སྔ་འགྱུར་སྨིན་གླིང་དཔེ་ཚོགས།
ཀླད་ཀྱི་དོན།
ཆོས་འབྱུང་བསྟན་པའི་ཉི་མ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། ཆོས་འབྱུང་བསྟན་པའི་ཉི་མ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གདོད་མའི་དབྱིངས་སུ་ཞི་བ་ཆོས་ཀྱི་སྐུ། །མི་མཇེད་ཁམས་འདིར་རྣམ་འདྲེན་སྟོང་རྩ་གཉིས། །བསྟན་དང་འགྲོ་བའི་གཉེན་གྱུར་ལྷ་ཡི་ལྷ། །ཐུབ་དབང་ཞབས་ཀྱི་པདྨོར་གུས་པས་འདུད། །རྒྱལ་ཀུན་ཐུགས་རྗེའི་ཆུ་མཚོ་བསྲུབས་པ་ལས། །ལེགས་ཐོན་པདྨ་འབྱུང་གནས་འོད་སྣང་གིས། །སྐྱེ་དགུའི་པད་ཚལ་མ་ལུས་རྒྱས་མཛད་པ། །ཕན་བདེའི་ཉི་མ་མཚོ་སྐྱེས་རྡོ་རྗེར་འདུད། །སྙིགས་དུས་རྒྱལ་བ་གཞན་གྱིས་མི་ཐུལ་བའི། །རྨད་བྱུང་མཛད་པས་ཞིང་འདིའི་མགོན་པོ་གང་། །བཀའ་གཏེར་བསྟན་པའི་བདག་པོ་གཏེར་བདག་གླིང་། །ཐ་མར་བསྐལ་བཟང་མོས་པར་སྟོན་དེར་འདུད། །སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས། །མི་འགྱུར་རྡོ་རྗེའི་ལུང་གིས་གསལ་བསྟན་པ། །འཇིགས་མེད་ཆོས་སྒྲ་རྒྱ་མཚོའི་གོས་ཅན་གཞིར། །སྒྲོག་མཛད་བཤེས་གཉེན་མགོན་དེར་གུས་པས་འདུད། །ཕྱི་ནང་ཆོས་ཀྱི་དེ་ཉིད་ཡོངས་གཟིགས་ནས། །ཐེག་པ་རྒྱ་མཚོའི་ཆུ་ཀླུང་འབུམ་ཕྲག་གིས། །འགྲོ་བློའི་དྲི་མ་འཁྲུད་མཁས་ལོ་ཙཱ་བ། །ཆོས་དཔལ་རྒྱ་མཚོའི་ཞབས་ལ་གུས་པས་འདུད། །ཟབ་གསང་ཆོས་ཚུལ་རྒྱ་མཚོའི་བུམ་བཟང་གིས། །སྐལ་བཟང་འགྲོ་བའི་རེ་སྐོང་རིན་ཆེན་དབང་། །ཐུབ་བསྟན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡིས། །རྣམ་གྲོལ་ཐར་ལམ་སྟོན་དེར་གུས་ཕྱག་འཚལ། །བགྲང་ཡས་ཆོས་སྒོའི་རྣམ་གྲངས་ཐ་དད་ཀྱང་། །རྣམ་གྲོལ་ལམ་མཚོན་རྒྱལ་བསྟན་ངོ་བོར་གཅིག། དེ་ཕྱིར་རིས་མེད་བསྟན་དང་བསྟན་འཛིན་ལ། །དད་པའི་ལྷག་བསམ་བཟང་པོས་ཕྱག་བྱས་ནས། །ཞིང་འདིའི་རྣམ་འདྲེན་བཞི་པ་
ཤཱཀྱའི་ཏོག། གང་གི་མཛད་ཚུལ་བསྟན་དང་དེ་འཛིན་སོགས། །རྒྱ་བོད་ཡོངས་ཀྱི་བཤེས་གཉེན་མ་ལུས་པའི། །ཆོས་འབྱུང་བསྟན་པའི་ཉི་མ་འདིར་གསལ་བྱ། །དེ་ཡང་སེམས་ཅན་ཐམས་ཅད་ཡེ་ནས་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པར་མདོ་རྒྱུད་ཐམས་ཅད་ནས་གསུངས་པ་བཞིན། སེམས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་། རིག་པའི་རང་བཞིན་འོད་གསལ་སྙིང་པོ་དེ་བཞིན་ཉིད་དེ་མ་རིག་ཀུན་བཏགས་ཀྱིས་སྒྲིབ་པའི་སྤྲིན་གཟུང་འཛིན་འཁྲུལ་པའི་བག་ལ་ཉལ་ལངས་པས། ཡུལ་དང་དོན་དང་ལུས་སུ་ཆགས་ཏེ་ཡོན་ཏན་མི་མངོན་པར་འཁྲུལ་སྣང་བདེ་སྡུག་གི་སྣང་བ། དཔེར་ན་སྤྲིན་ལས་ཆར་འབེབས་པ་ལྟར། མ་རིག་གཟུང་འཛིན་གྱི་སེམས་སྤྲིན་ལས་དགེ་སྡིག་ལས་ཀྱི་ཆར་བབས་ཏེ། དེས་བསྐྱེད་པའི་འབྲས་བུ་ཁམས་གསུམ་པའི་གནས་གྲུབ་བོ། །
གཞུང་གི་དོན་ལ་ཐོག་མར་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ།
༈ དེ་ལ་ཐོག་མར་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་ནི། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་གསུངས་པ་ལྟར། བཅུད་ཀྱི་སེམས་ཅན་ཡས་དང་སྣོད་ཀྱི་འཇིག་རྟེན་མས་ནས་ཆགས་ཏེ་འཇིག་རྟེན་གྱི་ཁམས་གྲུབ་བོ། །དེ་ལ་རང་ཅག་རྣམས་གནས་པའི་འཛམ་གླིང་ཆུང་ངུ་ལས་ཀྱི་ས་ཞེས་པ་འདི་ཆོས་མངོན་པ་མཛོད་ནས་ཤིང་རྟའི་དབྱིབས་དང་། དུས་འཁོར་ལ་སོགས་ནས་གྲུ་གསུམ་སོག་ཀའི་རྣམ་པར་ཡོད་པ་བཤད་པ་སྟེ། དེ་ཡང་ནང་གསེས་སུ་འཕགས་ཡུལ་དང་། བོད་དང་། ལི་དང་། རྒྱ་ནག་དང་། ཀཻ་ལཱ་ཤ་དང་། གངས་ལྡན་ཏེ་ཡུལ་དྲུག་ཏུ་ཡོད་པའོ། །དེ་ཡང་རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་ཆོས་སྐོར་ལས། བོད་རྣམས་སོག་པའི་ཐེར་ལ་ཡོད་པས་དྲང་ཞིང་དབུལ་ཕོངས་དྲན་པ་གསལ་བའོ། །རྒྱ་གར་ཁ་ཆེ་སྟག་གཟིག་གསུམ་སོག་པའི་ཡུ་བ་ལ་ཡོད་པས་སེམས་ཆུང་། བློ་སྲབ། འབྱོར་བ་ལྡན་པའོ། །རྒྱ་ནག་ཧོར་འཇང་གསུམ་སོག་པའི་ཁ་གདངས་ལ་ཡོད་པས་རྒྱ་ཆེ་ཁོག་ཡངས་རིག་པ་བཟོ། ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །གཞན་ཡང་སོག་པའི་ཁ་སྒོར་ལ་མཐའ་འཁོབ་
སུམ་ཅུ་སོ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འཛམ་གླིང་འདིའི་ལྟེ་བ་རྡོ་རྗེ་གདན་ཏེ། རྡོ་རྗེ་རྩེ་ལྔ་པ་གྱེན་དུ་ལངས་པའི་ཁོང་གསེང་ནས་བྱང་ཆུབ་ཀྱི་ཤིང་བྱུང་བ་རྭ་བཞི་ལ་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་གནས་པ། མཆོད་རྟེན་བཞིའི་བར་གྱི་ཐང་ལ་མདའ་རྒྱང་འབྲིང་པོ་རེ་ཡོད་པའི་དབུས་ན་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་གདན་ཁྲི་རྒྱར་ཕྱོགས་རེ་ལ་འདོམ་གསུམ་གསུམ་དཔངས་སུ་ཁྲུ་གསུམ་གསུམ་གྱི་དབུས་ནས་བྱང་ཆུབ་ཀྱི་ཤིང་སྐྱེས་པ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལས་གྲུབ་པ། དེའི་ཕྱོགས་མི་འགྱུར་བའི་གཟེར་ཆེན་ཤར་ཕྱོགས་རྒྱ་ནག་གི་རྒྱལ་ཁམས་ན་འཕགས་པ་འཇམ་དཔལ་གྱིས་རྩིས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུང་བའི་གནས་རི་བོ་རྩེ་ལྔ། ལྷོ་ཕྱོགས་ན་གཉིས་མེད་དུས་འཁོར་གསུང་བའི་གནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ན་ཡེ་ཤེས་སེམས་དཔའ་མ་བསྡུས་པར་བཞུགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་དང་། རྒྱ་མཚོའི་གླིང་ན་རྩེ་མོར་སྤྱན་རས་གཟིགས་ཀྱི་ཕོ་བྲང་པོ་ཏ་ལ། རྩ་བར་འཕགས་མ་སྒྲོལ་མའི་བཞུགས་གནས་ཡོད་པ། ནུབ་ཕྱོགས་ན་རྒྱུད་ཐམས་ཅད་ཀྱི་གསང་མཛོད་མཁའ་འགྲོ་སྤྲིན་ལྟར་འདུ་བའི་གནས་ཨོ་རྒྱན་རྡོ་རྗེ་འཆང་གི་ཕོ་བྲང་ཧེ་རུ་ཀ་རང་བྱུང་གི་གཙུག་ལག་ཁང་། བྱང་ཕྱོགས་ན་ཆོས་རྒྱལ་རིགས་ལྡན་རྣམས་རིམ་པར་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཀ་ལཱ་པའི་གྲོང་ཁྱེར། གཞན་ཡང་མཛོད་ལས། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རི་འོ། །ཞེས་སོགས་ཀྱི་དོན་རྡོ་རྗེ་གདན་ནས་རི་རྒྱུད་དགུ་འདས་པ་ན་གངས་རི་དཔལ་དང་ལྡན་པ་ན། ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བའི་མཚོ་མ་དྲོས་པ། དེའི་ཤར་བྲག་གླང་པོའི་ཁ་འདྲ་བ་ནས་གངྒཱ་དངུལ་གྱི་བྱེ་མ། དེ་བཞིན་དུ་ལྷོར་བྲག་ཁྱུ་མཆོག་གི་ཁ་འདྲ་བ་ནས་སིནྡྷུས་བཻཌཱུརྱའི་བྱེ་མ། ནུབ་ཕྱོགས་བྲག་རྟའི་ཁ་འདྲ་བ་ནས་པཀྵུས་ཤེལ་གྱི་བྱེ་མ། བྱང་ཕྱོགས་བྲག་སེང་གེའི་ཁ་འདྲ་བ་ནས་སི་ཏཱས་གསེར་གྱི་བྱེ་མ་དྲངས་ཏེ་བཞི་ཀ་ཆུ་ཕྲན་ལྔ་བརྒྱ་དང་བཅས་མ་དྲོས་པ་ལ་གཡས་སྐོར་ལན་བདུན་བྱས་ནས་ཕྱོགས་བཞིའི་རྒྱ་མཚོར་འབབ། དེར་ཤིང་འཛམ་བུ་ཏྲི་ཤའི་འབྲས་བུ་དམར་པོ་རྫ་མ་ཙམ་པ་ཆུར་ལྷུང་བའི་སྒྲར་ཛམ་ཞེས་པའི་
སྒྲས་གླིང་གི་མིང་ཡང་དེར་ཐོགས་ཤིང་ཀླུའི་རྒྱལ་པོ་རྣམས་ཉར་སྤྲུལ་ནས་འབྲས་བུ་དེ་མྱོང་བའི་ལྷག་མ་རྣམས་མ་དྲོས་པའི་ཆུའི་ནུས་པས་གསེར་དུ་གྱུར་བར་འཛམ་བུ་ཆུ་བོའི་གསེར་དུ་གྲགས་སོ། །
རྒྱ་གར་འཕགས་པའི་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ།
༈ དེ་ལྟར་འཛམ་བུའི་གླིང་འདིར་བསྟན་པ་དམ་པའི་ཆོས་ཀྱི་འབྱུང་ཚུལ་ལ་གཉིས་ལས། དང་པོ་རྒྱ་གར་འཕགས་པའི་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ་ནི། དེ་ཡང་སྤྱིར་བསྐལ་བ་ལ། སྒྲོན་བསྐལ་དང་མུན་བསྐལ་གཉིས་ལས། སངས་རྒྱས་འབྱུང་བ་ལ་སྒྲོན་བསྐལ་དང་། མི་འབྱུང་བ་ལ་མུན་བསྐལ་ཞེས་བྱ་སྟེ། སྒྲོན་བསྐལ་བསྐལ་བ་བཟང་པོ་ལ་སངས་རྒྱས་སྟོང་ངམ་སྟོང་རྩ་ལྔ། དེ་ནས་མུན་བསྐལ་བསྐལ་ཆེན་དྲུག་ཅུ། དེ་ནས་སྒྲོན་བསྐལ་སྙན་པ་ཆེན་པོ་ལ་སངས་རྒྱས་ཁྲི། དེ་ནས་མུན་བསྐལ་ཁྲི་འདས་པ་དང་། བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བའི་སྒྲོན་བསྐལ་ལ་སངས་རྒྱས་ཁྲི། དེ་ནས་མུན་བསྐལ་སུམ་བརྒྱ། དེ་ནས་སྒྲོན་བསྐལ་ཡོན་ཏན་བཀོད་པ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་བར་བསྐལ་བཟང་ནས་བཤད། བསྐལ་པ་བཟང་པོ་འདི་ལ་སྙིང་རྗེ་པདྨ་དཀར་པོ་ནས་སངས་རྒྱས་སྟོང་དང་རྩ་ལྔའམ་དྲུགགསང་བ་བསམ་གྱིས་མི་ཁྱབ་པའི་མདོ་སོགས་ནས་སངས་རྒྱས་སྟོང་འབྱོན་པར་བཤད། བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་ཞེས་པ། དཀོན་བརྩེགས་ལས་བསྐལ་པ་མཛེས་པར་སྣང་བར་འཇིག་རྟེན་གྱི་ཁམས་རྣམ་པར་རྒྱན་ཞེས་བྱ་བར། བླ་ན་མེད་པ་ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བའི་དུས། འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་རིན་ཆེན་སྣ་བདུན་དང་ལྡན་པ་གླིང་བཞི་ལ་དབང་བ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ་བསོད་ནམས་དང་གཟི་བརྗིད་དང་ལྡན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཞིག་བྱུང་། དེ་ལ་བཙུན་མོའི་འཁོར་བདུན་འབུམ་ཡོད་དེ། ཐམས་ཅད་ཀྱང་མཚན་དང་ལྡན་པའི་ན་ཆུང་བུད་མེད་རིན་པོ་ཆེའི་ལོངས་སྤྱོད་དང་ལྡན་པ་ཤ་སྟག་གོ། ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་
ཆུབ་ཏུ་ཞུགས་པར་གྱུར་པ་དག་གོ། དེ་ལ་བུ་སྟོང་དུ། སྐྱེས་བུ་ཆེན་པོའི་མཚན་ཉི་ཤུ་རྩ་བརྒྱད་ཀྱིས་བརྒྱན་པ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ཤ་སྟག་གོ། བཙུན་མོའི་ནང་ནས་མ་སྨད་ཅེས་བྱ་བ་དང་། དཔེ་མེད་མ་ཞེས་བྱ་བ་དེ་གཉིས་རྫིང་དགའ་བ་ཞེས་བྱ་བར་ཁྲུས་བྱས་ཏེ་སྤོས་ཆུས་གོས་བརླན་པས་སེང་གེའི་ཁྲི་པདྨའི་འབྱུང་གནས་བཟང་པོ་ལ་འདུག་གོ། དེ་གཉིས་དེར་འདུག་པའི་པང་ན་རྒྱལ་པོ་གཞོན་ནུ་གཟུགས་བཟང་བ་མཛེས་པ་ལྟ་ན་སྡུག་པ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་གཉིས་སྐྱིལ་མོ་ཀྲུང་བཅས་པར་རྫུས་ཏེ་བྱུང་ངོ་། །དེ་ནས་སྐད་ཅིག་དེ་ཉིད་ལ་སྟེང་གི་བར་སྣང་ལས་ལྷ་རྣམས་ཀྱིས། ཀྱེ་མ་ཁྱེའུ་འདི་ནི་ཆོས་ཀྱི་སེམས་དཔའ་འོ། །ཀྱེ་མ་ཁྱེའུ་འདི་ནི་ཆོས་ཀྱི་བློ་གྲོས་སོ། །ཞེས་པའི་སྒྲ་བྱུང་བས་མ་སྨད་པའི་པང་ལ་ཆོས་སེམས་དང་། དཔེ་མེད་པའི་པང་ལ་ཆོས་ཀྱི་བློ་གྲོས་སུ་བཏགས་སོ། །ཞེས་སོགས་ནས། བཅོམ་ལྡན་འདས་༼མར་མེ་༽མཛད་དེ་དེའི་ཚེ་དེའི་དུས་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བར་གྱུར་ཏོ། །དེའི་བུ་སྟོང་ཡོད་པ་དེ་དག་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཤ་སྟག་སྟེ། དེ་བཞིན་གཤེགས་པ་འཁོར་བ་འཇིག་ནས་བཟུང་སྟེ། དེ་བཞིན་གཤེགས་པ་མོས་པ་ཞེས་བྱ་བའི་བར་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཞོན་ནུར་གྱུར་ཏོ། །ཞེས་གསུངས་པ་ལྟར། རྒྱལ་པོ་ཡུལ་འཁོར་སྲུང་གིས་རིན་པོ་ཆེ་སྣ་བདུན་གྱི་བུམ་པར་གཞོན་ནུ་དེ་རྣམས་ཀྱི་མིང་བྲིས་ནས་བཅུགཞག་བདུན་དུ་མཆོད་པ་བྱས་པས་ཐོག་མར་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཀྱི་མིང་བྱུང་སྟེ་དེ་ནི་དེ་བཞིན་གཤེགས་པ་འཁོར་བ་འཇིག་གོ། དེའི་འོག་ཏུ་རྒྱལ་བུ་རྣམ་པར་རྒྱལ་བའི་སྡེ་བྱུང་སྟེ་དེ་ནི་གསེར་ཐུབ་བོ། །དེའི་འོག་ཏུ་གཞོན་ནུ་དབང་པོ་ཞི་བ་ཞེས་བྱ་བ་བྱུང་སྟེ། དེ་ནི་འོད་སྲུང་ངོ་། །དེའི་འོག་ཏུ་གཞོན་ནུ་དོན་གྲུབ་ཀྱི་མིང་བྱུང་སྟེ། དེ་ནི་ཤཱཀྱ་ཐུབ་པའོ། །དེའི་འོག་ཏུ་གཞོན་ནུ་སྐ་རགས་ཅན་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་བྱམས་པའོ། །མཐར་གཞོན་ནུ་བློ་གྲོས་མཐའ་ཡས་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་དེ་བཞིན་གཤེགས་པ་མོས་པའོ། །ཆོས་ཀྱི་སེམས་དཔའ་ནི་སངས་རྒྱས་སྟོང་གི་ཆོས་ཉན་
པ་དང་། མོས་པ་དང་། རྟོགས་པར་བྱ་བའི་ཕྱིར་བཀའི་བསྡུ་བ་མཛད་པའི་གསང་བདག་ལག་ན་རྡོ་རྗེ་དང་། ཆོས་ཀྱི་བློ་གྲོས་ནི་སངས་རྒྱས་དེ་རྣམས་༼ལ༽ཆོས་འཁོར་བསྐོར་བར་བསྐུལ་ཞིང་གསོལ་བ་འདེབས་པར་བཤད་དོ། །འདི་དང་བསྐལ་བཟང་གི་མདོ་མཐུན་པར་སྟོང་དང་རྩ་གཉིས་སུ་བཤད། ཡང་འཕགས་པ་ལི་ཙ་བཱི་དྲི་མ་མེད་པར་བསྟན་པ་ལས། ལྷའི་དབང་པོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་བསམ་གྱིས་མི་ཁྱབ་པར་གྱུར་པ་དེའི་ཚེ་དེའི་དུས་ན། བསྐལ་པ་རྣམ་པར་སྦྱོང་བ་ལ་འཇིག་རྟེན་གྱི་ཁམས་ཆེར་བཀོད་པར། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྨན་གྱི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ལྷའི་དབང་པོ། དེའི་ཚེ་དེའི་དུས་ན་འཁོར་ལོ་བསྒྱུར་བའི་རྒྱལ་པོ་རིན་ཆེན་གདུགས་ཞེས་བྱ་བ་གླིང་བཞི་ལ་དབང་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་སྟེ། དེ་ལ་བུ་དཔའ་བ་བརྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་དུ་ཚང་བ་ཡོད་དེ། རྒྱལ་པོ་རིན་ཆེན་གདུགས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་འཁོར་དང་བཅས་པ་ལ་བར་གྱི་བསྐལ་པ་ལྔའི་བར་དུ་དགེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རི་མོར་བྱས་སོ། །ཞེས་དང་། ངས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཀྱི། ད་ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པར་གྱིས་ཤིགདེ་ནས་རྒྱལ་བུ་གཞོན་ནུ་དེ་དག་གིས་ཕ་རྒྱལ་པོ་རིན་ཆེན་གདུགས་ལ་ལེགས་སོ་ཞེས་སྨྲས་ནས། དེ་:གཉན་༼མཉན༽ཏེ་དེ་དང་ལྷན་ཅིག་ཚོགས་ནས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་ལ་བསྐལ་པ་བར་མ་ལྔའི་བར་དུ་དགེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་སོ། །དེའི་ནང་ནས་རྒྱལ་པོ་ཟླ་གདུགས་ཞེས་བྱ་བ་དེ་གཅིག་པུ་དབེན་པར་སོང་ནས་འདི་སྙམ་དུ་སེམས་ཏེ་མཆོད་པ་དེ་བས་གཞན་ཆེས་འཕགས་ཤིང་རྒྱ་ཆེ་བ་ཡོད་དོ་སྙམ་པ་དང་། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བར་སྣང་དེ་ལས་ལྷ་དག་གིས་འདི་སྐད་ཟེར་རོ། །སྐྱེས་བུ་དམ་པ་ཆོས་ཀྱི་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་གོ། ཞེས་སོགས་ནས། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ། ཡེ་ཤེས་ལ་རྟོན་གྱི་
རྣམ་ཤེས་ལ་མི་རྟོན་པ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་གྱི་ཀུན་རྫོབ་ལ་མངོན་པར་མ་ཞེན་པ། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་བལྟ་བ་དམིགས་པར་འཛིན་པ་ལ་མངོན་པར་མ་ཞེན་པ། སངས་རྒྱས་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་འདི་ནི་རིགས་ཀྱི་བུ་བླ་ན་མེད་པའི་ཆོས་ཀྱི་མཆོད་པ་ཞེས་བྱའོ། །ཞེས་དང་། ལྷའི་དབང་པོ་དེའི་ཚེ་དེའི་དུས་ན་རིན་ཆེན་གདུགས་ཞེས་བྱ་བའི་འཁོར་ལོ་སྒྱུར་བ་དེ་གཞན་ཡིན་པ་སྙམ་དུ་འཛིན་ན། ལྷའི་དབང་པོ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིན་ཆེན་འོད་འཕྲོ་དེ་དེ་བཞིན་གཤེགས་པ་དེའི་ཚེ་དེའི་དུས་ན་རིན་ཆེན་གདུགས་ཞེས་བྱ་བ་འཁོར་ལོ་བསྒྱུར་བའི་རྒྱལ་པོར་གྱུར་ཏོ། །རིན་ཆེན་ཟླ་གདུགས་དེའི་བུ་སྟོང་ཡོད་པ་དེ་དག་ནི་ད་ལྟར་གྱི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་འདི་དག་ཡིན་ཏེ། གང་བསྐལ་པ་བཟང་པོ་འདི་ལ། སངས་རྒྱས་སྟོང་ཚང་བར་འབྱུང་བའོ། །དེ་ལས་བཞི་ནི་སངས་རྒྱས་ལོག་པར་དད་སེལ་ལ་སོགས་པ་སྔོན་དུ་བྱུང་སྟེ་ལྷག་མ་རྣམས་ཀྱང་འབྱུང་བར་འགྱུར་རོ། །འཁོར་བ་འཇིག་ལ་སོགས་པ་སྣང་མཛད་ལ་ཐུག་པའི་བར་དུ་སྟེ་ཐ་མར་དེ་བཞིན་གཤེགས་པ་སྣང་མཛད་ཅེས་བྱ་བ་འབྱུང་ངོ་། །ལྷའི་དབང་པོ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེའི་དམ་པའི་ཆོས་ཡོངས་སུ་བཟུང་བ་རྒྱལ་པོ་ཟླ་གདུགས་ཞེས་བྱ་བ་དེ་གཞན་ཡིན་པ་སྙམ་དུ་འཛིན་ན། ཁྱོད་ཀྱིས་དེ་ལྟར་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་གདུགས་ཞེས་བྱ་བར་གྱུར་ཏོ། །ཞེས་གསུངས་པ་ལྟར་དང་། ཡང་སྙིང་རྗེ་པདྨ་དཀར་པོའི་ལེའུ་གསུམ་པ་ལས། སྔོན་སངས་རྒྱས་ཀྱི་ཞིང་འདིར་བསྐལ་བ་འཛིན་པ་ཞེས་བྱ་བ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་པ་དང་། དེའི་བུ་མིག་མི་འཛུམ་སོགས་སྟོང་། ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་། རྒྱལ་པོའི་མདུན་ན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བར། སྲས་གཅེན་ཁྱེའུ་རྒྱ་མཚོའི་སྙིང་པོ་དང་། གཅུང་ཐུ་བོ་རྒྱ་མཚོའི་དབང་ཕྱུག་ཁྱབ་བདག་ཅེས་བྱ་བ་སོགས་བརྒྱད་ཅུ། བྲམ་ཟེའི་སློབ་མ་བྱེ་བ་ཕྲག་གསུམ་གང་དག་རིག་བྱེད་སློབ་པའི་བྲམ་ཟེའི་བུ་ཐུ་བོ་མང་པོས་
བཀུར་བ་ཁྱབ་འཇུག་སོགས་སྟོང་། བསྙེན་བཀུར་བའི་བྲམ་ཟེའི་ཁྱེའུ་ལྔ། བྲམ་ཟེའི་ཁྱེའུ་སྟོབས་ཆེན་ཤུགས་འཆང་རྣམས་ཡོད་པ་ལས། སྲས་རྒྱ་མཚོའི་སྙིང་པོ་རབ་ཏུ་བྱུང་ནས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཞེས་བྱ་བར་སངས་རྒྱས་པའི་ཚེ། རིན་ཆེན་སྙིང་པོས། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་སངས་རྒྱས་ཚེ་དཔག་མེད་དང་། སྲས་མིག་མི་འཛུམ་སྤྱན་རས་གཟིགས་སོགས་དང་མཐུ་ཆེན་ཐོབ་པ་ལ་སོགས་པར་ལུང་བསྟན། ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་པོ་དུས་གཅིག་ཏུ་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་བྱང་ཆུབ་ཐོབ་པར་ལུང་བསྟན། གཅུང་རྒྱ་མཚོའི་དབང་ཕྱུག་ཁྱབ་བདག་སོགས་བདུན་ཅུ་རྩ་དགུ་པོ་བསྐལ་པ་ཨུཏྤལ་ཡང་དག་ཏོག་ཅེས་བྱ་བ་ལ་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་སངས་རྒྱས་རིན་ཆེན་བརྩེགས་པ་ཞེས་བྱ་བ་དང་། དེའི་རྗེས་སུ་གཅུང་གཞན་རྣམས་ཀྱང་སངས་རྒྱས་བདུན་ཅུ་རྩ་དགུར་ལུང་བསྟན་ཅིང་། བྲམ་ཟེའི་ཁྱེའུ་སྐར་མིག་ཁྱུ་མཆོག་སོགས་སློབ་མ་བྱེ་བ་ཕྲག་གསུམ་པོ་སངས་རྒྱས་ཀྱི་ཞིང་འདིར་བླ་ན་མེད་པའི་སངས་རྒྱས་ཀྱི་གྲངས་སུ་མི་གཏོགས་ཤིང་། ཞེས་དང་། མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་གྲགས་པ་འདིར། བྲམ་ཟེའི་ཁྱེའུ་སྐར་མ་སྐྱོང་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན་སངས་རྒྱས་ཐོག་མར་འཁོར་བ་འཇིགགཉིས་པར་གཏམ་བུ་རུ་ཞེས་ཚེ་ལོ་སུམ་ཁྲི་པའི་དུས་སུ་གསེར་ཐུབ། ཁྱེའུ་ཀུན་གྱིས་སྲུང་ཞེས་པ་རྩོད་དུས་ཀྱི་མཚན་མ་བྱུང་བ་ན་འོད་སྲུང་། ཁྱེའུ་བཞི་པ་བགྲོད་བྱའི་བུ་དྲི་མ་མེད་པ་ཚེ་ལོ་བརྒྱད་ཁྲི་པའི་དུས་སུ་བྱམས་པ། དེ་བཞིན་རིག་བྱེད་སློབ་པ་སེང་གེ་མཆོག་དགའ་སོགས་བསྐལ་བཟང་གི་སངས་རྒྱས་དགུ་བཅུ་རྩ་དགུའི་བར་ལུང་བསྟན། སངས་རྒྱས་ལ་སོགས་དགེ་སློང་གི་དགེ་འདུན་ལ་དབུལ་བ་མ་མཆིས་པའི་ལོ་ཐང་སྤྱོད་པ་ལ་རིན་པོ་ཆེའི་རྣ་རྒྱན། གཉིས་པ་ཐང་ལ་སྤྱོད་པ་རིན་པོ་ཆེ་སྣ་བདུན་གྱི་རྣ་ཆ། གསུམ་པ་ལ་སྤྱོད་པ་ལ་རིན་ཆེན་བདུན་གྱི་ཁྲི། བཞི་པ་ཤུགས་ཀྱིས་སྤྱོད་པ་ལ་རིན་ཆེན་བདུན་གྱི་མཁར་བ། ལྔ་པ་སྙིང་པོ་སྤྱོད་པ་ལ་གསེར་གྱི་རིལ་བ་:སྒྲིང་ག་ར་༼བྷྲིང་ཀ་ར་༽བྱིན་ནས་སེམས་བསྐྱེད་དུ་བཅུག་པའི་བསྙེན་བཀུར་བ་ལྔ་པོ་དེ་བཞིན་གཤེགས་པ་རྟ་དབྱངས། བདེ་དབང་། བློ་གྲོས། དོན་བཅས་
གསུང་དགའ། སེང་གེའི་བཤེས་གཉེན་ཞེས་བྱ་བ་རྣམས་སུ་ལུང་བསྟན་པ་བཅས་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་བཞི་དང་། བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱིས་རྩོད་དུས་ཀྱི་གདུལ་བྱ་ཡོངས་སུ་སྤངས་པས། བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྙིང་པོས་མཆོག་ཏུ་སེམས་བསྐྱེད་དེ་ཤཱཀྱ་ཐུབ་པར་ལུང་བསྟན་པ་དང་བཅས་ཉེར་ལྔ་བྱུང་བ་འདི་རྣམས་ཀྱིས་བསྟན་པས་བཟང་པོའི་བསྐལ་བ་ཕྱེད་སྐྱོང་ཞིང་། དེ་ནས་བྲམ་ཟེའི་ཁྱེའུ་སྟོབས་ཆེན་ཤུགས་འཆང་ཞེས་པས་སངས་རྒྱས་རིན་ཆེན་སྙིང་པོའི་དྲུང་དུ་སེམས་བསྐྱེད་པ་ནི། བཙུན་པ་བཅོམ་ལྡན་འདས་བསྐལ་པ་བཟང་པོ་དེ་ལ་རྒྱལ་བ་ཉི་མ་དག་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་མཐར་བྲམ་ཟེའི་ཁྱེའུ་ཞེས་སྔ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་དེ་བཞིན་གཤེགས་པ་སེང་གེའི་བཤེས་གཉེན་གཙུག་ཕུད་ཅེས་བགྱི་བ་དེ་སྲིད་དུ་ཡུན་རིང་པོར་བདག་གིས་བརྟུལ་ཞུགས་དང་། དཀའ་ཐུབ་སྤྱོད་པ་དང་། ཞེས་སོགས་དང་། དེ་བཞིན་གཤེགས་པ་སེང་གེའི་བཤེས་གཉེན་གཙུག་ཕུད་བཟང་པོ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ནུབ་པ་ན་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་གསལ་མཛད་ཅེས་བྱ་བར་འགྱུར་རོ། །ཁྱོད་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་དུ་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཇི་སྲིད་དུ་བསྐལ་བ་ཆེན་པོ་བཟང་པོའི་བསྐལ་བ་ཟད་པར་མ་གྱུར་པ་དེ་སྲིད་དུ་དམ་པའི་ཆོས་ནུབ་པར་མི་འགྱུར་ལ། ཞེས་སོགས་ལུང་བསྟན་པས་བསྐལ་པ་འདིར་ནི་མདོ་འདིའི་ལུགས་ལྟར་ན་སྔོན་ཆད་སངས་རྒྱས་སྟོང་རྩ་བཞི་ལས་བགྲངས་པ་མི་འདུག་ཀྱང་སྟོང་རྩ་དྲུག་ཏུ་འབྱུང་བར་འགྱུར་མོད། གང་ལྟར་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འདི་ཉིད་བསྐལ་བཟང་གི་སངས་རྒྱས་བཞི་པར་བྱོན་པར་མི་མཐུན་པ་མེད་ཅིང་། འདིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ་ནི། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལ་གདུགས་གཅིགམཆིལ་ལྷམ་ཟུང་གཅིགརྫའི་བུམ་པ་བྱི་དོར་བྱས་པ་རྣམས་ཕུལ། མགྲོན་བུ་ལྔ་མེ་ཏོག་གི་ཚུལ་དུ་གཏོར་ནས། དེ་བཞིན་
གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། ཞེས་སོགས་ཀྱིས་ཐུགས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ནི་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ནས་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་མཆོད་ཅིང་བསྙེན་བཀུར་ནས་གྲངས་མེད་དང་པོའི་ཚོགས་བསགས། སངས་རྒྱས་དཀོན་མཆོག་ཡན་ལག་འཇིག་རྟེན་དུ་བྱོན་པ་ནས། མར་མེ་མཛད་ཀྱི་བར་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་མཆོད་ཅིང་བསྙེན་བཀུར་ནས་གྲངས་མེད་གཉིས་པའི་ཚོགས་བསགས། སངས་རྒྱས་མར་མེ་མཛད་ནས་རྣམ་གཟིགས་ལ་ཐུག་གི་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་གྲངས་མེད་གསུམ་པའི་ཚོགས་བསགས་ནས་སངས་རྒྱས་དབང་པོའི་ཏོག་ཏུ་སངས་རྒྱས་པ་ཡིན་ཏེ། མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག། གྲངས་མེད་གསུམ་གྱི་ཐ་མར་འབྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་གསུངས་སོ། །
སླར་ཡང་འཛམ་གླིང་འདིར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་དོན་ལ་གཤེགས་པ།
དང་པོ་དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ།
༈ སླར་ཡང་འཛམ་གླིང་འདིར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་དོན་ལ་གཤེགས་པ་ནི། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་ལ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་སྟོན་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར། ༈དང་པོ་དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནི། འཛམ་བུ་གླིང་པ་རྣམས་ཆོས་ཉན་ཕྱིར་དགའ་ལྡན་དུ་བགྲོད་མི་ནུས་ལ། ལྷ་རྣམས་འཛམ་གླིང་དུ་འབབ་ནུས་སོ་སྙམ་སྟེ། གཟིགས་པ་ལྔས་གཟིགས་ཏེ། ཡུལ་གྲོང་ཁྱེར་སེར་སྐྱ། རིགས་རྒྱལ་པོ། རུས་བརྒྱུད་
བུ་རམ་ཤིང་པ། ཆོ་འབྲང་སྐྱོན་བྲལ་ཡུམ་སྒྱུ་མ་ལྷ་མཛེས། དུས་ཚེ་ལོ་བརྒྱ་པ་སྟེ་དགེ་མཚན་ལྔ་གཟིགས་ནས་ལྷ་རྣམས་ལ། གྲོགས་པོ་དག་ངའི་ལུས་བསོད་ནམས་བརྒྱའི་མཚན་དང་ལྡན་པ་ལ་ལྟོས། ཕྱོགས་བཅུ་ན་བྱང་ཆུབ་སེམས་དཔའ་དང་འདྲ་བ་གྲངས་མེད་པ་ལའང་ལྟོས། བྱང་ཆུབ་སེམས་དཔའ་བྱམས་པ་འདིས་ཁྱོད་རྣམས་ལ་ཆོས་སྟོན་པར་འགྱུར་རོ། །ཞེས་གསུངས་ཏེ། རང་གི་ཐོད་དང་ཅོད་པན་མ་ཕམ་པའི་དབུ་ལ་བཅིངས་ནས། ཁྱོད་ངའི་འོག་ཏུ་འཚང་རྒྱ་བས་དགའ་ལྡན་གྱི་གནས་འདིར་དབང་བསྐུར་རོ། །ཞེས་རྒྱལ་ཚབ་ཏུ་བཞགལྷ་རྣམས་ལ། ཁྱེད་ཅག་ལས་གང་དག་བདུད་རྩི་དོན་དུ་གཉེར་བ་དེ་དག་ཡོད་ན་ཕལ་ཆེར་ཡུལ་དབུས་ཀྱི་གྲོང་ཁྱེར་དྲུག་པོ་མཉན་ཡོད་དང་། གནས་བཅས་དང་། ཡངས་པ་ཅན་དང་། ཙམ་པ་ཀ་དང་། རྒྱལ་པོའི་ཁབ་དང་། ཝ་ར་ཎ་སིར་ཉིང་མཚམས་སྦྱོར་བ་ལོངས་ཤིགཁོ་བོ་མངོན་པར་རྫོགས་པ་འཚང་རྒྱ་བའི་ཕྱིར་འཛམ་བུ་གླིང་དུ་འགྲོའོ་ཞེས་གསུངས་པས། དེའི་ཚེ་འདོད་གཟུགས་ཀྱི་ལྷ་མཐུ་བོ་ཆེ་རྣམས་ཀྱང་ཞབས་འབྲིང་དུ་འགྲོ་བར་ཆས་ཏེ་གླུ་དབྱངས་ཀྱིས་བསྟོད་ཅིང་། བརྒྱ་བྱིན་ཡུམ་གྱི་གཟི་བྱིན་བསྒྲུབ་པ་དང་ལྷུམས་གཙང་བར་བྱེད་པ་ལ་ཆས་པ་དང་བཅས་དགའ་ལྡན་གྱི་གནས་ནས་འཕོ་བར་མཛད་དོ། །
གཉིས་པ་ལྷུམས་སུ་ཞུགས་པའི་མཛད་པ།
༈ གཉིས་པ་ལྷུམས་སུ་ཞུགས་པའི་མཛད་པ་ནི། དེ་ནས་བདེ་བའི་རྒྱན་ཞེས་པའི་འོད་ཟེར་གྲངས་མེད་པ་སྤྲོས་པས་སྟོང་གསུམ་གྱི་མུན་ནག་ཀུན་སྣང་བས་ཁྱབ་པར་བྱས་ནས་ཉི་ཟླ་ཡང་ཟིལ་གྱིས་མནན། ངན་སོང་གི་སྡུག་བསྔལ་ཞི། ཡོན་ཏན་གྱི་དཀྱིལ་འཁོར་ལས་བྱུང་བའི་སྣང་བ་ཞེས་བྱ་བའི་འོད་བ་སྤུའི་སྒོ་ཐམས་ཅད་ནས་བཀྱེ་བ་ཡུམ་གསོ་སྦྱོང་བླངས་པའི་ལུས་ལ་ཐིམ་མ་ཐག་ལུས་བདེ་ཞིང་རུམ་ནམ་མཁའ་ལྟར་ཡངས་པར་གྱུར་ཏེ། མཛད་པ་བཅུ་གཉིས་སྟོན་པའི་སྤྲུལ་སྐུ་དང་། སྔོན་གྱི་སྤྱོད་པ་དཔག་མེད་ཀྱང་མཐོང་ཞིང་། བྱང་ཆུབ་སེམས་དཔའི་ཁང་བརྩེགས་གནས་ཀྱིས་བརྒྱན། ཞེས་པའི་འོད་བྱུང་སྟེ། ཡུམ་གྱི་དཀུ་གཡས་པར་ཞུགས་མ་ཐག་ཙན་དན་སྦྲུལ་སྙིང་ཁང་བརྩེགས་གྲུ་བཞི་སྒོ་བཞི་རྒྱན་དང་ལྡན་པར་གྱུར་པ་དེར་གླང་པོ་ཆེའི་རྣམ་པས་ཡུམ་གྱི་གློོ་གཡས་པར་ཞུགས་ཤིང་ཁང་བརྩེགས་ཀྱི་
ཁྲི་སྟན་ལ་སྐྱིལ་མོ་ཀྲུང་བཅས་ན་བཟའ་དང་ལྡན་པར་བཞུགས་སོ། །
གསུམ་པ་སྐུ་བལྟམས་པའི་མཛད་པ།
༈ གསུམ་པ་སྐུ་བལྟམས་པའི་མཛད་པ་ནི། དེ་ལྟར་ཟླ་བ་བཅུ་ཚང་བར་བཞུགས་ནས་བལྟམས་ཚུལ་ནི་ལྕགས་སྤྲེལ་ས་གའི་ཚེས་བདུན་རྒྱུ་སྐར་རྒྱལ་ལ་བབས་པའི་ཉིན་ལུམྦིའི་ཚལ་དུ་ལྷ་རྣམས་ཀྱིས་ཡུམ་སྤྱན་དྲངས་ཏེ་འཁོར་ཚོགས་རྣམས་ཀྱིས་རོལ་མོའི་སྒྲ་ཁྲོལ་ཞིང་། ལྷ་རྣམས་ཀྱིས་མེ་ཏོག་འཐོར། འཇིག་རྟེན་སྐྱོང་བ་བཞིས་ཤིང་རྟ་འདྲེན། བརྒྱ་བྱིན་གྱིས་ལམ་གྱི་བྱི་དོར་བྱེད། ཚངས་པས་ལམ་སེལ། ལྷ་བརྒྱ་སྟོང་དག་ཕྱག་འཚལ་བ་དང་བཅས་ཡོན་ཏན་དུ་མས་བརྒྱན་པའི་ལུམྦིའི་ཚལ་དུ་ལྷས་བཤམས་པའི་ཁྲི་ལ་ཡུམ་འཁོད་མ་ཐག་ཡུམ་གྱི་བ་སྤུའི་སྒོ་ནས་བྱུང་བའི་འོད་ཀྱི་སྣང་བས་སྟོང་གསུམ་གྱི་འོད་ཇི་སྙེད་ཡོད་པ་ཟིལ་གྱིས་མནན། ངན་སོང་གི་དུཿཁ་ཞི། ཚལ་དེའི་ལྗོན་ཤིང་ཡལ་ག་གཡུར་ཟ་བ་དག་གིས་མངོན་པར་བཏུད་དེ་ཕྱག་བྱས་སོ། །དེ་ནས་བདེ་བར་བཙའ་བའི་ཕྱིར་ཡུམ་ཕྱག་གཡས་པ་བརྐྱངས་ཏེ་ཤིང་བླག་ཤའི་ཡལ་ག་བཟུང་ནས་ནམ་མཁའི་དཀྱིལ་དུ་བལྟ་ཞིང་། བརྒྱ་བྱིན་མ་མ་རྒན་མོའི་ཚུལ་གྱི་ཆ་བྱད་ཀྱིས་མདུན་དུ་འདུག་གོ། དེའི་ཚེ་ཡུམ་གྱི་རྩིབས་ལོགས་གཡས་པ་ནས་བདུད་དཔའ་བཀོང་བ་དང་རེག་ན་བདེ་བའི་འོད་གསེར་མདོག་སྟོང་གསུམ་དུ་སྣང་བ་འགྱེད་བཞིན་པར་ནམ་གྱི་གུང་ཐུན་དེར་ན་བཟའ་དང་བཅས་བལྟམས་སོ། །དེའི་ཚེ་ས་གཡོས། མེ་ཏོག་གི་ཆར་བབས། ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་ཤིང་འབྲས་བུ་ཆགས། ངན་སོང་གསུམ་རྒྱུན་ཆད། གྲོང་ཁྱེར་བཞིའི་རྒྱལ་པོར་བུ་རེ་བཙས་ཏེ། མཉན་ཡོད་དུ་རྒྱལ་པོ་རྩིབས་ཀྱི་རིང་འཕུར་ཚངས་བྱིན་གྱི་བུ་བཙས་པ་ན། ཡུལ་པྲ་ཕབ་པ་བཞིན་གསལ་བས་མིང་གསལ་རྒྱལ་དང་། རྒྱལ་པོའི་ཁབ་ཏུ་པདྨ་ཆེན་པོའི་བུ་བཙས་པས་ན་ཉི་མའི་གཟུགས་ཤར་བ་ལྟར་སྣང་ཞིང་གཟུགས་ཅན་མའི་བུ་ཡིན་པས་གཟུགས་ཅན་སྙིང་པོ་དང་། ཀཽ་ཤམྦྷིར་དམག་བརྒྱ་པའི་བུ་བཙས་པ་ན་འཇིག་རྟེན་ཉི་མ་ཤར་བ་ལྟར་གྱུར་པས་ཤར་པ་ཞེས་པའི་མིང་བཏགས། འཕགས་རྒྱལ་དུ་མུ་ཁྱུད་མཐའ་ཡས་ཀྱི་བུ་བཙས་པ་ན། འཇིག་རྟེན་སྒྲོན་མེས་སྣང་བ་ལྟར་གྱུར་པ་རབ་སྣང་ཞེས་མིང་བཏགས་ཤིང་རང་རང་གི་བུའི་ཡོན་ཏན་དུ་
རློམ་མོ། །གཞན་ཡང་བཟང་ལྡན་དགའ་བོ་སོགས་ལྔ་བརྒྱ་དང་། ཤཱཀྱ་གཞན་འབུམ་ཕྲག་དང་། འདུན་པ་སོགས་འབངས་བརྒྱད་བརྒྱ། གྲགས་འཛིན་མ་སོགས་ཤཱཀྱའི་བུ་མོ་ཁྲི། འདུན་མ་སོགས་བྲན་མོ་བརྒྱད་བརྒྱ། རྒྱལ་རིགས་དང་བྲམ་ཟེ་ཁྱིམ་བདག་གི་བུ་མོ་ཉི་ཁྲི། ཆིབས་བསྔགས་ལྡན་སོགས་རྟེའུ་ཕོ་མོ་ཉི་ཁྲི། གླང་པོ་ཆེ་མཆོག་ཁྲི། བ་གླང་དྲུག་སྟོང་རྣམས་བཙས་ཤིང་། ཟས་གཙང་གི་མདུན་ན་འདོན་འཆར་པོའི་བུ་འཆར་ཀ་ཡང་བཙས་སོ། །འཛམ་གླིང་དབུས་སུ་ཨ་ཤྭཏྠའི་སྡོང་པོ་དང་། མ་དྲོས་འགྲམ་དུ་ཨུ་དུམ་ཝཱ་རའི་མེ་ཏོག་ཁ་འབུས། གླིང་ཕྲན་རྣམས་སུ་ཙན་དན་གྱི་ཚལ་དང་། རིའི་རྩེ་མོ་རྣམས་སུ་བྱུ་རུའི་མྱུ་གུ་འཐོན་ཞིང་། འབབ་ཆུ་རོ་ཧི་ཏའི་འགྲམ་དུ་ཤིང་དགེ་བའི་སྙིང་པོ་ཞེས་ཉིན་རེ་བཞིན་ཁྲུ་བརྒྱ་རེ་སྐྱེ་ཞིང་ཉི་མ་མེད་ཚེ་སེན་མོས་བཅད་རུང་བ་ཉི་མ་ཤར་ནས་མེས་ཀྱང་མི་འཇིག་པ་སྐྱེས་པ་སོགས་དགེ་མཚན་དུ་མ་དང་ལྡན་པར་བྱས། དེ་ནས་བྱང་ཆུབ་ཀྱི་ཕྱོགས་དང་འཕགས་ནོར་བདུན་དང་མཐུན་པའི་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་ནས་པདྨ་བདུན་བདུན་བྱུང་སྟེ། ཤར་ཕྱོགས་སུ་བོར་བའི་ཚེ། དགེ་བའི་ཆོས་ཐམས་ཅད་མྱང་འདས་ཀྱི་སྔོན་དུ་འགྲོ་བར་བྱའོ། །ཞེས་དང་། དེ་བཞིན་དུ་ལྷོ་ཕྱོགས་སུ། འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་སུ་འགྲོ་བར་བྱའོ། །ནུབ་ཕྱོགས་སུ་སྐྱེ་རྒ་ན་འཆི་མཐར་དབྱུང་བར་བྱའོ། །བྱང་ཕྱོགས་སུ་སེམས་ཅན་ཐམས་ཅད་ཀྱི་ནང་ན་བླ་ན་མེད་པར་བྱའོ་ཞེས་པའི་སྒྲ་དེ་སྟོང་ཆེན་པོའི་འཇིག་རྟེན་གྱི་སེམས་ཅན་གྱིས་གོ་བར་བྱས་ཚེ། རྒྱལ་པོ་ཟས་གཙང་མས་བུ་འདི་བཙས་པས་བདག་གི་དོན་ཐམས་ཅད་འགྲུབ་བོ། །ཞེས་གསུངས་པས་མཚན་གཞོན་ནུ་དོན་གྲུབ་ཏུ་གསོལ་ལོ། །དེ་ནས་ཞག་བདུན་སོང་བ་ན་ཡུམ་མྱ་ངན་ལས་འདས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །
བཞི་པ་བཟོའི་གནས་ལ་མཁས་པའི་མཛད་པ།
༈ བཞི་པ་བཟོའི་གནས་ལ་མཁས་པའི་མཛད་པ་ནི། ཡབ་ཀྱིས་བསྐུལ་བའི་ཕྱིར་བཟོ་གནས་དང་། རོལ་རྩེད་ཀྱི་རིགས་དང་། ཀུན་གྱི་བཤེས་གཉེན་སོགས་སློབ་དཔོན་རྣམས་ལས་ཡི་གེ་སོགས་བསླབ་པ་ལྟར་མཛད་ཚེ། ཡི་གེ་གཅིག་ནས་ལྔ་བརྒྱའི་བར་ཕུལ་བས། དེ་དག་ཤེས་ཀྱི་ཞེས་པདྨའི་སྙིང་པོ་སོགས་ཡིག་རིགས་དྲུག་ཅུ་རྩ་བཞི་པོ་ལས་གང་སློབ་ཅེས་
གསུངས་པས། སློབ་དཔོན་རྣམས་ཀྱིས་མིང་ཙམ་ཡང་མ་ཤེས་པར་ངོ་མཚར་དུ་གྱུར། དམ་པས་ཡི་གེ་བྲིས་ནས་བྱིན་ཏེ་འདི་ནི་འདིའོ་གསུངས་པས་དམ་པའི་མཐུས་ཡིག་འབྲུ་རེ་བརྗོད་ཚེ་ངེས་འབྱུང་དང་ལྡན་པའི་ཆོས་སྒོ་བརྒྱ་སྟོང་གྲངས་མེད་བྱུང་སྟེ་སློབ་དཔོན་དང་བྱིས་པ་ཁྲི་དང་གཞན་ཉི་ཁྲི་ཉིས་སྟོང་བྱང་ཆུབ་ཏུ་སྨིན་པར་མཛད། དེ་ནས་ཟས་གཙང་མས་གཞོན་ནུ་འདི་ལ་བཙུན་མོ་ཞིག་བླང་བར་རིགས་སོ་སྙམ་ནས། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་དེ་བྱང་ཆུབ་སེམས་དཔའ་ལ་ཕུལ་ཅིག་ཅེས་སྤྲིངས་པས། བདག་གི་རིགས་ནི་སྒྱུ་རྩལ་ཤེས་པ་དང་རལ་གྲིའི་ཐབས། འཕོང་སྟབས། གྱད་གྱི་འཛིན་སྟངས་ཤེས་པ་ལ་གཏོང་གི་གཞན་ལ་ནི་མ་ཡིན་ནོ། །ཞེས་བྱས་པས་གཞོན་ནུ་བྱང་ཆུབ་སེམས་དཔས་མཁྱེན་ཏེ། གྲོང་ཁྱེར་འདི་ན་བདག་དང་སྒྱུ་རྩལ་འགྲན་ནུས་སུ་མཆིས་ཞེས་བསྒོས་པས། སྐྱེ་དགུའི་བདག་མོའི་བུ་གཅུང་མཛེས་དགའ་དང་། བདུད་རྩི་ཟས་ཀྱི་བུ་ལྷས་སྦྱིན། ལག་ན་བེ་ཅོན་གྱི་བུ་མདའ་ཐོགས་སོགས་ཤཱཀྱའི་བུ་ང་རྒྱལ་དྲེགས་པ་ཅན་རྣམས་དང་། མདུན་ན་འདོན་གྱི་བུ་འཆར་ཀ་སོགས་ཚན་པོ་ཆེའི་སྟོབས་ལྡན་རྣམས་སྒྱུ་རྩལ་གྱི་ཕྱིར་ཚོགས་སོ། །དེ་ནས་ཡི་གེ་རྩིས། མཆོངས། རྐྱལ། བང་གཅོད། བསྒྱེལ་རྣམས་འགྲན་པས་བྱང་ཆུབ་སེམས་དཔར་སུས་ཀྱང་འགྲན་མེད་དུ་གྱུར། དེ་ནས་འཕོངས། མདའ་འབེན་ལ་འཕེན་པ་སོགས་འགྲན་པས་དམངས་རྣམས་ཀྱིས་བདུན་ནས་གཅིག་པ་དང་གཉིས་པ། ལྷས་བྱིན་གྱིས་གསུམ། གླང་པོ་སྟོང་ཐུབ་ཀྱིས་བདུན་རྣམས་ཕིག་པ་ལས་ཐལ་ཏེ་སྒྱུ་རྩལ་གང་ཡང་འགྲན་པའི་ཟླ་བྲལ་དུ་གྱུར་པའོ། །
ལྔ་པ་བཙུན་མོའི་འཁོར་དུ་དགྱེས་རོལ་གྱི་མཛད་པ།
༈ ལྔ་པ་བཙུན་མོའི་འཁོར་དུ་དགྱེས་རོལ་གྱི་མཛད་པ་ནི། དེ་ནས་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་འཁོར་ཉི་ཁྲི། ཤཱཀྱ་ལག་ན་དྲིལ་བུ་སྒྲའི་བུ་མོ་གྲགས་འཛིན་མ་འཁོར་ཉི་ཁྲི། ཤཱཀྱ་ཟས་དཀར་གྱི་བུ་མོ་རི་དྭགས་སྐྱེས་མ་འཁོར་ཉི་ཁྲི་སྟེ། བཙུན་མོ་དྲུག་ཁྲི་ཁབ་ཏུ་བཞེས་ནས་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཅིང་ཕོ་བྲང་ན་བཞུགས་སོ། །དེའི་ཚེ་ལྷས་བྱིན་གྱིས་སྐྱེད་ཚལ་སྟེང་ངང་པ་འཕུར་བར་མདའ་བསྣུན་པས་ལྷུངས་པ་ན་བྱང་ཆུབ་སེམས་དཔས་བཟུང་སྟེ་མདའ་ཕྱུངས་ནས་སྨན་གྱིས་གསོས་པས། ལྷས་བྱིན་གྱིས་ངང་པ་འདི་ངས་
བཟུང་བ་ཡིན་པས་བསྐུར་ཞིག་ཅེས་སྤྲིངས་པ་དང་། དེའི་ལན་ངས་སེམས་བསྐྱེད་པའི་ཚེ་སེམས་ཅན་ཐམས་ཅད་བཟུང་བ་ཡིན་ནོ། །ཞེས་གསུངས་པས་ལྷས་བྱིན་དང་འཁོན་གྱི་ཐོག་མ་བྱུང་ཞིང་ཇི་ཙམ་ན་ཁུང་བུ་ནས་སྦྲུལ་ཞིག་བྱང་ཆུབ་སེམས་དཔའི་མདུན་དུ་བྱུང་བ་གནོད་པར་གྱུར་དོགས་འཆར་ཀས་མཚོན་གྱིས་སྐེད་པ་བཅད་པས་སྦྲུལ་གྱི་དབུགས་འཕྲོག་པས་ནག་པོར་གྱུར་པས་འཆར་ཀ་ནག་པོར་མིང་ཐོགས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ཕོ་བྲང་གི་སྟེང་ནས་གཟིགས་པས་ཕྱོགས་བཞི་ན་སྐྱེ་རྒ་ན་འཆི་དང་དགེ་སློང་རབ་ཏུ་བྱུང་བ་རྣམས་གཟིགས་པས་ཁྱིམ་སྤངས་ནས་རབ་ཏུ་བྱུང་བར་དགོངས་པ་རྒྱལ་པོ་ཟས་གཙང་མས་མཁྱེན་ཏེ། གཞོན་ནུ་ཞིང་པའི་དྲུང་དུ་བཏང་ནས་སེམས་གཡེང་བར་བྱ་དགོངས། ཞིང་པའི་དྲུང་དུ་སོང་ལ་ལས་ཀྱི་མཐར་ལྟོས་ཤིག་གསུངས་པ་ལྟར་མཛད་པས་ཞིང་པ་དེ་དག་གི་རྐང་ལག་གི་སེར་ཁ་དང་གླང་གི་ངལ་བ་རྣམས་གཟིགས་པས་སྙིང་རྗེ་བར་གྱུར་ཏེ་ཁྱེད་རྣམས་བདེ་བར་མནོས་ཞེས་བཏང་། རྨོས་དོར་ཡང་བཀྲོལ་ཏེ་སྡུག་བསྔལ་གྱིས་ཐུགས་ལྷག་པར་ཕྱུངས་ཏེ། ཤིང་འཛམ་བུའི་གྲིབ་མར་བསམ་གཏན་དང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཉིན་གུང་ཡོལ་བ་དང་ཤིང་གཞན་གྱི་གྲིབ་མ་ཤར་དུ་གཞོལ་ཡང་འཛམ་བུའི་གྲིབ་མས་སྐུ་ལུས་མ་བཏང་བ་ཡབ་ཀྱིས་གཟིགས་ཏེ་ཞབས་ལ་བཏུད་ནས། ཇི་ལྟར་བལྟམས་ཚེ་ས་རྣམས་གཡོས་པ་དང་། །འཛམ་བུའི་གྲིབ་མས་ཁྱོད་སྐུ་མི་གཏོང་བ། །བློ་ཆེན་ཁྱོད་ཀྱི་ཡ་མཚན་གཉིས་འདི་སྟེ། །ཀུན་གཟིགས་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དེ་ཏིང་ངེ་འཛིན་ལས་བསླང་སྟེ་ཕོ་བྲང་དུ་སྤྱན་དྲངས་སོ། །དེ་ནས་ས་ག་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་མངོན་པར་འབྱུང་བའི་ཐུགས་བསྐྱེད་པ་དང་། ཕོ་བྲང་དུ་ལྗོན་ཤིང་སྐམ་པ་པདྨ་རྙིངས་པ། ས་འཚོ་མ་སོགས་བཙུན་མོ་རྣམས་ཀྱི་རྨི་ལྟས་ལོག་པ་ན། བཙུན་མོའི་འཁོར་སྨིན་པར་བྱེད་པའི་ཆོས་ཀྱི་སྒོ་བཞི་མངོན་དུ་མཛད་ནས་རྫུ་འཕྲུལ་མངོན་པར་འདུ་མཛད་པའི་མཐུས་ཆོས་ཀྱི་སྒོ་བརྒྱ་སྟོང་བཙུན་མོ་རྣམས་ཀྱིས་ཐོས་པས་རྒྱུད་སྨིན་པར་མཛད་དོ། །མུ་སྟེགས་བྱེད་སོགས་ཀྱིས་བུད་མེད་ཀྱི་མཆོག་དྲུག་ཁྲི་སྤངས་ཏེ་རབ་ཏུ་འབྱུང་བ་སྐྱེས་པ་མ་ཡིན་ནོ་
སྙམ་པའི་ཁ་ན་མ་ཐོ་བ་སྤངས་ཕྱིར་གྲགས་འཛིན་མར་འདོད་པས་མ་གོས་བཞིན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་དགའ་མགུར་རོལ་ཏེ་མངལ་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཞིག་སྲས་ཀྱི་ཚུལ་དུ་བྱིན་གྱིས་བརླབས། བུད་མེད་དང་བདག་ཁྱིམ་དུ་ཉལ་བའི་ཐ་མ་དེ་ནི་འདི་ཡིན་ནོ་གསུངས་སོ། །
དྲུག་པ་ངེས་པར་འབྱུང་བའི་མཛད་པ།
༈ དྲུག་པ་ངེས་པར་འབྱུང་བའི་མཛད་པ་ནི། དེ་ལྟར་མངོན་པར་འབྱུང་བ་དེ་རྒྱལ་པོ་ཟས་གཙང་འཁོར་བཅས་ཀྱིས་མཁྱེན་ནས། གྲོང་ཁྱེར་གྱི་ཁོར་ཡུག་དམག་གིས་བསྲུངས་ནས་གཤེགས་སུ་མ་སྟེར་བར་ཞག་དྲུག་འདས་པ་བདུན་གྱི་ནུབ་མོ་ཕ་མས་མ་གནང་བ་མི་རིགས་སོ་དགོངས་ནས་ཡབ་ཀྱི་དྲུང་དུ་གཤེགས་ཏེ་གུས་པ་དང་ཞེ་སའི་ཚུལ་གྱིས་འདུག་སྟེ། ལྷ་བདག་མངོན་པར་འབྱུང་བའི་དུས་ལ་བབས་ཀྱི། མི་དགྱེས་པ་དང་གེགས་མ་མཛད་ཅིགཅེས་གསོལ་བས་རྒྱལ་པོ་མིག་མཆི་མས་གང་བཞིན་དུ་ལན་གསུམ་གྱི་བར་འདི་ལྟ་སྟེ། བུ་འདིར་འདུག་ན་བདག་ལ་ཕན་ཐོགས་པར་འགྱུར་ན་གསུངས། འོ་ན་སྐྱེ་རྒ་ན་འཆི་ལས་ཐར་པའི་གདམས་པ་གནང་བར་མཛོད་ཅིག་དང་། ཞེས་གསོལ་པས། དེ་ལྟ་ན་ཁྱོད་ཀྱི་བསམ་པ་རྫོགས་པར་གྱུར་ཅིགརྗེས་སུ་ཡི་རང་ངོ་གསུངས་པ་དང་། ཡབ་ལ་ཕྱག་བྱས་ཏེ་ཆིབས་བསྔགས་ལྡན་ལ་བསྐྱོད། རྟ་རྨིག་བཞི་ནས་རྒྱལ་པོ་བཞིས་བཏེག་ནས་ཤར་ཕྱོགས་ཀྱི་ནམ་མཁར་དཔག་ཚད་བཅུ་གཉིས་འདས་པ་ཡངས་པ་ཅན་གྱི་མཆོད་རྟེན་རྣམ་དག་གི་དྲུང་དུ་ཆིབས་ལས་བབས་ཏེ་རྒྱན་རྣམས་བཀྲོལ། དབུ་སྐྲ་གཙུག་ཕུད་རང་ཉིད་ཀྱིས་བཅད་དེ་རབ་ཏུ་བྱུང་། གཙུག་ཕུད་ནམ་མཁར་བོར་བ་བརྒྱ་བྱིན་གྱིས་ལྷ་གནས་སུ་ཁྱེར་ཞིང་སུམ་ཅུ་རྩ་གསུམ་དུ་དུས་སྟོན་ཀྱང་བྱས། དེར་དད་ཅན་གྱི་མཆོད་རྟེན་བརྩིགས་ཏེ་གཙུག་ཕུད་བླངས་པའི་མཆོད་རྟེན་དུ་གྲགས། གོས་ཀ་ཤི་གྱོན་མི་རུང་བ་ཚུལ་མཐུན་གྱི་གོས་ཤིག་བྱུང་ན་ཅི་མ་རུང་དགོངས་པ་དང་། སྔོན་གྲོང་ཁྱེར་དཔེ་མེད་དུ་རང་སངས་རྒྱས་ལ་མོས་པའི་རྒན་མོ་ཞིག་གིས་ཤ་ནའི་གོས་ངུར་སྨྲིག་ཕུལ་བ་བདག་ནི་མྱ་ངན་ལས་འདའ། ཤཱཀྱ་ཐུབ་པ་འཚང་རྒྱ་ཡི་དེ་ལ་ཕུལ་ཞིག་ཅེས་པ་མ་འཆི་ཁར་བུ་མོར་མངགས། བུ་མོ་འཆི་ཁར་ཤིང་
གི་ལྷ་མོར་མངགས་པ་དེ་བརྒྱ་བྱིན་གྱིས་ཤེས་ནས་ཤིང་གི་ལྷ་མོར་བླངས་ནས་རྔོན་པའི་ཆ་བྱད་དུ་སྤྲུལ་ཏེ་བསྡད་པ་གཟིགས་ནས་འདི་རབ་ཏུ་བྱུང་བར་འཚལ་གྱི། ཀ་ཤི་ཀའི་གོས་ཁྱེར་ཅིག་ཅེས་ངུར་སྨྲིག་གི་གོས་བཞེས་སོ། །དེ་ནས་ཡངས་པ་ཅན་དུ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ལས་ཅི་ཡང་མེད་པ་མན་ཆད་ཀྱི་ཏིང་ངེ་འཛིན་བསླབས་ཤིང་བསྒོམས་པའི་ཚུལ་བསྟན། རྒྱལ་པོའི་ཁབ་ཏུ་རེངས་བྱེད་ཀྱི་བུ་ལྷག་སྤྱོད་ལས་སྲིད་རྩེ་མན་ཆད་ཀྱི་ཏིང་ངེ་འཛིན་བསླབས་ཤིང་དེ་དག་གི་འཁོར་སྟོང་དང་བཅས་པ་ལ་སླར་ལུང་འབོགས་ཤིང་སློབ་དཔོན་གྱི་གོ་འཕང་བརྙེས་པའི་ཚུལ་བསྟན་ཏོ། དེའི་ཚེ་ཡབ་ཀྱི་སྙན་དུ་རྒྱལ་པོའི་བུ་རིམ་གྲོ་པ་མེད་པར་འཁྱམ་མོ། །ཞེས་ཐོས་ཏེ། སེར་སྐྱ་ནས་རིམ་གྲོ་བྱེད་མི་སུམ་བརྒྱ། ལྷས་བརྟན་ནས་ཉིས་བརྒྱ་བཏང་བར། སུམ་བརྒྱ་པོ་ལས་ཀཽཎྜི་ནྱ་དང་། རྟ་ཐུལ། རླངས་པ་གསུམ་རིང་འཕུར་གྱི་སློབ་མ་དང་། ཉིས་བརྒྱ་ནས་མིང་ཆེན་དང་བཟང་ལྡན་གཉིས་རེངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་སློབ་མར་ཁས་འཆེ། དེ་ལྔ་ལྷན་ཅིག་ཏུ་གནས་པས་སློབ་མ་དེ་ལྔ་ལ་དྲང་སྲོང་ལྔ་སྡེར་གྲགས་སོ། །
བདུན་པ་དཀའ་བ་སྤྱད་པའི་མཛད་པ།
༈ བདུན་པ་དཀའ་བ་སྤྱད་པའི་མཛད་པ་ནི། ཏིང་ངེ་འཛིན་དང་ཀུན་ཏུ་སྤྱོད་པ་དེ་དག་གིས་ཀྱང་འཁོར་བའི་སྡུག་བསྔལ་མཐའ་དག་ལས་མི་གྲོལ་བར་མཁྱེན་ཏེ། ལྔ་སྡེ་བཟང་པོ་དང་བཅས་ནས་ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་དུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ལོ་དྲུག་ཏུ་དཀའ་བ་སྤྱོད་པའི་ཚུལ་བསྟན། དེ་ཡང་ལོ་དང་པོ་གཉིས་ལ་འབྲས་ཉག་མ་རེ། བར་མ་གཉིས་ལ་ཆུ་ཐིགས་པ་རེ། ཐ་མ་གཉིས་ལ་ཅི་ཡང་མ་གསོལ་བར་བཞུགས་སོ། །དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཏིལ་གྱི་གང་བུ་བཞིན་ནམ་མཁའ་གང་བར་འདུས་ནས་སེ་གོལ་གཏོགས་ཏེ། བསམ་གཏན་འདི་ནི་རྣམ་དག་མིན། །མཐར་ཐུག་ཐོབ་བྱེད་ཀྱང་འདི་མིན། །ཁྱོད་ཀྱི་འོད་གསལ་དམིགས་བྱ་སྟེ། །ནམ་མཁའི་ངོས་ལྟ་མཆོག་ཡིན་ནོ། །ཞེས་དབྱངས་གཅིག་གིས་གསུངས་པས་ཏིང་ངེ་འཛིན་དེ་བཏང་ནས་བཞེངས་ཏེ་རྣམ་སྨིན་གྱི་ལུས་དེར་བཞག་ནས་ཡེ་ཤེས་ཀྱི་ལུས་ཀྱིས་འོག་མིན་དུ་མངོན་བྱང་ལྔས་སངས་རྒྱས་ཏེ་རི་
རབ་རིའི་རྩེ་མོར་རྣལ་འབྱོར་གྱི་རྒྱུད་གསུངས། སླར་རྣམ་སྨིན་གྱི་ལུས་ལ་ཞུགས་ཏེ་སྐུ་རིད་ཅིང་ངལ་བའི་ཚུལ་ལ་གྲོང་པའི་བུ་མོ་ལེགས་སྐྱེས་མ་དང་དགའ་སྟོབས་མ་གཉིས་ཀྱིས་བ་སྟོང་གི་འོ་མ་ཉིང་ཁུར་བྱས་པ་ཕུལ་བ་གསོལ་བའི་མོད་ལ་སྐུ་གསེར་གྱི་གཏན་པ་འཕྱིས་པ་ལྟར་གྱུར་ནས་མཚན་དཔེ་གསལ་ཞིང་འོད་འདོམ་གང་བས་བརྒྱན་པར་གྱུར་ཏོ། །
བརྒྱད་པ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་མཛད་པ།
༈ བརྒྱད་པ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་མཛད་པ་ནི། དེ་ནས་རི་གྷ་ཡའི་རྩེར་གཤེགས་ཏེ་ཏིང་ངེ་འཛིན་བསྒོམས་པས་བྲག་རལ་ཞིང་ས་གཡོས་པ་ན། ས་ཕལ་གྱིས་མི་བརྟེན་པར་དགོངས་ནས་མ་ག་དྷ་རྡོ་རྗེའི་གདན་དུ་གཤེགས་སོ། །རྡོ་རྗེའི་གདན་དེ་ཡང་ཉན་ཐོས་པ་ལྟར་ན། དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་ལས་རང་བྱུང་བ། འོག་རྡོ་རྗེ་རྒྱ་གྲམ་དུ་གནས་པའི་ལྟེ་བ་ལས་བྱང་ཆུབ་ཀྱི་ཤིང་སྐྱེས་པ། རྡོ་རྗེའི་རྩེ་མོ་བཞིའི་སྟེང་ན་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་གནས་པ། མཆོད་རྟེན་བཞིའི་བར་གྱི་ཐད་ལ་མདའ་རྒྱང་འབྲིང་པོ་རེ་ཡོད་པའི་དབུས་ན་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་གདན་ཁྲི་རྒྱར་ཕྱོགས་རེ་ལ་འདོམ་གསུམ་གསུམ་དཔངས་སུ་ཁྲུ་གསུམ་གྱི་དབུས་ནས་བྱང་ཆུབ་ཀྱི་ཤིང་སྐྱེས་པ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལས་གྲུབ་པ་འཇིག་པའི་བསྐལ་པ་བྱུང་ཡང་མེ་བདུན་ཆུ་གཅིག་གིས་མི་འཇིག་པར་ནམ་མཁའ་ལ་ཟོ་བ་དཔྱངས་པ་བཞིན་དུ་གནས་པར་འདོད་དོ། །དེར་སྔོན་རྒྱལ་བ་རྣམས་རྩྭའི་གདན་ལ་བཞུགས་པར་དགོངས་པ་དང་། བརྒྱ་བྱིན་གྱིས་ཤེས་ཏེ་རི་སྤོས་ངད་ནས་ཤིང་བལ་ལྟར་རེག་ན་བདེ་བའི་རྩྭ་ཁུར་གཅིག་བླངས་རྩྭ་འཚོང་བཀྲ་ཤིས་སུ་སྤྲུལ་ནས་ཕུལ་བ་བཞེས་ནས་རྩྭའི་རྩེ་མོ་ནང་དུ་བསྟན་པའི་སྟེང་དུ། ཞལ་ཤར་དུ་ཕྱོགས་རྡོ་རྗེའི་སྐྱིལ་ཀྲུང་བཅས་ཏེ་སྐུ་དྲང་པོར་བསྲངས་ཕྱག་མཉམ་བཞག་མཛད་ནས་བཞུགས་ཏེ། སྟན་འདིར་བདག་གི་ལུས་འདི་སྐམ་ཡང་རུང་། །པགས་པ་རུས་པའི་ཤ་རྣམས་ཞིག་ཀྱང་རུང་། །དེ་སྲིད་དུ་ནི་སྲོག་གི་མཐར་ཐུག་ཀྱང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་གསུངས་ཏེ་བཞུགས་སོ། །
དགུ་པ་བདུད་ཀྱི་སྡེ་བཅོམ་པའི་མཛད་པ།
༈ དགུ་པ་བདུད་ཀྱི་སྡེ་བཅོམ་པའི་མཛད་པ་ནི། དེ་ནས་སྲོད་ཀྱི་ཆ་ལ་བདུད་འདུལ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་འོད་ཟེར་ཀུན་ཏུ་འགྱེད་པར་མཛད་པ་ལས། བདུད་ཀྱི་གནས་ཐམས་ཅད་དཀྲོགས་ཤིང་སྤ་བཀོང་བར་གྱུར་ཏེ། མ་བཟོད་ནས་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་རྔོན་པའི་ཆ་བྱད་དུ་བརྫུས་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས་སྨྲས་པ། ཁྱོད་ཀྱི་བསོད་ནམས་འདི་ཙམ་གྱིས་ཐར་པ་ཐོབ་པར་ག་ལ་འགྱུར་སྨྲས་པའི་ལན་དུ། ཁྱོད་ཀྱི་གཏན་པ་མེད་པའི་མཆོད་སྦྱིན་གཅིག་གིས་འདོད་པའི་དབང་ཕྱུག་ཏུ་གྱུར་པ་ཁོ་བོས་དེ་འདྲ་གྲངས་མེད་པ་བྱས་པས་ཅིའི་ཕྱིར་མི་འགྱུར་གསུངས་པར། བདུད་ཀྱིས་མཛུབ་མོ་གཉིས་གྱེན་དུ་བསྒྲེངས་ཏེ་སྨྲས་པ། ཁོ་བོའི་མཆོད་སྦྱིན་གྱི་དཔང་པོར་ཁྱོད་ཡོད་མོད། ཁྱོད་ཀྱི་དེ་ལ་སུ་ཡང་ཡོད་པ་མ་ཡིན་ནོ། །ཞེས་སྨྲས་པས། བྱང་ཆུབ་སེམས་དཔས་ཕྱག་ས་ལ་བསྣུན་ཏེ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག། ཅེས་གསུངས་པས། ས་རྣམ་པ་དྲུག་ཏུ་གཡོས་པའི་གསེབ་ནས་སའི་ལྷ་མོ་བརྟན་མ་གསེར་གྱི་མདོག་ཅན་ལུས་ཕྱེད་ཕྱུངས་ནས་ཐལ་མོ་སྦྱར་ཏེ་སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་གསུངས་པ་བཞིན་ཏེ་འདི་ནི་བདག་ལ་མངོན་སུམ་མོ། །འོན་ཀྱང་བཅོམ་ལྡན་འདས་ཉིད་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་དཔང་དུ་གྱུར་པ་ལགས་སོ། །ཞེས་བརྗོད་པས། བདུད་སྐྱེངས་ཤིང་ཡུལ་ཡུལ་པོར་གྱུར་ནས་རང་གི་གནས་སུ་སོང་སྟེ། བདུད་དམག་བྱེ་བ་དུང་ཕྱུར་དྲངས་ནས་སྒྱུ་མ་ལྟ་བུའི་བློ་དང་མི་ལྡན་པ་རྣམས་འཇིགས་ཤིང་སྐྱི་བུང་བར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔས་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་མཚོན་ཆ་འཕངས་པ་ཐམས་ཅད་ནི་མེ་ཏོག་གི་ཆར་དུ་བབས། མི་སྙན་པའི་སྒྲ་སྐད་ཐམས་ཅད་ནི་བསྟོད་དབྱངས་སྙན་པའི་རང་བཞིན་དུ་གྱུར་ནས་བདུད་ཀྱི་སྒྱུ་ཐབས་ཐམས་ཅད་བཏུལ་བའི་ཚེ་ལྷས་བསྟོད་པ། ཤཱཀྱའི་རྒྱལ་པོའི་རྟེན་ཅིང་འབྲེལ་འབྱུང་ཆོས། །རང་གི་ངོ་བོ་མེད་པར་མཐོང་ནས་ནི། །ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པས། །གཡོན་ཅན་དཔུང་
བཅས་ཚོགས་ཀྱིས་བརྫི་མ་ཡིན། །བྱམས་པའི་ཟེར་གྱིས་བདུད་ཀྱི་སྒྱུ་ཐབས་བཏུལ། །མཚོན་ཆ་འཕངས་པ་མེ་ཏོག་ཉིད་དུ་གྱུར། །ཅེས་སོ། །དེའི་ཚེ་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་གསུངས་ཤིང་། ཡུམ་རོ་ལངས་མ་དང་ཕྱག་རྡོར་ཡང་འདུས་ཏེ། འདི་རྣམས་ཇི་ལྟར་འདུལ་ཞེས་ཞུས་པས། གཤིན་རྗེ་གཤེད་ཀྱི་སྐུར་བསྟན་ནས་སྡིག་ཅན་མ་ཧེ་ཞོན་པས་བརྫིས་ཏེ་བདུད་རྣམས་སྐྲག་ཅིང་འདར་བར་གྱུར། ལག་ན་རྡོ་རྗེ་ཁྱོད་ཀྱིས་ཀྱང་འདི་ལྟ་བུའི་ཁྲོ་བོའི་གཟུགས་ཀྱིས་འབྱུང་པོ་རྣམས་ཐུལ་ཞིག་ཅེས་བསྒོས་ཤིང་གཤིན་རྗེ་གཤེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་གྱུར་ཏེ་ཕྱག་རྡོར་དང་རོ་ལངས་མས་ཞུས་ཏེ་གཤིན་རྗེ་གཤེད་དམར་ཁ་ཐུན་ཟིལ་གནོན་ཁྲོ་འདུས་དགྲ་ནག་སོགས་གསར་རྙིང་གི་གཤིན་རྗེའི་སྐོར་གྱི་རྒྱུད་མཐའ་ཡས་པ་གསུངས་སོ། །དེ་ནས་བདུད་ཀྱི་དམག་རྣམས་སླར་ལོག་པ་དང་། བདུད་ཀྱི་བུ་མོ་བདུན་གྱིས་ཆགས་པའི་ཟོལ་གྱིས་བསླུ་བར་ཆས་པ་ལས་རྒན་མོ་བདུན་དུ་གྱུར། སླར་འགྱོད་དེ་བཟོད་པར་གསོལ་ནས། རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་རང་གི་གནས་སུ་སོང་ངོ་། །
བཅུ་པ་མངོན་པར་བྱང་ཆུབ་པའི་མཛད་པ།
༈ བཅུ་པ་མངོན་པར་བྱང་ཆུབ་པའི་མཛད་པ་ནི། དེ་ནས་གུང་གི་ཆ་ལ་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞགཐོ་རངས་རྔ་བརྡུང་དུ་ཉེ་བ་ན་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མངོན་དུ་མཛད་དེ་མངོན་པར་རྫོགས་སངས་རྒྱས་པའི་མངོན་པར་བྱང་ཆུབ་བརྙེས་སོ། །དེའི་ཚེ་གྲགས་འཛིན་མ་ལ་རབ་ཏུ་འབྱུང་ཁར་བྱིན་གྱིས་བརླབས་པའི་སྲས་ཡུམ་གྱི་སྐུ་ཚེ་སྔོན་མར་དར་བའི་བུམ་པ་བསྐུར་བའི་རྣམ་སྨིན་དང་། སྲས་རང་སྐྱེ་བ་སྔོན་མ་རྒྱལ་པོ་ཞིག་ཏུ་གྱུར་དུས་དྲང་སྲོང་ཞིག་ཞག་དྲུག་གི་བར་ལྟོགས་སུ་བཅུག་པའི་རྣམ་སྨིན་གྱིས་མངལ་དུ་ལོ་དྲུག་བཞུགས་པས་སྟོན་པ་སངས་རྒྱས་པ་དང་དུས་མཉམ་དུ་ཟླ་བ་ལ་དུས་མེ་ཞུགས་པའི་སྐབས་སུ་བལྟམས་པ་མཚན་སྒྲ་གཅན་འཛིན་དུ་བཏགས། ཕྱག་རྡོར་གྱི་སྤྲུལ་པ་ཀུན་དགའ་བོ་བདུད་རྩི་ཟས་ཀྱི་བུར་སྐྱེས། ས་གཡོས་སྣང་བ་ཆེན་པོས་
འཇིག་རྟེན་ཀུན་ཁྱབ་པའི་འོད་བཀྱེ། ཚངས་པ་དང་བརྒྱ་བྱིན་སོགས་འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱིས་མཆོད་ཅིང་མེ་ཏོག་གཏོར། གདུགས་དང་རོལ་མོ་བ་དན་ལ་སོགས་པའི་མཆོད་པའི་སྤྲིན་གཏིབས། བཅོམ་ལྡན་འདས་སྐྱིལ་ཀྲུང་དང་བཅས་ཤིང་ཏཱ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་སོ། །དེ་ནས་བདུན་ཕྲག་བདུན་དུ་ཆོས་མི་གསུངས་བར་བཞུགས་པ་ལས། བདུན་ཕྲག་དང་པོ་ལ་སྐྱིལ་ཀྲུང་མ་བཤིག་པར་བཞུགས། གཉིས་པ་ལ་འཛམ་གླིང་ལྟེ་བར་བཅགས། གསུམ་པ་ལ་སྟོང་གསུམ་རིང་དུ་བཅགས། བཞི་པ་ལ་བྱང་ཆུབ་ཀྱི་ཤིང་ལ་གཟིགས། ལྔ་པ་ལ་ཀླུ་བཏང་བཟུང་གི་གནས་སུ་བཞུགས། དྲུག་པ་ལ་ཀུན་ཏུ་རྒྱུ་རྣམས་བཏུལ། བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་ན་བཞུགས་པ་ལ། ཚོང་པ་ག་གོན་དང་བཟང་སྐྱོང་གཉིས་ཀྱིས་སྦྲང་རྩི་ཕུལ་བ། རྒྱལ་པོ་བཞིས་རྡོའི་ལྷུང་བཟེད་ཕུལ་བར་བཞེས་ཏེ་གསོལ་ནས་ཤིས་པ་བརྗོད་དེ་ཚོང་པ་གཉིས་སྦྲང་རྩི་འབྱུང་བ་ཞེས་བྱ་བའི་སངས་རྒྱས་སུ་ལུང་བསྟན། བཅོམ་ལྡན་འདས་སྦྲང་རྩི་དང་འདག་གུས་རླུང་བསླང་ནས་སྙུན་ཚུལ་བསྟན་པར། བདུད་སྡིག་ཅན་གྱིས། མྱ་ངན་ལས་འདའ་བར་གསོལ་བས། མཆོག་གསུམ་ཚང་བ་དང་། བྱང་ཆུབ་ཏུ་ལུང་སྟོན་པ་དང་། འཁོར་རྣམ་བཞིར་ཆོས་སྟོན་པར་མ་གྱུར་བར་མི་འདའ་དེ་ནས་འདའོ་གསུངས། དེ་ནས་ལྷ་དབང་གིས་ཨ་རུ་ཕུལ་བས་སྙུན་ལས་ཐར་ནས་ཆོས་ཟབ་མོ་འདི་རྟོག་གེའི་སྤྱོད་ཡུལ་མ་ཡིན། བདེ་བར་གནས་པའི་རྣལ་འབྱོར་ལ་བརྩོན་པར་བྱ་དགོངས་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །གསུངས་ཤིང་ཐུགས་ལས་ཆུང་ངུས་བཞུགས་སོ། །
བཅུ་གཅིག་པ་ཆོས་འཁོར་བསྐོར་བའི་མཛད་པ།
༈ བཅུ་གཅིག་པ་ཆོས་འཁོར་བསྐོར་བའི་མཛད་པ་ནི། དེ་ནས་ཚངས་པས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་ནས། དེ་བཞིན་གཤེགས་པའི་དྲུང་དུ་འོངས་ཏེ་གསོལ་བ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་བློ་ཡི་པདྨོ་ཁ་འབྱེད་པ། །སྨྲ་བའི་ཉི་མ་ཅི་སླད་དེ་རིང་
བཏང་སྙོམས་བཞུགས། །ཞེས་བརྗོད་ནས་ཙནྡན་གྱི་ཕྱེ་མས་གཏོར་ཏེ་རང་གི་གནས་སུ་སོང་། དེ་ནས་བརྒྱ་བྱིན་སྦྲན་ཏེ་འོངས་ནས། བརྒྱ་བྱིན་གྱིས་ནོར་བུ་རིན་ཆེན་ཕུལ་ཏེ་གསོལ་བ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཐུབ་པ་ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་འབྱུང་གསོལ། །ཞེས་ཞུས་པས་མ་གནང་། དེ་ནས་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་ཞུས་པ། གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཀུན་ནས་འཆལ་བར་གྱུར་བ་མཆིས་ལགས་ཀྱི། །ཐུབ་པ་ཁྱོད་ཀྱིས་ཆོས་ནི་བསྟན་དུ་གསོལ། །ཅེས་གསོལ་བས། འཁོར་ལོ་བཞེས་ཏེ་བཀའ་སྩལ་པ། ཚངས་པ་མ་ག་དྷ་ཡི་སེམས་ཅན་གང་། །རྣ་བར་ལྡན་ཅིང་དད་དང་ཤེས་རབ་ལྡན། །མི་འཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་གསུངས་པའི་སྐད་ཅིག་ལ། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་སྣང་ངོ་། །ཞེས་པའི་སྒྲ་དེ་འོག་མིན་གྱི་བར་དུ་ཐོས་ཏེ་སོ་སོ་ནས་མཆོད་པའི་ཚོགས་དང་བཅས་པ་ཐོགས་ཏེ་ལྷགས་སོ། །དེ་ཡང་ཐོག་མའི་སྟོན་ཡུལ་ལྷག་སྤྱོད་དང་རིང་འཕུར་ལ་བཤད་པར་དགོངས་ཀྱང་སྔོན་དུ་ཚེའི་དུས་བྱས་པས། ལྔ་སྡེ་ཆོས་ཀྱི་སྣོད་དུ་གཟིགས་ནས། གྲོང་ཁྱེར་གསལ་ལྡན་སོང་ནས་ནི། །ལོང་བ་ལྟ་བུའི་འཇིག་རྟེན་ལ། །མཚུངས་པ་མེད་པའི་འོད་བྱའོ། །ཞེས་གསུངས་ཏེ་ཝ་ར་ཎཱ་སིར་བྱོན་པས། ལྔ་སྡེས་གོང་དུ་མི་འཁུར་བའི་ཁྲིམས་བཅས་པ་སྟོན་པའི་གཟི་བྱིན་མ་བཟོད་པར་རང་ཞིགས་ཕྱོགས་དེར་རིན་པོ་ཆེའི་ཁྲི་སྟོང་ཡོད་པ་ལས་དང་པོ་གསུམ་ལ་འདས་པའི་སངས་རྒྱས་རྣམས་ལ་གུས་པ་བསྐྱེད་པའི་ཕྱིར་ཕྱག་དང་བསྐོར་བ་མཛད་དེ་བཞི་པའི་སྟེང་དུ་བཞུགས་ནས་གཞན་རྣམས་མི་སྣང་བར་གྱུར་པ་དང་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བལྡབས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དང་། ལྷ་བརྒྱད་ཁྲིས་བདེན་པ་མཐོང་། ལྔ་སྡེ་བཟང་པོས་ཡེ་ཤེས་ཁོང་ཆུད་ཀྱིས་བསྙེན་པར་རྫོགས་ཏེ་འཇིག་རྟེན་ན་
གདུགས་ཟླ་མེད་པའི་དགེ་སློང་གི་དགེ་འདུན་ཆེན་པོར་གྱུར་ཏོ། །དེ་ནས་འོད་མའི་ཚལ་དང་ཉེ་བའི་རི་བྱ་རྒོད་ཀྱི་མགོ་བོ་འདྲ་བར་བདུད་ཀྱིས་བྱ་རྒོད་དུ་སྤྲུལ་ནས་སྟོན་པའི་ཆོས་གོས་ཁྱེར་ཏེ་བོར་བ་རྡོར་གྱུར་ནས་བཞི་རིམ་དུ་བྱས་པར་བྱ་རྒོད་ཕུང་པོ་ཞེས་གྲགས་པ་དེ་ཡང་མཐོ་བ་ཟླུམ་པ་ཙནྡན་ལ་སོགས་པའི་ཤིང་ཇི་སྙེད་སྐྱེས་པ་སངས་རྒྱས་སྟོང་གི་རྟེན་གནས་རྩ་དང་མེ་ཏོག་སྣ་ཚོགས་པས་ཁྱབ་པ། སེང་གེ་དང་ཤང་ཤང་རི་དྭགས་ཀྱི་རིགས་དུ་མ་རྒྱུ་བ་འབབ་ཆུ་སྣ་ཚོགས་པ་འབབ་པའི་གནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་བཀའ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང་། ཡངས་པ་ཅན་དང་ལྷ་ཀླུའི་གནས་ལ་སོགས་པ་ངེས་མེད་སྣ་ཚོགས་སུ་བཀའ་ཐ་མ་ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ལྔ་སྡེར་ཆོས་འཁོར་བསྐོར་བའི་རྗེས་སུ། རིགས་ཀྱི་གཙོ་བོའི་ཁྱིམ་བདག་ཞིག་ལ་བུ་གྲགས་པ། དྲི་མེད། གང་པོ། བ་ལང་བདགལག་བཟང་སྟེ་སྤུན་ལྔ་ཡོད་པར། བུ་གྲགས་པས་སྟོན་པའི་དྲུང་དུ་ཕྱིན་པར་བདེན་བཞི་བསྟན་པས་ཤིན་ཏུ་དད་དེ། ཆོས་ཀྱི་མིག་ཐོབ། གྲགས་པ་རྒྱན་དང་མ་བྲལ་བར་རབ་ཏུ་མ་བྱུང་གོང་དགྲ་བཅོམ་པའི་འབྲས་བུ་ཐོབ། དེའི་གྲགས་པ་གཅུང་ཕྱི་མ་བཞིས་ཐོས་ཏེ་སྟོན་པའི་སྤྱན་སྔར་ལྷགས་པས་དགེ་སློང་གི་དངོས་པོ་ཐོབ་ཅིང་དགྲ་བཅོམ། དེ་ལྔ་ལ་ཉེ་བའི་ལྔ་སྡེར་གྲགས། ལྟེང་རྒྱས་འོད་སྲུང་སྤྱན་སྔར་ལུས་བཏུད་དེ། ཁྱོད་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་ཁྱོད་ཀྱི་ཉན་ཐོས་ལགས་སོ་ཞེས་གསོལ་བས། ཚུར་ཤོག་གིས་བསྙེན་པར་རྫོགས་ཤིང་རལ་པ་ཅན་སྟོང་པོ་ཐམས་ཅད་ཀྱང་ཟག་པ་ཟད་དེ་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དུས་དེར་རྒྱལ་པོ་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་སྐྱེ་བོ་འབུམ་ཕྲག་དུ་མ་དང་བཅས་པས་ཀྱང་བདེན་པ་མཐོང་སྟེ་རང་གི་ཁྱིམ་འོད་མའི་ཚལ་སྟོན་པ་འཁོར་བཅས་ཀྱི་ཀུན་དགའ་ར་བར་ཕུལ་ལོ། །བྲམ་ཟེ་གནས་ལེན་གྱི་བུ་མོ་ཤ་རི་ཀ་དང་། བྲམ་ཟེ་སྐར་རྒྱལ་འདུས་པ་ལས་སྒྲིབ་སེལ་གྱི་སྤྲུལ་པའི་ཁྱེའུ་ཞིག་བྱུང་བར་མིང་ཤཱ་རིའི་བུར་བཏགས། རྒྱལ་པོའི་ཁབ་ཀྱི་མདུན་ན་འདོན་ཀཽཎྜི་ནྱ་གྲུ་འཛིན་ཕྱུག་པོ་ཞེས་པར་ཆུང་མ་མཽངྒལ་དང་འདུས་པ་ལ་བུ་བཙས་
པ་མཽངྒལ་གྱི་བུར་མིང་དུ་བཏགས། དེ་གཉིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་ན་སྟོན་པས་གཟིགས་ཏེ། ཉན་ཐོས་ཀྱི་སྤྱོད་ལམ་གྱིས་འདུལ་བར་དགོངས་ཏེ་རྟ་ཐུལ་དང་ཀུན་ཏུ་རྒྱུ་གཉིས་འདུལ་བར་མངགས་པ། དེ་གཉིས་ཀྱིས་མཐོང་སྟེ། ཁྱོད་ཀྱི་སྟོན་པ་གང་ཡིན་ཞེས་དྲིས་པས་གོ་ཏ་མ་ཡིན་ཞེས་སྨྲས་པས། དེའི་ཆོས་སྟོན་བྱས་པས་བདེན་བཞིའི་ཚིགས་བཅད་བཤད་མ་ཐག་བདེན་པ་མཐོང་ངོ་། །དེ་ནས་སྟོན་པའི་སྤྱན་སྔར་སློབ་མ་ཉིས་བརྒྱ་ལྔ་བཅུ་དང་བཅས་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་དང་། རྫུ་འཕྲུལ་ཅན་གྱི་མཆོག་མཽངྒལ་བུ་ཞེས་མཆོག་གཉིས་སུ་གྲགས། དེ་དང་འོད་སྲུང་འཁོར་དང་བཅས་པ་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུར་གྲགས། བྲམ་ཟེ་ནྱ་གྲོ་དྷ་སྐྱེས་ཞེས་བྱ་བ་འཛམ་བུ་ཆུ་བོའི་གསེར་མདོག་དང་མཚུངས་པའི་བུད་མེད་བག་མར་བླངས་ཀྱང་དེ་གཉིས་མིང་སྲིང་གི་འདུ་ཤེས་ཀྱིས་ཁྱིམ་དུ་ལོ་བཅུ་གཉིས་གནས། ཕ་མ་འདས་པ་དང་ཁྱིམ་གྱི་འབྱོར་བ་སྦྱིན་པར་བཏང་། རྒྱལ་པོའི་ཁབ་ཏུ་ཕྱིན་པ་ན་སྟོན་པ་དང་མཇལ། བཙུན་པ་བཅོམ་ལྡན་འདས་བདག་གི་སྟོན་པ་ལགས་ཀྱི་བདག་ནི་ཁྱོད་ཀྱི་ཉན་ཐོས་ལགས་སོ། །ཞེས་པ་ཁས་བླངས་པ་ཙམ་གྱིས་བསྙེན་པར་རྫོགས། ཕུང་པོ་ལྔའི་གདམས་ངག་བསྒོམས་ཏེ་ཞག་དགུ་ན་དགྲ་བཅོམ་པ་ཐོབ་སྟེ་ཉན་ཐོས་འོད་སྲུང་ཆེན་པོར་གྲགས་ཤིང་ཆོག་ཤེས་རྣམས་ཀྱི་མཆོག་ཏུ་བསྔགས། དེ་ནས་མེ་བྱིན་ཡང་ཚུར་ཤོག་གིས་བསྙེན་པར་རྫོགས། དེ་ནི་འཕགས་པ་ཀཱ་ཏྱ་ཡ་ན་ཡིན་ནོ། །དེ་ལ་ཡོད་མེད་མཐའ་གཉིས་ལ་མི་བརྟེན་པའི་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ། རྒྱལ་པོའི་ཁབ་ཏུ་ཁྱིམ་བདག་མུ་སྟེགས་ལ་དད་པ་ཞིག་ཡོད་པ་དེའི་སར་སྟོན་པ་བསོད་སྙོམས་ལ་གཤེགས། དེའི་ཆུང་མ་བདེ་ལྡན་མ་སྦྲུམ་མ་༼ལ༽། སྟོན་པས་བུ་བཙས་ཤིང་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་བོ་ཞེས་ལུང་བསྟན་པ་ཕ་དེས་མ་བཟོད་ནས་མ་ལ་འཇིག་པའི་སྨན་སྦྱིན་པས་ཀྱང་མ་གནོད། ཁུ་ཚུར་གྱིས་ལྟོ་བ་མཉེས་པར་མས་ཆོ་ངེ་བཏབ་པ་ཁྱིམ་མཚེས་ཀྱིས་མི་ཚོར་བའི་ཕྱིར་ནགས་གསེབ་ཏུ་སྐུ་མཉེད་པ་ཐལ་ཆེས་པས་མ་ཤི་བའི་རོ་དུར་ཁྲོད་བསིལ་ཚལ་དུ་ཁྱེར་བ་ན། གོ་ཏ་མས་ལུང་༼བསྟན་༽པའི་ཐོག་ཏུ་མ་
བབ་ཅེས་དྲིལ་བསྒྲགས་སོ། །དེའི་ཚེ་སྟོན་པ་འཁོར་བཅས་དང་གཟུགས་ཅན་སྙིང་པོ་བཅས་དུར་ཁྲོད་དུ་གཤེགས། དེར་ཁྱིམ་བདག་གི་ཆུང་མའི་རོ་བསྲེག་པ་ལུས་བྱིངས་ཚིག་ནས་མེ་ཏོག་པདྨ་ཆེན་པོ་ཞིག་བྱུང་པདྨའི་ནང་དུ་ཁྱེའུ་མཚར་བ་ཞིག་བྱུང་བ་གཟུགས་ཅན་སྙིང་པོས་བླངས་པས་བཅོམ་ལྡན་འདས་ཀྱིས་མིང་མེ་སྐྱེས་སུ་བཏགས་སོ། །དེ་ནས་མགོན་མེད་ཟས་སྦྱིན་ལ་ཆོས་བསྟན་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་མ་དད་དེ་སངས་རྒྱས་ལ་བསྐུར་བ་འདེབས་པར། དེ་ལ། རྒྱལ་རིགས་དཔེ་བྱད་ལྡན་པ་དང་། །དེ་བཞིན་:གྲང་བྲོ་༼དྲང་སྲོང་༽མེ་དང་ནི། །དགེ་སློང་ཚུལ་ཁྲིམས་ལྡན་དེ་ལ། །བློ་དང་ལྡན་པས་བརྙས་མི་བྱ། །ཞེས་སོགས་གཞོན་ནུའི་དཔེའི་མདོ་གསུངས་ནས་དད་པ་ལ་བཀོད། དེ་ནས་ཡབ་སྲས་མཇལ་ཏེ་གླེང་མོ་མཛད་པས། ཟས་དཀར་སོགས་ཤཱཀྱ་བདུན་ཁྲི་བདུན་སྟོང་དང་། བྲེ་བོ་ཟས་སོགས་ཤཱཀྱ་བདུན་ཁྲི་དྲུག་སྟོང་གིས་བདེན་པ་མཐོང་། གྲགས་འཛིན་མར་འཁོར་བ་ལས་སྒྲོལ་བའི་ཆོས་གསུངས་ནས་བདེན་པ་མཐོང་། སྒྲ་གཅན་འཛིན་ཡང་རབ་ཏུ་བྱུང་། ཡབ་རྒྱལ་པོ་སྲས་ལ་ཆགས་པས་དེ་འདུལ་ཕྱིར་ཡབ་སྲས་མཇལ་བའི་མདོ་གསུངས་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། དེ་ནས་ལྷས་བྱིན་རབ་ཏུ་མ་བྱུང་ན་རྒྱལ་པོ་སོགས་སུ་གྱུར་ནས་བསྟན་པ་ལ་གནོད་ཚབས་ཆེན་པོར་གྱུར་དོགས་རབ་ཏུ་བྱུང་བར་མཛད། ཉེ་འཁོར་དྲུག་སྡེ་སོགས་ཀྱང་རབ་ཏུ་བྱུང་སྟེ། ཉེ་བ་འཁོར་འདུལ་བ་འཛིན་པའི་མཆོག་ཏུ་བསྔགས། སྐྱེ་དགུའི་བདག་མོས་རབ་ཏུ་འབྱུང་བར་གསོལ་བས་སྟོན་པས་བུད་མེད་ཀྱི་ལུས་ཤེས་པ་ཆུང་ཞིང་ཆགས་པ་ཆེ་བས་བྱང་ཆུབ་མི་ཐོབ་ཅེས་ལན་གསུམ་གྱི་བར་དུ་མ་གནང་ཡང་། ཀུན་དགའ་བོས་གསོལ་བས་བུད་མེད་རབ་ཏུ་འབྱུང་བ་མ་གསོལ་ཅིགའདུལ་བ་ཡུན་རིང་དུ་མི་གནས་ཤིང་ལོ་ལྔ་བརྒྱས་སྔ་བར་ཆོས་ནུབ་པར་འགྱུར་གསུངས་པས། ཡུམ་འདི་དྲིན་ཆེ་སྟེ་སངས་རྒྱས་རྣམས་ཀྱང་འཁོར་བཞི་དང་ལྡན་པར་ལགས་སོ་ཞེས་ནན་གྱིས་ཞུས་པས་མཐར་གནང་སྟེ། སྐྱེ་དགུའི་བདག་མོ་སོགས་ཤཱཀྱ་མོ་ལྔ་བརྒྱ་དགེ་སློང་མའི་དངོས་པོར་བསྒྲུབས་ཏེ་དགྲ་བཅོམ་མ་ཐོབ། དཀོན་བརྩེགས་ལེའུ་དང་པོ་སྡོམ་པ་གསུམ་བསྟན་པ་ལས། འོད་
སྲུང་། དགེ་སློང་ཀོ་ཀ་ལི་དང་། དགེ་སློང་ལྷས་བྱིན་དང་། དགེ་སློང་ཁཎྜ་དྲ་:བྱ༼ཤྱ་༽དང་། དགེ་སློང་ཀརྟ་ཏི་:བྱ༼ཤྱ་༽དང་། དགེ་སློང་རྒྱ་མཚོས་བྱིན་ལ་ལྟོས། ཞེས་སོགས་དང་། ངས་སྔོན་ལེགས་པའི་སྐར་མ་དང་ལྷན་ཅིག་ལོ་ཉི་ཤུ་ཚང་བར་གནས་ཏེ་ཐུན་མོང་དུ་སྤྱད་པ་སྤྱད་ཀྱང་ལོག་སྲེད་ཅན་ནི་དགེ་བའི་རྩ་བ་ཡོངས་སུ་བཅད་པའི་ཕྱིར་རོ། །དོན་དེ་ལྟ་ན། ཐ་ན་གྲོག་སྦུར་ཙམ་བསད་ན་ཡང་ཁ་ན་མ་ཐོ་བར་འགྱུར་གྱི། ལོག་སྲེད་ཅན་བསད་ན་ཁ་ན་མ་ཐོ་བའི་སྡིག་པ་མེད་དོ། །ཞེས་དང་། ལེགས་པའི་སྐར་མ་ནི་བག་མེད་པའི་སེམས་ཅན་ཏེ་དམྱལ་བར་ལྷུང་ངོ་། །ཞེས་ལུང་བསྟན། དེ་ནས་གྲོང་ཀ་ལཱནྟ་ཀའི་གཙོ་བོའི་བུ་བཟང་བྱིན་རབ་ཏུ་བྱུང་། དེ་ཕན་ཉན་ཐོས་ཀྱི་དགེ་འདུན་ལ་སྐྱོན་མེད། བཟང་བྱིན་གྱིས་རང་གི་ཆུང་མ་ལ་འཁྲིག་པ་སྤྱད་པས་བུ་ས་བོན་བྱ་བ་བྱུང་བ་ཕྱིས་རབ་ཏུ་བྱུང་བས་དགྲ་བཅོམ་པ་ཐོབ། སྐབས་དེ་སྟོན་པར་གསོལ་བས་ཕན་ཡོན་རྣམ་པ་བཅུ་གཟིགས་ནས་འདུལ་བ་ལ་བསླབ་པ་འཆའ་བར་མཛད་དོ། །དེ་ལྟར་ས་ག་ལྷས། སྟོན་ཀའི་ཆུ་བཞིན་དྲི་མེད་པར། །སྟོན་པའི་བསྟན་པ་བཅུ་གཉིས་ལོར། །ལྟུང་བ་མེད་པར་ལེགས་གནས་ཏེ། །དེ་ནས་བཟང་བྱིན་བུ་ཡིས་ནི། །ཆུང་མ་ལ་ནི་འཁྲིག་པ་སྤྱད། །ཅེས་གསུངས་སོ། །དེ་ནས་རྫ་མཁན་གྱི་རིགས་དགེ་སློང་ནོར་ཅན་གྱིས་རྒྱལ་པོའི་ཤིང་བརྐུས་པ་ལ་མ་བྱིན་ལེན་གྱི་ཕམ་པ་གཉིས་པ་བཅའ་བར་མཛད་། དགེ་སློང་སྦེད་མ་སོགས་ཀྱིས་མི་སྡུག་པ་བསྒོམ་པས་བདག་འགུམ་ན་ལེགས་ཀྱི་བསམ་སྟེ་སྲོག་དང་ཕྲོལ་ཅིག་པར་རལ་གྲིས་དགེ་སློང་ཁ་ཤས་སྲོག་དང་ཕྲལ་བས་ཕམ་པ་གསུམ་པ་སྲོག་གཅོད་ཀྱི་ཕམ་པ་བཅས། འོད་མའི་གྲོང་ཤིང་ཤ་བའི་ཚལ་དུ་བཞུགས་པའི་ཚེ། ཉ་པ་ལྔ་བརྒྱ་ཚུར་ཤོག་གིས་བསྙེན་པར་རྫོགས། དུས་དེར་མུ་གེ་བྱུང་བས་ཉ་པ་ལྔ་བརྒྱས། དགྲ་བཅོམ་པ་མ་ཡིན་བཞིན་དུ་ཟས་ཀྱི་ཕྱིར་དགྲ་བཅོམ་མོ་ཞེས་སྨྲས་པས་ཟས་མང་དུ་ཐོབ་པར་བརྟེན། ཕམ་པ་བཞི་པ་མི་ཆོས་བླ་མའི་རྫུན་གྱི་ཕམ་པ་བཅས་སོ། །བ་གླང་བདག་ཤཱ་རིའི་བུས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་པ་སྟོན་པས་བས་མཐའི་གནས་མལ་ལ་དད་པའི་མཆོག་ཏུ་བསྔགས། ནམ་གྲུ་རབ་ཏུ་བྱུང་བ་ཆོས་གང་ལ་ཡང་ཁུ་འཕྲིག་ཟ་
