད་ལྟོས་མེད་བཞི་སྟེ་ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་། དེ་བཞིན་ངག་དང་སེམས་དང་། འཕོ་བའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་བཞི་ནི། རིམ་བཞིན་ལུས་ངག་ཡིད་ཀྱི་སྡོམ་པ་དང་ཁུ་བ་མི་འཕོ་བ་ཚངས་སྤྱོད་ཀྱི་སྡོམ་པ་ལ་གནས་པའོ། །སྒོ་གསུམ་གྱི་བྱ་བྱེད་སྤངས་ཤིང་ཁུ་བ་འཛག་མེད་དུ་འཆིང་བ་ལ་ཡང་ངོ་། །འདི་དག་ལ་གནས་པས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི། སྲིད་པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ཡིན་ནོ། །སྔགས་ཀྱི་བཟླས་པ་སོགས་ཀྱིས་ཞེས་པ་དྲང་བའི་དོན་དུ་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཕྱིར་ལྷའི་གསང་སྔགས་དང་། རིག་སྔགས་རྣམས་བགྲང་ཕྲེང་ལ་སོགས་པ་ལ་གྲངས་བཟུང་ནས་ཚད་དུ་འཁྱོལ་བར་བཟླས་པ་དང་། མཆོད་པ་སོགས་ཀྱིས་བསྙེན་པའོ། །ནང་དུ་ནི་སྲོག་བསྡམ་པ་དང་སོགས་སྒྲས་རྔུབ་དགང་དབྱུང་བའི་བུམ་པ་ཅན་གྱི་སྦྱོར་བ་ལ་རྟག་ཏུ་

p. 384

བསྙེན་པ་སྟེ། ཚུལ་འདིས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་སྲོག་མ་བསྡམ་པར་ངག་ཏུ་བརྗོད་པའི་བཟླས་པས་ནི་དེ་ལྟར་མ་ཡིན་ནོ་ཞེས་ངེས་པའི་དོན་ཏོ། །དེ་ལྟར་འདི་རྣམས་ནི་ལྷ་བསྒྲུབ་པ་ལ་བསྙེན་པ་ཡི་ཡན་ལག་སྟེ། ཐོག་མར་བྱ་བའོ། །སོ་སོར་སྡུད་པ་སོགས་དང་ཞེས་པས། འདིར་འཁོར་བ་པ་རྣམས་ཀྱིས་མིག་སོགས་དབང་པོས་ཡུལ་སོ་སོར་སྡུད་པ་དེ་འཛིན་པ་ལ་རྟག་ཏུ་འཕྱན་པ་ཡིན་ལ། རྣལ་འབྱོར་པ་རྣམས་དབང་ཡུལ་འབྲེལ་བའི་འཇུག་པ་དེ་ཡོངས་སུ་སྤངས་ནས་ཡུལ་སྟོང་པ་ཉིད་ཀྱི་གཟུགས་ལ། ཡུལ་ཅན་ཤ་ལ་སོགས་པའི་ཞེས་དང་པོར་ཤའི་མིག་དང་། ཡན་ལག་ཕྱི་མ་རྣམས་སུ་ལྷའི་མིག་སོགས་སུ་འགྱུར་བའི་ཐུན་མོང་མིན་པའི་དབང་པོ་དེས་ཡུལ་ཐུན་མིན་སྟོང་གཟུགས་འཛིན་པ་ནི་སོར་སྡུད་ཡིན་ལ། འདི་ནི་ཉེ་བའི་སྒྲུབ་པ་ཞེས་བྱ་སྟེ། སོགས་སྒྲས་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་རྣམས་ཀྱང་ཉེ་བའི་སྒྲུབ་པ་དང་། ཐབས་ཤེས་ཀྱི་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་ལས་སྐྱེས་པའི་བདུད་རྩི་བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པ་ཡིས་ནི་ཉེ་བའི་སྒྲུབ་པར་འགྱུར་བ་ནི་ངེས་པའི་དོན་ནོ། །དྲངས་བའི་དོན་གྱིས་ཕྱི་རོལ་དུ་ལྷ་སྤྲོ་བ་བསྐྱེད་རིམ་གྱི་རྣལ་འབྱོར་དང་པོ་གཉིས་གོང་བཤད་བཞིན་ཏེ་དེའི་ཚེ་སོར་སྡུད་སོགས་ཀྱང་བསྐྱེད་རིམ་ལ་སྦྱར་བ་རྒྱུད་གཞན་ལས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །དགའ་པ་ལ་སོགས་པ་སྔ་མ་གསུམ་པོ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང་། གསང་བའི་ཆུ་སྐྱེས་ལ་ཐིག་ལེ་གནས་པ་ན་བདེ་བ་རོ་མཉམ་གྱུར་པ་ལྷན་སྐྱེས་ཡེ་ཤེས་བསྒོམ་པ་སྒྲུབ་པར་འགྱུར་རོ། །གང་ཞིག་ཤེས་རབ་མ་དང་མཉམ་པར་སྦྱར་ལ་གང་གི་ཚེ་ཁམས་འཕོ་བ་མེད་པ་ཕྲ་མོའི་རྣལ་འབྱོར་ནི་ཡིད་བཟང་མའི་རྩའི་སྟེང་དུ་ཁུ་བ་ཡང་དག་པར་སྦྱོར་བ་གཙུག་ཏོར་ནམ་མཁའི་འཁོར་ལོར་སྲོག་ཡོངས་སུ་རྫོགས་པར་འགགས་པ་དག་ལས་ངེས་པར་སྒྲུབ་པ་ཆེན་པོར་འགྱུར་ཏེ་ངེས་དོན་ནོ། །

p. 385

དྲང་དོན་ཤེས་རབ་ཀྱི་ཆོས་འབྱུང་གི་སྣ་རྩེར་ཡུངས་ཀར་ཙམ་གྱི་ཐིག་ལེ་ལ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གསལ་སྣང་འབྱོང་བ་སྐྱེད་རིམ་གྲུབ་པའི་གནས་སྐབས་ཁྱད་པར་ཅན་ནོ། །དེ་ལྟར་བསྙེན་པ་དང་ཉེ་བའི་སྒྲུབ་པ་དང་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་སྟེ་ཡན་ལག་བཞིར་གསུངས་པ་ནི་རྒྱུད་གཞན་དུ་བསྙེན་པ་ཉེ་བསྙེན། སྒྲུབ་པ་སྒྲུབ་ཆེན་བཞིར་གསུངས་པ་དང་ཐ་སྙད་བྱ་ཚུལ་ཅུང་ཟད་མི་འདྲ་བ་ལས་དོན་གྱི་གོ་རིམ་འདྲ་ལ། འདི་བཞི་བསྐྱེད་རྫོགས་རེ་རེ་ལའང་བཞི་རེ་སྦྱར་བ་དང་། གཉིས་ཀར་བཞི་པོ་སྦྱར་བ་དང་། གཞན་ཡང་ཆོ་གའི་རིམ་པ་ལ་སྦྱར་བ་སོགས་སྣ་ཚོགས་ཞིག་རྒྱུད་དང་མན་ངག་རྣམས་སུ་འབྱུང་ངོ་། །ད་ནི་དམན་པ་དང་མཆོག་གི་དབྱེ་བས་བསྙེན་པ་ལ་སོགས་པ་གསུངས་པ། འདིར་སྐྱེད་པའི་རིམ་པ་བསྒོམ་པ་ལ་དང་པོར། ཕུང་པོ་སྔ་མ་དོར་ནས་ཕྱི་མ་འཛིན་པའི་བར་དང་མཚུངས་པར་སྲིད་པ་གསུམ་གྱི་རང་བཞིན་སྟོང་པ་ཉིད་ཀྱི་སྐད་ཅིག་མ་ལ་གནས་པ་ནི་སྟོང་པ་ཉིད་ལ་བྱང་ཆུབ་པ་ཞེས་བྱ་ལ། དེའི་རྗེས་སུ་ངེས་པར་སླར་ཡང་མའི་མངལ་དུ་ཀུན་གཞིའི་རྣམ་ཤེས་ཁུ་བའི་ཐིག་ལེའི་གཟུགས་འཛིན་པ་བཞིན་དུ་སྟོང་ཉིད་ལ་གནས་པ་དེ་ཡི་རྗེས་ནས། སེམས་ཀྱི་རང་བཞིན་ཟླ་བ་ཁུ་བའི་ཆ། ཐིག་ལེ་ཡི་རྣམ་པ་དག་ནི་ཡང་དག་པར་འཛིན་པར་ཞེས་པ་གོང་བུའི་གཟུགས་ཅན་ཏེ་དབང་པོ་སོགས་སྤོང་བའི་གནས་སྐབས་སོ། །རྒྱུད་འགའ་ཞིག་ལྟར་ན་ཐབས་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ་བཤད་ཀྱང་རུང་ངོ་། །དེ་ནས་བྱིས་པ་ཟླ་བ་བདུན་གྱིས་རིམ་པས་མངལ་དུ་ལུས་རྫོགས་པ་ལྟར་ལྷའི་གཟུགས་ཐམས་ཅད་དག་གསལ་བར་བསྐྱེད་ཅིང་། དེ་ནས་དབང་པོ་ཡུལ་ལ་འཇུག་པ་བཞིན་དུ་རབ་མཆོག་རོ་ཡི་རིགས་རྣམས་དག་གིས་ཡི་གེ་དགོད་པ་ནི་ཕུང་པོ་དྲུག་གམ་རིགས་དྲུག་གི་ཡི་གེ་རྣམས་མིག་སོགས་ལ་དགོད་བས་སྐྱེ་མཆེད་བྱིན་གྱིས་བརླབ་པ་ཉིད་ཡིན་ཏེ། འདི་དག་

p. 386

རྣམས་ནི་བསྐྱེད་པའི་རིམ་པ་སྤྱི༷་ཡི་བསྙེན་པ་སྟེ་གང་གིས་ན་ཆུ་ཡི་གཏེར་གྱི་རྡོ་རྗེ་ཞེས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་རྣམས་ཀྱིས་དབྱེ་བས་ཏེ། སྐུ་རྡོ་རྗེ་དཀྱིལ་འཁོར་རྒྱལ་མཆོག་བསྙེན་པ། གསུང་རྡོ་རྗེ་ལས་རྒྱལ་མཆོག་ཉེ་བའི་སྒྲུབ་པ། ཐུགས་རྡོ་རྗེ་ཐིག་ལེའི་རྣལ་འབྱོར་སྒྲུབ་པ། ཡེ་ཤེས་རྡོ་རྗེ་ཕྲ་མོའི་རྣལ་འབྱོར་སྒྲུབ་པ་ཆེན་པོ་རྣམས་ཀྱིས་སོ། །དེའི་ནང་ནས་ཉེར་བའི་སྒྲུབ་པ་དག་ནི་དབུ་མའམ་འབྲི༷ང་པོ་སྟེ་ལས་རྒྱལ་མཆོག་སྲོག་རྫོགས་པ་གསུང་རྡོ་རྗེའི་གནས་སྐབས་སུ་གྱུར་བ་ཡང་ཡིན་ནོ། །དེ་ལྟར་ལྷ་བསྐྱེད་པ་འདི་ལ་སྒྲུབ་པའི་ཐབས་ཀྱི་ཡན་ལག་ནི་རྣམ་པ་བཞིར་འགྱུར་ཏེ་དེ་ཡང་གནས་སྐབས་གསུམ་དུ་བསྡུས་ན། བསྙེན་པའི་ཡན་ལག་དམན་པ་དང་། ཉེར་སྒྲུབ་ཀྱི་ཡན་ལག་ལ་སྲོག་བརྟན་པ་འབྲིང་པོ་དང་། བསྒྲུབ་པའི་ཡན་ལག་གཉིས་པོ་དག་ལསྔ་མ་དེ་བཞིན་ཉིད་དུ་ཆེན་པོའི་གནས་སྐབས་ཞེས་བྱ་སྟེ་གཞོན་ནུ་དང་སྒྲུབ་པ་ཆེན་པོ་ལོ་བཅུ་དྲུག་གི་མཚམས་སུ་དར་མ་ཞེས་པ་ངེས་པའོ། །འདིར་དམན་པ་ནི་འཇིག་རྟེན་དུ་བྱིས་པའི་གནས་སྐབས་དང་སོ་སྐྱེས་ནས་འབྲིང་པོ་དང་། སོ་ལྷུང་ནས་གཞོན་ནུ་དང་། སོ་སྐྱེས་ཤིང་ལོ་བཅུ་དྲུག་གི་རྗེས་ལ་བུ་དང་བུ་མོ་སྐྱེད་པ་དར་མ་ཞེས་པ་ཆེན་པོའི་གནས་སྐབས་ཞེས་བརྗོད་པ་དེ་བཞིན་ལྷ་ཐམས་ཅད་ཀྱང་ཡན་ལག་བཞིའི་ཚུལ་དུ་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་པ་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ངེས་པའོ། །དོན་དམ་པའི་བདེན་པས་སངས་རྒྱས་ཀྱི་སྐུ་རྫོགས་པ་ནི་དང་པོར་སྟོང་ཉིད་བྱང་ཆུབ་ཅེས་པ་མུན་པ་ལ་ལྟ་སྟངས་གཏད་ནས་ཅུང་ཟད་བསམ་པར་མི་བྱ་བར་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ་གནས་པར་བྱ་བའོ། །དེ་ནས་ཟླ་བའི་ཐིག་ལེ་འཛིན་པ་ནི་དུ་བ་ལ་སོགས་པའི་མཚན་མ་ཐིག་ལེའི་མཐར་ཐུག་པ་འཛིན་པའོ། །དེ་ནས་གཟུགས་དག་བསྐྱེད་པ་ནི། ཐིག་ལེ་དེ་ཡི་ནང་དུ་བརྟན་གཡོའི་གཟུགས་བརྙན་སྣ་ཚོགས་མཐོང་བའོ། །རབ་

p. 387

མཆོག་རོ་ཡི་རིགས་རྣམས་དག་གིས་ཞེས་པ་སྒྲིབ་པ་མེད་པའི་ཕུང་པོ་དྲུག་རྣམས་ཀྱིས་སོ། །ཡི་གེ་དགོད་པ་ནི་ཐ་མལ་ཉི་ཙེ་བའི་ཕུང་ཁམས་སྐྱེ་མཆེད་སོགས་འགོག་པའམ་རྣམ་པར་དག་པའོ། །འདི་ནི་རྣམ་པར་རྟོག་པས་བཏགས་སྒོམ་མ་ཡིན་པར་རང་བཞིན་འོད་གསལ་གྱི་སྣང་བ་དངོས་ཡུལ་དུ་བྱས་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་བསྒྲུབ་པ་ཡིན་པས་དོན་དམ་པའི་སྒྲུབ་ཐབས་ཡིན་ལ། འདི་ལའང་དམན་པ་ལ་སོགས་པས་དབྱེ་བར་འགྱུར་ཏེ། ས་དང་པོ་ཐོབ་པ་ནས་ཇི་སྲིད་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་མ་གྱུར་གྱི་བར་ལ་ཡན་ལག་བཞིར་གནས་སྐབས་ཀྱི་དབྱེ་བར་འགྱུར་རོ་དེའི་ཕྱིར་བདེན་དོན་རྣམ་པ་བཅུ་གཉིས་ལྡན། ཞེས་པ་ཤེས་རབ་ཉི་མའི་ཆ་ཡན་ལག་བཅུ་གཉིས་ཀྱི་ང་འགགས་པས་བདེན་དོན་བཅུ་གཉིས་ཐོབ་པ་དང་དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་ཐབས་ཟླ་བའི་ཆ་ཀུན་རྫོབ་བདེ་བའི་ཡུལ་ཅན་དགའ་བ་བཅུ་དྲུག་གིས་སྟོང་ཉིད་བཅུ་དྲུག་མངོན་དུ་བྱས་པའོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་པ་སྦྱོར་བ་དྲུག་གིས་ཕུང་ཁམས་དབང་ཡུལ་ཉི་ཤུ་སྒྲིབ་བྲལ་དུ་བྱེད་པས་ཡེ་ཤེས་ལྔ་ལ་རྡོ་རྗེ་བཞིས་ཕྱེ་བས་རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པའོ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག་ཅེས་པ། སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པའམ། རྣམ་པར་སངས་རྒྱས་པ་ཤེས་བྱ་ཐམས་ཅད་ཀུན་ཅིག་ཆར་རིག་པ་ཞེས་སོ། །དེ་ནས་སྦྱོར་བ་ཡན་ལག་དྲུག་གསུངས་པ། སོ་སོར་སྡུད་པ་ནི་རྒྱལ་པའི་དབང་པོས་ཏེ་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་རིགས་ཀྱི་རང་བཞིན་འཐོབ་པར་བྱེད་པའི་ལམ་དུ་འགྱུར་ཞིང་འདི་ལ་དབྱེ་བ་རྣམ་པ་བཅུ་སྟེ། དུ་བ་དང་སྨིག་རྒྱུ་དང་མེ་ཁྱེར་དང་མར་མེ་དང་འབར་བ་དང་། ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་། ཆ་ཤས་སམ་མཆོག་གི་ཆ་དང་། ཐིག་ལེ་མཐོང་བའི་དབྱེ་བས་སོ། །འདི་དག་རྣམ་པར་རྟོག་པས་མ་བརྟག་པ་རང་བཞིན་འོད་གསལ་

p. 388

གྱི་སྣང་བ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་བཞིན་དུ་བསམ་གཏན་ནི་རྣམ་ཤེས་ཕུང་པོ་མི་བསྐྱོད་པ་ཉིད་དོ། །དེའི་དབྱེ་བ་རྣམ་པ་བཅུ་ནི་ཡུལ་ཅན་བསམ་གཏན་གྱི་ཡན་ལག་ལྔ་དང་དེའི་ཡུལ་སྣ་ཚོགས་སྟོང་གཟུགས་ལ་ཡུལ་ཅན་ལྔའི་ཡུལ་ཡིན་པའི་ཆ་ནས་ཕྱེ་བའི་ལྔ་སྟེ་བཅུ་ཡིན་ལ་དེ་རྣམས་གཅིག་ཏུ་འདྲེས་པའི་ཚུལ་གྱིས་སེམས་བསམ་གཏན་ལ་རྩེ་གཅིག་གནས་པའོ། །སྲོག་རྩོལ་དག་ཀྱང་འདུ་བྱེད་ཀྱི་ཕུང་པོ་སྒྲུབ་བྲལ་རལ་གྲི༷་ཅན་དོན་ཡོད་གྲུབ་པ་ཡིན་ནོ། །འདིའི་དབྱེ་བ་བཅུ་ནི་གཡོན་དང་གཡས་ཀྱིས་མཁའ་སོགས་དང་ས་ལ་སོགས་པའི་དཀྱིལ་འཁོར་བཅུའི་ང་དབུ་མར་གཅིག་ཏུ་འདྲེས་པར་གྱུར་པའི་ཆ་ནས་བཅུ་སྟེ་འདིར་རླུང་གི་བྱེད་པ་གཙོ་ཆེ་བའོ། །སླར་ཡང་རྣམ་པ་བཅུ་སྟེ་གང་གིས་ན་འཛིན་པ་ཞེས་བྱ་བ་སྒྲིབ་བྲལ་གྱི་ཚོར་བའི་ཕུང་པོ་གཏུམ་མོའི་མེའི་བྱེད་པ་དང་ལྡན་པ་ཕྱག་ན་རིན་ཆེན་ནམ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཡིན་ནོ། །རྣམ་པ་བཅུ་གང་ཞེ་ན། ལྟེ་སྙིང་མགྲིན་དཔྲལ་གཙུག་ཏོར་གྱི་པདྨ་ལ་རླུང་ཡར་འགྲོ་བ་དང་མར་འོང་བའི་ཆ་ནས་དབྱེ་བ་བཅུའོ། །གཡུང་མོའམ་གདོལ་པ་མོ་ལ་རྗེས་སུ་དྲན་པ་ཞེས་པ་ཁུ་བ་ཆུའི་ཁམས་ཀྱི་བྱེད་ལས་གཙོ་ཆེ་བ་རྗེས་ཆགས་ཀྱི་དགའ་བ་སྐྱེད་པའི་རྟེན་ནང་གི་ཕྱག་རྒྱ་ཆེན་མོ་དབུ་མའི་རྩ་ལ་བདེ་བ་རྗེས་སུ་དྲན་པ་སྟེ། དེའི་ཟུར་གྱིས་ཕྱིའི་ཕྱག་རྒྱ་རྣམས་ཀྱང་བསྟན་པ་ཡིན་ལ། དེ་ནི་འདུ་ཤེས་ཀྱི་ཕུང་པོ་པདྨ་འཛིན་པ་སྣང་བ་མཐའ་ཡས་གང་ཡིན་པར་འགྱུར་ཏེ། འདི་ལ་ཡང་དབྱེ་བ་བཅུ་ནི། འཆད་འགྱུར་ལྟར། བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམས་དང་ཟས་ལ་རབ་ཏུ་མི་འཇུག་དང་། འདར་དང་སྨྱོ་དང་རབ་ཏུ་རྨོངས་པར་གྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་བརྒྱལ་བ་དག །ཅེས་པ་བཞིན་འཁྲིག་པའི་འདོད་ཆགས་ཀྱི་གནས་སྐབས་བཅུའི་དབྱེ་བ་ལས་སོ། །དཔལ་ལྡན་ཏིང་ངེ་འཛིན་གྱི་ཡན་ལག་ནི་ས་ཁམས་གཟུགས་ཀྱི་ཕུང་

p. 389

པོ་རྣམ་པར་སྣང་མཛད་འཁོར་ལོ་ཅན་ཉིད་དེ་སྲོག་འཛིན་ལ་སོགས་པའི་རླུང་བཅུ་པོ་རྣམས་གཏན་དུ་འགགས་ཤིང་མི་གཡོ་བའི་ཆ་ནས་བཅུའོ། །དེ་ལྟར་བཅོམ་ལྡན་འདས་ནི་སྲིད་ཞིར་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ་གཡོ་བྱེད་ལས་ཀྱི་ང་རྣམ་པ་ལྔ་མི་འབབ་པའམ་མི་རྒྱུ་བ་སྟེ་འཕོ་མེད་ཡེ་ཤེས་ཀྱི་སྐུ་གཞོམ་དུ་མེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །ཡན་ལག་དྲུག་པོ་དེ་རེ་རེ་ལ་ཡང་ཁམས་རྣམ་པ་ལྔའི་རང་བཞིན་དཀྱིལ་འཁོར་ལྔའི་རླུང་འབབ་པ་དང་འགག་པའི་དབྱེ་བ་ལས་རིགས་ལྔ་དང་ལྡན་པ་རྣམས་ཀྱིས་ཏེ། སླར་ཡང་རྒྱུ་མཚན་གང་ལས་ཨ་སོགས་དབྱངས་ཤེས་རབ་གཡས་ཀྱི་ཆ་དང་། ཀ་སོགས་གསལ་བྱེད་ཐབས་གཡོན་གྱི་ཆ་རྣམས་ཀྱིས་ཕྱེ་བ་དག་ལས་རིགས་གཉིས་སུ་འགྱུར་ཏེ་གཡོན་དང་གཡས་ཀྱི་སྲོག་ཡང་དག་པར་འགགས་པར་གྱུར་པའོ། །དེ་ནས་སོར་སྡུད་ལ་སོགས་པའི་མཚན་ཉིད་གསུངས་པ། །འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་རང་གི་ལུས་སམ་རྒྱུད་ལ་ཡུལ་གཟུགས་སོགས་དང་། དེའི་ཡུལ་ཅན་མིག་སོགས་དབང་པོ་དང་དེའི་ཡུལ་བཅས་བཅུ་པོ་རྣམས་ནི་ཕན་ཚུན་འབྲེལ་བ་ལས། རྣམ་པར་ཤེས་པ་རབ་ཏུ་འཇུག་པ་མེད་པ་ཉིད་དུ་བྱས་ནས། ཡུལ་སྟོང་གཟུགས་དང་དེའི་ཡུལ་ཅན་གཞན་པའི་མིག་སོགས་ཀྱིས་རབ་ཏུ་འཇུག་པ་ཅན་ཐ་མལ་པའི་སྤྱོད་ཡུལ་ལས་འདས་པ་འོད་གསལ་ཡེ་ཤེས་ཀྱི་སྣང་བ་ལ་དངོས་སུ་འཇུག་པའོ། །བསམ་གཏན་དག་ཀྱང་སྟོང་པའི་གཟུགས་དེ་ཉིད་ཡུལ་དུ་བྱས་ནས། དེ་ལྟར་སྟོང་པའི་རང་བཞིན་འོད་གསལ་བར་ཤེས་པའི་ཤེས་རབ་ཀྱིས་ལྟ་བ་དང་།རྟོག་པ་ཞེས་པ་ཡུལ་སྟོང་གཟུགས་དེའི་དངོས་པོ་སྤྱི་ཙམ་འཛིན་པ་དང་། དཔྱོ༷ད་པ་ཞེས་པ་དེའི་དོན་གྱི་ཁྱད་པར་ངེས་པར་བྱེད་པའོ། །དགའ་བ་ནི་སྟོང་གཟུགས་དེ་ལ་ཡིད་ཞེན་ཅིང་ཆགས་པ་དང་། གཡོ་མེད་བདེ་བ་ཞེས་པ་གཟུགས་

p. 390

དང་སེམས་ལྷན་ཅིག་འདྲེས་པ་ལྟར་མི་གཡོ་བར་སེམས་རྩེ་གཅིག་ཏུ་སེམས་པའོ། །ཤེས་རབ་ལ་སོགས་པ་ཡན་ལག་ལྔར་བྱེད་ན། བདེ་བ་དང་སེམས་པ་ལྷན་ཅིག་ཏུ་བརྩིའོ། །སྲོ༷ག་གི་རྩོལ་བ་ཞེས་བྱ་བ་དག་ཀྱང་གཡོན་དང་གཡས་པའི་ང་གི་ལམ་ནི་རྐྱང་མ་དང་རོ་མའི་རྒྱུ་བ་གཉིས་པོ་འགོག་པར་བྱེད་པའམ། བསྒྱེལ་ཞིང་དབུ་མར་སྲོག་སྟེ་རླུང་ནི་རབ་ཏུ་ཞུགས་པ་དག་ཏུ་འགྱུར་བའོ། །ཐིག་ལེར་ཞེས་པ་དཔྲལ་བའི་ཐིག་ལེ་ལ་སྲོག་ནི་རབ་ཏུ་ཞུགས་ཤིང་འགྲོ་བ་དང་འོང་བ་གཉིས་ཀའི་བགྲོད་པ་བཅོམ་སྟེ་དཔྲལ་བར་སྲོག་འཛིན་ཅིང་རྩེ་གཅིག་སེམས་པ་ནི་འཛིན་པ་ཞེས་བྱ་བའོ། །འདིར་སྤྱི་བོའི་ཆུའི་ཐིག་ལེར་རླུང་སེམས་ཟིན་པ་ནི་རབ་ཡིན་པས་གཙོ་བོའི་དབང་དུ་བྱས་ཀྱི་གནས་གཞན་མགྲིན་སྙིང་ལྟེ་བའི་དབུས་ཀྱི་ས་སོགས་ཐིག་ལེ་ལ་སྲོག་ཞུགས་པའང་འཛིན་པར་གཏོགས་པ་ཡིན་ནོ། །སྲོག་ཐུར་དབུ་མར་གཅིག་ཏུ་སྦྱོར་ཞིང་མི་གཡོ་བར་གནས་པ་ལས་གཏུམ་མོའི་རྗེས་ཆགས་ཀྱི་མེ་འབར་བའི་སྣང་བར་གང་ཞིག་གྱུར་པ་ངེས་པར་ནང་དུ་ལུས་སྟོང་གཟུགས་འོད་ཀྱི་རང་བཞིན་དུ་སྣང་བ་དང་བ་སྤུའི་བུ་ག་སོགས་ནས་འོད་ཟེར་ལྔ་ལྡན་ཕྱི་རོལ་སྲིད་པ་གསུམ་གྱི་ནམ་མཁའ་ལ་ཡང་སྤྲོས་པ་ལས་སྟོང་གཟུགས་ལ་རོ་མཉམ་དུ་འཁྱུད་པའི་སེམས་ཀྱིས་རང་གི་འདོད་པའི་ལྷ་ལ་རྗེས་སུ་ཆགས་པའི་དགའ་བ་ཉིད་རྗེས་སུ་དྲན་པར་འགྱུར་བ་ནི་རྗེས་དྲན་ནོ། །ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་། ཐབས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཉིད་ཀྱི་རང་བཞིན་ཤེས་དང་ཤེས་བྱ་གཅིག་ཏུ་འདྲེས་པར་གྱུར་པ་དབྱེར་མེད་པའི་བདག་ཉིད་ཀྱིས་ནི་གཏན་དུ་འགྱུར་བ་མེད་པའི་བདེ་བའི་དབང་གིས་ཡེ་ཤེས་ཀྱི་གཟུགས་སྐུའམ་ཡེ་ཤེས་ཀྱི་རང་བཞིན་ལ་སེམས་དབྱེར་མེད་པར་མི་ཕྱེད་པར་གྱུར་པ་ནི་ཏིང་ངེ་འཛིན་གྱི་ཡན་ལག་གོ། སྒྲུབ་ཐབས་འདི་དག་ཀྱང་དམན་པ་ལ་སོགས་ཞེས་འབྲིང་དང་མཆོག་གི་

p. 391

དབྱེ་བ་རྣམས་ཀྱིས། དུས་ཀྱི་འཁོར་ལོའམ་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར་ཏེ། གང་ཞེ་ན་ལས་དང་ཡེ་ཤེས་ཕྱག་ཆེན་ཏེ་ཕྱག་རྒྱ་གསུམ་ལ་བརྟེན་པ་དང་ཁུ་བ་འཛག་པ་དང་གཡོ་བ་དང་མི་གཡོ་པའི་གནས་སྐབས་གསུམ་ནི། རྣལ་འབྱོར་པའི་ལམ་གྱིས་གནས་སྐབས་རྣམ་གསུམ་དེར་རིམ་པར་བགྲོད་པའི་དབང་གིས་ཏེ། ཕྱག་རྒྱ་གསུམ་ནི་འཛག་པའི་བདེ་བ་གཙོ་ཆེར་སྦྱིན་པ་བུད་མེད་རྣམས་ལས་ཀྱི་ཕྱག་རྒྱ་དང་ཀུན་དུ་རྟོག་པའི་ཆོས་ཅན་ཡིད་ཀྱིས་བསམ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་མོ་གཡོབའི་བདེ་བ་སྦྱིན་པ་དང་མཆོག་གི་ཕྱག་རྒྱ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ནི་མི་གཡོ་བའི་བདེ་བ་སྦྱིན་པ་མོ་སྟེ་དེ་ལྟར་ཕྱག་རྒྱ་གསུམ་པོ་རྣམས་སོ། དེ་ཡང་འཛག་པའི་བགྲོད་པ་དམན་པའི་གནས་སྐབས་དང་གཡོ་བའི་བགྲོད་པའི་འབྲིང་པོའི་དང་། མི་གཡོ་བའི་བགྲོད་པ་མཆོག་གི་གནས་སྐབས་ཏེ། སྦྱོར་བ་ཡན་ལག་དྲུག་ལ་ཕྱག་རྒྱ་གསུམ་བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱི་སླད་དུ་ཕྱག་རྒྱ་གསུམ་བསྟེན་ཅིང་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱའོ། །དེ་ནས་སོར་སྡུད་སོགས་ཀྱི་འབྲས་བུའམ་ཕན་ཡོན་གསུངས་པ་འདིར་སོ་སོར་སྡུད་པས་སྟོང་གཟུགས་བརྟན་པར་གྱུར་པའི་རྣལ་འབྱོ༷ར་པ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་དང་རྣམ་པར་བྲལ་བ་ཡིས། རྣམ་པར་དག་པར་གྱུར་པ་དེའི་ཚེ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ་ཅིང་། ཚིག་གི་སྒོ་ནས་ཀྱང་ཞི་སོགས་ཀྱི་མཆོག་སྦྱིན་པའམ་ལས་འགྲུབ་པ་ཡིན་པས་བདེན་ཚིག་འགྲུབ་པ་དང་སྔགས་འགྲུབ་པའོ། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ། གང་གིས་ན་ཀྱེ་མི་ཡི་བདག་པོ་བསམ་གཏན་གྱི་སྦྱོར་བས་རྣམ་ཤེས་ཡོངས་སུ་དག་པ་ལའོ། །ཇི་ལྟར་ན་གང་གི་ཚེ་སྣ་གཡོན་པའི་རླུང་དགགས་པས་མིག་མི་འཛུམ་པར་གྱུར་པ་དེའི་ཚེ། ལྷའི་མིག་ཏུ་གྱུར་ནས་ཐག་ཉེ་རིང་གི་གཟུགས་ཐམས་ཅད་མཐོང་བའི་མངོན་ཤེས་

p. 392

ཐོབ་པར་འགྱུར་རོ། །གཅི་བ་འགགས་པས་སྟོང་པའི་སྒྲ་དང་སྲོག་ཆགས་རྣམས་ཀྱི་སྒྲ་ཐོས་པའི་ལྷ་ཡི་རྣ་བ། སྒྲ་གཅན་གྱི་རླུང་འགགས་པས་གཞན་སེམས་ཤེས་པ། བཤང་བའི་ང་འགགས་པས་སྔོན་གནས་རྗེས་དྲན། སྟེང་གི་གཡས་རླུང་འགགས་པས་ནམ་མཁར་འགྲོ་བ་སོགས་ནམ་མཁའི་རྫུ་འཕྲུལ་ཏེ་མངོན་ཤེས་ལྔ་ཐོབ་པར་འགྱུར་རོ། །སྲོག་གི་རྩོལ་བས་རྟག་ཏུ་དབུ་མར་འབབ་པས་རླུང་དག་པ་ཡིས་རི་བོང་ཅན་དང་ཉི་མ་ཡི་ལམ་དུ་རྒྱུ་བ་དང་བྲལ་བ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་ཅིང་བསྔགས་པར་བྱེད་ཅིང་སངས་རྒྱས་རྣམས་ཀྱིས་ལུང་སྟོན་པར་བྱེད་དོ། །གཡོན་དང་གཡས་ཀྱི་ང་ཉམས་པས་བདུད་དང་ཉོན་མོངས་འཕོ་ཆགས་ལ་སོགས་ཉམས་ཤིང་། སྟོབས་བཅུ་ལྡན་པ་རྡོ་རྗེ་སེམས་དཔའ་འགྱུར་མེད་ལ་ནི་འཇུག་པར་འགྱུར་ཏེ་གང་གིས་ན་སྟོང་པ་ཉིད་ཀྱི་གཟུགས་གཟུང་ཆར་སྣང་བ་དང་དེ་འཛིན་པའི་སེམས་གཟུང་འཛིན་ཐ་དད་དུ་སྣང་བ་མེད་པར་འདྲེས་ཏེ་སྲོག་མི་ཤིགས་པའི་ཐིག་ལེར་ཞུགས་ནས་རླུང་གི་འགྲོ་འོང་ཟད་པ་འཛིན་པའི་ཡན་ལག་གི་སྟོབས་ཀྱིས་སོ། །རྗེས་སུ་དྲན་པ་ཡི་ཡན་ལག་གིས་སྟོང་གཟུགས་ལ་འཁྱུད་པའི་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་ཐིག་ལེའི་སྒྲིབ་པ་ལེགས་པར་དག་པ་ལས། རང་གི་ལུས་དྲི་མ་མེད་པའི་འོད་ཀྱིས་དཀྱིལ་འཁོར་དག་ཏུ་སྣང་ཞིང་བ་སྤུའི་བུ་ག་རྣམས་ནས་འོད་ཟེར་ལྔ་འཕྲོ་བ་ཉིད་ཀྱང་ངོ་། །དེ་ཡང་ཡེ་ཤེས་ཀྱི་གཟུགས་སམ་སྟོང་གཟུགས་ཀྱི་ལྷ་སྐུ་ཐབས་ཤེས་ཀྱི་རྣམ་པར་སྣང་བ་ལས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་སྒྲིབ་བཅས་གཟུགས་ཕུང་དང་གཟུགས་འཛིན་གྱི་སེམས་དག་སྟེ་དུས་སྦྱོར་བཅུ་གཉིས་ཀྱི་རླུང་རྫོགས་པར་འགག་ཤིང་འགྱུར་མེད་ཀྱི་བདེ་བ་གྲུབ་པ་ནི་ཉིན་ཞག་འགའ་ཞིག་སྟེ་ལོ་གསུམ་དང་ཕྱོགས་གསུམ་དག་གིས་ཡེ་ཤེས་ཀྱི་ལུས་ནི་འགྲུབ་པར་འགྱུར་ཏེ་དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་

p. 393

པོར་འགྱུར་རོ། །སོར་སྡུད་ལ་སོགས་པ་སྦྱོར་བ་ཡན་ལག་དྲུག་གི་ངེས་པའོ། །ད་ནི་ལམ་དེ་དག་གི་ཡན་ལག་ཏུ་གྱུར་པ་འགའ་ཞིག་གསུངས་པ། སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་ཞེས་སོགས་ཚིགས་བཅད་བརྒྱ་བཅུ་དགུ་པའི་རྐང་པ་ཕྱི་མ་གཉིས་ནས་ཚིགས་བཅད་བརྒྱ་ཉེར་བརྒྱད་པའི་བར་གྱིས་བསྟན་ཏེ། བཙན་ཐབས་ཀྱི་རྣལ་འབྱོར་ནི། སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱིས་སྟོང་པའི་གཟུགས་མཐོང་བར་གྱུར་ཀྱང་སྲོག་མ་བཅིངས་པ་ཉིད་ཀྱིས་འགྱུར་མེད་དམ་འཛག་མེད་ཀྱི་སྐད་ཅིག་མ་སྐྱེད་མ་ནུས་ཏེ་གལ་ཏེ་སྔགས་པ་རྣམས་ཀྱིས་འདོད་པ་གྲུབ་པར་མ་གྱུར་ན། ནཱ་ད་ལྷན་སྐྱེས་དགའ་བ་ཚིགས་བཅད་བརྒྱ་གོ་དྲུག་པར་འཆད་འགྱུར་ལྟར་གོམས་པས་བཙན་ཐབས་སུ་ང་དབུ་མར་འབབ་པ་བྱས་ནས་ཤེས་རབ་ཀྱི་ཆུ་སྐྱེས་སུ་གནས་པའི། རང་གི་རྡོ་རྗེ་ནོར་བུར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཀག་ནས་འཛག་མེད་ལྷན་སྐྱེས་བདེ་བ་སྐད་ཅིག་མ་བསྒྲུབ་པར་བྱའོ། །བཙན་ཐབས་ཀྱི་རྣལ་འབྱོར་རོ། །དེ་ནས་སྟོང་གཟུགས་བསྒྲུབ་པའི་སླད་དུ་ལྟ་སྟངས་གསུངས་པ། བསྙེན་པ་ལ་ནི་ཞེས་པ་དང་པོར་དུ་བ་ལ་སོགས་པའི་མཚན་མ་བསྒོམ་པ་སྟེ་བསྙེན་པ་དེ་ལས་སྦྱོར་བ་དྲུག་གི་དང་པོའི་རྣལ་འབྱོར་ནི་དུ་བ་ལ་སོགས་པ་རྟགས་སྣང་རྣམ་པ་བཅུ་ཡི་མཚན་མ་འཛིན་པའམ་མཐོང་བ་སྟེ། དུ་བ་སོགས་མཐོང་བ་དང་ལྷན་ཅིག་རང་གི་དངོས་སུ་མྱོང་བས་གྲུབ་པའི་ཡིད་ཆེས་རྣམ་པ་བཅུ་དང་ལྡན་པའོ། །དེ་ལྟར་སྟོང་གཟུགས་བསྒྲུབ་པའི་དུས་སུ་མཚན་མོ་མུན་པའི་རྣལ་འབྱོར་དང་། ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་བྱ་སྟེ་ལུས་འདུག་སྟངས་དང་ལྡན་པས་ཡིད་ཅི་ཡང་མི་བསམ་པར་བཞག་ལ། ལྟ་སྟངས་ནི་རང་གི་མདུན་གྱི་སྨིན་མཚམས་ཀྱི་སྟེང་གི་སོར་བཅུ་དྲུག་ཙམ་གྱི་ནམ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ་ཞེས་པ་ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྟ་སྟངས་ཏེ།

p. 394

མིག་མི་འཛུམ་པར་གྱེན་དུ་ཕྱོགས་ནས་ནམ་མཁའ་ལ་ལྟ་བ་དེ་ཉིད་ཡིན་ནོ། །དེའི་མཚན་མོའི་རྣལ་འབྱོར་གྱི་རྟགས་དུ་བ་སོགས་བཞི་དང་། ཉིན་མོའི་རྣལ་འབྱོར་གྱི་རྟགས་འབར་བ་ལ་སོགས་པ་དྲུག་སྟེ་བཅུ་མཐོང་བ་ནི་གཟུགས་སོ། །གཟུགས་ཀྱི་མཐར་ཐུག་པར་སོར་སྡུད་ཀྱིས་མཐོང་ནས་དེ་ལ་དམིགས་རྟེན་བྱས་ཏེ་སེམས་རྩེ་གཅིག་པའི་བསམ་གཏན་ཡན་ལག་ལྔ་ལྡན་གྲུབ་པ་གཉིས་ནི་བསྙེན་པའི་ཡན་ལག་ཏུ་འགྱུར་རོ། །བགེགས་མཐར་བྱེད་པའི་ལྟ་བ་ཞེས་པ་བདུད་རྩི་འཁྱིལ་བའི་ལྟ་སྟངས་ཡིན་ལ། དེ་ཇི་ལྟ་བུ་ཞེ་ན་བདུད་རྩིའི་ལམ་དུ་སྟེ་དཔྲལ་བའི་གནས་སུ་སོན་པ་མིག་གྱེན་དུ་དཔྲལ་བའི་ཕྱོགས་སུ་ལྟ་བའོ། །ལྟ་སྟངས་དེ་ཡིས་ཀྱང་ཉེ་བའི་སྒྲུབ་པ་སྲོག་རྩོལ་དང་འཛིན་པའི་རྣལ་འབྱོར་ལ་བྱ་སྟེ། འདི་ནི་སྦྱོར་བ་ཡན་ལག་དྲུག་གི་ནང་ནས་བར་མ་གཉིས་ལ་ཉེར་སྒྲུབ་ཏུ་བཞག་པ་ཡིན་གྱི་སྔར་བསྐྱེད་རིམ་གྱི་སྐབས་སུ་བཤད་པའི་ཉེར་སྒྲུབ་ལྟ་བུ་མ་ཡིན་ཏེ་རྫོགས་རིམ་གྱི་སྙེན་བསྒྲུབ་ཡན་ལག་བཞི་ཡིན་ནོ། །འདིའི་སྐབས་སུ་དམིགས་པ་གཏོད་པ་དབུ་མའི་ནང་གི་ནམ་མཁའ་ཡིན་ཞེས་རྗེ་ཙོང་ཁ་པས་གསུངས་པ་ལ། བླ་མ་སྔ་མ་དུ་མ་དང་ལམ་འདིའི་སྲོལ་འཛིན་བདག་གི་བླ་མ་རྣམ་གཉིས་སོགས་ཀྱིས་སོར་སྡུད་ཀྱི་སྐབས་འདིར་དབུ་མའི་ནང་ཡིན་པར་ཆེད་དམིགས་མི་དགོས་ཏེ། གཞན་ཅི་ཡང་ཡིད་ལ་བྱེད་པ་སྤངས་ཏེ་ཁྲོ་བོའི་ལྟ་སྟངས་ཀྱིས་བལྟས་པའི་ཡུལ་གྱི་ནམ་མཁའ་དེ་ག་རང་ལ་སེམས་གཏད་པར་རྒྱུད་རྩ་འགྲེལ་དང་ལམ་འདིའི་རྟོགས་པ་མངོན་གྱུར་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་ཕྱག་ལེན་དུ་བཏབ་པ་ཡིན་པས་དེ་ལྟར་བྱ་ལ། དབུ་མར་རླུང་སྡུད་ཅིང་ཐེམ་པ་ནི་ཡན་ལག་ཕྱི་མ་རྣམས་སུ་རྒྱ་ཆེར་འབྱུང་། སོར་སྡུད་དུ་ལུས་བྱེད་བཅིངས་དང་ལྟ་སྟངས་བཅས་ཡིད་རྟོག་མེད་དུ་བཞག་པས་གཟུང་འཛིན་གྱི་འབྲེལ་བཅད་པས་རླུང་

p. 395

བཅུ་དབུ་མར་འདུས་པའི་རྟགས་འབྱུང་མྱུར་ཏེ། རྣལ་འབྱོར་དབང་ཕྱུག་ས་ར་ཧས། །མཁའ་འདྲར་བྱས་ན་ང་ནི་རྣམ་པར་འཆིང་། །ཞེས་དང་། རང་བཞིན་མི་གཡོ་བཏང་སྙོམས་ལྷུན་གྱིས་གྲུབ་ཅེས་དང་། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །ཇི་ལྟར་བུ་ཆུང་ཚུལ་དུ་གནས་པར་བྱ། །བླ་མའི་ལུང་ལ་བསྒྲིམས་ཏེ་རབ་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད་ཅེས་སོགས་ཀྱིས་སྣ་རྩེ་སོགས་ཀྱི་ཆེད་གཏད་ཀྱི་ཡིད་བྱེད་རྣམས་ཀྱིས་ཡིད་འདུས་པ་ལས་རླུང་གི་བས་གཡོ་ཞིང་ཤིན་ཏུ་མི་སྲུན་པར་འགྱུར་ཚུལ་གསུངས་ནས། ལ་ཀཱུ་ཊ་སྨོས་སུ་ཅི་རུང་སྟེ། །རང་བཞིན་མཁའ་མཉམ་ཡིད་ཀྱིས་འཛིན་པ་ཡིན། །ཞེས་དང་། མིག་གི་མི་འཛུམ་སེམས་ཀྱང་མི་འགོག་དང་། །རླུང་འགོག་པ་ནི་དཔལ་ལྡན་བླ་མས་རྟོགས། །ཞེས་གསུངས་པ་དང་ཚུལ་འདྲ་བར་བླ་མའི་མན་ངག་གི་ལམ་འདི་ལས་ལམ་གཞན་གྱི་ཤན་བསྲེ་སླད་མི་བྱ་གསུངས། དེས་ན་ལྟ་སྟངས་ཀྱི་ཡུལ་ནམ་མཁའ་དེར་སེམས་གཏད་དགོས་ཀྱི་དབུ་མའི་ནང་གི་ནམ་མཁའ་ནི་མིག་གི་ལྟ་སྟངས་ཀྱི་ཡུལ་མ་ཡིན་ནོ་ཞེས་གསུངས། རྗེ་ཙོང་ཁ་པ་ཉིད་ཀྱིས་ཀྱང་དགོངས་གནད་ཁྱད་པར་ཅན་ཞིག་གིས་དེ་ལྟར་གསུངས་པ་ཡིན་པ་གཞིར་བཅས་པས་དེ་ཡི་ལུགས་འཛིན་པ་རྣམས་ཀྱི་སོར་སྡུད་ཉམས་ལེན་དེ་ལྟར་སྐྱོང་བར་འཚལ་ལོ། །ཤེས་རབ་མ་ལ་རྗེས་སུ་ཆགས་པས་སྤྲོས་པའི་ཟླ་བ་ཞུ་བའི་ཐིག་ལེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུར་གནས་ཤིང་མི་འཕོ་བར་བྱས་པའི་འགྱུར་མེད་ཀྱི་བདེ་བ་གསུམ་ནི་སྒྲུབ་པ་ལ་སྟེ། གསུམ་གང་ཞེ་ན་གསང་བ་ལྟེ་བ་སྙིང་གར་ཐིག་ལེ་མི་འཕོ་བར་གནས་པ་ལས་སོ། །དེ་ལྟར་རྗེས་དྲན་ནི་སྒྲུབ་པའི་ཡན་ལག་གོ། འདིར་བདེ་བ་མ་ཉམས་པའི་བྱང་ཆུབ་སེམས་ཀྱི་སྐད་ཅིག་གཅིག་པུ་གང་ཡིན་པ་དེ་ནི་རྣམ་རྟོག་ཐམས་ཅད་ཞི་བའི་རང་བཞིན་

p. 396

ཅན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྣལ་འབྱོར་ཞེས་བྱ་སྟེ་སྐབས་འདིར་ནི་འདི་ཉིད་སྒྲུབ་པ་ཆེན་པོ་ལའོ། །དེས་ན་ཁམས་འཛག་པས་བདེ་བ་ཉམས་པར་འགྱུར་ལ་འཛག་མེད་དུ་བཅིངས་ན་བདེ་བ་མི་ཉམས་ཞིང་སེམས་འགྱུར་བ་མེད་པའི་བདེ་བ་དང་ལྷན་ཅིག་རོ་མཉམ་དུ་གྱུར་ཏེ་ཡེ་ཤེས་ནམ་མཁའ་དང་མཉམ་པ་སྐྱེ་བའོ། །དེ་ལྟར་ཡེ་ཤེས་ཀྱི་སྒྲུབ་ཐབས་ཡན་ལག་བཞི་ནི་འཇིག་རྟེན་ལས་འདས་པ་དོན་དམ་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་ཡིན་ལ་བསྐྱེད་པའི་རིམ་པའི་ལྷའི་སྒྲུབ་ཐབས་ཡན་ལག་བཞི་ནི་འཇིག་རྟེན་ཀུན་རྫོབ་ཀྱིས་བསྡུས་པ་སྟེ། དེ་ལྟར་ཡང་། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ། །སླར་ཡང་། རྡོ་རྗེ་ཅན་བདག་བསྟན་པ་ནི། །རིམ་པ་གཉིས་ལ་ཡང་དག་བརྟེན། །གཅིག་ནི་སྐྱེས་པའི་རིམ་པ་སྟེ། །གཞན་ནི་རྫོགས་པའི་རིམ་པའོ། །ཞེས་གསུངས་པ་བཞིན་དུ། ལྷའི་སྒྲུབ་ཐབས་ལ་རྣམ་པར་རྟོག་པའི་བསྒོམ་པ་དང་། རྣམ་རྟོག་དང་བྲལ་བ་དེ་ཁོ་ན་ཉིད་བསྒོམ་པའི་ཡན་ལག་བཞི་པོ་རྣམས་ཀྱིས་སོ་ཞེས་པ་བདེན་གཉིས་དཔྱོད་པའི་རིགས་པ་དང་ལྡན་པའོ། །དེ་ནས་སྲོག་རྩོལ་གྱི་བྱ་བ་གསུངས་པ། སྟོང་གཟུགས་མཐོང་ནས་སྲོག་འཆིང་བའི་དོན་དུ་རྣལ་འབྱོར་པ་རྣམས་ཀྱི་སྲོག་གི་རྩོལ་བ་བསྒོམ་པ་ནི་ཀུན་ནས་མི་འགྱུར་བའི་བདེ་བ་རོ་མཉམ་པའི་འབྲས་བུ་སྟེར་བ་ཡིན་མོད་ཀྱང་། འདི་ལ་ཐུན་ཚད་སོགས་ཚད་ལས་ཐལ་བའི་སྐྱོན་ཡོད་པ་ཤེས་པར་བྱ་སྟེ་ཇི་ལྟར་ན་ཇི་སྲིད་རང་གི་མགོ་ན་བར་མ་གྱུར་པ་ཡི་བར་དུ་བྱ་བར་རིགས་ཤིང་འདོད་པ་སྟེ། དེ་ལས་ཐལ་ནས་རླུང་སྟེང་དུ་མགོ་བོར་འཕུལ་བ་ཉིད་དུ་བརྣན་ཏེ་ནན་ཏན་བསྒོམ་པ་འདོད་པ་མ་ཡིན་ཏེ། ཅིའི་ཕྱིར་ན་འཆི་བའི་འཇིགས་པ་བྱེད་པ་དེས་

p. 397

ཕུང་པོ་ངེས་པར་འཇིག་པའི་རྒྱུ་བྱེད་པའི་ཕྱིར་རོ། །གལ་ཏེ་སྲོག་གི་རྩོལ་བ་རླུང་གིས། གཙུག་ཏོར་གྱི་འཁོར་ལོའི་སྒོ་ནི་ཕུག་ནས་འགྲོ་བ་ན། མཆོག་གི་བདེ་བའི་གོ་འཕང་སྟོང་པ་ཉིད་ཀྱི་གཟུགས་དག་ལ་རླུང་སེམས་རོ་མཉམ་དུ་ངེས་པར་སྦྱར་ནས་འཕོ་བར་བྱའོ། །དེའི་དུས་སུ་ཚེ་འདིའི་ཟག་བཅས་ཀྱི་ཕུང་པོ་འདོར་བས་མེད་ཀྱང་། རྣལ་འབྱོར་པ་ཡི་སེམས་ནི་བདེ་མཉམ་ཞི་བའི་དབྱིངས་སུ་སངས་རྒྱས་ཀྱི་གཟུགས་སམ་རང་བཞིན་ལ་འཇུག་སྟེ། འོན་ཀྱང་འཇིག་རྟེན་དུ་ནི་རྣལ་འབྱོར་པ་འདི་བསྒོམ་ཉེས་པའི་གེགས་ཀྱིས་ཤིའོ། །ཞེས་གང་ཟག་དང་ལམ་ལ་གྲགས་པ་མིན་པར་སྒྲོགས་པར་འགྱུར་བས་ཚད་ཟིན་པ་དང་གེགས་སེལ་ལ་མཁས་པའི་སྒོ་ནས་སྲོག་རྩོལ་གྱི་རྣལ་འབྱོར་ཉམས་སུ་ལེན་པར་བྱ་དགོས་སོ། །སྲོག་རྩོལ་དེའི་གེགས་སེལ་ནི། སྲོག་ཐུར་གྱི་བྱེད་པ་བཅིངས་པའི་ཐབས་ཀྱིས་བསྒོམས་པས་ཨ་བ་དྷཱུ་ཏིའི་དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་ན། ཕྱི་རོལ་གྱི་རྡུལ་ཕྲ་རབ་དང་རྣམ་པར་བྲལ་བ་མཚན་དཔེ་བཞིན་ལེགས་ཀྱི་རྣམ་པར་དངོས་སུ་སྣང་བའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་སྣ་ཚོགས་ཡུམ་མེ་ལོང་ལ་པྲ་ཕབ་པ་བཞིན་སྣང་བ་ལ། ཕྱི་རོལ་གྱི་ཡུལ་དང་རྣམ་པར་བྲལ་བའི་ཚུལ་དུ་རང་སྣང་གིས་འཁྱུད་པ་བྱ་སྟེ། ཤེས་རབ་དེའི་པདྨར་ཞུགས་པའི་རང་གི་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་སྤྲོ༷་བ་དག་ཀྱང་དེ་བཞིན་རབ་ཏུ་བྱ་སྟེ། དེའི་ཚེ་ཟླ་ཉིའི་ཞེས་གཡོན་དང་གཡས་ཀྱི་རླུང་དབུས་སུ་སྟེ་དྷཱུ་ཏིར་རབ་ཏུ་ཞུགས་པ་ཡི་སྟོབས་ལས་བདེ་བ་སྐྱེད་པའི་རྒྱུའི་ས་བོན་ཕྱིར་མ་ལྷུང་བ་ལ་བརྟེན་ནས་རབ་དགའི་དགའ་བར་རམ་ལྷན་སྐྱེས་བདེ་བར་གནས་པ་གང་ཞིག་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་དུ་བྱ་བའི་གཙོ་བོ་འདི་ནི་ཕྱག་རྒྱའི་དངོས་གྲུབ་ཅེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་གྱི་སླད་དུ་དང་པོའི་སངས་རྒྱས་ཁྱབ་བདག་གི་ནི་གཉིས་མེད་ཡེ་ཤེས་དཔལ་ལྡན་གསང་བ་ལས་ཀྱང་མཆོག་ཏུ་གསང་བའོ། །དེ་ལྟར་ཕྱག་རྒྱ་ཆེན་

p. 398

མོ་ལ་དངོས་སུ་བརྟེན་ནས་བདེ་བ་སྒྲུབ་ནུས་པ་རྣལ་འབྱོར་རབ་ཀྱི་སྤྱོད་ཡུལ་ཐོབ་ན་སྨྲོས་ཅི་དགོས་ཀྱང་། དེ་ལྟ་བུ་མིན་ཡང་ཡེ་ཤེས་ཕྱག་རྒྱ་སྣ་ཚོགས་ཡུམ་དུ་དམིགས་པ་དང་། ལས་ཀྱི་ཕྱག་རྒྱ་སྣ་ཚོགས་ཡུམ་གྱི་བདག་ཉིད་དུ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་བདེ་བ་བསྐྱེད་པར་བྱས་ཀྱང་རུང་སྟེ། བདེ་བ་དང་སྟོང་གཟུགས་དང་རླུང་སེམས་རྣམས་རོ་མཉམ་པ་དབུ་མའི་དབྱིངས་སུ་སེམས་ཉིད་ཀྱི་རང་གཤིས་སུ་བཞག་པས་དོན་གྱི་ཡེ་ཤེས་མྱོང་བར་འགྱུར་བ་མན་ངག་གི་གསང་བ་ཞེས་བསྟན་པ་ཡིན་ནོ། །དེ་ནས་བསྐྱེད་རིམ་གྱི་འཕྲོས་སུ་ལྷ་གཤེགས་སུ་གསོལ་བ་གསུངས་པ། རྒྱལ་མཆོག་གཉིས་དང་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་བཞི་བསྒོམ་དང་བཟླས་བརྗོད་དང་མཆོད་པ་དང་འདུད་ཉི་ཤུས་བསྟོད་པ་བྱས་པའི་རྗེས་སུ་ལྷ་གཤེགས་སུ་གསོལ་བ་ནི། རང་གི་གཙུག་ཏོར་དུ་ནི་རྡོ་རྗེ་རྩེ་མོ་ལྔ་པར་འགྱུར་ཏེ། དེའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ་མི་བསྐྱོད་པ་དང་རྡོར་སེམས་ཡབ་ཡུམ་བཞིའི་ངོ་བོ་གཙོ་བོ་ཡབ་ཡུམ་གཉིས་གཤེགས་སུ་གསོལ་བར་བྱའོ། །རྡོ་རྗེ་དེའི་ཕྱི་རོལ་གྱི་རྩེ་མོ་དག་ནི་ཉིས་འགྱུར་གྱི་རྭ་བརྒྱད་དང་དབུས་རྭ་བཅས་པའི་རྡོ་རྗེ་རྩེ་དགུ་པ་ནི་སྙིང་ག་ཆོས་ཀྱི་འཁོར་ལོར་འགྱུར་ཞིང་། དེའི་ལྟེ་བ་ལ་དུ་བ་མ་སོགས་ནུས་མ་བརྒྱད་སོགས་གཤེགས་སུ་གསོལ་བར་བྱའོ། །དེ་ཡི་ཉིས་འགྱུར་རྭ་བཅུ་དྲུག་པ་དབུས་རྭ་བཅས་རྡོ་རྗེ་རྩེ་མོ་བཅུ་བདུན་གཞན་མ་དང་ནི། དེ་ཡི་ཉིས་འགྱུར་རྭ་སུམ་ཅུ་རྩ་གཉིས་པ་དབུས་རྭ་བཅས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་དག་ཀྱང་གཞན་ཡིན་ལ། དེ་ཡི་ཡང་ནི་ཉིས་འགྱུར་རྭ་དྲུག་ཅུ་རྩ་བཞི་བ་དབུས་རྭ་བཅས་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་བ་གཞན་དུ་འགྱུར་ཏེ། རྡོ་རྗེ་དེ་གསུམ་རིམ་པར་ལྷན་སྐྱེས་ཀྱི་འཁོར་ལོ་དཔྲལ་བ་དང་། ལོངས་སྤྱོད་རྫོགས་པ་ཡི་འཁོར་ལོ་མགྲིན་པ་དང་། སྤྲུལ་བའི་འཁོར་ལོར་ཞེས་པ་ལྟེ་བར་བསྒོམ་པར་འགྱུར་རོ། །དེར་དཔྲལ་བའི་རྡོ་རྗེ་རྩེ་བཅུ་བདུན་པའི་ལྟེ་བར་ཕུང་པོ་ཁམས་ཀྱི་ལྷ་

p. 399

བདེ་གཤེགས་ཡབ་ཡུམ་བཅུ་དྲུག་གཤེགས་སུ་གསོལ་བར་བྱ་བ་དང་། མགྲིན་པར་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པའི་ལྟེ་བར། སྐྱེ་མཆེད་བཅུ་གཉིས་ཀྱི་ལྷ་སེམས་དཔའ་ཡབ་ཡུམ་ཉེར་བཞི་དང་སྒོ་སྐྱོང་ཁྲོ་བོ་ཡབ་ཡུམ་བརྒྱད་བཅས་ལྷ་སུམ་ཅུ་རྩ་གཉིས་པོ་གཤེགས་སུ་གསོལ་བར་བྱའོ། །ལྟེ་བར་རྡོ་རྗེ་རྩེ་མོ་རེ་ལྔ་བའི་ལྟེ་བར་གསུང་དཀྱིལ་གྱི་རྣལ་འབྱོར་མ་བརྒྱད་དང་འཁོར་འཇིགས་མ་ལ་སོགས་པ་བདུན་ཅུ་རྩ་གཉིས་པོ་དེ་རྣམས་གཤེགས་སུ་གསོལ་བར་བྱ་སྟེ། འདིར་རྡོ་རྗེའི་ཕྱི་རོལ་གྱི་རྭ་དྲུག་ཅུ་རྩ་བཞི་ནི་ཕྱི་རོལ་གྱི་ཆུ་ཚོད་དྲུག་ཅུའི་རང་བཞིན་ཏེ། བཞི་ནི་སྟོང་པ་ཉིད་ཀྱི་ཆོས་ཅན་རིགས་ལྡན་མའོ། །ནང་གི་རྣལ་འབྱོར་མ་བརྒྱད་ནི་ཐུན་བརྒྱད་ཀྱི་དབྱེ་བས་དྲུག་ཅུ་པོའི་ཁོངས་སུ་འདུས་པས་དེའི་གྲངས་ལོགས་སུ་མི་དགོས་པ་ཡིན་པར་མངོན་ནོ་སྙམ་མོ། །བཤད་མ་ཐག་པའི་འཁོར་ལོ་སོ་སོའི་རྡོ་རྗེ་དེ་ཡི་སྙིང་པོར་ཏེ་དབུས་སུ་དབུ་མའི་རང་བཞིན་དབུས་ཀྱིརྭ་རྩེ་མོ་གཅིག་པ་སྲོག་ཤིང་ལྟར་གནས་པ་སྟེ། དེ་ནི་དེར་རླུང་སེམས་ཞུགས་ན་བདེ་མཉམ་གྱི་འབྲས་བུར་སྟེར་བ་ཡིན་ལ་དེའི་མར་རྩེ་གསང་བའི་པདྨའི་ཁོངས་སུ་གནས་པ་ཡིན་ལ་དེ་ཡང་རྭ་སོ་གཉིས་དབུས་རྭ་བཅས་རྩེ་མོ་སོ་གསུམ་པ་ཡིན་ཞིང་དེའི་ལྟེ་བར་སྒོ་སྐྱོང་འོད་ཟེར་ཅན་ལ་སོགས་པ་གང་ཡིན་པ་ཁྲོ་བོ་ཡབ་ཡུམ་དེ་རྣམས་གཤེགས་སུ་གསོལ་བར་བྱའོ། །འདིར་རྡོ་རྗེའི་དབུས་རྭ་ནི་དབུ་མ་དང་། ཕྱིའི་རྭ་རྣམས་གནས་སོ་སོའི་རྩ་འཁོར་དང་གྲངས་མཉམ་པ་ཡིན་ཞིང་། ཕལ་ཆེར་རྩ་འདབ་དག་པའི་ལྷ་རྣམས་དང་ཡང་གྲངས་མཚུངས་ཅི་རིགས་སུ་འགྱུར་རོ། །འདི་ལ་སོགས་པའི་གནས་སྐབས་ཕལ་ཆེར་དུ་རྒྱུད་རྩ་བའི་ཚིག་ཐད་ཀར་གོ་བདེར་མ་གསུངས་པར་དོན་གྱིས་གོ་བ་ཅན་ལྟ་བུར་གསུངས་པ་རྒྱུད་ལ་རང་གར་འཇུག་པ་དགག་ཅིང་འགྲེལ་བཤད་སོགས་བླ་མའི་མན་ངག་ལ་ལྟོས་པར་མཛད་པ་རྡོ་རྗེའི་རྒྱུད་ཟབ་མོ་རྣམས་ཀྱི་ཚིག་གི་བབ་

p. 400

ཡིན་པ་ཤེས་པར་བྱའོ། །དེ་བཞིན་དུ་ལྷ་ཆེན་པོ་བཅུ་གཉིས་འཁོར་དང་བཅས་པ་ལས་ཀྱི་འཁོར་ལོ་ཚིགས་ཆེན་རྣམས་རྡོ་རྗེ་རྩེ་མོ་སོ་གཅིག་པར་བྱས་པའི་ལྟེ་བར་དང་། ཀླུ་རྣམས་དང་ཁྱི་གདོང་མ་ལ་སོགས་པ་རྣམས་བྱ་བའི་འཁོར་ལོ་སོར་མོའི་ཚིགས་རྣམས་རྡོ་རྗེ་རྩེ་མོ་བདུན་པར་བྱས་པའི་ལྟེ་བར་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་གཤེགས་གསོལ་བྱས་ནས་ཐུན་མཚམས་གསུམ་ལ་སྔར་བཤད་ལྟར་གཏོར་མ་སྦྱིན་པར་བྱ་བ་དང་། སྔར་གྱི་ཆོ་གས་བདུད་རྩི་ལྔ་སྦྱང་པ་སོགས་བྱས་ནས་བདག་ཉིད་ཚིམ་པ་ཁ་ཟས་ཀྱི་རྣལ་འབྱོར་དང་ཉལ་བ་དང་ལྡང་བ་ཁྲུས་ཀྱི་རྣལ་འབྱོར་སོགས་ཐུན་མཚམས་ཀྱི་རྣལ་འབྱོར་རྣམས་ཇི་ལྟར་རིགས་པ་བྱའོ། །དེ་ལྟར་བསྐྱེད་པ་དང་རྫོགས་པའི་རིམ་པས་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་བཅོམ་ལྡན་འདས་འཇམ་དཔལ་གྱིས་བསྡུས་པའི་རྒྱུད་འདིར་གསུངས་སོ། །ད་ནི་རིམ་གཉིས་ལམ་གྱིས་ཡན་ལག་སྤྱོད་པའི་མཚན་ཉིད་གསུངས་པ། རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་ནི་ཕྱི་དང་ནང་གི་རྣམ་པ་གཉིས་ཏེ། དང་པོ་འཇིག་རྟེན་པའི་འབྲས་བུའི་རྒྱུ་དང་། གཉིས་པ་འཇིག་རྟེན་ལས་འདས་པའི་འབྲས་བུའི་རྒྱུའོ། །དེ་ཡང་རྣལ་འབྱོར་པ་ཡིས་ཉིན་དང་མཚན་མོར་སྲོག་གཅོད་པ་དག་བྱ་བ་ཞེས་གསུངས་པ་དེ་ནི་ཐམས་ཅད་མཁྱེན་པའི་འབྲས་བུ་ཐོབ་པའི་སླད་དུ་རང་གི་ལུས་ལ་ཀུན་རྟོག་གཡོ་བྱེད་ལས་རླུང་གི་སྲོག་འགྲོ་འོང་བྱེད་ཅིང་རྒྱུ་བ་ཉམས་པ་སྟེ་འགོགས་པར་གསུངས་པ་ཡིན་ཏེ་ཕྱི་རོལ་དུ་སེམས་ཅན་གཞན་གྱི་སྲོག་གཅོད་པ་ནི་མ་ཡིན་ནོ། །འདིར་ཕྱི་རོལ་གདུལ་དཀའ་འདུལ་བའི་སླད་དུ་སྲོག་གཅོད་པར་གསུངས་པ་དེ་ནི་དེ་རྣམས་ཀྱི་སྲོག་ཏིང་ངེ་འཛིན་གྱི་རྣལ་འབྱོར་གྱིས་བཀུག་པ་སླར་ཡང་ལུས་དེ་ཉིད་ལ་གཞུག་ནུས་པས་གདུལ་དཀའ་འདུལ་བར་འགྱུར་གྱི། གསོ་མི་ནུས་པར་འདུལ་དཀའ་མཐར་བྱེད་པས་མ་ཡིན་ནོ་ཞེས་གྲུབ་བོ། །སྒྲ་ནི་གང་ཞིག་ཞལ་གྱིས་དམན་པ་ཞེས་པ་ཁ་ནས་སྨྲས་པ་

p. 401

འབའ་ཞིག་གིས་དོན་ཉི་ཙེ་བ་གོ་བ་ལྟ་བུ་མིན་པར་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པའི་སྒྲ་གང་ཞིག་ཉི་ཙེ་བའི་སྐད་དང་དོན་གྱི་ཉི་ཙེ་བའི་མཐའ་ལ་མི་གནས་པ་གསུང་གཅིག་གི་དབྱངས་ཉིད་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྙིང་ངམ་སེམས་ལ་རང་རང་གི་སྐད་ཀྱི་རྣམ་པས་རང་རང་གི་བསམ་པ་དང་མཐུན་པའི་ཆོས་སྟོན་པར་གྱུར་པ་དེ་ལྟ་བུ་བསྒྲུབ་པར་བྱ་བ་ནི་རྫུན་དུ་སྨྲ་བ་ཉིད་དུ་གསུངས་ཏེ་སྐད་གཅིག་དང་དོན་གཅིག་ཏུ་རབ་ཏུ་མི་གནས་པར་ངེས་པ་མེད་པས་སྣ་ཚོགས་སུ་གྱུར་བའི་ཕྱིར་རྫུན་དང་འདྲ་བས་དེ་ལྟར་བཤད་པ་སྟེ་འཇིག་རྟེན་ནའང་ངེས་མེད་ཀྱི་ཚིག་ལ་རྫུན་ཞེས་བརྗོད་པ་དང་ཆ་འདྲ་བས་སོ། །དེས་ན་སྟོང་པའི་རང་བཞིན་གཞོམ་མེད་ཀྱི་སྒྲ་རྣམ་པ་ཐམས་ཅད་པར་བསྒྲུབ་པར་བྱ་བ་ནི་ནང་གི་སྤྱོད་པའོ། །ཕྱི་རོལ་ཏུ་ཡང་གདུལ་བྱའི་བསམ་པ་ལ་ལྟོས་ནས་གཞུག་པའི་དོན་དུ་གསུངས་པ། དཔེར་ན་སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་སྡུད་པར་བྱེད་པ་མོ། །ཞེས་སོགས་གསུངས་པ་ནི་དབང་ཕྱུག་བྱེད་པ་པོར་འདོད་པ་བཞིན་དུ་དེ་དག་སྣོད་བཅུད་ཀྱི་བྱེད་པ་པོར་གསུངས་པ་མ་ཡིན་ལ་དགོངས་པ་ཅན་གྱི་གསུང་ཟབ་མོས་བསྟན་པ་དེ་བཞིན་དུ། དབང་པོ་གཉིས་སྐྱེས་བདེ་དེ་ཉིད། །སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར། །སྐྱེས་པ་རྡོ་རྗེ་འཛིན་པ་རྣམས། །བུད་མེད་རྡོ་རྗེ་བཙུན་མོའོ། །ཞེས་པ་ལ་སོགས་པའི་ཚིག་ནི་སྒྲ་ཐད་དྲང་དུ་བྱས་ན་དེ་ལྟར་མ་གྲུབ་པའམ་མི་བདེན་པ་བརྫུན་དུ་སྨྲ་བ་ལྟ་བུ་སྟེ། སངས་རྒྱས་ཉིད་ཀྱིས་ང་རྒྱབ་ནའོ། །ངའི་སྔོན་གྱི་ལས་ཀྱི་ལྷག་མས་སེང་ལྡེང་གི་ཚལ་པ་ཟུག་པར་གསུངས་པ་ལྟ་བུ་གདུལ་བྱ་གཞུག་པའི་ཕྱིར་དགོངས་ཅན་གྱི་གསུངས་བརྫུན་ལྟ་བུ་ཡིན་ཡང་སེམས་ཅན་བསླུ་བའི་སླད་དུ་སླུ་བ་ཅན་གྱི་རྫུན་ནི་མ་ཡིན་ཏེ་ཕན་པར་བྱེད་པ་འབའ་ཞིག་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་པའི་རྣལ་འབྱོར་པ་རྣམས་ཀྱིས་སེམས་ཅན་བསླུ་བའི་སླད་དུ་

p. 402

བསླུ་བ་ཅན་གྱི་རྫུན་ཚིག་ནི་ནམ་ཡང་སྨྲ་བར་མི་བྱའོ། །དེ་ལྟར་ཀྱེ་རྡོ་རྗེར་ཡང་། སེམས་ཅན་བསླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་བྱ། །སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །ཞེས་གསུངས་སོ། །རྣལ་འབྱོར་བས་རླུང་ཁམས་འཕོ་མེད་དུ་ཁེགས་པས་ལུས་སྒྲིབ་པ་མེད་པར་སྐྱེས་པར་གྱུར་པ་གང་ཞིག་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ས་རབ་ཏུ་དགའ་བ་སོགས་ནི་གཞན་གྱིས་བྱིན་པ་མིན་ཡང་རང་གིས་རང་གིར་བགྱིད་དེ་འཛིན་པ་དག་ཀྱང་རྣལ་འབྱོར་པ་ཡིས་རྐུ་བར་གསུངས་སོ། །ཕྱི་རོལ་དུ་ཡང་སེམས་ཅན་ལ་ཕན་པའི་སླད་དུ་རིན་པོ་ཆེའི་གཏེར་ལ་སོགས་པ་དབྱུང་བར་བྱ་སྟེ་གཏེར་སྲུང་བ་པོ་རྣམས་ངན་འགྲོ་ལས་གྲོལ་བར་བྱ་བའི་སླད་དུའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་མ་ལྷུང་བར་འཕོ་མེད་དུ་བཅིངས་པ་ལས་མི་འགྱུར་བའི་བདེ་བར་འགྱུར་བ་གང་ཞིག་ཁུ་བ་འཛགས་པའི་རྒྱུ་ལས་ཆགས་པ་དང་བྲལ་བ་ནམ་ཡང་མིན་པ་ལས་བདེ་དང་ལྡན་པ་ནི། འཁོར་བའི་ཕ་རོལ་ཏུ་སོན་པ་གཞན་རྡོ་རྗེ་སེམས་དཔའི་བུད་མེད། ཤེས་རབ་ཀྱི་ཕ་རོལ་ཕྱིན་མ་ལ་འཁྱུད་པའམ་ལོངས་སྤྱོད་པ་ནི་གཞན་གྱི་བུད་མེད་བསྟེན་པ་ཞེས་དགོངས་པ་ཟབ་མོའི་གསུང་གིས་བསྟན་པ་ཡིན་པ་ཤེས་པར་བྱའོ། །ཕྱི་རོལ་ཏུ་ཡང་དབང་བསྐུར་བ་སོགས་ཀྱི་དུས་སུ་ཕ་རོལ་ལ་ཕན་པའི་དོན་དུ་སྦྱིན་པ་པོས་རང་གི་ཆུང་མ་སོགས་བྱིན་པ་གང་ཡིན་པ་བསྟེན་པ་ནི་གཞན་གྱི་བུད་མེད་བསྟེན་པ་སྟེ། ཆགས་བྲལ་མིན་ལས་ཞེས་པ་ལྟར་སྔགས་ཀྱི་དམ་ཚིག་ཅན་རྣམས་ཀྱིས་བུད་མེད་སྤངས་ཏེ་ཆགས་པ་དང་བྲལ་བར་བྱས་པའམ་ཐིག་ལེ་བྱུང་བའི་ཆགས་བྲལ་གྱིས་རང་གི་དམ་ཚིག་དྲལ་བར་འགྱུར་བ་ནི་ནམ་ཡང་མི་བྱེད་དོ། །སྲོ༷ག་གི་རྩོལ་བའི་མེ་ཡིས་ཞེས་པ་སྲོག་ཐུར་དབུ་མར་བཀག་པས་གཏུམ་མོ་འབར་བ་གང་ཡིན་པ་དེས་བྱང་ཆུབ་སེམས་ཀྱི་ཐིག་ལེ་རི་བོང་ཅན་ནི་ཐིག་ལེའི་གཟུགས་སུ་ཞུ་བ་ཆང་དང་འདྲ་བར་བདེ་བས་ལུས་སེམས་རྒྱས་

p. 403

པར་བྱེད་པ་དེ་དག་ཀྱང་གསང་བའི་རྡོ་རྗེའི་ཁས་ཕྱིར་མི་གཏོང་བར་སྟེང་དུ་ཡར་དྲངས་ཏེ་བཏུང་བ་ལ་རྣལ་འབྱོར་པ་རྣམས་ཀྱིས་ཆང་ནི་འཐུང་བ་ཞེས་གསུངས་པའོ། །ཕྱི་རོལ་དུ་ཡང་དབང་བསྐུར་སོགས་ཀྱི་དུས་སུ་ཕྱིའི་ལྷ་རྣམས་ཀྱི་གཏོར་མའི་དོན་དུ་ཆང་བསྟེན་པར་གསུངས་སོ། །དཀར་ཕྱོགས་ཚེས་གཅིག་གི་དུས་སུ་རྐང་པ་གཡོན་པའི་མཐེ་བོའི་ཚིགས་ནས་བརྩམས་ཏེ་རིམ་པར་གྱེན་དུ་འགྲོ་ཞིང་གཙུག་ཏོར་དག་ཏུ་ཟླ་བ་ཉ་ཡི་མཐར་ནི་རང་གི་བྱང་ཆུབ་སེམས་འགྲོ་སྟེ་ཡར་ངོ་དཀར་ཕྱོགས་ཀྱི་ཚེས་ཀྱི་དབང་གིས་སོ། །གཙུག་ཏོར་ནས་ནི་ལུས་གཡས་ཀྱི་ཆ་ལ་རིམ་པར་མར་བབས་ཏེ་སོར་མོ་རྣམས་སུ་སླར་ཡང་བྱང་ཆུབ་སེམས་འདི་ཉིད་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་ཚེས་ཀྱི་དབང་གིས་དེ་ལྟར་འཕོ་ཞིང་ནག་ཕྱོགས་ཀྱི་མཐའ་རུ་གནམ་སྟོང་ལ་རྐང་པ་གཡས་པའི་མཐེ་བོ་ལ་གནས་སོ། །སླར་ཡང་ཟླ་བ་གཞན་རྣམས་ལ་སྔ་མ་བཞིན་དུ་འཕོ་བའོ། །དེ་ལྟར་འདོད་པའི་བསྟན་བཅོས་ལས་ཀྱང་བཤད་པ་ཐོས་ཏེ་དཀར་ཕྱོགས་ཀྱི་ཚེས་དང་པོར་གཡོན་པའི་རྐང་པའི་སོར་ཚིགས་དང་པོ་དང་། གཉིས་པར་གཉིས་པ། གསུམ་པར་རྩ་བའི་ཚིགས་གསུམ་པ། བཞི་བར་ལོང་ཚིགས། ལྔ་པར་པུས་ཚིགས། དྲུག་པར་དཔྱི་ཚིགས། བདུན་པར་ལག་གཡོན་སོར་མོའི་ཚིགས་དང་པོ་བརྒྱད་པར་བར་ཚིགས། དགུ་པར་ཚིགས་གསུམ་པའི་མཚམས་དང་། བཅུ་པར་མཁྲིག་ཚིགས། བཅུ་གཅིག་གྲུ་མོའི་ཚིགས། བཅུ་གཉིས་ཕྲག་ཚིགས། བཅུ་གསུམ་སྙིང་གར། བཅུ་བཞི་མགྲིན་པར། ཉ་ལ་དཔྲལ་བར་རོ། །ཉའི་མཐའ་རྫོགས་ལ་ཁད་དུ་ཁུ་བ་གཙུག་ཏོར་དུ་འགྱུར་རོ། །སླར་ཡང་ནག་པོའི་ཚེས་གཅིག་ལ་དཔྲལ་བ། གཉིས་པར་མགྲིན་པ། གསུམ་པ་སྙིང་གར། བཞི་པར་གཡས་པའི་ཕྲག་པ་དང་དཔུང་པའི་མཚམས་ཀྱི་ཚིགས་དང་། ལྷག་

p. 404

མ་གཡོན་པ་བཞིན་དུ་ལུགས་ལས་བཟློག་པའི་ཚུལ་གྱིས་མར་འབབ་ཅིང་། གནམ་སྟོང་གི་མཐར་རྐང་གཡས་སོར་མོའི་སེན་མོའི་མཐའ་ལ་བྱང་ཆུབ་ཀྱི་སེམས་གནས་སོ། །རྣལ་འབྱོར་པ་རྣམས་ཀྱིས་ནི། འདི་ལྟར་གཡོན་དང་གཡས་ཀྱི་རྩ་ལ་རླུང་རབ་ཏུ་འབབ་པའི་དབང་གིས་གཡོན་དང་གཡས་སུ་བགྲོད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་དུས་ཐམས་ཅད་དུ་དབུ་མར་རབ་ཏུ་འབབ་པ་དང་། གསང་པ་ལ་སོགས་པའི་པདྨ་དྲུག་པོ་རྣམས་སུ་འོག་ཏུ་འགྲོ་བ་ལས་སླར་ཡང་སྟེང་དུ་འགྲོ་བར་བྱས་པའི་སྤྱོད་པ་གང་ཡིན་པ་དེ་ནི་ཉིན་ཞག་སོ་སོའི་དུས་སུ་བསྒོམ་པ་འདོད་པའི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་རབ་ཏུ་སྟེར་བ་ཡིན་ནོ། །དེ་བཞིན་དུ་ཕྱི་རོལ་དུ་དབང་དུས་སུ་མེ་ཏོག་གང་ལ་ཕོག་པའི་རིགས་སོགས་དེ་བཞིན་གཤེགས་པ་ལྔའི་རིགས་ཅན་གྱི་བུད་མེད་རྣམས་བརྟེན་ཅིང་འཛིན་པ་ནི་བུད་མེད་ཀྱི་སྤྱོད་པ་སྟེ། བུད་མེད་ཀྱི་སྤྱོད་པ་དེ་དག་གི་པདྨར་རྡོ་རྗེས་བསྲུབ་པ་ལས་ཁུ་བ་མི་འཛག་པའི་ཚངས་པར་སྤྱོད་པ་དང་ལྡན་པའོ། །དེ་བཞིན་དུ་ཞལ་ནི་རྣལ་འབྱོར་བས་བྱའོ་ཞེས་པ་རྡོ་རྗེའི་ཞལ་ལམ་ཁས་ཐིག་ལེ་མི་གཏོང་བར་སྟེང་དུ་འདྲེན་པའི་སྤྱོད་པ་དང་། བྱང་ཆུབ་སེམས་ཀྱི་འཐབ་མོའི་སྤྱོད་པ་ནི། ཡས་ནས་མར་འབབ་པ་དང་། མས་ནས་ཡར་བཟློག་པ་ཕྲད་པ་འདི་དག་རོ་རྐྱང་དབུ་མ་གསུམ་གྱི་རྩའི་ཀུན་ཏུ་སྤྱོད་པ་སྟེ། རྡོ་རྗེ་ནོར་བུ་ལས་སྟེང་དུ་ཡར་ཁུ་བ་འགྲོ་བར་བྱས་པ་རྣམས་རྩ་བའི་རྒྱུད་ལས་རྩ་བ་བུད་མེད་ཀྱི་ཀུན་སྤྱོད་གསུངས་པའི་སྐབས་ཀྱི་ངེས་པའོ། །དེ་བཞིན་དུ་འཁོར་ལོ་སྡོམ་པར་ཡང་། ངེས་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ནི་བརྐྱང་བ་དང་། །རིགས་གཞན་ལས་བྱང་ཕོ་ཉ་མོ། །འདོད་ལ་ཆགས་པས་བགྲོད་མི་བྱ། །གཉིས་མེད་ཐོག་མ་མེད་པ་དང་། །དམ་ཚིག་རྣམས་ཀྱི་སྤྱོད་པ་དང་། །མི་མོའི་སྤྱོད་པས་ལེགས་པར་བསྲུབས། །ཚངས་པར་སྤྱོད་པ་དེ་བཞིན་ཞལ། །འདྲེན་པ་རྩ་ཡི་ཀུན་སྤྱོད་དོ། །ཞེས་པ་

p. 405

དམ་ཚིག་བརྒྱད་དུ་དྲན། །རྣལ་འབྱོར་དབང་པོ་གང་སྲུང་བ། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པའི་དོན་བསྟོད་འགྲེལ་དུ་རྒྱས་པར་བཀྲལ་ལོ། །ཚིགས་བཅད་བརྒྱ་ཉེར་ལྔ་པའི་རྗེས་ཀྱི་བསམ་དང་འདོད་དང་སོགས་ཚིགས་བཅད་བཞི་ནི་གོ་སླ་བས་འགྲེལ་པས་བཤད་པ་མ་མཛད་ལ། འདིར་བཀྲལ་ཏེ་བརྗོད་པ་འདོད་པའི་གནས་སྐབས་རྣམ་པ་བཅུ་ནི། དང་པོར་ཆགས་ཡུལ་ལ་ཡིད་གཡོ་ཞིང་སྲེད་པའི་སྒོ་ནས་བསམ་པ་དང་། དེ་ནས་ཡུལ་དེ་འདོད་ཅིང་དོན་དུ་གཉེར་བ་དང་། དེའི་དབང་གིས་ལུས་ལ་ཚ་བའི་རིམས་ཀྱིས་བཏབ་པ་ལྟར་དྲོད་སྐྱེ་བ་དང་། དྲོད་ཀྱི་དབང་གིས་ཁ་མཆོག་པདྨ་སྐམ་སྟེ་སྐོམ་པ་ལྟ་བུ་དང་ཆགས་ཡུལ་ལ་འདུན་པ་རྩེ་གཅིག་ཏུ་གྱུར་པས་བློ་ཕྲོགས་ནས་ཟས་ལ་རབ་ཏུ་མི་འཇུག་པ་སྟེ་སྐབས་དེར་བཟར་མི་འདོད་པ་དང་། ལུས་ཀྱི་ཁམས་ཆགས་པས་དཀྲུགས་པས་འདར་བ་དང་། སེམས་རྣལ་མའི་རང་བཞིན་དུ་མི་གནས་པར་སྨྱོ་བ་ལྟ་བུ་དང་། དྲན་པ་ཉམས་པས་རབ་ཏུ་རྨོངས་པར་འགྱུར་བ་དང་། ཡིད་ནི་འདོད་བདེ་ལ་ཞེན་པས་རྣམ་པར་འཁྲུལ་ཏེ་བག་མེད་པ་དང་། འཛག་བདེས་མྱོས་པས་དྲག་ཏུ་བརྒྱལ་བ་ལྟར་སེམས་སྡུད་པར་འགྱུར་བ་དག་རབ་ཏུ་གསལ་བར་རིམ་གྱིས་འབྱུང་བ་དེ་བཞིན་དུ། རྡོ་རྗེ་ཅན་གྱི་ལམ་དུ་བ་ལ་སོགས་པ་འཁོར་ལོ་དྲུག་ཏུ་རླུང་སེམས་འདུས་པའི་རྟགས་སྣང་རབ་ཏུ་གསལ་བར་སྣང་བ་རྣམ་པ་བཅུ་སྟེ། དེ་ལྟར་སྲོག་ཆགས་རྣམས་ཀྱི་ལུས་ལ་འཇིག་རྟེན་དུ་ནི་རང་གི་མྱོས་པས་རབ་ཏུ་གསལ་ཞིང་ངེས་པ་ཉིད་དུ་འདོད་པའི་གནས་སྐབས་རྣམ་པ་བཅུ་པོ་དེ་རྣམས་འབྱུང་བ་ནི་ཡིད་སྲུབས་ཀྱི་སྤྱོད་ཡུལ་བཟློག་པར་དཀའ་བའི་འདོད་ཆགས་ཀྱི་གནས་སྐབས་སོ། །གནས་སྐབས་དེ་ཉིད་ཡང་དག་པའི་ལམ་དུ་བྱེད་ནུས་པ་རྗེས་དྲན་གྱི་ཡན་ལག་ལ་གནས་པའི་རྣལ་འབྱོར་བ་སུ་ཞིག་ཡིད་སྲུབ་ཀྱི་གནས་སྐབས་དེ་ལས་རྒྱལ་ནས་འཛག་མེད་

p. 406

མི་འགྱུར་བའི་བདེ་བ་ཆེན་པོ། རྒྱལ་བ་རྡོ་རྗེ་སེམས་དཔའ་བསྒྲུབ་པར་འདོད་པ་དེ་ནི་གང་སུ་ཞིག་ཡིན་ཞེ་ན་རྡོ་རྗེའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཏེ་དེ་རྣམས་ནི་ཡིད་སྲུབ་ཀྱི་གནས་སྐབས་དེ་ལས་མཆོག་ཏུ་རྒྱལ་བར་འགྱུར་ཏེ། ཇི་ལྟར་འདོད་པ་བཞིན་འབྱུང་ངོ་ཞེས་པའོ། །འདི་ལ་རྭས། ཡིད་སྲུབ་པ་ལས་རྒྱལ་བ་གང་དང་གང་འདོད་ངེས་པར་རབ་ཏུ་འབྱུང་ཞེས་འདོན་ནོ། །འདིར་ངེས་དོན་གྱི་དམ་ཚིག་བཞི་ལས། ཆང་བསྟེན་པ་ནི། ཉིན་དང་མཚན་མོར་སྤྱི་བོའི་ཐིག་ལེ་ཞུ་བ་དག་ལས་ཁུ་བ་དཀར་པོའི་རྒྱུན་འབབ་པ་གང་ཞིག་མཱ་མ་ཀཱི༷་སྟེ་བདེ་བས་མྱོས་པར་བྱེད་པའི་ཆང་འཚོང་མ་ཡིན་ལ། དེ་ཉིད་ལ་དགོངས་ནས་ཆང་བཏུང་བར་གསུངས་ཀྱིས་ཕྱི་རོལ་གྱི་ཆང་འཐུང་བ་ཙམ་ནི་མ་ཡིན་ནོ། །གོ་བ་ལང་ཀུ་ཁྱི་ཡི་ཤ་ལ་སོགས་པ་ཤ་ལྔ་བཟའ་བར་གསུངས་པ་ནི། མིག་སོགས་དབང་པོ་ལྔ་ཐ་མལ་གྱི་ཡུལ་ལ་འཇུག་པ་བཟློག་ནས་ཤའི་མིག་ལ་སོགས་པ་སྒྲིབ་བྲལ་གྱི་དབང་པོ་ལྔ་ཉིན་ཞག་སོ་སོར་སྟོང་པ་ཉིད་ཀྱི་ཡུལ་ལྔ་ལ་སྤྲོ༷་བ་དག་སྟེ་སྡིག་དང་བཅས་པའི་ཤ་གཞན་དུས་རེས་འགའ་དག་ཀྱང་བཟའ་བ་མིན་ན་ཉིན་བཞིན་བག་མེད་བཟའ་བ་ལྟ་ཅི་སྨྲོས་སོ། །བདུད་རྩི་ལྔ་བརྟེན་པ་ནི་རང་རིགས་ཀྱིས་སྟེང་འོག་གི་རྩ་ཆེན་དྲུག་གི་ས་ལ་གནས་པའི་རྣམ་སྣང་སོགས་ལྷ་རྣམས་དག་གིས་རྣམ་པར་དག་པའི་སྒོ་ནས་རང་གི་ལུས་ལ་བཤང་གཅི་ཁུ་ཁྲག་རྐང་གི་དྭངས་མའི་བདུད་རྩི་ལྔ་རྣམས་ཀྱི་དྭངས་མ་འཛག་མེད་དུ་བཅིངས་པ་ནི་བདུད་རྩི་ལྔ་བསྙེན་པའམ་བསྟེན་པར་གསུངས་པ་སྟེ་ཕག་པ་སོགས་བཞིན་དུ་ཕྱི་རོལ་གྱི་བཤང་བ་སོགས་ཟོས་པས་ནི་མ་ཡིན་ནོ། །འཁྲིག་པ་བསྟེན་པ་ནི། སྟོང་གཟུགས་མངོན་སུམ་མཐོང་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པར་རྟོག་མེད་ཀྱི་སེམས་ནི་རབ་ཏུ་ཞུགས་པས་གཟུགས་དང་སེམས་བདེ་བ་ཆེན་པོར་རོ་མཉམ་པར་བྱེད་པ་ལ་གཉིས་སྦྱོར་གྱི་འཁྲིག་པ་བསྟེན་པར་གསུང་བ་དེ་ནི་ཉིན་བཞིན་བུད་མེད་ཀྱི་སྐྱེ་གནས་ལ་བསྲུབས་པས་འཛག་པ་བསྟེན་པ་

p. 407

ནི་མ་ཡིན་ནོ། །དེ་རྣམས་ཀྱི་བཏུང་བ་དང་ཤ་ལྔ་བདུད་རྩི་ལྔ་བཟའ་བ་དང་། བརྟེན་པའི་དམ་ཚིག་བཞི་གསུངས་པ་རྣམས་ཀྱི་ངེས་དོན་བཤད་པའོ། །དེ་བཞིན་དུ་སོར་སྡུད་ལ་སོགས་པ་རྫོགས་པའི་རྣལ་འབྱོར་ལས་ཕར་ཕྱིན་བཅུ་རྫོགས་པའི་ཚུལ་གསུངས་པ། སོར་སྡུད་ཀྱི་དུས་ནས་ཀྱང་མཆོག་གི་རྣལ་འབྱོར་ཟབ་མོ་དོན་དུ་གཉེར་ཞིང་ལུས་དང་རྫས་ལ་ལྟོས་པ་མེད་པར་བྱས་ནས་ཕྱི་དང་ནང་གི་ཟང་ཟིང་གི་ནོར་ལ་ནི་མ་ཆགས་པར་གཏོང་བ་སྦྱིན་པ་དང་། ཡིད་དེ་བྱང་ཆུབ་ཀྱི་སེམས་དང་ནི་བུད་མེད་དང་འགྲོགས་པ་ལས་ཀྱང་ཕྱིར་འཕོ་བ་མེད་པ་ནི་འཛག་མེད་ཀྱི་ཚངས་པར་སྤྱོད་པ་ཚུལ་ཁྲིམས་ཏེ། བཟོད་པ་ནི་ཕྱི་རོལ་གྱི་སྒྲ་ལ་སོགས་པ་ཐ་མལ་པའི་ཡུལ་ལྔ་ལ་མི་འཇུག་པ་སྟེ་དེ་དག་གིས་སེམས་འཕྲོག་པར་མི་ནུས་པའོ། །རླུང་གི་གཡས་གཡོན་གཉིས་ཀའི་བགྲོད་པ་འཇིག་པ་སྟེ་འགོག་པ་ནི་བརྩོན་འགྲུས་ཉིད་དོ། །བསམ་གཏན་དང་ཤེས་རབ་དག་ཀྱང་ལྷན་སྐྱེས་བདེ་ལ་རྩེ་གཅིག་གནས་པའི་སེམས་དང་། ཆོས་ཅན་ཀུན་ཏུ་འགྲོ་བ་ཆོས་ཉིད་སྟོང་པ་ཉིད་རྟོགས་ཤིང་སེམས་ཅན་ཀུན་གྱི་སྐད་དུ་ཆོས་སྟོན་པ་རིམ་བཞིན་ནོ། །འདི་དག་སོར་སྡུད་ནས་ཏིང་ངེ་འཛིན་གྱི་བར་རིམ་བཞིན་སོ་སོར་སྦྱར་ཏེ་བཤད་པ་སྣང་ཡང་སྤྱིར་བཤད་ནའང་རུང་ངོ་། །ཕར་ཕྱིན་སྔ་མ་དེ་རྣམས་ལས་ཞེས་སམ་ཡང་ན་ཤེས་རབ་དེ་ལས་སེམས་ཅན་རྣམས་ཀྱི་དོན་ཐབས་སྣ་ཚོགས་ཀྱིས་བསྒྲུབ་པ་ཐབས་ཀྱི་ཕར་ཕྱིན་དང་། ཇི་ལྟར་མོས་པ་དང་སྨོན་པ་བཞིན་དུ་རྫུ་འཕྲུལ་སྣ་ཚོགས་བསྟན་པས་སེམས་ཅན་གྱི་དོན་བྱེད་པ་སྨོན་ལམ་གྱི་ཕར་ཕྱིན་དང་། འཕོ་བའི་བག་ཆགས་བཅོམ་པས་སྲིད་པ་མཐར་བྱེད་པ་སྟོབས་ཀྱི་ཕར་ཕྱིན་དང་། སྲིད་པར་ལས་དབང་གིས་མི་སྐྱེ་བ་འཕོ་མེད་ཡེ་ཤེས་ཀྱི་སྐུ་འཐོབ་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཕར་ཕྱིན་སྔ་མ་དྲུག་ལས་གཞན་པ་ཕྱི་མ་བཞི་རྣམས་སོ། །དེ་ལྟར་ཕར་ཕྱིན་བཅུ་རྫོགས་པར་འགྱུར་རོ། །བཞི་པ་ཕྱི་རོལ་འཇིག་རྟེན་

p. 408

པའི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་ནི། གཅིག་པུའི་སྐུ་ནི་སོགས་ཚིགས་བཅད་བརྒྱ་ཉེར་དགུ་པ་ནས། བརྒྱ་གོ་གཅིག་པའི་བར་གྱིས་བསྟན་ཏེ་དེ་ཡང་ཞི་བ་ལ་སོགས་པའི་ལས་སྒྲུབ་པའི་དོན་དུ། དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པུའི་སྐུའམ་ཞེས་རྭ་འགྱུར་ལྟར་ལ། ཡང་ན་ཤེས་རབ་མ་དང་བཅས་པའི་གཉིས་སམ། ཡང་ན་ལྷ་ལྔའི་བདག་ཉིད་དམ། ཡང་ན་ནི་ནུས་མ་བརྒྱད་དང་ལྡན་པ་ལྷ་དགུ་འམ། ཡང་ན་སངས་རྒྱས་ཡབ་ཡུམ་བརྒྱད་ཀྱི་གནས་དགུ་ཡི་ལྷ་དང་བཅས་པའམ། ཡང་ལྷ་ཉི་ཤུ་རྩ་ལྔ་ཡི་བདག་ཉིད་ལ་སོགས་པ་ཞེས་བརྒྱད་པ་ཐུགས་དཀྱིལ་དང་གསུང་སྐུ་བཅས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བར་ཇི་ལྟར་རིགས་པ་བསྐྱེད་རིམ་གྱི་སྒོ་ནས་ལེགས་པར་བསྒོམ་ན། རྣལ་འབྱོར་གྱི་རིམ་པ་བཞིན་རལ་གྲི་ལ་སོགས་པ་ཕྱག་རྒྱ་ཡི་རིག་འཛིན་དང་། རིལ་བུ་དང་མིག་སྨན་བཅུད་ལེན་ལ་སོགས་གྲུབ་པ་རྣམས་སུ་ངེས་པར་ཉིན་ཞག་འགའ་ཞིག་དག་གིས་ཡང་དག་འགྱུར་ཞིང་། རེངས་པ་དང་ནི་ཞི་བ་དང་དབང་དུ་བྱེད་པ་དང་སྲིད་པ་འཇིག་པ་བསད་པ་དག་ནི་ཞལ་གྱི་དབྱེ་བ་རྣམས་ཀྱིས་བྱེད་དེ། རྒྱབ་ཞལ་སེར་པོས་རྨོངས་རེངས། གཡོན་ཞལ་དཀར་པོས་ཞི་རྒྱས། གཡས་ཞལ་དམར་པོས་དབང་དགུག །མདུན་ཞལ་ནག་པོས་བསད་བསྐྲད་ཀྱི་ལས་བྱེད་པའོ། །གཞན་འབྱུང་བ་ལྔ་པོ་རྣམས་ཀྱི་དཀྱིལ་འཁོར་ལ་གནས་པ་ལྷ་མིན་གྱི་རིགས་གདོང་ཅན་བརྒྱད་དང་། ལག་འགྲོའི་རིགས་ཀླུ་བརྒྱད་པོ་འདི་རྣམས་ཀྱི་རྣལ་འབྱོར་བསྒོམ་པ་ཡིས་ནི་བསྒྲུབ་པར་བྱའོ། །ཞེས་གཙོ་བོ་ཡེ་ཤེས་ཀྱི་ལྷ་དང་། དེའི་བྲན་འཇིག་རྟེན་པ་བཅས་བསྒྲུབ་ནས་ཞི་སོགས་བསྒྲུབ་ཚུལ་མདོར་བསྟན་ནས། རྒྱས་པར་བཤད་པ་ལ་ལས་སྣ་ཚོགས་བསྒྲུབ་པ་དང་། རྡོ་རྗེ་ཤུགས་བསྒྲུབ་པ་སོགས་དུ་མ་ལས། དང་པོ་རྣལ་འབྱོར་པས་ཞི་བའི་ལས་བྱེད་པའི་ཚེ་སྐུའི་ཞལ་གཙོ་བོར་བྱས་ནས་ཟླ་བའི་དཀྱིལ་

p. 409

འཁོར་ལ་བཞུགས་པ་ལྷ་ཁ་དོག་དཀར་པོ་ཅན་རང་གི་དཔྲལ་བར་བསྒོམ་པར་བྱ་སྟེ། དེ་ལྟར་དཀར་པོ་ཡིས་ནི་ནད་སོགས་ཞི་དང་ཚེ་ལ་སོགས་པ་རྒྱས་པ་བྱེད་དེ། དེ་བཞིན་དུ་རང་གི་ཡིད་ལ། མགྲིན་པར་ཉི་དཀྱིལ་གྱི་སྟེང་དུ་གསུང་གི་ཞལ་གཙོ་བོར་བྱས་ཏེ་ལྷ་དམར་པོ་བསྒོམ་པ་ཡིས་ནི་དགུག་པ་དང་དབང་གི་ལས་བྱེད་དོ། །ཡེ་ཤེས་ཀྱི་ཞལ་གཙོ་བོར་བྱས་ཏེ་ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ལྷ་ཁ་དོག་སེར་པོའི་རྣམ་པ་ཅན་བསྒོམ་པའི་སྒྲུབ་པ་པོས་རེངས་པ་དང་རྨོངས་པ་ཡི་ལས་དག་བསྒྲུབ་པར་བྱ་སྟེ། མདུན་ཐུགས་ཀྱི་ཞལ་གཙོ་བོར་བྱས་ནས་སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ལྷ་ཁ་དོག་ནག་པོའི་སྤྲིན་དང་མཚུངས་པས། གསད་པ་དང་ནི་བསྐྲད་པ་དང་དབྱེ་བ་བསྒྲུབ་པར་བྱའོ། །དེ་ལྟར་ཞི་སོགས་ལས་ཀྱི་ཆེད་དུ་གནས་སོ་སོར་ལྷ་ཞལ་གཅིག་ཕྱག་གཉིས་སོགས་ཇི་ལྟར་རིགས་པ་བསྒོམ་པ་དང་དེ་ཡི་སྔགས་ལས་ཀྱི་མཐའ་བསྒྱུར་ཅན་བཟླས་པ་དང་། ལས་གང་དང་གང་སྒྲུབ་པའི་དམིགས་པ་ཡང་དེ་བཞིན་ཉིད་དུ་རང་གི་ཡིད་ལ་བྱེད་དེ། སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡི་རིགས་སུ་གྱུར་པ་བཞི་ནི། ཆུ་སོགས་འབྱུང་བ་རྣམས་ཀྱི་དཀྱིལ་འཁོར་ལ་གནས་པ་སྟེ། ཞི་རྒྱས་ལ་ཆུ། རེངས་རྨོངས་ས། དབང་དགུག་མེ། བསད་བསྐྲད་རླུང་ལ་གནས་པ་ཡི་སྒོ་ནས་སྲིད་པ་གསུམ་པོ་མཐའ་དག་གི་གནས་སུ་ལས་ཀྱི་དབྱེ་བས་ལས་རྣམ་པ་སྣ་ཚོགས་བསྒྲུབ་པར་བྱའོ། །ཞེས་ཞི་སོགས་སྒྲུབ་ཚུལ་སྤྱིར་བསྟན་ནས། བྱེ་བྲག་ཏུ་གདུལ་དཀའ་འདུལ་བ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། གླང་པོའི་པགས་པ་རློན་པའི་གོས་འཛིན་པའི་རྣལ་འབྱོར་གསུངས་པ། འདིར་ལོ་གཅིག་གི་དུས་རྣམ་པར་དག་པའི་ཕྱོགས་ཉེར་བཞི་རྣམས་ཀྱིས་ཕྱག་ཉེར་བཞི་ནི་རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན་ཞེས་པ་ལྟར་ཕྱག་མཚན་གྱི་རྣམ་པ་ཉེར་བཞི་འཛིན་པ་ཡིན་ལ། ལོ་འགའ་ཞིག་ལ་ཟླ་བ་ལྷག་པས་ཟླ་བ་བཅུ་གསུམ་འབྱུང་བ་ལྟར་དེའི་

p. 410

ཕྱོགས་གཉིས་ནི་ལྷག་པ་ལས་བྱུང་བ་བུང་བ་ལྟར་གནག་པ་དང་ནི་གསེར་དང་མཚུངས་པ་གཡས་དང་ཅིག་ཤོས་གཡོན་དག་གིས་ནི། ཞེས་གཡས་ཕྱག་ལྷག་མ་ནག་པོ། གཡོན་ཕྱག་ལྷག་མ་སེར་པོ་སྟེ་དེ་ལྟར་ཕྱག་ཉེར་དྲུག་གོ། ཕྱག་ལྷག་མ་དེ་གཉིས་ཀྱིས་ཕུང་པོའི་བདུད་ལྷ་ཞེས་དང་། བདུད་ཉིད་བྱས་པ་གཉིས་འདུག་སྟེ། སྔ་མ་ལྟར་ན་ལྷ་ཞེས་ཚིག་ཁ་སྐོང་ཙམ་ཡིན་ལ་དོན་དུ་ཕུང་པོའི་བདུད་ཀྱི་ངོ་བོ་གླང་ཆེན་གྱི་པགས་པ་དག་ཀྱང་མ་ལུས་པར་བཤུས་ཏེ་གླང་པོ་ཆེ་ཟད་དེ་མེད་ཀྱང་དེའི་ཆ་ཙམ་ལུས་པ་པགས་པ་དེ་ཡི་རྐང་བ་ཟུང་ཞིག་དག་ནས་འཛིན་ཅིང་རྒྱབ་ཏུ་གོས་ལྟར་གྱོན་པ་སྐུའི་གཡས་སུ་གླང་པོའི་མགོ་བོ་དང་། གཡོན་དུ་མཇུག་མ་ཡོད་པའོ། །ལྷ་མིན་དབང་པོའི་ཞེས་པ་ནག་པོའི་རྩ་ལག་གི་གཙོ་བོ་ལྷའི་བུའི་བདུད་ཡིན་ལ་དེའི་མ་རིག་པ་འཇུག་པ་ནི་ཁྲག་གོ། བདུད་དེ་ཡི་ལུས་གཏོས་ཟད་པའི་ཆ་ཙམ་ནི་ཁྲག་གི་ཐོད་པ་རབ་མཆོག་ཕྱག་མཐིལ་ན་གནས་པ་སྟེ། འཆི་བདག་གི་བདུད་ཟད་པ་ལས་དེའི་ཆ་ཙམ་གྱི་སྒྲིབ་པ་མགོ་བོའམ་གདོང་གང་གི་ཕྱག་ན་ཡོད་པ་དེ་ནི་འཆི་བདག་བདུད་ཀྱི་གདོང་གི་ཕྱག་ཅེས་སོ། །ཉོན་མོངས་པའི་བདུད་ཟད་ཀྱང་ཆ་ཙམ་གྱིས་ཉོན་སྒྲིབ་མ་བཅོམ་པའམ་མ་བསྲེག་པ་གང་ཡིན་པ་དེ་ནི་གདན་ཡི་དྭགས་ཏེ། དེའི་ཕྱིར་ཉོན་མོངས་བདུད་ནི་ཞབས་གཉིས་ཀྱིས་བསྒྱེལ་བའོ། །འདིར་སྒྲིབ་པའི་ཆ་ཙམ་ལུས་པ་ནི་གདུལ་བྱ་དེ་དག་གི་རྒྱུད་ལ་གོ་བར་བྱའོ། །གཉིས་ལྷག་པའི་རྒྱལ་བའི་ཕྱག་ཉེར་བཞི་དང་ལྡན་པ་དེ་ལྟར་རྡོ་རྗེ་ཤུགས་དེ་ནི་གདུལ་དཀའ་བའི་སེམས་ཅན་གཞན་གྱི་དོན་དུ་བསྒོམ་པར་བྱའོ། །ཕྱག་ཉེར་བཞི་པོའི་ཕྱག་མཚན་ནི་དུས་ཀྱི་འཁོར་ལོ་དང་འདྲ་ཞིང་བདུད་རིགས་བརྒྱའི་དོ་ཤལ་དང་དབུ་ལ་ཐོད་པའི་ཕྲེང་བ་འཛིན་པ་སྟག་ལྤགས་ཀྱི་ཤམ་ཐབས་ཅན་རུས་པའི་ཕྱག་རྒྱ་དང་ཀླུའི་དབང་པོས་བརྒྱན་པའོ། །རྡོ་རྗེ་ཤུགས་དེ་ལ་འཁྱུད་པའི་ཡུམ་ནི། ཞལ་གཅིག་དང་ཟུང་

p. 411

གི་ཕྱག་གི་པདྨ་དག་ལ་གཡས་སུ་གྲི༷་གུག་དང་གཡོན་ན་དཔལ་ལྡན་ཐོད་པ་འཛིན་པ་སྟེ། འདིར་དུས་ཀྱི་དག་པ་ཇི་ལྟར་ཞེ་ན། སྤྱིར་ལུས་ཀྱི་དབྱེ་བས་ཉི་མ་ཤེས་རབ་དང་ཟླ་བ་ཐབས་ཡིན་ལ། ཉི་མ་ལས་ནི་ཟླ་བ་རང་གིས་རྒྱུ་བ་ནི་ཁྱིམ་བཅུ་གཉིས་དང་ལྷག་པ་གཅིག་ལ་རྒྱུ་བ་ཡི་བགྲོད་པའི་དབང་གིས་ཡུམ་ཞལ་གཅིག་མ་ཡིན་ཏེ་ཁྱིམ་ཟླ་གཅིག་ལ་ཉི་མས་ཁྱིམ་གཅིག་རྒྱུ་བའི་རིང་ལ་ཟླ་བ་རང་འགྲོས་ཀྱིས་ཁྱིམ་བཅུ་གསུམ་བཅུ་གསུམ་རྒྱུ་བས་འདིར་ཉི་མའི་རྒྱུ་བའི་དབང་གིས་ཡུམ་ཞལ་གཅིག་མ་སྟེ་ཉི་མའི་ཁྱིམ་ཟླ་གཅིག་པོ་དེ་ཉིད་དག་པས་སོ། །དེ་ཕྱིར་ལུས་ཀྱི་རབ་ཏུ་དབྱེ་བས་ཟླ་བའི་ཁྱིམ་གྱི་ཕྱོགས་ཉེར་དྲུག་གིས་ཕྱག་ཉེར་དྲུག་པའི་རྒྱལ་བའི་བདག་པོར་འགྱུར་ཏེ། དེ་བཞིན་སྣ་ཚོགས་ཡུམ་ཁྲོ་བོའི་དབང་ཕྱུག་མ་ནི་ལུས་ཀྱི་དབྱེ་བས་ཉི་མའི་ཁྱིམ་གཅིག་གི་སྔ་ཆ་ཕྱི་ཆའི་ཕྱོགས་ཀྱི་ཕྱག་གཉིས་མ་དེ་བཞིན་ཉིད་དོ། །དེ་ནི་གཅེར་བུ་སྐྲ་གྲོལ་ཞིང་རྒྱན་ལྷག་མ་ཕྱག་རྒྱ་སོགས་ཐབས་བཞིན་ནོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་ལུས་དང་བསམ་པ་ཕན་ཚུན་སྦྱོར་བས་བདེ་མཉམ་མི་འགྱུར་བའི་འབྲས་བུ་སྟེར་བ་སྟེ། རྒྱུ་གང་ལས་ན་ཟླ་བ་དང་ཉི་མའི་རབ་ཏུ་རྒྱུ་བས་སོ་ཞེས་པ་གཡོན་དང་གཡས་ཀྱི་དབུགས་འཇུག་པ་དང་འབྱུང་བ་འགོག་པས་བསྒོམ་པར་བྱའོ་ཞེས་པ་རྡོ་རྗེ་ཤུགས་ཡབ་ཡུམ་གྱི་རྣལ་འབྱོར་བསྒོམ་པའི་ངེས་པའོ། །ད་ནི་སྣ་ཚོགས་གཟུགས་བསྒོམ་པ་གསུངས་པ། འདིར་ཞལ་གཅིག་པའམ། ལ་སོགས་པ་ཞེས་པས་གཉིས་སམ་གསུམ་སོགས་ནས་མཐའ་ཡས་པའི་བར་གྱི་ཞལ་ཏེ། དེ་བཞིན་ཕྱག་དང་ཞབས་ཀྱང་གཉིས་ལ་སོགས་ནས་ཤིན་ཏུ་མང་པོའི་བར་དང་ཕྱག་མཚན་དུ་མ་འཛིན་པ་ཁ་དོག་ཀྱང་དཀར་པོ་ལ་སོགས་པ་གཅིག་དང་གཉིས་ལ་སོགས་པ་ནས་དུ་མའི་ཁ་དོག་དང་དབྱིབས་དུ་མ་སྟེ། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བས་སངས་རྒྱས་རིག་སྔགས་འཛིན། །

p. 412

ཅེས་པ་ལྟར། སྟོང་པ་ཉིད་མི་འགྱུར་བའི་བདེ་བ་རོ་མཉམ་པར་འཛིན་པ་བཅོམ་ལྡན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་བསྒོམ་པར་བྱའོ། །དེ་ཡང་མུན་པ་དག་གིས་མཐར་ཞེས་པ་མཚན་མོའི་མུན་པའི་རྣལ་འབྱོར་ལ་གནས་པའི་མཐར། ཞེས་པས་ཉིན་མོའི་རྣལ་འབྱོར་ཀྱང་ཤུགས་ཀྱིས་བསྟན་པའོ། །དེ་ལྟར་མཚན་མོ་མུན་པར་མིག་གི་སྟེང་ཐད་ཀྱི་ནམ་མཁའ་དང་། ཉིན་མོ་བླ་གབ་མེད་པར་ནམ་མཁའ་སྤྲིན་བྲལ་ལ་བལྟས་ཏེ་སྤྲོས་པའི་རྣམ་པ་གང་ཡང་ཡིད་ལ་མི་བྱེད་པར་བཞག་པས། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་པ་ལྟ་བུའི་གཟུགས་བརྙན་མཐོང་བ་བསྒྲུབ་པར་བྱའོ། །གཟུགས་བརྙན་ཐིག་ལེ་ཆེན་པོའི་མཐར་ཐུག་པར་བསྒོམ་ཞིང་སེམས་རྩེ་གཅིག་ཏུ་དེ་ལ་གནས་པ་གྲུབ་ནས།ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་བདག་ཉིད་དུ་ངེས་པར་བདེ་མཉམ་མི་འགྱུར་བ་སྟེར་ཏེ་ཐབས་གང་གིས་ན་རྩ་ནི་ཟླ་བ་སྟེ་གཡོན་དང་ཉི་མ་གཡས་ཀྱི་སྲོག་རྒྱུ་བ་འགོག་པ་ལས་འབྱུང་ངོ་། །དེའི་ཕྱིར་སྲོག་རྩོལ་ལ་སོགས་པས་སྲོག་འགགས་པ་ཏིང་ངེ་འཛིན་གྱི་ཡན་ལག་གི་བར་དུ་བསྒྲུབ་པར་བྱའོ། །ས་ལ་སོགས་པ་ལུས་ཀྱི་ཁམས་རྣམས་ནི་ཀུན་ནས་འབི༷གས་པར་བྱེད་པ་དཔེར་ན་དྲི་མ་མེད་པའི་ནོར་བུ་ཆེན་པོ་གང་གིས་རེག་པ་ཙམ་གྱིས་རྡོ་བ་སོགས་ཀྱི་ཁམས་རིན་པོ་ཆེར་བསྒྱུར་བར་བྱེད་པ་ནི་ཁམས་སྔ་མ་གནས་བསྒྱུར་བའི་ཕྱིར་འབིགས་པར་བརྗོད་ཀྱི་འཇོམས་ཤིང་མེད་པར་བྱེད་པ་མ་ཡིན་ནོ། །ནོར་བུ་དེ་དང་མཚུངས་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་གཅིག་པུ་སྟེ། དེ་ལ་གོམས་པས་ལུས་ཀྱི་ཁམས་རྣམས་འབིགས་པར་བྱས་ནས་དེ་སྒྲིབ་བྲལ་དུ་བྱེད་དོ། །དེའི་ཕྱིར་སྟོང་གཟུགས་ལ་རྣལ་འབྱོར་དུ་བྱ་བ་ནི་རྣལ་འབྱོར་ཀུན་གྱི་ནང་ན་མཆོག་གོ། སྟོང་པ་ཉིད་ཀྱི་གཟུགས་ཅན་དེ་ནི་རང་གི་ངོ་བོ་གདོད་ནས་སྟོང་བཞིན་པའི་གཟུགས་ཅན་ཡིན་པས་དེ་ཉིད་ཀྱི་ངོ་བོའི་གནས་ཚུལ་ལ་ཐོག་

p. 413

མ་མེད་ཅིང་མཐའ་མེད་ལ། དེ་གཉིས་མེད་པས་དབུས་ཀྱང་མེད་ལ་ཞེས་སྔོན་དང་ཕྱི་མཐའ་བར་གྱི་ཆ་མེད་པའོ། །ཡུལ་གྱི་ངོ་བོར་མེད་ཀྱང་ཡུལ་དུ་སྣང་བ་སྒྱུ་མ་དང་རྨི་ལམ་དང་པྲ་ཕབ་པ་ལྟ་བུ་ནི། རང་གི་ཉམས་སུ་མྱོང་བའི་སྒོ་ནས་བསྒྲུབས་པ་དེ་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་མི་འགྱུར་བའི་བདེ་བ་མཉམ་པ་ཉིད་ཀྱི་གོ་འཕང་སྟེར་བ་ཡིན་ནོ་ཞེས་གསུངས་པའོ། །དེ་ལྟར་སྟོང་པའི་གཟུགས་བརྙན་ཡེ་ནས་རང་རང་གི་ངོ་བོས་མ་སྐྱེས་ལ་མ་འགག་ཀྱང་། རྣམ་པ་སྣ་ཚོགས་པར་སྣང་བ་འདི་ནི་མཆོག་ཏུ་ངོ་མཚར་བའི་དོན་ཡིན་ཏེ། སྟོང་གཟུགས་རང་གི་ངོ་བོའི་གནས་ཚུལ་ལ་སྐད་ཅིག་མའི་སྐྱེ་འགག་ཅན་ཡིན་པར་འདོད་མི་རུང་སྟེ། སྣང་བ་གང་ལ་ཐ་སྙད་དུ་མ་རང་གི་གནས་ཚོད་ཀྱི་སྐྱེ་འགག་ཡོད་ན་སྟོང་གཟུགས་མ་ཡིན་པར།དངོས་པོ་རྣམས་དང་ཁྱད་མེད་པར་འགྱུར་རོ། །གལ་ཏེ་ཁྱད་མེད་པར་འདོད་དོ་ཞེ་ན། གཟུགས་བརྙན་སོགས་མེད་པ་གསལ་སྣང་རྣམས་ལའང་སྣང་བ་དེ་རང་གི་ངོས་ནས་སྐད་ཅིག་སྔ་མ་ཉེར་ལེན་གྱི་རྒྱུར་བྱས་ནས་ཕྱི་མ་སྐྱེ་བའི་སྐད་ཅིག་མར་གྲུབ་དགོས་པས་དེ་དངོས་པོར་ཁས་ལེན་པར་རིགས་པས་མེད་པ་གསལ་སྣང་དུ་མི་འགྱུར་རོ། །དེ་ལྟ་ན་སྣང་བའི་ཆོས་རྣམས་རང་གི་ངོ་བོས་མ་སྐྱེས་པ་བསྒྲུབ་པའི་དཔེ་འཇིག་རྟེན་གྱི་ངོར་འགྲུབ་པ་མི་སྲིད་པས་སྟོང་ཉིད་རིགས་པས་འགྲུབ་དུ་མེད་པར་འགྱུར་ན་ཡང་དེ་མ་ཡིན་ཏེ་གཟུགས་བརྙན་ལ་སོགས་པ་འཇིག་རྟེན་པས་ཀྱང་སྣང་བ་ཡོད་ཀྱང་དངོས་པོའི་ངོ་བོར་མེད་པས་མེད་པ་གསལ་སྣང་དུ་རྟོགས་ནུས་པ་ཡིན་ནོ། །གལ་ཏེ་མེ་ལོང་ནང་གི་གཟུགས་བརྙན་སོགས་མི་རྟག་པར་ཁས་མི་ལེན་ན་རྟག་པར་ཁས་ལེན་དགོས་པར་འགྱུར་རོ་སྙམ་ན་སྣང་ཚུལ་ལ་མི་རྟག་པར་ཁས་ལེན་ཀྱང་། སྐད་ཅིག་མའི་རང་བཞིན་གྱི་མི་རྟག་པ་དང ། སྐད་ཅིག་མ་ལོག་པའི་རྟག་པ་གང་དུའང་ཁས་མི་ལེན་ཏེ་མེད་པ་གསལ་སྣང་ལ་རྟག་མི་རྟག་ཏུ་སྒྲོ་བཏགས་པ་ནི་རང་བློའི་སྐྱོན་ཡིན་ནོ། །དེ་བཞིན་མེད་པ་གསལ་སྣང་

p. 414

རྣམས་དངོས་པོ་དང་དངོས་མེད་གང་དུ་འདོད་ཟེར་ན་སྐྱེ་འགག་ཅན་གྱི་དངོས་པོ་མ་ཡིན་ལ། སྣང་ཙམ་གྱི་དངོས་པོ་མེད་པའང་མ་ཡིན་པས་མེད་སྣང་ཟུང་ཚོགས་ཡིན་ཀྱང་སྣང་ཡང་མི་བདེན་པའི་ཆ་ནས་དངོས་མེད་ཅེས་གསུངས་པ་ཡོད་དོ། །དེ་ལྟར་གཟུགས་བརྙན་ལ་སོགས་པ་རྣམས་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་སྣང་བའི་དུས་དེ་ཉིད་དུ་ཡོད་ལ། རྟག་ཏུ་སྣང་བ་མ་ཡིན་ཏེ་རྒྱུ་ཚོགས་པ་ལོག་ནས་མི་སྣང་བས་སྣང་ཚུལ་ལ་མི་རྟག་པ་དང་དུ་མ་དང་། ཆ་བཅས་སུ་སྣང་ཡང་། རང་གི་ངོ་བོ་ལ་སྣང་བའི་དུས་སུའང་སྐྱེ་བ་མེད་ཅིང་ཇི་སྲིད་སྣང་བའི་བར་དུ་ཡང་དེ་རྟག་པར་གནས་པ་མ་ཡིན་ལ་མཐར་འགག་པའང་མེད་དོ། །དེ་བཞིན་དུ་ཆ་དུ་མ་དང་རྣམ་པ་སྣ་ཚོགས་སུ་སྣང་ཡང་དེ་ལྟར་གྲུབ་པ་མེད་པ་བཞིན། སྟོང་གཟུགས་དུ་བ་སོགས་ཀྱང་སྣང་ཚུལ་ལ་མི་རྟག་པ་དང་ཆ་བཅས་སོགས་སུ་སྣང་ཡང་། དེ་ལྟར་གྲུབ་པ་མེད་པས་སྐད་ཅིག་དང་དུ་མའི་ཆ་ཅན་མ་ཡིན་ཏེ་རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པར་ཡང་ཡང་གསུངས་ཤིང་རིགས་པས་ཀྱང་གྲུབ་པའི་ཕྱིར་རོ། །སྣང་ཚུལ་ལ་སྔ་ཕྱི་དང་ཕྱོགས་ཀྱི་ཆ་ཅན་དུ་སྣང་བ་ཙམ་ཞིག་གིས་མི་རྟག་པ་དང་ཆ་བཅས་སུ་མི་འགྱུར་ཏེ་འདས་མ་འོངས་ཀྱི་ནམ་མཁའ་དང་། ཤར་ལྷོ་ནུབ་བྱང་གི་ནམ་མཁའ་དང་། བུམ་པ་ཟླུམ་པོ་དང་གྲུ་བཞི་སོགས་ཀྱི་ནང་གི་ནམ་མཁའ་བཞིན་ནོ། །དེ་ལྟར་མེད་པ་གསལ་སྣང་རྣམས་དང་། དུ་སོགས་སྟོང་གཟུགས་རྣམས་ངོ་བོ་ཉིད་མེད་བཞིན་སྣང་བའི་སྟོང་གཟུགས་སུ་འདྲ་མོད་ཀྱང་། མེད་པ་གསལ་སྣང་གཞན་རྣམས་བསླུ་བའི་ཆོས་ཅན་མ་དག་འཁྲུལ་པའི་སྣང་བ་ཐ་མལ་པ་དང་། དུ་སོགས་སྟོང་གཟུགས་རྣམས་རང་བཞིན་འོད་གསལ་ཀྱི་རྟགས་སྣང་མ་འཁྲུལ་ཞིང་མི་བསླུ་བའི་རང་བཞིན་ཡིན་པས་ཁྱད་པར་ཤིན་ཏུ་ཆེ་བས་ཤེས་པར་བྱའོ། །དང་པོའི་སངས་རྒྱས་ཀྱི་སྒྲུབ་ཐབས་རྫོགས་པའི་རིམ་པ་ལེའུ་འདིར་མདོར་བསྡུས་སུ་གསུངས་པ་རྒྱས་པར་ཡེ་ཤེས་ལེའུ་ལས་འཆད་པར་འགྱུར་རོ། །དེ་ལྟར་བསྐྱེད་རིམ་ལ་

p. 415

བརྟེན་ནས་ལས་སྒྲུབ་ན་ཏིང་ངེ་འཛིན་དང་བསྙེན་པ་སོགས་ཀྱིས་ལས་སྒྲུབ་པར་བྱེད་པ་ཡིན་ལ་རྫོགས་རིམ་ལ་བརྟེན་ནས་སྲོག་དང་གཟུགས་གྲུབ་པའི་སྒོ་ནས་ལས་ཐམས་ཅད་འགྲུབ་པ་ཡིན་ནོ། །འགྲེལ་པར་མདོར་བསྡུས་སྔ་མའི་རྗེས་སུ་འདིའི་བར་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་སྒྲུབ་ཐབས་ཀྱི་མདོར་བསྡུས་ཆེན་པོ་བཞི་པས་བཤད་པར་མཛད་དོ། །དེ་ནས་དང་པོ་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་གསུངས་པ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ནི་སྔར་གསུངས་པའི་སྒྲུབ་ཐབས་ཀྱི་ཆོ་གས་ཧུཾ་ཡིག་ལས་བྱུང་བའི་རྡོ་རྗེ་ལས་སྐྱེས་པ། གཉིས་ལྷག་རྒྱལ་བའི་ཕྱག་སྟེ་ཕྱག་ཉེར་དྲུག་པ་དང་གླང་པོ་ཆེའི་པགས་པའི་གོས་བགོས་པ་དང་། རིག་བྱེད་ཞལ་ཏེ་ཞལ་བཞི་པ་དང་ཞབས་གཉིས་པ། མདོག་དམར་སེར་གྱི་སྤྱན་དང་དབུ་སྐྲ་དམར་སེར། རྒྱལ་བའི་བདག་པོའི་ཞེས་པ་མི་བསྐྱོད་པའི་ཅོད་པན་ཅན་མཆེ་བ་རྣོན་པོ་གཙིགས་པ་སྟེ། སྦྲུལ་གྱི་རྒྱན་དང་རབ་མཆོག་སྟག་གི་པགས་པའི་ཤམ་ཐབས་དང་ནི། གཙོ་བོའི་ཞེས་དུས་ཀྱི་འཁོར་ལོའི་ཕྱག་མཚན་བཞིན་དུ་མཚོན་ཆའི་ཕྱག་ཅན། སྤྱི༷་བོར་མཐའ་དག་རྒྱལ་བའི་རིགས་རྣམ་པར་དག་པ་ཉིད་ཀྱི་ཐོད་པ་ཁ་དོག་ལྔ་རྣམས་དག་གིས་ཕྲེང་བ་ངེས་པར་བཅིངས་པ་དྲི་མ་མེད་པའི་འོད་ཟེར་དྭངས་བ་ཀུན་ནས་འཕྲོ་བ། སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་སྟེང་དུ་བཞུགས་པ། དཀྱིལ་འཁོར་གྱི་ཁང་པ་སྣ་ཚོགས་མདོག་དང་ལྡན་པའི་དབུས་ཉིད་ལ་ནི་དེ་འདྲའི་དཔའ་བོ་གཅིག་པ་བསྒོམ་པར་བྱ་སྟེ། ཞབས་གཉིས་དག་གིས་འབྱུང་བོའི་སྟེ་ཡི་དྭགས་ཀྱི་མགོན་པོ་གཞན་གྱིས་མི་ཐུབ་པ། ལྷག་པའི་སྟོབས་ཀྱིས་མནན་ཅིང་ཞབས་གཡས་བརྐྱང་བའི་སྟབས་ཀྱིས་ཡང་དག་པར་གནས་པ་འབྱུང་པོ་ལ་སོགས་པ་རྣམས་སྐྲག་བར་བྱེད་པའི་གླང་པོ་ཆེའི་པགས་པ་འཛིན་པ་དང་། ལག་པའི་སྡིགས་མཛུབ་དག་གིས་ལྷ་མིན་དང་གདེངས་ཅན་ཀླུ་དང་ལྷ་རྣམས་སྐྲག་པར་བྱེད་པ་ཉིད་བསྒོམས་པར་

p. 416

བྱས་ལ། གཞལ་ཡས་ཁང་བའི་སྒོ་བཞི་རྣམས་སུ་ཤར་དུ་རྡོ་རྗེ་ལྕགས་ཀྱུ་དང་། ལྷོར་རྡོ་རྗེ་དང་། ནུབ་ཏུ་རྡོ་རྗེ་ཞགས་པ་དང་། བྱང་དུ་རྡོ་རྗེ་དྲིལ་བུ་རྣམས་རིམ་པར་བཀོད་པ་ཁྲོ་བོ་བཞིའི་མཚན་མའོ། །ཅིང་ཞེས་པ་ཚིག་ཕྲད་དོ། །ཛཿཧཱུཾ་བཾ་ཧོའི་སྔགས་ཚིག་འདི་རྣམས་ཀྱིས་ཡེ་ཤེས་སེམས་དཔའ་དགུག་གཞུག་བཅིངས་ལ་རོ་མཉམ་པར་གཅིག་ཏུ་གྱུར་པ། དེ་ལྟ་བུ་རྣལ་འབྱོར་པས་བསྒོམ་ན་ཟླ་བ་གཅིག་ཉིད་ཁོ་ནས་དུར་ཁྲོད་ཀྱི་ས་ལ་གནས་པ་འབྱུང་པོའི་ཚོགས་ནི་བསྒྲུབ་པར་བྱ་སྟེ། འབྱུང་པོ་ཡི་དྭགས་ལ་སོགས་པ་རྣམས་ཀྱི་གཙོ་བོ་གང་ཡིན་པ་རྡོ་རྗེ་ཤུགས་ཀྱི་གཟུགས་དེས་ཞབས་ཀྱི་འོག་ཏུ་བསྒྱེལ་བར་གྱུར་པར་བསྒོམས་ན་དེ་དག་འཁོར་དང་བཅས་པ་འགྲུབ་པར་འགྱུར་ཏེ། ཡི་དྭགས་སམ་སྲིན་པོ་དང་མ་མོ་ལ་སོགས་པའོ། །འབྱུང་པོའི་སྒྲུབ་ཐབས་ཀྱི་ངེས་པའོ། །དེ་ནས་སྤྲིན་གྱི་ཆར་དབབ་པའི་དོན་དུ་ཀླུའི་རྒྱལ་པོའི་སྒྲུབ་ཐབས་གསུངས་པ། རང་ཉིད་རྡོ་རྗེ་ཤུགས་སུ་བསྒོམ་པའི་གདན་གྱི་པདྨ་འདབ་བརྒྱད་ལ་ནི། ཀླུ་བརྒྱད་པོ་རྣམས་ཆུ་སྐྱེས་ཀྱི་འདབ་མ་བརྒྱད་ལ་སྟེ། ཤར་གྱི་འདབ་མར་སྟོབས་རྒྱུ། མེར་པདྨ། ལྷོར་ནོར་རྒྱས་ཀྱི་བུ། བདེན་བྲལ་དུ་དུང་སྐྱོང་། བྱང་དུ་མཐའ་ཡས། དབང་ལྡན་དུ་རིགས་ལྡན། ནུབ་ཏུ་འཇོག་པོ། རླུང་དུ་པད་ཆེན་ཏེ། དེ་དག་གི་ཁ་དོག་ནི་ཤར་དང་མེར་ནག་པོ། ལྷོ་དང་བདེན་བྲལ་གྱི་སེར་པོ། བྱང་དང་དབང་ལྡན་དུ་དཀར་པོ། ནུབ་དང་ང་དུ་སེར་པོའོ། །ཀླུའི་རྒྱལ་པོ་རྒྱལ་བ་ལྗང་གུ་དང་རྣམ་རྒྱལ་སྔོན་པོ་དག་ནི་པདྨའི་ལྟེ་བའི་ཉི་མའི་གདན་གྱི་སྟེང་དུ་གན་རྐྱལ་དུ་བསྒྱེལ་བར་བྱས་ནས། གཡོན་དང་གཡས་ཀྱི་ཞབས་དག་གིས་ནི་གདེངས་ཅན་བདག་པོ་ཟུང་རེ་དག་མནན་པར་བྱ་བ་དང་། དེ་ཡང་ཀླུ་དེ་དག་ལྟེ་བ་ཡན་ཆད་སྐྱེས་བུའི་རྣམ་པ་དང་། མན་ཆད་སྦྲུལ་གྱི་རྣམ་པ། མགོ་ཡི་སྟེང་དུ་སྦྲུལ་གྱི་གདེངས་ཀ་བདུན་ཁོར་ཡུག་ཅན་གཙུག་ན་ནོར་བུ་རིན་པོ་ཆེ་འོད་

p. 417

འཕྲོ་བ་འཛིན་པའོ། །པདྨའི་འདབ་མར་གནས་པ་ཀླུ་བརྒྱད་པོ་རྣམས་ཀྱང་བསྒྱེལ་བར་བྱས་ཏེ། དེ་རྣམས་ཀྱི་མཇུག་མ་ཡི་རྩེ་མོ་ཐམས་ཅད་རྒྱལ་བའི་སྟེང་དུ་ཤར་དང་ཤར་ལྷོ་བྱང་དང་བྱང་ཤར་པ་རྣམས་ཀྱི་དང་། རྣམ་པར་རྒྱལ་བའི་སྟེང་དུ་ལྷོ་དང་ལྷོ་ནུབ་ནུབ་དང་ནུབ་བྱང་རྣམས་ཀྱི་མཇུག་མའི་རྩེ་མོ་ཐམས་ཅད་བསྡུས་པ་ཞབས་ཀྱིས་མནན་ནས་ཞེས་གསུངས་ཏེ། འདིར་ཀླུ་བརྒྱད་པོ་རྣམས་ནི་སྦྲུལ་མགོ་ལྔའི་གདེངས་ཀ་ཅན་ནོ་ཀླུ་དེ་དག་སྤྲིན་གྱི་རིགས་ནི་རང་རང་གི་ལྟོ་བ་དག་ནས་ངེས་པར་ཀུན་ཏུ་སྤྲོ༷་བར་བྱེད་པའོ། །དེ་ལྟར་དུར་ཁྲོད་ཀྱི་སར་ཁྲོ་བོའི་དབང་པོ་བསྒོམས་པས་ཉིན་ཞག་འགའ་ཞིག་དག་གིས་ཞེས་ཟླ་བ་གཅིག་གི་ཉིན་ཞག་རྣམས་ཀྱིས་སྤྲིན་གྱི་ཚོགས་ནི་བསྒྲུབ་པར་བྱ་ལ། དེ་ནས་ཇི་ལྟར་མངོན་པར་འདོད་པའི་དུས་སུ་ཏིང་ངེ་འཛིན་དེས་ཆར་འབེབས་པར་བྱེད་ཅིང་སླར་གཤེགས་སུ་གསོལ་བས་ཆར་འབབ་པ་ཟློག་པར་བྱེད་དོ། །ཀླུའི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ངེས་པའོ། །ད་ནི་ལས་ཀྱི་དབྱེ་བས་ལྷའི་སྒྲུབ་ཐབས་གསུངས་པ། བཤད་མ་ཐག་པ་དེ་དག་གིས་མཚོན་ནས་ཞེས་པ་ལ་སོགས་ཀྱེ་མི་ཡི་བདག་པོ། རྣམ་སྣང་སོགས་ལྷ་རྣམས་དང་ནི། སྤྱན་མ་སོགས་ལྷ་མོ་རྣམས་ཀྱི་རང་རང་གི་སྒྲུབ་ཐབས་སོ་སོ་རུ་ཕྱེ་སྟེ་དཔའ་བོ་གཅིག་པ་རྣམས་ཀྱི་སྒྲུབ་ཐབས་སུ་འགྱུར་བ་ནི་དཀྱིལ་འཁོར་འདིར་ནི་རྣམ་སྣང་སོགས་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ལས་ཀྱི་དབྱེ་བ་མཐའ་དག་རྣམས་ཀྱིས་དུ་མར་འགྱུར་ཏེ། རེངས་པ་དང་ཞི་བ་དང་རྒྱས་པ་དག་དང་དབང་དང་གཞན་ནོར་འཕྲོག་པ་དང་གསད་པ་དང་ནི་བསྐྲད་པ་ལ་སོགས་པ་དག་ལ་ཡང་སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་རྣམས་སུ་འགྱུར་ཏེ། གཞན་ཡང་དུར་ཁྲོད་ཀྱི་མཐར་ཐུག་པའི་ལྷ་རྣམས་ཀྱི་སྒྲུབ་ཐབས་སུ་འགྱུར་རོ། །སླར་ཡང་ལས་ཀྱི་དོན་དུ་དེ་དག་གི་བཟླས་པ་དང་སྦྱིན་སྲེག་བྱ་བ་ཡང་རང་རང་གི་སྔགས་ཀྱི་ས་བོན་

p. 418

གྱིས་བྱའོ། །དེ་ནས་དེའི་ཚེ་ཞི་བ་སོགས་ཀྱི་བསམ་གཏན་གསུངས་པ། ཞི་བ་ལ་ནི་བསམ་གཏན་དག་ཀྱང་ཞི་བ་རི་བོང་འཛིན་པ་ལྟར་དཀར་བའི་ལྷ་ནི་ཞི་པའི་གཟུགས་སུ་བསྒོམ་མོ། །དྲག་པོ་གསད་པ་སོགས་ལ་ཡང་། བསམ་གཏན་དྲག་པོ་སྟེ་བསད་པ་དང་བསྐྲད་པ་སོགས་ཀྱི་དམིགས་པ་དང་ནི་ཁ་དོག་སྤྲིན་ནག་དང་མཚུངས་པའི་ལྷ་རྣམས་ཁྲོས་པ་སོགས་ཀྱི་རྣམ་འགྱུར་དྲག་པོ་ཉིད་ཀྱི་གཟུགས་སུ་བསྒོམ་མོ། །དབང་དུ་བྱ་བ་ལ་བསམ་གཏན་ཆགས་པ་དང་བཅས་པ་དང་། ཉིན་མོར་བྱེད་པའི་སྐུ་སྟེ་ཁ་དོག་དམར་པོ་ཡི་ལྷ་ནི་ཆགས་པའི་གཟུགས་སོ། །རེངས་པ་ལ་ནི་བསམ་གཏན་རྨོངས་པ་དང་བཅས་མཆོག་གི་གསེར་དང་མཚུངས་པའི་ལྷ་རྣམས་ཁ་དོག་སེར་པོ་གཡོ་བ་མེད་པའི་ཚུལ་ཅན་རེངས་པའི་གཟུགས་སོ། །ཞི་བ་ལ་ཇི་ལྟ་བ་དེ་བཞིན་དུ་རྒྱས་པ་དང་རིམས་ཉེ་བར་ཞི་བ་དང་དུག་གཞིལ་བ་ལ་འགྱུར་རོ། །གསད་པ་ལ་ཇི་ལྟ་བ་བཞིན་དུ་བསྐྲད་པ་དང་དབྱེ་བ་དང་རིམས་གཞུག་པ་ལ་ཡང་ངོ་། །དབང་ལ་ཇི་ལྟ་བ་དེ་བཞིན་དུ་དགུག་པ་དང་བསྐྱོད་པ་དང་རིམས་བསྐྱེད་པ་ལ་ཡང་ངོ་། །རེངས་པ་ལ་ཇི་ལྟ་བ་བཞིན་དུ་རྨོངས་པ་དང་ཕུར་བུས་གདབ་པ་ལ་ཡང་ཤེས་པར་བྱའོ། །དེ་ནས་ལྷའི་ཚོགས་ཀྱི་རིགས་རྣམས་ཀྱིས་ཞི་སོགས་འགྲུབ་པར་གསུངས་པ། ཞི་དང་རྒྱས་པ་དག་ཀྱང་སྲས་བཅས་རྒྱལ་བའི་རིགས་དང་ཞེས་པ་གཟུགས་ཚོར་འདུ་ཤེས་འདུ་བྱེད་ཀྱི་རིགས་རྣམ་སྣང་སོགས་བཞི་ནི་རྒྱལ་བའི་རིགས་དང་། སྲས་བཅས་ཞེས་པ་སྒྲིབ་སེལ་ས་སྙིང་འཇིག་རྟེན་དབང་ཕྱུག་ནམ་སྙིང་སྟེ་བྱང་སེམས་ཀྱི་རིགས་སོ། །དེ་བཞིན་དུ་ཀྱེ་རྒྱལ་པོ་དེ་དག་གི་ལྷ་མོ་སྤྱན་མ་གོས་དཀར་མཱ་ཀཱི་སྒྲོལ་མ་རྣམས་རྒྱལ་བའི་རིགས་དང་། དྲི་རོ་གཟུགས་རེག་རྡོ་རྗེ་མ་རྣམས་བྱང་སེམས་ཀྱི་རིགས་ཏེ། རིགས་ཀྱི་ལྷ་རྣམས་ཁ་དོག་དཀར་པོ་རང་དུས་ཀྱི་འཁོར་ལོ་དཀར་པོའི་དཔྲལ་བར་ཟླ་དཀྱིལ་ལ་པདྨའི་འདུག་སྟངས་ཀྱི་གནས་པ། ཐབས་རྣམས་གཡོན་པདྨ་དཀར་པོ་དང་། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ཤེས་རབ་རྣམས་ཨུཏྤལ་

p. 419

དཀར་པོ་དང་མི་འཇིགས་པའི་ཕྱག་རྒྱ་ཅན་དུ་བསྒོམ་པར་བྱ་སྟེ། དེ་དག་སོ་སོ་རེ་རེ་བསྒོམས་པ་དེ་ཉིད་ཀྱིས་ཞི་རྒྱས་ཀྱི་ལས་གང་འདོད་པ་འགྲུབ་པར་འགྱུར་རོ། །གོང་དུ་ཀྱང་ཡིག་གིས་དུག་གཞིལ་བ་དང་རིམས་ཞི་བ་ཡང་ངོ་། །དབྱེ་བ་དང་བསྐྲད་པ་གསད་པ་དག་ཀྱང་རང་བཞིན་ཡོན་ཏན་དབང་གིས་ཁྲོ་བོ་ཡི་རིགས་ལས་སྐྱེས་པ་རྣམས་ཀྱིས་འགྲུབ་པར་འགྱུར་ཏེ་ཧུཾ་ཡིག་དང་རྡོ་རྗེ་ལས་སྐྱེས་ཁྲོ་བོ་བཅུ་དང་ཕྲཻཾ་དང་གྲི་གུག་ལས་སྐྱེས་ཁྲོ་བོ་བཅུའི་ཡུམ་རྣམས་ཏེ། །དེ་ཡང་རང་དུས་འཁོར་ནག་པོའི་སྐུའི་སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ནག་པོ་ལ་ཁྲོ་བོ་རྣམས་གཡས་བརྐྱང་པའི་སྟབས་ཅན་ཕྱག་ན་རྡོ་རྗེ་དང་ཞགས་པ་ཅན་རྣམས་ཀྱིས་གསད་པ་འགྲུབ་བོ། །ཕྱག་ན་རལ་གྲི་དང་ལྕགས་སྒྲོག་སྡིགས་མཛུབ་དང་བཅས་པ་རྣམས་ཀྱིས་དབྱེ་བ་ལ་སོགས་པ་འགྲུབ་པར་འགྱུར་རོ། །དེ་ཡང་ཁ་དོག་ནག་པོ་དྲག་པོའི་ཚུལ་ཅན་རྣམས་ཀྱིས་སོ། །ལྷ་མོ་རྣམས་ནི་གཡོན་བརྐྱང་བ། ཕྱག་ན་གྲི་གུག་ཐོད་པ་ཅན་ནམ། ཕྱག་ན་རལ་གྲི་དང་ཞགས་པ་ཅན་རྣམས་ཀྱིས་སོ། །དབང་གི་ལས་དང་སོགས་པས་དགུག་པའི་ལས་ནི་འབྱུང་པོའི་རིགས་ལས་སྐྱེས་པ་ཙཱ་དི་ཀཱ་ལ་སོགས་པའི་བརྒྱད་པོ་གང་ཡིན་པ། ཁ་དོག་དམར་པོ་ཕྱག་ན་མདའ་གཞུ་བསྣམས་པ་དག་རང་ལྷའི་མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ས་གའི་སྟབས་ཀྱིས་བཞུགས་པ་བསྒོམ་པས་དབང་དུ་བྱ་བ་འགྲུབ་པར་འགྱུར་ཏེ། ཕྱག་ན་ཞགས་པ་དང་ལྕགས་ཀྱུ་ཅན་རྣམས་ཀྱིས་དགུགས་པ་སོགས་འགྲུབ་པར་འགྱུར་རོ། །དེ་ལྟར་རྣལ་འབྱོར་མ་རྣམས་ཀྱིས་སོ། །རབ་ཏུ་གསལ་བར་ལྷ་མིན་འཚེ་བའི་རིགས་ཅན་ལ་ཕུར་བུས་གདབ་པའང་ལྷ་མིན་མོ་ཁྱི་གདོང་མ་ལ་སོགས་པ་རྣམས་ཀྱིས་ཏེ། རང་དུས་འཁོར་སེར་པོའི་ལྟེ་བར་དུས་མེའི་དཀྱིལ་འཁོར་སེར་པོ་ལ་ཟླུམ་པོའི་སྟབས་ཀྱིས་བཞུགས་པ་ཕྱག་ན་འཁོར་ལོ་དང་རི་བོ་ཐོགས་པ་ཅན་རྣམས་ཀྱིས་རེངས་པ་འགྲུབ་བོ། །ཕྱག་ན་ཐོ་བ་དང་ཕུར་བུ་

p. 420

ཅན་རྣམས་ཀྱིས་ཕུར་བུས་གདབ་པ་དང་། ཕྱག་ན་རྩེ་གསུམ་དང་སྦྲུལ་བསྣམས་པ་རྣམས་ཀྱིས་རྨོངས་པ་འགྲུབ་པར་འགྱུར་རོ། །ཡུམ་རྡོར་དབྱིངས་མ་དང་ཤེར་ཕྱིན་མ་དག་གིས་ནི་སྔར་གསུངས་བ་བཞིན་གསང་བའི་པདྨའམ་ལས་སོ་སོའི་ལུས་ཀྱི་གནས་སུ་ཆུ་སོགས་ཀྱི་དཀྱིལ་འཁོར་ལ་དཀར་པོ་སོགས་ཀྱིས་ཁ་དོག་དང་སྔར་གསུངས་པའི་ལས་སོ་སོའི་ཕྱག་མཚན་དང་འདུག་སྟངས་སོ་སོར་ངེས་པས་ཞི་སོགས་ལས་རྣམས་ཐམས་ཅད་བྱེད་དེ། གཞན་ཡང་ཡུམ་དེ་གཉིས་ཀའི་སྟོང་པ་དང་ཡེ་ཤེས་ཀྱི་རྡོ་རྗེའི་རིགས་ཁྲོ་བོ་ཅན་ལ་གསད་པ་དང་ནི་གསོ་བ་ཡང་འགྲུབ་སྟེ། རྡོ་རྗེའི་འདུག་སྟངས་ཀྱིས་བཞུགས་པའི་དཔྲལ་བའི་ཐིག་ལེའི་དབུས་སུ་བསྒྲུབ་བྱ་དམིགས་ནས་དགའ་བ་དང་བཅས་པའི་ལྷ་མོས་ཤི་བ་སླར་གསོ་བར་བྱེད་ལ། རྣལ་འབྱོར་གྱི་སྟོབས་ཀྱིས་བསྒྲུབ་བྱའི་སྲོག་བཀུག་པ། ཐིག་ལེའི་དབུས་སུ་བཀུག་ནས་གསང་བར་ཕྱིར་འཕོས་ཏེ་ཆགས་པ་དང་བྲལ་བར་བྱས་པས་འཆི་བར་བྱེད་དེ་བསྒྲུབ་བྱ་སླར་འཚོ་བ་མེད་དོ། །དེས་ན་འདི་ནི་སངས་རྒྱས་པའི་རྣལ་འབྱོར་པ་རྣམས་ཀྱིས་མི་བྱ་སྟེ་གང་དུ་བསྒྲུབ་བྱའི་སྲོག་བཀུག་པ་དང་ཁུ་བ་ཕྱི་རོལ་དུ་འཕོས་པ་དེ་བྱ་བ་མ་ཡིན་པའི་ཕྱིར་རོ། །འདིར་ཁྲོ་བོ་ཡབ་ཡུམ་གཉིས་ཀྱིས་ཞེས་དང་། བསྒྲུབ་བྱའི་སྲོག་དབུ་མར་བཀུག་སྟེ་གཙུག་ཏོར་ཕུག་པ་ཞེས་བཤད་པ་ཡང་སྣང་ངོ་།།ད་ནི་ཞི་སོགས་ལས་ཐམས་ཅད་ཀྱི་དང་པོའི་རྒྱུ་གསུངས་པ། དང་པོར་ཏེ་ཐོག་མར་དཔལ་ལྡན་དུས་ཀྱི་འཁོར་ལོ་ཞེས་པ་སྐབས་འདིར་སྲོག་གི་རླུང་ལ་བཤད་པ་དེ་ཉིད་དབུ་མར་རྟག་ཏུ་རབ་ཏུ་གཞུག་པ་དང་ནི་སྒྲིབ་བྲལ་གྱི་སྲིད་གསུམ་སྐྱེད་མ་སྣ་ཚོགས་ཡུམ་སྟོང་གཟུགས་གྲུབ་པའི་སྲོག་གཟུགས་གཉིས་པོ་བསྒྲུབ་པ་དེ་ནི་བླ་མའི་མན་ངག་ལས་འབད་པ་ཡིས་ནི་བསྒྲུབ་པར་བྱ་ཞིང་། དེ་ནས་ས་གཞིའི་གནས་དག་ཏུ་ནི་གང་ཞིག་གསུངས་པ་ཞི་བ་ལ་སོགས་ལས་རྣམ་པ་དག་ཀྱང་བསྒྲུབ་པར་བྱའོ། །དཔེར་ན་ཕ་དང་མ་

p. 421

ཡིས་རྣམ་པར་དམན་པའི་བུ་ནི་རྣམ་པ་ཀུན་ཏུ་ཡོད་པ་མིན་པར་དུས་ཀུན་ཏུ་ནི་འཇིག་རྟེན་ན་གྲགས་པ་བཞིན་དུ། དེ་ཕྱིར་ལས་འགྲུབ་པའི་རྒྱུ་ཕ་མ་ལྟ་བུ་ཐབས་ཤེས་སྲོག་གཟུགས་གཉིས་ནི་བདེ་མཉམ་འབྲས་སྟེར་ཡིན་ལ། གཉིས་པོ་དེ་ནི་བསྒྲུབ་པར་བྱ་སྟེ། རྣམ་པ་གཞན་དུ་དེ་མ་གྲུབ་ན་བུ་དང་འདྲ་བ་ཞི་སོགས་ལས་ཀྱི་འབྲས་བུ་ནི་འགྲུབ་པ་མིན་ནོ། །དྷཱུ་ཏི་ལ་སྲོག་གནས་ཤིང་གཟུགས་གསལ་བར་མཐོང་བའི་སྲོག་གཟུགས་གྲུབ་ན་ཞི་སོགས་གང་བསྒྲུབ་པར་འདོད་པའི་ལྷ་སོགས་ཀྱི་དམིགས་པ་བྱས་པ་བཙམ་གྱིས་ང་སེམས་དེ་དང་དེའི་རྣམ་པར་དངོས་སུ་གྱུར་ནས་ལས་ཅི་དང་ཅི་འདོད་པ་བསྒྲུབ་པ་ལ་ཐོགས་པ་མེད་དོ། །འདིའི་ཟུར་གྱིས་བསྐྱེད་རིམ་པས་ལས་བསྒྲུབ་ན་དཀྱིལ་འཁོར་གྱི་བདག་པོ་གཙོ་བོ་ཡབ་ཡུམ་ཀྱི་གསལ་སྣང་གི་ཏིང་འཛིན་ལ་གནས་པས་མཚན་མ་དུས་གྲངས་ཀྱི་བསྙེན་པ་སྔོན་དུ་བཏང་ནས་ལས་སྒྲུབ་པའང་ཤེས་པར་བྱའོ། །དེ་ནས་ཞི་སོགས་བསྒྲུབ་པའི་སླད་དུ་དང་པོའི་བསྒོམ་པ་གསུངས་པ་རང་དཀྱིལ་འཁོར་གྱི་གཙོ་བོའི་སྐུར་གསལ་བའི་ཐུགས་ཀར་པདྨའི་དབུས་སུ་རི་བོང་ཅན་དང་ཉི་མ་དང་མེ་ཡི་ཞེས་སྒྲ་གཅན་གྱི་སྟེང་དུ་རྡོ་རྗེ་ནི་ཧཱུ༷ཾ་ཡིག་ཡེ་ཤེས་ལས་སྐྱེས་པ་གང་ཞིག་འཇིག་པའི་དུས་ཀྱི་སྤྲིན་དང་མཚུངས་པ་ཁ་དོག་ནག་པོ་རྩེ་མོ་ལྔ་པ་འོད་ཟེར་ལྔ་འཕྲོ་བ་དང་བཅས་པ་དགོད་པར་བྱ་ཞིང་། རྡོ་རྗེ་དེ་ཡི་ལྟེ་བའི་དབུས་སུ་ཛཿཡི་ཡི་གེ་ལས་བྱུང་བ་རྡོ་རྗེ་ལྕགས་ཀྱུའི་འོད་ཟེར་ལྕགས་ཀྱུ་ལྟ་བུའི་རྣམ་པ་ཅན་རྣམས་ཀྱིས་འདོད་པ་སོགས་སྲིད་པ་གསུམ་པོ་མཐའ་དག་བཀང་བར་བྱས་ནས་སྒྲིབ་བྲལ་དང་ཁྱབ་བྱེད་ཉིད་ཀྱིས་རྣམ་གསུམ་སྲིད་པ་ལ་གནས་པའི་ཡེ་ཤེས་ཀྱི་འཁོར་ལོ་གང་ཡིན་པ་རྣམས་བཀུག་ནས་རྡོ་རྗེའི་ལམ་ཞེས་པ་ཨ་བ་དྷུ་ཏིའི་སྒོ་ནས་གཙུག་ཏོར་དང་དཔྲལ་བ་མགྲིན་པ་སྙིང་ག་ལྟེ་བ་གསང་བའི་ལམ་དུ་རབ་ཏུ་གཞུག་པར་བྱ་སྟེ་རྣམ་པ་ཐམས་ཅད་ཟླ་བ་ཞུ་བ་དང་མཚུངས་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་གང་ཡིན་པ་དེ་

p. 422

ཉིད་རང་གི་རྡོ་རྗེའི་ཁ་ནས་ཡུམ་གྱི་པདྨར་སྤྲོ་བར་བྱ་བ་ཇི་ལྟར་འཇིག་རྟེན་ན་སྐྱེས་བུས་རང་གི་རྡོ་རྗེའི་སྒོ་ནས་བུད་མེད་ཀྱི་པདྨར་བྱང་ཆུབ་ཀྱི་སེམས་དགའ་བ་དང་ལྡན་པར་སྤྲོ་བར་བྱེད་པ་དེ་བཞིན་ཏུ་ལྷའི་རྣལ་འབྱོར་གྱིས་ལྷ་མོའི་པདྨར་སྤྲོ་བར་བྱའོ། །ཡུམ་ཞེས་པ་འཆད་འགྱུར་ཞི་སོགས་ཀྱི་ལྷ་མོ་རྣམས་སྐྱེད་པའི་བྱ་བ་མཛད་མ་སྟེ་མངལ་སྐྱེས་རྣམས་ཀྱི་མ་ཇི་ལྟ་བ་དེ་བཞིན་ནོ། །ཁུ་བ་དེ་ནི་ཡུམ་གྱི་སྐྱེ་གནས་སུ་རྡུལ་ཁྲག་གི་ཁམས་ཉི་མར་རབ་ཏུ་ཞུགས་པ་རོ་མཉམ་འདྲེས་པ་དག་ཏུ་འགྱུར་ཏེ། ཨ་སོགས་དབྱངས་དང་ལྡན་པ་ཟླ་བ་ཞུ་བ་དང་། ཀ་སོགས་དང་ལྡན་པ་ཉི་མ་རྡུལ་ཏེ་སྲོག་དང་ཐུར་སེལ་དང་རབ་ཏུ་ལྡན་པ་དེ་ཡི་དབུས་སུ་ཞི་བ་ལ་སོགས་ལས་སོ་སོ་ཉིད་ཀྱི་ལྷ་གང་ཡིན་པའི་ཡེ་ཤེས་ཀྱི་ས་བོན་ཡི་གེ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་དུ་འགྱུར་ཏེ་སོ་སོའི་རིགས་ཀྱི་དབང་གིས་སོ་ཞེས་པ་ཕུང་པོ་ལྔའི་བག་ཆགས་ཀྱིས་བགོས་པའི་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ནི་མིང་གཟུགས་སྐྱེད་བྱེད་དུ་འགྱུར་བ་བཞིན་ཞི་སོགས་ལས་ཀྱི་ལྷ་རྫོགས་པའི་ས་བོན་དུ་ཡི་གེ་དེ་འགྱུར་རོ། །ས་བོན་དེ་ཡིས་སྐུ་ཡོངས་སུ་རྫོགས་པའི་གཞོན་ནུ་མ་ལོ་བཅུ་གཉིས་ཀྱི་མཐར་སོན་པའམ་ནི། གཞོན་ནུ་ལོ་བཅུ་དྲུག་གི་མཐར་སོན་པ་བདེ་བ་སྟེར་བར་འགྱུར་བ་བཞིན་དུ། རྣལ་འབྱོར་པས་ལྷ་མོའམ་ནི་ཐབས་ཀྱི་ལྷ་བསྒོམ་པ་ཡང་དེ་ལྟར་ངེས་པ་སྟེ། ལོ་བཅུ་གཉིས་སུ་ལྷ་མོ་རྣམས་བསྒོམ་པས་མཆོག་སྟེར་བར་འགྱུར་ཞིང་། ལྷ་ནི་ལོ་བཅུ་དྲུག་རྣམས་ཀྱིས་མཆོག་སྟེར་བར་འགྱུར་ཏེ་དེ་ལྟར་རྣལ་འབྱོར་པ་ལ་བསྒྲུབ་པའི་འབྲས་བུ་སྟེར་བ་ཉིད་དུ་འགྱུར་ཞིང་དེ་ནས་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་དང་བདེ་བ་ཐམས་ཅད་རྣལ་འབྱོར་བས་འགྲུབ་པར་འགྱུར་རོ། །རྣམ་པ་གཞན་དུ་དེ་ལྟར་སྒྲུབ་པར་མ་ནུས་ན་ཉོན་མོངས་པ་འབའ་ཞིག་སྟེ་མཆོག་སྟེར་བ་མཐོང་བའི་ཆོས་ལ་མི་འབྱུང་ཡང་སྐད་ཅིག་ཡུད་ཙམ་ལ་ལྷ་དང་སྔགས་ལ་སེམས་གཞོལ་བ་ཡང་

p. 423

དོན་ཆེན་པོར་འགྱུར་བ་སྨོས་མ་དགོས་སོ། །རྒྱུད་གཞན་ཐམས་ཅད་ལས་ཟླ་བ་དྲུག་ལ་སོགས་པའི་དུས་ངེས་པར་གསུངས་པ་ནི་བརྩོན་འགྲུས་དང་ལྡན་པ་ཉིན་དང་མཚན་མོར་བསྒོམ་པའི་བདག་ཉིད་ཅན་རྣམས་ཀྱི་དེ་ལྟར་ཡིན་གྱི། གཞན་རྩེ་གཅིག་བསྒོམ་མ་ནུས་པ་རྣམས་ཀྱིས་ནི་ལོ་བརྒྱའི་མཐར་ཡང་མ་ཡིན་ནོ་ཞེས་པ་སྤྱིར་ཐུན་མོང་གི་དབང་དུ་ངེས་པ་དེ་ལྟར་གསུངས་ཀྱི་སྔོན་གྱི་ལས་འཕྲོ་མཆོག་ཡོད་པ་རྣམས་ཀྱིས་ཞག་བདུན་སོགས་ཀྱིས་འགྲུབ་པའང་སྲིད་དོ། །དངོས་གྲུབ་འགྲུབ་པའི་དུས་ཀྱི་ངེས་པའོ། །འདིར་ལྷ་མོ་རྣམས་ལོ་བཅུ་གཉིས་ཀྱི་ན་ཚོད་ཅན་དང་ལྷ་རྣམས་ལོ་བཅུ་དྲུག་གི་ན་ཚོད་ཅན་དུ་བསྒོམས་པས་མཆོག་སྟེར་གྱི་གཞན་དུ་མ་ཡིན་ནོ་ཞེས་བཤད་པའང་ཡོད་དོ། །དེ་ནས་མཚན་མ་བསྐྱེད་པའི་སླད་དུ་ཡེ་ཤེས་ཀྱི་ས་བོན་རྣམས་གསུངས་པ། ཛཿཧཱུཾ་བ༷ཾ་ཧོ༷་རིམ་པས་ལྕགས་ཀྱུ་ཞེས་དང་རྡོ་རྗེ་དང་ནི་རྡོ་རྗེ་ཞགས་པ་དྲིལ་བུ་སྟེ། ཛཿཡིག་ལས་རྡོ་རྗེ་ལྕགས་ཀྱུ་དང་དེ་ཡོངས་སུ་གྱུར་པ་ལས་ལྷའམ་ལྷ་མོ་ཕྱག་ན་རྡོ་རྗེ་ལྕགས་ཀྱུ་ཅན་དུ་འགྱུར་རོ། །དེ་བཞིན་ཧཱུཾ་ལས་རྡོ་རྗེ་དང་དེ་ལས་ཕྱག་ན་རྡོ་རྗེ་འཛིན་པར་འགྱུར་རོ། །དེ་བཞིན་བམ་ལས་ཞགས་པ་ཅན་དང་། ཧོ་ལས་དྲིལ་བུ་ཅན་ནོ། །ཨོཾ་ཨཱཿཧཱུཾ་ཧོ༷། དེ་བཞིན་དུ་གསུང་པའམ་བཤད་པ་སྟེ། ཨོཾ་ལས་ཟླ་བ། ཨཱཿལས་ཉི་མ། ཧཱུཾ་ལས་རྡོ་རྗེ་ཞེས་པ་སྒྲ་གཅན་ཧོ་ལས་དེ་བཞིན་ཉིད་དུ་འགྱུར་མེད་ཅེས་པ་དུས་མེའི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་བཞི་པོ་དེ་ནི་རྡོ་རྗེ་བཞི་ཡི་གདན་ཉིད་དོ། །ཨཱི༷་རཱྀ་ཨཱུ་ལཱྀ༷་དེ་བཞིན་ཉིད་དུ་ཞེས་པ། ཨཱི་ལས་རལ་གྲི་དང་དེ་ཡོངས་གྱུར་རླུང་གི་ཁམས་ཀྱི་ལྷའམ་ལྷ་མོ་ཕྱག་ན་རལ་གྲི་འཛིན་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་རཱྀ་ལས་མེའི་ལྷ་ནོར་བུའམ་མདའ་འཛིན་པ། ཨཱུ་ལས་པདྨ་སྟེ། དེ་ལས་ཆུའི་ཁམས་ཀྱི་ལྷ་ཕྱག་ན་པདྨའམ་ཨུཏྤལ་དཀར་པོའོ། །ལཱྀ་ལས་འཁོར་ལོ་དེ་ལས་སའི་ལྷ་ཕྱག་ན་འཁོར་ལོའོ། །འདི་དག་དྲག་པོ་དང་དབང་དང་ཞི་བ་

p. 424

དང་རེངས་པ་སོགས་ཀྱི་ལས་སྒྲུབ་པའི་འབྱུང་བའི་ཁམས་ཀྱི་ལྷ་ཕྱག་མཚན་བཤད་མ་ཐག་པ་བཞིན་དང་ཁ་དོག་འབྱུང་བའི་རང་མདོག་ཅན་ནོ། །རབ་ཏུ་གསལ་བར་ཡ་ར་ཝ་ལ་བཞི་ནི་རིམ་པར་རླུང་མེ་ཆུ་དང་ས་ཡི་ས་བོན་རྣམས་ཏེ་དེ་ལས་འབྱུང་བ་དེ་དང་དེའི་ལྷ་རྣམས་སོ། །ཧཿཧཱུཾ་ཧ༷ཾ་ཕྲེ༷ཾ་བཞི་ནི་རིམ་པར་ཉི་མ་དང་ནི་རྡོ་རྗེ་དང་ཟླ་བ་དག་དང་གྲི༷་གུག་ཏུ་ཡང་དེ་བཞིན་གསུངས་ཞེས་པ། ཧཿལས་ཉི་དཀྱིལ་ལ་དེའི་སྟེང་དུ་ཧུཾ་ལས་གཙོ་བོའི་རྡོ་རྗེའོ། །ཧཾ་ལས་ཟླ་དཀྱིལ་ལ། དེའི་སྟེང་དུ་ཕྲེཾ་ལས་གཙོ་མོའི་གྲི་གུག་གོ། དེ་ལྟར་མཚན་མའི་ངེས་པ་སྟེ་དེ་བཞིན་དུ་གསུངས་ཞེས་པའོ། །དེ་ནས་ལྷ་བསྒྲུབ་པའི་རྗེས་ལ་ཞི་བ་ལ་སོགས་པའི་ལས་བྱ་བའི་སླད་དུ་ལྷའི་ཏིང་ངེ་འཛིན་གསུངས་པ་འདིར་སྔར་བརྗོད་པ་ལྟར་ཡུམ་གྱི་གསང་བའི་པདྨར་ཟླ་བ་ཉི་མའི་དབུས་སུ་ཨཱ་ལི༷་ཀཱ་ལི༷་དང་བཅས་པར་ཆུ་ཡི་ས་བོན་ཝཾ་ཡིག་གི་བདག་ཉིད་ཡོངས་སུ་གྱུར་པ་ལས་ཆུ་སྐྱེས་ཏེ་པདྨ་དཀར་པོའོ། །དེ་ལས་སྐུ་ཡོངས་སུ་རྫོགས་པའི་ལྷ་མོ་ཟླ་བའི་མདོག་ཅན། ཞལ་གཅིག་མ་སྟེ་ཟུང་གི་ཕྱག་གི་པདྨ་ཅན་ཕྱག་གཉིས་མ་གླང་ཆེན་ས་སྲུངས་དཀར་པོ་ལ་ཞོན་པ་ཕྱག་གཡོན་ན་ཆུ་སྐྱེས་དཀར་པོ་ཞེས་པ་ལྷ་མོ་ཡིན་ན་ཨུཏྤལ་དཀར་པོ་དང་གལ་ཏེ་ལྷ་ཡིན་ན་པདྨ་དཀར་པོའི་ཞེས་གསུངས་པ་འདིས་འདིར་ཞི་སོགས་ཀྱི་ལས་ལྷ་རྣམས་ལྷ་མོ་འབའ་ཞིག་ཏུ་གསུང་མོད། ལྷ་ཡང་བསྒོམ་ཆོག་པར་གསུངས་པར་ཤེས་ལ། དབང་ལྟ་བུ་ལ་མོ་ལ་ཕོ་དང་ཕོ་ལ་མོས་བྱ་བ་རྒྱུད་གཞན་དུའང་གསུངས་པས། ཁྱད་མེད་པར་ལྷ་ཕོའམ་མོ་གང་རུང་གིས་ཀྱང་ལས་ཐམས་ཅད་བྱ་རུང་ངོ་། །ཞི་བའི་ལས་ལྷ་དེ་དག་ཕྱག་གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་ཅན་དང་གོས་ནི་དཀར་པོ་དང་དཀར་པོའི་རྒྱན་མུ་ཏིག་གི་ཕྲེང་བས་བརྒྱན་པ་དང་ལྡན་ཞིང་རབ་ཏུ་བཞད་པའི་ཞལ་ཅན་དེ་ལྟ་བུ་དག་ནི་བསྒོམས་པར་བྱས་ནས། དེ་ཡང་བསྒྲུབ་བྱའི་ཁྱིམ་ག་ན་བ་ཉིད་དུ་བསྐུལ་བར་བྱའོ། །ཁྱིམ་དེ་ནས་བསྒྲུབ་བྱ་འོད་ཟེར་གྱི་དྲྭ་བས་བཟུང་ནས། སླར་ཡང་ཁྱབ་བདག་དུས་ཀྱི་འཁོར་ལོའི་དཀྱིལ་

p. 425

འཁོར་དུ་ནི་བསྒྲུབ་བྱ་ཡང་དག་པར་རབ་ཏུ་གཞུག་པར་བྱའོ། །དེ་ནས་གཙོ་བོའི་བཀའ་ཡིས་འདི་ལ་ཞི་བའམ་རྒྱས་བའི་ལས་གང་ཡིན་པ་དེ་གྱིས་ཤིག་ཅེས་པའི་གསུང་ནི་རབ་ཏུ་ཐོབ་ནས། སྤྱན་མ་ལ་སོགས་ཡུམ་བཞི་རབ་ཏུ་དགྱེས་པ་རྣམས་ཀྱིས་བདུད་རྩིའི་བུམ་པ་ཡིས། བསྒྲུབ་བྱ་དེ་ནི་བཀྲུ་བར་བྱེད་ཅིང་། ཕྱག་རྒྱའི་རབ་མཆོག་ཕར་ཕྱིན་རྣམ་པ་བཅུ་ཡི་ནུས་མ་རྣམས་ཀྱིས་མཆོད་པ་སྣ་ཚོགས་པ་རྣམས་ཀྱིས་མཆོད་པར་བྱེད། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་ཚེ་དང་ལུས་དང་དཔལ་ཉམས་པ་སོགས་གསོ་བར་བྱེད་ཅིང་། རབ་གསལ་སྒེ༷ག་མོ་ལ་སོགས་མཆོད་པའི་ལྷ་མོ་བཅུ་དང་གཉིས་པོ་རྣམས་དེ་ཡིས་ཚིམ་པར་བྱེད། ཙརྩི་ཀཱ་སོགས་འབྱུང་པོར་གྲགས་པ་མ་མོ་དོན་གཉིས་རྣམས་ཀྱིས། ཕ་རོལ་གྱི་གནོད་པ་སོགས་ཀྱི་འཇིགས་པ་མེད་པར་བྱེད་ཅིང་རབ་མཆོག་རྣམ་པ་བཅུ་ཡི་ཁྲོ་སྐྱེས་ཁྲོ་མོ་བཅུ་པོ་རྣམས་ཀྱིས་བུ་བཞིན་སྐྱོང་བར་བྱེད། ཀླུ་མོ་རྣམས་ཀྱིས་བྱིས་པ་ལ་མ་བཞིན་དུ་བརྩེ་བས་ཁ་སྦྱར་བའི་འོ་དག་བྱེད་ཅིང་འཆི་མེད་ལྷ་ཆེན་བཅུ་གཉིས་ཀྱི་ཡུམ་ན་ཆུང་བཅུ་གཉིས་རྣམས་ཀྱིས་ལུས་ལ་དགའ་བས་འཁྱུད་པ་དག་ཏུ་བྱེད། ཁྱི་གདོང་མ་སོགས་གཏུམ་མོ་རྣམས་ཀྱིས་མི་མཐུན་ཕྱོགས་ལས་བསྲུང་བ་བྱེད་དེ། དེ་ལྟར་བྱས་པའི་དགོས་པ་ནི་མཐའ་དག་ས་གཞི་དག་ལ་འགྲོ་བ་རྣམས་ཀྱི་ནད་སོགས་ཉེ་བར་འཚེ་བ་མཐའ་དག་ཞི་བ་དང་། ཚེ་དཔལ་འབྱོར་པ་སོགས་རྒྱས་པའི་དོན་གྱི་སླད་དུའོ། །དེ་ལྟར་ཞི་རྒྱས་ཀྱི་ལས་བསྒྲུབ་པར་བྱ་བའི་ཡུལ་དེ་ཡི་དོན་དུ་ནི། ཞི་རྒྱས་ཀྱི་ཏིང་འཛིན་མཆོག་གི་བདེ་བ་བྱེད་པ་ཐམས་ཅད་རྣལ་འབྱོར་པ་ཡིས་བསྒོམ་པར་བྱའོ། །ཞི་རྒྱས་ཀྱི་ལས་བསྒྲུབ་པའི་ཏིང་ངེ་འཛིན་ནོ། །དེ་བཞིན་དུ་ཟླ་བ་ཉི་མའི་དབུས་སུ་ས་བོན་ཧྲཱིཿདམར་པོ་སྟེ། དེ་ཡོངས་སུ་གྱུར་པ་ལས་ཨུཏྤལ་དམར་པོ་ཁ་མ་ཕྱེ་བའི་མདེའུ་ཅན་གྱི་མདའ་ཉིད་དང་ནི་ཨི༷ཀྵའི་ཞེས་པ་བུར་ཤིང་གི་གཞུ་ཉིད་བསྒོམ་ལ། དེ་ལས་རྫོགས་པ་ཡི་ལྷ་མོ་དམར་མོ་ཉི་མ་ལྟར་གསལ་བ། ཕྱག་ནི་གཉིས་ཀས་གཞུ་དང་མདའ་ནི་གཡས་པའི་རྣ་བའི་

p. 426

བར་དུ་བཀང་བ་གདན་པདྨ་དང་ནི་རི་བོང་འཛིན་པར་གཡོན་བརྐྱང་པའི་སྟབས་ཀྱིས་རྟ་དམར་པོ་ལ་ཞོན་པ་དབང་གི་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱའོ། །ལྷ་མོ་དེས་བསྒྲུབ་བྱ་ཡི་ནི་སྙིང་ག་ལྟེ༷་བ་གསང་བ་དག་དང་མགོ་དང་ཁ་ལ་མདའ་ལྔ་ཡིས་བསྣུན་པར་བྱས་ཤིང་། མགྲི༷ན་པར་གཞུ་ཡིས་བཅིངས་ནས་ལྷ་མོ་དེ་ཡིས་རང་དབང་མེད་པར་བསྐྱོད་པ་དག་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དཀྱིལ་འཁོར་དུ་ནི་ཁྲིད་པར་བྱེད་པ་སྟེ། དེ་ནས་དེ་ལ་གཙོ་བོས་འདི་དབང་དུ་གྱིས་ཤིག་ཅེས་པའི་བཀའ་ལུང་ཐོབ་པས། དུར་ཁྲོད་ཀྱི་གཏུམ་མོ་རྣམས་ཀྱིས་གོས་དང་བྲལ་བར་བྱས་ཤིང་ཀླུ་མོ་རྣམས་ཀྱིས་ཀྱང་ནི་ལྷ་སོ་སོའི་དྲུང་དུ་ངེས་པར་བཀྲི་བ་སྟེ་ཁྲིད་པར་བྱས་ནས། ལྷ་མོ་རྣམས་ཀྱིས་གཤེ་བ་དང་སྤྱོ་བར་བྱས་པའི་ཚུལ་གྱིས་ང་རྒྱལ་བཅག་པར་བྱེད་ཅིང་། ཁྲོ་སྐྱེས་མ་རྣམས་ཀྱིས་གཏུན་ཤིང་དབྱུག་པར་བཅས་པ་དག་གིས་བསྣུན་པར་བྱེད་ལ། ཙར་ཙི་ཀཱ་སོགས་འབྱུང་པོ་མ་རྣམས་ཀྱིས་ཅུང་ཟད་འཇིགས་པར་བྱེད་ཅིང་ཁེངས་པ་མཐའ་དག་ཉམས་པར་བྱས་ནས། ཐུགས་དཀྱིལ་གྱི་སྒེག་མོ་ལ་སོགས་མཆོད་ལྷ་རྣམས་ཀྱིས་ཀྱང་ནི་དེའི་ལུས་ལ་སེན་མོ་རྣོན་པོ་འདེབས་པས་ཡིད་རང་དབང་མེད་པར་དྲངས་ཤིང་། སེམས་མ་རྡོ་རྗེ་མ་རྣམས་ཀྱིས་ནི་དེའི་སེམས་མྱོས་ཤིང་བློ་གྲོས་ཉམས་པར་བྱས་ནས། ཡུམ་བཞིས་ས་དང་ཆུ་དང་བསྲེག་ཟ་ང་རྣམས་དག་གིས་ལུས་ཀྱི་ཡན་ལག་ཐམས་ཅད་བཅིངས། ནུས་མ་རྣམས་ཀྱིས་གོས་བྲལ་གཅེར་བུ་དེ་ཉིད་བསྒྱེལ་ནས་དེའི་རྒྱུད་ཀྱི་རྒྱགས་པ་མཐའ་དག་བཅོམ་ཞིང་གཙོ་བོ་ཡི་ནི་ཞབས་ཀྱི་འོག་གང་ལ་ལྷུང་བར་བྱས་ཏེ། དེ་ལྟར་དབང་དུ་བྱས་ནས་སླར་ཡང་ཁྱབ་བདག་གཙོ་བོ་དག་གིས་དབང་དུ་གྱུར་པ་དེ་ལ་ཡིད་ནམ་ཡང་ཕྱིར་མི་ཕྱོགས་པར་བདག་ཉིད་འབའ་ཤིག་ལ་དགའ་ཞིང་ཡིད་ཚིམ་པར་བྱས་ཏེ། དེ་ལྟར་བསྒྲུབ་བྱ་དེར་ནི་དབང་གི་ལས་དེ་ལྟ་བུ་བསྒྲུབ་པར་བྱའོ། །གཞན་ཐམས་ཅད་དབང་དེ་བཞིན་ལ། ལྷ་མོ་ཕྱག་གཉིས་ན་གཡོན་ཞགས་པ་དང་གཡས་རྡོ་རྗེ་ལྕགས་ཀྱུ་བསྣམས་

p. 427

པ་དག་གིས། བསྒྲུབ་བྱ་གང་འགུག་པར་འདོད་པ་དེ་ཉིད་གནས་ཁམས་གསུམ་པོ་གང་ན་གནས་པ་དེ་ནས་རང་དབང་མེད་པར་དགུག་པའི་ལས་ནི་གོང་དུ་དགུག་པ་དང་རྐང་པས་དགུག་པའི་ལས་རྣམ་པ་མང་པོར་བྱ་བ་ཉིད་དུ་འགྱུར་རོ། །དེ་ལ་གོང་དུ་དགུག་པ་ཞེས་པ་བསྒྲུབ་བྱ་དེ་རང་གི་དྲུང་དུ་རྐང་པས་གོམས་པ་འདོར་ནས་འོངས་མི་དགོས་པར་ནམ་མཁའ་ལས་ཅིག་ཆར་དགུག་པ་དང་རྐང་པས་དགུག་པ་ནི་རྐང་པས་གོམས་པ་འདོར་ནས་རང་གི་དྲུང་དུ་འོངས་པར་བྱེད་པ་ཡིན་ལ་རྣལ་འབྱོར་པའི་ནུས་པས་མྱུར་དུ་འོང་པ་དང་། རིམ་གྱིས་མཐར་འོངས་པ་ལྟ་བུའི་ཁྱད་པར་དུ་མར་འགྱུར་ལ། བསྒྲུབ་བྱའི་ངོས་ནས་ལྷ་མོ་དང་ཀླུ་མོ་མི་མོ་སོགས་རྣམ་པ་དུ་མར་འགྱུར་རོ། །རྣམ་པ་མང་པོར་འགྱུར་ཞེས་པ་དགུག་པའི་ཏིང་ངེ་འཛིན་ཡང་ནས་ཡང་དུ་རྣམ་པ་མང་པོར་བྱ་བར་འགྱུར་ཞེས་འཆད་པའང་ཡོད་དོ། །བསྐྲད་པའི་ཏིང་ངེ་འཛིན་ནི། ཉི་མ་དང་ཟླ་བའི་དབུས་སུ་སྤྲིན་ནག་དང་མཚུངས་ཧཱུྃ་ཡིག་རིང་བོ་ལས་སྐྱེས་པའི་རལ་གྲི༷་ནག་པོ་བསྒོམས་པར་བྱས་ནས། དེ་ཡོངས་སུ་གྱུར་པ་ལས་བྱུང་བ་ལྷ་མདོག་ནག་པོ་བུང་བའི་མདོག་ཅན་ཕྱག་གི་པདྨ་གཡས་རལ་གྲི༷་དང་ནི་གཡོན་བསྡིགས་མཛུབ་ཀྱིས་བཟུང་པ་ཞགས་པའི་ཕྱག་མཚན་ཅན། མདོག་སྔོ་བའི་རྔ་མོའི་སྟེང་དུ་ཞབས་གཡོན་པ་བརྐྱང་ཞིང་གཡས་བསྐུམས་པའི་དོར་སྟབས་ཅན། རབ་ཏུ་ཁྲོས་པའི་ཞལ་ཅན་དེ་ནི་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱ་ཞིང་། ལྷ་དེས་བསྒྲུབ་བྱ་ཞགས་པས་བཅིངས་པ་བྱས་ནས་ཁྲོས་པའི་ཞལ་གྱིས་སྡང་མིག་བཅས་དཀྱིལ་འཁོར་གྱི་ནི་སྒོ་རུ་ཁྲིད་པར་བྱས་ཏེ། སྒོ་དེར་ཡཿཡིག་ལས་སྐྱེས་པའིརྔ་མོ་ནག་པོ་ཤིན་ཏུ་མགྱོགས་པ་རླུང་ལྟར་བགྲོད་པ་དེ་ལ། གཙོ་བོའི་གསུང་གིས་འདི་ཞོན་ནས་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པར་སོངས་ཤིག་ཅེས་བཀའ་གནང་བས་བསྒྲུབ་བྱ་དེ་ནི་རྔ་མོ་དེ་ལ་ཞོན་པས་རྩེ་མོ་ཅན་མེ་དང་གཡོ་བའི་རླུང་གི་དཀྱིལ་འཁོར་ཇི་སྲིད་ཉིད་དུ་རང་དབང་མེད་པར་རླུང་གི་

p. 428

ཤུགས་ཀྱིས་རང་བཞིན་གྱིས་ནི་བསྐུལ་ཏེ་འགྲོ་བར་བསམ་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་དེས་ལྷ་ཡི་བདག་པོ་བརྒྱ་བྱིན་དག་ཀྱང་ངེས་པར་བསྐྲད་པར་འགྱུར་ན་མི་རྣམས་དག་ནི་སྨྲོ༷ས་ཅི་དགོས། དབྱེ་བ་ལ་ཡང་གཞན་བསྐྲད་པ་འདྲ་ལ། རྔ་མོས་དམན་ཞིང་ཞེས་རྔ་མོ་ལ་ཞོན་པ་བསྒོམ་མི་དགོས་ཤིང་། བསྒྲུབ་བྱ་དེ་གཉིས་དཀྱིལ་འཁོར་གྱི་སྒོར་ཁྲིད་པ་ཕན་ཚུན་གཅིག་ལ་གཅིག་ཡིད་སྡང་བས་རྩོད་པ་མང་པོ་བྱས་པ་དེ་དག་ནི་གཙོ་བོའི་བཀས་འདི་གཉིས་སོ་སོར་ཕྱེས་ཤིག་ཅེས་པས་ཕོ་ཉ་རྣམས་ཀྱིས་གཡས་ལྷོ་དང་གཡོན་བྱང་གི་ཕྱོགས་ཉིད་དུ་སོ་སོར་བཀྲི་བའམ་ཁྲིད་ནས་ནམ་ཡང་ཕན་ཚུན་མི་འཕྲད་པར་གཏན་དུ་ཕྱེ་བར་བསམ་པར་བྱའོ། །རེངས་པའི་ཏིང་ངེ་འཛིན་ནི། ཉི་ཟླའི་དབུས་སུ་ཡི་གེ་ལཿཞེས་བྱ་བ་ཡོངས་སུ་གྱུར་པའི་འཁོར་ལོ་བཟང་པོ་ཁ་དོག་སེར་པོ་བསྒོམས་པར་བྱས་ནས་དེ་ལས་བྱུང་བ་ལྷ་ཞལ་གཅིག་པ་སྟེ་ཁ་དོག་མཆོག་གི་གསེར་དང་མཚུངས་པ་སེར་པོ། ཕྱག་གཉིས་ན་གཡོན་ལྕགས་སྒྲོག་དང་གཡས་འཁོར་ལོ་ཅན། གདན་རུས་སྦལ་ལ་ནི་ལྷ་མིན་གདན་གྱིས་གནས་ཤིང་ཤིན་ཏུ་དལ་བར་འགྲོ་བ་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱ། ལྷ་དེས་བསྒྲུབ་བྱ་དེ་ལ་འཁོར་ལོས་འཇིགས་ཤིང་བསྔངས་པར་བྱས་ནས་ལུས་ས་ལ་རབ་ཏུ་བསྒྱེལ་ཏེ་ལྕགས་སྒྲོག་གིས་ནི་རྐང་པ་གཉིས་པོ་བཅིངས་ཏེ། དཀྱིལ་འཁོར་དུ་ནི་ཀུན་ཏུ་ཁྲིད་ཅིང་རྒྱལ་བའི་བདག་པོའི་བཀའ་ཡིས་འདི་རེངས་པར་གྱིས་ཤིག་ཅེས་གསུངས་པས་འཛིན་མ་ལ་ནི་བསྒྱེལ་བྱས་ནས། དེ་ཡི་སྟེང་དུ་བསྒྲུབ་བྱའི་ལུས་ལ་རི་རབ་ལྷུན་པོ་རྒྱུ་ནི་མཆོག་གི་གསེར་གྱི་རང་བཞིན་ཅན་དགོད་པར་བྱ་ལ་དེའི་ལྗིད་ཀྱིས་སྒོ་གསུམ་གཡོ་མེད་དུ་མནན་ནས་རེངས་པར་བསམ་པ་རེངས་པའི་ལས་ལ་སྟེ། ཕུར་བུས་གདབ་པའི་དོན་དུ་གཞན་དེ་དང་འདྲ་ལ་ས་ལ་བསྒྱེལ་བའི་ལུས་ཀྱི་གནད་ཀྱི་ཚིགས་དྲུག་ལ་ནི་རྡོ་རྗེའི་རང་བཞིན་གྱི་ཕུར་བུ་རྣམས་ཀྱིས་གཟེར་གདབ་པར་བྱའོ། །

p. 429

རྨོངས་པ་ལ་ཡང་གཞན་སྔར་དང་འདྲ་ལ་དུག་གིས་མྱོས་པར་བྱེད་པའི་སྦྲུལ་སེར་པོ་རྣམས་ཀྱིས་ནི་བསྒྲུབ་བྱའི་ལུས་ཀུན་ཏུ་ཟ་བར་བྱེད་ཅིང་དུག་གིས་མྱོས་ནས་དྲན་པ་ཉམས་ཏེ་ས་ལ་འགྱེལ་པར་བསྒོམ་པར་བྱའོ། །གསད་པ་ལ་ནི། ཉི་མ་དང་ཟླ་བའི་དབུས་སུ་དྲི་མེད་གློ༷ག་དང་མཚུངས་པའི་གྲི༷་གུག་ཕྲེཾ་གྱི་རང་བཞིན་གྱིས་མཚན་པ་བསྒོམ་བྱས་ནས་ཞེས་སམ་ཡང་ན་ཕྲེཾ་ལས་གྲི་གུག་བསྒོམ་མོ། །དེ་ལས་བྱུང་བའི་རབ་ཏུ་གཏུམ་མོ་བསྐལ་བ་འཇིག་དུས་ཀྱི་ཆར་སྤྲིན་དང་མཚུངས་པ་མདོག་ནག་མོ་ཕྱག་ན་གྲི༷་གུག་དང་ཐོད་པ་ཅན། རྟ་ཡི་དགྲ་མ་ཧེ་ཡི་སྟེང་དུ་ཞབས་གཡོན་པ་བརྐྱང་བའི་སྟབས་ཀྱིས་རོལ་ཞིང་གོས་དང་བྲལ་བ་གཅེར་བུ་དེ་ཉིད་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱ། དེས་བསྒྲུབ་བྱའི་སྐྲ་རྣམས་དག་ལས་མྱུར་དུ་བཟུང་ཞིང་དེ་ཡིས་དཀྱིལ་འཁོར་དུ་ནི་བསྒྲུབ་བྱ་གོས་ཀྱིས་དམན་པ་ཡང་ཀུན་ཏུ་ཁྲིད་དེ་དཔལ་ལྡན་དུར་ཁྲོད་དག་ཏུ་བསྒྱེལ་པར་བྱས་པ། རྒྱལ་བའི་བདག་པོའི་བཀའ་ཡིས་འདི་སོད་ཅིག་ཅེས་གསུངས་པས། ཕོ་ཉའི་ཚོགས་མ་རུངས་པ་བྱ་རྒོད་དང་བྱ་རོག་དང་ཅེ་སྤྱང་རྣམས་ཀྱིས་བསྒྲུབ་བྱའི་ཡན་ལག་ཀུན་ལས་ཁྲག་རྣམས་དྲངས་ཏེ་འཐུངས་ཤིང་། དེའི་ཤ་དང་དེ་བཞིན་དུ་ནི་རུས་པ་སོགས་ཁམས་ཀུན་ཟོས་ནས་ལྷག་མ་མེད་པར་མ་ལུས་པ་ཟོས་པར་བསམ་མོ། །དེ་ལྟར་གདུག་ཅན་གསོད་པའི་ལས་མ་ལུས་པ་ནི་རབ་མཆོག་ས་ཡི་གཞི་ལ་རྣལ་འབྱོར་བས་གདུལ་བྱ་ལས་ངན་ལ་ཕན་པའི་ཐབས་སུ་བསྒོམ་པར་བྱ་སྟེ་འདི་ནི་གསད་པ་དག་གི་ལས་ལའོ། །བསམ་གཏན་འདི་ལྟ་བུ་ཡིས་བརྒྱ་བྱིན་དག་ཀྱང་མྱུར་དུ་གཤིན་རྗེའི་གྲོང་ཁྱེར་དུ་འགྲོ་ན་མངལ་ནས་སྐྱེས་པ་སྨྲོས་ཅི་དགོས་སོ། །དེ་ལྟར་དབང་ལ་སོགས་པ་ཚིགས་བཅད་དགུ་ནི་གོ་སླ་བས་འགྲེལ་ཆེན་དུ་བཤད་པ་མ་མཛད་དོ། །དེ་ནས་ཞི་སོགས་ཀྱི་བསམ་གཏན་གཞན་གསུངས་པ། འདིར་རང་ཉིད་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའི་སྐུ་

p. 430

ཞི་རྒྱས་དབང་དགུག་སོགས་ལ་ཕྱག་ཉེར་བཞི་བ་ཞི་བ་དང་། གསད་པ་དང་རེངས་པ་སོགས་ཀྱི་ལས་ལ་ཕྱག་ཉེར་དྲུག་པ་དྲག་པོ་བསྒོམ་པར་བྱ་སྟེ། དེ་ནས་སྐད་ཅིག་གིས་རྣམ་པས་དུས་ཀྱི་འཁོར་ལོའི་ཐུགས་ཀར་ཞི་དང་རྒྱས་པ་ལ་ཡང་རིགས་ཀྱི་དབང་གིས་ཆུ་ཡི་དཀྱིལ་འཁོར་ལ་ཆུ་ཡི་ས་བོན་ཨུ་ཡིག་ལས་ནི་སྐྱེས་པའི་ཆུའི་ཁམས་ཀྱི་ལྷ་ཁ་དོག་དཀར་པོ་དང་། འོད་ཟེར་དཀར་པོ་འཕྲོ་བ་སོགས་བསམ་གཏན་དག་ཀྱང་དཀར་པོར་འགྱུར་རོ། །དབང་དང་དགུག་པ་ལ་ཡང་མགྲིན་པར་མེ་ཡི་དཀྱིལ་འཁོར་ལ་ཁ་དོག་དམར་པོ་ལུས་ནི་སྲེག་པར་བྱེད་པ་མེ་ཡི་ས་བོན་རྀ་ཡིག་ལས་བྱུང་བའི་ལྷ་དམར་པོའི་བསམ་གཏན་གྱི་བདག་ཉིད་བྱ་བ་ཉིད་དོ། །དབྱེ་བ་དང་ནི་བསྐྲད་པ་ལ་ཡང་དཔྲལ་བར་རླུང་གི་དཀྱིལ་འཁོར་ལ་འཇིག་དུས་ཀྱི་སྤྲིན་དང་མཚུངས་པ་ཁ་དོག་ནག་པོའི་རང་བཞིན་གྱི་རླུང་གི་ས་བོན་ཨི་ཡིག་གི་བདག་ཉིད་དོ། །ཞེས་དེ་ལ་སྐྱེས་པའི་ལྷ་སོགས་ནག་པོའི་བསམ་གཏན་བྱའོ། །རེངས་པ་རྣམས་དང་ནི་ཕུར་བུས་གདབ་པ་སོགས་ལ་ལྟེ་བར་ས་ཡི་དཀྱིལ་འཁོར་ལ་གསེར་ཞུན་མའི་ཁ་དོག་དང་མཚུངས་པའི་ལྀ་ཡིག་སེར་པོ་ས་ཡི་ས་བོན་གྱི་རང་བཞིན་ལས་ལྷ་སེར་པོ་སོགས་ཀྱི་བསམ་གཏན་ནོ། །གསད་པ་ལ་གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོའི་མདོག་ཅན་ལ་སྟོང་བ་ཡེ་ཤེས་ཀྱི་ས་བོན་ཨཱ་སྔོན་པོ་ལས་ལྷ་སྔོན་པོའི་མདོག་ཅན་གྱི་བསམ་གཏན་དང་གསོ་བ་ལ་གཙུག་ཏོར་དུ་སྟོང་བའི་དཀྱིལ་འཁོར་ལྗང་གུ་ལ་ནམ་མཁའི་ཁམས་ཨཱ་ཡིག་གིས་རིགས་ཀྱི་ལྗང་གུའི་བསམ་གཏན་བྱ་སྟེ། འདིར་ཁ་ཅིག་ཡེ་ཤེས་ཀྱི་ས་བོན་ཨཾ་བྱས་པ་སྣང་། དེ་ལྟར་སྟོང་པའི་ས་བོན་ཨཱ་དང་ཨ་ལས་ནི་སྔོན་པོའི་མདོག་དང་ལྗང་ཀུར་འགྱུར་ཏེ་དེ་གཉིས་ནི་རིམ་བཞིན་གསད་དང་གསོ་བ་དག་ལའོ། །དེ་ལྟར་ཞི་སོགས་ཀྱི་དུས་སུ་རང་ཉིད་དུས་ཀྱི་འཁོར་ལོ་ཡང་རྩ་ཞལ་དང་སྐུ་མདོག་དཀར་པོ་སོགས་ལས་དང་མཐུན་པའི་ཁ་དོག་གཙོ་བོར་བྱས་པ་དེའི་སྐུའི་གནས་རྣམས་སུ་ཞི་སོགས་ཀྱི་ལྷ་དེ་ལྟར་བསྒོམ་པར་བྱའོ། །དེ་ལྟར་

p. 431

གནས་དྲུག་པོ་རྣམས་སུ་རིགས་དྲུག་གི་དབང་གིས་བསམ་གཏན་བྱས་ནས་དེར་བུམ་ཅན་གྱི་སྦྱོར་བས་སྲོག་ཡང་དག་པར་སྡོམ་པ་ལས་འགྲུབ་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་ས་སོགས་ཀྱི་ཟད་པར་བསྒོམ་པའི་ཏིང་ངེ་འཛིན་གསུངས་པ། འདིར་གང་གི་ཚེ་རྣལ་འབྱོར་པ་རྣམས་ཀྱི་ལྷ་གྲུབ་པར་གྱུར་པ་སྟེ་ཀུན་རྫོབ་ཏུ་བསྐྱེད་རིམ་མཐར་ཕྱིན་ནས་ལྷ་གྲུབ་པའམ། ངེས་དོན་དུ་སྲོག་གཟུགས་ཀྱི་ལྷ་གྲུབ་པར་གྱུར་པ་ན། རང་གི་ལྟེ་བར་སའི་དཀྱིལ་འཁོར་ལས་ས་ཡི་ཟད་པར་རྒྱ་མཚོའི་སྟེང་དུ་ཟམ་སྟེགས་བརྩིགས་པ་བཞིན་དུ་སྤྲོས་ནས་བསྒོམས་པས་ཀུན་ནས་ཆུ་ཡི་གཏེར་ཆེན་པོ་ཉིད་དུ་འགྲོ་བ་ལ་སྟེ། ཟད་པར་ས་ཡི་བསམ་གཏན་དེས་རྒྱ་མཚོའི་སྟེང་དུ་ཐང་ལ་འགྲོ་བ་བཞིན་དུ་རྣལ་འབྱོར་པ་འགྲོ་བར་བྱེད་དོ། །དེ་བཞིན་རླུང་གི་ཟད་པར་བསྒོམ་པ་ནི། ཆར་པ་ཆེན་པོ་འབབ་པ་ནི་ཉམས་པར་བྱེད་པའི་དོན་ཏེ། དཔྲལ་བར་རླུང་གི་དཀྱིལ་འཁོར་ལ་རླུང་གི་ས་བོན་ཨི་ལས་སྤྲིན་རྣམས་ཀྱི་གནས་སུ་རླུང་གི་ཟད་པར་སྤྲོ་བར་བསྒོམས་པས་སྤྲིན་དང་ཆར་མེད་པར་བྱེད་དོ། །གཞན་ཡང་ཁམས་ལྔའི་རང་བཞིན་གྱི་ཁང་པ་བརྩིགས་པ་ཞེས་པ་ར་བའི་རྩིག་པའམ་རིམ་པ་ལྔ་དང་ལྡན་པའི་གུར་ལྟ་བུ་བདག་ཉིད་ཀྱི་སྟེང་དུ་བསྒོམས་པས་ཆར་བབས་ཀྱང་ས་ཇི་ཙམ་དུ་ཁྱབ་པར་བསྒོམ་པའི་ཆ་དེར་ཆུ་ཆར་གྱི་རེག་པར་མི་འགྱུར་བར་དུས་འཁོར་རྩ་རྒྱུད་ལས་གསུངས་སོ། །མེ་ཡི་ཟད་པར་དག་ཀྱང་ས་ཡི་དཀྱིལ་འཁོར་གསེར་བཞིན་བཞུ་བའི་དོན་ཏེ། མགྲིན་པར་མེ་དཀྱིལ་ལ་མེ་ཡི་ས་བོན་ཡོངས་གྱུར་ལས་མེ་འབར་བ་རྣམས་ས་དང་རྡོ་བ་སོགས་ཀྱི་གནས་སུ་སྤྲོས་པས་བསྲེག་ཅིང་བཞུ་བར་བྱེད་དོ། །དེ་བཞིན་མེ་འབར་བ་ལ་སོགས་པ་དག་ཀྱང་ཉམས་པར་བྱེད་པའི་དོན་དུ། ལྷའི་ཐུགས་ཀར་ཆུ་དཀྱིལ་ལ་ཆུ་ཡི་ས་བོན་ལས་ཆུ་ཡི་ཟད་པར་མེའི་སྟེང་དུ་སྤྲོས་ནས་བསྒོམ་པར་བྱས་པས་མེ་དེ་བསིལ་ཞིང་སྲེག་པའི་ནུས་པ་དང་

p. 432

བྲལ་བར་བྱེད་པ་ཉིད་དུ་འགྱུར་རོ། །གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཨའམ་ཧ་ལས་ནམ་མཁའི་ཟད་པར་རྫས་དང་བྲལ་བ་སྟོང་པའི་ཟད་པར་བསྒོམ་པས་རང་ལུས་ནམ་མཁའ་ལ་འགྲོ་བ་དང་། དེ་བཞིན་དུ་ཆོམས་རྐུན་སོགས་ཀྱིས་ཉེ་བར་འཚེ་བ་ན་བསམ་གཏན་དེ་བྱས་པས་སྣང་བ་མིན་པ་སྟེ་མི་སྣང་བར་བྱེད་པ་ལ་བསྒོམ་པར་བྱའོ། །དེ་ནས་དུད་འགྲོའི་ཉེར་འཚེ་ཞི་བའི་དོན་དུ་བསམ་གཏན་གསུངས་པ། འདིར་གང་གི་ཚེ་གླང་པོའི་བདག་པོས་འཇིགས་པར་གྱུར་པ་ན་གླང་པོའི་བདག་པོ་གཞོམ་པ་ལ་ནི་མགྲིན་པར་མེ་ཡི་ས་བོན་ར་ཡིག་ཉིད་ལས་ཁའམ་གདོང་པ་ལྔ་པ་སེང་གེ་ཡི་བསམ་གཏན་དུ་འགྱུར་རོ། །དེ་བཞིན་ཀླུ་ཡི་དབང་པོ་གཞོམ་པ་ལ་ནི་མཁའ་ལྡི༷ང་དཀར་པོ་སྙིང་གའི་ཆུ་ཡི་ས་བོན་ཝ་ཡི་ཡི་གེ་ལས་བྱུང་བའི་བདག་ཉིད་ཅན་དུ་འགྱུར་རོ། །རི་དྭགས་བསེ་ཡི་འཇིགས་པ་དང་སེང་གེ་དག་ལ་རྐང་པ་བརྒྱད་པ་སྟེ་ཤ་ར་བྷ་འཇིག་དུས་སྤྲིན་དང་མཚུངས་པ་ནག་པོ་དཔྲལ་བའི་རླུང་དཀྱིལ་ལས་རླུང་གི་ས་བོན་ཡ་ལས་བྱུང་བའི་བདག་ཉིད་ཅན་གྱི་བསམ་གཏན་གྱིས་སོ། །རྟ་ཡི་དགྲ་མ་ཧེ་གཞོམ་པ་ལ་བསེ་ཞེས་གྲགས་པ་ས་ཡི་རིགས་ཀྱི་དབང་གིས་ལྟེ་བར་ས་དཀྱིལ་ལ་ས་ཡི་ས་བོན་ལ་ཡིག་ལས་བྱུང་བའི་མདོག་སེར་པོ་བསྒོམ་པར་བྱའོ། །བསེ་ཞེས་པ་བསེ་རུ་ལ་ངོས་བཟུང་སྣང་ངོ་། །ལྷ་མིན་རྣམས་གཞོམ་པ་ལ་ཁྲོ་བོ་སྐྱེས་ཞེས་པ་གཙུག་ཏོར་གྱི་འཁོར་ལོར་ནམ་མཁའི་དཀྱིལ་འཁོར་ལྗང་ཀུའམ། ཡང་ན་གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་ལ། རིམ་བཞིན་གཙུག་ཏོར་དུ་ཧུཾ་ཡིག་གི་ས་བོན་ལས་ཁྲོ་བཅུ་གང་རུང་ངམ། གསང་བར་ཀྵུཾ་ཡིག་གི་ས་བོན་ལས་ཁྲོ་མོ་བཅུ་གང་རུང་བསྒོམ་པས་སོ། །དེ་ཡིས་ལྷ་མིན་ཏེ་འབྱུང་པོ་བགེགས་ཀྱི་རིགས་གཞོམ་པར་བྱེད་པས་རྣལ་འབྱོར་པ་རྣམས་ཀྱིས་རང་དང་གཞན་ལ་བདེ་བར་བྱེད་པར་འགྱུར་རོ། །དེ་ནས་ལས་བསྒྲུབ་པ་ཡི་སྔོན་དུ་བསྙེན་བསྒྲུབ་ལེགས་པར་འགྲུབ་དགོས་

p. 433

པས་དེ་ཡི་ཚུལ་གསུངས་པ། འདིར་རྣལ་འབྱོར་པས་ལས་འགྲུབ་པའི་སླད་དུ་དང་པོར་བསྒྲུབ་པ་བྱ་སྟེ། སྔགས་གཞན་འགྲུབ་པའི་སླད་དུ་འཆད་འགྱུར་གྱི་བཟླས་པ་དང་སྦྱིན་སྲེག་གི་ཆོ་ག་དང་ལྡན་པའི་སྒོ་ནས་ཁྱབ་བདག་དུས་ཀྱི་འཁོར་ལོ་དག་གི་ནི་དཔལ་ལྡན་རྡོ་རྗེ་གསུམ་གྱི་སྔགས་ཨོཾ་ཨཱཿཧུཾ་ཞེས་པ་དང་པོར་སྲོག་རྩོལ་ལམ་རྡོ་རྗེའི་བཟླས་པས་བསྒྲུབ་པར་བྱ་བ་དང་། དེ་བཞིན་དུ་བསམ་གཏན་གཞན་འགྲུབ་པའི་སླད་དུ། སངས་རྒྱས་ཀྱི་གཟུགས་ཞེས་པ་སྟོང་པ་ཉིད་ཀྱི་གཟུགས་ཀྱང་མངོན་སུམ་དུ་བསྒྲུབ་པར་བྱ་སྟེ། དེ་ལྟར་སྔགས་དང་སྟོང་གཟུགས་གཉིས་པོ་དེ་ནི་རྣལ་འབྱོར་པ་ཡིས་ལས་བསྒྲུབ་པའི་དང་པོར་ངེས་པར་བསྒྲུབ་པར་བྱ་སྟེ། དེའི་ཕྱི་ནས་ཉི་མའི་ཞེས་པ་ཞི་སོགས་ལས་ཆེན་བཅུ་གཉིས་ཀྱི་དབྱེ་བ་རྣམས་ཀྱིས་གནས་པ་སོ་སོའི་ཡོན་ཏན་དཔག་ཏུ་མེད་པའི་ལས་རྣམས་རབ་ཏུ་འགྲུབ་པར་འགྱུར་རོ། །དེ་ལྟར་སྔགས་དང་གཟུགས་བརྙན་དེ་གཉིས་ཀ་མ་གྲུབ་པར་ནི་སྲིད་པ་གསུམ་གྱི་གནས་སུ་ལས་ཅི་ཡང་འགྲུབ་པར་འགྱུར་པ་ཉིད་མ་ཡིན་ནོ། །དེ་ཕྱིར་ཀྱེ་རྒྱལ་པོ་ཟླ་བ་བཟང་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ལའམ། དག་ལས་ཁྱབ་བདག་གི་སྔགས་དང་གཟུགས་ནི་བསྒྲུབ་པར་བྱའོ་ཞེས་པ་ངེས་པའོ། །ད་ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱི་དོན་དུ་ལྷ་མིན་དབང་པོ་བ སྒྲུབ་པ་གསུངས་ཏེ་འདི་ནི་རོ་ལངས་སྒྲུབ་པ་ཡིན་ལ། དེའི་ཆོ་ག་ནི་དང་པོར་རྟེན་ནམ་རྫས་ནི་རྒྱལ་པོའི་བུའམ་འཐབ་མོ་པ་གཞན་དཔའ་བོ་གང་ཞིག་གཡུལ་གྱི་དུས་སུ་ལྕགས་མདའ་གཅིག་བསྣུན་པ་སོགས་མཚོན་གྱིས་ཕོག་ནས་ལྷུང་བར་གྱུར་ཏེ་ཤི་བར་གྱུར་པ་ཞེས་པའམ་ནི། དེ་བཞིན་ཆོམས་རྐུན་པ་དང་དཔའ་བོ་ཤིང་ལ་དཔྱངས་ཏེ་འགགས་ནས་ཤི་བའི་རོ་མ་ཉམས་པ་དག་ནག་ཕྱོགས་ཀྱི་ཚེས་བརྒྱད་དང་འབྱུང་པོའི་མཚན་མོ་ཞེས་པ་ནག་ཕྱོགས་བཅུ་བཞི་པ་ཚེས་ཉེར་དགུའི་ནུབ་མོ་

p. 434

བླངས་བར་བྱས་ལ། ཀྱེ་མི་ཡི་བདག་པོ་དེ་ནས་རོ་བསྲེག་སར་ནི་ཞེས་པ་དུར་ཁྲོད་དུ་དབང་གི་ལས་ལ་གསུངས་པའི་བུམ་པ་བརྒྱད་དང་རྒྱལ་རྣམ་རྒྱལ་བཅས་བཅུ་རྣམས་ཀྱིས་རོ་དེ་ལེགས་པར་བཀྲུ་བར་བྱ་ཞིང་། དེ་ནས་དྲི་དང་སྤོས་དང་མར་མེ་དང་ནི་རྣམ་མང་ཁ་ཟས་བཟང་པོ་དང་མེ་ཏོག་དམར་པོ་རྣམས་ཀྱིས་རོ་དེ་རབ་ཏུ་མཆོད་ནས་གོས་དམར་པོ་བསྐོན་པར་བྱ་ལ། རོ་དེའི་མགོ་བོར་ཨོཾ་དང་། སྙིང་ག་ལ་ཧུཾ་དང་ནི་སྤྱི༷་བོ་སྟེ་གཙུག་ཏོར་དུ་ཧཾ། ལྟེ༷་བ་ལ་ཧོ། ལ་སོགས་སུ་ཡང་ཞེས་པ་མགྲིན་པར་ཨཱཿ གསང་བར་ཀྵ་སྟེ་དེ་ལྟར་རྡོ་རྗེ་ཡི་སྔགས་ཏིང་ངེ་འཛིན་གྱིས་དགོད་པ་རབ་ཏུ་བྱས་ཏེ་དེ་བཞིན་སྔར་གསུངས་པའི་སྙིང་ཁ་དང་མགོ་བོ་དང་གཙུག་ཏོར་དང་གོ་ཆ་དང་མིག་དང་མཚོན་ཆ་སྟེ་ཡན་ལག་དྲུག་དགོད་པ་བྱས་ནས་རོ་དང་བདག་ཉིད་ཀྱི་ལུས་ཀྱང་ལྷའི་རྣལ་འབྱོར་གྱིས་བསྲུང་བར་བྱའོ། །དེ་ནས་སྔར་གསུངས་པའི་དབང་གི་ཐབ་ཁུང་ཟུར་གསུམ་དུ་ནི་རྡུལ་ཚོན་དམར་པོས་སྙིང་པོའི་པདྨ་དམར་པོ་གང་ཞིག་དབུས་སུ་མདའ་ཡི་མཚན་མར་བཅས་པ་དང་ཡང་ན་ལས་ཐམས་ཅད་པ་ལ་རྡོ་རྗེ་དམར་པོ་བྱས་ཀྱང་ཆོག་གོ། འདབ་མར་རྒྱལ་རྣམས་མཚན་མ་ཞེས་པ། ཤར་གྱི་འདབ་མར་རལ་གྲི། ལྷོར་རིན་པོ་ཆེ། བྱང་དུ་པདྨ། ནུབ་ཏུ་འཁོར་ལོ་སྟེ་ཕྱོགས་བཞི་རྣམས་སུའོ། །ཕྱོགས་བྲལ་དུ་ནི་དེ་བཞིན་ལྷ་མོ་རྣམས་ཀྱི་རང་གི་མཚན་མ་ནི། སྔར་གསུངས་པའི་མ་མོའི་སྐྱོན་ཞི་བའི་བཞིན་དུ། མེར་གྲི་གུག །བདེན་བྲལ་འདབ་མར་རྡོ་རྗེ་ལྕགས་ཀྱུ། རླུང་དུ་རྡོ་རྗེ་ཞགས་པ། དབང་ལྡན་དུ་རྩེ་གསུམ་མོ། །ཕྱི་རོལ་དུ་རེ་ཁཱ་གསུམ་ལ་ཕྱོགས་བཅུའི་དཀྱིལ་འཁོར་དུ་ནི་དེ་བཞིན་ཁྲོ་བོའི་མཚན་མ་རྣམས་བྱས་ནས་ཞེས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་ཕྱོགས་རྣམས་སུའོ། །ལྷ་མོ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་ཕྱོགས་བྲལ་རྣམས་སུའོ། །སྟེང་དུ་གཙུག་ཏོར་གྱི་རྡོ་རྗེ་དང་། འོག་ཏུ་གནོད་མཛེས་རྒྱལ་

p. 435

པོའི་དགྲ་སྟ་སྟེ་རབ་ནག་དམར་དཀར་བ་གསུམ་པོ་རྣམས་བསྲུང་བའི་དོན་དུའོ། །དེ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྔར་གསུངས་པའི་ཆོ་གས་མཚན་མ་རྣམས་བཀོད་ཅིང་། དུར་ཁྲོད་ཀྱི་ས་གཞི་ལ་དཀྱིལ་འཁོར་གྱི་བུམ་པ་རྣམས་བཞག་སྟེ་རབ་ཏུ་གནས་པར་བྱས་ལ། དྲི་ལ་སོགས་པ་རྣམས་ཀྱིས་འདོད་པའི་ལྷ་རྣམས་མཆོད་པར་བྱས་ནས། ཞིང་སྐྱོང་སོགས་ལ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་རོ་དེ་ཡི་གཡས་མིན་ཏེ་ཐབ་ཁུང་གི་བྱང་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་སྒོའི་ལྷོ་ཉིད་དུ་ནི་རོ་ཉིད་བཞག་པར་བྱ་སྟེ་དཀྱིལ་འཁོར་དང་ཐབ་ཁུང་གི་དབུས་སམ་བར་དུའོ། །དེ་ཡང་ཡི་དྭགས་ཞེས་པ་ཡི་དྭགས་སམ་འབྱུང་པོའི་མགོན་པོ་འཇུག་བྱའི་གཞི་ཡིན་པས་རོ་དེ་ཡི་ལག་པ་གཡས་པའི་པད་མར་རལ་གྲི་བཞག་ནས་གན་རྐྱལ་དུ་བྱས་པའི་དཀྱིལ་འཁོར་ལྷོ་སྒོ་ལ་བྱང་དུ་མགོ་བོ་གཏད་ཅིང་། དཀྱིལ་འཁོར་ལས་ནི་གཡས་སུ་སྟེ་ལྷོར་ཐབ་ཁུང་ལ་རྐང་པ་བསྟན་ནས་བཞག་པའི་མཐར་རི་མོ་གསུམ་གྱིས་ཡོངས་སུ་བསྐོར་བ་བྱའོ། །དབང་ལེར་སྔར་བརྗོད་མ་མོའི་སྐྱོན་ཞི་བའི་ལས་ལ་དཀྱིལ་འཁོར་གྱི་ཆོ་ག་གསུངས་པ་བཞིན་དུ་རྒྱལ་བའི་བདག་པོའི་རྡོ་རྗེ་ཡི་སྔགས་དྲུག་པོ་རྣམས་ཀྱིས་བདག་ཉིད་བསྲུང་བར་རབ་ཏུ་བྱས་ནས་སྔགས་པས་ཐབ་ཀྱི་གཡས་སུ་བཤམས་པའི་ཁྲག་དང་བཅས་པའི་ཤ་རྣམས་དག་གིས་སྦྱིན་སྲེག་ཉིད་ནི་རབ་བྱེད་པ་ཞེས་པ་འདིར་ཇོ་མཆན་དུ་གཡས་ཀྱི་ཐབ་ཏུའམ་གཡས་ཀྱི་ཁྲག་དང་བཅས་པའི་ཤ་རྣམས་དག་གིས་ཐབ་ཏུ་སྦྱིན་སྲེག་ཉིད་ཅེས་པ་གང་རུང་དུ་གོ་ན་ལེགས་ཞེས་དང་ཙ་མི་ལོ་གྲགས་འགྱུར་མངས་འགྱུར་སོགས་རྒྱ་དཔེ་དྲུག་ལ་གཡས་ཀྱི་སྐད་དོད་འདུག་ནའང་བི་ཀྲ་མ་ཤི་ལའི་རྒྱ་དཔེ་གཅིག་ན་མ་དྷྱེ་འདུག་པ་དབུས་ཀྱི་སྐད་དོད་ཡིན་པ་འདི་ལེགས་ཞེས་གསུངས། དེ་ཡང་ཐབ་ཁུང་དེར་རྒྱལ་རིགས་ཀྱི་ཁྱིམ་ནས་བླངས་པའི་མེ་སེང་ལྡེང་ཤིང་གིས་རབ་ཏུ་སྦར་ཏེ་སྔར་གསུངས་པའི་

p. 436

ཆོ་གས་མེ་ལྷ་སྤྱན་དྲངས་པ་སོགས་བྱས་ནས་ལྷའི་རྣལ་འབྱོར་གྱིས་ཤ་ཆེན་པོ་ཁྲག་དང་བཅས་པ་སྦྱིན་སྲེག་བྱ་ལ། དེ་ཡི་སྔགས་ནི་ཨོཾ་ཧྲཱིཾ་ཕྲེ༷ཾ་ཧཱུྃ་ཕཊ་ཀྱི་མཐའ་སྟེ་འདིས་བྱའོ། །སྔགས་འདིས་རོ་དེ་ལ་དགོད་པ་ཡང་བྱ་སྟེ། དཔྲལ་བར་ཨོཾ། མགྲིན་པར་ཧྲཱིཾ། སྙིང་གར་ཕྲེཾ། ལྟེ་བར་ཧཱུཾ། གསང་བར་ཕཊ་ཅེས་དགོད་དོ། །སྦྱིན་སྲེག་གི་གྲངས་ནི་བཅུ་ཡིས་བསྒྱུར་བའི་བརྒྱར་ནི་སྦྱིན་སྲེག་བྱ་སྟེ་སྟོང་ཕྲག་གཅིག་བྱའོ། །དེའི་ཚེ་སྔགས་པ་རང་ཉིད་རྡོ་རྗེའི་སྐྱིལ་ཀྲུང་བཅས་ནས་འཆི་མེད་ལྷ་ཡི་རི་བོ་རི་རབ་བཞིན་དུ་ལུས་སེམས་གཡོ་བ་མེད་པ་ཉིད་དུ་གྱུར་པས་མཚན་མོ་ཕྱེད་ནས་ཐུན་ཚོད་གཅིག་གི་ཡུན་ཇི་སྲིད་པར་དུ་སྦྱིན་སྲེག་བྱའོ། །དེ་ལྟར་སྦྱིན་སྲེག་སྟོང་ཕྲག་པོ་རྫོགས་པར་གྱུར་པ་ན། རོ་འཛིན་ལྕེ་ཡི་དབང་པོ་རལ་གྲི༷་ལྟ་བུར་འཁྱུག་ཅིང་འབར་ལ་མཆེ་བ་རྣོན་པོ་གཙིགས་པ་མིག་གསུམ་པ། གང་ཞིག་རྣམ་པར་འགེམ་པའི་སྒྲ་དྲག་པོ་སྒྲོགས་ཤིང་ས་ཡང་རྐང་པས་བརྡེབས་པས་རྣམ་པར་འགེམས་ཤིང་སྒྲུབ་པ་པོར་ནི་བསྡིགས་ཤིང་འཇིགས་པར་བྱེད་པ་ལྷ་མིན་དབང་པོ་རོ་ཡི་ལུས་ལ་ཞུགས་པར་གྱུར་པ་དེ་ཉིད་དེ་ལྟར་ཐབ་ཀྱི་མཐའ་རུ་གནས་ནས་ཀ་ཧ་ཀ་ཧ་ཞེས་དགོད་པར་བྱེད་ཅིང་འཇིགས་པའི་ལུས་ཀྱིས་གར་བྱེད་དེ། དེ་མཐོང་ནས་ནི་སེམས་འཇིགས་པའི་སྔགས་པ་སེམས་ཉམས་པར་གྱུར་ན་ནི་དེ་ཡི་སྐད་ཅིག་གིས་ནི་གཤིན་རྗེའི་གྲོང་ཁྱེར་དུ་འགྲོ་སྟེ་འཆི་བར་འགྱུར་རོ། །དེའི་ཕྱིར་རོ་བསྲེག་གནས་སུ་སྟེ་དུར་ཁྲོད་དེར་ནི་སྔགས་པས་འཇིག་རྟེན་གྱིས་དངོས་གྲུབ་རྒྱུར་ནི་ལྷ་མིན་དབང་པོ་རོ་ལ་ཞུགས་པ་དེ་ལས་ཀྱང་འཇིགས་པར་མི་བྱ་སྟེ། དེ་ལྟར་ན་སྒྲུབ་པ་པོ་གཡོ་བ་མེད་པའི་སེམས་དང་ལྡན་པ་ལྷ་མིན་དབང་པོས་མཐོང་ནས་ནི། སླར་ཡང་སྔགས་པས་བསྒྲུབས་ཤིང་དོན་དུ་གཉེར་བར་བྱས་པའི་འབྱུང་པོའི་མགོན་པོ་རོ་ལངས་ཀྱི་རྣམ་པར་སྣང་བ་དེས་འདི་སྐད་སྨྲ་བར་འགྱུར་ཏེ་ཀྱེ་དཔའ་བོ་བཟང་པོ་ཁྱོད་ཀྱིས་བདག་

p. 437

ནི་གྲུབ་པོ་དེས་ན་ཁྱོད་གང་འདོད་པའི་དོན་མཐའ་དག་སྨྲོས་ཤིག ད་ནི་བདག་གིས་ལས་ཅི་ཞིག་བགྱི་ཞེས་དེ་སྐད་བརྗོད་པར་བྱེད་ན། སྒྲུབ་པ་པོ་ཡིས་སེམས་ཅན་གཞན་གྱི་དོན་དུ་རང་གི་ཡིད་ལ་གང་འདོད་པ་ཡི་དངོས་གྲུབ་གང་ཡིན་པ་དེ་ཉིད་དོན་དུ་གཉེར་བར་བྱ་སྟེ། གང་ཞེ་ན་བཟུང་བ་ཙམ་གྱིས་མཁའ་ལ་འགྲོ་བ་སོགས་གྲུབ་པའི་རལ་གྲི༷་དང་། རེག་པ་ཙམ་གྱིས་ཁམས་ཐམས་ཅད་གསེར་དུ་བསྒྱུར་བའི་གསེར་འགྱུར་གྱི་རྩི་དང་། ཁམས་ཐམས་ཅད་གསེར་དུ་བྱེད་ཅིང་ཟོས་ན་ཚེ་བསྐལ་བར་གནས་པར་བྱེད་པའི་བཅུད་ཀྱི་དབང་པོ་གྲུབ་པའི་དངུལ་ཆུ་སོགས་དང་། ཟོས་པས་འཆི་མེད་ཀྱི་ལང་ཚོ་སྟེར་བ་བདུད་རྩིའི་འབྲས་བུ་དང་། ཤ་ལྔ་ལ་སོགས་པའི་རིལ་བུ་བསྒྲུབ་ཏེ་ཟོས་པས་མཁའ་སྤྱོད་སྟེར་བ་སོགས་ཀྱི་རིལ་བུའི་དངོས་གྲུབ་ཀྱི་རིགས་རྣམས་དང་ཞེས་འདི་གཉིས་ལེའུ་ལྔ་པར་ཐ་དད་དུ་བཤད་པས་སོ། །རོ་ཙ་ན་ཞེས་པ་གི་ཝཾ་སྟེ་གྲུབ་པའི་གི་ཝཾ་གང་ཞིག་ལུས་ལ་བྱུགས་པས་མི་སྣང་བ་སོགས་འགྲུབ་པ་དང་། མིག་སྣ་ཚོགས་སོགས་ཀྱི་རྫས་གང་ཞིག་གྲུབ་པར་གྱུར་པ་མིག་ལ་བྱུགས་པས་ས་འོག་གི་གཏེར་མཐོང་བ་སོགས་དངོས་གྲུབ་སྣ་ཚོགས་བྱེད་པའི་མིག་སྨན་དང་གྲུབ་པའི་རྫས་གང་ཞིག་རྐང་པ་ལ་བྱུག་པ་ཙམ་གྱིས་གང་འདོད་དུ་སྐད་ཅིག་ལ་ཕྱིན་ནུས་པ་རྐང་མགྱོགས་ཀྱི་རྫས་དང་། གྲུབ་པའི་ཤིང་གི་ལྷམ་གྱོན་པས་ཉི་ཟེར་ལ་ཞོན་ནས་དཔག་ཚད་བྱེ་བའི་ཕ་རོལ་ཏུ་སྐད་ཅིག་གིས་འགྲོ་ནུས་པ་དག་དང་རྐང་བྱུག་དང་ལྷམ་གཅིག་ཏུ་བྱས་པའི་འཇིག་རྟེན་པ་ཡི་དངོས་གྲུབ་བརྒྱད་པོ་ལྷ་མིན་དབང་པོ་ཁྱོད་ཀྱིས་བདག་ལ་སྩོལ་ཅིག །གཞན་ཡང་དགྲ་སྡེ་དབྱེ་བ་དང་བསྐྲད་པ་དང་ནི་སྲིད་པ་གཞོམ་པ་བསད་པ་ཉིད་དང་། རྨོངས་པ་དང་རེངས་པ་དང་ནི་བསྒྲུབ་བྱ་དགུག་པ་དག་དང་དབང་དུ་བྱེད་པ་ལ་སོགས་པ་ཡི་དངོས་གྲུབ་རང་གི་ཡིད་ལ་གང་འདོད་པ་དེ་སྨྲོས་ནས་སྒྲུབ་པ་པོ་བདག་གི་གང་འདོད་པའི་

p. 438

འཇིག་རྟེན་པའི་དངོས་གྲུབ་འདི་ཐམས་ཅད་སྩོལ་བར་མཛོད་ཅིག་ཅེས་སྨྲས་ན་འབྱུང་པོའི་མགོན་པོ་དེ་ཡིས་སླར་ཡང་ཁྱོད་ཀྱི་འདོད་པ་འདི་དག་ཐམས་ཅད་བདག་གིས་བགྱིའོ་ཞེས་སྨྲ་བར་འགྱུར་ཞིང་། དེས་ཇི་སྐད་སྨྲས་པ་དེ་བཞིན་དུ་དངོས་གྲུབ་དེ་དག་ཐོབ་པར་འགྱུར་ཏེ། དེ་ལྟར་འབྱུང་པོའི་དབང་པོ་བསྒྲུབ་ནས་ཀྱེ་མི་ཡི་བདག་པོ་ཞེས་བོས་ནས་སྒྲུབ་པ་པོ་དེ་ནི་ས་འོག་དག་དང་བར་སྣང་དང་ལྷ་ཡི་མཆོག་གི་ཁང་པ་དང་ནི་ལྷུན་པོའི་རྩེ་དང་རྒྱ་མཚོའི་ཕ་རོལ་གང་ཡིན་པ་དེར་འགྲོ་སྟེ། རོ་ལངས་དེ་ལ་ཞོན་པ་ཕྱག་ན་གྲུབ་པའི་རལ་གྲི༷་ཐོགས་པས་ས་ཡི་སྟེང་གི་གནས་སུ་འཇིག་རྟེན་པའི་འདོད་པའི་བྱ་བ་ཐམས་ཅད་བྱེད་དོ། །དེ་ཕྱིར་སེམས་ཅན་དོན་གྱི་སླད་དུ་མཆོག་གི་སྙིང་རྗེ་ཡིས་ནི་ལྷ་མིན་དབང་པོ་མཐུ་ཆེན་པོ་དང་ལྡན་པ་འདི་ཉིད་བསྒྲུབ་པར་བྱའོ།།ཞེས་གསུངས་ཏེ་རོ་བསྲེག་གནས་སུ་སྔགས་པས་ཞེས་པ་ནས་འདིའི་བར་གོ་སླ་བས་འགྲེལ་པས་བཤད་པ་མ་མཛད་དོ། །དེ་ལྟར་ལྷ་མིན་དབང་པོ་སྒྲུབ་པའི་ངེས་པའོ། །ད་ནི་སྔགས་ཀྱི་མཚན་ཉིད་གསུངས་པ། ཁམས་གསུམ་པོ་འདིར་བརྟན་པ་དང་གཡོ་བའི་ཆོས་རྣམས་ཀྱི་གང་གི་མིང་གང་ཡིན་པ་དེ་ནི་དེ་དང་དེའི་སྔགས་སུ་འགྱུར་ལ། དེ་ཡང་མིང་གི་དང་པོ་ཡི་ཡི་གེ་གང་ཡིན་པ་དེ་ནི་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་དཀྱིལ་འཁོར་གྱི་ལྷ་དང་ལྷ་མོ་རྣམས་ཀྱི་མིང་ཡིག་དང་པོ་དེ་ཁོ་ན་ཐུགས་ཀྱི་སྔགས་ཞེས་བྱའོ། །གསུང་གི་རྡོ་རྗེ་ནི་དེའི་མིང་གི་ཡི་གེ་ཐམས་ཅད་དེ་གསུང་གི་སྔགས་སོ། །དེ་ཡང་དཔེར་ན་ཡུམ་བཞི་ལ་མཚོན་ན་ཏཱ་རཱ་སྒྲོལ་མ། པ་ཎ་ཌ་རཱ་གོས་དཀར་མོ། མཱ་མ་ཀཱི་བདག་ཉིད་མ། ལོ་ཙ་ནཱ་སྤྱན་མ་ཞེས་པ་ལྟ་བུའོ། །དེ་བཞིན་དུ་བརྟན་གཡོའི་དངོས་པོ་ཐམས་ཅད་ཀྱི་ཡང་རང་རང་གི་མིང་ངོ་། །དེ་ལྟར་ཐམས་ཅད་ཀྱི་མིང་གི་ཡི་གེ་དེ་ལས་ལྷག་པ་དག་ཀྱང་སྐུ་ཡི་རྡོ་རྗེ་སྟེ། དཔེར་ན་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་སྒྲོལ་མའི་སྔགས་ཏེ་ཨོཾ་གྱིས་མགོ་དྲངས་སྭཱ་ཧཱའི་མཐའ་

p. 439

བརྟེན་བྱས་ནས། སྒྲོལ་མ་ཕོངས་པའམ་གདུང་བ་ལས་སྒྲོལ་མ་མྱུར་མ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ཨོཾ་པ་ཎ་ཌ་རཱ་གོས་དཀར་མོ། བཱ་སི་ནཱི་བསྣམས་མའམ་གནས། བ་ར་དེ་མཆོག་བྱིན་ཅིག་སྭཱ་ཧཱ། ཞེས་པ་གོས་དཀར་མོའི་སྐུའི་སྔགས་ཀྱི་བདག་ཉིད་དོ། །ཨོཾ་མཱ་མ་ཀཱི་བདག་ཉིད་མའམ་སྙེམས་མ། ཀི་རི་ཀི་རི་ཐོར་ཐོར་ཏེ་སྙིང་རྗེའི་ཆུ་འཐོར་བར་བསྐུལ་བའོ། །སྭཱ་ཧཱ་ཞེས་པ་མཐའ་རྟེན་བཅས་མཱ་ཀཱིའི་སྔགས་སོ། །ཨོཾ་ལོ་ཙ་ནི་སྤྱན་མ་བ་སུ་དེ་ནོར་བྱིན་ཅིག་གམ་ནོར་སྦྱིན་མ་སྭཱ་ཧཱ། ཞེས་སྤྱན་མའི་སྔགས་སོ། །དེ་ལྟར་མིང་ཡིག་དང་པོ་ཐུགས་དང་། མིང་གསུང་དང་མིང་གཟུགས་བཅས་ཡོངས་རྫོགས་སྐུའི་སྔགས་སུ་འགྱུར་རོ། །དེ་ལས་གཞན་ཡང་དུས་ཀྱི་འཁོར་ལོའི་ཕྲེང་བའི་སྔགས་རྐང་བ་བདུན་ཅུ་རྩ་གཉིས་པ་ལྟ་བུ་སོགས་ཡན་ལག་སོ་སོའི་སྔགས་ནི་ཇི་ལྟར་རྐང་ལག་སོགས་ལུས་ཀྱི་ཆ་ཤས་ཡིན་པ་བཞིན་མིང་གི་ཆ་ཤས་ཀྱི་སྔགས་དེ་ཡང་རྣམ་པ་མང་པོར་འགྱུར་ཏེ། སྔགས་དེ་ལྟ་བུ་རྣམས་སྔོན་གྱི་ལས་འཕྲོ་དང་ལྡན་ན་ཚེ་འདིར་བཀླག་པས་འགྲུབ་མོད་ཀྱི་འོན་ཀྱང་ཕལ་ཆེ་བ་ཀླག་པ་ཙམ་གྱིས་འབྲས་བུ་གྲུབ་པ་ནི་བརྒྱ་ལམ་རེས་འགའ་ན་ཡིན་ཀྱང་བཟླས་པ་ཙམ་གྱིས་ཇི་བཞིན་མ་གྲུབ་ཀྱང་སྐྱེ་བ་འདི་ལ་སྔགས་དེ་ཉིད་བཟླ་ཞིང་སྔགས་འགྲུབ་པའི་ཡན་ལག་ཚང་བའི་སྒོ་ནས་ནན་ཏན་བྱས་ན་ངེས་པར་འགྲུབ་པར་འགྱུར་ཏེ་དེ་ནས་ལས་རྣམས་ཡིད་བཞིན་དུ་བྱེད་དོ། །དེ་ལྟར་ཐུགས་ཀྱི་སྔགས་ཡི་གེ་དང་པོ་ནི་གཙོ་བོར་བསྒོམ་པར་བྱ་བ་ཡིན་ཏེ་དཔེར་ན་ཏཱཾ་ལས་སྒྲོལ་མ་བསྐྱེད་པ་དང་དེའི་ཐུགས་སྲོག་ཏུ་བསྒོམ་པ་བཞིན་ནོ། །དེས་ན་ཐུགས་ཀྱི་དབྱེ་བས་བསྒོམ་པར་བྱའོ། །དེ་བཞིན་གསུང་གི་སྔགས་ཀྱི་དབྱེ་བས་མཆོད་པར་བྱ་བ་སྟེ་དཔེར་ན་ཨོཾ་ཨཱཪྱ་ཏཱ་རེ་པུཥྤེ་པྲ་ཏཱི་ཙྪ་ཧོ། ཞེས་པ་སོགས་བཞིན་དུ་ཨོཾ་ཡིག་དང་པོར་བྱས་པའི་མིང་གིས་ལྷ་ཐམས་ཅད་མཆོད་པར་བྱའོ། །སྐུའི་དབྱེ་བའི་སྔགས་ནི་ཡང་ཡང་བཟླས་

p. 440

པར་བྱ་བ་སྟེ་དཔེར་ན་ཏཱ་རེ་ཡིག་བཅུ་བཞིན་ནོ། །དེ་བཞིན་དུ་ཡན་ལག་སོ་སོའི་སྔགས་ལ་དང་པོར་སྐུ་རྡོ་རྗེ་ཨོཾ་དང་མཐར་ནི་ཐུགས་རྡོ་རྗེ་ཧུཾ་དང་ཕཊ་ཀྱི་མཐའ་རྟེན་བྱིན་ནས་བཟླས་པར་བྱའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཡང་ལུས་དང་ངག་དང་ཡིད་ཀྱི་དབྱེ་བས་སྔགས་སུ་ཤེས་པར་བྱའོ། །རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་བགྲང་ཕྲེང་ལ་སོགས་པའི་དབྱེ་བ་རྣམས་ཀྱིས་བཟླས་པར་བྱ་བ་ཡིན་ལ། དེ་ཡང་ཐུགས་གསུང་སྐུ་ཡི་དབྱེ་བས་སྔགས་རྣམས་བསྒོམ་བྱ་སོགས་ཀྱིས་བསྒྲུབ་པར་བྱ་བར་གནས་སོ། །དེ་ནས་སྔགས་ཀྱི་བཟླས་པའི་གྲངས་ཚད་གསུངས་པ། འདིར་སོ་སོར་སྐུ་རྡོ་རྗེའི་སྔགས་ཀྱི་རིགས་ནི་ངེས་པར་བྱེ་བ་གཅིག་བཟླས་པར་བྱ་བ་བཟླས་པའི་ཚད་དུ་རབ་ཏུ་འགྱུར་ཏེ་དེས་དངོས་གྲུབ་ཏུ་འགྱུར་བར་དེ་ལྟར་རྒྱུད་ལས་རབ་ཏུ་གྲགས་པའོ། །སྦྱིན་སྲེག་ནི་བཟླས་གྲངས་དེ་ལས་བཅུ་ཡི་ཆ་ཤས་ཏེ་འབུམ་ཕྲག་བཅུའི་གསུང་རྡོ་རྗེའི་སྦྱིན་སྲེག་བྱའོ། །ཞི་སོགས་ཀྱི་ལས་ནི་རང་བཞིན་ཡོན་ཏན་དབང་གིས་རྫས་དང་ཐབ་དང་འདུག་སྟངས་ལ་སོགས་པ་དབང་གི་ལེའུ་ལས་གསུངས་པ་ལྟར་གྱི་ཆོ་གས་ལས་གྲུབ་པར་འགྱུར་བ་ཇི་སྲིད་ཉིད་དུ་བྱའོ། །དེ་ལྟར་སྔོན་དུ་བསྙེན་སྒྲུབ་གྲུབ་པའི་ཕྱི་ནས་ཞི་བ་ལ་སོགས་རྣམས་ལ་སྔགས་ཀྱི་འབྲས་བུ་སྟེར་བར་རབ་ཏུ་འགྱུར་གྱི་རྣམ་པ་གཞན་དུ་ལས་བརྩམ་པ་ཇི་བཞིན་འགྲུབ་པར་མི་འགྱུར་རོ། །དེས་ན་སྔར་བཤད་པའི་བསམ་གཏན་དང་བཅས་པས་བཟླས་པ་གྲངས་སུ་སོན་པ་དང་དེའི་ཁ་སྐོང་གི་སྦྱིན་སྲེག་དང་ལྷ་དེའི་བརྟུལ་ཞུགས་གང་ཡིན་པའི་ངེས་པ་དང་ལྡན་པ་སྟེ་དམ་ཚིག་ལ་ལེགས་པར་གནས་པ་རྣལ་འབྱོར་པ་རྣམས་ཀྱིས་སྔགས་ཀྱི་སྐྱེ་གནས་ཅན་ལྷ་དེ་བསྒྲུབ་པར་བྱ་ཞིང་ཆོ་གའི་ཡན་ལག་ཚང་བའི་རྒྱུ་རྐྱེན་རྟེན་འབྲེལ་ལས་སྔགས་འགྲུབ་ཀྱི་སྔགས་ཀྱི་སྒྲ་འབའ་ཞིག་བཀླག་པ་ཙམ་གྱིས་ནི་མ་ཡིན་ནོ། །གཞན་ཡང་བསྒྲུབ་བྱའི་ལྷའི་མིང་ཡིག་དང་པོ་དང་སྒྲུབ་པ་པོའི་མིང་

p. 441

ཡིག་གཉིས་དགྲར་གྱུར་ན་འཆི་བ་དང་། ཐ་མལ་པ་བཏང་སྙོམས་སུ་གྱུར་ན་སྒྲུབ་པ་ཉོན་མོངས་པ་སྟེ་དཀའ་ཚེགས་སུ་འགྱུར་ཞིང་གྲོགས་སུ་གྱུར་ན་ལྷ་དེ་འགྲུབ་བོ། །དབྱངས་ཡིག་དགྲར་གྱུར་ན་འཆི་བ་དང་། གསལ་བྱེད་དགྲར་གྱུར་པས་ནད་འབྱུང་ངོ་། །ཆུའི་ཡི་གེ་རྣམས་ཀྱི་དགྲ་ནི་རླུང་གི་ཡི་གེ་རྣམས་སོ། །དེ་ཡང་དབྱངས་རྣམས་ཕན་ཚུན་དུ་བསྡེབ་ལ་གསལ་བྱེད་རྣམས་གསལ་བྱེད་དང་དགྲ་གྲོགས་བརྟག་པར་བྱ་སྟེ། དབྱངས་དང་གསལ་བྱེད་ཕན་ཚུན་དུ་མིན་ནོ། །དེ་བཞིན་མེ་དགྲ་ཆུ་ས་དགྲ་མེ་རླུང་དགྲ་ས། ནམ་མཁའི་ཡི་གེ་ནི་ཐམས་ཅད་ཀྱི་གྲོགས་ཏེ། ཡི་གེ་ཐམས་ཅད་ཀྱང་ནམ་མཁའི་གྲོགས་སོ། །དེ་བཞིན་ས་གྲོགས་ཆུ། ཆུ་གྲོགས་ས་སྟེ་ས་ཆུ་ནི་ཕན་ཚུན་གྲོགས་དང་། དེ་བཞིན་མེ་རླུང་ཕན་ཚུན་གྲོགས་པོའོ། །ཐ་མལ་པའམ་ནུས་མེད་ནི། ཆུ་ནི་རླུང་ལ་ནུས་པ་མེད་པ་སྟེ། རླུང་གིས་ཆུ་བསྐམ་པར་ནུས་པས་དགྲ་ཡིན་ཡང་ཆུས་རླུང་ལ་གནོད་མི་ནུས་པས་གང་རང་གི་མིང་ཐོག་རླུང་ཡིན་ལ་ལྷའི་མིང་ཐོག་ཆུ་ཡིན་ན་ཐ་མལ་པའམ་ནུས་མེད་ཅེས་བྱ་ལ་རང་མིང་ཆུ་དང་ལྷ་མིང་རླུང་ཡིན་ན་དགྲར་གྱུར་པའོ། །ལྷའམ་རང་མིང་གང་རུང་མེ་དང་རླུང་གི་ཡི་གེར་གྱུར་ན་གྲོགས་སོ། །རང་མིང་རླུང་ལ་ལྷ་མིང་ས་ཡི་ཁམས་ཡིན་ན་རླུང་དགྲ་ས་ཡིན་པས་དགྲར་གྱུར་པའོ། །བཟློག་ན་ནུས་མེད་དེ་དེ་བཞིན་མེ་ནི་ཆུ་ལ་ནུས་མེད་དང་། ས་ནི་མེ་ལ་ནུས་མེད་དང་རླུང་ས་ལ་ནུས་མེད་དོ། །ནང་ཕྲད་ས་རླུང་དང་ང་ཕྲད་ས་ལྟ་བུ་སྤྱིར་བཟང་སྟེ་ལྷག་པར་འབྱུང་བའི་ཁམས་དང་མཐུན་པའི་ལས་སྒྲུབ་པ་ལ་བཟང་བར་གཞན་ལས་བཤད། འདིར་དུས་འཁོར་རྩ་རྒྱུད་ལས་གསུངས་པ། ཨ་ཀུ་ཧ་ྈྐ་མགྲིན་བྱུང་གང་། དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །སྟོང་བ་རླུང་སོགས་ཁམས་རྣམས་ཀྱི། །གྲོགས་པོ་ཉིད་ཀྱིས་རྟག་ཏུ་གནས། །ཞེས་གསུངས་པ་ལྟར་ཨ་ཞེས་པས་ཨ་རིང་ཐུང་དང་རྣམ་བཅད་དང་ང་རོ་དང་ལྡན་པ་དང་ཀུ་ཞེས་པས་བརྡ་སྤྲོད་པའི་གཞུང་ལས་ཨུ་

p. 442

ཡིག་སྦྱར་བ་ན་སྡེ་པ་རྣམས་མཚོན་པས་འདིར་ཀ་ཁ་ག་གྷ་ང་ལྔའོ། །མཐར་གནས་ཀྱི་ནང་ཚན་ཧ་དང་ལྕེ་རྩ་ཅན་ྈྐ་དང་བཅས་པ་འདི་རྣམས་སྒྲ་སྐྱེ་བའི་གནས་ལྔའི་ནང་ནས་མགྲིན་པའི་དབུས་ནས་བྱུང་བ་གང་ཡིན་པ་སྟེ། དེ་འདྲའི་དབྱངས་དང་གསལ་བྱེད་ཀྱི་མཚན་ཉིད་ཅན་རྣམས་ནི་སྟོང་བ་ནམ་མཁའི་ཁམས་ཡིན་ལ་རླུང་སོགས་ཁམས་བཞི་པོ་རྣམས་ཀྱི། གྲོགས་པོ་ཉིད་ཀྱིས་རྟག་ཏུ་གནས་པའོ། །ཞེས་སོ། །དེ་བཞིན་དུ་ཤེས་པར་བྱས་ལ་ཨི་ཙུ་ཡ་ཤ་རྐན་ལས་བྱུང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །རླུང་གི་ཁམས་ལས་ཡང་དག་བྱུང་། །ཆུ་ལས་སྐྱེས་པ་རྣམས་ཀྱི་དགྲ། །རྀ་ཊུ་ར་ཥ་སྤྱི་བོ་སྐྱེས། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །མེ་ཡི་ཁམས་ལས་ཡང་དག་བྱུང་། །ས་ལས་སྐྱེས་པ་རྣམས་ཀྱི་དགྲ། །ཨུ་པུ་ཝ་་མཆུ་སྐྱེས་གང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །ཆུ་ཡི་ཁམས་ལས་ཡང་དག་བྱུང་། །མེ་ལས་སྐྱེས་པ་རྣམས་ཀྱི་དགྲ། །ལྀ་ཏུ་ལ་ས་སོ་སྐྱེས་གང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །ས་ཡི་ཁམས་ལས་ཡང་དག་བྱུང་། །རླུང་ལས་སྐྱེས་པ་རྣམས་ཀྱི་དགྲ། །རྟག་ཏུ་རླུང་གི་གྲོགས་པོ་མེ། །ཐ་མལ་ས་ཆུ་ནུས་མེད་ཕྱིར། །མེ་ཡི་གྲོགས་པོ་རླུང་ཡིན་ཏེ། །ཐ་མལ་པ་ས་ནུས་མེད་ཕྱིར། །ཆུ་ཡི་གྲོགས་པོ་ས་ཡིན་ཏེ། །ཐ་མལ་པ་མེ་ནུས་མེད་ཕྱིར། །ས་ཡི་གྲོགས་པོ་ཆུ་ཡིན་ཏེ། །ཐ་མལ་པ་ནི་རླུང་ཉིད་དོ། །བཟླས་བྱའི་སྐུའི་སྔགས་ཀྱི་ཨོཾ་གྱི་ཡི་གེ་སྤངས་ནས་ཀྱང་། །སྔགས་ཀྱི་དང་པོའི་ཡི་གེའི་རིགས། །དེ་ཉིད་སྔགས་རྣམས་དག་གི་ཐུགས། །ཡིན་ལ། དེ་ལས་ལྷའི་གཟུགས་ནི་རྫོགས་པའི་རྒྱུ་ས་བོན་ཉིད་ཡིན་ནོ། །གང་ཚེ་སྔགས་ཀྱི་དང་པོ་ཡི། །ཡི་གེ་གསལ་བྱེད་གཞན་བརྩེགས་པ་ཡོད་ན། །དེ་ཚེ་སྟེང་མ་དེ་ཐོག་མར་བརྗོད་པའི་སླད། །དེ་དག་ལས་ནི་དང་པོ་གཟུང་། །དབྱངས་དང་གསལ་བྱེད་དབྱེ་བ་ཡིས། །དགྲ་གྲོགས་དེ་ཉིད་རྣམ་པ་གཉིས་སུ་འགྱུར། །

p. 443

ཏེ་ག་བཞིན་སྲོག་གི་དགྲ་དང་གྲོགས་པོ་དང་། །ལུས་ཀྱི་ཡང་ནི་དགྲ་གྲོགས་བརྗོད་པར་བྱ། །དེ་གང་ཞེ་ན་སྲོག་གི་དགྲ་དང་གྲོགས་པོ་དང་། །ཐ་མལ་པ་ནི་དབྱངས་སུ་བརྗོད། །ལུས་ཀྱི་དགྲ་གྲོགས་ཐ་མ་ལ་པ། གསལ་བྱེད་རྣམས་ཀྱི་བདག་ཉིད་དོ། །ཞེས་འབྱུང་ཆེན་བརྩི་བའོ། །དབྱངས་ཀྱི་དགྲ་ཡིས་སྒྲུབ་པ་པོའི། །སྲོག་འཕྲོག་པར་ནི་ཐེ་ཚོམ་མེད། །གསལ་བྱེད་མཚན་ཉིད་དགྲ་ཡིས་ནི། །ལུས་ལ་ནད་ལ་སོགས་པ་བྱེད། །འབྱུང་ཆུང་ནི་སྡེ་པ་གཅིག་ལའང་ཀ་ལ་སོགས། །གསལ་བྱེད་ཆོས་ཅན་ལྔ་རྣམས་གང་། །དེ་རྣམས་ས་ལ་སོགས་པའི་རིགས། །ཡིན་བས་སྔགས་སྒྲུབ་པ་ལ་ཤེས་བར་བྱ། །དེ་གང་ཞེ་ན། ང་ཉ་ཎ་མ་ནན་འདི་རྣམས་མཁའ་ཁམས་ཡིན་ལ་མཐའི་ན་སྲོག་མེད་ལ་སོགས་རྣམས་ཡི་གེ་བསྡུ་བའི་ཆེད་དོ། །རླུང་སོགས་ལས་སྐྱེས་རྣམས་ཀྱི་གྲོགས། །གྷ་ཛྷ་ཌྷ་བྷ་དྷ་དྷྲ་འདི་རྣམས་རླུང་། །ཆུ་ལས་སྐྱེས་པ་རྣམས་ཀྱི་དགྲ། །ག་ཛ་ཌ་བ་དད་འདི་རྣམས། །མེ། ས་ལས་སྐྱེས་པ་རྣམས་ཀྱི་དགྲ། །ཁ་ཚ་ཋ་ཕ་ཐཐ྄་འདི་རྣམས་ཆུ་སྟེ། །མེ་ལས་སྐྱེས་པ་རྣམས་ཀྱི་དགྲ། །ཀ་ཙ་ཊ་པ་ཏཏ྄་འདི་རྣམས་ས་སྟེ། །རླུང་ལས་སྐྱེས་པ་རྣམས་ཀྱི་དགྲ། །བསྒྲུབ་བྱའི་སྔགས་ཀྱི་དང་པོར་གནས་ཡི་གེ། དེ་དང་། རང་གི་སྡེ་པའམ་ཞེས་པ་འབྱུང་ཆེན་དང་གཞན་འབྱུང་ཆུང་ལ་ཡང་། །སྒྲུབ་པ་པོ་ཡི་ཡི་གེ་གཉིས། །དགྲ་གྲོགས་སོགས་སུ་འགྱུར་ཚུལ་བརྟག་གོ་སྒྲུབ་པོའི་ཡི་གེ་གཉིས་ནི། སྐྱེ་བ་ལས་སྐྱེས་མིང་སྐྱེས་འགྱུར། །ཞེས་པ་ལ་སོགས་པ་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱི་ངེས་པའོ། །འདི་ཡི་དོན་རྣམས་གོ་སླ་ལ། །འབྱུང་བ་ལ་སྤྱིར་འབྱུང་ཆེན་གོང་བཤད་དང་། བྱེ་བྲག་གསལ་བྱེད་སྡེ་པ་རེ་རེ་ལ་ནང་གསེས་འབྱུང་ཁམས་ལྔར་ཕྱེ་བའི་འབྱུང་ཆུང་བརྩི་ཚུལ་གཉིས་ཡོད་ལ་འབྱུང་ཆུང་གི་སྡེ་བའི་ཡི་གེ་ལྔ་པ་བཞི་པ་སོགས་ཚད་དུ་བསྡོམ་པའི་མཐར་ནན྄་དང་དྷདྷ྄་ཞེས་མཐར་གསལ་བྱེད་སྲོག་མེད་རེ་རེ་བཞག་པ་ཡི་གེ་བསྡུ་བའི་ཆེད་དེ། དཔེར་ན་ངན་ཞེས་སྨྲོས་ན། ང་

p. 444

ཉ་ཎ་མ་ན་ལྔ་གོ་བ་དང་། གྷདྷ྄་ཞེས་བརྗོད་ན་གྷ་ཛྷ་ཌྷ་བྷ་དྷ་ལྔ་གོ་བ་སོགས་ཀྱི་དོན་དུའོ། །སྲོག་ཅེས་དབྱངས་དང་ལུས་ཞེས་པ་གསལ་བྱེད་དེ་ལྷ་དང་རང་མིང་གི་དབྱངས་གསལ་ལས་སོ། །ལྷའི་སྔགས་ཀྱི་དང་པོར་གནས་པའི་ཡི་གེ་དེ་དང་རང་གི་མིང་གི་ཡི་གེ་དང་པོ་དགྲ་གྲོགས་བརྟག་པར་བྱ་ལ། རང་གི་སྡེ་བ་འབྱུང་ཆེན་ནམ་གཞན་འབྱུང་ཆུང་ལ་ཡང་ཞེས་སམ། འགྱུར་མང་དུ་དབྱངས་སམ་གཞན་གྱི་སྡེ་ཚན་ནི་ཞེས་པ་ལྟར་ན་དབྱངས་དང་གསལ་བྱེད་ཀྱི་སྡེ་ཚན་ནོ། །སྒྲུབ་པ་པོ་ཡི་ཡི་གེ་གཉིས། །སྐྱེ་བ་ལས་སྐྱེས་མིང་སྐྱེས་འགྱུར་ཞེས་པ་སྒྲུབ་པ་པོའི་ཡི་གེ་གཉིས་ནི་སྐྱེས་དུས་ཀྱི་དུས་སྦྱོར་དང་ཡུད་ཙམ་དང་དཀྱིལ་འཁོར་ལྔའི་ཡི་གེ་གང་ཡིན་དང་། མིང་ཐོག་ཡི་གེ་གཉིས་ལ་སྔ་མ་དག་གིས་བཤད་ཀྱང་སྐྱེས་དུས་ཀྱི་དུས་སྦྱོར་དང་ཡུད་ཙམ་དང་འབྱུང་ལྔའི་དཀྱིལ་འཁོར་གྱི་ཡི་གེ་མི་འདྲ་བ་དུ་མར་འགྱུར་བས་འདི་ཞེས་ངེས་པ་མེད་པས་དཔྱད་དཀའ་ལ། སྒྲུབ་པ་པོའི་མིང་ནི་ཡི་གེ་དབྱངས་གསལ་གཉིས། སྒྲའི་གནས་ལྔ་ལས་སྐྱེས་པའི་མིང་གི་ཡི་གེ་ལས་སྐྱེས་པར་འགྱུར་ཞེས་པའི་དོན་ཡིན་ཡང་རུང་ངོ་སྙམ་མོ། །དབྱངས་ཡིག་ཨེ་ཨཻ་ནི་ཨི་དང་ཁམས་མཐུན་ལ། ཨོ་ཨཽ་ནི་ཨུ་དང་འདྲའོ། །ཨཾ་ཨཿསྟེ་ང་རོ་རྣམ་བཅད་ཅན་ནི་ཨ་དང་མཐུན་ལ་གཞན་དུ་ཡེ་ཤེས་ཀྱི་ཁམས་སུའང་བཤད། དབྱངས་ལས་འབྱུང་ཆུང་སྒེར་དུ་བརྩི་བ་མེད་ལ། ཁམས་དྲུག་ཏུ་ཕྱེ་ན་མཐར་གནས་སྤྱིར་ཡེ་ཤེས་ཀྱི་ཁམས་དང་། བྱེ་བྲག་ཡེ་ཤེས་ཀྱི་ནམ་མཁའ་སོགས་སུ་འགྱུར་རོ། །སླར་ཡང་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་དེ་ཉིད་ལས་ཐུགས་ཀྱི་ཡི་གེའི་སྔགས་ཀྱི་ལས་རྣམ་པ་དྲུག་གསུངས་པ། སྔགས་ཀྱི་དང་པོར་གསལ་བྱེད་དམ། །དབྱངས་རྣམས་གང་ཡོད་པ་བསྒྲུབ་པར་བྱ་བའི་སླད། །བསྙེན་དང་བཟླས་པ་བྱེད་རྣམས་ལ། །འདི་ཡི་ལས་ནི་རྣམ་དྲུག་གསུངས། །དང་པོར་

p. 445

བསྣུན་པར་བྱ་བ་སྟེ། །དེ་ནས་དབབ་དང་བསྲེག་པ་དང་། །དེ་ནས་སྔགས་པས་བསླང་བ་དང་། །དེ་ནས་རྒྱས་དང་མཉེས་པ་དྲུག་པོའོ། །རྣམ་པར་བཅད་བཅས་སྟོང་བ་ཡིས། །སྔགས་ཀྱི་སྔོན་འགྲོ་མིང་ཡིག་དང་པོ་མནན་པ་ནི། །མཚོན་ཆའི་རྒྱལ་པོས་བསྣུན་པ་སྟེ། །བརྒྱལ་བའི་གནས་སྐབས་ཐོབ་པར་འགྱུར། །ཐུགས་ཀྱི་བཟླས་པ་འབུམ་གྱིས་ནི། །བརྒྱལ་བར་གྱུར་པའི་སྔགས་ཀྱི་ལྷ། །ང་རྒྱལ་ཡོངས་སུ་སྤངས་པ་ནི། །སྒྲུབ་པ་པོ་ཡི་དབང་དུ་འགྱུར། །དེ་བཞིན་རླུང་གིས་མནན་ན་དེ། །རྣལ་འབྱོར་པ་ལ་ཡིས་ཀྱང་ཕེབས་པར་འགྱུར། །མེ་ཡིས་མནན་ན་བསྲེགས་པར་འགྱུར། །དེ་བཞིན་ཆུ་ཡིས་ཚིམ་པ་ལས་བསླང་བར་འགྱུར། །ས་ནི་མིང་ཡིག་དང་པོའི་སྤྱི་བོར་གནས་པ་དག །བཟླས་ན་ལྷ་ནི་རྒྱས་པར་འགྱུར། །སྤྱི་བོར་ཐིག་ལེའི་ཆས་མནན་ན། །མཉེས་པས་མཆོག་ནི་སྟེར་བར་འགྱུར། །དེ་ལྟར་དྲུག་འབུམ་བཟླས་པ་ནི། །དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །སྔགས་སྒྲུབ་རྣམས་ཀྱིས་འདོད་པ་གྲུབ་སླད་བདེ་གཤེགས་ཀྱིས། །སྔོན་དུ་བསྙེན་པ་རྣམས་སུ་གསུངས། །ཕ྄ཊ་ཡིག་དེ་བཞིན་ཧཱུྃ་བཽ་ཥཊ། །ན་མཿསྭཱ་ཧཱ་བ་ཥཊ་རྣམས། །ལས་དྲུག་ལ་ནི་གྲངས་བཞིན་དུ། །སྔགས་མཐར་བརྟུལ་ཞུགས་ཅན་གྱིས་བྱ། །དང་པོར་རྣམ་པར་སྣང་མཛད་ཨོཾ་ཡིག་བྱིན། །སླར་ཡང་གསུང་གི་བཟླས་པ་ཡང་དག་བརྩམས། །དེ་ནས་སྐུ་ཡི་སྔགས་བྱེ་བ་བཟླས་བྱས་ནས། །སྦྱིན་སྲེག་བཅུ་ཡི་ཆ་ཤས་ཀུན། །རྒྱུད་ལས་གསུངས་པའི་ཆོ་གས་བྱ། །དེ་ནས་ལྷ་ནི་འགྲུབ་འགྱུར་ཏེ། །སྔགས་པ་རྣམས་ལ་གྲུབ་པ་དེས། །མཆོག་དང་གང་ཞིག་དོན་གཉེར་སྟེར། །ལས་སོ་སོའི་ལྷའི་རིགས་གཞན་དང་ནི་བྱ་བ་ཆོ་ག་གཞན། །དུས་དང་དེ་བཞིན་སྔགས་ཀྱི་རིགས་ཀྱི་མཐའ་རྟེན་སོགས་གཞན་དང་། །སྒྲུབ་གནས་དང་ཕྱོགས་དང་གདན་གཞན་གྱི། །ཆོ་ག་གཞན་དང་གཞན་

p. 446

འཁྲུགས་བར་གྱུར་པའི་ལས་རྣམས་ཀུན་ལ་འབྲས་བུ་མེད། །དེ་ལྟར་མི་ཤེས་པར་གླེགས་བམ་དག་ལས་རང་གིས་མཐོང་ཏེ་བཀླག་པའི་སྔགས། །དེའི་ཆོ་ག་སོགས་ཀྱི་མན་ངག་རྣམ་པར་སྤངས་རྣམས་ཀྱིས། །སྒྲུབ་པ་རབ་ཏུ་བྱེད་པའི་མི། །གང་དེ་ས་ལ་ཉོན་མོངས་འགྱུར། །གལ་ཏེ་གླེགས་བམ་ལས་དོན་ཐམས་ཅད་རྙེད་ན། །བླ་མའི་མན་ངག་ཅེས་བྱ་དེ་ནི་ཅི། །ཇི་ལྟར་གླེགས་བམ་ལ་བྲིས་པ་བཀླག་པ་ནི། །ཕལ་ཆེར་དྲང་བའི་དོན་གྱིས་རབ་སྟོན་ཏོ། །སྔགས་ཀྱི་དམ་པའི་དངོས་པོ་མན་ངག་སྤངས་རྣམས། །གླེགས་བམ་བཀླགས་པའི་སྔགས་རྣམས་ཀྱིས། །ལྷ་ལ་སོགས་པ་སྒྲུབ་པ་པོ། །ནམ་མཁའ་དག་ནི་ཟ་བར་འདོད། །པ་ལྟར་མི་འགྲུབ་བོ། །རང་སེམས་བརྟན་པར་བརྩོན་འགྲུས་ཀྱིས། །སྔགས་ཀྱི་བཟླས་པས་སྒྲུབ་པ་པོ། །སེམས་ཅན་གཞན་དོན་གཉེར་བ་རྣམས་ཀྱི་ནི། །རེ་ཞིང་འདོད་པའི་འཇིག་རྟེན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །སྔགས་བཟླས་དེ་བཞིན་སྦྱིན་སྲེག་དང་། །མཆོད་རྟེན་མཆོད་པའི་ཆོག་ཆོ་གའི་རིམ་གྱིས། །ཚིག་འདི་ཇི་ལྟར་གསུངས་པར་གྱུར་བ་བཞིན། །དུ་བྱ་ཞིང་སེམས་ཅན་ལ། བརྩེ་བས་དམན་ན་འགྲུབ་མི་འགྱུར། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །སྟོན་པ་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་འགྲུབ་པའི་སླད་དུ་ནི། །སྔགས་འགྲུབ་པའི་མན་ངག་དེ་ཉིད་མཁས་པས་གཟུང་བར་བྱ། །ཞེས་གསུངས་པ་ལྟར་སྔོན་དུ་ཐུགས་ཀྱི་ཡི་གེ་ལས་དྲུག་གིས་བསྒྲུབ་པར་བྱ་སྟེ། །སྒྲོལ་མའི་སྔགས་ལ་མཚོན་ན། དང་པོར་ནམ་མཁའི་ཡི་གེས་བསྣུན་པ། ཨོཾ་ཧྟཱཿཕཊ་ཅེས་པ་འབུམ་བཟླའོ། །དེ་ནས་དབབ་པ་ཨོཾ་ཏཱཡཿཧཱུཾ་དབབ་པ་འབུམ་དང་། ཨོཾ་རྟཱཿབཽ་ཥཊ་བསྲེག་པ་འབུམ་དང་། ཨོཾ་ཝྷཱ༔ན་མཿབསླང་བ་འབུམ་དང་། ཨོཾ་ལྟཱཿསྭཱ་ཧཱཿརྒྱས་པ་འབུམ་གཅིག་དང་། ཨོཾ་ཏཱཾ་ཝ་ཥཊ་ཞེས་མཉེས་པར་བྱེད་པ་འབུམ་ཕྲག་གཅིག་སྟེ། དེ་ལྟར་བཟླས་པ་དྲུག་འབུམ་དང་། སོ་སོའི་མཐར་བཅུ་ཆའི་སྦྱིན་སྲེག་ཁྲི་རེ་བྱས་པས་སྦྱིན་སྲེག་

p. 447

ཁྲི་རྫོགས་པ་ན་ཐུགས་ཀྱི་བསྙེན་པ་རྫོགས་པར་འགྱུར་རོ། །དེ་ནས་ཨོཾ་ཏཱ་རེ་སྭཱ་ཧཱ་ཞེས་པ་གསུང་རྡོ་རྗེའི་བཟླས་པ་འབུམ་ཕྲག་བཅུ་དང་བཅུ་ཆའི་སྦྱིན་སྲེག་བྱ་བས་གསུང་གི་བསྙེན་པ་རྫོགས་པ་དང་། དེ་ནས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་པ་སྐུའི་བཟླས་པ་འབུམ་ཕྲག་བརྒྱ་བཟླས་ནས་འབུམ་བཅུའི་སྦྱིན་སྲེག་བྱས་ན་རྣལ་འབྱོར་པ་ལ་སྔགས་ཀྱི་ལྷས་མཆོག་སྟེར་བར་འགྱུར་གྱིས་རྣམ་པ་གཞན་དུ་མ་ཡིན་ཏེ། འདིར་ཇི་སྐད་གསུངས་པ་ལྟར་ཐུགས་གསུང་སྐུའི་དབྱེ་བའི་སྔགས་བསྒོམ་མཆོད་བཟླས་པར་བྱ་བའི་ཚུལ་འབུམ་ཕྲག་དྲུག་དང་འབུམ་ཕྲག་བཅུ་དང་འབུམ་ཕྲག་བརྒྱའི་བར་དུ་གོང་བཤད་ལྟར་བྱ་བ་ནི་ལྷ་གང་བསྒྲུབ་ཀྱང་འགྲུབ་པར་བྱེད་པའི་མན་ངག་དམ་པ་ཡིན་ཏེ་རྩ་བའི་རྒྱུད་ལས་གསུངས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ནས་རིལ་བུའི་བསྒྲུབ་པ་གསུངས་པ། རིལ་བུའི་གྲུབ་པ་སྟེ་རྫས་ཀྱི་རིལ་བུ་ཉིད་སྐུ་གསུང་ཐུགས་ཀྱི་དག་པས་ཟླ་ཉི་སྒྲ་གཅན་གྱི་དབྱེ་བས་དངུལ་དང་ཟངས་དང་ཁབ་ལེན་གྱི་ལྕགས་གསུམ་གྱིས་བཅིངས་པའམ་ནང་དུ་གཞུག་པའི་མཁའ་ལ་འགྲོ་བའི་ཤ་ཡི་རིལ་བུས་མཁའ་ལ་སྤྱོད་པ་ཉིད་དག་སྟེར་བར་འགྱུར་ཏེ། སྔོན་དུ་བསྒྲུབ་པ་ལེགས་པར་གྲུབ་པའི་སྔགས་པས་སྔར་གསུངས་པའི་མཁའ་སྤྱོད་སོ་དྲུག་ལས་དང་པོ་ལྔའམ་དེ་ནས་དྲུག་དང་། བཅུ་དང་བརྒྱད་དང་བརྒྱད་ཀྱི་སྡེ་ཚན་ཡུམ་ལྔ་དང་རྡོ་རྗེ་མ་དྲུག་སོགས་ཀྱི་རིགས་སུ་གྱུར་པ་དེ་དག་གི་སྡེ་ཚན་གང་ཡང་རུང་བ་གཅིག་གི་ཤ་རྣམས་བླངས་ནས་གྲིབ་མ་ལ་ལེགས་པར་བསྐམས་པ་བདུད་རྩི་ལྔ་དང་ལྷན་ཅིག་ཕྱེ་མར་བཏགས་པའི་རིལ་བུ་སྲན་མ་ཙ་ན་ཀའི་ཚད་ཙམ་བྱས་པ་ལྕགས་གསུམ་གྱིས་བཅིངས་པ་སྒྲུབ་རྫས་སོ། །དེ་དག་སྒྲུབ་པ་ནི་སྔར་གསུངས་པ་ལྟར་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པའི་སྒོ་ནས་སོ། །སྔགས་ནི་ཨོཾ་ཀཱ་ལ་ཙཀྲ་ཨཱཛྙཱ་སིདྡྷི་གུ་ལི་ཀཱཾ་སཱ་དྷ་ཡ་སྭཱ་ཧཱ། ཞེས་པ་སྟེ་དུས་ཀྱི་འཁོར་

p. 448

ལོའི་བཀས། གྲུབ་པའི་རིལ་བུ་གྲུབ་པར་མཛོད་ཅེས་སོ། །རྒྱུད་རྩ་བར་གྲུབ་པ་ཞེས་པ་མཁའ་སྤྱོད་སོ་དྲུག་གི་ཤ་མཁའ་ལ་སྤྱོད་པ་གྲུབ་པའི་རྫས་ཉིད་ལ་གསུངས་སོ། །དེ་ལྟར་བསྒྲུབ་པས་རིལ་བུ་གྲུབ་པའི་སླད་དུ་ལྷས་གནང་བ་སྦྱིན་པར་འགྱུར་བས་གྲུབ་པར་འགྱུར་རོ། །ཞེས་སམ། ལ་ལར་རབ་ཏུ་གནས་པར་འགྱུར་ཏེ་ཞེས་བཤད་པའང་སྣང་ངོ་། །དེ་བཞིན་དུ་ཁྱི་དང་རྟ་ལ་སོགས་པའི་ཞེས་ས་དང་ཆུ་ལ་སྤྱོད་པ་རྣམས་ཀྱི་སྒྲོན་མ་སྟེ་ཤ་རྣམས་ཀྱི་གྲུབ་པ་ལྕགས་གསུམ་གྱིས་བཅིངས་ཏེ་བསྒྲུབ་པ་བྱས་པ་ཉིད་ཀྱིས་ལུས་ལ་བཀྲེས་སྐོམ་ལ་སོགས་པ་དང་ལུས་ཀྱི་ནད་རྣམས་འཕྲོག་པར་བྱེད་དོ་ཞེས་ས་སྤྱོད་ཀྱི་ཤའི་རིལ་བུ་བསྒྲུབ་པའོ། །དེ་ལྟར་རིལ་བུ་སྒྲུབ་པའི་ངེས་པའོ། །དེ་ནས་མིག་སྨན་བསྒྲུབ་པ་གསུངས་པ། མཁའ་ལ་འགྲོ་བ་དེ་དག་རྣམས་ཀྱི་མིག་དང་ཞེས་པ་མིག་གི་སྡེ་ཚན་གང་རུང་ཚོགས་པ་བླངས་ནས་ཕྱེ་མར་བྱས་པ་བྱང་སེམས་ཀྱིས་སྤྲུས་པའི་རིལ་བུ་སྔར་བཞིན་བསྒྲུབ་པར་བྱ་སྟེ་སྔགས་ནི། ཨོཾ་ཀཱ་ལ་ཙཀྲ་ཨ་ཛྙཱ་སིདྡྷཱ་ཉྫ་ནཾ་སཱདྷ་ཡ་སྭཱ་ཧཱ། ཞེས་པ་སྟེ་གཞན་སྔ་མ་བཞིན་ལ། ཨཉྫ་ནཾ་ཞེས་པ་མིག་སྨན་ནོ་དེ་བཞིན་དུ་ཁྱི་དང་རྟ་སོགས་ས་སྤྱོད་རྣམས་ཀྱི་མཁྲིས་པ་ཡི་སྡེ་ཚན་རྣམས་བུད་མེད་ཀྱི་མེ་ཏོག་གིས་སྤྲུས་པའི་རིལ་བུ་མིག་སྨན་གྱི་སྔགས་ཀྱིས་བསྒྲུབ་པར་བྱའོ། །དེ་ལྟར་མིག་རྣམས་ཀྱི་རིལ་བུ་གྲུབ་ན་དེ་ནི་མི་མཆོག་རྣམས་ཀྱི་མིག་སྨན་ཏེ་མིག་ལ་བསྐུས་པ་ཙམ་གྱིས་ས་འོག་གི་གཏེར་མཐོང་ཞིག་དེ་བླང་བའི་དོན་དུ་ས་ཡི་དཔལ་གྱི་སྒོ་ནི་རབ་ཏུ་འབྱེད་པར་བྱེད་པ་དང་། མཁྲིས་པ་རྣམས་ཀྱི་མིག་སྨན་དེས་མིག་བསྐུས་ན་མི་སྣང་བའི་ཡུལ་ལ་ནི་མི་སྣང་བ་བྱེད་པ་དང་། དབང་དུ་བྱ་བ་ན་ན་ཆུང་རྣམས་ལ་བལྟས་པ་ཙམ་གྱིས་ཡིད་འཕྲོག་པར་བྱེད་དེ་འདི་དག་དཔལ་ལྡན་དུར་ཁྲོད་དུ་ནི་བསྒྲུབ་པ་ཉིད་བྱའོ། །རིལ་བུ་དང་མིག་སྨན་སྒྲུབ་པའི་ཆོ་ག་འདི་ཡིན་ཏེ། མར་ངོ་

p. 449

ནག་པོའི་ཚེས་བརྒྱད་ཀྱི་མཚན་མོ་དག་གམ་ཡང་ན་མ་ནུའི་ཉིན་ཞག་སྟེ་མར་ངོའི་བཅུ་བཞི་པའི་ཉིན་ཞག་ལ་ནི་དཀྱིལ་འཁོར་བཞེངས་པར་བྱས་ནས། ལྷ་མིན་དབང་པོ་བསྒྲུབ་པའི་སྐབས་སུ་གསུངས་པའི་བསྲུང་བ་དག་ཀྱང་ཀུན་ནས་བྱས་ཏེ། དཀྱིལ་འཁོར་དེ་ཡི་ལྟེ་བའི་དབུས་སུ་ཤ་ཡི་རིལ་བུ་དག་གམ་མིག་སྨན་ནི་ཐོད་པའི་ནང་དུ་བཞག་པར་བྱས་ནས་ཤིན་ཏུ་དྲི་བཟང་པོའི་མེ་ཏོག་རྣམས་ཀྱིས་ཡང་དག་པར་མཆོད་དེ། དེ་བཞིན་དུ་གཏོར་མ་ལ་སོགས་པའང་བྱས་ནས། སྔར་བསྟན་པ་བཞིན་རི་ལུའམ་མིག་སྨན་བསྒྲུབ་པའི་སྔགས་ཀྱི་བཟླས་པ་རབ་ཏུ་བྱའོ། །དུས་ཀྱི་འཁོར་ལོའི་བཀས་ཇི་སྲིད་མཁའ་ལ་ཉི་མ་བཞིན་དུ་སྒྲུབ་པའི་རྫས་རྣམས་ལས་འོད་ཟེར་འཕྲོ་བའི་ཚེ་ན་གྲུབ་པ་ཡིན་པས་དེའི་བར་དུ་སྔགས་བཟླས་པར་བྱས་ཏེ། རྟགས་བྱུང་བ་དེ་ནས་རྫས་དེ་བླངས་ལ་བཟུང་བར་བྱ་ཞིང་གལ་ཏེ་འོད་འཕྲོ་བར་མ་གྱུར་ན་ཇི་སྲིད་ལྷས་རྫས་ལ་བྱིན་རླབས་རབ་ཏུ་གནས་པར་འགྱུར་གྱི་བར་རམ་གནང་བར་འགྱུར་གྱི་བར་དུ་སྔགས་བསྒྲུབ་པར་བྱའོ། །གྲུབ་ནས་རིལ་བུ་རེ་རེ་བཟུང་བའི་གྲངས་ཀྱི་མི་རྣམས་རི་ལུའི་རིག་འཛིན་དང་། སུའི་མིག་ལ་བསྐུས་ཐེངས་བཞིན་དུ་མིག་སྨན་གྱི་རིག་འཛིན་དུ་འགྱུར་ལ། དེ་བཞིན་དུ་ཕྱག་མཚན་གྱི་རིག་འཛིན་བསྒྲུབ་ན། ལྕགས་ཀྱི་རལ་གྲི་བྱས་ནས་ལྷའི་ངེས་པས་བསྒྲུབ་པར་བྱ་སྟེ། ཨོཾ་ཀཱ་ལ་ཙཀྲ་ཨཛྙཱ་སིད་དྷ་ཁ་ཌ་གཾ་སཱདྷ་ཡ་སྭཱ་ཧཱ། ཞེས་པ་སྟེ་ཁཌྒཾ་ཞེས་པ་རལ་གྲིའོ། །དེ་བཞིན་རལ་གྲིའི་གནས་སུ་རིན་པོ་ཆེ་ལ་སོགས་པའི་མིང་བཅུག་པས་བསྒྲུབ་པས་རྫས་ལ་འོད་འཕྲོ་བ་ན་གྲུབ་པ་སྟེ་རལ་གྲིའི་རིག་པ་འཛིན་པ་ལ་སོགས་པར་འགྱུར་རོ། །དེ་ཡང་ཤེལ་གྱི་རིན་པོ་ཆེ་དང་། དངུལ་གྱི་པདྨ་དང་། གསེར་གྱི་འཁོར་ལོ་དང་། ལྕགས་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་དང་། དེ་བཞིན་དྲིལ་བུ་དང་། ལྕགས་ཀྱི་གྲི་གུག་བྱས་ནས་བསྒྲུབ་པར་བྱ་ཞིང་།

p. 450

གཞན་ཡང་རྩེ་གསུམ་དང་དགྲ་སྟ་ལ་སོགས་པའི་མཚོན་ཆ་ཐམས་ཅད་བསྒྲུབ་པར་བྱ་སྟེ། དུས་ཀྱི་འཁོར་ལོའི་བཀས་མཚོན་ཆ་གང་དང་གང་བསྒྲུབ་པ་དེ་གྲུབ་པ་ན་མཚན་མ་དེས་དེ་དང་དེའི་རིགས་ཀྱི་རིག་པ་འཛིན་པ་ཞེས་སུ་འགྱུར་ཏེ་ཡོན་ཏན་ཚད་མེད་པ་ཐོབ་བོ། །ཅི་སྟེ་ལྷའི་ངེས་པས་གྲུབ་པའི་བཅུད་བཞིན་དུ་སྐྱེ་བ་བདུན་དུ་མི་ནས་མིར་སྐྱེས་པའི་སྐྱེ་བདུན་གྱི་ཤ་དང་ཕྲད་དེ་ཟོས་ན། སྒྲུབ་པ་མེད་པར་ཡང་མཁའ་སྤྱོད་འགྲུབ་བོ་ཞེས་སོ། །ཡང་ན་ཚེ་འདིར་རིལ་བུ་སོགས་ནན་ཏན་བསྒྲུབ་པ་མ་གྲུབ་ན་ཡང་ལྷའི་བྱིན་རླབས་ཀྱི་ངེས་པས་གྲུབ་པའི་བཅུད་བསྟེན་པ་བཞིན་དུ་སྐྱེ་བ་བདུན་བརྒྱུད་པའི་མཐར་མ་བསྒྲུབ་ཀྱང་མཁའ་སྤྱོད་འགྲུབ་བོ་ཞེས་ཀྱང་རུང་ངོ་། །དེ་ལྟར་རྩ་རྒྱུད་ལས་གསུངས་པའི་ངེས་པའོ། །དེ་ནས་ཚིགས་བཅད་བརྒྱ་བདུན་ཅུ་པ་ནས་མཁའ་ལྡིང་བསྒྲུབ་པའི་ཚིགས་བཅད་བཅུ་བཞི་གོ་སླ་སྟེ་དེས་ན་འདིར་དེའི་འགྲེལ་པ་མ་བྲིས་སོ། །ཞེས་འགྲེལ་པར་གསུངས་སོ། །དེ་ནས་ཀླུའི་དུག་དང་འབྱུང་པོའི་ནད་གསོ་བའི་གཉེན་པོ་མཁའ་ལྡིང་བསྒྲུབ་པ་གསུངས་པ་ལ། དང་པོར་གསོ་བྱ་སྦྲུལ་གྱིས་ཟིན་པ་འཚོ་འཆིའི་ལྟས་བརྟག་པ་སོགས་གསུངས་པ། འཚོ་བར་ཞེས་པ་སྲོག་འཚོ་བ་རླུང་ཡིན་ལ་དེའི་ཕྱིར་སྣ་བུག་གཡས་གཡོན་གང་ནས་རླུང་རྒྱུ་བ་དེའི་ཕྱོགས་སུ་ནད་པ་འཚོ་འཆི་འདྲི་བའི་ཕོ་ཉ་གནས་ཏེ་དྲི་བ་དེ་ནི་འཚོ་ལ་སྲོག་མི་རྒྱུ་བ་སྟོང་བ་ནམ་མཁའི་ཕྱོགས་སུ་གནས་ནས་དྲི་ན་སྦྲུལ་གྱིས་སོས་ཟིན་པ་དེ་འཆི་བ་ཐོབ་པར་འགྱུར་རོ། །ཕོ་ཉའི་དྲི་བ་ཡི་ཚིག་གི་དབྱངས་ཀྱི་ཡི་གེ་བགྲངས་པས་གྲངས་མི་མཉམ་པ་ཡར་གྱུར་བ་གང་ཡིན་པ་དེ་ནི་ངེས་པར་ནད་པ་བདེ་བའི་འབྲས་བུ་སྟེར་བར་འགྱུར་ལ། མཉམ་པ་ཆར་གྱུར་ན་འཆི་བ་སྟེར་བར་བརྗོད་དོ། །ཕོ་ཉ་དེས་དང་པོར་གནོད་བྱེད་སྦྲུལ་ལ་སོགས་པའི་མིང་དག་རབ་ཏུ་བརྗོད་ན་ལྟས་ཀྱི་མཚན་མ་དེ་ལས་སོས་ཟིན་པ་དེ་འཆི་བ་ཐོབ་པར་འགྱུར་ཞིང་།

p. 451

ཐོག་མར་ནད་པའི་མིང་བརྗོད་ན་འཚོ་བར་འགྱུར་རོ། །གལ་ཏེ་སྔགས་པའི་སྲོག་ནི་ནང་དུ་རབ་ཏུ་འཇུག་པ་ལ་དྲིས་ན་དགེ་བར་འགྱུར་ཏེ་དབུགས་ཕྱིར་འབྱུང་བ་ཡི་དུས་དེ་ལ་ནི་ཐོག་མར་འདྲི་ན་དགེ་བ་མིན་པར་འགྱུར་རོ། །ཕོ་ཉའི་རྐང་བ་གཡོན་པ་མདུན་དུ་བཞག་ནས་འདྲི་ན་ནད་པ་དེ་བུད་མེད་དམ་ན་ཆུང་མར་བརྗོད་ལ། རྐང་པ་གཡས་པ་མདུན་དུ་བཞག་སྟེ་འདྲི་བ་ཡིན་ན་ནད་པ་དེ་སྐྱེས་པ་ཡིན་པའོ། །ཕོ་ཉའི་ལག་པས་རང་གི་ཡན་ལག་དག་ལ་གང་དུ་རེག་པའི་ཕྱོགས་འདིར་མི་དེ་སྦྲུལ་གྱི་སོ་ཡིས་ཟིན་པ་ཤེས་པར་བྱ་སྟེ། མགོ་ལ་རེག་ན་མགོ་དེའི་ཆར་སྦྲུལ་གྱིས་ཟིན་པ་སོགས་སོ། །དེ་རྣམས་ཕོ་ཉ་ལ་བརྟག་པའོ། །ནད་པའི་གམ་དུ་སོང་ནས་ནད་པ་ལ་བརྟག་པ་ན། ནད་པ་དེའི་མིག་དང་ཁ་ནི་རབ་ཏུ་གདངས་པ་དག་དང་རྣ་བའི་རྩ་བར་རི་མོ་ནག་པོ་བྱུང་བར་གྱུར་པ་ཡང་ནི་འཆི་བར་བརྗོད་དོ། །གལ་ཏེ་དུག་གིས་བརྒྱལ་བར་གྱུར་ཀྱང་ནད་པ་དེའི་སྙིང་གའི་པདྨ་ཁ་དོག་དཀར་པོར་གྱུར་པ་དང་ཁོང་པར་རླུང་གི་སྒྲ་ནི་ཅུང་ཟད་ཡོད་པར་གྱུར་ན་དེ་ནི་གསོར་རུང་བས་རབ་ཏུ་བསྡུ་བར་བྱ་སྟེ་སྤང་བར་མི་བྱའོ། །དེ་ལྟར་གསོ་རུང་བ་དང་མི་རུང་བའི་མཚན་མ་ཤེས་པར་བྱས་ནས་གསོ་བའི་ཆོ་ག་གསུངས་པ་ནི། དང་པོར་བསྲུང་བའི་ཆོ་ག་བྱས་ན་སྦྲུལ་གྱི་སོ་ཡིས་ཟིན་པ་ནད་པ་དང་ནི་གསོ་བ་པོ་ནས་བདག་ཉིད་ལ་ཡང་དུག་གི་གནོད་པ་མེད་པས་བདེ་བ་བྱེད་པར་འགྱུར་རོ། །བསྲུང་བ་ཇི་ལྟར་བྱ་ན་རང་མཁའ་ལྡིང་དུ་བསྒོམས་ས་ཆུ་མེ་ང་དང་དེ་བཞིན་ནམ་མཁའ་ཡི་ས་བོན་ཡི་གེ་ལྀ་ཨུ་རྀ་ཨི་ཨ་ཞེས་རྒྱལ་བ་རིགས་ལྔའི་ས་བོན་དག་ཀྱང་རང་གི་མཐེ་བོ་ལ་སོགས་པའི་སོར་མོ་ལྔ་ལ་ནི་ངེས་པར་རིམ་པས་སྦྱར་བར་ཏེ་གསལ་བར་དམིགས་པར་བྱའོ། །ཁྲོ་བོའི་ས་བོན་ལ་ཡིག་ལ་སོགས་པ་ཧ་ཡི་མཐའ་ལ་ཐུག་པ་ལ་ཝ་ར་ཡ་ཧ་ལྔ་རྣམས་རིམ་པས་བརླ་དང་ལྟོ༷་བ་དང་སྙིང་ག་དང་ཁ་ཡི་ནང་དང་དཔྲལ་བ་ལ་བཀོད་དོ། །ཧུ༷ཾ་ཀྵུ༷ཾ་ཧྱ་ཧྱཱ་ལ་སོགས་ཀླུ་བཅུ་ཡི་ས་བོན་རྣམས་ནི་མི་མཉམ་པ་དང་མཉམ་

p. 452

པ་དག་རིམ་བཞིན་ཐུང་ངུ་དང་རིང་པོའི་རབ་ཏུ་དབྱེ་བ་ཡིས་གཡོན་གྱི་ལུས་ལ་ས་བོན་ཐུང་ངུ་རྣམས་ཏེ་རྣ་བ་ལ་ཧུཾ་མགྲི༷ན་པ་ལ་ཧྱཱ་གནས་པ་དང་མཆན་ཁུང་ཧྲ་དང་། དཔྱིའི་སྟ་ཟུར་དཀུ་ཧླཧ་དང་བརླ་ཡི་ཕྱོ༷གས་ལ་ཧླ་རིམ་པར་སྟེ། གཡས་ཀྱི་ལུས་ཀྱི་གནས་དེ་ལྔ་ལ་གདེངས་ཅན་ཀླུ་རྣམས་ཀྱི་ས་བོན་རིང་པོ་ཉིད་དུ་རབ་ཏུ་འགྱུར་བ་ནི་བརླ་ལ་ཧླཱ་དཀུ་ལ་ཧླཱ ། མཆན་ཁུང་ཧྲཱ། མགྲིན་པར་ཧྱཱ། དཔྲལ་བར་རམ་རྣ་བ་གཡོན་དུ་ཀྵཾ་ཞེས་ཏེ་དེ་ལྟར་གཡོན་ལ་སྤྲོ༷་བའི་རིམ་པ་དང་། གཡས་ལ་བསྡུ་བའི་རིམ་པའི་དབྱེ་བས་སོ། །དེ་ལྟར་སྔགས་འདི་རྣམས་རང་དང་ནད་པ་གཉིས་ཀའི་ལུས་ལ་བསྒོམ་པར་བྱའོ། །དེ་ནས་རྒྱལ་བ་ཞེས་གྲགས་སོར་མོ་ཞེས་པ་སོར་མོ་ཉེར་བཞི་པའི་ཚད་ཅན་སྦོམ་ཕྲ་མེད་པར་ཤིན་ཏུ་མཉམ་པའི་འདམ་བུ་ཡི་དབྱུག་པ་ལ་སྦྲུལ་གྱི་ས་བོན་རིང་ཐུང་བཅུ་པོ་བཤད་མ་ཐག་པ་དེ་རྣམས་བྲིས་ཏེ་བཀོད་པ་དང་ལྡན་པས་བསྲུང་བའམ་བྱིན་གྱིས་བརླབ་པར་བྱས་ནས། ངག་ཏུ་ཧུ༷ཾ་ཀྵུ༷ཾ་ཞེས་བརྗོད་པ་དང་ལྡན་པས་ནད་པའི་སྙིང་གར་ཤིན་ཏུ་བསྣུན་པར་བྱས་ན་མྱུར་དུ་སོ་ཡིས་ཟིན་པ་ཡི་དུག་ནི་ལུས་ལས་བསྐྱོད་པར་བྱེད་པར་འགྱུར་ཏེ་སྐྲོད་ཅེས་འདོན་པའང་སྣང་ངོ་། །དེ་བཞིན་ས་ཡི་ས་བོན་ལ་ཡིག་སེར་པོ་ནད་པའི་དཔྲལ་བ་ལ་དམིགས་པས་བཀོད་པར་བྱ་སྟེ། མཁའ་སྐྱེས་ཧ་ཡིག་ལྗང་གུ་རྐང་བར་གནས་པ་བསྒོམས་པས་དུག་མྱུར་དུ་རེངས་པར་བྱེད་པར་འགྱུར་ཏེ་མཆེད་པར་མི་འགྱུར་རོ། །དེ་བཞིན་སྤྱི༷་བོར་ཆུ་ཡི་ས་བོན་ཝ་དང་རྩེ་མོ་ཅན་མེ་ཡི་ས་བོན་ར་ནི་ལྟོ༷་བར་རབ་ཏུ་བཅུག་ན་དུག་ནི་མེད་པ་ཉིད་དུ་འགྱུར་ཏེ། དུག་རེངས་པ་དང་ཞི་བ་འདི་ལ་གོང་གི་དབྱུག་གུས་ཀྱང་བསྣུན་པར་བྱའོ། །དེ་བཞིན་དུ་དཔྲལ་བར་རླུང་གི་ས་བོན་ཡ་ཡིག་དང་ནི། སྙིང་གར་རྩེ་མོ་ཅན་གྱིས་ཞེས་མེ་ཡི་རང་བཞིན་ར་ཡིག་བསྒོམས་ནས་དབྱུག་གུས་བསྣུན་པས་ངེས་པར་དུག་ནི་གཞན་དུ་འཕོ་བ་དག་བྱེད་པ་སྟེ་སྤྱི༷་བོར་སྟོང་པ་ཡི་ས་བོན་ཧ་ཡིག་རབ་ཏུ་ཞུགས་

p. 453

ཤིང་ས་ཡི་ས་བོན་ལ་ཡིག་ནི་རྐང་བར་གནས་པས་ངེས་པར་དུག་ནི་གཅོད་པར་བྱེད་དེ་དེ་ལའང་དབྱུག་གུས་བསྣུན་པར་བྱའོ། །ནད་པའི་དཔྲལ་བར་ཐིག་ལེ་དཀར་པོ་ཟླ་བ་ལྟ་བུ་བསྒོམ་པ་ཡིས་ནི་བརྟན་གཡོ་སྦྱར་བའི་རྣམ་པ་གསུམ་གྱི་དུག་ཀྱང་ངེས་པར་དུག་ནི་མེད་པར་བྱེད་དོ། །དཔྲལ་བར་ཐིག་ལེ་དམར་པོས་དུག་བསྐྱོ༷ད་ཅིང་། ནག་པོའི་སྤྲིན་དང་མཚུངས་པས་དུག་ལུས་ལ་འཇུག་པ་དང་ནི་ཁ་དོག་སེར་པོས་དུག་རེངས་པར་བྱེད་པས། དེ་ལྟར་ཤེས་ནས་བསྒོམ་པར་བྱ་སྟེ་བསམ་གཏན་གྱི་སྒོ་ནས་དུག་གཞོམ་པའོ། །སྨན་གྱི་སྦྱོར་བས་གསོ་བ་ནི། པི་ལིང་ན་ལེ་ཤམ་བཅའ་སྒ་སྟེ་ཚ་བ་གསུམ་པོ་མི་བསྐྱོད་པས་སྦྱར་བའི་སྡོང་བུ་ཞེས་པ་རེངས་བུར་བྱས་པ་སྲོག་ནི་རབ་ཏུ་འབབ་པར་ཞེས་རླུང་གཡས་གཡོན་གང་ནས་རྒྱུ་བ་དེར་གཞུག་པ་ནི་དུག་མེད་པར་བྱེད་པ་ལ་སྦྱར་བར་བྱས་ཏེའམ་བྱ་སྟེ། ཡང་ན་ཁ་ནི་རྣམ་པར་ཕྱེ་བའི་ལྕེ༷འུ་ཆུང་གི་རྩེ་མོ་ལ་སོར་མོ་ཡིས་ནི་ཊྭཾ་ག་ཎ་ཞེས་པ་ཚྭ་ལ་སྦྱར་བར་བྱའོ། །འདིས་ལྕེའུ་ཆུང་སྐྲངས་ཏེ་འཕྱངས་པ་ལ་ཡང་ཕན་ནོ། །ཛཱ་ཏཱི་སྣ་མའི་མེ་ཏོག་དང་བཛྲཱི་ཞེས་བ་ཤྲི་ཁནྜ་དང་། གཞོན་ནུ་ཞེས་པ་སྔོ་སྨན་ཀུ་མ་རཱི་དང་། གོང་བཤད་ཚ་བ་གསུམ་དང་། ལན་ཚྭ་ནི་རྒྱམ་ཚྭའམ་ལྕེ་མྱང་ཚྭ་གང་རྙེད་དང་། ལངྒ་ལཱི༷་ཤོག་ཤིང་དང་། དེ་བཱ་དཱ་ལི༷་ཐང་ཤིང་དང་། བྲཧྨཱི་ཞེས་པ་ཚངས་པའི་ཤིང་དོད་ཀྵ་རོ་ཞེས་པ་ཡ་བཀྵ་ར་དང་། ཨ་ཤྭ་གནྡྷ་བ་སྤྲུ་དང་། འགའ་ཞིག་རྟ་བོན་ལ་བཞེད་ཀྱང་བརྟག །ཉིན་མོར་བྱེད་པ་ཨརྐའི་ཤིང་དང་བཅས་པ་དང་། བན་དྷ་ཀརྐོ་ཊ་ཀི་ཞེས་པ་མཁན་པ་འབྲས་བུ་མེད་པ་དང་། མི་ཡི་བཤང་བ་དང་ཤ་དང་ཁུ་བ་དང་ཁྲག་ནི་ཆ་མཉམ་པ་དག་ཀྱང་མི་བསྐྱོད་པས་ཞེས་པ་དྲི་ཆུས་བཏགས་པའི་རིལ་བུ་བྱས་པ་ནི། ནད་པའི་ང་གང་ནས་རྒྱུ་བའི་སྣ་རུ་བཀོད་པས་འབྱུང་པོའམ་ནི་འབྱུང་པོའི་རིམས་ཀྱིས་བཏབ་པ་དང་། བརྟན་པ་ཡི་དུག་དང་གཡོ་བའི་དུག་གི་བྱེ་བྲག་ལྟོས་

p. 454

འགྲོའི་དུག་གིས་ཟིན་པ་ནི་ངེས་པར་འཇོམས་པར་འགྱུར་རོ། །ད་ནི་གདུག་པ་རིགས་ལྡན་གྱི་དུས་ཚོད་གསུངས་ཏེ་འཆི་བདག་ལྟ་བུའི་ཐུན་མཚམས་འདི་དག་ལས་སྤྱི་དང་ཁྱད་པར་སྨན་བསྟེན་པ་སོགས་ལ་སྤང་དགོས་ལ་འདིའི་དུས་སུ་སྦྲུལ་གྱིས་ཟིན་པ་དང་དུག་འཐུང་བ་སོགས་འཚོ་དཀའ་ཞིང་དུག་སྦྱོར་སོགས་ངན་ལས་ལ་བསྔགས་པ་ཡིན་པས་དེའི་ཚུལ་གསུངས་པ། ཉི་མ་ལ་སོགས་པའི་རེས་ཀྱི་གཟའ་བདུན་པོ་དག་ནི་ཉིན་དང་མཚན་མོའི་ཞག་གཅིག་གི་དུས་ཀྱི་ཆ་ལ་ཐུན་མཚམས་ཀྱི་དབྱེ་བས་བདག་པོར་གྱུར་པ་ཡིན་ཏེ་ཞག་གཅིག་གི་བདུན་གྱི་ཆ་ཡི་མཐའ་རུ་ནི་སྤེན་པ་ཡི་ཐུན་མཚམས་རྫོགས་ཤིང་ཉི་མའི་ཐུན་མཚམས་འཆར་བའི་དབུས་སུ་སྟོང་པ་སྒྲ་གཅན་དང་ཀླུ་བརྒྱད་པ་དང་རིགས་ལྡན་མ་དག་གི་ཐུན་མཚམས་གང་ཞིག་འཆི་བདག་དུས་ཀྱི་གཟུགས་ཅན་གྱི་ཐུན་མཚམས་ཆུ་ཚོད་ཕྱེད་ནི་རབ་ཏུ་རྒྱུ་ཞེས་པ་སྔ་ཕྱི་བསྡོམ་པའི་དབང་དུ་ཡིན་ཏེ། སྤེན་པའི་མཐར་ཆུ་སྲང་བཅོ་ལྔ་དང་ཉི་མའི་ཐོག་མར་ཆུ་སྲང་བཅོ་ལྔའོ་ཞེས་བོད་འགྲེལ་རྣམས་སུ་བཤད། འདིར་ཆ་བདུན་ཞེས་པ་ཞག་གཅིག་ཆ་མཉམ་བདུན་དུ་ཕྱེ་བ་མིན་གྱི། འོག་གི་མཁའ་དུས་སོགས་ཀྱི་རིགས་པས་ཉི་མའི་དུས་ལ་ཆུ་ཚོད་བརྒྱད་སྲང་སོ་བཞི་དབུགས་གཅིག་དབུགས་ཀྱི་བདུན་ཆ་ལྔ་དེ་བཞིན་ཟླ་བར་མིག་དམར་ལྷག་པར་ཕུར་བུར་པ་སངས་སྤེན་པར་ཐམས་ཅད་བསྡོམས་པ་ཆུ་ཚོད་དྲུག་ཅུ་ཡིན་ཞེས་ས་སྐྱའི་བླ་མ་དམ་པའི་འགྲེལ་ཆེན་སོགས་སུ་བཤད། འདིར་རིགས་ལྡན་མ་ཞེས་པའི་མ་མོའི་ནང་༨ ༣༤༡༥༧༨༣༣༢༡༡༥ ༤༢༥ ༤༢༥༡༡༠༠༠༠༤ ༡༧༠༦༡༥༢༡ ༢༤ཚན་གྱི་རིགས་ལྡན་མ་དུས་མཚམས་སུ་རྒྱུ་བའང་འདི་དང་ལྷན་ཅིག་ཡིན་པའང་རུང་སྙམ་མོ། གཞན་དུ་ཞག་གཅིག་གི་དུས་ཆ་མཉམ་བདུན་བྱས་ནས་རེས་གཟའ་ནས་མགོ་བརྩམས་ཏེ་རིམ་པར་བགྲང་བའི་སྤེན་པ་དང་ཉི་མའི་ཐུན་མཚམས་ཀྱི་བར་དུ་རིགས་ལྡན་མའི་ཐུན་མཚམས་ཡིན་པར་བཤད་ཀྱང་གཞུང་དངོས་

p. 455

བསྟན་ལ་དེ་ལྟར་འདྲ་ན་ཡང་རྒྱུད་ཀྱི་དགོངས་པ་མན་ངག་ལ་བསྟེན་ནས་ཤེས་དགོས་པ་ལས་གླེགས་བམ་བཀླག་པ་ཙམ་གྱིས་མ་ཡིན་ལ་པད་དཀར་གྱིས་ཀྱང་སྐབས་འདི་ལ་གོ་སླར་མཛད་ནས་མ་གསུངས་པས་བརྟག་པར་བྱ་པའི་གནས་སོ། །གཞན་ཀླུ་རིགས་ལྡན་རང་དུས་དང་གཞན་དུས་ལ་འཆར་ཚུལ་རྩིས་ཡིག་རྣམས་སུ་གསལ་ལོ། །དེ་ལྟ་བུའི་འཆི་བའི་གཟུགས་ཅན་ཆུ་ཚོད་ཕྱེད་དེ་ཤར་བའི་དུས་ལ་ཀླུ་སྟེ་སྦྲུལ་དང་རྩེ་བར་མི་བྱ་ལ། བརྟན་གཡོ་སྦྱར་བའི་རྣམ་པ་གསུམ་པོ་དག་གི་དུག་ཀྱང་བཟའ་བར་མི་བྱ་སྟེ། དེའི་དུས་སུ་ཅི་ནས་དུག་ཅན་གྱི་བཟའ་བ་ལ་འཛེམ་དགོས་པ་ཅིའི་ཕྱིར་ན། དུས་དེ་ཉིད་ལ་ནི་སྦྲུལ་གྱི་སོས་ཟིན་པའམ་གདོན་རིགས་འབྱུང་པོས་བཏབ་པ་དང་མཚོན་གྱིས་ལུས་ཕུག་པ་རྣམས་ཉེན་ཆུང་བ་ལྟར་སྣང་བ་ཡང་གཤིན་རྗེའི་གྲོང་ཁྱེར་དུ་འགྲོ་བས་སོ། །གཞན་ཡང་ཞག་གཅིག་གི་དུས་གཉན་པ་ནི་ཉི་མ་གུང་དང་མཚན་མོ་ཕྱེད་ལ་ཉིན་མཚན་གཅིག་གི་དུས་སུ་རིགས་ལྡན་མ་རྟག་ཏུ་རྒྱུ་བའི་རབ་ཏུ་དབྱེ་བ་དང་། དེ་བཞིན་དུ་ཐོ་རེངས་དག་གི་མཐར་ཉི་མའི་འོད་དང་པོར་འཆར་བའི་བར་གྱི་ཐུན་མཚམས་དག་དང་ཉི་མ་ནུབ་པ་ཏེ་སྲོད་ཐག་ཆོད་པའི་བར་གྱི་ཐུན་མཚམས་ལ་ཡང་དེ་བཞིན་དུ་ནི་འཆི་བའི་དུས་ཀྱི་ཆུ་ཚོད་ཀྱི་ཆ་ཤས་རྒྱུ་བ་ཉིད་དེ། དེ་ལྟར་གུང་གཉིས་ཟེར་འཆར་སྡུད་གཉིས་ཏེ་ཐུན་མཚམས་བཞི་ཡི་དབུས་སུ་ཆུ་ཚོད་གཅིག་གི་བཞི་ཆའི་ཐུན་མཚམས་སྟོང་པ་སྒྲ་གཅན་གྱི་རང་བཞིན་ཅན་གྱི་དུས་མཚམས་ཆུ་གཏེར་ཏེ་བཞི་པོ་དག་ལ། རིགས་ལྡན་མའི་དུས་ཀྱིས་སོས་ཟིན་པའི་དུས་བཞི་བསྡོམ་པའི་ཆུ་ཚོད་གཅིག་རབ་ཏུ་རྒྱུ་བ་ཡིན་ཞིང་འདི་དག་གཟའ་སྒྲ་གཅན་གྱི་གདོང་པ་དང་ཕྲད་པའི་དུས་རྣམས་སུ་ཉིན་ཞག་སོ་སོའི་དུས་སུ་ཡང་དག་པར་ནི་རིག་པར་བྱ་སྟེ། འདི་ལ་ནད་སོགས་གནོད་པ་གང་བྱུང་ཡང་ཉེན་ཆེའོ། །དེ་ནས་གཟའ་བདུན་དང་ཀླུ་རྣམས་སྦྱར་ཏེ་ཐུན་རྣམས་ལ་འཆར་བ་གསུངས་པ་ཉི་མ་ཡི་ལོངས་སྤྱོད་པའི་ཐུན་དེ་ལ་ནི་ཀླུ་མཐའ་ཡས་ཀྱི་

p. 456

ལོངས་སྤྱོད་ལ་དེ་ཡང་ཉིན་དང་མཚན་མོའི་དུས་སུ་ཞེས་པ་ཉིན་ཞག་གཅིག་གི་དུས་སུ་ཉིན་མོའི་དང་པོའི་ཆ་ལའོ། །ཞེས་པ་འདིས་རེས་གཟའ་གང་ཡིན་ནས་མགོ་རྩོམ་པའི་ལུགས་མ་ཡིན་པར་རྟག་ཏུ་དང་པོ་ཉི་མ་དང་མཐའ་ཡས་ལོངས་སྤྱོད་པའི་ལུགས་ཤིག་ཡིན་པར་བླ་མ་སྔ་མ་འགས་གསུངས། ཉི་མ་དེའི་ཕྱི་ནས་གཟའ་ཟླ་བ་སོགས་དང་ཀླུ་ལྷག་མ་རྣམས་ལོངས་སྤྱོད་པ་ཅན་ཏེ། འདིར་ནི་ལྟོ༷་འཕྱེ་ཀླུ་རྣམས་དག་གཟའ་བདུན་པོ་སྦྱར་ནས་ཐུན་བདུན་གྱི་དུས་ཀྱི་རབ་ཏུ་དབྱེ་བས་འཆར་བར་འགྱུར་ཞིང་སྤེན་པ་ཉི་མའི་མཚམས་སུ་གཟའ་སྒྲ་གཅན་དང་ཀླུ་རིགས་ལྡན་གྱི་ཐུན་མཚམས་འཆར་བ་སྔར་གསུངས་པ་བཞིན་ནོ། །དེ་ཡང་ཞག་བདུན་ལ་ཆུ་ཚོད་བཞི་བརྒྱ་དང་ཉི་ཤུ་ཡོད་པ་ལས་ཀླུ་བདུན་དང་གཟའ་བདུན་གྱིས་ལོངས་སྤྱོད་སྔར་བསྟན་པ་དེ་དག་བདུན་གྱིས་བསྒྱུར་བས་ཉི་མའི་ལོངས་སྤྱོད་པའི་དུས་ལ་མཁའ་དུས་ཏེ་ཆུ་ཚོད་དྲུག་ཅུ་དང་། ཟླ་བར་མཁའ་དང་བུག་པ་སྟེ་དགུ་བཅུ། མིག་དམར་མཁའ་མདའ་ཞེས་ལྔ་བཅུ་ལྷག་པར་མཁའ་དུས་ཏེ་བཞི་བཅུ། ཕུར་བུར་མཁའ་ནོར་ཏེ་བརྒྱད་ཅུ། པ་སངས་མཁའ་རི་སྟེ་བདུན་ཅུ། སྤེན་པར་མཁའ་མེ་སྟེ་སུམ་ཅུ་དག་གི་ཆུ་ཚོད་རྣམས་ནི། གཟའ་ཉི་མ་ལ་སོགས་ལས་ཀྱང་གདེངས་ཅན་ནོར་ཏེ་བརྒྱད་པོ་རྣམས་དག་གི་ལོངས་སྤྱོད་པ་ཡིན་ལ་ཀླུ་དེ་དག་གི་ལོངས་སྤྱོད་པའི་དུས་ཀྱི་དབྱེ་བས་དུས་དེར་སྦྲུལ་གྱིས་ཟིན་པ་སོགས་ནི་ཀླུ་དེ་དང་དེའི་དུག་ཏུ་འགྱུར་བས་དེ་ལྟར་ཤེས་ནས་དེ་ཡི་གཉེན་པོ་དེ་དང་བསྟུན་པར་བྱའོ། །དེ་ལ་ཀླུ་འདི་དག་གི་རིགས་དང་ཁ་དོག་ནི་མཐའ་ཡས་དང་རིགས་ལྡན་ཞེས་པ་བྲམ་ཟེ་ཡི་རིགས་ཡིན་ལ་ཁ་དོག་ནི་དཀར་པོ་ཁ་བའི་མདོག་སྟེ། དེ་བཞིན་ནོར་རྒྱས་བུ་དང་དུང་སྐྱོ༷ང་ནི་རྒྱལ་རིགས་ཀྱི་ཀླུ་ཡིན་ལ། མདོག་དམར་པོའོ། །པདྨ་ཆེན་པོ་དང་ནི་དེ་བཞིན་ཉིད་དུ་ཡང་འཇོག་པོ་ཀླུ་རྗེ་རིགས་ཁ་དོག་མཆོག་གི་གསེར་དང་མཚུངས་པ་སེར་པོའོ། །སྟོབས་ཀྱི་རྒྱུ་དང་པདྨ་ནི་དམངས་རིགས་ཏེ་སྤྲིན་ནག་དང་མཚུངས་པའོ། །