བས་སོམ་ཉི་ནམ་གྲུར་བཏགས། མ་ག་དྷའི་ཞིང་རྣང་ལས་མཚོན་པའི་ཆོས་གོས་དྲས་དྲུབས་མཛད་པར་མཐའ་བསྐོར་གྱིས་མཛེས་པར་ཀུན་དགའ་བོས་ཕུལ་བ་བཞེས་ནས་ལེགས་སོ་སྩལ། དེའི་ཚེ་མུ་སྟེགས་སྟོན་པ་དག་ལ་བསྙེན་བཀུར་མ་བྱུང་བས་རྒྱལ་པོ་གཟུགས་ཅན་སྙིང་པོར་གོ་ཏ་མ་དང་རྫུ་འཕྲུལ་འགྲན་དུ་ཆུག་ཅིག་ཅེས་བྱས་པར་རྫུ་འཕྲུལ་འགྲན་དུ་མ་བཅུག་པས་རྒྱལ་པོ་འདི་གོ་ཏ་མའི་ཕྱོགས་ན་འདུགརྒྱལ་པོ་གསལ་རྒྱལ་དེ་གཟུ་བོར་གནས་པ་ཞིག་ཡོད་འདུག་པ་དེའི་མདུན་དུ་འགྲོའོ་ཞེས་མཉན་ཡོད་དུ་ཕྱིན། གསལ་རྒྱལ་ལ་དེ་ལྟར་བྱས་པས། རྒྱལ་པོས་ཁྱེད་རྣམས་ཕམ་གྱིས་དོགས་གསུངས་པས། ཁྱོད་ཀྱང་གོ་ཏ་མས་བསླུས་ཟིན་ནམ་ཟེར་བ། དེས་ན་བདག་གིས་སངས་རྒྱས་ལ་གསོལ་ལོ་ཞེས་བཅོམ་ལྡན་འདས་ལ་གསོལ་བས། ཞག་བདུན་ན་དེ་བཞིན་བྱའོ་གསུངས། དོན་དེ་སྟོན་པ་དྲུག་ལ་སྨྲས་པས་གོ་ཏ་མ་འབྲོས་སམ་གྲོགས་འཚོལ་བ་ལས་མ་འདས་བདག་ཀྱང་གྲོགས་བཙལ་ལོ་ཟེར། དེའི་ཚེ་གསལ་རྒྱལ་གྱི་མས་དབྱེན་གྱིས་གཅུང་ནག་པོ་དབྱེན་གྱི་ཡན་ལག་བཅད་ནས་སྲང་མདོར་བོར་བར་སྟོན་པ་དྲུག་ལ་འདི་གསོས་པའི་བདེན་ཚིག་རྗོད་ཅིག་སྨྲས་པས་སྤོབས་པ་མེད་ནས་ཅང་མི་སྨྲ་བར་གྱུར། ཀུན་དགའ་བོས་མཆོག་གསུམ་གྱི་བདེན་པས་འདིའི་ཡན་ལག་སོས་པར་གྱུར་ཅིག་བརྗོད་པས་༼དེ་མ་༽ཐག་སྔར་ལྟར་གྱུར་པས་ཀུན་དགའ་བོས་མུ་སྟེགས་ཕམ་པར་བྱས་ཞེས་པའི་སྒྲ་ཆེར་གྲགས། དེ་ནས་གསལ་རྒྱལ་གྱིས་མཉན་ཡོད་ནས་རྒྱལ་བྱེད་ཀྱི་བར་འདུན་ཁང་གི་བཀོད་པ་ཕུན་སུམ་ཚོགས་པ་ལྷའི་དགའ་ཚལ་ལྟར་བྱས་རིན་པོ་ཆེའི་ཁྲི་ཡང་བཤམས་སོ། །མུ་སྟེགས་ཀྱི་དགེ་བསྙེན་རྣམས་ཀྱིས་ཀྱང་འདུན་ཁང་དྲུག་ཁྲི་དང་བཅས་བཤམས་པར། སྟོན་པ་དྲུག་སྔོན་ལ་འཁོད་ནས། ལྷ་དག་བདག་ཅག་གི་མཆིས་ལགས་ན་ཟེར། གོ་ཏ་མ་སྒུག་ཏུ་གསོལ་ནས་བྲམ་ཟེའི་ཁྱེའུ་སྤྱན་འདྲེན་དུ་བཏང་བས། ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལས་ཆོ་འཕྲུལ་ཆེན་པོས་མདུན་ཁང་དུ་བྱོན་པས། རྒྱལ་པོས་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཟིན་ན། ཁྱེད་ཀྱི་རེས་ལ་བབས་པས་སྟོན་ཅིག་སྨྲས་པས་ལྷ་དག་ཆོ་འཕྲུལ་འདི་སུའི་ཡིན་སུས་འཚལ་ཟེར། དེ་ནས་བཅོམ་
ལྡན་འདས་ཀྱིས་འོད་ཟེར་སྤྲོས་ནས་ཆོ་འཕྲུལ་གྱི་མདུན་ཁང་ཐམས་ཅད་མེས་བསྲེགས་པས། སྟོན་པ་དྲུག་གིས་ད་ནི་གོ་ཏ་མའི་མདུན་ཁང་མེས་ཚིག་བྱས་པས། རྒྱལ་པོ་འཁོར་བཅས་སེམས་ཁོང་དུ་ཆུད་པ་ན། སངས་རྒྱས་ཀྱི་མཐུས་མེས་མདུན་ཁང་གི་དྲི་ཀུན་བསྲེགས། རང་ཉིད་ཞི་བདེའི་མདུན་ཁང་མཛེས་པར་གྱུར་པ་དང་། རྒྱལ་པོ་དགའ་སྟེ་མུ་སྟེགས་ལ་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་བསྟན་ཟིན་གྱིས་ད་ནི་ཁྱེད་རྣམས་ཀྱིས་སྟོན་ཅིག་བྱས་པས་སྤོབས་པ་མེད་པར་གྱུར་ནས་ཅང་མི་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་གྱི་མདུན་ཁང་དུ་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་པར་དུས་བཏབ་བལྟ་བར་འདོད་པའི་སྐྱེ་དགུ་མཐའ་དག་འདུས་པ་ལས། དགུན་ཟླ་ཐ་ཆུང་རྟ་པ་ཟླ་བའི་ཚེས་གཅིག་ལ་རྒྱལ་པོ་གསལ་རྒྱལ་གྱིས་མཆོད་པའི་ཚེ། ཚེམས་ཤིང་ས་ལ་བཙུགས་མ་ཐག་ལྗོན་པ་དཔག་ཚད་ལྔ་བརྒྱའི་དཔངས་དང་མེ་ཏོག་ཤིང་རྟའི་འཕང་ལོ་དང་མཉམ་པ་འབྲས་བུ་བྲེ་ལྔའི་བཅུད་ཤོང་བ་ཡལ་འདབས་ཀྱི་རྩ་བར་རིན་ཆེན་བདུན་བཀྲག་མདངས་སྣང་བས་གླིང་བཞིའི་མུན་པ་སེལ་བ་དྲི་མངར་བ་འཐུལ་ཞིང་རོ་ཞིམ་པ་སོགས་ཉམས་སུ་མྱོང་བས་སྐྱེ་འགྲོ་ཀུན་མི་ཕྱེད་པའི་དད་པ་ཐོབ་སྟེ་ལྷའི་ལུས་ཐོབ་བོ། །ཚེས་གཉིས་ལ་རྒྱལ་པོ་ཨུ་ཏྲ་ཡ་ནས་མཆོད་པའི་ཚེ། སྐུའི་གཡས་གཡོན་དུ་སྔོན་མེད་ཀྱི་རིན་པོ་ཆེའི་རི་བོ་མཐོ་ཞིང་བརྗིད་ཆགས་པ་ལྷའི་ནོར་བུ་གཅལ་དུ་བཀྲམ་པ་ལྟར། ལྗོན་ཤིང་མེ་ཏོག་དང་འདབ་མ་འཛུམ་པ་འབྲས་བུ་དུད་ཅིང་སྒྲ་སྙན་པར་འཁྲོལ་ཞིང་རི་བོ་གཡས་པར་རོ་བདའ་བའི་འབྲས་ཀྱི་སྙེ་མར་མི་རྣམས་དགའ་མགུར་སྤྱོད་པ། གཡོན་རིར་རྩྭ་སྔོ་ལྗང་བཅུད་དང་ལྡན་པས་དུད་འགྲོའི་ཚོགས་ཚིམ་པར་མཛད་པ་མཐའ་ཡས་པར་བསྟན་ཏོ། །ཚེས་གསུམ་རྒྱལ་པོ་ཤུཉྩིནྡ་ལས་མཆོད་ཡོན་སྦྱར་དུས་ཞལ་བསིལ་ས་ལ་དོར་བས་ཆུ་རྫིང་བཻཌཱུའི་ཞུན་མ་འཁྱིལ་བ་འདྲ་བ་དཔག་ཚད་ཉིས་བརྒྱའི་ཁོར་ཡུག་ཅན་རིན་པོ་ཆེའི་ཕྱེ་མ་པདྨ་ཤིང་རྟའི་འཁོར་ལོ་ཙམ་མདོག་སྣ་ཚོགས་པ་གཞའ་རིས་ལྟ་བུ་འོད་བཀྲག་དང་ལྡན་པ་དེར་འཁོད་པའི་འཁོར་རྣམས་རྫིང་དེར་བལྟ་ཞིང་བསྟོད། ཆོས་ཀྱི་སྒྲས་མཐོ་རིས་ཀྱི་ས་བོན་རྙེད་དོ། །ཚེས་བཞི་ལ་རྒྱལ་པོ་ཨིནྡྲ་ཝ་རྨིས་བཀུར་བའི་ཚེ། དེའི་
སྔ་ཉིན་ནས་སྤྲུལ་པའི་རྫིང་བུའི་ངོས་བཞི་ན་ཆུ་ཀླུང་སྙན་པའི་སྒྲ་དང་བཅས་ཡུར་བ་བརྒྱད་བརྒྱད་ལ་འབབ་པ་སྐོར་བ་གཞན་དུ་འགྲོ་བར་རྫིང་བུར་སླར་ཞུགས་པ་དེའི་སྒྲ་ལས་བྱང་ཆུབ་ཡན་ལག་བདུན་དང་འཕགས་ལམ་ཡན་ལག་བརྒྱད་དང་རྣམ་ཐར་གསུམ་ཚད་མེད་བཞི་སོགས་ཆོས་ཀྱི་སྒྲས་འགྲོ་རྣམས་སངས་རྒྱས་དང་མཐོ་རིས་སུ་བཀོད་དོ། །ཚེས་ལྔ་ལ་རྒྱལ་པོ་ཚངས་བྱིན་གྱིས་གཡོས་སྦྱར་བའི་ཚེ། ཞལ་གྱི་འཛུམ་ལས་འོད་ཟེར་སྟོང་གསུམ་ཀུན་གསལ་ཞིང་འོད་དེ་ལུས་ལ་རེག་པའི་སྐྱེ་དགུ་རྣམས་སྒྲིབ་པ་ལྔ་དག་སྟེ་ལྷ་མིའི་ཚོགས་དད་པར་བཀོད་དོ། །ཚེས་དྲུག་ལི་ཙ་བི་དྲ་མའི་ཚོགས་ཀྱིས་མཆོད་ཚེ་མངོན་ཤེས་མི་ལྡན་པ་ཀུན་བྱིན་གྱིས་བརླབས་པས་གཅིག་རྒྱུད་གཅིག་གིས་ཤེས་ཏེ་དཀར་ནག་གི་ལས་འབྲས་རྟོགས་ནས་ཆོས་རབ་ཏུ་འཕེལ་ལོ། །ཚེས་བདུན་ཤཱཀྱའི་རིགས་ཀྱིས་མཆོད་པས་ཡེ་ཤེས་མཆོག་གི་དྲ་བས་ཉེ་བར་འཁོད་པའི་ཞམ་རིང་གི་ཚོགས་ཀུན་གནས་འགྱུར་བའི་འཁོར་ལོ་སྒྱུར་བའི་རྒྱལ་པོ་སྲས་སྟོང་རྒྱལ་ཕྲན་བློན་འབངས་རྣམས་སུ་གྱུར་པ་སྟོན་པའི་བྱིན་རླབས་སུ་ངེས་པའི་སྐྱེ་དགུ་རྣམས་དད་པ་ཆེར་འཕེལ་ཏེ་མཐོ་རིས་ཀྱི་ས་བོན་བསྐྲུན་ཏོ། །ཚེས་བརྒྱད་ལ་ལྷའི་དབང་པོས་སྲི་ཞུ་བསྐྲུན་པའི་ཚེ་བརྒྱ་བྱིན་གྱིས་བཤམས་པའི་ཁྲི་ལ་བཞུགས་ཚེ། བཟང་བྱིན་ལ་སོགས་པས་བདག་རྣམས་ཀྱིས་ཕམ་པར་བྱའོ་གསོལ་ཀྱང་མ་གནང་སྟེ། མུ་སྟེགས་ཅན་དང་ཆོ་འཕྲུལ་སྟོན་པར་གསོལ་འདེབས་སུ་ཡིན་ཞེས་པས། གསལ་རྒྱལ་གྱིས་བསྟན་པར་གསོལ་མ་ཐགབཅོམ་ལྡན་འདས་ཀྱིས་གདན་ལས་མི་སྣང་བར་གྱུར་ནས། ཕྱོགས་བཞིར་གཤེགས་བཞུགས་བཞེངས་གཟིམས་ཀྱི་སྤྱོད་ལམ་བཞི་མཛད་ཅིང་འོད་སྣ་ཚོགས་འབྱིན། སྐུ་སྨད་ནས་མེ་འབར་སྟོད་ནས་ཆུ་འབེབས་པ་དང་བཟློག་པ་མཛད་ཅིང་། འདི་ནི་ཉན་ཐོས་དང་ཐུན་མོང་པའི་ཆོ་འཕྲུལ་ཡིན་ནོ་གསུངས་ནས་ཁྲིར་བཞུགས་པར་ཚངས་པ་དང་བརྒྱ་བྱིན་གྱིས་གཡས་གཡོན་ནས་མཆོད། ཆོ་འཕྲུལ་སྟོན་པར་གསོལ་འདེབས་སུ་ཡིན་ཞེས་པར། གསལ་རྒྱལ་གྱིས་བདག་ལགས་སོ་བྱས་པས། ཕྱག་ས་ལ་རེག་པས། ཀླུ་རྣམས་ཀྱིས་པདྨ་ཤིང་རྟའི་འཕང་ལོ་ཙམ་གསེར་གྱི་འདབ་མ་སྟོང་ལྡན་རྡོ་རྗེའི་ཟེ་བ་ཅན་
ཕུལ་བ་དེའི་སྙིང་པོར་བཞུགས། དེ་འདྲ་བ་མང་པོ་བྱུང་བ་རེ་རེར་སྤྲུལ་པའི་སངས་རྒྱས་རེ་བཞུགས་པས་འོག་མིན་གྱི་བར་གང་བ་རྣམས་ལ་ལ་འབར། ལ་ལ་གསལ། ལ་ལ་ཆར་འབེབས་པ་སོགས་སྣང་ཚུལ་སྣ་ཚོགས་ཆོ་འཕྲུལ་བལྟ་བར་འདུས་པ་རྣམས་ཀྱིས་ཀྱང་སྒྲིབ་མེད་དུ་མཐོང་བས་ཀུན་མིག་མི་འཛུམ་པར་བལྟ་ལ་ཕྱག་འཚལ་ཞིང་མཆོད། མཐར་སྤྲུལ་པའི་སངས་རྒྱས་རྣམས་ཀྱིས། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སོགས་ཀྱི་ཚིགས་བཅད་གསུངས་ནས་མི་སྣང་བར་གྱུར་ནས། རྒྱལ་པོས་སྟོན་པ་དྲུག་པོར་རེས་ལ་བབས་པར་བསྐུལ་བས་ཁོ་རང་དྲུག་པོ་གཅིག་གིས་གཅིག་བསྐུལ་ཞིང་ལན་མེད་སེམས་ཁོང་དུ་ཆུད་ནས་འདར་ཞིང་གནས་ཚེ། སྟོན་པས་སེང་ཁྲིར་ཕྱག་སོར་རེག་ཙམ་མཛད་པས་སེང་ཁྲི་ནས་སྒྲ་འབྱིན་པ་དང་མཉམ་དུ་སྲིན་པོ་ལྔ་ཐོན་ཏེ་སྟོན་པ་དྲུག་གི་ཁྲི་བཤིག་སྟོན་པ་དྲུག་ཕྱེ་མར་འཐག་པའི་དྲག་ཤུལ་གྱིས་བདུད་ཀྱི་དཔུང་རྣམས་བཅོམ། ལོག་ལམ་དུ་འཁྱམས་པའི་འཁོར་འབངས་དགུ་ཁྲི་རབ་ཏུ་བྱུང་ཞིང་དགྲ་བཅོམ་པར་གྱུར། སྐུའི་བ་སྤུའི་བུ་ག་བརྒྱད་ཁྲི་དེ་སྙེད་ནས་འོད་འཕྲོས་པའི་རྩེར་པདྨའི་གདན་ལ་བདེ་གཤེགས་རྣམས་རང་རང་གི་འཁོར་ལ་ཆོས་སྟོན་པ་མཐོང་ཞིང་རྣ་བར་ཐོས་པ་མཆོག་རྣམས་སངས་རྒྱས། དམན་པ་རྣམས་ལྷ་མིའི་རྟེན་ཐོབ་བོ། །འདི་ཡན་འགྲན་ཟླ་ཅན་གྱི་ཆོ་འཕྲུལ་ཞེས་གྲགས། ཚེས་དགུར་ཚངས་པས་མཆོད་པས་དབུ་གཙུག་ཚངས་པའི་ཡུལ་སར་སྙེག་པ་སྐུ་མཉན་ཡོད་ཀྱི་ཁྲིར་བཞུགས་པ། གནམ་སའི་ཁྱོན་ཀུན་མི་སྒྲིབ་པར་ཀུན་གྱིས་མངོན་སུམ་དུ་གསལ་བ་མཐོང་བར་བཞུགས་ནས་ཆོས་བསྟན་པས་ཆོ་འཕྲུལ་བལྟ་བར་འདུས་པ་རྣམས་མཐོ་རིས་ཐོབ་བོ། །ཚེས་བཅུར་རྒྱལ་ཆེན་བཞིས་མཆོད་པས། སྟོན་པའི་སྐུ་སྲིད་རྩེར་ཁྱབ་པ་ལས་འཕྲོས་པའི་འོད་འཇིག་རྟེན་གསུམ་གྱི་སྒྲོན་མེས་ཁམས་གསུམ་དུ་གནས་པ་རྣམས་ཆེས་དད་པར་བསྐུལ་ཞིང་མཐོ་རིས་ཀྱི་ས་བོན་རྙེད་དོ། །བཅུ་གཅིག་ལ་མགོན་མེད་ཟས་སྦྱིན་གྱིས་མཆོད་པའི་དུས་སྐུ་འོད་ཟེར་དྲ་བའི་ཁོར་ཡུག་གཅིག་གི་ཕུང་པོར་གནས་ཤིང་དམ་པའི་ཆོས་ཀྱི་གསུང་རང་རང་གི་དབང་པོ་དང་འཚམས་པར་བསྟན་པས་དེར་འདུས་རྣམས་དགྲ་བཅོམ་པ་དང་མཐོ་རིས་རྟེན་བཟང་
སྒྲུབ་པའི་བསོད་ནམས་གོང་དུ་འཕེལ་ལོ། །ཚེས་བཅུ་གཉིས་པ་ཙིནྟས་གཡོས་སྦྱར་བའི་ཚེ། ཏིང་ངེ་འཛིན་གྱི་མཐུས་སྐུ་ལས་གསེར་གྱི་འོད་བཀྱེ་བས་སྟོང་གསུམ་ཁྱབ། འཁོར་རྣམས་ལ་རེག་པས་དུག་གསུམ་ཞི། ཀུན་ཕ་མ་དང་ཕུ་ནུ་བཞིན་མ་འདྲིས་པའི་མཛའ་བཤེས་སུ་གྱུར་ནས་ཀུན་ལ་བྱམས་སྙིང་རྗེ་སྐྱེས་པའི་རྒྱུ་ཐབས་སངས་རྒྱས་ཀྱི་ཐུགས་རྗེར་ཤེས་པའི་དད་པ། ཆོས་རྣ་བར་ལྷུང་བས་ལྷ་མི་རྣམས་ཕྱི་མའི་བདེ་སྐྱིད་ལ་སྤྱོད་དོ། །བཅུ་གསུམ་པ་ཤུཉྩིའི་མཆོད་སྦྱིན་གྱི་ཚེ། སྐུའི་ལྟེ་བ་ལས་འོད་ཟེར་གཉིས་འདོམ་བདུན་ཙམ་གྱིས་ཡར་འཕྲོས་པའི་རྩེ་མོར་པད་སྟེང་ལ་སྤྲུལ་པའི་སངས་རྒྱས་གཉིས་བཞུགས་པ་གང་གི་ལྟེ་བ་ལས་ཀྱང་འོད་ཟེར་ཟུང་རེ་འཕྲོས་པས་སངས་རྒྱས་སྔར་བཞིན་གྲངས་མེད་པས་སྟོང་གསུམ་གྱི་འཇིག་རྟེན་བཀང་། སྤྲུལ་པ་ཆོ་འཕྲུལ་ལྟར་འོངས་པ་ལུས་ཅན་ཀུན་གྱིས་གསལ་བར་མཐོང་བ་དང་གསུང་ཆོས་ཀྱི་སྒྲ་ཐོས་པའི་དོན་གྱིས་བྱང་ཆུབ་ཀྱི་ས་བོན་རྒྱ་ཆེར་སྤེལ་ལོ། །བཅུ་བཞིར་ཨུ་ཏྲ་ཡཱ་ནས་མཆོད་པའི་མེ་ཏོག་བསྐུར་བ་གཏོར་བས་སྐད་ཅིག་གིས་མེ་ཏོག་རྣམས་རིན་པོ་ཆེའི་ཁམས་ལས་གྲུབ་པའི་ཤིང་རྟའི་དབྱིབས་ཚངས་པའི་འཇིག་རྟེན་ལ་ཐུག་པ་གསེར་ལྟར་འབར་ཞིང་ནོར་བུས་སྤྲས་པ་དེའི་གྲངས་སྟོང་དང་ཉིས་བརྒྱ་ལྔ་བཅུ་རེའི་སྟེང་སྤྲུལ་པའི་སངས་རྒྱས་རེ་བཞུགས་པའི་འོད་ཀྱིས་སྟོང་གསུམ་གྱི་འཇིག་རྟེན་ཁྱབ་པར་མིག་གིས་མཐོང་བར་བྱིན་གྱིས་བརླབས། བཅོ་ལྔ་པ་གཟུགས་ཅན་སྙིང་པོས་མཆོད་པའི་ཚེ་སྣོད་ཀུན་ཟས་ཀྱིས་གང་ཞིང་ཟས་རྣམས་རོ་བརྒྱའི་དཔལ་དང་ལྡན་ཅིང་ཟོས་པ་ཀུན་བདེ་བ་ཆོ་འཕྲུལ་བལྟ་བར་འདུས་པ་རྣམས་ཀྱིས་མྱོང་བར་བྱིན་གྱིས་བརླབས། དེར་འཁོད་ཀྱི་མདུན་དུ་ས་ལ་ཕྱག་རེག་པས་དམྱལ་བའི་གནས་མཐོང་སྟེ་སྙིང་རྗེའི་སེམས་དང་འཇིགས་སྐྲག་གི་ངང་དུ་གྱུར། དམྱལ་བའི་འགྲོ་བས་ཐུབ་དབང་ཞལ་མཐོང་ཞིང་དད་པས་ཚེ་འཕོས་ལྷ་མིའི་གནས་སུ་སོང་ངོ་། །དེ་ནས་བྲམ་ཟེ་འབྱོར་པའི་བུ་རབ་འབྱོར་སྐྱེ་བ་ལྔ་བརྒྱར་ཀླུ་འབའ་ཞིག་ཏུ་སྐྱེས་ཏེ་ཉན་ཐོས་རྣམས་ལ་དགའ་བར་བྱས་ནས་ཤི་བ་མིར་སྐྱེས་པ་སྤྲོ་ཐུང་བར་གྱུར་པ་ལ། ལྷས་སངས་རྒྱས་སུ་བསྔགས་པ་བརྗོད་པས་དད་ནས་སྟོན་པའི་སྤྱན་སྔར་སོང་བདེན་པ་མཐོང་
སྟེ་རབ་ཏུ་བྱུང་དགྲ་བཅོམ་པ་ཐོབ། སྔར་གྱི་སྐྱེ་བ་སོགས་དྲན་ཏེ་ཞེ་སྡང་སྐྱེ་བར་མི་འགྱུར་རོ་སྙམ་ཉོན་མོངས་པ་བསལ་བས་སྟོན་པས་ཉོན་མོངས་པ་མེད་པ་རྣམས་ཀྱི་མཆོག་ཏུ་བསྔགས། གྱད་བུ་ནོར་རབ་ཏུ་བྱུང་བས་དགྲ་བཅོམ་པ་གནས་མལ་འབོགས་པ་རྣམས་ཀྱི་མཆོག་ཏུ་བསྔགས། ཨུ་ཏྲ་ཡཱ་ནའི་བཙུན་མོ་ཟླ་འོད་མ་ཞག་བདུན་ན་འཆི་བར་ཤེས་ཏེ་བསྙེན་པར་རྫོགས། དེ་ལྟར་སྐྱེས་ཏེ་སླར་རྒྱལ་པོའི་དྲུང་དུ་འོངས་ནས་བདག་ཀྱང་དེ་བཞིན་གྱི་ལྷར་སྐྱེས། རྒྱལ་པོ་ཡང་རབ་ཏུ་བྱུང་བར་འཚལ་ཞེས་ཟེར་བ་ལྟར་རྒྱལ་སྲིད་བུར་སྤྲད་དེ་རྒྱལ་པོའི་ཁབ་ཏུ་སོང་གཟུགས་ཅན་སྙིང་པོ་དང་མཉམ་དུ་སྟོན་པའི་དྲུང་དུ་བསྙེན་པར་རྫོགས་ཤིང་སླར་ཕྱིར་མི་འོང་བའི་འབྲས་བུ་ཐོབ། རྒྱལ་པོའི་ཁབ་ཏུ་ཨུ་ཏྲ་ཡཱ་ན་ཚུར་ཤོག་གིས་རབ་ཏུ་བྱུང་། རྒྱལ་པོའི་ཁབ་ཀྱི་མདུན་ན་འདོན་བྷ་ར་དྷྭ་ཛ་རབ་ཏུ་བྱུང་ཞིང་དགྲ་བཅོམ་ཐོབ་ནས། བསོད་སྙོམས་འབའ་ཞིག་ལ་སྤྱོད་པས་བསོད་སྙོམས་ལེན་ཞེས་གྲགས། སྟོན་པས་སེང་གེའི་སྒྲ་སྒྲོག་པ་རྣམས་ཀྱི་མཆོག་ཏུ་བསྔགས། ལྷས་བྱིན་རྫུ་འཕྲུལ་འདོད་དེ་སྟོན་པའི་དྲུང་དུ་ཞུ་བར་ཕྱིན་པས། སྟོན་པས་བསླབ་པ་གསུམ་ལ་བརྩོན་པར་གྱིས་ཤིག་ཅེས་སྩལ་བར་སྟོན་པས་རྫུ་འཕྲུལ་མི་འབོགས་པར་བསམ་ནས་ཀུན་ཤེས་སོགས་དགྲ་བཅོམ་པ་ལྔ་བརྒྱའི་བར་ལ་ཞུ་བར་ཕྱིན་ཀྱང་བརྟགས་པས་སྡིག་སེམས་ཅན་དུ་དགོངས་ཏེ་མ་བསྟན། འོད་སྲུང་སྟོབས་བཅུ་པར་ཞུས་པས་རྫུ་འཕྲུལ་གྱི་གདམས་ངག་གནང་བ་དབེན་པར་སྒྲུབ་པས་བསམ་གཏན་དང་པོ་གྲུབ་ཅིང་མ་སྐྱེས་དགྲ་དབང་དུ་བྱ་ཕྱིར་རྟ་དང་གླང་པོ་ཆེ་བུ་མོ་འདབ་ཆགས་དགེ་སློང་ཁྱེའུ་སོགས་ཇི་སྙེད་དུ་སྤྲུལ་ཏེ་མ་སྐྱེས་དགྲ་དད་པར་བྱས་ནས་རྟ་པ་ལྔ་བརྒྱ་ཙམ་གྱིས་བསུ་སྐྱེལ་དང་ཁ་ཟས་ཀྱིས་གཟབ་པར་བྱས། སྟོན་པའི་འཁོར་རྣམས་དེ་ཡིས་བསླུའོ་སྙམ་པ་དང་། དགེ་སློང་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་འོད་སྲུང་སྟོབས་བཅུ་པ་འདིས་བྱས་པས། དེ་ནི་ཁོ་བོའི་བརྩོན་འགྲུས་ཀྱིས་འགྲུབ་བོ་བྱས་མ་ཐག་རྫུ་འཕྲུལ་ཉམས། དེ་ནས་འོད་མའི་ཚལ་དུ་དབྱར་གནས་པའི་ཚེ་ལྷས་བྱིན་གྱིས་འཁོར་རྣམས་བདག་ལ་གཏད་ན་ཐུགས་ལས་ཆུང་བར་འགྱུར་ཞུས་པས། སྟོན་པས་རེ་ཞིག་སུ་ལ་ཡང་མི་གཏོད་གསུངས་
པས། རབ་ཏུ་ཁྲོས་ཏེ་དགེ་སློང་བཞི་ལ་དགེ་འདུན་དབྱེ་བར་ནུས་ན་བདག་ཅག་ཚེ་འདིར་ཕུན་སུམ་ཚོགས་ཤིང་ཤི་བའི་རྗེས་སུ་ཡང་གཏམ་ལེགས་ཤིང་གྲགས་པ་ཐོབ་བོ་ཞེས་བརྗོད་པས། ཁ་ཅིག་གིས་དབྱེ་བར་མི་ནུས་སོ། །ཞེས་དང་། ཁ་ཅིག་གིས་རྒན་པར་ཡོ་བྱད་དང་གཞོན་པར་ཁ་ཟས་ཀྱིས་ཐུབ་ཟེར་རོ། །དུས་དེར་མུ་གེས་མཆོག་ཟུང་ལྷོ་ཕྱོགས་ཀྱི་རིར་གཤེགས་སོ། །སོ་སྐྱེའི་དགེ་སློང་ལྔ་བརྒྱ་ཡོད་པ་ལྷས་བྱིན་གྱིས་ཁྲིད་དེ་སོང་། མ་སྐྱེས་དགྲས་རྙེད་པ་བཏབ། ལྷས་བྱིན་གྱིས་ཚུལ་ཤིང་གཏད་པ་བླངས་པ་མཆོག་ཟུང་གིས་ཤེས་ཏེ་སྟོན་པར་བསྡུམ་བྱ་བར་གསོལ་བས་གནང་སྟེ། ལྷས་བྱིན་ལྷོ་ཕྱོགས་ཀྱི་བྱ་དག་གི་ཀུན་དགའ་ར་བ་ན་རང་གི་འཁོར་བཞི་དང་ལེགས་སྐར་སོགས་དགེ་སློང་ལྔ་བརྒྱ་པོ་དང་ལྷན་དུ་གནས་པ་མཆོག་ཟུང་ཡང་བྱུང་བས་དེ་ཡང་འདུས་སོ་སྙམ་ཤིན་ཏུ་དགའ་ནས་མཆོག་ཟུང་གཡས་གཡོན་དུ་བཞགསྟོན་པའི་ལད་མོ་བགྱིས་ཏེ། དེ་ནས་ང་རྒྱབ་ཅུང་ཟད་མི་བདེ་བས་ཤཱ་རིའི་བུ་ལ་ཁྱོད་ཀྱིས་འཁོར་རྣམས་ལ་ཆོས་སྟོན་ཅིག་ཟེར་གཡས་ཕབ་གཉིད་ལོག་པ་ན་ཤཱ་རིའི་བུས་ཁྱོད་རྣམས་ཀྱིས་སྟོན་པ་འདི་ལྟ་བུ་ལ་ལྟོས། ཞེས་དང་། མཽངྒལ་གྱི་བུས་འཁོར་རྣམས་སྐྱོ་བར་བྱས། ཤཱ་རིའི་བུས་སྟོན་པར་དད་པ་དང་ལྷས་བྱིན་སྤོང་བའི་ཆོས་བཤད་པས་དགེ་སློང་རྣམས་འདོད་ཡོན་ལ་རང་འཁྲུལ་བར་ཡིད་དབྱུང་སྟེ་མཆོག་ཟུང་གིས་ལྔ་བརྒྱ་པོ་ཁྲིད་ནས་བྲོས་སོ། །སླར་ཀོ་ཀ་ལི་ཀས་གཉིད་སད་དེ་རྗེས་བསྙགས་ཀྱང་རྫུ་འཕྲུལ་གྱིས་ལམ་འགགས་ཏེ་མ་ཟིན། དགེ་སློང་རྣམས་ལ་སྟོན་པས་རྟེན་འབྲེལ་ལུགས་ལྡོག་གི་ཆོས་གསུངས་པས་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་ལ་བཀོད་དོ། །དེ་ནས་མཉན་ཡོད་དུ་འོད་སྲུང་ཆེན་པོ་སྟན་ཕྱེད་ལ་བཞག་ནས་བདག་ཉིད་དང་འདྲ་བར་རྒྱ་ཆེར་བསྔགས་པས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བླ་མར་བཀུར། དེའི་ཚེ་མི་ཉི་ཤུས་ཉི་ཤུ་གསོད་པར་མཛའ་བོ་ལྟར་བཅོས་པ་གཟིགས་ནས་ཞབས་ལ་སེང་ལྡེང་ཚལ་པ་ཟུག་གོ་གསུངས་མ་ཐག་ཚལ་པ་རྣོན་པོ་མཐོ་གང་པ་ཞིག་བྱུང་བ་མཽངྒལ་གྱི་བུས་འདོན་པར་བརྩམས་ཀྱང་བརྒུལ་མ་ནུས་ནས་ཀུན་དགའ་བོར་སྔོན་ཚོང་པ་གཡོན་ཅན་མདུང་གིས་བསད་པའི་ལས་ལྷག་མའོ་
གསུངས་པས། མི་ཉི་ཤུ་པོས་ཉེས་པ་བཤགས་ཏེ་གསད་བྱ་བཅས་མི་བཞི་བཅུ་བདེན་པ་ལ་བཀོད་དོ། །གཟུགས་ཅན་སྙིང་པོའི་བཙུན་མོ་ལུས་འཕགས་མར་རྒྱལ་པོས་དྲང་སྲོང་ཞིག་ཁྲོས་པར་བྱས་པས་སྨོན་ལམ་ལོག་པར་བཏབ་པས་ཕ་གསོད་པའི་ལས་ཀྱི་མཐུ་ཡང་བདོ་བའི་ཁྱེའུ་ཞིག་མངལ་དུ་ཆགས། མཚན་མཁན་རྣམས་ཀྱིས་འདི་བཙས་ན་ཕ་བཀྲོང་བར་འགྱུར་རོ་ཞེས་ལུང་བསྟན་པ་མ་སྐྱེས་དགྲར་བཏགས་པ་དེའི་མདུན་དུ་ལྷས་བྱིན་གྱིས་ཕྱིན་ཏེ། བདག་ཁྱོད་དང་མཛའ་ན་ཡུལ་མི་ཐམས་ཅད་ཁྱོད་ལ་མི་སྙན་པ་འདི་དག་ཟེར་གྱི། རྒྱལ་པོ་ཐམས་ཅད་སྐྲ་ཁྲ་བོར་སྐྱེས་ཚེ་བུ་རྒྱལ་སྲིད་ལ་འཇོག་ན་ཁྱོད་ཀྱི་ཡབ་ནི་ད་དུང་རྒྱལ་སྲིད་ལ་ཞེན་ཏེ་འདུགད་ཡབ་སོད། ངས་ཀྱང་གོ་ཏ་མ་གསོད་རྒྱལ་པོ་དང་སངས་རྒྱས་གསར་པ་བྱས་ན་མི་སྐྱིད་དམ་ཟེར་བ་ཉན་ཏེ། མ་སྐྱེས་དགྲས་ཡབ་ལ་རྡོ་རྗེ་རྩེ་གཅིག་པ་འཕངས་པས་རྫིའུ་ཆག་ནས་སླར་ལོགསྟོན་པས་མཁྱེན་ཏེ་མཽངྒལ་གྱི་བུར་གྲོ་བཞིན་སྐྱེས་ལ་བསོད་སྙོམས་སློངས་ཤིག་གསུངས། གྲོ་བཞིན་སྐྱེས་ཀྱིས་སྣོད་དུ་བཙོས་པ་ལྔ་བརྒྱ་པོ་བྱིན་པས་དེ་སྟོན་པར་ཕུལ་ལོ། །སྟོན་པས་དགྲ་བཞིན་སྐས་བཀག་སྟེ་རྐང་རྗེན་དུ་འགྲོ་བར་བརྩམ་པ་ན། རྐང་པ་ས་ལ་བཞག་པས་ས་གཡོས་ཞིང་བདེན་པ་མཐོང་སྟེ་དགྲ་བཅོམ་པ་བཙན་ཅན་གྱི་མཆོག་ཏུ་བསྔགས། གཟུགས་ཅན་སྙིང་པོས་མ་སྐྱེས་དགྲ་ལ་བུ་ང་ལ་ཅིའི་ཕྱིར་རྡོ་རྗེ་འཕངས་གསུངས་པ། ཡབ་ནི་ལོངས་སྤྱོད་མཆིས་ལགས། བདག་ནི་མི་འཚལ་མོད་ཅེས་གླེང་བར། གཟུགས་ཅན་སྙིང་པོས་རྒྱལ་སྲིད་ཀྱི་མངའ་ཐང་ཐམས་ཅད་གཏད་ནས་སྟོན་པ་དགེ་འདུན་དང་བཅས་པར་གུས་པ་དགོས་སོ་བྱས་པས་མ་སྐྱེས་དགྲ་ཁྲོས་ཏེ་ཡབ་བཙོན་དུ་བཅུགཡུལ་མི་སོགས་ཀྱིས་ཟས་སྐྱེལ་བ་ཡང་བཀགབཙུན་མོ་ལུས་འཕགས་མོས་ཟས་སྐོམ་གྱིས་འཚོ་བ་ཡང་ཤེས་དེ་དེ་ཡང་བཀགདེ་ནས་བཟའ་བཏུང་མེད་ཀྱང་སྟོན་པ་བྱ་རྒོད་ཕུང་རིར་བཞུགས་འོད་ཟེར་སྐར་ཁུང་དུ་འཇུག་ཅིང་སྐར་ཁུང་ནས་སྐུ་མཐོང་ཞིང་དགའ་བར་བྱེད་པ་ཡང་བཀག་པས་རྒྱལ་པོ་ཤིན་ཏུ་སྡུག་བསྔལ་གྱིས་གདུངས་པར་སྟོན་པས་མཽངྒལ་གྱི་བུ་རྫུ་འཕྲུལ་གྱིས་བཙོན་ཁང་དུ་བཏང་སྟེེ་སྟོན་པའི་བཀས། ངས་དགེ་བའི་བཤེས་
གཉེན་བྱས་ཟིན་པས་ངན་སོང་ལས་ཐར་བར་བྱས་ཡོད། འདི་ནི་རང་གི་ལས་ཀྱི་འབྲས་བུ་མྱོང་བ་ཡིན་སོགས་སྩལ། རྒྱལ་པོ་ཅུང་ཟད་བཙོན་ཁང་དུ་ཟས་ཀྱིས་དབུལ་བར་རྫུ་འཕྲུལ་གྱིས་རྒྱལ་ཆེན་བཞིའི་གནས་ཀྱི་ལོངས་སྤྱོད་ལྟར་གྱིས་ཚིམ་པར་མཛད་དོ། །དེ་ནས་མ་སྐྱེས་དགྲའི་བུ་འཆར་བྱེད་བཟང་པོའི་སོར་མོའི་རྩེ་ལ་ཕོལ་མིག་གིས་ན་བ། མ་སྐྱེས་དགྲས་སོར་མོ་ཁ་ནང་དུ་བཅུག་པས་བརྡོལ་བའི་རྣག་ཁྲག་བུས་མཐོང་ནས་ཆེར་ངུས་པ་ན། དེར་མ་ལུས་འཕགས་མོས་འདི་ནི་རྒྱུད་ལ་ཡོད། ཁྱོད་ལ་འདི་འདྲ་བྱུང་བ་ཡབ་ཀྱིས་ཁྱོད་སྐྲག་དོགས་རྣག་ཁྲག་ལྟོར་མིད་པ་ཡིན་བྱས་པས་མ་སྐྱེས་དགྲ་ཞེ་སྡང་དང་བྲལ་ཞིང་ཡབ་ལ་མཚམས་མེད་ཀྱི་ལོག་སྤྱོད་བྱས་པར་འགྱོད་དེ་ད་ཆ་གསོན་ན་རྒྱལ་སྲིད་ཀྱི་ཕྱེད་སྟེར་བྱས་པས་སྐྱེ་བོ་རྣམས་དགའ་སྟེ་ཡབ་བཞུགས་པའི་བཙོན་ཁང་དུ་བརྒྱུགས་པའི་ཅ་ཅོའི་སྒྲས་དངངས་ཏེ་དུས་ལས་འདས། རྣམ་ཐོས་ཀྱི་པང་དུ་སྐྱེས་ཏེ་བདུད་རྩི་ལ་ལོངས་སྤྱོད་ཅིང་ང་ནི་རྒྱལ་བ་ཁྱུ་མཆོག་གོ་ཞེས་པས་མཚན་ཡང་དེ་ལྟར་དུ་གྲགས། དེ་ནས་ལྷས་བྱིན་གྱིས་མ་སྐྱེས་དགྲར་ངས་ཁྱོད་རྒྱལ་སྲིད་ལ་བཀོད་ཟིན་གྱིས། ཁྱོད་ཀྱིས་ང་སངས་རྒྱས་ལ་སྐོས་ཤིག་བྱས་པས། རྒྱལ་པོས་སྟོན་པར་གསེར་མདོག་དང་འཁོར་ལོ་འདུག་པར་ཁྱོད་ལ་མི་སྣང་བྱས་པས། གསེར་མགར་བཀུག་ནས་འབྲུ་མར་གྱིས་ལུས་བྱུགས། གསེར་བཞུ་སྟེ་ལུས་ལ་བྱུགས་པས་སྡུག་བསྔལ་བ་དང་། ལྕགས་མགར་གྱིས་འཁོར་ལོ་བསྲེགས་ཏེ་ལྷས་བྱིན་གྱི་རྐང་པར་བརྒྱབ་པས་ཀྱང་ཚ་བའི་སྡུག་བསྔལ་ལ་བཟོད་བསྲན་བསྐྱེད། དེ་ནས་ལྷས་བྱིན་དང་མ་སྐྱེས་དགྲ་གཉིས་ཀྱིས་གོ་ཏ་མ་གསོད་པར་བརྩམས་ནས་སྒྱོགས་ཀྱི་འཕྲུལ་འཁོར་མཁན་ལ་མུ་ཏིག་དོ་ཤལ་སྲང་སྟོང་རེ་བ་བྱིན་ཞིང་མི་སྟོང་ཕྲག་གཅིག་ལ་གླ་བྱིན་ནས་བྱ་རྒོད་ཕུང་རིར་སྟོན་པ་བཞུགས་པའི་ཐད་དྲང་ཕར་ངོས་སྒྱོགས་བཅས་ཤིང་གཡས་གཡོན་གྱི་ལམ་སོར་མི་ཉིས་བརྒྱ་ལྔ་བཅུ་རེ་བཞག་པས། མི་ལྔ་བརྒྱ་པོས་འདི་སུར་འཕེན་བྱས་པས་གོ་ཏ་མར་འཕེན་ཟེར་ཐོས་པ་མི་ལྔ་བརྒྱ་འཕྲུལ་འཁོར་མཁན་དང་བཅས་པ་དེ་བས་ཤི་བ་དགའ་སྙམ་བྲོས་པ་སྟོན་པའི་སྤྱན་སྔར་སླེབས་ཆོས་བསྟན་པས་བདེན་པ་མཐོང་སྟེ་དེ་ནས་
ལྷས་བྱིན་རང་ཉིད་ཀྱིས་སྒྱོགས་དྲངས་ཏེ་རྡོ་ཆེན་མི་ཟད་པ་འཕངས་པས་ལག་ན་རྡོ་རྗེས་སྒྱོགས་རྡོར་རྡོ་རྗེ་བསྣུན་པས་ཕྱེ་མར་ཞིགདེའི་དུམ་བུ་ཆེ་བ་ཞིག་ལྷུང་དུ་འཆའ་བ་གནོད་སྦྱིན་ཀུམྦྷི་རས་འཛིན་རྒྱུ་ཡིན་ཡང་རྡོ་ཕྱེ་དེ་ཕོག་པས་དུས་ལས་འདས་ཏེ་ལྷར་སྐྱེས། སྟོན་པའི་དྲུང་དུ་འོངས་ཆོས་ཉན་པས་བདེན་པ་མཐོང་ངོ་། །རྡོ་དེའི་དུམ་བུ་ཕྲ་མོ་ཞིག་སྟོན་པའི་ཞབས་ལ་ཕོག་སྟེ་སྐུ་མཚལ་བྱུང་བ་འཚོ་བྱེད་གཞོན་ནུ་སོགས་སུས་ཐབས་བྱས་ཀྱང་མ་ཆད། འོད་སྲུང་སྟོབས་བཅུ་པས་བདེན་པ་གསོལ་བ་སྟོན་པས་གནང་སྟེ་ཚིགས་བཅད་གསུང་མ་ཐག་ཆད་དོ། །དེ་ནས་ལྷས་བྱིན་གྱིས་མ་སྐྱེས་དགྲ་བསྐྱོད་དེ་སངས་རྒྱས་འཁོར་བཅས་མི་མཆོད་པའི་ཁྲིམས་བྱས། གཞོན་ནུ་མེ་སྐྱེས་ཀྱི་ཁྱིམ་ཉིན་མཚན་གྱི་དབྱེ་བ་མེད་པ་ཞིག་ཡོད་པ། མ་སྐྱེས་དགྲས་རྒྱལ་པོའི་ཕོ་བྲང་དང་ལན་བདུན་བརྗེས་ཀྱང་ཁོ་རང་གི་རྗེས་སུ་འབྲངས་པས། དེར་དམག་བཏང་བར་བསམ་པ་ན། མེ་སྐྱེས་ཀྱིས་ལོངས་སྤྱོད་ཐམས་ཅད་སྦྱིན་པར་བཏང་སྟེ་སྟོན་པའི་སྤྱན་སྔར་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ་དགྲ་བཅོམ་པ་ཐོབ་བོ། །འཕྲོག་མ་འདི་སྔོན་དགྲ་བཅོམ་པ་ཞིག་ལ་ཤིང་ཏོག་ཕུལ་ནས་མ་ག་དྷའི་ཁྱེའུ་བཙས་པ་ཐམས་ཅད་ཟ་བའི་སྨོན་ལམ་བཏབ་པ་སྨིན་པའི་ལོག་སྨོན་གྱི་མཐུས་རང་ལ་བུ་གཅིག་ནས་ལྔ་བརྒྱའི་བར་བཙས་པ་དང་བཅས་པ་རྣམས་ཀྱིས་རྒྱལ་པོའི་ཁབ་ཀྱི་བུ་བཙས་པ་རྣམས་ཕྲོགས་ནས་བཟས་པ་སྟོན་པར་འདུལ་བར་གསོལ་བ་བཏབ་པས། སྟོན་པས་འཕྲོག་མ་རང་བུ་བྱིང་དང་བཅས་ཁྱེའུ་ཟ་བར་སོང་སྐབས། བུ་ཐ་ཆུང་དགའ་བྱེད་གཅིག་པོ་འདུག་པ་དེ་ལ་ལྷུང་བཟེད་བཀབ། མི་མཐོང་བར་བྱིན་གྱིས་བརླབས་ཏེ་བཞག་པ། འཕྲོག་མ་འོངས་ནས་བཙལ་བས་མ་རྙེད། ལྕང་ལོ་ཅན་དུ་སོང་ནས་གནོད་སྦྱིན་རྣམ་ཐོས་ཀྱི་བུར་གསོལ་བ་བཏབ་པས། སྟོན་པར་གསོལ་བ་བཏབ་ན་བུ་རྙེད་པར་ལུང་བསྟན། དེ་བཞིན་བྱས་པས། སྟོན་པས་ཁྱོད་ལ་བུ་༼དུ་༽ཙམ་ཡོད་གསུངས་པར་ལྔ་བརྒྱ་ཡོད་ཞུས་པས། གཅིག་པོ་མེད་པར་སྐྱོན་ཅི་ཡོད་གསུངས་པས། བུ་དགའ་བྱེད་མ་མཐོང་ན་ཁྲག་སྐྱུག་ནས་འཆི་ཞུས་པས། ཁྱོད་བུ་དང་བྲལ་བས་སྡུག་བསྔལ་ཤེས་ན་གཞན་གྱི་བུ་ཅིའི་ཕྱིར་ཟ་བཀའ་སྩལ་པས། བདག་ནི་གང་ཟ་བ་
ལགས་ཞུས་པས། དེ་ལྟ་ན་ང་ལ་སྟོན་པར་ཁས་འཆེ་བ་རྣམས་ཀྱིས་དེ་ཚབ་ཏུ་ཟས་ནམ་ཟ་བའི་སྔོན་དུ་ཆང་བུ་རེ་སྟེར་བར་བྱའོ་གསུངས་པས་ཡིད་ཆེས་ཏེ་བཀའ་བཞིན་བགྱི་བར་དམ་བཅས་བསླབ་པའི་གནས་ལ་བཀོད་དོ། །དེ་ནས་བརྒྱ་བྱིན་གྱིས་མ་སྐྱེས་དགྲ་དང་ལྷས་བྱིན་གཉིས་ཀྱི་དྲེགས་པ་ཅུང་ཟད་བཅོམ། འཆར་ཀས་ཕྲེང་ལྡན་མར་འོ་བྱས་པའི་ཉེས་པ་ཤཱ་རིའི་བུར་བཤགས་ཤིང་གདམས་ངག་མནོས་པས་དགྲ་བཅོམ་པ་ཐོབ་བོ། །ཁྱིམ་དད་པར་བྱེད་པའི་མཆོག་འཆར་ཀ་ནག་པོར་བསྔགས། དེ་ནས་ཡུལ་ཨུ་དུམ་པའི་ནགས་སུ་རྫིང་བུ་དལ་འབབ་ཅེས་པའི་འགྲམ་དུ་བཞུགས་དུས། རྒྱལ་ཆེན་བཞིས་ཡིད་བཞིན་གྱི་ནོར་བུའི་རིགས་ཕུལ། སོ་སོའི་སྐད་ཀྱིས་ཆོས་བསྟན་པས་བདེན་པ་མཐོང་། དེ་རྣམས་ལ་མྱ་ངན་ལས་འདས་ནས་བསྟན་པ་ཁྱེད་རྣམས་ཀྱིས་སྲུངས་ཤིག་ཅེས་བསྒོས་པས་དགའ་སྟེ། ཡུལ་འཁོར་སྲུང་གིས་ཤར། འཕགས་སྐྱེས་པོས་ལྷོ། མིག་མི་བཟང་གིས་ནུབ། རྣམ་ཐོས་སྲས་ཀྱིས་བྱང་བསྲུང་བར་ཁས་བླངས། མཉན་ཡོད་དུ་བྲམ་ཟེའི་ཁྱེའུ་མི་གདུང་བ་ཞེས་བྱ་བ་ནམ་མཁའི་བྱ་ཡང་མཆོང་བས་ཟིན་པ་སྟོབས་གྱད་དང་མཚུངས་ཤིང་རིག་བྱེད་ལ་མཁས་པ་ཞིག་ཡོད་པ་བྲམ་ཟེའི་སློབ་དཔོན་གྱི་ཆུང་མས་འདོད་པའི་དུས་བཏབ་པ་ཁྱེའུས་མ་སྤྱད་པར་བརྟེན། སློབ་དཔོན་ལ་ཕྲ་མ་བཅུག་སྟེ་སློབ་དཔོན་གྱིས་ལོག་ལམ་བསྟན་ཏེ་ཞག་བདུན་ནང་མི་སྟོང་གི་མགོ་བོ་ཆོད་ལ་སོར་མོའི་ཕྲེང་བ་བྱས་ན་ཚངས་པའི་ལྷར་སྐྱེ་བྱས་པས། རལ་གྲི་ཐོགས་ནས་ཕྱིར་རྒྱུགས་ཏེ་མི་ཕྲད་ཚད་བསད་པས་དགུ་བརྒྱ་གོ་དགུ་བྱུང་བ་སོར་མོའི་ཕྲེང་བ་ཡང་བྱས་པ་ན། དེ་ལྟར་མས་ཐོས་ནས་ཟས་ཐོགས་ཏེ་ཕྱིན་པ་མ་ཡང་གསོད་པར་རལ་གྲི་ཐོགས་ནས་རྒྱུགས་པ་ན། དེའི་ཚེ་སྟོན་པས་དགེ་སློང་ཕལ་པའི་གཟུགས་ཀྱིས་དེའི་དྲུང་དུ་ཕྱིན་པས་ཆ་མ་བཞགསྟོན་པས་ཁྱོད་ཀྱི་སེམས་བསླུས་སོ་སོགས་སྩལ་བས་སྡིག་ལས་ལ་འགྱོད་རལ་གྲི་སར་བོར་རྒྱང་རིང་པོ་ནས་ཕྱག་བཙལ་ཅིང་སྐྱབས་སུ་མཆི་ཞེས་འབོད་པ་ན། སྐུ་དངོས་བསྟན་པས་ལུས་ས་ལ་བརྡབས་ཉེས་པ་མཐོལ་ཞིང་བཤགས་ཏེ་བདེན་པ་མཐོང་རབ་ཏུ་བྱུང་སྟེ་མི་རིང་བར་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་བྱང་ཕྱོགས་ཀྱི་རྒྱུད་
འདུལ་བར་དགོངས་ཏེ་ལག་ན་རྡོ་རྗེ་དང་མཉམ་དུ་ནམ་མཁའ་ལ་གཤེགས་ཏེ་ནགས་ཚལ་སྔོན་པོ་ཞིག་གཟིགས་པ་འདི་ཨུ་ཤིང་རའི་རི་ཡིན་ཏེ་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། ཞི་གནས་དང་མཐུན་པའི་གནས་ར་མ་སཱ་ལའི་ཚལ་ཞེས་འབྱུང་བར་ལུང་བསྟན། ཡང་མཁའ་ལ་གཤེགས་པ་ན་ནགས་ཚལ་སྔོན་པོ་མཚོ་དང་བཅས་པ་ཞིག་གཟིགས་པ་ཁ་ཆེའི་ཡུལ་ཡིན། ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་དགྲ་བཅོམ་པ་ཉི་མའི་གུང་པ་འབྱུང་བར་ལུང་བསྟན། དེ་ནས་བཅོམ་བརླག་གི་ལྗོངས་སུ་རྒྱུ་བ་ན་རི་ནགས་སྔོན་པོས་བརྒྱན་པ་ཞིག་གཟིགས་པར་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། གར་མཁན་དང་དཔའ་བོ་ཞེས་བྱ་བས་གཙུག་ལག་ཁང་བརྩིགས་ཏེ། ཞི་ལྷག་དང་མཐུན་པའི་གནས་མལ་གྱི་མཆོག་ཏུ་ལུང་བསྟན། ཉེར་སྦས་ཞེས་བྱ་བ་འབྱུང་བ་མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན། དེ་ནས་དྲུག་སྡེའི་ནང་ཚན་ནབས་སོ་དང་འགྲོ་མགྱོགས་ཀླུར་སྐྱེས་པ་བཏུལ། དེ་ནས་ཡམས་ནད་དྲག་པོ་ཞིག་བྱུང་སྟེ་མི་མང་པོ་ཤི་བ་དང་མ་སྐྱེས་དགྲ་ཡང་ནད་ཚབས་ཆེན་གྱིས་བཏབ་སྟེ་ཤིན་ཏུ་སྡུག་བསྔལ་ཞིང་ཡིད་ཁོང་དུ་ཆུད་པ་ལ། མ་ལུས་འཕགས་མོས་སྔར་གྱི་ཚུལ་རྣམས་རྒྱས་པར་བརྗོད་དེ། འདི་ནི་སྟོན་པ་ལ་བཀུར་བསྟི་མ་ཡིན་པ་བྱས་པའི་མཐུ་ལས་ཡིན་པས་བཟོད་པར་གསོལ་རིགས་བྱས་པས། ཕོ་ཉ་མངགས་ཏེ་དེས་སྟོན་པར་རྒྱལ་པོའི་ཁབ་ཏུ་གཤེགས་སུ་གསོལ་ཞུས་པས་འདུལ་བའི་དུས་སུ་གཟིགས་ནས་མཉན་ཡོད་ནས་མ་ག་དྷར་གཤེགས་ཏེ། དེར་ཡམས་ནད་ཐམས་ཅད་ཞི་བར་བྱས་པས་རྒྱལ་པོ་ཡང་ནད་ལས་གྲོལ་ནས་མ་སྐྱེས་དགྲ་བློན་པོའི་ཚོགས་ཀྱིས་བསྐོར་ནས་ཁང་བཟང་གི་རྩེར་སོང་སྟེ། དུས་བཟང་པོ་འདིར་ཅི་བྱས་ན་དགའ་ཞེས་འཁོར་རྣམས་ལ་དྲིས་པར། རང་རང་གི་འདོད་གཏམ་སྣ་ཚོགས་ཟེར། འཚོ་བྱེད་གཞོན་ནུ་ཅིི་ཡང་མི་སྨྲ་བར་གནས་པ། རྒྱལ་པོས་ཁྱོད་ཅིའི་ཕྱིར་མི་སྨྲ་བྱས་པས། བདག་ནི་དེ་དག་ལྷའི་མཛད་པ་མ་ལགས་སྙམ། ཨ་སྨྲའི་ཚལ་ན་སྟོན་པ་བཞུགས་པར་བསྙེན་བཀུར་ན་སྙམ་ཞུས་པས། རྒྱལ་པོའི་ཐུགས་ལ་བབས་ཏེ། དེ་ནས་རྒྱལ་པོ་འཁོར་བཅས་སྟོན་པའི་དྲུང་དུ་སོང་སྟེ་ཕྱག་བྱས་ནས་སྟན་ལ་འཁོད་དེ། ཐེ་ཚོམ་དག་ཞུས་ཤིང་
སྟོན་པས་ཀྱང་ཆོས་ཀྱི་བཀའ་མཆིད་རྒྱས་པར་གསུངས་ཤིང་དད་པ་ལ་བཀོད། མ་སྐྱེས་དགྲ་སྔོན་གྱི་ཉེས་པར་སྤྱད་པ་དྲན་པས་མཆི་མ་བྱུང་སྟེ་ཕ་བཀྲོངས་པ་སོགས་ནོངས་པས་བཟུང་དུ་གསོལ་ཅེས་ཞུས་པས། ཉེས་པ་ཤེས་ཤིང་བཤགས། ཕྱིན་ཆད་སྡོམ་ན་མི་ཉམས་ཤིང་སོར་ཆུད་དོ་གསུངས་ཏེ་གཞི་མེད་པའི་དད་པ་ལ་བཀོད་དོ། །དེ་ནས་ལྷས་བྱིན་སྔར་དགེ་སློང་ཨུཏྤལའི་མདོག་ཅན་གྱི་དགྲ་བཅོམ་མ་ཡང་བཀྲོངས། དགེ་འདུན་གྱི་དབྱེན་དང་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སོགས་མཚམས་མེད་གསུམ་བྱས་པས་དམྱལ་བར་སྐྱེའམ་སྙམ་ཡིད་ཁོང་དུ་ཆུད་ཀྱང་། སྟོན་པ་འོད་སྲུང་རྫོགས་བྱེད་ཕྱི་མ་དེས་འཇིག་རྟེན་ཕ་རོལ་ག་ལ་ཡོད་ཅེས་སོགས་སྨྲས་པས་སླར་ལོག་ལྟ་སྐྱེས་ཏེ། སྔར་གྱི་ཉེས་པ་རྣམས་གོ་ཏ་མས་བཟོད་པར་བྱས་ན་ལེགས། མ་བྱས་ན་ཞབས་ལ་དུག་བསྐུའོ་སྙམ་རེག་དུག་གིས་སེན་མོ་བཀང་སྟེ་དྲུང་དུ་སོང་བར་སྟོན་པས་མཁྱེན་ཏེ། ཞབས་ཀྱི་པུས་མོའི་ལྷ་ང་མན་ཤེལ་དུ་སྤྲུལ་ཁོ་དེར་ཞབས་ལ་འདུད་པ་ལྟར་སེན་མོ་བཏབ་པ་ཆག་སྟེ་དུག་ཀྱང་སར་ལྷུངས་པས་བསྐྱེངས་ཏེ། གང་དག་སངས་རྒྱས་ལ་སྐྱབས་སུ་སོང་ན་ངན་འགྲོར་མི་འགྲོའོ་ཞེ་ན། བདག་ཁྱེད་ལ་སྐྱབས་སུ་སོང་བས་ངན་འགྲོར་སོང་ན་རྫུན་ནོ་ཟེར། དེ་ནས་གོམ་པ་བོར་ཕྱིན་སོང་བ་ན་སའི་གསེབ་ནས་དམྱལ་བའི་མེ་ཅུང་ཟད་ཐོན་པ་རྐང་པ་ལ་རེག་པས་ཚའོ་ཚའོ་ཞེས་རྒྱུགས་པས་སའི་མཐོང་ཕྱེ་ནས་ལུས་དེར་ཆུད་དེ་མནར་མེད་ཀྱི་མེས་ལུས་ཤིན་ཏུ་ཚིག་སྟེ་ངུ་བཞིན་དུ་ཀུན་དགའ་བོ་ལ་བོས་ནས་བདག་རུས་པའི་གཏིང་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཟེར། དམྱལ་བར་སོང་མནར་མེད་དུ་བསྐལ་པ་ཆེན་པོ་གཅིག་གནས་ནས་རུས་པའི་གཏིང་ནས་སྐྱབས་སུ་མཆིའོ་ཞེས་བརྗོད་པས་མ་འོངས་པ་ན་རང་སངས་རྒྱས་རུས་པ་ཅན་དུ་འགྱུར་བར་ལུང་བསྟན། དེ་ནས་ཤཱ་རིའི་བུ་དང་མཽངྒལ་གྱི་བུས་དམྱལ་བའི་གནས་སུ་རྫུ་འཕྲུལ་གྱིས་བྱོན་ཏེ་ནམ་མཁའ་ལས་ཆར་ཕབ་ཀྱང་དམྱལ་བའི་ཚ་དབལ་གྱིས་ནམ་མཁའ་ལས་སྐམ་ཞིང་ཤཱ་རིའི་བུས་ཏིང་ངེ་འཛིན་གྱིས་དམྱལ་བའི་གནས་ཆུས་གང་བར་མཛད། མཽངྒལ་གྱི་བུས་ལྷས་བྱིན་ཚུར་ཤོག་བྱས་པས་འོངས་ཏེ་ཞབས་ལ་གཏུགས་
པ་ན། སྡུག་བསྔལ་དྲིས་པས་མནར་མེད་པ་སྤྱིའི་སྟེང་དུ་ལྕགས་ཀྱི་རི་འབར་བས་འཐག་པ་དང་སོག་ལེ་སོ་གཉིས་པས་གཏུབས་པ་དང་། ཐོ་བས་མགོ་ཕྱེ་མར་འཐག་པ་དང་། ཕྱོགས་བཞི་ནས་གླང་པོ་ཆེ་འོངས་ནས་འབྲས་ཕྱེ་བཞིན་དུ་འཐག་པ་བཞི་བྱུང་ཚུལ་སྨྲས་པས། དེ་དག་ཀྱང་སྟོན་པར་སྒྱོགས་འཕངས་པ། དགེ་འདུན་དབྱེན་བྱས་པ། ཨུཏྤ་ལའི་མདོག་ཅན་བཀྲོངས་པ། ནོར་སྐྱོང་རྦད་པ་བཞི་ཡིན་ཅིང་། ཕྱིས་རང་སངས་རྒྱས་སུ་ལུང་བསྟན་པ་བཤད་པས་འོ་ན་དེ་བར་མནར་མེད་ཀྱི་སྡུག་བསྔལ་བཟོད་པར་བྱའོ་ཟེར། དེར་ཀོ་ཀ་ལི་ཀ་དང་། འོད་སྲུང་རྫོགས་བྱེད་ཀྱི་ལྕེ་ལ་ཐོང་གཤོལ་སྟོང་གིས་རྨོ་བ་ཡང་གཟིགས་སོ། །དེ་ནས་འཆར་ཀ་མྱ་ངན་ལས་འདས་ཏེ་དགེ་སློང་རྣམས་ཀྱིས་མཆོད་རྟེན་བརྩིགས། དེ་ནས་སྟོན་པ་བྱང་ཕྱོགས་ཀྱི་ཤིང་ཤ་པའི་ཚལ་དུ་བཞུགས་ནས་སྙུན་ཚབས་ཆེན་པོའི་ཚུལ་བསྟན་པར། ཀུན་དགའ་བོས་ཐབས་གསོལ་བས། ད་སྟེ་ན་ཚོད་ཀྱང་བརྒྱད་ཅུར་ལོན་པས་རྒས་སོ། །འདུས་བྱས་ལ་མི་འཇིག་པ་ག་ལ་ཡོད་དེ་གནས་མེད་དོ་གསུངས། ཁྱོད་མྱ་ངན་མ་བྱེད་གསུངས་ཏེ་ནད་ཚབས་བརྩོན་འགྲུས་ཀྱིས་བཅིལ་ཏེ་བསྙུན་ལས་དྭངས་པར་མཛད། ཀུ་ཤའི་གྲོང་དུ་ཕེབས་ཤཱ་རིའི་བུ་བསྙུན་ལས་གྲོལ་བར་མཛད། སཱ་ལའི་གྲོང་གི་ཚལ་དུ་རིང་པོར་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདའ་འོ་ཞེས་ཀུན་དགའ་བོར་སྩལ་ནས་བྱ་རྒོད་ཕུང་རིར་སྤྲིན་ཆེན་མོའི་མདོའི་མཇུག་བསྡུས། སྒྲིབ་སེལ་གྱི་དགའ་སྟོན་བརྩེ་བའི་ལེའུ་བསྟན། སྔོན་ཡང་ལི་ཡུལ་གྱི་བསྔགས་པ་ཆེན་པོ་མཛད་ཀྱང་སྐབས་འདིར་ལི་ཡུལ་གྱི་གླང་རུ་ལུང་བསྟན་ནས་རྣམ་སྲས་དང་ཀུན་ཏུ་རྒྱལ་ལ་ཡུལ་དེ་གཏད། མ་སྐྱེས་དགྲའི་བཙུན་མོའི་བུ་མོ་སེམས་དཔའ་དྲི་མ་མེད་པའི་འོད་སྤུན་རྣམས་དེར་སྐྱེས་ནས་བསྟན་པ་འཛིན་སྐྱོང་བྱེད་པར་སྨོན་ལམ་བཏབ། སྟོན་པས་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་གསུངས་ནས་གླང་རུ་དང་ཉེ་བར་སངས་རྒྱས་བཞིའི་མཆོད་རྟེན་གོ་མ་སཱ་ལ་གནྡྷ་ཡོད་པའི་གཙུག་ལག་ཁང་ལོ་བརྒྱ་ན་འབྱུང་སྟེ་ཆོས་དར་བར་ལུང་བསྟན། ཚངས་པའི་མཆོད་རྟེན་གྱི་དྲུང་དུ་ཀུན་དགའ་བོར། ང་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་སྟེ་བསྐལ་པར་ཡང་འདུག་ན་ཞེས་ལན་གསུམ་བཟླས་ཏེ་གསུངས་ཀྱང་
ཀུན་དགའ་བོ་བདུད་ཀྱིས་ཁེབས་པས་ཅང་མི་ཞུ་ཞིང་ཤིང་དྲུང་གཞན་དུ་སོང་གཉིད་ལོག་པ་ན་ལྗོན་པ་ཕུན་སུམ་ཚོགས་པ་རླུང་གིས་ཁྱེར་མྱ་ངན་བྱེད་པ་རྨིས་པས་སྐྲགདེའི་ཚེ་བདུད་སྡིག་ཅན་སྟོན་པའི་དྲུང་དུ་འོངས་ནས། བཙུན་པ་ཁྱོད་སྔ་སོར་སངས་རྒྱས་པའི་ཚེ་མྱ་ངན་ལས་འདའ་བར་གསོལ་བར། ང་འཁོར་རྣམ་བཞིར་ཚངས་སྤྱོད་དང་ལྷ་མི་མང་པོ་སངས་མ་རྒྱས་བར་མྱ་ངན་ལས་མི་འདའ་གསུངས་པ། ད་དེ་ལྟར་གྲུབ་པས་མྱ་ངན་ལས་འདའ་བའི་དུས་ལ་བབས་སོ་ཞུས་པས། དེ་བཞིན་ནོ་གསུངས་པས་དགའ་བར་གྱུར་ཅིང་། ལི་ཙ་བྱཱི་མགར་བའི་བུ་ཙུན་དས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས་གཉིས་ཀ་དགའ་བའི་ཕྱིར་སྐུ་ཚེའི་འདུ་བྱེད་སྤངས། འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་ཟླ་བ་གསུམ་ན་མྱ་ངན་ལས་འདའ་བར་ལུང་བསྟན་པས་ས་གཡོས། ལྷ་རྣམས་བར་སྣང་ནས་རྔ་བརྡུང་ཞིང་ལྷས་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་རྣམ་རྒྱལ་མཆོད་རྟེན་བརྩིགས་སོ། །དེ་ནས་རིང་ཞིག་འདས་པ་ན་རྒྱལ་པོའི་ཁབ་ནས་ཤིང་སཱ་ལའི་ཕྱོགས་སུ་གཤེགས་ཏེ་མྱ་ངན་ལས་འདའ་ཡི་སོགས་གསུངས་ཤིང་སྐུ་ལས་འོད་བཀྱེ་སྟེ་ངན་སོང་གི་སྡུག་བསྔལ་ཞི་བར་མཛད་ནས་ནམ་མཁའི་སྙིང་པོར་ཐར་པ་ཕྱོགས་སུ་རྒྱས་པའི་མདོ་གསུངས་ནས་སེམས་དཔའ་གཟུངས་འཛིན་ལ་གཏད། དེའི་ཚེ་རིང་པོར་མི་ཐོགས་པར་མྱ་ངན་ལས་འདའ་འོ་གསུངས་པས་ཤཱ་རིའི་བུ་ས་ལ་འགྱེལ་ཏེ་མཐར་རྫུ་འཕྲུལ་སྣ་ཚོགས་བསྟན་རྗེས། མ་སྐྱེས་དགྲ་ཁྱིམ་བདག་རྣམས་དང་བཅས་པས་གསོལ་བ་བཏབ་ཀྱང་འདུས་བྱས་ཐམས་ཅད་མི་རྟག་གོ་ཞེས་གནང་ནས་ནམ་མཁའ་ལ་འཕགས་ཏེ་རང་ལུས་ལས་མེ་ཕྱུངས་པས་བསྲེགས་ཏེ་ཤཱ་རིའི་བུ་མྱ་ངན་ལས་འདས་ཤིང་དགྲ་བཅོམ་པ་བརྒྱད་ཁྲི་ཡང་འདས་པས་ཀུན་དགའ་བོ་མྱོས་ཤིང་འཐོམ་པར་གྱུར། སྟོན་པས་ཤཱ་རིའི་བུ་འདྲ་བར་སྤྲུལ་ནས་དྲན་པ་རྙེད་པར་མཛད། དེའི་ཕྱི་དྲོ་མཽངྒལ་གྱི་བུ་གྲོངས་ཤིང་འཐག་ཅན་དུ་དགྲ་བཅོམ་པ་བདུན་བརྒྱ་དང་བཅས་མྱ་ངན་ལས་འདས། རྒྱལ་བྱེད་ཚལ་དུ་གཤེགས་ཏེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཤཱ་རིའི་བུའི་རིང་བསྲེལ་གྱི་མཆོད་རྟེན་བརྩིག་ཏུ་གནང་བ་ལྟར་བརྩིགས། བཙུན་མོ་ཕྲེང་ལྡན་མས་དུས་
མཆོད་བཙུགས། དེ་ནས་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་དྲང་སྲོང་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཞིག་གིས་ཉི་ལམ་བཅུ་གཉིས་ཀྱི་སར་འབྲས་སོ་བའི་ཆར་བང་རིམ་གསུམ་ཙམ་ཕབ་པར་དེའི་ཕུད་ལྟ་བུར་སྨད་ལྷ་དང་སྟོད་མི་རྫུ་འཕྲུལ་ཐོབ་པ་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་བུམ་པའི་ནང་དུ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྨང་རིམ་པ་གཉིས་ཡོད་པའི་འོག་མ་ཆོས་དབྱིངས་གསུང་གི་དབང་ཕྱུགགོང་མ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞུགས་པ། བུམ་པའི་ལྟོའི་ཕྱོགས་བཞིའི་ལོགས་ལ་ཁྱབ་འཇུག་གིས་ཕུལ་བའི་བཻཌཱུརྱའི་བུམ་པ་སྟོང་དང་བརྒྱད་བརྒྱ། རྨང་གོང་མའི་འགྲམ་ལ་གཙང་རིས་ཀྱི་དཔལ་མགོན་དོན་ལྔས་བཞེངས་པའི་ཀྲ་མ་ཤཱི་རཱིའི་རྡོར་གྲུབ་པའི་མཆོད་རྟེན་ཉི་ཤུ་རྩ་བརྒྱད། རྡོ་དེ་ལ་རྒྱུ་སྐར་ཉེར་བརྒྱད་ཀྱིས་བཟོས་ཤིང་བཙུགས་པའི་བར་གྱི་ཀ་བ་ཉི་ཤུ་རྩ་བརྒྱད། རྨང་གི་འོག་ལ་རྒྱལ་ཆེན་བཞི་པའི་ལྷས་ཕུལ་བའི་རིན་པོ་ཆེའི་ཕྲ་སོ་བདུན་དང་ལྡན་པའི་རྒྱ་ཚད་འདོམ་ལྔ་བཅུ་ཡོད་པ། དེའི་ཕྱི་རོལ་དུ་མན་ཤེལ་ལས་གྲུབ་པའི་མཎྜལ་རྒྱར་འདོམ་ལྔ་བཅུ་རེ་ཡོད་པ་པདྨ་འདབ་མ་བརྒྱད་ཀྱི་རྣམ་པ་སུམ་ཅུ་རྩ་བདུན་རྒྱ་མཚོར་གནས་པའི་ཀླུས་ཕུལ་བ། མཆོད་རྟེན་དག་གི་ཁོར་ཡུག་གི་ཕྱིར་རྒྱང་གྲགས་བཞི་དང་ལྕགས་རིའི་རྒྱ་ལ་དཔག་ཚད་བརྒྱད་ཡོད་པའི་ཕྱིར་གཙུག་ལག་ཁང་དང་ཛོ་ཀིའི་ཁྱིམ་སྐྱེད་ཚལ་གྲོང་བར་དུ་ཚོང་འདུས་ལ་སོགས་པ་ངོ་མཚར་བའི་བཀོད་པ་དང་། དེའི་ཕྱིར་བསྟན་འདིར་རྒྱལ་པོ་སཱ་ལ་མི་ཏྲིས་བཞེངས་པའི་ལྕགས་རི་རྒྱར་ཉི་ལམ་བཅུ་གཉིས་ཡོད་པའི་སྟེང་མཆོད་རྟེན་དཀར་པོ་མི་ཚད་གཉིས་ཙམ་གྱིས་བསྐོར་བ། དེའི་ཡང་ཕྱི་རོལ་མཆོད་རྟེན་བརྒྱ་རྩས་བསྐོར་བ་སོགས་དང་། དེ་རྣམས་ཀྱི་ཕྱི་རོལ་དུ་ཆུ་བོ་གངྒ་བྱང་ངོས་ནས་གཡས་བསྐོར་གྱིས་འབབ། སིནྡྷུ་ལྷོ་ནུབ་ནས་གཡོན་སྐོར་གྱིས་འབབ་པའི་རྒྱང་བལྟས་ན་ཆུ་ནང་དུ་ཕྱེད་ནུབ་ཕྱེད་འཕགས་པ་ལྟ་བུའི་ཡ་མཚན་གྱི་མཆོད་རྟེན་ཤྲཱི་དྷ་ནྱ་ཀ་ཊ་ཀ་ཞེས་དཔལ་ལྡན་འབྲས་སྤུངས་སུ་གྲགས་པ་དེར་བཅོམ་ལྡན་འདས་ཀྱི་མཐུས་གཤེགས་ཏེ་ཤམྦྷ་ལ་ཞེས་དཔག་ཚད་སུམ་སྟོང་གངས་རིས་བསྐོར་བ་ས་པདྨ་འདབ་བརྒྱད་ཀྱི་དབྱིབས་ཅན་འདབ་རེར་སྤྲེའུ་དང་ཙམ་པ་ཀ་དང་། གསེར་
དང་། རུབ་མ་དང་། སུ་རམ་མ་སོགས་གྲོང་ཁྱེར་བྱེ་བ་ཕྲག་རེ་ཡོད་པའི་ཡུལ་བཅུ་གཉིས་བཅུ་གཉིས་དང་ལྡན་པ་རེ་རེར་དབང་བསྒྱུར་བའི་ལྷ་དང་གནོད་སྦྱིན་རིག་འཛིན་གྱི་སྤྲུལ་པའི་རྒྱལ་བློན་རེ་གནས་པ་སའི་དབུས་ཀྱི་ལྟེ་བར་ཀཻ་ལཱ་ཤར་གྲགས་པ་ན་ལྷས་བཀོད་པའི་གྲོང་ཁྱེར་ཀ་ལཱ་པ་ཞེས་པའི་ཕོ་བྲང་དཔག་ཚད་བཅུ་གཉིས་པ་ན་རྒྱལ་པོ་བགེགས་མཐར་བྱེད་ཀྱི་སྤྲུལ་པ་ཉི་མའི་འོད་ཀྱི་བཙུན་མོའི་སྲས་ཕྱག་རྡོར་གྱི་སྤྲུལ་པ་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་དང་ལྡན་པས་ཟླ་བ་བཟང་པོ་ཞེས་པ་སེང་གེའི་ཁྲིར་བཞུགས་ཏེ། རྒྱལ་ཕྲན་དགུ་བཅུ་རྩ་དྲུག་གིས་བཀའ་བཞིན་སྒྲུབ་ཅིང་གནས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ། ལྷ་དང་ལྷ་མ་ཡིན་དང་མཁའ་འགྲོ་དང་མཁའ་འགྲོ་མ་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་གྱིས་འོངས་ཏེ། ཕྱག་དང་བསྐོར་བ་སྔོན་དུ་འགྲོ་བས་ཞབས་ཀྱི་པདྨོ་ཟུང་ལ་མེ་ཏོག་གིས་མཆོད་དེ་ཐལ་མོ་སྦྱར་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་དོན་དུ་རྡོ་རྗེའི་ཐེག་པ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། སྲིད་གསུམ་རྣམ་རྒྱལ་གྱི་དུས་སུ་འོག་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་བདེན་དོན་རྣམ་པ་བཅུ་གཉིས་དང་། དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དེ་ཉིད་རྣམ་པ་བཅུ་དྲུག་གི་བདག་ཉིད་སྤྲོས་ཏེ། བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་དང་། མཁའ་འགྲོ་དང་མཁའ་འགྲོ་མ་ཞིང་གི་རྡུལ་སྙེད་དང་མཉམ་པའི་འཁོར་གྱིས་བསྐོར་ཏེ་དབང་བསྐུར་ནས་སངས་རྒྱས་ཉིད་དུ་ལུང་བསྟན་པ་ན། སླར་ཡང་ཟླ་བ་བཟང་པོས་ཕྱག་བྱས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་དཔྲལ་བར་ཐལ་མོ་སྦྱར་ནས། རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མ་ལུས་པ་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། དེར་གནས་པའི་སེམས་ཅན་རྣམས་སྐལ་བ་དང་ལྡན་པར་གཟིགས་ནས་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ཡང་དག་པར་བསྟན་པར་མཛད་དོ། །དེ་ནས་ཡངས་པ་ཅན་དུ་ཁམས་གསུམ་
ལས་འདས་པའི་གཞལ་མེད་ཁང་ཆེན་པོར་མདོ་སྡེ་དགོངས་པ་ངེས་འགྲེལ་གསུངས། ལངྐའི་བདག་པོ་མགྲིན་བཅུ་སྒྲ་སྒྲོག་གི་བུས་སྤྱན་དྲངས་ནས་རི་མ་ལ་ཡའི་རྩེར་བྱོན། བློ་གྲོས་ཆེན་པོས་ཞུས་པས་ལངྐར་གཤེགས་པའི་མདོ་གསུངས། སླར་ཡང་ཡངས་པ་ཅན་དུ་བྱོན་ཏེ་ཡངས་པ་ཅན་ལ་གཟིགས་པའི་ཐ་མ་འདི་ཡིན་ནོ་ཞེས་གསུངས་ནས་གྱད་ཡུལ་དུ་ཤིང་ཤ་པའི་དྲུང་དུ་བཞུགས་དུས་ས་གཡོ་བ་སོགས་ལྟས་ངན་པ་བྱུང་བས། དེ་དག་མྱ་ངན་ལས་འདའ་བའི་ལྟས་ཡིན་གྱི་དེང་ཕན་ཆད་མདོ་སྡེ་མཐའ་དག་ལ་འཇུག་པར་བྱ་ཡི་གང་ཟག་ལ་འཇུག་པ་མ་ཡིན་ནོ། །མདོ་དང་མཐུན་འདུལ་བ་ལ་གནང་ཞིང་མངོན་པའི་ཆོས་ཉིད་དང་མི་འགལ་ན་དེ་ལ་གུས་པར་ཟུངས་ཤིགདེ་ལས་ལྡོག་ན་དེ་ནི་ཆོས་མ་ཡིན་པར་ཟུངས་ཤིག་ཅེས་ཞལ་གདམས་སྩལ་ནས། ཡུལ་རྩྭ་ཅན་དུ་གཤེགས་པའི་ལམ་ཁར་སྐུ་རྒྱབ་སྙུན་ཚུལ་བསྟན་ཅིང་སྣམ་སྦྱར་དབུ་སྔས་སུ་བཅུག་ནས་མནལ་ཞིང་། ཀུན་དགའ་བོར་བྱང་ཆུབ་ཡན་ལག་སྨྲོས་ཤིག་གསུངས་པར་བརྩོན་འགྲུས་ཀྱི་ཆེ་བརྗོད་མཛད་དེ་སྐྱིལ་ཀྲུང་བཅས་ནས་བཞུགས་སོ། །དེ་ནས་རྩྭ་ཅན་དུ་ཕེབས། ཤར་ཆུ་བོ་དབྱིག་ལྡན། བྱང་ཤིང་སཱ་ལ། ལྷོ་གྱད་ཀྱི་ཡུལ། ནུབ་ཨོ་རྒྱན་བཏགས་པའི་མཆོད་རྟེན་བར་ཁོར་ཡུག་དཔག་ཚད་བཅུ་གཉིས་ཡོད་པ་དེར་བྱོན་ཏེ་ཚལ་དེའི་ཕྱོགས་བཞི་ན་མེ་ཏོག་འབྲས་བུ་དང་ལྡན་སཱ་ལ་རེ་རྒྱས་པ་རྒྱལ་ཆེན་བཞི་དང་གྱད་རྣམས་ཀྱིས་བསྲུང་བའི་དབུས་སུ་ཀུན་དགའ་བོར་སེང་གེའི་ཁྲི་སྔས་བྱང་དུ་བསྟན་པ་ཆོས་ཤིག་ཅེས་སྩལ། དེ་ནས་བཀའ་བཞིན་སེང་ཁྲི་སྔས་བྱང་བསྟན་བཅས་པའི་སྟེང་མནལ་མ་ཐག་མི་ཤེས་པ་སྣ་ཚོགས་བྱུང་བར་གྱུར་པས་ཀུན་དགའ་བོ་སོགས་སྨྲེ་སྔགས་འདོན་ཞིང་། བཅོ་ལྔའི་ཉི་མ་འཆར་ཁར་སོ་སོའི་སྐད་དང་མཐུན་པར་གསུང་གཅིག་གིས་མྱ་ངན་ལས་འདའ་ཡི་ཐེ་ཚོམ་སོམ་ཉི་ཡོད་ན་ནང་གི་ཐ་མ་འདིར་ཞུས་ཤིག་ཅེས་སྒྲ་ཆེན་པོས་སྲིད་རྩེའི་བར་ཁྱབ་པར་མཛད་ཅིང་། ཞལ་སྒོ་ལས་འོད་ཟེར་གྱི་ཕྱོགས་བཅུའི་སེམས་ཅན་ཀུན་ལ་རེག་པས་ཉོན་མོངས་ཞི་བ་སོགས་མཛད་ཚེ་འོད་སྲུང་མ་གཏོགས་ལྷ་མི་ཀླུ་སོགས་ཇི་སྙེད་འདུས་ཏེ་མཆོད་པའི་ཡོ་བྱད་ཕུལ་བས་སྡིག་ཅན་སོགས་ཀྱི་མ་གཏོགས་བཞེས་ཤིང་། ཀུན་དགའ་
བོ་སོགས་ཀྱིས་ཞུས་པར་སངས་རྒྱས་ཀྱི་རང་བཞིན་ལམ་དབུ་མ་སྟོན་པ་མདོ་སྡེ་མྱང་འདས་གསུངས་སོ། །དགེ་སློང་རྣམས་ཀྱིས་བདག་ཅག་མྱ་ངན་ལས་འདས་སོ་གསོལ་བར། ཁྱེད་རྣམས་འོད་སྲུང་ལ་གཏད་དེ་གནས་རྟེན་ཡིན་ནོ་ཞེས་མ་གནང་། ཀུན་དགའ་བོ་གཟིམས་ཁྲི་ལ་བསྙེས་ནས་མཆི་མ་འབྱིན་ཞིང་སར་འགྱེལ། ཐུགས་རྗེ་ཅན་གྱི་མར་མེ་མེད་པས་འཇིག་རྟེན་ལོང་བར་གྱུར། སང་ནངས་པར་མཚན་ཙམ་ལུས་ཏེ་མི་མཐོང་ངོ་། །ཞེས་ལག་པ་ས་ལ་བཙུགས་སྟོན་པའི་ཞལ་ལ་བལྟ་ཞིང་ཚིག་གསོལ་བས། ཀུན་དགའ་བོ་ཁྱོད་འོད་སྲུང་ལ་གཏད་ཀྱི་མྱ་ངན་མ་བྱེད་ཅེས་སྤྲོ་བ་བསྲིངས་ཤིང་སེང་གེའི་གཟིམས་ཁྲི་སྔ་མ་ལས་བསྒྱུར་བར་གློ་གཡས་ཕབ་སྟེ་གཟིམས་ཤིང་གཟིམས་མལ་དུ་སྤྲུལ་པའི་སྐུ་བཞག་ནས་དམྱལ་བར་གཤེགས། འགྲོ་བ་མང་པོའི་དོན་མཛད། སྐུ་གདུང་གི་བཀོད་པ་ཞུས་པ་འཁོར་ལོ་སྒྱུར་བ་ལ་བྱ་བ་བཞིན་གྱིས་སྩལ། ད་ནི་གདུལ་བྱ་རབ་དགའ་དང་རབ་བཟང་གཉིས་ལུས་པས་དེ་གཉིས་འདུལ་བར་དགོངས། སྟོན་པས་སྐུ་ལུས་ཕལ་པ་གཟིམས་མལ་དུ་བཞགརབ་དགའ་ཇི་ལྟ་བའི་གཟུགས་ཀྱིས་དྲི་ཟ་རབ་དགའི་ཕོ་བྲང་གི་སྒོར་བྱོན་པི་ཝཾ་བརྡུངས་པས་རབ་དགའ་ང་ལས་གླུ་དབྱངས་མཁས་པའི་དྲི་ཟ་མེད་དོ་སྙམ་ཕྱིར་འོངས། པི་ཝཾ་བརྡུངས་ཤིང་འགྲན་པས་སྒྲ་ཁྱད་མེད་བྱུང་། རྒྱུད་རིང་བར་བཅད་དེ་རྒྱུད་གཅིག་གི་བར་འདྲ་བ་ཙམ་བྱུང་ཡང་རྒྱུད་རྩ་བ་ནས་མེད་པ་དང་རབ་དགའ་ལ་སྒྲ་མ་བྱུང་། སྟོན་པའི་དེར་རྒྱུད་ཚང་བ་ལྟ་བུར་བྱུང་བས་ང་ལས་ཁྱད་པར་དུ་འཕགས་པའི་དྲི་ཟ་ཡོད་སྙམ་ང་རྒྱལ་ཞི་མ་ཐག་སྐུ་དངོས་བསྟན། ཆོས་བཤད་པས་རྒྱུན་ཞུགས་ཐོབ་སྟེ་སྐྱབས་འགྲོ་དང་བསླབ་པའི་གཞི་བསླངས་སོ། །དེ་ནས་རྩྭ་ཅན་གྱི་མལ་དུ་གཤེགས། མུ་སྟེགས་ཀུན་ཏུ་རྒྱུ་རབ་བཟང་བྱ་བ་ལོ་བརྒྱ་ཉི་ཤུ་ལོན་པ་ཕྱོགས་དེའི་སྐྱེ་བོ་རྣམས་ཀྱིས་དགྲ་བཅོམ་པར་བཀུར་བ་ཞིག་ཡོད་པ་ལས། རྫིང་བུ་དལ་འབབ་ཀྱི་འགྲམ་ན་ཨུ་དུམ་ཝཱ་རའི་མེ་ཏོག་སྐུ་བལྟམས་ཚེ་སྦལ་མིག་ཁ་ཕྱེ། རོལ་རྩེད་མཛད་ཚེ་ཁ་འབུས། དཀའ་བ་སྤྱད་པའི་ཚེ་ཅུང་ཟད་རིད། སངས་རྒྱས་པ་དང་ཁ་ཕྱེ། ཆོས་ཀྱི་འཁོར་ལོ་བསྐོར་ཚེ་ལྷམ་མེ་ལྷན་ནེར་རྒྱས། གཟིམས་མལ་དུ་བཞུགས་དུས་ཤིན་ཏུ་རྙིངས་པར་
འགྱུར་བ་དག་ཡོད་དེ། དེ་དག་རྙིང་པ་མཐོང་སྟེ་རབ་དགའ་རང་ཉིད་འཆི་བར་འགྱུར་གྱི། ཚལ་འདི་ཡང་རྙིངས་སོ་སྙམ་པ་ན། ལྷ་ཞིག་གིས་འདི་ནི་ཁྱོད་ལ་མ་ཡིན་སྟོན་པ་མྱ་ངན་ལས་འདའ་བའི་དུས་སོ་ཟེར་བས་བདག་ལ་དྲི་བའི་དུས་ལ་འབབ་སམ་སྙམ་སཱ་ལའི་དྲུང་དུ་སོང་བ་ཀུན་དགའ་བོས་བཟློག་ཀྱང་ང་དང་མུ་སྟེགས་ལྷན་ཅིག་གཏམ་བྱེད་པའི་ཐ་མ་ཡིན་པས་ཐོངས་ཤིག་ཅེས་རབ་བཟང་ནང་དུ་བཏང་། སྟོན་པས་ཆོས་གསུངས་པས་བདེན་པ་མཐོང་བསྙེན་པར་རྫོགས་ཏེ་དགྲ་བཅོམ་པ་ཐོབ་བོ། །དེ་ནས་སྐུ་བཙོ་མའི་མདོག་གི་མཐོང་ཀ་དཔལ་བེ་ཕྱུང་སྟེ། ཁྱེད་རྣམས་ངའི་སྐུ་བཙོ་མ་ལྟ་བུར་ལྟོས་ཤིགསངས་རྒྱས་ལ་བལྟ་བ་ནི་ཉིན་སྐར་ཙམ་ཡིན་སོགས་དང་། ང་མྱ་ངན་ལས་འདའོ་ཞེས་ལན་ཉི་ཤུ་རྩ་ལྔའི་བར་གསུངས་རྗེས་དགེ་སློང་རྣམས་ལ་འདུ་ཤེས་བཅུ་པའི་མདོ་གསུངས་པ་གསུང་ཐ་མར་བསྟན་ནས། ང་ནི་རྟག་ཏུ་ཞི་བའི་རྣམ་པར་གནས་པས་མྱ་ངན་ལས་འདས་པ་ཆེན་པོའོ་ཞེས་ལན་ཉི་ཤུ་རྩ་བདུན་དུ་བཟླ་བར་མཛད་དོ། །དེ་དག་ནི་ཆོས་འཁོར་བསྐོར་བའི་མཛད་པའོ། །
བཅུ་གཉིས་པ་མྱ་ངན་ལས་འདས་པའི་མཛད་པ།
༈ བཅུ་གཉིས་པ་མྱ་ངན་ལས་འདས་པའི་མཛད་པ་ནི། དེ་བཞིན་གཤེགས་པའི་སྐུ་རྟག་ཏུ་ཡོད་ཀྱང་ཐབས་ཀྱིས་སྒྲོལ་བའི་སྐུ་མྱ་ངན་ལས་འདའ་ཚུལ་ནི། གདུལ་བྱ་མ་ཐུལ་བ་རྣམས་འདིས་ཐུལ་བ་དང་། མི་རྟག་པ་སྟོན་པ་དང་། སྐྱོ་བ་བསྐུལ་བ་དང་། ཆོས་སྐུར་སྦྱར་བ་སོགས་དོན་བཅུར་དགོངས་ཏེ། ལྕགས་འབྲུག་ས་གའི་ཚེས་བཅོ་ལྔའི་གུང་ཐུན་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཚེ། དགྲ་བཅོམ་པ་བརྒྱད་ཁྲི་ཡང་མྱ་ངན་ལས་འདས་ཤིང་། ཀུན་དགའ་བོ་སོགས་འཁོར་ཚོགས་ལྷ་མིར་བཅས་པ་མྱ་ངན་གྱིས་དུབ་པར་གྱུར་ཅིང་སངས་རྒྱས་ཀྱི་བཀའ་དྲིན་བསབ་ཕྱིར་དང་རིང་བསྲེལ་དང་ཆོས་དཀོན་མཆོག་མཆོད་ཕྱིར་མྱ་ངན་བསལ་ནས་ལྷ་རྫས་སྣ་ཚོགས་པས་མཆོད་ཅིང་། དེར་མྱང་འདས་མཆོད་རྟེན་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བརྩིགས་ཤིང་། ཀུན་དགའ་བོས་གྱད་རྣམས་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་སྐུ་གདུང་ལ་འདི་དང་འདི་ཞེས་སྨྲས་པ་དང་། ཞག་བདུན་མཆོད་ནས་བཀོད་པས་འཕགས་པར་སྐུ་གདུང་ལྕགས་སྒྲོམ་དུ་བཅུག་ནས་མཆོད་པ་དང་བཅས་གྱད་རྣམས་བདག་
ཅག་འབའ་ཞིག་གིས་ཞུགས་ལ་བསྐྱོན་པར་བྱའོ་ཞེས་བཏེག་ཀྱང་མ་ཐེག་པར་ལྷ་རྣམས་མཆོད་པ་བྱེད་དུ་བཅུག་པས་གྱད་ཀྱིས་བཏེག་བཞིན་པར་ཏཱ་ལ་གཅིག་གི་ནམ་མཁར་འཕགས་ནས་རྩྭ་མཆོག་གྲོང་གི་ཁོར་ཡུག་དཔག་ཚད་ཞེ་བརྒྱད་གྱི་ནུབ་སྒོར་ཞུགས་ནས་ཤར་སྒོར་ཐོན་ལྷོ་སྒོར་ཞུགས་ནས་བྱང་སྒོར་ཐོན་སོགས་གཡས་སྐོར་ལན་གསུམ་ནས་ཤར་སྒོར་ཞུགས་ནས་ནུབ་སྒོར་ཐོན་བྱང་སྒོར་ཞུགས་ནས་ལྷོ་སྒོར་ཐོན་པ་སོགས་གཡོན་སྐོར་བཞི་སྟེ་རྩྭ་མཆོག་གྲོང་ལན་བདུན་སྐོར། ཞག་བདུན་པུར་སྒྲོམ་གྱིས་རྗེས་འབྲངས་བཞིན་མཆོད་ཅིང་། གནམ་གང་གི་ཉིན་ལྷ་རྣམས་ཀྱིས་མནྡྷ་ར་བའི་ཆར་པུས་ནུབ་ཙམ་ཕབ་ཅིང་། སངས་རྒྱས་རྣམས་ཀྱི་འདས་པའི་གནས་སྔོན་གྱི་མཆོད་རྟེན་གྲངས་མེད་ཡོད་པ་མི་ཤིགས་པའི་གཞི་ཆུ་བོ་དབྱིག་ལྡན་གྱི་ནུབ་གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་སྤོས་ཤིང་སྣ་ཚོགས་ཀྱིས་བརྩིགས། རིན་ཆེན་དར་ཟབ་ཀྱིས་བརྒྱན་པར་པུར་སྒྲོམ་ཡང་མཁའ་ལས་དལ་གྱིས་བབས་པ་ཁ་ཕྱེ་ནས་སྤོས་ཤིང་སྟེང་པུར་སྒྲོམ་བཞག་སྟེ་མེ་སྒྲོན་གྱིས་བསྲེགས་ཀྱང་རང་ཤིར་གྱུར་ཚེ། མ་འགགས་པས་འོད་སྲུང་ལ་དགོངས་ཀྱི་ཞུགས་མ་སྤར་ཞིག་ཅེས་བརྗོད་ཚེ་འོད་སྲུང་གིས་སྟོན་པ་མྱ་ངན་ལས་འདའ་བར་ཤེས་ཏེ། དེར་ལྷགས་པ་འཁོར་རྣམས་ཀྱིས་བསུས། ཀུན་དགའ་བོས་མ་འགགས་པར་སྟོན་པ་མྱ་ངན་ལས་འདས་ཀྱི་ཁྱེད་ཀྱིས་མགོན་མཛོད་ཅིག་སྨྲས་པས་དེས་མྱ་ངན་མ་བྱེད་འོད་སྲུང་གིས་སྟོན་པའི་བྱ་བ་བྱེད་པས་བདག་གཉིས་འགྲོ་ཞེས་སྤྲོ་བ་བསྲིངས། འོད་སྲུང་སྨྲེ་སྔགས་འདོན་ཞིང་གདུང་སྦྱོང་བའི་ཤིང་སྨད་ལ་ཕྱག་སྐོར་བྱས་པུར་སྒྲོམ་དབྱེ་བར་བརྩམ་ཚེ་ཁ་རང་བྱེར་གྱུར་ནས་སྐུ་མ་ཉམས་པར་བསྟན་པས། ཕྱག་མཛད་ཅིང་བརྒྱལ་བ་སངས་ནས་རང་གི་རས་དང་སྔར་གྱི་རས་རྣམས་རིམ་པར་དཀྲིས་ནས་སྔར་ལྟར་བཞག་སྐོར་བ་དང་ཕྱག་མཆོད་ཕུལ་ཞིང་ཀྱེ་ཧུད་སྟོན་པ་མྱ་ངན་ལས་འདའ་བ་མ་མཐོང་བས་བདག་ལ་ཕྱག་འཚལ་བའི་གནས་བསྟན་དུ་གསོལ། ཞེས་གདུང་བ་དྲག་པོ་བཏོན་པར་བརྟེན། ཞབས་ཟུང་འཁོར་ལོ་ལས་འོད་བཀྱེ་བཞིན་པར་སྒྲོམ་གྱི་ཕྱིར་བྱུང་ཚེ་ཀུན་མྱ་ངན་གྱིས་གདུང་ཞིང་། དེ་ནས་གྱད་སྟོབས་ཆེན་པོ་དྲུག་གིས་མེ་ཤིང་རྟའི་འཕང་ལོ་ཙམ་
སྤར་ཡང་མེ་རང་ཤིར་གྱུར་ཚེ། འོད་སྲུང་གིས་ཁམས་གསུམ་གྱི་མེས་སྐུ་གདུང་ཚིག་པར་མི་ནུས་པས་སྡོད་ཅིག་སྨྲས་མ་ཐག་ཐུགས་ཀ་ནས་མེ་རང་འབར་སྤྲོས་ཤིང་བསྲེགས་ཏེ་ཞག་བདུན་དུ་འབར་ཞིང་། དེ་ཚེ་རྒྱལ་ཆེན་བཞི་དང་ཀླུ་རྣམས་ཀྱིས་སྤོས་ཆུ་དང་ཤིང་རྣམས་ལས་བདུད་རྩིའི་འོ་མ་འཛགས་པར་བྱས་ཀྱང་མེ་མ་ཤི་ཞིང་བརྒྱ་བྱིན་གྱིས་སྤོས་ཆུ་དང་གྱད་རྣམས་ཀྱིས་འོ་མ་བླུགས་པས་ཤིང་གསེར་ཅན་དང་ཨུ་དུམ་ཝཱ་ར་དང་སེར་སྐྱ་དང་རྟ་དོན་ཞེས་པ་བཞི་སྐྱེས་ཏེ་མེ་རང་ཤིར་གྱུར་མ་ཐག་བརྒྱ་བྱིན་གྱིས་པུར་སྒྲོམ་དབྱེ་ཞིང་མ་འགགས་པར་དྲིས་ནས། མཆེ་བ་གཡས་ཀྱི་གོང་མ་ལྷ་དང་། སྲིན་པོ་ལངྐའི་བདག་པོས་གཡོན་གྱི་མཆེ་བ་གོང་མ་སྤྱན་དྲངས་ཤིང་། འོད་སྲུང་དང་གྲོང་ཁྱེར་བས་ཕུལ་བའི་རས་ཡུག་ཕྱི་མ་དང་། ཤིང་བལ་མ་ཚིག་པ་རྣམས་ཐམས་ཅད་ལ་ཁྱབ་པར་བགོས་ཞེས་རིན་པོ་ཆེའི་མཆོད་རྟེན་དུ་བཅུགཚེམས་དང་མཆེ་བ་ལྷག་མ་མ་གཏོགས་སིལ་བུར་སོང་སྟེ་རིང་བསྲེལ་དུ་གྱུར་པ་ཐམས་ཅད་ཀྱིས་ལེན་པར་འཆའ་བ་མ་འགགས་པས་བསྲུངས། གྱད་རྣམས་ཀྱིས་བཟོས་པའི་གསེར་གྱི་སྒྲོམ་རིན་པོ་ཆེའི་ཕྲ་ཅན་ཁལ་ཕྱེད་ཕྱེད་ཤོང་བ་བརྒྱད་བཟོས་པར་ཁྲི་དང་མཆོད་པ་སྲུང་བྱེད་བྱས་ཏེ་པུར་སྒྲོམ་གན་དུ་འཁོད་པར་མ་འགགས་པས་བླུགས་ཚེ་ལྷ་མི་རྣམས་ཆོ་ངེ་འདེབས་ཤིང་མཆོད་ལ། རྩྭ་མཆོག་གྲོང་གི་དབུས་ཀྱི་བཞི་མདོར་གྱད་རྣམས་ཀྱིས་དྲངས་ཤིང་མཆོད་ཚེ། སེར་སྐྱའི་ཤཱཀྱ་རྣམས་དང་། ཁྱབ་འཇུག་གླིང་གི་བྲམ་ཟེ་མི་འཇིགས་པ། ཡུལ་རྟོག་པ་གཡོ་བའི་རྒྱལ་པོ་དེ་བཞིན་ཀ་ལིངྐ་། ལྔ་ལེན། ལངྐ་རྣམས་ཀྱི་རྒྱལ་པོ། ལི་ཙ་བྱི། སྡིག་ཅན་གྱི་གྱད་སོགས་ཀྱིས། སངས་རྒྱས་ཀྱི་མཐུས་མྱ་ངན་ལས་འདས་ནས་ཞག་ཉི་ཤུ་ཙམ་མ་ཤེས་པར། དཔུང་ཚོགས་ཡན་ལག་བཞི་དང་བཅས་འོངས་ཤིང་། མ་སྐྱེས་དགྲས་ཀྱང་ཚོར་ནས་འོངས་པ་དང་། རིང་བསྲེལ་སྤྱན་དྲངས་ནས་ཞག་བདུན་སོང་དུས་སླེབ་ནས་མཆོད་ཅིང་སྐད་བསྣངས་པར་ངུ་བ་དང་དང་བཅས་ངེད་ཅག་ལ་གདུང་ཤ་རི་རམ་དང་རིང་བསྲེལ་གྱི་སྐལ་བ་བྱིན་ཅིག་བྱས་པས། གྱད་རྣམས་ཀྱིས་རིང་བསྲེལ་རྣམས་ལ་བདག་ཡོད་པས་ཕྱིར་དེངས་ཤིག་བརྗོད་པས་ལྷ་མི་རྣམས་ཆེར་འཁྲུགས། སྐལ་
བ་བྱིན་ན་ལེགས་མི་སྟེར་ན་འཕྲོག་པར་བྱའོ་ཞེས་དམ་གྱིས་རྒོལ་བར་བརྩམས་པ་དང་། གྱད་སྟོབས་ཆེན་རྣམས་ཀྱིས་དཔུང་ཚོགས་ཡན་ལག་བཞི་པའི་གོ་བགོས་ནས་ལྷ་མིར་བཅས་འཐབ་པར་བརྩམས་ཏེ་ཕྱིར་འོང་ཚེ་གདུང་ནམ་མཁར་འཕགས་ཏེ་གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་དྲུང་དུ་བཞུགས་པ་འོད་སྲུང་ཉིད་ཀྱིས་བླངས་ཤིང་འཇམ་དཔལ་སྤྲུལ་པ་བྲམ་ཟེ་བྲེ་བོ་དང་མཉམ་པའི་རིགས་ཅན་གྱིས་གཡང་ས་བཞི་བསྐོར་ཏེ། གྱད་སོགས་ཀྱི་དཔུང་ལ་ཤེས་ལྡན་དགབཅོམ་ལྡན་འདས་ནི་བཟོད་པའི་བསྔགས་པ་བརྗོད་པ་ཡིན་པས་ཁྱེད་རྣམས་སྐུ་གདུང་གི་ཕྱིར་མ་འཐབ་ཅིགཁོ་བོས་སྐུ་གདུང་སོ་སོར་སྦྱིན་ནོ། །ཞེས་གསུངས་པ་དང་དཔུང་རྣམས་ཀྱིས་གདུང་ནམ་མཁར་གཤེགས་པ་མཐོང་སྟེ། དེ་ལྟར་བགྱིའོ་ཞེས་འཁོན་མེད་དུ་འོད་སྲུང་དང་བྲམ་ཟེས་ཆ་བརྒྱད་དུ་བགོས་ཏེ། དང་པོ་རྩྭ་ཅན་གྱི་གྱད། གཉིས་པ་སྡིག་པ་ཅན་གྱི་གྱད། གསུམ་པ་རྒྱལ་གྱི་བུ་ལུ་ཀབཞི་པ་སྒྲ་སྒྲོག་གི་རྒྱལ་པོ། ལྔ་པ་ཁྱབ་འཇུག་གླིང་གི་བྲམ་ཟེ། དྲུག་པ་ཤཱཀྱ་རྣམས། བདུན་པ་ལི་ཙ་བྱི། བརྒྱད་པ་མ་སྐྱེས་དགྲ། མཆེ་བ་འོག་མའི་གཡས་པ་ཚིག་འཛིན་རྒྱལ་པོ། གཡོན་པ་ཀ་ལིངྐའི་རྒྱལ་པོ་རྣམས་ལ་སོ་སོར་བྱིན་པས་གྱད་རྣམས་ཀྱིས་རྩྭ་ཅན། སྡིག་པ་ཅན་དང་བུ་ལུ་ཀས་ཡུལ་རྟོག་པ་གཡོ་བ། ཀྲོ་ཏྱ་དང་སྲིན་པོ་ཀླུ་རྣམས་ཀྱིས་སེང་གའི་གླིང་། བྲམ་ཟེ་མི་འཇིགས་པས་ཁྱབ་འཇུག་གི་གླིང་། ཤཱཀྱ་རྣམས་ཀྱིས་སེར་སྐྱ། ལི་ཙི་བྱི་རྣམས་ཀྱིས་ཡངས་པ་ཅན། མ་སྐྱེས་དགྲས་འོད་མའི་ཚལ་རྣམས་སུ་མཆོད་རྟེན་བརྩིགས་ཏེ་མཆོད་ཅིང་དུས་སྟོན་བཙུགས་པས་སྐུ་གདུང་གི་མཆོད་རྟེན་བརྒྱད་དུ་གྲགས་ཤིང་། རྩྭ་ཅན་གྱི་གྱད་རྣམས་ཀྱིས་སྐུ་གདུང་ཞུགས་ལ་ཕུལ་བའི་སོལ་བ་བྲམ་ཟེ་ནྱ་གྲོ་དྷ་ལ་བྱིན་པས་ཡུལ་ནྱ་གྲོ་དྷར་གདུང་སོལ་གྱི་མཆོད་རྟེན་བཅས་རིང་བསྲེལ་བཅུག་པའི་སྒྲོམ་བརྒྱད་པོ་བྲམ་ཟེ་བྲེ་བོ་དང་མཉམ་པའི་རིགས་ཅན་ལ་བྱིན་པས། དེས་གྲོ་ཎའི་རི་ལ་མཆོད་རྟེན་བརྩིགས། རི་དེ་ནི་ལོངས་སྤྱོད་ཀྱི་སའི་རི་དྲུག་གི་ཡ་གྱལ་ཡིན་པར་གྲགས་སོ། །འདི་རྣམས་ནི་མདོ་ལུང་ཕྲན་ཚེགས་སོགས་དང་མདོ་མྱང་འདས་སོགས་ལས་བཏུས་ཏེ་བཀོད་དོ། །
སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་བཀའི་བསྡུ་བ་མཛད་པ།
བཀའ་བསྡུ་དང་པོ།
༈ དེ་ནས་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་བཀའི་བསྡུ་བ་མཛད་པ་ནི། ཤཱ་རིའི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བརྒྱད་ཁྲི། མཽངྒལ་གྱི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བདུན་ཁྲི། བཅོམ་ལྡན་འདས་དང་ལྷན་ཅིག་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་མྱ་ངན་ལས་འདས་པས། དེའི་ཚེ་བར་སྣང་གི་ལྷ་རྣམས་ཀྱིས། དགེ་སློང་དབང་ཡོད་པ་དག་ཀྱང་མྱ་ངན་ལས་འདས་ཏེ། དམ་པའི་ཆོས་ནི་དུད་པ་ཙམ་དུ་གྱུར། དགེ་སློང་རྣམས་སྡེ་སྣོད་གསུམ་གྱི་སྒྲ་ཡང་མི་སྒྲོག་གོ། ཞེས་པའི་སྒྲ་དང་། མི་རྣམས་ཀྱིས་ཀྱང་འཇིག་རྟེན་ན་སྔོན་ནི་ཞིང་གི་དམ་པ་སྟོན་པ་སངས་རྒྱས་ཀྱང་བྱོན་ན། ད་ལྟར་ནི་དེའི་སློབ་མ་དང་ཡང་སློབ་ཙམ་ཞིག་མཐོང་བར་ཟད་དོ། །ཞེས་ཆོས་དཀོན་མཆོག་ལ་དཀོན་པའི་འདུ་ཤེས་འཇོག་གོ། དེའི་ཚེ་དགེ་སློང་འོད་སྲུང་གིས་དགེ་བསྐོས་བྱས། གང་པོར་གཎྜི་རྡུངས་ཤིག་ཅེས་དགེ་འདུན་བསྡུས་པས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་མ་ཚང་བ་འཕགས་པ་བ་ལང་ཡིན་དགོངས་འབོད་དུ་གང་པོས་ཕྱིན་ཏེ། འོད་སྲུང་གིས་མངགས་ཚུལ་བྱས་པས། སྟོན་པ་གཤེགས་པ་ཤེས་ཏེ། འགྲོ་བའི་སྒྲོན་མེ་གཤེགས་པས་བདག་ཀྱང་འགྲོ། །དགེ་འདུན་རྣམས་ལ་འདི་ཕུལ་བཟོད་པར་གསོལ། །ཞེས་ཆོས་གོས་དང་ལྷུང་བཟེད་ཕུལ་ཏེ་རྫུ་འཕྲུལ་བསྟན་ནས་མྱ་ངན་ལས་འདས་སོ། །དེའི་ཚུལ་འོད་སྲུང་ལ་སྨྲས་པས། དགྲ་བཅོམ་པ་རྣམས་མྱ་ངན་ལས་མི་འདའ་བའི་ཁྲིམས་བཅས། བདག་ཅག་རྣམས་མ་ག་དྷར་འགྲོའོ་གསུངས། མ་སྐྱེས་དགྲས་ཡོ་བྱད་ཕུལ་ཏེ་ནྱ་གྲོ་དྷའི་བྲག་ཕུག་ཏུ་དབྱར་གནས་པར་ཁས་བླངས་སོ། །དེ་ནས་ཀུན་དགའ་བོ་འདུལ་བའི་དུས་ལ་བབས་པར་གཟིགས་ཏེ། འོད་སྲུང་གིས་ངེད་རྣམས་འདུས་པའི་མཆོག་ཁྱེད་རང་མཉམ་དུ་མི་ཡོང་བས་ཁྱོད་རང་སོང་ཞིག་སོགས་གསུངས་པས། ཀུན་དགའ་བོས། ཚུལ་ཁྲིམས་དང་ལྟ་སྤྱོད་ཉམས་པ་དགེ་འདུན་ལ་བརྙས་པ་སོགས་མ་བྱས་མོད་བཟོད་པར་མཛོད་ཅིག་གསོལ་བས། ཚུལ་ཁྲིམས་མ་ཉམས་པ་དང་ཞམ་རིང་དུ་འདུག་པ་ངོ་མཚར་ཅི་ཆེ། དགེ་འདུན་ལ་ཉེས་པ་བྱས་པས་ཚུལ་ཤིང་ལོངས་ཤིག་ཅེས་ཀུན་དགའ་བོ་ལངས་པ་དང་ས་གཡོས། ལྷས་ཀྱང་འོད་སྲུང་བདེན་ནོ་ཞེས་བརྗོད། དེ་ནས་འོད་སྲུང་གིས་ཀུན་དགའ་བོར། ཁྱོད་ཀྱིས་
དགེ་འདུན་ལ་ཉེས་པ། བུད་མེད་བསྟན་པ་ལ་རབ་བྱུང་སྟོན་པ་མི་བཞེད་པར་ཁྱོད་ཀྱིས་གསོལ་བ་བཏབ་པ། མྱ་ངན་ལས་འདའ་ཚུལ་གསུངས་པ་ལ་མི་འདའ་བར་གསོལ་བ་བཏབ་ན་ཐེབས་ཀྱང་མ་བཏབ་པ། སྟོན་པས་འདི་ལྟ་བུ་ཞེས་བཀའ་སྩལ་བར་ལན་གཞན་དུ་འདེབས་པ། ན་བཟའ་རྐང་པས་བརྫིས་པ། ཆུ་སྙོགས་མ་ཞུས་པ། སོ་ཐར་མདོའི་དུས་ཕྲན་ཚེགས་གློད་པ་དེ་ལ་རེད་པར་ནོས་ཤིག་གསུངས་པར་ཕྲན་ཚེགས་མ་ཞུས་པ། ཁྱིམ་པ་ཁྱོ་ཤུག་ལ་སྐུ་གདུང་གི་སྦ་བ་བསྟན་པ། སྐུ་གདུང་གི་གསེར་བུད་མེད་ལ་བསྟན་པའི་དྲི་མ་ཅན་དུ་གྱུར་པའི་ཉེས་པ་བརྒྱད་བསྒྲགས་ཏེ་གནས་ནས་དབྱུང་། དེ་ནས་ཀུན་དགའ་བོ་མིག་མཆི་མས་གང་བཞིན་དུ་འགྲོ་བའི་སྒྲོན་མེ་སྟོན་པ་ཡང་དག་པ་ནི་འདས། འོད་སྲུང་ཆེན་པོས་ནི་བསྐྲད་དོ་སྙམ་སེམས་ཁོང་དུ་ཆུད་ནས། རང་གི་སློབ་མ་བྲྀ་ཛིའི་དྲུང་དུ་སོང་བ་ལས། གོ་ཏམ་ཁྱོད་ནི་བག་མེད་མ་མཛད་པར་། །ཤིང་དྲུང་ཐིབས་པོར་བརྟེན་ན་མྱ་ངན་འདའ། །ཐུགས་ལ་འཇོག་ལ་བསམ་གཏན་མཛོད་ཅིག་དང་། །རིང་པོ་མི་ཐོགས་ཞི་བའི་གནས་ཐོབ་འགྱུར། །ཞེས་བསྐུལ་བ་ལྟར་ཉིན་མཚན་གྱི་ཐུན་དང་པོར་སྒྲིབ་པ་སྦྱངས། གུང་ཐུན་ལ་རྐང་པ་བཀྲུས་ཏེ་གློ་གཡས་ཕབ། སྔས་ལ་མགོ་བཞག་པའི་བར་དེར་དགྲ་བཅོམ་པ་ཐོབ་བོ། །དེ་ནས་ནྱ་གྲོ་དྷའི་བྲག་ཕུག་ཏུ་ཕྱིན་པས། དགྲ་བཅོམ་པ་རྣམས་ཀྱིས་བཀའ་བསྡུ་བར་གསོལ་བ་བཏབ་པ་དང་། ཆོས་སྨྲ་བའི་ཁྲི་ལ་དགྲ་བཅོམ་པ་ལྔ་བརྒྱའི་སྣམ་སྦྱར་གཏིང་བའི་སྟེང་ཀུན་དགའ་བོ་བཞུགས་སུ་གསོལ་ནས། སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱི། །རྣམ་པ་མཆོག་གི་གང་ཤར་བ། །ཚེ་དང་ལྡན་པས་མདོ་སྡེ་གསུངས། །ཞེས་མདོ་སྡེ་བསྡུ་བར་བསྐོས་སོ། །དེ་ནས་ལྷ་རྣམས་ཀྱང་ཆོས་ཉན་པར་འོངས་པ་དང་། ཀུན་དགའ་བོས་བྱང་ཆུབ་ཀྱི་སྙིང་པོའི་ཕྱོགས་སུ་ཐལ་མོ་སྦྱར་ནས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་སོགས་སྨྲས་པ་དང་། ཀུན་སྟོན་པ་དྲན་ཏེ་སྐྱོ་བར་གྱུར། དེ་བཞིན་དུ་ཉེ་བར་འཁོར་འདུལ་བ་བསྡུ་བར་བསྐོས། དེ་ནས་འོད་སྲུང་ཆེན་པོ་སྔོན་སངས་རྒྱས་བློ་རིག་སྒྲོན་མེའི་ཉན་ཐོས་སུ་གྱུར་ཚེ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཉན་ཐོས་ཀྱི་མཆོག་ཏུ་གྱུར་
ནས་བསྟན་པའི་ཁུར་ལྕི་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་མཐར་ཕྱིན་ཏེ་བཀའི་མ་མོ་མངོན་པ་བསྡུས་ནས། བདག་གིས་ཐུབ་པའི་མདོ་འདི་ནི། །ཡང་དག་བསྡུས་ནས་ཆོས་ལམ་བཞག། གཅིག་ནས་གཅིག་ཏུ་ཡུན་རིང་བར། །སྟོན་པའི་གསུང་རབ་འདི་གནས་གྱུར། །བདག་གི་མྱ་ངན་འདའ་དུས་བབས། །ཀུན་དགའ་བོ། ཤེས་པར་གྱིས་སྟོན་པས་ང་ལ་བསྟན་པ་གཏད་ནས་འདས་སོ། །ང་ཡང་ཁྱོད་ལ་གཏོད་པས་བསྟན་པ་ཁྱོད་ཀྱིས་སྐྱོངས་ཤིགཁྱོད་ཀྱིས་ཀྱང་ཤ་ནའི་གོས་ཅན་ལ་གཏོད་ཅིགཅེས་གསུངས་ནས་དེ་ནས་མ་སྐྱེས་དགྲ་སྦྲན་ཏེ། ལྷོ་རི་བྱ་རྐང་གི་རི་ལ་འཛེགས་ཏེ། རི་གསུམ་གྱི་དབུས་སུ་རྩྭ་བཏིང་སྟེ། བཅོམ་ལྡན་འདས་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གྱོན་ཏེ། བྱམས་པའི་གསུང་རབ་རྒྱས་ཀྱི་བར་དུ་མི་ཉམས་པར་བྱིན་གྱིས་བརླབས་ཏེ། ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་སོ། །དེའི་གདུང་བྱམས་པའི་བསྟན་པ་ལ་དགོངས་ནས་ཀུན་དགའ་བོས་མཆོད་རྟེན་བརྩིགས་པར་བགོས་ཏེ་མ་སྐྱེས་དགྲས་མཆོད་རྟེན་བརྩིགས་ཏེ་བཞུགས་སུ་གསོལ་ལོ། །
བཀའ་བསྡུ་གཉིས་པ་དང་གསུམ་པ་ཐེག་པ་ཆེ་ཆུང་གི་བཀའ་དེ་དག་དར་རྒྱས་སུ་མཛད་ཚུལ།
༈ དེ་ནས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་སོང་བ་ན་ཡངས་པ་ཅན་དུ་དགྲ་བཅོམ་པ་གྲགས་པ་ལ་སོགས་པ་བདུན་བརྒྱ་འདུས་ནས་དགེ་སློང་ལྷ་ཆེན་པོ་ཅན་གྱིས་རུང་བ་མ་ཡིན་པའི་གཞི་བཅུ་སོགས་འདུལ་བའི་ལག་ལེན་དྲི་མ་ཅན་རྣམས་སུན་ཕྱུངས་པའི་ཆེད་དུ་དགེ་འདུན་རྣམས་ཀྱིས་སྡེ་སྣོད་གསུམ་ཚར་གཅིག་ཞལ་འདོན་མཛད་ནས་བཀྲ་ཤིས་པའི་གསོ་སྦྱོང་མཛད་དེ་བཀའི་བསྡུ་བ་གཉིས་པ་མཛད་དོ། ༈ །དེ་ནས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་འདས་པ་ན། མཉན་ཡོད་དུ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་དྲུག་ཁྲི་བདུན་སྟོང་འདུས་ནས་བདུད་སྡིག་ཅན་གྱི་སྤྲུལ་པ་དགེ་སློང་བཟང་པོ་སློབ་མར་བཅས་པས་ཆོས་ལོག་བསྟན་པ་དང་། སྡེ་པ་བཅོ་བརྒྱད་ཕན་ཚུན་རྩོད་པར་གྱུར་པའི་ཚེ། ཆོས་ལོག་རྣམས་སུན་ཕྱུངས། སྡེ་པ་བཅོ་བརྒྱད་བསྟན་པ་རྣམ་དག་ཏུ་བསྒྲུབས་ནས་སྡེ་སྣོད་གསུམ་ཡི་གེར་བཀོད་པ་ནི་བཀའ་བསྡུ་གསུམ་པའོ། །
༈ དེའི་རྗེས་སུ་རྒྱལ་པོའི་ཁབ་ཀྱི་ལྷོའི་ཕྱོགས་བི་མ་སྭ་བྷ་ཝ་ཞེས་པའི་རི་ལ། རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་བ། ཀུན་ཏུ་བཟང་པོས་མདོ་སྡེ་སྟེ་ཐེག་ཆེན་གྱི་སྡེ་སྣོད་རྣམས་བསྡུས་པར་བཤད་ཅིང་། ཕྱག་ན་རྡོ་རྗེ་སངས་རྒྱས་སྟོང་གི་བཀའི་བསྡུ་བ་པོར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་བཤད་པས་ཕལ་ཆེར་ཕྱག་རྡོར་གྱིས་བསྡུས་པར་བཞེད་དོ། །
གཏད་རབས་བདུན་གྱི་སྐབས།
འཕགས་པ་ཀུན་དགའ་བོ།
༈ དེ་ལྟར་ཐེག་པ་ཆེ་ཆུང་གི་བཀའ་རྒྱལ་སྲས་ཉན་ཐོས་རྣམས་ཀྱིས་ལེགས་པར་བསྡུས་པ་དག་དར་རྒྱས་སུ་མཛད་པའི་ཚུལ་ནི། དེ་ནས་རབ་ཏུ་བྱུང་བ་རྣམས་ཀྱང་སྟོན་པ་བཞུགས་པའི་དུས་སུ་བདག་ཅག་ཡེངས་ཏེ་བག་མེད་དུ་གྱུར་པས་ཁྱད་པར་གྱི་གནས་མ་ཐོབ། ད་ནི་དུས་སུ་འཕགས་པ་ཀུན་དགའ་བོ་ལ་གདམས་ངག་ཡང་ནོད་པར་བྱེད་ཅིང་བག་ཡོད་པས་བསྟན་པ་ལ་བརྩོན་པར་མ་བྱས་ན་རབ་ཏུ་འཁྱམས་པར་འགྱུར་རོ་སྙམ་ནས་དགེ་བའི་ཕྱོགས་ལ་བརྩོན་པར་བྱས་པས། ཉིན་རེ་བཞིན་ཡང་འབྲས་བུ་བཞི་ཐོབ་པ་མང་དུ་བྱུང་བར་གྱུར། ཚུལ་དེ་ལྟ་བུས་ལོ་བཞི་བཅུ་ཙམ་དུ་འཇིག་རྟེན་དགེ་བ་ལ་གནས་པར་གྱུར་ཞེས་གྲགས། དེའི་ཚེ་མ་སྐྱེས་དགྲས་འཕགས་པ་ཀུན་དགའ་བོ་ནི་སངས་རྒྱས་དང་འདྲ་བའི་ཉན་ཐོས་སོ་ཞེས་བསྔགས་ནས། འཁོར་དགྲ་བཅོམ་པ་ལྔ་སྟོང་དང་བཅས་པ་ལ་ལོ་ལྔའི་བར་ཡོ་བྱད་ཀྱིས་བསྟབས་པའི་མཆོད་པ་བྱས་སྐབས། སྒྱུ་མའི་རིག་སྔགས་ལ་ཤིན་ཏུ་མཁས་པའི་བྲམ་ཟེ་བྷ་ར་དྷྭ་ཛས་འཁོར་རྣམས་ལ་ཆོ་འཕྲུལ་བསྟན་པ། ཀུན་དགའ་བོའི་རྫུ་འཕྲུལ་གྱི་ནུས་པས་ཚར་བཅད་ནས་ཞག་བདུན་གྱི་ཁོངས་སུ་བྷ་ར་དྷྭ་ཛ་འཁོར་བྲམ་ཟེ་ལྔ་བརྒྱ་སྐྱེ་བོའི་ཚོགས་ཁྲི་ཕྲག་དང་བཅས་པ་བདེན་པ་ལ་བཀོད། དེ་ནས་དུས་གཞན་ཞིག་ན་ཀུན་དགའ་བོ་དགེ་འདུན་དང་བཅས་པ་ལ་ཁྱིམ་བདག་ཤ་ནའི་གོས་ཅན་གྱིས་ལོ་ལྔར་དུས་སྟོན་ཆེན་པོ་བྱས། ཁྱིམ་བདག་དད་དེ་འཕགས་པའི་དྲུང་དུ་རབ་ཏུ་བྱུང་སྟེ། སྡེ་སྣོད་འཛིན་པ་དང་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཐོབ། མཐར་ཀུན་དགའ་བོས་དགེ་སློང་ཁྲི་ཙམ་
དགྲ་བཅོམ་པའི་གནས་ལ་བཀོད་ནས་བསྟན་པ་ཤ་ནའི་གོས་ཅན་ལ་གཏད་དེ། ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་དང་། མ་སྐྱེས་དགྲ་གཉིས་ཀས་གདུང་སྐལ་ཐོབ་པའི་དོན་དུ། ཡུལ་དེ་གཉིས་ཀྱི་བར་ཆུ་བོ་གངྒཱའི་དབུས་སུ་བཞུགས་པ་ལ། སླར་ཡང་འདུལ་བབས་ཀྱི་གདུལ་བྱའི་དོན་དུ་ཆུ་དབུས་སུ་གླིང་སྤྲུལ་ཏེ་ཆུ་ཚོད་གཅིག་ཁོ་ན་ལ་དྲང་སྲོང་ལྔ་བརྒྱ་དང་། ཉི་མ་གུང་པ་ལྔ་བརྒྱ་བསྙེན་པར་རྫོགས་ནས་དགྲ་བཅོམ་པའི་གནས་ལ་བཀོད་དེ་མྱ་ངན་ལས་འདས། སྐུ་གདུང་རང་བྱུང་གི་མེས་ཞུགས་ལ་བཞུས་ཏེ། རིན་པོ་ཆེའི་གར་བུ་ལྟ་བུ་ཆ་གཉིས་སུ་གྱུར་པ་ཆུའི་རླབས་ཀྱིས་བདས་ཏེ་འགྲམ་གཉིས་སུ་ཕྱིན་པ་ན། བྱང་གི་ནི་སྤོང་བྱེད་པས་ཁྱེར། ལྷོའི་ནི་མ་སྐྱེས་དགྲས་ཁྱེར་ཏེ་སོ་སོའི་ཡུལ་དུ་མཆོད་རྟེན་བྱས་སོ། །དེ་ལྟར་ཀུན་དགའ་བོས་ལོ་བཞི་བཅུར་བསྟན་པ་བསྐྱངས། དེའི་ཕྱི་ལོ་མ་སྐྱེས་དགྲ་ཡང་འདས་ཏེ་ཡུད་ཙམ་དམྱལ་བར་སྐྱེས། དེ་ནས་ཤི་འཕོས་ནས་ལྷར་སྐྱེས་ཏེ་འཕགས་པ་ཤ་ནའི་གོས་ཅན་ལ་ཆོས་ཉན་ནས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པར་གྲགས་སོ། །
དགྲ་བཅོམ་པ་ཉི་མ་གུང་པ།
༈ མ་སྐྱེས་དགྲའི་བུ་ལག་བཟང་གིས་རྒྱལ་སྲིད་ལོ་བཅུ་གསུམ་བྱས་སྐབས། འཕགས་པ་ཤ་ནའི་གོས་ཅན་བསྟན་པ་ཅུང་ཟད་སྐྱོང་ཞིང་། གཙོ་བོར་ནི་ཉི་མ་གུང་པ་ཝ་ར་ཎ་སིར་འཁོར་རྣམ་པ་བཞི་ལ་ལུང་འབོགས་པར་ཡང་བྱེད་དོ། །ནམ་ཞིག་ན་ཝ་ར་ཎ་སི་བ་རྣམས་དགེ་སློང་སློང་བ་མང་པོས་ཡིད་སུན་པར་གྱུར་པ་ན། ཉི་མ་གུང་པ་དགྲ་བཅོམ་པ་ཁྲི་ཕྲག་དང་བཅས། ནམ་མཁའི་ལམ་ལས་འཕུར་ཞིང་གཤེགས་ནས་བྱང་ཕྱོགས་ཨུ་ཤི་རིར་བྱོན། ཁྱིམ་བདག་ལ་ཛ་ཞེས་བྱ་བས་ཕྱོགས་བཞིའི་དགེ་འདུན་ཐམས་ཅད་བསྡུས་ནས་དུས་སྟོན་གྱི་མཆོད་པ་ལོ་གཅིག་ཏུ་བྱས། དགྲ་བཅོམ་པ་བཞི་ཁྲི་བཞི་སྟོང་འདུས། རྐྱེན་དེ་ལ་ལྟོས་ནས་བྱང་ཕྱོགས་སུ་རྒྱལ་བའི་བསྟན་པ་ལྷག་པར་དར་བར་གྱུར་ཏོ། །དུས་དེའི་ཚེ་འཕགས་པ་ཤ་ནའི་གོས་ཅན་གྱིས་མཉན་ཡོད་དུ་འཁོར་རྣམ་པ་བཞི་ལ་ཆོས་བསྟན་པས་དགྲ་བཅོམ་པ་སྟོང་དུ་ཉེ་བ་ཙམ་བྱུང་བར་གྲགས། དེའི་རྗེས་སུ་ལག་བཟང་གི་བུ་གཞུ་བཟང་གིས་རྒྱལ་སྲིད་ལོ་ཉི་ཤུ་རྩ་གསུམ་དུ་བསྐྱངས། ཉི་མ་གུང་པས་ཁ་ཆེའི་ཡུལ་བཏུལ་བ་དང་དུས་མཉམ་
སྟེ་རྫུ་འཕྲུལ་གྱི་བཀོད་པས་ཁ་ཆེའི་ཡུལ་ཐམས་ཅད་བསྟན་པ་ལ་བཙུད། ཡུལ་དེའི་ཀླུ་བཏུལ་ཏེ་ཀླུས་གཟུགས་དངོས་སུ་བསྟན་ནས་ཆོས་གོས་ཙམ་གྱི་གྲིབ་མས་ནོན་པའི་གུར་གུམ་འབུལ་བར་བྱས་པས་དགྲ་བཅོམ་པས་ཆོས་གོས་ཆེན་པོར་སྤྲུལ་ཏེ། ཁ་ཆེའི་ཡུལ་གུར་གུམ་གྱི་སྐྱེ་གནས་ཀྱིས་ཁྱབ་པར་བྱས་དེ་ཉིད་དུ་མྱ་ངན་ལས་འདས་སོ། །
འཕགས་པ་ན་ཤའི་གོས་ཅན་དང་གནས་བརྟན་ཉེ་སྦས།
༈ དེའི་ཚེ་འཕགས་པ་ཤ་ནའི་གོས་ཅན་གྱིས་སྤོས་ཚོང་སྦས་པའི་བུ་ཉེར་སྦས་བསྙེན་པར་རྫོགས་པས་བདེན་པ་མཐོང་སྟེ། ཞག་བདུན་པ་ལ་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་གནས་ཐོབ་སྟེ། ཤ་ནའི་གོས་ཅན་གྱིས་བསྟན་པ་ཉེར་སྦས་ལ་གཏད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །ཤ་ནའི་གོས་ཅན་འདིས་སྔ་ཕྱིར་གདམས་ངག་བསྟན་པས་བདེན་པ་མཐོང་བ་འབུམ་ཙམ་དང་། དགྲ་བཅོམ་པ་ཁྲི་ཕྲག་ཙམ་བྱུང་བར་གྲགས། ༈ དེ་ནས་ཉེ་སྦས་ཀྱི་གངྒ་བརྒལ་ཏེ་བྱང་ཕྱོགས་སུ་གཤེགས་པ་ན། ཁྱིམ་བདག་བ་སུ་ཏ་ཞེས་བྱ་བས་གཙུག་ལག་ཁང་བཞེངས། དེར་བཞུགས་སུ་གསོལ་ལོ། །ཕྱོགས་བཞིའི་དགེ་འདུན་ཡང་མཆོད་པས། དེར་དབྱར་གནས་མཛད་ནས་གདམས་ངག་བསྟན་པས་དགྲ་བཅོམ་པ་སྟོང་ཕྲག་གཅིག་བྱུང་བར་གྲགས། ནམ་ཞིག་ན་ཚོང་པའི་ལས་བྱེད་པ་ཎ་ཊ་དང་། བྷརྚ་གཉིས་ཀྱིས་མགོ་བོ་ཞེས་པའི་རི་ལ་གར་མཁན་དཔའ་བོའི་གཙུག་ལག་ཁང་ཞེས་བྱ་བ་ཞིག་ཡོད་པ་དེ་ནི་ཉེ་སྦས་ལ་ཕུལ་ཏེ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་ནས་ཆོས་བསྟན་པས་ཁྱིམ་པ་དང་རབ་ཏུ་བྱུང་བ་མང་པོ་ཞིག་གིས་བདེན་པ་མཐོང་། དེ་ནས་དུས་གཞན་ཞིག་ན་སྐྱེ་བོ་ཁྲི་ཕྲག་མང་པོ་ལ་ཆོས་སྟོན་ཅིང་བཞུགས་པ་ན། བདུད་སྡིག་ཅན་གྱིས་གྲོང་ཁྱེར་གྱི་དབུས་སུ་ཉིན་དང་པོར་འབྲས། གཉིས་པར་གོས། གསུམ་པར་དངུལ། བཞི་པར་གསེར། ལྔ་པར་རིན་ཆེན་བདུན་གྱི་ཆར་ཕབ་ནས། ཉིན་དྲུག་པར་སྡིག་ཅན་རང་ཉིད་ལྷའི་གར་མཁན་གྱི་ཆས་སུ་བྱས། བུ་དང་བུ་མོ་རྣམས་ལྷའི་གླུ་གར་གྱི་གཟུགས་སུ་སྤྲུལ། ཕོ་མོ་སུམ་ཅུ་རྩ་དྲུག་ཙམ་བྱུང་ནས་གར་གྱི་བཀོད་པ་དང་སྒྱུ་འཕྲུལ་ལྟད་མོ་སྣ་ཚོགས་པ་དང་། གླུ་དང་རོལ་མོའི་སྒྲ་དབྱངས་སྣ་ཚོགས་པ་སྙན་པོས་སྐྱེ་བོ་ཐམས་ཅད་ཀྱི་ཡིད་བསྒྱུར་ནས་
ཆོས་ཉན་པ་གཅིག་ཀྱང་མེད་པར་བྱས་སོ། །དེ་མ་ཐག་འཕགས་པའི་རྫུ་འཕྲུལ་གྱིས་སྡིག་ཅན་འཁོར་བཅས་རྒས་ཤིང་འཁོག་པ་མི་སྡུག་པ་གོས་ཧྲུལ་བ་མགོ་བོར་མི་རོ་རུལ་པ་བཅིངས་པ། མགྲིན་པར་ཁྱི་རོ་བམ་པ་བཏགས་པ་དྲི་ང་བ་ལྡང་ཞིང་མཐོང་བ་ཙམ་གྱིས་སྐྱུག་པ་འདྲེན་པ་གཅིག་ཏུ་བྱིན་གྱིས་བརླབས་པས། ཚུལ་དེས་སྐྱེ་བོ་ཐམས་ཅད་ཡིད་འབྱུང་ཞིང་དད་པ་ལྷག་པར་སྐྱེས། སྔོན་ནས་དགེ་༼བས༽བསྐུལ་བའི་སྐྱེ་བོ་ཕྱོགས་བཞི་ནས་འདུས་པ་མང་དུ་བྱུང་བ་སོགས་དེར་ཡོད་ཞག་དྲུག་པ་དེ་ཉིད་ཀྱི་མཚན་ཐོག་ཐག་ཏུ་ཆོས་བསྟན་པས། ཉི་མ་བདུན་པ་ལ་སྐྱེ་བོ་འབུམ་ཕྲག་བཅོ་བརྒྱད་ཀྱིས་བདེན་པ་མཐོང་བར་གྱུར་ཏོ། །དེ་ནས་གར་མཁན་དཔའ་བོའི་གཙུག་ལག་ཁང་དུ་ཇི་སྲིད་འཚོ་བའི་བར་དུ་བཞུགས་ཏེ། དེར་ཕུག་པ་སྲིད་དུ་ཁྲུ་བཅོ་བརྒྱད་པ། རྒྱར་ཁྲུ་བཅུ་གཉིས། དཔངས་སུ་ཁྲུ་དྲུག་པ་ཞིག་ཡོད་པར། ཉེ་སྦས་ཀྱི་གདམས་པས་དགེ་སློང་རབ་ཏུ་བྱུང་བ་གཅིག་གིས་དགྲ་བཅོམ་པ་ཐོབ་པ་ན། ཤིང་བུ་སོར་བཞི་པ་ཞིག་ཕུག་པ་དེར་འཕངས་ནས་བསགས་སོ། །ཚུལ་དེ་ཁོ་ནས་ཕུག་པ་ཤིང་བུས་གོ་མཚམས་མེད་པར་གང་བར་གྱུར་པ་དང་། ཉེ་སྦས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར། གདུང་ཡང་ཤིང་བུ་དེ་རྣམས་ཀྱིས་ཞུགས་ལ་ཕུལ་བས། རིང་བསྲེལ་ཏུ་གྱུར་པ་ལྷ་རྣམས་ཀྱིས་ཁྱེར་རོ་ཞེས་གྲགས་སོ། །འདི་ནི་སྟོན་པ་ཉིད་ཀྱིས་མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན་པ་སྟེ་སྐུ་ལ་མཚན་དཔེ་མེད་པ་མ་གཏོགས་འགྲོ་ཕན་སངས་རྒྱས་དང་མཚུངས་པའི་དོན་དུ་བཞགསྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་འདི་ལས་འགྲོ་དོན་ཆེ་བ་མ་བྱུང་བར་གྲགས། ཉེས་སྦས་ཀྱིས་བསྟན་པ་བསྐྱངས་པའི་དུས། རྒྱལ་པོ་གཞུ་བཟང་གི་བུ་དབང་ཆེན་གྱིས་རྒྱལ་སྲིད་ལོ་བདུན། དེའི་བུ་ཙ་མ་ཤས་ལོ་ཉེར་གཉིས། ཙ་མ་ཤས་ཁྱོན་རྒྱལ་སྲིད་ལོ་བརྒྱ་དང་ཉི་ཤུ་བསྐྱངས་ཤིང་། དེ་ལ་བུ་གསུམ་བྱུང་བ། རྒྱལ་བ། ལེགས་རྒྱལ། དགེ་བ་དང་གསུམ། དང་པོ་ནི་དབང་ཕྱུག་ལ་མོས། གཉིས་པ་ཐུབ་པ་དྲང་སྲོང་སེར་སྐྱ་ལ་མོས། གསུམ་པ་སངས་རྒྱས་ལ་མོས་པས། ཉིན་རེ་བཞིན་རྩོད་པར་བྱེད་དོ། །དེ་རྣམས་ཀྱི་མས་ན་རེ། ཁྱོད་རྣམས་ལ་ཟས་གོས་སོགས་ངེད་ཀྱིས་མི་ཕོངས་པར་བྱེད་པ་ལ་
ཅིའི་ཕྱིར་རྩོད་ཟེར་བས། ཁ་ཟས་ཀྱི་ཕྱིར་མ་ཡིན། སྟོན་པ་དང་ཆོས་ཀྱི་ཕྱིར་རྩོད་དོ་བྱས་པས། མ་ན་རེ། འོ་ན་སྐྱེ་བོ་མཁས་པ་དག་ལ་དྲིས་ཤིག་དང་ཟེར་བས། དགྲ་བཅོམ་པ་བླ་མའི་དྲུང་དུ་སོང་ཏེ། སོ་སོའི་གཏམ་རྒྱས་པར་བརྗོད་པ་ན། དགྲ་བཅོམ་པ་བླ་མས་དེ་རྣམས་ལ། སངས་རྒྱས་འཇིག་རྟེན་ཕན་བརྩོན་པའི། །ཆོས་ནི་འཚེ་བ་མེད་པ་ཡིན། །དཔའ་བ་ཡོན་ཏན་ཉིད་ཡིན་ན། །སེང་གེ་སྟག་ལ་སོགས་པ་ཡང་། །མཆོད་བྱ་ཉིད་དུ་འགྱུར་མིན་ནམ། །ཞི་བར་སེམས་པ་ཡོན་ཏན་ཉིད། །ཅེས་གསུངས་པས། གསུམ་ཀ་སངས་རྒྱས་ལ་ཡིད་ཆེས་ཀྱི་དད་པ་སྐྱེས་ནས། བུ་རྒྱལ་བས་ཝ་ར་ཎ་སིར་སྐུ་གཟུགས་ཀྱི་ལྷ་ཁང་བཞེངས། བུ་ལེགས་རྒྱལ་གྱིས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་དུ་སྐུ་གཟུགས་དང་ལྷ་ཁང་བཞེངས། བུ་ཆུང་བ་དགེ་བས་ནི་རྡོ་རྗེ་གདན་གྱི་གནྡྷོ་ལ་སྟེ་དྲི་གཙང་ཁང་བྱང་ཆུབ་ཆེན་པོ་དང་བཅས་བཞེངས་ཏེ། བཟོ་བོ་ལྷའི་སྤྲུལ་པ་མིའི་རྣམ་པར་བསྟན་པས་བྱས། ཇི་ལྟར་བཟོས་པའི་ཚུལ་ནི། བྱང་ཆུབ་ཆེན་པོ་བཞེངས་པའི་རྒྱུ་ཚོགས་དང་། ལྷ་བཟོ་བ་བུ་དགེ་མ་རྣམས་ནང་དུ་འདུག་ནས། ཞག་བདུན་གྱི་བར་དུ་ནང་དུ་སུ་ཡང་མི་འོང་བར་བྱས་པ་ལས། ཞག་དྲུག་སོང་བ་ན། བུ་སྤུན་གསུམ་གྱི་མ་འོངས་ཏེ་སྒོ་བརྡུངས་སོ། །དེ་ཞག་དྲུག་ལས་མ་ལོན་པས་ནངས་པར་སྒོ་དབྱེའོ་བྱས་པས། མ་ན་རེ། ང་དོ་ནུབ་འཆི་བ་ཡིན་ན། ད་ནི་སའི་སྟེང་ན་སངས་རྒྱས་ཀྱི་ཞལ་མཐོང་བ་ཁོ་མོ་ཁོ་ནར་ཟད་པས། གཞན་གྱིས་གཟུགས་སྐུ་དེ་བཞིན་གཤེགས་པ་འདྲ་མི་འདྲ་མི་ཤེས་པས། དེ་བས་ན་ངེས་པར་སྒོ་ཕྱེས་ཤིག་ཟེར་བས། སྒོ་ཕྱེ་བས་བཟོ་བོ་རྣམས་མི་སྣང་བར་གྱུར་ཏོ། །དེར་ལེགས་པར་བརྟགས་པ་ན། འདི་ནི་ཐམས་ཅད་ཀྱིས་ཐམས་ཅད་དུ་སྟོན་པ་དང་འདྲ་ན། འོན་ཀྱང་མི་འདྲ་བའི་ཁྱད་པར་གསུམ་ཞིག་འདུག་སྟེ། འོད་ཟེར་སྤྲོ་བ་ཡང་མེད། ཆོས་ཀྱང་མི་སྟོན། བཞུགས་པ་ཁོ་ན་ལས་སྤྱོད་ལམ་གཞན་གསུམ་ཡང་མི་མཛད་པས་སོ་ཟེར། དེ་ལྟར་ན་ཞག་བདུན་མ་ལོན་པས་བཟོའི་ཁྱད་པར་ཅུང་ཟད་མ་གྲུབ་པར་བཤད་པ་ནི། ཁ་ཅིགཞབས་གཡས་ཀྱི་མཐེ་བོང་དང་དབུ་སྐྲ་གཡས་འཁྱིལ་གཉིས་ཕྱིས་བཞེངས་པར་བཞེད་པ་དང་། པཎྜི་ཏ་རྣམས་བ་སྤུ་དང་ན་བཟའ་གཉིས་སྐུ་ལ་
མ་རེག་པར་མ་གྲུབ་པ་ཡིན་ཟེར་བར་བཞེད་དོ། །དེའི་འོག་ཏུ་བུ་སྤུན་གསུམ་པོ་རྣམས་ཀྱིས་ལྷ་ཁང་དེ་རྣམས་སུ་དགེ་སློང་ལྔ་བརྒྱ་ལྔ་བརྒྱ་བཞུགས་སུ་གསོལ་ནས་འཚོ་བའང་རྟག་ཏུ་སྦྱོར་བར་བྱས། ཕྱོགས་བཞིའི་དགེ་འདུན་ལ་ཡང་ཡོ་བྱད་ཀྱིས་མཆོད་པར་བྱས་སོ། །
འཕགས་པ་དྷཱི་ཏི་ཀ་དང་འཕགས་པ་ནག་པོ་པ།
༈ དེ་ནས་ཉེ་སྦས་ཀྱིས་འཕགས་པ་དྷཱི་ཏི་ཀ་ལ་བསྟན་པ་གཏད་པ་ནི། ཡུལ་འཕགས་རྒྱལ་དུ་བྲམ་ཟེ་ཕྱུག་པ་ནོར་མང་བ་ཞིག་ཡོད་ལ། དེ་ལ་བུ་དྷཱི་ཏི་ཀ་བྱ་བ་ཞིག་ཡོད་པ་དེ་ཆུང་ངུ་ནས་ཕ་ལ་རབ་ཏུ་བྱུང་བ་ཞུས་པས། ང་མ་ཤིའི་བར་དུ་རབ་ཏུ་མ་བྱུང་ལ་འཁོར་བྲམ་ཟེ་འདི་རྣམས་ཀྱང་ཁྱོད་ཀྱིས་སྐྱོངས་ཤིགཅེས་མ་གནང་བས། དེས་ཀྱང་ཕའི་ངག་ཉན་ཏེ། རང་གི་ཁྱིམ་དུ་ཚངས་སྤྱོད་ལ་གནས་པས་བྲམ་ཟེ་ལྔ་བརྒྱ་ལ་རིག་པ་དག་སྟོན་ཅིང་གནས། ནམ་ཞིག་ཕ་འདས་ཏེ་ཁྱིམ་གྱི་འབྱོར་བ་ཐམས་ཅད་བྲམ་ཟེ་དང་དགེ་སྦྱོང་དག་ལ་བཏང་སྟེ། ཉེ་སྦས་ཀྱི་དྲུང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས། ཉེ་སྦས་ཀྱིས་གདམས་པ་རྣམ་པ་བདུན་བསྟན་པས་ཞག་བདུན་ན་དྷཱི་ཏི་ཀ་དང་བྲམ་ཟེ་ལྔ་བརྒྱས་དགྲ་བཅོམ་པ་ཐོབ། དེ་ནས་གྲོང་ཁྱེར་དྲུག་ཏུ་འཁོར་རྣམ་པ་བཞི་ལ་གདམས་ངག་བསྟན་ནས་བདེ་བ་ལ་བཀོད་དོ། །བདེན་པ་མཐོང་བ་མང་དུ་བྱུང་། དགྲ་བཅོམ་པ་ཐོབ་པའང་སྟོང་ཙམ་བྱུང་ཞིང་། བྲམ་ཟེ་རྣམས་བ་གླང་ཁྲི་ཕྲག་ཙམ་བསགས་ནས་སྦྱིན་བསྲེག་གི་མཆོད་སྦྱིན་བྱ་བ་རྣམས་ལ་སྡིག་པའི་ཉེས་དམིགས་བརྗོད་ནས་ལོག་ལམ་དང་ཕྲལ་ཏེ་ཡང་དག་པའི་ལམ་ལ་བཀོད་དོ། །ཡུན་རིང་པོར་སངས་རྒྱས་ཀྱི་བསྟན་པ་བསྐྱངས་ནས་མཐར་འཕགས་པ་ནག་པོ་པ་ལ་བསྟན་པ་གཏད་ནས་འཕགས་རྒྱལ་དུ་ཡོངས་སུ་མྱ་ངན་ལས་འདས་སོ། ༈ །འཕགས་པ་ནག་པོ་པ་ནི་ཤར་ཕྱོགས་ལངྐའི་ཡུལ་ན་ཁྱིམ་བདག་ཕྱུག་པ་ལོངས་སྤྱོད་ཆེ་བ་རང་གི་བསོད་ནམས་ཀྱི་མཐུ་ལས་ཁྱིམ་དུ་ལྗོན་ཤིང་འཁྲུངས་པའི་འབྲས་བུ་རིན་པོ་ཆེའི་རང་བཞིན་ཅན་དུ་འབྱུང་བ་ཡོད་པ་ཞིག་ལ་བུ་མེད་པས་ཁྱབ་འཇུག་ནག་པོའི་གཟུགས་ཅན་ལ་ཡང་ཡང་མཆོད་པས། ནམ་ཞིག་ཁྱེའུ་ཞིག་བཙས་པའི་མིང་ནག་པོར་བཏགས་སོ། །དེ་ཆེར་སྐྱེས་ནས་ཚོང་པ་ལྔ་བརྒྱ་དང་བཅས་གྲུ་གཟིངས་བསྐྱོད་ནས་རྒྱ་མཚོར་ནོར་བུ་ལེན་དུ་
ཕྱིན་པས་སྲིན་མོའི་གླིང་དུ་ལམ་གོལ་བར་འཕགས་པ་དྷཱི་ཏི་ཀ་སྐྱབས་སུ་བོས་པས། འཕགས་པའི་རྫུ་འཕྲུལ་གྱིས་སྲིན་མོ་རྣམས་བསྐྲད་དེ་བདེ་བར་རང་གནས་སུ་བགྲོད་ནས། ཚོང་པ་དེ་རྣམས་ཀྱིས་ལོ་གསུམ་དུ་ཕྱོགས་བཞིའི་དགེ་འདུན་ལ་དུས་སྟོན་ཆེན་པོ་བྱས། མཐར་འཕགས་པ་དྷཱི་ཏི་ཀའི་དྲུང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་མི་རིང་བར་ཐམས་ཅད་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དེ་ནས་ཚོང་དཔོན་གྱི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ནག་པོ་པས་བསྟན་པ་བསྐྱངས་ཏེ་འཁོར་རྣམ་པ་བཞི་ལ་གདམས་པ་བསྟན་པ། འབྲས་བུ་རྣམ་པ་བཞི་ཐོབ་པ་རྒྱུན་ཆད་མེད་པ་བྱུང་བར་གྲགས། མཐར་རྒྱལ་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ལེགས་མཐོང་ལ་བསྟན་པ་གཏད་དེ་བྱང་ཕྱོགས་ཀྱི་ཡུལ་ཀུ་ཤ་བ་ན་ཞེས་བྱ་བར་ཡོངས་སུ་མྱ་ངན་ལས་འདས་སོ། །
ལེགས་མཐོང་ཆེན་པོ།
༈ དེ་ཡང་ལེགས་མཐོང་ནི་ནུབ་ཕྱོགས་ཀྱི་ཡུལ་དུ་སྐྱ་སེང་གི་རིགས་ལས་རྒྱལ་རིགས་མཐོང་བ་ཞེས་བྱ་བར་བུ་ཞིག་ཡོད་པས་ལེགས་མཐོང་དུ་བཏགས་སོ། །དེ་ཆེར་སྐྱེས་ནས་སྐྱེད་མོས་ཚལ་དུ་འགྲོ་བའི་ལམ་ཁར་དགྲ་བཅོམ་པ་སུ་ཀ་ཡ་ན་ཞེས་བྱ་བ་འཁོར་མང་པོ་དང་བཅས་པ་མཐོང་བས་ལྷག་པར་དད་དེ། ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེར་དགྲ་བཅོམ་པ་དེས་ཆོས་བསྟན་པ་ན། སྟན་དེ་ལ་འཁོད་བཞིན་དུ་དགྲ་བཅོམ་པ་ཐོབ། དེར་རབ་ཏུ་བྱུང་བར་ཞུས་པས་ཕ་ཁྲོས་ཏེ་ལྕགས་སྒྲོག་གིས་འཆིང་བར་བརྩམས་པ་ན། ནམ་མཁའ་ལ་འཕགས་ཏེ་འོད་ཟེར་སྤྲོ་བའི་རྫུ་འཕྲུལ་བསྟན་པས། ཕ་དད་དེ་རབ་ཏུ་བྱུང་ལ་བདག་ལ་ཡང་བརྩེ་བར་གྱིས་ཤིགཅེས་སྨྲས་པ་དང་། དེར་རབ་ཏུ་བྱུང་ནས་ཕ་ལ་ཆོས་བསྟན་ནས་བདེན་པ་ལ་བཀོད་དོ། །དེ་ནས་འཕགས་པ་ནག་པོ་པ་སློབ་དཔོན་དུ་བསྟེན་ནས་ལྷན་ཅིག་གནས་པའི་ཚུལ་གྱིས་ཡུན་རིང་དུ་གནས་པ་ལས་འཕགས་པ་ནག་པོ་པ་མྱ་ངན་ལས་འདས་ནས་འཁོར་རྣམ་བཞི་ལེགས་མཐོང་ཆེན་པོས་འདུལ་བར་མཛད་དོ། །ལེགས་མཐོང་ཆེན་པོ་དེས་ནི། བསྟན་པ་ལ་མི་དད་པའི་ཀླུ་དང་གནོད་སྦྱིན་ལྔ་བརྒྱ་ཙམ་བཏུལ། ལྷོ་ཕྱོགས་ཀྱི་རྒྱུད་ཀུན་ཏུ་བྱོན་ཏེ། གཙུག་ལག་ཁང་དང་དགེ་འདུན་གྱིས་ཁྱབ་པར་བྱས། གླིང་
ཕྲན་མང་པོར་ཡང་སངས་རྒྱས་ཀྱི་བསྟན་པ་བཞགརྒྱ་ཡུལ་ཆེན་པོ་སོགས་སུ་ཡང་ཅུང་ཟད་དར་བར་མཛད་ནས་སེམས་ཅན་དཔག་ཏུ་མེད་པ་བདེ་བ་ལ་ཡོངས་སུ་བཀོད་དེ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །དེ་ཡང་དྷཱི་ཏི་ཀནག་པོ་པ། ལེགས་མཐོང་བཅས་པའི་སྐབས་ཀྱི་རྒྱལ་པོ་ནི་མྱ་ངན་མེད་པ་ཡིན་ཏེ། ཆུང་ངུའི་དུས་དྷཱི་ཏི་ཀསྡིག་སྤྱོད་ལ་གནས་པའི་དུས་ནག་པོ་པ། ཕྱིས་ཆོས་ཀྱི་རྒྱལ་པོར་གྱུར་པའི་སྐབས་ལེགས་མཐོང་གིས་བསྟན་པ་སྐྱོང་བའི་དུས་ཡིན་པར་གྲགས་སོ། །ལེགས་མཐོང་མྱ་ངན་ལས་འདས་རྗེས་རྒྱལ་པོ་ཡང་མྱ་ངན་ལས་འདས་པར་གྲགས། དེ་ལྟར་འཕགས་པ་ཀུན་དགའ་བོ་ནས་ལེགས་མཐོང་གི་བར་གྱི་གཏད་རབས་དེ་དག་གིས་བསྟན་པ་རྫོགས་པར་བསྐྱངས་པས་སྟོན་པ་ཉིད་དང་མཛད་པའི་ཚུལ་ཕྱོགས་མཚུངས་པ་ཡིན་ལ། དེའི་རྗེས་སུ་དགྲ་བཅོམ་པ་མང་དུ་བྱོན་མོད་ཀྱང་སྟོན་པ་དང་ཕྱོགས་མཚུངས་འདི་ལྟ་བུ་དག་དང་མཉམ་པ་མ་བྱུང་བར་གྲགས་སོ། །
སྡེ་བ་བཞིར་གྱེས་པ།
༈ རྒྱལ་པོ་མྱ་ངན་མེད་ལ་བུ་བཅུ་གཅིག་བྱུང་བར། དེའི་རྗེས་ཀྱི་རྒྱལ་སྲིད་མྱ་ངན་བྲལ་གྱིས་བྱས་པར། དེ་ཉིད་གཉིད་ལོག་པའི་རྨི་ལམ་དུ་ནངས་པར་ཁྱོད་ཀྱི་ཁྱིམ་དུ་དགེ་སློང་ཞིག་བསོད་སྙོམས་ལེན་པར་འབྱུང་སྟེ། དེ་ནི་མཐུ་ཆེ་བས་ཕྱོགས་ཀུན་གྱི་འཕགས་པ་བསྡུ་བས། དེ་ལ་གསོལ་བ་ཐོབ་ཅིག་ཅེས་ལྷས་ལུང་བསྟན་པ་རྨིས་པས་ནངས་པར་དགྲ་བཅོམ་པ་བསུས་འབྱིན་ཁྱིམ་དུ་བྱུང་བར་གསོལ་བ་བཏབ་པས་འཕགས་པ་བརྒྱད་ཁྲི་ཙམ་སྐད་ཅིག་ལ་འདུས་བྱུང་བར། ལོ་གསུམ་དུ་དུས་སྟོན་ཆེན་པོ་བྱས་ཏེ་མཆོད་པས། བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་དེའི་ཁྱིམ་དུ་རིན་པོ་ཆེའི་ཆར་ཕབས་སོ། །དེས་ཀྱང་ཇི་སྲིད་འཚོའི་བར་དུ་སློང་བ་པོ་འབུམ་ཕྲག་རེ་ཉིན་རེ་བཞིན་ཚིམ་པར་བྱས་སོ། །མྱ་ངན་བྲལ་འདས་པའི་འོག་ཏུ་དེའི་བུ་དཔའ་བོའི་སྡེས་རྒྱལ་སྲིད་སྐྱོང་སྐབས་དགྲ་བཅོམ་པ་འོད་སྲུང་གིས་བསྟན་པ་སྤེལ་ཞིང་ཆོས་བསྟན་པའི་སྐབས། ཚོང་དཔོན་གྱི་རིགས་ལས་ལྷ་ཆེན་པོ་ཞེས་བྱ་བ། ཕ་མ་དགྲ་བཅོམ་གསུམ་བསད་པའི་མཚམས་མེད་ཀྱི་ལས་བྱས་ཀྱང་རང་གི་སྤྱོད་ཚུལ་གསངས་ནས་དགེ་སློང་བྱས་པ་བློ་རྣོ་ཞིང་སྡེ་སྣོད་ལ་མཁས་པ་བྱུང་ཡང་། རྒྱུད་བདུད་ཀྱིས་བྱིན་གྱིས་བརླབས་
པའི་འཁོར་དང་བསྙེན་བཀུར་གྱིས་བརྒྱན་པ་བྱུང་། དེར་དགེ་སློང་རྣམས་སོ་ཐར་གྱི་མདོ་རེས་མོས་སུ་སྟོན་པའི་ཚེ། ལྷ་ཆེན་པོ་ལ་རེས་བབས་པ་ན་མདོ་སྟོན་པའི་མཇུག་ཏུ། ལྷ་རྣམས་མ་རིག་པ་ཡིས་བསླུས། །ལམ་ནི་སྒྲ་ཡི་རྒྱུན་ལས་བྱུང་། །ཐེ་ཚོམ་ཅན་རྣམས་གཞན་གྱིས་འཇུག། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བསྟན་པས། འཕགས་པ་རྣམས་དང་དགེ་སློང་རྒན་པོ་རྣམས་ཀྱིས་མདོའི་ཚིག་མ་ཡིན་ཞེས་བརྗོད་པས། དགེ་སློང་གཞོན་པ་རྣམས་ལྷ་ཆེན་པོའི་རྗེས་སུ་ཞུགས་ཏེ་ཕན་ཚུན་རྩོད་པའི་གནས་སུ་གྱུར་ཏོ། །དེ་ཤི་བའི་རྗེས་སུ་དགེ་སློང་བཟང་པོ་བྱུང་སྟེ། དེས་ཀྱང་། གཞན་ལན་གདབ་དང་མི་ཤེས་དང་སོགས་གཞི་ལྔ་བསྒྲགས་པས། རྒྱལ་བའི་བཀའ་ལ་གོ་བ་ལེན་ལུགས་སྣ་ཚོགས་པ་བྱུང་སྟེ་ཐེ་ཚོམ་དང་ཡིད་གཉིས་སྐྱེས་པ་མང་བས་རྩོད་པ་ལང་ལོང་དུ་གྱུར་པར་གྲགས། དེར་དགྲ་བཅོམ་པ་རྣམས་ཀྱིས་རྩོད་པ་ཞི་བར་བྱས་ཀྱང་བདུད་ཀྱི་མཐུས་ཞི་མ་ནུས་སོ། །དེ་ནས་དགྲ་བཅོམ་པ་འོད་སྲུང་མྱ་ངན་ལས་འདས་ནས། འཕགས་པ་༼ཀླུ༽ཆེན་པོ་དང་། འཕགས་པ་དགའ་བ་ཅན་གཉིས་ཀྱིས་བསྟན་པ་སྤེལ་བའི་སྐབས། རྒྱལ་པོ་དཔའ་བོའི་སྡེ་འདས་ནས་དེའི་བུ་རྒྱལ་པོ་དགའ་བོས་རྒྱལ་སྲིད་ལོ་ཉེར་དགུའི་བར་དུ་བྱས་སྐབས། དགེ་སློང་ཀླུ་ཆེན་པོ་ཞེས་བྱ་བ་བྱུང་སྟེ། གཞི་ལྔ་ལ་ཡང་ཡང་བསྔགས་པ་བརྗོད་ནས་རྩོད་པ་ཆེར་འཕེལ་བར་བྱས་ཏེ་སྡེ་པ་བཞིར་གྱེས་སོ། །
སྡེ་བ་བཅོ་བརྒྱད་དུ་གྱེས་པ།
༈ དུས་དེར་དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱིས་རྩོད་པ་ཅན་གྱི་དགེ་འདུན་གྱི་ཚོགས་བོར་ནས་བྱང་ཕྱོགས་ཀྱི་རྒྱུད་དུ་སོང་སྟེ། སྒྲ་རིག་པའི་སློབ་དཔོན་མཐའ་དག་བསྟེན་ནས་རིག་པ་བསླབས་ཤིང་ཤེས་ཀྱང་ད་དུང་མ་ཚིམ་སྟེ་ཡི་དམ་གྱི་ལྷ་བསྒྲུབས་པས་ཞལ་བསྟན་ནས་ཨ་ཨི་ཨུ་ཞེས་གསུངས་པ་ཙམ་གྱིས་སྒྲའི་གནས་ཐམས་ཅད་ཤེས་སོ། །འདི་ནི་ཕྱི་པ་རྣམས་དབང་ཕྱུག་ཡིན་ཟེར་ཡང་། སྤྱན་རས་གཟིགས་ཀྱི་སྤྲུལ་པར་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་ཏེ། བྲམ་ཟེའི་ཁྱེའུ་པཱ་ཎཱི་ནི། །ངེས་པར་ཉན་ཐོས་བྱང་ཆུབ་ཏུ། །ང་ཡིས་ལུང་བསྟན་བྱས་པ་ཡིན། །འཇིག་རྟེན་དབང་ཕྱུག་བདག་ཉིད་ཆེ། །དེ་ཡང་དེ་ཡི་སྔགས་
ཀྱིས་འགྲུབ། །ཅེས་གསུངས་སོ། །དེས་ནི་པཱ་ཎི་བྱ་ཀ་ར་ཎ་ཞེས་བྱ་བའི་སྒྲ་སྦྱོར་བའི་མདོ་ཤོ་ལོ་ཀ་སྟོང་དང་། བྱེ་བྲག་ཕྱེད་པའི་མདོ་ཤོ་ལོ་ཀ་སྟོང་སྟེ་ཉིས་སྟོང་ཡོད་པ་ཞིག་མཛད་དོ། །འདི་ནི་སྒྲའི་སྦྱོར་བ་མཐའ་དག་གི་རྩ་བ་ལྟ་བུ་ཡིན་ཏེ། དེ་ཡན་ཆད་དུ་སྒྲའི་སྦྱོར་བ་རྣམས་ཡི་གེར་འཁོད་པའི་བསྟན་བཅོས་ཀྱང་མེད་ཅིང་ཕྱོགས་གཅིག་ཏུ་བསྒྲིགས་པའི་རིམ་པའང་མེད་པས་སྔོན་གྱི་སྒྲ་མཁན་རྣམས་ནི་སྒྲ་སྦྱོར་རེ་རེ་གཉིས་གཉིས་ནས་བརྩམས་ཏེ་ཐོར་བུ་མཐའ་དག་བསགས་པས་མང་པོ་ཁོ་ན་ཤེས་པར་འགྱུར་བ་ཡིན་པར་གྲགས་སོ། །ཨིནྡྲ་བྱཱ་ཀ་ར་ཎ་བོད་ལ་སྔ་བ་ཡིན་པར་གྲགས་ཀྱང་ལྷ་ཡུལ་དུ་བྱུང་བ་སྔ་བ་ཡིན་པ་སྲིད་ཀྱང་འཕགས་ཡུལ་དུ་བྱུང་བ་སྔ་བ་མ་ཡིན་ནོ། །བོད་དུ་བསྒྱུར་བའི་ཙནྡྲ་བྱཱ་ཀ་ར་ཎ་པཱ་ཎི་པ་དང་མཐུན་ལ། ཀ་ལཱ་པ་བྱཱ་ཀ་ར་ཎི་ཨིནྡྲའི་ལུགས་དང་མཐུན་ནོ། །ཞེས་མཁས་པ་རྣམས་གསུངས་ལ། ཁྱད་པར་པཱ་ཎི་བྱཱ་ཀ་ར་ཎ་ནི་ལྷག་པར་དོན་རྒྱས་པའི་ཕྱིར། དེ་ཆ་ལག་དང་བཅས་པ་རྫོགས་པར་ཤེས་པ་ནི་ཤིན་ཏུ་དཀོན་པར་གྲགས་སོ། །དེ་ནས་བྱང་ཕྱོགས་མཐའ་འཁོབ་ཀྱི་ཡུལ་དུ་རྒྱལ་པོ་མེས་བྱིན་ཞེས་བྱ་བ་བྱུང་། དེས་དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་ལ་སོགས་པ་འཕགས་པ་སུམ་སྟོང་ཙམ་ལོ་སུམ་ཅུ་ལྷག་ཙམ་དུ་མཆོད། ཡུལ་དབུས་སུ་འཕགས་པ་གཏོང་བ་ཆེན་པོས་བསྟན་པ་སྤེལ། གྲོང་ཁྱེར་མེ་ཏོག་ཏུ་རྒྱལ་པོ་དགའ་བོའི་བུ་པདྨ་ཆེན་པོ་ཞེས་བྱ་བས་དགེ་འདུན་མཆོད། དུས་དེར་གནས་བརྟན་ཀླུའི་རྗེས་སུ་ཞུགས་པ་དགེ་སློང་ཡིད་བརྟན་བྱུང་ནས་གཞི་ལྔ་ཡོངས་སུ་བསྒྲགས་པས་རྩོད་པ་རྒྱ་ཆེར་འཕེལ་ནས། སྡེ་པ་བཞི་ཡང་རིམ་གྱིས་བཅོ་བརྒྱད་དུ་གྱེས་པའི་འགོ་བརྩམས། རྒྱལ་པོ་པདྨ་ཆེན་པོ་ལས་དུས་མཉམ་པ་ལས་ཅུང་ཟད་ཕྱི་བ་ཙམ་ན། ཡུལ་ཨོ་དྲི་བི་ཤར་རྒྱལ་པོ་ཟླ་བ་བསྲུང་ཞེས་བྱ་བ་བྱུང་། དེའི་ཁྱིམ་དུ་འཕགས་པ་༼མ་ཡིག་ཏུ་མི་གསལ་༽དགེ་སློང་གི་གཟུགས་ཀྱིས་བྱོན་ཏེ། ཐེག་པ་ཆེན་པོའི་ཆོས་ཅི་རིགས་པ་བསྟན་ཅིང་གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་འབྱུང་ལ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཡིན་པར་གྲགས། འདི་ནི་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཐེག་ཆེན་མི་ཡུལ་དུ་བྱུང་བའི་ཐོག་མ་ཡིན་ནོ། །དེའི་རྗེས་སུ་ཁ་ཆེའི་
ཡུལ་དུ་རྒྱལ་པོ་སེང་གེ་ཞེས་བྱ་བ་གཅིག་བྱུང་མོད་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ། དེ་ཛ་ལན་དྷ་རའི་ཡུལ་གྱི་རྒྱལ་པོ་ཀ་ཎི་ཀས་ཐོས་ཏེ་ལྷག་པར་དད་ནས་འཕགས་པ་སེང་གེ་ལེགས་མཐོང་ལ་ཆོས་ཉན། ཕྱོགས་བཞིའི་དགེ་འདུན་ལ་ཡང་དུས་སྟོན་གྱི་མཆོད་པ་མང་དུ་བཙུགས། དེའི་དགེ་སློང་ཡང་དག་རྒྱལ་བ་ཅན་གྱིས་ཀྱང་ཆོས་མང་དུ་བསྟན། དེ་ཙམ་ན་སྡེ་པ་བཅོ་བརྒྱད་དུ་གྱེས་ཟིན་ནས་སོ་སོ་ཐ་དད་པར་རྩོད་པ་མེད་པར་གནས་སོ། །དེའི་ཚེ་ཤར་ཕྱོགས་ནས་འཕགས་པ་རྩིབས་ལོག་ཅེས་བྱ་བ་དགྲ་བཅོམ་པ་མང་དུ་ཐོས་པའི་མཐར་ཕྱིན་པ་ཅིག་བྱུང་། དེས་གསེར་ཕྲེང་ཅན་གྱི་རྟོགས་བརྗོད་ཅེས་བྱ་བ་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་པའི་མདོ་ལ་སོགས་པ་མདོ་ཤིན་ཏུ་དཀོན་པ་དག་འདོན་པར་བྱེད་དོ། །དེ་རྒྱལ་པོ་ཀ་ཎི་ཀས་ཐོས་ཏེ་ཁ་ཆེའི་ཡུལ་རྣ་རྒྱན་ནགས་ཀྱི་གཙུག་ལག་ཁང་ཞེས་བྱ་བར། དགེ་སློང་མཐའ་དག་བསྡུས་ནས་བཀའ་བསྡུ་གསུམ་པ་བྱས་ཞེས་ཁ་ཆེ་རྣམས་འདོད། གཞན་དག་ནི་ཛ་ལནྡྷ་རའི་དགོན་པ་ཀུ་བ་ནའི་གཙུག་ལག་ཁང་དུ་བསྡུས་པར་འདོད་པ་ལས་མཁས་པ་ཕལ་ཆེར་ཕྱི་མ་འཐད་པར་མཛད། གང་ལྟར་ཡང་དགྲ་བཅོམ་པ་ལྔ་བརྒྱ་དང་། སྡེ་སྣོད་འཛིན་པ་བཙུན་པ་ཆེན་པོ་ལྔ་སྟོང་ཞིག་གིས་བསྡུས་སོ་ཞེས་གྲགས་ལ། དེའང་དོན་དུ་ནི་བསྟན་པའི་ཆེ་བ་དབྱུང་བའི་ཕྱིར་དགྲ་བཅོམ་པ་ལྔ་བརྒྱ་ཞེས་སྨོས་པར་ཟད་ཀྱི། ཡང་དག་པ་ན་དགྲ་བཅོམ་པ་ཉུང་ངུ་ཞིག་དང་། འབྲས་བུ་ཐོབ་པ་རྒྱུན་ཞུགས་ཡན་ཆད་བསྡུས་པས་ལྔ་བརྒྱར་ལོངས་པ་ཙམ་མོ། །དེའི་ཕྱིར་བསྡུ་བ་གསུམ་པའི་དུས་འདི་ཙམ་ན་དགྲ་བཅོམ་པ་ཉུང་ངོ་། །དེ་ལ་རྒྱལ་པོ་དགའ་བའི་ཚེའི་སྨད་དང་། རྒྱལ་པོ་པདྨ་ཆེན་པོའི་ཚེ་རིལ་པོ་དང་། རྒྱལ་པོ་ཀ་ཎི་ཀའི་ཚེའི་སྟོད་ཡན་ཏེ། རྒྱལ་པོ་བཞིའི་རིང་ལ་དགེ་འདུན་རྣམས་རྩོད་པར་གྱུར་ཅིང་། རྩོད་པ་དྲག་པོ་ལོ་དྲུག་ཅུ་རྩ་གསུམ་ཙམ་བྱུང་། སྔ་ཕྱིར་རྩོད་པ་ཅི་རིགས་ཡོད་པ་དང་བཅས་ན་ལོ་བརྒྱར་ཉེ་བ་ཙམ་བྱུང་བར་གྲགས། བསྡུ་བ་གསུམ་པའི་དོན་ནི་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབས་ཤིང་འདུལ་བ་ཡི་གེར་བཀོད་ལ། མདོ་སྡེ་དང་མངོན་པ་ཡི་གེར་མ་འཁོད་པ་རྣམས་ཀྱང་ཡི་གེར་བཀོད་ཅིང་། སྔར་འཁོད་པ་རྣམས་ལའང་དག་ཐེར་བྱས་སོ། །
རིམ་གྱིས་ཐེག་ཆེན་དར་བའི་ཚུལ།
བསྡུ་བ་གསུམ་པ་བྱས་པའི་འོག་ཏུ་རྒྱལ་པོ་ཀ་ཎི་ཀ་ཡང་མྱ་ངན་ལས་འདས་སོ། །དེའི་བུས་ཕོ་བྲང་རྒྱལ་ལྡན་དུ་དགྲ་བཅོམ་པ་སོགས་དགེ་སློང་བརྒྱ་ཕྲག་གཅིག་ལ་ལོ་ལྔར་དུས་སྟོན་བྱས། ཆོས་སྨྲ་བའི་བཙུན་པ་དབྱིག་ཤེས་དང་དབྱངས་སྒྲོགས་སོགས་བྱུང་། གྲོང་ཁྱེར་མེ་ཏོག་ཏུ་བྲམ་ཟེ་དུ་ཙ་བྱ་བ་བྱུང་། སྡེ་སྣོད་གསུམ་སོ་སོར་ཤོ་ལོ་ཀ་འབུམ་འབུམ་ཡོད་ཅིང་། དེ་གསུམ་གྱི་གླེགས་བམ་སྟོང་ཚར་བཞེངས་ནས་མཆོད་པའི་ཡོ་བྱད་སྤེལ་བ་བྱས་ལྷོ་ནུབ་ཀྱི་ཡུལ་དུ་བྲམ་ཟེ་རིགས་ལྡན་ཞེས་བྱ་བ་བྱུང་། ཐེག་པ་ཆེན་པོ་སྟོན་པའི་གནས་བརྟན་དགྲ་བཅོམ་པ་ནནྡཱ་ཞེས་བྱ་བ་ཐེག་པ་ཆེན་པོ་ཉན་པའི་དོན་དུ་སྤྱན་དྲངས། དུས་དེ་ཙམ་ན་ཡུལ་ཐ་དད་པ་ནས་ཐེག་ཆེན་སྟོན་པའི་དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་གཅིག་བྱུང་ལ། དེ་ཐམས་ཅད་ཀྱང་སྤྱན་རས་གཟིགས་དང་། གསང་བའི་བདག་པོ་དང་། འཇམ་དཔལ་དང་། བྱམས་པ་ལ་སོགས་པ་སོ་སོ་ལ་ཆོས་གསན་པ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ཤ་སྟག་སྟེ་ཆོས་སྟོན་པ་ལྔ་བརྒྱ་ཙམ་བྱུང་ནས། དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་འབུམ་འདུས་པ་སྟོང་ཡོད་པ་དང་ཕལ་ཆེན་ཆོས་ཀྱི་རྣམ་གྲངས་འབུམ་ཡོད་པ་ལེའུ་སྟོང་དང་། ལངྐར་གཤེགས་པ་ཉི་ཁྲི་ལྔ་སྟོང་པ་དང་། རྒྱན་སྟུག་པོ་བཀོད་པ་སྟོང་ཕྲག་བཅུ་གཉིས། ཆོས་ཡང་དག་པར་སྡུད་པ་སྟོང་ཕྲག་བཅུ་གཉིས་ལ་སོགས་པ་མདོ་སྡེ་ཁ་ཤས་ཤིག་གི་གླེགས་བམ་ཡང་ལྷ་དང་ཀླུ་དང་དྲི་ཟ་དང་སྲིན་པོ་ལ་སོགས་པ་གནས་ཐ་དད་པ་རྣམས་ལས་ཀླུའི་ཡུལ་ནས་བྱུང་བ་ཤས་ཆེ་བའི་ཚུལ་གྱིས་བྱུང་བར་བྱས། དེ་ལྟ་བུའི་སློབ་དཔོན་དེ་དག་ཕལ་ཆེར་བ་བྲམ་ཟེ་དེས་སྤྱན་དྲངས། གཏམ་དེ་རྒྱལ་པོ་ལཀྵ་ཨ་ཤྭས་ཐོས་ནས་དད་པ་ཆེར་སྐྱེས་ཏེ་ཨ་བྱུ་ཞེས་བྱ་བའི་རི་ལ་རྩེ་མོར་གཙུག་ལག་ཁང་ལྔ་བརྒྱ་བཞེངས་ཏེ་དེ་རྣམས་ལ་ཕུལ། རྒྱལ་པོ་ཉིད་ཀྱིས་འཁོར་དད་པ་ཆེ་ཞིང་བློ་རྣོ་བ་ལྔ་བརྒྱ་རབ་ཏུ་བྱུང་སྟེ། ཐེག་པ་ཆེན་པོ་ཉན་ཏུ་བཅུག་གོ། དེ་ནས་རྒྱལ་པོས་གླེགས་བམ་འབྲི་བར་འདོད་དེ། ཐེག་པ་ཆེན་པོའི་སྡེ་སྣོད་ཇི་ཙམ་ཞེས་དྲིས་སོ། །སྤྱིར་ཚད་བཟུང་བར་མི་ནུས་མོད་ཀྱི་ད་ལྟར་ཡོད་པ་ནི་འབུམ་ཕྲག་
བརྒྱའོ། །རྒྱལ་པོས་སྨྲས་པ་མང་མོད་ཀྱི་བྲི་བར་བྱའོ་ཞེས་ཐམས་ཅད་བྲིས་ཏེ་དགེ་སློང་རྣམས་ལ་ཕུལ་ལོ། །མཐར་གླེགས་བམ་རྣམས་དཔལ་ན་ལེནྡྲར་སྤྱན་དྲངས་སོ། །དུས་དེ་ཙམ་ན་ཐེག་པ་ཆེན་པོའི་སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་པ་ན། ཉན་ཐོས་རྣམས་ཀྱི་བློར་མ་ཤོང་ནས། ཐེག་ཆེན་ལ་སྐུར་བ་བཏབ་བོ། །དེའི་ཚེ་མ་ག་དྷར་བྲམ་ཟེ་ཐོ་བཙུན་གྲུབ་རྗེ་དང་། བདེ་བྱེད་བདག་པོ་ཞེས་བྱ་བ་སྤུན་གཉིས་བྱུང་སྟེ། ཐེག་པ་མཐའ་དག་གི་ཆོས་ལ་མཁས་པར་སྦྱངས། སངས་རྒྱས་དང་མུ་སྟེགས་པའི་བཟང་ངན་གྱི་ཁྱད་ཤན་འབྱེད་པའི་ཕྱིར། ཐོ་བཙུན་གྱིས་ཁྱད་པར་འཕགས་བསྟོད་དང་། བདེ་བྱེད་ཀྱིས་ལྷ་ལས་ཕུལ་བྱུང་གི་བསྟོད་པ་བརྩམས། ཚོང་འདུས་དང་རྒྱལ་པོའི་ཕོ་བྲང་སོགས་ཡུལ་ཀུན་ཏུ་དབྱངས་སུ་ལེན་པ་བྱུང་ངོ་། །
ན་ལེནྡྲའི་གཙུག་ལག་ཁང་།
གནས་བརྟན་དགྲ་བཅོམ་པ་ནནྡཱ་དང་ཀླུ་སྒྲུབ་སོགས་ཀྱི་སྐབས།
དེ་ལ་ན་ལེནྡྲ་ནི། སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་ཡུལ་དང་མཐར་ཤཱ་རིའི་བུ་མྱ་ངན་ལས་འདས་པའི་ས་སྟེ། བར་སྐབས་སུ་བྲམ་ཟེ་གྲོང་གིས་སྟོངས། ཤཱ་རིའི་བུའི་མཆོད་རྟེན་གཅིག་ཡོད་པ་ལ་ཞིག་གསོ་དང་གཙུག་ལག་ཁང་ཐོག་མར་མྱ་ངན་མེད་ཀྱིས་བྱས། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། ཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ། །དེའི་འོག་ཏུ་རྒྱལ་པོ་ཙན་སྐྱོང་ཞེས་བྱ་བས་ཉི་འོག་གི་རྒྱལ་ཁམས་སྐྱོང་བ་བྱུང་སྟེ། རྒྱལ་སྲིད་ལོ་བརྒྱ་ཉི་ཤུ་ཙམ་བསྐྱངས་ལོ་ཕྱེད་དང་ཉིས་བརྒྱ་ཐུབ་པར་གྲགས། ལྷ་ཁང་དང་དགེ་འདུན་མཆོད་པ་ཙམ་ལས་གཏམ་གཞན་མི་སྣང་། དེ་སྐབས་བྲམ་ཟེ་ཨིནྡྲ་བྱུ་བ་ཞེས་བྱ་བས་ལྷའི་དབང་པོ་བསྒྲུབས་ནས་གྲུབ་པ་ན། སྒྲའི་ངེས་གནས་ཞུས་ཏེ་དེས་བཤད་པ་དག་བྲིས་པ་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་གྲགས། དེ་ལ་ཤོ་ལོ་ཀ་ཉི་ཁྲི་ལྔ་སྟོང་ཡོད་དེ། འདི་ལ་ལྷས་བསྟན་པའི་བརྡའ་སྤྲོད་པ་ཞེས་ཟེར་རོ། །རྒྱལ་པོ་དེའི་དུས་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ན་ལེནྡྲར་བྱོན་ཏེ། བཙུན་པ་ནག་པོ་ཞེས་བྱ་བ་ཞིག་ལས་བསྙེན་པར་རྫོགས་ནས་གསང་བའི་བདག་པོ་ལ་སོགས་པ་ལྷག་པའི་ལྷ་རྣམས་ལས་མདོ་རྒྱུད་རྣམས་གསན་ཏེ་དབུ་མའི་ཚུལ་ལུགས་དར་བར་མཛད་དོ། །དུས་དེར་བཙུན་
པ་པྲ་ཀཱ་པ་དྷརྨ་ཏྲཱ་ཎིར་སྒྲིབ་སེལ་གྱིས་ཞལ་བསྟན་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། ས་འོག་གི་འཇིག་རྟེན་ནས་འདུས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འབུམ་ལེའུ་སྟོང་ཡོད་པ་སྤྱན་དྲངས། འདི་ཡན་ཆོད་དུ་ཕྱི་རྒྱུད་སྡེ་གསུམ་དང་གསང་འདུས་མཉམ་སྦྱོར་སྒྱུ་དྲྭ་སོགས་བླ་མེད་ཀྱང་ཅི་རིགས་པར་ཡོད་པར་གྲགས། དུས་དེ་ཙམ་ན་དགེ་སློང་བརྩོན་འགྲུས་ཆེན་པོ་དང་། བཙུན་པ་ཆེན་པོ་སངས་རྒྱས་ལྷ་དང་། བཙུན་པ་དཔལ་ལེན་རྣམས་བྱུང་སྟེ། ཉན་ཐོས་ཀྱི་ཐེག་པ་དར་བར་བྱས། དེ་ལ་བཙུན་པ་ཆོས་སྐྱོབ་དང་དབྱངས་སྒྲོག་དང་དབྱིག་ཤེས་དང་སངས་རྒྱས་ལྷ་སྟེ་བཞི་པོ་དེ་ལ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆེན་པོ་བཞི་ཞེས་བྱ་སྟེ་རེ་རེ་ལའང་སློབ་མ་འབུམ་ཕྲག་ཡོད་པར་བཤད། འདིའི་ཆོས་སྐྱོབ་ནི་ཆེད་དུ་བརྗོད་པའི་ཚོམ་བསྡུ་བ་པོ་དང་། འདིའི་དབྱིག་ཤེས་ཀྱང་བསྟན་བཅོས་རབ་ཏུ་བྱེད་མཁན་དེའོ། །དེ་༼ནས་ཤར་ཕྱོགས་ཀྱི་ཡུལ་བྷངྒ་ལར་རྒྱལ་པོ་ཧ་རི་ཙནྡྲ་༽ཞེས་བྱ་བ་ཙནྡྲའི་ཐོག་མ་དེ་བྱུང་སྟེ། སྔགས་ལམ་བསྟེན་ནས་དངོས་གྲུབ་ཐོབ་པ། ཕོ་བྲང་རིན་ཆེན་སྣ་ལྔ་ལས་གྲུབ་པ་ལྕགས་རིའི་ངོས་ལ་སྲིད་པ་གསུམ་གྱི་གཟུགས་བརྙན་འཆར་བ། ལོངས་སྤྱོད་ལྷའི་དཔལ་འབྱོར་དང་མཉམ་པ། འཁོར་སྟོང་དང་བཅས་ཏེ་རིག་པ་འཛིན་པའི་གནས་བགྲོད་པར་བཤད། དཔལ་ས་ར་ཧའམ་མིང་གཞན་བྲམ་ཟེ་སྒྲ་ཅན་འཛིན་ཞེས་བྱ་བ་དེ་ཉིད་ཀྱི་དུས་རྣལ་འབྱོར་སྤྱོད་པ་སློབ་དཔོན་ལྔ་བརྒྱ་པོ་ཡང་བྱུང་། ཤེར་ཕྱིན་འབུམ་མ་གཏོགས་ཐེག་ཆེན་གྱི་མདོ་སྡེ་ཡང་ཕལ་ཆེར་བྱུང་བར་གྲགས་སོ། །དེའི་འོག་ཏུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟན་པ་བསྐྱངས་ཏེ་དབུ་མའི་ཚུལ་ལུགས་ལྷག་པར་ཡང་དར་བར་མཛད། དགེ་སློང་དང་། དགེ་ཚུལ་བསླབ་པ་འཆལ་བ་དགེ་འདུན་གྱི་ནང་ན་དབང་ཆེན་པོར་ཡོད་པ་ཐམས་ཅད་གནས་ནས་བསྐྲད་པ་སྟོང་ཕྲག་བརྒྱད་ཙམ་བྱུང་བར་གྲགས་ཏེ། སྡེ་བ་ཀུན་གྱི་བདག་པོ་མཛད། སློབ་དཔོན་དེ་ཉིད་ཀྱིས་དཔལ་ན་ལེནྡྲར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོའི་བར་དུ་གསེར་འགྱུར་རྩིའི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར། ལྷ་མོ་ཙནྡྲ་ལི་གྲུབ་པས་ལྷའི་གནས་སུ་ཁྲིད་པར་བརྩམས་པ་ན་རེ་ཞིག་མི་འདོད། བསྟན་པ་ནམ་གནས་ཀྱི་བར་དུ་ཐེག་པ་ཆེན་པོའི་དགེ་
འདུན་ལ་འཚོ་བ་སྦྱོར་ཆེད་དུ་ཁྱོད་བསྒྲུབ་བོ་ཞེས་གསུངས་ནས་ལོ་བཅུ་གཉིས་ཀྱི་བར་དུ་འཚོ་བ་སྦྱོར་བར་བྱས་སོ། །རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་ལ་གླང་པོ་ཆེའི་གནོད་པ་བྱུང་བའི་སྐབས་ཤིག་བྱང་ཆུབ་ཤིང་གི་རྒྱབ་ཏུ་རྡོ་རིང་གཉིས་བྱས་པས་ལོ་མང་པོར་མ་བྱུང་། རྡོ་རིང་གི་སྟེང་དུ་ནག་པོ་ཆེན་པོ་སེང་གེ་ལ་ཆིབས་པ་བེ་ཅོན་ཐོགས་པ་རེ་བཞེངས་ནས་བསྟན་པ་བསྲུང་བའི་གཉེར་གཏད། མཐའ་རྡོའི་དྲ་མིག་གིས་བསྐོར། ཕྱི་རོལ་དུ་མཆོད་རྟེན་ལྷ་ཁང་བརྒྱ་དང་རྩ་བརྒྱད་བཞེངས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རི་བཏབ། ལྕགས་རིའི་ནང་དུ་ལྷ་ཁང་བརྒྱ་རྩ་བརྒྱད་བྱས། རྡོ་རྗེ་གདན་གྱི་ཤར་ངོས་སུ་ཆུའི་གནོད་པ་ཕ་བོང་བདུན་ལ་ཐུབ་པའི་སྐུ་བརྙན་བརྐོས་པ་ཞལ་ཕྱིར་བསྟན་ཏེ་ཆུ་རགས་ཀྱི་ཚུལ་དུ་བྱས་པས་ཆུའི་གནོད་པ་བཟློགཆུ་ལོན་གྱི་ཐུབ་པ་བདུན་ཞེས་གྲགས། ཆུ་ལོན་ནི་ཆུ་རགས་ཀྱི་མིང་ཡིན་པས་ཆུ་ནང་དུ་གཟུགས་བརྙན་ཤར་བ་ལ་འདྲ་ལེན་བྱས་པ་ཡིན་ཟེར་བ་རྣམས་མུན་སྤྲུལ་ལོ། །ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས་རྒྱལ་པོ་བདེ་བྱེད་བརྟུལ། ལོ་མང་དུ་བསྟན་པ་བསྐྱངས། སློབ་དཔོན་འདིས་ཉན་བཤད་དང་སྒོམ་པ་དང་ལྷ་ཁང་བཞེངས་པ་དང་དགེ་འདུན་ལ་འཚོ་བ་སྦྱར་བ་དང་། མི་མ་ཡིན་གྱི་དོན་མཛད་པ། མུ་སྟེགས་ཀྱི་རྒོལ་བ་བཟློག་པ་སོགས་སྒོ་ཐམས་ཅད་ནས་དམ་པའི་ཆོས་བསྐྱངས་པས་སྐུ་དྲིན་ཟླ་མེད་པ་ཡིན། དགུང་ལོ་ཡང་དྲུག་བརྒྱ་ལ་དོན་གཅིག་གིས་མ་ཚང་བ་དང་། ཉེར་དགུ་མ་ཚང་བའི་འདོད་ལུགས་གཉིས་སྣང་། གང་ལྟར་ཡང་ཉིས་བརྒྱ་ཡུལ་དབུས་དང་ཉིས་བརྒྱ་ལྷོ་ཕྱོགས་དང་། བརྒྱ་དང་ཉེར་དགུ་དཔལ་གྱི་རི་ལ་བཞུགས་པར་གྲགས། ལོ་ཕྱེད་ལོར་བརྩིས་པ་ཡིན་ཞེས་པཎྜི་ཏ་རྣམས་བཞེད། བཅུད་ལེན་གྲུབ་པས་པགས་པའི་ཁ་དོག་ནོར་བུའི་མདོག་ལྟར་གྱུར་ཅིང་སྐུ་ལ་མཚན་སོ་གཉིས་ཀྱིས་བརྒྱན། སློབ་དཔོན་དེ་ཉིད་ཀྱི་གྲོགས་པོ་བྲམ་ཟེ་མཆོག་སྲེད་བྱ་བ་རྒྱལ་པོ་བདེ་བྱེད་ཀྱི་མདུན་ན་འདོན་དུ་གནས་པ་ཞིག་ཡོད་པ་དེས། ལོ་བཅུ་གཉིས་སུ་སྤྱན་རས་གཟིགས་བསྒྲུབས་ནས་གསེར་སྲང་འབུམ་ཕྲག་བཞིིས་སྦྱིན་བསྲེག་ཕུལ་བས་དེས་ཞལ་བསྟན་ནས་དངོས་གྲུབ་ཏུ་ནག་པོ་ཆེན་པོ་མངགས་
ཞུགས་སུ་འཚལ་ཞུས་པར་གནང་ནས། རིག་སྔགས་འགྲུབ་པས་ཇི་ལྟར་འདོད་པའི་དོན་ཐོགས་མེད་དུ་ནུས། རྒྱལ་པོ་བདེ་བྱེད་སྒྲ་སློབ་པར་འདོད་པ་ལ་པཱ་ཎི་པ་ཡོངས་སུ་རྫོགས་པར་ཤེས་པའི་སློབ་དཔོན་མ་རྙེད་ནས། ཀླུའི་ཡུལ་ན་པཱ་ཎི་པ་ཡོངས་རྫོགས་ཤེས་པའི་ཀླུའི་རྒྱལ་པོ་ཤེ་ན་ཞེས་བྱ་བ་ཡོད་པ་རིགས་བླགས་ཀྱིས་བཀུག་ནས་དེ་ལ་ཤོ་ལོ་ཀ་འབུམ་གྱིས་པཱ་ཎི་པའི་དོན་ཐམས་ཅད་རྒྱ་ཆེར་འགྲེལ་ནུས་པ་ཡོད་པ་དེ་སློབ་དཔོན་གྱི་ཡི་གེར་འབྲི་བར་བརྩམས་པ་ན། དེ་གཉིས་ཀྱི་བར་དུ་ཡོལ་བས་ཆོད་པར་བྱས་ནས་ཡི་གེར་བྲིས་པ་ན། ཤླཽ་ཀ་སྟོང་ཕྲག་ཉི་ཤུ་རྩ་ལྔ་སོང་བ་ན་འདིའི་ལུས་ཅི་འདྲ་ཡོད་སྙམ་སློབ་དཔོན་གྱིས་ཡོལ་བ་བཏེགས་ནས་བལྟས་པས་སྦྲུལ་ཆེན་པོ་བསྒྱིངས་པ་མཐོང་། ཀླུ་ངོ་ཚ་ནས་བྲོས་པས། དེ་མན་ཆད་སློབ་དཔོན་ཉིད་ཀྱིས་འགྲེལ་པ་བྱས་ཏེ། དེ་གཉིས་བསྡོམས་པ་ལ་ཀླུས་བསྟན་པའི་བརྡའ་སྤྲོད་པ་ཞེས་གྲགས། དེར་སྒྲ་ལ་སོགས་པ་རིག་པའི་གནས་མང་དུ་བསྟན་ནས་མཐར་ནག་པོ་ཆེན་པོས་ཕྲག་པར་ཐོགས་ཏེ་རི་རབ་ཀྱི་རྩེ་མོ་ཡོངས་འདུ་ས་བརྟོལ་གྱི་གནས་སུ་གཤེགས་སོ། རྒྱལ་པོ་བདེ་བྱེད་བྲམ་ཟེ་མཆོག་སྲེད་ཀྱིས་བྱས་པའི་འགྲེལ་པ་ལ་ཡིད་མ་ཆེས་ནས། བྲམ་ཟེ་སཔྟ་ཝརྨ་གཞོན་ནུ་གདོང་དྲུག་བསྒྲུབ་ཏུ་བཅུག་གོ། གྲུབ་ནས་ཅི་འདོད་ཅེས་ཟེར་བ་ན། ཨིནྡྲ་བྱཱ་ཀ་ར་ཎ་ཤེས་པར་འཚལ་ལོ་བྱས་པས། སཔྟ་ཝརྨ་ས་མ་སྣཱ་ཡ། ཞེས་བརྗོད་པ་ཙམ་གྱིས་སྒྲའི་དོན་མཐའ་དག་ཤེས་སོ། །བོད་དུ་གྲགས་པའི་ལོ་རྒྱུས་ལྟར་ན་ཀ་ལཱ་པའི་ཀུན་བཤད་བཞི་པ་ཡན་ཆད་གཞོན་ནུ་གདོང་དྲུག་གིས་བཤད་ཅིང་། ཀ་ལཱ་པ་ཞེས་པ་ཆ་བསགས་ཀྱི་དོན་རྨ་བྱའི་མཇུག་སྒྲོ་ཁ་དོག་སྣ་ཚོགས་པའི་དོན་ལྟར་ཆ་བསགས་པའོ་ཟེར། འདིར་ནི་དེ་ལྟར་མ་གྲགས་ཏེ། ཀ་ལཱ་པ་ནི་སཔྟ་ཝརྨ་ཉིད་ཀྱིས་བརྩམས་ལ། ཆ་བསགས་ཀྱི་དོན་ཉེ་བར་མཁོ་བའི་ཆ་ཤས་དག་བསགས་པའོ། །དུས་དེ་ཙམ་ན་རྒྱལ་པོ་ཧ་རི་ཙནྟྲ་འཁོར་བཅས་འཇའ་ལུས་སུ་གྱུར་པས་བརྒྱུད་པ་མེད། དེ་ཉིད་ཀྱི་ཚ་བོར་གྱུར་པ་ཨཀྵ་ཙནྡྲ་དང་། དེའི་བུ་ཛ་ཡ་ཙནྡྲ་རྣམས་ཀྱིས་རྒྱལ་སྲིད་སྐྱོང་བའི་དུས་ཡིན། དེ་གཉིས་དམ་པའི་ཆོས་མཆོད་པར་བྱེད་པ་ཙམ་བྱུང་། བསྟན་པ་ལ་བྱ་བ་ཆེར་བྱས་པའི་གཏམ་རྒྱུད་མི་སྣང་།
དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་རྒྱལ་པོ་ཧ་རི་་ཙནྡྲ་འཁོར་སྟོང་དང་བཅས་བྱུང་བ་རི་ལུའི་དངོས་གྲུབ་ཐོབ། དུས་དེ་ཙམ་ན་ཀླ་ཀློའི་ཆོས་དང་པོར་བྱུང་བའང་ཡིན་ཏེ། སྡེ་སྣོད་འཛིན་པ་མང་དུ་ཐོས་པ་ཡིན་ཀྱང་དད་པ་མེད་པའི་གཞོན་ནུ་སྡེ་ཞེས་བྱ་བ་ཞིག་བྱུང་། དེ་བསླབ་པ་འཆལ་ནས་དགེ་འདུན་གྱིས་གནས་དབྱུང་བྱས་པས་ཆེར་འཁྲུགས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་འགྲན་པར་ནུས་པའི་ཆོས་རྩོམ་མོ་སྙམ་ནས་ཡུལ་གཞན་དུ་སོང་རང་གི་མིང་མཱ་མ་ཐར་ཞེས་པར་སྤོས། ཆ་ལུགས་བསྒྱུར་ནས་འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློའི་ཆོས་བརྩམས་ཏེ། ལྷ་མིན་ཕྱི་རིགས་ཀྱིས་གདོན་ཆེན་བིཥླི་མླའི་གནས་སུ་སྦས་ཤིང་གཏད་དོ། །དུས་དེར་བྲམ་ཟེ་རིགས་ཀྱི་བུ་མོ་ཞིག་མེ་ཏོག་མང་པོ་འཐུས་ཏེ་ཕུང་པོར་བྱས་ནས་ལྷ་ལ་ཡང་མཆོད་གཞན་ལ་ཡང་ཚོང་བ་ལས། ལན་གཅིག་མེ་ཏོག་ཕུང་པོའི་དབུས་ནས་བྱི་ལ་ཞིག་བྱུང་བ་ལུས་ལ་ཐིམ་པ་དང་སྦྲུམ་མར་གྱུར། ལོ་དུས་སུ་ཁྱེའུ་སྟོབས་དང་ལྡན་པ་ཞིག་བཙས་ཏེ་ཆེར་སྐྱེས་པ་ན་ཐམས་ཅད་ལ་མཐོ་འཚམ་བྱེད་པ་ཞིག་ཏུ་གྱུར། ནམ་ཞིག་དེའི་རྨི་ལམ་དུ་བདུད་ཀྱིས་ལུང་བསྟན་དེ། སྔར་སྦས་པའི་གླེགས་བམ་རྙེད་ནས་དེ་ལ་མོས་པས། འདི་སུ་ལྟ་བུ་ཞིག་གིས་སྟོན་པར་འགྱུར་སྙམ་པ་ན་བདུད་ཀྱིས་ལུང་བསྟན་ཏེ་མཱ་མ་ཐར་ཉིད་དང་འཕྲད་དེ་ལུང་ནོས་རིག་སྔགས་ཀྱང་གྲུབ། མཐར་འཁོར་སྟོང་དང་བཅས་པས་བྲམ་ཟེ་དང་རྒྱལ་རིགས་རྣམས་ལ་ཆོས་བསྟན་པས་དང་པོར་ཀླ་ཀློའི་ཆོས་ལུགས་འཛིན་པ་བྱུང་བར་གྲགས། རྒྱལ་པོ་ཨཀྵ་ཙནྡྲ་དང་ཛ་ཡ་ཙནྡྲ་གཉིས་ཙནྡྲ་བདུན་གྱི་གྲས་དང་། ཛ་ཡ་ཙནྡྲའི་བུ་ནེམ་ཙནྡྲ། དེའི་བུ་ཕ་ཎ་ཙནྡྲ། དེའི་བུ་བྷཾ་ས་ཙནྡྲ། དེའི་བུ་ས་ལ་ཙནྡྲ་རྣམས་བདུན་གྲས་དང་བཅུ་གྲས་གང་ལ་ཡང་མི་བགྲང་ངོ་། དེ་ལ་རྒྱལ་པོ་ནེམ་ཙནྡྲ་ནས་རྒྱལ་སྲིད་སྐྱོང་སྐབས། དེའི་མདུན་ན་འདོན་བྲམ་ཟེ་རྒྱལ་བཤེས་བྱ་བ་གཅིག་གིས་ངོ་ལོག་བརྩམས་ཏེ་དེས་རྒྱལ་སྲིད་སྐྱོང་བའི་ཚེ། བྲམ་ཟེ་དེའི་ཉེ་དུ་ཞིག་གིས་ན་ལེནྡྲར་ཕྱིན་སྐབས། གནྜི་བརྡུངས་པའི་སྒྲ་ལ་ཕཊ་ཊ་ཡ་ཞེས་པའི་སྒྲར་བྱུང་བས། དེ་བྲམ་ཟེ་སྒྲ་མཁན་རྣམས་ཀྱིས་བརྟགས་པས། མུ་སྟེགས་ངན་པ་རྣམས་ཀྱི་ཀླད་པ་འགེམས་ཞེས་པའི་སྒྲར་འདུག་གོ་བྱས་པས་འདི་ལ་སྔར་བོད་དུ་
བྱུང་བའི་ལོ་རྒྱུས་ལྟར་ན། ལྷ་དང་ཀླུ་དང་དྲང་སྲོང་གིས་མཆོད་པའི། །དཀོན་མཆོག་གསུམ་གྱི་ཏོག་སྟེ་འདི་བརྡུངས་པས། །མུ་སྟེགས་འཆལ་པ་རྣམས་ཀྱི་ཀླད་པ་འགེམས། །ཞེས་བྱུང་བར་གྲགས་ལ། གཎྜིའི་སྒྲ་ལ་འགེམས་ཞེས་འབྱུང་ཟེར་བ་ནི་འགེམས་པ་སྟེ། ཚལ་པ་མང་པོར་ཐིགས་པའི་སྐད་དོད་རྒྱ་སྐད་དབྱུང་བར་འདོད་ཀྱི། བོད་སྐད་འགེམས་ཞེས་བྱ་བར་འདོད། དེར་བྲམ་ཟེའི་རྒྱལ་པོ་རྒྱལ་བཤེས་ལ་སོགས་པ་མུ་སྟེགས་རྣམས་ཀྱིས་དམག་བྱས་ཏེ། ཡུལ་དབུས་ནས་ཛ་ལནྡྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་མེ་ལ་བསྲེགས། དགེ་སློང་མང་དུ་ཐོས་པ་འགའ་ཡང་བསད་པར་གྲགས་སོ། །དེ་ནས་ལོ་ལྔ་ན་དེ་ཉིད་ནི་ཤི་བར་གྱུར་ཏོ། །དེ་ལ་སྟོན་པའི་བསྟན་པ་ལོ་༼ལྔ་༽བརྒྱ་དང་པོ་ཡར་འཕེལ་དང་ལྔ་བརྒྱ་གཅིག་འགྲིབ་པའི་དུས་ཞེས་ལུང་བསྟན་པ་ལྟར། ཀླུ་སྒྲུབ་ཀྱིས་ཡུལ་དབུས་སུ་བསྟན་པ་སྐྱོང་ཙམ་ཡན་ཆད་དང་། ལྷ་ཁང་བཞེངས་པ་ལ་སོགས་པ་ཇེ་མང་དུ་སོང་བས་ཡར་འཕེལ་ཡིན་ལ། ཀླུ་སྒྲུབ་ལྷོ་ཕྱོགས་ཀྱི་རྒྱུད་ན་འགྲོ་དོན་མཛད་པ་ཙམ་གྱི་དུས་ན་ཀླ་ཀློའི་ཆོས་ལུགས་མགོ་བརྩམས་པ་དང་། དཔལ་གྱི་རི་ལ་བཞུགས་པའི་དུས་བྲམ་ཟེ་རྒྱལ་བཤེས་ཀྱིས་གནོད་པ་བྱས་པ་འདི་ཀུན་བྱུང་བ་རྣམས། འགྲིབ་པའི་ཐོག་མ་བརྩམས་པར་སྣང་ངོ་། །དེ་རྗེས་རྒྱལ་པོ་མ་ཎི་ཙནྡྲ་མ་ག་དྷར་རྒྱལ་སྲིད་བྱེད་དོ། །དེའི་ཚེ་ཤར་ཕྱོགས་བྷང་གའི་བྱེ་བྲག་གོ་སྔ་ཞེས་བྱ་བར་རྒྱལ་པོ་གོ་བླ་འཕེལ་བྱེད་ཅེས་བྱ་བ་ལོངས་སྤྱོད་དང་དབང་ཐང་ཤིན་ཏུ་ཆེ་བ་བྱུང་སྟེ། དེས་སྔར་གྱི་གཙུག་ལག་ཁང་ཉམས་པ་ཐམས་ཅད་གསོས། ཆོས་གཞི་རྒྱས་པར་བྱས་སོ། །གནས་བརྟན་བསམ་རྫོགས་ཞེས་བྱ་བས་ཀྱང་བསྟན་པ་ལ་ཕན་ཆེར་བཏགས། ཉན་ཐོས་ཀྱི་སྡེ་སྣོད་རྒྱས་པར་བྱས། མ་ག་དྷར་ཆོས་གཞི་དྲུག་ཅུ་བཙུགས་པ་ལ་སོགས་ཏེ་དར་བར་བྱས་སོ། །དེ་དག་ནི་ཀླུ་སྒྲུབ་དཔལ་གྱི་རིར་བཞུགས་པའི་སྐབས་དང་དེ་རྗེས་ཡུན་རིང་པོར་མ་ལོན་པའི་སྐབས་བྱུང་བའོ། །དེ་ནས་རྒྱལ་པོ་པཱ་ལ་ཙནྡྲའི་བུ་རྒྱལ་པོ་ཙནྡྲ་གུཔྟ་སྟེ་ཟླ་བ་སྦས་པ་ཞེས་བྱ་བ་བྱུང་། དེ་མངའ་ཐང་ཤིན་ཏུ་ཆེ་ཡང་དགེ་སྡིག་འདྲེས་མར་སྤྱོད་ཅིང་སངས་རྒྱས་ལ་སྐྱབས་སུ་མ་སོང་བས་ཙནྡྲ་བདུན་ལ་མི་འདྲེན།
སློབ་དཔོན་ཨཱརྱ་དེ་བ།
༈ འདིའི་དུས་དཔལ་ན་ལེནྡྲར་སློབ་དཔོན་ཨཱརྱ་དེ་བ་བྱུང་། བོད་རྣམས་སིངྒ་ལའི་གླིང་གི་སྐྱེད་མོས་ཚལ་དུ་པདྨ་ལས་བརྫུས་ཏེ་སྐྱེས་ཤིང་རྒྱལ་པོའི་སྲས་ཀྱི་དོད་དུ་བསྐྱངས་ཞེས་ཟེར་ཡང་། བཞི་བརྒྱ་པའི་འགྲེལ་བར་སློབ་དཔོན་ཟླ་གྲགས་ཀྱིས་སིངྒ་ལའི་རྒྱལ་པོའི་སྲས་ཡིན་པར་བཤད་ཅིང་། འཕགས་ཡུལ་གྱི་གཏམ་ཁུང་མ་ལ་ལར་ཡང་དེ་ལྟར་དུ་གྲགས་པས་དེ་ལྟར་བཤད་ན་སིངྒ་ལའི་རྒྱལ་པོ་པཉྩ་ཤྲི་ག་མ་ཞེས་བྱ་བ་ཞིག་ལ་སྲས་མཚན་དང་ལྡན་པ་ཞིག་བྱུང་། ཆེར་གྱུར་ནས་རྒྱལ་ཚབ་ཀྱི་ས་ལ་བཞག་ཀྱང་རབ་ཏུ་བྱུང་བ་ལ་ལྷག་པར་མོས་པས། མཁན་པོ་ཧེ་མ་དེ་ཝཱ་ཞེས་བྱ་བ་ཞིག་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ཀུན་ཆུབ་པར་བྱས། ཡུལ་སྣ་ཚོགས་ཀྱི་ལྷ་ཁང་དང་མཆོད་རྟེན་བལྟ་བའི་ཕྱིར་འཛམ་བུའི་གླིང་དུ་བྱོན། ཀླུ་སྒྲུབ་དཔལ་གྱི་རིར་བཞུགས་པའི་ཞབས་པད་བསྟེན་ཅིང་བཅུད་ལེན་ལ་སོགས་པའི་དངོས་གྲུབ་མང་པོ་ཐོབ་པར་མཛད་ནས་མཐར་སྙིང་པོའི་དོན་གྱི་བསྟན་པའང་གཏད་དོ། །ཀླུ་སྒྲུབ་འདས་པའི་འོག་ཏུ་སེམས་ཅན་གྱི་དོན་མཛད་ཅིང་། རིའི་ལྷ་དང་ཤིང་གི་ལྷ་ལ་སོགས་པ་ལས་ཡོ་བྱད་བླངས་ནས་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། དུས་དེའི་ཚེ་ཤར་ཕྱོགས་ན་ལི་ནའི་གྲོང་ཁྱེར་དུ་བྲམ་ཟེ་ཐུབ་དཀའ་ནག་པོ་བྱུང་ཚུལ་ནི། གྲོང་ཁྱེར་ཁོར་ཏ་ན་ནའི་ཚོང་དཔོན་ཞིག་ལ་བུ་མོ་བཅུ་བྱུང་བ་ཐམས་ཅད་དཀོན་མཆོག་མཆོད་པ་ཡིན་ཞིང་། ཐ་ཆུང་བྲམ་ཟེ་ལོངས་སྤྱོད་ཆེན་པོ་སངྒ་གུ་ཧེ་ཞེས་བྱ་བའི་བག་མར་བྱིན་པས། ནམ་ཞིག་ན་བུ་ཞིག་བཙས་པའི་མིང་ནག་པོར་བཏགས་སོ། །ཕ་མ་ལ་ཤིན་ཏུ་གུས་པས་ཕ་ཁོལ་དང་མ་ཁོལ་ཞེས་གྲགས། དཔའ་བོ་དང་། རྟ་དབྱངས་དང་། ཕ་ཁོལ་དང་། མ་ཁོལ་དང་། ཐུབ་དཀའ་དང་། ཆོས་ལྡན་རབ་འབྱོར་དང་། མ་ཏི་ཙི་ཏྲ་རྣམས་མཚན་གྱི་རྣམ་གྲངས་སུ་གྲགས་པར་བཤད། དེ་ནི་སྔོན་བཅོམ་ལྡན་འདས་འཁོར་འདུས་པའི་དབུས་སུ་ཆོས་གསུང་བའི་དུས་བྱ་རོག་ཅིག་གིས་དབུ་ལ་བྱ་ཐལ་བཏང་སྟེ་སོང་། འཁོར་རྣམས་ཚམས་ཏེ་ཇི་ལྟར་ལགས་ཞུས་པས། སྟོན་པས་འདི་མ་འོངས་པའི་དུས་སུ་མུ་སྟེགས་ཀྱི་པཎྜི་ཏ་རྟ་དབྱངས་ཞེས་བྱ་བར་འགྱུར་ཞེས་ལུང་བསྟན། དེའི་ཚེ་འཁོར་གྱི་ནང་དུ་བྱང་ཆུབ་སེམས་དཔའ་ལག་
ན་པདྨོ་ཞེས་བྱ་བས་མུ་སྟེགས་དེ་བདག་གིས་བརྟུལ་ནས་སངས་རྒྱས་ཀྱི་གདན་ས་ལ་འཇུག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པར་གྲགས། ཁ་ཅིག་དབང་ཕྱུག་སྒྲུབ་པས་གྲུབ་སྟེ་ཞལ་བསྟན་པའི་ཚེ་ཅི་འདོད་གསུངས་པར་ཕྱོགས་ལས་རྣམ་པར་རྒྱལ་བ་འདོད་ཞུས་པས། མངལ་སྐྱེས་ཐམས་ཅད་ཀྱིས་ཐུབ་པར་མ་གྱུར་ཅིག་ཅེས་པའི་མཐུ་ཡིན་ཡང་ཟེར་གང་ལྟར་ཡང་སངས་རྒྱས་ཀྱི་བསྟན་པ་རྩོད་པས་ཕམ་པར་བྱས་པ་ན། ན་ལེནྡྲའི་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས། ཨརྱ་དེ་་བ་སྤྱན་འདྲེན་པའི་འཕྲིན་ཡིག་བྲིས་ཏེ་ནག་པོ་ཆེན་པོ་ལ་གཏོར་མ་ཕུལ་གསོལ་བ་བཏབ་པས། ནག་པོ་ཆེན་པོའི་རྡོ་སྐུ་རང་བྱོན་གྱི་ཐུགས་ཀ་ནས་བྱ་རོག་ཅིག་བྱུང་བ་དེའི་མགུལ་དུ་ཡི་གེ་བཏགས་ཏེ་འཕུར་སོང་བ་སློབ་དཔོན་གྱིས་ཀྱང་འདུལ་བའི་དུས་མཁྱེན་ནས་རྐང་མགྱོགས་ཀྱི་རྫས་ལ་བརྟེན་ནས་བྱོན་ནོ། །ལམ་དུ་མུ་སྟེགས་ཀྱི་བུད་མེད་གཅིག་དངོས་གྲུབ་ཀྱི་རྫས་ཀྱི་དོན་དུ་མཁས་པའི་མིག་དགོས་པ་བྱུང་བར་སྤྱན་ཡ་གཅིག་སློང་བ་ལ་བྱིན། ཐུན་ཚོད་གཅིག་ཙམ་ལ་ན་ལེནྡྲར་ཕེབས། དེར་མུ་སྟེགས་རྣམས་བཏུལ། ལན་གསུམ་བརྩད་ཀྱང་མ་ཐུབ། རིག་སྔགས་ཀྱི་མཐུས་ནམ་མཁའི་ལམ་ལས་འབྲོས་པར་བརྩམས་པ་ལས། སློབ་དཔོན་གྱིས་དེའི་རིག་སྔགས་བཅིངས་ཏེ་བཟུང་ནས་གཙུག་ལག་ཁང་ཞིག་ཏུ་བཙོན་དུ་བཅུག་པ་ན་གླེགས་བམ་རྣམས་བཀླགས་པས་རང་ཉིད་ལུང་བསྟན་པའི་མདོ་སྡེ་མཐོང་ནས། སླར་བསྟན་པ་ལ་བྱ་བ་མ་ཡིན་པ་བྱས་པ་ལ་འགྱོད་ནས་སངས་རྒྱས་ལ་དད་དེ་རབ་ཏུ་བྱུང་། རིང་པོར་མི་ཐོགས་པར་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་པ་ན་མནལ་ལམ་དུ་འཕགས་མ་སྒྲོལ་མས་ལུང་བསྟན་ཏེ། ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་བསྟོད་པ་མང་དུ་གྱིས་ཤིགསྔོན་:ཆོས༼ཆད་༽སྡིག་བསགས་པའི་ལས་སྒྲིབ་བྱང་བར་འགྱུར་རོ་ཞེས་པའི་ལུང་བསྟན་གྱིས་བསྐུལ་ཏེ། བསྔགས་འོས་ལ་བསྔགས་པའི་བསྟོད་པ་བརྒྱ་རྩ་བརྒྱད་དང་། བསྟོད་པ་རྣམས་ཀྱི་ནང་ནས་བསྟོད་པ་བརྒྱ་ལྔ་བཅུ་པ་མཛད་དེ། སློབ་དཔོན་འདིས་མཛད་པའི་བསྟོད་པ་རྣམས་སངས་རྒྱས་ཀྱི་བཀའ་དང་མཉམ་པར་བྱིན་ཆེ་སྟེ་རྒྱལ་བ་ཉིད་ཀྱིས་བསྟོད་པ་བྱེད་པར་ལུང་བསྟན་པའི་ཕྱིར་རོ། །སློབ་དཔོན་
ཨཱརྱ་དེ་བ་ཡུན་རིང་ན་ལེནྡྲར་བཞུགས་ནས་མཐར་སྒྲ་གཅན་འཛིན་བཟང་པོ་ལ་སྙིང་པོའི་བསྟན་པ་གཏད་ནས་སྐུ་འདས་སོ། །
ཀླུ་སྒྲུབ་ཀྱི་སློབ་མ་ཀླུ་བོས་དང་གྲུབ་ཐོབ་ཤིང་ཁཱི་པ།
༈ སློབ་དཔོན་དེ་དང་དུས་མཚུངས་ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་ཀླུ་བོས་ཞེས་བྱ་བ་བྱུང་། ཀླུའི་ཡུལ་དུ་ལན་བདུན་བྱོན་པར་གྲགས། ཐེག་ཆེན་གྱི་མདོ་རྣམས་ལ་བཤད་པ་མཛད་ཅིང་། ད་ལྟ་བོད་ན་ཡོད་པའི་སྐུ་གསུམ་གྱི་བསྟོད་པ་ཡང་སློབ་དཔོན་འདིས་མཛད་པ་ཡིན་པར་གྲགས། འདིས་དཔལ་ན་ལེནྡྲའི་མཁན་པོ་ཡང་ཡུན་རིང་བྱས་ཤིང་ཀླུ་སྒྲུབ་ཀྱི་སློབ་མའོ། ༈ །ཡང་ཀླུ་སྒྲུབ་ཀྱི་སློབ་མ་གྲུབ་ཐོབ་ཤིང་ཁཱི་པ་ཞེས་བྱ་བ་ཞིག་བྱུང་སྟེ། སློབ་དཔོན་འཁོར་བཅས་ཆོས་གསུངས་བ་ན། དེ་བློ་ཤིན་ཏུ་རྟུལ་བས། ཚིགས་བཅད་གཅིག་ཁོ་ན་ཡང་ཉིན་ཞག་མང་པོར་འཛིན་མི་ཐུབ་པ་ལ། ཀྱལ་ཀའི་ཚུལ་གྱིས་མགོ་ལ་རྭ་སྐྱེས་པར་སྒོམས་ཤིག་ཅེས་གསུངས་པས། དེས་ཀྱང་བསྒོམ་པ་ན་དམིགས་པ་ཤིན་ཏུ་རྣོ་བས། དེ་མ་ཐག་ཏུ་རེག་མཐོང་གི་མཚན་མ་གྲུབ་ནས། རང་སྡོད་པའི་ཕུག་པ་ལ་རྭ་ཐོགས་སོ། །སློབ་དཔོན་གྱིས་དབང་པོ་རྣོ་བར་མཁྱེན་ཏེ། ཡང་རྭ་དེ་མེད་པར་སྒོམ་དུ་བཅུག་པས་མེད་པར་སོང་། དེ་ལ་རྫོགས་རིམ་གྱི་ཁྱད་པར་འགའ་ཞིག་བསྟན་ནས་སྒོམ་དུ་བཅུག་པས་མི་རིང་བར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། སློབ་དཔོན་འཁོར་བཅས་ཀྱིས་ཟླ་བ་དྲུག་ཏུ་དངུལ་ཆུའི་བཅུད་ལེན་བསྒྲུབས་སོ། །གྲུབ་ནས་སློབ་མ་སོ་སོ་ལ་རིལ་བུ་རེ་འགྱེད་པ་ན་དེས་མགོ་ལ་གཏུགས་ཏེ་ཅི་བདེ་བར་བོར་སོང་བས། སློབ་དཔོན་གྱིས་བཀའ་བཀྱོན་པར། བདག་ལ་ནི་འདིའི་དགོས་པ་མ་མཆིས། སློབ་དཔོན་ཉིད་འདི་ལྟ་བུ་བཞེད་ན། ཇི་ཙམ་དགོས་པ། སྣོད་ཆུས་གང་བའི་སྟ་གོན་མཛོད་ཅིག་ཅེས་ཟེར་རོ། །དེར་སྣོད་ཆེན་པོ་སྟོང་ཕྲག་གཅིག་ཆུས་གང་བར་བྱས་པ་ལ། དེ་ཉིད་ཀྱིས་དྲི་ཆུས་ཐིགས་པ་རེ་སྣོད་དེ་དག་ཏུ་བླུག་པས་ཐམས་ཅད་གྲུབ་པའི་བཅུད་ལེན་གསེར་འགྱུར་གྱི་རྩིར་གྱུར་ཏོ། །སློབ་དཔོན་གྱིས་དེ་ཐམས་ཅད་བྲག་ཕུག་བགྲོད་དཀའ་བ་ཞིག་ཏུ་གཏེར་དུ་སྦས་ནས་མ་འོངས་པའི་སེམས་ཅན་གྱི་དོན་བྱེད་པར་སྨོན་ལམ་
བཏབ་བོ། །བློ་རྟུལ་གྲུབ་པ་ཐོབ་པ་དེ་ལ་ཤིང་ཁཱི་པ་སྟེ་རྭ་ཅན་པ་ཞེས་བྱ་བའོ། །
སློབ་དཔོན་མ་ཁོལ།
༈ དེ་ནས་རྒྱལ་པོ་ཟླ་བ་སྦས་པའི་བུ་སྙིང་པོ་ཐིག་ལེ་ཞེས་བྱ་བ་བྱུང་། དེའི་བློན་པོ་བྲམ་ཟེ་ཙ་ར་ཀ་ཞེས་བྱ་བས་གཤིན་རྗེ་གཤེད་ཀྱི་རིག་སྔགས་གྲུབ་པས་མཐུ་ཤིན་ཏུ་ཆེ་བར་གྱུར། གྲོང་ཁྱེར་བཅུ་དྲུག་ཙམ་གྱི་རྒྱལ་བློན་མང་པོ་མངོན་སྤྱོད་ཀྱི་ལས་ཀྱིས་བསད་ཅིང་། སྨྱོ་བ་དང་། བསྐྲད་པ་དང་། དབྱེ་བ་དང་། རེངས་པ་དང་། ངག་ལྐུགས་པ་ལ་སོགས་བྱས་པའི་སྡིག་པས་ལུས་ཚལ་པར་གས་པའི་ནད་ཀྱིས་དམྱལ་བར་སྐྱེས། རྒྱལ་པོ་དེའི་ཚེ་གྲོང་ཁྱེར་མེ་ཏོག་ཅན་དུ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བའི་གཙུག་ལག་ཁང་དུ་སློབ་དཔོན་མ་ཁོལ་བཞུགས་ཏེ་ཐེག་པ་ཆེ་ཆུང་གི་ཆོས་ཤིན་ཏུ་དར་བར་མཛད། སློབ་དཔོན་དེའི་སྐུ་ཚེའི་སྨད་ལ་སྙིང་པོ་ཐིག་ལེའི་ནུ་བོའི་བུ་རྒྱལ་པོ་ཤྲི་ཙནྡྲས་རྒྱལ་སྲིད་བྱས། དེས་སྤྱན་རས་གཟིགས་ཀྱི་ལྷ་ཁང་བཞེངས་ནས་ཐེག་ཆེན་སྨྲ་བའི་དགེ་སློང་ཉིས་སྟོང་ལ་འཚོ་བ་སྦྱར། མཁན་པོ་སྒྲ་གཅན་འཛིན་གྱིས་མཛད་ཏེ། དེར་དྲིའི་གཙང་ཁང་བཅུ་གཉིས་བཞེངས་ནས་ཆོས་གཞི་མི་འདྲ་བ་ཡང་བཅུ་བཞི་བཙུགས། རྒྱལ་པོ་ཤྲི་ཙནྡྲས་རྒྱལ་སྲིད་ལོ་མང་ཙམ་སོང་བ་ན། ནུབ་ཕྱོགས་མ་ལ་ཝེའི་ཡུལ་དུ་རྒྱལ་པོ་ཀ་ཎི་ཀ་ལོ་གཞོན་ནུ་ཞིག་ལ་རྒྱལ་སར་བསྐོས་ཏེ། རིན་པོ་ཆེའི་འབྱུང་ཁུངས་ཉི་ཤུ་རྩ་བརྒྱད་གསར་དུ་བརྟོལ་བ་ལ་སོགས་པ་དཔལ་འབྱོར་ཆེན་པོ་གནས་པར་བྱེད། ཕྱོགས་བཞིར་གཙུག་ལག་ཁང་ཆེན་པོ་རེ་རེ་ཡང་བཞེངས། ཐེག་པ་ཆེ་ཆུང་གི་དགེ་སློང་སུམ་ཁྲི་རེ་རྟག་ཏུ་མཆོད་དོ། །དེ་ནི་རྒྱལ་པོ་ཀ་ཎི་ཀ་གོང་གི་དེ་དང་མི་གཅིག་པར་གྲགས། ༈ དེ་ནས་ཤར་ཕྱོགས་སུ་རྒྱལ་པོ་ཤྲི་ཙནྡྲའི་བུ་དྷརྨ་ཙནྡྲ་བྱ་བ་བྱུང་། འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་མཆོད་པ་རྒྱ་ཆེར་བྱས། དེའི་ཚེ་ཡུལ་མོ་མ་ཏཱ་ན་སྟག་གཟིག་གི་རྒྱལ་པོ་གཅིག་ཡོད་ལ། དེ་དང་རྒྱལ་པོ་དྷརྨ་ཙནྡྲ་གཉིས་རེས་འཁྲུག་རེས་བསྡུམ་པ་མང་དུ་བྱས་ནས་ཕན་ཚུན་སྐྱེས་བསྐུར་རེས་བྱས་ཏེ་ལན་གཅིག་ཉི་འོག་རྒྱལ་པོས་དྷརྨ་སྟག་གཟིག་རྒྱལ་པོ་ལ་ཟ་འོག་གི་གོས་སྲུབས་མེད་པ་ཐག་རིས་ལ་སྙིང་གའི་ཐད་དུ་རྐང་རྗེས་འདྲ་བ་བྱུང་བ་
ཞིག་བསྐུར་བ་ལ། ངན་སྔགས་བྱེད་དོ་སྙམ་དུ་ཐེ་ཚོམ་སྐྱེས། ཡང་ཀེ་ལེའི་འབྲས་བུ་ཁ་ཕྱེ་བའི་ནང་དུ་རིག་སྔགས་ཀྱི་འཁོར་ལོ་གྲོ་ག་ལ་བྲིས་པ་རླུང་གིས་བསྐྱོད་ནས་རང་ཤུགས་སུ་ཚུད་པ་ན། ནམ་ཞིག་ཤིང་ཏོག་གི་སྐྱེས་བསྐུར་བས་ཤིང་ཏོག་གི་ནང་ནས་སྔགས་ཀྱི་འཁོར་ལོ་བྱུང་བས། ངེས་པར་ངན་སྔགས་བྱེད་དོ་སྙམ་ནས། དེར་དམག་དྲངས་ཏེ་མ་ག་དྷའི་ཡུལ་ཀུན་བཅོམ་ནས་གཙུག་ལག་ཁང་མང་པོ་ཞིག་ཀྱང་བཤིགས། དཔལ་ན་ལེནྡྲར་ཡང་གནོད་པ་ཆེར་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་ལ་དགྲ་བར་པ་བྱུང་ངོ་། །
སངས་རྒྱས་ཀྱི་བསྟན་པ་ལ་དགྲ་བར་པ་བྱུང་བ།
༈ དེའི་རྗེས་སུ་དྷརྨ་ཙནྡྲའི་ཞང་པོའི་བུ་ཝ་ར་ཎ་སིའི་རྒྱལ་པོ་སངས་རྒྱས་ཕྱོགས་ཞེས་བྱ་བ་ཞིག་བྱུང་། དེ་རྒྱ་ནག་པོའི་ཡུལ་དུ་མདོ་སྡེ་སྨྲ་བའི་སློབ་དཔོན་འགའ་ཞིག་བརྫངས་པའི་དྲིན་ལན་དུ་གསེར་མི་ཁུར་བརྒྱ་ལ་སོགས་པ་མི་སྟོང་ཕྲག་བཅུའི་ཁུར་གྱི་ཡོ་བྱད་བཟང་པོ་དག་གི་སྐྱེས་བྱིན་ནོ། །ནོར་དེ་དག་གིས་དབུས་དང་ནུབ་ཕྱོགས་ཀྱི་རྒྱལ་ཕྲན་གཙོ་བོ་རྣམས་མགུ་བར་བྱས་ནས། ཐམས་ཅད་ཀྱིས་དམག་གི་དཔུང་རོགས་དང་བཅས་ཏེ་སྟག་གཟིག་གི་རྒྱལ་པོ་དང་དཔའ་བོ་ཕལ་ཆེར་བསད། ཉི་འོག་དང་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཕལ་ཆེར་ལ་སངས་རྒྱས་ཕྱོགས་ཀྱིས་ལུང་བཏང་ནས་སྔར་གྱི་ལྷ་ཁང་ཉམས་པ་ཐམས་ཅད་གསོས། དཔལ་ན་ལེནྡྲར་ཆོས་གཞི་བརྒྱད་ཅུ་རྩ་བཞི་བཙུགས་པ་ལས་རྒྱལ་པོ་ཉིད་ཀྱིས་བདུན་ཅུ་རྩ་གཅིག། གཞན་རྣམས་བཙུན་མོ་དང་བློན་པོས་བཙུགས། དགེ་འདུན་རྣམས་རྒྱལ་པོའི་ཁང་བཟང་གི་རྩེ་མོར་མཆོད་ཅིང་། མུ་སྟེགས་བྱེད་རྣམས་ལ་སྒོ་ཁང་གི་ཕྱི་རོལ་དུ་ཟས་དག་སྟེར་རོ། །དེ་ནས་ལྷོ་ཕྱོགས་ཀྱི་ཡུལ་ཀྲྀཥྞ་རཱ་ཛར་སློབ་དཔོན་མཱ་ལེ་ཀ་བུ་དྷི་ཞེས་བྱ་བ་བྱུང་། ཆོས་གཞི་ཉི་ཤུ་ཙམ་བཙུགས་ཐེག་ཆེན་དར་བར་བྱས། མཐར་ཏུཥྐཱི་དམག་གིས་བཀྲོངས་ཁྲག་འོ་མར་ཟགས། ཁོང་ནང་ནས་མེ་ཏོག་མང་པོ་ཐོན་ནས་བར་སྣང་ཁེངས་པར་བྱས་སོ། །སློབ་དཔོན་ཀུན་ཏུ་བཟང་པོ་ཞེས་བྱ་བ་གཅིག་ཀྱང་བྱུང་སྟེ་དེས་ཀྱང་བསྟན་པ་ལ་བྱ་བ་ཆེར་བྱས་འགྲོ་ཕན་རྒྱ་ཆེར་བྱུང་བར་གྲགས་སོ། །
ཝ་ར་ཎ་སིའི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་སླར་བསྟན་པ་སྤེལ་བ།
༈ དེ་ལྟར་ལོ་བཞི་བཅུ་ཙམ་དུ་ཆོས་ཤིན་ཏུ་དར་བར་ཡོད་པ་ལས། རྒྱལ་པོའི་བློན་པོ་ཀ་ཀུ་ཏ་སེངྷ་ཞེས་བྱ་བ་ཞིག་གིས་ན་ལེནྡྲར་ལྷ་ཁང་ཞིག་བཞེངས་པའི་ཞལ་བསྲོའི་དུས་མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པའི་མུ་ཏོ་བ་གཉིས་སློང་དུ་ཡོང་བ་ལ། དགེ་ཚུལ་གཏུམ་པོ་རྣམས་ཀྱིས་ཁྲུས་ཁུ་གཏོར། སྒོ་གླེགས་ཀྱི་བར་དུ་བཙིར། ཁྱི་གཏུམ་པོ་དག་རྦད་པས། དེ་གཉིས་ཤིན་ཏུ་ཁྲོས་ཏེ། གཅིག་གིས་འཚོ་བ་སྦྱོར་བ་བྱས། གཅིག་གིས་སའི་གཏིང་དོང་རིང་པོར་ཞུགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ཉི་མ་སྒྲུབ་པས་གྲུབ་སྟེ། སྦྱིན་སྲེག་བྱས་པའི་ཐལ་བ་ལ་སྔགས་བཟླས་ཏེ་གཏོར་བ་ཙམ་གྱིས་མེ་རང་འབར་དུ་བྱུང་བས། སངས་རྒྱས་པའི་ལྷ་ཁང་མང་པོ་མེར་བསྲེགས། ཁྱད་པར་དཔལ་ན་ལེནྡྲའི་དྷརྨ་པཉྫ་སྟེ། གསུང་རབ་ཐམས་ཅད་བཞུགས་པའི་གཙུག་ལག་ཁང་རཏྣ་སཱ་གཱ་ར། རཏྣ་ད་དྷི། རཏྣ་རཎྜ་ཀཞེས་བྱ་བ་གསུམ་བསྲེགས། དེའི་ཚེ་རཏྣ་ད་དྷི་ཞེས་བྱ་བའི་གཙུག་ལག་ཁང་དགུ་ཐོག་ཏུ་ཐེག་ཆེན་གྱི་མདོ་སྡེ་བཞུགས་པའི་གླེགས་བམ་ལས་ཆུའི་རྒྱུན་ཆེན་པོ་བྱུང་ནས་མེ་བསད་དེ་གླེགས་བམ་མང་པོ་ཞིག་མ་ཚིག་པར་ལུས་པ་གསང་འདུས་སོགས་སྔགས་ཀྱི་སྐོར་ཡིན་པར་གྲགས་སོ། །མུ་སྟེགས་དེ་གཉིས་ཀྱང་རྒྱལ་པོའི་ཆད་པས་འཇིགས་ཏེ་བྲོས་པར་བརྩམས་པ་ན་ལུས་ལ་མེ་རང་འབར་ནས་ཤིའོ། །དེ་ནས་ཕྱོགས་དང་ཕྱོགས་ཀྱི་དགེ་སློང་མང་དག་འདུས། བློ་ལ་བཞུགས་པ་དང་། གླེགས་བམ་ལ་བཞུགས་པ་ཐམས་ཅད་ཡི་གེར་སྤེལ། རྒྱལ་པོ་སངས་རྒྱས་ཕྱོགས་དང་། བྲམ་ཟེ་ཤངྐུ་དང་། བྲམ་ཟེ་ཕུར་བུ་དང་། ཁྱིམ་བདག་དད་པ་ཅན་མང་པོས་ལྷ་ཁང་མེས་ཚིག་པ་རྣམས་གསོས་སོ། །དེ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་སྔོན་མི་ཡུལ་དུ་བྱོན་པ་རྣམས་ཆ་བཅོ་ལྔར་བཏང་བའི་ཆ་གཉིས་ཙམ་དམ་པའི་ཆོས་ཀྱི་དགྲ་སྔ་མ་གཉིས་ཀྱིས་ནུབ། ཆ་གཅིག་ཙམ་དགྲའི་གནོད་པ་ལ་མ་ལྟོས་པར་ཡང་ནུབ། ལྷག་མ་ཆ་དགུ་ཙམ་མེའི་གནོད་པས་ནུབ་པས། ད་ལྟ་ཆ་གཅིག་ཙམ་ཞིག་ལུས། དེ་ལ་དཀོན་བརྩེགས་འདུས་པ་སྟོང་ཕྲག་གཅིག་ལས་བཞི་བཅུ་ཞེ་དགུ་ལུས། ཕལ་ཆེན་ལེའུ་སྟོང་ལས་སོ་བརྒྱད་ལུས། འདུས་པ་ཆེན་པོའི་དུམ་བུ་སྟོང་ལས་དུམ་བུ་དགུ་ལུས། ལང་གཤེགས་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ཉི་ཚེ་ཙམ་པས་མཚོན་ནོ། །
༈ དེ་ལ་བྲམ་ཟེ་ཤངྐུ་ནི་བྲམ་ཟེ་ས་ཏོ་ཞེས་པའི་བུ་སྟེ། དེས་དབང་ཕྱུག་ཆེན་པོའི་རིག་སྔགས་གྲུབ་པས་ཡུལ་གྱི་ཀླུ་འདུལ་བར་བརྩམས་པ་ན་མ་ཐུལ་ཏེ། ཀླུས་གནོད་པས་ཤི་བ་ན། དེའི་ཆུང་མས་ཕུང་པོ་ཁྱེར་ཏེ་སོང་ནས། འདི་གསོ་བར་ནུས་པ་སུ་ཡོད་ཅེས་བསྒྲགས་པས་ལན་ཅིག་བུད་མེད་ཅིག་བྱུང་ནས་ཆུ་ལ་སྔགས་བཟླས་ཏེ། དེའི་ལུས་བཀྲུས་པས་སླར་གསོས་སོ། །དེ་ནས་ཀླུ་འདུལ་བའི་མན་ངག་འཚོལ་དུ་ཕྱིན་པ་ན། བུད་མེད་མཁའ་འགྲོའི་རིགས་ཅན་ཞིག་དང་འཕྲད་ནས་ཞུས་པར། ཁྱོད་རིག་སྔགས་ཀྱི་སྣོད་ཀྱང་མ་ཡིན། དམ་རྫས་ཀྱང་རྙེད་དཀའ་འོ་ཟེར་ནས་མ་གནང་ཡང་ནན་གྱིས་ཞུས་པས། འོ་ན་དམ་རྫས་ཁྱི་མོ་ནག་རྐྱང་གི་འོ་མ་བསྐོལ་བའི་འོ་ཐུག་སྙིམ་པ་བརྒྱད་དགོས་པར་བཙལ་ནས་རིག་སྔགས་ཞུས་པས། དེས་སྔགས་བཏབ་ནས་འཐུང་དུ་བཅུག་གོ། སྙིམ་པ་དྲུག་གིས་ལྟོ་བ་གང་སྟེ། དེ་ལྷག་འཐུང་མ་ནུས་སོ། །དེར་མཁའ་འགྲོ་མ་དེས་འདི་མ་འཐུང་ན་ཁྱོད་སྦྲུལ་གྱིས་གསོད་དོ་བྱས་པས། སླར་ཡང་སྙིམ་པ་གཅིག་འཐུང་། སྙིམ་པ་ལྷག་གཅིག་ཐབས་ཇི་ལྟར་བྱས་ཀྱང་འཐུང་མ་ནུས་སོ། །དེར་མཁའ་འགྲོ་མ་དེས་ངས་དང་པོ་ནས་ཁྱོད་ཉིད་སྣོད་མ་ཡིན་ནོ་ཞེས་མ་སྨྲས་སམ། ད་ཁྱོད་ཀྱིས་ཀླུ་རིགས་བདུན་འཐུལ་གྱིས་ནོར་རྒྱས་གྱི་རིགས་ནི་མ་ཡིན་ཏེ་མཐར་ནོར་རྒྱས་ཀྱི་ཀླུའི་གནོད་པས་འཆི་བར་འགྱུར་རོ་ཞེས་གསུངས། དེ་ནས་དེ་མཐུ་དང་རྫུ་འཕྲུལ་ཤིན་ཏུ་ཆེ་བས་ཀླུ་རྣམས་མངགས་གཞུག་ཏུ་བསྐུལ་ནས་ཕན་གནོད་ཀྱི་ལས་གང་ཡང་ཐོགས་མེད་ཏུ་བྱེད་པ་བྱུང་། དེ་ནས་ཤངྐུ་དེས་ལྷོ་ཕྱོགས་ཀྱི་ཡུལ་ནམ་མཁའ་ལྡིང་གི་མཆོད་སྡོང་རྡོ་རིང་ཞིག་བཙུགས་ཏེ། དེ་ལ་མཆོད་པ་ཙམ་གྱིས་དུག་ནད་ཞི་བ་དང་ཁྲུས་གསོལ་བའི་ཁུ་བས་ཁྲུས་བྱས་པ་ན་ཀླུ་ནད་སེལ་བ་དག་བྱུང་ངོ་། །བྲམ་ཟེ་ཕུར་བུ་ནི་ཀུ་རུ་ཀུལླེའི་རིག་སྔགས་གྲུབ་པ་སྟེ། སངས་རྒྱས་ཀྱི་ལྷ་ཁང་མང་དུ་བཞེངས་པ་དང་། དགེ་འདུན་མང་པོ་ལ་དུས་སྟོན་ཡང་བཙུགས་སོ། །དུས་དེར་རྒྱལ་པོ་སངས་རྒྱས་ཕྱོགས་དང་། དེའི་རྗེས་སུ་དྷརྨ་ཙནྡྲའི་ཚ་བོ་ཀརྨ་ཙནྡྲ་ཞེས་བྱ་བ་བྱུང་སྟེ། དེ་དག་གི་རིང་ལ་སློབ་དཔོན་དགའ་བྱེད་སྙན་པ་དང་། སློབ་དཔོན་རྟ་དབྱངས་ཆུང་བ་དང་། སྒྲ་