p. 457

རྒྱལ་དང་རྣམ་རྒྱལ་མཐར་སྐྱེས་ཀྱི་རིགས་དག་ནི་ཁ་དོག་སྣ་ཚོགས་འདྲེས་པ་ལྗང་གུ་དང་སྔོན་པོ་ཉིད་དུ་གནས་སོ། །དེ་དག་རྣམས་ཀྱི་སྐྱེ་གནས་ཀྱི་འབྱུང་བ་དག་ཀྱང་འདི་ལྟར་དཀར་པོ་དག་ཆུ་དང་། དམར་པོ་ཟུང་རྩེ་མོ་ཅན་མེ་དང་། སེར་པོ་དག་འཛིན་མ་ས་དང་། ནག་པོ་དག་ང་དང་། རྒྱལ་རྣམ་རྒྱལ་ནམ་མཁའི་ཁམས་སོ། །ད་ནི་ཀླུ་ཡི་དུག་གི་གཉེན་པོ་བླ་ན་མེད་པ་མཁའ་ལྡིང་ཡིན་པས་དེ་ཡི་སྒྲུབ་ཐབས་གསུངས་པ། མཁའ་ལྡིང་ཞེས་པ་རྐང་བ་ནས་ནི་དཔྱི༷་ཡི་མཐར་ཐུག་པ་ཁ་དོག་སེར་པོ་དང་། དེ་བཞིན་དཔྱི་ནས་ལྟེ༷་བའི་མཚམས་སུ་དཀར་པོ་ཁ་བའི་མདོག་གོ། །ལྟེ་བ་ནས་མགྲི༷ན་པའི་བར་དུ་ཁ་དོག་དམར་པོ་དང་སྤྲིན་ནག་པོ་དང་མཚུངས་པར་གནག་པ་ནི་མགྲིན་པ་ནས་སྨིན་མའི་འཁྲི་ཤིང་གི་བར་ཇི་སྲིད་ཉིད་དུ་སྟེ་དེ་ཕྱིར་རམ་དེ་ཡི་ཕྱི་ནས་སམ་ཕྱི་རོལ་སྨིན་མ་ནས་སྤྱི་གཙུག་གི་བར་ངེས་པར་ཁ་དོག་སྣ་ཚོགས་གཅིག་ཏུ་འདྲེས་པ་ལྗང་གུ་སྟེ་རིགས་ལྔ་འདུས་པའི་རྡོ་རྗེའི་ཁྱུང་ཁྲ་བོ་ཀླུ་རིགས་ལྔའི་དུག་གཞོམ་པའི་གཉེན་པོ་བླ་ན་མེད་པ ། གདེངས་ཅན་ཀླུའི་རིགས་ལྔ་ཡི་སྦྲུལ་གྱི་རྒྱན་དང་བཅས་པ་རྒྱལ་བ་རིགས་ལྔའི་དེ་ཁོ་ན་ཉིད་ས་བོན་ལྔ་ཡིས་རྒྱས་བཏབ་པ་འདི་ལྟ་བུ་བསྒོམས་ན། མཁའ་ལྡིང་དེ་ཡི་ཕྱག་རྒྱས་ཞེས་པ་སྐུའི་རྣམ་པའམ་ཕྱག་རྒྱའམ། ཡང་ན་དེའི་ཕྱག་རྒྱ་འདམ་བུའི་དབྱུག་པས་བསྣུན་ནའང་ཟེར་ཏེ་ཚུལ་དེས་གདེངས་ཅན་ཀླུ་ཡི་དུག་དང་འབྱུང་པོའི་ནད་ལ་སོགས་པ་དག་དང་བརྟན་པའི་དུག་ཀྱང་ངེས་པར་འཕྲོག་པར་བྱེད་དོ། །དེ་བསྒོམ་པའི་ཚུལ་ནི་རང་གི་སྙིང་གའི་པདྨ་དག་ལ་ཉི་མའི་སྟེང་དུ་ས་བོན་ཀྵིཾ་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་འདབ་ཆགས་ཀྱི་མགོན་པོ་ནི། ཀླུ་བཅུ་ཡི་རྒྱན་དང་ལྡན་ཞིང་རྒྱལ་བ་ལྔ་པོ་མཐའ་དག་གི་རིགས་ཀྱི་དབང་གིས་ལུས་ཁ་དོག་ལྔ་པོ་རྣམས་ལས་འོད་འཕྲོ་བ་བསྒོམ་པར་བྱ་ལ། དེ་ནས་འདབ་ཆགས་མགོན་པོའི་སྔགས་ནི། དང་པོར་ཨོཾ་ཡིག་

p. 458

དག་དང་། པཀྵི༷་ཞེས་འདབ་ཆགས་ཁྱུང་གི་མིང་དང་། སྭཱ་ཧཱའི་མཐའ་ཅན་དེ། སྔགས་དེ་ནི་བྱེ་བ་ཕྲག་གཅིག་བཟླས་ནས་སྦྱིན་སྲེག་འབུམ་བཅུ་བྱས་པས་གདེངས་ཅན་རིགས་དང་བཅས་པའི་འདབ་ཆགས་མགོན་པོ་དེ་ནི་བསྒྲུབ་པར་བྱའོ། །མཁའ་ལྡིང་གྲུབ་པར་གྱུར་ན་གདེངས་ཅན་དབང་པོ་འཇོག་པོ་ལ་སོགས་པ་རྣམས་དང་གདེངས་ཅན་བདག་པོའི་བུ་མཐུ་སྟོབས་དང་ལྡན་པ་རྣམས་རང་གི་བྲན་དང་མངག་གཞུག་ཉིད་དུ་འགྱུར་ཞིང་རབ་མཆོག་ས་ཡི་སྟེང་དུ་འབྱུང་པོ་དང་གནོད་སྦྱིན་གྱི་གདོན་རྣམས་དག་དང་མཁའ་འགྲོ་མ་དང་། མ་མོ་རྣམས་གང་གི་སྔགས་ཀྱིས་དགུག་ནུས་པར་རབ་ཏུ་འགྱུར་ཏེ། གཟའ་ལ་སོགས་པ་ས་སྟེང་གི་གདོན་གྱི་ཚོགས་པ་མཐའ་དག་དང་འཆི་བདག་དུས་ཀྱི་གཟུགས་ཅན་སྦྲུལ་གདུག་པ་ཉིད་ཀྱིས་སོས་ཟིན་པ་མཐའ་དག་ཇི་ལྟར་བརྗོད་པར་བྱེད་པའམ་བཀའ་བགོ་བ་བཞིན་བྱེད་པར་འགྱུར་རོ། །ཡང་ན་གདོན་དང་སོས་ཟིན་མཐའ་དག་མིང་ཙམ་མམ་རྗོད་པར་བྱེད་པ་ཙམ་དུ་བྱེད་དོ་ཞེས་སམ་ཡང་ན་གདོན་གྱིས་ཟིན་པ་དང་སྦྲུལ་གྱི་སོས་ཟིན་པ་རྣམས་ཀྱིས་ཁྱུང་གི་སྔགས་དང་ལྡན་པ་དེའི་གྲགས་པ་རྗོད་པར་བྱེད་པར་བཤད་པ་འདུག་ཀྱང་དོན་ལ་མི་འགྲིགས་པ་མེད་དོ། །དེ་ཕྱིར་སེམས་ཅན་དོན་གྱི་སླད་དུ་དང་པོར་མི་རྣམས་ཀྱིས་ནི་མཁའ་ལྡིང་དབང་པོ་སྒྲུབ་པར་བྱ་ཞེས་རྡོ་རྗེ་ནམ་མཁའ་ལྡིང་བསྒྲུབ་པའི་ངེས་པའོ། །དེ་ནས་ཞི་བ་ལ་སོགས་པའི་ལས་སྒྲུབ་པའི་འཁྲུལ་འཁོར་གྱི་རིམ་པ་གསུངས་པ་ལ། འཁོར་ལོ་དྲུག་གི་འཁྲུལ་འཁོར། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར། འཇམ་དཔལ་གྱི་འཁྲུལ་འཁོར་ཏེ་རྣམ་པ་གསུམ་ལས། དང་པོ་འཁྲུལ་འཁོར་ཆེ་བ་འདི་དག་ཀྱང་འཇམ་དཔལ་གྱི་འཁྲུལ་འཁོར་ཀྱང་ཡིན་ལ། འདིར་ཞི་སོགས་ལས་གང་དང་གང་གི་འཁྲུལ་འཁོར་བྲི་བ་ལ་བྲི་བའི་གཞི་དང་སྨྱུ་གུ་དང་ཕྱོགས་དང་གདན་དང་། མཐར་བཞག་ས་ལ་སོགས་པ་མཐའ་དག་ལེའུ་གསུམ་

p. 459

པ་དབང་ལེ་ནས་ཇི་སྐད་གསུངས་པ་ལྟར་ཚད་ལྡན་དུ་བྱས་ནས་འཁྲུལ་འཁོར་དངོས་བྲི་བ་ལ། གཞི་དེར་ཚངས་ཟུར་གྱི་ཐིག་བཏབ་ལ། ལྟེ་བ་དང་དེའི་ཕྱི་རོལ་མུ་ཁྱུད་དྲུག་ཟླུམ་པོར་བསྐོར་བ་ནི་ལུས་ལ་གཙུག་སྙིང་དཔྲལ་མགྲིན་ལྟེ་གསང་གི་འཁོར་ལོ་དྲུག་ཡོད་པ་བཞིན་ནོ། །དེ་ལ་ལྟེ་བའི་ཕྱི་རོལ་གྱི་མུ་ཁྱུད་དང་པོ་ལ་འདབ་མ་རིག་བྱེད་དེ་བཞི་དང་ནི་གཉིས་པ་འདབ་མ་བརྒྱད་པ་ཉིད་དང་། གསུམ་པ་མི་ཡི་བདག་པོ་སྟེ་བཅུ་དྲུག་དང་། བཞི་པ་སོ་སྟེ་སུམ་ཅུ་རྩ་གཉིས་དང་། ལྔ་པ་ཆུ་གཏེར་དྲུག་སྟེ་དྲུག་ཅུ་རྩ་བཞི་དང་། དྲུག་པ་གཉིས་སྐྱེས་སོ་ཡི་གྲངས་སུམ་ཅུ་རྩ་གཉིས་བྱས་པ་ལ། སྙིང་པོར་ཏེ་ལྟེ་བར་ཞི་སོགས་གང་ལ་བསྒྲུབ་བྱ་དེའི་མིང་ལས་ཀྱི་སྤེལ་ཚིག་ཅན་བྲིའོ། །དེའི་ཕྱི་རོལ་གྱི་འདབ་མ་བཞི་ལ་རང་གི་མིང་གི་མདུན་ཕྱོགས་སུ་དང་པོར་ཨ་ཨ༷ཾ་ཟུང་སྟེ་འདིར་ཨཾ་ཨ་ཞེས་དཔེ་འགར་སྣང་ཡང་འགྲེལ་བར་ཨ་ཨཾ་ཟུང་ཞེས་བཀོད་པ་ལྟར་བདེའོ། །ཟུང་ཞེས་པས་ཨ་ཨཱ་ཟུང་དང་ཨཾ་ཨཱཿཟུང་བཞི་སྟེ། དེ་ཡང་ཤར་དུ་ཨ། བྱང་དུ་ཨཾ། ནུབ་ཏུ་ཨཱ། ལྷོར་ཨཿ ཞེས་པ་ཟླུམ་སྐོར་དང་པོ་ལའོ། །ཨི༷་ལ་སོགས་པ་འདབ་བརྒྱད་ལ་ཞེས་པ་ནི། ཤར་དང་མེར་ཨི་ཨཱི་གཤིན་རྗེ་དང་བདེན་བྲལ་དུ་རྀ་རཱྀ། བྱང་དང་དབང་ལྡན་དུ་ཨུ་ཨཱུ། ནུབ་དང་རླུང་དུ་ལྀ་ལཱྀ་ཞེས་པ་ཟླུམ་སྐོར་གཉིས་པ་ལའོ། །ཨེ༷་ཡ་ལ་སོགས་བཅུ་དྲུག་ལ་སྟེ་ཞེས་པ་ཟླུམ་སྐོར་གསུམ་པའི་འདབ་མ་བཅུ་དྲུག་ལ། ཤར་གྱི་འདབ་མ་བཞི་ལ། ཨེ་ཨཻ་ཡ་ཡཱ་བཞི་དགོད་དེ་གཡས་སྐོར་དུའོ། །དེ་བཞིན་ལྷོའི་འདབ་མ་བཞི་པ་ཨར་ཨཱར་ར་རཱའོ། །བྱང་གི་འདབ་མ་བཞི་ལ་ཨོ་ཨཽ་ཝ་ཝཱའོ། །ནུབ་ཀྱི་འདབ་མ་བཞི་ལ་ཨལ་ཨཱལ་ལ་ལཱ་བཞི་སྟེ་དེ་ལྟར་ཟླུམ་སྐོར་གསུམ་པའི་རེ་མིག་ལ་ཡི་གེ་བཅུ་དྲུག་པོ་དེ་རྣམས་དགོད་པར་བྱའོ། །ཀ་སོགས་གསུམ་གྱིས་བསྒྱུར་བའི་བཅུ་དང་ཞེས་པ་སུམ་ཅུ་དང་ཧ་ཀྵ་གཉིས་དང་བཅས་པའི་ཡི་གེ་སོ་གཉིས་

p. 460

ནི་ཟླུམ་སྐོར་བཞི་པའི་རེ་མིག་གཉིས་སྐྱེས་ཏེ་སུམ་ཅུ་རྩ་གཉིས་པ་ལ་དགོད་པར་བྱ་སྟེ། དབང་ལྡན་ཕྱོགས་ཀྱི་འདབ་མ་གསུམ་དོར་བའི་ནང་གི་ཨེ་ཡིག་གི་རྒྱབ་ཀྱི་རེའུ་མིག་གཉིས་པོའི་ཕྱི་མ་ནས་བརྩམས་ཏེ་ཤར་དུ་ཙ་ཚ་ཛ་ཛྷ་ཉ་ལྔ་བཀོད་པར་བྱ་ཞིང་དེའི་རྗེས་སུ་ཤར་ལྷོའི་གསུམ་དོར་ནས་ལྷོའི་འདབ་མ་ལྔ་ལ་ཊ་ཋ་ཌ་ཌྷ་ཎ་ལྔ་བཀོད། དེ་ནས་ལྷོ་ནུབ་ཀྱི་རེ་མིག་གསུམ་དོར་ནས་ནུབ་ཏུ་ཏ་ཐ་ད་དྷ་ན་ལྔ་དགོད་དོ། །དེ་ནས་ནུབ་བྱང་གི་གསུམ་དོར་ནས་བྱང་གི་རེ་མིག་ལྔ་ལ་པ་ཕ་བ་བྷ་མ་ལྔ་འགོད་དོ། །དེའི་རྗེས་སུ་བྱང་གི་མ་ཡི་རྗེས་ནས་བརྩམས་ཏེ་དབང་ལྡན་གྱི་འདབ་མ་གསུམ་ལ་ཀ་ཁ་ག་གསུམ་དང་མེ་ཡི་འདབ་མ་གསུམ་པོར་ཉ་ཡིག་གི་རྗེས་གྷ་ང་ཀྵ་གསུམ་དང་བདེན་བྲལ་གྱི་གསུམ་པོར་ཎ་ཡི་རྗེས་ནས་ས་་ཥ་གསུམ་དང་། རླུང་གི་མཚམས་ནས་བརྩམས་ཏེ་བྱང་གི་གསུམ་པོར་ན་ཡིག་གི་རྗེས་ནས་ཤ་ྈྐ་ཧ་གསུམ་བྲི་བར་བྱའོ། །དེ་ལྟར་ཟླུམ་སྐོར་བཞི་པའི་འདབ་མ་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ཡི་གེས་གང་བར་བྲིའོ། །དེ་ནས་ཟླུམ་སྐོར་ལྔ་བའི་འདབ་མ་དྲུག་ཅུ་རྩ་བཞི་ལ། ཐུན་མཚམས་འདབ་མ་རྣམས་ལ་བསྒྲུབ་བྱ་ཞེས་གསུངས་པ་ཤར་དང་ལྷོ་དང་བྱང་དང་ནུབ་ཏུ་བསྒྲུབ་བྱའི་མིང་སྤེལ་ཅན་དབུས་སུ་ཇི་ལྟ་བ་བཞིན་ནོ། །མིང་ཚང་མ་བྲི་མ་བདེ་ན་མིང་ཡིག་དང་པོས་བྱ་རུང་ངམ་སྙམ། དེ་ལྟར་ཕྱོགས་བཞི་དང་དབུས་ཏེ་གནས་ལྔར་བསྒྲུབ་བྱའི་མིང་ངོ་། །ཚེས་ཀྱིས་བསྒྱུར་བའི་དུས་ལ་ཞེས་པ་རེ་མིག་བཞི་དོར་བའི་ལྷག་མ་དྲུག་ཅུ་པོ་ཡིན་ཏེ་བཅོ་ལྔས་བཞི་བསྒྱུར་བ་དྲུག་ཅུའོ། །རེ་མིག་དེ་རྣམས་ལ་ནི་ལ་མཐའ་ཞེས་པ་ལ་ཡིག་གི་མཐར་ཐུག་པའི་ཧ་ཡ་ར་ཝ་ལ་ལྔ། དབྱངས་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿ ཞེས་པ་བཅུ་གཉིས་ཀྱིས་སྤེལ་བ་དང་བཅས་པ་རྣམས་དགོད་པར་བྱ་སྟེ། ཤར་གྱི་བསྒྲུབ་བྱའི་མིང་ལས་གཡས་སྐོར་གྱིས། མ་ཡཱ་ཡི་ཡཱི་ཡྼྀ་ཡྼྀ་ཡུ་ཡཱུ་ཡླྀ་ཡླཱྀ་ཡཾ་ཡཿ ཞེས་པ་འདབ་མ་བཅུ་གཉིས་ལའོ། །

p. 461

ལྷོར་བསྒྲུབ་བྱའི་མིང་ལས་ར་རཱ་རི་རཱི་ཪྼྀ་རཱརྀཪྼཱྀ་ར་རཱུ་རླྀ་རཾ་རཿ བཅུ་གཉིས་དང་བྱང་དུ་བསྒྲུབ་བྱའི་མིང་ལས། ཝ་ཝཱ་ཝཱི་ལྺི་སཪྺྀ་རཱཝྀ་ཝུ་ཝཱུ་ཝྼཱྀ་ཝྀ་ལཱཝྀ་ཝཾ་ཝཿ ཅེས་པ་བཅུ་གཉིས་དང་། ནུབ་ཏུ་བསྒྲུབ་བྱའི་མིང་ལས་ལ་ལཱ་ལི་ལཱི་རལྀ་རཱལྀ་ལླྀ་ལླཱྀ་ལཾ་ལཿཅེས་པ་འདབ་མ་བཅུ་གཉིས་ལ་དགོད་པར་བྱའོ། །དེ་ནས་ཤར་དུ་བསྒྲུབ་བྱའི་མིང་གི་རེ་མིག་གི་ཕ་རོལ་གྱི་འདབ་མ་ལ་ཧའོ། །དེ་བཞིན་ནུབ་ཏུ་ཧཱ། ལྷོར་ཧཿ བྱང་དུ་ཧཾ་བྲིའོ། །དེ་བཞིན་གཡོན་སྐོར་གྱིས་ཧི་ཧཱི་དབང་ལྡན་གྱི་མཐར་རོ། །ར ཧྀ་རཱ ཧྀ་མེའི་མཐར་རོ། །ཧུ་ཧཱུ་རླུང་གི་མཐར་རོ། །ཧླྀ་ཧླཱྀ་བདེན་བྲལ་གྱི་མཐར་རོ། །བསྒྲུབ་བྱའི་མིང་གི་ཡི་གེ་དང་པོ་ནི་ལྟེ་བ་དང་། གཉིས་པ་ཤར་གྱི་ཐུན་མཚམས་ཀྱི་འདབ་མ་དང་དེ་བཞིན་གསུམ་པ་ལྷོ། བཞི་པ་བྱང་དང་ལྔ་པ་ནི་ནུབ་ཏུ་སྟེ། དེ་ལ་ཤར་དུ་ཐུགས་ཀྱི་ས་བོན་ཧུཾ།ལྷོར་གསུང་གི་ཨཱཿ བྱང་དུ་སྐུའི་ཨོཾ། ནུབ་ཏུ་ཡེ་ཤེས་ཀྱི་ས་བོན་ཧོ་དང་བཅས་པ་དགོད་པར་བྱའོ། །ཟླུམ་སྐོར་ལྔ་པའི་འདབ་མར་ཡི་གེ་འགོད་ཚུལ་འདི་ལ་བསྒྲུབ་བྱའི་མིང་ཕྱོགས་བཞིའི་དབུས་སུ་འགོད་པ་དང་། མཚམས་བཞིར་བཀོད་པའི་ཚུལ་ལས་ཕྱོགས་ཀྱི་ཡི་གེའི་ཆ་འགྲིག་ཚུལ་སོགས་ལ་དཔྱད་གཞི་སྣང་སྟེ་འདིར་རྒྱུད་འགྲེལ་ལྟར་བྲིས་པ་ཡིན་ལ། ཇོ་མཆན་དུ་བསྒྲུབ་བྱའི་མིང་བྲི་བའི་ཐུན་མཚམས་ནི་ཤར་ལྷོ་བྱང་ནུབ་ཀྱི་ཟུར་བཞི་ནས་གསུམ་སྤང་བར་བསྒྲུབ་བྱའི་མིང་སྟེ་ཞེས་དང་། ཤར་ལ་སོགས་པར་བསྒྲུབ་བྱའི་ཕ་རོལ་གྱི་འདབ་མ་ལ་ཧ་སོགས་བཞི་བཀོད་པ་ནི་མིང་ཡོད་པའི་རེ་མིག་གི་སྔ་མར་འགོད་པར་བཞེད་ཧི་ཧཱི་ཧ་ནས་བརྩམས་ཏེ་དབང་ལྡན་གྱི་མཐར་ཐུག་པར་རོ། །ཞེས་དང་ཧྲྀ་ཧྲཱྀ་ཧཿཡི་རྗེས་ནས་མེའི་མཐའ་དང་། ཧུ་ཧཱུ་ཧཾ་ནས་རླུང་གི་མཐའ་དང་། ཧླྀ་ཧླཱྀ་ཧཱ་ནས་བདེན་བྲལ་གྱི་མཐར་རོ་ཞེས་འདུག་འཁྲུལ་འཁོར་གྱི་ངེས་པ་ལོགས་ཤིག་ཏུ་བཀོད་པ་དེ་ལས་རྒྱ་ཆེར་ཤེས་པར་བྱ་ཞེས་འདུག་ཀྱང་འདིའི་དཔེ་ལག་ཏུ་མ་སོན། རྒྱལ་པོ་ཁྱབ་འཇུག་སྦས་པ་དང་འཇིགས་མེད་གྲགས་པས་སྲས་ལ་གནང་བའི་ཕན་

p. 462

གནོད་རེ་བརྒྱད་པའི་སྦྱོར་བ་བཅུ་ཡི་ཆོ་ག་ཞེས་འཁྲུལ་འཁོར་ཆེ་བ་བྲི་ཚུལ་གྱི་དཔེ་ཆ་སྐྱབས་མགོན་མཁྱེན་བརྩེའི་ཕྱག་དཔེའི་ཁྲོད་དུ་བཞུགས་པ་མཐོང་ཞིང་བལྟས་མོད་ཀྱི། བཀོད་ཚུལ་ཅུང་མི་འདྲ་བ་འདུག་སྙམ་ལས་རྒྱུད་འགྲེལ་དང་དེ་གཉིས་བསྡུར་ཏེ་ཞིབ་ཏིག་མ་གྲུབ་པས་སླར་སྔར་གྱི་ཕྱག་ལེན་ཚད་ལྡན་གྱི་འཁྲུལ་འཁོར་དཔེ་ཆ་རྙེད་ན་འཁྲུལ་འཁོར་གྱི་དཔེ་ཟུར་དུ་འགོད་འོས་སུ་གདའོ། །ཟླུམ་སྐོར་ལྔ་པའི་འདབ་མར་ཡི་གེ་འགོད་ཚུལ་ཡང་ན་ཨ་སོགས་དབྱངས་ནི་རིང་ཐུང་རེ་རེ་དག་གིས་ཆུ་སྲིན་དང་བུམ་པའི་དབང་ལས་རིང་པོ་དང་ཐུང་ངུ་དག་ཀྱང་ལྔ་རེ་བྱས་པས་བཅུར་འགྱུར་བ་དེ་བཞིན་ཆུ་སྲིན་སོགས་ཁྱིམ་བཅུ་གཉིས་ཀྱི་ལྷག་པའི་ལྷ་ཡི་གེ་དྲུག་ཅུ་པོ་བསྒྲུབ་བྱའི་མིང་གི་རེ་མིག་བཞི་མ་གཏོགས་པའི་ལྷག་མ་དྲུག་ཅུ་ལ་དགོད་པར་བྱ་སྟེ་ཇི་ལྟར་ཞེ་ན་འདིར་ཤར་དུ་བསྒྲུབ་བྱའི་མིང་ཐུགས་ཀྱི་ཡི་གེ་ཡོད་པའི་རེ་མིག་དེའི་རྗེས་ནས་གཡས་སྐོར་གྱིས་ཉ་ཁྱིམ་གྱི་ཡི་གེ་ཙཱ་ཚཱ་ཛཱ་ཛྷཱ་ཉཱ་དང་ལུག་གི་ཉ་ཛྷ་ཛ་ཚ་ཙ་ལྔ་སྟེ་བཅུ་རིམ་པར་བྲིའོ། །དེ་བཞིན་ལྷོར་གསུང་རྡོ་རྗེ་ནས་གླང་དང་འཁྲིག་པའི་ཡི་གེ་ཊཱ་སྡེ་རིང་པོར་ལུགས་འབྱུང་དང་ཎ་སོགས་ལུགས་ཟློག་བཅུ་བྲིའོ། །བྱང་དུ་སྐུ་རྡོ་རྗེའི་རྗེས་ནས་ཀར་སེང་གཉིས་ཀྱི་ཡི་གེ་པཱ་སོགས་རིང་ཐུང་བཅུ་དང་། ནུབ་ཏུ་ཡེ་ཤེས་རྡོ་རྗེ་ཧོ་ཡིག་གི་འདབ་མའི་འཕྲོ་ནས་བུ་མོ་དང་སྲང་གི་ཡི་གེ་ཏཱ་སོགས་རིང་ཐུང་བཅུ་བྲིས་པས་འདབ་མ་བཞི་བཅུ་གང་བའི་ལྷག་འདབ་མ་ཉི་ཤུ་ལ། ནུབ་ཀྱི་གཡོན་གྱི་འདབ་མ་ལྔ་ལ་སྡིག་པའི་ཀཱ་སོགས་རིང་པོ་ལྔའོ། །ཤར་དུ་གཞུའི་ང་སོགས་ཐུང་ངུ་ལྔའོ། །ལྷོར་ཆུ་སྲིན་གྱི་སཱ་ལ་སོགས་པ་རིང་པོ་ལྔ་དང་། བྱང་དུ་བུམ་པའི་ྈྐ་ལ་སོགས་པ་སྡེ་ལུགས་བཟློག་ཐུང་ངུ་ལྔ་བཀོད་པས་རེ་མིག་དྲུག་ཅུ་གང་བར་འགྱུར་ཏེ་ཟླུམ་སྐོར་ལྔ་པ་ལ་འགོད་རྒྱུའི་ཡི་གེ་དྲུག་ཅུ་འདི་གོང་བཤད་དང་འདི་གཉིས་གང་རུང་བྲི་སྟེ་འདམ་ང་ཅན་ནོ། །ཟླུམ་སྐོར་ལྔ་བ་དེའི་ཕྱི་རོལ་གྱི་ཟླུམ་སྐོར་དྲུག་པ་ལ་གསང་བའི་རྩ་འདབ་དག་

p. 463

གི་གྲངས་འདབ་མ་སུམ་ཅུ་རྩ་གཉིས་པ་ལ་འཇམ་དཔལ་བདག་གི་སྙིང་པོ་བཛྲ་ཏིཀྵྞ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་གཉིས་རྣམས་དགོད་པར་བྱ་སྟེ་དབང་ལྡན་ནས་བརྩམས་ཏེ་མེའི་མཐར་ཐུག་པའི་ཤར་ཕྱོགས་ཀྱི་འདབ་མ་བརྒྱད་ལ་ བ ཛྲ་ ཏཱི ཀྵྞ་ དུ་ ཁ་ ཙྪེ་ ད་ཞེས་པའི་ཡི་གེ་བརྒྱད་དགོད་པར་བྱའོ། །དེ་བཞིན་རིམ་པར་གཡས་སྐོར་གྱིས་ལྷོ་ཕྱོགས་སུ། པྲ་ཛྙ་ ཛྙཱ་ ན་ མཱུ རྟྟ་ ཡེ་ ཛྙཱ་ ཞེས་པ་བརྒྱད་དང་། ནུབ་ཏུ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར་ཨ། ཞེ ས་པ་བརྒྱད་དང་། བྱང་དུ་ར་པ་ཙ་ནཱ་ཡ་ཏེ་ན་མཿ ཞེས་པ་བརྒྱད་དགོད་པར་བྱའོ། །ཟླུམ་སྐོར་དྲུག་པ་དེ་དག་རྣམས་ཀྱི་ཕྱི་རོལ་དུ་ཡང་། ཞི་སོགས་ལས་ལ་ཝ་ཡ་ར་ལ་དཀྱིལ་འཁོར་རྣམས་ཉིད་དོ་ཞེས་པ་ཞི་བ་དང་རྒྱས་པ་དང་རིམས་འཕྲོག་པ་དང་དུག་མེད་པར་བྱེད་པ་ལ་འཁྲུལ་འཁོར་གྱི་ཕྱི་རོལ་དུ་ཆུའི་དཀྱིལ་འཁོར་གྱི་རི་མོའམ་ཡང་ན་ཆུའི་ས་བོན་ཝ་ཡིག་གིས་བསྐོར་བ་བྲི་བར་བྱའོ། །དེ་ནས་དེའི་ཕྱི་རོལ་དུ་ཟླ་བའི་དཀྱིལ་འཁོར་དཀར་ཟླུམ་གྱི་རྣམ་པའམ་ཡང་ན་གླང་པོ་ཆེའི་ལུས་ཀྱི་ཁོག་པར་ཆུད་པ་བྲི་བར་བྱའོ། །དེ་བཞིན་དུ་བསད་བསྐྲད་དབྱེ་བ་ལ་རླུང་གི་དཀྱིལ་འཁོར་རམ་ཡ་ཡིག་གིས་བསྐོར་བ་དང་། དབང་དགུག་སོགས་ལ་མེ་དཀྱིལ་དང་ར་ཡིག་རེངས་རྨོངས་ལ་ལ་ཡིག་དང་ས་དཀྱིལ་གྱིས་བསྐོར་བ་བྲིས་ཏེ་ཆོ་ག་ལྷག་མ་དབང་ལེ་ལས་གསུངས་པ་ལྟར་རོ། །དེ་ཡང་འཁྲུལ་འཁོར་གྱི་དབུས་ཀྱི་ལྟེ་བའམ་སྙིང་པོར་ཕྱི་རོལ་གྱི་ཡི་གེ་རྣམས་ཀྱི་ཡན་ལག་མཆོག་སྟེ་མགོ་གཏད་པ་དང་རྩེ་མོ་ཅན་མེ་དང་གཡོ་བར་ཞེས་ང་དཀྱིལ་ཕྱོགས་སུ་ཡི་གེའི་རྐང་པ་བསྟན་པ་ནི་དབང་དང་དགུག་པ་དག་གི་འཁྲུལ་འཁོར་བྲི་ཚུལ་ལ་ཡིན་ཏེ། འདི་ལྟར་ན་ཡིག་མགོ་ནང་བསྟན་ཡིག་ངོ་ཕྱིར་བསྟན་ཡིན་ནོ། །ཇི་ལྟར་རི་རབ་ལྷུན་པོ་ནི་གླིང་བཅུ་གཉིས་པོ་ཐམས་ཅད་ཀྱི་རང་རང་གི་བྱང་གི་ཕྱོགས་ན་གནས་ཏེ་གླིང་དེ་དག་ཏུ་ཉི་མ་འཆར་བའི་

p. 464

ཕྱོགས་ཤར་དུ་བྱས་པའི་རི་རབ་བྱང་དུ་འགྱུར་ལ་མེ་རླུང་གི་དཀྱིལ་འཁོར་ནི་གླིང་ཐམས་ཅད་ཀྱི་ལྷོར་འགྱུར་བ་དེ་བཞིན་དུ་འདིར་འཁྲུལ་འཁོར་དེའི་ལྟེ་བ་ནི་དབུས་ཀྱི་ལྷུན་པོ་ལྟར་བྱས་པའི་རིགས་པས་སོ། །དེས་ན་དབང་དང་དགུག་པའི་འཁྲུལ་འཁོར་གྱི་ཡི་གེའི་རྐང་པ་ལྷོར་གཏད་པའི་ཚུལ་ཡིན་ནོ། །དེ་བཞིན་ཞི་བ་སོགས་ལ་སྙིང་པོར་ཕྱི་རོལ་གྱི་ཡི་གེ་རྣམས་ཀྱི་རྐང་པ་དང་ནི་མེ་དང་རླུང་དུ་མགོ་བོ་གཏད་པ་སྔགས་པས་བྲི༷་བར་བྱ་སྟེ། འདི་ཡིག་མགོ་ཕྱིར་བསྟན། རྐང་པ་དང་ཡིག་ངོ་ནང་དུ་བསྟན་པ་ཡིན་པས་བྱང་དུ་ལྷུན་པོ་ལ་ཡི་གེ་རྣམས་མངོན་དུ་ཕྱོགས་པ་ཡིན་ནོ། །དེ་བཞིན་དུ་གསད་བསྐྲད་ལ་ཤར་དུ་རྐང་བ་དང་ནུབ་ཏུ་མགོ་བོ་གཏད་པ་བྲི་བར་བྱ་སྟེ། འདི་ལྟར་ན་ཙ་ཡིག་ལྟ་བུའི་ཙ་འཕྲུལ་ལྟེ་བ་དང་མཆུ་ཕྱི་རོལ་དུ་གཏད་པ་འོང་བས་ཡི་གེ་རྣམས་འོག་ནས་སྟེང་དུ་བརྩེགས་པའི་རྣམ་པ་གཡས་བསྐོར་དུ་བྲིས་པ་ཞིག་འོང་ངོ་། །རེངས་རྨོངས་སོགས་ལ་ཡིག་མགོ་ཤར་དང་རྐང་པ་ནུབ་ཏུ་གཏད་དེ་བྲིས་ན་སྔ་མ་ལས་ལྡོག་པ་སྟེང་ནས་འོག་ཏུ་རིམ་བརྩེགས་ལྟ་བུ་གཡས་སྐོར་བྱས་པ་འོང་བས་དེ་ལྟར་འཁྲུལ་འཁོར་སོ་སོ་ལ་སྔགས་པས་བྲི་བར་བྱ་ཞེས་འགྲེལ་པས་གསུངས་སོ། །སྦྱོར་བ་བཅུ་བའི་ཆོ་ག་ལས་ནི་ཕན་བྱེད་ཀྱི་ལས་ཀྱི་རེ་མིག་སོ་བཞི་དང་གནོད་བྱའི་རེ་མིག་སོ་བཞི་ནི་རེ་མིག་བཅུ་དྲུག་པ་ཨང་ཀའི་རེ་མིག་སོ་སོ་ཡིན་ལ། དེ་འཁྲུལ་འཁོར་ཆེ་བ་འདིའི་དབུས་སུ་བྲིས་ནས་ཕན་གནོད་ཀྱི་ལས་སོ་སོའི་རྫས་སོགས་ཆོ་ག་གསུངས་པ་ཡོད་ལ་འཁྲུལ་འཁོར་སྒྲུབ་ཚུལ་རྣམས་ཀྱང་དབང་ལེར་གསུངས་པའི་ཕྱོགས་དང་དུས་སོགས་ཀྱི་གནད་དང་། སྒྲུབ་ལེ་འདི་ཉིད་དུ་གསུངས་པའི་ཞི་སོགས་ཀྱི་ཏིང་ངེ་འཛིན་དང་ལྡན་པར་བྱ་བར་གསུངས། འཁྲུལ་འཁོར་ཆེ་བ་དང་འབྲེལ་མི་དགོས་པའི་ཨང་ཀའི་རེའུ་མིག་ཕན་གནོད་སོ་བཞི་བ་ཁོལ་བུའི་ཡིག་ཆ་འགའ་ཡང་ཡོད་པར་འདུག་གོ། ཨང་ཀའི་རེ་མིག་དེ་རྣམས་འདིའི་ཆ་ལག་མན་ངག་གི་ཡིག་ཆ་ཞིག་ཡིན་པར་མངོན་ལ་

p. 465

འདིར་ནི་ལྟེ་བར་ལས་གང་བྱེད་ཀྱི་ཁ་བསྒྱུར་སྤེལ་ཚིག་ཅན་གྱི་བསྒྲུབ་བྱའི་མིང་བྲི་བ་ལས་ཨཾ་ཀའི་རེ་མིག་གི་འཁྲུལ་འཁོར་དང་སྦྱར་མི་དགོས་པར་མངོན་ནོ། །འདི་དག་གི་ལག་ལེན་ཞིབ་ཆ་གཞན་དུ་ཤེས་པར་བྱའོ། །ཞི་བ་དང་ནི་རྒྱས་པ་དང་སྲིད་པ་གཞོམ་པ་བསད་པ་དག་དང་བསྐྲད་པ་དང་དགུག་པ་དང་དབང་དུ་བྱ་བ་དང་། རེངས་པ་དང་བཅས་པ་དང་རྨོངས་པ་དག་ཀྱང་སྲིད་པ་གསུམ་གྱི་གནས་སུ་འཁོར་ལོ་འདི་ཡིས་ནི་བྱེད་དེ། འདིར་སྔར་བརྗོད་པ་བཞིན་དུ་བཟླས་པ་བྱེ་བ་དང་སྦྱིན་སྲེག་འབུམ་བཅུ་རྣམས་ཀྱིས་འཁྲུལ་འཁོར་བསྒྲུབ་བའི་དང་པོར་བཛྲ་ཏི་ཀྵྞ་ལ་སོགས་འཇམ་དཔལ་གྱི་གསང་སྔགས་ཆེན་པོ་བསྒྲུབ་པར་བྱ་ཞིང་དེའི་རྗེས་སུ་ཞི་སོགས་ལས་གང་འདོད་འཁྲུལ་འཁོར་འདིའི་སྒོ་ནས་བསྒྲུབ་པར་བྱའོ་ཞེས་འཁོར་ལོ་དྲུག་གི་འཁྲུལ་འཁོར་གྱི་ངེས་པའོ། །དེ་ནས་གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གསུངས་པ། འདིར་ཞི་བ་ལ་ནྱ་གྲོ་དྷའི་འདབ་མ་སོགས་ལས་སོ་སོ་ལ་བསྔགས་པའི་གཞི་ལ་ལྟེ་བ་དང་མུ་ཁྱུད་གསུམ་བསྐོར་བའི་མུ་ཁྱུད་དང་པོ་ལ་རྩིབས་བརྒྱད་བྱ་ཞིང་གཉིས་པ་རྩིབས་བཅུ་གཉིས་གསུམ་པ་རྩིབས་བཅུ་དྲུག་པར་བྱས་ནས། ལྟེ་བར་ཡ་ཡིག་ལ་སོགས་པ་བྲི་སྟེ་དེ་ཡང་མུ་ཁྱུད་དང་པོའི་རྩིབས་བརྒྱད་ལ་ནི་རྗེས་སུ་འཆད་འགྱུར་ལྟར་ཤར་དུ་མ། ལྷོར་མེ། ནུབ་ཏུ་ད། བྱང་དུ་ཀྵེ་སྟེ་ཕྱོགས་བཞི་དག་དང་། ཕྱོགས་བྲལ་མཚམས་བཞི་ཉིད་དུ་བསྒྲུབ་བྱའི་མིང་གི་ཡི་གེ་གནས་པས་ན། རྩིབས་བརྒྱད་ལ་ནི་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཞེས་གསུངས་སོ། །བཅུ་གཉིས་རྩིབས་ལ་སྔགས་རྣམས་དང་བཅུ་དྲུག་པའི་རྩིབས་ལ་སྔགས་ཀྱི་བར་དུ་ཡང་བསྒྲུབ་བྱ་ཡི་མིང་ཟུར་བཞི་རྣམས་སུ་སྟེ། དབུས་སུ་བྲི་བར་རབ་ཏུ་འགྱུར་བ་ནི་ཡ་དང་རྩིབས་བརྒྱད་པའི་ཤར་དུ་མ་དང་རྩིབས་བཅུ་གཉིས་པར་ཤར་དུ་རཱ་དང་དེ་ནས་རིམ་པར་གཡས་སྐོར་གྱིས་གཉིས་པར་ཛ་དང་གསུམ་པར་ས་དང་འདབ་མ་བཞི་པར་དོ་བཀོད་ནས། དེ་ནས་

p. 466

དང་པོའི་རྩིབས་བརྒྱད་པའི་ལྷོར་མེའོ། །སླར་ཡང་རྩིབས་བཅུ་གཉིས་པའི་འདབ་མ་ལྔ་པར་རུ་དང་དྲུག་པར་ཎ་དང་དེ་ལས་དེའི་རྗེས་སུ་བདུན་པར་ཡོའོ། །དེ་ནས་ལྟེ་བའམ་སྙིང་པོའི་ཕྱི་རོལ་གྱི་རྩིབས་བརྒྱད་པ་ཉིད་ཀྱི་ནུབ་ཀྱི་འདབ་མའི་དབུས་ནས་བརྩམས་ཏེ་འདི་ལྟར་ནུབ་འདབ་དེ་ལ་ད། རྩིབས་བཅུ་གཉིས་པའི་བརྒྱད་པར་ནི་དགུ་པར་ར་བཅུ་བར་ཡ། སླར་ཡང་རྩིབས་བརྒྱད་པའི་བྱང་དུ་ཀྵེ༷འོ། །སླར་རྩིབས་བཅུ་གཉིས་པའི་བཅུ་གཅིག་པར་ཙྪ་དེ་ནས་མཐར་ནི་བཅུ་གཉིས་པར་ནི་རུ་འགྱུར་ཏེ་འདི་ནི་སྔ་འགྱུར་གྱི་གཤེད་སྐོར་རྣམས་ལས་གསུངས་པ་དང་མཚུངས་པར་ཡ་མ་སོ་གཉིས་མའི་སྙིང་པོ་ཡ་མ་བཅུ་བདུན་མའི་འཁྲུལ་འཁོར་ཡིན་ཏེ། དེ་བཞིན་དུ་དུས་འཁོར་རྩ་བའི་རྒྱུད་ལས་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། ཞེས་ཡ་མ་སོ་གཉིས་མ་ཡི་སྔགས་དང་དེ་ཡི་འཁྲུལ་འཁོར་ནི་གསར་མའི་འཇིགས་བྱེད་ཀྱི་འཁྲུལ་འཁོར་སྐོར་དང་། རྙིང་མའི་ཟླ་གསང་གི་ཆོས་སྐོར་དུ་ཆེས་རྒྱས་པར་བཞུགས་པ་བཞིན་ནོ། །དེ་ལྟར་ཡི་གེ་གཅིག་བདག་པོ་དག་གི་རྣམ་པ་ཡིས་ལྟེ་བར་དཀོད་ལ། གཞན་ཡི་གེ་བཅུ་དྲུག་པོ་འདབ་མ་བཅུ་དྲུག་ལ་དགོད་པ་ཡིན་ནོ། །རྩིབས་བཅུ་གཉིས་པ་དེ་ཡི་ཕྱི་རོལ་རྩིབས་བཅུ་དྲུག་པ་ལ། ཨོཾ་ཧྲཱིཾ་ཥྚྲཱིཾ་ཞེས་དང་ཝི༷་ཀྲྀ༷་ཏཱ་ན་ན་ཞེས་པ་ལས་མཐར་ཐུང་རིང་རྣམ་པ་གཉིས་ཀྱི་ཧཱུྃ་དང་ཕཊ་དུ་འགྱུར་རོ། །རྟོགས་བདུན་སྔགས་བཅུ་ལྟར་ན་ཧཱུཾ་གཅིག་དང་ཕཊ་གཉིས་ཡིན་ནའང་འདིར་འགྲེལ་བའི་རྒྱ་དཔེར་ཧུཾ་ཧཱུྃ་ཕཊ་ཞེས་འདུག་པར་བཤད་ཀྱང་། རྣམ་གཉིས་ཞེས་པ་ཧུཾ་ཕཊ་གཉིས་ཀར་གོ་རྒྱུ་བྱས་ནས་ཧུཾ་རིང་ཐུང་གཉིས་དང་ཕཊ་གཉིས་ཏེ་ཡི་གེ་བཅུ་གཉིས་པོ། བསྒྲུབ་བྱའི་མིང་ཟུར་ཏེ་མཚམས་བཞིའི་འདབ་མ་ལ་ཡོད་པའི་ལྷག་འདབ་མ་བཅུ་གཉིས་ལ་དགོད་པར་བྱའོ། །དེ་ལྟར་རེ་མིག་ནས་ནི་རེ་མིག་བར་ལ་འཁོར་བར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་བསྒྲུབ་བྱའི་མིང་དང་སྒྲུབ་བྱེད་ཀྱི་སྔགས་འདི་ལྟར་དགོད་པར་བྱའོ། །འདིར་ལས་

p. 467

སོ་སོའི་ཁྱད་པར་གྱི་འཁྲུལ་འཁོར་གྱི་ཡི་གེ་གོ་ས་སྤོ་བའི་ཚུལ་གསུངས་པ། དབྱེ་དང་བསད་དང་དབང་ལ་ཡ་མ་རཱ་ནི་རབ་ཏུ་འགྱུར་ཏེ་ཞེས་གསུངས་པ་དབྱེ་བའི་ལས་སྒྲུབ་ན་དབུས་སུ་ལྷག་པའི་ལྷ་ཡ་ཡིག་བྲི་བར་བྱ་ལ།དེ་བཞིན་དུ་གསད་པ་ལ་མ་དང་། དབང་ལ་རཱ་བྲིའོ། །ཀྵེ༷་ད་མེ་དོ་ས་ཙྪ་སོགས་རིམ་བཞིན་རེངས་དང་དགུག་དང་། རྨོངས་པ་དང་ནི་སྟོབས་ནི་བྱེད་པ་དག་དང་། ཞི་བ་དང་ནི་བསྐྲད་པ་ལ་དབུས་སུ་བྲི་བར་བྱ་སྟེ། རེངས་པ་ལ་ཀྵེ་དབུས་སུ་བྲིའོ། །དེ་བཞིན་དགུག་པར་ད། རྨོངས་པ་ལ་མེ། སྟོབས་བྱེད་པའམ་བསྐྱེད་པ་ལ་དོ། ཞི་བ་ལ་ས། བསྐྲད་པ་ལ་ཙྪ་སོགས་སྒྲས་བསྟན་པ་རིམས་བྱེད་པ་ལ་ཎ། བསྐྱོད་པ་རུ། བརྒྱལ་བ་ལ་ཛཱ། གདུང་བ་ཞི་བར་བྱེད་པ་ལ་ཡོ། དགྲ་བཟློག་པ་དང་བསྐྲད་པར་ནིའོ། །སྐབས་དེ་དང་དེར་ནི་འཁོར་ལོའི་ལྟེ་བའི་སྙིང་པོ་དག་ནས་ཡ་ཡིག་འགྲོ་སྟེ་ལས་དེ་དང་དེའི་རང་བཞིན་གྱི་ཡོན་ཏན་དབང་གིས་ཡི་གེ་གང་ཞིག་སྙིང་པོར་བྱས་པ་དེའི་གནས་སུ་ཡ་དེ་ཉིད་འགྲོ་བར་བྱའོ། །གཞན་ཕྱི་རོལ་གྱི་ཡི་གེ་ཐམས་ཅད་སྔ་མ་བཞིན་ཏེ་གོ་སྤོ་བ་མེད་དོ། །གཤིན་རྗེ་མཐར་བྱེད་ཀྱི་འཁྲུལ་འཁོར་གྱི་ངེས་པའོ། །འདིའི་ཕྱག་ལེན་གྱི་རྒྱུན་ཚད་ལྡན་སྔར་ཡང་བྱུང་མིན་མ་ངེས་མོད། འོན་ཀྱང་འཁྲུལ་འཁོར་གྱི་སྐོར་རྣམས་དང་། ཡ་མ་བཅུ་བདུན་མའི་མན་ངག་གི་ཡིག་ཆ་ལ་བརྟེན་ན་ལག་ལེན་ཐེབས་པར་གདའ་སྟེ་གཞན་དུ་ཤེས་པར་བྱའོ། །ད་ནི་འཇམ་དཔལ་གྱི་འཁྲུལ་འཁོར་གསུངས་པ། ཡི་གེ་རྣམས་ཀྱི་ཡན་ལག་མཆོག་ཅེས་པ་མགོ་བོ་ལ་ཐིག་ལེས་བརྒྱན་པ་དེ་དག །གནས་དེ་ལས་མདུན་དུ་བྱས་ཏེ་མ་ཡིག་ཏུ་གྱུར་པ་ལ་དབྱངས་ཨ་ཡིག་ཉིད་ཀྱིས་འཁྱུད་པ་དག་ནི་ཡི་གེ་མ་རུ་རབ་ཏུ་འགྱུར་ལ། དེ་བཞིན་དུ་ཕ་རོལ་དུ་ཀ་ཡིག་ལ་སོགས་པའི་ཡི་གེ་རྣམས་ཀྱིས་ང་རོ་དེ་ལ་འཁྱུད་པ་ཞེས་འཕྲད་པ་ན། རང་རང་གི་སྡེ་པའི་མཐའི་ཡི་གེ་ང་ཉ་ཎ་མ་ན་རྣམས་སུ་འགྱུར་

p. 468

ཏེ། ཀ་སྡེ་དང་ཕྲད་ན་ང་། ཙ་སྡེ་ཉ་སོགས་སུའོ། །རྡོ་རྗེ་རིགས་ཀྱི་དབང་གིས་ལྔ་པ་ནི་ཧ༷ཾ་དང་སཾ་དུ་གསུངས་ཏེ་ནམ་མཁའི་ཁམས་ཧཾ་ཡེ་ཤེས་ཀྱི་སཾ་སོ། །དེའི་ཕྱིར་ཐིག་ལེ་ནི་བདག་འཇམ་དཔལ་ཉིད་དོ། །རྣམ་པར་བཅད་པའི་ཐིག་ལེ་གཉིས་ཀྱིས་མཚོན་པའི་དབྱངས་མཆོག་ཨ་གཉིས་སྦྱར་བ་ལ་ནི་དེའི་དབུས་སུ་ཐིག་ལེ་ང་རོ་འདི་ཡང་བདག་གི་ཤེས་རབ་ཀྱི་ཡི་གེ་ཨུ་རུ་འགྱུར་རོ། །དེའི་ཕྱིར་མྃ་ཞེས་པ་ཐབས་འཇམ་དཔལ་ཉིད་དོ། །མུཿ ཞེས་པ་དེའི་ཤེས་རབ་མ་ཡི་ངོ་བོའོ། །དེ་བཞིན་དུ་རྡོ་རྗེའི་རིགས་ཀྱི་ཡི་གེ་གཉིས་ཧྃ་ཧུཿསྃ་སུཿཞེས་དང་མྃ་ཛུཿ ཞེས་པ་མཚན་གྱི་ཡི་གེ་འདི་དག་ཀྱང་སྔ་མ་ཐབས་དང་ཕྱི་མ་ཤེས་རབ་ཡིན་ལ། དེ་ལྟར་ཡི་གེ་བརྒྱད་པོ་འདི་ཉིད་ནི་ལྟེ་བའི་ཕྱི་རོལ་གྱི་པདྨ་ནོར་འདབ་སྟེ་འདབ་མ་བརྒྱད་ལ་ཤར་ལ་སོགས་པའི་ཕྱོགས་བཞིར་གཉིས་རེ་གཉིས་རེ་དགོད་པར་བྱ་སྟེ། ཉི་མའི་འདབ་མ་སྟེ་འདབ་མ་བཅུ་གཉིས་ལ། འདབ་མ་བརྒྱད་པ་དེའི་ཕྱི་རོལ་དུ་ནི་ཤྲཱི༷་བཛྲ་གྷོ༷་ཥ་ས་ཞེས་པ་དང་ལྡན་པའི་མནྟ་བྷ་དྲ་ཞེས་དང་ཧཱུྃ་དང་ཕཊ་དུ་འགྱུར་རོ། །བསྒྲུབ་བྱ་ཡི་མིང་གང་ཡིན་པ་འདིར་ནི་དབུས་ཀྱི་ལྟེ༷་བ་ལ་སྟེ་ལས་ཆེ་གེ་མོ་ཡང་མཛོད་ཅིག་ཅེས་པ་དཔལ་ལྡན་ཏེ་ཤྲཱི་སོགས་ཀྱི་སྔགས་ལ་བཏགས་ཏེ་ཞི་བ་སོགས་ཀྱི་ལས་ལ་བསྐུལ་བར་བྱའོ། །འདིར་འགྱུར་གྱི་འཁྲུགས་པ་བསྡེབས་ཏེ་གོ་སླ་བར་བརྗོད་ན་འཇམ་དཔལ་ཞི་བའི་འཁྲུལ་འཁོར་ཆུང་བ་སྙིང་པོ་འདི་བྲི་བར་འདོད་ན། འཁོར་ལོ་ལྟེ་བ་དང་མུ་ཁྱུད་གཉིས་པ་བྲིས་ལ་མུ་ཁྱུད་དང་པོ་ལ་འདབ་མ་བརྒྱད་དང་ཕྱི་མ་བཅུ་དྲུག་པར་བྱས་ནས་ལྟེ་བ་ལ་ནད་ཞི་བ་ལ། བསྒྲུབ་བྱ་གང་ཡིན་དེའི་མིང་ནས་སྨྲོས་ཏེ་དེའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ན་མཿ ཞེས་སམ། ཆེ་གེ་མོའི་ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་སམ། ཆེ་གེ་མོ་ཝ་ཤཾ་ཀུ་རུ་བཽ་ཥ་ཊ་སོགས་བྲི་བར་བྱའོ། །ཡང་ན་བསྒྲུབ་བྱའི་མིང་གི་ཡི་གེ་དང་པོ་ཙམ་བྲི་བ་འགྲེལ་པར་གསུངས། དེ་ནས་ཕྱིའི་འདབ་མ་

p. 469

བརྒྱད་ལ་མྃ་མུཿ སོགས་བརྒྱད་བྲི་ཞིང་དེའི་ཕྱི་རོལ་འདབ་མ་བཅུ་གཉིས་ལ་ཤྲཱི་བཛྲ་སོགས་ཡི་གེ་བཅུ་གཉིས་བྲིའོ། །འཁྲུལ་འཁོར་བྲི་བ་ལ་ཡང་མཐའི་འདབ་མ་ལ་བྲི་བར་བྱ་ཞེས་གསུངས་པ་ལྟར་ན་ལས་ཀྱི་ཁ་བསྒྱུར་རམ་སྤེལ་ཚིག་དང་བཅས་པ་འདབ་མ་བཅུ་གཉིས་ལ་ཡིག་འབྲུ་ཆ་བགོས་ཏེ་བྲི་བར་བྱས་ཀྱང་ཆོག་པར་མངོན་ལ། དབུས་སམ་མཐའ་གང་རུང་གཅིག་ལ་སྤེལ་ཚིག་ཡོད་ན་ལེགས་པར་མངོན་ནོ། །ཁ་ཅིག་གིས་མཐའི་འདབ་མ་ཞེས་པ་འདབ་མ་བཅུ་གཉིས་པའི་ཕྱི་རོལ་དུ་འདབ་མ་བཅུ་དྲུག་བྱས་ལ་དེར་སྔགས་དང་མིང་སྤེལ་ལ་བྲི་བ་སྔར་བཞིན་ནོ་ཞེས་བཤད། སྔགས་བཟླ་བ་ནི་ཤྲཱི་བཛྲ་གྷོ་ཥ་ས་མནྟ་བྷ་དྲ། ཞེས་པ་ལྷའི་སྔགས་ཏེ་དཔལ་རྡོ་རྗེ་དབྱངས་ཀུན་ཏུ་བཟང་པོ་ཞེས་སོ། །ལས་ཀྱི་སྤེལ་ཚིག་ནི་ཆེ་གེ་མོ་ཞེས་པ་བསྒྲུབ་བྱ་སོ་སོའི་མིང་བརྗོད་པའི་དོན་ཡིན་ལ་ཞི་བ་ལ་ཤཱནྟིཾ་ཀུ་རུ་ཀུ་རུ་ན་མཿ ཞེས་པ་ཞི་བར་གྱིས་གྱིས་སམ་མཛོད་མཛོད་ཅེས་ལས་ལ་བསྐུལ་བ་སྟེ། ན་མཿཞེས་པ་ཞི་བའི་སྔགས་ཀྱི་མཐའ་རྟེན་ཏེ་བསླང་བའོ། །དེ་བཞིན་དུ་རྒྱས་པར་མཐའ་རྟེན་སྭཱ་ཧཱ། བསྣུན་པ་ལ་ཕཊ་དབབ་པ་དང་རྨོངས་སོགས་ལ་ཧཱུཾ། དབང་དུ་བྱ་བ་དང་མཉེས་པ་ལ་བ་ཥ་ཊ། བསྲེག་པ་དང་དགུག་པ་ལ་བཽ་ཥ་ཊ་སྦྱར་ཏེ་ལས་སོ་སོའི་སྤེལ་ཚིག་ཅན་བཟླ་བར་བྱའོ། །དེ་བཞིན་སྔར་བརྗོད་པའི་འཁོར་ལོ་གོང་མ་རྣམས་དག་ལ་ཡང་རྟག་ཏུ་བསྒྲུབ་བྱའི་མིང་ནི་བྲི༷་བར་བྱ་བར་འགྱུར་ཞིང་དེ་བཞིན་ལས་ཀྱི་སྤེལ་ཚིག་ཅན་བཟླ་བར་བྱ་བར་འགྱུར་རོ། །འཁྲུལ་འཁོར་གྱི་ཆོ་ག་འདི་དག་ཐམས་ཅད་འཇམ་དཔལ་གྲགས་པ་བདག་གིས་གསལ་བར་བྱས་པའི་དྲིན་ལས་རྒྱལ་བའི་བདག་པོའི་བཀའ་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པའི་སྟོབས་དེ་ཡིས་མི་རྣམས་ཀྱིས་ནི་འདི་ལ་བརྟེན་ནས་ལས་སྣ་ཚོགས་གང་འདོད་འགྲུབ་པར་འགྱུར་རོ། །ཞེས་སོ། །ཁ་ཅིག་སྒྲུབ་པ་པོ་བདག་གི་དད་བརྩོན་སོགས་ཀྱི་དྲིན་ལས་ཞེས་འབྲུ་གནོན་པའང་སྣང་ངོ་། །འཁྲུལ་འཁོར་འདི་གསུམ་པོའམ་གང་རུང་གི་འཁྲུལ་

p. 470

འཁོར་བྲི་བ་དང་སྔགས་བཟླས་པ་བསམ་གཏན་བྱེད་ཚུལ་གྱི་ལག་ལེན་གནད་དུ་དྲིལ་བ་ཞིག་བྱས་ནས་ལག་ཏུ་བླངས་བས་གྲུབ་པའི་དགེ་མཚན་ངོམས་པ་བྱུང་ན་ལེགས་པར་མངོན་ཏེ། རང་བཞིན་བཤད་པ་ཙམ་གྱིས་ལག་ཏུ་ལོན་དཀའ་བས་མན་ངག་དང་ལྡན་པར་བྱས་ན་དོན་འགྲུབ་བོ། །ལྔ་པ་མཆོད་སྦྱིན་ལ་སོགས་པ་དང་རིག་བྱེད་ཀྱི་མཐའ་གསང་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་ཡན་ལག་དྲུག་གི་སྦྱོར་བ་ལ་སོགས་པའི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་ནི། སྒྲ་ནི་གང་ཞིག་སོགས་ཚིགས་བཅད་བརྒྱ་གོ་གཉིས་པ་ནས། ཉིས་བརྒྱ་དང་ལྔ་པའི་བར་གྱིས་བསྟན་ཏེ་ཡན་ལག་དྲུག་གི་སྦྱོར་བ་ལ་བརྟེན་པའི་མངོན་ཤེས་སོགས་བཤད་པ་ནི། འགྲེལ་ཆེན་དུ་འདི་ནས་ཚིགས་བཅད་བཞི་བཅུ་གོ་སླ་ལ་འགའ་ཞིག་དགོས་དབང་གིས་དབང་གི་ལེའུར་བཤད་ཟིན་པས་འགྲེལ་བཤད་མ་མཛད་ཀྱང་བླ་མ་གོང་མ་རྣམས་ཀྱི་གསུང་ལ་བརྟེན་ནས་བཤད་ན། འདིར་གཞོམ་དུ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱི་སྒྲ་ནི་གང་ཞིག་འཁོར་ལོ་དྲུག་གི་སྙིང་གའི་ཕྱོགས་ན་ཡོད་པ་སྟེ། སེམས་ཉིད་འོད་གསལ་གྱི་རང་གདངས་རྣམ་པ་ཐམས་ཅད་པའི་ཆ་ལས་ཏེ་དཔེར་ན་སྟོང་གཟུགས་བཞིན་ནོ། །དེ་འདྲའི་སྒྲ་དེ་རྣལ་འབྱོར་དང་མི་ལྡན་པས་ཐོས་པར་མི་ནུས་ཀྱང་། མི་མཆོག་རྣལ་འབྱོར་རྣམས་ཀྱི་བསམ་གཏན་གྱི་སྟོབས་ལས་ཤིན་ཏུ་དྭངས་པའི་དབང་པོ་ལྷའི་རྣ་བའི་བུ་གས་ཐོས་པར་གྱུར་པ་ན། སྟོང་ཉིད་ཀྱི་སྒྲ་དེ་ལ་རྣལ་འབྱོར་དང་ལྡན་པའི་མི་ཡིས་སེམས་ནི་རྩེ་གཅིག་ཏུ་གྱུར་པར་སྦྱར་བ་བྱས་ཏེ་བསྒོམས་པ་དག་ཀྱང་ཡུལ་སྟོང་སྒྲ་དང་ཡུལ་ཅན་ཤེས་པ་རོ་ནི་མཉམ་པར་བདེ་བ་ཆེན་པོར་འགྱུར་པ་སྟེ། དེ་ལྟར་གྱུར་པ་ན་འཇིག་རྟེན་ཀུན་ཏུ་སྒྲ་ནི་ལྐོག་ཏུ་གྱུར་པ་གང་ཞིག་སེམས་ཅན་སྲིད་པར་སྐྱེས་པས་བརྗོད་པ་དེ་དང་དེ་ནི་དེ་བཞིན་དུ་ཐོས་ཤིང་དེ་དག་གི་ཅི་བསམ་པ་ཡང་ཤེས་པར་འགྱུར་རོ། །དེ་བས་ན་གཞི་དུས་ཀྱི་ཁྱབ་བདག་རང་སེམས་འོད་གསལ་དག་གི་ནི་གཞན་གྱི་སེམས་རྣམ་པར་

p. 471

ཤེས་པ་ཉིད་དང་ཐག་རིང་དུ་གནས་པའི་སྒྲ་ཐོས་པ་དག་ཀྱང་རྣལ་འབྱོར་པ་ཡིས་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་བསྒོམ་པར་བྱའོ། །ཞེས་པ། གཞན་སེམས་ཤེས་པ་དང་སྒྲ་ཐམས་ཅད་ཐོས་པ་རྣ་བའི་མངོན་ཤེས་སྒྲུབ་པའི་ངེས་པའོ། །རྐང་པ་སྐྱིལ་ཀྲུང་དུ་བཅིང་བ་བྱས་ནས། སྟེང་འོག་གི་ཕན་ཚུན་སོ་དག་རེག་པ་མིན་པར་ཁ་ནི་ཅུང་ཟད་རྣམ་པར་ཕྱེ་བ་ཡིས། ཕྱི་རོལ་དུ་སོན་པའི་རླུང་དག་ཤི་ཏ྄་ཀྱི་སྒྲས་བཀུག་སྟེ། ཉ རླུང་དེ་དང་ལྕེའུ་ཆུང་ལས་འཛག་པའི་བདུད་རྩིར་མཆིལ་མ་བཅས་པ་རྔུབས་ཏེ་ལྟེ༷་བའི་དབུས་སུ་རབ་ཏུ་བཅུག་པ་བུམ་ཅན་བསྒོམ་པ་ཡིས། ཀུན་ཏུ་གདུང་བ་ཚ་བའི་རིམས་སོགས་དང་ནི། བཀྲེས་པ་དང་སྐོམ་པ་འཕྲོག་ཅིང་། རྣལ་འབྱོར་བ་མཆོག་གི་ལུས་ལ་རྣམ་པ་གསུམ་གྱི་དུག་དང་འཆི་བ་དག་ཀྱང་ཡང་དག་པར་འགོག་པར་བྱེད་ལ། དཔྲལ་བར་ཏེ་དཔྲལ་པའི་འཁོར་ལོར་བདུད་རྩིའི་རང་བཞིན་ཐིག་ལེ་དཀར་པོ་དབྱངས་ཡིག་བཅུ་དྲུག་རྣམས་ཀྱིས་ཡོངས་སུ་བསྐོར་བ་བདུད་རྩི་ཡི་རྒྱུན་སྤྲོ༷་བར་བྱེད་པ་དམིགས་ལ་སྟེང་འོག་ཁ་སྦྱར་གྱི་བུམ་ཅན་བཟུང་བ་ཡིས་ཀྱང་ངོ་ཞེས་པ་སྔ་མ་དང་འདྲའོ། །གཞན་ཁ་ཡང་ཕན་ཚུན་བཀབ་པའམ་བཙུམ་སྟེ་སྣ་ཡི་བུག་པ་གཉིས་ཀ་དག་ནས་ཕྱི་རོལ་རང་གི་སྣ་ཡི་ཐད་དུ་གནས་པ་དག་གི་ང་ནི་མ་ལུས་པ། སྲོག་གི་རླུང་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་གློག་དང་མཚུངས་པ་གཏུམ་མོའི་མེ་དང་འགྲོགས་པའི་ཕྱིར་ན་ཐུར་སེལ་གྱི་རླུང་དང་ལྟེ་བར་སྦྱར་ཏེ་བུམ་ཅན་བསྒོམ་པར་བྱས་པ་ན། ཟླ་བ་དྲུག་གི་དུས་ཀྱིས་གོམས་པའི་སྦྱོར་བ་དག་ལས་ཟླ་བ་གཡོན་རྒྱུ་དང་ཉི་མ་གཡས་རྒྱུ་དག་མེ་སྟེ་དྷཱུ་ཏི་ཡི་དབུས་སུ་རོ་ནི་མཉམ་པར་གཅིག་ཏུ་འགྱུར་བས་ལུས་ལ་ཟས་ལ་སོགས་པ་འདོད་པ་དང་ནི་བཀྲེས་དང་སྐོམ་པ་འཕྲོག་ཏེ་ལེགས་པར་གོམས་པས་འཆི་བ་མེད་པ་ཉིད་ཀྱང་སྟེར་རོ། །རང་གི་གདོང་ཉི་མ་ཤར་བ་ཡི་ཕྱོགས་ལས་ནི་གཞན་དུ་ཕྱོགས་ཏེ་ཉི་འོད་ལ་གནས་པའི་རང་གི་གྲི༷བ་མ་ལ། མི་གཡོ་བར་བརྟན་

p. 472

པའི་མིག་གིས་ཡུན་རིང་དུ་བལྟ་བ་གོམས་པར་བྱས་པའི་ཕྱི་ནས་མིག་འབྱེད་འཛུམ་དུ་མ་སོང་བར་སྤྲིན་མེད་པའི་ནམ་མཁའ་དག་ལ་མངོན་པར་བརྟགས་ན་གྲིབ་གཟུགས་དང་སེམས་རོ་མཉམ་པའི་གྲིབ་མའི་སྐྱེས་བུ་སྐྱ་སྔོ་དུ་བའི་ཁ་དོག་ལྟ་བུ་མཐོང་བར་འགྱུར། དེ་ལ་སེམས་རྩེ་གཅིག་སྦྱོར་བའི་རྣལ་འབྱོར་ཟླ་བ་དྲུག་ཏུ་གོམས་པའི་སྦྱོར་བ་དག་ལས་ལྷའི་མིག་ལྟ་བུ་འགྲུབ་སྟེ་ས་ལ་གནས་པའི་རིན་པོ་ཆེའི་གཏེར་རྣམས་ནི་ས་ཡི་བུ་གར་མཐོང་བར་འགྱུར་རོ། །ཡང་ན་ཤིང་གི་གྲིབ་མར་འདུག་ནས། ཤིང་གྲིབ་དེ་ལ་མིག་རབ་ཏུ་ཞུགས་པས་ཡུན་རིང་བལྟ་ཞིང་སེམས་གཏད་པར་བྱས་ཏེ། དེའི་ཕྱི་ནས་ནམ་མཁའི་མཐིལ་དུ་ལྟ་སྟངས་བྱས་པས་ཐིག་ལེའི་ཕྲེང་བ་ལྟ་བུའི་སྟོང་གཟུགས་མཐོང་བ་དེ་ལ་རྩེ་གཅིག་བསྒོམ་པས་སོ་ཞེས་སྔར་བཞིན་ས་འོག་གཏེར་རྣམས་སའི་བུ་ག་ནས་མཐོང་བར་འགྱུར་རོ། །དེ་ལྟར་མངོན་ཤེས་ཐོབ་ཀྱང་སྲོག་དབུ་མར་མ་འཆིང་བས་འགྱུར་བ་མེད་པའི་སྐད་ཅིག་མ་ཐོབ་ན་ནཱ་ད་གོམས་པས་སྲོག་བཙན་ཐབས་སུ་བཅིངས་པའི་ཐབས་ནི། ནུས་མ་སྟེ་སྲོག་གི་ང་གང་ཞིག་ལྟེ༷་བའི་འཁོར་ལོའི་དབུས་ནས་བརྒྱུད་དེ་གཞན་ཕྱི་རོལ་གྱི་ནམ་མཁའི་གནས་སུ་སྣ་བུག་གཡོན་ནས་ས་རླུང་སོར་བཅུ་གཉིས་ཀྱི་མཐའ་དང་། གཡས་ནས་མཁའ་རླུང་ཆ་སྟེ་སོར་བཅུ་དྲུག་པ་ཡི་མཐར་འགྲོ་བ་དེ་ནི་སྲོག་རྩོལ་གྱིས་ལྟེ༷་བར་འགོག་པ་དང་བཅས་པའི་སྒོ་ནས་དྲི་མེད་གློག་དང་མཚུངས་པ་ཐུར་སེལ་གྱི་རླུང་སྟེང་དུ་དབུ་མའི་ལམ་དུ་གཞུགས་ཏེ་དབུས་དྲང་པོར་འགྲོ་བས་དབྱུག་པའི་གཟུགས་ཅན་ལངས་པ་ཡང་། ལྟེ་བ་སོགས་ཀྱི་འཁོར་ལོ་ནས་ནི་གོང་མ་གོང་མའི་འཁོར་ལོའི་བར་དུ་ངེས་པར་གཡས་གཡོན་དུ་རྒྱུ་བ་དམན་ཞིང་། འཁོར་ལོའི་ལྟེ་བ་རྣམས་འབའ་ཞིག་ཏུ་རོལ་བའི་བགྲོད་པས། དབུ་མའི་རྩ་ལ་རིམ་གྱིས་གྱེན་དུ་བསྐྱོད་ནས། ཇི་སྲིད་གཙུག་ཏོར་གྱི་འཁོར་ལོའི་བུག་པར་བཙན་ཐབས་དེ་ཉིད་ཀྱིས་གཞུག་པས། ཚངས་བུག་གི་ཕྱི་རོལ་

p. 473

གྱི་ནི་པགས་པ་དག་ལ་ཁབ་ཀྱིས་ཕུག་པ་བཞིན་ཐུར་སེལ་གྱི་ང་གིས་རེག་པས་ཚ་ཙེག་གི་ཟུག་རྔུ་སྐྱེ་བ་དེ་ཡི་དུས་སུ་ཐུར་དུ་སེལ་བ་ཡི་རླུང་མཆོག་གི་བཙན་ཐབས་ཀྱི་རྣལ་འབྱོར་ཉིད་ཀྱིས་སྟེང་གི་ལམ་དབུ་མ་ཉིད་དུ་མར་ལྟེ་བའི་བར་དུ་བསྐུལ་བར་བྱའོ། །དེ་ལྟར་བྱས་པས་སྲོག་ཐུར་ཟུང་གི་རླུང་དག་དབུ་མར་ཞུགས་ནས་གཡས་གཡོན་གྱི་རླུང་རྣམས་འགགས་པ་ན་ནི་བཙན་ཐབས་ཀྱི་རྣལ་འབྱོར་གྱིས་སྲོག་འཆིང་བར་གྱུར་པ་ཡིན་ལ། གལ་ཏེ་ཐུར་དུ་མ་ཕབ་པར་ཐུར་སེལ་ང་སྟེང་དུ་ཕུལ་བའི་སྟོབས་ཀྱིས་ཡེ་ང་གི་གཙུག་ཏོར་ཕུག་ནས་སོང་ན་འོད་གསལ་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར་ཏེ་འདི་བཙན་ཐབས་ཀྱི་འཕོ་བའང་ཡིན་ནོ། །དེ་ལྟར་འཕོ་བར་གྱུར་ན་རང་གི་ཡིད་ལ་རྡོ་རྗེ་སྟོང་བའི་གཟུགས་བརྙན་འོད་གསལ་བ་རབ་ཏུ་སད་པས། རྣམ་ཤེས་ལྔ་སྟོང་ཉིད་ཀྱི་གཟུགས་སོགས་ཡུལ་དང་བཅས་པ་རོ་མཉམ་དུ་གྱུར་ནས་ཡིད་ཀྱི་ལུས་སུ་ཕྲ་ཡང་སོགས་ཡོན་ཏན་བརྒྱད་ལྡན་གྱི་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་ཞིང་རྫུ་འཕྲུལ་སོགས་མངོན་ཤེས་ལྔ་ཡི་རང་བཞིན་ཅན་དུ་སླར་ཡང་འགྱུར་རོ། །དེར་མ་ཟད་སླར་ཡང་མངོན་ཤེས་ལྔ་ཡི་རང་བཞིན་དུ་འགྱུར་ཞེས་པའི་དོན་ཡིན་ཀྱང་འགྱུར་གྱི་དབང་གིས་སླར་ཡང་རྗེས་སུ་བྱས་པའོ། །ནཱ་ད་གོམས་པས་བཙན་ཐབས་སུ་བསྒྲུབ་པའམ། རང་བཞིན་དུ་རྡོ་རྗེའི་རྣལ་འབྱོར་གོམས་པས་འོད་གསལ་སྟོང་གཟུགས་འདི་ནི་རྣལ་འབྱོ༷ར་པ་རྣམས་དག་གི་མི་འགྱུར་བའི་བདེ་བ་སྟེར་བ་སྣ་ཚོགས་ཡུམ་ཤེར་ཕྱིན་མ་དངོས་ཡིན་ཏེ། ཕྱག་རྒྱ་ཆེན་མོ་འདི་ནི་རྡུལ་ཕྲ་རབ་ལས་འདས་པའི་རང་སྣང་སྒྱུ་མའི་རྗེས་སུ་མཐུན་པ། རླུང་སེམས་དབུ་མར་ཞུགས་པའི་ཡིད་དང་ནམ་མཁའ་སྟོང་པ་ལ་ནི་མེ་ལོང་དག་ལ་པྲ་ཕབ་པའི་གཟུགས་བཞིན་ཏེ། འཇིག་རྟེན་གསུམ་པོ་སངས་རྒྱས་ཀྱི་གཟུགས་སུ་སྣང་བར་བྱེད་ཅིང་འཁོར་བའི་བག་ཆགས་དང་བྲལ་བར་བྱེད་ལ། དྲི་མེད་འོད་གསལ་

p. 474

བའི་རང་བཞིན་གློག་དང་མཚུངས་པའི་ཡེ་ཤེས་ལྔ་ཡི་འོད་ཟེར་དུ་མ་འཕྲོ་བར་བྱེད་པའོ། །ཕྱི་རོལ་གྱི་ནམ་མཁའ་དང་ནང་དུ་ལུས་ལ་སྣང་མི་སྣང་གི་ཁྱད་པར་དབྱེར་མེད་པར་ཐམས་ཅད་དུ་སྣང་བ་ཕྱི་རོལ་གྱི་ཡུལ་གཟུགས་སོགས་རང་མཚན་པ་དང་རྣམ་པར་བྲལ་བ་ན་ཡང་རང་གི་སེམས་ལ་མངོན་སུམ་སྣང་བ་ཙམ་ནི་མ་འགགས་པར་རྟེན་མེད་པའི་ནམ་མཁའ་ལ་རྩེ་གཅིག་གནས་པ་ཡི་སྒྲུབ་པ་པོའི་སེམས་དང་སེམས་བྱུང་ལ་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་བདག་ཉིད་དག་གིས་རྟོག་མེད་དུ་འཁྱུད་དེ། དེ་ཉིད་འགྲོ་བ་དུ་མའི་གཟུགས་ཀྱིས་ཏེ་བུམ་སྣམ་སོགས་རྣམ་པ་ཐམས་ཅད་པར་འཆར་ཡང་སྟོང་གཟུགས་དེ་ནི་ཐ་དད་དུ་གྲུབ་པ་མེད་དེ། སེམས་ཉིད་འོད་གསལ་གྱི་རང་གདངས་གཅིག་པུའོ། །དེ་འདྲའི་ཕྱག་རྒྱ་ཆེན་པོ་དེ་རྣལ་འབྱོར་མཆོག་རྣམས་ཀྱིས་བསྟེན་པར་བྱ་ཡི། གང་གི་སྙིང་ནི་གཡོ་སྒྱུ་དང་ཆགས་སོགས་ཀྱི་རྙོགས་པ་དང་བཅས་པ་ལས་ཀྱི་ཕྱག་རྒྱ་བུད་མེད་འདི་དག་དང་། གཟུགས་དང་རྣམ་འགྱུར་དང་དགོད་པ་དང་རེག་པ་སོགས་ཀྱི་རྣམ་པར་རང་གི་བློས་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་དེ་གཉིས་ལ་བརྟེན་ན་འདོད་གཟུགས་ཀྱི་རིག་འཛིན་ཙམ་ལས་མི་འགྲུབ་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་དགོས་ཀྱི་ཕྱག་རྒྱ་སྔ་མ་དེ་དག་འབའ་ཞིག་བརྟེན་པ་གཏང་བར་བྱ་སྟེ། ཡང་དག རྫོགས་པའི་བྱང་ཆུབ་ཐོབ་པའི་སླད་དུ་རྒྱལ་བ་མཆོག་གི་སྐྱེད་བྱེད་མ་ཕྱག་རྒྱ་རྣམས་ཀྱི་ནང་ནས་མཆོག་གི་ཕྱག་རྒྱ་སེམས་རྙོགས་པ་སོགས་དང་བློས་རྣམ་པར་བརྟག་པ་ཙམ་གྱི་འཁོར་བའི་སྐྱོན་གྱིས་གོས་པ་མེད་ལ་ཀུན་རྫོབ་ཀྱི་ཆོས་སྐྱེ་འཇིག་གིས་རྣམ་པར་འགྱུར་བ་མེད་ཅིང་། མཐའ་བྲལ་ནམ་མཁའ་དང་མཉམ་པ་རང་བཞིན་འོད་གསལ་བའི་ངོ་བོས་སྒྲིབ་པའི་མུན་པ་ཐམས་ཅད་བཅོམ་པ། སྒྲིབ་བྲལ་རང་བཞིན་རྣམ་དག་གི་ཆོས་ཀུན་ལ་ཁྱབ་པས་ཁྱབ་བྱེད་རྣལ་འབྱོར་མཆོག་དག་གིས་སོ་སོ་རང་རིག་པས་བགྲོད་བྱའམ་ཡུལ་དུ་གྱུར་པ། བརྩེག་པར་

p. 475

གནས་ཞེས་པ་ཐེར་ཟུག་ཏུ་གནས་པ་རྟག་པའི་དོན་ཏེ་འདིར་ཀཱུ་ཊ་སྡྱ་ཞེས་པའི་སྐད་དོད་ཡོད་པ་ལ། ཀཱུ་ཊ་ཞེས་པ་རྟག་པ་དང་བརྩེག་པ་སོགས་དོན་དུ་མར་འཇུག་པ་སྟེ། འཆི་མེད་མཛོད་ལས། སྒྱུ་མ་མི་གཡོ་འཁྲུལ་འཁོར་དང་། །གཡོ་སྒྱུ་མི་བདེན་ཕུང་པོ་དང་། །ལྕགས་ཐོ་རི་ཡི་རྩེ་མོ་དང་། །ཐོང་གཤོལ་རྣམས་ལ་ཀཱུ་ཊའོ། །ཞེས་གསུངས་པ་ལྟར་དུ་མ་སྤུངས་པའི་ཕུང་པོའམ་བརྩེག་པ་ལ་འཇུག་པ་ནི། ཤྲཱི་ཀླུ་ཊ། དཔལ་བརྩེག །ཀཱ་ལ་ཀཱུ་ཊ། ནག་པོ་བརྩེག་པ་སོགས་དང་། མི་གཡོ་མི་འཕོ་བའི་རྟག་པ་ལ་འཇུག་པའི་ཚེ་རྟག་པའམ། མི་གཡོ་པའམ། རྟག་བརྟན་གཡུང་དྲུང་གི་གྲས་སུ་བརྟན་པའི་མིང་གི་རྣམ་གྲངས་ཐེར་ཟུག་ཏུ་ཡང་བསྒྱུར་བ་ལྟར་འདི་སྐབས་ཐེར་ཟུག་ཏུ་གནས་ཞེས་བསྒྱུར་དགོས་པ་ཡིན་ནོ། །དེ་ལྟར་སྔར་གྱི་ལོ་པན་ཆེན་པོ་རྣམས་ཀྱིས་རྟག་པའི་མིང་གི་རྣམ་གྲངས་རྟག་པ་དང་བརྟན་པ་ཐེར་ཟུག་སོགས་སུ་སྐད་དོད་མི་འདྲ་བ་སོ་སོ་དང་འཚམས་པར་བསྒྱུར་བའི་ཚེ་ཀཱུ་ཊ་ཐེར་ཟུག་དང་སྠ་གནས་པར་བསྒྱུར་བ་སོགས་བྱེ་བྲག་རྟོགས་བྱེད་དུ་གསལ་ལ། འདིར་བརྩེག་པར་བསྒྱུར་བ་ལྟར་ན་ཡུལ་དུས་གཅིག་ཏུ་ཟད་པ་མིན་པར་ཐམས་ཅད་དུ་བརྩེག་པ་ལྟར་མི་ཟད་པའི་དོན་ལྟ་བུར་གོ་དགོས་ཀྱང་། སྒྲ་རྣམས་དོན་འགྱུར་ཇི་བཞིན་མ་ནུས་པས་གོ་དཀའ་བར་སོང་བ་ཡིན་ཏེ། མཇུག་ཏུ་སྟོང་ཆེན་ལྔ་ལ་བསྟོད་པའི་སྐབས་སུའང་བརྩེག་པ་ལ་གནས་ཞེས་པ་ཡང་དེ་ལྟར་ཤེས་པར་བྱའོ། །རྣམ་པར་ཤེས་པ་ལས་འདས་པའི་ཡེ་ཤེས་ཀྱི་རང་བཞིན་ནམ་མཁའ་ལས་བྱུང་རང་བྱུང་བ་ཞེས་སོགས་དང་གཟི་བརྗིད་ཆེན་པོ་འོད་གསལ་བ་ཞེས་གསུངས་པ་ལྟར། ཡེ་ཤེས་ཀྱི་གཟི་བརྗིད་རང་འོད་གསལ་བས་དངོས་པོ་ཀུན་གྱི་དེ་ཁོ་ན་ཉིད་གསལ་བ་སྲིད་པའི་དྲི་མ་འཕོ་བའི་བག་ཆགས་འཕྲོག་ཅིང་། སྟོང་པ་ཉིད་དང་སྙིང་རྗེ་དང་། མི་འགྱུར་

p. 476

བའི་བདེ་བ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དབྱེར་མེད་པ་དཔལ་ལྡན་རིགས་རྣམས་ཀུན་གྱི་ཁྱབ་བདག་གཅིག་པུ་དུས་ཀྱི་འཁོར་ལོ་ཉིད་ཀྱི་ཡེ་ཤེས་སྐུ་རྗེས་སུ་རིག་པའམ་མངོན་སུམ་དུ་བྱ་བ་འདི་ཉིད་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པར་བྱའོ། །ཞེས་བསྔགས་པའོ། །དེ་རྣམས་ཀྱིས་གནས་སྐབས་སུ་མངོན་ཤེས་དང་འཆི་བ་མེད་པ་དང་མཐར་ཐུག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣམས་སྦྱོར་བ་ཡན་ལག་དྲུག་གིས་སྒྲུབ་ཚུལ་གསུངས་པ་གནས་པ་ལྔ་པའི་དུམ་བུ་ཡན་ལག་དྲུག་གི་སྦྱོར་བ་ལ་སོགས་པའི་སྒྲུབ་ཐབས་བཤད་པ་ཡིན་ལ། དེ་ནས་མཆོད་སྦྱིན་དང་རིག་བྱེད་ཀྱི་མཐའ་སོགས་ཀྱི་གསང་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བཤད་པ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་ཡིན་པས། དང་པོ་སངས་རྒྱས་པའི་གྲུབ་པའི་མཐའི་ཡེ་ཤེས་མདོར་བསྡུས་ཙམ་གསུངས་པ། འདིར་སངས་རྒྱས་པའི་གྲུབ་མཐའ་བཞི་བརྟགས་པ་སྔར་ནང་ལེའི་མཇུག་ཏུ་གསུངས་ཟིན་པ་ལྟར་ལ། དེའི་ནང་གི་ཐེག་པ་ཆེན་པོ་དབུ་སེམས་སྔགས་གསུམ་གྱི་ཡེ་ཤེས་གསུངས་པ། འདིར་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་ཡེ་ཤེས་ནི་སྲིད་པ་གསུམ་པོ་འདི་ལྟར་སྣང་བ་འདི་ནི་རིགས་པས་དཔྱད་ན་རྡུལ་ཕྲ་རབ་ཀྱི་གཟུགས་སུ་ཡོད་པ་མིན་ཏེ། འདི་ལྟར་རགས་པ་རྣམས་རང་གི་ཆ་དང་ཆ་ལས་བཏགས་པ་ཙམ་ལས་རགས་པ་རྫས་སུ་མེད་ལ། དེའི་མཐའ་ཆ་མེད་པ་ཕྲ་རབ་ཀྱི་རྡུལ་ཡོད་དོ་ཞེས་དོན་སྨྲ་སྡེ་གཉིས་ཀྱིས་གྲུབ་མཐའ་ལས་བྱུང་ཡང་ཕྲ་རབ་ཉིད་མི་འགྲུབ་སྟེ། དྲུག་གིས་ཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པ་ལ་སོགས་པའི་རིགས་པས་རྡུལ་ཕྲ་རབ་བདེན་པར་གྲུབ་པ་ཁེགས་པས་འདིར་ནི་ཁམས་གསུམ་བརྟན་གཡོའི་སྣང་བ་ཐམས་ཅད་རང་གི་རྣམ་པར་ཤེས་པ་ལ་བག་ཆགས་གོམས་པའི་དབང་གིས་རྨི་ལམ་གྱི་སྣང་བ་བཞིན་དུ་སེམས་ཀྱི་དབང་གིས་སྣང་སྟེ་ཕྱི་དོན་དུ་གྲུབ་པ་མེད་པས་ན། ཐམས་ཅད་སེམས་ཙམ་མོ། །

p. 477

དེ་འདྲའི་སེམས་ཀྱི་རང་གཤིས་ནི་གཟུང་འཛིན་གྱི་བག་ཆགས་ཀྱིས་བསླད་པ་དང་བྲལ་བ་གཟུང་འཛིན་མེད་པར་རང་གསལ་བ་ཙམ་གྱི་རྣམ་པར་ཤེས་པ་ནི་བདེན་པར་ཡོད་དེ། འཁོར་འདས་ཀྱི་ཆོས་རྣམས་སྣང་བའི་གཞི་དེ་ཉིད་ཡིན་ནོ་ཞེས་འདོད་དོ། །དེ་ལ་དབུ་མ་པས་དཔྱད་ན་ཕྱི་དོན་མ་གྲུབ་པ་དེ་བཞིན་རྣམ་པར་ཤེས་པ་ཉིད་ཀྱང་བདེན་པར་གྲུབ་པ་མེད་དེ། རྣམ་ཤེས་དེ་ཡང་དག་པ་དང་མ་དག་པའི་བག་ཆགས་སྣ་ཚོགས་དང་འབྲེལ་བས་སྣ་ཚོགས་སུ་འགྱུར་གྱི་གཅིག་པུར་བདེན་པ་དམིགས་སུ་མེད་ལ། གཟུང་འཛིན་དང་བྲལ་བའི་གཅིག་པུ་ཆ་མེད་པའི་ངོ་བོར་བདེན་པ་ཡང་དམིགས་སུ་མེད་དེ། གང་དེའི་ངོ་བོ་གཅིག་པུ་ཆ་མེད་དུ་མ་དམིགས་ན་དེ་ལྟར་ཡིན་པའི་སྒྲུབ་བྱེད་ཀྱང་མི་སྲིད་ལ། དམིགས་པ་ཡང་མི་སྲིད་དེ་གཅིག་པུ་ཆ་མེད་པའི་བདེན་གྲུབ་ཀྱི་ཤེས་པ་ཞིག་ཡོད་ན། རྟག་ཏུ་དེ་ཡི་ངང་ཚུལ་ཁོ་ནར་འགྱུར་གྱི། རྣམ་པ་སྣ་ཚོགས་པའི་དོན་རྣམས་སོ་སོར་གསལ་ཞིང་རིག་པའི་ཤེས་པར་ནི་ནམ་ཡང་མི་འགྱུར་བས་དེ་འཁོར་འདས་ཀྱི་ཆོས་རྣམས་སྣང་བའི་གཞིར་ཡང་ཇི་ལྟར་འགྱུར་ཏེ་འགྱུར་མི་རིགས་སོ། །དེས་ན་གསལ་ཞིང་རིག་པའི་རྣམ་ཤེས་འདི་མ་ཡིན་པའི་རྣམ་ཤེས་གཞན་བདེན་པར་གྲུབ་པ་ནི་ནམ་ཡང་མི་སྲིད་ལ། གསལ་ཞིང་རིག་པ་འདི་ནི་གསལ་ཞིང་རིག་པ་ཉིད་ཀྱི་ཕྱིར་རང་གི་ངོ་བོས་བདེན་པར་གྲུབ་པ་མེད་པར་ད་ལྟ་ནས་གཏན་ལ་འབེབ་ནུས་སོ། །དེའི་ཕྱིར་སེམས་ཀྱི་གཤིས་གཟུང་འཛིན་དང་བྲལ་བ་རང་བཞིན་འོད་གསལ་བ་ཡང་ངོ་བོས་མ་གྲུབ་པའི་སྟོང་པ་ཉིད་ཡིན་པའི་གནད་ཀྱིས་འོད་གསལ་བ་ཡིན་གྱི་བདེན་གྲུབ་ཀྱི་ཤེས་པ་ལ་ནི་རང་བཞིན་འོད་གསལ་བའི་དོན་བཞག་ཏུ་མེད་དོ། །དེས་ན་སངས་རྒྱས་ཀྱི་ཤེས་རབ་བམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོད་མེད་ཀྱི་མཐའ་གང་དུའང་གནས་པ་མ་ཡིན་ནོ་ཞེས་པའི་ཚིག་ནི་སངས་རྒྱས་ཀྱི་གྲུབ་མཐའ་སྨྲ་བ་ཡི་རྩེ་མོ་དབུ་མ་པ་རྣམས་ཀྱིས་སྟོན་པར་འགྱུར་ན་ཡང་།

p. 478

མཐར་ཐུག་གི་དོན་ལ་མཐའ་བཞི་གང་ལ་ཡང་མི་གནས་པ་ནི་ཡིན་མོད་ཀྱང་འདིར་རིགས་ཤེས་རྗེས་དཔག་གིས་དཔྱད་པ་ལ་བརྟེན་ནས་མཐའ་ཐམས་ཅད་བཀག་པའི་རྣམ་པ་དེས། དེ་ལྟར་སློབ་པ་གང་གིས་འགྱུར་མེད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཐབས་བདེ་བ་ཆེན་པོ་དང་གཉིས་སུ་མེད་པ་ཉིད་ཀྱི་དོན་མི་ཤེས་པར་དེ་དང་བྲལ་བའི་མི་རྣམས་ཀྱིས་ནི། དགག་བྱ་མཐའ་བཞི་བཅད་པའི་ཆ་ཡི་སྟོང་པ་ཉིད་དེ་ཙམ་ཞིག་གནས་ལུགས་སུ་བཟུང་ནས་སྟོང་པར་ལྟ་བར་བྱེད་པ་དེས་གནས་ལུགས་ཟུང་འཇུག་གི་དོན་ཇི་བཞིན་མཐོང་བར་དཀའ་བ་དེས་ན་ཁྱབ་བདག་གཙོ་བོས་ཏེ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས། གང་ཞིག་འཕོ་མེད་ལྷན་ཅིག་སྐྱེས་པའི་རང་བཞིན་རྡོ་རྗེ་ལུས་ཀྱི་བདེ་བ། ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་པ་དེ་ལྟ་བུ་དག་ནི་སྔགས་ཀྱི་ཐེག་པར་བསྟན་པར་མཛད་པས། རྡོ་རྗེའི་ལུས་ལ་བརྟེན་ནས་རྫོགས་པའི་རིམ་པས་བདེ་བ་དེ་ཉིད་ལམ་དུ་བྱས་པ་ན། མཐའ་གང་དུའང་མི་གནས་པའི་སྟོང་པ་ཉིད་དང་བདེ་བ་ཆེན་པོ་རོ་གཅིག་པའི་དོན་གྱིས་དངོས་པོ་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་རང་གི་ཉམས་སུ་མྱོང་བའི་སྒོ་ནས་མངོན་སུམ་རྟོགས་ནུས་ཏེ་དཔེ་དང་དོན་གྱི་ཡེ་ཤེས་ཀྱི་ཚུལ་གྱིས་རིམ་པས་སོ། །དེས་ན་རྒྱུའི་ཐེག་པ་ལས་སྔགས་ཀྱི་ལམ་མྱུར་བ་ཡང་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་ལ་མྱུར་བའི་ཡེ་ཤེས་འདིའི་སྒོ་ནས་ཡིན་ནོ། །འཕོ་མེད་དང་ལྷན་སྐྱེས་དང་ལུས་ཀྱི་བདེ་བ་ཞེས་པའི་ཁྱད་པར་གསུམ་གྱིས་གསུངས་པ་འདིའི་དོན་ཅི་ཞིག་ཡིན། ཕྱག་རྒྱ་དང་སྦྱོར་བའི་འཁྲིག་བདེ་འགྱུར་བཅས་ལ་ཟེར་ན་ནི་དེ་འཕོ་མེད་དང་ལྷན་སྐྱེས་སུ་ཅི་ལྟར་འགྱུར་ཏེ་འཛག་བདེ་ཡིན་པས་སོ། །གལ་ཏེ་རླུང་སྟོབས་ཀྱིས་འཛག་མེད་ཀྱི་བདེ་བ་གྲུབ་པ་འཕོ་མེད་ལྷན་སྐྱེས་ཡིན་ནོ་སྙམ་ན། ལམ་གྱི་སྐབས་སུ་དེ་ལྟར་བརྗོད་པ་ཡོད་མོད་ཀྱི། འོན་ཀྱང་དེ་མ་འགྲུབ་པའི་སྔ་རོལ་ན་རྡོ་རྗེའི་ལུས་ལ་ལྷན་སྐྱེས་སུ་གནས་པའི་བདེ་བ་ཆེན་པོ་ནི་གསར་

p. 479

དུ་མ་བསྒྲུབ་བར་དུ་མེད་པར་འགྱུར་ལ། དེ་ལྟར་ན་རང་བཞིན་གཉུག་མའི་ཆོས་ཉིད་བདེ་བ་ཆེན་པོ་དངོས་པོ་ཀུན་གྱི་རང་བཞིན་དུ་གསུངས་པ་ནི་ནམ་ཡང་མི་སྲིད་པར་བདེ་བ་ཆེན་པོ་གློ་བུར་བའི་ཆོས་སུ་འགྱུར་རོ། །དེའི་ཕྱིར་རྡོ་རྗེའི་ལུས་ལ་རང་བཞིན་གྱིས་གནས་པའི་བདེ་བ་ཆེན་པོ་ནི་ཐབས་ལམ་གྱི་ཆོས་སྐད་ལྟར་ན་གཉུག་མ་རྡོ་རྗེ་གསུམ་གྱི་རང་བཞིན་མི་ཤིགས་པའི་ཐིག་ལེ་ཡིན་ཏེ། རྒྱུད་གཞན་ལས། ཡེ་ཤེས་ཆེན་པོ་རང་ལུས་གནས། །མི་ཤིག་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་པ་དེ་ཉིད་དེ། གྲོལ་ལམ་གྱི་ཆོས་སྐད་ལྟར་ན་སེམས་ཉིད་རང་བཞིན་འོད་གསལ་གྱི་ཆོས་ཉིད་ཡེ་ནས་ལྷན་སྐྱེས་སུ་བཞུགས་པ་ལ་བདེ་བ་ཆེན་པོ་ཞེས་བརྗོད་པ་ཡིན་ཀྱང་དེ་གཉིས་དོན་ཐ་དད་མ་ཡིན་ཏེ་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཉིད་ཀྱི་ངོ་བོར་རོ་གཅིག་པའི་ཕྱིར་རོ། །དེ་ལྟ་བུར་གཉུག་མ་སེམས་ཀྱི་རྡོ་རྗེའམ་རང་བཞིན་འོད་གསལ་བའི་སེམས་དེ་ནི་སྤྲོས་པའི་དྲ་བ་ཀུན་གྱིས་སྟོང་པའམ་དབེན་པའི་བདག་ཉིད་རང་འོད་གསལ་བ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཀྱང་། སྒྲིབ་པ་གློ་བུར་བས་བསྒྲིབས་ནས་དེ་ཉིད་མངོན་དུ་མ་གྱུར་བ་ལ་སྔགས་ཀྱི་ཐེག་པ་འདིར་རང་གི་ཆོས་ཉིད་དེ་མངོན་སུམ་དུ་བྱེད་པའི་ལམ་བདེ་སྟོང་ཟུང་འཇུག་སྒོམ་པའི་རྫོགས་པའི་རིམ་པ་རྣམས་མ་སྦས་པར་བསྟན་པ་ཡིན་ཞིང་། ལམ་དེས་འོད་གསལ་བའི་རང་མདངས་འོད་གསལ་གྱི་རྟགས་བཅུ་དང་། ཕྱག་རྒྱའི་བདེ་བ་རྣམས་རིམ་པར་འབྱུང་བ་རྣལ་འབྱོར་པའི་ཉམས་སུ་མྱོང་བའི་མཐར་ཐ་མལ་གྱི་རླུང་སེམས་གློ་བུར་བ་རྣམས་གཉུག་མའི་དབྱིངས་སུ་འགགས་ནས་འགྱུར་མེད་ཡེ་ཤེས་ཀྱི་སྐུ་གྲུབ་པ་ན་གཞི་དུས་ནས་ཆོས་ཉིད་འགྱུར་མེད་དམ་འཕོ་བ་མེད་པ་དངོས་པོ་ཀུན་གྱི་རང་བཞིན་དུ་ལྷན་སྐྱེས་སུ་གནས་པའི་བདེ་བ་ཆེན་པོ་མངོན་དུ་གྱུར་པས་ཡིན་ལ། དེ་ཉིད་གཞི་ཇི་བཞིན་པའི་གནས་

p. 480

ལུགས་མངོན་དུ་གྱུར་པ་ཡིན་པས། ནམ་མཁའ་ཇི་སྲིད་དུ་གོ་འཕང་དེ་ལས་གཡོ་བ་མི་སྲིད་དེ་བདེན་དོན་མཐོང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཤེས་ན་ཡེ་ནས་ལྷན་ཅིག་སྐྱེས་པ་ཡིན་པ་དང་། དུས་གསུམ་ཀུན་དུ་ཡང་རང་གི་ཆོས་ཉིད་ལས་གཡོ་བ་མེད་པས་འཕོ་མེད་དམ་འགྱུར་མེད་ཡིན་པ་དང་། རླུང་སེམས་གློ་བུར་བས་བསླད་པའི་དབང་གིས་བྱུང་བའི་འགྱུར་བའི་ཟུག་རྔུ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོ་ནམ་མཁའ་དང་མཉམ་པ་ཡིན་ནའང་། གློ་བུར་གྱི་སྒྲིབ་པས་བསླད་པ་ཅན་རྣམས་ལ་ལམ་གྱི་སྟོབས་ལས་དྲི་མ་རིམ་པར་བྲལ་བའི་གནས་སྐབས་བཞིན་དུ་འགྱུར་བདེ་དང་མི་འགྱུར་བའི་བདེ་བ་རྣམ་ཤེས་དང་ཡེ་ཤེས་སེམས་ཅན་དང་སངས་རྒྱས་དག་སྔ་ཕྱིར་གློ་བུར་བྱུང་བ་ལྟར་སྣང་ཚུལ་ལ། སྙོན་དུ་མེད་པར་འབྱུང་ཞིང་དེ་ལྟར་ཐ་སྙད་བྱེད་པ་ལ་ཡང་བརྗོད་པ་སྐྱོན་མེད་ཡིན་མོད། མཐར་ཐུག་དངོས་པོའི་གནས་ཚུལ་གྱི་དབང་དུ་བྱས་ན། རྣལ་འབྱོར་མའི་རྒྱུ་ཀུན་ཏུ་སྤྱོད་པ་ལས། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ནི་དུ་མའི་གར་མཛད་དོ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། འདིར་གནད་མདོར་བསྡུས་ཙམ་སྨྲོས་པའོ། །དེས་ན་ཕྱག་རྒྱ་དང་སྦྱོར་བའི་ཚེ་འདུ་ཤེས་གསུམ་གྱིས་སྙོམས་པར་འཇུག་པ་དང་ཐིག་ལེ་འཕོ་མེད་དུ་བཅིངས་པ་སོགས་དང་། བདེ་བ་འདྲེན་ཚུལ་སོགས་ཇི་སྙེད་བརྗོད་པ་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བའི་ཡེ་ཤེས་འདྲེན་པར་བྱེད་པའི་ཐབས་ཡིན་ལ། ཐབས་དེས་དྲངས་པའི་ཡེ་ཤེས་ཀྱིས་ནི་དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་མཐོང་བའི་མཚོན་བྱ་དོན་གྱི་ཡེ་ཤེས་ལ་ངེས་པ་འདྲོངས་པ་གལ་ཆེ་སྟེ་དེ་ཁོ་ན་ཉིད་མཐོང་བའི་ལམ་གྱིས་སངས་རྒྱས་འགྲུབ་པ་ཡིན་གྱི་བདེ་བ་ཙམ་དང་ང་འགགས་པ་ཁོ་ནས་མ་ཡིན་ནོ། །དེ་ཁོ་ན་ཉིད་མཐོང་བ་ཆེ་ཕྲ་

p. 481

ཐམས་ཅད་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དེ་སྒྲུབ་བྱེད་ཀྱི་ཐབས་ལམ་ཟབ་མོ་རྣམས་ཀྱང་ཡེ་ཤེས་མཐོང་བ་འདྲེན་པའི་ཆ་ནས་ལམ་ཁྱད་པར་ཅན་དུ་ཤེས་པར་བྱའོ། །དེ་ནས་མཆོད་སྦྱིན་སོགས་ཀྱི་གསང་བའི་དེ་ཉིད་གསུངས་པ། འདིར་ཕྱི་རོལ་པའི་བྲམ་ཟེ་རྣམས་ཀྱིས་རིག་བྱེད་ལས་བཤད་པ་བཞིན་མཆོད་སྦྱིན་གྱི་དུས་སུ་བ་ལང་དང་བསེ་རུ་དང་རྟ་དང་གླང་པོའི་མགོན་པོ་སྟེ་གཙོ་བོ་རྣམས་བསད་ཅིང་མཆོད་སྦྱིན་གྱི་དོན་དུ་སྲོག་སོང་བར་བྱས་པ་རྣམས་ཀྱི་ལུས་མཆོད་སྦྱིན་བྱེད་པའི་དུས་སུ་བསད་བྱ་དེ་རྣམས་ཀྱི་ལུས་ཀྱི་ཤ་སོགས་ཀྱི་ཡུལ་ལ། མཆོད་སྦྱིན་བྱེད་པ་པོ་ཁྱོད་ཀྱི་དབང་པོ་རྣམས་ནི་བདེ་བར་ལོངས་སྤྱོད་ཅིང་བཟུང་བར་བགྱིའོ་ཞེས་རིག་བྱེད་ལས་གང་བརྗོད་པ་དེ་ནི་ངེས་པའི་དོན་དུ་གཟུཊ་སོགས་ཡུལ་ལྔ་དང་མིག་སོགས་ཡུལ་ཅན་ལྔ་རྣམས་ནི་གཉིས་མེད་ཡེ་ཤེས་ཀྱི་སྦྱོར་བ་བསྒོམ་པ་དག་ལ་འགོག་པ་སྟེ་ཐ་མལ་པའི་དབང་ཡུལ་གྱི་འབྲེལ་བ་བཅད་ནས་གཉིས་མེད་དེ་ཁོ་ན་ཉིད་དུ་འགོག་པ་ཡིན་ལ་ཚུལ་འདིས་བདེ་བ་ཆེན་པོ་འགྱུར་བ་མེད་པ་འགྲུབ་ཀྱི་བ་ལང་སོགས་བསད་ནས་དེ་ཡི་ཤ་ལ་ལོངས་སྤྱོད་པས་བདེ་བ་ཆེན་པོ་འགྲུབ་པ་ནི་རྣམ་པ་ཀུན་ཏུ་གནས་མ་ཡིན་ནོ། །དེ་བཞིན་དུ་ཕྱི་རོལ་པ་རིག་བྱེད་པ་དང་ཀླ་ཀློའི་བསླབ་ལྡན་དཀའ་ཐུབ་པ་རྣམས་ཀྱི། བ་ལང་གི་ལྤགས་པ་ཁྲག་དང་ལྡན་པར་སོ་མ་བ་ལླི༷འི་བཏུང་བ་བྷ་གའི་ཁྲག་དང་བཅས་པར་གྱུར་པ་གང་འཐུང་ན་བསམ་གཏན་དང་པོ་ཐོབ་པོ་ཞེས་སྨྲས་པ་དེ་ནི་ངེས་དོན་དུ་རང་གི་སྤྱི༷་བོའི་ཟླ་བའི་བདུད་རྩི་ཁུ་བ་ཞུ་བ་ཤེས་རབ་ཀྱི་བྷ་གའི་རྡུལ་ལ་བདེ་བ་རོ་མཉམ་པར་གནས་ཤིང་དེ་ལས་སྐྱེས་པའི་སྒྲིབ་བྲལ་གྱི་ཆོས་ཀུན་ཏུ་འགྲོ་བ་དགའ་བའི་གཟུགས་ཅན་ལྷན་སྐྱེས་ཀྱི་བདེ་བ་མྱོང་བའི་རྣལ་འབྱོར་གྱིས་ཕྱིར་མི་འཕོ་བར་འཐུང་བས་བདེ་བ་མཆོག་ཐར་བ་སྟེར་བ་དེ་ཉིད་ཀྱི་དོན་ཡིན་གྱི་སོ་མ་བལླིའི་བཏུང་བ་ཁྲག་བཅས་འཐུང་བ་

p. 482

མ་ཡིན་ཏེ་དེ་དག་བཏུང་བས་བསམ་གཏན་གྲུབ་པ་མ་མཐོང་ལ། བྱང་སེམས་མི་འཕོ་བའི་བདེ་བ་ཆེན་པོས་ཐར་པ་སྟེར་བ་མངོན་སུམ་ཏུ་གྲུབ་བོ། །འདིར་སོ་མ་བལླིའི་བཏུང་བ་ཞེས་པ་རྒྱལ་ཕུར་འཛོམ་པའི་དུས་སུ་རི་བོ་ས་འཛིན་ལས་རྩ་ཞི་བ་ཞེས་པ་བཏུས་ནས་སྔགས་སྟོང་བཏབ་པ་ཁྲག་བཅས་འཐུང་བར་རིག་བྱེད་ཀྱི་གཞུང་ལས་བཤད་པའོ། །འདིར་ཞི་བའི་བཏུང་བའམ་ཟླ་བའི་བཏུང་བ་ཞེས་པ་སྒྲུབ་ཚུལ་སོགས་རིག་བྱེད་ལས་བཤད་དེ་འདི་དག་བཏུང་བ་འདི་ལ་གལ་པོ་ཆེར་བྱེད་པ་ཡིན་ལ། རྒྱུད་ཕྱི་མར། མཐོ་རིས་དོན་དུ་མི་དང་བ་གླང་གསོད་ཅིང་བྷ་གར་དཀྲུགས་པ་ཞི་བའི་བཏུང་། ཞི་བའི་རིགས་བྱེད་དེ་དག་གིས་ཀྱང་སེམས་སུན་འབྱིན་པར་རབ་ཏུ་མཁས་པ་རྣམས། བ་ལང་པགས་པའི་ཞི་བའི་བཏུང་བ་བྷ་ག་མཆོག་དཀྲུགས་རྟ་ཡི་ཕོ་རྟགས་བཅད་པ་ལ། ཁུ་བ་ཁྲག་གིས་རྣམ་པར་བགོས་པ་སྦྲང་དང་མར་དང་བཅས་པ་ལྕེ་ཡིས་བལྡག་པར་བྱེད། ཅེས་གསུངས་པ་ལྟར་བྲམ་ཟེ་གདུག་པའི་ཀུན་སྤྱོད་འདི་དག་སེམས་སུན་འབྱིན་པར་བྱེད་པ་ལ་རབ་ཏུ་མཁས་པ་ཞིག་སྟེ་ཐར་པའི་རྒྱུར་མི་འགྱུར་རོ། །ཡང་རིག་བྱེད་ཀྱི་གསང་བའི་མཐའ་ལས་བཤད་པ་ལྷ་ཚངས་པ་ཆེན་པོ་ནི་ལུས་ཆེ་ཞིང་རྒྱས་པས་སྲོག་ཆགས་རྣམས་ཐམས་ཅད་ཀྱི་ལུས་ཀྱི་བདག་ཉིད་ཡིན་པ་དང་། དེ་བཞིན་འཕྲོག་བྱེད་དབང་ཕྱུག་ཆེན་པོ་ནི། ཐམས་ཅད་སྡུད་པར་བྱེད་པས་ངག་སྟེ། ཀུན་ལ་ཁྱབ་པས་ཁྱབ་འཇུག་དག་ཀྱང་ཡིད་དེ་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་ཀྱི་བདག་ཉིད་དམ་གཞིའོ། །དེ་གསུམ་པོ་དག་མཆོད་སྦྱིན་ངེས་ཚིག་སྲིད་སྲུང་གི་རིག་བྱེད་གསུམ་གྱི་བདག་ཉིད་ཀྱང་ཡིན་ལ། དེ་དག་འདུས་པ་ཨ་ཨུ་མ་གསུམ་ཚོགས་པའི་ཨོཾ་ཡིག་དང་དེ་དག་སོ་སོར་ཨོཾ་བྷྭུ་བྷཱོ་ཞེས་པའི་ཡི་གེ་གསུམ་སྟེ། དེ་ལྟར་ལྷ་གསུམ་པོ་དེ་ནི་ཕྱི་རོལ་དུ་ཟླ་ཉི་དང་བསྲེག་ཟ་སྟེ་སྒྲ་གཅན་གསུམ་པོ་དེ་དག་རྣམས་དང་། ཐམས་ཅད་ལ་ཁྱབ་པའི་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་དང་། ནང་དུ་ལུས་ལ་སེར་སྐྱ་ལུག་དང་ཀུན་འདར་མ་སྟེ་རྩ་གསུམ་མོ་ཞེས་དང་དེར་མ་ཟད་རིགས་ཅན་

p. 483

གྱི་མདོས་བརྗོད་བྱ་དམངས་སོགས་རིགས་བཞི་ནས་རིགས་བརྒྱ་དྲུག་ཅུ་རྩ་དགུའི་བར་དུ་དབྱེ་བ་དང་བསྡུས་ནས་ཉེར་བདུན་དུ་བཤད་པ་རྣམས་ནི་ཕྱི་རོལ་གྱི་དོན་དུ་བརྗོད་པ་དེ་དག་དྲང་དོན་ཙམ་ཡིན་ལ། ངེས་དོན་དུ་དེ་རྣམས་ཐམས་ཅད་མངལ་སྐྱེས་རྣམས་ཀྱི་ལུས་ཀྱི་རིགས་ལ་ཚང་ཞིང་། དེ་ལས་གཞན་པ་ཡུལ་ལྔ་ཡི་རང་བཞིན་སྟེང་གི་འཁོར་ལོ་ལྔ་དང་ཡོན་ཏན་གྱི་གསུམ་གྱི་རང་བཞིན་འོག་གི་རྩ་ཡི་རྩེ་མོ་གསུམ་ལ་གནས་པའོ། །སྲིད་སྲུང་གི་རིག་བྱེད་ནི་ནང་དུ་ལུས་ལ་ནཱ་དའི་གཟུགས་ཅན་ཏེ་གཞོམ་མེད་ཀྱི་སྒྲའོ། །དེ་ལྟར་རིགས་ཅན་མཐའ་དག་ཚངས་པའི་ལུས་ཀྱི་རིགས་དེ་ཡི་དབུས་སུ་གཞོམ་དུ་མེད་པ་མི་ཤིགས་པའི་ཐིག་ལེ་བདེ་བ་ཆེན་པོ་གང་དེ་ནི། ཡུལ་ཡུལ་ཅན་གྱི་མཚན་མ་དང་རྣམ་པར་བྲལ་ཞིང་། གནས་སྐབས་གསུམ་གྱི་མཚན་ཉིད་ཅན་རྡུལ་སོགས་ཡོན་ཏན་གསུམ་མེད་པའི་ཕྱག་རྒྱ་ཆེན་པོ་འགྱུར་མེད་བདེ་བའི་བདག་ཉིད་དོ། །དེ་ལྟ་བུའི་དོན་ལ་དགོངས་ནས་དོ་ཧ་མཛོད་དུ། གང་ཚེ་ཚངས་པ་ཁྱབ་འཇུག་མིག་གསུམ་དང་། །འཇིག་རྟེན་མ་ལུས་ཐམས་ཅད་གཞིར་གྱུར་པ། །རིགས་མེད་དེ་ལ་མཆོད་ན་ལས་ཀྱི་ཡང་། །མཐའ་ཡི་ཚོགས་ནི་ཡང་དག་ཟད་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་རིག་བྱེད་ཀྱི་མཐལ་ལས་གསང་བ་ཡི་ཚིག་འདི་དག་ཚངས་པའི་ཡིས་ནི་རིག་བྱེད་པའི་རྣལ་འབྱོར་པ་རྣམས་དག་ལ་གསང་བའི་བརྡས་སྔོན་རབ་ཏུ་གསལ་བར་བརྗོད་མོད་དེ། དེ་ལྟ་ན་ཡང་སྙིགས་མའི་དུས་ཀྱི་དབང་གིས་ཡང་དག་པའི་ཤེས་པ་རབ་ཏུ་ཉམས་པའི་དྲང་སྲོང་ཐུབ་པ་རྣམས་ཀྱིས་འཇིག་རྟེན་འདིར་ནི་སྲོག་ཆགས་རྣམས་ལ་མཐོ་རིས་ཀྱི་དོན་དུ་སེམས་ཅན་གཞན་གསོད་པ་དག་ཀྱང་སྒྲ་ཇི་བཞིན་པར་རིག་བྱེད་ཀྱི་གསང་བ་དེ་ཁོ་ན་ཉིད་དུ་བསྟན་པ་ཡིན་ལ། མི་རྣམས་ཀྱིས་རྣམ་པར་དཔྱད་པ་མེད་པར་བྲམ་ཟེ་རྣམས་ཀྱི་ཚིག་དེའི་རྗེས་སུ་ཞུགས་ནས་མཐོ་རིས་ཐོབ་པའི་དོན་དུ། སྲོག་གཅོད་པའི་མཆོད་

p. 484

སྦྱིན་དེ་ལ་རབ་ཏུ་འཇུག་སྟེ། དེ་ལ་ཞུགས་པས་དམྱལ་བ་དག་ཏུ་སྐྱེ་ཞིང་ལས་ངན་པའི་འབྲས་བུ་སྟེར་བར་འགྱུར་གྱི་མཐོ་རིས་ཀྱི་བདེ་བ་མི་འཐོབ་སྟེ་དཔེར་ན་སོལ་བ་ནི་འོ་མའི་རྒྱུན་གྱིས་མངོན་པར་བཀྲུས་པ་དག་བྱས་ཀྱང་འདིར་ནི་ཟླ་བའི་མདོག་ཏུ་ཡུལ་དུས་འགར་ཡང་འགྱུར་བ་མ་ཡིན་པ་བཞིན་དུ། སྡིག་པའི་ལས་ཀྱི་མཆོད་སྦྱིན་གྱིས་དགེ་བར་བསྒྱུར་མི་བཏུབ་བོ། །དེ་བཞིན་དུ་ཡང་དག་པའི་རྣལ་འབྱོར་ཟབ་མོ་བསྒོམ་པའི་སྦྱོར་བ་མེད་པའི་རིག་བྱེད་ཀྱི་ཚིག་ནི། ཕྱི་ནང་གི་དམ་ཚིག་རྣམ་པར་བྲལ་བ་དང་ལྡན་པ་དག་གིས་སེམས་བསླུས་པའི་མི་རྣམས་གང་ཡིན་པ་དེ་རྣམས་ཀྱིས་རང་གི་ཆུང་མ་ལ་གཞན་གྱི་རིགས་ལས་བྱུང་བའི་བུ་ནི་མི་སྐྱེད་པར་བྱ་བའི་དོན་དུ་ཉིན་དང་མཚན་མོའི་དུས་སུ་རང་གི་བུད་མེད་བསྲུང་བར་བྱས་ནས། རང་གི་བུ་སྐྱེད་པར་བྱེད་ལ་རིགས་མ་འདྲེས་པའི་རང་གི་བུ་ཡིས་བྱིན་པ་དག་ཀྱང་ཡི་དྭགས་ཀྱི་ནི་འཇིག་རྟེན་དུ་སོང་བའི་ཕ་ཡི་དོན་དུ་སྦྱིན་པར་འགྱུར་ཞིང་ཕས་ལོངས་སྤྱོད་པར་འགྱུར་རོ། །ལོ་ཞེས་པ་མི་བདེན་པར་ཤེས་ནས་མ་རངས་པའི་ཚིག་གོ། དེས་ན་མཐར་ཐུག་བདེ་མཉམ་གྱི་འབྲས་བུ་སྟེར་བ་དག་གི་རྣམ་སྨིན་གྱི་རྒྱུར་གྱུར་པ་ཆུང་མ་གཏོང་བ་སོགས་གཉིས་སྦྱོར་གྱི་འདོད་པའི་སྦྱིན་པ་འདི་ནི་གདུག་པའི་བྲམ་ཟེ་རྣམས་ཀྱིས་རིག་བྱེད་དུ་མ་བསྒྲགས་ཏེ་ཤིན་ཏུ་སྦས་སོ། །དེ་ལྟ་བུར་རིགས་སྲུང་བ་དག་པའི་ཆོས་སུ་འདོད་ཀྱང་མི་ཤེས་པའི་ཆོས་ལུགས་ཡིན་གྱི་དག་པའི་ཆོས་མ་ཡིན་ཏེ་རིཊ་ཞེས་པ་ཚེ་འདི་དང་སླད་མར་ཕན་པ་བྱེད་པའི་ཆོས་གང་ཡང་མེད་ཅིང་བློས་རིགས་སུ་བཏགས་པ་བྱིས་པ་འཆིང་བར་བྱེད་པ་ཙམ་མོ། །དཔེར་ན་གལ་ཏེ་གཞན་གྱི་རིགས་ཀྱི་རྟ་ཕོ་ཡིས་རང་གི་རྒོད་མ་བཟང་མོ་ལ་ནི་ཞུགས་ནས་རྟ་མཆོག་གི་སྐྱེས་བུ་ཅང་ཤེས་ལྟ་བུ་རིགས་གཞན་དུ་སྐྱེས་པར་གྱུར་པ་ན། རྟེའུ་བཟང་པོ་འདི་ཡི་དཔལ་ཕུན་སུམ་ཚོགས་པ་ཡང་རྟ་གཞན་མངལ་འདེབས་པ་པོ་འདི་ཡི་མཐུ་ལས་སླར་ཡང་ནས་ཡང་དུ་འབྱུང་བར་འགྱུར་ཏེ་དེ་ལྟ་ན་དཔལ་དེ་འདྲ་

p. 485

བྱུང་བ་རྟ་ཡི་བདག་པོ་ཡི་ནི་རྙེད་པ་དག་ཀྱང་ཅིས་མ་ཡིན། དེ་ལྟར་ན་ཡང་རིག་བྱེད་ཀྱི་རིགས་སྲུང་བའི་ཚིག་གང་གིས་རིགས་དང་བུད་མེད་ལ་ཆགས་པ་ཅན་རྣམས་ཉིན་ཞག་སོ་སོའི་དུས་སུ་རང་རང་གི་བུད་མེད་དག་ནི་སྲུང་བར་བྱེད་ཅིང་གཞན་གྱིས་སྤྱད་པར་མི་འདོད་དོ། །དེ་ལྟར་ནན་གྱིས་བསྲུང་ཀྱང་ཤི་བར་གྱུར་ན་བསྲུང་བ་པོ་ཁྱོད་སུ་ཡིན་ལ་ཁྱོད་ཀྱི་བསྲུང་བྱ་རང་གི་བུད་མེད་སུ་ཞིག་སྟེ་ཀྱེ་མ་དེ་ལྟར་མི་ཤེས་པ་རྣམས་ནི་རིགས་དང་བུད་མེད་ལ་ཆགས་པའི་སྒོ་ནས་མི་དགེའི་ལས་ཀྱིས་འཁོར་བར་བཅིངས་ནས་ཐར་པ་མཆོག་གི་བདེ་བ་འགྱུར་མེད་ཀྱི་རྒྱུར་གྱུར་པའི་འདོད་པའི་སྦྱིན་པ་སྦྱིན་པར་མི་ནུས་སོ། །དེས་ན་རྟ་གཞན་ཞུགས་པས་རྟ་མཆོག་ཅང་ཤེས་སྐྱེས་ནས་རྟ་ཡི་རིགས་ཁྱད་འཕགས་སུ་འགྱུར་བ་ལྟར། འདོད་པའི་སྦྱིན་པས་འཁོར་བའི་རིགས་ལས་འདས་པའི་བདེ་བ་ཆེན་པོའི་རིགས་ཐོབ་པས་བུད་མེད་བསྲུང་བ་ལ་མི་ཞེན་པར་བདེ་བ་འགྱུར་མེད་ཀྱི་དོན་དུ་རྣལ་འབྱོར་པ་རྣམས་ལ་འདོད་པའི་སྦྱིན་པ་བྱ་བར་ཤུགས་ཀྱིས་བསྟན་ཏོ། །དྲུག་པ་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་ནི་བ་ལང་སྦྱིན་དང་སོགས་ཚིགས་བཅད་ཉིས་བརྒྱ་དང་དྲུག་པ་ནས་ཉིས་བརྒྱ་སོ་གཅིག་པའི་བར་གྱིས་བསྟན་ཏེ་དང་པོ་བསོད་ནམས་ཀྱི་ཚོགས་ཀྱི་ནང་ན་མཆོག་ཏུ་གྱུར་པ་བདེ་མཉམ་གྱི་འབྲས་བུ་སྟེར་བའི་འདོད་པའི་སྦྱིན་པ་བྱ་བར་གསུངས་པ་འཇིག་རྟེན་འདིར་ནི་བ་ལང་སྦྱིན་པ་དང་། ས་གཞི་སྦྱིན་པ་དང་དེ་བཞིན་གཞན་ཡང་ཟས་གོས་སོགས་ཀྱི་སྦྱིན་པས་ནི་མི་ཡི་འཇིག་རྟེན་དུ་ནི་ཟས་དང་གོས་སོགས་ལོངས་སྤྱོད་ཕུན་སུམ་ཚོགས་པའི་འབྲས་བུ་སྟེར་བ་ཡིན་ལ། སྨན་དང་ཁ་ཟས་སྦྱིན་པ་དག་ནི་རིམ་པ་བཞིན་ནད་མཐའ་དག་ནད་འཕྲོག་པ་དང་། བཀྲེས་པ་དང་ནི་སྐོམ་པ་དག་ཀྱང་འཕྲོག་པ་སྟེ་སྨན་བྱིན་པས་ནད་མེད་པ་དང་། ཁ་ཟས་བཟའ་བཏུང་བྱིན་པས་བཀྲེས་སྐོམ་མེད་པར་བྱེད་ཀྱང་དེ་འདྲའི་སྦྱིན་པ་དག་གིས་བདེ་མཉམ་གྱི་འབྲས་བུ་མི་སྟེར་ལ། འདོད་པའི་སྦྱིན་པ་བྱིན་ན་གནས་

p. 486

སྐབས་ཐམས་ཅད་དུ་ནི་མི་འགྱུར་བའི་བདེ་བ་ཆེན་པོར་རོ་མཉམ་པའི་འབྲས་བུ་སྟེར་བ་ཡིན་ཞིང་། དེ་ཡང་ཁྱད་པར་དབང་བསྐུར་བ་དང་ཚོགས་ཀྱི་འཁོར་ལོའི་དུས་སུ་རྡོ་རྗེ་སློབ་དཔོན་ལ་ཕུལ་བ་སྨྲོས་ཀྱང་ཅི་ཞིག་དགོས་སོ། །དེའི་ཕྱིར་ཡིད་དུ་འོང་བའི་རང་གི་ཆུང་མ་དང་སྲིང་མོ་དང་། སྐལ་བཟངས་བུ་མོ་རྣམས་ཀྱང་གསང་བ་འདོད་པའི་སྦྱིན་པ་དོན་དུ་གཉེར་བ་ལ་ནི་ཆགས་པ་མེད་པར་རབ་ཏུ་སྦྱིན་པར་བྱའོ། །དེ་ལ་བུད་མེད་ཀྱི་རིགས་བཞི་ནི་ཕྱག་རྒྱ་བཞིའི་མིང་ཅན་དུ་འགྱུར་ཏེ། སྨད་འཚོང་མ་གཟུགས་བཟང་པོའི་དམ་པ་རྣམས་ཀྱི་སྦྱིན་པ་ནི་སྐྱེས་བུ་ཐམས་ཅན་ཀྱིས་སྤྱད་བྱ་ཡིན་པས་ལས་ཀྱི་ཕྱག་རྒྱར་འགྱུར་ཞིང་དེ་རིན་གྱིས་བསླུས་ནས་སྦྱིན་པར་བྱའོ། །ལོངས་སྤྱད་པ་གཞན་ལ་གསང་དགོས་པའི་གསང་བའི་མི་མོ་སྐྱེས་པ་གཞན་གྱི་བུད་མེད་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་གསང་བ་ལས་མི་འདའ་བར་བྱས་ནས་ཕུལ་ལོ། །རང་ལ་དབང་ནས་ཕུལ་ཆོག་པ་བུ་མོའམ་སྲིང་མོ་སོགས་ནི་གཞན་གྱི་དབང་དུ་མ་གྱུར་པའི་ཆོས་ཀྱི་ཕྱག་རྒྱའོ། །འདོད་བྱའི་ཡུལ་ནི་མང་པོ་ལ་དགའ་བ་རང་གི་ཆུང་མ་ནི་སེམས་ཀྱི་དབང་དུ་གྱུར་པས་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱའོ། །དེ་དག་གི་ན་ཚོད་དེ་ནི་སྨད་འཚོང་མའི་དམ་པ་ནི་བཅུ་གཉིས་ཀྱི་ལོ་ལོན་པ་དང་། འདོད་པའི་ཡོན་ཏན་ཀྱི་གཙོ་བོ་མཆོག་གི་བདེ་བ་གཉིས་སྦྱོར་ལ་དགའ་བ་གཞན་གྱི་བུད་མེད་ནི་ལོ་བཅུ་དྲུག་གི་ལོ་གྲངས་ཅན་ནོ། །རང་དབང་སྲིང་མོ་སོགས་ལོ་ནི་ཉི་ཤུ་ལོན་པ་ཚུན་ཆད་དུ་སྟེ་དེ་བཞིན་རང་གི་བུ་མོ་དང་བཅས་པའོ། །རང་གི་ཆུང་མ་ནི་སུམ་ཅུའི་ལོ་རུ་སྟེ་དེ་ཚུན་ཆད་དུ་འགྱུར་ཏེ་དེ་དག་སྡུག་ཅིང་ཕངས་པའི་གནས་སྐབས་དེ་དག་ཏུ་ཕུལ་བར་བྱའོ་ཞེས་མཚོན་པ་སྟེ། སློབ་དཔོན་གྱི་ཐུགས་དང་འཐད་ན་ལོ་ཡི་ངེས་པ་ཁོ་ནར་མི་འགྱུར་རོ། །འདོད་པའི་སྦྱིན་པ་བྱིན་པ་དེས་འབྲས་བུ་ཅི་སྟེར་ན། སྔོན་ཚེ་སངས་རྒྱས་རྣམས་ཀྱི་ཉིད་ལ་དབང་བའི་འཛིན་མ་ས་གཞི་གཞན་ལ་བྱིན་པ་དང་ནི་གླང་ཆེན་དང་རྟ་དང་། ཤིང་རྟ་རྣམ་པ་དུ་མ་དང་།

p. 487

གསེར་གྱི་ཁུར་ཆེན་པོ་རྣམས། སངས་རྒྱས་ཉིད་ཀྱི་སླད་དུ་བྱིན་ཞིང་། སླར་ཡང་རང་ལུས་ཀྱི་མགོ་དང་། ཁྲག་དང་ཤ་རྣམས་དག་ཀྱང་ཤིན་ཏུ་རྣམ་པ་མང་པོར་རབ་ཏུ་བྱིན་པ་འདི་རྣམས་ཀྱིས་ནི་ཉིད་ཀྱིས་དོན་དུ་གཉེར་ཞིང་བཞེད་པའི་སངས་རྒྱས་ཉིད་དུ་མ་གྱུར་ལ། དེ་ནས་འདོད་པའི་སྦྱིན་པ་ཆུང་མ་སོགས་རབ་ཏུ་བྱིན་ནོ། །གསང་བའི་སྦྱིན་པ་དེ་ཡིས་སྐྱེས་བུ་བྱང་སེམས་རྣམས་ནི། རྒྱལ་བ་སྐྱེད་བྱེད་ཕྱག་རྒྱ་ཆེན་མོ་རྣམ་ཀུན་མཆོག་ལྡན་ཤེས་རབ་ཀྱི་ཕར་ཕྱིན་མ་ལ་བརྟེན་ནས་བདེ་སྟོང་དབྱེར་མེད་ཀྱི་རིགས་ལ་སངས་རྒྱས་ཉིད་དུ་འཁྲུངས་པར་གྱུར་ཏོ། །དེས་ན་འདོད་པའི་སྦྱིན་པ་བྱིན་པ་དཔེར་ན་ཟངས་མ་བྱིན་པ་ཡིས་ནི་གསེར་ཐོབ་པ་དང་མཚུངས་ཤིང་འཆིང་བུ་ཡི་དུམ་བུས་ལྷ་ཡི་ཅོད་པན་གྱི་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་རྙེད་པ་དག་དང་མཚུངས་ལ། བརྔན་བྱིན་ནས་བཀུག་པའི་སྨད་འཚོང་དམ་པའི་འདོད་པའི་སྦྱིན་པས་འཆི་མེད་ལྷ་ཡི་རིགས་ཀྱི་བུ་མོ་ཐོབ་པ་དང་གླ་བའི་པགས་པ་དག་གི་དུམ་བུ་སྟེར་བས་གླ་རྩི་ཐོབ་པ་སྟེ། བོང་བུ་ཡིས་ནི་རིགས་ཀྱི་རྟ་བཟང་པོ་ཁུག་པ་དང་། ར་ཡིས་རབ་མཆོག་གླང་ཆེན་བདག་པོ་གལ་ཏེ་རྙེད་པ་ན་གཏོང་བ་དམན་པ་ལས་རྙེད་པ་བཟང་པོར་འགྱུར་བ་ཅིས་མ་ཡིན། དེ་བཞིན་དུ་ཆུང་མའི་སྦྱིན་པས་རྒྱལ་བ་ཐམས་ཅད་སྐྱེད་པར་མཛད་པའི་རིགས་ལ་གནས་པའི་ལྷ་མོ་ཕྱག་རྒྱ་ཆེན་མོ་དེ་ལ་རྣམ་པ་ཀུན་ཏུ་རོལ་བའི་བདེ་མཉམ་འགྱུར་མེད་ཐོབ་པ་འདི་ནི་རྙེད་པ་མཆོག་ཏུ་གྱུར་པ་ཅིས་མ་ཡིན་ཏེ་ཡིན་ནོ་ཞེས་སོ། །གསང་བའི་སྦྱིན་པ་དེ་ལ་མཆོག་དམན་དུ་འགྱུར་ཚུལ་གསུངས་པ། རང་ལ་བྱམས་ཤིང་ཕན་འདོགས་པའི་གནས་ལ་སྦྱིན་གྱི་གཞན་ལ་མི་སྦྱིན་པ་དག་ནི་བདེ་མཉམ་ཐར་བའི་འབྲས་བུ་སྟེར་བ་མ་ཡིན་ལ། སེམས་ཅན་ཀུན་ལ་མཚུངས་པར་བྱིན་པའི་མཐུ་ལས་ཕན་ཡོན་ཆེན་པོ་བདེ་མཉམ་དེ་འབྱུང་ཏེ་དེ་བཞིན་ཕར་ཕྱིན་ན་ཚུར་ལན་ཞིག་འོང་བའི་རེ་ཞིང་ལྟོས་པ་དང་བཅས་པའི་གནས་ལ་སྦྱིན་པའང་

p. 488

དེ་བཞིན་དུ་སྦྱིན་པ་རྣམ་པར་དག་པ་མིན་ནོ། །ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་པ་རྣམས་ནི་རབ་མཆོག་རྒྱལ་བའི་རིགས་ཡིན་ལ། སེམས་ཅན་ཐ་མལ་པ་ལམ་ཟབ་མོ་མི་ཤེས་པ་རྣམས་ནི་སྒྲིབ་པ་དང་བཅས་པའི་བདུད་ཀྱི་རང་བཞིན་ཡིན་པའི་ཕྱིར།སེམས་ཅན་རྣམས་ལ་སྙིང་རྗེ་བའི་སེམས་དང་། རྒྱལ་བའི་རིགས་རྣམས་ལ་དད་ཅིང་དགའ་བ་དང་བཅས་པའི་སྒོ་ནས་སྦྱིན་གནས་ན་ཟུང་སྟེ་གཉིས་པོ་དེ་དག་ལ། སེམས་ཅན་གཞན་གྱི་དོན་དུ་བདེ་བར་གཤེགས་པ་བ་སྟེ་སངས་རྒྱས་པ་རྣམས་ཀྱིས། གསང་བའི་སྦྱིན་པ་རབ་ཏུ་བྱིན་ན་སེམས་ཅན་གྱི་ཞིང་ནི་དམན་པ་སྙིང་རྗེའི་ཡུལ་ཡིན་པ་ཉིད་དང་ནི། རྣལ་འབྱོར་པ་རྣམས་ཡོན་ཏན་གྱི་ཞིང་མཆོག་ཉིད་ཀྱི་ཕྱིར་ན་སྔ་མ་ལ་བྱིན་པས་བསོད་ནམས་ཀྱི་ཚོགས་དང་ཕྱི་མ་ལ་བྱིན་པས་བསོད་ནམས་སུ་མ་ཟད་ཡེ་ཤེས་ཀྱི་ཚོགས་ཀྱང་རྫོགས་པས་དེ་ལྟར་ཚོགས་གཉིས་པོ་རབ་ཏུ་རྫོགས་ནས་ནམ་ཡང་མི་ཟད་པའི་བདེ་འབྲས་སྟེར་བར་འགྱུར་རོ། །དེ་ལྟར་རང་གི་ཆུང་མ་གཞན་ལ་སྤྱོད་དུ་གཞུག་པའི་གསང་བའི་སྦྱིན་པ་བྱིན་ན་རང་གི་རིགས་མ་ཡིན་པའི་བུ་བསྐྱེད་པར་གྱུར་ནས་རིགས་ཉམས་པར་འགྱུར་ལ་རིགས་ཉམས་ན་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་རིག་བྱེད་ལས་འབྱུང་བས་ཉེས་པ་དེ་ལྟ་བུ་མི་འབྱུང་ངམ་ཞེ་ན་མི་འབྱུང་སྟེ། རིགས་སྲུང་བའི་ཚིག་དེ་དག་བྲམ་ཟེ་རང་འདོད་ཅན་རྣམས་ཀྱིས་བསླུ་བའི་ཚིག་སྦྱར་བ་ཡིན་གྱི་ལུང་ཡང་དག་མ་ཡིན་ཏེ། སྤྱིར་ཡང་རིགས་སོ་སོའི་ཁྱད་པར་ངེས་པ་མེད་པར་སྔར་བཤད་པ་ལྟར་དང་། གང་ལ་རིགས་ནི་ཚད་མར་གྱུར་ཏེ་རིགས་འབའ་ཞིག་གཙོ་བོར་བྱེད་པ་དེ་ལ་ཀྱེ་མི་ཡི་བདག་པོ་རིག་བྱེད་དག་ནི་ཚད་མར་འགྱུར་ཏེ་དེའི་ཁུངས་རིག་བྱེད་ཡིན་པས་སོ། །གང་ལ་རིག་བྱེད་ནི་མི་བསླུ་བའི་ལུང་ཚད་མར་གྱུར་པ་དེ་ལ་ངེས་པར་ས་གཞིའི་གནས་སུ་མཆོད་སྦྱིན་བྱེད་པ་ཚད་མ་སྟེ་རིག་བྱེད་ལས་མཐོ་རིས་སྒྲུབ་པའི་རྒྱུའི་གཙོ་བོ་མཆོད་སྦྱིན་ཡིན་པར་བསྟན་པའི་ཕྱིར་རོ། །གང་ཟག་གང་ལ་མཆོད་སྦྱིན་དེ་ཉིད་མཐོ་རིས་བསྒྲུབ་པའི་ཐབས་ཚད་མ་ཡིན་པར་སྣང་བ་དེ་ལ་རྣམ་མང་

p. 489

ཕྱུགས་དང་མི་རྣམས་དག་ལ་སྲོག་གི་འཚེ་བ་ཚད་མར་འགྱུར་ཏེ། རྟ་གཙང་དང་མི་དང་ཕྱུགས་རྣམས་བསད་པའི་མཆོད་སྦྱིན་ནི་མཆོད་སྦྱིན་མཆོག་ཏུ་འདོད་པས་སོ། །གང་ལ་སེམས་ཅན་རྣམས་ལ་འཚེ་བར་ཆོས་སུ་སྨྲ་བ་ཚད་མར་གྱུར་པ་དེ་ལ་དམྱལ་བའི་འཇིགས་པ་བྱེད་པའི་སྡིག་པ་གསོག་པ་ཚད་མ་སྟེ། ལས་རྒྱུ་འབྲས་ནམ་ཡང་བསླུ་བ་མེད་པའི་ཕྱིར་ནའོ། །ཇི་ལྟར་ལྷ་ལ་སོགས་པ་དེ་དག་མཆོད་པས་མཉེས་ཤིང་མ་མཆོད་ན་མི་མཉེས་པར་འདོད་པ་དེ་བཞིན་སེམས་ཅན་སུ་ཡང་རུང་སྟེ་ཕན་བཏགས་ན་དགའ་ཞིང་འཚེ་བ་བྱས་ན་མི་དགའ་བར་འགྱུར་བ་ནི་ནམ་ཡང་ངེས་པ་ཡིན་ལ། གཞན་ལ་ཕན་པའི་རྒྱུ་ལས་རང་ལ་བདེ་བ་དང་གནོད་པའི་རྒྱུ་ལས་མི་བདེ་བ་འབྱུང་བ་ནི་ས་ལུ་དང་ཀོ་ཊ་བའི་ས་བོན་དང་འབྲས་བུ་བཞིན་དུ་འཆོལ་བར་མི་འགྱུར་བ་རྟེན་འབྲེལ་བསླུ་མེད་ཡིན་པས་ན། སེམས་ཅན་ལ་འཚེ་བ་ལས་དགེ་བ་འབྱུང་བ་མི་སྲིད་དེ། གལ་ཏེ་འབྱུང་ན་ལྷ་ལ་ཡང་མི་མཉེས་པ་བྱས་པས་མཐོ་རིས་ཐོབ་པ་སྲིད་པར་འགྱུར་བ་དེས་ན། དེ་བཞིན་གཤེགས་པས་མདོ་ལས་གསུངས་པ། །ཕྱོགས་བཅུ་རྣམས་སུ་སེམས་ཀྱིས་ཡོངས་བརྟགས་ཀྱང་། །བདག་ལས་ཆེས་སྡུག་འགའ་ཡང་མ་མཐོང་བ། །དེ་ལྟར་སོ་སོ་གཞན་ལའང་རང་སྡུག་བས། །དེ་ཕྱིར་བདག་དགས་གཞན་ལ་གནོད་མི་བྱ། །ཞེས་གསུངས་པ་འདི་ལྟ་བུ་རིགས་པ་ཡང་དག་གིས་གྲུབ་པའི་ལུང་ཚད་མར་འགྱུར་གྱི། སེམས་ཅན་ལ་འཚེ་བའི་མཆོད་སྦྱིན་གྱི་རང་བདེ་འབྲས་ཐོབ་པར་བཤད་པའི་ལུང་ནི་རྣམ་པ་ཀུན་ཏུ་ཚད་མ་མ་ཡིན་པར་ཤེས་པར་བྱའོ། །སྦྱིན་གནས་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་ཕུལ་བ་འབྲས་བུ་ཆེ་བས་དེ་གསུངས་པ། ས་ཡི་སྟེང་འདིར་སངས་རྒྱས་པའི་དགེ་འདུན་རྣམས་གནས་ནི་ཡོངས་སུ་འཛིན་པའི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དཔལ་ལྡན་གཙུག་ལག་ཁང་གི་བྱ་ཚུལ་སོགས་དང་དེར་རབ་ཏུ་གནས་པར་བྱ་བར་བཞེད་པར་གསུངས་ཀྱི་མི་བཞེད་པ་མ་ཡིན་ཏེ་འཇིག་རྟེན་འདིར་དཀོན་

p. 490

མཆོག་གསུམ་གྱི་རིགས་སམ་གདུང་ཡུན་རིང་དུ་གནས་པའི་ཕྱིར་རོ། །གཙུག་ལག་ཁང་དེར་གནས་པའི་དགེ་འདུན་གྱི་སྡེ་དེ་རྣམས་ལ་སྨན་དང་ཁ་ཟས་སོགས་ཡོ་བྱད་རྣམ་པ་བཞི་སྦྱིན་པ་ཡིས་ནི་གཙུག་ལག་ཁང་དེར་གནས་པའི་བཀྲེས་སྐོམས་དང་ནད་ནི་ཞི་བར་བྱེད་པ་དག་བསོད་ནམས་འདོད་པས་སྦྱིན་པ་པོ་ཡིས་སྦྱིན་པར་བྱ་བ་ཡིན་ནོ་ཞེས་ལུང་ལས་བརྗོད་དོ། །འདིར་ཟེར་ཞེས་བཀོད་ཀྱང་ལོ་གྲག་ཟེར་གསུམ་ཕལ་ཆེར་མ་རངས་པའི་ཚིག་དང་གཞན་གྱི་འདོད་པ་གོ་བྱེད་ཀྱི་ཚིག་ཡིན་པས་ཅུང་མི་བདེའོ། །གཙུག་ལག་ཁང་དེར་གནས་པ་ལ་སྦྱིན་པ་བྱེད་མཁན་སུ་ཡང་མེད་ན་དེར་དགེ་འདུན་རྣམས་མི་བཞུགས་ལ་དེ་ལྟ་ན་སངས་རྒྱས་པའི་གཙུག་ལག་ཁང་འདི་ས་ཡི་སྟེང་གི་གནས་སུ་དུད་འགྲོ་བྱ་དང་བྱི་བ་སོགས་རྣམས་ཀྱི་གནས་ས་ཉིད་དུ་འགྱུར་བ་སྟེ། དེ་ལྟར་ན་གཙུག་ལག་ཁང་བྱས་པ་དང་དེར་རབ་གནས་བྱས་པ་ཡང་དོན་དུ་མི་འགྱུར་རོ། །གཙུག་ལག་ཁང་གང་དུ་དགེ་འདུན་གཅིག་ནི་ཡོད་པའམ་གནས་དེ་འཛིན་པར་གྱུར་པ་དེར་ནི་ཀྱེ་མི་ཡི་བདག་པོ་དམ་པའི་ཆོས་དང་སངས་རྒྱས་ཀྱང་གནས་ཏེ། ཅིའི་ཕྱིར་ན་གང་ཟག་དེ་ཉིད་མཆོག་གསུམ་ལས་མི་ཕྱེད་པའི་དགེ་བའི་རྒྱུད་ཅན་ཡིན་ཞིང་སངས་རྒྱས་ཀྱི་རྗེས་འཇུག་ཡིན་པས་དགེ་འདུན་ཡིན་ལ། དེའི་རྒྱུད་ཀྱི་ལུང་དང་རྟོགས་པའི་ཆོས་ནི་དམ་པའི་ཆོས་དང་། ཆོས་དེ་ལ་བརྟེན་པའི་སངས་རྒྱས་ཀྱང་གནས་ཏེ་དཀོན་མཆོག་གསུམ་གྱི་གདུང་འཛིན་པ་ཡིན་ནོ། །དེའི་ཕྱིར་ན་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ནི་མི་རྣམས་ཐར་པའི་སླད་དུ་སྐྱབས་སུ་ཉེ་བར་འགྲོ་བ་དག་ཏུ་བྱ་སྟེ། འདིར་ནི་སངས་རྒྱས་ཞེས་པ་གཙུག་ལག་ཁང་ན་གནས་པ་ཡི་རྒྱལ་བའི་སྐུ་གཟུགས་འདི་དང་སངས་རྒྱས་ཀྱི་གསུང་ཡི་གེ་དག་ཏུ་བྲིས་པའི་གླེགས་བམ་རྣམས་དམ་པའི་ཆོས་ཉིད་དང་། དགེ་འདུན་སྐྲ་བྲེག་ནས་ངུར་སྨྲིག་འཛིན་པ་རྣམས་ཡིན་པས་འདི་རྣམས་ལ་དཀོན་མཆོག་གསུམ་ཉིད་དུ་བཟུང་ནས་མཆོད་པར་བྱས་ནས་མཆོག་གསུམ་དང་འབྲེལ་བའི་དགེ་བའི་རྩ་་

p. 491

བ་རྣམས་འཁོར་བར་ནམ་ཡང་ཆུད་མི་ཟ་ཞིང་མཐར་ཐུག་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བར་མདོ་ལས་གསུངས་པ་བཞིན་ནོ། །དེས་ན་ཚོགས་བསགས་པའི་ཞིང་གི་མཆོག་ནི་དཀོན་མཆོག་གསུམ་ཡིན་པས་དེ་ལ་བརྟེན་ནས་ཚོགས་བསགས་པར་བྱའོ། །དགེ་འདུན་གྱི་སྡེ་དེ་ལ་ཡང་དམན་པ་དང་མཆོག་གི་ཁྱད་པར་ཡོད་དེ། ཉན་ཐོས་པ་སོགས་ཀྱི་དགེ་འདུན་གང་ཞིག་འཇིག་རྟེན་ན་སྦྱིན་གནས་མཆོག་ཡིན་མོད་ཀྱི་འབྲས་བུ་རྡོ་རྗེ་ཐེག་པའི་ལམ་ལ་མི་གནས་པ་དེ་རྣམས་ནི་མཆོག་གི་ཁྱབ་བདག་རྡོ་རྗེ་སེམས་དཔའ་འགྱུར་མེད་ཀྱི་བདེ་བ་ནི་ཚེ་འདིར་ལྟ་ཅི་སྨྲོས་ཏེ་སྐྱེ་བ་དང་སྐྱེ་བ་འབུམ་ཕྲག་རྣམས་ཀྱིས་ཀྱང་སྟེར་བ་ཉིད་ནུས་པ་མིན་ནོ། །འོ་ན་ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་བདེ་བ་སྟེར་བའི་ངེས་དོན་གྱི་སྐྱབས་གནས་གང་ཞིག་ཡིན་ཅེ་ན། གསང་སྔགས་ཀྱི་དགོངས་སྤྱོད་ཟབ་མོ་ལ་གནས་པའི་རྡོ་རྗེ་སློབ་དཔོན་དག་ནི་སངས་རྒྱས་དངོས་ཉིད་དེ་སངས་རྒྱས་ཀྱི་ཐུགས་ཡང་དག་པ་འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་དང་ལྡན་ཅིང་སངས་རྒྱས་ཀྱི་མཛད་པ་བྱེད་པའི་ཕྱིར་རོ། །རབ་མཆོག་ས་ཡི་གཞི་ལ་ངེས་དོན་གྱི་ཆོས་ནི་སློབ་དཔོན་དེ་ཡིས་ངེས་དོན་སྔགས་ཀྱི་ཐེག་པའི་ཚུལ་ལེགས་པར་བསྟན་པའོ། །དགེ་འདུན་ནི་གང་ཞིག་རྡོ་རྗེ་སློབ་དཔོན་མཆོག་དེས་བསྟན་པའི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་ལམ་མཆོག་སྔགས་ཀྱི་ཐེག་པ་དེར་གནས་ནས། འགྱུར་མེད་ཀྱི་བདེ་བས་རབ་ཏུ་དགའ་བའི་སྙིང་ངམ་ཡིད་དང་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བ་སྟེ། དེ་ལྟར་མཆོག་གི་སྐྱབས་གནས་རྣམ་པ་གསུམ་མོ། །དགེ་འདུན་དཀོན་མཆོག་དེ་ནི་འདིར་དབྱེ་བ་རྣམ་པ་བཞི་དང་རྣམ་པ་གཉིས་སུ་གསུངས་པ་ནི་འདིར་ནི་གཉིས་སུ་སླར་ཡང་དབྱེ་ན་དམན་པ་ཉན་ཐོས་པ་ཡི་དགེ་འདུན་དང་། བླ་ན་མེད་པ་སྔགས་ཀྱི་དགེ་འདུན་གང་ཡིན་པའོ། །བཞིར་དབྱེ་བ་ནི་སོ་སོར་ཐར་བའི་བསླབ་པ་ལ་གནས་པའི་དགེ་སློང་རྣམས་དང་དགེ་སློང་མ་རྣམས་དང་། སླར་ཡང་འདིར་ནི་དགེ་བསྙེན་

p. 492

ཆེན་པོ་དག་དང་དགེ་བསྙེན་མ་སྟེ་བཅོམ་ལྡན་འདས་ཀྱི་འཁོར་རྣམ་པ་བཞིར་གྲགས་པ་དེ་དག་གོ། སྔགས་ཀྱི་ཐེག་པ་ལ་ནི་དགེ་སློང་དང་དགེ་སློང་མ་ནི་དབང་གོང་མ་ཐོབ་ནས་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་མ་དང་རྣལ་འབྱོར་པ་རྣམས་ཏེ་ལྷན་སྐྱེས་བདེ་བ་ལ་དགའ་ཞིང་ཉམས་སུ་ལེན་པ་རྣམས་སོ། །དགེ་བསྙེན་མ་དང་དགེ་བསྙེན་ཡང་དབང་བདུན་ཐོབ་ཅིང་བསྐྱེད་རིམ་ལ་གནས་པ་སྔགས་བསྒྲུབ་པ་རྣམས་སོ། །དེ་ལྟར་ཞིང་གི་མཆོག་དགེ་འདུན་གང་ཞིག་རྒྱུ་དང་འབྲས་བུའི་ཐེག་པའི་ལམ་ལ་ཞུགས་པ་རྣམས་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པའི་དོན་གྱི་སླད་དུ་དུས་རྟག་པར་ཡིད་ལ་མཆོག་ཏུ་འདོད་པའི་སྦྱིན་པ་རྣམ་པ་སྣ་ཚོགས་ཀྱང་སྦྱིན་པར་བྱ་སྟེ། གང་ཞེ་ན་ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཞལ་ཟས་དང་ན་བཟའ་སོགས་ཀྱི་མཆོད་སྟོན་དང་ལ་སོགས་པས་ན་བའི་གསོས་སྨན་སོགས་སྦྱིན་པར་བྱ་ལ། སྔགས་ཀྱི་རྣལ་འབྱོར་པ་ལ་མཆོག་གི་བདེ་བྱེད་འདོད་པའི་སྦྱིན་པ་སྦྱིན་པར་བྱ་སྟེ་ཡང་ཡིག་གིས་ཡོ་བྱད་སོགས་ཀྱང་ངོ་། །དེ་ལྟར་སྦྱིན་པ་པོ་གང་བསོད་ནམས་ཀྱི་འབྲས་བུ་ལ་རབ་ཏུ་དགའ་བའི་སྙིང་དང་འགྱུར་མེད་ཀྱི་བདེ་བར་དུས་ཀུན་དུ་ནི་ཆགས་པའི་སེམས་ཀྱིས་ཇི་ལྟར་འདོད་པའི་དངོས་པོ་སྦྱིན་པར་བྱེད་པ་དེ་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ་མཆོག་གི་བདེ་བའི་རང་བཞིན་རྡོ་རྗེ་སེམས་དཔའི་གནས་སུ་སྐྱེ་བ་འདི་ལ་འགྲོ་བར་འགྱུར་རོ། །དེ་ལྟར་དགེ་འདུན་གྱི་མཆོག་ནི་རྡོ་རྗེའི་ཐེག་པའི་ལམ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཡིན་ན་ཡང་། སྔགས་ཀྱི་རྡོ་རྗེ་སློབ་དཔོན་དང་ནི་སྔགས་ཀྱི་ལམ་སྟོན་པའི་རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་ཡང་ཟབ་མོའི་དོན་ལ་མཁས་པ་མིན་པའི་བློ་ཆུང་ཉན་ཐོས་པའི་ཐེག་པ་ལ་གནས་པ་གང་དག་གིས་སྔགས་ཀྱི་ལྟ་སྤྱོད་ལ་མ་གུས་པར་གྱུར་ཏེ་མངོན་སུམ་གསལ་བར་སྨོད་པར་བྱེད་པ་དེ་དག་བགེགས་ཀྱི་མགོན་པོས་བསད་དེ་མཆོག་ཏུ་འཇིགས་པ་ཆེན་པོ་བྱེད་པའི་མནར་མེད་དུ་ནི་མྱུར་དུ་འགྲོ་བར་འགྱུར་

p. 493

རོ། །དེ་ལྟར་སྔགས་ཀྱི་རྣལ་འབྱོར་དང་ལྡན་པའི་དགེ་འདུན་རྣམས་ནི་ཉན་ཐོས་ཀྱི་དགེ་འདུན་ཚངས་སྤྱོད་དག་ས་ལ་གནས་པ་ལས་ནི་ཚངས་པར་སྤྱོད་པའི་ཡོན་ཏན་ཆེས་མཆོག་ཏུ་གྱུར་པ་ཡིན་ན་ཡོན་ཏན་གཞན་གྱིས་ལྟ་ཅི་སྨྲོས་ཏེ། ཇི་ལྟར་འཕགས་ཤེ་ན། རྡོ་རྗེ་སློབ་དཔོན་སྔགས་ཀྱི་རྣལ་འབྱོར་པ་གང་ལ། རབ་མཆོག་རྒྱལ་བའི་བདག་པོས་སྔགས་ཀྱི་མཐུ་རྣམས་ཀྱིས་ནི་རང་ཉིད་བྱིན་གྱིས་བརླབ་པ་མཛད་པས་མིག་འཕྲུལ་བཞིན་དུ་སངས་རྒྱས་བསྒྲུབ་པར་ནུས་པས་སངས་རྒྱས་དང་ཆ་འདྲ་ལ། མི་རྣམས་དག་ལས་དགེ་སློང་སུ་ཞིག་ཁུ་བ་ནམ་ཡང་མི་འཛག་པའི་བརྟུལ་ཞུགས་ངེས་པའི་གནས་ལ་སྔགས་ཀྱི་རྣལ་འབྱོར་པ་དེ་དང་ཚངས་པར་སྤྱོད་པ་ཇི་ལྟར་མཚུངས་པ་ཡིན་ཏེ་མི་མཚུངས་སོ། །དེ་ལྟར་འཛག་མེད་ཀྱི་ཚངས་སྤྱོད་ལྷུར་ལེན་པ་དེ་ཡང་མཆོག་གི་བདེ་བ་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་སྐུ་ལ་དགའ་བས་དེ་འཐོབ་པའི་ཕྱིར་ཡིན་གྱི་འདོད་ཆགས་ཀྱི་བདེ་བའི་སླད་དུ་ནི་མ་ཡིན་ནོ། །དེ་ལྟར་ལེའུ་དང་པོའི་འགྲེལ་པའི་མདོར་བསྡུས་དང་པོར། ཇི་ལྟར་ལོ་ཡི་མཚམས་སུ་བརྒྱ་ལམ་ན། །རི་དྭགས་ཟས་ཅན་སེང་གེ་འཁྲིག་པའི་བདེ་བ་ཚོལ། །རྡོ་ཡི་ཕྱེ་མ་དག་གི་ཁ་ཟས་ཅན། །ཕུག་རོན་རྣམས་ནི་རྟག་ཏུ་འཁྲིག་པར་བྱེད་པ་སྟེ། །ལན་གཅིག་རྟག་ཏུ་ཁུ་བ་ལྷུང་བའི་ཕྱིར། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །དེ་བཞིན་དཀའ་ཐུབ་ཅན་དང་འདོད་ལྡན་ལ། །རྨི་ལམ་དང་སད་པ་དག་ལས་འཛག་ཕྱིར་རོ། །ཇི་ལྟར་གཉིད་ལོག་ལ་ཡང་སྦྲུལ་གྱི་ནི། །སོས་བཏབ་མི་འཚོ་དེ་བཞིན་དཀའ་ཐུབ་པ། །ཁུ་བ་སྡུད་པ་མེད་ཕྱིར་སྟོབས་མེད་མའི། །ཞེས་བུད་མེད་ཀྱི། སྐྱེ་གནས་དེ་ཡིས་ཉམས་པར་བྱས་པའོ། །ཇི་ལྟར་རྡོ་དྲེག་སྐུད་པའི་གོས་དག་ནི། །མེ་ཡིས་བསྲེག་པ་ཉིད་ཀྱིས་དག་འགྱུར་བ། །དེ་བཞིན་སྐྱེས་བུ་རྣམས་ཀྱི་དམ་པ་ཡི། །སེམས་ནི་ཤེས་རབ་ཡེ་ཤེས་དག་གིས་སོ། །ཇི་ལྟར་དངུལ་ཆུ་མེ་ཡིས་རེག་པ་ལས། །འབྲོས་པར་བྱེད་ཀྱི་གཡོ་བ་མེད་མི་འགྱུར། །དེ་བཞིན་

p. 494

ཐབས་དང་བྲལ་བའི་ཁུ་བ་ནི། །རྟག་ཏུ་སྐྱེ་གནས་རེག་པ་དག་ལས་སོ། །ཇི་ལྟར་གཡོ་བ་དེ་ཡང་སྨན་སོགས་ཀྱི། །སྟོབས་ཀྱིས་མེ་དང་འཕྲད་པས་ཡང་དག་འཆིང་། །དེ་བཞིན་ཁུ་བ་ཤིན་ཏུ་རྣལ་འབྱོར་གྱིས། །ཤེས་རབ་དག་དང་ཡང་དག་ཕྲད་པས་སོ། །ཞེས་གསུངས་པ་ལྟར་ཚངས་སྤྱོད་ཀྱི་དཀའ་ཐུབ་ཅན་དགེ་སློང་གཙང་མ་རྣམས་ཀྱང་དྲན་ཤེས་ཀྱིས་སད་པའི་སྐབས་སུ་ཁུ་བ་བསྡམས་ཀྱང་རྨི་ལམ་དུ་བུད་མེད་ཕྲད་པ་སོགས་སུ་སྣང་བའི་རྐྱེན་ལས་འཛག་པ་བསྡམ་མི་ནུས་ལ། གང་དུ་བུད་མེད་དང་འཕྲད་ན་མི་འཛག་པར་སྡོམ་ནུས་པའི་མི་ཕལ་པ་ནི་སུ་ཡང་མེད་མོད། སྔགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་བདེ་བའི་རྒྱུ་ཁུ་བ་རྣལ་འབྱོར་གྱི་སྟོབས་ཀྱིས་བསྡམས་པར་བྱེད་དེ། ཤེས་རབ་འགྲོགས་ལས་གང་གི་དཀར་པོ་ཟག །དེ་ཡི་བདེ་བ་ཅི་ཡིས་འཕེལ་བར་འགྱུར། །ཞེས་སོགས་གསུངས་པ་བཞིན་དུ་འགྱུར་མེད་བདེ་བའི་ཡེ་ཤེས་དམ་པའི་དོན་དུ་ཁམས་འཆིང་བར་བྱེད་པ་ཡིན་ལ། མེ་དངུལ་ཆུའི་དགྲ་ཡིན་ཡང་སྨན་སོགས་དང་བཅས་པའི་ཐབས་ཀྱིས་མེ་ལ་མ་བརྟེན་པར་དངུལ་ཆུ་འཆིང་མི་ནུས་པ་བཞིན་ཤེས་རབ་མའི་སྐྱེ་གནས་སུ་བསྲུབས་ཀྱང་ཁུ་བ་འཛག་མེད་དུ་བསྡམ་ནུས་པའི་ཚངས་སྤྱོད་འདི་ལྟ་བུ་ནི་མི་ཡི་དགེ་སློང་ཚངས་སྤྱོད་རྣམ་པར་དག་པ་ལ་ཡང་མེད་དོ། །ཞེས་སོ། །དེ་ལྟར་དགེ་སློང་དག་གོ་ཟེར་ན་གོང་དུ་ཡར་སྦྱར་རྒྱུ་འདྲ་ཡང་འདིར་དགེ་སློང་དག་གམ་ཞེས་འདུག་པ་ལྟར་ན་སངས་རྒྱས་པའི་དགེ་སློང་དག་གམ་ཕྱི་རོལ་པའི་དཀའ་ཐུབ་པ་བསོད་སྙོམས་ཀྱིས་འཚོ་བས་ཀུན་ཏུ་རྒྱུ་དང་། གོས་མེད་པ་གཅེར་བུ་པ་དང་སྐྲ་བྲེག་པའམ་འབལ་བར་བྱས་པའི་མགོ་ཟླུམ་དང་སྐྲ་མ་བྲེག་པའི་རལ་བ་ཅན་དང་། དྲན་པའི་གཞུང་དང་བྷ་ར་ཏ་སོགས་ཕྱི་རོལ་བའི་བསྟན་བཅོས་མང་པོ་ཐོས་པ་དང་རིག་བྱེད་ཀློག་པ་ལ་དགའ་བ་དང་། སྒྲ་དང་རྟོག་གེ་སྙན་ངག་སྡེབ་སྦྱོར་སོགས་ཐ་སྙད་ཀྱི་གནས་ལ་བློ་བྱང་བས་མཁས་པ་ལྟར་སྣང་ཡང་མཐར་ཐུག་གི་ཐར་བ་མཆོག་གི་ལམ་ལས་ཉམས་པ་དེ་

p. 495

ཐམས་ཅད་དབང་ཕྱུག་སོགས་བྱེད་པ་པོ་ཉིད་དུ་འཛིན་པ་དང་ནི་བདག་ཏུ་ཞེན་པ་དང་། འདིར་ནི་རྟག་ཏུ་རང་ངམ་གཞན་གྱི་བུ་དང་ཆུང་མར་ཞེན་པ་དང་། བཟའ་བ་དང་བཟའ་བ་མིན་པར་ཞེན་པ་དང་། རིགས་བཟང་པོ་དང་རིགས་ནི་བཟང་པོ་མིན་པ་སོ་སོར་འབྱེད་པ་ལ་དགའ་ཞིང་ཞེན་པ་དང་། བསླབ་པའི་སྣོད་དང་སྣོད་མིན་དག་ཏུ་ཞེན་པས་བླང་དོར་གྱི་དཀའ་ཐུབ་སྣ་ཚོགས་བྱེད་ཅིང་སྨྱུང་པ་དང་ལུས་གཅོད་པ་སོགས་དཀའ་བ་དུ་མ་བྱེད་པ་ལ་གནས་པའོ། །དེ་ལྟར་བརྟུལ་ཞུགས་ཀྱི་ངེས་པ་སྣ་ཚོགས་ལ་གནས་པ་དེ་དག་རང་རང་གི་བརྟུལ་ཞུགས་དེ་ལ་ཞེན་པས་རང་གི་རྒྱུད་བཅིངས་ནས་ལམ་གཞན་ལ་མི་འཇུག་སྟེ། སངས་རྒྱས་ཀྱི་ཞིང་ནི་སངས་རྒྱས་དང་བཅས་པ་པ་གང་ཞིག་རང་གི་ལུས་འདི་ཡིན་ལ། འདི་ལ་གནད་དུ་བསྣུན་ན་བདེ་མཉམ་གྱི་འབྲས་བུ་སྟེར་བ་ཡིན་ཞིང་རང་གི་ལུས་དང་ངག་དང་ཡིད་དང་ཆགས་པ་ཡེ་ཤེས་ཀྱི་ཐིག་ལེ་བཞི་པོ་འཕོ་མེད་དུ་སྦྱང་བས་རྡོ་རྗེ་བཞི་ཐོབ་པར་འགྱུར་བ་སྟེ་སྒྲིབ་བྲལ་གྱི་ཕུང་ལྔ་སངས་རྒྱས་ལྔ་སོགས་སུ་འགྱུར་པ་ཡིན་ན་ཡང་། རང་ལ་ཡོད་པའི་སངས་རྒྱས་ཀྱི་ཞིང་འདི་དག་ཀུན་ཏུ་བོར་ནས་སྡིག་པའམ་ཉེས་པ་ཅན་གྱི་བློ་ཡིས་ཁྱབ་བདག་མཆོག་གི་ལྷ་གཞན་པ་དག་ཀྱང་ཡང་དག་ཚོལ་བར་བྱེད་དེ། དེའི་དོན་དུ་ཀ་མ་རཱུ་པ་སོགས་ཞིང་དང་། བིལ་པ་ཅན་ལ་སོགས་པའི་འཇུག་ངོགས་དང་། དབང་ཕྱུག་གི་རྟེན་གནས་ས་སོགས་ཀྱི་ཡུལ་གཞན་དག་ཏུ་འཁྱམས་ནས། མེ་ལྔ་བསྟེན་པ་དང་། ཁྲུས་བྱེད་པ་དང་ཁྱི་དང་བ་ལང་གི་བརྟུལ་ཞུགས་ལ་སོགས་པ་བརྟུལ་ཞུགས་ཀྱི་ངེས་པ་བརྒྱ་ཕྲག་མང་པོ་བསྟེན་པ་དང་། ཟས་བྲི་སྟེ་བསྙུང་བར་གནས་པ་དང་། རི་ལས་རྩེ་གསུམ་སྟེང་དུ་མཆོང་པ་དང་གཡུལ་དུ་མི་ལྡོག་པར་ཤི་ན་བདེ་འགྲོ་ཐོབ་ཅེས་པའི་རིག་བྱེད་ཀྱི་ལུང་གིས་བསླུས་ནས་གཡུལ་དུ་འཆི་བར་བྱེད་པ་དང་། ཉི་མ་གཟའ་ཡིས་ཟིན་པ་ཡི་དུས་ལ་བབ་ཚེ། མཐོ་རིས་པའི་ཡུལ་གྱི་བདེ་བ་འདོད་པའི་ཕྱིར། དུ་མའི་མཚོན་གྱི་རྩེ་དང་མེ་ལ་

p. 496

མཆོང་པས་རང་ཉིད་འཆི་བར་བྱེད་པའི་བྱ་བ་ངན་པ་ལ་གནས་སོ། །འདིར་གཡུལ་དུ་མཚོན་རྩེར་མཆོང་བ་དང་། ཉི་མ་གཟས་ཟིན་དུས་མེ་ལ་མཆོང་བ་ཞེས་སོ་སོར་སྦྱར་བའང་སྣང་ངོ་། །དེ་ལྟར་རིག་བྱེད་ལས་བཤད་པ་ཕལ་ཆེ་བ་དེ་དག་ཤ་ཁྲག་ལ་དགའ་བའི་བདུད་རིགས་འབྱུང་པོ་རྣམས་དག་གིས། སེམས་ཅན་རྣམས་ཀྱི་ཤ་བཟའ་ཞིང་ཁྲག་ནི་བཏུང་བའི་སླད་དུ་ཆོས་ལུགས་འདི་དག་མཐའ་དག་སྔོན་གྱི་ཚེ་ན་ཡང་རིག་བྱེད་ཀྱི་གཞུང་སོགས་སུ་བཀོད་པ་བྱས་པ་སྟེ། ཡང་སྒྲས་ཀླ་ཀློ་སོགས་ཀྱི་ལུགས་ལ་ཡང་དེ་འདྲའི་སེམས་ཅན་ལ་འཚེ་ཞིང་ཤ་ཁྲག་གི་མཆོད་སྦྱིན་བྱེད་པ་མཐའ་དག་བདུད་ཀྱིས་བསྟན་པ་ཡིན་པར་ཤེས་པར་བྱ་ལ། ཆུ་བོའི་འཇུག་ངོགས་ལ་སོགས་པ་ལྔར་ཁྲུས་བྱས་ཏེ་ཤི་བ་ལ་ཡང་སྲིད་མེད་པར་བཤད་པ་ནི། གང་གཱའི་སྒོ་དང་ཀུ་ཤའི་འཁྱིལ། །བིལ་པ་ཅན་དང་སྔོན་པོའི་རི། །ཀ་ནི་ཁ་ལེའི་འཇུག་ངོགས་སུ། །ཁྲུས་བྱས་ཡང་འབྱུང་སྲིད་པ་མིན་ཞེས་དང་། སྨྱུང་གནས་དག་གིས་ཤི་བར་གྱུར་པ་དང་། གཡུལ་དུ་མཚོན་གྱིས་བསྣུན་པ་ལས་ཤི་བ་ཉིད་དང་། མཆོད་སྦྱིན་གྱི་དོན་དུ་བ་ལང་བསད་པ་དེ་ཉིད་གྲོལ་བར་འགྱུར་བ་དང་། ཉི་མ་གཟས་ཟིན་པ་ཉིད་ནི་གྲོལ་བའི་དོན་དུ་རང་ཤི་བར་བྱས་ན་ཐར་པ་ཐོབ་པ་དང་། རང་གི་ཁྱིམ་གྱི་དོན་དང་། ནོར་གྱི་ཡུལ་སྒྲུབ་པའི་དོན་དུ་ཤི་བ་དང་། བྲམ་ཟེའི་དོན་གྱི་ཕྱིར་དུ་བྱ་བ་བསྒྲུབ་པ་དག་ལ་སྲོག་སོང་སྟེ་ཤི་བ་རྣམས་མཐོ་རིས་སུ་འགྲོ་བ་ཡིན་ནོ་ཞེས་བཤད་པ་ལ་བརྟེན་ནས་རང་གི་ལུས་སྲོག་དོན་མེད་དུ་ཆུད་ཟ་བར་བྱེད་པ་རྣམས་ནི་ཤིན་ཏུ་ནོངས་སོ། །དེ་ཡི་ཕྱིར་ན་དེ་འདྲའི་བརྟུལ་ཞུགས་དག་གིས་གྲོལ་བར་ནམ་ཡང་མི་འགྱུར་བས། རང་དང་གཞན་གྱི་ལུས་ནི་ཆུད་མི་ཟ་བར་བྱ་དགོས་ཏེ། རྡོ་རྗེ་ཐེག་པའི་ལམ་གྱི་རྟེན་མཆོག་ཏུ་གྱུར་པ་གང་ཞིག་མི་འགྱུར་བའི་བདེ་བ་ཆེན་པོ་རོ་མཉམ་པའི་གནས་སམ་གཞིར་གྱུར་བ་འདི་ནི་མཆོག་ཏུ་བསྲུང་བར་བྱ་བ་ཡིན་ནོ། །དེ་ལྟར་འདོད་པའི་སྦྱིན་པ་རྡོ་རྗེ་སློབ་དཔོན་ལ་ཕུལ་བ་ནི་ཡེ་ཤེས་ཀྱི་ཚོགས་དག་གི་རྒྱུ་

p. 497

ཁྱད་པར་པ་ཡིན་ཀྱང་། རང་གི་ཆུང་མ་ལ་ཆགས་པའི་བློ་ཞན་པ་དག་གིས་མི་ནུས་ལ། དེ་ལྟར་མ་ནུས་ན་རྡོ་རྗེ་སྔགས་ཀྱི་དབང་བསྐུར་བ་ཡང་ནོད་པར་དཀའ་སྟེ་ཅིའི་ཕྱིར་ན། གང་ཞིག་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་ལས་ནི་རྒྱལ་བ་མཆོག་གི་དོན་དུ་སྤྱོད་པ་ཇི་ལྟར་བྱ་བའི་རིམ་པ་འདོད་པའི་སྦྱིན་པ་གཙོ་བོར་གྱུར་པའི་དྲུག་ཆ་དབུལ་བ་སོགས་ཐོས་ཤིང་གོང་མ་དག་གི་དབང་བསྐུར་བ་ནི་བླངས་ནས་ཀྱང་སླར་ཡང་རང་གི་ཆུང་མ་སློབ་དཔོན་ལ་འབུལ་བ་ལ་ནི་ཕྲག་དོག་བྱེད་ན་སློབ་མ་དེ་ནི་དམྱལ་བ་བརྒྱད་པ་རྡོ་རྗེ་ཁབ་རྩེའི་ས་ཇི་སྲིད་པ་ཉིད་དུ་རིམ་པས་རབ་ཏུ་འཇུག་པར་འགྱུར་ཏེ། དམྱལ་བ་བརྒྱད་པ་གང་ལ་ཁབ་རྩེའི་རྣམ་པ་རྣོ་ཞིང་མི་བཟད་པའི་མེ་ཡིས་གཏམས་པའི་ས་ལ་མི་དགེའི་འབྲས་བུའི་དབང་གིས་འཕངས་པའི་དམྱལ་བ་པ་རྣམས་ནི་ཤིན་ཏུ་ཡུན་རིང་པོར་ཀུན་ཏུ་རྒྱུ་བར་བྱེད་པར་འགྱུར་རོ། །དེ་ཕྱིར་མི་རྣམས་རང་གི་སེམས་ལ་རང་གི་ཆུང་མ་ལ་གཞན་གྱིས་སྤྱད་པར་མི་བཟོད་པའི་ཕྲག་དོག་ཡོད་ཀྱི་བར་དུ་དབང་གོང་མ་ནི་བླང་བར་བྱ་བར་མི་འགྱུར་རོ། །དེ་ལྟར་ན་ཆུང་མ་དག་ནི་ཇི་ལྟར་བསྲུང་ཡང་འདོར་ངེས་པ་མི་བརྟན་པ་སྙིང་པོ་མེད་པ་ཡིན་པར་ཤེས་ནས་འདོད་པའི་སྦྱིན་པ་བྱིན་པའི་ཕན་ཡོན་ལ་བསམས་ཏེ་དོན་ཆེན་པོའི་ཕྱིར་ཆུང་ངུ་གཏོངས་པ་ལ་འཚེར་བག་ཅུང་ཟད་མེད་པར་སྤྲོ་བར་བྱ་དགོས་ཏེ། ཅིའི་ཕྱིར་ན། རྒྱལ་བ་བསྐྱེད་མཛད་དཀྱིལ་འཁོར་གྱི་བདག་པོའི་རིགས་ལ་གནས་པའམ་རིགས་སུ་ངེས་པ་གང་ཞིག་གིས་དེ་འདྲའི་རིགས་བསྒྲུབ་པའི་དོན་ལ་དམིགས་ནས་ཆུང་མ་སོགས་གཏོང་བའི་སྦྱིན་པ་དང་འཛག་མེད་ཀྱི་ཚངས་པར་སྤྱོད་པའི་སྡོམ་པ་སོགས་དང་ལྡན་པའི་ཚུལ་ཁྲིམས་རབ་ཏུ་རྫོགས་པ་དང་། ཡུལ་གྱིས་མི་འཕྲོག་པའི་བཟོད་པ་དང་། ཀུན་རྟོག་གཡོ་བྱེད་ལས་ང་གི་རྒྱུ་བ་འགོག་པའི་བརྩོན་འགྲུས་རྫོགས་པ་དང་། ལྷན་སྐྱེས་ཀྱི་ངང་དུ་རྩེ་གཅིག་གནས་པར་གྱུར་པའི་བསམ་གཏན་དང་། ཀུན་ཏུ་འགྲོ་བའི་གསུང་རྣམ་པ་ཐམས་ཅད་པས་ཆོས་སྟོན་པར་ཤེས་པའི་ཤེས་རབ་དང་ནི། དེས་ཆོས་བསྟན་པ་སོགས་ཀྱིས་གདུལ་བའི་

p. 498

ཐབས་མཁས་པ་དང་། རྫུ་འཕྲུལ་སོགས་ཀྱིས་འདོད་པ་བཞིན་དུ་བྱེད་པའི་སྨོན་ལམ་དག་དང་སྐྱེ་བ་འདི་ཉིད་ཀྱིས་སྲིད་པའི་ས་བོན་བག་ཆགས་དང་བཅས་པ་མཐར་བྱེད་པའི་སྟོབས་དང་། གདོད་ནས་འགྱུར་མེད་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་མངོན་པར་ཐོབ་སྟེ་སླར་སྲིད་པར་མི་སྐྱེ་བ་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་ཐོབ་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྫོགས་པ་ནི་རང་གི་ཆུང་མ་ཡི་འདོད་པའི་སྦྱིན་པ་འདི་ཡིས་དུས་མྱུར་དུ་རབ་ཏུ་དགའ་བའི་རང་བཞིན་ལྷན་སྐྱེས་འགྱུར་མེད་ཀྱི་བདེ་བ་དག་གི་ཡིད་ཅན་རྣལ་འབྱོར་བ་ཡི་སྐྱེ་བ་འདི་ལ་ཐོབ་པ་སྟེ། དེ་ལྟར་ཤེས་ནས་མཁས་ཤིང་བློ་སྟོབས་ལྡན་པ་རྣམས་ཀྱིས་སློབ་དཔོན་ལ་རང་གི་ཆུང་མའི་འདོད་པའི་སྦྱིན་པ་འབུལ་བ་ལ་ཤིན་ཏུ་སྤྲོ་བར་འགྱུར་རོ། །གང་ཞིག་རྨོངས་པའི་མི་དེ་རྣམས་ཀྱིས་ཆུང་མ་དེ་ལ་ཡིད་རྗེས་སུ་ཆགས་པས་རང་ཉིད་འཆིང་བ་དམ་པོར་བྱས་ནས་དོན་ཆེན་པོ་བཤད་མ་ཐག་པ་དེ་ལས་ཉམས་ཤིང་དམྱལ་བར་ཉེ་བར་འགྲོའོ། །དེ་ལྟར་ན་དབང་བླངས་ནས་དམ་ཚིག་ཉམས་ནས་དམྱལ་བར་འགྲོ་བས་རྡོ་རྗེའི་ཐེག་པ་ནི་ཉེན་ཆེ་བས་དེ་ལ་འཇུག་པར་མི་རིགས་སོ་སྙམ་ན་རྡོ་རྗེའི་ཐེག་པ་ནི་སྐྱེས་བུ་བློ་རྩལ་རབ་ཏུ་གྱུར་པ་རྣམས་ཀྱིས་འཇུག་བྱ་ཡིན་པས་ཁེའམ་ཡོན་ཏན་ཆེན་པོ་དང་ལྡན་པ་ཡིན་གྱི་ཉེས་པ་རྣམ་པ་ཀུན་ཏུ་མེད་མོད་ཀྱི་དེ་འདྲའི་དམ་ཚིག་ཉམས་པས་དམྱལ་བར་འགྲོ་བ་དེ་ནི་རྡོ་རྗེ་ཐེག་པའི་སྐྱོན་མ་ཡིན་ཏེ་གང་ཟག་རང་ཉིད་རྡོ་རྗེའི་ཐེག་པའི་དགོངས་དོན་ཚུལ་བཞིན་ཉམས་སུ་ལེན་པའི་བློ་སྟོབས་ཀྱི་སྐལ་པ་དམན་པའི་ཉེས་པ་ཡིན་ཏེ། དཔེར་ན་ས་ཆེན་པོ་ལ་དབང་བ་དང་རྒྱལ་སྲིད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐོབ་པའི་སླད་དུ་གཡུལ་དུ་ཞུགས་པར་རྩོམ་པའི་གང་ཟག་གང་ཞིག །སེམས་མཐའ་གཅིག་ཏུ་མི་བརྟན་པར་ཤིན་ཏུ་གཡོ་བའི་སྙིང་ལྡན་སྡར་མ་ཡིས་ནི། རེག་པ་ཙམ་གྱིས་གཅོད་པར་བྱེད་པའི་རལ་གྲི༷་རྣོན་པོ་དག་བཟུང་སྟེ་ཀུན་ནས་འཐབ་མོ་པ་ཡིས་གཏམས་ཤིང་དཀྲིགས་པའི་རྟ་དང་གླང་པོ་ཤིང་རྟ་རྐང་ཐང་གི་དཔུང་ཡན་ལག་བཞི་དང་ལྡན་པའི་གཡུལ་གྱི་ནང་དུ་རབ་ཏུ་ཞུགས་པ་ན་

p. 499

དེར་གླང་ཆེན་མྱོས་པ་ལུས་ཆེ་ཞིང་མི་བཟད་པའི་ཚོགས་པ་འཇིགས་ཤིང་ང་རོ་སྒྲོགས་པ་རྣམས་མཐོང་ནས། འཇིགས་པ་དག་ཏུ་གྱུར་བའི་སྡར་མ་དེ་ཡི་ལག་པའི་མཐིལ་ནས་རལ་གྲི༷་བཟུང་བ་དག་ནི་ས་ལ་ལྷུང་བར་གྱུར་པ་ལས་གཞན་གྱིས་རལ་གྲི་དེ་བླངས་ནས་མི་དེ་ཉིད་བསད་པ་ན། གང་ཟག་དེ་ལ་རལ་གྲི༷འི་སྐྱོན་དུ་འགྱུར་བ་མ་ཡིན་ཏེ་གང་ཟག་དེ་རང་ཉིད་སེམས་ཞན་པའི་ཉེས་པ་ཡིན་པ་ཇི་ལྟ་བ་དེ་བཞིན་ཉིད་དུ་སྔགས་ཀྱི་རིགས་ཀྱི་དབང་ནོས་ནས་དམ་ཚིག་ཉམས་པས་དམྱལ་བར་འགྲོ་བ་ཡང་སྔགས་ཀྱི་ཐེག་པའི་སྐྱོན་མ་ཡིན་ཏེ་སྔགས་ལ་ཞུགས་པའི་རྣལ་འབྱོར་པ་རང་ཉིད་ཀྱི་བློའི་ཉེས་པ་ཡིན་པ་ཤེས་པར་བྱའོ། །དེ་ལྟར་རང་གི་སེམས་ཀྱི་ཉེས་པ་དག་པར་བྱས་ནས་སྐྱེ་བ་འདི་ཉིད་ཀྱི་དངོས་གྲུབ་རྣམ་པ་གཉིས་ལ་དབང་བསྒྱུར་བར་འདོད་པས་དཔའ་བོའི་རིམ་པ་དང་རང་བྱིན་གྱིས་བརླབས་པའི་རིམ་པ་གཉིས་ནི་བསྐྱེད་རིམ་དང་། དག་པའི་རིམ་པ་ནི་ལས་རླུང་དབུ་མའི་དབྱིངས་སུ་དག་པར་བྱེད་པ་རྫོགས་རིམ་སྟེ་དེ་ལྟར་རིམ་པ་གཉིས་ཚུལ་བཞིན་ཉམས་སུ་ལེན་པར་བྱ་དགོས་ཏེ། འདི་ལྟར་སྔགས་བཟླས་པ་དང་ལྷ་དྲག་པོ་རྡོ་རྗེ་ཤུགས་ལྟ་བུའི་རྣལ་འབྱོར་ལ་གནས་པ་དཔའ་བོའི་རིམ་པ་ཡིས་ཀྱང་ལྷ་མིན་དང་གདེངས་ཅན་དང་ལྷ་རྣམས་ནི་གནས་དྲག་པོའི་ས་ལ་གནས་ཏེ་བསྒྲུབ་པར་བྱའོ། །རང་གི་སེམས་རྒྱུད་བྱིན་གྱིས་བརླབ་པར་བྱེད་པས་ན་རྣམ་སྣང་སོགས་ལྷ་དང་སྤྱན་མ་སོགས་ལྷ་མོ་ཞི་བའི་དམ་ཚིག་གི་རིགས་ལ་གནས་པ་རྣམས་བསམ་གཏན་དང་སྔགས་བཟླས་པ་དང་སྦྱིན་སྲེག་དག་གིས་ཀྱང་ཞི་བའི་གནས་སུ་བསྒྲུབ་པར་བྱའོ། །ངེས་དོན་དུ་དཔའ་བོའི་རིམ་པ་ནི། རང་གི་ལུས་ལ་སྲོག་རླུང་གི་གཡོ་བ་ཟད་པ་དང་། རང་བྱིན་གྱིས་བརླབ་པའི་རིམ་པ་ནི་སྟོང་པ་ནམ་མཁའ་ལས་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་མཐོང་བས་རང་སེམས་ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས་པའོ། །དེ་ལྟར་བསྐྱེད་པའི་རིམ་པས་ལྷ་སྔགས་ཀྱི་ནུས་པ་ཅི་རིགས་འཐོབ་ཅིང་དེ་དག་རྫོགས་པའི་རིམ་པའི་སྨིན་བྱེད་དུ་འགྱུར་

p. 500

བའི་གཞི་བསྒྲུབ་ནས། སོར་བསམ་སོགས་ཡན་ལག་དྲུག་གི་རྣལ་འབྱོར་གང་ཞིག་རྫོགས་རིམ་དག་པའི་རིམ་པས་དབང་གོང་མའི་དོན་རང་རྒྱུད་ལ་ཉམས་སུ་བསྟར་བར་བྱ་སྟེ་སྔགས་པ་ཡིས་ནི་རྒྱུན་ཆད་མེད་པར་རྗེས་སུ་ཆགས་པའི་དགའ་བ་ཆེན་པོའི་སེམས་ཀྱིས་ལྷན་སྐྱེས་འཕོ་མེད་ཀྱི་བདེ་བ་བསྒྲུབ་པར་བྱ་དགོས་སོ། །དེ་ལྟར་བསྒྲུབ་པའི་དག་པ་རྫོགས་པའི་རིམ་པ་དེ་ལས་འཕོ་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐོབ་པ་འདི་ནི་ཐབས་ཤེས་དབྱེར་མེད་ཟུང་འཇུག་གི་རྣལ་འབྱོར་ཆེན་པོ་མཚོན་བྱ་དོན་གྱི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ཡིན་ལ་འགྱུར་མེད་ཀྱི་ཡེ་ཤེས་སྐད་ཅིག་དང་པོ་ཐོབ་པ་ནས་བརྩམས་ཏེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུ་བ་ཡོངས་སུ་འགགས་པས་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་པ་ཡེ་ཤེས་ཀྱི་སྐུ་ནམ་མཁའ་ཇི་སྲིད་དུ་སེམས་ཅན་མཐའ་དག་གི་འཕྲལ་དང་ཡུན་གྱི་འདོད་པ་མཐའ་དག་སྐོང་བའི་ཡིད་བཞིན་ནོར་བུར་གང་ཞིག་རབ་ཏུ་གྱུར་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདི་ནི་དག་པའི་རིམ་པའམ་རྫོགས་པའི་རིམ་པ་དེ་ལས་ཀྱང་ནི་ཤིན་ཏུ་རྣམ་པར་དག་པའི་རིམ་པའམ་རྫོགས་པའི་རིམ་པ་ཆེན་པོ་སྟེ་རྒྱལ་བའི་ལམ་གྱི་མཐར་ཐུག་ནི་འདི་ཁོ་ན་ཡིན་ལ་རིམ་པ་གཉིས་བསྒོམ་པ་དང་ཐེག་པའི་ལམ་ཐམས་ཅད་ཀྱང་མཐར་ཐུག་གི་ལམ་འདི་ཡི་ཆེད་དུ་ཡིན་པ་ཤེས་པར་བྱའོ། །ད་ནི་རིམ་པ་གཉིས་ཀྱི་ལམ་དེ་དག་ཀྱང་ཐབས་ཁྱད་པར་ཅན་གྱིས་བསྒྲུབ་དགོས་ཀྱི་ཐབས་དང་བྲལ་བས་ནམ་ཡང་མ་ཡིན་པར་སྟོན་པ་ནི་དང་པོ་འགྱུར་མེད་ལྷན་སྐྱེས་ཀྱི་ཡེ་ཤེས་བསྒྲུབ་པ་ལ་གཡོ་བའི་རླུང་དང་བྱང་ཆུབ་ཀྱི་སེམས་ཀྱི་འཕོ་བ་འཆིང་དགོས་ཤིང་དེ་འཆིང་བ་ལ་ཐབས་ལམ་ཤེས་རབ་ལ་ཆགས་པའི་སྒོ་ནས་འཆིང་བ་དང་། གྲོལ་ལམ་རིག་པ་ཡེ་ཤེས་ཀྱི་སྟོབས་ཀྱིས་ཆགས་ལམ་ལ་མི་ལྟོས་པར་འཆིང་བ་གཉིས་ལས་འདིར་སྔ་མ་གསུངས་པ། དཔེར་ན་མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མེ་ལ་རེག་པས་དངུལ་ཆུ་དུ་བར་ཡལ་ཞིང་འབྲོས་པ་ཡིན་ན་ཡང་། མེ་དང་རྣམ་པར་བྲལ་ན་དུས་ནམ་ཡང་དངུལ་ཆུ་མི་གཡོ་བར་འཆིང་

p. 501

བ་མེད་ལ། དེ་མ་བཅིངས་ན་ནི་དངུལ་ཆུ་དེས་ལྕགས་སོགས་གསེར་དུ་བྱེད་པ་མེད་དེ་དེ་ལྟར་གསེར་དང་བྲལ་ན་གསེར་འགྱུར་གྱི་ལོ་རྒྱུས་སྨྲ་བ་པོ་རྣམས་ལ་གསེར་གྱི་ལོངས་སྤྱོད་མེད་པ་ཉིད་ཡིན་པ་དེ་བཞིན་དུ་བུད་མེད་ཀྱི་སྐྱེ་གནས་ལ་རྡོ་རྗེས་རེག་པས་ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་འཕོ་ཞིང་འཛག་པའི་ཕྱིར་ན་དགྲ་ལྟ་བུ་ཡིན་ཡང་བུད་མེད་ལ་སྦྱོར་བ་དང་བྲལ་ན། དུས་རྟག་ཏུ་རྣལ་འབྱོར་པ་རྣམས་དག་གི་བྱང་ཆུབ་སེམས་ནི་འཕོ་མེད་དུ་འཆིང་བར་མི་འགྱུར་ཞིང་། བྱང་ཆུབ་ཀྱི་སེམས་མི་འཕོ་པར་བཅིངས་པ་མེད་ན་དེས་ལུས་བདེ་བ་ཆེན་པོའི་རང་བཞིན་གྱིས་འབི༷གས་པ་མེད་དེ། དེ་ལྟར་ལུས་དེ་མ་ཕུག་ན་ནི་ལུས་དེ་ཉིད་ཀྱིས་འདིར་ནི་འགྱུར་མེད་ལྷན་སྐྱེས་ཀྱི་བདེ་བ་སྟེར་བ་མིན་ནོ། །དེའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་མི་འཕོ་བར་བཅིངས་པའི་ཐབས་ཀྱིས་རླུང་སེམས་དྷཱུ་ཏིར་མི་གཡོ་བར་བརྟན་པའི་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་བསྒྲུབ་པར་བྱའོ་ཞེས་པ་ནི་རྣམ་པ་ཐམས་ཅད་དུ་ངེས་པའོ། །དེ་བཞིན་དུ་བསྐྱེད་པའི་རིམ་པས་ལྷ་དང་ཞི་སོགས་ཀྱི་ལས་བསྒྲུབ་པ་ཡང་སྔགས་འབའ་ཤིག་བཟླས་པ་ཁོ་ནས་མ་ཡིན་ཏེ། ཇི་ལྟར་ཉེར་ལེན་གྱི་རྒྱུ་ས་བོན་ཡོད་ཀྱང་ཆུ་ལ་སོགས་པའི་ལྷན་ཅིག་བྱེད་རྐྱེན་མཐའ་དག་མ་ཚོགས་བར་དུ་མྱུ་གུ་མི་སྐྱེད་པ་བཞིན་དུ་ཆོ་གའི་ཡན་ལག་ཐམས་ཅད་ཚོགས་པའི་རྒྱུ་རྐྱེན་རྟེན་འབྲེལ་ཚང་དགོས་པའི་ཚུལ་གསུངས་པ། གནས་སྐྱེད་མོས་ཚལ་ལམ་རི་བོ་དག་ནི་སྐྱེ་བོ་རྣམས་ཀྱི་རྒྱུ་འགྲུལ་དང་རི་དགས་སྣ་ཚོགས་ཀྱི་རྒྱུ་སྲང་སོགས་བསམ་གཏན་གྱི་ཚེར་མ་དང་བྲལ་བར་རང་བྱིན་རླབས་ཀྱི་རིམ་པས་ལྷ་ཞི་བའི་སྔགས་རྣམས་བསྒྲུབ་པར་བྱ་ཞིང་། ལྷ་དྲག་པོ་རྣམས་ནི་དཔའ་བོ་རིམ་པས་དྲག་པོའི་དུར་ཁྲོད་དུ་སྟེ་ལྷ་མཆོག་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོད་རྟེན་སོགས་སུ་རེངས་པ་དང་ནི་རྨོངས་པ་ཡང་བསྒྲུབ་ལ་དེ་བཞིན་དཔང་དང་དགུག་པའོ། །སྔགས་པས་མཆོག་གི་ས་བཟང་པོའི་གནས་སྒྲུབ་པ་ལ་བར་ཆད་མེད་པའི་ཕྱོགས་གྲོང་དང་

p. 502

དུར་ཁྲོད་སོགས་གང་དུ་ཡིད་དང་འཚམ་པ་དེ་ལ་འགྱུར་མེད་ཀྱི་བདེ་བ་བསྒྲུབ་པ་ནི་དེའི་རྟེན་ཕྱག་རྒྱ་བཞི་པོ་ཀུན་དང་རབ་ཏུ་སྦྱོར་བ་ལ་བརྟེན་ནས་བསྒྲུབ་པར་བྱ་སྟེ། གནས་གཞན་ཞི་བ་ལ་དུར་ཁྲོད་ལྟ་བུ་ལས་དང་རྗེས་སུ་མི་མཐུན་པ་དང་ནི་སྔགས་ཀྱི་སྐྱེ་གནས་ཀྱང་རྒྱུད་དང་མན་ངག་ལས་གསུངས་པ་ལྟར་སྦྱར་དགོས་ཀྱི་ལས་དང་རྗེས་སུ་མི་མཐུན་པ། ཞི་བ་ལ་ཕཊ་དང་། དྲག་པོ་ལ་ན་མཿ་ཡི་མཐའ་རྟེན་དང་ཞི་བ་ལ་མཱ་ར་ཡ་དང་དྲག་པོ་ལ་ཤཱནྟི་ལྟ་བུ་སོགས་རྣམ་པ་གཞན་དུ་གྱུར་ན་མི་རྣམས་ཀྱི་ནི་ཚེ་འདིར་མ་ཟད་སྐྱེ་བ་འབུམ་ཕྲག་གིས་ཀྱང་ལས་དེ་ཚུལ་བཞིན་འགྲུབ་པར་མི་འགྱུར་རོ། །འདིར་ཞི་སོགས་ལས་བསྒྲུབ་པ་ལ་གནས་ཀྱིས་མཚོན་ནས་ཆོ་གའི་ཡན་ལག་ཐམས་ཅད་ཚང་དགོས་པ་དང་། ཐབས་ལམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་ལ་ཕྱག་རྒྱ་མ་མེད་དུ་མི་རུང་བར་བསྟན་པ་ཡིན་ཏེ་མདོར་ན་ལམ་གྱི་ཡན་ལག་ཐམས་ཅད་ལེགས་པར་ཚང་བ་ལས་འགྲུབ་པར་གདམས་པ་ཡིན་ནོ། །དེ་ལྟར་ཆོ་གའི་ཡན་ལག་མ་ཚང་བཞིན་དུ་རང་གི་ཁྱིམ་དང་གྲོང་འདུ་འཛི་ཅན་དུ་བགྲང་ཕྲེང་དག་གིས་གྲངས་བཅད་ནས་ཉིན་དང་མཚན་མོའི་དུས་སུ་རླུང་སེམས་ནང་དུ་མི་བསྡུ་བར་ཡ་མ་ཡེང་གི་ངང་ནས་ངག་ཏུ་བརྗོད་པའི་སྔགས་ཀྱི་བཟླས་པ་གྲངས་མང་པོ་བསགས་པར་བྱས་ནས་ནི་ངལ་ཞིང་སེམས་རྨོངས་ཏེ་སྔགས་བཟླ་བ་ལ་ཆགས་པ་དང་བྲལ་བས་སླར་ཡང་རྨོངས་པ་འདི་ནི་སྔགས་ཀྱི་དངོས་གྲུབ་ཐོབ་པ་མེད་པའོ་ཞེས་བརྗོད་པར་བྱེད་པ། གནས་དང་སྟོང་བ་དུས་དང་ཞེས་པ་ལས་སྒྲུབ་པའི་གནས་དང་དུས་མ་ཤེས་ཤིང་ཆོ་གའི་ཡན་ལག་གིས་སྟོང་པ་མཆོག་གི་མཚན་མོ་སྟེ་མུན་པ་ལས་ཀྱང་མུན་ནག་ཏུ་གྱུར་པའི་བློ་རྨོངས་པ་ཆེན་པོ་ཡིན་ནོ་ཞེས་པའི་དོན་ཏེ་རྭ་འགྱུར་ལས་མཆོག་གི་མཚན་མོ་ཞེས་པ་ལ་ཤིན་ཏུ་རྨོངས་པས་ཞེས་བསྒྱུར་རོ། །འདི་འདྲ་བ་ཚིག་གི་ནུས་པ་གོ་དཀའ་བ་རེ་ཟུང་བྱུང་བ་ནི་དོན་ཇི་བཞིན་དུ་འགྱུར་མ་ཐོན་པའི་ཚིག་འགྱུར་དང་གོ་རིམ་འཁྲུག་པ་ལས་བྱུང་བར་མངོན་ནོ། དེས་ན་འགྱུར་འདི་ལྟར་འབྲུ་མནན་ན། ལས་སྒྲུབ་པའི་གནས་སུ་

p. 503

གསུངས་པ་མ་ཡིན་པར་བསྒྲུབ་པ་དང་། བསྒོམ་པ་སོགས་ཆོ་གའི་ཡན་ལག་ཉམས་པའམ་སྟོང་པ་དང་། །ལས་དང་རྗེས་སུ་མཐུན་པའི་དུས་དང་མ་འབྲེལ་བའི་མཆོག་གི་མཚན་མོ་ལྟ་བུའི་བྱ་བ་ལ་གནས་ནས་སྔགས་བསྒྲུབ་པའི་གནད་ཡང་དག་པར་ནི་ཤེས་པ་མིན་པ་ཉིད་ཀྱི་སྐྱོན་ཡིན་ཏེ་དཔེར་ན་རྐང་བའི་སོར་མོ་རྣམས་ཀྱི་ནད་ཤུ་བ་སོགས་ལ་སྤྱི༷་བོར་སྨན་རྣམས་ཀྱིས་ནི་རབ་ཏུ་བྱུང་པ་དག་བྱེད་པ་བཞིན་དུ་སྒྲུབ་པ་པོ་རང་ཉིད་རྨོངས་པའི་ཉེས་པས་སྔགས་ཀྱི་ལས་མ་འགྲུབ་པ་ཡིན་གྱི་མི་བསླུ་བ་བདེན་པའི་སྟོབས་ཅན་གསང་སྔགས་བཟླས་པ་ལས་འབྲས་བུ་མེད་པ་ནི་ནམ་ཡང་མི་སྲིད་དོ། །ཞེས་གསུངས་སོ། །སྐབས་འདིའི་སྟོང་པ་ཞེས་པ་སྟོང་ཉིད་བསྒོམ་པ་ལ་བཤད་མཁན་ཀྱང་འདུག་གོ། ད་ནི་དབང་པོ་ཡང་རབ་དག་གིས་ཤིན་ཏུ་སྤྲོས་པ་མེད་པའི་ལམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ཚུལ་གསུངས་པ། བསྐྱེད་རིམ་གྱི་སྤྲོས་པ་ཞི་སོགས་ཀྱི་བསམ་གཏན་དང་ནི་ངག་ཏུ་སྔགས་ཀྱི་བཟླས་པ་བྱེད་པ་དག་དང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཆེན་པོ་རྣམས་བསྒོམ་པ་དང་། རྡོ་རྗེའི་འདུག་སྟངས་ལ་སོགས་པའི་གདན་རྣམས་དང་། སྦྱིན་སྲེག་དང་སྔགས་ཀྱི་ཆོ་གས་རབ་ཏུ་གནས་པ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་པ་ལ་ནི་རྟེན་བྱས་ཏེ་རྒྱལ་བའི་རིགས་རྣམས་སྤྱན་དྲངས་པ་དང་ལས་ལ་བསྐུལ་བ་མེད་པར་ཡང་འགྲུབ་ལ་དེར་མ་ཟད་ཁུ་བ་འཆིང་བའི་སླད་དུ་མཚན་བཅས་ཀྱི་རྫོགས་རིམ་ཐབས་ལམ་དུ་བསྟན་པའི་བུད་མེད་དང་སྦྱོར་བ་ཡང་རྣམ་པར་སྤངས་ནས་རབ་མཆོག་ཁྱབ་བདག་རྡོ་རྗེ་སེམས་དཔའ་གཉུག་མ་འགྱུར་བ་མེད་པའི་བདེ་བ་ཆེན་པོ་སེམས་ཉིད་རང་བྱུང་འོད་གསལ་སྔགས་ཀྱི་དེ་ཁོ་ན་ཉིད་ལ་གོམས་པས་ཕྱག་རྒྱའི་དངོས་གྲུབ་སྟེ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་དངོས་གྲུབ་སྟེར་བར་བྱེད་པ་ཡིན་པ་དེ་ཕྱིར་རྣམ་ཀུན་མཆོག་ལྡན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ངེས་དོན་ཕྱག་རྒྱ་ཆེན་མོའམ་དབུ་མ་ཆེན་པོ་ཞེས་དང་ཕྱག་རྒྱ་ཆེན་པོའམ་རྫོགས་པ་ཆེན་པོ་ཞེས་གྲགས་པ་དབང་བཞི་པའི་ཡེ་ཤེས་

p. 504

དེ་ནི་ཉིན་ཞག་སོ་སོའི་དུས་སུ་རྣལ་འབྱོ༷ར་པ་ཡིས་མི་གནས་པའི་མྱ་ངན་ལས་འདས་པ་མཐར་ཐུག་གི་ཐར་པའི་སླད་དུ་བསྒོམ་པར་བྱ་སྟེ་ཤེས་རབ་ཅན་རྣམ་པར་གྲོལ་བའི་ལམ་གྱིས་མཚོན་བྱ་དོན་གྱི་ཡེ་ཤེས་བསྒོམ་པར་ནུས་པ་ལ་མཚན་མེད་ཀྱི་རྫོགས་རིམ་གསུངས་པའོ། །འདི་དག་གི་དོན་ནི་མཆོག་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་ཀྱང་རྒྱ་ཆེར་འཆད་པར་འགྱུར་ལ་འདི་ལ་ཡང་སེམས་ཉིད་གཉུག་མའི་ངོ་བོ་བླ་མའི་མན་ངག་གིས་ཅར་ཕོག་ཏུ་ངོ་སྤྲད་གནད་དུ་ཐེབས་པ་བཞིན་མ་བཅོས་པར་དེའི་ངང་སྐྱོང་བ་དང་། རང་བྱུང་འོད་གསལ་གྱི་སྣང་བ་བསྒོམ་ན་ནམ་མཁའ་ལས་བྱུང་རང་བྱུང་བ་སོགས་ཀྱི་དོན་བཞིན་ཏེ་བླ་མའི་མན་ངག་ལས་ཤེས་པར་བྱའོ། །འདི་ལྟར་འགྲོ་བ་རྣམས་ཀྱི་རང་གི་སེམས་ནི་འདོད་ཆགས་ཀྱི་དྲི་མ་བཟློག་པར་དཀའ་བས་དབང་པོ་གཉིས་སྦྱོར་གྱི་བདེ་བས་བརྒྱལ་བ་སྙོམས་འཇུག་བཞི་བའི་དུས་དང་། གཉིད་འཐུག་པོ་ལོག་པ་ལ་རབ་ཏུ་ཞུགས་པ་ལ་ནི་ཀྱེ་མི་ཡི་བདག་པོ་སྣང་བའི་ཀུན་རྟོག་རྣམས་ཀྱི་རང་བཞིན་མེད་པར་འགྱུར་ཞིང་། སད་པའི་གནས་སྐབས་དང་རྨི་ལམ་གྱི་དུས་དག་ལ་ཀུན་ཏུ་རྟོག་པའི་སེམས་ཀྱི་རང་བཞིན་དང་བཅས་པའི་ཡུལ་རྣམས་གསལ་བར་བྱེད་དེ་གནས་སྐབས་བཞི་པོ་དེ་དག་གནས་ལུགས་མཐོང་བ་ལ་སྒྲིབ་པ་དང་བཅས་པའི་གནས་སྐབས་ཡིན་པས་སྲོག་ཆགས་རྣམས་ཀྱི་ཐར་བའི་ལམ་ནི་མ་ཡིན་ཏེ། རང་སེམས་གཉུག་མའི་དེ་ཁོ་ན་ཉིད་མ་རིག་པར་འཁྲུལ་བར་ཁོར་མོ་ཡུག་ཏུ་འཕྱན་པའོ། །དེ་ལྟར་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པའི་བག་ཆགས་སྣ་ཚོགས་ཀྱིས་རབ་ཏུ་ཕྱེ་བའི་གནས་སྐབས་སུ་རང་གི་སེམས་ཀྱི་རྡོ་རྗེ་དེ་ཁོ་ན་ཉིད་ཀྱི་རང་བཞིན་མི་མཐོང་བར་རྣམ་རྟོག་གི་སྒྲིབ་པ་དང་བཅས་པའི་སྦུབས་སུ་ཆུད་པས་ན་རྣལ་འབྱོར་པ་རྣམས་དག་ལ་བདེ་བ་ཆེན་པོ་མཉམ་པ་ཉིད་སྟེར་བ་མིན་ནོ། །འོ་ན་ཐར་པའི་ལམ་གང་ཡིན་ཞེ་ན། གང་ཞིག་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པའི་མཐུས། མཁའ་ཡི་ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཕྱག་རྒྱ་

p. 505

ཆེན་མོ་ལ་འཁྱུད་པའི་དབང་གིས་འཕོ་བ་མེད་པ་ནམ་མཁའ་དང་མཉམ་པའི་རང་བཞིན་ལྷན་སྐྱེས་ཀྱི་བདེ་བར་གནས་པའི་རང་སེམས་དེ་ནི་གཉུག་མ་སེམས་ཀྱི་རྡོ་རྗེའི་རང་ཞལ་མཇལ་བ་ཡིན་པས་དངོས་དང་དངོས་མེད་ཀྱི་ཀུན་རྟོག་ལས་གྲོལ་ཏེ་ཐར་པ་སྟེར་བ་ཡིན་ནོ། །དེ་ནས་བཟའ་བཏུང་སོགས་སྤྱོད་ལམ་གྱི་རྣལ་འབྱོར་གྱིས་བསོད་ནམས་ཀྱི་ཚོགས་གསོག་ཐབས་གསུངས་པ། ཨོཾ་ཨཱཿཧུཾ་ཧོ༷་བཞི་ནི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ས་བོན་འདི་དག་རིམ་པར་ལག་པ་ལ་གནས་པས་དང་པོར་ལྷ་རྣམས་མཆོད་པའི་གནས་སྐབས་འདིར་ནི་རྟག་ཏུ་ཆང་ནི་ཨོཾ་གྱིས་མི་གཙང་བའི་དྲི་མ་དང་མཚན་འཛིན་སྦྱང་བར་བྱས་ནས། ཨཱཿཡིས་བདུད་རྩི་ཆགས་པའི་རོ་དང་ལྡན་པར་རྟོགས་པར་བྱ་ལ། ཧུཾ་གིས་མང་པོར་རབ་ཏུ་འབར་བར་བྱས་ཏེ། ཧོ་ཡིས་རི་བོང་ཅན་ཟླ་བ་ནི་ཞུ་བ་བཞིན་དུ་རིམ་པས་བསྒོམ་པར་བྱས་ནས་ནི་ཞེས་པ། ནང་མཆོད་དང་ཆང་དང་ཚོགས་རྫས་སོགས་གང་ཡང་ཡི་གེ་བཞི་པོ་འདིས་སྦྱང་སྤེལ་བསྒྱུར་དང་བདུད་རྩིར་བྱ་བ་ཡིན་ལ། སྦྱང་རྟོགས་འབར་ཞུ་ཟེར་ཀྱང་དོན་གཅིག་སྟེ། དེ་ཡང་རང་གི་ལག་པ་གཡོན་པའི་མཐིལ་དུ་ཟླ་དཀྱིལ་ལ་གནས་པ་སྐུ་རྡོ་རྗེ་ཨོཾ་དཀར་པོའི་འོད་ཀྱིས་རྫས་རྣམས་ཀྱི་མ་དག་པ་དང་ཐ་མལ་རང་མཚན་དུ་འཛིན་པ་སྦྱང་བར་བསམ་སྟེ་ལག་པ་གཡོན་པའི་མཐིལ་རྫས་ལ་བསྟན་པའི་ཕྱག་རྒྱ་བྱའོ། །དེ་བཞིན་དུ་ལག་པ་གཡས་པའི་མཐིལ་དུ་ཉི་མའི་དཀྱིལ་འཁོར་ལ་གསུང་རྡོ་རྗེ་ཨཱཿདམར་པོའི་འོད་ཀྱིས་དག་པའི་རྫས་དེ་རྣམས་མང་པོ་ཚད་མེད་པར་སྤེལ་བར་རྟོགས་པར་བྱ་སྟེ་ལག་གཡས་ཀྱི་ལག་པའི་ཕྱག་རྒྱའོ། །དེ་ནས་ལག་གཉིས་ཁ་སྦྱར་བའི་དབུས་སུ་སྒྲ་གཅན་གྱི་དཀྱིལ་འཁོར་ལ་གནས་པའི་ཐུགས་རྡོ་རྗེ་ཧུཾ་སྔོན་པོའི་འོད་ཀྱིས་རྫས་རྣམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསྒྱུར་བའམ་རོ་བཅུད་རབ་ཏུ་འབར་བར་རམ་སྦར་བར་བྱའོ། །དེ་ནས་དུག་བདུད་རྩིར་བསྒྱུར་བའི་ནུས་པ་ནམ་མཁའ་ལྡིང་ལ་ཡོད་པ་དང་འདྲ་བར་མཁའ་ལྡིང་གི་ཕྱག་རྒྱ་བཅས་ནས་དེའི་

p. 506

དབུས་སུ་ཡེ་ཤེས་རྡོ་རྗེའི་ངོ་བོ་ཧོ་ཡིག་གསེར་མདོག་གི་འོད་ཀྱིས་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ཟླ་ཞུན་ལྟ་བུར་བདེ་བ་ཆེན་པོའི་རང་བཞིན་དུ་བསམ་པར་བྱས་ཏེ་རྡོ་རྗེ་བཞི་ཡི་ས་བོན་རིམ་བཞིན་ངག་ཏུ་བརྗོད་པ་དང་། ཕྱག་རྒྱ་བྱ་བ་དང་སེམས་ཀྱི་དམིགས་པ་གསུམ་སྦྲགས་པས་བྱིན་གྱིས་བརླབས་པར་བྱས་ནས་ཚོགས་ཞིང་བསྒོམ་པའི་སྒྲུབ་པའི་མཎྜལ་གྱི་དོན་དུ། ཆང་གི་སྣོད་དེ་ནས་ནི་ཆང་གི་ཐིག་ལེ་བླངས་པ་དག་གིས་ལག་པའི་པདྨ་རི་བོང་ཅན་ཏེ་གཡོན་གྱི་མིང་མེད་སྲིན་ལག་གི་རྩེ་མོས་ངོས་མཉམ་པའི་ས་སྟེ་མཎྜལ་སོགས་ཀྱི་སྟེང་དག་ལ་ཕྱི་རོལ་དུ་ནི་ཨེ་ཡིག་མཚོན་བྱེད་ཆོས་འབྱུང་ཟུར་གསུམ་གྱི་རྣམ་པར་བྱས་ནས་ཆོས་འབྱུང་དེ་ཡི་དབུས་སུ་ཝཾ་ཡིག་མཚོན་བྱེད་ཉིན་མོར་བྱེད་བ་དང་མཚུངས་ཐིག་ལེ་ཟླུམ་པོ་ཡི་རི་མོ་བྲིའོ། །དེ་ཉིད་དམིགས་རྟེན་དུ་བྱས་ཏེ་དེ་ཡི་དབུས་སུ་དུས་ཀྱི་འཁོར་ལོ་འདི་ཡི་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་པྲ་ཕབ་བ་ལྟར་རང་སྣང་བ་སྒྲིབ་བྲལ་གྱི་སྲིད་པ་གསུམ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ན་གནས་པ་དག་ཀྱང་སྔགས་པས་བསྒོམས་པར་བྱས་ནས། ལག་པ་གཡོན་པའི་མཐེ་བོ་དང་ནི་མིང་མེད་ས་རླུང་ཐབས་ཤེས་སུ་སྦྱར་བ་དག་གིས་ཉིན་ཞག་སོ་སོའི་དུས་སུ་བདུད་རྩི་འཐོར་ཞིང་ལྷ་སོ་སོའི་མཚན་གྱི་མཐར་ན་མཿསྦྱར་བས་མཆོད་ཅིང་ཚིམ་སྟེ་མཉེས་པར་བསམ་པ་དང་། ཚོགས་འཁོར་དང་དཔའ་བོའི་སྟོན་མོ་སོགས་ཀྱི་དུས་སུ་ཡང་བདུད་རྩི་མྱང་བས་རྣལ་འབྱོར་ཕོ་མོ་དང་རང་ལུས་ཚིམ་པར་བྱེད་པ་དག་ནི་གསང་སྔགས་ནང་གི་དམ་རྫས་ཀྱི་མཆོད་པས་ཚོགས་གསོག་པའི་ཐབས་ཁྱད་པར་ཅན་ནོ། །ལ་སོགས་པའི་སྒྲས་དེས་མཚོན་ནས་བཟའ་བཏུང་རྣམས་ཀྱང་དེ་ལྟར་བདུད་རྩིར་བྱིན་གྱིས་བརླབས་ནས་ཕུད་ལྷ་ལ་མཆོད་པ་དང་རང་གིས་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོལ་བས་ཕུང་ཁམས་ཀྱི་ལྷ་རྣམས་མཆོད་པས་ཚིམ་པར་བྱེད་པ་དང་། འདོད་ཡོན་ཐམས་ཅད་རྡོ་རྗེ་ལྷ་མོ་དྲུག་གི་རྣམ་པས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི་

p. 507

དབང་པོའི་ལྷ་རྣམས་བདེ་བ་ཆེན་པོར་ཚིམ་པའི་ཚུལ་གྱིས་རོལ་པར་བྱ་སྟེ་དེས་ཚོགས་གཉིས་ལྷུན་གྱིས་རྫོགས་པར་འགྱུར་རོ། །ཕྱི་རོལ་དུ་ཡང་ཡུལ་དང་དེ་ཡི་བྱེ་བྲག་རང་གནས་པའི་གྲོང་གི་བདག་པོ་མི་མ་ཡིན་པ་རྣམས་ལ་ལ་དུད་བསྲེགས་ལ་སོགས་པའི་ཐོག་མར་ས་ཡི་ཕྱོགས་འདིར་ནི་གཏོར་མ་སྦྱིན་པར་བྱ་སྟེ། དེ་ཡང་གཏོར་མ་བདུད་རྩིར་བྱིན་བརླབས་བྱས་ནས་ཡུལ་བདག་གྲོང་བདག་རྣམས་སྤྱན་དྲངས་པ་ལ་གཏོར་མ་སྦྱིན་པར་བྱ་བ་དེ་ཡང་ཡུལ་དེའི་མིང་གི་ཡི་གེ་མི་མཉམ་པ་ལ་དང་པོ་དང་དབུས་དང་མཐའི་ཡི་གེ་གསུམ་སྨྲོས་པའི་མིང་གི་མཐར་གཏོར་སྔགས་བཏགས་པས་འབུལ་ཞིང་། མིང་ཡིག་མཉམ་པ་ལས་ཐོག་མཐའ་གཉིས་ཀྱི་མིང་གིས་ཏེ། དེ་ལྟར་གཏོར་མ་བྱིན་ནས་རང་གནས་སུ་གཤེགས་སུ་གསོལ་བར་བྱ་བ་ཡིན་ཏེ་དབང་ལེ་ནས་གསུངས་པ་བཞིན་དུའོ། །དེ་བཞིན་ཟས་ཟ་བའི་དུས་སུ་གནོད་སྦྱིན་འཕྲོག་མ་མ་བུ་ལ་ནི་ཆང་བུ་གཉིས་སྦྱིན་པར་བྱ་སྟེ་དེའི་སྔགས་ནི། ཨོཾ་ཧ་རི་ཏེ་པིཎྚ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་སོ། །འདིར་ནི་བཅོམ་ལྡན་འདས་ཀྱི་བཀས་ངའི་རྗེས་འཇུག་རྣམས་ཀྱིས་འཕྲོག་མ་མ་བུ་ལ་ཆང་བུ་སྦྱིན་པར་གྱིས་ཞེས་གསུངས་པའི་བཀའི་ངེས་པ་བཞིན་དུ་དེ་ལྟར་བྱ་བ་དང་། སླར་ཡང་ཐུན་མཚམས་གསུམ་ལ་སོགས་པ་རྣམས་སུ་བར་ཆད་བསྲུང་བའི་དོན་དུ་སྔགས་པས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཤུགས་འཁོར་དང་བཅས་པ་ལ་ནི་དབང་ལེར་གསུངས་པའི་ཆོ་གས་གཏོར་མ་འབུལ་བར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་ཕོ་ཉ་མོ་རྣམས་དག་ལ་ནི་རང་གི་ཁ་ཟས་ཀྱི་ཕུད་ནི་ས་སྟེང་རྣམས་སུ། གཙོ་བོའམ་བདག་པོ་ཡི་རྡོ་རྗེ་གསུམ་གྱི་སྔགས་ཨོཾ་ཨཱཿཧུཾ་རྣམས་ཀྱིས་བྱིན་གྱིས་བརླབས་ནས་ཨོཾ་དཱུ་ཏི་ཀཱི་ཨ་གྲཱ་གྲཱ་སཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སྦྱིན་པར་བྱ་ཞིང་རང་གི་བཟའ་བ་མ་ཚར་བར་དུ་ས་ཡི་སྟེང་དུ་བཞག་པར་བྱའོ། །བཟའ་བ་ཚར་ནས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་ཟོས་པའི་ལྷག་མ་ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙུཥྚཾ་བ་ལིཾ་བྷ་ཀྵ་བྷ་ཀྵ་ཀ་སྭཱ་ཧཱ། ཞེས་པས་སྦྱིན་ནས་སླར་ཡང་

p. 508

སྦྱིན་བདག་གི་དགེ་བའི་རྩ་བ་སྤེལ་བའི་དོན་དུ་སྦྱིན་པའི་ཚིགས་སུ་བཅད་པ་སྐབས་འདིར་བརྗོད་པའམ་བཀླག་གོ། དེ་ལྟར་གཏོར་མ་སྦྱིན་པ་ནི་ཚོགས་གསོག་པའི་སྒོ་ཡང་ཡིན་ལ་བར་ཆད་བསྲུང་བའི་ཐབས་ཁྱད་པར་ཅན་ཡིན་ཏེ། གཞུང་གཞན་ལས།རྣལ་འབྱོར་གཏོར་མ་མི་བྱེད་ན། །དེ་ཡི་བར་ཆད་གང་གིས་སེལ། །རྣལ་འབྱོར་གཏོར་མར་བརྩོན་པ་ན། །དེ་ལ་བར་ཆད་སུ་ཡིས་ནུས། །ཞེས་བཤད་པ་ལྟར་གལ་ཆེ་བས་ཐུན་མཚམས་རྣམས་སུ་ཅི་ནུས་སུ་བྱའོ། །དེ་ནས་བསྲུང་བའི་དོན་དུ་མགོ་བོར་ཧྲཱིཾ་དང་མགྲི༷ན་པ་ལ་ཧྼྀ། སྙིང་ག་ལ་ཧྼྀ། ལྟེ༷་བ་ལ་ལཱཧྲྀཾ། གསང་བར་ཧྲཱཿ གཙུག་ཏོར་དུ་ནི་ཧྲཱཾ་ཞེས་པ་འཁོར་ལོ་རང་རང་གི་ས་བོན་རྡོ་རྗེ་ཡི་སྔགས་དྲུག་པོ་རྣམས་ཀྱིས་མཚན་པར་བསམ་ཏེ། ཨོཾ་ཧྲཱིཾ་ཤི་ཁཱ་ཡེ་བཽ་ཥཊ་སོགས་ཀྱིས་ཡན་ལག་དྲུག་དགོད་ཅིང་། ཐབས་ཤེས་གཉིས་ཀའི་རིགས་ལ་གནས་པའི་ཡན་ལག་དྲུག་གི་སྒོ་ཡི་ས་བོན་རྣམས་ཀྱིས་ནི་རྒྱས་གདབ་པར་བྱ་སྟེ། མགོ་བོར་ཨཱུ། སྙིང་གར་ཨཱི། གཙུག་ཏོར་དུ་ཨཱ་སྟེ་ཐབས་ཀྱི་སྐུ་གསུང་ཐུགས་དང་། ལྟེ་བར་ལཱྀ། མགྲིན་པར་རཱྀ། གསང་བར་ཨཱཿཞེས་པ་ཤེས་རབ་ཀྱི་སྐུ་གསུང་ཐུགས་ཏེ་དེ་ལྟར་ཡན་ལག་དྲུག་ཐབས་ཤེས་ཀྱི་སྒོ་གསུམ་གྱི་ས་བོན་རྣམས་བསྒོམ་པ་ནི་གཉིད་ཀྱི་དུས་དང་ལྷ་མཆོད་པའི་དུས་དང་། ཕྱག་རྒྱ་མོ་དང་འཁྲིག་པ་ཡི་དུས་ལ་ཐབས་ཤེས་ཀྱི་སྒོ་གསུམ་བསྲུང་བར་བྱའོ། །ཞེས་སོ། །བདུན་པ་མངོན་སུམ་དང་ལྐོག་ཏུ་གྱུར་པའི་སེམས་བསྒོམ་པའི་ངོ་བོ་ཉིད་ཀྱིས་གནས་མ་ནི། ལྷ་ཡི་དམིགས་པ་སོགས་ཚིགས་བཅད་ཉིས་བརྒྱ་དང་སོ་གཉིས་པ་ནས་སྒྲུབ་ལེའི་གཞུང་ཡོངས་སུ་རྫོགས་པའི་ཚིགས་བཅད་ཉིས་བརྒྱ་སོ་བཞི་བའི་བར་གྱི་ཚིགས་བཅད་གསུམ་གྱིས་བསྟན་ཏེ། འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་སླད་དུ་ལྷ་ཡི་དམིགས་པ་གསུངས་ཤིང་། དེ་ལ་ཡང་སེམས་ཅན་རྣམས་ཀྱི་ཐུན་མོང་དང་མཆོག་གི་དངོས་གྲུབ་འདོད་པའི་བསམ་པའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱི་

p. 509

ལྷ་ཡི་དམིགས་པ་བསྒོམ་པ་གང་ཡིན་པ་དེ་ནི་མངོན་སུམ་དུ་སྣང་བ་དང་ནི་བློས་དེའི་རྣམ་པར་རྗེས་སུ་དཔག་པས་བརྟག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། མངོན་སུམ་དུ་དམིགས་པ་དག་ནི་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་བྱེད་པ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་བསྒོམ་པའི་སྦྱོར་བས། ནམ་མཁའ་ལ་སྐར་མ་སྣང་བ་བཞིན་དུ་རྣམ་པ་དུ་མ་ཡི་སྣང་བ་ཐམས་ཅད་པ་གློ་བུར་བའི་རླུང་སེམས་ཀྱིས་བསྐྱེད་པའི་འཁྲུལ་སྣང་ཙམ་མ་ཡིན་པར། གཉུག་མ་འོད་གསལ་བའི་སེམས་ཉིད་ཡེ་ཤེས་ཀྱི་རང་མདངས་ཡིན་པས་དེའི་ངོ་བོ་གདོད་ནས་མ་སྐྱེས་ཀྱང་རང་བཞིན་མ་འགགས་པར་རང་སྣང་དུ་གསལ་བ་ཡིན་པས་རིག་པའི་དབྱིངས་སུ་འབྲས་བུའི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །འདི་ཉིད་མངོན་སུམ་མཐོང་བ་ཡང་ཐ་མལ་བའི་མིག་གིས་གཟུགས་བརྙན་དང་འཇའ་ཚོན་སོགས་དངོས་སུ་མཐོང་བ་ལྟ་བུར་མ་ཡིན་ཏེ་སེམས་ཉིད་གདོད་ནས་རྣམ་པར་དག་པའི་འོད་གསལ་ཡེ་ཤེས་ཆེན་པོའི་རང་མདངས་རྣམ་པ་ཐམས་ཅད་པ་མ་འགགས་པར་རང་གསལ་བ་ཉིད་བླ་མའི་མན་ངག་དང་ལམ་གྱི་སྟོབས་ལས་ཤ་ལ་སོགས་པའི་མིག་གིས་གཟུང་བར་བྱ་བ་སྲིད་པ་གསུམ་དང་དུས་གསུམ་གྱི་བསྡུས་པའི་སྣང་བ་སྣ་ཚོགས་པ་རྨི་ལམ་དང་སྒྱུ་མ་ལ་སོགས་པ་དང་མཚུངས་པར་ཉམས་སུ་མྱོང་བ་སྟེ། འདི་ལྟར་ས་ལ་སོགས་པ་སྣ་ཚོགས་པའི་རྣམ་པར་སྣང་ཡང་དེ་དང་དེའི་ངོ་བོར་གྲུབ་པ་མེད་ཅིང་། མིག་བཙུམ་པ་ན་ཡང་སྣང་བའི་ཕྱིར་ཐ་མལ་བའི་མིག་གིས་མཐོང་བ་མ་ཡིན་ཏེ་ཡུལ་དང་ཡུལ་ཅན་དུ་མ་གྲུབ་པར་འོད་གསལ་བའི་རང་སྣང་ཡིན་པ་ཤེས་པར་བྱའོ། །དེ་ཡང་འདིར་ལས་དང་པོ་པས་སོ་སོར་སྡུད་པའི་རྣལ་འབྱོར་གྱིས་དུ་སོགས་ཀྱི་སྟོང་གཟུགས་མཐོང་བ་ནི་མངོན་པར་ཤེས་པ་མེད་ཅིང་མ་ཐོབ་པའི་དུས་དེར་ཤའི་མིག་གིས་སྟོང་གཟུགས་ཀྱི་རྣམ་པ་སྣ་ཚོགས་མཐོང་བའོ། །དེ་ནས་བསམ་གཏན་གྱི་སྦྱོར་བས་

p. 510

མངོན་པར་ཤེས་པ་ཐོབ་པའི་ས་མཚམས་ཀྱི་དབང་གིས་མིག་འབྱེད་འཛུམ་ཁྱད་མེད་པར་འགྱུར་ཏེ་སྐབས་དེར་སྟོང་གཟུགས་མཐོང་བ་རྣམས་ནི་ལྷའི་མིག་གིས་མཐོང་བ་སྟེ་སྔ་མའི་མཐོང་ཚུལ་ལས་ཁྱད་དུ་འཕགས་པའོ། །དེ་ནས་འཛིན་པ་དང་རྗེས་དྲན་གྱི་ཡན་ལག་གི་སྦྱོར་བས་འཛག་བདེའི་ཆགས་པ་དང་བྲལ་བ་ཐོབ་པའི་ས་མཚམས་ཀྱི་དབང་གིས་གནས་སྐབས་དེར། འཕོ་མེད་ཀྱི་བདེ་བ་སངས་རྒྱས་ཀྱི་རྒྱུ་སྐྱོན་མེད་ཐོབ་པས་སངས་རྒྱས་དང་འདྲ་བར་བཏགས་པའི་ཆ་ནས་སངས་རྒྱས་ཀྱི་སྤྱན་གྱིས་སྟོང་པ་ཉིད་ཀྱི་གཟུགས་གཟིགས་པའོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས། སྲོག་དང་ཐུར་སེལ་འགོགས་པ་ཡིས། །འདོད་ཆགས་བྲལ་བ་ཉིད་འདོད་དོ། །ཞེས་གསུངས་སོ། །དེ་ནས་ཏིང་འཛིན་གྱི་ཡན་ལག་གི་སྦྱོར་བས་དུས་སྦྱོར་གཅིག་གི་རླུང་འགགས་པའི་དུས་ནས་བརྩམས་ཏེ་བྱང་ཆུབ་སེམས་དཔའི་སའི་མཚམས་ཀྱིས་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་སྟོང་གཟུགས་རྣམ་པ་ཐམས་ཅད་པ་གཟིགས་སོ། །དེ་ནས་དུས་སྦྱོར་བཅུ་གཉིས་ཀྱི་འཕོ་བ་ཐམས་ཅད་འགགས་ནས་ས་བཅུ་གཉིས་ཀྱི་དབང་ཕྱུག་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ཐོབ་པའི་མཚམས་ལ་ཐུག་པའི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་ཐམས་ཅད་མཁྱེན་པའི་སྤྱན་ལྔ་ཡི་ཡོན་ཏན་གཅིག་ཏུ་ཚང་བ་ཡེ་ཤེས་ཀྱིས་སྤྱན་གྱིས་ཤེས་བྱ་ཐམས་ཅད་གཟིགས་པ་སྟེ། ཡེ་ཤེས་མིག་གཅིག་དྲི་མ་མེད་ཅེས་པ་ལྟར་ལ། འཕོ་བའི་བག་ཆགས་ཀུན་ལས་རྣམ་པར་གྲོལ་བས། ལྷག་མ་ཀུན་ལས་རྣམ་གྲོལ་ཞིང་། །ཞེས་བྱའོ། །དེ་ལྟར་ཡང་རྡོ་རྗེ་སྙིང་འགྲེལ་དུ། སྲོག་དང་ཐུར་སེལ་ཟད་པས་འདིར། །ཡན་ལག་བཅུ་གཉིས་ཟད་པར་འགྱུར། །རྒྱུ་དང་འབྲས་བུ་འགོགས་པ་ཡིས། །སངས་རྒྱས་ཉིད་དུ་སུ་མི་འགྱུར། །ཇི་སྲིད་སྲོག་ཆགས་རྣམས་ཀྱི་སྲོག །རྒྱུ་བ་དེ་སྲིད་ཡང་སྲིད་པའོ། །སྲོག་གི་རྒྱུ་བ་ནམ་ཞིག་ན། །འཆི་བ་མེད་ཅིང་ཡང་སྲིད་མེད། །ཅེས་གསུངས་སོ། །ཡར་ཆགས་བྲལ་གྱིས་

p. 511

མཚམས་བླང་དོར་གྱི་ཆགས་པ་དང་བྲལ་བས་དང་པོ་ནས་བདུན་པའི་བར་དང་དག་པ་ས་གསུམ་ལ་གནས་པ་བྱང་སེམས་ཀྱི་མཚམས་དང་འབྲས་བུ་སངས་རྒྱས་ཀྱི་སའི་མཚམས་ལ་སྦྱར་བ་ཡང་སྣང་ངོ་། །དེ་ལྟར་དེ་བཞིན་གཤེགས་པའི་སྤྱན་ལྔ་པོ་རྣམས་ནི་སྟོང་པ་ཉིད་རྣམ་པ་ཐམས་ཅད་པའི་གཟུགས་གཟིགས་པའི་སླད་དུ་གསུངས་ཏེ་དེ་དང་མི་ལྡན་པ་སེམས་ཅན་གཞན་རྣམས་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལྟ་བའི་ཡུལ་ལ་དམུས་ལོང་ལྟ་བུ་སྟེ། སྟོང་པ་ཉིད་ཅེས་པ་དངོས་མེད་ཀྱི་བྱེ་བྲག་ཞིག་ལ་ཡིད་དཔྱོད་ཀྱིས་འཛིན་གྱི། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་སྟོང་ཉིད་བཞི་སྦྱོར་གྱི་དགོངས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། སྣང་སྟོང་བདེན་པ་དབྱེར་མེད་དེ་ཁོ་ན་ཉིད་ཀྱི་དོན་སོ་སོ་རང་རིག་པས་གཞོན་ནུ་མ་ལ་པྲ་ཕབ་པ་བཞིན་མངོན་སུམ་ཉམས་སུ་མྱོང་བའི་རང་སྣང་འོད་གསལ་གྱི་དོན་ལ་དམུས་ལོང་དང་འདྲ་སྟེ་ཕྱོགས་གར་ཡོད་ཀྱང་མི་ཤེས་སོ་ཞེས་པའི་དོན་ཏོ། །འདི་རྣམས་རྒྱ་ཆེར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་འགྱུར་ཏེ་དེ་ཁོ་ན་ཉིད་བསྒོམ་པའི་ངེས་པའོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དེ་ལྟ་བུ་དང་ལྡན་པའི་ཕྱིར་ན་མངོན་སུམ་ཉམས་སུ་མྱོང་བ་མིན་ན། རང་གི་རྣམ་པར་རྟོག་པས་ལྷའི་གཟུགས་སུ་བརྟག་པའི་བསྐྱེད་རིམ་བསྒོམ་པ་དང་། དེ་རང་བཞིན་མེད་པར་དཔྱད་པའི་གོ་ཡུལ་ཙམ་གྱིས་རྒྱས་བཏབ་པའི་སྒོ་ནས་ལྷ་སྐུ་ལྐོག་ཏུ་གྱུར་པས་ཡིད་ཀྱི་རྗེས་སུ་དཔག་པ་ཙམ་ནི་ཤི་བའི་ལུས་སམ་རོ་ལ་སྲོག་མེད་པ་བཞིན་དུ་དེ་ཁོ་ན་ཉིད་ཇི་བཞིན་དུ་རྟོགས་པའི་བྱ་བ་བྱེད་མི་ནུས་ཏེ། དངོས་པོའི་དེ་ཁོ་ན་ཉིད་མིན་པ་རང་གི་རྣམ་པར་རྟོག་པའི་ལས་ནི་བརྟགས་པ་གང་ཡིན་པ་དེ་ནི་ཡོངས་སུ་མ་སྨིན་པའི་བློ་ཅན་རྣམས་ཀྱིས་དམིགས་པ་སྟེ། ཇི་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་

p. 512

དཔའ་རྣམས་ཀྱི་ཡེ་ཤེས་སྐུ་ནི་རྡུལ་ཕྲ་རབ་བསགས་པའི་རང་བཞིན་ལས་འདས་པ་མཚན་དཔེ་བཞིན་ལེགས་ཀྱི་རྣམ་པར་སྣང་བ་སོགས་རྣམ་པ་ཐམས་ཅད་པར་འཆར་ཞིང་ཐ་མལ་པའི་ཕུང་ཁམས་དབང་པོ་སོགས་ཀྱི་རང་བཞིན་ལས་འདས་པ་དཔེར་ན་སྒྱུ་མའི་དཔེ་བརྒྱད་དམ་བཅུ་གཉིས་ཀྱི་ཚུལ་ཅན་ཡིན་པ་དེ་ལྟ་བུ་ཇི་ལྟར་ཡིན་པ་རྗེས་སུ་དཔག་པ་ཙམ་ལས་རང་གི་བློས་མྱོང་བས་ཤེས་མི་ནུས་པས། ལྷ་བསྒོམ་པའི་ཚེ། སངས་རྒྱས་བྱང་སེམས་སོགས་ཀྱི་སྐུ་གཟུགས་རི་མོ་ལ་བྲིས་པའམ་ལུག་མའམ། །རྡུལ་ཚོན་སོགས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བྲིས་པ་སོགས་ལ་བལྟ་བར་བྱ་བ་ལ་བརྟེན་ནས་དེ་འདྲ་ཞིག་བློས་བཅོས་ནས་བརྟགས་ཏེ་བསྒོམ་པ་ཡིན་ལ་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པའང་གཅིག་དུ་བྲལ་ལ་སོགས་པའི་རྟགས་ལ་བརྟེན་ནས་དངོས་པོ་རྣམས་ལ་སྦྱར་ཏེ་བསྒོམ་ཀྱང་དངོས་པོ་ཉིད་དང་སྟོང་བ་ཐ་དད་དུ་མེད་པར་རོ་མཉམ་པ་ནི་རྟོགས་པར་མི་འགྱུར་བས་རྟོག་བཏགས་ཀྱི་ལམ་འདི་ལྟ་བུ་ནི་ཡོངས་སུ་མ་སྨི༷ན་པའི་བློ་ཅན་རྣལ་འབྱོར་ལས་དང་པོ་རྣམས་ཀྱི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དང་། འཇིག་རྟེན་ལས་འདས་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇུག་པའི་ཆེད་དུ་བསྒོམ་པའི་དོན་དུ་གསུངས་པ་ཡིན་ནོ། །དེའི་ཕྱིར་གདུལ་བྱ་སེམས་ཅན་གྱི་རིས་ན་ཁམས་དང་དབང་པོ་མཆོག་དང་མཆོག་མིན་དུ་མ་ཡོད་པའི་ཕྱིར་དེ་དག་གི་ལམ་ཡང་མཆོག་དང་དམན་པའི་རིམ་པ་ཐ་དད་དུ་གསུངས་ཏེ། དང་པོར་བློ་མ་སྨིན་པ་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་ལྷ་དཔའ་བོ་གཅིག་པ་ལྟ་བུའི་གཟུགས་སམ། ཡང་ན་དཀྱིལ་འཁོར་གྱི་འཁོར་ལོ་དག་ཀྱང་། དང་པོར་བྲི༷ས་སྐུ་བྱས་པ་ལ་ནི་བལྟས་ནས་དེ་ལྟ་བུ་ཡིད་ཡུལ་དུ་བྱས་ཏེ་དེ་ཁོ་ན་ཉིད་མིན་པ་རང་གི་རྣམ་པར་རྟོག་པས་ཡང་ཡང་བརྟག་སྟེ་བསྒོམ་པར་བྱས་ནས་གསལ་སྣང་ལ་བསྟན་པ་ཐོབ་པར་བྱའོ། །དེ་ནས་ནམ་མཁའ་སྟོང་བ་ལ་ནི་དེ་ཁོ་ན་ཉིད་རྫོགས་པའི་རིམ་པ་སོར་སྡུད་ལ་སོགས་པའི་རྣལ་འབྱོར་སྟོང་ཉིད་སྙིང་རྗེ་དང་ཐབས་ཤེས་

p. 513

གཅིག་ཏུ་སྦྱོར་བ་དག་གིས་རང་སེམས་འོད་གསལ་བའི་ཆོས་ཉིད་རྟེན་དང་བརྟེན་པའི་ལྷའི་རྣམ་པ་མ་ཚང་མེད་པ་སྟེ་རྣམ་པ་ཐམས་ཅད་པ་མཐའ་དག་བློས་ཀུན་དུ་བརྟགས་པ་མེད་པར་མངོན་སུམ་མཐོང་བར་གྱུར་བ་ཉིད་དུ་བྱའོ། །དེ་ལྟར་བློས་བརྟག་པའི་བསྐྱེད་རིམ་གྱི་རྣལ་འབྱོར་དང་། སྟོང་པ་ཉིད་ཀྱི་གཟུགས་བློས་བརྟགས་པ་ལ་ལྟོས་མི་དགོས་པའམ། མ་བརྟག་པར་སྣང་བ་ལ་ལོ་ཡི་ཕྱེད་དང་ལོ་གཅིག་ཏུ་བླ་མའི་མན་ངག་གི་ངེས་པས་འདི་ལྟར་གྱིས་ཞེས་གདམས་པ་བཞིན་དུ་བསྒོམ་པའི་དབང་གིས་ཇི་སྲིད་ཉིད་དུ་རང་སེམས་བརྟན་པར་འགྱུར་གྱི་བར་དུ་བསྒོམ་པར་བྱའོ། །དེ་ཡང་བསྐྱེད་རིམ་གྱི་དབང་དུ་བྱས་ན་ལྷའི་དམིགས་པ་ལ་སེམས་རྩེ་གཅིག་བརྟན་པར་གཟུང་ནས་རིམ་པར་བསྒོམས་པས་ལུས་སེམས་ཤིན་སྦྱང་གི་བདེ་བས་ཟིན་པའི་ལས་སུ་རུང་བའི་ཞི་གནས་ཀྱིས་ལྷའི་གསལ་སྣང་ཕྲ་རགས་མཐར་ཕྱིན་པར་འབྱོར་པ་ན་རང་སེམས་བརྟན་པར་འགྱུར་ཞིང་། རྫོགས་རིམ་གྱི་དབང་དུ་བྱས་ན། སོར་སྡུད་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་པའི་ཡན་ལག་བཞིས་རང་སེམས་བརྟན་པར་འགྱུར་ལ། དེ་ལྟར་སེམས་བརྟན་པར་གྱུར་པ་ན། དེ་ནས་རྗེས་དྲན་གྱི་ཡན་ལག་གིས་ཕྱག་རྒྱའི་སྦྱོར་བས་ཉིན་ཞག་འགའ་ཞིག་སྟེ་དུས་ཀྱི་འཁོར་ལོའི་ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་དང་བརྒྱ་ཉེར་ལྔ་དག་གིས་བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པ་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཉིད་དུ་རབ་ཏུ་འགྱུར་ཏེ། བདེ་བའི་སྐད་ཅིག་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་ནས་འཕོ་བའི་དྲི་མ་མེད་པར་འགྱུར་རོ། །འདིར་དམ་ཚིག་གི་རྟེན་བྲིས་སྐུ་དང་ལུག་མའི་སྐུ་གཟུགས་དང་གླེགས་བམ་བྲི་བའི་སླད་དུ་ཉེ་གནས་སམ་བསྙེན་བཀུར་བ་ཆོས་སྨྲ་བ་དམ་ཚིག་དང་ལྡན་པ་བཙལ་ཏེ། དེས་བྲིས་སྐུ་སོགས་བྱ་ལ། ལྷ་དྲག་པོ་དང་ཞི་བའི་རྣམ་པར་བྱ་བས་དེ་ལྟར་བྲིས་ནས་སྔར་གསུངས་པའི་ཆོ་ག་བཞིན་དུ་རབ་གནས་བྱ་ཞིང་མཆོད་ཡོན་ལ་སོགས་པ་ཕུལ་ནས། རྡོ་རྗེ་སློབ་དཔོན་ལ་མཆོད་པ་བྱ་ཞིང་དགེ་འདུན་གྱི་སྡེ་ལ་མཆོད་སྟོན་དང་སྔགས་ཀྱི་

p. 514

རྣལ་འབྱོར་པའི་སྡེ་ལ་ཚོགས་ཀྱི་འཁོར་ལོ་དབུལ་བས་རྟེན་གྱི་ཞལ་བསྲོ་བྱའོ། །དུས་གཞན་དུ་ཡང་དམ་ཚིག་གི་རྟེན་དང་མདོ་སྔགས་ཀྱི་དགེ་འདུན་སྡེ་གཉིས་དང་བླ་མ་ལ་ཇི་ལྟར་ནུས་པས་མཆོད་པར་བྱས་ན་ལས་རྣམས་འགྲུབ་པར་འགྱུར་རོ། །ཞེས་པ་ངེས་པའོ། །དེ་ནས་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིར་རྒྱུད་གཞན་རྣམས་ལས་སྦས་པའི་དོན་གསལ་བར་གསུངས་པའི་རྡོ་རྗེ་ཚིག་གི་ངེས་པ་གསུངས་པ། འདིར་གསང་བ་འདུས་པ་སོགས་ཐབས་ཀྱི་རྒྱུད་དང་། འཁོར་ལོ་སྡོམ་པ་སོགས་ཤེས་རབ་ཀྱི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་ནི་ངེས་པར་དབང་བཞི་པའི་ཡེ་ཤེས་སྟོན་པའི་རྡོ་རྗེའི་ཚིག་མི་འགྱུར་བའི་བདེ་བ་བསྒོམ་པའི་རྣལ་འབྱོར་འདི་ནི་རྣལ་འབྱོར་པ་རྣམས་དག་ལ་བྱིས་པའི་བློས་གཞིག་པར་དཀའ་བའི་རྡོ་རྗེའི་ཚིག་གི་རྣམ་པས་གསུངས་པ་ཡིན་ཏེ། སྔགས་བླ་མེད་ཀྱི་ལམ་ཐམས་ཅད་སྨིན་བྱེད་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་བསྐྱེད་རྫོགས་རིམ་པ་གཉིས་བསྒོམ་པ་ཡིན་པས་ལམ་གྱི་མཐར་ཐུགས་པ་དབང་བཞི་པའི་ཡེ་ཤེས་མི་གསུངས་པ་ནི་མི་སྲིད་མོད་ཀྱི། རེ་ཤིག་རྣལ་འབྱོར་གྱི་སྤྱོད་ཡུལ་མ་ཐོབ་པའི་བྱིས་པ་ལས་དང་པོ་པ་རྣམས་ཀྱི་སེམས་ཀྱི་རྒྱུད་ནི་ཡོངས་སུ་སྨིན་པར་བྱེད་པའི་དོན་དུ་བསྐྱེད་པའི་རིམ་པའི་རྣལ་འབྱོར་དང་རྫོགས་པའི་རིམ་པ་ཐབས་ཀྱི་ལམ་བསྒོམ་པ་ཅི་རིགས་བསྟན་ཀྱང་དབང་བཞི་པ་ཚིག་གི་དབང་མཚོན་བྱ་དོན་གྱི་ཡེ་ཤེས་རང་སེམས་གདོད་ནས་དག་པའི་འོད་གསལ་འཕོ་འགྱུར་མེད་པ་ཐབས་ཤེས་དབྱེར་མེད་ཀྱི་རྣལ་འབྱོར་ཡེ་ཤེས་ཀྱི་སྐུ་གང་ཡིན་པ་དེ་ནི་ཤིན་ཏུ་རྟོགས་པར་དཀའ་བ་མཐར་ཐུག་གི་དོན་ཡིན་པས་བློ་མ་སྨིན་པ་ཕལ་ལ་ཐད་ཀར་བསྟན་ན་རྟོགས་མི་ནུས་ཤིང་ཡིད་ཆེས་པར་མི་འགྱུར་བས། གདུལ་བྱའི་རྒྱུད་ཆུད་མི་ཟ་བར་བྱེད་པའི་མཆོག་གི་སྙིང་རྗེ་དག་གིས་རྡོ་རྗེ་སེམས་དཔའ་སྣ་ཚོགས་གཙོ་བོས་སྦས་ནས་གསལ་བར་མ་གསུངས་ཏེ། བྱིས་པ་རྣམས་ལ་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་དབང་པོ་གཉིས་སྦྱོར་གྱི་ཚོར་བ་དེ་ཙམ་ཞིག་དང་འདྲ་བར་བསྟན་ལ། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། འདི་

p. 515

ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་བར་གྱིས་ཚིགས་སུ་བཅད་པ་དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱས་རྡོ་རྗེའི་ཚིག་གིས་ཡེ་ཤེས་ཀྱི་སྐུ་གསུངས་ན་ཡང་དེ་ཅི་ལྟ་བུ་ཡིན་པ་ནི་བྱིས་པ་རྣམས་ཀྱིས་ཁོང་དུ་ཆུད་པར་མི་འགྱུར་རོ། །དེ་བཞིན་དུ་གསང་བ་མཆོག་གི་དགྱེས་པ་ན། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །ཞེས་པ་ལྟ་བུའི་རྡོ་རྗེའི་ཚིག་གིས་གནས་འདི་བསྟན་མོད་ཀྱི་དེའི་དོན་བྱིས་པ་རྣམས་ཀྱི་ཉམས་འོག་ཏུ་ཆུད་པར་མི་ནུས་སོ། །དེ་ཕྱིར་རྡོ་རྗེའི་ཚིག་དེ་ཡི་དོན་ནི་འདི་ལྟ་བུ་ཡིན་ནོ་ཞེས་དུས་ཀྱི་འཁོར་ལོའི་རྒྱུད་འདིར་ཡན་ལག་དྲུག་གི་རྣལ་འབྱོར་ཟབ་མོས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སོ་སོ་རང་རིག་པའི་ཡུལ་དུ་མངོན་སུམ་ཉམས་སུ་མྱོང་བའི་ཚུལ་གྱིས་མི་འགྱུར་བའི་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུ་བསྒྲུབ་པའི་སྒོ་ནས་རང་སེམས་འོད་གསལ་གཉུག་མ་དོན་གྱི་ཡེ་ཤེས་མ་སྦས་པར་རྡོ་རྗེའི་ཚིག་རྣམས་ཀྱི་དགོངས་པ་གསལ་པོར་འབྱེད་པའམ་དབྱེ་བ་ཉིད་བྱས་ནས་བསྟན་པའི་སྤྱིར་ན་ལམ་འདི་ཉིད་ཉིན་ཞག་སོ་སོའི་དུས་སུ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ་སྟེ། དགོས་པ་གང་གི་ཕྱིར་ན་སྔགས་བླ་མེད་ཀྱི་རྒྱུད་སྡེ་ཆེན་པོ་གཞན་རྣམས་ལས་ཀྱང་རྙེད་པར་དཀའ་བའི་རྡོ་རྗེ་ལྟ་བུའི་རྣལ་འབྱོར་འདི་ནི། ཚེ་འདི་ཉིད་དུ་ཕྱག་རྒྱའི་དངོས་གྲུབ་སྟེ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་དངོས་གྲུབ་ཀྱི་དོན་གྱི་སླད་དུ་རིགས་ཐམས་ཅད་ཀྱི་རྒྱལ་བ་མཆོག་གི་སྐྱེད་མཛད་རྣམ་ཀུན་མཆོག་ལྡན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་གཉིས་སུ་མེད་པར་རོ་མཉམ་དུ་གྱུར་བའི་དབང་གིས། གཉེན་པོ་གཞན་དང་རྣམ་པར་རྟོག་པ་གང་གིས་ཀྱང་ནམ་མཁའ་བཞིན་དུ་གཞོམ་དུ་མེད་པ་ཡི་བདག་ཉིད་མི་འགྱུར་བའི་བདེ་བ་ཆེན་པོ་སྲིད་ཞི་ཀུན་ལ་ཆོས་ཉིད་ཀྱི་ངོ་བོས་ཁྱབ་བྱེད་དུ་འགྲོ་བས་དེ་ཁོ་ན་ཉིད་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ཡི་ཡེ་ཤེས་ཀྱི་སྐུ་བསྒྲུབ་པར་བྱའོ། །ཞེས་བཅོམ་ལྡན་འདས་

p. 516

ཀྱི་ངེས་པའོ། །འགྲེལ་ཆེན་ལས་མདོར་བསྡུས་སྔ་མའི་རྗེས་ནས་མཇུག་ཡོངས་རྫོགས་འདིའི་བར་དུ་སྣ་ཚོགས་པའི་སྒྲུབ་ཐབས་མདོར་བསྡུས་ཆེན་པོ་ལྔ་པས་གཏན་ལ་དབབ་པར་མཛད་དོ། །དེ་ལྟར་ཕུང་ཁམས་དག་པའི་མདོར་བསྡུས་ལྔའོ། །གང་ལ་བརྟེན་ན་རྣམ་གཉིས་དངོས་གྲུབ་ཀྱི། །དགའ་སྟོན་འཛད་མེད་ནམ་མཁའི་གཏེར་རྙེད་ཅིང་། །ནམ་ཡང་འཕོ་མེད་བདེ་ཆེན་ཡེ་ཤེས་སྐུ། །བསྒྲུབ་པའི་ཐབས་འདི་རྣལ་འབྱོར་རྣམས་ཀྱི་དཔལ། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དཔལ་དང་པོའི་སངས་རྒྱས་ཆེན་པོ་ལས་བྱུང་བ། དཔལ་དུས་ཀྱི་འཁོར་ལོ་ལས། སྒྲུབ་ཐབས་ཀྱི་ལེའུ་སྟེ་བཞི་པ་རྣམ་པར་བཤད་པའི་སྐབས་ཀྱི་འགྲེལ་པའོ།། །།

དུས་འཁོར་ཡེ་ཤེས་ལེའུའི་འགྲེལ་པ།

p. 517

དུས་འཁོར་ཡེ་ཤེས་ལེའུའི་འགྲེལ་པ་བཞུགས་སོ། །

p. 518

བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རིགས་ཀུན་གྱི། །ཁྱབ་བདག་གཅིག་པུ་གཉུག་མ་རྡོ་རྗེའི་སྐུ། །གང་ལ་མངོན་པར་དྭངས་བའི་སེམས་འདིས་ཀྱང་། །ཆུ་ལ་ཆུ་བཞིན་རོ་མཉམ་ཕྱག་བགྱིའོ། །རྡོ་རྗེའི་ཚིག་གིས་ཟབ་དོན་ནོར་བུའི་གཏེར། །མངོན་དུ་བསྟན་ཀྱང་ཇི་བཞིན་མཐོང་བ་དཀོན། །དེ་ལྟ་ན་ཡང་དམ་པའི་ལེགས་བཤད་ལ། །བརྟེན་ནས་གཞན་ཕན་སེམས་ཀྱིས་ཅི་ནུས་དབྱེ། །འདིར་དཔལ་ལྡན་ཀ་ལཱ་པའི་གྲོང་གི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་མོས་ཚལ་གྱི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་མཐར། རིན་པོ་ཆེའི་སྒོ་ཁྱམས་ན་ནོར་བུ་རིན་པོ་ཆེ་ཆེན་པོའི་སེང་གེའི་ཁྲི་ལ་བཞུགས་པ།འཇམ་དཔལ་གྱི་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པ་ལ་ཚངས་པའི་དྲང་སྲོང་ཉི་མའི་ཤིང་རྟས་གསོལ་བ་བཏབ་པར་གྱུར་པས། མཆོག་གི་དང་པོའི་སངས་རྒྱས་ལས་ཡེ་ཤེས་ཀྱི་ལེའུ་གསུངས་པར་ཟླ་བ་བཟང་པོས་གསོལ་བ་བཏབ་པ་དང་དེ་བཞིན་གཤེགས་པས་ལན་གསུངས་པ་ཚིགས་སུ་བཅད་པ་དང་པོས་གསུངས་པ། གཙོ་བོའི་སྒྲུབ་ཐབས་སོགས་ཀྱིས་བསྟན་ཏེ། གཙོ་བོའི་སྒྲུབ་ཐབས་རྒྱལ་བ་མཆོག་དེ་བཞིན་གཤེགས་

p. 519

པ་རྣམས་དང་བཅས་པ་གང་ཞིག་སྟོན་པ་ཁྱོད་ཀྱིས་གསུངས་པ་དག་ནི་བདག་གིས་ཅུང་ཟད་ཅིག་ཤེས་སོ། །སླར་ཡང་ཟླ་བ་བཟང་པོ་བདག་ནི་ཉན་པར་འཚལ་ལོ་ཀྱེ་ལྷ་མིའི་བླ་མ་ཞེས་བོས་ནས། གང་ཞིག་ཉན་ཅེ་ན་ལུས་ལ་རུས་པ་ལ་སོགས་པའི་ཁམས་ཀྱི་དབྱེ་བ་རྣམ་པར་དག་པ་རྣམས་ཀྱི་དུས་ཀྱི་འཁོར་ལོའི་རྟེན་གྱི་དཀྱིལ་འཁོར་ཉིད་དུ་འགྱུར་བ་དང་། ཕུང་པོ་དྲུག་སངས་རྒྱས་ཀྱི་རིགས་དྲུག་རྣམས་དང་། ཁམས་དྲུག་རྣལ་འབྱོར་མ་རྣམས་དག་གི་རིགས་དྲུག་ཏུ་རང་བཞིན་གྱིས་དག་པ་ཇི་ལྟར་ཡིན་པ་དང་། དེ་དག་རང་རང་གི་རིགས་ཀྱི་ས་བོན་ཨཱ་ལཱི༷་དབྱངས་དང་ཀཱ་ལི༷་གསལ་བྱེད་དག་ལ་གནས་པ་ཉིད་ཀྱི་སྒོ་ནས་སྒྲིབ་བྲལ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ཉིད་དུ་དག་པའི་ཟབ་མོ་ཡེ་ཤེས་ལེའུའི་དོན་ཉན་པར་འཚལ་བས་བཅོམ་ལྡན་འདས་ཀྱི་དོན་དེ་ཉིད་ལེགས་པར་བསྟན་དུ་གསོལ་ཞེས་པའི་དོན་ཅན་ཟླ་བ་བཟང་པོས་གསོལ་བ་བཏབ་པའི་ཚིག་དེ་དག་གསན་ནས་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་ཉིད་དུས་ཀྱི་འཁོར་ལོའི་བདག་ཉིད་དུ་བཞུགས་པའི་སྐུ་བཞིའི་བདག་ཉིད་སྒྲིབ་བྲལ་གྱི་ཕུང་ཁམས་ལ་སོགས་པའི་རྒྱལ་བའི་རིགས་ཐམས་ཅད་ཀྱི་གཞིའམ་སྐྱེད་

p. 520

པ་པོ་དང་པོའི་སངས་རྒྱས་རྒྱལ་བའི་བདག་པོས་གཞི་དུས་ཀྱི་ཁམས་ཀྱི་དབྱེ་བས་དཀྱིལ་འཁོར་ལ་སོགས་པ་ཡི་ངེས་དོན་ཡེ་ཤེས་ལེའུ་འདི་ཉིད་གསུངས་སོ་ཞེས་ཚིགས་བཅད་འདིས་རྐང་པ་གསུམ་གྱིས་གསོལ་བ་བཏབ་པ་དང་རྐང་པ་བཞི་པ་ནས་བརྩམ་སྟེ་ཇི་སྲིད་ལེའུ་ཡོངས་སུ་རྫོགས་པ་དེ་སྲིད་ལན་གསུངས་པའི་རྩ་རྒྱུད་ཀྱི་རྡོ་རྗེའི་ཚིག་རྣམས་རྒྱལ་པོ་འཇམ་དཔལ་གྲགས་པས་དོན་ལ་སྟོན་པ་ཉིད་ཀྱིས་ཚིགས་བཅད་འདིས་བསྡུས་ཏེ་བསྟན་པ་ཡིན་ལ། ཚིགས་བཅད་འདི་ལས་ཇི་སྲིད་ལེའུ་ཡོངས་སུ་རྫོགས་པའི་བར་ནི་དེ་བཞིན་གཤེགས་པས་ལན་གསུངས་པ་སྟེ་སླར་ཡང་བར་སྐབས་སུ་ཞུས་ཤིང་གསོལ་བ་བཏབ་པའི་ཚིག་མེད་དོ། །དེ་ནས་སྟོན་པས་ལན་གསུངས་པའི་ཡེ་ཤེས་ལེའུ་འདི་ཉིད་ཀྱི་དོན་རྩ་བའི་རྒྱུད་དུ་ཇི་ལྟར་གསུངས་པ་རྣམས་གཞི་ལམ་འབྲས་བུ་གསུམ་གྱི་རྣམ་པ་ཉི་ཤུས་བྱང་ཆུབ་པ་མཚོན་བྱེད་གནས་པ་ཉི་ཤུའི་སྒོ་ནས་འཆད་དེ། ༡ ལུས་ཀྱི་རུས་པ་ལ་སོགས་པའི་ཁམས་རྣམ་པར་དག་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༢ སྐུ་དང་གསུང་དང་ཐུགས་དང་རིགས་དྲུག་གི་ལྷའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༣ ཨ་ལ་སོགས་པ་དང་ཀ་ལ་སོགས་པ་སྔགས་ཀྱི་རིགས་དྲུག་གི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༤ ཐབས་དང་ཤེས་རབ་ཀྱི་རྒྱུད་སུམ་ཅུ་རྩ་དྲུག་གི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༥ ཐབས་དང་ཤེས་རབ་དང་བྱ་བ་དང་རྣལ་འབྱོར་རྗེས་སུ་རིག་པ་དང་སྡོམ་པ་ཆེན་པོ་དང་འཁོར་ལོས་སྒྱུ་རབ་དྲུག་སྤྲོ་བའི་ངོ་བོ་པོ་ཉིད་ཀྱིས་གནས་པ་དང་༧། དབང་བཞི་པ་མཆོག་ཏུ་མི་འགྱུར་པ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་༦། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲོ་བའི་ཉིད་ཀྱིས་གནས་པ་དང་། ༩བྱང་ཆུབ་ཀྱི་སེམས་བསྟེན་པའི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་གནས་པ་དང་༨། ཤེས་པ་དང་ཤེས་བྱ་རྣམས་པ་ཀུན་གྱི་བདག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་༩། ལུས་དང་ངག་དང་སེམས་

p. 521

ཀྱི་བྱ་བ་ཐབས་ཅད་བརྟག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་༡༠། ཆོས་ཀྱི་ཕུང་བོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བསྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་༡༡། སངས་རྒྱས་ཀྱི་ཞིང་བསྡུ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་༡༢། ནམ་མཁའི་ཁམས་ལ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་བཞུགས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༡༢ སངས་རྒྱས་ཀྱི་ཞིང་བསྡུ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༡༣ སངས་རྒྱས་ཀྱི་ཞིང་རྡོ་རྗེར་བྱིན་གྱིས་བརླབས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༡༦ མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་བསམ་པའི་དབང་གིས་ཆོས་བསྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༡༧ བཅུད་དང་བཅུད་ལེན་ལ་སོགས་པ་ལུས་ཀྱི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༡༨ མཆོག་ཏུ་མི་འགྱུར་བའི་བདེ་བས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༡༩ ཆོས་ཡང་དག་པར་བསྡུ་བ་དང་རྩིས་ཀྱི་མིང་བསྡུ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ༢༠ ཡི་གེ་ལྔ་དང་ཡི་གེ་དྲུག་གི་སྟོང་པ་ཆེན་པོ་དང་། ཐིག་ལེ་སྟོང་པ་ལ་བསྟོད་པའི་ངོ་བོ་ཉིད་ཀྱི་གནས་པ་ཞེས་བྱ་བ་དང་ཉི་ཤུ་པོ་འདི་རྣམས་འགྲེལ་པས་གནས་སྐབས་བཞི་དག་པའི་རྡོ་རྗེ་བཞི་ཡི་རང་བཞིན་གནས་པ་བཞིའི་སྒོ་ནས་གཏན་ལ་དབབ་པ་འོག་ཏུ་སོ་སོའི་མཚམས་སུ་བཤད་པར་བྱའོ། །དེ་ཡང་དང་པོ་ལུས་ཀྱི་རུས་པ་ལ་སོགས་པའི་ཁམས་རྣམ་པར་དག་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱིས་གནས་པ་ནི། ཀ་བ་རྣམས་དང་སོགས་ཚིགས་བཅད་གཉིས་པ་ནས། གསུམ་པའི་བར་གྱིས་བསྟན་ཏེ། རང་གི་ལུས་ཀྱི་ཁམས་རྣམས་དཀྱིལ་འཁོར་གྱི་རང་བཞིན་དུ་གནས་པ་སྟེ། ཇི་ལྟར་ན་སྐུའི་དཀྱིལ་འཁོར་གྱི་ཀ་བ་རྣམས་དང་རྡོ་རྗེའི་ཕྲེང་བ་དང་ས་ཡི་དཀྱིལ་འཁོར་དང་རྩིག་པ་ཉིད་ནི་རང་གི་ལུས་ཀྱི་རུས་པ་རྣམས་ཀྱིས་མཛོད་ཅེས་བགྱིས་ཤིག་ཅེས་པ་སྟེ་དེ་ལྟར་ལུས་ལ་རང་བཞིན་གྱིས་དཀྱིལ་འཁོར་དུ་མོས་པས་བལྟ་བར་

p. 522

བྱའོ། །རྣམ་པར་དག་པ་འདིས་རུས་པའི་ཕྱེ་མ་སོགས་རྡུལ་ཚོན་གྱི་ནང་དུ་བླུག་པར་བྱའོ་ཞེས་གསུངས། ལུས་ཀྱི་ཤ་དང་ཁྲག་དང་ཆུ་དང་བཤང་བ་རྣམ་པར་དག་པ་རྣམས་ཀྱིས་རིམ་བཞིན་ལྷ་དང་གཤིན་རྗེ་དང་ནོར་སྦྱིན་དང་གཞན་དུ་ཞེས་པ་ནུབ་ཏུ་རྡུལ་ཚོན་གདབ་པ་སྟེ། ཤ་རྣམ་པར་དག་པས་ཤར་དུ་རྡུལ་ཚོན་གདབ་པ་སོགས་རིམ་བཞིན་ནོ། །དབུས་སུ་ཁུ་བ་རྣམ་པར་དག་པས་དང་། དཀྱིལ་འཁོར་གང་དུ་རྡུལ་ཚོན་དྲུག་པ་ཡིན་པ་དེར་ནི་རྡུལ་རྣམ་པར་དག་པས་རྡུལ་ཚོན་བཏབ་པར་འགྱུར་རོ། །དེ་ལྟར་ཤ་སོགས་རྣམ་པར་དག་པ་དོན་གྲུབ་ལ་སོགས་དེ་བཞིན་གཤེགས་པ་དྲུག་གི་རིགས་ཡིན་པས་དེ་ལྟར་ཤེས་པར་བྱའོ། །མཁྲིས་པ་ཡི་ཁམས་དང་བད་ཀན་གྱི་ཁམས་གཉིས་ཀྱིས་ནི་རིམ་བཞིན་ཉི་མ་དང་རི་བོང་ཅན་གྱི་གདན་ཡང་དེ་བཞིན་ཏེ། ཆུ་རྒྱུས་རྣམས་ཀྱིས་ཆུ་སྐྱེས་པདྨའི་གདན་རྣམས་ཡིན་ལ། ར་བ་ལྔ་ཡི་རེ་ཁཱ་ནི་དང་པོ་ས་ལས་སྐྱེས་པའི་མཐེ་བོ་རྣམ་པར་དག་པ་དང་། དེ་བཞིན་ཆུ་སྐྱེས་མཛུབ་མོ་དང་གསུམ་པ་བསྲེག་ཟ་མེ་སྐྱེས་གུང་མོ་བཞི་པ་རླུང་སྐྱེས་མིང་མེད་དང་། ལྔ་པ་ནམ་མཁའ་ལས་སྐྱེས་མཐེའུ་ཆུང་རྣམ་པར་དག་པ་རྣམས་ཀྱིས་སོ། །དུས་ཀྱི་རྩ་ཨ་བ་དྷཱུ་ཏི་རྣམ་པར་དག་པ་ཡིས་གཙོ་བོའི་གདན་ཆུ་སྐྱེས་དང་གདན་ལྷག་མ་རྣམས་ནི་རོ་རྐྱང་ལ་སོགས་པ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་མཐར་ཐུག་པ་རྣམས་ཀྱིས་ཏེ་ཆུ་རྒྱུས་རྣམས་ཀྱིས་ཞེས་པའི་ངེས་པས་སོ། །གཡོ་བ་རླུང་དང་མེ་ཡི་དཀྱིལ་འཁོར་གྱི་ཁོར་ཡུག་དང་ལ་སོགས་པ་ཆུའི་ཁོར་ཡུག་ནི་པགས་པ་ལ་སོགས་ཀྱིས་ཞེས་པ། རླུང་གི་ཁོར་ཡུག་པགས་པ་མེའི་ཁོར་ཡུག་ཁྲག་དང་དྲོད་ཀྱི་ཁམས། ཆུའི་ཁོར་ཡུག་རྡུལ་གྱིས་སོ། །ཉི་མའི་སྟེ་སྒོ་བཅུ་གཉིས་པོ་རྣམས་ནི་བུག་པ་རྣམས་ཀྱིས་ཏེ། རྣ་བ་གཉིས་མིག་གཉིས། སྣ་བུག་གཉིས། ཁ་དང་གཅི་པ་བཤང་བ་ཁུ་བའི་བུག་པ་དང་། ནུ་མ་གཉིས་ལ་བུག་པ་གཉིས་ཏེ་དེ་ལྟར་བཅུ་གཉིས་སོ། །དེ་དག་དག་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྒོ་མཛོད་ཅིག་

p. 523

ཅེས་པའོ། །དཀྱིལ་འཁོར་ལ་ནོར་བུའི་རང་བཞིན་གྱི་དོ་ཤལ་ལ་སོགས་པ་བཀོད་པ་གང་ཡིན་པ་སོ་ཡི་ཕྲེང་བས་དེ་བཞིན་ཉིད་དུ་མཛོད་ཅིག །དུར་ཁྲོད་བརྒྱད་དུ་འཁོར་ལོ་གང་ཞིག་གཡོ་བའི་རང་བཞིན་རླུང་གི་དཀྱིལ་འཁོར་ལ་གནས་པ་རྣམས་ནི་རྐང་ལག་གི་སོར་མོ་རྣམས་ཀྱི་སེན་མོ་ཡིས་མཛོད་ཅིག །བ་སྤུ་རྣམས་ཀྱིས་ནི་རྡོ་རྗེའི་ཕྲེང་བ་དང་རྡོ་རྗེ་མེ་ལྕེ༷་འབར་བ་དཀྱིལ་འཁོར་གྱི་ནི་མཐའ་རུ་ཕྱོགས་དང་ཕྱོགས་བྲལ་དག་ལ་གནས་པ་མཛོད་ཅིག་ཅེས་སོ། །གཉིས་པ་སྐུ་གསུང་ཐུགས་དང་རིགས་དྲུག་གི་ལྷའི་ངོ་བོ་ཉིད་ཀྱིས་གནས་པ་ནི༑ དེ་ལྟར་ངེས་པར་སོགས་ཚིགས་བཅད་བཞི་པས་བསྟན་ཏེ། དེ་ལྟར་ངེས་པར་སྐུ་ཡི་རྡོ་རྗེ་ཁམས་དྲུག་གི་བདག་ཉིད་ནི་ས་ལ་སོགས་པའི་དབྱེ་བས་མཆོག་གི་ཡོན་ཏན་རྣམ་པ་མང་པོ་ཅན་དཀྱིལ་འཁོར་གྱི་ནི་རྣམ་པར་གསུངས་སྟེ། ཁམས་ཀྱི་དབང་གིས་རང་བཞིན་གྱིས་རྟེན་གྱི་དཀྱིལ་འཁོར་གྱི་རྣམ་པར་གནས་པའོ། །དེ་ནས་བརྟེན་པ་ལྷའི་རྣམ་པ་གསུངས་པ། གསུང་གི་རྡོ་རྗེ་ཨ་སོགས་དབྱངས་དང་ཀ་སོགས་གསལ་བྱེད་ཡོངས་སུ་གྱུར་པའི་ལྷ་ཡི་རྣམ་པ་ཉིད་ནི་མཐའ་དག་རྒྱལ་བའི་རིགས་སུ་གྱུར་པ་དག་ཡི་གེ་དེ་རྣམས་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ལྷའི་རྣམ་པ་ཉིད་དུ་མཛོད་ཅེས་པའོ། །སྟོང་པ་དྲུག་གི་ཐུགས་ཀྱི་རྡོ་རྗེ་ཞེས་པ་རྣམ་ཤེས་ཚོགས་དྲུག་སྟེ་དེ་དག་རང་བཞིན་གྱིས་སྟོང་པས་རྣམ་པར་དག་པ་དང་ཡུལ་དྲུག་དང་བཅས་པ་སྒྲིབ་པ་མེད་པས་ཐུགས་ཀྱི་རྡོ་རྗེ་འདོད་པ་སོགས་རྣམ་པ་གསུམ་གྱི་སྲིད་པ་ལ་གནས་གཙོ་བོའི་རྣམ་པ་ཉིད་དུ་མཛོད་ཅིག །དེ་བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་གཟུང་བར་བྱ་བའི་སེམས་རྣམ་གསུམ་སྲིད་པ་ལ་གནས་པ་སྟོང་པ་ཉིད་ཀྱི་གཟུགས་རྣམ་རྟོག་དང་བྲལ་བ་སྲིད་པའི་འཇིགས་པ་འཇོམས་པ་ནི་ཤེས་རབ་གཙོ་མོ་སྣ་ཚོགས་ཡུམ་གྱི་རང་བཞིན་ནོ། །དེ་ལྟར་ལུས་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཁམས་རྣམས་ནི་ཕྱི་རོལ་དུ་རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར་དང་བརྟེན་པའི་འཁོར་གྱི་

p. 524

ལྷའི་ཚོགས་དང་གཙོ་བོ་དང་གཙོ་མོའོ་ཞེས་པ་ནི་བྱིས་པའི་བློ་ཅན་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཚོན་བྱེད་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བཀོད་པ་དང་སྒོ་བསྟུན་ནས་དེ་དང་དེ་ཡི་རྣམ་པར་བསྟན་པ་ནི་མོས་པས་བསྒོམ་པ་ཙམ་ཀུན་རྫོབ་ཀྱི་དབང་དུ་སྟེ། དོན་དམ་པར་ནི་ལུས་ངག་ཡིད་དང་ཡེ་ཤེས་ཀྱི་ཁམས་དེ་དག་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་སྐུ་དང་ལྷན་ཅིག་སྐྱེས་པའི་སྐུ་བཞིའི་ངོ་བོར་རང་བཞིན་གྱི་རྣམ་པར་དག་པའོ་ཞེས་གྲུབ་བོ། །གསུམ་པ་ཨ་སོགས་ཀ་སོགས་སྔགས་ཀྱི་རིགས་དྲུག་གི་ངོ་བོ་ཉིད་ཀྱི་གནས་པ་ནི། སྡེ་པ་ཀ་ལ་སོགས་པ་ཚིགས་བཅད་ལྔ་པ་ནས། བདུན་པའི་བར་གྱིས་བསྟན་ཏེ། འདིར་སྡེ་པ་ཀ་ལ་སོགས་པ་ནི་ཀ་ཙ་ཊ་ཏ་པ་ས་སྟེ་སྡེ་དྲུག་པོ་ཡིན་ལ་དེ་རྣམས་རིམ་པས་ཡོངས་སུ་བཀོད་པ་རྣམས་ཀྱི་རིགས་ནི་གོང་གི་རིམ་པ་དང་མཚུངས་པ་ཡིས་རྡོ་རྗེ་དང་རལ་གྲི༷་དང་རིན་ཆེན་དང་འཁོར་ལོ་དང་ཆུ་སྐྱེས་དང་དེ་བཞིན་གྲི༷་གུག་གི་རིགས་ཉིད་ནི་རྒྱལ་བ་རྣམས་ཀྱི་རིགས་དྲུག་སྟེ་ཀ་སྡེ་རྡོ་རྗེའི་རིགས་ནས་ས་སྡེ་གྲི་གུག་རིགས་ཡིན་པའི་བར་དུའོ། །སླར་ཡང་ཀ་སོགས་སྡེ་པ་རེ་རེ་ལ་ཡང་མཐའ་དག་རྒྱལ་བ་མཆོག་གི་རིགས་ཀྱི་དབྱེ་བ་ལྔ་རྣམས་དག་གིས་དབྱེ་བ་བྱ་སྟེ། སྡེ་པ་གཅིག་གི་རིགས་ཀྱང་ཀུན་འབྱུང་གི་བདེན་པས་ཏེ་ཁམས་གཅིག་ལ་ཡང་ལྔ་ཆར་ཚང་བའི་རིགས་པས། སྡེ་པ་སོ་སོར་ནང་གསེས་ཡི་གེའི་དབྱེ་བ་ནི་སྡེ་པའི་དང་བོ་ཀ་སོགས་ས་དང་གཉིས་པ་ཆུ་དང་། གསུམ་པ་བསྲེག་ཟ་དང་། བཞི་པ་ང་དང་ལྔ་པ་ནམ་མཁའི་དངོས་པོ་དག་ལས་སོ། །འདིར་ནི་ཀ་ཁ་ག་གྷ་ང་། ཞེས་ཀློག་པའི་ཚེ་ས་ནས་ནམ་མཁའི་བར་འབྱུང་བ་སྡུད་པའི་རིམ་པས་ཀློག་པ་ཡིན་ལ། འབྱུང་བ་མཁའ་སོགས་བསྐྱེད་པའི་རིམ་པས་ཀློག་པ་ནི་དང་པོར་སྟོང་པའི་ནམ་མཁའ་ཡི་ཁམས་ནས་རིམ་པར་རབ་ཏུ་དབྱེ་བ་དག་ཀྱང་ང་ཉ་ཎ་མ་ན་ལྔ་དང་ལྕེ་རྩ་ཅན་ནམ་ཌ་མ་རུའི་ཡི་གེ་དང་ལྡན་པ་ྈྐ་་དང་དང་པོའི་དབྱངས་ཨ་རྣམས་སོ། །དེའི་དབུས་སུ་ལྷུང་བ་ནི་དེ་སྨྲོས་པས་བཟུང་བའི་ཕྱིར་རོ་ཞེས་

p. 525

པའི་བརྡ་སྐད་ཀྱིས་ཧ་ཡིག་ཀྱང་ནམ་མཁའི་དབྱེ་བར་གྲུབ་བོ་ཞེས་གསུངས་པ་རིགས་སམ་ཡུལ་ལྟ་བུའི་གཙོ་ཆེ་བའམ་ཐོག་མཐའ་སྨྲོས་ན་དེའི་རིགས་སུ་གཏོགས་པའམ་བར་ན་ཡོད་པ་ཤུགས་ཀྱིས་བཟུང་བ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་རླུང་གི་ཡི་གེ་དག་གི་དབྱེ་བ་ནི། ཨེ༷་ཡིག་དང་གྷ་ཛྷ་ཌྷ་བྷ་དྷ་ཤ་རྣམས་དང་ཡ་ཡིག་ཡིན་ཏེ་མེ་ཡི་དབྱེ་བ་དབྱངས་རྀ༷་ལ་སོགས་ཞེས་པས། ག་ཛ་ཌ་བ་ད་ཥ་ར་རྣམས་སོ། །ཆུ་ཡི་དབྱེ་བས་ཨུ་ཡིག་དང་མཆུ་ཅན་ནམ་གླང་ཆེན་གཙུག་བུམ་གྱི་ཡི་གེ་ཅན་ཝ་དང་ཁ་ཚ་ཋ་ཕ་ཐ་ཝ་སྟེ། ས་ཡི་དབྱེ་བ་ལྀ༷་ལ་སོགས་ཞེས་པ་ལྀ་ཀ་ཙ་ཊ་པ་ཏ་ས་ལ་རྣམས་སོ། །དེ་ལྟར་མཆོག་གི་རྒྱལ་བའི་རིགས་ནི་རྡོ་རྗེ་རལ་གྲི་རིན་ཆེན་པདྨ་འཁོར་ལོ་རྣམ་པ་ལྔ་ཡི་རིགས་སུ་ཀ་ལ་སོགས་པའི་སྡེ་པ་རྣམས་སོ་སོར་རྣམ་པར་ཕྱེ་བ་ཤེས་པར་བྱའོ། །དེ་ནས་གཙུག་ཏོར་ལ་སོགས་པའི་རིགས་རྣམས་གསུངས་པ་ནི། མཚན་ཡང་དག་པར་བརྗོད་པ་ལས། གསང་སྔགས་རིགས་ཆེན་ཐམས་ཅད་དང་། ཞེས་སོགས་རིགས་དྲུག་ལ་གཟིགས་པའི་ཚིགས་བཅད་ཀྱི་དོན་བཞིན་རིགས་དེ་རྣམས་ས་བོན་ཡི་གེས་མཚོན་ཏེ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་དང་སྦྱར་བ་ནི། གཙུག་ཏོར་གྱི་རིགས་ཆེན་ནི་སྟོང་པ་ཆེན་པོ་ཡི་གེ་ལྔ་སྟེ་སྔར་བཤད་པ་དེ་དག་ནི་ཡི་གེ་ཐམས་ཅད་ལ་ཡང་རྒྱས་འདེབས་བྱེད་ཡིན་ལ། དཀྱིལ་འཁོར་དུ་རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་སེམས་དཔའོ། །རིགས་གསུམ་གྱི་རིགས་དག་ཀྱང་དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གསུམ་སྟེ་གནས་གསུམ་བྱིན་གྱིས་བརླབས་པའི་ལྷ་གསུམ་གང་ཡིན་པའོ། །ཨ་སོགས་ཞེས་པ་ཨ་ཨི་རྀ་ཨུ་ལྀ་ལྔ་ནི་ལྷའི་ཚོགས་རྒྱས་གདབ་པའི་ཕྱག་རྒྱའི་རིགས་ཏེ་མི་བསྐྱོད་པ་ལ་སོགས་པ་རྒྱལ་བ་ལྔ་པོ་དེ་རྣམས་རྒྱས་འདེབས་བྱེད་ཀྱི་ལྷའོ། །དེ་དག་གི་རྒྱས་གདབ་བྱའི་ལྷ་ལ་ཧ་ཡ་ར་ཝ་ལ་ཀྵ་དྲུག་དང་ལྡན་པའི་ཀ་སོགས་སྡེ་པ་དྲུག་པོ་མཐའ་དག་རྣམས་ཞེས་པ་ཡི་གེ་སོ་དྲུག་རྣམས་

p. 526

ནི་འཇིག་རྟེན་གསུམ་སྣང་བར་བྱེད་པའི་རིགས་ཏེ་གསལ་བྱེད་སོ་དྲུག་གི་རིགས་ཀྱི་ལྷ་སོ་དྲུག་གོ། དེ་བཞིན་དུ་དབྱངས་བཅུ་གཉིས་དང་བཅས་པའི་ཧ་ཡ་ར་ཝ་ལར་ལྡན་པའི་ཡི་གེ་དྲུག་ཅུ་ནི་ཆུ་ཚོད་དྲུག་ཅུའི་ས་བོན་གྱི་རིགས་རྣལ་འབྱོར་མ་དྲུག་ཅུ་སྔར་སྒྲུབ་ལེར་གསུངས་པ་རྣམས་དང་། ཀ་ལ་སོགས་པ་སུམ་ཅུ་དབྱངས་བཅུ་གཉིས་དང་བཅས་པ་ལོ་གཅིག་གི་ཚེས་སུམ་བརྒྱ་དྲུག་ཅུའི་ས་བོན་གྱི་རིགས་ཚེས་ལྷ་སུམ་བརྒྱ་དྲུག་ཅུ་ནི་འཇིག་རྟེན་པའི་ཞག་དང་ལོའི་ཚེས་རྣམ་པར་དག་པ་མཚོན་བྱེད་ཡིན་པས་འཇིག་རྟེན་པའི་རིགས་དང་། སླར་ཡང་ཧ་སོགས་དྲུག་དང་ཀ་སྡེ་ལྔའི་ཡི་གེ་སོ་དྲུག་གོ། ཡོན་ཏན་དང་འཕེལ་བ་དང་ཡ་ཎ་དུ་བསྒྱུར་བའི་དབྱངས་རིང་ཐུང་གཉིས་ཀྱིས་ཕྱེ་བ་སུམ་ཅུས་བསྒྱུར་བའི་སྟོང་དང་བརྒྱད་ཅུ་ནི། དབུ་མའི་ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུའི་རིགས་ཡིན་པའི་ཆ་ནས། དབུ་མའི་ཞག་དག་པས་འཇིག་རྟེན་ལས་འདས་པ་ཡི་རིགས་ཞེས་ཐ་སྙད་བྱའོ། །གསལ་བྱེད་བརྩེགས་པ་ནི་རིགས་སྔགས་འཆང་གི་དབང་པོ་མཐའ་དག་ཏུ་འགྱུར་ཏེ། རིགས་སྔགས་འཆང་བའི་རིགས་སོ་ཇི་ལྟར་ན་ཀ་སོགས་སྡེ་པ་བརྩེགས་པ་ལ་གནས་བརྒྱད་པོ་འདི་ལྟར་ཀ་ཙ་ཊ་པ་ཏ་སྡེ་ལྔ་ཀྑྒྷྔ་ཞེས་སོགས་རིམ་བརྩེགས་དང་། ལ་ཝ་ར་ཡ་ཧ་ལྔ་ཡི་ལ་དང་པོར་བྱས་ཏེ་སྟེང་ནས་མར་བརྩེགས་པ་དང་། ཡང་དེ་འདྲ་ལ་ཧ་ཡི་ཚབ་ཏུ་ཀྵ་བྱས་པ་སྟེ་སྡེ་ཚན་བརྒྱད་པོ་འདི་དག་ཕྱོགས་བརྒྱད་ལ་གནས་པའི་རིག་སྔགས་འཆང་བའི་རིགས་ཀྱི་ཡི་གེ་རྣམས་སོ། །འདི་དག་རིམ་བརྩེགས་དང་བཟློག་བརྩེགས་བྱས་པ་དབང་ལེ་དང་སྒྲུབ་ལེར་རབ་གཏུམ་མ་བརྒྱད་ཀྱི་ས་བོན་དུ་ཡང་གསུངས་ཏེ་ནུས་མ་རྣམས་ལས་རབ་གཏུམ་རྣམས་སྤྲོས་པ་ཡིན་པས། དུར་ཁྲོད་ཀྱི་ས་གཞིར་གཙོ་མོ་ཡུམ་གྱི་རིགས་ཀྱི་ས་བོན་འདི་དག་དེའི་འཁོར་གྱི་གྲུབ་པ་རྣམས་དང་བཅས་པའི་ས་བོན་དུ་འགྱུར་ལ། བརྩེགས་ཚུལ་རིམ་རིམ་མིན་གཉིས་ཡོད་ཀྱང་ཡི་གེའི་ངོ་བོ་འདྲ་བའོ། །བཞི་པ་ཐབས་ཤེས་

p. 527

ཀྱི་རྒྱུད་སོ་དྲུག་གི་ངོ་བོ་ཉིད་ཀྱི་གནས་པ་ནི། ཀ་སོགས་ཡི་གེ་ཞེས་སོགས་ཚིགས་བཅད་བརྒྱད་པ་ནས། བཅུ་གཉིས་པའི་བར་གྱིས་བསྟན་ཏེ། འདིར་ཀ་ལ་སོགས་པ་སྡེ་པ་དྲུག་གི་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ། ཧ་ཡ་ར་ཝ་ལར་ལྡན་ཀྵ་དང་བཅས་པ་ཡི་གེ་སུམ་ཅུ་རྩ་དྲུག་ཉིད་ནི་རྒྱུད་སུམ་ཅུ་རྩ་དྲུག་སོ་སོ་རེ་རེར་འགྱུར་ལ། དེའི་གསལ་བྱེད་ཀྱི་ཡི་གེ་རེ་རེ་ལ་ཡང་དབྱངས་སུམ་ཅུ་རྩ་དྲུག་ཉིད་ཀྱི་རྣམ་པར་འགྱུར་བས་ཕྱེ་བ་ལས་རོ་ཡིས་བསྒྱུར་བའི་རོ་སྟེ་དྲུག་དྲུག་སུམ་ཅུ་རྩ་དྲུག་ནི་དཀྱིལ་འཁོར་དེ་དང་དེའི་འཁོར་ལོའི་མགོན་པོ་གཙོ་བོ་རྣམས་སུ་འགྱུར་རོ། །སྐབས་འདིར་དབྱངས་སོ་དྲུག་ནི་ཨ་སོགས་རྩ་བའི་དབྱངས་ལྔ་ཐུང་ངུའི་རྗེས་སུ་ཨཾ། དེ་ལྔ་རིང་པོའི་རྗེས་སུ་ཨཱཿ སྟེ་བཅུ་གཉིས་དང་། ཨ་ཨེ་ཨར་ཨོ་ཨལ་ཨཾ་ཡོན་ཏན་དང་། དེ་ཉིད་རིང་པོར་བྱས་པ་འཕེལ་བ་ཞེས་བྱ་སྟེ། ཨཱ་ཨཻ་ཨཱར་ཨཽ་ཨཱལ་ཨཱཿ སྟེ་བཅུ་གཉིས་དང་། ཡ་ཎར་བསྒྱུར་བ། ཧ་ཡ་ར་ཝ་ལ་ཧཾ་སྟེ་ཐུང་ངུ་དང་། ཧཱ་ཡཱ་རཱ་ཝཱ་ལཱ་ཧཱཿ རིང་པོ་དྲུག་སྟེ་བཅུ་གཉིས་བཅས་ཁྱོན་སོ་དྲུག་གོ། དེ་ཡང་གསལ་བྱེད་གཙོ་བོ་ཀ་རྡོ་རྗེའི་རྒྱུད་ལ་མཚོན་ན། གཙོ་བོ་སྐུ་ནི་གཅིག་པ་ངེས་པར་དབྱངས་གཅིག་གི་རང་བཞིན་གྱིས་ཕྱེ་བ་སྟེ་ཨ་ཡིག་དང་ལྡན་པས་གསལ་བྱེད་ཀ་གཅིག་ནི་དཔའ་བོ་གཅིག་པ་ཡི་ས་བོན་ནོ། །འཁོར་དང་བཅས་པ་གཉིས་ནི་ཨ་ཡིག་གཉིས་དང་ལྡན་པ་ནི་གཙོ་བོ་ལ་ཤེས་རབ་མ་དག་གིས་འཁྱུད་པར་འགྱུར་ཏེ་ཀཱའོ། །ལྷ་ལྔ་ཡི་བདག་ཉིད་ནི་ཀཱ་ཀི་ཀྲྀ་ཀུ་ཀླི་ཞེས་ཡི་གེ་ལྔ་ཡིས་འགྱུར་ཏེ། འཁོར་དང་བཅས་པ་དགུ་ནི་འཁོར་ལོའི་མགོན་པོ་དགུ་ཡི་བདག་ཉིད་དེ། ཀཱ་ཀི་ཀཱི་ཀ་རྀ་ཀ་རཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་དགུ་སྟེ་ཀཱ་རིང་པོ་གཙོ་བོ་ཡབ་ཡུམ་གཉིས་སུ་མེད་པའི་ས་བོན་ཡིན་ལ་གཙོ་མོ་འབའ་ཞིག་གི་ས་བོན་དུ་བྱས་ན་སྐབས་འདིར་གཙོ་བོ་མི་བརྩི་བ་ཡང་ཡོད་དེ་དོན་འདྲའོ། །འཁོར་རིགས་བཞིའི་ས་བོན་གྱི་སྟེང་དུ་ཡུམ་བཞིའི་ས་བོན་རིང་པོ་བཞི་བསྣན་པའི་ལྷ་དགུ་མའོ། །

p. 528

དབྱངས་ཀྱི་གྲངས་ཀྱི་བདག་ཉིད་བཅུ་གསུམ་དག་གིས་ལྷ་བཅུ་གསུམ་མར་འགྱུར་ཏེ་སྔ་མ་དགུ་ཡི་སྟེང་དུ་ཀྻ་ཀྼ་ཀླ་ཀྺ ། ཀ་ཡི་འོག་ཏུ་བསྒྱུར་བའི་ཡི་གེ་བཞི་བསྣན་ན་སྒོ་སྐྱོང་བཞི་དང་བཅས་པའི་ལྷ་བཅུ་གསུམ་མར་འགྱུར་རོ། །དགུ་དང་ཕྱོགས་རྣམས་ཀྱིས་ཀྱང་ཞེས་པ་བཅུ་དགུ་སྟེ། སྔ་མ་བཅུ་གསུམ་མ་ལ་ཡུལ་དྲུག་དག་པ་སེམས་མ་དྲུག་གི་ས་བོན་ཀཱ་ཀཻ་ཀཱར་ཀཽ་ཀཱལ་ཀཿ ཞེས་འཕེལ་བའི་དབྱངས་ཀྱིས་ཕྱེ་བ་བསྣན་པས་ལྷ་བཅུ་དགུ་མར་འགྱུར་རོ། །ཀྱང་ཡིག་གིས་བསྡུས་པ་ཡོན་ཏན་གྱི་དབྱངས་ཀྱིས་ཕྱེ་བ། ཀ་ཀེ་ཀར་ཀོ་ཀཱལ་ཀཾ༑ ཞེས་པ་དྲུག་སྔ་མ་བཅུ་དགུ་མའི་སྟེང་དུ་བསྣན་ན་ལྷ་ཉི་ཤུ་རྩ་ལྔར་འགྱུར་ཏེ། འདིར་ཐུང་ངུ་སེམས་མ་དང་རིང་བོ་སེམས་དཔའི་ས་བོན་དུ་བྱས་པ་སྣང་སྟེ་ནོར་བའོ། །ཉེར་ལྔ་མའི་སྟེང་དུ། ལས་དབང་ལྔ་སྒོ་སྐྱོང་ལྔ་དང་། ལས་དབང་གི་བྱ་བ་ལྔ་ཡུམ་ལྔ་བཅས་པའི་སྒོ་སྐྱོང་ཡབ་ཡུམ་བཅུར་བྱས་ན་སྔ་མ་སྒོ་སྐྱོང་བཞིའི་ས་བོན་གོང་དུ་སྨྲོས་ཟིན་ལ། དེའི་སྟེང་དུ་སྒོ་སྐྱོང་ཁྲོ་བཅུ་བྱེད་ན། ཀྷ་ཀྻཱ་ཀྼཱ་ཀྺཱ ཀླཱ་ཀྷཱ༔ དྲུག་བསྣན་པས་སུམ་ཅུ་རྩ་གཉིས་སྟེ་དཀྱིལ་འཁོར་གྱི་སྙིང་པོའི་ཤེས་རབ་མ་དང་གཙོ་བོ་ཐ་དད་དུ་བགྲང་བ་དང་བཅས་པས་སོ། །ཐོག་མཐའི་ཧ་གཉིས་ནི་སྟེང་འོག་གི་སྒོ་སྐྱོང་གི་ས་བོན་ནོ། །དེའི་སྟེང་དུ་ལས་དབང་དྲུག་པ་དང་དེའི་བྱ་བ་དྲུག་པའི་ས་བོན། ཀཾ་ཀཿ ཞེས་བསྣན་ན་སོ་བཞི་མའོ། །འདིར་རྒྱ་དཔེར་ཀྷ་ཀྷ༔ ཞེས་ཡོད་ལ། ཁམས་ལེར་ས་བོན་ཧཾ་ཧཿགསུངས་པ་དང་མཐུན་ནོ་ཞེས་ཀྱང་བཤད། དེའི་སྟེང་དུ་ཕུང་པོ་དྲུག་པ་ཡེ་ཤེས་ཀྱི་ཕུང་པོ་དང་ཁམས་དྲུག་པའི་ས་བོན་ཀྷཾ་ཀྷ༔ བཅས་པས་ལྷ་སུམ་ཅུ་རྩ་དྲུག་གི་བདག་ཉིད་དེ། འདིར་ཡང་ཁམས་ལེ་དང་བསྟུན་ན་ཀཾ་ཀཿཞེས་བཤད། དེ་ལྟར་འཁོར་གྱི་ལྷ་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་དེ་རྣམས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དུ་འགྱུར་བ་ནི་དབུས་སུ་ཧཱུྃ་ཡིག་ལས་གྱུར་པའི་གཙོ་བོ་དང་འཁོར་སོ་དྲུག་དང་བཅས་པས་དེ་ལྟར་འགྱུར་རོ། །འདི་རྣམས་ཐབས་དང་ཤེས་རབ་ཟུང་དུ་བསྡེབས་ན་ཀ་ཀཱ་སོགས་ནས་ཀླྀ་ཀླཱྀ་

p. 529

ཀཾ་ཀཿཞེས་རྩ་བའི་དབྱངས་ཐུང་རིང་གིས་ཕྱེ་བ་བཅུ་གཉིས་དང་། དེ་བཞིན་དུ་ཀ་ཀཱ་ཀེ་ཀཻ་སོགས་ཀཾ་ཀཿཞེས་པ་བཅུ་གཉིས་ཡོན་ཏན་དང་འཕེལ་བས་ཕྱེ་བ་དང་། ཀྷ་ཀྷཱ་སོགས་ཀྻ་ཀྻཱ་སོགས་ཀྷ་ཀྷ༔ ཡ་ཎར་བསྒྱུར་བ་ཐུང་ངུ་རིང་པོས་ཕྱེ་བ་སྟེ་ཁྱོན་བསྡོམས་སོ་དྲུག་ཉིད་དོ། །ཇི་ལྟར་ཀ་རྡོ་རྗེའི་རྒྱུད་ལ་སོ་དྲུག་ཏུ་རིགས་ཀྱིས་རབ་ཏུ་དབྱེ་བ་དེ་བཞིན་ཁ་རྡོ་རྗེའི་རྒྱུད་གསུངས་ཏེ་དེ་ལའང་རིགས་སོ་དྲུག་ཏུ་དབྱེ་སྟེ་དེ་ལྟར་གསལ་བྱེད་སོ་དྲུག་ལ་སྦྱར་བས་རིགས་ཀྱི་ལྷ་སྟོང་དང་ཉིས་བརྒྱ་གོ་དྲུག་ཏུ་འགྱུར་ཞིང་ས་བོན་ཡི་གེའི་རིགས་ཀྱིས་སྒྲིབ་བྲལ་དག་པ་འབྲས་བུའི་ལྷའི་རིགས་དང་། སྒྲིབ་བཅས་ཕུང་ཁམས་དབང་ཡུལ་གྱི་ཆོས་དག་གཉིས་སུ་མེད་པར་དག་པ་སྦྱར་བ་ཡིན་པར་ཤེས་པར་བྱ་སྟེ། དེ་ལྟར་སུམ་ཅུ་རྩ་དྲུག་གི་བདག་ཉིད་ནི་དཀྱིལ་འཁོར་གྱི་དབང་པོའོ། །ཡ་ལ་སོགས་པ་རྣམས་ཀྱིས་སྒོ་སྐྱོང་ཞེས་པ་ནི་གོང་བཞིན་ཀྻ་སོགས་ཀྱི་སྒོ་སྐྱོང་དང་། མཐའ་དག་ཚོགས་ཀྱི་རིགས་ནི་ཕུང་ཁམས་སྐྱེ་མཆེད་ཀྱི་མཚན་ཉིད་ནི་ལྷག་མའི་དབྱངས་རྣམས་ཀྱིས་ཕྱེ་བའི་ཡི་གེ་ཉིད་ཀྱིས་སོ། །དེ་ཡང་སྒོ་སྐྱོང་བཞི་ལས་ལྷག་པའི་ཁྲོ་བོ་བཅུར་བྱེད་ན་དེའི་ཚེ་ལྷག་མའི་ཁྲོ་བོ་དྲུག་ཏུ་ཧ་སོགས་ཀྱིས་དེའི་ཡི་གེར་འགྱུར་བ་་ཀྷཱ་ཀྷཱ་ཀྻཱ་ཀྼཱ་ཀྺཱ་ཀླཱ་ཞེས་རིང་པོས་སོ། །གང་དུ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དང་ཧཱུྃ་མཛད་ཀྱང་བསྒོམ་བྱ་ཡིན་པ་དེར་ནི་ཀྷ་ཀྷ༔ ཞེས་པ་སྟེ་དེ་ལྟར་ཁྲོ་བོ་བཅུ་གཉིས་ནི་རིགས་དྲུག་གི་རྒྱུད་དེ་ཁྲོ་བཅུ་ནི་ཕུང་པོ་ལྔའི་རིགས་ཡིན་ལ་ཁྲོ་བོའི་དབང་པོ་གཉིས་ནི་ཡེ་ཤེས་ཀྱི་རིགས་སོ། །ཀ་རྡོ་རྗེ་ལྟ་བུ་རིགས་གཅིག་གི་རྒྱུད་ལ་ཡང་དབྱངས་དྲུག་གི་རིགས་ཀྱི་དབྱེ་བ་རྣམས་ཀྱིས་རིགས་དྲུག་ཏུ་གནས་སོ་ཞེས་པ་ནི་ངེས་པའོ། །ལྷ་དེ་རྣམས་ཀྱང་སོ་སོའི་རང་བཞིན་ཡོན་ཏན་གྱི་དབང་གིས་རང་རང་གི་རིགས་ཀྱི་ཕྱོགས་སུ་གནས་པ་རྣམས་ཏེ། ཇི་ལྟར་ན་ས་བོན་ང་གི་དབྱངས་སོགས་ཀྱི་དབྱེ་བ་ཡིས། ནམ་མཁའི་ཁམས་ཅན་སྟེང་དང་། ཡེ་ཤེས་ཀྱི་ཁམས་འོག་ཏུ་གནས་ལ། རླུང་ཤར་དང་མེ་ཁམས་པ་ལྷོ་

p. 530

དང་ཆུ་ཁམས་པ་བྱང་དང་ས་ཁམས་པ་ནུབ་ཏུ་གནས་སོ། །དེ་ལྟར་སོ་སོར་ཀ་ཡིག་ལ་སོགས་པའི་གསལ་བྱེད་ནི་དབྱངས་ཀྱི་ཡི་གེའི་དབྱེ་བ་རྣམས་ཀྱིས་རོ་ཡིས་བསྒྱུར་བའི་རོ་སྟེ་སུམ་ཅུ་རྩ་དྲུག་ནི་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་རྣམ་གྲངས་ཀྱི་དབྱེ་བར་འགྱུར་ཏེ། རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་གཉིས་ཀ་རང་གི་ངོ་བོས་ཐབས་ཤེས་ཀྱི་བདག་ཉིད་སྦྱོར་བས་གཉིས་མེད་ཀྱི་རྒྱུད་དུ་གནས་ཀྱི་ཐབས་ཤེས་ཡ་བྲལ་བ་མེད་ཀྱང་། ཀུན་རྫོབ་ཏུ་སེམས་ཅན་གྱི་བསམ་པའི་དབང་གིས། དཀྱིལ་འཁོར་གང་དུ་ལྷ་དམ་ཚིག་པ་ལ་ཡེ་ཤེས་པ་དགུག་པ་ལ་སོགས་པའི་བྱ་བ་བྱེད་པ་ལ་རྣལ་འབྱོར་མ་ལྷ་མོ་རྣམས་ཡང་དག་པར་རྒྱུ་ཞིང་གཙོ་བོ་ལྷ་རྣམས་མི་གཡོ་བ་དེ་ནི་རྣལ་འབྱོར་མའི་རྒྱུད་དོ། །གང་དུ་ཐབས་ཡང་དག་པར་རྒྱུ་ཞིང་ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ། །འདི་དག་ཀྱང་ཆ་འདི་ཙམ་གྱིས་སྒོ་ནས་དེ་ལྟར་བཞག་ཀྱང་། སྤྱིར་རྒྱུད་རྣམས་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་ཡིན་པར་འདྲ་ཡང་། ཐབས་སྒྱུ་ལུས་དང་ཤེས་རབ་འོད་གསལ་དང་། གཉིས་མེད་ཟུང་འཇུག་གི་བརྗོད་བྱ་གཙོ་བོར་བསྟན་པའི་ཆ་ནས་ཐབས་ཀྱི་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། གཉིས་སུ་མེད་པའི་རྒྱུད་དུ་འཇོག་པ་སོགས་རྣམ་བཞག་གཞན་དང་གཞན་གྱི་སྒོ་ནས་འཇོག་ཚུལ་མཁས་པ་རྣམས་ཀྱི་བཞེད་པ་དུ་མ་ཡོད་པས་སྐབས་འདི་ལྟ་བུ་སོགས་ལ་མཐའ་གཅིག་ཏུ་ཨ་འཐས་མི་དགོས་ཏེ་ཕྱོགས་རེའི་གཞལ་ཚུལ་ཙམ་མོ། །དེའི་ཕྱིར་བླ་མེད་ཀྱི་རྒྱུད་ཐམས་ཅད་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་ཡིན་པར་འདྲ་ཡང་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་རྩལ་དུ་བཏོན་ནས་འཆད་ཚུལ་གྱི་དགོངས་པའི་དབང་གིས། འདུས་པ་དང་གཤིན་རྗེའི་གཤེད་སོགས་ཕ་རྒྱུད་དམ་ཐབས་ཀྱི་རྒྱུད་དང་། ཀྱེ་རྡོ་རྗེ་དང་བདེ་མཆོག་སོགས་མ་རྒྱུད་དམ་ཤེས་རབ་ཀྱི་རྒྱུད་དུ་ཡོངས་སུ་གྲགས་ཀྱང་། ཀྱེ་རྡོ་རྗེ་ལས། ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །བཛྲ་ཤེས་རབ་ཅེས་བརྗོད་དེ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་