གཅན་འཛིན་བཟང་པོའི་སློབ་མ་སྒྲ་གཅན་འཛིན་བཤེས་གཉེན་ཡིན་ལ། དེའི་སློབ་མ་ཀླུའི་བཤེས་གཉེན་རྣམས་བྱུང་། དེ་དག་གིས་ཐེག་ཆེན་དར་བར་མཛད་དོ། རྒྱལ་པོ་ཀརྨ་ཙནྡྲ་རྒྱལ་སྲིད་སྐྱོང་བཞིན་པའི་དུས། རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་བུ་ཟབ་མོའི་ཕྱོགས་ཞེས་བྱ་བས་ལོ་བཞི་བཅུར་ཉེ་བ་རྒྱལ་སྲིད་བྱས་སོ། །དེའི་དུས་འཕགས་པ་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན་དང་། སངས་རྒྱས་འབངས་དང་། དགེ་འདུན་འབངས་རྣམས་ཀྱི་སྐུ་ཚེའི་སྟོད་ཀྱི་དུས་སོ། །
གསང་སྔགས་ཀྱི་བསྟན་པ་དར་ཚུལ།
འཕགས་པ་ཐོགས་མེད།
གསང་སྔགས་ནི་ས་ར་ཧ་དང་ཀླུ་སྒྲུབ་ཡབ་སྲས་དང་གྲུབ་ཐོབ་ཤ་ཝ་རི་པའི་བར་དུ་བརྒྱུད་པ་ནས་བརྒྱུད་པར་རྗེས་སུ་བཟུང་བ་ཡོངས་སུ་གྲགས་པ་ལྟར་ཡོད་པར་མངོན་ལ། གཞན་དུ་དེ་ཡན་ཆད་ཀྱི་སློབ་དཔོན་སྔགས་ལམ་ལ་སྤྱོད་པ་བསམ་གྱིས་མི་ཁྱབ་པ་བྱུང་བ་ཐམས་ཅད་འཇའ་ལུས་སུ་གྱུར་ནས་དེའི་རྗེས་སུ་གདམས་པ་བཞག་པའང་མེད་པར་མངོན། ཤིན་ཏུ་གསང་བའི་སྒོ་ནས་ཉམས་ལེན་མཛད་པས་དངོས་གྲུབ་ཀྱི་རྟགས་མཚན་མ་ཐོན་གྱི་བར་དུ་སྔགས་ལམ་པ་ཡིན་མིན་ཀྱང་ཤེས་དཀའ་འོ། །༈ དེ་ལ་འཕགས་པ་ཐོགས་མེད་ཀྱི་ལོ་རྒྱུས་ནི། སྔོན་འཕགས་པ་སྤྱན་རས་གཟིགས་ལ་ཡི་དམ་དུ་བྱེད་པའི་དགེ་སློང་ཞིག་གིས་དགེ་སློང་གཞན་ཞིག་དང་བརྒལ་བརྟག་བྱེད་པའི་ཚེ་ང་རྒྱལ་གྱིས་དེ་ལ་བུད་མེད་ཀྱི་རིག་པ་ཅན་འདི་ཞེས་སྨད་པས། དེར་སྤྱན་རས་གཟིགས་ཀྱིས་ཁྱོད་ཀྱི་ལས་དེས་སྐྱེ་བ་མང་པོར་བུད་མེད་དུ་སྐྱེ་བར་འགྱུར་རོ། །འོན་ཀྱང་ཁྱོད་ཀྱིས་བྱང་ཆུབ་མ་ཐོབ་བར་དུ་ངས་ཁྱོད་ཀྱི་བཤེས་གཉེན་བྱའོ། །ཞེས་གསུངས་པས་བྲམ་ཟེ་མོ་གསལ་བའི་ངང་ཚུལ་མ་ཞེས་བྱ་བ་ཞིག་ཆུང་ངུ་ནས་རང་གི་སྐྱེ་བ་དྲན་པ་དང་འཕགས་པ་སྤྱན་རས་གཟིགས་མཆོད་པ་ཞིག་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་རྒྱལ་རིགས་དང་འདུས་པ་ལས་འཕགས་པ་ཐོགས་མེད་བྱུང་བ་ཁྱེའུ་མཚན་དང་ལྡན་པ་དེ་ཆེར་སྐྱེས་པ་ན། མས་དམ་པའི་ཆོས་དར་བའི་ཕྱིར་ཡིན་པས་རབ་ཏུ་བྱུང་ནས་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པར་གྱིས་ཤིག། ཅེས་གསུངས་པ་ལྟར་བྱས་པས། སྡེ་སྣོད་གསུམ་དང་ཐེག་ཆེན་གྱི་མདོ་
ཕལ་ཆེར་རྟོགས་པར་སླ་ཡང་ཤེར་ཕྱིན་གྱི་དོན་རྟོགས་དཀའ་བས། སློབ་དཔོན་ཨརྷ་ཏས་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་དུ་དབང་བསྐུར་བས་མེ་ཏོག་རྒྱལ་བ་མ་ཕམ་པ་ལ་ཕོག་པ་ལྟར་རི་བོ་བྱ་རྐང་ཅན་དུ་བྱམས་པ་ལོ་གསུམ་ཚན་བཞི་སྟེ་བཅུ་གཉིས་ཀྱི་བར་བསྒྲུབས་སོ། །དེར་བྱམས་པས་ཞལ་བསྟན་ནས་ཅི་འདོད་གསུང་བ་ན། ཐེག་ཆེན་དར་བར་ཞུས་པས། ངའི་གོས་ཀྱི་མཐའ་ལ་འཇུས་ཤིག་གསུངས་ནས་དགའ་ལྡན་དུ་ཁྲིད་པར་མཛད་དེ་ལོ་ཉེར་ལྔ་བཞུགས་ནས་ཐེག་ཆེན་གྱི་ཆོས་མཐའ་དག་གསན་པས་མདོ་སྡེ་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད། བྱམས་པའི་ཆོས་ལྔ་གསན་པ་ན་དོན་ཚན་རེ་རེ་གསན་པ་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་རེ་ཐོབ། སླར་ཡང་མི་ཡུལ་དུ་བྱོན་ནས་མ་ག་དྷའི་ཡུལ་གྱི་ཕྱོགས་སི་ལུ་པ་ན་ཞེས་བྱ་བའི་གནས་སུ་གཙུག་ལག་ཁང་མཛད་དེ་བཞུགས་ནས་ཁྲིམས་ལྡན་མང་ཐོས་བརྒྱད་ལ་ཆོས་ཟབ་མོ་དག་བཀྲལ་ཅིང་བསྟན། གནས་དེ་ལ་ཆོས་ཀྱི་མྱུ་གུའི་དགོན་པར་གྲགས། དེར་བྱམས་པའི་ཆོས་ལྔ་ཡང་ཡི་གེར་བཀོད། མངོན་པ་ཀུན་ལས་བཏུས་དང་། ཐེག་བསྡུས་དང་། ས་སྡེ་ལྔ་དང་། མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་ལ་སོགས་པ་བསྟན་བཅོས་ཕལ་ཆེར་མཛད། དེ་ལྟར་སློབ་དཔོན་དེ་ཉིད་དང་སློབ་མའི་མཆོག་བརྒྱད་དང་བཅས་པ་རྣམས་ཀྱིས་ཆོས་བསྟན་པས། ཐེག་པ་ཆེན་པོ་ལ་རིགས་སད་ཅིང་མདོ་སྡེའི་དོན་ལ་བློ་གྲོས་རྒྱས་པ་སྟོང་ཕྲག་བརྒལ་བ་ཙམ་བྱུང་སྟེ། བར་སྐབས་སུ་བསྟན་པ་ལ་དགྲ་བྱུང་ནས་ནུབ་པ་སླར་ཡང་དར་བར་གྱུར་ཏོ་ཞེས་ཕྱོགས་ཀུན་ཏུ་གྲགས་སོ། །དེ་ཡང་སྔོན་ཐེག་པ་ཆེན་པོ་ཤིན་ཏུ་དར་བའི་ཚེ་ཡང་ཐེག་ཆེན་གྱི་དགེ་སློང་ཁྲི་ཕྲག་ཏུ་ལོང་པ་ནི་མེད། ཀླུ་སྒྲུབ་ཀྱི་ཚེ་ཡང་དགེ་འདུན་ཕལ་ཆེར་ཉན་ཐོས་ཡིན། རྒྱུ་མཚན་དེ་རྣམས་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་བསྟན་པ་མཐའ་དག་གི་བདག་པོ་ཡིན་ནོ་ཞེས་གྲགས་སོ། །
གཅུང་དབྱིག་གཉེན།
༈ གཅུང་དབྱིག་གཉེན་ནི། བོད་ན་འཕགས་པའི་མཚེ་མའི་སྐུ་མཆེད་དུ་འདོད་པ་དང་། འགའ་ཞིག་ཆོས་ཀྱི་སྐུ་མཆེད་དུ་འདོད་པར་སྣང་ཡང་། འཕགས་ཡུལ་མཁས་པ་ལ་དེ་ལྟར་མ་གྲགས་ཏེ། ཡབ་མི་གཅིག་པའི་སྐུ་མཆེད་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་ལོ་འཁྲུངས་པ་
ལ། ཡུམ་གྱིས་བསྟན་པ་སྤེལ་དགོས་ཚུལ་གཅེན་ཐོགས་མེད་དང་འདྲ། ན་ལེནྡྲར་རབ་ཏུ་བྱུང་ནས་ཉན་ཐོས་ཀྱི་སྡེ་སྣོད་མཐའ་དག་ལ་མཁས་པར་བྱས་ཀྱང་མངོན་པའི་མཐའ་མ་རྟོགས་པའི་ཕྱིར་ཁ་ཆེར་སློབ་དཔོན་སངྒ་བྷ་དྲ་གཙོ་བོར་བསྟེན་ནས། བྱེ་བྲག་ཏུ་བཤད་པ་སོགས་རྟོག་གེའི་ཚུལ་མཐའ་དག་ལ་བྱང་ཞིང་མཁས་པར་བྱས་ནས་སླར་དབུས་སུ་བྱོན་པས། ཐོགས་མེད་ཀྱིས་མཛད་པའི་ས་སྡེའི་གླེགས་བམ་གཟིགས་པས་ཐེག་ཆེན་ཐུགས་སུམ་ཆུད་ཅིང་། ལྷག་པའི་ལྷ་ལ་གསན་པར་ཐུགས་ཡིད་མ་ཆེས་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་ཏུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་འགྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་གསུངས་པར་གྲགས། གང་ལྟར་ཡང་ཅུང་ཟད་བསྟིང་ཚིག་ཏུ་མཛད་པས། དེ་གཅེན་པོ་འཕགས་པས་གསན་ནས་འདུལ་བའི་དུས་ཡིན་པར་དགོངས་ནས། བློ་གྲོས་མི་ཟད་པའི་མདོ་དང་ས་བཅུ་པའི་མདོ་གཉིས་འཛིན་ཏུ་བཅུག་པའི་དགེ་སློང་གཉིས་དབྱིག་གཉེན་གྱི་དྲུང་དུ་བརྫངས་པས། དེ་གཉིས་ཀྱིས་ཀྱང་སྲོད་ལ་བློ་གྲོས་མི་ཟད་པ་བཏོན་པས། ཐེག་ཆེན་འདི་རྒྱུ་བཟང་ལ་འབྲས་བུ་གཡེལ་ལམ་དགོངས། ཐོ་རེངས་ས་བཅུ་པ་བཏོན་པས། རྒྱུ་འབྲས་གཉིས་ཀ་བཟང་བ་ལ་སྐུར་བ་བཏབ་པས་སྡིག་པ་ཆེན་པོ་བསགས་འདུག་སྙམ་རང་གི་ལྗགས་བཅད་པར་བྱའོ་གསུངས་པས། དེ་གཉིས་ན་རེ་ལྗགས་བཅད་པས་ཅི་ཕན། དེ་བཤགས་པའི་ཐབས་གཅེན་ལ་མངའ་བས་དེར་གཤེགས་པར་ཞུ་བྱས་པས། འཕགས་པ་ཐོགས་མེད་ཀྱི་དྲུང་དུ་བྱོན་ནས་སྡིག་པ་བྱང་བའི་ཐབས་ཞུས་པས། འཕགས་པས་རྒྱལ་བ་མ་ཕམ་པ་ལ་ཞུའོ་གསུངས། ཡུད་ཙམ་ཅང་མི་གསུང་བར་བཞུགས་ནས། ཐེག་པ་ཆེན་པོའི་ཆོས་མང་པོ་བཤད་དོ། །མདོ་སྡེ་མང་པོ་ལ་འགྲེལ་པ་གྱིས། གཙུག་ཏོར་རྣམ་པར་རྒྱལ་བའི་རིག་སྔགས་མང་དུ་ཟློས་ཤིག། ཅེས་གསུངས་བར་གདའ་གསུངས་པས། གཅེན་ལས་ཐེག་ཆེན་གྱི་མདོ་སྡེ་མཐའ་དག་ཚར་གཅིག་གསན་པས་ཐུགས་སུ་ཆུད་ཅིང་ཏིང་འཛིན་ཁྱད་པར་ཅན་མངའ་བར་གྱུར། དེའི་ཚེ་རྒྱལ་བའི་བཀའ་མི་ཡུལ་དུ་བཞུགས་པ་མཐའ་དག་ཐུགས་སུ་ཆུད་པས། སྟོན་པ་མྱ་ངན་ལས་འདས་པའི་
འོག་ཏུ་དབྱིག་གཉེན་ལྟ་བུའི་མང་དུ་ཐོས་པ་ནི་མ་བྱུང་བར་གྲགས་ཏེ། ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མདོ་ལྔ་བརྒྱ་ཤོ་ལོ་ཀ་འབུམ་ཕྲག་གསུམ། དཀོན་བརྩེགས་འདུས་པ་ཞེ་དགུ་གཅིག་ཏུ་བསྡོམས། ཕལ་ཆེན་དང་འདུས་པ་རིན་པོ་ཆེ། ཤེར་ཕྱིན་འབུམ་ལ་སོགས་པ་ཐེག་ཆེན་གྱི་མདོ་ཆེ་ཆུང་ཀུན་བསྡོམས་པས་ལྔ་བརྒྱ་དང་། གཟུངས་སྔགས་ལྔ་བརྒྱ་སྟེ། དེ་དག་ལོ་རེའི་ནང་དུ་ལན་རེ་ཞལ་འདོན་མཛད་དེ། ཏིལ་མར་གྱི་རྫིང་བུའི་ནང་དུ་ཞུགས་ནས་ཉིན་མཚན་སྦྲེལ་པ་བཅོ་ལྔས་ཚར་རེ་གྲུབ་ཅིང་། བརྒྱད་སྟོང་པ་ཉིན་རེ་བཞིན་འདོན་པར་མཛད་པ་ཡང་ཆུ་ཚོད་གཅིག་ཙམ་ལ་གྲུབ། འཕགས་པ་ཐོགས་མེད་འདས་པའི་འོག་ཏུ་ན་ལེནྡྲའི་མཁན་པོ་མཛད་ནས། ཉིན་རེ་བཞིན་རབ་བྱུང་བསྙེན་རྫོགས་མཛད་པ། སོ་སོའི་ལྟུང་བ་ཕྱིར་བཅོས་སུ་འཇུག་པ། བདག་ཉིད་ཆོས་སྤྱོད་བཅུ་མ་ཆག་པ། གཞན་དེ་ལ་སྦྱོར་བ། ཐེག་ཆེན་གྱི་མདོ་མི་འདྲ་བ་རེའི་ཆོས་ཐུན་རེ་གསུང་བ། སྲོད་དུས་ཆོས་རྣམས་ཀྱི་སྙིང་པོ་བསྡུས་:དེ་༼ཏེ༽གལ་བཟུང་བ་དང་གཞུང་གཟུགས་པར་མཛད་ཅིང་། གུང་ཐུན་ལ་མནལ་བའི་ངང་ལས་ལྷག་པའི་ལྷ་ལ་ཆོས་གསན་པ། ཐོ་རངས་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ། བར་བར་དུ་བསྟན་བཅོས་བརྩམས་པ་དང་། མུ་སྟེགས་ཀྱིས་རྒོལ་བ་བཟློག་པ། ཉི་ཁྲི་ལྔ་སྟོང་། བློ་གྲོས་མི་ཟད་པ། ས་བཅུ་པ། དཀོན་མཆོག་རྗེས་དྲན། ཕྱག་རྒྱ་ལྔའི་མདོ། རྟེན་འབྲེལ་མདོ། མདོ་རྒྱན་དང་འབྱེད་གཉིས་སོགས་གཞན་འགྲེལ་དུ་མཛད་པ་ལྔ་བཅུ་ཙམ་དང་། རང་རྐང་དུ་པྲ་ཀ་ར་ཎ་སྡེ་བརྒྱད་སོགས་མང་ཞིག་བརྩམས། དེ་ལྟར་ཆོས་ཀྱི་ཕྲིན་ལས་ལ་བསམ་ན་བློའི་ར་བ་ལས་འདས་ཀྱང་ཆེ་ལོང་ཙམ་དུ། སྔ་ཕྱིར་ཆོས་གཞི་བཙུགས་པ་དྲུག་བརྒྱ་ལྔ་བཅུ་རྩ་བཞི་ཙམ་དང་ཐེག་ཆེན་གྱི་དགེ་འདུན་ཐོགས་མེད་ཀྱི་དུས་ལས་ཀྱང་ཆེས་མང་སྟེ། ཀུན་བསྡོམས་ན་ཐེག་པ་ཆེན་པོའི་དགེ་སློང་དྲུག་ཁྲི་ལོངས་པ་ཙམ་བྱུང་སྐད། དབྱིག་གཉེན་གྱིས་དགུང་ལོ་བརྒྱར་ཉེ་བ་ཙམ་བཞུགས། མཐར་སློབ་མ་སྟོང་གིས་བསྐོར་ནས་བལ་ཡུལ་དུ་བྱོན་༼ནས༽ཆོས་སྟོན་སྐབས། ཁྱིམ་བཙུན་ཆོས་གོས་གྱོན་ནས་ཞིང་རྨོ་བ་གཟིགས་པས། སྟོན་པའི་བསྟན་པ་ཉམས་སོ་གསུངས་ནས་ཐུགས་མུག་སྟེ། དགེ་འདུན་
གྱི་དབུས་སུ་ཆོས་བསྟན་ནས་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མགོ་ཞབས་བཟློག་པ་ཚར་གསུམ་ཟློས་པས་དེ་ཉིད་དུ་སྐུ་འདས་ཏེ། རེ་ཞིག་ཆོས་ཀྱི་ཉི་མ་ནུབ་བོ་ཞེས་གྲགས་སོ། །དེར་སློབ་མ་རྣམས་ཀྱིས་མཆོད་རྟེན་ཡང་བྱས་སོ། །སློབ་དཔོན་དབྱིག་གཉེན་གྱི་སྐུ་ཚེའི་སྨད་ཀྱི་དུས་ན་རྒྱལ་པོ་ཟབ་མོའི་ཕྱོགས་འདས་པའི་རྗེས་སུ་ནུབ་ཕྱོགས་མ་རུའི་ཡུལ་དུ་རྒྱལ་པོ་ཤྲི་ཧཪྴ་ཞེས་བྱ་བ་སྟོབས་དང་ལྡན་པ་བྱུང་། རྒྱལ་པོ་དེས་ཀླ་ཀློའི་ཆོས་རྣམས་བསྣུབས་པར་འདོད་ནས། ཀླ་ཀློའི་དགོན་གནས་ཆེན་པོ་ཤིང་ཁང་འབའ་ཞིག་ལ་གྲུབ་པ་བྱས། དེའི་སྟོན་པ་མཐའ་དག་བསྡུས། ཟླ་བ་མང་པོར་ཡོ་བྱད་ཐམས་ཅད་ཀྱིས་བསྟབས། དེའི་རིང་ལུགས་ཀྱི་གླེགས་བམ་ཐམས་ཅད་ཀྱང་བསྡུས། ཐམས་ཅད་མེ་ལ་བསྲེགས་པས་ཀླ་ཀློའི་གྲུབ་མཐའ་འཛིན་པ་སྟོང་ཚོ་བཅུ་གཉིས་ཙམ་ཚིག། དེའི་གྲུབ་མཐའ་ཤེས་པའི་ཐགས་འཐག་མི་གཅིག་ལུས་པ་ལས་ཕྱིས་ཀྱི་ཀླ་ཀློ་རྣམས་ཡིན་པར་གྲགས། དེའི་དུས་སུ་འགྲོ་དོན་མཛད་པའི་སྐྱེས་བུ་ནི། རྒྱ་གར་ཤར་ཕྱོགས་སུ་སློབ་དཔོན་བློ་གྲོས་བརྟན་པ་དང་ཕྱོགས་ཀྱི་གླང་པོ་ནུབ་ཕྱོགས་སུ་ཐོགས་མེད་ཀྱི་སློབ་མ་སངས་རྒྱས་འབངས་ཀྱི་སྐུ་ཚེའི་སྨད་དང་། ཡོན་ཏན་འོད་ཀྱི་འགྲོ་དོན་དར་བའི་དུས་སོ། །ཁ་ཆེར་བཙུན་པ་དགེ་འདུན་འབངས་རྣམས་ཀྱིས་མཛད་དོ། །
སློབ་དཔོན་ཡོན་ཏན་འོད་དང་བློ་གྲོས་བརྟན་པ།
༈ སློབ་དཔོན་ཡོན་ཏན་འོད་ནི་ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་ལས་འཁྲུངས། དབྱིག་གཉེན་གྱི་དྲུང་དུ་བྱོན་ནས་ཐེག་པ་ཆེ་ཆུང་གི་མདོ་སྡེ་མཐའ་དག་ལ་མཁས་པར་སྦྱངས། འདུལ་བ་འབུམ་སྡེ་རྟག་ཏུ་ཞལ་འདོན་མཛད། རྒྱལ་པོའི་བླ་མར་གྱུར་པས་ཡོ་བྱད་དཔག་ཏུ་མེད་པའི་འདུ་བ་རྒྱ་ཆེར་བྱུང་འཕྲལ་དགེ་བར་བསྒྱུར་ནས་རང་ཉིད་སྦྱངས་ཡོན་ལས་ཉམས་པ་མི་མངའ་འོ། ༈ །སློབ་དཔོན་བློ་གྲོས་བརྟན་པ་ནི་དབྱིག་གཉེན་འབུམ་སྡེ་དགུ་བཅུ་གོ་དགུར་གྲགས་པ་ཞལ་འདོན་མཛད་དུས། གདུང་ཕྲག་ན་ཕུག་རོན་ཅང་ཤེས་གཅིག་གིས་ཤིན་ཏུ་གུས་པས་ཉན་ནོ། །དེ་ཤི་ནས་ལྷོ་ཕྱོགས་སུ་ཚོང་དཔོན་གྱི་བུར་སྐྱེས་མ་ཐག་སློབ་དཔོན་དབྱིག་གཉེན་གང་ན་ཡོད་ཟེར་བ་ལོ་བདུན་ན་དབྱིག་གཉེན་གྱི་དྲུང་དུ་བསྐྱལ་ཏེ་རིག་པ་སློབ་ཅིང་ཡོད་
པས་ཀྱང་དཀའ་བ་མེད་པར་ཤེས། དེའི་ཚེ་སྲན་མ་སྤར་གང་རྙེད་པ་ཟའམ་སྙམ་ནས་སྒྲོལ་མའི་ལྷ་ཁང་ཞིག་ན་ཡོད་པ་ལ། འཕགས་མ་ལ་མ་ཕུལ་བར་རང་བཟར་མི་རུང་སྙམ་ནས། སྲན་མ་འགའ་ཞིག་ཕུལ་བས་འགྲིལ་ནས་བྱུང་། ཟད་ཟད་ཕུལ་ཡང་འགྲིལ་ཏེ་བྱུང་བ་ན། བྱིས་པར་གྱུར་པས་ངུས་སོ། །འཕགས་མས་ཞལ་མངོན་སུམ་དུ་བསྟན་ནས་ཁྱོད་མ་ངུ་ཞིག་ངས་བྱིན་གྱིས་རློབ་བོ་གསུངས། སྐད་ཅིག་དེ་ལ་བློ་གྲོས་མཐའ་ཡས་པར་གྱུར་ཅིང་། ཕྱིས་གནས་བརྟན་སྡེ་སྣོད་འཛིན་པ། བྱ་བ་ཐམས་ཅད་སྒྲོལ་མས་ལུང་སྟོན་པའི་ཐེག་པ་ཆེ་ཆུང་གི་མངོན་པ་མཐའ་དག་ལ་མཁས་ཤིང་དཀོན་བརྩེགས་ཞལ་འདོན་དུ་མཛད་པ། དེ་དང་དབུ་མ་རྩ་བ་ལ་འགྲེལ་པ་ཡང་མཛད། དབྱིག་གཉེན་སྐུ་འདས་ནས་མུ་སྟེགས་པའི་རྒོལ་བ་ངན་པ་ཚར་བཅད་དེ་སྨྲ་བའི་ཁྱུ་མཆོག་ཏུ་གྲགས་སོ། །
སློབ་དཔོན་ཕྱོགས་ཀྱི་གླང་པོ།
༈ སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། ལྷོ་ཕྱོགས་གྲོང་ཁྱེར་སིངྒ་པཀྵ་ཞེས་བྱ་བར་བྲམ་ཟེའི་རིགས་སུ་འཁྲུངས་ཤིང་། མུ་སྟེགས་ཀྱི་གྲུབ་མཐའ་ལ་ཤིན་ཏུ་མཁས་པར་བྱས། ནམ་ཞིག་གནས་མ་བུའི་སྡེ་བའི་གྲུབ་མཐའ་འཛིན་པ་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་། ཉན་ཐོས་ཀྱི་སྡེ་སྣོད་ལ་མཁས་པར་བྱས། མཁན་པོ་དེ་ཉིད་ལ་གདམས་པ་ཞུས་པས། བརྗོད་དུ་མེད་པའི་བདག་འཚོལ་བའི་གདམས་པ་བྱིན། དེར་རྣམ་པར་བརྟགས་ཤིང་དཔྱད་ན་ཡོད་པར་མ་མཐོང་བར་གོ་ཡང་། ཉིན་མོ་སྐར་ཁུང་ཐམས་ཅད་བསལ། མཚན་མོ་ཕྱོགས་བཞིར་མར་མེ་བཏང་སྟེ། རང་གི་ལུས་གཅེར་བུར་ཕྱུངས་ནས་ཕྱི་ནང་ཀུན་ཏུ་ཡང་ཡང་བལྟས་སོ། །དེ་ལྟར་བྱེད་པ་གྲོགས་ཀྱིས་མཐོང་སྟེ་མཁན་པོར་བཤད་པ་ན། མཁན་པོས་དེ་ལྟར་བྱས་པ་བདེན་ནམ་གསུངས་པས། སྒྲིབ་བྱེད་ཀྱིས་བསྒྲིབས་སོ་སྙམ་དེ་ལྟར་བྱས་ནས་བལྟས་པ་ཡིན་བྱས་པས། མཁན་པོ་ཁྲོས་ཏེ། ཁོ་བོའི་གྲུབ་མཐའ་ལ་ཟུར་ཟ་བ་ཁྱོད་མ་འདུག་ཅིག་ཅེས་བསྐྲད་པ་ན། དེ་ཉིད་དུ་རིགས་པས་སུན་དབྱུང་བར་རིགས་མོད་ཀྱང་། འོས་མ་ཡིན་ནོ་སྙམ་ནས་ཕྱག་བྱས་ཏེ་ཕྱིར་བྱོན་ནོ། །དེ་ནས་དབྱིག་གཉེན་གྱི་དྲུང་དུ་བྱོན། ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་མཁས་པར་གསན། སྔགས་མཁན་གྱི་སློབ་དཔོན་ཞིག་ལ་རིག་སྔགས་མནོས་
ཏེ་བསྒྲུབ་པས་འཇམ་དཔལ་གྱི་ཞལ་བསྟན་ནས། ཨོ་ཌི་བི་ཤའི་ཡུལ་གྱི་ཤིན་ཏུ་དབེན་པའི་བྲག་ཕུག་ཅིག་ཏུ་བསམ་གཏན་ལ་ཡུན་རིང་དུ་བཞུགས། ནམ་ཞིག་ན་ལེནྡྲར་མུ་སྟེགས་དུར་ཛ་ཡ་ཞེས་བྱ་བ་རང་གི་ལྷ་མངོན་སུམ་དུ་མཐོང་བ་རྟོག་གེ་ལ་ཤིན་ཏུ་བྱང་བ་ཐུབ་དཀའ་ཞེས་བྱ་བ་ཞིག་གི་རྩོད་པ་བྱུང་བ་ལ། ཕྱོགས་གླང་སྤྱན་དྲངས་པས། མུ་སྟེགས་དེ་ལན་གསུམ་ཕམ་པར་མཛད་ནས་ནང་པའི་བསྟན་པ་ལ་བཀོད། དེར་རྣམ་རིག་དང་རྟོག་གེའི་བསྟན་བཅོས་ཐོར་བུ་མང་དུ་མཛད་པ་རྣམས་ཡོངས་སུ་བསྡོམས་ན་བསྟན་བཅོས་བརྒྱ་རྩ་ཙམ་ཡོད་པར་གྲགས། སླར་ཡང་རང་གི་སྔར་གྱི་བྲག་ཕུག་ཏུ་བསམ་གཏན་ལ་གནས་པའི་སྐབས་ཤིག་ན་རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་མཐུ་ལས་བྱུང་བའི་རྟོག་གེའི་ཚུལ་ལུགས་འདི་ལ་སྔར་བརྩམས་པའི་བསྟན་བཅོས་རྣམས་འཐོར་བ་བཞིན་དུ་གྱུར་པས་གཅིག་ཏུ་བྱ་བར་དགོངས་ཏེ། ཚད་མ་ཀུན་ལས་བཏུས་ཀྱི་མཆོད་བརྗོད་དམ་བཅའ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་བར་གཤེགས་ལ་ཕྱག་བཙལ་ནས། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་རྡོ་ཐལ་གྱིས་བྲིས་པས། ས་གཡོ་བ་དང་། ཕྱོགས་ཀུན་ཏུ་སྣང་བས་ཁྱབ་པ་དང་། སྒྲ་ཆེན་པོ་གྲགས་པར་གྱུར་པས། དེར་བྲམ་ཟེ་ནག་པོ་ཞེས་བྱ་བས་དེ་ལྟ་བུའི་ལྟས་ཡིན་པར་ཤེས་ཏེ། སློབ་དཔོན་བསོད་སྙོམས་ལ་བཞུད་པའི་ཤུལ་དུ་དེ་འོངས་ཏེ་བསུབས། དེ་ལྟར་ལན་གཉིས་སུ་བསུབས་པས། ལན་གསུམ་བྲིས་ནས། འདི་ཀུ་རེ་དང་ཀྱལ་ཀའི་ཕྱིར་བསུབས་པ་ཡིན་ན་དགོས་པ་ཆེན་པོ་ཡོད་པས་མ་བསུབ་ཅིགགལ་ཏེ་དོན་ནོར་ཏེ་རྩོད་པར་འདོད་ན་ལུས་སྣང་བར་གྱིས་ཤིགཅེས་པ་བྲིས་ཏེ། ཡང་བསོད་སྙོམས་ལ་གཤེགས་པའི་ཤུལ་དུ་བསུབ་ཏུ་འོངས་པས་ཡི་གེ་མཐོང་སྟེ་བསྡད་དོ། །དེར་སློབ་དཔོན་གྱིས་བསྟན་པ་དཔང་དུ་བཙུགས་ཏེ་བརྩད་པས། ལན་མང་པོར་མུ་སྟེགས་ཕམ་པར་བྱས་ནས། ད་ཁྱོད་བསྟན་ལ་ཞུགས་ཤིག་བྱས་པ་ན། དེས་སྔགས་བཟླས་པའི་ཐལ་བ་གཏོར་བས་སློབ་དཔོན་གྱི་ཡོ་བྱད་ཐམས་ཅད་ཚིགསློབ་དཔོན་རང་ཡང་ཚིག་ལ་ཁད་པ་བྱུང་སྟེ། དེར་མུ་སྟེགས་ཕྱིར་སོང་ངོ་། །བདག་
གིས་སེམས་ཅན་འདི་གཅིག་པུའི་དོན་ཡང་མི་ནུས་ན་གཞན་ལྟ་སྨོས་སྙམ། སེམས་བསྐྱེད་བཏང་བར་བརྩམས་པ་ན། འཕགས་པ་འཇམ་དཔལ་མངོན་སུམ་དུ་བྱོན་ནས། བུ་མ་བྱེད་མ་བྱེད་སྐྱེ་བོ་དམན་དང་འཕྲད་ན་བློ་གྲོས་ངན་སྐྱེ་སྟེ། །ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་སོགས་ཀྱིས་གནོད་མི་ནུས་པར་ཤེས། །ཁྱོད་ཀྱི་སངས་རྒྱས་མ་ཐོབ་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱིས། །ཕྱི་མའི་དུས་སུ་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་གསུངས་པས། སློབ་དཔོན་གྱིས། བཟོད་དཀའ་ིསྡུག་བསྔལ་དུ་མ་དང་ལྡན་བརྣག་དཀའ་ལ། །སེམས་ཀྱང་དམ་པ་མིན་པའི་སྤྱོད་པ་ལ་དགའ་ཞིང་། །སྐྱེ་བོ་དམ་པ་འཕྲད་དཀའ་གལ་ཏེ་ཁྱོད་ཀྱི་ཞལ་མཐོང་ཡང་། །བདག་ལ་བྱིན་གྱིས་མ་རློབ་དེ་ལ་ཅི་བགྱིད་མཆིས། །ཞེས་ཞུས་པས། བུ་མ་དགའ་བར་མ་བྱེད་ཅིགཉམ་ང་བ་ཐམས་ཅད་ལ་བདག་གིས་བསྲུང་ངོ་། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བསྟན་བཅོས་དེ་ཡང་ལེགས་པར་བརྩམས། ལན་ཅིག་མནལ་བའི་དུས་སངས་རྒྱས་མང་པོའི་ཞལ་མཐོང་། ལྷོ་ཕྱོགས་ཀྱི་རྒྱུད་དུ་ཡུལ་ཐ་དད་ཀྱི་མུ་སྟེགས་ཀྱི་རྒོལ་བ་རྣམས་ཚར་བཅད། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཙུགས་པའི་ཆོས་གཞི་ཉམས་པ་རྣམས་སོར་ཆུད་པར་མཛད། སླར་ཡང་ཨོ་ཌི་བི་ཤའི་རྒྱལ་པོའི་བློན་པོ་བྷ་དྲ་པ་ལི་ཏ་ཞེས་བྱ་བ་རྒྱལ་པོའི་མཛོད་ཀྱི་སྤྱན་པ་ཡིན་པ་དེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་སྟེ། དེས་གཙུག་ལག་ཁང་བཅུ་དྲུག་བཞེངས། དེ་རེ་རེར་དགེ་འདུན་གྱི་སྡེ་ཆེན་པོ་རེ་དང་ཆོས་གཞི་རེ་ཡང་ཡོད་པར་བྱས། དགེ་འདུན་དེ་རྣམས་ཁྲིམས་རྣམ་པར་དག་པའི་རྟགས་སུ་བྲམ་ཟེའི་སྐྱེད་མོས་ཚལ་དུ་ནད་ཐམས་ཅད་གསོ་བར་ནུས་པའི་མུཥྞ་ཧ་རི་ར་ཀ་ཞེས་བྱ་བ་ཨ་རུ་རའི་སྡོང་པོ་ཁྱད་འཕགས་ཤིག་སྐྱེས་པ་སོགས་འགྲོ་ཕན་ནི་དཔག་པར་དཀའ། ཆོས་ཀྱིས་འབྲེལ་བའི་སློབ་མས་ཕྱོགས་ཐམས་ཅད་ལ་ཁྱབ། འདོད་ཆུང་ཆོག་ཤེས་པས་ཇི་སྲིད་འཚོའི་བར་དུ་སྦྱང་ཡོན་བཅུ་གཉིས་ལ་གནས་ནས་མཐར་ཨོ་ཌི་བི་ཤའི་ནགས་ཚལ་དབེན་པ་ཞིག་ཏུ་སྐུ་འདས་སོ། །
བཙུན་པ་དགེ་འདུན་འབངས་དང་སློབ་དཔོན་ཆོས་འབངས་སངས་རྒྱས་བསྐྱངས་ལེགས་ལྡན་བཅས།
༈ བཙུན་པ་དགེ་འདུན་འབངས་ནི། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཞིག་སྟེ་ཡུལ་
ལྷོ་ཕྱོགས་པ་བྲམ་ཟེའི་རིགས། སྡེ་པ་ཐམས་ཅད་ཡོད་སྨྲ་ཡིན། རྡོ་རྗེ་གདན་དུ་ཡུན་རིང་བཞུགས་ནས་དེར་འདུལ་བ་དང་མངོན་པའི་ཆོས་གཞི་ཉི་ཤུ་རྩ་བཞི་བཙུགས། ཁ་ཆེར་བྱོན་ནས་རིན་ཆེན་སྦས་པའི་གཙུག་ལག་ཁང་དང་། ཀུམྦྷ་ཀུཎྜི་ལིའི་གཙུག་ལག་ཁང་བཞེངས། ཐེག་ཆེན་མང་དུ་སྤེལ། ཁ་ཆེའི་ཡུལ་དེར་སྔོན་ཐོགས་མེད་སྐུ་མཆེད་ཀྱིས་ཐེག་ཆེན་ཅུང་ཟད་དར། སློབ་དཔོན་འདིས་ཕྱིས་དར་རྒྱས་མཛད་ནས་མཐར་ཡུལ་དེ་ཉིད་དུ་སྐུ་འདས་སོ། །༈ སློབ་དཔོན་ཆོས་འབངས་ནི། ཤར་ཕྱོགས་བྷངྒ་ལར་འཁྲུངས། སྐུ་མཆེད་གཉིས་ཀྱི་སློབ་མ་ཡིན། ཕྱོགས་བཞིར་འཇམ་དཔལ་གྱི་ལྷ་ཁང་རེ་བཞེངས། རྣལ་འབྱོར་སྤྱོད་པའི་ས་ཡོངས་རྫོགས་ལ་འགྲེལ་པ་མཛད་དོ་ཞེས་གྲགས། ༈ སློབ་དཔོན་སངས་རྒྱས་བསྐྱངས་ནི་ལྷོ་ཕྱོགས་ཏམྦྷ་ལའི་ཡུལ་དུ་འཁྲུངས། སློབ་དཔོན་ཀླུའི་བཤེས་གཉེན་གྱི་སློབ་མ་སློབ་དཔོན་དགེ་འདུན་བསྲུང་བ་ལས་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་ཐོས་པར་བྱས་ནས་བསྒོམས་པས་ཡེ་ཤེས་མཆོག་བརྙེས། འཇམ་དཔལ་གྱི་ཞལ་གཟིགས། འཕགས་པ་ཡབ་སྲས་དང་སློབ་དཔོན་དཔའ་བོ་སོགས་ཀྱི་གཞུང་ལུགས་མང་པོར་རྣམ་བཤད་མཛད། མཐར་རི་ལུའི་དངོས་གྲུབ་སྒྲུབ་པས་གྲུབ་བོ། །༈ སློབ་དཔོན་ལེགས་ལྡན་ནི། ལྷོ་ཕྱོགས་མང་རྒྱ་རར་རྒྱལ་རིགས་སུ་སྐྱེ་བ་བརྙེས། ཡུལ་དེ་ཉིད་དུ་རབ་ཏུ་བྱུང་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། དབུས་སུ་བྱོན་ནས་སློབ་དཔོན་དགེ་འདུན་བསྲུང་བ་ལས་ཐེག་ཆེན་གྱི་མདོ་སྡེ་དུ་མ་དང་ཀླུ་སྒྲུབ་ཀྱི་མན་ངག་མནོས་ཏེ། སླར་ཡང་ལྷོ་ཕྱོགས་སུ་བྱོན་ནས་ཕྱག་རྡོར་གྱི་ཞལ་གཟིགས་ཆོས་མང་དུ་བསྟན། སློབ་དཔོན་སངས་རྒྱས་བསྐྱངས་སྐུ་འདས་པའི་འོག་ཏུ། དེས་མཛད་པའི་བསྟན་བཅོས་རྣམས་གཟིགས། དབུ་མ་རྩ་བའི་གཞུང་ལས་སློབ་དཔོན་སྔ་མའི་བཞེད་པ་དེ་སུན་ཕྱུང་སྟེ་འགྲེལ་བ་མཛད་ཅིང་ཀླུ་སྒྲུབ་ཀྱི་མན་ངག་ལ་བརྟེན་པར་ཞལ་གྱིས་བཞེས་ནས། མདོ་སྡེ་འགའ་ཞིག་ལ་འགྲེལ་བ་མཛད་དོ། །དེ་ལ་སློབ་དཔོན་འདི་གཉིས་ཀྱིས་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་བཙུགས་ཤིང་། སངས་རྒྱས་བསྐྱངས་སློབ་མ་ཧ་ཅང་མང་བ་མ་ཡིན་ཡང་།
ལེགས་ལྡན་གྱིི་སློབ་མ་ཤིན་ཏུ་མང་བས་དགེ་སློང་སྟོང་ཕྲག་དུ་མ་རྗེས་སུ་འབྲང་བ་ཡིན་པས་ལུགས་དེ་ཤིན་ཏུ་དར་བར་གྱུར་ཏོ། །སློབ་དཔོན་འདི་གཉིས་མ་བྱོན་གོང་དུ་ཐེག་ཆེན་མཐའ་དག་བསྟན་པ་གཅིག་ཏུ་གནས། སློབ་དཔོན་འདི་གཉིས་ཀྱིས་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཤིན་ཏུ་ཐ་དད་དེ། ཐོགས་མེད་ཀྱིས་དབུ་མའི་ལམ་མི་སྟོན་སེམས་ཙམ་ཁོ་ན་ཡིན་ལ། ཁོ་བོ་ཅག་གི་འདི་ལས་གཞན་དུ་མེད་དོ་ཞེས་མཐའ་གཞན་འགོག་པར་མཛད་པས་ལེགས་ལྡན་སྐུ་འདས་པའི་འོག་ཏུ་ཐེག་ཆེན་ལའང་ནང་དུ་སྡེ་གཉིས་སུ་གྱེས་རྩོད་པ་བྱུང་ངོ་། །བོད་རྣམས་སངས་རྒྱས་བསྐྱངས་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ་དང་། ལེགས་ལྡན་སྐུ་ཚེའི་སྨད་ཀྱི་སློབ་མ་ཡིན་པ་དང་། རྩོད་པ་བྱས་པ་སྐད་དང་། སངས་རྒྱས་བསྐྱངས་ཟླ་གྲགས་སུ་སྐྱེ་བ་བཞེས་ཟེར་བ་སོགས་རིགས་པས་གྲས་པའི་ཅོལ་གཏམ་དུ་ཟད་དོ། །
འཕགས་པ་རྣམ་གྲོལ་སྡེ་དང་སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས།
༈ འཕགས་པ་རྣམ་གྲོལ་སྡེ་ནི་ཡུལ་དབུས་དང་ལྷོ་ཕྱོགས་ཀྱི་མཚམས་འབར་བའི་ཕུག་དང་ཉེ་བར་འཁྲུངས། སངས་རྒྱས་འབངས་ཀྱི་དབོན་པོ་ཡིན་ཞིང་། ཐེག་ཆེན་ལ་མོས་ནས་དབྱིག་གཉེན་གྱི་དྲུང་དུ་བྱོན། ཤེར་ཕྱིན་ཉན་ནས་དེའི་མདོ་སྡེ་རྣམས་ཡོངས་རྫོགས་བཟུང་། འོན་ཀྱང་མན་སྔགས་མ་གསན་ནོ། །སླར་སློབ་དཔོན་དགེ་འདུན་བསྲུང་བ་ལ་གསན་པར་གྲགས། སློབ་དཔོན་འདི་བོད་ལ་གྲགས་པ་ལྟར་ན། དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་དེ་ཡིན་ཟེར། རྒྱ་གར་བ་འགའ་ཞིག་ནི་ཕྱོགས་གླང་གི་སློབ་མ་དང་། དབྱིག་གཉེན་གྱི་ཞབས་ཀྱང་མ་ཟིན། ཤེར་ཕྱིན་ཀྱང་སློབ་དཔོན་ཆོས་འབངས་ལ་གསན། མན་ངག་ལེགས་ལྡན་ལ་ཞུས་སོ་ཞེས་ཀྱང་ཟེར། གང་ལྟར་ཡང་སློབ་དཔོན་འདིས་ཤེར་ཕྱིན་ལ་བསམ་སྒོམ་མཛད་པའི་ཚེ་དོན་ལ་ཐེ་ཚོམ་མེད་ཀྱང་མདོ་དང་མངོན་རྟོགས་ཀྱི་ཚིག་འགའ་རེ་མི་འབྱོར་བ་བྱུང་སྟེ་ཐུགས་མ་བདེ་བའི་ཚེ། མནལ་ལམ་དུ་བྱམས་པས་ཝ་ར་ཎཱ་སིར་དོན་ཆེན་པོ་རྙེད་པར་གྱུར་ཏོ། །ཞེས་པའི་ལུང་བསྟན་བྱུང་བ་ལྟར་བྱོན་པས། དགེ་བསྙེན་ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་པ་ཅན་དུ་གྲགས་པས། ལྷོ་ཕྱོགས་པོ་ཏ་ལ་ནས་ཉི་ཁྲི་ལེ་བརྒྱད་མའི་དཔེ་སྤྱན་དྲངས་པ་དང་འཛོམ། མདོ་ཚིག་རྒྱན་དང་མཐུན་པར་བྱུང་བས་དབུགས་དབྱུང་
ཐོབ་བོ། །སློབ་དཔོན་དེས་མདོ་ལེའུ་བརྒྱད་མ་དང་། མངོན་རྟོགས་རྒྱན་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མའི་དོན་དུ་བཀྲལ་བ་དང་། མདོ་རྒྱན་བསྲེས་པའི་བསྟན་བཅོས་མཛད་པ་པོ་ཡིན། འདི་མ་བྱུང་བའི་སྔོན་རོལ་དུ་དེ་ལྟར་མེད། ཉི་ཁྲི་སྣང་བར་སྔོན་ཆད་གཞན་གྱིས་མ་མྱོང་གསུང་བའི་རྒྱུ་མཚན་དེ་ལྟར་ཡིན་ནོ་ཟེར། ཤེར་ཕྱིན་རྩལ་བཏོན་གྱི་འཆད་ཉན་དགེ་སློང་སྟོང་ཚོ་རེས་ཉུང་མཐའ་བྱས་པར་ལོ་གསུམ་ཙམ་མཛད་པར་གྲགས། རྒྱ་བོད་གཉིས་སུ་ས་དང་པོ་དང་། སྦྱོར་ལམ་པ་དང་། འཕགས་པ་དང་ཉེ་བས་དེའི་ཁོངས་སུ་གཏོགས་པ་ཡིན་ཟེར་ཡང་། སྐྱེས་མཆོག་དམ་པ་ངོ་མཚར་ཅན་ཞིག་ཡིན་པར་རྩོད་པ་མི་སྣང་ངོ་། །༈ སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ནི། དབྱིག་གཉེན་ལས་མངོན་པའི་སྡེ་སྣོད་ཐོས་པ་ཕྱོགས་གླང་དང་མཛའ་བཤེས་སུ་གྱུར་པ་དེ་ལ་ཤེར་ཕྱིན་ཉན་པའི་སློབ་མ་ཞིག་སྟེ་བློ་གྲོས་ཕྱོགས་གླང་དང་མཉམ་པར་གྲགས་ཤིང་། འདིས་མཛད་པའི་ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། ཕྱོགས་གླང་གིས་བསྡུས་དོན་མཛད་དོ། །སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་སློབ་དཔོན་དཔའ་བོའི་མཚན་དུ་འདོད་ཅིང་། གང་དག་བསྟོད་པ་བརྒྱ་ལྔ་བཅུ་པ་ལ་ཕྱོགས་གླང་གྱིས་སྤེལ་མར་བསྟོད་པའི་ཁ་སྐོང་མཛད་ཅེས་སྨྲ་བ་ནི་རང་བཟོའི་ལོ་རྒྱུས་ལ་དག་པའི་རྗེས་སུ་ཕྱོགས་པར་ཟད་དེ། སྤེལ་མར་བསྟོད་པའི་ནང་གི་ཕྱོགས་གླང་གི་གསུང་རྣམས་བསྟོད་པ་བརྒྱ་ལྔ་བཅུ་པའི་ཚིགས་བཅད་དེ་དང་དེའི་མཚམས་སྦྱོར་རམ། དོན་གསལ་བྱེད་ཁོ་ན་ཡིན་པས། འགྲེལ་བར་སྦྱར་བ་ཡིན་གྱི་སློབ་དཔོན་དེ་གཉིས་ཀྱིས་རྩོམ་རེས་བྱས་པ་ག་ལ་ཡིན་ཞེས་གོ་དགོས་སོ། །སླད་ཀྱིས་སློབ་དཔོན་དེ་ལྷོ་ཕྱོགས་སུ་བྱོན་ཏེ་གཙུག་ལག་ཁང་དུ་མའི་མངའ་བདག་མཛད་ནས་སྐྱེ་བོ་དུ་མ་ལ་ཆོས་བསྟན། དྲ་བ་ལིའི་ཡུལ་དུ་ཆོས་གཞི་ཆེན་པོ་ལྔ་བཅུ་ཙམ་གསར་དུ་བཙུགས་ནས་བསྟན་པ་ཡུན་རིང་དུ་གསལ་བར་མཛད། མཐར་གནོད་སྦྱིན་མོ་བསྒྲུབ་ནས་རིའི་རྒྱལ་པོ་མེ་ཏོག་བརྒྱ་པ་ཞེས་བྱ་བར་བཞུད་དོ། །
དགེ་བསྙེན་ཞི་བའི་གོ་ཆ།
༈ དགེ་བསྙེན་ཞི་བའི་གོ་ཆ་པོ་ཏ་ལར་ཕྱིན་པ་ཡང་འདི་དག་དང་དུས་མཚུངས་པ་སྟེ། དེའི་ལོ་རྒྱུས་ཅུང་ཟད་བརྗོད་ན། ཡུལ་པུཎྜ་ཝརྡྷ་ནའི་ནགས་ཚལ་ན། དགེ་བསྙེན་དེ་སྤྱན་རས་གཟིགས་བསྒྲུབས་ཤིང་གྲུབ་རྟགས་ཀྱང་བྱུང་བ་ན། རྒྱལ་པོ་ཤུ་བྷ་ས་ར་ཞེས་པའི་རྨི་ལྟས་སུ་དགེ་བསྙེན་དེ་ཡུལ་འདིར་སྤྱན་འདྲེན་པར་རི་བོ་པོ་ཏ་ལར་རྫོངས་ཤིག་ཅེས་པ་རྨིས་པས། དེ་ལ་མུ་ཏིག་གི་ཕྲེང་བ་དང་སྤྱན་འདྲེན་པའི་ཡི་གེ་གཏད། ལམ་རྒྱགས་པ་ཎ་དག་ཀྱང་སྦྱིན་པ་ན། དགེ་བསྙེན་གྱི་བསམ་པར། ལམ་བགྲོད་དཀའ་ཞིང་རིང་བས་སྲོག་གི་བར་ཆད་ཀྱང་བྱེད་སྲིད་ན་འོན་ཀྱང་ཡི་དམ་གྱི་ལྷ་བཞུགས་པར་བསྐུལ་བའི་ངག་གཅོག་པར་ནི་ཆ་མ་ཡིན་ནོ་སྙམ་ནས་ལམ་ཡིག་ཐོགས་ནས་སོང་། མཐར་དྷ་ན་ཤྲིའི་གླིང་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་སླེབས། དེ་ནས་པོ་ཏ་ལར་ས་འོག་ཅུང་ཟད་བརྒྱུད་ནས་ཕྱིན་པ་ན། སླར་ས་སྟེང་ནས་འགྲོ་ས་ཡོད་པ་དེང་སང་རྒྱ་མཚོ་ལུད་པས་ས་གཞི་ནོན་ཏེ་མི་ཐར་ས་མེད་གསུངས། སྔོན་གྱི་དུས་དེ་ཙམ་ན་ལམ་ཡོད་པས་དེ་ལས་བརྒྱུད་ནས་སོང་། དེར་ཆུ་བོ་ཆེན་པོ་ཞིག་ལ་མ་ཐར་བར་ལམ་ཡིག་ལྟར་སྒྲོལ་མ་ལ་གསོལ་བ་བཏབ་པས་བསྒྲལ། དེ་ནས་མཚོར་མ་ཐར་བར། ཁྲོ་གཉེར་ཅན་གྱིས་བསྒྲལ། ནགས་ཀྱི་མེ་འབར་ནས་མ་ཐར་བར། རྟ་མགྲིན་གྱིས་ཆར་ཕབ་སྟེ་བསྒྲལ། ངམ་གྲོག་འཇིགས་སུ་རུང་བར། རལ་གཅིག་མས་སྦྲུལ་ཟམ་བྱས་ཏེ་བསྒྲལ། དེ་ནས་སྤྲེའུ་གླང་པོ་ཆེའི་ལུས་ཙམ་མང་པོས་ལམ་བཀག་པར། དོན་ཞགས་ཀྱིས་དེ་རྣམས་བསྐྲད་དེ་ལམ་ཕྱེ་ཞིང་བཟའ་བཅའ་བཟང་པོ་དག་ཀྱང་བྱིན། དེ་ནས་རི་པོ་ཏ་ལའི་རྩར་སླེབས་ཀྱང་བྲག་རི་ལ་མ་ཐར་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པས། སྦ་ཐག་གི་སྐས་བྱུང་ནས་དེ་ལ་འཛེགས་ཏེ་ཕྱིན་པ་ན། ཕྱོགས་ཐམས་ཅད་སྨུག་པས་ནོན་ཏེ་ལམ་མ་རྙེད་ཡུན་རིང་དུ་གསོལ་བ་བཏབ་པས་ན་བུན་སངས་སོང་བར། རི་དེའི་སུམ་ཆ་ལ་སྒྲོལ་མའི་སྐུ་བརྙན་དང་རི་སྐེད་ན་ཁྲོ་གཉེར་ཅན་གྱི་སྐུ་བརྙན་སོགས་མཐོང་། རིའི་རྩེ་མོར་ཕྱིན་པ་ན་གཞལ་མེད་ཁང་སྟོང་པ་མེ་ཏོག་ཐོ་རེ་བ་ལས་གཞན་སུ་ཡང་མི་འདུག་གོ། དེར་གསོལ་བ་འདེབས་ཀྱིན་ཟླ་བ་གཅིག་ཏུ་བསྡད་པ་ན། ནམ་ཞིག་བུད་མེད་གཅིག་འོངས་ནས་འཕགས་པ་བྱོན་པས་འདིར་ཤོག་ཅིག་ཟེར་ཏེ་ཁྲིད་ནས། ཕོ་བྲང་གི་སྒོ་རིམ་པ་
སྟོང་ཕྱེ་བ་ལས་སྒོ་རེ་རེ་ཕྱེ་བས་ཏིང་ངེ་འཛིན་རེ་རེ་སྐྱེས། འཕགས་པ་ལྷ་ལྔ་དང་དངོས་སུ་མཇལ་མེ་ཏོག་སྐུ་ལ་གཏོར། རྒྱལ་པོའི་ཡི་གེ་དང་རྟེན་ཕུལ། འཛམ་བུའི་གླིང་དུ་འབྱོན་པར་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ། དགེ་བསྙེན་ལ་ལམ་རྒྱགས་པ་ཎ་མང་པོ་གནང་། འདི་ཙམ་གྱིས་འཚོ་བ་ལ་བརྟེན་ནས་ཁྱོད་ཡུལ་དུ་སླེབ་པར་འགྱུར་གྱིས། པ་ཎ་མ་ཟད་པ་ན་འོང་ངོ་ཞེས་གསུངས་ཤིང་ལམ་བསྟན། རི་སྐེད་དང་རི་རྩའི་སུམ་ཆ་ན་ཡོད་པའི་སྐུ་བརྙན་ཚོ་ཡང་དངོས་སུ་མཐོང་། ཚུར་འོང་པ་ན་ཞག་བཅུ་བཞི་སོང་བའི་ཉིན་མོ། པུཎྜ་ཝརྡྷ་ནའི་རི་མཐོང་ནས་རབ་ཏུ་དགའ་སྟེ། པ་ཎ་ལྷག་པོས་བཟའ་བཏུང་ལྷག་པོར་ཉོས་ཏེ་ཟོས། རྒྱལ་པོའི་གྲོང་ཁྱེར་དུ་མ་སླེབས་པར་རང་གི་སྒྲུབ་གནས་དང་ཉེ་བར་སླེབས་པའི་ཚེ་ན་པ་ཎ་ཟད། ས་དེར་བསྡད་ནས་ཉིན་རངས་པར་འཕགས་པ་འབྱོན་ནམ་སེམས་པ་ན་མ་བྱོན། ནམ་ཕྱེད་ན་གཉིད་ལ་སོང་བ་རོལ་མོའི་སྒྲས་སད་པ་ན་བལྟས་པས་རྒྱབ་རྟེན་གྱི་ཤིང་གི་ངོས་ལ་ལྷ་ལྔ་དངོས་སུ་བྱོན་འདུག་པར། ཕྱག་བཙལ་གསོལ་བ་བཏབ། རྒྱལ་པོའི་ཡུལ་དུ་འབྱོན་པར་ཞུས་པས་དང་པོ་པ་ཎ་མ་ཟད་ན། དེ་ལྟར་ཡིན་ཡང་ད་ནི་འདི་ཁོ་ནར་གནས་སོ་གསུངས། དེ་ནས་ནགས་ཚལ་དེར་ལྷ་ཁང་བཞེངས་པ་ཁ་སཪྤ་ཎིའི་ལྷ་ཁང་དུ་གྲགས་སོ། །དེ་ལྟར་ནི་རྒྱ་གར་སྤྱི་ཁྱབ་ཏུ་གྲགས་པ་ལྟར་ཡིན། ཉི་ཁྲི་ལེའུ་བརྒྱད་པའི་ལོ་རྒྱུས་ལྟར་ན། རྒྱལ་པོས་བསྐུལ་བའི་འཕྲོས་མེད་པར་པོ་ཏ་ལར་ལན་གསུམ་བྱོན་པའི་དང་པོ་རང་ཉིད་ཀྱིས་མཇལ་བའི་དོན་དང་། གཉིས་པ་མདོ་རྒྱན་གཉིས་ཚིག་མ་མཐུན་པའི་དོགས་གཅོད་ལ་ཝ་ར་ཎཱ་སིའི་དགེ་འདུན་གྱིས་བཏང་བར་དོགས་གཅོད་མ་ཞུས་པར་ཁ་སཪྤ་ཎི་སྤྱན་དྲངས། ཁ་སཪྤ་ཎི་ལ་ཞུས་པས། ང་སྤྲུལ་པ་ཡིན་པས་མི་ཤེས་གསུངས་པ་ལན་གསུམ་པ་དེའི་དོགས་གཅོད་ལ་བྱོན་ནས་ལེའུ་བརྒྱད་པ་སྤྱན་དྲངས་ཟེར་རོ། །གང་ལྟར་ཡང་དགེ་བསྙེན་དེ་ཡོ་བྱད་ལ་བལྟས་ནས་ཆོམ་རྐུན་པས་བཀྲོངས་པར་བརྩམ་པའི་ཚེ། མྱོང་བར་ངེས་པའི་ལས་ཀྱི་མཐུར་ཤེས་ནས། མགོ་བོ་འཕགས་པའི་ཕྱག་ཏུ་ཕུལ་ཞིག་བྱས་པས། ཆོམ་རྐུན་པས་ཀྱང་དེ་བཞིན་དུ་བྱས། འཕགས་པས་སྤྱན་ཆབ་ཕྱུངས། ཀླད་ཁུ་ས་རུ་སོང་བས། དེ་ཐམས་ཅད་རིང་བསྲེལ་
དུ་གྱུར། དེ་ཕྱིན་ནས་མཆོད་པ་དངོས་སུ་མ་བཞེས་ཞེས་གྲགས་སོ། །དེ་ནས་རྒྱལ་པོ་ཤྲི་ཧ་ར་ཤའི་བུ་རྒྱལ་པོ་ངང་ཚུལ་ཞེས་བྱ་བ་བྱུང་ནས། དཀོན་མཆོག་མཆོད་པའི་རྒྱལ་པོར་གྱུར་ནས་ལོ་བརྒྱ་དང་བཞི་བཅུ་ཐུབ། རྒྱལ་སྲིད་ཀྱང་ལོ་བརྒྱར་ཉེ་བ་བྱས། འདི་སྐབས་ཡོན་ཏན་འོད་ཀྱི་སྐུ་ཚེའི་གཞུག་ཙམ་ཡིན་པར་གྲགས། ཤར་དུ་རྒྱལ་པོ་ལི་ཙཱ་བིའི་རིགས་ལས་བྱུང་བའི་སེང་གེ་ཞེས་བྱ་བ་མངའ་ཐང་ཆེན་པོ་ཞིག་ཀྱང་བྱུང་། དེའི་དུས་སློབ་དཔོན་ཙནྡྲ་གོ་མི་འཁྲུངས། སེང་གེའི་བུ་རྒྱལ་པོ་བྷ་ར་ཤ་ཞེས་བྱ་བས་ཀྱང་རྒྱལ་སྲིད་རིང་དུ་བྱས། འདི་སྐབས་ལེགས་ལྡན་དང་འཕགས་པ་གྲོལ་སྡེའི་སྐུ་ཚེའི་སྨད་ཀྱི་དུས་ཡིན། སློབ་དཔོན་ཉི་མ་སྦས་པ་གྲོལ་སྡེའི་སློབ་མ་མཆོག་སྡེ་དང་། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྷིའི་སྐུ་ཚེ་སྨད་དང་། ཡོན་ཏན་འོད་ཀྱི་སློབ་མ་ཟླ་བའི་ནོར་བུ་དང་། ན་ལེནྡྲའི་མཁན་ཆེན་རྒྱལ་བའི་ལྷ་རྣམས་དུས་མཚུངས་སུ་བྱུང་ཞིང་། ལྷོ་ཕྱོགས་སུ་སློབ་དཔོན་ཟླ་བ་གྲགས་པའང་བྱོན། སློབ་དཔོན་ཆོས་སྐྱོང་དང་། ཞི་བ་ལྷ་དང་། གྲུབ་ཐོབ་བི་རུ་པའི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་མོ། །འཕགས་པ་ལྷ་ཡང་འདི་དུས་བྱུང་བར་མངོན་ཏེ། མེ་ཏོག་ཕྲེང་རྒྱུད་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ན། འཕགས་པ་དགེ་འདུན་འབངས་ཀྱི་སློབ་མ། འཕགས་པ་ས་ག་ལྷས་མཛད་པ་ཅེས་འབྱུང་བའོ། །
དཔལ་ལྡན་ཟླ་བ་གྲགས་པ།
༈ དཔལ་ལྡན་ཟླ་བ་གྲགས་པ་ནི། ལྷོ་ཕྱོགས་མནྟར་སྐུ་འཁྲུངས། ཆུང་ངུ་ཉིད་ནས་རིག་གནས་མཐའ་དག་ལ་སྦྱངས། རབ་ཏུ་བྱུང་ཞིང་སྡེ་སྣོད་མཐའ་དག་ལ་མཁས་པར་བྱས། ལེགས་ལྡན་གྱི་སློབ་མ་མང་པོ་དང་། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྷི་ལ། ཀླུ་སྒྲུབ་ཀྱི་གཞུང་ལུགས་དང་མན་ངག་ཐམས་ཅད་མནོས། མཁས་པ་ཆེན་པོར་གྱུར་ནས་དཔལ་ན་ལེནྡྲའི་མཁན་པོ་མཛད། རྩ་འཇུག་བཞི་གསུམ་དང་། རིགས་པ་དྲུག་ཅུ་པའི་འགྲེལ་བ་ལ་སོགས་པ་མཛད་དེ་སངས་རྒྱས་བསྐྱངས་ཀྱི་ལུགས་དེ་ཉིད་ཆེར་དར་བར་མཛད་པ་ཡིན་ནོ། །རི་མོར་བྲིས་པའི་བ་ལས་འོ་མ་དང་རྩིག་པ་སོགས་ལ་ཐོགས་མེད་དུ་བཞུད་པ་སོགས་ངོ་མཚར་བའི་ལྟས་དུ་མ་ཡོད་ཅིང་། མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་བཅད། བྲམ་ཟེ་དང་
ཁྱིམ་བདག་ཕལ་ཆེར་བསྟན་པ་ལ་བཅུག་ནས་ཆོས་གཞི་ཆེན་པོ་མང་དུ་བཏབ། མཐར་སྔགས་ལམ་ལ་བརྟེན་ནས་མཆོག་ཐོབ་པར་བཞེད། བོད་ཀྱི་ལོ་རྒྱུས་ལྟར་ན་དགུང་ལོ་སུམ་བརྒྱ་བཞུགས་པར་གྲགས་སོ། །
སློབ་དཔོན་ཙནྡྲ་གོ་མི།
༈ སློབ་དཔོན་ཙནྡྲ་གོ་མི་ནི། སྤྱན་རས་གཟིགས་ཀྱི་ཞལ་མཐོང་བའི་པཎྚི་ཏ་མུ་སྟེགས་རྒྱང་འཕེན་པའི་སྟོན་པ་ཞིག་དང་རྩོད་པར་གྱུར་ཏེ། དེའི་རིང་ལུགས་སུན་ཕྱུང་ཡང་རིགས་པ་ནི་བློས་སྣར་བརྟགས་པ་ཡིན་པས་གང་བློ་བསྒྲིན་པ་དེ་རྒྱལ་བ་ཡིན་གྱི། སྐྱེ་བ་སྔ་ཕྱི་ཡོད་པའི་རྟགས་མངོན་སུམ་དུ་མེད་པས་ཁོ་བོ་ཅག་མི་འདོད་ཟེར་བ་ན། དེར་རྒྱལ་པོ་ལ་སོགས་དཔང་པོར་བཞག་སྟེ། ང་ཉིད་སྐྱེ་བ་ལེན་པ་ཡིན་པས་དཔྲལ་བར་རྟགས་ཐོབ་ཅིག་བྱས་ནས། དེས་དཔྲལ་བར་མཚལ་གྱི་ཐིག་ལེ་ཤ་ལ་ཐིམ་པ་གཅིག་བྱས། ཁ་ནང་དུ་མུ་ཏིག་གཅིག་བཅུག་ནས་དེ་ཉིད་དུ་འདས་ཏེ། དེའི་ལུས་ཟངས་ཁ་སྦྱོར་གྱི་ནང་དུ་བཅུག་ནས་རྒྱལ་པོས་རྒྱ་བཏབ་བོ། །དེ་རྒྱལ་རིགས་ཀྱི་པཎྚི་ཏ་བི་ཤི་ས་ག་ཞེས་པའི་བུར་སྐྱེ་བར་ཁས་བླངས་པ་བཞིན་དེ་ལ་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས་མ་ཐག་ཏུ་མཚལ་གྱི་རི་མོ་དཔྲལ་བར་ཡོད་པ་ཁ་ནང་དུ་མུ་ཏིག་ཡོད་པ་དེ་བྱུང་། རྒྱལ་པོ་སོགས་ཀྱིས་སྔར་གྱི་ཕུང་པོ་དེར་བལྟས་པས་དཔྲལ་བའི་མཚལ་གྱི་རི་མོ་ཡང་བྱིད། མུ་ཏིག་གི་ཤུལ་ཧར་རེ་འདུགདེར་མུ་སྟེགས་དེ་ཡང་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་སྐད། ཁྱེའུ་བཙས་མ་ཐག་ཏུ་མ་ལ་ཕྱག་བྱས་ཏེ་ཟླ་བ་བཅུར་འོ་མ་བརྒྱལ་ལམ་བྱས་པས། བཙས་མ་ཐག་སྨྲ་བ་ལྟས་ངན་ནོ་སྙམ་ནས་ཁ་རོག་འདུག་བྱས་པས་ལོ་བདུན་བར་ཅང་མ་སྨྲས་པས་ལྐུག་པའོ་སྙམ་མོ། །དེར་མུ་སྟེགས་ཀྱིས་རྒོལ་བ་ཤིན་ཏུ་གོ་དཀའ་བ་སྙན་དངགས་ཀྱི་ཚིགས་བཅད་སངས་རྒྱས་པ་རྣམས་ཀྱི་གྲུབ་མཐའ་འགོག་པར་བྱེད་པ་གཅིག་བརྩམས་ནས་རྒྱལ་པོ་དང་མཁས་པའི་ཚོགས་ཐམས་ཅད་ལ་བྲིམས་སོ། །དེར་བི་ཤི་ས་གའི་ཁྱིམ་དུ་བྱུང་བ་ན། དོན་དེ་ཡུན་རིང་བརྟགས་པས་མ་གོ་བས་ལན་གདབ་པར་ག་ལ་ནུས། ལན་གཅིག་བྱ་བ་ཞིག་གི་ཕྱིར་ཁྱིམ་གྱི་ཕྱི་རོལ་དུ་སོང་བ་ན། དེར་ཙནྡྲ་གོ་མི་ལོ་བདུན་འགྲོ་བ་དེས་བལྟས་པ་ན། དོན་དེ་ཤེས་པར་དཀའ་བ་མེད་དོ། །
དོན་འགྲོལ་གྱི་ཡིག་ཆུང་བཏབ། ལན་གྱི་ཚིགས་བཅད་ཀྱང་བྲིས་སོ། །ཕས་ནང་དུ་འོངས་པ་ན་དེ་ལྟར་བྲིས་པ་མཐོང་ནས། ཁྱིམ་དུ་སུ་བྱུང་ཞེས་ཙནྡྲ་གོ་མིའི་མ་ལ་དྲིས་སོ། །གཞན་སུ་ཡང་མ་འོངས་བུ་ལྐུག་པས་བལྟ་ཞིང་བྲིས་སོ། །དེར་ཕས་བུ་ལ་དྲིས་པ་ན་མའི་གདོང་ལ་བལྟ་ཞིང་འདུག་གོ། མས་སྨྲོས་ཤིག་བྱས་པས། འདི་ནི་བདག་གིས་བྲིས་ཏེ་རྒོལ་བ་འདི་བཟློག་པ་ནི་དཀའ་བ་མ་ཡིན་ཞེས་ཟེར། དེ་ནས་ནངས་པར་ཙནྡྲ་གོ་མི་དང་མུ་སྟེགས་ཀྱི་སྟོན་པ་དེ་གཉིས་བརྩད་པས་ཙནྡྲ་གོ་མི་རྒྱལ་ཏེ་བྱ་དགའ་ཆེན་པོ་ཐོབ་ཕྱོགས་ཐམས་ཅད་དུ་མཁས་པའི་གྲགས་པས་ཁྱབ་བོ། །དེ་ནས་སློབ་དཔོན་བློ་གྲོས་བརྟན་པ་ལ་མདོ་སྡེ་དང་མངོན་པའི་སྡེ་སྣོད་ཕལ་ཆེར་ལན་གཅིག་གསན་པས་མཁྱེན། རིག་འཛིན་གྱི་སློབ་དཔོན་མྱ་ངན་མེད་པར་བཀའ་ལུང་མནོས་ཏེ་རིག་སྔགས་བསྒྲུབས་པས་སྤྱན་རས་གཟིགས་དང་སྒྲོལ་མའི་ཞལ་གཟིགས། དེ་ནས་ཤར་ཕྱོོགས་རྒྱལ་པོ་བྷ་ར་ཤའི་ཡུལ་དུ་སྨན་དཔྱད་དང་སྡེབ་སྦྱོར་སོགས་བཟོའི་གནས་ཀྱི་བསྟན་བཅོས་མང་དུ་བྱས། ཁྱད་པར་སྒྲ་རིག་པ་མང་དུ་བཤད། དེའི་ཚེ་རྒྱལ་པོའི་བུ་མོ་ཏཱ་ར་ཞེས་བྱ་བ་བག་མར་བླངས་ཤིང་རྒྱལ་པོས་ཡུལ་འཁོར་ཞིག་ཀྱང་སྦྱིན་པར་བྱས། དུས་ལན་གཅིག་གཡོག་མོས་ཏཱ་ར་འབོད་ཀྱིན་འདུག་པས། ཡི་དམ་དང་མཚན་མཐུན་པ་ཁྱིམ་ཐབ་ཏུ་མི་རུང་ངོ་སྙམས་ནས། ཡུལ་གཞན་དུ་འགྲོ་བར་བརྩམས་པས་རྒྱལ་པོས་ཤེས་ཏེ། ངའི་བུ་མོ་དང་ལྷན་ཅིག་མི་འདུག་ན་གང་ག་ལ་སྐུར་ཅིག་ཅེས་བསྒོས་ཏེ་དེ་བཞིན་བྱས་པ་ན། སློབ་དཔོན་གྱིས་སྒྲོལ་མར་གསོལ་བ་བཏབ་པས། གང་ག་དང་རྒྱ་མཚོ་འཕྲད་མཚམས་ཀྱི་རྒྱ་མཚོའི་གླིང་ཞིག་ལ་ཐོན། གླིང་དེ་འཕགས་མས་སྤྲུལ་བ་ཡིན་ཡང་ཟེར་ཏེ་ཙནྡྲ་དི་པ་ཞེས་བྱ་བ་ད་ལྟ་ཡང་ཡོད་དེ་གྲོང་བདུན་སྟོང་ཙམ་ཤོང་བ་ཞིག་འདུག་ཟེར། སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ་ལས་གོ་མི་དགེ་བསྙེན་མཛད། མཚན་ཙནྡྲ་ཡིན་ལ། དེ་ཕྱིན་ཆད་ནས་ཙནྡྲ་གོ་མིར་གྲགས་སོ། །སླར་ཡང་འཛམ་གླིང་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། བྲམ་ཟེ་མཆོག་སྲེད་ཀྱི་ལྷ་ཁང་ན་ཀླུ་ལ་སྒྲ་ཉན་པའི་བཀོད་པ་དང་། ཀླུ་ཤི་ཥས་བྱས་པའི་པཱ་ཎིའི་འགྲེལ་པ་འདུག་པ་ཡང་གཟིགས་པས། ཀླུ་ནི་རབ་ཏུ་རྨོངས་པས། ཚིག་
མང་བ། དོན་ཉུང་བ་ཟློས་པ། མ་རྫོགས་པའོ། །ཞེས་སྨད་ནས། པཱ་ཎི་པའི་དོན་འགྲེལ་དུ་ཙནྡྲ་བྱཱ་ཀ་ར་ཎ་ཡན་ལག་དང་བཅས་པ་མཛད། གཞུང་དེར། ཉུང་ངུ་རྣམ་གསལ་ཡང་དག་རྫོགས། །ཞེས་གསུངས་པ་ཡང་ཀླུ་ལ་ཟུར་ཟ་བའོ། །དེ་ནས་དཔལ་ན་ལེནྡྲར་བྱོན། དེའི་ཚེ་མཁན་པོར་གྱུར་པ་ཟླ་བ་གྲགས་པ་ཡིན་པ་དང་མཇལ་ནས། ཁྱེད་གང་ནས་འོངས་བྱས་པས། ལྷོ་ཕྱོགས་ནས་འོངས། ཆོས་གང་ཤེས་དྲིས་པས། སྒྲ་པཱ་ཎི་པ་དང་། བསྟོད་པ་བརྒྱ་ལྔ་བཅུ་པ་དང་། མཚན་ཡང་དག་པ་བརྗོད་པ་གསུམ་ཤེས་བྱས་པས། འདི་གཞུང་གསུམ་ལས་མི་ཤེས་ཞེས་ཚིག་ཁེངས་སྐྱུང་ཡང་། དོན་ལ་ཐམས་ཅད་ཤེས་པར་ཁས་བླངས་པ་ཡིན་པས། ཙནྡྲ་གོ་མི་ཡིན་ནམ་སྙམ་དྲིས་པས། འཇིག་རྟེན་ན་དེ་ལྟར་གྲགས་གསུངས། འོ་ན་མཁས་པ་ཆེན་པོ་ཐོག་བབས་སུ་བྱོན་པ་མ་ལེགས་ཀྱིས། དགེ་འདུན་གྱིས་བསུ་བ་བྱེད་དགོས་པས་རེ་ཞིག་གྲོང་ཁྱེར་དུ་བཞུད་ཅིག་གསུངས་པས། བདག་དགེ་བསྙེན་ལ་དགེ་འདུན་གྱིས་བསུ་བ་བྱར་ག་ལ་རུང་། འདི་ལ་ཐབས་ཡོད་དོ་གསུངས་ནས། ཤིང་རྟ་གསུམ་ལས། དབུས་མར་འཇམ་དཔལ་བཞུགས། གཞན་གཉིས་སུ་སློབ་དཔོན་གཉིས་ཀྱིས་རྔ་ཡབ་གཡབ་ཅིང་མདུན་ནས་དགེ་འདུན་གྱིས་བསུ་བ་དང་བཅས་བྱོན་ན་འཇམ་དཔལ་གྱི་སྐུ་ལ་བསུ་བ་བྱས་པར་འགྲོ་གསུངས་ནས། དེ་ལྟར་བྱས་པས་ཙནྡྲ་གོ་མིར་འཇམ་དཔལ་གྱི་སྐུ་བརྙན་གྱིས་ཞལ་བསྟན་པས་དེར་བསྟོད་པ་མཛད་པ་སྐུ་བརྙན་ཞལ་ཕྱིར་ལོག་གིས་གསན་པ་དུས་དེར་སྐྱེ་བོ་ཀུན་གྱིས་མཐོང་ནས་སྐུ་གཟུགས་ཕ་གི་ནི་དེ་ལྟར་བྱེད་དོ་བྱས་པ་དེ་ག་ལ་ལུས་ཏེ་འཇམ་དབྱངས་མཇིང་ཡོན་མར་གྲགས། དེ་ནས་ཙནྡྲ་གོ་མིས་ཐོགས་མེད་ཀྱི་སྲོལ་ལ་བརྟེན་ཏེ་རྣམ་རིག་གི་ཕྱོགས་བཟུང་། ཟླ་གྲགས་ནི་ཀླུ་སྒྲུབ་ཀྱི་གཞུང་སངས་རྒྱས་བསྐྱངས་སོགས་ཀྱིས་བཀྲལ་བ་ལ་བརྟེན་ཏེ་ངོ་བོ་ཉིད་མེད་པར་སྨྲ་བའི་ཕྱོགས་བཟུང་། ལོ་བདུན་གྱི་བར་དུ་བགྲོ་གླེང་གི་བརྒལ་བརྟག་མཛད་དོ། །རྩོད་པ་དེ་བལྟ་བའི་ཕྱིར་སྐྱེ་བོ་མང་པོ་རྟག་ཏུ་འདུས་པས། གྲོང་པའི་ཁྱེའུ་དང་བུ་མོ་ཚུན་ཆད་ཀྱིས་ཀྱང་ཕྱོགས་ཙམ་རིག་ནས། ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང་། །ལ་ལའི་སྨན་ལ་ལ་ལའི་དུག། མི་ཕམ་འཕགས་པ་ཐོགས་མེད་གཞུང་། །སྐྱེ་
བོ་ཀུན་ལ་བདུད་རྩི་ཉིད། །ཅེས་གླུར་ལེན་པ་བྱུང་ངོ་། །ཟླ་གྲགས་ཀྱི་དགོངས་པར། འདི་ལ་རྩོད་པ་སློབ་མི་ཞིག་ཡོད་དོ་བསམས་ནས། ཙནྡྲ་གོ་མིའི་ཕྱི་བཞིན་ཕྱིན་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་ཡོད་པར། སྒོའི་ཕྱི་ནས་ཉན་པས། སྤྱན་རས་གཟིགས་ཀྱི་རྡོ་སྐུ་དེས་སློབ་དཔོན་གྱིས་སློབ་མ་ལ་སྟོན་པ་བཞིན་ཆོས་གསུང་བ་གཟིགས་པས་འཕགས་པ་ལ་ཉེ་རིང་མི་མངའ་འམ་ཞེས་སྒོ་ཕྱེ་བས་དེ་ཉིད་དུ་རྡོ་སྐུར་གྱུར་ཏེ། ཆོས་སློབ་བཞིན་པའི་ཕྱག་སོར་ཀེར་རེ་བར་ལུས་པས་སྤྱན་རས་གཟིགས་འཛུབ་ཀེར་མར་གྲགས། དེ་སྐབས་ནས་རྩོད་པ་རང་ཞི་བའོ། །དེ་ནས་ན་ལེནྡྲའི་གནས་དེར་བཞུགས་ནས་ཆོས་མང་དུ་བསྟན། ཟླ་གྲགས་ཀྱིས་མཛད་པའི་སྒྲའི་བསྟན་བཅོས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཚིགས་བཅད་ལེགས་པོ་གཟིགས་པས་རང་གིས་མཛད་པའི་སྒྲ་མདོ་སྡེབ་མི་ལེགས་པར་མཁྱེན་ནས། འགྲོ་དོན་མི་འབྱུང་ངམ་སྙམ་ནས་དཔེ་ཁྲོན་པར་བསྐྱུར་བས། རྗེ་བཙུན་སྒྲོལ་མས། ཁྱོད་ཀྱི་འདི་ནི་སེམས་ཅན་ལ་ཕན་པར་འགྱུར་གྱི། ཟླ་གྲགས་ཀྱི་འདི་ནི་མཁས་པའི་ང་རྒྱལ་གྱིས་བྱས་པས་གཞན་ལ་ཕན་ཐོགས་ཆུང་ངུར་འགྱུར་རོ། །དེའི་ཕྱིར་གླེགས་བམ་ཁྲོན་པ་ནས་ཕྱུངས་ཤིག། ཅེས་ལུང་བསྟན་པ་ལྟར་བླངས་ཏེ། ཁྲོན་པ་དེའི་ཆུ་འཐུང་བས་ཀྱང་ཤེས་རབ་ཆེན་པོར་བྱུང་སྐད། ཙནྡྲ་པ་ནི་དེ་ནས་ད་ལྟའི་བར་དུ་དར་རྒྱས་ཤིན་ཏུ་ཆེ་ཞིང་། ཕྱི་ནང་ཐམས་ཅད་སློབ་པར་བྱེད་ལ། ཀུན་ཏུ་བཟང་པོ་ནི་མི་རིང་བར་ནུབ་སྟེ་ད་ལྟ་དཔེ་ཙམ་ཡང་ཡོད་པར་མི་སྣང་ངོ་། །དེར་བཟོའི་གནས་བརྒྱ་རྩ་བརྒྱད་དང་། སྒྲ་དང་། རྟོག་གེ་དང་། སྨན་དཔྱད་དང་། སྡེབ་སྦྱོར་དང་། ཟློས་གར་དང་། མངོན་བརྗོད་དང་། སྙན་དངགས་དང་། སྐར་རྩིས་ལ་སོགས་པའི་བསྟན་བཅོས་མང་དུ་བརྩམས་ཤིང་འཆད་སྤེལ་མཛད་པའི་ཚེ། འཕགས་མ་སྒྲོལ་མས། ས་བཅུ་པ་དང་ཟླ་བ་སྒྲོན་མེ་དང་། །སྡོང་པོས་བརྒྱན་པ་དང་ནི་ལངྐར་གཤེགས། །རྒྱལ་བ་རྣམས་ཀྱི་ཡུམ་གྱུར་ཀློགས་ཤིག་ཀྱེ། །སྡེབ་སྦྱོར་ངན་གཡོའི་སྦྱོར་བས་ཁྱོད་ལ་ཅི། །ཞེས་གསུངས་པས་ཕྱི་རོལ་གྱི་རིག་གནས་ཉུང་ངུར་བཏང་ནས། རྨད་དུ་བྱུང་བའི་མདོ་ལྔ་པོ་དེ་ཉིན་རེ་ཞལ་འདོན་དང་གཞན་ལ་འཆད་སྤེལ། དེ་ལྔ་ལ་དོན་བསྡུས་བསྟན་བཅོས་རེ་ཡང་མཛད། འདིས་སྔ་
ཕྱིར་མཛད་པའི་བསྟན་བཅོས་ནི། བསྟོད་པ་བརྒྱ་དང་བརྒྱད། ནང་རིག་པའི་བསྟན་བཅོས་བརྒྱ་དང་བརྒྱད། ཕྱི་རོལ་པའི་བསྟན་བཅོས་བརྒྱ་དང་བརྒྱད། བཟོ་གནས་བརྒྱ་དང་བརྒྱད། སྒྲོལ་མ་དང་སྤྱན་རས་གཟིགས་གཉིས་ཀྱི་སྒྲུབ་ཐབས་བརྒྱ་རྩ་རེ། ཕྲ་མོ་ཐོར་བུ་བ་བཞི་བརྒྱ་སུམ་ཅུ་རྩ་གཉིས་རྣམས་མཛད་པར་གྲགས། དེ་ལྟར་སེམས་ཅན་གྱི་དོན་ཡུན་རིང་མཛད་ནས་མཐར་པོ་ཏ་ལར་གཤེགས་པར་བཞེད་ནས། འཛམ་བུའི་གླིང་ནས་དྷ་ན་ཤྲིར་གླིང་དུ་བྱོན་པ་ན། བློན་ཀླུ་ཤེ་ཥ་ལ་སྨད་པས་འཁོན་དུ་བཟུང་ནས་རྒྱ་མཚོའི་རླབས་ཆེན་པོས་གྲུ་གཟིངས་ཞིག་པར་བརྩམས། རྒྱ་མཚོའི་དབུས་ནས་སྒྲ་བྱུང་ནས། ཙནྡྲ་གོ་མི་ཕྱུངས་ཤིག་ཟེར། སྒྲོལ་མ་ལ་གསོལ་བ་བཏབ་པས། འཕགས་མ་གཙོ་འཁོར་ལྔ་མཁའ་ལྡིང་ལ་ཆིབས་ནས་མདུན་གྱི་ནམ་མཁར་བྱོན་པས། ཀླུ་རྣམས་འཇིགས་ཤིང་སྐྲག་ནས་བྲོས། གྲུ་དྷ་ན་ཤྲིར་བདེ་བར་སླེབས་སོ། །དེར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཡང་མཆོད་ཅིང་སྒྲོལ་མ་དང་སྤྱན་རས་གཟིགས་ཀྱི་ལྷ་ཁང་བརྒྱ་རྩ་རེ་བཞེངས། རི་བོ་ཏ་ལར་གཤེགས་ནས་ད་ལྟ་ཡང་སྐུ་ལུས་མ་སྤངས་པར་བཞུགས་སོ། །
དུལ་བའི་སྡེ་དང་བཙུན་པ་གྲོལ་སྡེ་མངོན་པ་ཡོན་ཏན་བློ་གྲོས་སློབ་དཔོན་ཆོས་སྐྱོང་སོགས།
རྒྱལ་པོ་སེང་གེ་ལྔ་པའི་དུས་སུ་མཆོག་སྡེའི་སློབ་མ་དུལ་བའི་སྡེ་དང་། མ་ག་དྷར་བཙུན་པ་གྲོལ་སྡེ་དང་ཡོན་ཏན་འོད་ཀྱི་སློབ་མ་མངོན་པ་ཡོན་ཏན་བློ་གྲོས་དང་། སློབ་དཔོན་ཆོས་སྐྱོང་དང་། དབང་ཕྱུག་སྡེ་དང་བཅས་པ་རྣམས་བྱོན། དུལ་བའི་སྡེ་དང་བཙུན་པ་རྣམ་གྲོལ་སྡེའི་ལོ་རྒྱུས་རྒྱས་པ་མ་མཐོང་ངོ་། །མངོན་པ་ཡོན་ཏན་བློ་གྲོས་རིག་གནས་མཐའ་དག་ལ་མཁས་ཤིང་མངོན་པ་མཛོད་ཀྱི་འགྲེལ་བཤད་ཀྱང་བྱས། དབུ་མ་རྩ་བ་ལ་བློ་བརྟན་གྱི་རྗེས་སུ་འབྲངས་ཏེ་ལེགས་ལྡན་འགོག་པའི་འགྲེལ་བར་གྲགས་སོ། །༈ སློབ་དཔོན་ཆོས་སྐྱོང་ནི། སློབ་དཔོན་ཆོས་འབངས་ལས་རབ་ཏུ་བྱུང་ཞིང་འདུལ་བ་ཉན། ཕྱོགས་གླང་ལས་སྡེ་སྣོད་ཡན་ལག་དང་བཅས་པ་ཉན་ཏེ་མཁས་པའི་དབང་ཕྱུག་མདོ་སྡེ་ཆེན་པོ་བརྒྱ་རྩ་ཞལ་འདོན་མཛད་པ། འཕགས་པ་ནམ་མཁའི་སྙིང་པོས་ཞལ་གཟིགས་
ནས་རྟག་ཏུ་ཆོས་ཉན་པ། ཟླ་གྲགས་ཀྱི་རྗེས་སུ་ན་ལེནྡྲའི་མཁན་པོ་ཡང་མཛད། མུ་སྟེགས་ཀྱི་རྒོལ་བ་རྣམས་ཁྲོ་བོ་དབྱུག་སྔོན་གྱིས་བསྡིགས་ནས་ངག་གནོན་པར་བྱེད་པ་ཞིག་སྟེ། འདིས་དབུ་མ་བཞི་བརྒྱ་པ་ལ་རྣམ་རིག་ཏུ་བཀྲལ་བའི་འགྲེལ་པ་ཡང་མཛད་པ་སོགས་འགྲོ་ཕན་རྒྱ་ཆེ། མཐར་བཅུད་ལེན་གྱི་དངོས་གྲུབ་སྒྲུབ་ནས་ལྷའི་གནས་སུ་བཞུད་དོ། །ཞེས་གྲགས་སོ། །དེའི་འོག་ཏུ་ན་ལེནྡྲའི་མཁན་པོ་རྒྱལ་བའི་ལྷས་མཛད། དེའི་སློབ་མ་ཞི་བ་ལྷ་དང་བི་རུ་པ་ཡིན་ནོ། །
བི་རུ་པ།
༈ བི་རུ་པ་ནི། ན་ལེནྡྲར་སློབ་གཉེར་བྱེད་སྐབས། ལན་གཅིག་དི་བི་ཀོ་ཊར་ཕྱིན་པས། བུད་མེད་ཅིག་གིས་མེ་ཏོག་ཨུཏྤལ་གཅིག་དང་མགྲོན་བུ་ཞིག་གཏད་པ་བླངས་ཕྱིན་པས། མི་རྣམས་མཁའ་འགྲོ་མས་རྒྱས་བཏབ་པ་སྙིང་རེ་རྗེ་ཟེར་རྒྱུ་མཚན་ཅི་བྱས་པས། དེ་བོར་དང་ཟེར་བོར་བས། ལག་པ་ལ་འབྱར་ཏེ་འབོར་མ་ཐུབ། དེ་ནས་ནང་པའི་མཁའ་འགྲོ་མ་ཞིག་དང་འཕྲད་ནས། སྐྱོབ་དགོས་བྱས་པས། ངེད་ཕྱི་ནང་གཉིས་ཀྱི་མཁའ་འགྲོ་མ་རྣམས་མེ་ཏོག་སྤྲོད་ས་སུ་སྔ་དབང་བར་བྱས་ཟེར། ཐབས་གཞན་མེད་དམ་བྱས་པ་ན། དཔག་ཚད་ལྔའི་ཕ་རོལ་ཏུ་ཕྱིན་ན་ཐར་ཏེ་ཉི་མ་དགོང་ཁར་སོང་བས་མི་སླེབས་ཟེར། མགྲོན་ཁང་ཞིག་ཏུ་རྫ་མ་ཁ་སྦུབ་པའི་འོག་ཏུ་བསྡད་སྟོང་པ་ཉིད་བསྒོམས་སོ། །དེ་ནུབ་དེ་ན་ཡོད་པའི་མི་རྣམས་རེ་རེ་ནས་ཕྲ་མེན་གྱིས་ཁྲིད་ཀྱང་རྒྱས་བཏབ་པ་དེ་མ་ཡིན་པར་ཤེས་ཏེ་ཐམས་ཅད་རང་གནས་སོ་སོར་བསྐྱལ། བཱི་རུ་པ་མ་མཐོང་བའི་ངང་ལ་ནམ་ལངས་ཏེ་དེ་རྣམས་གྱེས་སོ། །དེ་ནས་བྲོས་ཏེ་སླར་ན་ལེནྡྲར་ཕྱིན་པཎྜི་ཏར་གྱུར་ནས། ཕྲ་མེན་མ་རྣམས་འདུལ་དགོས་དགོངས་སློབ་དཔོན་ཀླུའི་བྱང་ཆུབ་ལ་གཤིན་རྗེ་གཤེད་ཞུས་ནས་བསྒོམས་པས་ཞལ་མངོན་སུམ་དུ་མཐོང་སྟེ་བྱོན་པས་ཕྲ་མེན་རྣམས་སྔར་རྒྱས་བཏབ་པ་དེ་བྱུང་ངོ་ཟེར་འཇིགས་པའི་གཟུགས་ཀྱིས་ཟ་བར་བརྩམས་པ་ན། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་བཞེངས་པས། དེ་རྣམས་བརྒྱལ་ཞིང་ཤི་ལ་ཁད་པར་སོང་བ་དེ་རྣམས་དམ་ལ་བཞག་ནས་སྤྱོད་པ་ལ་བྱོན་པ་ཡིན་ནོ། །
ཞི་བ་ལྷ།
༈ ཞི་བ་ལྷ་ནི་རྒྱལ་པོའི་སྲས་སུ་འཁྲུངས། སྔོན་གྱི་ལས་འཕྲོའི་མཐུས་ཆུང་ངུ་ནས་མནལ་ལམ་དུ་འཇམ་དཔལ་ཞལ་གཟིགས། དེ་ནས་རྒྱལ་སྲིད་དུ་བསྐོ་བའི་ནུབ་མོ་ཁྲི་ཐོག་ཏུ་འཇམ་དཔལ་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ཁྱོད་དང་ང་ཉིད་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་གསུངས་པ་དང་། སྒྲོལ་མས་ཀྱང་རང་གི་མའི་ཚུལ་གྱིས་ཆུ་ཚན་སྤྱི་བོར་བླུགས་ནས་རྒྱལ་སྲིད་ནི་དམྱལ་བའི་ཆུ་ཚན་ནོ། །ཞེས་སོགས་བྱུང་བས་རྒྱལ་སྲིད་བཟུང་དུ་མི་རུང་བར་མཁྱེན་ནས་བྲོས་ནས་སོང་ངོ་། །ནགས་ཚལ་ཞིག་ཏུ་སླེབས་པ་ན་བུད་མེད་གཅིག་གིས་ཁྲིད་དེ་ནགས་ཚལ་གྱི་བྲག་ཕུག་ན་རྣལ་འབྱོར་པ་འདུག་པའི་དྲུང་དུ་བསྐྱལ་བྱུང་བར་དེར་གདམས་པ་ཞུས་ནས་བསྒོམས་པས་ཏིང་ངེ་འཛིན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཐོབ་བོ། །རྣལ་འབྱོར་པ་དེ་འཇམ་དཔལ་དང་བུད་མེད་དེ་སྒྲོལ་མ་ཡིན་པར་གྲགས་ཏེ། དེ་ནས་རྟག་ཏུ་འཇམ་དཔལ་གྱིས་ཞལ་གཟིགས་སོ། །དེ་ནས་ཤར་ཕྱོགས་སུ་བྱོན་པས་རྒྱལ་པོ་སེང་གེ་ལྔ་པའི་འཁོར་བྱེད་དགོས་པ་བྱུང་སྟེ། དེར་བཟོའི་གནས་སྔོན་མེད་པ་རྣམས་ཀྱང་དར་བར་བྱས། རྒྱལ་སྲིད་ཀྱང་ཆོས་བཞིན་དུ་སྐྱོང་དུ་བཅུག་པས། བློན་པོ་གཞན་རྣམས་ཀྱིས་ཕྲག་དོག་བྱས་ཏེ། རྒྱལ་པོ་ལ་འདི་ནི་གཡོ་ཅན་ཞིག་སྟེ་རལ་གྲི་ཡང་ཤིང་ལས་མེད་བྱས་པས། ཡི་དམ་ལྷའི་ཕྱག་མཚན་ཤིང་གི་རལ་གྲི་ཡོད་པ་རྒྱལ་པོས་སྟོན་ཟེར། སློབ་དཔོན་གྱིས་འདི་བསྟན་ན་ལྷ་ཉིད་ལ་གནོད་པར་འགྱུར་རོ་བྱས་པས། ལྷག་པར་ཐེ་ཚོམ་སྐྱེས་ཏེ། གནོད་ཀྱང་སླ་ཡི་ངེས་པར་སྟོན་ཅིག་ཟེར། འོ་ན་སྤྱན་གཡས་པ་ཁོབ་ལ་གཡོན་པས་གཟིགས་ཤིག་གསུང་། དེ་ལྟར་བསྟན་པས་རལ་གྲིའི་འོད་ཀྱི་རྒྱལ་པོའི་སྤྱན་གཡོན་པ་ལྷུང་ངོ་། །དེ་ནས་གྲུབ་ཐོབ་ཡིན་པར་ཤེས་ཏེ་བསྙེན་བཀུར་རོ། །དེ་ནས་ཡུལ་དབུས་སུ་བྱོན་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་ནས་མིང་ཞི་བ་ལྷར་བཏགས་སོ། །དེར་པཎྜི་ཏ་རྣམས་དང་ལྷན་ཅིག་གནས་ནས་ཆོས་ཐམས་ཅད་ཐུགས་སུ་ཆུད་ཏེ་བསླབ་པ་ཀུན་ལས་བཏུས་དང་མདོ་ཀུན་ལས་བཏུས་ལེགས་པར་བརྩམས། འཕགས་པ་འཇམ་དཔལ་ལས་ཆོས་གསན་ཞིང་།
ཉིན་མཚན་དུ་མནལ་བ་ལྟར་ལས། ཕྱི་རོལ་གཞན་ངོར་ཐོས་བསམ་སྒོམ་གསུམ་གང་ཡང་མི་བྱེད་པར་བསྟན་པས། དགེ་འདུན་རྣམས་ཀྱིས་དད་ཟས་ཆུད་འཛའ་བས་འདི་བསྐྲད་དགོས་པ་ལས། མདོ་འདོན་རེས་བྱས་ན་རང་བུད་ལ་འགྲོ་ཞེས་བགྲོས་ནས། མཐར་མདོ་འདོན་རེས་བབས་པ་ལ། ཐོག་མར་ཞལ་གྱིས་མ་བཞེས། ནན་གྱིས་:འཆུ་༼ཞུས་༽བ་ལ། འོ་ན་ཁྲི་རྩིགས་ཤིག་འདོན་པར་བྱའོ་གསུངས་པས་འགའ་ཞིག་ཐེ་ཚོམ་དུ་གྱུར། ཕལ་ཆེར་དམའ་དབབ་པའི་དོན་དུ་ཡིན་པས། ཁྲི་མཐོ་བར་བརྩིགས་པ་ལ། དེར་འཛེགས་ནས། སྔར་བྱུང་བ་ཞིག་འདོན་ནམ་མ་བྱུང་བ་ཞིག་འདོན་བྱས་པས། ཐམས་ཅད་ཀྱིས་ཚོད་ལེན་པའི་ཕྱིར་མ་བྱུང་བ་ཐོན་ཅིག་ཟེར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་ཏེ། གང་ཚེ་དངོས་དང་དངོས་མེད་དག། བློ་ཡི་མདུན་ན་མི་གནས་པ། །ཞེས་པའི་ཚིག་མཚམས་ནས་ནམ་མཁར་འཕུར་ཞིང་གཤེགས་ནས། སྐུ་ལུས་མི་སྣང་ཡང་གསུང་གི་སྣང་བ་མ་ཆད་པ་བྱུང་སྟེ་སྤྱོད་འཇུག་རྫོགས་པར་གསུངས་སོ། །དེར་པཎྜི་ཏ་གཟུངས་ཐོབ་པ་རྣམས་ཀྱིས་བློ་ལ་བཟུང་བས། ཁ་ཆེ་བ་རྣམས་ཀྱིས་ཤླཽ་ཀ་སྟོང་ལྷག་པ་ཅིག་བྱུང་། ཤར་པ་རྣམས་ཀྱི་ཤླཽ་ཀ་བདུན་བརྒྱ་ལས་མེད་པ། མཆོད་བརྗོད་དབུ་མ་རྩ་བའི་དེ་བཅུགདེ་ཡང་བཤགས་ལེ་དང་ཤེར་ལེ་གཉིས་ཆད་པ་ཡིན། དབུས་པ་རྣམས་ཀྱིས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་མེད་པ་རྗེས་སྔགས་ཀྱི་དབང་དུ་བརྩིས་པའི་ཤླཽ་ཀ་སྟོང་ཡོད་པ་གཅིག་བྱུང་བར། དེར་ཐེ་ཚོམ་དུ་གྱུར་པས། བོད་ལྟར་ན་གྲོང་ཁྱེར་དཔལ་ཡོན་ཅན་ན་བཞུགས་ཟེར་ནའང་། གྲོང་ཁྱེར་ཀ་ལིངྐར་གཤེགས་ཏེ་བཞུགས་པ་ཐོས་པས་པཎྜི་ཏ་གསུམ་གྱིས་དེར་སོང་སྟེ་གསུམ་པོ་དེ་གང་དག་ཅེས་ཞུས་པས། ཡུལ་དབུས་པ་རྣམས་ཀྱིས་བཟུང་བ་ལྟར་ཡིན་གསུངས་སོ། །དེ་ནས་ལྷོ་ཕྱོགས་གྱི་ནང་དུ་ཕྱི་ནང་གཉིས་རྩོད་པའི་ནུས་པ་འགྲན་པ་ན། ནང་པས་མ་ནུས་པའི་སར་བྱོན། དེར་མུ་སྟེགས་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ནམ་མཁར་བྲིས་པ་སྐད་ཅིག་ལ་རླུང་ལ་བསྐུར་ཏེ་མུ་སྟེགས་པ་དང་དེར་དགའ་བའི་སྐྱེ་བོ་ཀུན་ཀྱང་རླུང་དྲག་པོས་ཁྱེར་ཏེ་ཆུ་བོ་ཞིག་ཡོད་པའི་ཕ་རོལ་ཏུ་འཕངས། ནང་པ་རྣམས་ལ་ཅི་ཡང་མ་སྐྱོན། དེ་ནས་
མུ་སྟེགས་ཀྱི་ཆོས་བསྣུབས་ནས་ནང་པའི་ཆོས་ལ་བཙུད་དེ་དར་བར་བྱས། ཡུལ་དེར་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས་སོ། །གང་ལྟར་ཡང་། ལྷག་པའི་ལྷ་མཉེས་ན་ལེནྡྲའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག། ཡ་མཚན་ཅན་དང་སྤྲང་པོ་དང་། །རྒྱལ་པོ་མུ་སྟེགས་བཏུལ་བ་དང་། །ཞེས་ངོ་མཚར་ཅན་གྱི་གཏམ་བདུན་ཡིན་པར་འདོད་དོ། །
ཐམས་ཅད་མཁྱེན་པའི་བཤེས་གཉེན།
༈ ཐམས་ཅད་མཁྱེན་པའི་བཤེས་གཉེན་ནི། ཁ་ཆེའི་ཡུལ་གྱི་རྒྱལ་པོ་ཞིག་གི་ཟུར་བུ་བྱིས་པ་ཆུང་ངུའི་སྐབས་ཁང་སྟེང་དུ་བསྙལ་ནས། མ་མེ་ཏོག་འཐུར་སོང་བར་བྱ་རྒོད་ཀྱིས་ཁྱེར་ཏེ་ན་ལེནྡྲའི་གནྡྷོ་ལ་ཞིག་གི་རྩེ་མོར་བཞག་གོ། པཎྜི་ཏ་རྣམས་ཀྱིས་དེ་བླངས་ཏེ་གསོས་ནས་ཆེར་སྐྱེས་པ་ན་བློ་རྣོ་བར་གྱུར་ཏེ་དགེ་སློང་སྡེ་སྣོད་འཛིན་པའི་བར་དུ་གྱུར། སྒྲོལ་མ་བསྒྲུབས་པས་ཞལ་གཟིགས་ཤིང་ལོངས་སྤྱོད་མི་ཟད་པ་བྱུང་། ཐམས་ཅད་སྦྱིན་པར་བཏང་བས་ནམ་ཞིག་སྦྱིན་རྒྱུ་ཟད། སློང་བ་པོ་མང་བས་ཐག་རིང་ཞིག་ཏུ་བྱོན་སྐབས། བྲམ་ཟེ་རྒན་མོ་མིག་ལོང་བ་བུས་ལོང་ཁྲིད་བྱས་པ་དང་འཕྲད། གར་འགྲོ་དྲིས་པས། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་སྦྱིན་པས་ཐམས་ཅད་མགུ་བར་བྱེད་པ་ཡོད་ཟེར་བས། དེར་སློང་ལ་འགྲོ་ཟེར་དེ་ཉིད་ང་ཡིན་ན་ཡོ་བྱད་ཐམས་ཅད་ཟད་པས་འདིར་འོངས་སོ་བྱས་པས། དེ་ཤིན་ཏུ་སྡུག་བསྔལ་གྱིས་ཉམ་ཐག་གོ། དེ་ལ་སྙིང་རྗེ་ཚད་མེད་པ་སྐྱེས་ཏེ། ཁྱོད་སྡུག་བསྔལ་བར་མ་བྱེད་ཅིག་ངས་ཡོ་བྱད་བླངས་ནས་འོང་ངོ་བྱས། དེའི་ཚེ་ལྟ་བ་ལོག་པའི་སློབ་དཔོན་ཞིག་ཡོད་པ་དེས། རྒྱལ་པོ་ས་ར་ཎ་ཞེས་བྱ་བ་ལ། མི་བརྒྱ་རྩ་བརྒྱད་ཉོས་ནས་སྦྱིན་སྲེག་བྱས་ན། དེ་རྣམས་ཀྱི་བསོད་ནམས་དང་དབང་ཐང་ཐམས་ཅད་བདག་ཉིད་ལ་འབྱུང་ཞིང་ཐར་པའི་རྒྱུ་ཡང་ཡིན་ནོ་བྱས་པར། བརྒྱ་དང་བདུན་ཉོས་ཏེ་རྙེད་གཅིག་མ་རྙེད་པའི་སྐབས་དེར་སློབ་དཔོན་གྱིས་དེར་ཕྱིན་ནས་མི་ཉོ་བ་སུ་ཡོད་བྱས་པ་རྒྱལ་པོས་ཉོ་ཟེར། རིན་དུ་སློབ་དཔོན་གྱི་ལུས་རྗིད་དང་མཉམ་པའི་གསེར་གཞལ་བྱུང་བ་བྲམ་ཟེ་ལོང་བ་ལ་བྱིན་ནས་མགུ་བར་བྱས་ཏེ་བྱོན་པས། མི་དེ་རྣམས་ན་རེ། གལ་ཏེ་ཁྱོད་མ་འོངས་ན་ངེད་རྣམས་ཐར་བ་ཡང་སྲིད་པ་ལས། ད་ནི་ད་ལྟ་ཉིད་དུ་མེ་ལ་སྲེག་གོ་ཞེས་ཤིན་ཏུ་སྡུག་བསྔལ་བར་འདུག་ཅིང་།
དེའི་ནུབ་མོ་ཕྱོགས་ཡངས་པ་ཞིག་ཏུ་ཤིང་གི་ཚོགས་རི་ལྟར་སྤུངས་པའི་དབུས་སུ་མི་བརྒྱ་རྩ་བརྒྱད་པོ་བཅིངས་ཏེ་བཞགལྟ་ལོག་གི་སློབ་དཔོན་དེས་ཆོ་ག་བྱས། ཤིང་ཐམས་ཅད་མེ་འུར་གྱིས་འབར་བའི་ཚེ། མི་བརྒྱ་རྩ་བདུན་པོ་དེ་རྣམས་ཆོ་ངེ་འདོན་ཅིང་ཉམ་ཐག་པར་སློབ་དཔོན་སྙིང་རྗེ་མི་ཟད་པ་སྐྱེས་ཏེ། འཕགས་མ་སྒྲོལ་མ་ལ་ཡུས་ཀྱིས་གསོལ་བ་བཏབ་པས་རྗེ་བཙུན་མ་མདུན་དུ་བྱོན་ཏེ་ཕྱག་ལས་བདུད་རྩིའི་རྒྱུན་བབས། སྐྱེ་བོ་རྣམས་ཀྱི་སྣང་ངོར་ཕྱོགས་གང་ན་ཡང་མེད་པར་མེ་འབར་བ་ཁོ་ནའི་ཐད་དུ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བྱུང་མེ་ཞི་ནས་མཚོ་རྫིང་དུ་གྱུར། རྒྱལ་པོ་ཡ་མཚན་སྐྱེས་ཏེ་སློབ་དཔོན་ལ་གུས་པར་མཆོད། མི་རྣམས་ཀྱང་རང་གནས་སུ་བཏང་ངོ་། །དུས་འདི་ཙམ་ན། གྲུབ་ཆེན་ཌོཾ་བི་ཧེ་རུ་ཀ་དང་། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ་ཡང་བྱུང་། བི་རུ་པས་གྲུབ་པ་ཐོབ་ནས་ལོ་བཅུ་ཙམ་ན། ཌོཾ་བི་ཧེ་རུ་ཀས་དངོས་གྲུབ་བརྙེས། དེ་ནས་ལོ་བཅུ་ཙམ་ན་དྲིལ་བུ་པས་བརྙེས་སོ། །དེ་ནས་ལོ་མང་ཙམ་སོང་བ་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་ཡང་། ཐོགས་མེད་སྐུ་མཆེད་དང་། ཕྱོགས་ཀྱི་གླང་པོ་བཞུགས་པ་ཙམ་ལ་ལྟོས་ན། ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་རྒྱུད་ཀུན་ཏུ་མུ་སྟེགས་འཕེལ་ཞིང་། སངས་རྒྱས་པ་འགྲིབ་པའི་ཚུལ། མུ་སྟེགས་ཀྱི་རྩོད་པའི་ཁྱུ་མཆོག་ཏུ་གྱུར་པ་གཞོན་ནུ་རོལ་པ་དང་། གཟེགས་མ་སྒྲ་སྒྲོག་ཅེས་པ་གཉིས་བྱུང་སྟེ། སངས་རྒྱས་བསྐྱངས་དང་། ལེགས་ལྡན་དང་། ཆོས་འབངས་དང་། ཕྱོགས་གླང་གི་སློབ་མ་རྣམས་དང་། ཉན་ཐོས་ཀྱི་དགེ་འདུན་མང་པོ་དག་གི་ལོངས་སྤྱོད་དང་མངའ་ཐང་འཕྲོག་ནས་ཉམས་སྨད་པར་བྱས། དེ་དུས་སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བརྩམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས། མུ་སྟེགས་འགའ་ཞིག་དང་བརྩད་པས་ཡང་རྒྱལ་ཏེ། རྒྱལ་པོ་ས་ལ་ཝ་ཧན་ཞེས་པ་སངས་རྒྱས་ཀྱི་བསྟན་པར་བཅུགདེས་ལྷ་ཁང་དང་མཆོད་རྟེན་མང་དུ་བཞེངས། ཆོས་གཞི་ཡང་ཅི་རིགས་བཙུགས་པར་གྲགས། སློབ་དཔོན་དབྱིག་གཉེན་བཞུགས་པ་ཡན་ཆད་ན་སྡེ་བ་བཅོ་བརྒྱད་པོ་ཡང་ཆ་ཚང་ཙམ་ཡོད་ལ། དེ་ནས་བར་སྐབས་དེ་རྣམས་སུ་རྩོད་པའི་རྒྱུ་མཚན་དང་། སྟེས་དབང་
གིས་ནུབ་པ་སྣ་ཚོགས་བྱུང་སྟེ། དགེ་འདུན་ཕལ་ཆེན་པ་ལས། ཤར་གྱི་རི་བོ་པ་དང་། ནུབ་ཀྱི་རི་བོ་པ་དང་། གངས་རིར་གནས་པ་གསུམ་སྟོངས། ཐམས་ཅད་ཡོད་སྨྲ་ནས། འོད་སྲུང་པ་དང་རྣམ་པར་ཕྱེ་སྟེ་སྨྲ་བ་གཉིས་སྟོངས། གནས་བརྟན་པ་ལས། གཙུག་ལག་ཁང་ཆེན་པ་དང་། མང་བཀུར་བ་ལས་བསྲུང་བ་པའི་སྡེ་པ་སྟོངས་ཏེ། ལྷག་མ་རྣམས་དར་བར་ཡོད་དོ། །དེ་ལ་ཉན་ཐོས་རྣམས་ཀྱི་སྒྲུབ་པའི་བསྟན་པ་ནི་ལོ་ལྔ་བརྒྱ་ནས་ཉམས་པ་ལྟར་གྱུར་པ་ཡིན་མོད། དེའི་གྲུབ་མཐའི་ཕྱོགས་འཛིན་པ་ནི་ད་ལྟའི་བར་དུ་ཡོད་པས་སོ། །
དཔལ་ལྡན་ཆོས་ཀྱི་གྲགས་པ།
༈ དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུ་ཞེས་བྱ་བར་འཁྲུངས་ཞེས་སྔོན་གྱི་མཁས་པ་རྣམས་གསུངས་ལ། ཏྲེ་མ་ལའི་ཡུལ་ཡིན་པ་ཕྱི་ནང་ཀུན་ལ་གྲགས་པས་སྔོན་དུས་དེ་ལ་རྒྱལ་དབང་གཙུག་ནོར་དུ་གྲགས་སྐད། འཁྲུངས་པའི་དུས་ནི་རྒྱལ་པོ་སེང་གེ་ལྔ་པ་དང་། གསལ་བ་སོགས་ཀྱི་དུས་ཡིན་པར་སྔོན་ཡབ་བྲམ་ཟེའི་རིགས་ཀྱི་མུ་སྟེགས་ཀུན་ཏུ་རྒྱུ་རོ྅་ནནྡ་ཞེས་བྱ་བའི་བུར་སྐྱེས་ཏེ། ཆུང་ངུ་ནས་བློ་གྲོས་ཤིན་ཏུ་སྒྲིན་པས། བཟོ་གནས་དང་། རིག་བྱེད་ཡན་ལག་དང་བཅས་པ་དང་། སྨན་དཔྱད་དང་། བརྡའ་སྤྲོད་པ་དང་། མུ་སྟེགས་ཅན་གྱི་གྲུབ་པའི་མཐའ་མ་ལུས་པ་ལ་ཤིན་ཏུ་སྦྱངས་པས་མུ་སྟེགས་ཀྱི་གྲུབ་མཐའ་ལ་མཁས་པར་གྱུར་ནས། བྲམ་ཟེ་རྣམས་ཀྱིས་བསྔགས་འོས་ལྷག་པར་བསྟོད་པའི་སྐབས་ཤིག་ན། སངས་རྒྱས་ཀྱི་གསུང་རབ་འགའ་རེ་གཟིགས་པས་རང་གི་སྟོན་པ་དང་གྲུབ་མཐའ་རྣམས་སྐྱོན་དུ་གཟིགས། སངས་རྒྱས་དང་དམ་པའི་ཆོས་ལ་མོས་པ་སྐྱེས་ཏེ། ནང་པའི་དགེ་བསྙེན་གྱི་ཆ་ལུགས་སུ་བསྒྱུར་བས། བྲམ་ཟེ་རྣམས་ཀྱིས་རྒྱུ་མཚན་དྲིས་པ་ན། སངས་རྒྱས་ཀྱི་བསྔགས་པ་བརྗོད་པས་དེ་རྣམས་ཀྱིས་གནས་ནས་བསྐྲད་དོ། །དེ་ནས་ཡུལ་དབུས་སུ་བྱོན་སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་མཁས་པར་བྱས། མདོ་སྡེ་གཟུངས་སྔགས་བསྡོམས་པ་ལྔ་བརྒྱ་ཙམ་ཐུགས་ནས་འདོན། རྟོག་གེའི་བསྟན་བཅོས་གཞན་གྱིས་བློ་མ་ཁེངས། དབང་ཕྱུག་སྡེ་ལ་ཚད་མ་ཀུན་ལས་བཏུས་པ་ཚར་གཅིག་ཉན་པས་དབང་ཕྱུག་སྡེ་ཉིད་དང་མཉམ་པར་གྱུར། ལན་གཉིས་ཉན་པས་ཕྱོགས་
གླང་དང་མཉམ་པར་གྱུར། གསུམ་ཉན་པས། དབང་ཕྱུག་སྡེས་ཀྱང་ཕྱོགས་ཀྱི་གླང་པོའི་དགོངས་པ་འགའ་ཞིག་ནོར་བར་མཁྱེན་ཏེ། སློབ་དཔོན་ཉིད་ལ་བཟླས་པས་ཤིན་ཏུ་དགྱེས་ཏེ། ཁྱོད་ནི་ཕྱོགས་ཀྱི་གླང་པོ་དང་མཉམ་སྟེ་གྲུབ་མཐའ་ནོར་བ་ཐམས་ཅད་སུན་ཕྱུངས་ལ། ཚད་མ་ཀུན་ལས་བཏུས་པ་ལ་འགྲེལ་པ་ཡང་གྱིས་ཤིག་ཅེས་སློབ་དཔོན་ལས་གནང་བ་ཐོབ་བོ། །སློབ་དཔོན་གྱི་དྲུང་དུ་གསང་སྔགས་ཞུས་ནས་བསྒོམས་པས་ཧེ་རུ་ཀས་ཞལ་མངོན་སུམ་དུ་བསྟན་ཏེ། ཅི་འདོད་གསུངས། ཕྱོགས་ལས་རྣམ་པར་རྒྱལ་བ་འཚལ་ལོ། །ཞུས་པས་ཧ་ཧ་ཧཱུྃ་གསུངས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་མུ་སྟེགས་ཀྱི་གྲུབ་མཐའི་གསང་ཚིག་བསླབ་པར་བཞེད་ནས། ཁོལ་པོའི་ཆ་ལུགས་སུ་བརྫུས་ཏེ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། སུ་མཁས་དྲིས་པས། གཞོན་ནུ་རོལ་རྩེད་ལ་འགྲན་གྱི་ཟླ་མེད་ཟེར། དེར་ཕྱིན་པ་ན་ཁོ་མངའ་ཐང་ཆེ་སྟེ། ཕྱི་ནང་གི་ལས་བྲན་ཕོ་ལྔ་བཅུ་དང་བྲན་མོ་ལྔ་བཅུས་བྱེད་པ་དེ་སློབ་དཔོན་གཅིག་པུས་གྲུབ་པར་བྱས་པ་ན། གཞོན་ནུ་རོལ་རྩེད་ཆུང་མར་བཅས་པ་ཤིན་ཏུ་དགའ་འོ། །ཁྱོད་ཅི་འདོད་ཟེར་བར། གྲུབ་མཐའ་ཉན་པར་འཚལ་ལོ་བྱས་པས། རིག་པ་མཐའ་དག་བསྟན། གསང་ཚིག་བུ་དང་ཆུང་མ་མ་གཏོགས་གཞན་ལ་མི་སྟོན་པ་འགའ་ཞིག་ཡོད་པ་རྣམས་ཀྱང་ལས་ཀྱི་བྱ་བས་བུ་དང་ཆུང་མ་མགུ་བར་བྱས་ཏེ། དེ་རྣམས་ལ་དྲིས་པས་ཤེས་སོ། །དེར་གྲུབ་མཐའི་གནད་དོན་ཇི་ལྟར་འགོག་པའི་ཚུལ་རྣམས་ཀྱང་ལེགས་པར་ཤེས་པ་ན། བྲམ་ཟེ་ནོར་ལ་སྲེད་པས་ནོར་མ་སྦྱིན་ན་ཉེས་པར་འགྱུར་རོ་སྙམ་ནས། དེ་ན་གནས་པའི་གནོད་སྦྱིན་ཞིག་ལས་གསེར་གྱི་དོང་ཙེ་བདུན་སྟོང་བླངས་ནས་གཞོན་ནུ་རོལ་པ་ལ་བྱིན། རང་གི་གླ་དངུལ་པ་ཎ་ལྔ་བརྒྱ་ཡོད་པ་དེས་བྲམ་ཟེ་རྣམས་ལ་སྟོན་མོ་ཆེར་བྱས་ཏེ། དེ་ནུབ་བྲོས་ནས་བྱོན་ནོ། །ཀཱ་ཀ་ཀུ་ཧ་ཞེས་བྱ་བའི་ཚོང་འདུས་ཆེན་པོ་ཕོ་བྲང་དང་བཅས་ཡོད་པ་ལ། འདིར་རྩོད་པར་འདོད་པ་སུ་ཡོད་ཅེས་སྒོ་ཡིག་བཏབ་སྟེ་བསྡད་པས། གཟེགས་ཟན་གྱི་གྲུབ་མཐའ་འཛིན་པ་བྲམ་ཟེ་ཀ་ན་གུཔྟ་དང་། གཞན་ཡང་ལྟ་བ་དྲུག་གི་གྲུབ་མཐའ་འཛིན་པ་ལྔ་བརྒྱ་ཙམ་འདུས་བྱུང་ནས། ཟླ་བ་གསུམ་དུ་བརྩད་པས། ཐམས་ཅད་སུན་ཕྱུངས་ཏེ་སངས་