p. 531

བཤད་ཀྱིས་ཉོན། །ཞེས་གསུངས་པའི་ཕྱིར་ཀྱེ་རྡོ་རྗེ་ཤེས་རབ་ཀྱི་རྒྱུད་དུ་མི་འགྱུར་ཏེ། ཤེས་རབ་ཀྱི་རྒྱུད་བཤད་ཀྱིས་ཉོན་ཅེས་མ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་འདུས་པ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་པར་མངོན་པར་བརྗོད། །འདུས་པ་སྦྱོར་བར་རབ་གསུངས་ཏེ། །སངས་རྒྱས་ཐམས་ཅད་མངོན་བརྗོད་བྱེད། །ཅེས་གསུངས་པའི་ཕྱིར་འདི་ཐབས་ཀྱི་རྒྱུད་དུ་མི་འགྱུར་རོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལས། །ཐབས་ཀྱི་ལུས་ཀྱིས་རྣལ་འབྱོར་མིན། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས། །ཞེས་གསུངས་ཏེ། འདི་ཐམས་ཅད་ཐབས་ཤེས་གཉིས་མེད་ཀྱི་རྣལ་འབྱོར་སྟོན་པར་ཁྱད་མེད་ཀྱང་བརྗོད་བྱ་དོན་གྱི་ཡེ་ཤེས་སྟོན་ཚུལ་གྱི་སྒོ་ནས་ཕ་རྒྱུད་མ་རྒྱུད་སོགས་སུ་འཇོག་པའང་འཐད་པ་ཡིན་ལ་དེ་ལྟར་ཐབས་དང་ཤེས་རབ་ཀྱི་ཆ་ཡི་བརྗོད་བྱའི་སྒོ་ནས་ཕ་རྒྱུད་མ་རྒྱུད་གཉིས་སུ་དབྱེ་བ་བྱེད་རུང་ན་གཉིས་སུ་མེད་པའི་ཡེ་ཤེས་རྩལ་དུ་བཏོན་ནས་གསུངས་པའི་རྒྱུད་རྣམས་ལ་གཉིས་མེད་ཀྱི་རྒྱུད་ཅེས་པའི་དབྱེ་བ་གསུམ་པ་ཡང་མི་ཁེགས་པར་གནོད་མེད་དུ་འགྲུབ་ལ། གལ་ཏེ་གཉིས་མེད་ཀྱི་རྒྱུད་ཅེས་ཕུང་གསུམ་པར་འཇོག་པ་དེ་ཁེགས་ན་སྔ་མ་གཉིས་ལའང་དེ་འདྲའི་དབྱེ་བ་མི་འཐད་པར་འགྱུར་པས་ན་སྤྱིར་རྒྱུད་གསུམ་གྱི་རྣམ་བཞག་འཐད་པར་འགྱུར་རོ། །དེ་བཞིན་གསལ་བྱེད་ཀྱི་ཡི་གེ་ཀ་ལྟ་བུ་གཅིག་གམ་སོ་སོ་རེ་རེ་ཡང་རོ་ཡིས་བསྒྱུར་བའི་རོ་ཡི་སྟེ་སོ་དྲུག་ནི་དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་གྱི་དབང་པོའམ་གཙོ་བོ་སྟེ། རིགས་གཅིག་གི་རྒྱུད་དུ་གྲུབ་པ་གང་ཡིན་པ་དེ་ཉིད་རིགས་གསུམ་དང་རིགས་ལྔ་དང་སྟོང་དང་འབུམ་དང་བྱེ་བའི་དབྱེ་བས་ཐ་དད་པར་འགྱུར་བས་འདུས་པ་ལ་སོགས་པ་དང་ཀྱེ་རྡོ་རྗེ་ལ་སོགས་པའི་རྒྱུད་རྣམས་ལ་ལྷའི་གྲངས་འདི་ཁོ་ནའོ་ཞེས་ངེས་པ་བཟུང་དུ་མེད་དེ་སེམས་ཅན་མཐའ་ཡས་པའི་བསམ་པའི་དབང་གིས་ལྷ་

p. 532

གཅིག་གི་དཀྱིལ་འཁོར་ལ་ཡང་ལྷའི་གྲངས་སྣ་ཚོགས་སུ་འགྱུར་རོ་ཞེས་པ་ནི་རྒྱུད་ཀྱི་ངེས་པའོ་ཞེས་གསུངས་སོ། །དེ་ནས་སྔགས་ཀྱི་ལྷ་རྣམས་ཀྱི་དག་པ་གསུངས་པ། ཕུང་པོ་ལྔ་དག་པས་ལྷ་ལྔ་དང་འབྱུང་བ་བཞི་དག་པ་དང་བཅས་བའི་ལྷ་དགུ་དང་དབང་པོ་ལ་སོགས་ཞེས་པས་ལས་དབང་བཞི་དག་པ་དང་བཅས་པས་དགུའི་སྟེང་དུ་བཞི་བསྣན་ཏེ་བཅུ་གསུམ་དང་། ཡུལ་དྲུག་དང་བཅས་པའི་བཅུ་དགུའི་བདག་ཉིད་དང་དབང་པོ་དྲུག་དང་བཅས་པའི་ཉི་ཤུ་རྩ་ལྔའི་བདག་ཉིད་དག་པར་འགྱུར་རོ། །ལས་དབང་ལྔ་བྱ་བ་དང་བཅས་ཤིང་ལྷན་ཅིག་པ། ལས་དབང་ལྔ་པོ་བྱ་བ་ལ་རབ་ཏུ་ཞུགས་པ་ན་རང་འོད་ཀྱི་ཤེས་རབ་དང་བཅས་པ་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །ལས་དབང་དྲུག་པ་དེའི་བྱ་བ་དང་ལྡན་པ་དང་བཅས་པ་དག་པའི་བདག་ཉིད་ཀྱིས་ལྷ་སོ་བཞིར་འགྱུར་རོ། །ཕུང་པོ་དང་ཁམས་དྲུག་པ་དག་དང་ལྡན་པས་སོ་དྲུག་སྟེ་གོང་དུ་བཤད་པ་བཞིན་ནོ། །དེ་ལྟར་ཕུང་པོ་དྲུག་དང་། ཁམས་དྲུག་དང་། དབང་པོ་དྲུག་དང་། ཡུལ་དྲུག་དང་། ལས་ཀྱི་དབང་པོ་དྲུག་དང་། ལས་དབང་གི་བྱ་བ་དྲུག་སྟེ་ཁམས་སོ་དྲུག་དག་པ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་སོ། །དེ་རྣམས་ལ་ཁྱབ་པར་བྱེད་པ་ཡུལ་ཅན་ཐུགས་དང་ཡུལ་ཡེ་ཤེས་སམ་ཆོས་ཅན་སེམས་དང་ཆོས་ཉིད་ཡེ་ཤེས་གཅིག་ཏུ་བསྲེས་པ་ནི་གཙོ་བོ་ཡབ་ཡུམ་སྟེ་དེ་ལྟར་དབྱངས་ཀྱི་ཡི་གེའི་རིགས་ཀྱིས་མཚོན་ནས་དབྱེ་བས་མཐའ་དག་ཚོགས་ཀྱི་རིགས་ཁམས་ཐ་མལ་བ་རྣམས་ནི་དག་པའི་ལྷའི་རྣལ་འབྱོར་གྱིས་རྣམ་པར་སྦྱང་བར་བྱའོ། །ཞེས་སོ། །སྟོང་པ་གཞོམ་དུ་མེད་པ་ཡེ་ཤེས་ཀྱི་རང་བཞིན་ཨ་ལ་སོགས་པ་མཐའ་དག་རྒྱལ་བའི་རིགས་དྲུག་པོ་རྣམས་ཀྱིས་ནི་ལྷ་རྣམས་ལ་རྒྱ་ཡིས་གདབ་པ་སྟེ། དེ་ཡང་ཇི་ལྟར་བྱ་ན། གཙུག་ཏོར་ནས་ནི་གསང་བའི་ཆུ་སྐྱེས་ཀྱི་མཐའ་རུ་གྱུར་པའི་མི་མཉམ་པ་ཡབ་ཀྱི་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དང་། མཉམ་པའི་ཞེས་པ་ཡུམ་གྱི་རིགས་གསུམ་ལ་གནས་དྲུག་གི་རྩ་ཡི་འཁོར་ལོའི་དབུས་ཀྱི་གདན་ལའོ། །

p. 533

ཞེས་པས། གཙུག་ཏོར་གྱི་འཁོར་ལོར་ནམ་མཁའི་ཐིག་ལེ་ལྗང་ཀུ་ལ་རྣམ་ཤེས་ཕུང་པོ་དག་པ་མི་བསྐྱོད་པའི་ཨའོ། །སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ཐིག་ལེ་ནག་པོ་ལ་འདུ་བྱེད་དག་པ་དོན་གྲུབ་ཀྱི་ཨིའོ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་སྣང་བ་མཐའ་ཡས་ཨུ་སྟེ་མི་མཉམ་པའི་འཁོར་ལོ་ལ་མི་མཉམ་པ་ཐབས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཆུ་རླུང་ནམ་མཁའི་ཁམས་གསུམ་མོ། །དེ་བཞིན་དུ་ལྟེ་བར་དུས་ཀྱི་མེ་ཐིག་ལེ་སེར་པོའི་གདན་ལ་གཟུགས་ཕུང་དག་པ་རྣམ་པར་སྣང་མཛད་ཀྱི་ལྀའོ། །མགྲིན་པར་ཉི་གདན་ལ་འདུ་ཤེས་ཕུང་པོ་དག་པ་རིན་ཆེན་དབང་པོའི་རྀའོ། །གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐིག་ལེ་སྔོན་པོ་ལ་ཡེ་ཤེས་ཀྱི་ཕུང་པོ་སྒྲིབ་བྲལ་རྡོ་རྗེ་སེམས་དཔའི་ཨཾ་སྟེ་ས་མེ་ཡེ་ཤེས་གསུམ་ནི་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་རིགས་གསུམ་ཡིན་ལ་དེ་ལྟར་ལྷ་རྣམས་ཀྱིས་རྒྱས་གདབ་པ་ནི་སྐུའི་རྒྱས་གདབ་པའོ། །གསུང་སྲོག་གི་རྒྱས་གདབ་པ་ལ་ནི། ལྟེ་བར་ས་དཀྱིལ་ལ་ལྀ། སྙིང་གར་ཆུ་དཀྱིལ་ལ་ཨུ། མགྲིན་པར་མེ་དཀྱིལ་ལ་རྀ། དཔྲལ་བར་རླུང་དཀྱིལ་ལ་ཨི། གཙུག་ཏོར་དུ་སྟོང་པའི་དཀྱིལ་འཁོར་ལ་ཨ་སྟེ་དེ་ལྟར་ཡི་གེ་དགོད་པར་བྱའོ། །དེ་བཞིན་དུ་ཐུགས་ཐིག་ལེས་རྒྱས་གདབ་པ་ནི། དཔྲལ་བར་ཟླ་དཀྱིལ་ལ་ཨོཾ། མགྲིན་པར་ཉི་དཀྱིལ་ལ་ཨཱཿ སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུྃ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོ་ཞེས་རྡོ་རྗེ་བཞི་ཡི་རིགས་ཀྱི་རྒྱས་གདབ་པའོ། །དེ་བཞིན་དུ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་རྒྱས་གདབ་པ་ནི། ཨ་ཡིག་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པས་རྡོ་རྗེ་ནོར་བུ་ལ་ཡིག་འབྲུ་ཀུན་གྱི་མཆོག་ཨ། ཞེས་པས་རྒྱས་འདེབས་པར་གྲུབ་བོ། །དེ་ལྟར་སྐུ་རིགས་དྲུག་དང་གསུང་རིགས་ལྔ་དང་། ཐུགས་རིགས་བཞི་དང་། ཡེ་ཤེས་རིགས་གཅིག་རྣམས་ཀྱི་རྒྱས་གདབ་པའོ། །དེ་ནས་ཞལ་ལ་སོགས་པའི་དབྱེ་བས་རིགས་ཀྱི་དག་པ་གསུངས་པ། རྡོ་རྗེ་

p. 534

རྣམས་ཀྱིས་ཞལ་གྱི་དབྱེ་བར་འགྱུར་ཏེ་ཞེས་གསུངས་པ་ནི། རིགས་གཅིག་ཏུ་དག་པའི་ཞལ་གཅིག་དང་རིགས་གསུམ་གྱིས་དག་པ་ཞལ་གསུམ་དང་། རིགས་ལྔས་དག་པ་ཞལ་ལྔ་དང་། རིགས་དྲུག་གིས་དག་པ་ཞལ་དྲུག་ཏུ་འགྱུར་ཏེ། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས་ཞེས་སོ། །དེ་བཞིན་ཐུན་ཕྱེད་བརྒྱད་རྣམ་པར་དག་པས་ཞལ་བརྒྱད་པ་ལ་སོགས་པ་ནས་རིགས་བརྒྱ་དག་པས་ཧ་ལ་ཧ་ལ་གདོང་བརྒྱ་པ་ནི། ཁམས་རྣམས་ཀྱི་དག་པ་གཙོ་བོར་འགྱུར་རོ་ཞེས་རྒྱུད་གཞན་དུ་གསུངས་པའི་ལྷའི་ཞལ་གྱི་ངེས་པ་སྟེ་རྒྱལ་བའི་བདག་པོ་གཙོ་བོའི་ཞལ་གྱི་ངེས་པའོ། །འདིར་རྡོ་རྗེ་ཞེས་པས་སྒྲིབ་བྲལ་གྱི་རང་བཞིན་ཡིན་པས་རིགས་དེ་རྣམས་ལ་རྡོ་རྗེ་ཞེས་བྱའོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོའི་རྒྱུད་ལ་དཀྱིལ་འཁོར་གྱི་བདག་པོ་ཡང་གཅིག་ལ་སོགས་པ་མཐའ་ཡས་ཞལ་དང་ཕྱག་དང་ཞབས་མང་དུ་མའི་ཁ་དོག་དང་ནི་མུན་པའི་མཐར་ཞེས་སོགས་སྒྲུབ་ཐབས་ཀྱི་ལེའུ་ལས་གསུངས་སོ། །རྒྱལ་བའི་བདག་པོའི་ཕྱག་རྣམས་དབྱངས་ཀྱིས་ཕྱེ་བ་ཡིས། ཞེས་པ་ཧ་ཡིག་ལ་ཨ་ཨི་རྀ་ཨུ་རིང་ཐུང་ཞུགས་པ་ཧ་ཧཱ་ཧི་ཧཱི་སོགས་བརྒྱད་ནི་གཡོན་དང་གཡས་ཀྱི་ཕྱག་ནག་པོ་བརྒྱད་དེ་མུན་པའི་ཡོན་ཏན་རྣམ་པར་དག་པ་ཐུགས་ཀྱི་རང་བཞིན་ལས་སོ། །དེ་བཞིན་དུ་ཨ་ཨེ་ཨར་ཨོ་ཡོན་ཏན་གྱི་དབྱངས་ཐུང་རིང་བརྒྱད་ཀྱིས་སྤེལ་བས། ཧ་ཧཱ་ཧེ་ཧཻ་སོགས་བརྒྱད་ནི་གཡས་གཡོན་གྱི་ཕྱག་དམར་པོ་བརྒྱད་དེ་རྡུལ་གྱི་ཡོན་ཏན་རྣམ་པར་དག་པ་གསུང་གི་རང་བཞིན་ལས་སོ། །ཧ་ཡ་ར་ཝ་བཞི་ཐུང་རིང་དང་བརྩེགས་པས་ཧྷ་ཧྷཱ་ཧྻ་ཧྻཱ་སོགས་བརྒྱད་ནི་གཡོན་གཡས་ཀྱི་ཕྱག་དཀར་པོ་བརྒྱད་དེ་སྙིང་སྟོབས་ཀྱི་ཡོན་ཏན་དག་པ་སྐུའི་རང་བཞིན་ལས་སོ་ཞེས་པ་དུས་ཀྱི་འཁོར་ལོའི་ཕྱག་གི་དག་པའོ། །དེ་བཞིན་སྣ་ཚོགས་ཡུམ་གྱི་ཕྱག་ནི་ཡོན་ཏན་ཐམས་ཅད་དེ་ཡོན་ཏན་གསུམ་དང་ཡུལ་ལྔའི་ཡོན་ཏན་ལྔ་བཅས་བརྒྱད་པོ་དག་པས་ཧཾ་ཧཿཧླྀ་ཧླཱྀ་ཧལ་ཧཱལ་ཧླཧླཱ་ཞེས་པ་གཙོ་བོའི་ཕྱག་གི་དབྱངས་ལྷག་མ་རྣམས་ཀྱིས་ཧ་ཡིག་སྤེལ་བ་བརྒྱད་ལས་གཡོན་དང་

p. 535

གཡས་ཀྱི་ཕྱག་བརྒྱད་ཀ་སེར་པོ་སྟེ། སྣ་ཚོགས་ཡུམ་ནི་ཡེ་ཤེས་ཀྱི་ཞལ་གྱི་རང་བཞིན་ལས་སོ་ཞེས་པ་ངེས་པའོ། །དེ་ཉིད་རྣམས་ཀྱིས་ཕྱག་རྒྱའི་རབ་ཏུ་དབྱེ་བ་ཞེས་པ་ནི། ཨཱ་ཨཱི་རཱྀ་ཨུ་ལཱྀ་ཨཿ ཞེས་པ་མཁའ་རླུང་མེ་ཆུ་ས་དང་ཡེ་ཤེས་ཀྱི་རིགས་ཀྱི་དབྱེ་བ་རྒྱལ་བ་དྲུག་གི་ཡི་གེ་སྟེ། ལྷའི་ཚོགས་ཐམས་ཅད་ཀྱི་རྒྱས་འདེབས་བྱེད་དོ། །གཞན་ཡང་དེ་བཞིན་སྐུ་ཡི་རྡོ་རྗེ་ལ་སོགས་ཀྱིས་རྒྱས་གདབ་པ་ནི་ཨོཾ་ཨཱཿཧཱུྃ་ཧོ་བཞི་དང་ཡེ་ཤེས་ཀྱི་རིགས་གཅིག་གི་རྒྱས་གདབ་པ། གཞོམ་དུ་མེད་པའི་ཨ་སྟེ། དེ་ལྟར་རིགས་དྲུག་དང་ལྔ་དང་བཞི་དང་གསུམ་དང་རིགས་གཅིག་གིས་རྒྱས་གདབ་པ་ནི་སུམ་ཅུ་རྩ་དྲུག་ཐབས་ཤེས་མཉམ་པར་སྦྱོར་བའི་རྣལ་འབྱོར་གྱི་རྒྱུད་ཀྱི་ལྷ་རྣམས་ལ་ནི་བྱའོ། །གོང་དུ་རྒྱས་འདེབས་ཀྱི་ཨ་སོགས་ཐུང་ངུ་ཡབ་ཀྱི་ས་བོན་གསུངས་ལ་སྐབས་འདིར་དབྱངས་རིང་པོའི་དེ་ཉིད་རྣམས་ཀྱིས་རྒྱས་གདབ་ནི་ཕྱག་རྒྱ་མ་ཤེས་རབ་ཀྱི་ཕྱག་རྒྱའི་རྒྱས་གདབ་ཀྱི་ཆ་ནས་གསུངས་པས་ཟློས་པ་མེད་དོ་སྙམ་མོ། །གཞན་གྱིས་ཅི་ཡང་མ་གསུངས་སོ། །དཔག་མེད་ཡོན་ཏན་ཡི་གེ་དུ་མའི་རབ་ཏུ་དབྱེ་བ་ཅན། །ཞེས་གསུངས་པ་ནི། དཔག་ཏུ་མེད་པའི་ཡོན་ཏན་དང་ལྡན་པ་ཡི་གེ་དུ་མའི་རབ་ཏུ་དབྱེ་བ་ཅན་ཏེ༑ འདི་ལྟར་ཡི་གེ་སོ་སོའི་མིང་ཅན་ཀ་རྡོ་རྗེ་མ་དང་ཁ་རྡོ་རྗེ་ག་རྡོ་རྗེ་སོགས་ཡི་གེ་སུམ་ཅུ་རྩ་དྲུག་གི་བར་དུ་རྒྱུད་ཀྱི་དབྱེ་བ་སྣ་ཚོགས་པ། དེ་དག་ཀྱང་མཉམ་པ་ཤེས་རབ་ཀྱི་རྒྱུད་དང་མི་མཉམ་པ་ཡི་རིགས་ཐབས་ཀྱི་རྒྱུད་ལ་ལྷ་མོ་དང་ནི་ལྷ་རྣམས་དག་གི་རྒྱས་གདབ་པ་ནི་གོང་དུ་བཤད་པ་དེ་ལྟར་ངེས་པའོ། །དེ་ལྟར་ཕྱི་རོལ་དུ་ལག་གདུབ་ལ་སོགས་ཕྱག་རྒྱ་དྲུག་དང་ནང་དུ་སངས་རྒྱས་ཀྱི་རིགས་དྲུག་གི་བདག་ཉིད་ཡི་གེ་དྲུག་ལ་སོགས་པས་རྒྱས་གདབ་པའོ། །ད་ནི་སྔགས་ཀྱི་ལྷ་རྣམས་ཀྱི་བསྐྱེད་པའི་རིམ་པ་ལ་སེམས་ཅན་རྣམས་སྐྱེ་བའི་གནས་སྐབས་རྣམ་པར་དག་པ་གསུངས་པ། འདིར་ཇི་ལྟར་སེམས་ཅན་མངལ་འཛིན་པ་ན་རྟེན་ས་བོན་བྱང་ཆུབ་ཀྱི་སེམས་དང་བརྟེན་པ་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་པུ་

p. 536

ཡུལ་ཆོས་ཀྱི་ཁམས་དང་གཅིག་ཏུ་འདྲེས་པར་གྱུར་པ་བསྐྱེད་རིམ་ལ་དཔའ་བོ་གཅིག་པ་ཉིད་བསྒོམ་པ་དག་ཏུ་གསུངས་ཏེ། དཔའ་བོ་གཅིག་པ་དེ་ཡང་ཐབས་ཤེས་གཉིས་མེད་ཡིན་པས་གཅིག་པུར་མི་འགྱུར་སྙམ་ན། དེའི་ཡུལ་ཆོས་དབྱིངས་ཡུམ་ཡིན་ཀྱང་། དེ་ནི་དངོས་སུ་ཡུམ་ལ་འཁྱུད་པའི་རྣམ་པ་ཅན་མ་ཡིན་པས་རང་འོད་ཀྱི་ཤེས་རབ་མ་ཡིན་པས་ཐ་དད་དུ་མེད་ལ། སྐྱེ་བ་པོའི་སེམས་ཅན་གྱི་ཀུན་གཞིའི་རྣམ་ཤེས་ཀྱང་ཡུལ་ཆོས་ཁམས་དང་དབྱེར་མེད་པས་སྐྱེ་བ་པོའི་ཁོངས་སུ་གཏོགས་ཀྱི་ཆ་གཉིས་སུ་མི་འགྱུར་བ་དེ་བཞིན་དུ་ལྷ་ནི་ཀ་ཡིག་གཅིག་པུ་ལས་དཔའ་བོ་གཅིག་པར་གྲུབ་ཏེ་རང་སྣང་གི་ཡུམ་དང་གཉིས་སུ་མེད་ཀྱང་སྐུའི་རྣམ་པ་གཉིས་སུ་མེད་པས་ལྷ་གཅིག་ཏུ་གྲུབ་བོ། །དང་པོར་མངལ་དུ་ཁུ་བ་ཀུན་གཞིའི་རྣམ་ཤེས་དང་བཅས་པ་དེ་ཉིད་ཕྱི་ནས་ཕོ་མོ་སྦྱོར་བ་ལས་བཞི་པའི་གནས་སྐབས་སུ་ཁུ་བ་འཕོས་པ་མ་ཡི་རྡུལ་ལ་རོ་མཉམ་པ་ནི་མངལ་སྐྱེས་དེའི་རྣམ་པར་ཤེས་པའི་ཕུང་པོ་བག་ཆགས་ཀྱི་རྣམ་པས་ཆོས་ཁམས་ཤེས་རབ་དག་གིས་འཁྱུད་པར་འགྱུར་བ་ཡིན་ལ། དེ་བཞིན་དུ་ལྷ་གཙོ་བོ་ལ་ཤེས་རབ་མས་འཁྱུད་པ་ཀཱ་ཞེས་ཐབས་ཤེས་གཉིས་ལྷན་ཅིག་སྐྱེས་པའི་རྣམ་པའོ། །བར་དོའི་སེམས་ཅན་ཕའི་ཁའམ་གཙུག་ནས་ཕའི་ཁུ་བ་ལ་ཞུགས་ཏེ་ལུས་ཀྱི་དབྱིབས་བརྒྱུད་ནས་མའི་རྡུལ་དང་འདྲེས་པས་མངལ་འཛིན་པར་གསུངས་པ་ལྟར་དང་པོ་ཁུ་བ་དང་དེ་ནས་རྡུལ་དང་རོ་མཉམ་པའི་རིམ་པས་སོ། །དེ་བཞིན་དུ་ནང་མངལ་དུ་ཕུང་པོ་ལྔ་རྣམས་རྫོགས་པ་ཉིད་ཀྱིས་མངལ་སྐྱེས་ཀྱི་ལྷ་ལྔ་ཡི་བདག་ཉིད་དུ་འགྱུར་བ་དེ་བཞིན། གཞན་དུ་དཀྱིལ་འཁོར་དུ་ལྷ་ཡང་ལྔའི་བདག་ཉིད་ཅན་གོང་བཤད་ཀཱ་ཀི་སོགས་ལྔའོ། །དེ་བཞིན་མངལ་དུ་རུས་པ་ས་ཡི་ཁམས་དང་སོགས་པའི་སྒྲས་གཤེར་བ་ཁུ་བ་ཆུ་དང་། དྲོ་བ་མེ་དང་། གཡོ་བ་རླུང་གི་ཁམས་ཀྱི་ཆོས་བཞི་པོ་སྐྱེས་པ་རྣམས་ཀྱིས་ཕུང་པོ་ལྔ་དང་ཁམས་བཞིས་བྱིན་གྱིས་བརླབས་པ་མངལ་དུ་ལྷ་དགུའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་དུ་ལྷ་

p. 537

དགུ་པ་ཡི་བདག་ཉིད་དུ་ཡང་འགྱུར་ཏེ་སྔ་མའི་ཡི་གེ་ལྔའི་སྟེང་དུ་ཀཱི་སོགས་རིང་པོ་བཞི་ཡུམ་བཞིའི་ས་བོན་བསྣན་པ་སྔར་བཤད་བཞིན་ནོ། །དེ་བཞིན་མངལ་སྐྱེས་དེའི་ལས་ཀྱི་དབང་པོ། བཤང་ལམ་ལ་སོགས་པ་དང་ནི་ཞེས་པས་ངག་དང་ལག་པ་རྐང་པ་བཤང་ལམ་བཞི་རྫོགས་པ་ན་མངལ་དུ་ལྷ་བཅུ་གསུམ་གྱི་ངོ་བོའི་རྣམ་པར་གྲུབ་པ་ལྟར། གཞན་བསྐྱེད་རིམ་གྱི་དཀྱིལ་འཁོར་དུ་སྔ་མ་ལྷ་དགུ་པ་ཡི་ས་བོན་གྱི་སྟེང་དུ་ཀྻ་སོགས་སྒོ་སྐྱོང་བཞིའི་ཡི་གེ་བཞི་བསྣན་པས་ལྷ་བཅུ་གསུམ་གྱི་བདག་ཉིད་དུ་འགྱུར་རོ་སོགས་སྒྲས་བསྡུས་པ་མངལ་དུ་ཡུལ་དྲུག་སྐྱེས་པ་ན་ཕུང་ཁམས་དགུ་དང་ལས་དབང་བཞི་ཡུལ་དྲུག་བཅས་མངལ་དུ་ཁམས་ཀྱི་ཚོགས་པ་བཅུ་དགུའི་བདག་ཉིད་དུ་གནས་པ་དེ་བཞིན་དཀྱིལ་འཁོར་དུ་སྔ་མའི་ཡི་གེ་བཅུ་གསུམ་ལ་ཡུལ་དྲུག་དག་པ་སེམས་མ་དྲུག་གི་ཡི་གེ་འཕེལ་བ་ལྔ་དང་ཨཿརྣམ་བཅད་ཅན་བཅས་དྲུག་གིས་སྤེལ་བའི་ཀ་ཡིག་དྲུག་བསྣན་པས་ལྷ་བཅུ་དགུ་མའི་བདག་ཉིད་དུ་འགྱུར་རོ། །དེ་ནས་མིག་ལ་སོགས་པ་དབང་པོ་དྲུག་སྐྱེས་པ་ན། ཁམས་ཀྱི་ཚོགས་པས་ཡོངས་སུ་བསྐོར་བ་འདི་ནི་ཉི་ཤུ་རྩ་ལྔའི་བདག་ཉིད་ཡིན་པ་བཞིན་དུ་ལྷ་དག་ཀྱང་། སྔ་མ་བཅུ་དགུའི་སྟེང་དུ། ཡོན་ཏན་གྱི་དབྱངས་ལྔ་ཨཾ་དང་བཅས་པས་སྤེལ་བའི་སེམས་དཔའ་དྲུག་གི་ཡི་གེ་དྲུག་བསྣན་པས་ལྷ་ཉི་ཤུ་རྩ་ལྔར་འགྱུར་རོ། །དེ་བཞིན་དུ་བྱིས་པ་ལ་མངལ་དུ་ལས་དབང་ལྔ་པ་རྟགས་ཀྱི་དབང་པོ་སྐྱེས་ཤིང་ཕྱི་རོལ་དུ་བཙས་ནས་ལས་ཀྱི་དབང་པོ་ལྔ་རང་རང་གི་བྱ་བ་ལ་སྦྱོར་བས། ངག་གི་བརྗོད་པ་དང་ལག་པས་ལེན་པ་དང་རྐང་པས་འགྲོ་བ་དང་རྐུབ་ཀྱིས་བཤང་བ་འདོར་བ་དང་། རྟགས་ཀྱི་དབང་པོས་གཅི་བ་འདོར་བའི་བྱ་བ་སྐྱེས་པ་ན་བྱིས་པ་ལ་སྔ་མ་ཉེར་ལྔའི་སྟེང་དུ་དེ་དྲུག་བསྣན་པས་ཆོས་སོ་གཉིས་ལྡན་པ་དེ་བཞིན་དུ། ལྷ་ལ་ཡང་སྔ་མའི་ཡི་གེ་ཉེར་ལྔའི་སྟེང་དུ་ཧ་རིང་ཐུང་གཉིས་དང་ཡ་ར་ཝ་ལ་རིང་པོ་བཞི་བཅས་སྒོ་སྐྱོང་གི་ཡི་གེ་དྲུག་བསྣན་པས་སོ་གཉིས་སུ་འགྱུར་ཏེ་འདིར་གཙོ་བོ་ཡབ་ཡུམ་ཐ་དད་དུ་བགྲང་བའོ། །འདི་ནི་བྱིས་པ་སྐྱེས་ནས་སོ་ནི་རབ་ཏུ་སྐྱེས་པ་དག་གི་གནས་སྐབས་གཙོ་བོར་གྱུར་པས་མཚོན་

p. 538

ཏེ་ལོ་བཅུ་གཉིས་ཀྱི་བར་དུའོ། །སླར་ཡང་སོ་སྔ་མ་ལྷུང་ནས་ཕྱི་མ་རྣམས་སྐྱེ་བ་རྫོགས་པ་དག་གིས་ཕྱེ་བའི་མཚམས་ནས་ཏེ་ལོ་བཅུ་དྲུག་གི་མཚམས་སུ་ཁུ་བ་འཕོ་བ་ན་སེམས་ཅན་རྣམས་ཀྱི་བཞི་བའི་གནས་སྐབས་སུ་འགྱུར་ཞིང་། དེ་ཉིད་ནི་སྐུ་བཞི་པ་ངོ་བོ་ཉིད་སྐུ་དང་། ཕུང་པོ་དྲུག་པ་ཡེ་ཤེས་ཀྱི་ཕུང་པོ་དང་། ཁམས་དྲུག་པ་ཡེ་ཤེས་ཀྱི་ཁམས་དང་། ལས་ཀྱི་དབང་པོ་དྲུག་པ་ཁུ་བའི་ལམ་དུང་ཅན་མ་དང་། ལས་ཀྱི་དབང་པོའི་བྱ་བ་དྲུག་པ་ཁུ་བ་འཕོ་བ་རྣམས་དེར་འབྱུང་བས་དེ་ལྟར་ཕུང་དྲུག་ཁམས་དྲུག་དབང་དྲུག་ཡུལ་དྲུག་ལས་དབང་དྲུག་དེའི་བྱ་བ་དྲུག་བཅས་ཆོས་སོ་དྲུག་གི་ཁམས་ཀྱི་ཚོགས་པ་ཡོངས་སུ་རྫོགས་པ་འབྱུང་བ་དེར་ནི་མི་རྣམས་ཀྱིས་བུ་དང་བུ་མོའི་ཕུང་པོ་རྣམས་སྐྱེད་པར་བྱེད་པས་དབང་ཕྱུག་མཐའ་ཡས་འཁོར་ལོ་ཅན་དུ་འགྱུར་བ་ཇི་ལྟ་བ་བཞིན་དུ་ལྷ་ལ་ཡང་། སྔ་མ་སོ་གཉིས་ཀྱི་སྟེང་དུ་ཕུང་པོ་དྲུག་པ་དང་ཁམས་དྲུག་པ་དང་ལས་དབང་དྲུག་པ་དང་དེའི་བྱ་བ་དྲུག་པ་སྟེ་དེ་བཞིའི་ས་བོན་ཨཾ་ཨཿགཉིས་ཀྱིས་ཀ་ཡིག་སྤེལ་བ་དང་ཧ་ཡིག་སྤེལ་བ་ཀ་ཡི་འོག་ཏུ་བརྩེགས་པ་གཉིས། སྔ་མ་སོ་གཉིས་ལ་བསྣན་པས་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །འདིར་ལྷའི་ཚོགས་ཀྱི་གཙོ་བོ་ནི་དེ་བཞིན་གཤེགས་པ་ལྔ་ལ་སོགས་པའི་བཀོད་པ་སྤྲོ་བའི་བྱེད་པ་པོ་དབང་ཕྱུག་དང་། སྒྱུ་འཕྲུལ་དྲ་བ་མཐའ་ཡས་པའི་མཛད་པ་སྟོན་པའི་འཁོར་ལོ་ཅན་དུ་འགྱུར་རོ་ཞེས་པ་ངེས་པའོ། །འཁོར་བའི་སེམས་ཅན་རྣམས་ཀྱི་ཕུང་ཁམས་སོ་དྲུག་སྐྱེད་པ་པོ་ནི་བཞི་པའི་སྐབས་ཀྱི་བདེ་བའི་ཡེ་ཤེས་དང་ཐུགས་སམ་རྣམ་ཤེས་དབྱེར་མེད་དུ་འདྲེས་པ་ནི་དེ་དག་གི་རྟེན་ཅན་དུ་གྱུར་པ་སྟེ། ཕུང་ཁམས་སོ་དྲུག་རྣམས་དེ་ལ་བརྟེན་ནས་བྱུང་པའོ། །ཡང་ན་ད་ལྟའི་ཕུང་ཁམས་སོ་དྲུག་ནི་ཡེ་ཤེས་དང་ཐུགས་ཀྱི་རྟེན་ཡིན་ལ། ཡེ་ཤེས་དང་ཐུགས་ནི་དེ་ལ་བརྟེན་པའོ་ཞེས་ཀྱང་རུང་ངོ་། །དེ་ལྟར་ལྷ་སོ་དྲུག་རྫོགས་པ་ལ་རྩ་བའི་དབྱངས་ལྔ་ཐུང་རིང་གིས་སྤེལ་བའི་བཅུ་དང་ཀཾ་ཀཿདང་བཅས་པ་བཅུ་གཉིས་ནི། ཕུང་པོ་དང་ཁམས་བཅུ་གཉིས་ཀྱི་ཡི་

p. 539

གེའོ། །ཧ་སོགས་ལྔ་ཐུང་རིང་བཅུ་ཡི་ཀ་ལ་བཏགས་པ་དང་ཀྷ་ཧྷ༔ བཅས་བཅུ་གཉིས་ནི་ལས་དབང་དང་དྲུག་དེ་དག་གི་བྱ་བ་དྲུག་བཅས་བཅུ་གཉིས་ཀྱིའོ། །ཡོན་ཏན་དང་འཕེལ་བས་ཕྱེ་བའི་ཀ་ཡིག་བཅུ་དང་ཀཾ་ཀཿདང་བཅས་པ་བཅུ་གཉིས་ནི་སྐྱེ་མཆེད་བཅུ་གཉིས་ཏེ་དེ་ལྟར་ལྷ་སོ་དྲུག་གོ། ཁམས་སོ་དྲུག་པོ་འདི་རྣམས་ཀྱི་གཙོ་བོ་ནི་ཐབས་སྟོང་པ་ཆེན་པོ་འགྱུར་མེད་ལྔ་ཡི་བདག་ཉིད་ཝཾ་དང་། ཤེས་རབ་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གི་བདག་ཉིད་ཨེ་ཡིག་ཟུང་དུ་འཇུག་པ་སྟེ་བདེ་སྟོང་དབྱེར་མེད་པའོ། །འདིར་ཀ་རྡོ་རྗེའི་རྒྱུད་ལ་ཇི་ལྟ་བ་དེ་བཞིན་དུ་ཁ་རྡོ་རྗེ་ལ་སོགས་པ་ལྷག་མ་ཐམས་ཅད་ལ་ཡང་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་ལྷ་དེ་རྣམས་དཀྱིལ་འཁོར་ལ་གནས་གང་དུ་འགོད་པ་ནི། སྙིང་པོའི་འཕར་མ་ལ་ཕུང་པོ་དང་ཁམས་ཀྱི་ལྷ་བདེ་གཤེགས་ཡབ་ཡུམ་རྣམས་སོ། །དེའི་ཕྱིའི་འཕར་མ་ལ་སྐྱེ་མཆེད་བཅུ་གཉིས་ཀྱི་ལྷ་བྱང་སེམས་ཡབ་ཡུམ་དང་། ལས་དབང་དྲུག་ཡུལ་བཅས་དག་པའི་སྒོ་སྐྱོང་བཅས་བཅུ་གཉིས་རྣམས་སོ། །འདིར་མངལ་གྱི་ལུས་རིམ་གྱིས་སྐྱེད་པ་བཞིན་དུ་ལྷ་བསྐྱེད་པ་ལ་དཀྱིལ་འཁོར་རྒྱལ་མཆོག་བསྙེན་པའི་ཡན་ལག་དང་། ངག་བསྐྱེད་པ་བཞིན་ལས་རྒྱལ་མཆོག་ཉེ་བའི་སྒྲུབ་པ་དང་། བྱང་ཆུབ་སེམས་ཀྱི་ཐིག་ལེ་སྐྱེད་པའམ་རྫོགས་པ་བཞིན་ཐིག་ལེའི་རྣལ་འབྱོར་སྒྲུབ་པ་དང་། ཁུ་བ་འཕོ་བ་ན་བདེ་བ་སྐྱེད་པ་ཇི་ལྟ་བ་བཞིན་དུ། ཕྲ་མོའི་རྣལ་འབྱོར་སྒྲུབ་པ་ཆེན་པོ་སྟེ༑ དེ་ལྟར་ཡན་ལག་བཞིའི་སྒྲུབ་པ་ནང་གི་ལེའུར་སྔར་གསུངས་པ་ལྟར། རྒྱ་ཆེར་རམ་རྒྱས་པར་བསྒོམ་པའི་སྒོ་ནས་འཁོར་བའི་བག་ཆགས་སྦྱང་བར་བྱའོ་ཞེས་པ་ནི་ངེས་པའོ། །ལྔ་པ་ཐབས་དང་ཤེས་རབ་དང་། བྱ་བ་དང་རྣལ་འབྱོར་རྗེས་སུ་རིག་པ་དང་སྡོམ་པ་ཆེན་པོ་དང་། འཁོར་ལོས་སྒྱུར་བ་དྲུག་སྤྲོ་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དག་པར་ཡང་དག་སོགས་ཚིགས་སུ་བཅད་པ་བཅུ་གསུམ་པ་ནས་བཞི་བཅུ་ཞེ་བདུན་པའི་བར་གྱིས་བསྟན་ཏེ། འདིར་དང་པོར་འཁོར་ལོ་དྲུག་

p. 540

པོ་རྣམས་སུ་ཁམས་དྲུག་ལས་དཀྱིལ་འཁོར་གྱི་རིགས་རྣམས་ཀྱི་འཁོར་ལོས་སྒྱུར་བ་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་དང་སྣང་མཐའ་ལ་སོགས་པའི་རིགས་དྲུག་གི་རིགས་དང་རིགས་ཅན་རྣམས་སྤྲོ་བར་གསུངས་པ་འདི་ནི་དུས་ཀྱི་འཁོར་ལོའི་ལྷ་རྣམས་སྤྲོ་ཚུལ་ཡིན་ཏེ། མི་རྣམས་ལོ་བཅུ་དྲུག་གི་རྗེས་ལ་ཁམས་དྲུག་གི་སྟེ་ཡེ་ཤེས་བདེ་བའི་ཁམས་ཀྱི་རང་བཞིན་གྱི་བྱང་ཆུབ་སེམས་ཀྱིས་བུ་དང་ཚ་བོ་སོགས་སྣ་ཚོགས་པ་སྤྲོ་བར་བྱེད་པ་བཞིན་དུ། གཙོ་བོའི་ཡང་ཁམས་དྲུག་གི་དབྱེ་བས་ལྷ་སྤྲོ་བ་ནི། དག་པར་ཞེས་པ་དཔྲལ་བའི་འཁོར་ལོར། ཡང་དག་པར་དག་པའི་ཆུ་སྟེ་སྒྲིབ་པ་དང་བྲལ་བའི་ཆུ་ཡི་ཁམས་དང་འདུ་ཤེས་ཀྱི་ཕུང་པོ་ལས། མདོག་རི་བོང་འཛིན་པ་ལྟར་དཀར་ཞིང་ཕྱག་ན་པདྨའི་མཚན་མ་ཅན་གྱི་ལྷ་རྣམས་སྤྲོ་བ་ནི་འདི་ལྟ་སྟེ། འོད་དཔག་མེད་དང་པདྨ་མཐར་བྱེད་དང་། མི་གཡོ་བ་དང་། ང་རྒྱལ་མ་དང་། འཇིག་རྟེན་དབང་ཕྱུག་དང་། རྟ་ཡིས་ཤིང་རྟས་འགྲོ་མ་ཙུནྡཱ་དང་། མ་མ་ཀཱི༷་དང་། གཟུགས་ཀྱི་རྡོ་རྗེ་མ་དང་། དྲག་མོ་དང་དཔལ་མོ་དང་། ཆུ་གཏེར་ཏེ་ཀླུ་རྒྱ་མཚོ་དང་། ཚོགས་ཀྱི་དབང་པོའམ་བདག་པོ་དང་། གཉིས་སྐྱེས་གདེངས་ཅན་ཏེ་བྲམ་ཟེ་རིགས་ཀྱི་ཀླུ་མཐའ་ཡས་དང་རིགས་ལྡན་གཉིས་དང་ནི་སྟག་གདོང་མ་དང་འུག་པར་བཅས་པ་སྟེ༑ དེ་ལྟར་ལྷ་བཅུ་དྲུག་པོ་འདི་དག་གཙོ་བོ་དུས་ཀྱི་འཁོར་ལོ་ཉིད་ཀྱི་དཔལ་ལྡན་སྐུ་ཡི་གཡོན་གྱི་ཞལ་དཀར་པོ། མངོན་པར་འདུ་མི་བྱེད་པའི་རྣམ་པར་ཐར་པའི་སྒོ་ནས་མཆོག་གི་སྙིང་རྗེ་ཚད་མེད་པ་ཡིས་ནི་རྡོ་རྗེ་ཅན་གྱིས་ཞེས་དུས་ཀྱི་འཁོར་ལོ་ཉིད་ཀྱིས་སྤྲོས་པའོ། །འདིར་སྣང་བ་མཐའ་ཡས་ལ་རྣམ་པར་ཤེས་པ་མི་བསྐྱོད་པས་རྒྱས་གདབ་ཅིང་ལྷའི་ཚོགས་གཞན་རྣམས་ལ་སྣང་བ་མཐའ་ཡས་ཀྱིས་རྒྱས་གདབ་པར་བྱའོ། །འདི་རྣམས་པདྨའི་མཚན་མ་ཅན་ཞི་བ་དང་རྒྱས་པའི་ལས་ཀྱི་དངོས་གྲུབ་སྟེར་བ། ཆུའི་ཁམས་ལས་བྱུང་བའི་ཁ་དོག་དཀར་པོ་ཅན་ཏེ་དེ་ལྟར་སྣང་བ་མཐའ་ཡས་ཀྱི་རིགས་

p. 541

ཀྱི་ལྷ་དང་ལྷ་མོ་རྣམས་སྤྲོ་བ་དང་བསྡུ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལས་སོ། །དེ་ནས་དོན་ཡོད་གྲུབ་པའི་རིགས་སྤྲོ་བ་གསུངས་པ། སྙིང་ག་ཆོས་ཀྱི་འཁོར་ལོ་ལ་ཡང་དག་དག་པའི་ཞེས་པ་སྒྲིབ་བྲལ་གྱི་ཕུང་ཁམས་ལ་གསུངས་པ་འོག་མ་རྣམས་སུ་ཤེས་པར་བྱ་ལ། འདིར་ཡང་དག་དག་པའི་རླུང་གི་ཁམས་དང་འདུ་བྱེད་ཀྱི་ཕུང་པོ་ལས། ཕྱག་གི་པདྨ་རལ་གྲི་ཡི་མཚན་མ་ཅན་ཁ་དོག་ནག་པོའི་ལྷ་ཡི་ཚོགས་ནི་འདི་ལྟར་དོན་ཡོད་གྲུབ་པ་དང་། སྒྲོལ་མ་དང་། བགེགས་མཐར་བྱེད་དང་། དབྱུག་སྔོན་ཅན་དང་། ནམ་མཁའ་ཡི་སྙིང་པོ་དང་། རེག་བྱ་རྡོ་རྗེ་མ་དང་། ཤིན་ཏུ་སྟོབས་མ་བཅས་པ་དང་། ཙིརྩི་ཀཱ་དང་ཁྱབ་འཇུག་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་བདེན་བྲལ་དང་ནི་ང་ཞེས་བྱ་བ་དང་། དམངས་རིགས་ཀྱི་ཀླུ་པདྨ་དང་སྟོབས་ཀྱི་རྒྱུ་དང་། དེ་བཞིན་ཁྱི༷་གདོང་མ་དང་བྱ་རོག་གདོང་མ་བཅས། ལྷ་བཅུ་དྲུག་པོ་དེ་དག་ངེས་པར་བྱམས་པ་ཚད་མེད་པའི་ཐུགས་ཀྱིས། དུས་ཀྱི་འཁོར་ལོ་སྲིད་པ་གསུམ་གྱི་བདག་པོས་མདུན་ཕྱོགས་ཐུགས་ཀྱི་ཞལ་ལམ་ཤར་གྱི་ཞལ། མཚན་མ་མེད་པའི་རྣམ་པར་ཐར་བའི་སྒོ་ནས་སྤྲོས་པའོ། །འདིར་དོན་གྲུབ་ལ་རྣམ་ཤེས་མི་བསྐྱོད་པ་དང་། ལྷའི་ཚོགས་གཞན་ལ་དོན་ཡོད་གྲུབ་པས་རྒྱས་བཏབ་པ། རལ་གྲིའི་མཚན་མ་ཅན་བསྐྲད་པ་དང་དབྱེ་བའི་ལས་ཀྱི་དངོས་གྲུབ་སྟེར་བའི་བདག་ཉིད་རླུང་གི་མདོག་ལས་ཁ་དོག་ནག་པོ་སྟེ་དེ་ལྟར་དོན་ཡོད་གྲུབ་པའི་རིགས་ཀྱི་ལྷ་རྣམས་སྤྲོ་བ་དང་བསྡུ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ལས་སོ། །དེ་ནས་རིན་ཆེན་འབྱུང་ལྡན་གྱི་རིགས་སྤྲོ་བ་ནི། མགྲིན་པའི་འཁོར་ལོ་ལོངས་སྤྱོད་རྫོགས་པར་ཡང་དག་པར་དག་པའི་མེ་དང་ཚོར་བའི་ཕུང་པོ་ལས། ཉི་མ་འཆར་ཀ་དང་མཚུངས་པ་ཁ་དོག་དམར་པོ་རིན་པོ་ཆེའི་མཚན་མ་ཅན་ཕྱག་ན་རིན་ཆེན་འཛིན་པ་རིན་ཆེན་འབྱུང་ལྡན་དང་། དེ་བཞིན་དུ་གོས་དཀར་མོ་དང་། ཤེས་རབ་མཐར་བྱེད་དང་འདོད་པའི་རྒྱལ་པོ་དང་། ས་ཡི་སྙིང་པོ་དང་། རྨུགས་བྱེད་

p. 542

མ་དང་ནི་རོ་མཆོག་རྡོ་རྗེ་མ་དང་། ཕག་མོ་དང་གཞོན་ནུ་མ་དང་། གཞོན་ནུ་གདོང་དྲུག་དང་མེ་ཡི་ལྷ་དང་གདེངས་ཅན་དབང་པོ་རྒྱལ་རིགས་ནོར་རྒྱས་ཀྱི་བུ་དང་དུང་སྐྱོང་གཉིས་དང་རབ་གསལ་ཁྲོ་གཉེར་ཅན་དང་། ཕག་གདོང་མ་དང་བྱ་རྒོ༷ད་གདོང་མ་བཅས་བཅུ་དྲུག་པོ་འདི་དག་དཔལ་ལྡན་གཡས་ཀྱི་གསུང་གི་ཞལ་དཀར་པོ་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ནས་མཆོག་གི་དགའ་བ་ཚད་མེད་པ་ཡིས་ནི་སྣ་ཚོགས་གཙོ་བོས་སྤྲོས་པའོ། །འདིར་རིན་འབྱུང་ལ་མི་བསྐྱོད་པ་དང་། གཞན་རྣམས་ལ་རིན་འབྱུང་གིས་རྒྱས་བཏབ་པ་ལྷ་ཐམས་ཅད་མེ་ཡི་མདོག་ལས་ཁ་དོག་དམར་པོ་དབང་དང་དགུག་པའི་ལས་ཀྱི་དངོས་གྲུབ་སྟེར་པའི་རིན་འབྱུང་གི་རིགས་འདི་རྣམས་སྤྲོ་བ་དང་བསྡུ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་སོ། །དེ་ནས་རྣམ་སྣང་གི་རིགས་ཀྱི་ལྷ་སྤྲོ་བ་ནི། ལྟེ༷་བར་སྤྲུལ་པའི་འཁོར་ལོར་ཡང་དག་དག་པའི་ས་ཡི་ཁམས་དང་གཟུགས་ཀྱི་ཕུང་པོ་ལས། མཆོག་གི་གསེར་དང་མཚུངས་པའི་སྟེ་སེར་པོའི་མདོག་ཅན། ཐུབ་པ་ཕྱག་ན་འཁོར་ལོ་འཛིན་པ་རྣམ་པར་སྣང་མཛད་དང་། སྤྱན་མ་དང་ནི་གཤིན་རྗེ་མཐར་བྱེད་དང་། སྟོབས་པོ་ཆེ་དང་། རྣམ་པར་སེལ་བ་དང་ཀྱེ་རབ་མཆོག་མི་ཡི་བདག་པོ་དེ་བཞིན་དུ་རེངས་བྱེད་མ་དང་། དྲི་ཡི་རྡོ་རྗེ་མ་དང་། འོད་ཟེར་ཅན་དང་། དབང་མོ་དང་ཚངས་མ་དང་། བརྒྱ་བྱིན་དང་། དུས་ཀྱི་གདོང་པ་སྟེ་ཚངས་པ་གདོང་བཞི་པ་དང་བཅས་པ་དང་། རྗེ་རིགས་ཀྱི་ཀླུ། འཇོག་པོ་དང་པདྨ་ཆེན་པོ་དང་ལ་སོགས་པ་ཞེས་པས་ལྕེ་སྤྱང་གདོང་མ་དང་མཁའ་ལྡིང་གདོང་མ་སྟེ་ལྷ་བཅུ་དྲུག་པོའི་འདི་རྣམས་ཀུན་ནི། གཙོ་བོ་དུས་ཀྱི་འཁོར་ལོ་ཡིས་ནི་བཏང་སྙོམས་ཚད་མེད་པ་དག་གིས་ནུབ་ཡེ་ཤེས་ཀྱི་ཞལ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ནས་སྐྱེ་བོ་ཀུན་ལ་ཕན་པ་འདི་རྣམས་སྤྲོས་པའོ། །རྣམ་སྣང་ལ་མི་བསྐྱོད་པ་དང་གཞན་རྣམས་ལ་རྣམ་སྣང་གི་རྒྱས་བཏབ་པའོ། །དེ་ལྟར་རྣམ་སྣང་གི་རིགས་ཀྱི་ལྷ་ས་ཡི་ཁམས་ཀྱི་དབང་གིས་ཁ་དོག་སེར་པོ་རེངས་པ་དང་རྨོངས་པ་ལ་སོགས་པའི་ལས་

p. 543

ཀྱི་དངོས་གྲུབ་སྟེར་བ་འདི་རྣམས་སྤྲོ་བ་དང་བསྡུ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལས་སོ། །དེ་ནས་མི་བསྐྱོད་པའི་རིགས་སྤྲོ་བ་ནི། གཙུག་ཏོར་འཁོར་ལོ་ཡང་དག་པར་དག་པའི་སྟོང་པ་ནམ་མཁའི་ཁམས་དང་རྣམ་པར་ཤེས་པའི་ཕུང་པོ་ལས་ནི་ཕྱག་ན་མཆོག་གི་རྡོ་རྗེ་བསྣམས་པ་མི་བསྐྱོ༷ད་པ་གང་ཞིག་ཡེ་ཤེས་ཀྱི་རྒྱས་བཏབ་པ་ཁ་དོག་ལྗང་ཀུ་སྟེ། དེ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། གཙུག་ཏོར་དང་རྡོ་རྗེ་ཧཱུྃ་མཛད་དང་ནི་ཆོས་ཀྱི་དབྱིངས་སམ་ཆོས་ཁམས་ཀྱི་རྡོ་རྗེ་མ་རྣམས་ཏེ། དེ་བཞིན་ནམ་མཁའི་ཡོན་ཏན་དབང་གིས་ཕྱག་ན་རྡོ་རྗེ་དང་། ལ་སོགས་གཞན་ཞེས་པ་དྲག་སྤྱན་མ་དང་། ཁྲོ་མོའི་རྒྱལ་མོ་དང་། ཁྱབ་འཇུག་དང་གཤིན་རྗེ་དང་ཀླུ་རྒྱལ་བ་སྟེ་ལྷ་བཅུ་གཅིག་པོ་འདི་དག་ཞལ་གྱི་སྟེང་ངམ་སྟེང་གི་ཞལ་ནས་སྟོང་པ་ནམ་མཁའི་ཁམས་ལས་སྤྲོས་པ་ཡོན་ཏན་མང་པོའི་གནས་ཏེ་ལས་ཐམས་ཅད་ཀྱི་དངོས་གྲུབ་སྟེར་བ་ཕྱག་གི་པདྨ་རྡོ་རྗེའི་མཚན་མ་ཅན་མི་བསྐྱོད་པས་རྒྱས་བཏབ་པ་ནམ་མཁའི་ཁ་དོག་ལས་ལྗང་ཀུའོ། །དེ་ལྟར་མི་བསྐྱོད་པའི་རིགས་ཀྱི་ལྷ་སྤྲོ་བ་སོགས་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་སོ། །ད་ནི་རྡོ་རྗེ་སེམས་དཔའི་རིགས་སྤྲོ་བ་གསུངས་པ། གསང་བར་ཞེས་པ་གསང་བའི་འཁོར་ལོ་ལ་ཡང་དག་པར་དག་པ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཁམས་དང་ཡེ་ཤེས་ཀྱི་ཕུང་པོ་ལས་ནི་མཐའ་དག་བདེ་མཉམ་སྟེར་བ་རྣམས་ཏེ་རྡོ་རྗེ་སེམས་དཔའ་སྔོན་པོ་རྡོ་རྗེ་རྩེ་གསུམ་པའི་མཚན་མ་ཅན་ལ་རྣམ་པར་ཤེས་པ་མི་བསྐྱོད་པས་རྒྱས་བཏབ་པ་དང་། དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ཤེས་རབ་ཕར་ཕྱིན་མ་སྔོན་མོ་དང་། སྒྲ་ཡི་རྡོ་རྗེ་མ་དང་ལ་སོགས་པའི་སྒྲས། གནོད་མཛེས་རྒྱལ་པོ་དང་ཤིན་ཏུ་སྔོན་མོ་དང་། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དང་དེའི་ཡུམ་ཁྲོ་མོའི་དབང་ཕྱུག་མ་དང་། དྲག་པོ་དང་ཛམ་བྷ་ལ་དང་། ཀུན་ཏུ་བཟང་པོ་དང་། ཀླུ་རྣམ་པར་རྒྱལ་བ་ཡང་སྟེ་སྐྱེ་བོ་ཀུན་ལ་ཕན་པ་ལྷ་བཅུ་གཅིག་པོ་འདི་རྣམས་ནི་སྲོག་ཆགས་རྣམས་ཀྱི་མཆོག་གི་ཐར་པ་བདེ་མཉམ་གྱི་རྒྱུར་འོག་གི་ཞལ་

p. 544

ཡེ་ཤེས་ཀྱི་ཆོས་ལས་སྤྲོས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་སོ། །མི་བསྐྱོད་པ་སྔོན་པོའི་ཆ་བྱད་ཅན་གྱི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་ལས་ཐམས་ཅད་སྒྲུབ་པར་བྱེད་པའོ། །འདིར་རྭ་འགྱུར་ལས། མི་བསྐྱོད་པའི་སྐུ་ཁ་དོག་སྔོན་པོས་རྡོ་རྗེ་སེམས་དཔའ་ལ་རྒྱས་བཏབ་པ་ཞེས་འབྱུང་བ་ལྟར་མི་བསྐྱོད་པའི་སྐུ་ཁ་དོག་སྔོན་པོའི་ཆ་བྱད་ཅན་གྱིས་རྡོ་རྗེ་སེམས་དཔའི་རིགས་ཀྱི་ལྷ་རྣམས་ལ་རྒྱས་བཏབ་པ་ཞེས་པ་ཡིན་ཅེས་བླ་མ་དག་གསུངས་པ་ལྟར་ན་གོང་གི་འགྲེལ་པའི་འགྱུར་དེར་རྒྱས་གདབ་བྱ་དང་འདེབས་བྱེད་ཀྱི་རྣམ་དབྱེ་བསྣོར་བ་འདྲ་ཡང་ལུགས་ཕྱི་མའང་འོག་ཏུ་བརྟག་པར་བྱའོ། །དེ་ལྟར་མི་བསྐྱོད་པའི་རིགས་ཀྱི་ལྷ་རྣམས་སྟེང་དང་། རྡོ་རྗེ་སེམས་དཔའི་རིགས་ཀྱི་ལྷ་འོག་ཏུ་སྤྲོས་པ་སྟེ་སྟེང་གི་ལྷ་རྣམས་ཡོན་ཏན་མང་པོའི་གནས་རྣམས་ཏེ་ལས་ཐམས་ཅད་ཀྱི་དངོས་གྲུབ་སྟེར་བ་དང་། འོག་གི་ལྷ་རྣམས་སྲོག་ཆགས་རྣམས་ཀྱི་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཐར་པའི་རྒྱུ་རུ་སྤྲོས་པའོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་ལྷ་རྣམས་ནི་ལས་བཞིའི་དོན་དུ་ཕྱོགས་མཚམས་བརྒྱད་དུ་སྤྲོས་པའོ། །དེ་ལྟར་འཁོར་ལོ་དྲུག་ཏུ་རིགས་དྲུག་གི་ལྷ་རྣམས་སྤྲོ་བ་དང་འགྲོ་བའི་དོན་བྱེད་པ་སྟེ། གཞོན་ནུ་རྣམས་ལོ་བཅུ་དྲུག་གི་རྗེས་ལ་བུ་དང་བུ་མོ་བསྐྱེད་པ་བཞིན་དུ། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་ཡང་ལྷ་དང་ལྷ་མོའི་རིགས་བསྐྱེད་པར་བྱེད་པ་ཉིད་དུ་གྲུབ་བོ་ཞེས་སོ། །འདིར་རྣམ་ཤེས་ཕུང་པོ་མི་བསྐྱོད་པ་ལྗང་ཀུ་ལ། མི་བསྐྱོད་པའི་གཟུགས་སྔོན་པོས་རྒྱས་འདེབས་པ་དང་ཡེ་ཤེས་ཀྱི་ཕུང་པོ་རྡོར་སེམས་སྔོན་པོ་ལ་མི་བསྐྱོད་པ་སྐུ་མདོག་ལྗང་གུས་རྒྱས་བཏབ་པར་བྱའོ། །ཞེས་གསུངས་པ་འདི་ཤིན་ཏུ་གསལ་བས།རིགས་དྲུག་གི་ལྷ་ཐམས་ཅད་ལ་རྒྱས་འདེབས་བྱེད་རྣམ་ཤེས་ཀྱི་རིགས་མི་བསྐྱོད་པས་བྱ་བར་གསུངས་ལ། དེར་ཡང་སྟེང་གི་ལྷ་ནམ་མཁའ་དང་རྣམ་ཤེས་ཀྱི་ཁམས་མི་བསྐྱོད་ལྗང་གུ་ལ་མི་བསྐྱོད་པ་སྔོན་པོ་ཡེ་ཤེས་སམ་རྡོར་སེམས་ཀྱི་རིགས་དང་འོག་གི་ལྷ་ཡེ་ཤེས་ཀྱི་ཕུང་ཁམས་

p. 545

ཀྱི་རིགས་རྡོར་སེམས་ལ་མི་བསྐྱོད་ལྗང་གུ་ཉིད་ཀྱི་རྒྱས་གདབས་པར་བྱ་བ་འདི་ལྟར་ན། གོང་དུ་མི་བསྐྱོད་པ་སྔོན་པོའི་ཆ་བྱད་ཅན་གྱི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་ལས་ཐམས་ཅད་སྒྲུབ་པར་བྱེད་པའོ། །ཞེས་གསུངས་པ་འདི་རྡོར་སེམས་རིགས་ཀྱི་ལྷ་སྤྲོ་བའི་རྗེས་ཐོག་ཏུ་གསུངས་ཀྱང་། སྟེང་གི་མི་བསྐྱོད་པའི་རིགས་ལ་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་སེམས་དཔའི་ངོ་བོས་རྒྱས་བཏབ་པས་ལས་ཐམས་ཅད་པ་བསྒྲུབ་པར་བྱེད་པར་གསུངས་པ་ལ་གོ་དགོས་པ་འདྲ་སྟེ། ལས་ཐམས་ཅད་པ་ལའང་རིགས་བདག་རྡོར་སེམས་སྔོན་པོས་རྒྱས་གདབ་པའང་བསྟན་ནམ་སྙམ་ཏེ། དེ་ལྟར་ན་འགྲེལ་པའི་འགྱུར་ཀྱང་ལེགས་པར་གནས་པར་སྣང་ངོ་། །རྡོར་སེམས་དང་མི་བསྐྱོད་པ་ནི་རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བས་གཉིས་སུ་བྱས་ཀྱང་རྣམ་ཤེས་ཡེ་ཤེས་བསྲེས་པའི་དབང་དུ་ན་རིགས་གཅིག་ཏུའང་འགྱུར་བས་གང་ལྟར་ཀྱང་འགལ་བ་མེད་པ་དང་། དེར་མ་ཟད་གཞན་ཡང་འགྲེལ་པ་ལས་གསུངས་པ། ཡང་ན་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རིགས་བཞིའི་དབྱེ་བས་གང་དུ་རྒྱས་གདབ་པ་དེར་ཟླ་བའི་ཆོས་ལས་རྣམ་སྣང་དཀར་པོ་དང་ཉི་མའི་ཆོས་ལས་སྣང་མཐའ་དམར་པོ་དང་། སྒྲ་གཅན་གྱི་ཆོས་ལས་མི་བསྐྱོད་པ་ནག་པོ་དང་དུས་མེའི་ཆོས་ལས་རྡོ་རྗེ་སེམས་དཔའ་སེར་པོའོ། །ཡང་ན་སྒྲུབ་ཐབས་ཀྱི་ལེའུ་ལས་གསུངས་པའི་ཆོ་གས་རྟེན་དང་བརྟེན་པའི་འབྲེལ་བས་རྒྱས་གདབ་སྟེ་དེ་ལྟར་ན་མི་བསྐྱོད་པས་རྣམ་སྣང་ལ་རྒྱས་གདབ་ཅིང་། རྣམ་པར་སྣང་མཛད་ཀྱིས་སྣང་བ་མཐའ་ཡས་དང་། སྣང་མཐས་རིན་འབྱུང་། རིན་འབྱུང་གིས་དོན་གྲུབ་ལའོ་ཞེས་པ་རྒྱས་གདབ་པའི་ངེས་པའོ། །དེ་ལྟར་ཁམས་གསུམ་པའི་དབང་ཕྱུག་ཆེན་པོ་རིགས་མཐའ་ཡས་པ་སྤྲོ་བའི་འཁོར་ལོ་ཅན་གཙོ་བོ་ལས་ལྷ་རྣམས་སྤྲོ་བ་ནི་རྒྱུད་གཞན་ཐམས་ཅད་ལ་ཡང་རིག་པར་བྱ་སྟེ་རིགས་གསུམ་དང་རིགས་ལྔ་ལ་སོགས་པ་མཐའ་ཡས་པའི་བར་དུའོ། །དེ་ལྟར་སྐབས་འདིར་དུས་ཀྱི་འཁོར་ལོའི་ལྷ་བརྒྱད་ཅུ་རྩ་དྲུག་གི་སྐུ་མདོག་གསལ་བར་

p. 546

གསུངས་པ་འདི་གཙོ་བོར་བཟུང་ན་ལེགས་ཤིང་། རྒྱས་གདབ་ལའང་རྒྱུས་འབྲས་བུ་དང་འབྲས་བུས་རྒྱུ་ལ་རྒྱས་གདབ་པ་དང་། ངོ་བོ་ཉིད་ཀྱིས་རྒྱས་གདབ་པ་སོགས་ཚུལ་དུ་མ་དང་། ལྷ་རྣམས་ཀྱི་སྐུ་མདོག་ཀྱང་རིགས་དྲུག་གི་དབྱེ་བ་དང་། ཞལ་བཞིའི་ཕྱོགས་ཀྱི་དབྱེ་བ་དང་། ལས་སྒྲུབ་པའི་སྐབས་ཀྱི་དབྱེ་བ་དང་། ཞལ་ཕྱག་གི་མང་ཉུང་དང་ཕྱག་མཚན་སོགས་ཀྱང་དེ་ལྟར་རྣམ་པ་དུ་མར་གདུལ་བྱའི་བསམ་པའི་དབང་གིས་རྒྱུད་གཞན་དང་གཞན་ལས་གསུངས་པ་རྣམས་ཕྱོགས་གཅིག་གི་མཐོང་བ་ལ་བརྟེན་ནས་གཞན་སུན་འབྱིན་པར་མི་ནུས་པས་སྐབས་འདི་ལྟ་བུ་སོགས་ལ་བློ་གྲོས་གུ་མི་དོག་པར་བྱས་ན་ལེགས་སོ། །དེ་ནས་གནས་པ་ལྔ་པའི་དུམ་བུ་ཤེས་རབ་ཀྱི་རྒྱུད་སྡོམ་ཆུང་གི་ལྷ་སྤྲོ་བ་གསུངས་པ། ཕྱོགས་ཀྱི་འདབ་མར་སྤྱན་མ་ལ་སོགས་པའི་ངོ་བོ་རྡོ་རྗེའི་མཁའ་འགྲོ་མ་ལ་སོགས་པ་སྙིང་པོའི་རྣལ་འབྱོར་མ་བཞི་ནི་ས་ལ་སོགས་པའི་ཁམས་ཀྱི་རང་བཞིན་གྱི་ཞི་བ་ལ་སོགས་པའི་དངོས་གྲུབ་སྟེར་བར་འཁོར་ལོ་སྡོམ་པ་བསྡུས་པའི་རྒྱུད་རྣམས་ལས་གྲགས་མོད་ཀྱི། དེ་རྣམས་བདེན་པར་ཏེ་ངེས་པར་ས་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྟེར་བར་མི་འགྱུར་ཏེ་ཐུགས་ཀྱི་ཞལ་ལ་སོགས་པ་ཁ་དོག་ནག་པོ་ལ་སོགས་པའི་དབྱེ་བས་བསྐྲད་པ་ལ་སོགས་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་སྐད་དུ་རྩ་རྒྱུད་ལས་གསུངས་པ། སེར་པོས་རེངས་པའི་བྱ་བ་དང་། །དཀར་པོས་ས་ལ་ཞི་བའོ། །དམར་པོས་དབང་དང་དགུག་པ་སྟེ། །ནག་པོས་བསྐྲད་པ་ལ་སོགས་སོ། །ཞེས་གསུངས་པས་སོ། །ཞལ་གྱི་ཁ་དོག་ལས་ནི་ལས་སོ་སོར་ངེས་པ་དེའི་ཕྱིར། ཐུགས་ཀྱི་ཞལ་གྱིས་དབང་གིས་ཁ་དོག་ནག་པ་རྡོ་རྗེ་མཁའ་འགྲོ་མ་ནི་རླུང་ཁམས་སྒྲོལ་མའི་རིགས་ཡིན་གྱི་སྤྱན་མའི་རིགས་མ་ཡིན་ལ་འདིས་བསད་བསྐྲད་སོགས་བྱེད་ཀྱི་ཞི་སོགས་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་དམར་པོ་ལས་ལཱ་མཱ་ནི་མེའི་ཁམས་གོས་དཀར་མོ་དབང་དགུག་དང་། སེར་པོ་ལས་དུམ་སྐྱེས་མ་ནི་ས་ཁམས་སྤྱན་མ་རེངས་རྨོངས་དང་

p. 547

དཀར་པོ་ལས་གཟུགས་ཅན་མ་ནི་ཆུའི་ཁམས་མཱ་མ་ཀཱི་ཞི་རྒྱས་ཀྱི་ལས་འགྲུབ་པར་བྱེད་པའོ། །འདིར་ལྷ་མོ་བཞིའི་ཁ་དོག་གི་སྒོ་ནས་ལས་སྒྲུབ་ཚུལ་དེ་ལྟར་ཡིན་གྱི་ངོ་བོ་ནི་སེར་མོ་སྤྱན་མ་ཡིན་པ་སོགས་དེ་ལྟར་ངེས་པར་མེད་ཅེས་འཆད་པའང་ཡོད་དོ། །དེ་ལྟར་ཞལ་གྱི་དབྱེ་བའི་ཁ་དོག་གིས་ཕྱོགས་ཀྱི་ཆར་གནས་རབ་གཏུམ་མ་ལ་སོགས་པ་ལྷ་མོ་དགུ་པོ་རྣམས་ཀྱི་ཁ་དོག་ཀྱང་དེ་ལྟར་རིག་པར་བྱ་སྟེ། དེ་ལྟར་འཁོར་ལོ་སྡོམ་པའི་རྩ་རྒྱུད་མངོན་བརྗོད་འབུམ་པ་ཆེན་པོ་ལས་གསུངས་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེས་ན་བརྩོན་འགྲུས་ཆུང་བ་རྣམས་ལ་འཇམ་དཔལ་གྱིས་དུས་ཀྱི་འཁོར་ལོའི་ལྷ་གྲངས་བསྡུས་ནས་མན་ངག་གིས་བསྟན་པ་ཡིན་ལ། འདིར་ཕྱོགས་ཀྱི་འདབ་མར་སྤྱན་མ་སོགས་ནི། ནུབ་ཀྱི་འདབ་མར་སྤྱན་མའི་ཁ་དོག་ལས་དུམ་སྐྱེས་མ་སེར་མོ་སྟེ། དུས་ཀྱི་འཁོར་ལོའི་ནུབ་ཡེ་ཤེས་ཀྱི་ཞལ་སེར་པོ་སའི་ཁ་དོག་དང་བཤང་བའི་རྩའི་རང་བཞིན་ལས་སོ། །བྱང་གི་འདབ་མར་གཟུགས་ཅན་དཀར་མོ་བྱང་གི་སྐུའི་ཞལ་ལ་ལ་ནཱའི་རང་བཞིན་ལས་སོ། །དེ་བཞིན་ལྷོར་མེའི་ཁ་དོག་ལས་ལ་མཱ་དམར་མོ་ནི་གསུང་གི་ཞལ་དམར་པོར་ས་ནཱའི་རང་བཞིན་ལས་སོ། །ཤར་གྱི་འདབ་མར་ང་གི་ཁ་དོག་ལས་རྡོ་རྗེ་མཁའ་འགྲོ་མ་ནག་མོ། ཐུགས་ཀྱི་ཞལ་ནག་པོ་གཅི་བའི་རྩའི་རང་བཞིན་ལས་སོ། །དེ་བཞིན་དུ་ཨ་བ་དྷཱུ་ཏིའི་རང་བཞིན་གྱིས་རྡོ་རྗེ་ཕག་མོ་ལྗང་གུའོ། །དུང་ཅན་མའི་རང་བཞིན་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཧེ་རུ་ཀ་ཁ་དོག་སྔོན་པོའོ། །དེ་བཞིན་ཐུགས་དང་གསུང་དང་སྐུའི་འཁོར་ལོའི་རྩིབས་རྣམས་ལ་ཤར་དང་མེར་མཁའ་འགྲོ་མ་ནག་མོ་དྲུག་རྣམས་དང་། ལྷོ་དང་བདེན་བྲལ་དུ་དམར་མོ་དྲུག་རྣམས་དང་། ནུབ་དང་རླུང་དུ་སེར་མོ་དྲུག་རྣམས་དང་། བྱང་དང་དབང་ལྡན་དུ་དཀར་མོ་དྲུག་རྣམས་ཏེ་དེ་རྣམས་འཁོར་ལོའི་རྩིབས་ལ་གནས་པའོ། །དེ་བཞིན་སྒོ་དང་མཚམས་ཀྱི་དུར་ཁྲོད་བརྒྱད་དུ་ལྷ་མོ་བརྒྱད་རྣམས་ཀྱི་ཁ་དོག་ཀྱང་སྔ་མ་བཞིན་

p. 548

དུ་རིག་པར་བྱའོ། །འདི་རྣམས་ཀྱི་ལས་རབ་འབྱམས་བསྒྲུབ་པའི་ཚུལ་ལ་སོགས་པ་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོས་མཛད་པའི་རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པ་ལས་ཤེས་པར་བྱ་སྟེ། དེས་ན་བསྡུས་པའི་རྒྱུད་འདིར་མ་བྲིས་སོ་ཞེས་གསུངས་སོ། །སྐབས་འདིར་བདེ་མཆོག་ཉུང་ངུའི་རྒྱུད་སོགས་བསྡུས་རྒྱུད་རྣམས་སུ་སྐབས་འདིར་གསུངས་པ་འདི་དང་མི་མཐུན་པར་གསུངས་པ་ནི་དགོངས་པ་ཅན་ཡིན་ལ། རྩ་རྒྱུད་རྣམས་ལས་གསུངས་པ་དང་མཐུན་པར་དུས་འཁོར་དུ་བདེ་མཆོག་གི་ལྷའི་ཁ་དོག་སོགས་ངེས་དོན་ཡིན་ནོ་སྔ་མ་དག་གསུངས། ཡང་ཁ་ཅིག་གིས་ལུང་དེ་གཉིས་ཀ་དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པས་མཐའ་གཅིག་དྲང་ངེས་སུ་བཞག་ཏུ་མེད་དེ་གདུལ་བྱའི་དབང་གིས་ཁམས་དང་ཁ་དོག་རིགས་སོགས་དུ་མར་འབྱེད་ཀྱང་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་རིས་སུ་ཆད་དེ་མཐའ་གཅིག་ཏུ་གནས་པ་མེད་པས་ལུགས་འདིའི་ས་སོགས་འབྱུང་བའི་ཁམས་ཀྱིས་ལས་སྒྲུབ་ཚུལ་གསུངས་པ་ལྟར་དེ་བཞིན་བསྒྲུབ་པ་ལ་བསླུ་བ་མེད་མོད་ཀྱི་རྣམ་པ་གཞན་དུ་ལྷ་ཁ་དོག་གཅིག་གིས་ཀྱང་ལས་སྣ་ཚོགས་མི་འགྲུབ་པ་མ་ཡིན་ཏེ་ཀུན་འབྱུང་གི་བདེན་པ་གཅིག་ལ་གཞན་ཚང་བར་རྒྱུད་འདིར་གསུངས་པ་དང་། ལྷ་གཅིག་ཀྱང་ལས་སོ་སོའི་མདོག་ཏུ་བསྒོམ་པར་རྒྱུད་འདིར་གསུངས་པ་དང་། འདིར་སེར་པོས་རྨོངས་རེངས་བསྒྲུབ་པར་གསུངས་པ་དང་། རྒྱུད་གཞན་ཕལ་མོ་ཆེ་ལས་སེར་པོས་རྒྱས་པ་བསྒྲུབ་པར་གསུངས་པ་ལྟ་བུ་དགོངས་པའི་དབང་གིས་འགལ་བ་མེད་པར་གོ་དགོས་ཀྱི་མཐའ་གཅིག་ཏུ་འདི་ལས་གཞན་གྱི་དེ་མིན་ནོ་ཞེས་བཟུང་བར་མི་བྱ་ཞེས་གསུངས་པ་དོན་ལ་གནས་སོ། །དེ་ནས་ཕྱོགས་བྲལ་འདབ་མ་ལ་གནས་སོགས་དང་།གསང་བ་འདུས་པ་དང་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་ཡང་བསྡུས་རྒྱུད་རྣམས་སུ་རབ་ཏུ་གྲགས་པ་གོ་སླ་བར་མཛད་དེ་འགྲེལ་པས་མ་གསུངས་པ་ནི། ཕྱོགས་བྲལ་འདབ་མ་ལ་གནས་བདེ་ཆེན་འཁོར་ལོའི་མཚམས་བཞིར་ཁྲག་གིས་གང་བའི་ཐོད་པ་བཞི་

p. 549

སྟེ། གཙོ་བོ་བདེ་མཆོག་ནི་དབུས་ཀྱི་པདྨའི་ལྟེ་བར་ཉི་མའི་སྟེང་དུ་ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་ལྷ་མོ་ཨུ་མ་དང་བཅས་པའི་ལྷ་དབང་ཕྱུག་ཆེན་པོ་མནན་ཞིང་སྐུ་མདོག་མཐིང་ནག་བསྐལ་བ་འཇིག་པའི་དུས་ཀྱི་སྤྲིན་དང་མཚུངས་པ་དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔ་རྣམས་ཀྱི་ཕྲེང་བ་བཅིངས་ཤིང་རྡོ་རྗེ་བཞི་དག་པའི་ཆུ་ཡི་གཏེར་གྱི་ཞལ་ཏེ། རྩ་ཞལ་ནག་པོ་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། རྒྱབ་ཞལ་སེར་བ་དང་། དུས་སྦྱོར་རྟེན་འབྲེལ་བཅུ་གཉིས་འགགས་ཤིང་ས་བཅུ་གཉིས་ནོན་པས་ཉི་མའི་ཕྱག་ཏེ་ཕྱག་བཅུ་གཉིས་དང་ལྡན་པའི་ཧེ༷་རུ་ཀ་ཕྱག་རྒྱ་དྲུག་དང་སྦྲུལ་བཅུའི་རྒྱན་དང་སྟག་གི་པགས་པ་ཡི་ཤམ་ཐབས་གྲོལ་བ། མི་བཟད་པའི་གླང་པོའི་བདག་པོའི་པགས་པ་རློན་པ་བཤུས་པ་ཁྲག་དང་བཅས་པ་ཕྱག་གཉིས་པ་གཉིས་ཀྱིས་བསྡིགས་མཛུབ་དང་བཅས་པས་འཛིན་པ་སྟེ་ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པའོ། །རྡོ་རྗེ་ཕག་མོ་ལྗང་གུ་ཕྱག་གཉིས་གྲི་ཐོད་འཛིན་པས་འཁྱུད་པའོ། །བདེ་ཆེན་འཁོར་ལོའི་ཕྱི་རོལ་ཏུ་ཐུགས་ཀྱི་འཁོར་ལོ་ཁ་དོག་གནག་པ་དང་གསུང་འཁོར་དམར་བ་དང་སྐུ་འཁོར་དྲི་མེད་རི་བོང་ཅན་གྱི་ལུས་ལྟར་དཀར་བ་སྟེ། སྙིང་པོའི་ལྷ་མོ་རྣམས་ཀྱི་ཕྱི་རོལ་དུ་ནི། ཐུགས་གསུང་སྐུ་ཡི་འཁོར་ལོ་གསུམ་མོ། །འཁོར་ལོ་གསུམ་གྱི་ལྷ་མོ་སྒྲ་རྡོ་རྗེ་མ་ལ་སོགས་དྲུག་དང་ནི་ཁྲོ་བོ་ཡི་རིགས་ལས་སྐྱེས་པ་ཁྲོ་མོ་བཅུ་རྣམས་ནི་ཕྱག་གཉིས་དང་ཟླ་ཞལ་ཏེ་ཞལ་གཅིག་མ་རྣམས་དང་དེ་བཞིན་ཙིརྩི་ཀཱ་སོགས་འབྱུང་པོ་ལས་སྐྱེས་པ་བརྒྱད་པོ་རྣམས་ཀྱིས་ཀྱང་སྟེ། མདོར་ན་ལྷ་མོ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མའོ། །སྒོར་ནི་ཞེས་སྒོ་བཞིར་ནི་གཏུམ་མོ་བཞི་རོ་གདན་ལ་གནས་ཤིང་ཕྱག་ན་གྲི༷་གུག་དང་ཐོད་པ་ཅན་ནོ། །དེ་བཞིན་ཕྱོགས་བྲལ་མཚམས་བཞི་ཉིད་དུ་ཡང་གཏུམ་མོ་བཞི་རོ་གདན་ལ་གནས་པ་ཕྱག་ན་གྲི་ཐོད་ཅན་ངེས་པར་རོ། །ལྷ་མོ་སོ་དྲུག་པོ་ཐམས་ཅད་ཀྱང་སྲོག་འགགས་པ་ཉིད་ཀྱིས་རོ་ལ་གནས་པར་ཕྱག་རྡོར་

p. 550

གྱིས་གསུངས་སོ། །དཔའ་བོ་ཉེར་བཞི་པོ་རྣམས་ཀྱི་རིག་བྱེད་ཕྱག་སྟེ་ཕྱག་བཞི་ན་གཡས་གཉིས་རྡོ་རྗེ་དང་ཌ་མ་རུ་དང་གཡོན་གཉིས་དྲིལ་བུ་རྡོ་རྗེ་ཁ་ཊྭཱཾ་ག་བསྣམས་པ་སྟེ་དེ་དག་འཁོར་ལོ་སྡོམ་པ་ཆུང་ངུའི་ལྷའི་ཚོགས་སོ། །དཔལ་ལྡན་ལྷུན་པོའི་རྩེ་མོར་པདྨ་འདབ་བརྒྱད་ཀྱི་ལྟེ་བར་གཙོ་བོ་དང་། འདབ་མར་མཁའ་འགྲོ་མ་བཞིའོ། །དེའི་ཕྱི་རོལ་ཕྱོགས་བརྒྱད་དུ་ནི་ས་དང་ཆུའི་དཀྱིལ་འཁོར་དག་ལ་ནི། འདི་ལྟར་ས་ཡི་ཁོར་ཡུག་གི་ཕྱོགས་བཞིར་གནས་དང་མཚམས་བཞིར་ཉེ་བའི་གནས་ཀུན་ཏེ། ཆུའི་ཕྱེད་སྔ་མ་དག་ལ་ཕྱོགས་བཞིར་ཞིང་དང་ཕྱོགས་བྲལ་མཚམས་བཞིར་ཉེ་བའི་ཞིང་ངོ་། །ཆུའི་ཕྱེད་ཕྱི་མ་ལ་ཕྱོགས་སུ་ཚནྡོ་ཧ་དང་མཚམས་སུ་ཉེ་བའི་ཚན་དྷོ་ཧའོ། །འདུས་པ་ཅན་དང་དུར་ཁྲོད་ས་ནི་མེ་དང་ང་གི་དབུས་སུ་ཡང་། ཞེས་པ་མེའི་ཕྱེད་སྔ་མ་ལ་ཕྱོགས་སུ་འདུས་པ་ཅན་དང་། མཚམས་སུ་ཉེ་བའི་འདུས་པ་ཅན་ནོ། །མེའི་ཕྱེད་ཕྱི་མ་ལ་ཕྱོགས་སུ་འཐུང་གཅོད་དང་། མཚམས་སུ་ཉེ་བའི་འཐུང་གཅོད་དོ། །རླུང་གི་ཁོར་ཡུག་གི་དབུས་སུ་ཕྱེད་སྔ་མའི་ཕྱོགས་སུ་དུར་ཁྲོད་དང་། མཚམས་སུ་ཉེ་བའི་དུར་ཁྲོད་དོ། །ཡང་ཡིག་གིས་རླུང་གི་མཐའ་ལ་ཕྱོགས་བརྒྱད་དུ་དུར་ཁྲོད་ཆེན་པོ་བརྒྱད་གནས་སོ། །ཞེས་པ་དེ་དག་འཇིག་རྟེན་ཁམས་ལེར་བཤད་པར་ལྟར་རོ། །བསྟོད་འགྲེལ་ལྟར་ན་རི་རབ་ཀྱི་རྩེ་མོར་པདྨ་འདབ་བརྒྱད་ལ་གཙོ་བོ་མཁའ་འགྲོ་བཞི་དང་བཅས་པ་དང་། དེ་ནས་ནམ་མཁའ་ལ་ཐུགས་ཀྱི་འཁོར་ལོའི་རི་རབ་ཀྱི་ཕྱོགས་བརྒྱད་པོ་རྣམས་སུ་ཕྱོགས་གཡས་སྐོར་དང་མཚམས་གཡོན་སྐོར་གྱིས་ཕྱོགས་བཞིར་གནས་དང་མཚམས་བཞིར་ཉེ་བའི་གནས་ཀུན་ཏེ་ཐུགས་ཀྱི་འཁོར་ལོའོ། །དེ་ནས་གསུང་འཁོར་ལས་དཀྱིལ་གྱི་ཤར་དང་ལྷོར་ཞིང་དང་ནུབ་དང་བྱང་དུ་ཉེ་བའི་ཞིང་དང་། བྱང་ཤར་དང་ང་དུ་ཚནྡྷོ་ཧ་དང་། བདེན་བྲལ་དང་མེར་ཉེ་བའི་ཚནྡྷོ་ཧ་དང་། དེ་ནས་ས་ཡི་འོག་ཏུ་ཆུའི་ཁོར་ཡུག་ལ་སྐུ་དཀྱིལ་གྱི་ཤར་དང་ལྷོར་འདུས་པ་ཅན་དང་། ནུབ་དང་བྱང་དུ་ཉེ་བའི་འདུས་པ་ཅན་དང་། དབང་

p. 551

ལྡན་དང་རླུང་དུ་དུར་ཁྲོད་དང་། བདེན་བྲལ་དང་མེར་ཉེ་བའི་དུར་ཁྲོད་དང་། དེ་ནས་ས་འོག་ཏུ་འོག་གཞི་མེ་དང་རླུང་གི་ཁོར་ཡུག་གི་དབུས་སུ་མི་བཟད་པའི་ངུ་བའི་དམྱལ་བ་ཆེན་པོར་མདུང་གིས་འབིགས་པ་ལ་སོགས་པའི་དུར་ཁྲོད་བརྒྱད་དུ་ཁྱི་གདོང་མ་ལ་སོགས་པ་བརྒྱད་གནས་པར་ཕྱག་རྡོར་གྱིས་གསུངས་སོ། །དེ་ལྟར་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་སྤྱིར་གནས་ལ་སོགས་པ་ཚང་བ་དེ་བཞིན་དུ། གྲོང་བྱེ་བའི་བདག་ཉིད་ཀྱི་ཡུལ་དང་། གྲོང་འབུམ་གྱི་བདག་ཉིད་ཀྱི་གྲོང་ཁྱེར་རེ་རེ་ལ་ཡང་ནི་ཕྱོགས་དང་ཕྱོགས་བྲལ་དུ་གནས་དང་ཉེ་བའི་གནས་ལ་སོགས་པའི་རང་བཞིན་གྱི་ལྷ་དང་ལྷ་མོ་རྣམས་གནས་པར་རིག་པར་བྱ་བ་སྟེ། དེ་ལྟར་ཤེས་རབ་རྒྱུད་ཀྱི་མངོན་པར་བརྗོད་པ་བླ་མ་ནི། སྲིད་པ་གསུམ་གྱི་བླ་མས་ཞེས་དུས་ཀྱི་འཁོར་ལོའི་ཤར་གྱི་ཐུགས་ཀྱི་ཞལ་ནས་སྤྲོས་པའོ། །དེ་ལྟར་ཤེས་རབ་རྒྱུད་ཀྱི་ལྷ་རྣམས་སྤྲོ་བ་གསུངས་ནས་ཐབས་ཀྱི་རྒྱུད་ཀྱི་ལྷ་སྤྲོ་བ་ལ། གསང་བ་འདུས་པའི་རྒྱུད་ཀྱི་ལྷ་སྤྲོ་བ་དང་། སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་ལྷ་སྤྲོ་བ་དང་། དེའི་ཞར་ལ་རྟོག་པའི་རྒྱུད་ཀྱི་ལྷ་སྤྲོ་ཚུལ་མཚོན་པ་དང་བཅས་པ་གསུངས་པ་ལས། དང་པོ་འདུས་པ་ལ་ལྷ་ཉེར་ལྔ་མ་ནི། དཀྱིལ་འཁོར་གྱི་སྙིང་པོར་འཁོར་ལོ་ཆ་དགུ་པ་སྟེ། ཚངས་ཐིག་ལས་སོར་ཕྱེད་གསུམ་དང་ཕྱེད་དང་གཉིས་དོར་ནས་ཐིག་རེ་རེ་དང་། དེ་ནས་སོར་ཕྱེད་དྲུག་དོར་བར་ཟླུམ་ཐིག་གཅིག་དང་། དེ་ནས་སོར་ཕྱེད་གཉིས་དོར་བར་ཟླུམ་ཐིག་གཅིག་སྟེ། དེ་ཡན་ཆད་དཀྱིལ་འཁོར་ལས་ནི་ཕྱེད་ཀྱི་ཆ་ཤས་སོ། །དེའི་ལེ་ཚེ་དགུ་པོ་ལ་ཟླ་བ་ཉི་མ་པདྨ་ཡི་གདན་གྱི་གནས་ལ་ལྷ་དགུ་བཞུགས་ཤིང་དེའི་མུ་ཁྱུད་ལ་རྡོ་རྗེ་ཡི་ཕྲེང་བ་དང་། ཀ་བའི་ཕྲེང་བ་དག་གིས་སྤྲས་པ་ཞེས་པ་ཀ་བ་ལ་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མཚན་མ་དག་གིས་སྤྲས་པ་ཡང་ནི་ཕུང་པོ་ལྔ་དང་ཁམས་བཞི་རྣམས་ཀྱི་ལྷག་པའི་ལྷ་ཆེན་པོ་སངས་རྒྱས་ལྔ་དང་ཡུམ་བཞི་རྣམས་གདན་དེ་དག་ལ་བཞུགས་པའོ། །དེའི་ཕྱི་རོལ་དུ་ནི་ར་བའི་རྩིག་པ་ཡི་ངོས་

p. 552

ནས་ནང་དུ་སོར་ཕྱེད་དྲུག་གི་ལྷ་སྣམ་དག་ལ། ཡུལ་གཟུགས་རྡོ་རྗེ་མ་སོགས་སེམས་མ་དྲུག་དང་། ཡུལ་ཅན་ས་སྙིང་སོགས་སེམས་དཔའ་དྲུག་རྣམས་ཟླ་བ་དང་ཉི་མའི་གདན་ལ་གནས་པའོ། །སྒོ་སྐྱོང་ཁྲོ་བོ་བཞི་པོ་རྣམས་ནི་ཉི་མ་ཡི་གདན་ལ་གནས་པ། དེ་རྣམས་ལས་གཞན་པ་མཆོད་པའི་ལྷ་མོ་གཟུངས་མའི་ཚོགས་ཀྱི་རིགས་ནི་ཁ་ཁྱེར་སྟེགས་བུ་དག་ལ་ཀུན་ནས་གནས་སོ། །དེ་དག་གིས་འདུས་པ་ཉེར་ལྔ་མའི་ལྷའི་བཀོད་པ་བསྟན་ཏོ། །ཉེར་ལྔ་མའི་འདུས་པ་འདི་ལ་སོགས་པ་ཞེས་པས་འདུས་པ་ལྷ་དགུ་མ། བཅུ་གསུམ་མ། བཅུ་དགུ་མ་སོ་གཉིས་མ་སོ་བཞི་མ་རྣམས་ལ་ནི་སྔ་མ་དེ་བཞིན་དུ་ཤེས་པར་བྱ་སྟེ་རྣལ་འབྱོར་ཐབས་ཀྱི་རྒྱུད་ཀྱང་འདུས་པ་རྣམ་པ་དྲུག་ཏུ་གསུངས་པ་སྟེ། ཉེར་ལྔ་མའི་སྟེང་དུ་ཟུར་བཞི་པོ་ཉིད་དུ་སྒོ་སྐྱོང་བཞི་དང་སྟེང་འོག་ཏུ་གཉིས་ཏེ་ཁྲོ་བོ་དྲུག་པོ་རྣམས་དང་རྩིག་པའི་ལོགས་སུ་ཡུལ་ཡུམ་དང་བཅས་པའི་ཡུལ་ཅན་ཛམ་བྷ་ལ་ནི་ཕྱག་ན་འབྲས་སོ་བ་བསྣམས་པ་དང་ལྷ་བདུན་བསྣན་པས་ལྷ་སོ་གཉིས་དག་ཏུ་འགྱུར་རོ། །དེ་ལ་ཁྲོ་བོ་བཅུ་ནི་ངག་དང་རྐང་པ་དང་ལག་པ་དང་བཤང་ལམ་དང་བྷ་ག་ཡི་ལས་དབང་ལྔ། རང་རང་གི་བྱ་བ་དང་བཅས་པ་བཅུ་ཡི་རང་བཞིན་དག་པའོ། །ཉི་མ་གཡས་ཀྱི་རྩ་དང་རི་བོང་ཅན་གཡོན་གྱི་རྩ་རྣམས་དང་། དབུས་སུ་དུས་ཀྱི་རྩ་དབུ་མ་ཡི་རང་བཞིན་ཏེ། དེ་རྣམས་དག་པས་ཤེས་རབ་དང་ནི་ཐབས་ཀྱི་ལྷ་རྣམས་མཐའ་དག་ཞལ་གསུམ་ཅན་ནོ། །རྩ་གསུམ་པོ་དེ་ཡང་སྟེང་འོག་གི་ཕྱེ་བས་དྲུག་ཏུ་འགྱུར་བ་དག་པའི་རང་བཞིན་རོ་ཡི་ཕྱག་སྟེ་ཕྱག་དྲུག་དང་ལྡན་པས། མཛོད་དྲུག་དག་པ་རྡོ་རྗེ་པདྨ་འཁོར་ལོ་དྲིལ་བུ་རིན་ཆེན་རལ་གྲི་དྲུག་གི་ཕྱག་མཚན་བསྣམས་པ་འདི་རྣམས་ནི། དུས་ཀྱི་འཁོར་ལོའི་གཡས་ཀྱི་གསུང་གི་ཞལ་དམར་པོ་ནས་སྤྲོས་པའོ། །དེ་ནས་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་སྤྲོས་པ་ལས། ལྷ་ཞེ་གསུམ་མ་ནི། དཀྱིལ་འཁོར་གྱི་སྙིང་པོར་ཡེ་ཤེས་འཁོར་ལོ་ལེ་ཚེ་དགུ་པ་དང་དེའི་ཕྱི་རོལ་དུ་ཆུ་གཏེར་ཟུར་ཞེས་གྲུ་བཞི་ཉིད་དུ་འགྱུར་ཏེ། ཀྱེ་མི་ཡི་

p. 553

བདག་པོ་དེ་ཡི་ཚད་ནི་དཀྱིལ་འཁོར་ལས་ནི་གསུམ་གྱི་ཆར་བགོས་པའི་ཆ་གཅིག་གོ། དེ་ལ་ཕུང་པོ་ལྔ་དང་ཁམས་བཞི་རྣམས་ཀྱི་ལྷག་པའི་ལྷ། བདེ་གཤེགས་རིགས་ལྔ་དང་ཡུམ་བཞི་གནས་པ་ཉིད་དོ། །སླར་ཡང་དེའི་ཕྱི་རོལ་གྱི་འཕར་མ་གཞན་ལ་སྒྲ་ཡི་རྡོ་རྗེ་མ་ལ་སོགས་པ་དྲུག་གི་སྟེང་དུ་ཁ་ཅིག་གིས་དྲག་སྤྱན་མ་དང་ཤིན་ཏུ་སྔོན་མོ་བསྣན་པས་བརྒྱད་དུ་བྱེད་དོ། །འདིར་སྒྱུ་འཕྲུལ་དྲྭ་བ་བསྡུས་རྒྱུད་དུ་ནི་མིང་གཞན་སེམས་མ་རྡོ་རྗེ་མ། རིན་ཆེན་རྡོ་རྗེ་མ། ཆོས་ཀྱི་རྡོ་རྗེ་མ། ལས་ཀྱི་རྡོ་རྗེ་མ་དང་ཙུནྡཱ་དང་རིན་ཆེན་སྐར་མདའ་དང་། ཁྲོ་གཉེར་ཅན་དང་། རྡོ་རྗེ་ལྕགས་སྒྲོག་མ་བརྒྱད་ཅེས་བཤད་དོ། །དཀྱིལ་འཁོར་གཞན་དུ་སྒེག་སོགས་བརྒྱད་ཀྱི་ལྷ་མོར་བཤད་པའང་ཡོད་དོ། །དེའི་ཕྱི་རོལ་དུ་གནས་པའི་དཀྱིལ་འཁོར་གྱི་སྒོ་དང་། མཚམས་བཞི་དང་སྟེང་འོག་ལ་ནི་ཕྱོགས་བཅུར་བཀོད་པ་ཉི་མ་ལ་གནས་པ་ཁྲོ་བོའི་ཚོགས་བཅུ་པོ་རྣམས་ཏེ། དཀྱིལ་འཁོར་དེར་ནི་ར་བའི་རྩིག་པ་དག་གི་ཉེ་བའི་སྣམ་བུ་ལ་དུས་ཞེས་བཞི་ལ་ཆུ་གཏེར་གྱིས་བསྣུན་པ་བཅུ་དྲུག་གི་གྲངས་ཀྱི་བྱང་ཆུབ་སེམས་དཔའ་མཐའ་དག་རྣམས་ཞེས་པ་བསྡུས་རྒྱུད་ལྟར་ན་ཤར་དུ་བྱམས་པ་འཇམ་དབྱངས། སྤོས་ཀྱི་གླང་པོ་ཡེ་ཤེས་ཏོག་བཞི་དང་། ལྷོར་བཟང་སྐྱོང་བློ་གྲོས་རྒྱ་མཚོ། བློ་གྲོས་མི་བཟད་པ་སྤོབས་པ་བརྩེགས་པ་བཞི་དང་། ནུབ་ཏུ་མཐུ་ཆེན་ཐོབ། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཀུན་འཇོམ་དྲ་བ་ཅན་གྱི་འོད་བཞི་དང་། བྱང་དུ་ཟླ་འོད། འོད་དཔག་མེད། ནམ་མཁའ་མཛོད། སྒྲིབ་པ་རྣམ་སེལ་བཞིའོ། །ཨ་བྷ་ཡས་སྒོ་སུམ་རིམ་དུ་མཛད་ཀྱང་འདིར་སྒོ་རྐྱང་དུ་གསལ་ལོ་ཞེས་སྔ་མ་དག་གསུངས། སྒྱུ་འཕྲུལ་དྲ་བ་དག་གི་དཀྱིལ་འཁོར་གྱི་ལྷ་གྲངས་ཀྱི་དབྱེ་བ་གསུམ་སྟེ་བཤད་མ་ཐག་པ་ཞེ་གསུམ་མ་འདི་དང་། གཞན་ཞེ་ལྔ་མ་དང་ཞེ་དགུ་མ་ཡིན་ལ། དེ་ཐམས་ཅད་ལྷའི་སྐུ་གསུང་ཐུགས་ཀྱི་དབྱེ་བས་ཞལ་གསུམ་དང་། ཡབ་ཡུམ་གཉིས་ཀའི་སྐུ་གསུང་ཐུགས་ཀྱི་དབྱེ་བས་རོ་ཡི་སྟེ་དྲུག་གི་ཕྱག་

p. 554

ལྡན་པ་ཅན་ནི་ལྷ་ཡི་སྐུ་ཡི་དབྱེ་བ་ལས་སོ། །སྒྱུ་འཕྲུལ་སྡེ་བརྒྱད་ཅེས་སྔ་འགྱུར་པ་ལ་གྲགས་པའི་ནང་ཚན་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལྟར་ན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི་དབུས་སུ་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་སྔོན་པོ་ཞལ་གསུམ་ཕྱག་དྲུག་པའི་ཐུགས་ཀར་བྱང་ཆུབ་སེམས་རྡོ་རྗེ་ཨ་ར་པ་ཙ་དང་བཅས་པ། ཡུམ་ཆོས་དབྱིངས་དབང་ཕྱུག་མ་ལ་འཁྱུད་པ། དེའི་ཤར་དུ་དོན་གྲུབ་ནག་པོ། ལྷོར་རིན་འབྱུང་དམར་པོ། བྱང་སྣང་མཐའ་དཀར་པོ། ནུབ་རྣམ་སྣང་སེར་པོ། མཚམས་བཞིར་སྒྲོལ་མ། གོས་དཀར་མོ། མ་མ་ཀཱི། སྤྱན་མ་བཞི་སྟེ་བདེ་གཤེགས་ཡབ་ཡུམ་དགུ། སེམས་དཔའ་བཅུ་དྲུག་ནི་ཕྱོགས་བཞིར་བཞི་རེའོ། །འདོད་སྣམ་ལ་ཕྱོགས་བཞིའི་གཡས་སུ་གར་ཕྲེང་གླུ་སྒེག་བཞི། གཡོན་དུ་དྲི་མེ་ཏོག་མར་མེ་བདུག་སྤོས་བཞི་སྟེ་མཆོད་པའི་ལྷ་མོ་བརྒྱད། ཕྱི་རོལ་དུ་ཕྱོགས་མཚམས་སྟེང་འོག་གི་ཁྲོ་བོ་བཅུ་དང་བཅས་པའི་ལྷ་ཞེ་གསུམ་མའི་དཀྱིལ་འཁོར་རོ། །ལྷ་ཞེ་ལྔ་མར་བྱེད་ན་ཡེ་ཤེས་འཁོར་ལོའི་སྟེང་དུ་རྡོ་རྗེ་སེམས་དཔའ་དང་ཡེ་ཤེས་འཁོར་ལོའི་དབང་ཕྱུག་མ་བཅས་པས་སོ། །ཞེ་དགུ་མ་བྱེད་ན་སྒོ་མ་བཞི་བསྣན་ནས་སོ། །གཞན་རིགས་སོ་སོའི་དཀྱིལ་འཁོར་ལ་དོན་གྲུབ་སོགས་གཙོ་བོའི་གནས་སུ་གོ་འཕོ་ཞིང་གཙོ་བོ་དེའི་གནས་སུ་བཞག་པས་རིགས་ལྔའི་དཀྱིལ་འཁོར་དུ་འགྱུར་རོ། །སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་འཕྲོ་གཞི་རྩ་བའི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཞེས་པ་སྔ་འགྱུར་གྱི་ཆོས་སྡེ་ཆེན་པོར། སངས་རྒྱས་ཡབ་ཡུམ་བཅུ། སེམས་དཔའ་སེམས་མ་བཅུ་དྲུག །སྤྲུལ་སྐུ་ཐུབ་པ་དྲུག །སྒོ་སྐྱོང་ཡབ་ཡུམ་བརྒྱད། སྤྲུལ་གཞི་ཀུན་བཟང་ཡབ་ཡུམ་གཉིས་བཅས་ལྷ་ཞེ་གཉིས་སུ་གྲགས་ཀྱང་། རྒྱུད་ལས། ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཞེས་སོགས་གསུངས་པ་འདི་ལྟ་བུའི་ལྷ་གྲངས་ཅི་རིགས་སུ་སྣང་ངོ་། །འགྲེལ་

p. 555

བར་འདིར་རྩ་བའི་རྒྱུད་ལས་ཐིག་གི་མཚན་ཉིད་ནི། གཉིས་དང་གཅིག་དང་གསུམ་ཕྱེད་བཅས། །ཕྱེད་དང་གཅིག་དུས་རི་བོང་ཅན། །དུས་དང་གཅིག་དང་དུས་དང་གཅིག །ཆ་ནི་སུམ་ཅུ་གཉིས་སོགས་ལ། །ཞེས་པ་སྟེ། ལྷག་མ་ར་བ་ལ་སོགས་པ་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞིན་ནོ། །ཞེས་གསུངས་པ་འདི་ཆོས་རྗེ་བུ་སྟོན་གྱིས་སྒྱུ་འཕྲུལ་དྲ་བའི་ནང་ཐིག་གི་མཚན་ཉིད་དུ་བཞེད་དེ། ཚངས་ཐིག་ལས་ཕྱི་རོལ་དུ་གཙོ་བོའི་ལེ་ཚེའི་དོན་དུ་ཆ་ཆེན་གཅིག་གི་དྲུག་ཆ་སོར་ཕྱེད་པ་གཉིས་དང་རྡོ་རྗེ་ཕྲེང་བའི་དོན་དུ་སོར་ཕྱེད་པ་གཅིག་དང་། བདེ་གཤེགས་འཕར་མའི་དོན་དུ་གསུམ་དང་། ཕྱེད་བཅས་ཕྱེད་དེ་བསྡོམ་པས་བཞི་དང་། དེ་ནས་རྡོར་ཕྲེང་གི་དོན་དུ་གཅིག་དང་། རྡོ་རྗེ་མ་རྣམས་ཀྱི་གནས་ཀྱི་དོན་དུ་དུས་ཏེ་བཞི་དང་། རྡོར་འཕྲེང་གི་དོན་དུ་རི་བོང་ཅན་ཏེ་གཅིག་དང་། ཁྲོ་བོའི་གནས་ཀྱི་དོན་དུ་དུས་ཏེ་བཞི་དང་། རྡོར་ཕྲེང་གི་དོན་དུ་གཅིག་དང་སེམས་དཔའ་བཅུ་དྲུག་གི་གནས་ཀྱི་དོན་དུ་དུས་ཏེ་བཞི་དང་རྡོར་ཕྲེང་གི་དོན་དུ་གཅིག་དང་། ལྷག་མ་གཅིག་ནི་ཚོན་གྱི་ས་སྟེ། དེ་ལྟར་བདེ་གཤེགས་འཕར་མའི་ཕྱི་རོལ་དུ་གཡས་གཡོན་གྱི་ཆ་ནི་སུམ་ཅུ་རྩ་གཉིས་པོ་སོགས་ཀྱི་སྒྲས་དབུས་སུ་དཀྱིལ་འཁོར་གྱི་སུམ་ཆ། ཆ་བཅུ་དྲུག་ལ་སྙིང་པོའི་འཁོར་ལོ་གྲུ་བཞི་པ་བྱའོ། །དེ་ལྟར་ན་ཆ་བཞི་བཅུ་རྩ་བརྒྱད་དོ། །ལྷག་མ་ར་བ་སོགས་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞིན་ནོ་ཞེས་སོ། །ཁ་ཅིག་ཐིག་འདི་ཉིད་སྡོམ་ཆུང་སོགས་ལ་སྦྱོར་བར་མཛད་དོ། །དེ་ལྟར་སྒྱུ་འཕྲུལ་དྲ་བ་གསུམ་དང་། གཞན་ཡང་རྟོག་པ་ཞེས་པ་བྱ་རྒྱུད་ལ་བཞེད་པའང་ཡོད་ལ། རྣལ་འབྱོར་རྒྱུད་མཐའ་དག་ལ་བྱས་ནའང་རུང་སྟེ། ལ་སོགས་པས་བྱ་སྤྱོད་ཀྱི་རྒྱུད་གང་ཡིན་མཐའ་དག་བླུན་པོའི་སྙིང་གི་དབང་གིས་ཞེས་པ་གཏི་མུག་གི་བག་ཆགས་དང་ལྡན་པའི་སེམས་སྦྱོང་བའི་ཆེད་དམ་དབང་གིས་དུས་ཀྱི་འཁོར་ལོའི་གཡོན་གྱི་སྐུ་ཡི་ཞལ་དཀར་པོ་ནས་སྤྲོས་པའོ། །འདིར་སད་པའི་གནས་སྐབས་ཀྱི་རང་བཞིན་མི་

p. 556

ཤེས་པའི་བླུན་པོའི་སེམས་ཀྱི་ཞེས་དང་། བྱ་རྒྱུད་སོགས་བླ་མེད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལ་ལྟོས་ན་དབང་པོ་རྟུལ་བའི་བླུན་པོ་སྟེ་དེ་དག་གི་བསམ་པ་དང་མཐུན་པར་ཞེས་བཤད་པའང་སྣང་ངོ་། །དེ་ནས་རྣལ་འབྱོར་རྗེས་སུ་རིག་པ་དང་སྡོམ་ཆེན་གྱི་ལྷ་སྤྲོ་བ་གསུངས་པ། རྡོ་རྗེ་འཇིག་བྱེད་ཆེན་པོ་རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད་འདི་དང་འདིར་ནི་སྡོམ་ཆུང་གི་ལྷ་གྲངས་ལས་ཉིས་འགྱུར་སྡོམ་པ་ཆེན་པོ་ཡི་མཁའ་འགྲོ་མ་བདུན་ཅུ་རྩ་གཉིས་རྣམས་ཀྱི་ལྷ་དང་། ཐུགས་གསུང་སྐུའི་འཁོར་ལོ་གསུམ་ཉིས་འགྱུར་ཡེ་ཤེས་ནམ་མཁའ་རླུང་མེ་ཆུ་སའི་འཁོར་ལོ་དྲུག་དང་དེ་ལ་གནས་པའི་རིགས་དྲུག་དང་། དུར་ཁྲོད་བརྒྱད་ཉིས་འགྱུར་མི་བདག་སྟེ་བཅུ་དྲུག་གི་དུར་ཁྲོད་ཀྱི་ས་རྣམས་ཀྱིས་ནི་དཀྱིལ་འཁོར་བཀོད་པ་འདི་དག་དུས་ཀྱི་འཁོར་ལོའི་ནུབ་ཡེ་ཤེས་ཀྱི་ཞལ་སེར་པོ་ནས་སྤྲོས་པའོ། །ཞེས་གསུངས་ནས་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་མཚན་ཉིད་རྒྱས་པར་གསུངས་པ་ལ་དང་པོ་ཐིག་གི་མཚན་ཉིད་ནི་ཐིག་ནི་དྲུག་དང་བུག་པའི་ཆ་ཤས་ཞེས་པ་དགུ་བཅུ་རྩ་དྲུག་སྟེ། ཆ་ཆེན་བཅུ་དྲུག་དང་ཆ་ཆེན་རེ་ལ་སོར་ཕྱེད་པའི་ཆ་ཆུང་ངམ་ཆ་ཕྲན་དྲུག་རེ་ཡོད་པས་གོ་དྲུག་གོ། འདིའི་དཀྱིལ་འཁོར་ནི་ཁ་ལ་སོགས་པའི་སྒོ་བརྒྱད་རྣམ་པར་སྦྱང་བའི་སླད་དུ་ཕྱོགས་དང་མཚམས་སུ་སྒོ་བརྒྱད་ཡོད་པའི་དབྱིབས་ཟླུམ་པོའོ། །དེ་ནི་གཡོ་བའི་དཀྱིལ་འཁོར་ལ་རྒྱ་ཚད་དཔག་ཚད་འབུམ་བཞི་ཡོད་པ་དང་། ལུས་ལ་ཁྲུ་བཞི་ཡོད་པ་བཞིན་དུ། དེ་ལྟ་བུའི་གནས་རྣམས་ཀྱིས་དཀྱིལ་འཁོར་ལ་ནི་ཐིག་གོ་དྲུག་བཏབ་ནས། དབུས་སུ་སྙིང་པོ་ལས་ནི་ཕྱི་རོལ་དུ་དྲུག་དྲུག་གི་ཆ་རྣམས་ཀྱིས་འཁོར་ལོ་དྲུག་སོ་སོར་བྱས་ཏེ། དབུས་ཀྱི་ལྟེ་བའི་པདྨའི་འདབ་མ་ལ་ཆ་ཕྲན་བཞི་དང་དེའི་ཕྱེད་ཆ་ཕྲན་གཉིས་ཀྱིས་ལྟེ༷་བར་ལྡན་པ་ཡང་ངོ་དེ་ལྟར་འདབ་མ་དང་ལྟེ་བར་བསྡོམ་པ་ཆ་དྲུག་གོ། དེ་ཡང་ལྟེ་བ་དང་ཕྱི་རོལ་འཁོར་ལོ་དྲུག་བཅས་བདུན་པོ་རྣམས་ལ་ཤར་དུ་ཆ་ཕྲན་བཞི་བཅུ་རྩ་གཉིས་

p. 557

ཡོད་པ་བཞིན་ཕྱོགས་གཞན་གསུམ་ཀར་འདྲ་ལ་ཤར་ནུབ་ལྟ་བུའི་རྒྱ་ཚད་བསྡོམ་པས་བརྒྱད་ཅུ་གྱ་བརྒྱད་དུ་འགྱུར་ཞིང་། ཐིག་གོ་དྲུག་ལས། གྱ་བརྒྱད་སོང་བའི་ལྷག་མ་དྲུག་དྲུག་ནི་ཤར་གྱི་ཚོན་ས་དྲུག་སོགས་ཕྱོགས་ཀུན་ལ་འདྲ་ཞིང་། ཤར་ནུབ་ཐད་ཀར་བསྡོམ་ན་ཚོན་ས་ཆ་བཅུ་གཉིས་སོ། །པདྨའི་འདབ་མའི་ཕྱི་རོལ་གྱི་འཁོར་ལོ་དྲུག་གི་རྩིབས་རྣམས་ནི་ཆ་ཕྲན་བཞི་རེའི་ཚད་ཀྱིས་བྱ་ལ། དེའི་སྟེང་གི་སོ་སོའི་མཚན་མ། གྲི༷་གུག་སྔོན་པོ་དང་། འཁོར་ལོ་སེར་པོ་དང་། ཆུ་སྐྱེས་དཀར་པོ་དང་། རིན་ཆེན་དམར་པོ་དང་། རལ་གྲི༷་ནག་པོ་དང་། མཆོག་གི་རྡོ་རྗེའི་ཕྲེང་བ་ལྗང་གུ་དྲུག་གི་ཚད་ནི་གཉིས་གཉིས་ཆ་རྣམས་ཀྱིས་ཏེ་ཆ་ཕྲན་གཉིས་རེས་བྱའོ། །ཉི་མ་སྟེ་ཆ་ཕྲན་བཅུ་གཉིས་རྣམས་ཀྱིས་སྒོ་དང་སྒོ་ཁྱུད་ཀྱི་ས་དང་། དུས་ཏེ་དྲུག་དང་རོ་དྲུག་རྣམས་ཀྱིས་ཀྱང་རིམ་བཞིན་ཁ་ཁྱེར་དང་ནི་དོ་ཤལ་གྱི་སའོ། །ཆ་གསུམ་གྱིས་ཀྱང་ནི་གཡས་གཡོན་གྱི་ར་བ་ལྔ་ཡི་རེ་ཁཱ་དང་། རྩེ་མོ་ཅན་ཞེས་གསུམ་གྱིས་དོ་ཤལ་གྱི་རྩ་བར་རིན་ཆེན་སྣམ་བུ་ཡི་སའོ། །ཉི་མ་སྟེ་ཆ་ཕྲན་བཅུ་གཉིས་རྣམས་ཀྱིས་སྒོ་ལོགས་དང་སྒོ་འགྲམ་གྱི་ས་སྟེ་སུམ་འགྱུར་ཉིན་བྱེད་ཅེས་པ། ཆ་ཆུང་བཅུ་གཉིས་སུམ་འགྱུར་སུམ་ཅུ་རྩ་དྲུག་རྣམས་ཀྱིས་གཡས་གཡོན་དུ་ཀ་བའི་སྟེང་དུ་རྟ་བབས་སོ། །ཕྱོགས་བཞི་དང་ཕྱོགས་བྲལ་མཚམས་བཞི་དག་ཏུ་སྒོ་ནི་བརྒྱད་རྣམས་བྱ་སྟེ་སྡོམ་ཆེན་གྱི་དཀྱིལ་འཁོར་ཆེན་པོ་འདི་ནི་ཟླུམ་པོའོ། །དཀྱིལ་འཁོར་འདི་ཡི་དབུས་སུ་ཆུ་སྐྱེས་པདྨ་སྣ་ཚོགས་མདོག་སྟེ་འདབ་མ་བཅུ་དྲུག་པའོ། །དེའི་ལྟེ༷་བ་ལ་ནི་ཉི་མ་དང་རི་བོང་ཅན་དག་སྦྱར་བའི་གདན་ནོ། །པདྨའི་འདབ་མའི་ཕྱི་རོལ་དུ་ནི་དང་པོ་ཡེ་ཤེས་ཁམས་ཀྱི་འཁོར་ལོ་སྔོན་པོ་དང་ནི་དེ་ལ་གྲི་གུག་ཕྲེང་བ་སྔོན་པོ་ཡིས་མཚན་པ་སྟེ། དེའི་འོག་གི་ས་ནི་ལྗང་ཀུ་དག་དང་། དེའི་རྒྱབ་དུ་ས་གཞི་ནག་པོ་ལ་ནི་སའི་ཁམས་ཀྱི་འཁོར་ལོ་སེར་པོ་ལ་འཁོར་ལོའི་ཕྲེང་བ་སེར་པོས་མཚན་པའོ། །དེའི་རྒྱབ་ཏུ་

p. 558

ས་གཞི་དམར་བ་ལ་ཆུའི་ཁམས་ཀྱི་འཁོར་ལོ་དཀར་པོ་ཆུ་སྐྱེས་པདྨ་དཀར་པའི་ཕྲེང་བ་ཅན་དང་། དེའི་རྒྱབ་ཏུ་འོག་གི་ས་ནི་དཀར་པོ་ལ་རིན་ཆེན་གྱི་ཕྲེང་བར་བཅས་པའི་མེ་ཁམས་ཀྱི་འཁོར་ལོ་དམར་པོ་དང་། དེའི་རྒྱབ་ཏུ་འོག་གི་ས་ནི་སེར་པོ་དང་སྔོན་པོ་དག་དང་། འཁོར་ལོ་མཚན་མ་དང་བཅས་པས་དཀར་པོ་མིན་པ་ནག་པོ་དང་ནི་ལྗང་ཀུའི་མདོག་ཏུ་འགྱུར་ཞེས་པ། ས་སེར་པོ་ལ་རླུང་གི་ཁམས་ཀྱི་འཁོར་ལོ་ནག་པོ་དང་རལ་གྲིའི་ཕྲེང་བ་ནག་པོའོ། །དེའི་རྒྱབ་ཏུ་འོག་གི་ས་སྔོན་པོ་ལ་ནམ་མཁའི་ཁམས་ཀྱི་འཁོར་ལོ་ལྗང་ཀུ་དང་། རྡོ་རྗེའི་ཕྲེང་བ་ལྗང་ཀུའོ། །དེ་ནས་ཆ་ཆུང་དྲུག་གིས་ནི་ཚོན་གྱི་ས་སྟེ་འཁོར་གྱི་ལྷའི་སྐྱེད་བྱེད་གཙོ་བོའི་ཞལ་གྱི་དབང་གིས་ཤར་དང་མེར་ནག་པོ། ལྷོ་དང་བདེན་བྲལ་དུ་དམར་པོ། ནུབ་དང་རླུང་དུ་སེར་པོ་བྱང་དང་དབང་ལྡན་དུ་དཀར་པོའོ། །སྒོ་བརྒྱད་པོ་ཡི་བར་རྣམས་སུ་དང་སྒོ་བརྒྱད་ཀྱི་མཐར་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་འཁོར་ལོ་རྣམས་ཏེ་དེ་ལྟར་དུར་ཁྲོད་ཀྱི་འཁོར་ལོ་རྩིབས་བརྒྱད་པ་བཅུ་དྲུག་པོ་རྣམས་ཀྱང་ཕྱོགས་ཀྱི་དབང་གིས་མདོག་སྔ་མ་དེ་བཞིན་ནོ། །དེ་ལྟར་འཁོར་ལོ་དྲུག་གི་ཕྱི་རོལ་དུ་ནི་བརྒྱད་གཉིས་བཅུ་དྲུག་གི་དུར་ཁྲོད་རྣམས་ཏེ་གཙོ་བོའི་ཞལ་གྱི་རིགས་ཀྱི་དབང་གིས་དེ་བཞིན་སྙིང་པོའི་པདྨ་ལ་ལྷ་མོ་ནུས་མ་བརྒྱད་ཀྱི་ཁ་དོག་ཀྱང་ངོ་། །དེ་དག་གི་བར་མཚམས་ཀྱི་འདབ་མ་བརྒྱད་ལ་ནི་ཐོད་པ་བདུད་རྩིའི་རོ་ཡིས་གང་བ་དང་ལྡན་པ་བརྒྱད་དེ། ཕྱི་རོལ་གྱི་འཁོར་ལོ་དྲུག་གི་རྩིབས་བརྒྱད་ཀྱི་འདབ་མ་བརྒྱད་ལ་གནས་དང་ཉེ་བའི་གནས་ལ་སོགས་པའི་ལྷ་མོ་བཞི་བཅུ་རྩ་བརྒྱད་རྣམས་དང་དེ་བཞིན་དུ་དཔའ་བོ་རྣམས་ཀྱང་གནས་པར་རིག་པར་བྱའོ། །དེ་ཡི་ཕྱི་རོལ་དུའམ་ཕྱིར་ནི་སྒེག་མོ་ལ་སོགས་མཆོད་པའི་ལྷ་མོ་ཕྱོགས་དང་ཕྱོགས་བྲལ་དུ་གནས་པ་རྣམས་དང་། དེ་བཞིན་དུ་རྟ་བབས་ཀྱི་ཀ་བའི་རྩ་བར་ཀླུ་ཡི་རྒྱལ་པོ་བརྒྱད་དགོད་པ་ཉིད་དོ། །དེ་ཡི་ཕྱི་རོལ་དུ་ནི་ས་ཆུ་མེ་དང་གཡོ་བའི་དཀྱིལ་འཁོར་བཞི་ཉིད་དང་། དེའི་མཐར་རྡོ་རྗེའི་རྭ་བ་དང་མེ་ལྕེའི་ཕྲེང་བའོ། །

p. 559

ལྷག་མ་སྒོ་ལ་སོགས་པའི་མཚན་ཉིད་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞིན་དུ་རིག་པར་བྱའོ། །ད་ནི་འཁོར་ལོ་དྲུག་གི་རྩིབས་ལ་གནས་པའི་ལྷ་མོ་རྣམས་ཀྱི་ས་བོན་གསུངས་པ། རིང་པོ་ཐུང་ངུའི་དབྱངས་རྣམས་ཀྱིས་ཀྱང་། ཞེས་པ་རིང་པོའི་དབྱངས་ལཱྀ་ཨཱུ་རཱི་ཨཱི་ཨཱ་ཞེས་པ་དང་། ཐུང་དུ་ཨ་ཨི་རྀ་ཨུ་ལྀ་ཞེས་པ་འདི་རྣམས་ཀྱིས། ས་ཏ་པ་ཊ་ཙ་ཀ་ཡི་སྡེ་པ་དྲུག་གི་རེ་རེར་སྡེ་པ་ལྔ་ཡོད་པ་ས་སོགས་སྡུད་རིམ་དང་སྟོང་པ་ནམ་མཁའ་སོགས་སྐྱེད་རིམ་དུ་བཀོད་པའི་ཡི་གེ་རྣམས་ནི། རླུང་སྟེ་ནུབ་བྱང་སོགས་མཚམས་བཞི་དང་འོག་གི་རྩི་བས་ལྔ་པོ་རྣམས་ལ་ནི་གཡས་ཀྱི་ཉི་མའི་རྩར་སྲོག་རྒྱུ་བའི་དབང་གིས་དབྱངས་རིང་པོ་དང་ལྡན་པ་དང་ས་སོགས་ཁམས་ཀྱི་རང་བཞིན་རྣམས། ཞེས་པ། འདིར་ཡེ་ཤེས་ཀྱི་འཁོར་ལོ་ལ་སའི་སྡེ་པ་ལྷག་པའི་ལྷ་སྟེ་དེ་ནི་སླྀ་རླུང་གི་རྩིབས་ལའོ། །དེ་བཞིན་དུ་དབང་ལྡན་དུ་ཀ་པཱུ། བདེན་བྲལ་དུ་ཥྼཱྀ་མེར་ཤཱི་དང་། བསྒོམ་བྱ་ལ་ས་འོག་ཏུ་ྈྐཱ་སྟེ། བྲི་བྱ་ལ་རླུང་དང་བྱང་གི་དུར་ཁྲོད་ཀྱི་འཁོར་ལོའི་དབུས་སུའོ། །མཁའ་འགྲོ་མ་ལྔ་པོ་འདི་རྣམས་ནི་སྡིག་པའི་དུས་སྦྱོར་གྱི་དཀྱིལ་འཁོར་ལྔའི་གཙོ་མོ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྣ་བུག་གཡས་པ་ལས་སྡུད་པའི་རིམ་པས་སྲོག་འབབ་པའི་ཕྱིར་རོ། །སྟེང་དང་ཤར་ལ་སོགས་པ་ཕྱོགས་ཞིའི་རྩིབས་ལ་གཡོན་པའི་རྩར་ཟླ་བའི་རྒྱུ་བའི་སྲོག་འབབ་པའི་དབང་གིས། སྔ་མ་དག་གི་ཐུང་ངུ་རང་རང་འཁོར་ལོའི་རྩིབས་ཀྱི་སྟེང་དུའོ་ཞེས་པ། དེ་ནས་གཞུའི་དུས་སྦྱོར་ལ་སྟེང་དུ་ྈྐ་སྟེ། བསྒོམ་བྱ་ལ་སྟེང་དུ་ཡིན་ཡང་དཀྱིལ་འཁོར་དུ་མཚན་མ་བྲི་བའི་ཚེ་རླུང་དང་ནུབ་ཀྱི་དུར་ཁྲོད་ཀྱི་འཁོར་ལོའི་དབུས་སུའོ། །ཡེ་ཤེས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ལ་ཤི་དང་། ལྷོར་ཥྼྀ་དང་། བྱང་དུ་ཀྤུ་དང་ནུབ་ཏུ་སླྀའོ། །འདི་ལྔ་གཞུའི་དུས་སྦྱོར་ལ་གཡོན་པའི་རྩ་ལ་སྲོག་སྐྱེད་རིམ་གྱིས་འབབ་པའོ། །དེ་ནས་སའི་འཁོར་ལོ་ལ་ཏའི་སྡེ་པ་ལྷག་པའི་ལྷ་སྟེ། རླུང་དུ་ཏླཱྀ་དབང་ལྡན་དུ་ཐཱུ། བདེན་བྲལ་དུ་དྼཱི།།

p. 560

མེར་དྷཱི། ས་འོག་ཏུ་ནཱ་སྟེ། རྡུལ་ཚོན་ལ་རླུང་གི་སྒོའི་དུར་ཁྲོད་ཀྱི་འཁོར་ལོའི་དབུས་སུའོ། །ཞེས་པ་བུ་མོའི་དུས་སྦྱོར་ལའོ། །དེ་བཞིན་སྲང་ལ་སྟེང་དུ་ན་སྟེ་ནུབ་སྒོར་རོ། །ཤར་དུ་དྷི། ལྷོར་དྼྀ་བྱང་དུ་ཐུ། ནུབ་ཏུ་ཏླྀའོ། །དེ་ནས་ཆུའི་ཁམས་ཀྱི་འཁོར་ལོ་ལ། པ་སྡེ་ལྷག་པའི་ལྷ་སྟེ། པླཱྀ་རླུང་དུའོ། །དབང་ལྡན་དུ་ཕཱུ། བདེན་བྲལ་དུ་བྼཱྀ། མེར་བྷཱི། ས་འོག་ཏུ་མཱ་སྟེ་བྲི་བྱ་ལ་དབང་ལྡན་གྱི་སྒོ་རུ་བྱ་བ་ཀརྐ་ཊའི་དུས་སྦྱོར་གྱི་ལྷག་པའི་ལྷ་རྣམས་སོ། །དེ་བཞིན་སེང་གེའི་དུས་སྦྱོར་ལ། ནམ་མཁར་མ་སྟེ་བྱང་གི་སྒོ་རུའོ། །ཤར་གྱི་རྩིབས་ལ་བྷི། ལྷོར་བྼྀ། བྱང་དུ་ཕུ། ནུབ་ཏུ་བླྀའོ། །དེ་ནས་མེའི་འཁོར་ལོ་ལ་ཊའི་སྡེ་པ་ལྷག་པའི་ལྷ་སྟེ། ཊླཱྀ་རླུང་གི་རྩིབས་ལའོ། །དབང་ལྡན་དུ་ཋཱུ། བདེན་བྲལ་དུ་དྼཱྀ། མེར་དྷྷཱྀ། ས་འོག་ཏུ་ཎཱ་སྟེ། བདེན་བྲལ་གྱི་སྒོ་རུ་བྲི་ལ་དེ་རྣམས་གླང་གི་དུས་སྦྱོར་ལའོ། །དེ་ནས་འཁྲིག་པ་ལ་སྟེང་དུ་ཎ་ལྷོ་སྒོའི་དུར་ཁྲོད་དུའོ། །ཤར་གྱི་རྩིབས་ལ་ཌྷི། ལྷོར་ཏྼྀ། བྱང་དུ་ཐུ། ནུབ་ཏུ་ཊལྀའོ། །དེ་ནས་ང་གི་འཁོར་ལོ་ལ་ཙ་ཡི་སྡེ་པ་ལྷག་པའི་ལྷ་སྟེ། ཙ་ལཱྀ་རླུང་གི་རྩིབས་ལའོ། །དབང་ལྡན་དུ་ཚུ། བདེན་བྲལ་དུ་ཛྼཱྀ། མེར་ཛྷཱི། ས་འོག་ཏུ་ཉཱ་སྟེ་མེའི་སྒོ་རུའོ། །འདི་རྣམས་ཉ་ཡི་དུས་སྦྱོར་ལའོ། །དེ་ནས་ལུག་གི་དུས་སྦྱོར་ལ་སྟེང་དུ་ཉ་སྟེ་ཤར་སྒོའི་དུར་ཁྲོད་ཀྱི་འཁོར་ལོ་ལའོ། །ཤར་གྱི་རྩིབས་ལ་ཛྷི། ལྷོར་ཛྼཱྀ། བྱང་དུ་ཚུ། ནུབ་ཏུ་ཙླྀའོ། །དེ་ནས་ནམ་མཁའི་ཁམས་ཀྱི་འཁོར་ལོ་ལ་ཀྷ་ཡི་སྡེ་བ་ལྷག་པའི་ལྷ་སྟེ། ཀླཱྀ་རླུང་གི་རྩིབས་དང་། དབང་ལྡན་དུ་ཁཱུ། བདེན་བྲལ་དུ་གྼཱྀ། མེར་གྷཱི། འོག་ཏུ་དཱ་སྟེ་མེ་དང་ལྷོ་སྒོའི་དབུས་ཀྱི་དུར་ཁྲོད་ཀྱི་འཁོར་ལོའི་སྟེང་དུ་བྲིའོ། །འདི་རྣམས་ཆུ་སྲིན་གྱི་དུས་སྦྱོར་ལའོ། །དེ་ནས་བུམ་པའི་དུས་སྦྱོར་ལ་སྟེང་དུ་ང་སྟེ། མེ་དང་ཤར་སྒོའི་དབུས་སུའོ། །ཤར་གྱི་རྩིབས་ལ་གྷི། ལྷོར་གྼྀ། བྱང་དུ་ཁུ། ནུབ་ཀྱི་རྩིབས་ལ་ཀླྀའོ། །སྒོ་དང་སྒོ་ཡི་བར་དུ་ཧ་ཀྵ་དང་ལྡན་ནམ་

p. 561

མཁའི་མཐིལ་ན་གནས་པའི་སྡེ་པར་བཅས་པ་རྣམས་ཞེས་པ་འདིར་སྡེ་པ་དྲུག་པོ་རྣམས་ཀྱི་སྟོང་པའི་རང་བཞིན་ནམ་མཁའི་དཀྱིལ་འཁོར་འབབ་པར་བྱེད་པའི་ཡི་གེ་རིང་ཐུང་བཅུ་གཉིས་ནི་ྈྐཱ་ྈྐ་ནཱ་ན་མཱ་མ་ཎཱ་ཎ་ཉཱ་ཉ་ངཱ་ང་རྣམས་ནི་དུར་ཁྲོད་བཅུ་གཉིས་ཀྱི་ལྷ་མོ་རྣམས་ཀྱིའོ། །ཐུན་མཚམས་བཞིའི་དབྱེ་བས་དུས་སྦྱོར་གསུམ་གསུམ་གྱི་མཐར་ཧཱ་ཧ་ཀྵཱ་ཀྵ་ཞེས་པའི་ཡི་གེ་བཞི་ནི། བྱང་དང་དབང་ལྡན་དང་ལྷོ་དང་བདེན་བྲལ་གྱི་དུར་ཁྲོད་བཞི་རྣམས་སུའོ། །དེ་ལྟར་འཁོར་ལོ་དྲུག་པོ་རྣམས་ལ་ལྷ་མོ་བཞི་བཅུ་རྩ་བརྒྱད་དང་། དུར་ཁྲོད་བཅུ་དྲུག་པོ་རྣམས་ལ་ལྷ་མོ་བཅུ་དྲུག་སྟེ་དྲུག་ཅུའོ། །སྙིང་པོའི་འདབ་མ་ལ་ལྷ་མོ་བརྒྱད་ཀྱི་ས་བོན་ནི། ཤར་གྱི་འདབ་མར་ཨ། ལྷོར་ཨཿ བྱང་དུ་ཨཾ། ནུབ་ཏུ་ཨཱ། མེའི་འདབ་མར་ཧ། བདེན་བྲལ་འདབ་མར་ཧཿདབང་ལྡན་འདབ་མར་ཧཾ། རླུང་གི་འདབ་མར་ཧཱའོ། །དེ་རྣམས་ཀྱི་བར་བར་གྱི་འདབ་མ་ལ་ཐོད་པ་བརྒྱད་དོ། །དབུས་སུ་རྡོ་རྗེ་མཁའ་འགྲོ་མ་དང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཡབ་ཡུམ་གཙོ་བོ་སྟེ་དེ་དག་གི་ས་བོན་ཧུྃ་དང་ཕྲེཾ་མོ། མཁའ་འགྲོ་མ་དང་མཁའ་འགྲོ་འདི་རྣམས་ཀྱི་ས་བོན་གྱི་མཐར་རྡོ་རྗེ་སྟེ། དེ་དང་བཅས་པའི་མིང་སླཱྀ་རྡོ་རྗེ་མ་དང་ཀྤཱུ་རྡོ་རྗེ་མ་ཞེས་པ་ལ་སོགས་པ་ནས་ཀླཱྀ་རྡོ་རྗེ་མའི་མཐར་ཐུག་པ་རྣམས་སོ། །འདི་རྣམས་ཀྱི་ཐབས་མཁའ་འགྲོ་བཞི་བཅུ་རྩ་བརྒྱད་ནི་གཙོ་བོ་ལ་རྒྱབ་ཀྱིས་ཕྱོགས་ཤིང་རང་རང་གི་ཡུམ་ལ་མདུན་གྱིས་ཕྱོགས་པའི་བསམ་པའི་དབང་གིས་དབྱེ་བས་ཤི་རྡོ་རྗེ་དང་། ཥྼྀ་རྡོ་རྗེ་ལ་སོགས་པའོ། །གང་དུ་མཁའ་འགྲོ་མའི་ས་བོན་རིང་པོ་ཡིན་པར་གྱུར་ན་དེའི་ཐབས་མཁའ་འགྲོའི་ས་བོན་ཐུང་ངུ་དང་། མཁའ་འགྲོ་མའི་ས་བོན་ཐུང་ངུ་ཡིན་ན་མཁའ་འགྲོའི་ས་བོན་རིང་པོར་འགྱུར་ཏེ། དཔེར་ན་སླཱྀ་རྡོ་རྗེ་མ་དང་ཤི་རྡོ་རྗེ་དང་། ཀྤུ་རྡོ་རྗེ་མ་དང་ཥྼཱྀ་རྡོ་རྗེ་ཞེས་པ་དེ་བཞིན་དུ་འཆད་འགྱུར་ཐམས་ཅད་ལ་ཤེས་པར་བྱའོ། །དེ་ལྟར་ན་སྡོམ་ཆེན་གྱི་དཀྱིལ་འཁོར་ལ་མཁའ་འགྲོ་མའི་དྲྭ་བ་སྡོམ་པ་

p. 562

ཉིས་འགྱུར་གྱི་ལྷ་རྣམས་མཆོད་པར་བྱའོ་ཞེས་མཆོད་བྱ་ལྷའི་ངེས་པའོ། །འདིར་སྡིག་པ་དང་གཞུ་སོགས་ཁྱིམ་སྔ་ཕྱི་ལུག་བཟློག་ཏུ་འགོད་པ་ནི་ཀུན་རྫོབ་ཀྱི་སྤྲོས་པས་གསུངས་པ་སྟེ་འདིར་རྩ་རྒྱུད་ལས་གསུངས་པ་ལྟར་ཡན་ལག་བཅུ་གཉིས་འགགས་པས་སྒྲིབ་པ་མེད་པར་འགྱུར་བ་ནི་ཀུན་རྫོབ་མ་ཡིན་པས་དོན་དམ་པའི་བདེན་པར། གཞུ་དང་སྡིག་པ་སོགས་ཁྱིམ་གྱི་ལུགས་ལས་ལྡོག་པས་གནས་དང་ཉེ་བའི་གནས་ལ་སོགས་པ་ལུགས་དང་མཐུན་པར་དབུས་ནས་འགོད་པར་གསུངས་པའོ། །དེ་ལ་ཆུ་སྲིན་དང་བུམ་པ་སོགས་རིམ་པས་ཉེ་བའི་པི་ལ་བ་སྟེ་ཉེ་བའི་འཐུང་གཅོད་དང་འཐུང་གཅོད་ལ་སོགས་པས་དགོད་པ་ནི་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་པ་སྟེ། ཆུ་སྲིན་མ་རིག་པ་དང་བུམ་པ་འདུ་བྱེད་ཡིན་པ་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཉེ་བའི་འཐུང་གཅོད་ལ་སོགས་པ་རིམ་པས་ལུགས་འབྱུང་དང་མཐུན་པར་མཐའ་ནས་འགོད་པ་སྟེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་གི་རྣམ་པར་བཞག་པའོ། །ཇི་ལྟར་འཁོར་ལོ་གསུམ་གྱི་སྡོམ་པ་ལས་ལྷ་འགོད་ཚུལ་གཉིས་གསུངས་པ་ལས། གཅིག་ནི་རབ་གཏུམ་མ་དང་གཏུམ་པའི་མིག་ཅན་མ་ལ་སོགས་པ་རྟེན་འབྲེལ་བཅུ་གཉིས་ལུགས་ལས་བཟློག་པས་གནས་དང་ཉེ་གནས་ལ་སོགས་པའི་རིམ་པས་དང་པོར་ཕྱོགས་དང་དེ་ནས་མཚམས་སུ་དགོད་པ་ཡིན་ལ། འགོད་ཚུལ་གཉིས་པ་ནི་བརྩོན་འགྲུས་ཆེན་མོ་དང་འཁོར་ལོས་སྒྱུར་མ་ལ་སོགས་པ་རྟེན་འབྲེལ་ལུགས་འབྱུང་གི་གོ་རིམ་གྱིས་ཉེ་བའི་དུར་ཁྲོད་དང་དུར་ཁྲོད་ལ་སོགས་པའི་རིམ་པས་ལུགས་ལས་བཟློག་པས་དང་པོར་མཚམས་དང་། དེ་ནས་ཕྱོགས་སུ་འགོད་པར་གསུངས་སོ། །ལུགས་འབྱུང་མཐའ་ནས་འགོད་པའི་སྐབས་འདིར་ནི་ཕྱི་རོལ་དུ་འཇིག་རྟེན་པའི་ཐ་སྙད་ལ་ཀུན་རྫོབ་གང་ཡིན་པ་དེ་དོན་དམ་པ་ཞེས་གྲགས་པ་དང་བསྟུན་པར་ཤེས་པར་བྱའོ། །དེའི་ཕྱིར་རྟེན་འབྲེལ་ལུགས་འབྱུང་ལྟར་ཀུན་རྫོབ་ཀྱི་སྤྲོས་པས་ཆུ་སྲིན་དང་བུམ་

p. 563

པ་ལ་སོགས་པར་གསུངས་པ་གང་ཡིན་པ་དེ་ནི། ནང་དུ་ཆུ་སྲིན་འགགས་པས་མ་རིག་པ་འགགས་པ་སོགས་དོན་དམ་པའི་བདེན་པས་བརྩོན་འགྲུས་ཆེན་མོ་འཁོར་ལོས་སྒྱུར་མ་ལ་སོགས་པར་འགྱུར་རོ་ཞེས་ཤེས་པར་བྱའོ། །ལྷ་འགོད་རིམ་གཉིས་ནི་རྟེན་འབྲེལ་འབྱུང་ལྡོག་གི་ཚུལ་ལ་ལྟོས་ནས་དཀྱིལ་འཁོར་དུ་ལྷ་བཞུགས་ཚུལ་སྤྲོས་པས་གསུངས་པ་སྟེ། བསྒོམ་པའི་དུས་སུ་གཙོ་མོ་མ་བསྒོམ་པར་འཁོར་བསྐྱེད་པ་མེད་དོ། །རླུང་སོགས་མཚམས་དང་འོག་ཏུ་ཉི་མའི་རྒྱུ་བ་གཡས་རྒྱུའི་དབང་གིས་རིང་པོ་རྣམས་ས་སོགས་སྡུད་རིམ་དང་། ཕྱོགས་བཞི་དང་སྟེང་དུ་ཟླ་བ་གཡོན་རྒྱུའི་དབང་གིས་ཐུང་ངུ་རྣམས་སྐྱེད་རིམ་གྱི་དགོད་པར་གསུངས་པ་ནི་འདི་ལྟར་ཀུན་རྫོབ་ཀྱི་རིམ་པས་ཉེ་བའི་འཐུང་གཅོད་སོགས་ཀྱིས་ཆུ་སྲིན་ལ་སོགས་པའི་དཀྱིལ་འཁོར་ལ་ཀ་ཙ་ཊ་པ་ཏ་སའི་སྡེ་པ་ལུགས་འབྱུང་ཀ་ལ་སོགས་པ་རྣམས་ཀྱི་ཡི་གེ། ལཱྀ་སོགས་དབྱངས་སྡུད་རིམ་གྱིས་ཕྱེ་བའི་རིང་པོ་དང་ཐུང་ངུ་རྣམས་དགོད་པར་བྱའོ། །དོན་དམ་པའི་བདེན་པས་ས་ཏ་པ་ཙ་ཀའི་སྡེ་པའི་ཡི་གེ་ྈྐ་ལ་སོགས་པ་ཨ་སོགས་དབྱངས་སྤྲོ་རིམ་གྱིས་ཕྱེ་བ་ཐུང་ངུ་དང་རིང་པོ་རྣམས་གཞུ་དང་སྡིག་པ་ལ་སོགས་པའི་དབྱེ་བས་དགོད་པར་གསུངས་སོ། །དེ་ལྟར་རླུང་མཚམས་ལ་སོགས་པའི་རྩིབས་རྣམས་ལ་ནི་ཉི་མའི་རྒྱུ་བའི་དབང་གིས་ཞེས་པ་སའི་ཁམས་ལ་སོགས་པ་སྡུད་རིམ་དང་མཐུན་པར་ལྷའི་ས་བོན་འགོད་དེ། གཡས་ཀྱི་དཀྱིལ་འཁོར་འབབ་པའི་དབང་ལས་རིང་པོ་རྣམས་སོ། །སྟེང་དང་ཤར་ལ་སོགས་པའི་རྩིབས་ལ་ཟླ་བའི་རྒྱུ་བའི་དབང་གིས་ཞེས་པ་ནམ་མཁའ་སོགས་སྤྲོ་རིམ་དང་མཐུན་པར་འགོད་དེ་གཡོན་གྱི་དཀྱིལ་འཁོར་རབ་ཏུ་འབབ་པའི་དབང་གིས་ཐུང་ངུ་ལྔ་རྣམས་ཏེ། ནང་དུ་སྲོག་འབབ་པའི་ངེས་པ་ལས་ཕྱི་རོལ་དུ་ལྷ་ཡང་དེ་ལྟར་འགོད་པ་ནི་ངེས་པའོ། །འདིར་ལྷག་མ་ཚིགས་བཅད་ལྔ་གོ་སླར་བཞག་པ་ནི། འདིར་འཁོར་ལོའི་རྩིབས་བརྒྱད་དང་དུར་ཁྲོད་བརྒྱད་ལ་གནས་པའི་

p. 564

མཁའ་འགྲོ་མ་རྣམས་ནི་ས་བོན་དབྱངས་རིང་བ་དང་ཐུང་བའི་དངོས་པོ་ལས་སྐྱེས་པ་རི་བོང་འཛིན་པའི་ཞལ་ཏེ་ཞལ་གཅིག་པ་དང་། ཕྱག་གཉིས་ན་ནི་གྲི༷་གུག་དང་ཐོད་པ་འཛིན་པ་ཅན་ཞབས་གཡས་པ་བརྐྱང་ཞིང་རང་རང་གི་སྣོད་ཐོད་པ་རྣམས་ཀྱིས་ནི་ལྷ་མིན་གྱི་ཁྲག་འཐུང་ཞིང་སྐྲ་གྲོལ་བ་གོས་དང་བྲལ་བ་སྟེ། འདིར་འགྱུར་མངས་ལས། རང་རང་འདབ་མར་གཡས་བརྐྱང་གནས་ཞེས་པ་ལས་སྣོད་རྣམས་ཀྱིས་ནི་ཞེས་པ་མེད་དོ། །རྐང་པ་དང་རྐེ༷ད་པ་དང་། དཔྲལ་བ་དང་ནི་རྣ་བ་དང་མགྲིན་པ་དང་ལག་པར་དྲིལ་བུ་གཡེར་ཀ་དང་ལ་སོགས་པའི་སྒྲས་འོག་པགས་དང་དར་དཔྱངས་དང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། མགོ་དང་རྐེ༷ད་པའི་ངོས་ལ་ཞེས་པ་རིམ་བཞིན་སྐམ་པོའི་ཐོད་པའི་དུམ་བུ་རྒྱལ་བ་རྣམས་ཀྱི་རིགས་ཀྱི་ཁ་དོག་ལྔ་ཡི་རྒྱན་གྱིས་མགོ་བོ་ལ་བརྒྱན་པ་དང་། རྐེད་པའི་ངོས་ལ་ཐོད་པ་སྐམ་པོའི་ཕྲེང་བ་འཕྱངས་པའོ། །འཁོར་ལོ་དྲུག་གི་མཁའ་འགྲོ་ཞེ་བརྒྱད་པོ་ཐམས་ཅད་ཞལ་གཉིས་པ་ཕྱག་བཞིའི་གཡས་གཉིས་ན་རྡོ་རྗེའི་མཆོག་དང་ཌཱ་མ་རུ་དང་། གཡོན་གྱི་གཉིས་པ་ན་རྡོ་རྗེ་ཁ་ཊ༷ཾ་ག་དང་དང་པོ་ན་རྡོ་རྗེ་དྲིལ་བུའོ། །འདིར་ཞལ་གཉིས་པའི་དོན་ལ་བླ་མ་ཁ་ཅིག་གཡས་གཡོན་ཁ་དོག་མི་འདྲ་བའི་ཕྱེད་གཟུགས་ལ་འཆད། གཞན་དག་རྩ་ཞལ་གཅིག་རྒྱས་འདེབས་ཀྱི་ཞལ་དང་བཅས་པའི་གཉིས་པའམ། ཡང་ན་དེས་གསལ་བྱེད་ཉིས་བརྩེགས་མཚོན་ཞིང་དེ་ཉི་མ་ཡིན་ལ་དེས་ཀྱང་བསམ་པའི་དབྱེ་བས་ཐབས་ཤེས་མཚོན་པས་ཞལ་གཉིས་ཞེས་གསུངས་པར་འཆད། མགྲི༷ན་པ་ལ་དཔལ་ལྡན་མགོ་རློན་གྱི་ཕྲེང་བ་བརྒྱའམ་ལྔ་བཅུ་འཕྱངས་ཤིང་། མགོ་བོར་ཅོད་པན་ལ་ཡང་རྡོ་རྗེ་དར་དཔྱངས་དང་ནི་སྤྱི་བོར་ནོར་བུའོ། །དཔལ་ལྡན་མགུལ་པ་ལ་མགུལ་རྒྱན་དང་རྐང་པ་ལ་རྐང་གདུབ་དང་། ཕྱག་ལ་ཕྱག་གདུབ་དང་ནི་རྐེད་པ་ལ་སྐ་རགས་དག་དང་རྣ་བར་རྣ་རྒྱན་ཏེ་རུས་པའི་ཕྱག་རྒྱ་ལྔ་དང་། དུམ་བུ་མ་ཡིན་པར་རྫོགས་པའི་ཐོད་པ་སྐམ་པོ་ལྔ་

p. 565

རྣམས་ཀྱི་ཕྲེང་བ་ཡིས་དབུ་ལ་བརྒྱན་ཅིང་མཆེ་བ་ཅན་གདུག་པ་སྦྲུལ་གྱི་རྒྱན་མཐའ་དག་ལུས་ལ་གནས་པ་དང་། རུས་པ་ལས་བྱུང་བའི་རྒྱན་དྲུག་པ་ཐལ་བའི་རྒྱ་ཡིས་གནས་རྣམས་སུ་བཏབ་པའོ། །གཙོ་བོ་དུས་འཁོར་སྡོམ་ཆེན་ཞལ་བཞི་ཕྱག་ཉེར་དྲུག་པའི་རྒྱན་ཆ་གསུངས་པ། གཙོ་བོའི་དབུ་རེ་རེ་ལ་ཐོད་པ་སྐམ་པོ་རྫོགས་པ་ལྔ་ལྔ་རྣམས་ཀྱིས་ཕྲེང་བ་དག་གིས་བརྒྱན་ཅིང་མགྲིན་པར་བདུད་རིགས་བརྒྱའི་མགོ་བོ་བཅད་པའི་གདོང་པ་བརྒྱ་དང་ལྡན་པ་རྣམས་ཀྱི་མགོ་བོ་རློན་པ་ཡི་ཕྲེང་བ་འཕྱངས་པའོ། །འདིར་བྱེད་སྒྲ་གཉིས་པོ་ནི་དྲུག་པའི་དོན་ལ་གསུམ་པ་བྱས་པ་འདྲའོ། །སྤྱི་བོར་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེའི་རྒྱན་ནི་ཅོད་པན་ལ་འཛིན་པ་སྟེ། རང་གི་རྐེད་དང་ཕྱག་ན་གནས་པ། རིམ་བཞིན་སྟག་པགས་གླང་པོའི་པགས་པའོ་ཞེས་པས། རྐེད་པར་སྟག་གི་པགས་པའི་ཤམ་ཐབས་དང་། ཕྱག་ལྷག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་རློན་ཁྲག་འཛག་པ་སྐུ་ཡི་རྒྱབ་ཏུ་བགོ་པའི་ཚུལ་གྱི་འཛིན་པའོ། །དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ་ཟླ་བ་དང་ཉི་མ་བསྲེག་ཟའི་སྟེ་དུས་མེའི་དཀྱིལ་འཁོར་ལ་ནི་གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་པའི་ཞབས་གཡས་ཀྱི་རྩ་བར་ཏེ་འོག་ཏུ་བདུད་དང་། གཡོན་པའི་འོག་ཏུ་དབང་ལྡན་ཏེ་དྲག་པོ་མནན་པའོ། །ལུས་ལ་ཐལ་བ་སོགས་རྒྱན་དྲུག་གིས་བརྒྱན་པ་སྟེ། ཕྱག་རྒྱ་ཀླུ་ཡི་དབང་པོ་བཅུ་ཡིས་རྒྱས་བཏབ་པ་དང་ལྡན་པ། འཇིགས་པའི་དུས་ཀྱི་རྩེ་མོ་ཅན་མེ་དང་མཚུངས་པའི་མཁའ་འགྲོ་མ་ཕྱག་རྒྱ་ལྔས་བརྒྱན་པ་གྲི་ཐོད་ཅན་ལ་འཁྱུད་ཅིང་འོ་དག་བྱེད་པའོ། །སྙིང་པོའི་པདྨའི་ཕྱོགས་བརྒྱད་ཀྱི་འདབ་མར་གནས་པའི་ལྷག་པར་དབང་དུ་བྱེད་པའི་མཁའ་འགྲོ་མ་རྣམས་ཞལ་གཅིག་མ། ཕྱག་གཉིས་ཀྱི་ལག་པ་གཡས་ན་ཌ་མ་རུ་དང་གཡོན་ན་རྡོ་རྗེ་ཁ་ཊཱ༷ཾ་ག་ཉིད་དེ། འདིས་མཚོན་ནས་ཐབས་ལ་འཁྱུད་པའི་མཁའ་འགྲོ་མ་ཐམས་

p. 566

ཅད་ཀྱི་ཕྱག་མཚན་སྙིང་པོའི་རྣལ་འབྱོར་མ་རྣམས་དང་འདྲ་བའོ། །དེ་བཞིན་དུ་སྙིང་པོའི་པདྨར་ནུབ་བྱང་དུ་བཤང་བ་དང་། བྱང་ཤར་དུ་གཅི་བ་དང་། ལྷོ་ནུབ་ཏུ་ཁྲག་དང་། ལྷོ་ཤར་དུ་མི་ཤ་རྣམས་ཀྱིས་གང་བའི་ཐོད་པ་ནི་ཕྱོགས་བྲལ་གྱི་འདབ་མ་ལ་གནས་པ་ཡིན་ལ། དཀར་དམར་གྱི་ཁུ་བའི་སྣོད་ཀྱང་སྟེང་འོག་ཏུ་སྟེ་དེ་དག་ལྷ་མོ་རྣམས་ཀྱི་ཕྱག་ནའོ་ཞེས། ཕྱོགས་བྲལ་གྱི་ལྷ་མོ་རྣམས་ཀྱི་ཕྱག་གཡོན་ན་བཤང་བ་སོགས་ཀྱི་སྣོད་བརྒྱད་དང་སྟེང་འོག་གི་ལྷ་མོའི་ཕྱག་ན་ཁུ་བ་དཀར་དམར་རོ། །ཡང་ན་ཁུ་བ་དཀར་དམར་ནི་གཙོ་མོ་དང་གཙོ་བོའི་ཕྱག་ནའོ་ཞེས་འཆད་པ་ཡོད། སྣོད་བརྒྱད་པོ་འདི་དག་དངོས་སུ་ལྷ་མོའི་རྣམ་པར་མེད་དེ་ཡོད་ན་ལྷའི་གྲངས་ལས་ལྷག་པར་འགྱུར་མོད་འོན་ཀྱང་བདུད་རྩིའི་སྣོད་རྣམས་ཀྱང་ལྷའི་ངོ་བོ་ཡིན་པས་ལྷའི་དབང་དུ་ན་ལྷ་མོ་རྣམས་ཀྱི་ཕྱག་གཡོན་ན་སྣོད་དེ་དག་བསྣམས་པ་ཡིན་པར་གོ་བར་བྱ་བར་གསུངས་སོ་སྙམ་མོ། །སྣ་ཚོགས་ཡུམ་དེ་བཞིན་དུ་ནི་སྙིང་པོའི་ལྷ་མོ་ནུས་མ་བརྒྱད་ཀྱང་གཙོ་བོའི་ཡུམ་ཡིན་པས། ཀུན་ནས་ཐབས་ཤེས་གཉིས་ག་ཕན་ཚུན་མཉམ་པར་སྦྱར་བའི་བདེ་བ་ལ་སྙོམས་པར་ཞུགས་པའི་བདག་ཉིད་ནི་དབུས་ཀྱི་དགའ་བའི་འཁོར་ལོ་ཡི་ལྷའོ། །ལྷ་རྣམས་ཀྱི་ཁ་དོག་ནི་ནུབ་དང་ནུབ་བྱང་ལ་བཞུགས་པ་རྣམས་སེར་པོ་དང་། བྱང་དང་བྱང་ཤར་པ་དཀར་པོ་དང་། ལྷོ་དང་ལྷོ་ནུབ་པ་དམར་པོའི་མདོག་དང་། ཤར་དང་ཤར་ལྷོ་པ་ནག་པོ་དང་། སྟེང་གི་ལྷ་ལྗང་ཀུའི་ལུས་དང་། འོག་གི་ལྷ་སྔོན་པོའི་མདོག་སྟེ་དེ་རྣམས་རང་རང་གི་རིགས་ཀྱི་ཕྱོགས་སུ་གནས་པ་ཤེས་པར་བྱའོ། །རྒྱལ་བ་སྐྱེད་མཛད་རྡོ་རྗེ་སེམས་དཔའི་རིགས་ལ་གནས་པའི་གཙོ་བོའི་ཁ་དོག་དང་ཕྱག་གི་མཚན་མ་རྣམས་ནི་སྔར་རྡོ་རྗེ་ཤུགས་ལ་ཇི་སྐད་བཤད་པ་བཞིན་ཡིན་ལ། ཞལ་རེ་རེ་ལའང་སྤྱན་གསུམ་དག་གི་ཚོགས་མངའ་བའོ། །དཀྱིལ་འཁོར་འདིར་ཡབ་ཡུམ་ཕན་ཚུན་དུ་ནི་འཁྱུད་པ་དག་ཀྱང་རང་དང་གཞན་གྱི་རིགས་ཀྱི་དབང་གིས་ནག་པོ་ལ་སེར་པོས་དང་། དཀར་པོ་ལ་དམར་པོས་འཁྱུད་པ་སོགས་གཞན་རིགས་

p. 567

ལ་འཁྱུད་པར་རིག་པར་བྱ་སྟེ་ཀུན་ནས་དེ་ལྟར་སྦྱོར་བས་གནས་སོ། །དེ་ནས་ལྷ་རྣམས་ཀྱི་རྣམ་དག་གསུངས་པ་སྦྱིན་པ་སོགས་ཕར་ཕྱིན་བཅུ་དང་དག་པའི་ཕུང་པོ་ལྔ་དང་འབྱུང་བ་ལྔ་དང་ཡུལ་དྲུག་དང་ཡུལ་ཅན་དབང་པོ་དྲུག་དང་། གཞན་ཡང་དད་པ་ལ་སོགས་དབང་པོ་ལྔ་དང་། ལ་སོགས་པ་སྟོབས་ལྔ་དང་། ཕྱོགས་ས་སྟེ་ས་བཅུ་དང་། ཕྱོགས་ཀྱི་སྟོབས་ཏེ་སྟོབས་བཅུ་དང་། དཔལ་ལྡན་རྒྱལ་བའི་སྲས་རྣམས་ཀྱི་དབང་བཅུ་པོ་རྣམས་ཏེ་དེ་ལྟར་བདུན་ཅུ་རྩ་གཉིས་པའི་ཆོས་འདི་རྣམས་ཀྱིས་ཀྱང་འཁོར་གྱི་ལྷ་མོ་དོན་གཉིས་རྣམས་རྣམ་པར་སྦྱང་བར་རམ་རྣམ་པར་དག་པ་དེ་དང་དེའི་ངོ་བོར་རིག་པར་བྱའོ། །ད་ནི་ལྷ་མོ་དེ་དག་གནས་གང་དུ་གནས་པ་གསུངས་པ་རི་རབ་ལྷུན་པོའི་སྟེང་དང་འོག་ཏུ་ཕྱོགས་སུ་དབྱེ་བ་བརྒྱད་ཀྱི་ཕྱོགས་དང་ཕྱོགས་བྲལ་དུ་གནས་བའི་གནས་ལ་སོགས་པ་སྟེ། སྐབས་འདིར་འགྲེལ་བའི་ཚིག་རྭ་འགྱུར་ལྟར་བདེ་བས། འདིར་ལྷུན་པོའི་སྟེང་དང་འོག་ཏུ་སའི་ཕྱོགས་བརྒྱད་རྣམས་ལ་རྣལ་འབྱོར་མའི་འཁོར་ལོ་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པར་སེམས་ཅན་དོན་གྱི་སླད་དུ་ཡང་དག་པར་རྒྱུའོ། །ས་ལ་ཇི་ལྟ་བ་དེ་བཞིན་དུ་འོག་ཏུ་རྒྱ་མཚོ་དང་མེ་དང་ང་དང་ནམ་མཁའི་མཐར་ཐུག་པར་སེམས་ཅན་གྱི་དོན་ལ་རྒྱུ་སྟེ། བསྒོམ་བྱ་ནམ་མཁའི་དཀྱིལ་འཁོར་བཅས་པ་དཔག་ཚད་འབུམ་ཕྲག་ལྔའི་ཁྱོན་ཇི་སྲིད་པའི་འཇིག་རྟེན་དང་ནང་དུ་ལུས་ལ་སྐྲ་ཁྲུ་གང་བཅས་ཁྲུ་ལྔ་ཡི་ཁྱོན་ལ་བཅོམ་ལྡན་འདས་དང་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་བར་བྱེད་དེ་འདི་རྣམས་ཡེ་ཤེས་ཀྱི་ལུས་ཅན་ཡིན་པས་གར་ཡང་ཁྱབ་སྟེ། རྒྱལ་བའི་ཡེ་ཤེས་ཀྱིས་ཁྱབ་པ། །དེ་སྙེད་ཀྱང་ནི་སྐུ་ཡིས་ཁྱབ། །ཅེས་སོགས་བཅོམ་ལྡན་འདས་ཀྱིས་རྡུལ་ཕྲ་རབ་ཀྱི་ཁོངས་སུ་ཡང་འཇིག་རྟེན་གྱི་ཁམས་སྣ་ཚོགས་སྣང་བ་དང་དེར་ཡང་སངས་རྒྱས་ཀྱི་རྣམ་པར་རོལ་པ་དེ་སྙེད་དུ་འཇུག་པ་ནི་བཀའ་སྤྱི་ལས་གྲགས་པ་བཞིན་ནོ། །དེ་ལྟ་ན་ཡང་རེ་ཞིག་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་འདི་དང་མཐུན་པར་

p. 568

དཀྱིལ་འཁོར་གྱི་ལྷ་རྣམས་གནས་པ་གསུངས་པ། འདིར་ལྷུན་པོའི་སྟེང་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་པདྨ་འདབ་མ་བཅུ་དྲུག་པའོ། །དེའི་སུམ་ཆའི་ལྟེ་བ་ལ་ཉི་མའི་སྟེང་དུ་དུས་ཀྱི་འཁོར་ལོའི་ཞབས་གཉིས་ཀྱིས་བདུད་དང་དྲག་པོ་མནན་པའོ། །འདབ་མ་བརྒྱད་ལ་དུ་བ་མ་སོགས་རྡོ་རྗེ་མཁའ་འགྲོ་མ་བརྒྱད་དང་དེ་རྣམས་ཀྱི་བར་བར་གྱི་འདབ་མ་ལ་བདུད་རྩིས་གང་བའི་ཐོད་པ་བརྒྱད་དོ། །དེ་ལྟར་འདབ་མ་བཅུ་དྲུག་པ་ནི་དགའ་བའི་འཁོར་ལོ་ཞེས་བྱ་སྟེ་དགའ་བ་བཅུ་དྲུག་གི་དབྱེ་བས་ལྷ་མོ་རྣམས་དང་ཐོད་པ་རྣམས་སོ། །བཅོམ་ལྡན་འདས་ནི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་བཞི་སྒྲིབ་བྲལ་དུ་འཛིན་པའམ་མངའ་བའི་ཕྱིར་ཞལ་བཞི་པ་ཕྱོགས་ཉེར་བཞི་འགགས་པའམ་སྒྲིབ་བྲལ་དུ་གྱུར་པའི་ཕྱག་ཉེར་བཞི་དང་ལྷག་པའི་ཟླ་བའི་ཕྱོགས་གཉིས་དག་པའི་ཕྱག་གཉིས་དག་པ་སྔར་རྡོ་རྗེ་ཤུགས་ལ་བརྗོད་པ་བཞིན་ནོ། །བཅོམ་ལྡན་འདས་མའི་ཞལ་གཅིག་སྟོང་པ་ཉིད་དང་ཕྱག་གཉིས་ནི་མཚན་མ་མེད་པ་དང་སྨོན་པ་མེད་པའོ། །གྲི་གུག་དང་ཐོད་པ་དང་ཕྱག་རྒྱ་ལ་སོགས་པ་མངོན་པར་འདུས་མ་བྱས་པ་སྟེ་དེ་ལྟར་རྣམ་ཐར་བཞིའི་བདག་ཉིད་དོ། །དེ་ནས་དབུས་ཀྱི་པདྨའི་ཕྱི་རོལ་གྱི་ཕྱོགས་བརྒྱད་རྣམས་སུ་ཐད་ཀའི་ཆར་ས་ཡི་དཀྱིལ་འཁོར་གྱི་ཚད་ཀྱི་དཔག་ཚད་སྟོང་ཕྲག་ཉེར་ལྔ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་འཁོར་ལོ་སྟེ་དེའི་སུམ་ཆའི་ས་ལ་གྲི་གུག་གི་ཕྲེང་པའོ། །ཆ་གཉིས་ཀྱིས་རྩིབས་བརྒྱད་དོ། །དེ་བཞིན་དུ་རྒྱ་མཚོའི་ཕྱེད་སྔ་མར་སའི་འཁོར་ལོ་དང་། ཕྱི་མ་ལ་ཆུའི་འཁོར་ལོའོ། །མེ་དཀྱིལ་གྱི་སྔ་མར་མེའི་འཁོར་ལོ་དང་། ཕྱི་མར་རླུང་གི་འཁོར་ལོའོ། །རླུང་དཀྱིལ་གྱི་ཕྱེད་ལ་ནམ་མཁའི་འཁོར་ལོ་སྟེ། ཕྱེད་ཕྱི་མ་རྡུལ་ཚོན་གྱི་སའོ། །ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་བཅུ་དྲུག་གནས་སོ་ཞེས་པ་ནི་ངེས་པའོ། །འདིར་ནི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་ཁྲུ་ལྔ་པའི་ནམ་མཁའི་དཀྱིལ་འཁོར་ནི་ནང་དུ་སྐྲ་ཁྲུ་གང་པ་དང་

p. 569

སྦྱར་རོ། །དེ་ལྟར་རིམ་པ་བཞིན་དུ་ལྷུན་པོའི་ཕྱོགས་བརྒྱད་རྣམས་སུ་ཡེ་ཤེས་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་གནས་རྣམས་ཏེ་ཁྱིམ་གཞུ་འགགས་པས་རྟེན་འབྲེལ་རྒ་ཤི་འགགས་པའི་ཕྱིར་དང་ཕྱོགས་བྲལ་གྱི་འདབ་མ་རྣམས་ལ་ཉེ་བའི་གནས་རྣམས་ཀུན་སྡིག་ཁྱིམ་འགགས་པས་སྐྱེ་བ་འགགས་པའི་ཕྱིར་དང་། དེ་བཞིན་དུ་རླུང་གི་སྒོའི་གཡས་གཡོན་གྱི་དུར་ཁྲོད་གཉིས་སོ། །དེ་ནས་སའི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་ཞིང་བཞི་སྟེ། སྲང་འགགས་པས་སྲིད་པ་འགགས་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་ཞིང་རྣམས་ཏེ་བུ་མོ་འགགས་པས་ལེན་པ་འགགས་པའི་ཕྱིར་དང་། དེ་བཞིན་དུ་ནུབ་དང་རླུང་གི་སྒོའི་དུར་ཁྲོད་གཉིས་སོ། །དེ་ནས་ཆུ་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་ཚན་དོ་ཧ་བཞི་སྟེ་སེང་གེ་འགགས་པས་སྲིད་པ་འགགས་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་ཚན་དོ་ཧ་རྣམས་ཏེ་ཀརྐ་ཊའི་ཁྱིམ་འགགས་པས་ཚོར་བ་འགགས་པའི་ཕྱིར་དང་། དེ་བཞིན་དུ་བྱང་དང་དབང་ལྡན་གྱི་སྒོའི་དུར་ཁྲོད་གཉིས་སོ། །དེ་ནས་མེའི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་འདུས་པ་བཞི་སྟེ། འཁྲིག་ཁྱིམ་འགགས་པས་རེག་པ་འགགས་པའི་ཕྱིར་རོ་དང་། ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་འདུས་པ་རྣམས་ཏེ་གླང་འགགས་པས་སྐྱེ་མཆེད་དྲུག་འགགས་པའི་ཕྱིར་རོ། །དེ་བཞིན་དུ་ལྷོ་དང་བདེན་བྲལ་གྱི་དུར་ཁྲོད་གཉིས་སོ། །དེ་ནས་རླུང་གི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་དུར་ཁྲོད་བཞི་སྟེ་ལུག་ཁྱིམ་འགགས་པས་མིང་དང་གཟུགས་འགགས་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་དུར་ཁྲོད་ཀྱི་ས་རྣམས་ཏེ་ཉ་ཁྱིམ་འགགས་པས་རྣམ་པར་ཤེས་པ་འགགས་པའི་ཕྱིར་དང་དེ་བཞིན་དུ་ཤར་དང་མེ་མཚམས་ཀྱི་དུར་ཁྲོད་གཉིས་སོ། །དེ་ནས་ནམ་མཁའི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་

p. 570

རྣམས་ལ་འཐུང་གཅོད་དམ་ཁྱིམ་ནི་བཞི་སྟེ། བུམ་ཁྱིམ་འགགས་པས་འདུ་བྱེད་འགགས་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་ཁྱིམ་མམ་ཉེ་བའི་འཐུང་གཅོད་རྣམས་ཏེ་ནང་དུ་ཆུ་སྲིན་ཁྱིམ་གྱི་དུས་སྦྱོར་གྱི་རླུང་འགགས་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མ་རིག་པ་འགགས་པའི་ཕྱིར་རོ། །དེ་བཞིན་དུ་མེ་མཚམས་ཀྱི་སྒོའི་གཡས་གཡོན་གྱི་དུར་ཁྲོད་གཉིས་སོ། །དེ་དག་དུར་ཁྲོད་ཀྱི་ས་ཡི་བར་ནི་རླུང་གི་ཕྱེད་ཀྱི་མཚམས་སུ་སྟེ་དེ་ནས་ནམ་མཁའི་ཁམས་ཀྱི་འཁོར་ལོའི་གནས་སོ། །དུས་སྦྱོར་གསུམ་གསུམ་གྱི་ཐུན་མཚམས་བཞི་འགགས་པའི་དབང་གིས་དབང་ལྡན་དང་བདེན་བྲལ་གྱི་སྒོའི་གཡོན་དང་གཡས་ཀྱི་དུར་ཁྲོད་བཞིའོ། །ཡང་ན་ཟླ་བའི་ཆ་བཅུ་དྲུག་འགགས་པས་དུར་ཁྲོད་བཅུ་དྲུག་རྣམས་ཏེ། དེ་སྐད་དུ་ཡང་། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་གསུངས་ཏེ། ལྷན་ཅིག་བྱེད་རྐྱེན་གཡོ་བའི་ལས་རླུང་གི་ཆ་དུས་སྦྱོར་བཅུ་གཉིས་ཀྱི་འཕོ་བ་དང་། འཁོར་བའི་ཉེ་བར་ལེན་པའི་རྒྱུ་རྟེན་འབྲེལ་བཅུ་གཉིས་འགགས་ཤིང་སྒྲིབ་བྲལ་དུ་བྱས་པ་ལས་འགྱུར་བ་མེད་པའི་བདེན་དོན་རྣམ་བྱང་གི་ཡན་ལག་བཅུ་གཉིས་ཀྱི་ས་བཅུ་གཉིས་དང་ལྡན་པ་དང་། ཟླ་བའི་ཆ་བཅུ་དྲུག་སྒྲིབ་བྲལ་གྱིས་སྟོང་ཉིད་བཅུ་དྲུག་གི་རང་བཞིན་དེ་ཁོ་ན་ཉིད་རྣམ་པ་བཅུ་དྲུག་རིག་པའོ། །ཐུན་ཚོད་བརྒྱད་འགགས་པས་ལྷ་མོ་བརྒྱད་དེ་ཡང་ན་གཟའ་བརྒྱད་ཀྱི་རང་བཞིན་སྙིང་གའི་རྩ་བརྒྱད་ཀྱི་རླུང་འགགས་པས་སོ། །དེ་ལྟར་དུས་སྦྱོར་གྱི་རླུང་འཕོ་བ་བཅུ་གཉིས་འགགས་པའི་དོན་དམ་པའི་རྟེན་འཁོར་ལོ་དྲུག་གི་རྩ་ལ་རླུང་སྒྲིབ་པ་མེད་པའི་ལྷ་མོ་རྣམས་བརྟེན་པའི་རང་བཞིན་ནོ་ཞེས་པ་དོན་དམ་པའི་བདེན་པའི་དབང་དུ་བྱས་པའོ། །དེ་ལྟར་གནས་བཅུ་གཉིས་པོ་འདི་ལ་ཕྱི་ལྟར་ན་འཇིག་རྟེན་སྤྱི་ཡི་ས་དཀྱིལ་སོགས་ཀྱི་ཆ་ལ་བཞག་པ་དང་། ཡུལ་གྱི་བྱེ་བྲག་འགའ་ཞིག་ལ་སྦྱར་བ་དང་། ཡུལ་དང་གྲོང་མཐའ་དག་ལ་ཐམས་ཅད་ཚང་བར་སྦྱར་བ་དང་།

p. 571

ནང་ལུས་ཀྱི་གནས་རྣམས་ལ་སྦྱར་བ་དང་། གཞན་དཀྱིལ་འཁོར་ལ་བསྐྱེད་རིམ་ལྟར་ལྷ་ཡི་དཀྱིལ་འཁོར་ལ་སྦྱར་བ་དང་རྫོགས་རིམ་ལྟར་དུས་སྦྱོར་བཅུ་གཉིས་ཀྱི་རླུང་འཕོ་བ་འགགས་པ་དང་མ་རིག་པ་སོགས་ཡན་ལག་བཅུ་གཉིས་འགགས་པའི་ས་བཅུ་གཉིས་ལ་སྦྱར་བ་སོགས་ཀྱི་རྣམ་བཞག་དུ་མ་རྒྱུད་རྣམས་སུ་གསུངས་ཏེ། ཀྱེ་རྡོ་རྗེའི་རྒྱུད་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཚནྡྷོ་ཉེ་བའི་ཚནྡྷོ་ཉིད། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ཞེས་གནས་སོགས་བཅུ་གཉིས་ས་བཅུ་གཉིས་དང་སྦྱར་ཏེ་གསུངས་ཤིང་། འཁོར་ལོ་སྡོམ་ཆུང་ལྟར་ན་གནས་དང་ཉེ་གནས་ལ་བཞི་བཞིར་ཕྱེ་ཞིང་། གཞན་རྣམས་ལ་གཉིས་གཉིས་སུ་ཕྱེ་བས་ཉེར་བཞིར་བྱས་ཤིང་། ཕྱག་ཆེན་ཐིག་ལེར་ཉེར་བརྒྱད། སྡོམ་ཆེན་ལས་བཞི་བཅུ་རྩ་བརྒྱད་གསུངས་ཤིང་། དེ་བཞིན་རྒྱུད་གཞན་ལས་ཀྱང་དབྱེ་བ་དུ་མ་ཞིག་གསུངས་ལ། འཇིག་རྟེན་སྤྱི་ལ་སྦྱར་ན་གླིང་བཞི་གནས། དེའི་མཚམས་བཞི་ཉེ་གནས། དེ་བཞིན་ཆུ་དཀྱིལ་སོགས་ཀྱི་ཕྱེད་སྔ་ཕྱིར་ཕྱེས་ཏེ་རླུང་དཀྱིལ་གྱི་བར་དུ་གསུངས་སོ། །འཛམ་གླིང་གི་ཡུལ་ལ་སྦྱར་ན། པཱུལླི་ར་མ་ཡ་ལ་དང་། ཛ་ལནྡྷ་ར་སོགས་ཡུལ་ཉེར་བཞི་གསུངས་ལ། ཀྱེ་རྡོ་རྗེ་ལས་ཀྱང་གནས་ནི་ཛ་ལནྡྷ་ར་དང་། ཞེས་སོགས་དང་ཕྱག་ཆེན་ཐིག་ལེར་ཡང་དེ་བཞིན་དུ་གསུངས་སོ། །སྡོམ་ཆེན་ལས་ནི། རྩ་རྒྱུད་ལས། ཀ་མ་་པ་ཛ་ལར་གྲགས། །པཱུརྞ་གི་རི་དེ་བཞིན་གནས། །ཨོ་ཊི་ཡ་ན་བཞི་པར་འགྱུར་ཞེས་སོགས་གསུངས་པ་ལྟར་ཡུལ་ཉེར་བཞི་ལ་གནས་སོགས་སུའང་བཤད་དོ། །ཡུལ་རེ་རེའི་གྲོང་ལ་སྦྱར་ན། དམངས་རྒྱལ་རྗེ་བྲམ་རིགས་བཞིའི་ཁྱིམ་གནས་སོགས་སྔར་བཤད་པ་བཞིན་ནོ། །ནང་ལུས་ལ་སྦྱར་ན་གསང་བའི་རྡོ་རྗེ་དང་པདྨ་གནས་དང་

p. 572

ཉེ་གནས་སོགས་སྔར་གསུངས་པ་བཞིན་དང་། རྩ་ལ་སྦྱར་ན་དགྱེས་པ་རྡོ་རྗེའི་རྒྱུད་ལས། སྤྱི་བོ་དང་ནི་སྤྱི་གཙུག་དང་། རྣ་བ་གཡས་དང་རྩིབས་ལོགས་དང་། ཞེས་པ་ནས། པུས་མོ་རྣམས་སུ་གོ་རིམ་བཞིན། གནས་དང་ས་སོགས་བལྟ་བར་བྱ་ཞེས་གསུངས་པ་ལྟར་དང་། སྡོམ་ཆུང་ལྟར་ན་སྐྲ་མཚམས་དང་སྤྱི་གཙུག་དང་རྣ་བ་གཡས་པ། ལྟག་པའི་རྩ་བཞི་ནི་གནས་དང་། དེ་བཞིན་ཉེ་བའི་གནས་སོགས་སུ་གསུངས་ལ་རྩ་དེ་དག་ཀྱང་མི་ཕྱེད་མ་ནས་ཡིད་བཟང་མའི་བར་གྱི་མིང་ཅན་ཉི་ཤུ་རྩ་བཞིར་བཤད་དོ། །སྙིང་གའི་རྩ་གསུམ་སྐོར་མ་ལ་སོགས་པ་བཞི་ནི་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དུ་ཤུགས་ལ་གོ་བར་བྱའོ་ཞེས་བླ་མ་དག་བཞེད། ནང་རླུང་ལ་སྦྱར་ན། གནས་དང་ཉེ་གནས་སོགས་བཅུ་གཉིས་ཀྱི་རྩ་ལ་རླུང་སྟོང་བརྒྱད་བརྒྱ་རེ་ལོངས་སྤྱོད་པ་དང་དབང་བ་དང་བདག་པོ་དང་ཐིམ་པའི་དབྱེ་བས་གནས་ཤིང་། ཡུལ་ཉེར་བཞིའི་ཆ་ལ་དུས་སྦྱོར་ཕྱེད་པའི་རླུང་དགུ་བརྒྱ་རྒྱུ་ཞིང་། ཡུལ་སུམ་ཅུ་རྩ་གཉིས་ལ་ཡུད་ཙམ་གྱི་དབྱེ་བས་རྒྱུ་སྟེ། དེ་ཡང་ཆུ་སྲིན་དང་བུམ་པ་ལ་གཙུག་ཏོར། ཉ་དང་ལུག་ལ་སྙིང་ག །གླང་འཁྲིག་ལ་མགྲིན་པ། ཀར་སེང་ལ་དཔྲལ་བ། བུམ་སྲང་ལ་ལྟེ་བ། སྡིག་གཞུ་ལ་གསང་གནས་ཀྱི་འཁོར་ལོ་ལ་སྲོག་གཙོ་བོའི་རྣམ་པས་རྒྱུ་བར་བྱེད་དོ༑ ༑དེ་བཞིན་དུ་སོ་སེན་སོགས་ལུས་ཁམས་སྙིགས་མ་དང་། དྭངས་མའི་ཆ་ཐམས་ཅད་ཀྱང་གནས་ལ་སོགས་པར་ཤེས་པར་བྱའོ། །གཞན་དག་པ་ལ་སྦྱར་བའི་དབང་དུ་བྱས་ཏེ། སྨིན་བྱེད་དབང་ལ་སྦྱར་ན་བྱིས་འཇུག་གི་དབང་བདུན་ལ་ས་བདུན་དུ་བྱས་པ་དང་། གོང་མ་གསུམ་ལ་ས་གསུམ་ཏུ་བྱས་པ་ས་བཅུ་དང་ཤེས་རབ་ཡེ་ཤེས་ཆེན་པོ་ལ་དཔེ་དོན་གཉིས་སམ། ཡང་ན་ཐབས་ཐབས་བྱུང་གཉིས་སམ། ཡང་ན་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་པར་འགྱུར་བའི་ལམ་ཐོབ་པའི་ཕྱིར་དེ་གཉིས་ཀྱིས་དབུགས་དབྱུང་གཉིས་ལ་རེ་རེར་བྱས་པས་ས་བཅུ་གཉིས་གནས་སོགས་བཅུ་གཉིས་སུ་བྱས་པའོ། །

p. 573

གྲོལ་བྱེད་ལམ་བསྐྱེད་རྫོགས་ལ་སྦྱར་ན། དུས་འཁོར་གྱི་དཀྱིལ་འཁོར་ལ་བདེ་གཤེགས་འཕར་མ་ཡན་ཆད་གནས་དང་ཉེ་གནས། སྒྲ་རྡོ་རྗེ་ལ་སོགས་པའི་གནས་ཞིང་དང་ཉེ་ཞིང་། གསུང་གི་རྣལ་འབྱོར་མའི་གནས་ཚན་དོ་གཉིས། རྨུགས་བྱེད་ལ་སོགས་པའི་གནས་འདུས་པ་གཉིས། རླུང་གི་འཁོར་ལོའི་ཕྱོགས་མཚམས་སུ་དུར་ཁྲོད་གཉིས། ནམ་མཁའི་འཁོར་ལོ་འཐུང་གཅོད་གཉིས་སོ། །འཁོར་ལོ་སྡོམ་ཆུང་ལ་ཐུགས་འཁོར་གྱི་ཕྱོགས་དང་མཚམས་ནི་གནས་དང་ཉེ་གནས། དེ་བཞིན་གསུང་འཁོར་གྱི་ཕྱོགས་ནི་ཞིང་གཉིས་དང་མཚམས་ནི་ཚན་དོ་གཉིས་སྐུ་འཁོར་གྱི་ཕྱོགས་འདུས་པ་གཉིས། མཚམས་ནི་དུར་ཁྲོད་གཉིས། དེ་དག་གི་དོན་ཐོབ་ལས་དམ་ཚིག་འཁོར་ལོ་དང་བདེ་ཆེན་འཁོར་ལོ་འཐུང་གཅོད་གཉིས་སུ་བཤད། སྡོམ་ཆེན་ལས་ནི་དོན་དམ་པའི་དབྱེ་བས་རྒ་ཤི་དང་གཞུ་སོགས་ལུགས་ལྡོག་གི་ཚུལ་གྱིས་གནས་དང་ཉེ་གནས་སོགས་དང་། ཀུན་རྫོབ་ཀྱི་དབྱེ་བས་མ་རིག་པ་དང་ཆུ་སྲིན་སོགས་ལུགས་འབྱུང་གི་ཚུལ་གྱིས་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་ལ་སོགས་པ་གནས་བཞི་བཅུ་རྩ་བརྒྱད་དུ་གསུངས་པ་ལ། ཡེ་ཤེས་འཁོར་ལོའི་ཕྱོགས་དང་མཚམས་གནས་དང་ཉེ་གནས། དེ་བཞིན་ས་ཆུ་མེ་རླུང་ནམ་མཁའི་འཁོར་ལོའི་ཕྱོགས་དང་མཚམས་དག་རིམ་བཞིན་ཞིང་དང་ཚན་དོ་འདུས་པར་དུར་ཁྲོད་འཐུང་གཅོད་རྣམས་གཉིས་གཉིས་སྦྱར་བའོ། །རྫོགས་རིམ་ལ་སྦྱར་ན་སྦྱོར་བ་ཡན་ལག་དྲུག་སྒོམ་པའི་སྟོབས་ལས་མི་འགྱུར་བའི་བདེ་བ་སྐད་ཅིག་མ་བརྒྱ་ཕྲག་བཅོ་བརྒྱད་ཐོབ་ཅིང་དུས་སྦྱོར་རེའི་དབུགས་སྟོང་བརྒྱད་བརྒྱ་རེ་འགགས་པས་ས་རེ་རེ་འགྱུར་ཏེ། དེ་ཡང་གསང་བའི་པདྨ་དང་ལྟེ་སྙིང་མགྲིན་དཔྲལ་གཙུག་ཏོར་དུ་དུས་སྦྱོར་གྱི་རླུང་གཉིས་རེ་འགགས་པས་ས་གཉིས་དང་བཞི་དང་དྲུག་དང་བརྒྱད་དང་བཅུ་དང་བཅུ་གཉིས་སུ་འགྱུར་ལ། གཞན་ཡང་གོང་བཤད་ལུས་ཀྱི་རྩ་སོགས་གནས་ལ་སོགས་པར་བཤད་

p. 574

པ་དེ་རྣམས་སུ་བུམ་པ་ཅན་གྱིས་སྦྱོར་བས་རླུང་འགོག་པར་བྱེད་པ་ཡང་གནས་སོགས་སུ་བཤད་དེ། དེ་འདྲའི་གནས་སོགས་ཀྱི་རྩ་ཁམས་སྒྲིབ་བྲལ་དུ་བྱས་པས་ས་བཅུ་གཉིས་རིམ་བཞིན་འཐོབ་ཅིང་། དེ་ལ་སྒྲིབ་བྲལ་གྱི་ཆ་རྣམས་འབྲས་བུ་དང་། སྒྲིབ་པ་དང་བྲལ་བར་བྱེད་པ་ལམ་གྱི་ཆར་འཇོག་པ་ཡིན་ནོ། །དེ་ཡང་འདི་ལྟར་མཆོག་ཏུ་མི་འགྱུར་བའི་བདེ་བས་འགྱུར་བའི་བག་ཆགས་འཇོམས་ཤིང་། དེ་བཅོམ་པས་དུག་གསུམ་གྱི་བདག་ཉིད་ཅན་མ་རིག་པ་འགོག །དེ་འགགས་པས་འདུ་བྱེད་ནས་རྒ་ཤིའི་བར་གྱི་ཡན་ལག་རྣམས་འགོག་གོ། ཡན་ལག་བཅུ་གཉིས་འགགས་པས་ཕྱི་རོལ་དུ་ཟླ་བ་བཅུ་གཉིས་ཞག་སུམ་བརྒྱ་དྲུག་ཅུ་ཆུ་ཚོད་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་སོགས་ལ་འགག་ཅིང་། ནང་དུ་དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་རླུང་འཕོ་བ་བཅུ་གཉིས་ཀྱི་དབུགས་རྣམས་འགག་གོ། དབུགས་འགགས་པ་ལས་ལུས་འགགས་ཏེ། དེ་ལྟར་སྲིད་པའི་འཁོར་ལོ་འགགས་པས་ཁམས་བཅོ་བརྒྱད་ཀྱི་རྣམ་པར་འགྱུར་བ་དང་བྲལ་བ་སྒྲིབ་པ་མེད་པའི་སངས་རྒྱས་ཉིད་དུ་གྱུར་ནས་འགྲོ་བའི་དོན་མཛད་པ་ཡིན་ནོ། །དེ་ལྟར་ཡང་རྩ་རྒྱུད་ལས། སྲོག་ལ་སོགས་རླུང་མ་དག་པ། །ཡན་ལག་བཅུ་གཉིས་རིགས་འབྱུང་བ། །དེ་རྣམས་ཁྱིམ་དུ་ཡང་དག་བཤད། །དེ་རྣམས་ལ་ནི་གཟའ་རྣམས་འབྱུང་། །རྣམ་པ་བཅུ་གཉིས་འཁོར་ལོ་ནི། །ཡན་ལག་བཅུ་གཉིས་སྲིད་པར་བཤད། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །འཇིག་རྟེན་འདྲེན་པར་རྫོགས་སངས་རྒྱས། །ཞེས་གསུངས་སོ། །ཡང་གནས་ལ་སོགས་པ་ས་བཅུ་དང་སྦྱར་ཏེ་བཤད་ན། སམྦུ་ཊ་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞེས་སོགས། ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པཱུ་ལ་སོགས་པ་ཅི་གསུངས་པ། །ཕྱི་ནང་ནང་དུ་བསམ་པར་བྱ། །ཞེས་གནས་ཞིང་ཚན་དོ་འདུས་པ་དུར་ཁྲོད་

p. 575

ལྔ་ལ་གཉིས་རེ་ཕྱེ་བའི་བཅུ་དང་ས་བཅུ་སྦྱར་ཏེ་བཤད་ལ་སྦྱིན་སོགས་ཕར་ཕྱིན་ལྷག་པའི་ས་དེ་དག་ཡོན་ཏན་མང་པོའི་གནས་དང་ཞིང་དུ་གྱུར་པ་དང་། ཚན་དོ་ནི་འདུན་པའམ་སྨོན་པ་ཡིན་ལ་ཨུ་ཧ་ནི། ཇི་ལྟར་སྨོན་པ་བཞིན་བདག་གིས་བྱ་ཞེས་གོ་གྱོན་པའི་དོན་ཏེ་ས་ལྔ་པར་བསམ་གཏན་གྱི་ཕར་ཕྱིན་དག་པ་ཐོབ་པས་སེམས་ཅན་སྨིན་པ་དང་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱེད་པ་ལ་བཤད་དོ། །ས་དྲུག་པར་ཤེས་རབ་ལ་བསྟེན་ནས་ཇི་ལྟར་སྨོན་པའི་ཡོན་ཏན་དེ་དག་ཐོབ་པས་ཉེ་བའི་ཚན་དོ་ཧའོ། །ས་བདུན་པ་དང་བརྒྱད་པར་ཐབས་དང་སྨོན་ལམ་གྱི་ཕར་ཕྱིན་ལ་བརྟེན་ནས་ཡོན་ཏན་དང་ཞིང་དག་པ་འདུས་པར་བྱེད་པ་དང་། དགུ་པ་དང་བཅུ་པར་སྟོབས་དང་ཡེ་ཤེས་ཀྱི་ཕར་ཕྱིན་དག་པ་ལ་བརྟེན་ནས་བདག་མེད་པའི་དོན་རྫོགས་པར་བྱེད་པས་དུར་ཁྲོད་གཉིས་སོ། །འཐུང་གཅོད་དང་ཉེ་བའི་འཐུང་གཅོད་ནི་སམ་ཊར་དངོས་སུ་མ་གསུངས་ལ། མན་སྙེར། འཐུང་གཅོད་མོས་སྤྱོད་ཀྱི་ས་དང་། ཉེ་བའི་འཐུང་གཅོད་སངས་རྒྱས་ཀྱི་སར་བཤད་དོ། །ཀུ་མུ་ཊི་ལས། འཐུང་གཅོད་དཔེ་མེད་ཡེ་ཤེས་ཏེ། ཉེ་བའི་འཐུང་གཅོད་ཡེ་ཤེས་ཆེ། །ཞེས་ལུང་དུ་དྲངས་པས་ས་བཅུ་གཅིག་པ་ཉོན་མོངས་པའི་ཕུང་པོ་འཐུང་ཤིང་གཅོད་པ་དང་། ས་བཅུ་གཉིས་པ་བག་ཆགས་དང་བཅས་པའི་སྒྲིབ་པ་སྤངས་པའི་ཉེ་བའི་འཐུང་གཅོད་དུ་གསུངས་སོ། །རབ་དགའ་ལ་སོགས་པའི་སའི་ངེས་ཚིག་གི་དོན་ནོ། །མདོ་རྒྱན་སོགས་སུ་གསུངས་པ་དང་མཐུན་པར་རྒྱ་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་གསུངས་ལ་ས་རྣམས་ཀྱི་མིང་དོན་ཐུན་མོང་མ་ཡིན་པ་རྒྱུད་སྡེ་ལས་གསུངས་པ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེ་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བའོ། །ལྷག་པའི་བསམ་པ་བརྟན་

p. 576

སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པའི་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་ཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་པ་སྟེ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དགུ་པ་དཔེ་ལྡན་ཞེས་བྱ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོའི་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་འདི་དག་གིས་དུས་སྦྱོར་གྱི་རླུང་འགགས་པས་ས་དང་པོ་ཀུན་ཏུ་འོད་ལ་སོགས་པ་བཅུ་གཉིས་སུ་གསུངས་ཤིང་དེ་ཡང་འབྲས་བུའི་དབང་དུ་བྱས་ཏེ་རྒ་ཤི་ནས་ལུགས་ལྡོག་ཏུ་འགགས་རིམ་གྱིས་བསྟན་པར་རིག་པར་བྱའོ། །དེས་ན་རྒྱུད་རྩ་བར་འདི་དག་སངས་རྒྱས་ས་ནི་ཉི་མ་ཞེས་གསུངས་ཏེ་གང་དུ་དྲང་དོན་དུ་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས་བགྲོད་ཏེ་ཕྱིན་པར་བྱ་བའི་གནས་ལ་སོགས་པ་བཅུ་གཉིས་སུ་གསུངས་པ་འདི་དག་ངེས་དོན་དུ་རྣལ་འབྱོར་པས་རྫོགས་རིམ་གྱི་དུས་སྦྱོར་བཅུ་གཉིས་ཀྱི་ལུང་སྒྲིབ་བྲལ་དུ་བྱས་པའི་སངས་རྒྱས་ཀྱི་ས་ནི་ཉི་མ་སྟེ་བཅུ་གཉིས་ཡིན་ནོ་ཞེས་གསུངས་སོ༑ ༑དེ་ཡང་རྒྱུད་རྣམས་སུ་གནས་སོགས་ཀྱི་འཇོག་ཚུལ་མི་མཐུན་པ་གསུངས་ཏེ། ཨར་བུ་ཏ་ཀྱེ་རྡོར་ལས་ཉེ་བའི་གནས་དང་འཁོར་ལོ་སྡོམ་པར་གནས་སུ་གསུངས་ཤིང་། དེ་བཞིན་དུ་འཁོར་ལོ་སྡོམ་པར་ཀ་མ་རཱུ་པ་ཞིང་དང་། ཀྱེ་རྡོར་དང་ཕྱག་ཆེན་ཐིག་ལེར་གནས་སུ་གསུངས་པ་དང་། འཁོར་ལོ་སྡོམ་པར་ཀུ་ལུ་ཏ་ཉེ་བའི་དུར་ཁྲོད་དུ་གསུངས་པ་ཀྱེ་རྡོར་སོགས་སུ་ཉེ་ཞིང་དུ་བཤད་པ་དང་། གོ་ད་ཝ་རི་སྡོམ་པར་ཉེ་བའི་གནས་དང་ཀྱེ་རྡོར་དུ་ཉེ་ཞིང་དུ་གསུངས། ཕྱག་ཆེན་ཐིག་ལེར་ཚན་དོ་ཧར་གསུངས། སྡོམ་ཆེན་དུ་ཙ་རི་ཊ་འཐུང་

p. 577

གཅོད་དང་། ཕྱག་ཆེན་ཐིག་ལེར་ཉེ་བའི་དུར་ཁྲོད་དུ་གསུངས་པ་སོགས་མི་མཐུན་པར་གྱུར་པ་དེ་རྣམས་འགལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། གནས་དང་ཞིང་སོགས་དངོས་པོ་གཅིག་ལའང་མིང་དུ་མ་སྦྱོར་བ་འགལ་བ་མེད་ཅིང་གདུལ་བྱའི་བསམ་པའི་དབང་གིས་སྣ་ཚོགས་སུ་གསུངས་པ་སྟེ། གདུལ་བྱ་དབང་པོ་རྟུལ་འབྲིང་རྣོ་གསུམ་ལ་ནང་གསེས་སུ་ཐ་མ་འབྲིང་དང་རབ་གསུམ་ཕྱེ་བའི་དབང་རྟུལ་རྣམས་རང་ཡུལ་གྱི་ཆགས་ཞེན་སྤངས་ནས་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་ཛ་ལན་དྷ་ར་སོགས་སུ་འཁྱམས་པ་ན་གནས་དེར་དཔའ་བོ་རྣལ་འབྱོར་མ་རྣམས་རང་བཞིན་གྱིས་བཞུགས་པ་ཡིན་པས་དངོས་གྲུབ་ཀྱང་ཅི་རིགས་འཐོབ་པ་ཡོད་དེ་རྒྱལ་བས་བྱིན་གྱིས་བརླབས་པའི་གནས་རྣམས་ཀྱང་ཐུན་མོང་གི་ངོར་གྲུབ་པ་ཡིན་ནོ། །གནས་དེ་ཉིད་ཁོ་ནར་དཔའ་བོ་དང་རྣལ་འབྱོར་མ་རྣམས་གནས་ཀྱི་གཞན་དུ་མ་ཁྱབ་པ་མིན་ཏེ་གྲོང་གཅིག་ཏུའང་རྣལ་འབྱོར་མའི་རིགས་སོ་དྲུག་གནས་པར་བསྟན་པས་དབང་པོ་རྣོན་པོས་ཡུལ་ཉི་ཚེ་བའི་ཕྱོགས་འཛིན་གྲོལ་བའི་ཕྱིར་ལ་ལར་གནས་སུ་གསུངས་པ་ལ་ལར་ཞིང་དུ་གསུངས་པ་སོགས་འགལ་བ་ལྟ་བུར་བསྟན་ཀྱང་དོན་འགལ་མེད་དུ་དབང་པོ་རྣོན་པོས་རྟོགས་པར་འགྱུར་རོ། །འཛམ་གླིང་གི་ཡུལ་འདིར་མཁའ་འགྲོ་མ་རྣམས་བྲམ་ཟེ་སོགས་ཀྱི་རིགས་སུ་སྐྱེས་པའི་རྣལ་འབྱོར་མ་རྣམས་དང་ཕྲད་ན་དངོས་གྲུབ་ཐོབ་བོ། །ཅེས་གསུངས་ཏེ། རྡོ་རྗེ་མཁའ་འགྲོ་ལས། མཁའ་འགྲོ་མ་ནི་མཉམ་སྒྲགས་པའི། །རྡོ་རྗེ་དཀྱིལ་འཁོར་གཙོ་མོ་ནི། །ཡེ་ཤེས་ལྡན་པ་རང་ཉིད་ནི། །ཡུལ་གྱི་སྐྱེ་གནས་རྣམས་སུ་སྐྱེ། །ཞེས་དང་། ཞིང་འདི་རྣམས་ཀྱི་བུ་མོ་གང་། །དཔའ་བོ་རྣམས་ལ་གྲུབ་སྟེར་མ། །མཚན་མོ་རྟག་ཏུ་རྒྱུ་བྱས་ནས། །འདུ་བ་ཅན་དུ་བྱེད་འགྱུར་ན། །མཁའ་སྤྱོད་གནས་སུ་རྙེད་དཀའ་བས། །དངོས་གྲུབ་རྒྱ་ཆེན་སྟེར་བར་བྱེད། །སྒྲུབ་པ་པོ་ཡི་ལས་རྣམས་ཀུན། །འགྲུབ་པར་འགྱུར་བར་གདོན་མི་ཟ། །ཞེས་སོགས་

p. 578

གསུངས་ལ། དེ་བཞིན་དབང་འབྲིང་གི་དོན་དུ་བསྐྱེད་རིམ་གྱི་དཀྱིལ་འཁོར་ལ་གནས་སོགས་སུ་བརྟགས་པ་དང་། དབང་རྣོན་ལ་རང་ལུས་ལ་གནས་སོགས་སུ་བཞག་པ་དང་དེའི་རྩ་ཁམས་དཔའ་མོ་དང་དཔའ་བོར་གསུངས་ཏེ། སྡོམ་འབྱུང་ལས། རང་ལུས་རྩ་ཡི་གཟུགས་ལ་འདིར། །གནས་ཀྱི་མིང་དུ་རབ་ཏུ་གྲགས། །དེ་གཟུགས་ལྷ་ཡི་རྣམ་པ་སྟེ། །དེ་ཕྱིར་དེ་ཡི་གོང་བུའི་དངོས། །ལུས་འདི་སངས་རྒྱས་སངས་རྒྱས་མཚུངས། །ཞེས་གསུངས་སོ། །དེ་ལྟར་དབང་པོ་རྣོན་པོའི་འབྲིང་གིས་རང་ལུས་ཉིད་གནས་དང་ལྷའི་ངོ་བོར་མོས་པས་བསྒོམ་པ་དང་། དབང་རྣོན་རབ་ཀྱིས་ཐབས་ཀྱི་ལམ་གྱིས་ལུས་གནས་ཀྱི་རླུང་ཁམས་འཆིང་བ་ལས་ནང་གི་ས་ལམ་བགྲོད་པ་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་གློ་བུར་བའི་དྲི་མ་ལས་གྲོལ་བའི་རིམ་པས་རབ་དགའ་ལ་སོགས་པའི་ས་བགྲོད་པ་ལ་གནས་སོགས་སུ་ཤེས་པར་བྱ་བ་ཡིན་ཏེ། མངོན་བརྗོད་ལས། མཁའ་འགྲོ་མ་རྣམས་འདི་ཉིད་དུ། །ཐུགས་རྗེ་ལྡན་རྣམས་རྣམ་པར་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །འགྲོ་བ་གསུམ་པོའང་འདི་ཉིད་དུ། །ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །གནས་སོགས་འདི་ཁོ་ན་ལ་གནས། །དེ་བས་དེ་རུ་བསྐོར་བ་ཡིས། །སྐྱོ་བྱ་དེ་ཉིད་ཅན་གྱིས་མིན། །གལ་ཏེ་དེ་ཉིད་མེད་གྱུར་ན། །དེ་རྣམས་བསྐོར་བས་ཅུད་ཟད་མེད། །གལ་ཏེ་དེ་ཉིད་ལྡན་གྱུར་ན། །དེ་རྣམས་བསྐོར་བས་ཅི་ཞིག་དགོས། །ཕྱི་རོལ་རྣལ་འབྱོར་པ་དེ་རྣམས། །བསྐོར་བས་ཁམས་རྣམས་ཟད་པར་འགྱུར། །དེ་བས་ཕྱི་རོལ་སྤངས་ནས་ནི། །རྣལ་འབྱོར་རོལ་པས་གནས་པར་བྱ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ། །རྣམ་དག་ཡེ་ཤེས་ཅན་རྣམས་ཀྱིས། །ཐུགས་རྗེས་ཁྱབ་པའི་གཟུགས་ཀྱིས་ནི། །དེ་རྣམས་དགྱེས་པས་དངོས་གྲུབ་མཆོག །ཇི་ལྟར་འདོད་བཞིན་སྩོལ་བར་མཛད། །ཅེས་དང་། རང་གི་ལྷག་པའི་ལྷ་དམིགས་ཏེ། །དེ་ཁོ་ན་ཉིད་གཅིག་པུ་བསམ། །ལྐུགས་པའི་དངོས་པོར་རབ་འགྱུར་པས། །ཟླ་དྲུག་

p. 579

ཙམ་གྱིས་ངེས་པར་ནི། །རྣལ་འབྱོར་མ་ཡིས་ཉེར་བསྟེན་པའི། །རྣལ་འབྱོར་ཆེན་པོ་འདི་གསལ་འགྱུར། །ཡེ་ཤེས་འོད་ཟེར་མཆོག་མཐོང་ནས། །རྣལ་འབྱོར་མ་རྣམས་ལེགས་འདུས་ཏེ། །པདྨའི་འབྱུང་གནས་ཉམས་དགའ་བར། །ངང་པའི་ཚོགས་འདུ་ཇི་བཞིན་ནོ། །དཔལ་ལྡན་རྡོ་རྗེ་འཛིན་དངོས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །མིག་འཕྲུལ་མཁན་བཞིན་འཇིག་རྟེན་དུ། །སེམས་ཅན་ཀུན་གྱི་དོན་བྱེད་རྣམས། །སེམས་ནི་དག་པར་གྱིས་ཤིག་ཅེས། །སེམས་ཅན་རྣམས་ལ་བདག་གསོལ་འདེབས། །ཅེས་མན་ངག་སྙེ་མར་དྲངས་པ་བཞིན་ནོ། །འདིར་ས་བཅུ་གཉིས་སུ་གསུངས་པ་ཕར་ཕྱིན་ཐེག་པར་ས་བཅུ་གཅིག་ཏུ་གསུངས་པ་དང་འགལ་ཞེ་ན། ཁ་ཅིག་ཕར་ཕྱིན་ཐེག་པའི་ཀུན་ཏུ་འོད་ཀྱི་ས་ནི་སངས་རྒྱས་ཀྱི་ས་དངོས་མིན་ཏེ་རྒྱུ་ལ་འབྲས་བུར་བཏགས་པའོ། །ཞེས་ཟེར་ཀྱང་མན་སྙེ་དང་། བྷ་བ་བྷ་དྲ་དང་། མུ་ཏིག་ཕྲེང་བ་རྣམས་ལས་སངས་རྒྱས་ཀྱི་སར་གསུངས་པས་གནོད་དོ། །ཕར་ཕྱིན་ཐེག་པའི་ལུགས་ཀྱི་ས་བཅུ་པ་ལ་བཅུ་པ་ཙམ་དང་། ཁྱད་པར་ལམ་དང་སངས་རྒྱས་ཀྱི་བར་ཆད་མེད་ལམ་གསུམ་ལས། བར་ཆད་མེད་ལམ་སྔགས་འདིའི་ལུགས་ཀྱི་བཅུ་གཅིག་པ་དང་། དེའི་རྣམ་གྲོལ་ལམ་བཅུ་གཉིས་པ་སྟེ་ཀུན་ཏུ་འོད་ཡིན་པར་བཞེད་པ་ཡང་ཡོད་ལ། ཤཱནྟི་པ་སོགས་ཀྱི་མོས་སྤྱོད་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་བཅུ་དང་། ཀུན་ཏུ་འོད་བཅུ་གཉིས་པ་ཡིན་ཞེས་འདོད་ཀྱང་དབུགས་འགགས་ཚུལ་དང་མི་འགྲིག་ཅེས་བླ་མ་ཁ་ཅིག་གསུངས་སོ། །ཡང་མངོན་བརྗོད་བླ་མ་ལས། རབ་དགའ་ལ་སོགས་ས་བཅུ་དང་། །དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་དང་། དགོངས་པ་ལུང་སྟོན་ལས། སངས་རྒྱས་རྣམས་ཀྱིས་གང་བསྟན་པ། །སར་གྱུར་དེ་ནི་བཅུ་གསུམ་པ། །ཞེས་གསུངས་པ་འདི་ལ་ཨ་བྷ་ཡས་ཚོགས་ཀྱི་ས་དང་མོས་སྤྱོད་ཀྱི་ས་སྟེ་བཅུ་གསུམ་

p. 580

དུ་མཛད་ལ། ཡང་ན་ས་བཅུའི་ཁྱད་པར་ལམ་ནི་དཔེ་མེད་ཀྱི་ས་དང་། བར་ཆད་མེད་ལམ་ཡེ་ཤེས་ལྡན་གྱི་ས་ཡིན་པར་འདོད་དེ། མན་སྙེ་ལས། ཆོས་ཀྱི་སྤྲིན་གྱི་མཐར་ཐུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི། འབྲས་བུའི་གནས་སྐབས་ཀྱི་སངས་རྒྱས་ཀྱི་ས་བཅུ་གཅིག་པའོ། །ཞེས་པས་མོས་སྤྱོད་ཀྱི་ས་དང་ལྷན་ཅིག་བཅུ་གཉིས་པ་དང་ལས་དང་པོ་པའི་ས་དང་བཅས་པས་བཅུ་གསུམ་ཟེར་ཀྱང་འགྲིག་དཀའ་ལ། དོན་གྱི་དབང་གིས་བྱང་ཆུབ་སེམས་དཔའི་མཐའི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དེ་ལ་དཔེ་མེད་པ་སོགས་གསུམ་མམ། རྒྱུད་སྡེ་ཆེན་པོ་གཞན་ལས། ཀུན་ཏུ་འོད་དང་མ་ཆགས་པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེས་ས་བཅུ་གསུམ་གསུངས་པའི་ཕྱི་མ་འདི་གསུམ་སངས་རྒྱས་ཀྱི་ས་ཡིན་པར་ཁྱད་མེད་ལ་སྐུ་གསུམ་གྱི་ལྡོག་ཆས་དབྱེ་བར་ཀུན་མཁྱེན་རོང་ཟོམ་པ་སོགས་བཞེད་དོ། །ཁ་ཅིག་སྔགས་ལམ་བསྣོན་མ་མ་བཏབ་པར་མདོ་ཁོ་ནའི་ལམ་གྱིས་སངས་རྒྱས་མི་ཐོབ་པར་འདོད་པ་ལྟར་ན་ཀུན་ཏུ་འོད་བསྟི་གནས་ཀྱི་སའམ། སངས་རྒྱས་ཀྱི་སར་བཏགས་པར་བྱེད་པ་ལ་བཤད་དགོས་པར་མངོན་ནོ། །ཡང་ཡེ་ཤེས་ཐིག་ལེའི་རྒྱུད་ལས་ས་བཅོ་ལྔ་གསུངས་པ་ནི། དང་པོ་མོས་སྤྱོད་ཀྱི་ས་དང་། དེ་ནས་གཉིས་པ་རབ་དགའ་སོགས་ལེགས་པའི་བློ་གྲོས་ཀྱི་བར་བྱང་སེམས་ཀྱི་ས་བཅུ་དང་། ཆོས་ཀྱི་སྤྲིན་སངས་རྒྱས་ཀྱི་ས། ཀུན་ཏུ་འོད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས། ཀུན་ཏུ་སྣང་བ་མཆེད་པའི་འོད་ནི་དཔལ་ལྡན་རྡོ་རྗེ་སེམས་དཔའི་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་ས། ཀུན་ཏུ་སྣང་བ་འཐོབ་པའི་འོད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ས། བརྗོད་དུ་མེད་པ་ཚད་མེད་པའི་འོད་ནི་བདེ་བ་ཆེན་པོའི་ས་སྟེ། དེ་ཀུན་དགའ་བའི་བྱེ་བྲག་ལས། །སར་ནི་ཀུན་ཏུ་བཏགས་པའོ། །ཞེས་གསུངས་ཏེ། འདི་ལྟ་བུ་ལ་སོགས་པ་ས་ཡི་གྲངས་མང་ཉུང་གསུངས་ཚུལ་ཐ་དད་ཀྱང་དོན་ལ་གནད་གཅིག་པ་ཡིན་

p. 581

ལ། རྒྱུད་གཞན་རྣམས་སུ་ཡང་སའི་མིང་གི་ཁྱད་པར་མི་འདྲ་བ་དུ་མ་གསུངས་པ་ཡང་དོན་གྱི་དགོངས་པ་རྣམ་པ་ཀུན་ཏུ་འགལ་བ་མེད་པར་ཤེས་པར་བྱ་ལ། སྐབས་འདིར་ས་བཅུ་གཉིས་སུ་གསུངས་པ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་རླུང་འཕོ་བ་བཅུ་གཉིས་འགགས་པའི་རིམ་པས་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་སུ་གསུངས་པ་ཡིན་ལ་དེའི་ཚུལ་གྱིས་འཕོ་རླུང་མཐའ་དག་བག་ཆགས་དང་བཅས་པ་འགགས་པའི་འབྲས་བུའི་ས་ལའང་དབྱེ་བ་དེ་ལྟར་འོང་བ་ཤེས་པར་བྱའོ། །དེའི་ཕྱིར་ཡེ་ཤེས་འཁོར་ལོའི་ཕྱོགས་ཀྱི་རྩིབས་གནས་རྣམས་ནི་ས་དང་པོ་ཀུན་དུ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོ་མཛེས་པའི་ས་ཞེས་བྱ་སྟེ། ནང་དུ་གཞུའི་དུས་སྦྱོར་ལ་གཡོན་པའི་རྩར་སྲོག་འབབ་པ་འགགས་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་རྒ་ཤི་འགགས་པ་དང་སྦྱར་ལ། ཡེ་ཤེས་འཁོར་ལོའི་ཕྱོགས་བྲལ་གྱི་རྩིབས་རྣམས་ཉེ་བའི་གནས་རྣམས་ཏེ། ནང་དུ་སྡིག་པའི་དུས་སྦྱོར་གཡས་པའི་རྩ་ལ་སྲོག་འབབ་པ་འགགས་པས་རྟེན་འབྲེལ་སྐྱེ་བ་འགགས་པ་ནི་ས་གཉིས་པ་བདུད་རྩི་འོད་ཟླ་བ་ཆེན་པོ་གསལ་བའི་ས་ཞེས་བྱའོ། །དེ་བཞིན་སའི་འཁོར་ལོ་སོགས་ལ་ཞིང་སོགས་རིམ་སྦྱར་གྱི་དུས་སྦྱོར་རེ་རེ་དང་རྟེན་འབྲེལ་ཡན་ལག་རེ་རེའི་ང་འགགས་པས་ནམ་མཁའི་འོད་ལ་སོགས་ནས། ནམ་མཁའི་འཁོར་ལོའི་ཕྱོགས་བྲལ་གྱི་རྩིབས་རྣམས་ཉེ་བའི་འཐུང་གཅོད་དུ་ཆུ་སྲིན་གྱི་དུས་སྦྱོར་དང་མ་རིག་པ་འགགས་པ་ས་བཅུ་གཉིས་པ་སོ་སོའི་བདག་ཉིད་རིག་པ་རྟོགས་པའི་ཡེ་ཤེས་རྫོགས་པར་བྱེད་པའི་ས་ཡི་བར་དུ་སྦྱར་བར་བྱའོ། །དེ་ལྟར་གནས་ལ་སོགས་པའི་དྲང་བ་དང་ངེས་པའི་དོན་རྒྱུད་སྡེ་ལས་གསུངས་པའི་དོན་རྣམས་ཤེས་པར་བྱས་ནས་འཇིག་རྟེན་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་ཀྱང་གནས་ལ་སོགས་པར་སྔགས་ཀྱི་ལྷ་རྣམས་སྐྱེ་བ་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས་གསུངས་པ་འདི་ལྟ་སྟེ། ཀཱ་མ་རཱུ་བ་ཛཱ་ལར་

p. 582

གྲགས། །པཱུརྞ་གི་རི་དེ་བཞིན་གནས། །ཨོ་ཌི་ཡཱ་ཎ་བཞི་པར་འགྱུར། །ཤི་ཥྼྀ་ཀྦུ་་སླྀ་དེར་གཙོ་མོ། །ཞེས་སོགས་ནས། གནས་སོགས་དང་པོར་གྱུར་པའོ། །ཞེས་པའི་བར་གྱི་ཚིགས་བཅད་འགྲེལ་བར་གསུངས་པ་ནི། ཀཱ་མ་རཱུ་པ་འདོད་པའི་གཟུགས་ཞེས་བྱ་བ་རྒྱ་གར་ཤར་ཕྱོགས་གཉལ་གྱི་ལྷོ་ཐད་ཆུ་བོ་ལོ་ཧི་ཏ་ཐད་ཀར་ལྷོ་བྱང་དུ་འབབ་པ་དེར་ཡོད་ཅེས་བཤད། ཛ་ལར་གྲགས་ཅེས་པ། ཛཱ་ལ་ན་དྷ་ར་དྲ་བ་འཛིན་པ་ཞེས་པ་ཁ་ཅིག་ཁ་ཆེའི་ཡུལ་དུ་ནཱ་ག་ཀོ་ཊི་ཞེས་པའི་གྲོང་ཁྱེར་དང་ཉེ་བ་ན་ཡོད་ཟེར་ཁ་ཅིག་རྒྱ་གར་དང་ཁ་ཆེའི་བར་རྡོ་རྗེ་གདན་གྱི་ནུབ་བྱང་རྡོ་ལ་མེ་འབར་བའི་གནས་དེ་ཡིན་ཞེས་ཟེར་རོ། །པཱུརྞ་གི་རི་གང་བའི་རི་ཞེས་ཨུ་རྒྱན་གྱི་བྱང་ན་ཡོད་ཟེར། ཨོ་ཌི་ཡཱ་ན་འཕུར་འགྲོ་ཞེས་ཏེ་སྒྲ་ཟུར་ཆག་པས་ཨོ་རྒྱན་གྱི་ཡུལ་དུ་གྲགས་པ་གནས་ཀྱི་ཡན་ལག་བཞི་པ་སྟེ། དེ་ལྟར་དེ་དག་གི་མིང་ཐོག་བསྡུས་པ་ཀཱ་ཛཱ་པཱུ་ཨོ་བཞི་ནི་གནས་ཞེས་བྱའོ། །གནས་བཞི་པོ་འདི་རྣམས་སུ་ཤི་རྡོ་རྗེ་མ་དང་། ཥརྀ་རྡོ་རྗེ་མ་དང་། ཀྤུ་རྡོ་རྗེ་མ་དང་། སླྀ་རྡོ་རྗེ་མ་སྟེ་བཞི་པོ་འདི་དག་གནས་དེར་གཙོ་མོ་སྟེ་དེ་དག་ལ་དབང་བསྒྱུར་བའི་ཕྱིར་རོ། །དེ་བཞིན་དུ། གོ་ད་བ་རཱི་བའི་མཆོག་སྦྱིན་མ་ཞེས་པ། རྒྱ་གར་རྡོ་རྗེ་གདན་ནས་ལྷོ་ཕྱོགས་སུ་ཟླ་བ་ཕྱེད་གཉིས་ཙམ་ཕྱིན་པ་ན་ལྷོ་ཕྱོགས་དཔལ་གྱི་རིའི་ཕྱོགས་གཅིག་ན་ཡོད་པ་གྲུབ་ཆུ་ཅན་ཞིག་ཡོད་ཟེར། ར་མེ་ཤྭ་ར། དགའ་བའི་དབང་ཕྱུག་སྟེ། ལང་གའི་གླིང་ཕྲན་ན་ཡོད་ཟེར། དེ་བཱི་ཀོ་ཊ་ལྷ་མོ་རྫོང་སྟེ་ཤར་ཕྱོགས་བ་རེནྡྲའི་ས་ཆ་ན་གྲོང་ཁྱེར་གཟུགས་མཛེས་ཞེས་གྲགས་པའི་གནས་ལྷ་མོའི་རྫོང་ཞེས་བྱ་བ་རྡོའི་ཆོས་འབྱུང་མིག་འདྲ་བས་མཚན་པ་ཅན་ནོ། །མཱ་ལ་བ་ཕྲེང་བ་ཅན་ཏེ་རྒྱ་གར་ནུབ་ཕྱོགས་ན་ཡོད་ཟེར། དེ་ལྟར་གོ་ར་དེ་མཱ་སྟེ་ཉེ་བའི་གནས་བཞི་འདི་རྣམས་སུ། སླཱྀ་པཱུ་ཥྼཱྀ་ཤཱི་གཙོ་མོ་ཞེས་གསུངས་སོ། །ཨརྦུ་ད་གྲོང་ཁྱེར་རྡོ་འཇོག་ཞེས་པ་ལ་འདོད། ཁ་ཅིག་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་ན་ཡོད་ཟེར། མུཾ་མུ་ནི་རྒྱ་གར་ལྷོ་ཕྱོགས་

p. 583

རྒྱ་མཚོའི་འགྲམ་ན་ཡོད་པར་བཤད། ཁ་ཅིག་རྒྱ་གར་གྱི་ཤར་ཕྱོགས་ན་ཡོད་ཟེར། ཨོ་ཏྲི་ནི་ལྷོ་ཕྱོགས་སུ་རྒྱལ་པོ་ཤིང་རྟ་བཅུ་པའི་ཡུལ་ཡིན་པར་བཤད། ཀཱ་ར་ཎྱ་པཱ་ཊ་ཀཾ་ཞེས་པ་རྒྱལ་པོའི་ཁབ་ནས་ནུབ་བྱང་དུ་སོང་བ་ན་གང་གཱའི་ལྷོ་འགྲམ་ཆོས་རྒྱལ་མྱ་ངན་མེད་ཀྱི་ཡུལ་ཏེ་གྲོང་སྐྱ་བོའི་བུ་ཞེས་པའོ། །དེ་ལྟར་ཨ་མུ་ཨོ་ཀ་བཞི་ནི་ཞིང་རྣམས་སོ། །དྷི་དྼྀ་ཐུ་ཏླྀ་ཞེས་ལྷ་མོ། །རྣམས་རྟེན་ནོར་འཛིན་གཞི་ལའོ། །ཞེས་ལྷ་མོ་རྣམས་ཀྱི་རྟེན་གནས་དེ་དག་ས་གཞི་ལའོ། །ཞེས་སོ།།ཏྲི་ཤ་ཀུ་ནི་དགེ་མཚན་གསུམ་པའམ་བྱ་གསུམ་པ་ཞེས་པ་སྟག་གཟིག་གི་ཡུལ་ན་ཆུ་བོ་གངྒཱ་དང་། དྷི ནྡྷ་ཤ་ནྟིའང་དང་། ས་རུ་པ་གསུམ་འདུས་པའི་མདོ་ན་ངང་པ་སོགས་བྱ་སྐད་སྙན་པ་སྒྲོགས་པའི་སྒྲུབ་གནས་རྡོའི་ལིང་ག་ལྟེ་བ་ལྟ་བུས་མཚན་པ་ཡོད་ཅེས་བཤད། ཀརྨཱ་ར་པཱ་ཏྲ་ཞེས་པ་ཁ་ཅིག་ཤར་ཕྱོགས་བྷཾ་ག་ལའི་ཡུལ་གྱི་བྱེ་བྲག་མགར་བ་མང་པོ་ཡོད་པའི་ཡུལ་དེ་ཡིན་པར་བཤད། ཁ་ཅིག་སིངྒྷ་ལའི་གླིང་ཡིན་ཟེར། ཀོ་ཤ་ལ་ཞེས་པ་རྒྱལ་པོ་གསལ་རྒྱལ་གྱི་ཡུལ་ཀོ་ས་ལ་ཡིན་ཏེ་ཀུ་ཤ་ལ་ཞེས་པས་བརྩིགས་པ་ཡིན་པས་དེ་ལྟར་ཐོགས་པར་བཤད། ལཱ་ཊའི་ཡུལ་ནི་རྒྱ་གར་ནུབ་ཕྱོགས་དུ་རུ་ཀའི་ས་ཆ་ལ་ཡོད་ཟེར། དེ་ལྟར་ཏྲི་ཀ་ཀོ་ལཱ་བཞི་ནི་ཉེ་བའི་ཞིང་རྣམས་སོ། །འདི་བཞིར་ཏླཱྀ་ཐུ་དྼཱྀ་ཌྷཱི་དེར་གཙོ་མོ། ཞེས་སོ། །ཀ་ལིངྐ་ནི་རྒྱལ་བུ་ཐམས་ཅད་སྒྲོལ་འཁྲུངས་ཡུལ་རྡོ་རྗེ་གདན་ནས་ལྷོ་ནུབ་ཏུ་དཔག་ཚད་དྲུག་ཅུ་ཕྱིན་པ་ན་ཡོད་ཟེར། ཧ་རི་ཀེ་ལ་ཤར་ཕྱོགས་བྷཾ་ག་ལའི་ཡུལ་གྱི་བྱེ་བྲག་ཡིན་ཟེར། ཙནྡྲ་དཱི་པ་ཟླ་བའི་གླིང་ཞེས་པ་བྷཾ་ག་ལའི་ཡུལ་གྱི་བྱེ་བྲག་མཚོ་གླིང་ཞིག་ལ་བཤད། ལམྦཱ་ཀཾ་ཞེས་པ་རྒྱ་གར་ནུབ་ཕྱོགས་ན་ཡོད་ཟེར། དེ་ལྟར་ཀ་ཧ་ཙ་ལ་ཞེས་པ་བཞི་པོ་དེ་ཚ་ནྡྷོ་ཧ་ནི་རྣམ་པ་བཞི། གྷི་བྼྀ་ཕུ་པླྀ་དེར་གཙོ་མོ། ཞེས་སོ། །ཀཱ་ན་ཙི་གྲོང་ཁྱེར་མཆོག་ཅེས་པ་ཚད་མ་སྡེ་བདུན་མཛད་པའི་སློབ་དཔོན་ཆོས་གྲགས་ཀྱི་འཁྲུངས་

p. 584

ཡུལ་དེ་ཡིན་པར་བཤད། ཀོང་ཀ་ཎ་ཀ་ལྷོ་ནུབ་ན་མཐའ་ཆུས་བསྐོར་བ་སྐུ་མཆོག་བཞིའི་ཡ་གྱལ་གྲིབ་མའི་སྐུ་བཞུགས་པའི་གནས་གྲོང་ཁྱེར་བྱེ་བ་ཕྲག་བདུན་ཡོད་པ་དེ་ཡིན་པར་བཤད། སྐུ་མཆོག་བཞི་ཞེས་གྲགས་པ་ནི། ཛྙཱ་ན་ཀཱ་ཡ་ཡེ་ཤེས་སྐུ་ཞེས་པ་ལྷོ་ཕྱོགས་འགྲོ་ལྡིང་བའི་ཡུལ་ན་མཚོའི་གཏིང་ན་མི་གསོན་པོ་ཉལ་བ་འདྲ་བ་གཅིག་ཡོད་དེ། དེ་ལ་ནང་པ་རྣམས་ཀྱིས་འཇམ་དཔལ་ཤའི་སྐུ་ཅན་ཟེར་ཞིང་ཕྱི་རོལ་པས་ཀྱང་རང་གི་ལྷར་བྱས་ནས་མཆོད་པ་ཞིག་ཡོད་ཅེས་དང་། ཏཱུ་བ་ཀཱ་ཡ་མཆོད་རྟེན་གྱི་སྐུ་སྟེ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ནོ། །རཱུ་པ་ཀཱ་ཡ་གཟུགས་ཀྱི་སྐུ་སྟེ་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའོ། །བི་མྤ་ཀཱ་ཡ་གྲིབ་མའི་སྐུ་སྟེ་བར་སྣང་ན་ཐོགས་པ་མེད་པ་འཇའ་ཚོན་ལྟ་བུའི་སྐུ། དུས་བཟང་ལ་ཀླུ་རྣམས་ཀྱིས་གདུགས་འབུལ་ཞིང་མཆོད་པ་བྱེད་པ་ཞིག་ཡོད་ཅེས་གྲག་གོ། ཧི་མཱ་ལ་ཡ་རི་གངས་ཅན་ཏེ་ཁ་ཅིག་བོད་ཡུལ་ལ་བཞེད། བཞི་པ་ནི་ནཻ་པཱ་ལ་ཞེས་པ་བལ་ཡུལ་ཉིད་དེ། དེ་ལྟར་ཀཾ་ཀ་ཧི་ནེ་བཞི་པོ་དེ་ནི་ཉེ་བའི་ཚན་དྷོ་ཧ་བཞི་སྟེ། པླཱྀ་ཕཱུ་བ་རཱྀ་བྷཱི་དེར་གཙོ་མོ་ཞེས་སོ། །མཱ་ཏྲྀ་གྲི་ཧ་མ་མོའི་ཁྱིམ་ཞེས་པ། བལ་ཡུལ་གྱི་བྱང་ཤར་དང་ཟླ་བའི་གླིང་གི་བྱང་ན་ཡོད་དེ་ས་དཀར་གྱི་ཡུལ་ཞེས་ཟེར། པྲ་ཡཱ་གི་ཞེས་པ་རྡོ་རྗེ་གདན་གྱི་ནུབ་བྱང་སོ་ར ཥྚཱའི་ཤར་ན་ཡོད་པ་མིང་ལཾ་པ་ཀ་ཟེར་བ་ཡོད་ཅེས་བཤད། ཀོ་སླ་གི་རི་ཞེས་པ་རྒྱ་གར་ལྷོ་ནུབ་ཀྱི་ཕྱོགས་ན་ཀོ་ལ་པུ་རི་ཞེས་པའི་གྲོང་དུ་པུརྞ་གི་རི་ཞེས་གྲགས་པ་དང་། གྲི་ཧ་དེ་བ་ཁྱིམ་གྱི་ལྷ་སྟེ་ལི་ཡུལ་ལྕང་ར་སྨུག་པོ་ན་རྡོའི་ལིང་ག་སྙིང་འདྲ་བས་མཚན་པའི་སྒྲུབ་གནས་ཡོད་ཅེས་བཤད་དེ་དེ་ལྟར་མཱ་པྲ་ཀོ་གྲི་བཞི་ནི་འདུས་པ་རྣམ་པ་བཞིར་འགྱུར་ཏེ། ཌྷི་ཌྼྀ་ཤཱུ་་ཊླྀ་དེར་གཙོ་མོ་ཞེས་སོ། །སཽ་རཱཥྚཱ་གྲོང་ཁྱེར་བཟང་པོ་ཅན་ཞེས་པ་སྟེ་ནུབ་ཕྱོགས་སུ་ཟླ་བ་ཕྱེད་ཀ་སུམ་ཙམ་ཕྱིན་པ་སཽ་མཱ་ནཱ་ཐ་ཞེས་པ་ཕྱི་པའི་ལྷ་རྟེན་ཡོད་པའོ། །ཀཱ་སྨཱི་ར་ཁ་ཆེ་དང་། སུ་ཝརྞ་དཱི་པ་གསེར་གླིང་

p. 585

སྟེ་རྒྱ་གར་ལྷོ་ཕྱོགས་སུ་སྨན་ཙེ་དང་གཤིབས་ནས་ཡོད་ཀྱང་ཟེར། སིདྷ་ལ་ཞེས་པ་སིང་ག་ལའི་གླིང་ཏེ་སྔོན་སྲིན་མོས་བཟུང་པ་དེད་དཔོན་སིངྒྷ་ལས་བཏུལ་ནས་མིང་སེང་གེ་འཛིན་ཞེས་པར་གྲགས་པའོ། །དེ་ལྟར་སཽ་ཀ་སུ་སིང་བཞི་སྟེ། ཉེ་བའི་འདུས་པ་འདི་རྣམས་སུ། །ནླཱ་དླཱུ་ཌྼཱྀུ་ཌྷཱི་གཙོ་མོའོ། །ཞེས་སོ། །ན་ག་ར་ཞེས་པ་སྒྲ་ཐད་དྲང་གྲོང་གི་དོན་ཡིན་ཡང་སྤྱི་མིང་་བྱེ་བྲག་ལ་ཐོགས་པ་རྒྱ་གར་ཡུལ་དབུས་ཀྱི་གྲོང་ན་ག་རའི་ཡི་གེ་འབྲི་བའི་ཡུལ་དེའོ། །མ་ཧེནྡྲ་དབང་པོ་ཆེན་པོ་ཞེས་པའི་རི་འབྲས་སྤུངས་ཀྱི་ཕྱོགས་ན་ཡོད་ཅེས་ཟེར། སིནྡྷུའི་ཡུལ་ནི་ཆུ་བོ་སིནྡྷུ་འབབ་པའི་ཡུལ་རྒྱ་གར་ནུབ་ཕྱོགས་ན་ཡོད་པ་དང་ཁ་ཅིག་ལྷོ་ཕྱོགས་ན་ཟེར། ཀི་རཱ་ཏ་ཀ་ཞེས་པ་སྒྲ་ཐད་དྲང་མོན་པའི་ཡུལ་ཏེ། རྒྱ་གར་གྱི་མཐའ་ཁོབ་ཀྱི་ཆ་ཞིག་ཡིན་པ་ལས་ཕྱོགས་གར་ཡོད་བཤད་པ་མི་སྣང་ངོ་། །དེ་ལྟར་ན་མ་སི་ཀི་ཞེས་པ་དེ་བཞི་ནི་དུར་ཁྲོད་རྣམ་པ་བཞིར་འགྱུར་ཏེ། ཛྷི་ཛྼྀ་ཚུ་ཙླི་དེར་གཙོ་མོ་ཞེས་སོ། །མ་རུའི་ཡུལ་ནི་མྱ་ངམ་གྱི་ཡུལ་ཏེ་ཛ་ལནྡྷ་ར་དང་ཉེ་བའི་བྱང་ཕྱོགས་ཀྱི་བྲག་ཕུག་ཞིག་ན་རྡོའི་མཚན་མ་མཐེ་བོང་ལྟ་བུ་རྡོའི་ཕུག་པའི་ནང་དུ་འཕྲུལ་བ་ཕྱིར་བཏོན་མི་བཏུབ་པ་ཤིན་ཏུ་གཉན་པའམ་འཇིགས་པར་གྲགས་པ་དང་། ག་ཧྭར་ཞེས་པ་མང་ཡུལ་ན་ཡོད་པར་གྲགས། ཀུ་ལ་ཏཱ་ཞེས་པ་རིགས་ངན་གྱི་ཡུལ་ཉིད་དང་། ས་མ་ལ་ཞེས་པའང་མང་ཡུལ་ན་ཡོད་ཅེས་གྲགས་སྟེ། མ་ག་ཀུ་ས་བཞི་པོ་འདི་རྣམས་ནི། དེ་བཞིན་ཉེ་བའི་དུར་ཁྲོད་གསུངས། ཙླཱྀ་ཚཱུ་ཛྼཱྀ་ཛྷཱི་དེར་གཙོ་མོ་ཞེས་སོ། །ཙ་རི་ཏྲ་ཞེས་པ་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་ན་ཡོད་དེ་འབྲས་བཟང་པོ་སྐྱེ་ཞིང་ཡུལ་དེར་རྡོ་རྗེ་ཕག་མོས་ཆང་གི་བཅུད་བསྡུས་པས་ཆང་ཡང་ཡང་བསིང་ཡང་རོ་བཅུད་ལྡན་པ་ཡོད་ཅེས་གྲག །ཀེ་ར་ན་ཞེས་པ་པུརྞ་གི་རི་ལས་ནུབ་ཕྱོགས་སུ་ཕྱིན་པ་ན་ཀོང་ཀན་དང་དེ་གཉིས་ཀྱི་བར་ན་ཡོད་པ་དང་དེ་ལ་མི་ས་ཀ་ཏའི་ཡུལ་ཡང་ཟེར་ཅེས་

p. 586

བཤད། བིནྡྷ་ཞེས་པ་རི་བོ་འབིགས་བྱེད་དེ། རྒྱ་གར་ལྷོ་ཕྱོགས་སུ་ཡོད་ཅིང་སློབ་དཔོན་ཕྱོགས་གླང་གི་སྒྲུབ་གནས་སུ་གྲགས་པ་དང་། ཀཽ་མཱ་རི་ཀའི་གྲོང་ཞེས་པ་གཞོན་ནུ་མ་ཅན་གྱི་གྲོང་སྟེ་རྒྱ་མཚོའི་གླིང་ཕྲན་ཞིག་ཏུ་བུད་མེད་གཟུགས་བཟང་འབའ་ཞིག་སྐྱེ་བའི་ཡུལ་སྟེ་དེ་ལྟར་ཙ་ཀོ་བིཾ་ཀཽ་ཞེས་པ། རྣམ་བཞི་འཐུང་གཅོད་ཅེས་པར་གྲགས། གྷི་གྼྀ་ཁུ་ཀླྀ་དེར་གཙོ་མོ་ཞེས་སོ། །བི་ར་ཛཱཿཞེས་པ་དཔའ་བོ་སྐྱེས་ཏེ་རྒྱ་གར་རྡོ་རྗེ་གདན་གྱི་ཤར་ལྷོ་ནས་ཤར་ཕྱོགས་སུ་ཉེ་བ་ན་ཡོད་ཟེར། ཀོང་ག་ཞེས་པ་རྒྱ་གར་ལྷོ་ནུབ་ན་མ་ཧཱ་སཾ་བྷ་ཝ་ཞེས་པའི་རང་བྱུང་གི་མཆོད་རྟེན་ཡོད་པའོ། །ཏྲི་པུ་རཱི་གྲོང་གསུམ་པ་ཞེས་པ་ལྷོ་ཕྱོགས་ལངྐའི་གླིང་ན་ཡོད་ཟེར། ཤྲཱི་ཧཊྚ་ཀ་ཞེས་པ་རྒྱ་གར་ལྷོ་ཕྱོགས་ཨ་ག་རུ་སྐྱེ་བའི་ཡུལ་ཞིག་ཏུ་བཤད་ལ། དེ་ལྟར་བི་ཀོ་ཏྲི་ཤི་ཞེས་པ་བཞི་པོ་འདི་རྣམས། ཉེ་བའི་ཁྱིམ་རྣམ་པ་བཞིའམ། ཉེ་བའི་འཐུང་གཅོད་བཞིར་གྲགས་པ་སྟེ། ཀླཱྀ་ཁཱུ་གྼཱྀ་གྷཱི་དེར་གཙོ་མོ། ཞེས་གསུངས་སོ། །ྈྐ་སོགས་བཅུ་གཉིས་ཕོ་ཉ་མོ་ཞེས་པ། ྈྐ་ན་མ་ཎ་ཉ་ང་དྲུག་ཐུང་རིང་གི་དབྱེ་བས་བཅུ་གཉིས་ནི་གཡོན་དང་གཡས་ཀྱི་སྟོང་པའི་དཀྱིལ་འཁོར་བཅུ་གཉིས་ཀྱི་གཙོ་མོའི་ས་བོན་ནོ། །ཧ་སོགས་བཞི་ནི་ཕྱི་རོལ་གྱི།། དུར་ཁྲོད་མ་སྟེ་བཅུ་དྲུག་ཨ། །ཞེས་པ་ཧ་ཧཱ་ཀྵ་ཀྵཱ་བཞི་རྭ་བའི་ཕྱི་རོལ་གྱི་དུར་ཁྲོད་བཞི་ལ་ཕོ་ཉ་མོའི་ས་བོན་ནོ། །དབུས་ཀྱི་འདབ་མ་བཅུ་དྲུག་ལ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཞེས་པ་སྔར་བཤད་པ་བཞིན་དུ་ནུས་མ་ཕོ་ཉ་མོ་བརྒྱད་དེ་པད་འདབ་བརྒྱད་ལའོ། །བར་མཚམས་ཀྱི་པད་འདབ་བརྒྱད་ཉིད་ལ་ནི་ཐོད་པ་རྣམས་སོ། །པདྨའི་ལྟེ་བའི་གེ་སར་གྱི་རྩེ་མོར་གཙོ་མོ་སྟེ། ནང་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་པ་ཡིས། དུས་སྦྱོར་བཅུ་གཉིས་ཀྱི་རླུང་རྣམས་ནི་མི་འབབ་ཅིང་སྒྲིབ་བྲལ་དུ་གྱུར་པས། ས་རྣམས་བཅུ་གཉིས་ཞེས་གྲགས་པ་ལ་གནས་ལ་སོགས་པ་བཅུ་གཉིས་སུ་གསུངས་པ་ནི་དོན་དམ་མོ། །མ་

p. 587

རིག་ལ་སོགས་པ་རྟེན་འབྲེལ་ལུགས་མཐུན་གྱིས་ཆུ་སྲིན་དང་བུམ་པ་སོགས་ཁྱིམ་ལུགས་འབྱུང་དུ་བསྟན་པ་རྣམས་ལ་ཉེ་བའི་འཐུང་གཅོད་སོགས་མཐའ་ནས་འགོད་པ་ནི་ཀུན་རྫོབ་ཏུ་རྣམ་པར་བཞག་པའོ། །གཞུ་དང་སྡིག་པ་ལ་སོགས་ལུགས་ཟློག་གིས་བ སྟན་པ་ནི་རྒ་ཤི་དང་སྐྱེ་བ་འགགས་པ་ལ་སོགས་པའི་རིམ་པ་དང་མཐུན་པར་དུས་སྦྱོར་བཅུ་གཉིས་ཀྱི་རླུང་སྒྲིབ་པ་མེད་པར་གྱུར་པའི་ཆོས་ཀྱིས་ནི། རྣམ་པར་དག་པའི་ཆོས་ཀྱི་རབ་ཏུ་དབྱེ་བ་ལས། མཁའ་འགྲོ་མ་རྣམས་རང་གི་ལུས་ཀྱི་ཁམས་རྣམ་པ་བདུན་ཅུ་རྩ་གཉིས་འཛག་མེད་སྒྲིབ་བྲལ་དུ་གྱུར་པ་ལ་རབ་ཏུ་གསུངས་སོ། །ཀུན་རྫོབ་ཏུ་སྔགས་གྲུབ་པར་བྱ་ཕྱིར་ལྷ་མོ་གང་དེ་དག་ཕྱི་དང་ནང་གི་ཁྱིམ་དང་ཉེ་ཁྱིམ་སོགས་སུ་གཙོ་མོ་སྟེ། དེ་ནས་ལྷ་མོ་དེ་རྣམས་ཀྱི་ས་བོན་ཡི་གེ་ནི། གནས་སོགས་ཀྱི་མིང་ཡིག་དང་པོར་གྱུར་པ་སྟེ། ཀཱ་ཛཱ་པཱུ་ཨོ་ཞེས་སྔར་བཤད་པ་རྣམས་ཀྱང་ངོ་། །དེ་བཞིན་དུར་ཁྲོད་བཅུ་དྲུག་རྣམས་ལ་ཡང་དུར་ཁྲོད་ཀྱི་མིང་ཡིག་དང་པོ་སྟེ། རླུང་གི་སྒོའི་གཡོན་དང་གཡས་སུ། ཀཾ་ཀ་ལ་ཞེས་པ་ཀེང་རུས་ཅན་གྱི་དུར་ཁྲོད་ལ་གནས་པའི་ས་བོན་ནི་ཀཾ་ངོ་། ཀོ་ལ་ཧ་ལ། ཞེས་ཅ་ཅོ་སྒྲོག་པ་ལ་ཀོ་སྟེ། ཡང་ན་དེ་གཉིས་ཀྱི་ས་བོན་ྈྐ་ྈྐཱ་འོ། །དེ་བཞིན་དུ་སྦྱར་ལ། ནུབ་དང་རླུང་གི་སྒོར། པཱུ་རི་གནྡྷ་རྣག་གི་དྲིའི་པཱུ།སརྦ་དཾ་ཤ་སྦྲུལ་གྱིས་ཟོས་པར་ས། ཡང་ན་ན་ནཱའོ། །ཀླཱྀ་ན་ཞེས་པ་རུལ་པའི་དྲི་ལ་ཀླཱྀ། དབང་ལྡན་དུ། བ་ལ་མྲྀ་ཏྱུ། བྱིས་པ་ཤི་བར་བཱ་སྟེ། ཡང་ན་མ་མའོ། །ལྷོ་དང་བདེན་བྲལ་གྱི་སྒོར། ཤ་བ་ད་ཧ་ན་རོ་བསྲེག་པ་ལ་ཤ །གྷོ་ར་ཡུ་དྷ། མི་བཟད་པའི་གཡུལ་གྷོ་སྟེ། ཡང་ན་ཎ་ཎཱའོ། །ཤར་དང་མེའི་སྒོར། ཤཱུ་ལ་བྷེ་ད་རྩེ་མོས་འབིགས་པ་ལ་ཤཱུ་དང་། ཨུ་ཥྩྀི་ཊ་བྷ་ཀྵ། ལྷག་མ་ཟ་བ་ལ་ཨུ་སྟེ། ཡང་ན་ཉ་ཉཱའོ། །མེའི་སྒོའི་གཡོན་དང་གཡས་དག་ཏུ་བྷཱི་མ་འཇིགས་པ་ལ་བྷི། བྷ་ཡཾ་ཀ་ར་

p. 588

འཇིག་བྱེད་ལ་བྷ། ཡང་ན་ང་དཱའོ། །དབང་ལྡན་གྱི་སྒོའི་གཡོན་དང་གཡས་སུ། ཧ་ཧ་ཀ་ར། ཧ་ཧ་སྒྲོག་པ་ལ་ཧ། ཨཊྚཊྚ་ཧ་ས་དྲག་ཏུ་དགོད་པ་ལ་ཨ། ཡང་ན་ཧ་ཧཱ་འོ། །བདེན་བྲལ་གྱི་སྒོའི་གཡོན་དང་གཡས་སུ། རཽ་དྲ་ནཱ་ད་དྲག་པོའི་སྒྲ་ལ་རཽ་དང་། ཕེ་ཊ་ཀ་ར་ཕེཊ྄་སྒྲ་སྒྲོག་པའི་དུར་ཁྲོད་ལ་ཕེའོ། །ཡང་ན་ཀྵ་ཀྵཱ་འོ་ཞེས་པ་དུར་ཁྲོད་བཅུ་དྲུག་གི་ལྷ་མོ་རྣམས་ཀྱི་ས་བོན་ནོ། །དེ་ལྟར་མཁའ་འགྲོ་མའི་དྲྭ་བ་སྡོམ་པ་ཉིས་འགྱུར་ནི་འཇིག་རྟེན་པའི་ཡུལ་ཉི་ཚེ་བའི་ཐ་སྙད་ཀྱིས་བྱིས་པའི་སྐྱེ་བོ་རྣམས་བསྒྲལ་བའི་སླད་དུ་གསུངས་པ་སྟེ་རྣམ་པར་དཔྱད་ན་ཀ་མ་རཱུ་པ་དང་ཛ་ལནྡྷ་ར་སོགས་རྒྱ་གར་གྱི་ཡུལ་ཉི་ཚེ་བ་འབའ་ཞིག་གི་གནས་ཡིན་པ་རྫུན་ཏེ་གྲོང་བྱེ་བ་སོགས་ལྷག་པའི་ལྷ་དང་ལྡན་པའི་ཡུལ་གཅིག་ལ་ཡང་གནས་སོགས་ཐམས་ཅད་ཚང་བར་གསུངས་པའི་ཕྱིར། དེ་བཞིན་དུ་བོད་དང་རྒྱ་ནག་དང་རྒྱ་ནག་ཆེན་པོ་སོགས་ཡུལ་དང་། གྲོང་བྱེ་བ་ལྷག་པའི་ལྷ་དང་ལྡན་པའི་ཤམ་བྷ་ལའི་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་ཀཱ་མ་རཱུ་བ་སོགས་ཡོད་པར་མ་གསུངས་པ་ཉིད་ཀྱི་ཕྱིར་ཕོ་ཉ་མོ་རྣམས་ཡུལ་ཐམས་ཅད་དུ་ཁྱབ་པར་བྱེད་པ་མ་ཡིན་པར་འགྱུར་རོ། །དེས་ན་དུས་འཁོར་རྩ་བའི་རྒྱུད་ལས། ལུས་འཕགས་སོགས་གླིང་བཞི་གནས་དང་། མཚམས་བཞི་ཉེ་བའི་གནས་རྣམས་ཉེ་བའི་གནས་སོགས་སུ་གསུངས་སོ། །དེའི་ཕྱིར་འཁོར་ལོ་སྡོམ་པ་དང་ཀྱེའི་རྡོ་རྗེ་ལས་བཅོམ་ལྡན་འདས་ཀྱི་སྔ་ཕྱིའི་གསུང་མི་མཐུན་པ་འགལ་བ་ལྟ་བུར་གསུངས་པ་ནི་དབང་པོ་རྣོན་པོའི་སེམས་ཅན་གྱི་ཉི་ཚེ་བའི་གནས་སུ་འཛིན་པའི་ཞེན་པ་དགྲོལ་བའི་སླད་དུ་སྟེ། འདིར་འཁོར་ལོ་སྡོམ་པ་ལས་གནས་དང་ཉེ་གནས་སུ་གསུངས་པ་དེ། ཀྱེ་རྡོར་ལས་ཞིང་དང་ཉེ་ཞིང་ལ་སོགས་པར་འཁྲགས་འཁྲུགས་སུ་གསུངས་སོ། །དེའི་ཕྱིར་ཕྱི་ཡུལ་གྱི་དབང་དུ་བྱས་ན་ཡང་རྒྱ་གར་ལྟ་བུའི་ཡུལ་ཆེན་པོ་གཅིག་ལའང་གནས་ཆེན་དང་དེ་ལས་འཕྲོས་པའི་ཡན་

p. 589

ལག་གི་གནས་ཆུང་གི་དབྱེ་བ་དུ་མས་དཔའ་བོ་རྣལ་འབྱོར་མ་རྣམས་འདུ་བའི་གནས་དུ་མ་ཡོད་པ་བཞིན་ཡུལ་ཐམས་ཅད་དུ་མཚུངས་སོ། །དེས་ན་རྣལ་འབྱོར་མ་རྣམས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱང་ནང་གི་དེ་ཉིད་དང་མི་ལྡན་པར་ཕྱི་རོལ་གྱི་ཀ་མ་རཱུ་པ་ལ་སོགས་པར་ཕྱིན་པ་ཙམ་གྱིས་ཇི་ལྟ་བ་བཞིན་མི་ཐོབ་སྟེ་ཞིང་དེ་ན་ཡོད་པའི་དུད་འགྲོ་རྣམས་ལ་སོགས་པས་ཀྱང་མ་ཐོབ་པ་བཞིན་ནོ། །ནང་དུ་མ་རིག་པ་སོགས་ཀྱི་དུས་སྦྱོར་བཅུ་གཉིས་འགགས་པས་གནས་ལ་སོགས་པར་ཕྱིན་པ་ཡིན་པར་རྟོགས་པར་བྱ་སྟེ༑ ངེས་པའི་དོན་དུ་ནང་གི་གནས་ལ་སོགས་པ་དེ་རྣམས་སུ། སྒྲིབ་བྲལ་གྱི་དེ་བཞིན་གཤེགས་པའི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་དབྱིངས་སམ་ཁམས་རྣམས་ལྷའི་གཟུགས་ཀྱིས་སྔར་བྱོན་པ་དང་། ད་ལྟར་ཡོད་པ་དང་། མ་འོངས་ན་འབྱུང་བར་འགྱུར་བ་ནི་དབང་བྱེད་པ་དང་ལོངས་སྤྱོད་པ་དང་ཐིམ་པའི་དབྱེ་བས་སོ། །འདིར་བདག་པོ་ནི་ཐམས་ཅད་ལ་ཁྱབ་པའམ་དབང་བྱེད་པ་ཉིད་དུ་འདུས་པའོ། །དེས་ན་ཕོ་ཉ་མོའི་ཀུན་སྤྱོད་ལ། ལོངས་སྤྱོད་པ་དང་དབང་བྱེད་པ་དང་བདག་པོ་དང་ཐིམ་པ་བཞི་ཡོད་པའི་འདི་དག་ཕྱི་ལ་སྦྱར་ན་ཉི་མ་འཆར་བ་ན་ལོངས་སྤྱོད་པ། ཉི་མ་ཕྱེད་པ་ལ་དབང་བྱེད་པ། ནུབ་པ་ལ་བདག་པོ། མཚན་མོ་ཕྱེད་ན་ཐིམ་པ། ནང་གི་དུས་ལ་སྦྱར་ན། བྱིས་པའི་དུས་ན་དབང་བྱེད་པ། ལང་ཚོའི་དུས་ན་ལོངས་སྤྱོད་པ། རྒན་པོའི་ཚེ་ན་བདག་པོ། ཤི་བའི་ཚེ་ཐིམ་པ། དུས་སྤྱི་ལ་སྦྱར་ན། ད་ལྟ་བ་ལ་ལོངས་སྤྱོད་པ། མ་འོངས་པའི་དུས་ལ་ཐིམ་པ། འདས་པའི་དུས་ལ་དབང་བྱེད་པ་སྟེ། བདག་པོའང་དེར་བསྡུའོ་ཞེས་བཤད། ཕྱི་རོལ་གྱི་རྣལ་འབྱོར་མ་རྣམས་ཀྱི་ཀུན་སྤྱོད་ལ་སྦྱར་ན། ཀ་མ་རཱུ་པ་ལ་སོགས་པའི་གནས་བཞི་རེར། མཁའ་འགྲོ་མ་བཞིས་བསྐོར་བའི་གནས་བཞི་པོའི་ནང་ནས། ད་ལྟ་གང་ལ་གནས་པ་དེར་ལོངས་སྤྱོད་པ་དང་། གང་དུ་ཕྱིན་

p. 590

ཟིན་མ་ཐག་པ་དེ་ལ་དབང་བྱེད་པ། གང་དུ་འགྲོ་བའི་གནས་དེར་ཐིམ་པ། དེ་ནས་འགྲོ་བར་བྱ་བའི་གནས་དེ་ལ་བདག་པོའོ། །རླུང་ལ་སྦྱར་ན་ད་ལྟ་རྒྱུ་བཞིན་པ་དེ་ལོངས་སྤྱོད་པའོ། །རྒྱུས་ཟིན་མ་ཐག་པ་དབང་བྱེད་པ། དེ་མ་ཐག་ཏུ་རྒྱུ་བ་དེ་ལ་ཐིམ་པ། དེའི་རྗེས་ལ་རྒྱུ་བར་འགྱུར་བ་བདག་པོའོ། །དེ་ལྟར་ཕྱི་རོལ་དུ་ལོངས་སྤྱོད་པའི་ཉིན་ཞག་དང་། ནང་དུ་ལོངས་སྤྱོད་པའི་དུས་ལ་མཆོད་པར་བྱའོ། །ཞེས་བླ་མ་སྔ་མ་དག་གསུངས། ད་ནི་སེམས་ཅན་རྣམས་ཀྱི་སྐྱེ་འཆིའི་རྒྱུ་དབུགས་ཡིན་གྱི་བྱེད་པོ་གཞན་མེད་པར་གསུངས་པ་ནི། སྲོག་ཆགས་ཕྲ་མོ་ལུས་སྐྱེས་རྣམས་དང་མི་དང་འབྱུང་པོ་དང་ལྷ་དང་ལྷ་མིན་དང་ནུས་པ་དང་གཙོ་བོའི་རང་རང་གི་ཉིན་ཞག་གཅིག་གི་དཀྱིལ་འཁོར་དྲུག་ཅུ་རྣམས་ལ་རིགས་ལྡན་རྣལ་འབྱོར་མ་རྣམས་ནི་རྣམ་པར་རྒྱུ་སྟེ། ཇི་ལྟར་ན་གཡས་གཡོན་གྱི་སྲོག་འབབ་པ་ཉི་ཟླའི་ལམ་གྱི་རླུང་རབ་ཏུ་རྒྱུ་བ་ལས་སོ། །དེ་ལྟར་རང་རང་གི་སྲོག་གི་རྒྱུ་བ་དེ་དག་རང་རང་གི་སྐྱེ་བ་དང་འཇིག་པ་འཆི་བའི་རྒྱུར་གྱུར་པ་སྟེ། ཇི་སྐད་དུ། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །ཇི་ལྟར་འབྱུང་དང་སྡུད་བྱེད་པས། །རང་ཉིད་བྱེད་པོ་འཕྲོག་པོ་ལྟར། །རྡོ་རྗེ་འཆང་དང་སངས་རྒྱས་དང་། །ཤེས་རབ་ཕ་རོལ་ཕྱིན་མ་རྣམས། །ལུས་ཅན་རྣམས་ཀྱི་བྱེད་པོ་མིན། །སངས་རྒྱས་པ་ལ་བདེན་གསུང་གིས། །བྱེད་པོ་འཕྲོག་པོ་བསྟན་པ་མེད། །ལུས་དང་ངག་དང་ཡིད་ཀྱི་ལས། །དེ་ཡི་འབྲས་བུ་སེམས་ཅན་སྤྱོད། །བྱེད་པོ་གཞན་ནི་འགའ་ཡང་མེད། །ཅེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །འདིར་རང་གི་རླུང་ཉིད་སྐྱེ་བ་སྣ་ཚོགས་པར་སྤྲུལ་པའི་སྒྱུ་འཕྲུལ་ཆེན་མོ། འཆི་བའི་འཇིགས་པ་བྱེད་པས་དྲག་པོ་ཆེན་མོ། རང་གི་ལུས་ཇི་ལྟར་འབྱུང་བར་བྱེད་པ་ལྟར་སྡུད་པར་བྱེད་པ་མོ་ཡང་ཡིན་ལ། ཀུན་རྫོབ་ཏུ་དུས་སྦྱོར་བཅུ་གཉིས་སུ་རྒྱུ་བའི་རླུང་རང་ཉིད་འཁོར་བར་འཆིང་བར་བྱེད་པ་པོ་དང་། རྒྱུ་བ་བཅུ་གཉིས་འགགས་པས་འཁོར་བའི་སྡུག་

p. 591

བསྔལ་འཕྲོག་པ་པོ་ལྟར་སྣང་བ་ལས། སངས་རྒྱས་ལ་སོགས་པ་ལུས་ཅན་རྣམས་ཀྱི་བྱེད་པ་པོ་མ་ཡིན་ནོ། །སངས་རྒྱས་པ་ལ་དངོས་པོའི་དོན་བཞིན་སྟོན་པའི་བདེན་གསུང་གིས་བདེ་སྡུག་སོགས་བྱེད་པོ་དང་འཕྲོག་པོ་གཞན་བསྟན་པ་མེད་དེ། སེམས་ཅན་རང་རང་གི་སྒོ་གསུམ་གྱི་ལས་བསགས་པའི་འབྲས་བུ་ལ་ལོངས་སྤྱོད་ཀྱི་བྱེད་པོ་གཞན་འགའ་ཡང་མེད་ཅེས་སོ། །དེ་ནས་རྣལ་འབྱོར་མ་རྣམས་རྒྱུ་བའི་ཀུན་སྤྱོད་གསུངས་པ། ཀུན་རྫོབ་ཏུ་ནི་འཁོར་ལོ་གསུམ་གྱི་སྡོམ་པ་ལས། ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པ་དང་བདག་པོ་ཉིད་དུ་ཐུན་མཚམས་བཞི་ཡི་དབྱེ་བས་ལྷ་མོ་བཞི་དང་། ཐུན་ཚོད་བརྒྱད་ཀྱིས་དུར་ཁྲོད་ཀྱི་ལྷ་མོ་བརྒྱད་དང་དུས་སྦྱོར་ཕྱེད་ཀྱི་དབྱེ་བས་འཁོར་ལོ་ཉེར་བཞིའི་ལྷ་མོ་ཉེར་བཞི་རྣམས་གསུངས་སོ། །འདིར་འཁོར་ལོ་དྲུག་གི་སྡོམ་པ་ཆེན་པོ་ལས་དུས་སྦྱོར་གྱི་དཀྱིལ་འཁོར་རབ་ཏུ་འབབ་པས་དབང་བྱེད་པ་དང་ཐིམ་པའོ། །ཞེས་གཉིས་སུ་བསྡུས་ཏེ། འདིར་དབང་བྱེད་པ་ཞེས་བྱ་བ་ནི་སྲོག་གིས་བྱིན་གྱིས་བརླབས་ཏེ་རླུང་རྒྱུ་བཞིན་པ་ཡིན་ལ། དེ་ཉིད་ནི་ལོངས་སྤྱོད་པ་སྟེ་བདག་པོའང་དེ་ཉིད་དོ། །ཐིམ་པ་ཞེས་བྱ་བ་ནི་སླར་མ་འོངས་པ་ན་འགྲོ་བར་བྱ་བའི་གནས་སོ། །དོན་དེ་རྒྱས་པར་གསུངས་པ། དེས་ན་རྒྱབ་ཏུ་ལྷ་མོ་དབང་བྱེད་ཐིམ་པ་འདིར་ནི་མདུན་དུ་དེ་ཉིད་ལྔ་ཡི་རང་བཞིན་རྣམས་ཀྱིས་ཏེ་ཞེས་པ་འདིར་རྒྱབ་ཏུ་ལྷ་མོ་དཀྱིལ་འཁོར་གང་ལ་གནས་པ་དེར་ནི་དབང་བྱེད་པ་ཞེས་བྱ་ལ་ཐིམ་པ་ཞེས་པ་ནི་སླར་ལོངས་སྤྱོད་བྱ་སྟེ་འདིར་མདུན་དུ་འབྱུང་བའི་དེ་ཉིད་ལྔ་ཡི་རང་བཞིན་རྣམས་ཀྱིས་ཏེ། ཇི་ལྟར་ན་འདིར་གཡས་ཀྱི་རྩ་ལ་ཆུ་སྲིན་གྱི་དུས་སྦྱོར་ཆུ་ཚོད་ལྔའི་བདག་ཉིད་ཀྱི་ཆུ་ཚོད་དང་པོ་ས་ཡི་དཀྱིལ་འཁོར་རོ། །དེའི་ཚེ་ལྟེ་བར་དུས་སྦྱོར་གྱི་རྩིབས་བཅུ་གཉིས་ལས་ཆུ་སྲིན་གྱི་འདབ་མའི་ནུབ་ཕྱོགས་ཀྱི་ཆ་ལ་སྲོག་རབ་ཏུ་འབབ་སྟེ། དཀྱིལ་འཁོར་དུ་ནམ་མཁའི་འཁོར་ལོའི་རླུང་གི་རྩིབས་ལ་ལྷག་པའི་ལྷར་འགྱུར་ཞེས་སྔར་

p. 592

བསྟན་པ་ནི་རྟོག་པས་བརྟགས་པའི་བསྐྱེད་རིམ་གྱི་དབང་དུ་བྱས་པའོ། །འདིར་གང་གི་ཚེ་སྲོག་གི་ནུས་པའི་ལྷ་མོ་སའི་དཀྱིལ་འཁོར་ལ་དབང་བྱེད་པས་གནས་པ་དེའི་ཚེ། སླར་འགྲོ་བར་བྱ་བ་ཆུའི་དཀྱིལ་འཁོར་ལ་ཐིམ་པའོ། །དེ་དཔེར་ན་སླར་ཡང་སྐྱེ་བ་འཛིན་པ་ནི་ཕུང་པོ་སྔ་མ་འགགས་ཤིང་ཕྱི་མ་སྐྱེ་བ་སྟེ་ཁ་ཐོན་དང་མར་མེ་ལ་སོགས་པའི་དཔེ་བཞིན་དུ་སྐབས་འདིར་ཡང་། འཆི་བ་སྟེ་འགགས་པའི་ཐ་མ་དང་། སྐྱེ་བའི་ཆ་ཅན་གྱི་ཆོས་དག་ལ་དབང་བྱེད་པ་དང་ཐིམ་པ་ཞེས་བྱའོ། །དེས་ན་ནམ་མཁའི་འཁོར་ལོའི་རླུང་གི་རྩིབས་ལ་གནས་པའི་ཀླྀ་རྡོ་རྗེ་མ་ས་ཡི་དཀྱིལ་འཁོར་ལ་དབང་བྱེད་པ་དེ་ཉིད་ཆུའི་དཀྱིལ་འཁོར་ལ་ཐིམ་སྟེ་འགྲོ་བའོ། །དེ་ནས་དེར་ཆུ་དཀྱིལ་ལ་དབང་བྱེད་པ་དང་མེ་དཀྱིལ་ལ་ཐིམ་པའོ། །དེ་བཞིན་མེ་ང་དང་རླུང་སྟོང་པ་ནམ་མཁའ་དང་ནམ་མཁའ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རིམ་བཞིན་དབང་བྱེད་པ་དང་ཐིམ་པ་སྟེ། ཆུ་སྲིན་གྱི་འཕོ་བའི་དཀྱིལ་འཁོར་དྲུག་ལ་དབང་བྱེད་པ་དང་ཐིམ་པའི་རྣམ་པར་བཞག་པའོ། །དེ་ནས་བུམ་པའི་འདབ་མ་ལ་འཕོ་བའི་མཚམས་སུ་དབུ་མར་ཡང་དག་པར་རྒྱུ་བ་གང་ཡིན་པ་སྔར་གྱི་ལྷ་མོ་དེ་ནི་སྙིང་པོའི་འཁོར་ལོའི་པདྨའི་སྟེང་དུ་ནུས་མར་གསུངས་ཏེ། འདིར་གང་གི་ཚེ་ལྷ་མོ་དེ་ཨ་བ་དྷཱུ་ཏིར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་དབང་བྱེད་པ་དེའི་ཚེ་གཡོན་གྱི་རྩར་ནམ་མཁའི་དཀྱིལ་འཁོར་ལ་ཐིམ་པའོ། །གང་གི་ཚེ་ན་ནམ་མཁའི་དཀྱིལ་འཁོར་ལ་དབང་བྱེད་པ་དེའི་ཚེ་རླུང་ལ་ཐིམ་པ་དང་། དེ་ནས་མེ་ཆུ་སའི་བར་དུ་རིམ་པར་དབང་བྱེད་པ་དང་ཐིམ་པ་རིམ་པས་འབྱུང་ཞིང་། ས་ལ་དབང་བྱེད་པ་ཨ་བ་དྷཱུ་ཏིར་ཡེ་ཤེས་ཀྱི་འཁོར་ལོ་ལ་ཐིམ་པའོ། །དེ་བཞིན་ཉ་དང་ལུགས་དང་གླང་འཁྲིག་དང་། ཀར་སེང་དང་། བུ་མོ་སྲང་དང་། སྡིག་གཞུ་དག་ལའོ། །དེ་ལྟར་སྡོམ་པ་ཆུང་ངུ་ལ་ཡང་ཆུ་ཚོད་ཀྱི་དཀྱིལ་འཁོར་དྲུག་ཅུ་པོ་རྣམས་ལ་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པ་རྣམས་ཏེ། དུས་སྦྱོར་གསུམ་གྱི་མཐར་སྲོག་གི་ནུས་པ་ལ་དབང་བྱེད་པའི་དུར་ཁྲོད་ཀྱི་ལྷ་

p. 593

མོ་བཞི་ནི་དབུ་མའི་རླུང་ལ་དབང་བྱེད་པར་རིག་བར་བྱའོ། །དེ་ལྟར་ནུས་མ་བརྒྱད་དང་དུར་ཁྲོད་ཀྱི་ལྷ་མོ་བཞི་ནི་དབུ་མ་ལ་དབང་བྱེད་པར་བཞག་གོ། དེ་ལྟར་ནམ་མཁའི་འཁོར་ལོ་ལ་རླུང་དང་དབང་ལྡན་དང་ལྷ་མིན་དང་མེ་དང་འོག་དང་སྟེང་དུ་མཁའ་དང་ལྷ་དང་གཤིན་རྗེ་གནོད་སྦྱིན་དང་ནུབ་ཏུ་གནས་པའི་ལྷ་མོ་བཅུ་པོ་རྣམས་སྲོག་གི་དཀྱིལ་འཁོར་བཅུ་པོ་རྣམས་ལ་དབང་བྱེད་པ་སྟེ། ཡང་ཡིག་གིས་མཐར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡང་ངོ་། །ཇི་ལྟར་ཆུ་སྲིན་དང་བུམ་པ་གཉིས་ལ་རྒྱུ་བའི་ང་ནམ་མཁའི་འཁོར་ལོར་གནས་པའི་ལྷ་མོ་བཅུ་ལ་ཇི་ལྟ་བ་དེ་བཞིན་ཉ་དང་ལུག་ལ་སོགས་པའི་དཀྱིལ་འཁོར་གཞན་ལའང་སྦྱར་བར་བྱའོ། །ད་ནི་འཁོར་ལོ་དྲུག་གི་རྩ་དང་། དེ་ལ་རྒྱུ་བའི་དུས་སྦྱོར་བཅུ་གཉིས་ཀྱི་ང་གསུངས་པ་ནི།གཙུག་ཏོར་གྱི་འཁོར་ལོ་ཟླུམ་སྐོར་དང་པོ་ལ་རྩ་བཞི་དབུས་སུ་གཅིག་གོ། དེ་བཞིན་སྙིང་ག་ལ་སོགས་པའི་འཁོར་ལོ་རྣམས་ལ་སྟེ། དེ་ཡང་ཆུ་སྲིན་བུམ་པ་དག་ལ་གཙུག་ཏོར་གྱི་འཁོར་ལོར་ཡང་དག་པར་རྒྱུ་སྟེ་ནམ་མཁའ་དག་པས་འཁོར་ལོའི་དང་པོ་ལ་རྡོ་རྗེས་མཚན་མ་སྟེ། དེས་ན་དཀྱིལ་འཁོར་དུ་བཀོད་པ་ལ་ཡང་ནམ་མཁའི་འཁོར་ལོ་ལ་རྡོ་རྗེའི་ཕྲེང་བའོ། །དེ་བཞིན་ཉ་དང་ལུག་དག་ལ་སྙིང་གའི་ཕྱོགས་ཀྱི་འཁོར་ལོ་ལ་རྒྱུ་སྟེ། དཀྱིལ་འཁོར་དུ་ང་གི་འཁོར་ལོ་ལ་རལ་གྲིའི་ཕྲེང་བ་དང་། དེ་བཞིན་གླང་འཁྲིག་དག་ལ་མགྲིན་པ་མེའི་རང་བཞིན་ལ་སྟེ། མེའི་འཁོར་ལོ་ལ་རིན་པོ་ཆེའི་ཕྲེང་བའོ། །ཀར་སེང་དག་ནི་མགོ་བོ་ལ་གནས་ཆུའི་འཁོར་ལོ་ལ་སྟེ། དཀྱིལ་འཁོར་དུ་ཆུའི་འཁོར་ལོ་ལ་པདྨའི་ཕྲེང་བའོ། །བུ་མོ་དང་སྲང་དག་ལ་ལྟེ་བ་སའི་འཁོར་ལོ་ལ་སྲོག་རྒྱུ་སྟེ་དཀྱིལ་འཁོར་དུ་ནི་ས་ཡི་འཁོར་ལོ་ལ་འཁོར་ལོའི་ཕྲེང་བ་དང་ནི། སྡིག་གཞུ་དག་ལ་གསང་བའི་འཁོར་ལོ་ཡེ་ཤེས་ཀྱི་ཁམས་ལ་འཁོར་ལོའི་རྩིབས་ལ་སོགས་པར་རྒྱུ་སྟེ་དཀྱིལ་འཁོར་དུ་ཡེ་ཤེས་ཀྱི་འཁོར་ལོ་ལ་གྲི་གུག་གི་ཕྲེང་བའོ། །

p. 594

དེ་ལྟར་འཁོར་ལོ་དྲུག་གར་འཁོར་ལོ་རྩིབས་བརྒྱད་པ་དང་འོག་དང་སྟེང་དུ་ཉིན་ཞག་སོ་སོའི་དུས་སུ་ཆུ་སྲིན་ནས་ནི་དུས་སྦྱོར་གཉིས་རེ་གཉིས་རེའི་བར་དུ་སྲོག་ཡང་དག་པར་རྒྱུ་བ་འདི་རྣལ་འབྱོར་པས་རིག་པར་བྱ་སྟེ། དེའི་ཕྱིར་འཁོར་ལོ་དྲུག་གི་རྩ་རྣམས་རྟེན་དང་། དེ་ལ་རྒྱུ་བའི་དུས་སྦྱོར་བཅུ་གཉིས་ཀྱི་རླུང་བརྟེན་པ་ལྷ་མོ་རྣམས་ཡིན་ནོ། །དེས་ན་འདིར་གང་དང་གང་དུ་སྲོག་རྒྱུ་ཞིང་དབང་བྱེད་པ་དེར་དཀྱིལ་འཁོར་གྱི་གཙོ་མོའི་མིང་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྔགས་རྐང་པ་བཞི་བཅུ་རྩ་བརྒྱད་པའི་རྐང་པ་རེ་རེ་བཟུང་ནས་སྲོག་རབ་ཏུ་འབབ་པས་བཟླས་པར་བྱ་སྟེ་བགྲང་ཕྲེང་ལ་གྲངས་བཅད་པའི་ཚུལ་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་རྐང་པ་བཅུ་དྲུག་གི་རྐང་པ་རེ་རེ་དང་དུར་ཁྲོད་ཀྱི་ལྷ་མོ་བཅུ་དྲུག་གི་མིང་དང་བཅས་པ་བཟླས་པར་བྱའོ། །རྐང་པ་བརྒྱད་ནི་པདྨའི་འདབ་མའི་ལྷ་མོ་བརྒྱད་དང་ལྷན་ཅིག་བཟླ་བ་སྟེ་འཆད་པར་འགྱུར་རོ། །དེ་ལྟར་ཆུ་སྲིན་ལ་སོགས་པའི་དུས་སྦྱོར་གཉིས་གཉིས་ཀྱི་ཡུན་ལ་དབྱུག་གུ་བཅུ་རྣམས་ལ་ཕོ་ཉ་མ་རྣམས་ཀྱི་འཁོར་ལོ་ཡང་དག་པར་རྒྱུའོ། །དེ་ལྟར་ཉིན་ཞག་གཅིག་གི་ཆུ་ཚོད་དྲུག་ཅུ་རྣམས་ཀྱིས་དཀྱིལ་འཁོར་དྲུག་ཅུ་པོ་རྣམས་ལ་སྲོག་ཡང་དག་པར་རྒྱུའོ། །དེའི་ཕྱིར་ལུས་སྐྱེས་ཕྲ་མོ་ནས་ལྷ་དང་ལྷ་མིན་མི་རྣམས་ཀྱི་ཉིན་ཞག་གི་རང་རང་གི་དཀྱིལ་འཁོར་རྣམས་ལ་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་བ་དེ་ཉིད་སྐྱེ་འཇིག་གི་རྒྱུར་གྱུར་པ་ལས་གཞན་སྐྱེ་འཇིག་ཏུ་བྱེད་པའི་བྱེད་པོ་གཞན་མེད་པ་སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ་ཞེས་སོགས་སྔར་གསུངས་པ་འགྲེལ་བས་རྒྱུད་འཁྲུག་པ་གོ་རིམ་བསྡེབས་པའི་དབང་གིས་སྐབས་འདིར་གསུངས་སོ། །དེ་ནས་གཙོ་བོའི་གདན་གསུངས་པ། འདིར་གཙུག་ཏོར་སོགས་འཁོར་ལོ་དྲུག་རྣམས་ལ་ཀ་ལ་སོགས་པའི་ཡི་གེ་རྣམས་ཀྱིས་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་བའོ། །དེས་ན་དཀྱིལ་འཁོར་གྱི་དབུས་སུ་གཙོ་བོའི་གདན་ཆུ་སྐྱེས་གང་ཡིན་པ་དེ་ནི་ནང་དུ་འཁོར་ལོ་དྲུག་གི་ལྟེ་བའམ་དབུས་སུ་

p. 595

ཡིན་ལ། དེ་ནི་རིས་སུ་མ་ཆད་པ་ལུས་ངག་ཡིད་དང་ཡེ་ཤེས་ཀྱི་ཐིག་ལེ་བཞི་པོ་རྣམས་སྒྲིབ་བྲལ་དུ་གྱུར་པས་རྡོ་རྗེ་བཞི་པོ་ཀུན་དང་ལྡན་ཞིང་། འགྱུར་བ་མེད་པ་མི་འཕོ་བའི་ཐིག་ལེ་རྣམས་ཀྱིས་རྡོ་རྗེ་ནོར་བུ་ལ་གནས་པ་ནི་གདན་པདྨ་ཡིན་ཞིང་། ཀུན་ནས་དགའ་བ་ཐམས་ཅད་པ་སྟེ། མཁའ་འགྲོ་སྒྱུ་མ་བདེ་མཆོག་ལས། །ཡང་དག་གྲུབ་པའི་གཅིག་པུ་ནི། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་གསུངས་པ་བཞིན་དུ་རྡོ་རྗེ་ཅན་གྱི་བདེ་བ་འཕོ་མེད་མཉམ་པའི་གནས་ཏེ་དེའི་ཕྱིར་རྡོ་རྗེ་ཅན་ནི་དུས་ཀྱི་བྱེ་བྲག་ཉི་ཚེ་ལ་དབང་བྱེད་པ་མ་ཡིན་གྱི་དུས་ནི་ཐམས་ཅད་པ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་དགའ་བ་བསྐྱེད་པ་ཉིད་དོ། །དེའི་སྤྱི་བོའི་ཟླ་བཞུ་བ་ཕྱིར་མི་འཕོ་བར་བཅིངས་པའི་བདེ་བ་ནི་བླ་མའི་ཞལ་ཏེ་ཡེ་ཤེས་ཀྱི་ཞལ་དེ་རུ་ནི་གང་ཞིག་ཞུགས་པ་བདེ་བ་ཆེན་པོའི་དོན་ཉམས་སུ་བསྟར་བ་དེ་ནི་དུས་ཀྱི་འཁོར་ལོ་དེ་ཉིད་དེ། དེ་ལྟ་ན་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་དུས་གསུམ་དུས་མེད་ཀྱི་བདག་ཉིད་རྡོ་རྗེའི་དུས་རྟོགས་པས་དེ་ཁོ་ན་ཉིད་དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་སྐུ་ལ་རབ་ཏུ་འཇུག་པའི་རྣལ་འབྱོར་པར་འགྱུར་རོ། །དེ་ལྟར་ལས་རླུང་འཕོ་བའི་དབང་གིས་འཁོར་བར་འཆིང་ཞིང་འཆི་བར་བྱེད་པའི་ཕྱིར་མ་དག་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཆོས་སུ་བརྗོད་པའི་སྲོག་རྒྱུ་བ་ནི་བདུད་རྣམས་ཀྱི་ནི་དུས་སུ་གསུངས་ཤིང་། དེ་ལྟ་བུའི་བདུད་ཀྱི་དུས་དེ་དག་གཏན་དུ་འགོག་ཅིང་འཆི་བའི་འཇིགས་པ་བྱེད་པ་མཁའ་འགྲོ་མ་ཡི་འཁོར་ལོ་འདི་དག་སྒྲིབ་པ་ཐམས་ཅད་ལས་གྲོལ་བ་སྟེ་ལྷའི་ཚོགས་ཀུན་བརྟགས་ཀྱིས་བསྒོམ་པ་ཙམ་ནི་མ་ཡིན་ཞིང་། རྡོ་རྗེའི་ལུས་ལ་རང་བཞིན་གྱི་གནས་པའི་རྩ་ང་གི་དེ་ཉིད་ལམ་དུ་བྱེད་པ་དག་གོ། དེ་ནས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་སླད་དུ་སྔགས་ཀྱི་བཟླས་པ་གསུངས་པ་

p. 596

འདིར་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་འདིར། འཁོར་ལོ་དྲུག་པོའི་ཕྱོགས་ཀྱི་རྩིབས་བཞི་པོ་གང་དུ་ཤེས་རབ་ཀྱི་ས་བོན་ཐུང་ངུ་ཡིན་པ་དེའི་ཚེ་ཐབས་ཀྱི་ས་བོན་ཡུམ་ལ་མངོན་དུ་ཕྱོགས་པའི་རིགས་ཀྱི་དབང་གིས་རིང་པོར་འགྱུར་ལ་གང་གི་ཚེ་མཚམས་ཀྱི་རྩིབས་བཞི་ལ་ཤེས་རབ་ཀྱི་དབྱིངས་རིང་པོ་ཡིན་པ་དེའི་ཚེ་ཐབས་ཀྱི་དབྱངས་ཐུང་ངུའོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་ཡི་གེ་དག་གིས་ཡབ་ཡུམ་གཉིས་ཀའི་རིགས་ཀྱི་དབང་ལས་མཁའ་འགྲོ་མ་དང་མཁའ་འགྲོའི་མིང་དུ་འགྱུར་ཏེ་ཤི་རྡོ་རྗེ་མ་དང་སླཱྀ་རྡོ་རྗེ་ཞེས་དང་། སླཱྀ་རྡོ་རྗེ་མ་དང་ཤི་རྡོ་རྗེ་ཞེས་ས་དང་ང་ཕན་ཚུན་དུ་ཤེས་རབ་དང་ཐབས་སུ་སྦྱོར་བའོ། །དེ་བཞིན་ཆུ་དང་མེ་དག་གི་ཥྼྀ་རྡོ་རྗེ་མ་དང་པཱུ་རྡོ་རྗེ་ཞེས་དང་། པཱུ་རྡོ་རྗེ་མ་དང་ཥྼྀ་རྡོ་རྗེ་ཞེས་པ་ལ་སོགས་པ་དེ་ལྟར་མཁའ་འགྲོ་མ་དང་རང་རང་གི་མཁའ་འགྲོ་དང་བཅས་པའི་མིང་། རྡོ་རྗེ་གསུམ་པོ་ནི་ཐོག་མར་སྐུ་རྡོ་རྗེ་ཨོཾ་དང་། མཐར་ཐུགས་རྡོ་རྗེ་ཧུཾ་ཐུང་དང་གསུང་རྡོ་རྗེ་ཧཱུྃ་རིང་གསུམ་ཡིན་ལ། རྐང་པ་གཞན་དང་བཅས་པས་ཞེས་པ་དུས་ཀྱི་འཁོར་ལོའི་ཕྲེང་བའི་གསང་སྔགས་རྐང་པ་བདུན་ཅུ་རྩ་གཉིས་བའི་རྐང་པ་སོ་སོ་དང་སྤེལ་བའོ། །སྤེལ་ཚུལ་ནི་ཐོག་མ་ལ་སྐུ་རྡོ་རྗེ་ཨོཾ་བཞག་པའོ། །དབུས་སུ་ནི་ཕྲེང་བའི་སྔགས་ཀྱི་རྐང་པ་དང་པོ་ལ་སོགས་པ་སོ་སོའི་ངོས་སྐལ་གྱི་རྐང་པའི་སྔགས་རེ་རེ་དང་དེའི་མཇུག་ཏུ་རྡོ་རྗེའི་ཕོ་ཉ་མོ་དང་རྡོ་རྗེའི་མཁའ་འགྲོ་དང་བཅས་པའི་ས་བོན་བཞག་པ་དང་། མཐའ་མར་ཐུགས་དང་གསུང་རྡོ་རྗེ་ཧུྃ་ཐུང་རིང་གཉིས་དང་མཐར་ཕཊ་སྦྱར་བའོ། །དེ་ལྟར་སྔགས་སྤེལ་ཚུལ་གྱིས་རྣམ་པར་ཕྱེ་བ་ཡི་སྒོ་ནས་བཟླས་པར་བྱ་སྟེ་ཕྲེང་བའི་སྔགས་རྐང་པ་བདུན་ཅུ་རྩ་གཉིས་པ་ལས། དང་པོར་རྐང་པ་བརྒྱད་ནི་པདྨ་འདབ་མའི་ལྷ་མོའི་ས་བོན་རྣམས་དང་ལྷན་ཅིག་ཏུ་བཟླའོ། །རྐང་པ་བཅུ་དྲུག་ནི་དུར་ཁྲོད་ཀྱི་ལྷ་མོ་རྣམས་དང་ལྷན་ཅིག་གོ། རྐང་པ་བཞི་བཅུ་རྩ་བརྒྱད་

p. 597

ནི་འཁོར་ལོ་དྲུག་གི་དཔའ་བོ་དང་དབང་ཕྱུག་མའི་མིང་དང་ལྷན་ཅིག་ཏུ་བཟླས་པར་བྱའོ། །འདིར་རྐང་པ་བརྒྱད་དང་དུར་ཁྲོད་བཞིའི་རྐང་པ་སྲོག་གི་བྱིན་གྱིས་བརླབས་པ་རྣམས་ནི་ཆུ་སྲིན་ལ་སོགས་པའི་འཕོ་བའི་དུས་སུ་དབུ་མར་སྲོག་རབ་ཏུ་ཞུགས་པ་བཅུ་གཉིས་རྣམས་ལ་བཟླ་བར་བྱའོ། །ལྷག་མ་རྐང་པ་དྲུག་ཅུ་རྣམས་ནི་དཀྱིལ་འཁོར་ལྔའི་བྱིན་གྱི་བས་ཀྱིས་སྲོག་བྱིན་གྱིས་བརླབས་པ་ལྷ་མོ་གང་གི་དཀྱིལ་འཁོར་ལ་ཡིན་པ་དེའི་ལྷག་པའི་ལྷ་དང་བཅས་པའི་ཕྲེང་བའི་སྔགས་བཟླས་པས་རྣལ་འབྱོར་པ་རྣམས་ཀྱིས་འགྲུབ་པར་འགྱུར་ཏེ་ལྷ་མོ་རྒྱུ་བའི་དབྱེ་བ་ལས་སོ། །དེ་ལྟར་སྲོག་གི་བྱིན་གྱིས་བརླབས་པ་གང་ཞིག་གཡོན་དང་གཡས་གཉིས་ཀའི་བགྲོད་པའི་དབང་གིས་སོ་སོའི་དུས་དང་བསྟུན་ཏེ་དེ་དང་དེའི་སྔགས་བཟླ་བ་ནི་རང་རང་ལས་ཀྱི་རྗེས་སུ་མཐུན་པའོ། །དེ་ལྟར་བྱས་ན་རོ་ཡི་འགྲོ་བ་སྟེ་རིགས་དྲུག་པོ་རྣམས་ལ་གནས་པ་རྡོ་རྗེའི་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོ་རྣམས་ནི་བཟླས་པའི་ཐབས་དེས་བཟླས་པ་གཞན་ལྟར་རིང་པོར་མི་ཐོགས་པར་དུས་མྱུར་བ་ཉིད་དུ་འགྲུབ་པར་འགྱུར་རོ། །ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །འདིར་ཀུན་རྫོབ་ཏུ་ལྷ་མོའི་ཕྲེང་བའི་སྔགས་ལ་ཆུ་སྲིན་ལ་སོགས་པ་དེ་ཀའི་སྡེ་པ་ལ་སོགས་པས་ཉེ་བའི་འཐུང་གཅོད་ལ་སོགས་པ་དགོད་པ་སྟེ། དེ་ལ་ནང་དུ་འཕོ་བ་བཅུ་གཉིས་ཀྱི་རྐང་པ་རྣམས་ནི་འདི་ལྟ་སྟེ་རྐང་པ་དོན་གཉིས་པའི་རྐང་པ་དང་པོ། ཨོཾ་ཨཱཿཧུྃ་ཧོ་ཧཾ་ཀྵ་ཞེས་པ་རྡོ་རྗེ་དྲུག་གི་ས་བོན་དང་རྣམ་བཅུ་དབང་ལྡན་དང་དེའི་མཐར་ཀཱ་ལ་ཙཀྲ་ཧཱ་བཛྲེ་ཧུཾ་ཧཱུྃ་ཕཊ། ཅེས་པ་རྐང་པ་དང་པོ་དང་ཧཱ་རྡོ་རྗེ་མའི་སྔགས་སྤེལ་བ་འདི་ཉིད་ཆུ་སྲིན་གྱི་དུས་སྦྱོར་ནས་བུམ་པར་འཕོ་བའི་མཚམས་སུ་རྐང་པ་དང་བཅས་པའི་དབུགས་ལྔ་བཅུ་རྩ་དྲུག་དབུ་མར་རྒྱུ་བ་དེ་ཡི་དུས་སུ་བཟླ་བར་བྱའོ། །འདིར་སྔགས་བཟླ་བའི་དུས་སུ་འཕོ་ཆེན་རེའི་དབུགས་རྫོགས་མཐར་ཡེ་ཤེས་ཀྱི་དབུགས་

p. 598

ང་དྲུག་གི་སྐལ་བ་བཟླ་བར་བྱ་བའོ། །དེ་བཞིན་དུ། ཨོཾ་དུར་དནྟ་ད་མ་ཀཿཛཱ་ཏི་ཛ་རཱ་མ་ར་ཎཱནྟ་ཀ་ཧ་བཛྲེ་ཧུཾ་ཧཱུྃ་ཕཊ། ཅེས་པ་བུམ་པའི་འཕོ་བ་ལའོ། །དེ་བཞིན་ཐོག་མཐར་ཨོཾ་སོགས་སྦྱར་བ་འདྲ་ལ། ཏྲཻ་ལོ་ཀྱ་བི་ཛ་ཡ་ཨཱ་བཛྲེ་སོགས། བཛྲ་དནྟ་ཀྵ་བཛྲེ་གྱི་བར་བཅུ་གཉིས་ནི་གཞུའི་འཕོ་བའི་བར་གྱི་དུས་སྦྱོར་རེ་རེ་འཕོ་མཚམས་སུ་དབུ་མར་རྒྱུ་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་དབུགས་དང་ལྷན་ཅིག་བཟླས་པ་བྱའོ། །འདི་སྐབས་རྐང་པ་དོན་གཉིས་པའི་སྔགས་རྣམས་བོད་སྐད་དུ་བསྒྱུར་བའི་སྐད་གཉིས་ཤན་སྦྱར་བ་ནི་སྒྲུབ་ཐབས་སུ་བྲིས་ཟིན་པས་འདིར་མི་འགོད་དོ། །དེ་ནས་ཨོཾ་བཛྲ་ན་ཁ་ཀླཱྀ་བཛྲེ་གྷི་བཛྲ་ཧུཾ་ཧཱུྃ་ཕཊ། ཅེས་པ་ཆུ་སྲིན་གྱི་སའི་དཀྱིལ་འཁོར་ལ་རྐང་པ་དང་བཅས་པའི་བཅུ་གཅིག་གིས་དམན་པའི་སུམ་བརྒྱ་དྲུག་ཅུ་བཟླས་ཏེ་དེ་ལྟར་ཐམས་ཅད་དུ་དཀྱིལ་འཁོར་དྲུག་ཅུ་པོ་རྣམས་ལའོ། །འདིར་ནི་མཁའ་འགྲོ་རྡོ་རྗེ་མ་དང་རྡོ་རྗེ་མཁའ་འགྲོ་གཉིས་རེའི་ས་བོན་དང་བཅས་པའོ། །ཨོཾ་བཛྲ་ཀེ་ཤ་ཁཱུ་བཛྲེ་གྼྀ་བཛྲ་ཧུཾ་ཧཱུྃ་ཕཊ་ཆུ་ལའོ། །དེ་བཞིན་མེ་དང་རླུང་ལ་དཔའ་མོ་དང་དཔའ་བོ་གཉིས་རེའི་སྔགས་དང་། ཨོཾ་བཛྲ་ཧཱ་ས་དཱ་བཛྲེ་ཧུཾ་ཧཱུྃ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུའོ། །འདིར་མཁའ་འགྲོ་མ་ལས་ཐབས་ལོགས་སུ་མེད་དེ་དབུས་ཀྱི་གཙོ་བོ་བཅོམ་ལྡན་འདས་ཉིད་འདི་དག་གི་ཐབས་སོ། །དེ་ལྟར་ནམ་མཁའི་དཀྱིལ་འཁོར་ཐམས་ཅད་ལ་ཤེས་པར་བྱའོ། །ཨོཾ་བཛྲ་གཱི་ཏ་ང་བཛྲེ་ཧུཾ་ཧཱུྃ་ཕཊ་ཅེས་པ་བུམ་པའི་ནམ་མཁའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །དེ་ནས་བཛྲ་ནྲྀ་ཏྱ་གྷྀ་བཛྲེ་ཀླྀ་བཛྲ་ཧུཾ་ཧཱུྃ་ཕཊ་ཅེས་པ་ང་ལའོ། །དེ་བཞིན་མེ་དང་ཆུ་དང་ས་ཡི་དཀྱིལ་འཁོར་ལ་རྐང་པ་རྣམས་དང་སྤེལ་བའི་མཁའ་འགྲོ་མ་དང་མཁའ་འགྲོའི་སྔགས་བཟླ་སྟེ་ཀ་སྡེ་ལ་གནས་པ་རྣམས་སོ། །དེ་ནས་ཉ་ལ་བཛྲ་ཌཱ་ཀཱི་ནི་ཛྭ་ལ་སོགས་རིམ་པར་སྦྱར་བ་འགྲེལ་ཆེན་ལས་གསལ་བ་ལྟར་ལས་འདིར་མ་བཀོད་

p. 599

ལ། དེ་ལྟར་ཕྲེང་བའི་སྔགས་ཉིན་ཞག་སོ་སོར་དབུགས་ཀྱི་འཁོར་ལོའི་གྲངས་བཟླས་པར་བྱ་སྟེ། འདིར་བགྲང་ཕྲེང་མེད་ཅིང་སྔགས་ངག་ཏུ་བརྗོད་པ་མེད་དེ་དབུགས་འབྱུང་བ་དང་འཇུག་པ་དག་དང་ལྷན་ཅིག་སྔགས་ཀྱི་ཡི་གེ་རྣམས་རབ་ཏུ་འཇུག་པ་དང་འབྱུང་བ་མེ་ཏོག་གི་ཕྲེང་བ་བཞིན་དུ་གཡོན་དང་གཡས་ཀྱི་ཟླ་བ་དང་ཉི་མའི་རང་བཞིན་ལུགས་མཐུན་དང་ལུགས་མི་མཐུན་པས་བལྟ་བར་བྱའོ། །ཞེས་གསུངས་པ་ལ་སྔ་འགྲེལ་རྣམས་སུ། ནང་དུ་འཇུག་པ་ཟླ་བའི་རང་བཞིན་གཙུག་ཏོར་ནས་ལྟེ་བའི་བར་དུ་འོངས་པ་མཁའ་སོགས་ལུགས་དང་མཐུན་པ་དང་། ཕྱིར་འབྱུང་བ་ཉི་མའི་རང་བཞིན་ལྟེ་བ་ནས་གཙུག་ཏོར་ལ་སོགས་པར་འགྲོ་བ་ས་སོགས་ལུགས་དང་མི་མཐུན་པར་རྒྱུ་བ་དག་མེ་ཏོག་གི་ཕྲེང་བ་བཞིན་དུ་སྔགས་ཀྱི་ཕྲེང་བ་དང་ལྷན་ཅིག་འོང་བ་དང་འགྲོ་བ་ལྟ་བར་བྱའོ་ཞེས་བཤད། འདིར་འཕོ་ཆུང་རེ་རེའི་མཚམས་སུ་དབུགས་བཅུ་གཅིག་དང་བཞི་ཆ་དབུ་མ་ནས་རྒྱུ་བར་གསུངས་པ་ཐོབ་ཐང་བརྩིས་པ་ཡིན་གྱི་དབུ་མ་ནས་དངོས་སུ་རྒྱུ་བ་མིན་ལ་འཕོ་ཆེན་རེའི་མཚམས་སུ་དབུགས་ང་དྲུག་རྐང་བཅས་དབུ་མ་ནས་དངོས་སུ་རྒྱུ་བར་བླ་མ་ཕལ་ཆེར་བཞེད། དེ་ལྟར་ཞག་རེར་ཕྲེང་བའི་སྔགས་ཀྱི་རྐང་པ་མཁའ་འགྲོ་མའི་སྔགས་བཅས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཐམས་ཅད་ཀྱི་གྲངས་སུ་བཟླ་བར་བྱའོ། །དེ་ལྟར་བཟླས་པའི་ཕན་ཡོན་ནི་ནང་དུ་ཉིན་ཞག་ལྔས་སྟོང་ཕྲག་བརྒྱད་ལྷག་པའི་འབུམ་ཕྲག་གཅིག་གི་བཟླས་པ་རྣལ་འབྱོར་པས་བྱའོ། །ཉིན་ཞག་ལྔ་བརྒྱ་རྣམས་ཀྱིས་དབུགས་འབུམ་ཕྲག་བརྒྱད་ལྷག་པའི་བྱེ་བ་བཟླས་པའོ། །དེ་ནས་ལུས་དག་པ་དང་དེ་བཞིན་དུ་ལྔ་བརྒྱས་ངག་དག་པ་དང་ལྔ་བརྒྱས་སེམས་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་ཉིན་ཞག་བརྒྱ་ཕྲག་བཅོ་ལྔ་སྟེ་ལོ་བཞི་དང་ཟླ་བ་གཉིས་རྣམས་ཀྱིས་དབུགས་ཕྱི་རོལ་དུ་གཡོ་བ་མེད་པར་འགྱུར་ཏེ་སྲོག་ནང་དུ་བརྟན་པའི་སྲོག་གི་བུམ་པ་ཅན་གྱི་གནས་སྐབས་ཐོབ་པར་འགྱུར་རོ། །དེ་ནས་རྣལ་འབྱོར་པ་རྣམས་ལ་

p. 600

མངོན་པར་ཤེས་པ་ལྔ་སྐྱེ་བར་འགྱུར་ཏེ། འདི་ལྟར་གཡོན་གཡས་དབུ་མའི་སྲོག་ཡང་དག་པར་རྒྱུ་བས་སྐུ་གསུང་ཐུགས་རྡོ་རྗེའི་བཟླས་པའི་རིམ་པ་དང་། དབུ་མ་ཁོ་ནར་སྲོག་རྒྱུ་བ་ལས་མ་ནིང་གི་བཟླས་པའི་རིམ་པའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ནས་དབུ་མའི་དབུགས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་འཁོར་ལོ་ལྔ་པོ་རྣམས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་སྡོམ་པར་གསུངས་པ། དབུགས་རྣམས་གང་དག་བྱིས་པ་མངལ་ནས་ཕྱིར་སྐྱེ་བའི་དུས་སུ་དབུ་མ་ལ་ནི་རྐང་པ་དབུགས་གཅིག་གི་བཞི་ཆ་དང་བཅས་རོ་དང་མདར་གྱུར་པ་ཞེས་ལྔ་བཅུ་རྩ་དྲུག་རྒྱུ་བ་དེ་ལས། སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་ཆོས་ཅན་ཐབས་ཤེས་ཀྱིས་དབྱེ་བས་དབུགས་བརྒྱད་རྣམས་ཀྱིས་ནི་སྙིང་པོའི་པདྨའི་འདབ་མའི་ལྷ་མོ་བརྒྱད་དོ། །འདིར་དབུ་མའི་དབུགས་དང་ཤེས་རབ་ལྷ་མོའི་གྲངས་སྦྱར་བའི་སྐབས་འདིར་ཐོད་པ་རྣམས་སུ་ནི་སྦྱར་བར་མི་འགྱུར་ཏེ་དེ་བཞིན་དཔའ་བོ་རྣམས་ཀྱང་ངོ་ཞེས་པ་དཔའ་བོ་རྣམས་ཐབས་ཀྱི་ཆ་ཡིན་པས་སོ། །དེ་ནས་དབུ་མའི་དབུགས་བཞི་བཅུ་རྩ་བརྒྱད་ཀྱིས་ཡེ་ཤེས་སོགས་དྲུག་གི་འཁོར་ལོར་འགྱུར་ཏེ། བརྒྱད་ནི་གཟུགས་རྣམ་པར་དག་པའི་སའི་འཁོར་ལོ་ལའོ། །བརྒྱད་ནི་འདུ་ཤེས་རྣམ་པར་དག་པས་ཆུའི་འཁོར་ལོ་དང་། བརྒྱད་ནི་ཚོར་བ་རྣམ་པར་དག་པས་མེའི་འཁོར་ལོ་དང་། བརྒྱད་ནི་འདུ་བྱེད་རྣམ་པར་དག་པས་ང་གི་འཁོར་ལོ་དང་། བརྒྱད་ནི་རྣམ་ཤེས་རྣམ་པར་དག་པས་ནམ་མཁའི་འཁོར་ལོ་དང་། བརྒྱད་ནི་ཡེ་ཤེས་རྣམ་པར་དག་པས་དུར་ཁྲོད་བརྒྱད་པོ་རྣམས་སོ། །དེ་ལྟར་གསང་ལྟེ་སྙིང་མགྲིན་དཔྲལ་བ་གཙུག་ཏོར་གྱི་འཁོར་ལོ་དྲུག་པོ་རྣམས་ལ་བཞི་བཅུ་རྩ་བརྒྱད་དོ། །དེ་བཞིན་སྣ་བུག་གཉིས། མིག་གི་བུག་པ་གཉིས། རྣ་བའི་བུག་པ་གཉིས། ལྕེའི་སྒོ་དང་གཙུག་ཏོར་གྱི་བུག་པ་བརྒྱད་པོ་དག་ལ་དུར་ཁྲོད་ཀྱི་ལྷ་མོ་བརྒྱད་གནས་པ་དག་ཀྱང་ངོ་། །དེ་ལྟར་འཁོར་ལོ་དྲུག་ལ་གནས་པའི་ལྷ་མོ་རྣམས་ནི་འོག་དང་སྟེང་དུ་མཁའ་ཡི་གནས་ལ་གནས་པའི་དབང་

p. 601

གིས་ལྷ་མོ་བཅུ་གཉིས་ནི་སྒོ་བརྒྱད་པོ་ཡི་དབུས་སུ་དུར་ཁྲོད་བརྒྱད་ལ་གནས་པའི་ལྷ་མོ་རྣམས་སོ། །བར་གྱི་དུར་ཁྲོད་བརྒྱད་པོ་རྣམས་ཀྱང་འདིར་རིགས་བསྡུས་པའོ། །དེ་ལྟར་ལྷ་མོ་ལྔ་བཅུ་རྩ་དྲུག་གོ། ལྷག་མ་དབུ་མའི་དབུགས་རྐང་པ་གཅིག་གིས་བསྐྱེད་པ་ནི་སྒྲིབ་བྲལ་གྱི་སྲིད་པ་གསུམ་གྱི་ཡུམ་སྟེ་སྣ་ཚོགས་ཡུམ་ཕྱག་ན་གྲི༷་གུག་དང་ནི་ཐོད་པ་ཅན་ནོ། །ཞབས་གཡོན་བརྐྱང་བ་བདུད་རྩི་བདེ་བའི་ཆ་དེ་ཡིས་ཡབ་ལ་འཁྱུད་པ་སྟེ་ཡབ་ནི་ཉི་མ་དང་ཟླ་བའི་སྟེང་དུ་ཞབས་གཡས་བརྐྱང་གིས་གནས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དུས་ཀྱི་འཁོར་ལོ་ཧེ་རུ་ཀ་གང་ཡིན་པའོ། །དབུགས་འདི་རྣམས་ཀྱི་ས་བོན་རྣམས་ནི་ལྀ་སོགས་དབྱངས་བརྒྱད་གང་དག་སོགས་ཀྱིས་འཆད་པར་འགྱུར་རོ། །འདིར་ངེས་དོན་དུ་ཇི་སྲིད་དབུགས་འབྱུང་འཇུག་མེད་པར་དབུ་མར་བུམ་ཅན་གྱི་རྣལ་འབྱོར་བརྟན་པར་མ་གྱུར་པ་དེ་སྲིད་དུ་རྣལ་འབྱོར་པས་དབུགས་འབྱུང་འཇུག་ཐམས་ཅད་སྔགས་དང་མི་ཕྱེད་པར་དབྱེར་མེད་དུ་བསམ་པའི་ཡིད་ཀྱིས་སྲོག་གི་བཟླས་པ་བྱ་བ་ནི། རྡོ་རྗེའི་བཟླས་པ་སྟེ། རྒྱུད་ཐམས་ཅད་ལས་རྡོ་རྗེའི་ཚིག་གི་ངེས་པར་གསུངས་པའོ། །དེ་ལྟར་སྔགས་ངག་ཏུ་བརྗོད་པ་དང་བགྲང་ཕྲེང་དང་བྲལ་བ་དེ་ལྟ་ཡང་སྲོག་གི་བཟླས་པ་ཞེས་བརྗོད་པར་བྱ་སྟེ་སྲོག་འབྱུང་བ་དང་འཇུག་པའི་ཕྱིར་རོ། །སྲོག་དབུ་མར་བརྟན་པར་གྱུར་པ་ན་རྣལ་འབྱོར་བ་མངོན་ཤེས་ལྔ་ཐོབ་པར་འགྱུར་རོ། །ད་ནི་ལྷ་དེ་རྣམས་ཀྱི་གདན་དང་ཞལ་གྱི་དག་པ་གསུངས་པ་ལས། དང་པོ་འདུས་པ་རིགས་དྲུག་གི་གདན་གྱི་དག་པ་ནི། འདིར་དཔའ་བོ་གཅིག་པའི་གདན་ནི་ཟླ་བ་ཁུ་བའམ་ཉི་མ་རྡུལ་གང་རུང་ངོ་། །ལྔ་གསུམ་མེ་ལྕེ༷་ཡུལ་དང་ཡོན་ཏན་དབང་གིས་ཟླ་བ་ཉི་མའི་གདན་རྣམས་ཞེས་གསུངས་པ་ལྔ་ནི་ཤེས་རབ་ཀྱི་རང་བཞིན་རྡོར་དབྱིངས་མ་དང་སྤྱན་མ་སོགས་ཁམས་ལྔའི་ལྷ་མོ་ལྔའོ། །

p. 602

གསུམ་ནི་རིན་འབྱུང་སྣང་མཐའ་དོན་གྲུབ་གསུམ་མོ། །མེ་ལྕེ་ནི་མེ་ལོང་ཡེ་ཤེས་ཀྱི་མེ་ལྕེ་ལྟ་བུ་གཟི་བརྗིད་དཔག་མེད་མངའ་བ་རྣམ་སྣང་ངོ་། །འདི་དག་གི་གདན་ནི་ཟླ་བའི་ཡོན་ཏན་ཡུལ་ལྔའི་དབང་གིས་ཡུལ་ལྔ་ལ་ཟླ་བའི་གདན་ལྔའོ། །ཉི་མའི་ཡོན་ཏན་གསུམ་གྱི་དབང་གིས་རིན་འབྱུང་སོགས་གསུམ་ནི་ཉི་མའི་གདན་ནོ། །འབྱུང་བ་བཞིའི་བདག་ཉིད་ཀྱི་གཟུགས་ཆེན་པོ་ཞེས་པ་ཁམས་བཞིའི་བདག་ཉིད་ཀྱི་རྣམ་སྣང་ནི་ཟླ་བའི་གདན་ནོ། །ཡང་ན་ཡེ་ཤེས་ཀྱི་མེ་ལྕེའི་འོད་ཟེར་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་ཉི་མའི་གདན་ནོ། །ཚོར་བ་སོགས་གཟུགས་ཅན་མིན་པ་མིང་གི་ཕུང་པོ་གསུམ་གྱི་ཉི་གདན་ནོ། །དེ་ལྟར་རྣམ་སྣང་དང་ཡུམ་བཞི་བཅས་ལ་ཟླ་དཀྱིལ་ལྔ་དང་། ཕྱོགས་གསུམ་དུ་ཡོན་ཏན་གསུམ་གྱི་ཉི་གདན་གསུམ་དང་། དབུས་སུ་ཡོན་ཏན་གསུམ་ཆ་མཉམ་པའི་ཉི་གདན་བཅས་ཉི་དཀྱིལ་བཞི་སྟེ་དགུ་ནི་ཕུང་པོ་དང་ཁམས་རྣམས་ཀྱི་ཉི་མའི་ཡོན་ཏན་དང་ཟླ་བའི་ཡུལ་གྱི་རྟེན་རྣམས་ལ་ལྷ་དགུའི་བདག་ཉིད་ཀྱི་དཔལ་ལྡན་འདུས་པ་སྟེ། མངལ་དུ་སྐྱེ་བའི་གང་ཟག་གི་ཕུང་པོ་ལྔ་དང་ཁམས་བཞི་ཚོགས་ཤིང་འདུས་པ་དེ་བཞིན་དུ་ལྷ་ལའང་འདུས་པ་ལྷ་དགུའོ། །ཆུ་གཏེར་རྐང་པ་ལས། ཁྲོ་བོའི་གདན་བཞི་སྟེ་ཉི་མའི་རྐང་པའི་ནོར་དང་བུ་ལོན་གཉིས་འཕེལ་བ་དང་འགྲིབ་པའི་དབྱེ་བ་བཞིས་ཁྲོ་བོ་བཞི་ལ་ཉི་མའི་གདན་ཏེ་དེ་ལྟར་ན་འདུས་པ་བཅུ་གསུམ་མར་འགྱུར་རོ། །གཟའ་བདུན་དང་ནི་རྫོགས་པ་ཉི་མ་ཞེས་པ་གཟའ་བདུན་ནི་ཕྱོགས་གསུམ་དང་སྒོ་བཞིར་ཉི་མའི་གདན་དང་། རྫོགས་པ་བཅུ་གཉིས་སྟེ། ལྷག་མ་རྣམས་ཟླ་བ་བཅུ་གཉིས་ཀྱི་ཉ་བཅུ་གཉིས་ནི་ཟླ་བའི་གདན་ནོ། །དེ་ལྟར་ཉིན་མོར་བྱེད་པ་བདུན་དང་རི་བོང་ཅན་གྱི་གདན་བཅུ་གཉིས་ཀྱི་གདན་ཅན་ནི་གཞན་པ་འདུས་པ་བཅུ་དགུ་མ་ཡི་ལྷ་རྣམས་སོ། །ནག་པོ་རྫོགས་པ་དང་དཀར་པོའི་རྫོགས་པ་ཉི་མ་སྟེ་བཅུ་གཉིས་ཀྱི་ཉིན་མོར་བྱེད་པ་བཅུ་གཉིས་དང་། རི་བོང་ཅན་གྱི་གདན་བཅུ་གཉིས་ཏེ་ཉེར་བཞི་དང་། གཙོ་བོའི་རིགས་

p. 603

ཀྱི་དབང་གིས་ཟླ་བའམ་ཉི་གདན་གང་རུང་བཅས་དེ་ལྟར་ལྷ་རྣམས་ཀྱི་རྟེན་གདན་གྱི་དབྱེ་བ་ལས་ནི་གཞན་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་འདུས་པ་རྣམས་དང་། ཉེར་ལྔ་མ་འདི་ཉིད་ལ་ནི་རི་བོའི་སྟེ་གཟའ་བདུན་གྱི་གདན་རྣམས་བསྲེས་པ་ལས། ཕུང་པོ་ལྔ་ཁམས་བཞི་སྐྱེ་མཆེད་བཅུ་གཉིས་ཁྲོ་བོ་བཅུ་གཅིག་རྣམས་ཀྱི་གདན་སུམ་ཅུ་རྩ་གཉིས་སུ་འགྱུར་ཏེ་སུམ་ཅུ་རྩ་གཉིས་ཀྱི་འདུས་པའོ། །སླར་ཡང་མཉམ་དང་མི་མཉམ་པ་གཡས་གཡོན་གྱི་གནས་ལ་སྲོག་རྒྱུ་བ་ལས་ཕྱིར་འགྲོ་བ་ཉི་མ་ཡི་གདན་དང་ནང་དུ་འོང་བ་ཟླ་བའི་གདན་གཉིས་བསྣན་པས་འདུས་པ་སོ་བཞི་མ་རྣམས་སོ། །དེ་ལྟར་མངལ་དུ་བྱིས་པའི་ཁམས་ཀྱི་རྟེན་དང་བརྟེན་པ་འདུས་པ་བཞིན་དུ། ལྷ་རྣམས་ཀྱི་འདུས་པ་ཡང་རྣམ་པ་དྲུག་ཏུ་འཐད་ཅིང་རིགས་པའི་སྒོ་ནས་རྣམ་པ་དྲུག་ཏུ་གསུངས་སོ། །དེ་ནས་འཁོར་ལོ་གསུམ་གྱི་སྡོམ་པའི་གདན་གྱི་དག་པ་གསུངས་པ ། ཟླ་བ་ཡི་རྐང་པ་མདའ་དབང་འབྱུང་སོགས་བསྡོམ་པ་ཉེར་ལྔ་དང་། ཉི་མའི་རྐང་པ་རོ་དུས་རི་བོང་ཅན་བསྡོམ་པ་བཅུ་གཅིག་པོ་དེ་དག །འཁོར་ལོ་གསུམ་ལ་རྩིབས་ཉེར་བཞི་ཡོད་པའི་ཟླ་རྐང་ཉེར་བཞི་ནི་རྩིབས་ཉེར་བཞི་རྣམས་ཀྱི་གདན་དུ་འགྱུར་བ་དང་ནི། ཉེར་ལྔ་པ་གཅིག་པུ་ནི་པདྨའི་འདབ་མ་ཡི་ལྷ་མོའི་ཡི་དྭགས་ཀྱི་རོའི་གདན་ནོ། །ཉི་རྐང་བཅུ་གཅིག་ལས་གསུམ་ནི་སྙིང་པོའི་པདྨ་ཡི་འདབ་མ་གསུམ་ལའོ། །ལྷག་མ་བརྒྱད་ནི་སྒོ་བཞི་དང་ཟུར་གྱི་དུར་ཁྲོད་བརྒྱད་ལ་རོ་ཡི་གདན་བརྒྱད་པོ་རྣམས་ཏེ། དེ་ལྟར་འཁོར་ལོ་གསུམ་གྱི་སྡོམ་པའི་གདན་ནི་ཉི་རྐང་ཟླ་རྐང་གི་གྲངས་དག་པའོ། །སླར་ཡང་ཉི་ཟླའི་རྐང་པ་ལ་སྔ་རྐང་ཕྱི་རྐང་གི་དབྱེ་བས་ཉིས་འགྱུར་གྱི་གྲངས་བདུན་ཅུ་རྩ་གཉིས་དེ་དག་རྣམས་ནི་ཉིན་མོར་བྱེད་དང་རི་བོང་ཅན་གྱི་གདན་རྣམས་ཉིད་ནི་འཁོར་ལོ་དྲུག་གི་སྡོམ་པ་ཆེན་པོའི་ལྷ་དོན་གཉིས་ཀྱི་གདན་གྱི་དག་པའོ། །སྒྱུ་འཕྲུལ་དྲ་བ་ལ་ནི་དཀར་ནག་རྫོགས་

p. 604

པ་ཉེར་བཞིའི་ཟླ་ཉིའི་གདན་དང་དེ་སྟེང་གཟའ་བདུན་གྱི་ཉི་གདན་དང་ཉི་མའི་རྐང་པ་བཅུ་གཅིག་གི་ཉི་གདན་རྣམས་ཏེ། ཡང་ན་བསམ་པའི་དབྱེ་བས་ཟླ་བའི་གདན་རྣམས་ཏེ་དེ་ལྟར་གདན་བཞི་བཅུ་རྩ་གསུམ་ནི་སྒྱུ་འཕྲུལ་ལྷ་ཞེ་གསུམ་མའི་དཀྱིལ་འཁོར་གཅིག་ལའོ། །འདི་ཡི་སྟེང་དུ་མཉམ་དང་མི་མཉམ་གནས་ལ་གོང་དུ་བཤད་པ་བཞིན་ཟླ་ཉིའི་གདན་བསྣན་པས་སྒྱུ་འཕྲུལ་ཞེ་ལྔ་པའོ། །དེ་སྟེང་ཆུ་གཏེར་རྐང་པ་ཞེས་པ་ལུས་ཀྱི་དབྱེ་བས་ཉི་གདན་ནམ་བསམ་པས་དབྱེ་བས་ཟླ་གདན་བཞི་གང་རུང་བསྣན་པས་སྒྱུ་འཕྲུལ་ཞེ་དགུ་མའི་ལྷའི་གདན་རྣམས་ཏེ། བྱིས་པའི་སྲོག་གི་རྟེན་དུ་གྱུར་པའི་ཁམས་རྣམས་ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་དང་གཞན་ལའང་གྲུབ་བོ། །དེ་ལྟར་འདུས་པ་དང་སྒྱུ་དྲ་དང་འཁོར་ལོ་སྡོམ་པ་ཆེ་ཆུང་གི་གདན་ཡོངས་སུ་དག་པའི་ངེས་པའོ། །རྒྱུད་དེ་རྣམས་ལ་གཙོ་བོ་ནི་དམིགས་མེད་སྙིང་རྗེའི་རང་བཞིན་གྱིས་གཟུགས་མེད་པའི་ཕུང་པོའི་ཆོས་ཅན་ཉིད་ཀྱི་ཕྱིར་ཉི་མའམ་ནི། དམིགས་བཅས་སྟོང་པའི་གཟུགས་ཀྱི་ཆོས་ཅན་ཤེས་རབ་མའི་ཆོས་ལས་གང་བའི་ཟླ་བ་ཡི་གདན་ལ་བཞུགས་པས་འགྱུར་ཞིང་རྣམ་པར་སྣང་མཛད་ནི་སྙིང་རྗེའི་ཆོས་ཀྱིས་ཟླ་བའི་དཀྱིལ་འཁོར་ལ་འགྱུར་ཏེ་ཤེས་རབ་སྙིང་རྗེའི་རིགས་ཀྱི་དབང་གིས་དེ་ལྟར་རོ། །གཙོ་བོ་དུས་ཀྱི་འཁོར་ལོ་ལྟ་བུ་ཤེས་རབ་དང་སྙིང་རྗེ་གཉིས་སུ་མེད་པ་དང་ཐབས་ཤེས་གཉིས་སུ་མེད་པའི་དང་པོའི་སངས་རྒྱས་རིས་མེད་པ་ཉིད་ཀྱི་ཕྱིར་ཡང་ན་ཟླ་ཉི་ཁ་སྦྱོར་གྱི་གདན་ལའོ་ཞེས་རིགས་པས་གྲུབ་བོ། །ད་ནི་ང་ལ་སོགས་པའི་ཁམས་ཀྱི་ལྷ་རྣམས་ཀྱི་ཞལ་གྱི་དག་པ་གསུངས་པ། རླུང་ལ་སོགས་པའི་ལྷ་རྣམས་ཀྱི་ཞལ་ནི་རྣམ་པ་གཉིས་ཏེ་གཅིག་ནི་ཟླ་བའི་ཡུལ་ལྔ་དག་པས་སོ། །གཉིས་པ་ནི་ཉི་མའི་ཡོན་ཏན་གསུམ་དག་པས་སོ། །དེ་ལས་དང་པོའི་དབང་དུ་བྱས་ན་རླུང་གི་ཁམས་ལ་རེག་བྱའི་ཡོན་ཏན་གྱི་བདག་ཉིད་ཀྱིས་ཞལ་གཅིག་དང་ནི། གཉིས་པ་ཡོན་ཏན་གཞན་ནམ་

p. 605

མཁའི་སྒྲའི་ཡོན་ཏན་གྱི་བདག་ཉིད་ཀྱི་དབང་གིས་རྒྱས་གདབ་ཀྱི་ཞལ་ནི་གཉིས་པའོ། །དེ་ཡང་རླུང་ཁམས་འདུ་བྱེད་ཀྱི་ཕུང་པོ་ལ་རྣམ་པར་ཤེས་པ་མི་བསྐྱོད་པས་རྒྱས་གདབ་པའི་ཞལ་ནི་སྤྱི་བོར་སྟེ་ཞལ་རང་གི་གནས་སུ་ཞལ་གཉིས་བྱེད་པ་མ་ཡིན་ནོ། །དེ་བཞིན་རྩེ་མོ་ཅན་མེ་ལ་གཟུགས་དང་རེག་བྱའི་ཡུལ་གྱི་ཆོས་ཀྱི་ཞལ་ནི་གཉིས་སུ་འགྱུར་ཏེ་ཡོན་ཏན་གྱིས་རྒྱས་གདབ་པའི་ཞལ་ནི་གསུམ་པའོ། །དེས་ན་ཚོར་བ་ལ་རྣམ་པར་ཤེས་པས་རྒྱས་གདབ་བོ། །ཆུ་ལ་ཞལ་ཡང་འདི་ལྟར་རེག་བྱ་དང་ནི་གཟུགས་དང་རོ་ཡི་ཞལ་ཏེ་ཞེས་པ་ཞལ་གསུམ་དང་ནམ་མཁའི་མཚན་ཉིད་སྒྲ་ཡི་རྒྱས་གདབ་ཀྱི་ཞལ་དང་བཅས་པས་ནི་ཞལ་བཞི་པའོ། །དེས་ན་འདུ་ཤེས་ལ་རྣམ་པར་ཤེས་པས་རྒྱས་གདབ་བོ། །ས་ལ་དྲི་ལ་སོགས་པ་རེག་བྱའི་མཐའ་ལ་ཐུག་པ་ཡི་བར་གྱི་དྲི་རོ་གཟུགས་རེག་གི་ཡོན་ཏན་བཞིའི་ཞལ་བཞི་པ་ཅན་ཏེ་གཟུགས་ཕུང་ལ་རྣམ་ཤེས་ཀྱིས་རྒྱས་གདབ་ཀྱི་ཞལ་དང་བཅས་པས་ནི་ཞལ་ལྔ་པའོ། །རྒྱས་གདབ་པ་ནི་ཕུང་པོ་བཞི་པོ་ཐམས་ཅད་ལ་རྣམ་པར་ཤེས་པ་མི་བསྐྱོད་པས་རྒྱས་གདབ་པ་སྟེ་དེ་ནི་ཡོན་ཏན་གཞན་ནམ་མཁའི་ཡོན་ཏན་ཡུལ་སྒྲའི་དབང་གིས་སོ། །ནམ་མཁའ་ཡི་ཁམས་ཀྱི་རྣམ་ཤེས་ཀྱི་ལྷ་ལ་ནི་ཞལ་ཡང་སྟོང་པ་ཆེན་པོ་ཡི་གེ་རྣམ་པ་ལྔ་ཡི་རང་བཞིན་ཞལ་ལྔ་སྟེ། རྒྱ་ཡིས་གདབ་པའི་ཞལ་ནི་དྲུག་པ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་བཞིན་དུ་ནི་ཡེ་ཤེས་ཁམས་ལ་འགྱུར་ཏེ་ཇི་ལྟར་ན་རང་གི་ཡོན་ཏན་དབང་ལས་ཐིག་ལེ་སྟོང་པ་དྲུག་གི་ཞལ་དང་། རྣམ་པར་ཤེས་པའི་རྒྱས་གདབ་པའི་ཞལ་བཅས་བདུན་རྣམས་སོ། །དེ་ལྟར་རྒྱས་གདབ་ཀྱི་ཕྱག་རྒྱའི་ངེས་པ་སྟེ་ལྷ་རང་རང་གི་ཁམས་དང་ཡུལ་གྱི་སྒྲ་སོགས་ཡོན་ཏན་གྱི་དབང་གིས་དག་པའོ། །དེ་ལྟར་ན་རླུང་གི་ཁམས་རེག་བྱའི་ཡོན་ཏན་གཅིག་དང་ལྡན་པ་ནི་ཡོན་ཏན་གཞན་བཞི་ལྡན་པ་ལ་བསྲེས་པ་ན་ལྔ་ཀ་ཚང་བས་བདེ་མཉམ་གྱི་འབྲས་བུ་སྟེར་

p. 606

བ་དག་སྟེ། དེ་བཞིན་ཡོན་ཏན་གཉིས་དང་གསུམ་ནི་བསྲེས་པ་ལྔ་ཡང་ངོ་། །འདི་རྒྱས་གདབ་ལ་བཤད་ན་རླུང་ཁམས་པའི་རེག་བྱའི་ཡོན་ཏན་གཅིག་པུ་ལ། ནམ་མཁའི་ཁམས་ཀྱི་རྒྱས་བཏབ་པ་ནི་ས་ཡི་ཁམས་ཡོན་ཏན་བཞིའི་བདག་ཉིད་ལ་ཁྱབ་བྱེད་ནམ་མཁའི་ཁམས་ཀྱིས་རྒྱས་གདབ་པ་ལ་བསྲེས་པས་བདེ་མཉམ་འབྲས་བུ་སྟེར་བ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བར་འགྱུར་རོ། །དེ་བཞིན་མེ་རེག་བྱ་དང་གཟུགས་ཀྱི་ཡོན་ཏན་གཉིས་ལྡན་ལ་ནམ་མཁའི་ཡོན་ཏན་གྱིས་རྒྱས་བཏབ་པ་ནི་ལྔ་དང་ཆུ་ཁམས་ཀྱི་ཡོན་ཏན་རེག་གཟུགས་རོ་གསུམ་གྱི་བདག་ཉིད་ནམ་མཁའི་ཁམས་ཀྱིས་རྒྱས་བཏབ་པ་ཕན་ཚུན་འདུས་པ་ན་ལྔར་འགྱུར་ཏེ་མེ་ཆུ་རང་རང་གི་ཡོན་ཏན་གཉིས་དང་གསུམ་མ་གཏོགས་ཡོན་ཏན་གཞན་རྒྱས་གདབ་ལས་ཚང་བར་གྱུར་པའོ། །སྐབས་འདིར་མེ་ལ་གཟུགས་ཆུ་རོའི་ཡོན་ཏན་ཅན་དུ་གསུངས་པ་ནི་མེ་ཆུ་རང་གི་ངོ་བོའི་སྒོ་ནས་བཞག་པའི་ལུགས་གཉིས་པའོ། །དེ་བཞིན་ས་དང་རླུང་དག་འདུས་པ་ལ་ལྔ་དང་། མེ་ཆུ་འདུས་པ་ལྔ་སྟེ། ཤར་རླུང་དང་ནུབ་ས་ཕན་ཚུན་དང་བྱང་ཆུ་དང་ལྷོ་མེ་ཕན་ཚུན་འདུས་པ་ནི་ཞལ་ལྔ་དང་དེར་ཡང་ཤེས་རབ་དང་ཐབས་ནི་ཕན་ཚུན་འདུས་པ་ཞལ་བཅུ་སྟེ། འདིའི་སྤྲོས་པ། ནང་ལེ་ལས་ཤེས་རབ་ཐབས་ནི་རུས་པ་ཞེས་སོགས་ཀྱིས་གསུངས་ཏེ་ཚུལ་འདིས་ས་དང་འདུ་བྱེད། ཆུ་དང་ཚོར་བ། མེ་དང་འདུ་ཤེས། རླུང་དང་གཟུགས་དག་འཁྱུད་པའི་ཚུལ་རྒྱས་པར་བསྟན་ཏོ། །གཉིས་པ་ཉི་མའི་ཡོན་ཏན་སྙིང་སྟོབས་རྡུལ་མུན་རྣམ་པ་གསུམ་གྱི་དབང་གིས་ཁམས་ཐམས་ཅད་ཞལ་གསུམ་པ་སྟེ། ཁམས་ཐམས་ཅད་ལ་ཡོན་ཏན་དེ་གསུམ་གྱི་ཁྱབ་པས་སོ། །ཁམས་རྣམས་ལ་དྲི་ནས་ཆོས་ཁམས་ཀྱི་བར་ཡུལ་དྲུག་ཡོད་པའི་དབང་གིས་ཕྱག་དྲུག་པའོ། །ཡོན་ཏན་གསུམ་གྱི་དབང་གིས་ཞལ་ནི་བཅུ་གཉིས་སུ་ཡང་འགྱུར་ཏེ། ཁམས་ཀྱི་ཕྱོགས་རྣམ་པ་བཞི་ལ་ཡོན་ཏན་གསུམ་གྱིས་དབྱེ་བའམ་ཁམས་ཀྱི་

p. 607

རིགས་རྣམ་པ་བཞི་ལ་ཐབས་ཤེས་འདུས་པའི་དབྱེ་བ་ལས་སོ། །དེ་ཇི་ལྟར་ན། ཤར་དང་ནུབ་དང་། ལྷོ་དང་བྱང་དང་། སྟེང་དང་འོག་གི་ཐབས་ཤེས་དག་ལུས་ལ་བསམ་པ་ཞུགས་པས་ཞལ་དྲུག་དང་། བསམ་པ་ལ་ལུས་ཞུགས་པས་ཞལ་དྲུག་སྟེ་བཅུ་གཉིས་སམ་ཤར་གྱི་ཐབས་ཤེས་ལྷོའི་ཐབས་ཤེས་ཏེ་ཤར་ནུབ་ཀྱི་ཐབས་ཤེས་བཞི་དང་། དེ་བཞིན་ལྷོ་བྱང་གི་བཞི་སྟེང་འོག་གི་བཞི་སྟེ་བཅུ་གཉིས་སམ་བཞི་ཚན་གསུམ་པོ་རེ་རེ་ལའང་བཅུ་གཉིས་སྦྱར་བའང་སྣང་། དེ་གཉིས་ཕན་ཚུན་ཐབས་ཤེས་སུ་འདུས་པས་དེ་ལྟར་ཞལ་བཅུ་གཉིས་སུ་འགྱུར་རོ། །འདུས་པ་ལས་ཕྱག་མཚན་དྲུག་ནི་ལུས་ཀྱི་མཛོད་ཁུ་བ་དང་རྩ་དང་རུས་པ་རྣམ་པར་དག་པ་རིམ་བཞིན་རྡོ་རྗེ་དང་པདྨ་དང་འཁོར་ལོ་སྟེ་མི་བསྐྱོད་པའི་ཕྱག་གཡས་ནའོ། །རྡུལ་དང་ཁྲག་དང་ཤ་ནི་དག་པ་རྡོ་རྗེ་དྲིལ་བུ་དང་ནོར་བུ་དང་རལ་གྲི་སྟེ་ཕྱག་གཡོན་ནའོ། །འདིར་ལྷ་གང་གི་གཡས་ཀྱི་ཕྱག་དང་པོའི་མཐིལ་དུ་རང་གི་ཕྱག་མཚན་གཙོ་བོ་སོང་བ་དེའི་གནས་སུ་རྡོ་རྗེའི་མཚན་མ་འགྲོ་བ་དེ་ལྟར་འདུས་པའི་ངེས་པ་སྟེ། འདུས་པ་ལས་སངས་རྒྱས་གང་དབུས་སུ་བཞུགས་པ་དེའི་གནས་སུ་མི་བསྐྱོད་པ་འགྲོ་བ་ཇི་ལྟ་བ་དེ་བཞིན་དུ་མཚན་མ་ལ་ཡང་དེ་ལྟར་ངེས་པའོ། །དེ་བཞིན་དུ་རྣམ་ཤེས་དང་ཡེ་ཤེས་ཀྱི་སྟོང་པ་ལྔ་དང་ཐིག་སྟོང་དྲུག་དག་པའི་ཞལ་ལྔ་པ་དང་དྲུག་པ་དག་བསྲེས་པ་ནི་ཞལ་བཅུ་གཅིག་པ་དང་།སླར་ཡང་དེ་དག་ཕན་ཚུན་གཅིག་ལ་གཅིག་ལྟོས་པ་དང་བཅས་པ་སྟེ་གཅིག་ལ་གཅིག་ཚང་བའི་ཐབས་ཤེས་ཀྱི་སྒོ་ནས་ཞལ་ཉེར་གཉིས་པའི་འདུས་པའོ། །ད་ནི་དུས་ཀྱི་དབྱེ་བས་ཞལ་ལ་སོགས་པའི་དག་པ་གསུངས་པ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་རབ་ཏུ་གྲགས། །ཞེས་པའི་ངེས་པ་ལས། ནམ་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་ལ་ཐུན་མཚམས་ཀྱི་ཐུན་ཚོད་ཀྱི་དབྱེ་བས་བཅོམ་ལྡན་འདས་ཞལ་རྣམ་པ་བཞི་སྟེ། ཐུན་ཚོད་ཕྱེད་ཀྱི་དབྱེ་བས་ཕྱག་བརྒྱད་པའོ། །དེ་བཞིན་དུ་ཉི་མ་ཕྱེད་ནས་ནམ་

p. 608

ཕྱེད་ཀྱི་བར་གྱི་ཐུན་མཚམས་ལས་ཤེས་རབ་ཀྱང་ཐུན་མཚམས་བཞིའི་ཞལ་བཞི་དང་ཐུན་ཕྱེད་ཀྱི་ཕྱག་བརྒྱད་མའོ། །དེ་ལ་ཡབ་ཡུམ་ཞལ་ཕྱག་གྲངས་མཉམ་པ་ནི། ཉིན་མོ་དང་མཚན་མོ་དག་གི་དབུ་མ་དབུས་སམ་གུང་གི་ཆ་ཤས་སྔ་ཕྱི་སྦྱར་བ་ལས་སོ། །མི་མཉམ་པ་ནི་སྔ་དྲོ་དང་ཕྱི་དྲོའི་ཐུན་མཚམས་དག་པའི་དབང་ལས་སོ། །དེ་ཇི་ལྟར་ན་ཉིན་མཚན་རིང་ཐུང་འཕེལ་འགྲིབ་ཀྱི་དབང་ལས། འགའ་ཞིག་ཏུ་ཉིན་མོ་འཕེལ་བ་ལས་བཅོམ་ལྡན་འདས་ཞལ་ལྔ་ཕྱག་བཅུ་པ་དང་། ཤེས་རབ་མ་ཞལ་གསུམ་ཕྱག་དྲུག་གིས་འཁྱུད་པའོ། །མཚན་མོ་འཕེལ་བ་ལས་བཅོམ་ལྡན་འདས་མ་ཞལ་ལྔ་ཕྱག་བཅུ་དང་བཅོམ་ལྡན་འདས་ཞལ་གསུམ་ཕྱག་དྲུག་པའོ། །ཞེས་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དུས་ཀྱི་དག་པ་ལུགས་གཅིག་གོ། དེ་བཞིན་དུ་རྣམ་པ་གསུམ་གྱི་ཞལ་ཡང་དུས་སྦྱོར་དབྱེ་བས་ཁ་དོག་གསུམ་ཞེས་པ་ནི་ཆུ་སྲིན་བུམ་པ་ཉའི་ཁྱིམ་རྣམས་ཐུགས་རྡོ་རྗེའི་ཞལ་རྣམས་ཏེ་མུན་པ་དང་རྡུལ་དང་སྙིང་སྟོབས་ཀྱི་དབྱེ་བས་དབུས་ནག་པོ་གཡས་དམར་པོ་གཡོན་དཀར་པོ་སྟེ་དེ་ལྟར་དུས་སྦྱོར་གྱི་དབྱེ་བས་ཁ་དོག་གསུམ་མོ། །དེ་བཞིན་ལུག་གླང་འཁྲིག་པ་གསུམ་ནི་གསུང་རྡོ་རྗེའི་ཞལ་རྣམས་ཏེ་རྡུལ་དང་སྙིང་སྟོབས་མུན་པའི་དབྱེ་བས་དམར་པོ་དང་དཀར་པོ་ནག་པོའི་ཁ་དོག་རྣམས་སོ། །ཀརྚ་སེང་གེ་བུ་མོ་རྣམས་ནི་སྐུ་རྡོ་རྗེའི་ཞལ་ཏེ་སྙིང་སྟོབས་དང་མུན་པ་དང་རྡུལ་གྱི་དབྱེ་བས་དཀར་པོ་དང་ནག་པོ་དང་དམར་པོ་རྣམས་སོ། །སྲང་དང་སྡིག་པ་གཞུའི་དུས་སྦྱོར་རྣམས་ནི་ཡེ་ཤེས་རྡོ་རྗེའི་ཞལ་ཏེ་མུན་པ་དང་རྡུལ་དང་སྙིང་སྟོབས་ཀྱི་དབྱེ་བས་སེར་པོ་དང་དམར་པོ་དཀར་པོའི་ཁ་དོག་རྣམས་སོ། །དུས་སྦྱོར་ཕྱེད་པ་ཕྱག་གི་དབྱེ་བ་སྟེ་དུས་སྦྱོར་གསུམ་གྱི་ཕྱེད་ཕྱག་དྲུག་པོ་རྣམས་ཀྱི་གཡོན་དང་གཡས་ལ་གནས་པའི་ཕྱག་གཉིས་ཏེ་གཉིས་རེ་ལ་གྲངས་བཞིན་དུ་རྩ་བའི་ཞལ་དང་གཡས་ཞལ་དང་གཡོན་ཞལ་དང་མཐུན་པ་གཉིས་གཉིས་ཏེ། ཐུགས་རྡོ་རྗེའི་ཕྱག་དང་པོ་གཉིས་ནག་བར་

p. 609

མ་གཉིས་དམར་རྒྱབ་མ་གཉིས་དཀར་པོ་སོགས་སུ་སྦྱར་བ་བྱ་སྟེ་གཡོན་དང་གཡས་པ་དག་ལ་ཁ་དོག་གསུམ་མོ། །དེ་ལྟར་རྡོ་རྗེ་བཞི་པོ་དེ་རྣམས་གཅིག་ཏུ་བསྡུས་པ་ཞལ་བཅུ་གཉིས་དང་། ཕྱག་ཉེར་བཞི་དང་ལྡན་པ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྐུ་ཡི་རྣམ་པ་གཅིག་གོ། འདིར་སྔར་གསུངས་པའི་ལྷ་ཞལ་གཅིག་པ་དང་ཞལ་བཞི་པ་ལ་སོགས་པ་རྣམས་ཞལ་ཕྱག་མི་མཉམ་པ་དང་མཉམ་པ་ལ་འཁྱུད་པ་གང་ཡིན་པ་དེ་དག་ཀྱང་ལུས་དང་སེམས་ལ་ནི་ཞེས་པ་ལྔ་པའི་དོན་ལ་བདུན་པ་སྟེ་ཐབས་ཤེས་ལུས་དང་བསམ་པའི་དབྱེ་བ་ལས་ནི་མི་མཉམ་པ་ནི་སྔ་དྲོ་དང་ཕྱི་དྲོའི་ཐུན་མཚམས་ཆ་ཤས་སྔ་ཕྱི་ལུས་བསམ་དུ་འདུས་པ་ལས་ཏེ། ཞལ་གསུམ་རོ་ཡི་ཕྱག་སྟེ་ཕྱག་དྲུག་སོགས་མཉམ་པ་ནི་ལུས་བསམ་དུ་ཕན་ཚུན་འཁྱུད་པ་དེ་དག་དབུ་མའི་ཆ་ཤས་ཞེས་ཉི་མ་གུང་དང་མཚན་ཕྱེད་ཀྱི་ཐུན་མཚམས་འདུས་པ་ལའོ། །དེ་བཞིན་དུ་རྣལ་འབྱོར་མའི་རྒྱུད་རྣམས་སྔ་དྲོ་དང་ཕྱི་དྲོའི་ཐུན་མཚམས་སྦྱོར་བའི་དབང་གིས། ཞལ་གཅིག་པ་དང་ཞལ་བཞི་པ་དག་གམ། ཞལ་གཅིག་དང་ཞལ་བརྒྱད་པ་དག་གིས་ཐབས་ཤེས་ཞལ་ཕྱག་གྲངས་མི་མཉམ་པ་དང་མཉམ་པ་སྙོམས་པར་ཞུགས་པ་ལས། རྣལ་འབྱོར་གྱི་རྒྱུད་རྣམས་ཞལ་ཕྱག་མཉམ་པ་དག་གིས་འཁྱུད་པ་ནི་ཉིན་མོ་དང་མཚན་མོ་མཉམ་པའི་དུས་ལའོ་ཞེས་པ་དུས་ཀྱི་ཁྱད་པར་གྱི་ངེས་པ་སྟེ། བཟང་ངན་ཤེས་ཤིང་དུས་ཤེས་པ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པའོ། །ཞེས་མཚན་ཡང་དག་བརྗོད་པ་ལས་གསུངས་པ་བཞིན་ནོ། །ད་ནི་བྱ་བའི་རྒྱུད་རྣམས་གསུངས་པ། འདིར་རྣལ་འབྱོར་མའི་རྒྱུད་ལ་ཤེས་རབ་ལ་ཐབས་སྦྱོར་བ་དང་། རྣལ་འབྱོར་གྱི་རྒྱུད་ལ་ཐབས་ཤེས་རབ་ལ་སྙོམས་པར་ཞུགས་པ་དག་ཀྱང་། དང་པོ་ནི་སྔ་དྲོ་ཕྱི་དྲོའི་ཐུན་མཚམས་སྔ་ཕྱི་སྦྱོར་བ་དང་། ཕྱི་མ་ནི་ཉི་མ་གུང་ནས་

p. 610

མཚན་ཕྱེད་ཀྱི་ཐུན་མཚམས་ཡང་དག་པར་སྦྱོར་བ་ཞེས་པ་རྒྱུད་གཉིས་ལ་གྲུབ་བོ། །འདིར་ཉིན་དང་མཚན་སྦྱོར་བའམ་སྔ་ཆ་ཕྱི་ཆའི་ཚུལ་དུ་སྦྱར་ན་ཉིན་མཚན་རིང་ཐུང་གིས་ཐབས་ཤེས་ཀྱི་ཞལ་ཕྱག་མི་མཉམ་པར་འོང་ལ། ཉིན་གུང་ནས་མཚན་གུང་གི་བར་ཆ་གཉིས་བྱས་པས་སྔ་ཕྱི་སྦྱར་ན་ཉིན་མཚན་རིང་ཐུང་ཡོད་ཀྱང་ཐབས་ཤེས་ཀྱི་ཆ་དུས་ཀྱི་ཚད་མི་མཉམ་པ་མེད་པར་མཉམ་པར་འགྱུར་རོ། །དགོད་པ་ལ་སོགས་རྣམས་ནི་ཐུན་གྱི་མངོན་མཚམས་ལའོ། །ཞེས་པ་འདིར་ཞག་གཅིག་ལ་ཐུན་བརྒྱད་བྱས་པའི་ཐུན་དང་པོའི་མངོན་མཚམས་ལ་དགོད་པའི་རྒྱུད་དང་། ཐུན་གསུམ་པའི་མངོན་མཚམས་ལ་ལྟ་བའི་རྒྱུད་དང་། ཐུན་ལྔ་པའི་མངོན་མཚམས་ལ་ནུ་མ་ལ་རེག་པའི་རྒྱུད་དང་། ཐུན་བདུན་པའི་མངོན་མཚམས་ལ་ལག་པ་འཛིན་པའི་རྒྱུད་དེ་དེ་ལྟར་རྒྱུད་རྣམ་པ་བཞིའོ། །དེ་ཅིའི་ཕྱིར་ཞེ་ན་འདིར་གཟུགས་ཁམས་བཅུ་དྲུག་ལས་རླུང་གི་ཟད་པར་བཞི་ནི་ཤེས་རབ་ལ་དགོད་པ་ཙམ་གྱི་ཁུ་བ་འཛག་པ་སྟེ་གཡོ་བའི་ཆགས་པའི་བདེ་བ་མྱོང་བར་འགྱུར་རོ། །མེའི་ཟད་པར་བསྒོམ་པ་འབྲས་བུ་ཆེ་སོགས་བཞི་རྣམས་ནི་ཆགས་ཡུལ་ལ་བལྟས་པས་བདེ་བར་འགྱུར་རོ། །ཆུའི་ཟད་པར་བསྒོམ་པ་ཚད་མེད་དགེ་སོགས་བཞི་རྣམས་ནུ་མ་ལ་རེག་པས་བདེ་བ་མྱོང་བར་འགྱུར་རོ། །སའི་ཟད་པར་བསྒོམ་པ་འོད་ཆུང་སོགས་བཞི་ལག་པ་འཛིན་པ་ཙམ་གྱིས་བདེ་བར་འགྱུར་རོ། །དེ་ལྟར་འོག་མིན་ལ་སོགས་པ་ཚངས་རིས་ཀྱི་མཐར་ཐུག་པ་གཟུགས་ན་སྤྱོད་པ་བཅུ་དྲུག་སྟེ། འདི་རྣམས་རྒྱས་པར་མཆོག་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་འགྱུར་རོ། །དེ་ལྟར་དགོད་པ་སོགས་ཀྱི་བདེ་བ་བཞི་དང་མཐུན་པར་རྒྱུད་བཞི་སྟེ། །དེ་ཡང་། དགོད་པ་སྤྱོད་རྒྱུད་དེ། རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། ཡིད་ཙམ་འཛུམ་པའི་ཞལ་དུ་བྲི་ཞེས་སོགས་གསུངས་པ་བཞིན་ནོ། །བལྟ་བ་བྱ་རྒྱུད་དེ། དོན་ཞགས་

p. 611

ཀྱི་ཆོ་ག་ཞིབ་མོ་ལས། བཅོམ་ལྡན་འདས་ཀྱི་ཞལ་ཁྲོ་གཉེར་ཅན་མ་ལ་གཏོད་པར་བྱ་ཞིང་། ཞེས་སོགས་བཞིན་ནོ། །ནུ་མ་ལ་རེག་པ་དེ་ནི་རྣམ་སྣང་སྒྱུ་དྲ་ལྟ་བུ་སྟེ། དེ་ཉིད་ལས་རྣམ་སྣང་ནི་གསེར་གྱི་མདོག་ཅན་ཕྱག་དྲུག་པ་སོགས་དང་། གཡོན་གྱི་ལྷ་མོའི་ནུ་མ་འཛིན། །ཞེས་གསུངས་པ་དང་། འཇིག་རྟེན་དབང་ཕྱུག་གི་རྟོགས་པ་ལས་ཀྱང་གཡོན་པ་ནུ་མ་འཛིན་པར་གསུངས་པ་ལྟ་བུའོ། །ལག་འཛིན་ནི་རྣལ་འབྱོར་གྱི་རྒྱུད་དེ། རྡོ་རྗེ་རྩེ་མོ་ལས། མངོན་འདོད་རིག་མ་སྡུག་གང་ཡིན། །དེ་ལ་རྣལ་འབྱོར་པས་འོ་བྱ། །ལག་པ་ཕྱག་རྒྱ་ཆེར་གྱུར་པས། །དཔུང་པ་དམ་དུ་བསྡམ་པར་བྱ། །ཞེས་གསུངས་པ་བཞིན་ཏེ། དེ་ལྟར་ཕྱི་མ་འདི་གཉིས་དེང་སང་རྣལ་འབྱོར་རྒྱུད་དུ་གྲགས་པ་ལ་ནང་གསེས་གཉིས་སུ་དབྱེ་བ་སྟེ་དེ་ལྟར་རྒྱུད་བཞིའོ། །མདོ་ལས་ཚངས་རིས་ཡན་ཆད་འདོད་པ་ལ་འདོད་ཆགས་བྲལ་བར་གསུངས་པས་འཛག་བདེ་མེད་པ་མ་ཡིན་ནམ་ཞེ་ན། དེ་དག་ལ་འཁྲིག་པའི་འདོད་ཆགས་མངོན་གྱུར་མེད་ཀྱང་འཛག་བདེའི་བག་ཆགས་ཡོད་པས་སྐྱོན་མེད་ལ། འཕོ་བའི་བག་ཆགས་ཀྱང་མེད་ན་ཁམས་གསུམ་པར་འགལ་བ་སོགས་འཆད་པར་འགྱུར་རོ། །རྒྱུད་འདི་རྣམས་ཐབས་ཀྱི་རྒྱུད་ཡིན་པས་ཐུན་ཚོད་གཉིས་པ་བཞི་པ་དྲུག་པ་བརྒྱད་པ་རྣམས་ཀྱི་མངོན་མཚམས་ནི་ཤེས་རབ་སྟོང་པའི་ཆ་སྟེ་བདེ་བའི་རྟེན་ནོ། །འདོད་པ་ན་སྤྱོད་པ་རྣམས་ཀྱིས་སྙོམས་པར་ཞུགས་པ་གཉིས་གཉིས་སྦྱོར་བ་ལས་བྱུང་བའི་འཛག་བདེ་མྱོང་བའོ་ཞེས་པ་གྲུབ་པའི་མཐའོ། །གཟུགས་མེད་པ་ལ་ནི་འཕོ་བའི་བག་ཆགས་ཡོད་ཀྱང་། འཕོ་བའི་འཛག་བདེ་ལ་སྲེད་པའི་འདོད་ཆགས་དང་བྲལ་བ་རྣམས་ཐམས་ཅད་དུ་གནས་སོ། །དེས་ན་གཟུགས་མེད་པའི་ངོས་སྐལ་གྱི་རྒྱུད་བཞག་པ་མེད་དེ་གསང་སྔགས་ནི་ཆགས་ཅན་འདུལ་བའི་དོན་དུ་ཆགས་པའི་རིམ་པ་དང་མཚུངས་པར་རྒྱུད་ཀྱི་དབྱེ་བས་སྟོན་པའི་ཕྱིར་རོ། །ད་ནི་ཐབས་

p. 612

ཤེས་ཀྱི་དབྱེ་བས་ལུས་ལ་བསམ་པ་འཇུག་པ་གསུངས་པ་ཤེས་རབ་ཀྱི་ཡན་ལག་དམར་པོ་མེའི་ཁམས་ཡོན་ཏན་གཉིས་དང་། སེར་པོ་སའི་ཁམས་ཡོན་ཏན་བཞི་སྟེ་དེ་ལྟར་གྲངས་མཉམ་པ་ལ་ནི། ངེས་པར་དུས་ཀྱི་འཁོར་ལོའི་ལྷ་རྣམས་ཀྱི་བསམ་པ་རབ་ཏུ་འཇུག་སྟེ། འདིར་ཤེས་རབ་དང་ཐབས་ནི་ཕན་ཚུན་དུ་གཟུང་བར་བྱ་བ་ཡུལ་དེ་གང་གི་ཕྱིར་གཉིས་པོ་སྙོམས་པར་ཞུགས་པ་ལ་ཤེས་རབ་གང་ཡིན་པ་དེ་ཐབས་ཀྱི་བསམ་པ་འཛིན་པ་མོ་དང་། ཐབས་གང་ཡིན་པ་དེ་ཤེས་རབ་ཀྱི་བསམ་པ་འཛིན་པ་ཕོ་སྟེ། ཕན་ཚུན་བསམ་པ་འཛིན་པ་དེས་ན་གཉིས་སྦྱོར་བ་ལས་བསམ་པའི་དབང་གིས་བདེ་བ་སྐྱེའོ། །དེས་ན་དུས་ཀྱི་འཁོར་ལོ་ལས་ཆུའི་ཁམས་དཀར་པོ་ནི་དམར་པོ་མེའི་ཡན་ལག་ལ་རབ་ཏུ་འཇུག་སྟེ། ཡོན་ཏན་ལྔར་རོ་མཉམ་པར་འགྱུར་རོ། །ཡོན་ཏན་ལྔ་སྔར་བཤད་པ་ལྟར་རོ། །དེ་བཞིན་རླུང་ནག་པོ་ནི་སེར་པོའི་ཡན་ལག་ས་ལ་རོ་མཉམ་པར་འགྱུར་རོ། །དེ་བཞིན་དུ་ལྷོ་དང་ནུབ་ཏུ་དང་བྱང་དང་ཤར་གྱི་ལྷ་རྣམས་ཀྱི་བསམ་པ་ཕན་ཚུན་དུ་འཇུག་པའོ། །དེ་བཞིན་དུ་གཙོ་བོ་རྡོ་རྗེ་ཅན་དང་། ཁོར་གྱི་ཡང་གཡོན་མདུན་ཡན་ལག་ཞེས་གཡོན་གྱི་ཡན་ལག་སྟེ་ཆུའི་ཁམས་དཀར་པོ་ལ་ཤེས་རབ་བསམ་པ་དམར་པོ་མེ་ཁམས་རབ་ཏུ་འཇུག་པ་དང་དེ་བཞིན་མདུན་གྱི་ཡན་ལག་སྤྲིན་ནག་དང་མཚུངས་པ་ང་གི་ཁམས་དག་ལ་ཤེས་རབ་བསམ་པ་སེར་པོ་སའི་ཁམས་རབ་ཏུ་འཇུག་པའོ། །དེ་བཞིན་སྟེང་དང་འོག་གི་ལྗང་གུ་དང་སྔོན་པོ་དག་ཀྱང་ཕན་ཚུན་དུ་ཐབས་ཤེས་སུ་ཡང་དག་པར་སྦྱོར་བའོ། །སེམས་ཅན་ཐམས་ཅད་ཀྱི་ཡང་མཆོག་གི་ལུས་ལ་ཤེས་རབ་བསམ་པས་ཕྱེ་བ་ཐབས་ཀྱི་ཡན་ལག་གཡོན་དང་མདུན་གྱི་ཡན་ལག་དག་ནི་ཞི་བར་འགྱུར་ལ། དྲག་པོ་ཤེས་རབ་ཀྱི་ཡན་ལག་གཡས་དང་རྒྱབ་ཀྱི་ཡན་ལག་ནི་མཆོག་གི་རྒྱལ་བའི་བདག་པོའི་བསམ་པས་ཕྱེ་བ་དེ་བཞིན་ཉིད་ཅེས་ཏེ། དེས་ན་སྟེང་ཞི་བ་དང་འོག་དྲག་པོར་གྲུབ་བོ། །འདིར་མདུན་

p. 613

དང་གཡས་ཞི་དྲག་ཏུ་བཤད་པ་ནི་ཐབས་ཤེས་ཀྱི་ཡན་ལག་ཏུ་གྱུར་པའི་རིགས་དྲུག་གི་དབང་གིས་ཡིན་ལ། ལས་བརྒྱད་ཀྱི་སྐབས་སུ་དེ་ལས་བཟློག་པ་ནི་རིགས་བཞིའི་དབང་དུ་བྱས་པའི་ཐབས་ཤེས་ཀྱི་སྒོ་ནས་ཡིན་ནོ་ཞེས་བླ་མ་སྔ་མས་བཤད། དེ་ལྟར་བསམ་པ་འཇུག་པའི་ཤེས་རབ་ཀྱིས་ཕྱེ་རྒྱལ་བ་ཐབས་རྣམས་དག་གི་རབ་མཆོག་ཚོགས་ཀྱི་རིགས་ནི་ལུས་བསམ་མམ་ཐབས་ཤེས་གཉིས་ཀྱི་རང་བཞིན་ཉིད་དུ་འགྱུར་ཏེ་ཐབས་ཀྱི་ཆ་ཁུ་བའི་ཁམས་ལས་བྱུང་བའི་ལུས་ཀྱི་དབྱེ་བས་ཆུ་དང་རླུང་དང་ནམ་མཁའི་མཚན་ཉིད་གང་ཡིན་པ་དེ་ཉིད། བསམ་པའི་དབྱེ་བས་ཤེས་རབ་རྡུལ་གྱི་ཁམས་རྣམས་ཀྱིས་ཕྱེ་བ་ས་དང་མེ་དང་ཡེ་ཤེས་ཀྱི་རང་བཞིན་དུ་འགྱུར་བས་ཁམས་དྲུག་ཐབས་ཤེས་ཀྱི་རིགས་གཉིས་སུ་འདུའོ། །དེ་དག་ཕྱོགས་དྲུག་ཏུ་བྱང་གི་ལྷ་དཀར་པོ་རྣམས་བསམ་པའི་སྒོ་ནས་ལྷོའི་དམར་པོ་དང་། ལྷོའི་ལྷ་དམར་པོ་རྣམས་བསམ་པའི་སྒོ་ནས་དཀར་པོ་དང་། ཤར་གྱི་ལྷ་ནག་པོ་རྣམས་བསམ་པའི་སྒོ་ནས་སེར་པོ་དང་། ནུབ་ཀྱི་ལྷ་སེར་པོ་རྣམས་བསམ་པའི་སྒོ་ནས་ནག་པོ་དང་། སྟེང་གི་ལྷ་ལྗང་ཀུ་རྣམས་བསམ་པའི་སྒོ་ནས་སྔོན་པོ་དང་འོག་གི་ལྷ་སྔོན་པོ་རྣམས་བསམ་པའི་སྒོ་ནས་ལྗང་གུར་ཡང་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཡུམ་རྣམས་ཀྱི་ནི་རང་རང་གི་ཐབས་གཙོ་བོས་ཕྱེ་བ་ཞེས་གཙོ་བོའི་བསམ་པས་ཕྱེ་བ་ངེས་པར་ཕྱོགས་བྲལ་དུ་ཡང་རྣལ་འབྱོར་མ་ཡི་ཚོགས་རྣམས་གཉིས་ཀྱི་རང་བཞིན་ཉིད་དུ་འགྱུར་ཏེ་བདེན་བྲལ་དུ་གནས་པ་དང་། དབང་ལྡན་དུ་གནས་པ་དཀར་པོ་དང་དམར་པོ་ཉིད་དེ། དེ་བཞིན་རླུང་དང་མེར་གནས་པ་རིམ་བཞིན་ནག་པོ་དང་སེར་པོ་སྟེ། ལུས་བསམ་གཉིས་ཀྱི་དབྱེ་བས་སོ། །དེ་ལ་ཐབས་ཀྱི་ཚོགས་ནི་ཕྱོགས་དང་། སྒྲོལ་མ་སོགས་རྣལ་འབྱོར་མའི་ཚོགས་ཕྱོགས་བྲལ་དུ་གནས་པའོ། །དེ་ལྟར་གཡས་ལྷོ༷་དང་གཡས་མིན་བྱང་དུ་རིམ་བཞིན་ཉི་མ་སྟེ་དམར་བ་དང་ནི་རི་བོང་འཛིན་པ་ཅན་གྱི་

p. 614

ཁ་དོག་ལྟར་དཀར་བའི་སྐུ་དག་ཐབས་ཤེས་ཟུང་སྟེ། ཤར་དང་ནུབ་ཉིད་ཀྱང་དེ་བཞིན་དུ་ནག་པོ་སེར་པོ་དག་ཟུང་སྟེ་སྔོན་པོ་དང་ལྗང་ཀུ་ཡི་ལྷ་དག་ཀྱང་དེ་བཞིན་ཟུང་ཡིན་ཅིང་དེ་དག་ནི་མཁའ་དང་ས་འོག་ལ་ཡང་དག་པར་གནས་པའོ། །དེ་ལྟར་རིགས་ཐ་དད་པ་ཆ་གཉིས་ཚོགས་པ་ལས་ལྷ་རྣམས་བདེ་མཉམ་སྟེར་བའི་ཐབས་ཤེས་དང་། དེར་མ་ཟད་ལུས་དང་ཕྱོགས་ལ་སོགས་པའང་ཕན་ཚུན་གཉིས་ཚོགས་ཀྱི་སྒོ་ནས་རྟེན་ཅིང་འབྲེལ་ཏེ་འབྱུང་བས་ཆོས་གཅིག་པུས་མ་ཡིན་པའི་ཚུལ་སྟོན་པ་ནི་གནད་ཀྱི་དོན་ཏོ། །དེ་ལྟར་ཐབས་ཤེས་གཞན་རིགས་ལ་འཁྱུད་པས་བདེ་བ་སྐྱེ་བ་དེའི་ཕྱིར། ཐབས་དཀར་པོ་རྣམས་ཀྱི་ཤེས་རབ་ནི་དམར་མོའོ། །དམར་པོ་རྣམས་ཀྱི་ཤེས་རབ་ནི་རི་བོང་འཛིན་པ་ལྟར་དཀར་བ་དེ་བཞིན་ཉིད་དོ། །ཐབས་སྐུ་མདོག་སེར་པོ་རྣམས་ཀྱི་ཤེས་རབ་ནི་ཁ་དོག་ནག་མོའོ། །ཐབས་དཀར་མིན་ཏེ་མདོག་ནག་པོའི་རིགས་རྣམས་ཀྱི་ཡང་ཤེས་རབ་ནི་མཆོག་གི་གསེར་དང་མཚུངས་པ་སེར་པོའོ། །ཐབས་སྔོན་པོ་རྣམས་ཀྱི་ཤེས་རབ་ནི་ཁ་དོག་སྣ་ཚོགས་འདྲེས་པ་ལྗང་ཀུ་སྟེ། སླར་ཡང་ཐབས་ལྗང་གུ་རྣམས་ཀྱི་ཤེས་རབ་ནི་སྔོན་མོ་རྣམས་སུ་དེ་བཞིན་དུ་གསུངས་སོ། །དེ་བཞིན་ངེས་པར་ལྷ་མོ་ལུས་ཀྱི་དབྱེ་བས་གཙོ་མོར་གྱུར་པ་རྣམས་ཀྱི་རང་རིགས་ཀྱི་ཕྱོགས་སུ་གནས་པའི་ལྷ་ཤར་ལྷོའི་སྒྲོལ་མ་ལ་སོགས་པ་རྣམས་ལ་ཡང་ཐབས་ནི་བཤད་མ་ཐག་པ་བཞིན་དུ་ས་རླུང་དང་མེ་ཆུ་དང་མཁའ་དང་ཡེ་ཤེས་ཟུང་དག་ཏུ་འགྱུར་བ་རིག་པར་བྱའོ། །དེ་ལྟར་ཐབས་ཤེས་གཉིས་ཚོགས་པ་མེད་ན་གཉིས་སྦྱོར་མེད་པས་རང་གི་རིགས་ལ་འཁྱུད་པས་བདེ་མཉམ་སྦྱོར་བའི་བྱ་བ་འགྲུབ་པ་མེད་དེ་བདག་ཉིད་གཅིག་པུ་ལ་བྱ་བ་འགལ་བའི་ཕྱིར་རོ། །དཔེར་ན་བྷ་གའི་རིགས་ཅན་རྣམས་ཀྱིས་བྷ་གའི་སེམས་ཀྱིས་བདེ་བ་མི་སྐྱེད་ལ། དེ་བཞིན་སྐྱེས་པའི་རྟགས་ཅན་རྣམས་སྐྱེས་བུའི་རྟགས་ཀྱིས་ཀྱང་བདེ་བ་མི་སྐྱེད་པར། ཕོ་རྣམས་ཀྱི་མོའི་བྷ་ག་དང་མོ་རྣམས་ཀྱི་ཕོ་

p. 615

ཡི་ལིང་ག་ལ་བསམ་པས་ཕན་ཚུན་ཆགས་ཤིང་བདེ་བ་སྐྱེ་བ་བཞིན་དུ་གཞན་རིགས་ཀྱི་བདེ་བ་སྐྱེ་ཡི་རང་རིགས་ཀྱིས་མ་ཡིན་ནོ། །དེ་ཕྱིར་དུས་ཀྱི་འཁོར་ལོ་ཡི་རྒྱུད་འདིར་རང་འོད་ཀྱི་ཡུམ་རང་དང་ཐ་དད་དུ་མེད་པའི་ཐབས་ཤེས་སྦྱོར་བ་མི་བཞེད་དེ། རང་ཉིད་རང་ལ་སྦྱོར་བའི་བྱ་བ་འགལ་བའི་ཕྱིར་རོ། །ཅི་སྟེ་རང་གི་གཟུགས་བརྙན་མེ་ལོང་ལ་ཤར་བ་སེམས་ཀྱི་ཡུལ་དུ་འགྱུར་བ་བཞིན་དུ་མི་རུང་བ་མེད་སྙམ་ན། དེ་ལ་དཔྱད་ན་སྐྱེས་བུ་རང་གི་གཟུགས་མེ་ལོང་དུ་ཤར་བ་ནི། ནུ་མ་དང་སྐྲར་ལྡན་པའི་བུད་མེད་ཀྱི་གཟུགས་བརྙན་དུ་ཡང་མི་སྣང་ཞིང་། ནུ་མ་དང་སྐྱེ་གནས་དང་བྲལ་བ་ཤེས་རབ་མར་མི་འགྱུར་བ་དེས་ན་རེ་ཤིག་རང་ལས་ཐ་མི་དད་པའི་ཤེས་རབ་ནི་མི་འཐད་དོ། །གཞན་ཡང་གཟུགས་དང་གཟུགས་བརྙན་ནི་རྣམ་པ་ཐ་དད་དེ་རང་གི་ལག་གཡས་སུ་རྡོ་རྗེ་སོགས་མཚན་མ་ཐོག་པ་མེ་ལོང་ལ་ཤར་བའི་ཚེ་གཟུགས་བརྙན་དེའི་ལག་པ་གཡོན་ན་རྡོ་རྗེ་ཐོགས་པར་སྣང་ལ། དེ་བཞིན་གཟུགས་ཀྱི་མིག་དང་གདོང་པ་སོགས་གཡས་ཀྱི་ཆ་རྣམས་གཟུགས་བརྙན་ལ་གཡོན་དུ་འགྱུར་བས་རང་འོད་གཟུགས་བརྙན་ཅན་ལྟ་བུའི་ཤེས་རབ་རང་རིགས་ཡིན་གྱི་གཞན་རིགས་མིན་པ་ཉིད་མི་འགྲུབ་བོ། །དེས་ན་གཞན་གྱི་རིགས་ལ་འཁྱུད་པས་དཀྱིལ་འཁོར་སྒོམ་པ་ནི་དུས་ཀྱི་འཁོར་ལོའི་རིགས་པ་ལས་སོ། །རྒྱུད་གཞན་དང་གཞན་ལས་ནི། དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ལ་ཡང་དག་སྦྱོར། །དེས་དེའི་རང་བཞིན་ཉིད་འགྱུར་ཏེ། །སྣ་ཚོགས་གཟུགས་ཀྱིས་ནོར་བུ་བཞིན། །དེས་ན་འཁྲགས་འཁྲུགས་བྱེད་པ་ཡི། །ཚིག་འདི་རྣམ་པར་དཔྱད་མི་བཟོད། །ཅེས་གསུངས་ཏེ་ཚིགས་བཅད་གཅིག་པོའི་དོན་སྔར་བཤད་ཟིན་ལ། དེས་ན་དགོངས་ཏེ་གསུངས་པའི་ཚིག་སྔ་ཕྱི་མི་འདྲ་བ་རྣམས་ནི་དཔྱད་མི་བཟོད་ཅེས་སོ། །དེ་ལྟར་རང་རིགས་དང་གཞན་རིགས་སུ་བཤད་པ་ནི་ཀུན་རྫོབ་ཐ་སྙད་དུ་ཡིན་གྱི་དོན་དམ་པར་སྟོང་པ་ཉིད་ཀྱི་གཟུགས་

p. 616

དང་སྐུའི་རྟོག་བ་རང་མཚན་པ་མེད་པས་རང་འོད་དང་རང་འོད་མ་ཡིན་པའི་རང་བཞིན་དུ་གྲུབ་པ་མེད་དོ། །རྣམ་པ་ཐམས་ཅད་པ་དང་ཁ་དོག་ཐམས་ཅད་པ་རིས་སུ་མ་ཆད་པའི་ཕྱིར་ཤེས་པ་དང་ཤེས་བྱ་རྡུལ་ཕྲ་རབ་ཀྱི་རྫས་དང་ཆ་དང་ཆ་ཅན་ལ་སོགས་པའི་བདག་ཉིད་དུ་གནས་པའམ་དེ་དང་དེར་རྣམ་པར་རྟོག་པ་དང་བྲལ་བ་དག་ལ་ནི་རང་བཞིན་གང་ཡང་མེད་དོ། །དེའི་ཕྱིར་རང་བཞིན་མེད་པའི་སྲིད་པ་བསྒོམ་པ་ནི་བུམ་པ་དང་སྣམ་བུ་ཤིང་རྟ་དང་དཔུང་ལ་སོགས་པའི་བྱ་བ་ཉི་ཙེ་བ་མ་ཡིན་པར་འཇིག་རྟེན་པའི་ཐ་སྙད་མཐའ་དག་དང་བྲལ་བའོ་ཞེས་པ་དབུ་མ་པ་ཡི་གྲུབ་པའི་མཐའ་སྟེ་སྔགས་ཀྱི་ཚུལ་འདིར་ཡང་དེ་ཁོ་ན་ཉིད་ཀྱི་སྐབས་སུ་འདི་ལྟར་དོན་དམ་དཔྱོད་པའི་རིགས་པ་ལས་དེ་ལྟར་ངེས་པར་འགྱུར་རོ། །འདིར་ཚིགས་བཅད་ཞེ་བརྒྱད་པ་ནས་དྲུག་ཅུ་རྩ་གསུམ་པའི་བར་གྱི་ཚིགས་བཅད་བཅུ་དྲུག་ནི་གོ་སླའོ་ཞེས་འབྲེལ་བས་བཤད་པ་མ་མཛད་ཀྱང་འདིར་མདོར་བསྡུས་སུ་བཀྲོལ་ན། དྲུག་པ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བསྟན་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། ཤེས་རབ་རྒྱུད་ནི་སོགས་ཚིགས་བཅད་ཞེ་བརྒྱད་པ་ནས། ང་བཞི་པའི་བར་གྱིས་བསྟན་ཏེ། རྩ་རྒྱུད་ཀྱི་གོ་རིམ་ལྟར་ན་འདི་གནས་པ་བཅུ་གཅིག་པ་ཡིན་ཡང་བསྡུས་རྒྱུད་འདིར་སྐབས་འདི་རུ་གསུངས་སོ། །གནས་པ་འདི་དག་རྒྱུད་རྩ་བས་གང་དང་གང་གི་མཚམས་ནས་བསྟན་པའི་གསལ་ཁ་འགྲེལ་ཆེན་དུ་མ་གསུངས་པས་བོད་ཀྱི་བླ་མ་སྔ་མ་དག་གི་སྐབས་འདིའི་གནས་པ་འགའ་ཞིག་ལ་རང་བློས་དཔྱད་ནས་སྦྱར་ཚུལ་མི་འདྲ་བ་འགའ་འདུག་གོ། དེ་ལ་སྐབས་འདིར་གཞི་དུས་ཀྱི་སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་ཀྱི་བག་ཆགས་བཞི་འཛིན་པའི་ཐིག་ལེ་བཞི་ལས་འཁོར་བའི་སྣང་བ་སྣ་ཚོགས་པ་ཀུན་འབྱུང་བ་དང་། དེ་རྣམས་སྒྲིབ་བྲལ་དུ་གྱུར་པའི་སྐུ་བཞི་ལས་དག་པ་མྱ་ངན་འདས་པའི་ཆོས་ཐམས་ཅད་འབྱུང་བ་ཡིན་ལ། སྒྲིབ་བྲལ་སྐུ་བཞིའི་ངོ་བོ་གཙོ་བོའི་ཞལ་བཞི་ཡིན་པའི་དབང་གིས་ཆོས་ཀྱི་སྒོ་སྣ་

p. 617

ཚོགས་དང་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པ་ཀུན་བྱེད་རྒྱལ་པོ་སེམས་ཉིད་འོད་གསལ་བའི་ཡེ་ཤེས་གཙོ་བོ་གཅིག་ལས་སྣང་བར་གསུངས་པ། ཤེས་རབ་རྣལ་འབྱོར་མའི་རྒྱུད་ནི་དུས་ཀྱི་འཁོར་ལོའི་ཤར་གྱི་ཞལ་ནས་གསུངས་ལ།སླར་ཡང་རྣལ་འབྱོར་རྗེས་སུ་རིག་པ་ཉིད་ནི་ནུབ་ཀྱི་ཞལ་ནས་སོ། །གཡས་ཀྱི་ཞལ་ནས་རྒྱལ་བའི་བདག་པོས་རྣལ་འབྱོ༷ར་རྒྱུད་གསུངས་གཡོན་གྱི་ཞལ་ནས་བྱ་བ་ཡི་རྒྱུད་དང་སྤྱོད་རྒྱུད་སྒྱུ་དྲ་ལ་སོགས་གསུངས་སོ། །ནང་པའི་གྲུབ་མཐའ་བཞི་ནི་ཤར་གྱི་ཞལ་ནས་རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་ཉིད་དེ་སླར་ཡང་ནུབ་ཀྱི་ཞལ་ནས་ངེས་པར་དབུ་མ་ཡི་ཆོས་མཐའ་དག་གོ། མདོ་སྡེ་པ་ནི་གཡས་ཀྱི་ཞལ་ནས་གསུངས་ཏེ་དཀར་པོའི་ཞལ་ནས་དག་པའི་བྱེ་བྲག་སྨྲ་བའོ། །དེ་བཞིན་དུ་རིག་བྱེད་བཞི་ཡང་ནུབ་ཀྱི་ཞལ་ནས་ངེས་བརྗོད་རིག་བྱེད་དང་ནི་རྒྱལ་བའི་དབང་པོས་གཡོན་གྱི་ཞལ་ནས་མཆོད་བྱིན་གྱི་རིག་བྱེད་གསུངས། གཡས་ཀྱི་ཞལ་ནས་སྙན་ཚིག་གི་རིག་བྱེད་དང་མཆོག་གི་བསྲེག་བྱའི་རིགས་ཞེས་པ་མེ་ལྷའི་ཞལ་དུ་བསྲེག་བྱ་འབུལ་བའི་རིགས་ལ་གཏོགས་པ་སྲིད་སྲུང་གི་རིག་བྱེད་ནི་ཤར་གྱི་ཞལ་ནས་སོ། །དེ་བཞིན་ཕྱི་རོལ་བའི་རྒྱུད་བཞི་ཡང་ཤར་གྱི་ཞལ་ནས་ཀུ་ལའི་མདོའམ་ཚངས་པའི་རིགས་ཅན་གྱི་རྒྱུད་དེ་སླར་ཡང་ནུབ་ཀྱི་ཞལ་ནས་མཁའ་ལྡི༷ང་གི་རྒྱུད་དང་ནི་འབྱུང་པོའི་རྒྱུད་སྣ་ཚོགས་པའོ། །གཡོན་གྱི་ཞལ་ནས་ཞི་པའི་མཐའ་སྟེ་དབང་ཕྱུག་པའི་རྒྱུད་རྣམས་དང་ཉི་མ་འཆར་ཀ་དང་མཚུངས་པ་གཡས་པ་ཡི་ཞལ་དམར་པོ་ནས་ནི་ཁྱབ་འཇུག་གི་གླུའི་ཆོས་སྤྲོས་སོ། །དེ་བཞིན་དུ་མུ་སྟེགས་པའི་ལྷ་སྤྲོས་པ་ནི། ཕྱི་རོལ་པའི་ལྷ་ལྔ་སྟེ་དོན་དམ་བསྙེན་པར། དབུས་སུ་དབང་ཕྱུག་ཆེ་དང་ཤར་དུ་སྐྱེས་བུ་སྟེ། གཡས་སུ་ཟད་མིན་མེ་དང་གནོད་སྦྱིན་གཡོན་དུའོ། །ནུབ་ཏུ་དེ་མ་ཐག་སྟེ་རྣམ་དག་ལུས་ལྔ་ཡིན། །རྣམ་པར་ཤེས་པ་སྔོན་དུ་ངེས་པར་རིག་པར་བྱ། །ས་ནི་ལྡོག་པ་ཡིན་ཏེ་ཆུ་ནི་རབ་གནས་ཏེ། །མེ་ནི་རིག་པ་ཡིན་ཏེ་

p. 618

རླུང་ནི་ཞི་བ་ཉིད། །མཚམས་ཀྱི་འདབ་མ་རྣམས་ལ་མཆོད་པར་བྱ་བར་འགྱུར། །ཞེས་དང་། ཚངས་པ་མོ་ནི་ས་ཡིན་ཆུ་ནི་དྲག་མོ་སྟེ། །མེ་ནི་གཞོན་ནུ་མར་འགྱུར་ང་ནི་ནག་མོའོ། །སྟོང་པ་ཕག་མོ་ཡིན་ཞིང་ཞེས་སོགས་ཀྱིས་གསལ་བར་བསྟན་པ་ལྟར་ལྷ་རིགས་ལྔ་དང་ཡུམ་ལྔར་བྱས་པ་དེ་རྣམས་སྤྲོ་ཚུལ་ནི། རྒྱབ་ཀྱི་ཞལ་ནས་འཕྲལ་ལ་ལྡོག་པའམ་དེ་མ་ཐག་པའི་ལྷ་རྣམས་སྤྲོས་ཏེ། མཆོག་ཏུ་དཀར་བའི་གཡོན་གྱི་ཞལ་ནས་གཡོན་གྱི་ལྷ་གནོད་སྦྱིན་དང་། རབ་ཏུ་གནས་པ་ཆུ་ཁམས་ཀྱི་ལྷ་མོ་སྟེ། གཡས་ཀྱི་ཞལ་ནས་རིག་པ་ཞེས་པ་མེ་ཁམས་ཀྱི་ལྷ་མོ་དང་། དྲག་པོ་མིན་པ་ཟད་མིན་མེ་དང་། སླར་ཡང་ཤར་ང་གི་ཞལ་ནས་རླུང་གི་ཁམས་ལས་སྐྱེས་པ་ཚངས་པ་དང་། ལྷ་མོ་ཞི་བ་དག་གོ། དབུས་ཀྱི་སྟོང་པའི་ཞལ་ནས་སྟོང་པ་ཡི་ཁམས་ཕག་མོ་དང་དབང་ཕྱུག་དག་ནི་དུས་ཀྱི་འཁོར་ལོ་སྲིད་གསུམ་བདག་པོས་འཇིག་རྟེན་པ་རྣམས་འདུལ་བ་ཡི་དོན་དུ་སྤྲོས་པ་སྟེ། མདོ་ཟ་མ་ཏོག་ལས་ཀྱང་འཇིག་རྟེན་པ་རྣམས་འདུལ་བའི་དོན་དུ་སྤྱན་རས་གཟིགས་ཀྱི་དཔྲལ་བ་ནས་དབང་ཕྱུག་ཆེན་པོ་དང་མཆེ་བ་ལས་དབྱངས་ཅན་མ་སྤྲུལ་པ་སོགས་གསུངས་པ་བཞིན་ནོ། །དེ་བཞིན་དུ་དུས་བཞིར་སྣང་ཚུལ་ནི། རྒྱབ་ཞལ་ནས་རྫོགས་ལྡན་དང་། གཡོན་ཞལ་ནས་སུམ་ལྡན། གཡས་ཞལ་ནས་གཉིས་ལྡན་དང་ནི་མདུན་ཞལ་ནས་གཞན་པ་རྩོད་པའི་དུས་ཏེ། དེ་ལྟར་རྒྱབ་ཀྱི་ཞལ་ལ་སོགས་པའི་དབྱེ་བ་ལས་སོ། །དེ་བཞིན་རྫོགས་པའི་རིམ་པ་བཞི་ཡང་། དཔའ་བོའི་རིམ་པ་སོགས་དང་ཞེས་ཤར་ནས་དཔའ་བོའི་རིམ་པ་དང་། གཡོན་ནས་རང་བྱིན་རླབས། གཡས་ནས་དག་པའི་རིམ་པ། རྒྱབ་ནས་ཤིན་ཏུ་རྣམ་དག་གི་རིམ་པ་སྤྲོས་པའོ། །དེ་བཞིན་ཉི་མའི་བགྲོད་པའི་དབང་གིས་ཐུན་མཚམས་བཞི་པོ་ཉིད་དག་དང་། ཞེས་པས་གཡོན་ཞལ་ནས་སྔ་དྲོ་ནས་ཉིན་གུང་གི་བར་དང་། གཡས་ནས་ཉིན་གུང་ནས་ཕྱི་དྲོའི་བར་

p. 619

དང་། མདུན་ནས་ནམ་ཕྱེད་བར་དང་། རྒྱབ་ནས་ནམ་ཕྱེད་ནས་སྔ་དྲོའི་དང་པོ་ལ་ཐུག་གི་བར་རོ། །དེ་བཞིན་དུ་ཁ་ཟས་སོགས་ཀྱི་ལོངས་སྤྱོད་བཞི་ནི། ཁ་ཟས་ཀྱི་ལོངས་སྤྱོད་དག་ནི་གཡས་ཀྱི་ཞལ་ནས་སོ། །མཆོག་ཏུ་འཇིགས་པ་སྡུག་བསྔལ་ལ་ལོངས་སྤྱོད་པ་དག་ཀྱང་རྒྱབ་ཀྱི་ཞལ་ནས་སྤྲོས་པ་སྟེ་མདུན་གྱི་ཞལ་ནས་འཁྲིག་པ་ལ་ལོངས་སྤྱོད་པ་ཉིད་དོ། །མཆོག་ཏུ་དཀར་བའི་གཡོན་གྱི་ཞལ་ནས་ཀྱེ་རྒྱལ་པོ་རྨི་ལམ་དག་དང་གཉིད་ལ་ལོངས་སྤྱོད་པ་ཉིད་དོ། །དེ་བཞིན་དུ་མི་རིགས་བཞི་ནི། རྒྱབ་ཞལ་ནས་རྗེ་རིགས་གཡོན་ནས་གཉིས་སྐྱེས་བྲམ་ཟེ་གཡས་ནས་མི་ཡི་བདག་པོ་སྟེ་རྒྱལ་རིགས་དང་ནི་དེ་བཞིན་མདུན་ཞལ་ནས་དམངས་རིགས་དག་ཀྱང་སྟེ་དེ་ལྟར་ཞལ་གྱི་རིམ་པས་འགྱུར་རོ། །དེ་བཞིན་ཉན་ཐོས་སྡེ་པ་བཞིར་སྣང་བ་ནི། རྒྱལ་བའི་བདག་པོས་མདུན་ཞལ་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བ་གསུངས་ཏེ། གཡས་ནས་མང་པོས་བཀུར་བའོ། །རྒྱབ་ཀྱི་ཞལ་ནས་གནས་བརྟན་པ་སྟེ་སླར་ཡང་དགེ་འདུན་ཕལ་ཆེན་པ་ནི་གཡོན་གྱི་ཞལ་ནས་སོ། །དེ་བཞིན་དུ་འགྲོ་བ་སྣ་ཚོགས་སྤྲོས་པ་ནི། མདུན་གྱི་ཞལ་ནས་མི་རྣམས་དང་ནི་སླར་ཡང་རྒྱབ་ཀྱི་ཞལ་ནས་དུད་འགྲོ་རྣམས་ནི་ངེས་པར་སྤྲོས། གཡས་ཀྱི་ཞལ་ནས་འབྱུང་པོ་ཡི་དྭགས་ཀྱི་རིགས་རྣམས་དང་ལྷ་རྣམས་སོ། །མཆོག་ཏུ་དཀར་བའི་གཡོན་གྱི་ཞལ་ནས་དམྱལ་བ་རྣམས་དང་ལྷ་མིན་རྣམས་སྤྲོས་པའོ། །དེ་ལྟར་མདུན་གྱི་ཞལ་ནས་སྤྲོས་པ་དག་ཀྱང་སྙིང་གའི་རྩ་ཡི་འཁོར་ལོ་ནས་སྤྲོས་པར་འགྱུར་ལ་དེ་བཞིན་རྒྱབ་ཞལ་ནས་སྤྲོས་པ་ལྟེ༷་བའི་འཁོར་ལོ་ནས་དང་། གཡས་ཀྱི་ཞལ་ནས་སྤྲོས་པ་དེ་དག་༔མགྲིན་པ་ལོངས་སྤྱོད་རྫོགས་པ་ནས་སྤྲོས་པར་འགྱུར་ཞིང་། ཀུན་ཏུ་གཡོན་གྱི་ཞལ་ནས་སྤྲོས་པ་རྣམས་ལྷན་ཅིག་སྐྱེས་པ་དཔྲལ་བའི་འཁོར་ལོ་ནས་སོ། །དེ་ལྟར་ན་འཁོར་ལོ་རྣམས་ཀྱི་བདག་ཉིད་ཞལ་གྱི་དབུས་ནས་རྡོ་རྗེའི་ལུས་ལ་དངོས་པོ་རྣམས་

p. 620

སླར་སྐྱེ་བའམ་སྤྲོ༷་བ་དང་ནི་ནང་དུ་སྡུད་དེ་འཇིག་པ་ཉིད་དུ་འགྱུར་རོ། །དེ་ལྟར་འདོད་ཁམས་སོགས་འཇིག་རྟེན་གསུམ་པོ་མཐའ་དག་རྣམས་ཀྱང་རྒྱལ་བ་སྐྱེད་བྱེད་དུས་ཀྱི་འཁོར་ལོའི་ཞལ་གྱི་དབྱེ་བ་རྣམས་ཀྱིས་ཡང་དག་པར་སྤྲོས་པ་དག་གོ། དེ་ཡང་སྙིང་གར་གཉིད་འཐུག་གི་ཐིག་ལེ་དང་། མགྲིན་པར་རྨི་ལམ་དང་། ལྟེ་བར་བཞི་པོ་སྙོམས་འཇུག་དང་། དཔྲལ་བར་སད་པའི་གནས་སྐབས་ཀྱི་ཐིག་ལེ་བཞི་ལ་རླུང་སེམས་འཕྲོ་འདུའི་ཆོ་འཕྲུལ་གྱིས་སྣང་བ་སྣ་ཚོགས་པར་སྣང་བ་ཡིན་གྱི་བྱེད་པོ་གཞན་མེད་དེ་རང་སྣང་ཙམ་མོ། །དེ་ལྟར་ཡང་ཀྱེ་རྡོ་རྗེ་ལས། ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་གནས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེའ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་དང་། རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མ་དགོས། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་གཙོ་བོ་དུས་འཁོར་ཉིད་ཆོས་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་ན་དབང་ཕྱུག་སོགས་བྱེད་པ་པོར་འདོད་པ་དང་ཅིས་མི་མཐུན་ཞེ་ན་རྣམ་པར་རྟོག་པས་འདི་བྱའོ་སྙམ་པའི་འབད་རྩོལ་མེད་པར་སྤྲོས་པར་བསྟན་པ་ནི། དཔེར་ན་དཔལ་ལྡན་ཟླ་བ་དང་ཟླ་བ་ཆུ་ཤེལ་ལ་བདག་གིས་ཆུ་འབྱིན་པར་བྱའོ་སྙམ་པའི་རྣམ་པར་རྟོག་པ་མེད་པའི་རང་བཞིན་ལས་ནི་རྒྱུ་རྐྱེན་ཚོགས་པ་ན་ཆུ་འབྱུང་བ་དེ་བཞིན་དུ་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་སྒྲིབ་བྲལ་ཟག་པ་མེད་པའི་ཕུང་པོ་ལ་བརྟེན་ནས་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུ་མཐུན་གྱི་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་འཛག་སྟེ། ཆུ་ནི་ཆུ་ཡི་ནོར་བུ་ཆུ་ཤེལ་གྱི་རྒྱུའམ་ས་བོན་ཁམས་ལ་ཀུན་ཏུ་བརྟེན་ནས་ཆུ་ཡི་ཐིགས་རྒྱུན་ཇི་སྙེད་འབྱུང་བ་ཡང་ཆུ་ཉིད་དུ་རོ་མཉམ་པར་འགྱུར་བ་ཇི་ལྟ་བ་བཞིན་ཉིད་དུ་ཐམས་ཅད་མཁྱེན་པའི་ཆོས་དག་ནི། བདག་རྐྱེན་རྒྱལ་བའི་

p. 621

ཟག་མེད་ཀྱི་ཕུང་པོ་ཡེ་ཤེས་ཀྱི་སྐུ་དང་། གདུལ་བྱ་སེམས་ཅན་རྣམས་ཀྱི་སྒྲིབ་པ་དག་པའི་སེམས་ཀྱིས་གནས་སྐབས་སུ་ཕན་པ་མངོན་མཐོའི་ལམ་དང་ལས་གྲུབ་པ་དང་། མཐར་ཐུག་ཐར་པ་མཆོག་ཐོབ་པའི་ལམ་སྟོང་པ་ཉིད་དུ་རོ་གཅིག་པ་ཐེག་པ་གསུམ་དང་རྒྱུད་སྡེ་བཞི་ཡི་ཆོས་རྣམ་པ་མང་པོར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་སྔོན་གྱི་ལས་ཀྱི་མཐུ་ལས་སོ། །དེ་ལྟར་ཡང་རྒྱུད་བླ་མར། ཇི་ལྟར་བསིལ་དང་ཞིམ་དང་འཇམ་པ་དང་། །ཡང་བའི་ཆུ་ནི་སྤྲིན་དེ་ལས་ཐོན་པ། །ས་ལ་བ་ཚྭ་ལ་སོགས་གནས་འབྲེལ་བས། །ཤིན་ཏུ་མང་པོའི་རོར་ནི་འགྱུར་བ་བཞིན། །དེ་བཞིན་འཕགས་པའི་ཡན་ལག་བརྒྱད་ཆུའི་ཆར། །རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་ཐོན་པ། །འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ལས། །རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །བླ་མ་སྔ་མ་ཁ་ཅིག་སྐབས་འདི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བསྟན་པའི་གནས་པར་མི་འཐད་དེ་སྒྲས་དངོས་སུ་ཟིན་པ་དང་དགོངས་གཞི་གང་གི་དབང་དུ་བྱས་ཀྱང་ཆོས་ཕུང་སྟོན་བྱེད་དུ་མི་འབྲེལ་བས་ལུས་ངག་སེམས་ཀྱི་བྱ་བ་བརྟག་པའི་གནས་པ་ཡིན་ནོ་ཞེས་གསུངས་ཀྱང་། གྲུབ་མཐའ་བཞི་དང་རྒྱུད་སྡེ་བཞི་སོགས་བསྟན་པ་དང་། དེར་མ་ཟད་མོས་པ་སྣ་ཚོགས་པའི་སེམས་ཅན་ལ་སྣང་བའི་ཆོས་རྣམས་ཀྱང་བསྟན་ལ། དཔལ་ལྡན་ཟླ་བ་ཆུ་ཤེལ་སོགས་ཚིགས་བཅད་ཀྱིས་དངོས་ཟིན་ལ་ཆོས་སྟོན་པར་གསུངས་པས་འདི་ལ་མི་འཐད་པ་མེད་དོ། །བདུན་པ་ལུས་ངག་སེམས་ཀྱི་བྱ་བ་ཐམས་ཅད་བརྟག་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། སྲིད་གསུམ་གནས་ན་སོགས་ཚིགས་བཅད་ང་ལྔ་པ་ནས། རེ་ལྔ་པའི་བར་གྱིས་བསྟན་ཏེ། འོ་ན་དེ་ལྟར་རྒྱུད་དག་པ་ལ་ཆོས་སྣང་ཞིང་མ་དག་པ་ལ་མི་སྣང་ན་ཆོས་སྟོན་པ་པོ་ཆགས་སྡང་གི་འདུ་ཤེས་ཅན་ཕྱོགས་སུ་ལྷུང་བར་མི་འགྱུར་རམ་ཞེ་ན་མ་ཡིན་ཏེ་སྲིད་པ་གསུམ་གྱི་གནས་འདི་ན་སེམས་

p. 622

ཅན་གྱི་དོན་མཐའ་དག་ཀུན་གྱི་བྱེད་པོ་སངས་རྒྱས་དང་ནི་ཡིད་བཞིན་ནོར་བུ་ལ་ཡང་འདི་ལ་ཕན་གདགས་སོ་འདི་ལ་མ་ཡིན་ནོ་སྙམ་པའི་རྣམ་རྟོག་གི་བསམ་པ་མེད་ཀྱང་སྒྲིབ་པ་ཅན་གྱི་སེམས་ཅན་རང་རང་གི་སེམས་ལ་ཆོས་མི་ཐོས་པའི་རྒྱུ་གནས་ཏེ་གང་ཞེ་ན་སྔོན་གྱི་མི་དགེའི་འབྲས་བུའི་དབང་གིས་སྡིག་པའི་ལས་ཅན་སེམས་ཅན་རྣམས་ཀྱིས་རང་རང་ལ་སངས་རྒྱས་དང་ནོར་བུས་ཕན་གདགས་པར་མི་མཐོང་སྟེ། འོན་ཀྱང་དེ་ནི་ཡིད་བཞིན་ནོར་བུའི་སྐྱོན་མིན་ཏེ་རང་གི་སྔོན་ལས་ཀྱིས་ནོར་བུ་མ་མཐོང་ཞིང་སྤྱོད་ཡུལ་དུ་མ་གྱུར་པས་སོ། །འདིར་རང་གི་སེམས་ལ་སངས་རྒྱས་ཀྱི་རྒྱུའམ་ཆོས་ཉིད་གནས་ཏེ་ཞེས་འཆད་པའང་ཡོད་དོ། །དེ་ལྟར་མི་དགེ་བ་དང་དགེ་བའི་འབྲས་བུ་འབའ་ཞིག་ལ་སེམས་ཅན་ཐམས་ཅད་རབ་ཏུ་ལོངས་སྤྱོད་པ་ཡིན་པས་རང་གི་སེམས་ཀྱི་རྒྱུད་ཡོངས་སུ་བརྟག་ནས་དག་ཅིང་རྙོགས་པ་མེད་པར་བྱའོ། །སེམས་ནི་དྲི་མ་དང་བྲལ་ཏེ་དག་པར་གྱུར་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་འགྱུར་ཏེ་སེམས་སྒྲིབ་བྲལ་དུ་གྱུར་པའི་སངས་རྒྱས་དེ་མ་ཡིན་པའི་སངས་རྒྱས་གཞན་ནི་འཇིག་རྟེན་ཀུན་ན་མི་སྲིད་དོ་དེས་ན་རང་གི་སེམས་རྒྱུད་དག་པར་མ་བྱས་ན་རྒྱལ་བ་གཞན་གྱིས་དེ་ལ་ཅི་ཞིག་བྱ་སྟེ་སངས་རྒྱས་ཀྱིས་འདུལ་བའི་ཡུལ་དུ་མི་འགྱུར་རོ། །སེམས་ནམ་དག་ན་སངས་རྒྱས་རྣམས་དངོས་སུ་སྣང་ནས་ཆོས་སྟོན་ཏེ་སངས་རྒྱས་མི་བཞུགས་པའི་གནས་སྐབས་གང་དུའང་མི་སྲིད་དོ། །འོ་ན་རང་གི་སེམས་དྲི་མ་དང་བཅས་པ་ལས་དྲི་མ་མེད་པར་ཇི་ལྟར་འགྱུར་བ་ཡིན་ཞེ་ན། དཔེར་ན་རྒྱུ་ས་བོན་གང་གིས་འབྲས་བུ་མྱུ་གུ་འདི་སྐྱེད་པ་ན་སྐྱེད་པར་བྱེད་པ་དེ་ནི། མྱུ་གུའི་དངོས་པོ་དེ་ཉིད་སྐྱེས་ནས་རྣམ་པར་ཉམས་པར་འགྱུར་གྱི་ས་མྱུག་དུས་གཅིག་ཏུ་ཚོགས་པ་མི་སྲིད་ལ། ས་བོན་ཉམས་པ་དེ་ཡིས་མྱུ་གུ་སྐྱེས་པར་རབ་ཏུ་འགྱུར་ཏེ། སླར་ཡང་མྱུ་གུ་དེ་ནི་སྡོང་བུ་སོགས་ཀྱི་རྒྱུའམ་ས་བོན་དུ་འགྱུར་ཞིང་། ཀྱེ་རྒྱལ་པོ་ཞེས་བོས་ནས། རང་གི་འབྲས་བུ་ཕྱི་མ་དག་གི་སྐྱེད་

p. 623

བྱེད་དོ། །དེ་བཞིན་སེམས་ཅན་རྣམས་ཀྱི་སྐྱེ་བ་སྔ་མ་གང་དེ་ཡི་རང་དུས་ན་གསོན་པ་ཞེས་བྱ་སྟེ་དེའི་གནས་སྐབས་འགགས་ནས་སྐྱེ་བ་གཞན་གྱི་དངོས་པོ་སྐྱེས་བ་ལས་སྔ་མ་ཤི་བ་ཞེས་པའི་ཚིག་གིས་བསྙད་པར་བྱ་སྟེ། སྔ་མ་ཤི་བ་དེ་ཉིད་འཇིག་རྟེན་ཕ་རོལ་དུ་རང་གི་ངོ་བོས་སླར་ཡང་སྐྱེས་པ་མིན་ཏེ་འགགས་ཟིན་པ་སླར་སྐྱེ་བ་མི་སྲིད་དོ། །དེ་ལྟར་ན་རང་གི་ངོ་བོས་སྐྱེ་འགག་མེད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བ་བསླུ་མེད་ཀྱི་དབང་ལས་སྐྱེ་བ་དང་འགག་པའི་ཚུལ་གྱིས་ཆོས་སྣ་ཚོགས་པར་སྣང་བ་ཡིན་ནོ། །དེ་བཞིན་དུ་ལས་ཀྱི་རྒྱུ་གང་གིས་སྔ་མའི་སྲིད་པ་འགགས་ཏེ་ཤི་བའི་སྟོང་པ་ནས་ནི་ལས་ཀྱི་ས་ལ་འོངས་པ་ཁམས་དྲུག་དང་ལྡན་པའི་རྡོ་རྗེའི་ལུས་རྟེན་ཁྱད་པར་ཅན་རྙེད་པ་ན་བླ་མའི་མན་ངག་གི་ངེས་པ་དང་ལྡན་པས་དུ་བ་ལ་སོགས་པའི་ལམ་བསྒོམ་པར་བྱས་ན་འགྱུར་མེད་བདེ་བའི་སྐད་ཅིག་ཐོབ་པ་དེ་ཡིས་རྡོ་རྗེ་སེམས་དཔའ་སྟོབས་བཅུ་མངའ་བར་འགྲོ་བར་འགྱུར་རོ༑ ༑འདིར་ཚིག་འབྲུ་མནན་ཚུལ་འགྱུར་མེད་བདེ་བ་གང་གིས་སྟོང་པ་ཡི་གཟུགས་བཟུང་ནས་ནི་ས་རྣམས་ལ་འོངས་པ་འགྱུར་མེད་བདེ་བའི་སྐད་ཅིག་དེ་ཡིས་ལུས་ཟོས་ནས་སྟོབས་བཅུ་པ་སངས་རྒྱས་སུ་འགྲོ་བར་འགྱུར་ཞེས་བཤད་པའང་སྣང་ངོ་། །དེ་ལྟར་འགྱུར་མེད་བདེ་བ་ཐོབ་ནས་སླར་ཡང་བདེ་ནས་བདེ་ལ་རྗེས་སུ་ཆགས་པའི་སྐད་ཅིག་གཞན་དང་གཞན་འདིར་ནི་རྒྱུད་མར་འབྱུང་བ་དེ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྱུར་མེད་བདེ་བའི་དངོས་པོ་ཡིན་པའི་རྒྱུ་མཚན་གྱིས་ཏེ། འཛག་པའི་བདེ་བ་རྒྱུན་མི་བརྟན་པའི་དངོས་པོ་གཞན་ལ་རྗེས་སུ་ཆགས་པ་ལས་ནི་དེ་ལྟར་མིན་ནོ། །འདིར་ཡང་འབྲུ་འགྲེལ་ཚུལ་ཅུང་མི་འདྲ་བ་སྣང་། འགྱུར་མེད་བདེ་བ་ཐོབ་ནས་ཕུང་པོ་གང་དག་འགྱུར་མེད་དེ་ཡིས་བསྐྱེད་པ་རྣམས་སླར་ཡང་དེའི་རྒྱུད་ཕྱི་མ་རྣམས་འགྱུར་མེད་བདེ་བའི་སྐད་ཅིག་དེ་ཡིས་སྐྱེད་པར་བྱེད་པ་སྟེ་ཇི་སྲིད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་འགགས་པའི་སྐད་ཅིག་ཡོངས་སུ་

p. 624

རྫོགས་པའི་བར་དུའོ། །དེ་རྫོགས་ནས་དག་པ་ངོ་བོ་ཉིད་སྐུ་ལ་སོགས་པ་རིམ་བཞིན་འབྱུང་བ་ནི། ཡོངས་སུ་དག་པ་ལྷན་སྐྱེས་བདེ་བའི་སྐད་ཅིག་ངོ་བོ་ཉིད་སྐུ་དེ་ལས་མཁྱེན་པའི་བདག་ཉིད་ཆོས་ཀྱི་སྐུ་དང་དེ་ལས་གཞན་ཏེ་ཆོས་སྟོན་པ་ལོངས་སྐུ་དང་། སླར་ཡང་དེ་ལས་གཞན་ཏེ་གང་འདུལ་དུ་སྣང་བ་སྤྲུལ་སྐུ་འབྱུང་བ་དང་དེ་ལས་སླར་ཡང་སྤྲུལ་པ་བསྡུས་ནས་རྣམ་པར་དག་པ་ངོ་བོ་ཉིད་སྐུ་ཉིད་དུ་གནས་པའོ། །དེ་ལྟར་མཆོག་ཏུ་མི་འགྱུར་བའི་བདེ་བས་ཐ་མལ་གྱི་ཕུང་སོགས་སྒྲིབ་བྲལ་དུ་སྡོམ་པ་ལས་སངས་རྒྱས་སྐུ་བཞི་ཐོབ་པ་དེ་ནི་དཔེར་ན་དག་པའི་ས་ལ་ས་བོན་སྐྱོན་མེད་པ་བཏབ་པ་ལས་ནི་རྩ་བ་རྣམས་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལེགས་པར་སྨིན་པ་བཞིན་ནོ། །དེ་ལྟར་ལྷན་སྐྱེས་ཀྱི་བདེ་བ་དེའི་རྟེན་ནི་ཁམས་དྲུག་གི་བདག་ཉིད་ཀྱི་བྱང་ཆུབ་སེམས་སུ་བསྟན་པ་ནི། འདི་ལྟར་ས་དང་ཆུ་དང་མེ་དང་ང་དང་རོ་ནམ་མཁའི་ཁམས་དང་མཆོག་གི་རོ་ཡེ་ཤེས་བདེ་བའི་ཁམས་ཞེས་པ་སྟེ་དེ་ལྟར་ལུས་ཀྱི་ཁམས་དྲུག་གི་ཆ་རྡུལ་ཕྲ་རབ་དག་ནི་རྣམ་པ་དྲུག་ཡིན་ལ། སའི་ཁམས་ལ་ཡུལ་གྱི་ཡོན་ཏན་དྲི་གཟུགས་རོ་རེག་སྒྲ་དང་ལྔ་ཡོད་ཅིང་། ཆུ་སོགས་ནི་དྲི་ལ་སོགས་པ་རེ་རེས་དམན་ཞིང་ཞེས་པ་ཆུ་ལ་དྲི་མ་གཏོགས་པ་བཞི་མེ་ལ་སྒྲ་རེག་གཟུགས་གསུམ། རླུང་ལ་སྒྲ་རེག་གཉིས། ནམ་མཁའ་ལ་སྒྲའི་ཡོན་ཏན་གཅིག་པུ་ཡོད་ཅིང་། ཡུལ་ལྔ་དང་རྣམ་པར་བྲལ་བ་ཁམས་མཐའ་མ་ཡེ་ཤེས་ཀྱི་ཁམས་སུ་བལྟ་བར་བྱ་བ་རྣམས་སོ། །དེ་ལྟར་ན་འདོད་པ་ཁམས་པ་རྣམས་ནི་ཡོན་ཏན་ལྔ་ཀ་དང་ལྡན་ལ། གཟུགས་ཁམས་བཅུ་དྲུག་སྒྲ་གཟུགས་རེག་བྱའི་ཡོན་ཏན་གསུམ་དང་། གཟུགས་མེད་ནམ་མཁའི་ཡོན་ཏན་གཅིག་པུ་དང་ལྡན་པས་འདོད་གཟུགས་གཟུགས་མེད་རྣམས་ནི་ཟུང་དང་ཟུང་དང་རི་བོང་ཅན་ཏེ་ཞེས་པ་གཟུགས་མེད་ལ་ནམ་མཁའི་གཅིག་དང་། གཟུགས་ཁམས་པ་ལ་དེ་ཡི་སྟེང་དུ་མེ་རླུང་ཟུང་གི་ཡོན་ཏན་དང་། འདོད་པའི་མི་དང་དུད་འགྲོ་ལུས་གདོས་བཅས་

p. 625

ཅན་ལ་དེ་གསུམ་གྱི་སྟེང་དུ་ས་ཆུ་ཟུང་གི་ཡོན་ཏན་དང་བཅས་པའི་འབྱུང་བ་ལྔའི་ཡོན་ཏན་དང་ལྡན་པ་ཡིན་ལ་གཟུགས་མེད་པ་ནི་ནམ་མཁའི་ཡོན་ཏན་རི་བོང་ཅན་ཏེ་དེ་གཅིག་པུ་དང་ལྡན་པའོ། །དེས་ན་དེ་དག་འཕོ་བའི་དུས་སུ་ཁུ་བ་ཡང་འབྱུང་བ་གཅིག་དང་གསུམ་དང་ལྔའི་ཡོན་ཏན་ཅན་དང་། སེམས་ཀྱི་བག་ཆགས་ཀྱང་ཡོན་ཏན་དེ་དག་གི་བདག་ཉིད་ཅན་ནོ། །ཁམས་དྲུག་གི་མཐའ་མ་ཡེ་ཤེས་ཀྱི་ཁམས་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡོན་ཏན་ཅན་ཏེ་སྟོང་ཉིད་དེ་དག་ནི་ཀུན་ནས་དུས་རྟག་ཏུ་ཐིག་ལེ་འཕོ་བ་མེད་པའི་བདེ་བ་ལྷན་སྐྱེས་དགའ་བའི་རྟེན་དུ་གྱུར་པའོ། །དེ་ལྟར་རྟེན་ཁམས་དྲུག་གི་འབྲེལ་བ་དོར་མ་དོར་གྱི་དབང་ལས་འཁོར་འདས་སུ་འགྱུར་བར་བསྟན་པ་ནི། སླར་ཡང་ས་སོགས་ཁམས་དྲུག་ལ་བརྟེན་པ་དྲི་སོགས་ཡོན་ཏན་རྣམས་སྐྱེ་བ་ན། ཕན་ཚུན་དུ་ནི་རྒྱུ་དང་རྐྱེན་དུ་འདུས་ཏེ་གཅིག་ལ་གཅིག་གྲོགས་བྱེད་པའི་ཚུལ་དུ། རང་གི་རིགས་ཀྱི་ཡོན་ཏན་བསྐྱེད་པ་ལ་གཙོ་བོའི་དངོས་པོ་དྲི་སྐྱེད་པ་ལ་ས་ལྟ་བུ་དག་ལ། ཡོན་ཏན་གཞན་བསྐྱེད་པ་ལ་ཆུང་བའི་དངོས་པོའམ་ཕལ་པའི་དངོས་པོ་རྣམས་འདུས་ཤིང་གནས་ཏེ། དྲི་སྐྱེད་པ་ལ་ཆུ་སོགས་སམ་རེག་བྱ་ལ་ས་ལྟ་བུའོ། །དེ་ལྟར་གཙོ་ཕལ་གྱི་རྒྱུར་གནས་པའི་དངོས་པོ་དེ་དག་ཕན་ཚུན་འདུས་ཤིང་ཚོགས་ནས་བརྟེན་པ་ཕུང་པོ་དང་རྟེན་འབྱུང་བ་རགས་པ་རྣམས་དང་ནི་དེའི་དབང་གིས་ཡུལ་གཟུགས་སོགས་དང་ཡུལ་ཅན་མིག་ལ་སོགས་པ་རྣམས་འབྱུང་ཞིང་སྣང་བ་དང་། དེ་ལྟར་རང་དང་གཞན་གྱི་ཕུང་པོ་དང་ཁམས་དང་ཡུལ་ཡུལ་ཅན་སྣ་ཚོགས་གཉིས་སུ་སྣང་བའི་ཚེ་ན་ཕན་ཚུན་ཡུལ་དང་ཡུལ་ཅན་ནི་བདུད་དང་མ་རིག་པ་ཞེས་བྱ་སྟེ། ཡུལ་ལྔ་ནི་ཐར་བ་ལ་མི་འཇུག་པར་གཡེང་བར་བྱེད་པའི་བདུད་དང་། ཡུལ་ཅན་ནི་དངོས་པོའི་རང་བཞིན་མི་ཤེས་པའི་མ་རིག་པའོ། །དེ་ལྟར་ཡུལ་དང་ཡུལ་ཅན་ཕན་ཚུན་གཟུང་འཛིན་གྱི་འབྲེལ་བས་རྗེས་སུ་ཆགས་པ་ལྔ་ནི་

p. 626

རོ་ཡི་འགྲོ་བ་སྟེ་འགྲོ་བ་དྲུག་པོ་རྣམས་ལ་གནས་ཤིང་དེ་ལས་ཐར་མི་ནུས་པར་སྡུག་བསྔལ་ལ་འཁོར་མོ་ཡུག་ཏུ་འཕྱན་པ་འཁོར་བ་པ་ཞེས་བྱ་བ་དང་ནི། མི་འཕོ་བའི་བདེ་བའི་སྐད་ཅིག་གི་རྟེན་དུ་གྱུར་པ། སྟོང་པའི་གཟུགས་བརྙན་རྣམ་པ་ཐམས་ཅད་པ་བསྒོམ་པ་རྣམས་ནི། དབང་པོ་ལྔ་རྣམ་པ་ཀུན་ནས་ཐ་མལ་པའི་ཡུལ་དང་གཞན་གྱི་ཡོན་ཏན་ལ་རྗེས་སུ་ཆགས་པའམ་མི་དགའ་ཞིང་མ་ཞེན་པའི་ཚུལ་གྱིས་གཟུང་འཛིན་གཉིས་མེད་དུ་གྱུར་པ་ན་རྣམ་པར་རྟོག་པས་མི་ཕྱེད་པའི་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་དག་པའི་སྐུར་ཡང་དག་པར་གནས་པར་འགྱུར་བ་ནི་མི་གནས་པའི་མྱ་ངན་འདས་པའོ། །དེ་ལྟར་དག་པའི་སྐུ་ཡེ་ཤེས་ཀྱི་རང་བཞིན་དེ་དག་རྣམས་ཀྱིས་དུས་ཀྱི་འཁོར་ལོ་སེམས་ཅན་གཞན་གྱི་དོན་དུ་རྫུ་འཕྲུལ་ཆེན་པོར་རབ་ཏུ་གསལ་བར་བྱེད་པ་ཆེན་པོ་མཐའ་ཡས་པའི་གདུལ་བྱར་སྣང་བའི་དུ་མ་ནི། ལུས་སྒྲིབ་བྲལ་སྤྲུལ་པའི་སྐུ་གང་ཞིག་རྡོ་རྗེ་མེ་འབར་བ་འཕྲོ་བ་ཁྲོ་ཆགས་ཀྱི་གཟུགས་ཅན་རྣམས་ཀྱིས་འདོད་པའི་ཁམས་ན་གནས་པའི་གདུལ་དཀའ་ལྷ་མིན་དང་ནི་མི་རྣམས་ཀྱི་དོན་མཛད་པ་དང་། ལོངས་སྤྱོད་རྫོགས་པས་ཞེས་པ་ལོངས་སྐུས་གཟུགས་ཅན་གྱི་ཁམས་བཅུ་དྲུག་ན་གནས་པ་རྣམས་ཀྱི་དོན་མཛད་པ་དང་ནམ་མཁའ་ལ་རྒྱལ་བའི་སྲས་བྱང་སེམས་རྣམས་དང་སོགས་སྒྲས་ཉན་རང་སློབ་པ་དང་དགྲ་བཅོམ་རྣམས་ལ་ནི་ཆོས་ཀྱི་སྐུ་ཡིས་དགོངས་པས་བྱིན་གྱིས་བརླབས་པས་དོན་མཛད་པ་དང་སྟོང་པའི་ཆ་སྒྲིབ་བྲལ་དུ་གྱུར་པ་ཡིས་སྲིད་གསུམ་མཐའ་དག་སྟོང་པའི་ཟད་པར་དུ་སྤྲུལ་བར་བྱེད་ལ། དེ་བཞིན་དུ་སྒྲིབ་བྲལ་གྱི་རླུང་རྣམས་ཀྱིས་ནི་རླུང་གི་ཟད་པར་ཏེ། སྒྲིབ་བྲལ་གྱི་མེ་ཡི་ཆ་ཤས་རྣམས་ཀྱིས་མེ་ཡི་ཟད་པར་དང་། ཆུ་ཡི་ཟད་པར་ཡང་འགྲོ་བའི་ཁམས་ལ་སྤྲོས་པའི་དག་པའི་ཆུ་ཡི་ཆ་ཤས་རྣམས་ཀྱིས་མཛད་ཅིང་། སྒྲིབ་བྲལ་གྱི་འཛིན་མའི་ཆ་ཤས་རྣམས་ཀྱིས་ས་ཡི་ཟད་པར་དང་། དབང་པོ་དང་ཚོགས་པའི་ཡུལ་ལམ་དུ་མ་ཚོགས་པའི་

p. 627

གཟུགས་སོགས་སྒྲིབ་བྲལ་གྱི་ཡུལ་རྣམས་ཀྱིས་ནི་གཟུགས་སོགས་དངོས་པོའི་རང་བཞིན་མཐའ་དག་ཀུན། སེམས་ཅན་གྱི་དོན་དུ་སྤྲོ་བར་བྱེད་ལ། དངོས་པོ་ཐམས་ཅད་ཀྱང་ཀུན་ནས་ནམ་མཁའ་དག་དང་མཚུངས་པ་བདེ་བ་ཆེན་པོ་སྟོང་ཉིད་རྣམ་པ་ཐམས་ཅད་པ་གཅིག་གི་བདག་ཉིད་འདི་ནི་སྒྲིབ་པ་དག་པའི་ས་ཡི་གང་ཟག་རྣམས་ལ་སྟོན་པར་བྱེད་དོ། །འདིར་དངོས་པོའི་རང་བཞིན་ཀུན་ནས་ནམ་མཁའ་དག་དང་སོགས་ལ་སྦྲེལ་ཏེ་བཤད་པ་ཡོད་མོད། དོན་ལ་འགལ་བ་མེད་ཀྱང་། འདིར་ནི་མགོན་པོ་བྱམས་པས། དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི། །དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུ། །ཞེས་སོགས་གསུངས་པ་དང་མཚུངས་པར་བཤད་པའོ། །དེ་ལྟར་སྒྲིབ་པ་དང་བྲལ་བའི་སངས་རྒྱས་རྣམས་ཀྱི་དག་པའི་སྐུར་གྱུར་པ་ནི་འཕོ་མེད་ཀྱི་བདེ་བ་ཆེན་པོ་གཅིག་པུའི་རང་བཞིན་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ནམ་མཁའ་དང་མཉམ་པ་ཡིན་པའི་ཕྱིར་ན་ནམ་ཡང་སྐྱེ་བ་དང་འཆི་བར་ཡང་ནི་མི་འགྱུར་རོ། །དག་པ་ལྷན་སྐྱེས་བདེ་ཆེན་ངོ་བོ་ཉིད་སྐུ་འཕོ་མེད་དུ་སྐད་ཅིག་གིས་མངོན་པར་བྱང་ཆུབ་པ་དེ་གཅིག་པུ་ལས་རྣམ་པ་ལྔ་ཡིས་བྱང་ཆུབ་པ་འབྱུང་སྟེ་ཡེ་ཤེས་ལྔ་ཡི་ལྡོག་ཆའི་དབྱེ་བས་ཏེ་ཕུང་པོ་ལྔ་དང་ཁམས་ལྔ་ཐབས་ཤེས་ཀྱི་དབྱེ་བས་བཅུ་པོ་ཡེ་ཤེས་ལྔར་འགགས་པ་ནི་ཆོས་སྐུའོ། །མཐའ་དག་རྒྱལ་བ་མཆོག་རྣམས་ཀྱིས་ནི་མངོན་པར་རྫོགས་པ་བྱང་ཆུབ་པ་འདི་ནི་ཕུང་ལྔ་ཁམས་ལྔ་དབང་ལྔ་ཡུལ་ལྔ་བཅས་ཆོས་ཉི་ཤུ་པོ་སྒྲིབ་པ་དང་བྲལ་བའི་ཆ་ནས་རྣམ་པ་ཉི་ཤུའི་རང་བཞིན་གྱིས་མངོན་པར་བྱང་ཆུབ་པ་ལོངས་སྐུ་དང་ནི། སླར་ཡང་དེ་ནས་ཡེ་ཤེས་ཀྱི་སྐུ་ཐོབ་པ་དེ་མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་ཁམས་དབང་བསམ་པ་བཞིན་དུ་ཚད་མེད་པའི་སྒྱུ་འཕྲུལ་དུ་མའི་རྣམ་རོལ་ཕྱོགས་དང་དུས་ཀུན་ཏུ་འབད་མེད་དུ་སྟོན་པ་ནི་སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པ་སྤྲུལ་པའི་སྐུ་རང་གི་ངོ་བོ་གང་ལ་གང་འདུལ་དུ་སྟོན་

p. 628

པའོ། །བྱང་ཆུབ་བཞི་པོ་དེ་ཡི་འགྱུར་མེད་བདེ་བའི་སྐད་ཅིག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པ་དེ་ལས་ནི་ཆོས་ཐམས་ཅད་འགྱུར་མེད་བདེ་བའི་རང་བཞིན་དུ་མཉམ་པའི་འབྲས་བུ་སྟེར་བར་འགྱུར་ཏེ། དེ་ལས་གཞན་གཡོ་བ་དང་འཛག་པའི་རང་བཞིན་གྱི་ནི་རང་བཞིན་དེ་ལྟ་བུ་སྟེར་བ་མིན་ནོ། །དུས་ཀྱི་འཁོར་ལོ་འདིར་སྐུ་བཞི་ཐོབ་པའི་ཐབས་བྱང་སེམས་ཐིག་ལེ་འཕོ་བ་མེད་པའི་སྐད་ཅིག་མི་འགྱུར་བའི་བདེ་བ་གང་ཡིན་པ་དེ་ཉིད་འདིར་ནི་ལྷན་སྐྱེས་ཀྱི་དགའ་བ་ངོ་བོ་ཉིད་སྐུ་སྟེ། དེ་སྐྱེད་བྱེད་ནི་རྣམ་པ་ཐམས་ཅད་པའི་སྟོང་ཉིད་ཆོས་ཀྱི་དབྱིངས་སུ་ཐུགས་ཀྱི་རྡོ་རྗེ་རབ་ཏུ་ཞུགས་པ་གཡོ་མེད་དུ་གྱུར་པ་ལའོ། །འགྱུར་མེད་དེ་ཁོ་ན་ཉིད་བདེ་བ་ཆེན་པོ་གཅིག་ལས་རྣམ་པ་ཐམས་ཅད་པར་འཆར་བ་དེའི་ཕྱིར། མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་དག་པ་སྣ་ཚོགས་པ་རྣམས་དང་ནི། དཔག་ཏུ་མེད་པའི་ཡོན་ཏན་གཞོམ་མེད་ཀྱི་སྒྲ་སོགས་རྣམས་དང་། ནམ་མཁའ་ལ་སོགས་པའི་ཁམས་རྣམས་དང་། གནས་པ་དང་སྐྱེ་བ་དང་ཉམས་པའམ་འཇིག་པ་རྣམ་པ་གསུམ་ཞེས་པའི་སྒྲིབ་བཅས་ཀྱི་སྲིད་པ་དང་ནི་འགྲོ་བ་དྲུག་ཏུ་གནས་པའི་སེམས་ཅན་ཀུན་ཀྱང་རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར་དང་། བརྟེན་པ་སངས་རྒྱས་ལྔ་དང་ཁྲོ་བོ་བཅུ་དང་ལྷ་ཆེན་བཅུ་གཉིས་དང་། སོགས་པའི་སྒྲས་ཀླུ་དང་རབ་གཏུམ་མ་རྣམས་དང་སྙིང་རྗེའི་ཐུགས་ལྡན་བྱང་ཆུབ་སེམས་དཔའ་རང་རང་གི་བཙུན་མོར་བཅས་པ་རྣམས་སུ་སྣང་། ཞིང་དག་པ་ཅན་ཏེ་འདི་དག་རྣམས་ནི་སྲིད་པ་གསུམ་ལས་འདས་པས་ན་སྲིད་པ་གསུམ་གྱིས་ཕྱག་བྱས་པ་བདུད་དང་ཉོན་མོངས་པ་ལས་རྒྱལ་བའི་རྒྱལ་བ་འགྱུར་མེད་ཀྱི་བདེ་བ་འབྱུང་བ་གཅིག་པུའི་འཁོར་ལོ་ཏེ་ཐམས་ཅད་བདེ་མཉམ་གྱི་རང་བཞིན་དུ་གཅིག་ཏུ་གྱུར་པ་ཡིན་ནོ། །འགྱུར་མེད་བདེ་བ་ཆེན་པོའི་དབྱིངས་ལས་སྣང་སྲིད་འཁོར་འདས་སུ་ཤར་ཞིང་དེ་ལས་འདའ་བ་མེད་པའི་ཆོས་ཉིད་ཀྱི་གནད་ཀྱིས་སེམས་འཕོ་བའི་སྒྲིབ་པ་དང་

p. 629

བྲལ་བའི་ཚེ་ན་སྣང་སྲིད་རྣམ་དག་སངས་རྒྱས་ཀྱི་དགོངས་པ་མངོན་དུ་འགྱུར་བའི་ཚུལ་གསུངས་པ་ཡིན་ནོ། །དེ་ནས་ལུས་ལ་རྟེན་རྣམ་པ་བཅུའི་དག་པ་གསུངས་པ། འདིར་བ་སྤུ་དང་སྐྲ་ནི་ནམ་མཁའི་ཁམས་དང་། པགས་པ་དང་ཤ་རླུང་གི་ཁམས་དང་། ལུས་ཀྱི་གཡས་གཡོན་གྱི་ཁྲག་རྣམ་པ་གཉིས་སམ་དམར་ཆ་དང་ཁྲག་ཕལ་པ་གཉིས་ནི་མེའི་ཁམས་དང་། རོ་དང་བཅས་པ་ཞེས་པ་འདི་རྭ་འགྱུར་ལས་ཏེ་རོའི་དོན་ཁུ་བ་ལ་འདོད་ཀྱང་། ཙ་མི་སོགས་གཞན་རྡུལ་ཞེས་འདོན་ཏེ་དེ་ལྟར་ན་རོ་རྡུལ་དང་གཅི་བར་བཅས་པ་དག་ཀྱང་ཆུའི་ཁམས་དང་། དེ་བཞིན་རུས་པ་དང་ནི་རྐང་སའི་ཁམས་དང་། རྩ་དང་སྲོག་ལ་སོགས་པ་རླུང་བཅུ་ནི་ཡེ་ཤེས་ཀྱི་ཁམས་སོ། །སྒྲ་གཅན་གྱི་མཇུག་མ་དུང་ཅན་མ་ཐིག་ལེ་འཕོས་པའི་བདེ་བ་ཡེ་ཤེས་ཀྱི་ཁམས་ཡིན་པས་ཡེ་ཤེས་རྡོ་རྗེའོ། །དབུ་མའི་སྟེང་གི་ཆ་ནི་སྒྲ་གཅན་སེམས་ཀྱི་ཐིག་ལེ་ཐུགས་རྡོ་རྗེ་དང་། རོ་མ་ཉི་མ་ངག་གི་ཐིག་ལེ་གསུང་རྡོ་རྗེ་དང་། རྐྱང་མ་ཟླ་བ་ལུས་ཀྱི་ཐིག་ལེ་སྐུ་རྡོ་རྗེ་སྟེ་བཞི་པོ་དེ་དག་རྣམས་ལ་སྲོག་འཛིན་སོགས་རླུང་བཅུ་རྒྱུ་སྟེ། ཀུན་ནས་རླུང་གི་དབུས་སུ་ཉི་མ་རྡུལ་དང་ཁུ་བ་ཟླ་བའི་བགྲོད་པ་སྟེ་རླུང་ལ་བརྟེན་ནས་ཐིག་ལེ་གཡོ་ཞིང་བགྲོད་པར་བྱེད་པའོ། །དེས་ན་རོ་རྐྱང་གི་བགྲོད་པ་དབུ་མར་འགོག་པར་བྱའོ། །ཇི་ལྟར་མངལ་དུ་ཁུ་བའི་དབུས་སུ་བག་ཆགས་སྣ་ཚོགས་ཀྱིས་འཁྱུད་པའི་རྣམ་པར་ཤེས་པ་རོ་མཉམ་པར་འགྱུར་བ་ཇི་ལྟ་བུར། འཛག་མེད་དུ་བཅིངས་པའི་ཁུ་བ་ཟླ་བའི་དབུས་སུ་དྲི་མ་མེད་པའི་ནོར་བུ་ཚོན་དང་ཕྲད་པས་མདོག་སྣ་ཚོགས་སུ་འགྱུར་པ་བཞིན་དུ་བག་ཆགས་སྣ་ཚོགས་པའི་དངོས་པོ་ཀུན་གྱིས་འཁྱུད་པའི་རྣམ་པར་ཤེས་པ་རོ་མཉམ་པ་སྟེ། དེ་ནི་དངོས་པོ་དང་དངོས་པོ་མེད་པ་དག་གཉིས་སུ་མེད་པ་ཉིད་སྒྱུ་མ་ལྟ་བུ་སྟོང་པ་ཉིད་ཀྱི་གཟུགས་རྡུལ་ཕྲ་རབ་ཀྱི་ཆ་ལས་འདས་པ་པྲ་ཕབ་པ་ལྟ་བུ་ཉིད་དང་། ཐ་དད་དུ་མེད་པར་ཟུང་དུ་ཆུད་པའི་འགྱུར་མེད་མཆོག་གི་བདེ་བ་འཆི་བ་

p. 630

མེད་པའི་བདུད་རྩིའི་གོ་འཕང་དངོས་སུ་སྟེར་བ་ཆོས་ཐམས་ཅད་ལ་སྒྲིབ་བྲལ་གྱི་ངོ་བོས་ཁྱབ་བྱེད་དུ་གྱུར་པའི་ཐིག་ལེ་ཉག་གཅིག་ནམ་ཡང་འགྱུར་བ་མེད་ཅིང་གཞོམ་དུ་མེད་པ་ཉིད་དོ། །ཞེས་ལུས་ལ་ཁམས་རྣམ་པ་བཅུ་དག་པའོ། །ཁམས་དེ་རྣམས་ས་བཅུའི་རྣམ་པར་དག་པ་གསུངས་པ། སྤུ་ལ་སོགས་པ་ཟླ་བའི་མཐའ་ལ་ཐུགས་པའི་བར་ནི་མཐའ་དག་ལུས་ལ་གནས་པ་རྣམས་སྒྲིབ་པ་མེད་པར་གྱུར་པ་གང་ཞིག་ས་བཅུར་གསུངས་པ་ནི། བ་སྤུ་དང་སྐྲ་རྣམ་པར་དག་པ་ནི་ས་དང་པོ་རབ་ཏུ་དགའ་བའོ། །དེ་བཞིན་པགས་པ་དང་ཤ་ནི་ས་གཉིས་པ་དྲི་མ་མེད་པ་ཁྲག་རྣམ་པ་གཉིས་ནི་གསུམ་པ་འོད་བྱེད་པ། རོ་དང་ཆུ་ནི་བཞི་པ་འོད་འཕྲོ་བ། རུས་པ་དང་རྐང་ནི་ལྔ་པ་སྦྱང་དཀའ་བ། རྩ་དང་སྲོག་ནི་དྲུག་པ་མངོན་དུ་གྱུར་པ། དུས་མེ་དང་ཆགས་པའི་ཁམས་བཞི་པའི་གནས་སྐབས་དག་པ་བདུན་པ་རིང་དུ་སོང་བ། སྒྲ་གཅན་ནི་ས་བརྒྱད་པ་མི་གཡོ་བ། ཉི་མ་ནི་དགུ་པ་ལེགས་པའི་བློ་གྲོས། ཟླ་བ་ནི་བཅུ་པ་ཆོས་ཀྱི་སྤྲིན་ཏེ། ཕྱི་མ་བཞི་པོ་འདི་རིམ་བཞིན་ཆགས་པ་བཞི་པའི་གནས་སྐབས་དང་། མུན་པ་སེམས། རྡུལ་ངག །སྙིང་སྟོབས་ལུས་ཀྱི་ཆོས་ཀྱི་ཀུན་རྫོབ་འཛག་བཅས་གཡོ་བའི་ཆོས་སོ། །དེ་ལྟར་སྤུ་སོགས་ནས་ཟླ་བའི་མཐའི་བར་གྱི་ལུས་ལ་གནས་པའི་ཁམས་བཅུ་པོ་འདི་དག་སྒྲིབ་པ་མེད་པར་གྱུར་པས་ས་བཅུ་པོ་དེ་དག་གོ། གང་ཞིག་ས་བཅུར་གསུངས་པ་དེ་རྣམས་ཀ་ཙ་ཊ་པ་ཏ་སའི་སྡེ་པ་དྲུག་དང་། ལ་སོགས་ཞེས་པ་ལ་ཝ་ར་ཡ་ཧ་ཞེས་དང་དབྱངས་གཞན་རྣམས་ནི་ཨལ་ཨོ་ཨར་ཨེ་ཨ་ཞེས་དང་། ལྀ་ཨུ་རྀ་ཨི་ཨ་ཞེས་དང་། ཧཿཨཾ་ཞེས་པ་རྣམ་གྲངས་བཞིན་དུ་ཀ་སྡེས་དང་པོ། ཙ་སྡེ་གཉིས་པ་སོགས་ནས། ས་སྡེས་དྲུག་པ། ལ་ཡིག་སོགས་བདུན་པ། ཨལ་སོགས་བརྒྱད་པ། ལྀ་སོགས་དགུ་པ། ཧཿཨཾ་ས་བཅུ་པའི་ཡི་གེ་སྟེ་ཐབས་ཀྱི་ཆ་ཡི་ཡི་གེའོ། །དེ་བཞིན་དུ་

p. 631

དབྱངས་གསལ་གྱི་ཡི་གེ་དེ་རྣམས་ལུགས་ལས་བཟློག་པ་ང་ཉ་ཎ་མ་ན་ཞེས་སོགས་དང་། དབྱངས་གསལ་རྣམས་རིང་པོར་བྱས་པ་ནི་དུས་སྦྱོར་བཅུ་གཉིས་ཀྱི་རླུང་འགགས་པའི་ས་བཅུའི་ཤེས་རབ་ཀྱི་ཆ་ཡིས་ཕྱེ་བའི་ཡི་གེ་རྣམས་སོ། །དེ་ལྟར་རང་གི་ལུས་ལ་གནས་པའི་ས་བཅུ་པོ་ཡི་གདན་ནམ་གཞི་ཁམས་དེ་དག་དུས་ཀུན་ཏུ་སྒྲིབ་བྲལ་དུ་འགོགས་པ་ལས་རྣལ་འབྱོར་རྣམས་ལ་བདེ་མཉམ་གྱི་འབྲས་བུ་སྟེར་བར་འགྱུར་ཏེ། དེ་ཕྱིར་བླ་མའི་ཞབས་ཞེས་པ་ཨ་བ་དྷཱུ་ཏིའི་ཞབས་ལ་གནས་པའི་ཁམས་དང་རླུང་གི་འཕོ་བ་འགོག་པའི་རྣལ་འབྱོ༷ར་པ་རྣམས་ཀྱིས་ནི་ཐར་པའི་སླད་དུ་བཙལ་བར་བྱ་ཞེས་འགྱུར་མེད་བདེ་བ་བསྒྲུབ་པའི་ཐབས་སུའོ། །དེས་ན་སྔགས་ཐབས་ཀྱི་ལམ་ཟབ་མོ་རྣམས་ལྟར་ན་རང་གི་ལུས་ལ་ཐབས་ཀྱིས་གནད་དུ་བསྣུན་པ་འདི་ལས་དེར་མ་གཏོགས་པ་གང་ཞིག་སྒྲིབ་བྲལ་གྱི་ཆོས་ཀུན་ལ་ཁྱབ་བྱེད་གཏན་གྱི་ཐར་པ་སྟེར་བའི་སངས་རྒྱས་གཞན་ནི་འཇིག་རྟེན་འདི་ན་འགའ་ཡང་ཡོད་པ་མིན་ཏེ་རྡོ་རྗེ་ལུས་ཀྱི་གནད་ལ་བརྟེན་ནས་རླུང་ཁམས་འཆིང་ཞིང་འཕོ་མེད་ཀྱི་བདེ་བ་གྲུབ་ན་གང་ཟག་དེ་ཉིད་སངས་རྒྱས་སུ་འགྱུར་ལ། དེ་ལྟར་ལུས་ཀྱི་ཁམས་སྒྲིབ་བྲལ་དུ་མ་གྱུར་ན་སངས་རྒྱས་སུ་སུས་ཀྱང་བྱ་མི་ནུས་སོ། །ཚིགས་བཅད་རེ་ལྔ་པའི་རྗེས་ཐོག་འདི་ནས། བདུན་ཅུ་རྩ་བཞིའི་མཐར་ཐུག་པའི་བར་གྱི་ཚིགས་བཅད་དགུ་ནི་གོ་སླ་བས་འགྲེལ་བས་མ་བཤད་པའི་དོན་མདོར་བསྡུས་སུ་བརྗོད་པ། བརྒྱད་པ་བྱང་ཆུབ་ཀྱི་སེམས་བསྟེན་པའི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་ནི༑ སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་ཞེས་སོགས་ཚིགས་བཅད་རེ་དྲུག་པ་ནས། གྱ་བརྒྱད་པའི་བར་ཀྱིས་བསྟན་ཏེ་བླ་མ་ཁ་ཅིག་རྒྱལ་བའི་ལྷན་སྐྱེས་བདེ་བ་སོགས་ཚིགས་བཅད་དོན་གསུམ་པ་ནས་གྱ་བརྒྱད་པའི་བར་ལ་བྱང་ཆུབ་སེམས་བསྟེན་པའི་གནས་པར་འཆད་པ་ཡང་ཡོད་དོ། །འདི་ལྟར་སེམས་ཅན་རྣམས་ནི་

p. 632

སངས་རྒྱས་ཡིན་ཏེ་རྒྱུ་མཚན་ཅིའི་ཕྱིར་ན་དེ་དག་གི་ཕུང་ཁམས་རྣམས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཀྱང་གློ་བུར་དྲི་མས་བསྒྲིབ་ནས་རང་ལ་མངོན་དུ་མ་གྱུར་པའི་སེམས་ཅན་འདི་རྣམས་ཀྱང་གློ་བུར་བའི་སྒྲིབ་པ་འབྲལ་རུང་ཡིན་པས་ནམ་ཞིག་དེ་དང་བྲལ་བ་ན་སངས་རྒྱས་དངོས་སུ་འགྱུར་བས་མ་འོངས་པ་ན་སངས་རྒྱས་སུ་འགྱུར་བ་ཤ་སྟག་སྟེ། སེམས་ཅན་དེ་རྣམས་ལས་སངས་རྒྱས་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཀྱེ་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་དང་། སམྦུ་ཊར། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབ་པ་རྣམས། །ལུས་ལས་སངས་རྒྱས་གཞན་དུ་འདོད། །ཅེས་གསུངས་སོ། །དེའི་ཕྱིར་སེམས་ཅན་གྱི་སེམས་ཉིད་རང་བཞིན་འོད་གསལ་བའི་དོན་མངོན་དུ་གྱུར་ཏེ་སྒྲིབ་པ་མཐའ་དག་དང་བྲལ་བ་ལ་སངས་རྒྱས་ཞེས་བརྗོད་པ་མ་གཏོགས་པར་སངས་རྒྱས་ཆེན་པོ་གཞན་ནི་ཤེས་བྱ་འདིར་འཇིག་རྟེན་ཁམས་ན་ཡོད་པ་མ་ཡིན་ཏེ་སེམས་ཀྱིས་སེམས་སྒྲིབ་པ་དང་བྲལ་བར་བྱེད་པ་ལ་མི་ལྟོས་པར་སེམས་མེད་པ་ལ་ནི་ནམ་ཡང་སངས་རྒྱས་སུ་འགྱུར་བ་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་སངས་རྒྱས་ཀྱི་ཁམས་ཀྱི་རང་བཞིན་ཅན་དུ་གྱུར་པའི་སེམས་ཅན་གང་ཞིག་རྒྱུའི་སངས་རྒྱས་དེ་རྣམས་མཉེས་པར་བྱས་པས་མཐའ་དཔག་ཏུ་མེད་པའི་སྡུག་བསྔལ་ལ་འཕྱན་པའི་འཁོར་བའི་སྲིད་པ་གཅོད་པར་བྱེད་དེ། ཚུལ་ཇི་ལྟ་བུས་མཉེས་པར་བྱ་ན་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་དོན་ལ་བློ་བཞག་སྟེ་འཁོར་འདས་ལ་སྐྱོན་ཡོན་དུ་རྣམ་པར་མི་རྟོག་པ་བསྒོམ་པས་མཉམ་པ་ཉིད་དུ་རྟོགས་པའི་ཚུལ་གྱིས་སེམས་ཅན་རྣམས་སངས་རྒྱས་ཀྱི་ཞིང་དུ་ལྟ་བར་བྱས་པ་ལས་སོ། །དེ་ལྟར་མི་བྱེད་པར་རྣལ་འབྱོ༷ར་པ་ནི་གཉིས་འཛིན་གྱི་རྟོག་བསྒོམ་དང་ཐ་མལ་འཛག་བདེ་ལ་ཆགས་ཤིང་ཆོས་

p. 633

ཉིད་ཀྱི་དོན་ལ་མི་གནས་པ་གང་དག་སེམས་ཅན་གཞན་ལ་བརྙས་ཤིང་འཁུ་བར་བྱེད་ན་དམྱལ་བ་ངུ་འབོད་ལ་སོགས་ཁབ་རྩེའི་དམྱལ་བ་ཆེན་པོའི་མཐའ་ལ་ཐུག་པ་རུ་བརྒྱུད་ཅིང་འགྲོ་བར་འགྱུར་རོ། །དེ་ཕྱིར་རང་གི་སེམས་ནི་སྒྲིབ་པ་ཅི་རིགས་དག་པ་ཡི་ཡོན་ཏན་ཐོབ་པ་ན་ཡང་། གཞན་མཁས་པ་དང་མི་མཁས་པའི་སྐྱེ་བོ་རྣམས་ལ་འདི་ནི་དག་པ་འདི་ནི་མ་དག་པའམ་སྙམ་དུ་དེ་ཡི་སེམས་དང་འགལ་བ་ཡི་ལས་སྤྱད་པར་མི་བྱའོ། །འདི་ལྟར་སེམས་ཅན་དག་དང་འགྲོགས་པ་ཐོབ་ནས་རྒྱུ་དེ་ལས་ཀྱེ་མི་ཡི་བདག་པོ་དག་པའི་བྱམས་པ་དང་སྙིང་རྗེ་ལ་སོགས་པ་དུས་ཀུན་དུ་ནི་དགེ་བའི་སེམས་སུ་འགྱུར་ཏེ་སེམས་ཅན་མེད་ན་བྱམས་སོགས་ཀྱི་ཡུལ་མེད་པས་དགེ་སེམས་དེ་དག་སྐྱེ་བར་མི་རིགས་སོ། །མི་དགེའི་ལས་ཀྱི་ཡོན་ཏན་དང་ལྡན་པའི་འཁོར་བ་པ་ནི་གནས་འགྲོ་བ་དྲུག་པོ་དག་ཏུ་སྐྱེས་པ་རྣམས་ཀྱིས་ནི་སེམས་ཅན་གཞན་ལ་ཞེ་སྡང་དང་ཆགས་པ་དང་ཕྲག་དོག་སོགས་ཀྱི་སེམས་སུ་འགྱུར་ཞིང་། དམ་པའི་སྐྱེས་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་དུས་ཀུན་ཏུ་ནི་སེམས་ཅན་གཞན་གྱི་དོན་དུ་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡོངས་སུ་འཛིན་ལ། བྱང་ཆུབ་ཀྱི་སེམས་དག་ཀྱང་འགྲོ་བ་ལྟ་བུ་འཇུག་པའི་སེམས་དང་ནི་འགྲོ་བར་འདོད་པ་ལྟ་བུ་སྨོན་པའི་སེམས་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལྟར་བྱ་བའི་སྒོ་ནས་ཐར་པར་འཇུག་པས་དམན་ཞིང་ཐར་པ་མཆོག་སངས་རྒྱས་ཀྱི་གོ་འཕང་ལ་སྨོན་པ་རྣམ་པར་སྤངས་ཏེ་སྨོན་འཇུག་གི་སེམས་མི་བསྐྱེད་པ་དག་ནི་ཐམས་ཅད་དུས་སུ་བདུད་ཀྱི་སེམས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ལམ་ལ་མི་འཇུག་པས་སོ། །འདོད་ཁམས་སོགས་སྲིད་པ་གསུམ་གྱི་གནས་སུ་བདུད་ཀྱི་སེམས་ཀྱི་དབང་ལས་གྱུར་པའི་ནག་པོའི་རྩ་ལག་བདུད་ཀྱི་སྡེ་རྣམས་ནི་སེམས་ཅན་རྣམས་ལ་ཞི་བ་དང་ཕན་པ་མིན་པ་གནོད་པའི་ལས་བྱེད་པ་དང་ནི། ཐར་པའི་སེམས་སམ་བྱང་ཆུབ་ཀྱི་སེམས་ཀྱི་དབང་ལས་བྱུང་བའི་བྱང་ཆུབ་

p. 634

སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཞི་བ་དང་ཕན་པ་བྱེད་པ་ཡིན་ནོ། །འདི་ལྟར་ནག་པོའི་ཕྱོགས་སུ་གྱུར་པའི་བདུད་ཀྱི་དབང་པོ་རྣམས་ནི་སྒྲིབ་པ་དང་བཅས་པའི་ཕྱིར་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་གྱིས་དམན་ཞིང་ཐར་པའི་ལམ་ལ་འཇུག་པ་སོགས་སེམས་ཅན་རྣམས་ལ་མཆོག་ཏུ་འཇིགས་པ་སྐྱེད་པར་བྱེད་པ་ཡིན་ཏེ། སྟོན་པ་སངས་རྒྱས་གཅིག་པུ་ནི་སྒྲིབ་པ་མཐའ་དག་སྤངས་པའི་ཕྱིར་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་མཆོག་དང་ལྡན་པ་ཡིན་ནོ། །དེ་བཞིན་བདུད་རྣམས་ཀྱི་ནི་བདུད་ཀྱི་སེམས་དང་ལྡན་པའི་དབང་གིས་སེམས་ཅན་རྣམས་ལ་མི་དགེ་བའི་ཕྱོགས་ཀྱི་བདུད་ཀྱི་བློ་སྣ་ཚོགས་པས་བདུད་ཀྱི་ལས་འབྱུང་བར་བྱེད་པ་དང་། འགྲོ་ཀུན་སྐྱོབས་པ་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ནི། འདི་ཕྱིར་བདེ་བའི་རྒྱུ་བྱེད་པའི་བློ་གྲོས་དགེ་བའི་བསམ་པ་སེམས་ཅན་གཞན་གྱི་སྙིང་ལ་འཇུག་པར་བྱེད་དོ། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་ནི་མཐའ་ཡས་པའི་སྲིད་པ་གསུམ་པོ་མཐའ་དག་གི་ཁམས་སུ་བསྐལ་པ་ཕྱི་མའི་མུ་མཐའ་ཡས་པའི་དུས་སུ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བླ་ན་མེད་པའི་མཛད་པའི་ཕྲིན་ལས་རླབས་པོ་ཆེ་འཇུག་པར་འགྱུར་རོ། །དེ་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འགྱུར་མེད་བདེ་བ་ཆེན་པོ་བསྒྲུབ་པའི་རྟེན་དུ་གྱུར་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུན་དེ་ལྟ་བུ་བསྟེན་ཅིང་བསྙེན་པ་གསུངས་པ་ལ། གང་འདིར་འཇིག་རྟེན་ཁམས་ཀྱི་ཚད་དང་ས་སོགས་ཀྱི་རྡུལ་ཕྲན་གྱི་གྲངས་དང་ལུས་ཀྱི་སྲིན་བུའི་གྲངས་སོགས་ཤེས་པ་ཙམ་ནི་ཡེ་ཤེས་བླ་ན་མེད་པ་མིན་ཅིང་། ཐར་པ་མཆོག་གི་ལམ་མཁྱེན་པ་དེ་ནི་ཡེ་ཤེས་བླ་མེད་ཡིན་ཏེ། ཚད་མ་རྣམ་འགྲེལ་ལས། འདི་ཡི་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགའ་ཡང་ཉེར་མཁོ་མེད། །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིགས་མཛད་མ་ཡིན་ནོ། །ཞེས་གསུངས་པ་ལྟར། གཙོ་བོར་བླ་མེད་

p. 635

བྱང་ཆུབ་ཐོབ་བྱེད་འགྱུར་བ་དང་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་ལམ་གདུལ་བྱ་རྣམས་ལ་རྒྱུད་འདིར་བསྟན་ཅིང་། དེའི་ཡན་ལག་ཏུ་ནང་དང་ཕྱིའི་ལེའུ་གསུངས་ལ། ཕྱི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་བཞག་སྟོན་པའི་སྐབས་འདིར་ཡང་རྒྱལ་བ་རྣམས་ཀྱིས་ཕྱི་རོལ་གྱི་འཇིག་རྟེན་གྱི་ཁམས་ལ་ཚད་ཆོས་མངོན་པ་དང་དུས་འཁོར་གྱི་རྒྱུད་འདི་སོགས་སུ་མི་མཐུན་པར་གསུངས་པ་གང་ཡིན་པ་དེ་ཡང་གདུལ་བྱའི་མི་རྣམས་ཀྱི་བསམ་ངོ་དང་མཐུན་པར་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་གསུངས་པ་ཡིན་གྱི། མི་འགྱུར་བའི་ཡེ་ཤེས་ཉིད་ཀྱི་སྤྱོད་ཡུལ་ངེས་དོན་གྱི་དབང་དུ་བྱས་ནས་ཚད་ངེས་ཅན་དུ་གྲུབ་པར་གསུངས་པ་མ་ཡིན་ཏེ་གཉིས་སྣང་གི་སྤྱོད་ཡུལ་ཀུན་རྫོབ་པའི་ཆོས་རྣམས་ལ་ཇི་ལྟར་སྣང་བ་དེ་ལྟར་ཐ་སྙད་བྱེད་པ་ཙམ་ལས་དོན་དམ་པར་དཔྱད་མི་བཟོད་པའི་ཕྱིར་རོ། །དེས་ན་སེམས་ཅན་རྣམས་ཀྱི་ལུས་སེམས་ཚོགས་པའི་སྐབས་སུ་ནང་གི་རླུང་སེམས་ཀྱི་ཆོ་འཕྲུལ་ལས་རྡུལ་གཅིག་གི་ཁྱོན་ལའང་ཞིང་དུ་མར་སྣང་བ་དང་། ཞིང་ཐ་གྲུ་ཡངས་པའང་རྡུལ་གཅིག་གི་རྣམ་པར་སྣང་བ་མི་ཁེགས་པས་དུས་འཁོར་གྱི་རྒྱུད་འདིར་མི་རྣམས་ཀྱི་ལུས་ཁྲུ་བཞི་དང་བསྟུན་ནས་འཇིག་རྟེན་གྱི་ཚད་གསུངས་པ་དེ་ཡང་ཀུན་རྫོབ་དུ་མི་བདེན་པ་ཅུང་ཟད་མེད་དོ། །འོ་ན་སངས་རྒྱས་རང་གིས་གཟིགས་པའི་དབང་དུ་བྱས་ན་འཇིག་རྟེན་གྱི་ཚད་ཇི་ལྟ་བུ་ཡིན་ཞེ་ན། སངས་རྒྱས་རྣམས་ལ་ཆོས་ཐམས་ཅད་ལྷན་སྐྱེས་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་ལུས་སམ་སྐུ་ཉིད་ཀྱི་རང་བཞིན་དུ་རྟོགས་པའི་དབང་གིས་ཁྲུ་ནི་གཅིག་དང་དུ་མ་དག་གི་ཚད་ཅན་དུ་ངེས་པ་མེད་དེ། འོན་ཀྱང་ལས་ཀྱི་སར་ནི་སྐྱེས་ཤིང་སྔགས་ཀྱི་གདུལ་བྱར་གྱུར་པའི་སྲོ༷ག་ཆགས་རྣམས་ལ་སེམས་ཅན་རང་རང་གི་བསམ་པ་དང་རྗེས་སུ་མཐུན་པར་དཔག་ཚད་ལ་སོགས་པའི་ཚད་དག་རྟག་ཏུ་རབ་ཏུ་གདུལ་བྱ་ལ་གསལ་བར་བྱེད་པ་ཡིན་ནོ། །གལ་ཏེ་འཇིག་རྟེན་གྱི་ཚད་འདི་

p. 636

བདག་གི་འདོད་པ་སྟེ་སངས་རྒྱས་ཉིད་ཀྱི་གཟིགས་པའམ་བཞེད་པ་མི་རྟོག་ཡེ་ཤེས་ཀྱི་སྤྱོད་ཡུལ་ལྟར་ཅི་ཡང་མ་གྲུབ་པར་བརྗོད་ན་ཕྱི་དོན་ལ་ཞེན་པའི་ལྷ་རྣམས་ཀྱིས་སངས་རྒྱས་འདི་ནི་མེད་པ་པ་ཆད་པར་སྨྲ་བ་ཞེས་བརྗོད་པར་འགྱུར་ཏེ། མི་རྟོག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གཉིས་ཆོས་ཀྱི་དམིགས་པ་གང་ཡང་མེད་པའི་ཕྱིར་རོ། །རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་དང་གཉིས་སུ་མེད་པར་གྱུར་པའི་དབང་གིས་འགྱུར་མེད་བདེ་བ་གང་གིས་རྒྱལ་བའི་དབང་པོ་བསྐྱེད་ཅིང་ལོ་གསུམ་ཕྱོགས་གསུམ་སོགས་ཉིན་ཞག་སོ་སོའི་དབང་ལས་མཆོག་ཏུ་འགྱུར་མེད་བདེ་བའི་སྐད་ཅིག་ཡོངས་སུ་རྫོགས་པ་གང་གིས་འཕོ་བའི་བག་ཆགས་བཅོམས་པས་སྲིད་པ་གསུམ་གྱི་མངལ་ནས་ངེས་པར་འབྱུང་སྟེ་སླན་ཆད་སྲིད་པར་ནམ་ཡང་མི་སྐྱེ་བའི་སངས་རྒྱས་ཉིད་འགྲུབ་པར་བྱེད་པ་དང་། དེ་ལྟར་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་གང་གིས་འགྱུར་བ་ཡི་བདེ་བ་དག་དང་རྣམ་པར་བྲལ་བ་གྲུབ་ཅིང་ང་སེམས་རབ་ཏུ་གཡོ་བ་རྣམས་སླན་ཆད་ནམ་ཡང་གཡོ་བ་མེད་པ་འགྱུར་པ། སངས་རྒྱས་བསྒྲུབ་པའི་ཐབས་སམ་བྱ་བ་ཁྱད་པར་ཅན་དེ་སྤངས་ནས་ནི། བདེ་མཉམ་འཕོ་མེད་དང་བྲལ་བ་དགག་བྱ་བཅད་ཙམ་གྱིས་ཆད་པའི་སྟོང་པ་གཞན་དག་གང་ཞིག་སྒོམ་པར་བྱེད་པ་དེ་ཡི་ནི་བསྐལ་པ་བྱེ་བ་དུ་མ་རྣམས་ཀྱིས་འབྲས་བུ་སངས་རྒྱས་ཉིད་དང་དེའི་རྒྱུ་ལམ་གྱི་སྐབས་ཀྱི་ལྷན་སྐྱེས་བདེ་བ་དག་ཀྱང་རིང་དུ་འགྱུར་ཏེ་ཐབས་མིན་པ་བསྒོམས་པའི་ཕྱིར་རོ། །དཔེར་ན་རོ་ཁ་བ་ནིམ་པའི་ཤིང་ལས་འབྲས་བུ་མངར་བའི་རྒུན་འབྲུམ་འབྱུང་བ་མིན་ཏེ་དེ་བཞིན་དུག་ལས་བདུད་རྩི་དང་ནི་ཚངས་པའི་ཤིང་རྒྱ་སྐྱེགས་ལས་འདམ་སྐྱེས་པདྨ་དང་དངོས་མེད་ཆད་པའི་སྟོང་པ་ལས་ནི་མི་གནས་པའི་མྱང་འདས་ཀྱི་བདེ་བ་དང་། མི་དགེའི་ལས་ཀྱི་དབང་ལས་དགེ་བའམ་བདེ་འབྲས་དང་། སྲོ༷ག་ཆགས་གསོད་པ་ལས་གྲུབ་པ་བརྒྱད་སོགས་ཐོབ་པ་རྣམས་དང་། མཆོད་སྦྱིན་དག་གི་དོན་དུ་བསད་པ་ལས་ཕྱུགས་

p. 637

རྣམས་མཐོ་རིས་སུ་འགྲོ་བ་དང་། མཆོག་ཏུ་ཞི་བའི་གོ་འཕང་ཐོབ་པ་ཡང་དབང་པོ་རྣམས་ནི་ཡུལ་ལ་འཇུག་པ་འགོག་ཅིང་ཅི་ཡང་མི་བསམ་པར་གཉིད་འཐུག་གི་སྐབས་ལྟར་སེམས་མེད་པར་སོང་བ་ལས་མིན་ནོ། །དེ་བཞིན་དུ་རིག་བྱེད་ལས་ནི་རྣམ་ཀུན་མཁྱེན་པ་སངས་རྒྱས་ཀྱི་གསུངས་བདེན་པ་གཉིས་སྟོན་པའི་ཚད་མ་དང་། འགྱུར་མེད་ཀྱི་བདེ་བ་གཡོ་བ་མེད་པ་ནི་འགྱུར་བ་མ་དག་པའི་སེམས་ལས་འབྱུང་བ་མིན་ཏེ་དེ་དག་ཕན་ཚུན་མི་མཐུན་པས་རྒྱུ་དང་འབྲས་བུ་ཉིད་དུ་མི་འགྱུར་རོ། །འདི་ལྟར་སེམས་ཅན་རྣམས་ཀྱི་སྡིག་པའི་སེམས་རྣམས་འབྱུང་བ་ནི་ཀྱེ་མི་ཡི་བདག་པོ་བདུད་ཀྱི་ཚོགས་ཀྱི་བྱིན་གྱིས་བརླབས་པར་འགྱུར་ལ། སེམས་ཅན་རྣམས་ལ་བསོད་ནམས་དང་ཡེ་ཤེས་ཀྱི་གནས་ལ་དགའ་ཞིང་ཕྱག་རྒྱ་ཆེན་མོ་ལ་རྗེས་སུ་ཆགས་པའི་སེམས་གང་ཞིག་བླ་ན་མེད་པའི་བདེ་བ་སྟེར་བ་དག་ཀྱང་རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའོ། །དེ་ལྟར་ཚོགས་གཉིས་ཀྱི་རྒྱུ་ལས་གང་ཕྱིར་འགྱུར་མེད་བདེ་བའི་དམ་ཚིག་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་མི་འཕོ་བར་བརྟན་པའི་དབང་གིས་བདུད་བཞི་དང་ཆགས་སོགས་ཉོན་མོངས་པ་བཅོམ་ནས་རབ་ཏུ་མི་གནས་པའི་མྱ་ངན་འདས་པར་འགྲོ་བར་བྱེད་པ་དེ་ཡི་ཕྱིར་ན་ནག་པོའི་ཕྱོགས་ཀྱི་བདུད་རྣམས་ཉི་མ་སོ་སོའི་དུས་སུ་རྣལ་འབྱོར་པ་དམ་ཚིག་བརྟེན་པ་དེ་དག་རྣམས་ལ་རྣམ་པ་དུ་མ་ཡིས་ནི་ལམ་ལ་བར་དུ་གཅོད་པའི་བགེགས་རྣམས་བྱེད་པ་ཡིན་པས་རྣལ་འབྱོར་མ་རྣམས་ཀྱི་ཞབས་དྲན་པ་སོགས་ཀྱིས་བསྲུང་བར་བྱའོ། །བདེ་བ་ཆེན་པོ་བསྟེན་པའི་རྒྱུ་ལས་མི་གནས་པའི་མྱང་འདས་སུ་འགྲོ་བ་དེས་ན། རྒྱལ་བའི་ལྷན་སྐྱེས་འགྱུར་མེད་ཀྱི་བདེ་བ་འདི་ནི་འཕེལ་བའི་དོན་གྱི་སླད་དུ། རྗེས་དྲན་གྱི་སྐབས་སུ་དང་པོར་སྐྲ་དང་ནུ་མར་ལྡན་པའི་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱའོ། །དེ་ནས་ཡིད་ལས་བྱུང་བའི་ལྷ་མོ་ཡེ་ཤེས་ཀྱི་

p. 638

ཕྱག་རྒྱ་སྣ་ཚོགས་ཡུམ་གཟི་བརྗིད་དང་ལྡན་པའི་ཉི་མའི་གཟུགས་ལྟ་བུ་ནི་ལུས་དང་གདོང་དང་རྐང་པ་གཙུག་ཏོར་སོགས་ཡན་ལག་ཐམས་ཅད་རྫོགས་པ་བསྒོམ་པས་བསྟེན་པར་བྱ་སྟེ། དེ་ནས་གློག་གི་དབྱུག་པའི་རྗེས་མཐུན་གཏུམ་མོའི་མེ་འབར་བ་ན་འཕོ་མེད་ཀྱི་བདེ་བ་སྐྱེད་པར་བྱེད་མ་སྟོང་པའི་གཟུགས་ཀྱི་མཚན་ཉིད་ཅན། ཕྱག་རྒྱ་ཆེན་མོ་ཡན་ལག་ཐམས་ཅད་རབ་ཏུ་རྫོགས་པ་དེ་ནི་དམ་ཚིག་གི་ཕྱག་རྒྱ་མངོན་དུ་བྱ་བའི་སླད་དུ་བསྟེན་པར་བྱའོ། །དེ་ལྟར་ནོར་བུར་ཐིག་ལེ་མི་འཕོ་བར་བརྟན་པ་དེ་ནས་དམ་ཚིག་གི་ཕྱག་རྒྱ་ནི། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་རྣམས་ཀྱི་ཐིག་ལེ་གཏན་དུ་མི་འཕོ་བར་འགོག་པའི་རང་བཞིན་གྱི་འབྲས་བུའི་དུས་ཀྱི་རྡོ་རྗེ་བཞི་རྣམས་ཀྱིས། སྒྲིབ་བྲལ་གྱི་ཁམས་གསུམ་ནམ་མཁའི་མཐར་ཐུག་པར་རབ་ཏུ་སྣང་བར་བྱེད་མ། སྒྲིབ་པ་མེད་པའི་སྲིད་པ་གསུམ་ལ་གནས་པའི་སྐུའམ་ལུས་ཅན་འགྱུར་མེད་བདེ་བ་དང་ཟུང་དུ་འཇུག་པ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་ནི་དམ་ཚིག་སྟེ་ནམ་ཡང་དེ་ལས་མི་འདའ་བའི་དམ་ཚིག་གི་ཕྱག་རྒྱ་འཇིག་འདྲལ་མེད་པར་དེ་ནས་འགྱུར་རོ། །དེ་ལྟར་འགྱུར་བ་མེད་པའི་བདེ་བའི་འབྲས་བུ་དངོས་སམ་བརྒྱུད་ནས་སྟེར་བ་ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་མོ་དང་དམ་ཚིག་གི་ཕྱག་རྒྱ་བཞི་པོ་འདི་རྣམས་སྐྱེ་བོའི་གྲོང་དང་སྐྱེ་བོ་མེད་པའི་འབྲོག་དགོན་པ་དང་རོ་དང་ལྡན་པའི་གནས་དུར་ཁྲོད་དང་། ཕྱག་དར་ཁྲོད་ལྟ་བུ་མི་གཙང་བ་དང་། གཙང་བའི་གནས་དང་མི་ཡི་ཁྱིམ་དང་ལྷ་ཡི་ཁང་པ་སོགས་གནས་དང་ཡུལ་ཐམས་ཅད་དུ་ནི་དུས་ཀུན་ཏུ་རང་གི་རྒྱུད་ཤིན་ཏུ་དགའ་བའི་འགྱུར་མེད་ཀྱི་དགའ་བ་ལ་གནས་པའི་སྒོ་ནས་འཇིག་རྟེན་པའི་ངང་ཚུལ་གྱི་ཀུན་སྤྱོད་ཀྱི་ལམ་ལས་རབ་ཏུ་གྲོལ་བས་རིགས་དང་རིགས་མིན་ཐམས་ཅད་ལ་མངོན་པར་ལོངས་སྤྱོད་ཅིང་། ལུས་ཀྱི་སྟོབས་དང་བདེ་བ་སྟེར་བའི་བཟའ་བ་དང་བཏུང་བ་ལ་སོགས་པ་བདེ་བའི་ལོངས་སྤྱོད་

p. 639

ཀུན་དང་ལྡན་པའི་སྒོ་ནས་རྣལ་འབྱོར་རྣམས་ཀྱིས་ཆུ་བོའི་རྒྱུན་དང་མར་མེའི་རྩེ་མོ་བཞིན་དུ་རྒྱུན་མ་ཆད་པར་ཟབ་ལམ་འདི་ཉིད་བསྒོམ་པར་བྱའོ། །དེ་ལྟར་རྟེན་ཕྱག་རྒྱ་རྣམས་བཤད་ནས་དེ་ལ་བརྟེན་ཏེ་བྱང་ཆུབ་ཀྱི་སེམས་མི་འཕོ་བར་བསྙེན་པ་ལས་མི་འཕོ་བའི་བདེ་བའི་སྐད་ཅིག་འབྱུང་བ་དང་འབྲས་བུ་ཐོབ་ཚུལ་གསུངས་པ། དང་པོར་སོར་སྡུད་དང་བསམ་གཏན་སྟོང་པའི་གཟུགས་མཐོང་ཞིང་བརྟན་པར་བྱས་ནས་སྲོག་རྩོལ་གྱིས་རླུང་བཅུ་དབུ་མར་གཞུག་པ་ན། སྲོག་ཐུར་སོགས་རླུང་བཅུ་པོ་ནི་དབུ་མའི་ནང་དུ་ཡང་དག་པར་ཕྲད་པ་རྣམས་ཀྱིས་ལྟེ་བ་ལས་གཏུམ་མོ་གློག་གི་མེ་འབར་བར་འགྱུར་ཞིང་། དེ་ཡི་འོད་ཟེར་གྱི་རྩེ་མོས་སྤྱི༷་བོའི་སྟེ་དཔྲལ་བ་ལ་གནས་པའི་ཟླ་བ་བྱང་ཆུབ་ཀྱི་སེམས་ཞུ་བར་བྱེད་དོ། །སྤྱི་བོ་དེ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གནས་སོ། །དེ་ལས་བྱང་སེམས་ཐིག་ལེ་གང་གང་ཞུ་བ་དཔྲལ་བ་འདི་ལས་མགྲིན་པ་དང་སྙིང་ག་ལ་སོན་ལྟེ་བ་དང་གསང་བ་དག་ལ་སོན་པ་ནི་སྲོག་རྩོལ་གྱི་སྟོབས་ཀྱིས་འགོག་པར་འགྱུར་ཏེ། གསང་བར་སྐུ་ཡི་ཐིག་ལེ་འགོག་ཅིང་དེ་བཞིན་དུ་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པ་ལ་འགོག་གོ། ཐིག་ལེ་འདི་ལས་ནི་གཡོ་བའི་ཁུ་བ་ཞེས་པ་གསང་བའི་གནས་སུ་བསྐ་བའི་ཐིག་ལེ་ལས་གཞན་ཤིན་ཏུ་སླ་བའི་ཁུ་བ་གང་ཞིག་རྡོ་རྗེ་ནོར་བུ་ལ་གནས་པ་དེ་ནི། རྒྱལ་མཚན་རྩེ་ལ་ཞེས་པ་རྟགས་ཀྱི་རྩེའམ་སྒོ་ལ་ཡང་དག་པར་འགོག་པ། གང་ཡིན་པ་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་སྐད་ཅིག་རྗེས་མཐུན་པ་ཡིན་ལ་དེ་ཡང་གལ་ཏེ་ཐིག་ལེའི་ཕྲེང་བའམ་རྒྱུན་ནོར་བུའི་རྩེ་ནས་ཕྱིར་འཕོ་བ་མེད་པས་བདེ་བ་སྟེར་ན་ཤེས་རབ་ཡེ་ཤེས་ཀྱི་སྐད་ཅིག་དངོས་ཞེས་བྱའོ། །མི་འཕོ་བར་འགོག་པ་དེའི་ཚེ་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་འཛག་བ དེ་མ་ཡིན་ཏེ་བཞི་པའི་ཤེས་རབ་ཞེས་གྲུབ་བོ། །ཐིག་ལེ་མི་འཕོ་བའི་རྒྱུ་ལས་བདེ་བ་བརྟན་པར་སྐྱེ་བ་དེ་ཡི་ཕྱིར་ན་གཡོ་

p. 640

བ་མེད་པའི་བདེ་བའི་སྐད་ཅིག་གང་ཡིན་པ་དེ་ལྷན་ཅིག་སྐྱེས་པ་ཡི་ཡེ་ཤེས་འདི་ནི་ཕྱག་རྒྱ་མ་དང་སྦྱོར་བའི་རེག་བདེ་ཙམ་གྱིས་སྟེར་བ་ནམ་ཡང་མིན་ཏེ་ཁམས་བརྟན་པའི་ལྷན་ཅིག་བྱེད་རྐྱེན་བྱས་ནས་བདེ་བ་འགྱུར་མེད་ཀྱི་ངོ་བོ་རང་སེམས་འོད་གསལ་ནམ་མཁའ་དང་མཉམ་པ་གང་ཞིག་འདིར་ནི་གནས་ལུགས་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱིས་སྟེར་བར་བྱེད་དོ། །དེའི་ཕྱིར་ལས་ཀྱི་ཕྱག་རྒྱའི་བདེ་བ་ནི་ཁམས་འཛག་པའི་བདེ་བ་ཙམ་མོ། །ཡེ་ཤེས་ཕྱག་རྒྱའི་བདེ་བ་ནི་ཁམས་གཡོ་བ་འགྱུར་བའི་བདེ་བའོ། །ཕྱག་རྒྱ་གཉིས་པོ་དེ་ནི་བདེ་བ་དེ་འདྲ་བའི་རྟེན་ནམ་ཐབས་སུ་གྱུར་པའོ། །དེ་གཉིས་རིམ་བཞིན་བྱིས་པ་དང་དར་ལ་བབ་པའི་གནས་སྐབས་ཞེས་བྱའོ། །ཇི་ལྟར་དངུལ་ཆུ་བཅིངས་པ་ལ་གནས་སྐབས་བཞི་སྟེ། དུ་བ་དང་ཙེག་ཙེག་གི་བར་སྐབས་བྱིས་པ་དང་། སྦལ་པ་མཆོང་བ་ལྟ་བུ་ལང་ཚོ་དང་འདར་བ་རྒན་པོ་དང་། འདར་བ་ཙམ་ཡང་མེད་པ་མི་གཡོ་བར་གྱུར་པ་བཅིངས་པ་གྲུབ་པའི་གནས་སྐབས་བཞི་ཡོད་པ་དེ་བཞིན་དུ་རྣལ་འབྱོར་པའི་ཁུ་བ་ཡང་བྱིས་པ་ལང་ཚོ་རྒན་པོ་འགོག་པ་སྟེ་གནས་སྐབས་བཞི་ནི་དཔྲལ་བ་ནས་མགྲིན་པར་འོངས་པ་བྱིས་པ། མགྲིན་པ་ནས་སྙིང་གར་འོངས་བ་དར་བབས། སྙིང་ག་ནས་ལྟེ་བར་འོངས་པ་རྒན་པོ། གསང་བར་འོངས་པ་མི་འཕོ་བར་འགོགས་པ་སྟེ། འཕོ་བའི་སྒྲིབ་པ་ཐམས་ཅད་ཟད་པ་ལས་སོ། །སྒྲིབ་པ་ནི་འཕོ་བའི་དྲི་མ་སྟེ་སྦྱང་བྱའོ། །ཕྱིར་འཕོ་བ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་གང་གི་ཚེ་ནོར་བུ་ནས་ཡར་དཔྲལ་བར་སྟེང་དུ་འགྲོ་བ་དེའི་ཚེ་བྱང་སེམས་སྤྱི་བོ་ནས་མར་ཇི་ལྟར་བྱོན་པ་དེ་བཞིན་དུ་རྒྱུ་མཐུན་སོགས་སྐད་ཅིག་བཞིའི་དབྱེ་བས་གསང་བ་ནས་དཔྲལ་བར་གཤེགས་པར་འགྱུར་རོ། །སྲོ༷ག་གིས་ཞེས་པ་སྲོག་དབུ་མར་འགོག་པའི་རླུང་གི་སྦྱོར་བས་རོ་ཡི་འགྲོ་བ་རྣམས་ཞེས་པས་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་འཁོར་ལོ་

p. 641

དྲུག་པོ་རྣམས་ལ་གནས་པ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐམས་ཅད་བཀུག་ཅིང་དབུ་མར་གཞུག་ནས་བརྟན་པར་བྱས་པས། གཡོན་རླུང་ཉོན་མོངས་པ་དང་གཡས་རླུང་བདུད་རྣམས་བཅོམ་པར་བྱས་ནས་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་དང་ཀུན་མཁྱེན་གྱི་ས་བཅུ་གཉིས་འཆད་འགྱུར་རྣམས་དང་སྲིད་པ་གསུམ་གྱི་བླ་མ་ཉིད་ནི། ཐམས་ཅད་མཁྱེན་པ་ཉིད་དག་པའི་སྐུ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤྲུལ་སྐུ་དང་། ལམ་མཁྱེན་པ་ཉིད་ལོངས་སྐུ་དང་། ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཆོས་སྐུ་སྟེ་སྐུ་བཞི་དང་ལྡན་པ་དེ་དག་ལ་སོགས་པ་ལམ་དང་འབྲས་བུའི་ཡོན་ཏན་ཚད་མེད་པའི་འབྱོར་བ་ནི། རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་སྐྱེ་བ་འདི་ལས་ཐོབ་པར་འགྱུར་ཏེ། གལ་ཏེ་ཡང་དག་པའི་ཡེ་ཤེས་ཀྱི་ལམ་ཉིད་དུ་རབ་ཏུ་ཞུགས་པ་གང་ཞིག་འགྱུར་མེད་བདེ་བའི་རྣལ་འབྱོར་མ་ཐོབ་པར་ཤི་བར་གྱུར་ན། དེ་ཚེ་ལམ་གོམས་པ་དེ་ཡི་བག་ཆགས་ཀྱི་འཛིན་པས་ཞེས་ལམ་ལ་ཞུགས་པའི་སྟོབས་ཀྱིས་སླར་ཡང་མི་ཡི་སྐྱེ་བ་གཞན་ལ་འབྲས་བུ་ཐམས་ཅད་ཐོབ་པར་འགྱུར་ཏེ། བརྩོན་འགྲུས་དང་མི་ལྡན་པར་གྱུར་ཅིང་ཡེ་ཤེས་ནན་ཏན་དུ་མ་བསྒོམ་ཀྱང་། དབང་ལེགས་པར་ནོས་ནས་དམ་ཚིག་མ་ཉམས་ཤིང་སྔགས་ཀྱི་ལམ་བསྐྱེད་རྫོགས་ལ་ཅི་རིགས་ཞུགས་པ་དེའི་མཐུས་སྐྱེ་བ་བདུན་གྱི་མཐར་ཐུག་པ་ལས་མི་འགྱང་པར་མཆོག་གི་དངོས་གྲུབ་ཐོབ་པ་ནི་ངེས་པའོ། །ད་ནི་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུའི་བསྙེན་པ་ལ་དབང་བསྐུར་བ་དང་སྲས་བསྐྲུན་པ་ཡི་དོན་དུ་ཕྱག་རྒྱའི་དབྱེ་བ་དང་ཕྱག་རྒྱ་ལ་དབང་བསྐུར་ནས་སྲས་བསྐྲུན་པའི་ཆོ་ག་དང་། རྒན་པོ་དང་དགེ་སློང་ལ་དབང་བསྐུར་བའི་དམིགས་བསམ་དོན་བསྡུས་བཅས་བཤད་པ་ལས་དང་པོ། འདིར་གཞོན་ནུ་མ་གང་ཞིག་ཁམས་འཛག་པའི་བདེ་བའི་ཡོན་ཏན་ཆོས་ཀྱི་ཁམས་མེད་ཅིང་ལུས་ཀྱི་དངོས་པོ་ཆུང་བ་ན་ཚོད་མ་རྫོགས་པ་འདོད་པའི་སྤྱོད་ཡུལ་དང་རྣམ་པར་བྲལ་བ་དེ་ནི་སྐུ་ཡི་ཕྱག་རྒྱ་ཡིན་ལ་

p. 642

དེ་ལ་དབྱེ་བ་རྣམ་པ་གཉིས་ཏེ་སོ་མ་བརྗེས་པ་ལོ་བརྒྱད་ཀྱི་བར་དུ་གཅིག་དང་། གཉིས་པ་ནི་སོ་བརྗེས་ནས་ལོ་བཅུའི་བར་ཏེ་དེ་གཉིས་སྐུའི་ཕྱག་རྒྱ་ཞེས་བྱ་སྟེ་སྐྱེ་གནས་ལ་རྡོ་རྗེས་མ་རྨས་པའི་ཕྱིར་སྐྱེ་གནས་མ་ཉམས་པའོ། །དེ་ཡི་མཚམས་ནས་ལོ་བཅུ་གཅིག་པ་ནས་བཅོ་ལྔའི་བར་དུ་ཆགས་པ་ལ་ཡིད་རྗེས་སུ་ཆགས་པའི་རང་བཞིན་གྱི་ཕྱག་རྒྱ་མའི་རིགས་གཅིག་དང་ནི། ལོ་བཅོ་ལྔ་མ་དེ་ནས་ལོ་ལྔའི་བར་ཏེ་ཉི་ཤུའི་བར་ནི་བདེ་བའི་ཡོན་ཏན་གཏེར་ཏེ་སྔ་མ་ལས་གསུང་གི་ཕྱག་རྒྱ་རིགས་གཞན་པ་གཉིས་པ་དག་ཀྱང་ཡིན་ཏེ་དེ་ལྟར་གསུང་གི་ཕྱག་རྒྱའི་རང་བཞིན་རྣམ་པ་གཉིས་སོ། །དེའི་རྗེས་སུ་ལོ་བཞི་བཅུའི་བར་དུ་སྟེ་ལོ་དྲུག་ཅུ་ལ་ཐུག་གི་བར་ནི་སྐྲ་གནག་པ་དང་ལྡན་པའི་དངོས་པོ་ལ་རྗེས་སུ་ཆགས་པ་ནི་ཐུགས་ཀྱི་ཕྱག་རྒྱ་གཅིག་གོ། དེའི་རྗེས་སུ་སླར་ཡང་ལོ་བཞི་བཅུའི་བར་གྱི་སྟེ་ལོ་བརྒྱའི་མཐར་ཐུག་པའི་བར་ནི་སྐྲ་དཀར་བ་དང་ལྡན་པའི་དངོས་པོ་ལ་རྗེས་སུ་ཆགས་པ་ནི་གཉིས་པའོ། །དེ་ལྟར་གཟུགས་སོགས་འདོད་པའི་ཡུལ་གྱི་ཡོན་ཏན་ལ་དགའ་བ་དེ་གཉིས་ནི་ཐུགས་ཀྱི་ཕྱག་རྒྱ་རྣམ་པ་གཉིས་སུ་འགྱུར་ཏེ། དེ་ལྟར་དང་པོ་ལོ་བརྒྱད་མ་དང་། དེ་སྟེང་ལོ་གཉིས་ཀྱི་བར་ཏེ་བཅུ་དང་། དེ་སྟེང་ལྔ་སྟེ་བཅོ་ལྔ་དང་། དེ་སྟེང་ལྔ་སྟེ་ཉི་ཤུ་དང་། དེ་སྟེང་གསལ་བར་མཁའ་དུས་ཏེ་བཞི་བཅུའི་བར་དུ་བརྩིས་པས་དྲུག་ཅུ་དང་ནི་དེ་སྟེང་སྟོང་པ་རིག་བྱེད་དེ་བཞི་བཅུའི་བར་དག་གི་ལོ་བརྩིས་པས་ལོ་བརྒྱའི་མཐར་ཐུག་པའི་རྒན་མོ་རྒས་ཤིང་སྐྲ་དཀར་བའི་ལོ་ཡི་བར་དུའོ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་མ་གསུམ་པོ་འདི་རྣམས་ཀྱི་ནང་ནས་སྐུའི་ཕྱག་རྒྱ་ནི་ཤིན་ཏུ་བུ་མོའོ། །ཐུགས་ཀྱི་ཕྱག་རྒྱ་ནི་ཤིན་ཏུ་ལང་ཚོ་སྟེ་ན་ཡོལ་བ་སྔ་མ་དང་ཕྱི་མ་རྒན་མོའོ། །དེ་ལྟར་ན་འདི་གསུམ་སྤངས་ནས་ལོ་བཅུ་གཅིག་མ་མཚན་ཉིད་ཐམས་ཅད་ཡང་དག་པར་རྫོགས་པ་ནི་རྒྱལ་པོའི་བླ་མའམ། རྒྱལ་པོ་ཉིད་དུ་དབང་བསྐུར་བའམ། ལོངས་སྤྱོད་དང་ལྡན་པའི་དབང་ཕྱུག་གིས་དབང་

p. 643

བསྐུར་བ་སྟོབས་འབྱོར་དང་ལྡན་པ་རྣམས་ཀྱིས་རིགས་ཀྱི་སྲས་བསྐྲུན་པའི་དོན་དུ་རིན་ཆེན་དབང་པོ་ཞེས་པ་རྡུལ་མི་འབྱུང་གི་བར་དུ་རྒྱལ་བ་མཆོག་གི་སྐྱེད་མ་དེ་རྣམས་ནི་གཞན་དོན་གྱི་སླད་དུ་རྣལ་འབྱོར་པ་ཡིས་གཞན་གྱིས་ལོངས་སྤྱད་དུ་མི་གཞུག་པར་བསྲུང་བར་བྱའོ། །རིན་ཆེན་དབང་པོ་རྡུལ་རབ་ཏུ་འབྱུང་བའི་དུས་སུ། མཐའ་དག་ཡོན་ཏན་གཏེར་གྱི་རང་བཞིན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས་པར་བྱས་ནས། དང་པོར་ཕྱག་རྒྱ་མ་དེ་ལ་རྒྱུད་སྦྱངས་ཤིང་བསླབ་བྱའི་གནས་རྣམས་ལེགས་པར་བསླབས་པ་བྱས་ནས། བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་པའི་སྲས་སྐྱེ་བའི་དོན་དུ་དཀྱིལ་འཁོར་དེར་ཕྱག་རྒྱ་དེ་ལ་རང་གིས་དབང་བསྐུར་ནས། སངས་རྒྱས་ཀྱི་བྱིན་གྱིས་བས་པའི་སྔགས་རྡོ་རྗེ་དྲུག་པོ་རྣམས་ཀྱིས་བྱིན་གྱིས་བརླབས་པ་དང་། རང་འཇམ་དཔལ་གྱི་ཏིང་ངེ་འཛིན་ལ་གནས་པས་ཤེས་རབ་དེ་ཡང་སྣ་ཚོགས་ཡུམ་གྱི་ངོ་བོར་རྫོགས་པར་བྱས་པ་ཉིད་ཀྱིས་ནི། ཐབས་ཤེས་གཉིས་ཀའི་རླུང་གཡས་ཀྱི་རྩ་ལ་སྲོག་རབ་ཏུ་འབབ་པའི་དུས་སུ་ཤེས་རབ་མ་དེའི་གསང་བའི་པདྨར་བདེ་མཉམ་བྱང་ཆུབ་ཀྱི་སེམས་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་སྔགས་ཨོཾ་ཨཱཿཧཱུྃ་ཧོ་དང་བཅས་པ་སྤྲོ༷་བར་བྱ་སྟེ། དེ་ནས་ཤེས་རབ་དེའི་གསང་བར་རིགས་དྲུག་གི་རྡོ་རྗེ་ཡི་སྔགས་དྲུག་དང་ཡན་ལག་དྲུག་གི་སྔགས་ཀྱིས་བསྲུང་བ་རབ་ཏུ་བྱས་ནས་རང་གི་རྡོ་རྗེ་ནོར་བུ་དག་ལ་ནང་དུ་གནས་པའི་བྱང་ཆུབ་སེམས་ཀྱི་ལྷག་མ་ཡོད་པ་རྣམས་ནི་ལག་པས་བཙིར་ཏེ་རང་གི་ཁར་མྱོང་བར་བྱ་ཞིང་རྣལ་འབྱོར་པས་ཕྱག་རྒྱ་དེ་ཡི་ཁར་ཡང་དམ་ཚིག་གི་རྫས་སུ་སྦྱིན་པར་བྱའོ། །དེའི་པདྨའི་ཕྱི་རོལ་དུ་བྱང་སེམས་ལྷུང་བ་རྣམས་མིང་མེད་དང་མཐེ་བོ་དག་གིས་བླངས་ནས་རང་གི་ཁར་མྱང་བར་བྱ་སྟེ། ཐིག་ལེ་ཐམས་ཅད་དོན་མེད་དུ་ཆུད་མི་ཟ་བའི་དམ་ཚིག་བསྲུང་བའི་དོན་དུའོ། །ཆོ་ག་འདིས་ཕྱག་རྒྱ་མོ་མངལ་བཟུང་བ་ན། ཐབས་ཀྱི་ཐིག་ལེ་ལྷག་པ་དེ་ལ་བརྟེན་ནས་གང་

p. 644

ཞིག་བུ་རུ་གྱུར་པ་རྒྱལ་བ་སྐྱེད་བྱེད་ཡབ་ཀྱི་རིགས་སུ་གྱུར་བའི་སྲས་པོ་དེ་ནི་འཇམ་པའི་རྡོ་རྗེ་ཡི་སྤྲུལ་པ་ཉིད་དོ། །ཤེས་རབ་ཀྱི་ཆ་རྡུལ་ལྷག་པ་ལས་ནི་འགའ་ཞིག་ཚེ་ན་བུ་མོར་འགྱུར་ཏེ་དེ་ནི་ངེས་པར་སངས་རྒྱས་ཀྱི་ཡུམ་སྣ་ཚོགས་ཡུམ་གྱིས་བྱིན་གྱིས་བརླབས་པ་ཉིད་དུ་འགྱུར་རོ། །འདིར་གལ་ཏེ་རྡུལ་དང་པོ་ལ་མངལ་བཟུང་བའམ་མ་སྐྱེས་ན་དེ་ནས་དེའི་ཚེ་ཡང་དང་ཡང་དུ་ཟླ་བ་སོ་སོར་རྡུལ་མཐོང་བ་སོ་སོ་ལ་དཀྱིལ་འཁོར་བཞེངས་ནས་ཏིང་ངེ་འཛིན་གཞན་དང་གཞན་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱའོ། །ཏིང་ངེ་འཛིན་གང་ཞེ་ན་རྡུལ་འབབ་ཐེབས་གཉིས་པ་ལ་སོགས་པ་གཞན་མ་མེ་ཏོག་གསུམ་གྱི་དུས་སུ་རིམ་པར་པདྨ་དཀར་པོ་འཛིན་པ་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་གྱིས་ཁམས་པདྨར་སྤྲོས་པ་ལས་མངལ་བཟུང་ན་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པར་འགྱུར་རོ། །དེའི་ཕྱག་རྒྱ་གོས་དཀར་མོ་ཉིད་དུ་བྱིན་བརླབ་བྱའོ། །ཆོ་ག་གཞན་ནི་སྔ་མ་བཞིན་ནོ། །དེའི་རྗེས་སུ་ཛམ་བྷ་ལ་དང་། དེའི་རྗེས་སུ་ཕྱག་ན་རྡོ་རྗེ་སྟེ་མེ་ཏོག་གམ་རྡུལ་འབབ་ཐེངས་གསུམ་པོ་དེ་ལའོ། །བུ་མོར་གྱུར་ན་རིམ་བཞིན་གོས་དཀར་མོ་དང་ནོར་རྒྱུན་མ་དང་སྒྲ་རྡོ་རྗེ་མས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་དེའི་རྗེས་སུ་མེ་ཏོག་བརྒྱད་ཀྱིས་ལྷ་གཞན་བརྒྱད་དེ་གང་ཞེ་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་རྫུ་འཕྲུལ་ཆེ་ལྡན་ཁྲོ་བོའི་རྒྱལ་པོ་རྣམས་ཞེས་པ་ཁྲོ་བོ་བཅུ་སྟེ་སྔར་རྡུལ་འབབ་པ་གསུམ་པར་ཛམ་བྷ་ལའི་བྱིན་གྱིས་བརླབས་པ་དེའི་གནས་སུ་ཡང་ན་ཁྲོ་བོ་གཙུག་ཏོར་དང་ཡུམ་ཤིན་ཏུ་སྔོན་པོའི་བྱིན་གྱིས་བརླབས་པས་དེའི་སྤྲུལ་པར་འགྱུར་རོ། །དེ་བཞིན་རྡུལ་བཞི་པར་ཕྱག་རྡོར་གྱི་གནས་སུ་གནོད་མཛེས་རྒྱལ་པོའམ་དྲག་སྤྱན་མར་འགྱུར་རོ། །དེ་ནས་རྡུལ་ལྔ་པ་ལས་བགེགས་མཐར་བྱེད་དང་བརྩོན་འགྲུས་མཐའ་ཡས་མའོ། །དྲུག་པ་ཤེས་རབ་མཐར་བྱེད་དང་རྨུགས་བྱེད་མའོ། །བདུན་པ་ལ་པདྨ་མཐར་བྱེད་དང་ང་རྒྱལ་མ་སྟེ་ཁེངས་བྱེད་མའོ། །བརྒྱད་པ་ལ་གཤིན་རྗེ་མཐར་

p. 645

བྱེད་དང་རེངས་བྱེད་མའོ། །དེ་རྣམས་ཕྱོགས་སུ་གནས་པའི་ཁྲོ་བོ་ཡབ་ཡུམ་མོ། །དགུ་པ་ལ་སྟོབས་པོ་ཆེ་དང་འོད་ཟེར་ཅན་མའོ། །བཅུ་པ་ལ་མི་གཡོ་བ་དང་ཙུན་དཱའོ། །བཅུ་གཅིག་པ་ལ་འདོད་རྒྱལ་དང་ཁྲོ་གཉེར་ཅན་ནོ། །བཅུ་གཉིས་པ་ལ་དབྱུག་སྔོན་དང་རྡོ་རྗེ་ལྕགས་སྒྲོག་མ་སྟེ་དེ་རྣམས་ཕྱོགས་བྲལ་དུའོ། །དེ་ལྟར་ཁྲོ་བོའི་ཏིང་ངེ་འཛིན་གྱིས་མངལ་བཟུང་བ་རྣམས་ཁྲོ་བོ་དང་ཁྲོ་མོ་དེ་དང་དེས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་སླར་ཡང་ལོ་གཉིས་པའི་ཟླ་མཚན་བཅུ་གསུམ་པ་ནི་དང་པོ་སྟེ་མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་སླར་ཡང་འཁོར་བ་བཞིན་ཡིན་པས་ལོ་དེའི་ཟླ་བ་དང་པོ་དེ་ལ་རྡུལ་གང་རབ་ཏུ་བྱུང་བ་དེ་ཡི་དུས་སུ་སྔར་ལྟར་འཇམ་དཔལ་གྱི་ཏིང་ངེ་འཛིན་གྱིས་བྱང་ཆུབ་སེམས་སྤྲོ་བར་བྱ་སྟེ། དེ་ལས་མངལ་ཆགས་ན་དེ་ནི་སླར་ཡང་འཇམ་དཔལ་དབྱངས་ཡབ་ཡུམ་གྱིས་རབ་ཏུ་སྐྱེད་པ་སྟེ་དེ་དག་གིས་བྱིན་གྱིས་བརླབ་པ་ཡིན་པ་སོགས་སྔ་མའི་གོ་རིམ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ལྟར་མངལ་འཛིན་པའི་ཆོ་ག་བྱས་པས། ཤེས་རབ་མ་དེ་ནི་ལོ་ནི་ཉི་ཤུ་དག་གི་བར་དུ་དུས་སོ་སོའི་རྡུལ་ལ་མངལ་ཆགས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་གཅིག་དང་གཉིས་དང་གསུམ་ལ་སོགས་པ་བྱུང་བ་རྣམས་ནི་ཡུམ་གྱི་སྙིང་སྟོབས་ཀྱི་ཡོན་ཏན་ལས་སྙིང་སྟོབས་ཀྱི་ཡོན་ཏན་ཆེན་པོ་ཅན་དུ་འགྱུར་བ་སྟེ། ཉི་ཤུ་ལོན་པ་དེ་ནས་བརྩིས་པའི་སྟོང་པ་དང་ནི་རིག་བྱེད་ཅེས་བཞི་བཅུའི་ལོ་ཡི་བར་ཏེ་ཕྱག་རྒྱ་མ་ལོ་དྲུག་ཅུ་ལོན་པའི་བར་དུ་མངལ་བཟུང་བ་ནི་ཡུམ་གྱི་རྡུལ་གྱི་ཡོན་ཏན་ཤས་ཆེ་བས་ཅུང་ཟད་སྙིང་སྟོབས་ཀྱི་ཆ་ཤས་དམན་པར་རབ་ཏུ་འགྱུར་རོ། །སླར་ཡང་སྔ་མའི་སྟེང་དུ་ལོ་ནི་ཉི་ཤུའི་བར་ཏེ་ཕྱག་རྒྱ་མོ་ལོ་བརྒྱད་ཅུ་ལོན་པའི་བར་དུ་སྲས་ཆགས་ན་ཡུམ་གྱི་མུན་པའི་ཡོན་ཏན་གྱི་གནས་སྐབས་ཡིན་པས་སྔ་མ་རྡུལ་གྱི་ཡོན་ཏན་གྱི་སྐབས་ཀྱི་མངལ་བཟུང་བ་དེ་བས་ཀྱང་ནི་སྙིང་སྟོབས་ཆུང་ཞིང་རིགས་ཀྱི་སྲས་བསྐྲུན་པ་ལ་བརྩོན་འགྲུས་ཆུང་བའོ། །དེ་

p. 646

ལྟར་ཡུམ་གྱི་ལོ་བརྒྱད་ཅུའི་བར་དུ་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་མངལ་བྱིན་གྱིས་བརླབས་པའོ། །བརྒྱད་ཅུ་དེ་ནས་སྐྱེ་གནས་ལ་ནི་རྡུལ་མེད་ཅིང་མངལ་གྱི་ཡུལ་ནི་རབ་ཏུ་བཅོམ་པ་མངལ་མི་ཆགས་པའོ། །ཞེས་ཚེ་ལོ་བརྒྱ་པའི་དབང་དུ་བྱས་པ་སྟེ། དེང་སང་བརྒྱད་ཅུའི་བར་དུ་མངལ་ཆགས་པ་མི་སྲིད་པས། ལོ་ཉི་ཤུ་དང་། བཞི་བཅུ་དང་། དྲུག་ཅུའི་བར་ཚུན་ཆད་ཙམ་ལ་སྦྱར་ན་ལྔ་བཅུ་ཕན་ཆད་དྲུག་ཅུའི་བར་དུ་མངལ་ཆགས་རེས་འགའ་སྲིད་པ་ཙམ་ལ་བྱས་ན་འོས་ཤིང་། དེའི་རིགས་བསྒྲེས་ཏེ་ཤེས་པར་བྱ་བ་འདྲ་ཡང་སྔ་མ་རྣམས་ཀྱིས་དེ་ལྟར་བཤད་པ་མི་སྣང་ངོ་། །དེ་ལྟར་བདེ་བའི་རྟེན་རྡུལ་དེ་མེད་པས་བདེ་བ་ཉམས་པ་མི་སྐྱེ་བའི་དབང་ལས་བུད་མེད་རྒས་པ་རྣམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་ལུས་སྦྱོར་བའི་སྒོ་ནས་སྦྱིན་པར་བྱ་བ་མ་ཡིན་ཏེ་བདེ་བ་སྐྱེད་མི་ནུས་པས་དགོས་པ་དང་བྲལ་བའི་ཕྱིར་རོ། །ཐབས་ལ་ཡང་ས་བོན་འབྱུང་བ་མེད་ན་དེ་དང་འདྲ་སྟེ། ས་བོན་ཞེས་པ་ནི་གང་ཞིག་རིགས་བརྒྱུད་རབ་ཏུ་སྐྱེད་པར་བྱེད་པའི་ཁུ་བའོ། །འོན་ཀྱང་ཐབས་ཤེས་རྒས་པ་བདེ་བ་སྐྱེ་བའི་ནུས་པ་དང་བྲལ་བ་ས་བོན་ཉམས་པ་ལ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱེད་ན་ཐབས་ཤེས་དངོས་སུ་སྦྱོར་བའི་སྒོ་ནས་མ་ཡིན་ཏེ། རྒྱལ་བའི་དབང་པོའི་གསུང་ཚིག་ཙམ་དག་གིས་སྦྱིན་པར་བྱ་སྟེ། དཔེར་ན་དགེ་སློང་མ་དང་དགེ་སློང་དག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་སྦྱིན་པ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ལྟར་ལོ་ཉི་ཤུ་མ་རྣམས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དང་། བྱང་ཆུབ་སེམས་དཔའི་རིགས་རྒྱུད་བྱིན་གྱིས་བརླབས་ནས་འཇོག་པའི་དོན་དུ་བཟུང་བ་བཟང་ངོ་། །ཕྱག་རྒྱ་མ་དེ་དག་རྣམས་ཀྱི་ལོ་ནི་ཉི་ཤུའི་སྡེ་ཚན་རྣམས་ཀྱིས་དང་པོ་ཉི་ཤུའི་བར་ས་ཡི་ཁམས་དང་དེ་བཞིན་དུ་བཞི་བཅུའི་བར་ཆུ་དང་། དེ་བཞིན་མེ་དང་རླུང་དང་ནམ་མཁའི་ཡོན་ཏན་རྣམས་ལོ་བརྒྱའི་བར་དུ་སྟེ། རྒྱལ་བའི་ཡན་ལག་རྒྱལ་སྲས་བསྐྲུན་པར་འདོད་པ་དག་གིས་དོན་

p. 647

དེའི་ཆེད་དུ་བཙལ་བར་བྱའོ། །རྒྱལ་བའི་སྲས་ཀྱི་རིགས་སྤེལ་བ་བྱང་ཆུབ་སེམས་ཀྱི་བསྟེན་པ་ཡི་ཆོ་ག་འདི་ནི་སེམས་ཅན་དོན་གྱི་བྱེད་པ་མོ་སྟེ་འདི་ཡིས་གཞན་ཕན་གྱི་འབྲས་བུ་མང་པོར་འགྱུར་ཏེ་བྱང་ཆུབ་སེམས་དཔའ་བསྐྱེད་པའི་ཕྱིར་རོ། །དེ་ནས་བདུད་རྩི་བཏུང་བའི་དམ་ཚིག་གསུངས་པ། གང་ཞིག་ཕྱི་རོལ་དུ་བདུད་རྩི་རིལ་བུ་ལ་རྫས་ཁྲག་ནི་འཐུང་བྱེད་ཅེས་གསུངས་པ་སྦྲང་བུ་ཤ་སྦྲང་སྟེ་དེས་ན་ཤ་སྦྲང་གི་རོ་བཅོ་ལྔ་བདུད་རྩི་རིལ་བུ་ལ་བསྲེ་བར་བྱའོ། །ངེས་པའི་དོན་གྱི་གང་ཞིག་ཨ་བ་དྷཱུ་ཏི་རུ་ནི་ཁུ་ཁྲག་འཕོ་བའི་དུས་སུ་རྡུལ་གྱི་ཁམས་ཁྲག་ནི་འཐུང་བར་བྱེད་པ་དེ་དག་རབ་མཆོག་ལྷ་མི་རྣམས་ཀྱི་སྦྲང་བུ་དེ་ནི་བདུད་རྩི་གཅིག་པུ་སྟེ་དྷཱུ་ཏིར་འགོག་པའོ། །ཕྱི་རོལ་དུ་ཟས་མ་ཟོས་གོང་དུ་སྦྲང་ཆང་སོགས་ཆང་གང་འདོད་འཐུང་ནས་ཐོད་པར་སྐྱུག་པ་བདུད་རྩི་རིལ་བུ་ལ་བསྲེ་བ་དང་། སྐྱུགས་པ་ཟ་བ་ཞེས་པ་ངེས་དོན་དུ་བྱང་ཆུབ་ཀྱི་སེམས་སྙིང་ག་དང་གསང་བའི་འཁོར་ལོ་དྲུག་གི་ཁ་ནས་རྡོ་རྗེ་ནོར་བུ་ལ་འབབ་ཅིང་ཕྱིར་མི་འཕོ་བར་གནས་པ་ནི་སྐྱུག་པ་ཡིན་ལ་དེ་མི་འཕོ་བར་བྱས་ནས་སྟེང་དུ་དྲངས་པའམ་མི་ཉམས་པར་བྱས་པ་ནི་ཟ་བའི་དོན་ཡིན་ཏེ་ཤེས་རབ་མའི་ཆུ་སྐྱེས་ཀྱི་ནང་དུ་རབ་ཏུ་ཞུགས་ཤིང་འཕོས་པར་བྱས་པ་ནི་ཟ་བའི་དོན་མིན་ནོ། །དེ་བཞིན་ཕྱི་རོལ་དུ་བདུད་རྩིའི་རིལ་བུ་བསྒྲུབ་པ་ལ་བདུད་རྩི་ལྔ་སྐྱུག་པ་དང་བསྲེ་བ་ནི། ནང་དུ་བཤང་བ་གཅི་བ་ཁྲག་དང་ཤ་ནི་མཆོག་ཏུ་མི་འགྱུར་བར་རོ་མཉམ་པར། ཕྱིར་འཕོ་བ་འགག་སྟེ་མི་ཟག་པ་ནི་སྐྱུག་པའི་དབུས་སུ་རབ་ཏུ་ཞུགས་པ་སྟེ་སྒྲིབ་པ་མེད་པར་གྱུར་པའོ། །དེ་ལྟར་འཕོ་མེད་དུ་བཅིངས་པའི་བདུད་རྩི་ལྔ་པོ་འདི་དག་རྣམས་ནི་ཡེ་ཤེས་སྐྱེད་བྱེད་ཀྱི་བདུད་རྩི་ཡིན་ལ་དེའི་ཕྱིར་བདུད་རྩི་བཟའ་ཞིང་བསྟེན་པར་བྱ་ཞེས་སྲིད་པ་གསུམ་གྱི་བླ་མ་ཡིས་ཀྱང་རྒྱུད་རྣམས་ཀུན་ཏུ་བསྟན་པ་ཡིན་གྱི་བཤང་བ་སོགས་དང་མི་ཤ་སོགས་བཟའ་བ་འབའ་ཞིག་དངོས་གྲུབ་ཀྱི་རྒྱུར་བསྟན་པ་ནི་མ་ཡིན་ནོ། །བདུད་རྩི་

p. 648

བསྟེན་པའི་ངེས་པའོ། །ད་ནི་ཕྱི་རོལ་དུ་བསྲུང་བ་དང་བཟའ་བའི་དམ་ཚིག་གསུངས་པ། འདིར་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་བདེ་བ་སྒོམ་པར་བྱེད་པའི་རྣལ་འབྱོར་པས་སྲས་བསྐྲུན་པའི་དོན་དུ་བྱང་ཆུབ་ཀྱི་སེམས་ནང་དུ་མ་བསྡམ་པ་དག་གལ་ཏེ་ཤེས་རབ་ཀྱི་ཆོས་འབྱུང་དུ་ལྷུང་ན། དེའི་ཚེ་ཤེས་རབ་ཆོས་འབྱུང་ལ་ནི་གང་ཞིག་ལྷུང་བའི་བདེ་བ་ཡི་རྟེན་དུ་གྱུར་པ་ཁུ་བ་དག་ཀྱང་ཕྱིར་མི་ཟག་པར་རྡོ་རྗེ་དྲུག་དང་ཡན་ལག་དྲུག་གི་སྔགས་སོགས་ཀྱིས་རབ་ཏུ་འབད་པས་བསྲུང་བར་བྱའོ། །དེ་ཅིའི་ཕྱིར་ན་སྔར་ལྟར་ཏིང་ངེ་འཛིན་གྱིས་སྤྲོས་པའི་བྱང་ཆུབ་སེམས་དེ་ཡིས་སེམས་ཅན་གང་དག་སུ་ཞིག་བྱུང་བ་དེ་ནི་རྒྱལ་བའི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་བའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔར་གྱུར་པ་དེས་རྒྱལ་བའི་རིགས་འཕེལ་བར་བྱེད་པ་དེ་ཕྱིར་སངས་རྒྱས་པའི་རྣལ་འབྱོར་མཉམ་པར་མ་བཞག་པ་གཡེངས་པར་གྱུར་པ་རྣམས་ཀྱིས་བསྲུང་བར་མ་བྱས་ན་མངལ་གྱི་ཁུ་ཁྲག་དེ་ནི་ཉིན་ཞག་སོ་སོའི་དུས་སུ་བདུད་ཀྱི་ཕོ་ཉ་དང་སྲིན་པོ་ཁུ་བ་འཕྲོག་པ་རྣམས་ཀྱིས་ཟ་བར་བྱེད་དེ། རྒྱུ་ཅི་ཟ་ན་མི་རྣམས་ཀྱིས་ཀྱང་རྣལ་འབྱོར་པའི་ཆ་བྱད་ཀྱིས་ཟ་རུ་འཇུག་པར་བྱེད་དེ་འདི་ལྟར་ཤེས་རབ་ཀྱི་མེ་ཏོག་དང་ལྡན་པའི་ཐིག་ལེ་པདྨར་ལྷུང་བ་ཟོས་པ་ཙམ་གྱིས་ཞི་བ་དང་བདེ་བའི་འབྲས་བུ་སྟེར་བར་བྱེད་དོ་ཞེས་ལོག་པའི་ཚིག་སྟོན་དུ་འཇུག་པར་བྱེད་དེ། གཞན་ལ་སྟོན་ཅིང་རང་ཉིད་དེ་ལ་འཇུག་པར་བྱེད་པ་རྣམས་ནི་བྱིས་པའི་སྐྱེ་བོ་གཞན་རྣམས་ཚིག་དེས་བསླུས་ནས་དམྱལ་བར་གཏོང་བའི་སླད་དུའོ། །དེས་ན་སངས་རྒྱས་པའི་སྔགས་པས། མཆོག་གི་བདེ་བ་ལ་གནས་པ་དགའ་བའི་ཡིད་ཀྱིས་རྡོ་རྗེ་སྦུབས་སུ་མ་འཁུམ་པ་ཉིད་ཀྱི་བར་དུ་ཕྱག་རྒྱའི་ཆུ་སྐྱེས་ལས་ནི་ཕྱིར་དབྱུང་བར་མི་བྱ་སྟེ། གང་གི་ཚེ་རྡོ་རྗེ་འཁུམ་པ་དང་ཁུ་བ་མངལ་ནས་ཕྱིར་མི་འཕོ་བའི་སྒོ་ནས་མངལ་ཆགས་པའི་འདོད་པ་གྲུབ་པ་དེ་ཡི་ཚེ་ན་མངལ་གནས་འདི་ནི་སངས་རྒྱས་ཀྱིས་ནི་བྱིན་གྱིས་བརླབས་

p. 649

པར་རབ་ཏུ་འགྱུར་རོ། །ཁུ་བའི་ལྷག་མ་རྣམས་ནི་རླུང་སྦྱོར་དང་ཏིང་ངེ་འཛིན་གྱི་དམིགས་པས་རྡོ་རྗེ་ཡི་ལམ་ནས་ཐབས་ཀྱི་སྙིང་གར་གཞུག་པར་བྱ་ཞིང་། ཆུ་སྐྱེས་ཀྱི་ལམ་དག་ནས་ཤེས་རབ་ཀྱི་སྙིང་གར་གཞུག་པར་བྱ་ལ་ཐབས་དང་ཤེས་རབ་རང་རང་གི་རྡོ་རྗེའི་སྟེ་རྡོ་རྗེ་བཞི་ཡི་སྙིང་གར། མཁའ་ཁྱབ་ཡེ་ཤེས་ཀྱི་འཁོར་ལོ་རབ་ཏུ་བཅུག་སྟེ། འདི་ཡིས་སྤྲོས་པའི་འོད་ཟེར་རྣམས་ཀྱིས་ཐབས་ཤེས་གཉིས་ཀའི་ལུས་ཀྱི་ནང་ཐམས་ཅད་ནི་གང་བར་བྱས་ནས་ཕུང་ཁམས་རྣམ་པ་ཐམས་ཅད་པ་ལྷ་ཡི་འཁོར་ལོའི་རང་བཞིན་ཉིད་བྱེད་དོ། །འདིར་རྡོ་རྗེའི་ཞེས་པ་ཐབས་ཤེས་རང་རང་གི་རྡོ་རྗེ་སྟེ་སྙིང་གར་སོན་པའི་ཁུ་བའི་དབུས་སུ་ཡེ་ཤེས་ལྷ་ཡི་འཁོར་ལོ་རབ་ཏུ་བཅུག་ཅེས་བཤད་ཀྱང་རུང་ངམ་སྙམ་སྟེ་བརྟག །འགྲེལ་བར་འཁོར་ལོའི་རྣམ་པར་བྱེད་དོ་ཞེས་གསུངས་པ་ལ་བོད་འགྲེལ་རྣམས་སུ་ཡབ་ཡུམ་གཉིས་ཀའི་ལུས་འཁོར་ལོའི་རྣམ་པ་ལྟར་འཁོར་བར་བྱེད་ཅེས་དང་གལ་ཏེ་འཁོར་ལོའི་རྣམ་པ་འདི་ནི་གྲུབ་པར་མ་གྱུར་ན་ཞེས་འཆད་པ་འདིའི་ཁུངས་གང་ཡིན་དང་འཁོར་ལོའི་རྣམ་པར་དམིགས་པའམ་ལུས་ཀྱི་འཁྲུལ་འཁོར་སོགས་ཅི་ལ་ཟེར་བརྟག་པར་བྱ་བར་གནས་སོ། །གལ་ཏེ་བྱང་ཆུབ་ཀྱི་སེམས་ཐབས་ཤེས་ཀྱི་གསང་བའི་ལམ་ནས་སྟེང་དུ་སྤྲོས་པས་ཕྱིར་མི་ལྷུང་བ་འདི་ནི་གྲུབ་པར་མ་གྱུར་བར་ཕྱི་ན་ལྷུང་བར་གྱུར་ན་ཐབས་ཀྱི་རྡོ་རྗེ་ནོར་བུ་ལ་ནི་ཁུ་བ་ཡང་དག་པར་གནས་པ་མིང་མེད་དང་མཐེ་བོ་དག་གིས་བླང་ནས་བཟའ་བར་བྱའོ། །དེ་བཞིན་དུ་ཤེས་རབ་ཀྱི་པདྨའི་ཕྱི་རོལ་དུ་འོངས་བ་དེ་ཉིད་ཀྱང་ཐབས་ཤེས་གཉིས་པོ་དག་གིས་བཟའ་བར་བྱའོ། །ཤེས་རབ་ཀྱི་ནི་ཆོས་འབྱུང་ན་གནས་པ་ས་བོན་གྱི་ཁམས་དེ་ལ་མཐའ་དག་རྒྱལ་བའི་རིགས་ནི་བསྲུང་བའི་དོན་དུ་དགོད་པར་བྱ་སྟེ་དཔྲལ་བ་ལ་སོགས་སུ་རྡོ་རྗེ་དྲུག་པོ་རྣམས་དང་། སྙིང་ག་ལ་སོགས་པ་རྣམས་སུ་ཡན་ལག་དྲུག་པོ་དེ་དག་ཤེས་རབ་ལྡན་པ་ལའོ་ཞེས་པ་ཕྱག་རྒྱ་མ་རྡུལ་དང་ལྡན་པ་ལའོ། །དེ་ལྟར་རིགས་

p. 650

ཀྱི་སྲས་བསྐྲུན་པ་སོགས་གནང་བའི་དུས་མ་ཡིན་པ་དེ་ནས་ཐབས་རང་གི་ཐིག་ལེ་གཅིག་པུ་བསྲུང་བ་ལ་འབད་པར་བྱ་སྟེ། སླར་ཡང་དུས་ཀུན་ཐིག་ལེ་ཉམས་མི་རུང་བར་སངས་རྒྱས་ཀྱི་གསུང་གིས་ནི་རབ་ཏུ་གསུངས་པ་བཞིན་དུ་བསྲུང་བར་བྱ་ཞིང་ཐིག་ལེ་བྱང་ཆུབ་ཀྱི་སེམས་མ་ཉམས་པར་བསྲུང་བ་འདི་ནི་སངས་རྒྱས་ཀྱི་སྐུ་འགྲུབ་པའི་རྩ་བའོ། །དེའི་ཕྱིར་འདི་ཉིད་བསྲུང་བ་གཅིག་པུ་ལས་བསོད་ནམས་ཆེན་པོར་འགྱུར་རོ། །བདུད་ཀྱི་རིགས་གང་སུ་ཞིག་ཐིག་ལེ་འདི་ནི་ཉམས་པ་ལ་མངོན་པར་དགའ་བྱེད་རྣལ་འབྱོར་པ་གཡོན་ཅན་དམ་ཚིག་ལ་མི་བསམ་པ་དེ་ནི་ཧེ་རུ་ཀ་རྡོ་རྗེ་ཅན་གྱིས་གསོད་པར་བྱེད་དོ། །བྱང་སེམས་ཐིག་ལེ་བསྲུང་བ་དང་བཟའ་བའི་ངེས་པའོ། །དེ་ནས་དྲག་པོའི་སྔགས་སྤྱོད་པའི་གནང་བཀག་གི་ངེས་པ་གསུངས་པ། འདིར་སྔགས་ཀྱི་ཚུལ་ལ་ཧེ་རུ་ཀ་སྲིད་པ་གསུམ་གྱི་བདག་པོས། མངོན་སྤྱོད་དྲག་པོའི་ལས་ཀྱི་རང་བཞིན་དུ་མའི་སྔགས་རྣམས་རབ་ཏུ་གསུངས་པ་གང་ཡིན་པ་དེ་དག་ཐམས་ཅད་ཡང་དག་པའི་བསྟན་པ་དང་སེམས་ཅན་ལ་འཚེ་བ་ཆེན་པོ་བྱེད་པའི་ནག་པོའི་རྩ་ལག་བདུད་ཀྱི་ཕྱོགས་ཉམས་པར་བྱེད་པ་དང་། གདུག་ཅན་དེ་རྣམས་དཔའ་བཀོང་ཞིང་འཇིགས་པ་སྐྱེད་པར་བྱེད་པའི་ཆེད་དུ་ཡིན་གྱི་ཐ་མལ་བའི་སྲོག་ཆགས་རྣམས་ལ་མངོན་སྤྱོད་ཀྱི་ལས་ཀྱི་བསད་པ་ནམ་ཡང་བྱ་བ་མ་ཡིན་ནོ། །བདུད་ཅི་ལྟ་བུ་ཞེ་ན། གང་ཞིག་བདུད་རིགས་རྣམས་ཀྱིས་དྲན་པ་སྟེ་རིག་བྱེད་སོགས་ཀྱི་གཞུང་དུ་ལམ་ལོག་པ་སེམས་ཅན་བསླུ་བར་བྱེད་པ་དག་བཀོད་ནས། དེ་རྣམས་ཀྱི་བྱེད་པོ་ཚངས་པ་དང་ཁྱབ་འཇུག་སོགས་ལྷ་ཆེན་པོ་རྣམས་ཡིན་པ་ལྟར་བྱས་ཏེ། གཡུལ་གྱི་ལས་ཀྱི་ཡུལ་ལ་དགའ་ཞིང་གཡུལ་འགྱེད་པའི་དག་པ་ཆོས་སུ་སྨྲ་བ་དང་། སྲོག་གི་མཆོད་སྦྱིན་གྱི་དོན་དུ་ཕྱུགས་ལ་སོགས་པ་གསོད་པར་བྱེད་པའི་འཚེ་བ་ཆོས་སུ་སྟོན་པ་དང་། གཞན་ཡང་ཕྱི་རོལ་མུ་སྟེགས་པ་གང་དག་ཆོས་མིན་ཆོས་སུ་སྨྲ་བས་སེམས་ཅན་བསླུ་བར་བྱེད་པ་

p. 651

དེ་ལྟ་བུ་ལ་སོགས་པ་རྣམས་ལ་ནི་མཆོག་གི་རྒྱལ་སྲས་སྙིང་རྗེའི་བདག་ཉིད་ཅན་རྣམས་ཀྱིས་སྲོག་ཆགས་རྣམས་ལམ་མིན་དུ་ལྷུང་བ་བསྲུང་བའི་དོན་དུ་དྲག་པོའི་ལས་དེ་དག་རྣམས་སྦྱར་བར་བྱ་སྟེ་ལོག་པའི་ཆོས་ལུགས་ལམ་ངན་པ་དེ་དག་ཉམས་པར་བྱེད་པའི་དོན་དུ་ཡིན་གྱི་ཕ་རོལ་གྱི་སྲོག་གཞོམ་པ་ལ་དགའ་བ་ནི་མ་ཡིན་ནོ། །དེ་ལྟར་ཡང་ཀྱེ་རྡོ་རྗེ་ལས། ལྟ་སྟངས་བཞི་པོ་བསྒྲུབས་ནས་ནི། །མཁས་པས་སེམས་ཅན་གཞུག་པར་བྱ། །འདིར་ནི་བསད་པར་བྱ་མིན་ཏེ། །དམ་ཚིག་ངེས་པར་ཉམས་པར་འགྱུར། །སེམས་ཅན་བསླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་བྱ། །སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་འདིར་རྣལ་འབྱོར་མའི་རྒྱུད་ལས་གསུངས་པའི་མཁའ་འགྲོ་རྡོ་རྗེའམ་རྡོ་རྗེ་མཁའ་འགྲོ་དྲག་པོའི་ཚུལ་ཅན་ཤ་ཁྲག་ལ་དགྱེས་པའི་ཚུལ་གྱིས་ཧེ་རུ་ཀས་སྤྲོས་པའི་སྔོན་རབས་དང་ལྡན་པ་རྣམས་ལ། ཞེས་སམ་སྙམ་སྟེ་ཇོ་མཆན་ཅན་དུ་སྔོན་དུ་རྡོ་རྗེ་མཁའ་འགྲོ་རྣམས་ལ་ཞེས་ཡོད་དོ་དེ་ལྟ་ན་མདུན་དུའི་དོན་དུའང་རུང་འདྲའོ། །མི་ཤེས་པ་ཕྱུགས་ཀྱི་སྐྱེ་བོ་ལས་ངན་རྣམས་གསོད་པར་ཡི་དོན་ལ་སངས་རྒྱས་པ་ཡིས་ཏེ་སངས་རྒྱས་སྟོན་པར་འཛིན་པའི་རྣལ་འབྱོར་པ་རྣམས་ཀྱི་བསྐུལ་ཞིང་གསོལ་བ་གདབ་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ན་རྡོ་རྗེ་མཁའ་འགྲོ་དྲག་པོའི་ཚུལ་ཅན་འདི་རྣམས་སེམས་ཅན་རྣམས་ནི་བསྲུང་བའི་དོན་དུ་ཧེ་རུ་ཀ་སྲིད་པ་གསུམ་གྱི་བླ་མས་འཇིག་རྟེན་གྱི་ཁམས་སུ་སྤྲོས་པ་སྟེ། དེ་ཕྱིར་རྡོ་རྗེ་མཁའ་འགྲོ་དྲག་མོའི་ཚུལ་ཅན་མཆོག་གི་སྙིང་རྗེ་དང་ལྡན་པ་དེ་རྣམས་ནི་ཉིན་ཞག་སོ་སོའི་དུས་སུ་འཇིག་རྟེན་རྣམས་སྲུང་བང་བྱེད་ཅིང་། སེམས་ཅན་ལ་གནོད་པ་བྱེད་པའི་སྒྲུབ་པ་པོ་ལ་སྡང་བར་བྱེད་པས་དེ་དག་གསོད་པའི་དོན་དུ་བསྐུལ་བས་སེམས་ཅན་གསོད་པར་མི་མཛད་དོ། །དེ་ལྟར་མ་མཛད་ཀྱང་གསོད་པའི་ལས་ཀྱིས་བསྒྲུབ་བྱ་དག་ནི་རང་གི་ལས་ཀྱི་མཐུ་

p. 652

ཡིས་རྣལ་འབྱོར་པ་དམན་པས་གསོད་པའི་ལས་བརྩམ་པ་དེ་ཡི་དུས་སུ་ཤི་བར་གྱུར་ན་འདི་ནི་དྲག་པོའི་ལས་སྒྲུབ་པ་པོ་ཡི་ལམ་ལ་བར་དུ་གཅོད་པའི་བདུད་ཡིན་ནོ་དེ་ཅིའི་ཕྱིར་ན། བདག་གི་མཐུས་དེ་དག་བསད་དོ་ཞེས་པའི་ང་རྒྱལ་ལས་དམན་པའི་ལས་ཀྱིས་སྒྲུབ་པ་པོ་དམྱལ་བར་འགྲོ་བའི་ཕྱིར་ནའོ། །ང་རྒྱལ་མེད་ཅིང་ང་ཡིར་འཛིན་པ་མེད་པ་ནི་ཆགས་སྡང་གི་ལས་དམན་པ་དེ་ལྟ་བུ་མི་བྱེད་དེ་སེམས་ཅན་རྣམས་ལ་རང་དང་འདྲ་བར་ལྟ་ཞིང་བྱམས་པར་བྱེད་དོ། །འདིར་འཁོར་བ་པའི་སྐྱེས་བུ་རྣམས་ཀྱི་སེམས་ནི་ཀུན་ནས་མི་དགེའི་འབྲས་བུའི་དབང་གིས། ཕུག་གི་དོན་ཆེན་པོའི་བློ་གྲོས་དང་མི་ལྡན་པར་ཕྲལ་གྱི་བྱ་བ་ཕྲན་ཚེགས་སྒྲུབ་པའི་རིག་པ་མངོན་སྤྱོད་དང་དབང་སྡུད་སོགས་ལ་རྗེས་སུ་ཆགས་ནས། ཐབས་སམ་རིག་པ་འདི་ཡིས་སྲིད་པ་གསུམ་པོ་མཐའ་དག་སྐད་ཅིག་གིས་ནི་བདག་གི་དབང་དུ་བྱེད་པའོ། །ཞེས་སུ་རློམ་པའི་རང་འདོད་ཀྱི་བསམ་པ་བརྐམ་ཆགས་དྲག་པོའི་སེམས་ཀྱི་དབང་དུ་སོང་ནས་དོན་ཆུང་དེ་ལྟ་བུ་ལ་འབད་པས་དལ་འབྱོར་ཐོབ་པ་ཆུད་ཟ་བར་བྱས་ཏེ་ཡེ་ཤེས་ཀྱི་ཚོགས་དང་སྦྱིན་པ་སོགས་བསོད་ནམས་ཀྱི་ཚོགས་བསྒྲུབ་པ་རྣམ་པར་སྤངས་ནས་ཤི་བའི་རྗེས་སུ་དམྱལ་བར་རབ་ཏུ་འཇུག་པར་འགྱུར་ལ། ཤི་བའི་རྒྱབ་ཏུ་ལོག་འཚོས་བསྒྲུབ་པའི་རྫས་དང་། རྟག་ཏུ་ཆགས་ཤིང་བསྲུང་བར་བྱས་པའི་རང་གི་ཁྱིམ་ཐབས་ཀྱང་སྐྱེབོ་གཞན་གྱི་དབང་དུ་འགྱུར་ཏེ་ཀྱེ་མ་ཚེ་འདིའི་བདེ་བ་འབའ་ཞིག་གི་ཆེད་དུ་རིག་པ་ཕྲན་ཚེགས་བསྒྲུབ་པ་ལ་ཆགས་པས་དོན་ཆེན་པོ་ལས་ཉམས་པ་ངན་པའི་ཆོས་ལ་རབ་ཏུ་འཇུག་པ་རྣམས་སྙིང་རེ་རྗེ་ཞེས་སོ། །འདི་ཡན་ཆད་འགྲེལ་ཆེན་ལས་རྣལ་འབྱོར་མའི་རྒྱུད་ལ་སོགས་པ་སྤྲོ་བའི་མདོར་བསྡུས་ཆེན་པོ་དང་པོའི་སྒོ་ནས་གཏན་ལ་དབབ་པར་མཛད་དོ། །མཐའ་བཞིའི་སྤྲོས་པ་ཀུན་ནས་རྣམ་གྲོལ་ཀྱང་། །རང་བཞིན་འོད་གསལ་སེམས་ཉིད་གཉུག་མའི་གཤིས། །བདེ་ཆེན་རྡོ་རྗེའི་རིགས་རྣམས་ཀུན་གྱི་བདག །

p. 653

དང་པོའི་སངས་རྒྱས་མཆོག་དེར་གུས་བཏུད་ནས། །རྒྱུད་འདིའི་ངེས་དོན་ཟབ་མོའི་མཐར་ཐུག་པ། །གནས་པ་གསུམ་གྱི་བདག་ཉིད་པད་དཀར་གྱིས། །མདོར་བསྡུས་ཆེན་པོ་གཉིས་ཀྱིས་ལེགས་བཀྲོལ་བའི། །དགོངས་དོན་གསལ་བརྗོད་སྐལ་བཟང་དགའ་སྟོན་མཛོད། །དགུ་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲོ་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ཤེས་རབ་མ་ཡིན་སོགས་ཚིགས་བཅད་གྱ་དགུ་པ་ནས། བརྒྱ་བཅུ་གཅིག་པའི་རྐང་པ་གསུམ་པའི་བར་གྱིས་བསྟན་ཏེ། རྩ་རྒྱུད་ལྟར་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲོ་བ་འདི་གནས་པ་བདུན་པ་ཡིན་ཡང་བསྡུས་རྒྱུད་འདིར་གནས་པ་དགུ་པར་མཛད་པའོ། །དེ་ལ་མཐའ་ཡས་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་རྣམས་ནི་ངོ་བོ་ཉིད་སྐུ་ལྷན་སྐྱེས་བདེ་བ་ཆེན་པོའི་ངང་ལས་སྤྲོ་བ་ཡིན་ཏེ། ཇི་ལྟར་ན་ཤེས་རབ་ཀྱི་ཆ་རྐྱང་པ་མ་ཡིན་ལ་དེ་བཞིན་ཐབས་ཀྱང་མིན་པ་གཉིས་སུ་མེད་པ་རིས་མེད་པ་འདི་ནི་ཐིག་ལེ་ཉག་གཅིག་གི་རང་བཞིན་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཤེས་བྱའི་དངོས་པོ་རྣམས་ཆོས་ཉིད་དེ་བཞིན་ཉིད་སྒྲིབ་པ་མེད་པར་གཟིགས་པ་མངོན་དུ་མཛད་པའི་དག་པ་གཉིས་ལྡན་ཆོས་ཉིད་ཀྱི་སྐུའོ། །དེ་ཡང་ཐབས་ཤེས་མཚོན་བྱེད་ཀྱི་དབང་དུ་བྱས་ན་ཤེས་རབ་ནི་བཅོ་ལྔའི་བདག་ཉིད་དཀར་པོའི་ཕྱོགས་སོ། །ཐབས་ནི་ཟླ་བའི་ཆ་ཉམས་པ་ནག་པོའི་ཕྱོགས་སོ། །དེ་བཞིན་དུ་དཀར་པོ་ནི་མཚན་མོ་དང་།ནག་པོ་ནི་ཉིན་མོའི་ཆ་སྟེ་ཐབས་ཤེས་ཀྱི་བསམ་པའི་ཆའོ། །དེ་གཉིས་གང་གི་ཕྱོགས་སུ་མ་ལྷུང་བ་ཤེས་པ་དང་ཤེས་བྱ་ལས་འདས་པ་སོ་སོ་རང་གིས་རིག་པར་བྱ་བ་སྟེ། ཡོད་པ་ཐབས་ཀྱི་ཕྱོགས་དཀར་པོ་དང་། མེད་པ་ནག་པོའི་ཕྱོགས་ལྟ་བུ་གང་ཡང་མིན་པས་ཡོད་པ་མིན་ལ་མེད་པ་མིན་པ་ཞེས་བྱ་སྟེ་ཡོད་པ་བུམ་སོགས་ལྟ་བུ་དང་མེད་པའི་རི་བོང་རྭ་ལ་སོགས་པ་ལྟ་བུའི་ཡོད་མེད་ཀྱི་མཐའ་ལས་གྲོལ་བ་སྟེ་སྟོང་པ་དང་སྣང་བ་ཐ་མི་དད་པ་རྣལ་འབྱོར་པས་སོ་སོ་རང་རིག་པའི་ཡུལ་ལ་ཐ་སྙད་ཀྱིས་བསམ་པར་མི་ནུས་

p. 654

པ་ནི་སྔར་ཡང་ཡང་གསུངས་པ་བཞིན་ནོ། །ཡོད་མེད་གཉིས་ཀ་མིན་ཏེ་ཕན་ཚུན་འགལ་བའི་ཕྱིར་དེ་གཉིས་གཅིག་ཏུ་ཚོགས་པའི་ངོ་བོ་གཅིག་མི་སྲིད་དོ། །གཉིས་ཀའི་བདག་ཉིད་མིན་པའང་མིན་ཞེས་པ་ཡོད་མེད་དང་དེའི་མཚོན་དཔེ་དཀར་ནག་གི་ཕྱོགས་འདི་དག་མ་གཏོགས་པ་ཡང་ལྷན་ཅིག་སྐྱེས་པའི་བདེ་བ་དེ་གཞན་དུ་ཡོད་པ་མ་ཡིན་ཏེ། ཡོད་མེད་ལས་མ་གཏོགས་པའི་གཉིས་མིན་གྱི་རང་གི་ངོ་བོ་ཕུང་གསུམ་པར་དམིགས་སུ་མེད་དོ། །དེ་ལྟར་མཐའ་བཞི་ཡོངས་སུ་དག་པས་དཀར་ནག་གང་གི་ཕྱོགས་སུ་མ་ལྷུང་བའི་ཆ་བཅུ་དྲུག་པ་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་ཀྱི་ཆོས་ཅན་དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུར་གསུངས་ཏེ། འགྲེལ་ཆེན་ལས་སྐབས་འདིའི་ཐོག་མར་མཆོད་བརྗོད་མཛད་པར། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །བདེ་ཆེན་སྐུ་ལ་ཕྱག་འཚལ་ནས། །ཞེས་གསུངས་པ་ལྟར་རོ། །ལྷན་སྐྱེས་ཀྱི་སྐུ་དེ་ཉིད་རྣལ་འབྱོར་པ་རྣམས་ཀྱི་བཞི་པ་འཕོ་བའི་བག་ཆགས་ཟད་པ་ལས་འཐོབ་པའི་ཕྱིར། རྒྱུ་ལམ་གྱི་དུས་སུ་བཞི་པའི་གནས་སྐབས་ཀྱི་སེམས་བདེ་བའི་རྣམ་པ་རྟོག་མེད་ཀྱི་ཆ་དང་། དེ་སྒྲིབ་བྲལ་དུ་གྱུར་པའི་ལྷན་སྐྱེས་ཀྱི་རྣམ་པ་ཆ་འདྲ་བའི་སྒོ་ནས་རྒྱུ་མཐུན་གྱི་འབྲས་བུའི་མཚན་ཉིད་ཅེས་བྱའོ། །དེའི་ཕྱིར་ཤེས་རབ་དང་ཐབས་གང་གི་ཕྱོགས་སུ་མ་ཆད་པས་མ་ནིང་ངོ་ཞེས་གྲུབ་བོ་ཞེས་གསུངས་པ་ལྷན་སྐྱེས་ཡེ་ཤེས་ནི་ཡོད་མེད་དམ་ཐབས་ཤེས་གང་རུང་གི་ཕྱོགས་མིན་པ་ལྟ་ཅི་སྨོས་ཏེ། དེ་གཉིས་མ་འདྲེས་པར་ལྷན་ཅིག་ཚོགས་པ་ཙམ་ཡང་མིན་པར་ཐ་དད་དུ་དབྱེར་མེད་པར་འདྲེས་པའི་ཕྱིར་མ་ནིང་ལྟ་བུར་གསུངས་ཏེ་རང་གི་ངོ་བོའི་དབང་དུ་དེ་ལྟར་ཡིན་གྱི་ལྡོག་པའི་སྒོ་ནས་ཐ་དད་ཕྱེ་བ་ཙམ་ནི་རྣམ་པ་ཀུན་དུ་ཐ་སྙད་ཀྱི་སྒོ་ནས་ཡིན་པས་ངོ་བོ་ལ་གཉིས་སུ་ཡོད་པ་མ་ཡིན་ནོ། །དེ་འདྲའི་གཉིས་ཀ་མིན་པ་ཞེས་ཐ་སྙད་དུ་བརྗོད་པ་འདིས་གཉིས་ཀ་མིན་པར་

p. 655

གྲུབ་པ་མིན་ཏེ། ཡོད་མེད་སྣང་སྟོང་གི་ཆ་རོ་མཉམ་པ་ལ་དེ་ལྟར་གཉིས་མིན་མ་ནིང་ལྟ་བུར་བརྗོད་ཀྱང་། སྣང་སྟོང་གི་ཆ་དེ་དག་སྤངས་ནས་ལོགས་ཤིག་ན་གཉིས་མིན་ཞིག་གྲུབ་པ་ཅུང་ཟད་ཀྱང་མེད་པས་སྤྲོས་བྲལ་མཚོན་པར་དཀའ་བའི་ཡེ་ཤེས་སོ་སོ་རང་རིག་པའོ། །དེས་ན་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཀྱང་དེའི་རང་བཞིན་ལས་མི་འདའ་བས་སྤྲོས་པ་བྲལ་བའི་དེ་ཁོ་ན་ཉིད་དུས་གསུམ་འཕོ་འགྱུར་མེད་པར་གནས་པ་ནི་གནས་ལུགས་ཏེ། སངས་རྒྱས་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་དེ་བཞིན་དུ་གནས་པ་ཞེས་དང་། འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་ཉིད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་གསུངས་པ་ལྟར་ཡིན་ཀྱང་། སོ་སོའི་སྐྱེ་བོ་རྣམས་ལྟ་ཅི་ཉན་རང་དགྲ་བཅོམ་རྣམས་ཀྱིས་ཀྱང་དེའི་ཕྱོགས་ཙམ་མ་རྟོགས་པའི་གསང་དོན་ཟབ་མོ་འདི་ནི་གསང་སྔགས་ཐབས་ཀྱི་ལམ་ཟབ་མོའི་བཞི་པའི་གནས་སྐབས་ཀྱི་ཐིག་ལེ་གཡོ་མེད་དུ་བཅིངས་པའི་ཐབས་ལས་རྣལ་འབྱོར་པ་རྣམས་ལ་མངོན་དུ་འཆར་ཞིང་། དེ་ཉིད་སྒྲིབ་པ་མཐའ་དག་དང་བྲལ་བའི་ཚེ་ན་རྒྱལ་བ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བྱ་སྟེ། གཞི་གདོད་མའི་གནས་ལུགས་གློ་བུར་གྱི་སྒྲིབ་པ་དང་བྲལ་ནས་མངོན་དུ་གྱུར་པ་ཡིན་ནོ། །འདིར་ལྷན་ཅིག་སྐྱེས་པའི་སྐུ་མངོན་དུ་མཛད་པ་ནི་མཆོག་ཏུ་མི་གཡོ་བའི་གོ་འཕང་བླ་ན་མེད་པ་བརྙེས་པ་ཡིན་པས་རང་གི་དོན་ཕུན་སུམ་ཚོགས་པའི་བདག་ཉིད་དོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་ཤིན་ཏུ་གཉིད་ལོག་པའི་བག་ཆགས་ཟད་པ་ལས་ཆོས་ཀྱི་སྐུར་གྱུར་པ་གང་དེ་ནི། ཤེས་རབ་དང་ཐབས་ཀྱི་རང་བཞིན་ཞེས་པ་ཤེས་རབ་ནི་བློས་བརྟགས་པ་དང་བྲལ་བ་རང་བཞིན་མེད་པར་མངོན་སུམ་མཁྱེན་པའོ། །ཐབས་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་སེམས་ཏེ་དེ་དག་གཉིས་སུ་མེད་པར་གྱུར་པའོ། །དེ་ཉིད་ཀྱང་ངེས་

p. 656

པར་སྒྲིབ་པའི་མུན་པ་དང་བྲལ་བ་ཉིད་དོ། །ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས། །ཞེས་གསུངས་པ་ནི་ཡེ་ཤེས་ནི་དེ་ཉིད་མཐོང་བའི་ཕྱིར་རྣལ་འབྱོར་པའི་འཛིན་པར་བྱེད་པའི་སེམས་ཏེ་ཤེས་རབ་ཀྱིས་གཟུང་འཛིན་མེད་པར་ཇི་ལྟ་བ་རྟོགས་ནས་དམིགས་པ་དང་མཚན་མ་གང་དུའང་རྣམ་པར་མི་རྟོག་པའོ། །མི་རྟོག་བཞིན་དུ་ཤེས་བྱའམ་གཟུང་བར་བྱ་བའི་ཆོས་སུ་ཀུན་དུ་བརྟགས་པ་ཐམས་ཅད་མ་འདྲེས་པར་ཇི་སྙེད་པ་གསལ་ཞིང་མཁྱེན་པ་ལ་ནི་རྣམ་པར་ཤེས་པ་ཞེས་སྐབས་འདིར་གསུངས་ཏེ་མཐའ་ཡས་པའི་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །རྣམ་ཤེས་དང་ཡེ་ཤེས་ཀྱི་ཐ་སྙད་འདི་དག་ཡུལ་དང་ཡུལ་ཅན་ལ་སྦྱར་ཚུལ་མི་འདྲ་བ་གོང་འོག་ཏུ་བྱུང་བ་ནི་དགོངས་པའི་དབང་གིས་འགལ་མེད་དོན་གཅིག་ཡིན་ཏེ་རྣམ་ཤེས་ཡེ་ཤེས་རོ་མཉམ་པའི་དབང་གིས་སོ། །དེ་ལྟར་འཛིན་པར་བྱེད་པ་དང་གཟུང་བར་བྱ་བའི་དབྱེ་བས་ཐབས་དང་ཤེས་རབ་ཀྱི་རང་བཞིན་གཞན་གྱི་དོན་བྱེད་པ་པོ་དེ་ནི་ཆོས་སྐུ་ཡིན་ལ་དེ་ཉིད་ལྷན་ཅིག་སྐྱེས་པ་ལས་བྱུང་བར་གྱུར་པའོ། །ཆོས་སྐུའི་ས་ན་རྣམ་ཤེས་ཡེ་ཤེས་ཀྱི་ཟླས་ཕྱེ་བའི་ཡེ་ཤེས་འབའ་ཞིག་ཡིན་གྱི་རྣམ་ཤེས་རང་མཚན་པ་མེད་དེ། རྣམ་ཤེས་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་གནས་གྱུར་པའི་ཡེ་ཤེས་ལྔ་ཡི་རང་བཞིན་ཡིན་ཀྱང་། འདིར་ཇི་སྙེད་པའི་ཆོས་རྣམས་གཟིགས་བྱའམ་གཟུང་བྱར་གྱུར་པའི་ཆ་ནས་རྣམ་ཤེས་དང་སྒོ་བསྟུན་ནས་དེའི་མིང་གིས་གསུངས་པ་སྟེ་རྣམ་པ་ཐམས་ཅད་ཤེས་ཞེས་དང་རྣམ་པ་ཐམས་ཅད་རིག་ཅེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་ཅེས་པ་དོན་འདྲ་བ་བཞིན་དུ་གོ་བར་བྱའོ། །དེ་ཡང་འཛིན་བྱེད་ཡེ་ཤེས་ཀྱིས་མཁྱེན་པ་ཡིན་གྱི་གཟུང་འཛིན་ཅན་གྱི་རྣམ་ཤེས་ཚོགས་དྲུག་གམ་བརྒྱད་ཀྱིས་ནི་མ་ཡིན་ནོ།།དེའི་ཕྱིར་རྒྱུད་རྡོ་རྗེའི་ཚིག་རྣམས་ཀྱི་བརྡ་འདོགས་ལུགས་སྣ་ཚོགས་པ་འདི་ཤིན་ཏུ་རྟོགས་པར་དཀའ་སྟེ་ཚིག་ལྷུར་མི་ལེན་པ་དོན་ལ་རྟོན་པའི་སྒོ་ནས་ཤེས་དགོས་སོ། །དེ་ལྟར་ཐབས་ལམ་འདི་ཡི་ལུགས་ཀྱི་ལྟེ་བར་བཞི་པའི་གནས་སྐབས་ཀྱི་སྒྲིབ་པ་ཟད་

p. 657

པ་ལས་ལྷན་ཅིག་སྐྱེས་པའི་སྐུའི་རྒྱུ་མཐུན་པའི་འབྲས་བུ་དང་། སྙིང་ག་ཆོས་ཀྱི་འཁོར་ལོར་གཉིད་འཐུག་གི་གནས་སྐབས་ཀྱི་སྒྲིབ་པ་ཟད་པ་ལས་ཆོས་སྐུ་ཐོབ་པ་ནི་རྣམ་པར་སྨིན་པའི་འབྲས་བུ་ཞེས་བྱའོ། །དེ་ལྟ་བུའི་ཆོས་ཀྱི་སྐུ་མཁྱེན་པ་གཉིས་ལྡན་འདི་ནི་ཐེག་པ་ཆེན་པོའི་ཆོས་སྟོན་པའི་ལོངས་སྤྱོད་ཀྱི་མངའ་དབང་རྫོགས་པའི་སྐུ་སྟེ་སེམས་ཅན་མཐའ་ཡས་པའི་སྐད་ཀྱིས་སྒྲ་བརྙན་ལྟ་བུ་ཡི་གསུང་གིས་སེམས་ཅན་ཚད་མེད་པ་དུ་མའི་དོན་ནི་བྱེད་པ་པོ་ཡིན་ཏེ་གཞན་དོན་ཕུན་སུམ་ཚོགས་པའི་བདག་ཉིད་དོ། །ལོངས་སྐུ་འདི་ཉིད་ཀྱི་སྟོང་པའི་གཟུགས་ཀྱི་སྐུ་གཞོམ་དུ་མེད་པའི་ལྷའི་མིག་གིས་འདས་པ་དང་ད་ལྟ་དང་མ་འོངས་པའི་གཟུགས་གང་ཞིག་གཟིགས་པ་ནི་སྟོང་པའི་གཟུགས་བརྙན་གྱི་རྣམ་པ་དང་བ་སྟེ། ལྷའི་རྣ་བའི་རྣམ་པར་ཤེས་པས་དུས་གསུམ་གྱི་སྒྲ་ཐམས་ཅད་སྒྲ་བརྙན་ལྟ་བུར་སྟོང་པའི་སྒྲའི་རྣམ་པར་གཟུང་བྱར་འགྱུར་རོ། །དེ་ལྟར་འཛིན་པ་ཤེས་རབ་དང་གཟུང་བྱ་ཐབས་ཀྱི་རང་བཞིན་ཟུང་དུ་ཞུགས་པའི་ལོངས་སྐུ་དེས། འདས་པའི་དུས་བསྐལ་པ་ཆེ་གེ་མོ་དང་ལོ་དང་ཟླ་བ་ཉིན་ཞག་ཆེ་གེ་མོ་འདི་ལ་གང་ཟག་གམ་དངོས་པོ་ཆེ་གེ་མོ་འདི་ལྟ་བུ་བྱུང་བར་གྱུར་ཏོ་ཞེས་འདས་པའི་དུས་ཀྱི་གྲངས་ཇི་སྙེད་པ་ལུང་སྟོན་པ་དང་དེ་བཞིན་མ་འོངས་པ་ན་འབྱུང་འགྱུར་དང་། ད་ལྟར་གྱི་དངོས་པོ་ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པའི་དངོས་པོ་རྣམས་ལུང་སྟོན་པ་དང་། ཐར་པའི་ལམ་ཡང་དག་པ་སྟོན་པར་མཛད་པའི་སྒོ་ནས་སེམས་ཅན་རྣམས་འདུལ་བར་བྱེད་པ་སྟེ། འདི་ནི་ཁུ་བ་དཔྲལ་བ་ནས་ཇི་ལྟར་བྱོན་པ་དེ་བཞིན་དུ་སླར་ཡང་སྟེང་དུ་ཁུ་བ་གཤེགས་པར་བྱས་པ་རྣམས་ཀྱིས་མགྲིན་པར་རྨི་ལམ་གྱི་གནས་སྐབས་ཀྱི་ངག་གི་སྒྲིབ་པ་ཟད་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ཡང་ལོངས་སྤྱོད་རྫོགས་པའི་སྐུ་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར་ཏེ་

p. 658

ཤེས་རབ་འཛིན་པ་དང་། ཐབས་གཟུང་བྱ་དབྱེར་མེད་པར་གཅིག་ཏུ་སྦྱོར་བ་སྟེ། དཔེར་ན་ཟླ་གཟུགས་དང་ཆུ་སྣོད་བཞིན་དུ་ཐབས་ཤེས་དབྱེར་མེད་ཀྱི་སྐུ་གཅིག་ཉིད་ཀྱང་གདུལ་བྱའི་བསམ་པར་དུ་མར་འཆར་བའོ། །དེ་ལྟར་གཅིག་དང་དུ་མར་འཆར་བ་ཤེས་རབ་དང་ཐབས་རོ་མཉམ་པར་དོན་དམ་པར་དབྱེར་མེད་དུ་སྦྱོར་བ་སྟེ། ཀུན་རྫོབ་དུ་ནི་གཅིག་དང་དུ་མ་འགལ་བར་སྣང་ཏེ་གཅིག་ཡིན་ན་དུ་མ་ཡིན་པ་འགལ་ཞིང་། དུ་མ་ཡིན་ན་གཅིག་ཡིན་པ་འགལ་ལོ། །དེ་ཡང་ཐིག་ལེ་དཔྲལ་བར་གཤེགས་ཤིང་བརྟན་པས་སད་པའི་གནས་སྐབས་ཀྱི་བག་ཆགས་ཀྱི་དྲི་མ་ལུས་ཀྱི་སྒྲིབ་པ་ཟད་པ་ལས་སྤྲུལ་པའི་སྐུ་ཐོབ་པ་ནི་འཕོ་སྒྲིབ་ཀྱི་དྲི་མ་དང་བྲལ་བའི་འབྲས་བུ་སྟེ༑ མཚན་བརྗོད་ལས། གཟུགས་རྣམས་མ་ལུས་ཀུན་དུ་སྟོན། །ཞེས་པ་སྤྲུལ་སྐུ་དང་། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པ་སྤྲུལ་སྐུ་ཐོབ་བྱེད་དཔྲལ་བའི་གནས་སུ་ཐིག་ལེ་བརྟན་པའོ། །དེ་ལྟར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་གཅིག་པུ་ཉིད་ལས་མ་གཡོས་བཞིན་དུ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་འགྱུར་བའི་ཕྱིར་སངས་རྒྱས་ཀྱི་སའི་སྐུ་རྣམ་པ་བཞི་ཞེས་བྱའོ། །དེ་ལྟར་སྐུ་བཞི་བཤད་ནས་དཀྱིལ་འཁོར་འཁོར་ལོའི་ལྷ་རྣམས་སྤྲོ་བ་གསུངས་པ༑ དེ་ལྟར་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ནི་དཀྱིལ་འཁོར་གྱི་འཁོར་ལོ་རབ་འབྱམས་མུ་མེད་པའི་ལྷའི་བདག་ཉིད་དུ་སྟོན་ཏེ། དུས་མཐའི་སྤྲིན་དང་མཚུངས་པ་མདོག་གནག་ཅིང་ཁྲོ་བའི་ཚུལ་ཅན་ཧེ༷་རུ་ཀར་ནི་བྱུང་བར་གྱུར་པ་དེ་ནི་ཞེ་སྡང་ཤས་ཆེ་བའི་གདུལ་བྱ་གདུག་པ་ཅན་རྣམས་ནི་སྨིན་པའི་དོན་ཏེ། འཕོ་བའི་སྒྲིབ་པ་མེད་པའི་ཆོས་སམ་རང་བཞིན་གྱི་རྣམ་པར་ཤེས་པ་ཆོས་དབྱིངས་ཡེ་ཤེས་ནི་ཧེ་རུ་ཀའོ། །རྡོ་རྗེ་སེམས་དཔའི་དེ་ཡང་དམ་ཚིག་རྒྱལ་བ་སྟེ་རྣམ་པར་སྣང་མཛད་དུ་བྱུང་བ་འགྱུར་བ་ནི་གདུལ་བྱ་རྨོངས་པ་ཤས་ཆེ་བའི་རིགས་ཅན་རྣམས་ནི་སྨིན་པར་བྱས་ནས་བདེ་བའི་དོན་

p. 659

དུ་རྡོ་རྗེ་སེམས་དཔའ་ཉིད་སྒྲིབ་པ་མེད་པའི་གཟུགས་གཞན་གྱི་རང་བཞིན་རྣམ་སྣང་གི་རྣམ་པར་བསྟན་པའོ། །རིན་ཆེན་དབང་པོ་ནི་ཕོངས་པའི་སྡུག་བསྔལ་ལྡན་པ་རྣམས་ཀྱི་དོན་དུ་ཕུན་སུམ་ཚོགས་པའི་དཔལ་སྦྱིན་པར་མཛད་པ་ནི་ཚོར་བའི་ཁམས་སྒྲིབ་བྲལ་ལས་སོ། །དེ་ཡང་པདྨ་འཛིན་པ་སྣང་བ་མཐའ་ཡས་ནི་ཆགས་ཅན་རྣམས་ཀྱི་ཆགས་པའི་གདུང་བ་འཕོ་མེད་ཀྱི་བདེ་བར་བསྒྱུར་བའི་སླད་དུ་འདུ་ཤེས་ཀྱི་ཁམས་སྒྲིབ་པ་དང་བྲལ་བས་འཕོ་བ་མེད་པར་གྱུར་པ་ལས་སོ། །དེ་ཡང་སེམས་སྒྲིབ་པ་མེད་པར་བྱས་པའི་སྒོ་ནས་བདུད་སོགས་སྒྲིབ་བཅས་ཀྱི་བགེགས་རྣམས་དག་ནི་གཞོམ་པའི་དོན་དུ་ཕྱག་གི་པདྨ་ལ་རལ་གྲི༷་མངའ་བ་དོན་ཡོད་གྲུབ་པར་བྱུང་བར་གྱུར་ཏེ། གཞན་འཕོ་བ་མེད་པའི་འདུ་བྱེད་ཀྱི་ཕུང་པོ་ལས་སོ། །དེ་ལྟར་ཕུང་ལྔ་རྣམ་པར་དག་པའི་ཡེ་ཤེས་ལྔ་ཡི་རང་བཞིན་ངེས་དོན་གྱི་རིགས་ལྔ་པོ་དེ་གདུལ་བྱའི་དོན་དུ་རྣམ་པ་རྟགས་ཀྱི་ལྷ་སྐུ་ཕྱག་རྒྱའི་རྣམ་པར་བྱུང་བའི་སངས་རྒྱས་རིགས་ལྔའོ། །དེ་བཞིན་དུ་ཐ་མལ་པའི་ཞེ་སྡང་ཟད་པས་སྒྲིབ་བྲལ་གྱི་ཞེ་སྡང་ཆེན་པོ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པ་ཉིད་ཀྱི་ཕྱིར་སྣ་ཚོགས་ཡུམ་ཞེས་གྲགས་པ་གང་ཡིན་པ་དུས་མཐའི་རྩེ་མོ་ཅན་བསྐལ་པའི་མེ་དང་མཚུངས་པའི་གཟི་བརྗིད་ཆེན་མོ་དེ་ནི་ནམ་མཁའི་ཁམས་དག་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཉིད་དཀྱིལ་འཁོར་གྱི་གཙོ་མོ་སྣ་ཚོགས་ཡུམ་རྡོ་རྗེ་མཁའ་འགྲོ་མར་བྱུང་བར་གྱུར་ཏོ། །དེ་བཞིན་གཏི་མུག་ཟད་པའི་གཏི་མུག་ཆེན་པོ་དག་ལས་སྤྱན་མ་ཞེས་བྱ་བ་དང་། མཆོག་གི་སྙིང་རྗེ་ཡི་བདག་ཉིད་མཱ་མ་ཀཱི༷་ནི་ང་རྒྱལ་ཟད་པའི་ང་རྒྱལ་ཆེན་པོའི་རྒྱུ་ལས་སོ། །ཆགས་པ་ཟད་པའི་ཆགས་པ་ཆེན་པོ་ལས་བྱུང་བ་དེ་ནི་གོས་དཀར་མོ་ཞེས་བྱ་བའོ། །མཐའ་དག་ཡོན་ཏན་གཏེར་ཏེ་སྒྲོལ་མ་ཡང་ནི་ཕྲག་དོག་ཟད་པའི་ཕྲག་དོག་ཆེན་པོ་ལས་སོ། །དེ་

p. 660

ལྟར་ཡུམ་ཆེན་མོ་ལྔ་ནི་ནམ་མཁའ་ལ་སོགས་པ་འབྱུང་བ་ལྔའི་ཁམས་སྒྲིབ་བྲལ་དུ་གྱུར་པའི་འབྱུང་བ་གཞན་སྒྲིབ་པ་མེད་པའི་གཟུགས་དང་མི་འཕོ་བའི་བདེ་བ་ལས་བྱུང་བ་ཞེ་སྡང་ལ་སོགས་པ་གཞན་ལྔ་ཡི་རང་བཞིན་ནོ་ཞེས་གྲུབ་བོ། །གཙོ་བོ་དུས་ཀྱི་འཁོར་ལོ་དང་སྣ་ཚོགས་ཡུམ་ཐབས་དང་ཤེས་རབ་གཅིག་ཏུ་འདྲེས་པར་གྱུར་པ་སྣ་ཚོགས་གཟུགས་ཅན་གཉིས་པོ་འདི་དག་ཡུལ་དང་ཡུལ་ཅན་གཞན་རྣམས་ཐམས་ཅད་དུ་ཡང་དེ་དང་དེར་བྱུང་བར་གྱུར་ཏེ། ཐ་མལ་པའི་དྲི་འགགས་པའམ་ཟད་པའི་དྲི་གཞན་ཏེ། འདིར་གཞན་ཞེས་པ་ཕྱི་ནང་གཞན་གསུམ་གྱི་ཟླས་ཕྱེ་བའི་གཞན་སྒྲིབ་བྲལ་གྱི་ཁམས་ལ་གོ་བར་བྱ་བ་ནི་གོང་འོག་ཀུན་ཏུ་རིག་པར་བྱའོ། །དེ་ལྟར་དྲི་ལ་སོགས་པའི་ཡུལ་གཞན་དྲུག་དང་། རྣ་བ་གཞན་ལ་སོགས་པའི་ཡུལ་ཅན་དྲུག་རྣམས་བྱང་སེམས་ཡབ་ཡུམ་རྣམས་དང་། དེ་བཞིན་ངག་ལ་སོགས་པའི་ལས་དབང་གཞན་དང་། ལས་དབང་གི་བྱ་བ་གཞན་ལས་སྒོ་སྐྱོང་རྣམས་ཏེ། དེ་ལྟར་དུས་འཁོར་ཡབ་ཡུམ་ནི་སྐྱེ་མཆེད་སོགས་དག་པའི་ལྷ་སོ་སོའི་རྣམ་པར་བྱུང་བར་གྱུར་པ་སྟེ། རྒྱུད་ལས། ཐམས་ཅད་ནས་ནི་ཕྱག་དང་ཞབས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་གསན་ལྡན་འཇིག་རྟེན་མཐའ། །ཐམས་ཅད་ཁྱད་པར་བཞུགས་པ་ནི། །རྡོ་རྗེ་སེམས་དཔའ་ཞེས་སྒྲིབ་བྲལ་ཡེ་ཤེས་ཀྱི་སྐུ་ནི་དབང་པོ་གཅིག་གིས་ཀྱང་དབང་པོ་ཐམས་ཅད་ཀྱི་བྱ་བ་བྱེད་པ་ཡིན་པས་ཡེ་ཤེས་སྐུའི་གར་ཁྱབ་དུ་ཕྱག་ཞབས་སྤྱན་ལ་སོགས་པས་ཁྱབ་པར་བཞུགས་པ་སྟེ་རྣམ་པ་ཐམས་ཅད་དུ་རིས་མེད་པར་ཡུལ་དུས་ཐམས་ཅད་ལ་ཁྱབ་པར་བཞུགས་པ་ནི་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་སྐུའོ། །ཞེས་དང་། མཚན་བརྗོད་ལས་ཀྱང་། བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །འཇིག་རྟེན་དཔེ་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་དང་། དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་

p. 661

ཅད་སྤངས། །ཞེས་འབད་རྩོལ་མེད་པར་བཞེད་པ་ཐམས་ཅད་ཡིད་བཞིན་ནོར་བུའི་ཚུལ་དུ་ཕྲིན་ལས་ལྷུན་གྱིས་གྲུབ་པར་འཇུག་པ་དང་། རྣམ་པར་མི་རྟོག་ཁམས་མི་ཟད། །ཆོས་དབྱིངས་དམ་པར་ཟད་མི་ཤེས། །ཞེས་རྣམ་པར་མི་རྟོག་པའི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་ནམ་ཡང་ཟད་པའི་དུས་མེད་ཅེས་པ་འདི་རྣམས་ཀྱིས་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་གསུངས་པའོ། །དེ་ནས་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་སངས་རྒྱས་རྣམས་ཀྱི་བཞུགས་པ་སྣ་ཚོགས་པ་གསུངས་པ། འདིར་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་དང་བྲལ་བ་རྣམས་ཀྱིས་ཕུང་པོ་ལྔ་ཡི་རང་བཞིན་བཟུང་བ་ཡི་རྣམ་པ་རྣམས་ཀྱིས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ཏེ་བུད་མེད་ཀྱི་མངལ་གྱི་གནས་ལ་བཞུགས་པ་ཡི་ཚུལ་སྟོན་པ་དེ་ནི། གདུལ་བྱ་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཡིས་སྐལ་པ་མཉམ་པའི་ལུས་སུ་བསྟན་ནས་གདུལ་བའི་ཐབས་མཁས་ཀྱི་མཛད་པ་སྟོན་པ་ཡིན་ལ། བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ངེས་པ་རྣམ་པར་མ་བསྒྲུབས་ཤིང་། བསོད་ནམས་མིན་པ་བསགས་པའི་སེམས་ཅན་རྣམས་ནི་སྨིན་པའི་དོན་དུ་སྟེ། དེ་སྐད་དུ་ལྡེམ་པོར་གསུངས་པ། གང་ཕྱིར་རྡོ་རྗེ་སྐུ་ཡི་ལུས། །སངས་རྒྱས་རྣམས་ནི་མི་རྟག་ན། །ཆུ་ཤིང་སྙིང་པོ་དང་མཚུངས་པའི། །སྐྱེ་བོ་གཞན་ལ་ཅི་ཞིག་སེམས། །ཞེས་སྤྲུལ་པའི་སྐུ་འཇིག་རྟེན་དུ་བལྟམས་ནས་ཆོས་འཁོར་བསྐོར་ཏེ་མཐར་མྱ་ངན་ལས་འདའ་བྱའི་ཚུལ་སྟོན་པ་ལ་དགོངས་ནས་རྟག་པར་སྨྲ་བ་རྣམས་རྟག་པའི་འདུ་ཤེས་ལས་བཟློག་ནས་རྒྱུད་སྨིན་པའི་སླད་དུའོ། །སླར་ཡང་གཟུགས་ཁམས་ཀྱི་གཙང་མའི་གནས་ལ་སོགས་པར་སངས་རྒྱས་བཅོམ་ལྡན་འདས་གང་ཞིག་སྐྱེ་བ་བཞེས་ནས་རྣམ་པར་བཞུགས་པ་ཉིད་དུ་བསྟན་པ་ནི་གཟུགས་ཀྱི་ལྷ་ཉིད་དུ་གྱུར་པའི་ཉན་ཐོས་རྣམས་ཀྱི་ང་རྒྱལ་ཉམས་པར་བྱ་བའི་སླད་དུ་སྟེ། ལྷ་ཉིད་འདི་ནི་ཁམས་འོག་མར་ལྷུང་བའི་དུས་སུ་དམྱལ་སོགས་ཀྱི་སྡུག་

p. 662

བསྔལ་ཆེན་པོའི་ཞེས་བསྟན་པས་ལྷ་དེ་རྣམས་འབྱོར་པའི་བདེ་བ་ལ་ཆགས་པ་དང་ཁེངས་པ་བྲལ་ནས་རྒྱུད་སྨིན་པར་བྱེད་པའོ། །འདི་སྐབས་གཙང་གནས་སོགས་ལྷའི་གནས་སུ་བཞུགས་པ་ནི་དེར་ལྷའི་རིགས་ཀྱི་ཉན་ཐོས་རྣམས་སྨིན་པའི་དོན་དུའོ། །འགྲེལ་པར་སྐྱེ་བ་ཞེས་པ་བཞུགས་པའི་དོན་ཡིན་ནམ་འགྱུར་གྱི་ཁྱད་ཅི་ཡིན་བརྟག་བྱར་སྣང་ངོ་། །དེ་ལྟར་སངས་རྒྱས་ཀྱི་བཞུགས་པ་བཤད་པ་དེ་དག་སྤྲུལ་པའི་སྐུ་གཟུགས་ཅན་གྱི་དབང་དུ་བྱས་པ་སྟེ་ཉི་ཙེ་བའི་བློ་ཅན་གདུལ་བྱའི་དོན་དུ་གནས་རིས་ཐ་དད་དུ་བཞུགས་པར་བསྟན་པའོ། །གང་ཞིག་ཨེ་ཡིག་སྟོང་པ་ཉིད་དང་ཝྃ་ཡིག་བདེ་བ་ཆེན་པོ་མཚོན་པའི་ཡི་གེ་ལ་གནས་པའི་དོན་གྱིས་ཐབས་ཤེས་དབྱེར་མེད་པ་མཚོན་པའི་རྡོ་རྗེའི་ཚིག་བཅོམ་ལྡན་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞུགས་ཏེ་ཞེས་པ་ལྟ་བུ་སྟོང་པ་ཉིད་ལ་གནས་པ་དེ་ནི་ངེས་པའི་དོན་སྐུ་བཞི་པ་ལྷན་སྐྱེས་བདེ་བ་ཡེ་ཤེས་ཀྱི་སྐུའི་དབང་དུ་བྱས་པ་སྟེ། མཐར་ཐུག་གམ་མཆོག་གི་དོན་ལ་ཐེ་ཚོམ་མི་ཟ་བའི་ངེས་པ་ཅན་གནས་བརྟན་རབ་འབྱོར་ལ་སོགས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་རྣམས་འབྲས་བུའི་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ལ་དགོད་པའི་དོན་དུའོ། །སྟོང་པ་ཉིད་ལ་གནས་པའམ་བཞུགས་ཞེས་པ་དེ་ཡང་ཆད་པའི་སྟོང་པ་དངོས་མེད་མ་ཡིན་ཏེ་འདིར་དུས་གསུམ་གྱི་སྣང་བ་མེ་ལོང་ལ་པྲ་ཕབ་པ་ལྟར་མཐོང་བའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དོ། །དེ་ལ་འདས་པ་དང་མ་འོངས་པའི་ཤེས་བྱ་ནི་འགགས་པ་དང་མ་སྐྱེས་པའི་ཕྱིར་ད་ལྟ་བའི་དུས་སུ་མེད་པའི་ཕྱིར་སྟོང་པའོ། །སྟོང་ཡང་དེའི་རྣམ་པ་མ་འདྲེས་པར་མཐོང་བ་ནི་དངོས་པོ་སྟོང་པ་ཉིད་དེ། འདས་མ་འོངས་པའི་དངོས་པོ་མེད་པ་མཐོང་བའི་ཕྱིར་མཐོང་བ་མེད་པ་མཐོང་བ་ལྟར་དཔག་དཀའ་བའི་ཟབ་པ་དང་། འདས་མ་འོངས་ཀྱི་རྣམ་པ་མུ་མེད་མཐོང་བའི་ཕྱིར་རྒྱ་ཆེ་བའོ། །དེས་ན་དུས་གསུམ་གྱི་

p. 663

ཆོས་རྣམས་སྟོང་པའི་གཟུགས་བརྙན་གྱི་རྣམ་པར་རིས་སུ་མ་ཆད་པར་མཐོང་བ་འདི་ནི་ཐ་མལ་བའི་བློས་དཔག་པར་དཀའ་བའི་མཐོང་བ་ཡིན་པས་སྟོང་གཟུགས་མཐོང་ཚུལ་འདི་དང་མཚུངས་པར་སངས་རྒྱས་ཀྱིས་དུས་གསུམ་གྱི་ཆོས་ཐམས་ཅད་རིས་མེད་པར་མཉམ་ལ་མ་འདྲེས་པར་གཟིགས་པ་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མཐོང་བ་ཡིན་པས། མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྚཱི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ། ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་ཀྱི་རང་བཞིན་གྱིས་སྟོང་ཡང་དུས་གསུམ་གྱི་སྣང་བ་མུ་མེད་པར་འཆར་བའི་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་ཙམ་དུ་སྨྲ་བའི་སྟོང་པ་ཉིད་ཀྱི་ཆོས་སྟོན་པ་ནི། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཡིན་ལ་དེ་ནི་མཆོག་ཏུ་དམིགས་པ་མེད་པས་ཟབ་པ་དང་། རྣམ་པ་མཐའ་ཡས་པའི་རྒྱ་ཆེ་བ་ཟུང་དུ་འཇུག་པའི་སྒྲ་སྒྲོགས་པ་ཡིན་པས་ཆོས་ཀྱི་དུང་འབུད་པ་དང་ཆོས་ཀྱི་གཎྚཱི་བསྒྲགས་པ་དང་། མི་གནས་པའི་མྱང་འདས་ཀྱི་ལམ་སྟོན་པ་དང་། ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ་བརྡུང་པ་ཡིན་ལ། དེ་ལྟར་སྟོང་པའི་གཟུགས་རྣམ་པ་ཐམས་ཅད་པ་ནི་རྡུལ་ཕྲ་རབ་བསགས་པའི་གཟུགས་ཀྱི་རང་བཞིན་གང་ཡང་མེད་ཀྱང་གཟུགས་བཟང་པོའི་དམ་པ་སྟེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་དངོས་སུ་མཐོང་བ་ཐ་མལ་པའི་འཆིང་བ་གཅོད་པ་དང་། རིས་སུ་མ་ཆད་པ་སྣ་ཚོགས་པའི་གཟུགས་ཅན་ཡིན་ཀྱང་ཡིད་ལས་སྐྱེས་པ་སྟེ་རང་སྣང་ཙམ་ལས་ཕྱི་རོལ་ཡུལ་གྱི་

p. 664

རྣམ་པ་རང་མཚན་པ་མེད་པས་ཟབ་པའོ། །དུས་གསུམ་གྱིས་བསྡུས་པའི་གཟུགས་དང་སྒྲ་ལ་སོགས་པའི་གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་དམ་པ་ཡིན་པ་དང་། སྲིད་པ་གསུམ་གྱི་གཟུགས་བརྙན་པ་མ་ལུས་པ་འཆང་བ་པོ་སྟེ་དེའི་བདག་ཉིད་ཡིན་པས་རྒྱ་ཆེ་བའོ། །ཞེས་སོ། །འདིར་ཚིག་བཅད་གོ་གཉིས་པའི་རྗེས་ཀྱི་ཚིགས་བཅད་བཅོ་ལྔ་ནི་གོ་སླར་མཛད་དེ་འགྲེལ་བས་མ་བཤད་དོ། །འདིར་བླ་མ་ཁ་ཅིག་སངས་རྒྱས་ཀྱི་བཞུགས་པ་གསུངས་པའི་ཕུང་པོ་ལྔ་ཡི་རང་བཞིན་རྣམས་ཀྱིས་སོགས་ནས་ལུས་ངག་སེམས་ཀྱི་བརྟག་པའི་ངོ་བོ་ཉིད་ཀྱིས་གནས་པ་འཆད་པར་བཞེད་པའང་ཡོད་དོ། །འདིར་གོ་སླར་མཛད་པའི་ཚིགས་བཅད་རྣམས་མདོར་བསྡུས་སུ་བཤད་ན། གོང་དུ་མདོར་བསྡུས་པའི་སངས་རྒྱས་གནས་གང་དུ་བཞུགས་པ་བཤད་པ་དེ་ཉིད་སླར་ཡང་རྒྱས་པར་གསུངས་པ། སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བ་རྣམས་ཀྱིས་དུས་ཀུན་ཏུ་ངེས་པར་རྡོ་རྗེ་ཅན་གྱི་ཞེས་པ་གཙོ་བོ་ཉིད་བཙུན་མོའི་བྷ་ག་ལ་བཞུགས་པ་རྣམ་གསུམ་སྟེ། ཕྱི་འཇིག་རྟེན་དང་ནང་ལུས་དང་གཞན་སྒྲིབ་བྲལ་གྱི་ཆོས་དང་དཀྱིལ་འཁོར་དུ་ཡང་ནི་ཡང་དག་པར་བཞུགས་པར་རབ་ཏུ་འགྱུར་རོ། །དེ་ཡི་དོན་རྒྱས་པར་གསུངས་པ། ཕྱི་རོལ་དུ་ནི་མཐོ་རིས་དང་ས་སྟེང་ས་འོག་གི་འཇིག་རྟེན་སྣ་ཚོགས་པའི་ཕྱོགས་སུ་གོང་གི་ཚིགས་བཅད་དྲུག་ཅུ་པར་གསུངས་པ་ལྟར་སྐུ་གསུམ་གྱི་རྣམ་པར་རོལ་པས་བཞུགས་པ་ནི་བྷ་ག་ལ་བཞུགས་པའི་དོན་དུ་འགྱུར་ཏེ། ནང་དུ་མཆོག་གི་ལུས་ལ་རླུང་དང་སྦྱར་ན་དབུ་མར་སྲོ༷ག་གི་རླུང་ནི་རབ་ཏུ་རྒྱུ་བའོ། །ཐིག་ལེ་ལ་སྦྱར་ན་སྒྲིབ་བྲལ་ཆོས་ཀུན་གྱི་ཁྱབ་བདག་འགྱུར་མེད་དག་གི་ཐིག་ལེ་ནི་ལྟེ་བ་ས་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དྲུག་གི་པདྨའི་ལྟེ་བ་དག་ལ་བཞུགས་པར་རབ་ཏུ་གྱུར་པ་གང་དེ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཅེས་པའོ། །སེམས་ལ་སྦྱར་ན་སྒྲ་ལ་སོགས་པ་ཡུལ་ལྔ་ལ་རྣ་

p. 665

བ་སོགས་དབང་པོ་གང་ཞིག་གི་སྒོ་ནས་རང་སེམས་འཇུག་པའམ་འགྲོ་སྟེ་དེ་ལ་གནས་པ་ལ་དེ་ལྟར་བཤད་དོ། །གཞན་སྒྲིབ་བྲལ་གྱི་ཆོས་ལ་སྦྱར་ན་ཡུལ་སྒྲ་སོགས་མེད་པ་ཉིད་དེར་སྣང་བའི་སྟོང་པ་ལ་སེམས་འཇུག་པ་ཡང་དེ་བཞིན་ལ། གཞན་བསྐྱེད་རིམ་ལ་ནི་སྔར་བསྟན་པ་དེ་བཞིན་དཀྱིལ་འཁོར་དུ་ཡབ་ཡུམ་སྙོམས་པར་འཇུག་པས་གནས་པ་ཁོ་ནའོ། །གང་ཞིག་ཨེ༷་ཝྃ་གྱི་ཡི་གེ་ལ་གནས་པའི་དོན་ནི་ཨེ་ཡིག་མཆོག་ཏུ་བདེ་བའི་གནས་རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་པ་ཉིད་དང་བདེ་བ་ཆེན་པོ་དབྱེར་མེད་པ་དག་པའི་སྐུ་ལ་ཝ༷ཾ་ཡིག་ཐིག་ལེ་ཟླ་བ་ཁུ་བ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་དང་ཚེག་དྲག་ཉི་མ་གསུང་རྡོ་རྗེ་ལོངས་སྐུ་དང་། ཨ་ཡིག་སྒྲ་གཅན་རྣམ་ཤེས་ཐུགས་རྡོ་རྗེ་ཆོས་སྐུ་སྟེ་དེ་རྣམས་གཅིག་ཏུ་སྦྱོར་བ་ནི་བྷ་ག་ལ་ཞུགས་པའི་དོན་ཡིན་པའོ། །བཞུགས་པ་པོ། ཆོས་ཐམས་ཅད་སྒྲིབ་བྲལ་དུ་རོ་གཅིག་པའི་གཅིག་པུ། གཞོམ་དུ་མེད་པའི་རྡོ་རྗེ་ཅན་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་དེ་ནི་སྐུ་གསུང་ཐུགས་རྡོ་རྗེའི་དབྱེ་བ་གསུམ་སྟེ། དེ་ནི་སྒྲིབ་མེད་ཀྱི་ཡུལ་དྲུག་དང་ཡུལ་ཅན་དབང་པོ་དྲུག་དང་ཁམས་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་བ་ཡི་ཚུལ་དུ་བཞུགས་པའོ། །དེ་ལྟར་དུས་གསུམ་དང་ཕྱི་ནང་གཞན་གསུམ་གྱི་གནས་གསུམ་དུ་རྡོ་རྗེ་ཅན་བཞུགས་པ་ནི། སྲིད་པ་གསུམ་དུའང་གནས་པ་སེམས་ཅན་དུ་མའི་དོན་གྱི་སླད་དུའོ། །དེས་ན་རྒྱུད་རྣམས་དག་ལས་གླེང་གཞིའི་ཚིག་འདི་སྐད་བདག་གིས་ཐོས་ཞེས་གསུངས་པ་གང་ཡིན་པ་དེ་ཡི་དོན་ཨེ་ཝཾ་ཟུང་འཇུག་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་དེ་ནི་འདི་ལྟར་བདག་གིས་ཤེས་སོ་ཞེས་པ་སྟེ་ཇི་ལྟར་ཤེས་ན་ཐབས་ཤེས་དབྱེར་མེད་རྡོ་རྗེ་ཅན་ནི་སྤྱི་བོའི་ཟླ་བ་ཧཾ་ཡིག་གི་ཐིག་ལེ་ཞུ་བ་ལས་རྡོ་རྗེ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གང་ཞིག་སྤྱི༷་བོ་དང་མགྲིན་པ་དང་སྙིང་གའི་ཆུ་སྐྱེས་དང་ལྟེ༷་བ་དང་གསང་བ་དང་བུད་མེད་རྣམས་ཀྱི་བྷ་གར་རིམ་པར་འཛག་པ་ལས། བྱང་སེམས་དེ་ནི་སྐུ་

p. 666

གསུང་ཐུགས་ཀྱི་ཐིག་ལེ་གྲོལ་བ་འཛག་པའི་དགའ་བ་གསུམ་གྱིས་མཐར་མཆོག་གི་པདྨ་ལ་འཛག་མེད་དུ་གནས་པ་འཕོ་མེད་ལྷན་སྐྱེས་བདེ་བ་དེ་ནི་རྡོ་རྗེ་ཐེག་པ་འདིར་སངས་རྒྱས་ཀྱི་ཞིང་ཕྱི་ནང་གཞན་གསུམ་དུ་རབ་ཏུ་ཞུགས་པ་པོ་བཅོམ་ལྡན་འདས་སུ་རྣལ་འབྱོར་པ་རྣམས་ཀྱིས་རིག་པར་བྱ་སྟེ། དེས་ན་ཨེ་ཝཾ་རྡོ་རྗེ་ཅན་འདི་ལྟར་བདག་གིས་ཤེས་སོ་ཞེས་བྱའོ། །དེ་ཡང་ཤེས་པ་པོ་བདག་དང་ཤེས་བྱ་ཐ་དད་དུ་མེད་པའི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བའི་ཚུལ་གྱིས་སོ། །དེ་ལྟར་ངེས་པའི་དོན་དུ་སངས་རྒྱས་རྡོ་རྗེ་ཅན་ནི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་སྲིད་ཞི་ཀུན་ཁྱབ་ཡིན་པས་གནས་དང་དུས་ཀྱི་རིས་སུ་ཕྱེ་བའི་ཉི་ཚེ་བ་མིན་ན་ཡང་། གདུལ་བྱ་མཐའ་ཡས་པའི་ངོར་རྣམ་པ་སྣ་ཚོགས་སུ་སྣང་སྟེ། གདུལ་བྱ་རྣམས་ཀྱི་སྐྱེ་བ་སྔ་མར་རང་གི་སྙིང་གིས་ཞེས་སེམས་ཀྱིས་བསྐྱེད་པའི་ཞི་བ་དང་ཆགས་པ་དང་ཁྲོ་བོ་ལ་སོགས་པའི་ཚུལ་ཅན་དངོས་པོ་རྣམས་ཀྱི་ནི་བག་ཆགས་གོམས་པའི་སྟོབས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་གནས་པའི་སངས་རྒྱས་གཅིག་ནི་ཞེས་སམ། དཀྱིལ་འཁོར་གྱི་འཁོར་ལོར་གནས་པ་རྡོ་རྗེ་ཅན་གཅིག་པུ་དེ་ནི་ཞི་ཆགས་ཁྲོ་བོའི་རྣམ་པ་དུ་མར་མཐོང་སྟེ་སྔོན་ལས་དང་སྨོན་ལམ་བཏབ་པའི་ཡོན་ཏན་གྱི་དབང་གིས་དེ་ལྟར་སྣང་བ་ཡིན་ནོ་ཞེས་སོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་པའི་གསུང་གིས་ཆོས་བསྟན་པའི་དོན་གཅིག་ལ་ཡང་འགྲོ་བ་སོ་སོའི་ངེས་པའི་ཚིག་གི་རྣམ་གྲངས་དུ་མའི་སྐད་ནི་གདུལ་བྱ་རང་རང་གི་ཁམས་དབང་བསམ་པའི་དངོས་པོ་དང་མཐུན་པ་རྣམས་ཀྱིས་སྲོག་ཆགས་རྣམས་ཀྱི་སྙིང་ལ་འཐད་ཅིང་རབ་ཏུ་འཇུག་པར་བྱེད་དོ། །གཞན་ཡང་ཁྱིམ་ལ་གནས་པ་ཅན་ཁྱིམ་པ་རྣམས་ཀྱི་བསོད་ནམས་འཕེལ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་གནས་པའི་ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ནི་བསོད་སྙོམས་ལ་ནི་རྣམ་པར་རྒྱུ་རུ་གཤེགས་ཤིང་བསོད་སྙོམས་བཞེས་པར་མཛད་དོ། །དུད་འགྲོ་

p. 667

དང་ཡི་དྭགས་དང་ལྷ་མིན་རྣམས་དང་ལྟོ༷་འཕྱེ་དང་ལྷ་དང་མི་ནི་འཕགས་པ་ཡི་ཡུལ་རྒྱ་གར་པ་དང་བོད་གངས་ཅན་པ་ལ་སོགས་པ་འགྲོ་བ་དྲུག་པོ་རྣམས་ལ། འདས་པའི་དུས་སུ་བྱུང་བ་དང་། མ་འོངས་པ་ན་འབྱུང་བར་འགྱུར་བ་དང་། ད་ལྟར་བྱུང་བ་རྣམ་པ་གསུམ་བསྟན་པས་ཡིད་དད་པར་བྱེད་པ་དང་། རྟག་ཏུ་རང་རང་གི་ངོར་འཐད་ཅིང་མཐར་ཐུག་གི་འབྲས་བུ་ཐོབ་པ་ལ་མི་བསླུ་བ་བདེན་པའི་ཆོས་ནི་གསུང་བར་བྱེད་ཅིང་། འགྲོ་བ་དེ་དག་སོ་སོ་རང་རང་གི་སྐད་གཞན་དང་གཞན་དག་གིས་ཆོས་སྟོན་པར་མཛད་ལ། ཚུལ་དེ་ལྟ་བུའི་ཕྲིན་ལས་ཕྱི་མའི་མུ་མཐའ་དང་མཉམ་པའི་སྒོ་ནས་རིམ་གྱིས་སྲིད་པ་གསུམ་པོ་མ་ཚང་མེད་པ་སྟེ་མ་ལུས་པ་ཐམས་ཅད་མཁྱེན་པའི་ལམ་ལ་ཡང་དག་པར་འགོད་པར་བྱེད་པ་འདི་ནི་མཐར་ཐུག་འགྱུར་མེད་བདེ་བར་རོ་མཉམ་པའི་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་རྣམ་པ་ཐམས་ཅད་པ་སྟེ་གདུལ་བྱའི་སེམས་ཅན་གྱི་བྱེ་བྲག་ཉི་ཙེ་བའི་ཕྱོགས་སུ་ལྷུང་བའི་ལེགས་སྦྱར་ལྷ་ཡི་སྐད་འབའ་ཞིག་ཀྱང་མ་ཡིན་ནོ། །སྐུའི་སྤྲུལ་པ་སྣ་ཚོགས་སྟོན་པ་ནི་ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་རྣམས་ཀྱིས་ལྟ་ཅི་སྨྲོས། སངས་རྒྱས་རྣམས་ཀྱིའང་མཐའ་ཅན་དང་ཚད་ཅན་དུ་རྟོགས་བྱ་མིན་པ་སྟོབས་བཅུ་སོགས་དཔག་མེད་ཡོན་ཏན་དང་ལྡན་པ་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྒྱུ་མ་ལྟ་བུ་ནི། སྲིད་པ་གསུམ་གྱི་གནས་སུ་རྣམ་པ་སྣ་ཚོགས་པའི་བདག་ཉིད་སྟོན་པར་བྱེད་དེ། དཔེར་ན་ནམ་མཁའ་ལ་བརྒྱ་བྱིན་གཞུ་འཇའ་ཚོན་དག་ནི་སྣང་བ་ཇི་བཞིན་ཉིད་དུའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་རོལ་པ་སྣ་ཚོགས་པ་བལྟམ་པ་དང་སངས་རྒྱས་པ་དང་ཆོས་འཁོར་བསྐོར་བ་དང་མྱ་ངན་ལས་འདས་པ་དང་སྐུ་གདུང་དང་རིང་སྲེལ་ལ་སོགས་པས་འདུལ་བ་རྣམ་པ་སྣ་ཚོགས་ཀྱི་དངོས་པོ་རྣམས་ཀྱིས་ཕྱེ་བ་རྒྱལ་བ་བྱང་ཆུབ་སེམས་དཔའ་དང་བཅས་པ་ཡི་རྣམ་འཕྲུལ་གང་ཞིག་ལྷ་དང་མི་རྣམས་ཀྱི་རང་རང་གི་སེམས་ལ་སྔོན་

p. 668

གོམས་པའི་བག་ཆགས་དང་མཐུན་པར་རབ་ཏུ་ཞུགས་པ་འདི་ནི་རང་གི་ངོ་བོ་ཡེ་ནས་མ་སྐྱེས་པའི་ཆོས་སྟོང་པ་ཉིད་ཀྱི་རང་བཞིན་ཏེ་དཔེར་ན་ཆུ་དྭངས་པ་ལ་ནམ་མཁའ་ཡི་གཟུགས་བརྙན་སྣང་བ་བཞིན་དུ་འདིར་ནི་སྐྱེ་བར་འཁྲུལ་པ་སྟེར་བའོ། །ཞེས་ནམ་མཁའ་ལ་གཟུགས་མེད་པས་དེའི་གཟུགས་བརྙན་ཆུ་ལ་སྣང་བ་དོན་དུ་མེད་མོད་ཀྱང་། ཕྱོགས་ཀྱི་རི་ལ་སོགས་པ་ཤར་བའི་བར་གྱི་ནམ་མཁའི་གོ་སྐབས་ཀྱང་ཆུ་ལ་ཤར་བ་ལ་ནམ་མཁའ་ཆུ་ནང་དུ་ཤར་བར་འཁྲུལ་བ་སྟེར་བ་བཞིན་དུ་སངས་རྒྱས་ནི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་སྐྱེ་འགགས་མེད་པ་ལས་མ་གཡོས་པས་ནམ་མཁའ་ལྟ་བུ་ལ། ཆུ་དྭངས་པའི་དབང་གིས་ནམ་མཁའི་གཟུགས་བརྙན་དེར་སྣང་བ་ལྟ་བུ་ནི་སངས་རྒྱས་ཀྱི་རྣམ་རོལ་རང་སེམས་ལ་སྣང་བའོ། །དེ་བཞིན་དུ་རྒྱུད་བླ་མར། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་སྣང་བརྙན་འཆར། །ཞེས་དང་། བརྒྱ་བྱིན་བཞིན་དུ་ཐུབ་པ་ནི། །ཆོས་ཀྱི་སྐུ་ཡི་སྐྱེ་འཇིག་མེད། །ཅེས་སོགས་གསུངས་པ་དང་དོན་འདྲའོ། །མདོར་བསྡུ་ན་རྒྱལ་བའི་སྐུ་ཡི་རྡོ་རྗེ་ནི་གཟུགས་སོགས་ཡུལ་དང་མིག་སོགས་ཡུལ་ཅན་རྣམས་ཀྱི་གཟུང་འཛིན་འབྲེལ་བས་བགྲོད་བྱའམ་རྟོགས་བྱ་མིན་པ་གཟུགས་ཀྱི་རྣམ་པ་ཐམས་ཅད་དང་ལྡན་པ་སྟོང་པ་ཉིད་ཀྱི་གཟུགས་གཞོམ་དུ་མེད་པ་རྡོ་རྗེ་ལྟ་བུའི་སྐུའོ། །གསུང་གི་རྡོ་རྗེ་ནི་སྒྲ་ཉི་ཙེ་བ་མ་ཡིན་ཏེ་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་སྙིང་སྟེ་སེམས་ཀྱི་བསམ་པ་དང་མཐུན་པར་རང་རང་གི་སྐད་རྣམས་དག་གིས་ཆོས་ཀྱི་སྒོ་མཐའ་ཡས་པ་ནི་གོ་བར་བྱེད་པ་གཞོམ་མེད་རྣམ་པ་ཐམས་ཅད་སྟོང་པའི་སྒྲ་དབྱངས་དམ་པའོ། །འགྱུར་མེད་ལྔ་ཡི་བདག་ཉིད་རྡོ་རྗེ་ཅན་སངས་རྒྱས་ཀུན་གྱི་ཐུགས་ཀྱི་རྡོ་རྗེ་ནི་སེམས་ཅན་རྣམས་ཀྱི་སེམས་གྱི་རང་བཞིན་འོད་གསལ་བ་རྟོགས་པ་ཇི་ལྟ་བ་དང་། ཤེས་བྱ་མཐའ་དག་གཟིགས་པའི་

p. 669

ས་ལ་གནས་པ་ཇི་སྙེད་པ་མཁྱེན་པ་སྟེ་དེ་གཉིས་དབྱེར་མེད་པ་བདེ་བ་ཆེན་པོ་ནམ་མཁའ་དང་མཉམ་པ་འགྱུར་བ་མེད་པ་རྡོ་རྗེའི་ཐུགས་སོ། །དྲི་མ་མེད་པའི་ནོར་བུ་ལྟ་བུ་སྐུ་གསུང་ཐུགས་ཀྱི་དངོས་པོ་སྣ་ཚོགས་པ་རིས་མེད་པ་རྣམས་ཀྱི་གཞི་འཛིན་པར་བྱེད་པ་གཅིག་པུ་གཉིས་སུ་མེད་པའི་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་གང་ཡིན་པ་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །ད་ནི་དཀྱིལ་འཁོར་དུ་སྤྲོས་པའི་ལྷ་རྣམས་ཀྱི་དག་པ་གསུངས་པ། སྦྱིན་པ་ལ་སོགས་པ་ཕར་ཕྱིན་གང་གི་རྒྱུ་ལས་བདེ་མཉམ་གྱི་འབྲས་བུ་སྟེར་བ་སྦྱིན་པ་ནས་ཤེས་རབ་ཀྱི་བར་དྲུག་དང་ཐབས་སྟོབས་སྨོན་ལམ་ཡེ་ཤེས་བཞི་སྟེ་ཕར་ཕྱིན་བཅུ་པོ་དེ་རྣམས་ནི་ནུས་མ་བཅུ་པོ་དེ་དག་རྣམས་སུ་གསུངས་སོ། །ནུས་མ་དེ་དག་རྣམས་ཀྱི་ཐབས་ནི་དག་པ་མཆོག་གི་བདུད་རྩི་རྣམ་པ་བཅུ་སྟེ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་བཅུ་པོ་དེ་དག་རྣམས་སོ། །འདི་ལ་བརྟེན་ནས་པདྨའི་གདན་ཅན་གྱི་ལྷ་གྲངས་སུ་བུམ་པ་འདྲེན་ཞིང་བུམ་པ་རྣམས་ནུས་མ་རྣམས་ཀྱི་ཡབ་ཡིན་ནོ་ཞེས་ཁ་ཅིག་འདོད་ཀྱང་། ཐབས་ཤེས་སུ་གསུང་ཚད་ཕོ་མོའི་རྣམ་པའི་ཡབ་ཡུམ་ཡིན་མི་དགོས་ལ། པདྨའི་གདན་ཅན་ནི་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་གྱི་གྲངས་ཡིན་པས་དེར་བུམ་པ་བགྲངས་ན་རྩ་བའི་གྲངས་ལས་ལྷག་པར་འགྱུར་ཞིང་། ཆོས་དུང་ནོར་བུ་སོགས་ཀྱང་ལྷར་བགྲང་དགོས་པར་འགྱུར་བས་དེ་ལྟར་མི་འཐད་དོ། །གཡས་གཡོན་གྱི་རྒྱུ་བ་བདུད་དང་ཉོན་མོངས་ཉམས་པ་ནི་གཙོ་བོའི་ཞབས་འོག་ཏུ་འདོད་པ་ཡི་ལྷ་ཞེས་པ་བདུད་དང་འཕྲོག་བྱེད་དྲག་པོའོ། །སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ཚོགས་ནི་དཔག་བསམ་ལྗོན་པ་ལ་སོགས་པའི་མཚན་མ་བཞི་པོ་རྣམས་སོ། །ཕྱག་རྒྱ་དྲུག་པོ་རྣམས་ཐིག་ལེ་སྟོང་པ་ཡི་གེ་དྲུག་སྟེ། སྒྲིབ་བྲལ་གྱི་སྲིད་གསུམ་སྐྱེད་པར་བྱེད་པ་གཙོ་བོ་ཡབ་ཡུམ་ནི་ཡེ་ཤེས་དང་རྣམ་ཤེས་སྒྲིབ་བྲལ་དུ་རོ་མཉམ་པ་གཅིག་པུའོ། །འཁོར་ལོ་ཡི་མཚན་མ་ནི་སྲིད་པ་གསུམ་པོ་ཀུན་

p. 670

ནས་དྭངས་བ་པྲ་ཕབ་ལྟར་སྣང་བའི་མེ་ལོང་ཡེ་ཤེས་ཞེས་པའོ། །བདེ་བ་ཆེན་པོ་མཉམ་ཉིད་ཡེ་ཤེས་ནི་རིན་ཆེན་གྱི་མཚན་མའོ། །འདི་ཡི་ཆགས་པ་ལྷན་སྐྱེས་དགའ་བ་ཉིད་དག་ནི་སོར་རྟོག་ཡེ་ཤེས་པདྨའོ། །ཉོན་མོངས་པ་མཐའ་དག་གཅོད་ཅིང་ཟད་པ་བྱ་གྲུབ་ཡེ་ཤེས་རལ་གྲི༷་ཡི་མཚན་མའོ། །རྡོ་རྗེ་ཡི་མཚན་མ་དག་ཀྱང་རྣམ་ཤེས་སྒྲིབ་བྲལ་གྱི་ཡེ་ཤེས་ཀྱི་སྐུ་ཆེན་པོ་ཀུན་ཁྱབ་ཆོས་དབྱིངས་ཡེ་ཤེས་ཏེ་རྟོག་པས་རྣམ་པར་མི་ཕྱེད་པ་རྡོ་རྗེ་ལྟ་བུའོ། །མི་ཤེས་པ་འགྱུར་བའི་མ་རིག་པ་གཅོད་པ་ནི་གྲི༷་གུག་གི་མཚན་མ་སྟེ་ཡེ་ཤེས་ལྔ་འདུས་པའི་མཆོག་གི་རིགས་དྲུག་པ་རྣམས་ཏེ་རང་བྱུང་གི་ཡེ་ཤེས་སོ། །དེ་ལྟར་རིགས་དྲུག་གི་མཚན་མ་དྲུག་པོ་འདི་དག་རྣམས་ཀྱིས་བསྐྱེད་ཅིང་སྤྲོས་པ་སྟེ་རིགས་སུ་གཏོགས་པ་གང་ཡིན་པ་ཕུང་པོ་དང་ཁམས་དང་དབང་པོ་ལ་སོགས་པ་ཐམས་ཅད་རང་གི་ངོ་བོས་ཡེ་ནས་སྒྲིབ་བྲལ་དུ་གྱུར་པ་ནམ་མཁའ་བཞིན་དུ་རོ་མཉམ་པ་ཡིན་པས་དེ་རྣམས་ཡེ་ནས་རྣམ་པར་དག་པའི་དོན་ལམ་གྱིས་མངོན་དུ་མཛད་པ་སྒྲིབ་བྲལ་འབྲས་བུའི་ལྷར་བསྒོམ་པ་དེ་དག་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱ་སྟེ་ཆོས་ཐམས་ཅད་རིགས་དྲུག་གི་རང་བཞིན་དུ་རྣམ་པར་དག་པར་བལྟ་བར་བྱའོ།། དེ་ཡང་སྒྲིབ་བྲལ་གྱི་ཆོས་གང་དུ་ངེས་པར་རྒྱུ་འཁོར་བའི་རིགས་ཀྱི་གཟུགས་སམ་གཟུགས་ཀྱི་རིགས་ཐ་མལ་པའི་གཟུགས་ཀྱི་ཕུང་པོ་ནི་མཉམ་པ་ཉིད་དུ་གྱུར་པ་སྟེ་སྒྲིབ་པ་མེད་པར་སོང་བ་དེ་ནི་ཆེན་པོའི་གཟུགས་ཏེ་རྣམ་པར་སྣང་མཛད་མེ་ལོང་ཡེ་ཤེས་སུ་གསུངས་སོ། །དེ་བཞིན་དུ་གང་དུ་འཁོར་བའི་སྡུག་བསྔལ་ཉམས་པའམ་ཟད་ཅིང་འགགས་པ་ཉིད་དུ་གྱུར་པ་སྒྲིབ་བྲལ་གྱི་བདེ་བ་ཆེན་པོ་དེ་ནི་ཚོར་བ་ཆེན་པོར་གསུངས་པ་སྟེ་མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་ལྡན་ནོ། །གང་དུ་འཁོར་བའི་ཕྱོགས་སུ་གྱུར་པའི་མིང་དང་མཚན་མ་འཛིན་པའི་འདུ་ཤེས་ཉམས་པ་ཉིད་དུ་གྱུར་པ་དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོ་སོར་རྟོག་ཡེ་ཤེས་སྣང་བ་མཐའ་ཡས་

p. 671

ཞེས་བྱའོ། །གང་དུ་འཁོར་བ་འཕེལ་བ་ཉིད་བྱེད་པའི་འདུ་བྱེད་ཉམས་པ་ཉིད་དུ་གྱུར་པ་དག་ནི་རྡོ་རྗེའི་འདུ་བྱེད་ཁོ་ན་སྟེ་བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབ་པའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་རྣམ་པ་བཞི་ཡི་སེམས་ཉམས་པ་ཉིད་དུ་གྱུར་པ་དེ་ཡང་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་སྒྲིབ་བྲལ་དག་པའི་རྣམ་པར་ཤེས་པར་གསུངས་ཏེ་རྡོ་རྗེ་མི་བསྐྱོད་པའོ། །གང་དུ་ཤེས་པ་མིན་པའི་ཞེས་པ་རིག་པ་མིན་པ་སྟེ་མ་རིག་པ་འཕོ་བའི་བག་ཆགས་དང་ལྡན་པ་བཞི་བའི་གནས་སྐབས་ཀྱི་དངོས་པོ་ཉམས་པ་ཉིད་དུ་གྱུར་ཏེ་འགགས་པ་དེ་ནི་ཐུབ་པའི་ཡེ་ཤེས་རྡོ་རྗེ་བདེ་ཆེན་རྡོ་རྗེ་སེམས་དཔའ་ཉིད་དོ། །དེ་ལྟར་སྒྲིབ་མེད་ཀྱི་ཕུང་པོ་དྲུག་པོ་འདི་དག་རྣམ་པར་སྣང་མཛད་ལ་སོགས་མཆོག་གི་རྒྱལ་བ་ཡི་རིགས་མཆོག་ནི་རྣམ་པ་དྲུག་སྟེ་ཐབས་ཀྱི་རིགས་དྲུག་རྣམས་སོ། །གཞན་གྱི་ཞེས་པ་ཤེས་རབ་ཀྱི་རིགས་དྲུག་ནི་ཁམས་དྲུག་གི་དབྱེ་བ་རྣམས་ཏེ། འདི་ལྟར་ས་དང་ཆུ་དང་མེ་དང་ང་དང་ནམ་མཁའ་དང་ཞི་བ་ཡེ་ཤེས་ཀྱི་ཁམས་རྣམས་སྒྲིབ་པ་མེད་པར་གྱུར་པ་ཡུམ་དྲུག་རྣམས་སོ། །དེ་ཡང་གང་དུ་གཏི་མུག་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་སངས་རྒྱས་སྤྱན་མ་ཡིན་ཏེ་དེ་ནི་སྒྲིབ་བྲལ་གྱི་འཛིན་མའོ། །གང་དུ་ང་རྒྱལ་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་མཱ་མ་ཀཱི༷་སྟེ་དེ་ནི་སྒྲིབ་བྲལ་གྱི་ཆུ་ཉིད་དོ། །གང་དུ་འཛག་བདེ་སོགས་འཁོར་བའི་ཆགས་པ་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་གོས་དཀར་མོ་སྟེ་དེ་ནི་སྒྲིབ་བྲལ་གྱི་མེ་ཡིན་ནོ། །གང་དུ་གཞན་ལ་ཕྲག་དོག་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་སྒྲོལ་མ་ཡིན་ཏེ་དེ་ནི་སྒྲིབ་བྲལ་གྱི་རླུང་ཡང་ངོ་། །གང་དུ་ཞེ་སྡང་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་དེ་ནི་སྒྲིབ་བྲལ་གྱི་ནམ་མཁའ་འོ། །གང་དུ་སེར་སྣ་ཐམས་ཅད་ཉམས་པ་ཉིད་དུ་གྱུར་པ་སྣ་ཚོགས་ཡུམ་སྟེ་དེ་ནི་ཡེ་ཤེས་སྒྲིབ་བྲལ་འགྱུར་མེད་དོ། །མཐོང་བ་མངོན་གྱུར་དང་

p. 672

མ་མཐོང་བ་ལྐོག་གྱུར་གྱི་གཟུགས་ནི་ནང་དུ་ཡིད་དེ་དབུ་མ་དང་ཕྱི་རོལ་ནམ་མཁའ་ལ་ཡང་མངོན་སུམ་ཏུ་གསལ་བར་ལྟ་བར་བྱེད་པ་གང་ཡིན་པ་དེ་ནི་སྒྲིབ་བྲལ་གྱི་མིག་ས་སྙིང་ངོ་། །ཐག་རིང་པོ་ནས་ཀྱང་ཕྱོགས་བཅུ་ན་གནས་པའི་སྒྲ་རྣམས་ནི་རབ་ཏུ་གསལ་བ་མངོན་སུམ་བཞིན་དུ་ཐོས་པ་འདི་ནི་རྒྱལ་བའི་སྒྲིབ་བྲལ་གྱི་རྣ་བ་ཆེན་པོ་ཕྱག་ན་རྡོ་རྗེའོ། །མཆོག་གི་བདེ་བ་བྱེད་པའི་དྲི་ནི་ཕྱོགས་བཅུ་ན་ཡོད་པ་ཐམས་ཅད་འཛིན་པ་དེ་ནི་ཁྱབ་བདག་གི་ཡང་སྒྲིབ་བྲལ་གྱི་སྣ་བཟང་པོ་ནམ་མཁའི་སྙིང་པོའོ། །རང་གིས་དཔྲལ་བའི་ཟླ་བའི་བདུད་རྩི་ཞུ་བའི་སྟོབས་ཀྱིས་བདེ་བ་སྟེར་བ་དག་ཀྱང་རྟག་ཏུ་ཡས་བབ་ཀྱི་རིམ་པས་མྱོང་བར་བྱེད་པ་གང་ཡིན་དེ་ནི་སྒྲིབ་བྲལ་གྱི་ལྕེ༷་འཇིག་རྟེན་དབང་ཕྱུག་གོ། སྒྲིབ་བྲལ་རྡོ་རྗེའི་རེག་བྱ་ལ་ཆགས་པས་ཐ་མལ་གཉིས་སྦྱོར་གྱི་འཛག་བདེ་ལ་ཆགས་པ་ཀུན་ནས་འཕྲོག་པ་གང་ཡིན་དེ་ནི་རྟག་ཏུ་འགྱུར་མེད་རྡོ་རྗེ་ལུས་ཀྱི་དབང་པོ་སྟེ་སྒྲིབ་པ་རྣམ་པར་སེལ་བའོ། །ཐབས་དང་ཤེས་རབ་རབ་ཏུ་འགྲོགས་ལས་མི་འཕོ་བའི་བདེ་མཉམ་ལ་འཇུག་པའི་ཡིད་གང་ཡིན་པ་དེ་ནི་སྒྲིབ་བྲལ་གྱི་ཡིད་ཀུན་བཟང་འདི་ཡི་ཆོས་ཏེ་ངོ་བོའོ། །འདིར་བདེ་མཉམ་འདི་ནི་ཆོས་ཏེ་དེ་ལ་འཇུག་པ་གང་ཡིན་ཡིད་ཅེས་འགྱུར་བཅོས་ལ་བཤད་ཅེས་བླ་མ་ཁ་ཅིག་གསུངས་སོ། །དེ་ལྟར་དབྱེ་བ་དྲུག་གིས་ཕྱེ་བའི་ཡུལ་དང་ཡུལ་ཅན་སྐྱེ་མཆེད་བཅུ་གཉིས་པོ་སྒྲིབ་པ་དང་བྲལ་བའི་ཆོས་འདི་དག་ནི་བྱང་ཆུབ་སེམས་དཔའ་དྲུག་བཙུན་མོར་བཅས་པ་རྣམས་སོ། །གཟུགས་ལ་གཟུགས་ལ་སོགས་པ་འདི་དག་ཅེས་པ་འདི། ཁ་ཅིག་གིས་སྣ་ཚོགས་གཟུགས་ལ་སོགས་པ་ཞེས་འདོན་པ་ལྟར་ན་འཆད་བདེ་ལ། ཡང་ན་གཟུགས་ལ་ལྟ་བ་དབང་པོའི་ཡུལ་གྱི་སྣ་ཚོགས་པའི་གཟུགས་ལ་སོགས་པ་འདི་དག་རྒྱལ་བ་མཆོག་གི་ཡུལ་ཅན་གྱི་སྤྱོད་ཡུལ་རྣམས་ནི་རྣམ་པ་དྲུག་སྟེ། དེ་ཐམས་ཅད་སྒྲིབ་པ་དང་བྲལ་བས་ཀུན་ནས་ནི་དྭངས་ཤིང་མ་སྐྱེས་མ་འགག་པ་རང་བཞིན་སྟོང་པའི་གཟུགས་ཀྱི་

p. 673

ངོ་བོས་མི་རྟོག་པ་མཆོག་གི་བདེ་བ་བྱེད་པ་རྣམ་རྟོག་གི་ཉེས་པས་གོས་པ་མེད་ཅིང་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ནི་རྟོགས་པར་བྱ་བ་སྟེ། སྤྱན་ལྔས་གཟིགས་པ་ཡིན་གྱི་གནས་ཁམས་གསུམ་དག་ཏུ་ཐ་མལ་པ་གཞན་གྱིས་གཟུང་བྱ་དང་ནི་མཐའ་དག་འགྲོ་བའི་དབང་པོའི་སྒོ་དྲུག་པོ་ཡིས་རྟོགས་བྱ་མིན་ནོ། །དེ་ནས་ཡེ་ཤེས་དགུག་པ་དང་གཞུག་པ་དང་ཞུ་བ་གླུས་བསྐུལ་སོགས་ཀྱི་དོན་གསུངས་པ། འདིར་བསྐྱེད་རིམ་པས་ལྷ་དམ་ཚིག་པ་རྫོགས་པར་བྱས་ནས་ཛཿཞེས་སོགས་སྔགས་དང་ཕྱག་རྒྱ་དང་བཅས་ཏེ་ཡེ་ཤེས་དགུག་པར་བྱེད་པ་འདིར་ནི་སླར་ཡང་ཁྲོ་བོ་ཤིན་ཏུ་སྟོབས་ཏེ་ཡེ་ཤེས་དེ་ནི་གཞུག་པ་རྨུགས་བྱེད་ཀྱིས་བྱའོ། །ཁྲོ་བོ་རེངས་བྱེད་ཀྱིས་ཡེ་ཤེས་པ་དེ་ནི་རྟེན་ལ་བཅིང་བ་དང་། ངེས་པར་ཐབས་ཤེས་རོ་མཉམ་མཆོག་གི་བདེ་བའི་དབང་གིས་ཁེངས་བྱེད་ཀྱིས་ནི་མཉེས་པ་ཡང་། སྒྲིབ་བཅས་ཕུང་སོགས་འགགས་པའི་ཡེ་ཤེས་འཁོར་ལོ་དག་ལ་དམ་ཚིག་གི་འཁོར་ལོ་རོ་ནི་མཉམ་པར་བྱེད་པ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་མི་འཕོ་བའི་བདེ་བ་མཁའ་ཁམས་ཀྱིས་བྱེད་པ་སྟེ། དེ་བཞིན་ཁྲོ་བོའི་ལྷ་མོ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་ནི་རབ་གསལ་ངེས་པར་རྣལ་འབྱོར་མ་ཡི་རྒྱུད་ཀྱི་ལྷ་དམ་ཚིག་པའི་སྐུ་ལ་ཡེ་ཤེས་པ་དགུག་པ་ལ་སོགས་པ་བྱའོ། །དེ་ཉིད་ཀྱི་སྦས་དོན་ནང་དུ་སྦྱར་བ་འགྲེལ་པས་གསུངས་པ། འདིར་ཡེ་ཤེས་དགུག་པ་ཤིན་སྟོབས་ཀྱིས་བྱེད་ཅེས་པ་ཡེ་ཤེས་སེམས་དཔའ་ནི་ཁུ་བ་སྟེ་དགོངས་པའི་སྐད་ཀྱིས་གསུངས་པའོ། །ན་ཆུང་སོགས་ཕྱག་རྒྱ་གསུམ་དང་འགྲོགས་པ་ལས་ཁུ་བ་ཞུ་བའི་བདེ་བ་སྤེལ་ལ་དེའི་དགུག་པ་ནི་སྲོག་ལ་སོགས་པའི་རླུང་གི་ཤིན་ཏུ་སྟོབས་ཀྱིས་སྟེང་དུ་དྲངས་ནས་ཐིག་ལེར་སྤྱི་བོར་ཡོངས་སུ་རྫོགས་པར་བྱའོ། །དེ་ནི་གཞུག་པ་རྨུགས་བྱེད་ཀྱིས་ཞེས་པ། གཏུམ་མོའི་མེས་ཐིག་ལེ་ཞུ་བར་བྱས་ནས་ཞུ་བ་དེ་ཐིག་ལེའི་གཟུགས་ཀྱིས་མགྲིན་སྙིང་ལྟེ་བ་

p. 674

གསང་བའི་པདྨ་ལ་རབ་ཏུ་གཞུག་པར་བྱེད་པའོ། །རེངས་བྱེད་ཅེས་པ་སའི་ཁམས་ཀྱིས་ཐིག་ལེའི་གཟུགས་དེ་བཅིང་བ་བྱེད་དེ། ཤིན་ཏུ་བདེ་བའི་དབང་གིས་ཐིག་ལེ་ཤིན་ཏུ་མགྱོགས་པར་འོང་བའམ་འབབ་པ་ནི་འགྲོར་མི་སྟེར་བར་དལ་བུས་རྒྱུ་བར་བྱེད་དོ། །ཁེངས་བྱེད་ནི་ཆུའི་ཁམས་ཏེ་ཁུ་བ་དང་པདྨ་དང་ནོར་བུ་ལ་གནས་པ་གཡོ་བ་ཞེས་བརྗོད་པ་དེ་མི་འཕོ་བའི་བདེ་བའི་དབང་ལས་ཆུའི་ཁམས་ཀྱིས་ལུས་མཉེས་པ་སྟེ་བསིལ་བ་ཉིད་དུ་བྱེད་དོ་ཞེས་པའི་དོན་ཏོ། །སླར་གསང་བའི་གནས་དེ་ནས་སྟེང་དུ་འགྲོ་བའི་དོན་དུ་རྒྱུ་མཐུན་པའི་བདེ་བ་ཉིད་སྤྱན་མ་ལ་སོགས་པ་རྣམས་ཀྱིས་སྔར་བརྗོད་པ་བཞིན་རྡོ་རྗེའི་གླུ་རྣམས་ཀྱིས་རབ་ཏུ་སད་པར་བྱེད་པ་སྟེ། ལྟེ་བར་རྒྱུ་མཐུན་པའི་དོན་དུ་སྤྱན་མ་དང་། སྙིང་གར་རྣམ་སྨིན་གྱི་དོན་དུ་མཱ་མ་ཀཱི་དང་། མགྲིན་པར་སྐྱེས་བུ་བྱེད་པའི་དོན་དུ་གོས་དཀར་མོ། །སྤྱི་བོར་དྲི་མ་དང་བྲལ་བའི་དོན་དུ་སྒྲོལ་མས་སྐུལ་བར་བྱེད་པའོ། །དེ་ལྟ་བུ་ལ་སོགས་པ་རྣམས་ཀྱིས་བསླང་བ་བདེ་བ་ཆེན་པོ་དྲི་མ་དང་བྲལ་བར་རོ་མཉམ་པར་གྱུར་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་སྒྲིབ་པ་མེད་པར་ནི་རྡོ་རྗེ་ཤུགས་མི་འཕོ་བའི་བདེ་བས་བྱེད་དོ། །དེ་ལས་རྣལ་འབྱོར་པ་ཐམས་ཅད་མཁྱེན་པའི་གནས་སུ་འགྱུར་གྱི། བསྐྱེད་རིམ་ཀུན་བརྟགས་པའི་རྣལ་འབྱོར་ལ་རྣལ་འབྱོར་མས་གླུས་བསླང་བའི་ནི་མ་ཡིན་ནོ་ཞེས་པ་ངེས་པའི་དོན་ཏོ། །དེ་ལྟར་རྒྱུད་ཐམས་ཅད་ལ་ཡང་དྲང་དོན་ཀུན་རྫོབ་དང་ངེས་དོན་དོན་དམ་པའི་ཚུལ་གྱིས་འཆད་པ་དག་ཀྱང་ཤེས་པར་བྱའོ། །དེ་བཞིན་དུ་བསྐྱེད་རིམ་གྱི་དཀྱིལ་འཁོར་དུ་སྲིད་པ་གསུམ་གྱི་གནས་སུ་བདུད་རྣམས་དག་ལ་བསྣུན་པ་ངེས་པར་ཁ་ཡི་དབང་པོ་སྒྲིབ་བྲལ་ཁྲོ་བོ་དབྱུག་པ་སྔོན་པོས་བྱེད་པ་ནི་དྲང་དོན་དུ་བསྟན་པ་སྟེ། ངེས་དོན་དུ། ལུས་ཀྱི་དབུས་སུ་འགྲོ་འོང་གི་ང་ཐམས་ཅད་དབྱུག་པ་ལྟར་བསྡུས་པས་གཡས་གཡོན་གྱི་རྒྱུ་བ་ལ་བསྣུན་པའོ། །བདུད་བཅིང་བ་རྐང་པའི་དབང་

p. 675

པོས་སྒྲིབ་བྲལ་ཁྲོ་བོ་མི་གཡོ་བ་ཡི་བྱེད་པ་ནི་ངེས་དོན་དུ་ར་ས་ནཱའི་རླུང་དབུ་མར་བཅིངས་པའོ། །དུས་མཐའི་ཉི་མ་དང་མཚུངས་པར་སྒྲིབ་པ་མཐའ་དག་བསྲེག་པའི་གཟི་བྱིན་ཅན་མཐའ་ཡས་བརྩོན་འགྲུས་ཀྱིས་ནི་བགེགས་ལ་ཕུར་བུས་གདབ་པ་ནི། ངེས་དོན་དུ་སྟོབས་པོ་ཆེ་བཤང་དབང་སྒྲིབ་བྲལ་གྱིས་བཤང་རླུང་འགོག་པས་བདུད་ལ་ཕུར་བུས་བཏབ་པའོ། །འདོད་པས་ཞེས་པ་ལག་དབང་སྒྲིབ་བྲལ་འདོད་པའི་རྒྱལ་པོས་བགེགས་དེ་ཡི་སྟོབས་དང་བརྩོན་འགྲུས་ཉམས་པས་ས་གཞི་ལ་འགྱེལ་བར་གནས་པར་བྱེད་པ་ནི་ནང་དུ་ཐུར་སེལ་གྱི་རླུང་དབུ་མར་འགོག་པའོ། །ས་གཞི་ལ་མར་རེངས་བྱེད་ལ་སྦྱར་བར་བྱེད་པའང་སྣང་ངོ་། །བདུད་རྣམས་རེངས་པར་བྱེད་པ་ནི་མཆོག་དབང་སྒྲིབ་བྲལ་གནོད་མཛེས་ཉིད་ཀྱིས་སོ། །ནང་དུ་ལ་ལ་ནཱའི་ང་དབུ་མར་འགོག་པའོ། །གཅི་པའི་དབང་པོ་སྒྲིབ་བྲལ་གཙུག་ཏོར་གྱིས་ནི་བདུད་རྣམས་རྫུ་འཕྲུལ་ཉམས་པ་རབ་ཏུ་གསལ་ཞིང་ངེས་པར་མ་རྒྱུད་ལ་སྔར་བརྗོད་པ་བཞིན་ལས་དབང་གི་བྱ་བ་སྒྲིབ་བྲལ་ཁྲོ་བོའི་ལྷ་མོ་རྣམས་ཀྱིས་ལས་དེ་དག་བྱེད་པའོ། །གཙུག་ཏོར་གྱིས་གཅི་བའི་རླུང་འགགས་པས་བདུད་རླུང་གི་རྒྱུ་བ་རྫུ་འཕྲུལ་མེད་པར་བྱེད་པའོ། །དེ་ལྟར་དབྱུག་སྔོན་སོགས་ལས་དབང་དང་དེའི་བྱ་བ་རྣམས་ཀྱིས་བདུད་སོགས་ལ་བསྣུན་པ་སོགས་བྱས་པས་ནམ་མཁའ་ལ་འགྲོ་འོང་སོགས་བྱེད་དེ་གཡས་གཡོན་སྟེང་འོག་གི་རླུང་བཞི་འགགས་པས་མི་འཇིགས་པ་བཞིའི་སྟོབས་ཀྱིས་བདུད་རིས་ཐམས་ཅད་ཕམ་པར་བྱས་ནས་སྔར་བརྗོད་པའི་མཚན་ཉིད་ཀྱིས་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བྱེད་དོ་ཞེས་པ་ངེས་པའོ། །ཡི་དྭགས་རྣམས་ནི་སྨིན་པའི་དོན་དུ་དེ་ནས་གསུང་དཀྱིལ་ལ་ལྟེ་བའི་འཁོར་ལོ་སྒྲིབ་བྲལ་གྱི་ཙརྩི་ཀཱ་ལ་སོགས་པ་རྣལ་འབྱོར་མ་རྣམས་བདེ་བ་ཆེན་པོ་ལས་སྤྲོས་པར་གྱུར་པ་སྟེ། ཕྱོགས་བཅུའི་སྐྱེ་བོ་རྣམས་ནི་བསྲུང་བའི་དོན་དུ་ཚིགས་ཆེན་

p. 676

བཅུ་གཉིས་སྒྲིབ་བྲལ་དབང་པོ་ལ་སོགས་ལྷ་ཆེན་རྣམས་ནི་དེ་བཞིན་ཕྱོགས་དང་ཕྱོ༷གས་བྲལ་དུ་སྤྲོས་པའོ། །ཀླུ་རྣམས་སྨིན་པར་བྱ་བའི་དོན་དུ་རྐང་སོར་འཁོར་ལོ་སྒྲིབ་བྲལ་གདེངས་ཅན་རིགས་ནི་མཐའ་དག་ཀྱང་རྡོ་རྗེ་ཅན་གྱིས་ངེས་པར་སྤྲོས་སོ། །ལྷ་མིན་རྣམས་ནི་སྨིན་པར་བྱ་བའི་དོན་དུ་ལག་སོར་འཁོར་ལོ་སྒྲིབ་བྲལ་ཁྱི༷་ཡི་གདོང་མ་ཆེན་མོ་ལ་སོགས་རྣམས་ཀྱང་སྤྲོས་སོ། །དེ་བཞིན་དུ་སྒྲིབ་པ་མེད་པའི་བདེ་བ་ལས་གཞན་གང་ཅུང་ཟད་སྤྲོས་པ་ཡོད་པ་དག་ཀྱང་ཁྱབ་བདག་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་ནི་འབྱུང་པོ་ལས་སྐྱེས་པ་ཕྱེད་དང་བཅས་པའི་བྱེ་བ་ཕྲག་གསུམ་གྱི་མཐར་ཐུག་པ་སྟེ་ནང་དུ་བ་སྤུའི་མཐར་ཐུག་པ་སྒྲིབ་པ་མེད་པའི་ཁམས་ཀྱི་ཚོགས་སོ། །སེམས་ཅན་ཀུན་གྱི་དོན་དུ་འཇིག་རྟེན་ལས་འདས་པ་མཆོག་གི་ཡོན་ཏན་རྣམ་པ་མང་པོའི་བདག་ཉིད་ཀྱི་ལྷའི་དཀྱིལ་འཁོར་གསུངས་པ་འདི་དག་སྒྲུབ་པ་པོ་རང་གི་ལུས་ལ་དེ་དང་དེའི་ཁམས་རང་བཞིན་གྱི་གནས་པ་སྒྲིབ་བྲལ་དུ་གྱུར་པ་ལས་ཡིན་པར་མངོན་སུམ་དུ་རིག་པར་བྱའོ། །དེ་བཞིན་རྒྱུད་དང་དེའི་ས་བོན་ལ་སོགས་པའི་སྔགས་ནི་རྣམ་པ་མང་པོའི་རིགས་ལ་གནས་པ་སྔར་བསྟན་པ་རྣམས་ནི་མདོར་བསྡུ་ན་རིགས་དྲུག་དང་དེ་ཡང་བསྡུས་ན་ཤེས་རབ་དང་ཐབས་ཀྱི་དབྱེ་བས་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་དབྱེ་བ་སྟེ། དེ་དག་ཕྱི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་བསྐྱེད་རིམ་གྱིས་བཟླས་བསྒོམ་བྱ་བ་དང་། ནང་རང་གི་ལུས་ལ་རིག་པར་བྱས་ནས་རྫོགས་པའི་རིམ་པས་སྒྲིབ་བྲལ་དུ་བྱེད་པ་ཤེས་པར་བྱའོ། །བཅུ་པ་དབང་བཞི་པ་མཆོག་ཏུ་མི་འགྱུར་བ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་ནི། འདི་ནི་དབང་བསྐུར་རྣམ་པ་གཉིས་སོགས་ཚིགས་བཅད་བརྒྱ་དང་བཅུ་གཅིག་པའི་རྐང་པ་བཞི་པ་ནས། ཚིག་བཅད་བརྒྱ་ཉེར་དྲུག་པའི་བར་གྱིས་བསྟན་ཏེ་འདི་རྩ་རྒྱུད་ཀྱི་གོ་རིམ་ལྟར་ན་གནས་པ་དྲུག་པ་ཡིན་ཡང་བསྡུས་རྒྱུད་ལས་སྐབས་འདིར་