རྒྱས་ཀྱི་བསྟན་པ་ལ་བཅུགརྒྱལ་པོས་ཀྱང་དེ་དག་གི་ནང་ན་བྲམ་ཟེ་ལོངས་སྤྱོད་དང་ལྡན་པ་ལྔ་བཅུ་ཙམ་གྱིས་ནང་པའི་ཆོས་གཞི་རེ་འཛུགས་སུ་བཅུགགཏམ་དེ་གཞོན་ནུ་རོལ་པས་ཐོས་ནས་ཤིན་ཏུ་ཁྲོས་ཏེ། རང་ཉིད་བྲམ་ཟེ་ལྔ་བརྒྱ་དང་བཅས་རྩོད་པར་འོངས། གལ་ཏེ་ཁོ་བོ་རྒྱལ་ན་ཆོས་ཀྱི་གྲགས་པ་སོད་ཅིགཆོས་ཀྱི་གྲགས་པ་རྒྱལ་ན་ང་སོད་ཅིག་ཅེས་རྒྱལ་པོ་ལ་བསྒོ་བ་ལས། སློབ་དཔོན་གྱིས་གལ་ཏེ་གཞོན་ནུ་རོལ་པ་རྒྱལ་ན་རྒྱལ་པོས་ཤེས། གལ་ཏེ་བདག་རྒྱལ་ན་གཞོན་ནུ་རོལ་པ་གསད་དུ་མི་འཚལ་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པར་བྱའོ་གསུངས། དེར་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས། གཞོན་ནུ་རོལ་པའི་ཐུན་མོངས་མ་ཡིན་པའི་དམ་བཅའ་ལྔ་བརྒྱ་ཡོད་པ་ཐམས་ཅད་རེ་རེ་ནས་རིགས་པའི་རྣམ་གྲངས་བརྒྱ་བརྒྱས་སུན་ཕྱུངས། དེར་གཞོན་ནུ་རོལ་པས་ཀྱང་ནང་པ་མཆོད་པར་བྱས། བྲམ་ཟེ་ལྔ་བརྒྱ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་དད་དེ་རབ་ཏུ་བྱུང་བ་བྱས། གཞན་ཡང་མུ་སྟེགས་ཀྱི་རྩོད་ཟླ་ཡོད་དོ་ཅོག་ཚར་བཅད་པར་མཛད་དོ། །སླར་ཡང་དྲ་བ་ལེའི་ཡུལ་དུ་བྱོན་ནས། ཡུལ་འདི་ན་རྩོད་པར་འདོད་པ་སུ་ཡོད་ཅེས་དྲིལ་བསྒྲགས་པས། མུ་སྟེགས་ཕལ་ཆེར་བྲོས། འགའ་ཞིག་གིས་རྩོད་པར་མི་ནུས་པར་ཁས་བླངས་སོ། །དེའི་ཚེ་དཔལ་ན་ལེནྡྲར་ས་ག་ར་ཨཱ་ཙརྱས་རྩོད་པ་བྱེད་དོ་ཞེས་འཕྲིན་བརྫངས་སོ། །དེ་རྣམས་ཀྱིས་ཀྱང་སང་ཕོད་བྱའོ་ཞེས་ཕྱི་དུས་བཏབ། ཆོས་ཀྱི་གྲགས་པ་ལྷོ་ཕྱོགས་ནས་སྤྱན་དྲངས་སོ། །དེ་ནས་རྩོད་པའི་དུས་སུ་བབས་པ་ན། སངས་རྒྱས་པ་རྣམས་དང་། བྲམ་ཟེ་དང་མུ་སྟེགས་མཐའ་དག་རྒྱལ་པོ་རབ་གསལ་གྱིས་ཝ་ར་ཎཱ་སིར་བསྡུས་ཏེ། རྒྱལ་པོ་དཔང་པོའི་ཚོགས་དང་བཅས་པའི་དབུས་སུ། ས་ག་ར་ཨཱ་ཙརྱ་དང་ཆོས་ཀྱི་གྲགས་པ་རྩོད་པར་ཕྱོགས་པ་ན་སམ་ག་ར་ན་རེ། གལ་ཏེ་ངེད་རྒྱལ་བ་ན་ཁྱེད་གང་ག་ལ་མཆོང་ངམ། མུ་སྟེགས་ལ་འདམ་ཁ་གྱིས། ཅི་སྟེ་ཁྱེད་རྒྱལ་ན་ངེད་གང་ག་ལ་མཆོང་སྟེ་འཆི་བར་བྱེད་དོ་ཟེར་ནས་བརྩད་པས། ཆོས་ཀྱི་གྲགས་པས་ས་ག་ར་ཡང་ནས་ཡང་དུ་ཕམ་པར་བྱས་ཏེ། མཐར་ཅང་མི་སྨྲ་བའི་གནས་ལ་བཀོད། དེ་ནས་ས་ག་ར་གང་ག་ལ་འཆི་བར་རྩོམ་པ་སློབ་དཔོན་གྱིས་བཟློག་ཀྱང་མ་ཉན་
པར། ཁོ་རང་གི་སློབ་མ་བྷ་ཊ་ཨཱ་ཙརྱ་ལ་ཁྱོད་ཀྱིས་རྩོད་པ་གྱིས་ལ། མགོ་རེག་འདི་ལས་རྒྱལ་བར་གྱིས་ཤིགམ་རྒྱལ་ཡང་རུང་། ང་ཁྱོད་ཀྱི་བུར་སྐྱེ་བ་བླངས་ནས་འདི་རྣམས་ཕྱེ་མར་འཐག་པར་བྱའོ་ཟེར་ནས་གང་གར་མཆོངས་ནས་ཤིའོ། །དེའི་སློབ་མ་མང་ཙམ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། ལྷག་མ་རྣམས་ཐག་རིང་པོར་བྲོས་སོ། །དེའི་ཕྱི་ལོ་ཉིད་བྷ་དྲ་ཨཱ་ཙརྱའི་བུར་སྐྱེ་བ་བླངས། བྷ་དྲ་ཨཱ་ཙརྱས་ཀྱང་ལོ་གསུམ་དུ་ལྷ་མཉེས་པར་བྱས། ཡང་ལོ་གསུམ་དུ་ནང་པའི་གྲུབ་མཐའ་འགོག་བྱེད་ཀྱི་རིག་པ་བསམས། ལོ་བདུན་པ་ལ་སྔར་བཞིན་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས། སྔར་བཞིན་ཕམ་ནས་གང་ག་ལ་མཆོང་སྟེ་ཤིའོ། །དེར་དེ་ཉིད་ཀྱི་བུ་ཐུ་བོ་བྷ་ཌ་ཨཱ་ཙརྱ་གཉིས་པ་དང་། སམ་ག་ར་ཨཱ་ཙརྱའི་སྐྱེ་བ་དང་། རང་གི་གྲུབ་མཐའ་ལ་ཞེན་པ་རྣམས་ཤར་ཕྱོགས་ཐག་རིང་པོར་བྲོས་སོ། །བྲམ་ཟེ་ལྔ་བརྒྱ་ཙམ་ནི་བསྟན་པ་ལ་རབ་ཏུ་བྱུང་། ལྔ་བརྒྱ་ཙམ་དཀོན་མཆོག་ལ་སྐྱབས་སུ་སོང་། དེ་ལས་གཞན་མ་བྷ་དྷའི་བྲམ་ཟེ་གང་བ་ཞེས་བྱ་བ་དང་། བཅོམ་བརླག་ཏུ་བྲམ་ཟེ་གང་བ་བཟང་པོ་ཞེས་བྱ་བ་གཉིས་ཀྱང་བཏུལ་ཏེ། དེ་གཉིས་ཀྱིས་སོ་སོའི་ཡུལ་དུ་ནང་པའི་ཆོས་གཞི་ལྔ་བཅུ་རེ་བཙུགས་སོ། །དེར་སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ལ་ཁྱབ་བོ། །དེ་ནས་མ་ག་དྷ་དང་ཉེ་བ་དྲང་སྲོང་མ་ཏམ་གའི་གནས་སུ་ཡུན་རིང་དུ་བཞུགས་ཏེ་རིག་སྔགས་མང་པོ་གྲུབ་པར་མཛད། དེ་ནས་འབིགས་བྱེད་ཀྱི་རི་བོའི་ཁོངས་ན། རྒྱལ་པོ་མེ་ཏོག་གི་བུ་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་ཡོད་དེ། གྲོང་འབུམ་ཕྲག་སུམ་ཅུ་ལ་དབང་བསྒྱུར་བ་ལོངས་སྤྱོད་ཀྱི་ཁྱད་པར་ནི་ལྷ་དང་མཚུངས་སོ་ཞེས་གྲགས་པ་ཞིག་ཡོད་པའི་སར་ལྗོངས་རྒྱུ་ཞིང་གཤེགས་པ་ལས། མཐར་གྱིས་རྒྱལ་པོའི་ཕོ་བྲང་དུ་བྱོན་པ་ན། རྒྱལ་པོས་སུ་ཡིན་དྲིས་པས། ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག། སྙན་དངགས་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ཞེས་གསུངས་པ་ན། ཆོས་ཀྱི་གྲགས་པ་ཡིན་ནམ་ཞེས་དྲིས་པས། འཇིག་རྟེན་ན་དེ་ལྟར་འདོགས་གསུངས། རྒྱལ་པོ་དེས་ཀྱང་གཙུག་ལག་ཁང་མང་དུ་བཞེངས་ཤིང་དེར་ཆོས་ཀྱི་
གྲགས་པ་བཞུགས་སུ་གསོལ། ཚད་མ་སྡེ་བདུན་གྱི་བསྟན་བཅོས་ཀྱང་བརྩམས་ནས། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི། །ཆོས་མ་ཡིན་རྣམས་ད་གདོད་ལོངས། །ཞེས་ཆེད་དུ་བརྗོད་པ་རྒྱལ་པོའི་སྒོ་ཁང་དུ་ཡི་གེར་བྲིས་སོ། །ཡུལ་དེར་དགེ་སློང་ཁྲི་ཕྲག་སྙེད་བྱུང་ཞིང་ཆོས་གཞི་ཡང་ལྔ་བཅུ་ཙམ་བཙུགས། དེ་ནས་མཐའ་འཁོབ་ཀྱི་ཡུལ་གུ་ཛིར་ཐར་བྱོན་ནས་མུ་སྟེགས་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། གོ་ཏ་སྡུ་ལི་ཞེས་བྱ་བའི་ལྷ་ཁང་བཞེངས། ཡུལ་དེར་མུ་སྟེགས་ཤིན་ཏུ་མང་བ་ལས། དེ་རྣམས་ཀྱིས་སློབ་དཔོན་གྱི་བྲང་ཁང་ལ་མེ་བཏང་སྟེ་ཕྱོགས་ཐམས་ཅད་མེས་ཚིག་པར་གྱུར་པ་ན། ལྷག་པའི་ལྷ་དང་གསང་སྔགས་རྗེས་སུ་དྲན་པས་ནམ་མཁའི་ལམ་ལ་བགྲོད་ནས་ཕྱོགས་དེ་ནས་དཔག་ཚད་གཅིག་ཙམ་གྱི་ཡུལ་དེ་ཉིད་ཀྱི་རྒྱལ་པོའི་ཕོ་བྲང་དང་ཉེ་བར་བྱོན། ཐམས་ཅད་ངོ་མཚར་དུ་འཛིན་པར་གྱུར་ཏོ། །གྲུབ་ཐོབ་བརྒྱད་ཅུའི་བསྟོད་པར་ཡང་། རྒོལ་བ་ཚར་གཅོད་མཁའ་ལ་གཤེགས། །ཞེས་པ་ཡང་གཏམ་རྒྱུད་འདི་ལ་བརྟེན་པར་མངོན་ནོ། །དེའི་ཚེ་ས་ག་ར་ཨཱ་ཙརྱ་སླར་ཡང་སྐྱེ་བ་བླངས་པ་དེ་ཉིད་སྔ་མ་ལས་ཀྱང་ཆེས་ཤིན་ཏུ་བློ་རྣོ་ཞིང་། རྩོད་པ་ལ་མཁས་པ། བུམ་པའི་སྟེང་དུ་ལྷས་ལུས་རྫོགས་པར་སྟོན་པ་གཅིག་བྱུང་། དཔལ་ཆོས་ཀྱི་གྲགས་པ་ལ་རྩོད་པར་འདོད་དེ། ཝ་ར་ཎ་སིར་འོངས་ནས་རྒྱལ་པོ་མ་ཧཱ་སྱ་ནི་ལ་བསྒོས་ཤིང་། ཕྱོགས་ཐམས་ཅད་དུ་དྲིལ་བསྒྲགས། དེར་སློབ་དཔོན་ལྷོ་ཕྱོགས་ནས་སྤྱན་དྲངས་ཏེ། བྲམ་ཟེའི་སྐྱེ་བོ་སྟོང་ཕྲག་ལྔ་ཙམ་དང་། རྒྱལ་པོ་ལ་སོགས་པ་སྐྱེ་བོ་དཔག་ཏུ་མེད་པ་ཡང་འདུས་སྔོན་བཞིན་བསྟན་པ་དཔང་དུ་བཙུགས་པ་ལས། ཤིན་ཏུ་ཚར་བཅད་པས། ཡང་གངྒ་ལ་མཆོངས་ཏེ་ཤིའོ། །དེ་དག་གི་རྗེས་འབྲང་མང་པོ་ལ་ལ་རབ་ཏུ་བྱུང་། ལ་ལ་དགེ་བསྙེན་ལ་བཙུད་དོ། །དེའི་ཚེ་ཁ་ཆེའི་སློབ་དཔོན་གསུམ་བྱུང་བར་དྲང་པོའི་སེམས་ཀྱིས་གྲུབ་མཐའ་ལ་བརྒལ་བརྟག་མང་དུ་བྱས་པས་ནང་པ་ལ་ཤིན་ཏུ་དད་དེ། སྐྱབས་འགྲོ་དང་བསླབ་པ་བླངས་གྲུབ་མཐའ་ཉན་ནས་ཚད་མ་སྡེ་བདུན་ལ་ཤིན་ཏུ་མཁས་པར་གྱུར་ནས་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་སོང་ནས་ཆོས་ཀྱི་གྲགས་པའི་ལུགས་ཀྱི་རྟོག་གེ་
དར་བར་བྱས་སོ། །སླར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ཏེ། སངས་རྒྱས་ཀྱི་བསྟན་པ་དར་བ་དང་། བསྟན་པའི་འགལ་རྐྱེན་རྣམས་རྩོད་པས་ཚར་བཅད། རྒྱལ་པོ་དང་བློན་པོ་ལ་སོགས་པ་ཆོས་ཀྱི་སྒོ་ནས་དབང་དུ་བསྡུས། དགེ་འདུན་གྱི་སྡེ་དང་ཆོས་གཞི་ཐུག་མེད་དུ་དར་བར་མཛད། སློབ་དཔོན་ཉིད་ཀྱིས་བཞེངས་པའི་ལྷ་ཁང་ཡང་བརྒྱ་རྩ་ཙམ་ཡོད་ཅིང་། གཞན་ལ་བསྐུལ་ཏེ་བཞེངས་པ་ནི་བགྲངས་བ་ལས་འདས། སློབ་དཔོན་འདིས་ཡོངས་སུ་བསྐུལ་ཏེ་བསྟན་པ་ལ་བཅུག་པའི་དགེ་སློང་དང་དགེ་བསྙེན་ཡན་ཆད་བསྡོམ་ན་འབུམ་དུ་ཉེ་བ་ཙམ་ཡོད་པར་གྲགས་ནའང་། ཕལ་ཆེར་མཁན་སློབ་གཞན་ལ་གཏད་པ་ཁོ་ན་ཡིན་ཅིང་། ཆོས་ཀྱི་འབྲེལ་བའི་སློབ་མས་ནི་ས་སྟེང་ཐམས་ཅད་ཁྱབ་ཀྱང་། ཕྱི་བཞིན་རྗེས་སུ་འབྲངས་པ་ནི་ལྔ་ལས་ལྷག་པ་ཡོངས་སུ་མ་བཟུང་ངོ་ཞེས་གྲགས་སོ། །སྐུ་ཚེ་ཐ་མའི་ཚེ་ཡང་སྔར་གྱི་ས་ག་ར་ཨཱ་ཙརྱ་དེ་ཉིད་བྷ་དྲ་ཨཱ་ཙརྱ་ཕྱི་མའི་བུར་སྐྱེ་བ་བླངས་ཏེ་སྔོན་ལས་ཀྱང་བློ་གྲོས་ཀྱི་སྟོབས་ལྷག་པར་ཆེ་བ། རང་གི་ལྷ་མདུན་དུ་འོངས་ཏེ་མངོན་སུམ་དུ་རིག་པ་སློབ་པ། རེས་འགའ་དེའི་ལུས་ལ་ཞུགས་ནས་ཀྱང་སྔོན་མེད་པའི་རིག་པ་བརྗོད་པ་བྱུང་བ། སུ་རྒྱལ་གྲུབ་མཐའ་ལ་འཇུག་པར་བྱས་ནས་བརྩད་པས། དཔལ་ཆོས་ཀྱི་གྲགས་པ་རྒྱལ་བ་བྱུང་བས། དེ་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་ནས། ལྷོ་ཕྱོགས་ཀྱི་རྒྱུད་དུ་བྲམ་ཟེ་དགེ་བསྙེན་ཚངས་སྤྱོད་ལ་གནས་པ་སངས་རྒྱས་ཀྱི་བསྟན་པ་མཆོད་པར་བྱེད་པ་བྱུང་ངོ་ཞེས་གྲགས་ཤིང་། དེ་ནས་དུས་ཀྱི་མཐར་ཡུལ་ཀ་ལིངྐར་གཙུག་ལག་ཁང་བཞེངས་ཤིང་སྐྱེ་བོ་མང་པོ་ཆོས་ལ་བཀོད་ནས་སྐུ་འདས། གདུང་དུར་ཁྲོད་དུ་ཞུགས་ལ་བཞུས་པས་མེ་ཏོག་གི་ཆར་བབས་ཤིང་། ཕྱོགས་ཐམས་ཅད་དྲི་བཟང་པོ་དང་རོལ་མོས་ཁྱབ་པ་ཞག་བདུན་གྱི་བར་དུ་བྱུང་། གདུང་ཐམས་ཅད་མཆིང་བུ་འདྲ་བའི་རྡོའི་གོང་བུ་གཅིག་ཏུ་འདྲིལ་བ་ལས་རུས་པའི་རྣམ་པ་ཡེ་མེད་དེ་ད་ལྟ་ཡང་དུས་སྟོན་གྱི་མཆོད་པ་བྱེད་དོ། །སློབ་དཔོན་འདི་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དུས་མཉམ་མོ་ཞེས་གྲགས་པ་བཞིན་དོན་ལ་གནས་པར་མངོན་ནོ། །སློབ་དཔོན་འདིས་སྡེ་བདུན་བརྩམས་ནས་པཎྜི་ཏ་ཕལ་ཆེར་གྱིས་མ་གོ། འགའ་ཞིག་གོ་བ་བྱུང་ཡང་ཕྲག་
དོག་གི་དབང་གིས་མི་ལེགས་སོ་བྱས། ཁྱིའི་མཇུག་མ་ལ་བཏགས་པས། ཁྱི་ནི་ལམ་སྲང་ཀུན་ཏུ་རྒྱུ་བ་དེ་བཞིན་དུ་ངའི་བསྟན་བཅོས་ཀྱང་ཕྱོགས་ཀུན་ཏུ་ཁྱབ་པར་འགྱུར་རོ་ཞེས་གསུངས་ཤིང་། གཞུང་གི་མགོར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་སོགས་ཤླཽ་ཀ་གཅིག་བཅུག་པ་དང་། ཕྱིས་སློབ་དཔོན་ལྷ་དབང་བློ་དང་། ཤཱཀྱ་བློ་ལ་སྡེ་བདུན་ལེགས་པར་བཤད་དེ། རང་འགྲེལ་གྱི་འགྲོས་ལྷ་དབང་བློ་ལ་བརྩམས་པར་བསྐོས། ལན་གཅིག་བརྩམས་ཏེ་གཟིགས་ཕུལ་བས་ཆུས་བཀྲུས། ཡང་བརྩམས་པ་མེས་བསྲེགས་ཏེ་སླར་ཡང་བརྩམས་ཏེ། ཕལ་ཆེར་སྐལ་བ་མེད་ཉིད་དང་། །དུས་ལའང་སྡོད་པ་མེད་པའི་ཕྱིར། །གོམས་པའི་ཕྱིར་ནི་མདོར་བསྡུས་ནས། །དཀའ་འགྲེལ་འདི་ནི་འདིར་བྱས་སོ། །ཞེས་བྲིས་ཏེ་ཕུལ་བས། འཕྲོས་དང་ཚིག་ཟུར་གྱིས་མཚོན་པའི་གནད་དོན་རྣམས་མ་བྱུང་བ་འདུག་ཅིང་ཚིག་གི་དངོས་བསྟན་གྱི་དོན་རྣམས་བྱུང་འདུག་གསུངས་ནས་བཞགངའི་རིགས་པ་འདི་དཔྱིས་ཕྱིན་པ་སུས་ཀྱང་མི་ཤེས་པ་འདུག་དགོངས་ནས་རྣམ་འགྲེལ་གྱི་མཇུག་ཏུ། རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། །ཞེས་པའི་ཚིགས་བཅད་བཅུག་གོ། དེ་ལྟར་ན་རྒྱན་དྲུག་པོ་དེ་དག་ལས། ཀླུ་སྒྲུབ། ཐོགས་མེད། ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་ཡིན་ལ། འཕགས་པ་ལྷ། དབྱིག་གཉེན། ཆོས་ཀྱི་གྲགས་པ་གསུམ་ནི་འགྲེལ་བྱེད་ཡིན་ནོ། །དེ་རྣམས་སོ་སོའི་དུས་སྐབས་ལ་ལྟོས་ཏེ་བསྟན་པ་གསལ་བར་བྱེད་པའི་མཛད་པ་མཉམ་པས་རྒྱན་དྲུག་ཅེས་གྲགས་སོ། །དེའི་༼ཚེ༽གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ནི། སློབ་དཔོན་ལྭ་ཝ་པ་དང་ཨིནྡྲ་བྷུ་ཏི་བར་པ་དང་། ཀུ་ཀུ་རཱ་ཛ་དང་། སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང་། ལཱ་ལི་ཏ་བཛྲ་རྣམས་འོལ་སྤྱི་ཙམ་དུ་དུས་མཉམ་མོ། །འདི་སྐབས་ཀྱི་མཚོ་སྐྱེས་རྡོ་རྗེ་ནི་བར་པ་དེ་ཡིན་ནོ། །ལཱ་ལི་ཏ་བཛྲ་ནི་ན་ལེནྡྲའི་པཎྜི་ཏ་གཅིག་ཡིན་ལ། རྣམ་སྣང་སྒྱུ་དྲྭའི་རྒྱུད་ལ་བརྟེན་ཏེ་འཇམ་དཔལ་ལ་ཡི་དམ་དུ་བྱས་ནས་སྒྲུབ་པ་མཛད་པས་ལོ་ཉི་ཤུ་ཙམ་ན་ཞལ་གཟིགས་ཏེ་རྒྱུད་བྱིན་གྱིས་བརླབས། ཨོ་རྒྱན་གྱི་གནས་ཆོས་ཀྱི་མཛོད་ནས་གཤིན་རྗེ་གཤེད་ཀྱི་རྒྱུད་སྤྱན་དྲོངས་ཤིག་པའི་ལུང་བསྟན་བྱུང་བ་ལྟར། ཨོ་རྒྱན་གྱི་གནས་དྷརྨ་གཉྫ་ཞེས་བྱ་བ་ནས།
མ་འོངས་པའི་སེམས་ཅན་ལ་ཕན་པའི་དོན་དུ་གཤིན་རྗེ་གཤེད་ཀྱི་རྒྱུད་སྤྱན་འདྲེན་ནོ་ཞེས་མཁའ་འགྲོ་མ་རྣམས་ལ་ཞུས་པར། ཞག་བདུན་དུ་བློ་ལ་ཇི་ལྟར་བཟུང་བར་ནུས་པ་དེ་གནང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་དང་། སྡོམ་གསུམ་པ་དང་། རྟོག་པ་བདུན་པ་དང་། གཞན་ཡང་གཟུངས་དང་རྒྱུད་དང་། རྟོག་པའི་རིམ་པ་ཐོར་བུ་བ་མང་པོ་དང་བཅས་པ་ཐུགས་སུ་ཆུད་ནས་འཛམ་བུའི་གླིང་དུ་དར་བར་མཛད་དོ། །གཞན་ཡང་མུ་སྟེགས་ཕམ་པ་དང་། ལྷ་ཁང་བཞེངས་པ་སོགས་མཛད་པ་མཐའ་ཡས། གཤིན་རྗེ་གཤེད་ཀྱི་རིག་སྔགས་ཀྱིས། ནང་པ་ལ་ཤིན་ཏུ་གནོད་པའི་ཀླུ་དང་བསྟན་པར་སྡང་བའི་མུ་སྟེགས་དང་། མི་མ་ཡིན་གདུག་པ་ཅན་དང་། སྟག་གཟིག་སོགས་མང་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱིས་འགྲོ་དོན་མཛད་ནས་མཐར་འཇའ་ལུས་སུ་གཤེགས་སོ། །དེའི་སློབ་མ་ལཱི་ལ་བཛྲ་གྱིས་སློབ་དཔོན་གྱི་གསུང་ངག་ཡི་གེར་བཀོད་པས་གཤིན་རྗེ་གཤེད་འབྱུང་བ་དང་ཞི་ཁྲོ་རྣམ་རོལ་སོགས་ལཱི་ལ་བཛྲ་ཆེན་པོས་མཛད་པར་བྱེད་དོ། །ལྭ་ཝ་པ་དང་། ལཱ་ལི་བཛྲ་དང་། ཨིཎྜ་བྷུ་ཏི་རྣམས་ཀྱིས་ཆོ་འཕྲུལ་འགྲན་པའི་ལོ་རྒྱུས་ཡོད་ཀྱང་མ་བྲིས། རྣལ་འབྱོར་གྱི་དབང་ཕྱུག་བི་རུ་པ་ནི་གཤིན་རྗེ་གཤེད་ཉིད་དང་མི་གཉིས་པ་ཡིན་པས་གཤེད་དམར་གྱི་རྒྱུད་སྤྱན་དྲངས་ཤིང་། སྒྲུབ་ཐབས་དང་མན་ངག་ཡི་གེར་བཀོད། དེའི་སློབ་མ་ཌོོཾ་བྷི་ཧེ་རུ་ཀས། ཀུ་རུ་ཀུ་ལེའི་རྟོགས་པ་དང་ཨ་ར་ལི་གཉིས་སྤྱན་དྲངས། རྒྱུད་དོན་མངོན་ཤེས་ཀྱིས་མཁྱེན་ཅིང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་དང་བཀའ་བགྲོས་པ་ལས་དགྱེས་རྡོར་གྱི་རྒྱུད་ཀྱི་སྙིང་པོ་བླངས་ནས། བདག་མེད་མའི་སྒྲུབ་ཐབས་དང་ལྷན་ཅིག་སྐྱེས་སྒྲུབ་ལ་སོགས་པ་གཞུང་དུ་མ་མཛད་ཅིང་སློབ་མ་ལ་དབང་བསྐུར་རོ། །དེ་ནས་སློབ་དཔོན་ལྭ་ཝ་པ་དང་མཚོ་སྐྱེས་རྡོ་རྗེ་གཉིས་ཀྱིས་དགྱེས་རྡོར་གྱི་རྒྱུད་སྤྱན་དྲངས་ནས་བསྟན་བཅོས་མཛད་པས་སྒྲུབ་ཐབས་མཚོ་སྐྱེས་རྡོ་རྗེ་ཞེས་གྲགས་སོ། །ཆོས་ཀྱི་གྲགས་པ་སྐུ་འདས་ཙམ་ན། རྒྱལ་པོ་བྷརྠཱ་རི་དང་གོ་བི་ཙནྡྲ་བྱུང་། རྒྱལ་པོ་དེ་གཉིས་གྲུབ་ཐོབ་ཛ་ལནྡྷ་རི་པ་དང་། སློབ་དཔོན་ནག་པོ་སྤྱོད་པས་བཏུལ་ནས་གྲུབ་པ་ཐོབ་ཚུལ་འདུག་གོ། དེ་
སྐབས་ཐགས་མཁན་གྱི་བྱ་བས་འཚོ་བའི་གྲུབ་ཐོབ་ཏནྟི་པ་ཡང་བྱུང་། ཡུལ་པ་རྣམས་མ་མོ་མཆོད་པའི་ཕྱིར་ར་སྐྱེས་སྟོང་ཕྲག་མང་པོ་གསོད་པར་བརྩམས་པ་ན། སློབ་དཔོན་དེས་ར་རྣམས་ལ་སྔགས་བཟླས་པས། ཐམས་ཅད་ཀྱང་ལྕེ་སྤྱང་གི་གཟུགས་སུ་གྱུར། མ་མོས་གཟུགས་བསྟན་པར། མངར་གསུམ་གྱི་མཆོད་པས་ཚིམ་པར་བགོས་པས་ད་ལྟའི་བར་དུ་ཡང་དེ་ལྟར་བྱེད་དོ། །དེ་རྗེས་གྲུབ་ཐོབ་རྒྱལ་པོ་ལྷན་སྐྱེས་རོལ་པ་དང་། སློབ་དཔོན་དུལ་བ་ལྷ་བྱུང་། དེས་ཚད་མ་སྡེ་བདུན་ལ་འགྲེལ་པ་བྱས། མདོ་སྡེ་འཛིན་པ་ཤུ་བྷ་མི་རྟ་དང་། ཚུལ་ཁྲིམས་བསྐྱངས་དང་། ཤནྟི་སོ་མ་ལ་སོགས་བྱུང་། རྣམ་རིག་གི་གྲུབ་མཐའ་རྩ་བར་བཟུང་། མདོ་སྡེ་དང་འདུལ་བ་ཡང་དར་བར་བྱས་སོ། །
སློབ་དཔོན་ཡེ་ཤེས་སྙིང་པོ་དང་དགེ་བསྙེནབཙུན་པ་ངོ་བོ་ཉིད་མེད་པ།
༈ སློབ་དཔོན་དཔལ་སྦས་རང་གི་ལོ་རྒྱུས་ཞིབ་པ་མ་མཐོང་ཡང་དེའི་སློབ་མ་སློབ་དཔོན་ཡེ་ཤེས་སྙིང་པོ་ནི། ལེགས་ལྡན་གྱི་སྲོལ་འཛིན་དབུ་མ་པ་ཆེན་པོར་གྲགས་པ་ཡིན་ཏེ། སྤྱན་རས་གཟིགས་བསྒྲུབས་ནས་ཡིད་བཞིན་ནོར་བུའི་འཁོར་ལོས་སྒྱུར་བ་ཞལ་གཟིགས། མངོན་ཤེས་དང་ལྡན་པ་ཞིག་བྱུང་། མདོ་སྡེ་དུ་མ་ཐུགས་ནས་འདོན་པ་མུ་སྟེགས་རྣམས་ཕམ་པར་མཛད་པ་ཡིན་ནོ། །༈ དགེ་བསྙེནབཙུན་པ་ངོ་བོ་ཉིད་མེད་པ་ནི། ཐེག་པ་ཆེན་པོར་རིགས་སད་ཅིང་འཇམ་དཔལ་གྱིས་ཞལ་གཟིགས། མདོ་སྡེ་ལྔ་བཅུ་ཙམ་ཐུགས་ནས་འདོན་པ། འཁོར་དགེ་བསྙེན་སྟོང་ཕྲག་དང་བཅས་པ། འཁོར་རྣམས་ལ་དུག་སྦྲུལ་གྱི་གནོད་པ་བྱུང་བ་སྒྲོལ་མའི་རིག་སྔགས་ཀྱིས་མེ་ཏོག་གཏོར་བས་ཁོང་དུ་མིད་པ་རྣམས་ཀྱང་ཕྱིར་ཕྱུང་སྟེ་ཐམས་ཅད་བདེ་བར་གྲོལ་ལོ། །དུས་སྐབས་འདི་ཙམ་ན་དུས་དབང་གིས་མཁས་པ་ཉུང་བ་དང་། མུ་སྟེགས་ཀྱི་རྒོལ་བ་ལྷག་པར་མང་བས། ནང་པའི་རྒོལ་བ་རྣམས་སེམས་འཚབ་འཚབ་མོར་གནས་པ་གཅིག་ཡོད་པ་ན། པཎྜི་ཏ་བི་ཧ་ར་ཞེས་བྱ་བ་ཞིག་ཡོད་པ་དེས། ནངས་པར་རྒོལ་བའི་མུ་སྟེགས་མང་པོ་དང་རྩོད་པར་ཁས་བླངས་ཀྱང་། ཐུབ་བམ་མི་ཐུབ་བམ་སྙམ་པའི་ཐེ་ཚོམ་མེ་ཡོད་པ་ལས། བུད་མེད་རྒན་མོ་ཞིག་བྱུང་ནས། ཚེར་མ་ལྟ་བུའི་ཅོད་པན་མགོ་བོར་གྱོན་
ཏེ་རྩོད་ཅིག་རྒྱལ་བར་འགྱུར་རོ་ཟེར་དེ་བཞིན་བྱས་པས། དེར་རྒྱལ་ཞིང་། གཞན་དུ་ཡང་རྒྱལ་བ་བྱུང་ནས། དེ་ཕྱིན་ཆད་ནས་པཎྜི་ཏ་རྣམས་ཞྭ་རྩེ་རིང་གྱོན་པ་རིམ་གྱིས་དར་རོ། །དེ་ནས་ལི་ཁ་ར་ཤིང་འཕེལ་གྱི་ནགས་ཚལ་དང་ཉེ་བ་ཞིག་ན། རྒྱལ་རིགས་ཀྱི་བུ་མོ་གཟུགས་བྱད་ལེགས་པ་ཞིག་ཤིང་གི་ལྷ་དང་འདུས་པ་ལས། ནམ་ཞིག་ན་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས། ཆེར་གྱུར་ནས་ལྷ་མོ་ཙནྡྲ་ལིའི་སྒོམ་ལུགས་ཞུས་ཏེ་སྒྲུབ་པས་རྨི་ལམ་དུ་ཞལ་བསྟན་ཏེ། རྒྱལ་སྲིད་ཐོབ་པར་གསོལ་བ་བཏབ་པས། ཁྱོད་ཤར་ཕྱོགས་སུ་སོང་ཞིག་དང་ཐོབ་པར་འགྱུར་རོ་ཞེས་ལུང་བསྟན་ཏེ། དེའི་ཚེ་བྷངྒ་ལའི་ཡུལ་དུ་རྒྱལ་པོ་མེད་པར་མང་ཞིག་སོང་། ཡུལ་མི་རྣམས་སྡུག་བསྔལ་བར་གྱུར་བས། གཙོ་བོ་རྣམས་འདུས། གྲོས་བྱས་ཏེ། རྒྱལ་པོ་ཞིག་བསྐོས་པ་ལས། དེ་ན་ཀླུ་མོ་མཐུ་ཆེ་བ་གདུག་རྩུབ་ཅན་ཞིག་ཡོད་པ་དེས་བསྐོས་པའི་ནུབ་མོ་ཟོས་སོ། །དེར་རེས་ཀྱིས་བསྐོས་ཀྱིན་སྔ་དྲོ་བསྐོས་པ་དེ་ནུབ་ཟོས་པས་སྐྱ་རེངས་ཤར་བ་ཙམ་ན་ཕུང་པོ་འདོན་ནོ། །ལྷ་མོ་ཙནྡྲ་གྲུབ་པ་དེ་ཁྱིམ་ཞིག་ཏུ་ཕྱིན་པ་དེ་རྣམས་སྡུག་བསྔལ་གྱིས་ནོན་པ་ལ། རྒྱུ་མཚན་དྲིས་པས། ནངས་པར་དེའི་བུ་ལ་རྒྱལ་པོ་རེས་བབས་ཟེར། གླ་བྱིན་ན་ངས་ཚབ་བྱའོ་བྱས་པས་ཤིན་ཏུ་དགའ་སྟེ། གླ་ཡང་བླངས། ནངས་པར་རྒྱལ་སར་བསྐོས། དེའི་ནམ་ཕྱེད་ན་ཀླུ་མོ་དེ་སྲིན་མོའི་གཟུགས་སུ་བསྒྱུར་སྔར་བཞིན་ཟ་བར་འོངས་པ་ལ། ཡི་དམ་གྱི་ཕྱག་མཚན་བསྣུན་པས་ཀླུ་མོ་རང་ཤིའོ། །ཐོ་རངས་ཕུང་པོ་འབྱིན་མཁན་རྣམས་བྱུང་བ་ལ། མ་ཤི་བར་མཐོང་ནས་ཐམས་ཅད་ཡ་མཚན་དུ་གྱུར་ནས་རྒྱལ་སྲིད་ལ་བསྐོས་ཏེ། སྐུ་ཚེའི་སྟོད་ལ་བྷངྒ་ལར་དབང་བསྒྱུར། སྨད་ལ་བྷངྒ་པ་དབང་དུ་བསྡུས་ཏེ། ཨོ་ཏནྟ་པུ་རི་དང་ཉེ་བར་ནཱ་ལེན་དྲ་ཞེས་བྱ་བའི་གཙུག་ལག་ཁང་ཞིག་ཀྱང་བཞེངས། ཡུལ་དེ་ཉིད་དུ་དགེ་འདུན་གྱི་སྡེ་མང་དུ་བཙུགས་ནས་བསྟན་པ་མཆོད་པར་བྱས་སོ། །རྒྱལ་སྲིད་ལོ་ཞེ་ལྔ་བྱས། རྒྱལ་པོ་འདིའི་རིང་ལ་ཞི་བ་འོད་དང་། བསོད་ནམས་གྲགས་ཀྱི་སློབ་མ་ཤཱཀྱ་འོད་ཀྱི་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད། དེའི་ཡུལ་དུ་དྷ་ན་ཤི་ལ་ཆེན་པོ་དང་། ཁྱད་པར་བཤེས་གཉེན་དང་། ཤེས་རབ་གོ་ཆ་དང་། འདུལ་འཛིན་སློབ་དཔོན་དཔའ་
བོ་རྣམས་བྱུང་། ཤར་ཕྱོགས་སུ་སློབ་དཔོན་ཡེ་ཤེས་སྙིང་པོ་ཡོད་ཐོགསངས་རྒྱས་ཡེ་ཤེས་ཞབས། ཡེ་ཤེས་སྙིང་པོ། ཞི་བ་འཚོ་རྣམས་ཀྱིས་དབུ་མའི་ལུགས་སྲོལ་འཛིན། དེ་རྗེས་ནུབ་ཕྱོགས་གཙྪའི་ཡུལ་དུ་བི་བྷ་རཊྚ་ཞེས་བྱ་བའི་རྒྱལ་པོ་བྱུང་། དེའི་དུས་སུ་བི་རུ་པ་ཆུང་བ་བྱུང་། རྒྱལ་པོ་དེ་ནང་པ་ལ་མོས་ཀྱང་བློན་པོ་རྣམས་ཕྱི་པ་ལ་མོས་པས། དེར་ལྷ་ཁང་ཕྱི་ནང་གཉིས་ཀའི་ལྷའི་རྡོ་སྐུ་མི་ཚད་ཙམ་མང་པོ་བཞེངས། ཕྱི་ནང་གི་ལྷ་ཁང་ཐ་དད་བྱེད་བྱས་པས་བློན་པོ་རྣམས་ཀྱིས་གཅིག་ཏུ་བཀོད་དེ། དེར་རབ་གནས་ལ་མཁས་པ་གཅིག་དགོས་པར་གཞན་མེད། ནང་པའི་དགེ་བསྙེན་ཞིག་ལ་ཡོན་ཏན་དེ་འདུག་པ་མཐོང་སྟེ། དེས་གྱིས་བྱས་པ། མུ་སྟེགས་པའི་སྒྲུབ་གཡོག་མི་བྱེད་ཟེར། དེ་ན་རེ། ཁྱོད་མུ་སྟེགས་པ་ལ་སྐྱབས་སུ་འགྲོ་ནི་མི་དགོས་ལོངས་སྤྱོད་མི་ཟད་པ་འབྱུང་བས་ཆོས་དར་བ་བྱས་ཆོག་མོད་ཟེར། འོ་ན་སློབ་དཔོན་ལ་ཞུས་ནས་འོང་གི་བྱས་ནས། ཞུས་པས་གནང་སྟེ་དེའི་སྒྲུབ་གཡོག་བྱས། རོ་ལངས་ལྕེ་ཕྱིར་གཡུག་པ་ལན་གསུམ་བྱེད། དང་པོ་ཟིན་ན་དངོས་གྲུབ་ཆེན་པོ། གཉིས་པ་འབྲིང་། གསུམ་པ་ལ་ཆུང་ངུ་འགྲུབ། ལན་གསུམ་པ་ལ་མ་ཟིན་ན། དང་པོར་འོ་སྐོལ་གཉིས་ཟ། དེ་ནས་ཡུལ་ཁམས་ཐམས་ཅད་སྟོངས་པ་ཙམ་དུ་འགྲོ་ཟེར། དགེ་བསྙེན་དེས་དང་པོ་གཉིས་ལ་མ་ཟིན། དེ་ནས་རོ་ལངས་དང་ཁ་སྤྲད་དེ་བསྡད་པས། གསུམ་པ་ལ་སོ་བཏབ་པས་ཟིན། དེ་ནས་ལྕེ་རལ་གྲིར་གྱུར། ལུས་གསེར་དུ་སོང་ངོ་། །དགེ་བསྙེན་གྱིས་རལ་གྲི་ཐོགས་ཏེ་བསྐོར་བས་ནམ་མཁའ་ལ་འཕགས་པ་ན། མུ་སྟེགས་པ་ན་རེ། ངས་རལ་གྲིའི་དོན་དུ་བསྒྲུབ་པ་ཡིན་པས་རལ་གྲི་ང་ལ་གཏོད་ཟེར། ངས་ལྟད་མོ་ཞིག་བལྟས་ལ་འོང་གི་བྱས་ནས་རི་རབ་གྱི་རྩེ་མོར་ཕྱིན། གླིང་བཞི་གླིང་ཕྲན་དང་བཅས་པ་ཡུད་ཀྱིས་བསྐོར་ནས། རལ་གྲི་ཁོ་རང་ལ་གཏད་པས། ལུས་གསེར་དུ་སོང་བ་འདི་ཁྱོད་རང་གྱིས། རུས་པ་ལ་མ་ཐུག་པར་ཤའི་ཐད་ནས་ཆོད། ཆང་རིན་དང་སྨད་ཚོང་མའི་དོན་སོགས་ལོག་པ་ལ་མ་སོང་བ་གྱིས། རང་འཚོ་བ་དང་དགེ་བའི་ལས་ལ་སྤྱད་ན་དེ་རིང་བཅད་པའི་ཤུལ་དོ་ནུབ་གང་སྟེ་ཟད་མི་ཤེས་པ་ཡིན་ནོ་ཟེར། ཁོ་རང་རལ་གྲི་ཐོགས་ནས་ལྷ་ཡུལ་དུ་སོང་ངོ་། །དགེ་བསྙེན་
དེས་རོ་ལངས་ཀྱི་གསེར་ལ་བརྟེན་ནས། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་བཞེངས། ཨོ་ཏནྟ་འཕུར་བྱེད་ཀྱི་དོན་ཡིན་ལ། ནམ་མཁར་ཕྱིན་ནས་རི་རབ་གླིང་བཞི་དངོས་སུ་མཐོང་བའི་བཀོད་པ་ལྟར་བཞེངས། དེ་བཞེངས་པའི་རྒྱུ་དང་དེར་གཉུག་མར་གནས་པའི་དགེ་སློང་ལྔ་བརྒྱ་དང་། དགེ་བསྙེན་ལྔ་བརྒྱའི་འཚོ་བའང་སྦྱར། རང་མ་ཤིའི་བར་ཁོ་རང་གིས་ཆོས་གཞི་བཏེགའདའ་བའི་ཚེ་གསེར་ལྷག་མ་མ་འོངས་པའི་སེམས་ཅན་གྱི་དོན་དུ་གཏེར་དུ་སྦས། ཆོས་གཞི་རྒྱ་ཆེན་པོ་དེ་ཝ་པཱ་ལར་གཏད་པར་གྲགས། དེ་ཀླུའི་བུ་ཡིན་པར་གྲགས་ཏེ། རྒྱལ་པོ་འདིའི་ཡབ་རྒྱལ་པོ་གཽ་པཱ་ལ་ཡིན་ལ། དེའི་བཙུན་མོས་བྲམ་ཟེ་རིག་སྔགས་གྲུབ་པ་ཞིག་ལ་རྒྱལ་པོ་དབང་དུ་བྱེད་པའི་རིག་སྔགས་ཞུས་པས། སྨན་ལ་སྔགས་བཏབ་ཁ་ཟས་དང་སྦྱར་རྒྱས་བཏབ་རྒྱལ་པོ་ལ་དྲོངས་ཤིག་བྱས་ནས་བྲན་མོ་ལ་བསྐུར་བས་རྫས་ཆུ་ལ་ལྷུངས་ཆུས་ཁྱེར་ཏེ་ཀླུའི་གནས་སུ་སླེབས་པ་ན། ཀླུའི་རྒྱལ་པོ་རྒྱ་མཚོ་སྐྱོང་ཞེས་བྱ་བས་ཟོས་པས། དེ་དབང་དུ་གྱུར་ཏེ། རྒྱལ་པོའི་གཟུགས་ཀྱིས་འོངས་ནས་བཙུན་མོ་དང་འཕྲད་སྦྲུམ་པར་གྱུར་པས་ནམ་ཞིག་ཁྱེའུ་བཙས་ཏེ་ལྷ་མཆོད་པའི་ཚེ་སྦྲུལ་མགོ་རོང་གིས་བྱུང་བས། ཀླུའི་རྒྱལ་པོའི་བུར་ཤེས་ནས་སྐྱེད་བསྲིངས། རྒྱལ་པོ་གཽ་པཱ་ལ་འདས་ནས་རྒྱལ་པོ་དེ་ཝ་པཱ་ལ་དེས་སྲིད་བྱས། གོང་མ་ལས་ཀྱང་མངའ་ཐང་ཆེ་སྟེ། ཤར་ཕྱོགས་ཝ་རེནྡྲ་མངའ་འོག་ཏུ་འདུས། གཙུག་ལག་ཁང་ཁྱད་འཕགས་ཤིག་རྩིག་པར་བཞེད་ནས་སོ་མ་པུ་རི་བཞེངས། འདི་ལ་བོད་ཀྱི་ལོ་རྒྱུས་ཕལ་ཆེ་ན་ཆོས་སྐྱོང་ལ་མར་མེ་ཕུལ་ནས་གསོལ་བ་བཏབ་ཀོང་བུ་གང་དུ་ཁྱེར་བ་དེར་རྩིག་གོ་སྙམ་པ་ན་ཆོས་སྐྱོང་གི་སྤྲུལ་པ་བྱ་རོག་ཅིག་བྱུང་ནས་ཀོང་བུ་མཚོར་བསྐྱུར་བས་ཡིད་ཆད་པ་ན་ཀླུའི་རྒྱལ་པོ་སྦྲུལ་མགོ་ལྔ་པ་བྱུང་ཏེ་ང་ཁྱོད་ཀྱི་ཕ་ཡིན་མཚོ་བསྐམས་ནས་རྩིག་པར་གཞུག་གོ་བྱས་པ་ལྟར་མཚོ་བསྐམས་པའི་ཤུལ་དུ་བརྩིག་ཟེར་བ། དེ་ནི་ཁ་ཆེའི་ཡུལ་གྱི་རྒྱ་མཚོ་སྦས་པའི་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་འདིར་སྦྱར་བར་ཟད་དོ་ཞེས་ཇོ་ནང་རྗེ་བཙུན་ཏ་ར་ནཱ་ཐས་གསུང་། རྒྱལ་པོ་འདིས་མུ་སྟེགས་རྣམས་ཕམ་པར་བྱ་བའི་ཆེད་དུ་དམག་བསྡུས་ནས་གནས་པ་ན་ནག་པོ་ཆེན་པོས་བྱེ་མའི་ཕུང་པོ་འདི་བསལ་
བའི་འོག་ན་མུ་སྟེགས་ཀྱི་ལྷ་ཁང་ཡོད་དེ་འཇིག་པར་འདོད་ན་མཐའ་དམག་གིས་སྐོར་ལ་རོལ་མོ་གྱིས་ཤིག་ཟེར། དེ་ལྟར་བྱས་པས། བྱེ་མའི་ཕུང་པོའི་འོག་ནས་རྡོའི་ལྷ་ཁང་ངོ་མཚར་ཅན་ཞིག་ཐོན། དཔལ་ཚ་གསུམ་གྱི་གཙུག་ལག་ཁང་དུ་མིང་བཏགས་སོ། །ལོ་རྒྱུས་ཁ་ཅིག་ན། དེ་ལྟར་བྱས་པས་བྱེ་མའི་འོག་ནས་ཉན་ཐོས་འགོག་པའང་བྱུང་ཆོ་འཕྲུལ་བསྟན་ནས་མྱ་ངན་ལས་འདས། མུ་སྟེགས་ཀྱི་གཙུག་ལག་ཁང་དང་གནས་གཞི་བཞི་བཅུ་ཙམ་རང་ཞིག་པར་སོང་ངོ་ཟེར་བར་ཡང་སྣང་། རྒྱལ་པོ་འདིའི་རིང་ལ་ནག་པོ་སྤྱོད་པ་ཆུང་བ་བྱའོ། །དེས་ནི་བདེ་མཆོག་བསྒོམ་པས་མཁའ་འགྲོ་མས་ལུང་བསྟན་ནས། ཀཱ་མ་རུའི་ལྷ་མོའི་གནས་ན་དངོས་གྲུབ་ཀྱིས་རྫས་ཡོད་ལོངས་ཤིག་ཟེར། དེར་ཕྱིན་པས་ཟ་མ་ཏོག་ཅིག་རྙེད། ཁ་ཕྱེ་བས་ཌཱ་མ་རུ་དྲ་བ་ཅན་ཞིག་བྱུང་། དེ་ལག་ཏུ་ཐོགས་པ་ཙམ་གྱིས་རྐང་པ་ས་ལ་མི་རེག་ཅིང་། དྲག་ཏུ་དཀྲོལ་ན་གྲུབ་པའི་རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ཙམ་གང་ནས་ཆ་མེད་པར་འོངས་ནས་དེའི་འཁོར་བྱེད་པ་བྱུང་སྟེ་ཡུན་རིང་པོར་འགྲོ་དོན་མཛད་དོ། །འདི་སྐབས་སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་དང་། དཥྚཾ་སྱ་ན་སྟེ་མཆེ་བའི་སྡེ་དང་། ཡེ་ཤེས་ཟླ་བ་དང་། རྡོ་རྗེ་མཚོན་ཆ་དང་། འཇམ་དཔལ་གྲགས་པ་དང་། ཡེ་ཤེས་བྱིན་དང་། ལྷོ་ཕྱོགས་ཀྱི་རྒྱུད་དུ་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་གྲུབ་པ་རྣམས་དང་། སློབ་དཔོན་སེང་གེ་བཟང་པོ་ཡང་རྒྱལ་པོ་འདིའི་དུས་པཎྜི་ཏར་གྱུར། དེ་ནས་རྒྱལ་པོ་ཏཱ་པ་པཱ་ལས་རྒྱལ་སྲིད་ལོ་བཅུ་གཉིས་བྱ་སྐབས། ཨོ་རྒྱན་གྱི་སློབ་དཔོན་སྒེག་པ་རྡོ་རྗེ་དཔལ་ན་ལེནྡྲར་ལོ་བཅུའི་བར་དུ་བཞུགས།
སློབ་དཔོན་སྒེག་རྡོར།
༈ དེ་ལ་སློབ་དཔོན་སྒེག་རྡོར་ནི། ཨོ་རྒྱན་གྱི་གནས་སུ་རབ་ཏུ་བྱུང་ཞིང་གྲུབ་མཐའ་རྣམ་རིག་དབུ་མ་པ། རིག་པའི་གནས་ཐམས་ཅད་ལ་མཁས་པའི་མཐར་ཕྱིན། ཨོ་རྒྱན་གྱི་གླིང་ཕྲན་མ་དྷཱི་མ་ཞེས་བྱ་བར་འཇམ་དཔལ་གྱི་སྒྲུབ་པ་མཛད་པས་བྲིས་སྐུའི་ཞལ་ལས་འོད་ཟེར་ཆེན་པོ་བྱུང་སྟེ་གླིང་དེ་ཡུན་རིང་དུ་སྣང་བར་བྱས། དུས་དེར་ལོག་པར་ལྟ་བ་འགའ་ཞིག་ལ་ནང་པའི་པཎྜི་ཏའི་དབང་པོ་ལྔ་སྒྲུབ་རྫས་ལ་དགོས་པ་བྱུང་། སློབ་དཔོན་བཀྲོང་དུ་འོངས་
པས་གླང་པོ་དང་རྟ་དང་བུ་མོ་ཁྱེའུ་སོགས་སྣ་ཚོགས་ཀྱི་གཟུགས་སུ་བསྒྱུར་བས་ངོ་མ་ཤེས་པར་ཕྱིར་ལོག་པས། སྣ་ཚོགས་གཟུགས་ཅན་ཞེས་པའི་མཚན་གསོལ། དེ་ལ་སོགས་ཏེ་ངོ་མཚར་བའི་མཛད་པ་མཐའ་ཡས། མཐར་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་སོ། །དེའི་རྗེས་རྒྱལ་པོ་དྷརྨ་པཱ་ལས་རྒྱལ་སྲིད་ལོ་དྲུག་ཅུ་རྩ་བཞི་བྱས་སྐབས་སུ། ཡེ་ཤེས་ཞབས་བླ་མར་བསྟེན། གསང་འདུས་དང་ཕར་ཕྱིན་ཤེས་པ་པཎྜི་ཏ་ཀུན་གྱི་གྲལ་མགོར་འཇོག་པ་སོགས་དེ་གཉིས་ལ་གུས་པ་ཆེར་མཛད། རྒྱལ་པོ་འདིས་སྤྱིར་ཆོས་གཞི་ལྔ་བཅུ་ཙམ་བཙུགས་པ་ལས། ཤེར་ཕྱིན་འཆད་པའི་ཆོས་གཞི་སུམ་ཅུ་སོ་ལྔ་ཡོད། དཔལ་བི་ཀྲ་མ་ལ་ཤྲཱི་ལའི་གཙུག་ལག་ཁང་བཞེངས་ཏེ། དེ་ཡང་མ་ག་དྷའི་བྱང་ངོས་ཆུ་བོ་གངྒའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་ཡོད་ཅིང་དབུས་སུ་བྱང་ཆུབ་ཆེན་པོའི་སྐུ་ཚད་ཀྱི་ལྷ་ཁང་། མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་བ་ལྔ་བཅུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་ང་བཞི་སྟེ་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་བཞེངས། པཎྜི་ཏ་བརྒྱ་རྩ་བརྒྱད། གཏོར་མའི་སློབ་དཔོན། རབ་གནས་སློབ་དཔོན། སྦྱིན་བསྲེག་སློབ་དཔོན། བྱི་བ་བསྲུང་བ། ཕུག་རོན་བསྲུང་བ་དང་། ལྷ་འབངས་ཀྱི་གཉེར་བྱེད་པ་བརྒྱ་དང་བཅུ་བཞི་ལ་ཟས་གོས་འཚོ་བའི་ཁྱད་པར་འགྲན་དུ་མེད་པར་སྦྱར། ཟླ་དུས་སུ་ཆོས་ཉན་པ་པོ་དང་བཅས་པ་ཐམས་ཅད་ལ་རྟག་རེས་འཁོར་གྱི་སྟོན་མོ་དང་འབུལ་བ་བཟང་པོ་རེ་ཡང་མཛད། རགས་རྩིས་ཙམ་དུ་བྱས་ན་རྒྱལ་པོ་འདི་དང་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དུས་མཉམ་དུ་བཤད། འདིའི་དུས་སུ་སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་དང་། ཁ་ཆེའི་ཡུལ་དུ་སློབ་དཔོན་པདྨ་འབྱུང་གནས་དབྱངས་དང་། རྟོག་གེ་པ་ཆོས་འབྱུང་བྱིན་དང་། འདུལ་འཛིན་སེང་གེའི་གདོང་པ་ཅན་སོགས་བྱུང་།
སློབ་དཔོན་སེང་གེ་བཟང་པོ།
༈ དེ་ལ་སློབ་དཔོན་སེང་གེ་བཟང་པོ་ནི་རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་བ། གཞུང་ལུགས་ལ་མཁྱེན་པ་རྒྱས་ཤིང་། སློབ་དཔོན་ཞི་བ་འཚོ་ལ་དབུ་མ་དང་། མཁན་པོ་རྣམ་སྣང་མཛད་ལ་ཤེར་ཕྱིན་གསན། རྒྱལ་བ་མ་ཕམ་པ་སྒྲུབ་པས་མནལ་ལམ་དུ་ཞལ་བསྟན་ནས།
ཤེར་ཕྱིན་གྱི་དོན་འགྲེལ་བར་བྱེད་པའི་བསྟན་བཅོས་གྲུབ་མཐའ་མི་གཅིག་པ་མང་ནས། སུའི་རྗེས་སུ་འབྲང་ཞུས་པས་འཐད་པའི་ཆ་བསྡུས་ཤིག་ཅེས་བཀའི་གནང་བ་ཐོབ། རྒྱལ་པོ་དྷརྨ་པཱ་ལས་སྤྱན་དྲངས་ནས་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་བཞུགས་ཏེ་ཤེར་ཕྱིན་ཉན་པ་སྟོང་ཕྲག་མང་པོ་ལ་ཆོས་སྟོན་ཅིང་བརྒྱད་སྟོང་འགྲེལ་ཆེན་སོགས་བསྟན་བཅོས་མང་དུ་མཛད་པ་སོགས་འགྲོ་ཕན་རྒྱ་ཆེ་བར་གྲགས།
སློབ་དཔོན་རྒྱ་མཚོའི་སྤྲིན་དང་པདྨ་འབྱུང་གནས་དབྱངས་སངས་རྒྱས་ཡེ་ཤེས་ཞབས་རྒྱལ་རིགས་སྒྲ་གཅན་འཛིན་བཟང་པོ་བཅས།
༈ སློབ་དཔོན་རྒྱ་མཚོའི་སྤྲིན་ནི། རྒྱལ་བ་མ་ཕམ་པས་ཞལ་གཟིགས་ནས་ས་སྡེ་ལྔ་ལ་འགྲེལ་པ་མཛད་པར་ཡང་གྲགས་ཤིང་བྱང་སའི་འགྲེལ་པ་ནི་གྲགས་ཆེའོ། ༈ །པདྨ་འབྱུང་གནས་དབྱངས་ནི་ལོ་དྲི་མཁན་པོ་ཡིན་ནམ་སེམས། ༈ སངས་རྒྱས་ཡེ་ཤེས་ཞབས་ནི། སེང་བཟང་གི་སློབ་མའི་ཐོག་མ་ཡིན། མི་རིང་བར་གྲུབ་པ་ཐོབ། རྒྱལ་པོའི་བླ་མར་གྱུར། སློབ་དཔོན་འདི་ལ་ནུབ་རེ་བཞིན་ཛམ་བྷ་ལས་གསེར་པཱ་ན་བདུན་བརྒྱ་རེ་དང་ནོར་རྒྱུན་མས་མུ་ཏིག་དོ་ཤལ་སུམ་བརྒྱ་རེ་འབུལ་ཞིང་། ལྷའི་མཐུས་དེ་དག་ཉོ་བ་ཡང་ཕྱི་དེ་ཉིན་ཁོ་ནར་འབྱུང་ལ། དེ་ཐམས་ཅད་དགེ་བའི་ལས་མི་ཟད་པར་མཛད་ནས་ཚུལ་དེས་དུས་འདའ་བར་མཛད་དེ། དཔལ་གསང་བ་འདུས་པ་ལྷ་བཅུ་དགུ་ལ་མར་མེ་ཤིང་རྟའི་འཕང་ལོ་ཙམ་བདུན་བདུན། བྱང་སེམས་བརྒྱད་དང་ཁྲོ་བོ་དྲུག་ལ་གསུམ་གསུམ། ཕྱོགས་སྐྱོང་ཆེན་པོ་བཅོ་ལྔ་ལ་གཏོར་མ་མི་གཉིས་ཀྱི་འཁྱོགས་ཀྱིས་འདེགས་པ་བཅོ་ལྔ་རེ་སྟར་མ་ཆག་པ་འབུལ་ཞིང་། ཆོས་ཉན་པའི་སློབ་མ་དང་། རབ་ཏུ་བྱུང་བ་དང་། སློང་མོ་བ་ལ་སོགས་པ་ཐམས་ཅད་སྦྱིན་པས་ཚིམ་པར་མཛད་པར་གྲགས། སློབ་དཔོན་འདིས་ཀྲྀ་ཡོག་གསུམ་དང་། འདུས་པ་མདོ། སྒྱུ་འཕྲུལ། མཉམ་སྦྱོར། ཟླ་གསང་ཐིག་ལེ། འཇམ་དཔལ་ཁྲོས་པ་སྟེ་ནང་གི་རྒྱུད་སྡེ་ཡང་མང་དུ་གསུངས། ཁྱད་པར་གསང་བ་འདུས་པ་རྩལ་བཏོན་དུ་དར་བར་མཛད་དོ། ༈ །རྒྱལ་རིགས་སྒྲ་གཅན་འཛིན་བཟང་པོ་ནི། རིག་གནས་ལ་སྦྱངས་པས་པཎྚི་ཏའི་གནས་ཐོབ། སངས་རྒྱས་ཡེ་ཤེས་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབས། གསང་བ་
འདུས་པའི་སྒྲུབ་པ་མཛད་པས། དེ་བཞིན་གཤེགས་པ་ལྔའི་ཞལ་གཟིགས། གསང་བའི་བདག་པོ་དངོས་སུ་འགྲུབ། འཛམ་བུའི་གླིང་དུ་འགྲོ་དོན་ཆེར་མ་མཛད། འགྲོ་ལྡིང་གི་ཡུལ་དུ་བྱོན་ནས་གསང་སྔགས་ཀྱི་རྒྱུད་སྡེ་མང་དུ་གསུངས་ཤིང་། ཀླུ་རྣམས་འདུལ་བར་བཞེད་ནས་རྒྱ་མཚོའི་འགྲམ་དུ་བྱོན་ཏེ་ད་ལྟའང་བཞུགས་པར་གྲགས།
སློབ་དཔོན་སངས་རྒྱས་གསང་བ།
༈ སློབ་དཔོན་སངས་རྒྱས་གསང་བ་ནི། སངས་རྒྱས་ཡེ་ཤེས་ཞབས་ཀྱི་སློབ་མ་ཡིན། ཝ་ར་ཎ་སིར་འཇམ་དཔལ་སྒྲུབ་པས་ནམ་ཞིག་ན་བྲིས་སྐུ་བཞད། དངོས་གྲུབ་ཀྱི་རྫས་བ་དམར་སེར་གྱི་མར་ཡང་ཁོལ། མེ་ཏོག་རྙིང་པ་རྣམས་ཁ་འབུས་པས་དངོས་གྲུབ་ཀྱི་ལྟས་སུ་མཁྱེན་ཀྱང་། ཐོག་མར་མེ་ཏོག་འབུལ་ལམ་མར་ཁུ་འཐུང་སྙམ་ཐེ་ཚོམ་དུ་ཅུང་ཟད་ལུས་པ། གནོད་སྦྱིན་མོ་ཞིག་གིས་གེགས་བྱས་ཏེ། སློབ་དཔོན་གྱི་འགྲམ་པར་ཐལ་ལྕག་བརྒྱབ་པས་སློབ་དཔོན་ཅུང་ཟད་བརྒྱལ། བརྒྱལ་བ་སངས་ཙམ་ན་བྲིས་སྐུ་རྡུལ་གྱིས་གོས། མེ་ཏོག་རྙིང་། མར་ཁུ་ཡང་བོ། འོན་ཀྱང་རྡུལ་ཕྱིས། མེ་ཏོག་དབུ་ལ་ཕུལ། མར་ཁུ་གང་ཡོད་འཐུངས་པས་སྐུ་ལུས་ནད་ཐམས་ཅད་དང་བྲལ་ཞིང་། སྟོབས་དང་ལྡན་པ། བློ་གྲོས་རྣོ་བ། མངོན་ཤེས་དང་ལྡན་པ་བྱུང་། སངས་རྒྱས་ཞི་བས་རྫས་དང་བྲིས་སྐུ་སོགས་གང་གིས་ཀྱང་སྤྲོས་པ་མེད་པར་སྒོམ་པས་ཀྱང་སངས་རྒྱས་གསང་བ་དང་ཡོན་ཏན་མཚུངས་པ་ཐོབ། སློབ་དཔོན་དེ་གཉིས་རི་བོ་ཏ་ལར་བྱོན། རིའི་རྩ་བར་འཕགས་མ་སྒྲོལ་མ་ཀླུའི་ཚོགས་ལ་ཆོས་སྟོན་པར་བཞུགས་པ་རྒན་མོ་བ་གླང་གི་ཁྱུ་ཆེན་པོ་འཚོ་བར་མཐོང་། རི་སྐེད་ན་ཁྲོ་གཉེར་ཅན་མ་ལྷ་མིན་དང་གནོད་སྦྱིན་གྱི་ཚོགས་ལ་ཆོས་སྟོན་པ་བུ་མོ་ར་ལུག་འཚོ་བར་གཟིགས། རིའི་རྩེར་བྱོན་པས་སྤྱན་རས་གཟིགས་ཀྱི་སྐུ་རྡོ་སྐུ་ལས་མ་གཟིགས། སངས་རྒྱས་ཞི་བས་རང་ལས་སྣང་མ་དག་པ་ཡིན། གནས་འདི་ན་ཕལ་པ་ག་ལ་ཡོད་སྙམ་ཡིད་ཆེས་ཆེན་པོ་བྱས་ནས་གསོལ་བ་བཏབ་པས་ཐུན་མོང་གི་དངོས་གྲུབ་མངོན་ཤེས་སོགས་དང་མཆོག་གི་དངོས་གྲུབ་གནས་ལུགས་ནམ་མཁའ་དང་མཉམ་པའི་དོན་རྟོགས་པ་གཅིག་བྱུང་། སངས་རྒྱས་གསང་བ་ཡིད་མ་ཆེས་བཞིན་དུ་གསོལ་བ་བཏབ་པས། ཞབས་ས་ལ་མ་རེག་པར་འགྲོ་བ་ཙམ་གྱི་
དངོས་གྲུབ་ཐོབ། དེར་རྒན་མོ་དེས། ཁྱོད་རང་རི་ཁ་བ་ཅན་གྱི་གངས་ཏི་སེར་སོང་ལ་སྒྲུབ་པ་གྱིས་ཞེས་ལུང་བསྟན་པ་བཞིན་བྱོན་ནས། ཏི་སེར་སྒྲུབ་པ་མཛད་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོས་ཡང་ནས་ཡང་དུ་ཞལ་གཟིགས་ཤིང་། འཕགས་པ་འཇམ་དཔལ་དང་མི་ལབ་པ་བཞིན་དུ་བྱུང་། དེའི་ཚེ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དབས་མཉྫུ་ཤྲཱི་ལ་སོགས་པ་སྤྱན་འདྲེན་དུ་བཏང་ཡང་འཇམ་དཔལ་གྱིས་བཀའ་མ་གནང་བས་མ་བྱོན། དེར་ཀྲི་ཡོག་སྡེ་གསུམ་གྱི་བཤད་པ། རྡོ་རྗེ་དབྱིངས་ཀྱི་སྒྲུབ་ཐབས་ཡོ་ག་ལ་འཇུག་པ། རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ། བསམ་གཏན་ཕྱི་མའི་རྒྱས་འགྲེལ་ལ་སོགས་པ་བསྟན་བཅོས་མང་དུ་མཛད་དོ། །དེ་རྗེས་རྟོག་གེ་པ་ཆོས་མཆོག་དང་། དྷརྨ་མི་ཏྲ་དང་། དྷརྨ་ཀ་ར་ལ་སོགས་པ་བྱུང་། འདི་ཙམ་ན་རགས་རྩིས་སུ་བྱས་ན་བོད་ན་བཙད་པོ་ཁྲི་རལ་སྐུ་འདས་པ་ཙམ་གྱི་དུས་ཡིན་པར་བཤད། དེ་རྗེས་གྲུབ་ཐོབ་ཏི་ལི་པ་དང་སློབ་དཔོན་ཀུན་དགའ་སྙིང་པོ་ཡང་བྱུང་། དེ་རྗེས་ཤེས་རབ་འབྱུང་གནས་སྦས་པ། ཡོ་ག་ལྕགས་ཀྱུ་པདྨ། ཛེ་ཏ་རི། ནག་པོ་དམ་ཚིག་རྡོ་རྗེ། སློབ་དཔོན་ཐ་ག་པ་ལ་སོགས་པ་བྱུང་བར་གྲགས། དེ་ནས་བྲམ་ཟེ་ཡེ་ཤེས་ཞབས་དང་ནག་པོ་སྤྱོད་པ་ཆུང་བ་ཡང་བྱུང་། འདི་ཙམ་ན་བོད་ན་བསྟན་པ་ཕྱི་དར་གྱི་མགོ་བརྩམ་པ་རགས་རྩིས་བྱས་ན་མཉམ་པར་བཤད།
མཁས་པ་སྒོ་དྲུག་དང་ལྷོ་སྒོ་བ་ངག་གི་དབང་ཕྱུག་གྲགས་པ།
༈ དེ་ནས་མཁས་པ་སྒོ་དྲུག་བྱུང་བ་བི་ཀྲ་མ་ལའི་གཙུག་ལག་ཁང་ན་བཞུགས་པ་སྟེ། ཤར་ན་ཤནྟི་པ། ལྷོ་ན་ངག་གི་དབང་ཕྱུག་གྲགས་པ། ནུབ་ན་ཤེར་འབྱུང་བློ་གྲོས། བྱང་ན་ནཱ་རོ་པཎ་ཆེན། དབུས་ན་རིན་ཆེན་རྡོ་རྗེ་དང་། ཛྙཱ་ན་ཤྲི་རྣམས་ལས། ཤནྟི་པའི་ལོ་རྒྱུས་མ་མཐོང་། ༈ ངག་གི་དབང་ཕྱུག་གྲགས་པ་ནི་དགེ་འདུན་ཕལ་ཆེན་པ་ཡིན་ཅིང་། སྒྲ་ཚད་དང་གཞུང་ལུགས་དུ་མ་མཁྱེན་ཅིང་། ངག་གི་དབང་ཕྱུག་གི་དངོས་གྲུབ་བསྒྲུབ་ན་འགྲུབ་བམ་མི་འགྲུབ་སྙམ་བརྟགས་པ་མཛད་པས་འགྲུབ་པར་མཁྱེན་ནས་གངྒའི་འགྲམ་དུ་བསྒྲུབས་པས། ཤིང་ཀ་ར་ཝི་རིའི་མེ་ཏོག་དམར་པོ་སྒྲ་དང་འོད་འབྱིན་པ་དེ་གངྒ་ལ་འཕངས། དཔག་
ཚད་མང་པོར་ཡུད་ཀྱིས་ཁྱེར་ནས། སླར་ཡང་གྱེན་དུ་ལྡོག་པས་དེ་ཉིད་ཆུ་དང་བཅས་པ་གསོལ་བས་ངག་གི་དབང་ཕྱུག་ཆེན་པོ་གྲུབ་སྟེ། ཉིན་རེར་ཚིགས་བཅད་སྟོང་ཕྲག་རེའི་གཞུང་གི་ཚིག་དོན་མཁྱེན་པར་ནུས་པའི་བློ་གྲོས་བྱུང་བས་ངག་གི་དབང་ཕྱུག་ཅེས་མཚན་གསོལ། འཆད་རྩོད་རྩོམ་གསུམ་དང་མདོ་སྔགས་རིག་གནས་མཐའ་དག་ཕུལ་དུ་ཕྱིན། ཁྱད་པར་འཕགས་མ་སྒྲོལ་མས་ཞལ་བསྟན་ནས་ཐེ་ཚོམ་གཅོད་པ་བྱུང་། མུ་སྟེགས་ཚར་གཅོད་པ་ཞེས་པའི་གྲགས་པས་ཁྱབ་པས། རྒྱལ་པོས་སྤྱན་དྲངས་ནས་ན་ལེནྡྲ་དང་བི་ཀྲ་མ་ལ་ཤྲཱི་ལའི་ལྷོ་སྒོ་བསྲུང་བར་བསྐོས། ཆོས་ཀྱི་ཕྲིན་ལས་དང་རྫུ་འཕྲུལ་གྱི་མཛད་པ་མཐའ་ཡས་སོ། །
ནུབ་སྒོ་སྲུང་བ་པོ་ཤེས་རབ་འབྱུང་གནས་བློ་གྲོས་དང་བྱང་སྒོ་སྲུང་བ་ནཱ་རོ་པ།
༈ ནུབ་སྒོ་སྲུང་བ་པོ་ཤེས་རབ་འབྱུང་གནས་བློ་གྲོས་ནི། རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་འཇམ་དཔལ་གྱིས་ཞལ་གཟིགས་པས། མུ་སྟེགས་དང་རྩོད་པའི་ཚེ་འཇམ་དཔལ་ཡིད་ལ་དྲན་ཞིང་གསོལ་བ་བཏབ་པ་ཙམ་གྱིས་མུ་སྟེགས་ཀྱི་རྩོད་པ་ཇི་ལྟར་ཟེར་བ་དང་། དེའི་ལན་འདེབས་ཚུལ་གཉིས་ཆར་ཐུགས་ལ་ཤར་ནས་རྩོད་པ་ངེས་པར་རྒྱལ་བ་ཞིག་ཡོད་པར་གྲགས་སོ། །ཤེར་འབྱུང་བློ་གྲོས་དང་ཤེར་འབྱུང་སྦས་པ་གཉིས་གཅིག་པར་འདོད་པའི་འཁྲུལ་པ་ཡང་འདི་ནི་རྟེན་དགེ་སློང་ཡིན་ལ། ཤེར་འབྱུང་སྦས་པ་ནི་དགེ་བསྙེན་ནོ། ༈ །བྱང་སྒོ་སྲུང་བ་ནཱ་རོ་པ་ནི། རྫུ་འཕྲུལ་ཟླ་དང་བྲལ། སློབ་མ་ནི་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཤནྟི་པས་ཆོས་གསན་དབང་ལུང་སོགས་རྗེས་སུ་གདམས་པ་ཤིན་ཏུ་མང་བར་གནང་དངོས་གྲུབ་ཀྱང་བརྙེས། སྐབས་ཤིག་ན་ནཱ་རོ་པས་ཐོད་པ་གཅིག་བསྣམས་ཏེ། སྐྱེ་བོ་ཀུན་ལ་སློང་བ་ལྟར་མཛད་པ་ལ། ཆོམ་པོ་གཅིག་གིས་ཐོད་པའི་ནང་དུ་གྲི་ཆུང་གཅིག་བསྐྱུར། ནཱ་རོ་པས་ལྟ་སྟངས་མཛད་པས་མར་ཞུ་བ་ལྟར་སྟེམས་ཀྱིས་ཞུ་ནས་གསོལ་ཏེ་སོང་། བཞི་མདོ་ན་གླང་ཆེན་ཤི་བའི་རོར་གྲོང་འཇུག་མཛད་དེ་དུར་ཁྲོད་དུ་བསྐྱལ་ཏེ་ཁོ་བོ་རྣལ་འབྱོར་པ་ཡིན་པའི་རྟགས་དེ་ལྟར་ཡིན། མཁས་པ་ཆེན་པོ་ཡང་རྟགས་སྟོན་པར་མི་སྤྲོའམ་ཞེས་ཤནྟི་པ་ལ་གནང་བས། བདག་ལྟ་བུས་ཅི་འཚལ་ཏེ། འོན་ཀྱང་ཁྱོད་ལྟ་བུས་སྣང་ན་
བྱའོ་གསུང་། ཆུའི་བུམ་པ་ཐོགས་པ་འགའ་སླེབས་བྱུང་བར་ཆུ་ལ་སྔགས་རེ་བཏབ་པས་ཐམས་ཅད་གསེར་ཞུན་མར་སོང་། དེར་དགེ་འདུན་རྣམས་དང་བྲམ་ཟེ་རྣམས་ལ་བྱིན་པར་གྲགས་སོ། །དེ་ནས་ནཱ་རོ་པས་བྱང་སྒོ་བསྲུང་བ་ལོ་འགའ་ཞིག་མཛད་ནས་རྣལ་འབྱོར་ལ་གཤེགས་སོ། །དེ་རྗེས་དེའི་ཚབ་གནས་བརྟན་བྱང་བཟང་གིས་མཛད། དེ་ནི་སྤྱན་རས་གཟིགས་འགྲུབ་ནས་ཞལ་གཟིགས་ཏེ་ཆོས་དངོས་སུ་གསན་པ་གཅིག་གོ།
དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་དང་དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ།
༈ དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་ནི། སྔོན་ཁ་ཆེའི་ཡུལ་དུ་བྲམ་ཟེ་ཞིག་གིས་ལྷ་དབང་ཕྱུག་སྒྲུབ་པས་ཁྱོད་ཀྱི་རིགས་རྒྱུད་ལ་མཁས་པ་གྲགས་ལྡན་ཤ་སྟག་འབྱུང་ངོ་ཞེས་ལུང་བསྟན་ཐོབ་པ་ལྟར་ལོ་གྲངས་ཉི་ཤུ་རྩ་བཞིའི་བར་དུ་མུ་སྟེགས་ཀྱི་གྲུབ་མཐའ་ལ་མཁས་པར་གྱུར། རྩ་ལྔ་པར་དེས་སངས་རྒྱས་པ་དང་བསྟན་པ་དཔང་དུ་བཙུགས་ཏེ་བརྩད་པས་ཕམ་སྟེ་ནང་པ་ལ་ཞུགས། ཆོས་ཀྱང་མཁས་པར་མཁྱེན་པའི་པཎྚི་ཏར་གྱུར། དེའི་སྲས་རིན་ཆེན་རྡོ་རྗེ་འདི་ཡིན་ཅིང་། ཆུང་ངུ་ནས་མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་པར་གྱུར། སྡེ་བདུན་དང་བྱམས་ཆོས་སྡེ་ལྔ་ལ་འཆད་ཉན་གཙོ་བོར་མཛད། མུ་སྟེགས་མང་པོ་ཞིག་རྩོད་པས་སུན་ཕྱུང་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། སྐུ་ཚེའི་སྨད་ཨོ་རྒྱན་གྱི་ཡུལ་དུ་བྱོན་ནས་དབང་ཕྱུག་གི་ཞལ་མཐོང་བའི་མུ་སྟེགས་པ་ཞིག་ཡོད་པ་རྩོད་པས་ཕམ་པར་བྱས་ཏེ་ནང་པའི་བསྟན་པ་ལ་བཙུད། ཕྱིས་དངོས་གྲུབ་ཀྱང་ཐོབ་སྟེ་བོད་དུ་བྱོན་པའི་ཨཱ་ཙརྱ་དམར་པོར་གྲགས་པ་དེ་ཡིན། ༈ དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་ནི་མཐའ་གཉིས་སེལ་བའི་བསྟན་བཅོས་མཛད་མཁན་དེ་ཡིན། དཔལ་ཨ་ཏི་ཤའི་སྐུ་དྲིན་ཆེ་བའི་བླ་མ་གཅིག་ཡིན། ཀླུ་སྒྲུབ་དང་ཐོགས་མེད་ཀྱི་གཞུང་ལ་མཁས་པར་སྦྱངས། ཁྱད་པར་མདོ་རྒྱུད་ཀྱི་གསན་རྒྱ་ཤིན་ཏུ་ཆེ། རྟག་ཏུ་བྱང་ཆུབ་ཀྱི་སེམས་ལ་གོམས་པས་ཤཱཀྱའི་རྒྱལ་པོ་དང་། བྱམས་པ་དང་། སྤྱན་རས་གཟིགས་ཀྱིས་ཡང་ཡང་ཞལ་གཟིགས། མངོན་ཤེས་ཐོགས་མེད་མངའ། ལན་གཅིག་བི་ཀྲ་མ་ལར་བཞུགས་སྐབས་སློབ་མ་དགེ་ཚུལ་ཞིག་ཡོད་པ་དེར་བྱང་ཆུབ་ཆེན་པོ་བཞུགས་པའི་
གནྡྷོ་ལ་ལ་མེའི་གནོད་པ་འོང་བ་འདུག་པས་ཁྱོད་མྱུར་བར་སོང་ལ་ཉི་མ་གུང་ལ་ག་ཡའི་གྲོང་དུ་སླེབས་པ་གྱིས། དེར་རྡོ་རྗེ་གདན་གྱི་དགེ་འདུན་དང་དཀོན་གཉེར་རྣམས་བྲམ་ཟེ་ཞིག་གི་དུས་སྟོན་ལ་བོས་ནས་ཡོད་པར་དེ་རྣམས་ཁྲིད་ལ་མེ་རྣོལ་ཞིག་གསུང་། དེས་དེར་ཕྱིན་ནས་ཁོ་བོའི་སློབ་དཔོན་གྱིས་ལུང་བསྟན་པ་ཡིན་པས་འབྱོན་པར་བཞེངས་ཞེས་གསོལ་བས། ཕྱེད་ཙམ་ཡིད་མ་ཆེས་པར་བསྡད། ལྷག་མ་ཕྱེད་ཙམ་དང་བཅས་རྡོ་རྗེའི་གདན་དུ་སོང་བས་རྡོ་རྗེ་གདན་གྱི་གནྡྷོ་ལ་ལ་མེ་ཤོར་ཏེ། ཕྱི་ནང་ཀུན་ཏུ་འབར་གྱིན་འདུགདེར་ལྷ་ལ་གསོལ་བ་འདེབས་ཀྱིན་མེ་བསད་པས་ལྷ་ཁང་ཞིག་པ་ཆེར་མ་བྱུང་། རི་མོ་:གཟུགས་༼ཟུབ༽་པ་དང་ཤིང་ཚིག་པ་རྣམས་སློབ་དཔོན་གྱིས་གསོས་པ་སོགས་ངོ་མཚར་བའི་མཛད་པ་མཐའ་ཡས་སོ། །མཁས་པ་སྒོ་དྲུག་འདས་པའི་འོག་ཏུ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཁན་པོར་སྤྱན་དྲངས། འདིས་ཨོ་ཏནྟ་པུ་རི་ཡང་བསྐྱངས། དེ་ནས་མངའ་བདག་མེ་ཏྲིའི་ཕྲིན་ལས་ཡང་དར་བ་ཡིན།
སློབ་དཔོན་ཨ་བྷ་ཡ་ཀ་ར་སོགས།
༈ དེ་ནས་ལོ་མང་ཞིག་སོང་བ་དང་སློབ་དཔོན་ཨ་བྷ་ཡ་ཀ་ར་དང་། ཁ་ཆེའི་ཡུལ་དུ་པཎྚི་ཏ་ཆེན་པོ་ཤཱཀྱ་ཤྲི་བྷ་དྲ་དང་། ཆོས་འབྱུང་ཞི་བ་དང་། བུདྡྷ་ཤྲི་དང་། བཛྲ་ཤྲི་ལ་སོགས་པའི་པཎ་གྲུབ་རྣམས་དང་། ཨ་བྷ་ཡ་ཀ་ར་དང་། ནཱ་རོ་པའི་སློབ་རྒྱུད་ལ་སོགས་པ་རྣམས་ཀྱིས་བསྟན་པ་བསྐྱངས་བར་མཛད་དོ། །དེ་ནས་ལོ་མང་ཙམ་སོང་བ་ན་མུ་སྟེགས་པ་འཕེལ་ཆེ་ཞིང་སྟག་གཟིག་དང་ཀླ་ཀློའི་གྲུབ་མཐའ་འཛིན་པ་ཡང་མང་དུ་བྱུང་བས་རྡོ་རྗེ་གདན་དུ་ཐེག་ཆེན་གྱི་གྲྭ་མ་ཚུགས། ཨོ་ཏནྟ་པུ་རི་དང་བི་ཀྲ་མ་ལ་ཤྲི་ལར་ཡང་རྒྱལ་པོས་རྫོང་གི་རྣམ་པ་ཅུང་ཟད་བྱས་ཏེ་དམག་གིས་བསྲུང་བ་བྱུང་། དེ་ནས་ལོ་འགའ་ཞིག་འདས་པ་ན་གངྒ་དང་ཡ་མུ་ནའི་བར་གྱི་ཡུལ་ཨནྟར་བྷི་དིའི་ཡུལ་དུ་རུཥྐའི་རྒྱལ་པོ་ཟླ་བ་ཞེས་བྱ་བ་བྱུང་། དགེ་སློང་འགའ་རེས་རྒྱལ་པོའི་ཕོ་ཉ་བྱས་པས་རྐྱེན་བླངས་ཏེ། ཡུལ་གཞན་དང་གཞན་ན་གནས་པའི་རྒྱལ་ཕྲན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ། མ་ག་དྷའི་ཡུལ་ཐམས་ཅད་བཅོམ་ཨོ་ཏནྟ་པུ་རིའི་རབ་ཏུ་བྱུང་བ་མང་པོ་ཞིག་བསད། དེ་དང་བི་ཀྲ་མ་ལ་གཉིས་ཀ་བཤིག ཤུལ་
དུ་སྟག་གཟིག་གིས་རྫོང་བཅས། པཎྜི་ཏ་ཤཱཀྱ་ཤྲི་ཤར་ཕྱོགས་སུ་བྱོན། དེར་ལོ་གསུམ་བཞུགས་ནས་བོད་དུ་བྱོན་པ་ཡིན། པཎ་ཆུང་བརྒྱ་ཙམ་ནུབ་ཕྱོགས་ཀྱི་ཡུལ་དུ་བྱོན། སྟོབས་བཅུ་མངའ་བའི་སློབ་དཔོན་བཛྲ་ཤྲི་དང་པཎ་ཆུང་མང་པོ་ལྷོ་ཕྱོགས་ཐག་རིང་པོའི་སར་བྲོས། མ་ག་དྷར་བསྟན་པ་ནུབ་པ་ལྟར་གྱུར་ཏོ། །དེ་སྐབས་གྲུབ་པ་ཐོབ་པ་དང་། རྫུ་འཕྲུལ་སྟོན་ནུས་པ་མང་ཞིག་ཡོད་ཀྱང་། སེམས་ཅན་སྤྱི་མཐུན་གྱི་ལས་ལ་བཟློག་ཐབས་མ་བྱུང་བར་གྲགས། དེ་རྗེས་བྷཾ་ག་ལའི་ཡུལ་དུ་ཙ་ག་ལ་ར་ཙ་ཞེས་བྱ་བ་ཤུགས་ཆེན་པོ་གཅིག་བྱུང་། དེས་ཏུ་རུཥྐ་ཐམས་ཅད་ལ་དབང་བསྒྱུར། དེ་དང་པོ་བྲམ་ཟེ་ལ་དད་པ་ཞིག་ཡིན་ཡང་། བཙུན་མོ་སངས་རྒྱས་ལ་དད་པས་བློ་བསྒྱུར་ཏེ། དེས་རྡོ་རྗེ་གདན་དུ་མཆོད་པ་ཆེན་པོ་བྱས། ལྷ་ཁང་ཐམས་ཅད་ལ་ཞིག་གསོས་དང་། གནྡྷོ་ཆེན་པོ་དགུ་ཐོག་ཡོད་པའི་ཐོག་བཞི་བར་སྐབས་ཏུ་རུཀྵས་བཤིག་པ་ལེགས་པར་གསོས། པཎྜི་ཏ་ཤ་རི་པུ་ཏྲ་བཞུགས་ཏེ་ཆོས་གཞི་བཙུགས། ན་ལེནྡྲར་ཡང་མཆོད་པ་ཆེན་པོ་བྱས། འོན་ཀྱང་ཆོས་གཞི་རྒྱ་ཆེན་པོ་ནི་མ་ཚུགས། རྒྱལ་པོ་འདི་ཚེ་རིང་པོ་བྱུང་བར་གྲགས། འདི་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ཙམ་སོང་བ་ནས་མ་གྷ་དྷའི་ཡུལ་དུ་ཆོས་ལ་སྤྱོད་པ་མ་བྱུང་བར་གྲགས་སོ། །ཆོས་འབྱུང་བསྟན་པའི་ཉི་མ་ལས། རྒྱ་གར་འཕགས་པའི་ཡུལ་གྱི་སྐབས་ཏེ་དང་པོའོ།། །།
གངས་ཅན་བོད་ཀྱི་ཡུལ་འདིར་བསྟན་པ་དམ་པའི་ཆོས་ཇི་ལྟར་བྱུང་བའི་ཚུལ།
བོད་ཀྱི་སྣོད་བཅུད་ཀྱི་བྱུང་བ་སྤྱི་དང་གཉའ་ཁྲི་བཙན་པོ་ཁྲིར་ཕེབས་ཚུལ།
༈ གཉིས་པ་གངས་ཅན་བོད་ཀྱི་ཡུལ་འདིར་བསྟན་པ་དམ་པའི་ཆོས་ཇི་ལྟར་བྱུང་བའི་ཚུལ། འཇམ་དཔལ་རྩ་བའི་རྒྱུད་ལས། ང་ཡི་དུས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་ཐོག་མར་མཚོས་གང་བ་རིམ་གྱིས་བྲི་ནས་ཤུག་པ་ལ་སོགས་པའི་ནགས་ཆགས་པས་སཱ་ལའི་ལྗོངས་སུ་གྲགས་ཤིང་ཡུལ་དུ་རུང་བར་གྱུར་ནས། དང་པོ་མི་མ་ཡིན་གྱིས་རིམ་པར་བདག་ཏུ་བཟུང་བ་སྟེ། དེ་ཡང་ཐོག་མར་གནོད་སྦྱིན་གྱིས་བཟུང་སྟེ། ཡུལ་མིང་བཟང་ཡུལ་རྒྱན་མེད་དང་། དེ་ནས་བདུད་ཀྱིས་བཟུང་སྟེ། བདུད་ཡུལ་ཁ་རག་མགོ་དགུ། དེ་ནས་སྲིན་པོས་བཟུང་སྟེ་སྲིན་པོ་ནག་པོ་དགུ་ཡུལ། དེ་ནས་ལྷས་བཟུང་སྟེ། ལྷ་ཡུལ་གུང་ཐང་། དེ་ནས་དམུས་བཟུང་སྟེ། འཕྲང་རྩེ་འཕྲང་ཡུལ། དེ་ནས་འདྲེས་བཟུང་སྟེ། ལང་ཐང་ལི་ཐང་། དེ་ནས་མ་:བཟང་༼སང་༽སྤུན་དགུས་བཟུང་སྟེ། བོད་ཡུལ་ཉ་ཁ་དྲུགདེ་ནས་ཀླུས་བཟུང་སྟེ། བོད་ཁམས་གླིང་དགུ། དེ་ནས་རྒྱལ་པོས་བཟུང་སྟེ། དམ་པ་རྩེ་ཡུལ། དེ་ནས་མགོན་པོ་སྤུན་དགུས་བཟུང་སྟེ། སྟོང་སྡེ་བཅོ་བརྒྱད་ཅེས་ཡུལ་མིང་དུ་གྲགས་པ་འདི་ཉིད་ནི། ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་དུ་བྱེད་པ་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ལས། བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །ཞི་ཞིང་གསལ་བའི་གཟུགས་ཅན་མ། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །རང་བྱུང་གི་ནི་སྐྱེ་གནས་ཅན། །ཞེས་གསུངས་སོ། །དེ་ཡང་སློབ་དཔོན་ཤེས་རབ་གོ་ཆའི་ལྷ་ལས་ཕུལ་བྱུང་གི་འགྲེལ་པ་ལས། སྐྱ་སེང་གི་བུ་ལྔ་དང་དགྲ་ངན་དཔུང་ཚོགས་ཡན་ལག་བཅུ་གཉིས་འཐབ་པའི་ཚེ། རྒྱལ་པོ་རུ་པ་ཏི་ཞེས་དམག་སྟོང་ཕྲག་གཅིག་དང་བཅས་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་གངས་ཅན་གྱི་དབུས་སུ་བྲོས་པ་ལས་མཆེད་པར་བཤད་ཅིང་ཡོངས་སུ་གྲགས་པ་སྤྱིར་འཛམ་བུ་གླིང་པའི་མི་རིགས་ལ་ཕྱི་བར་ནང་གསུམ་ལས་རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས་ཏེ་ཕྱི་རིགས་བཞི། རྒྱ་གར་ལྷ། རྒྱ་ནག་ཀླུ། ཧོར་ལྷ་མིན། བོད་སྤྲེའུ་དང་བྲག་སྲིན་མ་སྟེ་བར་གྱི་རིགས་བཞི། དེ་ཡང་སྤྲེའུ་དང་བྲག་སྲིན་
གཉིས་འདུས་པའི་རིགས་དེ་ནི། ནུབ་ཕྱོགས་བདེ་བ་ཅན་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་འཕགས་པ་སྤྱན་རས་གཟིགས་ལ། བོད་ཁ་བ་ཅན་གྱི་རྒྱལ་ཁམས་ཞེས་བྱ་བ་སྟོན་པ་ཤཱཀྱ་ཐུབ་པའི་དངོས་ཀྱི་གདུལ་བྱར་མ་གྱུར་པ་ཡོད་པས་དེ་དག་ལ་ཁྱོད་ཀྱིས་ཆོས་ཀྱི་སྦྱིན་པས་ཐུལ་ཅིག་ཅེས་གསུངས་པ་ལྟར། སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྤྲེའུ་ཞིག་དང་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་གཉིས་འདུས་པ་ལས། སྤྲེའུ་ཕྲུག་མཇུག་མ་མེད་པ་སྤུས་ཁེངས་པ་གདོང་དམར་བ་དྲུག་བྱུང་བ་གཅིག་ལྷ་ལས་ཚེ་འཕོས་པ་ངང་རྒྱུད་དང་བྱད་བཞིན་བཟང་བ། ལྷ་མིན་ནས་ཚེ་འཕོས་པ་ཐུ་ལ་ཕྲག་དོག་ཆེ་བ། མི་ནས་ཚེ་འཕོས་པ་སེམས་ཆུང་ཤེས་རབ་རྒྱས་པ། ཡི་དྭགས་ནས་འཕོས་པ་ལུས་ངན་པ་ཟས་ལ་སྲེད་ཅིང་སེར་སྣ་ཆེ་བ། དུད་འགྲོ་ནས་འཕོས་པ་ལེགས་ཞན་མེད་པའི་གླེན་པ་གཅིགདམྱལ་བ་ནས་འཕོས་པ་ངོ་ནག་པ་བཞིན་མི་སྡུག་པ་སྡུག་སྲན་ཆེ་བ་རྣམས་བྱུང་། དེ་རྣམས་འཕེལ་ཏེ་བཞི་བརྒྱ་ལོང་། དེ་ཚན་པ་བཞིར་འཐབ་པ་དང་མེས་:བསོ་༼གསོ་༽བར་མཚམས་བྱས་ཏེ་ཞིང་ལ་ཆ་བཞིར་བགོས་གཅིག་ལ་གཅིག་འཇིགས་ནས་ཚན་པ་བཞིར་བྱས་པས། སེ་དང་། རྨུ་དང་། ལྡོང་དང་། སྟོང་སྟེ་ནང་གི་མིའུ་རིགས་བཞི་དང་། ཡང་འགའ་ཞིག་ཏུ་དབྲ་དང་:འབྲུ་༼འདྲུ༽བསྣན་པའི་དྲུག་སོགས་བཞེད་ཚུལ་མང་ཞིང་དུས་དེར་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་:བཅུ་བཞི༼བཅུ་གཉིས༽་རྣམས་ཀྱིས་དབང་བྱས་པར་བཤད་ཀྱང་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་མ་བྱུང་། རིགས་གསུམ་མགོན་པོ་དང་སྒྲིབ་པ་རྣམ་སེལ་དང་། ཀུན་ཏུ་བཟང་པོ་སོགས་ཀྱི་རྣམ་འཕྲུལ་གྱི་ཆོས་ཀྱི་རྒྱལ་པོས་བོད་ཀྱི་འགྲོ་བ་འདུལ་བ་ལུང་བསྟན་པ་ལྟར། བོད་སྤྱི་ལ་དབང་བའི་རྒྱལ་པོའི་ཐོག་མ་རྒྱ་གར་གྱི་རྒྱལ་པོ་དམག་བརྒྱ་པའི་སྲས་མིག་མས་འགེབས་གཡུའི་སྨིན་མ་དང་དུང་སོ་འཁོར་མ། ལག་པའི་མཐིལ་དུ་འཁོར་ལོའི་རི་མོ་ཡོད་པའི་མི་ལས་འདས་པ་ཞིག་བཙས་པ་ལྷ་འདྲེའི་སྤྲུལ་པར་དོགས་ནས་སྤྱུགས་པ་ལྷ་རི་གྱང་མཐོའི་རྩེར་བྱོན་ནས་གཟིགས་པ་ན་ཡར་ཀླུང་ཡུལ་གྱི་དགེ་མཚན་ཕུན་སུམ་ཚོགས་པ་དང་། ཤམ་པོའི་གངས་རི་དཔྱད་བཟང་བར་མཁྱེན་ནས་ལྷ་རི་རོལ་པོའི་སྟེང་ནས་ལྷ་སྐས་བརྒྱུད་
བཙན་ཐང་སྒོ་བཞིར་བྱོན་པས་ཕྱུགས་སྐྱོང་བ་སོགས་ཀྱིས་མཐོང་སྟེ་དྲིས་པ་ན་གནམ་ལ་མཛུབ་མོ་ཀེར་བས་ལྷར་ངེས་ནས་གཉའ་བར་ཁྲི་བྱས་གདན་དྲངས་པས་གཉའ་ཁྲི་བཙན་པོར་གྲགས།
ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་དང་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས།
༈ དེ་ནས་རྒྱལ་རབས་ཉེར་བདུན་འདས་པ་ན་ལྷ་ཐོ་ཐོ་རི་གཉན་བཙན་ཕོ་བྲང་ཡུམ་བུ་གླ་སྒང་ན་བཞུགས་པའི་ཚེ་དཔང་སྐོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་མ། ཚིནྡྷ་མ་ཎིའི་རྐོས་ཕོར་རྣམས་ཕོ་བྲང་གི་ཡང་ཐོག་ཏུ་བབས་པ་ན་དམ་པ་ཆོས་ཀྱི་དབུ་བརྙེས། གང་ཡིན་མི་ཤེས་ཀྱང་བཟང་པོར་གོ་སྟེ་གཉན་པོ་གསང་བར་བཏགས་ནས་མཆོད་པ་རྒྱ་ཆེར་མཛད་པས་རྒྱལ་པོ་སླར་གཞོན་ཤ་ཅན་དུ་གྱུར་ནས་ལོ་བཞི་བཅུ་འཕར་བས་ཀུན་དྲིལ་ལོ་བརྒྱ་དང་ཉི་ཤུ་ཐུབ། དེ་ཡང་རྒྱལ་པོ་ཛཿའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབས་ཚེ་མདོ་ཟ་མ་ཏོག་རླུང་གིས་ཁྱེར་ནས་ཡུམ་བུ་གླ་སྒང་གི་རྩེར་བབས་པས་བོད་དུ་ཆོས་དར་བའི་རྟེན་འབྲེལ་འགྲིག་ཟེར། ༈ དེ་ནས་རྒྱལ་རབས་ལྔ་ན་འཇམ་དཔལ་རྩ་རྒྱུད་ལས། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བྱི་རྣམས་རིགས་སུ་འབྱུང་། །ཞེས་དང་། འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མོ་དང་ནི། དཀར་མོ་ཆེན་མོ་གཞན་ཕན་བརྩོན། །ཞེས་སོགས་ལུང་དུ་མར་བསྟན་པ་བཞིན། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་ཆོས་བློན་ཐུ་མི་སཾ་བྷོ་ཊ་རྒྱ་གར་དུ་བརྫངས་ཏེ་བོད་དུ་ཡི་གེ་མེད་པ་ལ་འབྲི་ཀློག་གི་སྲོལ་བཏོད། འོ་སྐོལ་གྱི་སྟོན་པ་དགུང་ལོ་བརྒྱད་པ་དང་བཅུ་གཉིས་པའི་སྐུ་ཚད་སངས་རྒྱས་དངོས་ཀྱི་ཞལ་སྐྱིན་གདན་འདྲེན་པའི་ཆེད་འཇིག་རྟེན་མཐུན་འཇུག་གི་ཚུལ་དུ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་མོ་ཁྲི་བཙུན་དང་། སྒྲོལ་མའི་རྣམ་སྤྲུལ་རྒྱ་མོ་བཟའ་ཀོང་ཇོ་ཞེས་མཚོ་ནང་གི་པདྨར་གྲགས་པ་གཉིས་ཁབ་ཏུ་བསུས། འཕྲུལ་སྣང་གི་གཙུག་ལག་ཁང་བརྩིགས་པར་མི་མ་ཡིན་གྱིས་འཚེ་བ་ལ་བརྟེན་བརྩིག་ཏུ་མ་སྟེར་བས། རྒྱལ་པོ་ཡབ་ཡུམ་གསུམ་སྐུ་མཚམས་མཛད་ནས་ཡི་དམ་གྱི་ལྷ་བསྒྲུབས་པས་གྲུབ་སྟེ། ལུང་བསྟན་
པ་ལྟར་བོད་སྲིན་མོ་གན་རྐྱལ་དུ་བསྒྱེལ་བའི་ས་གནད་རྣམས་སུ་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་རྣམས་བརྩིགས་པ་སྟེ་མ་ཎི་བཀའ་འབུམ་གྱི་རྒྱལ་པོའི་རྣམ་ཐར་ལེའུ་ཉེར་གཅིག་པའི་ནང་གི་ལེའུ་བཅུ་གསུམ་པར། སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་འདྲ་བའི་དཔུང་པ་གཡོན་པར་བྱམས་པ་མི་འགྱུར་བའི་ལྷ་ཁང་ཁྲ་འབྲུག་བརྩིགས། བོད་ཀྱི་ལྷ་ཁང་ལ་སྔ་བ་དེ་ཡིན་ནོ། །དེའང་རྒྱལ་པོས་སྤྲུལ་པ་བཀྱེ་ནས་ཞག་བདུན་ལ་བརྩིགས་སོ། །དཔུང་པ་གཡས་པ་ལ་དབུ་རུ་ཀ་ཚལ་གྱི་ལྷ་ཁང་བརྩིགས། དཔྱི་གཡས་པ་ལ་གཡས་རུ་གཙང་འཕྲང་བརྩིགས། གཡོན་པ་ལ་རུ་ལག་གྲོམ་པ་རྒྱང་བཞེངས་སོ། །དེ་རྣམས་ཤིན་ཏུ་ནོན་ཆེན་པོ་བཞི་ཡིན་ཏེ། རྒྱལ་པོས་སྤྲུལ་པ་བཀྱེ་ནས་ཞག་རེ་ལ་བརྩིགས། ཡང་མཐའ་འདུལ་བཞི་བཏུལ། སྲིན་མོ་ལྟ་བུའི་གྲུ་མོ་གཡས་པར་ཀོང་པོ་བུ་ཆུ། གཡོན་པ་ལ་མཁོ་མཐིང་ལྷ་ཁང་། པུས་མོ་གཡོན་དུ་གུང་ཐང་། གཡས་སུ་བྱང་པྲ་དུམ་རྩེ་བརྩིགས། དེ་ནས་ཉིང་ལག་བཞི་མནན་ཏེ། ལག་མཐིལ་གཡས་སུ་མདོ་ཁམས་ཀློང་ཐང་སྒྲོན་མ། གཡོན་དུ་བྱང་ཚངས་པ་ཀླུ་ནོན་གྱི་ལྷ་ཁང་བརྩིགས་སོ། །རྐང་མཐིལ་གཡས་སུ་མང་ཡུལ་བྱམས་སྤྲིན། གཡོན་དུ་སྤ་གྲོ་སྐྱེར་ཆུ་ལྷ་ཁང་བཞེངས་སོ། །དེ་ཐམས་ཅད་རྒྱལ་པོས་སྤྲུལ་པ་བཀྱེ་ནས་ཞག་རེ་ལ་བཞེངས་སོ། །ཞེས་བཤད་དོ། །བུ་སྟོན་ཆོས་འབྱུང་དུ་གཞན་འདྲ་བ་ལས། པུས་མོ་གཡས་ལ་སྐ་བྲགགཡོན་ལ་པྲ་དུམ་རྩེ། ལག་མཐིལ་གཡས་ལ་བྱང་ཚལ་ཀླུ་གནོན། གཡོན་ལ་ཀློང་ཐང་སྒྲོལ་མ། རྐང་མཐིལ་གཡོན་ལ་མོན་བུམ་ཐང་བཞེངས་ཞེས་བཤད། གང་ལྟར་ཡང་མཐའ་འདུལ་ཡང་འདུལ་སོགས་དང་འཕྲུལ་སྣང་ར་མོ་ཆེའི་རྟེན་བརྟེན་པར་བཅས་པ་རྣམས་བཞེངས། ཆོས་ཀྱི་རྒྱལ་པོ་འདིའི་རིང་ལ་རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤང་ཀ་ར། བལ་པོའི་སློབ་དཔོན་ཤྲཱི་ལ་མཉྫུ། རྒྱ་ནག་གི་སློབ་དཔོན་ཧ་ཤང་མ་ཧཱ་ཡཱ་ན་ལ་སོགས་པ་སྤྱན་དྲངས་ནས་སྡེ་སྣོད་གསུམ་དང་། རྒྱུད་ཀྱི་ཆ་ལག་མང་རབ་བསྒྱུར་ཞིང་བསྟན་པའི་སྲོལ་བཏོད། དངོས་སུ་འཆད་ཉན་མ་བྱུང་ཡང་རྒྱལ་པོ་རང་གིས་སྐལ་ལྡན་མང་པོར་ལྐོག་ཆོས་སུ་ཐུགས་
རྗེ་ཆེན་པོ་ཞི་ཁྲོའི་གདམས་པ་ཕོག་སྟེ་ཉང་བྲན་ཕ་བོང་ཁར་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་སྤྱོད་པའི་རལ་པ་ཅན་བརྒྱ་ཕྲག་ཙམ་རྒྱུན་དུ་བྱུང་བར་བཤད། དུས་དེར་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པ་གཏེར་ཁ་གསུམ་དུ་བྱས་པ། གྲུབ་ཐོབ་དངོས་གྲུབ། མངའ་བདག་ཉང་། ཤཱཀ་འོད་གསུམ་གྱིས་གཏེར་ནས་སྤྱན་དྲངས་པའི་དེང་སང་མ་ཎི་བཀའ་འབུམ་ཞེས་གསང་སྔགས་རྙིང་མའི་ཟབ་ཆོས་སུ་གྲགས་པ་འདི་ཡིན།
རྗེ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས།
༈ དེ་ནས་རྒྱལ་རབས་ལྔ་ན་རྗེ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་ནི་མེས་སྲོང་བཙན་གྱིིས། ད་སྟེ་གདུང་རབས་ལྔ་ན་ངའི་དབོན་སྲས་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ཆོས་འབྱུང་བའི་ལུང་བསྟན་ཟངས་ཀྱི་བྱང་བུ་ལ་བྲིས་ནས་རྗེའི་ཕྱག་སྦལ་དུ་བཅུག་པའི་དོན་ཐོག་ཏུ་ཕེབས་ཏེ་དམ་པའི་ཆོས་དར་བར་མཛད་པའི་ཐུགས་བསྐྱེད་རྨད་དུ་བྱུང་ནས་ཟ་ཧོར་གྱི་མཁན་པོ་ཤནྟ་རཀྵི་ཏ་སྤྱན་དྲངས། དགེ་བ་བཅུ་དང་ཁམས་བཅོ་བརྒྱད་ཀྱི་ཆོས་གསུངས་པས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་ཁྲོས་ཏེ་བར་ཆད་སྣ་ཚོགས་ཀྱིས་ཐོ་འཚམ་པར་བརྟེན། སྔོན་གྱི་སྨོན་ལམ་གྱི་འབྲེལ་ཡོད་ཚུལ་གྱིས་ལུང་བསྟན་པ་ལྟར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས། སྐུ་རྟེན་དུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་བཞེངས་ཏེ། ཇི་སྐད་དུ། སྐུ་རྟེན་གཙུག་ལག་ཁང་ཞིག་འགྲུབ་ལགས་ཀྱང་། །གསུང་རྟེན་དམ་ཆོས་བོད་དུ་མ་བསྒྱུར་ན། །འདུས་བྱས་དགེ་བས་སངས་རྒྱས་མི་འཐོབ་འགྱུར། །ཞེས་གསུངས་པ་ལྟར་མཁན་ཆེན་ཞི་བ་འཚོ་དང་། བྷི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ནས་ཐམས་ཅད་ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ་ཁ་སྐོང་དང་བཅས་པ་སྦ་གསལ་སྣང་། རྦ་ཁྲི་གཞེར་གྱི་བུ་སང་ཤི་ཏ། པ་གོར་ཧེ་འདོད་ཀྱི་བུ་བཻ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་ཨ་ཙཱ་ར་རིན་ཆེན་མཆོགལ་སུམ་རྒྱལ་བ་བྱང་ཆུབ། རྦ་རཏྣ་དང་བདུན་ནོ། །མི་བདུན་རབ་ཏུ་བྱུང་བསྙེན་པར་རྫོགས་ནས་བསྟན་པའི་རྩ་བ་སོ་སོ་ཐར་པའི་གཞི་བཙུགས། པཎ་ཆེན་བི་མ་མི་ཏྲས་ཐོག་དྲངས་རྒྱ་གར་མཁས་པ་མང་པོ་དང་། ལོ་ཙཱ་བ་པ་གོར་བཻ་རོ་ཙ་ན། འཁོན་ཀླུའི་དབང་པོ། གཙང་ལེགས་
གྲུབ། སྐ་ཅོག་ཞང་གསུམ་གྱིས་མཚོན་སྐད་གཉིས་སྨྲ་བ་སྟོང་རྩ་བརྒྱད་སོགས་མཐའ་དག་བསགས་ཏེ་ཐེག་པ་གོང་འོག་གི་ཆོས་རྣམས་བསྒྱུར་བ་བཤད་ཉན་གྱིས་གཏན་ལ་ཕབ། སློབ་དཔོན་ཆེན་པོས་རྗེ་འབངས་ཉེར་ལྔས་གཙོས་སྣོད་ལྡན་མང་པོར་བླ་རྫོགས་ཐུགས་གསུམ། བཀའ་བརྒྱད་སྤྱི་བྱེ་བྲག་སོགས་ཐེག་དགུའི་ཆོས་ཀྱིས་སྨིན་གྲོལ་ལ་བཀོད་དེ་མདོ་སྔགས་ཀྱི་བསྟན་པ་དར་རྒྱས་སུ་མཛད།
རལ་པ་ཅན་ནམ་ཁྲི་ལྡེ་གཙུག་བརྟན་གྱི་སྐབས།
༈ སླར་ཡང་སད་ན་ལེགས་མཇིང་ཡོན་གྱི་སྲས་ཕྱག་རྡོར་གྱི་རྣམ་སྤྲུལ་རལ་པ་ཅན་ནམ་ཁྲི་ལྡེ་གཙུག་བརྟན་གྱིས་སྐྱིད་སྨད་འོན་ཅང་རྡོའི་ལྷ་ཁང་ཁྱད་མཚར་བ་བཞེངས་ཏེ་རྒྱ་གར་ནས་སུ་རེཎྜ་བོ་དྷི། ཤྲཱི་ལེནྡྲ་བོ་དྷི། དཱ་ན་ཤཱི་ལ་སོགས་པཎྜི་ཏ་མང་པོ་སྤྱན་དྲངས། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་དྷརྨ་ཏ་ཤཱི་ལ་ལོ་ཙཱ་བ་ཛྙཱ་སེ་ན་ལ་སོགས་པས་སྔོན་ཡབ་མེས་ཀྱི་དུས་ལོ་པཎ་རྣམས་ཀྱིས་ཆོས་བསྒྱུར་བའི་ཚེ་བོད་སྐད་ལ་མ་གྲགས་པའི་མིང་བཏགས་པའི་ཁྲོད་ནས་ཆོས་ཀྱི་གཞུང་དང་བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་པ་དང་གོ་དཀའ་བ་རྣམས་སྐད་ཀྱི་མིང་གཅེས་སོ་འཚལ་ནས་ཀྱང་བསྣན་ཏེ་ཐེག་པ་ཆེ་ཆུང་གི་གཞུང་དང་མཐུན་པར་བསྒྱུར་བཅོས་གྱིས་ཞེས་བཀའ་བསྩལ་བ་ལྟར་ཕན་ཡུལ་ཀ་བ་ན་མོ་ཆེར་ཡུམ་རྒྱས་པ་ལ་འགྱུར་བཅོས་བྱས་ནས་དུམ་བུ་བཅུ་དྲུག་ཏུ་མཛད། དེས་མཚོན་ཡབ་མེས་ཀྱིས་བསྒྱུར་བའི་གསུང་རབ་ཕལ་ཆེར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། གསང་སྔགས་ནང་གི་རྒྱུད་སྡེ་རྣམས་བཀའ་གཉན་པས་སྣོད་ལྡན་མ་གཏོགས་སྣོད་མིན་བྱིངས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་རང་བབས་སུ་བཞགགླང་དར་མས་བསྟན་པ་མ་བསྣུབས་པ་ཡན་ཆོད་ཀྱི་བཤད་སྒྲུབ་མཐའ་དག་གི་སྔགས་ཕྱོགས་ཡོངས་ལ་གང་དར་རྣམས་གསང་སྔགས་རྙིང་མ་དང་། མདོ་ལུགས་ཀྱང་བསྟན་པ་སྔ་དར་གྱི་ཁོངས་སུ་བསྡུ་ཞིང་། དེ་ནས་ཡུམ་བརྟན་དང་འོད་སྲུང་ནས་རྒྱལ་རབས་གསུམ་གྱི་རིང་ལོ་བདུན་ཅུའི་བར་བོད་དབུས་གཙང་ལ་རབ་བྱུང་གི་གཟུགས་བརྙན་ཀྱང་མེད་ཅིང་ཆོས་ལ་འཆད་ཉན་ལྟ་ཞོག་ནད་པའི་རིམ་གྲོ་ལ་ཡང་ཀློག་འདོན་བྱེད་པར་འདི་དམར་པོ་འདི་ནག་པོ་ཞེས་པ་ལས་མེད་པའི་སྐབས་དེར། སྟོད་ལུང་པ་རྨ་ཤཱཀྱ་མུ་
ནེ། བོ་དོང་པ་གཡོ་དགེ་འབྱུང་། བཞད་ཀྱི་གཙང་རབ་གསལ་གསུམ་གྱིས་འདུལ་མངོན་སོགས་དཔེ་ཆ་དྲེལ་རྒྱབ་གཅིག་ཁྱེར་གསང་ཐབས་ཀྱིས་མངའ་རིས་སུ་བྲོས། དེ་ནས་བྱང་ལམ་བརྒྱུད་དེ་མར་ཁམས་སུ་ཕེབས་ནས་བསྟན་པའི་མེ་རོ་སྨད་ནས་བསླང་བ་ནི།
རྨ་གཡོ་གཙང་གསུམ་སོགས་ཀྱིས་བསྟན་མའི་མེ་རོ་སྨད་ནས་བསླང་བ་དང་དགོངས་པ་རབ་གསལ་བསྙེན་པར་རྫོགས་ཚུལ།
༈ སྐྱེ་བ་སྔ་མ་རྒྱལ་པོའི་ཆོས་བློན་འབྲོ་སྟག་སྣང་ཁྲི་གསུམ་རྗེ་ཞེས་པ་ཞིག་གིས་ལོ་སོ་ལྔ་པ་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་པ་ཡིན་ཡང་ཟེར་དོན་ལ་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་ཞིག་ཆུ་ཕོ་བྱི་བའི་ལོ་ལ་ཡུལ་ཙོང་ཁ་བདེ་ཁམས་སུ་འཁྲུངས། མཚན་མུ་ཟུ་གསལ་འབར་དུ་བཏགས། ཆུང་ངུ་ནས་རིགས་སད་དེ་ནོན་འཇམ་དཔལ་ལས་བཟླས་ལུང་བླངས། ཁང་རིན་ཆེན་རྡོ་རྗེ་ལས་བྱང་ཆུབ་ཏུ་སེམས་བསྐྱེད། སྐྱེ་ལས་དབུ་ཚད་དང་། ནམ་དགའ་ལྡན་ལས་ཡོ་ག་གསན་ནས་མཁྱེན་པར་མཛད། ནམ་ཞིག་རྨ་ཆུ་ཁའི་ཕྱུགས་རྫིས་རྨ་གཡོ་གཙང་གསུམ་དན་ཏིག་ན་བཞུགས་པ་མཐོང་ནས། འདི་ལྟར་འདུག་ཅེས་མི་རྣམས་ལ་སྨྲས་པས་ཐོས་ཏེ། མུ་ཟུ་གསལ་འབར་གྱིས་བལྟར་ཕྱིན་པས་མཐོང་བ་ཙམ་གྱིས་དད་ནས། འཁོར་བའི་སྡུག་བསྔལ་བསལ་ནས་ཐར་པ་ཡི། །བདུད་རྩིས་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། །བསྟན་པ་ཕྱོགས་བཅུར་རྒྱས་པར་བྱ་བའི་ཕྱིར། །དང་པོར་བདག་གིས་རབ་ཏུ་བྱུང་བར་བྱ། །སྙམ་དུ་དགོངས་ཏེ། རབ་ཏུ་དབྱུང་བར་གསོལ་བས། འདུལ་བའི་པུསྟི་ཞིག་གཏད་ནས། འདི་ལ་ལྟོས་ལ་དད་ན་རབ་ཏུ་བྱུང་བར་བྱའོ་གསུང་། བལྟས་པས་ཆེས་དད་དེ་མཆི་མ་ཕྱུང་ནས་ཞུས་པས། དེར་གཙང་གིས་མཁན་པོ་དང་། གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བསྒྲུབས་ཤིང་། མཁན་སློབ་ཀྱི་མཚན་ལས་གྲས་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེས་གསལ་བས་དགོངས་པ་རབ་གསལ་དུ་གྲགས་སྐད། དེ་ནས་བསྙེན་རྫོགས་ཞུས་པས་དགེ་སློང་ལྔ་མ་ཚང་བས་མི་འོང་གསུང་བ་ལ། སྔར་ལྷ་ལུང་དཔལ་རྡོར་ཅན་གསུམ་ཀློང་ཐང་ན་འདུག་པ་མཐོང་ནས་འཚོལ་དུ་ཕྱིན་པས་རྙེད་དེ། འབྱོན་པར་ཞུས་པས། དཔལ་གྱི་རྡོ་རྗེའི་གསུང་ནས། ངས་རྒྱལ་པོ་སྡིག་ཅན་བསད་པས་ཁ་སྐོང་མི་འོང་གིངས་བཙལ་ལ་བཏང་གི་གསུང་སྟེ། རྒྱ་ནག་གི་དགེ་སློང་ཀེ་ཝང་དང་གྱིན་བན་བྱ་བ་གཉིས་