p. 677

གསུངས་པའོ། །དུས་ཀྱི་འཁོར་ལོ་འདིར་ནི་དབང་བསྐུར་བ་རྣམ་པ་གཉིས་ཀྱང་འཇིག་རྟེན་པའི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་དོན་དུ་གཉེར་བའི་སློབ་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་པའི་དབང་དང་འཇིག་རྟེན་ལས་འདས་པ་ཡི་དབང་གཉིས་སུ་དབྱེ་བའོ། །དེ་ལས་འདིར་འཇིག་རྟེན་ལས་འདས་པའི་དབང་གི་དོན་གསུངས་པ་འདིར་དགོད་པ་དང་ལྟ་བ་དང་ལག་བཅངས་དང་གཉིས་གཉིས་འཁྱུད་པ་ཞེས་པ་དབང་རྣམ་པ་བཞི་སྟེ་སློབ་དཔོན་དང་གསང་བ་དང་ཤེས་རབ་ཡེ་ཤེས་དང་། སླར་ཡང་དེ་བཞིན་གྱི་སྒྲས་གསུངས་པ་བཞི་པའོ། །དེ་བཞིན་དུ་གསང་བ་འདུས་པ་སོགས་ལས་བུམ་པ་ལ་སོགས་པའི་དབང་དེ་ནི་སློབ་དཔོན་དུ་བྱེད་པའི་མཚོན་པ་རྫས་ཀྱིས་དབང་བསྐུར་བ་ཙམ་སྟེ་དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །དབང་བསྐུར་ནས་ནི་དེ་ཉིད་བཤད།ཅེས་གསུངས་པས་དགོད་བལྟ་ལག་བཅངས་གཉིས་སྦྱོར་བཞི་ནི་དེ་ཁོ་ན་ཉིད་དུ་མི་འགྱུར་རོ། །འདིར་དེ་ཁོ་ན་ཉིད་ནི་གཉིས་གཉིས་འཁྱུད་པ་མེད་པ་རང་བཞིན་འོད་གསལ་ཕྱག་རྒྱ་ཆེན་པོའི་གནས་ལུགས་མཐོང་བའོ། །ལས་ཀྱི་ཕྱག་རྒྱའི་གཉིས་སྦྱོར་གྱི་རྒྱུ་ལས་སྐྱེས་པའི་བདེ་བ་ནི་རྣམ་པར་དཔྱད་ན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཁོ་ན་ཉིད་དུ་མི་འགྱུར་རོ། །འདིར་གལ་ཏེ་ཤེས་རབ་མ་དང་སྦྱོར་བ་ལས་སྐྱེས་པའི་བདེ་བ་དེ་ཐབས་ཀྱི་ཤེས་རབ་ཡེ་ཤེས་ཡིན་ན། དེའི་ཚེ་ཐབས་ཀྱི་རྒྱུ་ལས་སྐྱེས་པའི་བདེ་བ་ནི་ཤེས་རབ་མ་དེའི་ཐབས་ཀྱི་ཡེ་ཤེས་སུ་འགྱུར་ཏེ་ཕྱག་རྒྱའི་དངོས་གྲུབ་ཀྱི་སླད་དུའོ། །གལ་ཏེ་གཉིས་ཀའི་ཡེ་ཤེས་ཀྱི་དབྱེ་བ་ལས་དེ་ལྟར་ཡེ་ཤེས་མི་འདྲ་བ་གཉིས་སུ་འགྱུར་བར་འདོད་ན་གཉིས་སུ་མེད་པར་མི་འགྱུར་ལ། གཉིས་སུ་མེད་པའི་ཡེ་ཤེས་དེ་ཁོ་ན་ཉིད་མེད་པར་མཆོག་གི་དངོས་གྲུབ་སངས་རྒྱས་ཉིད་ཐོབ་པ་མེད་དོ། །ཅི་སྟེ་ཤེས་རབ་མ་ལ་སྐྱེས་པའི་བདེ་བ་ཡང་ཤེས་རབ་ཡེ་ཤེས་ཡིན་ནོ་ཞེ་ན་ཐབས་ཀྱི་ཡེ་ཤེས་ཀྱང་ཐབས་ཀྱི་ཡེ་ཤེས་ཞེས་སུ་འགྱུར་ཏེ་ཐབས་ལས་སྐྱེས་པའི་ཕྱིར་རོ། །དེས་ན་ཤེས་རབ་ཡེ་ཤེས་ཞེས་པ་འདི་

p. 678

ལས་ཀྱི་ཕྱག་རྒྱ་ཤེས་རབ་ལས་སྐྱེས་པའི་འཛག་བདེ་ཙམ་ལ་ཡེ་ཤེས་སུ་གསུངས་པ་མིན་ཏེ་དེ་འཇིག་རྟེན་པའི་ཡེ་ཤེས་ཡིན་གྱི་དབང་བཞི་པ་སངས་རྒྱས་ཀྱི་ལམ་ནི་མ་ཡིན་ནོ། །དེའི་ཕྱིར་ཐབས་ཀྱི་འགྱུར་བའི་བདེ་བ་ནུ་མ་ལ་རེག་པས་སྐྱེས་པ་བུམ་དབང་བྱིས་པའི་གནས་སྐབས་ལྟ་བུ་དང་། བྷ་ག་ལ་བལྟས་པས་འགྱུར་བདེ་སྐྱེས་པ་དར་བབ་ཀྱི་གནས་སྐབས་ལྟ་བུ་གསང་དབང་དེ་གཉིས་དང་། ལག་བཅངས་དང་གཉིས་སྦྱོར་ལས་སྐྱེས་པའི་ཤེས་རབ་ཀྱི་གཡོ་བའི་བདེ་བ་རྒན་པོ་ཡི་གནས་སྐབས་ལྟ་བུ་བདེ་བ་སྨིན་པ་ནི་འཇིག་རྟེན་པའི་ཤེས་རབ་ཡེ་ཤེས་ཏེ། ཐབས་ཤེས་གཉིས་པོ་དེ་དག་གང་གི་ཚེ་ཕྱག་རྒྱ་ཆེན་པོའི་ལམ་བསྒོམ་པའི་སྒོ་ནས་བདེ་བ་མི་གཡོ་བར་གྱུར་པ་དེའི་ཚེ་དབང་པོ་གཉིས་སྦྱོར་ལས་འཛག་པའི་བདེ་བ་དང་བྲལ་བ། གཉིས་སུ་མེད་པའི་ཡེ་ཤེས་གང་ཞིག་རྒྱུད་ལ་སྐྱེས་པ་ནི་ཤེས་རབ་ཡེ་ཤེས་ཆེན་པོའོ། །དེའི་ཕྱིར་དབང་གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་པ་བུམ་དབང་དང་། གཞན་པ་བླ་མ་ཡབ་ཡུམ་གྱི་བྱང་སེམས་བདུད་རྩི་མྱོང་བ་གསང་དབང་དང་། ཤེས་རབ་མ་ལ་འཁྱུད་པ་ཤེས་རབ་ཡེ་ཤེས་གང་ཡིན་དང་།ཤེས་རབ་དང་འགྲོགས་པས་བྱང་ཆུབ་སེམས་ནི་ཞུ་བ་སྤྱི་བོ་ནས་ནོར་བུའི་བར་དུ་བབ་པ་དག་ལ་དབང་བཞི་པའི་སྐད་ཅིག་གི་བདུད་རྩི་བདེ་བ་རྟོགས་པ་གང་ཡིན་པ་དེ་དག་ཐམས་ཅད་ངེས་པར་ཆགས་ཅན་ལམ་ལ་གཞུག་པའི་དོན་དུ་བསྟན་པ་འཇིག་རྟེན་པ་ཡི་དབང་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་རྒྱུ་རུ་བསྟན་པ་ཡིན་གྱི་དབང་བཞི་པ་མིན་ནོ། །འཇིག་རྟེན་ལས་འདས་པའི་དབང་གང་ཡིན་པ་ནི། མཆོག་གི་རྒྱལ་བའི་བདག་པོའི་སྟེ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཤེས་རབ་ཕ་རོལ་ཕྱིན་མ་རང་སེམས་འོད་གསལ་རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའི་རང་གི་སེམས་ཉིད་བདེ་བ་ཆེན་པོའི་དོན་མཐོང་བའོ། །མཆོག་གི་ཕྱག་རྒྱ་ཞེས་པ་ཅི་ལྟ་བུ་ཞེ་ན། རང་གི་སེམས་ཀྱི་སྣང་བ་ཙམ་སྟེ། གཟུང་འཛིན་མེད་པ་རང་འོད་གསལ་

p. 679

བ་ཡིན་ཀྱང་རྣམ་པ་སྣ་ཚོགས་སུ་སྣང་བ་རང་གི་ཡིད་ལས་སྐྱེས་པ་དྭངས་པའི་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད ། འོད་གསལ་སྟོང་པའི་རང་སྣང་དེ་ལྟ་བུ་གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་དེ་ནི། སྲོག་ཐུར་གཅིག་ཏུ་སྦྱོར་བའི་རྣལ་འབྱོ༷ར་དབང་པོས་ངེས་པར་བསྟེན་བྱ་སྟེ། དེ་ལྟའི་ཤེས་རབ་ཕར་ཕྱིན་མི་རྟོག་འོད་གསལ་བའི་ཡེ་ཤེས་མེ་ལྕེ༷་རབ་ཏུ་རྒྱས་པ་དེ་ནི་བདུད་གཡས་གཡོན་དུ་རྒྱུ་བའི་རླུང་དང་དེས་བསྐྱེད་པའི་ཀུན་རྟོག་གི་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་པར་བྱེད་ཅིང་ཞེས་ཡུལ་ཡུལ་ཅན་གྱི་འབྲེལ་བ་གཅོད་པར་བྱེད་པའོ། །ལུས་ལ་ཆགས་པ་དང་འཛག་བདེའི་ཆགས་པ་ལ་སོགས་པའི་སྒྲས་ཉོན་མོངས་པ་དག་ཀྱང་བསྲེག་སྟེ། ཤེས་བརྩོན་དང་ལྡན་པའི་རྣལ་འབྱོ༷ར་རྣམས་ལ། ལོ་གསུམ་ཕྱོགས་གསུམ་དང་བཅས་པ་ཡི་སྦྱོར་བས། རླུང་གི་འཕོ་བ་རྒྱུན་གཅོད་ཅིང་མི་འགྱུར་བའི་བདེ་བ་ཆེན་པོར་ཐམས་ཅད་རོ་མཉམ་པ་སྟེར་བར་བྱེད་དོ། །འདིར་ཤེས་རབ་དང་ཡེ་ཤེས་དག་ནི་གོ་རིམ་བཞིན་དུ་སྟོང་གཟུགས་འཛིན་པའི་སེམས་ནི་རང་བྱུང་འོད་གསལ་གྱི་ཤེས་རབ་དང་སེམས་དེ་ཡི་རང་གི་སྣང་བ་དག་ནི་ཡེ་ཤེས་ཀྱི་རང་གདངས་གཟུང་བྱའི་སེམས་སོ། །དེ་ལྟར་མེ་ལོང་ལ་མིག་གི་གཟུགས་བརྙན་མིག་གིས་འཛིན་པ་བཞིན་དུ་འཛིན་བྱེད་སེམས་ཀྱིས་བཟུང་བྱའི་སེམས་བཟུང་བ་ཤེས་རབ་ཡེ་ཤེས་ཞེས་སོ། །དེ་འདྲའི་གཟུང་བ་ཡེ་ཤེས་ཀྱི་སྣང་བ་དག་ཀྱང་དུ་བ་ལ་སོགས་པ་རྣམ་པ་བཅུ་པོ་མེ་ལོང་ལ་པྲ་ཕབ་པའི་ཚུལ་ཉིད་དུ་འགྱུར་རོ། །དེ་ལྟར་དབང་བཞི་པ་བསྐུར་བ་ནི་དྲི་མེད་རི་བོང་ཅན་དང་མཚུངས་པ་འོད་གསལ་དག་པའི་སེམས། མེ་ལོང་ལ་ནི་པྲ་ཕབ་པའི་གཟུགས་བརྙན་སྣང་བ་ལྟ་བུ་གཟུང་བྱའི་སེམས་འདི་ལ་འཛིན་བྱེད་རང་སེམས་ཤེས་རབ་རོ་མཉམ་པར་ཞུགས་པ་གང་ཡིན་པ་ཕྱི་རོལ་གྱི་ཡུལ་རྣམས་ལ་མི་འཇུག་པ་སོར་སྡུད་ནས་འཛིན་པའི་བར་བཞི་ལ་དབང་བཞི་པའི་

p. 680

དོན་ལ་ཞུགས་པ་ཞེས་བྱ་ཞིང་། དེ་ལས་རྗེས་དྲན་དང་ཏིང་ངེ་འཛིན་གྱི་ཡན་ལག་གི་སྦྱོར་བས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་ཐིག་ལེ་བཞི་འགྱུར་མེད་དུ་གྱུར་པ་ཉིད་ནི་དབང་བཞི་པ་དངོས་ཐོབ་པ་སྟེ། བདེ་བ་བྱས་པ་དར་བབ་གཡོ་བ་རྣམས་ཀྱི་མཆོག་འཇིག་རྟེན་པའི་དཔེ་ལས་འདས་ཤིང་འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་འདས་པ། དགོད་བལྟ་རེག་འཁྱུད་ལག་བཅངས་ཀྱི་འཁྲིག་པ་དང་བྲལ་བ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཕྱག་རྒྱའི་རྒྱུ་དང་བྲལ་བ་རང་བཞིན་འོད་གསལ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མངོན་སུམ་རབ་ཏུ་གསལ་བའི་མཚན་ཉིད་དོ། །དེ་ལྟ་བུའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཞལ་འདི་སློབ་དཔོན་གང་གི་སྙིང་ལ་གནས་པ་ནི་རང་གིས་བསྒོམས་ཤིང་དེ་ཡི་དོན་ཁོང་དུ་ཆུབ་པ་དང་། གཞན་ལ་ཡང་དོན་བསྟན་པར་བྱེད་པའི་གདམས་པ་ཁ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་དབང་བཞི་པའི་དོན་ཐུགས་ལ་མངའ་ཞིང་ཞལ་ནས་གཞན་ལ་འདོམས་པར་བྱེད་པའི་ཕྱིར་ནའོ། །གཞན་དབང་པོ་གཉིས་ཀྱི་བདེ་བ་ཙམ་དབང་བཞི་པའི་དོན་དུ་རྟོགས་པར་བྱེད་པ་པོ་རྣམས་ནི་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་མ་ཡིན་ནོ། །འདིར་དབང་བཞི་པ་ཚིག་གི་དབང་ཐོབ་པའི་ས་མཚམས་གང་དུ་བྱ་ཞེ་ན། སྟོང་པའི་གཟུགས་མཐོང་ཞིང་དེ་ཉིད་རང་སེམས་འོད་གསལ་བའི་རང་མདངས་སུ་ངོ་འཕྲོད་པ་དང་། རང་གི་སེམས་ཉིད་རང་བཞིན་འོད་གསལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་དོན་བླ་མའི་མན་ངག་གིས་ངོ་སྤྲོད་པ་བཞིན་ཐག་ཆོད་པ་ནམ་བྱུང་ན་དབང་བཞི་པ་ཐོབ་པ་ཞེས་བྱ་རུང་ལ། དེ་ཉིད་གོམས་པས་ཏིང་ངེ་འཛིན་གྱིས་འགྱུར་མེད་བདེ་བའི་ཡེ་ཤེས་ཀྱི་སྐད་ཅིག་དང་པོ་ཐོབ་པ་ནས་བཟུང་སྟེ་དུས་སྦྱོར་བཅུ་གཉིས་ཀྱི་རླུང་འགགས་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པ་ན་དབང་བཞི་པའི་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པ་ཞེས་བྱའོ། །

p. 681

དེ་ལྟར་དབང་བཞི་པའི་དོན་ཉམས་སུ་ལེན་ལ་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་གསུངས་པ། འདིར་ཕར་ཕྱིན་ཐེག་པ་ལས་རྣལ་འབྱོར་གོམས་པ་རྣམ་པ་གཉིས་གསུངས་ཏེ། ནམ་མཁའ་དང་བླ་གབ་མེད་པ་ལ་རྣལ་འབྱོར་གོམས་པའོ། །གང་ཞིག་ནམ་མཁའ་ལ་རྣལ་འབྱོར་གོམས་པར་བྱེད་པ་དེས་མཚན་མོ་བུག་པ་མེད་པའི་མུན་པ་ལ་ལུས་བྱེད་བཅིངས་ཀྱི་འདུག་སྟངས་ལ་གནས་ཤིང་མི་གཡོ་བ་གསུམ་ལྡན་གྱི་སྒོ་ནས་ཅི་ཡང་མི་བསམ་པར་སྨིན་མའི་བར་གྱི་ནམ་མཁའ་ལ་ཀུན་ནས་ཞེན་པའི་སེམས་རྩེ་གཅིག་པ་དང་མིག་ནི་མི་འཛུམ་པར་བཞག་པས་སེམས་ཉིད་འོད་གསལ་གྱི་གཤིས་རྡོ་རྗེའི་ལམ་དབུ་མའི་ནང་དུ་སྲོག་གི་རླུང་ངང་གིས་རབ་ཏུ་ཞུགས་པར་གྱུར་པ་ཡིས་སྟོང་པ་ཁོ་ནའི་དབྱིངས་ལས་ནི་དང་པོར་དུ་བ་ལྟ་བུ་དང་དེ་ནས་སྨི༷ག་རྒྱུ་བ་ལྟ་བུ་དང་། རབ་གསལ་དྲི་མ་མེད་པའི་མཁའ་སྣང་སྟེ་མེ་ཁྱེར་ལྟ་བུ་དམར་ཙེག་ཙེག་པ་ཉིད་དང་། འདིར་མེ་ཁྱེར་གྱི་སྐད་དོད་ཁ་བྱ་ཞེས་པ་མཁའ་སྣང་སྟེ་མེ་ཁྱེར་ཡིན་ལ༑ འདུས་པ་སོགས་ལས་དང་པོ་སྨིག་རྒྱུ་དང་དེ་ནས་དུ་བ་གསུངས་སོ། །རབ་གསལ་དྲི་མེད་མཁའ་སྣང་ཞེས་པའི་ཤུགས་བསྟན་སྤྲིན་མེད་མཁའ་སྣང་ནི་རྟགས་ཅན་ཏེ་སྐབས་འདིར་རྟགས་སུ་མི་བགྲང་ངོ་། །མར་མེ་ལྟ་བུ་དང་། འབར་བ་ནི་སྐབས་འདིར་སེར་པོ་འབར་བ་མེ་འབར་བ་ལྟ་བུ་དང་ནི། ཟླ་བ་དཀར་ལམ་པ་ཟླ་བའི་དཀྱིལ་འཁོར་ལྟ་བུ་དང་ནི། ཉི་མ་དམར་པོ་འབར་བ་སྟེ་ཉི་དཀྱིལ་སོགས་པ་ལྟ་བུ་དང་། རྡོ་རྗེ་ནི་སྒྲ་གཅན་སྟེ་ནག་པོའི་རྣམ་པ་སྣ་ཚོགས་པ་རྣམས་དང་། མཆོག་གི་ཆ་ནི་གློག་གི་རྣམ་པ་ལ་རྣམ་པ་སྣ་ཚོགས་པ་དང་། ཀུན་གྱི་མཐར་ཐིག་ལེ་དག་གི་སྣང་བ་མཐོང་བར་འགྱུར་ཏེ།དེ་ལྟར་དུ་བ་དང་མར་མེའི་བར་བཞི་ནི་མཚན་མོ་མུན་པའི་རྣལ་འབྱོར་གཙོ་ཆེ་བའི་རྟགས་བཞི་དང་། གཞན་དྲུག་པོ་ནི་ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་གཙོ་ཆེའི་རྟགས་དྲུག་སྟེ་འདི་རྣམས་ཀྱི་རྟགས་སྣང་ཞིབ་པར་བཤད་པ་སོགས་ནི་ཁྲིད་ཡིག་རྣམས་

p. 682

དང་། ཁོ་བོས་བྲིས་པའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་གྱི་དགོངས་གནད་གསལ་བྱེད་བཻཌཱུཪྻའི་མེ་ལོང་སོགས་ལས་ཤེས་པར་བྱ་བ་སྟེ་འདི་རྣམས་བླ་མ་བརྒྱུད་པའི་མན་ངག་གི་ཡིག་ཆ་ལ་ལྟོས་དགོས་པ་ཡིན་པས་འདིར་ཞིབ་གསལ་དུ་མི་འགོད་དོ། །མཐར་ཐིག་ལེ་ཆེན་པོ་དེ་ཡི་དབུས་སུ་སངས་རྒྱས་ཀྱི་གཟུགས་ནི་ངོ་བོ་ཉིད་དུ་གྲུབ་པའི་རྫས་མེད་པ་དང་བློས་མ་བརྟག་པར་སྣང་བའམ་བརྟགས་པ་མེད་པའི་ཕྱིར་ཕྱི་རོལ་གྱི་ཡུལ་དང་རྣམ་པར་བྲལ་བ་དུ་མ་སྣང་བ་དང་། གཞོམ་མེད་ཀྱི་སྒྲ་ཐོས་པ་ལ་སོགས་པ་སེམས་ཉིད་འོད་གསལ་གྱི་རང་མདངས་སྟོང་པའི་གཟུགས་བརྙན་རྣམ་པ་ཐམས་ཅད་པར་འཆར་ཏེ་རིག་པའི་དབྱིངས་སུ་འགགས་པ་མེད་པའི་རང་རྩལ་ལྷུན་གྲུབ་ཀྱི་འཆར་སྒོ་ཡིན་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་སྟེ་གཞོམ་མེད་ཀྱི་གཟུགས་འདི་སྣང་ཚུལ་ལ་མཐར་ཐུག་གི་ལོངས་སྐུའི་རིགས་འདྲའི་རྒྱུ་ཟེར་ཡང་འགལ་བ་མེད་ལ། གནས་ཚུལ་ལ་དྲི་མས་མ་གོས་པའི་འོད་གསལ་གྱི་རང་སྣང་ཡིན་པའི་ཆ་ནས་ལོངས་སྐུ་ཞེས་བྱའོ། །དེ་ཡང་སྟོང་པའི་གཟུགས་སྣང་བ་སྤྲུལ་སྐུ། གཞོམ་མེད་ཀྱི་སྒྲར་སྣང་བ་ལས་ལོངས་སྐུ། བདེ་བ་ཆེན་པོ་དམིགས་པ་མེད་པ་ཆོས་སྐུ་སྟེ་སྐུ་གསུམ་ཟུང་དུ་འཇུག་པའི་རྣལ་འབྱོར་ཡིན་པ་ཤེས་པར་བྱའོ། །འདུས་པ་སོགས་ལས་མཚན་མོའི་རྣལ་འབྱོར་གྱི་རྟགས་སྣང་བཞི་ཙམ་གསུངས་ཤིང་འདིར་ནི་མཚན་བརྗོད་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་དུ་སོགས་འབར་བ་ཡི་བར་མཐོང་བ་དང་། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་པ་ནི་ཟླ་བ་སྣང་བའོ། །འགྲོ་བའི་མར་མེ་ནི་ཉི་མ། །ཡེ་ཤེས་སྒྲོན་ནི་སྒྲ་གཅན། གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་མཆོག་གི་ཆ། སྔགས་མཆོག་མངའ་བདག་རིགས་སྔགས་རྒྱལ་ནི་ཐིག་ལེའོ། །དེ་ནས་གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་ཅེས་པ་ནི། བུམ་པ་དང་སྣམ་བུ་སོགས་རྣམ་པ་ཐམས་ཅད་པའི་གཟུགས་མཐོང་བའོ། །དེ་ལྟར་འོད་གསལ་གྱི་རྟགས་སྣང་ལ་ཚད་མེད་

p. 683

ཀྱང་གཡས་གཡོན་གྱི་དཀྱིལ་འཁོར་བཅུའི་རླུང་དབུ་མར་ཞུགས་པ་ལས་རྟགས་བཅུ་པོ་འདི་ཡི་ཁོངས་སུ་ཐམས་ཅད་འདུ་ལ། རྒྱུད་ཀྱི་རྒྱལ་པོ་འདིར་ནི་ཉིན་མཚན་གྱི་རྟགས་སྣང་མཐའ་དག་ཚང་ལ་མ་སྦས་པར་བསྟན་ཅིང་དེ་རྣམས་ལམ་དུ་བྱེད་པའི་ཚུལ་ཀྱང་ཐབས་ཤིན་ཏུ་སླ་ཞིང་ཟབ་པ་ཉིད་མ་སྦས་པར་གསུངས་པ་སྟེ། རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ཀྱི་རྫོགས་རིམ་ལ་ནི་བསྐྱེད་རིམ་ལ་བརྟན་ཆ་ཐོབ་པའི་རྣལ་འབྱོར་པས་དབེན་གསུམ་གྱི་མཐར་སྟོང་གཟུགས་མཐོང་དགོས་པས་འདི་ལ་ལྟོས་ན་དེ་རྣམས་བསྒྲུབ་དཀའ་ལ། འདིར་ནི་ཉི་མ་གཅིག་ཅིག་ཡོངས་སུ་བརྟགས་ཞེས་གསུངས་པ་ལྟར་གློ་བུར་དུ་འཆར་བ་ནི་ལམ་གྱི་མན་ངག་ཟབ་ཁྱད་ཆེ་ཆུང་གིས་ཡིན་ཏེ། འདུས་པ་སོགས་ལ་ལྟོས་ན་འདི་ཡི་རྫོགས་རིམ་ཚེགས་ཆུང་བས་རྩོལ་མེད་ཀྱི་ལམ་ལྟ་བུ་ཡིན་ལ། རྫོགས་ཆེན་ཐོད་རྒལ་གྱི་ལམ་ལ་ལྟོས་ན་ད་དུང་འདི་རྩོལ་བཅས་ཀྱི་རྫོགས་རིམ་དུ་འགྲོ་བ་ཡིན་ཞིང་། སྤྱིར་སྒྱུ་མའི་སྐུ་སྒྲུབ་པ་སོགས་སྒྱུ་ལུས་རྩལ་དུ་བཏོན་ཏེ་གསུངས་པ་ཕ་རྒྱུད་རྣམས་སུ་འབྱུང་བ་དང་། མ་རྒྱུད་རྣམས་སུ་བདེ་བ་དང་ཐིག་ལེ་ལ་བརྟེན་པའི་འོད་གསལ་རྩལ་དུ་བཏོན་ནས་གསུངས་ཤིང་། རྫོགས་ཆེན་གྱི་རྒྱུད་རྣམས་སུ་རིག་སྟོང་གཉུག་མ་དོན་གྱི་ཡེ་ཤེས་དང་འོད་གསལ་གྱི་སྣང་བ་ལ་ཅེར་བཞག་ཙམ་ལས་སྒྱུ་ལུས་སོགས་ཀྱི་ཐ་སྙད་མ་གསུངས་ཀྱང་། དེ་ཐམས་ཅད་སེམས་ཉིད་འོད་གསལ་གྱི་རང་མདངས་ཉམས་སུ་ལེན་པས་སྔགས་ཀྱི་མྱུར་ལམ་གྱི་གནད་ཁྱད་པར་ཅན་ཆོས་གཟུགས་ཀྱིས་སྐུ་གཉིས་ཀ་ཅི་རིགས་པར་དངོས་ཡུལ་དུ་བྱས་ནས་འཇུག་པར་འདྲ་ཡང་། ལས་རླུང་གི་བསླད་པ་ཕྲ་མོ་དང་བཅས་མ་བཅས་ཀྱི་ཁྱད་པར་ཅི་རིགས་ཡོད་པས་རྫོགས་རིམ་ཀུན་གྱི་མཐར་ཐུག་རྩོལ་མེད་རྫོགས་པ་ཆེན་པོ་མན་ངག་སྡེའི་གསང་ལམ་ཐོད་རྒལ་གྱི་སྣང་བཞིའི་བར་དུ་ལམ་གོང་ནས་གོང་དུ་འཕགས་ཚུལ་ལ་ངེས་པ་མི་འཕྲོག་པ་རྙེད་ཚུལ་རྒྱ་ཆེར་བཤད་དུ་ཡོད་ཀྱང་འདིར་ཡི་གེ་མང་བས་མ་བཀོད་དོ། །དེ་ལ་

p. 684

སྔར་གྱི་དུས་སུ་བྱུང་བ་རིག་རལ་སོགས་མང་ཐོས་དུ་མས་སྟོང་གཟུགས་ཀྱི་སྣང་བ་ཙམ་བསྒོམ་པ་སངས་རྒྱས་ཀྱི་ལམ་དུ་མི་འགྱུར་ཞིང་ལམ་ལོག་པར་འགྲོ་བ་ཡོད་དེ། ལང་ཀར་གཤེགས་པ་ལས། དོན་རབ་འབྱེད་པའི་བསམ་གཏན་དང་། །བྱིས་པ་ཉེར་སྤྱོད་བསམ་གཏན་དང་། །དེ་བཞིན་ཉིད་མིན་བསམ་གཏན་དང་། །དེ་བཞིན་གཤེགས་འདི་དགེས་བསམ་གཏན། །རྣལ་འབྱོར་ཅན་གྱི་བརྩོན་བྱས་ན། །ཉི་མ་ཟླ་བའི་དབྱིབས་འདྲ་དང་། །འོད་དང་པདྨ་ལྟ་བུ་དང་། །རི་མོ་ནམ་མཁའི་མེ་འདྲ་མཐོང་། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་ཁྲིད་པར་བྱེད། །ཉན་ཐོས་དག་དང་རང་རྒྱལ་གྱི། །སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། །འདི་དག་ཐམས་ཅད་རྣམ་སྤངས་ཤིང་། །སྣང་བ་མེད་པར་ནམ་གྱུར་ན། །དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །སངས་རྒྱས་ཞིང་ནས་འབྱུང་བ་ཡིས། །མགོ་ལ་ཕྱག་གིས་ཉུག་མཛད་དེ། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་གསུངས་པ་ལྟར་སྣང་བ་དེ་འདྲ་ལ་མཆོག་ཏུ་བཟུང་བས་མུ་སྟེགས་ཅན་གྱི་ལམ་དུ་འཁྲིད་པར་བྱེད་དོ་ཞེས་རྡོ་རྗེ་ཐེག་པའི་ལམ་གྱི་ནང་ནས་ཀྱང་མཆོག་ཏུ་གྱུར་པ་འོད་གསལ་སྟོང་གཟུགས་ཀྱི་སྣང་བ་བསྒོམ་པའི་གནད་ཁོང་དུ་མ་ཆུད་པར་མ་གུས་པའི་ཚིག་བརྗོད་པ་འདི་ནི་ཤིན་ཏུ་མི་རིགས་པར་མཐོང་ངོ་། །དེ་ཇི་ལྟར་ཞེ་ན་འཇིག་རྟེན་པའི་བསམ་གཏན་གོམས་པའི་དབང་གིས་ནམ་མཁའ་ལ་མེ་འོད་ལྟ་བུ་སོགས་སྟོང་གཟུགས་ཤར་བ་ལ་བདེན་འཛིན་བྱས་པས་གོལ་བ་ཡོད་པ་དང་དྷ་རུ་ར་ཟོས་པས་མཁའ་ལ་གླང་ཆེན་སོགས་སྣང་བ་ལྟ་བུའི་མེད་པ་གསལ་སྣང་སོགས་རྒྱུ་སོ་སོ་ལས་བྱུང་བའི་གཟུགས་བརྙན་སྣང་བ་ཐམས་ཅད་ལ་ངོ་བོ་མེད་པའི་ཆ་ནས་སྟོང་གཟུགས་སུ་མིང་བཏགས་པ་རུང་མོད་ཀྱི་དེ་རྣམས་དང་རྡོ་རྗེའི་ལུས་ལ་ཐབས་ཀྱིས་གཅུན་ཏེ་ཤར་བའི་རང་བཞིན་འོད་གསལ་གྱི་སྟོང་གཟུགས་ཤར་བ་རྣམས་དོན་ལ་འདྲ་བར་བཟུང་ནས། སྟོང་གཟུགས་ཐམས་ཅད་མུ་སྟེགས་ཅན་གྱི་ལམ་དུ་འཁྲིད་པར་བྱེད་པར་མདོ་ཡི་ལུང་གིས་བསྒྲུབ་པ་ནི་ཤིན་ཏུ་འཁྲུལ། དཔེར་ན་དག་པ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་དང་། མ་དག་སེམས་ཅན་གྱི་ལུས་དང་སེམས་ཐམས་ཅད་བེམ་པོ་དང་ཤེས་པས་བསྡུས་སོ་སྙམ་དུ་བཟང་ངན་འདྲ་བར་འཛིན་པ་

p. 685

དང་མཚུངས་སོ། །སྔགས་ཀྱི་ལམ་ལས་རང་གི་སེམས་ཉིད་འོད་གསལ་རྣམ་པ་ཐམས་ཅད་པར་ཉམས་སུ་མྱོང་བའི་སྟོང་གཟུགས་ལ། རང་སྣང་ཡིན་པ་དང་དེ་ལ་དངོས་པོར་གྲུབ་པ་གང་ཡང་མེད་པ་བླ་མས་ངོ་སྤྲོད་གནད་དུ་ཚུད་པར་བྱས་པའི་དོན་རྟོགས་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་པ་ལྟར་དངོས་ཡུལ་དུ་བྱས་ཏེ་བསྒོམ་པ་ལ་མུ་སྟེགས་ཅན་གྱི་ལམ་དུ་འཁྲིད་བྱེད་ཀྱི་དོགས་པ་སྐྱེ་བ་དེ་སུ་ཞིག་ཡིན་ཏེ་ཡ་མཚན་པའི་གཏམ་འདི་ལྟ་བུ་སྒྲོགས་པ་པོ་རྣམས་རྡོ་རྗེ་ཐེག་པ་ལ་བློ་མ་སྦྱང་བའི་དེ་ཉིད་མངོན་དུ་གྱུར་པར་ཟད་དོ། །ཁ་ཅིག་གིས་སྟོང་གཟུགས་འདི་དག་ལམ་གྱི་རྟགས་ཙམ་ཡིན་གྱི་ལམ་དངོས་མ་ཡིན་ཟེར་བ་ཡང་སྔ་མ་དང་ཆ་འདྲ་སྟེ། ལམ་གོམས་པ་ལས་འཆར་བས་ལམ་རྟགས་ཡིན་པར་ཐ་སྙད་བྱེད་པ་ཙམ་ལ་མི་རུང་བ་མེད་ཀྱང་རྟགས་སྟོང་གཟུགས་དང་རྟགས་ཅན་ལམ་གྱི་འོད་གསལ་མེ་དང་ཚ་བའམ་ཉི་མ་དང་འོད་ལྟར་ངོ་བོ་ལ་ཐ་དད་དུ་འབྱེད་པ་མེད་པས་ལམ་དངོས་ཡིན་པའང་ག་ལ་འགལ་ཏེ། ཇི་ལྟར་སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་ལམ་དངོས་ཡིན་པར་འདོད་པ་བཞིན་དུ།རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟོང་གཟུགས་ཀྱི་སྐུ་དང་། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་བདག་ཉིད་བདེ་ཆེན་གྱི་ཐུགས་ཟུང་དུ་འཇུག་པ་ཡང་ལམ་དངོས་ཇི་ལྟར་མིན། འདི་གཟུགས་སུ་སྣང་བས་ལམ་དངོས་མ་ཡིན་ནོ་སྙམ་ན། འདི་གཟུགས་སུ་སྣང་ཡང་བེམ་པོའི་རང་བཞིན་གྱི་གཟུགས་མ་ཡིན་ཏེ་ཡེ་ཤེས་ཀྱི་རང་སྣང་འོད་གསལ་ཡིན་ལ། སེམས་ཉིད་འོད་གསལ་བའི་གནས་ལུགས་དེ་ཁོ་ན་ཉིད་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཡིན་པས། རྒྱ་ཆེ་བ་ཐབས་སམ་ཀུན་རྫོབ་ཀྱི་ཕྱོགས་གང་ཡང་དེས་ཡོངས་སུ་སྤངས་པ་མེད་དེ་བདེན་གཉིས་ཟུང་འཇུག་གི་ལམ་ཡིན་པའི་ཕྱིར་རོ། །གལ་ཏེ་འདིར་ཐབས་སྟོང་གཟུགས་སྣང་བའི་ཆ་ལམ་དངོས་སུ་མི་རུང་ན། སྟོང་ཉིད་རྟོགས་པའི་བློ་དང་སྙིང་རྗེ་ཡང་ཐབས་ཀྱི་ཆ་ཡིན་པས་ལམ་དངོས་སུ་མི་རུང་

p. 686

བས་ལམ་དངོས་ཞེས་པ་ཐབས་སྣང་བའི་ཕྱོགས་དང་བྲལ་བས་ཆད་སྟོང་འབའ་ཞིག་ལ་བྱེད་དམ། དེ་ལྟ་ན་དེ་ལ་ལམ་དངོས་ག་ལ་ཡོད་དེ་རྣམ་པ་ཀུན་ཏུ་མི་སྲིད་དོ། །དེས་ན་བདེན་གཉིས་ཟུང་འཇུག་ལམ་དུ་བྱེད་པ་ལ་ལམ་དངོས་སུ་འདོད་པ་ཡིན་པས་སྟོང་གཟུགས་ཀྱི་སྣང་བ་བསྒོམ་པ་ཡང་ལམ་དངོས་སུ་འགྱུར་རོ། །དེའི་ཕྱིར་ཐ་སྙད་ཀྱི་སྒོ་ནས་བདེ་བ་སྟོང་པ་ཡུལ་དང་ཡུལ་ཅན་སོགས་གཉིས་སུ་འབྱེད་པའི་བློས་ཐ་དད་པ་ལྟར་ཕྱེས་ཀྱང་། དོན་གྱི་ངོ་བོར་གཉིས་མེད་ཟུང་འཇུག་འོད་གསལ་ཆེན་པོའི་ལམ་ཉིད་དུ་རོ་གཅིག་པ་འདི་ནི་ཆོས་ཀུན་གྱི་དེ་ཁོ་ན་ཉིད་མཐར་ཐུག་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གང་ཞིག །འགྱུར་བའི་ཟུག་རྔུ་ཐམས་ཅད་དང་བྲལ་བའི་ཆ་ནས་བདེ་བ་ཆེན་པོར་བརྗོད་པ་འདི་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་མཐར་ཐུག་གི་བགྲོད་པ་གཅིག་པུའི་ལམ་ཉིད། འབྲས་བུ་རྡོ་རྗེ་ཐེག་པ་འདིར་དབང་པོ་ཡང་རབ་སྐལ་པ་མཆོག་ཏུ་གྱུར་པ་རྣམས་ལ་མ་སྦས་པ་བསྟན་པ་ཡིན་པས། འདི་ལམ་དངོས་སུ་མ་གྱུར་པ་ཞིག་ན་ད་གཟོད་འདི་ལ་ལམ་ཡང་དག་པ་ཞིག་ཏུ་དངོས་སུ་བྱེད་པའི་སྣོན་པ་ཅི་ཞིག་གདབ་དགོས་ཏེ། སྔགས་རང་ལམ་གྱི་རིམ་པ་ལྔ་མཐར་ཕྱིན་པའི་ཟུང་འཇུག་མངོན་དུ་གྱུར་པ་དང་། སྦྱོར་བ་དྲུག་གི་རྣལ་འབྱོར་མཐར་ཕྱིན་ནས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་འཕོ་མེད་ཡེ་ཤེས་ཀྱི་སྐུ་འགྲུབ་པ་སངས་རྒྱས་ཀྱི་ལམ་དངོས་མིན་པར་རྒྱུ་མཚན་གང་གིས་བརྗོད། མདོ་ལས་གསུངས་པ་ལྟར་སྟོང་པ་ཉིད་རྗེས་དཔག་གིས་དཔྱད་པ ས་དྲང་བའི་གོ་ཡུལ་དེ་ལས་ཆེས་ལྷག་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལམ་གྱི་སྟོབས་ལས་རང་རིག་པས་མངོན་སུམ་ལྟ་བུར་ཉམས་སུ་མྱོང་བ་ལ་དེ་ལས་ལྷག་པའི་སྟོང་ཉིད་སྟོན་དུ་མེད་ཅིང་། རྒྱ་ཆེ་བ་ནམ་མཁའ་ཇི་སྲིད་དུ་དཔག་བསམ་གྱི་ཤིང་དང་ནོར་བུ་བཞིན་དུ་འགྲོ་དོན་ལྷུན་གྱིས་གྲུབ་པར་མཛད་པའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་

p. 687

གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་པར་འཆར་བ་དང་བདེ་བ་ཆེན་པོའི་སྐུ་ཡང་ད་ལྟ་ནས་དངོས་ཡུལ་དུ་བྱས་ཏེ་བསྒྲུབ་པ་ཡིན་པ་ལ་ཀུན་རྫོབ་ཐབས་ཀྱི་ཕྱོགས་ཀྱི་ལམ་གང་ཡང་མ་ཚང་བ་མེད་ལ་གཞན་ཡང་སྔགས་རང་ལམ་གྱི་སྤྲོས་པའི་མཐའ་ཀུན་དང་བྲལ་བའི་སྟོང་ཉིད་འོད་གསལ་ལམ་དུ་བྱས་པ་དང་། མཚན་དཔེ་བཞིན་ལེགས་ཀྱི་རྣམ་པར་སྣང་བ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་སྒྱུ་ལུས་མངོན་དུ་བྱས་པས་བདེན་པ་གཉིས་ཀྱི་གོ་ཆོད་པ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཉམས་སུ་མྱོང་བས་སྟོང་ཉིད་རྟོགས་པའི་གོ་ཆོད་པ་དང་། དམིགས་མེད་སྙིང་རྗེའི་རང་བཞིན་བདེ་བ་ཆེན་པོའི་སྐུས་བསོད་ནམས་ཚོགས་ཀྱི་གོ་ཡང་དག་པ་ཆོད་ཀྱི་མི་ཆོད་པ་མི་སྲིད་དོ། །གལ་ཏེ་སྲིད་པར་འདོད་ན་སྔགས་རྡོ་རྗེ་ཐེག་པའི་རང་ལམ་ཉིད་སངས་རྒྱ་བ་ལ་ཆེས་མྱུར་བའི་ལམ་དུ་མི་འགྱུར་བར་མ་ཟད། རང་ལམ་གྱི་སྒྱུ་འོད་ཟུང་འཇུག་དང་། བདེ་སྟོང་ཟུང་འཇུག་དེ་ལྟ་བུ་གྲུབ་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་མི་འགྱུར་བ་ཞིག་ཡོད་པར་ཁས་ལེན་དགོས་ན་དེ་ལྟ་བུ་ནི་རྡོ་རྗེ་ཐེག་པ་ལ་སྐུར་འདེབས་མི་བཟད་པ་གང་ཞིག་ཁ་ནས་བརྗོད་པར་མི་སྤོབས་པ་ཡིན་པས་ནང་པ་སངས་རྒྱས་པ་སུས་ཀྱང་བརྗོད་པར་མི་རིགས་ལ། སྨྲས་ནའང་སྔགས་ཀྱི་བདེན་གཉིས་ཟབ་མོའི་ལམ་གྱིས་མ་རྟོགས་པའི་རྟོགས་བྱ་གཞན་དེ་ལས་ལྷག་པ་འདི་ཡིན་ཅེས་རིགས་པའི་ལམ་གྱིས་སྟོན་པ་ནི་ཕྱོགས་དང་དུས་གང་ན་ཡང་མི་སྲིད་པས་དེ་ལྟར་དམ་བཅའ་བ་ལ་འབྲས་བུ་ཅུང་ཟད་ཀྱང་མེད་པ་རིག་པར་བྱས་ནས། ལམ་མཆོག་འདི་ལྟ་བུ་ལ་ལམ་ཐམས་ཅད་ཀྱི་མཐར་ཐུག་ཏུ་ངེས་པའི་ཡིད་ཆེས་བསྐྱེད་ན་ཟབ་མོའི་རྟོགས་པ་མྱུར་དུ་འཆར་བ་དང་། བསོད་ནམས་ཀྱི་ཚོགས་ཚད་མེད་དཔག་ཏུ་མེད་པའི་རྒྱུར་འགྱུར་བའི་ཕྱིར་བློ་ལྡན་སྐལ་བཟང་རྣམས་ཀྱིས་ཤེས་རབ་ཀྱིས་དོན་དེ་ལྟ་བུར་ངེས་པར་བྱས་ནས་གཞན་ལ་བསྟན་པར་བྱའོ་ཞེས་འཕྲོས་དོན་གལ་པོ་ཆེར་སྨྲོས་

p. 688

པའོ། །འདིར་ཉིན་མོའི་རྣལ་འབྱོར་ལ་ནམ་མཁའ་ཆུ་འཛིན་སྤྲིན་དང་བྲལ་བ་དག་ནི་རྣལ་འབྱོ༷ར་པ་ཡི་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་བལྟ་བར་བྱ་ཞིང་གཞན་དུ་ཉི་འོད་ཀྱིས་མིག་རབ་རིབ་ཏུ་འགྱུར་བས་སོ། །དེ་ལྟར་ཉི་མ་སོ་སོར་གོམས་པར་བྱས་པས་མཐར་ཐིག་ལེའི་དབུས་སུ་རེ་ཁཱ་ནག་པོ་སྐྲ་ཡི་ཚད་ཙམ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ཨ་བ་དྷུ་ཏི་ཡི་ནང་ལ་མཐོང་བར་འགྱུར་གྱི་བར་དུའོ། །དེ་ལ་རེ་ཁཱ་ནག་པོ་དེའི་ནང་དུ་འདུས་པ་ཀུན་མཁྱེན་སངས་རྒྱས་ཀྱི་སྒྲིབ་བྲལ་གྱི་གཟུགས་དང་། སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡུལ་དུ་གྱུར་པའི་ཁམས་གསུམ་པོའི་གཟུགས་མ་ལུས་པ་ནི་དཔེར་ན་ཆུ་དྭངས་པ་ལ་ཉི་མ་ཡི་གཟུགས་བརྙན་ཤར་བ་ལྟ་བུ་ཐ་མལ་པའི་ཡུལ་གྱི་དྲི་མས་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། དེ་ཡང་རྣམ་པ་ཀུན་ལྡན་པའི་རང་སེམས་འོད་གསལ་གྱི་རང་སྣང་དོན་ལ་གཉིས་སྣང་གི་ཡུལ་དང་རྣམ་པར་བྲལ་བ་དག་གོ། སེམས་ནི་གཞན་པ་དག་སྣང་བ་མིན་པ་ཉིད་དེ། དེར་ཕན་ཚུན་རྒྱུད་ཐ་དད་པའི་གཞན་གྱི་སེམས་ནི་དེར་ཤེས་པ་མེད་དེ་རང་གི་སྟོང་གཟུགས་མཐོང་བ་གཞན་གྱིས་མི་ཤེས་ལ་གཞན་གྱི་སེམས་ཀྱི་སྣང་བ་ཡང་ལས་དང་པོ་ལ་རང་ལ་མངོན་སུམ་མི་སྣང་བའི་ཕྱིར་རོ། །འདིར་དེ་བཞིན་གཤེགས་པས་སྤྱན་ལྔ་གསུངས་པ་ལས་ལས་དང་པོའི་སྐབས་སུ་ཤའི་སྤྱན་གྱིས་དང་པོར་རང་གི་སེམས་ཀྱི་སྣང་བ་མཐོང་ཞིང་། དེ་ནས་ལྷ་ལ་སོགས་པའི་སྤྱན་གྱིས་གཞན་གྱི་སེམས་ཤེས་པ་དག་གིས་མཐོང་སྟེ་དེས་ན་ཆོས་ཡང་དག་པར་སྡུད་པ་ལས་བཅོམ་ལྡན་འདས་ཀྱིས་སྤྱན་ལྔ་ཞེས་གསུངས་སོ། །དེ་ལྟར་རིམ་པས་ཤའི་སྤྱན་དང་ལྷ་དང་སངས་རྒྱས་ཀྱི་སྤྱན་དང་ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་ནི་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །ཡེ་ཤེས་ཀྱི་སྤྱན་སོགས་སྤྱན་ལྔ་རྫོགས་པར་གྱུར་ནས་ཆོས་ཐམས་ཅད་མཁྱེན་པར་འགྱུར་ཏེ་ཐམས་ཅད་མཁྱེན་པས་མ་

p. 689

གཟིགས་པ་ཅུང་ཟད་མེད་དོ། །སོར་བསམ་གྱི་རྣལ་འབྱོར་རྫོགས་པར་བྱས་ནས་སྲོག་འཛིན་གཉིས་ཀྱི་རྣལ་འབྱོར་ནི། སོར་བསམ་གྱིས་སྟོང་པའི་གཟུགས་ནི་བརྟན་པར་མཐོང་བར་གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་དབུ་མར་འགོག་པར་བྱེད་པ་བུམ་པ་ཅན་རབ་ཏུ་བྱ་སྟེ་དེ་ལས་ཞུ་བདེ་དྲངས་ནས། སྔར་བཤད་རེ་ཁཱ་ནག་པོའི་སྟོང་པའི་གཟུགས་ལས་འོད་ཟེར་གྱི་འཁོར་ལོ་བྱུང་ནས་རང་གི་ལུས་ལ་ཡོངས་སུ་བསྐོར་ཞིང་རྒྱུན་མི་འཆད་པར་འཁོར་བར་བྱེད་པ་མཐོང་གི་བར་དུ་བྱའོ། །དེ་ཡི་རྗེས་སུ་རྗེས་ཏིང་གི་རྣལ་འབྱོར་ནི། ལྟེ་བའི་དབུ་མར་སྟོང་གཟུགས་མཐོང་བ་དེ་ནས་རྗེས་དྲན་གྱི་རྣལ་འབྱོར་བསྒོམ་པས་ཟླ་བ་དྲུག་གིས་སྡོམ་བརྩོན་ཏེ་འཛག་མེད་ཀྱི་ཚངས་སྤྱོད་ཐོབ་པའི་རྣལ་འབྱོར་རྣམས་ཀྱི་རྒྱུད་ལ་དབང་པོ་གཉིས་སྦྱོར་གྱི་འཁྲིག་པ་ལས་སྐྱེས་པའི་བདེ་བའི་རེག་བྱས་དམན་པའི་ནང་གི་འཕོ་མེད་ཀྱི་བདེ་བ་མཉམ་པ་སྟོབས་སུ་གྱུར་ནས་སྟོང་པ་ཉིད་ཀྱི་གཟུགས་དང་རོ་གཅིག་པ་མི་འགྱུར་བའི་ལམ་གྱི་སེམས་སུ་འགྱུར་ཞིང་འཛག་བདེའི་ཆགས་པ་བྲལ་བར་འགྱུར་ཏེ་དེ་ལས་མཆོག་ཏུ་གྱུར་པའི་བདེ་བ་ཐོབ་པའི་ཕྱིར་རོ། །དེ་ནས་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཀྱི་ཡེ་ཤེས་ཐོབ་པ་ནི་འདི་ལྟར་ཆགས་པ་ཐིག་ལེ་སྤྱི་བོ་ནས་གསང་བའི་བར་དུ་དབབ་པའི་དཀར་པོའི་ཕྱོགས་ཡོངས་སུ་རྫོགས་པའི་མཐའ་དང་། ཕྱིར་འཕོས་པའི་ཆགས་བྲལ་ནག་པོའི་ཕྱོགས་མགོ་འཛུགས་པའི་ཐོག་མ་ཡི་བར་དུ་སྟེ་དེ་ལྟར་ཆགས་དང་ཆགས་བྲལ་གྱི་ཕྱོགས་གང་ལའང་མི་གནས་ཤིང་དེ་གཉིས་ཀྱི་མཐའ་ཐོག་སྟེ་བར་རམ་དབུས་ལ་གནས་པའི་ཡེ་ཤེས་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་དེས་མཚོན་བྱ་དོན་གྱི་ཡེ་ཤེས་དབང་བཞི་པ་མངོན་དུ་བྱེད་ལ། དེ་འདྲའི་སྐད་ཅིག་མ་ཡང་། ཁྱབ་བདག་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་དག་གིས་ཡེ་ཤེས་ནི་དབུགས་ཀྱི་གྲངས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་དུ་གོང་ནས་གོང་

p. 690

དུ་འཕེལ་ལོ་ཞེས་པ། ཇི་ལྟར་ན་གསང་བའི་འཁོར་ལོར་རྡོ་རྗེ་ནོར་བུའི་རྩེ་མོ་ལས་ཕྱིར་མི་འཕོ་བར་སྟེང་དུ་བརྟན་པ་ལས་བདེ་བའི་སྐད་ཅིག་མ་བརྒྱ་ཕྲག་སོ་དྲུག་སྟེ་དུས་སྦྱོར་གཉིས་ཀྱི་དབུགས་གྲངས་བསྡོམ་པ་འགགས་པས་དེའི་གྲངས་ཀྱི་སྲོག་རྣམས་བསད་ནས་གསང་བ་ཐིག་ལེས་གང་ཞིང་བརྟན་པའི་བདེ་བ་མི་འཕོ་བ་འབྱུང་ངོ་། །དེས་གནས་དང་ཉེ་གནས་གཉིས་སུ་འགྱུར་ཏེ་ས་རབ་དགའ་དང་དྲི་མེད་གཉིས་ཐོབ་བོ། །དེ་བཞིན་ཞི་སོགས་དང་ས་སོགས་སྦྱར་ཏེ་ཤེས་པར་བྱ་ལ། དེ་ནས་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་ས་བཞི་དང་དྲུག་དང་བརྒྱད་དང་བཅུ་རྣམས་སུ་འགྱུར་ཞིང་གཙུག་ཏོར་དུ་དུས་སྦྱོར་བཅུ་གཉིས་ཀྱི་སྲོག་རྒྱུ་བ་ཐམས་ཅད་ཟད་པའམ་འགགས་པས་ས་བཅུ་གཉིས་པ་ཐོབ་བོ། །དེའི་ཕྱིར་ཨོ༷ཊྚ་ནས་འབར་བའི་བར་ཏེ་ནོར་བུ་ནས་གསང་བའི་བར་ཐིག་ལེས་གང་བ་དང་ཁྱད་པར་དགའ་བ་དང་དེ་ནས་འཕོ་མེད་དུ་བཅིངས་པས་ལྷན་སྐྱེས་དགའ་བ་དག་གི་དབུས་ལྟེ་བར་ཐིག་ལེ་བརྟན་པ་དང་། ཡེ་ཤེས་རྣམ་ཤེས་དག་གི་དབུས་མགྲིན་པར་དང་། གཉིད་དང་གཉིད་ཡུར་དག་གི་མཚམས་སུའམ་དབུས་སྙིང་ག་སྟེ་འདི་གཉིས་སྡེབ་སྦྱོར་གྱི་དབང་གིས་མགྲིན་པ་སྔོན་དུ་བྱས་ཀྱང་། དོན་གྱི་གོ་རིམ་འགྲེལ་པ་ལྟར་མགྲིན་པ་རྗེས་སུ་ཡིན་ནོ། །དེ་ལྟར་མཐའ་གང་དུའང་མི་གནས་པའི་དེ་ཁོ་ན་ཉིད་མཚོན་པར་བྱེད་པ་ལ་རྡོ་རྗེ་དང་པདྨ་དག་གི་གཉིས་གཉིས་སྦྱོར་བ་ལ་ནི་བདེ་བ་གང་། དཔྲལ་བ་ནས་ཡས་བབ་ཀྱི་སྐབས་སུ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་ཀྱིས་འོངས་པའི་བདེ་བ་འཕེལ་བ་ཇི་ལྟ་བ་བཞིན་དུ། མས་བརྟན་གྱི་བདེ་བས་རླུང་འགགས་ཤིང་ཁམས་བརྟན་པའི་བདེ་བ་ནི་གསང་བ་ནས་དཔྲལ་བའི་བར་དུ་སྟེང་དུ་འགྲོ་བས་བདེ་བ་དེ་ཡི་འཕེལ་བ་རབ་ཏུ་བྱ་སྟེ་བླ་མའི་མན་ངག་ངེས་པའི་དབང་གིས་སྲོག་འགོག་པ་ལས་བྱང་ཆུབ་ཀྱི་སེམས་དཔྲལ་བའི་བར་དུ་བརྟན་ཅིང་བདེ་བ་ཆེན་པོའི་སྐད་ཅིག་མ་འཕེལ་བར་འགྱུར་བ་འདི་ལ་ངོ་མཚར་བ་མེད་དེ། ཅིའི་ཕྱིར་ན་ལམ་གྱི་གནད་ལས་

p. 691

འགྱུར་མེད་བདེ་བའི་སྐད་ཅིག་དང་པོ་ཐོབ་ནས་དེ་ཕན་ཆད་ངང་གིས་དེ་ལྟར་འགྱུར་བ་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ལམ་དེས་གཡོན་པ་དང་གཡས་པར་རྒྱུ་བའི་སྲོག་ཉོན་མོངས་དང་བདུད་རྣམས་ཐམས་ཅད་བཅོམ་ནས་རྡོ་རྗེ་སེམས་དཔའ་སྟོང་གཟུགས་ཡེ་ཤེས་ཀྱི་སྐུར་འགྱུར་བ་མེད་པ་རྒྱལ་བའི་བདག་པོར་འཇུག་སྟེ་ལོ་གསུམ་དང་ཕྱོགས་གསུམ་པོ་ཡི་སྦྱོར་བས་རྣལ་འབྱོར་བཟང་པོ་ཨ་བ་དྷུ་ཏི་ལ་སྲོག་གནས་པར་བྱས་པ་དེས་མཆོག་གི་གོ་འཕང་དེ་ལྟར་མྱུར་དུ་འགྲུབ་ནུས་པས། སྲོག་དང་གཟུགས་དབུ་མར་འཕོ་མེད་དུ་རོ་མཉམ་པར་བྱ་བའི་ཕྱིར་འཁོར་ལོ་དྲུག་གི་དབུས་སུ་བུམ་ཅན་གྱི་སྦྱོར་བས་བདེ་བ་ཆེན་པོ་འཕེལ་བར་བྱས་ནས་རྡོ་རྗེའི་སྐུ་བསྒྲུབ་པར་བྱའོ། །དེ་ནས་སྟོང་པའི་གཟུགས་ཀྱི་མཚན་ཉིད་གསུངས་པ། འདི་ལྟར་སྟོང་པའི་གཟུགས་བརྙན་རྣམ་པ་ཐམས་ཅད་པར་མངོན་སུམ་དུ་སྣང་ཡང་། ཐ་མལ་རང་རྒྱུད་པ་དེ་དང་དེའི་ཆོས་སུ་གྲུབ་པ་ཅུང་ཟད་མེད་པས་རྫས་དང་བྲལ་བ་རང་གསལ་གོས་པ་མེད་པ་སྟེ། འདིར་ས་ཡི་རྣམ་པ་དག་ཏུ་སྣང་ན་ཡང་སྲ་བ་ཡི་རང་བཞིན་དུ་གྲུབ་པ་ཅུང་ཟད་མིན་ཞིང་དེ་བཞིན་ཞུ་བ་ཆུ་ཡི་ལུས་སུ་རྣམ་པར་སྣང་ཡང་དེ་དག་ཁུ་བ་ཆུའི་ཁམས་རང་མཚན་པ་མིན་ཏེ་སྨིག་རྒྱུའི་ཆུ་བཞིན་དུ་འདི་ནི་གཤེར་བ་ཉིད་མིན་པའི་ཕྱིར་རོ། །དེ་བཞིན་མེ་ཡི་རྣམ་པ་དག་ཏུ་སྣང་ཡང་མེ་མིན་ཏེ་བསྲེག་པ་ལ་སོགས་པ་མིན་ནོ། །གཡོ་བ་རླུང་གི་ལུས་ནི་སྨད་ཞིག་ཏུ་སྣང་ཡང་གཡོ་བ་མིན་པས་རླུང་མ་ཡིན་ནོ། །རྫས་མེད་པའི་ཕྱིར་རང་གི་ངོ་བོ་སྟོང་པའི་རྣམ་པ་ཡིན་པ་དེ་ལྟ་ན་ཡང་རང་གི་སེམས་ཀྱི་མངོན་སུམ་དུ་བལྟ་བྱ་ཡིན་པས་མཐོང་དུ་ཡོད་པའོ། །དེས་ན་སྒྱུ་མའི་གྲོང་ཁྱེར་བཞིན་དུ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་པ་མུ་མེད་པའི་སྣང་བ་ཆེན་པོ་ཡིན་ཡང་ཁ་དོག་རང་མཚན་པ་མིན་ཏེ་ཁ་དོག་གི་རྫས་མེད་པའི་ཕྱིར་རོ། །ཆོས་ཅན་གྱི་རྣམ་པ་ཀུན་ལྡན་ནམ་རྣམ་པ་ཐམས་ཅད་པ་ཡིན་ཡང་དུས་ཐམས་ཅད་དུ་བྱིས་པ་རྣམས་ཀྱིས་བལྟ་བྱ་མིན་ཏེ་ཅིའི་ཕྱིར་ན་སེམས་ཅན་རང་རང་གི་སྙིང་

p. 692

གི་དྲི་མ་ཉོན་མོངས་པ་དང་ལས་རླུང་གི་གཡོ་བ་བདུད་ཀྱི་མཐུ་ལས་སོ། །ཞེས་པ་གཡོན་པ་དང་གཡས་པའི་རྩར་སྲོག་རབ་ཏུ་རྒྱུ་བའི་གཡོ་བྱེད་ལས་རླུང་གི་སྒྲིབ་པས་འོད་གསལ་གྱི་སྣང་བ་སྒྲིབ་ཏེ་མི་མཐོང་བའོ། །དེ་ལྟར་སྟོང་པའི་གཟུགས་བརྙན་ནི་རྫས་མེད་པ་རྣམ་པ་ཐམས་ཅད་པའི་འོད་གསལ་གྱི་རང་སྣང་ཡིན་པར་ཤེས་པར་བྱའོ། །སྲོག་གཟུགས་གྲུབ་པའི་རྣལ་འབྱོར་པས་ཟད་པར་ས་སོགས་སྤྲོས་པ་དེས་ས་དངོས་ལྟར་སྲ་བ་སོགས་ཀྱི་དོན་བྱེད་མོད་དེ་ཏིང་ངེ་འཛིན་གྱི་མཐུ་བརྟན་པའི་དབང་གིས་དེ་ལྟར་སྣང་རུང་སྟོང་གཟུགས་མ་ཡིན་པར་མི་འགྱུར་ཏེ་སྣང་ཚུལ་ལ་ཁྱད་ཡོད་ཀྱང་རང་བཞིན་མ་གྲུབ་པར་ཁྱད་མེད་དོ། །དེའི་ཕྱིར་བག་ཆགས་གོམས་པའི་ཁམས་གསུམ་གྱི་སྣང་བ་ཨ་འཐས་སུ་ཤར་བ་རྣམས་ཀྱང་དོན་ལ་རླུང་སེམས་ཀྱི་ཆོ་འཕྲུལ་སྟོང་པའི་གཟུགས་བརྙན་ལས་མི་འདའ་བ་ཤེས་པར་བྱའོ། །དེ་ནས་རྩའི་བགྲོད་པ་གསུངས་པ། ནཱ་ད་ཞེས་པ་སྙིང་གར་ཐུགས་ཀྱི་ཐིག་ལེ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་བསྐྱེད་པར་བྱེད་པའོ། །ཐིག་ལེ་ཞེས་པ་དཔྲལ་བར་སྐུའི་ཐིག་ལེ་སད་པའི་གནས་སྐབས་བསྐྱེད་པར་བྱེད་པའོ། །ཆ་ཞེས་པ་མགྲིན་པར་གསུང་གི་ཐིག་ལེ་རྨི་ལམ་བསྐྱེད་པར་བྱེད་པ་དང་། ཡེ་ཤེས་ནི་ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་བསྐྱེད་པར་བྱེད་པའོ། །དེ་ལྟར་དབུ་མའི་དབུས་སུ་ཐིག་ལེ་བཞི་པོ་དེ་ལས་གནས་སྐབས་བཞིའི་སྣང་བ་ལུ་གུ་རྒྱུད་དུ་འཆར་བ་ཡིན་ལ། བདུད་རྩིའི་གནས་སུ་སོན་པ་ལུ་གུ་རྒྱུད་དུ་བཅིང་བའི་རྩ་ཞེས་པ་བདུད་རྩིའི་གནས་དཔྲལ་བ་སྟེ་སྨིན་མཚམས་སུ་སོན་པ་རོ་རྐྱང་དབུ་མ་གསུམ་པོ་དེ་རྣམས་ཀྱང་ལུ་གུ་རྒྱུད་དུ་བཅིངས་པའི་རྩ་ཞེས་བྱ་སྟེ། ཇི་ལྟར་ན་ཨ་བ་དྷཱུ་ཏི་དབུ་མ་ནི་དབུས་ན་གནས་ཤིང་ར་ས་ནཱ་རོ་མ་ནི་ལུས་ཀྱི་གཡས་དང་། ལ་ལ་ནཱ་རྐྱང་མ་གཡོན་ན་གནས། དེ་ཡང་ལྟེ་བར་དེ་གསུམ་གཅིག་ཏུ་འདུས་ཤིང་། ལུ་གུ་རྒྱུད་དུ་བཅིངས་པ་བྱས་ནས་སླར་ཡང་དབུ་མ་ནི་སྙིང་གའི་ལྟེ་བའི་དབུས་དྲང་པོ་ནས་ཟང་ཐལ་

p. 693

དུ་བུག་པ་བཏོད་པས་ཕུག་ནས་གྱེན་དུ་སོང་ཞིང་། རོ་རྐྱང་གཉིས་ནི་གཡས་དང་གཡོན་དུ་དྲང་པོར་གཤིབས་ཏེ་སོང་བས་ལམ་གསུམ་བྱས་ནས་འགྲོའོ། །དེ་ནས་སྙིང་གར་སྔར་བཞིན་ལུ་གུ་རྒྱུད་དུ་བཅིངས་ཤིང་འདུས་ཏེ་དེ་ནས་མགྲིན་པའི་བར་ལམ་གསུམ་བྱས་ནས་འགྲོ་ཞིང་། མགྲིན་པར་འདུས་ནས་སླར་དཔྲལ་བའི་བར་དུ་ལམ་གསུམ་བྱས་ནས་འགྲོ་བ་དང་ཡང་དཔྲལ་བར་འདུས་པ་སླར་ཡང་གཙུག་ཏོར་དུ་ལམ་གསུམ་བྱས་ནས་སོང་བ། དེ་ལྟར་ལྟེ་བ་ནས་གཙུག་ཏོར་གྱི་བར་དུ་ལམ་གསུམ་དུ་ལན་བཞི་བྱས་ཏེ། རོ་རྐྱང་གཡས་གཡོན་གྱི་འདབ་མ་དང་དབུ་མ་དབུས་ཀྱི་ལྟེ་བར་རྒྱུའོ། །གཙུག་ཏོར་གྱི་གནས་ནས་རྩ་དེ་གསུམ་གྱི་རྩེ་མོ་མར་གུག་པ་ར་ས་ནཱ་སྣ་བུག་གཡས་པར་ཟུག་ཅིང་། ལ་ལ་ནཱ་གཡོན་པར་ཟུག་པ་ལས་དབུགས་ཀྱི་རྒྱུ་བ་ཕྱི་རོལ་དུ་བཅུ་གཉིས་དང་ཆའི་མཐར་འགྲོ་བ་སྔར་གསུངས་པ་བཞིན་ནོ། །དབུ་མ་ནི་ཅིག་ཅར་སྣ་བུག་གཉིས་ཀྱི་དབུས་ནས་འགྲོ་སྟེ་ཡེ་རླུང་རྒྱུ་བའོ། །དེ་བཞིན་དུ་འོག་ཏུ་ལྟེ་བ་དང་གསང་བའི་བར་དུ་ལམ་གསུམ་བྱས་ཏེ་བཤང་བའི་རྩ་གཡོན་གྱི་རྐྱང་མའི་མར་སྣེ་དང་། གཅི་བའི་རྩ་གཡས་རོ་མའི་མར་སྣེ་ཡིན་ལ་གསང་བའི་པདྨའི་ལྟེ་བར་དབུ་མའི་མར་སྣ་རྩ་དུང་ཅན་མའོ། །གསང་བའི་པདྨའི་འོག་ཏུ་དྲི་ཆེན་གྱི་རྩ་དབུས་ནས་འགྲོ་སྟེ། སྐྱེས་པའི་རྟགས་སམ་བུད་མེད་ཀྱི་བྷ་ག་ལ་གཡོན་ནས་གཅི་བའི་རྩ་འགྲོ་ཞིང་གཡས་ནས་ཁུ་བའི་རྩ་འགྲོའོ། །རྩའི་ཀུན་ཏུ་སྤྱོད་པ་སྔར་ནང་གི་ལེའུ་ལས་ཀྱང་གསུངས་སོ། །རྩ་དེ་རྣམས་ནི་སྲོག་དང་ཐུར་སེལ་གྱི་ང་རྒྱུ་བའི་ལམ་གསུམ་རྣམས་ཏེ། སྟེང་དུ་སྲོག་གི་རླུང་གཡོན་དང་གཡས་དང་དབུ་མའི་ལམ་དུ་རྒྱུ་བའི་རྣམ་པ་གསུམ་དང་། འོག་ཏུ་ཐུར་སེལ་གྱི་ང་བཤང་བ་གཅི་བ་ཁུ་བའི་ལམ་ལ་རྒྱུ་བ་རྣམ་པ་གསུམ་མོ། །འདི་དག་ལས་སྟེང་གི་དབུ་མ་སྒྲ་གཅན་གྱི་རྩ་སྟོང་པ་འབབ་པ་མི་བསྐྱོད་པ་རོ་མ་ཉི་མའི་ལམ་མེ་འབབ་པ་རིན་འབྱུང་། རྐྱང་མ་ཟླ་བའི་ལམ་ཆུ་འབབ་པ་འོད་དཔག་མེད་དོ། །འོག་ཏུ་

p. 694

དབུས་སུ་བཤང་བའི་རྩ་ས་འབབ་པ་རྣམ་སྣང་། གཡོན་དུ་གཅི་བའི་རྩ་རླུང་འབབ་པ་དོན་གྲུབ། གཡས་སུ་དབུ་མའི་མར་སྣ་དུས་མེའི་རྩ་ཡེ་ཤེས་ཀྱི་ཁམས་ཁུ་བ་འབབ་པ་རྡོ་རྗེ་སེམས་དཔའ་འོ། །འོག་ཏུ་བཤང་རྩ་འགགས་ན་སྟེང་དུ་གཡོན་པའི་རྩར་འཆི་ལྟས་འབྱུང་བ་དང་། གཅི་རྩ་འགག་ན་གཡས་སུ་འཆི་ལྟས་ཀྱི་རླུང་འབྱུང་སྟེ་དེ་དག་བུ་ག་གཅིག་པའི་ཕྱིར་རོ། །སྐབས་འདིར་ལུ་གུ་རྒྱུད་དུ་བཅིངས་པའི་དོན་ལ་བླ་མ་སྔ་མ་ཁ་ཅིག་རོ་རྐྱང་གིས་དབུ་མ་ལ་གཅེར་བར་འདོད་པ་དང་། གཡས་གཡོན་ནས་འཁྱུད་པར་འདོད་པ་དང་། འཁོར་ལོ་དྲུག་གའི་ལྟེ་བར་འདྲེས་པར་འདོད་པའི་ལུགས་གསུམ་བྱུང་ལ་ཆོས་རྗེ་བུ་སོགས་ཕྱི་མ་དེ་བཞེད་དོ། །དེ་ནས་ཐིག་ལེའི་རྣལ་འབྱོར་གསུངས་པ་རྡོ་རྗེ་དང་བཅས་པའི་པདྨ་ཞེས་པ་སྐྱེས་པའི་རྡོ་རྗེ་འཕྲད་པ་དང་བཅས་པས་ནི་བུད་མེད་ཀྱི་པདྨ་ལ་ནི་གཡོ་བའི་བདེ་བ་བསྐྱེད་པ་ཡིན་ལ། ནོར་བུ་ཁུ་བ་དང་བཅས་པའི་ཐབས་ཀྱི་རྡོ་རྗེ་ནི་ཤེས་རབ་ཀྱི་ཆུ་སྐྱེས་ཁ་འབྱེད་ཅིང་ཞུགས་པར་ལྡན་པ་ཉིད་ནི་ཁམས་འཕོ་བའི་བདེ་བ་འགྱུར་བདེ་འབྱུང་བའི་རྟེན་བྱེད་པའོ། །དེ་ལྟར་ཐབས་ཤེས་ཀྱི་རྡོ་རྗེ་དང་པདྨ་ཕན་ཚུན་ལྡན་པ་ལས་ནི། སྲོག་དང་ཐུར་སེལ་གྱི་ང་གཉིས་ལྟེ་བའི་འཁོར་ལོར་ཡང་དག་ཕྲད་པའི་དབུས་སུ་ཡུལ་རྣམས་ལ་ཞེས་རྣམ་དབྱེ་ཐོབ་ཀྱང་མ་སྦྱར་ཏེ། ཡུལ་ལྔ་པོ་རྣམས་ལ་ཡུལ་ཅན་མིག་སོགས་རྣམས་ནི་གཟུང་འཛིན་གྱི་འབྲེལ་བས་འབྱུང་བ་དང་རབ་ཏུ་འཇུག་པ་འགོག་པ་སྟེ། དེར་མ་ཟད་གཡས་གཡོན་གྱི་ང་རྒྱུ་བ་ཡང་ལྟེ་བར་འགོག་པ་སྟེ་སྔར་སྒྲུབ་ལེར་བརྗོད་པ་བཞིན་ནོ། །དེའི་ཚེ་དུ་བ་ལ་སོགས་སྟོང་གཟུགས་རྣམས་ཀྱི་མཚན་མ་ལྟེ་བའི་དྷཱུ་ཏིའི་ནང་དུ་འཛིན་པ་དག་ཀྱང་རླུང་སེམས་དྷཱུ་ཏིར་ཞུགས་པའི་དབང་གིས་དེ་ལྟར་ཤེས་པར་བྱ་ལ། གང་ཞིག་ཐིག་ལེའི་རྣལ་འབྱོར་འདི་དག་ཐམས་ཅད་རྫོགས་རིམ་གྱི་མན་ངག་མ་ཐོབ་པའི་བྱིས་པ་རྣམས་ལ་ཤིན་ཏུ་གསང་བར་བྱ་བ་ཡིན་ནོ། །དེ་ནས་ཐབས་ལམ་དེའི་རྣལ་འབྱོར་གྱི་དོན་ཉེ་བར་བསྡུ་བ་གསུངས་པ། འདིར་

p. 695

རྣལ་འབྱོར་པས་དང་པོ་ཉིད་དུ་དབུ་མར་སྲོག་གི་རླུང་ནི་རབ་ཏུ་གཞུག་པ་བྱ་སྟེ་ཇི་ལྟར་ན་སོར་བསམ་གྱི་སྦྱོར་བས་རླུང་དབུ་མར་འདུས་པའི་རྟགས་སྣང་དུ་བ་སོགས་བཅུ་པོ་མཐོང་བར་བྱའོ། །དེ་ལྟར་མཐོང་བ་དེ་ནི་དྷཱུ་ཏི་ལ་འོད་གསལ་ཀྱི་རྟགས་སྣང་མཐོང་བ་ཡིན་ནོ། །དེ་ལྟར་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་མཐོང་བ་དབྱིབས་ཀྱི་རྣལ་འབྱོར་འདི་ནི་དཔལ་ལྡན་བླ་མ་ཞེས་པ་སངས་རྒྱས་ཀྱི་སྐུ་རྡོ་རྗེའི་ཞལ་ཡིན་པས་ཞལ་བཞི་ལས་གཅིག་གོ། དེ་ནས་སྲོག་རྩོལ་དང་འཛིན་པའི་སྒོ་ནས་ཉི་མ་དང་བཅས་རི་བོང་ཅན་གྱི་བགྲོད་པ་རང་རང་སོ་སོའི་གནས་གཡས་དང་གཡོན་ལ་བཅིངས་པ་སྲོག་རྩོལ་ནི་གསུང་རྡོ་རྗེའི་ཞལ་སྔགས་ཀྱི་རྣལ་འབྱོར་རོ། །དེ་ནས་རྗེས་དྲན་གྱི་སྐབས་སུ་ཕྱག་རྒྱ་མ་དང་རབ་ཏུ་འགྲོགས་ལ་སྟོང་གཟུགས་ལ་རྗེས་སུ་ཆགས་པའི་སེམས་དང་ལྡན་པས་ཁུ་བ་ཞུ་ཞིང་ཕྱིར་མི་འཛག་པའི་མཆོག་གི་བདེ་བ་འཕོ་མེད་ལ་གནས་པ་དག་གིས་ཁུ་བ་སྟེང་དུ་གཤེགས་པས་རྡོ་རྗེ་ཡང་དག་པར་བསླང་བ་ཡང་ཆོས་ཀྱི་རྣལ་འབྱོར་ཐུགས་རྗེའི་ཞལ་ལོ། །གལ་ཏེ་རྗེས་དྲན་གྱི་སྐབས་འདིར་སྟོང་གཟུགས་ཁོ་ནས་བདེ་བ་འདྲེན་མ་བཏུབ་ན་དེའི་ཚེ་ཕྱག་རྒྱའི་པདྨར་རྡོ་རྗེའི་སྒྲའམ་ཞེས་པ་དལ་བུར་བསྲུབས་པར་བྱའོ། །ཅི་སྟེ་བུད་མེད་མ་རྙེད་ན་རང་གི་ལག་བའི་ཆུ་སྐྱེས་དག་གིས་གསོར་བ་བདེ་བ་འཕེལ་བའི་སླད་དུ་སྟེ་ཁུ་བ་ལྷུང་བའི་སླད་དུ་ནི་རྣམ་པ་ཀུན་ཏུ་མ་ཡིན་ནོ། །དེ་ལྟར་རྗེས་དྲན་གྱི་སྐབས་སུ་ས་བོན་གཏོང་བ་མིན་པའི་བདེ་བ་རིམ་གྱིས་འཕེལ་བ་དེ་ནི་འཆི་བའི་འཇིགས་པ་འཕྲོག་པ་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་འགྱུར་བ་དག་པའི་རྣལ་འབྱོར་འདི་ནི་དཔལ་ལྡན་བླ་མའི་ཞལ་ཞེས་པ་བླ་མ་སངས་རྒྱས་ཀྱི་ཡེ་ཤེས་རྡོ་རྗེའི་ཞལ་བཞི་པ་སྟེ་རྡོ་རྗེ་བཞི་ཡི་རྣལ་འབྱོར་གྱི་ལམ་ཡོངས་སུ་རྫོགས་པའོ། །ཐིག་ལེ་མི་འཕོ་བ་འདི་ལ་ཕྲ་རགས་ཀྱི་དབྱེ་བ་ཤིན་ཏུ་མང་སྟེ། རྫས་སྦྱོར་དང་རླུང་སྦྱོར་སོགས་ཀྱིས་ཁམས་ཕྱི་རོལ་དུ་མི་འཛག་པ་ཙམ་ཡོད་ཀྱང་དེ་ཙམ་ཞིག་འཕོ་མེད་ཀྱི་

p. 696

བདེ་བ་མཚན་ཉིད་པའི་རྒྱུ་མིན་ལ། དམིགས་པ་སོགས་ཀྱི་སྟོབས་ལས་ཁམས་བསྐ་བ་མི་འཛག་པས་བདེ་སྟོབས་ལྡན་ལ་ཆུ་ལྟར་སླ་བ་རྣམས་འཛག་པ་མི་ཁེགས་པའི་གནས་སྐབས་ཀྱང་ཟད་ནས། སྟོང་གཟུགས་མཐོང་བའི་སྟོབས་ཀྱིས་ཁམས་རང་ཤུགས་ཀྱིས་འཛག་མེད་ལ་བརྟན་ཆ་ཇེ་ཐོབ་དང་། དེའི་དབང་གིས་བདེ་བ་འགྱུར་མེད་ཀྱི་སྟོབས་འཕེལ་ནས། ཁམས་ཕྲ་རགས་གང་ཡང་འཛག་པ་མེད་པའི་སྟོབས་ཐོབ་ན་ལམ་འདིའི་ཐུན་མོང་མིན་པའི་ཆགས་ལམ་གྱི་དངོས་གཞི་གྲུབ་ཅིང་ཁམས་སྙིགས་མ་རྣམས་དྭངས་མར་གནས་འགྱུར་བ་དང་། དྭངས་མ་རྣམས་ཡེ་ཤེས་ཀྱི་ཐིག་ལེའི་ཁམས་སུ་ཟོས་པས་དམིགས་པ་དང་ང་སྦྱོར་སོགས་ལ་ཆེད་དུ་མ་འབད་ཀྱང་ཐིག་ལེ་འཛིན་འགྲེམ་ལ་རང་དབང་ཐོབ་པ་བྱུང་བའི་ཚེ་དང་པོར་ཞུ་བདེ་གཡོ་བ་བསྐྱེད་པ་དང་། མཐར་གཡོ་མེད་ཀྱི་བདེ་བ་དྲངས་ནས་ཐིག་ལེ་གཏན་དུ་མི་འཕོ་བའི་བདེ་བར་གནས་གྱུར་ནས་སྣང་གསུམ་འཕོ་བའི་བག་ཆགས་རླུང་སེམས་གཡོ་བའི་འདུ་འཕྲོ་རྒྱུན་གཅོད་པ་ཡིན་པས་ན། ཐབས་འདི་ལ་བརྟེན་ནས་དོན་གྱི་ཡེ་ཤེས་མཐོང་བའི་རྟོགས་པ་རྡོ་རྗེ་ལྟ་བུ་ཡང་དུས་མཉམ་དུ་འབྱུང་བ་ཡིན་ཏེ། ཁུ་རྡུལ་རླུང་གསུམ་གྱི་འདུ་འཕྲོད་ཀྱི་རྐྱེན་ལས་བྱུང་བའི་སྒྲིབ་པ་གློ་བུར་བ་ཟད་ན་ཆོས་ཉིད་དོན་གྱི་ཡེ་ཤེས་འགྱུར་མེད་བདེ་བ་ཆེན་པོ་ཐོབ་པ་ཐབས་ལམ་ཐམས་ཅད་ཀྱི་ལམ་གནད་ཡིན་གྱི་ཚོར་བདེ་ཧྲིག་ཧྲིག་པོ་འབའ་ཞིག་ཇེ་བཟང་གིས་བདེ་བ་སྐད་ཅིག་མའི་རྒྱུན་བརྟན་པའི་སངས་རྒྱས་ཀྱི་རྒྱུད་ཉི་ཙེ་བ་སྐད་ཅིག་མའི་སྐྱེ་འཇིག་ཅན་ལ་ངོ་བོ་ཉིད་སྐུར་འདོད་པ་ནི་ལམ་འདིའི་ཡེ་ཤེས་ཀྱི་སྐུ་སྔ་ཕྱིར་ཡང་ཡང་གསུངས་པ་རྣམས་ལ་རྒྱབ་ཀྱིས་ཕྱོགས་པའོ། །དེ་ལྟར་རྡོ་རྗེ་བཞིའི་རྣལ་འབྱོར་བསྒོམ་པའི་ངེས་པ་གསུངས་ནས། དེ་ལྟ་བུའི་རྣལ་འབྱོར་ཟབ་མོའི་མཐུས་ས་སོགས་དཀྱིལ་འཁོར་ལྔ་ཟད་ཅིང་ཟབ་མོའི་རྟོགས་པ་སྐྱེ་བའི་རིམ་པ་གསུངས་པ། འདིར་གང་གི་ཚེ་གཙུག་ཏོར་ཁྲོ་བོའི་ལྟ་བས་ནམ་མཁའ་སྟོང་པ་

p. 697

ལ་སེམས་རྩེ་གཅིག་ཏུ་བཀོད་པའི་རྣལ་འབྱོར་པ་མིག་མི་འཛུམ་པར་གྱུར་པ་དེའི་ཚེ་ས་ནི་ཆུ་ལ་རབ་ཏུ་འཇུག་ཅེས་སོགས་གསུངས་པ། གཡས་ནས་ས་སོགས་སྡུད་རིམ་གྱིས་འཇུག་པའི་དབང་དུ་གསུངས་ཏེ། གཡོན་ནས་ནི་མཁའ་སོགས་སྐྱེད་རིམ་གྱིས་འཇུག་པ་ཡིན་པས་འདིའི་ཐ་སྙད་བྱར་མེད་ལ། གཡོན་དང་གཡས་སུ་ས་སོགས་དཀྱིལ་འཁོར་གང་འབབ་པ་དེའི་སྲོག་གི་ཆོས་ཅན་ཉིད་ཀྱི་ཕྱིར་དེ་ཉིད་དཀྱིལ་འཁོར་དུ་གསུངས་སོ། །དེ་ལྟ་ན་ཡང་སྤྱིར་སྟོང་པའི་ནམ་མཁར་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད་པའི་མཐུས་རྐྱེན་གཡོ་བའི་ང་དབུ་མར་སྡུད་ནུས་པས། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་མེ་ལ་སྟེ། གཙང་བར་བྱེད་པ་མེ་ནི་རླུང་ལའོ། །རླུང་ནི་སྟོང་པ་ནམ་མཁའ་ལ་སྟེ་སྟོང་པ་ལ་ནི་ངེས་པར་གདོད་མའི་ཡེ་ཤེས་རང་བཞིན་འོད་གསལ་གཉུག་མའི་རང་གདངས་དུ་བ་ལ་སོགས་པའི་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་དེ་དག་ནི་ཆོས་ཅན་མཐའ་དག་གི་གཟུགས་རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ། གཟུགས་དེ་ཉིད་ཀྱིས་མི་ཟད་མཆོག་གི་རང་བཞིན་འགྱུར་མེད་ཀྱི་བདེ་བ་གཞོམ་དུ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡེ་ཤེས་ཀྱི་སྐུ་འགྲུབ་བོ། །ཡེ་ཤེས་དེ་ལས་ནི་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་དང་ཁམས་གསུམ་གྱི་དབང་ཕྱུག་སངས་རྒྱས་ཉིད་ཀྱི་དངོས་གྲུབ་ཏུ་འགྱུར་ཏེ། ཀྱེ་མི་ཡི་བདག་པོ་དེ་ལྟར་སྐྱེས་བུ་ལམ་ལ་རབ་ཏུ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྐྱེ་བ་འདི་ཉིད་ལའོ་ཞེས་པ་ལམ་གྱི་ངེས་པའོ། །ད་ནི་སྐུ་བཞི་པོ་རྣམས་ཀྱི་དབྱེ་བ་བཅུ་དྲུག་གསུངས་པ། འདིར་ཀུན་འབྱུང་གི་བདེན་པས་གང་ན་སྐུ་གཅིག་ཡོད་པ་དེར་ནི་གཞན་ཀུན་ཀྱང་ཚང་སྟེ་སྐུ་གཅིག་ལ་སྐུ་བཞི་ཚང་བར་འགྱུར་རོ། །དེ་ཡང་དགའ་བ་བཅུ་དྲུག་ལ་གཞི་དུས་ཀྱི་འཛག་པའི་དགའ་བ་བཅུ་དྲུག་དང་། ལམ་བསྐྱེད་རྫོགས་ཀྱི་དུས་ཀྱི་དགའ་བ་བཅུ་དྲུག་སོགས་དབྱེ་སྒོ་དུ་མ་ཡོད་པ་ལས་འདིར་འབྲས་དུས་ཀྱི་དགའ་བ་བཅུ་དྲུག་གི་དབྱེ་

p. 698

བས་སྐུ་བཞིར་ཕྱེ་བ་ཡིན་ཅིང་། གཞི་དུས་སུ་ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་བཞི་འཛག་པའི་དགའ་བ་བཞི་ཡོད་ལ། དེ་རེ་རེ་ལའང་དགའ་བ་མཆོག་དགའ་ཁྱད་པར་དགའ་བ་ལྷན་སྐྱེས་དགའ་བ་བཞི་རེར་ཕྱེ་བའི་བཅུ་དྲུག་གོ། དེ་དག་ལས་ལུས་ཀྱི་དགའ་བ། ངག་གི་དགའ་བ། སེམས་ཀྱི་དགའ་བ། ཡེ་ཤེས་ཀྱི་དགའ་བ་བཞི་སྒྲིབ་བྲལ་དུ་འགགས་པའི་ཆ་ལས་ཐོབ་བྱ་སྤྲུལ་པའི་སྐུའི་སྐུ་གསུང་ཐུགས་ཡེ་ཤེས་སོ། །དེ་བཞིན་མཆོག་དགའ་བཞི་སྒྲིབ་བྲལ་ལོངས་སྐུ། ཁྱད་དགའ་བཞི་སྒྲིབ་བྲལ་ཆོས་སྐུ། ལྷན་སྐྱེས་དགའ་བ་བཞི་སྒྲིབ་བྲལ་ངོ་བོ་ཉིད་སྐུའི་སྐུ་གསུང་ཐུགས་ཡེ་ཤེས་སོ་དེའི་ཕྱིར་འདོད་པ་ཞེས་པ་ལུས་ཀྱི་དགའ་བ་འགགས་པ་ལས་སྤྲུལ་པའི་སྐུར་ནི་ངེས་པར་རབ་ཏུ་འགྱུར་ཏེ་རྫོགས་པ་དབུགས་རྒྱུ་བའི་ངག་གི་དགའ་བ་ཟད་པ་དག་ནི་སྤྲུལ་སྐུ་དེ་ཡི་གསུང་ཉིད་དོ། །འབར་བ་ཞེས་པ་སེམས་ཀྱི་དགའ་བ་འགགས་པ་སྤྲུལ་པའི་ཐུགས་ཏེ། སྤྲུལ་པ་འདི་ཡི་མཆོག་གི་བདེ་བ་བྱེད་པའི་ཡེ་ཤེས་རྡོ་རྗེ་དག་ནི་ཡེ་ཤེས་ཀྱི་དགའ་བ་འགགས་པ་ཨོ༷ཊྚ་ཉིད་དོ། །ཨོཊྚ་ཞེས་པ་ལོ་ཙཱ་བ་ཁ་ཅིག་གིས་ཟླ་བར་བསྒྱུར་ཀྱང་ཨུ་ད་ཏ་ཞེས་པ་བདེ་བའི་དོན་ཡིན་ཞེས་འགོས་ལོས་གསུངས། ལུས་ཀྱི་མཆོག་དགའ་འགགས་པ་དགའ་བ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ངག་གི་མཆོག་དགའ་ཟད་པ་མཆོག་དགའ་དང་བཅས་པ་དང་། སེམས་ཀྱི་མཆོག་དགའ་འགགས་པ་ཁྱད་པར་དགའ་བ་གཉིས་པོ་འདི་ནི་རིམ་པས་ལོངས་སྤྱོད་རྫོགས་སྐུ་འདི་ཡི་ནི་གསུང་དང་ཐུགས་སོ། །ཡེ་ཤེས་ཀྱི་མཆོག་དགའ་འགགས་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ཀྱང་བདེ་འབྱུང་ལོངས་སྐུ་འདི་ཡི་ཡེ་ཤེས་རྡོ་རྗེར་འགྱུར་རོ། །ལུས་ཀྱི་ཁྱད་དགའ་འགགས་པས། འདར་བ་ཉིད་ནི་སྲིད་པ་གསུམ་གྱིས་བཏུད་པ་ཆོས་ཀྱི་སྐུ་ཡི་སྐུ་སྟེ། འབྱུང་བ་ཞེས་པ་ངག་གི་ཁྱད་དགའ་འགགས་པ་ཉིད་ནི་ཆོས་སྐུ་དེ་ཡི་གསུང་དུ་འགྱུར། གཉིད་ཡུར་ཉིད་ནི་སེམས་ཀྱི་ཁྱད་དགའ་འགགས་པ་ཆོས་ཀྱི་སྐུ་ཡི་ཐུགས་ཏེ། གཉིད་སྒྲིབ་བྲལ་ལམ་ཡེ་ཤེས་ཀྱི་

p. 699

ཁྱད་དགའ་འགགས་པ་ནི་ཆོས་སྐུ་འདི་ཡི་སྲིད་པའི་འཇིགས་འཇོམས་ཡེ་ཤེས་རྡོ་རྗེ་ཁོ་ནའོ། །ཡི་གེ་ཉིད་ནི་ཞེས་པ་མི་འགྱུར་བའི་དོན་ཏེ་ལུས་ཀྱི་ལྷན་སྐྱེས་འགགས་པ་ངོ་བོ་ཉིད་དམ་ལྷན་སྐྱེས་དག་པའི་སྐུ་སྟེ། དབྱངས་དང་བྲལ་བའི་ཆ་ངག་གི་ལྷན་སྐྱེས་དགའ་བ་འགགས་པ་དང་། ཐིག་ལེ་སེམས་ཀྱི་ལྷན་སྐྱེས་དགའ་བ་འགགས་པ་དང་། ནཱ་དཱ་ཞེས་པ་ཡེ་ཤེས་ཀྱི་ལྷན་སྐྱེས་དགའ་བ་འགགས་པ་གསུམ་པོའི་རིམ་པ་ཡིས། བདེ་འབྱུང་དག་པའི་སྐུ་རྡོ་རྗེ་སེམས་དཔའ་ཡི། གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་སྒྲིབ་བྲལ་གྱི་རྣམ་གསུམ་སྲིད་པར་གནས་པ་དེ་ཁོ་ན་ཉིད་འགྱུར་བ་མེད་པའོ། །དེ་ལྟར་དགའ་བ་བཅུ་དྲུག་གི་དབྱེ་བས་དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་གསུངས་ཏེ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་བརྟེན་ནས་དེ་ཁོ་ན་ཉིད་སྟོང་ཉིད་བཅུ་དྲུག་རབ་ཏུ་རིག་པ་དོན་དམ་མོ། །རྟེན་འབྲེལ་ཡན་ལག་རྣམ་པ་བཅུ་གཉིས་ནི་འཁོར་བ་པ་རྣམས་ཀུན་ནས་འབྱུང་བའི་ཡན་ལག་སྟེ་ཀུན་རྫོབ་ཏུའོ། །དུས་སྦྱོར་བཅུ་གཉིས་ཀྱི་རླུང་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་པ་ནི། རྡོ་རྗེ་ཉི་མ་སྣང་བ་ཆེ། །བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཞེས་པ་སྟེ་རྡུལ་འགགས་པའི་ཤེས་རབ་ཀྱི་ཆའོ། །ཆ་བཅུ་དྲུག་གི་ཁུ་བ་འགགས་པ་ནི། རྡོ་རྗེ་ཟླ་བ་དྲི་མེད་འོད། །དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་པ་སྟེ་ཐབས་ཀྱི་ཆའོ། །ཐབས་ཤེས་གཉིས་སུ་མེད་པ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རིས་མེད་པའི་ཁྱབ་བདག་གོ། དེ་ནས་གནས་སྐབས་བཞིའི་སྒྲིབ་པ་ཟད་པ་ལས་སྐུ་བན་ཞི་ཐོབ་ཚུལ་གསུངས་པ། འདིར་འཁོར་བ་པ་རྣམས་ཀྱི་སད་པ་དང་ནི་རྨི་ལམ་གྱི་རང་བཞིན་དང་སླར་ཡང་གཞན་པ་འདི་ནི་གཉིད་འཐུག་དང་བཞི་པའི་གནས་སྐབས་ཀྱི་རང་བཞིན་བཞི་ནི་རིམ་པ་ལྟར་ལུས་ལ་གནས་པ་སྤྱི་བོའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་དང་། དབུགས་ལ་ཞེན་པ་ཞེས་པ་མགྲིན་པར་གནས་པའི་ཐིག་ལེ་དང་གཉིས་ཀྱིས་སད་རྨི་གཉིས་བསྐྱེད་དེ་དེ་གཉིས་ཀ་ཡུལ་རྣམས་ལ་རྣམ་པར་དཔྱོ༷ད་པ་ཅན་དུ་གྲུབ་

p. 700

ཅིང་གཡོ་མེད་སེམས་ལ་ཞེན་པ་སྙིང་གར་གནས་པའི་ཐིག་ལེ་ནི་གཉིད་འཐུག་བསྐྱེད་པར་བྱེད་པ་སྟེ། བདེ་བའི་ཡེ་ཤེས་ལ་གནས་པ་ལྟེ་བར་གནས་པ་བཞི་བའི་རང་བཞིན་ཏེ་བུད་མེད་དང་རབ་ཏུ་འགྲོགས་པ་ལས་བྱང་ཆུབ་ཀྱི་སེམས་ནི་ཞུ་བ་ལ་ཡང་ཁམས་འཕོ་བའི་བདེ་བའི་སྐད་ཅིག་གི་མཚན་ཉིད་ཅན་དུ་འགྱུར་རོ། །དེ་ལྟར་སྤྲུལ་པ་ཡི་སྐུ་དང་ལ་སོགས་པ་ཞེས་པས་ལོངས་སྐུ་དང་ཆོས་སྐུ་དང་ལྷན་སྐྱེས་དག་པའི་སྐུ་བཞི་པོ་དག་གི་རང་བཞིན་ནི་གནས་སྐབས་བཞི་ཡི་སེམས་བཞི་པོ་དེ་དག་སྒྲིབ་པ་བྲལ་བར་གྱུར་པའི་སེམས་ཀྱི་རྡོ་རྗེ་རྣམ་པ་བཞིར་ནི་རིམ་པས་ངེས་པར་རབ་ཏུ་འགྱུར་རོ། །དེ་ལྟར་སད་པ་ལ་སོགས་པའི་སེམས་ནི་རྣམ་པ་བཞི་འདོད་པ་སོགས་སྲིད་པ་གསུམ་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་ལུས་ལ་རྟེན་བྱང་ཆུབ་སེམས་ཀྱི་རང་བཞིན་རྣམ་པ་བཞིའི་ཐིག་ལེའི་དབུས་སུ་གཞི་དུས་ཀྱི་བྱང་ཆུབ་ཀྱི་སེམས་སམ་གནས་སྐབས་བཞིའི་སེམས་རྣམ་པ་བཞི་པོ་བརྟེན་པར་གནས་པ་སྟེ། དེའི་ཕྱིར་རྣལ་འབྱོར་དབང་པོ་རྣམས་ཀྱིས་བདེ་མཉམ་མི་འགྱུར་བའི་འབྲས་བུ་སྟེར་བའི་གནས་སྐབས་བཞི་པོ་ཀུན་ལ་ཁྱབ་བྱེད་ཁུ་བ་ཐིག་ལེ་འཛག་པ་དག་ནི་ཐར་པའི་སླད་དུ་བསྲུང་བར་བྱ་སྟེ། གལ་ཏེ་ཐིག་ལེ་འཕོས་པར་བྱས་ཏེ་བཏང་ན་རྣལ་འབྱོ༷ར་རྣམས་ཀྱི་བདེ་བ་ཆེན་པོ་རྒྱུད་ལ་སྐྱེ་བའི་ས་བོན་གང་ཞིག་མཆོག་གི་བདེ་བ་བསྒྲུབ་པའི་རྟེན་ཉམས་པར་སོང་བ་ལ་ཐར་པ་གང་ཡོད་དེ་མེད་དོ། །དེ་ཕྱིར་འཁོར་བའི་འཛག་པའི་བདེ་བའི་སྐད་ཅིག་མ་འགྱུར་བ་དང་གཡོ་བ་ཅན་འདི་ནི། གསང་སྔགས་ཀྱི་ཐབས་ལམ་ཉམས་སུ་ལེན་པའི་སྐབས་འདིར་ནི་ཁམས་མི་འཕོ་བའི་ཚངས་སྤྱོད་ལ་གནས་པའི་སྡོམ་བརྩོན་རྣལ་འབྱོར་པ་རྣམས་ཀྱིས་ཐམས་ཅད་དུས་སུ་དོར་བར་བྱ་སྟེ། རྟག་ཏུ་བྱང་ཆུབ་ཀྱི་སེམས་མི་འཕོ་བའི་བདེ་བ་ལ་གནས་པར་བྱའོ། །དེས་ན་ཁུ་བ་སྟེང་ནས་མར་ཇི་ལྟར་བྱོན་པ་དེ་བཞིན་དུ་རྣལ་འབྱོར་པས་རྒྱུ་མཐུན་ལ་སོགས་པ་དྲི་མ་དང་བྲལ་བའི་བར་དུ་སྟེང་དུ་ཡར་གཤེགས་པར་བྱ་སྟེ། མི་འགྱུར་

p. 701

བའི་བདེ་བ་བསྐྱེད་པར་བྱའོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །མདོར་ན་དབང་བཞི་པ་ཤེས་རབ་ཡེ་ཤེས་ནི་ཕྱག་རྒྱ་དང་འགྲོགས་པ་ལས་འགྱུར་བདེ་མྱོང་བ་ཙམ་མ་ཡིན་ཏེ་འགྱུར་མེད་ཀྱི་བདེ་བ་ཡིན་ལ། འགྱུར་མེད་དེ་ནི་རྡོ་རྗེའི་རྣལ་འབྱོར་གྱི་ལམ་ལས་བསྒྲུབ་དགོས་པ་ལེགས་པར་བསྟན་པ་འདིས་དབང་བཞི་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དོན་གྱི་ཡེ་ཤེས་མ་སྦས་པར་བསྟན་པས་རྒྱུད་གཞན་གྱི་རྡོ་རྗེའི་ཚིག་གི་དོན་སྟོན་པ་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་བྱའོ་འགྲེལ་བར་མདོར་བསྡུས་སྔ་མའི་རྗེས་སུ་འདིའི་བར་ནི་སྐུ་བཞི་ལ་སོགས་པའི་རྣམ་པར་དག་པ་ངེས་པའི་མདོར་བསྡུས་ཆེན་པོ་གཉིས་པས་བཤད་པར་མཛད་དོ། །བཅུ་གཅིག་པ་ཤེས་པ་དང་ཤེས་བྱ་རྣམ་པ་ཀུན་གྱི་བདག་ཉིད་ཕྱག་རྒྱ་ཆེན་པོའི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་ནི། གང་ཕྱིར་ཨ་སོགས་ཀ་སོགས་ཞེས་ཚིགས་བཅད་བརྒྱ་ཉེར་བདུན་པ་ནས། བརྒྱ་རེ་བཞི་པའི་བར་གྱིས་བསྟན་ཅིང་། འདི་རྩ་རྒྱུད་ཀྱི་གོ་རིམ་ལྟར་ན་གནས་པ་དགུ་པ་ཡིན་ཀྱང་བསྡུས་རྒྱུད་འདིར་སྐབས་འདིར་གསུངས་སོ། །ད་ནི་འགྱུར་མེད་བདེ་བ་ཆེན་པོ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་མཚོན་བྱ་དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་གང་ཞིག་ཡུལ་ཅན་ཤེས་པ་དང་ཡུལ་ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཀུན་གྱི་བདག་ཉིད་ཐིག་ལེ་ཉག་གཅིག་མཚན་མ་ཐམས་ཅད་བྲལ་བའི་རྣལ་འབྱོར་མཐར་ཐུག་གསུངས་པ། གང་གི་ཕྱིར་ཡེ་ཤེས་ཀྱི་སྐུ་རང་གི་ངོ་བོ་ནི་རྒྱུ་རྐྱེན་གྱིས་བཅོས་མའི་དངོས་པོ་ལས་གསར་དུ་གྲུབ་པའི་གློ་བུར་བ་ཡིན་ན་གཉུག་མ་རྡོ་རྗེ་ལྟ་བུའི་སྐུར་མི་འགྱུར་བ་དེའི་ཕྱིར་ན། འདི་ལྟར་འགྱུར་བདེ་སོགས་ཁུ་རྡུལ་རླུང་གསུམ་གྱི་འཕོ་འགྱུར་གཡོ་བའི་ཆོས་ཐམས་ཅད་གཉུག་མའི་དབྱིངས་སུ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཐབས་ཟབ་མོའི་མཐུས་ཟད་ཅིང་འགགས་པ་འགྱུར་བ་མེད་པ་ལས་བྱུང་བ་ལྷན་ཅིག་སྐྱེས་པ་ཡེ་ཤེས་ཀྱི་སྐུ་ཉག་གཅིག་ལ་ཨ་སོགས་

p. 702

དབྱངས་དང་ཀ་སོགས་གསལ་བྱེད་ཀྱི་ཆ་དང་། རི་བོང་ཅན་དང་ཉིན་བྱེད་ཀྱི་ཆ་གཅིག་ཏུ་སྦྱོར་བའི་འདུས་ཤིང་ཚོགས་པ་ཡི་རང་བཞིན་ཅན་འདི་ལྟ་བུ་ཉིད་ནི་རྡོ་རྗེ་ཅན་གྱི་གདན་སྟེ་གཞིའམ་བཞུགས་གནས་མིན་ཞིང་ཅིའི་ཕྱིར་ན་དེ་དག་ནི་འདུས་བྱས་ཉི་ཙེ་བའི་ཕྱེ་བའི་གནས་ཡིན་པས་སོ། །ཧུ༷ཾ་ཡིག་ཡོངས་སུ་གྱུར་པ་ཉིད་ཀྱིས་རྡོ་རྗེའི་མཚན་མ་དང་ནི་དེ་ཡོངས་སུ་གྱུར་པ་ལས་གཞན་པ་ལྷ་སྐུའི་ཕྱག་རྒྱ་ཡི་ཁ་དོག་དང་ཞལ་ཕྱག་གི་དབྱིབས་ཅན་གྱི་གཟུགས་དག་མི་འདོད་དེ། ཅིའི་ཕྱིར་ན་བློས་མངོན་པར་ཞེན་པའི་ཆོས་ཉི་ཙེ་བའི་མཚན་ཉིད་ཅན་འདི་རྣམས་ནི་འགྱུར་ཞིང་གཡོ་བ་དང་། ཆོས་ཐམས་ཅད་ལ་ཁྱབ་བྱེད་དོན་དམ་པའི་ཆོས་སུ་མི་འགྱུར་ཏེ་ཕྱོགས་དུས་རེས་འགའ་བའི་ཆོས་ཅན་ཀུན་རྫོབ་ཀྱི་ཆོས་འབའ་ཞིག་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ན་ཁུ་རྡུལ་རླུང་གསུམ་གྱི་འཕོ་བའི་བག་ཆགས་ཕྲ་ཞིང་ཕྲ་བའང་ཟད་པས་གློ་བུར་བའི་སྒྲིབ་པ་མཐའ་དག་གིས་འགྱུར་བ་ནམ་ཡང་མེད་པ་ཐོབ་པ་དག་གིས་འབྲས་བུ་ཡེ་ཤེས་ཀྱི་སྐུ་དེ་ཉིད་མངོན་དུ་འགྱུར་བར་བྱས་པའི་སྒོ་ནས་སྣང་ཚུལ་ལ་བསྐྱེད་ཅིང་ཞེས་བརྗོད་པ་སྟེ་དེ་འདྲའི་འགྱུར་མེད་ཐོབ་པ་ལས་འདི་མངོན་དུ་འགྱུར་བ་ཡིན་གྱིས་ཆོས་ཉིད་ཀྱི་སྐུ་གསར་དུ་རྒྱུས་བསྐྱེད་པ་ནི་མ་ཡིན་ནོ། །ཡིན་ན་རྒྱུ་ལས་གསར་བསྐྱེད་ལ་འགྱུར་མེད་ལས་སྐྱེས་པ་མི་འཐད་དེ། རྒྱུ་དང་འབྲས་བུ་གཉིས་ཀ་རང་གི་ངོ་བོ་ལས་མ་འགྱུར་བཞིན་དུ་བསྐྱེད་པ་ནི་ནམ་ཡང་མེད་ཅིང་སེམས་ཅན་གྱི་གནས་སྐབས་ནས་ལམ་དང་འབྲས་བུ་སངས་རྒྱས་ཀྱི་སའི་བར་དུ་གོང་ནས་གོང་དུ་མ་འགྱུར་བར་ལམ་གོང་མའི་འབྲས་བུ་སྐྱེད་པ་སྣང་ཚུལ་ལ་ནམ་ཡང་མི་སྲིད་དོ། །དེ་ལ་བསམ་ནས་འདི་སྐབས་ཀྱི་འགྱུར་བ་དང་འགྱུར་མེད་ནི་འཁོར་བའི་སྐྱེ་འཆིའི་འགྱུར་བ་ཡོད་མེད་ཡིན་གྱི་སྐད་ཅིག་མའི་སྐྱེ་འགག་གི་འགྱུར་བ་ནི་མ་ཡིན་ཏེ་འབྲས་བུའི་མཐར་ཐུག་ཡེ་ཤེས་ཀྱི་སྐུ་ལ་ཡང་སྐྱེ་འགག་ཡོད་པར་འགའ་ཞིག་གིས་འདོད་དོ། །དེ་ལྟར་ན་ཡེ་ཤེས་ཀྱི་སྐུ་དེ་རྡོ་རྗེའི་སྐུ་མ་ཡིན་ཏེ་རིམ་གྱིས་འགགས་ཤིང་ཟད་པ་ལ་དངོས་པོ་

p. 703

རྣམས་དང་ཁྱད་པར་ཅུང་ཟད་ཀྱང་མེད་པ་དང་། ཡུལ་དུས་ཉི་ཙེ་བར་གནས་པར་འགྱུར་གྱི་རྣམ་པ་ཐམས་ཅད་པར་རྗེས་སུ་སོང་བ་ནམ་མཁའ་ལྟ་བུ་མ་ཡིན་པ་དང་། བདེ་བ་ཆེན་པོ་ཡང་གང་ཟག་གི་རྒྱུད་རེས་འགའ་བའི་བདེ་བ་གང་ཞིག་དུ་འདོད་ན་མཐར་རྒྱུན་འགགས་པ་མེད་དུ་ཆུག་ཀྱང་རྒྱུན་གྱིས་སྐད་ཅིག་གིས་སྐྱེ་འགག་བྱེད་པ་དང་། དེ་ལ་བརྟེན་པའི་སྐུ་གཞན་ཀྱང་གང་ཟག་གི་རྒྱུད་ཉི་ཙེ་བའི་ཡོན་ཏན་རིས་ཆད་ཅན་དུ་ཐལ་བ་སོགས་སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཕྱོགས་ན་མི་གནས་པར་འགྱུར་བའི་ཕྱིར་ན་རྡོ་རྗེ་ཐེག་པའི་རྩེ་མོ་རྒྱུད་འདིའི་དགོངས་པ་ཕར་ཞོག་ངེས་དོན་ཟབ་མོའི་མདོ་སྡེ་རྣམས་དང་དེའི་དགོངས་འགྲེལ་རྣམས་ལས་མ་རིག་བག་ཆགས་ཀྱི་ས་ལས་བརྒལ་བ་དང་། ཟག་མེད་ལས་ཀྱི་འདུ་བྱེད་པ་དང་། དེས་འཕངས་པའི་ཡིད་ཀྱི་ལུས་དང་དེ་ལ་བརྟེན་པའི་བསམ་གྱིས་མི་ཁྱབ་པར་འགྱུར་བའི་འཆི་འཕོ་བའང་མེད་པར་གསུང་བའི་དོན་ཀྱང་ཇི་བཞིན་སློང་མ་ནུས་པ་སྟེ། འདིར་ཁུ་བ་བརྟན་པ་ལས་སྐྱེས་པའི་བདེ་བ་སྐད་ཅིག་མ་དེ་ནམ་མཁའ་ཇི་སྲིད་དུ་སྐད་ཅིག་མའི་རྒྱུན་མཐུད་པ་མི་འགགས་པར་རྒྱུན་འབྱུང་བ་ཙམ་སངས་རྒྱས་ཀྱི་བདེ་བ་ཆེན་པོའི་སྐུ་ཡིན་ན་དེ་ཟག་མེད་ལས་ཀྱིས་འཕང་འབྲས་ཅིས་མ་ཡིན་ལ། ཡིད་ཀྱི་རང་བཞིན་གྱི་ལུས་ཀྱང་ཅིས་མ་ཡིན་ཏེ་བདེ་བ་ཆེན་པོ་སྐད་ཅིག་མའི་རྒྱུན་གང་གི་རྒྱུད་ལ་མངའ་བའི་ལུས་དེ་ནི་ཡིད་ལུས་དྭངས་བའི་གཟུགས་ཅན་ལས་ཁྱད་མེད་པར་འགྱུར་ལ། འོན་ཀྱང་དེའི་སྐུ་དང་ཐུགས་ཀྱི་རྒྱུན་མཐར་འགགས་པ་མེད་དུ་ཆུག་ཀྱང་སྐད་ཅིག་གིས་འགགས་པས་ན་བསམ་གྱིས་མི་ཁྱབ་པར་འགྱུར་བའི་འཆི་འཕོ་བའང་དེ་ཙམ་གྱི་ཆ་ནས་གདགས་པ་ལས། སེམས་ཅན་ཐ་མལ་བ་རྣམས་ཀྱི་སེམས་ཀྱང་མཐར་རྒྱུན་འགགས་ཏེ་ཡོངས་ཟད་དུ་སོང་བ་ནི་གྲུབ་མཐའ་ཕལ་མོ་ཆེས་མི་འདོད་པས་ས་བཅུའི་བྱང་སེམས་རྣམས་ལས་སངས་རྒྱས་ཀྱི་སའི་རྣམ་བཞག་ཆེར་མ་འཕགས་པར་འགྱུར་རོ། །གཞན་ཡང་སྣང་གསུམ་འཕོ་བའི་

p. 704

བག་ཆགས་འདིའི་དབང་གིས་འགྱུར་བ་དང་གཡོ་བར་སྣང་བ་ཡིན་གྱི་འདི་དང་བྲལ་ན་གཡོ་བ་དང་འགྱུར་བ་མེད་པར་མཉམ་པ་ཉིད་དུ་གནས་པར་འགྱུར་བ་ཞིག་ཡིན་ན་ནི་སངས་རྒྱས་ལ་ནི་སྐད་ཅིག་མའི་འགྱུར་བ་ཡང་མི་སྲིད་དེ་འཕོ་བའི་བག་ཆགས་མ་ལུས་པ་སྤངས་པས་སོ། །སྣང་གསུམ་འཕོ་བའི་བག་ཆགས་ཁོ་ནས་འགྱུར་བ་མ་ཡིན་གྱི་འགྱུར་བ་སྐྱེད་བྱེད་གཞན་ཡོད་ན་ནི་དེ་རྒྱུ་རྐྱེན་ལས་བྱུང་བའི་འགྱུར་བ་ཞིག་ཡིན་ནམ་མིན། རྒྱུ་རྐྱེན་ལས་མ་བྱུང་བའི་འགྱུར་བ་ནི་མེད་དེ། རྒྱུ་རྐྱེན་ལས་མ་བྱུང་བ་འདུས་མ་བྱས་ཡིན་ལ། དེ་ལ་སྐད་ཅིག་མའི་འགྱུར་བ་ཡོད་མི་སྲིད་དོ། །རྒྱུ་རྐྱེན་ལས་བྱུང་བའི་འགྱུར་བ་ཅན་ཡིན་ན་ནི། སངས་རྒྱས་ཀྱི་སའི་བདེ་བ་སྐད་ཅིག་མའི་འགྱུར་བདེ་བསྐྱེད་བྱེད་ཟག་མེད་ཀྱི་ལས་དང་དེ་བསོགས་བྱེད་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བའི་གང་ཟག་གི་རྒྱུད་ཉི་ཙེ་བས་བསྡུས་པའི་ལུས་དང་སེམས་ཀྱི་འབྲས་བུ་ཞིག་ཇི་ལྟར་མིན་ཏེ་ཡིན་པར་འགྱུར་ལ་གལ་ཏེ་དེ་ལྟར་མིན་ན་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་བསྒྲུབ་ནས་སྐད་ཅིག་མར་སྨྲ་བའང་ཉམས་པར་འགྱུར་རོ། །གཞན་ཡང་འཕགས་པའི་གང་ཟག་རྣམས་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཞེས་གསུངས་ཤིང་། འཁོར་བ་ནི་སྐྱེ་བ་དང་འགག་པའི་ཆོས་ཅན། མྱ་ངན་ལས་འདས་པ་ནི་སྐྱེ་འགག་དང་བྲལ་བ་ཞི་བ་རབ་ཏུ་མི་གནས་པ་ཞེས་གསུངས་པ་དང་། ཀུན་རྫོབ་ནི་སྐྱེ་བ་དང་འགག་པའི་ཆོས་ཅན་རབ་ཏུ་མ་ཞི་བ་རིས་སུ་ཆད་པ་དང་། དོན་དམ་པ་ནི་དེ་ལས་ལྡོག་པར་གསུངས་ན། བདེན་གཉིས་དབྱེར་མེད་དང་སྐུ་ཐུགས་དབྱེར་མེད་སོགས་ཟུང་འཇུག་ཤིན་ཏུ་རྣམ་དག་གི་འབྲས་བུ་བརྙེས་པ་སངས་རྒྱས་ཀྱི་ས་འདི་ནི་དོན་དམ་མཐར་ཐུག་བདེན་གཉིས་དབྱེར་མེད་ཀྱིས་བསྡུས་པ་ཞིག་ཏུ་འདོད་དགོས་ཀྱི། ཀུན་རྫོབ་གཉིས་སྣང་ཅན་གྱི་སྤྱོད་ཡུལ་གྱིས་བསྡུས་པ་དང་། རྣམ་གྲངས་པའི་དོན་དམ་དངོས་མེད་ཀྱིས་བསྡུས་པ་མ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཡིན་པར་གསུངས་པའི་ཕྱིར་རོ། །

p. 705

དེས་ན་ཟུང་འཇུག་གི་དོན་དཔྱིས་ཕྱིན་པར་མ་རྟོགས་པ་དག་གིས་སངས་རྒྱས་ཀྱི་ཐུགས་རྒྱུད་ན་བདེ་བའི་སྐད་ཅིག་མ་མི་རྟག་པ་རིམ་འབྱུང་དང་། དེའི་རང་བཞིན་མ་གྲུབ་པའི་བདེན་སྟོང་གི་རྟག་པ་ཟུང་འཇུག་ལ་ཡེ་ཤེས་ཀྱི་སྐུར་འདོད་པ་ལྟར་ན་གཉིས་སུ་མེད་པ་ཟུང་འཇུག་གི་སྐུ་ཞེས་བརྗོད་ཀྱང་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་ནི་ཕྱོགས་གར་ཡོད་ཀྱང་མི་ཤེས་པས་རྒྱུད་འདིའི་ཟབ་དོན་ཇི་ལྟར་འཆད་དེ་ལེགས་པར་བརྟག་ན་སངས་རྒྱས་ཀྱི་ས་ན་གཉིས་སྣང་ཕྲ་མོ་ཡང་མི་མངའ་ཞེས་ཁས་ལེན་ཀྱང་། དངོས་པོ་མི་རྟག་པ་དང་དངོས་མེད་རྟག་པ་སོགས་མཚན་ཉིད་མི་མཐུན་པའི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ཀུན་རྫོབ་ཏུ་མ་ཟད་དོན་དམ་པར་ཡང་རོ་མཉམ་པར་སྒྲུབ་བྱེད་མེད་པས་སངས་རྒྱས་ལ་གཉིས་སྣང་མི་མངའ་བའི་སྒྲུབ་བྱེད་མེད་དེ། ཆོས་རྣམས་རྟག་མི་རྟག་སོགས་གཉིས་སུ་དངོས་པོ་ལ་གནས་ཚོད་དུ་གྲུབ་ཀྱང་སངས་རྒྱས་ལ་གཉིས་སུ་མ་སྣང་བ་ཞེས་པ་ནི་ཕྱིན་ཅི་ལོག་སྟེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དངོས་པོ་ལ་ཇི་ལྟར་གནས་པ་གཟིགས་དགོས་པའི་ཕྱིར་ན་གཉིས་སུ་སྣང་བ་ཅན་གྱི་ངོར་ཆོས་འདི་ནི་རྟག་པ་དང་འདུས་མ་བྱས་པའོ། །འདི་ནི་མི་རྟག་པ་དང་འདུས་བྱས་སོ། །འདི་ནི་བདག་གོ། འདི་ནི་གཞན་ནོ་ཞེས་གཉིས་ཆོས་སུ་སྒྲོ་བཏགས་པ་ཐམས་ཅད་གློ་བུར་འཁྲུལ་པ་གཉིས་མེད་ལ་གཉིས་སུ་བཟུང་བ་ཙམ་སྟེ། ཡང་དག་པའི་དོན་ལ་དངོས་པོ་དང་དངོས་མེད་དུ་སྒྲོ་བཏགས་པ་ལོག་པའི་ཕྱིར་ན་དེ་ཁོ་ན་ཉིད་གཟིགས་པའི་ངོར་རྣམ་པ་ཐམས་ཅད་དུ་གཉིས་སྣང་མེད་པར་གྲུབ་ལ། གཉིས་སུ་མེད་པ་དེ་ནི་དེ་ཁོ་ན་ཉིད་ཡིན་པར་ཡང་གྲུབ་བོ། །དེ་ཁོ་ན་ཉིད་གཟིགས་པ་དེ་ལས་མ་གཡོས་ཀྱང་ཆོས་ཅན་ཇི་སྙེད་པ་ཡང་རྣམ་པར་རྟོག་པ་མེད་པའི་ཐུགས་ཀྱིས་འབད་མེད་དུ་མཁྱེན་ཏེ་དེ་ཁོ་ན་ཉིད་ལས་འདས་པའི་ཇི་སྙེད་པའི་ཆོས་ཞིག་རྣམ་པ་ཀུན་ཏུ་མི་སྲིད་པ་དེས་ན་བདེན་གཉིས་དབྱེར་མེད་རོ་མཉམ་དུ་གཟིགས་པར་གྲུབ་བོ། །དེའི་ཕྱིར་སངས་རྒྱས་ཀྱི་ས་ནི་བདེན་གཉིས་དབྱེར་མེད་

p. 706

ཀྱི་གནས་ལུགས་མཐར་ཐུག་གཟིགས་པའི་དོན་དམ་པ་ཉིད་ཀྱིས་བསྡུས་པ་ཡིན་གྱི་བདེན་པ་གཉིས་སུ་ཕྱེ་བའི་ཡ་གྱལ་རེ་རེས་ནི་མ་ཡིན་ཏེ། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་ཞེས་སོགས་རྒྱུད་འདིར་ཡང་ཡང་རྣམ་གྲངས་དུ་མར་གསུངས་པ་བཞིན་དུ་ཤེས་པར་བྱས་ནས་བདེན་པ་དབྱེར་མེད་མཉམ་པ་ཉིད་གནས་ལུགས་དོན་གྱི་དེ་ཁོ་ན་ཉིད་དུ་གཉིས་ཆོས་སུ་འབྱེད་པའི་འགྱུར་བ་མཐའ་དག་རྣམ་པར་ཉམས་པར་གྱུར་པ་གང་གི་ཚེ་ཤེས་བྱའི་ཆོས་མ་ལུས་པ་ཐམས་ཅད་དེ་འདྲའི་གནས་ལུགས་མཉམ་པ་ཆེན་པོ་གཅིག་གི་ངང་དུ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་བརྙེས་ནས། ཤེས་བྱ་མ་ལུས་པ་མཐའ་དག་སངས་རྒྱས་དེ་ལ་མངོན་དུ་མ་གྱུར་པ་ཅུང་ཟད་ཀྱང་མེད་པའི་མཆོག་གི་དབང་པོ་དག་དང་ལྡན་པ་ནི། ཆོས་ཅན་གྱི་རྣམ་པ་ཀུན་དང་ལྡན་པ་དེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དུ་གནས་པ་ཡིན་པ་དེ་བཞིན་མངོན་དུ་གྱུར་བས་ན་མདོ་ལས་ཀྱང་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་བརྙེས་པ་ཞེས་གསུངས་པ་ལྟར་ཡིན་ཀྱང་གཉིས་སུ་མེད་པའི་ཐིག་ལེ་ཆེན་པོ་ཆོས་ཀྱི་དབྱིངས་ལས་གཞན་དུ་གྱུར་པ་ཅུང་ཟད་ཀྱང་མེད་པ་མཐའ་དག་རྒྱལ་བའི་བདག་པོ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་སྐུ། ཕྱོགས་དང་དུས་ཀྱིས་བསྡུས་པའི་གདུལ་བྱའི་དོན་རྟག་ཁྱབ་དུ་མཛད་པའི་ཟག་པ་མེད་པའི་ཆོས་སྣ་ཚོགས་ཀྱི་སྒྱུ་མ་འཛིན་པ་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་འདི་ལའོ། །ཞེས་སོ། །དེ་ལྟ་བུའི་ལྷན་སྐྱེས་གཉུག་མ་བདེ་བ་ཆེན་པོའི་བདག་ཉིད་ཡེ་ཤེས་ཀྱི་སྐུ་མཐར་ཐུག་པ་དེ་ཡི་ཚུལ་མ་རྟོགས་པས་ཕྱོགས་ཉི་ཙེ་བའི་མཐོང་བ་ལ་བརྟེན་ནས་ནམ་མཁའ་ཁབ་མིག་གིས་གཞལ་བའི་དཔེ་ལྟར་སོ་སོའི་འདོད་པ་སྣ་ཚོགས་བཞག་པ་བཀག་པའི་ཚུལ་རིགས་ལྡན་ཆོས་ཀྱི་རྒྱལ་པོ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་པདྨ་དཀར་པོ་ཉིད་ཀྱིས་ཚིགས་སུ་བཅད་པ་གཅིག་པོ་འདིའི་

p. 707

འཕྲོས་ལས་བརྩམ་སྟེ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པའི་མདོར་བསྡུས་གསུམ་པ་ལས་རྒྱ་ཆེར་གསུངས་པ་རྣམས་ཀྱི་དོན་མདོར་བསྡུས་སུ་བརྗོད་ན། འདིར་ཡི་གེའི་མིང་ཨ་ཀྵ་ར་ཞེས་པ་འགྱུར་མེད་དེ་དབྱངས་གསལ་འདི་དག་ཡི་གེ་རང་རང་གི་སྒྲ་གདངས་རྣམ་པ་གཞན་དུ་མི་འགྱུར་བ་ཡིན་པས་དེ་སྐད་བརྗོད་པ་ལ་བསམ་སྟེ། སྔགས་པ་ངན་པ་རྣམས་འཁྲུལ་ནས་ཨཱ་ལི་ཀཱ་ལིའི་ཡི་གེ་རྣམས་ནམ་ཡང་མི་འགྱུར་བར་འཛིན་ནོ། །ཡང་དག་པར་ན་དབྱངས་གསལ་གྱི་ཚོགས་ནི་མི་འགྱུར་བ་མ་ཡིན་ཏེ། མི་འགྱུར་བའི་སྒྲས་ནི་མཆོག་ཏུ་མི་འགྱུར་བདེ་བའི་ཡེ་ཤེས་རྡོ་རྗེ་སེམས་དཔའ་གོང་དུ་བཤད་པ་དེ་ལྟ་བུ་བརྗོད་པ་ཡིན་ནོ། །ཡང་མནྟྲ་ཞེས་པའི་སྒྲ་ལས་སྔགས་ནི་ཡིད་སྐྱོབ་པའི་དོན་གྱི་སྔགས་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སུ་བརྗོད་དོ། །དེ་བཞིན་དུ་གཞན་ནང་གི་རིག་པ་འགྱུར་མེད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱ་ཆེན་མོ་དང་ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མ་ཡུལ་ཡུལ་ཅན་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། མཆོག་གི་དབང་པོའི་སྤྱོད་ཡུལ་མི་འགྱུར་བའི་བདེ་བའི་རང་བཞིན་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་མེ་ལོང་ལ་པྲ་ཕབ་པ་ལྟ་བུའི་སྣང་བ་རྒྱལ་བ་རྣམས་ཀྱིས་ལྷན་ཅིག་སྐྱེས་པ་དོན་དམ་པའི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་སྐུར་གསུངས་པ་ནི་འགྱུར་བ་མེད་པའི་རང་བཞིན་གྱི་ཕྱིར་འགྱུར་མེད་དངོས་ཡིན་ལ། འདིར་འགྱུར་མེད་ཅེས་པ་ཕུང་པོ་ལྔ་དོན་དམ་སྒྲིབ་བྲལ་གྱི་ཆོས་ཉིད་དུ་དག་པ་ནི་སྟོང་པ་ཆེན་པོ་ལྔའོ། །དེ་བཞིན་དུ་ས་སོགས་ཁམས་ལྔ་སྒྲིབ་པ་མེད་པ་རྣམས་འགྱུར་མེད་ལྔའོ། །འགྱུར་མེད་དྲུག་ནི་མིག་སོགས་དབང་པོ་དྲུག་སྒྲིབ་པ་མེད་པ་སྟེ་སོ་སོ་རང་གི་ཡུལ་འཛིན་པ་སྤང་བ་རང་བཞིན་གྱིས་འོད་གསལ་སྒྲིབ་པ་མེད་པར་གྱུར་པ་རྣམས་སོ། །དེ་བཞིན་ཡུལ་གཟུགས་སོགས་དྲུག་པོ་སྒྲིབ་པ་མེད་པ་ཡང་འགྱུར་མེད་དྲུག་གོ། དེ་ལྟར་

p. 708

ཕུང་ཁམས་སྐྱེ་མཆེད་འདི་ཐམས་ཅད་དོན་དམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བདེན་གཉིས་དབྱེར་མེད་ཀྱི་དེ་ཁོ་ན་ཉིད་དུ་རོ་མཉམ་པར་གྱུར་པ་ནི་ཐིག་ལེ་སྟོང་པར་འགྱུར་ལ། ཐིག་ལེ་དེ་ཡང་གློ་བུར་བའི་སྣང་གསུམ་འཕོ་བའི་བག་ཆགས་ཀྱིས་བསླད་པ་དང་བྲལ་ནས་མི་འཕོ་བར་གྱུར་ན་འགྱུར་བའི་ཟུག་རྔུ་ཐམས་ཅད་དང་བྲལ་བའི་ཕྱིར་ནམ་ཡང་སྡུག་བསྔལ་གྱི་ཉེས་པ་ཕྲ་མོས་ཀྱང་ནོངས་པ་མེད་པའི་ཕྱིར་མཆོག་ཏུ་མི་འགྱུར་བར་བརྗོད་དོ། །མཆོག་ཏུ་མི་འགྱུར་བ་ཡང་ཡི་གེ་ཐམས་ཅད་ཀྱི་གཞི་མོ་རྩ་བ་རང་བྱུང་གི་ཡི་གེ་ཨ་ཡིག་སྟོང་པ་ཆེན་པོའོ། །ཨ་ཡིག་དོན་དམ་པའི་དེ་ཁོ་ན་ཉིད་དེ་ལས་བྱུང་བ་ནི་ཡང་དག་རྫོགས་པའི་སངས་རྒྱས་ཐབས་ཤེས་གཉིས་སུ་མེད་པའི་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དེ། ཤེས་པ་ཡུལ་ཅན་དང་ཤེས་བྱ་དེ་ཁོ་ན་ཉིད་རྒྱུ་དང་འབྲས་བུའི་བདག་ཉིད་དབྱེར་མེད་པ་སྟེ་དེ་ཡང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་མི་འགྱུར་བའི་བདེ་བའི་གོ་འཕང་དམ་པ་སྟེ། མདོར་བསྡུ་ན་ཆོས་ཐམས་ཅད་རང་བཞིན་གྱིས་གཉུག་མ་འོད་གསལ་བ་བདེན་གཉིས་དབྱེར་མེད་མཉམ་པ་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུར་གནས་པ་ནི་གཞི་ཡིན་ལ། ཐབས་ཀྱི་ལམ་ཟབ་མོས་སྣང་གསུམ་འཕོ་བའི་བག་ཆག་སྦྱངས་ཏེ་མི་འཕོ་བར་གཞི་ཇི་བཞིན་པའི་ཆོས་ཉིད་མངོན་དུ་གྱུར་པ་ནི་འབྲས་བུ་ཤིན་ཏུ་རྣམ་དག་ཡེ་ཤེས་ཀྱི་སྐུ་ཡིན་ནོ། །དེ་ལྟར་ཡང་མཚན་ཡང་དག་པར་བརྗོད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བསྟོད་པའི་ཚིགས་བཅད་དང་པོས་གསུངས་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་འགྱུར་མེད་དམ་པ་ཡིན། །ཞེས་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ལ་བསྟོད་པ་ལས། གསང་སྔགས་དོན་ཀུན་སྐྱེད་པ་པ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་འགྱུར་མེད་ལྔ། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག །ཅེས་གསུངས་པ་འདི་དག་གིས་

p. 709

གསང་སྔགས་ཡི་གེའི་བརྡས་དོན་དམ་པར་ཆོས་ཐམས་ཅད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྒྲིབ་བྲལ་གྱི་དབྱིངས་སུ་ཡེ་ནས་དག་པར་བསྟན་པ་སྟེ། ཡི་གེ་ཨ་གཅིག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་བྱང་ཆུབ་པར་བསྟན་པ་དང་ཕུང་ཁམས་སོ་དྲུག་གིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཆེན་པོ་ལྔ་དང་ཐིག་ལེ་སྟོང་པ་དྲུག་གིས་ཡེ་ནས་སྒྲིབ་པ་མེད་པ་དང་། རོ་གཅིག་པ་དང་མཉམ་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་བཞིན་དུ། རྩ་བའི་རྒྱུད་ལས། ཨ་སོགས་ཀ་སོགས་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའི་གདན་དུ་དང་། །འགྱུར་མེད་ལས་བྱུང་སྐུ་ལ་ནི། །ཧཱུྃ་ཡིག་ལ་སོགས་མི་འདོད་དོ། །ཞེས་གསུངས་ཏེ། དེས་ན་འགྱུར་མེད་འདིས་བསྐྱེད་ཅིང་འགྱུར་བ་མཐའ་དག་ཉམས་པ་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ། འགྱུར་བ་ཞེས་པ་སྐྱེ་འགག་གི་མཚན་ཉིད་ཅན་ཡིན་པས་འཕོ་བའི་སྐད་ཅིག་ཅེས་བྱའོ། །དེ་གང་ལ་འགག་པར་གྱུར་པ་དེ་ནི་མཆོག་ཏུ་མི་འགྱུར་བ་འཕོ་བ་མེད་པའི་སྐད་ཅིག་སྟེ་རྡོ་རྗེའི་དུས་ཞེས་བརྗོད་པ་དུས་གསུམ་དུས་མེད་དུ་མཉམ་པ་ནི་རྡོ་རྗེ་ཡེ་ཤེས་སོ། །དུས་དེའི་དབང་གིས་སྒྲིབ་པ་མེད་པའི་ཕུང་ཁམས་སྐྱེ་མཆེད་རྣམས་ནི་འཁོར་ལོ་སྟེ་སྒྲིབ་བྲལ་གྱི་སྲིད་པ་གསུམ་གཅིག་པ་ཉིད་དེ་ཇི་སྙེད་པའི་ཤེས་བྱ་ཐམས་ཅད་གཉུག་མའི་ཡེ་ཤེས་དེ་ཁོ་ན་ཉིད་དུ་རོ་མཉམ་པར་ཤེས་པར་བྱའོ། །ཤེས་དང་ཤེས་བྱ་དེ་དག་དབྱེར་མི་ཕྱེད་པ་སྟེ་རྣམ་པ་སྣ་ཚོགས་སུ་སྣང་ཡང་དུ་མ་རོ་གཅིག་པ་གཉིས་སུ་མེད་པའི་ཐིག་ལེའི་རང་བཞིན་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྣ་ཚོགས་སྒྱུ་མ་འཛིན་པ་བཅོམ་ལྡན་འདས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཞེས་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིའི་ལེའུ་ལྔ་པའི་མཇུག་གི་སྟོང་ཆེན་ཡི་གེ་ལྔ་ལ་བསྟོད་པ་ལས། དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་ཞེས་པའི་ཚིགས་བཅད་གཅིག་དང་། ནང་གི་ལེའུ་ལས་ཚིགས་བཅད་དགུ་བཅུ་རྩ་ལྔ་པར། ཡན་ལག་དང་བཅས་རིག་བྱེད་དྲན་པའི་གཞུང་དང་སོགས་

p. 710

ཀྱིས་ནང་རིག་འགྱུར་མེད་རང་བཞིན་འོད་གསལ་བའི་དབྱིངས་གསུངས་པ་དང་། སླར་ཡང་མཆོག་ཏུ་མི་འགྱུར་བའི་ཤེས་པ་རང་སེམས་འོད་གསལ་བའི་དོན་མཐོང་བ་སྒྲིབ་པ་ཐམས་ཅད་ཟད་པའི་རྒྱུར་གྱུར་པ་ནི་དུས་ཞེས་བརྗོད་དེ་ཐབས་སོ། །ཁམས་གསུམ་པའི་ཤེས་བྱ་དངོས་པོ་མཐའ་ཡས་པའི་མཚན་ཉིད་ནི་འཁོར་ལོ་སྟེ་ཤེས་རབ་བོ། །ཐབས་ཤེས་དང་ཤེས་པ་དང་ཤེས་བྱ་འདི་དག་རང་བཞིན་གདོད་ནས་མ་སྐྱེས་པའི་འོད་གསལ་དེ་ཁོ་ན་ཉིད་དུ་རོ་གཅིག་པ་ནི་དུས་ཀྱི་འཁོར་ལོ་ཞེས་པ་སྟེ། རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པའི་ཚིགས་བཅད་རེ་གསུམ་པར། མཐའ་ཡས་སངས་རྒྱས་ཞིང་རྣམས་དང་ནི་ཞེས་སོགས་ཀྱིས་སྣང་སྲིད་ཐམས་ཅད་རྒྱལ་བ་བདེ་འབྱུང་གཅིག་པུའི་འཁོར་ལོ་གཅིག་ཡིན་ནོ་ཞེས་སྣང་སྲིད་རྣམ་དག་གི་དགོངས་པ་བསྟན་པ་སྟེ་དེ་ལྟར་ཤེས་པའི་མཚན་ཉིད་དུས་དང་ཤེས་བྱའི་མཚན་ཉིད་འཁོར་ལོ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་དུས་མེད་མཉམ་པ་ཉིད་ཀྱི་དབྱིངས་དེ་ཉིད། སྲིད་པ་དང་ཞི་བའི་ཆོས་སུ་འཆར་བས་འཁོར་ལོ་ཡིན་ལ་ཤེས་པ་དང་ཤེས་བྱ་རོ་མཉམ་པ་དེ་ཁོ་ན་ཉིད་དུས་ཀྱི་འཁོར་ལོར་བསྟན་པ་ཡིན་ཏེ། བརྗོད་པའི་རིམ་པ་འདིས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཐབས་ཤེས་སམ་བདེ་སྟོང་ངམ་རིག་སྟོང་དབྱེར་མེད་ཨེ་ཝཾ་གྱི་ཡི་གེ་ཟུང་དུ་ཞུགས་པས་མཚོན་བྱ་རྡོ་རྗེ་སེམས་དཔའ་སྟེ་རང་གི་སེམས་ཉིད་རང་བཞིན་འོད་གསལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་འདི་རྒྱལ་བ་རྣམས་ཀྱིས་རྒྱུད་ཐམས་ཅད་ལས་མཚོན་བྱ་དོན་གྱི་ཡེ་ཤེས་སུ་ཡང་དག་པར་བརྗོད་པའོ། །བཅོམ་ལྡན་འདས་ཀྱིས་དུས་འཁོར་རྩ་བའི་རྒྱུད་ལས་ཀྱང་། ཡེ་ཤེས་ཀུན་ནས་གཅད་དུ་མེད། །རྡོ་རྗེ་ཞེས་ནི་མངོན་པར་བརྗོད། །སྲིད་གསུམ་གཅིག་ཉིད་སེམས་དཔའ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་པར་བཤད། །ཅེས་གསུངས་སོ། །དེའི་ཕྱིར་འགྱུར་མེད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རང་སེམས་འོད་གསལ་པའི་དེ་ཉིད་མཐོང་བ་ལ་ཆོས་ཉིད་གཉུག་མའི་གཤིས་རྟོགས་པར་བྱ་བ་ཡིན་གྱི་རྟེན་དང་བརྟེན་པའི་

p. 711

འབྲེལ་བ་མི་འདོད་དོ། །ཇི་ལྟར་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་རྟེན་དང་བརྟེན་པའི་འབྲེལ་བ་འདོད་པ་དེ་བཞིན་དུ། ཕྱག་རྒྱ་ཆེན་པོ་ནམ་མཁའ་དང་མཉམ་པའི་ཆོས་ཉིད་ལ་རྟེན་དང་བརྟེན་པར་དབྱིབས་དང་ཁ་དོག་སོགས་ཀྱི་རྣམ་པར་བརྟག་པ་མི་འདོད་དེ། མཆོག་ཏུ་མི་འགྱུར་བ་དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གཞོལ་བའི་རྣལ་འབྱོར་པ། བླ་མ་དམ་པའི་མན་ངག་ཐོབ་པ། མི་འགྱུར་བའི་བདེ་བ་སྒྲུབ་པ་ལ་མངོན་པར་དགའ་བ། གདུག་པའི་གྲོང་ཡོངས་སུ་སྤངས་པ། དུ་བ་ལ་སོགས་མཚན་མ་སྒོམ་པའི་ལས་དང་པོ་པ་དབུ་མ་རྣམ་པར་སྦྱང་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ། བུ་དང་ཆུང་མ་རང་ལུས་ལ་ལྟོས་པ་མེད་པ། ཚོགས་ཁང་དང་གཙུག་ལག་ཁང་དང་བླ་མའི་རྫས་ཉེ་བར་ལོངས་མི་སྤྱོད་པ།ཞི་སོགས་འཇིག་རྟེན་པའི་ལས་བསྒྲུབ་པ་ལ་མངོན་འདོད་མེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་ལ་ཞུགས་པ། སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བརྩེ་བའི་བདག་ཉིད་ཅན་བྱམས་སོགས་བཞི་ལ་གནས་པ་ཐམས་ཅད་མཁྱེན་པའི་ལམ་ལ་འཇུག་པ་དེས། འཇིག་རྟེན་ཀུན་རྫོབ་ཀྱི་སྤྲོས་པས་དཀྱིལ་འཁོར་འཁོར་ལོ་རྣམ་པར་བརྟག་པའི་སྒོ་ནས་བསྒོམ་པ་སྤངས་ཏེ། ནམ་མཁའི་ཁམས་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མེ་ལོང་ལ་པྲ་ཕབ་པ་བཞིན་དུ་མངོན་སུམ་ཉམས་སུ་མྱོང་བའི་སྒོ་ནས་སྐྱེ་བ་མེད་པའི་ཆོས་ངེས་པར་མཐོང་བ་རང་སེམས་ཀྱི་སྣང་བ་རྨི་ལམ་དང་མཚུངས་པའི་དོན་ལ་སེམས་པ། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱིས་ཆོས་རྣམ་པར་དཔྱད་པའི་སྟོང་པ་ཙམ་དུ་བསྒོམ་པའི་ཆད་པའི་སྟོང་པ་ཉིད་ལས་རིང་དུ་གྱུར་པ། ནང་གི་བདེ་བ་རང་གིས་རིག་པར་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ། ཕྱི་རོལ་གྱི་དབང་པོས་རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་སུ་སྤངས་པ། ཐབས་ཤེས་དབྱེར་མེད་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་ལམ་ལ་གཅིག་ཏུ་གཞོལ་བའི་སྒོ་ནས་མཆོག །

p. 712

ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཤེས་རབ་ཡེ་ཤེས་ཏེ་དབང་བཞི་པའི་ལམ་གྱི་མན་ངག་ཐོབ་པ་དེས་རྟེན་དང་བརྟེན་པ་མཚན་མ་དང་ཁ་དོག་ཕྱག་དང་དབྱིབས་སོགས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་བརྟག་པའི་ཆོས་མི་འདོད་པར་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་བྱེད་པའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་ལ་མཆོག་ཏུ་བརྩོན་པར་བྱ་སྟེ་ལམ་འདིས་ཕྱག་རྒྱ་ཆེན་པོ་དོན་གྱི་ཡེ་ཤེས་མངོན་དུ་བྱེད་པའི་ཕྱིར་རོ། གཞན་དག་བློས་བཅོས་མ་རྣམ་པར་རྟོག་པའི་བསྒོམ་པ་ལ་ནི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་གནས་པ་མེད་དེ་བློ་སྐད་ཅིག་མའི་ཆོས་ཅན་སྐྱེ་འགག་ཉིད་ཀྱི་ཕྱིར། འདིར་གཙོ་བོ་བསྒོམ་པའི་དུས་ན་ཤར་ལ་སོགས་པའི་འཁོར་གྱི་ལྷ་མེད་ཅིང་། འཁོར་བསྒོམ་པའི་ཚེ་ན་གཙོ་བོ་ལ་སོགས་པ་མེད་དེ། དེ་བཞིན་དུ་ཞལ་དང་ཁ་དོག་དང་ཕྱག་གི་མཚན་མ་ཐ་དད་གཅིག་བསྒོམ་ཚེ་གཞན་མེད་དོ། །ཇི་ལྟར་བུམ་པའི་ཤེས་པ་འགགས་ནས་སྣམ་བུའི་ཤེས་པ་སྐྱེ་བ་ལྟར་དཀྱིལ་འཁོར་བ་རྣམས་བསྒོམ་པའི་བློ་ཡང་སྔ་མའི་བསྒོམ་པ་འགགས་ནས་ཕྱི་མ་སྐྱེ་བས་སྐྱེས་པ་རྣམས་འགགས་པ་དང་། མ་སྐྱེས་པ་རྣམས་མ་སྐྱེས་པའི་ཕྱིར་ད་ལྟ་མེད་དེ་རྣལ་འབྱོར་པ་བསྐྱེད་རིམ་གོམས་པ་རྫོགས་ནས་ཅིག་ཆར་གསལ་བ་ན་ཡང་ཡུལ་དུས་ཉི་ཙེ་བ་བློས་བརྟག་སྒོམ་ཙམ་སྟེ་རིས་མེད་མཉམ་པ་ལྷུན་གྲུབ་ཏུ་མ་ཡིན་ནོ། །དེའི་ཕྱིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྣམ་པར་རྟོག་པའི་བསྒོམ་པ་མི་བྱའོ། །མཚན་བརྗོད་ལས་ཀྱང་། དོན་འགྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་གསུངས་པ་ལྟར་རྫོགས་པའི་རིམ་པའི་རྣལ་འབྱོར་སྟོང་པ་ཉིད་ཀྱི་གཟུགས་རང་བཞིན་འོད་གསལ་བའི་སྣང་བ་བསྒོམ་པར་བྱའོ། །བདག་རྡོ་རྗེ་སེམས་དཔའ་ཡིན་ནོ་སྙམ་པའི་རྡོ་རྗེ་སེམས་དཔའི་ང་རྒྱལ་ཡང་དོན་དམ་པ་ལ་བརྟེན་པའི་རྣལ་འབྱོར་གྱིས་མཉམ་བཞག་ཏུ་མི་བྱ་སྟེ། རིག་

p. 713

པ་དང་ནི་ཞབས་སུ་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་གསུངས་པ་ལྟར་གཉུག་མ་དོན་གྱི་འོད་གསལ་ལ་གནད་དུ་བསྣུན་པ་ལས་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་སྐུ་ཐོབ་ཅིང་། ལམ་དེ་རིག་པ་ལྟ་བ་དང་སྒོམ་པ་ཞབས་སུ་ལྡན་པ་ཡིན་ལ། ཡིད་བྱེད་ཀྱི་བདག་དང་བདག་གིར་འཛིན་པས་མ་བཅིང་པར་བདེན་པ་གཉིས་ཟུང་དུ་འཇུག་པའི་དོན་ལ་གནས་པ་ཡིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱིས་རྒྱུད་རྣམས་ལས། དང་པོ་བསྲུང་བའི་འཁོར་ལོ་བསྒོམས་ཤིང་སངས་རྒྱས་རྣམས་མདུན་མཁར་སྤྱན་དྲངས་ལ་མཆོད་པ་སོགས་ཡན་ལག་བདུན་སོགས་བྱས་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་རིམ་བཞིན་བསྒོམ་པ་དང་དེའི་ང་རྒྱལ་འཛིན་པར་གསུངས་པ་མ་ཡིན་ནམ། ཅིའི་ཕྱིར་དེ་བཞིན་གཤེགས་པས་གསུངས་པ་ལ་དཀྱིལ་འཁོར་འཁོར་ལོ་སྒོམ་པ་རྣམ་པར་རྟོག་པའི་བསྒོམ་པ་ཡིན་པས་དེ་མི་བྱའོ་ཞེས་དེ་བཞིན་གཤེགས་པའི་གསུངས་ལ་དགག་པ་བརྗོད་པའི་ཞེས་འགའ་ཞིག་གིས་སེམས་པར་གྱུར་ན་དེ་ལ་འདིར་བརྗོད་པར་བྱ་སྟེ་འདིར་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བྱིས་པའི་བློ་ཅན་དེ་ཁོ་ན་ཉིད་ལ་ཡོངས་སུ་རྟོགས་པར་མི་བྱེད་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པར་འདོད་པ་རྣམས་ལ་རལ་གྲི་དང་རིལ་བུ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཐབས་ཀྱིས་དབང་པོའི་སྤྱོད་ཡུལ་ཉི་ཙེ་བའི་དོན་བསྒྲུབ་པར་བྱེད་པ་དེ་དག་གསུངས་མོད་ཀྱི་དེ་ནི་མཆོག་གི་དངོས་གྲུབ་འདོད་པའི་གང་ཟག་ལ་དོན་དམ་པའི་བདེན་པ་ལ་བརྟེན་པའི་སྤྱོད་ཡུལ་གསུངས་པ་མ་ཡིན་ཏེ། རྣམ་པར་རྟོག་པའི་བསམ་གཏན་དང་སྔགས་དང་རྫས་ཉི་ཙེ་བས་གནས་སྐབས་ཀྱི་དོན་བྱེད་པ་ཡང་དེ་ལྟར་བསླུ་བ་མེད་མོད་ཀྱི། འདིར་ནི་དཀར་པོའི་བསམ་གཏན་གྱིས་ཞི་བའི་ལས་བྱེད་ཀྱི་གསད་པ་སོགས་མི་བྱེད་ལ་དེ་བཞིན་དུ་བསམ་གཏན་དང་སྔགས་དང་རྫས་སོ་

p. 714

སོའི་སྒོ་ནས་ལས་སོ་སོ་སྒྲུབ་པར་བྱེད་ཀྱིས་ཐམས་ཅད་ཀྱི་ཐམས་ཅད་བྱེད་པ་མ་ཡིན་ལ་དེའི་ཕྱིར་འཇིག་རྟེན་པའི་ཤེས་པ་ཉི་ཙེ་བས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་བྱེད་པར་མི་ནུས་ཏེ་རལ་གྲི་སོགས་ཀྱི་གྲུབ་པ་ཡང་དེ་དང་དེའི་ལས་ཉི་ཙེ་བ་བྱེད་པ་ཡིན་ནོ། །འོ་ན་སྔགས་གཅིག་གྲུབ་པར་གྱུར་ན་ལས་ཐམས་ཅད་བྱེད་པར་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནམ་ཞེ་ན་སྔགས་གཅིག་གྲུབ་པས་ལས་ཐམས་ཅད་བྱ་བ་འདི་ཡང་ལས་ཀྱི་དབྱེ་བས་སོ་སོ་སྟེ། སྔགས་ཀྱི་མཐའ་རྟེན་ན་མཿསོགས་སོ་སོ་དང་། སྦྱིན་སྲེག་གི་ཐབ་དང་རྡུལ་ཚོན་དང་རྫས་དང་བགྲང་ཕྲེང་དང་གདན་དང་བསམ་པ་དང་དམིགས་པ་སོ་སོའི་དབྱེ་བས་ལས་འགྲུབ་ཀྱིས་དེ་ལྟར་དབྱེ་བ་མེད་པར་མ་ཡིན་ནོ། །དེ་ལྟར་སྔགས་དང་སྨན་དང་རལ་གྲི་དང་ནོར་བུ་སོགས་གྲུབ་པའི་རྫས་རྣམས་ལ་སོ་སོའི་ཡོན་ཏན་ཉི་ཙེ་བ་ཡོད་ཀྱང་མཆོག་ཏུ་མི་འགྱུར་བའི་གོ་འཕང་སྟེར་བའི་ཡོན་ཏན་མེད་དོ། །འདིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་རྣམས་སུ་སྤྲུལ་པའི་སྐུ་དུ་མས་སོ་སོའི་སྐད་སྣ་ཚོགས་པས་ཆོས་བསྟན་པ་སོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་དེ་ལྟར་འཇིག་རྟེན་པའི་བྱ་བ་ཉི་ཙེ་བ་བསྒྲུབ་པ་འདི་རྣམས་ཀྱིས་དེ་ལྟ་བུ་མི་ནུས་ཏེ། དེའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་བསྒོམ་པས་སེམས་ཅན་མཐའ་ཡས་པའི་དོན་འབད་མེད་མཛད་ནུས་པ་ནི། མཚན་ཡང་དག་པར་བརྗོད་པ་ལས། ཡང་དག་བདག་མེད་དེ་བཞིན་ཉིད་ཅེས་པ་ནས། གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པའི་བར་གྱིས་གསུངས་པ་ལྟར་རོ། །དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ལེའུའི་ཚིགས་བཅད་དགུ་བཅུ་རྩ་བདུན་པར། དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་སོགས་སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་སྟོན་པར་གསུངས་པ་དང་། སླར་ཡང་ལེའུ་དེ་ཉིད་ལས་སྔ་མའི་གོང་དུ་སྐྱེ་བ་སྔ་མར་རང་གི་སྙིང་གིས་བསྐྱེད་པའི་

p. 715

སོགས་ཀྱིས་ཇི་ལྟར་འདུལ་བ་དང་མཐུན་པར་སྐུ་སྣ་ཚོགས་པར་སྟོན་པ་གསུངས་པ་བཞིན་ཏེ། འདིར་ཐམས་ཅད་མཁྱེན་པའི་སྐུ་གསུང་ཐུགས་དང་ཡེ་ཤེས་རྣམ་པ་ཐམས་ཅད་པས་རྣམ་པར་རྟོག་པ་མེད་པར་སེམས་ཅན་གྱི་དོན་བྱེད་པར་ནུས་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པར་རྟོག་པའི་བསམ་གཏན་དང་སྔགས་ལ་སོགས་པ་བསྒྲུབ་པས་ཐམས་ཅད་མཁྱེན་པའི་མཛད་པ་ལྟ་བུ་ཅུང་ཟད་ཀྱང་བྱེད་མི་ནུས་ལ། འདོད་ཆགས་བྲལ་བ་རྣམས་ཀྱིས་ཟད་པར་གྱི་ཏིང་འཛིན་མངོན་དུ་བྱས་པས་ཀྱང་རྫུ་འཕྲུལ་ཉི་ཙེ་བ་སྤྲོ་བ་སྟེ། སའི་ཟད་པར་མངོན་དུ་བྱས་པས་ཆུའི་ཟད་པར་སོགས་སྤྲོ་མི་ནུས་ཏེ་རང་ཡུལ་ཉི་ཙེ་བར་ཟད་དོ། །དེ་བཞིན་གསང་བ་འདུས་པའི་དཀྱིལ་འཁོར་སྤྲོ་བར་བྱེད་པའི་ཚེ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་སྤྲོ་མི་ནུས་པ་སོགས་ཉི་ཙེ་བར་འགྱུར་རོ། །གལ་ཏེ་དཀྱིལ་འཁོར་གཅིག་མངོན་སུམ་དུ་བྱས་ན་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་བྱས་ཤིང་ཁམས་གསུམ་པོ་ཡང་མངོན་སུམ་དུ་བྱས་པར་འགྱུར་ཏེ་གཞན་ཁམས་གསུམ་དང་ཕུང་ཁམས་སྐྱེ་མཆེད་ཀྱི་དཀྱིལ་འཁོར་དེ་ལས་སེམས་མ་ཡིན་པའི་ཕྱི་རོལ་ན་ཁམས་གསུམ་དང་སངས་རྒྱས་གཞན་ཡོད་པ་མིན་པའི་ཕྱིར་རོ་སྙམ་དུ་ཁ་ཅིག་སེམས་ན། དེ་ལ་བརྗོད་པར་བྱ་སྟེ། གལ་ཏེ་ཟད་པར་གྱི་ཁམས་སམ་དཀྱིལ་འཁོར་འཁོར་ལོ་གཅིག་མངོན་སུམ་བྱས་པས་ཁམས་གསུམ་པོ་ཡང་མངོན་དུ་བྱས་ཤིང་ཐམས་ཅད་མཁྱེན་པ་ཉིད་ཀྱང་འཐོབ་པར་འགྱུར་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆེད་དུ་རྒྱུ་དང་འབྲས་བུའི་ཐེག་པའི་ལམ་ཐམས་ཅད་མཁྱེན་པ་སོགས་གང་ཡང་མི་དགོས་པར་ཟད་པར་རམ་དཀྱིལ་འཁོར་གཅིག་གི་གསལ་སྣང་བརྟན་པ་ལ་འབད་པས་སངས་རྒྱས་སུ་འགྱུར་ཞིང་ཉན་རང་དང་གྲུབ་པ་གཞན་དུ་མི་འགྱུར་བར་རིགས་ན་ཡང་། དེ་ལྟར་མི་འགྱུར་ཏེ་སངས་རྒྱས་སུ་འགྱུར་བ་ནི་གནས་ཆེ་གེ་མོ་གང་དུ་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་འབྱུང་ཞིང་ཆོས་ཀྱི་

p. 716

འཁོར་ལོ་བསྐོར་ནས་མྱ་ངན་འདས་པའི་སྐུ་གདུང་གི་བར་གྱི་མཛད་པ་སྟོན་པར་སངས་རྒྱས་རྣམས་ཀྱིས་ལུང་སྟོན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པ་ཡིན་ཏེ། ཇི་ལྟར་འཕགས་པ་བྱམས་པ་མ་འོངས་པའི་སངས་རྒྱས་སུ་ལུང་བསྟན་པ་དང་།ཐལ་བའི་དབང་པོ་ལ་སོགས་པ་གཞན་རྣམས་ཀྱང་སངས་རྒྱས་སུ་ལུང་བསྟན་པ་བཞིན་དུ་དཀྱིལ་འཁོར་འཁོར་ལོ་གཅིག་མངོན་སུམ་བྱས་པའི་རྣལ་འབྱོར་པ་ཡང་དག་རྫོགས་པའི་སངས་རྒྱས་འདི་དང་འདི་ལྟ་བུར་འགྱུར་ཞེས་གང་དུའང་ལུང་བསྟན་པ་མེད་ལ་དེ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མེད་དོ། །འོན་ཀྱང་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་རལ་གྲི་རིལ་བུ་སོགས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་དཀྱིལ་འཁོར་འཁོར་ལོ་བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེའི་ཕྱིར་དཀྱིལ་འཁོར་འཁོར་ལོ་མངོན་སུམ་བྱས་པས་རལ་གྲི་སོགས་ཀྱི་དངོས་གྲུབ་འགྲུབ་ཀྱི་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱི་གསུང་རང་གི་གཞུང་ལས་རྣམ་པར་རྟོག་པས་དཀྱིལ་འཁོར་བསྒོམ་པ་ལས་རལ་གྲི་སོགས་ཀྱི་གྲུབ་པ་སྒྲུབ་ཚུལ་གསུངས་ཀྱི་དེས་སངས་རྒྱས་སུ་འགྱུར་བར་མ་གསུངས་ཤིང་། འཇིག་རྟེན་པའི་དངོས་གྲུབ་ཉི་ཙེ་བས་ཐམས་ཅད་མཁྱེན་པའི་བྱ་བ་བྱེད་མི་ནུས་ལ། སྒྲིབ་བཅས་ཀྱི་རྫུ་འཕྲུལ་ཉི་ཚེ་བ་གྲུབ་པས་སྒྲིབ་པ་མེད་པའི་ཐམས་ཅད་མཁྱེན་པར་ནམ་ཡང་མི་འགྱུར་རོ། །སྒྲིབ་པ་མེད་པའི་ཆོས་མངོན་སུམ་དུ་བྱས་ན་ཐམས་ཅད་མཁྱེན་པར་འགྱུར་ཏེ། འདི་ལྟར་ལྷའི་མིག་དང་རྣ་བ་སོགས་མངོན་ཤེས་དྲུག་དང་། གནས་དང་གནས་མིན་མཁྱེན་པའི་སྟོབས་སོགས་སྟོབས་བཅུ་དང་། ཀུན་ཏུ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོ་མཛེས་པའི་ས་སོགས་ས་བཅུ་གཉིས་དང་། དེ་བཞིན་གཤེགས་པའི་སྐུ་ལ་འཁྲུལ་བ་མི་མངའ་བ་སོགས་མ་འདྲེས་པའི་ཆོས་བཅོ་བརྒྱད་རྣམས་ཐོབ་ནས་ཐམས་ཅད་མཁྱེན་པར་འགྱུར་ཞིང་། དུས་ཐམས་ཅད་ཀྱི་ཚེ་སྟོང་པ་ཉིད་ཀྱི་རང་བཞིན་མཉམ་པ་

p. 717

ཉིད་ལ་ལེགས་པར་གནས་པས་ཤེས་རབ་ཡོངས་སུ་དག་པའི་དབང་གིས་སྒྲིབ་པ་མེད་པའི་མཚན་ཉིད་ཀྱིས་དེ་བཞིན་གཤེགས་པར་འགྱུར་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ལ་གཟུགས་ཀྱི་ལྷ་དང་གྲངས་དང་ཁ་དོག་དབྱིབས་སུ་འཛིན་པའི་རྣམ་པར་རྟོག་པའི་རྫུ་འཕྲུལ་སྤྲོ་ནུས་པ་ཙམ་གྱིས་དངོས་པོའི་དེ་ཁོ་ན་ཉིད་མཐོང་བའི་ཤེས་རབ་ཀྱིས་སྒྲིབ་པ་བྲལ་བ་གང་ཟག་དེ་ལ་མེད་པའི་ཕྱིར་རྡོ་རྗེ་སེམས་དཔའ་སྟོབས་བཅུ་པར་མི་འགྱུར་མོད། ཐམས་ཅད་མཁྱེན་པ་ཡི་ལམ་ཉམས་པ་ལོག་པའི་ང་རྒྱལ་གྱི་ཟིལ་གྱིས་མནན་པ་དག་གིས་བདག་རྡོ་རྗེ་སེམས་དཔའ་སྟོབས་བཅུ་པའོ་ཞེས་རློམས་པར་བྱེད་པ་དེ་ནི་སྟོབས་བཅུའི་འགལ་ཟླ་རྨོངས་པ་ཆེན་པོའི་དབང་དུ་སོང་བ་སྟེ། འདི་འདྲའི་སངས་རྒྱས་དེ་སྔོན་མེད་པའི་ཡ་མཚན་ཅན་ཞིག་སྟེ་བཞད་གད་ཀྱི་གནས་སོ། །ཅིའི་ཕྱིར་ན་རློམ་པ་ཅན་དེ་དག་སྒྲིབ་པའི་འཆིང་བ་ཀུན་དང་ལྡན་པའི་ཕྱིར་རོ། །སངས་རྒྱས་ནི། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་གསུངས་པ་འདི་ལྟ་བུའི་དོན་དང་ལྡན་པ་ཡིན་ལ་དེ་དང་མི་ལྡན་པའི་རྣམ་པར་རྟོག་པའི་གཟུགས་བསྒོམ་པའི་གསལ་སྣང་རྒྱ་ཆེར་གྲུབ་ཀྱང་སྒྲིབ་པ་མ་སྤངས་པས་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །འོ་ན་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་རྣམས་སུ། ཕུང་པོ་ལྔ་རྣམ་སྣང་ལ་སོགས་པའི་སངས་རྒྱས་ལྔ་དང་། འབྱུང་བའི་ཁམས་ལྔ་ཡུམ་ལྔ། དབང་པོ་དྲུག་ས་སྙིང་སོགས་སེམས་དཔའ་དྲུག་དང་། གཟུགས་སོགས་ཡུལ་དྲུག་གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག །གཏི་མུག་སོགས་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོའི་རྒྱལ་པོ་རྣམས་གསུངས་པ་མ་ཡིན་ནམ། དེའི་ཕྱིར་སེམས་ཅན་གྱི་ལུས་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ་ཞེས་སངས་རྒྱས་ཉིད་དུ་གསུངས་པའི་དགོངས་པ་ཟབ་མོ་མི་ཤེས་པར། མི་གཙང་བའི་ཕུང་པོ་འགྱུར་བཅས་སྡུག་བསྔལ་གྱི་རང་

p. 718

བཞིན་ཅན་འདི་སངས་རྒྱས་ཀྱི་རྡོ་རྗེའི་སྐུར་འདོད་པ་ནི་ཤིན་ཏུ་རྨོངས་པ་ཆེན་པོ་སྟེ། གལ་ཏེ་ངེས་པར་དོན་དམ་པའི་བདེན་པར་རམ་ཡང་དག་པར་རམ་ཐ་སྙད་དུ་དངོས་གནས་ལ་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ཡིན་དུ་ཟིན་ན། སེམས་ཅན་ཐམས་ཅད་ཟག་མེད་ཀྱི་བདེ་བ་ལ་གནས་ནས་འགའ་ཡང་འཁོར་བར་སྡུག་བསྔལ་མྱོང་བ་མེད་ཅིང་། མངོན་ཤེས་དྲུག་དང་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་འབྱོར་པ་རྣམས་དང་ལྡན་པར་འགྱུར་བས། ད་གདོད་སངས་རྒྱས་ཐོབ་པའི་ཆེད་དུ་ཐོས་བསམ་བསྒོམ་པའི་སྒོ་ནས་སྦྱིན་སོགས་ལམ་ལ་འབད་མི་རིགས་ན་ཡང་མངོན་སུམ་དང་འགལ་བ་འདི་ལྟ་བུ་ནི་མཐོང་ཐོས་རྗེས་སུ་དཔག་པ་དག་གིས་མི་འགྲུབ་པས་དེ་བཞིན་གཤེགས་པས་དེ་ལྟར་ལུང་བསྟན་པ་མི་སྲིད་དོ། །དེའི་ཕྱིར་སྣང་ཚུལ་ལ་སེམས་ཅན་རྣམས་སངས་རྒྱས་སུ་མི་འགྱུར་ཏེ་སངས་རྒྱས་ཀྱི་ཡོན་ཏན་སྡུག་བསྔལ་ཀུན་ལས་གྲོལ་བ་དང་མངོན་ཤེས་སོགས་མེད་ཅིང་འཁོར་བར་གནས་པའི་ཕྱིར་རོ། །མཚན་བརྗོད་ལས་ཀྱང་། འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །ཞེས་གསུངས་པ་འདི་ལྟ་བུ་སངས་རྒྱས་ཀྱི་སའི་ཡོན་ཏན་སེམས་ཅན་འཆིང་བ་ཀུན་ལྡན་རྣམས་ལ་མ་དམིགས་པས་སངས་རྒྱས་སུ་བཏགས་ཀྱང་སངས་རྒྱས་སུ་མི་འགྱུར་རོ། །འོན་ཏེ་ད་ལྟ་སེམས་ཅན་གྱི་རྒྱུད་འདི་སངས་རྒྱས་དངོས་མ་ཡིན་ཀྱང་། བསྐྱེད་པའི་རིམ་པས་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པ་གོམས་པའི་དབང་གིས་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་འཁོར་ལོའི་རྣམ་པར་འགྱུར་བའི་ཕྱིར་སངས་རྒྱས་ཉིད་དུ་གསུངས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་མེད་པར། རྣམ་པར་བརྟག་པས་སངས་རྒྱས་ཀྱི་རང་བཞིན་དུ་བསྒོམ་པ་བསྐལ་པ་དུ་མར་གོམས་ཀྱང་སངས་རྒྱས་སུ་མི་འགྱུར་ཏེ་དཔེར་ན་

p. 719

བསོད་ནམས་དམན་པའི་དབུལ་པོ་འགའ་ཞིག་ང་རྒྱལ་པོ་ཞེས་སེམས་པ་གོམས་པར་བྱས་པས་ནམ་ཡང་རྒྱལ་པོར་མི་འགྱུར་བ་བཞིན་ནོ། །མཚན་བརྗོད་ལས་ཀྱང་། བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་བཅོམ་ལྡན་འདས་ཀྱི་གསུངས་འདིའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱིས་དམན་པར་གྱུར་བས། རྣམ་པར་རྟོག་པས་སངས་རྒྱས་སུ་བརྟགས་ནས་བསྒོམ་པས་སངས་རྒྱས་སུ་མི་འགྱུར་རོ། །འོ་ན་རྣམ་པར་བརྟག་པ་བསྒོམ་པས་སངས་རྒྱས་སུ་མི་འགྱུར་ཞིང་དོན་མེད་ན་ལུས་འདི་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་ལྷའི་རྣམ་པར་སྦྱང་བར་བྱ་བར་གསུངས་པ་དགོས་པ་མེད་པར་འགྱུར་རོ་ཞེ་ན། འདིར་དེ་བཞིན་གཤེགས་པས་དམ་ཚིག་གི་སྐད་ཀྱིས་གཟུགས་ཕུང་སོགས་སོ་སོར་རྣམ་སྣང་ལ་སོགས་པ་དེ་རྣམས་སུ་རབ་ཏུ་བསྟན་གྱི། གཟུགས་ཕུང་དང་བཤང་བ་སོགས་རྣམ་སྣང་དངོས་ཡིན་པར་བསྟན་པ་མེད་དེ་ལྟོ་ལྡིར་བ་ལ་བུམ་པའི་མིང་དང་སྣལ་མ་འཐག་པ་ལ་སྣམ་བུའི་མིང་བཞིན་དངོས་མིང་དུ་གསུངས་པ་མིན་ནོ། །བུད་མེད་ཀྱི་དབང་པོ་ལ་པདྨ་དང་སྐྱེས་པའི་དབང་པོ་ལ་རྡོ་རྗེ་དང་བཤང་བ་ལ་རྣམ་སྣང་། གཅི་བ་མི་བསྐྱོད་པ། ཁྲག་རིན་འབྱུང་། ཁུ་བ་སྣང་མཐའ། ཤ་དོན་གྲུབ་སྟེ༑ དེ་བཞིན་གཤེགས་པ་ལྔ་རྣམས་བདུད་རྩི་ལྔའི་མིང་དུ་གསུངས་ཏེ། དོན་དམ་པའམ་དངོས་གནས་ལ་དེ་ལྟར་ཡིན་པ་ནི་མ་ཡིན་ནོ། །དེའི་ཕྱིར་མི་གཙང་བ་རུལ་བའི་ལུས་འདི་ལྷའི་སྐུར་བརྗོད་པ་མེད་དེ་སྙིང་པོ་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྐུ་ནི། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་པ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་རང་བྱུང་བ། །སོགས་ནས། ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ཞེས་པའི་བར་གྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་

p. 720

ཀྱི་སྐུ་གདོས་བཅས་ཀྱི་སྐྱོན་མེད་པ་གཅིག་པུ་ཆ་ཤས་སུ་གཞིག་ཏུ་མེད་པ་སྲ་མཁྲེགས་རྡོ་རྗེ་ལྟ་བུ་རྟག་ཏུ་སྐྱེས་མ་ཐག་པ་བཞིན་དུ་གནས་པ་ལས་རྒ་བ་མེད་པ། འགྲོ་བའི་བདག་པོ་ཐམས་ཅད་ཀྱི་གཙོ་བོ། སྟོང་པ་ཉིད་ཀྱི་གཟུགས་ཀྱི་རང་བཞིན་རྣམ་པ་ཐམས་ཅད་པར་འཆར་བའོ། །དེའི་ཕྱིར་ཉི་ཙེ་བའི་ལུས་ནི་སངས་རྒྱས་ཀྱི་སྐུར་མི་འགྱུར་རོ། །གལ་ཏེ་དེ་བཞིན་གཤེགས་པ་གཟུགས་ཅན་དུ་མི་འགྱུར་ན། ཡུམ་གྱི་ལྷུམས་སུ་ཞུགས་པ་དང་བལྟམས་པ་དང་། གཞོན་ནུ་རོལ་རྩེད་མཛད་པ་དང་། ཁབ་ནས་དབྱུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ནས་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་དང་ལྡན་པའི་སྐུ་འོད་ཀྱི་དཀྱིལ་འཁོར་འདོམ་གང་མངའ་བ་དེ་ཉིད་ཀྱིས་སྤྱོད་ལམ་རྣམ་པ་བཞིས་སེམས་ཅན་འདུལ་བ་དང་། རྫུ་འཕྲུལ་སྣ་ཚོགས་སྟོན་པ་དང་། དེ་ལ་བརྟེན་ནས་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་རྣམས་ཀྱི་འདུས་པ་བྱུང་བ་དང་། ལྷ་དང་མིས་མཆོད་ཅིང་མཐར་སྐུ་གདུང་གི་བར་དུ་བསྟན་པ་འདི་དག་གཟུགས་དང་ལྡན་པ་ལས་འགྱུར་གྱི་གཟུགས་མེད་པ་ལ་དེ་ལྟར་མ་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུ་བསྒྲུབ་པ་ལོག་པར་མི་འགྱུར་རོ་ཞེས་སྙམ་ན། འདིར་བཅོམ་ལྡན་འདས་ཀྱི་འདུལ་བའི་དབང་གིས་འཇིག་རྟེན་འདིར་གཟུགས་ཀྱི་སྐུ་དེ་ལྟར་བསྟན་པ་ཡིན་མོད་ཀྱི། དེ་གདུལ་བྱའི་དབང་གིས་གཟུགས་སྐུ་དེ་ལྟ་བུར་སྣང་བ་ཡིན་གྱི་དེ་ཙམ་འབའ་ཞིག་བཅོམ་ལྡན་འདས་ཀྱི་སྐུ་མཐར་ཐུག་མ་ཡིན་ཏེ། དེ་འདྲའི་གཟུགས་ཅན་གྱི་ཆ་དང་ལྡན་པའི་སྐུ་དེ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ངེས་པར་བཅོམ་ལྡན་འདས་ལྷུམས་སུ་ཞུགས་ནས་མྱ་ངན་ལས་འདས་ཏེ་སྐུ་གདུང་བསྟན་པའི་བར་གྱི་མཛད་པ་བསྟན་པ་དེ་ཙམ་སངས་རྒྱས་ཀྱི་སྐུ་ཡིན་ན། སྔར་གྱི་མཚན་དཔེའི་རང་བཞིན་གྱི་སྐུ་ཉམས་ནས་སྐུ་གདུང་ཙམ་དུ་གྱུར་ཅིང་དེ་ཕན་ཆད་གཟུགས་སྐུ་མེད་པའི་མྱང་

p. 721

འདས་ཡིན་པས་དེ་བསྒྲུབ་པ་དོན་ཆུང་སྟེ་ཡང་དག་པ་མ་བསྒྲུབ་པ་ཁོ་ན་སྟེ་མཐར་རྒྱུན་ཆད་ཅིང་མི་རྟག་པས་དོན་ཆེན་པོ་སྐྱེ་འཇིག་མེད་པའི་རྡོ་རྗེའི་སྐུར་མི་འགྱུར་རོ། །སྐྱེ་འཇིག་གི་ཆོས་ཅན་གྱི་རྡོ་རྗེ་སེམས་དཔའ་བསྒྲུབ་པ་ཡིན་ནོ། །ཤེས་རབ་ཀྱི་ཕར་ཕྱིན་སྟོང་པ་ཉིད་དང་། བྱང་ཕྱོགས་དང་ཚད་མེད་སོགས་སངས་རྒྱས་ཀྱི་ཆོས་ཟག་པ་མེད་པ་བསྒྲུབ་པ་རྣམས་མཐར་རྒྱུན་ཆད་དེ་དོན་མེད་པར་འགྱུར་རོ། །དེ་ལྟ་ན་སློབ་པའི་ལམ་གྱི་སྐབས་སུ་བདེན་པ་གཉིས་ཀྱི་ལམ་ལ་བརྟེན་ནས་ཐབས་ཤེས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་གཉིས་རླབས་པོ་ཆེ་བསགས་ཤིང་ནམ་མཁའ་ཇི་སྲིད་དུ་སེམས་ཅན་གྱི་དོན་སྒྲུབ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་རླབས་པོ་ཆེ་བཏབ་པ་ཐམས་ཅད་དང་སྔགས་ལམ་ན་བསྐྱེད་པའི་རིམ་པས་སངས་རྒྱས་ཀྱི་གཟུགས་སྐུ་བསྒྲུབ་པ་སོགས་ལམ་ཐམས་ཅད་མཐར་དོན་མེད་པར་འགྱུར་ན་ཡང་དེ་ལྟར་རྣམ་པ་ཀུན་དུ་མ་ཡིན་པས་ན་དེ་བཞིན་གཤེགས་པའི་སྐུ་ནི་ཉི་ཙེ་བ་སྐྱེ་འཇིག་ཅན་མ་ཡིན་ནོ། །སྐྱེ་བ་དང་འགག་པའི་ཆོས་ཅན་གྱི་རྡོ་རྗེ་སེམས་དཔའ་ལ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་མི་སྲིད་དོ། །གཞན་ཡང་གལ་ཏེ་བཅོམ་ལྡན་འདས་གཟུགས་ཅན་ཡིན་ན་དེའི་ཚེ་གང་དུ་བཞུགས་པའི་ཕྱོགས་གཅིག་པོ་དེ་ཉིད་དུ་གནས་པས་ཕྱོགས་གཞན་གྱི་འཇིག་རྟེན་གྱི་ཁམས་ཚད་མེད་དཔག་ཏུ་མེད་པའི་སེམས་ཅན་གྱི་དོན་བྱ་བར་མི་ནུས་སོ། །ཅི་སྟེ་གཟུགས་སྐུ་དེ་རིམ་གྱི་འཇིག་རྟེན་གཞན་དང་གཞན་དུ་གཤེགས་ནས་སེམས་ཅན་གྱི་དོན་མཛད་དོ་སྙམ་དུ་རྟོག་ན། གཟུགས་སྐུ་ཉི་ཚེ་བས་ཤར་ལྟ་བུའི་ཕྱོགས་ཆ་གཅིག་ལའང་འཇིག་རྟེན་གྱི་ཁམས་ཚད་དང་བྲལ་བ་ཡོད་པས། ཕྱོགས་བཅུའི་ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་རྣམས་སུ་རིམ་པས་རེ་རེ་འདོར་ཞིང་གཞན་དུ་གཤེགས་པའི་ཚུལ་གྱིས་བསྐལ་པ་མཐའ་ཡས་པར་ཡང་སེམས་ཅན་གྱི་དོན་བྱ་བར་མི་ནུས་སོ། །ཅི་སྟེ་བསམ་གཏན་ནམ་སྔགས་ཀྱི་སྟོབས་

p. 722

ཀྱིས་ཕྱོགས་བཅུའི་སེམས་ཅན་རྣམས་མདུན་དུ་ཚུར་བཀུག་ནས་ཆོས་བསྟན་ཏེ་སླར་རང་རང་གི་གནས་སུ་གཏོང་ངོ་སྙམ་ན། ཕྱོགས་བཅུའི་སེམས་ཅན་རྣམས་རྡུལ་ཕྲ་རབ་ཀྱི་གཟུགས་ཙམ་གྱིས་མདུན་དུ་གནས་པར་ཡང་བྱ་མི་ནུས་ཏེ་ཚད་མེད་པའི་ཕྱིར་རོ། །དེས་ན་གདུལ་བྱའི་སྣང་ངོ་ལ་སངས་རྒྱས་ཀྱི་གཟུགས་སྐུ་ཕྱོགས་འགའ་ཞིག་ན་བཞུགས་ཤིང་འགའ་ཞིག་ན་མི་བཞུགས་པ་དང་། སྤྱོད་ལམ་གཅིག་གི་ཚེ་སྤྱོད་ལམ་གཞན་མི་མཛད་པའི་ཉི་ཙེ་བར་སྣང་ན་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ནི་ཕྱོགས་བཅུའི་སེམས་ཅན་རྣམས་གང་ལ་གང་འདུལ་དུ་ཅིག་ཆར་སྣང་ཞིང་རྣམ་རྟོག་མེད་པར་ལྷུན་གྱིས་གྲུབ་པར་སྟོན་པ་ཡིན་གྱི་ཉི་ཙེ་བས་མ་ཡིན་ནོ། །བྱིས་པའི་བློ་ཅན་དག་གིས་སངས་རྒྱས་མཆོག་གི་སྤྲུལ་སྐུའི་གཟུགས་སྐུ་གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གྱི་དོན་མཛད་དོ་ཞེས་པའི་བཀའ་ལུང་གིས་གྲུབ་པ་ལ་བསྙོན་དུ་ཅི་ཡོད་ཅེས་རིགས་དང་རུས་དང་རྡུལ་ཕྲན་བསགས་པའི་གཟུགས་སྐུ་རང་རྒྱུད་པའི་གང་ཟག་གཅིག་གིས་སེམས་ཅན་གྱི་དོན་བྱེད་པ་པོ་རང་རྒྱུད་པར་མཐའ་གཅིག་ཏུ་འཛིན་པ་ནི། ཇི་ལྟར་ཕྱི་རོལ་དབང་ཕྱུག་པ་དག་གིས་དབང་ཕྱུག་ནི་ཆ་ཤས་མེད་པ་ཡིན་ལ་ཀུན་གྱི་བྱེད་པ་པོར་བཀའ་ལུང་གིས་གྲུབ་བོ་ཞེས་འདོད་པ་དང་ཁྱད་མེད་དེ། ཡོངས་སུ་བརྟགས་ན་དེ་ལྟར་ཉི་ཙེ་བའི་སངས་རྒྱས་ཀྱིས་སེམས་ཅན་མཐའ་ཡས་པའི་དོན་མཛད་པ་མི་རིགས་པས། སངས་རྒྱས་ཀྱི་གསུང་རྣམས་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཡིན་ལ། དེ་ཡང་རྒྱན་སྟུག་པོ་བཀོད་པའི་མདོ་ལས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །མཁས་པ་རྣམས་ཀྱིས་ཡོངས་བརྟག་ནས། །བདག་གསུང་བླང་བྱ་དགེ་སློང་དག །གུས་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་གསུང་གི་དོན་དྲང་ངེས་སོགས་དཔྱད་པ་གསུམ་གྱིས་ལེགས་པར་བརྟག་ནས་བཟུང་དགོས་ཀྱི་ལུང་གི་ཚིག་ཙམ་གྱི་ཞེན་ཕྱོགས་བཟུང་

p. 723

བར་མི་བྱ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ནི་མཚན་ཡང་དག་པར་བརྗོད་པ་ལས་གསུངས་པ་བཞིན་དུ་བརྟགས་ན་སངས་རྒྱས་ཉིད་གཟུགས་ཀྱི་སྐུ་དང་ཕུང་པོ་ལྔ་རང་རྒྱུད་པའི་གང་ཟག་ཏུ་མི་འགྱུར་ཏེ། ནམ་མཁའ་ལྟ་བུ་སྟོང་པ་ཉིད་ཀྱི་ངང་ལས་བྱུང་བ་རང་བྱུང་བའི་ཕྱིར་དང་། རྣམ་པ་ཀུན་ལྡན་རྣམ་པ་མེད་པའི་ཕྱིར་དང་། སྒྲིབ་བྲལ་གྱི་ཐིག་ལེ་བཞི་འཛིན་པའི་ཕྱིར་དང་། ཆ་མེད་ཆ་ལས་འདས་པའི་ཕྱིར་དང་། དགའ་བ་བཞི་ཡི་རྩེ་མོ་འཛིན་པའི་ཕྱིར་དང་། ཆགས་བྲལ་དང་པོ་ཆགས་པ་ཆེ་བའི་ཕྱིར་དང་། བདག་གིར་མི་འཛིན་ངར་མི་འཛིན་པའི་ཕྱིར་དང་། སྟོང་པ་ཡེ་ཤེས་ཀྱི་ཁམས་ཐམས་ཅད་མི་ཟད་པའི་ཕྱིར་དང་། གསང་སྔགས་དོན་ཀུན་སྐྱེད་པ་པོའི་ཕྱིར་དང་། ཐིག་ལེ་ཆེན་པོ་ཡི་གེ་མེད་པའི་ཕྱིར་དང་། སྟོང་པ་ཆེན་པོ་འགྱུར་མེད་ལྔའི་ཕྱིར་དང་། ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གི་ཕྱིར་དང་། མཁའ་ལྟར་མཉམ་པ་ཉིད་ལ་གནས་པའི་ཕྱིར་རོ། །དེ་ལྟར་ཡེ་ཤེས་ཀྱི་སྐུ་འདི་ནི་མཚན་ཡང་དག་པར་བརྗོད་པ་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ནས་ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། ཅེས་པའི་བར་གྱིས་ཚིགས་སུ་བཅད་པ་དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་ཕྱག་ན་རྡོ་རྗེ་ལ་བདེན་པ་གཉིས་ཀྱི་སྒོ་ནས་རབ་ཏུ་བསྟན་ཏོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་འདིར་ཡང་ལེའུ་ལྔ་པའི་ཚིགས་བཅད་གོ་བརྒྱད་པ་ལས། སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་སོགས་གསུངས་པ་ལྟར་སངས་རྒྱས་རྣམས་ནི་གཟུགས་ཅན་རྡུལ་ཕྲ་རབ་འདུས་པའི་སྐུ་མ་ཡིན་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་རང་བཞིན་ཡེ་ཤེས་ཀྱི་སྐུ་མཉམ་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་སངས་རྒྱས་གཟུགས་ཅན་གྱི་སྐུ་འདུས་པ་ཡིན་ན་དེ་ཚེ་རྡུལ་ཕྲ་རབ་ཀྱི་གཟུགས་ཀྱིས་ཀྱང་གཅིག་ཏུ་འདུས་པར་མི་འགྱུར་ཏེ་ཚད་མེད་པའི་ཕྱིར་རོ། །དེ་ལྟར་སངས་རྒྱས་ཀྱི་གསུང་གི་ཚིག་ཐོས་ན་ཡང་དེའི་དོན་ཟབ་པ་དང་རྒྱ་ཆེ་བའི་ཚུལ་མི་ཤེས་ཤིང་སྒྲ་ཙམ་ལ་ཞེན་ནས་ལུང་དོན་ཕྱིན་ཅི་ལོག་ཏུ་འཛིན་

p. 724

པ། ཡང་དག་པའི་དགེ་བའི་བཤེས་གཉེན་དང་བྲལ་ནས་མི་དགེ་བའི་བཤེས་བརྐམ་ཆགས་ཅན་དང་རྨོངས་པ་རྣམས་ཀྱི་ཚིག་གིས་བསླུས་ཏེ། བདག་ཅག་རྣམས་ཀྱི་རུལ་བའི་ལུས་འདི་སངས་རྒྱས་ཀྱི་སྐུར་འདོད་པ་དང་། རྣམ་སྣང་ལ་སོགས་པའི་རང་བཞིན་བཤང་བ་སོགས་བདུད་རྩི་ལྔ་དང་། གོ་ཀུ་ད་ཧ་ན་ལ་སོགས་པའི་ཤ་རྣམས་རང་བཞིན་གྱིས་དག་པའི་རྫས་ཡིན་པས་འདི་རྣམས་ཟོས་པས་རྒ་བ་དང་འཆི་བ་མེད་པའི་ལུས་སུ་འགྱུར་ཞིང་རྡོ་རྗེ་སེམས་དཔའ་མཆོག་སྦྱིན་པར་འགྱུར་རོ་སྙམ་དུ་སེམས་པ་དང་། གཞན་ཡང་རྡོ་རྗེའི་རིགས་ལ་སྲོག་ཆགས་རྣམས་བསད་པར་བྱའོ་ཞེས་སོགས་ཀྱིས་དྲག་པོའི་སྔགས་འབའ་ཞིག་གིས་གཞན་ལ་གནོད་སྦྱོར་བྱེད་པ་དང་། རལ་གྲིའི་རིགས་ལ་མི་བདེན་པར་སྨྲ་བ། རིན་ཆེན་རིགས་ལ་གཞན་ནོར་འཕྲོག་པ། པདྨའི་རིགས་ལ་གཞན་གྱི་བུད་མེད་འཕྲོག་པ། འཁོར་ལོའི་རིགས་ལ་ཤ་ལྔ་བདུད་རྩི་ལྔ་བཟའ་བ་སོགས་གཞན་མི་དགེ་བཅུའི་ལས་ཀྱི་ལམ་རྣམས་རྣལ་འབྱོར་པས་ལྷའི་ཏིང་ངེ་འཛིན་གྱིས་བྱའོ་ཞེས་གདུག་པའི་སློབ་དཔོན་གྱི་ཚིག་ཚད་མར་བྱས་ནས་མི་དགེ་བའི་ལས་དང་། འཇིག་རྟེན་ན་སྨོད་པར་འགྱུར་ཞིང་ཁྱིམ་པ་སུན་འབྱིན་པའི་ལས་རྣམ་པ་སྣ་ཚོགས་སྤྱོད་པ་ནི་དེང་སང་གི་དུས་ན་གྲུབ་བརྫུས་དང་ཐོ་ཅོ་ཅན་རྣམས་ཀྱིས་ལག་ལེན་ལ་འདེབས་པ་དགོངས་ནས་སྤྱན་རས་གཟིགས་རིགས་ལྡན་པདྨ་དཀར་པོས་བརྩེ་བའི་ཐུགས་ཀྱིས་སྐབས་འདིར་རྣམ་པ་དུ་མར་གསུངས་པ་མདོར་བསྡུས་ན། བཤང་བ་ལ་སོགས་པའི་བདུད་རྩི་ལྔ་པོ་སྦྱང་རྒྱས་སྤར་བ་བདུད་རྩིར་མ་བྱས་པར་རང་གར་ཟོས་པས་དངོས་གྲུབ་ཐོབ་པ་དང་། ཐབས་ལམ་གྱི་མན་ངག་གི་གནད་ཉམས་འོག་ཏུ་མ་ཚུད་པར་བུད་མེད་མང་པོ་བསྟེན་པ་ཙམ་གྱིས་དངོས་གྲུབ་ཐོབ་པ་དང་། གདུག་ཅན་འབྱུང་པོའི་རིགས་སྒྲུབ་ནས་གཞན་ཆམ་ལ་འབེབས་པ་དང་རྫུ་འཕྲུལ་ཕྲན་ཚེགས་བསྟན་པས་སེམས་ཅན་བསླུ་བ་སོགས་ནི་སངས་

p. 725

རྒྱས་ཀྱི་གསུང་གི་དོན་གཏན་མ་ཤེས་པར་སངས་རྒྱས་པ་ལ་ཐོ་བརྩམ་པའི་བདུད་ཀྱི་གསང་ཚིག་བཀྱེ་བ་སྟེ། བདུད་རྩི་ལྔ་སོགས་བཟའ་བ་ནི་ཐབས་དང་ལྡན་པའི་རྣལ་འབྱོར་པ་རྣམས་ལ་ཡིན་ཏེ་ཐ་མལ་པ་རྣམས་ལ་མ་ཡིན་ནོ། །ཅིའི་ཕྱིར་ན་རྣལ་འབྱོར་བ་རྣམས་ཀྱིས་སྦྱངས་རྟོགས་སྤར་བཞུ་བྱས་པས་དུག་བཅུད་ལེན་དུ་འགྱུར་བ་དང་ཆང་འོ་མར་འགྱུར་བ་དང་། རུས་པ་རྣམས་མེ་ཏོག་དང་སོ་རྣམས་མུ་ཏིག་གི་རྡོག་པོར་འགྱུར་པ་དང་། ཐོད་པ་པདྨའི་སྣོད། ཤ་པུ་ཏྲ་ཀེ་ཤ་ཁྲག་སིཧླ། གཅི་བ་གླ་རྩི། ཁུ་བ་ག་བུར། བཤང་བ་བཞི་མཉམ་སྟེ། ག་བུར། གླ་རྩི། ཨ་ག་རུ། ཀ་ཀོ་ལ་བཞི་མཉམ་པར་སྦྱར་བ་དང་། བ་སྤུ་རྣམས་གུར་གུམ་གྱི་གེ་སར་དུ་འགྱུར་བ་སྟེ། དེ་ལྟར་གདུག་ཅིང་ཡིད་དུ་མི་འོང་བའི་རྫས་རྣམས་ཀྱི་གདུག་པ་དང་རྨེ་བའི་རང་བཞིན་ཡོངས་སུ་དོར་ནས་རྣམ་པ་གཞན་དུ་བྱ་ནུས་པའི་ཚེ་དེ་དག་དངོས་སུ་ཟོས་པས་ལུས་ལ་སྟོབས་ཆེན་པོ་རྒྱས་པ་དང་། བཤང་བ་སོགས་ལུས་ལ་བྱུགས་པས་མཆོག་གི་དྲི་རབ་ཏུ་ལྡང་བར་འགྱུར་ཏེ་དེ་ལྟ་བུའི་སྤྱོད་ཡུལ་ཐོབ་པའི་རྣལ་འབྱོར་པ་རྣམས་ལ་དེ་དག་བཟའ་བ་སོགས་གསུངས་སོ། །གཞན་ལྷ་དང་སྔགས་ཚུལ་བཞིན་མི་བསྒྲུབ་ཅིང་གཞུང་བཀླག་པས་ཤེས་པར་རློམ་པའི་རྨོངས་པ་མཁས་པའི་ང་རྒྱལ་དང་ལྡན་པ་ཆུ་སྐྱར་ལྟ་བུའི་སྒྱུ་ཅན་དགེ་འདུན་གྱི་རྫས་སོགས་ལ་བརྐམ་ཆགས་ཅན་མི་དགེ་བ་དང་ལྡན་པ་རྣམས་ཀྱི་ཚིག་གིས་བསླུས་པ་རྣམས་ཀྱིས་བཟའ་མིན་བཟའ་བ་སོགས་འཆལ་སྤྱོད་ཀྱིས་དངོས་གྲུབ་མི་འགྲུབ་ཅིང་རང་གཞན་བསླུ་བར་འགྱུར་ཏེ། གདུག་པའི་སེམས་ལྡན་དེ་རྣམས་ཀྱིས་ཚིག་ཙམ་གྱིས་དུག་ལ་སོགས་པའི་དངོས་པོ་སྦྱང་རྟོགས་སྦར་སོགས་བྱས་ཀྱང་བསྐལ་བ་དུ་མ་རྣམས་ཀྱིས་གདུག་པའི་རང་བཞིན་ཡོངས་སུ་མི་འདོར་ཏེ་དག་པར་མི་འགྱུར་རོ། །དེའི་ཕྱིར་རིགས་ཀྱི་བུའམ་བུ་མོ་གང་ཡང་རུང་སྟེ་རྡོ་རྗེ་ཐེག་པ་ལ་དགའ་བའི་ལས་དང་པོ་དེ་ལ་རྡོ་རྗེ་སློབ་དཔོན་གྱིས་དུག་དང་བདུད་

p. 726

རྩི་ལྔ་སོགས་ཇི་འདོད་བཟའ་བ་དང་། བྱུགས་པའི་ངེས་པ་ལ་སོགས་པ་སྦྱིན་པར་མི་བྱ་སྟེ། མ་དག་པའི་དུག་ཟོས་པས་འཆི་བར་འགྱུར་བ་དང་། མ་དག་པའི་དམ་ཚིག་བཤང་བ་སོགས་བྱུགས་པས་འཇིག་རྟེན་པས་སྨད་པར་འགྱུར་ཞིང་། རྒྱུ་དེས་གསང་སྔགས་ལ་ཁ་ཟེར་བར་ཡང་འགྱུར་རོ། །རང་གིས་དུག་ཟོས་པས་རང་བསད་པ་དང་འཇིག་རྟེན་གྱི་བསམ་པ་མ་སྲུང་བར་སྤངས་ནས་བཤང་བ་སོགས་བྱུགས་པས་དེ་རྣམས་གང་ཟག་དང་ཆོས་ལ་མ་གུས་པས་དམྱལ་བར་འགྲོ་བར་འགྱུར་བས་ན་མཚན་བརྗོད་ལས། ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤངས་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་གསུངས་པ་བཞིན་སེམས་ཅན་གྱི་རྒྱུད་ཚོད་བསམ་པ་ཆུད་མི་ཟ་བའི་ཐབས་མཁས་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྣམས་ལ་སྔགས་ཀྱི་དགོངས་སྤྱོད་ཟབ་མོ་ཉམས་འོག་ཏུ་ཆུད་པར་དཀའ་བ་རྣམས་ཀྱི་ངེས་པ་རང་གར་སྦྱིན་པར་མི་བྱ་སྟེ་དེ་དག་གིས་དགོངས་དོན་ཟབ་མོ་མི་ཤེས་པར་སྔགས་ལ་རང་གིར་སྤྱོད་པས་རང་གཞན་གྱི་རྒྱུད་ཆུད་ཟ་བར་སྲིད་པས་སོ། །གལ་ཏེ་འཇིག་རྟེན་པས་སྨད་པས་དམྱལ་བར་འགྲོ་ན། གྲུབ་མཐའ་མི་མཐུན་པ་རྣམས་ཕན་ཚུན་སྨོད་པ་དང་། ཚད་མའི་བསྟན་བཅོས་ལ་སོགས་པ་གཞན་སུན་འབྱིན་པ་རྣམས་ཀྱང་མི་དགེ་བའི་རྒྱུར་འགྱུར་རོ་སྙམ་ན། འདིར་འཇིག་རྟེན་ཐུན་མོང་གི་ཐ་སྙད་དུ་དུག་སོགས་བཟའ་བ་དང་། བཤང་བ་སོགས་བྱུག་པས་སྨད་པའི་འོས་ཡིན་གྱི། ཚད་མ་ལ་སོགས་པའི་བསྟན་བཅོས་ནི་ཕལ་ཆེར་དེ་ཁོ་ན་ཉིད་ཀྱི་དོན་ལ་འཐད་མི་འཐད་དཔྱད་པ་ཡིན་པས། དེ་འཇིག་རྟེན་ཐམས་ཅད་ཀྱིས་སྨད་པའང་མ་ཡིན་ལ། སེམས་ཅན་ལ་གནོད་པ་མེད་ཅིང་ཕན་པའི་བསམ་པས་ལམ་ལམ་མིན་དཔྱད་པའི་ཕྱིར་རོ། །དེ་ཕྱིར་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་དེ་དག་ལ་གང་ཕན་གྱི་ཆོས་སྟོན་ཅིང་། སེམས་ཅན་རྣམས་ཀྱི་བསམ་

p. 727

པ་ཡང་ཕལ་ཆེར་རང་གི་ཡུལ་དང་རང་རང་གི་རིགས་ཀྱི་ཆོས་ཀྱི་ཐ་སྙད་ཀྱིས་འཇུག་པ་ཡིན་པས་རྡོ་རྗེ་སློབ་དཔོན་གྱིས་འཇིག་རྟེན་ཐ་སྙད་ཀྱི་བདེན་པ་དང་བསྟུན་ནས་ཆོས་བསྟན་པར་བྱ་སྟེ། འཇིག་རྟེན་ལས་འདས་པའི་བདེན་པ་ནི་བདེན་པ་གཉིས་ཀ་ཐུན་མོང་པ་སྟེ་དེ་ཉིད་ལ་ནི་བཟའ་བར་བྱ་བ་དང་། བཟའ་བྱ་མ་ཡིན་པར་འཛིན་པ་ཡོད་པར་མི་འགྱུར་རོ། །འདི་ལྟར་ཡུལ་གྱི་ཐ་སྙད་ཀྱང་སྣ་ཚོགས་ཏེ། ཡུལ་ལ་ལ་ན་ཐོད་པ་ཅན་གྱི་ཐོད་པའི་ཆུས་རྣམ་པར་དག་པར་འགྱུར་རོ། །ཡུལ་ལ་ལ་ན་བ་གླང་གི་ཤ་བཟའ་བར་བྱ་བ། དེ་བཞིན་དུ་ཁྱིའི་ཤ་དང་རྟའི་ཤ་དང་གླང་པོ་ཆེའི་ཤ་བཟའ་བ་དང་། ཡུལ་ལ་ལ་ན་མིའི་ཤ་བཟའ་བར་བྱ་བ། དེ་བཞིན་ཕག་དང་མ་ཧེ་ར་སོགས་ཀྱི་ཤ་གཞན་རྣམས་ཀྱང་རང་རང་གི་རིགས་ཀྱི་ཐ་སྙད་ཀྱིས་ལ་ལར་བཟའ་ཞིང་ལ་ལར་མི་བཟའ་བ་ཡོད་ལ༑ ཡུལ་ལ་ལ་ན་བྲམ་ཟེ་རྣམས་ཆང་གི་བཏུང་བ་བསྒྲུབ་བོ། །ཡུལ་ལ་ལ་ན་དམངས་རིགས་རྣམས་ཟས་བསྒྲུབ་བོ། །ཡུལ་ལ་ལ་ན་རིགས་ཅན་བྲམ་ཟེ་ལ་སོགས་པ་རྣམས་ཀྱི་ཟས་རིགས་ཅན་མ་ཡིན་པ་དམངས་རིགས་སོགས་ཀྱིས་བསྒྲུབ་བོ། །ཡུལ་ལ་ལ་ན་ཁྱིའི་ལྷག་མ་ཟའོ། །ཡུལ་ལ་ལ་ན་ཟས་ཟོས་པའི་རྗེས་ལ་ཁ་མི་འཁྲུད་དོ། །གཞན་ཡང་རང་རང་གི་རིགས་ཀྱི་ལྷར་འདོད་པ་ནི་ལ་ལའི་ཀླུའོ། །ལ་ལའི་རིགས་ལ་ར་དང་དེ་བཞིན་དུ་ཕག་པ་དང་མ་ཧེ་དང་འུག་པ་རྣམས་རིགས་ཀྱི་ལྷར་འདོད་ཅིང་དེ་བཞིན་དུད་འགྲོ་གཞན་རྣམས་སོ་སོའི་རིགས་ཀྱི་ལྷར་བྱས་ནས་བསད་པར་བྱ་བ་མ་ཡིན་པ་དང་། དེ་དག་གི་ཤ་བཟའ་བྱ་མིན་པར་བྱེད་པ་ཡོད་དོ། །དེ་བཞིན་དུ་ཤིང་ལ་ཡང་ལ་ལའི་རིགས་ལ་པཱ་ལ་ཤ་ལྷའོ། །དེ་བཞིན་ལ་ལའི་ཨརྐ་དང་། ཨ་ཤྭཏྠ་དང་དེ་བཞིན་ཤིང་གཞན་རྣམས་ཀྱང་གཞན་དག་གི་ལྷ་སྟེ་བཅད་བྱ་མིན་པར་འདོད་དོ། །ཡུལ་ལ་ལ་ན་གཏུམ་པོ་རྣམས་ནི་ཉན་ཐོས་སོ། །ཡུལ་ལ་ལ་ན་རིགས་བཞིའི་དབྱེ་བ་ཡོད་ཅིང་ཡུལ་གཞན་ན་ཐམས་ཅད་རིགས་གཅིག་ཏུ་བྱེད་པ་དང་། ཡུལ་ལ་ལར་

p. 728

ཕ་ཤི་བ་ན་མ་བུའི་ཆུང་མར་འགྱུར་བ་དང་། ལ་ལར་མིང་པོས་སྲིང་མོ་བག་མར་ལེན་པ་དང་། ལ་ལ་ན་ཞང་པོ་དང་གཉེན་སྦྲེལ་བ་དང་། ལ་ལ་ན་རིགས་དང་རིགས་མིན་པ་ཕན་ཚུན་མངོན་པར་བགྲོད་པ་དང་། ཡུལ་ལ་ལ་ན་བྲམ་ཟེ་མོ་རྣམས་ལ་སྨད་འཚོང་མའི་ཐ་སྙད་བྱེད་པ་སྟེ། དེ་ལྟར་སེམས་ཅན་རྣམས་ལ་ཡུལ་དང་རིགས་ཀྱི་ཐ་སྙད་སྣ་ཚོགས་ཡོད་པ་བཞིན་རྣལ་འབྱོར་པ་རྣམས་ཀྱིས་ནུས་པ་མ་ཐོབ་ཀྱི་བར་དུ་ཡུལ་དང་རིགས་ཀྱི་ཐ་སྙད་དང་བསྟུན་པར་བྱ་སྟེ། འཇིག་རྟེན་པ་རྣམས་རང་རིགས་ཀྱི་ལྷ་བསྟེན་པས་ཕན་པ་བྱེད་པ་དང་། མ་བསྟེན་པས་འཚེ་བ་བྱེད་པར་ཡིད་ཆེས་པ་ཡང་ཡིན་པ་བཞིན་དུ་འཇིག་རྟེན་པའི་ཡིད་ལ་ཞེན་པའི་ཐ་སྙད་ལས་འདས་ན་སེམས་ཅན་གྱི་དོན་བསྒྲུབ་དཀའ་བས་ཇི་སྲིད་དུ་དེ་དང་བསྟུན་པར་བྱ་ལ། ཡེ་ཤེས་གྲུབ་ནས་བཟའ་དང་བཟའ་མིན་བགྲོད་བྱ་དང་བགྲོད་མིན་སོགས་ཀྱི་ཐ་སྙད་ཙམ་ཞིག་གཙོ་བོར་བྱ་མི་དགོས་ཏེ་གང་ལྟར་ཡང་སེམས་ཅན་མ་དད་པ་སྤོང་ནུས་པ་དང་རང་ལ་ཡང་དུག་སོགས་ཀྱིས་འཚེ་བར་མི་ནུས་པའི་ཕྱིར་རོ། །དེས་ན་དོན་དམ་པ་ཡེ་ཤེས་ཀྱི་རྣལ་འབྱོར་ལ་འབད་ཅིང་ཐ་སྙད་རྣམས་འཇིག་རྟེན་དང་བསྟུན་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཐབས་མཁས་ཡིན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་ནི། མཚན་བརྗོད་ལས། བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། ཞེས་པ་ནས། ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཞེས་པའི་བར་གྱིས་བསྟན་པ་དང་། བསྡུས་རྒྱུད་འདིར་ཡེ་ཤེས་ལེའུའི་ཚིགས་བཅད་དྲུག་ཅུ་པ་དང་རེ་གཅིག་པར། དེ་དག་རྣམས་ཀྱིས་དུས་ཀྱི་འཁོར་ལོ་རྫུ་འཕྲུལ་རབ་ཏུ་གསལ་བྱེད་ཆེན་པོ་དུ་མ་སྤྲུལ་པའི་སྐུ། ཞེས་དང་མེ་ཡིས་ཆ་ཤས་རྣམས་ཀྱིས་ཞེས་སོགས་གསུངས་པ་ལྟར་གྲུབ་པའི་སྤྱོད་ཡུལ་ཐོབ་པར་བྱ་དགོས་ཀྱི། རྫས་དང་སྔགས་ཀྱི་སྟོབས་ལས་རིལ་བུ་སོགས་ཐུན་མོང་པ་གྲུབ་པ་ཙམ་དང་། ལས་ཀྱི་ཕྱག་རྒྱ་དང་འགྲོགས་པ་ཙམ་ལས་སངས་རྒྱས་འདོད་པ་དང་། དཀྱིལ་འཁོར་འཁོར་ལོ་རྟོག་བཏགས་

p. 729

ཀྱི་གསལ་སྣང་མངོན་སུམ་བྱས་པ་ཙམ་གྱིས་སངས་རྒྱས་རྡོ་རྗེ་སེམས་དཔའ་འགྲུབ་པ་མ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། མཚན་བརྗོད་ལས། བསམ་གཏན་ཆེན་པོའི་ཏིང་འཛིན་གནས་སོགས་ཚིགས་བཅད་གཅིག་གིས་བསྟན་པ་ལྟར། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་རབ་ཕར་ཕྱིན་མ་ནི་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་ཏེ་ཆོས་ཀྱི་དབྱིངས་ཆོས་ཀྱི་འབྱུང་གནས་གང་ལས་ཟག་མེད་ཀྱི་ཆོས་རྣམས་འབྱུང་བ་དེ་ཡིན་གྱི། སྐྱེ་གནས་གང་ལས་ཁྲག་དང་གཅི་བ་སོགས་འབྱུང་བ་ནི་ཆོས་འབྱུང་མ་ཡིན་ནོ། །དེའི་ཕྱིར་ཕྱག་རྒྱ་ཆེན་མོས་འཁྱུད་པའི་བདེ་བ་མི་འགྱུར་བ་ཐོབ་པ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྒྱུ་མཚན་དེས་ན་ལས་དང་པོ་བས་རྣལ་འབྱོར་པའི་བྱ་བ་མི་བྱའོ། །རྣལ་འབྱོར་པས་གྲུབ་པ་ཐོབ་པའི་བྱ་བ་མི་བྱའོ། །གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱ་སྟེ། སྔ་མ་སྔ་མས་ཕྱི་མ་ཕྱི་མའི་བྱ་བ་བྱེད་མི་ནུས་པས། སྤྱོད་པ་དུས་ཚོད་འབྲེལ་བར་བྱ་དགོས་པ་འདི་གདམས་པར་མཛད་པ་ཡིན་ནོ། །གལ་ཏེ་སྡིག་པའི་བློ་ཅན་དག་གིས་རྒྱུད་རྣམས་ལས་དམ་ཚིག་གི་རྫས་རྣམས་རྣམ་རྟོག་མེད་པའི་སེམས་ཀྱིས་བཟའ་བར་གསུངས་པས། དང་པོར་བདུད་རྩི་ལྔ་སོགས་ཅི་རིགས་བཟའ་བར་བྱས་ན་ཕྱི་ནས་གོམས་པའི་དབང་གིས་དམ་ཚིག་གི་དངོས་གྲུབ་འབྱུང་སྟེ། དུག་སོགས་ཀྱང་དུག་མེད་པར་བྱེད་པ་དང་། བཤང་བ་སོགས་དྲི་ང་བ་རྣམས་དྲི་ཞིམ་པོར་འགྱུར་རོ་ཞེ་ན། ཚིག་འདི་ཤིན་ཏུ་མི་རིགས་ཏེ། ཤེས་རབ་ཀྱིས་བདུད་རྩིའི་རང་བཞིན་དག་པར་རྟོགས་པ་དང་། ཐབས་གོམས་པས་སྦྱང་བ་སོགས་གང་ཡང་མེད་བཞིན་དུ་བཤང་བ་སོགས་ཟོས་པས་དངོས་གྲུབ་ཏུ་ཅི་ལྟར་འགྱུར་ཏེ། དེ་བས་སེམས་ཅན་ཕན་པ་དང་བདེ་བའི་དམ་ཚིག་གི་གནང་བཀག་རྒྱལ་བས་གསུངས་པ་ཇི་སྙེད་པ་ཡོད་པ་དེ་ལ་ནན་ཏན་མི་བྱེད་

p. 730

པར། རང་ཚོད་མི་ཤེས་པར་བདུད་རྩི་བཟའ་བ་དང་། ཆང་འཐུང་བ་དང་། བུད་མེད་བསྟེན་པ་དང་། ཤ་བཟའ་བ་ཙམ་ཞིག་ལ་ཐོག་མར་ནན་གྱིས་བརྩོན་པས་དངོས་གྲུབ་ཐོབ་ཏུ་རེ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཅོ་འདྲི་བ་དང་དམ་ཚིག་འདྲལ་བར་བྱེད་པའི་ཤེས་རབ་ཆུང་བའི་གཏམ་ཡིན་ཏེ། དང་པོར་མེ་ལ་ཞུགས་པ་གོམས་པས་ཕྱི་ནས་མེ་རེངས་པར་འགྱུར་རམ་ཅི། འདིར་རྣམ་པར་དག་བའི་སེམས་དང་ལྡན་པའི་རྣལ་འབྱོར་པ་རྣམས་ནི་མེ་ཡི་ནང་དུ་འཇུག་ཀྱང་འཚིག་པར་མི་འགྱུར་རོ། །གླང་པོ་ཆེ་མྱོས་པ་རེངས་པར་བྱེད་དེ་དེས་གནོད་མི་ནུས་སོ། །སེང་གེ་དང་སྟག་སོགས་གཅན་གཟན་གདུག་པ་ཞོན་པར་བྱེད་དེ་དེས་འཚེ་བ་མེད་དོ། །བྱ་རོག་གིས་བཏུང་རུང་བའི་ཁ་ད་ཆད་དུ་གང་བའི་ཀླུང་ཆེན་པོར་ཞུགས་ཀྱང་འཁྱེར་མི་ནུས་ལ། དུག་ཟོས་ཀྱང་བརྒྱལ་བ་མེད་པ་དང་། རལ་གྲི་སོགས་མཚོན་རྣམས་ཟ་བར་བྱེད་དེ་དེའི་ཁ་གཅོད་པར་མི་འགྱུར་རོ། །དེ་བཞིན་བཟའ་བྱ་དང་བཟའ་བར་བྱ་བ་མ་ཡིན་པ་ཡང་བཟའ་བར་བྱེད་ཅིང་གཟུགས་དང་ནུས་པ་ཡོངས་སུ་སྒྱུར་བར་བྱེད་དོ། །དེའི་ཕྱིར་རྣལ་འབྱོར་པའི་བྱ་བ་དེ་ལྟ་བུ་ལས་དང་པོ་བས་བྱེད་ནུས་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་རྣམ་བཞག་བཅུ་གསུངས་ཏེ། སེམས་དང་པོ་བསྐྱེད་པའི་རྣལ་འབྱོར་ཚོགས་སྦྱོར་ལ་གནས་པ་དང་། བྱིས་པར་གྱུར་པ་མ་དག་ས་བདུན་དང་། གཞོན་ནུར་གྱུར་པ་དག་ས་གསུམ་དང་། སླར་ཡང་ལས་དང་པོ་པ་མངོན་ཤེས་མ་ཐོབ་པ་དང་། རྣལ་འབྱོར་སྤྱོད་པའི་སྐྱེ་བར་སྐྱེས་པ་མངོན་ཤེས་ཐོབ་ཀྱང་གྲུབ་པ་མ་ཐོབ་པ་དང་། དེ་གཉིས་ཚོགས་ལམ་དང་སྦྱོར་བ་ཕུན་སུམ་ཚོགས་པ་སྦྱོར་ལམ་པ་དང་། བསམ་པ་ཕུན་སུམ་ཚོགས་པ་མ་དག་ས་བདུན་པ་དང་། ཕྱིར་མི་ལྡོག་པ་ས་བརྒྱད་པ་བ་དང་། དབང་བསྐུར་བ་ཐོབ་པ་ས་དགུ་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་ས་བཅུ་པའོ། །དེ་ནས་བྱང་ཆུབ་སེམས་དཔའི་ཚེ་དང་ལས་ལ་དབང་བ་སོགས་དབང་བཅུ་ཐོབ་པར་འགྱུར་

p. 731

ཏེ། ས་བཅུ་པོ་ཡང་བགྲོད་ཕར་ཕྱིན་བཅུ་ཡང་རྫོགས་པ་དེ་ལྟར་རྣལ་འབྱོར་པ་ཡང་བྱང་ཆུབ་སེམས་དཔར་འགྱུར་རོ། །དེ་ལྟར་ཡང་མཚན་བརྗོད་ལས། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་པ་ནས། ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་པའི་བར་གྱི་བསྟན་པ་ལྟར་རོ། །དེ་ལྟར་རྣལ་འབྱོར་པ་རང་གི་སེམས་རྣམ་པར་དག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་སུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྐབས་འདིར་འདི་ལྟར་ཤེས་པར་བྱ་སྟེ། སངས་རྒྱས་རྣམས་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། འཁོར་བའི་ས་ལས་བརྒལ་བ་ཡིན་པར་འདོད་བཞིན་དུ། སྔགས་ཀྱི་ཐེག་པའི་གཟུགས་རྣམ་པར་སྣང་མཛད་དུ་གསུངས་པ་སོགས་ལུང་གི་ཚིག་ཙམ་སྒྲ་ཇི་བཞིན་པར་བཟུང་ནས། སྡུག་ཀུན་གྱི་ཆོས་ཅན་མ་དག་པ་འཁོར་བའི་སེམས་ཅན་རྣམས་ཀྱི་སྒོ་གསུམ་པོ་དག་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དངོས་ཡིན་ནོ་ཞེས་དགོངས་གནད་ཅི་ལྟ་བུ་ཡིན་པ་ཅུང་ཟད་མི་ཤེས་པའི་སྔགས་པ་ངན་པ་རྣམས་ཀྱིས་སངས་རྒྱས་སུ་ང་རྒྱལ་བྱས་པས་གྲོལ་བར་འདོད་པ་ནི། དཔེར་ན་ཤེར་མདོ་ལས་ཕུང་པོ་སོགས་སྟོང་པར་བཤད་པ་ཐོས་ནས། སྟོང་པ་ཉིད་ཡིན་ཚུལ་གཏན་ལ་འབེབ་པའི་རིགས་པ་དབུ་མའི་གཏན་ཚིག་རྣམས་ཀྱི་དོན་ཅུང་ཟད་མི་ཤེས་པར། གཟུགས་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དོ་སྙམ་དུ་མངོན་སུམ་བསྙོན་མི་ནུས་པར་སྣང་བའི་གཟུགས་ལ་སོགས་པ་དེ་ལྟར་མེད་པའམ་སྟོང་པར་འཛིན་པ་ནི། དོན་དམ་སྟོང་པའི་དགོངས་དོན་མི་ཤེས་པར་གཟུགས་མེད་སྒྲ་མེད་སོགས་སྟོང་པར་བསྟན་པའི་ཚིག་ཙམ་སྒྲ་ཇི་བཞིན་དུ་བཟུང་བས། ཀུན་རྫོབ་ལ་སྐུར་པ་འདེབས་པའི་ཆད་སྟོང་ལས་འོས་མེད་པས་ཡང་དག་པའི་ལམ་ལས་གོལ་བ་ཡིན་པ་དང་འདྲ་བར། སྔགས་ཀྱི་སྣང་སྲིད་གདོད་ནས་རྣམ་དག་སངས་རྒྱས་ཀྱི་ཞིང་དུ་དག་མཉམ་ཆེན་པོར་སྦྱོར་བའི་དགོངས་དོན་ཕྱོགས་ཙམ་ཡང་མི་ཤེས་པའི་སྔགས་པ་ངན་པ་

p. 732

དག་གིས་ལུང་གི་ཚིག་ཙམ་ལ་བརྟེན་ནས་སྒྲ་ཇི་བཞིན་པར་འཁོར་བའི་སེམས་ཅན་ཐ་མལ་བའི་སྒོ་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དངོས་ཡིན་པར་སེམས་པ་ནི། ཐ་སྙད་སྣང་ཚུལ་གྱི་དབང་དུ་བྱས་ཏེ་སེམས་ཅན་སངས་རྒྱས་སུ་འཛིན་པ་ལས་འོས་མེད་པས་བླུན་པོའི་བསྙོན་ཚིག་དེ་ལ་གཞུང་འདིར་གསུངས་པ་སོགས་རིགས་པ་བརྒྱ་ཕྲག་གི་གནོད་པ་འབབ་པ་ཡིན་ནོ། །ཇི་ལྟར་དབུ་མའི་གཏན་ཚིགས་བཞིས་ཆོས་ཐམས་ཅད་སྟོང་པར་གཏན་ལ་ཕབ་པའི་དགོངས་གནད་ཚུལ་བཞིན་ཤེས་ན། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་ཉིད་ཡིན་ཡང་ཐ་སྙད་དུ་འཁོར་འདས་དང་རྒྱུ་འབྲས་ཀྱི་རྣམ་བཞག་ཆེས་འཐད་པ་བཞིན་དུ། སྔགས་ཀྱི་ཐེག་པའི་དགོངས་དོན་ཀུན་རྫོབ་ཏུ་སྣང་བ་ལྷ་དང་ཡུལ་ཅན་ཡེ་ཤེས་སུ་བསྒྲུབ་པ་དང་། དོན་དམ་པར་མཉམ་པ་ཆེན་པོའི་དབྱིངས་སུ་ཚུལ་གཅིག་པའི་དགོངས་གནད་རིགས་པ་དང་མན་ངག་གི་ལམ་གྱི་གཏན་ལ་ཕེབས་ན་ཡང་དག་པའི་གནས་ལུགས་ཀྱི་དབང་དུ་བྱས་ན་སྣང་སྲིད་ཐམས་ཅད་ཡེ་ནས་དག་མཉམ་ཆེན་པོའི་དབྱིངས་སུ་སངས་རྒྱས་པའི་དོན་ལས་ནམ་ཡང་མི་འདའ་བར་གནས་ཀྱང་གློ་བུར་བའི་འཁྲུལ་པ་གཉིས་སྣང་སྤངས་པ་དང་མ་སྤངས་པའི་དབང་གིས། གནས་སྣང་མཐུན་པ་དག་པ་སངས་རྒྱས་ཀྱི་སྣང་བ་དང་གནས་སྣང་མི་མཐུན་པ་མ་དག་སེམས་ཅན་གྱི་སྣང་བ་གཉིས་ཀྱི་སྣང་ཚུལ་བསྙོན་མེད་བསླུ་མེད་དུ་ཡོད་པ་ལ་ངེས་པ་གཏིང་ནས་འདྲོང་བ་ཡིན་པས་འདི་གཉིས་ཀྱི་ཤན་འབྱེད་པ་མདོ་རྒྱུད་གང་ལ་ཡང་གནད་གལ་པོ་ཆེ་ཡིན་ནོ། །ཚུལ་འདི་དང་མཚུངས་པར་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང་། །ཆོས་རྣམས་མ་འགག་ཆོས་རྣམས་གཟོད་ནས་ཞི་བ་དང་། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །ཅེས་དང་། འདི་ལ་མཁས་པ་གང་ཞིག་དགོངས་པ་ཤེས་པ་ནི། །རབ་ཏུ་ཉམས་པར་འགྱུར་བའི་

p. 733

ལམ་དུ་དེ་མི་འགྲོ། །ཀུན་གྱི་རྣམ་དག་ལམ་ནི་གཅིག་པུ་འདི་ཡིན་ཏེ། །རྣམ་པར་དག་པའང་གཅིག་སྟེ་གཉིས་པ་གང་ཡང་མེད། །ཅེས་གསུངས་པ་ལྟར་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་པ་དང་ཞི་བ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་མངོན་པར་བྱང་ཆུབ་པ་དང་། ཡེ་ནས་སངས་རྒྱས་པའི་དགོངས་དོན་ཟབ་མོ་ལ་ངེས་པ་མ་རྙེད་པར། ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་ཚིག་ཙམ་གྱིས་ཡེ་ནས་མ་སྐྱེས་པ་དང་། སངས་རྒྱས་པ་སོགས་སུ་སྨྲས་པས་ཐེག་པ་ཆེན་པོ་པར་མི་འགྱུར་བར་ཐ་སྙད་སྣང་ཚུལ་དང་འགལ་བས་མི་ཤེས་པའི་གཏམ་དུ་འགྱུར་ལ། དགོངས་གནད་ཁྱད་པར་ཅན་དེ་དང་དེ་དག་ལེགས་པར་གཏན་ལ་ཕེབས་པའི་ངེས་ཤེས་ཀྱི་སྒོ་ནས་དེ་ལྟར་བརྗོད་ན་བླ་མེད་ཡེ་ཤེས་ཀྱི་སྤྱོད་ཡུལ་མདོ་རྒྱུད་ཟབ་མོས་བསྟན་པ་མཐར་ཐུག་གི་དགོངས་དོན་ཚུལ་བཞིན་སྨྲ་བ་དང་། དེ་ལྟར་འཛིན་པ་ལ་བདེན་གཉིས་དཔྱོད་པའི་རིགས་པ་གང་གིས་ཀྱང་སུན་འབྱིན་པ་མི་སྲིད་ལ། རིགས་པ་ཡང་དག་གིས་གྲུབ་པར་འགྱུར་བ་ཡིན་པ་ཤེས་པར་བྱའོ། །དེ་བཞིན་དུ་བདུད་རྩི་ལྔ་བཟའ་བ་སོགས་ཀྱིས་དམ་ཚིག་རྣམ་བཞི་ཡང་ལས་དང་པོ་པས་དག་པའི་དོན་གོ་ཡུལ་དུ་ཤེས་ཀྱང་དེའི་དོན་བསྒོམ་པས་དྲོད་ཚད་མ་རྙེད་པའི་གནས་སྐབས་ན་བདུད་རྩི་རིལ་བུ་སོགས་སྔགས་དམིགས་ཀྱིས་སྦྱང་བསྒྱུར་བྱས་པ་ཅུང་ཟད་བསྟེན་པ་སོགས་མདོར་ན་ཡེ་ནས་རྣམ་དག་ཆེན་པོའི་དགོངས་དོན་ལ་ཉམས་ལེན་གྱི་དྲོད་ཚད་དང་བསྟུན་ཏེ་འཇུག་དགོས་ཀྱི་སྔགས་ལ་ཁུངས་ཕྱུངས་ནས་གསང་སྔགས་འཆལ་བའི་ཉེས་པས་མ་གོས་པར་སྤྱོད་པ་ནང་གི་དྲོད་ཚད་དང་བསྟུན་ཏེ་འཆལ་བ་མེད་པར་བྱས་ན་དངོས་གྲུབ་ཀྱི་རྒྱུར་འགྱུར་བ་ཤེས་པར་བྱའོ། །འདིར་སྔགས་ཀྱི་ཐེག་པ་ལས་དཔའ་བོའི་རིམ་པས་དུར་ཁྲོད་ལ་སོགས་པར་ལོ་གཅིག་ནས་བཅུ་གཉིས་ཀྱི་མཐར་ཐུག་པར་བཟླས་པ་དང་སྦྱིན་སྲེག་བསམ་གཏན་གྱི་སྟོབས་ཀྱིས་ཧེ་རུ་ཀ་བསྒྲུབ་པ་དང་། དེ་བཞིན་རི་བོ་དང་སྐྱེད་མོས་ཚལ་ལ་

p. 734

སོགས་པ་སྐྱེ་བོ་མེད་པའི་གནས་སུ་གཞན་དོན་དུ་ཀུན་ཏུ་བཟང་པོ་སོགས་ཀྱི་ལྷ་རང་བྱིན་གྱི་བརླབ་པའི་རིམ་པས་མངོན་སུམ་བྱ་མ་ནུས་པ། བརྩོན་འགྲུས་དམན་པའི་སྔགས་པ་རྣམས་ཀྱིས་རང་གི་ཁྱིམ་དུ་སྔགས་བཟླས་པ་དང་སྦྱིན་སྲེག་དང་གཏོར་མ་སོགས་དང་བསམ་གཏན་བྱས་པས་གནས་དང་དུས་མ་ཡིན་པའི་དབང་གིས་ལྷ་མ་གྲུབ་ཅིང་སེམས་བསྒྲུབ་པ་ལ་སྤྲོ་བ་མེད་པས་ཆགས་པ་དང་བྲལ་བ་རྣམས་དང་། དེ་བཞིན་དུ་རྣམ་པར་དག་པའི་རིམ་པ་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ལམ་ཉམས་པ་བླ་མ་དམ་པའི་མན་ངག་དང་བྲལ་ཞིང་ཁ་ལྟ་སྟོང་སྐད་ཀྱིས་ཆད་ལྟ་ཆེན་པོར་ལྷུང་བ་གདུག་པའི་བླ་མ་རྣམས་ཀྱིས། བྱིས་པའི་བློ་ཅན་ཟབ་རྒྱ་ཆེའི་ཆོས་ལ་བརྟག་པར་མི་ནུས་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལྟར་སྟོན་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པ། སྟོང་པ་མཚན་མེད་སྨོན་མེད་འདུས་བྱས་དང་བྲལ་བ་སྐྱེ་བ་མེད་པ་འགྱུར་བ་མེད་པ་བསམ་གྱིས་མི་ཁྱབ་པར་གསུངས་པ་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཐོབ་པའི་སླད་དུ་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལྟོས་པ་མེད་པར་བསྒོམ་པར་བྱ་སྟེ། གཟུགས་ལ་གནས་པར་མི་བྱའོ། །དེ་བཞིན་དུ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་དང་། ས་སོགས་ཀྱི་ཁམས་དང་། མིག་སོགས་ཀྱི་ཁམས་ལ་གནས་པར་མི་བྱའོ། །ཞེས་གསུངས་པས། དེ་ལྟར་བསམ་པ་ཅི་ཡང་མེད་པ་ནི་སངས་རྒྱས་ཀྱི་ལམ་ཡིན་ལ་ཆགས་དང་ཆགས་བྲལ་སོགས་རྣམ་རྟོག་གི་བསམ་པ་འཇུག་པ་ནི་འཁོར་བའོ། །འཁོར་བ་དང་བྲལ་ན་བསམ་དུ་མེད་པར་འཇུག་པས་སངས་རྒྱས་སུ་འགྱུར་གྱི། བསམ་ཞིང་རྣམ་པར་རྟོག་པས་མ་ཡིན་པ་དེའི་ཕྱིར། ཅི་ཡང་མི་བསམ་པ་ཙམ་ཞིག་སངས་རྒྱས་ཀྱི་ལམ་གྱི་ཡེ་ཤེས་སུ་འདོད་པ་ནི་མི་མཁས་པ་རྨོངས་པ་ཆེན་པོའི་ཚིག་ཆད་པ་ཆེན་པོར་ལྷུང་བའི་གནས་ཏེ། བསམ་པའི་ཤེས་པ་མེད་པས་སངས་རྒྱས་སུ་འགྱུར་བ་ཡིན་ན་གཉིད་འཐུག་པོ་ལོག་པའི་སེམས་ཅན་ཐམས་

p. 735

ཅད་སངས་རྒྱས་སུ་ཅིས་མི་འགྱུར་ཏེ། གནས་སྐབས་དེར་ཆགས་དང་ཆགས་བྲལ་གྱི་བསམ་པ་ཅི་ཡང་མི་འཇུག་པའི་ཕྱིར་རོ། །དེས་ན་ཅི་ཡང་མ་བསམ་པ་ཙམ་ཞིག་ལ་དངོས་པོའི་དེ་ཉིད་མཐོང་བའི་ལྷག་མཐོང་མེད་པས་དངོས་པོའི་དེ་ཁོ་ན་ཉིད་མ་རྟོགས་པར་རང་གར་ཅི་ཡང་ཡིད་ལ་མ་བྱས་པས་སངས་རྒྱས་སུ་ག་ལ་འགྱུར་ཏེ། སངས་རྒྱས་ནི་ཚོགས་གཉིས་རྫོགས་ཤིང་དངོས་པོ་མ་ལུས་པའི་དེ་ཁོ་ན་ཉིད་མཁྱེན་པས་རབ་ཏུ་ཕྱེ་བ་ཡིན་ལ། ཅི་ཡང་མ་བསམ་པ་ལ་ཚོགས་གཉིས་པོ་རྫོགས་པ་ཡང་མེད་ལ་དངོས་པོའི་དེ་ཉིད་མཐོང་བ་ཡང་མེད་པས་སངས་རྒྱས་སུ་འགྲོ་བའི་ལམ་གྱི་གེགས་ཆེ་ཤོས་ཞིག་ཏུ་ལམ་ངན་པ་འདི་འགྱུར་གྱི་སངས་རྒྱས་པའི་ལམ་གྱི་ཕྱོགས་སུའང་མི་ཉེའོ། །འདིར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་རིན་ཆེན་སྒྲོན་མ་ལ་སོགས་པའི་ཏིང་ངེ་འཛིན་གསུངས་པ་དེ་རྣམས་སོ་སོ་རང་རང་གི་སྐབས་ཀྱི་དོན་རབ་ཏུ་གསལ་ཞིང་སྣང་བ་རང་རིག་པའི་མཚན་ཉིད་ཀྱི་ཕྱིར་དང་། བེམས་པོའི་སྟོང་པ་དངོས་མེད་མ་ཡིན་པའི་ཕྱིར་བསམ་པ་མེད་པ་མ་ཡིན་ཏེ། བསམ་པ་མེད་པ་ནི་ཅི་ཡང་མ་བསམ་མ་ཤེས་པའི་མུན་ནག་ལྟ་བུ་ཡིན་ན། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ཚད་མེད་པ་རྣམས་ནི་དངོས་འཛིན་གྱི་དམིགས་པའི་སྒྲིབ་པ་སྤྲིན་ལྟ་བུ་དང་བྲལ་བའི་རང་བཞིན་འོད་གསལ་ཡེ་ཤེས་ཀྱི་སྣང་བ་ཉིན་མོར་བྱེད་པ་ལྟ་བུ་ཡིན་པས་བསམ་མེད་ག་ལ་ཡིན། གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་རང་རིག་པ་རང་འོད་གསལ་བ་ཡིན་ན་ཆོས་ཐམས་ཅད་རང་བཞིན་མེད་པར་ཅི་སྟེ་གསུངས་ཞེ་ན། རང་བཞིན་མེད་པའི་དོན་སྟོང་པ་ཕྱང་ཆད་དུ་ཁྱོད་ཀྱིས་བཟུང་བ་དེ་ཤིན་ཏུ་ནོར་བ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་མེད་པར་རྟོགས་པར་བྱེད་པ་ཡིན་གྱི། དངོས་པོ་ཐམས་ཅད་ཡེ་ཤེས་དེ་ལ་མི་སྣང་ཞིང་མེད་པའི་མཚན་ཉིད་དུ་གྱུར་བ་ཤིན་ཏུ་གཉིད་ལོག་

p. 736

གི་སེམས་ལྟ་བུ་ནི་མ་ཡིན་ནོ། །ཤེར་ཕྱིན་ལས་སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ་ཞེས་གསུངས་པ། སེམས་འདི་ལ་བརྟག་ན་རང་གི་རང་བཞིན་དུ་གྲུབ་པ་མེད་པས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་གསུངས་པ་བཞིན་ནོ། །སྐབས་འདིར་ཅི་ཡང་ཡིད་ལ་མི་བྱེད་པའི་རྣལ་འབྱོར་དམིགས་པ་མེད་པའི་ཚིག་གི་དོན་ལ་འདི་ལྟར་ཤན་འབྱེད་པ་གལ་ཆེ་བས་དེ་ཡི་གནད་མདོར་བསྡུས་བརྗོད་ན། མཐའ་བཞིའི་དམིགས་པ་མཐའ་དག་དང་བྲལ་བའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དེ་ཁོ་ན་ཉིད་རྟོགས་པར་འདོད་པས། ངེས་དོན་གྱི་ལུང་དང་། མཐར་ཐུག་དཔྱོད་པའི་རིགས་པ་དང་། ཡེ་ཤེས་ཀྱི་གཟིགས་པ་མངའ་བ་བླ་མ་དམ་པའི་མན་ངག་གསུམ་གྱི་ལམ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་བདེན་པ་དབྱེར་མེད་སྤྲོས་མེད་བསམ་གྱིས་མི་ཁྱབ་པའི་དོན་ལ་ངེས་ཤེས་ཚུལ་བཞིན་བསྐྱེད་ནས། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་སོ་རང་རིག་པ་ཉིན་མོར་བྱེད་པ་ལྟ་བུས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་དུ་བྱ་དགོས་ཀྱི། དེ་ལྟ་བུའི་གནད་དང་མི་ལྡན་པར་རང་གར་ཅི་ཡང་མི་བསམ་པར་བཞག་པ་ཙམ་ལ་ལམ་མཆོག་ཏུ་འདོད་ཅིང་། དེ་ཁོ་ན་ཉིད་བསམ་བརྗོད་ལས་འདས་པར་གསུངས་པའི་ཚིག་ཙམ་ལ་བརྟེན་ནས་ཡོད་མེད་སོགས་ཡིད་བྱེད་ཐམས་ཅད་མི་རུང་ངོ་སྙམ་དུ་དེ་ཁོ་ན་ཉིད་སོ་སོ་རང་རིག་པས་མངོན་དུ་བྱ་ཚུལ་ཇི་ལྟར་ཡིན་པའི་དོན་གཏན་ལ་འབེབ་པའི་ཐོས་བསམ་སྒོམ་པ་མི་དགོས་པར་འདོད་པ་ནི་སྔོན་དུས་ཀྱི་རྒྱ་ནག་ཧ་ཤང་གི་སྒོམ་ལྟ་བུ་སྟེ་གོལ་བ་ཆེན་པོ་ཡིན་ནོ། །དེ་ཡང་ཇི་སྐད་དུ། མདོ་དགོངས་པ་འདུས་པ་ལས། བསམ་གྱིས་མི་ཁྱབ་མི་ཤེས་པར། །བསམ་མེད་ངང་དུ་གང་འཇོག་པ། །བྱིས་པ་དེ་ནི་བླུན་པ་སྟེ། །མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར། འདི་འདྲའི་ཅི་ཡང་ཡིད་ལ་མི་བྱེད་པར་བསྐལ་པ་བརྒྱར་གནས་ཀྱང་དངོས་པོ་རྣམས་ཀྱི་གནས་ལུགས་ཅི་ཡིན་འདི་ཡིན་གྱི་ངེས་ཤེས་ཅི་ཡང་མི་འབྱུང་

p. 737

བར་མུན་པའི་ཀློང་དུ་ཉལ་བ་ལྟ་བུ་ལ་དངོས་པོའི་དེ་ཉིད་མཐོང་བའི་ཤེས་རབ་ཀྱི་མིག་འབྱུང་བ་གནས་མེད་ཅིང་སྐབས་མེད་དེ། དངོས་པོའི་དེ་ཉིད་མཐོང་བ་ལ་ཀུན་རྫོབ་ཇི་ལྟར་སྣང་བའི་སྣང་ཚུལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་དང་། དོན་དམ་ཇི་ལྟར་གནས་པའི་གནས་ཚུལ་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་ཤེས་པ་དང་། མཐར་ཐུག་བདེན་པ་དེ་གཉིས་དབྱེར་མེད་མཉམ་པ་ཉིད་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ཇི་ལྟ་བུ་ཡིན་པ་ཤེས་དགོས་ཤིང་། དེ་ཤེས་པར་བྱེད་པ་ཐོས་བསམ་བསྒོམ་པའི་ཤེས་རབ་ལ་རག་ལས་པར་ངེས་མོད། བདེན་གཉིས་དཔྱོད་པའི་ཤེས་རབ་སྤང་སྟེ་མིག་བཙུམ་པ་ལྟ་བུའི་སྒོམ་འདིས་བདེན་པ་གང་རུང་གི་དོན་ལ་ངེས་ཤེས་ཅུང་ཟད་ཀྱང་སྐྱེད་མི་ནུས་ན་བདེན་གཉིས་དབྱེར་མེད་སྤྲོས་བྲལ་བསམ་གྱིས་མི་ཁྱབ་པའི་ཕྱོགས་སུ་ཕྱིན་པ་ནམ་ཡང་མི་སྲིད་དོ། །དེས་ན་གནས་མེད་པའི་མུན་སྒོམ་འདི་འདྲ་ལ་དུད་འགྲོའི་ས་བོན་སྤེལ་བའི་སྒོམ་ཞེས་རིག་འཛིན་བི་མ་ལ་མི་ཏྲ་ལ་སོགས་པས་དགག་པ་མཛད་པ་ཡིན་ནོ། །དེའི་ཕྱིར་དང་པོར་བསམ་གྱིས་མི་ཁྱབ་པའི་དོན་ལ་སྒྲོ་འདོགས་ལེགས་པར་བཅད་དེ་རིམ་གྱིས་མི་འཕྲོག་པའི་ངེས་ཤེས་གདིང་དུ་གྱུར་པའི་སྒོ་ནས་མི་རྟོག་ཡེ་ཤེས་སྒོམ་པར་བྱའོ། །གལ་ཏེ་རྒྱུད་དང་རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་རྡོ་རྗེའི་དོ་ཧ་སོགས་སུ་ཅི་ཡང་མི་བསམ་པར་དུས་གསུམ་གྱི་ཡིད་བྱེད་སྤངས་ཏེ་ཡིད་རང་སོར་འཇོག་པ་མ་གསུངས་སམ་ཞེ་ན། དེ་ནི་བདེན་ཏེ་སེམས་ཅི་ལའང་མི་རྟོག་པར་རང་བབ་ཏུ་འཇོག་པ་ནི་མི་རྟོག་ཡེ་ཤེས་འཆར་བའི་བཞག་ཐབས་ཁྱད་པར་ཅན་ཡིན་ཡང་དེ་ཙམ་ཞིག་ལམ་དངོས་མ་ཡིན་ཏེ། བཞག་ཐབས་དེ་ལ་བརྟེན་ནས་ཐབས་སམ་བླ་མའི་མན་ངག་གིས་རང་སེམས་གདོད་ནས་མ་སྐྱེས་པ་རང་བཞིན་འོད་གསལ་མཉམ་པ་ཉིད་ཀྱི་དོན་ལ་ངེས་ཤེས་གནད་དུ་སྐྱེས་པའི་ཚེ་བསམ་གྱིས་མི་ཁྱབ་བའི་དོན་ལ་ཐེ་ཚོམ་གྱི་སྒྲོ་འདོགས་

p. 738

ཆོད་པ་འབྱུང་བས་དེ་ཉིད་ངེས་ཤེས་མེད་པའི་མུན་སྒོམ་དང་ག་ལ་འདྲ་སྟེ། དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པའི་དོན་སོ་སོ་རང་གིས་རིག་པའི་ཚེ་ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་རྟོགས་པའི་བློ་དེས་བདེན་པ་གཉིས་ཀྱིས་བསྡུས་པའི་དོན་ལ། དེ་བས་ཤེས་རྒྱུ་དང་མཁས་རྒྱུ་མེད་པར། ཐེ་ཚོམ་ཆོད་པ་དཔེར་ན་མིག་གསལ་བར་བགྲད་པའི་གང་ཟག་གིས་ཉི་མ་ཤར་བའི་ཚེ་ཕྱོགས་རྣམས་ཐམས་ཅད་མཐོང་བ་དང་འདྲ་བ་ཡིན་ནོ། །དེས་ན་སྤྲོས་པ་དང་བྲལ་བ་དང་དམིགས་པ་མེད་པ་དང་། ཡིད་བྱེད་ལས་འདས་པ་དང་། བསམ་གྱིས་མི་ཁྱབ་པའི་ཚིག་གི་དོན་འདི་ཉིད་མཁས་པས་ལེགས་པར་རྟོགས་པ་དང་། བླུན་པོས་ལོག་པར་རྟོག་པ་གཉིས་ནི་སྣང་བ་དང་མུན་པ་བཞིན་དུ་འགལ་བའི་ཤན་ཕྱེས་ན། ཡེ་ཤེས་དང་མི་ལྡན་པའི་བྱིས་པ་ལས་དང་པོ་པ་ཚིག་གི་ལམ་ལ་བརྟེན་པ་རྣམས་ཀྱིས། ཡིད་བྱེད་དང་གཟུང་འཛིན་དམིགས་པ་མེད་ཚད་ཧ་ཤང་གི་སྒོམ་གྱི་ཕྱོགས་སུ་བཟུང་ནས་ཐེག་པ་ཆེན་པོའི་དགོངས་དོན་ཟབ་མོའི་མཐར་ཐུག་རྣམས་སྤོང་བ་དང་། ཐོས་བྲལ་བླུན་པོ་ཕལ་མོ་ཆེས་ཅི་ཡང་མ་བསམ་པར་བཞག་པས་ཆོག་པར་བཟུང་ནས་མདོ་རྒྱུད་ཟབ་མོའི་དགོངས་དོན་ལས་གོལ་བའི་སྐྱོན་གཉིས་ལས་གྲོལ་ནས་རྒྱལ་བའི་དགོངས་པ་ཚུལ་བཞིན་འབྱེད་པར་འགྱུར་རོ། །དེ་བས་ན་རྒྱལ་ཚབ་ཆེན་པོས་མདོ་སྡེ་རྒྱན་ལས། ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། ཅེས་གསུངས་པ་ལྟར་ཟབ་མོ་སྔགས་ཀྱི་རྒྱུད་སྡེ་རྣམས་སུ། ཀུན་རྫོབ་ཕུང་པོ་སོགས་རྒྱལ་བའི་དཀྱིལ་འཁོར་དུ་དག་པར་ལྟ་བ་དང་། དོན་དམ་མཉམ་པ་ཆེན་པོ་སྤྲོས་པ་ཀུན་ལས་འདས་པར་ལྟ་བ་དང་། བདེན་གཉིས་དབྱེར་མེད་ཡེ་ཤེས་ཀྱི་སྐུ་ཐིག་ལེ་ཉག་གཅིག་ཏུ་ཟླུམ་པའི་ཤིན་ཏུ་རྣམ་དག་ཆེན་པོའི་དགོངས་དོན་རྣམས་ཚུལ་བཞིན་རྟོགས་ནས་དེ་ལྟར་སྨྲ་བ་ནི་ཡང་དག་པའི་སྨྲ་བ་ཡིན་ལ། མ་རྟོགས་ནས་ཚིག་ཙམ་གྱི་རྗེས་སུ་དེ་ལྟར་སྨྲ་བ་ནི་དོན་ལོག་པར་སྨྲ་བ་ཡིན་

p. 739

པར་ཤེས་པར་བྱ་ཞིང་གང་ཞིག་རྒྱལ་བའི་དགོངས་པ་ཟབ་མོ་ཚུལ་བཞིན་འབྱེད་པ་ལ་མཁས་པ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་འདིར་སུས་ཀྱང་དེའི་སྨྲ་བ་ཟིལ་གྱིས་གནོན་པར་མི་འགྱུར་ཏེ་རི་དྭགས་ཀྱི་ཚོགས་སུ་སེང་གེའི་སྒྲ་བཞིན་ནོ། །དེ་ཡང་འདི་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོས་ཆོས་ཐམས་ཅད་ཇི་ལྟ་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་ཇི་སྙེད་པ་ཐམས་ཅད་མ་འདྲེས་པར་རྣམ་རྟོག་མེད་ཅིང་དབང་པོ་ལ་བརྟེན་པ་མིན་པར་རང་རིག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རབ་ཏུ་རྟོགས་པ་དང་ཡང་དག་པར་རིག་ཅིང་ཐུགས་སུ་ཆུད་པ་ཡིན་ལ། དེའི་དབང་གིས་གདུལ་བྱ་ལ་ཟབ་ཅིང་རྒྱ་ཆེ་བའི་བདེན་པ་གཉིས་ཀྱི་ཆོས་སྟོན་པ་ཡིན་གྱི་རང་རིག་པ་མེད་ན་དེ་ལྟར་ཆོས་མ་ནོར་བར་སྟོན་པའི་ཡེ་ཤེས་མེད་པར་འགྱུར་རོ། །ཅི་སྟེ་རྒྱུད་ཉི་ཙེ་བའི་དབང་པོའི་སྒོ་ནས་རང་རིག་པ་ཡིན་ན་དེའི་ཚེ་ཆ་མེད་དང་ཀུན་འགྲོ་ཐམས་ཅད་ལ་ཁྱབ་པའི་ཡེ་ཤེས་སུ་མི་འགྱུར་ཏེ་ཆོས་ཐམས་ཅད་རོ་མཉམ་དུ་མ་གཟིགས་པར་སྒྲིབ་པ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་མཚན་བརྗོད་ལས། མྱ་ངན་འདས་ཞི་མྱ་ངན་འདས། སོགས་ནས། ཀུན་ཤེས་ཀུན་རིག་དམ་པའོ། །ཞེས་བྱ་བ་ནན་ཏན་གྱི་ཡེ་ཤེས་བསྟོད་པས་གསུངས་པ་འདིའི་དོན་བཞིན་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒྲིབ་བྲལ་འབྲས་བུའི་ཡེ་ཤེས་མཐར་ཐུག་པ་ཆོས་ཉིད་དང་གཉིས་སུ་མེད་པར་འོད་གསལ་བ་ཡིན་ཏེ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་དང་། བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ལེའུའི་ཚིགས་བཅད་དགུ་བཅུ་རྩ་དགུ་པར། རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱིས་བགྲོད་བྱ་མིན་པ་ཞེས་སོགས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་དབང་པོ་མེད་ཅིང་སོ་སོ་རང་རིག་པའོ། །གལ་ཏེ་སངས་རྒྱས་

p. 740

ཀྱི་ཡེ་ཤེས་རང་རིག་ཡིན་ན་དེའི་ཚེ་ཕུང་ཁམས་སྐྱེ་མཆེད་མེད་པ་ལས་དེ་སྲིད་པ་མ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་རྣམས་ལས། ཕུང་པོ་མེད་པ་ལ་ཤེས་རབ་ཡེ་ཤེས་ཉེ་བར་དམིགས་པར་མི་འགྱུར་ཏེ། དབང་པོ་གཉིས་ཀྱི་སྦྱོར་བ་ལས་བྱང་ཆུབ་ཀྱི་སེམས་འབྱུང་བའི་དུས་སུ་ཁྱད་དགའ་དང་ལྷན་སྐྱེས་དག་གི་དབུས་སུ་ཐིག་ལེ་གྲོལ་བ་གསུམ་གྱི་མཐར་སྐད་ཅིག་གཅིག་ཙམ་དུ་ཀུན་དུ་བཟང་པོ་བདེ་བ་ཆེན་པོའི་ཡེ་ཤེས་ཏེ་འདི་ཉིད་རང་རིག་པར་གསུངས་སོ། །འདིར་བྱང་ཆུབ་སེམས་ཀྱི་ཐིག་ལེ་འབྱུང་བ་དང་བྲལ་བ་མྱ་ངན་འདས་པ་དང་བྲལ་བ་དབང་པོ་མེད་པ་ལས་ཀུན་དུ་བཟང་པོ་བདེ་བ་ཆེན་པོའི་ཡེ་ཤེས་སུ་ཇི་ལྟར་འགྱུར་ཏེ་ནམ་མཁའི་མེ་ཏོག་གི་དྲི་མོ་གཤམ་བུ་ཡིས་བསྣམས་པ་བཞིན་དུ་རྣམ་པར་དཔྱད་ན་དེ་འདྲའི་རང་རིག་དོན་མེད་པའོ་ཞེས་མི་མཁས་པ་འགའ་ཞིག་གིས་བསམ་པ་འབྱུང་བ་དེའི་ཕྱིར་བརྗོད་པ། བྱང་སེམས་འགྱུར་བའི་བདེ་བ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ཤེས་རབ་ཡེ་ཤེས་སུ་གསུངས་པ་འདི་ནི་དེ་ལྟར་ངེས་དོན་མ་ཡིན་ཏེ། བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པའི་དགག་པར་རྒྱ་ཆེར་གསུངས་པའི་ཕྱིར་རོ། །གལ་ཏེ་གསུམ་པའི་འགྱུར་བདེ་ཀུན་བཟང་བདེ་ཆེན་བཞི་པ་ཡིན་ན་དེའི་ཚེ་དེ་བརྗོད་ཟིན་པས་སླར་ཡང་བཞི་པ་ཞེས་ཟློས་པ་ལ་དགོས་པ་མེད་པས་གསུངས་མི་རིགས་ཏེ་ལག་པ་ཞེས་ལན་གཉིས་བརྗོད་པ་དང་། ཞོ་བརྗོད་ཟིན་པའི་རྗེས་ལ་སླར་ཡང་ཞོ་ཞེས་བརྗོད་པ་ནམ་ཡང་མི་དགོས་པ་བཞིན་ནོ། །ཀུན་རྫོབ་ཀྱི་ཡེ་ཤེས་ལ་དོན་དམ་བཞི་པར་བཤད་པ་འདི་ནི་བྱིས་པ་དང་སྨྱོན་པའི་ཚིག་ལྟ་བུ་ཡིན་གྱི་མཁས་པ་རྣམས་ཀྱི་མ་ཡིན་ཏེ། བཞི་པ་ཞེས་གསུངས་པས་གསུམ་པ་ཉིད་བཞི་བར་མི་འགྱུར་རོ༑ ༑དེ་ཡང་དེ་བཞིན་ནོ་ཞེས་གསུངས་པས་དེ་ཉིད་ཤེས་རབ་ཡེ་ཤེས་སུ་འདོད་ན། ཚིག་འདིའི་དོན་མ་ཤེས་པའི་བྱིས་པ་རྣམས་ཀྱིས་དབང་པོ་གཉིས་ལས་བྱུང་བའི་འགྱུར་བདེ་ལ་ཆགས་པའི་དེ་ཉིད་ཡེ་ཤེས་སུ་རློམ་ནས་བདེ་བ་ཆེན་པོའི་བཞི་པའི་དོན་ལས་ཉམས་པའི་ཆོས་མ་ཡིན་པ་རབ་

p. 741

ཏུ་འཇུག་པ་འདི་བྱུང་བ་ཡིན་ཏེ། དེའི་ཕྱིར་འཕོ་བའི་བདེ་བ་ནི་བཞི་པའི་ཡེ་ཤེས་ཀུན་བཟང་བདེ་བ་ཆེན་པོར་མི་འགྱུར་རོ། །མཚན་བརྗོད་ལས་ཀྱང་། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་རྣམ་པ་ཀུན་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་གང་ཞིག་རྡུལ་ཕྲ་རབ་ཀྱི་རྫས་སུའང་གྲུབ་པ་མེད་པའི་ཕྱིར་དངོས་པོའི་རྣམ་པ་མེད་པས་རང་སེམས་ལ་འཁྱུད་པའི་འོད་གསལ་མངོན་དུ་བྱས་པ་ལས། ཞུ་བདེའི་རང་བཞིན་དགའ་བ་བཅུ་དྲུག་འབྱུང་བ་ཡང་དེ་ཡི་ཕྱེད་བརྒྱད་དང་དེའི་ཕྱེད་བཞི་སྟེ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་བཞི་འཕོ་མེད་དུ་འཛིན་པར་མ་འཆང་བའོ། །དེ་ལྟར་ཐིག་ལེ་འཕོ་མེད་དུ་བཅིངས་པ་ལས་ཆགས་པ་དང་ཆགས་བྲལ་གྱི་མཐར་མ་ལྷུང་བའི་ཆ་མེད་ཅིང་བདེ་སྟོང་དབྱེར་མི་ཕྱེད་པ་ལ་ཆ་དང་རིས་སུ་ཕྱེ་བའི་སྤྱོད་ཡུལ་མེད་པ་རང་བཞིན་ལྷན་སྐྱེས་བདེ་བ་ཆེན་པོ་མངོན་དུ་རིག་པ་ནི། བསམ་གཏན་བཞི་པའི་རྩེ་མོ་སྟེ་ལྷན་སྐྱེས་ཀྱི་ཡེ་ཤེས་འཆང་བའོ། །རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ལེའུ་ལྔ་པའི་ཚིགས་བཅད་བརྒྱ་ཉེར་དྲུག་པར། དེ་ལྟར་སེམས་ནི་རྣམ་བཞི་སོགས་ཀྱིས་ཐིག་ལེ་འཆང་བ་ལས་ལྷན་སྐྱེས་འབྱུང་གི་ཐིག་ལེ་འཕོ་བ་ལས་མཆོག་གི་བདེ་བ་ལྷན་སྐྱེས་ཐར་པ་མི་སྟེར་བར་གསུངས་པ་དེའི་ཕྱིར་འཕོ་བའི་འཛག་བདེ་ཅན་དབང་གསུམ་པ་ནི་དབང་བཞི་པ་དོན་དམ་པའི་ཡེ་ཤེས་སུ་མི་འགྱུར་རོ། །འདིར་གལ་ཏེ་ཐིག་ལེ་འདོར་ཞིང་འཛག་པའི་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་བདེ་བ་དེ་བཞི་པ་ཡིན་ན་དེའི་ཚེ་བཅོམ་ལྡན་འདས་ཀྱང་བཅུ་དྲུག་ཕྱེད་ཕྱེད་ཀྱི་ཐིག་ལེ་འཆང་བར་མི་འགྱུར་ཞིང་འདོར་བའམ་འཕོ་བར་འགྱུར་རོ། །བཞི་པ་ཁྱད་པར་དགའ་བ་ཡིན་ན་དེའི་ཚེ་དགའ་བ་དང་མཆོག་དགའ་ཁྱད་པར་དགའ་བ་གསུམ་ལས་བཞི་པ་ལྷན་སྐྱེས་དགའ་བ་དང་བཅས་པའི་བཞི་ཡི་རང་བཞིན་ཅན་བསམ་གཏན་བཞི་པའི་རྩེ་མོ་འཆང་བར་མི་

p. 742

འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་དབང་པོ་མེད་ཅིང་རང་རིག་པའོ། །དེ་བས་ན་ལྷན་སྐྱེས་འགྱུར་མེད་ཀྱི་བདེ་ཆེན་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་ཤིན་ཏུ་བརྟན་པར་བསྲུང་བར་བྱ་སྟེ་སྤང་བར་མི་བྱའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་དང་དབྲལ་བའི་ཐིག་ལེ་གཞན་གཅི་བ་ཆུ་ལ་སོགས་པ་ནང་དུ་ལུས་སམ་ཕྱི་རོལ་དུ་ཡོད་ཀྱང་དེས་སངས་རྒྱས་ཀྱི་འབྲས་བུ་སྟེར་བར་མི་འགྱུར་རོ། །གལ་ཏེ་བཞི་པ་ཤེས་རབ་ཡེ་ཤེས་གསུམ་པར་མི་འགྱུར་ཞིང་བཅོམ་ལྡན་འདས་རྣམ་པ་ཀུན་དུ་ཐིག་ལེ་བཞི་འཕོ་མེད་དུ་འཆང་བ་ཡིན་ན། དེ་ཡང་དེ་བཞིན་ནོ་ཞེས་མཚུངས་པར་བསྟན་པ་འདིས་ཤེས་རབ་ཡེ་ཤེས་གཞན་ཅི་ལྟ་བུ་ཞིག་ཡིན་ཞེ་ན། འདིར་རྡོ་རྗེ་ཐེག་པ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་གཉིས་ལ་བརྟེན་ནས་ཤེས་རབ་རྣམ་པ་གསུམ་གསུངས་ཏེ། ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་མོ་གསུམ་སྟེ་དེ་གསུམ་ཀར་ཡང་ཕྱག་རྒྱ་ཞེས་པའི་མངོན་པར་བརྗོད་པའམ་མིང་འཇུག་གོ། དེ་ལས་ཕྱག་རྒྱ་དང་པོ་གཉིས་ལ་བརྟེན་ནས་སྐྱེས་པའི་བདེ་བ་ནི་གཡོ་ཞིང་འགྱུར་བའི་མཚན་ཉིད་ཅན་ཡིན་ཞིང་། ཕྱག་རྒྱ་ཆེན་མོའི་བདེ་བ་ནི་མི་འཕོ་མི་གཡོ་བའོ། །འདིར་གལ་ཏེ་ཤེས་རབ་ལ་བརྟེན་ནས་ཐབས་ལ་སྐྱེས་པའི་ཤེས་རབ་ཡེ་ཤེས་སུ་འགྱུར་ལ་ཐབས་ལ་བརྟེན་ནས་ཤེས་རབ་མ་ལ་སྐྱེས་པའི་བདེ་བ་ནི་ཐབས་ཀྱི་ཡེ་ཤེས་སུ་འགྱུར་ཏེ་ཆ་གཉིས་སུ་འགྱུར་ལ། དེ་ལྟར་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གཉིས་སུ་མེད་པའི་ཡེ་ཤེས་མེད་དེ་དུ་མར་འགྱུར་རོ། །གཉིས་སུ་མེད་པའི་ཡེ་ཤེས་མེད་ན་སངས་རྒྱས་ཉིད་ཀྱང་མེད་པར་འགྱུར་ཏེ་རྣམ་པར་དག་པ་མཆོག་ཏུ་མི་འགྱུར་བ་ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའི་ཡེ་ཤེས་མེད་པའི་ཕྱིར་རོ། །གལ་ཏེ་ཤེས་རབ་ལ་སྐྱེས་པའི་བདེ་བ་ཡང་ཤེས་རབ་ཡེ་ཤེས་ཡིན་ན་ཐབས་ལ་སྐྱེས་པའི་བདེ་བའང་ཐབས་ཀྱི་ཡེ་ཤེས་སུ་འགྱུར་བས་ཆ་གཉིས་སུ་འགྱུར་བའི་སྐྱོན་སྔ་མ་བཞིན་ནོ། །དེས་ན་མཚན་བརྗོད་ལས། རྡོ་རྗེ་

p. 743

རྫོགས་སངས་རྒྱས་པའི་གདན། སངས་རྒྱས་བརྗོད་པའི་ཆོས་འཛིན་པ་སོགས་ཚིགས་བཅད་གཉིས་ཀྱིས་གསུངས་པ་ལྟར་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་བདེ་བ་འགྱུར་མེད་འཛག་པ་མེད་པའི་ཡེ་ཤེས་སོ་སོ་རང་རིག་པ་ནི་དཔལ་ལྡན་སངས་རྒྱས་དང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཛོད་འཛིན་པ་སོགས་སུ་འགྱུར་རོ། །རྒྱུད་ཀྱི་རྒྱལ་པོ་འདིར་ཡང་སྒྲུབ་ཐབས་ལེའུའི་ཚིགས་བཅད་བརྒྱ་གོ་དགུ་པར། སེམས་ནི་རྙོགས་པ་དང་བཅས་སོགས་ཚིགས་བཅད་གཉིས་ཀྱིས་ལས་རྒྱ་དང་ཡེ་རྒྱ་སྤངས་ནས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་ལྷན་སྐྱེས་བསྒོམ་པར་གསུངས་པ་དང་། རྩ་བའི་རྒྱུད་ལས་ཀྱང་། ལས་ཀྱི་ཕྱག་རྒྱ་བརྟགས་པ་ཡི། །ཡེ་ཤེས་ཕྱག་རྒྱ་ཡོངས་སྤངས་ནས། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་མོ་རྣམ་པར་བསྒོམ། །ཞེས་གསུངས་པ་ལྟར། ཕྱག་རྒྱ་ཆེན་མོའི་ཡེ་ཤེས་བསྒོམ་པ་མ་གཏོགས་པར། ལས་ཀྱི་ཕྱག་རྒྱའི་བདེ་བ་ནི་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ཡིད་ཀྱིས་རྣམ་པར་བརྟགས་པ་ཡེ་ཤེས་ཕྱག་རྒྱའི་ཤེས་རབ་ཀྱི་བདེ་བ་ནི་ཀུན་ཏུ་བཟང་པོ་མི་འགྱུར་བའི་བདེ་ཆེན་དུ་མི་འགྱུར་ཏེ་རྣམ་པར་རྟོག་པ་ཡོངས་སུ་མ་སྤངས་པའི་ཕྱིར་རོ། །དེས་ན་བླ་མ་དམ་པ་མ་ཡིན་པའི་མན་ངག་ལས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཉམས་པ་སྟེ་མི་ལྡན་པ་རྣམས་ནི་མི་མཁས་པ་ཕྱུགས་ཉིད་དུ་བྱེད་ཅིང་སངས་རྒྱས་ཉིད་ནི་འཐོབ་པ་མེད་དེ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མེད་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རབ་ཏུ་མི་གནས་པ་ནི་བླ་མ་དམ་པ་མ་ཡིན་པ་ལམ་དང་བྲལ་བས་ལ མ་དོན་གཉེར་གྱི་རྣལ་འབྱོར་རྣམས་ལ་རབ་ཏུ་རྟོགས་པར་བྱ་མི་ནུས་ལ། དེ་དག་གི་ལམ་ཡང་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་འཛག་བདེ་གཡོ་བ་ཙམ་ལས་གནས་ལུགས་ཕྱག་རྒྱ་ཆེན་པོ་འཕོ་མེད་ཀྱི་བདེ་བ་མི་ཤེས་པས་དབང་ཐམས་ཅད་དོན་མེད་པར་འགྱུར་ཏེ། གསང་སྔགས་ཀྱི་དབང་དང་གདམས་པ་ཐམས་ཅད་འདི་ཉིད་ཐོབ་ཅིང་རྟོགས་

p. 744

པའི་དོན་དུ་ཡིན་པའི་ཕྱིར་རོ། །གལ་ཏེ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དེ་ཉིད་བཞི་པ་ཡིན་ཞིང་། ཕྱག་རྒྱ་ཆེན་མོ་དང་བྲལ་བས་དེ་མི་འགྲུབ་ན། དབང་པོ་གཉིས་སྦྱོར་གྱི་བདེ་བ་བསྒོམ་པས་སྐྱེ་བ་འདིར་སངས་རྒྱས་རྡོ་རྗེ་འཛིན་པ་ཐོབ་པར་གསུངས་པ་ཅིའི་དོན་དུ་ཡིན་ཅེ་ན། དེ་ལ་བརྗོད་པ་དབང་པོ་གཉིས་སྦྱོར་བའི་སྙོམས་པར་འཇུག་པས་བདེ་བ་ཆེན་པོ་བསྒོམ་པར་གསུངས་པ་ནི་བདེན་ཏེ་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པའི་ཚིགས་བཅད་དགུ་བཅུ་རྩ་དགུ་བར། ཆགས་པ་གང་གིས་སེམས་ཅན་རྣམས་ནི་ཞེས་སོགས་གསུངས་པ་ལྟར། སེམས་ཅན་རྣམས་འཆིང་བར་བྱེད་པ་འཕོ་བའི་ཆགས་པ་དེ་ཉིད་འཕོ་བ་མེད་པར་བཅིངས་ན་གྲོལ་བའི་ཐབས་སུ་དེ་ལྟར་བསྟན་ཏེ༑ ཐོག་མ་མེད་པའི་དུས་ནས་གནས་པའི་འཕོ་བའི་བག་ཆགས་ནི་གློ་བུར་བའི་དྲི་མ་འཁོར་བ་ཡིན་ཀྱང་ཕྱག་རྒྱའི་སྦྱོར་བ་གང་གིས་ཐབས་ཀྱི་དེ་མི་འཕོ་བར་འཆིང་བར་བྱེད་པ་དངུལ་ཆུ་དང་མེ་བཞིན་ཏེ་སྒྲུབ་ཐབས་ལེའུའི་ཚིགས་བཅད་ཉིས་བརྒྱ་ཉེར་བཞི་བ་ལས། མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་ཞེས་སོགས་གསུངས་པ་བཞིན་དུ། དེ་ལྟར་ཁམས་འཕོ་མེད་དུ་བསྒྲུབ་པ་ལ་དཔེར་ན་མེ་ནི་དངུལ་ཆུའི་དགྲ་ཡིན་ཡང་མེ་དང་བྲལ་ན་དངུལ་ཆུ་མི་འཆིང་བ་ལྟར་དང་པོར་ལས་ཀྱི་ཕྱག་རྒྱའི་སྐྱེ་གནས་ལ་བརྟེན་ནས་བདེ་བ་སྤེལ་བའི་ཐབས་ཀྱིས་ཁམས་རགས་པ་འཆིང་བར་བྱས་ནས། དེ་ནས་ཁམས་ཕྲ་ཞིང་ཕྲ་བ་མཐའ་དག་ནམ་ཡང་གཡོ་མེད་དུ་འཆིང་ཞིང་བརྟན་པའི་ཆེད་དུ་ཕྱག་རྒྱ་ཆེན་མོ་ལ་བརྟེན་པར་བྱས་ན་ཐབས་དེས་སྐྱེ་བ་འདི་ཉིད་ལ་བྱང་ཆུབ་མཆོག་འཕོ་བ་མེད་པའི་གོ་འཕང་སྟེར་བ་ལ་དགོངས་པ་ཡིན་གྱི་འཛག་བདེ་འབའ་ཞིག་གིས་ནི་སྐྱེ་བ་འདི་དང་སྐྱེ་བ་གཞན་དུ་མར་ཡང་སངས་རྒྱས་ཀྱི་འབྲས་བུ་སྟེར་བ་མ་ཡིན་ནོ། །དེའི་ཕྱིར་དེ་ཁོ་ན་ལ་སངས་རྒྱས་ཀྱི་ལམ་དུ་འདོད་པ་ནི་རྨོངས་པ་ཕྱུགས་ཀྱི་ལས་སོ། །དེ་ལྟར་ཡང་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པའི་ཚིགས་བཅད་བདུན་ཅུ་རྩ་གསུམ་པར་རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་ཞེས་སོགས་དང་ཚིགས་བཅད་བརྒྱ་བཅུ་

p. 745

གསུམ་པར་སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་པ་ཞེས་སོགས་ཀྱིས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་འཕོ་མེད་བདེ་བ་སྒྲུབ་པར་གསུངས་པ་བཞིན་ནོ། །འོ་ན་དེ་བཞིན་གཤེགས་པས་ཕུང་ཁམས་སྐྱེ་མཆེད་དང་ལྡན་པས་དབང་པོ་གཉིས་ཀྱི་སྦྱོར་བ་ལས་ཤེས་རབ་ཡེ་ཤེས་སྐྱེ་བར་གསུངས་པ་ཡིན་ན། ཕུང་ཁམས་སྐྱེ་མཆེད་མེད་ཅིང་དབང་པོ་གཉིས་ཀྱི་སྦྱོར་བ་མེད་པ་ལ་ཁམས་ཞུ་ཞིང་འཕོ་བ་མེད་པས་བདེ་བ་ཇི་ལྟར་སྐྱེ། རང་གི་སེམས་ཀྱི་སྣང་བ་རྡུལ་ཕྲ་རབ་ཚོགས་པའི་རྫས་མེད་པ་ལ་རང་སེམས་རྗེས་སུ་ཆགས་པར་བྱས་པས་མི་འགྱུར་བའི་བདེ་བའི་ཡེ་ཤེས་ལོངས་སྤྱོད་ཅིང་རང་སེམས་སྒྲིབ་བྲལ་དུ་ཇི་ལྟར་བྱེད་དེ་ལྷས་བྱིན་རང་གི་ཕྲག་པར་ཞོན་ནས་གྲོང་དུ་འགྲོ་ཞེས་པ་ལྟར་མི་རིགས་པའི་གཏམ་དང་འདྲ་བར་འགྱུར་རོ་ཞེས་གཞན་དག་གི་བསམ་པ་འབྱུང་བ་ལ་བརྗོད་པ། འདིར་རྨོངས་པ་རྣམས་ཀྱི་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་མ་གཏོགས་པར་སེམས་ཀྱི་སྣང་བ་ཙམ་གྱི་ཤེས་རབ་ཡེ་ཤེས་ཀྱི་བདེ་བ་རང་རིག་པར་མི་འགྱུར་སྙམ་པ་དེ་ནི་དེ་ལྟར་མ་ཡིན་ཏེ། འདིར་གང་གི་གློ་བུར་བའི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་བདེ་སྡུག་བསྐྱེད་པ་ཡོད་དེ། གང་ཕུང་ཁམས་སྐྱེ་མཆེད་རགས་པར་སྣང་བ་རྣམས་ཀྱང་སེམས་ཀྱི་བག་ཆགས་གློ་བུར་བའི་དབང་གིས་ཡིན་གྱི་བག་ཆགས་ཀྱི་དབང་མ་ཡིན་པའི་ཕུང་ཁམས་སྐྱེ་མཆེད་རང་དབང་དུ་གྲུབ་པ་ནི་གང་ཡང་མེད་དོ། །དེའི་མཐུས་སེམས་ལ་བདེ་སྡུག་ཚོར་བ་འཇུག་སྟེ། དོན་དམ་པར་དཔྱད་ན་སེམས་ཀྱིས་བག་ཆགས་ཀྱིས་རང་གི་ལུས་སུ་མ་བཟུང་བའི་ལུས་ལ་ནི་ཉེར་འཚེ་ཕྲ་མོ་ཡང་མི་འབྱུང་སྟེ་རོ་བཞིན་ནོ། །འདིར་རྨི་ལམ་གྱི་གནས་སྐབས་སུ་རྡུལ་ཕྲན་ཚོགས་པའི་ལུས་འདི་མལ་ན་གནས་བཞིན་ཉེར་འཚེ་ཕྲ་མོ་ཡང་མེད་མོད་ཀྱི། རྨི་ལམ་དེར་རང་ལུས་གཡང་ལ་ལྷུང་སྟེ་ཡན་ལག་ཉམས་པ་སོགས་རྨིས་པའི་སེམས་ཀྱི་བག་ཆགས་ཀྱིས་སེམས་ལ་སྡུག་བསྔལ་འཇུག་ལ། དེ་བཞིན་

p. 746

གཅན་གཟན་དང་དགྲ་ཡིས་འཆིང་བ་སོགས་ཀྱིས་འཇིགས་པའི་སྡུག་བསྔལ་དང་། འགྲོ་བ་བཟང་མོ་དང་ཕྲད་དེ་རེག་པའི་རྩེ་དགའ་མྱོང་བའི་ཡིད་ལ་བདེ་བ་འཇུག་པ་འདི་ལྟ་བུ་འཇིག་རྟེན་ཐམས་ཅད་ལ་གསལ་ཞིང་རབ་ཏུ་གྲགས་པའོ། །དེ་ལྟར་རྨི་ལམ་ན་རྡུལ་ཕྲ་རབ་ཚོགས་པའི་ལུས་ཀྱིས་ཡུལ་གཞན་དུ་ཕྱིན་པ་མེད་ཀྱང་ཡུལ་གཞན་དུ་ཕྱིན་པའི་ལུས་དེ་ལ་བདེ་སྡུག་མྱོང་བ་རང་རིག་པ་ནི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་འབྱུང་བ་འདི་ནི་ངོ་མཚར་བ་སྟེ། སེམས་ཅན་རྣམས་ཀྱི་བག་ཆགས་ཀྱི་དབང་གིས་སྣང་བའི་ཉི་ཙེ་བའི་ཤེས་པ་འདི་ཡི་མྱོང་སྣང་འདི་དག་མཁས་པ་རྣམས་ཀྱིས་དཔྱད་པར་མི་ནུས་ན། འཁོར་བའི་བག་ཆགས་ལས་འདས་ཤིང་མྱ་ངན་འདས་པའི་བག་ཆགས་ལས་བྱུང་བ་རྣལ་འབྱོར་པའི་རང་རིག་པ་ཀུན་བཟང་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་རྨོངས་པ་རྣམས་ཀྱིས་བརྟག་པར་མི་ནུས་པ་སྨྲོས་ཅི་དགོས་སོ། །ཅི་སྟེ་མུ་སྟེགས་པ་སྡིག་པའི་བློ་གྲོས་ཅན་སྲོག་གི་རླུང་གི་དེ་ཉིད་ལ་ཞེན་པ་རྣམས་ཀྱིས་རྨི་ལམ་གྱི་སྐབས་སུ་རྡུལ་ཕྲ་རབ་ཚོགས་པའི་ལུས་འདི་ལ་དབུགས་འབྱུང་འཇུག་ཡོད་ཅིང་དེའི་མཐུས་རྨི་ལམ་གྱི་སྣང་བ་དང་བདེ་སྡུག་མྱོང་ངོ་ཞེ་ན་འཆི་བ་དང་བརྒྱལ་བའི་སྐབས་སུ་ཐུན་ཚོད་གཅིག་གི་བར་དུ་དབུགས་འབྱུང་འཇུག་མེད་པར་གྱུར་པ་དེ་ཡི་ཚེ། གང་ཟག་དེ་གཤིན་རྗེའི་རྒྱལ་པོའི་གྲོང་དུ་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་ཁྱེར་ནས་གཤིན་རྗེ་འཁོར་བཅས་སྣང་ཞིང་དེའི་དགེ་སྡིག་ལ་དཔྱད་དེ། འདི་ད་དུང་ཚེ་མ་ཟད་པས་སླར་སྐྱོལ་ཞེས་བྱས་པས་ཕོ་ཉ་རྣམས་ཀྱིས་རང་གི་ཕུང་པོའི་དྲུང་དུ་བསྐྱལ་བ་དང་སླར་ཡང་རང་གི་ལུས་ལ་ཞུགས་ཏེ་དབུགས་འབྱུང་ཞིང་གཉེན་རྣམས་ལ་གཤིན་རྗེའི་ཡུལ་གྱི་གཏམ་བརྗོད་པ་ཡོད་དོ། །དེའི་ཕྱིར་རྡུལ་བསགས་པའི་ལུས་མེད་ཅིང་དབུགས་འབྱུང་འཇུག་དག་མེད་པར་ཡང་ཐོག་མེད་ནས་གོམས་པའི་སེམས་ཀྱི་བག་ཆགས་གློ་བུར་བ་ཡང་ཡང་སྐྱེ་བའི་དབང་གིས་བདེ་སྡུག་གི་སྣང་བ་སྣ་ཚོགས་འབྱུང་ཡང་། བག་ཆགས་འདི་གློ་བུར་བ་ཡིན་

p. 747

པས་སེམས་ཀྱི་གཤིས་ལ་ཞུགས་པ་མ་ཡིན་ཏེ་ཡིན་ན་བག་ཆགས་དང་བྲལ་བའི་སངས་རྒྱས་སུ་མི་འགྱུར་རོ། །དེས་ན་གློ་བུར་བའི་བག་ཆགས་ཟད་པ་ལས་སངས་རྒྱས་ཉིད་དུ་འགྱུར་བར་དེ་བཞིན་གཤེགས་པས་གསུངས་སོ། །དེ་ལྟར་རིགས་པའི་རྣམ་པ་དུ་མས་དཔྱད་ན་འཁོར་བ་འདི་ནི་རང་གི་སེམས་ཀྱི་བག་ཆགས་ཀྱི་སྣང་བ་ཙམ་སྟེ་གཞན་འགའ་ཡང་མིན་ནོ། །འཁོར་བའི་བག་ཆགས་ཀྱང་ཁུ་རྡུལ་རླུང་གསུམ་གྱི་འཕོ་བའི་མཚན་ཉིད་ཀྱི་སྐད་ཅིག་མ་ཡིན་གྱི་མི་འགྱུར་བ་མ་ཡིན་ཏེ། ནམ་མཁའ་བཞིན་དུ་མི་འགྱུར་བ་ཞིག་ན་བག་ཆགས་སྣ་ཚོགས་སྐྱེད་པར་མི་རིགས་པས་བག་ཆགས་མཐའ་དག་བྲལ་ཏེ་སྲིད་ཞི་མཉམ་ཉིད་དུ་གྱུར་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་སྐྱེ་བ་དང་འགག་པའི་སྐད་ཅིག་མ་རྣམ་པ་ཀུན་དུ་མེད་པ་ནི། དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད་ཅེས་གསུངས་པ་བཞིན་ནོ། །མྱ་ངན་ལས་འདས་པའི་བག་ཆགས་ནི་མི་འཕོ་བའི་མཚན་ཉིད་ཀྱི་སྐད་ཅིག་གི་རྒྱུ་ཡིན་གྱི་འགྱུར་བ་ཡི་མ་ཡིན་པ་ནི་ལམ་གྱི་སྐབས་སུའོ། །དེ་ལྟར་རྒྱུད་འདིར་ཡང་ནང་གི་ལེའུའི་ཚིགས་བཅད་བརྒྱ་དང་གཉིས་པར་གང་ཞིག་གང་གི་དབུས་སུ་སོགས་གསུངས་པ་བཞིན་སྲིད་པ་གསུམ་དུ་བག་ཆགས་ཀྱི་གོམས་པས་སེམས་བཅིངས་ནས་འཁྱམས་ཚུལ་དང་། མྱང་འདས་ཀྱི་བག་ཆགས་ཀྱང་ལེའུ་དེ་ཉིད་ལས་ཚིགས་བཅད་དགུ་བཅུ་རྩ་བདུན་པར། རྣལ་འབྱོར་དབང་པོ་རྣལ་འབྱོར་མ་ཐོབ་སོགས་ཀྱིས་ཚེ་འདིར་ལམ་གོམས་པའི་བག་ཆགས་ལས་སྐྱེ་བ་གཞན་དུ་འབྲས་བུ་ཐོབ་པར་གསུངས་པ་བཞིན། དེའི་ཕྱིར་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སྟོང་གཟུགས་ཕྱག་ཆེན་ལ་འཁྱུད་པའི་བདེ་བ་ཆེན་པོ་རང་རིག་པ་ཤེས་རབ་ཡེ་ཤེས་སུ་འགྱུར་གྱི་ངེས་པར་རྡུལ་ཕྲ་རབ་ཀྱི་ལུས་ཅན་ཕྱག་རྒྱ་དང་སྦྱོར་དགོས་པ་མིན་ནོ། །ཅི་སྟེ་རྨི་ལམ་གྱི་སྐབས་སུ་འཁྲིག་པ་བྱེད་པ་རྨིས་པས་གཉིད་ལོག་པའི་ལུས་ལས་ཁུ་བ་འཛག་པའི་ཕྱིར་ན་ལུས་ཀྱི་མཐུས་བདེ་བ་རང་རིག་པར་འགྱུར་

p. 748

གྱི་སེམས་ཀྱི་བག་ཆགས་ཁོ་ནས་བདེ་བ་རང་རིག་པ་མིན་ནོ་སྙམ་དུ་དབང་པོ་གཉིས་ཀྱི་འཛག་བདེ་ལ་ཞེན་པ་དག་གིས་སེམས་ན། ཚིག་དེ་ནི་ཚད་མ་མིན་ཏེ། གང་ཕྱིར་རྡུལ་ཕྲན་བསགས་པའི་ལུས་མེད་པའི་གཟུགས་མེད་པའི་སྲིད་པ་རྣམས་ཀྱི་རྒྱུད་ལ་ཡང་འཛག་པ་ཡོད་པའི་ཕྱིར་རོ། །གལ་ཏེ་རྡུལ་ཕྲན་ཚོགས་པའི་ལུས་མེད་པར་འཕོ་བར་མི་འགྱུར་ཞིང་། འཕོ་བ་མེད་པ་འཁོར་བར་མི་འགྱུར་ལ་འཁོར་བ་མེད་པར་བདེ་བ་ཆེན་པོ་ལ་ཉེ་བར་དམིགས་པར་ཡང་མི་འགྱུར་བ་དེའི་ཚེ། གཟུགས་མེད་པའི་རིས་རྣམས་འཕོ་བ་མེད་པར་ཁྱོད་འདོད་པས་སླར་སངས་རྒྱས་ཉིད་ཀྱི་སླད་དུ་ཁམས་འོག་མར་སྐྱེ་བ་མི་སྲིད་པར་འགྱུར་ཏེ་དེ་ལ་ལུས་མེད་ཅིང་ཁ་ཟས་ཅན་མ་ཡིན་པས་སོ། །དེ་ལྟར་ན་དེ་རྣམས་ལ་ཁུ་བ་འཕོ་བ་མེད་ཅིང་བདེ་བ་མེད་ལ་འཁོར་བའང་མེད་དགོས་ན་དེ་ལྟར་མ་ཡིན་པས་གནོད་དོ། །རྒྱུད་འདིར་ཡང་། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་སུ་མཐའ་དག་རོ་དྲུག་ཟོས་ཤིང་ཞེས་སོགས་གསུངས་པ་ལྟར་དོན་དམ་པར་སྐྱེ་བ་མེད་ཀྱང་ཀུན་རྫོབ་ཇི་ལྟར་སྣང་བའི་དབང་དུ་བྱས་ན་རོ་དྲུག་གི་ཟས་ཟོས་པ་ཤ་སོགས་ཁམས་ཀྱི་ཚོགས་སུ་འགྱུར་ཞིང་དེ་ལས་མངལ་ནས་སྐྱེ་བའི་ས་བོན་ཁུ་བ་འབྱུང་ལ་དེ་ལས་ལུས་སྐྱེ་ཞིང་། འཆི་བའི་དུས་སུ་ཡང་ཁམས་དང་ཡོན་ཏན་ལྔའི་བདག་ཉིད་ཀྱི་ས་བོན་དེ་ཉིད་ངེས་པར་འབྱུང་ངོ་། །སླར་ཡང་རྨི་ལམ་གྱི་ལུས་བཞིན་དུ་བག་ཆགས་ཀྱི་ལུས་རྡུལ་ཕྲ་རབ་ཀྱི་ཚོགས་པ་སྤངས་པར་སྣང་ཞིང་། དེ་ཉིད་ཀྱིས་རྡུལ་བསགས་པའི་ལུས་སླར་ཡང་འཛིན་པར་བྱེད་དོ། །དེ་ལྟར་སྲིད་པ་སྔ་ཕྱི་ནི་རྒྱུན་གྱིས་འབྱུང་ཡང་སྔ་མ་ཕྱི་མར་གོ་འཕོས་པ་མེད་ལ་རྒྱུ་མེད་པར་མ་ཡིན་ཏེ་ཁ་ཏོན་དང་མར་མེ་ལ་སོགས་པ་བཞིན་དུ་འཁོར་རོ། །དེ་ལྟར་མི་དང་དུད་འགྲོ་སོགས་རོ་དྲུག་གི་ཁ་ཟས་ཅན་རྣམས་ལ་ཁུ་བ་འཕོ་བའི་དུས་སུ་ལས་ལས་སྐྱེས་པའི་ས་བོན་འབྱུང་བ་ལྔའི་བདག་ཉིད་ཅན་འབྱུང་སྟེ། དེ་དག་གི་སེམས་ཀྱི་བག་ཆགས་ཀྱང་འབྱུང་བ་ལྔའི་བདག་ཉིད་ཅན་དུ་འགྱུར་རོ། །གཟུགས་ཀྱི་ལྷ་རྣམས་ཀྱི་ལུས་ནི་རོ་དྲུག་གི་ཁ་ཟས་ཅན་མ་ཡིན་པས་འབྱུང་

p. 749

བ་ལྔའི་བདག་ཉིད་དུ་མི་འགྱུར་རོ། །ཟླ་བ་དང་ཉི་མ་སོགས་འདོད་པ་ན་སྤྱོད་པའི་ལྷ་ཡི་རིས་དྲུག་པོ་དེ་རྣམས་ཀྱི་ལུས་ནི་ཆུ་དང་མེ་དང་ང་དང་ནམ་མཁའ་ཚོགས་པའི་བདག་ཉིད་ཅན། གཟུགས་རོ་རེག་བྱ་སྒྲ་བཞིའི་བདག་ཉིད་ཅན་ཡིན་པས་ས་དང་དྲིའི་ཡོན་ཏན་དང་བྲལ་བ་སྟེ་ལུས་ཡང་བ་ཉིད་ཀྱི་ཕྱིར་རོ། །ཁུ་བ་འཕོ་བའི་དུས་སུའང་ས་མ་གཏོགས་པ་དེ་བཞིའི་རང་བཞིན་དང་སེམས་ཀྱི་བག་ཆགས་ཀྱང་དེ་བཞིན་ནོ། །གཟུགས་ཁམས་པའི་ལྷའི་རིས་ནི། མེ་རླུང་རོའི་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཅན། རོ་རེག་བྱ་སྒྲའི་ཡོན་ཏན་གསུམ་དང་ལྡན་པ་སྟེ། ས་ཆུ་དང་དྲི་གཟུགས་ཀྱི་ཡོན་ཏན་བྲལ་བ་ཡིན་ལ་ཁུ་བ་འཕོ་བའི་དུས་སུ་ཡོན་ཏན་གསུམ་གྱི་བདག་ཉིད་དང་སེམས་ཀྱི་བག་ཆགས་ཀྱང་དེ་གསུམ་གྱི་རང་བཞིན་ཅན་ནོ། །གཟུགས་མེད་པའི་རིས་རྣམས་ཀྱི་ལུས་ནི་སྟོང་པའི་ཁམས་ཀྱི་བདག་ཉིད་ཅན་སེམས་ཀྱི་བག་ཆགས་ཙམ་སྟེ། སྒྲའི་ཡོན་ཏན་གྱི་བདག་ཉིད་ཅན་ནོ་ཞེས་ཡོན་ཏན་དེ་དང་ལྡན་པ་ལས་སྒྲ་གྲགས་པ་དང་ཐོས་པའི་འདུ་ཤེས་མངོན་གྱུར་མེད་དོ། །ཁུ་བ་ཡང་ས་སོགས་འབྱུང་བཞི་དང་དེའི་ཡོན་ཏན་དྲི་སོགས་བཞི་མེད་དེ། ནམ་མཁའི་ཁམས་དང་སྒྲའི་ཡོན་ཏན་འབའ་ཞིག་གོ། འདིར་གཟུགས་མེད་ལ་འཕོ་བའི་བག་ཆགས་ཡོད་ཀྱི་དངོས་སུ་ཁུ་བ་འབྱུང་བ་མེད་པ་ནི་སྨྲོས་མ་དགོས་སོ། །དེ་ལྟར་ས་སོགས་འདི་དག་གཙོ་བོའི་ཤས་ཆེ་ཆུང་གི་སྒོ་ནས་དྲི་སོགས་ཀྱི་རྒྱུར་བཞག་གི། ཕལ་པ་འབྱུང་བ་གཅིག་ཁོ་ནས་དྲི་སོགས་རེ་རེ་བསྐྱེད་པའོ། །འཁོར་བའི་བག་ཆགས་སུ་མི་འགྱུར་བས་གང་ན་གཅིག་ཡོད་པ་དེར་གཞན་ཀྱང་དོན་གྱིས་ཚང་བའི་ཚུལ་གྱིས། ཁམས་རེ་རེ་ལ་ཡང་ལྔ་ཆར་བསྐྱེད་པའི་ནུས་པ་ཡོད་པ་ཡིན་ནོ། །སྲིད་པ་གསུམ་པོ་འདི་རྣམས་ལ། དམྱལ་བ་ཡི་དྭགས་དུད་འགྲོ་མི་ལྷ་མིན་འདོད་ལྷ་རིས་དྲུག་བཅུ་གཅིག །གཟུགས་ཁམས་བཅུ་དྲུག་གཟུགས་མེད་བཞི་སྟེ། སྲིད་པ་གསུམ་པོ་འདིར་ས་བོན་འཕོ་བའི་དུས་སུ་གོང་དུ་བཤད་པ་བཞིན་ཡོན་ཏན་ལྔ་དང་བཞི་དང་གསུམ་དང་གཅིག་གི་བདག་

p. 750

ཉིད་ཀྱི་ཁུ་བ་འབྱུང་སྟེ་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སོ། །རྣམ་པ་གཞན་དུ་འཕོ་བའི་བག་ཆགས་མེད་ན་འཁོར་བར་འཁྱམས་པར་མི་འགྱུར་རོ། །རྒྱུ་དེའི་ཕྱིར་རྒྱུད་འདི་ཉིད་ཀྱི་ལེའུ་ལྔ་པའི་ཚིགས་བཅད་ང་བརྒྱད་པར། ས་དང་ཆུ་དང་མེ་དང་སོགས་ཀྱིས་ཁམས་གསུམ་པོ་རྣམས་ཁམས་ཀྱི་ཚོགས་པ་ཟུང་དང་ཟུང་དང་རི་བོང་ཅན་ཏེ་མཐའ་མ་ཆོས་ཀྱི་དབྱིངས་ཞེས་སོགས་གསུངས་སོ། །རྒྱུ་མཚན་དེ་ལྟ་བུའི་ཕྱིར་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པས་ཆོས་བསྟན་པ་ཡང་དེ་ཁོ་ན་ཉིད་ཀྱི་དོན་ལ་རིང་བ་དང་ཉེ་བའི་སྐལ་པ་བཞིན་དུ་བྱེ་སྨྲ་དང་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པ་དང་དབུ་མ་པ་བཞི་བསྟན་ཏེ། བྱེ་སྨྲ་བ་ལ་བསྟན་པ་ནི་འཁོར་བར་བརྒྱུད་ཅིང་སྐྱེ་བའི་ཆ་ཤས་ཅན་གྱི་གང་ཟག་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །མདོ་སྡེ་པ་ལ་བསྟན་པ་ནི་ཕྱི་དོན་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །རྣལ་འབྱོར་སྤྱོད་པ་ལ་བསྟན་པ་ནི་ཁམས་གསུམ་པོ་རྣམ་པར་ཤེས་པ་ཙམ་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །དབུ་མ་པ་ལ་བསྟན་པ་ནི། དོན་དམ་པའི་དེ་ཁོ་ན་ཉིད་སྤྲོས་པ་མེད་པ་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །དེ་ཡང་སེམས་ཅན་རྣམས་ནི་ཐོག་མ་མེད་པའི་དུས་ནས་མུ་སྟེགས་དང་ལྷ་དང་འབྱུང་པོ་དང་ལྷ་མིན་གྱི་ཆོས་ལ་དགའ་བ་ཐམས་ཅད་མཁྱེན་པའི་ལམ་ཉམས་པ། རིགས་བཞི་དང་རིགས་གཅིག་ལ་བརྟེན་པ། མཐོ་རིས་ཀྱི་ལོངས་སྤྱོད་འདོད་པ། བྱེད་པ་པོ་དང་བདག་ཏུ་སྨྲ་བ་པོ་རྣམས་སོ། །དེ་རྣམས་ལས་སྒྲའམ་བརྡ་སྤྲོད་པ་སྨྲ་བ་རྣམས་ནི་ཚངས་པ་སོགས་ལྷ་དང་ཡི་དྭགས་ཀྱི་ཆོས་ལ་བརྟེན་པ་རྣམས་ཏེ། དེ་བཞིན་དབང་ཕྱུག་དང་བདག་བྱེད་པ་པོར་སྨྲ་བ་རྣམས་དང་། རིགས་སྨྲ་བ་པོ་རྣམས་ཀྱང་ངོ་། །ཀླ་ཀློ་ནི་ལྷ་མིན་གྱི་ཆོས་རཧྨ་ཎས་བསྟན་པ་ལ་ཞུགས་པ་སྟེ། རཧྨ་ཎ་དེ་ཉིད་བྱེད་པ་པོར་འདོད་ཅིང་སྲོག་རྟག་པར་སྨྲ་བ་ཡིན་ལ་བྲམ་ཟེའི་རིགས་ལ་བཟང་པོར་སྨྲ་བ་དང་བྲལ་བ་རྣམས་སོ། །ཀླ་ཀློ་འདི་རྣམས་འཛིན་པ་གཉིས་ཀ་ཅན་ཏེ། ཕྱི་དོན་རྡུལ་ཕྲ་རབ་ཚོགས་པའི་རང་བཞིན་ཅན་དུ་འཛིན་པ་དང་། འཁོར་བར་སྐྱེ་

p. 751

བའི་ཆ་ཤས་སམ་གནས་སྐབས་ཅན་གྱི་གང་ཟག་གི་བདག་ཡོད་པར་འཛིན་པའོ། །འདི་རྣམས་ཀྱི་བསམ་པ་ནི་གལ་ཏེ་རྡུལ་ཕྲ་རབ་ཚོགས་པའི་ལུས་ཀྱི་ནང་དུ་འཇུག་པ་པོ་སྐྱེ་བའི་ཆ་ཤས་ཅན་གྱི་གང་ཟག་མེད་ན་རྡུལ་ཚོགས་པའི་ལུས་སྔ་མ་ཞིག་པའི་རྗེས་ལ་ལུས་གཞན་སུ་ཞིག་གིས་འཛིན། དེའི་ཕྱིར་རྫུས་ཏེ་བྱུང་བའི་གང་ཟག་ཡོད་དོ། །གང་ཟག་དེས་བསྒྲུབ་པའི་མཐོ་རིས་ཀྱི་འབྲས་བུ་ལྷའི་བདེ་བ་དེ་ཉིད་མྱ་ངན་ལས་འདས་པ་ཡིན་གྱི་དེ་ལས་གཞན་པའི་མྱང་འདས་མེད་དོ་ཞེས་བསམ་པ་དེ་དག་གིས་དེ་ཁོ་ན་ཉིད་འདྲི་བའི་དུས་སུ་དེ་དག་གི་བསམ་པ་མཁྱེན་ནས་སངས་རྒྱས་ཀྱིས་དེ་དག་ལ་ཁུར་འཁུར་བའི་མདོ་ལས། ཁུར་འཁུར་བའི་གང་ཟག་ཡོད་དེ་རྟག་པ་དང་མི་རྟག་པར་བདག་མི་སྨྲའོ་ཞེས་གསུངས་པས། དེ་ཉིད་ཁོ་རང་གི་ངོར་བདེན་ཞིང་འཐད་པར་གྱུར་ཏེ་སངས་རྒྱས་ཀྱིས་ཀྱང་དེའི་བསམ་པ་དང་མཐུན་པར་གསུངས་པའི་ཕྱིར་རོ། །དེ་ཅི་ལ་དགོངས་ན་འཁོར་བར་ལས་བསགས་ཤིང་ལས་འབྲས་རྒྱུད་མར་མྱོང་བའི་ཁུར་འཁྱེར་བའི་གང་ཟག་ཐ་སྙད་དུ་ཡོད་ཀྱང་། དེ་རྒྱུན་ལ་བཏགས་པ་ཙམ་ཡིན་པས་རང་གི་ངོ་བོས་མི་རྟག་པ་ཡང་མིན་ལ་རྟག་པའང་མིན་པ་ནི་བདེན་པར་གསུངས་པའོ། །རྨི་ལམ་གྱི་གནས་སྐབས་སུ་སེམས་ཀྱི་བག་ཆགས་ཙམ་ལས་བྱུང་བའི་ལུས་དང་བཅས་པའི་བདེ་སྡུག་མྱོང་བ་པོའི་གང་ཟག་ནི་མེད་བཞིན་དེར་སྣང་ཙམ་ཡིན་པས་རྟག་པ་མིན་ལ་མི་རྟག་པ་དངོས་པོའི་རང་བཞིན་ཀྱང་མ་ཡིན་པ་བཞིན་དུ། གང་ཟག་གི་ངོ་བོ་མེད་ཅིང་བཏགས་པ་ཙམ་ལ་རྟག་མི་རྟག་གི་སྒྲོ་འདོགས་པ་མེད་པའི་དོན་གྱིས་དེ་ལྟར་གསུངས་སོ། །དེ་བཞིན་གཤེགས་པའི་གསུང་འདིས་ཀླ་ཀློའི་ཆོས་སྤངས་ནས་སངས་རྒྱས་པའི་ལུགས་འཛིན་པའི་བྱེ་བྲག་སྨྲ་བ་རྣམས་དང་པོར་བྱུང་བར་གྱུར་ཏེ། འདི་ནི་བྱེ་བྲག་སྨྲ་བའི་ནང་ཚན་གནས་མའི་བུའི་སྡེ་པ་སོགས་ཡིན་ནོ། །དེ་ནས་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་མེད་པ་འཇིག་རྟེན་ལས་འདས་པའི་ཆོས་བསྟན་པ་ཐོས་ཏེ་འདིར་གང་ཟག་ཏུ་འཛིན་པ་ཡོངས་སུ་སྤངས་

p. 752

ནས། བྱེ་བྲག་སྨྲ་བ་འགའ་ཞིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་བདག་མེད་པར་སྨྲ་བའི་ལམ་ལ་བརྟེན་ཏོ། །མདོ་སྡེ་བ་རྣམས་ལ་ཡང་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་འཛིན་པ་ཡོད་དེ། ཕྱི་དོན་སྨྲ་བ་འདི་རྣམས་ཀྱི་བསམ་པ་ནི་གལ་ཏེ་ནམ་མཁའི་ཁོངས་སུ་ཆུད་པ་རྒྱུ་བ་དང་བཅས་པ་བཅུད་ཀྱི་སེམས་ཅན་དང་། རྒྱུ་བ་མེད་པ་སྣོད་ཀྱི་དངོས་པོ་རྣམས་རྡུལ་ཕྲ་རབ་ཏུ་གྲུབ་པའི་རང་བཞིན་དུ་མེད་ན། འཇིག་རྟེན་གསུམ་དང་བདེ་འགྲོ་ངན་འགྲོའི་འཁོར་བ་མེད་པར་འགྱུར་ཞིང་། དེ་ལྟ་ན་སངས་རྒྱས་བྱང་སེམས་དང་མཆོག་གི་མྱ་ངན་ལས་འདས་པ་ཡང་མེད་པར་འགྱུར་ལ། སངས་རྒྱས་ཀྱི་སྐུ་གདུང་ཡང་མེད་པར་འགྱུར་ཏེ། རགས་པའི་རྫས་ཀྱི་ནང་དུ་འཇུག་པའམ་རྩོམ་གཞི་རྡུལ་ཕྲ་རབ་ཀྱི་དོན་མེད་པའི་ཕྱིར་རོ་སྙམ་དུ་ཕྱི་དོན་ལ་ཞེན་པ་ཅན་གྱིས་སངས་རྒྱས་ལ་དེ་ཁོ་ན་ཉིད་ཀྱི་དོན་ཞུ་ཞིང་འདྲི་བའི་དུས་སུ། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་མཁྱེན་ནས་དེ་དང་མཐུན་པར་ཆོས་བསྟན་པ། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སྲིད་པ་ཐ་མའི་ལུས་ཡོད་དེ། ལུས་གང་གིས་དྲིན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང་མཆོག་གི་མྱ་ངན་ལས་འདས་པ་ཆེན་པོར་འགྱུར་བའོ། །ཞེས་གསུངས་པ་དེ་ཉིད་ཁོའི་ངོར་བདེན་ཏེ། དེ་ལ་སོགས་པའི་གདུལ་བྱའི་ངོར་བཅོམ་ལྡན་འདས་ཀྱིས་སྐུ་གདུང་ཡང་དག་པར་བསྟན་པའི་ཕྱིར་རོ། །དེ་ལྟར་ཕྱི་དོན་ལ་ཞེན་པ་རྣམས་ཀྱིས་སངས་རྒྱས་ཉིད་ལས་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ལུས་ཀྱི་མཐུའམ་ཡོན་ཏན་མཚན་དཔེ་དང་ལྡན་པའི་སངས་རྒྱས་ཡོད་པར་ཐོས་ནས། རིགས་དང་སྒྲ་དང་དབང་ཕྱུག་དང་བྱེད་པ་པོར་སྨྲ་བའི་མུ་སྟེགས་ཀྱི་ལུགས་སྤངས་ནས་སངས་རྒྱས་པའི་མདོ་སྡེ་པ་རྣམས་བྱུང་བར་གྱུར་ཏོ། །སླར་ཡང་སངས་རྒྱས་ཀྱིས་བྱང་སེམས་རྣམས་ལ་འཇིག་རྟེན་ལས་འདས་པའི་ཆོས་བསྟན་པ་ཐོས་ནས་ཕྱི་དོན་གྱི་འཛིན་པ་དེ་ཉིད་སྤངས་ཏེ་འགའ་ཞིག་ཡང་དག་རྫོགས་པའི་སངས་རྒྱས་ཀྱི་

p. 753

ལམ་ལ་བརྟེན་པ་རྣལ་འབྱོར་སྤྱོད་པ་པར་བྱུང་བར་གྱུར་ཏོ། །རྣལ་འབྱོར་སྤྱོད་པ་རྣམས་ལའང་རྣམ་པར་ཤེས་པ་བདེན་གྲུབ་ཀྱི་འཛིན་པ་ཡོད་དེ། དེ་རྣམས་ཀྱི་བསམ་པ་ནི་ཁམས་གསུམ་པོ་ནི་རྣམ་པར་ཤེས་པ་ཙམ་མོ། །ཕྱོགས་ཀྱི་ཆ་དྲུག་གི་ཆ་ཤས་ཅན་གྱི་ཆ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་ནི་མེད་དོ། །ཇི་ལྟར་རྨི་ལམ་གྱི་གནས་སྐབས་སུ་རྡུལ་ཕྲ་རབ་ཀྱི་རྫས་མེད་ཀྱང་སེམས་ཀྱི་སྣང་བ་ཙམ་གྱི་རྟ་གླང་དང་སྐྱེད་ཚལ་སོགས་དོན་ལྟར་སྣང་བའི་བྱ་བ་ལ་རབ་ཏུ་འཇུག་པ་དེ་བཞིན་དུ་སད་པའི་སྐབས་སུ་ཡང་སེམས་ཀྱི་བག་ཆགས་ཀྱི་མཐུ་བརྟས་པ་གསལ་པོར་སད་པས་ཕྱི་དོན་མེད་ཀྱང་ཕྱི་དོན་བརྟན་པར་སྣང་བར་འགྱུར་ཏེ་མིག་ལ་རབ་རིབ་ཀྱི་མཐུས་སྐྲ་ཤད་འཛག་པའི་སྣང་བ་དང་། མཁྲིས་པའི་སྐྱོན་གྱིས་དུང་དཀར་པོ་ལ་གསེར་དུ་སྣང་བ་ལྟར་ནང་གི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སོ། །དེ་ལྟར་རྣམ་ཤེས་ཙམ་དུ་ཞེན་པ་དེ་དག་གིས་སངས་རྒྱས་ལ་དེ་ཁོ་ན་ཉིད་དྲིས་པའི་དུས་སུ་དེ་དག་གི་བསམ་པ་མཁྱེན་ནས་བཅོམ་ལྡན་འདས་ཀྱིས་ཁམས་གསུམ་པོ་འདི་ནི་རྣམ་པར་ཤེས་པར་ཙམ་སྟེ། རྣམ་པར་ཤེས་པ་ལས་གཞན་འཁོར་བ་མེད་དོ། །འཇིག་རྟེན་པའི་རྣམ་པར་ཤེས་པ་འགགས་པ་ལས་སྲིད་པའི་ས་བོན་འགགས་པ་ཉིད་དེ་དེའི་ཕྱིར་མྱ་ངན་ལས་འདས་པའོ། །ཞེས་གསུངས་པ་འདི་ཉིད་དེའི་ངོར་ཤིན་ཏུ་བདེན་པར་གསུངས་པ་སྟེ། བེམས་པོ་མ་ཡིན་པའི་རྣམ་ཤེས་ལས་འཁོར་བའི་སྡུག་བསྔལ་འབྱུང་བར་འགྱུར་གྱི་བེམས་པོ་ལས་ནི་མ་ཡིན་ནོ། །བདེ་བ་དང་སྡུག་བསྔལ་མྱོང་བ་ནི་འཁོར་བ་ཞེས་བྱ་སྟེ། དེ་དང་བྲལ་བ་ན་མྱ་ངན་ལས་འདས་པའོ་ཞེས་པ་དེ་ལྟར་སངས་རྒྱས་ཀྱི་གསུང་ཐོས་ནས་བྱེད་པོ་དང་བདག་ཏུ་སྨྲ་བ་ཡོངས་སུ་སྤངས་ཏེ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་རྣལ་འབྱོར་སྤྱོད་པ་རྣམས་བྱུང་བར་གྱུར་ཏོ། །སླར་ཡང་བྱང་སེམས་རྣམས་ལ་འཇིག་རྟེན་ལས་འདས་པའི་ཆོས་བསྟན་པ་ཐོས་ནས་རྣམ་ཤེས་རྫས་གྲུབ་ཏུ་སྨྲ་བ་ཡོངས་སུ་སྤངས་ཏེ་འགའ་ཞིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་དབུ་མ་