འབད་པས་བཙལ་བས་རྙེད་དེ་བཏང་ངོ་། །དེ་ནས་སྔར་གྱི་མཁན་སློབ་གཉིས་ཀྱིས་མཁན་པོ་དང་ལས་སློབ། དམར་གྱིས་གསང་སྟོན། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ནས་བསྙེན་པར་རྫོགས་ཏེ་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་ཆེན་པོར་གྱུར། འདུལ་བའི་བཤད་པ་དང་ལག་ལེན་ལ་མཁས་པར་སྦྱངས། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པའི་ཚེ་དབུས་གཙང་གི་མི་བཅུ་མདོ་ཁམས་སུ་ཕྱིན་ནས་གཙང་ལ་བསྙེན་རྫོགས་ཞུས་པས། ང་རྒས་ནས་མཁན་པོ་མི་འཁྱོངས་པས་བླ་ཆེན་པོ་ལ་ཞུས་ཤིག་གསུངས་བ་ལྟར་ཞུས་པས། ངས་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་མི་བཏུབ་གསུང་བ་ལ། གཙང་གི་ཞལ་ནས། དམིགས་བསལ་ལ་གང་ཟག་ཁྱད་པར་ཅན་གྱིས་བཏུབ་པས་གྱིས་གསུངས་ཏེ། བླ་ཆེན་པོས་མཁན་པོ་མཛད་ནས་ཐམས་ཅད་ཆིག་རྫོགས་མཛད་དོ། །
ནུས་པ་ཅན་གྱི་མི་བཅུ།
༈ དེ་ལ་ནུས་པ་ཅན་གྱི་མི་བཅུ་ནི། དབུས་ནས་ཀླགས་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཉལ་ནས་འབྲི་ཡེ་ཤེས་ཡོན་ཏན། གཡོ་རུ་བ་རྦ་ཚུལ་ཁྲིམས་བློ་གྲོས། རཀྴི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློས་གྲོས་དང་ལྔའོ། །གཙང་ནས་མགུར་ལོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུགཤག་སྒོ་ལྔ་པ་ཚོང་བཙུན་ཤེས་རབ་སེང་གེམངའ་རིས་པ་འོད་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་དེ་དཀར་དང་ལྔའོ། །དེ་ནས་བླ་ཆེན་པོའི་ཞལ་ནས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་དགེ་བློ་རྣོ་བས་སྟོན་པ་གྱིས། འབྲིང་བསྐོས་ལ་མཁས་པས་གནས་གཞི་ཟུངས། ལོ་སྟོན་མཐུ་ཆེ་བས་བསྟན་བསྲུང་གྱིས། ཞེས་གསུངས་སོ། །དེ་ནས་སྐབས་ཤིག་སློབ་མ་རྣམས་ཀྱི་མཐོང་སྣང་ལ། བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་ཆོས་ཉན་པ་མཐོང་བས། བླ་ཆེན་པོ་ནི་སྤྲུལ་པ་ལགས་སམ་ཞུས་པས། ལན་དུ། དང་པོ་བུད་མེད་སྒོག་འཚོང་མ། །བར་དུ་སྟག་སྣང་ཁྲི་གསུམ་རྗེ། །ད་ལྟ་མུ་ཟུ་དགེ་བ་གསལ། །ཞེས་ཀྱང་གསུངས་སོ། །མཐར། དེ་ལྟར་སྒྲ་མེད་ཞི་བའི་ནགས་ཚལ་དེར། །སྡོམ་བརྩོན་ལྡན་པ་བརྩེ་ལྡན་སློབ་མའི་ཚོགས། །དེ་ལ་འགྲོགས་ན་བདེ་བ་དེ་དག་དང་། །ལྷན་ཅིག་དགེ་བའི་ཕྱོགས་ལ་བརྩོན་པར་གནས། །ཞེས་གསུངས་ནས་དགུང་ལོ་
བརྒྱད་ཅུ་རྩ་བཞི་པ་ཤིང་ཕག་གི་ལོ་ལ་སྐུ་གཤེགས་ཁར། འཕགས་པ་ཐོགས་མེད་དང་མཆེ་བའི་སྡེ་གཉིས་ཀྱིས་ཡུམ་གྱི་དགོངས་པ་མི་འདྲ་བར་བཀྲལ་བ་དེ་ཁོ་བོས་བྱམས་མགོན་ལ་འདྲི་དགོས་ཏེ། སློབ་དཔོན་དེ་གཉིས་ཀྱང་ད་ལྟ་དགའ་ལྡན་ན་བཞུགས། ཞེས་གསུངས། ཡང་ཁོ་བོས་བྱམས་པ་མགོན་པོ་འཛམ་བུའི་གླིང་འདིར་མ་བྱོན་གྱི་བར་དུ་འདི་དག་ཏུ་སྐྱེ་བ་བརྒྱད་ཙམ་ལེན་དགོས་གསུངས་ནས་དགའ་ལྡན་དུ་གཤེགས་སོ། །དབུས་གཙང་གི་མི་བཅུའི་ནང་ནས་མཁན་པོར་མངའ་གསོལ་བ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་བླ་ཆེན་པོ་ལ། ཁོ་ཅག་དབུས་སུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པར། དབུ་ཞྭ་བཞེས་འཕྲོ་དེ་ཕུད་ནས་འདི་གྱོན་ལ་རྗེས་སུ་དྲན་པར་གྱིས་ཤིག་གསུངས་དབུ་ལ་བསྐོན་ནོ། །ཡར་བྱོན་ཏེ་བསམ་ཡས་ན་བཙན་པོ་ཁྲི་བྱ་བ་བཞུགས་པ་ལ་སྣ་གཏད་ནས་དེར་ཕྱག་ཕབ་པས། བཙན་པོས་ཀྱང་སྣེ་ལེན་བྱས་ཏེ། ཁྱེད་རྣམས་ཀྱི་དཔོན་གང་ཡིན་ཟེར་བ་ལ་ཀླུ་མེས་ཡིན་ཞེས་སྨྲས་པས་དབུ་རྩེའི་ལྡེ་མིག་གཏད། དེར་དཀོར་མཛོད་ཀྱིས་གང་བར་གཟིགས་ནས་འདོན་མི་ཐུབ་པའི་ཅ་ག་མཛད། ང་མཁན་པོར་མངགས་པས་མཁན་པོ་དཀོར་ལ་འབགས་པ་མི་རིགས་པས་འདི་མི་འཛིན་ཞེས་བཙན་པོ་ལ་ལྡེ་མིག་གཏད། དེ་ནས་ཁམས་གསུམ་ཕུལ་བས་ཀྱང་མ་བཞེས། ཀ་ཆུ་ཕུལ་བས། གཡོ་རུའི་ལམ་རྒྱགས་བྱ་ཡི་གསུངས་ཤིང་བཞེས། ཕྱིས་ཀླུ་མེས་ཀྱིས་ཡོ་བྱད་མང་པོ་སྟ་གོན་མཛད་དེེ་དབུ་རྩེ་གསོ་བར་བཞེད་པ་ན། སྦ་རག་གཉིས་ཀྱིས་བཟུང་བས་གསོར་མ་བཅུགདེར་བཙན་པོས་བར་བྱས་ཏེ། ཀླུ་མེས་ཀྱིས་གསོས་ཚར་རྗེས་སྦ་རག་ལ་གཏོད་པར་བྱས་ཏེ་ལེགས་པར་གསོས། གཞན་ཡང་ལ་མོ་ར་སྒྱེལ། ཡེར་པ་བ་རིང་། ཚོང་འདུས་གནས་སོགས་མཐའ་ཡས་པ་བརྩིགས་པས་ས་སྟེང་ཐམས་ཅད་ཀླུ་མེས་དཔོན་སློབ་ཀྱིས་གནས་གཞིས་ཁྱབ་པ་ལྟར་གྱུར། སྔགས་འཆང་ཇོ་སྲས་རྣམས་ཀྱིས་སྔོན་བསྒྱུར་བའི་བཀའ་བསྟན་གྱི་གླེགས་བམ་ཆུད་མ་ཟོས་པར་སྦས་ཏེ་བཟུང་བ་རྣམས་དེ་དག་ཏུ་སྤྱན་དྲངས། དད་པ་ཅན་མང་པོ་མཚོ་ལ་ངང་པ་འདུ་བ་ལྟར་འདུས་ནས་ཉིན་རེ་བཞིན་ཡང་རབ་ཏུ་བྱུང་བས་དགེ་འདུན་གྱི་སྡེ་མང་དུ་འཕེལ་ཏེ། དེའང་གཙོ་བོར་གྲུ་མེར་དང་སྣ་
སྣམ་སོགས་ཀ་བ་བཞི། གདུང་བརྒྱད། ཕྱམ་སོ་གཉིས། དྲལ་མ་གྲངས་ལས་བརྒལ་བ་བྱུང་བར་གྲགས། ཀླུ་མེས་ཀྱི་སློབ་མ་ཡམ་ཤུད་རྒྱལ་བ་འོད་ཀྱི་སློབ་མ་དགེ་བཤེས་གྲྭ་པས་ཀྱང་གནས་གཞི་བརྒྱ་དང་རྩ་བརྒྱད་བཏིང་བར་གྲགས། ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། ཚོང་བཙུན་ཤེས་རབ་སེང་གེ་གཉིས་ཀྱིས་གཙང་དུ་དགེ་འདུན་གྱི་སྡེ་མང་དུ་སྤེལ་བས་ལོ་ཚོང་སྟོད་སྨད་གཉིས་སུ་མཆེད་དེ། རཀྴི་ཚུལ་ཁྲིམས་འབྱུང་གནས་ཀྱིས་ཁམས་སུ་འདུལ་བ་བསྐྱངས། སྦ་ཚུལ་ཁྲིམས་བློ་གྲོས་ཀྱིས་བུ་ཚལ། འབྲིང་ཡེ་ཤེས་ཡོན་ཏན་གྱིས་ཁམས་གསུམ་བཟུང་། ཀླུ་མེས་ཀྱིས་ཀ་བཅུ་ལ་སོགས་པ་བཟུང་ནས་འདུལ་བའི་བཤད་པ་མཛད་པས། རྔོག་བྱང་ཆུབ་འབྱུང་གནས། གྲུ་མེར་ཚུལ་ཁྲིམས་འབྱུང་གནས། གླན་ཡེ་ཤེས་ཤེས་རབ། སྣ་སྣམ་རྡོ་རྗེ་དབང་ཕྱུག་སྟེ་སློབ་མ་ཆེ་བ་བཞི་བྱུང་། གྲུ་མེར་གྱི་སློབ་མ་གྲ་ཕྱི་ཕུའི་རླུང་ལེགས་པའི་ཤེས་རབ། གྲ་ཕྱི་པའི་སྐྱོགས་ཤེས་རབ་འབྱུང་། གཟུས་རྡོ་རྗེ་རྒྱལ་མཚན་གསུམ་ལས། རླུང་སྐྱོགས་གཉིས་ཀྱིས་ལོ་ཙཱ་སློབ་ཏུ་ཕྱིན། གཟུས་ཀྱིས་ཀླུ་མེས་ལ་གཏུགས་ཏེ་རྒྱ་ཆེར་འགྲེལ་བམ་པོ་ལྔ་བཅུ་པ་སོགས་ལ་སྦྱངས། གཟུས་ལ་བུ་ཆེན་བཞི་བྱུང་སྟེ། འཛིམས་པ་དང་སྣེ་པོ་གཉིས་གཙང་གི་བུ་ཆེན། གླན་ཚུལ་ཁྲིམས་བྱང་ཆུབ་དང་། སྦོ་ཆུང་ཚུལ་ཁྲིམས་འབྱུང་གནས་གཉིས་དབུས་ཀྱི་བུ་ཆེན་དུ་གྲགས། དེ་དག་གི་སློབ་མ་གཙོ་ཆེ་བ་རྒྱ་འདུལ་འཛིན་གྱིས་དགའ་བ་གདོང་གི་གནས་གཞི་བཟུང་ནས་བསྟན་པ་སྤེལ་ལོ། །
ཀླུ་མེས་ཀྱི་ཀ་བ་བཞིར་གྲགས་པ།
༈ ཀླུ་མེས་ཀྱི་ཀ་བ་བཞིར་གྲགས་པ་ལས། རྒྱལ་བ་བྱམས་པའི་སྤྲུལ་པར་གྲགས་པ་སྣ་སྣམ་རྡོ་རྗེ་དབང་ཕྱུག་ནི། ཡབ་སྣ་སྣམ་ཇོ་སྲས། ཡུམ་ཞང་ལྕམ་སྒྲོལ་མའི་སྲས་སུ་མེ་ཕོ་བྱི་བ་ལ་ཡུལ་ཉམས་དགའ་མོར་འཁྲུངས། ཁོང་གི་ལོ་གསུམ་བཞེས་པ་ས་ཕོ་སྟག་ལ་འདུལ་བའི་བསྟན་པ་ཁམས་ནས་དབུས་སུ་བྱུང་། རང་ལོ་བཅོ་བརྒྱད་པ་ཆུ་མོ་བྱ་ལ་ཀླུ་མེས་ལས་རབ་ཏུ་བྱུང་། དེ་རྗེས་དང་པོར་ར་ཚག་གི་གཙུག་ལག་ཁང་བཞེངས། ཕྱིས་སོ་བདུན་བཞེས་པ་ཆུ་ཕོ་བྱི་བའི་ལོ་ལ་རྒྱལ་ལུག་ལྷས་ཀྱི་གཙུག་ལག་ཁང་བཞེངས་ཏེ་ལོ་འདི་ལ་རྗེ་མར་པ་ཡང་འཁྲུངས། རྒྱལ་ལྷ་ཁང་བཏབ་ནས་ལོ་དྲུག་སོང་བ་དང་། གྲུ་མེར་གྱིས་ཀླུ་མེས་ལ་ཞུས་
ནས་སོལ་ནག་ཐང་པོ་ཆེའི་གཙུག་ལག་ཁང་བཏབ། སྣ་སྣམ་རྡོ་རྗེ་དབང་ཕྱུག་རང་ལོ་བརྒྱད་ཅུ་རྩ་ལྔ་པ་ལྕགས་ཕོ་བྱི་བ་ལ་གཤེགས། གླན་ཚུལ་ཁྲིམས་བྱང་ཆུབ་ཤིང་ཕོ་འབྲུག་ལ་འཁྲུངས། ལྔ་བཅུ་རྩ་བདུན་པ་བྱི་བའི་ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས། དེ་རྗེས་ནས་ཀྱང་གདན་རབས་དང་ཚོགས་པ་ཡང་བསམ་གྱིས་མི་ཁྱབ་པ་བྱུང་བར་གྲགས། ཀླུ་མེས་མཁན་བུ་དགེ་བཤེས་ཡམ་ཤུད་ཀྱིས་ཁྲབ་ལ་ཁའི་དགོན་སྡེ་བཏབ། ཕུག་མོ་ཆེ་བཟུང་སྟེ་ཁྲབ་ལ་ཁའི་འདབས་ཡིན། དེར་བྱུང་བའི་མཁན་རྒྱུད་ནི། ཡམ་ཤུད་རྒྱལ་བ་འོད། གྲ་པ་མངོན་ཤེས། དགྱེར་ཆེན་དགོན་རྒྱབ་པ། དགྱེར་མོ་ཆེ་པ། མཁན་ཆེན་ངུར་པ་ཆེན་པོ། དེས་སྙན་བརྒྱུད་རྡོ་རྗེ་ཟམ་པར་ཐུགས་དམ་མཛད་དེ་རིམ་པར་བརྒྱུད་ཅིང་དར་བར་མཛད་དོ། །
དགེ་བཤེས་གྲྭ་པ་མངོན་ཤེས།
༈ དགེ་བཤེས་གྲྭ་པ་མངོན་ཤེས་ནི། ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་མཆིམས་རྡོ་རྗེ་སྤྲེ་ཆུང་ཞེས་བྱ་བ་ཤེས་རབ་ཆེ་ཞིང་སྨྲ་མཁས་པས་རྒྱལ་པོ་དགྱེས་པ་ཞིག་བྱུང་། དེས་བསམ་ཡས་མཆོད་རྟེན་སྔོན་པོ་དང་བྱང་ཆུབ་གླིང་གོང་བཞེངས། དེ་ལ་བུ་གསུམ་ལས་འབྲིང་པོ་ལྷ་རྗེས་གྲྭའི་སྐྱིད་རུ་བཟུང་། དེ་ནས་བརྒྱུད་པ་ལྔའི་བར་མཆིམས་སུ་འབོད། ལྔ་པ་ཞང་སེ་ཚ་ལོགས་བརྟན་ནས་ཞང་དུ་འབོད། དེ་ལ་བུ་བཞི་བྱུང་བ་འབྲིང་པོ་ཞང་སྟག་དཀར་ལ་བུ་བཞི་བྱུང་བའི་ཆེ་བ་ཞང་སྟག་ཚབ་ཆུ་ཕོ་བྱི་བ་ལ་འཁྲུངས། རྗེ་མར་པ་དང་ལོ་མཉམ་ཡིན། རིགས་སད་དེ་མཁན་པོ་ཡམ་ཤུད་ལས་རབ་ཏུ་བྱུང་བའི་མཚན་ཤེས་རབ་རྒྱལ་བར་བཏགས། ཁུ་བོ་ཞང་སྟོན་ཆོས་འབར་ལ་ཆོས་མང་དུ་གསན། ཞང་འོན་གྱི་སྒྲུབ་ཐབས་བླངས་པ་ཙམ་གྱིས་ཞལ་གཟིགས། ཆོས་ཐམས་ཅད་ཅུང་ཟད་རེ་ཉན་པས་ཤེས་ཏེ་མཁྱེན་པའི་ཕུལ་དུ་བྱུང་། གཡོ་ནས་བརྩམས་ཏེ་ཕྱོགས་ཐམས་ཅད་དུ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བརྩིགས། ཁུ་བོ་གཤེགས་ནས་དགོན་པ་རེ་ཕུག་གི་གདན་སར་བཞུགས་མ་འདོད་ནས་གླག་གི་གནས་མོ་ཆེའི་གཟའ་མི་བྱས། རྒྱུད་འགྲེལ་མང་པོ་གསུངས། སློབ་མ་གཅིག་གིས་ཡར་ཀླུང་དུ་སྤྱན་དྲངས། སྐུ་བསོད་སྐྱེས་དེས་༼དགེ་བཤེས་༽གྲྭ་པ་ཞེས་པའི་མཚན་ཐོགས། དམ་པ་སངས་རྒྱས་ལ་ཞི་བྱེད་ཀྱང་གསན། དགུང་ལོ་བདུན་ཅུ་བཞེས་པ་ལྕགས་མོ་བྱ་ལ་གྲ་ཐང་གི་
རྨང་བཏིང་། རང་ལོ་བདུན་ཅུ་རྩ་དགུ་པར་མཁན་བུ་གཅིག་གིས་སྙིང་ཐུར་བརྒྱབ་པ་ཐལ་ཆེས་པས་ཞི་བར་གཤེགས་ཚེ་ཕལ་ཆེར་གྲུབ་པ་ལ། ལྷག་མ་ཅུང་ཟད་དགོས་པ་རྣམས་དབོན་འབྱུང་ཤེས་དང་འབྱུང་ཚུལ་གཉིས་ཀྱིས་ལེགས་པར་ཚར་བར་བྱས་སོ། །གྲྭ་པ་གཤེགས་ནས་གྲ་ཐང་གི་གདན་ས་ཆོས་སྐྱབས་དོན་སྟེངས་པར་གྲགས་པ་དེས་མཛད། དེ་རྗེས་དེས་གྲྭ་པས་བཏབ་པའི་སྤྱན་གཡས་ཀྱི་མཁན་པོའང་མཛད་ནས་གནས་བརྟན་དར་མ་བཀྲ་ཤིས་སོགས་མཁན་རབས་མང་དུ་བྱུང་བར་གྲགས་སོ། །
རྔོག་ལོ་བློ་ལྡན་ཤེས་རབ།
༈ རྔོག་ལོ་བློ་ལྡན་ཤེས་རབ་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་རྔོག་ཆེན་པོ་ཞེས་བྱ་བ། བཙན་པོས་རྒྱ་ཡུལ་དུ་དམག་དྲངས་པའི་ཚེ་རྒྱལ་པོ་རི་དེའུ་གཅིིག་གི་ཁར་བཞུགས། དམག་རྣམས་ཡུལ་གཞན་འཇོམས་སུ་བཏང་བ་ན། རྒྱལ་པོའི་སྐུ་ལ་བདོ་བའི་རྒྱའི་གྱེན་ལོག་པ་འགའ་ཞིག་བྱུང་བས། བློན་པོ་རྔོག་གིས་འགའ་ཞིག་བསད། འགའ་ཞིག་འབྲོས་སུ་བཅུགདེ་ནས་རྒྱ་ཞོ་ཧབ་ཀྱིས་བཏབ། རྒྱ་ཕྲུག་བྲག་ལ་བརྡབས་ཟེར་བ་དེའི་བརྒྱུད་པ་ཡར་འབྲོག་དོའི་ཕྱི་རོལ་གྱི་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སྔགས་རྙིང་མའི་དགེ་བཤེས་རྡོ་རྗེ་གཞོན་ནུ་ཞེས་བྱ་བ་ལ་སྲས་ལྔ་བྱུང་བའི་ཆེ་བ་རྔོག་ལེགས་པའི་ཤེས་རབ་ཡིན། གཉིས་པ་ཀླུ་ཁྲི། གསུམ་པ་ཀླུ་བྱང་། བཞི་པ་ཆོས་སྐྱབས། ལྔ་པ་ཐུབ་པ་རྣམས་ལས། ཆེ་བ་རྔོག་ལེགས་པའི་ཤེས་རབ་འབྲིང་ཡེ་ཤེས་ཡོན་ཏན་ལས་རབ་ཏུ་བྱུང་། སྡེ་སྣོད་བསླབ་པའི་ཕྱིར་ཁམས་སུ་བྱོན་ནས་ཇོ་བོ་སེ་བཙུན་གྱི་སློབ་མ་མཛད། ཆོས་མང་དུ་མཁྱེན་ནས་ཁུ་སྟོན་གཡུང་དྲུང་ཚུལ་ཁྲིམས་སོགས་དང་འགྲོགས་ནས་དབུས་སུ་ཕེབས། བཤད་པའི་གྲྭ་བཙུགས་ནས་སློབ་མ་མང་དུ་བྱུང་། ཇོ་བོ་སྙེ་ཐང་དུ་བཞུགས་པར་ཆོས་མང་དུ་གསན་དང་པོར་བྲག་ནག་གི་རྩར་དགོན་པ་ཞིག་མཛད་པ་ལས། ཕྱིས་ཇོ་བོས་ལུང་བསྟན་པ་བཞིན་ཆུ་མོ་གླང་གི་ལོ་ལ་གསང་ནེའུ་༼ལེའི་༽གཙུག་ལག་ཁང་ཆེན་པོ་བཏབ། དེ་དུས་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱའི་དགོན་པའང་བཏབ་པ་ཡིན། ཇོ་བོའི་ཆོས་ལ་གཙོ་བོར་མཛད་པ་ཡིན་ནོ། །དེའི་དབོན་པོ་རྔོག་བློ་ལྡན་ཤེས་རབ་ཡིན་པ་ཆོས་སྐྱབས་ཀྱི་སྲས་སུ་ས་
མོ་ཕག་གི་ལོ་ལ་འཁྲུངས། ཁུ་བོ་དང་གཟུས་ཀྱི་སློབ་མ་སྦོ་ཆུང་བ་ཚུལ་ཁྲིམས་ཤེས་རབ་སོགས་ལ་གསན་པ་མང་དུ་མཛད། ཤེས་རབ་ཕུལ་དུ་བྱུང་བ་ཡིན་པས་ཁུ་བོ་མཉེས་ནས་ལོ་བཅུ་བདུན་བཞེས་པའི་ཚེ་ཁ་ཆེར་བསླབ་གཉེར་ལ་བརྫངས། དེའི་ཚེ་རྭ་ལོ། གཉན་ལོ། ཁྱུང་པོ་ཆོས་བརྩོན། བཙན་ཁ་བོ་ཆེ་རྣམས་དང་ལྷན་ཅིག་འགྲོགས་ཏེ་བྱོན་པས། མངའ་བདག་རྩེ་ལྡེས་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་རགས་པ་རྣམས་སྤྱན་དྲངས་ནས། མེ་ཕོ་འབྲུག་གི་ལོའི་ཆོས་འཁོར་མཛད་པ་དང་ཐུགརྩེ་ལྡེའི་སྲས་པོ་དབང་ཕྱུག་ལྡེས་ཡོན་བདག་བྱ་བར་ཆད་ནས་ཁ་ཆེར་བྱོན། པཎྜི་ཏ་ས་ཛྙ་ན་དང་། བ་ར་ཧེ་ཏ་བྷ་ཏྲ་ལ་སོགས་པ་དྲུག་ཙམ་བརྟེན་མཁས་པར་སྦྱངས། དབང་སྡེས་གསེར་མང་པོ་བསྐུར་ནས་ཚད་མ་རྒྱན་སྒྱུར་ཅིག་བྱ་བའི་ཡི་གེ་བྱུང་བས། པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་རྔོག་གཉིས་ཀྱིས་ལེགས་པར་བསྒྱུར། ཁ་ཆེར་ལོ་བཅུ་བདུན་དུ་ཡང་དག་པར་སྦྱངས་ཏེ་སླར་བོད་དུ་བྱོན་ནས་པཎྜི་ཏ་འབུམ་ཕྲག་གསུམ་པ་དང་། སུ་མ་ཏི་ཀིརྟི་གཉིས་ལ་ཆོས་གསན་ཞིང་བལ་པོར་ཡུག་ཅིག་བྱོན་ནས་ཨ་རུ་ལྱ་བཛྲ་དང་། བ་རནྡྲ་རུ་ཅི་ལ་སོགས་པ་ལ་སྔགས་ཀྱི་གསན་པའང་མཛད། སླར་བོད་དུ་ཕེབས་འགྱུར་མང་པོ་མཛད་པ་རྣམས་ཤིན་ཏུ་བཟང་ཞིང་ཕུལ་དུ་གྱུར་པས། གྲོ་ལུང་པས། དམ་ཆོས་བསྒྱུར་ལ་མངའ་བརྙེས་པའི། རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །ཞེས་གསུངས། དེ་ཡང་ལྷ་ས་དང་། བསམ་ཡས་དང་། མྱུ་གུ་སྣ་དང་། གཉལ་སྒང་ཐོག་དང་། གཙང་རྒྱང་མཁར་ལ་སོགས་པར་བཤད་པ་མཛད་པའི་གྲངས་ནི། མཁས་བཙུན་གྲངས་རིམ་པ་བཞིན། ཁྲི་ཚོ་གཉིས་དང་སུམ་སྟོང་དང་། ཞེས་བྱ་བ་དང་། ཟུར་ཆོས་འཆད་པའི་གྲངས་ཀྱང་། རྒྱན་དང་ཆོས་མཆོག་འཆད་མཁན་ལྔ་བཅུ་རྩ་ལྔ། རྣམ་ངེས་འཆད་པ་ཉིས་བརྒྱ་དང་བརྒྱད་ཅུ། ལུང་ཆོས་སྨྲ་བ་སྟོང་དང་བརྒྱད་བརྒྱ་སྟེ། ཆོས་སྨྲ་བ་ཉིས་སྟོང་ཆིག་བརྒྱ་སུམ་ཅུ་ཙམ་ཞིག་འདུས། ཚད་མ་དང་བྱམས་ཆོས་དང་དབུ་མ་ལ་སོགས་པའི་རྣམ་བཤད་ཀྱང་མང་དུ་མཛད་ནས་མཐར་དགུང་ལོ་ང་གཅིག་བཞེས་པའི་ཚེ་བསམ་ཡས་དང་ཉེ་
བའི་ལམ་དུ་སྐུ་གཤེགས་སོ། །སློབ་མའི་ཚོགས་མཐའ་ཡས་པ་དེ་དག་གི་ནང་ནས་ཞང་ཚེ་སྤོང་ཆོས་ཀྱི་བླ་མ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབྲེ་ཤེས་རབ་འབར་བཞི་ལ་སྲས་ཀྱི་ཐུ་བོ་བཞི་ཟེར་བར་གྲགས་སོ། །
བསྟན་པ་ཕྱི་དར་གྱི་སྐབས།
བཀའ་གདམས་པ།
ཇོ་བོ་རྗེ་ཨ་ཏི་ཤ།
༈ དེ་ཡང་སྤྱིར་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་ཉིས་བརྒྱ་དང་ལྔ་བཅུ་རྩ་གཉིས་འདས་པ་ལྕགས་མོ་གླང་གི་ལོ་ལ་རྒྱལ་པོ་རལ་པ་ཅན་གྱིས་རྒྱ་དང་འདུམ་མཛད། ༼དེའི་ཕྱི་ལོ་ཆུ་ཕོ་སྟག་ལ་ལྷ་སའི་༽རྡོ་རིང་བཙུགས། ཆུ་སྟག་དེ་ནས་ལོ་བཅོ་ལྔ་པ་མེ་ཕོ་འབྲུག་ལ་རལ་པ་ཅན་རྒྱལ་པོ་དར་མས་བཀྲོངས་ནས། ལོ་དེ་ཉིད་ནས་ལྕགས་མོ་བྱའི་བར་དར་མས་རྒྱལ་པོ་བྱས། རབ་ཏུ་བྱུང་བའི་བསྟན་པ་བསྣུབས། བར་དེར་ལོ་བདུན་ཅུ་ཙམ་ཞིག་ལ་དབུས་གཙང་དུ་བསྟན་པའི་སྲོལ་ནུབ། དེ་ནས་སྟོད་སྨད་གཉིས་ནས་༼དར་བ་ལས། ༽མངའ་རིས་ནས་དར་བ་ནི། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རྒྱུད་བཙན་པོ་སྲོང་ངེས་རྒྱལ་སྲིད་གཅུང་འཁོར་རེ་ལ་གཏད་ནས་རབ་ཏུ་བྱུང་། མཚན་ལྷ་བླ་མ་ཡེ་ཤེས་འོད་ཅེས་གྲགས། དེས་ལོ་ཙཱ་རིན་ཆེན་བཟང་པོ་སོགས་ཁྱེའུ་ཉེར་གཅིག་རྒྱ་གར་དུ་བརྫངས། དེ་རྗེས་པཎྜི་ཏ་སྨྲྀ་ཏི་དང་ཇོ་བོ་རྗེ་ཨ་ཏི་ཤ། གྷ་ཡ་དྷ་ར། པཎ་ཆེན་ཤཱཀྱ་ཤྲཱི། འབྲོག་མི་མར་མལ་འགོས། རྭ་གཉལ་ས་རྔོགཤོང་དཔང་སོགས་ཀྱིས་བསྒྱུར་བཤད་ཀྱིས་བསྟན་པ་སྤེལ་བས་ཕྱི་དར་ཞེས་གྲགས་པ་རྣམས་ལས། གྲགས་ཆེ་བ་རགས་རིམ་ཞིག་གི་ལོ་རྒྱུས་ཅུང་ཟད་བརྗོད་ན། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བརྒྱ་དང་བཞི་བཅུ་འདས་རྗེས་ཀྱི་ཆུ་ཕོ་རྟ་ལ་ཇོ་བོ་རྗེ་བོད་དུ་ཕེབས། དེའི་ཚེ་རྗེ་མར་པ་ལོ་སོ་གཅིག་ལོན། འཁོན་དཀོན་མཆོག་རྒྱལ་པོ་ལོ་དགུ་ལོན། དུས་སྐབས་དེར་གཟུས་དང་གྲྭ་པ་མངོན་ཤེས་གཉིས་ཀྱིས་ཀྱང་མཁན་པོའི་བྱ་བ་བྱེད། གྲྭ་པའི་སློབ་མ་བཙན་ཁ་བོ་ཆེས་ཉི་ཤུ་རྩ་གསུམ་ལོན་གཟུས་ཀྱི་བུ་ཆེན་རྣམས་ཀྱང་དུས་དེར་ཡོད། ཇོ་བོས་འཆད་ཉན་གྱིས་བསྟན་པ་བསྐྱངས་པའི་གནས་གཙོ་ཆེ་བ་སྙེ་ཐང་། ལྷ་ས། ཡེར་པ། འཕན་ཡུལ་ལན་པ་རྣམས་སུ་ཆོས་མང་དུ་གསུངས། ཤིང་ཕོ་
རྟའི་ལོ་སྟོན་ཟླ་འབྲིང་པོའི་ཚེས་ཉི་ཤུ་ལ་ཇོ་བོ་དགའ་ལྡན་དུ་གཤེགས། སློབ་མ་ཡང་བགྲང་བ་ལས་བརྒལ་ཡང་རགས་རིམ་རྣ་བས་ཐོས་པའི་ཡི་གེ་ལས། ལྷ་བཙུན་བྱང་ཆུབ་འོད་ཁུ་དབོན། ལོ་ཆེན་རིན་བཟང་། འབྲོམ་སྟོན། ཤར་པ་བ། པོ་ཏོ་བ། རྔོག་ལེགས་པའི་ཤེས་རབ། གུང་ཐང་སྒོམ་པ་ཚུལ་ཁྲིམས། གཟུས་རྡོ་རྗེ་རྒྱལ་མཚན། འགོས་ལོ་ཙཱ་བ། སུམ་པ། སྣ་སྣམ། རྒྱ་བརྩོན་སེང་། ཤཱཀྱ་བློ་གྲོས། ཚུལ་ཁྲིམས་འབྱུང་གནས། ཡོལ་མཆེད་དབང་གསུམ་ལ་སོགས་པའོ། །
ལོ་ཆེན་རིན་ཆེན་བཟང་པོ་དང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས།
༈ ༼དེ་ལ་ལོ་ཆེན་རིན་ཆེན་བཟང་པོ་ནི། ༽པཎྜི་ཏ་བདུན་ཅུ་ཙམ་བསྟེན་ནས་ཆོས་མང་དུ་གསན། ལྷ་ལྡེ་བཙན་གྱི་དབུའི་མཆོད་གནས་སུ་གྱུར། གནས་གཞི་དང་གཙུག་ལག་ཁང་མཆོད་རྟེན་ལ་སོགས་པ་མང་དུ་བཞེངས། གུར་ཤིང་བརྩོན་འགྲུས་རྒྱལ་མཚན་ལ་སོགས་པའི་སློབ་མ་མཁས་གྲུབ་མང་དུ་ཐོན། ཞུས་ཆེན་ཕེར་བའི་ལོ་ཙཱ་བ་བཅུ་ལྷག་ཙམ་བྱུང་། མཚན་བརྗོད་སཾ་སྐྲྀ་ཏའི་སྐད་དུ་འབུམ་ཕྲག་གཅིགབོད་སྐད་དུ་འབུམ་ཕྲག་གཅིགགཞན་ལ་ཡོན་བྱིན་ཏེ་འབུམ་ཕྲག་གཅིག་བཏོན། མཐར་ཇོ་བོས་སྒྲུབ་པ་ལ་བཙུད་དེ། སྒྲུབ་ཁང་གི་ཕྱི་རོལ་ན་སྒོ་གསུམ་རིམ་དུ་ཡོད་པ་ལ། ཚེ་འདིའི་རྣམ་རྟོག་དང་། རང་དོན་ཡིད་བྱེད་ཀྱི་རྣམ་རྟོག་དང་། ཐ་མལ་གྱི་རྣམ་རྟོག་རྣམས་སྐད་ཅིག་རེ་སྐྱེས་ན། བསྟན་བསྲུང་རྣམས་ཀྱིས་ཁོ་བོའི་མགོ་བོ་ཁོས་ཤིག་ཅེས་པའི་སྒོ་ཡིག་སྦྱར་ནས། རྩེ་གཅིག་ཏུ་སྒྲུབ་པ་མཛད་པས་མཆོག་གི་དངོས་གྲུབ་བརྙེས་ཏེ་དགུང་ལོ་དགུ་བཅུ་རྩ་བརྒྱད་པ་ཤིང་མོ་ལུག་གི་ལོ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། ༈ །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནི། གདུང་རུས་ཡང་ཞེར། ཡབ་རྟ་གསུམ་ཤུ་བཞེར། ཡུམ་ཁུ་ལྟོ་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་ཤིང་མོ་སྦྲུལ་ལོ་ལ་སྟོད་ལུང་ཕུར་འཁྲུངས། རྒྱ་གར་དུ་ཕེབས་པའི་ལམ་ཁར་ཇོ་བོ་སྐྱིད་རོང་དུ་ཕེབས་པ་དང་མཇལ། ཆོས་མང་དུ་གསན་སླར་དབུས་སུ་ཕེབས་ནས་རྭ་སྒྲེང་གི་གཙུག་ལག་ཁང་བཏབ། ཇོ་བོ་རྗེ་གཤེགས་སྐབས་འབྲོམ་ལ་ངའི་བསྟན་པ་ཁྱོད་ལ་གཏོད་པས་ཟུངས་གསུང་བ་ལ། སྤྱིར་བདག་
འཁོས་ཆུང་། ཁྱད་པར་རྟེན་དགེ་བསྙེན་དུ་སོང་བས་བྱ་བ་ཆེན་པོ་སྒྲུབ་མི་ནུས་ཞུས་པས། ང་རང་གིས་བྱིན་གྱིས་རློབ་པས་སེམས་ཁྲལ་མི་དགོས་གསུངས་ནས་གཤེགས་སོ། །དེ་ནས་བཟུང་ཇོ་བོའི་སློབ་མ་རྣམས་ཀྱང་བསྐྱངས་པས་སློབ་མ་བསྟན་པ་ལ་བྱ་བ་ནུས་པ་མང་པོ་བྱུང་ཞིང་། མཆོག་ཏུ་གྱུར་པ་དགེ་བའི་བཤེས་གཉེན་པོ་ཏོ་བ། སྤྱན་སྔ་བ། ཕུ་ཆུང་བ་གསུམ་བྱུང་བ་རྣམས་ལ་སྐུ་མཆེད་རྣམ་པ་གསུམ་དུ་གྲགས། པོ་ཏོ་བ་ལ་གདམས་པ་བསྟན་པ་ཙམ་གྱིས་ཇི་ལྟ་བ་བཞིན་ཐུགས་རྒྱུད་ལ་འཁྲུངས། སྤྱན་སྔ་བ་ལ་ཁྱོད་རང་སྟོང་པ་ཉིད་ཁོ་ན་ལེགས་པར་སྒོམས་དང་གསུངས། ཇོ་བོའི་མན་ངག་མང་པོ་ཡང་ཁོང་ལ་གནང་བས་སྤྱན་སྔ་བར་མཚན་ཐོགས། ཕུ་ཆུང་པ་ལ་འཕགས་པའི་བདེན་པ་བཞི་ལས་བརྩམས་ཏེ་ཆོས་བསྟན་ནས་ཐམས་ཅད་བསམ་གཏན་ལ་མཉམ་པར་འཇོག་ཏུ་བཅུག་པས། རྒྱལ་བའི་བཀའ་མ་ལུས་པ་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་འཁྱེར་དགོས་པར་དགོངས་ནས་ཉམས་ལེན་མཛད་པས་དེ་རྣམས་ནས་བཀའ་གདམས་པ་ཞེས་པའི་མཚན་ཐོགས། དེ་ནས་འབྲོམ་སྟོན་མྱ་ངན་ལས་འདས་ཁར། པོ་ཏོ་བ་ལ། ངས་ཁྱེད་རྣམས་ཀྱི་རྟེན་ས་གཞན་མ་མཐོང་བས། སློབ་དཔོན་མདོ་སྡེ་ལ་ཆོལ། ཞེས་སོགས་ཞལ་གདམས་གནང་ནས་དགུང་ལོ་དྲུག་ཅུ་པ་ཤིང་ཕོ་འབྲུག་ལ་མྱ་ངན་ལས་འདས། དེ་ནས་ཕུ་ཆུང་པས་ནི་ཤ་གཟུགས་རང་ཟ་གསུངས་ནས་ཚོགས་པ་མ་བསྐྱངས། པོ་ཏོ་བས་འབྲོམ་གཤེགས་ནས་རང་ལོ་ལྔ་བཅུའི་བར་དུ་ཐུགས་དམ་འབའ་ཞིག་མཛད། ལྔ་བཅུ་རྩ་གཅིག་ནས་གཞན་དོན་མཛད་དེ་བཞུགས་པ་མཁན་བྲག་དང་། སྒྲོ་ལག་དགོན་དང་། མཐར་ཐོག་དང་། སྟག་ལུང་ལ་སོགས་པ་གནས་ངེས་མེད་དུ་བཞུགས། ཚོགས་པའང་རྒྱུན་དུ་རྗེས་སུ་འབྲང་བ་སྟོང་ཕྲག་ལྷག་པ་རེ་འདུས། གཞན་གྱིས་གནོད་པ་བྱེད་པ་བྱུང་ན་ཡང་སྤྱིར་དགེ་སློང་ཁས་ཉེན། བྱེ་བྲག་བྱང་ཆུབ་སེམས་དཔའ་ཁས་ཉེན་གསུངས་ནས་གནོད་ལན་ཡེ་མི་མཛད། ཆོས་ནི་ལམ་སྒྲོན། མདོ་སྡེ་རྒྱན། བྱང་ས། བསླབ་པ་ཀུན་ལས་བཏུས། སྐྱེས་རབས་དང་ཆེད་དུ་བརྗོད་པའི་ཚོམ་ལ་ནན་ཏན་དུ་གསུངས་བས་བཀའ་གདམས་གཞུང་དྲུག་ཏུ་གྲགས། སྐུ་ཚེའི་སྨད་ལ་པོ་ཏོ་དགོན་བཏབ།
ཁོ་རང་གིས་འཕགས་པའི་གནས་བརྟན་ཡན་ལག་འབྱུང་དུ་ཡང་ཞལ་གྱིས་བཞེས། སློབ་མ་ཡང་། དོལ་ནས་རོག་དམར་ཞུར་བ། ཁ་རག་སྒོམ་ཆུང་། དྲེའུ་ལྷས་པ། གླང་རི་ཐང་པ། ཤར་པ་ལ་སོགས་པ་མང་དུ་བྱུང་། དགུང་ལོ་བདུན་ཅུ་རྩ་ལྔ་པ་ཤིང་མོ་བྱ་ལ་མྱ་ངན་ལས་འདས།
རོག་ཤེས་རབ་རྒྱ་མཚོ་དང་གླང་རི་ཐང་པ་རྡོ་རྗེ་སེངྒེ་དགེ་བཤེས་ཤ་ར་བ་ཆེན་པོ།
༈ དེ་ལ་རོག་ཤེས་རབ་རྒྱ་མཚོ་ནི། དོལ་པ་དམར་ཞུར་བར་གྲགས་པ་དེ་ཡིན། རབ་ཏུ་བྱུང་ནས་རོག་མངོན་པ་བ་དང་རྒྱ་འདུལ་འཛིན་གཉིས་ལ་མངོན་པ་དང་འདུལ་བ་གསན། འགྲོ་དོན་རྒྱ་ཆེར་མཛད། འགྲོ་མགོན་ཕག་གྲུ་པར་ཡང་ཆོས་འབྲེལ་གསན་པར་གྲགས་སོ། །༈ གླང་རི་ཐང་པ་རྡོ་རྗེ་སེངྒེ་ནི། ཤིང་ཕོ་རྟ་ལ་འཁྲུངས་ནས་ཆུ་མོ་ཡོས་ཀྱི་བར་ལོ་བདུན་ཅུ་བཞུགས་ནས་པོ་ཏོ་བའི་མཛད་པ་བཞིན་བསྐྱངས། ལན་གཅིག་ཚེ་རབས་ཐམས་ཅད་དུ་དགེ་སློང་གི་དངོས་པོ་དང་མི་འབྲལ་བའི་དམ་བཅའ་མཛད་པས། དཔལ་ལྷ་མོ་དྲེའུ་སྐད་ལྷང་གིས་དེའི་བར་དུ་ངས་ཁྱོད་ཀྱི་གྲོགས་བྱའོ་གསུངས། ཁམས་ནས་དབང་ཕྱུག་རྒྱལ་མཚན་ཞེས་པ་ཞིག་བྱུང་ནས་ཇོ་བོར་ཆོས་མང་དུ་གསན། ཇོ་བོའི་མཆོད་གནས་ཀྱང་མཛད་པ་ཞིག་གིས་འགྲོ་དོན་མཛད་པའི་སློབ་མ་མང་དུ་བྱུང་བའི་གཙོ་བོ་སྣེའུ་ཟུར་པ་ཡིན། དེ་ལ་ཕྱིས་གླང་ཐང་པས་ཀྱང་ཆོས་མང་དུ་གསན། ཚོགས་པ་ཉིས་སྟོང་ཙམ་འདུས་པར་གྲགས། དེ་ནས་སློབ་མ་རྣམས་ཀྱིས་གདན་ས་ཡུན་རིང་བསྐྱངས་ནས་མཐར་གླང་ཐང་རྒྱ་མའི་སངས་རྒྱས་དབོན་ལ་ཕུལ། གླང་ཐང་ཞང་འདི་ལ་ཕག་མོ་གྲུ་པས་ཀྱང་གཏུགས་པར་གྲགས་སོ། །༈ དགེ་བཤེས་ཤ་ར་བ་ཆེན་པོ་ནི། བྱང་གི་རོམ་པོར་འབྲོག་པ་ཞིག་གི་སྲས་སུ་ལྕགས་ཕོ་ཁྱི་ལ་འཁྲུངས། གཞོན་པའི་དུས་སུ་ཕ་མས་བག་མ་བླངས་པ་ལ་མ་ཆགས་པར། པོ་ཏོ་བའི་སྤྱན་སྔར་བྱོན་ནས་རབ་ཏུ་བྱུང་ཞིང་གདམས་པ་གསན། ཐུགས་རབ་ཤིན་ཏུ་ཆེ་བས་བཀའ་འགྱུར་རོ་ཅོག་ཐུགས་ལ་བཞུགས་པར་གྲགས། པོ་ཏོ་བ་གཤེགས་པའི་རྗེས་སུ་པོ་ཏོ་བའི་སློབ་མ་ཕལ་ཆེར་ཁོང་ལ་འདུས། བཤད་པ་ཕལ་ཆེར་གཞུང་ཆེ་བ་ཁོ་ན་ལ་མཛད། ཚོགས་པ་སུམ་སྟོང་དྲུག་བརྒྱ་ཚོགས་པའི་ནང་ནས་པྲཛྙ་ཛྭ་ལ། ནགས་ཤོད་དཔེ་སྟོན། ལྡན་
གྱི་བན་ཆེན་སྐྱེས་བུ། གཞོན་ཤེས་རབ་རྡོ་རྗེ། སྣར་ཐང་པ་གཏུམ་སྟོན། བྱ་གྲགས་པ་སེང་གེའཇིང་པ་དགྱེ་ལུང་པ། ལ་སྟོད་པ་བྱང་ཆུབ་གྲགས། མྱང་སྨད་ཀྱི་རྩེད་པ། ཤངས་ཀྱི་རྒྱུ་བུག་པ། གཙང་གད་གཉོས་པ། ཁུ་ལེའི་ཁ་མོ་ཟིན་སྟོན། མྱང་སྟོད་འོད་དཀར། མྱང་རོང་བ། བྱ་རྒྱུད་པ། མྱང་སྟོད་ཀྱི་ཇོ་སྲས། ཤར་པ་བློ་གྲོས་གྲགས། གཙང་པ་རྒྱ་སྟོན། བོ་དོང་པ་ཞར་ཆོས། གཉལ་པ་དགེ་འདུན་སྐྱབས། གཉལ་གྱི་གཉོས་སྟོན། གཉལ་པ་དར་རིན། ཇོ་སྲས་ཀོང་པོ། ལྷོ་པ་དར་མ་གྲགས། བྱ་སྟོན་འཆད་ཁ་བ་ལ་སོགས་པ་མང་དུ་བྱུང་ཞིང་འགྲོ་དོན་རྒྱ་ཆེན་པོ་མཛད་པའི་ངང་ནས་ལྕགས་མོ་བྱའི་ལོ་བདུན་ཅུ་རྩ་གཉིས་བཞེས་པ་ལ་གཤེགས་སོ། །
ཤ་ར་བའི་སློབ་མ་གཏུམ་སྟོན་བློ་གྲོས་གྲགས་པ།
༈ ཤ་ར་བའི་སློབ་མ་གཏུམ་སྟོན་བློ་གྲོས་གྲགས་པ་ལ་བླ་མས་ཁྱོད་ཀྱིས་དགེ་སློང་བཞི་དང་འགྲོགས་ཤིག་ཅེས་གདམས་པ་ལྟར་ལྕགས་མོ་བྱ་ནས་ཆུ་ཕོ་སྤྲེའུའི་བར་སྣར་ཐང་དང་ཉེ་བའི་གནས་ཅི་རིས་སུ་ཐུགས་དམ་མཛད། དེ་ནས་ཆུ་མོ་བྱ་ལ་སྣར་ཐང་གི་དགོན་པ་བཏབ་ལོ་བཅུ་གཉིས་བཞུགས་ནས་དེ་སྟེང་ལ་སྟོད་དུ་ཕེབས། ཉིད་ཀྱི་གདན་སར་རྔོག་སྟོན་ཤེས་རབ་གྲགས་པ་བསྐོས་ནས་དེས་གདན་ས་ལོ་ཉི་ཤུ་མཛད། དེ་རྗེས་ཞང་བཙུན་རྡོ་རྗེ་འོད་ཀྱིས་ལོ་བརྒྱད། གྲོ་སྟོན་བདུད་རྩི་གྲགས་ཀྱིས་ལོ་སུམ་ཅུ་རྩ་དགུ། ཞང་སྟོན་ཆོས་ཀྱི་བླ་མས་ལོ་བཅུ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས་ཀྱིས་ལོ་བཅུ། མཆིམས་ནམ་མཁའ་གྲགས་ཀྱིས་ལོ་སུམ་ཅུ་རྩ་དྲུགསྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་ལོ་བཅོ་ལྔ། ཉི་མ་རྒྱལ་མཚན་གྱིས་ལོ་བདུན། ཟེའུ་པ་བརྩོན་འགྲུས་གྲགས་ཀྱིས་ལོ་བཅུ་གཉིས། ཁོང་གི་གཅུང་པོ་གྲགས་པ་ཤེས་རབ་ཀྱི་ལོ་བཅུ་གཉིས། མཁན་ཆེན་བློ་བཟང་གྲགས་པས་ལོ་བཞི་བཅུ། འདི་ཡན་ལོ་བརྒྱ་དང་ཉི་ཤུ་རྩ་གསུམ་སོང་། དེ་སྟེང་ཤིང་མོ་ཡོས་ལ་མཁན་ཆེན་རྒྱལ་བ་བསྐོས། ཤིང་ཡོས་དེ་ནས་མེ་མོ་བྱའི་བར་ལོ་བཞི་བཅུ་ཞེ་གསུམ་མཁན་ཆེན་ཀུན་དགའ་རྒྱལ་མཚན་དང་། དེའི་དབོན་པོ་མཁན་ཆེན་རིན་པོ་ཆེ་གྲུབ་པ་ཤེས་རབ་པས་གདན་ས་མཛད་པ་ཡིན་ནོ། །དེ་ཡང་སྔོན་ཇོ་བོ་རྗེས་སྣར་ཐང་གི་སའི་ཐད་འདིར་ཕྱག་མཛུབ་གཏད་དེ། ས་ཕ་གིར་གནས་
བརྟན་ཆེན་པོ་བཅུ་དྲུག་འབྱོན་ཞེས་ལུང་བསྟན་པ་ལྟར་གདན་རབས་དེ་རྣམས་ནི་གནས་བརྟན་གྱི་སྤྲུལ་པ་འབའ་ཞིག་ཡིན་པར་གསུངས་སོ། །
འབྲེ་ཤེས་རབ་འབར་དང་བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་རྩིས་འདུལ་འཛིན་གཞོན་ནུ་སེང་གེ།
༈ རྔོག་ལོ་བློ་ལྡན་ཤེས་རབ་ཀྱི་སློབ་མ་གཙོ་བོ་བཞིའི་ཡ་གྱལ་འབྲེ་ཤེས་རབ་འབར་ནི། སྣེ་བོ་གྲགས་པ་ཤེས་རབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རྔོག་ལེགས་ཤེས་དང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་དང་བསྡེབས་ཁམས་སུ་བྱོན་ཏེ། ཇོ་བོ་སེ་བཙུན་ལ་ཆོས་མང་དུ་གསན། ཕྱིས་རྔོག་ལོ་ཆེན་པོ་ལ་ཤེར་ཕྱིན་བསླབས་ཏེ་ཤེར་ཕྱིན་མདོ་བསྟན་གཉིས་ཀ་ལ་བཤད་པ་རྒྱ་ཆེར་མཛད། ཆོས་འཆད་པའི་ཚེ་ལྷ་རྣམས་ཀྱང་འོང་བར་གྲགས། རྔོག་ལོའི་ཐུགས་སྲས་དམ་པར་གྱུར་ནས་སློབ་མ་ཡང་ཨར་བྱང་ཆུབ་ཡེ་ཤེས་སོགས་བསྟན་པའི་བདག་པོ་མཐའ་ཡས་པ་ཐོན་ནོ། །རྒྱ་འདུལ་འཛིན་ནས་སློབ་རྒྱུད། འདར་འདུལ་འཛིན་མཐའ་བཞི་བརྩོན་འགྲུས་འབར། ཇོ་བསྟན་ནག་པོ་དར་ཚུལ། ཤ་མི་བ། ཀ་བ་དར་སེང་། ཐག་མ་རྡོར་གཞོན། རྣོར་བྱང་སེང་། སྦས་ཏེ་ཇོ་སྲས། བྱང་སེངྒེས་ཕྱིས་ཕན་ཡུལ་གྲོ་ས་དགོན་བཏབ། སྦས་རིས་བྲང་ར་མོ་ཆེ་བཟུང་ནས་སྐྱོར་མོ་ལུང་བཏབ། རྒྱ་འདུལ་འཛིན་གྱི་སློབ་མ་ཀ་བ་བཞིའི་ནང་གི་རྨ་ཚོ་བྱང་ཆུབ་རྡོ་རྗེས་རྒྱའི་གྲྭ་པ་ལྔ་བརྒྱ་ཙམ་ཁྲིད་ནས་དབུས་སུ་འཆད་ཉན་མཛད། ༈ རྨ་ཚོའི་སློབ་མ་བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་ནི། གཙང་རོང་གཡུང་དུ་ལྕགས་ལུག་ལ་འཁྲུངས། འབྲེ་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཟུལ་ཕུར་བཤད་གྲྭ་བཙུགས་ནས་བསྟན་པ་བསྐྱངས། པེ་ཧར་གྱིས་བཙུན་ཆུང་དུ་སྤྲུལ་ནས་ཞབས་ཏོག་བྱས་པར་གྲགས། སློབ་མ་འགྲོ་ཕན་ནུས་པ་བདུན་ཅུ་རྩ་དྲུག་བྱུང་། ༈ སློབ་མའི་གཙོ་བོ་རྩིས་འདུལ་འཛིན་གཞོན་ནུ་སེང་གེ་ནི། བྱ་འདུལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་པས་ཤིན་ཏུ་མཁས་པར་གྱུར་ཏེ། སློབ་མ་ཡང་ཟུལ་ཕུའི་གདན་ས་བ་རོག་ཆོས་སེང་སོགས་བཤེས་གཉེན་མང་དུ་ཐོན་ནོ། །
དཔལ་ལྡན་གྲ་མོ་ཆེ་བ་དང་མཆིམས་ཆེན་ནམ་མཁའ་གྲགས་པ་དང་གྲགས་པ་ཤེས་རབ།
༈ རྩིས་འདུལ་འཛིན་གྱི་སློབ་མ་དཔལ་ལྡན་གྲ་མོ་ཆེ་བ་ནི། བྱའི་ལོ་ཆུ་སྒོར་འཁྲུངས། གདུང་རུས་གྲོ། རྩིས་འདུལ་འཛིན་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་འདུལ་བའི་སྡེ་སྣོད་ལ་སྦྱངས། མཚན་བདུད་རྩི་གྲགས། རྡོ་སྟོན་དང་ཞང་བཙུན་ལས་ཤ་བ་པའི་གདམས་པ་རྣམས་མནོས་ཤིང་། ཆུ་མིག་པ་ཤེར་གྲགས། མུ་སྨན་པ། སངས་རྒྱས་དབོན་སྟོན། ལྷ་སྤྱིལ་བུ་བ། ར་ས་བ་དར་རྒྱས། གྲང་ཕུ་ལུང་པ་འཇམ་དབྱངས་རྒྱལ་མཚན། དྲེའུ་ལྷས་པ། འགོས་རིང་། ཆུ་ནག་པ། རྨ་ཤཀ་སེང་། གཙང་ནག་པ་སོགས་ལ་གསན་པ་རྒྱ་ཆེར་མཛད། སངས་རྒྱས་སོ་ལྔ་དང་རྗེ་བཙུན་མ་སྒྲོལ་མ་སོགས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས། སྣར་ཐང་གི་གདན་སར་ཕེབས། གདན་རབས་བཞི་པ་ཡིན། ལོ་སུམ་ཅུ་སོ་དགུའི་བར་ཕྲིན་ལས་བསྐྱངས། དགུང་ལོ་བརྒྱད་ཅུ་པ་ལ་གཤེགས་སོ། །༈ མཆིམས་ཆེན་ནམ་མཁའ་གྲགས་པ་ནི། ཉན་སྟོད་སྟག་ཚལ་དུ་རྟའི་ལོ་ལ་འཁྲུངས། གཞོན་ནུ་ནས་དཔལ་ལྡན་གྲོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གནས་རྣམས་ལ་མཁས་པར་སྦྱངས། མཛོད་ཀྱི་ཊཱིཀ་ཆེན་སོགས་བསྟན་བཅོས་ཀྱང་མང་དུ་མཛད། དཔལ་ལྡན་གྲོ། ཞང་སྟོན། མཆིམས་བློ་བསྟན། སངས་རྒྱས་སྒོམ་པ་བཞི་ལ་བཀའ་གདམས་ཀྱི་སྐོར་དང་། བཀྲ་ཤིས་སྒང་པ་ལ་བྱང་སེམས་ཟླ་རྒྱལ་བའི་དབུ་མའི་གདམས་པ་རྣམས་གསན། ཆུ་མིག་ཆོས་འཁོར་གྱི་གྲལ་གྱི་གཙོ་བོ་ཡང་མཛད། འགྲོ་མགོན་འཕགས་པ་སོགས་ཆེ་དགུ་ཐམས་ཅད་ཀྱིས་བཀུར། ལྷག་པའི་ལྷ་དུ་མས་ཞལ་གཟིགས། སྣར་ཐང་གི་གདན་ས་བདུན་པར་ཕེབས། ལོ་སུམ་ཅུ་སོ་དྲུག་གི་བར་དུ་ཚོགས་པ་བསྐྱངས་ནས་བྱི་བའི་ལོ་ལ་སྐུ་གཤེགས་སོ། །༈ གྲགས་པ་ཤེས་རབ་ནི། ཉང་སྟོད་དུ་ལུག་གི་ལོ་ལ་འཁྲུངས། གདུང་ཟེའུ་སྟེ། མཁན་ཆེན་འདུལ་འཛིན་གྲགས་པ་བརྩོན་འགྲུས་ཀྱི་གཅུང་པོ་ཡིན། མཆིམས་ཆེན་པོ་ལས་རབ་ཏུ་བྱུང་བསྙེན་པར་རྫོགས། མཁན་པོ་གཅེན་ལས་གཞུང་བཤད་དང་གདམས་པ་མཐའ་ཆོད་པ་གསན། གཅེན་འདུལ་འཛིན་གྱི་རྗེས་སུ་སྣར་ཐང་གི་མཁན་སར་བཞུགས་ནས་ལོ་བཅུ་གཉིས་ཀྱི་བར་གདན་ས་བསྐྱངས། གདན་རབས་བཅུ་གཅིག་པ་ཡིན་ནོ། །
མཆིམས་སྟོན་བློ་བཟང་གྲགས་པ་དང་མཁན་པོ་ཀུན་དགའ་རྒྱལ་མཚན་དང་གྲུབ་པ་ཤེས་རབ་པཎ་ཆེན་དགེ་འདུན་གྲུབ་པ།
༈ མཆིམས་སྟོན་བློ་བཟང་གྲགས་པ་ནི། ཉང་སྟོད་སྨོན་གྲོའི་ཕུ་ཁའུར་འཁྲུངས། གདུང་རུས་མཆིམས། ཟེའུ་པ་གྲགས་པ་ཤེས་རབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཟེའུ་པ་སྐུ་མཆེད་དང་། རྒྱང་རོ་བྱང་འབུམ་སོགས་བླ་མར་བསྟེན། མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་ལ་མཁྱེན་རྟོགས་རྒྱས། གྲགས་ཤེས་པས་གདན་ས་གཏད་ནས་ལོ་སོ་དགུའི་བར་དུ་བཤད་སྒྲུབ་ཀྱིས་བསྟན་པ་བསྐྱངས་ནས་ཡོས་ལོ་ལ་སྐུ་གཤེགས་སོ། །༈ མཁན་པོ་ཀུན་དགའ་རྒྱལ་མཚན་ནི། ཆུ་སྒོའི་ལུང་པར་སྟག་གི་ལོ་ལ་འཁྲུངས། གདུང་རུས་གྲོ། མཆིམས་བློ་བཟང་གྲགས་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་གཞུང་གདམས་ངག་ཐམས་ཅད་དང་། བཀའ་བཅུ་གཞོན་སེང་སོགས་ལས་ཀྱང་ཆོས་མང་དུ་གསན་མཁན་པོ་གཤེགས་པའི་ལོ་དེ་དག་ལ་སྣར་ཐང་གི་གདན་སར་ཕེབས་ནས་ལོ་ཉི་ཤུ་རྩ་བདུན་གྱི་བར་བསྐྱངས། བསླབ་བཏུས་ཀྱི་ཊཱིཀ་ཀ་སོགས་མཛད་ནས་སྦྲུལ་ལོ་ལ་གཤེགས། ༈༼རིན་པོ་ཆེ་༽གྲུབ་པ་ཤེས་རབ་ནི། སྣར་ཐང་གི་ཉེ་འཁོར་རོང་གུ་ཞེས་པར་མེ་བྱ་ལ་འཁྲུངས། གདུང་རུས་དཔང་ཡིན། དགུང་ལོ་བཅུ་པ་ལ་ཀུན་རྒྱལ་བ་ལས་རབ་ཏུ་བྱུང་ཞིང་མཚན་གྲུབ་པ་ཤེས་རབ་ཏུ་བཏགས། ཉི་ཤུ་པ་ལ་མཁན་པོ་དེ་ཉིད་དང་། སློབ་དཔོན་གྲགས་པ་སོགས་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། མཁན་སློབ་གཉིས་དང་། ཡོན་ཏན་འོད། སློབ་དཔོན་སྐལ་བཟང་པ་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་གདམས་ངག་དང་བཅས་ཐུགས་སུ་ཆུད་པར་མཛད། དགུང་ལོ་སོ་གཉིས་པ་ལ་སྣར་ཐང་གི་གདན་སར་ཕེབས་ནས་ལོ་སུམ་ཅུ་བསྐྱངས། དེ་སྟེང་ཉིད་ཀྱི་དབོན་པོ་བསོད་ནམས་མཆོག་གྲུབ་པ་ལ་གདན་ས་གཏད་ནས་ལོ་ལྔ་ཟུར་བཞུགས་མཛད་ནས་རེ་བདུན་པ་ལ་སྐུ་གཤེགས་སོ། །༈ འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་པཎ་ཆེན་དགེ་འདུན་གྲུབ་པ་ནི། རུ་ལག་གི་ས་ཆ་གུར་མའི་རུ་བར་ལྕགས་ལུག་ལ་འཁྲུངས། དགུང་ལོ་བཅོ་ལྔ་ལ་སྣར་ཐང་གི་མཁན་པོ་གྲུབ་པ་ཤེས་རབ་ལས་རབ་ཏུ་བྱུང་མཚན་དགེ་འདུན་གྲུབ་པ་དཔལ་བཟང་པོ་
ཞེས་བཏགས། དགུང་ལོ་ཉི་ཤུ་པ་ལ་སྔར་གྱི་མཁན་པོ་ལས་བསྙེན་པར་རྫོགས། ཐུགས་སྦྱོང་མཛད་པའི་ཡོངས་འཛིན་གྱི་གཙོ་བོ་མཁན་ཆེན་གྲུབ་པ་ཤེས་རབ། སྣར་ཐང་པ་ཤེས་རབ་སེང་གེལས་སྨོན་གྱིས་འབྲེལ་བའི་རྗེ་རིན་པོ་ཆེ་ཡབ་སྲས། གཞན་ཡང་ཀུན་མཁྱེན་རོང་སྟོན། བོ་དོང་པཎ་ཆེན། སེམས་དཔའ་ཐུགས་རྗེ་དཔལ་བ་སཾ་གྷ་ཤྲཱི། གྲོ་སའི་དམར་སྟོན་ཁུ་དབོན། ཐང་ཆེན་ཉི་མ་རྒྱལ་མཚན། ཨ་བྷ་ཡ། དོན་ཡོད་པས་ལུང་བསྟན་པའི་བླ་མ་འཆད་དཀའི་ལྷ་རིན་པོ་ཆེ་དང་། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་ལ་སོགས་ཏེ་བཤེས་གཉེན་ལྔ་བཅུ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་ཐམས་ཅད་ལ་སྦྱངས་སྟོབས་ཀྱི་མཁྱེན་པ་རྒྱས་ཤིང་རིག་པའི་དབང་ཕྱུག་ཆེན་པོ་གྱུར་པས། བོ་དོང་པཎ་ཆེན་གྱིས་ཐམས་ཅད་མཁྱེན་པ་ཞེས་མཚན་གསོལ། སྣར་ཐང་བྱང་ཆེན་དུ་སྒྲུབ་པ་མཛད་པས་ཉམས་རྟོགས་ཀྱང་མཐར་ཕྱིན་པ་བརྙེས། འཇིགས་བྱེད་དང་སྒྲོལ་མའི་ཞལ་གཟིགས། འདོད་ཁམས་མ་བྲན་དུ་ཁོལ། ཕྱིས་རྗེའི་གྲུབ་མཐའ་འཛིན་པར་མཛད་ཀྱང་། སྡེ་དང་གྲུབ་མཐའི་ཕྱོགས་རིས་མི་མཛད་པར་ཀུན་ལ་དག་སྣང་སྦྱོང་། གཞུང་ལུགས་མང་པོར་དགོངས་འགྲེལ་བརྩམས། བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དང་ལྷ་ཆེན་བཞེངས་ཤིང་དགེ་འདུན་མང་དུ་བསྡུས་ཏེ། སྐུ་ཚེ་ཧྲིལ་བོར་འཆད་ཉན་གྱིས་བསྟན་པ་བསྐྱངས་ནས་དགུང་ལོ་གྱ་ལྔ་པ་ཤིང་རྟ་ལ་དགའ་ལྡན་དུ་གཤེགས་སོ། །
གནས་རྙིང་པ་ཀུན་དགའ་བདེ་ལེགས་དང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ།
༈ གནས་རྙིང་པ་ཀུན་དགའ་བདེ་ལེགས་ནི། སྔོན་སློབ་དཔོན་པདྨ་སམྦྷ་ཝའི་དངོས་སློབ་རྒྱ་འཇམ་དཔལ་གསང་བའི་གདུང་རབས་བརྒྱད་ཅུ་རྩ་བརྒྱད་ཀྱི་བར་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་གདུང་གི་བརྒྱུད་ལས་ཉང་སྟོད་དུ་འཁྲུངས། པཎ་ཆེན་དགེ་འདུན་གྲུབ་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོར་བསྩལ། མཁན་པོའི་དྲུང་དུ་གཞུང་ལུགས་གདམས་ངག་དང་བཅས་པ་ལ་མཁས་པར་སྦྱངས། འབྲས་སྤུངས་དང་འོལ་དགའ་སོགས་སུ་ཡང་ཕེབས། ཉང་སྟོད་དུ་བློ་གསལ་མང་པོའི་དོན་མཛད་དོ། །
༈ ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནི། རྟ་ནག་རྡོ་རྗེ་གདན་དུ་ཀུན་དགའ་རྒྱལ་མཚན་པའི་སྲས་སུ་འཁྲུངས། དགུང་ལོ་བཅུ་པ་ལ་པཎ་ཆེན་ལུང་རིག་རྒྱ་མཚོར་གཙུག་ཕུད་ཕུལ། མཚན་དགེ་འདུན་རྒྱ་མཚོ་ཞེས་བསྩལ། ལོ་དེ་ཉིད་ཀྱི་ནང་དུ་ཀུན་དགའ་བདེ་ལེགས་ཀྱི་དྲུང་དུ་བསྙེན་པར་རྫོགས། ཚིགས་སྔ་ཕྱིའི་མཁན་སློབ་རྣམས་དང་པཎ་ཆེན་ནོར་བཟང་རྒྱ་མཚོ་ཡབ་ཀུན་དགའ་རྒྱལ་བ། པཎ་ཆེན་ཡེ་ཤེས་རྩེ་མོ། ཐོན་ཡོན་རྒྱམ་སོགས་བཤེས་གཉེན་མང་པོ་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་རབ་འབྱམས་ལ་སྦྱང་བས་ཚིག་དོན་མཐའ་དག་ཐུགས་སུ་ཆུད། རྒྱལ་མེ་ཏོག་ཐང་གི་ཆོས་གྲྭ་བཏབ། སེ་འབྲས་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་ཁྲིར་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་གདུལ་བྱ་བསྐྱངས། དགུང་ལོ་རེ་བརྒྱད་པ་ཆུ་སྟག་ནག་ཟླའི་ཚེས་བརྒྱད་ལ་དག་པའི་ཞིང་དུ་གཤེགས་སོ། །༈ བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་ནི། ཡུལ་འོལ་དགའ་གྱང་གསར་དུ་ཤིང་གླང་ལ་འཁྲུངས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བསམ་གཏན་གླིང་། སེ་ར་སྨད། རྒྱུད་སྟོད་སྨད་རྣམས་སུ་གཞུང་ལུགས་རབ་འབྱམས་ལ་སྦྱངས། རྒྱུད་སྟོད་དང་ཤར་རྩེའི་གདན་ས་མཛད་ནས་དགུང་ལོ་ང་བཞི་པ་ལ་དགའ་ལྡན་ཁྲིར་ཕེབས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་བསྙེན་རྫོགས་བཞེས་པའི་མཁན་པོ་ཡང་ཡིན། དྲུག་ཅུ་པ་ལ་བདེ་བ་ཅན་དུ་ཟུར་བཞུགས་མཛད། རེ་གསུམ་པ་ལ་སྐུ་གཤེགས་སོ། །༈ རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་ནི། ཡུལ་སྟོད་ལུང་རམ་པའི་གད་པ་ཁར་མེ་ཁྱི་ལ་འཁྲུངས། བདེ་བ་ཅན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐྱོར་མོ་ལུང་། ར་བ་སྟོད། རྒྱུད་སྟོད་སྨད་རྣམས་ཀྱི་གྲྭ་སར་གཞུང་ལུགས་ལ་སྦྱངས་པས་འཇིགས་པ་མེད་པའི་སྤོབས་པ་ཐོབ། ར་བ་སྟོད་ཀྱི་འཆད་ཉན་རྒྱུད་སྟོད་དང་ཤར་རྩེ་སྦྲེལ་བའི་བླ་མ་མཛད། ང་བདུན་པ་ལ་དགའ་ལྡན་གྱི་ཁྲིར་ཕེབས། རེ་བཞི་པ་ལ་རྒྱལ་ཁང་རྩེར་ཟུར་བཞུགས་མཛད་དེ་འཕྲིན་ལས་རྣམ་པར་དཀར་བའི་ངང་ནས་དགུང་ལོ་དོན་བཞི་པ་ལ་གཤེགས་སོ། །
འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་དང་དཀོན་མཆོག་བསྟན་འཛིན་མཁན་པོ་ངག་དབང་ཆོས་དཔལ་རྒྱ་མཚོ།
༈ འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ནི། གྲྭ་བྱམས་པ་གླིང་གི་དགོན་ཞོལ་དུ་ཆུ་བྱ་ལ་འཁྲུངས། ཆུང་ངུ་ནས་དྭགས་པོ་གྲ་ཚང་དུ་གསན་སྦྱོངས་ལ་ཕེབས། དྭགས་པོ་གྲྭ་ཚང་གི་སློབ་དཔོན་བློ་བཟང་ཆོས་འཕེལ་ལས་རབ་ཏུ་བྱུང་། མཚན་དཀོན་མཆོག་ཆོས་འཕེལ་དུ་བཏགས། དེ་རྗེས་ར་བ་སྟོད་དང་རྒྱུད་སོགས་ཀློག་པའི་གྲྭ་ས་མང་པོར་བྱོན་ཏེ་མཁས་ཉན་མཛད་པས་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཏུ་གྱུར། དགུང་ལོ་ཉི་ཤུ་རྩ་བཞི་པ་ལ་རྒྱལ་ཁང་རྩེ་ལས་བསྙེན་པར་རྫོགས། ར་བ་སྟོད་དང་རྒྱུད་སྟོད། བློ་གསལ་གླིང་རྣམས་ཀྱི་འཆད་ཉན། གསང་ཕུར་གླིང་སྨད་ཀྱི་ཁྲི་ཤར་རྩེ་དང་དགའ་ལྡན་གྱི་ཁྲི་རྣམས་སུ་ཕེབས། རྗེ་ཐམས་ཅད་མཁྱེན་པ་རྒྱལ་མཆོག་ལྔ་པས་མཚན་ཉིད་ཀྱི་གཞུང་ལུགས་རྣམས་གསན་ནས་ཏི་ཤྲཱིར་བཀུར། འཆད་མཁས་ཤིང་ཐུགས་དགོངས་བཟང་བས་ཞལ་སློབ་དགེ་བཤེས་མང་དུ་ཐོན། དགུང་ལོ་དོན་བཞི་པ་དབུར་སྟོད་གསང་སྔགས་མཁར་དུ་མེ་ཁྱི་ལ་སྐུ་གཤེགས་སོ། །༈ དཀོན་མཆོག་བསྟན་འཛིན་ནི། ཆུ་མོ་ཕག་གི་ལོ་དབུ་རུ་ཁ་རབ་ཏུ་འཁྲུངས། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐུ་ན་ཕྲ་མོ་གྲྭ་སར་བཞུགས་དུས་ནས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་དུས་དབང་གིས་འབྱུང་ཉེ་བ་རྣམས་ཀྱིས་ཀྱང་མ་གོས་པས་བཙུན་གཅིག་མར་གྲགས། ར་བ་དང་བློ་གསལ་གླིང་སོགས་སུ་ཕེབས་ནས་མཚན་ཉིད་ཀྱི་གཞུང་ལུགས་རྣམས་ལ་མཁས་པར་སྦྱངས། རྗེ་རྒྱལ་མཆོག་ལྔ་པ་དང་རང་གི་མཁན་པོ་ཁྲི་རིན་པོ་ཆེ་སོགས་བཤེས་གཉེན་དུ་མ་ལས་གཞུང་གདམས་ངག་མ་ལུས་པ་གསན་ནས་ཐུགས་སུ་ཆུད་པར་མཛད། གཉལ་སྡེ་དྲུག་གི་མཁན་པོ་ལོ་བཅོ་ལྔ་སྐོར་དང་། དེ་རྗེས་ཉང་སྟོད་དཔལ་འཁོར་བདེ་ཆེན་གྱི་མཁན་པོར་ཕེབས་ནས་གྲུབ་མཐའི་ཕྱོགས་ཆ་དང་བྲལ་བར་ཡུན་རིང་དུ་བསྐྱངས་པས་ས་ཞལ་དགེ་གསུམ་གྱི་གྲྭ་ས་ཐམས་ཅད་ཀྱིས་སྤྱི་མི་ལྟར་བཀུར་ཞིང་བསྔགས། དེ་ནས་གདན་ས་ཡར་
སྟོད་པ་ངག་དབང་ཕྲིན་ལས་ལ་གཏད་དེ་གསང་སྔགས་མཁར་དུ་ལོ་ཤས་ཐུགས་དམ་ལ་བཞུགས་ནས་དགུང་ལོ་རེ་གཉིས་པ་ཤིང་ཕོ་བྱི་བ་ལ་སྐུ་གཤེགས་སོ། །༈ ༼དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་པོ་ངག་དབང་ཆོས་དཔལ་རྒྱ་མཚོ་མཆོག་ནི། ༽མཆོག་གི་དངོས་གྲུབ་བརྙེས་པ་ཡེ་ཤེས་ཀྱི་སྐུ་ཅན་རྗེ་བཙུན་ཐམས་ཅད་མཁྱེན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དང་། སྡོམ་བརྩོན་མཁས་པ་ཆེན་པོ་རྒྱལ་སྲས་བསྟན་པའི་ཉི་མ་གཉིས་ཀྱི་རིགས་ཀྱི་གཅུང་དུ་གྲྭ་དར་རྒྱས་ཆོས་ལྡིང་སུ་:མེ་རྟ་༼ཤིང་རྟ་༽ལ་འཁྲུངས། གཅེན་རྣམ་གཉིས་ཀྱི་བཀའ་དྲིན་གྱིས་ཆུང་ངུ་ནས་རྒྱལ་བའི་བསྟན་པ་ལ་ཞུགས། རིག་པའི་གནས་ལྔ་ལ་མཁས་པའི་ཕུལ་དུ་ཕྱིན། དགུང་ལོ་ཉི་ཤུ་རྩ་བདུན་པ་ལྕགས་ཕོ་སྤྲེའུའི་ལོ་དཔྱིད་འབྲིང་ནག་ཟླའི་ཡར་ངོའི་ཚེས་བཅུ་གསུམ་གྱི་ཕྱི་དྲོའི་ཉི་མ་བརྒྱད་ཆ་ལུས་པ་གྲིབ་ཚོད་སྐྱེས་བུ་གཅིག་དང་རྐང་པ་གཉིས་ཀྱི་དུས་སུ། མཁན་སློབ་སྦྲགས་མ་མཁན་ཆེན་དཀོན་མཆོག་བསྟན་འཛིན། གསང་སྟོན་རབ་འབྱམས་པ་བློ་བཟང་སྐྱེས་མཆོགདུས་གོ་བ་རབ་འབྱམས་པ་ཕུན་ཚོགས་ལེགས་འབྱོར། གྲོགས་དན་དགེ་སློང་བློ་བཟང་ཀུན་དགའ། ཁ་སྐོང་པ་དགེ་སློང་ངག་དབང་ཆོས་འཛིན་ཏེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་རང་བྱུང་འཕགས་པའི་གཙུག་ལག་ཁང་ཆེན་པོ་པོ་ཏ་ལར་ཚིགས་གསུམ་དུས་གཅིག་ལ་བར་མ་ཆད་པའི་ཆོ་གས་བསྙེན་པར་རྫོགས། སྔོན་ནས་འདུལ་བའི་བརྡ་ཆད་དང་ལག་ལེན་གཅེན་རྒྱལ་བའི་སྲས་པོ་དང་གུང་ཐང་པཎ་ཆེན་གཉིས་ལས་མཁྱེན་པར་མཛད་ཅིང་། བསྙེན་པར་རྫོགས་པའི་ཕྱི་ལོ་དེ་ལ། ལུང་མང་གྲུབ་པ་རྡོ་རྗེ་ལ་འདུལ་བ་ལུང་སྡེ་བཞི་ཕྲན་འགའ་དང་བཅས་པ། གཞུང་ལུགས་རབ་འབྱམས་སྨྲ་བ་སངས་རྒྱས་ཆོས་དར་ལ་མདོ་རྩ་བ་དང་ལུང་རིགས་གཏེར་མཛོད། སྡོམ་བརྩོན་ཀུན་དགའ་དར་རྒྱས་ལ་མེ་ཏོག་ཕྲེང་རྒྱུད་དང་སུམ་བརྒྱ་པ་རྩ་འགྲེལ། རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ལ་ཀུན་མཁྱེན་བུའི་ལས་ཆོག་སོགས་གསན་ཏེ་མཁས་པ་ཆེན་པོར་གྱུར་ཏེ་མདོ་སྔགས་རིག་གནས་དང་བཅས་པ་ལ་བསྟན་བཅོས་མཐའ་ཡས་པ་མཛད་དོ། །དེང་སང་གངས་ཅན་བོད་ཀྱི་ཡུལ་འདིར་འདུལ་བ་འཛིན་པ་ཐམས་ཅད་
སྡེ་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་གཅིག་པོ་ཡིན་ཅིང་། དེ་ལྟ་ནའང་སྡོམ་རྒྱུན་རིམ་པ་གསུམ་བྱུང་བ་སྟེ། སྔར་སྨོས་པ་རྣམས་མཁན་ཆེན་ཞི་བ་འཚོའི་སྡོམ་རྒྱུན་བསྟན་པའི་ཉི་མ་བླ་ཆེན་པོ་ལ་བརྒྱུད་པ་སྨད་འདུལ་བའི་ལུགས་སོ། །རིམ་པ་གཉིས་པ་ནི། ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨཱ་པཱ་ལ་ནས། ས་དྷུ་པཱ་ལ། པྲཛྙཱ་པཱ་ལ། གུ་ཎ་པཱ་ལ་སྟེ་པཱ་ལ་རྣམ་གསུམ་སོགས་ལས་བརྒྱུད་པ་སྟོད་འདུལ་བའི་ལུགས་ཏེ་དེའི་རྒྱུན་ད་ལྟ་ཡོད་པར་མི་སྣང་ངོ་། །རིམ་པ་གསུམ་པ་ནི། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི་ནས་བྱང་རྡོར་ས་གསུམ་ལ་བརྒྱུད་པ་ཁ་ཆེའི་ལུགས་ཏེ། ཁྲོ་ཕུ་ལོ་ཙཱ་བས་ཤིང་ཕོ་བྱི་བའི་ལོར་ཁ་ཆེ་པཎ་ཆེན་བོད་དུ་སྤྱན་དྲངས་ནས། ཆུ་མོ་བྱའི་བར་ལོ་བཅུ་བཞུགས་ཏེ་དབུས་གཙང་ཐམས་ཅད་དུ་ཆོས་ཀྱི་ཕྲིན་ལས་བསྐྱངས། ཁྲོ་ཕུར་བྱམས་པའི་སྐུ་བརྙན་གྱི་རྟེན་ཁྱད་པར་ཅན་བཞེངས་རབ་ཏུ་གནས་པ་སོགས་མཛད། ཤིང་ཕོ་ཁྱིའི་ལོ་ལ་བོད་ནས་ཁ་ཆེར་ཕེབས་ཏེ་ལོ་བཅུ་གཉིས་སུ་གཞན་དོན་མཛད། དགུང་ལོ་དགུ་བཅུ་རྩ་དགུ་པ་ཤིང་མོ་བྱ་ལ་ཞི་བར་གཤེགས་སོ། །པཎ་ཆེན་དེ་ཉིད་ཀྱིས་ཆུ་ཤུལ་དཀྲོག་མ་དགོན་པར་མི་བཅུ་གཅིག་བསྙེན་པར་རྫོགས་པའི་ནང་ནས་ལྷོ་བྲག་པ་བྱང་ཆུབ་དཔལ་བ་དང་། གཙང་པ་རྡོ་རྗེ་དཔལ་བ་གཉིས་མཁན་པོའི་གཙོ་བོར་གྱུར། བྱང་ཆུབ་དཔལ་གྱིས་དགེ་འདུན་སྒང་དང་། རྡོ་རྗེ་དཔལ་གྱིས་སྙེ་མོ་ཚལ་མིག་བཙུགས། དེ་གཉིས་ཀྱི་སློབ་མ་དབུ་མཛད་བསོད་ནམས་དང་། དཀོན་མཆོག་རྒྱལ་མཚན་གཉིས་བྱུང་སྟེ། དཀོན་མཆོག་རྒྱལ་མཚན་གྱིས་བྱི་རྫིང་ཚོགས་པ་བཙུགས། དབུ་མཛད་བསོད་ནམས་ཀྱིས་ཆོས་ལུང་ཚོགས་པ་བཙུགས་ཏེ་ཚོགས་སྡེ་བཞིར་གྲགས། དེ་རྣམས་ལས་འཕེལ་ཏེ་པཎ་ཆེན་སྡོམ་རྒྱུན་ད་ལྟའི་བར་རྒྱུན་མ་ཆད་པ་འདིའོ། །
ཤར་ཙོང་ཁ་པ་བློ་བཟང་གྲགས་པ།
༈ དེའི་སྡོམ་རྒྱུན་འཛིན་པ་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ནི། སྔོན་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆེན་པོ་འདུལ་བ་འཛིན་པའི་མཆོག་ཉེ་བ་འཁོར་དུ་གྱུར་པ་དང་། དེ་རྗེས་པཎྜི་ཏ་མང་པོར་སྐུའི་སྐྱེ་བ་བཟུང་ནས་འཕགས་
ཡུལ་དུ་བརྟན་པ་གསལ་བར་མཛད་པ་དང་། བོད་འདིར་མདོ་ཁམས་སྟོད་སྨད་གཉིས་ལས་སྨད་ཙོང་ཁའི་ཡུལ་གྲུར་མལ་གྱི་རིགས་དཔའ་ཞིང་བརྟུལ་ཕོད་པ་དཀར་ཕྱོགས་ལ་དགའ་བའི་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་ཞེས་བྱ་བ་དང་། ཡུམ་ཨ་ཆོས་ཞེས་བྱ་བའི་རིགས་རུས་ཕུན་སུམ་ཚོགས་པའི་སྲས་སུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ཆིག་བརྒྱ་དགུ་བཅུ་འདས་པ་རབ་བྱུང་དྲུག་པའི་མེ་བྱ་ལོར་སྐུ་བལྟམས། དགུང་ལོ་གསུམ་པར་ཀརྨ་པ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་ཀུན་དགའ་སྙིང་པོར་གསོལ། དགུང་ལོ་བདུན་པའི་སྟེང་ཆོས་རྗེ་དོན་འགྲུབ་རིན་ཆེན་པའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་མཚན་བློ་བཟང་གྲགས་པའི་དཔལ་དུ་གསོལ། འཇིག་བྱེད་དང་བདེ་མཆོག་སོགས་ཀྱི་དཀྱིལ་འཁོར་དུ་བཅུག་སྟེ་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད། དགུང་ལོ་བཅུ་དྲུག་པ་ལ་མདོ་ཁམས་ནས་བཏེག་སྟེ་དབུས་གཙང་དུ་ཕེབས། འབྲི་གུང་དུ་སྤྱན་སྔ་དང་། ས་སྐྱར་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ། སྣར་ཐང་མཁས་མཆོག་ལོ་ཙཱ་བ་དོན་བཟང་། སྣར་ཐང་མཁན་པོ་ཀུན་དགའ་རྒྱལ་མཚན། སྐྱོར་ལུང་མཁན་པོ་བློ་གསལ། གདན་ས་མཐིལ་སྤྱན་སྔ་བ་ཆོས་ཀྱི་གྲགས་པ། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་སོགས་དེ་དུས་ཀྱི་མཁས་གྲུབ་ཡོད་དོ་ཅོག་ལ་འདུལ་མངོན་ཕར་ཚད་དབུ་མ་སོགས་དང་། ས་རྙིང་དྭགས་ཤངས། གསར་མའི་ཆོས་སྐོར་རགས་རིམ་རྣམས་གསན་སྦྱོང་མཛད། ཁྱད་པར་དུའང་ཆོས་རྗེ་དོན་གྲུབ་རིན་ཆེན་པ་དང་། རེད་མདའ་བ་གཞོན་ནུ་བློ་གྲོས་གཉིས་གཙོ་བོར་བསྟེན་ནས་དབུ་ཚད་འདུལ་མངོན་སོགས་དཔྱིས་ཕྱིན་པའི་གསན་པ་མཛད་པས་མཁས་པའི་ཕུལ་དུ་གྱུར། ཡར་ཀླུང་ཚོགས་པའི་མཁན་པོ་བཀའ་བཞི་པ་ཚུལ་རིན་པས་མཁན་པོ་དང་། བྱི་རྫིང་ཚོགས་པའི་མཁན་པོ་ཤར་མགོན་པས་སློབ་དཔོན། བྱི་རྫིང་པའི་དབུ་མཛད་བསོད་ནམས་རྡོ་རྗེས་གསང་སྟོན། ཚོགས་པ་གཉིས་ཀྱི་ཁ་སྐོང་དང་བཅས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པར་མཛད་ནས་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་གསལ་བར་མཛད་ནས་བཀའ་རྩོམ་ཡང་གསུང་འབུམ་པོད་ཆེན་བཅོ་བརྒྱད་
ཙམ་བཞུགས་པར་གྲགས། དགུང་ལོ་ང་གསུམ་པར་རྒྱལ་བསྟན་དར་རྒྱས་ཀྱི་ཆེད་དང་རིགས་དྲུག་གི་འགྲོ་བ་རྣམས་བདེ་བ་ཅན་དུ་འདྲེན་པའི་དམིགས་ཕུགས་ཏེ་དགེ་འདུན་ཁྲིར་ཉེ་བར་བསྙེན་བཀུར་གྱི་ལྷ་ས་སྨོན་ལམ་ཆེན་མོ་ཇི་སྲིད་བར་འཛུགས་པར་མཛད། བུ་སློབ་འཁོར་ཚོགས་རྣམས་ཀྱིས་གསོལ་བ་བཏབ་པ་ལྟར་དགོན་གནས་ཤིག་འདིང་བར་དགོངས། གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ་ལུང་བསྟན་ཞུས་པར། བདག་གི་ཡི་དམ་ལ་ཞུའོ་གསུངས། དབང་བསྐུར་རི་ཡི་ལྡེབས་དག་ཏུ། །བཙུན་མོ་སྡིངས་ཀྱི་ངོས་ཕྱོགས་སུ། །དགེ་འདུན་དཔག་མེད་འདུ་བར་འགྱུར། །རི་ནི་གང་ཡིན་འཇམ་དཔལ་མཆེད། །དབུས་གཙང་མདོ་ཁམས་རྒྱ་ཡུལ་གྱི། །མཆོད་གནས་དམ་པ་ཚོགས་གསོག་རྟེན། །མངའ་རིས་བྱང་ཁམས་ཀུན་གྱི་སྐྱབས། །ཕྱོགས་བཅུར་སྡེ་དགོན་རྒྱས་པ་འབྱུང་། །ཞེས་གསུང་བ་འདུག་སྟེ། དགོན་པའི་མིང་ལ་རྟེན་འབྲེལ་གྱི་སྒྲ་དོན་ཡོད་པས། ཁྱོད་རང་འདི་ནས་དགའ་ལྡན་དུ་བྱམས་པའི་དྲུང་དུ་འབྱོན་ཞིང་དེར་བཞུགས་པས་དགོན་མིང་ཡང་དགའ་ལྡན་ལ་གྲས་པ་བཏགས་ན་ཁྱོད་རང་བཞུགས་པ་དང་འདྲ་བའི་རྟེན་འབྲེལ་ཡོད། ཅེས་གསུངས་པ་ལྟར་སྨོན་ལམ་གྲོལ་ནས་ཞབས་ཀྱིས་བཅགས་ཏེ་འབྲོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ས་གཞི་བརྟག་པ་སོགས་འདུལ་བ་དང་གཙུག་ལག་ཁང་གི་དོན་ལྟར་ས་གླང་ལོར་བཏབ། བདེ་མཆོག་རྡོར་དབྱིངས་སོགས་ཀྱི་དཀྱིལ་འཁོར་བློས་བསླངས་རྣམས་རིན་པོ་ཆེ་འབའ་ཞིག་ལས་བཞེངས་ནས་སྒྲུབ་པའི་མཆོད་པ་ཡང་བཙུགས། དེ་ལྟར་ཆོས་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་ནས་རེ་ཞིག་ཞིང་འདིའི་གདུལ་བྱའི་སྐལ་བ་རྫོགས་པར་གཟིགས་ཏེ་སྔ་གོང་ནས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དང་བཀྲ་ཤིས་རྡོ་ཁར་མཇལ་དུས་དགྱེས་པའི་འཛུམ་མདངས་དང་བཅས་ན་བཟའ་མཐང་གོས་བཞེས་འཕྲོར་གནང་སྟེ་དོན་གྱིས་བསྟན་པ་ཡོངས་སུ་གཏད། རྒྱལ་ཚབ་དར་མ་རིན་ཆེན་ལ་ན་བཟའ་པཎ་ཞུ་དང་བེར་ཐུལ་ཞིག་གཏད་དེ་དོན་གྱིས་གདན་སར་བགོ་བར་མཛད་ནས་དགུང་ལོ་རེ་གཉིས་པ་ས་ཕག་སྨིན་དྲུག་ཟླ་བའམ་འདུལ་བའི་མགོ་ཟླ་དགུན་ཟླ་ར་བ་ཧོར་ཟླ་བཅུ་པའི་མར་ངོའི་མཁའ་འགྲོ་འདུ་བའི་དུས་བཟང་ཉེར་ལྔ་ལ་གཟུགས་
སྐུའི་བཀོད་པ་བསྡུས་ནས་དགའ་ལྡན་དག་པའི་ཞིང་དུ་གཤེགས་སོ། །ཕྱི་ནང་ཐམས་ཅད་མར་མེའི་རྒྱུན་བཟང་པོས་གཏམས་པའི་ལྔ་མཆོད་ཆེན་མོའི་དུས་མཆོད་ཀྱང་བཙུགས། སྐུ་གདུང་རིལ་པོར་དངུལ་གྱི་མཆོད་རྟེན་བུམ་པའི་ནང་དུ་བཞུགས་སུ་གསོལ་བའི་དངུལ་གདུང་མཐོང་བ་དོན་ལྡན་དུ་གྲགས་སོ། །རྗེ་འདི་ཉིད་ཀྱི་སྲས་ཀྱི་ཐུ་བོར་གྱུར་པ། པཎ་ཆེན་དགེ་འདུན་གྲུབ་པ། རྒྱལ་ཚབ་རིན་པོ་ཆེ། མཁས་གྲུབ་དགེ་ལེགས་དཔལ་བ་དང་གསུམ་མོ། །
གདན་ས་རྒྱལ་ཚབ་རིན་པོ་ཆེ་དང་གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བ་བཞི་པ་ཆོས་རྗེ་ཞྭ་ལུ་པ་ལེགས་པ་རྒྱལ་མཚན་ལྔ་པ་ཆོས་རྗེ་བློ་གྲོས་ཆོས་སྐྱོང་དྲུག་པ་བ་སོ་ཆོས་རྗེ་ཆོས་ཀྱི་རྒྱལ་མཚན།
༈ གདན་ས་གཉིས་པ་རྒྱལ་ཚབ་རིན་པོ་ཆེ་ནི། གཙང་སྟོད་དུ་ཤིང་འབྲུག་ལ་འཁྲུངས། དགུང་ལོ་དྲུག་ཅུ་པར་དགའ་ལྡན་གྱི་ཁྲིར་ཕེབས། ཆོས་འཁོར་དཔག་མེད་བསྐོར་ཞིང་བསྟན་བཅོས་ཀྱང་མཐའ་ཡས་པར་སྣང་། དགུང་ལོ་རེ་དགུ་པ་ཆུ་ཁྱི་ལོར་གཤེགས། གདུང་རུས་དང་རིང་བསྲེལ་སོགས་ནང་དུ་བཞུགས་པའི་དངུལ་གདུང་རྣམ་རྒྱལ་མཆོད་རྟེན་དངུལ་གདུང་ཆེན་མོའི་གཡས་སུ་བཞུགས། ༈ གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བ། གཙང་སྟོད་མདོག་གཞུང་དུ་ཤིང་གླང་ལ་འཁྲུངས། ཞེ་བདུན་པར་དགའ་ལྡན་ཁྲིར་ཕེབས། ལོ་བརྒྱད་ཀྱི་བར་བསྟན་པའི་བྱ་བ་མཐའ་ཡས་པ་མཛད། བསྟན་བཅོས་ཀྱང་མང་བར་སྣང་། ང་བཞི་པ་ས་རྟ་ལ་གཤེགས་སོ། །གདུང་ཞུགས་སུ་ཕུལ་བའི་གདུང་རུས་སོགས་ནང་རྟེན་དུ་བཞུགས་པའི་རྣམ་རྒྱལ་མཆོད་རྟེན་རིན་ཆེན་གཉིས་པ་ལས་གྲུབ་པ་གཙོ་བོའི་གཡོན་དུ་བཞུགས་སོ། ༈ །བཞི་པ་ཆོས་རྗེ་ཞྭ་ལུ་པ་ལེགས་པ་རྒྱལ་མཚན་གཙང་དུ་ཤིང་ཡོས་ལ་འཁྲུངས། རེ་བཞི་པ་ས་རྟ་ལ་དགའ་ལྡན་གྱི་ཁྲིར་ཕེབས། དོན་དྲུག་པ་ལྕགས་རྟར་གཤེགས། དངུལ་གདུང་རྣམ་རྒྱལ་མཆོད་རྟེན་གཙོ་བོའི་གཡས་གསུམ་པར་བཞུགས། ༈ ལྔ་པ་ཆོས་རྗེ་བློ་གྲོས་ཆོས་སྐྱོང་གཙང་གཡག་སྡེར་ས་སྦྲུལ་ལ་འཁྲུངས། རེ་གཉིས་པ་ལྕགས་རྟ་ལ་ཁྲིར་ཕེབས། དོན་ལྔ་པ་ཆུ་ལུག་ལ་གཤེགས་སོ། ༈ །དྲུག་པ་བ་སོ་ཆོས་རྗེ་ཆོས་ཀྱི་རྒྱལ་མཚན། མཁས་གྲུབ་རྗེའི་གཅུང་པོར་ཆུ་རྟར་འཁྲུངས། རེ་གཉིས་པ་ཆུ་ལུག་ལ་ཁྲིར་ཕེབས། དོན་གཉིས་པ་ཆུ་སྦྲུལ་ལ་གཤེགས། དངུལ་གདུང་རྣམ་རྒྱལ་མཆོད་རྟེན་གཙོ་བོའི་གཡོན་གཉིས་པར་བཞུགས།
བདུན་པ་མཁས་མཆོག་བློ་གྲོས་བརྟན་པ་དང་བརྒྱད་པ་སྨོན་ལམ་དཔལ་བ་དགུ་པ་བློ་བཟང་ཉི་མ་ནས་ཞེ་བདུན་པ་ཆོས་རྗེ་བློ་བཟང་ཆོས་འཕེལ་བར།
༈ བདུན་པ་མཁས་མཆོག་བློ་གྲོས་བརྟན་པ་གཙང་གི་ཤངས་མགྲོན་ཁང་དུ་ཆུ་རྟར་འཁྲུངས། རེ་བདུན་པ་ལྕགས་ཁྱིར་ཁྲིར་ཕེབས། དེའི་ཕྱི་ལོ་འབྲས་སྤུངས་ཀྱི་ཁྲི་ཡང་བསྒྲགས། དོན་བདུན་ལ་གཤེགས། དབྱེན་བསྡུམས་མཆོད་རྟེན་གཙོ་བོའི་གཡོན་བཞི་པར་འཁོད་དོ། །༈ བརྒྱད་པ་སྨོན་ལམ་དཔལ་བ། གཡས་རུ་བྱང་དུ་ཤིང་རྟར་འཁྲུངས། དོན་གཉིས་པ་ཆུ་སྦྲུལ་ལ་ཁྲིར་ཕེབས། དོན་བརྒྱད་པ་ལྕགས་ཕག་ལ་གཤེགས། འདི་ཡན་བདུན་པོར་འཇམ་དབྱངས་གཙང་པ་བདུན་བརྒྱུད་ཅེས་གྲགས་སོ། །༈ དེ་ནས་དགུ་པ་བློ་བཟང་ཉི་མ། བཅུ་པ་ཆོས་རྗེ་ཡེ་ཤེས་བཟང་པོ། བཅུ་གཅིག་པ་འདར་སྟོན་བློ་བཟང་གྲགས་པ། བཅུ་གཉིས་པ་འཇམ་དབྱངས་ཤེས་རབ་ལེགས་པའི་བློ་གྲོས། བཅུ་གསུམ་པ་ཆོས་རྗེ་ཆོས་ཀྱི་བཤེས་གཉེན། བཅུ་བཞི་པ་ཆོས་རྗེ་རིན་ཆེན་འོད་ཟེར། བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ། བཅུ་དྲུག་པ་ཆོས་རྗེ་ཆོས་སྐྱོང་རྒྱ་མཚོ། བཅུ་བདུན་པ་ཆོས་རྗེ་རྡོ་རྗེ་བཟང་པོ། བཅོ་བརྒྱད་པ་ཆོས་རྗེ་རྒྱལ་མཚན་བཟང་པོ། བཅུ་དགུ་པ་ཆོས་རྗེ་ངག་དབང་ཆོས་གྲགས། ཉི་ཤུ་པ་ཆོས་རྗེ་ཆོས་གྲགས་བཟང་པོ། ཉེར་གཅིག་པ་དགེ་ལེགས་དཔལ་བཟང་། ཉེར་གཉིས་པ་དགེ་འདུན་བསྟན་པ་དར་རྒྱས། ཉེར་གསུམ་པ་ཆོས་རྗེ་ཚེ་བརྟན་རྒྱ་མཚོ། ཉེར་བཞི་པ་བྱམས་པ་རྒྱ་མཚོ། ཉེར་ལྔ་པ་ཆོས་རྗེ་དཔལ་འབྱོར་རྒྱ་མཚོ། ཉེར་དྲུག་པ་ཆོས་རྗེ་དམ་ཆོས་དཔལ་འབར། ཉེར་བདུན་པ་སངས་རྒྱས་རིན་ཆེན། ཉེར་བརྒྱད་པ་ཆོས་རྗེ་དགེ་འདུན་རྒྱལ་མཚན། ཉེར་དགུ་པ་ཆོས་རྗེ་བཤེས་གཉེན་གྲགས་པ། སུམ་ཅུ་པ་ཆོས་རྗེ་བློ་གྲོས་རྒྱ་མཚོ། སོ་གཅིག་པ་ཆོས་རྗེ་དམ་ཆོས་དཔལ། སོ་གཉིས་པ་ཆོས་རྗེ་ཚུལ་ཁྲིམས་ཆོས་འཕེལ། སོ་གསུམ་པ་ཆོས་རྗེ་གྲགས་པ་རྒྱ་མཚོ། སོ་བཞི་པ་ཆོས་རྗེ་ངག་དབང་ཆོས་ཀྱི་རྒྱལ་མཚན། སོ་ལྔ་པ་ཆོས་རྗེ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ། སོ་དྲུག་པ་ཀོང་པོ་བསྟན་འཛིན་ལེགས་བཤད། སོ་བདུན་པ་ཆོས་རྗེ་དགེ་འདུན་རིན་ཆེན། སོ་བརྒྱད་པ་ཆོས་རྗེ་བསྟན་པ་རྒྱལ་མཚན། སོ་དགུ་པ་དཀོན་མཆོག་ཆོས་བཟང་།
བཞི་བཅུ་པ་དཔལ་ལྡན་རྒྱལ་མཚན། ཞེ་གཅིག་པ་བློབཟང་རྒྱལ་མཚན། ཞེ་གཉིས་པ་བློ་བཟང་དོན་ཡོད། ཞེ་གསུམ་པ་བྱམས་པ་བཀྲ་ཤིས། ཞེ་བཞི་པ་བློ་གྲོས་རྒྱ་མཚོ། ཞེ་ལྔ་པ་ཅོ་ནེ་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས། ཞེ་དྲུག་པ་བསམ་བློ་སྦྱིན་པ་རྒྱ་མཚོ། ཞེ་བདུན་པ་ཆོས་རྗེ་བློ་བཟང་ཆོས་འཕེལ་རྣམས་སོ། །
དགའ་ལྡན་ཤར་རྩེ་དང་བྱང་རྩེ་ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས།
༈ དགའ་ལྡན་ཤར་རྩེ་ནི་རྗེའི་སློབ་མ་གནས་བརྟན་རིན་ཆེན་རྒྱལ་བས་བཏབ། བྱང་རྩེ་ནི་རྗེའི་སློབ་མ་ཧོར་སྟོན་ནམ་མཁའ་དཔལ་བཟང་གིས་བཏབ་པའོ། །༈ ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནི། རྗེའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་དུ་གྲགས་པ་དེ་ས་ལུག་ལ་བསམ་ཡས་སུ་འཁྲུངས། རྩེ་ཐང་དུ་རབ་ཏུ་བྱུང་ཞིང་གྲལ་འཛིན་མཛད། སྨྱོས་རྒྱལ་བ་ལྷ་ནང་གི་སྐྱེ་བར་མཁའ་འགྲོས་ལུང་བསྟན། སྐབས་ཤིག་གསུང་གི་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག་དཔོན་བློན་གྱིས། ས་ཡུལ་བསྟན་ནས་འདིར་དགོན་པ་ཞིག་ཐོབ། ངས་བཙུན་པ་སྟོང་ཕྲག་ལྔ་སྟེར་ཟེར་བ་དང་། དན་འབག་མདར་ལོངས་སྤྱོད་ཀྱི་ཆུ་ཡིན་ཟེར་རྫིང་བུ་མང་པོ་དང་། གླང་ཆེན་རི་གདོང་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་བཞུགས་ཏེ་འདི་རྣམས་ཐོས་བསམ་གྱི་རྫིང་བུ་ཡིན་པས་འཐུང་གསུང་བ་སོགས་ཀྱི་གཟིགས་ལྟས་ཁྱད་པར་ཅན་བྱུང་བ་དང་། འཇམ་མགོན་བླ་མས་ཀྱང་དགོན་སྡེ་ཞིག་གྱིས་གསུངས་པ་དང་དུས་འགྲིགས་པས། མེ་སྤྲེལ་ལོར་བསིལ་ལྡན་གྱི་རྒྱན་གཅིག་འཕགས་ཡུལ་དཔལ་ལྡན་འབྲས་སྤུངས་དང་གཉིས་སུ་མེད་པའི་རིག་གྲོལ་གྱི་སྡེ་ཆེན་པོའི་རྨང་འདིང་བའི་ལྟོ་ཕྱེའི་ཐིག་སོགས་འཇམ་མགོན་བླ་མས་ཞལ་བཀོད་གནང་ཞིང་། འགོག་པ་རི་ནས་གཏེར་དུ་བཞེས་པའི་མཆོད་དུང་ཁྱད་པར་ཅན་སྩལ་ཏེ། དགོན་མ་བས་བུ་ལྷག་པ་འོང་སོགས་ཀྱིས་ལུང་བསྟན། གཙུག་ལག་ཁང་དབུས་མར་དུས་གསུམ་སངས་རྒྱས་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་། རྗེ་སྐུ་ནང་གཟུངས་ཁྱད་པར་ཅན་སྤྲུལ་པའི་བཟོ་བོས་བཞེངས་པའི་སྐུ་རྒྱན་དང་ཞབས་སོགས་ས་ལ་མ་རེག་པར་བར་སྣང་ན་བཞུགས་པར་གྲགས་པ་རྗེ་ཉིད་ཀྱི་རབ་གནས་མ་བོད་ཡུལ་དུ་འགྲན་ཟླ་དང་བྲལ་བའི་རྟེན་ཁྱད་པར་ཅན་མཆོད་པའི་སྤྲིན་གཏིབས་
པ་དང་བཅས་བཞེངས། དེར་གྲྭ་ཚང་སྒོ་མང་། བློ་གསལ་གླིང་། ཐོས་བསམ་གླིང་ངམ་རྒྱལ་པ། ཤག་སྐོར་བ་དང་འདུལ་བ་པ། བདེ་ཡངས་པ། གསང་འཇིགས་གཙོོར་སྟོན་གྱི་ཟབ་མོ་སྔགས་ཀྱི་ཐེག་པའི་དོན་ཉམས་སུ་ལེན་པའི་སྔགས་པ་གྲྭ་ཚང་སྟེ་བདུན་བཙུགས་པའི་སོ་སོར་སློབ་དཔོན་རེ་ཡང་བསྐོ་བཞག་མཛད་དོ། །གདན་ས་འདིའི་ཁྲི་ཐོག་གཉིས་པ་དཔལ་ལྡན་སེང་གེ་གཙང་རོང་ཐོན་དུ་འཁྲུངས། གསུམ་པ་རིན་ཆེན་བྱང་ཆུབ་མདོ་ཁམས་སུ་འཁྲུངས། བཞི་པ་རྗེ་བློ་བཟང་ཉི་མ་ཙོང་ཁའི་ཡུལ་དུ་འཁྲུངས། ལྔ་པ་བློ་བཟང་གྲགས་པ་མདོ་སྨད་རོང་པོར་འཁྲུངས། དྲུག་པ་ཤཱཀྱ་རིན་ཆེན་འཕན་ཡུལ་དུ་འཁྲུངས། བདུན་པ་སྨོན་ལམ་དཔལ་ལེགས། བརྒྱད་པ་ལེགས་པ་ཆོས་འབྱོར་ཚལ་དུ་འཁྲུངས། དགུ་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་གཙང་སྨད་དུ་ཐོན་པའི་ཞལ་ངོར་འཁྲུངས། ༈ བཅུ་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནི། གཙང་རྟ་ནག་རྡོ་རྗེ་གདན་དུ་ཡབ་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་པའི་སྲས་སུ་འཁྲུངས། རྗེ་དགེ་འདུན་གྲུབ་པའི་སྔོན་རབས་གསལ་བར་གསུངས། ས་སྦྲུལ་ལོར་སྦས་ཡུལ་དཀར་མོ་ལྗོངས་སུ་ཆོས་འཁོར་རྒྱལ་མེ་ཏོག་ཐང་གི་ཆོས་གྲྭ་བཏབ། གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་བཞེངས། ཞེ་གསུམ་པར་འབྲས་སྤུངས་ཀྱི་ཁྲིར་ཕེབས། རེ་བརྒྱད་པ་ཆུ་སྟག་ལ་གཤེགས། བཅུ་གཅིག་པ་པཎ་ཆེན་བསོད་ནམས་གྲགས་པ།
ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ།
༈ བཅུ་གཉིས་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ནི། སྟོད་ལུང་མདའ་རྩེ་དགའ་ཁང་གསར་དུ་འཁྲུངས། ས་ཕག་ལོར་ཕན་བདེ་ལེགས་བཤད་གླིང་འཛུགས་པ་གནང་། ཨལ་ཐན་ཆོས་ཀྱི་རྒྱལ་པོའི་ཚེ་སྒྲུབ་ལ་རྣམ་རྒྱལ་མ་བཙུགས་པས་མིང་དེར་ཐོགས། ཨལ་ཐན་ཆོས་རྒྱལ་གྱི་དབུ་བླར་གྱུར་ཏེ། མི་རིགས་མི་གཅིག་པ་དུ་མའི་དབུས་སུ་ཡོ་བྱད་ཀྱི་དངོས་པོ་འགང་ཆེ་བ་དུ་མ་དང་། ཏཱ་ལའི་བླ་མ་བཛྲ་དྷ་ར་ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་ལས་ཀ་ཕུལ། འཇང་ས་ཐམ་རྒྱལ་པོས་སྦྱིན་བདག་མཛད་དེ། ཐུབ་བསྟན་བྱམས་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་ཆོས་སྡེ་བཏབ། དགུང་ལོ་ཞེ་དྲུག་པ་ས་བྱིར་དག་ཞིང་དུ་གཤེགས། དངུལ་གདུང་འབྲས་སྤུངས་སུ་བཞུགས།
བདེ་ཆེན་ཆོས་ཀྱི་རྒྱལ་པོ་རྗེ་ཡོན་ཏན་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ།