p. 754

ལ་བརྟེན་པ་བྱུང་བར་གྱུར་ཏོ། །དེ་བཞིན་དུ་རྣལ་འབྱོར་མའི་རྒྱུད་རྣམས་ལས། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་སྡུད་པར་བྱེད་པ་མོ། །ཞེས་སོགས་གསུངས་པ་མུ་སྟེགས་ཀྱི་བྱེད་པོ་དང་མི་འདྲ་སྟེ་སྲོག་ང་གིས་སེམས་ཅན་འབྱུང་སྡུད་བྱེད་པ་ལ་དགོངས་པ་ཅན་གྱི་གསུངས་ཡིན་པ་ལྟར། དེ་ལྟར་གདུལ་བྱ་སེམས་ཅན་གྱི་ཁམས་དབང་བསམ་པ་དང་རྗེས་སུ་མཐུན་པར་བདེན་པའི་ཆོས་སྟོན་པ་སངས་རྒྱས་ཀྱི་གསུང་ནི་སྤྱི་བོ་དང་རྐན་ལ་སོགས་པའི་གནས་ཉི་ཙེ་བ་ལས་སྐྱེས་པའི་སྒྲ་ཉི་ཙེ་བ་མ་ཡིན་ཏེ་གང་ཕྱིར་མཐའ་ཡས་པའི་སེམས་ཅན་གྱི་སྐད་སོ་སོ་རང་རང་གི་མོས་པ་བཞིན་དུ་ཅིག་ཆར་ཆོས་སྟོན་པ་ཡིན་གྱི་ཉི་ཙེ་བའི་སྐད་ཀྱིས་བསྐལ་པ་མཐའ་ཡས་པར་ཡང་སེམས་ཅན་ཚད་མེད་པའི་མོས་པ་དང་མཐུན་པར་ཆོས་སྟོན་མི་ནུས་སོ། །དེའི་ཕྱིར་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་རང་རང་གི་སྐད་དུ་ཆོས་ཐོས་ཀྱང་སྐད་ཉི་ཙེ་བས་ཆོས་སྟོན་པ་འབའ་ཞིག་བཅོམ་ལྡན་འདས་ཀྱི་གསུང་རྣམ་པ་ཐམས་ཅད་པར་མི་འགྱུར་ལ། སེམས་ཅན་རྣམས་ཀྱིས་བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་བདག་གིས་དྲི་བ་ལུང་བསྟན་ཏོ་སྙམ་དུ་འཛིན་པ་ཅན་དུ་མཐོང་ཡང་དེས་བཅོམ་ལྡན་འདས་ལ་བདག་དང་གཞན་ལ་སོགས་པའི་རྣམ་རྟོག་གི་འཛིན་པ་མངའ་བར་མི་འགྱུར་ཏེ། ངེས་པར་འཛིན་པའི་རྣམ་རྟོག་མངའ་ན་བཅོམ་ལྡན་འདས་ཀྱང་འཁོར་བ་པར་འགྱུར་ཏེ་གཟུང་འཛིན་མེད་པའི་མཉམ་པ་ཉིད་ལ་མི་གནས་པས་སོ། །ཇི་ལྟར་བག་ཆགས་ཀྱི་སེམས་ཀྱིས་རྨི་ལམ་དུ་མཁན་པོ་མཐོང་ནས་ཐེ་ཚོམ་དྲིས་པ་ལ་ཐེ་ཚོམ་གཅོད་པར་བྱས་ཀྱང་དེ་ནས་མཁན་པོ་མེད་དེ་སློབ་མ་རྣམས་ཀྱི་རང་སེམས་ཀྱི་བག་ཆགས་སོ། །དེ་བཞིན་དུ་བསོད་ནམས་དང་ལྡན་པ་ལ་རང་གི་སེམས་ཀྱི་སྣང་བར་སངས་རྒྱས་ཀྱི་སྐུ་མཐོང་བ་དང་གསུང་ཐོས་པའི་སྣང་བར་འགྱུར་གྱི་བཅོམ་ལྡན་འདས་སྐྱེ་བ་དང་འགགས་པ་མ་ཡིན་ནོ། །རྒྱུ་མཚན་འདིས་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་པོ་རྣམས་ཀྱིས་སེམས་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས།

p. 755

བཅོམ་ལྡན་འདས་ཀྱིས་གང་ཟག་ཏུ་སྨྲ་བ་རྣམས་ལ་གང་ཟག་མི་རྟག་པར་བསྒོམ་པ་གསུངས་སོ། །ཕྱི་དོན་དུ་སྨྲ་བ་རྣམས་ལ་ཟད་པར་བསྒོམ་པ་དང་། རྣམ་རིག་སྨྲ་བ་རྣམས་ལ་རྣམ་པར་རིག་པ་ཙམ་གྱི་ཏིང་ངེ་འཛིན་དང་། དབུ་མ་པ་རྣམས་ལ་རྨི་ལམ་ལྟ་བུར་སྣང་བའི་ཆོས་རྣམས་འགྱུར་བ་མེད་ཅིང་གཉིས་སུ་མེད་པ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་བསྒོམ་པ་སྟེ། དེ་ལྟར་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་དག་རིམ་གྱིས་བསྟན་ཏོ། །བྱེ་མདོ་རྣམ་རིག་པ་རྣམས་ཀྱི་འདོད་ཚུལ་གྱི་མྱང་འདས་ནི་ལྷག་མ་དང་བཅས་པ་སྟེ་དེ་ཁོ་ན་ཉིད་རྟོགས་པ་མ་རྫོགས་པའོ། །དབུ་མ་པ་རྣམས་ཀྱིས་ལྷག་མ་དང་བྲལ་བ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། འཁོར་བའི་རྒྱུ་དང་འབྲས་བུའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་པའི་ཕྱིར། གཉིད་ལོག་པ་ལྟ་བུ་སེམས་མེད་པ་དང་། སད་པའི་གནས་སྐབས་ལྟར་གཟུང་འཛིན་མངོན་གྱུར་ལྟ་བུ་དང་བྲལ་བ། རྨི་ལམ་དང་བཞི་པའི་གནས་སྐབས་ལྟར་རོ་ཞེས་པ་རེ་ཞིག་གང་ཟག་ཕལ་པ་རྣམས་ཀྱི་ངོར་མྱ་ངན་ལས་འདས་པ་ནི་སེམས་མེད་པ་གཉིད་ལོག་གི་སྐབས་ལྟ་བུ་དང་། སད་པའི་སྐབས་ལྟར་གཟུང་འཛིན་མངོན་གྱུར་པ་མིན་ཏེ་ཕྱོགས་སུ་མ་ལྷུང་བ་ཕྲ་བའི་སེམས་སུ་གནས་ཞེས་པ་ཙམ་སྟོན་པའོ། །མཚན་བརྗོད་ལས་ཀྱང་། ལྷག་མ་ཀུན་ལས་རྣམ་གྲོལ་ཞིང་། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །ཞེས་པ་ལྟར་སྣང་སྟོང་འཁོར་འདས་ལྟ་བུའི་གཉིས་ཆོས་ཀྱི་ཕྱོགས་སུ་འཛིན་པ་དང་བྲལ་ཞིང་ཕུང་པོའི་ལྷག་མ་ལུས་པ་མེད་པའི་མྱ་ངན་ལས་འདས་པ་ནི་ཡང་དག་རྫོགས་པའི་སངས་རྒྱས་ཀྱི་མྱང་འདས་སོ། །ཅི་སྟེ་ཕ་རོལ་པོ་དོན་འདོད་པས་བརྒལ་བ་རྨི་ལམ་གྱི་སྐབས་སུ་བེམས་པོའི་ཆོས་མེད་བཞིན་དུ་བེམས་པོ་མ་ཡིན་པའི་སེམས་ཀྱི་སྣང་བ་ཕྱི་རོལ་གྱི་དོན་ལྟ་བུར་མཐོང་བ་ནི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སོ། །སད་པའི་སྐབས་སུ་ཡང་བེམས་པོའི་ཆོས་མེད་པར་བེམས་པོ་མིན་པའི་རང་

p. 756

སེམས་ཀྱི་སྣང་བ་མི་མཐོང་སྟེ་མེ་ལོང་གི་གཟུགས་བརྙན་ལ་ཡང་རྣམ་པ་དེ་འཆར་བྱེད་གདོང་སོགས་ཡིན་གྱི་དེ་མེད་པར་གཟུགས་བརྙན་ཡན་གར་བ་སྣང་མི་སྲིད་པ་བཞིན་ནོ། །སད་པའི་གནས་སྐབས་འདིར་རྣལ་འབྱོར་པའི་བསྒོམ་པའི་སྣང་བ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ་ཆུའི་ཟླ་གཟུགས་བཞིན་དུ་ཆོས་ཅན་ནམ་མཁའི་ཟླ་བ་ལྟ་བུ་དེ་ཡོད་ན་དེའི་གཟུགས་བརྙན་ནམ་ཆོས་ཡོད་ཀྱི་ཆོས་ཅན་མེད་པར་ཟླ་གཟུགས་འཆར་མི་སྲིད་དོ། །དེ་ལྟ་ན་ཡང་རྣལ་འབྱོར་པའི་སྟོང་གཟུགས་བསྒོམ་པ་འདི་ནི། བེམས་པོའི་ཆོས་མེད་པ་རྨི་ལམ་དང་མཚུངས་པ་གང་ཞིག་བེམས་པོའི་ཆོས་དང་བློས་བརྟགས་པ་ཡིན་པ་དང་གློ་བུར་བའི་རྒྱུ་མཚན་ལས་སྐྱེས་པ་ཡིན་པ་གསུམ་ལས་འདས་པ། ཆད་པའི་སྟོང་པ་ཅང་མེད་མ་ཡིན་པ། ཁམས་གསུམ་པའི་སེམས་མ་ཡིན་པ། ནམ་མཁའ་ལ་རྣལ་འབྱོར་པས་མཐོང་བར་འགྱུར་བ་འདི་ཉིད་ནི་འཇིག་རྟེན་ན་རབ་ཏུ་མ་གྲགས་ཏེ། གང་གི་ཕྱིར་རྣམ་པ་གཏོད་བྱེད་བེམས་པོའི་ཆོས་ཅན་ཡོད་ན་དེས་གཏོད་པའི་རྣམ་པའི་ཆོས་ཡོད་པར་རིགས་པས་རྣམ་པར་དཔྱོད་པས་གྲུབ་པའི་ཕྱིར་རོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པས་གསུངས་པ་རྣམས་ནི་བེམས་པོའི་ཆོས་རྣམས་ཀྱི་ཚོགས་རྒྱུན་ལ་དཔྱད་ན་མ་གྲུབ་པའི་སྒྱུ་མ་ལྟ་བུར་གསུངས་ཀྱི་བེམས་པོར་གཏན་མེད་པའི་སྣང་བ་སྒྱུ་མ་ཏིང་ངེ་འཛིན་གྱིས་མཐོང་བར་འགྱུར་བ་དེ་ནི་མ་ཡིན་ནོ་ཞེས་གཞན་འགའ་ཞིག་གིས་བསམ་པ་འབྱུང་བ་དེ་ལ་བརྗོད་པ། འདིར་བེམས་པོའི་ཆོས་ལ་ཞེན་པས་བག་ཆགས་ཅན་རྣམས་ཀྱིས་བེམས་པོའི་ཆོས་མེད་པར་བེམས་པོ་མ་ཡིན་པའི་སྣང་བ་སད་པའི་དུས་སུ་མཐོང་བར་མི་འགྱུར་བར་བརྗོད་པ་དེ་ནི་མ་ཡིན་ཏེ། པྲ་ཕབ་པའི་མེ་ལོང་ལ་བེམས་པོའི་ཆོས་མེད་པར་བེམས་པོ་མ་ཡིན་པའི་སྣང་བ་ཡང་དག་པར་མཐོང་བའི་ཕྱིར་ཏེ། འདི་ལྟར་སྔགས་དང་ལྷའི་བྱིན་གྱི་བས་ཀྱིས་པྲ་ཕབ་པའི་མེ་ལོང་ལ་གཞོན་ནུ་མའི་མཐོང་བའི་ཡུལ་དུ་འདས་པ་དང་ད་ལྟ་དང་མ་འོངས་པའི་ཆོས་རྣམས་ཀྱི་སྣང་བ་འགོག་མེད་དུ་འཆར་བ་ཡོད་ལ། འདས་

p. 757

མ་འོངས་ད་ལྟར་གྱི་བེམས་པོའི་ཆོས་དེ་རྣམས་མེ་ལོང་ལ་མངོན་པར་ཕྱོགས་པ་མ་ཡིན་ལ། དེའི་རྣམ་པ་གཏོད་བྱེད་བེམས་པོའི་ཆོས་རྣམས་ད་ལྟ་ཡོད་དགོས་པའང་མ་ཡིན་ཏེ་འདས་པ་དང་མ་འོངས་པའི་བེམས་པོ་ད་ལྟ་མེད་པའི་ཕྱིར་རོ། །གཞོན་ནུ་མས་དེ་དང་དེར་བློས་བརྟག་ནས་སྣང་བའང་མ་ཡིན་ནོ། །དེ་ལྟ་ན་ཡང་ཆོས་དེ་དག་གི་བེམས་པོ་མེད་པའི་སྣང་བ་འཆར་ཏུ་མེད་པ་མ་ཡིན་པར་མངོན་དུ་འཆར་བའི་ཕྱིར་རོ། །དེ་བཞིན་དུ་རྣལ་འབྱོར་པའི་སོར་སྡུད་སོགས་བསྒོམ་པའི་རང་གི་སེམས་ཀྱི་བྱིན་རླབས་ཀྱི་སྟོབས་ཀྱིས་ནམ་མཁའ་ལ་རྡུལ་ཕྲ་རབ་ཀྱི་རང་བཞིན་གྱི་བེམས་པོའི་ཆོས་མེད་པར་ཁམས་གསུམ་གྱི་སྣང་བ་མཐོང་བ་ཡིན་ཏེ། སྒྲུབ་ཐབས་ལེའུའི་ཚིགས་བཅད་བརྒྱ་གོ་བརྒྱད་པར། ཕྱག་རྒྱ་སྒྱུ་མའི་རྗེས་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། ཞེས་སོགས་གསུངས་པ་བཞིན་དུ་བེམས་པོའི་ཆོས་མེད་པར་ཡང་བེམས་པོ་མ་ཡིན་པའི་ཆོས་སྣང་བ་སྟོང་པའི་གཟུགས་རྣམ་པ་ཐམས་ཅད་པ་རྣལ་འབྱོར་པས་མཐོང་བར་འགྱུར་རོ། །གཞན་དག་འདི་སྙམ་དུ་གཞོན་ནུ་མ་ལ་པྲ་ཕབ་པའི་སྣང་བ་ནི་སློབ་དཔོན་གྱི་སྔགས་དང་ལྷའི་བྱིན་གྱིས་བརླབས་པའི་མཐུས་མཐོང་བ་ཡིན་གྱི། སྔགས་དང་བྱིན་རླབས་དང་བྲལ་ན་མཐོང་བ་མ་ཡིན་ནོ། །དེ་བཞིན་དུ་བླ་མའི་བཀའ་དྲིན་གྱིས་རྣལ་འབྱོར་པས་ནམ་མཁའི་ཁམས་སུ་རྣམ་པ་ཐམས་ཅད་པའི་གཟུགས་མཐོང་ངོ་ཞེས་གཉུག་མ་འོད་གསལ་གྱི་ཆོས་ཉིད་ལས་རང་མདངས་འགགས་མེད་འཆར་བ་ལམ་གྱི་སྟོབས་ལས་མངོན་དུ་མཐོང་བའི་གནད་མི་ཤེས་པའི་བླུན་པོ་བླ་མའི་བཀའ་འམ་ཚིག་ཙམ་ལ་ཆགས་པ་འགའ་ཞིག་གིས་བསམ་པ་འདི་ལྟ་བུ་འབྱུང་བ་ལ་བརྗོད་པ།བླ་མའི་བཀའ་དྲིན་འབའ་ཞིག་གིས་སྔགས་དང་ལྷའི་བྱིན་རླབས་བྱས་པས་གཞོན་ནུ་མ་ལ་སྣང་བ་དེ་བྱུང་བ་ཡིན་ན། སློབ་དཔོན་རང་ཉིད་ཀྱིས་ཀྱང་མེ་ལོང་ལས་གཟུགས་དེ་མཐོང་བར་བྱས་ནས་རང་གིས་འདས་མ་འོངས་ལུང་སྟོན་རིགས་ཀྱི་གཞོན་ནུ་མ་ལ་ལྐོག་

p. 758

གྱུར་གྱི་དོན་འདྲི་བར་མི་རིགས་སོ། །དེ་ཕྱིར་སློབ་དཔོན་གྱི་དྲིན་ཁོ་ནས་གཞོན་ནུ་མའི་པྲ་ཡི་སྣང་བ་མཐོང་ངོ་ཞེས་བརྗོད་པར་མི་ནུས་ཏེ་དེ་བཞིན་དུ་རྣལ་འབྱོར་པ་ཡང་བླ་མའི་དྲིན་ཁོ་ནས་སྣང་བའང་མ་ཡིན་ནོ། །འོན་ཀྱང་གཞོན་ནུ་མས་པྲ་མཐོང་བའི་སྔགས་དང་ལྷའི་བྱིན་གྱིས་བརླབས་པ་འཇུག་པའི་རྒྱུ་ཡོད་དེ། གང་ཞེ་ན་དབང་པོ་གཉིས་ཕྲད་པའི་ཁམས་འཕོ་བའི་བདེ་བ་ཉེ་བར་མ་མྱོང་བའི་རྒྱུ་དེས་དེ་ལྟར་པྲ་སེན་མཐོང་བའི་སྔགས་ཀྱི་བྱིན་གྱིས་རླབས་རུང་པར་འགྱུར་ཏེ་གྲོང་བའི་དབང་པོ་གཉིས་སྦྱོར་གྱི་བདེ་བ་མྱོང་བའི་ན་ཆུང་མ་གཞན་གྱིས་མ་ཡིན་ནོ། །དེ་དག་འཇིག་རྟེན་དུ་ཡང་གྲགས་ཏེ་གཞོན་ནུ་མའི་བདེ་བ་བཞིན་ཞེས་སོ། །གཞོན་ནུ་མར་མ་ཟད། གཞོན་ནུ་ཐིག་ལེ་མ་ཉམས་པ་ལའང་ལྷའི་བྱིན་གྱིས་བརླབས་པའི་པྲ་མཐོང་བ་ཡོད་ལ། དེ་བཞིན་དར་མ་དང་ན་ཆུང་དར་ལ་བབ་པས་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པ་ཡང་མཆོག་ཏུ་མི་འགྱུར་བའི་བདེ་བ་གོམས་པའི་དབང་གིས་ཕྱི་རོལ་གྱི་འཕོ་བའི་བདེ་བ་སྤངས་པའི་ཕྱིར་གཞོན་ནུ་མ་དབང་པོ་གཉིས་སྦྱོར་གྱི་འཕོ་བདེ་མ་མྱོང་བ་དེ་བཞིན་དུ་རང་གི་སེམས་ཀྱི་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་དུས་གསུམ་གྱི་སྣང་བ་ཐམས་ཅད་པ་མཐོང་བར་འགྱུར་གྱི་རང་གིས་བསྒོམ་པ་ལ་མི་ལྟོས་པར་བླ་མའི་བཀའ་དྲིན་ཁོ་ནའི་སྟོབས་ཀྱིས་མ་ཡིན་ནོ། །མི་འགྱུར་བའི་བདེ་བ་མ་ཐོབ་གོང་དུ་སོར་སྡུད་ཀྱི་དུས་སུའང་དུས་གསུམ་གྱི་རྣམ་པ་ཅན་གྱི་སྟོང་གཟུགས་མཐོང་བ་ཡོད་མོད་ཀྱི་འདིར་མི་འགྱུར་བའི་བདེ་བ་གོམས་པ་དང་འཛག་བདེ་མ་མྱོང་བའི་གཞོན་ནུ་མ་དཔེ་དོན་སྦྱར་བའི་སྒོ་ནས་དེ་ལྟར་གསུངས་པའོ། །གཞན་དག་འདི་སྙམ་དུ་ཅི་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བ་གོམས་པ་མེད་ཅིང་ཚངས་པར་སྤྱོད་པ་མེད་ཀྱང་བྲམ་ཟེ་དང་དྲང་སྲོང་རྣམས་ཀྱི་སྐར་རྩིས་སམ་མོ་དང་ལ་ཉེ་བརྟག་པའམ་མངོན་ཤེས་སྒྲུབ་པ་སོགས་ཀྱི་སྒོ་ནས་འདས་མ་འོངས་ཀྱི་ལྟས་དུ་མ་སྟོན་པར་བྱེད་པ་མ་ཡིན་ནམ་སྙམ་ན། གང་གི་ཚེ་བྲམ་ཟེ་རྣམས་ཀྱིས་སྐར་རྩིས་སོགས་གོམས་པའི་དབང་གིས་ལྐོག་གྱུར་ཅི་རིགས་ཤེས་པ་དེ་ནི་ལྟས་ཤེས་པ་སྟེ་དེ་ནི་

p. 759

སུས་བསླབ་ཀྱང་ཐུན་མོང་གི་རིག་པ་ཡིན་ལ་རྩིས་ཀྱི་དབང་གིས་སྐྱེ་བ་འཆི་བ་སོགས་ཇི་བཞིན་ཤེས་པ་ཡང་ཡོད་དོ། །གཞན་དག་གིས་རྣ་བའི་ནང་དུ་གཏམ་བརྗོད་པའི་ཤ་ཟ་མོ་བསྒྲུབས་ཏེ་དེས་ལྐོག་གྱུར་བརྗོད་པར་བྱེད་དོ། །གཞན་དག་གིས་ཡུལ་གྱི་ཞིང་སྐྱོང་རྣམས་བསྒྲུབས་སྟེ་དེ་རྣམས་ཀྱིས་གཞན་གྱི་སེམས་ལ་གང་ཅུང་ཟད་འཕྲོ་བ་བརྗོད་པར་བྱེད་དོ། །གཞན་དག་མ་མོ་རྣམས་བསྒྲུབས་ཤིང་གཞན་གྱི་ལུས་ལ་ཕབས་ཤིང་ཞུགས་ནས་དོན་ཅི་རིགས་བརྗོད་པར་བྱེད་དོ། །གཞན་དག་གིས་ཀླུའི་རྒྱལ་པོ་རྣམས་བསྒྲུབས་ནས་དེ་རྣམས་སྦྲུལ་གྱི་སོས་བཏབ་པ་སོགས་དུས་ཀྱིས་ཟིན་པའི་ལུས་ལ་ཞུགས་ནས་དོན་ཅི་རིགས་བརྗོད་པར་བྱེད་དོ། །དེ་བཞིན་བྲན་པོ་བསྒྲུབས་ནས་སྒྲུབ་པོ་རྣམས་ཀྱི་མངག་བའི་ཚིག་གིས་སེམས་ཅན་གཞན་དག་གི་ལུས་ལ་ཞུགས་ནས་སེམས་ཅན་རྣམས་ལ་ཅོ་འདྲི་བར་བྱེད་དོ། །ཁ་ཅིག་གིས་མཁའ་འགྲོ་མ་དང་སྲིན་པོ་སོགས་བསྒྲུབས་ཏེ་སེམས་ཅན་གཞན་གྱི་ཁྲག་འཐུང་བར་བྱེད་པ་དང་། འབྱུང་པོ་རྣམས་བསྒྲུབས་ཏེ་སེམས་ཅན་གྱི་ལུས་ལ་ཞུགས་ནས་འདར་ཞིང་གཡོ་བ་སོགས་བྱས་ཏེ་འགྲོ་བ་དང་། བགེགས་དང་ལོག་འདྲེན་རྣམས་བསྒྲུབས་ཏེ་སེམས་ཅན་གཞན་ལ་བགེགས་བྱེད་པ་དང་། ཞི་བའི་ལྷ་བསྒྲུབས་ཏེ་རང་ལ་ལྟོས་པའི་སེམས་ཅན་རྣམས་སྲུང་བར་བྱེད་པ་དང་། འདོད་ཅིང་ཆགས་པའི་ལྷ་རྣམས་བསྒྲུབས་ཏེ་གཞན་འདོད་པས་མྱོས་པ་དང་ཁུ་བ་འཕོ་བར་བྱེད་པ་དང་། གཞན་དག་གིས་གདུག་པའི་ལྷ་གཞན་རྣམས་བསྒྲུབས་ཏེ། འགའ་ཞིག་གིས་རེངས་པ་དང་། དེ་བཞིན་རྨོངས་པ་དང་། བསྐྲད་པ་དང་དབྱེ་བ་དང་གསད་པ་སོགས་དང་ཤིང་དང་རྡོ་བ་སོགས་ཀྱི་མཚན་མ་རྩད་ནས་འབྱིན་པར་བྱེད་པ་ལ་སོགས་པ་ཉེ་བར་འཚེ་བའི་ལས་ཕྲ་མོ་དུ་མ་རྣམས་མི་མ་ཡིན་པ་མངགས་ནས་མི་སྣང་བའི་གཟུགས་ཀྱིས་བྱེད་དོ། །གཞན་གང་དག་གདུག་པའི་ལྷ་བདུད་ཀྱི་རིས་རྣམས་བསྒྲུབས་ནས་མངོན་ཤེས་སམ་རྫུ་འཕྲུལ་ལྟ་བུ་འཕྲལ་དུ་གཞན་ཡིད་ཆེས་པར་བྱེད་པའི་ལས་ཕྲ་མོ་འདི་རྣམས་ཀྱི་སྒོ་ནས་རྨོངས་པ་རྣམས་ཀྱི་བླ་མར་འགྱུར་

p. 760

ཞིང་ཆོས་སྟོན་པར་བྱེད་དེ་འཛག་པའི་བདེ་བ་ལ་ཅི་འདོད་པར་ལོངས་སྤྱོད་པ་དང་། དུག་སྨན་དུ་བསྒྱུར་བ་དང་དུག་མིན་པ་དུག་ཏུ་བྱེད་པའི་དུག་གི་དེ་ཉིད་དང་ལྐོག་གྱུར་མཐོང་བའི་མིག་སྨན་གྲུབ་པ་མེད་པ་རྣམས་ཀྱིས་མོ་རྩིས་སོགས་ཀྱི་ལྐོག་གྱུར་ཤེས་པའི་ཡེ་ཤེས་ལ་ནི་གཞན་དག་ཡིད་ཆེས་ནས་བླང་བྱའི་སྙིང་པོ་ཉིད་དུ་བྱེད་པ་དང་། ཡང་འདི་སྐད་དུ་གང་ལ་དབང་ཕྱུག་གི་དབང་བསྐུར་བ་དང་གདམས་པའི་བཀའ་ལུང་གི་འདོད་པ་ཅི་དགར་བསྟེན་པའི་བཀའ་མ་ཐོབ་ནས་མེད་པ་དང་དེ་བཞིན་དུག་བཟའ་བ་དང་མིག་སྨན་གྲུབ་པའི་བཀའ་མེད་པ་དག་ནི་མིའི་ནང་ན་མཁས་པར་གྲགས་པ་ཡིན་ཡང་ཕྱུགས་དང་འདྲའོ་ཞེས་དང་། མིག་སྨན་མེད་པ་ནི་འདི་ལྟར་ཕྲ་མོའི་དོན་ཤེས་པ་ཚངས་པ་ལུས་དང་བདེ་འབྱུང་དབང་ཕྱུག་ངག་དང་ནུས་པ་ཅན་ཁྱབ་འཇུག་ཡིད་དེ་དེ་གསུམ་གྱི་བཀའ་ཡིས་བྱིན་གྱིས་བརླབས་པའི་མཐུས་མངོན་སུམ་དང་ལྐོག་ཏུ་གྱུར་པའི་དོན་ཤེས་པའི་བཀའ་མ་ཐོབ་ཅིང་མེད་པ་དེ་ནི་མིའི་རྣམ་རིག་དང་ལྡན་པའི་མཁས་པ་ཡིན་ཡང་དོན་ལ་ཕྱུགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་ལ་དགའ་བ་བསོད་སྙོམས་ལ་རྒྱུ་ཞིང་གཅིག་པུ་གྲོགས་མེད་པར་གནས་པ་ནི་རང་གི་དོན་ཉམས་པ་སྟེ་ཅིའི་ཕྱིར་ན་ཚེ་འདིར་འདོད་པའི་ཡུལ་ལ་ལོངས་སྤྱོད་པ་དང་སླད་མར་གྲོལ་བ་སྟེར་བའི་བཀའ་མ་ཐོབ་པའི་ཕྱིར་རང་དོན་ཉམས་པའོ། །རང་དོན་ཤོར་བའམ་ཉམས་པ་ནི་རྨོངས་པ་ཉིད་ཅེས་འཇིག་རྟེན་དུ་ཡང་རབ་ཏུ་གྲགས་སོ། །དེའི་ཕྱིར་འཇིག་རྟེན་གསུམ་གྱི་བྱེད་པོ་མཆོག་གི་དབང་ཕྱུག་གི་བཀའ་ཚེ་འདིར་ཅི་བདེ་བའི་ལོངས་སྤྱོད་དང་མཐར་ཐུག་གྲོལ་བའི་འབྲས་བུ་སྟེར་བ་འདི་ལྟ་བུ་ནི་དབང་ཕྱུག་གི་བཀས་གྲོལ་པར་འདོད་པའི་ཕྱི་རོལ་བ་དག་གིས་འདོད་དེ། འདི་ལྟ་བུ་ནི་དབང་ཕྱུག་ཆེན་པོ་ནས་བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ་སྟེ་བླ་མའི་དྲིན་གྱིས་ཐོབ་བོ། །དེ་ཕྱིར་མཆོག་གི་དབང་ཕྱུག་ཐམས་ཅད་མཁྱེན་པས་གསུངས་པ། བླ་མ་ལྟ་བུའི་མ་མེད་ཅིང་། །བླ་མ་ལྟ་བུའི་ཕ་མེད་དེ། །འཁོར་བའི་རྒྱ་མཚོ་རྒལ་དཀའ་བ། །

p. 761

འཇིག་པ་ཆེ་ལས་གང་གིས་བསྒྲལ། །ཞེས་དང་། བླ་མ་གང་གིས་སློབ་མ་ལ། །དཔག་ཚད་བརྒྱ་ནས་བསླབ་པ་བྱིན། །ལོངས་སྤྱོད་གྲོལ་སྟེར་བསླབས་པ་གང་། །དེ་ནི་ཐར་བ་སྟེར་བྱེད་དོ། །ཞེས་པ་དེ་ཉིད་དུ་བསམས་ནས་རྣམ་པ་དུ་མ་རྣམས་ཀྱིས་དབང་ཕྱུག་གི་བཀའ་ལུང་ཙམ་གྱིས་གྲོལ་བ་སྟེར་བར་བཟུང་ནས་འདོད་པའི་ལོངས་སྤྱོད་ལ་ཆགས་པ་ཆེན་པོས་ཟིལ་གྱིས་མནན་པའི་རྨོངས་པ་དེ་རྣམས་ལྐོག་གྱུར་ཅི་རིགས་ཤེས་པའམ། དུག་ཅི་རིགས་དུག་མེད་པར་སོང་བ་སོགས་ཡོངས་སུ་ཤེས་པ་ཕྲན་ཚེགས་ཀྱིས་བློ་དེ་ཡི་ཕྱོགས་སུ་སླད་པར་བྱས་ནས་བསླུ་བའི་ངག་དེ་དག་རྗེས་སུ་འཛིན་པར་བྱེད་དེ་དབང་ཕྱུག་གི་བཀའ་དེ་ཡང་སྟེར་བར་བྱེད་དོ། །བཀའ་ཐོབ་པ་དེ་དག་སེམས་མགུ་བ་ཆེན་པོར་གྱུར་ཏེ་ད་ནི་བདག་ཅག་རྣམས་བླ་མའི་དྲིན་གྱིས་གྲོལ་ལོ། །ད་ནི་བདག་ཅག་གིས་ཐམས་ཅད་བྱ་སྟེ་མི་གཙང་བ་ཡང་བཟའ་བར་བྱའོ། །རིགས་མ་ཡིན་པ་ལ་མངོན་པར་བགྲོད་པར་བྱའོ། །སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་དང་བརྫུན་སྨྲ་བ་དང་ཆང་བཏུང་བ་སོགས་ཀྱང་བྱ་སྟེ། དེ་ལྟར་བདུད་ཀྱི་ལས་རྣམ་པ་དུ་མ་རྣམས་འདིར་དངོས་གྲུབ་ཐོབ་པའི་དོན་དུ་བྱེད་པ་ནི་ཤིན་ཏུ་འཁྲུལ་ཞིང་བསླུས་པ་སྟེ་དབང་ཕྱུག་གི་བཀའ་ཐོབ་པར་བཟུང་ཡང་མཆོག་གི་དབང་ཕྱུག་གི་བཀའ་དྲིན་གྱིས་དེ་རྣམས་ཀྱི་ལུས་འཆི་མེད་དུ་འགྲུབ་པར་འགྱུར་བ་ཡང་མ་ཡིན་ཞིང་། འདས་མ་འོངས་ད་ལྟར་བྱུང་བ་རིག་པར་འགྱུར་བ་ཡང་མ་ཡིན་ནོ། །དེ་དག་མཐར་ཐ་མལ་པ་བཞིན་དུ་འཆི་བར་འགྱུར་ཏེ་ལུས་མེར་བསྲེག་པའམ་ཁྱི་དང་བྱ་སོགས་ཀྱིས་ཟ་བར་འགྱུར་ཞིང་། དེའི་སྲོག་ནི་ཞི་བའམ་དབང་ཕྱུག་དང་རྣམ་པར་ཤེས་པ་རྡོ་རྗེ་ཅན་ཁྱབ་འཇུག་ཏུ་འགྱུར་བ་མེད་དེ། སེམས་ཅན་རྣམས་རང་སེམས་ཀྱི་བག་ཆགས་ཀྱིས་འཆིངས་ཤིང་དེ་དང་བྲལ་བ་ལས་གྲོལ་བ་དང་། རང་གི་སྔོན་གྱི་ལས་ཀྱི་དབང་གིས་བདེ་སྡུག་མྱོང་བ་ལས་བྱེད་པོ་གཞན་གྱི་བཀས་འཁོར་བའི་སྡུག་བསྔལ་འཕྲོག་པ་དང་སྦྱིན་པ་པོ་མེད་པ་ནི་སྔར་ཡང་བཤད་ཟིན་ལ་སླར་ཡང་སྐབས་འདིར་འཆད་པར་འགྱུར་

p. 762

རོ། །དེ་ལྟར་བདུད་ཀྱི་རིས་ཀྱི་སྔགས་དང་ལྷའི་བྱིན་གྱིས་བརླབས་པའི་རིག་པ་ཕྲན་ཚེགས་ཐམས་ཅད་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཆོག་ཏུ་མི་འགྱུར་བ་ལ་དགའ་བའི་རྣལ་འབྱོར་པ་རྣམས་ཀྱིས་ཡིད་ཆེས་པའི་གནས་མ་ཡིན་པར་རང་གི་བློས་རྣམ་པར་དཔྱད་པར་བྱ་སྟེ་བྱིན་གྱིས་བརླབས་པ་ཕྲན་ཚེགས་འདི་རྣམས་ཀྱིས་རྡོ་རྗེ་ཡེ་ཤེས་འབེབ་པར་མི་འགྱུར་རོ། །དེ་ལྟར་ཡང་རྡོ་རྗེ་ཡེ་ཤེས་འབེབ་པ་ནི་ཇི་ལྟ་བུ་ཞེ་ན་མཚན་བརྗོད་ལས། རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ཅེས་རྡོ་རྗེ་ཡེ་ཤེས་འབར་བའི་སྐུ་གང་ཞིག་སྤྱན་གྱིས་གཟིགས་པ་ཙམ་གྱིས་བདུད་དང་མི་ཤེས་པ་བསྲེག་པར་བྱེད་པས་མིག་མི་བཟད་པ་དང་དེའི་སྤུ་དང་སྐྲ་ལ་སོགས་པ་ཡང་སུས་ཀྱང་གཞིག་ཏུ་མེད་པའི་རྡོ་རྗེ་ཡེ་ཤེས་ཀྱི་འོད་ཟེར་རྣོན་པོ་འབར་བ་སྟེ་རྡོ་རྗེ་བདེ་བ་ཆེན་པོ་དེ་ལྟ་བུ་དབང་གི་དུས་སོགས་སུ་འབེབས་པ་ནི་ཐ་མལ་གྱི་ལྷ་གཞན་འབེབས་པ་དང་མི་འདྲ་སྟེ་ཡང་དག་པའི་དོན་གྱི་ཡེ་ཤེས་སྟེར་བས་འབེབས་པ་ཆེན་པོ་ཞེས་བྱ་ལ། དེས་ཕྱོགས་དུས་ཀྱི་ཤེས་བྱ་ཐམས་ཅད་གཟིགས་ཤིང་ལུང་སྟོན་ལ་ཡན་ལག་གི་ཆ་ཀུན་ནས་ཀྱང་ཐམས་ཅད་གཟིགས་པས་མིག་བརྒྱ་པ་སྟེ་གཞོམ་དུ་མེད་པ་རྡོ་རྗེའི་མིག་མངའ་བའོ། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་འདིར་ཡང་དབང་ལེ་ལས། སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་རང་བཞིན་ཡོན་ཏན་དབང་གིས་སྐུ་ཡི་བྱ་བ་བྱེད་པ་སྟེ། ཞེས་སོགས་གསུངས་པ་ལྟར་དེ་ལྟ་བུའི་རྡོ་རྗེ་འབེབས་པ་མེད་པ་དེའི་ཕྱིར། ལྷ་དང་འབྱུང་པོ་ཕྲ་མོ་འབེབས་པ་རྣམས་ནི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་བྱེད་པར་མི་འགྱུར་ལ། རེ་ཤིག་སངས་རྒྱས་ཉིད་དང་འཇིག་རྟེན་གསུམ་གྱི་བདག་པོ་ཉིད་ཅེས་བྱ་བའི་དངོས་གྲུབ་ཆེན་པོ་ལྟ་ཞོག་གི། ཉི་ཙེ་བའི་འབེབས་པ་འདི་རྣམས་ཀྱིས་རལ་གྲི་དང་ལྕགས་སོགས་གསེར་དུ་བྱེད་པའི་བཅུད་ཀྱི་ཁམས་དང་ལུས་གཞོན་ནུར་བྱེད་པའི་སྨན་བཅུད་ཀྱིས་ལེན་

p. 763

སོགས་ཀྱང་འགྲུབ་པར་མི་འགྱུར་ལ། དེང་སང་དུས་ངན་འདིར་ཁོག་ཞུགས་ཀྱི་ལྷ་འདྲེའི་ངག་ལ་ཤིན་ཏུ་རྩིས་སུ་བྱེད་པ་མང་ཡང་དེ་དག་གིས་ནི་ནད་ཕྲ་མོ་ཞི་བ་ཙམ་ཡང་ནུས་པར་དཀའ་ལ། བླང་དོར་བསྟན་པ་ཡང་ཕལ་ཆེར་ཕུགས་སུ་བསླུ་བར་འགྱུར་བ་ཡང་མང་བས་མིང་ལྷར་བཏགས་ཀྱང་སྐལ་བ་ནག་ཕྱོགས་ཀྱི་དུས་འདིར་ལྷ་ཚུལ་བཞིན་འབེབས་པ་དཀོན་པས་ཅི་ནས་འདི་འདྲའི་རིགས་ལ་ཡིད་རྟོན་བྱེད་པ་ནི་བདུད་ཀྱིས་བསླུས་པ་ཡིན་པར་གསུངས་པ་འདི་རྣམས་ཀྱིས་མ་འོངས་པའི་སྐྱེ་བོ་ལ་མགོན་པོ་སྤྱན་རས་གཟིགས་ཀྱིས་དངོས་སུ་གདམས་པ་ཡིན་པ་ཤེས་པར་བྱའོ། །དེ་འདྲའི་བཀའ་ལུང་གིས་མི་གྲོལ་བའི་ཚུལ་གསུངས་པ། གང་གི་ཕྱིར་ན་མཆོག་གི་དབང་ཕྱུག་གི་བཀའ་སྟེར་བར་བྱེད་པ་པོའི་བླ་མས་ཡང་ཕ་རོལ་གྱི་རྫས་འཕྲོག་པར་བྱེད་པའི་ཕྱིར་རོ། །འདིར་གལ་ཏེ་མཆོག་གི་དབང་ཕྱུག་གི་བཀའ་སྟེར་བ་པོ་བླ་མའི་བཀའ་དྲིན་གྱིས་བླུན་དད་རྨོངས་པ་ཆེན་པོ་རྣམས་ཀྱིས་སྐྱེ་བ་འདི་ལ་མངོན་པར་མཐོ་བ་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་དང་མཐར་ཐུག་ངེས་པར་ལེགས་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་ན་དེའི་ཚེ་ཅིའི་ཕྱིར་དེ་འདྲའི་བཀའ་སྟེར་བ་པོ་བླ་མ་ལ་དབུལ་བའི་སྡུག་བསྔལ་ཡོད་ཅིང་བཅུད་གྲུབ་པའི་གོ་འཕང་ཡང་ཅི་སྟེ་མེད། ཅེས་གསུངས་པ་ལྟར་ལྷ་དང་འབྱུང་པོ་ཕྲ་མོའི་རིགས་རང་གིས་བསྟེན་ནས་གཞན་ལ་འདི་བསྟེན་དང་འདིས་ཁྱོད་ལ་ཕན་ཆེན་པོ་ཐོགས་སོ་ཞེས་ལུང་སྟོན་པ་སོགས་ཀྱང་ཕལ་པ་ལས་མཆོག་གི་ཕུན་སུམ་ཚོགས་པ་ཅི་ཡང་མ་ཐོབ་པ་འདི་ཡང་དེ་བཞིན་དུ་དཔྱད་པར་བྱའོ། །དེ་ལྟར་རིགས་པའི་རྣམ་པ་དུ་མ་རྣམས་ཀྱིས་རྣམ་པར་དཔྱད་ན་རང་རང་གི་སྐྱེ་བ་སྔ་མ་གཞན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་བྲལ་བ་ལ་ནི། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ཡོད་པ་མིན་པས། དབང་ཕྱུག་གི་བཀའ་ལུང་ཙམ་དང་ལྷ་འདྲེ་ཕྲ་མོས་གྲོལ་བ་སྦྱིན་པ་ལྟ་ཞོག་གི་གནས་སྐབས་ཀྱི་ཕན་པ་ཕྲ་མོ་ཡང་རང་ལ་བསོད་

p. 764

ནམས་མེད་པའི་གང་ཟག་ལ་བསྒྲུབ་པར་མི་ནུས་སོ། །དེའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་སེམས་ཅན་ལ་ཕན་པར་བྱ་སྟེ། རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་འདིའི་ཚིགས་བཅད་རེ་དྲུག་པར། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་ཞེས་སོགས་གསུངས་པ་ལྟར་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སེམས་ཅན་ལ་ཕན་པར་བྱ་བ་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒོམ་པར་བྱའོ། །སེམས་ཅན་གྱི་དོན་བྱེད་པ་མ་གཏོགས་པར་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒོམ་པ་མ་གཏོགས་པར་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཉིད་དུ་འགྱུར་བ་མ་ཡིན་ནོ་ཞེས་པ་དེ་བཞིན་གཤེགས་པའི་ཐུགས་ཀྱི་བཞེད་པའོ། །རྒྱུད་ཀྱི་རྒྱལ་པོ་འདིའི་ལེའུ་ལྔ་པའི་ཚིགས་བཅད་དོན་གཉིས་པར། སེམས་ཅན་རྣམས་ཀྱི་སྡིག་པའི་སེམས་ནི་མི་ཡི་བདག་པོ་བདུད་ཀྱི་ཚོགས་ཀྱིས་བྱིན་གྱིས་བརླབས་པར་འགྱུར། ཞེས་སོགས་གསུངས་པ་ལྟར། རྣལ་འབྱོར་པའི་གཏན་གྱི་ཐར་པའི་དོན་དུ་མཆོག་ཏུ་མི་འགྱུར་པ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས་རང་གི་སེམས་བསྒྲུབ་པར་བྱའོ། །རང་གིས་མ་བསྒྲུབ་ན་བླ་མའི་བཀའ་ཙམ་གྱིས་ཐར་པར་མི་འགྱུར་ཏེ། བཅོམ་ལྡན་འདས་ནི་ཡང་དག་པའི་ལམ་ཉེ་བར་སྟོན་པར་བྱེད་པ་ཡིན་གྱི་ལམ་སྒྲུབ་པ་ནི་རང་ལ་རག་ལས་པའི་ཕྱིར་རོ། །དེ་ལྟར་ཡང་། བཀའ་ཡིས་ཀུན་སྤྱོད་ཆོས་རྣམས་ནི། །འགར་ཡང་སྲོག་ཆགས་ཐར་སྟེར་མིན། །ལམ་ཉེར་སྟོན་བྱེད་གང་གིས་ན། །རྒྱལ་བ་བཀའ་ཡིས་ཐར་སྟེར་མིན། །གལ་ཏེ་བླ་མའི་བཀའ་དྲིན་གྱིས། །ལུས་ཅན་རྣམས་ནི་གྲོལ་འགྱུར་ན། །དེ་ཚེ་ཐར་བ་སྙིང་རྗེ་ཅན། །ཏིང་ངེ་འཛིན་གྱིས་སྟོན་མི་འགྱུར། །ཞེས་ཡུལ་གྱི་རྒྱལ་པོའི་ཚིག་གིས་ཕན་གནོད་བྱེད་པ་ལྟར། བླ་མའི་བཀའ་ཡི་ཀུན་སྤྱོད་ཀྱི་ཆོས་རྣམས་ཀྱིས་ཐར་བ་མིན་ཏེ། སངས་རྒྱས་ནི་ལམ་སྟོན་པ་པོ་ཡིན་གྱི་བཀའ་ལུང་ཙམ་བྱིན་པས་ཐར་བ་སྟེར་པ་པོ་མིན་ནོ། །གལ་ཏེ་བླ་མའི་བཀའ་ལུང་གིས་གཞན་

p. 765

ཐར་ནུས་ན། དེ་ཚེ་སེམས་ཅན་ལ་སྙིང་རྗེ་ཅན་རྒྱལ་བ་རྣམས་ཀྱིས་ཐར་བ་དེ་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་གྱིས་སྟོན་པ་གཏད་ནས་ཐམས་ཅད་ཐར་བ་བྱེད་རིགས་ན་ཡང་དེ་ལྟར་མ་ཡིན་ནོ། །དེའི་ཕྱིར་ཐར་བ་དང་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་ཕྱི་རོལ་པའི་ལྷའི་སྔགས་རྣལ་འབྱོར་པས་བསྒྲུབ་པར་མི་བྱ་སྟེ། འདིར་ཕྱི་རོལ་གྱི་ལྷ་ཉེ་བར་འཚེ་བ་ཕྲ་མོ་བྱེད་པ་རྣམས་བསྒྲུབ་ཀྱང་སྒྲུབ་པ་པོ་ལ་བྱ་བ་ཅུང་ཟད་རེས་ཀོ་ལོང་སྡོམ་ཞིང་གླགས་འཚོལ་བར་བྱེད་ལ། ལྷ་དེ་རྣམས་ཀྱི་སྟོབས་ཀྱིས་སྒྲུབ་པ་པོ་ལ་རབ་ཏུ་གཏུམ་པའི་ལྷ་གཞན་རྣམས་ཀྱང་ཉེར་འཚེ་ཕྲ་མོ་བྱེད་དེ། སྒྲུབ་པོ་དེ་ལྷ་གཞན་དེ་རྣམས་ཀྱིས་བཟུང་བས། སྔར་བསྒྲུབ་པ་གདུག་པའི་ལྷ་དེ་སྒྲུབ་པ་པོ་དེའི་དགྲར་འགྱུར་ཞིང་འཆི་བའི་དུས་སུ་ཕན་པའི་ཐབས་ཅུང་ཟད་ཀྱང་བརྗོད་པར་མི་བྱེད་ལ། ཏིང་ངེ་འཛིན་མེད་ཅིང་གཞན་གནོད་གདུག་པའི་ལྷ་བསྒྲུབ་པ་དེ་དག་ཤི་ནས་དམྱལ་བར་འགྲོའོ། །གཞན་ཡང་འབྱུང་པོ་དང་གསར་སྐྱེས་ཀྱི་འདྲེ་རིགས་སྒྲུབ་པ་ལ་ཆེས་དགའ་བ་དེང་སང་མང་ཡང་། རྗེ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས། མཐུ་ཆེན་འདོད་པས་བེ་ཧར་བསྒྲུབ། །གྲུབ་མ་ཐག་ཏུ་སྲོག་དང་བྲལ། །ཤི་ནས་དམྱལ་བར་སྐྱེ་བ་མཐོང་། །ཞེས་གསུངས་པ་ལྟར་རང་རྒྱུད་གདུག་པའི་ལྷ་འདྲེ་འདི་དག་བསྒྲུབ་པས་ཅུང་ཉེ་བ་ན་འཁུ་ལྡོག་ཆེ་བ་དང་། རང་དང་འཁོར་ལ་གཟེན་ཅིང་འཚུབ་ལོང་མང་བ་ཙམ་ལས། དངོས་གྲུབ་ཅི་ཞིག་སྟེར་ཏེ་མི་དབུལ་པོ་ལ་བསླང་བ་བཞིན་ནོ། །མི་མ་ཡིན་དངོས་སུ་གྲུབ་པ་དག་གིས་ཀྱེ་སྒྲུབ་པ་པོ་ཁྱོད་ཀྱིས་བསྒོ་བ་ཐམས་ཅད་བདག་གིས་བྱའོ་ཞེས་སྨྲ་ཡང་། དེ་ལ་སྒྲུབ་པ་པོས་ཁྱེད་རྣམས་ཀྱི་ཡུལ་འདིའི་རྒྱལ་པོ་ཆིངས་ལ་ཁྱེར་ཤོག །ཅེས་སྨྲས་པ་ན་ཡུལ་འདི་ལ་བདག་ཅག་ནུས་པ་མེད་དོ་ཞེས་ཕྱིར་བཟློག་བྱེད་ཀྱི་བསྒོ་བ་སྒྲུབ་མི་ནུས་སོ། །དེ་བཞིན་འཇིག་རྟེན་གྱི་རེ་འདོད་དྲག་པོའི་ཚིག་འདི་སྐད་དུ། རྒྱལ་བློན་བཙུན་མོ་ཡིད་འོང་རྫས། །འཇིག་རྟེན་འདི་

p. 766

ཡི་ཡུལ་འཁོར་གྲོང་ཁྱེར་རྣམས། །ཁམས་གསུམ་དབང་དུ་སྡུས་ལ་བདག་ལ་བྱིན་སོགས། བརྐམ་ཆགས་ཀྱི་ཕྲིན་བཅོལ་རྟག་ཏུ་བྱས་ཀྱང་ཁམས་གསུམ་ཕར་ཞོག་ན་ཆུང་ཡིན་འཐད་ཞིག་ཀྱང་ཁུག་དཀའ་ལ་ཟས་གོས་ཀྱིས་ཕོངས་པ་མེད་པ་ཙམ་ཡང་ཚེ་འདིར་མཐོང་དཀའ་ན་ཡང་། གོང་དུ་སྒྲུབ་ཐབས་ལེའུའི་ཚིག་བཅད་གྱ་བརྒྱད་པར། སྐྱེས་བུ་རྣམས་ཀྱི་སེམས་ནི་ཀུན་ནས་མི་དགེའི་འབྲས་བུའི་དབང་གིས་ཕྲན་ཚེགས་རིག་པ་ལ་རྗེས་ཆགས། རིག་པ་འདི་ཡིས་སྲིད་པ་གསུམ་པོ་མཐའ་དག་སྐད་ཅིག་གིས་ནི་དབང་དུ་བྱེད་པའོ། །ཞེས་པའི་བསམ་པ་བརྐམ་ཆགས་སེམས་ཀྱིས་ཡེ་ཤེས་སྦྱིན་པ་རྣམ་པར་སྤངས་ནས་དམྱལ་བར་རབ་ཏུ་འཇུག །རྒྱབ་ཏུ་རྫས་དང་རང་གི་ཁྱིམ་ཐབ་གཞན་གྱི་དབང་འགྱུར་ཀྱེ་མ་ངན་པའི་ཆོས་ལ་རབ་ཏུ་འཇུག །ཅེས་གསུངས་པ་ལྟར་དོན་ཆུང་འབྲས་བུ་མེད་པའི་ལྷ་མཆོད་ཅིང་སྒྲུབ་པ་ཙམ་ལ་སྙིགས་དུས་ཀྱི་སྒྲུབ་པ་པོ་རྣམས་ཀྱི་དལ་འབྱོར་ཆུད་ཟ་བར་བྱེད་པ་མང་པ་ནི་ཀྱེ་མ་རེ་འཁྲུལ་ལོ། །དེ་ཕྱིར་གདུག་ཅན་གྱི་ལྷ་ཕྲ་མོ་བསྒྲུབ་པ་དག་གིས་ཐམས་ཅད་མཁྱེན་པའི་ལམ་སྒྲུབ་པ་ལས་ཕྱིར་བཟློག་པར་བྱེད་ཅིང་ཚེ་འདིའི་སྣང་ཞེན་ཇེ་ཆེར་འཕེལ་བར་བྱེད་པའི་རྩ་བ་བྱེད་པས། ཡང་དག་པའི་ལམ་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་གདུག་པའི་ལྷ་བསྒྲུབ་པ་དང་། བླ་མའི་བཀའ་ཡིན་ཡང་འཁོར་བའི་ཆོས་ཆེ་གྲགས་དང་ལོངས་སྤྱོད་ཆགས་སྡང་སོགས་དང་འབྲེལ་བ་འཁོར་བའི་ཆོས་ཀྱི་འབྲས་བུ་སྟེར་བ་བསྒྲུབ་པ་ལ་དགོས་པ་ཅི་ཞིག་ཡོད། བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས་གསུངས་པ། ཕྱི་རོལ་པའི་དབང་ཕྱུག་གི་བཀའ་ལུང་གིས། ཞི་བའི་དེ་ཉིད་འདིའི་དང་འདོད་པའི་དེ་ཉིད་དང་། དུག་གི་དེ་ཉིད་དང་གསུམ་ནི་དེ་བཞིན་བཀས། །ལུང་བྱིན་རླབས་མ་བསྒོམ་པར་ཡང་། ཀུན་སྤྱོད་འགྱུར་ཏེ་སྐྱེས་བུ་ནི། །སངས་རྒྱས་ཉིད་དུ་དེ་བཞིན་བཀའ་ལུང་གིས་བྱེད་པ་མིན། །ནོ། །ཅིའི་ཕྱིར་ན་ཆགས་སོགས་དྲི་མ་ལྡན་པའི་སེམས། །འགྱུར་བ་འཁོར་བའི་རྒྱུ་ཡིན་ཏེ། །འགྱུར་བ་དེ་

p. 767

དང་བྲལ་བས་རྣམ་པར་དག །པ་ཡིན་སེམས་ཀྱི། རང་བཞིན་དྲི་མེད་དག་པའོ། །དེ་ཕྱིར་བཀའ་ལུང་བྱིན་པ་ཡིས་བསལ་བྱ་ཆགས་སོགས་ནི། །ཅི་ཡང་བསལ་བ་མེད་ལ་བཞག་བྱ་སྒྲིབ་བྲལ་གྱི་ཆོས་བཞག་པ། ཅི་ཡང་མེད། །དེས་ན་རྣམ་པར་དག་པའི་དེ་ཉིད་འགྱུར་མེད་བདེ་བ་ཆེ། །གཞན་གྱིས་སྦྱིན་བྱ་མ་ཡིན་ལ་འཕྲོག་བྱ་མིན། །ནོ། །ཀུན་ནས་དག་པའི་དེ་ཉིད་ལ། །རང་གིས་མ་བསྒོམ་པར་སྦྱིན་བྱེད་དང་འཕྲོག་བྱེད་ཀྱི་བླ་མ་མེད། །བསོད་ནམས་ཚོགས་ནི་དམན་རྣམས་ལ། །ཀུན་མཁྱེན་གཙོ་བོ་རང་ཉིད་ཀྱིས་ཀྱང་སྦྱིན་མི་ནུས་སོ། །སྐྱེས་བུ་རྣམས་ཀྱིས་གཞན་ཕན་ལས། །བསོད་ནམས་ཚོགས་ནི་མཆོག་ཐོབ་པ་ཡིན་ཞིང་། །ཡེ་ཤེས་ཚོགས་མཆོག་དང་བཅས་པ་ཚོགས་གཉིས་པོ། དེ་དག་གིས། །སངས་རྒྱས་ཉིད་ནི་མཆོག་ཐོབ་པ་ཡིན་ནོ། །དེ་ཉིད་གསུམ་རྒྱས་པར་བཤད་པ་མི་ལ་བྱེད་པོ་དབང་ཕྱུག་གི་བཀའ་ལུང་སྟེར་བ་པོ་བླ་མའི་བཀས། །ཞི་བའི་དེ་ཉིད་དང་འདོད་པའི་དེ་ཉིད། །དང་། དུག་གི་དེ་ཉིད་རྣམ་པར་གསུམ་སྦྱིན་པར་འགྱུར་གྱི། །མཆོག་ཏུ་མི་འགྱུར་བདེ་བ་བཀའ་ལུང་གིས་སྦྱིན་པ། མིན། །ཞི་བའི་དེ་ཉིད་ཅེས་པ་གང་ཞེ་ན། སེམས་དག་ལུས་ཀྱི་ཁུ་བ་འཕོ་བའི་དབྱེ་བ་ཡིས། །གཉིད་དང་རྨི་ལམ་སད་པ་ལ། །རིམ་བཞིན་ཕྲ་མོ་དང་བདེ་འབྱུང་དབང་ཕྱུག་དང་ནུས་ཅན་ཚངས་པ་ཡང་། །བྱེད་པོ་བཀའ་ཡིས་མ་བསྒོམ་པར་ཡང་འགྱུར་བ་ནི། །ལམ་དེ་ལ་ཞེན་པའི་རྨོངས་པ་རྣམས་ནི་བླ་མའི་བཀས། །སྟེར་བ་ནི། ཞི་བའི་དེ་ཉིད་ཅེས་པར་བརྗོད། །འདོད་པའི་དེ་ཉིད་ནི་བླ་མའི་བཀའ་ཡི་དྲིན་གྱིས་ནི། །འདོད་པའི་ལྷ་དང་སྔགས་ཀྱི་བཀའ་ལུང་ཐོབ་པས་སེམས་དང་ངག་ལུས་ཀུན་ཆགས་པས་བསྐྱོད་ཅིང་། །ལུས་ཅན་རྣམས་ཀྱི་ཁུ་བ་འཕོ་བ་ནི། །འདོད་པའི་དེ་ཉིད་ངེས་པར་བཤད། །བླ་མའི་དུག་སྔགས་སོགས་ཀྱི་བཀའ་ལུང་ཕོག་པ་དེ་འདྲའི་བཀའ་ཡི་དྲིན་གྱིས་ནི། །བརྟན་པ་དང་གཡོ་བ་དང་བྱས་པ་སྦྱར་བ་ཡི། །དུག་ནི་དུག་མེད་ཅེས་བརྗོད་ཅིང་། །དུག་མེད་པ་ནི་དུག་ཉིད་དུག་ཏུ་འགྱུར་བ་དག །ཀྱང་། །བྱེད་པ་ནི་དུག་གི་དེ་ཉིད་ཅེས་པར་བརྗོད། །

p. 768

དེ་ལྟར་འཕྲལ་དུ་ཡིད་ཆེས་བྱེད་པ་ནི། །དེ་ཉིད་གསུམ་སྟེ་དེ་ལྟར་འགྱུར་མེད་བདེ་བ་ནི། བླ་མའི་བཀའ་ལུང་སྟེར་བ་ཙམ་མོ། །ཡིས་དྲིན་གྱིས་ནི། །ལུས་ཅན་ཀུན་ལ་འབྱུང་མི་འགྱུར། །དེ་ཕྱིར་འགྱུར་མེད་བདེ་བ་དེ་རང་གིས་བསྒོམ་པར་བྱའོ། །འཛག་མེད་ཀྱི་བརྟུལ་ཞུགས་ཅན། །ཞེས་གསུངས་ཏེ། འདིས་ཕྱི་རོལ་པའི་འཕྲལ་དུ་ཡིད་ཆེས་པའི་དེ་ཉིད་གསུམ་བསྟན་པས་ཐམས་ཅད་དབང་ཕྱུག་གི་བཀའ་ལུང་བྱིན་པས་འགྲུབ་པར་འགྱུར་རོ་སྙམ་པའི་རྨོངས་པ་རྣམས་བསླུ་བར་བྱེད་དེ། ཞི་བ་ཐར་པའི་དེ་ཉིད་ནི་འགྲོ་བ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་བྱེད་པོ་ཚངས་པ་དབང་ཕྱུག་ཁྱབ་འཇུག་གསུམ་ཡིན་པས། གཉིད་འཐུག་གི་སྐབས་ཀྱི་ཕྲ་མོའི་སེམས་སྦྱོང་བའི་ཆེད་དུ་ནུས་པ་ཅན་ཐུགས་རྡོ་རྗེ་འབེབས་པ་དང་། རྨི་ལམ་གྱི་སྐབས་སྦྱོང་བྱེད་ངག་ལ་གསུང་རྡོ་རྗེ་བདེ་འབྱུང་དབང་ཕྱུག་འབེབས་པ་དང་། སད་པའི་སྐབས་ཀྱི་ལུས་སྦྱོང་བྱེད་སྐུ་རྡོ་རྗེ་ཚངས་པ་འབེབས་པ་རྣམས་མ་བསྒོམ་པར་ཡང་བླ་མའི་དབང་བསྐུར་བའི་བཀའ་ལུང་གིས་འགྲུབ་པས་དེའི་མཐུས་མཐར་ཐར་པར་འདོད་པ་དང་། ལུས་ངག་ཡིད་ལ་འདོད་པའི་ལྷ་དང་སྔགས་ཀྱི་མཐུས་ཆགས་པ་དབང་མེད་བསྐྱེད་དེ་ཁམས་འཛག་པ་སོགས་འཕྲལ་དུ་བྱེད་པ་འདོད་པའི་དེ་ཉིད་དང་། དུག་གི་སྔགས་སོགས་ཀྱི་བཀའ་ལུང་ཕོག་པས་བརྟན་གཡོ་སྦྱར་བའི་དུག་གསུམ་དུག་མེད་པར་བྱས་ནས་བཟའ་བར་བྱས་ཀྱང་མི་གནོད་པ་དང་། དུག་མེད་པ་ཡང་དུག་ཏུ་འགྱུར་བར་བྱེད་པ་ནི་དུག་གི་དེ་ཉིད་ཅེས་བྱའོ། །དེ་ལྟར་ལྷ་དང་སྔགས་ཀྱི་ནུས་པས་དེ་ཉིད་གསུམ་འཕྲལ་དུ་ཡིད་ཆེས་སུ་འགྱུར་བར་བྱེད་མོད་ཀྱི་ཐར་བ་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་རང་གིས་བསྒོམ་ནས་མངོན་དུ་མ་བྱས་པར་བཀའ་ལུང་གིས་སྟེར་ནམ་ཡང་ཡི་ནུས་ཏེ། ཆགས་སོགས་ཀྱི་དྲི་མ་དང་བཅས་པའི་སེམས་འགྱུར་བ་ཅན་འཁོར་བའི་རྒྱུ་ཡིན་ལ་དེ་དང་བྲལ་བ་རྣམ་པར་དག་པའི་མྱང་འདས་ཡིན་པས། རང་སེམས་གདོད་ནས་དག་པའི་དེ་ཁོ་ན་ཉིད་ལམ་གྱི་སྟོབས་ལས་མངོན་དུ་མ་གྱུར་བར་དུ་བཀའ་ལུང་ཙམ་

p. 769

གྱིས་ཆགས་སོགས་ཅུང་ཟད་བསལ་བ་དང་། རྣམ་དག་སྒྲིབ་བྲལ་གྱི་ཆོས་ཅུང་ཟད་གཞལ་མི་ནུས་པའི་ཕྱིར་བཀའ་ལུང་ཙམ་གྱིས་ཐར་པ་ནམ་ཡང་སྟེར་བ་མེད་དེ། རང་གིས་ཚོགས་གཉིས་བསགས་པ་མེད་པ་ལ། དབང་ཕྱུག་སོགས་ཀྱིས་ལྟ་ཅི་སངས་རྒྱས་ཀྱིས་ཀྱང་དག་ཅིང་ཐར་བར་མཛད་དུ་མེད་དོ་ཞེས་སོ། །གསུངས་འདིའི་ཕྱིར་ཐར་པ་དོན་གཉེར་རྣམས་ཀྱིས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །གཞན་དག་ན་རེ། གལ་ཏེ་ཁམས་མི་འཕོ་བ་འཛག་མེད་ཀྱི་ཚངས་སྤྱོད་མེད་པར་མངོན་ཤེས་ལྔ་མི་ཐོབ་ན། འདི་ལྟར་འཕགས་པ་ཆོས་འཕགས་ལ་སོགས་པའི་བྱང་སེམས་རྣམས་དང་། བཱ་ཤིཥྛ་སྟེ་དྲང་སྲོང་གནས་འཇོག་ལ་སོགས་པའི་དྲང་སྲོང་ཆེན་པོ་རྣམས་ལ་ཇི་ལྟར་མངོན་ཤེས་ལྔ་ཡོད་པར་འགྱུར་ཏེ།འདི་དག་བུད་མེད་དང་རོལ་བའི་ཕྱིར་རོ་སྙམ་དུ་བསམ་པའོ། །དེ་སྐད་བརྗོད་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། འཕགས་པ་ཆོས་འཕགས་སོགས་ཐབས་ལ་མཁས་པས་བཙུན་མོའི་ཚོགས་དང་བཅས་པ་ལ་འཛག་མེད་ཀྱི་ཚངས་སྤྱོད་མེད་པ་མ་ཡིན་ཏེ། གང་གི་ཕྱིར་ན་བྱང་ཆུབ་སེམས་འཕོ་བ་ནི་རྣམ་པ་གཉིས་ཡོད་དེ། གཅིག་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་གཞན་དབང་གིས་འཁོར་བར་སྐྱེས་ནས་འཕོ་བ་ཡིན་ལ། གཉིས་པ་ནི་སེམས་ལ་དབང་ཐོབ་པ་རྣམས་ལས་ཀྱིས་འཁོར་བར་སྐྱེས་ནས་འཕོ་བ་མེད་ཀྱང་འཁོར་བར་འཁྱམས་པ་རྣམས་ལ་ལམ་བསྟན་པའི་དོན་དུ་ཡིན་གྱི་འཕོ་བ་རང་མཚན་པ་མ་ཡིན་ནོ། །དཔེ་ཇི་ལྟར་ན་འབིགས་བྱེད་ཀྱི་ནགས་ཐིབས་པོར་ལྷུང་བ་ལམ་མི་ཤེས་པ་རྣམས་ལ་ལམ་སྟོན་པ་པོ་མེད་ན་ལམ་མཐོང་བར་མི་འགྱུར་བ་བཞིན་དུ།འཁོར་བར་ལམ་མི་ཤེས་པ་ལ་ལམ་སྟོན་པ་པོ་མེད་ན་ཐར་པའི་ལམ་རྙེད་པར་མི་འགྱུར་བས་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་ཕན་གདགས་པའི་དོན་དུ་འཁོར་བར་འཇུག་ཅིང་སྐལ་པ་མཉམ་པའི་སེམས་ཅན་དང་མཐུན་པར་སྟོན་པ་ཡིན་གྱི་

p. 770

ལས་ཀྱི་རྣམ་པར་སྨིན་པས་འཁོར་བར་སྐྱེ་བ་ནི་མ་ཡིན་ནོ། །གལ་ཏེ་ལམ་སྟོན་པ་པོ་དང་ལམ་སྟོར་བ་གཉིས་ཀ་ལྷན་ཅིག་ཚོགས་ཀྱང་ལམ་ཡང་དག་པར་མཐོང་བའམ་བསྟན་པ་མེད་ན་ལམ་རྙེད་པ་མེད་ཅིང་། ཅི་སྟེ་ལམ་སྟོན་པ་པོ་རང་ཉིད་སྔར་རྣམ་པར་དག་པའི་ལམ་ནས་འོངས་པ་སྟེ་ཡང་དག་པའི་ལམ་ཉམས་འོག་ཏུ་ཚུད་པར་མ་བྱས་ན་ཡང་ལམ་ཐོབ་པ་མེད་དེ། རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། ཞེས་ཐབས་བྱུང་འགོག་པ་དང་དེའི་རྒྱུ་ལམ་གཉིས་ཀ་རང་ལ་ལྐོག་ཏུ་གྱུར་ཏེ་མ་ཤེས་པས་གཞན་ལ་དེ་ཇི་བཞིན་འདོམས་མི་ནུས་པས་སོ། །ཅི་སྟེ་ལམ་ཉམས་པ་རྣམས་ཀྱིས་ལམ་སྟོན་པ་པོའི་སྐད་མི་ཤེས་པ་ཞིག་ན་ཡང་ལམ་སྟོན་པ་མེད་དོ། །དེས་ན་ལམ་སྟོན་པ་པོ་དེས་རང་ཉིད་ཀྱིས་ཐར་པའི་ལམ་ཤེས་ཤིང་ལམ་བསྟན་པའི་དོན་དུ་སོ་སོའི་སྐད་ཀྱིས་ལམ་སྟོན་ཏེ། ལམ་ཉམས་ཤིང་སྟོར་བ་འདི་རྣམས་ལམ་མ་རྙེད་པས་སྐྲག་ཅིང་མྱོས་པར་གྱུར་པ་མཐོང་ནས་ལམ་ཉམས་པ་མ་ཡིན་པ་ནི་སྐྲག་པ་མེད་དེ་ལམ་ལེགས་པར་སྟོན་པར་བྱེད་དོ། །གལ་ཏེ་བྱང་སེམས་ས་བཅུའི་དབང་ཕྱུག་ཕར་ཕྱིན་བཅུས་ངེས་པར་བྱུང་བ་དབང་བཅུ་ཐོབ་པ་རྣམས་ལས་ཀྱི་རྣམ་པར་སྨིན་པས་འཁོར་བར་འཁྱམས་སྲིད་ན་དེའི་ཚེ་སེམས་ཅན་རྣམས་ལ་ཐར་བ་མེད་པར་འགྱུར་རོ། །ལམ་མི་ཤེས་པས་ལམ་མ་མཐོང་བ་ལ་ལམ་སྟོན་པར་རིགས་པ་མ་ཡིན་ཏེ་ལོང་བས་ལོང་བ་ལ་བཞིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཁོར་བར་སྐྱེ་བ་འཛིན་པ་ནི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་ཡིན་ཏེ། འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་བདག་ཉིད་སེམས་ཅན་གྱི་དོན་དུ་དམྱལ་བར་རབ་ཏུ་ཞུགས་པའི་དུས་སུ་བདུད་ཀྱི་རིས་རྣམས་ཀྱིས། གང་ཞིག་སྲིད་པའི་འཆིང་བ་རྣམས་ལས་གྲོལ་ཡང་སེམས་ཅན་དོན་དུ་སྲིད་པ་འཛིན། །དེ་ནི་སྟོང་པའི་དོན་དག་སྟོན་མཛད་དུས་ལས་ལས་ཀྱི་འབྲས་བུ་གཏོང་མ་ལགས། །སེམས་ཀྱི་དྲི་མ་

p. 771

ཡང་དག་ཡེ་ཤེས་མེས་བསྲེག་རྟག་ཏུ་ཡང་དག་བརྩེ་བས་བརླན། །མཛད་སྤྱོད་བརྟག་མིན་སེམས་ཅན་དོན་ལ་དགྱེས་པའི་སངས་རྒྱས་དེ་ལ་བདག་ཅག་འདུད། །ཅེས་པ་སྟེ་སྔར་ལེའུ་དང་པོའི་ཐོག་མར་ཡང་གསུངས་པ་འདིའི་ཚིག་གི་དོན་ནི། སྲིད་པའི་འཆིང་བ་ཀུན་ལས་གྲོལ་ཡང་སྙིང་རྗེ་ཆེན་པོས་སེམས་ཅན་དོན་དུ་སྲིད་པ་འཛིན་པ་དང་དེ་ནི་ཆོས་ཐམས་ཅད་རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་སྟོང་པའི་དོན་དག་ཐུགས་སུ་ཆུད་ནས་སྤྱོད་ཡུལ་ཟབ་མོའི་དེ་ཉིད་སྟོན་པར་མཛད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་དུས་ལ་བབ་པའི་ཚེ་ལས་ཀྱི་འབྲས་བུ་གཏོང་བ་མ་ལགས་ཏེ་ཆུད་མི་ཟ་བར་མཛད་པ་ནི། སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བརྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་པ་བཞིན་ནོ། །བདག་ཉིད་ཀྱི་སེམས་ཀྱི་དྲི་མ་བདག་ཏུ་འཛིན་པའི་རྩ་བ་ལས་བྱུང་བའི་ཆགས་སོགས་ཉེས་པ་མཐའ་དག་བདག་མེད་རྟོགས་པ་ཡང་དག་པའི་ཡེ་ཤེས་ཀྱི་མེས་བསྲེག་པར་བྱས་ཀྱང་རྟག་ཏུ་སེམས་ཅན་གཞན་ལ་ཡང་དག་པར་བརྩེ་བས་རྒྱུད་བརླན་པ་གང་ཞིག །སེམས་ཅན་གྱི་ཚོགས་རྣམས་ཀྱིས་འདི་ཡི་མཛད་སྤྱོད་བརྟག་པར་བྱ་བའམ་བསམ་པར་བྱ་བའི་སྒོ་ནས་ཁོང་དུ་ཆུད་ནུས་པ་མིན་པ་སེམས་ཅན་དོན་ལ་རྟག་ཏུ་དགྱེས་པའི་སངས་རྒྱས་དེ་ལ་བདག་ཅག་སྙིང་ནས་འདུད་ཅེས་སོ། །དེ་ལྟར་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པ་དང་དབང་བཅུ་ཐོབ་པ་སོགས་ཀྱི་ཡོན་ཏན་དུ་མ་དང་ལྡན་ཞིང་ཉོན་མོངས་པའི་སྒྲིབ་པ་བསྲེག་པ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱ་བའི་བདག་ཉིད་ནི་བསམ་གྱིས་མི་ཁྱབ་ལ། ཕལ་ཆེར་བྱང་ཆུབ་སེམས་དཔའ་དག་ཉོན་མོངས་པའི་སྒྲིབ་པ་ཤས་ཙམ་འཁོར་བར་སྐྱེ་བ་འཛིན་པའི་དོན་དུ་ཐབས་ལ་མཁས་པས་བཟུང་ཡང་ཉོན་མོངས་རང་མཚན་པ་མ་ཡིན་ནོ། །མ་རིག་བག་ཆགས་ཀྱི་ས་དང་འཕོ་བའི་སྒྲིབ་པ་སྤངས་པའི་སངས་རྒྱས་རྣམས་

p. 772

ནི་སྣ་ཚོགས་སུ་སྣང་ཡང་རྣམ་པར་རྟོག་པའི་གཡོ་བ་མེད་པས་འཁོར་བར་སྐྱེས་པའི་ཐ་སྙད་མེད་དོ། །དེ་ལྟར་བྱང་སེམས་རྣམས་འཁོར་བར་སྐྱེ་བ་མ་བཟུང་ན་གཞན་སེམས་ཅན་རྣམས་ལམ་སྟོན་པོ་བྱང་ཆུབ་སེམས་དཔའ་དང་འཕྲད་པ་མེད་པས་ལམ་མི་ཤེས་ཤིང་འཁོར་བ་ལས་ནམ་ཡང་ངེས་པར་འབྱུང་བར་མི་འགྱུར་རོ། །དེའི་ཕྱིར་འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔོན་དུ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ་སྟེ། དེ་ལ་བྱང་ཆུབ་ཀྱི་སེམས་འདི་ལ་བཅིངས་བ་གཉིས་ཏེ། སོ་སོར་བརྟག་པའི་ཤེས་རབ་ཀྱིས་ཆགས་པ་དང་བྲལ་བ་དང་། ཐབས་ལ་མཁས་པའི་ཤེས་རབ་ཀྱིས་ཆགས་པའི་ལམ་གྱིས་བཅིངས་པའོ། །དེ་དག་གི་དཔེ་ནི་ཇི་ལྟར་དངུལ་ཆུ་བཅིངས་པ་བཞིན་ཏེ་དངུལ་ཆུ་བཅིངས་པ་རྣམ་པ་གཉིས་ལས། གཅིག་ནི་བདུག་པ་དགོད་པའི་སྦྱོར་བས་དངུལ་ཆུ་མི་གཡོ་བར་བྱ་བ་དང་། གཉིས་པ་ནི་ལྕགས་སོགས་དང་བསྐོལ་ནས་མེས་གདུང་བར་བྱས་པའི་སྦྱོར་བས་སོ། །དེ་ལས་སྦྱོར་བ་དང་པོས་བཅིངས་པའི་དངུལ་ཆུ་དེ་མེ་དྲག་པོས་བཞུས་ན་ཅུང་ཟད་གནས་ཏེ་ཅི་རིགས་འབྲོས་པར་བྱེད་ལ། སྦྱོར་བ་གཉིས་པས་བཅིངས་བ་དེ་ནི་མེ་དྲག་པོས་བཞུས་ཀྱང་ནམ་ཡང་མི་འབྲོས་སོ། །དེ་ཡང་དངུལ་ཆུ་དེ་བཅིངས་པའི་གནས་སྐབས་ལྔ་སྟེ། དུ་བ་དང་ནི་ཙེག་ཙེག་ཉིད། །སྦལ་བ་མཆོངས་པ་ཉིད་དང་ནི། །འདར་དང་མི་འདར་བ་ཉིད་དེ། །དངུལ་ཆུ་ཡི་ནི་གནས་སྐབས་ལྔ། །ཞེས་བཤད་པ་བཞིན་དུ། སྒོམ་པའི་དབང་གིས་བྱང་སེམས་ཐིག་ལེ་འཆིང་བ་ཡང་དམན་འབྲིང་མཆོག་དང་ཆེས་མཆོག་གི་དབྱེ་བས་ཁྱད་ཡོད་དོ། །ཇི་ལྟར་དངུལ་ཆུ་བདུག་པ་དང་དགོད་པའི་སྦྱོར་བས་བཅིངས་པ་ལྟ་བུ་ནི་གང་ཟག་མི་རྟག་པ་བསྒོམ་པའི་སྟོབས་དང་ས་སོགས་ཟད་པར་མངོན་སུམ་དུ་བྱས་པའི་ཏིང་འཛིན་གྱི་སྟོབས་སོགས་ཀྱིས་ཤེས་རབ་ཀྱིས་ཆགས་པ་དང་བྲལ་བར་གྱུར་པ་ཡིས་སོ། །བདུག་པ་དང་དགོད་པའི་སྦྱོར་བས་བཅིངས་པའི་དངུལ་ཆུ་ཡང་ལྕགས་ཀྱི་ཟས་ཟོས་ནས་རོ་གཅིག་

p. 773

དུ་གྱུར་པའི་གནས་སྐབས་གཞན་ཐོབ་པ་བཞིན། ཆགས་བྲལ་གྱིས་བེམས་པོའི་ཕུང་ཁམས་སྐྱེ་མཆེད་ཟད་པ་ལས་གནས་སྐབས་གཞན་ས་ཐོབ་པར་འགྱུར་ལ་ས་ནི་རྣམ་པ་གཉིས་ཏེ་འདོད་ཆགས་དང་བྲལ་བའི་ས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སའོ། །སའི་དབང་གིས་ཡོན་ཏན་གྱི་ཁྱད་པར་ཡང་འདི་ལྟར་སྔ་མ་རྣམ་པ་གཅིག་པའམ་ཕྱོགས་གཅིག་པའི་རྫུ་འཕྲུལ་དང་། ཕྱི་མ་ནི་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་ལོ། །དེ་བཞིན་སྔ་ཕྱིར་རིམ་པར་སྦྱར་ཏེ། མངོན་ཤེས་ལྔ་དང་དྲུག །དོན་ཉི་ཙེ་བའི་གྲངས་མཐོང་བ་དང་དོན་ཐམས་ཅད་ཀྱི་གྲངས་མཐོང་བའོ། །སེམས་ཅན་ཅི་རིགས་པའི་གྲངས་ཀྱི་སྐད་དང་སེམས་ཅན་ཐམས་ཅད་ཀྱི་གྲངས་ཀྱི་སྐད་དང་། ཆོས་སྟོན་པ་ཡང་དེ་བཞིན་དུའོ། །ཕུང་པོའི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱང་འདས་དང་། གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པ། འཕགས་པའི་བདེན་པ་བཞི་བསྒོམ་པ་དང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ་དེ་ལྟར་སའི་ཁྱད་པར་གྱི་སེམས་ཅན་གྱི་དོན་བྱ་བ་ཆུང་ངུ་དང་ཆེན་པོར་འགྱུར་རོ། །འདིར་ཆགས་བྲལ་གྱིས་ཞེས་པ་ཐེག་དམན་པ་ལ་མི་བྱེད་པར་བྱང་སེམས་ཀྱི་ས་བཅུ་ལ་སྦྱར་དགོས་ཏེ། བྱང་སེམས་བཅིངས་ཚུལ་གཉིས་ཀ་བྱང་ཆུབ་སེམས་དཔའི་བྱང་སེམས་བརྟན་པའི་ཚུལ་ལས་འཕྲོས་པའི་ཕྱིར་ཞེས་བླ་མ་སྔ་མ་དག་གསུངས་ཀྱང་། གཞུང་ཚིག་ལྟར་ན་སྔ་མ་ཐེག་དམན་གྱི་ཆགས་བྲལ་དང་ཕྱི་མ་བྱང་སེམས་ཀྱི་ལམ་དུ་གསལ་ཞིང་། ཉན་རང་དགྲ་བཅོམ་ལ་ཟག་ཟད་ཀྱི་མངོན་ཤེས་ཡོད་ཀྱང་ཟག་པ་བག་ཆགས་བཅས་ཟད་པ་མིན་པ་དང་ལྷག་བཅས་ཀྱི་མྱང་འདས་ཀྱང་དེ་དང་དོན་འདྲ་ལ། འདིར་ཁམས་འཆིང་ཚུལ་གསུངས་པའི་སྐབས་སུ་ཆགས་བྲལ་བསྟན་པ་ནི་ཆགས་པ་དང་བྲལ་བས་གཉིས་སྦྱོར་གྱི་འཛག་བདེ་དང་དུ་མི་ལེན་པ་ཙམ་གྱི་སྒོ་ནས་རྣམ་གྲངས་སུ་སྤྱིར་གསུངས་པ་དང་། ལམ་འདི་

p. 774

དག་ཀྱང་བྱང་ཆུབ་སེམས་དཔའི་ལམ་སྟེགས་སུ་བསྒོམ་མི་རུང་བའང་མ་ཡིན་མོད་ཆགས་བྲལ་ལམ་གྱིས་འཆིང་བ་ལས་ཆགས་བཅས་ལམ་གྱིས་བཅིང་བ་ཟབ་པར་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱིས་ནི་ལམ་ས་བཅུ་གཅིག་དང་། འབྲས་བུ་སངས་རྒྱས་ཉིད་ཀྱི་ས་དང་བཅུ་གཉིས་ལས། ས་དང་པོ་ཐོབ་པས་འཇིག་རྟེན་གྱི་ཁམས་གཅིག་གི་མཐར་ཐུག་པར་སྔར་མ་མཐོང་བའི་དོན་ཡང་དག་པར་མཐོང་ངོ་། །དེ་བཞིན་ས་གཉིས་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཉིས་ཀྱི་མཐར་ཐུག་པར་མཐོང་བ་ནས། གསུམ་པར་འཇིག་རྟེན་གྱི་ཁམས་བཞི། བཞི་པར་བརྒྱད། ལྔ་པར་བཅུ་དྲུག །དྲུག་པར་སོ་གཉིས། བདུན་པར་དྲུག་ཅུ་རྩ་བཞི། བརྒྱད་པར་བརྒྱ་ཉི་ཤུ་རྩ་བརྒྱད། དགུ་པར་ཉིས་བརྒྱ་ང་དྲུག །བཅུ་པར་ལྔ་བརྒྱ་བཅུ་གཉིས། བཅུ་གཅིག་པར་སྟོང་དང་ཉེར་བཞིའི་འཇིག་རྟེན་ཁམས་ཀྱི་ལྐོག་གྱུར་གྱི་དོན་རྣམས་ཡང་དག་པར་མཐོང་ངོ་། །དེ་བཞིན་དུ་སྟོང་གཉིས་དང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་གྲངས་ཀྱི་མཚན་ཉིད་ཀྱང་ཤེས་པར་བྱ་སྟེ། སྟོང་གཅིག་ཅེས་བྱ་བ་ནི་མི་མཇེད་ཀྱི་འཇིག་རྟེན་འདི་དབུས་སུ་བྱས་ནས་སྟེང་འོག་ཕྱོགས་མཚམས་བཅུ་པོ་རེ་རེར་ཡང་འཇིག་རྟེན་གྱི་ཁམས་སྟོང་ཕྲག་རེ་རེ་བརྩིས་པ་ནི་སྟོང་གཅིག་ཅེས་བྱའོ། །དེ་བཞིན་ཕྱོགས་བཅུར་སྟོང་ཕྲག་གཉིས་རེ་བརྩིས་པ་སྟོང་གཉིས་པ་དང་། སྟོང་ཕྲག་གསུམ་རེ་བརྩིས་པ་སྟོང་གསུམ་གྱི་འཇིག་རྟེན་དང་། སྟོང་ཆེན་པོ་ཞེས་བྱ་བ་ནི་ཕྱོགས་བཅུར་ཡང་གྲངས་མེད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་བསྡོམས་པ་སྟེ། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་རྣམས་སུ་མ་མཐོང་བ་ལྐོག་གྱུར་གྱི་དོན་ཐམས་ཅད་ཡང་དག་པར་མཐོང་བ་ནི་སངས་རྒྱས་ཀྱི་ས་བཅུ་གཉིས་པ་ཐོབ་པ་ལས་འགྱུར་གྱི་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་ནི་མ་ཡིན་ནོ། །སྟོང་གསུམ་དང་སྟོང་ཆེན་པོའི་བརྩི་ཚུལ་གཞན་མདོ་ཕལ་ཆེར་དང་མི་མཐུན་པ་སྐབས་འདིའི་ལུགས་ཏེ་འདི་འདྲ་གཞུང་

p. 775

སོ་སོའི་རྣམ་བཞག་མི་འདྲ་ཡང་དོན་ལ་འགལ་བ་ཅུང་ཟད་མེད་པ་སྨྲོས་མ་དགོས་སོ། །ཤེས་རབ་ཀྱི་ཆགས་པ་ལས་བྱུང་བའི་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་རྣམས་ཀྱིས་དེ་བཞིན་གཤེགས་པའི་ས་འདི་རྣམས་ཐོབ་སྟེ་མི་འཕོ་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཐོབ་པས་ས་དང་པོ་ཐོབ་པ་སོགས་གྲངས་འདིའི་ཚུལ་གྱིས་འཕོ་བའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགག་པས་ས་བཅུ་གཉིས་ཐོབ་སྟེ་དུས་སྦྱོར་གྱི་ང་ཡན་ལག་བཅུ་གཉིས་ཡོངས་སུ་རྫོགས་པར་འགགས་པ་ཇི་སྲིད་དུའོ། །དེ་ལྟར་དུས་སྦྱོར་བཅུ་གཉིས་འགགས་པས་ཕྱི་རོལ་དུ་ཟླ་བ་དང་ལོ་དང་ཞག་དང་ཆུ་ཚོད་ཀྱི་འཕོ་བའི་ཆ་རྣམས་འགགས་ཤིང་ནང་དུ་ལུས་ལ་ཆུ་ཚོད་ཀྱི་གྲངས་ཀྱི་དབུགས་རྣམས་འགག་གོ། དབུགས་རྣམས་འགགས་པས་ལུས་འགག་སྟེ་རྒྱུ་གང་གིས་ན་བྱང་ཆུབ་ཀྱི་སེམས་འཕོ་འགྱུར་མེད་པའི་སྐད་ཅིག་རྣམས་ཀྱིས་སོ། །དེ་ལ་ཇི་ལྟར་ན་དངུལ་ཆུ་བསྐོལ་བ་དང་རིན་པོ་ཆེ་རྣམས་ཀྱིས་བཅུད་དམ་ཚོན་ཆེན་པོ་དེས་ལྕགས་ཀྱི་ཁམས་ཟོས་པ་ནི་ཚོན་ཆེན་པོ་དེས་བཟུང་ནས་གསེར་དུ་གནས་ཀྱི་ལྕགས་ཕལ་པའི་ཁམས་མ་ཡིན་ནོ། །དེ་ལྟར་ཚོན་ཆེན་པོ་དེས་ལྕགས་གང་ལ་རེག་པ་རྣམས་དྲི་མ་དང་བྲལ་བའི་གསེར་དུ་བྱེད་ཅིང་། རྡོ་རྣམས་ལ་རེག་ན་རིན་པོ་ཆེར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་མི་འཕོ་བར་བྱེད་པའི་ཐབས་བསྒོམ་པས་ཐ་མལ་གྱི་ཕུང་ཁམས་སྐྱེ་མཆེད་སྲོག་དང་བཅས་པ་ཟོས་ནས་དེ་རྣམས་ཀྱིས་ཚོན་ཆེན་པོ་བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པ་དེ་བཟུང་ནས་གནས་ཀྱི་ཐ་མལ་བའི་ཕུང་ཁམས་རང་མཚན་པ་མ་ཡིན་ནོ། །བྱང་ཆུབ་སེམས་ཀྱི་བཅུད་དམ་ཚོན་ཆེན་པོ་དེས་བསོད་ནམས་ཀྱི་དབང་ལས་སེམས་ཅན་གང་དག་ལ་བྱིན་གྱིས་བརླབས་པ་དེ་རྣམས་མངོན་པར་ཤེས་པ་ཅན་དུ་འགྱུར་གྱི་ཡང་དག་རྫོགས་པའི་སངས་རྒྱས་སུ་ནི་མ་ཡིན་ཏེ་འཕོ་བའི་བག་ཆགས་མ་ལུས་པ་མ་སྤངས་པའི་ཕྱིར་རོ། །དེ་དཔེ་ཇི་ལྟར་ན་གང་ཚེ་ལྕགས་བསྐོལ་བ་དངུལ་ཆུ་དང་ལྷན་ཅིག་གཅིག་ཏུ་འདྲེས་

p. 776

པར་གྱུར་པའི་ཚེ་དངུལ་ཆུས་ཕུག་པའི་ལྕགས་རྣམས་དྲི་མ་མེད་པར་འགྱུར་གྱི་ལྕགས་ཀྱི་བེམས་པོའི་ཁམས་མེད་པ་ནི་མ་ཡིན་པ་བཞིན་ནོ། །དེ་ལྟར་བཅུད་དངུལ་ཆུ་དང་ལྕགས་ཀྱི་ཁམས་ཕན་ཚུན་ཡང་དག་པར་ལྡན་པའི་སྟོབས་ཀྱིས་ལྕགས་ཀྱི་ཁམས་རྣམས་ལྕགས་ཉིད་དུ་མེད་ཅིང་དངུལ་ཆུ་ཡང་དངུལ་ཆུ་ཉིད་དུ་མེད་དེ་སྔར་གྱི་ལྕགས་དང་དངུལ་ཆུའི་རང་བཞིན་ཡོངས་སུ་བཏང་ནས་གསེར་ཉིད་དུ་གྱུར་པ་བཞིན་དུ་འགྱུར་མེད་བདེ་བའི་སེམས་དང་ལྷན་ཅིག་ཏུ་གྱུར་པའི་ལུས་ཀྱི་ཁམས་རྣམས་ལ་ཐ་མལ་པའི་ལུས་ཀྱི་ཁམས་ཉིད་མེད་ཅིང་ཐ་མལ་པའི་སེམས་ཀྱང་མེད་དེ། སྔར་གྱི་འཁོར་བའི་བག་ཆགས་ཀྱིས་བསྐྱེད་པའི་ལུས་སེམས་མེད་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སེམས་གང་སྒྲིབ་བྲལ་འོད་གསལ་དུ་ཡོད་པའི་སེམས་དེ་ནི་སྒྲིབ་བཅས་ཀྱི་སེམས་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་བརྗོད་པའི་རིམ་པ་འདིས། ས་བརྒྱད་ཀྱི་དབང་ཕྱུག་དང་། དབང་ཕྱུག་ལ་སོགས་པའི་ལྷ་ཆེན་བཅུ་གཉིས་རྣམས་དང་། ཆོས་འཕགས་སོགས་བྱང་སེམས་རྣམས་ལའང་བཙུན་མོ་ཡོད་ཅིང་གནས་སྐབས་འགའ་ཞིག་ཏུ་སྲས་བསྐྱེད་པ་ཡིན་ཡང་ལས་དབང་གིས་མི་འཕོ་བའི་ཚངས་སྤྱོད་ལས་ཟག་མེད་ཀྱི་མངོན་ཤེས་ལྔ་ཡོད་པ་རིག་པར་བྱའོ། །བཱ་ཤིཥྛ་སྟེ་གནས་འཇོག་ལ་སོགས་པའི་དྲང་སྲོང་རྣམས་ལ་ནི་ཟག་མེད་ཀྱི་མངོན་པར་ཤེས་པ་ལྔ་མེད་དེ། གང་གི་ཕྱིར་ན་རཱ་མཱ་ཡ་ཎ་སྟེ་རེངས་བྱེད་ཅེས་པའི་གཞུང་དྲང་སྲོང་གྲོག་མཁར་གྱི་བྱས་པའི་ཚིག་སྟོང་ཕྲག་བཅུ་གཉིས་པ་ལས་བཤད་པའི་བག་རྩིས་སོགས་ཚད་མར་བྱེད་ཅིང་དེའི་སྒོ་ནས་གཞན་ལ་ལུང་སྟོན་པ་དང་། དྲང་སྲོང་བྷཱ་ར་ཏའི་གཞུང་གི་གཡུལ་གྱི་རྩིས་སོགས་ཚད་མར་བྱས་ནས་གཞན་ལ་ལུང་སྟོན་པར་བྱེད་ཀྱིས་རང་གི་མངོན་ཤེས་ཀྱིས་བླང་དོར་ཇི་བཞིན་བསྟན་པ་ཐོག་ཏུ་ཁེལ་བ་མེད་པའི་ཕྱིར་རོ། །དེ་ཇི་ལྟར་ཡིན་ན། འདིར་གྲོག་མཁར་གྱི་རཱ་མཱ་ཡ་ཎ་ལས་ཐོས་པ་བཞིན། དྲང་སྲོང་བ་ཤིཥྛས་དུས་སྦྱོར་

p. 777

བརྩིས་ནས་ངེས་པ་བྱིན་པའི་དུས་སུ་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་ཁྱབ་འཇུག་གི་སྤྲུལ་པ་ལྷ་རཱ་མ་ཡིས་ལྷ་མོ་སཱི་ཏ་བག་མར་བླངས་ནས་ལག་འཛིན་བྱས་པ་ཡང་། ཡབ་རྒྱལ་པོ་ཤིང་རྟ་བཅུ་པས་དགའ་བྱེད་ཀྱི་ནུ་བོ་བྷ་ར་ཏ་ལ་ལོ་བཅུ་གཉིས་སུ་རྒྱལ་སྲིད་གཏད་ཟིན་པས་རཱ་མ་ཁྱོད་ཆུང་མ་སཱི་ཏ་དང་བཅས་པ་ནགས་སུ་སོང་ཞེས་པའི་ཡབ་ཀྱི་བཀའ་ལས་འགོངས་མ་ནུས་པར་ནགས་སུ་སོང་ནས་རཱ་མ་རྒྱལ་སྲིད་ལས་ཉམས་ཤིང་སཱི་ཏ་ཡང་སྲིན་པོས་ཁྱེར་ནས་ལོ་དེ་ཉིད་དུ་དྲག་ཏུ་སྡུག་བསྔལ་དང་ལྡན་ནོ། །དེ་སྐད་དུ་གསུངས་པ། སྔོན་གྱི་ལས་འབྲས་ལོངས་སྤྱོད་ལ། །གཟའ་དང་རྒྱུ་སྐར་དོན་མེད་དེ། །བཱ་ཤིཥྛས་བྱིན་དུས་སྦྱོར་གྱིས། །སྐྱེད་བྱེད་མ་ནི་སྡུག་བསྔལ་སྟེན། །ཞེས་སྐྱེད་བྱེད་མ་ནི་སཱི་ཏའོ། །དེ་བཞིན་དུ་དྲང་སྲོང་རྒྱས་པའི་ཚིག་བྷ་ར་ཏ་ལས་ཐོས་པ་ཀུ་རུ་སྟེ་སྒྲ་ངན་གྱི་སྤུན་བརྒྱ་པོ་དང་། རྒྱལ་པོ་སྐྱ་བསིང་གི་བུ་ལྔ་རྣམས་གཡུལ་འཐབ་པའི་ཚེ། བྷ་ར་ཏའི་གཞུང་ལས་གང་དག་གནམ་སྟོང་གི་དུས་སུ་ཀུ་རུའི་ཞིང་དུ་འཇུག་པ་དེ་རྣམས་གཡུལ་ལས་རྒྱལ་བར་འགྱུར་རོ་ཞེས་པའི་ཚིག་ཚད་མར་བཟུང་ནས་སྐྱ་བསེང་གི་བུ་རྣམས་མར་ངོའི་ཚེས་བཅུ་གསུམ་ལ་གནམ་སྟོང་དུ་ནོར་ནས་གཡུལ་དུ་ཞུགས་པར་བརྩམ་ཞིང་། སྒྲ་ངན་རྣམས་གནམ་སྟོང་ལ་ཞུགས་པ་དེ་དག་ལས་བཅུ་གསུམ་ལ་ཞུགས་པ་སྐྱ་བསེང་གི་བུ་རྣམས་རྒྱལ་ཞིང་། གནམ་སྟོང་ལ་ཞུགས་པའི་སྒྲ་ངན་གྱི་བུ་རྣམས་བསད་ཅིང་ཕམ་པར་འགྱུར་རོ། །འདི་ལ་བྲམ་ཟེ་གདུག་པས་བྲམ་ཟེའི་ཚིག་གིས་བཅུ་གསུམ་ནི་གནམ་སྟོང་ཡིན་ཏེ་ཟླ་བ་ཉི་མ་གཅིག་ཏུ་སྦྱོར་བའི་ཕྱིར་རོ་ཞེས་གཡོན་ཐབས་སྨྲ་བ་ནི་འགལ་ཏེ། མར་ངོའི་བཅུ་གསུམ་ལ་ཟླ་བའི་ཆ་མ་ཟད་པས་ཉི་ཟླ་སྦྱོར་བའི་གནམ་སྟོང་དུ་མི་འགྱུར་ཏེ། གཟའ་དང་སྐར་མ་གང་གིས་མར་ངོའི་བཅུ་གསུམ་པར་གྱུར་པ་དེ་ནི་གང་དུ་ཡང་གནམ་སྟོང་དུ་མི་འགྱུར་པས་སོ། །རྒྱུ་དེའི་ཕྱིར་དྲང་སྲོང་དེ་རྣམས་ཀྱིས་སྐར་རྩིས་ཀྱི་སྒོ་ནས་བླང་དོར་མངོན་པར་འདོད་པ་དེས་ལུང་སྟོན་

p. 778

གྱི་རང་གི་མངོན་པར་ཤེས་པ་ལྔ་པོ་རྣམས་ཀྱིས་དོན་ཡང་དག་པར་མཐོང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་མི་བདེན་པར་སྨྲ་བ་སེམས་ཅན་བསླུ་བའི་ཆོས་ལ་ཞུགས་པ་སྡིག་པའི་བློ་ཅན་གྱི་བྲམ་ཟེ་གདུག་པ་རྣམས་ཀྱིས་སྔོན་གྱི་ལོ་རྒྱུས་ཀྱི་ཆོས་རྫུན་པ་སྨྲས་པ་ནི་འདི་ལྟ་སྟེ། ལྷ་མ་ཡིན་གྱི་རྒྱལ་པོ་སྟོབས་ལྡན་གྱི་རྒྱལ་སྲིད་བྱེད་པའི་དུས་སུ་འོ་མའི་རྒྱ་མཚོ་བསྲུབས་པ་ལས་ལྷའི་དབང་པོའི་རྟ་མཐོར་ཐོས་དང་། གླང་པོ་ཆེ་ས་བསྲུང་བུ་དང་། ཁྱབ་འཇུག་གི་ནོར་བུ་ཀཽསྟུ་བྷ་དང་། ལྷའི་ཤིང་ཡོངས་འདུ་དང་། ལྷ་མོ་ཨ་པ་ས་ར་སྟེ་ཆུ་བྱུང་མ་དང་ཁྱབ་འཇུག་གི་ཆུང་མ་དཔལ་མོ་དང་། ནམ་མཁའི་ཟླ་བ་དང་། བདུད་རྩིའི་བུམ་པ་དང་། དུག་ནག་པོ་བརྩེགས་པ་རྣམས་བྱུང་བར་གྱུར་ཏོ་ཞེས་བརྗོད་པའི་ལོ་རྒྱུས་འདི་དག་བདེན་པ་མ་ཡིན་ཏེ། གལ་ཏེ་དེ་ལྟར་བདེན་ན་རྒྱལ་པོ་སྟོབས་ལྡན་གྱི་སྔོན་དུ་བྱུང་བའི་ཨནྡྷ་ག་ཞེས་པ་ལོང་བར་འབོད་པའི་རྒྱལ་པོ་དེའི་རྒྱལ་སྲིད་ཀྱི་རིང་ལ་ཚེས་གྲངས་དང་ཟླ་བ་དང་གཟའ་སྐར་རྣམས་མེད་པར་འགྱུར་ཏེ་དེའི་སྔོན་དུ་ཟླ་ཉི་འཆར་བ་དང་ནུབ་པ་མེད་པའི་ཕྱིར་ཏེ། དེ་དུས་རྒྱ་མཚོར་གནས་པའི་ཟླ་བ་ནམ་མཁའི་རྒྱུ་སྐར་ལ་ཚེས་རེ་རེ་བཞིན་དུ་ལོངས་སྤྱོད་པ་མེད་པས་ཚེས་གཅིག་ལ་སོགས་པའི་ཆ་འཛིན་པ་མེད་པར་འགྱུར་ལ། ཉི་མ་དང་བཀྲ་ཤིས་སོགས་གཟའ་བདུན་འཆར་ནུབ་དང་རྒྱུ་སྐར་གྱི་འཁོར་ལོར་བགྲོད་པའི་ལོངས་སྤྱོད་པ་མེད་པར་འགྱུར་རོ། །དེ་བཞིན་ཧི་རཎྱ་ཞེས་པ་དབྱིག་གི་སྙིང་པོ་དང་ཀཱཤྱ་པ་ཞེས་པ་འོད་སྲུངས་ཀྱིས་རྒྱལ་སྲིད་བཟུང་བའི་དུས་སུ་གཟའ་སོགས་ཀྱི་འཆར་ནུབ་དང་ཚེས་གྲངས་སོགས་མེད་པར་འགྱུར་ཏེ། རྒྱལ་པོ་དེ་དག་གི་རིགས་བརྒྱུད་ལ་དུས་ཀྱི་དབང་གིས་དེ་དག་འདས་པའི་ཕྱི་ནས་སྟོབས་ལྡན་སྐྱེས་ཤིང་དེ་ཡི་དུས་སུ་ལྷ་དང་ལྷ་མིན་རྣམས་ཀྱིས་རྒྱ་མཚོ་བསྲུབ་པ་ལས་ཟླ་བ་སྐྱེས་པའི་ཕྱིར་རོ། །ཅི་སྟེ་དེ་དག་གིས་རྒྱ་མཚོ་བསྲུབས་པ་ལས་སྐྱེས་པའི་ཟླ་བ་དེ་དབང་ཕྱུག་གི་གཙུག་རྒྱན་ཟླ་བ་ཡིན་གྱི་ནམ་མཁའི་ཟླ་བ་

p. 779

འདི་མ་ཡིན་ནོ་ཞེ་ན་མི་འཐད་དེ། དབང་ཕྱུག་གི་གཙུག་རྒྱན་ཟླ་བ་དེ་སྔོན་དུ་ཨནྡྷ་ཀ་ལ་ཡོད་པ་དེ་ཐོབ་པའི་དོན་དུ་དབང་ཕྱུག་གིས་ཨནྡྷ་ཀ་བསྙེན་བཀུར་ལ་བོས་ཏེ་ཁྲི་འགྱེལ་བའི་ཟོལ་གྱིས་བསད་ཅེས་གྲགས་པས་སོ། །སྟོབས་ལྡན་གྱི་དུས་དུག་ནག་པོ་བརྩེགས་པ་བྱུང་བ་དབང་ཕྱུག་གིས་འཐུང་བས་མགྲིན་པ་སྔོན་པོར་གྱུར་ཏོ་ཞེས་གྲགས་པ་མི་བདེན་ཏེ། རྒྱལ་པོ་སྟོབས་ལྡན་གྱི་སྔ་རོལ་དུ་དབང་ཕྱུག་མགྲིན་སྔོན་མ་ཡིན་པར་འགྱུར་དགོས་ན་ཡང་ཨནྡྷ་ཀའི་འཐབ་མོའི་དུས་སུའང་དབང་ཕྱུག་ནི་མགྲིན་སྔོན་དུ་གྲགས་པས་སོ། །དེ་བཞིན་དུ་ས་སྲུང་བུ་དང་མཐོར་ཐོས་དང་དཔལ་མོ་དང་ཀཽསྟུ་བྷ་དང་བདུད་རྩི་རྣམས་གསར་དུ་བྱུང་བར་སྨྲ་བ་མི་བདེན་ཏེ། སྟོབས་ལྡན་མ་བྱུང་བའི་དུས་ཀྱི་ཨནྡྷ་ཀའི་གཡུལ་ལ་ལྷ་རྣམས་རང་རང་གི་མཚན་མ་དང་རང་རང་གི་བཞོན་པ་ལ་གནས་ཞེས་གྲགས་པས་སོ། །ཅི་སྟེ་དྲང་སྲོང་གདུག་པ་རྣམས་ཀྱིས་དེའི་སྐྱོན་སྤོང་སྨྲས་པ། ཨནྡྷ་ཀའི་དུས་སུ་དབང་པོའི་རྟ་དང་གླང་པོ་སོགས་ཐམས་ཅད་ཡོད་ཀྱང་། བར་སྐབས་སུ་དྲང་སྲོང་དུ་རྦ་ས་ཞེས་པ་གནས་ངན་ལེན་གྱིས་དམོད་པ་བཏབ་པས་ལྷའི་དབང་པོའི་འབྱོར་བ་ས་སྲུང་སོགས་རྒྱ་མཚོར་ཞུགས་པ་ཡིན་ནོ་ཞེ་ན་དེ་མི་བདེན་ཏེ་དབང་པོ་ལ་དམོད་པ་བྱས་པས་ལྷ་གཞན་ཁྱབ་འཇུག་སོགས་ཀྱི་འབྱོར་པ་ནོར་བུ་དང་དཔལ་མོ་སོགས་རྒྱ་མཚོར་ཞུགས་ཏེ་ཉམས་པར་མི་འགྱུར་རོ། །དེ་ལྟར་བརྗོད་པའི་རིམ་པས་དཔྱད་ན་རིག་བྱེད་སོགས་ལས་སྔོན་གྱི་ལོ་རྒྱུས་ཕལ་ཆེར་བརྫུན་པར་འགྱུར་ཏེ། རྒྱུད་འདིའི་ལེའུ་ལྔ་པ་འདིའི་ཚིགས་བཅད་བརྒྱ་དང་གྱ་གཉིས་པར། དཔལ་མོ་མཐོར་ཐོས་ལྷ་ཡི་ལྗོན་པ་སོགས་ཚིགས་སུ་བཅད་པས་གསུངས་པ་བཞིན་ནོ། །གཞན་ཡང་ཚངས་པའི་དྲང་སྲོང་རྣམས་ཀྱིས་འདི་སྐད་དུ་རིག་བྱེད་ཀྱི་ཆོས་ནི་སྔོན་དུ་བྱུང་བའི་ལྷན་ཅིག་སྐྱེས་པའམ་གཉུག་མ་སྟེ་དེའི་ཕྱི་ནས་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་ནི་བཅོས་མའོ། །དེའི་ཕྱིར་རིག་བྱེད་ནི་ཡང་དག་པའི་ཆོས་

p. 780

ཀྱི་ཕུང་པོའོ་ཞེ་ན། སྔ་ཕྱིར་བྱུང་བ་དེས་བཟང་ངན་དང་བདེན་རྫུན་མི་འགྲུབ་སྟེ། ཇི་ལྟར་སྔོན་དུ་མུན་ནག་དང་། ཕྱིས་འོད་སྟོང་པ་ཉི་མའི་སྣང་བ་ཆེན་པོ་བྱུང་བ་ན། མུན་པ་ཕུ་བོ་ལྟ་བུ་སྔར་བྱུང་ཡིན་པས་མིག་ལྡན་རྣམས་དེ་ལ་དགའ་བའི་འོས་མ་ཡིན་པ་བཞིན་དུ། ཡང་དག་པའི་ལམ་ཉམས་པའི་རིག་བྱེད་ཀྱི་མུན་པ་གཞོམ་པའི་དོན་དུ་མྱ་ངན་ལས་འདའ་བའི་ལམ་གསལ་བར་བྱེད་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་བྱུང་བ་ནི་བློ་གྲོས་ཀྱི་མིག་ལྡན་སེམས་ཅན་རྣམས་དགའ་བའི་འོས་ཡིན་པས་ནུ་བོ་ལྟ་བུ་ཕྱིས་བྱུང་ཉིད་དཔྱོད་ལྡན་རྣམས་ལ་མཆོག་ཏུ་གྲུབ་སྟེ། འཕོ་མེད་བདེ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ལམ་ནི་ཐམས་ཅད་མཁྱེན་པས་བསྟན་པ་ལ་ཡོད་ཀྱི། འཕོ་བའི་བག་ཆགས་ཅན་རིག་བྱེད་ཀྱི་ཆོས་རྣམས་ལ་མེད་དོ། །དེ་བཞིན་དུ་ཁྱབ་འཇུག་གི་འཇུག་པ་བཅུ་ཉ་ལ་སོགས་པ་ནས་རིགས་ལྡན་གྱི་མཐར་ཐུག་པ་རྣམས་ཀྱང་བྱིས་པའི་སྐྱེ་བོ་བསླུ་བར་བྱེད་པ་ཙམ་ལས་རྣམ་པར་དཔྱད་ན་བདེན་པའི་དོན་མེད་དེ། འཇུག་པ་བཅུ་ལས་སངས་རྒྱས་བཅོམ་ལྡན་འདས་འདི་ནི་ནོར་ལྷའི་བུ་ཁྱབ་འཇུག་གི་འཇུག་པ་དགུ་པ་དང་། རིགས་ལྡན་ནི་བཅུ་པའོ་ཞེས་འདོད་དེ། སངས་རྒྱས་ནི་སྒྱུ་མ་ཆེན་པོའི་གཡོ་ཐབས་ཀྱིས་མཆོད་སྦྱིན་གྱི་ཆོས་སུན་འབྱིན་པར་འགྱུར་ཞིང་། གཡུལ་དང་ཕ་མེས་ཀྱི་དོན་དུ་མཆོད་སྦྱིན་བྱེད་པ་དང་། རིགས་སུ་སྨྲ་བ་སུན་འབྱིན་ཅིང་མི་དགེ་བཅུ་དང་སེམས་ཅན་ལ་གནོད་པ་རྣམས་བཀག་པ་དང་། དྲང་སྲོང་རྒྱས་པའི་ཚིག་བྷཱ་ར་ཏ་དང་གླུའི་ཚིག་དང་རིག་བྱེད་ཀྱི་ཚིག་རྣམས་སུན་འབྱིན་ལ། རང་གི་རིགས་ཤཱཀྱའི་རྒྱལ་བརྒྱུད་རྣམས་རབ་ཏུ་བྱུང་ཞིང་རྒྱུན་བཅད་དེ་ཟད་པར་བྱེད་ཅིང་རྒྱལ་རིགས་ཀྱི་ཆོས་ཀྱིས་མཐོ་རིས་ཀྱི་འབྲས་བུ་སྟེར་བ་བཀག་སྟེ་སུན་ཕྱུངས་ནས་དམངས་རིགས་རྣམས་ལ་ཆོས་སྟོན་པ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཡེ་ཤེས་ཀྱི་བར་ཡོངས་སུ་རྫོགས་པར་བྱ་བ་དང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་སེམས་

p. 781

ཀྱིས་ཕན་གདགས་པར་བྱ་བ་དང་། མི་དགེ་བ་བཅུ་སྤང་བར་བྱའོ་ཞེས་པའི་རིག་བྱེད་འགོག་པའི་ཕྱིན་ཅི་ལོག་གི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་རྣམས་ཀྱིས་དམངས་རིགས་རྣམས་སྤྲོ་བ་སད་པར་བྱས་ནས་སྐྲ་བྲེགས་ཏེ་ངུར་སྨྲིག་འཛིན་པའི་དགེ་སློང་རྣམས་སུ་བྱེད་པ་ནི། གང་དག་སྔོན་ལྷ་མ་ཡིན་གྱི་ཕྱོགས་ན་གནས་པ་ནོར་ལྷས་ཏེ་ཁྱབ་འཇུག་གིས་གཡུལ་དུ་མ་སོད་པའམ་མ་བསྣུན་པ་དེ་རྣམས་ཕྱིས་སངས་རྒྱས་ཀྱི་འཁོར་དུ་སྐྱེས་པ་དེ་དག་གིས་བྲམ་ཟེ་རྣམས་ལ་སུན་འབྱིན་པ་བྱས་ན་དམྱལ་བར་འགྲོ་བ་ཡིན་པ་དེས་ན་དམངས་རིགས་སོགས་སྔོན་ལྷ་མ་ཡིན་གྱི་ཕྱོགས་སུ་གྱུར་པ་རྣམས་སླར་དམྱལ་བར་འཕེལ་བའི་དོན་དུ་ཁྱབ་འཇུག་གི་སངས་རྒྱས་སུ་འཕྲུལ་བའི་སྒྱུ་འདི་ལྟ་བུ་བྱས་པའོ་ཞེས་དང་། རིགས་ལྡན་ནི་ཤམ་བྷ་ལའི་ཡུལ་དུ་ནོར་ལྷ་སྟེ་ཁྱབ་འཇུག་བྲམ་ཟེའི་བུ་གྲགས་པ་ཞེས་པར་གྱུར་ནས་རྡོའི་རྟ་ལ་ཞོན་ཏེ་ཀུ་ཤའི་རང་བཞིན་གྱི་མདུང་རྣམས་ཀྱིས་ཀླ་ཀློ་ཐམས་ཅད་བསད་ནས་གསེར་མང་པོའི་མེ་དྷའི་མཆོད་སྦྱིན་བྱས་ཏེ་སླར་ཡང་ས་གཞི་བྲམ་ཟེའི་རང་བཞིན་དུ་བྱེད་པར་འགྱུར་རོ་ཞེས་དེ་ལྟར་ཤིན་ཏུ་མི་འཐད་ཅིང་མི་བདེན་པའི་ཚིག་རྣམས་རིགས་ལ་ཆགས་པའི་གདུག་པའི་བྲམ་ཟེ་རྣམས་ཀྱིས་རང་འདོད་ཀྱི་བླུན་གཏམ་སངས་རྒྱས་འཇིག་རྟེན་དུ་བྱུང་བའི་དུས་སུ་གསར་དུ་བཀོད་པ་སྟེ། དེའི་སྔོན་གྱི་རིག་བྱེད་ལ་ནི་དེ་ལྟར་ཀློག་པ་མེད་དོ། །འདིར་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམ་བྷ་ལ་ཞེས་བྱ་བར་འབྱུང་། ཞེས་སོགས་ཀྱིས། ཤམ་བྷ་ལའི་ཡུལ་གྱི་ཤཱཀྱའི་རིགས་ལ་ལྷའི་དབང་ལྡན་གྱི་སྲས་སུ་ལྷ་མོ་སྣ་ཚོགས་ཡུམ་གྱི་མངལ་ནས་འཇམ་པའི་དབྱངས་རིགས་ལྡན་གྲགས་པ་ཉིད་འབྱུང་བ་དང་། དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་ཆོས་འཇུག་ཅིང་སྐར་རྩིས་ཀྱི་གྲུབ་པའི་མཐའ་ཉམས་ཏེ་ཉུང་ངུའི་བྱེད་པ་འབྱུང་བ་སོགས་ལུང་བསྟན་པ་ལྟར་ཆོས་ཀྱི་རྒྱལ་པོ་གྲགས་པས་ཉི་མའི་ཤིང་

p. 782

རྟ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་རྣམས་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་པའི་བསམ་པའི་སྒོ་ནས་རིགས་གཅིག་ཏུ་བྱེད་པར་ལུང་བསྟན་པ་བཞིན་རིགས་ལྡན་གྱི་མཚན་བྱུང་བར་གྱུར་གྱི་བྲམ་ཟེའི་རིགས་འབའ་ཞིག་འཇོག་པར་བྱེད་པས་རིགས་ལྡན་ཞེས་བརྗོད་པ་ནི་མ་ཡིན་ནོ། །གལ་ཏེ་རྒྱལ་པོ་གྲགས་པ་བྲམ་ཟེའི་བུ་ཡིན་པས་རིགས་ལྡན་ཡིན་ན་རྒྱུ་མཚན་གང་གིས་འདི་ལ་རིགས་ལྡན་ཞེས་བརྗོད་དེ་བྲམ་ཟེའི་རིགས་དེའི་སྔ་ནས་ཡོད་པར་གྲགས་པས་གསར་དུ་བཞག་པ་མིན་པས་ནོར་མེད་པར་ནོར་ལྡན་མ་ཡིན་པ་བཞིན་ནོ། །དེས་ན་རིགས་ཞེས་པ་ནི་རིགས་བཟང་པོ་དང་རིགས་མ་ཡིན་པ་རྣམས་རྡོ་རྗེ་ཐེག་པའི་རིགས་གཅིག་ཏུ་བྱེད་པ་ཡིན་ལ། རིགས་དེ་ལྟ་བུ་གསར་དུ་འཇོག་པ་གང་ལ་ཡོད་པ་ནི་རིགས་ལྡན་ཞེས་བྱ་སྟེ། རིགས་ལྡན་དེ་ཉིད་ནི་དེ་འདྲའི་རིགས་མེད་པར་རིགས་ལྡན་དུ་བརྗོད་པ་མ་ཡིན་ནོ། །སླར་ཡང་དུས་བཞིའི་མཐར་ཀླ་ཀློ་རྣམས་ཀྱིས་ཆོས་མིན་འཇུག་པ་སྟོབས་དང་ལྡན་པར་གཟིགས་ནས་རི་བོ་བཞིན་དུ་འདར་བ་མེད་པར་གྱུར་ཏེ། རྟ་མཆོག་གི་ཏིང་ངེ་འཛིན་གྱིས་རྟ་མཆོག་མཐའ་ཡས་པ་སྤྲོས་ནས་ཀླ་ཀློ་རྣམས་ཀྱི་སེམས་ཞུམ་པར་བྱས་ཏེ་རང་གི་ཆོས་སངས་རྒྱས་ཀྱི་བསྟན་པ་ལ་འགོད་པར་འགྱུར་ཞིང་ཀླ་ཀློའི་ཆོས་འཇོམས་པར་འགྱུར་གྱི་གཞན་གྱི་སྲོག་གཏོང་བར་བྱེད་པ་ནི་མ་ཡིན་ནོ། །རྒྱུད་འདིའི་ནང་ལེར། འཁོར་ལོ་ཅན་ནི་རང་གི་ལུས་ལ་རྡོ་རྗེ་ཅན་ཏེ་ཞེས་སོགས་ཀྱིས་བསྟན་པ་ལྟར། ལེའུ་དང་པོར་ཀླ་ཀློའི་འཁྲུག་པ་འབྱུང་བར་དེ་བཞིན་གཤེགས་པས་ལུང་བསྟན་པ་དེར་རིགས་ལྡན་གྱི་རྡོའི་རྟ་རྣམས་ཀྱིས་ཀླ་ཀློ་འཇོམས་པར་འགྱུར་རོ་ཞེས་གསུངས་པ་དེ་ནི་གདུག་པའི་དྲང་སྲོང་རྣམས་སེམས་ཞུམ་པར་བྱེད་པའི་དོན་དུ་སྟེ། རྣམ་པ་གཞན་དུ་དང་པོར་གཞོམ་མམ་མི་གཞོམ་སྙམ་པའི་ཐེ་ཚོམ་སྐྱེས་པར་གྱུར་ན་གཞོམ་པར་རྟོགས་པར་བྱ་བར་མི་ནུས་པས་སྤ་བཀོང་པར་མི་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་

p. 783

ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཐབས་ལ་མཁས་པ་རིག་པར་བྱའོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་རིག་བྱེད་ལས་བྱུང་བའི་ལོ་རྒྱུས་ཀྱི་ཆོས་རྣམས་རིགས་པས་དཔྱད་ན་དོན་མེད་པའོ། །ཅི་སྟེ་དྲང་སྲོང་གདུག་པ་རྣམས་ཀྱིས་སྨྲས་པ། ལོ་རྒྱུས་དང་ནི་ཤེད་བུའི་ཆོས། །རིག་བྱེད་ཡན་ལག་བཅས་དང་གསོ། །བཀའ་ཡིས་གྲུབ་པ་བཞི་པོ་ནི། །གཏན་ཚིགས་རྣམས་ཀྱིས་གཞོམ་མི་བྱ། །ཞེས་དང་། ཤེད་བུ་རྒྱས་པ་བཱ་ཤིཥྛའི། །ཚིག་ནི་རིག་བྱེད་དང་བཅས་པ། །ཚད་མ་མེད་པར་སྨྲ་བ་གང་། །དེ་ནི་ཚངས་པ་གསོད་བྱེད་འགྱུར། །ཞེས་ཁྱབ་འཇུག་གི་ལོ་རྒྱུས་ཀྱི་ཆོས་དང་། རྒྱས་པའི་ཤེད་བུའི་ཆོས་དང་། ཚངས་པའི་རིག་བྱེད་ཡན་ལག་དང་བཅས་པ་དང་། གསོ་བ་རིག་པ་སྟེ་དེ་ལྟར་ཚངས་པ་དང་ཁྱབ་འཇུག་གི་བཀའ་ཡིས་གྲུབ་པའམ་ལུང་གིས་གྲུབ་པ་བཞི་པོ་འདི་ནི། རྗེས་སུ་དཔག་པའི་རིགས་པའི་གཏན་ཚིག་རྣམས་ཀྱིས་དཔྱད་ནས་གཞོམ་པར་མི་བྱ་ལ། ཤེད་བུའི་ཆོས་དྲང་སྲོང་རྒྱས་པས་བྱས་པ་དང་། བཱ་ཤིཥྛའི་ཚིག་རིག་བྱེད་ཡན་ལག་དང་བཅས་པ་ལ་དོན་བདེན་པ་གྲུབ་བྱེད་ཀྱི་ཚད་མ་མེད་པར་རྫུན་ཡིན་ནོ་ཞེས་སྨྲ་བ་དེ་ནི་ཉེས་པ་ཆེན་པོ་ཚངས་པ་གསོད་པར་བྱེད་པ་ལྟ་བུར་འགྱུར་ཞེས། བཀའ་ཡིས་གྲུབ་པ་ལ་བདེན་རྫུན་དཔྱད་དུ་མེད་དེ་བདེན་པ་འབའ་ཤིག་ཏུ་འཛིན་དགོས་ཞེས་པ་གདུག་པའི་དྲང་སྲོང་རྣམས་ཀྱི་རྫུན་གྱི་ཚིག་འདི་ཉིད་རང་གི་རིགས་ཀྱི་ཆོས་ལུགས་རབ་ཏུ་བཞག་པ་ལ་རིགས་པས་གནོད་པ་བཟློག་མི་ནུས་པའི་སྐྱོན་སེལ་དུ་བཀོད་པའི་བླུན་གཏམ་བྱིས་པ་རྣམས་ཀུན་དུ་རྨོངས་པ་སྐྱེད་པར་བྱེད་པ་སྟེ་རྣམ་པར་དཔྱད་པས་དོན་གྱིས་སྟོང་པར་འགྲུབ་བོ། །ཡང་གཞན་དག་ན་རེ། སེམས་ཅན་རྣམས་ལ་ཐོག་མ་མེད་པ་ནས་གནས་པ་འདོད་ཆགས་ཀྱི་འཕོ་བའི་བག་ཆགས་ཀྱི་མཐུས་འཁོར་བར་འཁོར་བ་ཡིན་ན། བཅོམ་ལྡན་འདས་ཀྱིས་མ་རིག་པ་ལས་འདུ་བྱེད་སོགས་རྟེན་ཅིང་འབྲེལ་བ་ཡན་ལག་བཅུ་གཉིས་ལས་འཁོར་

p. 784

བར་གསུངས་ཤིང་། དེ་ཡང་མ་རིག་སྲེད་པ་ལེན་པ་གསུམ་ཉོན་མོངས་པ་དང་། འདུ་བྱེད་སྲིད་པ་གཉིས་ལས་དང་། ལྷག་མ་བདུན་སྡུག་བསྔལ་ཏེ་དེ་ལྟར་ཉོན་མོངས་པ་ལས་ལས་དང་། ལས་ལས་སྡུག་བསྔལ་གྱི་གཞི་བདུན་འབྱུང་ཞིང་། སྡུག་བསྔལ་ལས་སླར་ཡང་ཉོན་མོངས་པ་འབྱུང་སྟེ་དེ་ལྟར་རྒྱུན་མི་འཆད་པར་འཁོར་བའི་འཁོར་ལོ་འབྱུང་བ་ནི་རྒྱུ་དང་འབྲས་བུའི་རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཏེ་འཁོར་བར་འཁྱམས་པ་པོ་བདག་རང་དབང་བ་གཞན་གང་ཡང་མེད་ཅིང་སྔ་མ་ཕྱི་མར་འཕོ་བ་མ་ཡིན་ཀྱང་རྟེན་འབྲེལ་གྱི་དབང་གིས་ཏེ། ཀླུ་སྒྲུབ་ཀྱི་དབུ་མ་རྟེན་ཅིང་འབྲེལ་འབྱུང་གི་སྙིང་པོའི་ཚིགས་བཅད་ལས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་ནས་ཡང་དུ་འཁོར། །འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལས་སེམས་ཅན་གཞན་ཡོད་མིན། །སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་བཤད། །ཁ་ཐོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ནི། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་གསུངས་པ་ལྟར་ཡིན་པས་འདོད་ཆགས་ཀྱི་འཕོ་བའི་བག་ཆགས་འབའ་ཤིག་འཁོར་བའི་འཁོར་ལོ་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ལ་བརྗོད་པ། འདིར་བྱིས་པ་རྣམས་ཀྱིས་མ་རིག་པ་ལ་སོགས་པ་ལས་ཉོན་སྡུག་བསྔལ་གྱི་ཡན་ལག་ཅན་འཁོར་བའི་འཁོར་ལོར་གསུངས་པ་ལ། དེ་དང་འཕོ་བའི་བག་ཆགས་ཐ་དད་པར་བཟུང་ནས་འཕོ་ཆགས་འཁོར་རྩ་མིན་པར་འདོད་པ་དེ་ནི་དེ་ལྟར་མ་ཡིན་ཏེ། གང་གི་ཕྱིར་ན་འཁོར་བ་ལས་མཆོག་ཏུ་བརྒལ་བའི་སངས་རྒྱས་བཅོམ་ལྡན་འདས་ནི་བུད་ཤིང་ཟད་པའི་མེ་བཞིན་ལས་ཉོན་ཟད་པས་སྡུག་བསྔལ་གྱི་གཞི་བདུན་ལོག་པའི་དངོས་མེད་མྱང་འདས་མ་ཡིན་གྱི། མ་རིག་པ་འགགས་པའི་མཆོག་ཏུ་མི་འགྱུར་པའི་རིག་པ་ཡེ་ཤེས་བདེ་བ་ཆེན་པོ་འཛིན་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་

p. 785

མཆོག་ཏུ་མི་འགྱུར་བའི་རིག་པ་ཡེ་ཤེས་འཛིན་པ་ནི་འཁོར་བའི་བག་ཆགས་ལས་ཤིན་ཏུ་འདས་པ་སྟེ། རིག་པ་ཡེ་ཤེས་དེའི་ཆོས་མི་མཐུན་པ་འཁོར་བ་པ་རྣམས་ནི་འགྱུར་བའི་རིག་པའམ་ཤེས་པ་འཛིན་པས་འཁོར་བའི་བག་ཆགས་ཀྱིས་བཟུང་བའོ། །དེའི་ཕྱིར་བདག་མེད་པ་ཙམ་ཞིག་རྟོགས་པའི་ཤེས་པ་འཕོ་ཆགས་ཀྱི་སྒྲིབ་པ་མ་སྤངས་པ་ནི་རིག་པ་ཡེ་ཤེས་མ་ཡིན་ཏེ་འཁོར་བའི་བག་ཆགས་འཕོ་བ་དང་མ་བྲལ་བས་སོ། །མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ནི་འདོད་ཆགས་ཆེན་པོ་སྟེ་བདག་ཏུ་ཆགས་པ་དང་བྲལ་བ་ཙམ་ནི་མ་ཡིན་ལ་འདི་ནི་མ་རིག་པའི་གཉེན་པོ་རིག་པ་ཡེ་ཤེས་ཡང་དག་པའོ། །དེའི་ཟློག་ཕྱོགས་མ་རིག་པ་ནི་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་བཞི་པའི་གནས་སྐབས་སོ། །དེ་དང་ལྡན་པས་བླང་དོར་དུ་ཞེན་ནས་འདོད་ཆགས་ལ་རབ་ཏུ་འཇུག་སྟེ་འདོད་ཆགས་ཀྱང་འགྱུར་བ་དང་བཅས་པའོ། །འགྱུར་བ་ལས་སྔ་མའི་སྲིད་པའི་ཆ་ལ་ཆགས་པ་དང་བྲལ་བ་སྟེ་དཔེར་ན་ཁམས་འཕོས་པ་ལས་ཆགས་པ་བྲལ་བ་བཞིན་ནོ། །གང་ལ་ཆགས་པ་དང་བྲལ་བ་ཞེ་སྡང་བའི་རྣམ་པ་ཅན་ཏེ་ཡིད་དུ་མི་འོང་ཞིང་འདོར་བར་འདོད་པའོ། །ཞེ་སྡང་གི་བདག་ཉིད་ནི་ཡུལ་དེ་མངོན་དུ་མི་བྱེད་པར་འདོར་བས་བརྒྱལ་བ་སྟེ་བརྒྱལ་བ་ཞེས་བྱ་བ་ནི་རང་བཞིན་ཡོངས་སུ་མ་ཤེས་པའི་གཏི་མུག་གོ། འདི་ལ་སྔ་མ་དག་གིས་ཞེ་སྡང་ལས་མངལ་སྐྱེས་ཀྱི་ཁུ་ཁྲག་གི་ནང་དུ་རྣམ་ཤེས་བརྒྱལ་བ་ལ་བཤད་པའང་སྣང་། དེ་ལྟར་སེམས་གང་ལ་འདོད་པའི་འདོད་ཆགས་དང་མི་འདོད་པའི་ཞེ་སྡང་དང་། བཏང་སྙོམས་ལུང་མ་བསྟན་དུ་འབྱམས་པའི་གཏི་མུག་འབྱུང་བ་དེ་ནི་དངོས་པོའི་དེ་ཉིད་མ་རྟོགས་པའི་མ་རིག་པ་སྟེ་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་འཛིན་སྟངས་ཅན་གྱི་སེམས་བྱུང་ཡིན་གྱི་ནམ་མཁའི་མེ་ཏོག་གི་ཕྲེང་བ་བཞིན་དུ་རིག་པ་མེད་པ་ཙམ་ནི་མ་ཡིན་ནོ། །དེ་ལྟར་འཕོ་མེད་བདེ་བའི་དོན་མ་རིག་པ་ནི་ཉོན་མོངས་པའོ། །མ་རིག་པ་དེ་ལས་འདུ་བྱེད་འབྱུང་སྟེ་དེ་ནི་ལས་སོ། །འདུ་

p. 786

བྱེད་ལས་རྣམ་ཤེས་ཏེ་སྡུག་བསྔལ་ལོ་ཞེས་པ་སྡུག་བསྔལ་གྱི་གཞི་དང་པོ་སྟེ་དེ་ལྟར་མངལ་སྐྱེས་ཀྱི་གནས་སྐབས་བཞིའི་དང་པོ་འདི་ནི་ཆུང་ངུའི་གནས་སྐབས་ཀྱི་ལུས་དང་ངག་དང་སེམས་ཞེས་བྱ་སྟེ། འདི་ལྟར་འགྱུར་བདེ་ལ་ཆགས་པའི་མ་རིག་པས་ཁུ་ཁྲག་གི་དབུས་སུ་ལུས་འཛིན་པ་དང་། དེ་ནས་སྲོག་ང་གི་འདུ་བྱེད་སྐྱེ་བ་དང་། དེས་ཤེས་པ་སད་པར་བྱེད་པས་ནང་དུ་རྟེན་འབྲེལ་བཅུ་གཉིས་ཀྱི་དང་པོའི་གནས་སྐབས་འདི་གསུམ་རིམ་པར་ལུས་ངག་ཡིད་ཅེས་བྱའོ། །དེ་ནས་རྣམ་པར་ཤེས་པ་ལས་མིང་དང་གཟུགས་ཀྱི་གནས་སྐབས་འབྱུང་སྟེ་ཉོན་མོངས་པའོ། །མིང་གཟུགས་ལས་སྐྱེ་མཆེད་དྲུག་སྟེ་ལས་སོ། །སྐྱེ་མཆེད་དྲུག་ལས་རེག་པ་སྟེ་སྡུག་བསྔལ་ལོ་ཞེས་པ་འབྲིང་པོའི་གནས་སྐབས་ཀྱི་ལུས་ངག་སེམས་ཏེ། གཟུགས་དང་པོར་གྲུབ་པ་དང་། སྐྱེ་མཆེད་སོ་སོའི་སྒོ་བཏོད་དེ་སྲོག་སྐྱེ་བའི་ལམ་དུ་གྱུར་པ་དང་རྣམ་ཤེས་ཡུལ་ལ་སད་པས་སོ། །དེ་ནས་རེག་པ་ལས་ཚོར་བ་སྟེ་ཉོན་མོངས་པའོ། །ཚོར་བ་ལས་སྲེད་པ་སྟེ་ལས་སོ། །སྲེད་པ་ལས་ལེན་པ་སྟེ་སྡུག་བསྔལ་བའོ་ཞེས་པ་གསུམ་པ་ཆེན་པོའི་གནས་སྐབས་ཀྱི་ལུས་ངག་སེམས་ཏེ་ལུས་ཀྱི་སྐྱེ་མཆེད་དྲུག་གི་སྒོ་ནས་ཚོར་བ་དང་། དེ་ལ་གཡོ་བའི་སྲེད་པ་དང་། དེ་དང་དུ་ལེན་པའི་སེམས་འབྱུང་བས་སོ། །དེ་ནས་ལེན་པ་ལས་སྲིད་པ་སྟེ་ཉོན་མོངས་པའོ། །སྲིད་པ་ལས་སྐྱེ་བ་སྟེ་ལས་སོ། །སྐྱེ་བ་ལས་རྒ་ཤི་སྟེ་སྡུག་བསྔལ་ལོ་ཞེས་པ་བཞི་པ་ཆེན་པོའི་གནས་སྐབས་ཀྱི་ལུས་དང་ངག་དང་སེམས་ཏེ་སྲིད་པའི་ལུས་འཛིན་པའི་རྟེན་གྲུབ་པ་དང་། ལས་རླུང་གིས་འཕང་ནས་སྐྱེ་བ་དང་། རྒ་ཤིའི་རང་བཞིན་མྱོང་བའི་སེམས་མངོན་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་རྟེན་འབྲེལ་ཡན་ལག་རྣམས་གནས་སྐབས་བཞིའི་ལུས་ངག་ཡིད་གསུམ་དང་ཉོན་མོངས་ལས་སྡུག་བསྔལ་གསུམ་དང་སྦྱར་བ་ནི། འཁོར་བ་པ་རྣམས་ཀྱི་འཕོ་བའི་བག་ཆགས་ཀྱིས་སྲིད་པར་འཁོར་བ་ལ་ཕྲ་བའི་ལུས་ངག་སེམས་གསུམ་རྒྱུན་འགྲོགས་ཏེ་འབྱུང་བ་དང་། ལས་ཉོན་སྡུག་

p. 787

བསྔལ་གསུམ་ཡང་ངོ་བོས་འབྲལ་མེད་དུ་ཚང་ཚུལ་གསུངས་པ་འདི་ལ་གནད་ཆེན་པོ་གོ་རྒྱུ་ཡོད་པ་ཡིན་ཅིང་། སྔ་མ་སྔ་མ་རྟེན་དང་ཕྱི་མ་ཕྱི་མ་བརྟེན་པའི་ཚུལ་གྱིས་ཤིན་ཏུ་ཕྲ་བའི་སྒོ་གསུམ་པོ་འཕོ་བའི་བག་ཆགས་ཀྱི་དབང་གི་འཁོར་ཚུལ་སྟོན་པ་ཡིན་ནོ། །དེས་ན་མངལ་ཟླ་བཅུ་གཉིས་ལ་སོ་སོར་མ་སྦྱར་ཀྱང་འགལ་བ་མེད་དོ། །དེ་ལྟར་གནས་སྐབས་བཞི་པོ་ལུས་ངག་སེམས་དང་ཡེ་ཤེས་ཀྱི་བདག་ཉིད་དེ་ཆུང་ངུའི་གནས་སྐབས་ཡེ་ཤེས་དང་། དེ་ནས་སེམས་དང་ངག་དང་ལུས་ཀྱི་གནས་སྐབས་ཀྱི་རིམ་པས་ཇེ་རགས་སུ་སྨིན་པ་ཡིན་ཞིང་། འདི་དག་ཐམས་ཅད་ཀྱི་རྩ་བ་གློ་བུར་བའི་ལས་རླུང་གི་འཕོ་བ་འབའ་ཤིག་གིས་བྱེད་པས་ན་ཆུ་སྲིན་ལ་སོགས་པའི་དུས་སྦྱོར་གསུམ་གསུམ་ལ་སྦྱར་ཏེ་མངལ་དུ་སྐྱེ་བ་བཟུང་བ་ལ་མཚོན་ན་མངལ་དུ་ལུས་འཛིན་པ་དང་། སྲོག་གི་ལམ་འབྱེད་པ་སྒོ་དང་། ཕྱི་རོལ་ལ་སེམས་སད་པའི་ཕྱིའི་དབྱེ་བ་གསུམ་གྱིས་ཤེས་པར་བྱ་སྟེ། ཇི་ལྟར་ན་མི་རྣམས་ཀྱི་མངལ་དང་པོ་འཛིན་པའི་ཟླ་བ་ནི་དུས་སྦྱོར་ཆུ་སྲིན་དང་རྟེན་འབྲེལ་མ་རིག་པ་སྟེ་དེ་ནི་མངལ་ལོ། །ཟླ་བ་གཉིས་པ་ནི་བུམ་པ་དང་འདུ་བྱེད་དེ་སྒོའོ། །ཟླ་བ་གསུམ་པ་ཉ་དང་རྣམ་ཤེས་ཏེ་ཕྱི་རོལ་ལོ་ཞེས་པ་ཟླ་བ་གསུམ་གྱི་བདག་ཉིད་ནི་མངལ་ནས་སྐྱེས་པ་རྣམས་ཀྱི་ཆུང་ངུའི་གནས་སྐབས་སོ། །དེ་ནས་ཟླ་བ་བཞི་པ་ལུག་དང་མིང་གཟུགས་ཏེ་མངལ་ལོ། །ལྔ་པ་གླང་དང་སྐྱེ་མཆེད་དྲུག་སྟེ་སྒོའོ། །དྲུག་པ་འཁྲིག་པ་དང་རེག་པ་སྟེ་ཕྱི་རོལ་ལོ་ཞེས་པ་ཟླ་བ་གསུམ་གྱི་བདག་ཉིད་འབྲིང་པོའི་གནས་སྐབས་སོ། །དེ་ནས་ཟླ་བ་བདུན་པ་ཀརྐ་ཊ་དང་ཚོར་བ་སྟེ་མངལ། བརྒྱད་པ་སེང་གེ་དང་སྲེད་པ་སྟེ་སྒོ། དགུ་པ་བུ་མོ་དང་ལེན་པ་ཞེས་པ་ཕྱི་རོལ་ལོ་ཞེས་པ་ཟླ་བ་གསུམ་གྱི་བདག་ཉིད་ནི་གསུམ་པ་ཆེན་པོའི་གནས་སྐབས་སོ། །དེ་ནས་ཟླ་བ་བཅུ་པ་སྲང་དང་སྲིད་པ་སྟེ་མངལ་ལོ། །བཅུ་གཅིག་པ་སྡིག་པ་དང་སྐྱེ་བ་སྟེ་སྒོའོ། །བཅུ་གཉིས་པ་གཞུ་དང་རྒ་ཤི་སྟེ་ཕྱི་རོལ་ལོ་ཞེས་པ་ཟླ་བ་གསུམ་གྱི་བདག་ཉིད་ནི་ཆེན་པོའི་

p. 788

གནས་སྐབས་སོ། །དེ་ལྟར་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ལེའུ་འདིའི་ཚིགས་བཅད་བརྒྱ་བདུན་ཅུ་པར། ལས་ནི་ཉོན་མོངས་ལས་ཏེ་ཞེས་སོགས་ཀྱིས་ལས་ཉོན་སྡུག་བསྔལ་གྱི་རང་བཞིན་ཅན་རྒྱུན་གྱིས་འཁོར་བ་ནི་རྒྱུ་དང་འབྲས་བུའི་རྟེན་འབྲེལ་ཙམ་སྟེ་འཁོར་བ་པོ་གཞན་མེད་ལ་སྟོང་པ་ལས་སྟོང་པའི་ཆོས་འབྱུང་བ། མཁན་པོའི་ཁ་ཐོན་ལས་སློབ་མས་ཡིད་ལ་དེ་འཇག་པ་ན་མཁན་པོའི་ཁ་ཐོན་སློབ་མའི་རྒྱུད་ལ་འཕོས་ནས་མཁན་པོའི་རིག་པ་ཟད་པ་མ་ཡིན་ལ་འབྲས་བུ་མི་འབྱུང་བ་སློབ་མའི་རྒྱུད་ལ་ཁ་ཐོན་གྱི་ཚིག་བྱང་བ་ཐོབ་པ་མེད་པ་མ་ཡིན་པར་རྒྱུ་འབྲས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། དེ་བཞིན་དུ་མར་མེ་ལས་མར་མེ་མཆེད་པ་དང་། ཆུ་ལ་ཟླ་གཟུགས་སྣང་བ་དང་། མེ་ཏོག་ལས་གོས་ལ་དྲི་འགོ་བ་དང་། སྒྲ་ལས་སྒྲ་བརྙན་འབྱུང་བ་དང་། མེ་ཤེལ་ལས་མེ་དང་། སྐྱུར་བ་ལས་ལྕེ་འཛག་པ་སྟེ་འགྲམ་ཆུ་སློང་བ་དང་། ས་བོན་ལས་མྱུ་གུ་འབྱུང་བ་བཞིན་དུ་ཕུང་པོ་རྣམས་ཀྱི་མཚམས་སྦྱོར་བ་ནི་འགྱུར་བའི་འདོད་ཆགས་ཀྱི་དབང་གིས་ཡིན་པར་གསུངས་སོ། །དེ་ལྟར་གསུངས་འདིའི་ཕྱིར་འཁོར་བའི་འཁོར་ལོ་རྒྱུན་གྱིས་འབྱུང་བ་ནི་འགྱུར་བའི་འདོད་ཆགས་ཏེ་མ་རིག་པའོ། །གང་གི་ཚེ་འགྱུར་བའི་འདོད་ཆགས་ཉམས་པ་དེ་ནི་མཆོག་ཏུ་མི་འགྱུར་བའི་འདོད་ཆགས་ཆེན་པོའོ། །འདོད་ཆགས་ཆེན་པོ་དེ་ལས་ཆགས་བྲལ་ཉམས་པ་སྟེ་ཆགས་བྲལ་ཞེས་བྱ་བ་ཆགས་པ་དང་བྲལ་བྱའི་དངོས་པོ་ལ་ཞེ་སྡང་བའོ། །ཞེ་སྡང་ཟད་པ་ལས་ཞེ་སྡང་ཆེན་པོའོ། །ཆགས་བྲལ་ཉམས་པ་ཞེ་སྡང་ཆེན་པོ་ལས་བརྒྱལ་བ་ཞེས་བྱ་བ་བླང་དོར་མ་མཐོང་པའི་གཏི་མུག་ཉམས་པའོ། །གཏི་མུག་ཉམས་པ་ལས་གཏི་མུག་ཆེན་པོར་འགྱུར་རོ། །འདོད་ཆགས་ཆེན་པོ་དང་། ཞེ་སྡང་ཆེན་པོ་དང་། གཏི་ག་ཆེན་པོ་ལས། ཆགས་སྡང་གཏི་མུག་གི་རང་བཞིན་མ་རིག་པ་ཉམས་པའོ། །མ་རིག་པ་ཟད་པ་ལས་མ་རིག་པ་ཆེན་པོར་འགྱུར་རོ། །དེ་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག །

p. 789

འདུ་བྱེད་འགགས་པས་རྣམ་ཤེས་འགག་པ་སོགས། རྒ་ཤིའི་བར་དུ་འགག་སྟེ། ཡན་ལག་བཅུ་གཉིས་འགགས་པ་ལས་འཁོར་བའི་ཡན་ལག་བཅུ་གཉིས་དེ་དང་ཆོས་མི་མཐུན་པ་བཅོམ་ལྡན་འདས་ཀྱི་ཡན་ལག་རྣམས་ནི་བདེན་དོན་བཅུ་གཉིས་ཏེ་སྒྲིབ་པ་མེད་པར་རིག་པར་བྱ་སྟེ། འཁོར་བའི་ཡན་ལག་བཅུ་གཉིས་འགགས་པ་ལ་ཁྱད་མེད་ཀྱང་། བུད་ཤིང་ཟད་པའི་མེ་བཞིན་དངོས་མེད་དུ་མྱ་ངན་ལས་འདས་པ་ཐེག་དམན་གྱིས་འདོད་པའི་མྱང་འདས་ལྟ་བུ་ནི་མ་ཡིན་པར། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ལ་འགྱུར་བའི་བག་ཆགས་ཟད་པའི་འགྱུར་མེད་བདེ་བ་ཆེན་པོ་སྒྲིབ་བྲལ་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པ་འདི་ལྟ་བུའི་དབང་གིས་འཕོ་ཆགས་འཁོར་བའི་རྩ་བར་འདོད་ཅིང་དེ་འགོག་པ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་ཁྱད་ཆོས་ཡིན་ནོ།།སླར་ཡང་གཞན་དག་ན་རེ། གལ་ཏེ་འགྱུར་བའི་འདོད་ཆགས་བཅོམ་པས་རྣལ་འབྱོར་པ་རྣམས་སངས་རྒྱས་ཉིད་དུ་འགྱུར་ན་དེའི་ཚེ་སངས་རྒྱས་རྣམས་ཀྱིས་འཆི་བདག་དང་ཕུང་པོ་དང་ཉོན་མོངས་དང་ལྷའི་བུའི་བདུད་བཞི་བཅོམ་པར་ཅི་སྟེ་མཛད། བདུད་བཞི་མ་བཅོམ་པར་འགྱུར་བའི་འདོད་ཆགས་འབའ་ཞིག་བཅོམ་པས་སངས་རྒྱས་ཉིད་དུ་མི་འགྱུར་རོ་སྙམ་དུ་འགའ་ཞིག་གིས་བསམ་པ་འབྱུང་བ་དེ་ལ་བརྗོད་པ། འདིར་འགྱུར་བའི་འདོད་ཆགས་བཅོམ་པས་བདུད་བཞི་བཅོམ་པ་ཡིན་གྱི་དེ་ལས་མ་གཏོགས་པར་རྨོངས་པ་རྣམས་ཀྱི་བསམ་པ་ལྟར་གྱི་ཕྱི་རོལ་ན་བདུད་ཅེས་བྱ་བ་གཞན་ཞིག་བཅོམ་པས་སངས་རྒྱས་སུ་འགྱུར་བ་མ་ཡིན་ཏེ། གང་གི་ཕྱིར་འཇོམ་བྱ་བདུད་དང་འཇོམ་བྱེད་སངས་རྒྱས་གཉིས་སྔ་མ་དང་ཕྱི་མར་བྱུང་བ་གང་གིས་ཀྱང་འཇོམ་པར་འགལ་བའི་ཕྱིར་ཏེ། སྔོན་དུ་སངས་རྒྱས་ནས་དེའི་ཕྱིས་སུ་བདུད་བཅོམ་པ་ཡིན་ན་ནི་སྒྲིབ་པ་དང་བྲལ་བའི་སངས་རྒྱས་ལ་ནི་བདུད་ཀྱིས་འཚེ་བ་མེད་དེ་བདུད་བཅོམ་ཟིན་པའི་ཕྱིར་སླར་ཡང་ཅི་ཞིག་བཅོམ་པར་བྱ་སྟེ། སྒྲིབ་པ་སྤངས་ཟིན་ནས་སླར་ཡང་སྤང་དུ་མེད་པ་བཞིན་ནོ། །

p. 790

གལ་ཏེ་སངས་རྒྱས་སུ་ཟིན་ཀྱང་ད་དུང་བདུད་ཀྱིས་ཉེ་བར་འཚེ་བ་ཡོད་པས་དེ་བཅོམ་པ་ཡིན་ན་སངས་རྒྱས་ལ་སྒྲིབ་པ་མེད་པ་ཉིད་མེད་དེ་ད་དུང་བདུད་ཀྱི་འཚེ་བའི་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །ཅི་སྟེ་སངས་མ་རྒྱས་པའི་སྔོན་དུ་བདུད་བཅོམ་པའི་ཕྱི་ནས་སངས་རྒྱས་པ་ཡིན་ཅེ་ན། དེ་མི་ནུས་ཏེ་བདུད་བཅོམ་པ་ལ་སྒྲིབ་པ་མཐའ་དག་བཅོམ་དགོས་པ་ཡིན་ཅིང་སངས་རྒྱས་མ་གཏོགས་པར་སུ་ཡང་སྒྲིབ་པ་མཐའ་དག་བཅོམ་པ་འཇིག་རྟེན་འདི་ན་མེད་དོ། །གལ་ཏེ་སངས་རྒྱས་མ་ཡིན་བཞིན་དུ་བདུད་བཅོམ་པར་བྱེད་ན་འཁོར་བ་པོ་གཞན་རྣམས་ཀྱང་སངས་རྒྱས་ཉིད་མེད་པར་རམ་མ་ཡིན་པར་བདུད་ཅིའི་ཕྱིར་བཅོམ་པར་མི་བྱེད་དེས་ན་སྔར་བདུད་བཅོམ་ནས་དེའི་རྗེས་སུ་སངས་རྒྱས་པའང་མ་ཡིན་ནོ། །ཅི་སྟེ་སངས་རྒྱ་བ་དང་བདུད་འཇོམ་པ་སྔ་ཕྱི་མེད་པར་ཅིག་ཆར་འགྱུར་རོ་ཞེ་ན་དེ་ཡང་མ་ཡིན་ཏེ་སྐད་ཅིག་གང་ལ་བདུད་ཡོད་པའི་སྐད་ཅིག་དེ་ལ་སངས་རྒྱས་ཉིད་དུ་མི་འགྱུར་ཏེ་སེམས་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །སྐད་ཅིག་གང་ལ་སངས་རྒྱས་ཡིན་པའི་སྐད་ཅིག་དེའི་ཚེ་བདུད་མེད་དེ་སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་སེམས་དང་མ་རིག་པའི་བག་ཆགས་ཀྱི་བདག་ཉིད་ནི་བདུད་བཞི་སྟེ་དེ་རྣམས་ལས་ལུས་ཀྱི་སྒྲིབ་པ་ནི་སད་པའི་གནས་སྐབས་ཕུང་པོའི་བདུད་དང་། ངག་གི་སྒྲིབ་པ་རྨི་ལམ་གྱི་གནས་སྐབས་ཉོན་མོངས་པའི་བདུད་དང་། སེམས་ཀྱི་སྒྲིབ་པ་གཉིད་འཐུག་གི་གནས་སྐབས་འཆི་བདག་གི་བདུད་དང་། ཕྱི་རོལ་གྱི་མ་རིག་པའི་འཇུག་པ་ནི་ལྷའི་བུའི་བདུད་དེ། ཕྱི་རོལ་གྱི་མ་རིག་པའི་འཇུག་པ་ཞེས་པ་ནི་རང་གི་བྱས་པའི་དགེ་མི་དགེའི་ལས་ཀྱི་འབྲས་བུ་ལ་སེམས་ཅན་རྣམས་ལོངས་སྤྱོད་པ་ཡིན་ཡང་། དེ་མ་བརྟག་པའམ་ཡོངས་སུ་མི་ཤེས་པ་བྱིས་པའི་བློ་ཅན་འཁོར་བའི་ལོངས་སྤྱོད་མངོན་པར་འདོད་པ་རྣམས་ཀྱིས་ཕྱི་རོལ་གྱི་ལྷ་སོགས་ཀྱིས་བདེ་སྡུག་བྱེད་དོ་སྙམ་པ་ནི་མ་རིག་

p. 791

པའི་འཇུག་པ་སྟེ་འདི་ལྟ་བུ་ནི་སེམས་ཅན་བསླུ་བར་བྱེད་པ་འདོད་པའི་ཁམས་ཀྱི་བདག་པོ་ལྷའི་བུའི་ཚིག་གིས་བསྟན་ཏེ་འབྱུང་བར་འགྱུར་རོ། །འདིར་ལྷའི་བུ་རྣམས་ཀྱི་ཚིག་ནི་གཟའ་ཟླ་བའི་སྟོབས་ཀྱིས་སེམས་ཅན་རྣམས་ཀྱི་སེམས་དགེ་བ་དང་མི་དགེ་བར་འགྱུར་ཏེ་དེ་བཞིན་དུ་ཉི་མ་དང་བཀྲ་ཤིས་གཟའ་ལག་ཕུར་བུ་པ་སངས་སྤེན་པ་སྒྲ་གཅན་མཇུག་རིངས་རྣམས་ཀྱི་སྟོབས་དང་། གཟའ་ཚེས་སྐར་སྦྱོར་བྱེད་པ་དུས་སྦྱོར་གྱི་སྟོབས་ཀྱིས་དགེ་བ་དང་མི་དགེ་བར་འགྱུར་རོ་ཞེས་དང་། དེ་བཞིན་དུ་དབྱངས་འཆར་བའི་སྟོབས་བརྩི་བ་ལ་དགའ་བ་རྣམས་ཀྱིས་གཡུལ་དུ་ཞུགས་པའི་དུས་སུ་དབྱངས་འཆར་བའི་སྟོབས་ཀྱིས་རྒྱལ་བར་འགྱུར་ཏེ། རྣལ་འབྱོར་མ་བརྒྱད་ཀྱི་སྟོབས་དང་། སྐར་མ་དང་སྒྲ་གཅན་དང་དྲག་པོ་རྒྱུ་བའི་ཕྱོགས་ཀྱི་སྟོབས་ལ་སོགས་པས་གཡུལ་གྱི་སར་རྣམ་པར་རྒྱལ་བར་འགྱུར་རོ་ཞེས་དང་། དེ་བཞིན་དུ་སངས་རྒྱས་པའི་ཉན་ཐོས་རྣམས་ཀྱི་ཡང་ཕྱི་རོལ་བའི་མ་རིག་པའི་འཇུག་པ་ནི་རྒྱུ་མཚན་གྱི་བསྟན་བཅོས་སོགས་ལས་བཤད་པ་བཞིན་རྟེན་ཅིང་འབྲེལ་བར་འབྱུང་བའམ་ལ་ཉེའི་མཚན་མའི་བསམ་པས་སེམས་ཅན་གྱི་དགེ་བ་དང་མི་དགེ་བར་འགྱུར་རོ་ཞེས་སུ་རྟོག་པ་དང་། དེ་བཞིན་དུ་ལྷའི་བུ་གཞན་རྣམས་ཀྱི་ཚིག་ནི་ལྷའི་དྲིན་གྱིས་འགྲོ་བ་ཐམས་ཅད་དག་པར་འགྱུར་རོ་ཞེས་པ་སྟེ། དེ་ལྟ་བུ་ལ་སོགས་པ་ཞེས་གསུངས་པས་ཁ་ཅིག་གིས་ཕྱྭ་ཞེས་པས་སེམས་ཅན་གྱི་བདེ་སྡུག་མཐོ་དམན་ཐམས་ཅད་བྱེད་དོ་ཞེས་ཟེར་ཏེ་ཕྱྭ་ཞེས་པ་འདིའི་སྐད་དོད་དཻ་བཿ ཞེས་ཡོད་ལ་མིང་དེ་ནི་ཐམས་ཅད་ཀྱི་བྱེད་པོའམ་དེ་དང་དེ་འདྲའི་སྐལ་པ་ཅན་དུ་བསྐོས་མཁན་ལྟ་བུ་ལ་འདོད་དེ། དེ་ལྟ་བུ་གང་ཟག་གཅིག་གམ་གང་ཟག་མ་ཡིན་པ་ཅི་འདྲ་ཞིག་ལ་ཟེར་བརྟགས་ན་ཁ་ཅིག་གིས་ངོས་འཛིན་རྒྱུ་འདི་ཡིན་མ་ཤེས་པར་མིང་ཙམ་གྱི་རྗེས་སུ་ཟློ་ཡང་ཕལ་ཆེར་ཚངས་པ་ལ་ཕྱྭ་ཞེས་མིང་འདོགས་པ་ཡིན་ནོ། །དེ་བཞིན་ཚངས་

p. 792

པ་དང་དབང་ཕྱུག་སོགས་ཀྱིས་བྱེད་དོ་ཞེས་དང་ར་ཧྨ་ཎས་བྱེད་དོ་ཞེས་སོགས་སོ་སོའི་ལུགས་དེ་དང་དེར་ཡོངས་གྲགས་ལ། གཞན་ཡང་དེ་དང་དེ་ལྟ་བུ་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་གཞན་ཞིག་གིས་སེམས་ཅན་སོ་སོའི་བདེ་སྡུག་བྱེད་དོ་སྙམ་པའི་མ་རིག་པའི་འཇུག་པ་རྣམས་ལྷའི་བུའི་བདུད་ཀྱི་ཚིག་གིས་སོ། །དེ་ཡང་ལྷ་དང་སྲིན་པོ་སོགས་ཕྱི་རོལ་ན་གནས་པས་ཕན་གནོད་ཀྱི་རྐྱེན་བྱེད་པ་དང་གཟའ་སྐར་སོགས་ཕྱོགས་དུས་ཀྱི་རྟེན་འབྲེལ་ལས་དགེ་བ་དང་མི་དགེ་བའི་རྐྱེན་དུ་འགྱུར་བ་ནི་མེད་པ་མ་ཡིན་ཏེ་རྒྱུད་འདིར་ཡང་གཟའ་སྐར་གྱི་སྤང་བླང་སོགས་དངོས་སུ་གསུངས་མོད་ཀྱི་གཙོ་བོར་སེམས་ཅན་རང་རང་གི་བསོད་ནམས་དང་སྡིག་པའི་ལས་ཀྱིས་སྟོབས་ལས་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་ཕན་པ་དང་གནོད་པའི་རྐྱེན་དུ་ཚོགས་པར་འགྱུར་གྱི་ལས་མེད་པར་ཕྱི་རོལ་གྱི་དངོས་པོ་གང་གིས་ཀྱང་ཕན་གནོད་དུ་བྱེད་པ་མི་སྲིད་དེ། འདིར་གལ་ཏེ་སྐྱེ་བ་གཞན་གྱི་བསོད་ནམས་དང་སྡིག་པ་མ་གཏོགས་པར་ལྷའི་བུའི་བདུད་ཀྱི་ཚིག་རྣམས་ཀྱིས་བསྟན་པ་བཞིན་དུ་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བར་འགྱུར་ན་དེའི་སྔར་བསགས་པའི་དགེ་མི་དགེའི་ལས་ཐམས་ཅད་དོན་མེད་པར་ཕྲལ་གྱི་གཟའ་སོགས་ཀྱི་སྟོབས་དང་སྟོབས་མིན་ལ་རག་ལས་ཤིང་ལོངས་སྤྱོད་པར་འགྱུར་དགོས་ན་དེ་ལྟ་བུ་རིགས་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དུས་ཀྱི་རྩིས་བརྩིས་ནས་ཞུགས་པ་ལས་ཇི་སྐད་བཤད་པའི་འབྲས་བུ་ལས་གཞན་དུ་གྱུར་པའི་འཁྲུལ་པ་ཡང་མཐོང་སྟེ། དུས་སྦྱོར་ལས་ནི་སཱི་ཏ་བདེ། །ལྡན་མིན་གནམ་སྟོང་དྲིན་གྱིས་ནི། །འཐབ་དཀའ་རྣམ་པར་རྒྱལ་མིན་ཏེ། །འཇིགས་སྡེ་ཡིས་ནི་ཕྱེ་མར་བརླག །འཐབ་མོའི་སར་ནི་དཔུང་གནས་པས། །སྲིད་སྒྲུབ་ལ་ནི་བསྣུན་འདོད་པ། །དེ་རྣམས་སྲིད་སྒྲུབ་མདའ་ཡིས་ཕུག །ཕྱོགས་རྣམས་ཀུན་ཏུ་བརླག་པར་གྱུར། །ཞེས་པ་སྔར་བསྟན་པ་བཞིན་དྲང་སྲོང་གནས་

p. 793

འཇོག་གིས་བྱིན་པའི་དུས་སྦྱོར་ལས་སཱི་ཏ་བདེ་ལྡན་མིན་པ་དང་གནམ་སྟོང་ལ་གཡུལ་དུ་ཞུགས་པའི་འཐབ་དགའ་དང་སྒྲ་ངན་པ་རྣམས་བཅུ་གསུམ་ལ་ཞུགས་པའི་སྐྱབ་བསེང་གི་བུ་འཇིགས་སྡེས་བརླག་པ་དང་། སྲིད་སྒྲུབ་ལ་སྒྲ་ངན་པས་བསྣུན་འདོད་ཀྱང་དེ་རྣམས་སྲིད་སྒྲུབ་ཀྱི་མདས་ཕུག་ནས་བརླག་པར་བྱས་སོ་ཞེས་གྲགས་པ་བཞིན་ནོ། །དེའི་ཕྱིར་ཕྲལ་གྱི་གཟའ་སྐར་སོགས་ཁོ་ནའི་སྟོབས་ཀྱིས་ཕན་གནོད་བྱེད་པ་མིན་ཏེ་སྔོན་གྱི་དགེ་མི་དགེའི་འབྲས་བུ་སེམས་ཅན་རང་རང་གི་ལོངས་སྤྱོད་པ་ཡིན་པ་ཤེས་པར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས། ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་གང་བྱེད་པ། །དེ་འབྲས་སེམས་ཅན་ལོངས་སྤྱོད་དེ། །ལྷ་གཞན་འབྲས་བུ་སྟེར་བ་མིན། །ཞེས་གསུངས་པ་བཞིན་ནོ། །ཅི་སྟེ་གང་ཞིག་གིས་ལྷ་སོགས་བརྟེན་པས་དངོས་གྲུབ་དང་བདེ་བ་ཐོབ་ནས་ལྷའི་དྲིན་དུ་མཐོང་བ་དེ་ཡང་ལྷའི་དྲིན་འབའ་ཞིག་གིས་མ་ཡིན་ཏེ་རང་ལ་ལྷ་དེའི་དྲིན་སྦྱིན་པའི་རང་གི་སྔོན་གྱི་བསོད་ནམས་ཡོད་པའི་སྟོབས་ཀྱིས་ཡིན་གྱི་བསོད་ནམས་མེད་པར་སྡིག་པའི་ལས་ཀྱི་སྟོབས་ཅན་ལ་ལྷའི་དྲིན་མཐོང་བ་མི་འབྱུང་ངོ་། །བསོད་ནམས་ཀྱང་སེམས་ཅན་ལ་ཕན་བཏགས་པ་ལས་འགྱུར་གྱི་ལྷ་དང་ཕ་མེས་ཀྱི་བྱ་བ་ལ་སྲོག་བཅད་པ་སོགས་སེམས་ཅན་ལ་འཚེ་བ་ལས་ནི་མ་ཡིན་ནོ། །རྒྱུད་འདིའི་ནང་གི་ལེའུའི་ཚིགས་བཅད་གྱ་དགུ་པར། དེའི་ཕྱིར་བྱེད་པོ་འགའ་ཡང་སྲོག་ཆགས་རྣམས་ཀྱི་བདེ་དང་སྡུག་བསྔལ་དག་ནི་མི་སྦྱིན་མི་འཕྲོག་སྟེ། འཁོར་བ་དག་ཏུ་རྣམ་པ་གསུམ་པོ་གང་བྱས་སྔོན་གྱི་ལས་ནི་འབྲས་བུ་རབ་ཏུ་སྦྱིན་པར་འགྱུར། ཞེས་སོགས་གསུངས་པ་བཞིན་ནོ། །དེ་བཞིན་དུ་ལྷའི་བུའི་བདུད་ཀྱང་ལེའུ་ལྔ་པའི་ཚིགས་བཅད་གྱ་དྲུག་པར། སྲིད་པ་གསུམ་གྱི་བདག་པོས་དྲག་པོའི་ལས་ཀྱི་རང་བཞིན་དུ་མའི་སྔགས་རྣམས་རབ་ཏུ་གསུངས་པ་གང་ཞེས་སོགས་ཀྱིས་གསུངས་པ་ལྟར་དྲག་པོའི་སྔགས་ཀྱི་ལས་རྣམས་སེམས་ཅན་རྣམས་

p. 794

བསྲུང་བའི་དོན་དུ་སེམས་ཅན་བསླུ་བར་བྱེད་པའི་བདུད་ཀྱི་ཕྱོགས་ཉམས་པའི་ཕྱིར་སྦྱར་བར་གསུངས་པ་བཞིན་དུ་ཤེས་དགོས་ཀྱི་སེམས་ཅན་གཞན་ལ་འཚེ་བའི་དོན་དུ་བྱེད་པའི་བདུད་ཀྱི་ཚིག་རྣམས་ཀྱི་མ་རིག་པའི་འཇུག་པ་དེ་ལྟ་བུ་ལ་རྣལ་འབྱོར་བ་རྣམས་ཀྱིས་བསྟེན་པར་མི་བྱའོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བག་ཆགས་སོ་སོར་སྣང་བ་ནི་འདི་ལྟར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་གཅིག་ལ་ཞི་བ་དང་དྲག་པོ་ཆགས་བྲལ་དང་ཆགས་བཅས་སོགས་ཀྱི་རྣམ་པ་དུ་མར་སྣང་སྟེ། ཁ་ཅིག་གིས་ནི་བསོད་ནམས་ཀྱི་ཕུང་པོ་ཕན་བདེ་མི་ཟད་པའི་བྱེད་པོར་མཐོང་ངོ་། །བདུད་དང་བདུད་ཀྱི་རིས་རྣམས་ཀྱི་མཆོག་ཏུ་འཇིགས་པར་བྱེད་པ་སྡིག་པའི་ཕུང་པོར་མཐོང་སྟེ་བདུད་ཀྱི་བདུད་ཉིད་དུའོ། །དེ་ལྟར་ཡང་རྒྱུད་འདིའི་ཡེ་ཤེས་ལེའུའི་རྣམ་པ་ལྔའི་བསྟོད་པའི་ཚིགས་བཅད་བཞི་པ། སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གིས་བྱས་པའི་ཉམས་མྱོང་མི་བཟད་རྣམས་ལ་མི་བཟད་པ། །གང་གིས་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེ་སྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེའི་ཕྱིར་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བག་ཆགས་ཀྱི་སྣང་བ་ནི་རྡོ་རྗེ་སེམས་དཔའ་དང་བདུད་དུ་མཐོང་སྟེ་བཅོམ་ལྡན་འདས་ལ་བདུད་མེད་དོ། །ལུས་ངག་སེམས་དང་མ་རིག་པའི་བདུད་བཞི་བཤད་མ་ཐག་པ་འདི་རྣམས་སྐྱེད་པར་བྱེད་པའི་རྩ་བ་ནི་ཐིག་ལེ་འགྱུར་བའི་སྐད་ཅིག་བཞི་པའི་གནས་སྐབས་ཏེ་འདི་ནི་སེམས་ཅན་རྣམས་ཀྱི་འདོད་པའི་ལྷ་སྟེ་ལྷའི་བུའི་བདུད་དུ་མངོན་པར་བརྗོད་དོ་འདི་ལྟ་བུའི་བདུད་འདི་ནི་དེ་བཞིན་གཤེགས་པས་མཆོག་ཏུ་མི་འགྱུར་བ་བདེ་བའི་སྐད་ཅིག་ཐོབ་པ་དེ་ཉིད་ཀྱིས་གཏན་དུ་བཅོམ་པའོ། །དེ་བཅོམ་པ་ནི་ངེས་དོན་དུ་བདུད་ཀྱི་དཔུང་མཐའ་

p. 795

དག་བཅོམ་པ་སྟེ་འདོད་ཆགས་དང་ཞེ་སྡང་དང་ཁོང་ཁྲོ་དང་མ་རིག་པའི་རང་བཞིན་ཅན་རྣམས་ཟད་པའོ། །འདིར་འགྱུར་བའི་བག་ཆགས་འགགས་པས་ཆགས་སྡང་གཏི་མུག་ཁོང་ཁྲོ་འགག་གོ། དེ་རྣམས་འགགས་པས་མ་རིག་པ་འགག་སྟེ་རིམ་པས་ཡན་ལག་བཅུ་གཉིས་རྣམས་འགག་གོ། ཡན་ལག་བཅུ་གཉིས་འགགས་པས་སྲིད་པའི་འཁོར་ལོ་འགག་གོ། སྲིད་པའི་འཁོར་ལོ་འགགས་པས་བདེན་དོན་བཅུ་གཉིས་ཀྱི་རང་བཞིན་སྒྲིབ་པ་མེད་པའི་སངས་རྒྱས་སུ་འགྱུར་བ་ནི་ངེས་པའི་དོན་ཏེ། ཕྱི་རོལ་དུ་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་བདུད་སྡིག་ཅན་དཔུང་དང་བཅས་པ་བཅོམ་པའི་ཚུལ་མཛད་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཟབ་མོ་བདུད་བཞི་བཅོམ་པ་མངའ་བའི་སྤྱོད་ཡུལ་མི་ཤེས་པ་རྣམས་ལ་སངས་རྒྱས་ཀྱི་ཆེ་བ་འབྱིན་པའི་༔རྣམ་རོལ་ཙམ་དུ་ཤེས་པར་བྱའོ། །དེས་ན་ཉན་ཐོས་ཀྱི་གཞུང་དང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་གཞུང་དང་འབྲས་བུའི་ཐེག་པ་སྔགས་ཀྱི་ཚུལ་འདི་རྣམས་ཀྱི་དོན་ཇེ་བས་ཇེ་ཟབ་ཏུ་བསྟན་ནས་བསྟན་པ་ཐམས་ཅད་ཀྱི་ཞེ་ཕུག་དམ་པ་མཆོག་ཏུ་མི་འགྱུར་བའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་ཉིད་ནི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས་དེ་བཞིན་གཤེགས་པས་བསྟན་ཏོ། །འདིའི་དགོངས་དོན་ཚུལ་བཞིན་མི་ཤེས་པ་བླ་མ་དམ་པ་མ་ཡིན་པས་ཟིན་པས་ལམ་ཉམས་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་དོན་ལས་ཉམས་པ་རྣམས་མ་འོངས་པ་ན་འབྱུང་བར་འགྱུར་ཏེ། རང་ཉིད་རྣམ་པར་ཉམས་པ་དེ་རྣམས་ཀྱིས་སེམས་ཅན་གཞན་རྣམས་ཉམས་པར་བྱེད་དེ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་འགྱུར་བ་ཅན་དུ་སྟོན་པ་དང་། གཉིས་སུ་མེད་པ་ལ་གཉིས་སུ་སྟོན་པ་སོགས་ཟབ་མོའི་ལམ་ལས་ཉམས་པའི་དོན་ལོག་པ་སྣ་ཚོགས་སུ་འཛིན་པས་སོ། །དེས་ན་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས་ཡེ་ཤེས་རྣམ་པ་ལྔའི་བསྟོད་པ་གསུངས་པ། སྟོང་པ་ལ་ནི་དངོས་པོའི་ཚོགས། །བརྟག་པའི་

p. 796

གཟུགས་སྤངས་བེམ་པོ་མིན། །འདི་ནི་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་གཞོན་ནུ་མ་ཡིས་བཞིན། །ཞེས་འཇིག་རྟེན་ལས་འདས་པའི་བདེན་པས་གཟུགས་ཕུང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བསྟན་པ་སྟེ། སྟོང་པའི་གཟུགས་བརྙན་ནམ་མཁའ་ལས་རང་སྣང་བ་བློས་བརྟག་པའི་གཟུགས་དང་བེམས་པོའི་རང་བཞིན་ཅུང་ཟད་མེད་བཞིན་པྲ་ཕབ་པ་ལྟར་མཐོང་བའི་རང་སྣང་འོད་གསལ་ཡེ་ཤེས་ཀྱི་གཟུགས་སྒྲིབ་བྲལ་གྱི་རང་བཞིན་ནོ། །དངོས་ཀུན་མཉམ་པ་ཉིད་གྱུར་ནས། །དངོས་པོ་གཅིག་ཏུ་མི་འགྱུར་གནས། །མི་འགྱུར་ཡེ་ཤེས་ལས་བྱུང་བ། །ཆད་པ་མ་ཡིན་རྟག་པའང་མིན། །ཞེས་པ་ཚོར་བའི་ཕུང་པོ་སྒྲིབ་བྲལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། འདི་ལྟར་འཁོར་འདས་སྣང་སྲིད་ཀྱི་དངོས་པོ་མ་ལུས་པ་རང་བྱུང་འོད་གསལ་བདེ་བ་ཆེན་པོའི་དབྱིངས་སུ་མཉམ་པ་ཉིད་དུ་གྱུར་ནས་བདེ་བ་ཆེན་པོའི་དངོས་པོ་གཅིག་ཏུ་མི་འགྱུར་བར་གནས་ཏེ་ཕྱོགས་དུས་གང་དུའང་དེ་ལས་མ་གཏོགས་པའི་ཆོས་མེད་པའི་ཕྱིར་རོ། །དེ་ལྟ་བུའི་མི་འགྱུར་བའི་ཡེ་ཤེས་ལས་བྱུང་བ་དེ་ནི་དངོས་མེད་འདུས་མ་བྱས་ཅི་ཡང་མེད་པའི་ཆད་པ་མ་ཡིན་ལ། རང་གི་ངོ་བོ་ཉིད་དུ་དམིགས་པའི་དངོས་པོ་རྟག་པ་འདུས་བྱས་ཀྱང་མིན་ཏེ་རྟག་ཆད་ལས་འདས་པའོ། །མིང་གི་བདག་ཉིད་ཡི་གེ་ཀུན། །ཨ་ཡིག་རིགས་ལས་ཡང་དག་བྱུང་། །མི་འགྱུར་ཆེན་པོའི་གནས་ཐོབ་པ། །མིང་མེད་མིང་ཅན་དག་ཀྱང་མེད། །ཅེས་པ་ནི་འདུ་ཤེས་ཀྱི་ཕུང་པོ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཏེ། འདི་ལྟར་འདུ་ཤེས་སྣ་ཚོགས་པ་ནི་དངོས་པོ་རྣམས་རིས་སུ་ཕྱེ་སྟེ་མིང་དང་མཚན་མའི་འདུ་ཤེས་ཀྱིས་དེ་དང་དེར་རྟོག་པ་ཡིན་ལ། མིང་གི་བདག་ཉིད་ཀྱི་ཡི་གེ་ཐམས་ཅད་ཀུན། ཨ་ཡིག་གཅིག་གི་རིགས་ལས་ཡང་དག་པར་བྱུང་བ་སྟེ། ཨ་ནི་མ་སྐྱེས་པ་དབྱངས་གསལ་ཐམས་ཅད་ཀྱི་གཞིའོ། །ཨ་ཡིག་ནམ་མཁའི་རིགས་ནི་མི་འགྱུར་བའི་བདེ་བ་ཆེན་པོ་སྟེ་ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་དུ་གནས་པའི་དོན་རྟོགས་ནས།

p. 797

མི་འགྱུར་ཆེན་པོ་གཉུག་མའི་གནས་ཐོབ་པ་ལ། རྗོད་བྱེད་མིང་གི་འདུ་ཤེས་དང་བརྗོད་བྱ་མིང་ཅན་མཚན་མའི་འདུ་ཤེས་དག་ཀྱང་མེད་པའི་དེ་ཁོ་ན་ཉིད་ལ་གནས་པའི་ངང་ནས་མིང་དང་མཚན་མའི་ཆོས་ཐམས་ཅད་དེར་འཛིན་གྱི་རྣམ་པར་མི་རྟོག་པར་ལྷུན་གྲུབ་ཏུ་མཁྱེན་པའོ། །སྐྱེས་པ་མ་ཡིན་པ་ཡི་ཆོས། །འདུ་བྱེད་བྲལ་བ་རྣམས་ལ་ཡང་། །སངས་རྒྱས་ཉིད་མེད་བྱང་ཆུབ་མེད། །སེམས་ཅན་མེད་ཅིང་སྲོག་ཉིད་མེད། །ཅེས་པ་འདུ་བྱེད་ཀྱི་ཕུང་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། འདི་ལྟར་འདུ་བྱེད་པ་ཅེས་པ་འཕོ་བའི་བག་ཆགས་ཀྱི་རྒྱུ་ལས་དགེ་མི་དགེའི་ལས་སོགས་འདུ་བྱེད་པའི་གཡོ་བ་ལས་སེམས་ཅན་གྱི་ཁམས་སྣ་ཚོགས་དང་། ལམ་སྣ་ཚོགས་དང་ལམ་འགའ་ཞིག་ལས་འཁོར་བ་དེ་ལས་ཐར་པ་ཉན་རང་བྱང་སེམས་ཀྱིས་ཐོབ་བྱ་འབྲས་བུའི་རྣམ་པ་སྣ་ཚོགས་འདུ་བྱེད་པ་ཡིན་ཀྱང་། གདོད་ནས་སྐྱེས་པ་མ་ཡིན་པའི་ཆོས་གནས་ལུགས་རང་བཞིན་འོད་གསལ་འཕོ་མེད་མཉམ་པ་ཉིད་འདུ་བྱེད་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་མངོན་དུ་མཛད་པའི་ཡེ་ཤེས་ཀྱི་སྐུ་ནི་ཆོས་ཉིད་སྐྱེ་མེད་འདུ་བྱེད་དང་བྲལ་བ་དེ་ཉིད་མངོན་དུ་གྱུར་པ་ཡིན་ལ་བདེན་གཉིས་དབྱེར་མེད་མཐར་ཐུག་དཔྱོད་པའི་དོན་དམ་པའི་རིགས་པས་གཞལ་ན་དེ་ལས་གཞན་པའི་སངས་རྒྱས་ཞེས་བྱ་བར་གསར་དུ་གྱུར་པ་དང་། བྱང་ཆུབ་ཆེན་པོ་བརྙེས་པ་ཞེས་བྱ་བ་གཞན་མེད་ལ་ཆོས་ཉིད་དེ་ཡི་གནས་ལུགས་ལ་སེམས་ཅན་མེད་ཅིང་སྲོག་ཉིད་ཀྱང་མེད་དེ་དུས་གསུམ་མཉམ་པ་ཉིད་ལས་མ་གཡོས་པའི་ཕྱིར་སངས་རྒྱས་ལ་འདུ་བྱེད་ཀྱི་འཇུག་པ་གསར་དུ་འཇུག་པ་མེད་དེ་ནམ་མཁའ་བཞིན་ནོ། །དེ་ལྟ་ན་ཡང་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཆེན་པོ་ནི་ནམ་མཁའི་མཐའ་དང་ཆོས་ཀྱི་དབྱིངས་ཇི་སྲིད་པར་རྩོལ་མེད་དུ་འཇུག་པ་ཡིན་ནོ། །སྣང་ཚུལ་ལ་སངས་རྒྱས་གསར་དུ་ཐོབ་པ་དང་སེམས་ཅན་གྱི་ཁམས་ཡོད་ཅིང་དེ་ལ་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པ་བསླུ་བ་མེད་པར་ཡོད་ཀྱང་།

p. 798

དེའི་དབང་གིས་དོན་དམ་པར་དེ་ལྟར་ཡོད་པར་ནི་ནམ་ཡང་མི་འགྱུར་ཏེ། དོན་དམ་པར་དེ་ལྟར་གྲུབ་ན་གཉིས་སུ་མེད་པ་སྐྱེ་མེད་མཉམ་པའི་ཡེ་ཤེས་ཆེན་པོ་མངོན་དུ་བྱེད་པར་མི་འགྱུར་ལ་དེ་མངོན་དུ་མ་བྱས་ན་སེམས་ཅན་མཐའ་ཡས་པའི་ཁམས་ལ་རྩོལ་བ་མེད་པའི་ཕྲིན་ལས་ཆེན་པོ་རྟག་ཁྱབ་ཏུ་འཇུག་པར་ཡང་མི་འགྱུར་བས་ཆོས་ཐམས་ཅད་གཉིས་སུ་མེད་པ་དོན་དམ་ཡེ་ཤེས་ཀྱི་སྐུ་བརྙེས་པའི་སྟོབས་ཀྱིས་འདུ་བྱེད་དང་བྲལ་བའི་བྱ་བ་ནན་ཏན་གྱི་ཡེ་ཤེས་ལྷུན་གྱིས་གྲུབ་པར་རིག་པར་བྱའོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པ་གོས་པ་མེད། །རང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་ཀྱིས་བགྲོད་པར་གནས། །ཞེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། ཀུན་གཞི་དང་ཀུན་གཞིའི་རྣམ་པར་ཤེས་པ་སོགས་རྣམ་པར་ཤེས་པའི་ཆོས་ཅན་ཉིད་ལས་འདས་པ། ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་གཉུག་མའི་ཡེ་ཤེས་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་དེ་ལ་ནི་འཕོ་ཞིང་འགྱུར་བའི་བག་ཆགས་ཀྱི་སྒྲིབ་པ་གློ་བུར་བ་དག་ཅིང་བདེན་དོན་མངོན་དུ་གྱུར་པའི་ཕྱིར་ན་སླར་ནམ་མཁའ་ཇི་སྲིད་དུ་གློ་བུར་པའི་སྒྲིབ་པས་གོས་པ་ཡོད་མི་སྲིད་པས་གོས་པ་མེད་པ་དང་། རང་བཞིན་འོད་གསལ་བའི་ཆོས་རྣམས་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་འགྱུར་བ་མེད་པར་མངོན་དུ་གྱུར་པའམ་བགྲོད་པར་གནས་པ་སྟེ་གཞི་ཆོས་ཀྱི་དབྱིངས་ཀྱི་གནས་ལུགས་སྒྲིབ་པ་ཕྲ་མོའི་བག་ཆགས་ཀྱིས་ཀྱང་བསླད་པ་མེད་པར་མངོན་དུ་གཟིགས་པའི་ལམ་གྱི་བགྲོད་པ་མཐར་ཐུག་ལ་གནས་པའི་ཕྱིར་རོ། །དེ་བཞིན་དུ་བསྡུས་པའི་རྒྱུད་ལས་ལེའུ་ལྔ་པའི་ཚིགས་སུ་བཅད་པ་བརྒྱ་རྩ་གཅིག་པ་ལ་སོགས་པ་གསུམ་གྱིས་འཁོར་ལོའི་མཚན་མ་སོགས་དང་དེ་བཞིན་གཤེགས་པའི་ཕུང་པོའི་མཚན་ཉིད་གསུངས་པ། འཁོར་ལོ་སྲིད་གསུམ་ཀུན་ནས་དྭངས་བ་སོགས་དང་གང་དུ་ངེས་

p. 799

པར་རིགས་ཀྱི་གཟུགས་ནི་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཆེན་པོའི་གཟུགས་སུ་གསུངས། ཞེས་སོགས་དང་། གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་པ་ཉིད་དུ་གྱུར་པ་དེ་ཡང་རྣམ་པར་ཤེས་པར་གསུངས་ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །དེ་བཞིན་དུ་འཇམ་དཔལ་གྱི་དོན་དམ་པའི་ཡེ་ཤེས་ཀྱི་སྐུའི་མཚན་ཡང་དག་པར་བརྗོད་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོར་གྱུར་པ་གསོལ་བ་འདེབས་པ་དང་བཅས་པའི་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པས་རབ་ཏུ་བསྟན་པ་ནི་འདི་ལྟར་ཏེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཞེས་པ་ནས། ལུས་བཏུད་ནས་ནི་སྤྱན་སྔར་འདུག་ཅེས་པའི་བར་ནི། གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཅུ་དྲུག་གོ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། ཅེས་པ་ནས། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ་ཞེས་པའི་མཐར་ཐུག་པ་རྣམས་ལན་གསུངས་པའི་ཚིགས་སུ་བཅད་པ་དྲུག་གོ།སླར་ཡང་དེ་ནས་ཞེས་པ་ལ་སོགས་པ་ནས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས་ཞེས་པའི་བར་ནི་རིགས་དྲུག་ལ་གཟིགས་པའི་ཚིགས་བཅད་གཉིས་སོ། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། ཞེས་པ་ནས། ཨ་ར་པ་ཙ་ན་ཡ་ཏེ་ན་མ་ཞེས་པའི་བར་ནི་སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པའི་རིམ་པ་ཚིགས་སུ་བཅད་པ་གསུམ་མོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱིས་མཆོག་ཅེས་པའི་བར་གྱི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་བསྟོད་པ་ཚིགས་སུ་བཅད་པ་བཅུ་བཞིའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ཞེས་པའི་མཐར་ཐུག་པའི་བར་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལ་བསྟོད་པ་རྐང་པས་

p. 800

དམན་པའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔའོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་པའི་བར་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བསྟོད་པ་རྐང་པས་ལྷག་པའི་ཚིགས་སུ་བཅད་པ་བཅུའོ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ་ནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ་ཞེས་པའི་བར་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་པའོ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའི་བར་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིའོ། །སངས་རྒྱས་ཀུན་གྱི་རྟོགས་བྱ་བ་ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་པའི་བར་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་བཅོ་ལྔའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཅེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་ཅེས་པའི་བར་ནི་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་ལྔ་སྟེ། དེ་ལྟར་ཚིགས་བཅད་བརྒྱ་དང་དྲུག་ཅུ་རྩ་གཉིས་པོ་འདི་རྣམས་ཀྱིས་སངས་རྒྱས་པའི་ཐེག་པ་ཐམས་ཅད་ལས་དོན་གྱི་སྙིང་པོ་བཅུད་དུ་ཕྱུངས་ནས། བཅོམ་ལྡན་འདས་ཀྱི་རྡོ་རྗེ་འཛིན་པའི་སྙིང་པོ་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཀུན་ནས་བདེ་ཆེན་འོད་གསལ་ཡེ་ཤེས་ཀྱི་སྐུས་སྒྲིབ་པ་དང་བྲལ་བའི་རང་བཞིན་དུ་སྣང་བར་བྱེད་པ། སྒྲིབ་པའི་བག་ཆགས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཚོགས་བསགས་པ། སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་བདེན་པ་གཉིས་དབྱེར་མེད་པའི་ཟབ་ཅིང་རྒྱ་ཆེ་བའི་གཟུགས་འཆང་བ། རང་བཞིན་གྱིས་འོད་གསལ་བ་དུས་གསུམ་ལས་འདས་པས་ཐོག་མ་དང་ཐ་མ་མེད་པ། བདག་དང་བདག་གི་བའི་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བ། དུས་

p. 801

ཐམས་ཅད་པ་ཉིད་དུ་གནས་པ། ཀུན་ནས་ཉོན་མོངས་པ་མེད་པ། ཆོས་ཐམས་ཅད་ཀྱི་རང་བཞིན་མངོན་སུམ་མཁྱེན་པ། འཁོར་བའི་བག་ཆགས་ལས་རྣམ་པར་གྲོལ་བ། འགྲོ་བ་དང་འོངས་པ་དང་བྲལ་བ། སྤྲོས་པ་མེད་པའི་ངོ་བོར་རང་གི་ངང་གིས་འཇུག་ཅིང་འཕེལ་བའི་ཏིང་ངེ་འཛིན་དང་གཟུངས་སྣ་ཚོགས་པ་རྣམས་ཀྱི་རྟེན། བུམ་པ་བཟང་པོ་དང་དཔག་བསམ་གྱི་ཤིང་དང་། ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། ཐུབ་པ་དྲང་སྲོང་ཆེན་པོ་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པ། མཐའ་ཡས་པའི་སེམས་ཅན་གྱི་ཕུང་པོ་ཆེན་པོ་མི་གནས་པའི་མྱ་ངན་ལས་འདས་པའི་སར་རབ་ཏུ་ཞི་བར་མཛད་པ། རྣམ་པ་སྣ་ཚོགས་སུ་སྣང་ཡང་དེ་དང་དེའི་རང་བཞིན་དུ་གྲུབ་པ་མེད་པས་སྒྱུ་མ་དང་རྨི་ལམ་དང་གཟུགས་བརྙན་དང་སྒྲ་བརྙན་ལྟ་བུའི་སྣང་བ་སྣ་ཚོགས་མ་འགགས་པར་སྟོན་པ། སྲིད་པ་གསུམ་གྱི་མཆོག་ཏུ་མཆོད་པར་བྱ་བ་འཇིག་རྟེན་ལས་འདས་པའི་བདག་ཉིད་རྣལ་འབྱོར་པ་རྣམས་ཀྱིས་རང་གི་སེམས་ཉིད་འོད་གསལ་བའི་རྟགས་སྣང་དང་བཅས་སོ་སོ་རང་གིས་རིག་པར་བྱ་བ་མཆོག་ཏུ་མི་འགྱུར་བའི་བདེ་བ་འདི་ཉིད་ནི། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་ཀྱི་སྙིང་པོ་བླ་ན་མེད་པ་ཡིན་པས་རྣལ་འབྱོར་པ་རྣམས་ཀྱིས་དོར་བར་མི་བྱ་བར་རྣམ་པ་ཀུན་དུ་འདི་དོན་སེམས་པ་དང་འཆད་པ་དང་བསྒོམ་ནས་མངོན་དུ་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །འདི་བསྒོམ་པ་ནི་དུས་འཁོར་རྩ་བའི་རྒྱུད་ཀྱི་ཡེ་ཤེས་ལེའུ་ལས་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ། དུ་བ་ལ་སོགས་བསྒོམ་བྱས་ཤིང་། །སེམས་ནི་གཡོ་བ་མེད་བྱས་ཏེ། །དབུ་མ་སྦྱང་བ་བྱས་ནས་ནི། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །པདྨར་རྡོ་རྗེ་རབ་བཀོད་ནས། །སྲོག་ནི་ཐིག་

p. 802

ལེར་གཞུག་པར་བྱ། །འཁོར་ལོ་ཐིག་ལེ་ཐིག་ལེ་ཡི། །གཡོ་བ་རྡོ་རྗེར་དགག་པར་བྱ། །རྟག་ཏུ་རྟགས་རེངས་རྣལ་འབྱོར་པས། །རྟག་ཏུ་སྟེང་དུ་ཁུ་བར་འགྱུར། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །རྡོ་རྗེ་འབེབས་པས་བྱིན་གྱིས་བརླབས། །མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་རྫོགས་པས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །ཞེས་གསུངས་ཏེ། སོར་སྡུད་ཀྱི་དུ་བ་སོགས་ཀྱི་མཚན་མ་བཅུ་མཐོང་བར་བྱས་ལ། བསམ་གཏན་གྱིས་དེ་ལ་སེམས་གཡོ་བ་མེད་པར་བརྟན་པར་བྱས་ཤིང་། སྲོག་རྩོལ་གྱིས་དབུ་མའི་ལམ་སྦྱང་བར་བྱས་པ་དང་། འཛིན་པ་དང་རྗེས་དྲན་ཏིང་ངེ་འཛིན་གསུམ་གྱིས་སྲོག་དབུ་མའི་ཐིག་ལེ་ལ་འཇུག་ཅིང་བསྟིམ་ནས་མི་འཕོ་བ་བྱས་ཏེ་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒོམ་པར་བྱའོ། །དེ་ཡང་རྗེས་དྲན་གྱི་དུས་སུ་པདྨར་རྡོ་རྗེ་རབ་ཏུ་བཀོད་ནས་ཆགས་པ་ཆེན་པོ་གཏུམ་མོའི་མེ་འབར་བས་སྲོག་ཐུར་གཅིག་ཏུ་སྦྱོར་བས་སྲོག་ནི་སྤྱི་བོའི་ཧཾ་གི་ཐིག་ལེར་ཟིན་པའི་ཚུལ་གྱིས་དབུ་མའི་ནང་གི་ཐིག་ལེར་གཞུག་པར་བྱའོ། །དེ་ལྟར་གཏུམ་མོའི་མེས་སྤྱི་བོའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཞུ་བ། འཁོར་ལོ་དྲུག་གི་གནས་སུ་ཐིག་ལེ་ཡས་བབ་ཀྱིས་བྱོན་པའི་བདེ་བ་དགའ་བཞི་ཉམས་སུ་མྱོང་ཞིང་ཐིག་ལེ་ཡི་གཡོ་བ་རྡོ་རྗེ་ནོར་བུར་བཀག་སྟེ་ཕྱིར་མི་འཕོ་བར་བྱས་པས། དུས་རྟག་ཏུ་རྟགས་མི་ཉམས་པར་རེངས་ཤིང་བདེ་བ་མི་ཉམས་པར་འགྱུར་ཏེ་ཁུ་བ་རེངས་པར་བྱས་པའི་མཐུ་ལས་སོ། །དེ་ལྟར་ཁུ་བ་བཅིངས་པའི་རྣལ་འབྱོར་པས་དུས་རྟག་ཏུ་ཁུ་བ་ཡས་བབ་ཀྱི་རིམ་པས་ཇི་ལྟར་བྱོན་པ་ལྟར་མས་བརྟན་གྱི་དགའ་བས་སྟེང་དུ་ཁུ་བ་གཤེགས་པར་འགྱུར་རོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །ལུས་ངག་སེམས་དང་ཆགས་པའི་གནས་སྐབས་ལ། རྡོ་རྗེ་བཞི་ཡི་ཡེ་ཤེས་འབེབས་པས་རང་བྱིན་གྱིས་བརླབས་པར་བྱས་པས། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་

p. 803

སུ་འགགས་པའི་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གཙུག་ཏོར་ནམ་མཁའི་འཁོར་ལོར་རྫོགས་པ་ན་ཀྱེ་རྒྱལ་པོ་ཆེན་པོ་ས་བཅུ་གཉིས་ཐོབ་པའི་རྡོ་རྗེ་སེམས་དཔར་རྣལ་འབྱོར་རང་ཉིད་འགྱུར་རོ། །དེ་ཡང་སེམས་ཅན་ཐ་མལ་པ་རྣམས་འཆི་བའི་ཚེ་ན་ཆགས་པའི་དབང་གིས་ཁུ་བ་འོག་ཏུ་འགྲོ་ཞིང་དམར་ཆ་སྟེང་དུ་འགྲོ་ལ་ལུས་རགས་པའི་ཁུ་རྡུལ་རླུང་གསུམ་གྱི་ཚོགས་པ་ཞིག་ནས་རྣམ་ཤེས་ང་དང་འགྲོགས་ཏེ་འཇིག་རྟེན་གཞན་དུ་འགྲོ་སྟེ། དབང་མདོར་བསྟན་ལས། ལུས་ཅན་ཐམས་ཅད་འཆི་བ་ན། །ཟླ་བའི་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་དང་། །རྣམ་ཤེས་སྲིད་པའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་ལ། རྣལ་འབྱོར་པས་ཁམས་འཕོ་མེད་དུ་བཅིངས་པ་ལས། དུས་སྦྱོར་གཅིག་གི་རླུང་འགགས་པ་ན་ཁུ་བ་གསང་བར་སླན་ཆད་མི་འཕོ་བར་མས་བརྟན་གྱི་རིམ་པས་སྟེང་དུ་བརྩེགས་ནས་གྱེན་དུ་འགྲོ་ཞིང་དམར་ཆ་ཐུར་དུ་རིམ་པས་བརྟན་པར་འགྱུར་ལ་སྲོག་གི་གཡོ་བ་རྣམས་དབུ་མའི་ཐིག་ལེར་བརྟན་པར་ཐིམ་ནས་ཡེ་ཤེས་དྭངས་མ་རྡུལ་བྲལ་བདེ་བ་ཆེན་པོའི་སྐུ་ནམ་མཁའ་ཇི་སྲིད་དུ་འཆི་བས་འཕོ་འགྱུར་མེད་པ་ཐོབ་པ་ཡིན་ནོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ལེའུའི་མཇུག་ཏུ་ཡེ་ཤེས་རྣམ་པ་ལྔའི་བསྟོད་པའི་ཚིགས་བཅད་ལས་མྱ་ངན་ལས་འདས་པ་མཚན་མ་མེད་པར་གསུངས་པ། གང་ལ་ཐོག་མཐའ་དབུས་མེད་སོགས་ཚིགས་སུ་བཅད་པ་གཅིག་གིས་རྡོ་རྗེ་སེམས་དཔའ་ཞེས་པའི་མཚན་གྱི་རྡོ་རྗེ་སྟེ་ཐབས་ཀྱི་ཆ་ནས་སོ། །དེ་བཞིན་དུ། གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་ཞེས་སོགས་ཚིགས་བཅད་གཅིག་གིས། སེམས་དཔའ་ཞེས་པའི་མཚན་གྱིས་ཕྱོགས་ཤེས་རབ་མཚན་མ་མེད་པའི་སྒོ་ནས་ཏེ་དེ་ལྟར་ཐབས་ཤེས་གཉིས་མེད་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་སྐུ་མཚོན་བྱ་དོན་གྱི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རྣལ་འབྱོར་འདི་ཉིད་བསྟན་པར་རིག་པར་བྱའོ། །དེ་

p. 804

ལྟར་ཡང་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ལེའུ་ལས། ཆུ་སྐྱེས་རྡོ་རྗེ་ཤེས་རབ་ཐབས། །རྟེན་དང་བརྟེན་པར་བརྗོད་པ་སྟེ། །དེ་དག་གཉིས་ནི་སྙོམས་ཞུགས་པ། །གཉིས་མེད་མི་འགྱུར་རྡོ་རྗེའི་སྦྱོར། །རྡོ་རྗེ་རྣལ་འབྱོར་རྣམ་བཞི་པ། །དུས་འཁོར་དེ་ལ་ཕྱག་འཚལ་བདག །ཀ་ལཱ་པར་ནི་སྤྲུལ་པའི་རྒྱལ། །པད་དཀར་ཆུ་སྐྱེས་འཛིན་རང་ཉིད། །ཅེས་གསུངས་པ། ཆུ་སྐྱེས་དང་རྡོ་རྗེ་སྙོམས་པར་ཞུགས་པ་འདིས་ངེས་དོན་དུ་ཐབས་ཤེས་དབྱེར་མེད་མི་འགྱུར་རྡོ་རྗེའི་སྦྱོར་བ་རྡོ་རྗེ་སེམས་དཔའ་བརྗོད་པ་ཡིན་ནོ་ཞེས་སོ། །དེ་ལྟ་བུ་གཉིས་སུ་མེད་པའི་བདག་ཉིད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་དབྱིབས་སྔགས་ཆོས་དང་དག་པ་རྣམ་པ་བཞི་གཅིག་ཏུ་སྦྱོར་བ་སྐུ་བཞིའི་བདག་ཉིད་དུས་ཀྱི་འཁོར་ལོ་དེ་ལ་མི་ཕྱེད་གུས་པས་ཕྱག་འཚལ་ལོ། །དེ་ལྟར་ཕྱག་འཚལ་བའི་བདག་ཉིད་སུ་ཞིག་གིས་ཞེ་ན། ཀ་ལཱ་པར་ནི་སྤྲུལ་པའི་རྒྱལ། །པད་དཀར་ཆུ་སྐྱེས་འཛིན་རང་ཉིད། །ཅེས་གསུངས་ཏེ་རིགས་ལྡན་པདྨ་དཀར་པོ་འཇིག་རྟེན་དབང་ཕྱུག་ཆུ་སྐྱེས་འཛིན་པ་རང་ཉིད་ཅེས་སོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་ཤྭ་ལོ་ཀ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ཞེས་བྱ་བའི་མདོར་བསྡུས་ཆེན་པོ་གསུམ་པའི་དགོངས་དོན་རྣམས་པར་བཤད་པའི་སྐབས་སོ། །འཕགས་པའི་རྒྱལ་པོ་རྒྱལ་ཀུན་གྱི། །སྙིང་རྗེའི་དབང་ཕྱུག་པད་དཀར་འཆང་། །མགོན་པོ་ཡེ་ཤེས་སྐུ་ཅན་ལ། །ཕྱག་འཚལ་ཨ་ཛི་ཏ་རང་ཉིད། །ཅེས་ཀྱང་སྨྲས་སོ། །མདོར་བསྡུས་གསུམ་པ་འདི་ཤིན་ཏུ་ཟབ་པས་པཎྜི་ཏ་སོ་མ་ནཱ་ཐ་ལ་འབྲོ་སྟོན་ལོ་ཙཱ་བས་ཐུགས་ཤིན་ཏུ་མཉེས་པ་བསྒྲུབ་པས་ཕྱིས་ཞིག་གི་བར་དུ་འདིའི་དཔེ་ཙམ་ཡང་མ་བསྟན་ཅེས་གྲགས་སོ། །ད་ནི་དབུ་མའི་དབུགས་ཀྱི་རྣམ་བཞག་སྟོན་པ། ལྀ་སོགས་དབྱངས་

p. 805

བརྒྱད་ཅེས་སོགས་ཚིགས་བཅད་བརྒྱ་དང་ཉེར་བརྒྱད་པ་འདི་ལ་སོགས་པ་སྔ་རབས་པ་ཕལ་མོ་ཆེས་ལུས་ངག་སེམས་ཀྱི་བྱ་བ་བརྟག་པའི་གནས་པར་འཆད་ཀྱང་། འདིར་དབུ་མའི་དབུགས་ཀྱི་རྣམ་གྲངས་གཙོ་བོར་གསུངས་པ་ལས་ལུས་ངག་སེམས་ཀྱི་བྱ་བ་བརྟག་པའི་དོན་ཆེན་པོ་མི་སྣང་བས། འདི་ནི་ཤེས་པ་དང་ཤེས་བྱའི་རྣམ་པ་ཀུན་གྱི་བདག་ཉིད་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་དངོས་གྲུབ་མཚོན་བྱ་དོན་གྱི་ཡེ་ཤེས་ཚིགས་བཅད་གཅིག་གི་དོན་འགྲེལ་བར་མདོར་བསྡུས་གསུམ་པས་རྒྱས་པར་གཏན་ལ་དབབ་པ་དེའི་འཕྲོས་སུ་ཐབས་ལམ་གྱིས་གང་ལ་གནད་དུ་བསྣུན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་གཞི་རྩ་དབུ་མ་དང་དེ་ལ་བརྟེན་པའི་ཡེ་ཤེས་ཀྱི་རླུང་ཡིན་པས་སྔ་མའི་འཕྲོས་དོན་དུ་གསུངས་པ་ལྟར་བྱས་ནས་བཤད་ན། ལྀ༷་སོགས་དབྱངས་བརྒྱད་གང་དག་ཅེས་པ། ལྀ་ཨུ་རྀ་ཨི་ཨ་ཨཾ་ཨཿཨཱཾ་ཞེས་པ་བརྒྱད་དེ་འདི་རྣམས་གཟུགས་སོགས་ཡུལ་གྱི་ཡོན་ཏན་ལྔ་དང་རྡུལ་མུན་སྙིང་སྟོབས་ཏེ་ཡོན་ཏན་བརྒྱད་ཀྱི་རང་བཞིན་དུ་འགྱུར་ཏེ། ལྀ་ནི་དྲི་སའི་ཡོན་ཏན། དེ་བཞིན་ཨུ་གཟུགས་ཀྱི་ཡོན་ཏན། རྀ་ནི་རོའི་ཡོན་ཏན། ཨི་རེག་བྱའི་ཡོན་ཏན། ཨ་སྒྲ་ནམ་མཁའི་ཡོན་ཏན་དང་། ཨཾ་སྙིང་སྟོབས་ཀྱི་ཡོན་ཏན། ཨཿནི་རྡུལ་གྱི་ཡོན་ཏན་དང་། ཨཱཾ་ནི་མུན་པའི་ཡོན་ཏན་དུ་གྱུར་པ་སྟེ་ཕྱི་མ་འདི་དབྱངས་ཤིན་ཏུ་རིང་པོའོ། །ཤིན་ཏུ་རིང་པོ་འདི་ལ་གཞོམ་དུ་མེད་པ་རྣམ་ཀུན་མཆོག་གི་སྟོང་པ་མཚོན་བྱེད་གསལ་བྱེད་རྐྱང་པ་ཧ་ཞེས་པ་སྟེ་དབྱངས་ཕྱེད་དེ་ཉིད་ཀྱིས་ནི་རྣམ་པར་དམན་པར་བྱས་པས་དབྱངས་ཕྱེད་དང་བཅས་པ་བརྒྱད་པོ་དེ་རྣམས། ཕན་ཚུན་དབྱེ་བས་ཕྱེ་བ་ནི་གང་ན་ཀུན་འབྱུང་གི་བདེན་པས་ཡོན་ཏན་གཅིག་ཡོད་པ་དེ་ན་གཞན་ཀུན་ཀྱང་ཡོད་པའི་ཕྱིར་དབྱངས་བརྒྱད་པོ་དེ་ལ་དབྱངས་ཕྱེད་མིན་པ་བདུན་གྱིས་བསྒྱུར་བས་ལྔ་བཅུ་རྩ་དྲུག་དང་ཕྱེད་པོ་ནི་རྐང་པ་གཅིག་གི་དོན་དུ་བཞག་པས་རྐང་པ་དང་བཅས་

p. 806

རོ་དང་མདའ་རྣམས་ནི་བྱིས་པ་སྐྱེས་ནས་ཐོག་མར་དབུ་མའི་ནང་ནས་དབུགས་ནི་ང་དྲུག་རྐང་བཅས་འབབ་པ་དག་གི་ས་བོན་ཡིན་པ་སྟེ་དེ་ཡང་ལུག་སོགས་མི་མཉམ་པའི་དུས་སྦྱོར་ལ་སྐྱེས་པའི་བྱིས་པའི་དབུ་མའི་དབུགས་གཡོན་ནས་རྒྱུ་བ་ལ་ནི་དབྱངས་ཐུང་ངུ་རྣམས་དང་། དུས་སྦྱོར་གཉིས་པ་གླང་སོགས་མཉམ་པ་ལ་སྐྱེས་པ་གཡས་རྒྱུའི་དབུ་མའི་དབུགས་ལ་ནི་ཡུལ་གྱི་ཡོན་ཏན་དབང་གིས་དབྱངས་རིང་པོ་རྣམས་ཏེ་དེ་ལྟར་གཡོན་དང་གཡས་ཀྱི་རྒྱུ་བ་ཕན་ཚུན་གྱི་དབྱེ་བས་ཕྱེ་བ་རྣམས་སོ། །འདིར་ཁ་ཅིག་ཕྱེད་མ་གཞུག་པའི་དོན་དུ་དང་པོར་དབྱངས་བདུན་པོ་གཉིས་ཀྱིས་བསྒྱུར་བས་བཅུ་བཞི་ཕྱེད་མ་གཉིས་བསྡོམས་པས་གཅིག་ཏུ་སོང་བ་བསྲེས་པས་བཅོ་ལྔ། དེ་ཉིད་བཅོ་ལྔས་བསྒྱུར་བས་ཉིས་བརྒྱ་ཉེར་ལྔ་ལ་ཕྱེད་གཉིས་ཀྱིས་བསྒྱུར་བའང་བཞི་ཆར་འགྱུར་བའི་ཕྱིར་བཞིས་བགོས་པས་ང་དྲུག་ཐོབ་པ་དབུགས་ཀྱི་གྲངས་དང་གཅིག་ལྷག་པ་རྐང་པའོ་ཞེས་ཀྱང་ཟེར། འདིར་ལི་སོགས་སྡུད་རིམ་དུ་གསུངས་ན་ཡང་མཚོན་བྱེད་ཙམ་སྟེ། སྣ་བུག་གཡོན་པར་མཁའ་སོགས་སྐྱེད་རིམ་གྱིས་བགྲོད་པས་ས་བོན་ཡང་སྤྲོ་རིམ་དུ་བྱ་ལ། ལྟེ་བ་ལ་སོགས་པའི་འཁོར་ལོ་རྣམས་སུ་ཡོན་ཏན་ལྔ་སོགས་ཀྱི་ངེས་པས་སྲོག་ནི་མཁའ་སོགས་སྤྲོ་རིམ་དང་སྡུད་རིམ་གྱིས་འབྱུང་བ་དང་ཆོས་མཐུན་པར་ས་བོན་གྱི་ཡི་གེ་ཡང་དེ་ལྟར་གཟུང་བར་བྱ་སྟེ་མི་མཉམ་པའི་དུས་སྦྱོར་གཡོན་རྒྱུ་ལ་ཐུང་ངུ་དང་མཉམ་པའི་དུས་སྦྱོར་གཡས་རྒྱུ་ལ་རིང་པོའི་དབྱེ་བས་ཤེས་པར་བྱའོ། །འདིར་དུས་སྦྱོར་གང་ལ་སྐྱེས་པ་ཞེས་པ་འདི་བྱིས་པ་སྐྱེ་དུས་ཀྱི་ཕྱིའི་ཁྱིམ་གང་འཆར་བའི་དུས་སྦྱོར་དང་། མ་ཡི་སྲོག་ནང་གི་དུས་སྦྱོར་གང་རྒྱུ་བ་དང་། བྱིས་པ་རང་གི་སྲོག་དང་པོར་ནང་གི་དུས་སྦྱོར་གང་ནས་འབབ་པ་ལ་འདོད་པ་གསུམ་བྱུང་ཡང་ཕྱི་མ་འདི་མི་འཐད་པར་ཕལ་ཆེར་གྱིས་བཞེད་ཀྱང་བྱིས་པ་རང་གི་སྲོག་དང་པོར་གང་ནས་རྒྱུ་བ་ཡིན་འདྲ་སྟེ་བྱིས་པ་རང་ཉིད་སྐྱེས་མ་ཐག་ཏུ་ཡེ་རླུང་རྒྱུས་པའི་

p. 807

རྗེས་ལ་གཡོན་དང་གཡས་གང་ནས་རྒྱུ་བ་དེ་ནས་མགོ་བརྩམ་སྟེ་རྒྱུ་བ་གཉིས་པོ་སྤེལ་མར་འབྱུང་ཞིང་ཇི་སྲིད་འཆི་ལྟས་སོགས་ཀྱིས་རླུང་ལོག་པར་རྒྱུ་བ་མ་གཏོགས་པར་དེ་སྲིད་དུ་འཕོ་བ་བཅུ་གཉིས་རིམ་པར་རྒྱུད་དགོས་པས་ན་འདི་ཉིད་དབང་བཙན་དུ་བྱ་དགོས་པ་འདྲ་སྙམ་མོ། །འདིར་དབྱངས་བརྒྱད་པོ་དེ་དག་གཞན་གྱིས་བསྒྱུར་བའི་ཚེ་ལྀ་ལྟ་བུ་སོགས་རང་ཉིད་རང་གིས་བསྒྱུར་མི་དགོས་པས་སོར་བཞག་ལ་རང་མིན་གཞན་གྱིས་བསྒྱུར་ཚེ་དབྱངས་ཕ་རོལ་དུ་བྱུང་ནས། ཨི་ཡ་ཨུ་ཝ་རྀ་ར་ལྀ་ལར་འགྱུར་བས་སྲོག་མེད་དེ་དག་ཕ་རོལ་གྱི་དབྱངས་ལ་དྲངས་པར་བྱ་ཞིང་། ཨ་ཡིག་གི་ཕ་རོལ་དུ་དབྱངས་གཞན་འབྱུང་བ་ལས་ཡོན་ཏན་གྱི་ཡི་གེར་འགྱུར་བ་དང་ཨཾ་གི་ང་རོ་ཕྲལ་ཏེ་མར་བསྒྱུར་ནས་ཨ་ཉིད་ཕྱིས་ཏེ་མ་སྲོག་མེད་ཕ་རོལ་གྱི་དབྱངས་ལ་དྲངས་པ་དང་། ཨཿརྣམ་བཅད་ཅན་གྱི་རྣམ་བཅད་ར་ཡིག་ཏུ་བསྒྱུར་ཏེ་ཕྱི་མའི་དབྱངས་ལ་དྲངས་པ་དང་། དེ་ཀུན་གྱི་མཐར་ཨཱཾ་རིང་པོ་དང་གསལ་བྱེད་སྲོག་མེད་ཀྱང་བཀོད་པ་འདི་ལྟར་ལི་ཡིག་གི་དབྱེ་བ་ནི། ལྀ་ལུ་ལྼྀ་ལི་ལ་ལཾ་ལཿལཱཾ་ལུ་ཞེས་པ་དང་ཨུ་ཡིག་གི་དབྱེ་བ། ཨུ་ཝླྀ་ཝྼྀ་ཝི་ཝ་ཝཾ་ཝཿཝཱཾ་ཝ྄། རྀ་ཡིག་གི་རྀ་རླྀ་རུ་རི་ར་རཾ་རཿརཱཾ་ར྄ཱ། ཞེས་དང་། ཨི་ཡིག་གི་ཨི་ཡླྀ་ཡུ་ཡྼྀ་ཡ་ཡཾ་ཡཿཡཱཾ་ཡ྄། ཞེས་དང་། ཨ་ཡིག་གི ཨ་ཨལ་ཨོ་ཨར་ཨེ་ཨཾ་ཨཿཨཱཾ་ཧ྄། ཞེས་དང་། ཨཾ་ཡིག་གི ཨཾ་མླྀ་མུ་མྼྀ་མི་མ་མཿམཱཾ་མ྄། ཞེས་དང་། ཨཿཡིག་གི་ ཨཿ་མླྀ་མུ་རླྀ་མྼྀ་མི་མ་མ༔ མྲཱ་མ་ཞེས་དང་། ཨཱཾ་ཡིག་གི་རྀ་རླྀ་རི་ར་ར་ར་རྲཱ། ཞེས་དང་། ཨཱ་རིང་པོ་དབྱངས་ཕྱེད་པ་ཧར་བསྒྱུར་བའི་ཧྀ་ཧླ་ཧུ་ཧྼྀ་ཧི་ཧ་ཧཾ་ཧཿ ཧཱཾ་ཧ྄་སྟེ་ཧ་ཡིག་འགྱུར་བ་ལ་ཡི་གེ་བཅུ་ཡོད་པ་འདི་རྣམས་གྲངས་ཙམ་དུ་བཀོད་པ་སྟེ་རྒྱ་དཔེ་འགའ་ན་མེད་ཅིང་དབུགས་ལ་སྦྱར་རྒྱུ་ཡང་མིན་པས་ཧ་སྲོག་མེད་གཅིག་པུ་མ་གཏོགས་གཞན་དགུ་དོར་བར་བྱ་ལ་དེར་མ་ཟད་ལྀ་སོགས་དབྱངས་བདུན་པོའི་སྡེ་ཚན་ལ་ཡི་གེ་དགུ་ཡོད་ཀྱང་ཕྱི་མ་སྲོག་མེད་རྣམས་ནི་དབུགས་ཀྱི་བཞི་ཆ་

p. 808

རྐང་པའི་ཡི་གེ་ཕྱེད་པོ་ཡིན་པས་མི་རྩི་སྟེ་འདི་རྣམས་དོར་ལྷག་ཡི་གེ་ལྔ་བཅུ་རྩ་དྲུག་ནི་དབུ་མའི་དབུགས་རིལ་པོ་དང་། ཨཱཾ་རིང་པོའི་སྡེ་ཚན་གྱི་མཐའི་ཧ་སྲོག་མེད་དེ་དབུགས་ཀྱི་བཞི་ཆ་རྐང་པ་གཅིག་ལ་སྦྱར་བྱ་ཡིན་ཏེ་དེ་ལྟར་དུས་སྦྱོར་གཅིག་ལ་འཕོ་ཆུང་རེའི་མཚམས་སུ་དབུ་མའི་དབུགས་བཅུ་གཅིག་དང་རྐང་པ་རེ་རྒྱུ་བས་འཕོ་ཆེན་རེ་ལ་དབུགས་རིལ་པོ་ང་ལྔ་དང་དེ་སྟེང་རྐང་པ་ལྔ་བསྡོམས་པས་དབུགས་གཅིག་ཏུ་ལོངས་པས་ང་དྲུག་གི་སྟེང་དུ་དབུགས་ཀྱི་བཞི་ཆ་རྐང་པ་གཅིག་ལྷག་པ་དེ་རྣམས་ཀྱི་ས་བོན་དེ་ལྟར་སྦྱར་བ་ཡིན་ནོ། །དེ་ལྟར་འདིར་ཐུང་ངུའི་དབྱངས་ལ་ཇི་ལྟ་བ་དེ་བཞིན་དུ་རིང་པོ་དང་ཤིན་ཏུ་རིང་པོ་རྣམས་ཀྱང་རིག་པར་བྱ་སྟེ་དབྱངས་ཕྱེད་བརྒྱད་ཀྱིས་ཕན་ཚུན་དབྱེ་བ་རྣམས་ཀྱིས་སོ། །སླར་ཡང་ཐུན་མཚམས་གསུམ་པ་ལ་ནི་ཞེས་པ་དུས་སྦྱོར་འཕོ་བའི་མཚམས་སུ་བྱིས་པ་སྐྱེས་ཤིང་དབུགས་འབབ་པ་ལ་ནི་དབྱངས་ཤིན་ཏུ་རིང་པོ་ལྀ་ཡི་གེ་ཡུལ་གྱི་ཡོན་ཏན་རྣམས་ཀྱི་ས་བོན་ཅན་དབུ་མའི་དབུགས་རྣམས་གཡོན་དང་གཡས་ལ་འབབ་པར་འགྱུར་རོ། །དེ་ལྟར་དུས་སྦྱོར་གསུམ་རེ་ཐུན་ཚོད་གཅིག་ཏུ་བྱས་པའི་ཐུན་ཚོད་དེ་རྫོགས་པའི་མཚམས་ནི་ཐུན་མཚམས་ཡིན་ལ། ཐུན་མཚམས་བཞི་ལ་མདའ་དང་བཅས་པའི་རི་བོ་རོ་རྣམས་དབུ་མ་ཡི་ནི་དབུགས་ཀྱི་དབྱངས་ཞེས་པ། ཞག་གཅིག་གི་དབུ་མའི་དབུགས་རྒྱུ་བ་བསྡོམ་ན་དབུགས་རིལ་པོ་དྲུག་བརྒྱ་དྲུག་ཅུ་དང་། རྐང་པ་རེ་རེ་རྒྱུ་བ་བསྡོམ་པས་དབུགས་བཅོ་ལྔར་ལོངས་བ་སྔ་མ་དང་བསྲེས་པས་དྲུག་བརྒྱ་དོན་ལྔ་འོང་བ་ཡིན་པས་དེ་དག་གི་ས་བོན་དབྱངས་ཀྱི་ཡི་གེ་ཐུང་རིང་ཤིན་ཏུ་རིང་པོའི་དབྱེ་བས་དབྱངས་རྣམས་ལན་གྲངས་དེ་སྙེད་དུ་ས་བོན་དུ་འགྱུར་རོ། །ད་ནི་ཉིན་མོ་དང་མཚན་མོའི་དབུགས་ཀྱི་དབྱངས་ལྡན་གསལ་བྱེད་ཀྱི་ཡི་གེ་རྣམས་གསུངས་པ། ཀ་ལ་སོགས་པའི་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་པོ་དེ། གསལ་བྱེད་སུམ་ཅུའི་རེ་རེའི་འོག་ཏུ་བཏགས་པའི་རབ་ཏུ་དབྱེ་བས་

p. 809

རབ་ཏུ་གསལ་བར་དགུ་བརྒྱ་ཉིད་དུ་འགྱུར་ཞིང་། དེ་ཉིད་ཨ་ཨི་རཾ་ཨུ་ལྀ་ཨཾ་ཞེས་པའི་དབྱངས་དྲུག་གི་ནི་དབྱེ་བས་ཕྱེ་བ་མཁའ་མཁའ་དུས་དང་མདའ་སྟེ་ལྔ་སྟོང་བཞི་བརྒྱ་རྣམས་ནི་དུས་སྦྱོར་གསུམ་གྱི་རྩ་འདབ་གཡས་གཡོན་དབུས་གསུམ་ལ་དབུགས་རྒྱུ་བའི་གྲངས་ཀྱི་ཡི་གེ་སྟེ་མཚན་མོ་ཕྱེད་ནས་ཉི་མ་འཆར་བ་ཇི་སྲིད་ཀྱི་བར་གྱི་དུས་སྦྱོར་གསུམ་གྱི་དབུགས་རྒྱུ་བའོ། །འདིར་ཡི་གེ་སྤེལ་ཚུལ་ཀྐ་ཀྑ་ཀྒ་ཀྦྷ་་ཀྔ། ཀྩ་ཀྪ་་སོགས། ཀྜ་སོགས་དང་། ཀྤ་ཀྥ་སོགས་དང་། ཀྟ་སོགས་དང་། ཀྶ་ཀྐྤ་ཀྵ་ཀྴ་ྈྐ་ཞེས་སུམ་ཅུའོ། །དེ་བཞིན་ཁ་ཡིག་ཁོ་ནའི་འོག་ཏུ་གསལ་བྱེད་སུམ་བཅུ་བརྩེགས་པ་སོགས་གཞན་ཐམས་ཅད་ལ་ཤེས་པར་བྱ་སྟེ་སུམ་ཅུས་སུམ་ཅུ་སྤེལ་བས་དགུ་བརྒྱའོ། །དེ་དག་གི་སྲོག་ཏུ་དབྱངས་དྲུག་ཞུགས་པ། ཀྐ་ཀྐི་སོགས་ཡི་གེ་རེ་རེ་ལའང་དྲུག་འོང་བས་དགུ་བརྒྱ་དྲུག་གིས་བསྒྱུར་བས་ལྔ་སྟོང་བཞི་བརྒྱའོ། །དེ་བཞིན་དུ་དབྱངས་དྲུག་པོ་དེ་རིང་པོས་རབ་ཏུ་ཕྱེ་བ་རྣམས་ནི་ཉི་མ་ཤར་བ་ན་ཉི་མ་གུང་གི་བར་ཇི་སྲིད་པའི་ཕྱི་མའི་ཉིན་མོའི་བགྲོད་པར་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ་འབབ་པའི་དབུགས་ཀྱི་དབྱངས་སྔ་མའི་གྲངས་རྣམས་སུ་འགྱུར་རོ། །སླར་ཡང་ཐུང་ངུའི་དབྱངས་དྲུག་དག་གིས་ཕྱེ་བ་རྣམས་ནི་ཉི་མ་གུང་ནས་ཉི་མ་ནུབ་པ་མཚན་མོའི་དུས་ཀྱི་མཚམས་སུ་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ་སྲོག་འབབ་པའི་ཡི་གེའོ། །དེ་བཞིན་དབྱངས་དྲུག་རིང་བོས་རབ་ཏུ་ཕྱེ་བ་རྣམས་ནི། ཕྱི་མའི་མཚན་མོའི་བགྲོད་པར་ཞེས་པ་ཉི་མ་ནུབ་ནས་མཚན་མོ་ཕྱེད་ཇི་སྲིད་བར་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ་སྲོག་འབབ་པའི་དབུགས་ཀྱི་ཡི་གེ་དབྱངས་དང་བཅས་པ་སྔ་མ་ལྔ་སྟོང་བཞི་བརྒྱའི་གྲངས་རྣམས་སོ། །དེ་བཞི་འགྱུར་བྱས་པས་དེ་ལྟར་ཉིན་ཞག་སོ་སོའི་དུས་སུ་དབུགས་ནི་འབྱུང་དང་འཇུག་པ་མཁའ་མཁའ་དྲུག་དང་ཟླ་བ་མིག་རྣམས་འབབ་ཅེས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འབབ་

p. 810

པའི་ས་བོན་གྱི་ཡི་གེ་རྣམས་སོ། །དེ་རྣམས་ཀྱི་ནང་ནས་སྔ་མ་སྟོང་པ་དབུ་མའི་དབུགས་ཀྱི་ཆ་འཕོ་ཆུང་རེའི་མཚམས་སུ་དབུགས་བཅུ་གཅིག་དང་རྐང་པ་རེ་རྒྱུ་བ་བསགས་པས་ཆུ་སྲིན་ལ་སོགས་པའི་འཕོ་ཆེན་རེའི་མཐར་ང་དྲུག་རྐང་བཅས་རྒྱུ་བའི་ས་བོན་དེ་རྣམས་བསྡུས་ནས་ནི་ང་ཡིག་ལ་སོགས་པའི་དབྱེ་བས་མཉམ་པ་གཡས་རྒྱུ་དང་མི་མཉམ་གཡོན་རྒྱུའི་བགྲོད་པར་དབུ་མ་དག་ལ་སྦྱར་བར་བྱའོ། །ཞེས་གསུངས་པའི་སྤྲོས་པ་མང་པོ་འདི་ནི་དང་པོའི་སངས་རྒྱས་ཀྱི་རྒྱས་འགྲེལ་ཟླ་བ་བཟང་པོས་མཛད་པ་སྟོང་ཕྲག་དྲུག་ཅུ་པ་ལས་ཤེས་པར་བྱ་སྟེ། འདི་ལྟར་སྤྲོས་པ་གང་གིས་འབད་པ་འདིས་འཇིག་རྟེན་ལས་འདས་པར་བྱེད་པ་ཅུང་ཟད་ཡོད་པ་མ་ཡིན་ལ། ཨ་སོགས་ཀ་སོགས་ཡི་གེ་འདི་ནི་བ་སྤུ་དང་སྐྲའི་གྲངས་ཇི་སྙེད་པར་འབྱུང་མོད་ཀྱི་འགྲེལ་ཆེན་ལས་རྒྱས་པར་སྤྲོ་བར་མ་མཛད་ཞེས་གསུངས་སོ། །ཁམས་ལེ་དང་ནང་ལེར་དུས་སྦྱོར་དང་ཆུ་ཚོད་ཀྱི་ཡི་གེ་གསུངས་ཀྱང་དབུགས་ཀྱི་ཡི་གེ་མ་གསུངས་པ་འདིར་ཁ་བསྐང་བའོ་ཞེས་དང་། དེ་བཞིན་སྐབས་འདིར་སྔར་མ་གསུངས་པའི་དོན་རྣམས་ཁ་བསྐངས་བར་སྔ་མ་རྣམས་འཆད་དོ། །དེ་ནས་ཕྱི་རོལ་འཇིག་རྟེན་དུ་ནི་ཟླ་བ་སོ་སོའི་དུས་ལ་ཟླ་རྐང་གི་ཡོན་ཏན་ཡུལ་ལྔ་དང་ཉི་རྐང་གི་ཡོན་ཏན་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་བཅས་བརྒྱད་ཀྱི་ཆུ་ཚོད་བརྒྱད་ལས་སྒྲ་གཅན་གྱིས་དུས་དྲུག་གི་ནང་ཚན་དུས་གཅིག་ཟླ་བ་གཉིས་ལ་ཁྱིམ་གྱི་འཁོར་ལོའི་དབུས་ནས་ཕྱེད་དང་བཅས་པའི་ཆུ་ཚོད་བདུན་ལོངས་སྤྱོད་ཀྱི། བརྒྱད་པའི་ཕྱེད་ནི་ལོངས་སྤྱོད་མ་ནུས་པ་དུ་མཇུག་གི་ལོངས་སྤྱོད་ཀྱི་སྐལ་བར་སྔར་ཁམས་ལེར་གང་ཞིག་མ་སྤྱད་ཕྱེད་ཀྱི་ཆུ་ཚོད་སོགས་ཀྱིས་གསུངས་པ་དེ་ལྟར། གང་ཞིག་ཆུ་ཚོད་བརྒྱད་པའི་ཕྱེད་དུ་གྱུར་པ་སྒྲ་གཅན་ལོངས་སྤྱོད་དག་ལས་གཞན་དུ་མཇུག་རིངས་ཀྱི་ལོངས་སྤྱོད་དུ་གནས་པ་དེ་ཆུ་ཚོད་ཕྱེད་པོ་ནི་ནང་དུ་རང་གི་ལུས་ལ་དབུགས་ཕྱེད་ཅེས་

p. 811

མངལ་ནས་ཕྱིར་མ་སྐྱེས་པའི་བྱིས་པ་དག་གི་ལྟེ་བ་དང་དཔྲལ་བའི་བར་དུ་དབུ་མར་དབུགས་དབྱུག་པའི་རྣམ་པར་གནས་པ་དེ་ནི་ཕྱི་རོལ་དུ་འབྱུང་བ་མེད་པའི་ཕྱིར་དབུག་ཆ་ཕྱེད་པ་ཞེས་བརྗོད་དོ། །དེའི་ས་བོན་སྔགས་ཀྱི་དབྱེ་བས་ནི་དབྱངས་ཕྱེད་དེ་ཧ་སྲོག་མེད་ངག་ཏུ་བརྗོད་པ་དངོས་སུ་མེད་པའོ། །དབུགས་དེ་ལྟ་བུ་ནི་ངེས་པར་གཉིད་འཐུག་ལྟ་བུའི་མུན་པ་དང་བྲལ་ཞིང་རྨི་ལམ་ལྟར་འཇིག་རྟེན་ཐམས་ཅད་སྣང་བ་སྟེ་མངལ་གྱི་ཟླ་བ་བདུན་པ་ནས་ཕྱིར་མ་སྐྱེས་བར་དུ་དབུ་མར་རླུང་མི་གཡོ་བའི་མཐུས་ཟག་བཅས་ཀྱི་མངོན་པར་ཤེས་པ་ལྔ་ཡོད་པའི་ཕྱིར་རོ། །ཟླ་བ་དྲུག་ལ་ཞེས་གསུངས་པ་ནི་མངལ་དུ་ཟླ་བ་བཅུ་གཉིས་གནས་པའང་ཡོད་པ་ལ་དགོངས་ཞེས་བཤད་དོ། །ཡང་ན་ཟླ་བ་དྲུག་པ་ལ་ནི་ཞེས་ཀྱང་བཤད་དོ། །སྔ་མ་ཡི་དབུགས་ཕྱེད་ནི་མུན་པ་དང་བཅས་པ་སྒྲ་གཅན་གྱི་ལོངས་སྤྱོད་དེ་ལུས་སོགས་སྲིད་པ་གསུམ་པོ་མཐའ་དག་སྟོང་པ་འཆི་བ་འོད་གསལ་དག་ཏུ་ཐིམ་ནས་མི་སྣང་བ་གང་ཡིན་པ་སྟེ། འཆི་བའི་དུས་སུ་དབུགས་ལྷག་མ་ཕྱིར་སོང་ནས་ནང་དུ་མི་ལྡོག་པས་དབུགས་ཕྱེད་དུ་བརྗོད་པའོ། །སྔ་མར་ཤི་བའི་མཐར་མངལ་དུ་ཞུགས་པའི་སྐད་ཅིག་གི་བཞི་བའི་སེམས་མངོན་དུ་གྱུར་པ་བོར་ནས་དེའི་རྗེས་སུ་ཤིན་ཏུ་གཉིད་ལོག་པ་ལྟ་བུ་ལ་ཟླ་བ་དྲུག་གི་བར་དུ་འཇུག་པར་བྱེད་དོ། །དེ་ནས་ཟླ་བ་བདུན་པ་ལ་ལྟེ་བ་ནས་སྲོག་སྐྱེ་བ་དབུ་མར་གནས་པས་རྨི་ལམ་གྱི་གནས་སྐབས་ཐོབ་པའི་མངལ་དུ་ནི་དབྱངས་ཕྱེད་པ་དུ་བའི་ལོངས་སྤྱོད་མུན་པ་མེད་པ་འབྱུང་ལ། དེ་ལ་མངོན་ཤེས་ཡོད་ཀྱང་རྨི་ལམ་བཞིན་དུ་གྱུར་ནས་ཐ་མལ་བ་རྣམས་ཀྱིས་སླར་ཡང་རྗེས་སུ་གསལ་བར་དྲན་པར་མི་འགྱུར་ཏེ་སྣང་ལ་མ་ངེས་པ་དང་ཚུལ་འདྲའོ། །དེ་ཕྱིར་མུན་པའི་ལོངས་སྤྱོད་དེ་ནི་སྲོག་གི་རླུང་གི་སྟོབས་ཀྱིས་ཕུག་ནས་སམ་ཕྱེ་ནས་དུས་ཀྱི་འཁོར་ལོ་ཡི་རྣལ་འབྱོར་ལྡན་པ་གཅིག་པུ་མུན་པ་དང་བྲལ་བར་ཏེ་

p. 812

སྙིང་པོ་ཡེ་ཤེས་ཀྱི་གནས་སྐབས་ལ་འཇུག་གོ། དེ་ཡང་མུན་པ་དང་བྲལ་བ་ལྟེ་བའི་འཁོར་ལོ་ལ་གནས་པ་བཞི་པའི་ཐིག་ལེ་འཛག་མེད་དུ་བརྟན་པའི་རྣལ་འབྱོར་གྱི་སྟོབས་ཀྱིས་སྲོག་གི་རླུང་བཀག་པས་སྙིང་པོའི་གནས་སྐབས་སུ་སོང་བ་ཞེས་པ་དབུ་མར་ཞུགས་པ་ནི་རྣལ་འབྱོར་རྣམས་ཀྱི་རླུང་གི་རྣལ་འབྱོར་རྫོགས་པའོ། །ད་ནི་ཕྱིར་སྐྱེས་པའི་བྱིས་པ་རྣམས་ཀྱི་ཉི་ཟླའི་ཆ་ཉམས་པ་ལ་སོགས་པ་གསུངས་པ། འདིར་ཕྱི་རོལ་དུ་དུས་སོ་སོ་ལ་ཉི་ཟླའི་ལོངས་སྤྱོད་ཀྱི་ཆ་ཉམས་པ་ཇི་ལྟ་བ་བཞིན་དུ་ནང་དུ་འཕོ་བ་གཡས་གཡོན་གྱི་རླུང་ལ་ཡང་དབུ་མའི་ཆ་དེ་ཆད་པའམ་ཉམས་པར་རིག་པར་བྱ་སྟེ། དེ་ཡང་ཕྱི་རོལ་དུ་ཉིན་ཞག་སོ་སོར་ཟླ་བ་ཡི་ཚེས་ཞག་རེའི་ལོངས་སྤྱོད་ཀྱི་ཆ་ཆུ་ཚོད་དྲུག་ཅུར་མི་འགྱུར་ཏེ། རགས་པར་ཆུ་ཚོད་གཅིག་དང་། ཞིབ་པར་རྐང་པ་དང་བཅས་པའི་ཆུ་སྲང་ང་དྲུག་གིས་དམན་ཞིང་། དེ་ཉིད་ནང་དུ་ལུས་ལ་ཁུ་བ་ཟླ་བའི་རྩ་ཡི་རླུང་ཉམས་པའོ། །ཉི་མར་ལྷག་གང་ཞེས་པ་ནི། ཚེས་ཞག་གི་ལོངས་སྤྱོད་ལ་ཉི་མའི་ཁྱིམ་ཞག་གི་ལོངས་སྤྱོད་དུ་མ་ལོངས་པའི་ཆ་ཆད་པ་དེ་ཉིད། ཉི་མས་ཁྱིམ་གྱི་འཁོར་ལོ་ལོངས་སྤྱོད་པ་ལ་ལྷག་པ་སྟེ། དེ་ཡང་ནང་ལེ་ལས་སྔར་བརྗོད་པ་ལྟར་ཉི་མའི་ཁྱིམ་རེ་སྤྱོད་པའི་ཡུན་ལ་རགས་པར་ཟླ་བ་རེས་དང་། ཞག་རེ་དགོས་པའི་དབང་དུ་བྱས་པའི་ཚེས་ཞག་རེ་ལ་ཆུ་ཚོད་གཉིས་ལྷག་པའོ། །ཁྱབ་བདག་ཅེས་པ་སྐབས་འདིར་བྱང་ཆུབ་ཀྱི་སེམས་ཁུ་རྡུལ་གཉིས་ཏེ་ལུས་ཀྱི་རྩ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ཁྱབ་བདག་ཁུ་བ་དེའི་མཆོག་གི་ཆ་ཡེ་ཤེས་རླུང་གི་ཆོས་ཅན་མ་དེ་ནི་ཟླ་བའི་རྩ་གཡོན་པའི་ཆ་ལས་ཆད་པའམ་ཉམས་པའོ། །དེས་ན་ཟླ་ཆ་ཉམས་པའི་ཡེ་ཤེས་ཀྱི་ཆ་དེ་བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཀྱི་ཆ་དང་སྦྱར་རོ། །རྣམ་པར་ཤེས་པའི་ཆོས་ཅན་མ་ནི་ཉི་མ་རྩ་གཡས་པའི་རྒྱུ་བ་ལས་བུ་ལོན་དུ་གྱུར་པ་དབུ་མའི་དབུགས་འབབ་པ་དེ་ནི་བྱང་ཆུབ་སེམས་ཀྱི་རྣམ་ཤེས་ཀྱི་ཆ་ལ་སྦྱར་བའོ། །

p. 813

དེ་ལྟ་བུར་ཟླ་ཉིའི་ཆད་ཆའམ་བུ་ལོན་དུ་གྱུར་པ་མཆོག་ཡེ་རླུང་གི་ཆ་དེ་ཉིད་འདིར་ནི་དུས་སྦྱོར་གྱི་ཐུན་མཚམས་བཞི་བ་སྙིང་པོའི་རྣལ་འབྱོར་མ་བཞི་སྟེ། ཉིན་ཐུན་བཞི་དང་མཚན་ཐུན་བཞི་སྟེ་ཐུན་ཚོད་བརྒྱད་ལ་ཉིན་དང་མཚན་མོའི་དབང་གིས་དུར་ཁྲོད་ཀྱི་རྣལ་འབྱོར་མ་བརྒྱད་བགྲོད་ཅིང་། །དུས་སྦྱོར་ཕྱེད་པའི་རབ་ཏུ་དབྱེ་བ་ཉེར་བཞི་ཡིས་འཁོར་ལོ་གསུམ་གྱི་དཔའ་མོ་ཉེར་བཞི་བགྲོད་ལ། དེ་ལྟར་སུམ་ཅུ་རྩ་དྲུག་ནི་འཁོར་ལོ་གསུམ་གྱིས་སྡོམ་པའི་མཁའ་འགྲོ་མ་རྣམས་ཏེ་དེ་རྣམས་རིགས་ལྡན་མའི་སྦྱོར་བ་ལ་ཐུན་མཚམས་དང་ཐུན་དང་དུས་སྦྱོར་ཕྱེད་པའི་དབྱེ་བས་གནས་གཞན་རྣམས་སུ་ཡང་དག་པར་རྒྱུ་བའི་ཕྱིར་དུས་ཀྱི་ཕོ་ཉ་མོ་ཞེས་བྱའོ། །དེ་རྣམས་ཕྱི་རོལ་དུ་ཉིན་མཚན་གྱི་དུས་ལ་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པ་དང་བདག་པོ་ཉིད་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་ཡང་འགྱུར་ཏེ། ཕྱི་རོལ་དུ་ཉི་མ་འཆར་བའི་དབང་གིས་དུས་ཀྱི་ཆ་རྣམས་དང་ནང་དུ་སྲོག་སྟེ་དབུགས་འབྱུང་བའི་དབྱེ་བས་སོ། །དེ་ཡང་ཕྱི་རོལ་དུ་གླིང་བཞི་རྣམས་ལས་གང་དུ་ཉི་མ་འཆར་བ་དེར་ལོངས་སྤྱོད་པ་དང་། གང་དུ་མཚན་མོ་ཕྱེད་དུ་གྱུར་པ་དེར་ཐིམ་པ་དང་། གང་དུ་ཉིན་མོ་ཕྱེད་དུ་གྱུར་པ་དེར་དབང་བྱེད་པ་དང་། གང་དུ་ཉི་མ་ནུབ་པ་དེར་བདག་པོའོ། །དུས་ཀྱི་རིགས་ལྡན་མ་མཚན་མོ་ཐོག་མར་རབ་ཏུ་ཞུགས་པ་ནས་མཚན་ཕྱེད་ཀྱི་བར་ནི་རྣལ་འབྱོར་པ་ཁ་ཟས་སོགས་ལ་ལོངས་སྤྱོད་པའི་དུས་སོ། །ཉི་མ་ཤར་ནས་ཉི་མ་གུང་གི་བར་ནི་དགེ་སློང་རྣམས་ཟས་ལ་ལོངས་སྤྱོད་པའི་དུས་ཏེ་ཉིན་མོའི་དུས་སོ། །དེས་ན་ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་ལོངས་སྤྱོད་སླད་ཅེས་པ་ངེས་པའོ། །དེའི་ཕྱིར་ཉི་མ་ཤར་ནས་ཉི་མ་གུང་གི་བར་དུ་དགེ་སློང་རྣམས་ཀྱིས་ཤ་དང་བྲལ་བའི་ཟས་བཟའ་བར་བྱའོ། །ཉི་མ་ནུབ་ནས་ནམ་ཕྱེད་ཀྱི་བར་དུ་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་གི་མཆོད་སྟོན་བྱའོ། །དེ་ལས་འདས་ན་

p. 814

ཉན་ཐོས་པ་དང་སྔགས་པའི་སྡོམ་པ་ཉམས་ཏེ་དེ་ཉམས་པའི་ཕྱིར་རྫུ་འཕྲུལ་དང་དངོས་གྲུབ་ཉམས་པར་འགྱུར་རོ། །དེ་ལྟར་ཐུན་མཚན་གྱི་དབྱེ་བས་སྙིང་པོའི་རྣལ་འབྱོར་མ་བཞི་པོ་རྣམས་ཀྱི་ལོངས་སྤྱོད་པ་དང་ཐིམ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ། ཐུན་ཚོད་བརྒྱད་ཀྱི་དབྱེ་བས་དུར་ཁྲོད་ཀྱི་རྣལ་འབྱོར་མ་ཁྭ་གདོང་མ་ལ་སོགས་པ་བརྒྱད་པོ་རྣམས་ཡང་དག་པར་རྒྱུ་སྟེ། མཚན་ཕྱེད་ནས་ཉིན་གུང་གི་བར་དུ་ལུགས་དང་མཐུན་པར། ཤར་དང་ལྷོ་དང་ནུབ་དང་བྱང་རྣམས་སུ་ཐུན་ཚོད་བཞིའི་དབྱེ་བ་རྣམས་ལ་ཡང་དག་པར་རྒྱུའོ། །ཉིན་གུང་ནས་མཚན་ཕྱེད་བར་དུ་ལུགས་དང་མ་མཐུན་པས་དབང་ལྡན་དང་རླུང་ངམ་བདེན་བྲལ་དང་མེའི་ཕྱོགས་རྣམས་སུ་རྒྱུའོ། །དེ་བཞིན་དུ་དུས་སྦྱོར་ཕྱེད་པས་རྒྱུ་བ་ནི། ཐུགས་ཀྱི་འཁོར་ལོ་ལ་སྡིག་པ་དང་གཞུའི་དུས་སྦྱོར་ཕྱེད་པའི་དབྱེ་བ་བཞི་པོ་རྣམས་ལ་རབ་གཏུམ་མ་སོགས་བཞི་པོ་རྣམས་ཕྱོགས་བཞིར་གཡས་སྐོར་གྱིས་ཡང་དག་པར་རྒྱུ་ཞིང་། ཆུ་སྲིན་དང་བུམ་པ་ལ་གཡོན་སྐོར་གྱིས་དཔའ་བོའི་བློ་ཅན་མ་ལ་སོགས་པ་བཞི་མཚམས་བཞིར་རྒྱུའོ། །དེ་བཞིན་གསུང་གི་འཁོར་ལོ་ལ། ཉ་དང་ལུག་གཉིས་དང་གླང་དང་འཁྲིག་པའི་ཕྱེད་ཀྱི་དབྱེ་བས་སོ། །སྐུའི་འཁོར་ལོ་ལ་ཀརྐ་ཊ་དང་སེང་གེ་དང་། བུ་མོ་དང་སྲང་གི་དབྱེ་བས་ཡང་དག་པར་རྒྱུའོ། །ནང་དུ་སྲོག་གི་དབྱེ་བས་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་ཡང་དག་པར་རྒྱུ་སྟེ་དེ་རྣམས་ཀྱང་དུས་ལ་དབང་བས་ན་དུས་ཀྱི་ཕོ་ཉ་མོའོ། །སྐབས་འདིར་དུས་ཀྱི་དབྱེ་བས་གཙོ་བོའི་ཞལ་འབྱུང་བ་དང་བསྟུན་ཏེ་དབུས་ཀྱི་ཕག་མོ་ཤར་གྱི་རྡོ་རྗེ་མཁའ་འགྲོ་མར་འགྱུར་ལ་རྡོ་རྗེ་མཁའ་འགྲོ་མ་ནི་དབུས་སུ་རིགས་ལྡན་མར་འགྱུར་བ་སོགས་སོ་སོ་གོ་འཕོ་བའི་རྣམ་བཞག་རྣམས་གཞན་ལས་ཤེས་པར་བྱ་སྟེ་འདིར་མ་བརྗོད་དོ། །དེ་སྐད་དུ་འཁོར་ལོ་སྡོམ་པ་ལས། དབུ་མ་མཆོག་གི་དབུགས་དང་ནི། །དྲི་དང་ཆུ་དང་ལྡན་པས་ནི། །རིགས་ལྡན་མ་ནི་རྟག་མཆོད་བྱ། །ཁྱད་པར་དུས་ལ་ཕོ་ཉ་མོ། །ཞེས་པས་

p. 815

འདིར་འོག་ཏུ་བཤང་གཅི་དང་། སྟེང་དུ་ཟླ་ཉིའི་རྩ་འགོགས་པ་དང་མཆོག་ཏུ་མི་འགྱུར་བའི་བདེ་བས་རིགས་ལྡན་མ་རྡོ་རྗེ་ཕག་མོ་མཆོད་པར་བྱ་ཞིང་། ཁྱད་པར་གྱི་དུས་སུ་བརྗོད་པའི་ཕོ་ཉ་མོ་སོ་དྲུག་པོ་རྣམས་ཀྱང་མཆོད་པར་བྱ་སྟེ་ཇི་ལྟར་ན་ནང་དུ་སྲོག་ཡང་དག་པར་རྒྱུ་བ་འགོག་པ་དང་། ཕྱི་རོལ་གྱི་དུས་དེ་དང་དེར་ཕྱིའི་མཆོད་པས་ཀྱང་མཆོད་པར་བྱའོ་ཞེས་སོ། །འདིར་ནང་དུ་ལུས་ལ་ལྟེ་བའི་འཁོར་ལོའི་ཟླུམ་སྐོར་དང་པོ་ལ་འདབ་མ་བཞི་སྟེ། དེ་ལས་ཤར་གྱི་འདབ་མ་ནི་བདག་གི་གདན་ནོ། །དེ་བཞིན་ལྷོ་ནི་གཞན་གྱི་གདན། །ནུབ་སྔགས་ཀྱི་གདན། བྱང་ནི་དེ་ཁོ་ན་ཉིད་ཀྱི་གདན་ནོ། །རྡོ་རྗེ་མཁའ་འགྲོ་མ་གཙོ་བོའི་པདྨའི་ཤར་གྱི་འདབ་མ་ལ་གནས་ཚེ་བདག་གི་གདན་ལ་ལོངས་སྤྱོད་པ་དང་། དེའི་ཚེ་ལྷོའི་འདབ་མ་གཞན་གྱི་གདན་ལ་ཐིམ་པ་དང་། ནུབ་ཀྱི་འདབ་མ་སྔགས་ཀྱི་གདན་ལ་བདག་པོ་ཉིད་དུ་གྱུར་པ་དང་། བྱང་གི་འདབ་མ་དེ་ཁོ་ན་ཉིད་ཀྱི་གདན་ལ་དབང་བྱེད་པའོ། །དེ་ཡང་བདག་ནི་གཙོ་བོ་སྟེ་སེམས་ཡིན་ལ་དེའི་རྟེན་ང་ཁམས་དག་པ་རྡོ་རྗེ་མཁའ་འགྲོ་མ་ཤར་དུ་གནས་སོ། །བདག་གིས་ལོངས་སྤྱད་བྱ་གཞན་ནི་ཚོར་བ་ཡིན་ལ་དེ་མེ་ཁམས་ཡིན་པས་དེ་ཉིད་དག་པ། ལཱ་མ་ལྷོར་གནས་སོ། །སྔགས་ཀྱི་གདན་ནི་ལྷན་སྐྱེས་ཀྱི་དགའ་བ་སྟེ་དེ་ནི་རིགས་བཞིའི་ནང་གི་ས་ཁམས་པ་ཡིན་ལ་དེ་དག་པས་ཁནྜ་རོ་ཧི་ནི་ནུབ་ཏུ་གནས་སོ། །ཁུ་བ་འཕོ་མེད་དེ་ཁོ་ན་ཉིད་ཡིན་ལ། ཁུ་བ་ཆུ་ཡི་ཁམས་དག་པས་གཟུགས་ཅན་མ་བྱང་དུ་གནས་པའོ། །དེ་བཞིན་ལུས་ལ་ཁའི་སྒོ་ནི་རྩེ་མོས་འབིགས་པའི་དུར་ཁྲོད་དེ། དཀྱིལ་འཁོར་དུ་ཤར་གྱི་ཕྱོགས་སུའོ། །དེ་བཞིན་སྣ་བུག་གཡས་པ་རོ་བསྲེག་པའི་དུར་ཁྲོད་དེ་ལྷོ་རུའོ། །ཐུར་སེལ་གྱི་སྒོ་ནི་རྣག་གི་དྲི་སྟེ་ནུབ་ཏུའོ། །སྣ་བུག་གཡོན་པ་ནི་རུལ་བ་སྟེ་བྱང་དུའོ། །རྣ་བ་གཡོན་པ་བྱིས་པ་ཤི་བ་སྟེ་དབང་ལྡན་དུའོ། །རྣ་བ་གཡས་

p. 816

པ་དྲག་པོའི་གཡུལ་ཏེ་བདེན་བྲལ་དུའོ། །མིག་གཡས་པ་སྦྲུལ་གྱིས་ཟོས་པ་སྟེ་རླུང་དུའོ། །མིག་གཡོན་པ་ལྷག་མ་ཅན་ཏེ་མེར་རོ། །དེ་བཞིན་དུ་སྙིང་གའི་འཁོར་ལོའི་རྩ་བརྒྱད་ཀྱི་ཤར་གྱི་རྩ་སྣར་མ་ནི་པརྞཱུ་གི་རི་དང་། ལྷོའི་རྩ་དམར་སེར་ནི་ཛ་ལནྡྷར་དང་། ནུབ་ཀྱི་རྩ་རྒྱལ་བ་ནི་ཨོཊྚི་ཡ་ན་དང་། བྱང་གི་རྩ་ཨི་ཌ་ནི་ཨ་རྦུ་ད་སྟེ་ཕྱོགས་བཞི་པོ་རྣམས་སུའོ། །མཚམས་སུ་ནི་དབང་ལྡན་དུ་རྩ་ཀུ་ཧཱ་ནི་གོ་དྷཱ་ཝ་རི་དང་། རླུང་དུ་ཨ་ལཾ་པུཥ་ནི་རཱ་མེ་ཤྭ་རི་དང་། བདེན་བྲལ་དུ་པཱུ་ཥཱ་ནི་དེ་བཱི་ཀོ་ཊ་དང་། མེར་གླང་པོ་ཆེའི་ལྕེ་ནི་མཱ་ལ་ཝ་ཀའོ། །དེ་བཞིན་མགྲིན་པའི་འཁོར་ལོའི་ཟླུམ་སྐོར་དང་པོ་ལ་རྩ་བརྒྱད་པོ་རྣམས་ནི་གནས་གཉིས་རེ་གཉིས་རེ་སྟེ་ཞིང་དང་ཉེ་བའི་ཞིང་དང་། དེ་བཞིན་དུ་ཚན་དོ་ཧ་དང་ཉེ་བའི་ཚན་དོ་ཧའི་མིང་རྣམས་ཀྱིས་ཤེས་པར་བྱའོ། །དེ་བཞིན་དུ་དཔྲལ་བའི་འཁོར་ལོའི་ཟླུམ་སྐོར་དང་པོ་ལ་རྩ་བརྒྱད་པོ་རྣམས་ནི་འདུས་པ་དང་ཉེ་བའི་འདུས་པ་དང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་མིང་རྣམས་ཀྱིས་རིག་པར་བྱའོ་ཞེས་པ་ནི་འཁོར་ལོ་སྡོམ་པའི་ངེས་པའོ། །འདི་རྣམས་ཀྱི་ས་བོན་ནི་ཕྱོགས་ཀྱི་ས་བོན་རྣམས་གཡས་སྐོར་དང་མཚམས་བཞིར་གཡོན་སྐོར་དུ་བྱ་སྟེ། མཐར་གནས་ཡ་ར་ལ་ཝ་རྣམས་སྐུའི་འཁོར་ལོའི་ཤར་ལ་སོགས་པའི་ཕྱོགས་རྣམས་སུའོ། །ཝཱ་ལཱ་རཱ་ཡཱ་ཞེས་དབང་ལྡན་ལ་སོགས་པ་ཕྱོགས་བྲལ་རྣམས་སུའོ། །ཧ་ཧཱ་ཧཾ་ཧཿརྣམས་ནི་མེ་དང་རླུང་དང་དབང་ལྡན་དང་བདེན་བྲལ་གྱི་དུར་ཁྲོད་རྣམས་སུའོ། །ཨེ་ཨལ་ཨར་ཨོ་གསུང་གི་འཁོར་ལོའི་ཕྱོགས་རྣམས་དང་། ཨཽ་ཨཱ་ལ་ཨཱ་ར་ཨཻ་ནི་ཕྱོགས་བྲལ་རྣམས་སུའོ། །ཨ་ཨཱ་ཨཾ་ཨཿནི་ཤར་ནུབ་བྱང་ལྷོའི་དུར་ཁྲོད་རྣམས་སུའོ། །ཨི་རྀ་ལྀ་ཨུ་ནི་ཐུགས་ཀྱི་འཁོར་ལོའི་ཕྱོགས་རྣམས་དང་། ཨཱུ་ལཱྀ་རཱྀ་ཨཱི་ནི་ཕྱོགས་བྲལ་རྣམས་སུའོ། །སྙིང་པོའི་པདྨའི་འདབ་མར། ཤར་དང་ནུབ་ཏུ་ཨ་ཨཱ། བྱང་དང་ལྷོ་རུ་ཨཾ་ཨཿ

p. 817

ཞེས་པ་རྣམས་སྡོམ་པ་ཆུང་ངུ་ཧེ་རུ་ཀ་ཕྱག་བཅུ་གཉིས་པའི་དཀྱིལ་འཁོར་ལའོ། །དེ་བཞིན་དུ་རྩ་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡེ་ཤེས་རྣམ་ཤེས་སྦྱོར་བ་ལས། །ལྟེ་བའི་དབུས་ན་གནས་པའི་སེམས། །སྲོག་གི་ཡོན་ཏན་བརྒྱད་ཀྱིས་བཅིངས། །བདག་སྐྱེས་རྣམས་ཀྱིས་དར་སྲིན་བཞིན། །སད་དང་རྨི་ལམ་གཉིད་ལོག་སྐབས། །རྣམ་གསུམ་ཡེ་ཤེས་དབྱེ་བ་ལས། །སྲོག་ཆགས་རྣམས་ཀྱི་ཞལ་གསུམ་སེམས། །བཞི་པའི་དུས་ལས་ཞལ་བཞིའོ། །དེ་བཞིན་རྣམ་ཤེས་སྦྱོར་བ་ཡིས། །ལྔ་དྲུག་ཡུལ་གྱི་བདག་ཉིད་ཅན། །སེམས་ནི་ཞལ་ལྔ་ཞལ་དྲུག་པ། །སེམས་མིན་སེམས་སུ་གཟུང་བྱ་སྟེ། །ལྟེ་བའི་དབུས་གནས་ཐིག་ལེ་དང་། །ཚེག་དྲག་དེ་དག་ཁ་སྦྱོར་ལ། །ཡེ་ཤེས་རྣམ་ཤེས་སྦྱོར་བ་ཡིས། །བྱང་ཆུབ་སེམས་ནི་རྣམ་པར་གནས། །སྲོག་རྒྱུའི་དབྱེ་བས་ཐུན་མཚམས་དང་། །ཐུན་དང་དུས་སྦྱོར་ཕྱེད་རྣམས་ལ། །སུམ་ཅུ་རྩ་དྲུག་ཕོ་ཉ་མོ། །བྱིས་པ་རྣམས་ནི་གཞུག་ཕྱིར་གསུངས། །ཞེས་པ་མངལ་དུ་སྐྱེ་བ་ལེན་པའི་ཚེ་འཕོ་ཆགས་བཞི་པའི་གནས་སྐབས་ཀྱི་ཡེ་ཤེས་དང་ཀུན་གཞི་རྣམ་ཤེས་སྦྱོར་བ་ལས། མ་ཡི་པདྨའི་ལྟེ་བའི་དབུས་ན་གནས་པའི་བྱང་ཆུབ་ཀྱི་སེམས་སྲོག་གི་རང་བཞིན་ཟླ་ཉིའི་ཡོན་ཏན་བརྒྱད་ཀྱིས་བཅིངས་པ་ནི། བདག་ལས་སྐྱེས་པའི་བག་ཆགས་ཀྱི་ཆོས་རྣམས་ཀྱིས་བདག་འཆིང་བ་དཔེར་ན་དར་གྱི་སྲིན་བུ་རང་གི་ཁ་ཆུས་བཅིངས་པ་བཞིན་ནོ། །སད་རྨི་གཉིད་ལོག་གི་གནས་སྐབས་གསུམ་ནི་ཡེ་ཤེས་ཞེས་པ་རྭ་འགྱུར་ལ་མེད་དེ། རྣམ་གསུམ་ཤེས་པའི་དབྱེ་བ་ལས། སྲོག་ཆགས་རྣམས་ཀྱི་ལུས་ངག་སེམས་ཀྱི་སྒོ་གསུམ་གྱི་སེམས་གསུམ་དུ་འགྱུར་ཏེ། འགྱུར་ལ་ལར་ཞལ་ཞེས་པའང་མུ་ཁ་ཞལ་ལམ་སྒོའི་དོན་ཏོ། །དེ་སྟེང་བཞི་པའི་དུས་སུ་ཁུ་བ་འཕོ་བ་ལ་ཞལ་ལམ་གནས་སྐབས་བཞིའི་སྒོའི་སེམས་

p. 818

སོ། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ལས་སྐྱེ་མཆེད་དྲུག་སྦྱོར་བ་ཡིས། གཟུགས་སོགས་ལྔ་དང་ཆོས་ཁམས་དང་དྲུག་གི་ཡུལ་གྱི་བདག་ཉིད་ཅན། སེམས་ནི་ཞལ་ལམ་སྒོ་ལྔའམ་ཞལ་དྲུག་པ་ཡིད་དང་བཅས་པའམ་སེམས་མིན་སེམས་སུ་གཟུང་བྱ་སྟེ། ཞེས་པ་གཟུང་འཛིན་ཅན་གྱི་སེམས་དེ་དག་དོན་དམ་སྒྲིབ་བྲལ་འོད་གསལ་གྱི་སེམས་མིན་པ་ཡི་སེམས་སུ་ཤེས་པར་བྱ་བའམ་གཟུང་བར་བྱ་བ་སྟེ། འགྱུར་གཞན་ན་སེམས་མེད་སེམས་ལས་གཞན་ཡིན་ནོ་ཞེས་བཀླག་པ་ལྟར་ན། སེམས་དེ་ལྟ་བུ་ནི་དོན་དམ་པར་གྲུབ་པ་མེད་པ་ཡིན་པས་འོད་གསལ་བའི་སེམས་སྒྲིབ་བྲལ་ལས་གཞན་སྒྲིབ་བཅས་སུ་སྣང་བ་ཡིན་ནོ། །མ་ཡི་པདྨའི་ལྟེ་བའི་དབུས་སུ་གནས་པ་ཐིག་ལེ་ཁུ་བ་དང་ཚེག་དྲག་རྡུལ་དེ་དག་ཁ་སྦྱོར་ལ་འཕོ་ཆགས་ཀྱི་ཡེ་ཤེས་དང་ཀུན་གཞིའི་རྣམ་ཤེས་རོ་མཉམ་པར་སྦྱོར་བ་ཡི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེའི་གོང་བུ་ནི་རྣམ་པར་གནས་པ་ལ། ནང་གི་སྲོག་གི་རླུང་རྒྱུ་བས་དབྱེ་བས་ཐུན་མཚམས་དང་ཐུན་ཚོད་དང་དུས་སྦྱོར་ཕྱེད་བའི་དབྱེ་བའི་རྒྱུ་ལམ་གྱི་རྩ་རྣམས་ཆགས་པ་ལ། སྲོག་གི་ང་ཐུན་མཚམས་ལ་སོགས་པའི་དབྱེ་བས་རྒྱུ་བ་ལས་སྡོམ་ཆུང་གི་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་གི་ཕོ་ཉ་མོ་ཕྱི་རོལ་ན་དུས་ལ་རྒྱུ་བར་གསུངས་པ་ནི་ནང་གི་དེ་ཉིད་མ་རྟོགས་པའི་བྱིས་པ་རྟོག་སྒོམ་ལ་དགའ་བ་རྣམས་ནང་གི་དེ་ཁོ་ན་ཉིད་ལ་གཞུག་པའི་ཕྱིར་གསུངས་པ་སྟེ་རེ་ཤིག་དུས་ཀྱི་ཕོ་ཉ་མོ་སོ་དྲུག་པོ་འདི་རྣམས་དབུ་མའི་སྲོག་འབབ་པ་ལས་དུས་ཀྱི་ཕོ་ཉ་མོར་བརྗོད་དེ་སྲོག་བརྟན་པར་བསྡམ་མ་ནུས་ན་ལུས་ཟད་པར་བྱེད་པ་རྣམས་སོ། །དེའི་ཕྱིར་རྩ་དེ་རྣམས་སུ་འགྲོ་བའི་སྲོག་རྣམས་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་དགག་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ། །ད་ནི་རྩ་རྣམས་ཀྱི་དབྱེ་བ་ལས་མཁའ་འགྲོ་སོགས་སུ་འགྱུར་བ་གསུངས་པ། གསང་བའི་འཁོར་ལོ་ལ་རྩ་ཡི་འདབ་མ་ཉིས་འགྱུར་མི་

p. 819

བདག་སྟེ་སུམ་ཅུ་རྩ་གཉིས་ཡོད་པ་ནི་བདེ་བ་ཡེ་ཤེས་ཀྱི་ཁམས་བྱང་ཆུབ་སེམས་འབབ་པའི་གནས་ཡིན་ལ། དེ་ལས་གཞན་རྣམས་ཚེས་ནི་བརྒྱད་གཉིས་དབྱེ་བ་ལས་ཞེས་པ་མི་ཕྱེད་མ་ནས་ཨ་བ་དྷུ་ཏིའི་བར་གྱི་རྩ་བཅུ་དྲུག་ནི་ཆགས་པའི་ཕྱོགས་དཀར་པོའི་ཚེས་ཀྱི་ཆའི་དབྱེ་བ་དང་། རོ་མ་ནས་བདུད་བྲལ་མའི་བར་གཞན་བཅུ་དྲུག་གི་ཆགས་བྲལ་གྱི་དབྱེ་བས་ནག་པོའི་ཕྱོགས་ཏེ་ཟླ་བའི་ཆ་ཉམས་པའི་དབྱེ་བས་སྔར་བརྗོད་པ་བཞིན་ནོ། །དེ་བཞིན་ཀྱཻ་རྡོ་རྗེ་ལས། མི་ཕྱེད་མ་དང་ཕྲ་གཟུགས་མ། །མཛེས་མ་གཡོན་མ་ཐུང་ངུ་མ། །ཞེས་པ་ལ་སོགས་པ་སུམ་ཅུ་རྩ་གཉིས་ནི་རླུང་དང་བྱང་སེམས་འབབ་པའི་རྟེན་ནོ། །རྩ་འདི་ཉིད་ཀྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ནི་རྟེན་པའི་ཆོས་ཅན་མ་སྟེ་ཐུར་སེལ་གྱི་ང་དང་རྩ་ཡང་དག་པར་སྦྱོར་བ་ལས་རླུང་རྣམས་མཁའ་འགྲོ་མར་འགྱུར་རོ། །དེའི་ཕྱིར་ལྷ་གཙོ་བོ་དང་བཅས་པའི་སུམ་ཅུ་རྩ་གསུམ་གྱི་བདག་ཉིད་ཧེ་རུ་ཀའི་དཀྱིལ་འཁོར་གྱི་འདུས་པར་འགྱུར་ཏེ་གསང་བའི་འཁོར་ལོ་ལ་སྦྱར་བའི་རྒྱུད་ཀྱི་ལྷ་གྲངས་ཡིན་པའི་ཕྱིར་རོ། །རྩ་འདི་དག་གསང་གནས་ལ་སྦྱར་བ་དང་། ཁ་སྦྱོར་ལ་སོགས་པའི་རྒྱུད་དུ་སྤྱི་བོ་བཱུ་ལླི་ར་མ་ལ་སོགས་པར་བཤད་པ་མི་འགལ་ཏེ་རྩ་འདི་དག་གི་མར་སྣ་གསང་བར་ཟུག་པ་ལ་ཁམས་དང་རླུང་འབབ་པས་བདེ་བ་བསྐྱེད་པ་དང་། ཡར་སྣ་སྤྱི་བོ་སོགས་སུ་གནས་པ་ལ་དགོངས་པ་ཡིན་ཞེས་སྔ་མ་དག་གསུངས་སོ། །རྡོ་རྗེ་སྙིང་འགྲེལ་ལས་ཀྱང་སྐབས་འདིར་གསུངས་པ་དང་མཐུན་པར། ད་ནི་འོག་གི་སྒོ་ཅན་ཆུ་འབབ་པ་རྩ་སུམ་ཅུ་རྩ་གཉིས་རྣམས་བཤད་པར་བྱ་སྟེ་ཞེས་གསུངས་སོ། །གསང་བའི་རྩ་འདབ་དེ་དག་གི་ཉིས་འགྱུར་ལྟེ་བ་སྤྲུལ་བའི་འཁོར་ལོ་ལ་ནི་རྩ་འདབ་དྲུག་ཅུ་རྩ་བཞི་རྣལ་འབྱོར་མ་རེ་བཞིའི་བདག་ཉིད་ཀྱི་འཁོར་ལོ་སྟེ་ས་སོགས་འབྱུང་བའི་དཀྱིལ་འཁོར་ལྔ་འབབ་པར་བྱེད་པའོ། །སྙིང་གའི་རྩ་འདབ་ནི་

p. 820

གཟའ་བརྒྱད་རྣམས་ཀྱི་གྲངས་འདི་ཡང་གཽ་རི་ལ་སོགས་པ་ལྷ་མོ་བརྒྱད་ཀྱི་དབྱེ་བ་ལ་སྟེ། སླར་ཡང་རྣལ་འབྱོར་མ་གཞན་རྣམས་ཀྱང་དཔྲལ་བར་རྩ་བཅུ་དྲུག་ལ་བདག་མེད་མ་ལ་སོགས་པ་ཧེ་རུ་ཀ་དང་བཅས་པ་བཅུ་དྲུག་གོ། གཙུག་ཏོར་གྱི་རྩ་འདབ་ལྔ་ལ་རླུང་རྒྱུ་བ་ནི་ལྷ་ལྔ་སྟེ་མ་ཧཱ་མ་ཡ་ལྷ་ལྔ་ལ་སོགས་པ་ལྟ་བུའོ། །དུ་མ་ཚིགས་ཀྱི་ཚོགས་ཀྱི་རྩ་འདབ་ལོའི་ཞག་གི་གྲངས་སུམ་བརྒྱ་དྲུག་ཅུ་ལ་བརྟེན་པའི་རྣལ་འབྱོར་མ་སུམ་བརྒྱ་དྲུག་ཅུ་སྟེ། དེ་ལྟར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྟེན་ལ་བརྟེན་པ་སྲོག་དང་ཐུར་སེལ་གྱི་རླུང་རབ་ཏུ་རྒྱུ་བའི་རྣལ་འབྱོར་མ་རྩ་དེ་སྙེད་ཀྱི་དབྱེ་བ་སྟེ་ནང་གི་དོན་ལ་གཞོལ་བའི་རྣལ་འབྱོར་པའི་དོན་དུ་བཅོམ་ལྡན་འདས་ཀྱི་གསུངས་པ་འདི་ལ་ཕྱིའི་རྟོག་སྒོམ་གྱི་སྤྲོས་པ་མེད་པར་གསུངས་པའོ། །ད་ནི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཤེས་རབ་མ་གསུངས་པ། རིག་བྱེད་དུས་ཀྱི་ཞེས་པ་དྲུག་ཅུ་རྩ་བཞི་སྟེ། ལྟེ་བའི་རྩ་དྲུག་ཅུ་རྩ་བཞིའོ། །དེ་ལ་དུས་སྦྱོར་བཅུ་གཉིས་ཀྱི་དབུགས་ཆུ་ཚོད་དྲུག་ཅུ་འབབ་པའི་རྩ་དྲུག་ཅུ་དང་སྟོང་པའི་རྩ་བཞི་ནི་ཐུན་མཚམས་ཀྱི་སྟོང་པ་འབབ་པ་ཡིན་ལ་ཟླ་ཉིའི་དབུགས་རང་བཞིན་པ་རྒྱུ་བའི་དབུགས་ཀྱི་ལྷག་མ་དབུ་མ་ཡེ་ཤེས་ཀྱི་དབུགས་ཀྱི་ཆ་ནི་སྟོང་པ་རྣམས་ཏེ། འཁོར་བ་པ་རྣམས་ཀྱི་ཟླ་བའི་ཆ་ཉམས་པ་ཟླ་ཆ་དེ་ལ་བུ་ལོན་དུ་གྱུར་པའི་དབུ་མའི་དབུགས་ནི་འཁོར་བ་པ་དེའི་ཉམས་པ་དང་ཆོས་མི་མཐུན་པ་དབུ་མའི་ནང་དུ་ཟླ་བའི་ཡེ་ཤེས་ཀྱི་ཆ་མ་ཉམས་པ་དེ་ནི་དབུགས་དྲུག་ཅུ་རྩ་བཞི་རྣམས་ཀྱི་མཐའ་མ་ཡེ་ཤེས་ཀྱི་དབུགས་ཀྱི་ཆོས་ཅན་མ་སྲིད་གསུམ་སྐྱེད་པར་མཛད་མ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཤེས་རབ་མཁའ་འགྲོ་མ་ནི་སྣ་ཚོགས་གཟུགས་ཅན་མར་འགྱུར་རོ། །དེ་ལྟར་ཟླ་བའི་རྩ་ཡི་དབུས་སུ་དམན་པ་ཡེ་ཤེས་ཀྱི་ཆ་གང་དེ་ནི་འགྱུར་མེད་བདེ་བའི་རང་བཞིན་མཆོག་གི་རྒྱལ་བའི་བདག་པོའི་རང་གི་ཕྱག་རྒྱ་མ་རྣམ་པ་གཉིས་སུ་འགྱུར་ཏེ་གང་ཞེ་ན། དེ་ལ་གཅིག་ནི་སྟེང་དུ་ཨ་བ་དྷཱུ་ཏི་

p. 821

ལ་རྒྱུ་བ་ནི་ཀུན་རྫོབ་ཏུ་སེམས་ཅན་རྣམས་ལུས་འབྱུང་བ་དང་སྡུད་པར་བྱེད་པའི་སྲོག་གི་རླུང་སྟེ། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་སྡུད་པར་བྱེད་པ་མོའོ། །ཕྱག་རྒྱ་གཉིས་པ་ནི་དབུ་མའི་མར་སྣ་དུང་ཅན་མ་ལ་ཐུར་སེལ་གྱི་རླུང་དང་འགྲོགས་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་མོ་དོན་དམ་འགྱུར་མེད་ཀྱི་རང་བཞིན་སངས་རྒྱས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐྱེ་འཇིག་དང་བྲལ་བ་དོན་དམ་མྱ་ངན་ལས་འདས་པ་ཟག་པ་མེད་པའི་ཆོས་ཞི་བ་ཆེན་མོ་སངས་རྒྱས་རྣམས་ཀྱི་སྒྱུ་འཕྲུལ་ཆེན་མོ་སྤྲོ་བ་དང་སྡུད་པའི་བདག་ཉིད་འཕོ་བའི་བག་ཆགས་ཉམས་པར་བྱེད་མའོ། །གང་ཞིག་ཉི་མ་ཡི་རྩ་ལ་གནས་པ་ཉི་མའི་ཡེ་ཤེས་ཀྱི་ཆ་སྟེང་དུ་སྲོག་ལ་གནས་པ་རྡུལ་གྱི་ཆོས་ཅན་དེ་ནི་སད་རྨི་གཉིད་ལོག་གི་སྙིང་སྟོབས་རྡུལ་མུན་གསུམ་དང་ཡུལ་ལྔའི་ཡོན་ཏན་བརྒྱད་ཀྱི་དབྱེ་བ་ནི་ཕྱི་རོལ་དུ་བརྟག་པའི་དབང་དུ་ན་དཀྱིལ་འཁོར་དུ་ཕྱོགས་བཞི་དང་ཕྱོགས་བྲལ་མཚམས་བཞིའི་འདབ་མར་གནས་པའི་ལྷ་མོ་ནུས་མ་བརྒྱད་དེ་ཐུན་ཚོད་བརྒྱད་ཀྱི་ལོངས་སྤྱོད་ཀྱི་མཐའ་ཡི་དབུགས་ཏེ་ཡེ་རླུང་གི་རྒྱུ་བ་རྣམས་བསྡོམས་པའོ། །དེ་བཞིན་དུ་ལྷག་མ་སྔར་བརྗོད་དཀྱིལ་འཁོར་དུ་བརྟགས་པས་སྒོམ་པའི་ཚེ་ན་བཀོད་པའི་དཀྱིལ་འཁོར་འཁོར་ལོའི་ལྷ་མོ་གདུག་པའི་སྐྱེ་བོ་མཆོག་ཏུ་འཇིགས་པར་བྱེད་པ་ཙཱརྩི་ཀཱ་ལ་སོགས་པ་རབ་གཏུམ་མ་རྣམས་ཀྱི་མཐར་ཐུག་པའི་མཁའ་འགྲོ་མ་གཞན་རྣམས་མཐའ་དག་ཀྱང་ཕྱི་རུ་དཀྱིལ་འཁོར་ལ་གནས་པ་དང་། དེ་རྣམས་ནང་ངེས་པའི་དོན་དུ་རང་གི་ལུས་ལ་རླུང་གི་རྒྱུ་བར་རིག་པར་བྱ་བའོ། །དེ་ལྟར་ཕྱི་རོལ་དུ་བརྟག་བསྒོམ་བྱེད་པ་ནི་ཟབ་མོ་ནང་གི་དོན་ལ་འཇུག་མི་ནུས་པ་ལ་སྤྲོས་པའི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་གསུངས་པ་ཡིན་ལ། ནང་རྡོ་རྗེའི་ལུས་ལ་དབུ་མར་སྲོག་འགོག་པའི་སྦྱོར་བས་བསྒྲུབ་པ་ནི་ཆེས་ཟབ་པ་ཡིན་པས་འདི་དག་གི་ཚུལ་ཤེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ཡན་ལག་ཏུ་ཤེས་པར་བྱའོ། །

p. 822

ད་ནི་ཕྱི་རོལ་དུ་གཟའ་རྒྱུ་བའི་ལོངས་སྤྱོད་ཀྱི་ཚུལ་རྣམས་ཀྱང་ནང་དུ་ལུས་ལ་དབུགས་རྒྱུ་བའི་དབང་གིས་ཡིན་པ་དང་དེ་ཡི་གྲངས་དང་མཚུངས་པའི་མཁའ་འགྲོ་མ་རྣམས་འབྱུང་ཚུལ་གསུངས་པ། འདིར་ཕྱི་རོལ་དུ་ཉི་མ་རང་འགྲོས་ཀྱི་རབ་ཏུ་རྒྱུ་བས་ཟླ་བ་གཉིས་ཀྱིས་ཉི་མའི་དུས་དྲུག་གི་ནང་ནས་དུས་གཅིག་རྫོགས་ཤིང་། ནང་དུ་དུས་སྦྱོར་གཉིས་ཀྱིས་སྲོག་གི་དུས་གཅིག་གོ། དེ་ཡང་དུས་སྦྱོར་དེ་གཉིས་ལ་གཡོན་དང་གཡས་ཀྱི་རྩ་ལ་སྐྱེད་སྡུད་ཀྱི་རིམ་པས་དཀྱིལ་འཁོར་བཅུ་འབབ་པའི་དབྱེ་བ་ཡིས་སྲོག་གིས་དུས་གཅིག་གི་གནས་སྐབས་སུ་འགྱུར་རོ། །དེས་ན་ཕྱི་ཡི་དུས་གཅིག་ཟླ་བ་གཉིས་ལ་སྤེ༷ན་པར་བུག་པ་ཞེས་པ་སྤེན་པའི་རྒྱུ་སྐར་ཡུལ་གྱི་ཆུ་ཚོད་ལས་ཆུ་ཚོད་དགུ་ཙམ་ཞིག་ལོངས་སྤྱོད་པ་དེ་རྣམས་ཀྱང་མཁའ་འགྲོ་མའོ། །དེ་བཞིན་དུ་མུན་པ་ཅན་སྒྲ་གཅན་གྱིས་ཟླ་བ་གཉིས་ལ་ཉིན་ཞག་ཅེས་བྱ་བ་ཆུ་ཚོད་བཅོ་ལྔ་ལོངས་སྤྱོད་པ་དང་། དེ་བཞིན་དུ་དུས་གཅིག་སྟེ་ཟླ་བ་གཉིས་གཞིར་བཞག་ལ་ལྷ་ཡི་བླ་མའི་ཕྱེད་བཅས་མིག་དང་མིག་གི་གྲངས་ཞེས་པ་ཆུ་ཚོད་ཕྱེད་ཅུང་མེད་ཀྱང་ཕྱེད་དུ་བྱས་པ་དང་བཅས་པའི་ཆུ་ཚོད་ཉེར་གཉིས་དེ་རྣམས་བསྡོམ་པས་ཕྱེད་དང་བཅས་པའི་དྲུག་དང་རིག་བྱེད་དེ་བཞི་བཅུ་རྩ་དྲུག་ཉིད་དུ་འགྱུར་བ་དེ་རྣམས་མཆོག་གི་རྒྱལ་བའི་བདག་པོའི་ཐུགས་ཀྱི་རྡོ་རྗེ་ལས་སྐྱེས་ཞེས་པ་ཐུགས་ཀྱི་ཐིག་ལེ་ལས་སྐྱེས་པའོ། །ས་སྐྱེས་མིག་དམར་གྱི་སྟོང་པ་སྦྲུལ་ཟླ་ཞེས་པ་བརྒྱ་བརྒྱད་ཅུ་ནི་འཇིག་རྟེན་ཀྱི་གྲགས་པ་ལྟར་སྤྲོས་པས་བརྗོད་པ་སྟེ། ཟླ་བ་བཅོ་བརྒྱད་ཀྱིས་རྒྱུ་སྐར་འཁོར་བའི་དབང་དུ་བྱས་པའོ། །དེའི་དཀྱིལ་འཁོར་རགས་པར་ཟླ་བ་ཉེར་གསུམ་ཞག་ཏུ་བསིལ་བས་རྒྱུ་སྐར་ཡུལ་གྱི་ཆུ་ཚོད་མཁའ་མིག་རྒྱལ་པོ་ལས་ཐོབ་པའི་ནོར་གང་ཡིན་པས་དབུགས་ཡན་ཆད་བསྒྱུར་བ་ཆུ་ཚོད་གཉིས་ཆུ་སྲང་ཉི་ཤུ་་སྟེ། དེ་དྲུག་ཅུས་བསྒྱུར་བའི་འཁོར་ལོའི་ཆུ་ཚོད་ལས་ཐོབ་པ་བརྒྱ་བཞི་བཅུ་ནི་སྤྲོས་མེད་རགས་རྩིས་སོ། །ཞིབ་པར མིག་དམར་གྱི་དཀྱིལ་འཁོར་རི་ཀླུ་རོས་རྒྱུ་སྐར་ཡུལ་གྱི་ཆུ་ཚོད་ལས་ཐོབ་པ། ཆུ་ཚོད་གཉིས། ཆུ་སྲང་ཉེར་གཅིག་དབུགས་གཉིས། དབུགས་ཀྱི་བཅུ་ཆ་དགུ་ལྷག་ཙམ་སྟེ། དེ་རྣམས་དྲུག་ཅུས་བསྒྱུར་བས། ཆུ་ཚོད་བརྒྱ་ཞེ་གཅིག་དང་། ཆུ་སྲང་ཉེར་དགུའོ། །དེ་བཞིན་གཟའ་གཞན་གྱི་ཡང་ཞིབ་རྩིས་ནི་དཀྱིལ་འཁོར་གྱིས་རྒྱུ་སྐར་ཆུ་ཚོད་ལས་ཐོབ་པ་ཡིན་ཀྱང་སྐབས་འདིར་ཞིབ་མོའི་སྤྲོས་པ་མེད་པའི་རགས་རྩིས་སོ། །འདིར་གང་དུ་བཀྲ་ཤིས་ཀྱི་ལོངས་སྤྱོད་དམན་པ་བརྒྱ་བཞི་བཅུ་ཡིན་ཀྱང་བརྒྱ་བརྒྱད་ཅུར་བྱས་པ་དེ་ནི་འཕྲོག་པར་མི་བྱ་སྟེ། ཅིའི་ཕྱིར་ན་ཉི་མའི་རྐང་པའི་ལོངས་སྤྱོད་ཆུ་ཚོད་བཅུ་གཅིག་དང་། ཟླ་བའི་ལོངས་སྤྱོད་ཚེས་ཟླ་གཅིག་གི་ཉིན་ཞག་ཉེར་དགུའི་གྲངས་ཀྱི་ཆུ་ཚོད་བསྣན་པར་བྱས་པའི་དོན་ལ་དེས་དབྲོག་པ་ལྟར་གྱུར་པ་དང་འདྲ་བའི་ཕྱིར་རོ། །འདིར་གཟའ་དགུ་པོ་རྣམས་ཀྱི་དཀྱིལ་འཁོར་གྱི་ཕྱེད་ཕྱེད་ཀྱི་ཉིན་ཞག་རྣམས་ནི་འདི་ལྟར་ཟླ་བའི་དཀྱིལ་འཁོར་ཕྱེད་ཚེས་ཞག་བཅོ་ལྔ། སྒྲ་གཅན་སྤེན་པ་ཕུར་བུ་གསུམ་གྱི་ཕྱེད་ཁྲི་གཅིག་དང་དགུ་བརྒྱ་གོ་དགུ། བཀྲ་ཤིས་ཀྱི་ཕྱེད་སུམ་བརྒྱ་ཞེ་གསུམ་ཉི་མ་མཇུག་རིངས་གཟའ་ལྷག་པ་སངས་བཞིའི་དཀྱིལ་འཁོར་གྱི་ཕྱེད་བསྡོམ་པས་ཞག་བདུན་བརྒྱ་སུམ་ཅུ་སྟེ། ཞིབ་པར་ན་འདི་བཞི་ལ་ལྷག་མ་ཆུ་ཚོད་སོ་གཉིས། སྲང་ཉེར་བརྒྱད། དབུགས་བཞི་ཡོད་ཅིང་བཀྲ་ཤིས་ལ་ཆུ་ཚོད་སུམ་ཅུ་ཡོད་ཀྱང་འདིར་མི་བགྲང་སྟེ་ཞག་ཏུ་མ་ལོངས་པའི་ཕྱིར་རོ། །དེ་ལྟར་གཟའ་དགུ་པོ་རྣམས་ཀྱི་དཀྱིལ་འཁོར་གྱི་ཕྱེད། ཞག་ཁྲི་ཉིས་སྟོང་བརྒྱད་ཅུ་རྩ་བདུན་ཡོད་ལ། དེ་རྣམས་ཡོན་ཏན་གསུམ་གྱིས་བསྒྱུར་བ་ཉིད་ཀྱིས་ལོ་བརྒྱར་འགྱུར་ཏེ་དེ་ལས་ཟླ་བ་བརྒྱད་དང་ཉིན་ཞག་ཉེར་གཅིག་ལྷག་པ་དང་བཅས་པའོ། །འདིར་སྙིང་སྟོབས་ཀྱི་ཡོན་ཏན་རྩ་གཡོན་པའི་ཐོབ་སྐལ་གྱི་ཞག་གོ། དེ་བཞིན་རྡུལ་གྱི་ཡོན་ཏན་གཡས་དང་མུན་པའི་

p. 823

ཡོན་ཏན་དབུ་མའི་ཞག་ཀྱང་དེ་དང་མཚུངས་པ་སྟེ་བསྡོམས་པས་སུམ་ཁྲི་དྲུག་སྟོང་ཉིས་བརྒྱ་རེ་གཅིག་ལ། ལོ་བརྒྱའི་ཞག་སུམ་ཁྲི་དྲུག་སྟོང་ཕྲི་བའི་ལྷག་ཉིས་བརྒྱ་དྲུག་ཅུ་རྩ་གཅིག་ལ་སུམ་ཅུས་བགོས་པས་བརྒྱད་ཐོབ་པ་ཟླ་བ་བརྒྱད་དང་། ལྷག་མ་ཞག་ཉེར་གཅིག་གོ། དེ་ལྟར་ན་ས་སྐྱེས་ཀྱི་ལོངས་སྤྱོད་ཟླ་བ་གཉིས་ལ་སྟོང་པ་ཆུ་ཟླ་སྟེ་བརྒྱ་བཞི་བཅུ་ཉི་མ་གཟའ་ལྷག་པ་སངས་མཇུག་རིངས་བཞི་ལ་ཡང་ཁྱིམ་ཟླ་གཉིས་ཀྱི་ལོངས་སྤྱོད་མདའ་ཡོན་ཟླ་བ་ཉིས་འགྱུར་ཉིས་བརྒྱ་བདུན་ཅུ་པ་བཞི་བསྡོམ་པས་སྟོང་པ་སྦྲུལ་མཁའ་གཅིག་ཅེས་སྟོང་དང་བརྒྱད་ཅུ་བཤད་མ་ཐག་པའི་གཟའ་ལྔ་པོའི་ལོངས་སྤྱོད་གཅིག་ཏུ་བསྡོམ་པ་མཁའ་མིག་མིག་དང་གཅིག་ཏུ་གྱུར་པ་ཞེས་སྟོང་དང་ཉིས་བརྒྱ་ཉི་ཤུ་པོ་དེ་རྣམས་དུས་ཀྱི་འཁོར་ལོ་མཆོག་གི་ཁྱབ་བདག་གི་ནི་དག་པའི་གསུང་གི་ཐིག་ལེ་ལས་བྱུང་བའོ། །གང་ཞིག་གཟའ་ཟླ་བའི་དུས་ཀྱི་ལོངས་སྤྱོད་ནི་ཟླ་བ་གཉིས་ཀྱི་ཞག་དྲུག་ཅུ་ལ་ཆུ་ཚོད་དྲུག་ཅུ་ལོངས་སྤྱོད་པ་བསྡོམ་པས་མཁའ་མཁའ་རོ་མེ་སྟེ་སུམ་སྟོང་དྲུག་བརྒྱ་ཡོད་པ་དེ་རྣམས་ནི་སྐུ་ཡི་རྡོ་རྗེ་སྟེ་སྐུ་ཡི་ཐིག་ལེ་དག་ལས་བྱུང་བའོ། །གཟའ་དགུ་པོ་དེའི་ལོངས་སྤྱོད་མཐའ་དག་གཅིག་ཏུ་གྱུར་པ་རོ་དྲུག་སྦྲུལ་དང་དུས་རྣམས་དག་སྟེ་ཞེས་པ་བཞི་སྟོང་བརྒྱད་བརྒྱ་རེ་དྲུག་ནི་དུས་གཅིག་གི་གཟའ་དགུའི་ལོངས་སྤྱོད་ཀྱི་ཆུ་ཚོད་ཀྱི་གྲངས་ཀྱི་མཁའ་འགྲོ་མ་རྣམས་སོ། །ཕྱེད་ཀྱི་ཆུ་ཚོད་དེ་བཞིན་ཉིད་ཅེས་པ་དེའི་ཕྱེད་ཀྱི་གྲངས་ཀྱི་མཁའ་འགྲོ་མ་རྣམས་ཀྱང་དེ་བཞིན་ཉིད་དུའོ། །དེ་ལྟར་མཁའ་འགྲོ་མ་དུས་ཀྱི་ཕོ་ཉའི་གཟུགས་ཅན་མཐའ་དག་སྲོག་ཆགས་ཀུན་གྱི་ལུས་ལ་གནས་ཤིང་ལྷ་ལ་སོགས་པ་སྲོག་ཆགས་རྣམས་ཀྱི་སྲོ༷ག་ནི་རིམ་གྱིས་འཕྲོག་པར་བྱེད་པ་མ་སྟེ་དུས་དྲུག་གི་ཆ་གཅིག་ལའོ། །དུས་དྲུག་པོ་རྣམས་ལ་ནི་རྒྱུ་བའི་གྲངས་བསྡོམ་ན་ཉིས་ཁྲི་དགུ་སྟོང་བརྒྱ་དང་དགུ་བཅུ་རྩ་དྲུག་ཏུ་གྱུར་པའི་མཁའ་འགྲོ་མའི་གྲངས་ཏེ་ཕྱི་རོལ་དུ་གཟའ་རྒྱུ་བའི་ལོངས་སྤྱོད་

p. 824

ནང་དུ་ལུས་ལ་འདུས་པ་སྟེ་གནད་གཅིག་པའོ། །དེ་ཕྱིར་ཉིན་ཞག་སོ་སོའི་དུས་སུ་རླུང་རང་གི་ལམ་གཡས་གཡོན་དུ་ནི་རྒྱུ་བ་དེ་དག་དགག་པར་བྱས་ནས་དབུགས་དེ་རྣམས་དབུ་མར་འགགས་པ་བསྒྲུབ་པར་བྱ་སྟེ་དུས་ཀྱི་ཕོ་ཉ་དེ་རྣམས་ཀྱི་རྒྱུ་བ་སྲོག་དང་ཐུར་སེལ་འགགས་པས་ཐིག་ལེ་བཞི་དང་གནས་སྐབས་བཞིའི་འགྱུར་བ་འགགས་ཤིང་དེ་འགགས་པས་གཟའི་རྒྱུ་བ་འགགས་ནས་སྐུ་བཞི་མངོན་དུ་བྱེད་དོ། །ཇི་སྲིད་ཕྱི་རོལ་དུ་གཟའ་རྣམས་དག་གི་ལོངས་སྤྱོད་དེ་དག་ནང་དུ་རང་གི་ལུས་དང་གཞན་ཕྱི་རོལ་དུ་བགྲོད་པ་གཉིས་ལ་གནས་པ་དེ་དག །ནང་དུ་དབུགས་རྔུབ་པ་དང་དབུགས་ཕྱིར་འབྱུང་བའི་ཚུལ་གྱི་རྒྱུ་བ་ལས་མ་གྲོལ་བ་དེ་སྲིད་དུ་འཆི་བདག་དུས་ཀྱི་ཕོ་ཉ་མཁའ་འགྲོ་མ་གང་ཞིག་སེམས་ཅན་སྲོག་གིས་བསྡུས་པ་ཀུན་ལ་ཁྱབ་བྱེད་མ་གང་ཡིན་པ་དེ་རྣམས་ཀྱིས་གནས་ཁམས་གསུམ་དུ་ནི་སེམས་ཅན་རྣམས་ལ་མཆོག་ཏུ་འཆི་འཕོ་མེད་པ་དག་སྟེར་བར་འགྱུར་རམ་ཅི་སྟེ་མི་སྟེར་རོ། །དེའི་ཕྱིར་དུས་ཀྱི་ཕོ་ཉ་ཕྲ་མོ་ཡེ་ཤེས་ཀྱི་རླུང་རབ་ཏུ་རྒྱུ་བ་ནི་འདིར་འཇིག་རྟེན་གསུམ་གྱི་བླ་མའི་གསུང་སྦྱོར་བ་དྲུག་གི་མན་ངག་ལ་གནས་པ་གང་གིས་རྗེས་དྲན་གྱི་སྐབས་སུ་བྱང་ཆུབ་ཀྱི་སེམས་ཞུ་བའི་རྒྱུན་ནོར་བུའི་རྩེར་བབ་པའི་དགའ་བཞིའི་ཉམས་མྱོང་དང་། འཛག་པ་མེད་པ་འགྱུར་མེད་ཀྱི་བདེ་བ་ལ་གནས་པའི་སྒོ་ནས། འཛག་བདེའི་ཆགས་པའི་སྡིག་པ་དང་བྲལ་པའི་འཕོ་མེད་བདེ་བའི་རྣལ་འབྱོ༷ར་ལྡན་པ་རྣམས་ཀྱིས་ཤེས་པར་བྱ་སྟེ། དེ་ལས་གཞན་དུ་རླུང་དབུ་མར་མ་ཁེགས་པའི་འཛག་བདེའི་འདོད་ཆགས་དང་ལྡན་པའི་སེམས་ཀྱི་དབང་གིས་ནམ་ཡང་དུས་ཀྱི་ཕོ་ཉ་མོས་མཆོག་སྟེར་བ་མ་ཡིན་ཏེ་འཆི་བ་སྟེར་བར་བྱེད་པ་ཡིན་ནོ། །དེ་ནས་ཟླ་ཉི་ལ་སྒྲ་གཅན་འཇུག་པ་གསུངས་པ། ཉི་མ་ཡི་རྐང་པ་རོ་དུས་རི་བོང་ཅན་ཏེ་བཅུ་གཅིག་དང་ནི་ཟླ་བའི་རྐང་པ་མདའ་དབང་འབྱུང་མཚོ་མེ་མིག་གཟུགས་ཅེས་པ་

p. 825

ཉེར་ལྔའོ། །དེ་གཉིས་གཅིག་ཏུ་བསྡོམ་པ་སུམ་ཅུ་རྩ་དྲུག་རྣམས་ལ་ཉི་ཟླ་གཉིས་ཀའི་སྔ་ཕྱི་རིམ་རིམ་མིན་བཞི་བཞིར་བགྲོད་པའི་དབང་གིས་སྲིད་པས་ཞེས་པ་བརྒྱད་ཀྱིས་བསྣུན་པ་ཉིས་བརྒྱ་དང་གྱ་བརྒྱད་རྣམས་དུས་སྦྱོར་ཡན་ལག་བཅུ་གཉིས་རྣམས་ཀྱིས་བགོས་པ་ལས་ཉེར་བཞི་ཐོབ་པ་ནི་ཟླ་བའི་རྐང་པའོ། །ལྷག་མའི་རྐང་པ་ཉེར་ལྔ་པ་དེ་ནི་སྒྲ་གཅན་འཇུག་པ་ལ་ཡང་མཇུག་རིངས་ཏེ་དུས་ཀྱི་མེས་ཟའོ། །དེ་ནི་ནང་དུ་དབང་པོ་དྲུག་ལས་ཡིད་དབང་དང་། ཁམས་དྲུག་ལས་ཡེ་ཤེས་ཁུ་བའི་ཁམས་ཀྱི་རྐང་བ་སྟོང་པའི་ཡན་ལག་གང་ཡིན་པའོ། །ཐུན་མཚམས་བཞི་པོ་ཀུན་དང་ཐུན་ཚོད་བརྒྱད་པོ་དག་དང་ཉིན་ཞག་སོ་སོའི་དུས་སུ་གྱུར་པ་རྣམས་ནི་སྲོག་ཆགས་རྣམས་ཀྱི་དུས་སྦྱོར་ཡན་ལག་བཅུ་གཉིས་སུ་གནས་པ་རྣམས་ཡིན་ལ། དུས་སྦྱོར་རེ་རེ་ལ་ནི་དབུགས་རྣམས་དག་ཀྱང་ཉིས་འགྱུར་དགུ་བརྒྱའི་སྲོ༷ག་སྟེ་སྟོང་དང་བརྒྱད་བརྒྱ་རེའི་གྲངས་རྣམས་འབབ་པར་དུས་སྦྱོར་ཡན་ལག་གཅིག་ཅེས་སུ་གསུངས་སོ། །དེ་ལྟར་ཕྱི་རོལ་ཏུ་ཟླ་བ་གཅིག་དང་དེ་ལ་དབྱུག་གུ་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་རྟེན་འབྲེལ་གྱི་ཡན་ལག་གཅིག་གོ། ཟླ་བ་གཉིས་དང་དབྱུག་གུ་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གིས་དུས་གཅིག་གོ། དེ་ལྟར་ཡན་ལག་གཉིས་ཀྱི་ཉིན་ཞག་དྲུག་ཅུ་རྣམས་ལ་དུས་གཅིག་ཏུ་བྱས་པའི་དུས་དྲུག་གིས་ལོ་གཅིག་རྫོགས་པའོ། །དེའི་ནང་དུ་དུས་གསུམ་དང་ཟླ་བ་དྲུག་གི་མཚམས་སུ་ཟླ་ཉི་སྒྲ་གཅན་གྱི་ལོངས་སྤྱོད་ཡུལ་གཅིག་ཏུ་ཚོགས་པར་འབྱུང་བའི་དབང་གིས་ཉི་ཟླ་ལ་སྒྲ་གཅན་འཇུག་གོ། དེ་ལྟར་ཡན་ལག་གཉིས་གཉིས་ཀྱི་ཞག་དྲུག་ཅུ་རྣམས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལན་ལྔ་འཁོར་བས་དེ་དག་གི་ཐོག་མའི་ཉིན་ཞག་གང་ཡིན་པའི་དབང་གིས་ཞག་དང་པོ་ལ་མ་རིག་པ་དང་གཉིས་པ་ལ་འདུ་བྱེད་སོགས་ནས་ཡན་ལག་བཅུ་གཉིས་པར་འཁོར་ཏེ་རྒ་ཤིའི་བར་དུ་རིམ་པར་འབྱུང་ཞིང་སླར་

p. 826

ཡང་མ་རིག་པ་ནས་སྔར་བཞིན་དུའོ། །དེ་ཕྱིར་དུས་གཅིག་ལ་སོགས་པས་ཡན་ལག་བཅུ་གཉིས་རྣམས་འཁོར་ཏེ་དཀར་པོའི་བཅུ་གཉིས་པས་ལན་དང་པོའོ། །གཞན་ལན་གཉིས་པ་ནི་ནག་པོའི་དགུ་པ་ཚེས་ཉེར་བཞི་ལའོ། །དེ་ནས་སྔར་བཞིན་ཡན་ལག་གང་ཡིན་དེ་རྣམས་རིམ་པས་སོ། །འདིར་གཞན་ཟེར་བ་ལྟར་ནའང་དེ་ལྟར་འབྲུ་མནན་པར་བྱ་སྟེ། རྟེན་འབྲེལ་བཅུ་གཉིས་པོ་ཞག་ལ་འཁོར་ཚུལ་ཙམ་ཡིན་ནོ། །དེ་ལྟར་དུས་དྲུག་གི་ནང་ཚན་དུས་གཅིག་གི་ཞག་དྲུག་ཅུ་ལ་རྟེན་འབྲེལ་བཅུ་གཉིས་སོ། །ས་ཆུ་མེ་རླུང་ནམ་མཁའི་རང་བཞིན་རྣམ་པ་ལྔ་པོ་རྣམས་ཀྱིས་དུས་སུ་ཡང་ནི་ཀུན་ནས་ཟླ་བ་གཉིས་གཉིས་དག་ལས་ལན་ལྔ་འཁོར་བ་རྫོགས་པར་འགྱུར་རོ། །དེ་ལྟར་ཟླ་བའི་ཕྱོགས་གཅིག་གི་དུས་ཡུན་ཐུང་བ་དང་ཟླ་བ་ནི་དེ་ལས་ཉིས་འགྱུར་གྱི་ཡུན་རིང་ཞིང་དུས་ནི་དེ་བས་ཉིས་འགྱུར་གྱི་ཤིན་ཏུ་རིང་པའོ། །འདིར་འདི་དག་གི་ས་བོན་གྱི་དབྱངས་ཐུང་རིང་ཤིན་ཏུ་རིང་པོ་ལ་ཡང་འཆད་པ་ཡོད་དོ། །ཕྱོགས་ནི་སྙིང་སྟོབས་ཀྱི་ཆོས་ཅན་དང་ཟླ་བ་ནི་རྡུལ་གྱི་ཆོས་ཅན་དང་། དུས་ནི་མུན་པའི་ཆོས་ཅན་ནོ། །སྔར་ལེའུ་དང་པོར་བཟང་ངན་གྱི་འབྲས་བུ་འཆད་པའི་སླད་དུ་ཟླ་བ་སོ་སོ་ལ་རྟེན་འབྲེལ་འཆར་ཚུལ་ངེས་ཅན་དུ་གསུངས་ལ། འདིར་དེ་དང་དེའི་ངེས་པ་མེད་ཅིང་གཟས་བཟུང་ནས་དུས་གསུམ་ལ་ལན་བཅོ་ལྔ་འཁོར་བ་ཙམ་གྱི་དེ་ལྟར་ཐོབ་བོ་ཞེས་སྟོན་པས་དགོངས་པ་ཐ་དད་ལ་ལྟོས་པས་དེ་གཉིས་འགལ་མེད་དུ་ཤེས་པར་བྱ་ཞེས་བླ་མ་སྔ་མ་དག་གསུངས། གང་དུ་ཟླ་བའི་ཚེས་ཞག་གི་ཆ་གཅིག་ཉམས་པ་ཉིད་དུ་གྱུར་པ་ནི་ཉིན་ཞག་དྲུག་ཅུ་རེ་བཞིའི་མཚམས་སུ་ཟླ་བའི་ཡེ་ཤེས་ཆ་ཞག་རེ་རེ་ཟད་པ་སྟེ་ཟླ་བའི་ལོངས་སྤྱོད་ལ་ཆད་པའི་ཕྱིར་རོ། །དེ་ལྟར་ཆད་པ་དང་བཅས་པའི་དུས་གསུམ་པོ་རྫོགས་པའི་མཐའ་ཡི་རྗེས་ཐོག་དེ་མ་ཐག་པའི་དང་པོའི་ཟླ་བ་དེ་ཉིད་ཁོ་ན་ལ་ཉི་ཟླ་ལ་སྒྲ་གཅན་འཇུག་གི་དུས་གཞན་

p. 827

དུ་ནི་མ་ཡིན་ནོ་ཞེས་པའོ། །འགྲེལ་བར་ཟླ་བ་གཉིས་པོ་དག་ལས་ཟླ་བ་གསུམ་པའི་དང་པོ་ཁོ་ན་ལའོ། །ཞེས་འགྱུར་མི་བདེ་བས། ཟླ་བ་གཉིས་པོ་དག་ལས་གསུམ་པའི་དང་པོའི་ཟླ་བ་དེ་ཁོ་ན་ཉིད་ལའོ། །ཞེས་པའི་དོན་ཏེ་རྭ་འགྱུར་ལས་ཟླ་བ་གཉིས་པ་རྣམས་ཀྱི་གསུམ་གྱི་དང་པོ་ཞེས་འདོན་ཏོ་ཞེས་སྔ་མ་རྣམས་གསུངས་སོ། །དེ་ལྟར་ན་ཟླ་བ་དྲུག་དང་དུས་གསུམ་གྱིས་ནི་ཉི་ཟླ་གཟའ་སྒྲ་གཅན་གྱིས་འཛིན་པར་འགྱུར་ཏེ། རྟེན་ཅིང་འབྲེལ་བའི་ཡན་ལག་བཅུ་གཉིས་ཀྱིས་ཕྱེ་བའི་དུས་ཀྱི་མཚམས་དེར་འཇུག་གོ། དེ་ཡང་དུས་གསུམ་ནི་རིམ་པར་དང་པོ་སྙིང་སྟོབས་དང་གཉིས་པ་རྡུལ་གསུམ་པ་མུན་པའི་ཆོས་ཅན་ཡིན་པས་མུན་པའི་མཐར་འཇུག་ཅིང་། ཟླ་བ་དྲུག་ནི་ཁམས་དྲུག་གི་དབྱེ་བས་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པ་ཟླ་བ་དྲུག་པའོ། །དེ་ལྟར་དུས་གསུམ་གྱི་མཐའི་ཟླ་བ་དྲུག་པ་ལ་ཟླ་བ་འཛིན་ཅིང་ཉི་མའི་དུས་ཀྱི་དབྱེ་བ་གང་ཞིག་ཉི་མའི་རྐང་པའི་བགྲོད་པའི་དབང་གིས་ཟླ་བའི་དབུས་སུ་རབ་ཏུ་ཞུགས་པ་ཉི་ཟླ་ཁ་སྦྱོར་བའི་དུས་གནམ་སྟོང་ལ་ཞུགས་པ་ན་ཉི་མ་འཛིན་ནོ། །དེ་ཡང་ཟླ་བ་དྲུག་ནི་རྟེན་འབྲེལ་རེག་པའི་ཡན་ལག་གི་དབུས་དེར་སྒྲ་གཅན་རྒྱུ་བ་དེ་ཉིད་དང་ལྡན་པ་ཅན་གྱིས་ནི་ཟླ་བ་དང་ཉི་མ་དག་གི་རྐང་པ་ཡི་ལོངས་སྤྱོད་དེ་ཉིད་འཛིན་ནོ། །ཉི་མ་འཛིན་པ་ལ་ཉིན་མོའི་དུས་དང་ཟླ་བ་འཛིན་པ་ལ་མཚན་མོའི་དུས་སུ་འགྱུར་ན་གཟས་ཟིན་པ་གླིང་འདི་པ་རྣམས་ཀྱི་དངོས་སུ་མཐོང་བ་ཡིན་ལ། དེ་ཡི་དུས་སུ་སྒྲ་གཅན་དག་གིས་བལྟས་པའི་སྨན་རྣམས་གང་ཡིན་དེ་དག་གྲུབ་པ་སྟེར་བར་འགྱུར་བ་ཡིན་པས། དངོས་གྲུབ་ཀྱི་རྫས་བསྒྲུབ་པ་རྣམས་དུས་འདི་དང་བསྟུན་པར་བྱའོ། །དུས་དེར་སྒྲ་གཅན་གྱིས་བལྟས་པའི་ཕྱོགས་ནས་ཤིང་ལ་མཚོན་གྱིས་བསྣུན་པ་ན་འབྲས་བུ་སྨིན་པར་འགྱུར་བས་དེ་ལྟར་ཤེས་པར་བྱའོ། །འདིར་གཟའ་འཛིན་གྱི་དུས་བརྟག་པའི་མན་ངག་ནི། ཟླ་བ་སོ་སོའི་བྱེད་རྩིས་

p. 828

ལྟར་གྱི་ཉ་སྟོང་གི་ཉི་མའི་ལོངས་སྤྱོད་དག་པ་ལ། སྐར་གནས་སུ་གཉིས་དང་ཆུ་ཚོད་ལ་བཅུ་གཅིག་རེ་བྱིན་པས་ཟླ་བ་དྲུག་ལ་སྐར་མ་བཅུ་གཉིས་དང་ཆུ་ཚོད་དྲུག་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ཡང་ཁྱིམ་ཟླ་གཉིས་ལ་ཟླ་བའི་ཡེ་ཤེས་ཆ་རགས་པ་ཚེས་ཞག་རེ་ཆད་ཅིང་། དེ་བསགས་པས་ཟླ་བ་དྲུག་ན་ཚེས་ཀྱི་ཉིན་ཞག་གསུམ་ཆད་པ་བཞིན་དུ་ལྷོ་བགྲོད་ལ་འཛིན་ཆ་དེའི་བག་ཙམ་ཆད་པས་དེའི་བུ་ལོན་ལྷོ་བགྲོད་ལ་ཉི་མ་འཛིན་པའི་ཚེ་ཉིན་ཞག་གསུམ་གྱི་ཆུ་ཚོད་བཅུ་གསུམ་གྱིས་དྲུག་ཅུ་རྩ་དྲུག་ལ་ཕྲི་བས་ལྷག་ཆུ་ཚོད་ང་གསུམ་མོ། །བྱང་བགྲོད་ཀྱི་ཚེས་སྔ་མའི་ཞག་གསུམ་པོའི་ཆ་ཙམ་ཞིག་ལྷག་པས་དེའི་ལོངས་སྤྱོད་སྣོན་དགོས་པས་ན། ཉི་མ་སྒྲ་གཅན་གྱིས་འཛིན་པའི་གནམ་སྟོང་གི་ལོངས་སྤྱོད་ཉི་བར་ལ་ཉི་རྐང་གི་ལོངས་སྤྱོད་ཆུ་ཚོད་བཅུ་གསུམ་པོ་སྦྱིན་པར་བྱ་ཞིང་། ལྷོ་བགྲོད་ལ་དོར་བར་བྱའོ། །འདི་དག་བྱེད་པ་ལོ་འཕོ་ལ་དཔགས་ནས་ཤེས་སོ། །དེ་ནས་སྒྲ་གཅན་གྱི་ཞག་རེ་ཆུ་སྲང་བཅོ་ལྔ་སྤྱོད་པའི་དབང་དུ་བྱས་ནས་ཟླ་བ་དྲུག་ན་ཆུ་ཚོད་བཞི་བཅུ་རྩ་ལྔར་ལོངས་ཤིང་ལུགས་ལྡོག་ཏུ་སྤྱོད་པས་སྒྲ་གཅན་གྱི་ལོངས་སྤྱོད་བུལ་བ་ལ་ཆུ་ཚོད་ཞེ་ལྔས་དམན་པར་བྱས་ནས་ལྷག་མས་ཉི་སྐར་གྱི་ལོངས་སྤྱོད་ལ་སྦྱང་བར་བྱའོ། །སྦྱང་བས་ལྷག་མེད་དུ་དག་པར་གྱུར་ན་ཉི་མ་རིལ་པོར་འཛིན་ནོ། །ཞེས་སོགས་ཁམས་ལེར་བསྟན་པ་ལྟར་རོ། །འདིར་ལྷོ་བགྲོད་ལ་ཞག་གསུམ་ཆད་ཅིང་བྱང་བགྲོད་ལ་དངོས་སུ་ལྷག་པ་མི་སྲིད་ཀྱང་བྱང་བགྲོད་དུས་འཛིན་ཆ་ཆེ་ཞིང་ལྷོ་བགྲོད་དུས་ཆུང་བ་མངོན་སུམ་གྲུབ་པས་ཆུ་ཚོད་བཅུ་གསུམ་གྱི་སྣོན་འབྲིད་འདི་མན་ངག་ཞིག་ཡིན་པར་ངེས་སོ་སྙམ་ལ་འདི་ལ་བརྟེན་ན་གཟའ་འཛིན་གྱི་གནད་ཞིག་ཤེས་རྒྱུ་ཡོད་པ་འདྲ། ཁ་ཅིག་གིས་འདི་ལྷོ་གླིང་དབུས་མའི་དབང་དུ་བྱས་པས་འདིའི་རི་མོས་གླིང་འདིར་ཇི་བཞིན་མི་རྟོགས་པར་གྲུབ་ཅེས་ཟེར་ཀྱང་། སྣོན་འབྲིད་འདི་ལ་གནད་གཅིག་ངེས་པར་སྣང་བ་ཁོ་བོས་རྟོགས་སོ། །སྔ་མར་སྒྲ་གཅན་གདོང་

p. 829

གིས་བཟུང་བ་ཡིན་ན། དེའི་འཛིན་ཐེབ་རྗེས་མ་ལ་མཇུག་གི་ལོངས་སྤྱོད་ཀྱིས་འཛིན་པར་འགྱུར་རོ། །དེ་བཞིན་དུ་ཟླ་བ་ནི་ཉ་ལ་འཛིན་པའོ། །ཕྱི་རོལ་པ་ཉི་ཟླ་འཛིན་པ་ཇི་ལྟ་བ་དེ་བཞིན་དུ་ཉིན་ཞག་སོ་སོར་དུས་སྦྱོར་དྲུག་པ་ལ་ཉི་ཟླ་སྒྲ་གཅན་གྱིས་འཛིན་པ་རིག་པར་བྱའོ་ཞེས་པ་ནི། ནང་གི་རྩ་ང་ཐིག་ལེའི་གནས་ཚུལ་ཇི་ལྟ་བ་བཞིན་མངོན་སུམ་མཐོང་བའི་རྣལ་འབྱོར་པ་རྣམས་ཀྱི་དབང་དུ་བྱས་པ་ཡིན་གྱི། རྣལ་འབྱོར་མེད་པ་ཐ་མལ་གྱི་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་པས་དེ་ནི་བསྟན་བཅོས་ཀྱི་སྒོ་ནས་ནི་བརྗོད་པར་མི་ནུས་སོ། །ད་ནི་གཟའ་རྣམས་ཀྱི་ཞིང་དང་དེ་དག་ལས་སོ་སོ་ལ་བསྔགས་པའི་དུས་ཡིན་པར་གསུངས་པ། ས་སྐྱེས་མིག་དམར་དང་ཁུ་བ་པ་སངས་དང་གཟའ་ལག་དང་ཟླ་བ་དང་ཉི་མ་དང་གཟའ་ལག་དང་པ་སངས་དང་ས་སྐྱེས་དང་སྔགས་པ་ཕུར་བུ་དང་ཉི་སྐྱེས་སྤེན་པ་དང་སླར་ཡང་སྤེན་པ་དང་སྔགས་པ་ཕུར་བུ་རྣམས་ལུག་ལ་སོགས་པའི་ཁྱིམ་བཅུ་གཉིས་ལ་རིམ་པར་བདག་པོ་སྟེ་ཉིན་ཞག་སོ་སོའི་དུས་སུ་འཆར་བའི་དུས་སྦྱོར་འདི་དག་ལ་ཞིང་ཅན་ནམ་ཞིང་བདག་ནི་འདི་རྣམས་ཏེ་དུས་ཀུན་ཏུ་རང་གི་ཞིང་དེ་ལ་ལོངས་སྤྱོད་པའམ་བདག་པོར་གྱུར་པའོ། །དོན་དྲིལ་ན་སེང་གེའི་ཁྱིམ་གྱི་ཞིང་བདག་ནི་ཉི་མའོ། །ཀརྐ་ཊའི་བདག་པོ་ཟླ་བའོ། །ལུག་དང་སྡིག་པའི་ཞིང་བདག་མིག་དམར། དེ་བཞིན་དུ་འཁྲིག་པ་དང་བུ་མོའི་ལྷག་པ། གཞུ་དང་ཉ་ཡི་ཕུར་བུ། གླང་དང་སྲང་གི་པ་སངས་དང་། ཆུ་སྲིན་དང་བུམ་པའི་ཞིང་བདག་སྤེན་པའོ། །འདིར་ཞི་བའི་ལས་ལ་ཟླ་ཉིའི་ཁྱིམ་སྟེ་ཞེས་པ་ཀར་སེང་གཉིས་འཆར་བའི་དུས་སྦྱོར་མཆོག་གོ། དེ་བཞིན་གཟའ་ལག་དང་པ་སངས་དང་ས་སྐྱེས་དང་།སྔགས་པ་དང་ཉི་སྐྱེས་ཀྱི་ཁྱིམ་ནི་རིམ་བཞིན་དུ་རྒྱས་པ་དང་དབང་དང་དགུག་པ་དང་འབྲལ་བ་སྟེ་དབྱེ་ཞིང་བསྐྲད་པ་དང་གསད་པ་ཡི་ལས་དག་ལ་རབ་ཏུ་བསྔགས་པར་འགྱུར་ཏེ་གལ་ཏེ་ཞིང་བདག་གི་གཟའ་རང་རང་གི་ཞིང་འདིར་ནི་དེའི་སྐར་མའི་ཆུ་ཚོད་ལ་གནས་

p. 830

པའི་ཞིང་ཅན་དུ་གྱུར་ནའོ། །ཞེས་པ་ཀརྚའི་ཁྱིམ་དུ་ཟླ་བ་ཞུགས་པའི་དུས་སུ་ཞི་བ་བསྒྲུབ་ན་འགྲུབ་པ་དང་། འཁྲིག་པ་དང་བུ་མོ་གང་རུང་གི་ཁྱིམ་དུ་གཟའ་ལག་གནས་ཚེ་རྒྱས་པའི་ལས་འགྲུབ་པ་ལྟ་བུའོ། །རང་གི་ཞིང་ཅན་ནམ་ཞིང་བདག་གི་གཟའ་ཁྱིམ་དེར་མེད་ཅིང་གཟའ་གཞན་ཞུགས་པའམ་བྱིན་གྱིས་བརླབས་པའི་ཁྱིམ་ནི་སྔར་བརྗོད་པ་ལྟར་སོ་སོའི་ལས་ཀྱི་འབྲས་བུ་ཞི་སོགས་སྟེར་བར་མི་འགྱུར་རོ་ཞེས་པ་ངེས་པའོ། །ད་ནི་བཅོམ་ལྡན་འདས་ཀྱི་ཞལ་གྱི་དབྱེ་བས་ཞི་སོགས་གསུངས་པ། ཞི་བ་ལ་བཅོམ་ལྡན་འདས་ཀྱི་བྱང་གི་དཀར་པོའི་ཞལ་བསྔགས་པ་ཡིན་ཏེ། ཐུན་མཚམས་ནི་དང་པོར་ཞེས་ཉི་མ་ཤར་བ་ནས་ཞི་བའི་ཐུན་མཚམས་ཡང་དག་པར་རྒྱུ་བས་དུས་དེར་སྔར་བཤད་པ་བཞིན་ཞི་བའི་སྔགས་དང་བསམ་གཏན་ལ་སོགས་པ་རྣམས་ཀྱིས་ཐུན་ཚོད་གཅིག་ལ་གཙོ་བོར་སྒྲུབ་པར་བྱའོ། །རྒྱས་པ་ལ་ནི་དཀར་དང་གསེར་མཚུངས་ཞེས་པ་བྱང་གི་ཞལ་དཀར་པོ་དང་། ནུབ་ཀྱི་ཞལ་གསེར་དང་མཚུངས་པ་ཕྱེད་ཕྱེད་ནི་འདྲེས་པ་དེས་རྒྱས་པ་བསྒྲུབ་པར་བྱ་ལ་ཐུན་ཚོད་ནི་ལག་པ་ལས་ཞེས་པ་དུས་འཁོར་བའི་དབང་གིས་ཐུན་ཚོད་གཉིས་པ་ལ་བསྒྲུབ་པར་བྱའོ། །རེངས་པ་ནི་རྒྱབ་ཞལ་སེར་པོ་ལ་བརྟེན་ནས་གཙོ་བོར་བསྒྲུབ་པ་སྟེ་ཉི་མ་གུང་ནས་ཐུན་ཚོད་གཅིག་ལ་བསྒྲུབ་པ་བྱ་དགོས་པས་མེ་ཡི་ཐུན་སྟེ་ཉིན་ལ་ཐུན་བཞིར་ཕྱེ་བའི་ཐུན་གསུམ་པ་ལའོ། །རྨོངས་པ་ཡི་ལས་སྒྲུབ་པ་ནི་རྒྱབ་ཞལ་གསེར་དང་མཚུངས་པ་དང་། གཡས་ཞལ་ཉི་མ་དང་མཚུངས་དམར་པོ་བསྲེས་པའི་ཞལ་གཙོ་བོར་བྱས་ནས་ཆུ་གཏེར་ལ་སྟེ་ཞེས་པ་ཐུན་བཞི་པ་ཕྱི་ཐུན་ཐ་མ་ལའོ། །དགུག་པ་ལ་ཞལ་དམར་པོ་གཙོ་བོར་འགྱུར་ཏེ་མཚན་གྱི་ཐུན་དང་པོ་ཞག་གཅིག་གི་ཐུན་ལྔ་པ་དག་ལས་འགྲུབ་པར་འགྱུར་ཏེ་དབང་ལ་ཉི་མ་དང་མཚུངས་ཞལ་དམར་པོ་དང་ཆུ་གཏེར་དང་མཚུངས་པ་ནག་པོའི་ཞལ་བསྲེས་པ་གཙོ་བོར་བྱས་ཏེ་དྲུག་པའི་ཐུན་ལའོ། །གསད་པ་ལ་ནག་

p. 831

པོའི་ཞལ་ཏེ་ཐུན་རི་བོ་སྟེ་བདུན་པ་ལའོ། །བསྐྲད་པ་ལ་གནག་དང་དཀར་བའི་ཞལ་བསྲེས་པ་ཕྱེད་གཟུགས་ཀྱི་རྣམ་པས་བྱ་སྟེ་འདིར་ཐུན་ཚོད་ནི་སྦྲུལ་ཞེས་བརྒྱད་པ་ལ་སྟེ་མཚན་མོའི་མཐར་གྱུར་པ་ཐུན་ཐ་མའོ། །ཉི་མའི་འོད་མདངས་ཤར་བ་ནམ་མ་ལངས་པའི་བར་དུའོ། །དེ་ལྟར་གང་གི་ཚེ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཐུན་ཚོད་འཁོར་བའི་དབྱེ་བས་ཞལ་བརྒྱད་པ་ཡིན་པ་དེའི་ཚེ། ཐུན་མཚམས་བཞིའི་དབྱེ་བས་ཞབས་བཞི་དང་། ཐུན་ཕྱེད་ཀྱི་དབྱེ་བས་ཕྱག་བཅུ་དྲུག་ཏུ་འགྱུར་རོ་ཞེས་གྲུབ་བོ། །དེ་ལྟར་ཕྱག་བཅུ་དྲུག་གི་དབྱེ་བས་ཉིན་མོ་ལ་ལས་བརྒྱད་པོ་རྣམས་དང་མཚན་མོ་ལ་ཡང་ལས་བརྒྱད་རྣམས་བྱ་སྟེ་འདི་ནི་ཐུན་ཕྱེད་ཀྱི་དབྱེ་བ་ལས་སོ་ཞེས་པ་ནི་ངེས་པའོ། །ཡང་ཐུན་མཚམས་བཞིའི་དབྱེ་བ་ལས་ལས་བཞི་སྟེ། སྔ་དྲོའི་ཐུན་མཚམས་སྟེ་ནམ་ལངས་པ་ལ་ཞི་བ་དང་ཉི་མ་གུང་ལ་རེངས་པ་དང་། ཉི་མ་ནུབ་པ་ལ་དགུག་པ་དང་། མཚན་མོ་ཕྱེད་ལ་གསད་པའོ། །འདིར་ཞལ་བརྒྱད་པའི་ཤེས་རབ་མ་ནི་ཕྱག་གཉིས་མ་སྟེ། སྔ་དྲོ་དང་ཕྱི་དྲོའི་ཐུན་མཚམས་ནི་ཞབས་གཉིས་སོ། །ཉི་མ་གུང་དང་མཚན་མོ་ཕྱེད་ནི་ཕྱག་གཉིས་སོ་ཉིན་མཚན་མཐའ་དག་ནི་ཞལ་གཅིག་པ་མའོ་ཞེས་པ་ལས་བསྒྲུབ་པ་ལ་བསྒོམ་པའི་ངེས་པའོ། །ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་ལྔ་དང་རི་བོང་ཅན་ཟླ་བ་གཡོན་རྒྱུ་དང་ཉི་མ་གཡས་རྒྱུ་དང་ལྷ་སྟེ་སྒྲ་གཅན་དབུས་རྒྱུ་འདི་རྣམས་སྲོག་ཆགས་རྣམས་ཀྱི་སྲོག་གམ་འཚོ་བ་པ་ནི་ལོངས་སྤྱོད་པར་བྱེད་པ་པོ་མིན་ཏེ་བྱེད་པ་པོས་དབེན་བཞིན་རྒྱུ་འབྲས་སུ་རྒྱུན་འབྱུང་བས་སོ། །ས་སོགས་འདི་རྣམས་ཀྱི་སྒོ་ནས་སྐྱེས་བུའི་འཚོ་བའི་སྲོ༷ག་ལ་ནི་ལོངས་སྤྱོད་པ་པོ་ཡི་རྒྱུ་ཡང་དགེ་བ་དང་མི་དགེ་བ་དག་གི་འབྲས་བུའི་དབང་གིས་ཡིན་ཏེ་རྒྱུ་གཞན་གྱིས་མིན་ན་ཡང་མི་ཤེས་པའི་བྱིས་པ་རྣམས་ཀྱིས་བདག་ནི་ས་སོགས་འདི་རྣམས་ལ་ལོངས་སྤྱོད་པ་པོ་སྙམ་དུ་སེམས་པར་བྱེད་ཅིང་ཟག་བཅས་ཀྱི་སྲེད་པ་གང་ཞིག་སྡུག་བསྔལ་

p. 832

ལ་བདེ་བར་ཞེན་ཅིང་རྗེས་སུ་ཆགས་པ་འབྱུང་པོའམ་སྐྱེ་བོའི་ཚོགས་ཀྱིས་ནི་ས་སོགས་དང་རླུང་གི་རྒྱུ་བའི་བདག་པོ་ཕྱི་རོལ་གྱི་གཟའ་དང་ལག་འགྲོ་ཀླུ་དང་ལྷ་རྣམས་དག་ལ་བདེ་བ་དང་ཐར་པའི་འབྲས་བུ་སྟེར་བར་རེ་ཞིང་དོན་དུ་གཉེར་བར་བྱེད་ཀྱི་གང་གི་དྲིན་གྱིས་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་པར་རབ་ཏུ་འགྱུར་བ། རང་གི་ལུས་ཀྱི་རླུང་དབུ་མར་ཞུགས་པ་རྣམ་པར་མི་རྟོག་པའི་ཡིད་ཀྱིས་སྡུག་བསྔལ་མཐའ་དག་ཞི་བ་དེ་ནི་བྱེད་པ་མ་ཡིན་པ་ཤིན་ཏུ་རྨོངས་པ་ཡིན་ནོ། །ཞེས་སོ། །དེ་ནས་རྩ་བ་དབུ་མའི་རྩ་དང་ང་ལས་རྩ་དང་རླུང་གཞན་རྣམས་འཕེལ་འགྲིབ་ཏུ་འགྱུར་ཚུལ་གསུངས་པ། འདིར་བྱིས་པ་སྐྱེས་མ་ཐག་གི་དང་པོའི་དབུགས་འབྱུང་བ་ནི་རྡུལ་སོགས་ཉི་ཟླའི་ཡོན་ཏན་བརྒྱད་མེད་པའི་བདག་ཉིད་དོ། །འདི་ལ་བྱིས་པ་སྐྱེས་མ་ཐག་ཏུ་དབུ་མའི་དབུགས་རླུང་དྲུག་རྐང་བཅས་བབ་ནས་དེ་ཡི་རྗེས་ཐོག་དེ་མ་ཐག་པའི་དབུགས་དང་པོ་འདི་ཡེ་ཤེས་ཀྱི་རླུང་དང་འབྲེལ་པས་ཉི་ཟླའི་ཡོན་ཏན་མེད་ཅིང་ས་སོགས་ཀྱི་དཀྱིལ་འཁོར་ལ་མ་ཞུགས་པའི་ཕྱིར་ཞེས་འཆད་པ་ཡོད་ཀྱང་བརྟག་གོ། འདིར་དང་པོའི་དབུགས་ཞེས་པ་ཡེ་རླུང་ངམ་རྐང་པའི་ཆ་ལ་བྱེད་དམ་སྙམ་སྟེ་བརྟག་པར་བྱའོ། །རྣམ་གསུམ་ཡོན་ཏན་དབང་གིས་དེ་ཡང་གསུམ་གྲངས་འགྱུར་ཞེས་པ་དང་པོ་དེའི་རྗེས་ཀྱི་དབུགས་གཉིས་པ་སྙིང་སྟོབས་ཀྱི་ཡོན་ཏན་དང་། གསུམ་པ་རྡུལ་གྱི་དང་། བཞི་པ་མུན་པའི་ཡོན་ཏན་ཅན་དུ་འགྱུར་རོ། །དབུགས་དེ་གསུམ་གྱི་གྲངས་སུ་སྔ་མ་ཡོན་ཏན་མེད་པ་མི་གཟུང་སྟེ་སྔ་མ་དེ་དང་ལྷན་ཅིག་དབུགས་གསུམ་དུ་བགྲང་བར་བྱ་སྟེ་དབུགས་དང་པོ་དེ་ནི་ཕྱི་མ་གསུམ་ལ་ཁྱབ་བྱེད་ཡིན་ནོ་ཞེས་དེ་ལྟར་ཡོན་ཏན་ཅན་གྱི་དབུགས་དེ་ཡང་ཐོག་མར་གསུམ་གྱི་གྲངས་སུ་འགྱུར་རོ། །དེ་ནས་ཡོན་ཏན་ཅན་གྱི་དབུགས་དེ་ཡང་ཡུལ་གྱི་ཡོན་ཏན་ལྔས་དབྱེ་བའི་དབང་གིས་རེ་རེའང་ལྔ་ལྔ་སྟེ་ཚེས་ཞེས་བྱ་བ་བཅོ་ལྔར་འགྱུར་

p. 833

ཏེ། བཅོ་ལྔ་དེ་རྣམས་སླར་ཡང་ལུས་ངག་སེམས་ཀྱི་དབྱེ་བས་སུམ་འགྱུར་དུ་བྱས་པ་ནི་འབྱུང་བ་ཆུ་གཏེར་གྲངས་ཏེ་བཞི་བཅུ་རྩ་ལྔར་འགྱུར་རོ། །སླར་ཡང་དེ་ནས་ཉི་ཟླའི་སྔ་ཕྱིའི་རྐང་པ་རིམ་དང་རིམ་མིན་དུ་རྒྱུ་བའི་འགྲོས་བཞིའི་དབྱེ་བ་རྣམས་ཀྱིས་ཞེ་ལྔ་པོ་བསྣུན་པ་དེ་དག་རྣམས་ནི་ཆུ་ཚོད་ཕྱེད་ཀྱི་དབུགས་ཀྱི་གྲངས་བརྒྱ་དང་བརྒྱད་ཅུ་རྣམས་སུ་འཕེལ་བ་དག་སྟེ། སླར་ཡང་ཐབས་ཤེས་ཀྱི་དབྱེ་བས་བསྒྱུར་བས་ཉིས་འགྱུར་དུ་བྱས་པ་ནི་དབུགས་སུམ་བརྒྱ་དང་དྲུག་ཅུར་འཕེལ་བ་ནི་ཆུ་ཚོད་གཅིག་གི་དབུགས་ཀྱི་གྲངས་རྣམས་སོ། །ཆུ་ཚོད་གཅིག་པོའི་དབུགས་དེ་ནི་བྱིས་པ་དེའི་གཡོན་ནམ་གཡས་གང་རུང་ནས་དཀྱིལ་འཁོར་གཅིག་གི་དབུགས་འབབ་པར་བྱེད་པའོ། །དེ་ནས་དཀྱིལ་འཁོར་གཉིས་པ་དང་གསུམ་པ་དང་ཆུ་གཏེར་ཏེ་བཞི་པ་དང་མདའ་སྟེ་ལྔ་པ་དང་། དེ་བཞིན་དུ་དུས་ཏེ་དྲུག་པ་དང་རི་སྟེ་བདུན་པ་དང་བརྒྱད་པ་དང་གཟའ་སྟེ་དགུ་པ་དང་བཅུ་པ་སྟེ་གཡས་དང་གཡོན་གྱི་འབྱུང་བའི་དཀྱིལ་འཁོར་ལྔ་སྐྱེད་སྡུད་ཀྱི་རིམ་པས་འབབ་པའི་དབུགས་རྣམས་ཀྱིས་ནི་དུས་ཀྱི་རྩ་དབུ་མ་ལས་རྩ་འདབ་རྣམས་སུ་དབུགས་རྒྱུ་བ་འདི་འཕེལ་བ་སྟེ། གཡོན་དང་གཡས་སུ་དུས་སྦྱོར་རེ་རེའི་རྗེས་སུ་རེས་མོས་སུ་འཕོ་ཞིང་རྒྱུ་བའི་དབུགས་ཉིན་ཞག་གཅིག་ལ་དཀྱིལ་འཁོར་གྱི་ཆུ་ཚོད་དྲུག་ཅུ་ཐམ་པར་རྒྱུ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་ཀྱི་བར་དུ་འཕེལ་བར་བྱེད་དོ། །མཚམས་དེ་ནས་ཀ་སོགས་སྟེ་པ་ཡི་རབ་དབྱེ་རྣམས་ཀྱིས་ཞེས་པ་སྔར་ཚིགས་བཅད་སོ་དྲུག་པའི་འགྲེལ་བར་བརྗོད་པའི་ས་བོན་ཀ་སོགས་སྡེ་པ་དབྱངས་དང་བཅས་པ་རྣམས་དང་། ཆུ་སྲིན་ལ་སོགས་པའི་དུས་སྦྱོར་སྔར་བརྗོད་པ་དང་། ཕྱོགས་དང་ཉིན་ཞག་གི་དབྱེ་བ་རྣམས་ཀྱིས་རོ་རྐྱང་རྣམ་པ་གཉིས་ཀྱི་ལམ་ལ་གནས་པའམ་ཁ་ཅིག་སྟེང་འོག་གཉིས་ཞེས་གསུངས། རླུང་རྒྱུ་བའི་དུས་ཀྱི་རྩ་ནི་འཇིག་རྟེན་གསུམ་སྟེ་ལ་ལ་ནཱ་དང་ར་ས་ནཱ་དང་

p. 834

ཨ་བ་དྷཱུ་ཏིའི་རྩ་བ་ཅན་གྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལུས་ངག་ཡིད་གསུམ་མམ་འདོད་པ་སོགས་འཇིག་རྟེན་གསུམ་གྱི་གྲོང་ཁྱེར་རྣམས་ཀུན་ནས་རླུང་གིས་གང་བར་བྱེད་དོ། །དེ་ལས་བདེ་མཉམ་གྱི་འབྲས་བུ་སྟེར་བ་ནི་ཟླ་བ་རྐྱང་མ་དང་ཉི་མ་རོ་མའི་ལམ་དུ་ང་རབ་ཏུ་རྒྱུ་བ་ལས་དཀྱིལ་འཁོར་བཅུའི་རླུང་དབུ་མར་འབབ་པ་ལས་སོ། །དབུགས་འབྱུང་བ་ལས་དུས་ཀྱི་རྩའི་དབྱེ་བའོ། །དེ་ནས་སྡེ་ཚན་གྱི་རྩ་འཕེལ་བ་གསུངས་པ། ཐོག་མར་མངལ་བཟུང་ནས་ལུས་ཀྱི་རྩ་ཡི་སྡེ་ཚན་གྱི་དབྱེ་བ་ལས་ལུས་རྫོགས་པའི་སླད་དུ་རྩ་འཕེལ་ཏེ། དེ་ཡང་རྩ་གཅིག་གི་སྡེ་ཚན་ནི་གཅིག་སྟེ་འཁོར་ལོ་དྲུག་གི་དབུས་སུ་དབུ་མ་གཅིག་པུའོ། །གཉིས་ཀྱི་སྡེ་ཚན་ནི་གཉིས་གཉིས་བཞི་སྟེ། གཙུག་ཏོར་གྱི་པདྨའི་རྩ་རྣམས་དང་ལྟེ་བར་ཟླུམ་སྐོར་དང་པོའོ། །གསུམ་གྱི་སྡེའི་གསུམ་གསུམ་དགུ་པ་སྟེ། དེ་ཡང་སྙིང་གའི་རྩ་བརྒྱད་དང་། ལྟེ་བའི་ཟླུམ་སྐོར་གཉིས་པའི་རྩ་བརྒྱད་ཀྱི་སྟེང་དུ་དགུ་པ་ནི་སྙིང་དང་ལྟེ་བའི་རྩ་འདབ་རེ་བཞིའི་ཕྱི་རོལ་ན་གནས་པའི་ཟླ་བའི་སྐྱེ་གནས་ཅན་རྐྱང་མས་དབུ་མ་ལ་བསྐོར་བའི་རྩའོ། །བཞིའི་སྡེ་ནི་བཅུ་དྲུག་སྟེ། དཔྲལ་བའི་བཅུ་དྲུག་དང་ལྟེ་བའི་འཁོར་ལོའི་ཁྱིམ་གྱི་ཟླུམ་སྐོར་གྱི་ཕྱི་རོལ་དུ་གནས་པའི་གཟའ་རྣམས་ཀྱི་སྐྱེ་གནས་ཀྱི་རྩ་བཅུ་དྲུག་གོ། ལྔའི་སྡེ་ཚན་ནི་ཉེར་ལྔ་སྟེ། དཔྲལ་བར་རྩ་བཅུ་དྲུག་གི་ཕྱི་རོལ་དུ་གནས་པའི་ཟླ་རྐང་ཉེར་ལྔའི་རྩ་རྣམས་སོ། །དྲུག་པའི་སྡེ་ཚན་ནི་སོ་དྲུག་སྟེ། དེ་རྣམས་ཀྱི་ནང་ནས་སོ་གཉིས་ནི་མགྲིན་པར་དང་བཞི་ནི་བཀྲ་ཤིས་གཟའ་ལག་ཕུར་བུ་པ་སངས་རྣམས་ཀྱི་སྐྱེ་གནས་ཀྱི་རྩ་བཞི་རྣམས་ཏེ་གང་དུ་ན་ལྟེ་བའི་ཟླུམ་སྐོར་གྱི་ཟླ་བའི་སྐྱེ་གནས་ཀྱི་ཆའི་ཕྱི་རོལ་དུའོ། །བདུན་གྱི་སྡེ་ཚན་ཞེ་དགུ་སྟེ། མགྲིན་པར་རྩ་སོ་གཉིས་ཀྱི་ཕྱི་རོལ་གྱི་ཟླུམ་སྐོར་གཉིས་པ་ལ་ཉི་མའི་ཁྱིམ་གྱི་རྐང་པའི་རྩ་བཞི་བཅུ་རྩ་བརྒྱད་དོ། །གཅིག་ནི་ཉི་མའི་སྐྱེ་བའི་གནས་རོ་མའི་ཆ་སྟེ་ལྟེ་

p. 835

བར་དབུ་མ་ལ་བསྐོར་བ་ཡང་ངོ་། །བརྒྱད་ཀྱི་སྡེ་ཚན་ནི་དྲུག་ཅུ་རྩ་བཞི་སྟེ་ལྟེ་བར་དཀྱིལ་འཁོར་དྲུག་ཅུ་འབབ་པ་དང་སྟོང་པའི་རྩ་བཞི་བཅས་པའོ། །དགུའི་སྡེ་ནི་བརྒྱད་ཅུ་རྩ་གཅིག་དང་། བཅུའི་སྡེ་ནི་བརྒྱ་སྟེ་དེ་ལས་གཅིག་ནི་དལ་བ་ཞེས་པ་སྤེན་པ་སྐྱེ་བའི་གནས་ཏེ་སྔ་མའི་རིགས་པས་ལྟེ་བའི་དབུ་མ་ལ་བསྐོར་བའི་རྩའོ། །ལྷག་མ་བརྒྱ་བརྒྱད་ཅུ་ནི་ཕྱི་རོལ་དུ་ཚིགས་ལ་གནས་པའི་རྡུལ་གྱི་ཆོས་ཅན་གྱི་རྩ་བརྒྱ་བརྒྱད་ཅུ་དང་། ནང་དུ་གནས་པ་ཁུ་བའི་ཆོས་ཅན་གྱི་དབྱེ་བས་བརྒྱ་བརྒྱད་ཅུ་བསྣན་པས་སུམ་བརྒྱ་དྲུག་ཅུ་ནི་ཚིགས་རྣམས་ལ་གནས་པའི་རྩ་སྟེ་སུམ་བརྒྱ་དྲུག་ཅུ་ལ་ཐབས་ཤེས་གཉིས་ཀྱིས་བགོས་པས་བརྒྱ་དང་བརྒྱད་ཅུ་ཐོབ་པོ། །གཟའི་སྐྱེ་གནས་ཀྱི་རྩ་ལྟེ་བའི་རྩ་འདབ་རེ་བཞིའི་ཕྱི་རོལ་དུ་འབྱུང་བ་ནི་ཕྱི་རོལ་དུ་རེས་གཟའ་རྣམས་ཞག་གི་ཆུ་ཚོད་དྲུག་ཅུ་ལ་དབང་བྱེད་པ་ལྟར་ནང་དུ་ཡང་དཀྱིལ་འཁོར་དྲུག་ཅུ་ལ་དབང་བྱེད་པས་སོ་ཞེས་སྔ་འགྲེལ་རྣམས་སུ་གསུངས་སོ། །མགྲིན་པའི་རྩའི་གྲངས་དེ་བཞིན་དུ་གསང་བའི་རྩ་སོ་གཉིས་དང་། དཔྲལ་བ་བཞིན་དུ་རྡོ་རྗེ་ལ་རྩ་བཅུ་དྲུག་གོ། གཙུག་ཏོར་བཞིན་དུ་རྡོ་རྗེ་ནོར་བུའི་རྩེ་མོར་རྩ་བཞི་བཅས་བསྡོམས་པས་སྡེ་ཚན་གྱི་རྩ་དྲུག་བརྒྱ་བཞི་བཅུ་རྩ་བཞིས་ལུས་ཀུན་ལ་ཁྱབ་པའོ། །ཇི་སྲིད་རིག་བྱེད་སྦྲུལ་དང་མེ་སྟེ་ཞེས་པ་ཉིན་ཞག་སུམ་བརྒྱ་དྲུག་ཅུའི་སྟེང་དུ་ཕྱོགས་ཉེར་བཞི་བསྣན་པས་སུམ་བརྒྱ་བརྒྱད་ཅུ་རྩ་བཞི་ཡིན་པས། དེ་ལྟར་ཕྱི་རོལ་དུ་དུས་ཀྱི་འཁོར་ལོའི་སྐུ་ཡི་དབྱེ་བས་སྐུ་རིལ་པོ་ལོ་གཅིག་དང་ཞབས་གཉིས་བགྲོད་པ་གཉིས། མགྲིན་པ་དུས་གསུམ། ཞལ་དུས་བཞི། ཕྲག་པ་དུས་དྲུག །དཔུང་པ་དུས་སྦྱོར་བཅུ་གཉིས་དང་ཕྱག་ཕྱོགས་ཉེར་བཞི་དང་། སོར་ཚིགས་ཉིན་ཞག་སུམ་བརྒྱ་དྲུག་ཅུ་དག་གི་དབྱེ་བས་ལུས་ལ་རྩའི་དབྱེ་བ་དེ་སྙེད་གྲུབ་བོ། །གཉིས་པ་ཀྱེ་རྡོ་རྗེ་ལྟ་བུའི་དུས་འཁོར་ལ་ནི་ཞབས་བཞི་ཐུན་མཚམས་

p. 836

བཞི་དང་། ཞལ་བརྒྱད་ཐུན་ཚོད་བརྒྱད་དང་། ཕྱག་བཅུ་དྲུག་ཐུན་ཕྱེད་བཅུ་དྲུག་ཉིད་དག་པའི་དབྱེ་བས་སོ་ཞེས་པ་ལྷའི་སྐུའི་ཞལ་ཕྱག་གི་དབྱེ་བས་རྩ་དག་པའི་ངེས་པའོ། །དེ་བཞིན་དུ་ཞལ་བརྒྱད་པའི་ཡུམ་བཅོམ་ལྡན་འདས་མ་ནི་ངེས་པར་ཉིན་ཞག་གཅིག་གི་དག་པས་ཞལ་གཅིག་མ་ཕྱག་ནི་གྲི༷་གུག་ཐོད་པ་ཅན་དུ་རབ་ཏུ་འགྱུར་ཏེ། ཉིན་མོ་དག་པ་གྲི་གུག་དང་མཚན་མོ་དག་པ་ཐོད་པའོ། །ད་ནི་ཁམས་བསྲུང་བའི་རྣམ་དག་གསུངས་པ། ཀ་སྡེ་ལ་སོགས་པའི་ཡི་གེའི་འཁོར་ལོ་ཡི་རྩ་བ་ནི་མདའ་དང་ཆུ་གཏེར་གྲངས་བཞི་བཅུ་རྩ་ལྔ་ནི་ཀ་སོགས་གསལ་བྱེད་སུམ་ཅུ་དང་ཨ་སོགས་དབྱངས་བཅོ་ལྔ་བསྡོམས་པའོ། །དེ་ཡང་གསལ་བྱེད་ལྔ་ཚན་རྣམས་ནི་ཟླ་བའི་ཡོན་ཏན་ཡུལ་ལྔ་དང་དབྱངས་བཅོ་ལྔ་པ་ཚན་གསུམ་ནི་ཉི་མའི་ཡོན་ཏན་གསུམ་གྱི་དབང་གིས་ཕྱེ་བ་སྟེ། ཇི་ལྟར་ན་དབྱངས་ཐུང་ངུ་ལྔ་དང་རིང་པོ་ལྔ་དང་ལྡན་པའི་རླུང་ལ་སོགས་པ་གསལ་བྱེད་སུམ་ཅུ་རྣམས་དང་། ཐིག་ལེ་དང་རྣམ་བཅད་བྲལ་བའི་དབྱངས་བདག་ཉིད་ཐུང་རིང་དང་དེ་ལ་ཐིག་ལེས་བརྒྱན་པ་དང་། རྣམ་བཅད་ཀྱིས་བརྒྱན་པར་བྱ་བའི་གཞི་ནི་དབྱངས་ཐུང་ངུ་བཅོ་ལྔ་སྟེ། དེ་ལྟར་ཡང་དབྱངས་ཐུང་རིང་བཅུ་པོ་ཀ་ནས་ས་ཡིག་གི་མཐར་ཐུག་པར་སྦྱར་པས་གསལ་བྱེད་ཀྱི་འཁོར་ལོ་རྩིབས་བཅུ་པ་སུམ་ཅུ་སྟེ་གསལ་བྱེད་ཡི་གེ་སོ་སོར་བརྩིས་ན་སུམ་བརྒྱར་འགྱུར་བ་དེ་དག་དབྱངས་ཐུང་རིང་རྣམ་གསལ་བྱེད་རྣམས་ཀྱི་སྲོག་ཏུ་ཞུགས་པས་དབྱངས་གསལ་ཕན་ཚུན་འདུས་པའོ། །དབྱངས་ནི་བསྒྱུར་བའི་ལ་ཡིག་ལ་སོགས་པ་ཨ་ཡིག་གི་མཐར་ཐུག་པ་ལྔ་ཚན་གསུམ་ལ་དབྱངས་རེ་རེ་ལ་ཡང་ཐུང་རིང་དང་དེ་གཉིས་ལ་ཐིག་ལེ་དང་ཚེག་དྲག་གི་ཕྱེ་བ་དྲུག་སྦྱོར་བས་དབྱངས་དགུ་བཅུའི་གྲངས་བཀོད་པའི་འཁོར་ལོ་རྩིབས་དྲུག་པ་བཅོ་ལྔ་རྣམས་སོ། །དེ་ལྟར་གསལ་བྱེད་དང་དབྱངས་ཀྱི་འཁོར་ལོ་རྩིབས་བཅུ་པ་སུམ་ཅུ་དང་རྩིབས་དྲུག་

p. 837

པ་བཅོ་ལྔ་པོ་དེ་དག་བསྡོམས་པས་མདའ་དང་ཆུ་གཏེར་གྲངས་ཞེས་པ་ནི་བཞི་བཅུ་རྩ་ལྔའི་གྲངས་ཀྱིས་ལས་ཀྱི་རླུང་དབུ་མར་འགོག་པ་ལས་ཡུལ་ལྔ་དང་ཡོན་ཏན་གསུམ་གྱི་རང་བཞིན་སྟོང་པ་མཐོང་བའི་དབང་གིས་སྐུ་གསུང་ཐུགས་ཀྱི་ཐིག་ལེ་འགོག་པའི་རབ་ཏུ་དབྱེ་བ་ཡིས། གཙོ་བོ་དུས་ཀྱི་འཁོར་ལོ་བདེ་བ་ཆེན་པོ་སྲུང་བར་བྱེད་དེ། ཇི་ལྟར་ན་མི་འགྱུར་བའི་བདེ་བ་རོ་མཉམ་པའི་འབྲས་བུ་སྟེར་བ་ཡུལ་ལྔ་དང་ཡོན་ཏན་གསུམ་གྱི་སྟོང་པའི་རང་བཞིན་དུ་བ་ལ་སོགས་ལྷ་མོ་བརྒྱད་དག་པའི་མཚན་མ་བརྒྱད་རྣམས་ཀྱིས་སོ། །འདི་སྐབས་གོང་འོག་ཏུ་འགྲེལ་པའི་འབྲུ་གནོན་དཀའ་བར་མཐོང་ནས་སྔ་འགྲེལ་རྣམས་དང་ཅུང་ཟད་མི་འདྲ་བའི་འདི་ལྟར་བཤད་པ་བདེ་བར་སེམས་སོ། །གོང་སྨྲོས་དེ་དག་གི་དོན་རྒྱས་པར་བཤད་པ་ལས་འདིར་གསལ་བྱེད་ཀྱི་འཁོར་ལོ་རྣམས་ལས་ཐོག་མར་ང་ཡིག་གི་འཁོར་ལོ་བརྗོད་པར་བྱ་སྟེ། དེ་ཉིད་ཕྱིའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱི་རོལ་མེ་ལྕེའི་ཕྲེང་བ་དང་། ནང་དུ་ལུས་ལ་བ་སྤུའི་རྩེ་མོ་ལ་འགོད་པར་བྱའོ། །དེ་ལ་སྟེང་དུ་ང་། ཤར་དུ་ངི་། ལྷོར་དྼྀ། བྱང་དུ་ངུ་ནུབ་ཀྱི་རྩིབས་ལ་ངླྀ་རླུང་དུ་ངླཱྀ ། དབང་ལྡན་དུ་ངཱུ་། བདེན་བྲལ་དུ་ངྼཱྀ། མེར་ངཱི་། ས་འོག་ཏུ་ངཱའོ། །དེ་ལྟར་ང་ཡིག་ལ་དབྱངས་ལྔ་ཐུང་ངུ་དང་རིང་པོས་ཕྱེ་བ་བཅུ་ནི་ཕྱོགས་བཅུར་འགོད་པར་བྱའོ། །དེ་བཞིན་དུ་གྷ་ག་ཁ་ཀ་རེ་རེ་ལ་ཡང་དབྱངས་བཅུས་ཕྱེ་བ་རྩིབས་བཅུ་ལ་བཀོད་པ་འདི་ཐམས་ཅད་བ་སྤུའི་ཁམས་ལའོ། །དེ་བཞིན་དུ་པགས་པ་དང་ཤ་ཡི་ཁམས་ལ་ཙ་སྡེ་དང་ཁྲག་ལ་ཊ་སྡེ། ཆུ་སེར་ལ་བ་སྡེ། རུས་པ་ལ་ཏ་སྡེ། རྐང་ལ་ས་སྡེ་སྟེ་འདི་ཐམས་ཅད་ལུགས་ལས་བཟློག་པ་གོང་གི་ཀ་སྡེས་མཚོན་ནས་ཤེས་པར་བྱ་སྟེ། བ་སྤུ་ནས་རྐང་གི་བར་ཁམས་བདུན་སྲུང་བའི་འཁོར་ལོ་རྣམས་རྩིབས་བཅུ་པ་སྟེ་ཁྱོན་བསྡོམ་ན་རྩིབས་བཅུ་པ་སུམ་ཅུའོ། །དེ་ནས་འཁོར་ལོ་རྩིབས་དྲུག་པ་རྣམས་ཏེ། ཤར་གྱི་རྩིབས་ལ་ལ་ཡིག་དང་། ལྷོར་ལཿ་

p. 838

བྱང་དུ་ལཾ། ནུབ་ཏུ་ལཱ། འོག་ཏུ་ལཱཿ སྟེང་དུ་ལཱཾ་སྟེ་སྲོག་ལ་སོགས་པའི་རྩ་རྣམས་ལའོ། །དེ་བཞིན་དུ་ཝ་ར་ཡ་ཧའོ། །དེ་བཞིན་དུ་རྡུལ་ལ། ཤར་དུ་ཨལ། ལྷོར་ཨལཿ བྱང་དུ་ཨཾལ། ནུབ་ཏུ་ཨཱལ། འོག་ཏུ་ཨཱལཿ སྟེང་དུ་ཨཱཾ་ལ། ཞེས་སོ། །དེ་བཞིན་ཨོ་ཨར་ཨེ་ཨའོ། །ཁུ་བའི་ཁམས་ལ་བསྲུང་བ་ནི། ཤར་དུ་ལྀ། ལྷོར་ལྀཿ བྱང་དུ་ལྀཾ། ནུབ་ཏུ་ལཱྀ། འོག་ཏུ་ལཱྀཾཿ སྟེང་དུ་ལཱྀཾ་སྟེ། དེ་བཞིན་ཨུ་རྀ་ཨི་ཨའོ། །དེ་ལྟར་དབྱངས་བཅོ་ལྔའི་རྩིབས་དྲུག་པའི་འཁོར་ལོ་བཅོ་ལྔའོ། །བ་སྤུ་ལ་སོགས་པ་ཁུ་བའི་མཐར་ཐུག་པ་ཞེས་ཁམས་བདུན་དང་རྩ་དང་རྡུལ་དང་ཁུ་བ་སྟེ་དེ་ལྟར་ཁམས་དགུ་པོ་རྣམས་བསྲུང་བར་བྱེད་པའི་ས་བོན་རྣམས་སོ། །དེ་ལྟར་སྲུང་བའི་འཁོར་ལོ་བཀོད་པས་བསྲུང་བྱ་དུས་ཀྱི་འཁོར་ལོ་ནི་རྡོ་རྗེ་ཟླ་བ་ཆེན་པོ་ཁུ་བའི་དབུས་སུ་ཀུན་གཞིའི་རྣམ་པར་ཤེས་པའི་ཁམས་ཞུགས་པ་ཐབས་ཀྱི་ཆ་སྟེ། དེ་ཉིད་ནི་དུ་བ་ལ་སོགས་པ་ཤེས་རབ་ཀྱི་ཆ་སྟོང་པ་ཉིད་ཀྱི་གཟུགས་རྣམས་ཀྱིས་བསྐོར་བ་ཡེ་ཤེས་ཀྱི་སྐུའོ་ཞེས་པའི་དོན་ཏོ། །དེ་ལ་ཡུལ་ལྔའི་ཡོན་ཏན་གྱི་སྟོང་པ་དང་། སྙིང་སྟོབས་སོགས་ཡོན་ཏན་གསུམ་གྱི་སྟོང་པ་བརྒྱད་ནི་དུ་བ་ལ་སོགས་པ་སྒྲ་གཅན་གྱི་མཐར་ཐུག་པའི་མཚན་མ་བརྒྱད་དོ། །དེ་ནས་མཆོག་གི་ཆ་སྟེ་གློག་དང་ཐིག་ལེ་མཐོང་བ་ནུས་མ་བཅུའོ། །དེ་ནས་ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་མཐོང་བའོ་ཞེས་པའི་དོན་ཏོ། །དེ་ལྟར་ཉི་མ་སྟེ་ཤེས་རབ་སྟོང་གཟུགས་བདེན་དོན་བཅུ་གཉིས་ཀྱི་རང་བཞིན་ཨེ་ཡིག་ལ་གནས་པ། གཙོ་བོ་མཆོག་གི་རི་བོང་ཅན་གྱི་ཆ་ཝཾ་ཡིག་ནི་བདེ་བ་ཆེན་པོ་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་ཡི་ཐབས་དེ་ཡིས་འཁྱུད་པ་དག་ཏུ་གྱུར་པའི་ཤེས་རབ་ནི་སྟོང་པ་ཉིད་སྣ་ཚོགས་པའི་གཟུགས་ཅན་མ་སྟེ་རྣམ་པ་ཐམས་ཅད་པར་འཆར་བའི་ཕྱིར་རོ། །དེ་ལྟར་ཐབས་ཤེས་ཟུང་འཇུག་གཙོ་བོ་ཡབ་ཡུམ་ནི་ཁམས་སྒྲིབ་བྲལ་གྱི་ལྷ་

p. 839

མོ་སྒྲོལ་མ་སོགས་དང། ཕུང་པོ་སྒྲིབ་བྲལ་གྱི་སངས་རྒྱས་དོན་ཡོད་གྲུབ་པ་སོགས་སོ། །དེ་རྣམས་ཅིས་ཁྱད་པར་དུ་འཕགས་ཞེ་ན། འཆི་བ་དང་ན་བ་དང་རྒ་བ་དང་སྐྱེ་བའི་རྒུད་པ་མེད་པ་ཉིད་དུ་གྱུར་པ་རྣམས་དང་ཡང་ན་འཆི་མེད་ནི་ལྷ་ཆེན་བཅུ་གཉིས་རྣམས་ཞེས་བཞེད་པའང་ཡོད་དོ། །ཡུལ་དང་ཡུལ་ཅན་སྒྲིབ་བྲལ་སེམས་དཔའ་སེམས་མ་རྣམས་དང་། སྒྲ་གཅན་དང་ཟླ་བ་དང་ཉི་མས་ཞེས་པ་རྩ་དེ་གསུམ་བཅིངས་པ་ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་ཀྱང་ཕྱག་བྱར་འོས་པ་མི་འགྱུར་བའི་བདེ་བ་ཆེན་པོ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཉིད་གང་ཡིན་པའོ། །འདིས་ནི་གཙོ་བོར་སྒྲིབ་བཅས་གཞི་ཡི་གནས་སྐབས་སུ་རྡོ་རྗེའི་ལུས་གང་ཞིག་ཁམས་དགུ་ཡི་རང་བཞིན་ཅན་ལ་རྩ་ཡི་འཁོར་ལོའི་དབུས་སུ་ཀུན་རྫོབ་རྟེན་གྱི་ཐིག་ལེ་ལ། དོན་དམ་འོད་གསལ་ཡེ་ཤེས་ཀྱི་ཐིག་ལེ་བདེ་བ་ཆེན་པོ་དུས་ཀྱི་འཁོར་ལོ་ག་བུར་ལ་དྲི་བཞིན་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་པ་ཐབས་ཀྱི་སྒོ་ནས་མངོན་དུ་བྱས་པས་སྒྲིབ་བྲལ་འབྲས་བུའི་མཐར་ཐུག་ཐོབ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །རྡོ་རྗེ་ལུས་ལ་རང་བཞིན་དག་པའི་ཡེ་ཤེས་གཏན་མེད་ན་དེ་ལ་གནད་དུ་བསྣུན་པ་རྩ་རླུང་ཐིག་ལེ་ལ་བསྟེན་པའི་ལམ་གྱིས་དབུ་མར་རླུང་སེམས་ཞུགས་པ་ལས་དག་པ་སྒྲིབ་བྲལ་གྱི་ཆོས་མངོན་དུ་བྱེད་མི་ནུས་ཏེ་ས་བོན་མེད་པའི་མྱུ་གུ་བཞིན་ནོ། །འདིའི་རྗེས་ཀྱི་ཚིགས་བཅད་བཞི་གོ་སླར་མཛད་པ་འདི་དག་གི་ཚིག་དོན་ནི། གཙོ་བོ་དུས་ཀྱི་འཁོར་ལོ་བདེ་བ་ཆེན་པོ་མངོན་དུ་བྱེད་པའམ་སྐྱེད་པར་བྱེད་པ་ཡི་རྩ་ནི། ཕྲ་མོའི་སྟེ་ཨ་བ་དྷཱུ་ཏིའི་ངོ་བོ་ཡི་མར་སྣ་དུང་ཅན་མ་མཆོག་གི་ཡོན་ཏན་གསུམ་དང་ཡུལ་ལྔ་རྣམས་ཏེ་བརྒྱད་པོ་དེ་ནི་ནང་དུ་སྟོང་པ་བརྒྱད་ཀྱི་གཟུགས་དུ་བ་སོགས་དང་ཕྱི་རོལ་དཀྱིལ་འཁོར་དུ་ཕྱག་རྒྱ་མ་ནུས་མ་བརྒྱད་པོ་གང་ཡིན་པའོ། །བླ་མ་ཁ་ཅིག་ནང་དུ་ནུས་མ་བརྒྱད་དང་ཕྱི་རོལ་དུ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་གསུམ་དང་རུས་རྒྱན་ལྔའི་ཕྱག་རྒྱ་དང་བརྒྱད་དོ་ཞེས་ཀྱང་གསུངས། ནུས་མ་དེ་

p. 840

རྣམས་གནས་ཁམས་གསུམ་དུ་ནི་སྲོག་འཕྲོག་པ་སོགས་མཆོག་ཏུ་འཇིགས་པར་བྱེད་པའི་མཁའ་འགྲོ་མ་བརྒྱད་དུ་སྣང་བ་ནི་སེམས་ཅན་རང་རང་གི་སེམས་ཀྱི་བག་ཆགས་མ་དག་པ་ཁྲོ་བོའི་སེམས་ལས་རབ་ཏུ་སྐྱེས་པའི་མཁའ་འགྲོ་རབ་གཏུམ་མ་བརྒྱད་པོ་རྣམས་སོ། །གཙོ་བོའི་དབང་པོ་ལྔ་པོ་གང་དག་རྣམས་དང་རྣམ་གསུམ་སྲིད་པ་ལ་གནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ་དེ་ལྟར་བརྒྱད་པོ་དེ་རྣམས་ནི་དབང་པོ་རང་གི་ཡུལ་ལྔ་ཡི་ཡོན་ཏན་དང་བཅས་པ་དང་། སྐུ་གསུང་ཐུགས་གསུམ་ནི་སད་རྨི་གཉིད་འཐུག་གི་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གསུམ་གྱིས་འཁྱུད་པ་སྟེ་དེ་ལྟར་ཡོན་ཏན་བརྒྱད་ཀྱི་རང་བཞིན་ལས་ནི་ཕྱི་རོལ་དུ་བཀྲ་ཤིས་ལ་སོགས་པ་གཟའ་ལྔ་དུ་བ་ཉི་ཟླ་བཅས་བརྒྱད་པོ་དང་། རིགས་ལྔ་དང་རིགས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་མ་བརྒྱད་པོ་འདི་རྣམས་སུ་སྣང་བ་ཡིན་ནོ་ཞེས་སོ། །དེ་ལྟར་གཟུགས་དང་སྒྲ་དང་རོ་དང་དྲི་དང་གཞན་པ་དག་ཀྱང་དེ་ནས་རེག་བྱ་སྟེ་ལྔ་དང་དུ་བ་ཞེས་པ་མུན་པ་དང་རྡུལ་དང་ནི་སྙིང་སྟོབས་ཀྱི་སེམས་ཏེ་བརྒྱད་པོ་དེ་དག་ལ་རིམ་པས་རབ་ཏུ་གསལ་བར་ཡང་ནི་གཟའ་ལྔ་ཉི་ཟླ་དུ་བ་བཅས་བརྒྱད་དང་། དེ་བཞིན་དུང་ཅན་མ་དུས་མེ་ལ་དབུ་མའི་ཡར་སྣ་སྒྲ་གཅན་གྱིས་ཀྱང་འཁྱུད་པ་སྟེ། གཟའ་བརྒྱད་པོ་དེ་དག་རྣམས་ཀྱི་དལ་རྐང་སྔ་ཕྱི་དྲུག་དང་། མྱུར་རྐང་གི་དབྱེ་བས་མྱུར་འགྲོས་དང་འཁྱོག་འགྲོས་དང་ལ་སོགས་པས་དལ་འགྲོས་འབྱུང་འགྲོས་བཅས་འགྲོས་བཞིའི་རྒྱུ་བ་ལས་ནི་གཟའ་དེ་དག་ལྷོ་བྱང་དབུས་སུ་རྣམ་པ་མང་པོའི་བགྲོད་པ་མི་འདྲ་བ་འདི་ནི། གཟའ་བརྒྱད་པོ་རྣམས་ཀྱི་རང་རང་གི་དལ་པའི་རྐང་པ་དྲུག་ལ་ཡུལ་ལྔ་དང་ཡོན་ཏན་གསུམ་སྟེ་བརྒྱད་པོ་རྣམས་ཀྱི་གཟའ་དེ་བརྒྱད་ཡང་དག་པར་གནས་པ་འཁོར་ལོའི་ཚུལ་དུ་བསྐོར་ནས་རྒྱུ་བ་སྟེ། དལ་རྐང་ལས་ནོར་དང་བུ་ལོན་གྱི་ཚུལ་གྱིས་ཡང་ཡང་འཁོར་ཞིང་རེས་ནོར་དང་བུ་ལོན་དག་ནས་སྟོང་པ་སྒྲ་གཅན་ལ་འཇུག་པའོ། །

p. 841

དེ་ལྟར་སྒྲ་གཅན་ལ་འཁོར་ལོའི་ཚུལ་དུ་བསྐོར་བ་ནི་ཕྱི་དང་ནང་གཉིས་ཀའི་དབང་དུ་བྱས་པའོ། །དེ་ལྟ་བུའི་ཕྱི་རོལ་གྱི་གཟའི་བགྲོད་པ་དེ་ནང་དུ་ལུས་ལ་སྦྱར་ན། བྱིས་པ་མངལ་ནས་ཕྱིར་སྐྱེས་མ་ཐག་གི་དང་པོའི་དབུགས་ཡོན་ཏན་ཅན་རྣམས་ནི་དབྱེ་བ་བརྒྱད་དེ་ཡུལ་ལྔ་དང་ཡོན་ཏན་གསུམ་ལ་གནས་པ་བརྒྱད་པོ་དེས་ཐོག་མའི་དབུགས་ཡོན་ཏན་མེད་པ་གཅིག་པོ་དེ་ལ་བསྐོར་ནས་གནས་སོ། །དེ་ཉིད་དཀྱིལ་འཁོར་དུ་ཀུན་ནས་དུ་བ་མ་ལ་སོགས་པ་མཁའ་འགྲོ་མ་ནུས་མ་བརྒྱད་པོ་རྣམས་དག་གིས་གཙོ་བོ་ལ་བསྐོར་ཞིང་དེ་ལྟ་བུའི་དབུགས་ཡོན་ཏན་བརྒྱད་ཀྱི་ཆོས་ཅན་དེ་དག་རོ་རྐྱང་དྷཱུ་ཏིའི་རྩ་རྣམ་པ་གསུམ་དུ་བགྲོད་པའི་དབང་གིས་གཟའི་མྱུར་རྐང་ལྟར་སྲིད་པའི་གནས་བཅུ་བཞིར་འཁྱམ་སྟེ་དལ་རྐང་ལྟར་འགྲོ་བ་རིགས་དྲུག་ཏུ་གནས་ཤིང་དེའི་བདེ་བ་དང་སྡུག་བསྔལ་ལ་ནོར་དང་བུ་ལོན་གྱི་འཕེལ་འགྲིབ་ལྟར་སྤྱོད་དོ། །འདི་ལྟར་ཕྱི་ནང་གི་དུས་ཀྱི་འཕོ་འགྱུར་འདི་ཐམས་ཅད་གནད་གཅིག་པ་སྟེ་ནང་དུ་རླུང་གི་འཕོ་བ་ལས་གནས་སྐབས་སྣ་ཚོགས་སུ་སྣང་བར་འགྱུར་བ་ཡིན་གྱི་འཕོ་བ་དང་བྲལ་ན་རྟག་ཏུ་མཉམ་པ་ཉིད་ལ་གནས་པའོ། །དེ་ལྟར་ཡོན་ཏན་ལ་ཆགས་པའི་དྲི་མས་འཕོ་བའི་བག་ཆགས་ལྡན་པས་ཡང་ཡང་འཁོར་བའི་རྒྱུན་འཇུག་པ་ཡིན་ལ། ཡོན་ཏན་བརྒྱད་ཀྱིས་བཅིང་པའི་འཕོ་བའི་བགྲོད་པ་དེ་ཡི་དབུས་སུ་དུས་ཀྱི་འཁོར་ལོ་གཞི་དུས་ཀྱི་མི་འགྱུར་བདེ་བའི་ཐིག་ལེ་ནི། དུང་ཅན་མ་ལ་འཆི་བ་མེད་པའི་བདུད་རྩི་འཕྲོ་བའི་ཆ་བཅུ་དྲུག་པ་ཡིས་འཁྱུད་པར་གྱུར་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་ན་དེ་ཉིད་དག་པའི་སྐུ་ཉིད་དོ། །དེས་ན་འཕོ་བའི་སྒྲིབ་པ་འདིས་རང་གནས་ཀྱི་ཡེ་ཤེས་མི་མཐོང་བར་སྒྲིབ་པར་བྱེད་པས་ན་གློ་བུར་བའི་ལས་རླུང་གི་འཕོ་བ་གང་ཞིག་གཡས་དང་གཡོན་གྱི་རྩ་ལ་རྒྱུ་བའི་དབུགས་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུ་བ་བཅད་ནས་རྒྱལ་བའི་ཡེ་ཤེས་ཀྱི་སྐུ་དབུ་མ་མཉམ་པ་ཆེན་པོའི་དབྱིངས་ལ་འཇུག་པ་དེ་ཉིད་ཁོ་ན་

p. 842

དུས་ཀྱི་འཁོར་ལོ་སྟེ། སྐྱེ་འགག་གི་འཕོ་བ་གཏན་མེད་པར་མཉམ་པ་ཉིད་ཐིག་ལེ་ཉག་གཅིག་ཆོས་ཉིད་དེ་ཁོ་ན་ཉིད་དུས་ཀྱི་འཁོར་ལོ་བདེ་བ་ཆེན་པོ་མངོན་དུ་གྱུར་པའོ། །འཕོ་མེད་རྡོ་རྗེའི་སྐུ་བརྙེས་པ་ན་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་གནས་ཚུལ་ལ་སྔ་ཕྱིར་འཕོ་བའི་ཆར་དབྱེ་བ་མེད་ཀྱང་གློ་བུར་བའི་འཕོ་སྒྲིབ་མ་བྲལ་བ་རྣམས་ཀྱིས་སྣང་ཚུལ་ལ་དུས་གསུམ་གྱི་སེམས་ཅན་རྣམས་ཀྱི་དོན་རིམ་ཅན་དུ་མཛད་པར་སྣང་བ་ལས་འོས་མེད་པས། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ལའང་སྐད་ཅིག་མའི་སྐྱེ་འགག་ཡོད་པར་འཛིན་པ་ནི་འཕོ་བའི་སྐད་ཅིག་མའི་དབང་གིས་དངོས་པོ་རྣམས་ཀུན་རྫོབ་ཏུ་སྐད་ཅིག་མའི་སྐྱེ་འགག་ཏུ་སྣང་བ་ལས་དངོས་པོ་རང་རང་གི་གནས་ཚུལ་དོན་དམ་པར་སྐྱེ་འགག་མེད་པའང་ཇི་བཞིན་རྟོགས་མ་ནུས་པ་ཡིན་ན་དེ་ལྟ་བུས་འཕོ་མེད་ཡེ་ཤེས་ཀྱི་སྐུ་ཇི་ལྟ་བུ་ཡིན་པ་ཁོང་དུ་མི་ཆུད་པ་ལྟ་ཅི་སྨྲོས་སོ། །འོན་ཀྱང་གནས་གྱུར་པའི་ཡེ་ཤེས་མ་ཐོབ་པ་དང་གནས་གྱུར་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་ངེས་ཤེས་མ་སྐྱེས་ཀྱི་བར་དུ་དེ་ལྟར་འདུས་བྱས་སུ་སྨྲ་བ་ལ་གནས་པ་ལས་འོས་མེད་པ་ལྟ་བུ་འབྱུང་ཡང་སྐྱེ་འགག་མེད་པའི་ཡེ་ཤེས་གཏན་ནས་མི་སྲིད་པ་མ་ཡིན་ནོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གཡོ་བའམ་འཕོ་བ་ནི་བཅད་པའི་མཐའ་རུ་གཡས་གཡོན་དབུ་མ་རྣམ་གསུམ་དུ་བགྲོད་པ་འདི་དང་། དེའི་དབང་གིས་སྲིད་པའི་གནས་བཅུ་བཞི་དང་འགྲོ་བ་རིས་རྣམ་པ་དྲུག་ཏུ་འཁོར་བ་དག་ཀྱང་ཡོད་པ་མ་ཡིན་ཏེ། གཡོ་བྱེད་ལས་རླུང་གི་འཕོ་བ་འགགས་པའི་ཕྱིར་རོ། །དེ་ལྟར་གཡོ་བྱེད་ཀྱི་དབུགས་འགགས་པ་ལས་གནས་སྐབས་བཞི་ཡི་འཆར་གཞིའི་ཐིག་ལེ་འཕོ་བ་བཀག་པར་གྱུར་ན། ཡུལ་ལམ་ཕྱོགས་བཅུ་ཀུན་དང་འདས་མ་འོངས་ད་ལྟ་བར་ཕྱེ་བའི་དུས་ཀུན་ནས་མཉམ་པ་ཉིད་མཆོག་གི་ཁྱབ་བདག་སྟེ་སྣང་སྲིད་ཀྱི་ཆོས་ཀུན་དེའི་ངང་དུ་གྱུར་པའི་ཁྱབ་བདག་གཙོ་བོ་དུས་ཀྱི་འཁོར་ལོའི་ཡེ་ཤེས་རྡོ་

p. 843

རྗེའི་སྐུ། ནམ་ཡང་འཕོ་འགྱུར་མེད་པའི་བདེ་བ་ཆེན་པོ་ནམ་མཁའ་དང་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པའི་མཐའ་ཡས་པ་དེ་ནི་དུས་གསུམ་པོ་ཀུན་གྱི་དུས་སུ་འཇུག་པར་འགྱུར་ཏེ་དུས་གསུམ་དུས་མེད་དུ་མཉམ་པ་ཉིད་ཀྱི་དོན་མངོན་དུ་གྱུར་པའི་ཕྱིར་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདག་ཉིད་དུ་གྲུབ་པའོ། །དེས་ན་སྡུག་བསྔལ་གྱི་རང་བཞིན་འཁོར་བ་པ་དག་གི་འགྱུར་བའི་བདེ་བ་སྤངས་ནས་མཆོག་གི་བླ་མའི་སྟེ་རྒྱལ་བ་དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་ཞལ་མི་འགྱུར་བའི་བདེ་བ་ཆེན་པོ་དབང་བཞི་པའི་ཡེ་ཤེས་དེ་ནི་སྔགས་ཀྱི་རྣལ་འབྱོར་པ་ཡིས་བསྒོམ་པར་བྱའོ། །དེ་འདྲའི་རྣལ་འབྱོར་མེད་པར་ཀུན་རྫོབ་པའི་སྤྱོད་ཡུལ་གྱི་བློ་བྲིད་ནས་སྤྱོད་པ་སྒེག་པའི་གཟུགས་མཛེས་ཆོས་དང་ཚུལ་འཆོས་བཟང་རྫུ་སྣ་ཚོགས་དང་། བརྟུལ་ཞུགས་ཡིན་རློམས་ཀྱིས་དྲག་སྤྱོད་མི་སྡུག་པ་སེམས་ཅན་རྣམས་མཆོག་ཏུ་འཇིགས་པར་བྱེད་པའི་སྤྱོད་པ་བྱེད་པ་ལ་ངེས་དོན་གྱི་རྣལ་འབྱོར་མ་རྣམས་དགྱེས་པ་མ་ཡིན་ཞིང་མཆོག་སྟེར་བ་མ་ཡིན་ནོ་ཞེས་སོ། །ད་ནི་རྡོ་རྗེའི་དབུགས་ཏེ་དབུ་མ་སྟོང་པའི་དབྱིངས་སུ་གཟའི་རྒྱུ་བ་འཇུག་པ་གསུངས་པ་ནི། འདིར་ཕྱི་རོལ་དུ་གཟའི་ཚོགས་ཀྱིས་རྐང་པ་རྒྱུ་བ་ཐམས་ཅད་ནོར་དང་བུ་ལོན་ཁད་མཉམ་སྟེ་སྟོང་པར་འཇུག་ཅིང་། སླར་ཡང་ངེས་པར་སྐྱེ་བའི་རིམ་པས་འཇུག་ཅིང་ཡང་སྟོང་པར་ཐིམ་པ་བཞིན་དུ། ནང་དུ་རྩ་རྣམས་ཀྱི་རླུང་རྒྱུ་བ་རྣམས་འཆི་བའི་དུས་སུ་དབུ་མར་ཐིམ་ཞིང་སྡུད་ལ། སླར་ཡང་དབུ་མ་ལས་རྩ་དང་ང་རྣམས་སྐྱེ་ཞིང་སྤྲོ་ལ་སླར་ཡང་དེར་ཐིམ་པའི་ཚུལ་གྱིས་རྒྱུན་གྱིས་འཇུག་པ་ཉིད་ཆོས་ཉིད་ཀྱི་བབ་ཀྱིས་སྐྱེ་སྡུད་རིམ་པར་བྱེད་ཀྱང་འཕོ་བའི་རྒྱུན་བཅད་ནས་གཉུག་མའི་དབྱིངས་སུ་བདེ་ཆེན་གྱི་སྐུ་མ་ཐོབ་བར་དུ་འཁོར་བའི་འཁོར་ལོར་རྒྱུན་གྱིས་འཇུག་པ་ལས་རང་གར་ཐར་བར་མི་འགྱུར་རོ། །འདིར་ཕྱི་རོལ་དུ་གཟའ་རྣམས་ཀྱི་རྒྱུ་བ་སྟོང་པར་འཇུག་པ་དང་ནང་དུ་དབུ་མ་ལ་དབུགས་འཇུག་པ་སྦྱར་

p. 844

ཏེ་གསུངས་པ་གཙོ་བོའི་དབུགས་ལ་ཞེས་པ་ནི་གཙོ་བོ་དུས་ཀྱི་འཁོར་ལོའི་དབུགས་སུ་བརྗོད་པ་ཡེ་ཤེས་ཀྱི་དབུགས་སམ་གཟའི་གཙོ་བོ་སྒྲ་གཅན་གྱིས་འཁྱུད་པའི་དུང་ཅན་མར་གཡས་གཡོན་གྱི་དཀྱིལ་འཁོར་བཅུའི་དབུགས་འཇུག་པའི་དུས་གཅིག་ལ་གཟའ་ཡི་ཚོགས་ཀྱི་རྐང་པ་མཐའ་དག་དུས་ཀྱི་སྦྱོར་བ་དག་གིས་ཐིམ་པར་འགྱུར་ཏེ། དེའི་ཚུལ་ནི་འདིར་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ནང་ལའོ་ཞེས་པའི་རིགས་པས་ནུས་པ་འོག་མིན་པའི་དབུགས་གཙོ་བོའི་དབུགས་ཞེས་བཏགས་པ་དེ་ནི་ཕྱི་རོལ་དུ་མི་རྣམས་ཀྱི་ལོའི་གྲངས་ཀྱིས་བཞག་པའི་ཆོས་སོ། །ལོ་དེ་རྣམས་རྫོགས་པ་གང་གི་ཚེ་ཕྱི་ནང་གི་དུས་བཞི་ཆེན་པོའི་མཐར་གཟའི་རྐང་པ་ཐམས་ཅད་སྟོང་པར་ཐིམ་པར་འགྱུར་པ་ཡིན་ལ་དེའི་ཚད་ནི་ནུས་པའི་དབུགས་སུ་བརྗོད་པ་ནི་མཁའ་མཁའ་ནམ་མཁའ་མཁའ་མིག་མེ་དང་ཆུ་གཏེར་ཏེ་མི་ལོ་ས་ཡ་བཞི་དང་འབུམ་ཕྲག་གསུམ་དང་ཉིས་ཁྲི་པོ་འདི་ཡི་གྲངས་རྫོགས་པའམ་སོང་བར་གྱུར་པའི་དུས་ན་གཟའི་ལོངས་སྤྱོད་ཀྱི་ཆ་ཐམས་ཅད་སྟོང་པར་ཏེ་ཐིག་ལེ་འབའ་ཞིག་ཏུ་ཐིམ་པའམ་སྐུལ་བར་བྱེད་དོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་དབུགས་ཀྱི་ཚད་དུ་བརྩིས་པའི་གྲངས་དེ་སྙེད་ལ་རང་རང་གི་ནང་གི་དུས་བཞི་རྫོགས་པའོ། །ལོ་དང་དབུགས་འདི་རྣམས་ཀྱི་མཐར་ནུས་པའི་དབུགས་གཅིག་ནི་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ལ་དུས་བཞིའི་མཐའི་ལོ་གཅིག་དང་། ནང་དུ་དབུ་མ་ལ་འཆི་བའི་མཐའི་དབུགས་གཅིག་སྟེ། ལོའི་མཐའ་གང་ལ་རྩོད་དུས་དང་འཆི་བའི་དུས་འབྱུང་ཞིང་། སླར་ཡང་རྫོགས་ལྡན་གྱི་དུས་དང་སྐྱེ་བའི་དུས་ལ་འཇུག་པའོ། །དེ་ལྟར་དུས་བཞི་རྣམས་ཀྱི་བྱ་བ་མ་ལུས་པ་བྱེད་ནུས་པའི་གཙོ་བོ་དུས་བཞིའི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཅུ་ཡི་རླུང་རྩ་རོ་རྐྱང་གཉིས་ལ་རབ་ཏུ་འབབ་སྟེ། འདིར་དཀྱིལ་འཁོར་ཞེས་པ་དུས་བཞིའི་བཅུ་ཆ་ཡིན་ཞིང་དེ་རེ་རེ་ནི་ཕྱི་རོལ་

p. 845

དུ་ལོ་དང་ནང་དུ་དབུགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་ལྷག་པའི་འབུམ་ཕྲག་བཞིའོ། །དེ་ལྟར་རྫོགས་ལྡན་ལ་དཀྱིལ་འཁོར་བཞི་སྟེ་གཡོན་གྱི་རྩ་ལ་མཁའ་རླུང་མེ་དང་ཆུའོ། །གསུམ་ལྡན་ལ་གཡོན་རྩ་དེ་ཉིད་ལ་དཀྱིལ་འཁོར་ལྔ་པ་སའི་མཚན་ཉིད་དོ། །དེ་ལ་ཡེ་ཤེས་ཀྱི་ཆ་བོར་བའི་ལྷག་མ་ལོ་ས་ཡ་གཉིས་དང་དགུ་ཁྲི་ཉིས་སྟོང་ལྔ་བརྒྱའོ། །དེ་ནས་དབུ་མ་ལ་འཇུག་སྟེ་དཀྱིལ་འཁོར་ལྔ་པོ་དེ་རྣམས་ཀྱི་ཡེ་ཤེས་ཀྱི་ཆ་ལ་དུས་བཞིའི་ལོའི་ཡེ་ཤེས་ཀྱི་ཆ་སུམ་ཅུ་རྩ་གཉིས་ཀྱིས་ཐོབ་པའི་ནོར་སྟོང་ཕྲག་སུམ་ཅུ་རྩ་ལྔ་ལྷག་པའི་འབུམ་ཕྲག་གཅིག་གི་ཕྱེད་དེ་དྲུག་ཁྲི་བདུན་སྟོང་ལྔ་བརྒྱའོ། །དེ་རྩ་གཡོན་གྱི་ཐོབ་སྐལ་ལས་ལོགས་སུ་བཟུང་ནས་དབུ་མའི་རླུང་རྒྱུ་བའི་དུས་ཀྱི་ལོ་གྲངས་སོ། །དེ་ནས་གཡས་ལ་ཡང་དག་པར་རྒྱུ་སྟེ་ས་དང་ཆུའི་དཀྱིལ་འཁོར་གཉིས་ནི་སུམ་ལྡན་ལ་རྒྱུ་ཞིང་། དེ་ལ་ལོ་གྲངས་ས་ཡ་གཅིག་དང་ཉིས་འབུམ་དགུ་ཁྲི་དྲུག་སྟོང་ཡོད་དོ། །དེ་ནས་གཉིས་ལྡན་ལ་མེ་དང་རླུང་གི་དཀྱིལ་འཁོར་རོ། །དེ་ལ་ལོ་གྲངས་བརྒྱད་འབུམ་དྲུག་ཁྲི་བཞི་སྟོང་ངོ་། །དེ་ནས་རྩོད་ལྡན་ལ་ནམ་མཁའི་དཀྱིལ་འཁོར་འབབ་པའོ། །དེ་ལ་ལོ་གྲངས་བཞི་འབུམ་སུམ་ཁྲི་ཉིས་སྟོང་ངོ་། །དེ་ནས་དབུ་མ་ལ་དབུགས་དྲུག་ཁྲི་བདུན་སྟོང་ལྔ་བརྒྱ་རྒྱུ་སྟེ་དེས་ཕྱི་ནང་གི་དུས་བཞི་རྫོགས་པར་འགྱུར་རོ། །དེ་ནས་དབུ་མའི་དབུགས་རྣམས་ཀྱི་མཐར་དབུགས་གཅིག་གི་ཕྱེད་ལྷག་པས་འཆི་བའི་དུས་སུ་འོད་གསལ་ལས་སྟོང་པའི་སྲིད་གསུམ་ཐམས་ཅད་སྣང་བར་བྱེད་དོ། །གལ་ཏེ་དབུགས་ཀྱི་ཚད་དེས་བར་སྲིད་འགྲུབ་སྟེ། སད་པའི་གནས་སྐབས་ལ་གནས་ན་དབུགས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱེ་གནས་སུ་ཉིང་མཚམས་སྦྱར་ནས་མངལ་དུ་ཟླ་བ་དྲུག་གི་བར་དུ་གཉིད་ཀྱི་གནས་སྐབས་སུ་འགྱུར་རོ། །དེ་ལྟར་རྩ་གསུམ་གྱི་དབུགས་ཉི་ཁྲི་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་རྣམས་ཀྱི་ནང་དུ་གཟའ་རྣམས་ཀྱི་དུས་བཞི་

p. 846

གཅིག་རྫོགས་པ་ཉིད་དུ་འགྱུར་རོ། །དེའི་ཚེ་གཙོ་བོའི་དབུ་མ་ལ་གཡས་ཀྱི་སྟོང་པའི་དཀྱིལ་འཁོར་གྱི་མཐར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་འཇུག་པར་འགྱུར་ཏེ་དེས་འཇིག་རྟེན་ཐམས་ཅད་སྣང་བར་བྱེད་པས་ན་ཡེ་ཤེས་ཀྱི་རླུང་རྒྱུ་བ་དེ་ངོས་བཟུང་ནས་དེའི་ཚེ་རྣལ་འབྱོར་བས་བསྒོམ་པར་བྱའོ། །དེ་ལྟར་ཕྱི་རོལ་དུ་ལོ་དང་ནང་དུ་དབུགས་ས་ཡ་བཞི་སུམ་འབུམ་ཉི་ཁྲི་འདི་རྣམས་ཀྱིས་ཕྱི་རོལ་དུ་ནི་མཆོག་གི་ཁྱབ་བདག་གཙོ་བོའི་ཡེ་ཤེས་ཀྱི་དབུགས་ཀྱི་བཞི་ཆ་རྐང་པ་གཅིག་གཡོན་པར་འབྱུང་བ་རྣམས་སྤྲོ༷་བ་དང་གཡས་པར་སྡུད་པའི་ངོ་བོ་ཡིས་རྒྱུ་བ་ལ། སེམས་ཅན་རང་རང་གི་དབུགས་ཀྱི་ཚད་ཀྱིས་རྒྱལ་བའི་བདག་པོའི་སྟེ་དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་རླུང་གི་དབུགས་ཀྱི་རྐང་པ་གཅིག །འཕོ་བ་གཡས་གཡོན་གྱི་དབུགས་རྣམས་ཀྱི་དབུས་སུ་དབུ་མར་འགྲོ་བ་དང་གནས་པ་རྣལ་འབྱོར་པས་ཤེས་པར་བྱའོ། །ཞེས་པ་དུས་བཞིའི་གཟའི་རྒྱུ་བ་སྟོང་པ་ལ་འཇུག་པའི་ངེས་པའོ། །ད་ནི་དུས་བཞིའི་མཐར་གཟའ་ཐམས་ཅད་ཀྱི་བགྲོད་པའི་ལོངས་སྤྱོད་སྟོང་བར་འཇུག་ན་དེའི་བར་དུ་གཟའ་སོ་སོའི་དཀྱིལ་འཁོར་འཁོར་གྲངས་ཇི་ཙམ་དུ་འགྱུར་ན་དེའི་ཚུལ་གསུངས་པ་འདིའི་སྐབས་ཀྱི་ཚིགས་བཅད་བཅུ་བཞི་གོ་སླ་བས་འགྲེལ་པ་མ་མཛད་པ་དེ་དག་གི་ཚིག་དོན་ནི། དུས་བཞིའི་མཐར་ནི་སྟོང་པ་ཆེན་པོ་ལ་ནི་སྤེན་པ་འཇུག་པ་དེ་ཡི་བར་དུ་སྤེན་པའི་ལོ་སུམ་ཅུས་རྒྱུ་སྐར་འཁོར་ལོ་འཁོར་བའི་དབང་དུ་བྱས་ན་རང་གི་ཁྱིམ་གྱི་ཉིན་ཞག་ཁྲི་དང་བརྒྱད་བརྒྱ་བགྲོད་པའི་དབང་གིས་དཀྱིལ་འཁོར་རེ་རྫོགས་ཤིང་དུས་བཞི་པོ་ཉིད་ཀྱི་མཐར་སྟོང་ཆེན་ལ་འཇུག་པར་འགྱུར་སྟེ། དེའི་ཕྱིར་དུས་བཞིའི་ལོ་ལ་སྤེན་པའི་ལོ་སུམ་བཅུས་བགོས་པའི་ཐོབ་པ་སྟོང་པ་ནམ་མཁའ་མཁའ་མཚོ་ཆུ་གཏེར་ཟླ་བའི་ཉིན་ཞག་སྟེ་ཆིག་འབུམ་བཞི་ཁྲི་བཞི་སྟོང་གི་ལོའི་ཉིན་ཞག་གི་ལོངས་སྤྱོད་ལྷག་མ་སྟེ་ཆ་ཤས་རྣམས་ཀྱིས་སྤེན་པ་ཉིད་ནམ་གྲུ་ཡི་མཐར་སྟོང་

p. 847

བ་ལ་འཇུག་པའོ། །འདིར་རྭ་འགྱུར་ལས། ཟླ་བའི་ཉིན་ཞག་རྣམས་ཀྱི་ནམ་གྲུའི་ལོངས་སྤྱོད་མཐར། ཞེས་བསྒྱུར་བ་ལྟར་བདེའོ། །དེ་བཞིན་དུ་སྒྲ་གཅན་གྱིས་ལོ་བཅོ་བརྒྱད་ཀྱིས་བགྲོད་པ་གཉིས་འཁོར་བའི་དབང་གིས་སྒྲ་གཅན་རང་གི་བགྲོད་པ་འགྲོ་བའི་ཉིན་ཞག་ནི་མཁའ་མཁའ་ནམ་མཁའ་མཁའ་མཚོ་མིག་གིས་ཞེས་པ་ཉིས་འབུམ་བཞི་ཁྲིས་སྟོང་པ་དེར་ནི་སྒྲ་གཅན་འཇུག་གོ། རང་གི་བགྲོད་པ་འགྲོ་བའི་ཉིན་ཞག་མཁའ་མཁའ་ནམ་མཁའ་དུས་དུས་ཀྱི་ཞེས་པ་སུམ་འབུམ་དྲུག་ཁྲིས་ལྷ་ཡི་བློན་པོ་ཕུར་བུ་སྟོང་པར་འཇུག་ཐེངས་ཀྱི་གྲངས་ཏེ་དེས་ལོ་བཅུ་གཉིས་ཀྱིས་རྒྱུ་སྐར་འཁོར་ལོ་རྫོགས་པར་བགྲོད་པའི་དབང་དུ་བྱས་ཏེ་བཅུ་གཉིས་ཀྱིས་སྟོང་ཆེན་ལོ་གྲངས་ལ་བགོས་པས་དེ་ལྟར་འབྱུང་ངོ་། །དེ་བཞིན་དུ་དུས་བཞིའི་ལོ་བཅུ་གཉིས་ཀྱི་བསྒྱུར་བ་ལ་མིག་དམར་གྱིས་ཟླ་བ་བཅོ་བརྒྱད་ཀྱིས་རྒྱུ་སྐར་འཁོར་ལོ་ཡོངས་རྫོགས་བགྲོད་པའི་གྲགས་པ་དང་བསྟུན་ཏེ་བཅོ་བརྒྱད་ཀྱིས་བགོས་པས་ནམ་མཁའ་མཁའ་དང་སྟོང་པ་མཁའ་བརྒྱད་སྤྲུལ་དང་མིག་གི་སྟེ་ཟླ་བ་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་བརྒྱད་ཀྱི་ཟླ་བའི་ཉིན་ཞག་གི་གྲངས་རྣམས་ཀྱིས་བཀྲ་ཤིས་སྟོང་ཆེན་ལ་འཇུག་པ་སྟེ། དུས་བཞིའི་ལོ་ལ་ལོ་གཅིག་གི་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུས་བགོས་ཐོབ་མཁའ་མཁའ་ནམ་མཁའ་མཁའ་མིག་མེ་དང་ཆུ་གཏེར་ཏེ། ས་ཡ་བཞི་དང་སུམ་འབུམ་ཉི་ཁྲིའི་གྲངས་ཀྱི་ཁྱིམ་གྱི་ཉིན་ཞག་རྣམས་ཀྱིས་ཉི་མ་ལ་སོགས་ཏེ་ལྷག་སངས་མཇུག་རིངས་རྣམས་སྟོང་པར་འཇུག་གོ། དུས་བཞིའི་ལོ་ཡི་ཞག་ལ་ཟླ་བའི་དཀྱིལ་འཁོར་ཞག་སུམ་ཅུས་བགོས་པས་མཁའ་མཁའ་ནམ་མཁའ་མཁའ་མཚོ་བརྒྱད་དང་ཟླ་བ་མདའ་ཡི་ཉིན་ཞག་རྣམས་ཀྱིས་ཞེས་པ་བྱེ་བ་ལྔ་ས་ཡ་གཅིག་བརྒྱད་འབུམ་བཞི་ཁྲི་ཡིས་ཟླ་བ་སྟོང་ཆེན་དེར་འཇུག་སྟེ། དེ་ལྟར་གཟའ་ཐམས་ཅད་སྟོང་པ་ལ་ཞུགས་པ་དུས་བཞིའི་དུས་རྫོགས་པ་དེ་ཡི་དུས་སུ་ཀྱེ་རྒྱལ་པོ་ཞེས་བོས་ནས་འགྲོ་བ་རིགས་ལྔའམ་དྲུག་པོ་དག་ནི་རང་རང་གི་

p. 848

ཚེ་ཚད་རྫོགས་པ་ཉིད་ཀྱིས་རྣམ་པར་ཉམས་པར་ཏེ་འཆི་བར་རབ་ཏུ་འགྱུར་རོ། །གང་དུ་ཐིམ་པ་ཕྱི་དང་ནང་གི་སྟོང་པར་འཇུག་པའི་ངེས་པའོ། །ད་ནི་སླར་ཡང་ནང་དང་ཕྱིའི་ངེས་པ་སྐྱེ་ཚུལ་གསུངས་པ། དུས་བཞི་རྫོགས་ཏེ་སྟོང་པར་ཞུགས་པ་དེ་ནས་སླར་ཡང་རྫོགས་ལྡན་གྱི་དུས་འགོ་འཛུག་ཅིང་གཟའ་རྣམས་ཀྱི་ལོངས་སྤྱོད་འགོ་རྩོམ་པ་བཞིན་དུ། ནང་དུ་མངལ་གྱི་གནས་སྐབས་སུ་ཟླ་བ་ཁུ་བ་དང་ཉི་མ་རྡུལ་ཤར་བ་ལ་རྣམ་པར་ཤེས་པ་ཞུགས་ཤིང་འདྲེས་པ་ལ་ཡང་བརྟེན་ནས་ལུས་རིམ་པས་འགྲུབ་པའི་རྩ་ཡི་ཀུན་དུ་སྤྱོད་པ་འདི་ལྟ་བུ་ནི་རབ་ཏུ་འབྱུང་བར་འགྱུར་ཏེ། དེ་ཡང་འདི་སྐབས་འགའ་ཞིག་འདི་སྐད་དུ་བྱིས་པ་གཡོན་པའི་དུས་སྦྱོར་ལ་སྐྱེས་ན་གཡོན་གྱི་རྩ་དང་དཔྲལ་བའི་འཁོར་ལོའི་ལྟེ་བ་དང་པོར་འགྲུབ་ལ། གཡས་ཀྱི་དུས་སྦྱོར་ལ་སྐྱེས་ན་གཡས་ཀྱི་རྩ་དང་མགྲིན་པའི་འཁོར་ལོའི་ལྟེ་བ་འགྲུབ་ཅིང་དབུ་མའི་དབུས་ལ་སྐྱེས་ན་དབུ་མའི་རྩ་དང་སྙིང་གའི་ལྟེ་བ་འགྲུབ་པས་ན་སྐྱེས་པའི་དབང་གིས་དང་པོར་འཁོར་ལོ་གསུམ་དང་རྩ་གསུམ་གྱི་གང་ཡང་རུང་བ་གཅིག་དང་དེ་ནས་གཉིས་དང་སོགས་བཤད་པ་སྣང་ཡང་འདིའི་གཡོན་གཡས་དབུས་གསུམ་ཟེར་བ་མ་ཡི་དབུགས་ཡིན་ནམ་ཅི་ལ་སྦྱར་བརྟག་པར་བྱ་ཞིང་དབུ་མ་མ་ཆགས་གོང་དུ་རྩ་གཞན་དང་འཁོར་ལོའི་ལྟེ་བ་ཆགས་པ་མི་སྲིད་ལ། དང་པོ་ལྟེ་བའི་རྩ་འཁོར་ནས་ཆགས་པར་གསུངས་པ་དང་མི་མཐུན་པས་འདིའི་ཁུངས་གང་ཡིན་དང་རྒྱུ་མཚན་བརྟག་པར་བྱའོ། །དེས་ན་དང་པོ་དབུ་མའི་རྩ་གཅིག་དང་། དེ་ནས་རོ་རྐྱང་གང་རུང་གཅིག་བཅས་གཉིས་དང་། དེ་ནས་རོ་རྐྱང་གཉིས་བཅས་གསུམ་དང་། དེ་ནས་ཆུ་གཏེར་ཏེ་ལྟེ་བའི་རྩ་འདབ་བཞི་དང་། དེ་ནས་མདའ་སྟེ་གཙུག་ཏོར་དང་། དེ་ནས་རོ་ཞེས་པ་འཁོར་ལོ་དྲུག་གི་ལྟེ་བ་དང་། རི་བོ་ཞེས་པ་འཁོར་ལོ་བདུན་པའི་ལྟེ་བ་དང་ནོར་རྣམས་ཞེས་པ་འཁོར་ལོ་བརྒྱད་པ་རྡོ་རྗེའི་ལྟེ་བའི་རྩ་རྣམས་འཕེལ་བར་གྱུར་པ་སྟེ། རོ་དང་

p. 849

རི་བོ་ནོར་གྱི་རྩ་ནི་གསང་བའི་རྩ་དང་། རྡོ་རྗེའི་རྩ་དང་རྡོ་རྗེའི་རྩེ་མོའི་འཁོར་ལོ་ལྟེ་བའི་རྩ་རྣམས་སོ། །བུག་པ་ཞེས་བྱ་བ་དགུ་པ་སྟེ་རྩ་དགུ་པ་ནོར་བུའི་སྒོ་ཡི་རྩར་ཟུག་པའི་དུང་ཅན་མར་འགྱུར་ཞིང་། བཅུ་པ་ཕྲ་མོའི་རྩ་ནི་སླར་ཡང་སྟེང་གི་ལམ་དུ་སོན་པ་ཚངས་བུག་གི་དབུ་མའི་སྒོའོ། །ཞེས་བླ་མ་ཁ་ཅིག་འཆད། གཞན་དག་སྲོག་རླུང་གི་རྟེན་དུ་གྱུར་པ་སྙིང་ག་དང་། ལྟེ་བའི་དང་པོར་ཆགས་པའི་རྩ་བརྒྱད་ནི་མུ་སྟེགས་སོགས་ལ་གསང་བས་གསང་བའི་རྩའོ། །ཡང་ན་འཕེལ་བར་འགྱུར་བ་བརྒྱད་ནི་རོ་རྐྱང་ཡིན་ལ། གསང་བའི་རྩ་ཨ་ཝ་དྷཱུ་ཏི་ནི་ཁུག་པ་ཞེས་པས་བསྟན་པར་བྱའོ་ཞེས་གསུངས་ཏེ་འདི་རྣམས་ད་དུང་བརྟག་བྱར་སྣང་ངོ་། །རྩ་དེ་རྣམས་ནི་སྡེ་ཚན་བཅུ་ཡིས་རབ་ཏུ་ཕྱེ་བ་ཡོན་ཏན་གསུམ་དང་བཅས་པ་ཡུལ་ལྔ་དང་བཅས་པ་སྟེང་འོག་གི་འཁོར་ལོའི་རྩིབས་ཀྱི་རྩ་རྣམས་དག་ཏུ་འགྱུར་རོ། །དེ་ཡང་གཅིག་གི་སྡེ་ཚན་གྱི་རྩ་ནི་ཨ་བ་དྷཱུ་ཏི་དང་གཉིས་ཀྱི་སྡེ་ཚན་གྱིས་གཙུག་ཏོར་དང་། གསུམ་གྱི་སྡེ་ཚན་གྱི་སྙིང་གའི་ཕྱོགས་དང་། བཞི་དང་ལྔའི་སྡེ་ཚན་གྱིས་མགོ་བོ་སྟེ་དཔྲལ་བའི་རྩ་བཅུ་དྲུག་དང་། རི་བོང་ཅན་གྱི་རྐང་པའི་གནས་ཉེར་ལྔ་དང་། དྲུག་གི་སྡེ་ཚན་གྱིས་མགྲིན་པའི་ཕྱོགས་ཏེ། བདུན་གྱི་སྡེ་ཚན་གྱིས་ཉི་མའི་རྐང་པ་རྒྱུ་བ་ཡི་རྩ་དང་། བརྒྱད་ཀྱི་སྡེ་ཚན་གྱི་ལྟེ༷་བར་འཁོར་ལོའི་རྩ་རྣམས་ནི་རིམ་པ་བཞིན། གཙུག་ཏོར་དུ་དུས་ཏེ་བཞི་དང་། སྙིང་གར་ལག་འགྲོ་སྟེ་བརྒྱད། ཟླ་བའི་སྐྱེ་གནས་བཅས་དགུ་དང་། དཔྲལ་བར་མི་བདག་སྟེ་བཅུ་དྲུག་དང་། མགྲིན་པར་སུམ་ཅུ་རྩ་གཉིས་དང་། དམར་ལྷག་ཕུར་སངས་བཞིའི་སྐྱེ་གནས་ཀྱི་རྩ་བཅས་སོ་དྲུག་དང་། ལྟེ་བར་སོ་གཉིས་དེ་ཡི་ཉིས་འགྱུར་དྲུག་ཅུ་རྩ་བཞི་རྣམས་སོ། །དེ་བཞིན་དུ་ཟླ་བའི་རྐང་པ་ཉེར་ལྔའི་རྩ་རྣམས་ཀྱིས་དཔྲལ་བའི་བཅུ་དྲུག་གི་མཐའ་བསྐོར་བས་ན་དཔྲལ་བའི་རྩ་ཡི་གནས་ལས་ཐ་དད་མ་ཡིན་པས་དཔྲལ་བ་ལ་བཞི་དང་ལྔའི་སྡེ་ཚན་གཉིས་བཞག་གོ། དེ་བཞིན་

p. 850

དུ་བདུན་གྱི་སྡེ་ཚན་ཞེ་དགུ་ནི་ཉི་མའི་སྐྱེ་གནས་ཀྱི་རྩ་དང་མཐའ་དག་ཉི་རྐང་ཞེ་བརྒྱད་གཅིག་ཏུ་བསྲེས་པ་ཡིས་གྲངས་ཏེ་དེ་རྣམས་ཀྱང་མགྲིན་པའི་ཕྱི་སྐོར་དུ་གནས་པས་མགྲིན་པའི་རྩ་ལས་ཐ་མི་དད་དུ་གནས་སོ། །དགུ་དང་བཅུའི་སྡེ་ཚན་རྩ་བརྒྱ་དང་བརྒྱད་ཅུ་རྩ་གཅིག་གང་ཞིག་ལག་པ་དང་རྐང་པ་ལ་གནས་པའི་ཚིགས་ཀྱི་རྩ་ནི་ནང་དང་ཕྱི་ཐབས་ཤེས་གཉིས་ཀྱི་དབྱེ་བ་རྣམས་སོ། །གཅིག་ནི་དལ་འགྲོའི་སྐྱེ་གནས་ཀྱི་རྩའོ། །དེ་ལྟར་གཙུག་ཏོར་གྱི་རྩ་བཞི་དང་། སྙིང་གའི་ཕྱོགས་སུ་གནས་པ་བརྒྱད་དང་། མགོ་བོ་སྟེ་དཔྲལ་བར་རི་བོང་ཅན་གྱི་རྐང་པ་ཉེར་ལྔ་དང་། ཉི་མའི་རྐང་པ་ཞེ་བརྒྱད་ཀྱི་རྩ་མགྲིན་པའི་འཁོར་ལོ་བར་སྐོར་སོ་གཉིས་བཅས་བསྡོམས་པ་བརྒྱ་བཅུ་བདུན་དང་། ལྷག་མ་དཔྲལ་བའི་རྩ་འདབ་བཅུ་དྲུག་དང་ལྟེ་བའི་རེ་བཞི་དང་། དལ་བའི་སྐྱེ་གནས་བཅས་པ་རྣམས་བསྡོམས་པས་བརྒྱད་ཅུ་རྩ་གཅིག་ནི་དགུ་ཡི་སྡེ་ཚན་དང་། སྡེ་ཚན་གྱི་མཐའ་མ་རབ་ཏུ་གསལ་བར་རྣམ་བཅུ་གང་ཡིན་པའི་རྩ་དེ་དག་རྣམས་སུ་ཞི་བའི་གཟའ་གཡོན་གྱི་དཀྱིལ་འཁོར་ལྔ་དང་། དྲག་པོའི་གཟའ་གཡས་ཀྱི་དཀྱིལ་འཁོར་ལྔ་རྣམས་འབབ་པར་བྱེད་པ་ཡིན་ཏེ། དཀྱིལ་འཁོར་བཅུ་པོ་དེ་དག་རྣམས་ཀྱི་ཐོག་མ་དང་མཐའི་ཆ་ཡེ་ཤེས་ཀྱི་རླུང་ནི་ཁྱབ་བདག་དུས་ཀྱི་འཁོར་ལོ་བདེ་ཆེན་དབུ་མའི་ཞབས་དུང་ཅན་མ་ལ་གནས་པ་དང་། དུས་ཀྱི་རྩ་ཨ་བ་དྷཱུ་ཏི་ཡིས་ལོངས་སྤྱོད་ཅིང་། ནང་གི་དུས་བཞི་རྫོགས་པའི་མཐར་གཟའ་བཅུ་ཡི་བདག་ཉིད་ཀྱི་དཀྱིལ་འཁོར་བཅུའི་ལོངས་སྤྱོད་ཀྱི་མཐའ་ཡང་ཡེ་ཤེས་ཀྱི་ཆ་སྒྲིབ་བྲལ་གྱི་སྲིད་པ་གསུམ་གྱི་སྐྱེད་མ་བདེ་སྟོང་དབྱེར་མེད་རྡོ་རྗེ་ཡི་སྐུ་དུས་ཀྱི་འཁོར་ལོ་དེ་ཡི་མཁའ་འགྲོ་མ་སྣ་ཚོགས་ཡུམ་དུང་ཅན་མ་ཡིས་ལོངས་སྤྱོད་དོ། །དེ་ལྟར་རྡོ་རྗེའི་ལུས་ཀྱི་དབུས་སུ་རྩ་ཨ་བ་དྷཱུ་ཏིའི་ནང་དུ་ཡེ་ཤེས་ཀྱི་རླུང་དང་རང་བཞིན་དག་པ་ལྷན་སྐྱེས་འཕོ་མེད་ཀྱི་ཐིག་ལེ་གཉུག་སེམས་དང་དབྱེར་མེད་པར་གནས་པའི་ཕྱིར། །གློ་བུར་

p. 851

འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་སྦྱོང་བྱེད་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་གདམས་པ་ནི། དང་པོར་ནམ་མཁའ་ལས་རང་སྣང་བ་གང་ཞིག་སྟོང་པའི་ངོ་བོ་དུ་བ་ལ་སོགས་པ་བརྒྱད་ནི་ཡུལ་ལྔ་དང་ཡོན་ཏན་གསུམ་དག་པ་ལ་གནས་པ་དང་དེ་རྣམས་ལ་ཁྱབ་བྱེད་ཆ་དང་ཐིག་ལེ་སྟེ་རྟགས་བཅུ་དང་། དེ་ནས་སྣ་ཚོགས་གཟུགས་ཀྱི་རྣམ་པ་ཐམས་ཅད་པ་མཐོང་བ་ལ་གནས་ཤིང་བསམ་གཏན་གྱིས་རང་གི་སེམས་སྟོང་པ་དེ་ཡི་རང་བཞིན་དག་ཏུ་མཐོང་བ་ལ་གནས་པར་འགྱུར་རོ། །དེ་ནས་གཡོ་བྱེད་ཀྱི་རླུང་འཆིང་བ་སྲོག་རྩོལ་གྱིས་གཡས་གཡོན་གྱི་ཁམས་དང་ཕུང་པོ་ལྔ་ཡི་རླུང་རྣམས་དབུ་མ་ལ་རབ་ཏུ་ཞུགས་པས་སླར་ཡང་མིག་ལ་སོགས་པའི་དབང་པོ་ལྔ་རྣམས་ལ་ཡུལ་ལྔ་རོ་མཉམ་པ་ཡི་བདག་ཉིད་ཐོབ་པས་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་བ་སྟེ། དེ་ནས་རྗེས་དྲན་གྱིས་རླུང་དབུ་མའི་ཐིག་ལེར་བཅིངས་པས་སད་པ་དང་རྨི་ལམ་ལ་སོགས་པ་གནས་སྐབས་རྣམས་འགགས་པའི་ཡེ་ཤེས་ལ་ཞུགས་ཤིང་མཆོག་གི་བདེ་བ་མཉམ་པ་ཉིད་གཞོམ་དུ་མེད་པར་ཡང་དག་པར་རབ་ཏུ་ཞུགས་པར་བྱེད་པ་ཡིན་པས་ན། དེའི་ཕྱིར་ནང་གི་རིག་མ་ཨ་བ་དྷཱུ་ཏཱི་དང་དུང་ཅན་མར་ང་བཀག་ནས་སྒྲིབ་བྲལ་གྱི་ཕུང་པོ་སྐྱེད་པར་བྱེད་པའི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གང་དེ་རྒྱུད་ཐམས་ཅད་ཀྱི་རྡོ་རྗེ་ཡི་ནི་ཚིག་ལ་གནས་པ་ཉིད་ཀྱི་དོན་དབང་བཞི་པའི་ཡེ་ཤེས་དེ་ཉིད་ཚེ་འདིར་མཐར་ཐུག་གི་ས་ལ་གྲོལ་བར་འདོད་པའི་རྣལ་འབྱོར་པ་ཡིས་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་སྦྱོར་བས་བཙལ་བར་བྱའོ། །དེ་བཙལ་བའི་ཡོན་ཏན་གསུངས་པ། ཡན་ལག་དྲུག་གིས་ཁྱབ་བདག་གཙོ་བོའི་ཞེས་པ་དུས་ཀྱི་འཁོར་ལོའི་སྐུ་ལ་ལ་ནཱར་རླུང་འགགས་པ་ཡི་མཐུ་ལས་རྣལ་འབྱོར་པ་རྣམས་དག་གི་མཆོག་གི་ལུས་ལ་ལྷ་ཡི་སྤྱན་གྱི་མངོན་ཤེས་ཉིད་དུ་འགྱུར་ལ་གཙོ་བོ་དེ་ཡི་གསུང་འོག་གི་དྲི་ཆུའི་རྩར་རླུང་བཀག་པ་དེ་དག་གི་མཐུ་ལས་ལྷའི་རྣ་བ་ཡི་མངོན་ཤེས་ཐོབ་ཅིང་། གཙོ་

p. 852

བོ་ཡེ་ཤེས་ཀྱི་སྙིང་པོ་དེ་ཡི་ཐུགས་སྟེང་གི་སྒྲ་གཅན་གྱི་རྩ་ལ་རླུང་བཀག་པའི་མཐུ་ལས་སེམས་ཅན་གཞན་གྱི་སྙིང་ལ་གནས་པ་ཐམས་ཅད་ཤེས་པའི་མངོན་ཤེས་ཐོབ་པར་འགྱུར་རོ། །གཙོ་བོ་དེའི་ཤེས་རབ་ཡུམ་གྱི་སྐུ་བཤང་བའི་རྩར་རླུང་བཀག་པ་ཡི་མཐུ་ལས་འདོད་གཟུགས་གཟུགས་མེད་དེ་རྣམ་གསུམ་སྲིད་པ་ལ་གནས་པའི་སེམས་ཅན་རྣམས་ཀྱི་སྔོན་གྱི་སྐྱེ་བ་མང་པོ་རྗེས་སུ་དྲན་པའི་མངོན་ཤེས་ཐོབ་པར་འགྱུར་རོ། །ཤེས་རབ་དེ་ཉིད་ཀྱི་ནི་གསུང་སྟེང་གི་རྩར་ས་ནཱའི་རླུང་འགགས་པའི་མཐུ་ལས་ནམ་མཁའ་ཡི་མཐའ་དང་མཉམ་པའི་འཇིག་རྟེན་ཐམས་ཅད་དུ། དུས་རྣམས་སུ་ཀུན་འགྲོའི་སྟེ་ཀུན་ཏུ་འགྲོ་བའི་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་གྱི་མངོན་ཤེས་ཉིད་དུ་རབ་ཏུ་འགྱུར་རོ། །ཤེས་རབ་དེའི་ཐུགས་ཡེ་ཤེས་ཀྱི་རང་བཞིན་དུང་ཅན་མར་རླུང་འགགས་པ་ལས་ནི་གང་ཞིག་མི་འགྱུར་བའི་བདེ་བར་རོ་མཉམ་པ་འདས་མ་འོངས་ཐམས་ཅད་ཀྱི་དུས་སུ་སྟོང་པ་ཉིད་གཞོམ་དུ་མེད་པའི་ཆོས་ཐམས་ཅད་སོ་སོ་རང་གིས་རིག་པའི་ཟག་ཟད་ཀྱི་མངོན་ཤེས་ཐོབ་པར་འགྱུར་རོ། །དེའི་ལྷ་ཡི་སྤྱན་གྱི་མངོན་ཤེས་ཀྱི་མཐུ་ལས་ཐ་མལ་གྱི་མིག་གིས་མ་མཐོང་བ་བར་ཆོད་པ་དང་བསྐལ་པའི་དོན་ཐམས་ཅད་མཐོང་བ་དང་ས་འོག་ས་སྟེང་ས་བླའི་སྲིད་པ་རྣམ་པ་གསུམ་ཡང་མཐོང་བར་འགྱུར་རོ། །ལྷ་ཡི་རྣ་བ་དག་གི་མཐུ་ལས་སྲོག་ཆགས་ཐམས་ཅད་ཀྱིས་བརྗོད་པ་སྙིང་ལ་གནས་པ་ཡིད་ཀྱི་བརྗོད་པའམ་ཡང་ན་གཞོམ་མེད་ཀྱི་སྒྲ་དང་། ཁ་ཡི་ལམ་ལས་བརྗོད་པའི་སྒྲ་ནི་མཐའ་དག་ཐོས་པར་འགྱུར་རོ། །དེ་བཞིན་དུ་གཙོ་བོ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་རྩ་དྲུག་ཏུ་རྒྱུ་བའི་རླུང་འགོག་པའི་སྦྱོར་བ་དག་ལས་ཀྱེ་མི་ཡི་བདག་པོ་སྒྲིབ་བྲལ་གཞོམ་མེད་ཀྱི་རེག་བྱ་དང་དྲི་ལ་སོགས་པ་ཡུལ་ཐམས་ཅད་མངོན་སུམ་ཤེས་པར་འགྱུར་རོ། །དེ་ལ་དགག་པར་བྱ་རྒྱུའི་རླུང་ཇི་ལྟར་རྒྱུ་ཞེ་ན། རླུང་རྒྱུ་བའི་རྩ་ནི་གང་ཞིག་ལ་ཐུར་སེལ་གྱི་

p. 853

རླུང་ནི་ལུས་ཀྱི་དབུས་ལྟེ་འོག་རྣམས་སུ་རྩ་རྣམ་པ་གསུམ་གྱི་ལམ་ལ་གནས་པ་ནི་གཅི་བ་དང་བཤང་བ་ཁུ་བ་འབབ་པ་ཡི་རྩ་རྣམས་སོ། །ལྟེ་བའི་སྟེང་དུ་སྲོག་གི་རླུང་ནི་དེ་དག་རྣམས་ཀྱི་རབ་ཏུ་རྒྱུ་བ་རྣམ་པ་དགུ་རུ་འགྱུར་ཏེ་མཐའ་མ་བཅུ་པ་སངས་རྒྱས་ཀྱི་ཞལ་ལོ། །དེ་ལ་སྲོག་དེ་དག་གི་རྒྱུ་བ་དགུ་ནི་རྣ་བ་གཉིས་དང་སྣ་བུག་གཉིས་དང་མིག་གཉིས་སྟེ་དེ་གསུམ་ལ་རྣམ་པ་གཉིས་སུ་ཤེས་པར་འགྱུར་ཏེ་ལྕེའུ་ཆུང་ནི་ལྕེ༷་དང་བཅས་པ་གཉིས་དང་། དགུ་པ་ནི་ཐིག་ལེ་དག་གི་གནས་གཙུག་ཏོར་གྱི་བུག་པར་འགྱུར་ཏེ། བཅུ་པ་སངས་རྒྱས་ཀྱི་ཞལ་ནི་ཐ་མལ་པས་ཤེས་པ་མིན་པ་འདི་ནི་མན་ངག་མེད་པ་རྣམས་ལ་མི་བསྟན་པའི་བཀའ་ལུང་གི་རྒྱ་ཡིས་བཏབ་པ་གང་ཡིན་པ་དེ་ནི་དུང་ཅན་མར་སྲོག་རླུང་ཚུད་པའོ། །དེ་ལྟ་བུའི་སྲོག་དང་ཐུར་སེལ་གྱི་རྒྱུ་བ་སྲོག་རྩོལ་དང་འཛིན་པའི་སྦྱོར་བའི་སྟོབས་ཀྱིས་འགགས་པར་གྱུར་ན་རི་བོང་འཛིན་པ་ཧཾ་ཡིག་གི་ཐིག་ལེ་བསྐྱོད་ཅིང་ཞུ་བར་བྱེད་པ་ཉི་མའི་གཟུགས་གཏུམ་མོའི་མེ་ལྟེ་བ་ནས་གཙུག་ཏོར་གྱི་བར་རྣམས་སུ་འབར་བར་རབ་ཏུ་འགྱུར་ཞིང་དེ་ནས་རྗེས་དྲན་གྱིས་རྡོ་རྗེ་དང་པདྨས་བདེ་བ་རབ་ཏུ་སད་པར་བྱེད་པའི་དོན་དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་གང་རུང་དང་སྙོམས་པར་ཞུགས་པར་བྱས་ན་སླར་ཡང་ཐིག་ལེ་ཧཾ་ཡིག་འདི་ནི་གཏུམ་མོའི་མེ་ཉི་མའི་གཟུགས་ཀྱི་མེ་ལྕེས་ལྷག་པར་ཞུ་བར་བྱེད་ཅིང་འཁོར་ལོ་རྣམས་སུ་འབབ་པ་ལས་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བར་བྱེད་ལ། ཞུ་བ་དེ་ནོར་བུའི་རྩེ་མོར་དགག་པར་བྱའོ། །དེ་ལྟར་ཡང་ཡང་གོམས་པས་ཏིང་འཛིན་གྱི་རླུང་རྒྱུ་བ་དང་ཟླ་བ་ཁུ་བ་དང་རྡུལ་ཉི་མ་གསུམ་གྱི་འཕོ་བ་འགགས་པར་གྱུར་ན་རྣམ་པར་ཤེས་པ་བདེ་ཆེན་དང་ཤེས་པ་ཞེས་བྱ་བ་དང་ནི་ཡེ་ཤེས་ཞེས་བྱའམ་སྟོང་པ་ཉིད་དེ་དག་རོ་གཅིག་ཏུ་འགྱུར་རོ། །དེ་ལྟར་ཡེ་ཤེས་ཀྱི་རྩ་དབུ་མར་རླུང་འགགས་པ་དང་། དེ་ལྟར་རྡོར་པད་སྦྱར་བས་གཏུམ་མོའི་མེས་ཧཾ་ཞུ་བའི་བདེ་བ་འདྲེན་པ་དང་

p. 854

ནི། དེ་བཞིན་དུ་ཏིང་ངེ་འཛིན་གྱིས་ཁུ་རྡུལ་རླུང་གསུམ་འགགས་པའི་རྣམ་ཤེས་ཡེ་ཤེས་འདྲེས་པ་དེ་ལྟར་ལུས་ངག་ཡིད་གསུམ་སྒྲིབ་པ་དང་བྲལ་བ་རྣམ་གསུམ་མངོན་དུ་འགྱུར་བ་ལས་མཆོག་གི་གོ་འཕང་ཐོབ་པར་འགྱུར་གྱི་དེ་ལས་གཞན་པའི་མཐར་ཐུག་གི་འབྲས་བུ་ནི་ཅུང་ཟད་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་མཆོག་གི་གོ་འཕང་དེ་ཉིད་ཐོབ་པའི་དུས་གང་ཞེ་ན། ཟླ་བ་དང་ཉི་མའི་གཟུགས་ནི་སྒྲ་གཅན་གྱིས་ཟོས་ན། ནམ་མཁའ་ལ་གནམ་སྟོང་གི་ཆ་རྫོགས་ལ་ཚེས་གཅིག་གི་ཉིན་མོ་དང་ནི་གནམ་སྟོང་གི་མཚན་མོ་ཡི་ཆ་ནམ་ཡང་མིན་པ་ཉིད་ཀྱི་ཐུན་མཚམས་དེ་ནི་ནང་ལུས་ཀྱི་དབུས་སུ་རྣལ་འབྱོར་པ་རྣམས་ཀྱི་ཉི་ཟླའི་རྒྱུ་བ་འགགས་པས་ཆགས་པ་དཀར་པོའི་ཆ་རྫོགས་པའི་མཐའ་དང་། ཆགས་བྲལ་ནག་པོའི་ཕྱོགས་ལ་མ་ཞུགས་པའི་མཚམས་ཀྱི་དུས་ཏེ། དེ་ནི་དུས་ཀུན་ཏུ་འཆི་མེད་བདུད་རྩིའི་གོ་འཕང་ཟླ་བའི་ཆ་བཅུ་དྲུག་པ་ལ་གནས་པའོ། །དེ་དཔེར་ན་དཀར་ནག་གི་ཕྱོགས་ཟད་པའི་གནམ་སྟོང་གི་མཐར། ཚེས་གཅིག་མ་ཞུགས་པའི་དུས་སུ་ཟླ་བ་ནམ་མཁའ་ལ་གནས་པ་ཉི་མའི་གཟུགས་ལ་རོ་ནི་མཉམ་པར་འགྱུར་བ་ཇི་ལྟ་བར། ནང་དུ་སྲོག་དང་ཐུར་སེལ་གྱི་རླུང་གཉིས་ཟད་པར་གྱུར་ན་གསལ་བར་རམ་ངེས་པར་ཡང་ནི་ནང་དུ་ལུས་ལ་མར་ངོའི་མཐའི་ཆ་བཅུ་དྲུག་པའི་ཆ་ལ་དངོས་གྲུབ་ཐོབ་པའི་དུས་སུ་ཉི་ཟླའི་འཕོ་བ་དེ་འགག་གོ། དེ་ལྟར་ཟླ་བ་རྩ་གཡོན་དང་རྩ་གཡས་སུ་ཉི་མའི་རྒྱུ་བ་ཉམས་ཤིང་གཡོན་དང་གཡས་ཀྱི་ལམ་ནི་གཉི་ག་ཡི་ཡང་སྲོག་གི་རླུང་ནི་རྩ་ཆེན་པོ་སྟེ་དབུ་མར་འགག་པའམ་ཡང་ན་སྲོག་གི་རླུང་འཁོར་བའི་བྱེད་པོ་ཆེན་པོ་དེ་ཉིད་དྷཱུ་ཏིར་འགག་པ་ཞེས་ཀྱང་ངོ་། །ཕྱག་རྒྱའི་ཆུ་སྐྱེས་དང་རང་གི་རྡོ་རྗེ་སྦྱར་པས་བདེ་བ་རབ་ཏུ་སད་ཅིང་རི་བོང་ཅན་ཐིག་ལེ་ཞུ་བ་ཉི་མའི་གཟུགས་ཆེན་གཏུམ་མོའི་མེ་ལ་ནི་རབ་ཏུ་ཞུགས་པ་ན། དངོས་པོ་འཁོར་བ་དང་དངོས་མེད་མྱང་འདས་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་གྱུར་པའི་

p. 855

འོད་གསལ་གཉུག་མ་འདོད་པ་སོགས་རྣམ་གསུམ་སྲིད་པ་ལ་ཡེ་ནས་གནས་པའི་བདེ་སྟོང་དབྱེར་མེད་ཀྱི་ཆོས་ཉིད་རྟོག་པས་གཞོམ་དུ་མེད་པ་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་གནས་ལུགས་དེ་ཉིད་སོ་སོ་རང་རིག་པས་ལེགས་པར་རབ་ཏུ་རྟོགས་པར་གྱུར་པ་དོན་གྱི་ཡེ་ཤེས་མངོན་སུམ་དུ་བྱས་པ་དེ་ཡི་དུས་སུ་ཟུང་འཇུག་མཆོག་གི་རྣལ་འབྱོ༷ར་པ་ཉིད་དུ་གྱུར་པ་སྟེ། དེ་འདྲའི་ཡེ་ཤེས་ཐོབ་པ་གང་ལ་འཁོར་འདས་དང་སྣང་སྟོང་དང་ཀུན་རྫོབ་དོན་དམ་དང་། གཟུང་བ་དང་འཛིན་པ་ལ་སོགས་པའི། གཉིས་ཀྱི་ཆོས་ནི་ཅུང་ཟད་ཀྱང་མེད་པ་ཆོས་ཐམས་ཅད་མཉམ་པ་ཉིད་གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོ་མཆོག་གི་གོ་འཕང་དུ་འགྲོ་བ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་གྱུར་པ་དེའི་ཚེ་ཁྲོ་བོ་བཅུ་དང་སངས་རྒྱས་ལྔ་དང་ལྷ་མོ་ལྔ་རྣམས་དང་བཅས་པ་དང་ངེས་པར་རོ་ཡི་རྡོ་རྗེ་མ་ལ་སོགས་པ་རྣམས་དང་ས་ཡི་སྙིང་པོ་སོགས་བྱང་སེམས་རབ་ཏུ་དགའ་བའི་ཐུགས་དང་ལྡན་པ་རྣམས་རྣལ་འབྱོར་པ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྲུབ་པའི་དུས་སུ་ནམ་མཁའ་ལ་ནི་སངས་རྒྱས་བྱང་སེམས་དེ་རྣམས་མངོན་སུམ་དུ་མཐོང་པར་འགྱུར་ཞིང་། ངེས་དོན་ཕུང་སོགས་ཁམས་སོ་དྲུག་སྒྲིབ་བྲལ་དུ་གྱུར་པ་སངས་རྒྱས་ལ་སོགས་པ་མངོན་སུམ་དུ་གྱུར་པའོ། །ནང་གི་རྟོགས་པ་གྲུབ་པའི་དབང་གིས་ཕྱི་རོལ་དུ་ཡང་སངས་རྒྱས་བྱང་སེམས་རྣམས་མངོན་དུའང་སྣང་ངོ་། །དེ་ལྟར་རྣལ་འབྱོར་བ་དེ་ཡི་འདོད་པའི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་ཐོབ་པ་ནི། རི་བོང་ཅན་གྱི་སྟེ་ཟླ་བའི་ཚེས་ཞག་གི་ཆ་བཅོ་ལྔ་རྫོགས་པའི་མཐའི་ཐོ་རངས་དང་ནི། གནམ་སྟོང་གི་མཚན་མོ་ཕྱེད་འདས་པའི་མཚམས་དེའི་དུས་ལ་འགྱུར་རོ། །དེའི་ཚེ་ནམ་མཁའ་ལས་རིན་པོ་ཆེ་འམ་མེ་ཏོག་སྣ་ཚོགས་པའི་ཆར་ནི་མཆོག་ཏུ་གྱུར་པའི་དུས་ཀྱི་སྦྱོར་བས་ཆ་བཅུ་དྲུག་པའི་ཆ་ལ་ས་ཡི་སྟེང་དུ་འབབ་པར་འགྱུར་རོ། །མཆོག་གི་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པ་དེའི་ལུས་ངག་ཡིད་ཀྱི་གནས་སྐབས་ཅི་དང་ཅི་ལྟ་བུར་འགྱུར་ཞེ་ན། རྣལ་འབྱོར་པ་མཆོག་གི་དངོས་གྲུབ་ཐོབ་པ་དེའི་ལུས་ནི་ཤིན་ཏུ་དྭངས་ཤིང་རྡུལ་ཕྲན་འདུས་པ་ཉམས་པ་སྟེ་ཐོགས་པ་མེད་པ་ནམ་

p. 856

མཁའ་དང་མཚུངས་པ་སྟོང་པའི་གཟུགས་མཚན་དང་དཔེ་བྱད་ལ་སོགས་པ་རྣམས་ཀྱིས་རབ་ཏུ་རྫོགས་པ་འཁོར་བའི་སྐྱེ་འཆིའི་འཇིགས་པ་མེད་པར་འགྱུར་རོ། །དེའི་ངོར་ཤེས་བྱའི་ཡུལ་དུ་གྱུར་པ་སྣ་ཚོགས་པའི་བཀོད་པ་ཅན་འཇིག་རྟེན་གསུམ་པོ་ཉིད་ནི་རྡུལ་དང་བྲལ་བས་དྭངས་ཤིང་ཆོད་པ་དང་བསྐལ་པས་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་གྱི་སྣང་བ་བཞིན་དུ་སྣང་བ་ཡོད་ཀྱང་རང་བཞིན་མེད་པར་སྣང་ངོ་། །ཆོས་སྟོན་པའི་གསུང་ངམ་སྐད་ནི་ཕྱོགས་སམ་རིས་སུ་ཀུན་ནས་ཆད་པ་མེད་ཅིང་ལྷ་སོགས་སེམས་ཅན་དུ་མའི་སྐད་སོ་སོ་གཞན་དག་གིས་གདུལ་བྱ་གཞན་གྱི་སྙིང་ལ་འཇུག་པ་སྟེ། སེམས་ནི་མི་འགྱུར་བ་སྒྲིབ་བྲལ་འཇིག་རྟེན་ལས་འདས་པའི་དམ་པའི་བདེ་བས་གང་ཞིང་དེ་ལས་ནམ་ཡང་རྣམ་རྟོག་གིས་མི་གཡོ་ལ། ཐམས་ཅད་དུས་སུ་བདེ་སྟོང་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །དེ་ཡན་ཆད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་བཤད་པ་གྲུབ་ནས། ད་ནི་བཅུ་གཉིས་པ་སངས་རྒྱས་ཀྱི་ཞིང་བསྡུ་བས་ངོ་བོ་ཉིད་ཀྱིས་གནས་པ་ནི། ས་ལས་ཆུ་དང་སོགས་ཚིགས་བཅད་བརྒྱ་རེ་ལྔ་པ་འདི་ཉིད་ཀྱིས་བསྟན་ཏེ། གནས་པ་འདིས་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པ་གསུངས་པ་ཡིན་ལ། འདིར་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་འཇིག་རྟེན་ཀུན་རྫོབ་ཀྱི་ངོས་ནས་སྟོན་པ་དང་། གཉིས་པ་དོན་དམ་པའི་ངོས་ནས་བསྟན་པའོ། །དེ་ལ་འཇིག་རྟེན་ཀུན་རྫོབ་ཏུ་རྡུལ་ཕྲ་རབ་འདུས་པའི་འཇིག་རྟེན་གྱི་བཀོད་པ་ཅན་འཇིག་རྟེན་ཐུན་མོང་གི་ངོར་སྣང་བ་དེའི་དབང་དུ་བྱས་ནས་གསུངས་པ་སྟེ། དབང་སྐྱེས་བློ་ནི་རྣམས་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་པའི་ཚིགས་བཅད་འདི་གོ་སླ་ཞིང་ཚིག་དོན་སྔར་ནང་ལེར་བཤད་ཟིན་པ་ལྟར་བྱེ་སྨྲའི་རྡུལ་ཕྲ་རབ་བསགས་པ་འདོད་པ་དང་། མུ་སྟེགས་པ་ཐམས་ཅད་

p. 857

ཀྱང་རྡུལ་ཕྲ་རབ་བསགས་པ་དབང་པོས་འཛིན་པར་འདོད་པ་དེ་བཞིན་དུ་འཇིག་རྟེན་ཐུན་མོང་ལ་སྣང་བའི་སངས་རྒྱས་ཀྱི་ཞིང་རྣམས་དང་འཇིག་རྟེན་གྱི་ཁམས་ཕལ་པ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་ནི་རྡུལ་ཕྲ་རབ་ལ་བརྟེན་ནས་བཞག་པར་རིག་པར་བྱའོ། །འཇིག་རྟེན་གྱི་ཁམས་དེ་ཡང་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་འབྲས་བུ་ལ་ལོངས་སྤྱོད་པའི་རྒྱུ་ལས་དེ་ལྟར་འཇིག་རྟེན་ཁམས་ཆགས་པ་སོགས་སུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་ཕུང་པོ་སྐྱེ་ཞིང་འཇིག་པ་ཡོད་པ་ཇི་སྲིད་དུ་དེ་དག་གིས་བདེ་སྡུག་གི་སྣང་བ་ལ་ལོངས་སྤྱོད་པའི་གནས་འཇིག་རྟེན་གྱི་ཁམས་རྣམས་ཀྱང་སྣང་བ་ནི་ངེས་པའོ། །དེ་ཡང་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པའི་དུས་སུ་ལས་ཀྱི་རླུང་འདི་ནི་འཇིག་རྟེན་དེ་དག་སྡུད་བྱེད་ཡིན་ལ། སླར་འབྱུང་བའི་དུས་སུ་ཡང་སེམས་ཅན་སྤྱི་མཐུན་གྱི་ལས་ལས་སྐྱེས་པའི་རླུང་གང་གིས་སྔོན་ཡང་འཇིག་རྟེན་གྱི་ཁམས་དང་སངས་རྒྱས་ཀྱི་ཞིང་བསྐྱེད་པ་དང་མ་འོངས་པ་ན་ཡང་སྐྱེད་པར་བྱེད་དོ། །ཞིང་དེའི་རང་བཞིན་རྣམ་པ་གཉིས་ཏེ་བརྟན་པ་དང་གཡོ་བའོ། །བརྟན་པ་དེ་ནི་ནམ་མཁའ་ལ་སྐར་མ་བརྟན་པར་གནས་པ་གོ་ལའི་རླུང་གི་གཞི་དེར་འདུག་ས་གཅིག་ཏུ་མི་གཡོ་བར་གནས་པ་ལྟར་འཇིག་རྟེན་གྱི་ཁམས་ཞེས་པའི་ནང་དུ་འདུས་པ་བརྟན་པ་སྣོད་རྣམས་ནི་མི་གཡོ་བའོ། །དེ་ལ་བརྟེན་པ་སེམས་ཅན་གྱི་འཇིག་རྟེན་སྲོག་ཆགས་རྣམས་ནི་གཡོ་བ་སྟེ། དཔེར་ན་ནམ་མཁའ་ལ་ཁྱིམ་གྱི་འཁོར་ལོ་འཁོར་བ་བཞིན་དུ་གནས་རིས་སྣ་ཚོགས་སུ་འཕོ་ཞིང་གཡོ་བའོ། །དེ་དག་སྐྱེད་བྱེད་ལས་ཀྱི་རླུང་ཞེས་པ་ནི་རྣམ་པར་ཤེས་པ་གཡོ་བའི་འདུ་བྱེད་དགེ་མི་དགེའི་ལས་ཀྱི་ཆོས་ཅན་གྱི་རྒྱུ་ལས་བྱུང་བ་ཉིད་དོ། །དེས་ན་འཇིག་རྟེན་གྱི་བྱེད་པོ་ལས་ཀྱི་རླུང་ཞེས་བྱ་བ་ཕྱི་རོལ་ན་བྱེད་པ་པོ་རང་དབང་ཅན་ནི་གང་ཡང་མེད་པར་ཤེས་པར་བྱའོ། །ཕྱི་རོལ་གྱི་འཇིག་རྟེན་འབྱུང་བ་དང་སྡུད་པ་དེ་བཞིན་དུ་རྡུལ་ཕྲ་རབ་ལས་

p. 858

གྲུབ་པའི་སེམས་ཅན་རྣམས་ཀྱི་ལུས་ཀྱང་འབྱུང་བ་དང་ཉེ་བར་སྡུད་པ་ཡང་རིག་པར་བྱའོ། །དེས་ན་ཕྱི་སྣོད་འཆགས་པ་དང་འཇིག་པའི་མཚན་ཉིད་ཅན་འདི་དག་སྐད་ཅིག་མའི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པ་ཉིད་ཀྱི་སྒོ་ནས་སངས་རྒྱས་ཀྱི་ཞིང་དང་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པའི་དུས་འབྱུང་བ་ཡིན་གྱི་བྱུང་ནས་མ་ཞིག་བར་དུ་རྟག་པར་གནས་པ་ནི་མ་ཡིན་ཀྱང་རྡུལ་ཕྲ་རབ་ཀྱི་ཚོགས་པ་མ་གྱེས་པ་དེ་སྲིད་དུ་ཆགས་ནས་གནས་པར་སྣང་ངོ་། །འཇིག་རྟེན་གྱི་ཁམས་འཇིག་པའི་དུས་སུ་ས་ཡི་རྡུལ་ཕྲ་རབ་ལས་ཆུ་དང་རྩེ་མོ་ཅན་མེ་དང་རླུང་གི་རྡུལ་ཕྲན་རྣམས་སྔར་གཅིག་ཏུ་སྦྱོར་བ་ལས་དུས་དེར་སོ་སོར་ཕྱེ་ནས། སའི་རྡུལ་ཕྲ་རབ་རྣམས་ཐ་དད་དུ་ཕྱེས་པ་དེ་ཉིད་ཆུ་ཡི་རྡུལ་ཕྲ་རབ་ཀྱི་ཁམས་ལ་འཇུག་པར་བྱེད་དེ་སྲ་བའི་ཆ་སྤང་པས་ལན་ཚྭ་ཆུ་ལ་ཞུ་བ་བཞིན་ནོ། །ཆུ་ཡི་རྡུལ་ཕྲ་རབ་རྣམས་ལས་ས་དང་མེ་དང་རླུང་གི་རྡུལ་རྣམས་ལོགས་སུ་ཕྱེ་སྟེ་ཆུ་ནི་རྩེ་མོ་ཅན་མེ་ལ་འཇུག་པར་བྱེད་དེ་བསྐམ་པར་འགྱུར་རོ། །རྩེ་མོ་ཅན་མེ་ལས་ས་དང་ཆུ་དང་རླུང་ལོགས་སུ་ཕྱེ་སྟེ་མེ་རླུང་ལ་ཞུགས་ནས་མེ་མི་སྣང་བར་འགྱུར་བའོ། །རླུང་ལས་ས་དང་ཆུ་དང་རྩེ་མོ་ཅན་དག་ཕྱེ་ནས་ལས་ཀྱི་རླུང་ཡང་སྟོང་པ་ནམ་མཁའ་ལ་ཡལ་བར་འགྱུར་རོ། །དེ་ལྟར་སེམས་ཅན་རྣམས་ཀྱི་ལས་ཀྱི་རླུང་གིས་འཇིག་རྟེན་ཀྱི་ཁམས་ཉེ་བར་སྡུད་པ་ཡིན་གྱི་བྱེད་པོ་གཞན་འཇིག་རྟེན་ཁམས་ཀྱི་འོག་ན་དུས་ཀྱི་མེ་ཞེས་བྱ་བའི་ལྷ་འགའ་ཞིག་ཡོད་པ་དེས་འཇིག་རྟེན་གྱི་ཁམས་བསྲེག་ནས་ཐལ་བར་བྱེད་པ་ཡིན་ནོ་ཞེས་ཕྱི་རོལ་བས་སྨྲས་པ་དེ་ནི་རྣམ་པ་ཀུན་དུ་མ་ཡིན་ནོ། །དུས་ཀྱི་མེ་ཞེས་པ་རྡུལ་ཕྲ་རབ་བསགས་པ་གང་ཡིན་པ་དེས་ཆོས་གཞན་བསྲེག་པའམ་ཟ་བར་བྱེད་ཀྱི་རྡུལ་ཕྲ་རབ་དང་བྲལ་བ་མ་བསགས་པ་གང་ཡིན་པ་དེས་ནི་ཅུང་ཟད་བསྲེག་ཅིང་ཟ་བར་མི་བྱེད་དོ། །དེ་ལྟར་བརྟན་པ་སྣོད་རྣམས་ཞིག་པར་གྱུར་པའི་རྗེས་ལ་དེ་ལ་བརྟེན་པ་རྣམ་པར་ཤེས་

p. 859

པའི་ཆོས་ཅན་གྱི་སྲོག་དང་ལྡན་པའི་སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དེ་རྣམས་ནི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཞིག་པ་བཞིན་དུ་མེད་པར་གྱུར་པ་ནི་མ་ཡིན་ཏེ། རྣམ་གསུམ་སྲིད་པའི་བག་ཆགས་ཀྱི་དབང་གིས་བསྐྱོད་པར་གྱུར་པ་གང་ཞིག་ལས་ཀྱི་རླུང་གིས་བསྣུན་པའམ་བཟུང་བ་སེམས་ཅན་གཞན་རྣམས་ནི་ལས་ཀྱིས་རླུང་གིས་བསྐྱེད་པའི་ཞིང་གཞན་གྱི་འཇིག་རྟེན་གྱི་ཁམས་དག་ཏུ་ཉེ་བར་ལོངས་སྤྱོད་པའི་སླད་དུ་འགྲོ་བའམ་སྐྱེ་བ་ལེན་པར་འགྱུར་རོ། །དེ་ལྟར་སེམས་ཅན་རྣམས་ཀྱི་ལས་ཀྱི་རླང་མཐའ་ཡས་པ་རྣམས་འཇིག་རྟེན་གྱི་ཁམས་དང་སངས་རྒྱས་བཞུགས་པའི་ཞིང་སྐྱེད་པར་བྱེད་པ་སྟེ་དཔེར་ན་སྲོག་ཆགས་རྣམས་ཀྱི་སོ་སོའི་ལུས་སྲོག་རླུང་གིས་བསྐྱེད་པར་བྱེད་པ་བཞིན་ནོ། །བརྟན་པ་སྣོད་རྣམས་ཀྱིས་འཕེལ་བ་སྟེ་བསགས་ཤིང་ཚོགས་པ་ནི་ལས་ཀྱི་རླུང་གི་འདུ་བྱེད་ལས་བསྐྱེད་པར་བྱེད་པའོ་ཞེས་པ་ཀུན་རྫོབ་ཏུ་གྲུབ་པའི་མཐའ་འོ། །བཅུ་གསུམ་པ་ནམ་མཁའི་ཁམས་ལ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་བཞུགས་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། སངས་རྒྱས་ཞིང་ནི་སོགས་ཚིགས་བཅད་བརྒྱ་རེ་དྲུག་པ་དང་། བརྒྱ་རེ་བདུན་པའི་རྐང་པ་དང་པོས་བསྟན་ཏེ། ལས་ཀྱི་རླུང་ལས་གྲོལ་བ་རྣམས་ཀྱི་བཞུགས་པ་གསུངས་པ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་བསྒྲགས་པ་ལས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་གསུངས་པ་བཞིན་དུ་སྒྲིབ་པ་བྲལ་བའི་ཆོས་དོན་དམ་པའི་དབང་དུ་བྱས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་འཕགས་ཀྱི་ལེའུ་ལས། སངས་རྒྱས་རྣམས་ལ་གང་དུའང་གཤེགས་པའམ་བྱོན་པ་མ་བྱུང་ངོ་། །འབྱུང་བར་མི་འགྱུར་རོ་ཞེས་གསུངས་པ་ལྟར་གནས་རིས་སུ་བཅད་པར་བཞུགས་པའམ་བྱོན་པ་མེད་ན་ཡང་། ཀུན་རྫོབ་ཀྱི་དབང་དུ་

p. 860

བྱས་ན་སངས་རྒྱས་རྣམས་ཀྱི་བཞུགས་པ་གང་ཡིན་པ་དེ་ནི་འདིར་བཞུགས་པའི་རྟེན་ངོས་བཟུང་མེད་པ་དང་རྟེན་མེད་པར་མ་ཡིན་ནོ། །འདིར་ཚོགས་པ་ལ་ལྟོས་ནས་བཏགས་པའི་སྒོ་ནས་བརྗོད་པའི་སངས་རྒྱས་བཞུགས་པའི་རྟེན་དང་བརྟེན་པ་ངེས་པའི་དོན་གྱིས་གསུངས་པ་དག་པའི་རྡུལ་ཕྲ་རབ་ས་བཅུ་གཉིས་ཐོབ་པ་ལས་གྲུབ་པའི་བཅུད་འགྱུར་མེད་བདེ་བ་ཆེན་པོ་ལུས་ཀྱི་ཁམས་ཐམས་ཅད་བདེ་ཆེན་སྒྲིབ་བྲལ་དུ་འབིགས་པར་བྱེད་པ་དེས་ཐོབ་པར་བྱ་བའི་རྡུལ་གཅིག་གི་རྩེ་མོའི་རྟེན་ས་བཅུ་གཉིས་ལ་བརྟེན་པ་ནི་དེ་ཉིད་བཅུ་དྲུག་རིག་པའི་བདག་ཉིད་སངས་རྒྱས་ཐམས་ཅད་བཞུགས་པ་སྟེ་སངས་རྒྱས་ཀྱི་ཕུང་པོ་གང་དག་རྣམ་པ་ཐམས་ཅད་པའི་སྟོང་པའི་མཚན་ཉིད་ཀྱི་སྐུ་ཅན་སྒྲིབ་པ་མེད་པ་རྣམས་མཐའ་དག་ལ་བཞུགས་སོ་ཞེས་པའི་དོན་ཏོ། །དེ་ལྟར་སངས་རྒྱས་ཀྱི་ཞིང་ནི་མ་ལུས་པ་ལས་ཀྱི་རླུང་གིས་བསྐྱེད་པ་ཅན་མིན་པར་ལས་ང་དང་བྲལ་བ་ཉིད་དུ། སྲིད་གསུམ་སྒྲིབ་བྲལ་དུ་བསྐྱེད་པར་མཛད་པས་ཏེ་ཡེ་ཤེས་ཀྱི་སྐུས་ཆོས་ཐམས་ཅད་རང་བཞིན་རྣམ་དག་འོད་གསལ་ཆེན་པོའི་རང་བཞིན་དུ་རྣམ་པར་གཟིགས་ནས་ནི། བདེ་སྟོང་ངམ་རྟེན་བརྟེན་པ་གཉིས་ཀ་རོ་མཉམ་པ་དག་པའི་རྡུལ་གཅིག་གི་ཁྱོན་ལ་སངས་རྒྱས་ཐམས་ཅད་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཡི་རྣམ་པས་བཞུགས་པ་སྟེ། འདིར་ངེས་དོན་དུ་ཡང་དག་པའི་རྡུལ་ཞེས་པ་ས་བཅུ་ལ་སངས་རྒྱས་རྣམས་བཞུགས་པར་བརྗོད་པ་སྟེ། ས་བཅུ་བགྲོད་ཟིན་པའི་ཕྱིར་དང་ས་བཅུ་ལ་གནས་པའི་རྒྱལ་སྲས་རྣམས་ཀྱི་སྣང་ངོར་བཞུགས་པས་སོ། །དག་པའི་རྡུལ་ཇི་ལྟ་བུ་ཞེ་ན་དཔེར་ན་ཕལ་པའི་བཅུད་གྲུབ་པ་དངུལ་ཆུའི་ཁམས་ཀྱིས་ལྕགས་བཟུང་ན་གཉིས་ཀ་རོ་མཉམ་པར་གསེར་དུ་འགྱུར་བ་བཞིན་འཁོར་བ་པའི་བྱང་སེམས་ཐིག་ལེ་རྣལ་འབྱོར་གྱི་སྟོབས་ལས་མི་འཕོ་བར་བྱས་པ་ལས་ཐོབ་བའི་ས་བཅུ་གཉིས་ལ་བཞུགས་

p. 861

པ་སྟེ་རྟེན་དང་བརྟེན་པ་རོ་མཉམ་པའོ་ཞེས་པའི་དོན་ཏོ། །གཉིས་ཆོས་ཀྱི་མཚན་མ་དང་བྲལ་བའི་དེ་ཁོ་ན་ཉིད་དུ་གནས་གྱུར་པ་ཐོབ་པ་རྣམས་ལ་ནི་རྡུལ་དང་རི་རབ་དང་སྐད་ཅིག་དང་བསྐལ་པའི་ཆ་མཉམ་པར་གྱུར་པས་དུས་སྐད་ཅིག་ལ་དུས་གསུམ་གྱི་མཛད་པ་སྟོན་པ་དང་། རྡུལ་ཕྲ་རབ་གཅིག་གི་ནང་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་བཀོད་པ་སྟོན་པ་ལ་མི་ནུས་པ་གང་ཡང་མེད་དེ། ཕྱོགས་ཀྱི་རྒྱ་ཆེ་ཆུང་དང་དུས་ཀྱི་རིང་ཐུང་དུ་སྣང་བ་འདི་རྟོག་པས་བཏགས་པ་ཙམ་ལས་དངོས་པོ་ལ་མ་གྲུབ་པའི་ཕྱིར་རོ། །འདིར་བྱང་ཆུབ་སེམས་དཔའ་ནི་སྒྲིབ་པའི་ཆ་ཤས་ཅུང་ཟད་མ་སྤངས་པས་སངས་རྒྱས་སུ་མ་གྱུར་པས་ད་དུང་སངས་རྒྱས་ཉིད་དུ་འདོད་པའམ་སྨོན་པ་རྣམས་སོ། །སྨོན་པའི་སེམས་ནི་རྡོ་རྗེ་སྙིང་འགྲེལ་ལས་སྟོང་གཟུགས་མཐོང་བ་ལ་ཡང་གསུངས་ཏེ་སྟོང་པའི་གཟུགས་མཐོང་བས་སྐྲ་ཡི་ཚད་ཙམ་གྱི་རེ་ཁཱའི་ནང་དུ་སྲིད་པ་གསུམ་གྱི་གཟུགས་མཐོང་བ་དེ་དག་ཚུལ་འདི་ལྟ་བུའི་གནས་ཁོང་དུ་ཆུད་ནས་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་སོམས་ཉི་མེད་པས་སོ། །སོ་སོ་རེ་རེའི་རོ་ཡི་རྡུལ་ལ་ཞེས་པ་ནི་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་སོགས་ཀྱི་རྡུལ་ཕྲན་རེ་རེ་ལའང་འབྱུང་བ་ལྔ་དང་ཡེ་ཤེས་ཀྱི་ཁམས་ཀྱིས་ཕྱེ་བའི་རོ་ཡི་རྡུལ་ཏེ་རྡུལ་དྲུག་ལ་ཐབས་ཤེས་གཉིས་གའི་རིགས་ཀྱི་དབང་གིས་བཅུ་གཉིས་སུ་ཕྱེ་བའི་རྡོ་རྗེའི་སྲས་པོ་ས་བཅུ་གཉིས་ལ་གནས་པ་རྣམས་ཀྱིས་སངས་རྒྱས་ཉིད་ཡོངས་སུ་བསྐོར་ནས་བཞུགས་པའོ། །དེ་དག་གི་ནང་ནས་ཀྱང་ས་བརྒྱད་པ་མི་གཡོ་བར་གནས་པ་ཡན་ཆད་ལ་གཙོ་ཆེར་བརྗོད་པའོ། །རྡོ་རྗེའི་སྲས་པོ་ཞེས་པ་རྣམ་པ་ཀུན་ལྡན་མཆོག་གི་སྟོང་ཉིད་མཐོང་ནས་འགྱུར་བ་མེད་པའི་བདེ་བ་རྡོ་རྗེའི་རིགས་སུ་གྱུར་པའི་སྲས་པོ་རྣམས་སོ། །དེ་བཞིན་དུ་ས་ལ་སོགས་པའི་འབྱུང་བའི་ཁམས་སྒྲིབ་བྲལ་མི་འགྱུར་བར་གྱུར་པའི་རྡུལ་རེ་རེ་ལའང་ས་ཡི་ཟད་པར་སོགས་གྲུབ་པའི་ཆགས་བྲལ་གྱི་གང་ཟག་

p. 862

མ་ལུས་པ་རང་རང་གི་རིགས་ལ་གནས་པ་མཐའ་ཡས་པ་རྣམས་དང་མི་གཡོ་བ་སོགས་ཀྱི་ས་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་གཅིག་ཏུ་བཞུགས་པའོ། །དེ་ལྟར་ཡང་ཕལ་པོ་ཆེ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །དེ་དག་དབྱིབས་ཀྱང་ཐ་དད་དེ། །ཀུན་ནས་འདྲེས་པར་གྱུར་པ་མེད། །ཅེས་པ་ལ་སོགས་པས་གསུངས་པ་བཞིན་དུ་རྡུལ་གཅིག་གི་ཁྱོན་ལ་ཡང་སེམས་ཅན་ལས་ཀྱི་སྣང་བ་ཚད་མེད་པའི་འཇིག་རྟེན་ཀུན་ཏུ་སྣང་བར་གསུངས་ན་སྒྲིབ་པ་དང་བྲལ་བའི་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་ནི་སྨྲོས་ཅི་དགོས་སོ། །དེའི་ཕྱིར་རང་སྣང་དག་པ་རྣམས་ཀྱིས་སངས་རྒྱས་མཐོང་བ་ཡིན་ནོ། །འདིར་ངེས་པའི་དོན་དུ་རྟེན་ས་ལ་རྡུལ་གྱི་སྒྲས་མི་གཡོ་བ་ལ་སོགས་པའི་ས་རྣམས་གསུངས་ཀྱི་རྡུལ་ཕྲ་རབ་འབའ་ཞིག་མ་ཡིན་ཏེ་དག་པའི་རྡུལ་གྱི་སྒྲས་ཐབས་ཤེས་ཀྱི་ས་བཅུ་གཉིས་བསྟན་པར་རིག་པར་བྱ་སྟེ་སངས་རྒྱས་ནི་སྒྲིབ་པ་ཐམས་ཅད་ཟད་པ་མངོན་དུ་བྱས་པའི་ཕྱིར་རོ། །དེ་ལྟར་འཁོར་རྒྱུད་དག་པ་སངས་རྒྱས་མཐོང་བའི་སྐལ་པ་ཅན་དེ་དག་རྣམས་དང་ཐབས་གཅིག་ཏུ་བདེ་སྟོང་དབྱེར་མེད་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་སེམས་དཔའ་ནི་བསྐལ་པ་འཇིག་པ་ནས་སླར་ཡང་འཆགས་པའི་དུས་ཀྱི་བར་དུ་ནམ་ཡང་འཕོ་འགྱུར་མེད་དེ་ནམ་མཁའ་ལ་རྣམ་པར་བཞུགས་སོ་ཞེས་དོན་ལ་སེམས་ཅན་གྱི་མཐའ་ཇི་སྲིད་དུའོ། །དེ་ལྟ་ན་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འབྲེལ་དུ་ཚོགས་པར་མ་གྱུར་བ་དེ་སྲིད་དུ་སེམས་ཅན་དེ་རྣམས་ཀྱིས་སངས་རྒྱས་འབྱུང་བ་མཐོང་བར་མི་འགྱུར་བས་ནམ་མཁའ་ལ་རྣམ་པར་བཞུགས་ཞེས་པ་ཆོས་ཀྱི་སྐུ་ལ་གནས་སོ་ཞེས་པའི་དོན་ཏོ། །དེ་ལྟར་ན་ནམ་མཁའི་ཁམས་ཀྱིས་གར་ཁྱབ་པའི་ཞིང་རྡུལ་ཕྲ་མོ་རེའི་ཁྱོན་དུ་ཡང་སངས་རྒྱས་མི་བཞུགས་པའི་ཡུལ་རིས་ཆད་དུ་བཞག་པར་མི་རུང་ཡང་སངས་རྒྱས་འབྱུང་བ་མཐོང་བ་ནི་

p. 863

སེམས་ཅན་རང་རང་གི་ལས་སྣང་དག་པའི་དབང་གིས་ཡིན་པར་ཤེས་པར་བྱའོ། །དེས་ན་སངས་རྒྱས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཚུལ་འདི་ལྟ་བུ་ལ་མོས་ཤིང་ཡིད་ཆེས་པ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་ལས་ཡིད་ཀྱི་ཕྱག་འཚལ་བའི་དོན་དུ་གསུངས་བ་བཞིན་ནོ། །བཅུ་བཞི་པ་སངས་རྒྱས་ཀྱི་ཞིང་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ཡང་དག་འཛིན་པར་བྱེད་པ་སོགས་ཚིགས་བཅད་བརྒྱ་རེ་བདུན་པའི་རྐང་པ་གསུམ་དང་། ཚིགས་བཅད་བརྒྱ་རེ་བརྒྱད་པས་བསྟན་ཏེ། འདིར་འཇིག་རྟེན་གྱི་ཁམས་གསར་དུ་འབྱུང་བ་ནི་འཆགས་པའི་བསྐལ་པ་ཡིན་ལ་དེའི་མིང་ནི་སཾ་བརྟ་ཞེས་པ་སཾ་ནི་ཡང་དག་པ་དང་བརྟ་ནི་འཛིན་པའམ་འཇུག་པའི་དོན་ཡིན་པས་ཡང་དག་པའི་རྣམ་པས་ཆོས་དང་ཆོས་མིན་འཇུག་པའི་ཕྱིར་སམ་བརྟའི་སྒྲ་ཆགས་པའི་དུས་ཀྱི་མིང་ངོ་། །དེའི་ཕྱིར་སམ་བརྟ་འཇིག་པའི་དུས་ཀྱི་མིང་དུ་བཤད་ཅེས་གྲགས་པའི་ཚིག་དེ་ནི་དོན་མ་ཡིན་ནོ། །དེ་ཡང་འཇིག་རྟེན་འཆགས་པར་བྱེད་པའི་རྒྱུ་ནི་ལས་ཀྱི་རླུང་རྣམ་པ་གསུམ་སྟེ། ཡང་དག་པར་འཛིན་པར་བྱེད་པ་དང་། སྲུབ་པར་བྱེད་པ་དང་། དབྱིབས་བྱེད་པའོ། །དེ་རྣམས་ལས། ཡང་དག་པར་འཛིན་པར་བྱེད་པས་ས་དང་ཆུ་དང་བསྲེག་ཟ་མེ་དང་རླུང་དང་སྟོང་པའི་རང་བཞིན་ནམ་མཁའི་ཁམས་གོ་འབྱེད་པའི་ཆ་ཡི་རྡུལ་ཕྲན་རྣམས་ཀྱི་ཚོགས་གཅིག་ཏུ་སྦྱོར་ཞིང་འཛིན་པར་བྱེད་དེ། དཔེར་ན་སྤྲིན་གྱི་ཁམས་ལ་ཡོད་པའི་རླུང་གི་ཆུའི་རྡུལ་ཕྲ་རབ་ཀྱི་ཚོགས་ཀུན་ནས་འཛིན་པ་བཞིན་ནོ། །དེ་ནས་རླུང་གང་ཞིག་སྲུབ་པར་བྱེད་པས་ཐ་དད་པའི་འབྱུང་བའི་རྡུལ་ཕྲན་རེ་སྟེ་ནམ་མཁའི་བར་གྱི་རྡུལ་མཐའ་དག་ཚོགས་པ་གཅིག་ཏུ་གྱུར་གྱི་བར་དུ་སྲུབ་པར་བྱེད་པ་སྟེ། དཔེར་ན་ཆུ་ལ་ལན་ཚྭ་བཞིན་དུ་ཁམས་རྣམས་སོ་སོའི་དོན་བྱེད་པའི་སྲ་བར་གྱུར་གྱི་བར་དུའོ། །དེ་བཞིན་དུ་སླར་ཡང་རྡུལ་ཕྲན་དེ་དག་རྣམས་ནི་ཕན་ཚུན་

p. 864

སྦྱོར་བར་འགྱུར་ཏེ་རྒྱུའི་གཙོ་བོའི་དངོས་པོ་ཆེན་པོ་ལ་ཕལ་པའམ་ཆུང་ངུའི་དངོས་པོ་རྣམས་སོ། །དེ་ཡི་ཚུལ་ནི་དཔེར་ན་སྲ་བའི་དངོས་པོ་དང་དྲིའི་ཡོན་ཏན་སྐྱེད་པ་ལ་གཙོ་བོ་ས་ཡི་རྡུལ་རྣམས་བྱས་ནས་དེ་ལ་གྲོགས་སུ་ཆུ་ལ་སོགས་པ་ཕལ་པའི་དངོས་པོ་རྣམས་སྦྱོར་བར་བྱེད་དོ། །དེ་བཞིན་དུ་གཤེར་བ་ལ་ཆུ་དང་ཚ་བ་ལ་མེ་དང་། གཡོ་བ་རླུང་གི་དངོས་པོ་ལ་རླུང་ཉིད་གཙོ་བོ་དང་། རྡུལ་རྣམས་ཆ་མཉམ་པ་ལ་རོ་སྟེ་ནམ་མཁའི་ཁམས་ཀྱི་རྡུལ་ཏེ་ཁམས་དེ་དག་གི་ཆ་ཡི་སྒོ་ནས་ཕྱེ་བའི་རྡུལ་ཕྲན་རྣམས་གཙོ་བོར་བྱས་ནས་རང་མ་ཡིན་པའི་འབྱུང་རྡུལ་གཞན་རྣམས་རྒྱུ་ཕལ་པའི་ཚུལ་དུ་ཕན་ཚུན་སྦྱོར་བར་བྱེད་དོ། །རྒྱུ་ཕལ་པ་དེ་རྣམས་གཙོ་བོའི་འབྱུང་བ་རང་རང་གི་ཡོན་ཏན་དང་བྲལ་ཀྱང་གཙོ་བོ་དང་སྦྱོར་བའི་དབང་གིས་ཕན་ཚུན་ཡོན་ཏན་ལྔའི་ཆ་བསྐྱེད་པ་ལ་བྱ་བ་གཅིག་ཏུ་འགྱུར་རོ། །དེ་ནས་དབྱིབས་སུ་བྱེད་པ་ཉིད་ཀྱི་རླུང་ནི་ཆེན་པོ་དབྱིབས་སྣ་ཚོགས་ཐམས་ཅད་པ་བྱེད་པ་དག་གིས་སངས་རྒྱས་ཀྱི་ཞིང་རྣམས་མཐའ་དག་རྣམ་པར་འགོད་པར་བྱེད་དེ་ཚད་དང་དབྱིབས་དང་བཀོད་པ་མི་འདྲ་བ་སྣ་ཚོགས་འགོད་པར་བྱེད་དོ། །ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་སྲོག་ལ་སོགས་པའི་རླུང་བཅུ་པོ་རྣམས་ཀྱིས་ལུས་ཆགས་པ་དང་གནས་པ་དང་སྡུད་པར་བྱེད་དོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ནི་སོ་སོ་དག་ལ་སླར་ཡང་ཁོར་ཡུག་གི་རི་བོ་ཆེན་པོ་དག་ནི་ཀུན་ནས་འཁོར་བར་གནས་པར་བྱེད་དོ་ཞེས་སོ། །ཁོར་ཡུག་དེ་བཞིན་དུ་ནང་དུ་སེམས་ཅན་རྣམས་ཀྱི་ལུས་སོ་སོ་ལ་བ་སྤུ་དང་པགས་པའོ། །སངས་རྒྱས་ཀྱི་ཞིང་དེ་ཡི་དབུས་སུ་ལས་ཀྱི་ས་ནི་ཞེས་པ་སངས་རྒྱས་བྱོན་ནས་ཆོས་བསྟན་པ་ལ་བརྟེན་ནས་ཐར་པ་ཐོབ་པ་སོགས་དགེ་སྡིག་གི་ལས་བསྒྲུབ་པ་ལ་སྟོབས་ཆེ་བའི་ཆེན་པོ་དག་གི་རང་བཞིན་གྱི་འཇིག་རྟེན་གྱི་ཁམས་སུ་རབ་ཏུ་འགྱུར་བ་ནི་ནང་དུ་ལུས་ལ་རྩ་ཐམས་ཅད་ཀྱི་རྩ་བ་ཨ་བ་དྷཱུ་ཏཱི་གཅིག་ཆགས་པ་ཇི་ལྟ་བ་བཞིན་ནོ། །ལས་ཀྱི་ས་མ་ཡིན་པའི་འཇིག་རྟེན་གྱི་

p. 865

ཁམས་ལྷག་མ་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པའི་ས་ཡི་རང་བཞིན་ཅན་རྣམས་ནི་ཡུལ་གྱི་བདེ་བ་ལ་ལོངས་སྤྱོད་པར་བྱེད་པ་སྟེ་རིན་ཆེན་སྣ་ཚོགས་པ་ཀུན་གྱིས་རབ་ཏུ་གང་བ་རྣམས་ནང་དུ་ལུས་ལ་དབུ་མ་ལས་གཞན་པའི་རྩ་རྣམས་ཏེ་རྩ་དེ་དག་གིས་ལུས་འཚོ་ཞིང་ཡུལ་ལ་ལོངས་སྤྱོད་པ་བཞིན་ནོ། །རིན་ཆེན་ཀུན་གྱིས་གང་བ་ཁུ་ཁྲག་གིས་གང་བའི་རྩ་རྣམས་བཞིན་ནོ། །འདིའི་སྐབས་སུ་སངས་རྒྱས་འབྱུང་བའི་ཞིང་ལས་ཀྱི་ས་དང་མི་འབྱུང་བའི་ཞིང་གཞན་པའི་འཇིག་རྟེན་གྱི་ཁམས་སུ་བྱས་ཀྱང་རུང་འདྲ་སྙམ་མོ། །དེ་འདྲ་བའི་འཇིག་རྟེན་གྱི་ཁམས་གཞན་དང་བཅས་པའི་སངས་རྒྱས་ཀྱི་ཞིང་ནི་ལས་རླུང་གི་དབང་གིས་འབྱུང་སྟེ། ནང་དུ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་བཅས་པའི་ལུས་འདི་ཉིད་སྲོག་ལ་སོགས་པའི་རླུང་ལས་སྐྱེ་བ་ཇི་ལྟ་བ་བཞིན་ནོ། །བཅོ་ལྔ་པ་སངས་རྒྱས་ཀྱི་ཞིང་རྡོ་རྗེར་བྱིན་གྱིས་བརླབས་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། མཐའ་དག་རི་ཡི་བདག་པོའི་སོགས་ཚིགས་སུ་བཅད་པ་བརྒྱ་རེ་དགུ་པ་ནས། ཚིགས་བཅད་བརྒྱ་གོ་གཉིས་པའི་བར་གྱིས་བསྟན་ཏེ། ཕྱིའི་འཇིག་རྟེན་གྱི་ཁམས་དཀྱིལ་འཁོར་དུ་དག་པའི་ཚུལ་དང་། ཕྱི་ནང་གི་འཇིག་རྟེན་སྐུ་གཟུགས་དང་དཀྱིལ་འཁོར་དུ་དག་ཚུལ། ལྷུན་པོའི་གནས་ཚུལ་དང་། རྡོར་དྲིལ་དང་མཆོད་རྟེན་གྱི་ཚད་སངས་རྒྱས་ཀྱི་མཚན་དཔེ་ནོར་བུ་ལ་སོགས་པའི་ཁམས་ཀྱི་རང་བཞིན་འཇིག་རྟེན་གྱི་ཁམས་ཀྱི་གནས་ཚུལ་དང་ཁྱིམ་བཅུ་གཉིས་རྣམས་བསྟན་པའི་གནས་པ་འདིས་སངས་རྒྱས་ཀྱི་ཞིང་རྡོ་རྗེར་བྱིན་གྱིས་བརླབས་པའི་རང་བཞིན་འཕྲོས་དོན་བཅས་བསྟན་པ་སྟེ། དེ་ལ་དང་པོ་རི་རབ་ཀྱི་རང་བཞིན་གསུངས་པ། མཐའ་དག་གི་རི་གང་མཆིས་པ་དེ་ཡི་དབང་པོའམ་བདག་པོའི་ཞེས་རིའི་རྒྱལ་པོ་རི་རབ་ཀྱི་ལུས་འཕགས་པོའི་གླིང་ལ་མངོན་པར་ཕྱོགས་པ་ཤར་གྱི་ཕྱོགས་ནི་རིན་པོ་ཆེ་དག་པའི་ཨི་ནྡྲ་ནི་ལ་ལས་གྲུབ་སྟེ། རླུང་གི་ཆོས་ཅན་ཉིད་ཀྱི་ཕྱིར་ས་བོན་ཡ་ཡི་རང་བཞིན་ནོ། །ལྷོ༷་ནི་པདྨ་ར་ག་སྟེ་མེ་ཁམས་ར་ཡིག་གི་

p. 866

ཆོས་ཅན་ནོ། །ནུབ་ནི་རིན་པོ་ཆེ་ཀ་རྐེ༷་ཏ་ན་སེར་པོ་སྟེ་ས་ཁམས་ལ་ཡིག་གི་ཆོས་ཅན་ནོ། །བྱང་ནི་རི་བོང་འཛིན་པ་ལྟར་དཀར་བ་ཟླ་བ་ཆུ་ཤེལ་ལོ་ཞེས་པ་ཆུ་ཡི་ཁམས་ཝ་ཡིག་གི་ཆོས་ཅན་ནོ། །དེ་བཞིན་དུ་གླིང་རྣམས་ལའང་རླུང་ལ་སོགས་པའི་ཁམས་ཀྱི་ཡི་གེ་ཡང་ཡ་ར་ལ་ཝ་བཞི་ཡིན་པ་ཤེས་པར་བྱའོ། །ལྷུན་པོའི་དབུས་ནི་ལྗང་ཀུ་ནམ་མཁའི་ཁམས་ཧ་ཡིག་གི་ཆོས་ཅན་ནོ། །ལྷུན་པོ་དེ་ཡི་སྙིང་པོར་ཏེ་དབུས་སུ་ཆུད་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ་སྔར་དབང་ལེར་བརྗོད་པ་བཞིན་ནོ། །ལྷུན་པོ་དེ་ཡི་ནང་དུ་ཆུད་པ་འདིར་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་སྟེ། གང་ཞེ་ན། དབུས་སུ་དང་པོར་ཐུགས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་དང་། དེ་ནས་དེའི་ཕྱི་རོལ་དུ་ནི་དབུས་མ་ཐུགས་དཀྱིལ་ལས་ནི་ཉིས་འགྱུར་དུ་གྱུར་པ་དག་ཀྱང་གསུང་གི་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་ནས་གཞན་སྐུ་དཀྱིལ་ནི་གསུང་དཀྱིལ་ལས་ཉིས་འགྱུར་དག་སྟེ་མདའ་ལ་བཅུ་ཡིས་བསྒྱུར་བར་གྱུར་པའི་ལྔ་བཅུའི་ཚད་ཀྱི་དཔག་ཚད་སྟོང་ཕྲག་གོ། ལྷུན་པོའི་ལྟེ་བའི་གནས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། སྙིང་གའི་གནས་སུ་ཐུགས་དཀྱིལ་དང་། མགྲིན་པའི་གནས་སུ་གསུང་དཀྱིལ་དང་། དཔྲལ་བར་སྐུའི་དཀྱིལ་འཁོར་ནི་ལྷུན་པོའི་རྒྱ་ཡི་ཚད་དང་གྱེན་དུ་རིམ་པས་ཐིག་ལེ་བཞི་དང་སྦྱར་བའོ། །ནང་དུ་ལུས་ལ་ནི་སྙིང་གར་ཐུགས་དཀྱིལ། མགྲིན་ལྟེའི་བར་གསུང་དཀྱིལ། དཔྲལ་བ་ནས་ཆུ་སོའི་བར་སྐུ་དཀྱིལ་ལོ། །དེའི་ཕྱི་རོལ་དུས་སོགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱང་འཇིག་རྟེན་ཁམས་ཀྱི་ཚད་ཀྱིས་ནང་དུ་ལུས་ལ་གནས་ཤིང་དེ་ཐམས་ཅད་དཀྱིལ་འཁོར་དུ་རང་བཞིན་གྱིས་དག་པའོ། །སྙིང་པོར་གཙོ་བོ་དུས་ཀྱི་འཁོར་ལོ་དང་ཕྱག་རྒྱ་ནུས་མ་རྣམས་ཀྱི་མཚན་ཉིད་དེ་རྣམ་ཤེས་ཡེ་ཤེས་རོ་མཉམ་པ་སྟོང་པ་ཉིད་ཀྱི་གཟུགས་དང་མི་འགྱུར་བའི་བདེ་བའི་བདག་ཉིད་དོ། །དེའི་གནས་ནི་དཔག་ཚད་དྲུག་སྟོང་ཉིས་བརྒྱ་

p. 867

ལྔ་བཅུའི་མཚན་ཉིད་དོ། །དེའི་ཕྱི་རོལ་དུ་དཔག་ཚད་སྟོང་ཕྲག་ལྔ་བཅུ་ནི་སྙིང་པོའི་པདྨའི་ཚད་དང་། དེ་ནས་དེ་ཡི་ཕྱི་རོལ་ཏུ་འཁོར་ལོ་དྲུག་གི་སྡོམ་པའི་དཀྱིལ་འཁོར་དུ་མཚོན་པ་སྟེ། དུས་རྣམས་དག་གིས་འཁོར་ལོའི་ངོ་བོ་ཞེས་པ་ནི་ཟླ་བ་གཉིས་གཉིས་ཀྱི་རང་བཞིན་དུས་དྲུག་པོ་རྣམས་རྣམ་པར་དག་པའི་འཁོར་ལོ་དྲུག་གི་ངོ་བོར་ནི་རི་རབ་ཀྱི་དབང་དང་། དེ་ནས་དཀྱིལ་འཁོར་གྱི་རྒྱར་ནི་འཇིག་རྟེན་ཁམས་ཀྱི་རླུང་གི་མཐར་ཐུག་པའི་རང་བཞིན་དག་པ་སྟེ། ནང་དུ་ལུས་ལ་དུས་དྲུག་གི་རང་བཞིན་གྱི་འཁོར་ལོ་དྲུག་ནི་སྟེང་འོག་ཏུ་སྐྲ་ནས་རྐང་མཐིལ་དང་རྒྱར་སེན་མོའི་བར་རྣམ་པར་དག་པ་ཡིན་ནོ། །ལུས་ཀྱི་འཁོར་ལོ་དྲུག་དང་རིགས་དྲུག་གིས་རྣམ་པར་དག་པ་འཁོར་ལོ་དྲུག་གོ་ཞེས་ཏེ་དེ་ནི་སྔར་བརྗོད་ཟིན་ཏོ། །དཔག་ཚད་རིག་བྱེད་འབུམ་སྟེ་བཞི་འབུམ་གྱི་ཚད་ཅན་རླུང་གི་དཀྱིལ་འཁོར་ལ་གནས་པའི་འཇིག་རྟེན་གྱི་ཁམས་རླུང་དཀྱིལ་གྱི་མཐར་ཐུག་པ་རྣམ་པར་དག་པའི་དཀྱིལ་འཁོར་གྱི་རྒྱ་ཡི་ཚད་དུ་སྦྱར་རོ། །སྡོམ་ཆེན་གྱི་དཀྱིལ་འཁོར་དེའི་སྙིང་པོར་བརྒྱད་གཉིས་ཀ་བ་ནི་ཀྱེ་མི་ཡི་བདག་པོ་རི་བོང་ཅན་གྱི་ཆ་བཅུ་དྲུག་པ་ཡིས་དག་པ་སྟེ་ཀ་བ་དེ་རྣམས་ཀྱིས་སྙིང་པོའི་དཀྱིལ་འཁོར་ལ་ཡོངས་སུ་བསྐོར་བའི་ཡེ་ཤེས་ཀྱི་འཁོར་ལོ་ཁང་པ་བརྩེགས་པ་ཟླུམ་པོ་ནི། ནང་དུ་ཕྱག་རྒྱའི་སྐྱེ་གནས་ཀྱི་གཟུགས་དངོས་གྲུབ་ཐམས་ཅད་སྐྱེད་པར་བྱེད་པ་པོའི་ཞེས་སོ། །དེས་ལྷུན་པོ་ཉིད་དཀྱིལ་འཁོར་དུ་རྣམ་པར་དག་པའི་རང་བཞིན་དུ་རྫོགས་པའོ། །དེ་ནི་བཅོམ་ལྡན་འདས་ཀྱི་སྐུའི་ཚད་ཀྱིས་ཕྱི་རོལ་གྱི་འཇིག་རྟེན་དཀྱིལ་འཁོར་དུ་དག་པ་གསུངས་པ་ནི། འདིར་བཅོམ་ལྡན་འདས་རྒྱལ་བའི་བདག་པོའི་གཙུག་ཏོར་གྱི་རྩེ་ནས་ནི་སྨིན་མའི་བར་གྱི་མཛོད་སྤུའི་དབུས་སུ་ཕྱེད་དང་བཅས་པ་ཉི་མའི་སོར་དུ་འགྱུར་ཞེས་པ་སོར་ཕྱེད་དང་བཅུ་གཉིས་སོ། །དེ་ནས་མགྲིན་པའི་ཆུ་སྐྱེས་ཀྱི་བར་དུ་ཚད་སྔ་མ་དེ་བཞིན་དང་། དེ་ནས་སྙིང་ག་དང་ནི་སྙིང་ག་དེ་ནས་

p. 868

ལྟེ༷་བ་དང་། ལྟེ་བ་ནས་གསང་བའི་ཆུ་སྐྱེས་ཀྱི་བར་དུའང་ཚད་དེ་བཞིན་ནོ། །དེ་ལྟར་གཙུག་ཏོར་ནས་གསང་བའི་པདྨའི་མཐར་སོར་ཕྱེད་ཀྱིས་ལྷག་པའི་སོར་དྲུག་ཅུ་རྩ་གཉིས་ཀྱི་ཚད་ནི་སྐུའི་དཔངས་ཀྱི་ཚད་དོ། །ཞབས་ཀྱི་འོག་ཞབས་མཐིལ་དང་། རྗེ་ངར་དང་། བརླ་དང་། དཔྱི༷་ཡང་རིམ་པ་བཞིན་ཞབས་མཐིལ་སོར་མ་ནུ་སྟེ་བཅུ་བཞི་ནི་རྟིང་པ་ནས་སོར་རྩེའི་བར་གྱི་ཚད་དོ། །རྗེ་ངར་ནི་སྲིད་དུ་སོར་དེ་ཉིད་དེ་ཉེར་ལྔའོ། །བརླ་ཡང་དེ་བཞིན་དུ་སོར་མོ་དེ་ཉིད་དེ་ཉེར་ལྔའོ། །དཔྱི་ནི་རིག་བྱེད་དེ་སོར་བཞི་ཡི་དཔངས་རྣམས་ཀྱིས་ཏེ་པུས་མོའི་ཚིགས་ཀྱང་དེ་བཞིན་ནོ། །ཞབས་ཀྱི་དཔངས་ནི་སོར་ཕྱེད་བཞིའོ། །དེ་ལྟར་ཕྱེད་དང་བཅས་པའི་སོར་དྲུག་ཅུ་རྩ་གཉིས་ཀྱིས་ནི་དཔྱི་ནས་ཞབས་མཐིལ་གྱི་བར་ཏེ། དེ་ལྟར་སོར་ཉེར་ལྔ་ལྷག་པའི་བརྒྱ་ནི་སངས་རྒྱས་ཀྱི་སྐུའི་དཔངས་ཚད་དོ། །ཐད་ཀའི་ཚད་ནི་བྲང་གི་དབུས་ཀྱི་གཞུང་ཐིག་གི་གཡས་གཡོན་དུ་བྲང་གི་ཕྱེད་ནི་ཕྱེད་དང་བཅས་པའི་ཉི་མས་ཏེ་སོར་ཕྱེད་ལྷག་པའི་སོར་བཅུ་གཉིས་སོ། །དེ་ནས་རང་གི་དཔུང་བ་དང་། ཉེ་བའི་དཔུང་པ་ལག་ངར་དང་། ལག་པ་རྣམས་ནི་རིམ་བཞིན་དཔུང་བ་མཁའ་མིག་སྟེ་སོར་ཉི་ཤུ་དང་། ལག་ངར་རྒྱལ་པོ་སྟེ་སོར་བཅུ་དྲུག་དང་། མཁྲིག་མ་ནས་གུང་མོའི་རྩེའི་བར་གྱི་ལག་པ་ནི་ཉི་མའི་སྟེ་སོར་བཅུ་གཉིས་ཀྱི་ཚད་ཀྱིས་སོ། །སོར་གཅིག་གིས་ལག་པ་དང་ཉེ་བའི་བར་གྱི་མཁྲིག་ཚིགས་དང་། སོར་གཅིག་གིས་དཔུང་པ་དང་ཉེ་བའི་དཔུང་པའི་བར་གྱི་གྲུ་ཚིགས་ཀྱི་ཚད་བྱས་པས་གཡས་ཀྱི་ཆ་ལ་སོར་ཕྱེད་དང་བཅས་པའི་དྲུག་ཅུ་རྩ་གཉིས་ཡོད་པས་གཡོན་ལའང་དེ་བཞིན་ཏེ་ཕྱོགས་གཉིས་ཀ་བསྡོམས་པས་ཐད་ཀར་སོར་བརྒྱ་དང་ཉེར་ལྔར་འགྱུར་ཏེ། དཔངས་དང་རྒྱ་ཐམས་ཅད་དུའང་ཉི་ཤུ་ལ་འགའ་ཞིག་ལྷག་པའི་ཞེས་ཉེར་ལྔ་ལྷག་པའི་བརྒྱ་ཕྲག་གཅིག་ནི་སྐུའི་ཚད་ཐ་གྲུ་མཉམ་པའམ་ཆུ་ཞེང་གབ་པ་

p. 869

ཞེས་མཚུངས་པ་སྟེ་སོར་ཉེར་བཞི་ལ་ཁྲུ་རེར་བརྩིས་པས་ཁྲུ་ལྔ་སོར་ལྔ་པ་གང་ཞིག་གྲུ་བཞི་མཉམ་པའོ། །ཚད་དེ་ཉིད་སེམས་ཅན་རྣམས་ཀྱི་དབང་དུ་བྱས་ན་ནི་ཁྲུ་བཞི་སྟེ་དུས་དང་དགུ་ཡིས་ཞེས་པ་སོར་དགུ་བཅུ་རྩ་དྲུག་ནི་མི་རྣམས་ཀྱི་ནི་འཇིག་རྟེན་གྱི་ལུས་ཀྱི་ཐད་ཀའི་ཚད་ཡིན་ལ། སྟེང་དང་འོག་ཏུ་ནི་སོར་བརྒྱད་ཅུ་རྩ་བཞི་སྟེ་དེ་ལྟར་མི་རྣམས་ལུས་ཆུང་ཞིང་ཆུ་ཞེང་མི་མཉམ་པས་མཚན་ཉིད་དང་མི་ལྡན་པའོ་ཞེས་གྲུབ་བོ། །སླར་ཡང་སངས་རྒྱས་ཀྱི་སྐུའི་གནས་སོ་སོའི་ཚད་གསུངས་པ། རིག་བྱེད་༡ཅེས་པ་སོར་བཞི་དང་། ཕྱེད་དང་བཅས་པའི་༢བཞི་དང་། ཆུ་གཏེར་༣དང་། ཆུ་གཏེར་༤དང་། ཕྱེད་དང་བཅས་༥པའི་རིག་བྱེད་དང་། རིག་བྱེད་༦ཀྱིས་རིམ་བཞིན་གཙུག་ཏོར་དང་། ༡ མགོ་བོ་དང་། ༢ མགོ་བོ་དེའི་འོག་ཏུ་འགྱུར་ཏེ་གང་ཞེ་ན་རྒྱལ་བའི་བདག་པོའི་དཔལ་ལྡན་དཔྲལ་བ་༣དག་དང་། དེའི་འོག་ཏུ་ཤངས་༤དང་ནི། ཤངས་ཀྱི་འོག་ཏུ་༥ཀོས་ཀོའི་མཐའ་དང་། དེ་ནས་མགྲི༷ན་པ་༦ངག་སྟེ་དེ་ལྟར་སྐུ་ཡི་གཙུག་ཏོར་ནས་མགྲིན་པའི་མས་མཚམས་ཀྱི་བར་གྱི་གནས་དྲུག་གི་ཚད་དུ་འགྱུར་རོ། །མགྲིན་པའི་རྩ་བའི་ཆུ་སྐྱེས་ཀྱི་དབུས་ཞེས་པ་མགྲིན་པའི་ཞབས་ཀྱི་མཚམས་དེ་ནས་སྙིང་ག་དང་། དེ་ནས་ལྟེ༷་བ་དང་། དེ་ནས་གསང་བར་ཀྱེ་མི་ཡི་བདག་པོ་ཞེས་བོས་ནས་དེ་རེ་རེའང་ཕྱེད་བཅས་ཉི་མ་རྣམས་ཀྱིས་རིམ་པས་ཚད་དུ་འགྱུར་རོ། །གསང་བའི་ཆུ་སྐྱེས་ཀྱི་ལྟེ༷་བའི་སྟེ་དབུས་དྲང་པོའི་རྩ་བར་རམ་འོག་ཏུ་རྡོ་རྗེ་སོར་ཕྱེད་དང་བཅས་པའི་བཅུ་གཉིས་དག་ཀྱང་ཐུབ་པ་ཡིས་ནི་སྦུབས་སུ་ནུབ་པས་བལྟར་མི་མངོན་ལ་དེའི་རྒྱུ་ལས་སྟེང་གི་གཙུག་ཏོར་ཉིད་དོ། །མཛོད་སྤུ་དང་གསང་བའི་ཆུ་སྐྱེས་ལ་ཐུག་པའི་བར་གྱི་དབུ་མའི་དབུས་སུ། ཁུ་བའི་ཐིག་ལེ་མི་འགྱུར་བའི་བདེ་བ་སྐྱེད་བྱེད་གནས་པ་གང་ཞིག་ནི་དཀར་ཆ་དཔྲལ་བ་དང་དམར་ཆ་གསང་བར་བརྟན་པའོ། །དཔལ་ལྡན་རྡོ་རྗེའི་རིགས་ཀྱི་ས་བཅུ་གཉིས་ཀྱི་གནས་གཉིས་

p. 870

པོ་འདི་ཐབས་ཤེས་གཉིས་ཀའི་རིགས་ཀྱི་དབང་གིས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་དག་ལའོ་ཞེས་པ་ཡབ་ཀྱི་སྐུའི་འཁོར་ལོ་དཔྲལ་བ་ཡུམ་གྱི་སྐུའི་འཁོར་ལོ་ལྟེ་བའོ། །ཡབ་ཀྱི་གསུང་གི་འཁོར་ལོ་སྙིང་ག །ཡུམ་གྱི་གསུང་གི་འཁོར་ལོ་མགྲིན་པ། ཡབ་ཀྱི་ཐུགས་ཀྱི་འཁོར་ལོ་གཙུག་ཏོར། ཡུམ་གྱི་ཐུགས་ཀྱི་འཁོར་ལོ་གསང་བའོ། །དེ་དྲུག་པོ་ཐབས་ཤེས་གཉིས་ཀྱིས་ཕྱེ་བས་བཅུ་གཉིས་སུ་འགྱུར་བ་ནི་ས་བཅུ་གཉིས་སོ། །དེ་ནས་སྐུ་དང་དཀྱིལ་འཁོར་གྱི་དག་པ་སྦྱར་བ་ནི་འདིར་ལུས་ལ་གསང་བ་དང་མཛོད་སྤུའི་དབུས་སུ་ཐུགས་ཀའོ། །དེ་ཉིད་ཐུགས་ཀྱི་དཀྱིལ་འཁོར་ཏེ་སོར་ཕྱེད་དང་བཅས་པའི་ཉི་མའོ། །ལྟེ་བ་དང་མགྲིན་པའི་བར་དུ་སོར་ཉི་ཤུ་རྩ་ལྔ་ནི་སྔ་མའི་ཉིས་འགྱུར་གསུང་གི་དཀྱིལ་འཁོར་རོ། །གསང་པའི་པདྨ་དང་མཛོད་སྤུའི་བར་སྔ་མ་དེ་ལས་ཉིས་འགྱུར་སོར་ལྔ་བཅུ་དག་ཀྱང་སྐུ་ཡི་དཀྱིལ་འཁོར་ཏེ་རྡོ་རྗེའི་ས་གཞི་ལའོ། །དེ་ལྟར་མཛོད་སྤུ་ནས་གསང་བའི་ཆུ་སྐྱེས་ཀྱི་བར་ནི་ཐུགས་གསུང་སྐུ་ཡི་འཁོར་ལོ་སྟེ། ཐུགས་དཀྱིལ་དེ་ཉིད་ཀྱི་ཕྱེད་ནི་སོར་དྲུག་དང་སོར་གཅིག་གི་བཞི་ཆ་རྐང་པ་དང་བཅས་པ་ནི་སྙིང་ག་ཡི་དབུས་ལ་གནས་པ་ལྷན་སྐྱེས་ཡེ་ཤེས་ཀྱི་འཁོར་ལོའོ། །དཀྱིལ་འཁོར་གསུམ་པོ་དག་ལས་ཞེས་འབྱུང་ཁུངས་ཀྱི་སྒྲ་སྦྱར་ཡང་གཉིས་པ་ལས་ཀྱི་དོན་ཡིན་ཏེ་སྒོ་རྣམས་བྱ་སྟེ། ཐུགས་དཀྱིལ་གྱི་སྒོ་བཞི་ནི་སད་པ་སོགས་གནས་སྐབས་བཞི་དག་པའོ། །གསུང་གི་སྒོ་བཞི་ནི་ཁ་དང་བཤང་ལམ་དང་སྣའི་བུག་པ་གཉིས་བཅས་བཞིའོ། །སྐུ་དཀྱིལ་གྱི་སྒོ་བཞི་ནི། མིག་གཉིས་རྣ་བའི་བུག་པ་གཉིས་ཏེ་དེ་ལྟར་སྒོ་བཅུ་གཉིས་སོ། །གསེར་རམ་ནོར་བུའི་རང་བཞིན་གྱིས་སྤྲས་པའི་རྟ་བབས་ནི་དཀྱིལ་འཁོར་རྣམས་ལས་བརྒྱད་ཆའོ་ཞེས་སྔར་ཡང་བཤད་དོ། །གཙུག་ཏོར་ནས་ཞབས་ཀྱི་བར་དུ་ཕྱི་རོལ་གྱི་མེ་ལྕེའི་ཕྲེང་བའི་མཐར་ཐུག་པའི་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་

p. 871

གསང་གནས་ནས་མཛོད་སྤུའི་བར་དུ་འགྲོ་དང་འོང་བས་དབྱེ་བ་སྟེ་སྟེང་དུ་མཛོད་སྤུ་དང་འོག་ཏུ་གསང་གནས་ཀྱི་བར་དུ་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་སོར་ལྔ་བཅུ་པོ་ཉིས་འགྱུར་བྱས་པ་སོར་བརྒྱ་ཕྲག་གཅིག་དག་ཏུ་འགྱུར་རོ། །དེ་བཞིན་ལྷུན་པོར་གནས་པ་དཀྱིལ་འཁོར་ལ་ཡང་རྒྱལ་བའི་བདག་པོའི་སོར་མོ་ཕྱེད་གང་ཡིན་པ་དེ་ནི་མི་ཡུལ་དུ་དཔག་ཚད་སྟོང་ཕྲག་གཉིས་དག་ཏུ་འགྱུར་ཏེ། དེ་ལྟར་ན་འཇིག་རྟེན་གྱི་ཁམས་ལ་རླུང་དཀྱིལ་གྱི་མཐར་ཐུག་པ་རྒྱལ་བའི་ཁྲུ་གང་ལ། རྒྱལ་བའི་སོར་ཕྱེད་ལྔ་བཅུ་སྟེ། དེ་ལྟ་བུའི་ཁྲུ་བཞི་པོ་རྣམས་དང་འདྲ་བ་དཔག་ཚད་འབུམ་ཕྲག་གཅིག་ལ་དཔག་ཚད་སྟོང་ཕྲག་ཟུང་ལྔ་བཅུར་འགྱུར་ལ། ཁྲུ་བཞི་དང་མཚུངས་པ་རླུང་གི་ཁོར་ཡུག་གི་མཐར་ཐུག་པར་དཔག་ཚད་འབུམ་ཕྲག་བཞིར་འགྱུར་རོ། །དེ་བཞིན་ལྷ་ཡི་རི་བོ་རི་རབ་དག་གི་དཔངས་ནི། ལུས་ཀྱི་སྒལ་ཚིགས་ཀྱི་ཚད་ཁྲུ་གང་དུ་འགྱུར་བས་དཔག་ཚད་འབུམ་དུ་འགྱུར་ཏེ། སྟེང་གི་རྒྱར་ནི་དཔག་ཚད་འབུམ་གྱི་ཕྱེད་ཀྱི་ཚད་དཔག་ཚད་སྟོང་ཕྲག་ལྔ་བཅུ་ཡིན་ནོ་ཞེས་སྔར་ཁམས་ལེར་བརྗོད་ཟིན་ཏོ། །ལྷུན་པོ་དེ་ཡི་སྟེང་དུ་གཞལ་ཡས་ཁང་རྡོ་རྗེའི་རྣམ་པ་བརྩེགས་པ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆ་སྟེ་རིམ་པ་གསུམ་པ་སྟེ། ལྷུན་པོའི་སྟེང་གི་རྒྱར་དཔག་ཚད་ལྔ་བཅུ་ཡོད་པ་དེ་ཡི་ཡང་ནི་ཕྱེད་ཉི་ཤུ་རྩ་ལྔ་ནི་གཞལ་ཡས་ཁང་གི་རྒྱ་ཚད་དུ་འགྱུར་རོ་ཞེས་སམ། ཡང་ན་ལྷུན་པོ་དེ་དག་གི་འོག་ནས་སྟེང་དུ་རྭ་གསུམ་པ་རྡོ་རྗེ་ཕྱེད་པའི་རྣམ་པ་སྟེང་ནས་སྟེང་དུ་བརྩེགས་པ་ཆ་གསུམ་པ་སྟེ་དེ་ནི་དཔངས་ཀྱི་ཚད་ཀྱང་ཕྱེད་དེ་དཔག་ཚད་སྟོང་ཕྲག་ཉེར་ལྔའོ་ཞེས་སོ། །དེ་བཞིན་ལྷུན་པོའི་ཕྱི་རོལ་དུ་འོག་གི་ཆ་དག་ཏུ་འཛིན་མ་ས་དང་ཆུ་དང་མེ་དང་ང་གི་ཁོར་ཡུག་བཞི་དང་། དེའི་ཕྱི་རོལ་གྱི་ཆ་ལ་མེ་ལྕེ༷་འབར་བ་དང་བཅས་པའི་རྡོ་རྗེའི་ཕྲེང་བའོ། །དེ་ཉིད་ལུས་ལ་སྦྱར་ན། སྙིང་གའི་གནས་ཕྱེད་བཅས་ཉི་མས་རྒྱལ་བའི་བདག་

p. 872

པོའི་ཐུགས་ཀྱི་འཁོར་ལོར་འགྱུར་ཏེ། དེ་ལས་ཉིས་འགྱུར་ལྟེ༷་བ་དང་མགྲིན་པའི་ཆུ་སྐྱེས་ཀྱི་དབུས་ནི་གསུང་གི་འཁོར་ལོ་དང་སྐུ་ཡི་འཁོར་ལོ་ནི་འོག་གི་རྡོ་རྗེ་ནོར་བུའི་གནས་ནས་སྟེང་དུ་མཛོད་སྤུ་ཕྱེད་ཀྱི་མཚམས་ཀྱི་བར་སོར་ལྔ་བཅུའོ། །སྒོ་ཁྱུད་དང་དེའི་མཐར་ནི་དཔལ་ལྡན་འགྲམ་པར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་དེ་ནི་དཔྲལ་བའི་སྟེང་དུ་གཙུག་ཏོར་དག་གི་མཚམས་ལ་ཕྱེད་བཅས་ཉི་མ་སོར་བཅུ་གཉིས་རྣམས་ཀྱིས་སོ། །ས་ཆུ་མེ་རླུང་གི་དཀྱིལ་འཁོར་རྣམས་དང་མེ་ལྕེ༷་དང་བཅས་པའི་རྡོ་རྗེ་ཕྲེང་བ་སྟེ། ས་དཀྱིལ་ནས་མེ་རིའི་བར་ནང་དུ་གསང་གནས་ནས་རྐང་པའི་བར་སོར་ཕྱེད་བཅས་དྲུག་ཅུ་རྩ་གཉིས་དང་སྦྱར་བ་ཡང་རགས་པའི་ཚུལ་དེ་ས་དང་རྡོར་ཕྲེང་ཡང་སྒོ་ཚད་རེར་བྱས་པའི་དབང་དུའོ། །དེ་ཡང་སྟེང་དང་འོག་ཏུ་སངས་རྒྱས་ཀྱི་སྐུ་འདི་ཆུ་ཞེང་མཉམ་པར་འགྱུར་ཏེ་དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོར་ཡང་ཁྲུ་བཞི་པར་མཉམ་པའོ། །ཕྱི་རོལ་དུ་འཇིག་རྟེན་གྱི་མཐའི་བར་དུ་ཀུན་ནས་རླུང་གི་བགྲོད་པའི་འམ་ཁྱབ་པའི་དབང་གིས་ཐད་ཀའི་ཚད་ཀྱི་དཔག་ཚད་འབུམ་བཞིར་གྱུར་པ་ནི་ནང་དུ་ལུས་ལ་ལག་པ་གཡོན་གྱི་སེན་མོ་ནས་གཡས་པའི་སེན་མོའི་བར་ཁྲུ་བཞི་ལ་དེར་མཉམ་གནས་ལ་སོགས་པའི་རླུང་བགྲོད་པའོ། །དེས་ན་ལུས་ཀྱི་དཀྱིལ་འཁོར་ནི་གྲུ་བཞིའོ་ཞེས་པ་ངེས་པའོ། །འཁོར་ལོ་གསུམ་རྣམས་ཀྱིས་སྡོམ་པ་ཞེས་སམ། དེ་བཞིན་འཁོར་ལོ་དྲུག་རྣམས་ཀྱིས་སྡོམ་པའི་དཀྱིལ་འཁོར་ནི་ཟླུམ་པོ་སྒོ་བརྒྱད་པ་སྟེ། འཁོར་ལོ་རྩིབས་བརྒྱད་པ་སོ་སོའི་ལྟེ་བ་ལ་མཚན་མ་དང་བཅས་པའི་ཚད་ནི་རྒྱལ་བའི་བདག་པོའི་སྐུ་ཡི་ཚད་དེའི་རྐང་པ་དང་བཅས་པའི་སོར་མོ་དྲུག་གིས་འཁོར་ལོར་འགྱུར་ཞེས་འཁོར་ལོ་རེ་རེའི་ཚད་དེ་དེ་ལྟར་དྲུག་གོ། སྡོམ་ཆེན་གྱི་དཀྱིལ་འཁོར་དེ་ནི་སྒོ་བརྒྱད་རྣམས་ཀྱིས་བསྐོར་བ་ཡིན་ཞིང་ནང་ལུས་ལ་རང་གི་ལག་མཐིལ་སེན་མོ་དང་བཅས་པ་རྣམས་ཀྱིས་དཔལ་ལྡན་དུར་ཁྲོད་རྡོ་རྭ་མེ་ལྕེའི་ཕྲེང་བའི་བར་དུ་བརྟག་པར་བྱ་སྟེ་སྟེང་འོག་གི་བུག་པ་ཁ་དང་སྣ་བུག་བཤང་ལམ་ལ་སོགས་པ་སྒོ་བརྒྱད་པོ་

p. 873

རྣམས་དུར་ཁྲོད་བརྒྱད་དོ། །དེ་ལྟར་ན་དབུས་ནས་སྒོའི་བར་འཁོར་ལོ་ལྟེ་བ་དང་བཅས་པའི་ཕྱེད་ལ་སོར་ཕྱེད་དང་བཅས་པའི་སོར་བདུན། སྒོ་ཁྱུད་དང་སྒོ་འགྲམ་ལ་སོར་ཕྱེད་བཅས་བཅུ་གཉིས། ས་ནས་མེ་ལྕེའི་བར་ལ་སོར་ཕྱེད་བཅས་བཅུ་གཉིས་ཏེ་དེ་དག་བསྡོམས་པས་ཕྱེད་བཅས་སོར་དྲུག་ཅུ་རྩ་གཉིས་ནི་སྡོམ་པ་ཆེ་ཆུང་གི་དཀྱིལ་འཁོར་གྱི་ཕྱེད་ལུས་ཀྱི་གཙུག་ཏོར་ནས་གསང་བའི་བར་དང་དེའི་ཉིས་འགྱུར་ནི་གཙུག་ཏོར་ནས་རྐང་པའི་བར་རོ་ཞེས་བླ་མ་ཁ་ཅིག་གསུངས། འདི་ལྟར་ན་རྟ་བབས་སྒོའི་སྟེང་དུ་འོང་བའི་ལུགས་སུ་སྣང་ངོ་ཞེས་བཤད། ད་ནི་བཅོམ་ལྡན་འདས་མའི་སྐུའི་དག་པས་དཀྱིལ་འཁོར་གསུངས་པ། སྟེང་འོག་ཞལ་དང་གསང་བར་ཞེས་པ་སྟེང་ཞལ་གྱི་མཛོད་སྤུ་དང་། འོག་གསང་བའི་པདྨའི་བར་སོར་ལྔ་བཅུ་ལས་སོར་བརྒྱད་དོར་ན་གཉིས་དང་ཆུ་གཏེར་ཏེ་བཞི་བཅུ་རྩ་གཉིས་ཀྱི་རྡུལ་གྱི་ཆོས་ཅན་བཅོམ་ལྡན་འདས་མའི་སྐུའི་ཚད་དེ་དེའི་ཉིས་འགྱུར་ཉིད་ཀྱིས་བཅོམ་ལྡན་འདས་མའི་དཀྱིལ་འཁོར་དག་ཏུ་འགྱུར་རོ། །དཀྱིལ་འཁོར་གྱི་སྙིང་པོའི་དབུས་ནས་པདྨ་ནི་སོར་ཕྱེད་པ་གསུམ་གྱིས་བྱ་བས་ན། པདྨ་ཕྱེད་ལ་སྙིང་པོའི་དབུས་ནས་གསུམ་རྣམས་ཀྱིས་ཀྱང་ཞེས་སོ། །དེ་ནས་ཕྲེང་བ་དང་བཅས་པའི་འཁོར་ལོ་དྲུག་མཚུངས་པར་སོར་གསུམ་རེ་གསུམ་རེས་བྱའོ། །སྒོ་དང་ལ་སོགས་པའི་སྒོ་ཁྱུད་དང་སྒོ་ལོགས་དག་དང་། སྒོ་ཡི་འགྲམ་པར་དཀྱིལ་འཁོར་འཁོར་ལོ་དག་གི་ཀུན་ནས་ལྔ་ཆ་དག་གིས་ངེས་པར་རབ་ཏུ་འགྱུར་ཏེ། སྔར་དཀྱིལ་འཁོར་གྱི་བརྒྱད་ཆ་སྒོ་ཡིན་པར་གསུངས་པ་དང་མི་མཚུངས་པར་འདི་དང་གདན་བཞི་སོགས་ལས་སྒོ་འཁོར་ལོའི་ལྔ་ཆས་བྱ་བར་གསུངས་པ་ནི། བྱིས་པ་སྐྱེ་བའི་དུས་སུ་མའི་སྐྱེ་གནས་སོར་བཅུ་གཉིས་སུ་འགྱུར་ཏེ། བཅོམ་ལྡན་འདས་མ་ལ་གཙུག་ཏོར་མེད་པས་རྒྱལ་བའི་སྐུ་ཚད་སོར་བརྒྱ་ལ་གཙུག་ཏོར་གྱི་ཆ་སོར་བཞི་ཕྲི་བས་སོར་དགུ་བཅུ་རྩ་དྲུག་ལས་བརྒྱད་ཆར་

p. 874

གསུངས་པ་ནི་བཅུ་གཉིས་སོ། །དེས་ན་གླིང་བཞི་རྣམས་སུ་བུད་མེད་ཀྱི་སྐྱེ་གནས་ནི་དཀྱིལ་འཁོར་གྱི་སྒོ་བཞི་རྣམས་སོ། །མངལ་བཟུང་བ་ནི་དཀྱིལ་འཁོར་གྱི་ཁང་པའོ། །བྱིས་པའི་ལུས་ནི་ལྷའི་ཚོགས་སོ་ཞེས་པ་བྱིས་པ་རྣམས་ཀྱི་སྐྱེ་བ་མངལ་གྱི་ཕྲུ་མ་ཆོས་གོས་སོགས་ཀྱི་རྣམ་པས་སྤྲུལ་པའི་སྐུའམ་ལྷའི་རྣམ་པར་བཅོམ་ལྡན་འདས་ཀྱི་ཀུན་རྫོབ་སྤྲོས་པའི་རྣམ་པས་གསུངས་སོ། །འོན་ཀྱང་འདིར་གསང་བ་ནས་གཙུག་ཏོར་གྱི་ཆ་སོར་དྲུག་ཅུ་དཀྱིལ་འཁོར་ཡིན་པ་ལས་སྒོ་ནི་དེའི་ལྔ་ཆ་སོར་བཅུ་གཉིས་པའོ། །ཞེས་པ་སོར་བཅུ་གཉིས་ནི་བྱིས་པ་བཙའ་བའི་དུས་ཀྱི་རིགས་པ་ལས་སོ། །དེ་ལྟར་སེམས་ཅན་རྣམས་ཀྱི་ལུས་ནི་དཀྱིལ་འཁོར་གྱི་མཚན་ཉིད་དང་མཐུན་པ་ཉིད་ཀྱི་རང་བཞིན་ནོ། །ལྷན་ཅིག་སྐྱེས་པའི་སྐུ་ནི་ཡན་ལག་མེད་པ་སྟེ་ཕོ་མོའི་གཟུགས་ཀྱི་རྣམ་པ་མ་ཡིན་ལ་དེ་ཡི་མཚོན་བྱེད་མཆོད་རྟེན་དང་མཆོད་རྟེན་གྱི་གཟུགས་ཅན་ལྷུན་པོ་འདི་ནི་ཀུན་ནས་ཤེས་རབ་མ་ཡིན་ལ་ཐབས་ཀྱང་མ་ཡིན་པས་མ་ནིང་ཞེས་བྱ་བ་ཡིན་ནོ། །ལྷུན་པོའི་ཕྱི་རོལ་དུ་ནི་འོག་གི་ས་གཞིའི་གནས་ལ་ཐུན་མོང་གི་དངོས་གྲུབ་ཆེན་པོ་བརྒྱད་པོ་ཡང་དག་པར་གནས་པ་སྟེ། གང་ཞེ་ན་ཤར་དུ་རལ་གྲིར་འགྱུར་ཏེ། དྲག་པོའི་ཟུར་དུ་རོ་ཡི་དབང་པོ་དང་། བྱང་དུ་བདུད་རྩིའི་འབྲས་བུ་དང་། རླུང་དུ་རིལ་བུ་དང་། ནུབ་ཏུ་མིག་སྨན་དང་། བདེན་བྲལ་དུ་རོ་ཙ་ན་སྟེ་བཅུད་དང་། ལྷོ༷་རུ་དཔལ་ལྡན་རྐང་མགྱོགས་ཀྱི་དངོས་གྲུབ་དང་། མི་ཟད་པའི་ནོར་མཐའ་དག་གི་གཏེར་ནི་དཀྱིལ་འཁོར་དག་གི་མེ་ཡི་ཟུར་དུའོ། །དཀྱིལ་འཁོར་གྱི་དབུས་སུ་མཆོད་ཕྱིར་ཐོགས་པ་ཡི་དངོས་གྲུབ་དག་སྟེ་དེ་ནི་དུས་ཀྱི་འཁོར་ལོ་ལྷ་དང་མི་ཡི་བླ་མའི་ཚངས་པའི་དབྱངས་ནི་གཞོམ་མེད་རྡོ་རྗེ་ནཱ་དའི་སྒྲ་གང་ཞིག་དེའི་མཐུས་གདུལ་བྱ་རྣམས་སོ་སོའི་སྐད་དུ་ཆོས་བསྟན་པས་ལྷ་ལ་སོགས་པའི་འགྲོ་བ་རྣམས་གཏི་མུག་གི་གཉིད་ལས་རབ་ཏུ་སད་པར་བྱེད་པ་དེ་ཉིད་དོ། །ཞེས་སོ། །

p. 875

དེ་ནས་རྡོ་རྗེའི་རྣམ་དག་གི་མཚན་ཉིད་གསུངས་པ་འདིར་རྡོ་རྗེ་ནོར་བུ་ཡི་རྩ་འདབ་ལ་སོར་གཅིག་ཡོད་པ་རྣམ་པར་དག་པས་རྡོ་རྗེ་ནི་སོར་གཅིག་པ་ཉིད་དུ་འགྱུར་རོ། །གཙུག་ཏོར་གྱི་རྩ་འདབ་བཞི་པ་ལ་སོར་གཉིས་ཡོད་པ་རྣམ་པར་དག་པས་རྡོ་རྗེ་སོར་གཉིས་པའོ། །དེ་བཞིན་དཔྲལ་བ་ཡི་རྩ་འདབ་བཅུ་དྲུག་ལ་སོར་བཞི་ཡོད་པ་དག་པས་རྡོ་རྗེ་སོར་བཞི་པ་དང་། མགྲི༷ན་པ་དག་གི་རྩ་འདབ་སོ་གཉིས་ལ་སོར་ལྔ་ཡོད་པ་དག་པས་རྡོ་རྗེ་སོར་ལྔ་པ་དང་། སྙིང་གའི་གནས་ཀྱི་རྩ་འདབ་སོར་བརྒྱད་དག་པས་སོར་བརྒྱད་པ་དང་། ལྟེ༷་བ་དག་གི་སོར་དགུ་དག་པས་སོར་དགུ་པ་དང་། གསང་བ་རྣམ་པར་དག་པས་རྡོ་རྗེ་སོར་བཅུ་གཉིས་པ་སྟེ། དེ་ལྟར་གཙུག་ཏོར་ནས་གསང་བ་ལ་ཐུག་གི་བར་དུ་ཡང་ཕྱག་མཚན་རྡོ་རྗེ་ནི་གཅིག་གཉིས་ཆུ་གཏེར་མདའ་དང་ཀླུ་ཡི་དབང་པོ་བརྒྱད་དང་དགུ་བཅས་ཉིན་བྱེད་དེ་བཅུ་གཉིས་ཀྱི་གྲངས་ཀྱི་སོར་རྣམས་དག་གིས་རིམ་པས་སོ། །རྡོ་རྗེ་ཚད་མི་འདྲ་བ་བདུན་པོ་དེ་རྣམས་ཟད་པར་རླུང་མེ་ཆུ་ས་བཞི་དང་། འདོད་པ་ན་སྤྱོད་པའི་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱི་གྲངས་ཇི་ལྟ་བ་བཞིན་དུ་རིམ་པས་སྦྱར་ཏེ་དེ་དག་གི་རྡོ་རྗེ་ཞེས་བྱའོ། །ཕྱག་མཚན་རྡོ་རྗེའི་དབྱེ་བའོ། །དེ་ནས་རྡོ་རྗེའི་རྒྱན་སོགས་ཀྱི་དབྱེ་བ་གསུངས་པ། རྣ་བའི་རྒྱན་གྱི་ཕྱག་རྒྱ་རྡོ་རྗེ་སོར་གཅིག་པ་དང་། མཐེ་བོའི་རྡོ་རྗེ་སོར་གཉིས་པ་དང་། དཔྲལ་བར་རྡོ་རྗེ་ཕྲེང་བའི་དོན་དུ་སོར་བཞི་པ་དང་། མགྲིན་པར་རྡོ་རྗེའི་ཕྲེང་བ་ཡང་སོར་ལྔའོ། །ཕྲག་པར་རྡོ་རྗེའི་ཕྲེང་བའི་དོན་དུ་སོར་བརྒྱད་པ་དང་། སྙིང་གར་འདོགས་པའི་རྡོ་རྗེ་ནི་སོར་དགུ་པ་སྟེ་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེའི་རྒྱན་གྱི་ཆེད་དུའོ། །ལག་གིས་གསོར་བའི་ཕྱག་མཚན་རྡོ་རྗེ་ནི་སོར་བཅུ་གཉིས་པའོ། །གོང་དུ་བཤད་པའི་རྡོ་རྗེ་དེ་རྣམས་ཀྱི་མཚན་ཉིད་ཀྱང་། དབུས་དང་སྟེང་དང་འོག་ཏུ་གསུམ་གྱི་ཆ་སྟེ་དེ་གསུམ་མཉམ་པར་བྱའོ། །གསོར་བའི་རྡོ་རྗེ་དེ་ཉིད་ཀྱི་རྭ་རྣམས་དབུས་ལ་ཟུག་

p. 876

ཅིང་ཟུལ་པ་ཞི་བའི་རྡོ་རྗེ་དང་ནི་རྭ་རྣམས་ཁ་གདེངས་ཏེ་སོ་སོར་རྣམ་པར་གྱེས་པ་ནི་དྲག་པོའི་རྡོ་རྗེ་སྟེ་དེ་ལྟར་ཞི་དང་དྲག་པོ་ལའོ། །དྲིལ་བུའི་མཚན་ཉིད་གསུངས་པ། དྲིལ་བུ་དག་ཀྱང་རྡོ་རྗེ་དེ་བཞིན་དུ་ཆ་གསུམ་པ་ཡི་དབུས་དང་སྟེང་ནི་རྡོ་རྗེ་དང་མཚུངས་པ་སྟེ་ཞལ་ཡང་བཏོད་པའོ། །སྟེང་གི་རྡོ་རྗེའི་རྭ་རྣམས་བ་ལང་གི་ཁ་ལྟར་ཟུམ་པ་ནི་ཞི་བ་དང་། པདྨའི་འདབ་མའི་གཟུགས་ལྟར་གྱེས་པ་ནི་དྲག་པོའི་མཚན་ཉིད་དོ། །འདིར་སྔ་འགྲེལ་རྣམས་སུ་དྲིལ་བུའི་མཁར་བའི་ནང་གི་དབུས་དང་སྟེང་དུ་རྡོ་རྗེ་དང་ཞལ་ཡང་ཚད་མཚུངས་སོ། །བ་ལང་གི་ཁ་ལྟར་ཟླུམ་པ་ཞི་བ་དང་པདྨ་རྒྱས་པའི་ཁ་ལྟ་བུ་དྲག་པོ་སྟེ། སྟེང་གི་རྡོ་རྗེ་ཡང་ཞི་བ་ལ་ཟུམ་པ་དང་དྲག་པོ་ལ་གྱེས་པའོ་ཞེས་བཤད་དོ། །འདིར་རྡོ་རྗེའི་རྭ་རྣམས་ཀྱི་ཕྱིར་བསྐྱེད་པའི་རྒྱ་ཁྱོན་ནི་རྡོ་རྗེ་དེ་ཡི་ཚད་ཀྱི་སུམ་ཆའོ། །རྡོ་རྗེའི་དབུས་སུ་ལྟེ་བ་ལ་ཞལ་བཞི་དང་བཅས་པའི་རྣམ་པ་བཏོད་པ་སྟེ། དབུས་ཀྱི་སུམ་ཆ་དེ་ཡི་སུམ་ཆའོ། །དེ་བཞིན་དུ་ལྟེ་བའི་འོག་དང་སྟེང་དུ་ལྟེ་བ་ཡི་ཚད་ཀྱི་པད་མའི་འདབ་མ་བརྒྱད་པ་དག་ཀྱང་མུ་ཏིག་གི་ཕྲེང་བ་དང་བཅས་པའོ། །ཞེས་བཤད་ཀྱང་འབྲོ་ཤོང་གི་འགྱུར་འདི་ལྟར་ན་དེ་ལྟར་འབྲུ་གནོན་དཀའ་བས། རྡོ་རྗེའི་རྭའི་དཀྱུས་ཚད་ཀྱི་ཁྱོན་ནི་རྡོ་རྗེ་དེ་ཡི་སུམ་ཆ་དང་། ཞལ་དང་བཅས་པའི་ལྟེ༷་བ་དང་། ལྟེ་བའི་སྟེང་དང་དེའི་གཤམ་དུ་འདབ་མ་བརྒྱད་པ་མུ་ཏིག་གི་ཕྲེང་བ་དང་བཅས་པ་དག་ཀྱང་རེ་རེ་ཡང་ལྟེ་བ་དང་རྭ་ཡི་ཚད་དེ་རྡོ་རྗེ་དེ་ཡི་སུམ་ཆ་ལས་བྱའོ་ཞེས་པ་འདྲའོ། །རྭ་ནི་རྡོ་རྗེའི་སུམ་ཆའི་ཁྱོན་དང་མཚུངས་པ་བཞི་ནི་ལྟེ་བའི་ཞལ་ལ་ལྟོས་པའི་ཕྱོགས་བཞི་དང་ཡང་ན་ཕྱོགས་བྲལ་གྱི་དབུས་ཉིད་དུ་བསྟན་པ་སྟེ་འདིས་རྡོ་རྗེ་རྩེ་ལྔའམ་འགའ་ཞིག་རྩེ་དགུ་བསྟན་པར་བཞེད། རྭ་དབུས་མའི་རྩ་བའི་སྦོམ་སར་རྭ་བཞིའི་ནང་གི་སུམ་ཆ་ཙམ་མོ། །རྭ་བཞི་ཡི་ནང་དང་སྤོམ་སའི་ཟླུམ་པོ་དག་གི་ཞིང་ནི་རྡོ་རྗེའི་

p. 877

སུམ་ཆའི་བཞི་ཆའོ། །ཕྱི་རོལ་གྱི་རྭ་བཞི་ཡི་སུམ་ཆ་ནི་ཕྱིར་བསྐྱེད་པའི་འོག་གི་ཆ་སྟེ་སྟེང་དུ་རྭ་ཡི་ཆ་གཉིས་པ་ནི་བ་ད་རཱི༷་ཡི་ཞེས་པ་རྒྱ་ཤུག་གི་ཚེར་མའི་རྣམ་པ་ལྟ་བུ་བྱིན་གྱིས་ཕྲ་ཞིང་ཅུང་ཟད་ཟུར་གསུམ་པའི་རྣམ་པ་སྟེང་གི་དབུས་རྭའི་རྩེ་མོ་ལ་ཟུག་པའམ་བསྲེས་པའི་སྦྱོར་བའོ་ཞེས་པ་ནི་ཟུམ་པའོ། །དྲག་པོའི་རྡོ་རྗེ་ཁ་རྣམ་པར་གྱེས་པ་ལ་ནི་རྣམ་པར་ཕྱེ་བ་མ་ཟུམ་པ་བྱའོ། །དེ་ལྟར་དྲིལ་བུའི་ཞལ་རྣམས་ནི་ཇི་ལྟར་ན་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་རྣམ་པར་དག་པ་བྱམས་པ་ལ་སོགས་པ་ཚད་མེད་བཞིའི་གནས་ཀྱིས་རྡོ་རྗེ་ལ་ཞལ་བཞི་བྱ་བ་དེ་བཞིན་དུ་ཤེས་རབ་རྡུལ་གྱི་ཐིག་ལེའི་ཆོས་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བཞི་རྣམ་པར་དག་པའི་དྲིལ་བུ་ལ་ཡང་ཞལ་བཞི་བྱའོ། །ཞེས་པ་ནི་རིགས་པ་སྟེ་ཞལ་བཞི་མའི་ལུགས་གཅིག་གོ། ལུགས་གཉིས་པ་ཞལ་གཅིག་བྱ་བ་ནི་འཆད་པར་འགྱུར་རོ། །དྲིལ་བུའི་ཞལ་གྱི་སྟེང་གི་པདྨའི་འདབ་མ་དང་དེའི་སྟེང་དུ་རྡོ་རྗེ་ཕྱེད་པ་དག་ཚད་སྔར་བཤད་པ་ལྟ་བུ་ཡང་ངོ་། །བ་ལང་ཁ་དང་ལ་སོགས་པ་པདྨ་ལྟར་གྱེས་པ་ཡང་སྔར་བཤད་པ་དེ་བཞིན་ཉིད་དོ་ཞེས་སོ། །འདིར་དྲིལ་བུའི་ཞལ་བྱེད་པའི་ལུགས་གཉིས་པ་ནི། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན་ཞེས་པ་ཀཱ་ལི་གསལ་བྱེད་ཀྱི་ཆོས་དབྱངས་མེད་པ་ནི་ངག་ཏུ་བརྗོད་དུ་མེད་པ་སྟེ། དེས་ན་ཐབས་གསལ་བྱེད་ཀྱི་རང་བཞིན་ཅན་རྡོ་རྗེའི་ལྟེ་བར་ཞལ་མེད་དོ། །མཚན་མོ་ཤེས་རབ་རབ་ཏུ་གྲགས་ཞེས་པས་ཨཱ་ལི་དབྱངས་ཀྱི་ཆོས་དེ་བརྗོད་པའི་རང་བཞིན་གྱི་ཕྱིར་ཤེས་རབ་མ་མཚོན་པའི་དྲིལ་བུ་ནི་བཅོམ་ལྡན་འདས་མའི་ཞལ་གཅིག་གོ་ཞེས་པ་རྡོ་རྗེ་དྲིལ་བུའི་མཚན་ཉིད་དུ་གྲུབ་པའོ། །ད་ནི་མཆོད་རྟེན་གྱི་མཚན་ཉིད་གསུངས་པ། གསང་བའི་ཆུ་སྐྱེས་ནས་མཛོད་སྤུའི་མཐའ་ཡི་ཆ་སོར་ལྔ་བཅུ་པ་ཡིས་མཆོག་གི་རྒྱལ་བའི་བདག་པོའི་ཡེ་ཤེས་ཀྱི་སྐུའི་མཆོད་རྟེན་གྱི་དཔངས་ཀྱི་ཚད་དོ། །དེ་ཡི་ཕྱེད་ཀྱིས་ཞེས་པ་ཉི་ཤུ་རྩ་ལྔ་ས་གདན་གྱི་ཐད་ཀའི་རྒྱ་སྟེ་

p. 878

ས་བཞིན་ཤིན་ཏུ་མཉམ་པ་གྲུ་བཞི་པའོ། །དེ་ཡི་སུམ་ཆས་ཞེས་པ་སོར་གཅིག་གི་སུམ་ཆས་ལྷག་པའི་སོར་བརྒྱད་དག་གིས་ཕྱོགས་བཞིའི་གློ་འབུར་གྱི་ཆ་རྣམས་སོ། །སོར་ཕྱེད་དང་གཉིས་ཀྱི་མཐར་ཐུག་པ་ཕྱིར་བྱུང་བའམ་འབུར་བ་ནི་གློ་འབུར་གྱི་ཞེང་ངོ་། །གདན་དེའི་སྟེང་གི་ཆུ་སྐྱེས་པདྨའི་འདབ་མའི་རྩེ་མོ་ཕྱིར་འབུར་བ་དང་། བུམ་པའི་སྙིང་གར་སོན་པའི་དཀྱིལ་འཁོར་ལ་ཁོར་ཡུག་ཏུ་བསྐོར་བའི་སྐ་རགས་ལྟ་བུ་ཕྱིར་འབུར་པ་ཡང་ཚད་གོང་བཞིན་སོར་ཕྱེད་གཉིས་སོ། །དེ་བཞིན་དུ་ཚད་དེས་ཐུགས་ཀའམ་སྙིང་གར་སོན་པའི་དཀྱིལ་འཁོར་རམ་ཁོར་ཡུག་གི་ཕྱིར་འབུར་བ་བྱ་སྟེ་དེ་དག་གི་རྒྱ་ཚད་ནི་གདན་གྱི་ཚད་ཀྱིས་ཟླུམ་པོ་ཡི་པདྨ་ཡང་ཐུགས་ཀའི་ཁོར་ཡུག་བཞིན་དུ་སོར་ཕྱེད་གཉིས་ཕྱིར་འབུར་བའོ་ཞེས་སོ། །དེ་ནི་པདྨའི་མཐའ་རྩེ་མོ་ལས་ནང་དུ་ཆ་དམན་པ་གཞི་སྟེ་གདན་དང་མཉམ་པ་བུམ་པའི་བྲང་སྟེ་ཟླུམ་པོ་ནང་དུ་བཅུམ་པ་སྟེ་ཆ་ཅི་ཙམ་ནང་དུ་བཅུམ་པའམ་དམན་ན་སོར་ཕྱེད་དང་གཉིས་དམན་པའོ། །འདིར་ཇོ་འགྱུར་ལ། གཞི་དང་མཉམ་པའི་པདྨའི་མཐའ་ཡིས་ཆས་དམན་ཁོག་པ་ཞེས་ཡོད་དོ། །གདན་དེ་ཡི་ཕྱོ༷གས་གློ་འབུར་གྱི་ཆ་ཡིས་ཀྱང་མགྲིན་པའོ། །ཞེས་པ་གློ་འབུར་གྱི་ཐད་ཀ་སྟེ་རྒྱའི་ཚད་ཀྱིས་ཏེ་བྲེའི་རྒྱར་སོར་བརྒྱད་དང་སུམ་ཆའོ། །དཔངས་ཀྱི་ཚད་ནི་སོར་བཞིའོ། །གདན་གྱི་ཕྱེད་ཀྱི་ཆ་ཡིས་གདོང་སྟེ་ཞེས་པ་མགྲིན་པའི་སྟེང་དུ་གདོང་ཕྱིར་འཕྱར་བ་བད་དེ་དེའི་ཐད་ཀའམ་ཞེང་གི་ཆར་ཕྱེད་དང་བཅས་པའི་སོར་བཅུ་གཉིས་ཀྱིས་སོ། །དེ་བཞིན་དུ་མགྲིན་པ་ཡང་གྲུ་བཞི་སྟེ་དེ་ལྟར་མགྲིན་པ་དང་གདོང་དེ་དག་ནི་ས་བཞིན་ཤིན་ཏུ་མཉམ་པ་གྲུ་བཞི་པའོ། །གདོང་དང་མགྲིན་པ་དེ་དང་དེ་ཡི་སུམ་ཆས་ནི་རང་རང་གི་ཕྱོགས་བཞིའི་གློ་འབུར་བཞིའི་རྒྱའི་ཆ་རྣམས་བྱ་སྟེ། མགྲིན་པའི་ཕྱོགས་ཆ་རྣམས་སོར་ཕྱེད་ཕྱིར་འབུར་བ་དང་། གདོང་གི་གློ་འབུར་གྱི་ཞེང་ནི་རྐང་པས་

p. 879

དམན་པས་སོར་གཅིག་ཕྱིར་ཕྱུངས་ཏེ་འབུར་པའོ། །དཔངས་ཚད་ནི་ལུས་ལ་གསང་བའི་ཆུ་སྐྱེས་དག་ལས་ལྟེ་བའི་བར་དུ་ཕྱེད་བཅས་ཉི་མས་ཏེ་སོར་ཕྱེད་ལྷག་པའི་སོར་བཅུ་གཉིས་ཀྱིས་གདན་གྱི་དཔངས་སུ་ནི་གྲུ་བཞི་པར་ཤིན་ཏུ་མཉམ་པའི་གདན་གྱི་ཚད་དུ་འགྱུར་ཏེ། དེ་ཉིད་ནི་གདན་གྱི་རྩ་བའི་འོག་གཞི་ནས་གདན་གྱི་སྟེང་དུ་གྱེན་ལ། པདྨ་སྔོན་པོའི་མཚམས་ཀྱི་བར་དུ་སྟེ་པདྨའི་མངོན་མཚམས་ཞེས་བྱས་པའང་སྣང་ངོ་། །ལུས་ལ་གསང་བ་ནས་ལྟེ་བའི་བར་གྱི་དྷཱུ་ཏིའི་མར་སྣ་དུང་ཅན་མའི་གནས་ཏེ་ཕྱེད་བཅས་སོར་བཅུ་གཉིས་པའི་ཚད་ཅན་ནོ། །ལྟེ་བའི་པདྨ་དེ་ནས་སྙིང་གར་སོན་པའི་དཀྱིལ་འཁོར་རམ་ཁོར་ཡུག་གི་མཐའ་ཡང་སོར་ཕྱེད་བཅུ་གཉིས་དང་། ཐུགས་ཀའི་ཁོར་ཡུག་དེ་ནས་མགྲིན་པའི་རྩ་བ་ཡི་བར་ལ་ཡང་སྔ་མ་དེ་བཞིན་ཕྱེད་བཅས་བཅུ་གཉིས་ཀྱི་སོར་ཚད་རེ་རེའོ། །མགྲིན་པའི་འཁོར་ལོའི་གནས་དེ་ནས་གདོང་གི་མཐར་ནི་སྔ་མའི་ཚད་དེ་བཞིན་ཞེས་པ་གདུགས་ཀྱི་ཕྲེང་བའི་གནས་ཀྱི་དང་པོ་མཛོད་སྤུའི་མཐར་ཐུག་པར་སྔ་མ་དེ་བཞིན་ཏེ། ཇི་ལྟར་ན་མགྲིན་པ་ཆུ་གཏེར་ཏེ་སོར་བཞི་དང་ཀོས་ཀོ་ནས་ཁའི་གནས་ཀྱི་བར་ཕྱེད་དང་བཅས་པའི་རིག་བྱེད་དེ་སོར་བཞི་དང་། དེ་ནས་བཞི་བཤལ་ཏེ་སྣ་བཟང་པོའི་གནས་ནི་དུས་ཏེ་སོར་བཞི་དང་བསྡོམས་པས་ཕྱེད་བཅས་ཉི་མའོ། །དེའི་ཕྱིར་ཆུ་གཏེར་དུས་དང་ཕྱེད་བཅས་རིག་བྱེད་རྣམས་ཀྱིས་དུམ་བུ་གསུམ་ཞེས་སོ། །ཇོ་འགྱུར་དུ་ཆུ་གཏེར་ཕྱེད་བཅས་དུས་དང་རིག་བྱེད་རྣམས་ཀྱི་དུམ་བུ་གསུམ་ཞེས་བསྒྱུར་བ་གོ་རིམ་ལེགས་སོ། །མཛོད་སྤུ་ནས་བརྩམ་སྟེ་སྤྱི་བོའམ་མགོ་བོའི་གནས་སུ་གདུགས་ཀྱི་ཕྲེང་བའོ། །སླར་ཡང་ཚད་དེ་དག་ཅུང་ཟད་ཞིབ་པར་གསུངས་པ། གདན་ལས་ཞེས་གདན་གྱི་སྟེང་དུ། རིག་བྱེད་དག་གིས་ནི་པདྨ་ཡི་གདན་གྱི་དཔངས་སོ། །དེ་བཞིན་དུ་ཐུགས་ཀར་གནས་པའམ་སྙིང་གར་སོན་པའི་དཀྱིལ་འཁོར་རམ་ཁོར་ཡུག་གི་དཔངས་ཡང་སོར་

p. 880

བཞི་དང་། མགྲི༷ན་པའི་དཔངས་ཀྱི་ཚད་ཀྱང་དེ་བཞིན་སོར་བཞི་ཡིན་ཏེ། ཕྱེད་བཅས་བརྒྱད་ཀྱིས་གདོང་པའི་ཚད་ཅེས་པ། གདོང་པའི་དཔངས་ནི་ཕྱེད་དང་བཅས་པའི་བཞི་ཡིས་ཀོས་ཀོ་ནས་ཁའི་བར་དང་དེ་ནས་བཞི་ཡིས་སྣ་ཡི་དཔངས་ཏེ། དེ་ནས་མཛོད་སྤུའི་གནས་སྨིན་པའི་དབུས་སུ་སོན་པའོ། །དཔྲལ་བ་དེ་ཡི་སྟེང་དུ་གདུགས་ཀྱི་ཕྲེང་བར་འགྱུར་རོ་ཀྱེ་མི་ཡི་དབང་པོ་ཞེས་སོ། །དེ་ཡང་མཛོད་སྤུའི་མཚམས་ནས་བཟུང་སྟེ་གདུགས་ཀྱི་འཕྲེང་བ་ནི་དཔྲལ་བ་དག་དང་མགོ་བོ་ལ་སྟེ་དེ་ནས་འདིར་ནི་གཙུག་ཏོར་དག་གི་མཐར་ཐུག་འདི་ལ་འགྲོ་སྟེ་དེའི་ཚད་ལ་ཕྱེད་བཅས་སོར་བཅུ་གཉིས་ཀྱི་ཚད་དོ། །དེ་ལྟར་ངེས་པར་ལྷུན་པོ་དང་འཇིག་རྟེན་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་ཉིད་ཀྱི་རང་བཞིན་དུ་དག་པ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་དང་མཆོད་རྟེན་གྱི་རང་བཞིན་དུ་གདོད་ནས་གནས་པ་ཡིན་ནོ། །ཞེས་སོ། །འདིར་འགྲེལ་པ་ལས་སངས་རྒྱས་ཀྱི་སྐུ་གཟུགས་སྐུའི་ཚད་བཤད་པ་ལས་འཕྲོས་ནས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གསུངས་པ་འདི་བསྡུས་རྒྱུད་དུ་ཚིགས་སུ་བཅད་པ་རྣམས་ཀྱིས་མ་གསུངས་པ་ཁ་བསྐང་བ་སྟེ། ཡུམ་དང་བུ་མོ་རིན་ཆེན་གྱིས་ཞུས་པ་དང་ཆོས་ཡང་དག་པར་སྡུད་པ་རྣམས་ལས་གསུངས་པ་ལ་ཅུང་ཟད་འདྲ་མིན་ཡོད་ཀྱང་འདི་ནི་ཆོས་ཡང་དག་པར་སྡུད་པ་ལས་གསུངས་པ་ལྟར་ཏེ། དེ་བཞིན་གཤེགས་པའི་སྐུའི་ཕྱག་དང་ཞབས་ཀྱི་མཐིལ་ན་འཁོར་ལོ་རྩིབས་སྟོང་པ་ལྟེ་བ་དང་བཅས་པ་ཡོངས་སུ་རྫོགས་པས་མཚན་པ་ནས་བརྩམས་ཏེ་མཚན་སོ་གཉིས་གསུངས་པ་རྣམས་གོ་སླ་ལ་ཡོངས་སུ་གྲགས་པའོ། །དེས་ན་འདིར་སླར་ཡང་མ་བྲིས་ཏེ་གཞུང་དེར་བལྟ་བར་བྱའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་འབྱུང་བ་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་དང་མཚུངས་སོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱིས་བསོད་ནམས་ཐོབ་པའི་སླད་དུ་

p. 881

རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བ་ཡང་སྤྲུ ལ་པའི་སྐུ་དང་ཚུལ་མཚུངས་སོ། །ཉི་མ་ལ་སོགས་པའི་གཟའ་རྣམས་ཁྱིམ་གྱི་འཁོར་ལོའི་དབང་གིས་ལྷུན་པོ་ལ་གཡས་སྐོར་དུ་འཁོར་བ་བཞིན་དུ། མཆོད་རྟེན་ལ་ཕྱག་འཚལ་ཞིང་བསྐོར་བའི་སླད་དུ་མཆོད་རྟེན་མི་ཡི་ཡུལ་དུ་སངས་རྒྱས་ཀྱིས་བསྟན་ཏོ། །མཆོད་པ་སོགས་བྱ་བའི་སླད་དུ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་བཞིན་དུ་སངས་རྒྱས་ཀྱི་སྐུ་མ་མཐོང་བ་ལ་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་མཆོད་པའི་ཡུལ་དུ་བསྟན་ནོ། །དེ་ལྟར་གདུལ་བྱའི་བསོད་ནམས་ཐོབ་པའི་སླད་དུ་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའི་དབང་ལས་བསྟན་པའོ། །དེ་ལྟར་ཡང་སྡོམ་འབྱུང་ལས། སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །གཟུགས་བརྙན་བསྒྲུབས་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་སོགས་དང་། སྔ་འགྱུར་བའི་རྒྱུད་ཆེན་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་པོ་ལས། དཀྱིལ་འཁོར་དུ་ཐིག་གདབ་པ་ཡང་། །མ་མཐོང་རྨོངས་ལ་བསྟན་ཕྱིར་མཚོན། །ཞེས་དང་། ས་ལ་སོགས་ལས་ཕྱག་རྒྱ་བྱས། རྣམ་གྲོལ་རིམ་པར་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱང་བ། །སྨྲོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་དང་། དཔལ་ལྡན་འདུས་པར་ཡང་། །མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་གནས་ཕོ་བྲང་ཡིན་པར་བཤད། །ཅེས་སོགས་གསུངས་པ་བཞིན་ནོ། །དཔེ་བྱད་བརྒྱད་ཅུ་ནི་མང་བས་འདིར་མ་བརྗོད་ཀྱང་གང་གིས་ན་བསྟན་བཅོས་དུ་མར་གསུངས་པས་སོ། །ཞེས་འགྲེལ་པར་གསུངས་སོ། །ད་ནི་འཇིག་རྟེན་གྱི་ཁམས་སུ་ཁམས་སྣ་ཚོགས་པའི་རང་བཞིན་གྱིས་རིན་པོ་ཆེ་དང་ནོར་བུ་དང་སྨན་ལ་སོགས་པ་གནས་པ་རྣམས་སྤྱི་རིགས་ནས་ཁམས་དྲུག་ཏུ་བསྡུས་ཏེ་གསུངས་པ་འདི་དག་ཀྱང་སངས་རྒྱས་ཞིང་གི་ཡོན་ཏན་གྱི་འཕྲོས་དོན་ཡིན་ཏེ། དེ་ཡང་རིན་ཆེན་གསེར་ནི་ས་

p. 882

ཡི་ཁམས་སུ་འགྱུར་ཏེ་ཁ་དོག་སེར་ཞིང་བརྟན་ལ་ལྗིད་ཀྱི་ཡོན་ཏན་ཤས་ཆེ་བས་སོ། །དངུལ་ནི་ཆུ་ཡི་རང་བཞིན་དཀར་པོ་དང་། ཟངས་མ་དག་ཀྱང་དམར་པོ་མེ་ཡི་ཁམས་ཡིན་ནོ། །ལྕགས་ནི་ནག་པོ་རླུང་གི་ཁམས་པ་སྟེ། ཞ་ཉེ་དཀར་ནག་འདི་ནི་སྟོང་པ་ནམ་མཁའ་རོའི་ཁམས་དག་དང་འདྲེས་པའི་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ནོ། །དེ་ལྟར་བཞུ་བའི་ཁམས་གསེར་སོགས་ལྕགས་དྲུག་གོ། དེ་བཞིན་དུ་ནོར་བུ་རིན་པོ་ཆེ་མི་བཞུ་བའི་ཁམས་ལས་རིན་ཆེན་མདོག་སེར་པོ་རྣམས་ས་རུ་འགྱུར་ཞིང་དཀར་པོ་ཆུ་དང་རིན་ཆེན་དམར་པོ་ཡང་ནི་མེ་ཡིན་ཏེ། ནག་པོ་ང་ངོ་སྔོན་པོ་དང་ནི་ལྗང་ཀུ་དེ་ཡང་དེ་བཞིན་འབྱུང་བ་ལྔ་འདྲེས་པའི་ཁམས་ལས་བྱུང་བའོ། །དེ་ལ་ཡང་སྔོན་པོ་ནི་ཡེ་ཤེས་ཀྱི་ཁམས་དང་། ལྗང་ཀུ་ནི་ནམ་མཁའི་ཁམས་ཏེ་ཁམས་རྣམས་འདྲེས་པའི་ཁམས་ལས་བྱུང་བའོ། །དེ་བཞིན་དུ་རོ་དྲུག་པོ་རྣམས་ཀྱང་ལན་ཚྭ་ནི་ས་དང་མངར་བ་ཆུ་རུ་རབ་ཏུ་འགྱུར་ཞིང་རོ་ཚ་བ་མེ་དང་ཁ་བ་རླུང་ཡིན་ཏེ། སྐྱུར་དང་བསྐ་བའི་རོ་ནི་འདྲེས་པ་དག་གོ། དེ་ཡང་བསྐ་བ་ནམ་མཁའི་རང་བཞིན་དང་། སྐྱུར་བ་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་སླར་ཡང་སངས་རྒྱས་ཀྱི་ཞིང་གི་རྡོ་རྣམས་དག་གི་ཁམས་དྲུག་གི་སྐྱེ་གནས་ཀྱང་ས་ལ་སོགས་པ་དྲུག་དང་། དེ་བཞིན་དུ་སྨན་རྣམས་རྣམ་པ་དྲུག་གི་རོ་རྣམས་དང་། མཆོག་གི་རོ་སྟེ་གྲུབ་པའི་རོ་རྣམས་དང་། ཁམས་རྣམས་གཞན་པ་ནོར་བུའི་དབང་པོ་དབང་གི་རྒྱལ་པོ་ལ་སོགས་པ་རྣམས་ཀྱང་ས་སོགས་ཁམས་དྲུག་གི་རང་བཞིན་ནོ། །དེ་བཞིན་ས་འདི་ལ་འཇམ་རྩུབ་སྣ་ཚོགས་པའི་རེག་པ་རྣམས་དང་། མཐའ་དག་ནད་ནི་འཕྲོག་པར་བྱེད་པ་ཉིད་ཀྱི་རྡོ་ཆུ་དང་སྨན་ཆུ་ལ་སོགས་པ་རྣམས་ཀྱང་ཁམས་དྲུག་གི་རང་བཞིན་ཡང་དག་གོ། དེ་ནས་ནོར་བུ་དང་རིན་པོ་ཆེའི་ཡོན་ཏན་གསུངས་པ་འདིར་ས་ཡི་རིགས་ཀྱི་ནོར་བུའམ་རིན་པོ་ཆེ་ཡིས་ལུས་ལ་

p. 883

ཟུག་གཟེར་འཕྲོག་པར་བྱེད་ཅིང་། དུག་རྣམས་ཀྱང་རིན་པོ་ཆེ་ཆུ་ཡི་ཁམས་རྣམས་ཀྱིས་འཕྲོག་པར་བྱེད་དེ་མེ་ཡིས་ནི་འབྱུང་པོ་ཞུགས་པ་འཕྲོག་པར་བྱེད་དོ། །རླུང་གི་རིགས་དག་གིས་རེངས་པ་འཕྲོག་པར་བྱེད་དོ། །ནམ་མཁའ་ཡི་རིགས་དེ་ཡིས་ཀྱང་གདུག་པའི་ལྟ་བ་རབ་ཏུ་ལྷུང་བ་འཕྲོག་པར་བྱེད་དོ། །ཡེ་ཤེས་ཀྱི་རིགས་ཀྱིས་ནི་སྐྱོན་ཐམས་ཅད་འཕྲོག་སྟེ་རིན་པོ་ཆེ་དང་ནོར་བུ་ཇི་ལྟ་བ་དེ་བཞིན་དུ་ཐུན་མོང་པ་སྦལ་བ་སོགས་ཀྱི་མགོ་ལ་སྐྱེས་པ་དང་མི་བདག་རྣམས་ཀྱི་ལུས་ལ་གནས་པའི་ནོར་བུས་ཀྱང་སྐྱོན་རྣམས་འཕྲོག་པར་བྱེད་པའོ། །དེ་ལྟ་བུར་ས་ལ་སོགས་པའི་ཆོས་ཅན་གང་དག་ཆུ་དང་རོ་དང་ནོར་བུ་དང་རེག་པ་དང་སྔགས་དང་སྨན་རྣམས་དག་གི་མཐུ་རྣམས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ནོ། །དེ་ལྟར་སངས་རྒྱས་ཀྱི་ཞིང་ནོར་བུ་དང་སྨན་ལ་སོགས་པའི་ཡོན་ཏན་དུ་མ་རྫོགས་པའོ། །འདི་ནས་ཚིགས་བཅད་གཉིས་གོ་སླར་བཞག་པའི་དོན་ནི། བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་དུས་ཀྱི་འཁོར་ལོའི་རང་བཞིན་ཅན་ནི་ཀུན་ནས་སངས་རྒྱས་ཀྱི་ཞིང་སྣོད་ཀྱི་འཇིག་རྟེན་ཀུན་དུ་རབ་ཏུ་འཇུག་པར་འགྱུར་ཞིང་། སྣོད་ཆགས་ནས་སླར་ཡང་རྒྱུ་རྐྱེན་ཐམས་ཅད་ཚོགས་པའི་སྦྱོར་བ་རྟེན་འབྲེལ་གྱི་ནུས་པ་དག་ལས་དགེ་བ་དང་མི་དགེ་བའི་འབྲས་བུའི་དབང་གིས་བཅུད་ཀྱི་སེམས་ཅན་རབ་ཏུ་འཇུག་པར་འགྱུར་རོ། །དེ་ནས་སེམས་ཅན་རང་རང་གི་དབུགས་དང་ཉིན་ཞག་བགྲོད་པའི་དབང་གིས་ཕྱི་དང་ནང་གི་དུས་སྦྱོར་གྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་འགྱུར་ལ། བཅུ་གཉིས་པོ་དེ་དག་རྣམས་ཀྱིས་ཕྱི་རོལ་དུ་ཟླ་བ་བཅུ་གཉིས་སོ། །དུས་སྦྱོར་ཁྱིམ་བཅུ་གཉིས་པོ་དེ་དག་གི་དབུས་སུ་ལྷུན་པོ་རྫོགས་པ་ནི་འདིར་མཆོད་རྟེན་གྱི་རྣམ་པ་རྭ་རྣམས་སྟེང་དུ་བརྩེགས་པ། རྡོ་རྗེ་ཕྱེད་པའམ་རྡོ་རྗེའི་རང་བཞིན་ཅན་ནོ། །ཀྱེ་མི་ཡི་བདག་པོ་ལྷུན་པོ་དེ་ཡི་སྙིང་པོའི་ཆ་ལ་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རོ། །ལྷུན་པོའི་

p. 884

ཕྱི་རོལ་དུ་ནི་མཁའ་ལ་རྒྱུ་སྐར་གྱི་འཁོར་ལོ་གོ་ལའི་རླུང་གི་གཞི་ལ་འཁོར་བ་རྣམས་ཏེ་དེའི་འོག་ཏུ་ལས་ཀྱི་ས་ལ་འཛམ་གླིང་ཆེན་པོའི་ས་གཞི་ལ་གནས་པ་ནི་མི་རྣམས་སོ། །ལོངས་སྤྱོད་ཀྱི་ས་ལ་ནང་གི་གླིང་དྲུག་རྣམས་བདུད་རྩིའི་འབྲས་བུའི་རོ་ཡི་ཁ་ཟས་ཅན་གྱི་མི་རྣམས་དང་། གཞན་ལྷ་དང་གནོད་སྦྱིན་ལ་སོགས་པ་རྣམས་གནས་སོ། །ལྷུན་པོའི་སྟེང་གི་རྭ་ལ་རྗེས་སུ་གནས་པ་ཕྱོགས་སྐྱོང་བརྒྱད་རྣམས་ཏེ་ཤར་དུ་ལྷ་ཡི་བདག་པོ་བརྒྱ་བྱིན་དང་། ཤར་ལྷོར་མེ་ལྷ་དང་། ལྷོར་དུས་ཏེ་གཤིན་རྗེ་དང་། ལྷོ་ནུབ་ཏུ་ལྷ་མིན་ཏེ་བདེན་བྲལ་སྲིན་པོ་དང་། ནུབ་ཏུ་ཆུ་གཏེར་ཏེ་ཀླུ་རྒྱ་མཚོ་དང་། ནུབ་བྱང་རླུང་ལྷ་དང་། བྱང་དུ་གནོད་སྦྱིན་དང་ནི། བྱང་ཤར་དུ་དྲག་པོ་དབང་ལྡན་ནམ་དབང་ཕྱུག་དང་། འོག་དང་སྟེང་དུ་འཁོར་དང་བཅས་པ་ཁྱབ་འཇུག་ཉིད་དང་ཆུ་གཏེར་གདོང་སྟེ་ཚངས་པ་གདོང་བཞི་པ་ཉིད་དོ། །འཁོར་དང་བཅས་པ་ཞེས་པ་ཚིག་གི་བར་གྱི་གསལ་བྱེད་དེ་ཕྱོགས་སྐྱོང་བཅུ་པོ་ཀུན་ལ་སྦྱར་རོ། །དེ་དག་གིས་འཇིག་རྟེན་ནང་བཅུད་ཀྱི་གནས་ཚུལ་རགས་རིམ་བསྟན་པའོ། །བྱེ་བྲག་ཏུ་དུས་ཀྱི་ཆ་འཛིན་པའི་གཟའ་སྐར་གྱི་གནས་ཁྱིམ་གྱི་འཁོར་ལོ་བཤད་པ། སྐབས་འདིར་ཉི་མའི་འཁོར་ཚད་སྟོན་པའི་ཚིགས་བཅད་གཅིག་བླ་མ་ཆོས་གྲགས་དཔལ་བཟང་པོས་རྒྱ་དཔེ་ལས་བསྒྱུར་བ་འདིར་བསབས་པ་ནི། ཉིན་མོར་བྱེད་པའི་བགྲོད་པ་ལྷོ་དང་བྱང་གི་མཐར་ནི་རྐང་པ་གསུམ་བཅས་བ་ཚའི་ཆུ་གཏེར་དང་། ཀཻ་ལ་ཤ་ཡི་ཇི་སྙེད་ཉིད་དུ་འགྲོ་སྟེ་ཕྱོགས་ཀྱི་བགྲོད་པ་དག་ལ་དཔག་ཚད་སྟོང་ཕྲག་ནི། ལྔ་བཅུའོ་གང་དུ་གོ་ལ་ཕྱེད་ཀྱི་རེ་ཁཱར་ཉིན་དང་མཚན་མོ་ཆུ་ཚོད་མཁའ་མེ་སྤྱོད། གང་ཞིག་ཁྲི་ཕྲག་ལྔ་ལ་མིག་དང་ཀླུ་དང་ཟླ་བའི་ཆ་ཡིས་ཐོབ་པ་ཉིན་དང་ཉིན་ལ་བགྲོད། ཅེས་འབྱུང་ཞིང་དེའི་དོན་ནི། ཉིན་མོར་བྱེད་པའི་དཀྱིལ་འཁོར་གྱི་བགྲོད་པ་ལྷོ་ཡི་མཐར་ཉི་མའི་འཁོར་དཔག་ཚད་འབུམ་གྱི་

p. 885

རྐང་པ་ཉི་ཁྲི་ལྔ་སྟོང་རྐང་པ་གསུམ་བཅས་པའི་གྲངས་བདུན་ཁྲི་ལྔ་སྟོང་རི་རབ་ཀྱི་དབུས་ནས་ལྷོར་དོར་བའི་ས་བ་ཚའི་ཆུ་གཏེར་གྱི་ཕྱེད་དང་། བྱང་གི་མཐར་ནི་ཀཻ་ལ་ཤའི་བྱང་གངས་ཅན་གྱི་མཐའ་ནི་ཇི་སྙེད་ཉིད་དུ་འགྲོ་སྟེ། ཉི་མའི་ཕྱོགས་ཀྱི་བགྲོད་པ་ཞེས་པ་ཕྱེད་ཀྱི་བགྲོད་པ་དག་ལ་གངས་ཅན་ནས་ཆུ་དཀྱིལ་ཕྱེད་ཀྱི་བར་དཔག་ཚད་སྟོང་ཕྲག་ནི་ལྔ་བཅུའི་བར་དུ་འགྲོའོ། །ས་དཀྱིལ་གྱི་མཐའ་གང་དུ་གོ་ལ་ཕྱེད་ཀྱི་རེ་ཁཱ་སྟེ་རི་མོར་སླེབ་པའི་དུས་སུ་ཉིན་དང་མཚན་མོ་མཉམ་པ་ཆུ་ཚོད་མཁའ་མེ་སྟེ་སུམ་ཅུ་ལོངས་སྤྱོད་དོ། །དེ་ནས་གཡས་དང་གཡོན་དུ་ཉིན་རེ་ཞིང་ཉི་མའི་ལོངས་སྤྱོད་གང་ཞིག་ཁྲི་ཁྲག་ལྔ་ལ་མིག་དང་ཀླུ་དང་ཟླ་བ་སྟེ་བརྒྱ་བརྒྱད་ཅུ་རྩ་གཉིས་ཕྱེད་དང་བཅས་པའི་ཆ་ཡིས་ཐོབ་པ། དཔག་ཚད་ཉིས་བརྒྱ་དོན་གསུམ་དང་། དོན་གསུམ་ཆ་བདུན་ཅུ་རྩ་གཅིག་ཉིན་རེ་དང་ཉིན་རེ་ལ་བགྲོད་པར་བྱེད་དོ། །ཞེས་སོ། །འདིར་ནི་ཁྱིམ་བཅུ་གཉིས་ཀྱི་ཁམས་དང་རིགས་ལ་སོགས་པའི་དབྱེ་བ་གསུངས་པ་ལས། ཆུ་སྲིན་ནི་རྣམ་པར་ཤེས་པ་དང་ནི་སྟོང་པའི་ཁམས་ཀྱི་རང་བཞིན་ཏེ། བུམ་པ་དག་ནི་འདུ་བྱེད་ཉིད་དང་རླུང་གི་ཁམས་སོ། །ཉ་དང་ལུག་དང་གླང་དང་འཁྲིག་པ་བཞི་ནི་རིམ་པ་བཞིན་དུ་ཚོར་བ་དང་མེ་རུ་རབ་ཏུ་འགྱུར་ཏེ། དེ་བཞིན་འདུ་ཤེས་ཆུ་དང་ནི། གཟུགས་དང་ས་དང་། འགྱུར་མེད་ཡེ་ཤེས་ཀྱི་ཕུང་པོ་དག་དང་ལྷན་ཅིག་སྐྱེས་པ་ཡེ་ཤེས་ཀྱི་ཁམས་སོ། །དེ་བཞིན་ཀརྐ་ཊ་ལ་སོགས་པའི་ཁྱིམ་དྲུག་པོ་རྣམས་ཡེ་ཤེས་ནས་རྣམ་ཤེས་བར་དུ་ཡར་ལུགས་ལྡོག་ཏུ་སྦྱར་བར་བྱ་སྟེ། ཀརྐ་ཊ་ཡེ་ཤེས་ཀྱི་ཕུང་ཁམས། སེང་གེ་གཟུགས་དང་ས། བུ་མོ་འདུ་ཤེས་དང་ཆུ། སྲང་ཚོར་བ་དང་མེ།སྡིག་པ་འདུ་བྱེད་དང་ང་། གཞུ་ཕུང་ཁམས་ཀྱི་མཐའི་རང་བཞིན་རྣམ་ཤེས་དང་སྟོང་པ་རྣམས་སོ། །ཆུ་སྲིན་ལ་སོགས་པ་འདི་རྣམས་ཀྱི་ཁམས་ཀྱི་མཚན་མ་ནི་རྡོ་རྗེ་ལ་སོགས་པ་སྟེ་རྡོ་རྗེ་རལ་གྲི་རིན་ཆེན་པདྨ་འཁོར་ལོ་གྲི་གུག་སྟེ་ནམ་མཁའ་

p. 886

དང་རྣམ་ཤེས་ཕུང་པོ་རྡོ་རྗེ་ནས། ཡེ་ཤེས་གྲི་གུག་གི་བར་དུའོ། །དེ་རྣམས་ཀྱི་ས་བོན་ནི་ཀ་ཙ་ཊ་པ་ཏ་ས་ཡི་སྡེ་པ་དྲུག་པོ་རྣམས་ཏེ་དེ་ཡང་ཆུ་སྲིན་སོགས་ཁྱིམ་དྲུག་གི་ཀ་ཙ་ཊ་པ་ཏ་ས་རྣམས་ཀྱི་རིམ་པ་དང་། ཀརྐ་ཊ་ལ་སོགས་པ་དྲུག་གི་ྈྐ་ན་མ་ཎ་ཉ་ལ་སོགས་པའི་རིམ་པས་ཏེ་འཇིག་རྟེན་ཁམས་ལེར་རྡོ་རྗེ་ཉི་མའི་སྐབས་སུ་བརྗོད་པ་རྣམས་སོ། །རིང་པོ་ཐུང་ངུ་ལྷག་པའི་ལྷ་ཞེས་པ། དབྱངས་རིང་པོས་ཕྱེ་བའི་ཀ་ཡིག་ལ་སོགས་པ་གསལ་བྱེད་བརྒྱ་བརྒྱད་ཅུ་བྱང་བགྲོད་ཀྱི་ཁྱིམ་ཞག་གི་ས་བོན་ཏེ་དེ་བཞིན་ཐུང་ངུས་ཕྱེ་བ་ལྷོ་བགྲོད་ཀྱི་ཁྱིམ་ཞག་གི་ས་བོན་རྣམས་སོ། །ད་ནི་གཟའ་རྣམས་ཀྱི་སྐྱེས་ཁྱིམ་གསུངས་པ། ལུག་དང་འཁྲིག་པ་ཀརྐ་ཊར་ནི་རིམ་བཞིན་ཟླ་བ་དང་དཀར་པོ་དང་ཉི་མ་བྱུང་བར་གྱུར་པས་སོ་སོའི་སྐྱེས་པའི་ཁྱིམ་ཡིན་ནོ། །དེ་བཞིན་སེང་གེ་དང་བུ་མོ་སྲང་རྣམས་ཀྱང་གཟའ་གཞན་གྱི་སྐྱེ་གནས་སོ། །གང་ཞེ་ན་རིམ་བཞིན་ས་སྐྱེས་དང་སྔགས་པ་ཕུར་བུ་སྒྲ་གཅན་རྣམས་ཏེ། གཟའ་ལག་དང་སྤེན་པ་དང་གདེངས་ཅན་ཏེ་དུ་བ་མཇུག་རིངས་གསུམ་ནི་རིམ་པར་སྡིག་པ་ཡི་ཁྱིམ་དུ་གཟའ་ལག་དང་། གཞུ་ཡི་ཐོག་མར་སྤེན་པ་དང་། མཐར་མཇུག་རིངས་སྐྱེས་པ་ཡིན་ལ། དེ་བཞིན་གླང་ཁྱིམ་དུ་སྐར་མ་བརྟན་པ་དང་། དྲང་སྲོང་རི་བྱི་ནི་བུམ་པར་རོ། །དེ་ལྟར་སྔར་བརྗོད་པའི་རིམ་པས་ས་ལ་སོགས་པའི་ཁམས་ནི་ཀུན་ནས་ཕན་ཚུན་གཙོ་ཕལ་གྱི་ཚུལ་དུ་སྦྱོར་བར་འགྱུར་རོ་གང་ན་གཅིག་ཡོད་པ་དེ་ན་གཞན་ཀུན་འབྱུང་བའི་ཆོས་ཀྱི་ཕྱིར་རོམི་ཡི་བདག་པོ་ཀྱེ། འགྲོ་བ་འདི་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་རང་བཞིན་གྱིས་འབྱུང་བ་ཉིད་དུ་འགྱུར་ཏེ།ཞིང་འདི་ཉིད་ཀྱང་ཁམས་སྣ་ཚོགས་པའི་རང་བཞིན་གྱི་རིན་ཆེན་རིན་ཐང་མེད་པ་ཀུན་གྱིས་རབ་ཏུ་གང་བ་ཡིན་པར་ནི་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་གཟིགས་སོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུ་གསུངས་པ། གང་དག་ས་གཞི་འདི་ལ་

p. 887

འདོད་དགུ་འབྱུང་བའི་དཔག་བསམ་གྱི་ཤིང་དང་རོ་ཆེན་པོ་དངུལ་ཆུ་ལ་སོགས་པའི་བཅུད་དང་། མཆོག་གི་རོ་གྲུབ་པའི་བཅུད་དང་། ནད་མཐའ་དག་སེལ་བའི་སྨན་དང་། ལྷའི་བདུད་རྩིའི་རོ་ཡི་དབང་པོ་གཞན་མཐའ་དག་ནད་འཕྲོག་པར་བྱེད་པས་སོགས་ཁམས་དྲུག་གི་རྡུལ་ཕྲན་རྣམས་ཀྱི་ས་རབ་ཏུ་བསྐྱེད་པ་དེ་རྣམས་ཡོད་ཀྱང་སེམས་ཅན་རྣམས་ཀྱིས་བསོད་ནམས་མ་བསགས་པའི་དབང་གིས་མི་མཐོང་སྟེ་གང་ཞིག་ཕལ་པའི་རྩ་དང་ཤིང་དང་ཆུ་དང་རྡུལ་དང་རྡོ་བ་དང་ནི་ལྕགས་ཀྱི་ཁམས་རྣམས་སུ་མཐོང་བར་འགྱུར་རོ། །དེ་བཞིན་དུ་ཡི་དྭགས་རྣམས་ཀྱིས་མིའི་གནས་ཀྱི་ཆུ་ནི་དྲི་མ་མེད་པ་ཡང་མེ་ཆེན་པོ་འབར་བར་མཐོང་བ་དང་། དམྱལ་བར་སོང་བའི་མི་རྣམས་དག་གིས་སྡིག་པའི་ལས་ཀྱི་དབང་གིས་དངོས་པོ་རྣམས་ལུས་ཀུན་ནས་གཅོད་ཅིང་འབིགས་པའི་མདུང་སོགས་མཚོན་ཆ་སྣ་ཚོགས་སོགས་སུ་མཐོང་བ་ཡིན་པས་སོ། །དེ་ལྟར་སེམས་ཅན་རྣམས་ཀྱི་དགེ་མི་དགེའི་ལས་བསགས་པའི་སེམས་ཀྱི་རྒྱུད་བག་ཆགས་སྣ་ཚོགས་པའི་ཚུལ་ཅན་ལས་དངོས་པོ་རྣམས་དག་པ་དང་མ་དག་པ་སྣ་ཚོགས་སུ་མཐོང་ཡང་སངས་རྒྱས་ཀྱི་ཞིང་ནི་མ་དག་པ་མ་ཡིན་ཏེ། ཚངས་པ་རལ་པ་ཅན་དང་ཤཱ་རིའི་བུས་མི་མཇེད་ཀྱི་ཞིང་འདི་དག་པ་དང་མ་དག་པར་མཐོང་ཚུལ་མདོ་ལས་གསུངས་པ་བཞིན་ནོ། །བཅུ་དྲུག་པ་མོས་པ་སྣ་ཚོགས་ཀྱི་སེམས་ཅན་གྱི་བསམ་པའི་དབང་གིས་ཆོས་བསྟན་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། འདི་རྣམས་སྒྲོལ་བའི་སླད་དུ་ཞེས་སོགས་ཚིགས་བཅད་བརྒྱ་གོ་གསུམ་པ་ནས། ཚིགས་བཅད་ཉིས་བརྒྱ་བའི་བར་གྱིས་བསྟན་ཏེ། འདི་ལྟར་དངོས་པོའི་དོན་ཡང་དག་པར་མི་ཤེས་པའི་རྨོངས་པས་རྒྱུད་བསླད་ཅིང་ལས་ཀྱི་དབང་དུ་སོང་བ་ཕྱིན་ཅི་ལོག་གི་འཆིང་བ་ལྡན་པའི་སེམས་ཅན་འདི་རྣམས་སྒྲོལ་བའི་སླད་དུ་སྲས་བྱང་ཆུབ་སེམས་དཔའ་རྣམས་དང་བཅས་པ་ཡི་རྒྱལ་བའི་བདག་པོ་འཛམ་གླིང་ཆེན་པོ་ལས་

p. 888

ཀྱི་སར་ནི་རབ་ཏུ་ཞུགས་ཏེ། སེམས་ཅན་སྐལ་བ་མཉམ་པ་རྣམས་འདུལ་བའི་དོན་དུ་མངལ་དུ་སྐྱེ་བ་ནི་རབ་ཏུ་བཟུང་བ་མཛད་ཅིང་མཆོག་གི་ཐུགས་རྗེ་དག་གིས་བླ་ན་མེད་པའི་བྱང་ཆུབ་སྐུ་ཚེ་དེ་ཉིད་ལ་བསྐྱེད་པའམ་མངོན་དུ་མཛད་ནས་ནི་ཅེས་སམ་གཞན་དག་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་མཛད་ནས་ཞེས་འབྲུ་གནོན་མཛད་དོ། །ཉོན་མོངས་དང་ནི་བདུད་རྣམས་བཅོམ་ནས་ས་ཡི་སྟེང་གི་གནས་སུ་རིགས་ཅན་གསུམ་གྱི་གདུལ་བྱ་ལ་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཏེ། སྤྲུལ་པ་ཡི་སྐུ་སྒྱུ་མ་ལྟ་བུ་སེམས་ཅན་ལ་བསྟན་པར་མཛད་ནས། སླར་ཡང་བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་འཕོ་འགྱུར་བྲི་གང་མེད་པ་དེ་ཉིད་ཁོ་ན་ལ་སྔར་ཇི་ལྟར་བྱིན་པ་དེ་བཞིན་སླར་ཡང་གཤེགས་པ་སྟེ། དེ་ལྟར་སངས་རྒྱས་ཀྱི་སྤྲུལ་པ་སྒྱུ་མ་ལྟ་བུའི་སྐུ་འབྱུང་བར་སྣང་བ་ནི་བསོད་ནམས་ཀྱིས་དབང་གིས་ཡིན་ལ། བསོད་ནམས་མ་ཡིན་པའི་དབང་གིས་མྱ་ངན་ལས་འདས་ཏེ་མི་སྣང་བར་འགྱུར་རོ་ཞེས་པ་ངེས་པའོ། །འདི་ནས་ཚིགས་བཅད་བདུན་གོ་སླར་བཞག་པའི་དོན་ནི། །སངས་རྒྱས་ཀྱི་གཟུགས་སྐུ་སྐྱེ་འཇིག་ཏུ་སྣང་བ་ནི་སེམས་ཅན་གྱི་རྒྱུད་ཀྱི་དགེ་བ་སྐྱེ་འཇིག་གི་དབང་གིས་ཡིན་པ་དེ་ཡི་ཕྱིར་ན་རྒྱལ་བའི་བདག་པོའི་སྐུ་ནི་གསར་དུ་མངལ་ནས་མ་སྐྱེས་ཤིང་མཐར་མ་ཉམས་པ་སྟེ་དག་པ་ཡེ་ཤེས་ཀྱི་སྐུའི་ངོ་བོས་སྒྲིབ་བྲལ་རང་བཞིན་རྣམ་དག་གི་སྲིད་པ་གསུམ་པོ་ལ་ཡང་ཁྱབ་བྱེད་དུ་རྟག་ཏུ་གནས་པ་སྟེ། བཅོམ་ལྡན་འདས་དེ་ཡིས་ཐམས་ཅད་དུས་སུ་སྟེ། དུས་ཉི་ཙེ་བ་མིན་པར་སེམས་ཅན་གྱི་མཐའ་ཇི་སྲིད་པ་ཉིད་དུ་སེམས་ཅན་དོན་ནི་ནམ་ཡང་མི་འདོར་བར་ཕྲིན་ལས་ཆེན་པོས་རྟག་ཁྱབ་ཏུ་འགྲོ་བའི་དོན་མཛད་པ་ནི་དག་པའི་ཡེ་ཤེས་མཐར་ཐུག་བརྙེས་པའི་དབང་གིས་ཡིན་གྱིས་འབད་རྩོལ་དང་འདུ་བྱེད་ཀྱི་ལས་ཀྱིས་བཅིངས་པ་ཡི་རྒྱུ་ལས་ནི་མ་ཡིན་ནོ། །སངས་རྒྱས་དང་བྱང་སེམས་རྣམས་འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱིས་མི་གོས་པ་འདམ་

p. 889

ལས་པདྨ་སྐྱེས་པ་ལྟ་བུ་དེ་ལྟར་འཇིག་རྟེན་དབང་ཕྱུག་འཇམ་དཔལ་བདག་ནི་འཁོར་བ་ལས་གྲོལ་ཡང་འདི་ལྟར་སྲིད་པ་གསུམ་གྱི་གནས་སུ་ལས་ཀྱི་སར་གནས་པ་ཡིན་ནོ། །ཉི་མ་ཀྱེ་ཞེས་འཁོར་གྱི་གཙོ་བོ་ཉི་མའི་ཤིང་རྟ་ལ་བོས་པའི་ཚིག་གོ། ལས་ཀྱི་སར་གནས་ནས་ཅི་མཛད་ན། སེམས་ཅན་རྣམས་ལ་ཐར་པའི་ལམ་ནི་སྦྱིན་པར་བྱེད་ཅིང་དམྱལ་བའི་འཇིགས་པ་འཕྲོག་པར་བྱེད་ཀྱི་ཁྱབ་འཇུག་སོགས་ལྷ་གཞན་དག་ནི་ནམ་ཡང་སེམས་ཅན་རྣམས་ལ་ཐར་བར་སྟེར་བ་དེ་ལྟ་བུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ན་འདི་ལྟར་ཆོས་ཡང་དག་པ་བསྟན་པ་ཐར་པའི་རྒྱུ་དང་། ཆོས་མིན་སྟོན་པ་དམྱལ་བའི་རྒྱུ་ཡིན་པས་ཁྱབ་འཇུག་སོགས་ཀྱི་ཆོས་ལས་ཐར་པ་མི་འགྲུབ་པའི་ཕྱིར་ཏེ། འདི་ལྟར་ལྷ་གཞན་གང་དག་གི་ཆོས་ལུགས་ལ་དགེ་བ་ཐར་པའི་རྒྱུ་མངོན་པར་འཇོམས་པ་རང་གི་ལུས་དང་གཞན་གྱི་ལུས་དང་རང་གི་བུད་མེད་དག་ལ་རྗེས་སུ་ཆགས་པས་རང་གི་རིགས་བསྲུང་བ་གཙོ་བོར་བྱེད་དེ། རང་ཉིད་ཤི་བར་གྱུར་ན་རང་གི་རིགས་དག་པའི་བུ་ཡི་ཕ་ཡི་དོན་དུ་མེ་ཡི་སྦྱིན་སྲེག་དང་ནི་དེ་དང་འབྲེལ་བར་གཉེན་གྱི་བསོད་ནམས་ཏེ་ཤི་བ་དེའི་དོན་དུ་ཆང་ཟན་གཏོང་བ་ཤིད་ཟན་སོགས་མཚུན་གཏོར་གྱི་བསོད་ནམས་དག་ལས་མཐོ་རིས་ཐོབ་ཅེས་ཟེར་ཏེ། རིགས་ལ་ལྟོས་ནས་དགེ་རྩ་ཐོབ་མི་ཐོབ་ཏུ་འདོད་པ་དང་། དེ་བཞིན་མཆོད་སྦྱིན་ལ་ནི་ཕྱུགས་རྣམས་ཀྱི་སྲོག་ལ་འཚེ་བ་བྱེད་ཅིང་ཕྱུགས་དེ་རྣམས་མཐོ་རིས་སུ་འགྲོ་བ་དང་དེས་བྱེད་པ་པོ་རང་ལ་ཡང་བསོད་ནམས་ཆེན་པོ་ཐོབ་པར་འཛིན་པ་དང་རང་གི་ཕྱོགས་སྲུང་བའི་ཕྱིར་དཔའ་བོ་ཕན་ཚུན་འཐབ་པ་གཡུལ་དུ་ཤི་བར་གྱུར་ན་མཐོ་རིས་ཀྱི་འཇིག་རྟེན་དག་ཏུ་འཇུག་པར་འགྱུར་རོ་ཞེས་དང་། ཆུ་བོ་གངྒ་སོགས་འཇུག་ངོགས་ལྔར་ཁྲུས་བྱས་པ་དང་། རི་ལས་ཏྲི་ཤཱུ་ལའམ་རྩེ་གསུམ་གྱི་སྟེང་དུ་རང་གི་ལུས་པོ་ལྕེབ་སྟེ་ལྷུང་བར་བྱས་པ་ལས་མཆོག་གི་གོ་འཕང་ཡང་སྲིད་མེད་པའི་ཐར་པར་འགྲོ་བ་ཉིད་དུ་འདོད་པ་དེ་རྣམས་ཐར་པ་སྟེར་བའི་ཆོས་མ་ཡིན་ཏེ། སེམས་

p. 890

ཅན་རང་རང་གི་རྒྱུད་ཀྱི་ལས་དགེ་མི་དགེ་བསགས་པ་རང་ལ་སྨིན་པ་ཡིན་པ་ལས། རིགས་སོགས་ཀྱིས་ཆོས་རྣམ་པར་དག་པར་མི་འགྱུར་ལ། རང་རྒྱུད་ཀྱི་ཉོན་མོངས་དེ་ཉིད་སྤོང་བྱེད་ཀྱི་གཉེན་པོས་མ་བཅོམ་ན་ལུས་འདི་ལན་གྲངས་མེད་པར་བཀྲུས་པའམ་བསྲེག་ཀྱང་སེམས་ཀྱི་ཉོན་མོངས་མེད་པར་བྱ་མི་ནུས་པའི་ཕྱིར་རོ། །དེ་ལྟར་ཐར་བ་ཐོབ་པ་ལ་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ལམ་ནི་རྣམ་པར་སྤངས་ནས། གཞན་འཆི་བའི་འཇིགས་པ་འཕྲོག་པ་ཉིད་དུ་བྱེད་ནུས་པའི་ཁྱོད་ཀྱི་མ་གང་ཡིན་ལ་ཕ་ནི་གང་ཡིན་ཏེ་རིགས་ཀྱི་དབང་དུ་བྱས་ལ་དེ་འདྲའི་ཕ་མ་ཐར་པ་སྦྱིན་ནུས་པ་དང་། དེ་བཞིན་མཆོག་གི་བུ་དང་བུ་མོ་སྤུན་ཟླ་ཆུང་མ་སྲིང་མོ་རྣམས་དང་རྗེ་བོ་དང་གཉེན་གྱི་སྡེ་ནི་གང་ཡིན་ཏེ་དེ་ལྟ་བུ་འཇིག་རྟེན་འདི་ན་ནམ་ཡང་ཡོད་སྲིད་པ་མ་ཡིན་ནོ། །དེས་ན་འཇམ་དཔལ་རྡོ་རྗེ་བདག་གིས་བྱིན་གྱིས་བརླབས་པའི་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་པོ་འདི་རྣམས་བདེ་སྟོང་དབྱེར་མེད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་དབུས་འདིར་རྡོ་རྗེ་ཐེག་པར་དབང་བསྐུར་བ་གང་གིས་མཆོག་གི་ཐར་བར་འགྲོ་བར་འགྱུར་བ་དེ་ཡིས་ཉི་མ་ཁྱོད་ཀྱིས་ཐུབ་པ་དྲང་སྲོང་རྣམས་ནི་འཇམ་དཔལ་གྲགས་པ་བདག་གི་ཚིག་ལས་རྡོ་རྗེའི་དབང་བསྐུར་བ་ཐོབ་པས་རྡོ་རྗེ་ཐེག་པའི་རིགས་གཅིག་དག་ལ་འཇུག་པར་མཛོད་ཅིག །ཅེས་སོ། །དེ་ལྟར་རྡོ་རྗེ་ཐེག་པ་ལ་ཞུགས་ནས་ཆགས་སྡང་སྤངས་པར་གདམས་པ་ལ་དང་པོར་བྱང་སེམས་ཀྱིས་སྤང་བྱའི་གཙོ་བོ་སེམས་ཅན་ལ་ཞེ་སྡང་བ་ཡིན་པས་དེ་སྤངས་པར་གདམས་པ་ནི། འདི་ལྟར་ཁྲོ་བ་སྐྱེ་བའི་རྒྱུ་མཚན་ལ་སོ་སོར་བརྟག་པ་བྱས་ནས་ཁྲོ་བ་བཟློག་པར་བྱ་ཚུལ་ནི། གལ་ཏེ་རང་གི་ལུས་ལ་གཞན་གྱིས་དབྱུག་པས་བསྣུན་པས་སྡུག་བསྔལ་བར་གྱུར་ན་དེ་ལ་དབྱུག་པ་དག་ནི་ཉེས་པ་ཅན་ཏེ་ལུས་ཀྱི་སྡུག་བསྔལ་ཚོར་བའི་དངོས་རྒྱུ་དེ་ཡིན་པའི་ཕྱིར་དབྱུག་པ་དེ་ལ་ཁྲོ་བར་རིགས་སོ། །གལ་ཏེ་དབྱུག་པ་འདི་ནི་ཉེས་པ་ཅན་མ་ཡིན་ཏེ་འདི་སྐྱེས་བུའི་ལག་

p. 891

པས་རབ་ཏུ་བསྐུལ་ཏེ་བསྣུན་པ་ཡིན་གྱི་དབྱུག་པ་འབའ་ཤིག་གིས་བསྣུན་པ་མི་སྲིད་པས་འདིར་ནི་ཉེས་པ་མཐའ་དག་ལག་པ་ཡི་ཉེས་པ་ཡིན་ནོ་སྙམ་ན། ལག་པ་འདི་ནི་ཉེས་པ་ཅན་མ་ཡིན་ཏེ་སྐྱེས་བུའི་སེམས་ཀྱིས་ལག་པ་བསྐུལ་ཏེ་བྱས་ཀྱི་སེམས་ཀྱིས་མ་བསྐུལ་བའི་ལག་པ་འབའ་ཞིག་གིས་ནི་མ་ཡིན་ནོ། །སེམས་དེ་ནི་ཉེས་པ་ཆེའོ་སྙམ་ན་སེམས་ཀྱང་གནས་སྐབས་འདིར་ནི་རང་གཞན་གཉིས་ཀ་ཕུང་བར་བྱེད་པའི་གདུག་པ་ཆེན་པོ་ཁྲོ་བའི་མེ་ཡིས་བསྐུལ་ནས་སེམས་ལ་རང་དབང་མེད་པར་གྱུར་པས་སོ། །དེ་ཕྱིར་ཁྲོ་བའི་མེ་དགེ་རྩ་བསྲེག་པ་འདི་ཉིད་ཁོ་ན་ཉེས་པ་ཅན་ཏེ་མཐའ་དག་འགྲོ་བའི་དགྲ་བོ་བཞིན་དུ་བལྟས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་རྒྱུད་ཀྱི་ཁྲོ་བ་འདི་གསོད་པར་འགྱུར་ཏེ་གཞན་གྱི་ཁྲོ་བའང་ཞི་བར་བྱའོ། །དེ་ལའང་ཐོག་མར་ཆགས་པ་སྤང་དགོས་ཏེ་དངོས་པོ་གང་ལ་ཆགས་པའི་རྒྱུ་ལས་སྡང་བ་དང་ང་རྒྱལ་སེར་སྣ་སོགས་སྐྱོན་རྣམས་འབྱུང་བ་ཡིན་ཏེ་རབ་མཆོག་ལྷ་དང་མི་རྣམས་ཀྱི་རང་གི་ཡིད་དུ་སྡུག་ཅིང་འདོད་པའི་ཆུང་མ་སྐྱེ་བོ་གཞན་དང་འགྲོགས་པ་ལས་ཞེ་སྡང་གི་སེམས་སོགས་སུ་འགྱུར་བས་སོ། །དེའི་ཕྱིར་ཆུང་མ་ལ་ཆགས་པ་སོགས་ཉེས་པའི་རྩ་བ་འདོད་ཆགས་དེ་ནི་རྩ་བ་ནས་དབྱུང་བའི་སླད་དུ་མཐའ་དག་རྒྱལ་སྲས་བྱང་སེམས་རྣམས་ཀྱིས་རང་གི་ཆུང་མ་དེ་ནི་འདོད་པའི་སྦྱིན་པ་དོན་དུ་གཉེར་བ་ལ་རབ་ཏུ་བྱིན་པར་བྱེད་དོ། །དེ་ཕྱིར་འདོད་པའི་སྦྱིན་པ་ལ་རྗེས་སུ་ཆགས་པ་བདེ་བ་ཆེན་པོ་མཉམ་པ་ཉིད་ཀྱི་འབྲས་བུ་སྟེར་བ་སེམས་ཅན་ལ་ཕན་པར་བྱེད་ཅིང་བསོད་ནམས་དག་གི་ཚོགས་ཆེན་པོ་འདི་ནི། འཇིག་རྟེན་གསུམ་གྱི་ཐར་པ་སྟེར་བའི་གཉེན་གཅིག་པུ་ཉིད་དུ་གྱུར་ཅིང་ཐམས་ཅད་དུས་སུ་སྐྱེ་བོ་རྣམས་ཀྱི་དུད་འགྲོ་དང་ཡི་དྭགས་དང་དམྱལ་བའི་འཇིགས་པ་འཕྲོག་པར་བྱེད་པ་ཡིན་པས་མཆོག་གི་ཐར་པ་བདེ་བ་ཆེན་པོ་འདོད་པ་རྣམས་ཀྱིས་མ་ཆགས་པའི་སྦྱིན་པ་དེ་ལྟ་བུ་ལ་འཇུག་པར་བྱའོ། །དེས་ན་ཆགས་པ་གང་གིས་སེམས་ཅན་རྣམས་ནི་ཁུ་བ་འཕོས་

p. 892

ནས་བདེ་བ་མི་འགྱུར་བ་ལས་ཉམས་ཤིང་སྐྱེ་འཆི་བརྒྱུད་མར་མྱོང་བས་གཏན་གྱི་བདེ་བ་ལས་ཉམས་པར་གྱུར་པ་ལས་བྱང་སེམས་དེ་འཕོ་མེད་དུ་བཅིངས་པ་ཡིས་སྐྱོབ་པ་རྣམས་ནི་རྒུད་པ་ལས་གཏན་དུ་གྲོལ་བ་སྟེ། སེམས་ཅན་རྣམས་ཀྱིས་ཉིན་ཞག་སོ་སོའི་དུས་སུ་བུ་དང་ཆུང་མ་སོགས་གང་ཞིག་སྲུང་བར་བྱེད་པ་དེ་ནི་སེམས་ཅན་རྣམས་སྐྱོབ་པ་རྒྱལ་སྲས་རྣམས་ཀྱིས་གཞན་ལ་སྟེར་བར་བྱེད་དོ། །སེམས་ཅན་རྣམས་ཀྱི་རང་གི་གསང་བའི་སྙིང་ག་ལ་གནས་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རྟེན་གང་ཞིག་ཕྱི་རོལ་དུ་གཏོང་བར་བྱེད་པ་དེ་ནི་རྒྱལ་བ་རྣམས་ཀྱིས་མི་ཉམས་པར་འཛག་མེད་དུ་སྲུང་བར་མཛད་དོ། །དེས་ན་རྒྱལ་བ་མཆོག་གི་སྤྱོད་པ་འདི་ནི་ལྷ་དང་ཀླུ་དང་ལྷ་མིན་རྣམས་ཀྱིས་བྱ་བ་དཀའ་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར་རང་གི་ཆུང་མ་ལ་གཞན་གྱི་བུ་སྐྱེད་ན་རིགས་ཉམས་པས་ངན་སོང་དུ་འགྲོ་ཞིང་རང་གིས་བུ་མ་བསྐྱེད་ན་མཐོ་རིས་མི་ཐོབ་པར་བཤད་པའི་ཆོས་ལུགས་དེ་ནི་རྫུན་ཡིན་ཏེ། འདི་ལྟར་སེམས་ཅན་རྣམས་ཀྱི་ལུས་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་སྙིང་སྟོབས་སོགས་ཡོན་ཏན་གསུམ་དང་རྩ་བའི་ཡིད་དང་བློ་དང་ངར་འཛིན་དང་སྲོག་དང་ནི། གཟུགས་ལ་སོགས་དེ་ཙམ་ལྔ་ཞེས་པ་དང་མིག་ལ་སོགས་དབང་པོ་ལྔ་སྟེ་དེ་ལྟར་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་དང་ངག་སོགས་ལས་ཀྱི་དབང་པོ་ལྔ་རྣམས་ཏེ། ཆོས་ཉེར་བཞི་པོ་དེ་རྣམས་ཕྱུགས་དང་བཅས་པ་མི་ཡི་ལུས་ལ་ཁྱབ་བྱེད་དུ་ཡོད་ཅིང་ཁྱད་མེད་བཞིན་དུ། མི་འདི་རྣམས་དག་ལས་མི་འགའ་ཞིག་རིགས་ནི་ཐུ་བོ་སྟེ་གཙོ་བོ་དང་མཆོག་ཡིན་ལ། འགའ་ཞིག་གཞོན་ནུ་སྟེ་སྔ་མ་ལས་དམན་པ་གང་ཞིག་ཡིན། མི་ཡི་བདག་པོ་རྒྱལ་པོ་དང་བཅས་པའི་མི་ཡི་བླ་མ་སྟེ་གོང་མའི་རིགས་ཡིན་ནོ་སྙམ་དུ་རིགས་ཀྱིས་དྲེགས་པའི་ང་རྒྱལ་ཅན་བྲམ་ཟེ་ཁྱོད་རྒྱུ་མཚན་གང་གིས་རིགས་ནི་ཐུ་བོ་ཡིན་ཏེ་འཇིག་རྟེན་རྨོངས་པའི་བརྟགས་པའི་ཚིག་ལ་བརྟེན་ནས་རིགས་ཀྱི་ང་རྒྱལ་བྱེད་པ་ཙམ་

p. 893

ལས་དོན་ལ་གནས་པ་ཅུང་ཟད་མེད་དོ་ཞེས་སོ། །བཅུ་བདུན་པ་བཅུད་དང་བཅུད་ལེན་ལ་སོགས་པ་ལུས་ཀྱི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་ནི། བསྲེག་བྱ་ས་དང་སོགས་ཚིགས་བཅད་ཉིས་བརྒྱ་དང་གཅིག་པ་ནས་ཚིགས་བཅད་ཉིས་བརྒྱ་སོ་གཅིག་པའི་བར་གྱིས་བསྟན་ཏེ། སྐབས་འདིར་གསེར་འགྱུར་གྱི་སྦྱོར་བ་དང་། བཅུད་ལེན་གྱི་སྦྱོར་བ་དང་། རྫས་ཀྱི་དོན་དུ་གཏེར་བརྟག་པ་རྣམས་གསུངས་པ་ལས་དང་པོ་ལ་གསེར་འགྱུར་ཆེན་པོའི་སྦྱོར་བ་དང་། རོ་བཅུད་སྲུང་བའི་དོན་དུ་ཛམ་བྷ་ལའི་སྒྲུབ་ཐབས་དང་བཅས་པ་གསུངས་པ་ཡི་དང་པོ་རྫས་བསགས་པ་ནི། བསྲེག་བྱ་ཞེས་བཞུ་བར་བྱ་བ་མ་ཀྵི་ཀ་ཞེས་པ་གསེར་ཟིལ་གྱི་རྡོ་སྟེ། རྡོ་དེ་བསྲེག་བས་ཚོན་མོ་སྟེང་ཞེས་པ་གཤའ་ཚེ་ལྟ་བུ་འོང་ལ་དེ་བསྲེག་པས་ཟངས་འབྱུང་བ་དེ་ནི་ས་ཡི་ཁམས་ཡིན་ལ་དང་ཡིག་གིས་རོ་ཆེན་པོའང་ཡིན་པ་སྡུད་དོ། །འདི་ལ་རག་རྡོའང་ཟེར་ཏེ་རིགས་རབ་འབྲིང་ཐ་གསུམ་ཡོད་དོ། །དྲི་མ་མེད་པ་ཆུ་རུ་རབ་ཏུ་འགྱུར་ཏེ་ཞེས་པ་བི་མ་ལའམ་དྲི་མ་མེད་པ་དངུལ་ཟིལ་ཏེ་དངུལ་རྡོ་ནི་ཆུའི་རང་བཞིན་ནོ། །འདི་ལ་དངུལ་དང་གསེར་གྱི་ཁ་དོག་གཉིས་ལས་སེར་པོ་གསེར་མདངས་ཅན་རབ་བོ། །ཏུཏྠ་ཀ་ནི་སྤང་མའམ་ཟངས་རྡོ་ཕལ་པ་སྟེ་མེ་ཡི་རང་བཞིན་ཉིད་དོ། །རླུང་དང་ནམ་མཁའ་འདྲེས་པའི་ཁམས་ནི་གཡོ་བ་དང་བཅས་ཞེས་པ་ལྕགས་གཡོ་བ་རྡོ་ཁབ་ལེན་ནོ། །འདི་གཙོ་ཆེར་རླུང་གི་ཁམས་སོ། །ར་ས་ཀ་ཞེས་པ་རོ་ཅན་ཏེ་ཞ་ཉེའི་རྡོ་ནི་ནམ་མཁའ་སྟོང་པའི་རང་བཞིན་ནོ། །འདི་རྩ་བའི་ཚིག་གིས་ཤུགས་བསྟན་ཏེ་རླུང་དང་ནམ་མཁའ་འདྲེས་པ་ཞེས་དང་གཡོ་བ་དང་བཅས་ཞེས་པའི་ཤུགས་ལས་དངོས་སུ་ཚིག་ཟིན་ལ་གབ་པ་ལྟ་བུའོ། །འདི་ལ་རིགས་ནི་ཀླུ་ནི་གནག་དང་དཀར་བ་གཉིས། །རང་བཞིན་མགྱོགས་པར་ཆུ་ལྟར་འཇུ། །ཞེས་པ་བཞིན་ནོ། །རི་བོང་ཅན་དངུལ་ཆུ་དང་། མཚལ་བསྲེག་པ་ནི་ཡེ་ཤེས་ཀྱི་ཁམས་

p. 894

སོ། །མཚལ་ནི་རྫས་བདུན་པ་ཡང་ངོ་། །དེ་ལྟར་རོ་ཆེན་པོ་བདུན་ནོ། །དེ་ནས་ཉེ་བའི་རོ་རྣམས་ཏེ། ཀ་ཀྵི་ནི་ལྕགས་དྲུག་གི་རིགས་པས་ནག་མཚུར་རམ། ལྷང་ཚེར་ནག་པོ་དང་། ཀཱ་ཤི་ས་ནི་མཚུར་དུ་བསྒྱུར་བ་ལྟར་སེར་མཚུར་ཡིན་ལ་ཡང་ན་ལྷང་ཚེར་དཀར་པོས་བྱའོ་ཞེས་དང་། མུ་ཟི་ནི་ཡོངས་གྲགས་འདི་གསུམ་གྱི་ཁམས་ནི་རིམ་པ་ལྟར་མཉམ་པ་ཡེ་ཤེས་ཀྱི་ཁམས་དང་ནམ་མཁའ་དང་རླུང་གི་ཁམས་རིམ་པ་བཞིན་ནོ། །མུ་ཟི་དེ་ཡི་ཁྱད་པར་ཡང་། །དངུལ་ཆུ་གྲུབ་པར། མུ་ཟི་མར་གྱི་མདོག་ཅན་བཟང་། །འབྲིང་ནི་མང་དུ་རྙེད་པ་བླང་། ངན་པ་བ་ལང་སོ་དང་མཚུངས། །དེ་ལྟར་མུ་ཟི་རིགས་གསུམ་ཡིན། །ཞེས་པ་ལྟར་རོ། །མེ་དང་ཆུ་ཡི་ཁམས་ཅན་ནི་རིམ་བཞིན་ལྡོང་རོས་དང་བ་བླ་སྟེ། ལྡོང་རོས་དབྱེ་བ་དྲི་ཅན་མཆོག །ཅེས་དང་། བ་བླ་མཆོག་ཏུ་དཀར་བ་བཟང་། །འབྲིང་ནི་རྣམ་པར་སེར་བ་ཡིན། །ཞེས་བཤད་དོ། །བཙག་ནི་སའོ། །ཞེས་པ་ས་ཁམས་ཏེ་འདི་གསེར་བཙག་ཡིན་ལ་སྨུག་པོ་སྦལ་རྒྱབ་ཏུ་བསྒྱུར་ཀྱང་རྡོ་མདུང་རྩེ་ཡིན་ཅེས་བཤད་ན་ཡང་། གསེར་གར་ཡོད་པའི་ཕྱོགས་སུ་འབྱུང་བའི་རྡོ་སྨུག་པོ་ཡུག་རྡོ་ཟེར་བ་དེ་ལ་གསོ་དཔྱད་ཀྱི་གཞུང་རྣམས་སུ་ངོས་འཛིན་པ་དེ་འཐད་པ་འདྲ་ལ་འདི་སྦལ་རྒྱབ་ཀྱི་བྱེ་བྲག་ཏུ་བྱས་ཀྱང་རུང་བ་འདྲའོ། །དེ་ལྟར་ཉེ་བའི་རོ་དྲུག་གོ། དེ་ནས་ལན་ཚྭའི་སྡེ་ལྔ་སྟེ། ལན་ཚྭ་ཡི་བྱེ་བྲག་གང་ཞིག་ཟེ་ཚྭ་ནི་ཡོངས་གྲགས་ཏེ་ས་བཙོས་པ་ལས་རྡོ་འཇུ་བའི་ཚྭ་མེ་མདའི་རྫས་ལ་སྦྱར་རྒྱུ་འདིའོ། །རྒྱ་མཚོ་ལས་སྐྱེས་པ་ཚྭ་ཕལ་པའམ་ལན་ཚྭ་སྟེ་ཟས་ལ་སྦྱར་རྒྱུ་ལན་ཚྭ་ཡོངས་གྲགས་དང་། རྒྱམ་ཚྭ་ནི་ཡོངས་གྲགས་དང་། ནག་པོ་ཞེས་པ་ཁ་རུ་ཚྭ་དང་། ཐབ་ཀྱི་ཚྭ་ནི་ཐབ་མེ་བུས་པའི་ས་ལ་ཆགས་པའི་ཚྭ་ཡི་རོ་བྲོ་བ་སྟེ་འདི་རྣམས་རིམ་བཞིན་ས་སོགས་ཁམས་ཏེ་ཞེས་པ་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་རང་བཞིན་ནོ། །དེ་ནས་སླར་ཡང་འདིར་ནི་འགྱུར་བྱེད་ལྔ་སྟེ། ནཱ་བ་

p. 895

སཱ་ར་ཞེས་པ་བུལ་ཏོག་དང་། ཡ་བ་ཀྵ་ར་སྔར་བཤད་པ་བཞིན་དུ་ནས་ཚིག་གི་ཁུ་བར་ཆགས་པའི་ཚྭ་ཁ་ལ་མྱང་བས་རོ་གདུག་པ་ཅན་ནོ། །ཁ་ཅིག་གིས་བསེ་ཞོ་ཟེར་ཏེ་དཔྱད་བྱའོ། །ང་ཇ། ཞེས་པ་ས་རྫི་ཀ་ཀྵ་ར་སྟེ་སེར་མཚུར་དང་། འདི་ཁ་ཅིག་སྣག་ཚ་ལ་འདོད་ཟེར་ཀྱང་རྒྱུ་མཚན་མེད་དེ་ས་རྫི་ཀ་དངོས་ནི་སྙེ་མ་ནག་པོ་ཡིན་ལ་སྙེ་ནག་གམ་སྙེ་སྣག་ཀྱང་ཟེར་མོད་དེ་འདྲ་ཞིག་ལས་འཁྲུལ་བ་འདྲ་སྟེ་འདིའི་སྐབས་སུ་ས་རྫི་ཀ་སྙེ་ལོང་དེ་ཡིན་མིན་བརྟག་གོ། ཚྭ་ལ་ནི་ཡོངས་གྲགས་ཏེ། ཀཱ་ཙ་ལས་སྐྱེས་པ་མཐིང་ཤུན་གྱི་བ་ཚའི་འགྱུར་བྱེད་དོ་ཟེར་བ་མཐིང་ཤུན་ནི་སྨྱུག་ཤུན་ཡིན་ལ་སྨྱུག་ཐལ་གྱི་ཆུ་ལ་ཚྭ་ཆགས་པ་ཡིན་ནམ་བརྟག །ལྕུམ་གྱི་སྡོང་བུ་བསྲེག་པའི་ཐལ་བ་ལ་ཡང་ཚྭ་ཆགས་པའང་དེའི་རིགས་འདྲའམ་སྙམ་མོ། །དེ་རྣམས་རིམ་བཞིན་ནམ་མཁའ་དང་རླུང་མེ་ཆུ་དང་ས་རྣམས་དག་གི་རང་བཞིན་ནོ། །དེ་ནས་ཆུ་ལྔ་སྟེ། རྡོ་ཡི་ཆུ་ནི་རེག་པས་རྩ་ཤིང་སོགས་རྡོར་འགྱུར་བ་དེ་ནི་ས་རུ་འགྱུར་ཏེ་ཞེས་པ་སའི་ཁམས་སོ། །ཁ་ཅིག་གིས་ཅོང་ཞིའི་ཆུར་བཤད། རི་བོང་ཅན་གྱི་ཞེས་པ་ཟླ་བའི་ཆུ་ནི་ཆུ་ཤེལ་ལས་བྱུང་བའི་ཆུ་སྟེ་དེ་ནི་ཆུ་ཡི་ཁམས་དང་། མེ་ཡི་ཆུ་ནི་ཆུ་ཚན་ཏེ་དེ་ནི་མེ་ཡི་ཁམས་སོ། །རླུང་དང་སྟོང་པའི་རང་བཞིན་དག་གི་ཆུ་ནི་རིམ་བཞིན་དུག་གི་ཆུ་གང་ཞིག་འཐུང་བས་འཆི་བ་སྟེར་བ་ནི་རླུང་གི་རང་བཞིན་དང་། གཞན་པ་སྟོང་པའམ་ནམ་མཁའི་རང་བཞིན་གྱི་ཆུ་ནི་གྲི༷་གུག་གསུམ་གྱི་རང་བཞིན་ནོ་ཞེས་པ། ཁོང་དུ་མ་འཐུངས་ཀྱང་ལུས་ལ་རེག་པས་འཆི་བར་བྱེད་པ་རེག་པའི་གྲི་གུག་གི་ཆུ་དང་། གྲིབ་མས་ཕོག་པས་འཆི་བྱེད་གྲིབ་མའི་གྲི་གུག་དང་། སྒྲ་ཐོས་པས་འཆི་བྱེད་སྒྲའི་གྲི་གུག་སྟེ། དེ་ལྟར་སྒྲུབ་པ་པོ་གཅོད་པར་བྱེད་པའི་ཕྱིར་གྲི་གུག་དང་འདྲ་བས་གྲི་གུག་གི་མིང་གིས་བརྗོད་པའོ། །སྒྲ་ཐོས་པ་ཞེས་པ་ཆུ་འབབ་པའི་སྒྲ་ཐོས་པ་ལ་བཤད་དགོས་པ་འདྲའོ། །དེ་ནས་དུག་ལྔ་སྟེ་གླ་སྒང་སེར་པོ་ས་ཡི་

p. 896

ཁམས་ཏེ་འདི་ལ་ཁ་ཅིག་གིས་བོང་ང་སེར་པོ་རོ་ཁ་བ་བོང་དམར་མཚུངས་པ་དབྱིབས་གླ་སྒང་འདྲ་བ་བཅའ་སྒའི་གསེབ་ཏུ་སྐྱེ་བ་དེ་ཡིན་ཞེས་ཟེར། ཡོངས་གྲགས་བོང་སེར་ནི་དུག་མེད་ཡིན་པས་དུག་གི་སྡེ་ཚན་མིན་ནོ། །ཤཀྟུ་ཀ་ཞེས་པ་ལོ་མ་ཆེ་ཞིང་འབྲས་བུ་ཕ་བ་གོ་གོ་འདྲ་བ་ཕྱིར་འཐུལ་བ་བྱ་རོག་གི་སྒྲོ་ལ་བྱུགས་ན་དཀར་པོར་འགྱུར་བའི་དུག་དཀར་པོ་ཞིག་དང་། རྭ་ཅན་ཞེས་པ་དངུལ་ཆུ་དང་བསྲེས་ནས་བཏགས་ན་ཁྲག་གི་མདོག་ཏུ་འགྱུར་བ་བ་ཡི་རྭ་ལ་བསྐུས་ན་འོ་མ་དམར་པོར་འོང་བ་ཞིག་གོ། ནག་པོ་ཞེས་པ་བཙན་དུག་ནག་པོ་དང་། ནག་པོ་བརྩེགས་པ་ཞེས་པ་དེ་བས་ཀྱང་ཆེས་དྲག་པའི་བཙན་དུག་གོ་ཞེས་བཤད་ཀྱང་། སྤྱིར་ནག་པོ་བརྩེགས་པ་སོགས་དུག་རིགས་དགུ་ནི་ཤིང་གི་བྱེ་བྲག་ལྟ་བུ་སོགས་སོ་སོར་མིང་དང་བཅས་པ་འཆི་མེད་མཛོད་རྩ་འགྲེལ་དུ་བཤད་པ་ལྟར་རོ། །དེ་དག་གི་ཤཀྟུ་དང་རྭ་ཅན་དང་ནག་པོ་གསུམ་ནི་རིམ་པར་ཆུ་དང་མེ་དང་རླུང་གི་ཁམས་ཡིན་ལ། ནག་པོ་བརྩེགས་པ་སྟོང་པ་ནམ་མཁའི་ཁམས་ཞེས་བྱའོ། །གཞན་པ་ཉེ་བའི་དུག་ནི་རྣམ་པ་ལྔ་པོ་རིག་པར་བྱ་ཞེས་པ་རྡོ་རྗེ་ཅན་ཤྲཱི་ཁཎྚའི་ཤིང་ནི་ས་ཁམས་སོ། །ཨརྐ་ནི་ཉི་མའི་ཤིང་སྟེ་ཆུའི་ཁམས། དྷ་དུ་ར་ནི་མེའི་རང་བཞིན་དང་། ལང་ག་ལཱི་ཤོག་ཤིང་ང་གི་རང་བཞིན་དང་། ཀ་ར་ཝཱི་རའི་ཤིང་ནི་སྟོང་པའི་རང་བཞིན་ནོ། །ཀ་ར་ཝཱི་ར་ཞེས་པ་དཔའ་བྱེད་ཤིང་ཅེས་པ་རྒྱ་གར་སོགས་སུ་ཡོད་པ་དེ་ཡིན་ལ། ཁ་ཅིག་ཀ་ར་ཝཱི་ར་དཀར་དམར་གཉིས་ལས་དཀར་པོ་སྟེ་རེ་ལྕགས་པ་འདྲ་བ་རྟའི་རྔོ་གསོད་པ་ཡིན་ཟེར། གཞན་ཡང་འདིར་ས་ལ་ཞིང་གི་རྡོ་བ་དང་། སྲོག་གི་ངོ་བོ་སྟེ་སྲོག་ཆགས་ཀྱི་ངོ་བོ་རྣམ་པ་སྣ་ཚོགས་པའི་གཟུགས་དང་འདྲ་བ་དང་འབྲས་བུ་ཡི་དབྱིབས་སྣ་ཚོགས་དང་མཚུངས་པ་དང་། སེམས་ཅན་གྱི་མགོ་དང་དུང་ལ་སོགས་པའི་གཟུགས་སྣ་ཚོགས་པ་དེ་རྣམས་ཀྱང་ཁམས་

p. 897

རྣམ་པ་དྲུག་གི་རང་བཞིན་ཏེ་གང་གི་དེ་དག་རྣམས་ཀྱི་ཁམས་ལས་ལྕགས་ནི་རྣམ་པ་དྲུག་ཏུ་འགྱུར་ཏེ། འགའ་ཞིག་ལས་གསེར་དང་དེ་བཞིན་དངུལ་ལ་སོགས་པར་འགྱུར་བའི་ཕྱིར་རོ། །རྡོ་ལྷང་ཚེར་ལས་སྐྱེས་པའི་ལྕགས་ནི་རྣམ་པ་བཞི་སྟེ། ལྷང་ཚེར་སེར་པོ་ལས་སྐྱེས་པའི་ལྕགས་ནི་སའི་རང་བཞིན་དང་། དེ་བཞིན་དཀར་པོའི་ཆུ། དམར་པོའི་མེ། ནག་པོ་ལས་རླུང་གི་རང་བཞིན་གྱི་ལྕགས་ཡིན་པ་དང་། དེ་བཞིན་དུ་ལྷ་སྟེ་ཤར་ལ་སོགས་པའི་ཕྱོགས་ན་གནས་པའི་རིན་ཆེན་ཨིནྡྲ་ནཱི་ལ་དང་། པདྨ་རཱ་ག །ཀ་ར་ཀེ་ཏ། ཟླ་བ་ཆུ་ཤེལ་རྣམས་བཞུས་པ་ལས་བྱུང་བའི་ལྕགས་ཀྱང་རིགས་བཞི་དང་། དེ་བཞིན་དུ་རྡོ་ཁབ་ལེན་ལས་བྱུང་བའི་ལྕགས་ཀྱང་རྣམ་པ་བཞི་སྟེ། ཁབ་ལེན་བསྐོར་བ་ལས་འོག་གི་ལྕགས་འཁོར་བ་འཁོར་བྱེད་དེ་དེ་ལས་བྱུང་བའི་ལྕགས་ནི་རླུང་གི་རང་བཞིན་དང་། དེ་བཞིན་དུ་ལྕགས་སྦྱོར་བྱེད་དེ་ལྕགས་དང་འབྱར་བའི་ཁབ་ལེན་གྱི་ལྕགས་ནི་སའི་རང་བཞིན་དང་། ལྕགས་སྟེང་དུ་འདྲེན་བྱེད་དེ་ཁབ་ལ་སོགས་པ་དུ་མ་མཐུད་ནས་འདྲེན་པ་འདྲེན་བྱེད་ཀྱི་ཁབ་ལེན་ལས་བྱུང་བའི་ལྕགས་ནི་མེའི་རང་བཞིན་དང་། ལྕགས་བཞུ་ནས་ཁབ་ལེན་རང་ལ་ཐིམ་པར་བྱེད་པ་འཇུ་བྱེད་ཀྱི་ཁབ་ལེན་ལས་བྱུང་བའི་ལྕགས་ནི་ཆུའི་རང་བཞིན་ནོ། །འཇུ་བྱེད་དེ་རྣམས་ཀྱི་རང་བཞིན་སྣ་ཚོགས་པ་སྟེ། འགའ་ཞིག་ནི་རྡོ་རྗེ་རྣམ་པར་གནོན་པ་ཞེས་བྱ་བ་རྡོ་རྗེ་ཕ་ལམ་ཀྱང་འཇུ་བར་བྱེད་པ་དང་། ཁ་ཅིག་ནི་ལྷང་ཚེར་སོགས་འཇུག་བར་བྱེད་པ་སྟེ། ཨ་རུ་རའི་ཁུ་བས་ལྕགས་ཞུ་བ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་ཁམས་ཁ་ཅིག་ནི་གསེར་འཇུ་བར་བྱེད་དེ་ལྷང་ཚེར་སེར་པོའི་ལྕགས་སོགས་སོ། །དེ་བཞིན་དུ་ལྷང་ཚེར་དཀར་པོའི་ལྕགས་ཀྱིས་དངུལ་དང་ཚྭ་ལས་ཟངས་དང་དངུལ་ཆུ་སྦྱང་བས་ལྕགས་རྣམས་འཇུ་བར་བྱེད་པའོ། །འཇུ་བྱེད་དེ་རྣམས་ཀྱིས་ལྕགས་བཞུ་པའི་དོན་དུ་བཤད་པ་ལ་སོགས་

p. 898

པ་དང་ཉེར་བར་སྦྱར་བར་བྱ་སྟེ། དེ་རྣམས་ལས་ལྕགས་བླང་བའམ་གདོན་པར་མི་བྱའོ། །དེ་ལ་རོ་དངུལ་ཆུ་ནི་གྲུབ་པ་དང་གྲུབ་པ་མ་ཡིན་པ་རྣམ་པ་གཉིས་སུ་འདིར་འགྱུར་ཏེ་གང་ཞེ་ན་རོ་དེས་ལྕགས་ལ་སོགས་པ་རྣམས་འབུགས་པར་བྱེད་པ་དང་ནི་འབུགས་བྱེད་མིན་པ་ཉིད་ཀྱི་ཁྱད་པར་ལས་སོ། །དེ་ཡང་དངུལ་ཆུ་གྲུབ་པ་ནི་ལྕགས་ནི་གསེར་དུ་འབུགས་པར་བྱེད་དེ་དེ་ཡང་རང་བཞིན་གྱིས་གྲུབ་པའི་རོ་ས་འོག་ལ་སོགས་པའི་ཁུར་བུ་ལ་རང་བཞིན་གྱིས་གནས་པའོ། །སླར་ཡང་གྲུབ་པའི་རོ་དེ་ནི་ཟོས་པས་ལུས་ཀྱང་གྲུབ་པའི་རང་བཞིན་དུ་འབུགས་པར་བྱེད་པའོ། །གང་ཞིག་འབུགས་བྱེད་མིན་པའི་བ་ར་ད་མཆོག་སྦྱིན་ཞེས་གྲགས་པ་དངུལ་ཆུའི་རོ་དེ་ནི། ལྕགས་ལ་སོགས་པ་རྣམས་དང་ལྷན་ཅིག་བསྐོལ་བ་དང་ནི་ས་བོན་གྱིས་བསྒྱུར་བར་གྱུར་པ་ཞེས་པ་སོ་སོར་བསྒྱུར་བ་དང་རྗེས་སུ་བསྒྱུར་བའི་དངུལ་ཆུ་སྦྱོར་བའི་སྒོ་ནས་གྲུབ་པ་དག་གིས་ཀྱང་ལྕགས་ནི་འབུགས་ཤིང་ཞེས་དེ་ལ་འཇུག་པ་དང་རྗེས་སུ་འབུགས་ཏེ་ཞེས་པ་གསེར་གྱི་ཁམས་སུ་བྱེད་ལ་དེ་ལྟར་ལེགས་པར་བསྒྲུབ་ནས་གྲུབ་པའི་དངུལ་ཆུ་ཟོས་པས་མཐའ་དག་ནད་ཀྱང་འཕྲོག་པར་འགྱུར་ཏེ། རུལ་བའི་ལྕགས་ནི་རྣམ་པར་སྤངས་ནས་སོ་ཞེས་པ་ཞ་ཉེ་དང་གཤའ་ཚེ་དཀར་པོ་མ་གཏོགས་པ་གསེར་ལ་སོགས་པ་བཞུ་བར་གྱུར་པས་སོ། །ཞེས་པ་ནི་རོ་དང་ཉེ་བའི་རོ་ལ་སོགས་པ་དངུལ་ཆུ་གྲུབ་པར་བྱེད་པའི་རྫས་རྣམས་ཀྱི་ངེས་པའོ། །དེ་ནས་དངུལ་ཆུ་བཅིང་བའི་རྫས་རྣམས་སྦྱང་བར་བྱ་བ་ལ་སོགས་པའི་ཆོ་ག་གསུངས་པ། མ་ཀྵི་ཀ་ལ་སོགས་པ་རྫས་འདི་རྣམས་རོ་དངུལ་ཆུ་གྲུབ་པ་བརྗོད་པའི་གཞུང་ལས་གསུངས་པའི་ཆོ་གས་སྦྱང་བར་བྱ་སྟེ་གཞན་དུ་སྦྱང་བར་མ་བྱས་ན་མ་དག་པའི་རོ་དང་ཉེ་པའི་རོ་རྣམས་ཀྱིས་ནི་རྫས་བརྒྱད་ལ་སོགས་པའི་རྫས་རྣམས་ཉམས་པར་བྱེད་པས། དང་པོ་དེ་རྣམས་སྦྱང་བ་ནི། དང་པོ་སྦྱང་བའི་ཆོ་ག་ཡི། །ཕྱི་ནས་ལས་རྣམ་བརྗོད་པར་བྱ། །འདི་ལྟར་གསེར་ཟིལ་རྡོ་ལ་ནི། །བ་ཚྭ་དང་ནི་སྐྱུར་པོས་སྦྱང་། །ལྕགས་