༈ བཅུ་གསུམ་པ་བདེ་ཆེན་ཆོས་ཀྱི་རྒྱལ་པོ་རྗེ་ཡོན་ཏན་རྒྱ་མཚོ་ནི། ཧོར་ཇིང་གིར་གྱི་རྒྱལ་བརྒྱུད་ཡབ་སེ་ཆེན་ཆོས་ཁུར་དང་། ཡུམ་བཱ་ཁེན་སྠུ་ལ་གཉིས་ཀྱི་སྲས་སུ་འཁྲུངས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྔོན་རབས་གསལ་བར་གསུང་། དགུང་ལོ་ཉེར་བརྒྱད་མེ་འབྲུག་ལ་གཤེགས། ཐུགས་ལྗགས་སྤྱན་གསུམ་དང་གདུང་རིང་བསྲེལ་ལ་སོགས་པ་བཞུགས་པའི་དངུལ་གདུང་འབྲས་སྤུངས་སུ་བཞུགས། ༈ བཅུ་བཞི་པ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི། གཙང་གི་རོང་ཆེན་ལྷན་དུ་འཁྲུངས། མེ་སྦྲུལ་ལ་སེར་འབྲས་གཉིས་ཀྱི་ཁྲིར་ཕེབས། གོ་གསུམ་པ་ཆུ་སྟག་ལ་གཤེགས། གདུང་རིལ་པོར་བཞུགས་པའི་དངུལ་གདུང་རིན་ཆེན་བཀྲ་ཤིས་ལྷུན་པོ་ན་བཞུགས། ༈ ཁྲི་ཐོག་བཅོ་ལྔ་པ་ནི། དེ་བཞིན་གཤེགས་པ་འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་པོ་སྣང་ཚུལ་དུ་བྱང་ཆུབ་སེམས་དཔའི་ཚུལ་གྱིས་བོད་འདིར་ངུར་སྨྲིག་གར་གྱི་རོལ་པ་ཟམ་མ་ཆད་པ་བདུན་འབྱོན་པའི་ལྔ་པ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་འདི་ཉིད་ནི། རཏྣའི་སྤྱི་ལུང་ལས། ཐུགས་རྗེ་ཆེན་པོའི་སྤྲུལ་པ་དབུས་ནས་འབྱུང་། །བློ་གྲོས་སྟོབས་ལྡན་བཟང་པོའི་འོད་ཟེར་ཅན། །སྣ་ཚོགས་ཐབས་ཀྱིས་འགྲོ་བའི་ཁ་ལོ་བསྒྱུར། །ཆོས་ཀྱི་རྒྱལ་པོ་དཔུང་དང་བཅས་པ་འབྱུང་། །འབྲི་ཡི་རྭ་ཅོ་ཕག་གི་མཇུག་མ་ཅན། །གུང་གི་འཚང་འཆའ་ས་ཡི་ཟས་ཟ་ཞིང་། །མིག་བཞི་གྱེན་ཐུར་དག་ལ་བལྟ་བར་བྱེད། །ལྕེ་གཉིས་བདེན་རྫུན་གཉིས་ཀྱི་ཤན་འབྱེད་པ། །དབུས་གཙང་ཐམས་ཅད་སྐུ་ཡི་ཆབ་འོག་འདུས། །རྫུ་འཕྲུལ་མཐུ་ལྡན་བསྟན་པའི་བདག་པོ་འབྱུང་། །ལྷ་ས་དམར་པོ་རི་དང་ཆུ་བོ་རི། །ཧས་པོ་རི་དང་དབུས་རི་དེ་གསུམ་ལ། །ཕོ་བྲང་བཅས་ནས་དབུས་གཡོར་མཐའ་གསུམ་སྡུད། །གཙང་གི་ངམ་རུ་རི་དང་རི་བོ་ཆེ། །ལ་སྟོད་རྡོ་རྗེའི་རི་དང་དེ་གསུམ་ལ། །ཕོ་བྲང་བྱས་ནས་གཙང་གི་རུ་གཉིས་དང་། །མངའ་རིས་བལ་པོའི་བར་རྣམས་དབང་དུ་སྡུད། །དབུས་གཙང་རྣམས་སུ་ཆོས་གྲྭ་བཅུ་གསུམ་འཆའ། །ཞེས་དང་།
ཡང་འཕྲོས་ལས། དབུ་ཟླུམ་མདོ་ཡི་བསྟན་པ་དར་ཞིང་རྒྱས། །ལྕང་ལོ་སྔགས་པའི་བསྟན་པས་གྲུབ་ཐོབ་ཁེངས། །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྕི་ལ་སྦྲམ། །ཆོས་ཁྲིམས་དར་གྱི་མདུད་པ་དར་ལས་འཇམ། །ནད་མཚོན་མུ་གེའི་སྡུག་བསྔལ་གང་ཡང་མེད། །བདེ་སྐྱིད་ལྷ་ཡུལ་ལྟ་བུར་ཀུན་ཀྱང་འཚོ། །ཞེས་ལུང་བསྟན་པ་ལྟར་ཟ་ཧོར་གྱི་གདུང་གི་རིགས་ལས་ཡབ་ཧོར་བདུད་འདུལ་རབ་བརྟན་དང་ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་སྦྲུལ་ཧོར་ཟླ་དགུ་པའི་ལྷ་བབས་ཀྱི་ཉིན་ཕྱི་མ་སྐར་མ་རྒྱལ་ལ་སྐུ་བལྟམས། རྗེ་ཡོན་ཏན་རྒྱ་མཚོའི་སྔོན་རབས་གསལ་བར་གསུངས་པས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དགུང་ལོ་དྲུག་པ་ཆུ་ཁྱི་ཧོར་ཟླ་གཉིས་པའི་ཉེར་ལྔ་ལ་དཔལ་ལྡན་འབྲས་སྤུངས་སུ་སྤྱན་དྲངས། ལོ་དུས་སུ་སྨད་འདུལ་བའི་སྡོམ་རྒྱུན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཁན་པོ་དང་ཁྲི་ཆེན་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱིས་སློབ་དཔོན་བཅས་དད་པའི་དགེ་འདུན་གྲངས་ཚང་དབུས་སུ་ཚིགས་གསུམ་བར་མ་ཆད་པའི་བསྙེན་པར་རྫོགས་པར་མཛད་ནས་མཁན་སློབ་གཉིས་གཙོ་བོར་བཟུང་བཤེས་གཉེན་མཁས་པ་མང་པོ་བསྟེན་ཏེ་ཕྱི་མཚན་ཉིད་ཀྱི་ཐེག་པ་རིག་གནས་དང་བཅས་སྦྱངས་པ་མཐར་ཕྱིན་པར་མཛད། དགྲ་བཅོམ་པ་ཙུནྡ་སོགས་ཀྱི་ཡང་སྲིད་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། གཉགས་ཛྙཱ་ན་ཀུ་མཱ་རའི་ཡང་སྲིད་ཟུར་ཆེན་ཆོས་དབྱིངས་རང་གྲོལ། གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན། རྣམ་པར་སྣང་མཛད་བསམ་བཞིན་ལོ་ཙཱ་བའི་ཚུལ་བཟུང་བ་བཻ་རོའི་ཡང་སྲིད་གཏེར་བདག་གླིང་པ་སོགས་རིགས་བདག་ཏུ་བཞེས་ཏེ། ཕ་རྒྱུད་གསང་བ་འདུས་པ་དང་། སྒྲུབ་སྡེ་བརྒྱད་དང་ཡང་ཟབ་གསང་བ་བླ་ན་མེད་པའི་མན་ངག་གཙོ་གྱུར་གྱིས་གསང་སྔགས་གསར་རྙིང་དུ་མའི་ཉམས་བཞེས་མཐའ་ཡས་པ་གསན་པས་ཤེས་བྱ་རིག་པའི་གནས་མཐའ་དག་ཐུགས་སུ་ཆུད་དེ་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་ཐོགས། བཀའ་རྩོམ་གྱི་རིམ་པའང་མདོ་སྔགས་རིག་གནས་སོགས་ཐམས་ཅད་ལ་དགོངས་འགྲེལ་གྱི་བསྟན་བཅོས་མ་ཚང་བ་མེད་པ་ལྟ་བུ་དང་། གདུལ་བྱར་གྱུར་
པའི་ཚོགས་དག་ཀྱང་། རིགས་ཀྱི་མཐོ་བ་གནམ་བསྐོས་ཇིང་གིར་དང་། བོད་ཆོས་རྒྱལ་གྱི་གདུང་རུས། འཁོན་གྱི་རིགས་ལས་གདན་ས་གོང་འོག་གི་ཞལ་ངོ་ན་རིམ། རླངས་ལྷ་གཟིགས་ཀྱི་གདུང་དཔལ་ཕག་མོ་གྲུབ་པ། སྐྱུ་ར་འབྲི་གུང་དང་སྟག་ལུང་ག་ཟི། འོད་གསལ་ལྷ་ལས་ཆད་པའི་སྨྱོས་ཀྱིས་མཚོན་རིགས་རུས་མཐོ་བ་རྣམས་དང་། སྟོབས་ཀྱིས་མཐོ་བ་གནམ་སའི་དབང་ཕྱུག་བསྟན་འཛིན་ཆོས་རྒྱལ་སོགས་རྒྱ་ཧོར་གྱི་རྒྱལ་རིགས་དང་། བོད་ཀྱི་ཆེ་དགུ་བླ་ཆེན་དཔོན་ཆེན་དང་བཅས་པ་ཇི་སྙེད་དང་། གཞན་ཡང་མཆོག་དམན་བར་མའི་སྐལ་ལྡན་མཐའ་ཡས་པ་ལ་ཟབ་རྒྱས་ཆོས་ཀྱི་ཆར་ཕབ་ནས་མཐོ་རིས་དང་ཐར་པའི་ས་བོན་ཡང་དག་པར་བསྐྲུན་པར་མཛད། གནམ་བསྐོས་རྒྱ་ནག་རྒྱལ་པོས་སྤྱན་དྲངས་ཏེ། རྒྱལ་བློན་འབངས་དང་བཅས་པར་ཐར་པའི་ས་བོན་བཞག་ནས་དད་པའི་ས་ལ་བཀོད། ནོར་སྣའི་རིགས་བྱེད་ཀྱིས་མཚོན་བཅད་རིས་ཀྱི་དངོས་པོ་འགངས་ཆེ་སྤམ་མཐོར་བསྩལ་བའི་གནང་སྐྱེས་དང་བཅས་བོད་དུ་ཕེབས་ནས་གསར་འཛུགས་ཀྱི་དགོན་གནས་བཅུ་གསུམ་གསར་དུ་བཏབ་པ་ནི། ཤངས་དགའ་ལྡན་ཆོས་འཁོར། ལྷུན་རྩེའི་རྫོང་འོག་སྨྱུག་ལར་དགའ་ལྡན་ཆོས་འཁོར་ཡང་རྩེ། གཡོ་རུ་དོལ་ཚལ་མིང་དུ་དགའ་ལྡན་གསུང་རབ་གླིང་། རུ་ལག་བྱང་རྣམ་རྒྱལ་རྩེར་དགའ་ལྡན་ཆོས་འཁོར་གླིང་། ལྷོ་བྲག་དོ་རྫོང་དུ་དགའ་ལྡན་དོན་གཉིས་གླིང་། གོང་དཀར་དུ་དགའ་ལྡན་བཤད་སྒྲུབ་གླིང་། ཡར་སྟོད་དུ་དགའ་ལྡན་ཐོས་བསམ་དར་རྒྱས་གླིང་། གཙང་གི་ཉུག་ཏུ་དགའ་ལྡན་ཆོས་འཁོར་གླིང་། དེ་རྣམས་༼སུ་༽བཀའ་ཆེན་བཞི་པ་བརྒལ་བརྟགས་ཀྱི་གཏན་ལ་ཕེབས་པའི་མཚན་ཉིད་རྒྱུའི་བཤད་གྲྭ་བརྒྱད་དང་། ནང་གསང་སྔགས་ཀྱི་ཉམས་ལེན་གཙོར་སྐྱོང་བའི་ཡེར་བ་བྲག་གསེབ་ཏུ་དགའ་ལྡན་གསང་སྔགས་གླིང་། མངའ་རིས་ཁྱུང་རྫོང་དུ་དགའ་ལྡན་འཕེལ་རྒྱས་གླིང་། ཆུ་ཤུར་དུ་གསང་སྔགས་བྱང་ཆུབ་གླིང་། ཕུང་པོ་རི་བོ་ཆེར་བདུད་འདུལ་ཟིལ་གནོན་གླིང་། ཐོབ་རྒྱལ་དུ་དགའ་ལྡན་རབ་རྒྱས་གླིང་སྟེ་བཅུ་གསུམ་གསར་དུ་བཏབ། དེ་ནས་དགོན་རྙིང་གསོ་བ་དང་གསར་བཏབ་བཅས་ཁྱོན་སུམ་ཅུ་བརྒལ་བས་མཚོན་སྟོད་མངའ་རིས་ནས་སྨད་དར་རྩེ་མདོ་ཡན་དུ་དགེ་དགོན་གྱིས་
ཁྱབ་པར་མཛད། ས་རྙིང་སོགས་གྲུབ་མཐའ་གཞན་རྣམས་ཀྱང་འཕེལ་རྒྱས་སུ་ཅི་འགྱུར་མཛད་པ་སོགས་གངས་ཅན་བོད་ཀྱི་ཡུལ་འདིར་དགའ་སྐྱིད་བདེ་བའི་དཔལ་འབྱོར་རྫོགས་ལྡན་གསར་པའི་ཕན་བདེས་ཡུན་རིང་བསྐྱངས་ནས་མཐར་དགུང་ལོ་རེ་དྲུག་པ་ཁྱི་ལོར་གཟུགས་སྐུའི་བཀོད་པ་བསྡུས་ནས་དོན་དམ་ཆོས་དབྱིངས་ཀྱི་ངང་དུ་བཞུགས་པར་མཛད་དོ། །དེ་རྗེས་ལུགས་གཉིས་ཀྱི་སྲིད་སྐྱོང་ཕྱི་ནང་གི་རྟེན་བཞེངས་སོགས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་དེ། ཞབས་བརྟན་ལྷ་ཁང་ཆེན་མོའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་བུམ་ནང་དུ་སྐུ་གདུང་རིལ་པོ་བཞུགས་པའི་གསེར་གདུང་རིན་པོ་ཆེས་མཚོན་སྐུ་གསུང་ཐུགས་རྟེན་མཐའ་ཡས་པ་དང་སྡེ་སྲིད་རང་ཉིད་ཀྱང་ཐོས་བསམ་སྒོམ་གསུམ་གྱི་མཛད་པ་མི་གཡེལ་བའི་བསྟན་བཅོས་ཀྱི་རིམ་པའང་དཔག་མེད་མངའ་འོ། །
རྒྱལ་མཆོག་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་དང་ཆོས་གྲྭ་ཆེན་པོ་སེ་ར་ཐེག་ཆེན་གླིང་།
༈ ཁྲི་ཐོག་བཅུ་དྲུག་པར་སླར་ཡང་ཐུགས་རྗེའི་ཉི་མ་རྒྱལ་མཆོག་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་དགེ་བཅུ་ཚང་བའི་གནས་ལ་འགོ་ཡུལ་གསུམ་ཨོ་རྒྱན་གླིང་དུ་ཡབ་སྨྱོས་ཀྱི་རིག་འཛིན་བཀྲ་ཤིས་བསྟན་འཛིན་དང་ཡུམ་ཆོ་འབྲང་ཕུན་སུམ་ཚོགས་པ་ཚེ་དབང་ལྷ་མོའི་སྲས་སུ་སྐུ་བལྟམས་ནས་དགུང་ལོ་ཉེར་ལྔའི་བར་དུ་བཞུགས་ཏེ་ལྷ་ས་བླ་བྲང་སྟེང་གསེར་ཟངས་ཀྱི་བྱ་འདབ་རྒྱུ་དང་བཟོ་བཀོད་ཁྱད་པར་འཕགས་པ་སོགས་ཆོས་དང་སྲིད་ཀྱི་མཛད་པ་བློའི་རྭ་བ་ལས་འདས་པ་བསྟན་ནས་ཡང་སྲིད་ཕྱི་མའི་ལུང་བསྟན་མཚན་འདོགས་སོགས་ཀྱི་བཀའ་ཆེམས་སྩལ་ཏེ་གཟུགས་སྐུའི་བཀོད་པ་བསྡུས་སོ། །སླར་ཡང་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་བདུན་པ་རྒྱལ་མཆོག་སྐལ་བཟང་རྒྱ་མཚོ་ཞེས་སྙན་པའི་བ་དན་ས་གསུམ་དུ་གཡོ་བ་འདི་ཉིད་བྱོན་པའོ། །༈ ཆོས་གྲྭ་ཆེན་པོ་སེ་ར་ཐེག་ཆེན་གླིང་ནི། འཇམ་མགོན་ཙོང་ཁ་པས་སེ་ར་ཆོས་ལྡིངས་སུ་རྩ་ཤེའི་འགྲེལ་པ་མཛད་སྐབས་བར་སྣང་ལ་ཤེར་ཕྱིན་གྱི་ཡི་གེ་གསེར་ཞུན་གྱིས་བྲིས་པ་ལྟ་བུ་གཟིགས་པས་ཐེག་ཆེན་བཤད་སྒྲུབ་མ་ལུས་པའི་སྡེ་འབྱུང་བར་ལུང་བསྟན་པ་ལྟར་ཚལ་གུང་ཐང་དུ་འཁྲུངས་པའི་རྗེའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་དེ་ཉིད་རྗེ་
རིན་པོ་ཆེ་རྒྱ་ནག་ཏུ་རྒྱལ་པོ་རྟའི་མིང་གིས་སྤྱན་འདྲེན་དུ་བྱུང་བའི་རྒྱལ་ཚབ་ཏུ་ཆོས་རྗེ་ཤཱཀ་ཡེ་བརྫངས་པ་རྒྱལ་པོའི་བླ་མཆོད་དུ་གྱུར། རྒྱ་ཡུལ་དུ་ཧ་ཡན་སི་ཞེས་པའི་ཆོས་སྡེ་བཏབ་ནས་ཕྱོགས་དེར་མཉམ་མེད་རྗེའི་རིང་ལུགས་དར་བ་བྱས་ནས་བོད་དུ་ཕེབས། རྗེ་སེ་ར་རྩེར་བཞུགས་པའི་དྲུང་དུ་བརྒྱ་འབུལ་མཛད་པས། རྗེའི་ཞལ་ནས་འདིར་ཁྱོད་ཀྱིས་དགོན་སྡེ་ཞིག་ཐོབས་གསུངས་པ་དང་དུ་བླངས་ཏེ། ས་ཕག་ལོར་སེ་ར་ཐེག་ཆེན་གྱི་ཆོས་གྲྭ་ཆེན་པོ་བཏབ་ཅིང་རྟེན་གཙོར་ཆོས་རྗེ་ཉིད་ཀྱིས་རྒྱ་ཡུལ་ནས་བཞེས་པའི་ཙནྡན་དཀར་པོའི་གནས་བཅུ་ནང་གཟུངས་སུ་བཞུགས་པའི་ཐུབ་དབང་ལ་གནས་བཅུས་བསྐོར་བའི་ལྷ་ཁང་བཞེངས། དགེ་འདུན་ཡང་འདུ་ཆེ་བར་སྟོད་སྨད་རྒྱ་འབྲོང་སྟེང་སྟེ་གྲྭ་ཚང་བཞི་བཙུགས། བཀའ་བཅུ་སྨྲ་བ་དར་རྒྱས་བཟང་པོ་གདན་སར་བསྐོས། དེ་རྗེས་གདན་ས་མཚུངས་མེད་ཆོས་རྗེ་རྒྱལ་མཚན་བཟང་པོས་མཛད་པ་སོགས་སོ། །
ལྷ་ས་རྨེ་རུ་དང་ར་མོ་ཆེ་བཞི་སྡེ་གསང་ཕུ་ཆོས་གྲྭ།
༈ ལྷ་ས་རྨེ་རུ་ནི། མངའ་བདག་ཁྲི་རལ་གྱི་ལྷ་སའི་ཕྱོགས་བཞིར་མཆོད་ཁང་དང་དགེ་འདུན་གྱི་སྡེ་གཉིས་རེ་བཙུགས་པ་ལས། ཤར་དུ་ཀ་རུ་དང་རྨེ་རུ་ཞེས་བྱུང་བ་ཀ་རུ་དར་མས་བསྣུབས། དེའི་རྒྱུན་སླར་རྗེ་བསོད་ནམས་རྒྱ་མཚོའི་དུས་དགེ་ལུགས་ཀྱི་གྲོང་ཆོག་པར་བཙུགས་པའོ། ༈ །ར་མོ་ཆེ་བཞི་སྡེ་ནི། ཚལ་པ་ཁྲི་དཔོན་དགའ་སྡེ་བཟང་པོས་རྒྱས་བཏབ་པའི་གཙུག་ལག་ཁང་དུ་མཆོད་འབུལ་བཞི་གྲྭ་བཙུགས་པ་མིང་དེར་ཐོགས་ཤིང་དར་རོ། ༈ །གསང་ཕུ་ཞེས་པ་བོད་ཀྱི་རྡོ་རྗེ་གདན་ལྟ་བུའི་ཆོས་གྲྭ་ཆེན་པོ་འདི་ནི། སྔར་ཇོ་བོ་:སྣེ༼སྙེ༽ཐང་དུ་བཞུགས་སྐབས། རྔོག་ལེགས་པའི་ཤེས་རབ་ལ། གསང་ཕུའི་ཕྱོགས་སུ་ཕྱག་མཛུབ་གཏད་དེ། ལུང་པ་ཡ་གིའི་ཕུ་ན་དུང་གཡས་འཁྱིལ་རང་བྱོན་དང་། ནམ་མཁར་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་འཁོར་བ་དང་། ཐུབ་དབང་དཔང་དུ་བྱམས་པ་འཇམ་དབྱངས་གཉིས་དྲང་ངེས་ཀྱི་ཆོས་ལ་བགྲོ་བ་མཛད་པར་སྣང་བས། དེར་ཁྱོད་ཀྱིས་གནས་གཞི་བྱས་ན་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་པས། འོ་
ན་རེ་ཞིག་གསང་བར་ཞུ་ཞུས་པས་གསང་ཕུར་གྲགས། མི་རིང་བར་ཉེར་སྤྱད་ནེའུ་ལེས་ཁྱེར་བ་དེར་བསྐྱལ་བས་གསང་ནེའུ་ལེ་ཐོག་ཞེས་པའི་བསྟན་པའི་འབྱུང་ཁུངས་ཀྱི་ཆོས་གྲྭ་ཆེན་པོ་དེ་བཏབ་བོ། །ཐོག་མར་འདུས་ཚོགས་ལྔ་ཙམ་ལས་ཕྱིས་གླིང་སྟོད་སྨད་གཉིས་སུ་གྱེས་ཏེ་གྲྭ་ཚང་བཅུ་གཅིག་གམ་བཅུ་གསུམ་དུ་འཚོགས་ཏེ། གླིང་སྟོད་རྔོག་ལེགས་པའི་ཤེས་རབ་ཀྱི་ཁྲི་དང་གྲྭ་ཚང་ཡང་སྦེལ་སེར། ཉི་ཐང་། དྭགས་པོ་གྲྭ་ཚང་། རྣམ་རྒྱལ་གསེར་ཁང་། གུ་སྤེ་བ་རྣམས། གླིང་སྨད་རྔོག་ལོའི་ཁྲི་དང་གྲྭ་ཚང་ཡང་། སྒྲོས་སྙིང་པ། གཞི་བ། ཉང་རོང་གྲྭ་ཚང་། གནས་སྒོ་བ་གསུམ། སྒྲོས་གསར་བ། ར་བ་སྟོད་སྨད་གཉིས་རྣམས་སོ། །གླིང་སྟོད་སྨད་གཉིས་དང་ར་བ་སྟོད་སྨད་སོ་སོར་གྱེས་པའང་བྱམས་པ་འཇམ་དབྱངས་གཉིས་རྩོད་པའི་རྟེན་འབྲེལ་ཡིན་པར་བརྗོད་དོ། །
དྭགས་པོ་གྲྭ་ཚང་དང་མངའ་རིས་གྲྭ་ཚང་འཕྱོངས་རྒྱས་རི་བོ་བདེ་ཆེན་ཉང་སྟོད་དཔལ་འཁོར་བདེ་ཆེན་སྨྲ་བའི་སེང་གེ་རོང་སྟོན།
༈ དྭགས་པོ་གྲྭ་ཚང་ནི། འཇམ་དབྱངས་བདུན་བརྒྱུད་ཀྱི་དྲུག་པ་ཆོས་རྗེ་བློ་གྲོས་བསྟན་པས་བཏབ། བླ་ཐོག་ལྔ་པས་རྗེ་དགེ་འདུན་རྒྱ་མཚོ་ལ་ཕུལ། ༈ མངའ་རིས་གྲྭ་ཚང་ནི། རྗེ་དགེ་འདུན་རྒྱ་མཚོ་ལ། མངའ་རིས་ཆོས་རྒྱལ་གྱིས་རབ་བྱུང་ངང་པའི་ཁྱུ་འདྲ་བ་མང་པོ་བཏང་བ་རྒྱལ་དུ་གྲྭ་ཚང་བཙུགས་པས་མིང་དེར་ཐོགས། ༈ འཕྱོངས་རྒྱས་རི་བོ་བདེ་ཆེན་ནི་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་དངོས་སློབ་འགར་སྟོན་ཆོས་རྗེས་བཏབ། ༈ ཉང་སྟོད་དཔལ་འཁོར་བདེ་ཆེན་ནི། ཆོས་རྒྱལ་རབ་བརྟན་ཀུན་བཟང་དང་མཁས་གྲུབ་ཆོས་རྗེ་དགེ་ལེགས་དཔལ་བཟང་མཆོད་ཡོན་གཉིས་ཀྱིས་བཏབ་པའོ། །༈ སྨྲ་བའི་སེང་གེ་རོང་སྟོན་ནི། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ཅན་ཞིག་རྒྱལ་མོ་རོང་དུ་བོན་པོའི་རིགས་སུ་མེ་ལུག་ལ་འཁྲུངས། དབུས་གཙང་དུ་བྱོན། གསང་ཕུར་རྔོག་ལོ་ཆེན་པོར་ཆོས་ཉན་ནས་རིག་གནས་ལ་སྦྱངས། འཕན་ཡུལ་གྲོ་སར་དམར་སྟོན་ཆེན་པོ་ལས་སོ་སོར་ཐར་པའི་བསླབ་པ་ཡང་དག་པ་བླངས། སྡེ་སྣོད་མཐའ་དག་ལ་མཁས་པའི་དབང་ཐོབ་པར་གྱུར་ནས་ལ་སྟོད། ལྷོ་བྱང་། གཙང་སྟོད་སྨད། དབུ་གཡོར་གྱི་གནས་
མང་པོར་ཆོས་དར་བར་མཛད་ནས་བློ་དང་ལྡན་པ་མང་པོ་ལ་ཇི་ལྟར་འོས་པའི་སྡེ་སྣོད་སོ་སོའི་བཤད་པ་མཛད། སློབ་མ་རྣམས་ལའང་རང་གི་ཡིད་ལ་ཇི་ལྟར་འཐད་པའི་གྲུབ་མཐའ་བཟུང་ཆོག་གསུངས། འཕྲལ་དུ་ཆོས་བཤད་པ་ལྟར་སྣང་ཡང་རྣལ་འབྱོར་ལ་རྒྱུན་ཏུ་གནས་པས་རླུང་ལྔའི་ཁོག་སོ་སོར་གཟིགས། ཤིང་མོ་ཡོས་ལོར་ན་ལེནྡྲའི་དགོན་གནས་བཏབ། ཨར་བྱང་ཆུབ་ཡེ་ཤེས་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་འཕྲོ་ལ་གཤེགས་འདུག་པས་ང་ཡང་སློབ་མས་སྤུར་ཆོས་ཁྲིའི་ཁ་ནས་གདན་འདྲེན་པ་ཞིག་བྱེད་ཅེས་རྒྱུན་ལྡན་དུ་གསུང་བ་ལ། ང་ཁམས་པ་ཕོབ་ཕོབ་འདི་འདྲ་མི་བྱེད་པར་དགའ་ལྡན་དུ་ལྷའི་བུ་བདུད་རྩི་འཐུང་བ་ཞིག་བྱེད་གསུང་བ། སྤུར་ཆོས་ཁྲི་ཁ་ནས་གདན་འདྲེན་པ་མ་བྱུང་ཡང་། ཞི་བར་གཤེགས་པ་དང་ཆོས་འཕྲོ་བཅད་པའི་བར་ན་ཉིན་ཞག་གཉིས་ལས་མེད་པར་གཤེགས་ནས་དགའ་ལྡན་དུ་བཞུགས་པར་ངེས་སོ། །
ལོ་ཙཱ་བ་རོང་ཟོམ་ཆོས་བཟང་།
༈ ལོ་ཙཱ་བ་རོང་ཟོམ་ཆོས་བཟང་ནི། རུ་ལག་གཙང་སྨད་ཀྱི་སའི་ཆ་རོང་གི་སྣར་ལུང་པར་འཁྲུངས། སྐུ་གཞོན་ནུ་ནས་སྒྲ་ཚད་སོགས་ཤེས་བྱ་མཐའ་དག་ལ་མཁས་ཤིང་དངོས་སྟོབས་ཀྱི་རིགས་པས་གཞན་དག་ཚར་གཅོད་ནུས། ཁ་ཅིག་པཎྜི་ཏ་སྨྲྀ་ཏི་དང་། ཁ་ཅིག་པཎྜི་ཏ་ཕྲ་ལ་རིང་མོའི་སྐྱེ་བ་ཡིན་ཡང་ཟེར། ཕྱིས་ཇོ་བོ་དང་མཇལ་ཏེ་རྩོད་པ་མཛད་པས། ཇོ་བོས་རྩོད་པའི་འགྲམ་མ་ཐེག་ནས། ཁྱེད་རྒྱ་གར་གྱི་ཨཱ་ཱཙཱརྱ་ནག་པོ་ཞབས་ཀྱི་སྐྱེ་བར་འདུག་སྟེ་ཁོ་བོས་ཁྱེད་དང་ཆོས་ཀྱི་གཏམ་བྱ་བར་ག་ལ་ནུས་གསུངས། སྤྱི་མཐུན་དུ་འཇམ་དབྱངས་ཀྱི་སྤྲུལ་པར་གྲགས། དགུང་ལོ་བཅུ་གཅིག་པ་ལ་མཚན་ཉིད་གསན། བཅུ་གསུམ་པ་ཡན་ལ་གསན་པ་རྫོགས་ཏེ། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་མ་ཐོས་པ་མེད། ཐོས་པ་ཆེ་བ་ཡང་མ་ཡིན་ཏེ་ཆོས་ཐམས་ཅད་ཚར་རེ་ལས་མ་ཐོས་གསུངས་ཏེ་དོན་ལ་མི་བརྗེད་པའི་གཟུངས་ཐོབ་པར་བཤད། པཎྜི་ཏ་མང་པོ་བསྟེན་ནས་དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེ་དགྲ་ནག་དང་། འཇམ་དཔལ་སྔགས་དོན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། དགུང་ལོ་བཅུ་གཉིས་པའི་དུས་
ཉང་སྨད་དུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལ་སྔགས་རྙིང་མ་གསན་པའི་ནུབ་ཅིག་མནལ་ལམ་དུ། གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱི་ཚོད་མ་བྱས་གསོལ་བ་རྨིས་པ་སློབ་དཔོན་ལ་ཞུས་པས་ཤིན་ཏུ་བཟང་། ཆོས་ཁོང་དུ་ཆུད་པའི་རྟགས་ཡིན་འདུགདེ་གཉིས་ལ་འགྲེལ་པ་རེ་གྱིས་གསུངས་ཏེ་འགྲེལ་པ་རེ་ཡང་མཛད། བསླབ་པ་གསུམ་རྒྱུད་ལ་བསྟེན་པའི་ཆེད་དུ། ཚུལ་ཁྲིམས་ཀྱི་བསླབ་པའི་དམ་ཚིག་མདོ་རྒྱས། ཏིང་ངེ་འཛིན་གྱི་བསླབ་པའི་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ། ཤེས་རབ་ཀྱི་བསླབ་པའི་ཆེད་དུ་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་མན་ངག་རྣམས་མཛད། ཆེ་གཉན་གྱི་མི་ཀུན་མ་ཟད། བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་ཀྱང་ཆོས་ཞུ་ཞིང་ཅི་བགྱིའི་བཀའ་ནོད་ཅིང་འཕྲིན་ལས་སྒྲུབ། སློབ་དཔོན་པདྨ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ་སོགས་དང་། བི་མ་ལ་དང་། མྱང་ཏིང་འཛིན་བཟང་པོ། རྨ་གཉགས་ཁུ་ཁྱུང་སོགས་ཀྱི་གདམས་སྐོར་མ་ལུས་པ་ཐུགས་ལ་མངའ། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་གདམས་པའི་བདག་པོར་ཡང་གྱུར་། འདི་ལ་རྒྱ་གར་བདུན་རྒྱུད་དང་། རྒྱའི་ཧ་ཤང་བདུན་རྒྱུད་ཀྱི་གདམས་པ་ཡང་ཡོད་པར་གྲགས་ཏེ་མདོར་ན་རྒྱ་བོད་ཀུན་ཏུ་གྲགས་པའི་བསྟན་པའི་བདག་པོར་གྱུར་པ་ཡིན་ནོ། །འདི་ལ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ལས། སྲས་བརྒྱུད་ནི་གཟི་བརྗིད་འབར་དང་འབུམ་འབར་གཉིས་ལས་མཆེད་པའི་གདུང་རབས་མང་ཙམ་བྱུང་ཡང་དེང་སང་གདུང་བརྒྱུད་ཆད་པར་སྣང་ངོ་། །སློབ་བརྒྱུད་ནི། སྤྱིར་དམ་པ་འདི་ལ་དེ་དུས་ཀྱི་མཁས་གྲུབ་ཐམས་ཅད་ཀྱིས་ཞབས་ལ་གཏུགས་པས་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་དུ་འཕགས་པ་གོ་རུབ་ལོ་ཙཱ་བ། མར་པ་དོ་པ། རྗེ་འགོས་ལ་སོགས་པ་ལོ་ཙཱ་བ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་ལ་སོགས་པ་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་ཅིག་ཞ་མའི་མིང་པོ་རྗེ་འཁོན་བུ་ལ་སོགས་པ་སྒོམ་ཆེན་གྲུབ་པ་ཐོབ་པ་བརྒྱ་དང་བརྒྱད་ཅུ། ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་སོགས་སྟོན་པ་གདུགས་ཐོབ་པ་ལྔ་བརྒྱ་ལ་སོགས་པ་བྱུང་བ་ཡིན་ནོ། །
ཀོ་བྲག་པ་བསོད་ནམས་རྒྱལ་མཚན།
༈ ཀོ་བྲག་པ་བསོད་ནམས་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་དེ་ནི། ཡུལ་དིང་རི། གདུང་རུས་ནི་ལྡོང་། ཡབ་གཙོ་རྒྱལ་དང་ཡུམ་སྟོང་མོ་རྗེ་མ་གཉིས་ཀྱིས་སྲས་སུ་ཆུ་ཕོ་སྟག་ལ་འཁྲུངས། ས་སྐྱ་པཎྜི་ཏ་དང་འཁྲུངས་ལོ་གཅིགབླ་མ་རྡོ་རྗེ་དཔལ་བ་ལ་རིག་འཛིན་བཅུ་དང་རྫོགས་ཆེན་དམར་ཁྲིད་ལ་སོགས་ཆོས་མང་དུ་གསན། གྱང་རིམ་དང་ཀོང་མོའི་རི་ལ་མཚམས་མཛད་པས་ཕྱག་ཆེན་གྱི་རྟོགས་པ་འཁྲུངས། ཆོས་རྗེ་ཀོ་པ་ལར་བསྙེན་རྫོགས་ཆིག་རྫོགས་མཛད། མཚན་བསོད་ནམས་རྒྱལ་མཚན་དུ་གསོལ། ཕྱིས་ཉང་སྟོད་ཀོ་བྲག་གི་དགོན་པ་བཏབ་པས་ས་སྐམ་པོར་ཆུ་མིག་རྡོལ། ཀོ་བྲག་པ་ཞེས་གྲགས། སྒྲུབ་པ་པོ་དང་མཁས་གྲུབ་ཆེ་དགུ་ཐམས་ཅད་ཀྱིས་ཞབས་ལ་གཏུགས། ཆོས་ལའང་འདི་མི་མཁྱེན་བྱ་བ་མེད། འགྲོ་དོན་རྒྱ་ཆེར་མཛད་ནས་དགུང་ལོ་བརྒྱད་ཅུ་པ་ལྕགས་མོ་བྱའི་ལོ་ལ་ཞི་བར་གཤེགས། སློབ་མ་ཡང་དཔལ་ཡང་དགོན་པ། དེའི་གཅེན་པོ་རིན་ཆེན་རྒྱལ་མཚན་པ། རིན་པོ་ཆེ་ལྷ་པ། རིན་པོ་ཆེ་རྒྱལ་པོ། མཆིམས་ནམ་མཁའ་གྲགས་ལ་སོགས་པ་བསྟན་པའི་བདག་པོ་མང་པོ་དང་། དཔྱལ་ལོ། ཁྲོ་ཕུ་ལོ་ཙཱ་བ། ཆག་ལོ། ནམ་མཁའ་དཔལ་ལོ། རས་པ་ལོ་ཙཱ་བ། གཉལ་ལོ་ལ་སོགས་པའི་ལོ་ཙཱ་བ་མང་པོ་དང་། དགེ་བཤེས་གཙང་པ། དགེ་བཤེས་ཉི་མ། མངའ་རིས་དགྲ་བཅོམ། མཁས་བཙུན་བྱང་ཆུབ་ལ་སོགས་པའི་མཁས་པ་མང་པོ་དང་། མྱང་འཚལ་པ། ལྷ་རྗེ་སྐྱོབ་པ་བ་སོ་ཟུར། གཉིས་སྟོན་ཞིག་པོ། ཤམ་འབུམ། ཆུ་མིག་པ། དར་སེང་ལ་སོགས་པའི་དགོན་སྡེའི་བདག་པོ་སོགས་སློབ་མ་བསམ་ཡས་པར་བྱུང་བར་གྲགས་སོ། །
ཤངས་པ་བཀའ་བརྒྱུད།
ནི་གུ་མ་ལས་བྱུང་བའི་ཆོས་དྲུག་གི་རིམ་པ་དང་བརྒྱུད་པ་བཞི་པ་རྨོག་ལྕོག་པ་སོགས།
༈ ན་རོ་པའི་ལྕམ་མོ་ནི་གུ་མ་ལས་བྱུང་བའི་ཆོས་དྲུག་གི་རིམ་པ་ནི། ལུགས་དེའི་ལེན་པ་པོ་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཏེ། དེ་གདུང་རུས་ཁྱུང་པོ། ཡབ་སྟག་སྐྱེས་དང་ཡུམ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་སྙེེ་མོ་ར་མངས་སུ་འཁྲུངས། བཙས་མ་ཐག་ཏུ་རྒྱ་གར་གྱི་གྲུབ་ཐོབ་ཨ་མོ་གྷ་བྱོན་ནས་ལུང་ལེགས་པར་བསྟན། བླ་མ་འབྱུང་གནས་སེང་གེ་ལ་རྫོགས་ཆེན་སེམས་སྡེའི་སྐོར་ཞུས་ནས་བཤད་པས་སློབ་མ་བདུན་བརྒྱ་ཙམ་བྱུང་། རྒྱ་གར་དུ་ལན་གཉིས་ཙམ་བྱོན་ནས་རྡོ་རྗེ་གདན་པ་དང་མེ་ཏྲི་པ་ལ་སོགས་ལ་ཆོས་མང་དུ་གསན། དེར་རྡོ་
རྗེ་འཆང་དངོས་ལ་ཐུག་པ་སུ་ཡོད་དྲིས་པས། ན་རོ་པའི་ལྕམ་མོ་ནི་གུ་མ་ཞེས་བྱ་བ་ཡོད་དེ། དེ་དག་པའི་ས་ན་སྐུ་འཇའ་ལུས་སུ་གྱུར་པས་སུ་རུང་རུང་གིས་མི་མཐོང་། སོ་ས་གླིང་གི་དུར་ཁྲོད་དུ་མཁའ་འགྲོ་མའི་ཚོགས་དཔོན་ལ་འབྱོན་པས་ལས་དག་ན་དེར་མཐོང་སྲིད་ཟེར། དེར་ཕྱིན་ཏེ་ན་མོ་བུདྡྷ་ཡའི་གསོལ་བ་བཏབ་པས། ཏཱ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་སྐུ་མདོག་སྨུག་ནག་རུས་པས་བརྒྱན་པ་ཕྱག་ན་ཁ་ཊཾ་དང་ཐོད་པ་བསྣམས་པ་གར་བསྒྱུར་བ་ཞིག་མཐོང་ནས། ནི་གུ་མ་ཡིན་པར་ངེས་ནས་ཕྱག་དང་བསྐོར་བ་བྱས། ཡང་དག་པའི་གདམས་པ་ཞུ་འཚལ་ཞུས་པས། ང་ནི་ཤ་ཟ་ཌཀྐི་ཡིན་གསུངས། ཡང་བཏུད་དེ་ཞུས་པས། གསང་སྔགས་ཀྱི་གདམས་པ་དགོས་ན་གསེར་དགོས་གསུང་། གསེར་སྲང་བརྒྱ་ཡོད་པ་དེ་ཕུལ་བས་ཕྱག་ཏུ་བཞེས་ནས་ནགས་སུ་གཏོར་སོང་བས། ཤ་ཟ་མཁའ་འགྲོ་མ་རང་ཡིན་ནམ་ཐེ་ཚོམ་དུ་གྱུར་པ་ན། སྤྱན་ནམ་མཁའ་ལ་གཟིགས་པས་མཁའ་འགྲོའི་ཚོགས་མང་པོ་འདུས་ནས་དཀྱིལ་འཁོར་སྤྲུལ། དེར་སྒྱུ་ལུས་རྨི་ལམ་གྱི་དབང་བསྐུར་ནས། མཁའ་འགྲོ་མས་དཔག་ཚད་གསུམ་དུ་ཁྱེར་ནས་གསེར་གྱི་རིའི་ཁར་བཞགདེར་རྨི་ལམ་དུ་རྡོ་རྗེ་བཙུན་མོས་ཆོས་དྲུག་ཚར་གཅིགདངོས་སུ་ཚར་གསུམ་རྡོ་རྗེ་ཚིག་རྐང་སྒྱུ་མ་ལམ་རིམ་གནང་། གཞན་ཡང་རྒྱུད་དང་སྒྲུབ་ཐབས་ཤིན་ཏུ་མང་པོ་གསུངས་ནས། ཆོས་དྲུག་གི་གདམས་པ་འདི་རྣམས་ཤེས་པ་ང་དང་ལྭ་བ་པ་མ་གཏོགས་མེད། བརྒྱུད་པ་བདུན་གྱི་བར་དུ་ཆིག་བརྒྱུད་གྱིས། དེ་རྣམས་ངས་བྱིན་གྱིས་རློབ་ཅིང་ལུང་ཡང་སྟོན་པ་ཡིན་གསུངས། དེ་ནས་སླར་བོད་དུ་བྱོན་པའི་མངའ་རིས་སུ་ཇོ་བོ་དང་མཇལ། གསང་འདུས་ལ་སོགས་ཆོས་མང་དུ་གསན་གླང་རི་ཐང་པ་ལ་བསྙེན་རྫོགས་ཞུས། འཕན་ཡུལ་འཇོག་པོར་འཆད་ཉན་དགོན་བཏབ། འཇོག་པོ་ནས་གདན་འདྲེན་བྱུང་བས་ཤངས་སུ་བྱོན་ལོ་གསུམ་གྱི་ནང་དུ་ཞོང་ཞོང་ལ་སོགས་དགོན་གནས་བརྒྱ་རྩ་བརྒྱད་བཏབ། འདིས་དགུང་ལོ་བརྒྱ་དང་ལྔ་བཅུ་བཞུགས་པར་གྲགས། སློབ་མའི་གཙོ་བོ་ནི། རྨེའུ་སྟོན་པ། གཡོར་པོ་རྒྱ་མོ་ཆེ། རྡུལ་སྟོན་རིན་དབང་། ལ་སྟོད་དཀོན་མཆོག་མཁར། རྨོག་ལྕོག་པ། ཞང་སྒོམ་ཆོས་སེང་རྣམས་ཡིན།
༈ བརྒྱུད་པ་བཞི་པ་རྨོག་ལྕོག་པ་ནི། ལྷ་བུ་སྤང་རྩར་འཁྲུངས། ལོ་བཅུ་བདུན་ལ་ཞོང་ཞོང་དུ་ཆོས་སྒོར་ཞུགས། བླ་མ་ཤངས་པས་སྨིན་པར་མཛད། བརྒྱུད་འཛིན་ལྔ་པ་རྨོག་ལྕོག་པའི་གསུང་གི་སྲས་གྲུབ་ཐོབ་སྐྱེར་སྒང་པ་དྷརྨ་སེང་གེ་ཡིན། བརྒྱུད་པ་དྲུག་པ་སངས་རྒྱས་གཉག་སྟོན་ཆོས་ཀྱི་ཤེས་རབ་ཅེས་བྱ་བ་སྐྱེར་སྒང་པའི་ཐུགས་ཀྱི་སྲས་སུ་འཁྲུངས་པ་དེ་ཡིན། བརྒྱུད་པ་བདུན་པ་སངས་རྒྱས་སྟོན་པ་སངས་རྒྱས་གཉག་སྟོན་གྱི་རྒྱལ་ཚབ་ཏུ་གྱུར་པ་དེ་ཡིན། དེའི་སློབ་མ་མཁས་གྲུབ་ཤངས་སྟོན། དེའི་སློབ་མ་འཇོག་པ་རྒྱལ་མཚན་འབུམ། དེའི་སློབ་མ་གྲུབ་ཐོབ་ཆོས་འབྱུང་རིན་ཆེན་ལ་སོགས་པ་རྣམས་ཀྱིས་ཤངས་པའི་ཆོས་རྣམས་དར་བར་མཛད་པ་ཡིན་ནོ། །
མར་པ་བཀའ་བརྒྱུད།
སྒྲ་སྒྱུར་མར་པ་ལོ་ཙཱ།
༈ སྒྲ་སྒྱུར་མར་པ་ལོ་ཙཱ་ནི། ཡུལ་ལྷོ་ཕུ་ཆུ་ཁྱེར། ཡབ་མར་པ་དབང་ཕྱུགཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་སུ་ཆུ་ཕོ་བྱི་བ་ལ་འཁྲུངས། རྒྱ་གར་དུ་ལན་ལྔ་བྱོན་པའི་དང་པོ་ནཱ་རོ་པའི་དྲུང་དུ་སྒྲོན་གསལ་མ་ཧཱ་ཡཱ་ན་ཀྱེ་རྡོར་སོགས་ཀྱི་དབང་རྒྱུད་སྒྲུབ་ཐབས་རྫོགས་རིམ་དང་བཅས་པ་གསན། དེ་ནས་བོད་དུ་འགྲོ་དོན་བསྐྱངས་སྐབས། ནཱ་རོ་པ་སྤྱོད་པ་ལ་གཤེགས་ཁར་སློབ་མ་རྣམས་ལ་རྟེན་གནས་སོ་སོར་གནང་ནས་མར་པའི་སྐལ་བ་ཡིན་ཟེར་བ་ཞིག་བཞག་ནས་གནང་ཞེས་ཐོས་ཏེ། སླར་ཡང་རྒྱ་གར་ལ་གཤེགས་ཏེ་ནཱ་རོ་པ་བཙལ་བས། ནམ་ཞིག་ན་ནགས་གསེབ་ཅིག་ཏུ་མཇལ། གསེར་རྣམས་ཕུལ་བས་ཐམས་ཅད་གཏོར། ཅུང་ཟད་ཡིད་མ་ཆེས་པ་ན། ཞབས་ཀྱི་མཐེ་བོང་ས་ལ་རེག་ཙམ་མཛད་པས་གསེར་དུ་སོང་། ཞལ་ནས་ཀྱང་ཐམས་ཅད་གསེར་གླིང་ཡིན་ནོ་གསུངས། དེ་ནས་མི་སྣང་བར་གྱུར། དེ་ནས་བོད་དུ་ཕེབས་དགུང་ལོ་བཞི་བཅུ་ལོན་ཚེ། བདག་མེད་མ་ཡང་བཙུན་མོར་བླངས། ཡང་མེ་ཏྲི་པའི་བསྔགས་པ་གསན་པས་རྒྱ་གར་དུ་བྱོན། རྒྱ་གར་ཤར་ཕྱོགས་སུ་མེ་ཏྲི་པ་དང་མཇལ། རྒྱུད་ཀྱི་གསན་པ་མང་པོ་མཛད། ཕྱག་ཆེན་མན་ངག་གི་རྟོགས་པ་མངོན་སུམ་དུ་འཁྲུངས་ཏེ། རྗེ་མངའ་བདག་ཆེན་པོའི་བཀའ་དྲིན་གྱིས། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། །མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད། །ཅེས་མགུར་གསུངས་
ནས་བོད་དུ་ཕེབས། དེ་རྗེས་སུའང་ལན་གཉིས་བྱོན་ནས་པཎྜི་ཏ་རྣམས་དང་གྲུབ་ཐོབ་དུ་མ་ལ་མན་ངག་མང་དུ་མནོས་པར་མཛད་དེ་བོད་དུ་ཕེབས་ནས་ཆོས་ཀྱི་ཕྲིན་ལས་བསྐྱངས་མཐར་དགུང་ལོ་བརྒྱད་ཅུ་རྩ་དྲུག་པ་མེ་མོ་གླང་གི་ལོ་གཤེགས་སོ། །སློབ་མ་ཡང་བསམ་གྱིས་མི་ཁྱབ་པ་བྱུང་བའི་ནང་ནས། རྔོག་ཆོས་སྐུ་རྡོ་རྗེ། འཚུར་དབང་ངེ་། མེས་སྟོན་བསོད་ནམས་རྒྱལ་མཚན། རྗེ་བཙུན་མི་ལ་རས་པ་རྣམས་ལ་ཀ་བ་བཞི་ཟེར། རྔོག་འཚུར་མེས་གསུམ་གྱིས་བཤད་པའི་བཀའ་བཟུང་སྟེ།
རྔོག་ཆོས་རྡོར་དང་འཚུར་དབང་ངེ་མེས་སྟོན་བསོད་ནམས་རྒྱལ་མཚན།
༈ དེ་ལ་རྔོག་ཆོས་རྡོར་མེ་ཕོ་ཁྱི་ལ་འཁྲུངས་ནས་ཆུ་ཕོ་རྟའི་བར་ཆོས་ཀྱི་འཕྲིན་ལས་བསྐྱངས་ནས་དགུང་ལོ་དྲུག་ཅུ་རྩ་བདུན་ལ་གཤེགས། ༈ འཚུར་དབང་ངེ་ནི། དོལ་མདའ་ན་འཚེར་དང་འཚུར་ཞེས་པའི་རིགས་གཉིས་ལས་འཚུར་གྱི་རིགས་སུ་འཁྲུངས། མཚན་འཚུར་དབང་གི་རྡོ་རྗེ་ཞེས་གྲགས། ཕྱིས་དོལ་མདར་མར་པ་སྤྱན་དྲངས་ནས་རྗེ་མར་པར་ཡེ་ཤེས་ཞབས་ལུགས་ཀྱི་ཛ་ཡན་དང་། ཐ་ག་ན་དང་། སྙིམ་པའི་མེ་ཏོག་དང་བཅས་པའི་བཤད་སྲོལ་གསུམ་ཡོད་པ་དེ་རྣམས་རྒྱུད་དོན་མན་ངག་ཏུ་བསྒྲིལ་ནས་སྣང་བས་ཆོས་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་སོ། ༈ །མེས་སྟོན་བསོད་ནམས་རྒྱལ་མཚན་ནི། ཞི་བ་ལྷའི་རྣམ་སྤྲུལ་ཏེ། སྤྱོད་འཇུག་ལས། དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་རྒྱས་སྲས། །ཆོས་སྙན་སྒྲོག་པས་གང་བ་ཡི། །ཕྱོགས་དེར་བདག་ནི་འབྱུང་བར་ཤོག །ཅེས་འབྲས་ཡུལ་སྐྱེད་མོས་ཚལ་ཏུ་གནས་གཞི་བཏབ་ནས་བསྟན་པ་སྤེལ་བར་སྨོན་ལམ་གྱི་མཐུ་གྲུབ་པ་སྟེ། དེ་ཡང་མར་པའི་དྲུང་དུ་སྒྲུབ་བརྒྱུད་ཀྱི་བསྟན་པའི་ཉམས་ལེན་གཙོ་བོར་བསྟན་ནས་མཁས་ཉན་མཛད་པས་རྗེ་མར་པས་རྫོང་དཀར་སྐྱེད་མོས་ཚལ་གྱི་སའི་དཔྱད་ཀྱི་ཡོན་ཏན་རྣམས་བཤད་ནས་གནས་དེ་འཚོལ་ལ་བཤད་སྒྲུབ་ཀྱི་བསྟན་པ་སྐྱོངས་ཞེས་ལུང་བསྟན་ཀྱང་ཅུང་ཟད་རྟེན་འབྲེལ་མ་འགྲིགས་པས་རིན་སྤུངས་ཀྱི་ཐད་ཀྱི་ས་དེར་ངོས་བཟུང་སྟེ་གནས་གཞི་དེར་བཏབ། བརྟག་གཉིས་ཀྱི་བཤད་པ་གཙོ་བོར་བཟུང་ནས་བཤད་སྒྲུབ་ཀྱི་ཕྲིན་ལས་བསྐྱངས་སྐབས་
ནུབ་ཅིག་མར་པ་བྱོན་ནས་སྔར་ལུང་བསྟན་པའི་གནས་དེ་འདི་མ་ཡིན་སྐྱེ་བ་ཕྱི་མ་འགྲུབ་པའི་སྨོན་ལམ་ཐོབ་གསུངས་པ་ལྟར། སྐྱེ་བ་ཕྱི་མ་སྣར་རྡོ་དཔེར་འཁྲུངས་ནས་རོང་བྱམས་ཆེན་དུ་རབ་ཏུ་བྱུང་། རིགས་སད་པས་སྔོན་གྱི་མཛད་སྤྱོད་དྲན་པས་སྐུ་ཚེ་སྔོན་མར་ལུང་བསྟན་པའི་གནས་བཙལ་བས་འདི་ཡིན་དགོངས། ཁ་རག་བུམ་སྒྲུབ་ཀྱི་དགོན་གནས་བཏབ་ནས་འཆད་ཉན་བསྐྱངས་སྐབས་ནུབ་ཅིག་མར་པ་བྱོན་ནས་འདི་ནས་ཡར་རོང་ཆུང་དུ་སོང་ཞེས་པའི་ལུང་བསྟན་གྱིས་བསྐུལ་བ་ལྟར་རོང་ཆུང་བརྒྱུད་དེ་བྱོན་པས་རྒྱུན་ལྡན་མཚན་བརྗོད་ལ་ཞལ་འདོན་མཛད་པར་སྐྱེད་ཚལ་གྱི་སའི་ཐད་དེར་ཕེབས་སྐབས་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ཞེས་པའི་ཚིག་མཚམས་སུ་ཅུང་ཟད་སྐུ་ངལ་བརྟེན་པ་དེར་བརྟགས་པས་སྔར་བླ་མས་ལུང་བསྟན་པའི་གནས་ཀྱི་མཚན་ཉིད་ཀྱང་ཚང་འདུག་པས་འདི་རང་ཡིན་པར་ངེས་ཤེས་སྐྱེས་ཏེ་འབྲས་ཡུལ་རྫོང་མཁར་སྐྱེད་མོས་ཚལ་གྱི་བཤད་གྲྭ་བཏབ། སྡེ་སྲིད་རིན་སྤུངས་པས་དབུའི་མཆོད་གནས་སུ་བཀུར་ནས་དུས་བཞི་ཁེབས་པའི་ཆོས་གཞིས་ཀྱི་ས་རིས་རྒྱ་ཆེར་སྩལ། ཆོས་ཀྱི་ཕྲིན་ལས་བསྐྱངས་པས་ཀུན་མཁྱེན་སངས་རྒྱས་འཕེལ་ཞེས་སྙན་པའི་གྲགས་པས་ཁྱབ་སྟེ། དང་པོར་ཟབ་གསལ་མཉམ་མེད་ཞི་བ་ལྷ། །བར་དུ་སྒྲུབ་བརྒྱུད་གཙུག་རྒྱན་མེས་སྟོན་འཚུར། །ཐ་མར་སྤངས་རྟོགས་མཐར་ཕྱིན་སངས་རྒྱས་འཕེལ། །ཞེས་བཤད། སློབ་མ་ཡང་གདན་སའི་བཀའ་བབས་པ་འཇམ་དབྱངས་ཀུན་དགའ་ཆོས་བཟང་། ཀུན་མཁྱེན་གོ་བོ་རབ་འབྱམས། བྱ་རྒོད་གཤོངས་ཀྱི་གནས་གཞི་འདེབས་པ་པོ་འབུམ་ཕྲག་གསུམ་པ་སོགས་མཐའ་ཡས་བྱུང་ངོ་། །
རྗེ་བཙུན་མི་ལ་རས་པ།
༈ རྗེ་བཙུན་མི་ལ་རས་པས་ནི་སྒྲུབ་བརྒྱུད་ཀྱི་བསྟན་པའི་བཀའ་གཙོ་བོར་བཟུང་བ་སྟེ། དེ་ནི་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་། ཡུམ་མྱང་བཟའ་དཀར་རྒྱན་གཉིས་ཀྱི་སྲས་སུ་ལྕགས་ཕོ་འབྲུག་གི་ལོ་ལ་སྐུ་བལྟམས། མཚན་ཐོས་པ་དགའ་ཞེས་བཏགས། དང་པོ་ལྷ་རྗེ་གནུབས་ཆུང་ལ་དྲག་སྔགས་གཟའ་གདོང་དམར་ནག་དང་སྒྱུ་འཕྲུལ་སོགས་གསན། ལོ་སུམ་ཅུ་རྩ་བརྒྱད་ལོན་པ་ན་རྗེ་མར་པའི་དྲུང་དུ་བྱོན་གདམས་པ་གནང་དགོས་པའི་ཞུ་བ་
ཕུལ་བས། ལོ་དྲུག་ཏུ་ཕྲུ་རློག་པ་དང་མཁར་ལས་མང་པོ་དང་རྡོ་བསྐྱལ་བ་སོགས་སྒལ་པ་རྣག་ཁྲག་ཏུ་སོང་སོང་འབུངས། དེ་ནས་སྙན་བརྒྱུད་ཀྱི་གདམས་ངག་རྫོགས་པར་གནང་ཁྱོན་ལོ་བཞི་བཅུ་རྩ་བཞིའི་བར་དུ་བཞུགས། ཞེ་ལྔ་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་ལོ་བཞི་བཅུའི་བར་མཉམ་བཞག་མཛད་པས་ཉམས་རྟོགས་མཐར་ཕྱིན་ནས་དགུང་ལོ་བརྒྱད་བཅུ་རྩ་བཞི་ལ་ཞི་བའི་དབྱིངས་སུ་གཤེགས་སོ། །རྗེ་བཙུན་དེ་ལ་བུ་སློབ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་མཆོག་གསུམ་སྟེ། མིའི་འགྲོ་བ་འདུལ་བའི་མཆོག་རྗེ་སྒམ་པོ་པ། མི་མ་ཡིན་འདུལ་བའི་མཆོག་བཀྲ་ཤིས་ཚེ་རིང་མ། ཌཱ་ཀི་མ་རྣམས་འདུལ་བའི་མཆོག་སྔགས་སྐྱེས་ལྷན་ཅིག་སྐྱེས་པའི་སྒྲོལ་མ་རྣམས་སོ། །
༈ དེ་ལ་རྗེ་སྒམ་པོ་པ་ནི། སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཁྱིམ་བདག་ཕྱུག་ཅིང་རིགས་མཐོ་༼བའི་༽སྲས་སུ་ཟླ་འོད་གཞོན་ནུར་གྱུར་པའི་ཚེ། བྱ་རྒོད་ཕུང་རིར་བྱོན་ཏེ་ཐུབ་པའི་དབང་པོར་མདོ་ཏིང་འཛིན་རྒྱལ་པོ་ཞུ་བར་གསོལ་བས། ཞལ་གྱིས་བཞེས་པར་རང་གི་ཁྱིམ་དུ་སྟོན་པ་འཁོར་བཅས་སྤྱན་དྲངས་ནས་ལེགས་པར་བསྙེན་བཀུར། སྟོན་པས་ཀྱང་ཁྱོད་ཀྱིས་སྙིགས་མའི་དུས་སུ་མདོ་སྡེ་འདི་ཟུངས་ཤིག་ཅེས་བཀའ་སྩལ། དེ་བཞིན་དུ་བགྱིད་ལགས་སོ་ཞེས་ཞལ་གྱིས་བཞེས་པའི་ཚེ་སྟོན་པས་ཀྱང་ཁྱོད་མདོ་སྡེ་འདི་འཛིན་པའི་ཚེ་ང་ཉིད་ཀྱིས་གྲོགས་བྱེད་དོ་ཞེས་བཀའ་སྩལ་བའི་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་དེ་རྗེ་སྒམ་པོ་དང་། གྲོགས་མཛད་པར་ཞལ་གྱིས་བཞེས་པའི་ཐུབ་པ་ནི་ཕག་མོ་གྲུ་པ་ཡིན་པར་བཤད་དོ། །རྗེ་དེ་ཉིད་ནི་ཡུལ་བུང་རྙིར། ཡབ་རྙི་བ་རྒྱལ་པོ་དང་ཡུམ་ཤོ་མོ་བཟའ་གཉིས་ཀྱི་སྲས་སུ་ས་མོ་ལུག་གི་ལོ་ལ་སྐུ་བལྟམས། གཞོན་ནུའི་དུས་སྨན་བསླབས་ཤིང་། ཉི་ཤུ་རྩ་དྲུག་པ་ལ་དགེ་བཤེས་ཤན་པ་གླིང་པ་ལ་ཆིག་རྫོགས་མཛད། དེ་ནས་རྗེ་བཙུན་མི་ལའི་སྙན་པ་གསན་པས་དེ་རྩད་བཅད་པས་སྙེ་ནམ་གྱི་རི་ལ་བཞུགས་པ་ཐོས། དེར་བྱོན་པས་མདུན་དུ་ཆང་ཀ་པཱ་ལ་གང་འདུག་པ་གནང་བྱུང་བས། དགེ་སློང་ཡིན་པས་བཏུང་དུ་མི་རུང་སྙམ་བྱུང་བ་ན། བླ་མས་མཁྱེན་ཏེ། ནན་གྱིས་བཀའ་སྩལ་བྱུང་བས། ལྷག་མ་མ་
ལུས་པར་གསོལ་བས། ཁྱོད་ཀྱི་མིང་ཅི་ཡིན་གསུང་བསོད་ནམས་རིན་ཆེན་བྱ་བ་ལགས་ཞུས་པས། བསོད་ནམས་བསོད་ནམས་བྱ་བ་ལན་གསུམ་གསུངས་ནས། བསོད་ནམས་ཚོགས་གཉིས་བསགས་ལས་བྱུང་། །སེམས་ཅན་ཀུན་གྱི་རིན་པོ་ཆེ། །ཞེས་པའི་མགུར་ཡང་གསུངས། དེ་ནས་གདམས་པ་ཟབ་མོ་ཞིག་ཞུ་ཞུས་པས། ཁྱོད་ཀྱིས་དབང་ཐོབ་བམ་གསུངས། མར་ཡུལ་བློ་ལྡན་ལ་རིན་ཆེན་རྒྱན་དྲུག་དང་བདེ་མཆོག་ལ་སོགས་པའི་དབང་མང་པོ་ཐོབ། དབུ་རུ་བྱང་ཕྱོགས་སུ་བཀའ་གདམས་ཀྱི་གདམས་པ་ཡང་མང་དུ་ཉན། ཞག་བཅུ་གསུམ་དུ་མི་འཆོར་བའི་ཏིང་ངེ་འཛིན་ཞིག་ཀྱང་ཡོད་ཞུས་པས། ཧ་ཧ་ཞེས་བཞད་མོ་ཆེན་པོ་ཞིག་མཛད། དེ་འདྲ་བའི་ཏིང་ངེ་འཛིན་ལས་གཟུགས་དང་གཟུགས་མེད་པའི་ལྷ་ལ་བསྐལ་པའི་བར་དུ་མི་འཆོར་བའི་ཏིང་ངེ་འཛིན་ཡོད་དེ་འཚང་རྒྱ་བ་ལ་མི་ཕན། བྱེ་མ་བཙིར་བས་མར་ཁུ་མི་ཡོང་བ་འདྲ། བཀའ་གདམས་པ་ལ་གདམས་ངག་ཡོད་དེ་མན་ངག་མེད། བོད་ཀྱི་སྙིང་ལ་འདྲེ་ཞུགས་པས། ཇོ་བོ་རྗེ་གསང་སྔགས་འཆད་ཏུ་མ་བཅུགདེ་བཅུག་ན་ད་ལྟ་བོད་གྲུབ་ཐོབ་ཀྱིས་གང་བ་འོང་བ་ཡིན། བཀའ་གདམས་པ་ལ་བསྐྱེད་རིམ་ལྷ་ཕོ་རིང་པོ་རེ་དང་རྫོགས་རིམ་སྣོད་བཅུད་འོད་གསལ་དུ་སྡུད་པ་རེ་ལས་མེད། ད་ཁྱོད་ངའི་གཏུམ་མོ་ཨ་ཐུང་སྒོམས་དང་གསུངས་གདམས་པ་རྣམས་གནང་སྟེ། བསྒོམས་པས་རྟགས་མཐའ་ཡས་པ་རིམ་པར་བྱུང་བ་བླ་མ་ལ་ཞུས་པས། ཐམས་ཅད་ལ་ལུས་ཀྱི་གནས་འདིར་རླུང་དང་ཁམས་ཟིན་པའི་རྟགས་ཡིན། སྐྱོན་ཡང་མིན་ཡོན་ཏན་ཡང་མ་ཡིན་ད་དུང་སྒོམས་ཤིག་སུངས། དེ་ལྟར་ཞབས་དྲུང་དུ་ཟླ་བ་བཅུ་གསུམ་བར་བསྡད་དེ་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། ད་དབུས་པ་སྟོན་པ་རང་དབུས་སུ་བཞུད་གསུངས། ཁྱོད་དུག་གསུམ་རྒྱས་པའི་མི་དང་མ་འགྲོགས་ཞེས་སོགས་བསླབ་བྱ་མང་པོ་གནང་། ད་དུང་རི་ཁྲོད་འགྲིམས་ལ་ལོ་གསུམ་ན་ཁྱོད་ལ་དགེ་སྦྱོར་གཤའ་མ་ཞིག་སྐྱེའོ་གསུངས། དེ་ནས་དབུས་སུ་བྱོན། འོ་དེ་གུང་རྒྱལ་གྱི་གངས་ལ་བཞུགས་པས་བླ་མ་རྗེ་བཙུན་ཆོས་ཀྱི་སྐུར་གཟིགས། དེ་ནས་སྒམ་པོར་བྱོན་ནས་ཆོས་ཀྱི་ཕྲིན་ལས་བསྐྱངས་ཏེ། རྗེ་བཙུན་གྱི་ཐབས་ལམ་དང་ཕྱག་ཆེན་ལོགས་སུ་མི་མཛད་པར། སྔགས་ཀྱི་
སྣོད་དུ་རུང་བ་རྣམས་ལ་ཐབས་ལམ་གྱི་གདམས་པ་བསྟན། དབང་བསྐུར་མེད་ཀྱང་ཕ་རོལ་ཏུ་ཕྱིན་པའི་སྣོད་དུ་རུང་བ་རྣམས་ལ་ཕྱག་ཆེན་གྱི་གདམས་པ་བཏབ་སྟེ་ལྷན་ཅིག་སྐྱེས་སྦྱོར་ཞེས་བྱ་བའི་ཁྲིད་རིམ་ཡང་མཛད། དེ་ལ་དྭགས་པོའི་རྟོགས་ཆོས་ཀྱང་ཟེར། བཀའ་གདམས་ཀྱི་བསྟན་པའི་རིམ་པའི་བསྟན་བཅོས་ཀྱང་མཛད་གདམས་པ་མང་དུ་བསྟན་པས། འདི་ནས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་གྱུར་ཏེ། སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ། མཐར་དགུང་ལོ་བདུན་ཅུ་རྩ་ལྔ་ཆུ་མོ་བྱི་བའི་ལོ་ལ་གཤེགས་སོ། །གསུང་ལས་སྐྱེས་པའི་བུ་ཆེན་མཐའ་ཡས་ཀྱང་གཙོ་ཆེ་བ་ཤོ་རམ་འཕགས་པ། ཟིམ་ཤིང་ཡེ་ཤེས་སྙིང་པོ། གསེར་སྒོམ་ཡེ་ཤེས་སྙིང་པོ། རཾ་ཉི་བ་ཆོས་ཀྱི་གཡུང་དྲུང་སྟེ་གྲུབ་ཐོབ་ཀྱི་བུ་བཞི། དྭགས་པོ་སྒོམ་ཚུལ། ཕག་མོ་གྲུ་པ། འབའ་རོམ་པ། དུས་གསུམ་མཁྱེན་པ་སྟེ་བརྒྱུད་འཛིན་གྱི་བུ་བཞི། དྭགས་པོ་འདུལ་འཛིན་ལ་སོགས་པ་བརྒྱད་དེ་བུ་ཆེན་བཅུ་དྲུག་ཏུ་གྲགས་སོ། །
རྗེ་དུས་གསུམ་མཁྱེན་པ།
༈ དེ་ལ་དུས་གསུམ་མཁྱེན་པ་ནི། བསྐལ་བཟང་གི་སངས་རྒྱས་བྱམས་པའི་རྗེས་སུ་དེ་བཞིན་གཤེགས་པ་སེང་གེ་ཞེས་བྱ་བར་ལུང་བསྟན་པ་དེ་ཡིན་ཅིང་། ཞིང་འདིར་ནི་སྔོན་དཔལ་མགོན་ཀླུ་སྒྲུབ་ཀྱི་སློབ་མ་པྲཛྙཱ་ཨ་ལངྐཱ་ཞེས་བྱ་བ་དང་། སློབ་དཔོན་པདྨའི་སློབ་མ་རྒྱལ་བ་མཆོག་དབྱངས་ལ་སོགས་དང་། ཕྱིས་དགེ་བའི་བཤེས་གཉེན་པོ་ཏོ་བ་རིན་ཆེན་གསལ་རྣམས་སུ་སྐྱེ་བ་བཟུང་ནས། དེ་རྗེས་མདོ་ཁམས་ཡུལ་གྱི་ཏེ་ཤོས་གངས་ཀྱི་ར་བར། ཡབ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་སྒོམ་པ་རྡོ་རྗེ་མགོན་དང་། ཡུམ་རྣལ་འབྱོར་མ་ལྷ་ཐོག་བཟའ་གཉིས་ཀྱི་སྲས་སུ་ལྕགས་ཕོ་སྟག་ལ་སྐུ་བལྟམས། ཡབ་ལས་རྒྱལ་པོའི་སྲོག་སྙིང་ཞུས་ནས་སྒྲུབ་པས་གྲུབ་པ་བརྙེས། མཁན་པོ་མལ་འདུལ་འཛིན་ལས་བསྙེན་པར་རྫོགས། འདུལ་བ་ལ་མཁས་པར་མཛད། དེ་ནས་ཆོས་རྗེ་སྒམ་པོ་པའི་དྲུང་དུ་བྱོན་ནས་དབང་དང་གདམས་པ་མཐའ་ཡས་པ་གསན། ཐབས་ལམ་གྱི་གདམས་ངག་གནང་ནས་བསྒོམས་པས་ཞག་དགུ་ན་བཙན་ཐབས་སུ་བདེ་དྲོད་འབར་ཏེ་རྟོགས་པ་འཁྲུངས། མཚུར་ཕུ་དགོན་སྡེ་བཏབ། དེ་ནས་ཕྱོགས་ངེས་མེད་དུ་ཕེབས་ཏེ་འགྲོ་དོན་ཕྲིན་ལས་རྒྱ་ཆེར་བསྐྱངས་ནས་
མཐར་སྐུ་འདའ་ཁར་ཉེ་འཁོར་བགྲེས་པ་རྣམས་ལ་དངོས་པོ་མང་དུ་ཡོད་པ་རྣམས་ཀྱིས་དཀོན་མཆོག་གི་རྟེན་དང་དགེ་འདུན་ལ་བསྙེན་བཀུར་གྱིས་གསུངས་ནས་ཆུ་མོ་གླང་གི་ལོ་དགུང་ལོ་བརྒྱད་ཅུ་རྩ་བཞི་ལ་དཔའ་བོ་མཁའ་འགྲོའི་བསུ་བས་དག་པའི་ཞིང་དུ་གཤེགས་སོ། །
སངས་རྒྱས་རས་ཆེན་དང་ཆོས་རྗེ་སྤོམ་བྲག་པ་རིན་པོ་ཆེ་ཀརྨ་པཀྵི།
༈ སློབ་མ་མཐའ་ཡས་པའི་ནང་ནས་སངས་རྒྱས་རས་ཆེན་ནི། ཡུལ་ཡར་ཀླུང་དུ་ཡབ་གཙང་པ་དཔལ་གྲགས་དང་། ཡུམ་བཙུན་ཆུང་མ་བྱ་བའི་སྲས་སུ་འཁྲུངས། བྱིས་པའི་དུས་ནས་གར་བྱོན་དུ་འཇའ་གུར་འོང་བ་དང་། མཁའ་འགྲོ་མ་གསེར་གྱི་རྒྱན་ཅན་བཞི་ཕྱི་བཞིན་དུ་འབྲང་བ་ཡོད་པར་གྲགས། དུས་གསུམ་མཁྱེན་པ་སོགས་བཤེས་གཉེན་དུ་མ་ལ་གསན་པ་མང་དུ་མཛད། འགྲོ་དོན་ཕུན་སུམ་ཚོགས་པའི་མཐར་དགུང་ལོ་བདུན་ཅུ་པ་དབྱར་ཟླ་ར་བའི་ཉེར་ལྔ་ལ་དག་ཞིང་དུ་གཤེགས་སོ། ༈ །དེའི་སློབ་མ་ཆོས་རྗེ་སྤོམ་བྲག་པ་ཡིན་ཏེ། དེ་ནི་སྐྱེ་བ་སྔ་མ་བྱ་རྒོད་ཕུང་རི་དང་རྡོ་རྗེ་གདན་གྱི་བར་དུ་ས་ཐོབ་པའི་བྱང་སེམས་ཡེ་ཤེས་བློ་གྲོས་ཞེས་བྱ་བར་སྐྱེ་བ་བཞེས་པར་བཤད། དེ་ནས་འདར་འབྲི་རྒྱལ་དམ་པ་ཆོས་ཕྱུག་ཅེས་བྱ་བར་འཁྲུངས། ལོ་བཅུ་བཞི་ལ་སངས་རྒྱས་རས་ཆེན་དང་མཇལ་བས་ཕྱག་ན་རྡོ་རྗེ་དངོས་ཡིན་པའི་སྣང་བ་ཤར། ས་གཞན་དུ་འགྲོ་འདོད་པ་ལ་དུས་གསུམ་མཁྱེན་པ་དངོས་སུ་བྱོན་ནས་ཁྱོད་ཀྱི་བུ་སློབ་དང་ཡང་སློབ་ཀྱི་བར་དུ་ཡང་འཕྲིན་ལས་རྒྱ་ཆེན་པོ་འོང་བ་ཡིན། གར་ཡང་མ་འགྲོ་ས་འདི་ཉིད་དུ་སྒོམས་དང་རང་གཞན་གཉིས་ཀའི་དོན་འགྲུབ་ཅེས་ལུང་བསྟན་པ་ལྟར། སྤེལ་སྒོ་དགོན་པར་ཕྱག་ཕེབས་ནས་ལོ་བཅུ་དྲུག་སྒྲུབ་པ་མཛད་པས་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར། སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་བོ། ༈ །དེའི་སློབ་མ་རིན་པོ་ཆེ་ཀརྨ་པཀྵི་ཡིན། སངས་རྒྱས་ཀྱི་གསུང་རབ་རྣམས་ཐོས་པ་ཙམ་གྱིས་ཐུགས་སུ་ཆུད། སྙན་པའི་གྲགས་པ་ཤིན་ཏུ་ཆེ་བའི་ཚེ་ཧོར་རྒྱལ་པོས་གསེར་ཡིག་པ་བཏང་སྟེ་གདན་དྲངས། རྒྱལ་པོ་འཁོར་བཅས་བྱང་ཆུབ་ལ་བཙུད། མི་ཉག་གི་ཡུལ་དུ་
གཙུག་ལག་ཁང་ཆེན་པོ་བརྩིགས། མཐར་དགུང་ལོ་བརྒྱད་ཅུ་པ་ཆུ་མོ་ལུག་གི་ལོ་ལ་གཤེགས་སོ། །དེའི་སློབ་མ་གྲུབ་ཐོབ་ཨོ་རྒྱན་པ་ཡིན།
ཆོས་རྗེ་རང་བྱུང་པ་དང་རྗེ་རོལ་པའི་རྡོ་རྗེ།
༈ དེའི་སློབ་མ་ཆོས་རྗེ་རང་བྱུང་པ་ཡིན། ཀརྨ་པཀྵིས་སྟོད་ལུང་འཕར་ཚང་དུ་གྲོང་འཇུག་མཛད་པས་ཤི་ནས་ལོག་པ་མི་རུང་སྙམ། ཕ་མས་སྤྱན་ལ་ཁབ་ཀྱིས་བཙབས་པས་དེར་རྟེན་འབྲེལ་མ་འགྲིགས་ནས་ཙའི་ཕུ་གངས་ཞུལ་མོའི་འགྲམ་དུ་ཆོས་རྗེ་སྲིད་པ་བར་མའི་གཟུགས་ཀྱིས་བྱོན་ནས་དེར་ཤིང་ཕོ་སྤྲེའུའི་ལོ་ཡར་ངོའི་ཚེས་བརྒྱད་ལ་སྐུ་བལྟམས། དེ་ནས་ལོ་ལྔ་ལོན་པ་ན་གྲུབ་ཆེན་ཨོ་རྒྱན་པའི་གསུང་གིས་སང་ངའི་བླ་མ་འབྱོན་པ་ཡོད་གསུངས་ནས་སྟན་མཐོན་པོ་བཤམས། དེར་གྲུབ་ཆེན་པའི་དྲུང་དུ་བྱོན་པ་ན་སྟན་མཐོན་པོ་དེ་ལ་ཐོགས་པ་མེད་པར་འཛེགས་ཏེ་བཞུགས་པར། གྲུབ་ཆེན་པའི་གསུང་གིས་བྱིས་པ་ཁྱོད་ངའི་བླ་མའི་གདན་ལ་སྡོད་པ་ཅི་ཡིན་གསུངས་པས། བླ་མ་ང་ཡིན་ཏེ། ད་ཁྱོད་ལ་རེ་དགོས་པར་འདུག་བྱས་ནས་ཞོལ་གྱིས་བབས། དེ་ནས་ཨོ་རྒྱན་པས་སེམས་བསྐྱེད་དང་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་དབང་དང་མ་ཕུར་གྱི་དབང་རྣམས་གནང་། དེ་ནས་དགུང་ལོ་བཅོ་བརྒྱད་པ་ལ་མཁན་པོ་གཞོན་ནུ་བྱང་ཆུབ་དང་། སློབ་དཔོན་དགེ་འདུན་པ་རིན་ཆེན་སྒང་ལས་བསྙེན་པར་རྫོགས། བདེ་ཆེན་སྟེང་དང་ལྷུན་གྲུབ་སྟེང་གི་རི་ཁྲོད་བཏབ། དེ་ནས་ཧོར་རྒྱལ་པོའི་སྤྱན་འདྲེན་པ་བྱུང་ནས་ཐེགས། འགྲོ་དོན་དཔག་མེད་མཛད་ནས་བོད་ལ་ཕེབས་ཁར་ཁྱི་ལོ་རི་བོ་རྩེ་ལྔར་ཐེགས། དེ་ནས་བོད་ལ་ཕེབས་ནས་བསམ་ཡས་མཆིམས་ཕུར་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བཞུགས་ནས། སླར་ཡང་རྒྱའི་ཡུལ་དུ་ཐེགས་ནས། དེར་སྐུ་ཚེའི་འདུ་བྱེད་བཏང་སྟེ་ཆོས་ཉིད་ཟླ་བའི་དཀྱིལ་འཁོར་གྱི་ནང་དུ་བཞུགས་པར་བསྟན་ནས་རྒྱལ་པོ་འཁོར་བཅས་དད་པའི་ས་ལ་བཀོད་དོ། །དེ་ནི་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ས་མོ་ཡོས་ཀྱི་ལོ་ཡིན་པར་བཤད་དོ། །སློབ་མ་ཡང་གཡུང་སྟོན་རྡོ་རྗེ་དཔལ་ལ་སོགས་པ་མཐའ་ཡས་པ་བྱུང་ངོ་། ༈ །རྗེ་རོལ་པའི་རྡོ་རྗེ་ནི། རང་བྱུང་པའི་སྐུའི་སྐྱེ་བ་དེ་མ་ཐག་པ་ཡུལ་ཀོང་ཡུལ་དུ་འཁྲུངས། འཕྲིན་ལས་རྒྱ་ཆེར་བསྐྱངས་ནས་དགུང་ལོ་བཞི་བཅུ་རྩ་བཞི་ལ་གཤེགས།
དེ་བཞིན་གཤེགས་པ་དང་ཆོས་རྗེ་མཐོང་བ་དོན་ལྡན་དང་སྤྲུལ་པའི་སྐུའི་བརྒྱུད་པ་གཉིས་པའི་རིམ་པ།
༈ དེའི་སྐུའི་སྐྱེ་བ་དེ་བཞིན་གཤེགས་པ་ནི། ཡུལ་ཨེ་མྱང་དུ་ཤིང་ཕོ་བྱི་བའི་ལོར་འཁྲུངས། འཕྲིན་ལས་རྒྱ་ཆེར་སྤེལ་ནས་དགུང་ལོ་སུམ་ཅུ་རྩ་གཉིས་པ་ཤིང་མོ་ལུག་ལ་གཤེགས། ༈ དེ་བཞིན་གཤེགས་པའི་སྐུའི་ཡང་སྲིད་ཆོས་རྗེ་མཐོང་བ་དོན་ལྡན་ནི་ཀརྨ་པཀྵི་སྐུ་བལྟམས་ཡུལ་དང་ཉེ་བའི་ས་ཆ་ངོམ་དུ་མེ་ཕོ་སྤྲེལ་ལོར་འཁྲུངས། འཕྲིན་ལས་རྒྱ་ཆེར་སྤེལ་ནས་དགུང་ལོ་སུམ་ཅུ་རྩ་བརྒྱད་པ་ཆུ་མོ་བྱ་ལ་གཤེགས། དེ་དག་ནི་བརྒྱུད་པ་དང་པོའི་སྐབས་སོ། ༈ །སྤྲུལ་པའི་སྐུའི་བརྒྱུད་པ་གཉིས་པའི་རིམ་པ་བརྗོད་པར་བྱ་སྟེ། རྗེ་བཙུན་ཏེ་ལོ་པའི་སློབ་མ་ཁོལ་པོ་དགའ་ཞེས་བྱ་བ་ལས་སྐུ་ཚེ་འཕོས་ནས། ན་རོ་པའི་སློབ་མ་ཛ་ལནྡྷ་རར་འཁྲུངས་པའི་ཚེ་ནགས་སུ་མེ་ཏོག་འཐུར་བྱོན་པའི་སྐབས་ཤིག་སྤྲིན་གསེབ་ནས་མཁའ་འགྲོའི་ལུང་གིས། བུ་བུ་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། །རྒྱལ་བས་ལུང་བསྟན་བོད་ཅེས་གྲགས་པའི་ཡུལ། །དེར་སོང་ཁྱོད་ཀྱི་འདོད་པ་འགྲུབ་བྱེད་དེ། །བདེ་གཤེགས་ཉིད་སྤྲུལ་ཁྱོད་ཀྱིས་མཐོང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར་བོད་དུ་བྱོན། བཤེས་གཉེན་དུ་མ་དང་མཇལ། ཁྱད་པར་རྗེ་མི་ལ་དང་མཇལ་ནས། རྗེ་བཙུན་མི་ལས། ཁྱོད་ནི་ཁ་བ་ཅན་ལྗོངས་འདིར། །ཡང་ཡང་སྐྱེ་ཞིང་ཆོས་སྤྱོད་དེ། །ཞེས་སོགས་ལུང་བསྟན་ནས་བལ་བོད་ཀྱི་མཚམས་སུ་དཀའ་ཐུབ་ལ་གནས་པ་ལས་སྐུ་ཚེ་འཕོས་ཏེ། དབུར་སྟོད་དུ་ཡབ་དགེ་བསྙེན་འབྱུང་སེང་དང་ཡུམ་སྒྲོལ་མ་འབུམ་གྱི་སྲས་སུ་མེ་ཕོ་བྱི་བ་ལ་འཁྲུངས། ཆེར་གྱུར་པ་ན་སྒམ་པོ་པ་ཁུ་དབོན་གྱི་དྲུང་དུ་བསྙེན་པར་རྫོགས། མཚན་ཚུལ་ཁྲིམས་དཔལ་དུ་གསོལ། ཕྲིན་ལས་རྒྱ་ཆེར་བསྐྱངས་ནས་ཆུ་ཕོ་བྱི་བར་གཤེགས། དེའི་སྐུ་སྐྱེ་དགེ་སློང་ནམ་མཁའ་འོད་དྲུག་ཅུ་རྩ་བདུན་ལ་གཤེགས། དེའི་སྐུའི་སྐྱེ་བ་བཀྲ་ཤིས་གྲགས་པ་བརྒྱད་ཅུ་རྩ་གསུམ་ལ་གཤེགས། དེའི་སྐུའི་སྐྱེ་བ་རྟོགས་ལྡན་གྲགས་པ་སེང་གེདེའི་སྐུའི་སྐྱེ་བ་ཆོས་རྗེ་མཁའ་སྤྱོད་དབང་པོ། དེའི་སྐུའི་སྐྱེ་བ་ཆོས་རྗེ་ཆོས་དཔལ་ཡེ་ཤེས། དེའི་སྐུའི་སྐྱེ་བ་ཆོས་ཀྱི་རྗེ་ཞྭ་དམར་བཞི་པའོ། །
རྗེ་ཕག་མོ་གྲུ་པ།
༈ རྗེ་སྒམ་པོ་པས་དགེ་བཤེས་ཁམས་པ་ཆེན་པོ་ཞེས་བསྔགས་པར་མཛད་པའི་རྗེ་ཕག་མོ་གྲུ་པ་ནི། ཐུབ་པའི་དབང་པོ་རང་ཉིད་ཡིན་པར་སངས་རྒྱས་ཉིད་ཀྱིས་ལུང་བསྟན་ཅིང་། རྒྱ་བོད་ཀུན་ཏུ་གྲུབ་པའི་སྐྱེས་མཆོག་རྣམས་སུ་སྐུའི་སྐྱེ་བ་བཟུང་བ་ནི། ཨོ་རྒྱན་གྱི་ཡུལ་དུ་དྲང་སྲོང་འགྲོ་བ་དབུགས་འབྱིན་ཞེས་བྱ་བས་རྗེས་སུ་བཟུང་བའི་དཔའ་བོ་རྡོ་རྗེ། དེ་ནས་རིམ་གྱིས་དམ་ཚིག་རྡོ་རྗེ། པདྨའི་རྡོ་རྗེ། ལྷན་ཅིག་སྐྱེས་པའི་རྡོ་རྗེ། ཐ་ག་པ་རྡོ་རྗེ་སོགས་སུ་སྐྱེ་བ་བཟུང་ནས་བོད་འདིར་ཡུལ་མདོ་ཁམས་ཀྱི་ལྷོ་བརྒྱུད་འབྲི་ལུང་རྣེ་ཤོད་ཏུ་ལྕགས་ཕོ་སྟག་གི་ལོ་ལ་འཁྲུངས། དགུང་ལོ་དགུ་ལོན་ཚེ་སློབ་དཔོན་ལྷིང་ངེ་འོད་ཟེར་རྒྱལ་མཚན་པ་ལས་རབ་ཏུ་བྱུང་མཚན་རྡོ་རྗེ་རྒྱལ་པོར་གསོལ། བཅུ་དགུ་ལོན་ཚེ་དབུས་སུ་ཕེབས། བཀའ་གདམས་པའི་དགེ་བཤེས་གང་པ་དང་དོན་སྟེང་པ་དང་བྱ་ཡུལ་བ་སོགས་ལ་གསན་པ་རྒྱ་ཆེར་མཛད། ཉི་ཤུ་རྩ་ལྔར་ཟུལ་ཕུར་བྱ་འདུལ་བ་ལས་བསྙེན་པར་རྫོགས། དེ་ནས་ས་སྐྱ་པ་ཆེན་པོ་ལ་ལམ་འབྲས་སོགས་གདམས་པ་མང་དུ་གསན། དེ་རྗེས་རྗེ་སྒམ་པོ་པའི་དྲུང་དུ་བྱོན་པས་བླ་མས་ཆོས་གང་ལ་ཉན་ཞེས་སོགས་ཀྱི་གསུང་གླེང་མང་ཙམ་གསུང་བྱུང་བར། བླ་མ་ས་ཆེན་གྱིས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ངོ་སྤྲད་ལགས་ཞུས་པས། ཟན་ཆང་ཞིག་ཕྱག་ན་འདུག་པ་དེར། ཁྱོད་ཀྱི་དེ་ལས་འདི་མི་དགའ་རེ་ཤི་གསུངས་པས་ཐུགས་སྐྱོག་གིས་སོང་བར། ཁྱོད་རང་ཤར་གྱི་རི་དེའུ་ཕ་གིའི་ཁར་ཁམས་སེང་ལ་བྱོན་ཅིགཁོང་འགའ་ཞིག་གིས་ཆོས་ཟིན་པ་དང་། འོ་སྐོལ་གསུང་གླེང་བྱའོ་གསུངས་པས། དེའུ་ཤར་མའི་ཁར་བྱོན་ནས་མནོ་བསམ་མཛད་པས། སྔར་གྱི་ཆོས་ཐམས་ཅད་ཕྱི་ཤུན་དང་སྦུན་པར་སོང་ནས་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་རྟོགས་པ་བཟང་པོ་འཁྲུངས། ཐུགས་རབ་ཀྱང་ནམ་མཁའ་ལ་མདུང་བསྐོར་བ་ལྟར་སོང་། དེ་ནས་སྤྱན་སྔར་བྱོན་པས་སྒམ་པོ་པས་མཁྱེན་ཏེ། ད་ང་ལ་ཡང་དེ་ལས་ལྷག་པ་བསྟན་རྒྱུ་མེད་འོན་ཀྱང་ང་རང་གི་ལུགས་ཀྱི་ཁྲིད་ཅིག་བྱའོ་གསུངས་ནས་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་གནང་། དེ་ནས་རིང་པོར་མ་ལོངས་པར་སྒམ་པོ་པ་གཤེགས། དེ་ནས་ཐུགས་དགོངས་ལ། ནགས་ཁྲོད་དབེན་པ་སྟེས་དབང་གིས། །
སྤྱོད་ཅིང་རང་དབང་རྟེན་མཛད་གསོལ། །ཞེས་པའི་གསོལ་བ་བཏབ་ནས། གདན་ས་མཐིལ་དུ་ས་ཕོ་སྟག་གི་ལོར་ཕེབས། དེར་རྒྱ་སྒོམ་རྨི་རས་བྱ་བའི་སྤྱིལ་པོར་བཞུགས་ནས་ཁྱོད་ཀྱི་སྤྱིལ་པོ་འདི་སྐྱིད་བྱ་བ་ལན་གསུམ་གསུངས་པས་བཞེད་ན་ཕུལ་བས་ཆོག་ཟེར། ས་དེ་གནས་ཀྱི་སྙིང་པོར་འདུག་པས་འོ་ན། ཁོ་བོའི་ཀོ་གདན་ལོངས་ཤོག་གསུང་སྟེ་དེ་ཉིད་དུ་གནས་བཅས། དེར་འཇག་སྤྱིལ་ལས་མེད་པས། དེ་ནས་སྟག་ལུང་ཐང་པས་བླ་མའི་སྤྱིལ་པོ་གཅིག་བྱེད་པར་ཞུས་པས། ཉིན་གཅིག་ལ་གྲུབ་ན་གྱིས་གསུངས། དེ་ལས་རིང་བ་མི་རུང་གསུང་ནས་ཉིན་གཅིག་ཁོ་ན་ལ་གླང་སྤྱིལ་དེ་གྲུབ་བོ། །དེར་དགེ་འདུན་མང་དུ་འདུས་ནས་གྲྭ་པ་བརྒྱད་བརྒྱ་ལ་གདུགས་ཐོགས་ཀྱི་སློབ་མ་ལྔ་བརྒྱ་བྱུང་བར་གྲགས། དེ་ལྟར་ཆོས་ཀྱི་ཕྲིན་ལས་རྒྱ་ཆེར་མཛད་ནས་ལྕགས་ཕོ་སྟག་གི་ཟླ་བ་བདུན་པའི་ཚེས་ཉེར་ལྔ་ལ་སྤྲུལ་པའི་སྐུ་བསྡུ་བར་མཛད་དོ། །དེའི་སློབ་མ་བུ་ཆེན་དུ་བྱོན་པ་ནི། མོས་གུས་མཐར་ཐུག་སྟག་ལུང་པ། རྟོགས་པའི་མཐར་ཐུག་སྣ་ཕུ་བ། ཤེས་རབ་མཐར་ཐུག་པར་ཕུ་བ། ནུས་པའི་མཐར་ཐུག་མཆན་བུ་རྒྱ་རས་ཏེ་མཐར་ཐུག་གི་བུ་བཞི། སྐལ་ལྡན་ཡེ་ཤེས་སེང་གེརྟོགས་ལྡན་མི་ཉག་སྒོམ་རིན། གྲུབ་ཐོབ་ཉང་རེ་སེ་བོ། ཀུན་ལྡན་གཙང་པ་རས་ཆུང་རྣམས་ལ་གདམས་པའི་བུ་བཞི་ཟེར། ཆོས་རྗེ་འཇིག་རྟེན་མགོན་པོ། འབན་རྟ་ཕུག་པ། ཆོས་རྗེ་ལྡུམ། ཆོས་རྗེ་གཏུམ་རྣམས་ལ་རོ་གཅིག་རྟོགས་པ་ཕྱེད་བཞི། གཤེ་སྒོམ་དཀར་བ་སོགས་ཐུགས་ཀྱི་སྲས་བཞི་དང་། རིན་ཆེན་ཤུག་རྩར་བ་སོགས་ཡི་གེ་མའི་བུ་བཞི་དང་། ཡེ་ཕུག་པ་སོགས་ཉེ་བའི་སྲས་བཞི་སོགས་མཐའ་ཡས་སོ། །འདི་ལ་འབྲི་གུང་སྒོམ་པ་ཤཱཀ་རིན་གྱིས། གདན་ས་དཔལ་གྱི་ཕག་གྲུ་དེ། །ཆུ་མིག་བརྒྱ་རྩའི་མགོ་བོ་ཡིན། །ཞེས་སྨྲས་པ་ལྟར་བོད་ཀྱི་ཡུལ་འདིར་གཙུག་ལག་ཁང་དང་སྡེ་དགོན་ལ་སོགས་པ་གདན་ས་འདི་ལས་མཆེད་པ་མང་བར་བཤད་དོ། །འབྲི་གུང་ལས་མཆེད་པ་བོད་ཁམས་གཉིས་སུ་བགྲང་གིས་མི་ལང་བ་དང་། གླིང་རས་པ་ལས་མཆེད་པ་འབྲུག་སྐོར་རྣམས་ཀྱིས་བྱ་རྒོད་ཀྱི་ཉི་ལམ་བཅུ་གསུམ་གྱིས་ཁྱབ་པར་གྲགས་པ་
དང་། སྟག་ལུང་ཐང་པ་ལས་གྱེས་པའང་དབུས་དང་ཁམས་ཀྱི་ས་ཆར་ཤིན་ཏུ་མང་བ་དང་བཅས་ཕྱོགས་ཐམས་ཅད་ལ་ཁྱབ་པར་གྲགས་སོ། །
འབྲི་གུང་ཆོས་རྗེ།
༈ དེ་རྗེས་ཕག་གྲུའི་གདན་ས་འབྲི་གུང་ཆོས་རྗེས་མཛད་པས་ལོངས་སྤྱོད་ཆུང་ཞིང་གྲྭ་པ་རྣམས་རེ་ཆེ་བར་བྱུང་བས། འགྲོ་མགོན་ལ་གསོལ་བ་བཏབ་པས། འགྲོ་མགོན་བྱོན་ནས་ཟ་འོག་གི་འབོལ་རྙིང་པ་ཞིག་འདུག་པ་དེ་ཁོ་རང་ཚོར་གཏོད། ཁྱོད་རང་དབུ་རུ་བྱང་ཕྱོགས་སུ་སོང་གསུངས་པའི་ལུང་བསྟན་བྱུང་བ་ལྟར། གདན་ས་ལོ་གསུམ་དུ་ཉེ་བ་ཞིག་མཛད་ནས། དགུང་ལོ་སུམ་ཅུ་རྩ་བདུན་པ་ས་ཕག་ལོར་འབྲི་གུང་དུ་ཕེབས། ལོ་དེ་ཉིད་ལ་བཙུན་གསར་བརྒྱ་ཐམ་པ་བྱུང་། ཟབ་མོའི་གདམས་པ་དེ་ཁོ་ན་ཉིད་རྟོགས་པའི་སློབ་མ་མང་པོ་ཨོ་རྒྱན་དང་ཛ་ལནྡྷ་ར་ཚུན་ཆོད་དང་རི་བོ་རྩེ་ལྔ་ཡན་ཆོད་ཀྱི་ལུང་སུལ་དང་དབེན་གནས་ཐམས་ཅད་དུ་ཁྱབ་པར་མཛད། ཁྱད་པར་ལྕགས་ཕོ་བྱི་བའི་ལོ་ལ་འབྲི་གུང་ཐེལ་གྱི་ཆོས་སྡེ་བཏབ། ཕྱིས་དགུང་ལོ་དྲུག་ཅུའི་སྟེང་དུ་ཕེབས་པའི་ཚེ། སིངྒ་ལའི་གླིང་གི་དགྲ་བཅོམ་པ་ཁ་ཆེ་པ་༼མ་ཡིག་ཏུ་མི་གསལ་༽མེ་ཏོག་བཞི་པ་ཞིག་སྒམ་བུར་རྒྱས་བཏབ་ནས་སོ་སོར་མ་འཕྲོད་ཀྱི་བར་མི་རྙིང་བར་བྱིན་གྱིས་བརླབས་ཏེ། གཅིག་འབྲི་ཞེས་བྱ་བའི་སར་སློབ་དཔོན་ཀླུ་སྒྲུབ་བྱང་སེམས་རིན་ཆེན་དཔལ་དུ་སྐྱེ་བ་བླང་ནས་ཡོད་པ་དེ་ལ་ཕུལ། གཅིག་རཏྣ་ཀུ་དེ་ཞེས་བྱ་བའི་གཙུག་ལག་ཁང་ན་བྱང་ཆུབ་སེམས་དཔའ་སྐལ་ལྡན་ཤིང་རྟ་ཡོད་པ་དེ་ལ་ཕུལ། གཅིག་དྭི་བྷཱ་ཥི་ཞིག་ཡོད་པ་དེ་ལ་ཕུལ། གཅིག་དེས་ལྷ་ཆེན་པོ་ཞིག་བཞེངས་འདུག་པ་དེའི་ཐུགས་ཁར་ཞོག་ཅེས་གསུངས་པ་ལྟར། རྗེ་འབྲི་གུང་པ་ནི་ཀླུ་སྒྲུབ་ཡིན་པར་བཤད་དེ། དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་ནི་དགུང་ལོ་བདུན་ཅུ་རྩ་ལྔ་པ་མེ་མོ་གླང་གི་ལོ་ལ་གཤེགས་པའི་ཚུལ་བསྟན། དེ་ཡང་གཤེགས་པར་ཉེ་བ་ན་དྲུང་ན་གནས་པས། ད་ཆོས་རྗེ་རིན་ཆེན་གང་དུ་གཤེགས་ཞུས་པར། ང་གང་དུ་ཡང་མི་འགྲོ། ཁྱེད་རང་སློབ་མ་རྣམས་ཀྱི་ཁམས་རྒྱུད་ལ་སྡོད་པ་ཡིན་གསུངས། སློབ་མ་གྲུབ་པ་བརྙེས་པ་བགྲང་བར་མི་ནུས་ཀྱང་། འགྲོ་དོན་སྐྱོང་ནུས་པ། རྗེ་སྤྱན་སྔ་རིན་པོ་ཆེ། དབོན་རིན་པོ་ཆེ། གཅུང་རིན་པོ་ཆེ། གཉོས་
འགར་ཆོས་གསུམ། དབོན་ཤེར་འབྱུང་། བསོད་ནམས་གླིང་པ། ཏི་ཤྲཱི་རས་པ། ཤྲཱི་ཕུག་པ། བ་ལུ་གོང་པ། ནི་མ་བྱང་ཆུབ། གཡག་རུ་དཔལ་གྲགས། བྱང་ཆུབ་རྡོ་རྗེ་ལ་སོགས་པ་མང་ངོ་། །
སྟག་ལུང་ཐང་པ་དང་གླིང་ཆེན་རས་པ།
༈ ཕག་གྲུའི་སློབ་མ་སྟག་ལུང་ཐང་པ་ནི། གཡང་ཤོད་བོང་ར་སྟེང་དུ་ཆུ་ཕོ་ཁྱི་ལ་འཁྲུངས། བཅོ་བརྒྱད་ལ་རབ་ཏུ་བྱུང་ནས་འགྲོ་མགོན་ལོ་དྲུག་ཏུ་བསྟེན། དེ་ནས་སྔར་པོ་ཏོ་བའི་བཞུགས་གནས་ཀྱི་ས་དེར་ལྕགས་བྱི་ལ་སྟག་ལུང་དགོན་གནས་བཏབ། ལོ་ངོ་སུམ་ཅུ་ཙམ་གྱི་བར་འགྲོ་དོན་མཛད། ཆོས་དང་ཟང་ཟིང་གི་འབྱོར་པ་མངའ་བས་ཕག་གྲུའི་གདན་སར་དཀོན་མཆོག་གི་སྲི་ཞུ་བསྐྲུན་པའི་དགེ་སྟོབས་བླ་ན་མེད་པ་མཛད། ཁམས་ཕྱོགས་སུའང་རི་བོ་ཆེ་ལ་སོགས་པའི་དགོན་སྡེ་རྒྱས་པར་སྤེལ། མཐར་དགུང་ལོ་དྲུག་ཅུ་རྩ་དགུ་ས་རྟའི་ལོ་ལ་ཞི་བར་གཤེགས་སོ། ༈ །ཕག་གྲུའི་སློབ་མ་རྟོགས་པའི་མཐར་ཐུག་སྣ་ཕུ་བ་གླིང་ཆེན་རས་པ་ནི། མྱང་སྟོད་གླང་ཕུ་སྣར། ཡབ་རྒྱལ་པོ་སྐྱབས་དང་ཡུམ་གཟུས་མོ་དར་ཆུང་གི་སྲས་སུ་ས་སྤྲེལ་ལ་འཁྲུངས། དེ་དུས་ཀྱི་མཁས་གྲུབ་དུ་མ་ལ་མདོ་རྒྱུད་དབང་ལུང་མན་ངག་མང་དུ་གསན་པས་ད་ལྟ་འཛམ་གླིང་ན་གདམས་པའི་ཐོབ་རྒྱ་ང་རང་ལས་ཆེ་བ་མེད་སྙམ་མཛད། དེ་ནས་དགུང་ལོ་སུམ་ཅུ་རྩ་བརྒྱད་པ་ཤིང་མོ་བྱ་ལ་འགྲོ་མགོན་ཕག་གྲུའི་ཞབས་སྤྱི་བོས་བླངས་ནས་གདམས་ཁྲིད་ཞུས། ལོ་བདུན་ཟླ་བ་བདུན་ཞག་བདུན་གྱི་བར་མཚམས་ཀྱི་དམ་བཅའ་ཞུས་ནས་བསྒྲགས་ངར་ཕུག་ཏུ་བསྒོམས་པས་ཞག་གསུམ་ན་རྟོགས་པ་ཁྱད་པར་ཅན་འཁྲུངས། བླ་མའི་དྲུང་དུ་རྟོགས་པ་ཕུལ་ཏེ། སྒོམས་ཤིག་གསུངས་ནས་བསྒོམས་ལགས་པས། བསྒོམ་བྱ་དང་སྒོམ་བྱེད་སྟོར་ནས་ཐལ། ཞེས་སོགས་ཀྱི་མགུར་གསུངས་སོ། །དེ་ནས་ཕྱོགས་ཐམས་ཅད་དུ་འགྲོ་དོན་མཛད་ནས། ཕྱིས་སྣ་ཕུར་དགོན་པའི་གཞི་བཟུང་ནས་གཞན་དོན་མང་དུ་བསྐྱངས། དེར་སློབ་མ་རྣམས་ལ་ཁྲིད་ཀྱི་རིམ་པ་དང་ཚོགས་ཆོས་མང་དུ་སྐྱོང་གིན་བཞུགས། སྐབས་ཤིག་དམ་ཚིག་ལྔ་པ་གསུངས་ཤིང་ཡོད་པའི་འཕྲོ་ལ་དམ་ཚིག་མི་གཙང་བའི་མི་གཉིས་བྱུང་བས་རྐྱེན་བྱས། ས་སྤྲེལ་ལོ་དྲུག་ཅུ་རེ་གཅིག་ལ་གཤེགས་སོ། །
གཙང་པ་ཡེ་ཤེས་རྡོ་རྗེ་དང་ཞང་རིན་པོ་ཆེ་སོགས།
༈ དེའི་སློབ་མ་གཙང་པ་ཡེ་ཤེས་རྡོ་རྗེ་ནི། སྣ་ཕུར་ལོ་ལྔའི་བར་གདམས་ཁྲིད་གསན། གདན་ས་བཟུང་དགོས་པའི་བཀའ་གནང་བ་ལྟར་སྣ་ཕུའི་གདན་ས་བཟུང་། འབྲུག་འཛིན་པའི་ལུང་བསྟན་ཡང་བྱུང་བ་གྲགས། དབུས་གཙང་གི་མཁས་པ་རྣམས་ལ་སྦྱངས་ཡོན་མཐར་ཕྱིན་པ་གསན། འབྲུག་ཏུ་དགོན་པ་བཏབ་པས་ལོ་དེ་ཉིད་ལ་སྤྱིལ་པོ་སྟོང་ཙམ་ཐེབས། འཇིག་རྟེན་ལ་ཞེན་པ་ལོགཚེ་བློས་བཏང་གི་སྒྲུབ་པ། བླ་མའི་མོས་གུས་གསུམ་གཙོ་བོར་འཛིན་ཅིང་ཕྱག་ཆེན་གྱི་རྟོགས་པ་ཤར་བའི་སློབ་མ་སྟོང་ཕྲག་ལྔ་ཙམ་བྱུང་། བྱ་རྒོད་ཀྱི་ཉི་ལམ་བཅོ་བརྒྱད་དུ་འབྲུག་པའི་བུ་སློབ་ཀྱིས་ཁྱབ་པར་བྱས་ནས་དགུང་ལོ་ལྔ་བཅུ་རྩ་གཅིག་པ་ལྕགས་མོ་ལུག་ལ་གཤེགས་སོ། །མཆོག་གི་སློབ་མ་ནི། དང་པོར་ཆེ་བ་སྤ་རྐྱང་གཉིས་ཏེ། སྤ་རི་བས་སྤ་རའི་བྱང་ཆུབ་གླིང་བཏབ། རྐྱང་མོ་ཁ་བས་དགོན་རྐྱང་མོ་ཁ་བཏབ་ནས་འགྲོ་དོན་མཛད་དོ། །བར་དུ་ཆེ་བ་རྒྱ་འབྲས་གཉིས་ཏེ། རྒྱ་ཡགས་པས་ནི་གྲྭའི་ཟར་ཕུར་རྒྱ་ཡགས་བཏབ། འབྲས་ལོ་བ་ནི། དགོན་པའི་མིང་སྟེ་མྱང་སྟོད་ན་ཡོད་དེ་དེ་གཉིས་ཀྱིས་ཀྱང་འགྲོ་དོན་བསྐྱངས་སོ། །ཐ་མར་ཆེ་བ་ལོ་རྒོད་གཉིས་ཏེ། དེ་ལྟར་ལོ་རས་ནས་བརྒྱུད་པ་རྣམས་ལ་སྨད་འབྲུག་དང་། རྒོད་ཚང་ནས་བརྒྱུད་པ་རྣམས་ལ་སྟོད་འབྲུག་ཅེས་གྲགས་སོ། །༈ སྒོམ་པ་ཚུལ་ཁྲིམས་སྙིང་པོ་ལས་ཡང་དག་པའི་དོན་བརྙེས་པའི་ཞང་རིན་པོ་ཆེ་ནི། ཡུལ་ཚ་བ་གྲུར། ཡབ་སྔགས་པ་རྡོ་རྗེ་སེམས་དཔའ་དང་ཡུམ་མང་སྐྱིད་བྱ་བའི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་ཆུ་མོ་ཡོས་ལ་འཁྲུངས། ལོ་ལྔ་ལོན་སྐབས་ཡབ་ཀྱིས་དམྱལ་བའི་སྡུག་བསྔལ་བཤད་པས་ཤིན་ཏུ་བྲེད་ནས་ཉིན་མཚན་དལ་མེད་དུ་ལྷ་ཕྱག་དང་བསྐོར་བ་མཛད། དེ་ནས་ཆེར་སོང་བ་ན། བྱིའུ་སྟོན། རྔོག་མདོ་སྡེ། གསང་ཕུ་ལོ་ཙཱ་བ་རྣམས་ལ་གསན་པ་མང་དུ་མཛད། དཔལ་རྒ་ལོའི་སྤྱན་སྔར་བྱོན་པས་ཞལ་མཐོང་བ་ཙམ་གྱིས་དད་པ་ལྷག་པར་སྐྱེས། སྒོམ་ལུང་ཞུས་པས་ཐོག་མར་ཧེ་རུ་ཀའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ་སྙམ་པ་གྱིས་གསུངས། སྦྱོར་དྲུག་ལ་སོགས་པའི་གདམས་པ་མང་དུ་གནང་། དགུང་
ལོ་སོ་གསུམ་པར་སློབ་དཔོན་སྒོམ་པ་དང་མཇལ། ལྷན་ཅིག་སྐྱེས་སྦྱོར་གནང་ནས་བསྒོམས་པས། ཤེས་རབ་ཀྱི་རྩལ་སྐྱེས་ཏེ་གསུང་རབ་ཀྱི་ཚིག་དོན་མང་པོ་ལ་འདིའི་དོན་འདི་ཡིན་འདུག་སྙམ་པས། བརྟག་དཔྱད་མ་བྱེད་པར་སྒོམས་ཤིག། ངེད་ཀྱི་འདི་བྱིན་རླབས་ལ་རེ་བ་ཡིན་གསུངས་ནས་བསྒོམས་པས་གཟོད་དངོས་པོའི་དེ་ཁོ་ན་ཉིད་ལྷང་གིས་རྟོགས་ཏེ། བྱ་བྱེད་ཐམས་ཅད་གཞི་རྩ་དང་བྲལ་བར་ཐུགས་སུ་ཆུད། སྔར་རང་གིས་ཆོས་ཟབ་མོ་བཤད་པ་རྣམས་ཀྱང་དོན་ཐོག་ཏུ་དུས་དེར་ཕེབས་ནས་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པས་གཞན་དོན་རྒྱ་ཆེར་མཛད་ནས་དགུང་ལོ་བདུན་ཅུ་རྩ་གཅིག་པ་ཆུ་མོ་གླང་གི་ལོ་ལ་ཞི་བར་གཤེགས་སོ། །དེའི་བུ་སློབ་གནས་ལ་མིང་བཏགས་པ་ལྷ་རི་བ་ནམ་མཁའ་འོད། ལྷ་ཕྱུག་པ་ཉི་མ་འོད། ཁ་རག་པ་འདུལ་བ་འོད། འབྲི་ར་བ་ཤཱཀྱ་འོད་ཅེས་གྲགས་པ་རྣམས་དང་། མཉམ་མེད་ཤཱཀྱ་ཡེ་ཤེས་དང་། བྲག་དཀར་ཤེས་རབ་ཡེ་ཤེས་ལ་སོགས་པ་གཞན་དོན་ནུས་པ་མང་དུ་བྱུང་ངོ་། །དེ་དག་ལས་གྲྭ་འཇད་པ་ནམ་མཁའ་འོད་སངས་རྒྱས་རས་ཆེན་དུ་གྲགས་པས་ལྷ་རི་ཁའི་དགོན་པ་བཏབ་སྟེ། དབོན་པོ་ལྷ་དགས་གདན་ས་མཛད། དེ་ནས་དབོན་རྒྱུད། དེ་ནས་དེ་བ་ཀུ་མཱ་ར་ཞེས་པ་ལ་སོགས་པ་བྱོན་ཞིང་། ལྷ་རི་གྱང་མཐོ་སོགས་དགོན་པ་སྐོར་གསུམ་དང་འབྲོག་ཡངས་སྟེངས་ལ་སོགས་པ་བཏབ། འགྲོ་ཕན་རྒྱ་ཆེར་མཛད་པར་གྲགས་སོ། །ཞང་རིན་པོ་ཆེའི་གདན་ས་པ་མཉམ་མེད་ཤཱཀྱ་ཡེ་ཤེས་ནི། མེ་མོ་ཡོས་ལོ་ཞེ་བརྒྱད་པ་ཤིང་སྟག་ལ་གདན་སར་བསྐོས། དྲུག་ཅུ་རེ་གཅིག་པ་ལ་གཤེགས། དེ་རྗེས་གདན་ས་སློབ་དཔོན་བྱང་ཡེས་ལོ་གསུམ། དེ་རྗེས་ལྷ་དབང་ཕྱུག་མཁར་པས་ལོ་ལྔ། དེ་རྗེས་སངས་རྒྱས་འབུམ་པས་ལོ་བཅོ་བརྒྱད། དེ་རྗེས་སྒོམ་ཡེ་ཤེས་ལྡན་གྱིས་ལོ་བདུན། དེ་རྗེས་རིན་པོ་ཆེ་སངས་རྒྱས་གཞོན་ནུས་ལོ་ལྔ། དེ་ནས་རིམ་པར་སངས་རྒྱས་འབུམ་མོ། རིན་པོ་ཆེ་གསེར་ཁང་པ། རིན་པོ་ཆེ་སངས་རྒྱས་རིན་ཆེན། དེ་རྗེས་རིན་ཆེན་ཤཱཀྱ་འབུམ། དེ་རྗེས་རིན་ཆེན་བྱང་ཆུབ་བཟང་པོ། དེ་རྗེས་སྤྱན་སྔ་གྲགས་པ་བཤེས་གཉེན་གྱིས་གདན་ས་ལོ་ཉི་ཤུ་རྩ་བཞི་
མཛད་དེ། དྲུག་ཅུ་ལ་གཤེགས་སོ། །དེ་རྣམས་ཚལ་གུང་ཐང་པའི་བླ་རབས་ཀྱི་རིམ་པའོ། །དེ་ཡང་རྗེ་མར་པ་ནས་བརྒྱུད་པའི་གདམས་པ་རྣམས་ཚིག་བརྒྱུད་ཡིན་པར། དོན་ལ་ཕྱག་རྒྱ་ཆེན་པོ་དྲི་མ་མེད་པར་རྟོགས་པའི་བརྒྱུད་པ་ཡིན་པར་བཤད། ཕྱག་རྒྱ་ཆེན་པོའི་རྟོགས་པ་དེ་ཡང་རྗེ་མར་པ་དང་མི་ལ་ཡན་ལ་སྔོན་དུ་གཏུམ་མོའི་ཡེ་ཤེས་བསྐྱེད་ནས། དེའི་སྟོབས་ཀྱིས་ཕྱག་ཆེན་གྱི་རྟོགས་པ་སྐྱེད་པར་མཛད་པས་རྫོགས་པའི་རིམ་པར་ཡང་བཞེད། དྭགས་པོ་རིན་པོ་ཆེས་ནི། ལས་དང་པོ་པ་དབང་མ་ཐོབ་པ་དག་ལ་ཡང་ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྐྱེད་པར་མཛད་པ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཡིན་གསུངས། དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལ་བརྟེན་ནས་སོ་གསུངས།
ལམ་འབྲས།
དཔལ་ལྡན་ས་སྐྱ་པའི་བླ་རབས།
༈ བསྟན་པ་ཕྱི་དར་གྱི་དུས་སུ་མངའ་བདག་དཔལ་འཁོར་བཙན་གྱི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱིས་རུ་ལག་གི་སའི་ཆར་རྒྱལ་སྲིད་བསྐྱངས་པའི་སྲས་དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་ཞེས་པའི་སྲས་གསུམ་བྱུང་བ་དེས། ལོ་སྟོན་ལ་བདག་གི་ཐད་དུ་མཁན་སློབ་ཟུང་གཅིག་བསྟན་པ་སྤེལ་བར་ཞུས་པས། མཁན་པོ་ཤཱཀྱ་གཞོན་ནུ་དང་། སློབ་དཔོན་ཡེ་ཤེས་བརྩོན་འགྲུས་གཉིས་བཏང་བས། དེ་གཉིས་ཀྱིས་བཀའ་བགྲོས་ནས་འབྲོག་མི་དང་སྟག་ལོ་གཞོན་ནུ་གཉིས་ལ་གསེར་མང་པོ་བསྐུར་ནས་རྒྱ་གར་དུ་བརྫངས་པས་སྟག་ལོས་རྡོ་རྗེ་གདན་དུ་བསྐོར་བ་མཛད་ཅིང་བསླབ་གཉེར་མ་མཛད། འབྲོག་མིས་ཤནྟི་པའི་སར་ལོ་བརྒྱད་བཞུགས་ནས་གསན་པ་མང་དུ་མཛད། སླར་བོད་དུ་བྱོན་སློབ་དཔོན་གཉིས་ཀྱང་དགྱེས་པར་གྱུར། དེ་ནས་བརྟག་གཉིས་ལ་སོགས་པའི་གསང་སྔགས་ཀྱི་ཆོས་མང་དུ་བསྒྱུར། ཤཱནྟི་པའི་དག་ལྡན་ལའང་འགྱུར་མཛད། འགོས་ལོ་ཙཱ་བ་དང་མར་པ་ལོ་ཙཱ་གཉིས་ཀྱང་ཁོང་གི་སློབ་མ་ཡིན་པར་བཤད་དེ། མར་པས། དཔལ་མྱུ་གུ་ལུང་གི་དགོན་པ་རུ། །སྒྲ་སྒྱུར་འབྲོག་མི་ལོ་ཙཱ་ལ། །སྒྲ་ཐད་ཀློག་སྐད་ཀྱིས་ཡིག་ཚང་བསླབས། །ཁོང་བཀའ་དྲིན་མི་ཆུང་ཆེ་བར་འཁུམས། །ཞེས་པའི་མགུར་བཞེས་སྐད། དེ་ལྟར་ན་བླ་ཆེན་འབྲོག་མི་ནི། གདམས་པ་མང་དུ་གསན་པའི་ཡོན་ཏན། བསྐྱེད་རྫོགས་གཉིས་ལ་བསྟན་པ་ཐོབ་ཅིང་། རླུང་གི་
སྟོབས་ཀྱིས་ནམ་མཁའ་ལ་སྐྱིལ་ཀྲུང་འཆའ་བ། འཆི་བ་ལམ་དུ་བྱས་པས་སྐུ་ལུས་དེ་ཉིད་མ་སྤངས་པར་འཚང་རྒྱ་བར་བཞེད་ནས་རྟེན་འབྲེལ་མ་འགྲིག་པས་བར་དོར་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བརྙེས་པ་ཞིག་གོ། དེ་ལ་སློབ་མ་མང་དུ་ཡོད་ཀྱང་གཞུང་དང་གདམས་པ་གཉིས་ཀའི་བདག་པོར་གྱུར་པ་ནི། དཔལ་ལྡན་ས་སྐྱ་པའི་བླ་མ་རྣམས་ཏེ། དེ་དག་གང་ལས་སུའི་རིགས་བརྒྱུད་དུ་བྱུང་བའི་རིམ་པ་ཡང་། བོད་ཡུལ་དུ་ལྷ་སྲིན་དར་བའི་ཚེ་ཡར་ཀླུང་ཤར་གྱི་གཡའ་སྤང་སྐྱེས་གཅིག་དང་སི་ལི་མ་གཉིས་མཛའ་བར་གྱུར་པ་ན། སྲིན་ཁྲག་མེད་ཀྱང་དེ་ལ་ཆགས་པས་དེ་གཉིས་འཁོན་པའི་བར་དུ་ལྷ་སྲས་སྐྱེས་པ་ལ་ཇོ་བོ་འཁོན་བར་སྐྱེས་ཞེས་གྲགས་པ་ལ། མ་སངས་ལས་འཁོན་ནས་སྐྱེ་བརྒྱུད་རིམ་པར་བྱོན་ཞིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་དུ་གཏོགས་པ་འཁོན་དཔལ་མོ་ཆེའི་སྲས་བཞི་སྟེ། ཁྲི་མཛེས་ལྷ་ལེགས། ཚེ་ལ་དབང་ཕྱུགའཁོན་ཀླུའི་དབང་པོ་བསྲུང་བ། ཚེ་འཛིན་ནོ། །གསུམ་པ་དེ་སད་མི་བདུན་གྱི་དྲུག་པ་ཡིན། བཞི་པའི་སྲས་རྡོ་རྗེ་རིན་པོ་ཆེ་ནས་བུ་བརྒྱུད་རིམ་པ་བཞིན། ཤེས་རབ་ཡོན་ཏན། ཡོན་ཏན་འབྱུང་གནས། ཚུལ་ཁྲིམས་རྒྱལ་པོ། རྡོ་རྗེ་གཙུག་ཏོར། དགེ་སྐྱབས། དགེ་མཐོང་། བལ་པོ་ཤཱཀྱ་བློ་གྲོས། དེ་དག་ཐམས་ཅད་ཀྱང་གསང་སྔགས་རྙིང་མའི་ཆོས་ཀྱི་བདག་པོ་དང་ཡོན་ཏན་དང་ལྡན་པའོ། །དེ་ལ་སྲས་གཉིས། གཅེན་ཤེས་རབ་ཚུལ་ཁྲིམས་ཚངས་སྤྱོད་བསྲུང་། གཅུང་དཀོན་མཆོག་རྒྱལ་པོ་ཤིང་ཕོ་ཁྱི་ལ་འཁྲུངས། བཞི་བཅུ་བཞེས་པ་ཆུ་མོ་གླང་ལ་ས་སྐྱ་བཏབ། དྲུག་ཅུ་རྩ་དགུ་པ་ཆུ་ཕོ་རྟ་ལ་གཤེགས། དེའི་སྲས་ས་ཆེན་ཀུན་སྙིང་ཡབ་ཀྱི་ང་དགུ་པ་ཆུ་ཕོ་སྤྲེལ་ལ་འཁྲུངས། བཅུ་གཅིག་ལོན་པ་ལ་ཡབ་གཤེགས། ལོ་སྐབས་དེར་བ་རི་ལོ་ཙཱ་བ་དྲུག་ཅུ་རྩ་གསུམ་ལོན་པ་གདན་སར་བསྐོས། དེ་ནས་རང་ལོ་ཉི་ཤུ་པ་ནས་དྲུག་ཅུ་རྩ་བདུན་བར་གདན་ས་ལོ་ཞེ་བརྒྱད་བཟུང་ནས་ས་ཕོ་སྟག་ལ་གཤེགས། ས་ཆེན་ལ་སྲས་བཞི་ལས་ཀུན་དགའ་འབར་རྒྱ་གར་ལ་བྱོན་མཁས་པར་གྱུར་ཀྱང་ཉི་ཤུ་རྩ་གཉིས་ལ་རྒྱ་གར་དུ་གཤེགས། གཉིས་པ་སློབ་དཔོན་བསོད་ནམས་རྩེ་མོ་ཡབ་ཀྱི་ང་གཅིག་