p. 899

ཀྱི་སྣོད་དུ་ལེགས་པར་བཏགས། །ལྕགས་ཀྱི་སྟེང་དུ་ག་འུས་དགབ། །མཐའ་ནས་རས་དང་འཇིམ་པས་བཏུམ། །བསྲེག་པས་དག་པར་འགྱུར་བ་ཡིན། །ཕྱེ་མར་གྱུར་གྱི་བར་དུ་བསྲེག །དེ་ལྟར་དག་པའི་ཆོ་ག་ནི། །ལས་རྣམས་ཀུན་ལ་བྱ་བ་ཡིན། །ཞེས་ལ་སོགས་པ་དངུལ་ཆུ་གྲུབ་པའི་བསྟན་བཅོས་ལས་འབྱུང་བ་བཞིན་དུ་བྱ་སྟེ། གསེར་ཟིལ་རྡོ་ཡིས་ལྕགས་འཇོམས་ཤིང་། །དངུལ་དང་གཤའ་ཚེ་མཉམ་པ་ཡིན། །ཞེས་པ་ལ་སོགས་པར་བརྗོད་པའི་གཞུང་དུ་གསུངས་པའི་ལས་ལ་སྦྱིན་པར་བྱའོ། །དེ་བཞིན་དུ་གསེར་གྱི་ནང་དུ་དེ་དང་དེའི་དགྲ་སྤང་ཞིང་། གསེར་དང་དངུལ་གྱི་བྱ་བ་ལ་སོ་སོའི་གྲོགས་སྦྱིན་པར་བྱ་སྟེ། དེ་ལ་གསེར་གྱི་དགྲ་ཞ་ཉེ་ནག་པོ་དང་། དངུལ་གྱི་དགྲ་མ་ཀྵི་ཀ་དཀར་པོ་ཞེས་པ་གཤའ་དཀར་པོ་སྤངས་ནས། གསེར་གྱི་གྲོགས་ལྷང་ཚེར་སེར་པོ་དང་། དངུལ་གྱི་གྲོགས་ལྷང་ཚེར་དཀར་པོ་སྦྱིན་པར་བྱའོ། །ལྕགས་བརྒྱད་བསད་པ་བསྟན་བཅོས་ནས་གསུངས་པ། མ་ཀྵི་ཀ་ཡིས་ལྕགས་འཇོམས་ཤིང་། །ཞེས་སོགས་གསུངས་པའི་ཆོ་གས་གསེར་ལ་ཞ་ཉེ་ནག་པོ་དང་། དངུལ་ལ་གཤའ་ཚེ་དཀར་པོ། ཟངས་ལ་མུ་ཟི། རྣོན་པོ་ལ་མཚལ། ཞ་ཉེ་ལ་ལྡོང་རོས། གཤའ་ཚེ་ལ་བ་བླ། ལྷང་ཚེར་དཀར་པོའི་ལྕགས་ལ་ལྷང་ཚེར་ཏེ་རང་རང་གི་དགྲ་བོ་རྣམས་སྦྱིན་པར་བྱའོ། །དེ་བཞིན་དུ་ཟངས་དང་རྣོན་པོ་མ་དག་པ་སྦྱང་བ་མ་བྱས་པ་ཡང་གསེར་དངུལ་ལ་སྦྱིན་པར་མི་བྱའོ། །ཞ་ཉེ་དང་གཤའ་ཚེ་མ་ཤི་བ་སྟེ་མ་བསད་པ་ནི་གང་དུའང་སྦྱིན་པར་མི་བྱ་སྟེ། བསད་པའི་ལྕགས་གདུལ་བ་ལ་ནི་མ་ལངས་པའི་ལྕགས་བསད་པར་བྱའོ་ཞེས་སོགས་ཀྱི་དོན་ནི། གནས་སྐབས་འགའ་ཞིག་ཏུ་གསེར་དངུལ་ལ་བསད་པའི་ལྕགས་ངེས་པར་བཅུག་པ་ལ་ལྕགས་ངེས་པར་མི་ལྡང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསད་པ་སྟེ་གདུལ་བར་བྱའོ། །ཟངས་ལ་སོགས་པ་མ་བཏུལ་བ་སྲོག་དང་བཅས་པ་སྟེ་རང་གི་ངོ་བོ་མ་ཉམས་པ་གདུལ་བ་ལ་ནི་དགྲ་བོ་རོ་ཆེན་པོ་སྟེ་སྦང་མ་དང་

p. 900

ཉེ་བའི་རོ་མུ་ཟི་བྱིན་པས་གདུལ་བར་བྱའོ། །དངུལ་ཆུ་དང་གསེར་ལ་གྲོགས་པོ་ལྷང་ཚེར་བྱིན་ནས་གདུལ་བར་བྱའོ་ཞེས་པ་ནི་གསེར་གྱི་ས་བོན་གྱི་བྱ་བ་དག་ལ་བྱིན་པའོ། །ད་ནི་རྫས་དེ་རྣམས་ཀྱིས་རིམ་པར་ཆོ་ག་བཞིན་དུ་བཅིངས་པར་བྱ་དགོས་ཏེ། དེ་ལ་དངུལ་ཆུའམ་རོའི་གནས་སྐབས་ཀྱི་རང་བཞིན་གསུངས་པ། འདིར་དངུལ་ཆུ་ལ་བཅིང་པ་གང་ཡང་མ་བྱས་པ་དང་པོར་གྱུར་པའི་གནས་སྐབས་ན་ནི་དུ་བའི་རང་བཞིན་དག་གིས་ཡལ་ཞིང་དངོས་མེད་དུ་འགྲོ་སྟེ། དེ་ཡང་རྐྱེན་མེ་ལ་གནས་ཤིང་བསྐོལ་བ་ན་མ་བཅིང་བའི་དངུལ་ཆུ་དེ་ནི་རིམ་པ་ཡིས་ཙེག་ཙེག་ཞེས་པའི་སྒྲ་དང་བཅས་ཏེ་བྲོས་པར་འགྱུར་བ་བྱིས་པའི་གནས་སྐབས་དང་། སྦལ་པ་མཆོང་པ་བཞིན་རབ་ཏུ་འཕར་བ་ཡིས་འབྲོས་པ་གཞོན་ནུའི་གནས་སྐབས་ཏེ། དེ་ནས་ཡང་རབ་ཏུ་འདར་བས་འགྲོ་བ་ནི་དར་ལ་བབ་པའི་གནས་སྐབས་དང་ནི་འདར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར་བ་རྒན་པོའི་གནས་སྐབས་སོ། །དེ་ལྟར་སྒྲ་ལྡན་དུ་བར་འབྲོས་པ་དང་འཕར་ལྡན་ནི་འདོད་པ་བཞིན་དུ་ལྕགས་འབུགས་པར་བྱེད་པ་མ་ཡིན་ཏེ། དེ་ཡང་ཟངས་ཀྱི་འདབ་མ་ལ་བྱུགས་ནས་མེ་འཇམ་པོས་ཅུང་ཟད་གདུང་བས་འབུགས་བར་བྱེད་པ་ནི་འདར་བ་དང་བཅས་པ་གཞོན་ནུའི་སྐབས་ན་སྟེ་འོན་ཀྱང་བྱིས་པ་ནི་འདབ་མ་སྲབ་མོ་ལ་བྱུགས་པས་ཅུང་ཟད་འབུགས་སོ། །གཞོན་ནུ་ཡང་ཀོང་བུ་ཁ་བཅད་ཀྱི་ནང་དུ་བཙོས་པས་འབུགས་སོ། །འབུགས་པ་ནི་སྐབས་འདིར་གང་ལ་བྱུག་པ་དེ་ལ་འཇུག་པའི་དོན་ཏོ། །འདར་བ་ལང་ཚོ་ནི་མདུང་གིས་ཕུག་པ་ལྷར་གསེར་ལ་འབུགས་པས་སོ། །འདར་བ་མེད་པ་རྒན་པོའི་གནས་སྐབས་སུ་གྱུར་པས་ནི་ཇི་ལྟར་འདོད་པ་བཞིན་མདུང་གིས་འབུགས་པ་བཞིན་དུ་བྱེད་དོ། །དེ་ཡང་བསྒྱུར་བ་དང་རབ་ཏུ་བསྒྱུར་བ་དང་རྗེས་སུ་བསྒྱུར་བ་རྣམ་པ་གསུམ་འོག་ཏུ་འཆད་པར་འགྱུར་བས་འདིར་ཡང་སྒྱུར་བྱེད་རྣམས་ཀྱིས་བསྒྱུར་བར་གྱུར་པ་ནི་འདར་བ་མེད་པ་རྒན་པོར་འགྱུར་ཏེ་དེ་ནི་ཇི་ལྟར་འདོད་པ་

p. 901

བཞིན་ལྕགས་འབུགས་པར་འགྱུར་རོ་ཞེས་པ་རོའི་ཡོན་ཏན་གྱི་ངེས་པའོ། །དེ་ནས་དངུལ་ཆུ་འཆིང་བྱེད་མཆོག་གི་སྨན་གྱི་ཡོན་ཏན་གསུངས་པ། མཆོག་གི་སྨན་གྱིས་སྟོབས་ཀྱིས་དངུལ་ཆུ་སྟོབས་དང་ལྡན་པར་རབ་ཏུ་འགྱུར་ཏེ་ཞེས་པ་ནི་རོའི་བསྟན་བཅོས་ལས་རྡོ་རྗེ་རྣམ་པར་གནོན་པ་ཕ་ལམ་འཇུ་བྱེད་ཁབ་ལེན་གྱི་ལྕགས་ཀྱི་རེག་པ་དང་། མཆོག་གི་སྨན་འོག་ནས་འཆད་འགྱུར་རྣམས་དང་། དངུལ་ཆུ་གྲུབ་པར། ལྷང་ཚེར་སྦྱང་བ་བརྗོད་བྱ་བ། ཞེས་སོགས་ཀྱིས་བསྟན་པའི་སྦྱོར་བ་ལས་རོ་སྟེ་དངུལ་ཆུ་དང་། ལྷང་ཚེར་ལ་ཁ་སྟེ་གདོང་མེད་པར་ཞུ་ནས་ཆུ་བཞིན་དུ་རྒྱུག་གོ་ཞེས་པ་སྟེ། དེས་ན་རྡོ་རྗེ་དང་ལྷང་ཚེར་འཇུ་བར་བྱེད་པའི་རྡོ་སྟེ། རྫས་དེ་རྣམས་ཀྱིས་རེག་པ་དང་འབིགས་པ་དང་དུག་དང་བཅས་པའི་བགོས་པས་སོ། །མཆོག་གི་སྨན་ནི་རོའི་སྨན་གང་ཞིག་བྱུགས་པས་ཞེས་སོགས་འཆད་པར་འགྱུར་བ་རྣམས་སོ། །དེ་རྣམས་ཀྱི་སྟོབས་ཀྱིས་དངུལ་ཆུ་སྟོབས་དང་ལྡན་པར་འགྱུར་ཏེ། ལྷང་ཚེར་ལ་སོགས་པའི་ལྕགས་རྣམས་ཐམས་ཅད་བཞུ་བ་ཡི་ཐབས་དེ་རྣམས་ཀྱི་སྟོབས་ཀྱིས་དེ་ལྟར་དངུལ་ཆུ་སྟོབས་དང་ལྡན་པར་རབ་ཏུ་འགྱུར་བའོ། །དེ་ལྟར་གང་སུ་ཞིག་ལ་མཆོག་གི་སྨན་དེ་རྣམས་མེད་ན་ས་ཡི་སྟེང་གི་གནས་སུ་དངུལ་ཆུ་འདི་ཡི་བཅིང་བ་དག་ནི་གང་ཞིག་བྱེད་དེ་མི་བྱེད་ལ། མ་བཅིང་ན་གསེར་གྱི་ལོངས་སྤྱོད་དང་བཅུད་ལེན་མེད་དོ། །དངུལ་ཆུ་བཅིངས་ནས་གྲུབ་ན་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་ཞིང་དེ་བཞིན་ཟོས་ན་མི་རྣམས་ཀྱི་འཆི་བ་དག་ཀྱང་ཉམས་པར་འགྱུར་བས་ན། དེ་ཕྱིར་ཡེ་ཤེས་ཐོབ་ན་སྨོས་ཅི་དགོས་ཏེ་དེ་མེད་ན་ས་བདག་རྒྱལ་པོ་འབྱོར་ལྡན་རྣམས་ཀྱིས་ནད་འཕྲོག་ཅིང་ལུས་ཀྱི་ཚེ་དང་ལང་ཚོ་གྲུབ་པའི་དོན་དུ་རོ་ཡི་དབང་པོ་དངུལ་ཆུའི་བཅུད་ལེན་འདི་ནི་རབ་ཏུ་འབད་པས་བསྒྲུབ་པར་བྱའོ། །ས་བདག་དེ་དག་རྣམས་ཀྱི་རྫས་ནི་དུ་མ་རྩེད་འཇོའི་གླུ་དང་རོལ་མོའི་མངོན་པར་སྦྱོར་བ་ལ་ཡང་གོད་པར་འགྱུར་ཞིང་གང་ཞིག་དོན་ཆུང་དེ་དག་གི་ཕྱིར་དུ་ནོར་

p. 902

རྫས་ཆུད་ཟོས་པ་དེ་ནི་ཕྱི་མ་བདག་དོན་ཆེན་པོར་སྟེ་དངུལ་ཆུ་གྲུབ་པ་ཡི་ཡུལ་ལམ་དོན་དུ་མ་བསྲེག་ལ། གཞན་ཕྱི་མར་ཕན་པའི་ཆོས་ཀྱི་བྱ་བ་ལ་ཡང་མ་བྱིན་ཅིང་། གང་ཞིག་ནོར་གྱི་རྫས་ནི་སྡིག་པའི་སླད་དུ་ཟད་པར་བྱེད་པ་དེ་ཡིས་སྐྱེས་བུ་དེ་ནི་སྡིག་པ་ཡི་ལས་དག་གིས་བཅིངས་པར་འགྱུར་རོ། །དེ་ལྟར་ནོར་རྫས་མི་བརྟན་པ་དོན་མེད་དུ་ཆུད་ཟ་བ་ཡིན་པར་རིག་ནས་དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གཞན་དག་གི་ནོར་རམ་དོན་གྱི་སླད་དུ་ནོར་རྫས་མ་ལུས་པ་ནི་སྦྱིན་པར་བྱས་ནས་ཟད་པར་མཛད་དོ། །ཞེས་སོ། །མཆོག་གི་སྨན་གྱི་མཚན་ཉིད་གསུངས་པ། གང་ཞིག་བྱུགས་པས་འཕྲལ་ལ་ཟངས་ཀྱི་འདབ་མའི་དྲི་མ་འཕྲོག་པར་བྱེད་པ་དག་ནི་འདབ་མ་མེར་བཅུག་པའི་དྲི་མ་འཕྲོག་པའོ། །དེ་ལྟ་བུའི་མཆོག་གི་སྨན་རོ་ཆེན་པོ་དང་མཚུངས་པ་ཡིན་ཏེ། དེ་ཟོས་པས་མཐའ་དག་ནད་རྣམས་འཕྲོག་པར་བྱེད་ཅིང་། རོ་བཅིང་བའི་སླད་དུ་ལྕགས་རིགས་འཇུ་བར་བྱེད་པ་དེ་ནི་སྐལ་བ་དང་ལྡན་པ་རྣམས་ཀྱིས་ས་གཞི་ལ་མཐོང་བར་འགྱུར་རོ། །དེ་ལྟར་མཆོག་གི་སྨན་དང་མི་ལྡན་པར་གཞན་དག་རྣམས་ཀྱིས་དངུལ་ཆུ་འདི་ཡི་བཅིང་བར་རབ་ཏུ་འགྱུར་བ་དངུལ་ཆུ་གྲུབ་པའི་གཞུང་རྣམས་སུ་བཤད་པ་གང་དེ་ངེས་པར་ལོ་སྐོར་གྱི་དུས་ཀྱི་བར་ཏེ་ལོ་བཅུ་གཉིས་ཙམ་དུ་འབད་དགོས་པ་དང་ནི། དེ་ཡང་མེས་བདུག་པ་དང་བཅིང་བའི་སྨན་གྱི་དགོད་པའི་སྦྱོར་བ་རྣམས་ཀྱིས་བསྒྲུབ་བྱར་འགྱུར་ལ། གྲུབ་པའི་ཚེ་ན་ཡང་བཅུད་དེ་ནི་སྲང་གང་གིས་ལྕགས་སྲང་སྟོང་ཕྲག་གཅིག་གསེར་དུ་འབུགས་པ་དག་ལས་ལྷག་པར་འབུགས་པར་མི་འགྱུར་རོ། །དེ་ཡང་ཐབས་ཅི་ལྟ་བུས་ན་དངུལ་ཆུ་སྦྱོར་བའི་སྨན་རྣམས་ཐམས་ཅད་ཀྱིས་ཏེ་ལན་ཚ་ལྔ་སོགས་ཤིན་ཏུ་ཚ་བའི་རོ་རྣམས་དག་དང་ཡ་བཀྵ་ར་ལ་སོགས་པ་འགྱུར་བྱེད་ཀྱི་སྡེ་དང་བི་ཛ་པཱུ་ར་ཀ་ལ་སོགས་པ་སྐྱུར་བའི་སྡེ་རྣམས་དང་། ཕབས་ཀྱིས་བསླང་བར་གྱུར་པའི་རྩབ་མོ་དག་གིས་དངུལ་ཆུ་སྨན་དང་ལྷན་

p. 903

ཅིག་ཏུ་བྱས་ནས་ཞག་བཅུར་རྟག་ཏུ་མཉེ་བ་དང་། དེ་ནས་དེ་རྣམས་རྡོ་སྐྱོང་ཁ་སྦྱར་དུ་བཅུག་ནས་ས་འོག་ཏུ་བཞག་པ་ལ་སྟེང་ནས་མེ་ཡིས་བདུག་པར་ཡང་ནི་རབ་ཏུ་འགྱུར་བ་སྟེ། དངུལ་ཆུ་རྣམས་ནི་དངུལ་དུ་བྱ་བ་ལ་ཡང་མེ་ཏོག་ཏེ་གྲོགས་པོ་ལྷང་ཚེར་དཀར་པོ་བཏབ་པ་རྣམས་ཀྱིས་དངུལ་གྱི་ས་བོན་དག་པ་ཉིད་དུ་འགྱུར་བའོ། །ཤི་བའི་ལྕགས་དང་མཉམ་པའི་འགྱུར་བྱེད་བཞི་པོ་དང་ས་བོན་རྣམས་མ་ཚོགས་ན་གཉིས་སམ་གསུམ་སྦྱོར་བ་དང་ཚོགས་ན་ཐམས་ཅད་སྦྱོར་ཏེ་བཅིང་བ་ནི་ཚྭ་ལ་དང་། འཆིང་བུ་ཡི་འགྱུར་བྱེད་དང་བྱི་བ་ཞེས་པ་བྱིས་རྣ་ཞེས་རྭ་འགྱུར་ལྟར་ཏེ་བྱིས་པའི་རྣ་བ་འདྲ་བའི་སྔོ་འདབ་དང་རྟ་སེན་གྱི་དུག་དང་ཉེ་བའི་དུག་རྣམས་ཀྱིས་སོ། །ཨེ་ར་ཎ་ཊ་ལ་སོགས་པའི་སྣུམ་གྱིས་བྲན་པས་འཇམ་པར་འགྱུར་བ་ཉིད་དོ། །གླང་པོ་དང་མི་ཡི་ཆུ་ནི་ལན་བདུན་བླུགས་ཤིང་སྐམ་པ་དག་གིས་བཀྲུའོ། །ཆུ་ཤིང་གི་ཐལ་བ་དང་ཤིང་ཙི་ཏྲ་ཀ་ལ་སོགས་པའི་ཐལ་བ་དང་། ན་བཱ་ས་ར་ལ་སོགས་པའི་འགྱུར་བྱེད་ཀུན་དང་། ཟེ་ཚྭ་ལ་སོགས་པའི་ཚྭ་བ་རྣམས་དང་། སླར་ཡང་མུ་ཟི་ལ་སོགས་པའི་ཉེ་བའི་རོ་ནི་རྣམ་པར་སྦྱངས་བ་དེ་རྣམས་དང་ལྷན་ཅིག་སྤྲུ་བར་བྱའོ། །རྡོ་སྐྱོང་ཁ་སྦྱར་དུ་བཅུག་པ་ས་འོག་ཏུ་བཞག་ནས་ཡང་ནས་ཡང་དུ་མེ་ཡི་ཚ་བ་དག་གིས་སླར་ཡང་ལན་བརྒྱར་སྤྲུ་བར་བྱ་ཞིང་བསྐམ་པར་བྱའོ། །དེ་བཞིན་དུ་དུང་གི་ཕྱེ་མ་བརྒྱ་ཕྲག་འགྱུར་དང་སྦྱར་བར་འགྱུར་བ་འདི་ནི་མུ་ཟི་དག་གིས་བསྲེས་པ་ཡང་སྤྲུ་ཞིང་བསྐམ་མོ། །ལྕགས་རྣམས་ཐམས་ཅད་ཞུ་བར་བྱེད་པའི་དོན་དུ་འོག་ནས་འཆད་པའི་བི༷་ཌ་བཤང་བ་འདི་ནི་དངུལ་ཆུ་དག་གི་བརྒྱད་ཀྱི་ཆ་ཤས་དག་གིས་དེའི་བརྒྱད་འགྱུར་གྱི་དངུལ་ཆུ་འཇུ་བར་འགྱུར་རོ། །ཅི་སྟེ་དེས་མ་ཞུ་ན་ཁྱོགས་ཀྱི་འཁོར་ལོའི་བདུག་པ་མཚན་མོ་བརྒྱད་བྱ་བ་ཉིད་དེ། དེ་ཡང་རོ་སྟེ་དངུལ་ཆུ་དེ་ཡི་ཡང་སྙིང་གར་ཏེ་དབུས་སུ་གནས་པ་ཡི་ལྕགས་ཞུ་བར་གྱུར་པ་ཇི་སྲིད་ཉིད་དུ་བྱའོ། །ཞུ་བར་གྱུར་པའི་རོ་དེ་སོལ་བའི་མེ་ལ་

p. 904

དྲག་པོར་བསྐོལ་བས་འདར་བ་མེད་ན་དྲི་མ་མེད་པ་དག་ཏུ་འགྱུར་ཏེ། འདི་ནི་ཟངས་དང་ལྷན་ཅིག་མཉེས་ཤིང་བཞུས་པས་ལྕགས་མ་ལུས་པ་འབིགས་པའི་སྟོབས་དང་ལྡན་པར་རབ་ཏུ་འགྱུར་ཏེ། ལྕགས་གཅིག་ཞུ་བར་གྱུར་ན་ཉི་མ་སྟེ་ཟངས་ལེགས་པར་རབ་ཏུ་སྦྱངས་བ་ལས་རི་བོང་ཅན་ཞེས་པ་དངུལ་ཆུ་རབ་ཏུ་དམར་བར་བྱེད་པ་དེའི་ལུས་ཀྱིས་ལྕགས་རྣམས་ཐམས་ཅད་གསེར་དུ་ཁ་སྒྱུར་བར་བྱེད་དོ། །ལྕགས་ཐམས་ཅད་ལ་ཁྱབ་བྱེད་གསེར་དུ་སྒྱུར་བ་དག་ཏུ་བྱེད་པའི་དངུལ་ཆུ་དེ་ཡང་ཆེན་པོ་སྟེ་ཟངས་དུལ་མ་དང་བཅས་པ་དང་། ཤི་བའི་ཞ་ཉེ་ནག་པོ་དང་། གཤའ་ཚེ་དང་སྤྲ་ཚིལ་དང་བཅས་པ་དེ་ལ་བླུགས་པས་གསེར་རམ་དངུལ་ལ་འཇུག་པ་སྟེ། དེ་ལྟར་གང་ཞིག་དངུལ་ཆུའི་ལས་ནི་འོག་ཏུ་འཆད་པར་འགྱུར་བ་དག་གིས་ཉིན་ཞག་སོ་སོར་སྦྱོང་བར་བྱེད་པ་ན་དུས་གཞན་ལོ་བཅུ་གཉིས་ལ་སོགས་དག་གིས་དངུལ་ཆུ་འཆི་བ་སྟེ། གསལ་བར་ཏེ་ངེས་པར་དངོས་སུ་དངུལ་ཆུ་ལྕི་ཞིང་སྲ་བ་ཉིད་དང་དངུལ་ཆུའི་སྐྱོན་རྣམས་ཀུན་ལས་རབ་ཏུ་གྲོལ་བར་འགྱུར་རོ། །སྐྱོན་མེད་པར་གྲུབ་པའི་དངུལ་ཆུ་དེ་ཡིས་རྣལ་འབྱོར་པའི་མཆོག་གི་ལུས་ལ་ནད་དང་འཆི་བ་སེལ་བ་དང་ནི་གསེར་འགྱུར་མཁན་གྱིས་དེས་གསེར་འགྱུར་བྱས་ན་དབུལ་བའི་སྡུག་བསྔལ་ཐམས་ཅད་འཕྲོག་པར་བྱེད་དོ། །དེ་ནས་རོ་བདུན་བསྲུང་བའི་དོན་དུ་ཛམ་བྷ་ལའི་མཆོད་པ་བྱ་བ་ནི། འདིར་ཁྲུ་ཕྱེད་དེ་མཐོ་གང་ཙམ་གྱི་གསེར་གྱི་པདྨ་ནོར་གྱི་སྟེ་བརྒྱད་ཀྱི་འདབ་ལྡན་དག་ལ་ལྟེ༷་བར་སྙིང་པོའི་དབུས་སུ་རྡོ་རྗེ་ཕ་ལམ་དག་པ་གསེར་གྱིས་བཅིང་བར་བྱ་སྟེ། ཤར་དུ་དབང་སྔོན། ལྷོར་པད་རག །ནུབ་ཀར་ཀེ་ཏ་སེར་པོ། བྱང་ཟླ་བ་ཆུ་ཤེལ། མེར་ལྕགས་རྣོན་པོ། བདེན་བྲལ་དུ་ཟངས། རླུང་དུ་གསེར། དབང་ལྡན་དུ་དངུལ་ལོ། །དེ་ལྟར་ལྷ་དང་གཤིན་རྗེ་ནོར་སྦྱིན་དག་ཏུ་དག་པའི་ཨི༷ནྡྲ་ནཱི༷་ལ་པདྨ་ར་ག་ཆུ་ཤེལ་ལོ། །ནུབ་ཏུ་རིན་ཆེན་ཀརྐེ༷་ཏ་སྟེ་མེ་དང་ལྷ་མིན་འཕྲོག་བྱེད་

p. 905

དུ་ནི་རྣོན་པོ་ཟངས་དང་དངུལ། རླུང་གི་འདབ་མ་དག་ལ་གསེར་དང་གསེར་གྱི་ལྷང་ཚེར་དག་ལས་སྐྱེས་པའི་གདན་ནི་ལྟེ༷་བ་ལ། ཞེས་གསུངས་ཏེ། ལྟེ་བར་རྡོ་རྗེ་ཕ་ལམ་གྱི་སྟེང་དུ་གསེར་གྱིས་བཅིངས་པའི་ལྷང་ཚེར་སེར་པོ་ལས་སྐྱེས་པའི་གདན་བཞག་པར་བྱའོ། །སྙིང་པོར་གདན་དེ་སྟེང་གསེར་ལས་སྐྱེས་པ་སྟེ་གསེར་ལས་བྱས་པའི་ཛམྦྷ་ལ་ནི་ཞལ་གཅིག་པ་ཕྱག་གཉིས་ན་གཡོན་ནེ༷འུ་ལེ་དང་བཅས་གཡས་མཆོག་སྦྱིན་པ་ཡི་ཕྱག་རྒྱ་ཅན། གཙུག་ཏོར་གྱི་ཚད་ཀྱིས་སོར་བཞི་པའོ། །འདབ་མ་བརྒྱད་པོ་རྣམས་ལ་རྒྱུ་གསེར་ལས་སྐྱེས་པའམ་དངུལ་ལས་སྐྱེས་པའི་ལྷ་མོ་གནོད་སྦྱིན་མོ་བརྒྱད་དེ་གཡོན་ཆུ་སྐྱེས་པདྨ་དང་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་ནོ། །འདིར་ཛམྦྷ་ལ་དངུལ་ལས་བྱས་པ་ཡིན་ན་དེའི་ཚེ་གནོད་སྦྱིན་མོ་རྣམས་གསེར་ལས་བྱ་ཞིང་ཛམྦྷ་ལ་གསེར་ལས་བྱས་པ་ཡིན་ན་གནོད་སྦྱིན་མོ་རྣམས་དངུལ་ལས་བྱའོ། །དེ་བཞིན་གང་གི་ཚེ་ཛམྦྷ་ལ་འཁོར་བཅས་ཀྱི་གདན་གསེར་གྱི་པདྨ་ཡིན་ན་དེའི་ཚེ་ཆུ་སྦྱིན་པའི་སྣོད་དངུལ་གྱི་བྱ་ཞིང་། པདྨ་དངུལ་ཡིན་ན་ཆུ་སྦྱིན་པའི་སྣོད་གསེར་ལས་བྱའོ། །ཛམྦྷ་ལ་དེའི་ཅོད་པན་ནི་སངས་རྒྱས་རིན་ཆེན་དབང་པོ་གཡས་ན་ནོར་བུ་དང་བཅས་པའི་མཆོག་སྦྱིན་གྱི་ཕྱག་སྟེ་གནོད་སྦྱིན་མོ་རྣམས་ཀྱི་ཅོད་པན་ཀྱང་དེ་བཞིན་རིན་ཆེན་དབང་པོ་ཉིད་དོ། །དེ་དག་གི་ས་བོན་ནི་ཧ་སོགས་ཐུང་ངུ་དང་རིང་པོ་ཕྱོགས་བཞི་དང་ཕྱོགས་བྲལ་མཚམས་བཞིའི་འདབ་མ་རྣམས་ལ་ཡི་གེ་བརྒྱད་པོ་རྣམས་རིམ་པས་སོ་ཞེས་པ། ལྟེ་བར་ཛམྦྷ་ལའི་བརླ་གཡོན་པའི་སྟེང་དུ་ནོར་རྒྱུན་ལྷ་མོ་སྒེག་མོ་ཕྱག་གཡས་པས་ཡབ་ལ་འཁྱུད་པའི་ནུ་མ་ཡབ་ཀྱི་ཕྱག་གཡོན་གྱིས་འཛིན་པ་ལྟ་བུ། འགྲེལ་བར་ཡབ་ཡུམ་དེ་དག་ཧཱ་ལཱ་ཧ་ལ་ལྟ་བུའོ་ཞེས་གསུངས་པ་བླ་མ་སྔ་མ་དག་གིས་གར་སྟབས་སམ་རོལ་པས་བཞུགས་པའི་དོན་དུ་འཆད་དོ། །དེ་ལྟར་གཙོ་བོ་ཤེས་རབ་མ་དང་བཅས་པའི་ཧཾ་ཧཱཿའོ། །ཤར་གྱི་ལྷ་མོའི་ཧཱིཾཿམེར་ཧཱཾཿ ལྷོར་ཧྲཾཿ བདེན་བྲལ་དུ་ཧྲཱྀཾཿ བྱང་དུ་ཧུ། དབང་ལྡན་དུ་ཧཱུཾཿ

p. 906

ནུབ་ཏུ་ཧླྀ། རླུང་དུ་ཧླཱྀ༷འོ། །དེ་ཡང་ཤར་ནས་རིམ་པས་སྒྲོལ་མ་རེག་བྱ་རྡོ་རྗེ་མ་གོས་དཀར་མོ་རོ་རྡོ་རྗེ་མ་མཱ་མ་ཀཱི་གཟུགས་རྡོ་རྗེ་མ་སྤྱན་མ་དྲི་རྡོ་རྗེ་མ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་ནོར་རྒྱུན་མའོ། །རྫས་འཕེལ་བའི་དོན་དུ་ཁམས་བཞིའི་རིགས་ཀྱི་ལྷ་ཐམས་ཅད་རིན་པོ་ཆེ་ཆེན་པོའི་ཅོད་པན་གྱི་རྒྱས་བཏབ་པ་ལ་གཙོ་བོ་རིན་འབྱུང་དང་བཅས་པ་བྱའོ་ཞེས་པ་ངེས་པའོ། །དེ་ནས་དྲི་དང་སྤོས་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཉིན་ཞག་སོ་སོའི་དུས་སུ་ཐུན་གསུམ་ལ་ཟླ་བའི་སྟེ་དངུལ་གྱི་སྣོད་དུ་མཆོད་པ་བྱས་ནས། ཐོག་མར་ཨོཾ་ཛ༷ཾ་གཉིས་དང་སྭཱ་ཧཱའི་མཐའ་སྟེ། དབུས་སུ་བྷ་ལ་དང་བཅས་ཛ་ལེནྡྲཱ་ཡ་ཞེས་པ་ནི་ཚིགས་བཅད་དུ་བསྡེབ་པའི་དབང་གིས་ཏེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་འདི་ཡིས། ཀྱེ་རྒྱལ་པོ་རབ་དགའི་ཡིད་ཀྱིས་གསེར་འགྱུར་མཁན་རྣམས་དག་གིས་རོ་ནི་བསྲུང་བའི་དོན་དུ་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་ནི་རབ་ཏུ་སྦྱིན་པར་བྱའོ། །དེ་ལྟར་བསྲུང་བའི་ཆོ་ག་འདི་ཡི་མཐུ་ཡིས་འབྱུང་པོའི་མགོན་པོ་ཚོགས་བདག་ལ་སོགས་པ་དང་ཀླུ་ཡི་མགོན་པོས་རོ་ནི་འཕྲོག་པར་མི་འགྱུར་ཞིང་དེ་བཞིན་གང་དག་རོ་འཕྲོག་པར་བྱེད་པའི་ལྷ་མིན་གཞན་རྣམས་ཀྱིས་ཀྱང་འཕྲོག་པར་མི་འགྱུར་ཏེ། རྡོ་རྗེ་འཛིན་པའི་བཀས་ཛམྦྷ་ལས་བསྲུང་བའི་ཕྱིར་རོ། །ད་ནི་རོ་བཞུ་བ་གསུངས་ཏེ། འདིར་དངུལ་ཆུ་བདུག་པའི་དང་པོར་སོ་ཕག་གི་ཕྱེ་མ་དང་འགྱུར་བྱེད་ལན་ཚྭ་བྱིན་ནས་བི་ཛ་པཱུ་ར་ལ་སོགས་པའི་སྐྱུར་བའི་སྡེ་རྣམས་དག་གིས་ཉི་མ་བཅུ་རུ་རོ་དངུལ་ཆུ་ནི་མཉེ་ཞིང་མེ་ཉི་ལ་བདུག་པར་བྱའོ། །དེའི་རྗེས་སུ་དངུལ་ཆུ་དེ་བཀྲུས་ཤིང་རོ་བཟུང་ནས་ཆུ་ལྷག་མ་བསྐམས་ཏེ་དེ་ནས་སླར་ཡང་སྙིགས་མ་མ་དག་ལ་གནས་པ་སྙིགས་མའི་ནང་དུ་འཐོར་བའི་དངུལ་ཆུ་ཐམས་ཅད་བཀྲབ་ཅིང་ཕྱེ་ནས་སླར་ཡང་རོ་དངུལ་ཆུ་དེ་ཉིད་ལ་བསྲེ་བར་བྱ་སྟེ། འདི་ནི་རྫས་གཞན་གྱིས་མཉེ་བའི་དུས་ཐམས་ཅད་དུ་ཡང་མཐར་དེ་ལྟར་བྱ་དགོས་པས་ཐམས་ཅད་དུས་སུའོ། །ཞེས་གསུངས་སོ། །སླར་ཡང་གལ་ཏེ་སྙིགས་མ་ལས་རོ་དེ་ནི་ལོགས་

p. 907

སུ་མ་ཕྱེད་ན་སྙིགས་དེ་ལས་རོ་ནི་ཤི་བ་སྟེ་སྨན་དང་འདྲེས་པ་དེ་ཡང་ལྕགས་གཞན་དང་བསྲེས་ནས་བཟུང་བ་དེ་ལ་ལྕགས་གཞན་དང་བསྲེས་ནས་ལྷན་ཅིག་སྙིགས་མ་དེ་ཡང་བཞུ་བར་བྱའོ། །དེ་ལ་སྦྱང་བའི་དངུལ་ཆུ་དེས་རང་གི་སྐྱེ་གནས་མཚལ་གྱི་ཁམས་ཁྲ་བར་གྱུར་ན་དེ་ནི་སླར་ཡང་གཞན་ལྕགས་ཀུན་གྱི་སྐྱེ་གནས་རྡོའི་ཁམས་ཐམས་ཅད་རབ་ཏུ་ཟའོ། །དེ་ལྟར་མཉེ་བ་དང་བདུག་པས་དངུལ་ཆུས་རང་གི་སྐྱེ་གནས་ཟ་བའི་དོན་དུ་བཞུ་བའི་ཆོ་གའོ། །ད་ནི་ཁམས་ཐམས་ཅད་འབུགས་པའི་དོན་དུ་ལྕགས་ཐམས་ཅད་དང་བསྲེས་པའི་བཞུ་བ་ནི། འདིར་ལྕགས་རྣམས་ཉིད་ཀྱིས་ཕན་ཚུན་དུ་འཇུ་བར་བྱེད་པ་དེས་ན་བསྲེས་ལ་བཞུ་བར་བྱའོ། །སྐབས་འདིར་བཞུ་བ་ཞེས་པ་མེ་འབའ་ཞིག་གིས་བཞུ་བ་ཙམ་མིན་ཏེ། རྡོ་དང་ལྕགས་སོགས་ཆུ་ལྟར་སླ་མོར་འཇུ་བ་ལ་གཙོ་ཆེར་གོ་དགོས་སོ། །དེ་ལ་ལྕགས་རྣམས་ནི་ཞ་ཉེ་དཀར་པོ་དང་། ལྕགས་རྣོན་པོ་དང་ར་གན་དང་ཟངས་དང་ལྷང་ཚེར་ལས་སྐྱེས་པ་ཞེས་པ་ལྷང་ཚེར་སེར་པོ་ཉིད་ཀྱི་ལྕགས་སམ། དེ་ལས་གཞན་པ་ཞིང་གི་རྡོ་བ་སྣ་ཚོགས་ལས་སྐྱེས་པ་དག་གི་ལྕགས་ཏེ་ལྕགས་དེ་རྣམས་གསེར་འགྱུར་གྱི་སྐབས་སུ་རྣམ་པར་དག་པར་བྱས་པའོ། །ལྕགས་ལྔ་པོ་འདི་རྣམས་ཆ་མཉམ་པ་གཅིག་ཏུ་བསྲེས་པ་ནི་བསྲེས་པའི་ལྕགས་སུ་འགྱུར་ཏེ་གསེར་འགྱུར་གྱི་བྱ་བ་ལའོ། །བཅུད་ལེན་གྱི་བྱ་བ་ལ་ནི་ཞ་ཉེ་སྦྱིན་པར་མི་བྱ་སྟེ་ལྕགས་བཞི་དང་གསེར་ལྷན་ཅིག་བསྲེས་པ་བཞུ་བར་བྱའོ། །དངུལ་གྱི་བྱ་བ་ལ་ནི་ལྷང་ཚེར་དཀར་པོ་ལས་སྐྱེས་ལྕགས་དང་གཤའ་ཚེ་གཉིས་པོ་མཉམ་པ་དག་ལྷན་ཅིག་དངུལ་བཞུ་བར་བྱའོ། །དེ་ལྟར་བསྲེས་པ་བྱས་ཤིང་དངུལ་ཆུ་ཡང་དག་པར་སྦྱང་བ་བྱས་ནས་སྣ་ཚོགས་འཇུ་བར་བྱེད་པའི་འཁྲུལ་འཁོར་རྣམས་ལས་གྲུའི་འཁྲུལ་འཁོར་མཆོག་སྟེ་དེས་ན་གྲུའི་འཁྲུལ་འཁོར་དུ་རོ་བླུགས་པར་བྱའོ། །དེ་ནས་དངུལ་ཆུ་ལས་སུམ་ཅུའི་ཆ་ཤས་བཟུང་ནས་རྡོ་སྐྱོང་དུ་བསྲེས་པ་བཏགས་པར་བྱ་སྟེ། རྩ་བའི་དངུལ་ཆུའི་དྲུག་ཅུའི་ཆའི་ལྕགསདང་བསྲེས་པ་ཉིད་ཀྱིས་སོ། །དེ་ལྟར་ས་ལས་བྱས་པའི་གྲུའི་འཁྲུལ་འཁོར་དུ་དང་པོར་དངུལ་ཆུའི་དྲུག་ཅུའི་ཆ་ཤས་ཀྱི་ཟས་ལྕགས་ནི་བྱིན་ཏེ། དེ་ནས་རོ་དངུལ་ཆུ་བླུགས་ཤིང་དེའི་སྟེང་དུ་རས་སྲབ་མོ་བྱིན་ནས། དེའི་སྟེང་དུ་སྔར་བརྗོད་པས་བསླང་བའི་རྩབ་མོ་བྱིན་ཏེ། གྲུ་ནི་ཕུབ་མ་དང་བ་ལང་གི་ལྕི་བའི་མེ་ལ་བཞག་པར་བྱའོ། །རྩབ་མོ་སྐམ་པ་ན་རྒྱུན་བར་ཆད་པ་མེད་པར་སླར་ཡང་རྩ བ་མོ་སྐྱུར་བོ་སྦྱིན་པར་བྱའོ། །དེ་ལྟར་ཉི་མ་གཅིག་གམ་གཉིས་ཀྱིས་ལྕགས་འཇུ་བར་འགྱུར་ཞིང་དེ་ནས་བཞུ་བའི་རྗེས་ལ་ཆ་རེ་བསྐྱེད་པས་འཕེལ་བར་བྱ་ཞེས་པ་གཞན་ཟས་ཉིས་འགྱུར་ནི་རིམ་པ་དེ་ཉིད་ཀྱིས་སྦྱིན་པར་བྱའོ། །སླར་ཡང་ཞུ་བར་ཤེས་ནས་དེ་རས་ལ་བླུགས་ནས་བཙིར་བར་བྱ་སྟེ། སྐྱོང་བུར་བཏགས་པ་ཞུ་བའི་རྫས་གལ་ཏེ་རས་ལ་མི་སྣང་ན་དེའི་ཚེ་ཞུ་བར་བརྗོད་དོ། །དེ་ལྟར་རིམ་པས་ཟས་སྦྱིན་པ་འཕེལ་བར་བྱ་སྟེ། ཇི་སྲིད་དངུལ་ཆུའི་རྐང་པའི་ཆ་ཤས་ཀྱི་ཟས་ཟ་བ་ཇི་སྲིད་ཉིད་དུ་རབ་ཏུ་འགྱུར་གྱི་བར་དུ་སྦྱིན་པ་ཡིན་ཏེ། དེའི་སྟེང་དུ་ཟས་སྦྱིན་པ་འཕེལ་བར་མི་བྱ་སྟེ། དེ་ལས་ལྷག་པར་རབ་ཏུ་སྦྱིན་པར་མི་བྱའོ། །དེའི་སྟེང་དུ་ས་བོན་གྱི་ཆོ་གའི་རྣམ་པ་སྔར་གསུངས་པ་འདིས། ཕྱོགས་ཏེ་ཟླ་ཕྱེད་གཅིག་གིས་ནི་ཟས་དངུལ་ཆུའི་ཉིས་འགྱུར་འཇུ་བར་འགྱུར་ཏེ། སླར་ཡང་དངུལ་ཆུ་འདི་ནི་སྔར་བརྗོད་པ་དེ་བཞིན་དུ་སྦྱངས་པས་ས་བོན་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་ས་བོན་རྣམ་པར་དག་པས་ལྕགས་གཉིས་དང་གསུམ་དང་བརྒྱད་འགྱུར་འཇུ་བར་འགྱུར་ཏེ། སླར་ཡང་ཞུ་བ་འདི་ནི་སྔར་བརྗོད་པའི་བི་ཌ་མི་དང་གླང་པོའི་གཤང་བ་མཆོག་རྣམས་ཀྱིས་མཉེ་བས་སོ། །ཅི་སྟེ་མ་ཞུ་ན་ནི་རོ་དངུལ་ཆུ་དེ་ལ་ཇི་སྲིད་མཚན་མོ་བརྒྱད་ཀྱི་བར་དུ་འཁོར་ལོའི་དུག་བྱ་བའི་འོས་སུ་རབ་ཏུ་འགྱུར་ཏེ། བ་ལང་གི་ནུ་མའི་རྣམ་པའི་ཀོང་བུར་དངུལ་ཆུ་བླུགས་ནས་སོར་མོ་གསུམ་གྱི་བར་དུ་མི་སྣང་བར་ས་ལ་གཞུག་པར་བྱའོ། །དེ་ནས་ཕྱི་རོལ་

p. 908

དུ་འཁོར་ལོའི་རྣམ་པའི་འོབས་བྱས་ནས་ཕུབ་མ་དང་བ་ལང་གི་ལྕི་བའི་ཕྱེ་མ་རྣམས་ཀྱིས་བཀང་སྟེ་དེ་ལ་མེ་སྦྱིན་པར་བྱའོ། །འཁོར་ལོའི་དུག་དེ་ཡིས་ཉིན་ཞག་བརྒྱད་ཀྱི་བར་དུ་བི་ཌ་བཅས་པའི་རོའི་ཀོང་བུར་བདུག་པས་མ་ཞུ་བའི་སྐྱོན་འདོར་བར་འགྱུར་རོ། །དེ་ནས་སླར་ཡང་གྲུའི་འཁྲུལ་འཁོར་དུ་བླུགས་པར་བྱ་སྟེ། དེ་ལྟར་འབུགས་པ་དང་རྗེས་སུ་འབུགས་པའི་སླད་དུ་ལོ་གཅིག་དང་པོར་བྱས་ནས་ལོ་བཅུ་གཉིས་ཀྱི་མཐར་ཐུག་པར་ལྕགས་ཐམས་ཅད་བཞུ་བར་བྱའོ། །ཅི་སྟེ་བསོད་ནམས་ཀྱི་དབང་གིས་ཕ་ལམ་འཇུ་བྱེད་རེག་རྡོ་དང་མཆོག་གི་སྨན་རོ་ཆེན་པོ་དང་། བྱུགས་མ་ཐག་པར་ཟངས་ལ་སོགས་པ་གསེར་དུ་འཇུ་བར་བྱེད་པ་སྟེ་ལྕགས་ལ་སོགས་པ་ཞུ་བར་བྱེད་པ་དེ་དག་རྙེད་ན། དེའི་ཚེ་རེག་པ་དང་མཆོག་གི་སྨན་སྔར་བརྗོད་པ་རྣམས་དང་འཇུ་བྱེད་ཀྱི་ཕྱེ་མའི་བི་ཌ་དག་གིས། མེ་ལ་གནས་པ་ཉིད་དུ་བྱས་པས་ལྷང་ཚེར་གྱི་ལྕགས་ནི་ཁའམ་གདོང་མེད་པར་འཇུ་བར་འགྱུར་ཏེ་དེའི་སྟོབས་ཀྱི་དངུལ་ཆུའི་སྟོབས་ལྡན་པའི་རོར་འགྱུར་ཞིང་། ལྷང་ཚེར་འཇུ་བྱེད་ཀྱི་སྨན་དེ་དག་གི་མཐུ་ལས་ལྷང་ཚེར་གྱི་ལྕགས་ནི་ཞུན་བརྒྱད་འགྱུར་གྱི་སྟོབས་སུ་འགྱུར་ཏེ། དེ་ནི་ཞུ་བ་སྟེ་དངུལ་ཆུས་ཟོས་པར་གྱུར་པ་ན་སྔ་མ་དེ་ཡི་ཡང་བརྒྱད་འགྱུར་གྱི་སྟོབས་སུ་འགྱུར་རོ། །དེ་ཡིས་གསེར་འགྱུར་གྱི་ས་བོན་བཞུ་བ་ལ་ཡང་སྔ་མ་དེ་ཡི་བརྒྱད་འགྱུར་གྱི་སྟོབས་སུ་འགྱུར་བ་ཡིན་ཏེ། སླར་ཡང་དེ་ལས་རྡོ་རྗེ་རིན་ཆེན་དང་ཨིནྡྲ་ནཱི་ལ་སོགས་ཞུ་བར་གྱུར་ན་སྟོབས་སྔ་མ་དེ་ཡི་ཡང་བརྒྱད་འགྱུར་དུ་འགྱུར་རོ་ཞེས་པ་ངེས་པའོ། །དེ་ལྟར་ལྕགས་བརྒྱད་དང་། རྡོ་རྗེ་དང་དབང་སྔོན་ལ་སོགས་པའི་རིན་ཆེན་རྣམས་དང་ཀ་ཀྵི་སོགས་ཉེ་བའི་རོ་རྣམས་དང་། མ་ཀྵི་ཀ་སོགས་རོ་རྣམས་ཇི་སྲིད་ཁོལ་བར་གྱུར་གྱི་བར་དུ་མེ་ཡི་ནང་དུ་བསྐོལ་བར་བྱ་སྟེ། དེ་ནས་དེ་ཡིས་ནི་ལྕགས་འབུམ་ཕྲག་དུ་མ་འབུགས་པར་རབ་ཏུ་འགྱུར་རོ། །དེ་ལ་སྒྱུར་བར་བྱེད་པ་ལ་སོགས་པ་ནི་མི་

p. 909

བྱའོ། །རེག་རྡོ་དང་མཆོག་གི་སྨན་དག་མེད་ན་སྔར་བརྗོད་པ་མཆོག་གི་བི༷་ཌ་མཉེ་བ་དག་དང་དུག་གི་ཆོ་ག་རྣམས་ཀྱིས་ཀྱང་ལྕགས་རྣམས་འཇུ་བར་འགྱུར་རོ། །འདིར་ཞུ་བར་གྱུར་བའི་རོ་དེ་ཉིད་མེ་འབར་བའི་སོལ་བ་ལ་བྱིན་པས་གལ་ཏེ་འདར་བར་བྱས་ནས་མི་འགྲོ་ན། དེའི་ཚེ་འདར་བ་མེད་པ་གང་ཡིན་པར་བྱ་བའི་སླད་དུ་བ་ཡི་ནུ་མའི་དབྱིབས་ལྟ་བུའི་ཀོང་བུར་བླུགས་ནས་ཇི་སྲིད་རོ་ནུབ་པར་གྱུར་གྱི་བར་དུ་ཨེ་ར་ཎ་ཌ་སྟེ་དན་རོག་གི་འབྲུ་མར་སྟེང་དུ་སྦྱིན་པར་བྱ་བ་ཉིད་དེ། དེ་ནས་སྒྱུར་བྱེད་རོ་དང་གསེར་ནི་མཉམ་པ་དག་བཞུ་ནས་རྫས་ཀྱི་དོན་དུ་ཞ་ཉེ་བརྒྱད་ཆ་སྦྱིན་ཏེ་རོའི་སྟེང་དུ་བླུགས་པར་བྱས་པ། དེ་ཡིས་བསྒྱུར་བར་དག་ཏུ་རབ་ཏུ་འགྱུར་རོ། །སླར་ཡང་གཞན་ནི་གསེར་བཞུ་བའི་ཁུ་བ་དན་རོག་གི་འབྲུ་མར་བླུགས་ལ་ཞ་ཉེ་བརྒྱད་ཆ་བྱིན་ཏེ་བསྐོལ་བའི་རིམ་པ་དེ་ཉིད་ཀྱིས་གཉིས་འགྱུར་གྱི་གསེར་གྱི་རབ་ཏུ་བསྒྱུར་བར་འགྱུར་བ་དང་། དངུལ་ཆུའི་རྫས་ཀྱི་གོང་བུ་གསེར་དང་མཉམ་པ་ཞུན་མར་གྱུར་པའི་ཁུ་བ་དག་རོ་ལ་རབ་ཏུ་འབད་ནས་བླུགས་པར་བྱའོ། །ཆོ་ག་སྔ་མ་དེའི་གསུམ་འགྱུར་གྱི་རྗེས་སུ་བསྒྱུར་བར་འགྱུར་རོ། །དེ་ལྟར་ཡང་གསེར་བཞུས་པའི་ཁུ་བ་ལ་དན་རོག་གི་འབྲུ་མར་དངུལ་ཆུ་དག་ལ་བླུགས་པས་སོ། །རྫས་ཀྱི་དོན་དུ་ཞ་ཉེ་བརྒྱད་ཆ་གསེར་ཞུན་ཁུ་བ་དག་ལ་རབ་ཏུ་འབད་ནས་བླུགས་པར་བྱའོ། །དེ་ལྟར་བསྒྱུར་བ་རྣམ་པ་གསུམ་ནི་ལྕགས་ཀྱི་སྟོབས་ཀྱིས་རྗེས་སུ་མཐུན་པས་སྟོང་གི་མཐར་ཐུག་པར་འབུགས་པར་འགྱུར་རོ། །དེ་ནས་ཟངས་བཞུ་སྟེ་དེ་ལ་རོ་ཕྱེད་མར་བྱས་ཤིང་སྤྲ་ཚིལ་གྱིས་ཡང་དག་པར་དཀྲིས་ནས་ཤི་བའི་ཞ་ཉེ་དང་གཤའ་ཚེ་དག་དེ་ལ་བླུགས་པར་བྱའོ། །དེ་ཡིས་དངུལ་ལམ་གསེར་ལ་འཇུག་པ་དང་འབུགས་པར་འགྱུར་རོ་ཞེས་པ་བཞུ་བའི་ངེས་པའོ། །འདིར་བཅིང་བ་ལ་དགོད་པས་བཅིང་བ། གོང་བུའི་བཅིང་བ། ཞིང་གི་ལྕགས་རྣམས་ཀྱི་བཅིང་བ་གསུམ་ལས་དང་པོ། དེ་ནས་

p. 910

དགོད་པ་དང་བཅས་པའི་བཅིང་བ་གསུངས་པ། འདིར་གསེར་གྱི་བྱ་བ་དང་དངུལ་གྱི་བྱ་བ་དག་ལ་དང་པོ་གསེར་གྱི་བྱ་བ་ལ་གསེར་ལ་ནི་ཞ་ཉེ་ནག་པོ་རབ་ཏུ་བཏབ་པས་བསད་པར་བྱའོ། །དེ་བཞིན་ལྕགས་རྣོན་པོ་ནི་མཚལ་གྱིས་བསད་དེ་གའུ་ཁ་སྦྱོར་དུ་གཞུག་པའི་སྦྱོར་བས་སོ། །སྦྲུལ་ཞེས་པ་ཞ་ཉེ་ནག་པོ་ནི་ལྡོང་རོས་ཀྱིས་བསད་པར་བྱའོ། །ཟངས་ནི་མུ་ཟི་དག་གིས་སོ། །དེ་ལྟར་གསེར་དང་རྣོན་པོ་དང་སྦྲུལ་ཞ་ཉེ་དང་ཟངས་བཞི་ནི་རིམ་པ་ལྟར་ཞ་ཉེ་ནག་པོ་དང་མཚལ་དང་ལྡོང་རོས་དང་མུ་ཟི་དག་གིས་བསད་པ་དང་། དེ་ནས་དངུལ་གྱི་བྱ་བ་ལ་གཤའ་ཚེ་ནི་བ་བླས་བསད་པར་བྱའོ། །ཟླ་བ་ཞེས་པ་དངུལ་ནི་མ་ཀྵི་ཀ་དཀར་པོ་སྟེ་ཞ་ཉེ་དཀར་པོས་སོ། །ལྷང་ཚེར་སྐྱེས་ཞེས་པ་ལྷང་ཚེར་དཀར་པོའི་ལྕགས་ནི། མ་ཀྵི་ཀ་ནག་པོ་སྟེ་ཞ་ཉེ་ནག་པོས་བསད་པར་བྱའོ། །དེ་ལྟར་གཤའ་ཚེ་དང་ཟླ་བ་དངུལ་དང་དེ་བཞིན་ལྷང་ཚེར་དཀར་པོ་ལས་སྐྱེས་པ་རྣོན་པོ་དག་ཀྱང་རིམ་བཞིན་བ་བླ་དང་ནི་བསྲེག་བྱ་གཉིས་པོ་དག་གིས་ཞེས་པ་ཞ་ཉེ་དཀར་ནག་དག་གིས་བསད་པར་བྱས་ནས་ཞེས་སོ། །དེ་ནས་ཤི་བའི་ལྕགས་མཉམ་པའི་འགྱུར་བྱེད་བཞི་པོ་རྣམས་ཏེ་དེ་རྣམས་ཚོགས་པ་མེད་ན་གསུམ་མམ་གཉིས་སོ་ཞེས་གསུངས་པ། ཤི་བའི་ལྕགས་ནི་བསད་ནས་ལྕགས་རང་རང་གི་དངོས་པོ་ཉམས་པ་སྟེ་འགྱུར་བྱེད་ནི་ཐལ་བའི་མིང་ངོ་། །འགྱུར་བྱེད་བཞི་པོ་དེ་དང་མཉམ་པའི་དུག་ཅེས་པ་སྐབས་འདིར་བི་ཌ་སྟེ་བཤང་བ་དང་། དེ་དང་མཉམ་པའི་ལན་ཚ་རྣམས་དང་། ཉེ་བའི་རོ་དགྲའི་ཆོས་ཅན་རྣམས་དག་དང་། ལྕགས་དང་མཉམ་པའི་དངུལ་ཆུ་སྟེ་དེ་ཐམས་ཅད་ནི་གཅིག་ཏུ་བྱས་ནས་ཉ་ལ་སོགས་པ་རྣམས་ཀྱི་མཁྲིས་པ་དང་། བི་ཛ་པཱུ་ར་ལ་སོགས་པ་རྣམས་ཀྱི་སྐྱུར་པོ་དག་གིས་ཉིན་ཞག་བཅུ་རུ་མཉེས་ནས་དེ་ཐམས་ཅད་ནི་རྡོ་བའི་སྐྱོང་བུ་ཁ་སྦྱོར་བའི་དབུས་སུ་བླུགས་པར་བྱས་ཏེ། དེ་ནས་ས་བྲུས་པ་ཡི་ནང་དུ་བཅུག་ནས་ཟླ་བ་དྲུག་ཏུ་སྟེང་དུ་མེ་ཡིས་བདུག་

p. 911

པ་དང་བཅས་པས་ཐམས་ཅད་དུས་སུ་བདུགས་པར་གྱུར་པ་ཡིས་དེ་ནས་དངུལ་ཆུ་དེ་ནི་བཅིངས་པར་འགྱུར་རོ། །དེ་ནས་བཅུ་དྲུག་ཆ་ཡི་དབྱངས་ཀྱིས་དྲངས་པ་སྟེ་ཟངས་འབུགས་པར་བྱེད་པར་རབ་ཏུ་འགྱུར་ཏེ། སླར་ཡང་ཕུག་པའི་ཟངས་དེ་ཉིད་དང་ཟླ་བ་དངུལ་ཆུ་དང་གསེར་དང་ཆ་མཉམ་པར་བྱས་ནས་ཁ་སྦྱོར་དུ་འཚེད་པ་བསྒྲུབ་པར་བྱའོ། །དེ་ལས་དགེ་བའི་གསེར་ཏེ་དག་པའི་གསེར་འདི་ནི་གསེར་འགྱུར་མཁན་རྣམས་དག་གི་དབུལ་བའི་སྡུག་བསྔལ་འཇོམས་པ་སྟེ། ཅི་སྟེ་དངུལ་ལ་སོགས་པ་དགོད་པ་དང་བཅས་པས་འཆིང་ན་དེའི་ཚེ་དངུལ་ནི་བརྒྱད་ཀྱི་ཆ་ཤས་ཀྱི་དངུལ་ཆུ་བྱིན་པར་གྱུར་པ་ན། དག་པའི་ཟངས་ནི་ཕུག་པ་ལས་དངུལ་དུ་ཡང་ནི་འགྱུར་བ་ཡིན་ནོ། །དགོད་པ་དང་བཅས་པའི་དངུལ་ཆུ་བཅིང་བའི་ངེས་པའོ། །གཉིས་པ་དང་པོའི་སངས་རྒྱས་རྩ་རྒྱུད་ལས་གསུངས་པའི་གོང་བུ་བཅིང་པ་ནི། འདིར་གསེར་གྱི་བྱ་བ་ལ་ལྷང་ཚེར་སེར་པོ་ལ་སོགས་པའི་ལྷང་ཚེར་ཅུང་ཟད་བཞུ་བར་བྱ་སྟེ་མཉམ་པའམ་ཕྱེད་དོ། །དངུལ་གྱི་བྱ་བ་ལ་ལྷང་ཚེར་དཀར་པོ་སྟེ། གསེར་གྱི་བྱ་བ་ལ་ཞ་ཉེ་ཡིས་བརྟག་པར་བྱའོ། །དངུལ་ལ་གཤའ་ཡིས་སོ། །དེ་ནས་དེ་ལ་གསེར་གྱི་འདབ་མས་དཀྲི་བར་བྱ་སྟེ་དངུལ་གྱི་བྱ་བ་ལ་དངུལ་གྱི་འདབ་མས་སོ། །དེ་ནས་བ་ལང་གི་གཅིན་གྱིས་ལྡོང་རོས་བཏགས་ནས་དེས་གསེར་གྱི་འདབ་མར་བྱུགས་ཤིང་དེ་ཡི་ཕྱི་རོལ་དུ་མཚལ་གྱིས་སོ། །དེ་ནས་རྫ་མཁན་གྱི་འཇིམ་པས་དཀྲི་བར་བྱའོ། །སླར་ཉི་མའི་འོད་དྲག་པོས་བསྐམ་པར་བྱས་ནས་བ་ལང་གི་ལྕི་བའི་མེ་དྲག་པོས་ཁ་སྦྱོར་ལ་འཚེད་པ་སྦྱིན་པར་བྱའོ། །དེ་ནས་ཐལ་བ་རྣམས་རིམ་པས་བསལ་ཏེ་བསྲེག་པའི་སའི་གོང་བུ་ནི་ཇི་སྲིད་རོ་ཆེན་པོ་དང་ཉེ་བའི་རོ་དང་གསེར་དང་ཞ་ཉེ་བཏགས་པ་རོ་མཉམ་པར་གྱུར་གྱི་བར་དུ་བཞུ་ཞིང་ཐབ་ཏུ་སོལ་བ་དྲག་པོ་རྣམས་ཀྱིས་བསྲེག་པར་བྱའོ། །དེ་ནས་གྲང་མོར་གྱུར་པ་ན་གོང་བུ་བཅག་ནས་དབུས་

p. 912

སུ་གང་ཞིག་གསེར་དང་ལྷན་ཅིག་བཏགས་པའི་ཚོགས་ནི་གོང་བུ་གང་གིས་སྦྱོར་བས་དངུལ་ཆུ་བཅིངས་པ་ཡིན་པའི་ཕྱིར་གོང་བུའི་བཅིང་བ་སྟེ། དེ་ཉིད་ཟངས་ལ་དྲུག་ཅུ་རྩ་བཞིའི་ཆ་ཤས་བླུགས་པ་ནི་སྔ་མ་བཞིན་དུ་གསེར་རམ་དངུལ་དུ་འགྱུར་རོ་ཞེས་རྩ་རྒྱུད་ཀྱི་གོང་བུའི་བཅིང་པ་འགྲེལ་ཆེན་ལས་གསུངས་པའོ། །ད་ནི་ཞིང་གི་ལྕགས་རྣམས་ཀྱི་བཅིང་བ་གསུངས་པ། འདིར་འཛིན་མ་སྟེ་ས་གཞི་ལ་ནི་ཡོད་པའི་རྡོ་བ་གང་དག་འཚོ་བའི་རྣམ་པའམ་སྲོག་ཆགས་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་ཅན་དང་། འབྲས་བུའི་ལུས་སམ་གཟུགས་རྣམ་པ་སྣ་ཚོགས་དང་མཚུངས་ཤིང་། གཞན་ཡང་ངུ་བ་དང་སེམས་ཅན་གྱི་མགོ་དང་ཡན་ལག་ལ་སོགས་པའི་གཟུགས་སྣ་ཚོགས་པ་སྟེ། དེ་ཡི་སྐྱེ་གནས་དེ་རྣམས་ལ་བྱིན་ཞེས་པ་ནི། སྲོག་ཆགས་ཀྱི་གཟུགས་འདྲ་བ་རྣམས་ལ་དེ་ཡི་སྐྱེ་གནས་ཏེ་གང་དང་འདྲ་བ་དེ་ཡི་ཤ་དང་། འབྲས་བུ་དང་འདྲ་བ་རྣམས་ལ་དེ་དང་འདྲ་བའི་འབྲས་བུའི་ཕྱེ་མ་དང་། དུང་ལ་སོགས་པ་རྣམས་ལ་དུང་ལ་སོགས་པའི་ཕྱེ་མ་བྱིན་ནས། ཕྱེ་མ་དེ་དང་རྡོ་བ་དེ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་མར་དང་སྦྲང་རྩི་དང་ཚྭ་ལ་དང་བཅས་པ་གོང་བུ་བྱ་སྟེ་ལྕགས་འབྱེད་པའི་འཁྲུལ་འཁོར་གྱིས་ཇི་སྲིད་ལྕགས་སོ་སོར་ཕྱེ་བར་འགྱུར་གྱི་བར་དུ་མེ་དྲག་པོར་དྲག་པོའི་ང་གིས་བཞུ་བར་བྱའོ། །དེ་ནས་སླར་ཡང་མར་གྱིས་ངར་བཏགས་ལ་རྡོ་གཞོང་དུ་བཏགས་པ་དང་ནི། ཚ་ལ་དང་འགྱུར་བྱེད་ཀྱི་སྡེ་ཚན་རྣམས་བྱིན་པ་ཉིད་ཀྱིས་ཇི་སྲིད་རྣམ་པར་དག་པར་འགྱུར་གྱི་བར་དུ་སྦྱང་བར་བྱའོ། །དེ་ལྟར་དག་པར་བྱས་ནས་ནི་ལྕགས་ཀྱི་སྐྱེ་གནས་དེ་ནི་ཤིས་ནས་ལྕགས་རྣོན་པོའམ། ཟངས་གསེར་དང་གཉིས་པོ་ལྷན་ཅིག་ཏུ་སྦྱར་བར་བྱས་པ་དེ་ཉིད་ནི་ཉིས་འགྱུར་དག་ཀྱང་རོ་སྟེ་དངུལ་ཆུ་ལ་ནི་བསྲེས་ནས་གསེར་འགྱུར་མཁན་གྱིས་བཞུ་བར་བྱའོ། །དེ་ཡང་དང་པོར་ལྷང་ཚེར་མངོན་དུ་ཕྱོགས་པའམ་ཞེས་གདོང་དང་བཅས་པ་དེ་ཉིད་ཕྱིར་ཕྱོགས་པ་གདོང་མེད་པར་གྱུར་གྱི་བར་

p. 913

དུ་བཞུ་བར་བྱ་སྟེ། དེ་ནས་ལྕགས་ལ་སོགས་པ་གཞན་རྣམས་བཞུ་བར་བྱའོ། །དེ་བཞིན་དུ་མ་ཀྵི་ཀ་དང་ཟངས་དང་གསེར་རམ་ཏུཏྠ་ཀ་སྦང་མའི་ཟངས་དང་། ཟངས་དང་གསེར་རམ་མུ་མེན་མཐིང་ཤུན་གྱི་ཟངས་དང་གསེར་རམ་རི་བོང་ཅན་དངུལ་དང་ཟངས་སམ་གསེར་ལྷན་ཅིག་བཞུ་བར་བྱའོ། །འདིར་ཞིང་གི་རྡོ་བ་རྣམས་ཀྱི་ལྕགས་འབྱེད་པ་ཇི་ལྟ་བ་བཞིན་དུ་ཐོག་མར་མ་ཀྵི་ཀ་ལ་སོགས་པ་དང་དྲི་མ་མེད་པ་ལ་སོགས་པ་རྣམས་སྦྱང་བར་བྱ་སྟེ་དེ་ནས་སྔ་མར་བསྟན་པའི་གསེར་འགྱུར་གྱི་ལས་བྱེད་པར་འགྱུར་གྱི་གཞན་དུ་སྦྱང་བར་མ་བྱས་པས་རྫས་རྣམས་ཉམས་པར་འགྱུར་རོ་ཞེས་སོ། །དེ་ནས་གསེར་ཕྱེད་ཅན་གྱི་སྦྱོར་བ་ནི། གསེར་འགྱུར་མཁན་རྣམས་ཀྱིས་དང་པོར་ཟན་ཙམ་ཉོན་མོངས་པ་མེད་པར་འགྱུར་བ་ཉིད་ཀྱི་འཚོ་བའི་ཐབས་བརྗོད་པར་བྱ་སྟེ། འདིར་ཞུ་བའི་ངོ་མ་བསྒྱུར་བ་དངུལ་ཆུ་གཞོན་ནུའམ་བྱིས་པས་ཟངས་ཀྱི་འདབ་མ་ལ་བྱུགས་པས་གསེར་ཕྱེད་ཅན་དུ་འགྱུར་བ་སྟེ། འདི་ལ་ཡང་ཚད་ནི་ཟངས་སོགས་ཀྱི་འདབ་མ་ཆ་གཅིག་དང་། གསེར་ཆ་གཉིས་ཀྱི་སུམ་ཆ་ཅན་དུ་བརྗོད་དོ། །འདིར་དང་པོ་ཟངས་ལ་འདབ་མ་སྟེ་སྦྲང་གཤོག་བྱས་ནས་ལན་ཚྭ་དང་རྩབ་མོ་དག་གིས་ཇི་སྲིད་ཕྱེ་མར་འགྱུར་གྱི་བར་དུ་བཏགས་པར་བྱའོ། །དེ་ནས་ཆུས་བཀྲུས་ཏེ་ལན་ཚའི་ཞད་མེད་པར་བྱས་ནས་བསྐམ་པར་བྱའོ། །དེ་ནས་རྒྱམ་ཚྭ་བཅུ་དྲུག་གིས་ཆ་ཤས་བྱིན་ཏེ་བི་ཛ་པཱུ་ར་ལ་སོགས་པའི་སྐྱུར་པོས་མཉེས་ནས་ཁ་སྦྱོར་དུ་བཙོ་བར་བྱའོ། །དེ་བཞིན་དུ་ཡང་ནས་ཡང་དུ་རྒྱམ་ཚ་བྱིན་ནས་ལན་བདུན་བརྒྱད་ཀྱི་བར་དུ་ཁ་སྦྱོར་དུ་བཙོ་བར་བྱ་སྟེ་དེས་སོ་ཕག་གི་རྡུལ་དང་མཚུངས་པ་ཅུང་ཟད་ལྗང་བར་འགྱུར་རོ། །དེ་ནས་སྦྲང་རྩི་མར་དང་ཚྭ་ལས་གོང་བུ་བྱས་ནས་སྔ་མ་བཞིན་དུ་ལྕགས་ལ་སོགས་སུ་དབྱེ་བར་བྱའོ། །དེ་ནས་དྲི་མ་ཕྱེད་ཙམ་དང་བྲལ་བ་ཐོབ་བོ། །སླར་ཡང་དེ་ཉིད་འདབ་མར་བྱ་སྟེ་མཚལ་རྐང་བའི་ཆ་ཤས་བྱིན་ནས་མུ་ཟིས་རྫ་ཁ་སྦྱོར་དུ་བཅུག་ཏེ་མེ་དྲག་པོས་བསྲེག་པས་བསད་པར་བྱའོ། །དེ་ལ་

p. 914

སླར་ཡང་དངུལ་ཆུ་བརྒྱད་ཆ་དང་། དངུལ་ཆུའི་ཉིས་འགྱུར་གྱི་མུ་ཟི་དངུལ་ཆུའི་བྱེད་ཀྱི་མཚལ་བྱིན་ནས་གྱོ་མོར་སྐྱུར་པོ་ཡིས་མཉེ་བར་བྱའོ། །སླར་ཡང་མེས་བདུག་པ་དང་། སླར་ཡང་སྐྱུར་པོས་མཉེ་བ་དེ་ལྟར་ཉི་མ་བདུན་བྱའོ། །དེ་ཉིད་རྫ་མཁན་གྱིས་བསྲེག་པའི་རྫ་སྣོད་ཁ་དོག་ལ་དབྱིབས་ཟླུམ་པོར་བླུགས་པར་བྱའོ། །སྣོད་ཀྱི་ཁ་ལ་རྫ་མཁན་གྱི་འཇིམ་པས་རྒྱས་གདབ་སྟེ། སྣོད་ཀྱི་ཕྱི་རོལ་དུ་རྫ་སའི་བྱུག་པ་ནཱ་རི་ཀེ་ལའི་སྲབ་མཐུག་གི་ཚད་ཙམ་བྱའོ། །དེ་བས་སྣོད་ཆེ་བ་ལ་བྱུག་པ་སྔ་མ་ལས་ལྷག་པ་སྦྱིན་པར་མི་བྱ་ཞིང་དེ་ནས་ཉི་མ་ལ་བསྐམ་པར་བྱས་ཏེ། སླར་ཡང་སྟེང་དུ་བ་ལང་གི་ལྕི་བས་བྱུགས་པར་བྱ་ཞིང་སྐམ་པར་བྱས་ནས་ཁ་སྦྱོར་དུ་འཚེད་པར་བྱའོ། །དེ་ལྟར་ཟངས་ཀྱི་ཕྱེ་མ་ལ་ཞུགས་པའམ་འཁྱུད་ནས་དངུལ་ཆུ་འཆིང་བར་འགྱུར་ཞིང་ཟངས་ཀྱང་སྐྱོན་མེད་པར་འགྱུར་ཏེ་ཕན་ཚུན་ཡང་དག་པར་སྦྱོར་བ་ལས་སོ། །དེ་ནས་དངུལ་གྱི་རྐང་པའི་ཆ་ཤས་ཀྱི་གསེར་བྱིན་ཅིང་གསེར་གྱི་ཉིས་འགྱུར་གྱི་ཟངས་བྱིན་ནས་ཇི་སྲིད་ཐམས་ཅད་རོ་མཉམ་པར་གྱུར་གྱི་བར་དུ་ཀོང་བུ་ཁ་བསྡམས་སུ་བསྲེག་པར་བྱའོ། །དེ་ནས་གྲང་བར་གྱུར་པ་དང་སྣོད་ནས་བསལ་ཏེ་སླར་ཡང་རྐང་པའི་ཆ་ཤས་ཀྱི་གསེར་དང་གསེར་གྱི་ཉིས་འགྱུར་གྱི་ཟངས་བྱིན་ནས་སྔ་མ་བཞིན་དུ་བསྲེག་པར་བྱའོ། །དེ་ནས་གྲང་བ་དང་སྣོད་བསལ་ཏེ་གསེར་ཕྱེད་ཀྱི་གསེར་དུ་འགྱུར་ཏེ་ཁ་སྦྱོར་གཉིས་ཀྱིས་རྣམ་པར་དག་པའོ། །དེ་ནས་སྦྱོར་བ་གཞན་བརྗོད་པར་བྱ་སྟེ། དངུལ་ཆུ་ཤི་བར་གྱུར་པའི་ཟངས་ཀྱི་ཕྱེ་མ་འདི་གསེར་ལ་ཉིས་འགྱུར་རམ་སུམ་འགྱུར་བྱིན་ནས་མེ་ལ་བཞུ་བར་བྱའོ། །དེ་ནས་རྐང་པའི་ཤས་ཀྱི་དངུལ་ཆུ་ལ་སྦྱར་བར་བྱས་ནས་སོ་ཕག་གི་ཁུང་བུར་བླུགས་ཏེ་སྟེང་དུ་མུ་ཟིའི་ཕྱེ་མ་བྱིན་ཅིང་དེའི་སྟེང་དུ་སོལ་བས་སྐད་ཅིག་ཙམ་བསྲེག་པར་བྱའོ། །དེ་ནམ་གྲང་བ་དང་ཡང་ནས་ཡང་དུ་སྦྱར་བ་དང་མཉམ་པའི་མུ་ཟི་བྱིན་ནས་ལན་བརྒྱད་དུ་བསྲེག་པར་བྱའོ། །དེ་ནས་དངུལ་ཆུས་གསེར་ལ་འཁྱུད་

p. 915

དེ་མི་གཏོང་ངོ་། །དེ་ནས་དངུལ་གྱི་རྐང་པའི་ཆ་ཤས་ཀྱི་གསེར་གྱི་ས་བོན་བྱིན་ནས་དེ་ཉིད་ལ་དངུལ་ཆུ་དང་མཉམ་པའི་ཟངས་བྱིན་ནས་ཀོང་བུ་ཁ་བསྡོམས་སུ་བསྲེག་པར་བྱའོ། །དེ་ནས་གྲང་བ་དང་སྣོད་བསལ་ནས་གསེར་གྱི་རྒྱུ་གོང་བུར་བསྲེག་པའི་གོང་བུ་དེ་འདབ་མར་བྱས་ནས་གསེར་ཟངས་དངུལ་ཆུ་སྦྱར་བའི་ཕྱེ་མ་ལན་བརྒྱད་དུ་བསྲེག་པ་དེ་ཡིས་འདབ་མ་ལ་བྱུག་པར་བྱའོ། །འཇུ་བར་བྱེད་པའི་དོན་དུ་ཏམ་བུ་ལ་སོ་རྩི་གོ་ལའི་འདབ་མའི་ཁུ་བས་འདབ་མའི་སྟེང་དུ་བྱུག་པར་བྱའོ། །དེ་ནས་ཐབ་ཀྱི་མེའི་འོག་ཏུ་གཞུག་སྟེ་སྟེང་དུ་ས་སོར་གཅིག་བྱིན་ནས་སྟེང་དུ་མེ་བཏང་བ་ཡིས་ཁྱིམ་གྱི་གཡོས་ལ་སོགས་པ་ཡི་མེ་དེས་ཉི་མ་གསུམ་གྱི་བར་དུ་གདུང་བར་བྱའོ། །དེ་ནས་ཕྱུངས་ཏེ་སླར་ཡང་རྐང་པའི་ཆ་ཤས་ཀྱི་ས་བོན་བྱིན་ནས་དབྱུང་བར་བྱའོ། །དེའི་ཚེ་ཟངས་གསེར་འདྲེས་པའི་འདབ་མ་དེ་ནི་གསེར་གྱི་འདབ་མར་འགྱུར་ཏེ་ཕྱེད་དང་ལྡན་པས་ཁྱད་པར་དུ་འཕགས་པའི་གསེར་དུ་འགྱུར་རོ་ཞེས་པ་དང་པོའི་སངས་རྒྱས་ལས་གསུངས་པ་སྟེ་གཞན་རྒྱ་ཆེན་པོ་ནི་མ་བྲིས་སོ། །ཞེས་འགྲེལ་ཆེན་ལས་གསུངས་སོ། །དེ་ནས་ཚེ་དང་ལང་ཚོར་ལྡན་པའི་ལས་དོན་དུ་གཉེར་བ་རྣམས་ལ་དངུལ་ཆུའི་བཅུད་ཀྱིས་ལེན་གྱི་ཆོ་ག་གསུངས་པ། འདིར་བཅིང་བའི་རོ་དངུལ་ཆུ་ཟ་བར་བྱེད་པ་དེའི་ཚེ། དེ་ཡིས་དང་པོར་ཉིན་ཞག་བདུན་དུ་སྣོད་ནི་དག་པར་འགྱུར་བའི་ཆོ་ག་འདི་བྱ་སྟེ། དེ་ཡང་འབྲས་བུ་གསུམ་པོ་རོའམ་ཆ་མཉམ་པ་བསྐོལ་བའི་ཆུ་ཡིས་ཁོང་པ་བཤལ་བར་བྱ་བ་དང་ནི། དེ་ནས་སྨན་གྱིས་ཞེས་པ་གུན་ཊི་ཡིས་བསད་པའི་ལྕགས་རྣོན་པོ་ཉིད་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དག་དང་བཅས་པ་དང་ལྷན་ཅིག་ལེགས་པར་སྦྱང་པའམ་ཤི་བའི་དངུལ་ཆུ་སྔ་མ་དང་མཉམ་པ་དག་དང་བཅས་པ་དེ་ཉིད་བག་ཙམ་རེ་ཉིན་ཞག་སོ་སོར་བཟའ་བར་བྱ་བ་དང་། དེའི་ཚེ་བ་བེའུ་བཙས་པ་ཡི་འོ་མ་གསར་པ་དག་གི་བཏུང་བ་དང་རྙིང་པ་ཡི་འབྲས་སཱ་ལི༷་དག་གི་ཟན་ནི་ལོ་མ་དང་སྐྱུར་པོས་དམན་ཞིང་

p. 916

ལན་ཚྭ་དང་རྣམ་པར་བྲལ་བ་དང་། ཉ་ཤ་དང་འབྲུ་མར་སོགས་ལས་གྲོལ་བ་ཡི་ཁ་ཟས་ཟོས་པ་དག་གིས་ཕྱོགས་ཟླ་བ་ཕྱེད་ཀྱི་ནང་དུ་མི་རྣམས་ཀྱི་ལུས་བཅུད་ལེན་བཟའ་རུང་བའི་སྣོད་དག་ཉིད་དུ་འགྱུར་བའོ། །དེ་ནས་རོ་བཟའ་བར་བྱ་སྟེ་རོ་གང་ཞིག་ལྕགས་སྟོང་ཕྲག་འབུགས་པ་དང་། བརྒྱ་ཡིས་བསྒྱུར་བའི་བརྒྱ་ཁྲི་ཕྲག་འབུགས་པ་དང་། དེ་བཞིན་དུ་འབུམ་འབུགས་པ་ནས་བྱེ་བ་འབུགས་པ་ཇི་སྲིད་པར་ཡང་དེ་དང་དེ་ལྟར་ཤེས་པར་བྱས་ནས། ཉིན་ཞག་སོ་སོའི་དུས་སུ་ཉིན་རེ་བཞིན་བཟའ་བར་བྱ་སྟེ། ཚད་ཇི་ཙམ་ན་སྟོང་འབུགས་པ་ནི་ཉིན་རེ་ནས་ཀྱི་ཆ་ཙམ་དང་། འབུམ་འབུགས་པ་ནི་ཡུངས་དཀར་གྱི་ཆ་ཙམ་ལས་མཐའ་མ་བྱེ་བ་འབུགས་པ་སྐྱེ་ཚེ་ཡི་ཆ་ཤས་སོ། །རོ་བཟའ་བའི་སླད་དུ་ཁང་བཟང་དང་ནི་ཡང་ན་ས་ཡི་ཁང་པ་གང་ཞིག་གྲང་བ་དང་རླུང་དང་ཚད་པ་དག་དང་བྲལ་བར་འདུག་པར་བྱ་བར་རབ་ཏུ་འགྱུར་རོ། །དེ་ལྟར་རོ་འབྲིང་པོ་སྟོང་ཕྲག་འབུགས་པ་འདི་ནི་ཟོས་པས་ཟླ་བ་དྲུག་གིས་ལྷ་ཡི་ལུས་པོ་གང་ཞིག་སྐྲ་དཀར་དང་གཉེར་མ་དག་དང་བྲལ་བར་བྱེད་དེ། གྲུབ་པའི་རོ་གཞན་འཆད་པར་འགྱུར་བའི་བཅུད་ཀྱིས་ནི་ཉིན་ཞག་གཅིག་གིས་ལྷའི་ལུས་སུ་བྱེད་དོ། །གལ་ཏེ་རོ་མ་ཞུ་བར་གྱུར་ན་དེ་ཡི་སྨན་ནི། བནྡྷ་ཀཏྐོ༷་ཊི༷་ཞེས་པ་མཁན་པ་འབྲས་བུ་མེད་པ་དང་། དེ་བ་དཱ་ལི༷་དང་། སྒ་པི་ཕོ་གསུམ་སྟེ་ཚ་བ་གསུམ་དང་། པྲྀ༷་ཧ་ཏཱི་དང་། ནིམ་པ་ཡི་འདབ་མ་དང་། ཀི༷་རཱ་ཏ་ཞེས་པ་མོན་ཡུལ་གྱི་ཏི་སྟེ་འདི་རྣམས་ཆུ་བརྒྱད་ཆའི་ལྷག་མར་ལུས་པ་བསྐོལ་བ་འཐུངས་བར་བྱས་ཏེ། དེས་ཀྱང་སླར་ཡང་མ་ཞུ་བ་ལ་ཉིན་ཞག་གསུམ་དུ་སྨྱུང་བར་གནས་པ་རབ་ཏུ་བྱ་ཞིང་ཇི་སྲིད་ཤིན་ཏུ་བཀྲེས་པར་འགྱུར་གྱི་བར་དུ་བྱའོ། །དེ་ནས་ཁ་ཟས་བྱའོ། །དེ་བཞིན་དུ་ཟླ་བའི་ཆུ་ཞེས་པ་ཆུ་ཤེལ་ལས་བྱུང་བའི་ཆུ་ལ་སོགས་པ་བཏུང་བ་དང་སོགས་སྒྲས་ཞག་གསུམ་སྨྱུང་གནས་བྱ་བ་སྡུད་ཅེས་ཀྱང་ཟེར་ཉིན་ཞག་གསུམ་དུ་སྨྱུང་བར་གནས་པ་བྱས་ལ་དེ་ནས་ཁ་ཟས་བཟའ་

p. 917

འོ། །མེ་ཡི་ཆུ་ཆུ་ཚན་གྱིས་ལུས་བཀྲུ་བ་དང་། དེ་ཉིད་ཀྱིས་ཟན་འཚེད་པ་དང་དེ་ཉིད་བཏུང་བར་བྱ་བ་དང་། ཟླ་བ་དྲུག་དང་ལོ་གཅིག་གི་བར་དུ་འོ་མ་དང་ཟན་བཟའ་བར་བྱའོ། །དུག་གི་ཆུ་དང་རྡོ་ཡི་ཆུ་ཅོང་ཞིའི་ཆུ་ཡང་ཟེར་ལ་གོང་བཤད་རྡོ་ཆུ་དང་། བྷལླཱ་ཏ་ཡི་ཞེས་པ་བསེ་ཤིང་གི་འབྲས་བུའི་ཆུ་འདི་རྣམས་ཅུང་ཟད་ཙམ་རེ་བཏུང་བར་བྱའོ། །ལྷག་པ་ནི་མི་འཐུང་སྟེ་འཆི་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ངན་པའི་དྲི་ཅན་བཟའ་བར་བྱ་བ་དང་། ས་དང་རྡོ་བ་བཟའ་བ་དང་། དུག་གི་ཤ་ནི་དུག་གིས་བྱུགས་པའི་ཤ་དང་། གཞན་ཚྭ་ལའི་ཡལ་འདབ་དང་། ཤིང་ཤུན་དང་ལོ་མ་ལ་སོགས་པ་བཟའ་བར་བརྟག་པ་ཡི་བཟའ་བཏུང་གཞན་རྣམས་ལ་ཡང་སྔགས་པས་བཟའ་བའི་ཆོ་ག་ནི་འདི་ཉིད་ཀྱིས་སོ། །དེ་ལྟར་དུག་བཟའ་ཞིང་དུག་གི་ཆུ་འཐུང་བ་ཅིའི་ཕྱིར་ཡིན་ན། འདི་ལྟར་ཚ་ལའི་ཡལ་འདབ་སྟེ་ཁ་ཅིག་སོ་སོ་ཆའང་ཟེར་བ་དེ་དང་འཁྲིལ་ཞིང་ལ་སོགས་པ་རྣམས་ལས་གང་ཞིག་ཟོས་ན་ཤིན་ཏུ་དྲག་ཏུ་བརྒྱལ་བ་སྟེར་བྱེད་དུག་དང་མཚུངས་པ་དེ་རྣམས་མཐའ་དག་བཅུད་དུ་གྱུར་ན་སྨན་མཆོག་ཡིན་ཏེ། དེའི་ཕྱིར་བརྒྱལ་བ་སྟེར་བྱེད་དུག་དང་མཚུངས་པ་དེ་དག་གི་རྩ་བ་ལོ་མ་མེ་ཏོག་འབྲས་བུ་ཤུན་པ་སྟེ་ཡན་ལག་ལྔ་བཟུང་བ་དག་ཤིན་ཏུ་ཞིབ་པའི་ཕྱེ་མར་བྱས་ནས་ཕྱེ་མ་དེ་ནི་ཅུང་ཟད་རེ་མར་དང་སྦྲང་རྩི་དང་བཅས་ཉིན་ཞག་སོ་སོར་བཟའ་བར་བྱ་སྟེ། དེ་བཞིན་ཉིད་ཅེས་པ་ལྷག་མ་ནི་ཆོ་ག་སྔ་མ་བཞིན་ནོ། །གསལ་བར་ཏེ་ངེས་པར་མི་དང་ཕྱུགས་སོགས་སེམས་ཅན་རྣམས་ཀྱིས་གང་ཞིག་ཟ་བར་བྱེད་པ་བརྒྱལ་བ་མི་སྟེར་བ་དེ་ནི་གྲུབ་པ་སྟེར་བའི་སྨན་མ་ཡིན་ནོ། །སེམས་ཅན་དེ་དག་རྣམས་ལ་འཆི་བ་སྟེར་ཞིང་མཆོག་ཏུ་འཇིགས་པར་བྱེད་པ་གང་ཡིན་དེ་ནི་རྣལ་འབྱོར་པ་རྣམས་ལ་གྲུབ་པ་སྟེར་བའི་བདུད་རྩིར་འགྱུར་ཏེ་སྔགས་དང་བསམ་གཏན་གྱི་སྟོབས་ཀྱིས་སོ། །ད་ནི་བཅུད་ལེན་གྱི་སྦྱོར་བ་གཞན་གསུངས་པ། དཎྚོད་

p. 918

པ་ལ་ཞེས་པ་དབྱུག་པའི་ཨུཏྤལ་སྟེ་འདི་ལ་རིགས་དཀར་དམར་གཉིས་ཡོད་པའི་ཁུ་བ་དང་། སཱ་ལོ་བརྞི༷་ནི་འབྲས་སཱ་ལའི་འདབ་མའི་ཁུ་བ་དང་ཆུ་སྐྱེས་ཏེ་ཨུཏྤལ་དང་སཱ་རི་ཞེས་པ་སྙིང་པོ་དག་གི་རང་ལུས་དང་འདབ་མའི་ཁུ་བ་ཡིས། རོ་དངུལ་ཆུ་དང་མུ་ཟི་མཉམ་པ་རྡོ་ཁབ་ལེན་གྱི་ལྕགས་ཀྱི་སྣོད་དུ་ལྕགས་ཀྱི་གཏུན་བུ་ཉིད་ཀྱིས་ཉིན་ཞག་གསུམ་དག་ཏུ་ཡང་མཉེས་པར་བྱས་ནས། གང་ཞིག་ཟླ་བ་དྲུག་ཏུ་ཉིན་ཞག་སོ་སོའི་དུས་སུ་ཊ༷ཾ་ཀའི་རྐང་པའི་ཚད་གསེར་དྲུག་ནམ་གྱི་ཆའམ། སྲན་མ་མཱ་ཤ་ཀ་རེའི་ཚད་ཙམ་ནི་ཟ་བར་བྱེད་བ་དེ་ནི་མཛེ་ལ་སོགས་པའི་ནད་ལས་གྲོལ་ཞིང་། སྐྲ་དཀར་གཉེར་མ་ལ་སོགས་པ་རྒས་སྐྱོན་དང་བྲལ་བ་བརྒྱད་གཉིས་བཅུ་དྲུག་གི་ལོ་ལོན་པའི་ན་ཚོད་ཀྱི་དབྱིབས་ཅན་དུ་འགྱུར་རོ། །ད་ནི་རོ་དངུལ་ཆུ་བསད་པ་ལ་གྲུབ་པའི་སྨན་རྣམས་གསུངས་པ། འདིར་གང་ཞིག་དངུལ་ཆུ་བསྡུ་བ་དང་བསད་པར་འདོད་པ་དེས་སྨན་འདི་རྣམས་བཙལ་བར་བྱ་སྟེ། པོཀྐཱ་ཎ་ཞེས་པ་ཤིང་ཀུན་ཏེ། གང་གིས་སྐུད་པ་སྔོན་པོ་ལ་བྱུགས་ན་དཀར་པོར་འགྱུར་བ་དེས་ཀོང་བུ་ལ་བྱུགས་པས་དངུལ་ཆུ་འཆིང་བར་འགྱུར་བ་དེ་དང་། བར་སྣང་ཞེས་པ་ནམ་མཁའ་སྟེ་བྱ་བེ་རུཎྚའི་བཤང་བའོ། །དེ་ཡང་རྣམ་པ་གཉིས་ཏེ་མེའི་ནང་དུ་བཅུག་པའི་སྟེང་དུ་གོས་བཀབ་པ་ན་གལ་ཏེ་གཙུག་ཕུད་ཀྱི་རྣམ་པས་གོས་ཕུག་ནས་དུ་བ་འབྱུང་བ་དེ་ནི་གཙུག་ཕུད་ཀྱི་ནམ་མཁའ་ཞེས་བྱ་སྟེ་མཆོག་གོ། དེ་ལྟ་བུ་མ་ཡིན་པར་གདུགས་ཀྱི་རྣམ་པས་དུ་བ་གནས་ན་གདུགས་ཀྱི་ནམ་མཁའ་ཞེས་བྱ་བ་འབྲིང་པོའོ། །དེས་ཀྱང་དངུལ་ཆུ་གོང་བུར་བསྡུས་ཏེ་བཅིང་བར་བྱེད་དོ། །དེ་བཞིན་དུ་ཤཀྟུ་ཀ །དུག་དཀར་པོའམ་ཕྱེ་མའི་དུག་ཀྱང་ཟེར་བ་དེས་ཀྱང་དངུལ་ཆུ་འཆིང་བ་དག་གོ། ཀཱི༷་རའི་མཆུ་ཞེས་པ་ནེ་ཙོའི་མཆུ་ཁྲག་ཟག་པ་ལྟ་བུ་སྟེ་འཇིག་རྟེན་ན་ཁྲག་སྐྲོད་པར་གྲགས་པ་དང་། དེ་བཞིན་སྐམ་གྱི་པདྨ་ཅན་ནི་གང་གི་སྟེང་དུ་རྐང་པ་བཞག་པར་གྱུར་པ་

p. 919

ན་ཉིན་མོ་ནམ་མཁའ་ལ་སྐར་མ་རྣམས་མཐོང་བར་འགྱུར་བ་སྟེ། དེ་ལྟར་སྨན་དེ་ཡིས་རབ་ཏུ་གཡོ་བའི་དངུལ་ཆུ་དག་ཀྱང་གཡོ་བ་མེད་པར་བཅིངས་པའམ་བསོད་པར་བྱའོ། །དེ་ལྟར་བསད་པའི་སྨན་འདི་རྣམས་མ་རྙེད་ན་སྨན་གཞན་རྣམས་ཀྱིས་ཟོལ་དབང་གིས་བསད་པ་དངུལ་ཆུ་ལ་ནི། དམར་རིང་སྟེ་ཟངས་དང་། ལྷང་ཚེར་སྐྱེས་ཞེས་པ་ལྷང་ཚེར་ལས་བྱུང་བའི་ལྕགས་དང་། གསེར་དང་ཁབ་ལེན་གྱི་ལྕགས་རྣམས་མཉམ་པ་དག་བསྲེས་ཏེ་གཅིག་ཏུ་བྱས་ནས། མ་བསད་པའི་སྲོག་དང་བཅས་ཤིང་ལྷད་ཀྱི་དྲི་མ་རྣམ་པར་བྲལ་བའི་དངུལ་ཆུ་སྲང་བཞི་དག་ལ་དེའི་ཕྱེད་ཀྱི་རྫས་བསྲེས་པ་སྲང་དྲུག་གིས་ནི་གོང་བུ་རབ་ཏུ་བྱ་སྟེ། ཆོ་ག་ལྷག་མ་སྔར་ནང་གི་ལེའུ་ལས་བརྗོད་པ་བཞིན་དང་། ཁབ་ལེན་གྱི་ལྕགས་ཀྱི་སྣོད་དུ་དར་བ་བསྐོལ་ནས་རྩིག་མ་དོར་བའི་ཆུར་ཁུ་དག་གིས་བསྐོལ་བར་གྱུར་པ་སོགས་ཀྱིས་དག་པར་བྱས་པ་གང་ཞིག །ཟླ་བ་དྲུག་ཏུ་ཟོས་པས་གཉེར་མ་དང་ནི་སྐྲ་དཀར་འཕྲོག་ཅིང་འཆི་བ་མེད་པ་ཉིད་དུ་བྱེད་དོ། །དེ་ནས་རོ་བཅུད་རྣམས་ཀྱི་ཕན་ཡོན་གྲུབ་པའི་ཚད་གསུངས་འདིར་སྟོང་ཕྲག་འབུགས་པའི་རོ་བཅུད་ནི་སྔར་བརྗོད་པའི་ཆོ་ག་བཞིན་དུ་ཟླ་བ་དྲུག་ཏུ་ཟོས་པའི་མཐུ་ཡིས་ལུས་མཆོག་ཏུ་བྱེད་དེ་ལུས་ལ་དངོས་གྲུབ་ཏུ་འགྱུར་བ་དང་། སྟོང་ཕྲག་བཅུ་འབུགས་པའི་རོ་ནི་ཟླ་བ་གཉིས་སུ་ཟོས་ན་དེའི་མཐུས་ལུས་གྲུབ་བོ། །འབུམ་ཕྲག་འབུགས་པའི་མཐུ་ལས་གཅིག་གི་ཟླ་བ་སྟེ་ཟླ་བ་གཅིག་ཏུ་ཟོས་པས་འགྲུབ་བོ། །འབུམ་ཕྲག་ཉི་ཤུ་འབུགས་པ་ནི་མི་བདག་དང་བཅས་ཏེ་ཉིན་ཞག་བཅུ་དྲུག་ཟོས་པས་སོ། །འབུམ་ཕྲག་སུམ་ཅུ་རྩ་བཞི་འབུགས་པའི་རོ་ནི་ཉིན་ཞག་བཅུ་ལ་ཟོས་པའི་མཐུས་འགྲུབ་བ་དང་། འབུམ་ཕྲག་དྲུག་ཅུ་འབུགས་པ་ནི་ཞག་བདུན་ཟོས་པས་སོ། །འབུམ་ཕྲག་བརྒྱད་ཅུ་འབུགས་པ་ནི་ཞག་གསུམ་གྱིས་ལུས་འགྲུབ་པ་དང་། བྱེ་བ་འབུགས་པ་ནི་ཞག་གཅིག་ཟོས་པས་དང་རོ་བཅུད་ཆེན་པོ་དག་གི་སྨན་དེ་ཟོས་པའི་སྐད་ཅིག་ཡུད་ཙམ་གཅིག་གིས་བཅུད་ཆེན་པོ་འདི་ཡི་མཐུ་དག་

p. 920

ལས་ནི་ལུས་ལ་ལྷ་དང་མཚུངས་པའི་ཚེ་དང་ལང་ཚོ་སྟེར་བའི་དངོས་གྲུབ་ཏུ་ཡང་རབ་ཏུ་འགྱུར་རོ། །དེ་ལྟར་བཅུད་ལ་སོགས་པ་གྲུབ་པ་ཆེན་པོ་བརྒྱད་ཀྱི་དངོས་གྲུབ་འདི་ནི་འཇིག་རྟེན་པ་དང་ཐུན་མོང་པ་ཡི་དངོས་གྲུབ་སྟེ། རལ་གྲི་ལ་སོགས་པ་རྫས་ཀྱི་རིག་འཛིན་རྣམས་ཀྱང་འཇིག་རྟེན་པ་དང་ཐུན་མོང་ཡིན་པ་དང་། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསྟེན་ནས་འདོད་གཟུགས་ཀྱི་རིག་འཛིན་གྲུབ་པ་ནི་དངོས་གྲུབ་འབྲི༷ང་པོའོ། །འདི་དག་ལས་མཆོག་ཏུ་གྱུར་པ་ནི་རང་གཞན་ལ་ཕན་པ་བ་པོ་ཆེ་འགྲུབ་པ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་བསྟེན་ནས་འཁོར་བའི་འཇིགས་པ་དང་། ཁུ་བ་འཕོ་བའི་འཇིགས་པ་དག་དང་རྣམ་པར་བྲལ་བ་མཆོག་གི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་སྟེ། དེ་ལྟར་དངོས་གྲུབ་གང་ཞིག་གང་གིས་སྒྲུབ་པར་བྱེད་པ་པོ་མཆོག་དང་དམན་པའི་སྐྱེས་བུའི་རྒྱུད་ལ་རང་གིས་སྔོན་བྱས་པའི་ལེགས་བྱས་དགེ་བའི་དབང་ལས་ཏེ་བསྒྲུབ་བྱའི་དངོས་གྲུབ་དེ་ལ་དགའ་ཞིང་དོན་དུ་གཉེར་བའི་བག་ཆགས་སུ་འགྱུར་ཏེ་སྐྱེ་བ་སྔ་མའི་བག་ཆགས་ཀྱིས་ད་ལྟའི་སེམས་རྗེས་སུ་འབུགས་པའམ་བསྒྱུར་བར་བྱས་པའི་ཕྱིར། ད་ལྟའི་སྐྱེ་བ་གཅིག་གི་སེམས་ཀྱི་རྗེས་སུ་འབུགས་པ་དག་ལས་མིན་ཏེ། དེའི་ཕྱིར་དངོས་གྲུབ་དམན་འབྲིང་མཆོག་ཐོབ་པའི་ཁྱད་པར་དུ་མ་ཡོད་པ་ནི། སྔོན་གྱི་བག་ཆགས་ཀྱིས་ཁམས་དབང་བསམ་པ་དང་བརྩོན་འགྲུས་དང་བསོད་ནམས་ཆེ་ཆུང་གི་ཁྱད་པར་ལས་སོ། །ཞེས་སོ། །ད་ནི་རྫས་དོན་དུ་གཉེར་བ་རྣམས་ལ་གཏེར་བརྟག་པ་གསུངས་པ། འདིར་ས་གཞི་གང་ལ་འཁྲི་ཤིང་དང་ལྗོ༷ན་པ་རྣམས་དཀྱུས་མ་ལས་གཞན་གྱི་དངོས་ཏེ་མི་འདྲ་བར་སྣང་བ་དེ་ན་རྫས་ཡོད་པ་དང་། གཞན་ཡང་ཉིན་ཞག་སོ་སོའི་དུས་སུ་གནས་དེ་ཉིད་ཐོབ་པའི་དོན་དུ་

p. 921

དུད་འགྲོ་རྣམས་འཐབ་ཅིང་རྣམ་པར་རྩོད་ལ་གནས་དེར་ཚོགས་པ་དེ་ན་རྫས་སམ་གཏེར་ཡོད་པ་མཚན་མ་དེ་དག་གི་སྒོ་ནས་ཤེས་པར་བྱའོ། །དེར་ལྕགས་བཟང་པོའི་རལ་གྲི༷འམ་ཆུ་གྲིའི་སྟེང་དག་ལ་མདོག་དམར་པའི་པདྨའི་སྐུད་པའི་སྡོང་བུ་བྱས་ནས་མི་ཡི་སྣུམ་ཏེ་ཚིལ་ཞུན་གྱི་མར་མེས་གཏེར་ཡོད་མེད་ནི་གསལ་བར་བྱེད་དེ། དེ་ལྟར་རལ་གྲིའི་སྟེང་དུ་བཞག་པའི་མར་མེ་དེས་གནས་གང་དུ་གཏེར་ཡོད་མེད་བརྟག་པ་དེར། འབྱུང་པོའི་བདག་པོའི་སྔགས་སྒྲུབ་ཐབས་ཀྱི་ལེའུ་ལས་གསུངས་པས་མངོན་པར་བསྔགས་ནས་མར་མེ་སྦར་ཏེ་གཏེར་ཡོད་པར་བརྟག་པའི་ས་ལ་བལྟ་བར་བྱའོ། །གལ་ཏེ་མར་མེའི་མེ་ལྕེ་ཁ་ཐུར་དུ་བལྟས་པར་གྱུར་ན་དེར་གཏེར་ཡོད་ལ། ཐུར་དུ་མ་ལྷུང་ན་མེད་དོ། །ཐུར་དུ་མེ་ལྕེ་འཁྱིལ་ཞིང་ལྷུང་བ་དེའི་ཚེ་གནས་དེར་ནི་ཉིན་ཞག་སོ་སོའི་དུས་སུ་ཐུན་གསུམ་དུ་འབྱུང་པོའི་བདག་པོ་དག་གི་སྔགས་ཀྱི་བཟླས་པ་རབ་ཏུ་བྱ་སྟེ་ཇི་སྲིད་གཏེར་རང་གི་བློ་ལ་སྣང་ཞིང་བརྐོས་ན་ཐོབ་པའི་གནང་བ་བྱིན་པ་སོགས་བརྐོ་རུང་བའི་མཚན་མར་གྱུར་གྱི་བར་ཏེ་དེ་ནས་སྔགས་པ་རྣམས་ལ་གཏེར་བརྐོ་བར་བྱ་བའི་རྫས་ཀྱི་དངོས་གྲུབ་ཐོབ་བོ། །དེ་ལས་གཞན་དུ་ཉོན་མོངས་པར་འགྱུར་ཏེ་ལྷ་མིན་རྣམས་ཀྱིས་བསྲུང་བའི་རྫས་ནི་སུས་ཀྱང་གདོན་པར་ནུས་པ་མ་ཡིན་ནོ། །བཅོ་བརྒྱད་པར་མཆོག་ཏུ་མི་འགྱུར་བའི་བདེ་བས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། དང་པོར་རྒྱལ་བའི་བདག་པོའི་སོགས་ཚིགས་བཅད་ཉིས་བརྒྱ་དང་སོ་གཉིས་པ་ནས། ཉིས་བརྒྱ་སོ་བདུན་པའི་བར་གྱིས་བསྟན་ཏེ། སྐབས་འདིར་སེམས་ཅན་གྱི་དོན་དུ་དངོས་གྲུབ་རྣམ་པ་གཉིས་བསྒྲུབ་པའི་ཚུལ་བསྟན་ནས་མཐར་མཆོག་ཏུ་མི་འགྱུར་བའི་བདེ་བས་སེམས་ཅན་གྱི་དོན་རྟག་ཁྱབ་དུ་མཛད་པའི་ཚུལ་སྟོན་པ་སྟེ། དེ་ཡང་དང་པོར་རྡོ་རྗེ་སེམས་དཔའ་རྒྱལ་བའི་བདག་པོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེས་

p. 922

བྱིན་གྱིས་བརླབས་པ་སྐྱེ་གནས་དྲུག་གི་སྔགས་རྣམས་བསྒྲུབ་པར་བྱའོ། །འདི་ལ་མི་འགྱུར་བདེ་བའི་ཡེ་ཤེས་ཀྱི་སྐྱེ་གནས་སྦྱོར་བ་ཡན་ལག་དྲུག་གི་སྔགས་ཏེ་ཡིད་སྐྱོབ་པ་བསྒྲུབ་པར་བྱ་ཞེས་བཤད་པའང་སྣང་། སྐྱེ་གནས་དྲུག་གི་སྔགས་ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵ་ལ་སོགས་པ་སྟེ་གཞན་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་སྐྱེ་གནས་དྲུག་གི་སྔགས་ལ་མ་འདུས་པའི་སྔགས་མེད་ཀྱང་འདིར་གཙོ་བོའི་སྔགས་རྣམས་གང་རུང་ཡིན་ལ་གཙོ་བོར་རྣམ་བཅུ་དབང་ལྡན་གྱི་སྔགས་ལ་བྱས་ཀྱང་རུང་བས་དེ་དག་བསྒྲུབ་པར་བྱས་ཏེ་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་གནོད་སྦྱིན་མོ་རྣམས་བསྒྲུབ་ནས། སླར་ཡང་ས་གཞི་ལ་ནི་ཞིང་གང་དུ་ནོར་དང་གཏེར་ཡོད་པ་སྨྲ་བ་རྣམས་ཀྱང་བསྒྲུབ་པར་བྱའོ། །དེ་བཞིན་ཀླུ་མོ་རྣམས་ནི་བསྒྲུབ་པ་བྱས་ནས་བདུད་རྩིའི་འབྲས་བུའི་རོ་དང་བཅུད་ཆེན་པོའི་སྨན་དེ་རྣམས་ནི་བསྒྲུབ་པར་བྱ་ཞིང་དེ་བཞིན་སྔོན་དུ་མཁའ་འགྲོ་མ་རྣམས་བསྒྲུབ་པར་བྱས་ནས་མཆོག་ཏུ་འཇིགས་པར་བྱེད་པའི་ལྷ་མིན་རོ་ལངས་ལ་སོགས་པ་རྣམས་ཀྱང་བསྒྲུབ་པར་བྱའོ། །དེ་བཞིན་ཀླུ་བཅུ་དང་ལྷ་ཆེན་བཅུ་གཉིས་ལ་སོགས་པ་རྣམས་སྒྲུབ་པ་བྱས་ནས་དེ་དག་གྲུབ་པ་ན་རབ་མཆོག་ལྷ་དང་མི་རྣམས་ཀྱི་དངོས་གྲུབ་གང་ལགས་པ་རལ་གྲི་རིལ་བུ་མིག་སྨན་ལ་སོགས་པ་ཐམས་ཅད་རྣལ་འབྱོར་པ་ཡིས་བསྒྲུབ་པར་བྱའོ། །དེ་ནས་སོར་བསམ་གྱིས་དུ་བ་ལ་སོགས་པ་སྟོང་པའི་གཟུགས་བརྙན་བསྒྲུབ་པ་བྱས་ནས། སྲོག་རྩོལ་གྱིས་ཐ་མལ་པ་ལ་མཐར་འཆི་བའི་འཇིགས་པ་བྱེད་པའི་དབུ་མ་ལ་སྲོག་རྒྱུ་བ་དག་ནི་དབུ་མར་འགོག་པ་བསྒྲུབ་པར་བྱའོ། །དེ་ནས་འཛིན་པས་སྲོག་ལ་སོགས་པ་རླུང་བཅུ་བོ་རྣམས་འཁོར་ལོ་དྲུག་གི་ལྟེ་བའི་ཐིག་ལེར་འགོག་པ་བསྒྲུབ་པ་བྱས་ནས། རྗེས་དྲན་གྱིས་སྤྱི་གཙུག་གི་རི་བོང་འཛིན་པ་ཞུ་བའི་ཐིག་ལེ་འཛག་པའི་དགའ་བ་བཅུ་དྲུག་གི་ཉམས་མྱོང་རྣམས་ནི་བསྒྲུབ་པར་བྱའོ། །དེ་ནས་ཏིང་ངེ་འཛིན་གྱིས་དམ་པའི་བདེ་བ་མཆོག་ཏུ་མི་འགྱུར་བ་བསྒྲུབས་ནས་ལོ་

p. 923

གསུམ་ཕྱོགས་གསུམ་གྱིས་ལྷན་ཅིག་སྐྱེས་པ་རྒྱལ་བའི་ཡེ་ཤེས་ཀྱི་སྐུ་ནི་ཆོས་ཀུན་དུ་ཁྱབ་པའམ་འགྲོ་བ་བསྒྲུབ་པར་བྱའོ། །དེ་ལྟར་བསྒྲུབ་པའི་ཕན་ཡོན་ནི། སེམས་ཅན་ཕལ་པ་རྣམས་ལ་འཆི་བ་སྟེར་བ་ཡི་དུག་མི་བཟད་པ་གང་དེ་གྲུབ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་ལ་ནི་དེ་མཐའ་དག་བདུད་རྩི་སྟེ། འདིར་སེམས་ཅན་འཆི་སྟེར་ཁུ་བ་འཕོ་བ་གང་དེ་འཕོ་མེད་དུ་བཅིང་བས་འཆི་མེད་བདུད་རྩིར་འགྱུར་ཞེས་འཆད་པའང་སྣང་། མཆོག་ཏུ་ཡིད་ལ་འདོད་པའི་དངོས་གྲུབ་འཕོ་མེད་བདེ་བ་ཆེན་པོ་གང་ཞིག་ཕལ་པ་རྣམས་ཀྱིས་བགྲོད་བྱ་མིན་པ་དེ་ཡང་སྲིད་པ་གསུམ་གྱི་གནས་སུ་རྣལ་འབྱོར་པ་ཡིས་བསམ་གཏན་གྱིས་བགྲོད་བྱའོ། །འགྱུར་མེད་མཆོག་གི་ཡེ་ཤེས་གང་ཞིག་བསྐལ་པ་མང་པོར་འབད་ཀྱང་རྙེད་དཀའ་བ་དག་ཀྱང་རྗེས་དྲན་གྱི་རྣལ་འབྱོར་པས་རྡོ་རྗེ་པདྨར་སྦྱར་བ་བདེ་བའི་བྱིན་གྱིས་བརླབས་པའི་སྟོབས་ལས་རྙེད་པ་སླ་བ་ཉིད་དོ། །དེ་ལྟ་བས་ན་དེ་ལྟར་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་སྟོབས་ལས་འགྱུར་བ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཅན་དུ་འགྲུབ་པ་ཡིན་ཏེ། དེའི་ཕྱིར་དོན་ཆེན་པོ་མཆོག་ཏུ་གྱུར་པའི་དངོས་གྲུབ་ཀྱི་དམ་པ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་སྒྲུབ་བྱེད་ཕུལ་དུ་བྱུང་བ་འདི་ལྟ་བུ་ཡོད་ཀྱང་སེམས་ཅན་རྣམས་ཀྱི་དེ་མི་ཤེས་ཤིང་ཅུང་ཟད་ཤེས་ཀྱང་ཚུལ་བཞིན་ཉམས་སུ་མི་ལེན་པ་དེ་རྣམས་ལ་ཐུགས་བརྩེ་བས་ལམ་འདི་ཉིད་ཀྱིས་སྲོ༷ག་ཆགས་རྣམས་ལ་ཕྱི་མའི་མུ་མཐར་ཐུག་གི་བར་གྱི་ཐམས་ཅད་དུས་སུ་བདེ་བ་ཆེན་པོ་མཉམ་པ་ཉིད་སྟེར་བར་གྱུར་ཅིག་ཅེས་སྨོན་ལམ་མཛད་པའོ། །འདི་ལྟར་དལ་འབྱོར་གྱི་རྟེན་རྙེད་ཅིང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་དང་ཕྲད་པ་དང་ཁྱད་པར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་བླ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པའི་ལམ་ཟབ་མོ་རྙེད་པར་དཀའ་བ་འདི་ལྟ་བུ་དང་འཕྲད་པའི་སྐབས་སུ་ཚེ་ལ་ལོང་མེད་པ་དང་འཁོར་བའི་འཇིགས་པ་སོགས་ལ་

p. 924

བསམ་ནས་སྐད་ཅིག་ཡུད་ཙམ་གྱི་ཚེ་འདིའི་འདུན་མ་ལ་མི་གཡེང་བར་ནན་ཏན་དྲག་པོས་ལམ་བཟང་འདི་ལྟ་བུ་ལ་འབད་དགོས་ཏེ། འགྲེལ་ཆེན་གྱི་མདོར་བསྡུས་དང་པོར། གང་ཞིག་སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་དོན་དགེ་ལ་རྟག་ཏུ་བརྩོན་པ་ཡི། །སློབ་མ་དམ་པ་རྣམས་ལ་ལམ་དག་ནི། །བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། །ལམ་བཟང་རིན་ཆེན་འདི་ནི་བག་མེད་པའི། །སེམས་ཅན་གཞན་པ་དག་ལ་བྱིན་པ་ན། །ཁང་ཁྱིམ་དགོན་པ་དག་ཏུ་རབ་བཞུགས་པ། །ཡུལ་ངན་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད། །ཐེ་ཚོམ་འགྱོད་པ་དག་དང་གཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱི་ཀྱང་། །གཉེན་འདུན་ཐིབས་པོའི་ནང་དུ་ཞུགས་པ་ཡི། །ལམ་བཟང་རིན་ཆེན་འདི་ནི་འཕྲོག་པར་བྱེད། །སྲོག་གཅོད་མ་བྱིན་གཞན་གྱི་བུད་མེད་དང་། །བརྫུན་དང་ཚིག་རྩུབ་དག་དང་ཕྲ་མ་དང་། །འཁྱལ་བར་གྱུར་པའི་ཚིག་དང་བརྣབ་སེམས་དང་། །གནོད་སེམས་ལྟ་བ་ངན་པའི་ཆོམ་རྐུན་དང་། །ཡོད་པའི་སྡིག་དང་ཉེ་བའི་སྡིག་པ་དང་། །གསོད་འཁུ་དབང་པོ་མངོན་པར་ཞེན་པ་སྟེ། །ཆོམ་རྐུན་ལྟ་བུ་ལྔ་པོ་འདི་དག་གིས། །རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཤིན་ཏུ་བཟའ་དང་བཏུང་བ་སྣ་ཚོགས་དང་། །ལོངས་སྤྱོད་དུ་མའི་ཆོམ་རྐུན་དེ་དག་གིས། །བརྩོན་འགྲུས་ལྡན་དུ་ཟིན་ཀྱང་བག་མེད་དང་། །བརྒྱལ་བར་གྱུར་པ་ཉིད་ལ་འཕྲོག་པར་བྱེད། །རང་ཉིད་ཀྱིས་ནི་ཡོངས་སུ་མ་བརྟག་པར། །རིན་ཐང་ཆེན་པོར་གྱུར་པ་ཡིན་མ་ཡིན། །ཤེས་པར་བྱ་ཕྱིར་གཡོན་ཅན་གཞན་ལ་སྟོན། །དེ་ཡི་ཚིག་གིས་རིན་ཆེན་འདོར་བར་བྱེད། །གང་དག་རིན་ཆེན་བཟང་པོ་རིག་པ་རྣམས། །རིན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག །དེ་དག་རྣམས་ཀྱི་རྣམ་དག་ཚིག་གིས་ནི། །རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །ཕ་དང་མ་དང་བུ་མོ་སྲིང་མོ་དང་། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡིས། །

p. 925

གཟུགས་རྣམས་དག་གིས་བདུད་ནི་བགེགས་བྱེད་དོ། །དེ་ཕྱིར་བླ་མ་དམ་པ་བཟང་པོ་ཡི། །ལམ་བཟང་རིན་ཆེན་དག་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་བཏང་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ།། ཞེས་གསུངས་ལྟར་བྱ་སྟེ། བླ་མ་དམ་པ་ལས་ཐོབ་པའི་ལམ་བཟང་རིན་ཆེན་དབང་གི་རྒྱལ་པོ་ལྟ་བུ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དང་བཅས་པ་ཐོབ་ནས་དེ་ལ་གཅེས་སྤྲས་ཀྱིས་དམ་དུ་མ་བྱས་ན་གཉེན་འདུན་དང་ཡུལ་གྱི་སྐྱེ་བོའི་ཚོགས་ཀྱི་ནང་དུ་ཞུགས་ནས་གཡེང་བར་གྱུར་པ་ལ་ཡུལ་ངན་པ་འཆད་འགྱུར་ལྟར་ལམ་བཟང་འཕྲོག་པའི་ཆོམ་རྐུན་ཐེ་ཚོམ་ལ་སོགས་པ་དང་། མི་དགེ་བཅུ་དང་ཡོད་པའི་སྡིག་པ་འཚེ་རྐུ་རྫུན་སྨྲ་ལོག་གཡེམ་ཆང་འཐུང་བ་ལྔ་དང་། ཉེ་བའི་སྡིག་པ་ཆོ་ལོ་རྩེ་བ་སོགས་ལྔ་དང་། གསོད་པ་ལྔ་དང་འཁུ་བ་ལྔ་དང་དབང་པོ་ཡུལ་ལ་མངོན་པར་ཞེན་པ་ལྔ་སྟེ་ཆོམ་རྐུན་ལྔ་ཚན་ལྔ་པོ་རྣམས་ཀྱི་དབང་དུ་གྱུར་ནས་ལམ་བཟང་རིན་ཆེན་འཕྲོག་པ་དང་། བཟའ་བཏུང་སོགས་ལོངས་སྤྱོད་སྣ་ཚོགས་ལ་ཞེན་ནས་བག་མེད་པ་དང་འདོད་པས་མྱོས་པའམ་བརྒྱལ་བར་གྱུར་པས་བརྩོན་འགྲུས་ལྡན་དུ་ཟིན་ཀྱང་ལམ་བཟང་རིན་ཆེན་འཕྲོག་པ་དང་། བློ་ཆུང་ཁ་ཅིག་བཤེས་གཉེན་ངན་པ་ལ་དྲིས་པས་དེ་ཙམ་མི་ཟབ་པ་སོགས་སྐད་དུ་ལམ་བཟང་ལ་བརྩོན་པ་ལྷོད་པར་བྱེད་པ་ཡོད་པས་དགེ་བའི་བཤེས་གཉེན་བཟང་པོ་ལམ་བཟང་རིན་ཆེན་ངོ་ཤེས་པའི་ཚིག་ལ་མཉན་དགོས་པ་དང་གཞན་ཡང་བདུད་ནི་སངས་རྒྱས་བྱང་སེམས་དང་ཕ་མ་གཉེན་འདུན་གྱི་གཟུགས་ཀྱི་རྣམ་པས་ལམ་ལ་གེགས་བྱེད་པ་དེ་ཡི་ཕྱིར། བླ་མ་དམ་པའི་ཐུགས་སུ་ཆུད་པའི་ལམ་བཟང་རིན་པོ་ཆེ་འདི་ལྟ་བུ་ཐོབ་པའི་སློབ་མ་ཡིས། ཇི་སྐད་བཤད་པའི་ཆོམ་རྐུན་གྱི་ཕྱོགས་སམ་རྩ་ལག་དེ་རྣམས་ཡོངས་སུ་སྤང་བའམ་བཏང་བར་བྱས་ཏེ། ཉིན་དང་མཚན་དུ་ནན་ཏན་དྲག་པོས་འབད་པའི་སྒོ་ནས་ཆོམ་རྐུན་ལྟ་བུ་ལམ་

p. 926

བསྒོམ་པའི་མི་མཐུན་ཕྱོགས་སུ་གྱུར་པ་རྣམས་ཀྱིས་མི་འཕྲོག་པར་བག་ཡོད་པ་དང་ལྡན་པས་ལེགས་པར་སྦ་ཞིང་འཆང་བར་བྱའོ་ཞེས་གདམས་པ་ལྟར་བརྩོན་པར་བྱ་དགོས་སོ། །ད་ནི་རིགས་ཀྱི་ལུང་ལས་བརྗོད་པའི་རིགས་ཀྱི་དབྱེ་བ་གསུངས་པ། རིགས་ཉི་ཤུ་རྩ་བདུན་གྱི་དབྱེ་བ་ཕྱི་དང་ལུས་ལ་སྦྱར་བ། གདན་སོགས་ཀྱི་དབྱེ་བས་དེའི་དབྱེ་བ་རྒྱས་པར་བཤད་ཅིང་དེ་ལུང་དང་སྦྱར་བ་སྟེ། འགྲེལ་པར་འདིར་རིགས་ཀྱི་ལུང་ནུབ་ཀྱི་ཁང་པ་ལས་ཞེས་གསུངས་པ། ནུབ་ཀྱི་ཁང་པ་ཞེས་པ་རྭ་པ་རྣམས་ནུབ་ཞལ་ལ་བྱེད་ཅིང་འགྱུར་མངས་ལྟར་ན་གཞུང་ཕྱི་མ་ཞེས་འདོན་ཏེ། འོག་ནས་རིགས་ཀྱི་མདོ་གཉིས་འབྱུང་བའི་ཕྱི་མ་ལས་ཞེས་སོ། །དེ་ལས་དེ་རྣམས་ལྷ་མོ་བཞི་དང་ལྔ་ཞེས་པ་ལྟར། བཞི་པོ་དང་ལྔ་པོ་དང་དྲུག་པོ་དང་།བཞི་པོ་དང་ལྔ་པོ་དང་གསུམ་པོ་ཞེས་པ་རྣམས་ཕྱི་རོལ་འཇིག་རྟེན་དང་ནང་དུ་ལུས་ལ་རྣམ་པར་སྦྱར་བའམ་སྦྱང་བར་བྱ་ཞིང་དེ་ནས་དེ་དག་རྣམ་པར་དག་པའི་ལྷ་རྣམས་ཀྱི་མཆོད་པ་བྱའོ་ཞེས་སོ། །དེ་ལ་ལྷ་མོ་བཞི་ནི་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་ལ་སྒྲ་གཅན་དང་། དུས་མེ་དང་། ཟླ་བ་དང་ཉི་མ་བཞི་པོར་བརྗོད་དེ། འདི་རྣམས་ཀྱི་སྦྱོར་བ་བཞི་པོ་ནི་ཕྱི་རོལ་དུ་དཀྱིལ་འཁོར་ལ་ལྷའི་གནས་སམ་གདན་བཞིའོ་ཞེས་པའི་དོན་ཏོ། །དེ་ནས་འཇིག་རྟེན་གྱི་ཁམས་རྫོགས་པའི་དོན་དུ་ལྔ་པོ་རྣམས་གྲུབ་སྟེ། ས་དང་ཆུ་དང་བསྲེག་ཟ་དང་ང་དང་སྟོང་པ་ནམ་མཁའ་གང་ཡིན་པ་འབྱུང་བ་ལྔ་པོ་དག་གོ། དེ་ནས་གཟའ་ཡི་ཚོགས་པ་ཅིག་ཤོས་དག་ནི་ཞེས་པ་གོང་གི་གཟའ་བཞི་སྤངས་པའི་མིག་ལྷག་ཕུར་སངས་སྤེན་པ་མཇུག་རིངས་དྲུག་པོའོ། །དེ་ནས་རི་རབ་ལྷུན་པོ་འདི་ཡི་ཕྱོགས་བཞི་པོ་རྣམས་སུ། གླིང་རྣམས་དག་ནི་བཞི་པོར་རབ་ཏུ་འགྱུར་ཏེ། དྲི་ལ་སོགས་པ་ཡུལ་རྣམས་དག་ནི་ཚོགས་པ་ལྔ་པོར་ཕྱི་རོལ་དག་ཏུ་རབ་ཏུ་གསུངས་སོ། །སྙིང་སྟོབས་ལ་སོགས་ཡོན་ཏན་རྣམས་ནི་གསུམ་པོ་

p. 927

སྟེ་དེ་སྔ་མ་ལས་གཞན་པ་འདིའོ། །དེ་ལྟར་གདན་ལ་སོགས་པ་གྲུབ་པ་ཇི་ལྟ་བ་དེ་བཞིན་ལུས་ཀྱི་དབུས་སུ་ཡང་དེ་བཞིན་གནས་པ་ཉིད་དེ། ཇི་ལྟར་ན་ལུས་སྐྱེད་པའི་དོན་དུ་མའི་པདྨར་དྲི་ཟའི་སེམས་ཅན་གྱི་ཀུན་གཞིའི་རྣམ་ཤེས་སྒྲ་གཅན་ནོ། །ཁུ་བ་འཕོ་བའི་དགའ་བ་དུས་མེ། ཁྲག་གམ་རྡུལ་ནི་ཉི་མ་དང་། བདུད་རྩི་ཁུ་བ་ཟླ་བ་ཞེས་པ་འདི་རྣམས་ཐོག་མར་རམ་དང་པོར་ལུས་ཀྱི་རིགས་བསྐྱེད་པའི་རྒྱུ་བཞི་པོ་དག་གོ། བཞི་པོ་དེ་ལས་ནི་གང་ཞིག་རུས་པ་ལ་སོགས་ཁམས་མཐའ་དག་རྣམས་ཀྱང་ཁམས་ལྔ་པོའོ་ཞེས་པ་རུས་པ་ས། ཆུ་སེར་ཆུ། ཁྲག་མེ། ཤ་དང་པགས་པ་རླུང་། རྐང་ནི་ནམ་མཁའ་འོ། །དེ་ནས་མིག་ལ་སོགས་པ་དྲུག་པོ་སྟེ། མིག་བཀྲ་ཤིས། རྣ་བ་གཟའ་ལག །ལྕེ་ཕུར་བུ། སྣ་པ་སངས། ལུས་དབང་སྤེན་པ། ཡིད་དབང་མཇུག་རིངས་ཞེས་པ་དྲུག་གོ། དེ་བཞིན་དུ་ལག་པ་རྐང་པ་དག་ནི་བཞི་པོ་ཞེས་པ། ལག་པ་གཡོན་པ་ཤར་གྱི་གླིང་དང་། ལག་གཡས་ལྷོ་གླིང་། རྐང་གཡས་ནུབ་གླིང་། རྐང་གཡོན་བྱང་གླིང་བཞིའོ། །ལག་པ་རྐང་པ་ལ་གནས་སོར་མོ་རྣམས་ནི་ལྔ་པོའོ་ཞེས་པ། འདིར་མཐེ་བོ་དྲི། མཛུབ་མོ་རོ། གུང་མོ་གཟུགས། མིང་མེད་རེག་བྱ། མཐེ་ཆུང་སྒྲ་སྟེ་ས་ལ་སོགས་པའི་ཡོན་ཏན་གྱི་སྒོ་ནས་སོ། །སོར་མོ་དེ་དག་རྣམས་ཀྱི་ཚིགས་ནི་གསུམ་པོ་གང་ཞིག་དང་པོ་སྙིང་སྟོབས་ཀྱི་ཡོན་ཏན་དང་། གཉིས་པ་དབུས་མའི་ཚིགས་ནི་རྡུལ་གྱི་ཡོན་ཏན་དང་མཐའི་ཚིགས་ནི་མུན་པའི་ཡོན་ཏན་ནོ། །མུན་པའི་མཐར་སེན་མོའི་ཚོགས་ནི་གཙོ་བོ་སྟེ། འདིར་ནི་ཕྱི་རོལ་གྱི་རིགས་ཀྱི་རིམ་པ་མཐའ་དག་ནང་ལུས་ཀྱི་རིགས་འདི་ལ་ནི་རིག་པར་བྱའོ། །ད་ནི་གདན་ལ་སོགས་པ་རྣམས་ཀྱི་དབྱེ་བ་གསུངས་པ་ནི། འདིར་གདན་ནམ་གནས་རེ་རེ་ལ་རིམ་རིམ་མིན་གྱི་སྔ་ཕྱི་གཉིས་གཉིས་ཏེ་རྐང་པ་བཞི་ཡོད་པའི་དབང་གིས་ཕྱེ་བ་བཞིའོ། །

p. 928

དེ་ལྟར་ཉི་ཟླ་སོགས་ཀྱི་གདན་ནམ་གནས་ལ་རྐང་པ་བཞི་ཉིད་ཀྱི་དབྱེ་བས་ས་འཛིན་ཞེས་པ་རྒྱལ་པོའི་མིང་སྟེ་བཅུ་དྲུག་གོ། དེ་ཉིད་རབ་དབྱེ་རྣམས་དང་ཞེས་པ་ཉི་ཤུ་རྩ་ལྔ་སྟེ། ཁམས་ལྔ་པོ་རེ་རེ་ལ་ཡང་ལྔ་རེར་ཕྱེ་བ་སྟེ་ཀུན་འབྱུང་གི་ཕྱིར་གང་ན་གཅིག་ཡོད་པ་དེ་ན་ལྔ་ག་གནས་པའི་ཕྱིར་འབྱུང་བའི་དབྱེ་བ་ཉེར་ལྔའོ། །རོ་ཡིས་བསྒྱུར་བའི་རོ་དང་ཞེས་པ་སུམ་ཅུ་རྩ་དྲུག་སྟེ། དལ་བའི་རྐང་པ་དྲུག་གི་དབང་གིས་བཀྲ་ཤིས་ལ་སོགས་པའི་གཟའ་དྲུག་པོ་རྣམས་ཀྱི་དབྱེ་བ་ལས་སོ། །ཉི་མ་ཞེས་པ་བཅུ་གཉིས་ཏེ་གླིང་བཞི་དང་རྐང་ལག་བཞི་པོ་ལ་དབྱེ་བ་བཅུ་གཉིས་ཏེ། ལག་པ་དང་རྐང་པའི་ཚིགས་བཅུ་གཉིས་དང་ཕྱི་རོལ་དུ་ཟླ་བ་བཅུ་གཉིས་དང་ཁྱིམ་བཅུ་གཉིས་སོ༑ ༑སོར་མོ་ལྔ་པོ་ལ་རྐང་ལག་གི་དབྱེ་བས་ཉི་ཤུ་ཞེས་པ་དང་། སོར་མོ་ཉི་ཤུ་པོ་ཚིགས་གསུམ་གྱི་ཕྱེ་བས་དབྱེ་བ་དྲུག་ཅུ་སྟེ་དབྱེ་བ་འདི་རྣམས་མི་དང་ལྷ་རྣམས་དག་གི་མཐའ་དག་ལུས་ལ་གནས་པ་སྟེ་དྲི་མ་མེད་པའི་ཡེ་ཤེས་ཀྱི་ལུས་ལ་གནས་པ་ནི་མ་ཡིན་ནོ། །དེ་རྣམས་ཐམས་ཅད་གཅིག་ཏུ་བསྡུས་པ་བུག་པ་དྲུག་དང་ཟླ་བའི་གྲངས་ཞེས་པ་བརྒྱ་དྲུག་ཅུ་རྩ་དགུའོ། །དབྱེ་བ་དེ་དག་ཐམས་ཅད་བསྡུས་པ་ན་སྔར་བཤད་གདན་བཞི་ལ་སོགས་པ་སུམ་འགྱུར་དགུ་རུ་འགྱུར་ཏེ་ཞེས་པ་ཉི་ཤུ་རྩ་བདུན་ནོ། །ཉེར་བདུན་པོ་དེ་ཞི་བ་ཐབས་དང་ནུས་མ་ཤེས་རབ་ཀྱི་དབྱེ་བས་རྟེན་དང་བརྟེན་པའི་ཆོས་ཀྱིས་ཉེར་བདུན་ཉིས་འགྱུར་ལྔ་བཅུ་རྩ་བཞི་ཉིད་དུ་རིག་པར་བྱའོ། །ལུས་ཀྱི་རིགས་འདི་ལ་གང་ཞིག་ནང་དུ་སྲོག་གི་རླུང་རྩ་ལ་ཡང་དག་པར་རྒྱུ་བ་དང་། ཕྱི་རོལ་དུ་གཟའ་རྣམས་དག་གི་རྐང་པའི་བགྲོད་པ་རྒྱུ་སྐར་ལ་རྒྱུ་བ་སྟེ། འདི་རྣམས་ཀྱི་ཡང་དག་པར་རྒྱུ་བ་གང་ཡིན་པ་དེ་ནི།སླར་ཡང་ནང་པ་སངས་རྒྱས་པ་ལས་ཅིག་ཤོས་ཕྱི་རོལ་བ་དབང་ཕྱུག་གི་བཀའ་ལུང་ལ་དགའ་བ་རྣམས་ཀྱིས། ནུས་མ་ལྔ་སོགས་རྣལ་འབྱོར་མ་ཡི་ཡང་དག་པར་རྒྱུ་བར་བརྗོད་དོ། །དེ་སྐད་དུ་ཕྱི་རོལ་བའི་རིགས་ཀྱི་རྩ་བའི་མདོ་ལས་བཤད་པ། གང་

p. 929

ཞིག་ནུས་མ་བྷ་ག་ཞེས་བྱ་དེ་ནི་རྣམ་གསུམ་བགྲོད་ལྡན་ཡི་གེ་གསུམ་དང་རང་བཞིན་གསུམ། །དེ་ལ་དཔལ་ལྡན་ཨོ་ཌི་ཡ་ན་མཆོག་གི་ཆ་དང་བཅས་པ་དབུས་སུ་གནས་ཤིང་ཤིན་ཏུ་འབར། །ཞེས་པ་ནས། དེ་ཕྱིར་ནུས་མ་གསུམ་མམ་རིགས་ཀྱི་ལྗོན་ཤིང་སྐྱེད་མ་རྒུར་འཁྱོག་མ་ཞེས་བྱ་བ་ལ་ཕྱག་འཚལ། །ཞེས་ཚིགས་བཅད་དུ་བསྟན་པ་དེའི་དོན་མདོར་བསྡུས་སུ་བརྗོད་ན། གང་ཞིག་རིགས་སྐྱེད་པའི་རྒྱུ་དྲག་པོའི་ནུས་མ་བྷ་ག་ཞེས་པའི་གཟུགས་ཅན་དེ་ནི་རྩ་གསུམ་གྱི་བགྲོད་པ་དང་ལྡན་པ་དང་སྙིང་སྟོབས་སོགས་ཡོན་ཏན་གསུམ་དང་ཡི་གེ་ཨ་ཨུ་མ་གསུམ་མམ་ཨོཾ་བྷོ་གསུམ་མཚོན་པའི་ཕྱིར་གྲུ་གསུམ་གྱི་དབྱིབས་ཅན་དེ་ལ། དཔལ་ལྡན་ཨོ་ཊི་ཡ་ན་ཨུ་རྒྱན་གྱི་ཡུལ་མཆོག་གི་ཆ་ཐིག་ལེ་དང་བཅས་པ་དབུས་སུ་གནས་ཤིང་ཤིན་ཏུ་འབར་བའམ་གསལ་བའོ། །བྷ་ག་དེའི་གཡས་ཟུར་ཛ་ལནྡྷ་ར། གཡོན་དུ་པཱུརྞ་གི་རི། མཆོད་སྦྱིན་གྱི་དོན་དུ་ཕྱུགས་བསད་པ་ཀ་མ་རཱུ་པ་བྷ་ག་དེའི་རྩེར་གནས་སོ། །བྷ་ག་དེ་ནི་བརྟན་གཡོ་ལ་ཀུན་ནས་ཁྱབ་བྱེད་དུ་གནས་པ་དང་འཇིག་པར་བྱེད་པ་དང་སྐྱེད་པར་བྱེད་མ་ཡི་ཁྱབ་བྱེད་མ་དྲག་པོ་དབང་ཕྱུག་གི་ཡུམ་ནུས་མ་ཞེས་བྱ་སྟེ། ནུས་མ་དེའི་དབུས་ན་དབང་ཕྱུག་གི་ངོ་བོ་རྟགས་ནི། མཆོག་གི་བདེ་བ་བྱེད་པ་ཁུ་བ་ཐིག་ལེ་དང་ནཱ་ད་སྟོང་པའི་སྒྲ་ཙམ་ཁོང་ན་གནས་ཤིང་རྟག་ཏུ་དགའ་བའི་རང་བཞིན་ཅན་ནམ་ཤིན་ཏུ་ཞི་བ་སྐྱེད་བྱེད་ཀྱི་རང་བཞིན་ཅན་ཡོད་དེ། རྟགས་དེས་བྷ་ག་ལ་སྟེང་ནས་སྲུབ་པར་བྱེད་པ་ན། བུད་མེད་ལ་སེམས་པ་དང་། རེག་པ་དང་རྡོ་རྗེ་ཞུགས་པ་དང་། བསྲུབས་པ་དང་ཐིག་ལེ་ལྷུང་བ་དང་ཆགས་པ་དང་བྲལ་བའི་གནས་སྐབས་རྣམ་པ་དྲུག་གི་དབྱེ་བར་འགྱུར་རོ། །དེས་འདོད་པའི་དེ་ཁོ་ན་ཉིད་དགའ་བ་གསུམ་པོ་འདི་རྣམས་བྱེད་ཅིང་མཆོག་གི་ལུས་བསྐྱོད་པར་བྱེད་པ་ཀུ་པ་ཛི་ཀ་སྟེ་རྒུར་འཁྱོག་མ་ཞེས་ལུས་ཀྱི་རིགས་ཀྱི་རྩ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་སེམས་ཅན་ཐམས་

p. 930

ཅད་ལ་ལྷན་ཅིག་སྐྱེས་པའི་དགའ་བ་འབེབས་པར་བྱེད་མ་ནི་བྷ་ག་ཞེས་བྱ་བའི་རང་བཞིན་ནོ། །ཞེས་དང་། རིགས་ཀྱི་མདོ་ཕྱི་མ་ལས་ལུས་རྫོགས་པར་བྱེད་པའི་རྒྱུ་ནི། ཀ་མ་རཱུ་པར་ས་བོན་ནི་ཀཱུ་ཡིག་ཏེ། པུ་ལི་ར་མའི་གནས་སུ་པུ་ལི་ཀ་ཞེས་པའི་པུ་དང་ཛ་ལནྡྷ་རའི་གནས་སུ་ཨ་ར་ཛི་ཉིད་ཅེས་པའི་ཛི་དང་། འདིར་ཨ་ཛི་མེ་ལྕེར་བསྒྱུར་བའང་སྣང་ངོ་། །གང་བའི་པཱུ་སྟེ་དཔལ་ལྡན་དབུས་ཀྱི་གནས་སུ་ཨོཊྚ་སྐུ་གསུང་ཐུགས་ཀྱི་ཐིག་ལེ་རྣམ་གསུམ་གྱི་ལམ་རྩ་གསུམ་དུ་བསྒྲོད་ཅིང་གནས་པའི་ལྷ་ཡི་རྭ་ཅོ་ལྟ་བུ་དབང་ཕྱུག་གི་རྟགས་ནི་ཊ་ཡིག་ཉིད་དོ། །བྷ་ག་ཟུར་གསུམ་དེ་ལ་འབྱུང་བཞིའི་རང་བཞིན་གྱི་ལྷ་མོ་ཚངས་མ་དྲག་མོ་ཁྱབ་འཇུག་ཕག་མོ་བཞི་གནས་ཤིང་། རྒྱུ་དེ་རྣམས་ཀྱིས་གྲུབ་པ་རུས་པ་སོགས་ལུས་ཀྱི་འབྱུང་བ་ལྔ་སྟེ། ས་བོན་ཊ་ར་ལ་ཀ་བཅས་པའི་གནས་བཞི་པོ་དེ་རྣམས་ཚངས་མ་སོགས་བཞི་དང་། གཞོན་ནུ་མ་བཅས་ལྔའི་གནས་ཏེ། དེ་ལྟར་ཚངས་དབང་ཁྱབ་འཇུག་གི་ནུས་མ་གསུམ་མམ་གཤིན་རྗེ་གནོད་སྦྱིན་གྱི་ཡུམ་བཅས་དེ་ལྟར་ནུས་མ་ལྔའི་བདག་ཉིད་ཀྱི་རིགས་བརྒྱུད་ཀྱི་ལྗོན་ཤིང་སྐྱེད་མ་སྒུར་འཁྱོག་མ་ཞེས་བྱ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ་བུད་མེད་ཀྱི་སྐྱེ་གནས་ལ་དབང་ཕྱུག་དང་ནུས་མའི་མཚན་མའི་དབྱིབས་ལ་ནུས་མ་ལྔ་གནས་ནས་སེམས་ཅན་རྣམས་ཀྱི་ལུས་སྐྱེད་པར་བཤད་པ་འདི་ལ་འགྱུར་མི་འདྲ་བ་དུ་མས་རྩ་བའི་གནད་མ་གོ་བར་བསྒྱུར་བ་སོགས་ཀྱིས་ཇི་བཞིན་ཤོད་པ་མི་སྣང་ཡང་གཞན་གྱི་རྗེས་སུ་ཟློས་པའི་གཡར་ཁྲལ་ཙམ་དུ་ཕྱོགས་མགོ་དོད་ཙམ་བརྗོད་པ་སྟེ། གལ་ཆེ་བ་མི་འདུག་ཀྱང་འགྲེལ་པ་ལས་བཤད་པའི་ཕྱིར་ས་མ་སྟོང་ཙམ་དུ་བརྗོད་པའོ། །དེ་ལྟར་རིག་བྱེད་ཀྱི་གྲུབ་པའི་མཐའ་ལས་མཆོག་ཏུ་གསང་བའི་དེ་ཁོ་ན་ཉིད་འདི་ནི་ལྷ་མིན་དང་། རིག་བྱེད་སྨྲ་བ་མཐོ་རིས་ཀྱི་སེམས་ཅན་བསད་པའི་ཤ་བཟའ་བ་རིག་བྱེད་ཀྱི་གསང་བའི་དེ་ཉིད་དུ་སྟོན་པ་བདུད་ཀྱི་རིས་ཀྱི་རིགས་ལས་བྱུང་བ་རྣམས་ཀྱིས་མི་ཤེས་སོ་ཞེས་པ་རིགས་ཀྱི་མདོའི་ངེས་པའོ། །དེས་

p. 931

ན་ཕྱི་རོལ་པའི་རིགས་ཀྱི་མདོ་ལས་རིགས་ཀྱི་དབྱེ་བ་བཤད་པ་ཐམས་ཅད་ཕྱི་རོལ་ན་དེ་འདྲའི་རིགས་ཀྱི་བྱེད་པ་པོ་དོན་གཞན་མེད་པར་རང་གི་ལུས་ལ་ཚང་བ་དང་། དེ་དག་ཕྱི་རོལ་དུ་ཟླ་ཉི་སོགས་ཡིན་པར་བསྟན་པ་དེས་དེ་དག་གི་ལོག་རྟོག་བཟློག་པར་མཛད་པ་ཡིན་ནོ། །བཅུ་དགུ་པ་ཆོས་ཡང་དག་པར་བསྡུ་བ་དང་རྩིས་ཀྱི་མིང་བསྡུ་བའི་ངོ་བོ་ཉིད་ཀྱི་གནས་པ་ནི། ཡེ་ཤེས་ནམ་མཁའ་སོགས་ཚིགས་བཅད་ཉིས་བརྒྱ་སོ་བརྒྱད་པ་ནས་ཉིས་བརྒྱ་ཞེ་གསུམ་པའི་བར་གྱིས་བསྟན་ཏེ། འདིར་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པས་ཐེག་པ་གསུམ་གྱི་ཆོས་ཡང་དག་པར་སྡུད་པ་ཤེས་ནས་ཆོས་བསྟན་པར་བྱ་སྟེ། གཞན་དུ་ཆོས་ཡང་དག་པར་སྡུད་པ་ཤེས་པ་མེད་ན་ཆོས་རྒྱ་ཆེན་པོ་མི་ཤེས་པའི་སློབ་མ་ལ་ལམ་མ་ཡིན་པ་སྟོན་པར་འགྱུར་རོ། །དེས་ན་སངས་རྒྱས་ཀྱི་བསྟན་པ་རྣམས་ཀྱི་ཆོས་ཡང་དག་པ་སྡུད་པ་བརྗོད་པར་བྱ་སྟེ། དང་པོ་ཆོས་ཀྱི་རྣམ་གྲངས་གཉིས་ནི་སྐབས་འདིར་ཡེ་ཤེས་ནི་དེ་ཁོ་ན་ཉིད་འཛིན་པར་བྱེད་པའི་སེམས་ཏེ་ལྷན་སྐྱེས་བདེ་ཆེན་གྱི་ཐུགས་སོ། །ནམ་མཁའ་ནི་དེའི་ཡུལ་སྟོང་པ་ཉིད་དེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་བ་ལ་སོགས་པའི་སྣང་བ་དང་བཅས་པའོ། །དེ་གཉིས་པོ་ནི་ཐབས་དང་ཤེས་རབ་སྟེ་གཉིས་སུ་མེད་པར་གྱུར་པ་ནི་གནས་ལུགས་ཐིག་ལེ་ཉག་གཅིག་དོན་གྱི་དེ་ཁོ་ན་ཉིད་དོ། །དེ་ནི་མཚོན་བྱེད་རྟགས་ཀྱི་ཤེས་རབ་དང་ཐབས་བྷ་ག་དང་རྟགས་ཡང་དག་པར་སྦྱོར་བ་ཙམ་ནི་མ་ཡིན་ནོ། །ཐབས་ཤེས་གཉིས་མེད་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གམ་བདེ་སྟོང་དབྱེར་མེད་དང་རིག་སྟོང་དབྱེར་མེད་གསལ་སྟོང་དབྱེར་མེད་ཅེས་སོགས་ཟུང་འཇུག་ཤིན་ཏུ་རྣམ་དག་གི་ཡེ་ཤེས་ཀྱི་སྐུ་ཐོབ་པ་འདིས་སེམས་ཅན་གྱི་དོན་བྱེད་པའི་ཐེག་པ་གསུམ་སྟོན་པ་པོར་འགྱུར་ཞིང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐམས་ཅད་ཡང་དག་པར་རིག་པ་པོར་འགྱུར་རོ། །སླར་ཡང་གཞན་པ་འདི་ནི་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་དག་

p. 932

དང་ཞེས་ལམ་འདིས་འབྲས་བུ་དེ་དག་ཏུ་འགྲོ་བའི་ཕྱིར་ཡ་ནའི་སྒྲ་ལས་ཐེག་པ་ཞེས་བརྗོད་དོ། །གཞན་ཡང་ཆོས་ཀྱི་རྣམ་གྲངས་གསུམ་སྟེ། སྟོན་པ་པོ་སངས་རྒྱས་དཀོན་མཆོག་དང་། བསྟན་པ་དམ་པའི་ཆོས་དཀོན་མཆོག་དང་། ཞུ་བའམ་ལམ་ལ་སློབ་པ་པོ་དགེ་འདུན་དཀོན་མཆོག་སྟེ་མི་བསླུ་བའི་སྐྱབས་གནས་ཡང་དག་དཀོན་མཆོག་གསུམ་པོ་ཡང་ངོ་། །དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་གསུམ་ནི། སྨོན་པ་དང་འཇུག་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ཐེག་པ་དམན་པའི་ཡིད་བྱེད་དང་བྲལ་པ་བདག་གཞན་མཉམ་རྗེའི་སྙིང་རྗེས་གཞན་དོན་དུ་ལྷག་པའི་བསམ་པ་རྣམ་པར་དག་པ་དང་། མི་རྟོག་པ་བསྒོམ་པས་བདག་དང་བདག་གིར་འཛིན་པ་ཡོངས་སུ་སྤང་བའོ། །དེ་བཞིན་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བའི་སྒོ་ནས་སྐྱབས་སུ་འགྲོ་བ་གསུམ་མོ། །སེམས་ཅན་རྣམས་ཀྱི་ཉོན་མོངས་པ་བཞི་སྟེ། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་ང་རྒྱལ་ལོ། །བདུད་བཞི་ནི་ཕུང་པོའི་བདུད་དང་དེ་བཞིན་ཉོན་མོངས་པ་དང་། འཆི་བདག་དང་ལྷའི་བུའི་བདུད་དོ། །འདི་རྣམས་ཉམས་པར་བྱེད་པ་སངས་རྒྱས་རྣམས་ཀྱི་ཚངས་པའི་གནས་བཞི་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་བཞི་པོ་རྣམས་དང་ནི། དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་བཞི་ནི། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པའོ། །སླར་ཡང་ངེས་པར་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་དེ་བཞིན་བརྩོན་འགྲུས་དང་། སེམས་པ་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། དེ་དག་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པའི་རྒྱུ་ལས་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་གྲུབ་པ་ལ་ནི་རྫུ་འཕྲུལ་ལ་དབང་འབྱོར་བའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། འདུན་བརྩོན་གཉིས་པོ་ཏིང་ངེ་འཛིན་ལ་འཇུག་པའི་

p. 933

གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་དང་། སེམས་རྩེ་གཅིག་པ་ཏིང་ངེ་འཛིན་གྱི་ངོ་བོ་དང་། དཔྱོད་པ་ནི་དེ་ལྟར་བསྒྲུབ་པའི་ཤེས་རབ་བོ། །སེམས་ཅན་རྣམས་ཀྱི་ཟག་པ་ཉོན་མོངས་པའི་རྣམ་གྲངས་ནི་བཞི་སྟེ། ཁ་ཕྱིར་བལྟས་འདོད་ཁམས་པའི་རྒྱུད་ཀྱི་མ་རིག་པ་དང་ལྟ་བ་མ་གཏོགས་ཉོན་མོངས་ཐམས་ཅད་འདོད་པའི་ཟག་པ་དང་། ནང་དུ་བལྟས་པ་ཁམས་གོང་མ་གཉིས་ཀྱི་རྒྱུད་ཀྱི་དེ་དག་སྲིད་པའི་ཟག་པ་དང་། ཁམས་གསུམ་པའི་མ་རིག་པའི་ཟག་པ་དང་། བདག་ལྟ་དང་མཐར་ལྟ་སོགས་ལྟ་ངན་རྣམས་ལྟ་བའི་ཟག་པ་སྟེ་འདི་དག་གི་སྒོ་ནས་འཁོར་བར་ཟག་པར་བྱེད་པ་དེ་རྣམས་དག་དང་། སངས་རྒྱས་ཀྱི་མི་འཇིགས་པ་ནི་བཞི་སྟེ། ཆོས་ཐམས་ཅད་མཁྱེན་པ་ལ་མི་འཇིགས་པ། ཆོས་ཐམས་ཅད་སྟོན་པ་ལ་མི་འཇིགས་པ་སྒྲིབ་པ་མེད་པའི་ལམ་དུ་འཇུག་པ་ལ་མི་འཇིགས་པ། ཟག་པ་ཟད་པའི་ཡེ་ཤེས་ལ་གནས་པ་ལ་མི་འཇིགས་པ་སྟེ། དེའི་དང་པོ་རྟོགས་པ་ཕུན་ཚོགས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་དང་། བཞི་པ་སྤངས་པ་ཕུན་ཚོགས་དང་། ཆོས་སྟོན་པ་ལམ་སྟོན་པ་དང་། སྒྲིབ་པ་མེད་པའི་ལམ་དུ་འཇུག་པ་ལམ་གྱི་གེགས་སྟོན་པ་ལ་མི་འཇིགས་པའོ། །དེ་ལྟར་མི་འཇིགས་པ་བཞི་དང་། བདེན་པ་རྣམས་དང་ཞེས་པས་བདེན་པ་བཞི་སྟེ། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ། །དེ་བཞིན་དུ་རྟོན་པ་བཞི་སྟེ། དོན་ལ་རྟོན་པར་བྱའི་ཚིག་ལ་རྟོན་པར་མི་བྱ་བ་དང་། ཡེ་ཤེས་ལ་རྟོན་པར་བྱའི་རྣམ་ཤེས་ལ་རྟོན་པར་མི་བྱ་བ་དང་། ངེས་པའི་དོན་ལ་རྟོན་པར་བྱའི་དྲང་དོན་ལ་རྟོན་པར་མི་བྱ་བ་དང་། ཆོས་ལ་རྟོན་པར་བྱའི་གང་ཟག་ལ་རྟོན་པར་མི་བྱ་བའོ། །སླར་ཡང་དེ་བཞིན་དྲན་པ་ཉེ་བར་བཞག་པ་ནི་བཞི་སྟེ། ལུས་དྲན་པ་ཉེ་བར་བཞག་པ། དེ་བཞིན་དུ་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་བཞག་པའོ། །དེ་

p. 934

བཞིན་དུ་ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་པ་སོགས་དང་། སྡིག་པ་སྐྱེས་པ་རྣམས་ཀྱི་གཉེན་པོར་དགེ་བའི་རྩ་བ་བསྐྱེད་པ་དང་དགེ་རྩ་མ་སྐྱེས་པ་རྣམས་ཡང་དག་པར་སྐྱེད་པ་དང་། དགེ་རྩ་སྐྱེས་པ་རྣམས་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བའོ། །ཡང་དག་པར་བསྡུ་བ་ཡི་དངོས་པོ་བཞི་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་དོན་མཐུན་པའོ། །སྐབས་འདིར་དོན་དེའི་གོང་ན་དོན་ཆེ་བ་གཞན་མེད་པའི་དོན་ཆེན་པོ་ནི་མཆོག་ཏུ་མི་འགྱུར་བ་སྟེ། དེའི་དོན་སྤྱོད་པ་དང་དོན་མཐུན་པའོ། །ཆོས་ཀྱི་སྦྱིན་པ་ནི་སྦྱིན་པའི་མཆོག་སྟེ་ཆོས་སྦྱིན་པ་ནི་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བ་སྟེ་ཆོས་ཀྱི་མདོའམ་སྡོམ་རྣམ་པ་བཞི་པོ་གང་ཞིག་བརྗོད་པས་ཆོས་ཀྱི་ཕུང་པོ་མཐའ་དག་བརྗོད་པར་འགྱུར་བའོ། །བཞི་ཡི་མཐའ་རྣམས་རྒྱལ་བའི་བདག་པོའི་རྡོ་རྗེ་རྣམས་ཀྱིས་རྣལ་འབྱོ༷ར་པ་ཡིས་བསྒོམ་པར་བྱ། ཞེས་གསུངས་པ་ནི། རྒྱལ་བའི་བདག་པོའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྣམ་པར་དག་པ་དང་། སྤྲུལ་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། ངོ་བོ་ཉིད་ཀྱི་སྐུ་རྣམ་པར་དག་པ་ནི་མཆོག་གི་དངོས་གྲུབ་ཀྱི་དོན་དུ་བསྒོམ་པར་བྱ་སྟེ། འཇིག་རྟེན་པའི་དངོས་གྲུབ་ཀྱི་སླད་དུ་ནི་ལྷའི་རྣམ་པ་བསྒོམ་པར་བྱའོ། །དེ་བཞིན་དུ་བཞི་ཡི་གྲངས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་དག་ལ་མཁས་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་སྟེ། ལྷའི་མིག་དང་ལྷའི་རྣ་བ་དང་།གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་སྣ་ཚོགས་ཀྱིས་ནམ་མཁའ་ལ་འགྲོ་བ་ནམ་མཁའི་རྫུ་འཕྲུལ་ལོ། །དེ་ལྟར་མངོན་ཤེས་ལྔ་དང་། དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་ཏིང་ངེ་འཛིན་དང་

p. 935

ཤེས་རབ་ཀྱི་སྟོབས་ལྔ་དང་སེམས་ཅན་རྣམས་ཀྱི་ཕྱིན་ཅི་ལོག་གི་ལྟ་བ་ནི། འཇིག་ཚོགས་ལ་ལྟ་བ་རང་རྒྱུད་ཀྱི་ཕུང་པོ་ལ་བདག་གིར་འཛིན་པ་དང་། རྟག་ཆད་ཀྱི་མཐར་འཛིན་པའི་ལྟ་བ་དང་། བདེན་བཞི་མཆོག་གསུམ་ལས་འབྲས་ཀྱི་ཚུལ་སོགས་ལ་ལོག་པར་ལྟ་བ་དང་། ལྟ་བ་ངན་པ་ལ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་བརྟུལ་ཞུགས་ཕྱིན་ཅི་ལོག་ལ་མཆོག་ཏུ་འཛིན་པ་ལྔ་པོ་རྣམས་དང་། རབ་མཆོག་རྒྱལ་བའི་བདག་པོ་དག་གི་སྤྱན་ལྔ་ནི། བསོད་ནམས་ལས་གྲུབ་པའི་ཤའི་སྤྱན་དང་། བསམ་གཏན་ལས་གྲུབ་པའི་ལྷའི་སྤྱན་དང་སངས་རྒྱས་ཀྱི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་ལྔ་དང་། ཞེས་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་ལ། མདོ་གཞན་དུ་ཤ་དང་ལྷ་དང་ཤེས་རབ་དང་ཆོས་དང་སངས་རྒྱས་ཀྱི་སྤྱན་ཞེས་གསུངས་སོ། །དེ་བཞིན་འཇིག་རྟེན་པའི་ཕུང་པོ་ལྔ་ནི་གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའི་ཕུང་པོ་ལྔ་དང་། སངས་རྒྱས་ཀྱི་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། དེ་བཞིན་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ལྔ་སྟེ་ཐ་མལ་བའི་ཕུང་པོ་ལྔ་སྒྲིབ་བྲལ་དུ་དག་པ་ཟག་པ་མེད་པའི་ཕུང་པོ་ལྔའོ།། དེ་བཞིན་ས་སོགས་འབྱུང་བའི་ཁམས་ལྔ་དང་། མིག་སོགས་དབང་པོ་ལྔ་དང་། དྲི་སོགས་ཡུལ་ལྔ་དང་། བཤང་ལམ་སོགས་ལས་ཀྱི་དབང་པོ་ལྔ་དང་། རྗོད་པ་ལ་སོགས་པ་ལས་ཀྱི་དབང་པོའི་བྱ་བ་ལྔ་རྣམས་སོ། །ཕུང་པོ་དབང་པོ་དྲན་པ་ཞེས་པ་དྲུག་དང་ཞེས་གསུངས་པས། ཕུང་པོ་དྲུག་པ་ཡེ་ཤེས་ཀྱི་ཕུང་པོ་བསྣན་པས་ཕུང་པོ་དྲུག་དང་། ཡིད་དབང་བསྣན་པས་དབང་པོ་དྲུག་དང་ཡེ་ཤེས་ཀྱི་ཁམས་བསྣན་པས་ཁམས་དྲུག་དང་། དེ་བཞིན་ལུས་དབང་དང་དེའི་བྱ་བ་ལ་ཡང་མཆོག་གི་དབང་པོ་དང་།

p. 936

ཁུ་བ་འཕོ་བ་བསྣན་པས་དྲུག་ཏུ་འགྱུར་རོ། །རྗེས་སུ་དྲན་པ་དྲུག་ནི་སངས་རྒྱས་རྗེས་སུ་དྲན་པ་དང་། དེ་བཞིན་ཆོས་དང་དགེ་འདུན་དང་གཏོང་བ་དང་ཚུལ་ཁྲིམས་དང་ལྷ་རྗེས་སུ་དྲན་པའོ། །བྱང་ཆུབ་ཡན་ལག་བདུན་དང་ཞེས་པ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དེ་བཞིན་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། མཆོད་པ་ནི་བདུན་ཏེ་ཞེས་པ་ཚོགས་བསགས་པའི་ཡན་ལག་བདུན་པ་སྟེ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་འཁོར་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དགེ་རྩ་བླ་མེད་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ནི། ཡང་དག་པའི་ལྟ་བ་དང་། དེ་བཞིན་དུ་རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། དེ་ལྟར་ལམ་གྱི་ཡན་ལག་བརྒྱད་རྣམས་སོ་སོར་ལེགས་འཇུག་ཅེས་སོ། །གཟུགས་ཅན་བརྒྱད་ནི་ས་དང་ཆུ་དང་མེ་དང་རླུང་དང་གཟུགས་དང་དྲི་དང་རོ་དང་རེག་བྱ་བརྒྱད་དོ། །འདི་དག་ལ་རྒྱུན་ཡོད་པའི་རྡུལ་བསགས་པའི་གཟུགས་ཅན་གྱི་དབང་དུ་བྱས་པའོ། །རྣམ་པར་ཐར་པ་བརྒྱད་དེ། སྒོམ་པ་པོ་རང་ལ་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་སྣོད་བཅུད་ཀྱི་གཟུགས་རྣམས་སྟོང་པར་བལྟ་བ་ནི་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང་པོ་སྟེ་དེ་ཡང་སྟོང་པ་ཞེས་པ་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་སོ། །ནང་རང་གི་གཟུགས་དང་ཕྱིའི་གཟུགས་གཉིས་ཀ་སྟོང་པར་ལྟ་བ་ནི་གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་རོ། །དེ་བཞིན་དུ་སྡུག་པ་དང་། མི་

p. 937

སྡུག་པར་ལྟ་བས་བྱས་པ་ཐམས་ཅད་སྟོང་པར་བལྟ་བ་རྣམ་ཐར་གསུམ་པ་དང་། ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་མུ་བཞི་བོ་སྟོང་པར་ལྟ་བ་དང་བརྒྱད་དོ། །དེ་སྟེང་འདུ་ཤེས་དང་ཚོར་བ་འགོག་པ་འགོག་པའི་སྙོམས་འཇུག་བསྣན་ན་དགུ་ཡིན་ཡང་། དང་པོ་གཉིས་གཅིག་ཏུ་བགྲང་ན་བརྒྱད་དུ་འགྱུར་རོ། །དེ་ཐམས་ཅད་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དུ་བསྒོམ་པའོ། །དེ་ལྟར་བསམ་གཏན་གྱི་རྣམ་པར་ཐར་པ་བརྒྱད་རྣམས་དང་། བུག་པ་ཞེས་བྱ་ཡན་ལག་དགུ་ནི་གསུང་རབ་མཆོག་སྟེ་ཞེས་པ་བུག་པ་སྟེ་དགུའི་གྲངས་སུ་གནས་པའི་བྱེ་བྲག་སངས་རྒྱས་ཀྱི་གསུང་རབ་ཡན་ལག་དགུ་ནི། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པ་དང་། ལུང བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། དེ་ལྟ་བུ་བྱུང་བ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་སྟེ། འདིར་རྨད་དུ་བྱུང་བ་དང་། གཏན་ལ་དབབ་པ་དང་། རྟོགས་བརྗོད་གསུམ་ལོགས་སུ་ཕྱེ་ན་གསུང་རབ་ཡན་ལག་བཅུ་གཉིས་ཡིན་ཀྱང་དགུར་བསྡུ་བའི་ཚེ། གཏན་ལ་དབབ་པ་ནི་མདོ་སྡེ་སོགས་ཀྱིས་ཤེས་བྱའི་ཆོས་ཀུན་གཏན་ལ་འབེབ་པས་ཐམས་ཅད་ཀྱི་རྟོགས་བྱའི་དོན་དུ་འདུས་ཤིང་། རྟོགས་བརྗོད་ནི་གླེང་གཞིའམ་སྐྱེས་རབས་སུའང་འདུ་ལ། ཤིན་ཏུ་རྒྱས་པ་དང་རྨད་བྱུང་གཉིས་ཐེག་ཆེན་དུ་མཚུངས་པས་དགུའོ་ཞེས་ཁ་ཅིག་གསུངས་པ། ཕལ་ཆེན་སྡེ་བས་ནི། གླེང་གཞི་རྟོགས་བརྗོད་གཏན་དབབ་གསུམ་ཀུན་ལ་འདུས་པས་དགུའོ་ཞེས་བྷ་བ་བྷ་དྲས་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་རྣམས་དག་ནི་ཕྱོ༷གས་ཀྱི་ཚད་ཡིན་ནོ། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཕྱོགས་ཀྱི་སྟོབས་ཏེ་སྟོབས་བཅུ་དང་། གསལ་བར་དབང་བཅུ་དང་ནི་ཡན་ལག་བཅུ་གཉིས་ཀྱི་རྟེན་འབྲེལ་དག་སྐྱེ་བ་དང་ནི་

p. 938

འགོག་པ་དག་གོ་ཞེས་པ་འདི་རྣམས་ཀྱི་ཚུལ་ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་བརྗོད་ཟིན་ཏེ་དེ་བཞིན་ཉིས་འགྱུར་དགུ་ནི་མ་འདྲེས་པ་ཡི་སངས་རྒྱས་ཆོས་ཞེས་པ་མ་འདྲེས་པ་བཅོ་བརྒྱད་ཀྱང་སྔར་བརྗོད་དོ། །འདིར་འགྲེལ་པ་ལས་དགེ་སློང་རྣམས་ཀྱི་སྦྱངས་པའི་ཡོན་ཏན་བཅུ་གཉིས་གསུངས་པ་ཟས་བཟང་པོ་ལ་ཞེན་པའི་གཉེན་པོར་བསོད་སྙོམས་པ། གོས་མང་པོ་ལ་ཞེན་པའི་གཉེན་པོར་ཆོས་གོས་གསུམ་པ། ཟས་ཡང་ཡང་ལེན་པ་ལ་ཞེན་པའི་གཉེན་པོར་ཟས་ཕྱིས་མི་ལེན་པ། ཉལ་བ་དང་སྙེས་པ་སོགས་ལ་ཞེན་པའི་གཉེན་པོར་ཙོག་པུ་པ། འདུག་ས་ཡང་ཡང་སྤོ་བ་ལ་ཞེན་པའི་གཉེན་པོར་གཞི་ཇི་བཞིན་པ། ཡང་ཡང་ཟ་བའི་གཉེན་པོར་སྟན་གཅིག་ལ་འདུག་པས་ཟ་ཡི། དེ་ལས་ལངས་ནས་སླར་མི་ཟ་བ་གདན་གཅིག་པ། གནས་སྟེང་གཡོགས་ཅན་ལ་ཞེན་པའི་གཉེན་པོར་བླ་གབ་མེད་པ། གནས་ཀུན་ནས་བསྐོར་བ་ལ་ཞེན་པའི་གཉེན་པོ་ཤིང་དྲུང་པ། འདུ་འཛི་ལ་ཞེན་པའི་གཉེན་པོར་གྲོང་ལས་རྒྱང་བ སྲིངས་ཏེ་དབེན་པར་གནས་པ་དགོན་པ་པ ། གནས་ཀྱི་སྦྱོར་བ་བཟང་པོ་ལ་ཞེན་པའི་གཉེན་པོ་དུར་ཁྲོད་པ། གོས་བཟང་པོ་ལ་ཞེན་པའི་གཉེན་པོར་ཕྱག་དར་ཁྲོད་པ། གོས་བཟང་འཇམ་ལ་ཞེན་པ་སྤང་བའི་ཕྱིར་ཕྱིངས་པ་བ་སྟེ། དེ་ལྟར་ལས་ཀྱི་དབང་དུ་བྱས་པ་གསུམ་དང་། གོས་ཀྱི་དབང་དུ་བྱས་པ་གསུམ། གནས་ཀྱི་དབང་དུ་བྱས་པ་བཞི། སྤྱོད་ལམ་གྱི་དབང་དུ་བྱས་པ་གཉིས་ཏེ་བཅུ་གཉིས་སོ། །རབ་མཆོག་རྒྱལ་བའི་བདག་པོའི་མཚན་བཟང་པོ་ནི་སུམ་ཅུ་རྩ་གཉིས་དག་དང་དཔེ་བྱད་རྣམས་ཀྱང་བརྒྱད་ཅུ་སྟེ། དེ་ལྟར་དང་པོར་གཞི་ལམ་འབྲས་བུའི་ཆོས་ཀྱི་རྣམ་གྲངས་སྣ་ཚོགས་ཀྱི་བསྡུ་བ་ཤེས་པར་བྱས་ནས། དེ་ནས་ཁྱབ་བདག་མཆོག་གི་གོ་འཕང་ལྷན་ཅིག་སྐྱེས་པ་གཉིས་སུ་མེད་པའི་མ་ནིང་གི་རང་བཞིན་ཏེ་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་ལ་ཟློ་བ་འདི་དག་མཐའ་དག་སྔགས་པ་ཡིས་ནི་རང་གི་ལུས་ལ་བསྒོམ་པར་

p. 939

བྱ་བ་ཡིན་ཞེས་པ་ཆོས་ཀྱི་སྒོ་ཚད་མེད་གྲངས་མེད་པ་ཤེས་ཀྱང་མཐར་ཐུག་ཆོས་ཀྱི་དོན་པོ་གཉིས་སུ་མེད་པའི་ཡེ་ཤེས་ནི་རང་གི་ལུས་འདི་ལ་གནད་དུ་བསྣུན་པའི་ཐབས་ཀྱིས་མངོན་དུ་བྱའོ་དེ་ཡང་ལམ་ཡང་དག་པར་སྟོན་པའི་སློབ་དཔོན་དང་བཅས་པའི་སློབ་མ་དག་གིས་དེ་ལྟར་བྱའོ་ཞེས་གསུངས་པའོ། །དེ་ནས་རྩིས་ཀྱི་གྲངས་ཀྱི་མིང་གི་རྣམ་གྲངས་བསྡུ་བ་ནི་ཟླ་བའི་རང་བཞིན་གཅིག་ཏེ་ཞེས་འགྱུར་འགར་འབྱུང་ཡང་། ཟླ་བ་གཟུགས་དག་གཅིག་སྟེ་ཞེས་རྭ་འགྱུར་ལས་འབྱུང་བ་ལྟར་ལེགས་སོ། །ཟླ་བ་དང་རང་བཞིན་ནམ་གཟུགས་ཞེས་གྲངས་གཅིག་པུའི་མིང་གི་རྣམ་གྲངས་དག་སྟེ། འཇིག་རྟེན་ན་ཟླ་བ་གཅིག་ལས་མེད་པ་དང་། གཟུགས་ཀྱི་ཕུང་པོ་གཅིག་པའམ་དང་པོར་བརྩི་བའི་ཕྱིར་རོ། །གཟུགས་ཀྱི་སྐད་དོད་རང་བཞིན་དུ་བསྒྱུར་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་པ་ཉིད་དུ་གཅིག་པས་སོ། །ཟུང་དང་ལག་པ་མིག་དང་འཁྲིག་པ་དང་། ཟླ་བའི་དཀར་ནག་གི་ཕྱོགས་དང་ལྷོ་བྱང་གི་བགྲོད་པ་དག་ནི་གཉིས་ཀྱི་གྲངས་བརྗོད་པའི་བརྡ་སྟེ་དེ་རྣམས་གཉིས་ཡོད་པས་སོ། །འདོད་ཁམས་སོགས་སམ་ས་འོག་ས་སྟེང་ས་བླའི་འཇིག་རྟེན་དང་། འདས་མ་འོང་ད་ལྟར་གྱི་དུས་དང་། སྙིང་སྟོབས་སོགས་ཡོན་ཏན་དང་། ལྷོ་ཕྱོགས་རྟ་གདོང་དང་། ཁྱིམ་གྱི་ཉི་མ་དང་། བསྲེག་བྱ་ཟ་བའི་མེ་ནི་གསུམ་མོ། །ཆུ་གཏེར་དང་རྒྱ་མཚོ་ལ་ཕྱོགས་ཀྱི་དབྱེ་བས་རི་རབ་ཀྱི་ཁ་དོག་གིས་བསྒྱུར་བའི་རྣམ་པ་བཞི་དང་། གང་ག་ལ་སོགས་པའི་ཆུ་བོ་བཞི་དང་། རྫོགས་ལྡན་སོགས་དུས་བཞི་དང་། ངེས་ཚིག་སོགས་རིག་བྱེད་དག་ནི་བཞི་ཡོད་པའི་ཕྱིར་ཆུ་གཏེར་ལ་སོགས་པ་བཞི་རུ་བརྗོད་དོ། །མདའ་དང་ཞེས་པ་བདུད་ཀྱི་མེ་ཏོག་གི་མདའ་ལ། དྲེགས་བྱེད། རྨོངས་བྱེད། ཀུན་ཏུ་རྨོངས་བྱེད། བརྒྱལ་བར་བྱེད་པ་སེམས་མེད་པར་བྱེད་པ་ལྔ་ཡོད་པར་གསང་འདུས་འགྲེལ་པ་སྒྲོན་གསལ་ལས་གསུངས་ཤིང་། དགྲ་ནག་གི་འགྲེལ་

p. 940

བར། མྱོས་བྱེད་འདར་བྱེད། རྨོངས་བྱེད། ལྟུང་བྱེད་བརྒྱལ་བྱེད་ལྔར་བཤད་ལ། འཆི་མེད་མཛོད་ཀྱི་འགྲེལ་བ་འདོད་འཇོར། མྱོས་བྱེད་ཀྱི་མདའ་དང་། སྲེད་བྱེད་དང་། ཡང་དག་རྨོངས་དང་། སྐེམས་བྱེད་དང་། འཆི་བྱེད་ཀྱི་མདའ་ལྔ་ཞེས་བཤད་དོ། །འབྱུང་བ་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔ་དང་། དབང་པོ་མིག་རྣ་སྣ་ལྕེ་ལུས་ལྔ་སྟེ་དེ་ལྟར་འདི་རྣམས་ནི་ངེས་པར་ལྔ་རུ་རབ་ཏུ་འགྱུར་ཏེ། རོ་དང་དུས་ནི་དྲུག་ཅེས་པ། རོ་མངར་སྐྱུར་ལན་ཚ་ཁ་ཚ་བསྐ་བ་དྲུག་དང་། དུས་ནི་དགུན་སྟོད་ལ་སོགས་པ་དྲུག་ཡོད་པའི་ཕྱིར་རོ། །གཟའ་དང་རི་བོ་ཐུབ་པ་ཞེས་པ་བདུན་གྱི་གྲངས་ཏེ་ཞེས་པ། ཉི་མ་སོགས་རེས་གཟའ་བདུན་དང་། རི་བོ་འོད་སྔོན་ནས་རྡོ་རྗེའི་རིའི་བར་བདུན་དང་། ཐུབ་པ་ནི་ཁམས་ལེར་གསུངས་པ་ལྟར་མེ་སྦྱིན་ལ་སོགས་པ་ཐུབ་པ་དྲང་སྲོང་གི་གཙོ་བོ་བདུན་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་མཐའ་ཡས་ལ་སོགས་པ་ཀླུ་བརྒྱད་དང་། འདོད་འཇོར། ཡིད་གཅུགས་རེངས་བྱེད་ཟླ་བ་དང་། འཛིན་པ་ཉིད་དང་རླུང་དང་མེ། ཐོ་རངས་དང་ནི་རབ་གསལ་བྱེད། བརྒྱད་པོ་དེ་རྣམས་ནོར་ལྷར་བཤད་ཅེས་པས་ནོར་ལྷ་ནི་བརྒྱད་ཀྱི་གྲངས་ཡིན་ནོ། །དེའི་ཕྱིར་དེ་བཞིན་ཀླུ་དང་ནོར་ནི་བརྒྱད་ཡིན་ནོ། །རྩ་དང་བུག་པ་གཟའ་དང་གཏེར་ཡང་དགུ་སྟེ་ཞེས་པ། རྩ་དང་བུག་པ་ནི་མིག་གཉིས། རྣ་བ་གཉིས། སྣ་བུག་གཉིས། ལྕེ་དང་། ལྕེ་ཆུང་། ཚངས་པའི་བུ་ག་བཅས་དགུ་དང་། དེ་ལ་ཟུག་པའི་རྩ་དགུའོ། །གཟའ་རེས་གཟའ་བདུན་གྱི་སྟེང་དུ་སྒྲ་གཅན་དང་མཇུག་རིངས་བསྣན་པས་དགུ་དང་། གཏེར་ནི་མི་འཛད་པའི་ནོར་གྱི་ཕུང་པོ་ཆེན་པོའི་མཛོད་ཀྱི་མིང་ཡིན་ལ། དེའི་རབ་དབྱེ་དགུ་ནི་འགྲེལ་བ་འདོད་འཇོར། པདྨ་ཅན་དང་། དུང་དང་། པདྨ་ཆེན་པོ་དང་། ཆུ་སྲིན་དང་། རུས་སྦལ་ཅན་དང་། རྔ་ཅན་དང་། དགའ་བ་ཅན་དང་། སྔོན་པོ་དང་། འབྱིན་བྱེད་ཅེས་སུ་

p. 941

བཤད་དོ། །ཕྱོགས་ནི་ཤར་ལ་སོགས་པ་བཅུ་དང་། དབང་ཕྱུག་གམ་དྲག་པོ་དག་ནི་བཅུ་གཅིག་གོ། ཞེས་པ་འདོད་འཇོར། འཇོག་པོ་དྲག་པོ་བརྩོན་འགྲུས་ལྡན། །འཕྲོག་བྱེད་ཉིད་དང་བདེ་འབྱུང་དང་། །མིག་གསུམ་གཞན་གྱིས་མི་ཐུབ་དང་། དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་རྣམས་སུ་བཤད། །ཅེས་པ་བཞིན་ཏེ་དབང་ཕྱུག་གི་རྣམ་འགྱུར་གཞན་དང་མིང་གཞན་བཅུ་གཅིག་གོ། ཉི་མ་ལུས་མེད་མ་ནུ་སྲིད་པ་གང་དང་ཚེས་དང་མི་བདག་ཞེས་པ་འདི་རྣམས་བཅུ་གཉིས་ནས་ནི་གྲངས་རེ་རེ་འཕེལ་བའི་གྲངས་དེ་དག་གི་རྣམ་གྲངས་ཏེ། ཉི་མ་ནི་བཅུ་གཉིས་ཀྱི་མིང་སྟེ། འདོད་འཇོར་ཉི་མ་ལ་ནི་བཅུ་གཉིས་དང་ཞེས་དང་། དེ་ལ་ཉི་མ་ཉིད་དང་། རང་གི་མིང་མེད་ཅན་རྣམས་ནི། །དབང་པོ་འཛིན་བྱེད་ཡོངས་གཞན་དང་། །འཇོག་པོ་རྒྱལ་བྱེད་བསྟེན་བྱ་དང་། །ཆ་ཅན་རྣམས་གནས་ཁྱབ་འཇུག་དང་། །འོད་ཅན་བགྲོད་བྱེད་བཤེས་གཉེན་ཉིད། །ཅེས་སོ། །ལུས་མེད་ནི་འདོད་པའི་མིང་ཡིན་ལ། དབང་ཕྱུག་གི་མིག་གསུམ་ནས་མེ་བྱུང་བས་བསྲེག་པས་ལུས་མེད་པར་སྐྱེས་སོ་ཞེས་བཤད། བཅུ་གསུམ་པོ་འདི་ཡིན་གྱི་གསལ་ཁ་སྔ་འགྲེལ་རྣམས་སུ་མ་བཤད་དོ། །ཡང་ན་ཡན་ལག་མེད་དང་ཞེས་རྭ་འགྱུར་དང་འགྱུར་མངས་ལྟར་ན་ཡན་ལག་མེད་པ་ཁུ་བ་སྟེ་དེ་འཕོས་པ་ལས་ཆགས་པ་སྐྱེ་ལ་ཆགས་པ་དང་ཆུ་སྐྱེས་ཞེས་པ་མིང་གི་རྣམ་གྲངས་སུ་བཤད་ཅིང་། ཆུ་སྐྱེས་ནི་མཐོ་རིས་ལྷའི་སྨད་འཚོང་མར་བརྗོད་ལ། དེ་ལ་འདོད་འཇོར་གློག་གི་འོད་ཅན་མ་དང་། ཏིལ་མཆོག་མ་དང་། པད་དཀར་མོ་དང་། གློག་འདབ་མ་དང་།ཤིང་རྟ་བཟང་མོ་དང་། ལག་བཟངས་མོ་དང་། རབ་ཏུ་མྱོས་བྱེད་མ་དང་། མེ་ན་ཀ་དང་། སྐྲ་འདྲེས་མ་དང་། མུན་ཛ་སྐྱེས་དང་། ཨ་ལམ་མུ་ཤ་དང་། ཆུ་ཤིང་བརླ་ཅན་མ་དང་། སྐེད་ལེགས་མ་ཞེས་འབྱུང་བ་རྣམས་ཡིན་ནམ་སྙམ་

p. 942

མོ་ཞེས་བུ་སྟོན་གསུངས། ལུས་མེད་འདོད་པའི་ལྷའི་མིང་ཡིན་ལ་འདོད་ལྷས་འདོད་ཆགས་བསྐྱེད་པས་འདོད་པ་ཡང་བཅུ་གསུམ་གྱི་མིང་དུ་བྱས་པར་སྣང་ངོ་། །མ་ནུ་ཞེས་པ་ཡིད་ཅན་དང་སྲིད་པ་ཞེས་པ་གང་ཡིན་པ་བཅུ་བཞི་སྟེ། ཡིད་ཅན་སེམས་ཅན་ཡིན་ལ་དེའི་དབྱེ་བ་བཅུ་བཞི་ནང་ལེར་གསུངས་པ་ལྟར་ལྷ་བརྒྱད་དུད་འགྲོ་སྐྱེ་གནས་བཞི་མི་དང་དམྱལ་བ་གཉིས་ཏེ་བཅུ་བཞིའོ། །སྲིད་པའི་གནས་ཀྱང་སྔར་བཤད་འགྲོ་བ་དེ་དག་གི་གནས་བཅུ་བཞི་པོའམ། ཟླ་བའི་རྐང་གནས་བཅུ་བཞིའོ། །ཚེས་ལ་འཕེལ་འགྲིབ་ཀྱི་ཆ་བཅོ་ལྔ་ཡོད་པའི་ཕྱིར་རོ། །མི་བདག་ནི་བཅུ་དྲུག་སྟེ་འགྲེལ་པ་པདྨ་ཅན་ནས་རྒྱལ་པོ་ཤིང་རྟ་ལ་སོགས་པ་བཅུ་དྲུག་གོ་ཞེས་ཟེར་ཡང་ན་འཛམ་གླིང་ན་ཡུལ་ཆེན་པོ་བཅུ་དྲུག་ཡོད་པས་དེའི་རྒྱལ་པོ་བཅུ་དྲུག་གོ། ཉེས་པ་འདི་དག་བཅོ་བརྒྱད་ཀྱི་མིང་ཡིན་ཏེ། མདོ་ལས་ལུས་ལ་མི་སྡུག་པའི་སྐྱོན་བཅོ་བརྒྱད་གསུངས་པ་དེ་རྣམས་ཏེ། འདུལ་བ་ཕྲན་ཚེགས་ཀྱི་འགྲེལ་བ་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་ལས། མཚན་མ་ངན་པ་བཅོ་བརྒྱད་དང་ལྡན་པ་ཞེས་བྱ་བ་ལ། མགོ་སྐྲ་བྱི་པ་དང་། ངན་པ་དང་། དཔྲལ་བ་ཆུང་བ་དང་། མདོག་སེར་སྐྱ་དང་། མིག་སེར་བ་དང་། སྨིན་མཚམས་འཕྱར་བ་དང་། སྣ་ལེབ་པ་དང་། སོ་ཏོ་བ་དང་། ལྕེ་དིག་པ་དང་། མིག་ཟླུམ་པ་དང་། མིག་ཆུང་བ་དང་། ཕྱི་ནང་དུ་བསྒྱུར་བ་དང་། ལྟོ་ཆེ་བ་དང་། དཔུང་བ་དང་རྗེ་ངར་ཐུང་བ་དང་། སྤུ་ཅན་དང་། ལག་པ་དང་རྐང་པ་མི་མཉམ་པ་དང་། ཚིགས་སྦོམ་པ་དང་། འདིའི་ཁ་དང་ལུས་ལ་དྲི་ངན་པ་འབྱུང་བའོ་ཞེས་བཤད་དོ། །རྒྱལ་བ་མཆོག་ནི་མ་ལུས་དེ་རྣམས་ཉི་ཤུ་རྩ་བཞིའོ། །ཞེས་པ་ལང་ཀར་གཤེགས་པ་ལས། རྒྱལ་བ་ཉི་ཤུ་རྩ་བཞི་ནི། ཞེས་པ་ལྟར་རོ་ཞེས་བཤད། དེ་ཉིད་ཅེས་གྲགས་ཉི་ཤུ་རྩ་ལྔ་ཡིན་ཏེ་ཞེས་པ། རང་བཞིན་ཉེར་བཞི་དང་སྐྱེས་བུ་དང་ཉེར་ལྔ་ཡོད་པའི་ཕྱིར་རོ། །

p. 943

གཉིས་སྐྱེས་ཞེས་པ་སུམ་ཅུ་རྩ་གཉིས་ཉིད་དུ་འགྱུར་ཞེས་གཉིས་སྐྱེས་ནི་སོའི་མིང་ཡིན་ལ། མི་ཕལ་པ་ལ་སྟེང་འོག་གི་ཐག་འགྲམ་རྫོགས་པ་གཅིག་ལ་སོ་སུམ་ཅུ་རྩ་གཉིས་ཡོད་པའི་ཕྱིར་རོ། །དེ་ལྟར་རྒྱུད་ཀྱི་ཁོག་དོན་ཡོངས་སུ་རྫོགས་པ་ལེགས་པར་གསུངས་ནས་གསུམ་པ་མཇུག་གི་དོན་བསྡུ་དང་རྒྱུད་ཀྱི་ཆེ་བའི་ཡོན་ཏན་བསྔགས་པ་ནི། རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དག་ཏུ་ངེས་པར་རྡོ་རྗེའི་ཚིག་མཆོག་ཏུ་མི་འགྱུར་བའི་བདེ་བ་དབང་བཞི་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཤཱཀྱ་ཐུབ་པ་སྒྲིབ་མེད་ཡེ་ཤེས་ཀྱི་རྡོ་རྗེ་ཅན་གྱིས་སྦས་པ་སྟེ། ཅིའི་ཕྱིར་ན་རྒྱ་གར་འཕགས་པའི་ཡུལ་དུ་སྒྲ་ཚད་མངོན་པ་སོགས་ལ་མཁས་པའི་ང་རྒྱལ་ཅན་དག་གིས། བླ་མ་སྲི་ཞུས་བསྟེན་ཏེ་མི་ཞུ་བར་རྒྱུད་ཀྱི་གླེགས་བམ་མཐོང་ནས་བདག་ཅག་གིས་རྡོ་རྗེའི་ཚིག་ཤེས་སོ་ཞེས་ང་རྒྱལ་གྱིས་གཞན་ལ་སྒྲོགས་ཏེ་དབང་བསྐུར་བ་སོགས་ནོད་པ་མེད་པའི་རྒྱུ་དེས་དམྱལ་བར་འགྲོ་བར་འགྱུར་རོ། །དེ་བས་ན་ཉེས་པ་དེ་དག་དགག་པའི་ཕྱིར་སྦས་སོ། །དེས་ན་མཆོག་གི་དང་པོའི་སངས་རྒྱས་སུ་ནི་མ་སྦས་པར་གསལ་བར་བསྟན་ཏེ། ཤམ་བྷ་ལའི་ཡུལ་དུ་སྐྱེས་པ་ང་རྒྱལ་དང་གཡོ་སྒྱུ་མེད་པ་རྡོ་རྗེའི་དབང་བསྐུར་ཐོབ་པའི་སྲོ༷ག་ཆགས་སྐལ་ལྡན་རྣམས་ཀྱི་ཐར་པའི་སླད་དུ་དབང་བཞི་པའི་དོན་ཡན་ལག་དང་བཅས་པ་མ་ལུས་པ་ཡང་མངོན་སུམ་ཏུ་ཤིན་ཏུ་གསལ་བར་གསུངས་སོ། །དེ་ཕྱིར་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་བའི་སྒྲུབས་ཐབས་ཀྱི་རིམ་པ་ཡན་ལག་དང་བཅས་པ་དང་འཇིག་རྟེན་ལས་འདས་པ་དབང་བཞི་པ་མི་འགྱུར་བའི་བདེ་བ་དང་། དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་དག་ལས་མཐའ་དག་མ་ཚང་བ་མེད་པའི་རྒྱུད་འདི་ནི། བྱ་བ་དང་རྣལ་འབྱོར་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱུད་ཇི་སྙེད་པ་ཀུན་ལས་འདས་པའི་ཀུན་གྱི་བླ་མ་སྟེ། དེ་ལྟ་བུའི་དཔལ་ལྡན་རྒྱུད་ནི་དང་པོའི་སངས་རྒྱས་གང་ཞིག་རྡོ་

p. 944

རྗེ་སེམས་དཔའ་མཐའ་དག་རྒྱལ་བའི་བདག་པོའི་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་བདེ་བ་ཆེན་པོ་རབ་ཏུ་གསལ་བར་མངོན་པར་བརྗོད་པ་སྟེ་དེའི་རྗོད་བྱེད་ཀྱི་རྒྱུད་དོ་ཞེས་རྒྱལ་པོ་ཟླ་བ་བཟང་པོ་ལ་བོས་ནས་བསྟན་པའོ། །དེ་ལྟར་རྒྱུད་དོན་ཡོངས་སུ་རྫོགས་ནས་གནས་པ། ཉི་ཤུ་པ་སྟོང་ཆེན་ཡིག་ལྔ་དང་། ཡི་གེ་དྲུག་གི་སྟོང་པ་ཆེན་པོའམ་ཐིག་ལེ་སྟོང་པ་ལ་བསྟོད་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། གང་ལ་ཐོག་མཐའ་དབུས་མེད་ཅེས་སོགས་ཚིགས་བཅད་ཉིས་བརྒྱ་ཞེ་བཞི་པ་ནས། ཉིས་བརྒྱ་ཞེ་བརྒྱད་པའི་བར་གྱིས་བསྟན་ཏེ་འདིར་རྒྱུད་ཀྱི་རྒྱལ་པོ་འདིའི་བརྗོད་བྱའི་དོན་ནི་ཨེ་ཝཾ་ཟུང་འཇུག་བདེ་སྟོང་དབྱེར་མེད་དོན་གྱི་ཡེ་ཤེས་དེ་ཉིད་ཡིན་ལ། དེ་ཡང་ཕུང་པོ་ལྔ་སྒྲིབ་བྲལ་གྱི་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་ཝཾ་ཡིག་བདེ་བ་ཆེན་པོ་དང་། ཁམས་དྲུག་སྒྲིབ་བྲལ་ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་ཨེ་ཡིག་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཡིན་ལ། ཕུང་ཁམས་ཀྱི་ཆོས་ཐམས་ཅད་སྒྲིབ་བྲལ་དུ་སྡོམ་པ་ནི་མཚོན་བྱེད་རྟགས་ཀྱི་ཨེ་ཝཾ་འདི་ཁོ་ནས་བསྡུས་པ་ཡིན་པས་ན་རྒྱུད་ཀྱི་ཐོག་མར་ཡང་དེ་ཉིད་གཞི་ལྟ་བུར་བསྟན་ཞིང་། ལེའུ་ལྔའི་སྐབས་ཀུན་དུའང་དེ་ཉིད་ཀྱི་དོན་དངོས་དང་དེའི་ཡན་ལག་གི་ཚུལ་གྱིས་རྒྱས་པར་བསྟན་ནས། ད་ནི་རྒྱུད་ཀྱི་དོན་ཡོངས་སུ་རྫོགས་པ་ལ་ཡང་དེ་ཉིད་ཀྱི་སྒོ་ནས་བསྟོད་པའི་དོན་བསྡུ་བ་སྟེ། དེ་ལ་དང་པོ་སྟོང་ཆེན་ཡི་གེ་ལྔ་ལ་བསྟོད་པ་ལས།སྟོང་ཆེན་དང་པོ་ཁམས་གསུམ་གྱི་རྣམ་པར་ཤེས་པ་འགགས་པའི་འགྱུར་མེད་དམ་གཞོམ་མེད་གྲི་གུག་གིས་མཚན་པས་མཚོན་པ། ཕྱི་ནང་གཞན་གསུམ་ལས་གཞན་རྣམ་པར་ཤེས་པའི་ཕུང་པོ་སྒྲིབ་བྲལ་དུ་གྱུར་པ་མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས་གང་ཞིག །ཡེ་ཤེས་ཀྱི་ཕུང་པོ་སྒྲིབ་བྲལ་དུ་འགགས་པ་རྡོ་རྗེ་སེམས་དཔའ་སྟེ། སྐབས་འདིར་རྣམ་ཤེས་དང་ཡེ་ཤེས་ཀྱི་ཕུང་པོ་རོ་གཅིག་པའི་བདག་ཉིད་དོ། །དེ་ཡང་སྟོང་པ་དང་པོ་འདི་ནི་རྣམ་ཤེས་ཀྱི་ཕུང་པོའི་དྲུག་ཚན་དང་། ཡེ་ཤེས་ཀྱི་ཕུང་

p. 945

པོའི་དྲུག་ཚན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྒྲིབ་པ་དང་བྲལ་བ་ཉིད་དང་། རོ་མཉམ་པ་ཉིད་དང་། གཅིག་ཏུ་འདྲེས་པར་གྱུར་པའི་སྟོང་ཆེན་དང་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འདི་ནི། འཁོར་བའི་རྣམ་ཤེས་ཀྱིས་བསྡུས་པའི་དབང་པོ་དང་ཡུལ་ལ་སོགས་པ་རྣམས་ཀྱི་ཆོས་ཉིད་ལས་འདས་པ། རང་བཞིན་གྱིས་འོད་གསལ་བ། ཀུན་རྫོབ་པའི་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་དོན་དམ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པ་སྟེ། མཚན་བརྗོད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །གཉིས་མེད་ཡེ་ཤེས་ཚུལ་འཆང་བ། །ཞེས་དང་། དུས་འཁོར་རྩ་རྒྱུད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པ་གོས་པ་མེད། །ཅེས་སོགས་མཆོག་མི་འགྱུར་བའི་ཡེ་ཤེས་གྲུབ་པའི་གནས་སྐབས་སུ་དྲངས་པ་ལྟར། རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་དེའི་རིགས་ལས་བྱུང་བ་ནམ་མཁའ་ལ་སོགས་པའི་ཁམས་དང་། དབང་པོ་ལ་སོགས་པ་རྣམས་ལས་ཀྱང་འདས་པ་ཉིད་དེ། དེ་ལྟ་བུའི་ཡེ་ཤེས་གང་ལ་ཐོག་མ་སྐྱེ་བ་དང་། མཐའ་འཇིག་པ་དང་། དབུས་གནས་པ་མེད་ལ། སེམས་ཅན་གྱི་མཚན་མ་རྒྱུན་གནས་པ་དང་། དབང་པོ་འགག་པའི་འཆི་བ་དང་། སྲིད་པ་གཞན་དུ་སྐྱེ་བ་མེད་པ་དང་ནི། དེ་བཞིན་དུ་ཡུལ་གྱི་མཚན་མ་སྒྲ་དང་དྲི་དང་རོ་དག་དང་།རེག་བྱ་དང་གཟུགས་ཀྱི་མཚན་མ་དང་། འཛིན་བྱེད་སྒོ་ལྔའི་སེམས་ཀྱི་མཚན་མའི་རང་བཞིན་དུའང་མེད་ལ། མུ་སྟེགས་རྣམས་ཀྱིས་བརྟགས་པའི་རང་བཞིན་ཉེར་བཞི་དང་ནི་ཤེས་རིག་གི་སྐྱེས་བུ་མེད་ཅིང་། སྡུག་བསྔལ་གྱིས་འཆིང་བའི་འཁོར་བ་དང་། དེ་ལས་གྲོལ་བའི་མྱང་འདས་མར་མེ་ཤི་བ་ལྟར་རྒྱུན་ཆད་པ་དང་། བདེ་སྡུག་གི་བྱེད་པ་པོ་བདག་དང་གཙོ་བོ་ལ་སོགས་པ་ཡང་མེད་དོ། །རྒྱུ་འབྲས་ཀྱི་མཚན་མ་ཆོས་རྣམས་སྐྱེད་པར་བྱེད་པའི་རྒྱུ་ས་བོན་

p. 946

ཀུན་གཞིའི་རྣམ་ཤེས་དང་ནི། རྒྱུ་དེ་ལས་འབྲས་བུའི་སྣང་བ་ཕྱི་དང་ནང་གིས་བསྡུས་པའི་ཆོས་རྣམས་མངོན་པར་གསལ་བའི་དུས་ཀྱང་མེད་ལ། མཐའ་དག་སྲིད་པར་སྡུག་བསྔལ་བ་དང་བདེ་བ་ཉིད་ཀྱི་རང་བཞིན་ཉམས་སུ་མྱོང་བའང་མེད་དོ། །དེ་ལྟར་འཁོར་འདས་ཀྱི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་སྡུག་བསྔལ་ཀུན་གཟུང་འཛིན་འཁོར་འདས་རྒྱུ་འབྲས་སོགས་ཀྱི་མཚན་མ་གང་ཡང་མེད་ཅིང་། འཕེལ་འགྲིབ་འཆར་ནུབ་སྐྱེ་འཆི་འཆིང་གྲོལ་ལ་སོགས་པའི་བྱེད་པ་མཐའ་དག་དང་རྣམ་པར་བྲལ་བ། ཉི་ཟླ་དང་རྡུལ་མུན་སོགས་ཀྱི་ཡོན་ཏན་མེད་པ་སྒྲིབ་བྲལ་རང་བཞིན་རྣམ་དག་གདོད་མ་བདེ་བ་ཆེན་པོ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ནས་སྟོང་བ་ཆེན་པོ་འགྱུར་མེད་གཉིས་པ་དབྱུག་པའི་རྣམ་པས་མཚོན་པ་འདུ་བྱེད་ཀྱི་ཕུང་པོ་དང་རླུང་གི་ཁམས་སྒྲིབ་བྲལ་དུ་འགགས་པ། བྱ་བ་ནན་ཏན་གྱི་ཡེ་ཤེས་དོན་ཡོད་གྲུབ་པའི་རང་བཞིན་ལ་བསྟོད་པ་ནི། འཕོ་བའི་སྐད་ཅིག་འགགས་པར་གྱུར་པས་མཆོག་ཏུ་མི་འགྱུར་བ་འཕོ་མེད་བདེ་བ་ཆེན་པོའི་སྐད་ཅིག་གི་དུས་ནི་དུས་གསུམ་དུས་མེད་དུ་མཉམ་པ་དང་། དེས་བསྐྱེད་པའི་བྱ་གྲུབ་ཡེ་ཤེས་ཀྱི་རྣམ་པར་རོལ་པ། གདུལ་བྱ་རྣམས་ལ་མཐའ་ཡས་པའི་རྣམ་པར་སྤྲུལ་པ་སྣ་ཚོགས་སུ་སྣང་བས་སྣ་ཚོགས་སྒྱུ་མ་འཛིན་པ་དང་། ལ་སོགས་པས་རྣམ་པ་ཐམས་ཅད་པ་དང་། སྒྱུ་འཕྲུལ་དྲ་བའི་ཚུལ་འཆང་བ་སྟེ། མདོར་ན་རྡོ་རྗེའི་དུས་བདེ་བ་ཆེན་པོས་ཕུང་ཁམས་སྣང་སྲིད་ཀྱི་ཆོས་ཐམས་ཅད་སྒྲིབ་བྲལ་གྱི་འཁོར་ལོར་བསྐྱེད་པ་ནི་སྒྱུ་འཕྲུལ་དྲ་བའི་རོལ་པ་སྣ་ཚོགས་པ་དང་རྣམ་པ་ཀུན་ལྡན་ནོ། །དེ་ཡང་གཉིས་ཆོས་སུ་འབྱེད་པ་མེད་པའམ་རྟོག་པ ས་མི་ཕྱེད་པའི་རྡོ་རྗེ་དང་། ཐོག་མཐའ་མེད་ཅིང་རྡོ་རྗེ་སེམས་དཔའི་ངོ་བོས་དཔལ་མཆོག་དང་པོའི་སྐྱེས་བུ་དང་། འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པས་དཔེ་ཟླ་མེད་ཅིང་། སྒྲིབ་བྲལ་གྱིའམ་ཆོས་ཐམས་ཅད་ལ་ཁྱབ་པས་

p. 947

ཀུན་ཏུ་འགྲོ་བ་དང་། གཟུང་འཛིན་ཐམས་ཅད་སྤངས་པས་སྤྲོས་པ་མེད་པ་དང་། དབང་པོ་ཐམས་ཅད་པ་ཡིན་པས་དབང་པོ་རེ་རེས་ཀྱང་དོན་ཀུན་འཛིན་པས། རྣ་བ་སོགས་དང་དབུ་དང་ཕྱག་དང་ཞབས་རྣམས་ཐམས་ཅད་བརྩེགས་པ་ལ་གནས་པ་སྟེ། ཀུན་ནས་ཞལ་དང་ཕྱག་ཅེས་སོགས་སུ་གསུངས་པའམ་ཡང་ན་བརྩེགས་པ་ལ་གནས་ཞེས་པ་ཐེར་ཟུག་སྟེ་རྟག་པར་གནས་པ་ཞེས་སོ། །རྣ་བ་དང་སྣ་དང་ཁ་དང་མིག་དང་མགོ་སྟེ་དེ་བཞིན་ཐམས་ཅད་ནས་ནི་ཕྱག་དང་ཞབས་ཞེས་པ་ཡེ་ཤེས་ཀྱི་སྐུ་ལ་རིས་སུ་ཆད་པའི་མཚན་མ་མེད་ཀྱང་ཇི་ལྟར་སྣང་བ་སྐུ་ཡི་ཆ་དེས་ཐམས་ཅད་ནས་ཐམས་ཅད་དུ་ཤེས་བྱ་གཟིགས་ཤིང་དེས་མ་ཁྱབ་པ་གང་ཡང་མེད་དེ་ཡུལ་དུས་ཉི་ཙེ་བ་མ་ཡིན་པའི་ཕྱིར་རོ། །དེས་ན་ཐམས་ཅད་དུ་རྣ་བ་ལ་སོགས་པའི་དབང་པོ་དང་དབུ་དང་ཕྱག་སོགས་སུ་འགྱུར་ཏེ་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །འབྱུང་བའི་མཐའ་ཞེས་པ་འབྱུང་བ་ཐམས་ཅད་འབྱུང་བར་བྱེད་པའི་རླུང་ཁམས་ཉིད་སྒྲིབ་བྲལ་དུ་འགགས་ཕྱིན་འབྱུང་བའི་མཐའ་སྟེ། འབྱུང་བ་ཐམས་ཅད་དེར་འགགས་པ་ནི་འབྱུང་བའི་མཐའ་ཡིན་པའི་ཕྱིར་རོ། །འབྱུང་པོའི་མགོན་པོ་ནི་སྲིད་པར་འབྱུང་བའི་འབྱུང་བོ་སྐྱེ་དགུ་མཐའ་དག་གི་མགོན་པོའོ། །འབྱུང་པོ་སྒྲིབ་བྲལ་གྱི་སྲིད་པ་གསུམ་གྱི་དབང་ཕྱུག་གམ་མགོན་པོ་ཞེས་ཟེར་ཀྱང་། འདི་ལ་སྒྲིབ་བྲལ་གྱི་ཁྱད་པར་སྦྱར་དགོས་པ་ཅང་མི་འདུག་གོ། སྲིད་པ་གསུམ་པོ་མཆོག་སྒྲིབ་བྲལ་གྱི་སྲིད་པ་ཀུན་ནས་འཛིན་པ། དག་པའི་སྲིད་གསུམ་སྐྱེད་པའི་རྒྱུ་འགྱུར་མེད་བདེ་བའི་སྐད་ཅིག་རྣམས་དག་གི་བྱེད་པ་པོའི་རྒྱུར་གྱུར་པ་ནི། སངས་རྒྱས་ཀྱི་ཕྲིན་ལས་བྱ་གྲུབ་པའི་ཡེ་ཤེས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་སྒྲིབ་པ་བྲལ་བར་བྱས་ནས་ལམ་འགྱུར་མེད་བདེ་བའི་ཡེ་ཤེས་ལ་འཇུག་པའི་ལྷན་ཅིག་བྱེད་རྐྱེན་མཛད་པ་སྟེ། རྒྱུད་བླ་མ་ལས། སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་

p. 948

སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནས། །ཉོན་མོངས་ཤེས་བྱའི་སྤྲིན་གྱི་དྲ་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་ང་གིས་རྣམ་པར་གཏོར། །ཞེས་གསུངས་པ་བཞིན་ནོ། །དེ་དག་ཀྱང་རིག་བྱེད་ལ་སོགས་པའི་ཆོས་ཀྱིས་བགྲོད་ཅིང་རྟོགས་བྱ་མ་ཡིན་གྱི། ནང་རིག་པ་རྣམ་པ་ཐམས་ཅད་པའི་སྟོང་པ་རྒྱུ་དང་། ལ་སོགས་པའི་སྒྲས་འགྱུར་མེད་བདེ་བ་འབྲས་བུའི་བདག་ཉིད་དབྱེར་མེད་པའི་རྡོ་རྗེའི་རྣལ་འབྱོར་དག་གིས་བགྲོད་བྱའམ་རྟོགས་བྱ། འགྱུར་བའི་བག་ཆགས་སྤངས་པས་མཆོག་བདེའི་སྟེ་མཆོག་གི་བདེ་བའི་གོ་འཕང་བརྙེས་པ་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ལྟར་འདུ་བྱེད་དང་རླུང་དང་དབང་པོ་དང་ཡུལ་དང་ལས་དབང་དང་བྱ་བ་ལས་འདུ་བྱེད་དང་རླུང་གི་ཁམས་ཀྱི་སྡེ་ཚན་རྣམས་སྒྲིབ་བྲལ་དུ་དག་པས་དོན་གྲུབ་ལ་སོགས་པའི་ལྷར་གྱུར་པ་ནི་སྔར་བརྗོད་པ་བཞིན་དུ་ཁམས་གཞན་རྣམས་ལའང་ཤེས་པར་བྱའོ། །དེ་ནས་སྟོང་པ་ཆེན་པོ་འགྱུར་མེད་གསུམ་པ་ཐིག་ལེ་གཉིས་ཏེ་རྣམ་བཅད་ཀྱིས་མཚོན་དོན། ཚོར་བའི་ཕུང་པོ་དང་མེ་ཁམས་འགགས་པ་རིན་ཆེན་འབྱུང་ལྡན་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བསྟོད་པ་ནི། སྤྱི་བོའི་ཐིག་ལེ་ཞུ་བའི་བདེ་བ་སྤྲོ༷་བར་བྱེད་པ་ནི་ལུས་ལ་རྡུལ་གྱི་ཆ་གཏུམ་མོ་ཡེ་ཤེས་ཀྱི་མེ་དེ་ནི། སྲོག་ཐུར་འདྲེས་པ་ལས་མེ་དེ་འབར་བས་བདེ་བ་ཆེན་པོ་འདྲེན་པར་ནུས་པའི་ངོ་བོའམ་ལྷ་མོ་ནུས་མའི་ངོ་བོ་གང་ཞིག་ལྟེ་གསང་གི་བར་ནས་གློ༷ག་གི་དབྱུག་པའི་རྣམ་པའི་མེ་དང་མཚུངས་ཤིང་གྱེན་དུ་སོང་བ་གང་ཞིག །ནང་གི་ཁྱིམ་དུས་སྦྱོར་བཅུ་གཉིས་ཀྱི་རླུང་དབུ་མར་ཞུགས་པར་བྱེད་པས་ཕྱིའི་ཁྱིམ་བཅུ་གཉིས་ལ་བགྲོད་པའི་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན་ཏེ་རྣམ་རྟོག་དང་སྡུག་བསྔལ་ཐམས་ཅད་འཇོམས་པས་དེ་དག་གིས་བཟོད་པར་དཀའ་བའི་མེ་མཆོག་ཏུ་མི་འགྱུར་བ་ཡེ་ཤེས་རྡོ་རྗེའི་སྣང་བ་རྣམ་ཀུན་མཆོག་གི་གོ་འཕང་བགྲོད་པར་བྱེད་པ་རྣམ་པར་བཅད་པ་ཐིག་ལེ་གཉིས་བརྩེགས་པའི་གཟུགས་

p. 949

ཅན་དེ་ལ་ཕྱག་འཚལ་ལོ། །ཞེས་པ་མེ་ཁམས་གཏུམ་མོའི་མེས་བདེ་བ་ཆེན་པོ་དྲངས་ནས་དངོས་པོ་ཐམས་ཅད་མི་འགྱུར་བའི་བདེ་བར་མཉམ་པ་ཉིད་དུ་འགྱུར་བ་ནི་རྟག་ཆད་སོགས་མཐའ་ཐམས་ཅད་དང་བྲལ་བ་ལ་བསྟོད་པའོ། །དེ་ནས་སྟོང་པ་ཆེན་པོ་འགྱུར་མེད་བཞི་པ་ཐིག་ལེ་སྟེ་ང་རོས་མཚོན་པ་འདུ་ཤེས་དང་ཆུའི་ཁམས་འགགས་པ་སོ་སོར་རྟོག་པའི་ཡེ་ཤེས་སྣང་བ་མཐའ་ཡས་ལ་བསྟོད་པ་ནི། ནང་ལུས་ལ་གཞི་དུས་སུ་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟར་ཁ་དོག་དཀར་པོ་གང་ཞིག་བདེ་བའི་རྟེན་དུ་གྱུར་པའི་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་སྤྱི་བོའི་ཧཾ་ཡིག་ལས་ཆགས་པ་གཏུམ་མོའི་མེས་བསྐུལ་བ་ན་བྱང་སེམས་ཞུ་སྟེ་དཔྲལ་བ་ནས་གསང་བའི་བར་དུ་འཛག་པ་འཇིག་རྟེན་པ་ཀུན་གྱི་སྤྱི༷་བོར་འཁོར་ལོའི་དབུས་སུ་ཡང་དག་པར་གནས་པ་གང་ཞིག་འཕོ་མེད་དུ་གྱུར་པ་ན་ཡེ་ཤེས་ཀྱི་བདུད་རྩི་དེས་སྲིད་པར་འཕོ་བའི་འཆི་བ་གཏན་དུ་སེལ་ཞིང་སྲིད་པའི་འཇིགས་པ་དང་རྒུད་པ་མ་ལུས་པ་འཇོམས་པར་བྱེད་པ་བདུད་རྩི་ཐིག་ལེའི་གཟུགས་ཅན་དེ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། འདིར་ནི་ཆུ་ཁམས་ཁུ་བའི་རང་བཞིན་གཞི་དུས་ཀྱི་ཐབས་ཀྱི་ཆ་དེ་ཉིད་ཐབས་ཀྱིས་ལམ་དུ་བྱས་པའི་འབྲས་བུ་ཆགས་པ་ཆེན་པོ་ཞེས་གྲགས་པ་བདེ་བ་ཆེན་པོར་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ནི་མིང་དང་མཚན་མའི་འདུ་ཤེས་ཐམས་ཅད་འགགས་པའི་བདེ་བ་རོ་མཉམ་དུ་གནས་བཞིན་ཆོས་ཐམས་ཅད་མ་འདྲེས་པར་གཟིགས་པ་ལ་བསྟོད་པའོ། །སྟོང་པ་ཆེན་པོ་གཞོམ་མེད་དམ་འགྱུར་མེད་ལྔ་པ་ཐོབ་པའི་རྣམ་པས་མཚོན་པ་གཟུགས་ཀྱི་ཕུང་པོ་དང་ས་ཁམས་སྒྲིབ་བྲལ་མེ་ལོང་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ལ་བསྟོད་པ་ནི། རྣམ་པ་ཐམས་ཅད་པའི་སྟོང་གཟུགས་རང་གི་སེམས་ཀྱི་སྣང་བ་ཙམ་དེ་ཉིད་ནི། འཛག་བདེ་དང་རྣམ་རྟོག་སོགས་ལས་ཡིད་སྐྱོབ་པའི་སྔགས་ཀྱི་ངོ་བོ་སྟེ། དེ་ཉིད་ཕུང་ཁམས་སྒྲིབ་བྲལ་གྱི་ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཞེས་སམ། དོན་དམ་བྱང་

p. 950

ཆུབ་ཀྱི་སེམས་རྣམ་པ་ཀུན་ལྡན་རང་བཞིན་འོད་གསལ་ནི། སྒྱུ་འཕྲུལ་དྲྭ་བའི་རང་བཞིན་ལྷ་ཡིས་ཡོངས་སུ་བསྐོར་བ་སྟེ་རིགས་ཐམས་ཅད་ཀྱི་ཁྱབ་བདག་གཅིག་པུ་ནི་བྱང་ཆུབ་སེམས་ཀྱི་ལྷ་དེ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་། སམ་བུ་ཊ་ལས། དངོས་པོ་འདི་དག་ཀུན་རང་བཞིན། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །དེ་ཕྱིར་དེ་ཉིད་ལྷ་ཡིན་ཞིང་། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་སེམས་ཀྱི་སྣང་བ་ཙམ་ལྷ་ཡིས་ཡོངས་སུ་བསྐོར་བ་དེ་ཉིད། སྡིག་པའི་ལས་ཅན་རྣམས་ལ་སྡུག་བསྔལ་ཏེ་མི་བཟད་པའི་ཚུལ་དུ་སྣང་བ་དང་ནི། བསོད་ནམས་ཀྱི་སྟོབས་ཅན་རྣམས་ལ་འགྱུར་མེད་བདེ་བའི་དངོས་གྲུབ་ཀྱི་རང་བཞིན་ཏེ། དེ་ལྟར་རྒྱུད་དག་པའི་དམ་པ་རྣམས་ལ་ཞི་བའི་གཟུགས་སུ་ནི་སྣང་ངོ་། །རང་གིས་བྱས་པའི་སྡིག་པའི་ལས་ཀྱི་རྣམ་སྨིན་འབྲས་བུ་ཉམས་སུ་མྱོ༷ང་བ་མི་བཟད་པ་རྣམས་ལ་མི་བཟད་པ་དྲག་པོའི་གཟུགས་སུ་ཡང་སྣང་ངོ་། །མདོར་ན་གང་ཟག་གང་གིས་དགེ་མི་དགེའི་ལས་གང་ཞིག་རབ་ཏུ་བྱས་པ་དེ་དག་རང་རང་གི་སེམས་ལ་ལས་ཀྱི་ཆོ་ག་སྤྱད་པ་བཞིན་དུ་ལས་དེ་དང་དེ་ཡི་འབྲས་བུ་དེ་སྐྱེད་པ་ཉིད་དུ་སྣང་བ། བརྟན་གཡོ་ཀུན་ལ་ཁྱབ་ཅིང་ཐམས་ཅད་དེའི་བདག་ཉིད་དུ་གྱུར་པའི་འཇིག་རྟེན་དབང་པོ་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་འཆར་བས་སྣ་ཚོགས་གཟུགས་ཅན་སྲིད་པ་གསུམ་པོ་མཐའ་དག་སྒྲིབ་པ་མེད་པ་རྣམ་པར་དག་པའི་རང་བཞིན་དུ་སྐྱེད་པར་མཛད་པ། བདེ་སྟོང་དབྱེར་མེད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །ཞེས་སོ། །འདི་དག་གི་རྒྱས་པ་འཇིག་རྟེན་ཁམས་ལེར་བརྗོད་ཟིན་པས་འདིར་མ་བརྗོད་དོ། །དེ་ནས་སྟོང་ཆེན་ལྔ་འདུས་ཝཾ་ཡིག་འདི་ཡི་རྟེན་དུ་གྱུར་པ་ཨེ་ཡིག་གྲུ་གསུམ་གྱི་རྣམ་པ་ཆོས་འབྱུང་གི་གཟུགས་ཀྱི་མཚན་ཉིད་ཅན་ལས་ཁམས་གསུམ་པོ་ཐམས་ཅད་མཐོང་བ་དང་། དུས་གསུམ་པོ་ཐམས་ཅད་དུ་འཇུག་

p. 951

པའི་སྟོང་པ་ཉིད་པྲ་ཕབ་པ་དང་མཚུངས་པའི་རྣམ་ཀུན་མཆོག་ལྡན་ཆོས་ཀྱི་དབྱིངས་ཉིད་དོ། །འདི་ཡིས་དག་བྱ་སྒྲིབ་བཅས་ཀྱི་ཆོས་འགོགས་པ་ནི། ཕུང་པོ་དང་ཁམས་སོ་དྲུག་དང་། དེ་རྣམས་ལ་ཁྱབ་བྱེད་འགྱུར་བའི་བདེ་བ་དག་གི་ཡེ་ཤེས་དང་བཅས་པ་སོ་བདུན་ཏེ། འདི་རྣམས་སྒྲིབ་མེད་རོ་མཉམ་དུ་གྱུར་པ་ནི་ཆོས་ཀྱི་སྐུ་ཆོས་འབྱུང་དུ་བརྗོད་དོ། །ཆོས་འབྱུང་འདི་ནི་རྡོ་རྗེ་བཞི་པ་ཡེ་ཤེས་རྡོ་རྗེ་དང་སྟོང་ཆེན་ཡིག་ལྔ་ཡི་བདག་ཉིད་ཆོས་སྐུའི་རྟེན་ཏེ། སྟོང་ཆེན་ཡིག་ལྔ་དང་ཐིག་སྟོང་ཡིག་དྲུག་འདི་དག་གི་སྤྲུལ་པ་ནི་སྤྲུལ་པའི་སྐུ་རྫུ་འཕྲུལ་སྣ་ཚོགས་སྟོན་པར་བྱེད་པའོ། །ཆོས་སྟོན་པ་པོའི་སྒྲ་ནི་ལོངས་སྤྱོད་རྫོགས་སྐུའོ། །དེའི་ཕྱིར་ཐིག་ལེ་སྟོང་པ་དྲུག་གིས་མཚོན་པའི་སྟོང་པ་ཉིད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་དབྱིངས་འདི་ནི། གཅིག་དང་དུ་མ་ཉིད་དུ་སྣང་བ་དག་ཀྱང་སྟོང་པ་ཉིད་དུ་རོ་གཅིག་ཅིང་མཉམ་དང་མི་མཉམ་པར་སྣང་བ་ཡང་སྟོང་པ་ཉིད་དུ་མཉམ་པའོ། །འདི་ལ་མཉམ་པ་གཡས་རླུང་མི་མཉམ་པ་གཡོན་རླུང་དབུ་མར་མཉམ་པ་ཡང་ཟེར། ཡང་ན་མཉམ་པ་མྱང་འདས་དང་། མི་མཉམ་པ་འཁོར་བ་དག་ཀྱང་དེ་ཉིད་དུ་མཉམ་པ་ཞེས་སོ། །དེ་བཞིན་ཕྱོགས་ཀྱི་དབང་གིས་གཡས་ལྷོ་དང་། གཡོན་བྱང་དང་། མདུན་ཤར་དང་། རྒྱབ་ནུབ་དང་། སྟེང་དང་འོག་གི་ཕྱོགས་སུ་སྣང་བ་མུ་མེད་པ་ཀུན་ནས། མཚན་མ་ཐ་དད་པའི་སྣང་པ། ཁ་དོག་དཀར་པོ་དང་། ལྗང་ཀུ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་ཡང་། ཁ་དོག་ཆེན་པོ་རོ་མཉམ་སྟོང་པ་རྣམ་པ་ཐམས་ཅད་པའི་བདག་ཉིད་གཅིག་གི་གཟུགས་ཏེ། ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་དག་གི་དབྱངས་ཀྱི་ཆོས་ཅན་ཟླ་ཉི་སྒྲ་གཅན་དང་དེ་དག་གི་མཚོན་པའམ་ཆོས་ཅན་ལུས་ངག་ཡིད་གསུམ་ཁུ་རྡུལ་རླུང་གསུམ་སྙིང་སྟོབས་རྡུལ་མུན་གསུམ་སོགས་ཀྱི་ཡོན་ཏན་མེད་ཅེས་བྱ་སྟེ་འོན་ཀྱང་ཆོས་ཅན་མ་འགགས་པའི་ཆ་ནས་ཡོན་ཏན་སྣ་ཚོགས་སུ་སྣང་བ་དང་བཅས་པ། བུད་

p. 952

མེད་དང་སྐྱེས་པ་དག་ཏུ་སྣང་བའང་། སྐྱེས་པ་དང་བུད་མེད་ཀྱི་ངོ་བོར་གྲུབ་པ་མིན་ཏེ་སྟོང་པ་ཉིད་དུ་རོ་མཉམ་པའོ། །དེ་ལྟར་འདི་རྣམས་ཀྱིས་ཆོས་ཅན་རྣམ་པ་སྣ་ཚོགས་སུ་སྣང་ཡང་དུ་མ་རོ་མཉམ་དབུ་མ་ཆེན་པོ་སྟོང་པ་ཉིད་ཀྱི་གྲུབ་མཐའ་བསྟན་པའོ། །དེ་ལྟ་བུའི་ཆོས་ཀྱི་དབྱིངས་གང་ཞིག་ཤེས་བྱའི་ཆོས་ཀུན་གྱི་རྟེན་གཅིག་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་ཀྱི་བདག་ཉིད་བྷ་ག་བཟང་མོ་ནི་འཇིག་རྟེན་པའི་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་དང་། འཇིག་རྟེན་ལས་འདས་པ་མཆོག་ཏུ་མི་འགྱུར་བའི་རྟེན་དུ་གྱུར་ཅིང་སྒྲིབ་པ་དང་བྲལ་བའི་ཆོས་ཀུན་གྱི་འབྱུང་གནས་མཆོག་གི་བྷ་ག་ཆོས་ཀྱི་དབྱིངས་ཤེས་རབ་ཕ་རོལ་ཕྱིན་མ་ཁྱོད་ལ་འདུད་པར་འོས་པ་ཉིད་དེ། ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་དུ་གྱུར་པ་འཇམ་དཔལ་ཁྱོད་ལ་ཟླ་བ་བཟང་པོ་བདག་འདུད་དོ། །ཅེས་འབྲུ་མནན་པའང་སྣང་། ཆོས་ཀྱི་དབྱིངས་ཁྱོད་ལ་འཇམ་དཔལ་གྲགས་པ་བདག་འདུད་དོ་ཞེས་ཕྱག་འཚལ་བར་བྱས་ཀྱང་རུང་ལ། ཡང་ན་བྷ་ག་བཟང་མོ་དང་། མཆོག་གི་བྷ་གའི་ལྡོག་པའི་སྒོ་ནས་འདུད་ལན་གཉིས་ཏེ། སྡུད་པ་ལས། འདུས་བྱས་བདེ་དང་འདུས་མ་བྱས་བདེ་གང་ཡིན་པ། །བདེ་བ་དེ་ཀུན་འདི་ལས་འབྱུང་བ་རིག་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེས་རྩ་བའི་རྒྱུད་ཀྱི་གཞུང་དོན་ཡོངས་སུ་རྫོགས་པར་བསྡུས་ནས་འདི་མན་ཆད་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་དང་། རྒྱུད་ཀྱི་ཡོན་ཏན་ལ་སོགས་པ་གོ་སླའོ་ཞེས་འགྲེལ་ཆེན་དུ་འབྲུ་མནན་པར་མ་མཛད་དོ། །རྩ་བའི་ས་བཅད་བཞི་པ་མཇུག་གི་དོན་ལ་རྒྱུད་ཇི་ལྟར་བསྡུས་ཚུལ་དང་། བོད་དུ་བསྒྱུར་ཚུལ་གཉིས་ལས་དང་པོ་ལ་གཞན་ལ་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་གྱི་ཆེ་བ་བསྔགས་པ་དང་། བསྡུས་རྒྱུད་ཇི་ལྟར་བསྡུས་ཚུལ་དེའི་ཡོན་ཏན་སྨོན་ལམ་ལ་སོགས་པ་དང་བཅས་པར་བསྟན་པ་གཉིས་ལས་དང་པོ་གང་ཞིག་མི་ཡི་སོགས་ཚིགས་བཅད་ཉིས་བརྒྱ་

p. 953

ཞེ་དགུ་པ་ནས་ཉིས་བརྒྱ་ང་གཅིག་པའི་བར་གྱིས་བསྟན་ཏེ། འདི་ལྟ་བུའི་རྒྱུད་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཉིད་ཀྱིས་ལེགས་པར་བསྟན་ཅིང་དེ་ལས་བསྟན་པའི་ལམ་རྡོ་རྗེའི་རྣལ་འབྱོར་ཉིད་བླ་མ་དམ་པ་རྣམས་ལས་ལེགས་པར་བརྒྱུད་པ་ཡིན་ལ། གང་ཞིག་མི་ཡི་འཇིག་རྟེན་དག་ན་གསང་སྔགས་ཀྱི་ལམ་གཉིས་སུ་མེད་པ་རྡོ་རྗེའི་རྣལ་འབྱོར་སློབ་མ་ལ་སྟོན་ཅིང་གསལ་བར་བྱེད་པ་དཔལ་ལྡན་བླ་མ་གཉིས་མེད་ཡེ་ཤེས་ཀྱི་རྡོ་རྗེ་འཛིན་པ་གང་ཞིག །རྩ་ལྟུང་སོགས་དང་འཛག་པའི་སྒྲིབ་པ་སོགས་ཀྱི་སྡིག་པ་དང་བྲལ་བ་དེ་ནི་རྡོ་རྗེ་སེམས་དཔའ་བདག་གི་ངོ་བོ་སྟེ། དེའི་ཕྱིར་སློབ་དཔོན་དེ་ལ་ཐུགས་སུན་པའི་གནོད་པ་བྱས་པས་སྲོག་ཆགས་རྣམས་ནི་ངེས་པར་དམྱལ་བར་སྐྱེ་བར་འགྱུར་ཏེ་འདི་ལ་དེ་ཙམ་གཉན་པ་ཅི་ཡིན་ནམ་སྙམ་དུ་ངོ་མཚར་བ་མེད་དེ་རྒྱུ་འབྲས་ཟབ་མོའི་རྟེན་འབྲེལ་གྱི་མཐུ་ལས་དེ་ལྟར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །སློབ་དཔོན་དེ་ཡི་ཐུགས་མཉེས་པ་ཡིས་རྡོ་རྗེ་སེམས་དཔའ་བདག་ནི་མགུ་སྟེ། དེའི་ཕྱིར་བླ་མ་དེ་ལ་སློབ་མ་ངན་པ་གང་ཞིག་ཁྲོ་བོའི་མེ་ཡིས་བསྐུལ་ནས་དབང་མེད་དུ་ཁྲོས་པ་ཞེས་པ་ནི་ཁྲོ་བ་ཀུན་གྱི་ནང་ན་མི་བཟད་པའི་ཉེས་པ་ཆེན་པོའོ། །སློབ་དཔོན་དེ་ཉིད་སེམས་ཅན་རྣམས་ལ་གཏན་གྱི་ཐར་པ་མཆོག་འགྱུར་མེད་བདེ་མཉམ་འབྲས་བུ་སྟེར་བ་ཡིན་པས། སློབ་བུ་རྣམས་དག་གིས་དུས་ཀུན་ཏུ་འདུད་ཅིང་ཕྱག་འཚལ་བའི་འོས་དང་བདོག་པ་ཐམས་ཅད་ཀྱིས་མཆོད་པར་བྱ་བའི་འོས་སོ། །དེ་ལྟ་ན་སྡིག་ཅན་ཞེས་པ་གང་ཞིག་ཡིན་ཅེ་ན། གང་ཞིག་དཔལ་ལྡན་བླ་མའི་ཞབས་པད་བཟང་པོ་དག་ལ་ཁེངས་པའི་སྒོ་ནས་སྔ་དྲོ་དང་ཉིན་གུང་ཕྱི་དྲོ་ལྟ་བུར་དུས་གསུམ་དུ་ཕྱག་མི་བྱེད་པའོ། །མི་ཤེས་པ་གང་ཡིན་ན་གང་ཞིག་རྣམ་མང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་དུས་གསུམ་དུ་ནི་མཎྚལ་མི་བྱེད་པ་དེའོ། །མྱུར་དུ་དམྱལ་བ་མནར་མེད་པར་འགྲོ་བ་གང་ཡིན་ན། གང་ཞིག་བདེ་མཉམ་སྟེར་བྱེད་ཀྱི་བླ་མ་ལ་ཐུགས་སུན་པར་བྱས་ནས་སྐྱོ༷་བ་སྐྱེད་པ་པོ་དེའོ། །

p. 954

དབང་བཞི་པ་ཤེས་རབ་ཡེ་ཤེས་ཐོབ་པ་ཡི་སྐྱེས་བུ་གང་ཡིན་པ་ལམ་ལས་མ་ཉམས་པ་ནི་གང་ཞིག་མཆོག་གི་བླ་མའི་ཞབས་ཀྱི་པདྨོ༷་ནི་རྣམ་པ་ཀུན་དུ་མི་སྤོང་བ་དད་པ་ཆེན་པོས་གཙུག་ཏུ་འཁུར་བའོ། །ལམ་ལས་ཉམས་པ་གང་ཡིན་ན་གང་ཞིག་གཡས་གཡོན་དབུས་ཀྱི་རྩ་གསུམ་དག་ལ་གནས་པའི་རླུང་གིས་ནི་སྐྱེ་བ་མཐའ་ཡས་པའི་དུས་སུ་ཡང་ཡང་བསད་པ་སྟེ་འཆི་བར་བྱེད་པའོ། །དེས་ན་རླུང་དེ་དག་དབུ་མར་མ་བཅིངས་པ་ནི་སྔགས་ལ་ཞུགས་ཀྱང་ལམ་ལས་ཉམས་པ་སྟེ་འཆི་མེད་ཀྱི་ལམ་མ་ཐོབ་པའི་ཕྱིར་རོ། །དཔའ་བོ་གང་ཡིན་ན་གང་ཞིག་མཉམ་པ་གཡས་དང་མི་མཉམ་གཡོན་གྱི་ལམ་ལ་རྒྱུ་བའི་སྲོག་དང་ཐུར་སེལ་གྱི་རླུང་ནི་དབུ་མར་འགོག་ཅིང་གསོད་པར་བྱེད་པའོ། །སྦྱིན་བདག་གང་ཡིན་ན་གང་ཞིག་དཔལ་ལྡན་བླ་མར་རང་གི་ལུས་དང་བུ་དང་ཆུང་མ་ལ་སོགས་བདོག་པ་ཐམས་ཅད་སྟེར་བའོ། །མ་རབས་གང་ཡིན་ན་གང་ཞིག་སེམས་ཅན་སླུ་བྱེད་རང་གི་སེམས་སམ་སྙིང་གི་བག་ཆགས་ངན་པའི་སྡིག་པས་དྲངས་ཏེ་དེའི་དབང་དུ་བྱས་པའི་སེམས་ཉོན་མོངས་པ་དང་གཡོ་སྒྱུ་ཅན་ནོ། །དེའི་ཕྱིར་རྒྱུད་སྟོན་པའི་དཔལ་ལྡན་བླ་མ་ལ་རྡོ་རྗེ་སེམས་དཔའ་བཞིན་དུ་བལྟས་ཏེ་སྒོ་གསུམ་ཟོལ་མེད་དད་པའི་སེམས་ཀྱིས་བཀུར་ཞིང་མཆོད་པར་བྱས་ན་ཕན་ཡོན་ཚད་མེད་པ་ཐོབ་བོ། །གཉིས་པ་རྩ་བའི་རྒྱུད་བྱུང་བ་དང་བསྡུས་པའི་རྒྱུད་བསྡུས་པའི་ཚུལ་ལས་བརྩམ་སྟེ་རྒྱལ་པོ་འཇམ་དཔལ་གྲགས་པས་སྲས་པདྨ་དཀར་པོ་སོགས་ལ་ངེས་པ་བྱིན་པ་ནི། དཔལ་ལྡན་དཔལ་གྱི་ཆོས་ཀྱི་འཁོར་ལོ་སོགས་ཚིགས་བཅད་ཉིས་བརྒྱ་ང་གཉིས་པ་ནས་ཉིས་བརྒྱ་རེ་གཅིག་པའི་བར་གྱིས་བསྟན་ཏེ། གནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གསང་སྔགས་བླ་ན་མེད་པའི་དཔལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་དེར། ལྷ་ཡི་མཆོག་གིས་བཏུད་པའི་གདན་སེང་གེའི་ཁྲི་ནི་ཁ་དོག་སྣ་ཚོགས་པ་དེ་ལ་སངས་རྒྱས་ཤཱཀྱའི་རྒྱལ་པོ་ལྷ་དང་མི་ཡི་བླ་མ་ཉེ་བར་བཞུགས་

p. 955

པས། ཟླ་བའི་སྟེ་ཟླ་བ་བཟང་པོའི་རྒྱུད་འདི་ཞུ་བ་དེ་ཉིད་ཀྱིས། རྟོགས་ཤིང་ཁོང་དུ་ཆུད་པ་ཉིད་དུ་གཟིགས་པ་ན། དགོས་པ་སེམས་ཅན་ཐམས་ཅད་ཀྱི་ཐར་པ་མཆོག་ཐོབ་པའི་དོན་གྱི་སླད་དུ་མི་ཡི་བདག་པོ་ཟླ་བ་བཟང་པོ་སོགས་ལ་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་པ་གང་ཡིན་པ་དེ་ཡང་ད་ལྟ་འཇམ་དཔལ་གྲགས་པ་བདག་གིས་རྩ་རྒྱུད་ཀྱི་དོན་དེ་རྣམས་ཨཱ་ལི༷་ཀཱ་ལི༷་སྟེ། རྗོད་བྱེད་དབྱངས་གསལ་ཚོགས་པའི་ཚིག་ཉུང་ངུའི་རྒྱུད་དུ་བཀོད་དོ། །ཉི་མ་ཀྱེ་ཞེས་ཉི་མའི་ཤིང་རྟ་ལ་བོས་པའོ། །ཇི་ལྟར་ན་སངས་རྒྱས་ཀྱིས་ནི་རྩ་བའི་རྒྱུད་ཡི་གེ་བརྒྱད་པ་རྗེས་བསྔགས་ཀྱི་སྡེབ་སྦྱོར་དག་ཏུ་གསུངས་པ་དག་ལས་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་འདི་ནི་འཇམ་དཔལ་གྲགས་པ་བདག་གིས་ཡི་གེ་ཉེར་གཅིག་པ་རབ་བྱེད་ལྡན་གང་ཞིག་མེ་ཏོག་ཕྲེང་འཛིན་གྱི་སྡེབ་སྦྱོར་འབའ་ཞིག་གིས་བཅིངས་པས་བརྗོད་པ་ཡིན་ནོ། །དེ་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་པདྨ་དཀར་པོ་རྡོ་རྗེ་འཛིན་པ་ཁྱོད་ཀྱིས་བསྡུས་པའི་རྒྱུད་འདི་ནི་རྡོ་རྗེའི་དབང་བསྐུར་བའི་སྔགས་པ་རྣམས་ལ་བསྟན་པ་ཉིད་དུ་མཛོད་ཅིག །ཇི་ལྟར་ཉི་མ་སྟེ་ཉི་མའི་ཤིང་རྟ་དང་བཅས་པ། དྲང་སྲོང་ཐུབ་པའི་རིགས་ནི་བྱེ་བ་ཕྲག་ཕྱེད་བཞི་པོ་འདི་རྣམས་དབང་བཞི་པ་ཤེས་རབ་ཡེ་ཤེས་འགྱུར་མེད་བདེ་བ་ཐོབ་པ་བསྡུས་རྒྱུད་འདི་ཡི་དྲིན་ལས་བྱུང་བར་གྱུར་པ། དེ་བཞིན་དུ་འདོད་ཁམས་སོགས་རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་གདམས་པ་འདི་ཡི་དྲིན་ལས་ཐུབ་པའི་རིགས་དེ་བཞིན་འགྱུར་མེད་མཆོག་གི་བདེ་བ་ཆེན་པོའི་ཡེ་ཤེས་ཐོབ་པར་འགྱུར་བར་ཤོག་ཅིག །ཅེས་སྨོན་ལམ་མཛད་པ་སྟེ། འདི་ནི་འཇམ་དཔལ་གྲགས་པའི་འཁོར་ཉི་མའི་ཤིང་རྟ་ལ་སོགས་པས་འགྱུར་མེད་བདེ་བ་ཐོབ་པ་བཞིན་

p. 956

རྒྱུད་འདི་འཛིན་པ་སོགས་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་དུ་འགྱུར་བར་སྨོན་པའོ། །གཞན་ཡང་བསྡུས་རྒྱུད་འདི་ཞུ་བ་པོ་ཉི་མ་ཁྱོད་དམ་རིགས་ལྡན་རྒྱལ་པོའི་གདུང་བརྒྱུད་མི་དབང་ཕྱི་མར་གྱུར་པའི་སྲིད་པར་དུས་ཀྱི་འཁོར་ལོའི་རྣལ་འབྱོ༷ར་གཅིག་པུ་བསྒོམ་པ་ལས་ནི་རིམ་པར་འགྱུར་མེད་བདེ་བའི་ཡེ་ཤེས་ཐོབ་པར་འགྱུར་རོ། །ཉི་མ་ཁྱོད་དམ་མི་དབང་དུས་ཀྱི་འཁོར་ལོའི་རྣལ་འབྱོར་གཅིག་ལས་ཕྱི་མའི་སྲིད་པར་གྱུར་པ་ཡིན་ཅེས་འགྱུར་བཅོས་པ་དེ་ལྟར་ན་ཉི་མ་ཁྱོད་དམ་མི་དབང་གྲོང་བྱེ་བའི་བདག་པོ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་གཅིག་པུའི་མཐུས་སྲིད་པ་ཐ་མ་པར་གྱུར་པ་ཡིན་ཅེས་འཆད་པའང་སྣང་ངོ་། །ཚངས་པའི་རིགས་འདི་ལས་སྐྱེས་པ་རྣམས་ལ་བོས་ནས། མི་ཡི་བདག་པོ་འཇམ་དཔལ་གྲགས་པ་བདག་ནི་འཇམ་པའི་དབྱངས་ཡིན་ལ། བདག་གི་དགའ་མ་ནི་དཔལ་ལྡན་སྒྲོལ་མའོ། །སྲས་པད་དཀར་ཅན་ནི་ཡོན་ཏན་ཀུན་གྱི་གཏེར་འཇིག་རྟེན་མགོན་པོ་ཆུ་སྐྱེས་ཀྱི་མཚན་མ་ཅན་སྤྱན་རས་གཟིགས་སོ། །དེ་ལྟར་ཡབ་ཡུམ་སྲས་གསུམ་གྱི་རྣམ་པར་བསྟན་པ་ནི་སེམས་ཅན་གདུལ་བའི་སླད་དུ་སྒྱུ་མའི་རྣམ་རོལ་བསྟན་པ་སྟེ་འཁོར་བའི་ཆོས་ཀྱིས་ཅུང་ཟད་ཀྱང་གོས་པ་མེད་པ་སོགས་སྒྱུ་མའི་རྣམ་ཐར་ནི་འཇམ་དཔལ་བདག་གི་ཕྱག་མཚན་ཨུཏྤལ་སྡོང་བུ་ཡིས་ནི་ཞེས་པ་དེའི་ཚུལ་དུའམ། བྱིན་གྱིས་བརླབ་པའི་མཐུས་དཔེར་ན་འཕགས་པ་ཀུན་ཏུ་བཟང་པོའི་ཕྱག་ཚོང་དཔོན་གྱི་བུ་གཞོན་ནུ་ནོར་བཟངས་ཀྱི་སྤྱི་བོར་བཞག་པས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་ཞིང་ཀུན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་ཚད་བཟུང་མེད་པ་ལ་ཞུགས་པའི་རྣམ་ཐར་ཐོབ་པ་བཞིན་དུ་རང་གཞན་ལ་གནས་སྲིད་པ་ཐམས་ཅད་དོན་ནི་ཇི་ལྟ་བ་བཞིན་དུ་ལྟོས་ཞེས་གསུང་གི་གནང་བ་བྱིན་པའོ། །འདིར་ཨུཏྤལ་སྡོང་བུའི་མཚན་མ་ཅན་བདག་གིས་བསྡུས་པའི་རྒྱུད་འདིས་སྲིད་གསུམ་གྱི་ཆོས་དྲང་ངེས་ཀྱི་དོན་ལྟོས་ཞེས་འཆད་པའང་ཡོད་དོ། །དེ་ལྟར་གདམས་པ་ལྟར་ཨུཏྤལ་སྡོང་བུ་

p. 957

ཡིས་ནི་རང་གཞན་ལ་གནས་སྲིད་པ་ཐམས་ཅད་དོན་ནི་ཇི་ལྟ་བ་བཞིན་དུ་མཐོང་ནས་ཤིན་ཏུ་ངོ་མཚར་བའི་ཡིད་དང་ལྡན་པར་གྱུར་པའི་ཐུབ་པའི་དབང་པོ་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཅས་པའི་བཞི་རྣམས་དང་ལྷན་ཅིག་བྲམ་ཟེའི་བུ་ཉི་མས་ནི་ཅོད་པན་བཅས་པའི་མགོ་དང་ལག་པ་དག་གིས་ནི། རིགས་ལྡན་འཇམ་དཔལ་གྲགས་པའི་ཞབས་ཀྱི་པདྨར་ཕྱག་དག་འཚལ་ནས་སྨྲས་པ། སྟོན་པ་འགྲན་བྲལ་གཅིག་པུ་འཇམ་དཔལ་གྲགས་པ་ཁྱེད་ཀྱི་རྒྱུ་མེད་པར་གཉེན་གཤིན་པ་མཆོག་གི་ཐུགས་རྗེ་ཡིས། དྲང་སྲོང་ཐུབ་པའི་རིགས་བདག་ཅག་རྣམས་ནི་འཇིགས་རུང་འཁོར་བའི་སྡུག་བསྔལ་དག་ལས་ཕྱུངས་ནས་ཡང་དག་པའི་ཡེ་ཤེས་ཀྱི་ལམ་ལ་བཞག་པར་མཛད་དོ། །ཞེས་སམ་མཛོད་ཅིག་ཅེས་གསོལ་བ་འདེབས་པར་སྦྱར་བའང་སྣང་ངོ་། །དེ་ལྟར་བཀའ་དྲིན་དྲན་ནས་ཉི་མའི་ཤིང་རྟས་ཡིད་ཆེས་ཀྱི་དད་པས་བསྟོད་པའི་ཚིགས་སུ་བཅད་པ་བརྗོད་པ་ཆོས་ཀྱི་རྒྱལ་པོ་འཇམ་དཔལ་གྲགས་པ་ཁྱོད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྒན་པ་ཡིན་ཡང་ནམ་ཡང་རྒ་བ་མེད་པ་གཞོན་ནུ་ཡི་གཟུགས་སུ་གནས་སོ། །མཐའ་དག་དུས་གསུམ་གྱི་རྒྱལ་བའི་སྲས་པོ་བྱང་སེམས་ཀྱི་ཚུལ་བཟུང་ནས་དེ་བཞིན་གཤེགས་པ་ཀུན་གྱི་ཆོས་འཛིན་པ་ཡིན་ཡང་ཐོག་མ་མེད་པའི་དུས་ནས་སངས་རྒྱས་ཀུན་གྱི་ཐོག་མར་སངས་རྒྱས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་དང་པོའི་སངས་རྒྱས་ཀྱང་ཁྱོད་ཡིན་ལ། བུད་མེད་དག་དང་སྦྱོར་ཞིང་ངམ་སྦྱོར་ཡང་བྱང་སེམས་འཛག་པ་དང་བྲལ་བས་ཚངས་པར་སྤྱོད་པ་དང་ལྡན་ཅིང་། སེམས་ཅན་མཐའ་དག་ལ་བུ་གཅིག་པ་བཞིན་བརྩེ་བ་མཆོག་གི་ཐུགས་རྗེ་དག་གིས་འཇིག་རྟེན་ཀུན་གྱི་གཉེན་ཡིན་ཏེ་འོན་ཀྱང་གདུལ་དཀའ་གཤིན་རྗེ་རྣམས་ནི་འཇོམས་པར་བྱེད་པས་གཤིན་རྗེའི་དགྲའོ། །ཁྱོད་ནི་གང་ཟག་དམ་པ་རྣམས་ལ་ཞི་བའི་གཟུགས་ཀྱི་དངོས་གྲུབ་སྟེར་ཡང་མ་རུངས་པ་རྣམས་

p. 958

དྲག་པོའི་གཟུགས་ཀྱིས་འཇོམས་པས་རྡོ་རྗེ་བཟང་པོའོ། །སེམས་ཅན་ཐམས་ཅད་ལ་མི་འཕོ་བའི་ལམ་སྟོན་པས་འཆི་བའི་འཇིགས་པ་འཕྲོག་པར་བྱེད་པ་ཁྱོད་ནི་དུས་རྟག་ཏུ་སེམས་ཅན་རྣམས་ཀྱི་ལམ་ལ་བར་དུ་གཅོད་པའི་བདུད་བཞི་པོ་རྣམས་ཀྱི་བདུད་དེ་དེ་དག་གསོད་པར་བྱེད་པའོ། །ཁྱོད་ནི་སྲིད་པའི་འཆིང་བ་ཀུན་ལས་གྲོལ་ཡང་སྲིད་པ་འདིར་ནི་འགྲོ་བ་རྣམས་སྨིན་པའི་དོན་དུ་འཇམ་དཔལ་གྲགས་པ་ཁྱོད་ནི་ལྷ་མོ་རྣམ་རྒྱལ་མའི་མངལ་དུ་སྐྱེ་བའི་ཚུལ་སྟོན་པ་སོགས་སྲིད་པ་འདིར་རབ་ཏུ་འཇུག་པར་མཛད་དོ། །ཞེས་བསྟོད་དོ། །བྲམ་ཟེ་ཚངས་པའི་རིགས་ལས་བྱུང་བ་ཉི་མ་བདག་ནི་ཐུབ་པའི་རིགས་དྲང་སྲོང་བྱེ་བ་ཕྲག་ཕྱེད་བཞི་རྣམས་ཀྱིས་བཏུད་པར་གྱུར་པ་གྲགས་པ་ཁྱེད་ཀྱི་ཞབས་ཀྱི་རྩ་བར་ལྷུང་། སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་དུས་ཀྱི་འཁོར་ལོ་ཡི་རྒྱུད་མཐའ་དག་ས་ཡི་གཞི་འདི་ལ་རབ་ཏུ་གསལ་བར་བྱས། རྡོ་རྗེའི་རིགས་ཀྱི་དབང་བསྐུར་བའི་རྡོ་རྗེའི་རིགས་ལྡན་གྱི་རིགས་ལ་ཐམས་ཅད་ངེས་པར་བཞག་པར་མཛད་པ་གྲགས་པ་ཁྱོད་ནི་བྲམ་ཟེ་ཉི་མ་བདག་དང་། སྤྲུལ་པའི་སྐྱེས་བུ་གསེར་གྱི་ཅོད་པན་དང་ལྡན་པས་བདག་དགུ་བཅུ་རྩ་དྲུག་གིས་ཞབས་ཀྱི་པདྨོར་བཏུད་ཅིང་ཕྱག་བྱས་པ་དཔལ་ལྡན་འཇམ་དཔལ་གྲགས་པ་ཞེས་མཚན་མངའ་བ་གང་གིས་གནས་དཔལ་ལྡན་ཀ་ལཱ་པར་ཁྱོད་ཀྱི་ཞབས་ཀྱི་པདྨ་དག་ལ་མཐའ་མེད་པའི་སྡུག་བསྔལ་འཇིགས་རུང་འཁོར་བས་འཇིགས་པ་དག་ནི། འཁོར་བ་དེ་ལས་སྐྱོབས་པའི་སྐྱབས་སུ་ལྷག་པར་མཆིའོ་ཞེས་སོ། །དེ་ལྟར་རྒྱལ་པོ་འཇམ་དཔལ་གྲགས་པས་ཚངས་པའི་དྲང་སྲོང་རྣམས་ལ་དུས་ཀྱི་འཁོར་ལོའི་ཁང་བར་རྡོ་རྗེའི་དབང་བསྐུར་བས། དཔྱིད་ཐ་ཆུང་ས་ག་ཟླ་བའི་ཉ་ལ་མཚན་མོའི་དུས་ཀྱི་ཆ་བཅོ་ལྔ་ནི་རབ་ཏུ་འདས་ཤིང་ཉིན་པར་རབ་ཏུ་མ་ཞུགས་པ་བཅུ་དྲུག་པའི་ཆ་ཐོ་རངས་དག་ལ་ཐུབ་པའི་སྐྱེ་བོ་བྱེ་བ་ཕྲག་ཕྱེད་བཞི་དང་བཅས་པའི་ཉི་མ་ནི། སྣ་ཚོགས་གཙོ་བོས་ཞེས་དུས་ཀྱི་འཁོར་ལོས་བྱིན་གྱིས་བརླབས་

p. 959

པས་ཕྱག་རྒྱའི་དངོས་གྲུབ་ཐོབ་ཅེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ཏོ། །དེས་ན་འཇམ་དཔལ་གྱི་སྨོན་ལམ་མཛད་པ། སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ། འཇམ་དཔལ་གྲགས་པ་བདག་གི་ཐུགས་ཀྱི་རྡོ་རྗེ་སྒྲིབ་བྲལ་གྱི་རང་བཞིན་གྱི་སྲིད་པ་མཐའ་དག་གི་ས་ལ་ཁྱབ་ཅིང་གནས་པ་བཞིན་དུ་ཞེས་རྒྱལ་པོ་གྲགས་པ་རང་ཉིད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་སྲིད་ཞི་ཀུན་ལ་ཁྱབ་པར་གནས་པའི་དགོངས་པ་དེ་དེའི་ཚུལ་ལ་ཐུགས་བཞག་ནས་འདི་བཞིན་དུ་བདེ་སྟོང་དབྱེར་མེད་དུས་ཀྱི་འཁོར་ལོའི་མཐུ་ལས་སེམས་ཅན་ཉིད་རྣམས་དག་གིས་སེམས་ཀྱི་རྡོ་རྗེ་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་སྒྲིབ་བྲལ་མངོན་དུ་གྱུར་ནས། འདོད་པ་སོགས་རྣམ་གསུམ་སྲིད་པ་དག་ལ་གནས་པར་གྱུར་ཅིག་ཅེས་ཆོས་ཐམས་ཅད་དེ་ལ་དེའི་ངོ་བོར་མངོན་དུ་གྱུར་པའི་དོན་ཅན་ཏེ་དེ་ལྟར་སྨོན་ལམ་མཛད་པ་འདི་ནི་རྒྱུད་སྟོན་པ་པོ་བདག་ཉིད་ཀྱི་ཐུགས་རྒྱུད་ཀྱི་དགོངས་པ་ལས་བརྩམ་ནས་སེམས་ཅན་ཀུན་ཀྱང་དེ་བཞིན་འགྱུར་བར་སྨོན་པ་དང་རྒྱུད་འཛིན་པ་རྣམས་ལ་དོན་བརྒྱུད་ཀྱི་དགོངས་པ་གཏད་པའང་ཡིན་ནོ། །དེ་ལྟར་སེམས་ཅན་ཀུན་གྱི་དོན་མཛད་པ་པོ་འཇམ་དཔལ་གྲགས་པ་ཡིས་ཀྱང་སྙིགས་མའི་གདུལ་བྱ་རྣམས་ལ་མཆོག་གི་ཐུགས་རྗེ་དག་གིས། སྒྲིབ་བྲལ་གྱི་ཆོས་མངོན་དུ་བྱེད་པ་ཡང་རྒྱུད་དོན་རྟོགས་པ་ལ་རག་ལས་པའི་ཕྱིར་ན། དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་དོན་ནི་ཇི་ལྟ་བ་བཞིན་དུ་ཞུ་བ་པོ་ཉི་མའི་ཤིང་རྟ་སོགས་ལ་བསྟན་པར་མཛད་ནས། རང་ཉིད་ཀྱི་སྲས་པོ་པདྨ་དཀར་པོ་རབ་མཆོག་ཡོན་ཏན་དག་གི་གཏེར་ལ་བཀའ་ཡི་གནང་བ་སྩལ་བ། ངེས་པར་ནི་དང་པོར་ཁྱོད་ཀྱི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་མཐའ་དག་མ་ཚང་མེད་པ་ཡི་གེར་བྲིས་ནས་གླེགས་བམ་དག་ལ་གནས་པ་ཉིད་དུ་བྱ་བ་དང་། དེ་ནས་རང་གི་འདོད་པས་འགྲེལ་བཤད་བྱས་ནས་ཁྱོད་ནི་གཞན་གྱི་གནས་དང་པོ་གང་ནས་བྱོན་པ་སྤྱན་རས་གཟིགས་ཀྱི་གནས་སུ་བགྲོད་པར་བྱའོ། །འཇིག་

p. 960

རྟེན་གཉེན་ཞེས་བོད་པའོ། །རྒྱུད་འཛིན་པ་རྣམས་ལ་བར་ཆད་བསྲུང་བར་སྨོན་ལམ་མཛད་པ་ནི། གང་དག་སྟེང་ན་སྟེ་ས་བླ་ན། བདུད་ཀྱི་ཕྱོགས་སུ་གནས་པའི་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་དང་། མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་པ། ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་པ་རྣམས་དང་། ཟད་པར་དང་ཕྱོགས་སྐྱོང་གཟའ་དང་བཅས་པ་དང་། གང་དག་ས་འོག་དག་ན་གདེངས་ཅན་ཀླུའི་དབང་པོ་ཡུམ་རབ་གཏུམ་མའི་ཚོགས་དང་བཅས་པ་གདོན་གྱི་ཚོགས་གང་ཞིག་བར་ཆད་རྩོམ་པ་དང་། མི་དགེ་བ་དང་མི་ཤེས་པ་བྱེད་པ་ཐམས་ཅད་དུས་སུ་འཆིང་བར་བྱེད་པ་དེ་དག་ཐམས་ཅད་ཀྱིས་ཉིན་ཞག་སོ་སོའི་དུས་སུ་ཡང་དག་པའི་ལམ་མི་ཤེས་པའི་འཇིག་རྟེན་མགོན་མེད་རྣམས་ལམ་ཡང་དག་པའི་རྣལ་འབྱོར་ཐོབ་པའི་ཆེད་དུ་དུས་ཀུན་ནས་སྐྱོང་བར་བྱེད་པར་གྱུར་ཅིག །བརྗོད་བྱ་གཞི་ལམ་འབྲས་བུའི་རྒྱུད་གསུམ་སྟོན་པའི་རྗོད་བྱེད་རྡོ་རྗེའི་རྒྱུད་ནི་མཚན་དཔལ་ལྡན་དུས་ཀྱི་འཁོར་ལོ་རྩ་རྒྱུད་ཀྱི་ཚིག་དོན་ཤིན་ཏུ་བསྡུས་པ་ཡིན་ཀྱང་དོན་མ་ལུས་པ་སྟོན་པའོ། །བརྗོད་བྱ་བདེ་སྟོང་དབྱེར་མེད་རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ་ཐབས་དང་ཤེས་རབ་རོ་གཅིག་ཏུ་སྦྱོར་བ་དུས་ཀྱི་འཁོར་ལོ་རྒྱལ་བའི་བདག་པོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དག་གིས་དག་པའི་ཟླ་བའི་ཆ་སྒྲིབ་བྲལ་གྱི་དེ་ཉིད་རྣམ་པ་བཅུ་དྲུག་པ། དགོས་པ་སེམས་ཅན་རྣམས་ཀྱི་མཆོག་གི་ཐར་པའི་སླད་དུ་སྟོན་པ་པོ་ཤཱཀྱ་ཐུབ་པ་རྒྱལ་བའི་བདག་པོས་གསུངས་ཤིང་དེ་ཡི་དོན་འཇམ་དཔལ་གྲགས་པ་བདག་གིས་ཀྱང་ནི་བསྟན་པ་གང་ཡིན་པ་ལས་བྱུང་བའི་བསོད་ནམས་དེ་ཡིས་སེམས་ཅན་ཐམས་ཅད་འགྱུར་མེད་མཆོག་གི་བདེ་བར་གནས་པར་གྱུར་ཅིག །དེ་མ་ཐོབ་པའི་བར་དུ་མཆོག་གི་བདེ་བ་དེ་ལ་དོན་དུ་གཉེར་ཞིང་གུས་པས་འདུད་པར་གྱུར་ཅིག །ཅེས་རྒྱུད་བསྡུས་པའི་དགེ་བ་བསྔོབའི་སྨོན་ལམ་མཛད་པའོ། །མདོར་བསྡུས་

p. 961

གསུམ་པའི་རྗེས་ནས་འདིའི་བར་དུ་འགྲེལ་ཆེན་དྲི་མེད་འོད་ལས་ཐབས་སྣ་ཚོགས་ཀྱིས་འདུལ་པའི་མདོར་བསྡུས་ཆེན་པོ་བཞི་པས་གཏན་ལ་དབབ་པར་མཛད་དོ། །དང་པོའི་སངས་རྒྱས་ཚིགས་བཅད་སྟོང་ཕྲག་བཅུ་གཉིས་པ་ལས་བྱུང་བ་བསྡུས་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོ་ལས་ཡེ་ཤེས་ཀྱི་ལེའུ་སྟེ་ལྔ་པའི་རྣམ་པར་བཤད་པའོ། །མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་རྫོགས་སོ། །གཉིས་པ་བསྒྱུར་ཚུལ་ནི་རྒྱུད་འདི་ལ་འགྱུར་འགོ་མི་འདྲ་བ་ཉེར་གཅིག་ཙམ་བྱུང་བར་གྲགས་ཀྱང་འདིར་ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་ཞེས་པ་ཟླ་བ་མགོན་པོ་དང་། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ་ལས། ཕྱིས་སུ་དགེ་སློང་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ནས་ཞུས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ། །གང་གི་དྲིན་ལས་བསྐལ་མང་ཚོགས་ཀྱིས་རྙེད་དཀའི་རྒྱུད་རྒྱལ་མཆོག་འདི་ལེགས་ཐོས་པ། །བརྒྱུད་པའི་བླ་མ་དམ་པའི་ཞབས་པད་ནོར་བུའི་གཏེར་ལ་སླར་ཡང་གུས་ཕྱག་འཚལ། །འགྱུར་མེད་མཆོག་བདེའི་རང་བཞིན་དཀྱིལ་འཁོར་ཆེན་པོ་སྤྲུལ་པའི་འཁོར་ལོ་དང་བཅས་པའི། །བྱིན་བརླབས་མཐུ་ཡིས་ལེགས་བརྩམ་དེ་ལ་འདུད་དོ་དུས་རྣམས་ཀུན་དུ་ཤིས་པར་མཛོད། །དེ་ལྟར་བསྡུས་པའི་རྒྱུད་འདི་ལ་ལེའུ་དང་པོ་ལ་ཚིགས་བཅད་བརྒྱ་དང་དྲུག་ཅུ་རྩ་དགུ། གཉིས་པར་བརྒྱ་དང་དོན་བཞི། གསུམ་པར་ཉིས་བརྒྱ་དང་གསུམ། བཞི་པར་ཉིས་བརྒྱ་སོ་བཞི། ལྔ་པར་ཉིས་བརྒྱ་དྲུག་ཅུ་རེ་གཅིག་དཔེ་ཡོངས་གྲགས་རྣམས་སུ་ཡོད་པ་བསྡོམ་པས་ཚིགས་བཅད་སྟོང་དང་བཞི་བཅུ་ཞེ་གཅིག་ཡོད་ལ། དེ་ལས་རྒྱལ་པོ་གྲགས་པ་རང་ཉིད་ཀྱིས་ཉི་མའི་ཤིང་རྟ་སོགས་ལ་གདམས་པ་ཁམས་ལེར་བརྒྱ་ཞེ་བདུན་པའི་རྗེས་

p. 962

ཀྱི་ཚིགས་བཅད་གཅིག་དང་ནང་ལེའི་མཇུག་ཏུ་ཉི་མའི་ཤིང་རྟས་བསྟོད་པ་ཚིགས་བཅད་གཅིག་དང་། ཡེ་ལེའི་མཇུག་ཏུ་སྡུད་པ་པོའི་གསུང་ཚིགས་བཅད་བཅུ་དང་ཉི་མའི་ཤིང་རྟའི་གསུམ་བཅས་ཤོ་ལོ་ཀ་བཅོ་ལྔ་ཕྲི་བས་བསྡུས་རྒྱུད་ལ་ཤོ་ལོ་ཀ་སྟོང་དང་སུམ་ཅུ་ཡོད་པར་གསུངས་པ་ལ་བཞི་མ་ཚང་ངོ་ཞེ་ན། ཉི་མའི་ཤིང་རྟས་སྦྱར་བས་ཚིགས་བཅད་ཡེ་ལེ་འདིར་གསུམ་དང་། ནང་ལེར་གཅིག་བཅས་བཞི་ཡོད་པའི་ཚབ་ཏུ། འཇིག་རྟེན་ཁམས་ལེའི་འགྲེལ་པར་དེ་ནས་རྒྱུ་སྐར་སོགས་ཚིགས་བཅད་གྱ་དགུ་པའི་རྗེས་སུ་གཅིག་དང་། འགྲེལ་པའི་མཆོག་ཏུ་མི་འགྱུར་བར་རྒྱུད་ཀྱི་ཚིགས་བཅད་གཉིས་དང་། ཡེ་ལེའི་ཚིགས་བཅད་བརྒྱ་གྱ་དགུ་པའི་རྗེས་ལ་འགྱུར་མངས་ལྟར་ཉི་མའི་འཁོར་ཚད་ཉིན་མོར་བྱེད་པའི་བགྲོད་པ་སོགས་ཚིགས་བཅད་གཅིག་གསུངས་པ་དེ་རྣམས་བསྣན་པས་ཚང་ངོ་ཞེས་སྔ་མ་རྣམས་ཀྱིས་བཤད་དོ། །དེ་ལྟར་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དོན་རྣམ་པར་འགྲེལ་བའི་ཚུལ་ལེགས་པར་གྲུབ་ནས་སླར་སྨྲས་པ། དུས་འཁོར་རྒྱུད་དོན་ཆུ་གཏེར་ཆེ་འདྲ་འགྲེལ་བཤད་གྲུ་གཟིངས་ཆེས་མང་མོད། །དེ་རྣམས་བསྟེན་ཀྱང་བརྒལ་བར་དཀའ་སྙམ་ཡིད་ནི་བློང་གྱུར་ཞུམ་པ་རྣམས། །བདག་གི་བློ་དང་སྙིང་བརྩེས་བསྐྲུན་པའི་ལེགས་བཤད་འཕྲུལ་ཆེན་འདི་འཕྲད་ན། །བདེ་བར་བརྒལ་སྙམ་སྤྲོ་དང་སྤོབས་པ་རྙེད་འགྱུར་འདི་ནི་འདིའི་ཁྱད་ཆོས། །དེ་ལྟ་ན་ཡང་མངོན་མས་དྲི་མས་མ་སྦག་པར། །རྒྱུད་ལ་གུས་ཤིང་གཞན་ལ་ཕན་ཕྱིར་འབད་པས་བྲིས། །དེ་ཕྱིར་གཞན་དག་ཕྱོགས་ཞེན་སྤང་སྟེ་འདིར་བསྟེན་ཅིག །ཅི་ཕྱིར་རྒྱུད་ཚིག་རྩ་བའི་འབྲུ་ནོན་ཅིང་། །འགྲེལ་པའི་ཚིག་དོན་རྣམས་ཀྱང་ལེགས་པར་ཚང་། །རྩ་འགྲེལ་དགོངས་པ་དཀྱུས་གཅིག་སྟབས་བདེར་འཆར། །ཡིག་ཚོགས་མང་པོའི་ངལ་བ་མི་དགོས་སོ། །བཤད་ཚུལ་ལེགས་ན་གོ་དོན་བདེ་བླག་འཆར། །ལུང་རིགས་འབྲེལ་ན་ཉེས་པའི་དྲི་མ་མེད། །ཆགས་སྡང་ཚིག་མདའ་སྤང་ན་གཞན་

p. 963

ཡིད་དགའ། །དེ་ཕྱིར་ལེགས་པར་བཤད་རྣམས་དགའ་ཚལ་མཚུངས། །འོན་ཀྱང་རྒྱལ་བའི་དགོངས་ཟབ་གནས་རྣམས་ལ། །རྣལ་འབྱོར་ལྡན་དང་མི་ལྡན་ཁྱད་པར་གྱི། །ཟབ་དང་མི་ཟབ་རྟོགས་དཀའ་རྟོགས་སླ་བའི། །བཤད་ཚུལ་མི་འདྲ་ཐ་དད་སྣང་ན་ཡང་། །འགྲོ་བའི་ཁམས་དང་མོས་པ་དང་མཐུན་པར། །དྲང་དང་ངེས་པའི་ཁྱད་པར་ཤེས་བྱས་ནས། །ཆགས་དང་སྡང་བའི་འདུ་ཤེས་རྣམ་སྤངས་ཏེ། །ལེགས་པར་དཔྱོད་རྣམས་ཆོས་སྤང་དྲི་མས་དབེན། །གཞུང་ལུགས་རྣམས་ཀྱི་ཚིག་གཅིག་དག་གི་ཡང་། །དགོངས་དོན་ཚུལ་བཞིན་བཤད་པའི་ལེགས་བཤད་མཐུས། །རང་བློ་སོམས་ཉིའི་གནས་ལས་བསྒྲལ་བྱས་ན། །དེ་ལ་དགེ་བའི་བཤེས་སུ་བལྟ་བར་བྱ། །འགྲོ་རྣམས་རྣམ་པར་དགྲོལ་ཕྱིར་རྒྱལ་རྣམས་དང་། །རྒྱལ་སྲས་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཀྱང་།། གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར། །སྣ་ཚོགས་ཆོས་ཀྱི་ཚུལ་མང་རྣམ་པར་བརྗོད། །སེམས་ཅན་རྣམས་ནི་རིགས་དང་བསོད་ནམས་དང་། །གྲོགས་སོགས་རྐྱེན་ལས་མོས་པ་དུ་མར་འགྱུར། །དེ་ཕྱིར་རེ་ཤིག་རང་བློར་གང་འཐད་པའི། །ཕྱོགས་དེ་བཟུང་ཡང་གཞན་ལ་སྡང་མི་བྱ། །གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། དབང་བྱས་ཕྱོགས་ཞེན་གཞན་དབང་མ་གྱུར་པའི། །སྒོ་ནས་འགྲེལ་དང་འཆད་དང་ཉན་བྱས་ན། །རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་རྗེས་སུ་འཛིན། །དེང་སང་གངས་ཅན་འདི་ན་དུས་ཀྱི་མཐུས། །རྟོན་པ་བཞི་པོ་ཤིན་ཏུ་གོ་ལོག་ཅིང་།། ལེགས་བཤད་ཉེས་བཤད་རྣམ་དབྱེ་མི་ཤེས་ལ། །ཕྱོགས་ཞེན་དབང་གིས་རྒྱལ་བའི་ཆོས་ཟབ་སྤོང་། །དེ་སླད་རྣམ་པར་གྲོལ་བ་དོན་གཉེར་ཞིང་། །བདག་ལེགས་འདོད་པས་ཅི་ནས་བག་ཡོད་པས། །རྒྱལ་བ་མཆོག་གི་དགོངས་ཟབ་ཆོས་རྣམས་ལ། །གུས་པར་བྱས་ན་དེ་ཉིད་དམ་པའི་ལམ། །དེ་ལྟར་མཐོང་ནས་འདིར་

p. 964

ནི་རང་གཞན་གྱི། །གཞུང་ལུགས་དགག་བསྒྲུབ་འདོད་པའི་ཀུན་སློང་གིས། །མ་བསྐྱོད་རྒྱུད་དོན་འགྲེལ་བས་བཤད་པ་བཞིན། །ཅི་ནུས་ཕན་པའི་སེམས་ཀྱིས་ལེགས་བྲིས་ཀྱང་། །བདག་ནི་སོ་སྐྱེའི་གང་ཟག་རྟོག་གེ་བ། །ཟབ་དོན་གནས་ལ་ཚད་གྱུར་ཆོས་མིག་དང་། །མི་ལྡན་དབང་གིས་ཚུལ་བཞིན་མ་ཤོད་པ། །གང་མཆིས་སྲས་བཅས་རྒྱལ་ལ་སྙིང་ནས་བཤགས། །གལ་ཏེ་དམ་པ་རྣམས་ཀྱི་གཞུང་ལུགས་དང་། །རྗེ་བཙུན་ངག་གི་དབང་ཕྱུག་ཐུགས་རྗེའི་མཐུས། །མ་ནོར་ལེགས་པར་བཤད་པའི་ཆ་མཆིས་ན། །དེ་ཡི་རབ་དགེ་དྲི་མ་མེད་པ་གང་། །འཁོར་གསུམ་དམིགས་བྲལ་ཆོས་དབྱིངས་མཁར་ཁྱབ་པས། །མ་ལུས་ཞིང་བཞུགས་རྒྱལ་བ་སྲས་བཅས་ཀྱི། །ཐུགས་ཀྱི་དགྱེས་པ་ཡོངས་སུ་སྐོང་གྱུར་པའི། །རྨད་བྱུང་མཆོད་པའི་སྤྲིན་དུ་ལེགས་གྱུར་ཅིག །བདག་ཀྱང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །ཐེག་མཆོག་དམ་པའི་ཆོས་དང་མི་འབྲལ་ཞིང་། །རྒྱལ་བའི་དགོངས་པ་ཇི་བཞིན་རྟོགས་གྱུར་ནས། །མཐའ་ཡས་འགྲོ་ལ་ཆོས་ཆར་འབེབས་གྱུར་ཅིག །ཕྱོགས་དང་དུས་ཀྱི་མཐས་ཁྱབ་འགྲོ་བ་ཀུན། །སྡུག་བསྔལ་དང་བྲལ་བདེ་ལ་རབ་གནས་ཤིང་། །ཀུན་ཀྱང་ཟབ་མོའི་ལམ་མཆོག་འདིར་ཞུགས་ནས། །དཔལ་ལྡན་དང་པོའི་སངས་རྒྱས་ཉིད་གྱུར་ཅིག །འགྲེལ་བཤད་འདི་ཡང་ཉི་ཟླའི་དཀྱིལ་འཁོར་དག །ས་ཡི་སྟེང་དུ་གནས་པ་ཇི་སྲིད་དུ། །སྐྱེ་དགུའི་ཚོགས་ལ་ཟབ་དོན་ལམ་གྱི་མཆོག །སྣང་བའི་དཔལ་དུ་ཉེ་བར་གནས་གྱུར་ཅིག །ཡེ་ཤེས་སྐུ་མཆོག་མཐོང་ན་རབ་དགའ་དམར་སེར་ཉི་གཞོན་འཆར་ཀའི་འོད་ཀྱི་སྣང་བ་ཅན། །དཀྱིལ་འཁོར་མཆོག་གི་འདུས་པ་རྣམས་དང་ལྷ་དང་དྲང་སྲོང་རིག་འཛིན་གྲུབ་པའི་ཚོགས་བཅས་ཀྱིས། །གང་གི་ཞབས་པད་མཆོད་ཅིང་དགྱེས་པའི་གླུ་གར་རོལ་མོའི་ཚོགས་བཅས་མེ་ཏོག་ཆར་འབེབས་པས། །ཕན་བདེའི་

p. 965

དཔལ་སྦྱིན་འཇམ་དཔལ་གཞོན་ནུས་ཕྱོགས་དུས་ཀུན་དུ་དགེ་ལེགས་ཤིས་པའི་དཔལ་སྩོལ་ཅིག །ཅེས་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་ཚིག་དོན་རབ་ཏུ་གསལ་བྱེད་རྡོ་རྗེ་ཉི་མའི་སྣང་བ་ཞེས་བྱ་བ། འདི་ཉིད་ཇི་ལྟར་བརྩམ་པའི་ཚུལ་མདོར་བསྡུས་སྨྲོས་ན། རང་ཉིད་ཆུང་ངུའི་དུས་ནས་ཆོས་འདི་ལ་མོས་ཤིང་བསླབ་སྦྱང་བྱ་འདོད་ཀྱི་རེ་བ་མཆིས་པ་བཞིན། འཇམ་དཔལ་གཞོན་ནུ་དགེ་བའི་བཤེས་གཉེན་གྱི་རྣམ་པར་རོལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཆོག་གིས་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པས་ཆོས་འདི་ཡི་བཤད་བཀའ་རྣམས་ཁོ་བོ་ལ་གནང་བཞེད་ཀྱི་སྔ་ཕྱིར་བཀའ་དྲིན་ཆེན་པོས་རྒྱུད་འདིའི་འཆད་ཉན་རེ་སྤེལ་ན་ལེགས་ཚུལ་གྱི་གསུངས་ཡང་ཡང་གནང་ཞིང་རང་ཁོ་ན་ལ་རྒྱུད་བཤད་ཐམས་ཅད་རྫོགས་པར་མཛད་པའི་ཐུགས་བཞེད་ཀྱིས་ཞག་ཤས་ཀྱིས་ནང་ལེའི་མདོར་བསྡུས་དང་པོའི་བར་དང་བུ་སྟོན་གྱི་གསུང་གི་ཡིག་ཆའི་སྐོར་ཅི་རིགས་ཀྱི་བཤད་ལུང་གནང་ཀྱང་། དེ་ནས་བླ་མ་ཉིད་གཞན་དོན་གྱི་མཛད་པ་རྒྱ་ཆེ་བས་འཕྲོས་ལུས་པར་གྱུར་མོད་རང་ནས་འགྲེལ་པ་རྣམས་བསྟུན་ཏེ་རྒྱུད་ཀྱི་གནས་ཐམས་ཅད་དུ་མཆན་ཞིག་བཏབ་པ་དེ་གར་ལུས་པ་ན་ཡང་སྐྱབས་མགོན་མཁྱེན་བརྩེའི་དབང་པོ་ཉིད་ཀྱི་རྒྱུད་ཀྱི་བཤད་བཀའ་ཞ་ལུ་ནས་གསན་པའི་རྒྱུན་རྡོ་རྗེ་འཆང་དངོས་ཀོང་སྤྲུལ་རིན་པོ་ཆེས་གསན་པར་མཛད་འདུག་པས་སླར་ཡང་བླ་མའི་གཟིམ་ཁང་དེ་ཉིད་དུ་ཀོང་སྤྲུལ་རིན་པོ་ཆེ་ཉིད་ལ་འགྲེལ་ཆེན་དྲི་མེད་འོད་ཀྱི་སྟེང་ནས་བཤད་ལུང་ཡོངས་རྫོགས་བདག་ཅག་འདུས་པ་ཉུང་ཤས་ཀྱིས་ལེགས་པར་ནོས། གོ་བདེའི་འགྲེལ་པ་རེ་འབྲི་གྲུབ་ན་སྙམ་པའི་ངང་བསྙེན་སྒྲུབ་སོགས་བྱ་བ་གཞན་གྱིས་ལུས་པར་གྱུར། སླར་ཡང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་མཐོ་བ། དཔལ་ལྡན་ངོར་པའི་ཆོས་ཀྱི་བསྟན་པའི་རྒྱལ་མཚན་འཛིན་ཞིང་སྔགས་ཀྱི་རྒྱུད་སྡེ་རབ་འབྱམས་ཀྱི་བཀའ་བསྡུ་བའི་བྱེད་པ་པོ་འཇམ་

p. 966

དབྱངས་བློ་གཏེར་དབང་པོས་སྔ་ཕྱིར་གསུང་གིས་བསྐུལ་བ་དུ་མའི་སྒོ་ནས་བསྡུས་རྒྱུད་ཀྱི་འགྲེལ་པ་ལྡེབ་གྲངས་སུམ་བརྒྱ་སྐོར་ཉེ་བ་ཙམ་གྲུབ་ན་རྒྱུད་སྡེ་ཀུན་བཏུས་ཀྱི་པོད་གྲངས་སུ་བཞག་ནས་བཤད་རྒྱུན་འཛུགས་པར་བཞེད་པས་ཡང་ཡང་བསྐུལ་བར་མཛད་ཀྱང་ཕྱིས་སུ་རང་ཉིད་ནད་ཤིན་ཏུ་དབལ་ཚ་ཞིང་ལྕི་བས་ཅི་བྱ་མེད་པར་ལུས་པར་གྱུར། སླད་ནས་གཞན་ཕན་ཆོས་ཀྱི་ཆེད་དུ་བསྐུལ་བ་པོའི་ཐུགས་བཞེད་དང་རང་གིས་འདུན་པས་འགྲེལ་བཤད་ཞིག་འབྲི་འདོད་ཆེ་ཡང་། ནད་ཁམས་ཀྱི་ལྕོགས་དཀའ་བར་གྱུར་མོད་ས་སྤྲེལ་གྱི་ལོར་ཆབ་མདོ་རྫོང་མགོ་རི་ཁྲོད་དུ་སླེབས་པའི་སྐབས་ཤིག་འགྲུལ་འགྲིམ་སོགས་ཀྱིས་དབེན་པ་དང་བླ་མ་ལྷག་པའི་ལྷའི་ཐུགས་རྗེ་ལ་བསྟེན་ནས་ཅུང་ཞིག་འབྲི་འདོད་བྱུང་བ་བཞིན། རབ་བྱུང་བཅོ་ལྔ་པའི་ནང་ཚན་ཕུར་བུ་ས་སྤྲེལ་གྱི་ལོའི་ཟླ་བ་བརྒྱད་པའི་ཚེས་བཅུ་གཉིས་ལ་འཕྲལ་དུ་དབུ་འཛིན་བྱས་པ་དེ་ནས་བཟུང་གཞན་ལ་གསང་རྒྱ་བྱས་ཏེ་ཉིན་བཞིན་ཅི་རིགས་རེ་བརྒྱུད་མར་བྲིས་ཤིང་། བར་སྐབས་ནད་ཀྱི་ཟུག་རྔུས་མཐའ་ལུས་དོགས་ཆེ་ཡང་མཆོག་གསུམ་ཐུགས་རྗེས་ཉིན་ཞག་ཏུ་གཏན་ལུས་དགོས་པར་རང་མ་བྱུང་ཞིང་ཉིན་རེ་ཅུང་ཟད་ནུས་ཚོད་བསྟུན་ཏེ་བྲིས། ཟླ་བ་བཅུ་གཅིག་པའི་ཚེས་ཉེར་དྲུག་ནས་གནམ་སྟོང་གི་བར་ཞག་བཞི་ལ་བྲི་རྒྱུ་གཏན་མི་ནུས་པར་བྱུང་བ། དེར་ཡང་ཞག་རེ་ལ་ཚིགས་བཅད་རེ་ཙམ་གྱི་འགྲེལ་པ་ནན་ཏན་གྱིས་བྲིས། ད་ལུས་སྙམ་པ་བྱུང་ཡང་ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ནས་སྔ་མ་ལྟར་ཅི་རིགས་རེ་བྲི་རྒྱུ་བྱུང་བས་རྒྱལ་ཟླ་དེའི་ཚེས་བཅུ་བཞི་ལ་ལེགས་པར་གྲུབ་པར་གྱུར་པ་ཡིན་ལ་སྐབས་འདིར་ཚིག་དོན་གནད་འདུས་ཞིག་བྱུང་ན་ལྡེབ་གྲངས་ཆེར་མི་མང་བ་ཞིག་བགྱིད་འདོད་ཡིན་ཡང་། བླ་མ་གོང་མའི་གསུངས་ལས་དུས་འཁོར་གྱི་རྒྱུད་ནི་རྒྱ་ཆེ་བ་སྔགས་ཀྱི་མངོན་པ་ཡིན་ཞེས་གྲགས་པ་ལྟར། རྒྱུད་དོན་ཟབ་ཅིང་རྒྱ་ཆེ་བས་བརླིང་བ་དང་། འགྲེལ་ཆེན་དྲི་མེད་འོད་ཀྱི་ཚིག་དོན་མ་ལུས་པ་ཡང་སྟབས་ཅིག་ཁྲོལ་

p. 967

བ་བྱུང་ན་འགྲེལ་བ་བྲིས་པ་ལ་དོན་ཡོད་པས་འདི་ལས་ཉུང་ཞིག་བྱས་པས་གོ་རྒྱུ་ཆེར་མི་འོང་བས་བཤད་བྱ་རྒྱ་ཆེ་བའི་ཚད་ནས་ཚིག་ཉུང་ངུར་བསྡུས་ཁུལ་ཡིན་ཀྱང་ལྡེབ་གྲངས་འདི་ཙམ་གྲུབ་སོང་ལ། རྒྱུད་རྩ་བའི་འབྲུ་ལེགས་པར་མནན་ཡང་། འགྲེལ་ཆེན་ཉིད་ཀྱི་སྐབས་འགར་ཚིག་གི་ནུས་པ་ཕྲ་མོ་འདོན་ལུགས་ཁྱད་མཚར་རེ་ཡོད་པར་འདུག་ངེས་ཀྱང་། འགྱུར་འདི་རྣམས་ཀྱི་དབང་དུ་བྱས་པ་དང་། བླ་མ་གོང་མ་རྣམས་ཀྱི་འགྲེལ་བཤད་དཔང་པོར་བྱས་པའི་བབ་ལྟར་ན་འདི་ལས་གསལ་རྒྱུའང་ཅི་མི་འདུག་འདྲ་ལ། འགྲེལ་ཆེན་གྱི་སྟེང་ནས་ཚིག་གི་གོ་བ་བཙལ་འདོད་ན་ཡང་འགྲེལ་བཤད་འདི་ལ་བརྟེན་ན་གནད་ཀུན་གོ་ནུས་པ་ལྟ་བུར་ཡོད་དོ། །འགྲེལ་པའི་མཆོད་བརྗོད་ཀྱི་ཚིགས་བཅད་སོགས་ཀྱི་དོན་རྒྱ་བོད་ཀྱི་སྔ་འགྲེལ་རྣམས་སུ་གསལ། དེ་ཡང་ལམ་འདིའི་བཤད་པའི་བཀའ་བབ་བུ་སྟོན་ཆོས་རྗེའི་ལེགས་བཤད་ཀྱི་སྐོར་རྣམས་རང་ནས་ཀྱང་བཤད་ལུང་ཐོབ་པའི་ཡིག་ཆའི་གཙོ་བོ་ཡིན་པས་སྤྱི་ཁོག་དེ་ཉིད་གཞིར་བྱས། དུས་ཀྱི་འཁོར་ལོའི་སྒྲུབ་པའི་བཀའ་བབ་རྟོགས་པའི་དབང་ཕྱུག་ཇོ་ནང་པའི་ཡིག་ཆ་རྣམས་དང་། ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པའི་འགྲེལ་ཆེན། མཁས་གྲུབ་རྗེའི་དབང་ལེའི་ཚིགས་བཅད་བརྒྱ་དང་བཅོ་བརྒྱད་པ་ཡན་ཆད་ཀྱི་རྒྱས་འགྲེལ་དང་། དེའི་འཕྲོས་ཞང་ཞུང་བ་ཆོས་དབང་གྲགས་པ་དང་། རྗེ་བློ་གྲོས་ཆོས་སྐྱོང་རྣམས་གཉིས་སོ་སོ་ནས་བསྐྲུན་པའི་འགྲེལ་པ་པོད་གཉིས། རྗེ་ཙོང་ཁ་པའི་གསུངས་ཅི་རིགས་མཁས་གྲུབ་རྗེས་ཟིན་བྲིས་མཛད་པ་དང་གཞན་འགོས་ལོ་སོགས་ཀྱི་ཡིག་ཆ་ཅི་རིགས་དང་། དུས་འཁོར་ཆོས་སྐོར་དུ་གཏོགས་པའི་བསྟན་འགྱུར་གྲས་སུ་བཞུགས་པ་རྣམས་ལེགས་པར་བལྟས་ནས། རྩ་འགྲེལ་དགོངས་པ་སྟབས་གཅིག་བདེ་བླག་ཏུ་གོ་བདེར་བཤད་པའི་ཁུལ་དུ་བགྱིས་པ་འདི་ནི་ལྷག་བསམ་དག་པས་ཀུན་ནས་བསླང་སྟེ་ནད་ཀྱིས་མི་ནུས་བཞིན་དུ་འབད་པས་བྲིས་པ་ལས། འདི་ལྟར་རབ་

p. 968

བྱུང་བཅོ་ལྔ་པའི་ནང་ཚན་ཀཱི་ལ་ཀ་ཞེས་པ་ཕུར་བུ་ས་སྤྲེལ་གྱི་ལོ། རྒྱ་ནག་པས་ལྦུ་ཤིན་ཞེས་འབོད་པ། སྲོག་ལྕགས། ལུས་དང་དབང་ཐང་ས། ཀླུང་རྟ་ཤིང་། སྨེ་ཕྲེང་དང་པོའི་ནག་པོ་ཆེན་པོ་དང་ལྡན་པ། འབྱུང་བ་བཞི་ལྡན་ཁོང་ནོང་ཕུར་བུའི་ཀླུང་། ཕུག་ལུགས་པའི་རྩིས་གཞུང་ལྟར་ན་སྟོན་པ་ཤཱཀྱའི་རྒྱལ་པོ་ལྕགས་སྤྲེལ་ལོར་འཁྲུངས་ནས་ལོ་གྲངས་ཉིས་སྟོང་བརྒྱད་བརྒྱ་རེ་བརྒྱད་འདས་ཤིང་། ལྕགས་འབྲུག་ནག་ཉར་དུས་འཁོར་རྩ་རྒྱུད་གསུངས་ནས་ལོ་དེའི་ས་གའི་ཉ་ལ་མྱ་ངན་ལས་འདས་རྗེས་ལོ་ཉིས་སྟོང་བདུན་བརྒྱ་གྱ་བརྒྱད་འདས་པ་ཡིན་ལ་འདི་ལ་གསུམ་ཕྲི་ན་དུས་འཁོར་རྩ་རྒྱུད་བསྟན་པའི་ལོ་དག་རྒྱུད་ཀྱིས་དངོས་བསྟན་དང་འགྲིགས་པར་མཐོང་མོད། འདིར་ཕུག་ལུགས་ལྟར་བྱས་ཏེ་བརྩི་ན། ཤིང་སྤྲེལ་ལོར་ལྷ་དབང་ཁྲིར་ཕེབས་པ་དང་སློབ་དཔོན་པདྨ་འབྱུང་གནས་འཁྲུངས་ནས་ཉིས་སྟོང་བདུན་བརྒྱ་གྱ་བཞི་འདས་ལ། དེ་བཞིན་དུ་རིགས་ལྡན་གྲགས་པས་རྩ་རྒྱུད་བསྡུས་ཤིང་རིགས་ལྡན་པད་དཀར་གྱིས་འགྲེལ་ཆེན་བརྩམས་ནས་ཉིས་སྟོང་གྱ་བཞི་དང་། རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་ཅིང་ཕྱི་རོལ་བྱེད་པའི་རྩིས་མགོ་ཟུག་ནས་ལོ་སྟོང་དང་ཉིས་བརྒྱ་གྱ་བཞི། བོད་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འཁྲུངས་ནས་ལོ་སྟོང་དང་ཆིག་བརྒྱ་དང་དྲུག །སློབ་དཔོན་པདྨ་འབྱུང་གནས་བོད་དུ་བྱོན་ཞིང་དཔལ་གྱི་བསམ་ཡས་བཏབ་ནས་ལོ་སྟོང་དང་གྱ་དྲུག །རབ་བྱུང་དང་པོའི་མེ་ཡོས་ལ་རྒྱུད་འགྲེལ་འཕགས་བོད་དུ་ཕེབས་ནས་ལོ་བརྒྱད་བརྒྱ་དང་གྱ་གཅིག་འདས་པ། རིགས་ལྡན་རྒྱལ་པོ་ཉི་ཤུ་པ་སྟོབས་པོ་ཆེ་ཉིད་ཁྲི་ལ་བཞུགས་ནས་ལོ་བརྒྱད་ཅུ་རྩ་གཅིག་སོང་བ། ཐུབ་པའི་བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས་ལྔ་བརྒྱ་ཕྲག་དྲུག་པ་སྒྲུབ་པའི་ཚུལ་ཁྲིམས་ཀྱི་སྟེང་ནས་ཉིས་བརྒྱ་གྱ་བརྒྱད་འདས་ཤིང་། ས་སྤྲེལ་ལོ་ངོ་འདི་བཅས་ལྷག་ཉིས་བརྒྱ་བཅུ་གཉིས་ཡོད་པ། ས་སྤྲེལ་གྱི་ལོ་འདི་ནས་ལོ་བཞི་བརྒྱ་

p. 969

དང་བཅུ་དགུ་འདས་པ་ན་རིགས་ལྡན་དྲག་པོ་འཁོར་ལོ་ཅན་ཁྲི་ལ་བཞུགས་པར་འགྱུར་ཞིང་དེ་ནས་ལོ་གོ་བདུན་པ་ལ་ཀླ་ཀློ་འདུལ་དུ་འབྱོན་པར་འགྱུར་རོ། །དེ་ལྟར་ས་ཕོ་སྤྲེལ་གྱི་གནམ་ལོ་འདི་ཡི་ཧོར་ཟླ་བཅུ་གཉིས་པ་རྒྱལ་ཟླ་ཆུ་སྲིན་ཁྱིམ་གྱི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་བཞི་སྟོང་པ་གསུམ་པ། དུས་འཁོར་བའི་དབྱངས་ལྔ་ལས་ཨུ། དབྱངས་སུམ་ཅུའི་ནང་ནས་ཡ་ཎ་དུ་བསྒྱུར་བའི་དབྱངས་ཝ། འབྱུང་བ་ཆུ། ཡོན་ཏན་གཟུགས། དར་གུད་རྒན་པོ། ཁྱིམ་ཞག་གི་གསལ་བྱེད་ཥྵླྀ། ཚེས་ཀྱི་ལྷ་མོ་ཥི་རྡོ་རྗེ་མ། ཚེས་ཞག་སུམ་ཅུའི་གསལ་བྱེད་ལས་ཌ། གཡུལ་རྒྱལ་དབྱངས་འཆར་བའི་ལུགས་ཀྱི་དབྱངས་ཨེ། གསལ་བྱེད་ས། འབྱུང་བ་ང་། འདོད་ཡོན་རེག་བྱ། གཟའ་པ་སངས། ལྔ་སྐོར་གྱི་ཧ་ནི་གནས་པ། གསུམ་སྐོར་གྱིའང་ཧ་ནི་གནས་པ། རེས་གཟའ་ལྷ་ཡི་བླ་མ་དང་རྒྱུ་སྐར་གྲུབ་པའི་རྒྱལ་མོ་རྩེན་པའི་འཆི་མེད་གྲུབ་པའི་སྦྱོར་བ་ཡང་དག་པ། བགྲོད་པ་གཉིས་ལས་བྱང་དུ་བགྲོད་པའི་ཉིན་བྱེད་དབང་པོ་ཆུ་སྲིན་གྱི་ཁྱིམ་དུ་ཞུགས་ནས་ཞག་བཅོ་བརྒྱད་འདས་པ། སྦྱོར་བ་ཁོ་ན་འཛིན། བྱེད་པ་ཚོང་བ་དང་ལྡན་པའི་ཉི་མ་ཕྱེད་ཡོལ་བར་དུས་ཀྱི་ཡེ་མཁྱེན་གོམ་པ་དགུ་འདོར་པའི་དབང་གིས་ཆུ་ཚོད་བཅུ་བདུན་དང་སྲང་སོ་གཉིས་འདས་པ། འཁྲིག་པའི་ཏཏྐཱ་ལ་འཆར་བཞིན་པ་ཆུ་སྲང་སོ་བདུན་གྱི་བདག་ཉིད། ཉིན་ཚད་ཞིབ་པ་ལས་ཉིན་མོའི་ཕྱེད་རྫོགས་ནས་ཆུ་ཚོད་གསུམ་དང་ཆུ་སྲང་ཉེར་གསུམ་འདས་པའི་ཆུ་ཚོད་ཀྱི་དབྱངས་ཧུ། ཡུད་ཙམ་གྱི་དབྱངས་ཨཽ་ནང་གི་ང་རྩིས་ལས་གཡོན་སྐྱེད་རིམ་གྱི་ཆུ་ལ་པ་སངས་འཆར་བའི་དབྱངས་ཨུ། ཕྱིའི་དུས་སྦྱོར་འཁྲིག་པའི་ཆུ་ཚོད་དང་པོའི་ཎ་འཆར་བ་དང་། འཆར་བཞིན་པ་འཁྲིག་ཁྱིམ་དེ་ནས་ཁྱིམ་གཉིས་པ་ཀརྐ་ཊའི་ཁྱིམ་ན་ཟླ་བ་གནས་པས་ཞི་བའི་དུས་སུ་བསྔགས་པ། གསུམ་པར་སེང་གེར་ཕུར་བུ། དྲུག་པ་སྡིག་ཁྱིམ་དུ་མིག་དམར་དང་དུས་མེ་འཆར་

p. 970

བས་བསྟན་དགྲ་མཐའ་དག་ཉམས་པ། བདུན་པར་གཞུ་ལ་པ་སངས་ཤར་བས་ཤིན་ཏུ་དགེ་བ། བརྒྱད་པར་ཆུ་སྲིན་གྱི་ཁྱིམ་ལ་ཉི་མ་དང་ལྷག་པ་གཉིས་གནས་པས་སྲོག་བརྟན་པ། བཅུ་པར་ཉ་ཁྱིམ་དུ་སྤེན་པ། བཅུ་གཉིས་པ་གླང་གི་ཁྱིམ་དུ་སྒྲ་གཅན་བསོད་ནམས་ལྡན་པ་གནས་ཤིང་། དུམ་བུ་དྲུག་གི་བདག་པོའི་གཟའ་ནི་ཏཏྐཱལ་གྱི་ལྷག་པ། ཕྱེད་བདག་ཉི་མ། སུམ་ཆའི་ལྷག་པ། དགུ་ཆའི་བཀྲ་ཤིས། བཅུ་གཉིས་ཆའི་ཟླ་བ། སུམ་ཅུ་ཆའི་པ་སངས་རྣམས་འཆར་བའི་དུས་དགེ་བ་འདི་ཉིད་ལ་རང་འགྲིག་ཏུ་བརྩམས་པ་ཡོངས་སུ་རྫོགས་པར་གྲུབ་པ་ཡིན་ལ། གང་དུ་སྦྱར་བའི་གནས་ནི་མདོ་ཁམས་ས་ཡི་ཐིག་ལེ་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་པོ་ཆབ་མདོ་བྱམས་པ་གླིང་དང་མི་རིང་བའི་ཆར། རིག་འཛིན་ཆེན་པོ་པདྨ་འབྱུང་གནས་སོགས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཀྱི་རྒྱལ་པོ་ཀོ་ཆེན་ཁྱུང་ཕུག་གི་མདུན་ཆོས་འབྱུང་ཡང་སྟེང་ཞེས་པ་དཔལ་རྡོ་རྗེ་རྣལ་འབྱོར་མ་རང་བྱོན་གྱི་སྐུ་གསལ་བར་བཞུགས་པའི་ཉེ་ལོགས་སུ། སྦྱིན་པའི་བདག་པོ་ཆབ་མདོ་ཡབ་ཚང་གི་སྲས་པོ་བློ་བཟང་བདེ་ཆེན་གྱིས་འདི་ལོ་གསར་དུ་བསྐྲུན་པའི་རྫོང་མགོ་རི་ཁྲོད་བདེ་ཆེན་དབང་གི་ཁང་བཟང་དུ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་ལམ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་དབང་ནོད་པའི་ཚེ། རྡོ་རྗེ་འཆང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་སྡེས་འགྱུར་མེད་མི་བསྐྱོད་རྡོ་རྗེ་ཞེས་མིང་གི་ཅོད་པན་གནང་བ་གང་དེས་བསྟན་འགྲོ་ལ་ཕན་འདོད་ཀྱི་བསམ་པས་བྲིས་པ་འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང་། བསྟན་ལ་འཚེ་བའི་ཕྱོགས་ངང་གིས་ཞི་བའི་རྟེན་འབྱུང་ཞིག་ལ་དམིགས་ཏེ་བྲིས་པ་དེ་བཞིན་འགྲུབ་ནས་ཆོས་འདིའི་བསྟན་པ་ས་ཡི་སྟེང་ཀུན་ཏུ་དར་ཞིང་རྒྱས་ལ་ནམ་ཡང་མི་ནུབ་པར་གནས་ཤིང་། དེ་ཡི་དགེ་བས་སེམས་ཅན་ཐམས་ཅད་གནས་སྐབས་ཀུན་ཏུ་བདེ་ཞིང་སྐྱིད་པ་དང་། མཐར་ཐུག་དཔལ་ལྡན་དང་པོའི་སངས་རྒྱས་འཇམ་དཔལ་རྡོ་རྗེའི་ཡེ་ཤེས་

p. 971

ཀྱི་སྐུ་འགྲུབ་པར་གྱུར་ཅིག །མངྒ་ལཾ། །དགེའོ། །ཨོཾ་སྭ་སྟི་བི་ཛ་ཡནྟུ། འདིར་དཔལ་ལྡན་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་འགྲེལ་བཤད་འདི་ཉིད་རབ་བྱུང་བཅོ་ལྔ་པའི་ནང་ཚན་ཐུན་མོང་ལྕགས་ཁྱིའི་ལོར་ལྡན་ཡུལ་གོ་ཐིའི་རི་ཁྲོད་བཀྲ་ཤིས་དཔལ་འབར་གླིང་དུ་འགྲེལ་པ་འདིའི་སྟེང་ནས་རྒྱུད་ཀྱི་བཤད་ལུང་བླ་གྲ་ཉེར་གཅིག་ལ་ནག་ཟླ་དང་ས་གའི་ཟླ་བའི་ནང་ཞག་སུམ་ཅུ་རྩ་དྲུག་ལ་གྲུབ་པར་བྱས་ནས་དེ་འཕྲལ་སྤར་གཞི་འབྲི་བ་དྲུང་ཡིག་དབང་ཕྱུག་ནས་འཇིག་རྟེན་ཁམས་ལེ་དང་སྒྲུབ་ཐབས། མཆོད་ཆོག །ཚོགས་དང་སྡེ་དྲུག་སྲུང་མ་དྲུག་ཅུའི་གཏོར་འབུལ། རྣལ་འབྱོར་མའི་མཆོད་ཆོག་སྙིང་པོ། རྒྱུད་འཆད་ཐབས་བཅས་དང་། དྲུང་བསམ་འགྲུབ་ནས་ཡེ་ཤེས་ལེའུའི་འགྲེལ་པ། ཕུན་ཚོགས་ནས་དབང་ལེ་དང་ནང་ལེའི་སྟོད་ཆ་ཅི་རིགས་དང་། ཚེ་དཔལ་ནས་སྒྲུབ་ཐབས་ལེའུ་དང་ནང་ལེའི་མཇུག་བཅས་ཀྱི་སྤར་གཞི་ལེགས་པར་བྲིས་ཤིང་། རང་ནས་ནད་ཀྱིས་མི་ལྕོགས་བཞིན་དུ་ཆོས་འདིའི་ཞབས་ཏོག་ལ་དམིགས་ཏེ་ལན་གཅིག་གིས་སྤར་གཞི་ཞུས་དག་བགྱི་བ་དང་། དེར་དཔེ་བསྡུར་དང་ཤོག་བུ་དྲ་བ་ཐིག་སྤར་བ་སོགས་ཕྱི་ནང་གི་དོ་དན་ཀུན་རང་གྲ་འོད་གསལ་ནས་འབད་པས་བགྱིས་ཤིང་། བླ་མ་ཀུན་དཔལ་ནས་ནང་ལེའི་རྩོམ་གཞི་དཔེ་བཤུས་སོགས་གྲོགས་དན་ཅི་རིགས་བགྱིས། སྤར་གཞི་ལྡེབ་ཆེན་གྲས་བཅོ་ལྔ་རེ་ལ་ཕི་ཊཾ་རེ་སྦྱིན་པའི་གཤོ་སྲོལ་འདུག་ཀྱང་བྲིས་པ་རྣམས་ཀྱིས་ཀྱང་གཟབ་སྟེ་ལྷག་བསམ་རྣམ་དག་བགྱིས་པས་ལྡེབ་བཅུ་གཉིས་རེ་ལ་ཕི་ཊཾ་རེའི་རྩིས་ཀྱི་ཊཾ་ཀ་བྱིན་ཅིང་། སླར་སྤར་དུ་བཀོད་པའི་རྒྱུ་རྩ་ལ། ཚུལ་འདི་བསྐུལ་པ་པོ་ཐར་རྩེ་དཔོན་སློབ་ཉིད་ནས་དངུལ་རྡོ་ཚད་གཅིག་ཞལ་འདེབས་ཡོད་གསུངས་ཀྱང་ཁོང་གིས་ད་དུང་རྒྱུད་སྡེ་ཀུན་བཏུས་ཀྱི་མཐའ་སོགས་སྤར་བརྐོ་རྒྱུའི་ཕྱག་ལས་རྒྱ་ཆེ་བ་དང་། འདིར་

p. 972

སྔར་ཡོན་འདངས་ངེས་བྱུང་བས་སླར་ཕུལ། པན་ཆེན་སངས་རྒྱས་མཉན་སྤྲུལ་པས་ཕི་ཊཾ་བརྒྱ་དང་བཅུ་དྲུག །པན་ཆེན་འབྲང་སྤྲུལ་ལགས་ནས་དངུལ་སྲང་བཅུ་ཡི་གོར་མོ། གླིང་རྗེ་དྲུང་སྤྲུལ་པའི་སྐུས་རྡོ་ཚད་གཅིག །བླ་མ་རིག་འཛིན་རྡོ་རྗེའི་རྡོ་ཚད་གཅིག །གླིང་རྫོང་མགོ་བླ་མ་ཚུལ་ཁྲིམས་རྒྱ་མཚོའི་ཕི་ཊཾ་བཅུ། མགར་ཚེ་ལིའི་རྡོ་ཚད་གཅིག །རྫོགས་གྲ་འཇིག་གྲགས་ནས་ཊཾ་ཀ་སོ་གཉིས། གཞན་བསྔོ་རྟེན་གོར་མོ་ཆ་ཤས་བཅས་ལ་འདི་ནས་ཁ་སབ་ཀྱི་རྡོ་ཚད་དྲུག་དང་། རྗེ་ཚ་ཚེ་རིང་ནོར་བུ་སྤུན་ནས་དངུལ་སྲང་ལྔ། དིས་ཚ་བསམ་འགྲུབ་དགེ་རྩར་བྱེ་རུ་དཀྲུག་མ་ཆེ་བ་གཅིག །གཞན་གྱིས་ཞལ་འདེབས་གཟི་ཆུང་གསུམ། བྱེ་རུ་དཀྲུག་མ་ཆེ་ཆུང་ལྔ། རྡོ་པད་རག་གཅིག་བཅས་ཟུར་འཕར་ཡོད་ལ། སྤར་གཉེར་ཟུར་པ་དགེ་འདུན་རྒྱལ་མཚན་ལགས་ནས་ཚུལ་འདི་ལ་བསམ་སྦྱོར་རྣམ་པར་དག་པས་སྤར་གྱི་དོ་དམ་པ་བགྱིས་ཤིང་། སྒྲུབ་ཐབས་མཆོད་ཆོག་སྐོར་སོགས་དུས་འཁོར་སྤར་ནང་ཞལ་འདེབས་རྡོ་ཚད་གཅིག་དང་ཤ་དང་རྩམ་པ་ཤོག་སྣག་སོགས་གསོས་སྒོ་དང་བྲིས་པ་མངགས་པ་སོགས་ཕན་ཆ་དང་། སླར་སྤར་འདེབས་རྒྱུ་སོགས་ཀྱི་ཐུགས་ཁུར་བཞེས་པ་དང་། དིས་མགོ་ཚང་ནས་ཀྱང་མཐུན་རྐྱེན་ཅི་རིགས་སྦྱར། བླ་མ་བསམ་རྒྱལ་ནས་དབུ་ལྷ་རྣམས་བྲིས། སྤར་དཔོན་ངག་དབང་འཇིགས་མེད་པས་བྲི་གཞི་ཤོག་བརྡར་ལྡེབ་ཆེན་སྟོང་ཕྲག་གཅིག་བསྐུར། ཨ་ཐུབ་བུ་ཚེ་དབང་ཕུན་ཚོགས་ནས་མགོ་ཊཾ་བརྒྱད་ཅུ་ཞལ་འདེབས་མཛད་པ་འདི་ནས་སྤར་གཞི་བྲི་ཡོན་དུ་བྱས། དེ་ལྟར་མཐུན་རྐྱེན་ཚོགས་པ་ལ་བརྟེན་ནས། སྤར་བསྐོས་མཁས་པ་གང་དྲག་ལ་སྤར་དུ་བསྒྲུབ་ཏུ་གཞུག་ཅིང་། ཡོན་སྦྱོར་གྱིས་མགུ་བ་དང་། སླད་ནས་སྤར་ཡིག་ཅི་རིགས་ཐེབས་ཐབས་རྣམས་དགེ་འདུན་རྒྱལ་མཚན་ནས་ཞིབ་ཆར་བགྱིས་པའི་སྒོ་ནས་སྤར་དུ་བསྒྲུབས་ཅིང་། སྤར་འཁོད་རྗེས་སུ་དཔེ་བསྡུར་སོགས་དབང་ཕྱུག་ནས་དོ་དན་བགྱིས་པ་ཡིན་ལ། ཚུལ་འདིར་བསམ་སྦྱོར་འབྲེལ་བ་དང་། དཔེ་འདི་

p. 973

མཐོང་ཐོས་དྲན་རེག་གི་འགྲོ་བས་ཐོག་དྲངས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་དཔལ་ལྡན་དམ་པ་དང་པོའི་སངས་རྒྱས་ཀྱིས་རྗེས་སུ་འཛིན་ཅིང་བར་ཆད་ཐམས་ཅད་ཞི་ནས་བསམ་དོན་ཡིད་བཞིན་འགྲུབ་པ་དང་། གནས་སྐབས་སུ་ཡང་འཇིག་རྟེན་གྱི་ཁམས་མཐའ་དག་ཏུ་མི་མཐུན་དུས་ཀྱི་རྒུད་པ་ཐམས་ཅད་ལྷག་མེད་དུ་ཞི་ཞིང་མཐོ་རིས་ཀྱི་ཡོན་ཏན་བདུན་ཁྱད་པར་འཕགས་པའི་དགེ་ལེགས་རྫོགས་ལྡན་གྱི་ཡོན་ཏན་གསར་དུ་འཆར་བ་ལ་ལོངས་སྤྱོད་པ་དང་། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིས་མཚོན་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས་ལ་ནམ་ཡང་མི་ནུབ་པར་གནས་པ་དང་། བསྟན་འཛིན་དགེ་བའི་བཤེས་རྣམས་ཞབས་པད་བསྐལ་པའི་བར་དུ་བརྟན་པ་དང་། བཤད་སྒྲུབ་ཀྱི་བསྟན་པ་རྒྱས་ཤིང་བསླབ་གསུམ་ལྡན་པའི་དགེ་འདུན་གྱི་འདུ་བ་འཕེལ་བ་དང་། དམ་པའི་ཆོས་ཀྱི་སྙིང་པོ་ཟབ་གསང་རྡོ་རྗེ་ཐེག་བའི་བསྟན་པ་དྲི་མ་མེད་པ་ཡང་དག་པར་འཕེལ་ཞིང་རྒྱས་པའི་མཐུས། སེམས་ཅན་ཐམས་ཅད་མཐར་ཐུག་དམ་པ་དང་པོའི་སངས་རྒྱས་དཔལ་ལྡན་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་སྐུ་འགྲུབ་བར་སྨོན་ན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་རློབས་པ་དང་བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པའི་དཔལ་སྩོལ་བར་མཛོད་ཅིག་ཅེས་མི་ཕམ་རྣམ་པར་རྒྱལ་བས་སྨྲས་པ་དགེའོ།། །། མངྒ་ལཾ།། །

Pecha page