པ་ཆུ་ཕོ་ཁྱི་ལ་འཁྲུངས། བཞི་བཅུ་རྩ་གཅིག་པ་ཆུ་ཕོ་སྟག་ལ་གཤེགས། གསུམ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་ནི། ཡབ་ཀྱི་ང་དྲུག་པ་མེ་མོ་ཡོས་ལ་འཁྲུངས། རང་ལོ་ཉེར་དྲུག་པ་ཆུ་འབྲུག་ནས་གདན་ས་བསྐྱངས། བདུན་ཅུ་པ་མེ་ཕོ་བྱི་བ་ལ་གཤེགས། བཞི་པ་དཔལ་ཆེན་འོད་པོ་ཡབ་ཀྱི་ང་དགུ་པ་ལྕགས་རྟ་ལ་འཁྲུངས། ང་བཞི་པ་ཆུ་མོ་བྱ་ལ་གཤེགས། དེ་ལ་སྲས་གཉིས་ལས། ཆེ་བ་ས་པཎྜི་ཏ་ཡབ་ཀྱི་སོ་གསུམ་པ་ཆུ་ཕོ་སྟག་ལ་འཁྲུངས། དྲུག་ཅུ་རྩ་གསུམ་པ་ཤིང་ཕོ་འབྲུག་ལ་གོང་མ་རྒྱལ་པོས་རྒྱ་ནག་ཏུ་སྤྱན་དྲངས། བདུན་ཅུ་པ་ལྕགས་མོ་ཕག་ལ་གཤེགས། གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་ཡབ་ཀྱི་སོ་ལྔ་པ་ཤིང་ཕོ་འབྲུག་ལ་འཁྲུངས། ང་དྲུག་པ་ས་མོ་ཕག་ལ་གཤེགས། དེའི་སྲས་བླ་མ་འཕགས་པ་ཡབ་ཀྱི་ང་གཉིས་པ་ཤིང་མོ་ལུག་ལ་འཁྲུངས། ཟུལ་ཕུར་ན་བཟའ་ཕྲེད་གསོལ་ལ་དགེ་ཚུལ་མཛད། ཉི་ཤུ་རྩ་གཅིག་པ་ཤིང་མོ་ཡོས་ལ་བསྙེན་པར་རྫོགས། ཉི་ཤུ་རྩ་དྲུག་པ་ལྕགས་ཕོ་སྤྲེལ་ལ་སེ་ཆེན་རྒྱལ་སར་ཐོན་པས་གོང་མས་བླ་མར་བཀུར། བོད་ཁྲི་སྐོར་བཅུ་གསུམ་སོགས་སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་བཀུར་སྟི་བླ་ན་མེད་པ་བྱས། སོ་གཅིག་པ་ཤིང་མོ་གླང་ལ་བོད་ལ་བཏེགསླར་ས་མོ་སྦྲུལ་ལ་གོང་མའི་དྲུང་དུ་བྱོན་ལོ་བདུན་བཞུགས་ནས་ཞེ་གཉིས་པ་མེ་ཕོ་བྱི་བ་ལ་གདན་སར་ཕེབས། མེ་མོ་གླང་ལ་:ཆོས་༼ཆུ་༽མིག་ཆོས་འཁོར་མཛད། བཞི་བཅུ་རྩ་དྲུག་པ་ལྕགས་ཕོ་འབྲུག་ལ་གཤེགས། དེའི་གཅུང་པོ་བླ་མ་ཕྱག་ན་ཡབ་ཀྱི་ང་དྲུག་པ་ས་མོ་ཕག་ལ་འཁྲུངས། ཉི་ཤུ་རྩ་དགུ་པ་མེ་མོ་ཡོས་ལ་གཤེགས། སློབ་དཔོན་རིན་ཆེན་རྒྱལ་མཚན་ཡབ་ཟངས་ཚས་ང་ལྔ་བཞེས་པ་ས་ཕོ་ཁྱི་ལ་འཁྲུངས་ཞེ་གཉིས་པ་ས་མོ་ཡོས་ལ་གཤེགས། ཡང་བླ་མ་ཡེ་ཤེས་འབྱུང་གནས་ཀྱི་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཡབ་ཀྱི་ཉེར་ལྔ་པ་ཆུ་ཕོ་ཁྱི་ལ་འཁྲུངས། རེ་གཅིག་པ་ཆུ་ཕོ་ཁྱི་ལ་གཤེགས། བླ་མ་འདི་ལ་སྲས་བཅུ་གཉིས་ཡོད་པར་གྲགས། དེ་ལ་སོགས་པ་ནས་ད་ལྟ་སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱི་སྲས་འདི་རྣམས་འཁོན་གྱི་རིགས་ལས་བསྟན་འཛིན་སྐྱེས་ཆེན་ཟམ་མ་ཆད་པར་བྱོན་པའོ། །
ཞི་བྱེད་པ།
དམ་པའི་ཆོས་སྡུག་བསྔལ་ཞི་བྱེད་ཇི་ལྟར་བྱུང་བའི་ལོ་རྒྱུས།
༈ དམ་པའི་ཆོས་སྡུག་བསྔལ་ཞི་བྱེད་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི། དེའང་ཕ་རོལ་ཏུ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ་གཅོད་ཀྱི་བསམ་གཏན་ནི། སྡུད་པ་ལས། རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པ་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་སྟེ། སྟོང་པར་གནས་པའི་ལྟ་བ། སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ། ཇི་སྐད་སྨྲས་བཞིན་བྱེད་པའི་བྱང་སེམས་ཀྱི་ཚུལ་ཁྲིམས། བདེ་བར་གཤེགས་པས་བྱིན་གྱིས་བརླབས་པ་སྟེ། དེ་ཉམས་སུ་ལེན་པ་ལ་གཅོད་ཡུལ་ཞེས་བྱ་སྟེ། དེ་ཡང་གང་ལ་གཅོད་ཅེ་ན། མཛོད་ལས། ཕྲ་རྒྱས་སྤངས་པ་མ་ཡིན་དང་། །ཡུལ་ནི་ཉེ་བར་གནས་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་སྐྱེ་སྟེ། ཞེས་བཤད་པས་གཅད་བྱ་ནི་ཉོན་མོངས་པ་ཡིན་ལ། ཉོན་མོངས་པ་དེ་དག་ཕྲ་རྒྱས་དང་། ཡུལ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལས་སྐྱེ་བས་ན། རྣལ་འབྱོར་པས་ཡུལ་དེ་ཉེ་བར་བཅུག་ནས་བག་ཆགས་བླངས་ཏེ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བའི་སྒོ་ནས་ཉོན་མོངས་པ་རྣམས་ཡུལ་གྱི་ཐོག་དེ་ཉིད་དུ་གཅོད་པར་བྱེད་པས་གཅོད་ཡུལ་ཞེས་བྱའོ། །དེའི་གདམས་ངག་ཀྱང་དམ་པ་ནས་བརྒྱུད་པ་ལ་ཕོ་གཅོད་དང་། མ་ཅིག་ནས་བརྒྱུད་པ་ལ་མོ་གཅོད་ཅེས་བྱ། དེ་སྤྱིར་བོད་དུ་བྱོན་པའི་གདམས་པ་ཁྲིད་ལུགས་ཕལ་ཆེ་བ་ནི་སློབ་མ་མི་དགེ་བ་ལས་བཟློག་ཏུ་བཅུག་ནས་དེའི་སེམས་རྒྱུད་ཀྱི་ཉོན་མོངས་པ་སྦྱོང་བར་བྱེད་པ་གཙོ་ཆེ་བ་ཡིན་མོད། ཞི་བྱེད་ཀྱི་ཆོས་འདི་ནི་ཚེ་རབས་སྔ་མའི་ལས་དབང་གིས་ཚེ་འདིར་ལུས་དམན་པར་གྱུར་པ་དང་། ནད་བུ་ཅན་དང་། དབུལ་ཕོངས་ཅན་དང་། མི་མ་ཡིན་པས་གཙེས་པ་དག་གི་སྡུག་བསྔལ་རྣམས་འཕྲལ་འཕྲལ་དུ་ཞི་བར་བྱས་ནས་རྣལ་འབྱོར་ལ་སྦྱོར་བས་ན་སྡུག་བསྔལ་ཞི་བྱེད་ཅེས་བྱ་སྟེ། རྒྱལ་བའི་ཡུམ་ལས་ཀྱང་། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཞེས་གསུངས་སོ། །
དམ་པ་སངས་རྒྱས།
༈ འདིའི་ཆོས་ཀྱི་བདག་པོ་ནི་དམ་པ་སངས་རྒྱས་ཏེ། དེ་ནི་རྒྱ་གར་ལྷོ་ཕྱོགས་སུ་ཡབ་ནོར་བུ་ལེན་པའི་རིགས་ཅན་བརྩོན་འགྲུས་གོ་ཆ་དང་། ཡུམ་དཀོན་མཆོག་མཆོད་པ་ལ་མཁས་པ་སྤོས་སྦྱོར་ལ་བརྩོན་པའི་རིགས་བ་ར་ས་ཧ་ཞེས་བྱ་བའི་སྲས་སུ་འཁྲུངས་མ་ཐག་ནས་ཚེམས་དང་ལྡན་པ་ཞིག་སྟེ། སྐྱེ་བ་བདུན་པ་ཡིན་པས་སྡིག་པའི་དྲི་མ་མེད་ཅིང་དགེ་བ་ལ་ངང་གིས་དགའ་བ་སྟེ། བི་ཀྲ་མ་ལ་ཤྲཱི་ལར་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་ནས་དམ་པའི་ཆོས་འདུལ་བ་ལ་མཁས་པར་སྦྱངས། བླ་མ་གསེར་གླིང་པ་ལས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ངག་གི་དབང་ཕྱུག་སོགས་བླ་མ་མང་པོ་ལས་དབང་དང་གདམས་པ་མཐའ་ཡས་པ་ནོས་ཏེ་རྟེན་སྡོམ་པ་གསུམ་ལྡན་དུ་མཛད་དོ། །དེ་ཡང་མཚན་ཉིད་སྒྲ་རིག་པའི་བླ་མ་བཅུ་གཅིག་ནི། ཀླུ་སྒྲུབ། ཤེས་རབ་བཟང་པོ། ཡོན་ཏན་འོད། ཆོས་གྲགས། ཨཱ་ཀ་ར་སིདྡྷི་། ཤངྐ་ར། ཡེ་ཤེས་སྙིང་པོ། ཐོགས་མེད། ཨཱཪྻ་དེ་བ། ཞི་བ་ལྷ། བླ་མ་གསེར་གླིང་པ་རྣམས་སོ། །ཕ་རྒྱུད་གཡོ་བ་རླུང་གི་བླ་མ་བཅུ་གཅིག་ནི། ངག་གི་དབང་ཕྱུགབུདྡྷ་གུཔྟགོ་དྷ་རི། ༼ཀརྨཱ་བཛྲ། ༽ཛ་བ་རི་པ། ཡེ་ཤེས་ཞབས། ཀླུ་བྱང་། ཨཱ་ནནྟ། ཀྲྀཥྞ་པ། བ་སུ་དྷ་རི། པདྨ་བཛྲ་རྣམས་སོ། །མ་རྒྱུད་བདེ་བ་ཉམས་མྱོང་གི་བླ་མ་བཅུ་གཅིག་ནི། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷུ་ཏི། ཌོཾམྦྷི་པ། རྡོ་རྗེ་དྲིལ་བུ་པ། ཏིལླི་པ། ནག་པོའི་ཞབས། སྒེག་པ་རྡོ་རྗེ། ལཱུ་ཨི་པ། བི་རུ་པ། ཀུན་དགའ་སྙིང་པོ། ཀུ་ཀུ་རཱི་པ་རྣམས་སོ། །ཕྱག་རྒྱ་ཆེན་པོ་བརྡའི་བླ་མ་བཅུ་གཅིག་ནི། ས་ར་ཧ། ཙརྨ་པ། གུ་ཎ་རི། ཏོག་ཙེ་པ་ལ་སོགས་པ་རྣམས་སོ། །རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུ་ནི། རི་ཁྲོད་མ། དྲི་མེད་མ། པདྨོ་ཞབས། ཀུ་མུ་ད། བདེ་བའི་འབྱུང་གནས་ལ་སོགས་པ་རྣམས་སོ། །དེ་རྣམས་བསྟེན་ནས་ཉན་བཤད་མཛད་པས། ཐུན་མོང་གི་དངོས་གྲུབ། ས་འོག་དང་། མིག་སྨན་དང་། རྐང་མགྱོགས། རིལ་བུ། གནོད་སྦྱིན་མོ། རལ་གྲི། མཁའ་སྤྱོད་ལ་སོགས་པ་གྲུབ་ཅིང་། མཆོག་གི་དངོས་གྲུབ་མཐོང་ལམ་ཆེན་པོའི་ཡེ་ཤེས་བརྙེས་པར་མཛད་དོ། །དེ་ལ་བོད་ཡུལ་དུ་གཞན་དོན་ཇི་ལྟར་མཛད་པའི་ཚུལ་ནི། སྤྱིར་བོད་དུ་ལན་ལྔ་བྱོན་པ་ལ། དང་པོ་འབྲིན་ཐང་ལས་སྒོ་ནས་རྩ་རིར་བྱོན། ཀོང་ཡུལ་
དང་སུམ་ཡུལ་གྱི་བར་བཅད་དེ་སྨད་ཁམས་གསུམ་ཞབས་ཀྱིས་བཅགས། དེ་དུས་ཉིད་ན་ཆོས་སྦྱིན་པའི་སྣོད་མེད་ཀྱང་། ཕྱིས་དེ་རྣམས་སུ་བསྟན་པ་དར་བར་ལུང་བསྟན། གཉིས་པ་ནི་ཁ་ཆེ་ནས་འཐོན་ཏེ་མངའ་རིས་སུ་བྱོན། ཞང་ཞུང་གླིང་ཁ་བ་དང་། འབྲུག་བླ་མ་ལ་གདམས་པ་འགའ་རེ་གནང་། གསུམ་པ་ནི་བལ་པོ་ནས་ཚོང་པ་དང་འགྲོགས་ཏེ་བྱོན། ཡར་ཀླུང་གི་སྨ་ར་སེར་པོ་དང་མཇལ་ཏེ་གཅོད་ཀྱི་གདམས་པ་མང་དུ་གནང་ངོ་། །བཞི་པ་ནི་ཤ་འུག་སྟག་སྒོ་ལ་བྱོན་ནས་གཉལ་དུ་བཞུགས། དེ་ནས་དབུས་སུ་ཕེབས་ནས་རྨ་སོ་ལ་སོགས་པའི་དོན་མཛད། ལྔ་པ་ནི་རྒྱ་ནག་ཏུ་བྱོན་དེར་ལོ་བཅུ་གཉིས་བཞུགས་ནས་དིང་རིར་ཕེབས་སོ། །དེ་ལྟར་སློབ་མ་དཔག་ཏུ་མེད་ཀྱང་གྲགས་ཆེ་བའི་བརྒྱུད་འཛིན་སྔ་ཕྱི་གསུམ་སྟེ། བརྒྱུད་པ་དང་པོ་ནི། ཁ་ཆེ་ཛྙཱ་ན་གུ་ཧྱ་ལ་གསུངས་པའི་ཞི་བྱེད་སྒྲོལ་མའི་སྐོར་གསུམ་དང་། གཤིན་རྗེ་གཤེད་ལ་སོགས་པའི་སྒྲུབ་ཐབས་རྣམས་ཏེ། དེ་རིམ་པར་བརྒྱུད་པའི་མཐར་རོག་ཤེས་རབ་འོད་ལ་བརྒྱུད་དོ། །བརྒྱུད་པ་བར་མ་ནི། གཙོ་བོ་རྨ་སོ་སྐམ་གསུམ་ཕྲན་དང་བཅས་པ་རྣམས་ཏེ། དམ་པ་རྨ་ནི། ཡར་སྟོད་སྐྱེར་སྣར་རྨ་སྨོན་ལམ་ཞེས་བྱ་བའི་སྲས་སུ་འཁྲུངས་པ་དེའོ། །དེ་ལས་རིམ་པར་བརྒྱུད་པའི་མཐར་རོག་ཤེས་རབ་འོད་ལ་བརྒྱུད་དོ། །སོ་ལུགས་ནི། ཡུལ་ར་མོ་བ་དེར་ལོ་ཉེས་བྱུང་ནས་བཟའ་མི་རྣམས་སྤྲང་དུ་སོང་། བུ་སྤུན་གཉིས་ཡོད་པ། ཆུང་བ་སོ་ཆུང་དང་། ཆེ་བ་ལ་སོ་རིང་ཞེས་ཟེར། སོ་ཆུང་དམ་པས་རྗེས་སུ་བཟུང་བས་རྟོགས་པ་ཁྱད་པར་ཅན་འཁྲུངས་གདམས་པ་མ་ལུས་པ་གནང་ནས་རྗེས་སུ་བཟུང་བར་མཛད་དོ། །སོ་ལུགས་ཀྱི་ཆོས་ཀྱི་རྣམ་གྲངས་ནི། ཚིག་བརྒྱུད་དང་དོན་བརྒྱུད་གཉིས་ལས། ཚིག་བརྒྱུད་ལའང་བརྒྱུད་པ་ཆེན་པོ་དང་བརྒྱུད་ཕྲན་གཉིས་ལས། ཆེན་མོ་ལ་དམ་པ་སྐྱེས་མཆོག་ཆེ་བ་ང་བཞི། འབྲིང་པོ་གཉིས། ཆུང་བ་བཅུ་བདུན་དེ། དེ་ལ་གྲུབ་པ་ཐོབ་པ་རེ་རེའི་ལོ་རྒྱུས་དང་གདམས་པའི་ངོ་བོ་སློབ་མ་འཁྲིད་ལུགས་ཆ་ཚང་རེ་རེ་ཡོད་པས་བརྒྱུད་པ་ལྔ་བཅུ་རྩ་བཞིའོ། །བརྒྱུད་པ་བརྒྱ་དང་གསུམ་དུ་འགྱུར་བས་བརྒྱུད་པ་ཆེན་མོ་ཞེས་བྱའོ། །བརྒྱུད་ཕྲན་ནི། དོན་སྐོར་ལམ་རིམ་པ་བཞི་ལ། བསམ་གཏན་གྱི་ཐུན་ཆེ་ཆུང་། གྲགས་པ་
བརྒྱད། ཡབ་སྲས་གསུམ་མམ་སྐྱོན་ཅན་སྐྱོན་མེད་ལ་སོགས་ཆོས་སྡེ་སུམ་ཅུ་རྩ་གཉིས་བཞུགས། དོན་བརྒྱུད་ལ་ཕྱོགས་སུ་ལྷུང་མ་ལྷུང་གཉིས་ལས་དང་པོ་ནི་རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་བཞི་ལ་དོན་བརྒྱུད་ལྔ་བཅུ་རྩ་བཞི་བླ་མ་སུམ་ཅུ་སོ་གཉིས་ལ་དོན་བརྒྱུད་སོ་གཉིས། དམ་པ་བཅུ་བདུན་ལ་དོན་བརྒྱུད་བཅུ་བདུན་བཞུགས། ཕྱོགས་སུ་མ་ལྷུང་བ་ལ་མིག་འབྱེད་ཀྱི་སྐོར་དང་མཁའ་འགྲོ་མའི་སྐོར་ལས། དང་པོ་ལ་བུ་བཞི་མ་ལྔ་སྟེ། དེ་ཡང་གཞུང་སྦས་པ་མིག་འབྱེད། དེའི་ཡན་ལག་དུས་དང་དུས་ཕྲན་ལ་གདམས་པ། ངོ་སྤྲོད་བརྒྱ་རྩ་དྲུག་པ། མ་འགགས་རྣམ་དག་རྡོ་རྗེ་སེམས་དཔའི་གསང་ལམ་མོ། །མཁའ་འགྲོ་མའི་སྐོར་ལ། སོའི་སྐོར་མགོ་ཆེན་མོ་བཞི་སྟེ་མཆོག་སྒྲུབ་པ་ལ་བརྡའ་སྐོར། ཐུན་མོང་སྒྲུབ་པ་ལ་ཡི་གེ་བཞི་པའི་སྐོར། གཉིས་ཀ་སྒྲུབ་པ་ལ་ཛ་ག་ཏའི་སྐོར་དང་ཐུན་སྐོར་རོ། །བརྡའ་སྐོར་ལ་ཧེ་རུ་ཀའི་བརྡའ་སྐོར། བདེ་བར་གཤེགས་པའི་བརྡའ་སྐོར། རྡོ་རྗེ་དྲིལ་བུའི་བརྡའ་སྐོར། དམ་པའི་བརྡའ་སྐོར་ཐོར་བུའོ། །ཐུན་མོང་སྒྲུབ་པ་ལ་དམར་མོ་གསུང་སྒྲུབ་དང་། ནག་མོ་ཐུགས་སྒྲུབ་བོ། །དེ་ལ་ཡང་ཕག་མོ་ཆོས་སྐུའི་སྒྲུབ་ཐབས། ལོངས་སྐུའི་སྒྲུབ་ཐབས། སྤྲུལ་སྐུའི་སྒྲུབ་ཐབས་སོ། །ཛ་ག་ཏའི་སྐོར་ནི། གཏུམ་མོ་འཁོར་ལོ་གཅིག་མ་ཡིན། ཐུན་སྐོར་ལ། སྤྱོད་ལམ་གྱི་ཉམས་སྐྱོང་ལུགས་སོ། །དེ་རྣམས་ཀྱི་རྩ་བའི་སྙིང་པོར་གྱུར་པ་ནི། རྒྱུད་སྡེ་དང་ཆོས་སྐད་བསྟུན་པ་སྨྲ་བའི་སེང་གེའི་དོན་བརྒྱུད། ཆོས་སྐད་མ་བསྟུན་པ་བརྒྱུད་པ་བཞི་པ་ཡོངས་སུ་མ་གྲགས་པའི་དོན་བརྒྱུད། མ་ཚང་མདོར་བསྡུས། སོའི་རིགས་པ་སྲང་འཇུག། སྙན་བརྒྱུད་བཞི་རྣམས་བཞུགས་སོ། །སྐམ་ལུགས་ནི། དགེ་བཤེས་གྲྭ་པའི་སློབ་མ་རྟེན་དགེ་སློང་དུ་བཞུགས། དེ་ནི་དམ་པ་ལ་རྗེས་སུ་བཟུང་ལ་གདམས་པ་གནང་བར་གསོལ་ཞུས་པས། ཞལ་གྱིས་མ་བཞེས་ནན་གྱིས་ཞུས་པས་མིང་ཅི་ཡིན་གསུངས། སྐམ་ཡེ་ཤེས་རྒྱལ་མཚན་ཡིན་ཞུས་པས། འོ་ན་ཕན་ཐོགས་པར་འདུག་པས་གནང་། ནངས་པར་འོང་གིས་གསུང་། དེ་ནུབ་ཁ་བ་ཆེན་པོ་བབས་པའི་ནངས་པར་ནམ་ལངས་མ་ཐག་ཨ་ཙར་གཅིག་ནང་དུ་བྱོན་པས། བླ་མ་ཡིན་ནམ་བྱས་པས་ཡིན་ཟེར། ནངས་པར་འབྱོན་སྙམ་པ་ལ་བྱས་
པས་བར་ཆད་བྱུང་དོགས་ནངས་རང་འོང་གསུངས། ཁ་བ་ལ་འོ་རྒྱལ་ལམ་བྱས་པས་ཁ་བ་ལ་མ་རིག་གསུངས། སྒོ་མ་ཕྱེ་བྱས་པས་ངེད་རྩིག་པ་ལ་ཐོགས་རྡུགས་མེད་གསུངས་ནས་བཞུགས་སོ། །དེར་ཉེ་འབྲེལ་སོགས་ཚོགས་པའི་གསེབ་ཏུ་བརྡའི་ངོ་སྤྲོད་ཅིག་མཛད་པའི་ངེས་ཤེས་སྐྱེས་ནས་མི་མང་གི་གསེབ་ཏུ་གནང་བ་སྙམ་ནས། བརྡའ་མིག་ཅན་གྱིས་མཐོང་བ་ཡིན། །མིག་མེད་གྱིས་ནི་མི་མཐོང་ངོ་། །གསུང་པས་གཞན་གྱིས་གོ་བར་མ་གྱུར་ཏོ། །དེར་ཞག་བཞི་བཅུ་བཞུགས་པ་ལ་ཞག་ལྔར་གླེང་བསླང་མཛད། ཞག་དགུ་ཆོས་ཐུན་དུ་བཅུག་ནས་གསུངས་ཏེ། སྐབས་དང་པོ་ལ་ནད་ཐོག་ཏུ་བསྐོར་བ་དང་སྒོམ་ཐོག་དུ་བསྐོར་བ་གཉིས་སུ་ངོ་སྤྲད། བར་དུ་བདེན་བཞི་དང་སྐྱབས་འགྲོ་དང་ཐོར་བུ་བ་རྣམས་གསུངས། ཞག་བཅུ་བཞི་ལོན་ནས་ང་འགྲོ་གསུངས། བཞུགས་པར་ཞུས་ཀྱང་མ་གནང་། ཕྱིས་མཇལ་བར་ཞུས་པས་རྒྱ་ནག་རི་བོ་རྩེ་ལྔར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་ལྷན་ཅིག་ཏུ་གནས་པས་དེར་གསོལ་བ་ཐོབ་གསུངས་སོ། །ཤུལ་དུ་མ་བདེ་བ་བྱུང་ན་སུ་ལ་འདྲི་ཞུས་པས། རབ་རིག་པའི་ཡེ་ཤེས་ཡིན་པས་སྒྲོ་འདོགས་གཅོད་པའི་བླ་མ་ནང་ནས་འབྱོན། འབྲིང་འཕགས་པའི་དགེ་བཤེས་ཡིན་པས་མདོ་རྒྱས་འབྲིང་བསྡུས་གསུམ་ལ་ལྟོས། ཐ་མ་གང་ཟག་གི་དགེ་བའི་བཤེས་གཉེན་ཡིན་པས། ང་དང་མི་འཕྲད་མཆེད་པོ་ཉམས་མྱོང་ཅན་དང་གླེང་བསླང་གྱིས་ལ་ལོ་བརྒྱད་སྒོམས། དེ་ནས་མངོན་ཤེས་འཆར་གསུངས། སྐམ་གྱིས་ང་ལ་དེ་ཙམ་སྒོམ་ལོང་མེད། ཁོང་པ་ན་སྐྲན་མང་དགུ་ཡང་ཡོད། གྲགས་པ་མངོན་ཤེས་ཀྱིས་ཟླ་བ་གསུམ་ན་འཆི་བར་ལུང་བསྟན་བྱས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ་མགོ་ན་བ་ཙམ་ཡང་འབྱུང་བར་མི་འགྱུར་རོ་གསུངས་ནས་བཞུད་དོ། །དེ་ནས་ཇི་ལྟར་གསུང་བ་བཞིན་སྐྲན་རྣམས་ཀྱང་ཐོན། ལོ་བརྒྱད་ནས་མངོན་ཤེས་ཀྱང་ཤར། མངོན་རྟོགས་བརྒྱད་ཀ་བཤད་མདོ་སྡུད་པའི་སྟེང་དུ་མདོ་རྒྱས་འབྲིང་གཉིས་དྲངས་ནས་ཀྱང་བཤད་པས། སློབ་མ་ཡས་བརྒྱུད་དང་མས་བརྒྱུད་གཉིས་སུ་གྲགས། ཡས་བརྒྱུད་པ་འཁུན་འཛི་ཡང་དབེན་པ་དབང་ཕྱུག་རྡོ་རྗེ་སོགས་ལ་ནད་ཐོག་ཏུ་ངོ་སྤྲོད་པ་གཞུང་སྐབས་དང་པོ། གདམས་ངག་བདེན་བཞི།
ལག་ལེན་ཐོར་བུ་དང་བཅས་པ་གསུངས། མས་བརྒྱུད་ནི། སྒྲོ་ནས་བརྒྱུད་པ་སྟེ། ནད་པ་མིན་པས་གང་ཟག་རིམ་ཅིག་ཅར་གྱི་དབྱེ་བས་སྙིང་པོའི་དོན་དང་མངོན་པར་རྟོགས་པ་གཉིས་སུ་ངོ་སྤྲད་ནས། ལ་ལ་ལུས་པ་རྟེན་འབྲེལ་གྱི་འགྲོས་བཞིས་འཆད་དེ་མས་བརྒྱུད་སྒོམ་ཐོག་ཏུ་བསྐོར་བའི་གདམས་པའོ། །བར་དུ་བྱུང་བའི་བརྒྱུད་ཕྲན་ལ། གྲ་པ་དང་། ལྕེ་དང་། ལྗང་ལུགས་གསུམ་མོ། །དེ་ལ་དགེ་བཤེས་གྲ་པ་ལ་ཞི་བྱེད་སྒྲོལ་མ་དགུ་སྐོར་གྱི་གདམས་པ་གནང་སྟེ། མན་ངག་སྐུའི་སྒྲོལ་མ། ཐེག་པ་གསུང་གི་སྒྲོལ་མ། གསང་བ་ཐུགས་ཀྱི་སྒྲོལ་མ། ཡང་དག་ལྟ་བའི་སྒྲོལ་མ། རིན་ཆེན་སྒོམ་པའི་སྒྲོལ་མ། བྱང་ཆུབ་སྤྱོད་པའི་སྒྲོལ་མ། མཉམ་ཉིད་གཞིའི་སྒྲོལ་མ། རྣལ་འབྱོར་ལམ་གྱི་སྒྲོལ་མ། དངོས་གྲུབ་འབྲས་བུའི་སྒྲོལ་མ་རྣམས་སོ། །ལྕེ་ལུགས་ནི། བཟང་ཡུལ་གྱི་དགེ་བཤེས་ལྕེ་པ་སོགས་ལ་བཀའ་བབས་པ་རྣམས་སོ། །ལྗང་ལུགས་ནི་མཆིམས་ཡུལ་གྱི་ལྗང་བཀའ་གདམས་པ་ལ་ཤེར་ཕྱིན་ཡི་གེ་གཅིག་མའི་གདམས་པ་གནང་སྟེ། ལྗང་གིས་ལྗང་ཆུང་ལ། དེས་འཆུས་པ་ཡབ་སྲས་ལ། དེས་རོག་ཤེས་རབ་འོད་ལ་གསུངས་སོ། །བརྒྱུད་པ་ཐོར་བུའི་སྐོར་ནི། འགྲོ་སྒོམ་ལ་མཚན་བརྗོད་གསེར་གྱི་ཐུར་མ། དགུ་སྒོམ་ལ་ལས་རྒྱའི་གདམས་པ། ཆུ་སྒོམ་ལ་སྙིང་གཏམ་ལྷུགས་པའི་གདམས་པ། སྒོམ་པ་དམར་སྒོམ་ལ་ཆིག་ཆོད་གསུམ་གྱི་གདམས་པ། གཉགས་ལོ་ཙཱ་བ་ལ་བདེ་མཆོག་དཔའ་བོ་གཅིག་པའི་གདམས་པ། ལྕེ་མོ་དཔལ་སྒྲོན་ལ་གྲུབ་ཐོབ་ཉམས་ཀྱི་ཆོས་སྡེ་བཅུ་དྲུག་པ། གཉལ་སྟོད་ངོར་རྗེ་སྒོམ་པ་ལ་ལྷན་གཅིག་སྐྱེས་སྦྱོར། ཆུ་དབར་གྱི་གནས་བརྟན་འབྱུང་གྲགས་ལ་ཤེར་སྙིང་གི་གདམས་པ། སྔགས་ཤངས་ཤེས་རབ་རྒྱལ་མཚན་ལ་དུས་འཁོར་གྱི་གདམས་པ། ཤངས་པ་དབུ་སྡེབས་ལ་ཡི་གེ་བཞི་པའི་གདམས་པ། སྙེ་མོའི་རྒྱ་སྟོན་སྐྱིད་རྩེགས་ལ་དགྱེས་རྡོར་གྱི་གདམས་པ། ཞང་སག་ཆུང་པ་ལ་ཕག་མོའི་གསང་སྒྲུབ། བླ་མ་དགོན་དཀར་བ་ལ་ཕྱག་རྡོར་གྱི་གདམས་པ། སྐྱིད་ཤོད་ཀྱི་འབན་གུང་རྒྱལ་ལ་བདེ་མཆོག་སྙན་རྒྱུད། མ་གཅིག་ལབ་སྒྲོན་ལ་གཅོད་ཀྱི་གདམས་པ་གནང་སྟེ། དེ་རྣམས་ནི་བརྒྱུད་པ་བར་མའི་སྐོར་རོ། །བརྒྱུད་པ་ཕྱི་མ་ནི་དམ་པ་རྒྱ་ནག་ཏུ་ལོ་བཅུ་གཉིས་འགྲོ་
དོན་མཛད་ནས་དིང་རིར་ཕེབས་སྟེ་མ་ཇོ་ཉི་ཤུ་རྩ་བཞི་སྨིན་གྲོལ་ལ་བཀོད། དིང་རིའི་དམ་པ་ཀུན་དགའ་ལ་བཀའ་བབས་པ་སྟེ། ཀུན་དགའ་ནི་དམ་པས་སྐྱེ་བ་ལྔའི་བར་དུ་རྗེས་སུ་བཟུང་བའི་སློབ་མ། དམ་པ་མྱ་ངན་ལས་འདའ་ཁར་ཡང་། ང་དང་མཉམ་པ་ཀུན་དགའ་ཙམ། །ཐུར་ལ་བབས་པ་ཆུ་བོ་ཙམ། །མཁའ་ལ་འཆར་བ་ཉི་ཟླ་ཙམ། །གསུངས། དེའི་སློབ་མ་འཕན་ཡུལ་གྱི་པ་ཚབ་སྒོམ་པ། དེ་ནི་ཆོས་ཉིད་དབང་པོའི་མངོན་སུམ་ཤར་བས་རྟོགས་པའི་མཐའ་ཆོད་པ་ཞིག་བྱུང་ཞུས་པས་ལེགས་སོ་གནང་། དབུ་ཐོག་ན་ཤོག་རིལ་གཅིག་བཏགས་འདུག་པ་དེ་ལ། འདི་ན་ཚ་བཟང་པོ་ཡོད། ལ་སྟོད་ན་མྱང་ཤེས་པ་མེད་གསུངས་ནས་པ་ཚབ་ལ་གནང་། སྣ་མར་གྱི་ཐིལ་ལ་ཁ་ཕྱེ་གསུངས་ནས་དེར་བྱོན་གཟིགས་པས། ཟུག་པ་རྩ་བའི་ཆོས་སྡེ་ཞུས་ལན་དགུ། འགྲིལ་བ་སྡོང་པོའི་ཆོས་དོན་རྒྱུད་སྐོར་གསུམ། གྱེས་པ་ཡལ་གའི་ཆོས་མཚོན་དཔེ་དང་བྲུལ་ཚོ། ལོ་འདབ་ཀྱི་ཆོས་སྡེ་བཅུ་དྲུགམཛེས་པ་མེ་ཏོག་གི་ཆོས་སྡེ་ལྔ། འབྲས་བུའི་ཆོས་སྡེ་ཨཱ་ལི་ཀཱ་ལི་ཕྱི་ནང་གསང་གསུམ་རྣམས་བྱུང་ངོ་། །དེའི་སློབ་མ་ཆིག་བརྒྱུད་ཀྱི་གདམས་པ་མ་ལུས་པ་རྫོགས་པ་རྒྱལ་བ་ཏེ་ནེའོ། །དེ་གསུམ་ལ་ཆིག་བརྒྱུད་སྦས་པའི་བླ་མ་རྣམ་གསུམ་དུ་གྲགས་སོ། །རྒྱལ་བ་ཏེ་ནེས་ཆོས་ཀྱི་བརྒྱུད་པ་ཡང་དག་པར་གཏད་པ་རོག་སྐུ་མཆེད་གཉིས་སོ། །དེ་ཡང་བསྟན་པ་སྔ་དར་གྱི་དུས་སུ་རོག་ནམ་མཁའ་ཡེ་ཤེས་ཞེས་བྱ་བ་མཁྱེན་པ་དང་ནུས་པ་ལྡན་པ་ཞིག་བྱུང་བའི་གདུང་རབས་ཐམས་ཅད་དུ་སྔགས་འཆང་ཁྱད་པར་ཅན་ཤ་སྟག་བྱུང་བའི་ཉི་ཤུ་རྩ་བཞི་པ་རོག་ཤེས་རབ་བླ་མ། དེའི་སྲས་བཀྲ་ཤིས་གྲགས་པ། དེའི་སྲས་རོག་ཤེས་རབ་འོད། དེ་ནས་རིམ་པར་ཞིག་པོ་སོགས་ལ་བརྒྱུད་དོ། །ཆོས་སྐོར་འདི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས་ཐུན་མོང་པ་ལ། མདོ་རྒྱུད་ཕྱག་ལེན་དང་བཅས་པ། བཀའ་བབས་སྙན་བརྒྱུད་དང་བཅས་པ། དྲི་མེད་ཕྲ་རིག་དང་བཅས་པ། དར་ཚགས་བཤད་འབུམ་དང་བཅས་པའོ། །དང་པོ་ནི། སྤྱི་མདོ་ཆུ་ཀླུང་རོལ་པའི་མདོ། དགོས་མདོ་ཤེར་ཕྱིན། སྤྱི་རྒྱུད་སྡེ་སྣོད་གསལ་བྱེད། དགོས་རྒྱུད་ཆུ་ཀླུང་ཆེན་པོ། ཕྱག་ལེན་ནི། དབང་འཁོར་ཆེ་འབྲིང་དང་ལམ་
རིམ་ཆེ་ཆུང་གསུམ། བཀའ་བབས་སྙན་བརྒྱུད་ནི་བཀའ་བབས་བཞི། དེའི་ལམ་སློང་སྙན་བརྒྱུད་བཞི། དྲི་མེད་ཕྲ་རིག་ནི། དྲི་མེད་ལ་ཟུག་པ་རྩ་བའི་ཆོས་སྐོར་ལ་སོགས་དྲུགཕྲ་རིག་ནི་པ་ཚབ་ཀྱི་ཀུན་དགའ་ལ་གེགས་རྣམས་དྲིས་པའི་གདམས་པའོ། །དར་ཚགས་བཤད་འབུམ་ནི། དར་ཚགས་ཞལ་གདམས་སྐོར་སོགས་བརྒྱད་ཡོད་དེ། པ་ཚབ་ལ་འཕྲལ་གཏམ་ཏེ་ནེས་ཡི་གེར་བཏབ་པའོ། །
གསང་སྔགས་རྙིང་མ།
༈ གསང་སྔགས་རྙིང་མ་ནི། དེ་ལྟར་བོད་ཀྱི་ཡུལ་འདིར་འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་ཆེར་བྱུང་མོད། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་ནི། དེང་སང་གི་བར་དུ་ནུབ་མ་མྱོང་ཞིང་དེ་ཡང་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱི་རིང་ལ་དར་བ་ཡིན་ཏེ། འཇམ་དཔལ་སྐུའི་རྒྱུད་ནི་ཤཱིནྟཾ་གརྦྷ་བོད་དུ་བྱོན་ནས་དར་བར་མཛད། ཡང་དག་ཐུགས་ཀྱི་སྐོར་ནི་སློབ་དཔོན་ཧཱུྃ་ཀ་རས་བོད་དུ་སྐལ་ལྡན་རྣམས་ལ་སྩལ། པདྨ་གསུང་དང་ཕུར་པ་ཕྲིན་ལས་ནི། སློབ་དཔོན་པདྨས་རྒྱལ་པོ་དང་ཇོ་མོ་བཟའ་མཚོ་རྒྱལ་དང་འབྲི་ཨ་ཙར་ས་ལེ་རྣམས་ལ་བསྟན། བདུད་རྩི་ཡོན་ཏན་ནི་སློབ་དཔོན་བི་མ་ལ་མི་ཏྲས་བོད་དུ་སྣོད་ལྡན་ལ་བསྟན་པ་སྟེ་ཡེ་ཤེས་ལྷའི་སྒྲུབ་སྡེ་ལྔ་དང་། མ་མོ་རྦོད་གཏོང་ལ་སོགས་ཏེ་འཇིག་རྟེན་པའི་རིགས་ཀྱི་སྒྲུབ་སྡེ་གསུམ་ནི་དེ་དག་གི་བཀའ་སྲུང་གི་ཚུལ་དུ་གནས་པའོ། །ཁྱད་པར་སེམས་ཀློང་མན་ངག་གི་སྡེ་གསུམ་ལས་སེམས་སྡེ་ནི། སེམས་མད་བཅོ་བརྒྱད་ལས་ལྔ་བཻ་རོ་དང་བཅུ་གསུམ་བི་མ་ལས་དར་བར་མཛད་དོ། །ཀློང་སྡེ་ཡང་བཻ་རོ་ལས་བྱུང་བའི་མན་ངག་སྟེ། ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོའི་དོན་ཀློང་དགུ་དང་ཚིག་བམ་པོ་ཉི་ཁྲི་ཞེས་འབྱུང་ལ། བམ་པོ་ཉི་ཁྲི་ནི་གྲུབ་པའི་སྐྱེས་བུ་རྣམས་ཀྱི་ཕྱག་ན་བཞུགས་པའི་དབང་དུ་བྱས་པ་ཡིན་གྱི། འདིར་གཞུང་ཚང་བ་འགྱུར་བ་ནི་མེད་པར་གྲགས། ནམ་མཁའ་དང་མཉམ་པའི་རྒྱུད་ཆུང་བའི་དོན་ཡང་ཀློང་དགུ་རྣམས་སོ། །དང་པོ་ལྟ་བའི་ཀློང་། གཉིས་པ་སྤྱོད་པའི་ཀློང་། གསུམ་པ་དཀྱིལ་འཁོར་གྱི་ཀློང་། བཞི་པ་དབང་གི་ཀློང་། ལྔ་པ་དམ་ཚིག་གི་ཀློང་། དྲུག་པ་སྒྲུབ་པའི་ཀློང་། བདུན་པ་ཕྲིན་ལས་ཀྱི་ཀློང་། བརྒྱད་པ་ས་ལམ་གྱི་ཀློང་།
དགུ་པ་འབྲས་བུའི་ཀློང་སྟེ། གཞན་ཡང་ཡེ་ཤེས་གསང་བ་ལ་སོགས་པའི་རྒྱུད་ལ་བརྟེན་པའི་རྡོ་རྗེ་ཟམ་པའི་མན་ངག་རྣམས་ཀྱང་བཻ་རོས་སྤང་མི་ཕམ་མགོན་པོ་ལ་གནང་སྟེ། དེའི་དྲུང་དུ་ངན་ལམ་བྱང་ཆུབ་རྒྱལ་མཚན་གྱིས་གསན་པ་སྟེ། དེ་ནི་ཡུལ་དབུ་རུ་ངན་ལམ་རལ་གསུམ་པ་ཡིན། ལོ་བརྒྱ་དང་བདུན་ཅུ་རྩ་གཉིས་བཞུགས་ནས་ལྷག་མེད་དུ་གཤེགས། དེའི་སློབ་མ་ཟ་ངམ་རིན་ཆེན། ཁུ་འགྱུར་གསལ་བ་མཆོག་སོགས་ཀྱང་ལོ་གྲངས་མང་པོ་བཞུགས་པའི་མཐར་འཇའ་ལུས་སུ་གཤེགས་པ་ཤ་སྟག་གོ། མན་ངག་གི་སྡེ་ནི། བི་མ་ལས་མྱང་ཏིང་འཛིན་བཟང་པོ་སོགས་ལ་སྩལ་ཏེ་དར་བས་གསུམ་པོ་འདི་དག་བོད་ཡུལ་འདིར་ཤིན་ཏུ་དར་རྒྱས་ཆེ་བ་བྱུང་ཞིང་། སྔ་འགྱུར་གྱི་རྒྱུད་ཀྱི་བཤད་པ་དེང་སང་གི་བར་དུ་གནས་པ་སྒྱུ་འཕྲུལ་གསང་བ་སྙིང་པོའི་སྐོར་རྣམས་ཡིན་ཏེ། འདི་ནི་བི་མ་ལས་ལོ་ཙཱ་བ་རྨ་རིན་ཆེན་མཆོག་ལ་གནང་ཞིང་། དེས་ལེགས་པར་བསྒྱུར་ནས། མཁས་པ་གཙུག་གྱེར་རྣམ་གཉིས་ལ་བཤད། དེ་གཉིས་ཀྱིས་དར་རྗེ་དཔལ་གྱི་གྲགས་པ་དང་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་བཤད། ཞང་ནས་བརྒྱུད་པ་རྣམས་ལ་བཀའ་མཆིམས་ཕུ་མའམ་མན་ངག་བརྒྱུད་པ་ཅེས་གྲགས། དར་རྗེས་དབུས་གཙང་ཁམས་གསུམ་དུ་བཤད་པས། ཡོངས་གྲགས་དབུས་ལུགས་པ་དང་། ཁམས་ལུགས་པ་ཞེས་གཉིས་སུ་གྲགས་སོ། །ཞང་རྒྱལ་བའི་ཡོན་ཏན་གྱིས་གནུབས་སངས་རྒྱས་ཡེ་ཤེས་ལ་བཤད་པ་དང་། ཡང་སློབ་དཔོན་པདྨ་དང་། བི་མ་ལ་གཉིས་ཀས་གཉགས་ཛྙཱ་ན་ཀུ་མཱ་ར་ལ། དེས་སོག་པོ་དཔལ་གྱི་ཡེ་ཤེས་ལ། དེས་གནུབས་སངས་རྒྱས་ཡེ་ཤེས་ལ་བཤད་པ་སྟེ། གནུབས་ལ་བརྒྱུད་པའི་ཆུ་བོ་ཐམས་ཅད་འདུས་པར་གྲགས་སོ། །དེ་ཡང་རྡོ་རྗེ་ཐེག་པ་ལ་བརྟེན་ནས་གྲུབ་པ་བརྙེས་པ་མང་དུ་བྱུང་བ་སྟེ། འབྲེ་དཔལ་གྱི་བློ་གྲོས། སྣ་སྣམ་རྡོ་རྗེ་བདུད་འཇོམས། ངན་ལམ་རྒྱལ་བ་མཆོག་དབྱངས། ཨུ་ན་ཨ་ནང་གགནུབས་ནམ་མཁའི་སྙིང་པོ། རླངས་དཔལ་གྱི་སེང་གེརླངས་གཙུག་གི་རིན་ཆེན། འབྲེ་རྒྱལ་བའི་བློ་གྲོས། ཁམས་པ་གོ་ཆ། བཻ་རོ་ཙ་ན། གཉགས་ཛྙཱ་ན་ཀུ་མཱ་ར། གཉན་དཔལ་དབྱངས་ལ་སོགས་པ་རྣམས་ནམ་མཁར་འགྲོ་བ་དང་། རི་བྲག་ལ་འཛུལ་བ་དང་། ཆུ་ལ་
མི་འབྱིང་པ་དང་། ལུས་ལྷའི་དཀྱིལ་འཁོར་དུ་སྐྱེ་བོ་མང་པོ་ལ་སྟོན་ནུས་པ་དང་། གཞན་ཡང་འབྲོ་བཟའ་དཱི་པམ་ལ་སོགས་པ་བུད་མེད་གྲུབ་པ་ཐོབ་པའང་མང་དུ་བྱུང་། དེ་རྣམས་ཕལ་ཆེར་འདས་པ་ན་གནུབས་སངས་རྒྱས་ཡེ་ཤེས་བྱོན་ཏེ། རྒྱ་གར་དང་བལ་པོ་དང་བྲུ་ཤའི་ཡུལ་རྣམས་ན་བཞུགས་པའི་མཁས་པའི་སྐྱེ་བོ་མང་པོ་བསྟེན། ཁོང་གི་བླ་མ་བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་མདོ་དགོངས་འདུས་བོད་དུ་བསྒྱུར། དེ་ལེགས་པར་གསན་ཅིང་དར་བར་མཛད། དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་ནས་གསང་སྔགས་ཀྱི་བསྟན་པ་དར་བར་མཛད་པ་ཡིན། སློབ་དཔོན་འདི་ལ་ཐུགས་ཟིན་གྱི་སྲས་བཞི། སྲས་ཀྱི་དམ་པ་གཅིག་དང་ལྔ་བྱུང་བ་ལས། སྲས་བཞི་ནི། སོ་ཡེ་ཤེས་དབང་ཕྱུག། དེ་ལ་ལྟ་བ་སྒང་དྲིལ་བཤད། པ་གོར་བློ་ཆེན་འཕགས། དེ་ལ་མདོ་འགྲེལ་ཊཱིཀ་དང་སྦྱར་ནས་བཤད། དོན་ཡོན་ཏན་མཆོགདེ་ལ་སྟར་ཁ་གེགས་སེལ་གྱི་ཚུལ་དུ་བཤད། སྲུ་ལེགས་པའི་སྒྲོན་མ། དེ་ལ་ཚིག་སྡེབ་སྦྱོར་ལེགས་པས་བཤད། སྲས་ཀྱི་དམ་པ་ཡོན་ཏན་རྒྱ་མཚོ་ལ། ལྟ་བ་སྒང་དྲིལ། གབ་པ་མངོན་བྱུང་། མན་ངག་ཁོག་སྡེབ། ༼ཟབ་མོ་གསང་བ་ཁོང་ལྟོ་ལྟར་བཤད་པ། འདི་མཆན་ཡིན་ནམ་སྙམ༽སྟར་ཁ་གེགས་སེལ་གྱི་ཚུལ་ཏེ་བཞི་ཀ་བཤད་པས་ཆོས་སྐོར་ཐམས་ཅད་ཚང་བ་ཡོན་ཏན་རྒྱ་མཚོ་ཡིན། འདི་ལ་སྲས་ཡེ་ཤེས་རྒྱ་མཚོ་དང་པདྨ་དབང་རྒྱལ་གཉིས། ཡེ་ཤེས་རྒྱ་མཚོའི་སྲས་ལྷ་རྗེ་ཧཱུཾ་ཆུང་། འདིས་རྗེ་བཙུན་མི་ལ་ལ་དྲག་སྔགས་གསུངས་པར་གྲགས། ཡོན་ཏན་རྒྱ་མཚོ་ཡབ་སྲས་ཀྱི་སློབ་མ་མྱང་ཤེས་རབ་མཆོགདེས་དོག་ལ་གཤོངས་ཀྱི་གཙུག་ལག་ཁང་བཞེངས། བསྐྱེད་རྫོགས་གསུམ་ལ་མཁས་པར་སྦྱངས། གྲུབ་པ་བརྙེས་པའི་གྲུབ་རྟགས་ཀྱི་ལོ་རྒྱུས་མང་དུ་སྣང་། དེའི་སློབ་མ་བསྐྱེད་རྫོགས་གསུམ་ཀ་ལ་མཁས་པ་ཆོས་ལུང་གི་མྱང་ཡེ་ཤེས་འབྱུང་གནས་ཡིན། དེ་དག་ལས་བརྒྱུད་པ་ཕལ་ཆེར་ལ་རོང་ལུགས་དང་། གདུང་རུས་ལས་བཏགས་ཏེ་མྱང་ལུགས་ཞེས་ཀྱང་བྱའོ། །དེའི་སློབ་མ་ཟུར་པོ་ཆེ་སྟེ། ཟུར་པོ་ཆེ་འདི་སྟོང་ཚབ་འཕགས་པ་རིན་ཆེན་༼གྱི་༽སློབ་མ་ཡང་ཡིན་པས་སངས་རྒྱས་ཡེ་ཤེས་༼དང་༽ཟུར་པོ་ཆེའི་བར་ན་བླ་མ་གཅིག་ལས་མེད་པར་ཡང་བཤད་དོ། །མན་ངག་གི་སྡེ་ལ་སྙིང་
ཐིག་ཅེས་བྱ་སྟེ། དེ་ནི་བི་མ་ལས་ཁྲི་སྲོང་དང་མྱང་ཏིང་འཛིན་བཟང་པོ་ལ་སྩལ་བ། མྱང་གིས་དབུ་རུ་ཞྭ་ཡི་ལྷ་ཁང་བཞེངས་ནས་སྙིང་ཐིག་གི་གདམས་པ་རྣམས་གཏེར་དུ་སྦས། ཚིག་བརྒྱུད་རྣམས་འབྲེ་རིན་ཆེན་འབར་ལ་བཤད། དེས་སྦས་བློ་གྲོས་དབང་ཕྱུག་ལ་བཤད་པས་ཚིག་བརྒྱུད་གང་ཟག་བརྒྱུད་པ་ལའང་ཡོད་པར་གྲགས། ཕྱིས་བཱི་མ་ལའི་སྤྲུལ་པ་གནས་བརྟན་ལྡང་མ་ལྷུན་རྒྱལ་གྱིས་གཏེར་ནས་ཕྱུང་སྟེ། རང་གིས་ཉམས་སུ་བླངས། མྱང་སྟོད་ཀྱི་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་གདམས་པ་རིམ་པ་བདུན་བཏབ་ཉམས་སུ་བླངས་པས་གྲུབ་པ་བརྙེས་ནས་ཟག་བཅས་མི་སྣང་བར་འོད་སྐུར་གྱུར་། དེ་ནས་གདམས་པ་རྣམས་ལང་གྲོང་གི་འཆད་པ་ལྟག་དང་། ཇལ་གྱི་ཕུ་སྟེ་གཏེར་ཁ་གསུམ་དུ་སྦས། དེ་ནས་ལོ་སུམ་ཅུ་ན་རོང་སྣར་མདའི་ལྕེ་སྒོམ་ནག་པོས་གཏེར་ཞིག་བཏོན་ནས། རང་ཉམས་དང་གཞན་སྤེལ་མཛད། ཤངས་པ་རལ་པ་ཞེས་བྱ་བས་ཀྱང་ལང་གྲོང་འཆད་པ་ལྟག་གི་གཏེར་ཕྱུང་ནས་འགྲོ་དོན་མཛད། ཡང་ཡར་འབྲོག་གི་སྦུབས་མཚོ་གླིང་དགུའི་བློ་དོ་ཞེས་བྱ་བར་འཁྲུངས་པའི་ཞང་སྟོན་བཀྲ་ཤིས་རྡོ་རྗེ་ཞེས་བྱ་བ། རྡོར་ལེགས་ཀྱིས་བསྐུལ་ནས་ནུ་མའི་རིའི་བྲག་མཐོན་པོ་ཞིག་གི་སྟེང་དུ་བསྐྱལ། དེར་ཁ་བྱང་དུ་ལྟ་བའི་ཕུག་པ་སྒོ་རྩྭས་འགགས་པ་ཞིག་ནས་གཏེར་ཕྱུང་དུས་ཨེ་ཀ་ཛ་ཊཱིས་གཟུགས་བསྟན་ཅིང་སྐད་འབྱིན་པ་ན། རྡོར་ལེགས་ཀྱིས་འདི་ལུང་བསྟན་པ་དེ་ཡིན་བྱས་པས། ཨེ་ཀ་ཛ་ཊཱི་ན་རེ་འོ་ན་ཚོགས་འཁོར་བརྒྱ་རྩ་བརྒྱད་ཐོངས། ལོ་གསུམ་དུ་མི་ལ་མ་ཤོད་ཟེར་ནས་སོང་། གཞན་ཡང་ཇལ་གྱི་ཕུར་ལྕེ་བཙུན་གྱིས་སྦས་པའི་ཆོས་གཏེར་དང་། མཆིམས་ཕུར་བི་མ་ལས་སྦས་པའི་ཆོས་གཏེར་ཡང་ཐོན་ཏེ་རྒྱ་ཆེར་སྤེལ་ནས་དགུང་ལོ་བདུན་ཅུ་རྩ་གཅིག་ལ་གཤེགས། གདམས་པ་རྣམས་རང་གི་སྲས་ཉི་འབུམ་ལ་གཏད་རྒྱ་མཛད་པར་གྲགས་སོ། །
ཟུར་གྱི་གདུང་རབས།
༈ དེ་ལ་ཟུར་གྱི་གདུང་རབས་ནི། ལྷ་རྗེ་ཟུར་པོ་ཆེའི་མེས་པོ་ཟུར་ཤེས་རབ་འབྱུང་གནས། དེའི་སྲས་བཟངས་མིག་པོ་ཆེ། ལྷ་རྗེ་སྒོམ་ཆེན་ཤཱཀཱ་སྡེ། སྒོམ་ཆེན་རྡོར་འབྱུང་། ལྷ་རྗེ་ཟུར་པོ་ཆེ་དང་བཞི་ལས། ཟུར་པོ་ཆེས་ཚངས་སྤྱོད་མཛད་པས་སྲས་མེད་ཅིང་འདིས་སྤྱིར་
མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། ཁྱད་པར་ཆོས་ལུང་གི་མྱང་ཡེ་ཤེས་འབྱུང་གནས་ལ་སྒྱུ་འཕྲུལ་དང་སེམས་ཕྱོགས་གསན་ནས་རྩལ་བཏོན་དུ་སྤེལ། རྩ་རྒྱུད་དང་བཤད་རྒྱུད་དུ་ཕྱེ། རྩ་བ་དང་འགྲེལ་པ་བསྡེབས། རྒྱུད་དང་སྒྲུབ་ཐབས་བསྡེབས། སྒྲུབ་ཐབས་དང་ཆོག་ཡིག་ལ་སོགས་པར་བསྡེབས་ནས་ཆོས་ཀྱི་ཕྲིན་ལས་བསྐྱངས། འུག་པ་ལུང་གི་གཙུག་ལག་ཁང་དང་། ཤངས་ཀྱི་མདར་སྲམ་པ་སྒྲུབ་ཁང་དང་སྐུ་རྟེན་དཔལ་ཆེན་པོ་ལྷ་དགུ་ལྡེ་གུར་བཞེངས་སྐབས་འོག་གདོང་གི་བྲག་སྣར་ཀླུ་ཞིག་ཡོད་པ་བཟུང་ནས་རྫ་མར་བཅུག་རྒྱ་རིམ་པ་བདུན་བཏབ་ནས་བཞག་པས། ཀླུ་དེས་ཕྱོགས་ཕྱོགས་ཀྱི་ཆང་རྣམས་བསྡུས་ནས་ལས་བྱེད་སྐབས་དང་རབ་གནས་ཀྱི་སྐབས་སུ་ཆང་ཟད་མི་ཤེས་པ་བྱུང་བ་བྱས། རབ་གནས་ཀྱི་ཚེ་གྲོང་པའི་ཕྱུགས་མང་པོ་གཡར་ནས་བསད་དེ་ཤ་སྟོན་ཆེན་པོ་བྱས། ཉིན་ནུབ་ཁར་ཕྱུགས་རྣམས་མ་ཚང་བ་མེད་པར་གྲོང་པ་སོ་སོར་གཏད་པ་སོགས་རྫུ་འཕྲུལ་གྱི་མཛད་པ་དཔག་པར་དཀའ། དེ་ནས་སྐབས་ཤིགཉ་རི་ན་མ་མ་གཡུང་དྲུང་བཀྲ་ཤིས་བཟའ་མི་གཉིས་ཆོས་འཁོར་བྱ་བ་འདོད་ནས། ཡུལ་མི་དང་ཉེ་དུ་ཀུན་བསགས་ཏེ། སློབ་དཔོན་གང་བཟང་དྲིས་པར། ལ་ལས་སྔགས་པ། ལ་ལས་བཙུན་པ། ལ་ལས་བོན་པོ་བཟང་ཟེར་ཁ་མ་འཆམས་ངེད་རྣམས་ཁ་མི་འཆམས་པར་འདུགཁྱེད་རང་གང་མོས་ལ་གྱིས་ཞེས་སྨྲས་པས། མོ་ན་རེ། འོ་ན་ངའི་ཡོ་བྱད་ཀྱིས་ལྡེང་པ་ཡོད་པས་གསུམ་ཀ་སྤྱན་འདྲེན་ནོ་ཟེར་ནས། སྔགས་པར་འུག་པ་ལུང་ཟུར་ཆེན། བཙུན་པ་ཆུ་མིག་རི་མོ་བ། བོན་པོ་ལ་ཀེ་ཙེ་པ་གདན་དྲངས་པས། མཆོད་གནས་གསུམ་པོ་ན་རེ། འུ་ཅག་ཚོ་ལྷ་ཁང་ཞིག་རྩིག་དགོས་ཅེས་བཀའ་བགྲོས་པར། ལྷའི་གཙོ་བོ་ལ་མ་མཐུན་ཏེ། སྔགས་པས་རྡོ་རྗེ་སེམས་དཔའ་ལ་བྱེད་ཟེར། བཙུན་པས་ཤཱཀྱ་ཐུབ་པ་དང་། བོན་པོས་གཤེན་རབས་མི་བོ་ལ་བྱེད་ཟེར། མ་མཐུན་པས་ལྷ་ཁང་སོ་སོར་བརྩིགས་སོ། །འུག་པ་ལུང་པ་ཟུར་ཆེན་ལ། སྒྲོ་སྟོན་གྱིས་སྒྲོ་ཕུག་ཕུལ་ཏེ། དེར་བརྩིགས་པས་སྒྲོ་ཕུག་གི་གཙང་ཁང་འབྱོངས་ཙམ་ལ་དགུང་ལོ་དྲུག་ཅུ་རྩ་གཅིག་ཐོག་སྐུ་གཤེགས་སོ། །དེ་ལ་སློབ་མ་རྩེ་མོ་བཞི། རྩེ་ལྐོག་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་སོགས་བྱུང་།
རྩེ་མོ་བཞི་ནི། ལྟ་སྒོམ་གྱི་རྩེ་མོ་ཟུར་ཆུང་ཤེས་རབ་གྲགས། སྒྱུ་འཕྲུལ་གྱི་རྩེ་མོ་པན་ནམ་བྲེས་ཀྱི་མི་ཉག་འབྱུང་གྲགས། མཁྱེན་རྒྱའི་རྩེ་མོ་ར་ཟའི་ཞང་འགོས་ཆུང་པ། སྒོམ་སྒྲུབ་ཀྱི་རྩེ་མོ་འཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་བའོ། །
ཟུར་ཆུང་ཤེས་རབ་གྲགས་པ།
༈ དེ་ལ་ཟུར་ཆུང་ཤེས་རབ་གྲགས་པ་ནི། མེས་པོ་ཨ་ཙ་ར་བྱ་བའི་བུ་ཟུར་སྒོམ་ཞེས་བྱ་བ་ལ། ལྡོམ་བུ་བྱེད་པའི་བཙུན་རྒན་ཞིག་ཡོད་པ་ལ། བཙུན་ཆུང་བའི་ཕྱིར་འབྲང་སྟེ་འུག་པ་ལུང་དུ་ཕྱིན་པས། ལྷ་རྗེ་ཟུར་པོ་ཆེའི་ཞལ་ནས། ཁྱོད་ཀྱི་རུས་ཅི་ཡིན་གསུངས་པས། ཟུར་ལགས་བྱས་པས། འོ་ན་བཙུན་ཆུང་འདི་ངའི་རྩར་ཞོགངས་གསོས་པས་ཆོག་གསུངས་པས། ཁོ་དགའ་སྟེ། བུ་ལྷ་རྗེར་ཕུལ་བ། བསླབ་གཉེར་བྱེད་དུ་གཅུགས་པས་ཤེས་རབ་ཤིན་ཏུ་ཆེ་བས་ཆོས་མཁས་པར་ཤེས་ཀྱང་ཡོ་བྱད་མེད་པས་དབང་རྣམས་མ་ཐོབ་ཅིང་དཔེ་ཆ་ཡང་མེད་པ་དེ་ཚེ། ལྷ་རྗེས། པན་གྱི་ཁང་སྔོན་ན་ཇོ་མོ་གཡུ་མོ་བྱ་བ་ཕྱུག་མོ་མ་མད་གཉིས་ཡོད་པར། ཁྱོད་རང་མ་མད་འདི་གཉིས་ཀྱི་ཐོག་ཏུ་སྡོད་གསུངས་པས། ང་ཁྱིམ་ཐབ་མི་བྱེད་ཞུས་པར། འདུ་ཤེས་མ་ཆུང་། ཁྱོད་ཡོ་བྱད་མེད་པ་ལ་ཁོང་གཉིས་ཀྱི་ཡོ་བྱད་ལ་སྤྱད་ནས་དབང་ཞུས་དཔེ་བྲིས། ཆོས་ཉན་པས་ཆོག་པ་ཡིན་མོད། དེས་ཁོང་གཉིས་ཀྱི་ཚོགས་ཀྱང་རྫོགས། ཁྱོད་རང་གི་དོན་ཡང་གྲུབ་པས་དེ་དགའ་མོད་གསུངས། དེར་གསུངས་པ་བཞིན་མཛད་པ་གདམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་དང་། ད་ཁྱོད་དེར་མ་སྡོད་པར་དཔེ་ཆ་རྣམས་ཁྱེར་ཏེ་ངའི་འདིར་སྡོད་པར་ཤོག་གསུངས་པས། དེ་ལྟར་བྱས་ན་ཁོང་གཉིས་ཀྱང་དྲིན་ཆེ་སྟེ་ཞུས་པས། བློ་མ་ཆུང་ཁྱོད་ཀྱིས་འགྲོ་བའི་དོན་ནུས་པ་ཞིག་འོང་བ་འདུག་པས། སྙིགས་མའི་དུས་འདིར་བསྟན་པ་རྒྱས་པར་བྱས་ནས་འགྲོ་བ་མཐའ་དག་གི་དོན་བྱེད་དགོས་པ་ཡིན། ཁོང་གཉིས་ཀྱི་དྲིན་ལན་དུ་ཡང་དེ་ཆེ། ཁོང་གཉིས་ལ་འགབ་པས་རང་གཞན་གྱི་དོན་གང་ཡང་མི་ནུས་གསུངས་པས། དེ་ནས་ཇི་སྐད་གསུང་བ་བཞིན་མཛད་པས། ལུང་སྟོང་བྱེ་མའི་གསེབ་ཏུ་ཞལ་སྐྱེམས་པ་ལ་སྐྱེམས་ཞུ་དང་། རི་སྟོང་གི་རྩེར་སྐུ་བཀྲེས་པ་ལ་ཞལ་ཟས་འདྲེན་པ་འབྱུང་བ་སོགས་གང་འདོད་པའི་ཐུགས་དགོངས་འབད་
མེད་དུ་གྲུབ་པ་བྱུང་བས། ད་ནི་འགྲོ་བའི་དོན་བྱས་ཀྱང་འགྲུབ་པར་འདུག་སྙམ་པ་ན། བླ་མའི་ཞལ་ནས། ད་ཁྱོད་ཀྱིས་བཤད་པ་ཞིག་གྱིས་གསུངས་ནས། དེར་མདོ་དགོངས་འདུས་གསུངས་པས་དུས་གཅིག་ལ་དཔེ་འགྲེལ་སུམ་བརྒྱ་བྱུང་ངོ་། །དང་པོ་ཆུང་ངུའི་དུས་འུག་པ་ལུང་གི་སྒོ་རྩར་མཆོད་རྟེན་ཞིག་ཡོད་པར་སྐོར་བ་མཛད་སྐབས་ཞབས་ཁྲུ་གང་ཙམ་ས་ལ་མ་རེག་པར་དང་། ཤངས་ཀྱི་སྲམ་པ་སྒྲུབ་ཁང་དུ་ཡང་དག་གི་ལོ་སྒྲུབ་མཛད་སྐབས་རུ་ལུའི་སྒྲ་རྒྱང་རིང་པོར་ཀུན་གྱིས་ཐོས་པ་དང་། དཔལ་ཆེན་པོ་ལ་གཽ་རཱི་མ་བརྒྱད་ཀྱིས་བསྐོར་འདྲའི་བྲག་རྒྱ་བོར་ལོ་རིལ་པོ་བཅུ་གསུམ་སྒྲུབ་པ་ལ་བཞུགས་སྐབས་སྣང་བ་ཟད་པར་གྱི་སྐྱེ་མཆེད་བརྙེས། ཅིར་སྣང་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་གསལ། ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་མེད་ཀྱི་རྫུ་འཕྲུལ་མངའ་བ་སོགས་མཛད་པ་བརྗོད་ཀྱིས་མི་ལང་ངོ་། །དེ་ལྟར་ཤིང་སྟག་ལ་འཁྲུངས་ནས་མཐར་དགུང་ལོ་རེ་གཅིག་པ་ཤིང་སྟག་ལ་འབྲུམ་པའི་སྙུན་གྱིས་ཞི་བར་གཤེགས་སོ། །དེ་ལ་སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུགདྲལ་མ་སུམ་ཅུ་སོ་གཉིས། ཡུས་པོ་ཆེ་མི་གཉིས་ལ་སོགས་པ་བྱུང་ངོ་། །འདི་ལ་སྐུའི་སྲས་སྔ་ཚར་ཕྱི་ཚར་གཉིས་ལས། སྔ་ཚར་ལ་རྩ་ཚ་རྡོར་འབར་དང་། ཕྱི་ཚར་གྱི་ཡུམ་དང་པོ་ནས་ཇོ་མོར་བཞེས་པ་ཡིན་ཡང་། མདའ་ཏིག་ཇོ་ཤཱཀ་གི་ལྕམ་མོ་དེ། གྲྭ་ས་ན་ཆོས་ཉན་ལ་བལྟར་བྱོན་པས། གྲྭ་པ་རྣམས་བག་སྡང་བས་འདོན་པར་བྱས་པ་ན། སྐྱོ་སྟོན་ཤཱཀ་ཡེ་ན་རེ། འདིའི་སྲིན་ལག་ལ་བསྟན་པའི་གཙོ་བོ་ཞིག་འདུག་པར་རྨིས་པས། སྲས་བྱུང་ན་ཕན་ཐོགས་པ་འོང་ཉེན་ཆེ་བས་ཞོག་གསུང་སྐད། དེར་བཞག་པས་ལྷ་རྗེ་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ཤིང་སྟག་ལ་འཁྲུངས་སོ། །ཡབ་ཀྱི་ཞལ་ནས། སྐྱོ་སྟོན་ཤཱཀ་ཡེའི་རྨི་ལྟས་བཟང་། ངའི་བུ་འདི་བསྟན་པའི་གཙོ་བོ་དང་ཚུལ་མཐུན་པ་འགྲོ་བ་ལ་ཕན་ཐོགས་པ་གཅིག་འོང་བར་འདུག་པས། མིང་ཤཱཀྱ་སེང་གེར་ཐོགས་གསུངས། དེ་ནས་ཟླ་བ་གསུམ་ཙམ་ན་ཟུར་ཆུང་པ་གཤེགས་སོ། །
སྒྲོ་ཕུག་པ་ཤཱཀྱ་སེང་གེ
༈ སྒྲོ་ཕུག་པ་ཤཱཀྱ་སེང་གེ་ནི། སྐུ་ན་གཞོན་དུས་ཡུམ་དང་ཞང་པོས་བསྐྱངས་ནས་མདའ་ཕུར་ལོ་བཅོ་ལྔ་བཞུགས། དེ་ནས་ཆུ་བར་དུ་གླན་དང་། སྐེད་ལུང་དུ་ཡང་ཁྱེད་བླ་མའི་སར་
ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་ལ་ཆེ་འདོན་མཛད་པས། སྐུ་བསོད་ཆེན་པོ་རྒྱས་ཏེ་བསླབ་གཉེར་གྱི་འཕྲོ་བྱེད་པའི་སྐབས་མ་བྱུང་། བླ་མ་མཁས་པ་དག་ཚུར་གདན་དྲངས་སློབ་གཉེར་འཕྲོ་རྫོགས་པར་མཛད། ཁྱད་པར་ཟུར་གྱི་སློབ་མ་ཀ་བ་བཞི་ལ་མདོ་སྒྱུ་སེམས་གསུམ་སོགས་རྒྱུད་ལུང་མན་ངག་ཕྲིན་སྒྲུབ་ཕྱག་བཞེས་དང་བཅས་པ་གསན། དབང་རྣམས་ཀྱང་རྫོགས་པར་ཞུས། གླན་ཤཱཀྱ་བྱང་ཆུབ་ལ་རྫོགས་ཆེན་སྐོར་གསན་ཏེ་ཐོས་བསམ་སྒོམ་གསུམ་གྱི་མཐའ་རྒྱ་ཆོད་པར་མཛད། སྤྱིར་རྗེ་སྒྲོ་ཕུག་པ་འདི་ཕྱག་རྡོར་གྱི་སྤྲུལ་པར་གྲགས་ཏེ་བྱང་ཕྱོགས་ཀྱི་རྒྱུད་འདིར་གསང་སྔགས་ཀྱི་བསྟན་པ་སྤེལ་བ་ལ་བྱོན་ནས་གདུལ་བྱའི་ཚོགས་བསམ་གྱིས་མི་ཁྱབ་པར་ཆོས་འཁོར་བསྐོར་བས། སློབ་མ་བཤེས་གཉེན་ཆེན་པོ་གྲྭ་ས་འཛིན་ཞིང་བསྟན་པ་སྐྱོང་བ་གདུགས་ཐོགས་སྟོང་བྱུང་བར་གྲགས། དེའི་ནང་ནས་ཀྱང་ཐུགས་ཟིན་གྱི་སློབ་མ་བཞི་གསུམ་བཅུ་གཉིས་བྱུང་། དེ་ལ་ནག་པོ་བཞི་ནི། ཟུར་ནག་འཁོར་ལོ། ལྕེ་སྟོན་རྒྱ་ནག་པ། ཉང་མདོ་བོ། འདར་ནག་གཙུག་ཏོར་དབང་ཕྱུག་གམ་ཁ་ཅིག་དཔལ་སེང་ཟེར། སྟོན་པ་བཞི་ནི། ཉེ་སྟོན། གྱབས་སྟོན། ཞང་སྟོན། རྒྱ་སྟོན་ནོ། །ཕྱི་མ་གཉིས་ཕྲི་ནས་གཉན་སྟོན་དང་། ཁ་རག་སྟོན་སྙིང་བསྣན་པའང་མཐོང་། མི་བཞི་ནི། གཡུང་སྟོན་ཧོར་པོ། དཔང་སྟོན་ལྕགས་ཀྱུ། གཙང་པ་བྱིས་སྟོན། དབུས་པ་ཆོས་སེང་སྟེ། དེ་ནས་དུས་ལན་གཅིག་ཙམ་ན་སྟོན་པ་བཞི་ལ། ཁྱེད་རྣམས་ཚོས་ཚོགས་འཁོར་ཆ་རྐྱེན་འདྲ་ཁྱེར་ཤོགངས་ཀྱང་ཁྱེར་ལ་འོང་གིས་གསུངས་ནས་སྒྲོ་ཕུག་གི་ལྟག་ན་རི་སྤོ་ཏོ་གཅིག་ཡོད་པའི་ཁར་བྱོན། ཚོགས་འཁོར་བསྐོར་གསུང་གླེང་མང་པོ་མཛད་ནས། ཁྱེད་རྣམས་ང་མེད་པ་ལ་མྱ་ངན་མ་བྱེད། ངས་ད་རེས་ལུས་མ་སྤངས་པར་ཁྱེར་ནས་རིག་འཛིན་གྱི་ས་ལ་སོང་བ་འདིས། ཁྱེད་རྣམས་ལ་ཤུལ་དུ་ཡང་བཀྲ་ཤིས་ཤིང་མི་བརྒྱུད་དང་བསྟན་པ་འཕེལ་བ་གཅིག་འོང་གསུང་ནས་མགུར་གཅིག་བཞེངས། ནམ་མཁའ་ལ་འཕགས་ནས་གཤེགས་སོ། །ཡང་མགུར་རེ་བཞེངས་འཕགས། ཡང་འཕགས་ཏེ་མཇུག་ཏུ་ནམ་མཁའི་དབྱིངས་མིག་གིས་མི་མཐོང་བའི་ས་ན་ཡར་གཤེགས་སོ། །དེ་ནས་ཁོང་རྣམས་ཀྱི་སེམས་ཀྱིས་མ་བཟོད་དེ་ངུས། ཆོ་ངེ་བཏབ།
རྒྱ་འདྲེད་བྱས་མཚན་ནས་བོས་པས་མར་ལ་བྱོན་ཏེ། ཁྱེད་རྣམས་ཞན་དེ་ལྟར་མི་བྱེད་པར་ངས་གོང་དུ་ཁ་ཆོས་ལེགས་པར་བཅུགདེ་ལ་མི་ཉན་པར། ད་ངའི་མི་བརྒྱུད་ལ་བཀྲ་ཤིས་པ་བག་མི་འོང་གསུངས་སོ། །དེ་ནས་དེའི་ཕྱི་ལོ་ལ་སྐུ་འདའ་ཚུལ་བསྟན་པ་ཡིན་ཏེ་དགུང་ལོ་དྲུག་ཅུ་རེ་གཅིག་པ་ཤིང་སྟག་ལ་གཤེགས་སོ། །
ལྕེ་སྟོན་རྒྱ་ནག་པ་དང་བླ་མ་ཆེན་པོ་ཡོན་ཏན་གཟུངས།
༈ ཐུགས་ཟིན་གྱི་སློབ་མ་ནག་པོ་བཞིའི་ནང་ནས་ལྕེ་སྟོན་རྒྱ་ནག་པ་ནི། མེས་པོས་ཁམས་ལ་བྱོན་ནས་ཡར་ལོག་གློང་ཐང་སྒྲོལ་མའི་གཙུག་ལག་ཁང་ལ་དཔེ་བླངས་ནས་སྐྱི་མཁར་ལྷ་ཁང་བཞེངས། དེ་ལ་སྐུ་མཆེད་གསུམ་ཡོད་པའི་ཨ་མི་ཤིར་བཙོན་གྱི་སྲས་རྒྱལ་གསུམ། དེ་ལ་སྲས་བཞི་སྟེ། རིན་ཆེན། ཉི་སོ། རྒྱལ་བཟང་། རྒྱ་ནག་པའོ། །རྒྱ་ནག་པ་ནི་ཤིང་ཁྱི་ལ་འཁྲུངས་ཉི་ཤུ་རྩ་གཅིག་ནས་མཚན་ཉིད་གསན་ཏེ་གཞུང་ལུགས་མ་ལུས་པ་ཐུགས་སུ་ཆུད་པར་མཛད། དེ་ནས་རྗེ་སྒྲོ་ཕུག་པའི་ཞབས་དྲུང་དུ་སྔགས་གསན་དུ་བྱོན་ལོ་བཅུ་གཅིག་བཞུགས། ཟུར་ཚོ་གཞན་རྣམས་ལའང་གཏུགས་ཏེ་གདམས་པ་མ་ལུས་པ་རྫོགས་པར་མཛད་པས་སྔགས་མཚན་ཉིད། གཞུང་གདམས་ངགརྒྱུད་སྒྲུབ་ཐབས་དང་བཅས་པ་ཀུན་གྱི་བདག་པོར་གྱུར། བདུད་རྩིའི་སྒྲུབ་པ་མཛད་སྐབས་སྨན་གྱི་ཕོ་བྲང་ནས་སྨན་གྱི་ལྷ་མོ་ཞིག་བྱུང་སྟེ། དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་བྱས་པ་ཀུན་གྱིས་མཐོང་བ་སོགས་གྲུབ་པའི་མཚན་མ་མཐའ་ཡས་པ་མངའ། དགུང་ལོ་ཞེ་གཅིག་པ་ལ་རྗེ་སྒྲོ་ཕུག་པ་གཤེགས། རྗེའི་འགྲོ་དོན་གྱི་རྒྱུན་བསྐྱངས་ནས་ལྔ་བཅུ་རྩ་དྲུག་པ་ས་སྦྲུལ་ལ་གཤེགས་སོ། །ཉི་སོ་ལ་སྲས་གསུམ། སྔོ་སྐྱེས། བླ་མ་ཆེན་པོ། དཔོན་ནག་རྡོ་རྗེའོ། །༈ བླ་མ་ཆེན་པོ་ཡོན་ཏན་གཟུངས་ནི། མེ་རྟ་ལ་འཁྲུངས། ཁུ་བོ་རྒྱ་ནག་པ་དང་ལོ་བཅུ་གསུམ་འགྲོགས་ནས་བཀའ་བསྐྱེད་རྫོགས་གསུམ་གྱི་རྒྱུད་ལུང་མན་ངག་དང་བཅས་པ་ཀུན་ཆུབ་པར་མཛད། དགུང་ལོ་ཉེར་བཞི་ལ་བླ་མ་རྒྱ་ནག་པ་གཤེགས་ནས་གདན་ས་མཛད། བསླབ་གཉེར་འཕྲོས་ཅུང་ཟད་ཡོད་པ་དབུས་པ་སྟོན་ཤཱཀ་དང་དབུས་པ་ཞིག་པོ་གཉིས་ལས་མཐའ་ཆོད་པར་མཛད།
དབུས་པ་སྟོན་ཤཱཀ་དང་དབུས་པ་ཞིག་པོ། སྤྲུལ་སྐུ་ཞིག་པོ་བདུད་རྩི།
༈ དེ་ལ་དབུས་པ་སྟོན་ཤཱཀ་ནི། མི་ཆོས་གཟད་ཀྱི་གཅེར་པ་ཝང་ཐུང་གི་བརྒྱུད་པ་ཡིན། གཙང་དུ་དགོན་པ་བཏབ་ནས་སྒྲུབ་པ་མཛད་པས་ལྷ་འདྲེ་དམ་ལ་ཐོགས་པ་དང་། གདུལ་བྱ་མང་པོའི་དོན་མཛད་ནུས་པ་བྱུང་སྟེ་དམ་པ་སེ་སྦྲག་པ་ཞེས་གྲགས་པ་དེ་ཡིན། ༈ དབུས་པ་ཞིག་པོ་ནི། མི་ཆོས་ཡར་ཀླུང་བྱ་ས་བ་ཡིན། སྒྲོ་ཕུག་པའི་གྲྭ་སར་ཡིག་མཁན་ཆོས་ལ་ཚུད་པ་ཞིག་སྟེ། ལྷ་རྗེ་རྒྱ་ནག་པའི་དྲུང་དུ་བསྐྱེད་རྫོགས་གསུམ་ལ་མཁས་པར་མཛད། སྙན་བརྒྱུད་རྡོ་རྗེ་ཟམ་པའི་མན་ངག་གནང་སྟེ་སྒོམ་པས་ཞག་བདུན་ལ་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་འཁྲུངས། ཐེག་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚིག་མ་ལུས་པར་ཐུགས་ལ་ལམ་ལམ་ཤར་བ་བྱུང་། སྒོམ་སྒྲུབ་ལ་བཞུགས་ནས་མཚམས་འོག་ནས་གྲྭ་ས་སྐྱོང་བ་ལོ་བཅོ་བརྒྱད་མཛད་ནས་དགུང་ལོ་བདུན་ཅུ་པ་ཤིང་ཡོས་ལ་གཤེགས་སོ། །བདག་ཉིད་ཆེན་པོ་དེའི་སློབ་མར་གྱུར་པ་ཞིག་པོ་བདུད་རྩི་དང་། སྟོན་པ་བླ་སྐྱབས་དང་། དབུས་པ་ཇོ་བསོད་དང་། སྙེ་སྟོན་ཉི་མ་རྡོ་རྗེ་ལ་སོགས་པ་གཞུང་ལུགས་སྨྲ་བའི་མཁས་པ་མང་དུ་བྱོན་ནོ། །༈ བླ་མ་ལྷ་ཁང་པའི་ཐུགས་ཀྱི་སྲས་དམ་པ་སྤྲུལ་སྐུ་ཞིག་པོ་བདུད་རྩི་ནི། མེས་རྡོ་རྗེ་རྒྱལ་མཚན་བཤེས་གཉེན་ལ་སྲས་མཁར་རེ་དང་མཁར་ཆུང་། མཁར་ཆུང་གི་སྲས་ཤུ་སྟོན་མོན་སྲན་བྱ་བ། དེའི་སྲས་སྟོན་པ་ལྷ་སྣང་བྱ་བ། དེ་ལ་སྲས་སངས་རྒྱས་དགས་ཆུང་དང་སྒོམ་ཤུ་གཉིས། སངས་རྒྱས་དགས་ཆུང་ཞིག་པོ་བདུད་རྩིའི་ཡབ་ཡིན། གཟད་པའི་ཡོན་བདག་རྣམས་ཀྱིས། གཟད་ཀྱི་ལྷ་གདོང་དགོན་དང་འུག་སྐད་དགོན་ལ་སོགས་ཕུལ་བས། བླ་མ་དགས་ཆུང་གིས་གཟད་ཀྱི་གཅེན་པ་ཝང་ཐུང་བརྒྱུད་ཀྱི་སྲིང་མོ་ཝང་མོ་རྒྱ་གར་གསལ་བྱ་བ་ཁབ་ཏུ་བཞེས་པས། དེ་ལ་ཇོ་སྲས་མ་རྒྱ་མ་སྐྱེས་ནས་ཟླ་བ་བརྒྱད་ལོན་པ་ལ་མ་འདས། དེར་ཨ་མའི་ནུ་མོའི་ཝང་མོ་གཅིག་ཡོད་པ་བོས་ནས་ནུ་བཅོལ་ལ་བཏང་བས་དེ་ཇོ་མོར་སོང་སྟེ་ཞིག་པོ་བདུད་རྩི་ས་སྦྲུལ་ལ་ལྷ་གདོང་དགོན་དུ་སྐུ་འཁྲུངས། མངལ་ན་བཞུགས་སྐབས་ཡུམ་གྱི་རྨི་ལམ་ལ་མི་དཀར་པོ་ཞིག་གིས་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཞིག་
ཡང་ཡང་མགོ་ལ་ཕུབ་པ་རྨིས་པ་དང་། སྐུ་བལྟམས་ནས་ཞིག་མའི་ནང་དུ་བསྙལ་བས་འཇའ་ཚོན་ཟུག་པ་སོགས་ལྟས་ངོ་མཚར་བ་མང་པོ་བྱུང་། དེ་ནས་ལོ་གཉིས་ལོན་ཙམ་ན་ཡབ་ལ་རྨི་ལྟས་ངོ་མཚར་བ་མང་པོ་རྨིས་པས་ཡབ་ཀྱིས་བུ་འདི་འགྲོ་བ་ལ་ཕན་ཐོགས་པ་འོང་བ་འདུག་གསུངས། དེ་ནས་ཟླ་གཉིས་ཙམ་སོང་བ་ན་ཡབ་དགས་ཆུང་དགུང་ལོ་བཞི་བཅུ་རྩ་དགུར་གཤེགས་སོ། །དེ་ནས་ཆེར་ལོང་པ་དང་། མས་ཞང་པོ་སེ་སྤྲག་པའི་སར་བསླབ་གཉེར་ལ་བརྫངས་ལོ་གསུམ་སེ་སྤྲག་པ་དང་འགྲོགས། དེ་ནས་སེ་སྤྲག་པ་སྐུ་གཤེགས། བླ་མ་རྒྱ་ནག་པའི་དྲུང་དུ་བྱོན་ནས་ཆོས་མང་དུ་གསན། ང་སེམས་ཕྱོགས་ཁོ་ན་སྒྲུབ་པ་ཡིན་གསུངས་ནས་ཉམས་ལེན་དང་འཆད་ཉན་སེམས་ཕྱོགས་ཁོ་ན་ལ་མཛད། སེམས་ཕྱོགས་ཇི་ལྟར་གསན་ཚུལ་ཡང་། ཀུན་བྱེད་མདོ་བཅུ་ལ་སོགས་པ་རྒྱུད་སྡེ་ཆེན་པོ་ཉི་ཤུ་རྩ་བཞི། རྩ་བ་སེམས་སྡེའི་སྐོར་ལ་རྩ་བ་བཅོ་བརྒྱད་སྐོར་ལུགས་རོང་ལུགས་ཁམས་ལུགས་ལ་སོགས་པ་ཀུན་གྱི་བཤད་སྲོལ་ལུགས་མི་གཅིག་པ་བཅུ་བཞི་གསན། གདམས་པ་སྙན་བརྒྱུད་ཀྱི་སྐོར་ལ་སྐོར་ལུགས་རོང་ལུགས་ཁམས་ལུགས་གསུམ་གྱི་གདམས་ངག་སོགས་ཐོས་བསམ་གྱིས་མཐའ་རྒྱ་ཆོད་པར་མཛད་དོ། །དེ་ནས་ཆེ་འདོན་མཛད་དེ་འུག་སྐད་དགོན་པ་ལ་སོགས་པ་བཟུང་། གཙང་དུ་སེ་སྤྲག་དགོན་ཡང་བཟུང་སྟེ་འགྲོ་དོན་བསྐྱངས། དེ་ནས་ངེད་ཀྱིས་སེ་སྤྲག་ལ་མི་ཐར་བ་འདུག་པས་རི་སྒབ་འདིར་ངལ་གསོ་ས་ཞིག་བྱེད་གསུངས་ནས་ཆོས་སྡིངས་བཏབ། བླ་མ་ཞང་གི་སྙན་པ་ཐོས་པས་སྤྱན་དྲངས་ཆོས་འབྲེལ་ཞུས་པས། ཞང་གི་ཞལ་ནས། ཁྱོད་ཀྱི་དགོན་པ་འདི་ཆུ་ཤིང་འཛོམ་པ་མི་འདུག་སྟེ། མི་འདུ་བ་འགྲོ་བ་ལ་ཕན་ཐོགས་པ་གཅིག་འོང་བ་འདུག་པས་མིང་ཆོས་སྡིངས་སུ་ཐོགས་གསུངས། དགོན་མིང་ཞང་གིས་བཏགས། དེའི་ཚེ་མི་རྣམས་ཀྱིས་ཆོས་ལྷ་ཁང་པ་ལ་ཞུས་ནས་ཞབས་ཏོག་འཚལ་པ་ལ་བྱེད་ཟེར་སྨད་པའང་བྱུང་སྐྱེས་བུ་ཆེན་པོ་འདི་རྟོགས་གྲོལ་དུས་གཅིག་ལ་བྱུང་བ་རྫོགས་ཆེན་རང་སྣང་རིས་མེད་ཀྱི་དགོངས་པ་རང་ཤར་ནས་རྡོ་རི་བྲག་སོགས་ལ་ཐོགས་མེད་དུ་འགྲོ་ནུས། བྱང་ཕྱོགས་ཀྱི་རྒྱུད་གངས་རིའི་ཁྲོད་འདིར་སྐྱེ་དགུ་རྣམས་བློ་བསྒྱུར་ནས་ཆོས་ལ་བཅུད་དེ་ཐར་པའི་ལམ་
ལ་བཀོད། སློབ་མ་དགེ་བཤེས་ཉི་ཟླ་ལྟར་གྲགས་པ་བསམ་གྱིས་མི་ཁྱབ་པ་མང་དུ་བྱུང་། རྒྱ་གར་རྒྱ་ནག་བལ་པོ་ལ་སོགས་སྐད་རིགས་མི་གཅིག་པའི་སྐྱེ་བོ་དུ་མ་འདུས། རྡོ་རྗེ་གདན་ལ་མཆོད་པ་ལན་གསུམ་བསྐྱལ། མཐར་དགུང་ལོ་ལྔ་བཅུ་རྩ་གཅིག་པ་ས་ལུག་གསང་ཕུའི་རྒྱ་ར་གད་ལོགས་ཀྱི་དགོན་པར་སྐུ་གཤེགས། སྤུར་ཆབ་ལ་གདན་དྲངས་ནས་གཟད་དུ་འུག་སྐད་དགོན་པར་ཟླ་བ་བཞི་བཞུགས། དེ་ནས་ཐང་སྐྱར་སྤྱན་དྲངས་ནས་སྤུར་སྦྱངས་པའི་ཚེ་ན་སྒྲ་དང་འོད་དང་འཇའ་ཚོན་སོགས་དང་སྐུ་དང་ཡིག་འབྲུ་མཆོད་རྟེན་དང་རིང་བསྲེལ་གྱི་ཚོགས་དཔག་མེད་བྱོན་ནོ། །གཅེན་པོ་དཔོན་དང་སློབ་མར་གྱུར་པ་རྣམས་ཀྱིས་སྐྱེས་བུ་ཆེན་པོ་དེའི་གདན་སར་དགོངས་ནས་གཟད་ཐང་སྐྱའི་གཙུག་ལག་ཁང་བཏབ།
རྟ་སྟོན་ཇོ་ཡེ་དང་གཡུང་སྟོན་རྡོ་རྗེ་དཔལ་བ།
༈ ཞིག་པོ་ལ་ཐུགས་ཟིན་གྱིས་སློབ་མ་དྲུག་གི་ནང་ནས་ཀྱང་གདམས་པའི་བཀའ་བྱོ་ཞིང་མཁྱེན་པའི་བཅུད་ཐོབ་པའི་ཐུ་བོར་གྱུར་པ་རྟ་སྟོན་ཇོ་ཡེ་ཡིན། དེ་ནི་མེས་པོ་རྟ་བོན་དབང་གྲགས་བྱ་བ་ཆོས་བོན་གཉིས་ཀ་བྱེད་པ་གཡུ་རུ་སྟོད་ཀྱི་བདག་པོར་གྱུར་པ་ཞིག་ལ་བུ་བརྒྱད་ཡོད་པའི་ཆུང་ཤོས་རྟ་སྟོན་ཇོ་འབུམ། དེའི་བུ་རྟ་སྟོན་ཇོ་ཡེ་འདི་ཡིན། བླ་མའི་མཁྱེན་རྟོགས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པས། འདི་སྐད་གསུངས་ཏེ། ཐོག་མ་མེད་ནས་འཁྲུལ་ལུགས་བསམ་མི་ཁྱབ། །ལས་འཕྲོ་སད་དམ་བསགས་པའི་སྟོབས་ཀྱིས་སུ། །ཚད་ལྡན་བླ་མ་གསང་སྔགས་ཟབ་མོ་དང་། །མང་དུ་མཇལ་ཏེ་ཐོས་པ་བག་རེ་བྱས། །སེམས་ཀྱི་སྒྲོ་འདོགས་ཞིག་པོའི་དྲུང་དུ་ཆོད། །མཉམ་མེད་རིན་ཆེན་དེ་ཡི་ཐུགས་ཀྱི་བཅུད། །བརྒྱུད་པ་བཞི་ལྡན་གདམས་པ་ཟབ་དགུ་གནང་། །ཞེས་ཀྱང་གསུངས། རྟ་སྟོན་ཇོ་ཡེ་འདི་ཆུ་ལུག་ལ་འཁྲུངས། ཉེར་ལྔ་ལ་ཞིག་པོ་དང་མཇལ། ལོ་བཅུ་གཅིག་པར་དབུ་སྔས་སྦྲེལ་ཏེ་བཞུགས། སོ་བདུན་ལ་བླ་མ་ཞིག་པོ་ཞི་བར་གཤེགས། དེ་རྗེས་དེའི་ཕྲིན་ལས་ཀྱི་རྒྱུན་རྒྱ་ཆེར་བསྐྱངས་ནས་དགུང་ལོ་དྲུག་ཅུ་རྩ་བརྒྱད་པ་ལྕགས་སྟག་ལ་ཞི་བར་གཤེགས་སོ། ༈ །གཡུང་སྟོན་རྡོ་རྗེ་དཔལ་བ་ནི། གདུང་རུས་གླན་ཏེ་ཚོང་འདུས་སུ་འཁྲུངས། གཞོན་ནུ་ནས་མཁྱེན་པ་ཤིན་ཏུ་ཆེ། སྔགས་གསར་རྙིང་དང་མཚན་ཉིད་ཀྱིའང་མངོན་པ་ཀུན་ལས་
བཏུས་ལ་མཁས། གཤེད་སྐོར་ཤངས་པ་ཤཱཀ་འབུམ་༼ལ༽གསན་ནས་འཁྲུལ་འཁོར་ལས་སྦྱོར་སོགས་ལ་མཁས་ཤིང་མཐུ་ཆེ། གཞོན་དུས་གོང་མའི་ལུང་གིས་རྒྱ་ཡུལ་དུ་བྱོན། འཆམས་ལ་སོགས་པའི་རྣམ་འགྱུར་དང་། གོང་མ་ལ་འབྲུ་གདབ་དགོས་པའི་མི་སྡེ་མང་པོས། ཐན་པ་བྱུང་བའི་ཚེ་གོང་མ་ལ་ཆར་འབེབས་པ་ཞུས་པས། དེར་ཁོང་བརྫངས་པས། ཁོང་གིས་དཀོན་མཆོག་ལ་གསོལ་བ་བཏབ་པས། ཆར་ཡང་དག་པར་ཕེབས། གོང་མ་དགྱེས་ཏེ་གནང་སྦྱིན་མང་པོ་གནང་བས། ནོམ་པ་ཆེན་པོ་དང་བཅས་བོད་དུ་ཕེབས། ངོ་ཤེས་དང་གྲོགས་མཆེད་སོགས་ལ་ཅི་ཡང་མ་སྦྱིན་པར་ཡུམ་གྱི་དོན་དུ་བླ་མ་དང་དགེ་འདུན་ལ་ཡོ་བྱད་རྣམས་ཕུལ། སྐུ་ཚེའི་སྨད་ལ་ཚོགས་པ་ཆོས་ལུང་པ་ལས་བསྙེན་པར་རྫོགས། མཚན་རྡོ་རྗེ་འབུམ་ཞེས་པ་རྡོ་རྗེ་དཔལ་ཞེས་གསོལ་ལོ། །འདི་ཉིད་ཤིང་སྤྲེལ་ལ་འཁྲུངས་ནས་དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་ཤིང་སྦྲུལ་ལ་ཞི་བའི་དབྱིངས་སུ་གཤེགས་སོ། །
ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
༈ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ནི། སྟོན་པ་ཉིད་ཀྱིས་གསང་བ་བླ་ན་མེད་པའི་རྒྱུད་ཐལ་འགྱུར་ལས། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ནས་བཟུང་རིམ་པ་བཞིན་ལུང་བསྟན་ནས། དེ་འོག་དགེ་སློང་དཔལ་དང་ལྡན། ཞེས་རིག་འཛིན་ཀུ་མཱ་ར་ཛ་དང་དེ་ནས་བློ་གྲོས་མཆོག་གི་འཛིན། ཞེས་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ལུང་བསྟན་པ་ཡིན་ཏེ། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བའི་དོན་དང་། བློ་གྲོས་ཞེས་པའི་མཚན་སྒྲས་ཚིག་གི་སྒོ་ནས་ཀྱང་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །དེས་ན་དམ་པ་འདི་ཉིད་ངོ་བོ་རྒྱལ་བ་ཀུན་དང་རྣམ་དབྱེར་མ་མཆིས་པའི་ཕྲིན་ལས་ལ་དབང་འབྱོར་ཡང་། གནས་སྐབས་གདུལ་བྱ་ཐུན་མོང་གི་དོན་མཛད་ཚུལ་གྱི་ལོ་རྒྱུས་ཅུང་ཟད་བརྗོད་ན། རིགས་ནི་སད་མི་བདུན་གྱི་ནང་ཚན་རྟ་མགྲིན་གྱི་གྲུབ་ཐོབ་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་དབོན་རབས་ཉི་ཤུ་རྩ་ལྔ་པ་སློབ་དཔོན་ལྷ་བསྲུང་ཞེས་བདུད་རྩིའི་གྲུབ་ཐོབ་དགུང་ལོ་བརྒྱ་དང་ལྔ་བཞུགས་པ་དེའི་སྲས་སློབ་དཔོན་བརྟན་བསྲུང་ཞེས་པའི་བར་དུ་གྲུབ་ཐོབ་རྒྱུན་ཆགས་པར་བྱོན་པ་དེ་དང་། ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་ཞེས་པའི་སྲས་སུ་ས་སྤྲེལ་ལ་གཡུ་རུ་གྲྭའི་
སྟོད་གྲོང་ཞེས་བྱ་བར་འཁྲུངས། བཙས་མ་ཐག་ནས་ནམ་གྲུ་རེ་མ་ཏཱིས་གཟུགས་དངོས་སུ་བསྟན་ནས་བསྲུང་བ་དང་། གསུང་བྱེ་ཚེ་དད་པ་དང་སྙིང་རྗེ་བློ་གྲོས་ཀྱི་མཐུ་རྣམས་སྐྱེ་བས་ཐོབ་པའི་རྟགས་ཤིན་ཏུ་གསལ། ལོ་ལྔ་ནས་བྲིས་ཀློག་བརྡ་བསྟན་པ་ཙམ་གྱིས་ཚེགས་མེད་པར་མཁྱེན། བདུན་ནས་བཟུང་ཡབ་ལས། བཀའ་བརྒྱད་བདེ་གཤེགས་འདུས་པ། རྟ་མགྲིན། ཕུར་པ། གུ་རུ་ཞི་དྲག་རྣམས་ཀྱི་དབང་ལུང་མན་ངག་ཕྱག་བཞེས་དང་བཅས་པ་དང་སྨན་རྩིས་ལ་སོགས་པའང་གསན་ཅིང་ཀུན་ཆུབ་པར་མཛད། དགུ་པ་ལ་གྲྭ་ཕྱིའི་ཚོང་འདུས་སུ་ཉི་ཁྲི་དང་བརྒྱད་སྟོང་པ་བརྒྱ་ཚར་སྒྲོག་པས་ཚིག་དོན་ཐུགས་སུ་ཆུད། བཅུ་གཉིས་པ་ལ་བསམ་ཡས་སུ་མཁན་པོ་བསམ་འགྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་། མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ། འདུལ་བ་ལ་སྦྱངས་ཤིང་བཅུ་བཞི་པ་ལ་བཤད་གསར་མཛད་པས་མཁས་པའི་གྲགས་པ་འཐོན། བཅུ་དགུ་པ་ལ། གསང་ནེའུ་ཐོག་ཏུ་སློབ་དཔོན་བཙན་དགོན་པ་དང་། ཁྱད་པར་བླ་བྲང་པ་ཆོས་དཔལ་རྒྱལ་མཚན་དང་། ཆོས་གྲགས་གཉིས་པར་གྲགས་པ་གཞོན་ནུ་རིན་ཆེན་གཉིས་གཙོ་བོར་བསྟེན་ཅིང་། ཕར་ཚད་ཀྱི་གཞུང་འགྲེལ་མཐའ་དག་གསན་ནས་ཚིག་དོན་རྣམས་ལ་མཁས་པར་སྦྱངས། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུ་མ་རྩ་འཇུག་སོགས་ཀྱི་གཞུང་འགྲེལ་མན་ངགདཔང་ལོ་ཆེན་པོ་ལས་མངོན་པ་དང་མདོ་ཏིང་འཛིན་རྒྱལ་པོ་སོགས་ཟབ་མོ་མདོ་ལྔའི་བཤད་པ་དང་སྙན་ངག་སོགས་ཐ་སྙད་ཀྱི་གཙུག་ལག་རྣམས་ཀྱང་གསན་ཅིང་། དེ་དག་གི་ཚིག་དོན་མཐའ་དག་ལོ་གསུམ་ལ་ཀུན་ཆུབ་པར་གྱུར་ཏེ། ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་སྐོར་མཛད་པས། གཞུང་ཚོགས་ཀྱི་རྒྱ། མཁྱེན་རབ་ཀྱི་རྩལ། རིག་པའི་རྣམ་འགྱུར་ཀུན་ལ་ཐོགས་པ་མི་མངའ་བས། ཐམས་ཅད་ཀྱིས་བསྔགས་པའི་ཡུལ་དུ་མཐུན་སྣང་གྲུབ་ཅིང་། བསམ་ཡས་ལུང་མང་པ་ཞེས་མཚན་དུ་ཐོགས། དེ་དག་གི་སྔ་ཕྱི་ཅི་རིགས་པར་དན་ཕག་པ་གཞོན་ནུ་དོན་གྲུབ་ལས། མདོ་སྒྱུ་འཕྲུལ་སེམས་ཕྱོགས་ཀྱི་དབང་ཁྲིད་བཤད་བཀའ་ཐམས་ཅད་དང་། གསང་འདུས་སྦྱོང་རྒྱུད་ལ་སོགས་པ། སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་བདེ་
མཆོག་དང་ལམ་འབྲས། སྦྱོར་དྲུགཞི་བྱེད་རྫོགས་ཆེན་སེམས་ཕྱོགས་ཀྱི་སྐོར། སློབ་དཔོན་གཞོན་ནུ་རྡོ་རྗེ་ལས་སྤྱོད་འཇུག་དང་བསླབ་བཏུས་བསྟན་རིན་མ་ལ་སོགས་པ། མཐིང་མ་བ་སངས་རྒྱས་གྲགས་འོད་ལས། བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་གསང་སྔགས་གཏེར་མ་མང་པོ་དང་། གཞན་ཡང་ཆོས་རྗེ་རང་བྱུང་རྡོ་རྗེ། ས་སྐྱ་པའི་བླ་མ་བདག་ཉིད་ཆེན་པོ། སློབ་དཔོན་དབང་ཡེས། བླ་མ་འཇམ་དབྱངས་པ། རིན་ཆེན་ཁྲོ་ཕུ་བ། ཁང་དམར་བ། བླ་མ་ཚོང་འདུས་པ། ཟ་ལུང་རིན་པོ་ཆེ། ཤུག་གསེག་རི་པ་སོགས་ཡོངས་སུ་འཛིན་པའི་བཤེས་གཉེན་ཉི་ཤུ་ལྷག་ཙམ་ལས་གསང་སྔགས་གསར་རྙིང་གི་དབང་བཀའ་རྗེས་གནང་། མདོ་སྔགས་ཀྱི་གཞུང་ཆེ་ཆུང་མང་པོའི་བཤད་པ་དང་ལུང་ཟབ་ཁྲིད་གདམས་ངགརྩིས་སོགས་ཐ་སྙད་ཀྱི་ཕྱག་ཁྲིད་སོགས་ཤེས་བྱའི་ཆོས་ཚུལ་མཐའ་དག་ལ་སྦྱངས་ཤིང་མཁས་པར་མཛད། གསང་ཕུར་སྡེ་སྣོད་ཀྱི་གསན་པ་མཛད་པའི་སྐབས་དེ་རྣམས་སུ་མི་གཡོ་བ། དབྱངས་ཅན་མ། ཕག་མོ་ཤེས་རབ་གསལ་བྱེད་རྣམས་ཀྱི་བསྙེན་སྒྲུབ་མཛད་པས་དེ་དག་ཞལ་གཟིགས་ཤིང་། ཁྱད་པར་ལྷ་མོ་དབྱངས་ཅན་མས་ཕྱག་མཐིལ་དུ་བཞག་སྟེ་གླིང་བཞི་རི་རབ་དང་བཅས་པ་ཞག་བདུན་དུ་བསྟན་པས་ཐོགས་པ་མེད་པའི་བློ་གྲོས་ཀྱི་མཐུ་གྲུབ། གསང་ཕུར་བཞུགས་སྐབས་ཁམས་པའི་ཆགས་སྡང་གི་རྩོད་པས་ཐུགས་ཕྱུངས་ཏེ་དབུར་སྟོད་རྒྱ་མ་ལྕོག་ལའི་བྲག་ཕུག་དུ་ཟླ་བ་བརྒྱད་ལ་མུན་མཚམས་ཁོ་ནར་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དེའི་ཚེ་རྗེ་བཙུན་འཕགས་མ་མཛེས་སྡུག་མཚུངས་པ་མེད་པའི་ཡེ་ཤེས་ཀྱི་སྐུས་རིན་པོ་ཆེའི་ཅོད་པཎ་ཉིད་ཀྱི་དབུ་ལ་བཅིངས་ཏེ། རྟག་ཏུ་བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྩོལ་བར་དབུགས་དབྱུང་བ་ཐོབ། དགུང་ལོ་ཉེར་བདུན་པ་ལ་ཡི་དམ་ལྷས་ལུང་བསྟན་པའི་བླ་མ་རིག་འཛིན་ཆེན་པོ་ཀུ་མཱ་ར་ཛའི་སྤྱན་སྔར་ཕེབས། ཡར་སྟོད་སྐྱམ་གྱི་ཕུར་བཞུགས་པ་དང་མཇལ། ངའི་ཆོས་ཀྱི་བརྒྱུད་པ་འཛིན་པ་འདུག་གསུངས་དགྱེས་པར་མཛད། སྤྱིར་དབང་དང་གདམས་པ་མང་དུ་གསན། ཁྱད་པར་གསང་བ་བླ་ན་མེད་པའི་དབང་དང་གདམས་པ་རྣམས་ཉམས་
ཁྲིད་དུ་གསན་ནས་ཟས་གོས་གནས་མལ་སོགས་དཀའ་སྤྱད་ལ་མི་ཞུམས་པའི་སྙིང་སྟོབས་ཀྱིས་ཉམས་ལེན་ཆིག་སྒྲིལ་དུ་མཛད་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཉམས་རྟོགས་མཐར་ཕྱིན། གཞན་ཡང་དེ་དག་གི་རྒྱུད་འགྲེལ་གདམས་ངག་ཕྲན་ཚེགས་དང་བཅས་པ་རྣམས་ཀྱང་རྫོགས་པར་གསན་ཅིང་གདམས་པའི་གཏད་རྒྱ་དང་བཅས་རྒྱལ་ཚབ་ཏུ་དབང་བསྐུར། མཆིམས་ཕུ་ལ་སོགས་པའི་དབེན་གནས་རྣམས་སུ་ལོ་གསུམ་མའི་དམ་བཅས་མཚོན་ལོ་བདུན་དུ་ཟབ་ལམ་གྱི་སྒྲུབ་པ་ལ་ནན་ཏན་དུ་མཛད། སྐབས་འགར་བླ་མའི་དྲུང་དུ་བསྙེན་ནས་ཉམས་རྟོགས་གྱི་མཐའ་རྒྱ་ལེགས་པར་བཅད་པ་ལས། གནས་ལུགས་ཟབ་མོའི་ལྟ་བའི་གནད། སྒོམ་པ་ཏིང་ངེ་འཛིན་གྱི་དྲོད་རྟགས། ཤེས་བྱ་རབ་འབྱམས་ལ་ཐོགས་མེད་ཀྱི་མཁྱེན་པ། སྲི་ཞུའི་སྤྱོད་ལམ་བསྟེན་ཚུལ་འཁོར་གསུམ་ཡོངས་དག་གི་འབུལ་བ་མང་པོ་སོགས་སྒོ་དུ་མ་ནས་མཉེས་པར་བསྒྲུབས་ཤིང་ཐུགས་ཀྱི་སྲས་གཅིག་པུར་གྱུར། མཆིམས་ཕུར་སྒྲུབ་པའི་དམ་བཅའ་ལ་བཞུགས་སྐབས། གུ་རུ་ཞི་དྲགདཔལ་ཆེན་པོ་གཙོ་འཁོར། རྡོར་སེམས་དང་རྗེ་བཙུན་སྒྲོལ་མ་སོགས་ཡི་དམ་དུ་མའི་ཞལ་གཟིགས། མ་མགོན་གཟའ་དང་དམ་ཅན་རྣམས་ཀྱིས་ཕྲིན་ལས་སྒྲུབ་པར་དམ་མནོས། མཁའ་འགྲོ་རྣམས་དང་ཆོས་ཀྱི་བགྲོ་བ་མི་ལབ་པ་བཞིན་བྱུང་། ལྷ་སར་ཇོ་བོ་མཆོད་ནས་གསོལ་བ་བཏབ་པས། མཛོད་སྤུ་ལས་འོད་ཟེར་འཕྲོས་པ་རང་ལ་ཐིམ་པས་རྒྱ་གར་བྱ་རྒོད་ཕུང་རི་དང་ལི་ཡུལ་གྱི་བཀོད་པ་དེར་པཎྚི་ཏར་འཁྲུངས་ཚེ་ཆོས་མཁྱེན་པ་རྣམས་གསལ་བར་ཤར། ཡོས་ཀྱི་ལོ་མཆིམས་ཕུའི་རི་མོ་ཅན་དུ་སྐལ་ལྡན་འགའ་ལ་སྙིང་ཐིག་གི་དབང་ཁྲིད་དང་པོར་གསུངས་ཤིང་། དེ་དང་འབྲེལ་བར་སྔར་སྲོག་སྒྲུབ་མས་གླེགས་བམ་གཏད་པའི་བརྡའ་དང་གཟུགས་ཅན་གྱིས་གསོལ་འདེབས་ལ་བརྟེན་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་ཀྱང་གསུང་དུས་ཨོ་རྒྱན་ཡབ་ཡུམ་གྱིས་དབང་བསྐུར་ཞིང་མཚན་བཏགས། རྡོ་རྗེ་ཕག་མོ་ཡེ་ཤེས་སུ་བབས་པས་གདམས་པའི་གནད་བསྟན། ལས་འབྲེལ་རྩལ་གྱི་འོག་ཏུ་ལོངས་སྐུའི་ཞིང་ཉུལ་བར་བཤད་པ་དེར་ངོས་བཟུང་ནས་ལྐོག་འགྱུར་ལུང་བསྟན་པ་སོགས་ངོ་མཚར་བའི་ཆོ་འཕྲུལ་མཐའ་ཡས་ཀུན་
གྱི་སྤྱོད་ཡུལ་དུ་གྱུར། གཡུ་སྒྲོན་མས་བསྐུལ་ཏེ་གངས་རི་ཐོད་དཀར་དུ་ཕེབས། དེར་མཁའ་འགྲོ་སྙིང་ཐིག་གི་ཟབ་མོ་གསལ་བྱེད་ཡང་ཐིག་གི་ཡིག་ཆ་མཛད་པ་ན་རིག་འཛིན་མཁའ་འགྲོའི་དབུགས་དབྱུང་དང་བཅས་ཡུན་ཐུང་ངུ་ལ་གྲུབ། ཀུ་མཱ་ར་ཛས་དབང་གི་བརྡའ་བསྟན། གཤེགས་པའི་མཚན་མ་ཤར་བ་ཏིང་ངེ་འཛིན་གྱིས་མོད་ལ་བཟློགསྐབས་འདི་ནས་ལྷུན་གྲུབ་འོད་གསལ་གྱི་སྣང་བ་དང་། ལྷ་དང་བླ་མའི་ཞལ་གཟིགས་དང་ལུང་བསྟན་པའང་རྒྱུན་ཆགས་པ་བྱུང་། གསུང་རབ་ཀྱི་རྩོམ་པ་ཕལ་ཆེར་ཡང་གནས་འདིར་མཛད། ལྷ་རིང་བྲག་ཏུ་ཞི་ཁྲོའི་སྐོང་ཆོག་མཛད་དུས་ནམ་མཁའ་ལ་ཞི་ཁྲོའི་དཀྱིལ་འཁོར་དེར་འཁོད་ཐམས་ཅད་ཀྱིས་མཐོང་། རྒྱ་མའི་གནས་སུ་སྤྱན་དྲངས་དགེ་བའི་བཤེས་གཉེན་མང་དུ་འདུས་པ་ལ། སྙིང་ཐིག་གི་དབང་ཁྲིད་གསུངས། མཁས་རློམ་འགའི་བློར་མ་ཤོངས་པས་བརྒལ་བརྟག་ཞུས་པ་རྣམས་ལུང་རིགས་ཟབ་མོས་ལོག་རྟོག་བསལ་ནས་དད་པའི་ལམ་ལ་བཀོད། སྒོམ་པ་ཀུན་རིན་གྱིས་འབྲི་གུང་དུ་སྤྱན་དྲངས། གྲོགས་ཨོ་རྒྱན་གྱི་དགོན་པ་ཕུལ་དད་པས་བསྙེན་ཅིང་གདམས་པ་དུ་མས་ཐར་པའི་ལམ་བསྟན། ལུང་བསྟན་བཞིན་ཞྭ་ལྷ་ཁང་གསོས་དུས་དབུ་རྩེའི་ཐད་ནས་གསེར་འགུ་ཚེ་གང་བཏོན་པས་གཙུག་ལག་ཁང་གི་ཆ་རྐྱེན་དང་རྟེན་གྱི་ན་བཟར་གསོལ། གཏེར་མང་དུ་འདུག་པ་ལས་སྒྲུབ་ཐབས་ཟབ་པ་འགའ་ཞིག་བཞེས། དམ་ཅན་བྱིས་པར་བརྫུས་ནས་བཟོ་བོ་རྣམས་ཀྱི་གྲོགས་བྱས། རྡོ་རིང་གཉིས་པོ་སྔར་ཅབ་འགྱེལ་དུ་ཡོད་པ་ཐབས་འཕྲུལ་ཅིས་ཀྱང་མ་ལྷོངས་པ་ཆོས་རྗེ་ཉིད་ཀྱིས་བདེན་སྟོབས་བརྗོད་ནས་སྐུ་ཆོས་ཀྱི་གཡབ་མོས་མོད་ལ་བསླངས། ས་རྡོ་བསལ་དུས་འཐོན་པའི་མནན་པ་རྣམས་སླར་གནོན་པར་བརྩམས་པ་ན་ཐུག་ཆོམ་གྱི་སྒྲ་ཆེན་པོས་འཕར་ཞིང་ས་རྡོའི་ཆར་དང་རླུང་འཚུབ་མུན་བསྲོས་པ་ལྟ་བུའི་ཆོ་འཕྲུལ་གྱིས་འཁོར་རྣམས་བག་འཁུམས་ཏེ་ཅི་བྱ་གཏོལ་དང་བྲལ་བ་ན་ཉིད་ཀྱི་སྐུའི་འགྱུར་བ་དང་གསུང་གི་སྔགས་སྒྲ་དྲག་པོས་མནན་པས་ཆོ་འཕྲུལ་རྣམས་མོད་ལ་ཞི། རབ་གནས་མཛད་དུས་སངས་རྒྱས་བྱང་སེམས་ནམ་མཁའ་གང་བས་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་། མགོན་པོ་བྱམས་པས་སྐྱེ་བ་གཉིས་འདས་པའི་འོག་
ཏུ་པདྨ་བརྩེགས་པའི་ཞིང་དུ་རྒྱལ་བ་རི་རབ་མར་མེའི་རྒྱལ་མཚན་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་གཟིགས། ཚེས་བཅུའི་མཆོད་པ་མཛད་ཚེ་སློབ་དཔོན་པདྨ་མཁའ་འགྲོའི་འཁོར་དང་བཅས་པ་བྱོན་ནས་བྱིན་གྱིས་བརླབས། ཏེ་སྒྲོའི་མཁའ་འགྲོ་རྣམས་ཀྱིས་བུམ་ཐང་དུ་འབྱོན་པར་ལུང་བསྟན། གནས་དེར་ཞི་ཁྲོའི་སྐོང་བཤགས་ཡུན་རིང་དུ་མཛད། མིས་མི་ཐར་བའི་བྲག་གཡང་གཟར་པོ་ལ་རྒྱལ་མཚན་དང་བ་དན་བཙུགས། དེ་དག་ཏུ་འགྲོ་བ་མང་པོ་རྗེས་སུ་བཟུང་ནས་ཐར་པའི་ལམ་དུ་རིགས་སད་པར་མཛད། ཕྱིར་ལམ་ལྷ་སར་བྱོན་དུས་ཡར་ཀླུང་པས་ཐོ་འཚམས་པར་བརྩམ་པ་ན་མི་སྣང་བའི་སྒྱུ་འཕྲུལ་གྱིས་ངན་པ་དེ་དག་དམུས་ལོང་དུ་གྱུར། ཇོ་བོ་ལ་མཆོད་ཅིང་གསོལ་བ་བཏབ་པའི་ཚེ་སྐུ་ལས་འོད་ཟེར་འཕྲོས་པའི་སྟེང་གི་ནམ་མཁར་སངས་རྒྱས་བྱང་སེམས་གྲངས་མེད་བཞུགས་པས་བྱིན་གྱིས་བརླབས་པ་དང་། དམ་ཅན་མང་པོས་བྲན་བཞིན་དུ་དམ་ནོད། ཤུག་གསེབ་ཏུ་ཕེབས་དུས་ས་ཕག་གི་འཁྲུག་པས་བོད་མི་བདེ་བའི་མཚན་མ་གཟིགས་ནས་ལྷོ་མོན་དུ་ཐེགས་པར་ཕྱོགས། མཁའ་རི་སོགས་གཞི་བདག་རྣམས་ཀྱིས་ཕོ་མ་ནས་བསུས། ལ་ཡག་མན་ཐང་གནས་སུ་མཁན་ཆེན་པའི་དབུས་སྐལ་ལྡན་དུ་མས་གུས་པར་མཆོད་ཅིང་ཟབ་ལམ་གྱི་གདམས་པས་སྨིན་པར་མཛད། བུམ་ཐང་དང་རྔ་ལོང་སོགས་མཐའ་འཁོབ་མུན་པའི་གླིང་ལྟ་བུར་དབང་ཁྲིད་སེམས་བསྐྱེད་སོགས་སྐལ་བ་དང་འཚམ་པའི་ཆོས་ཀྱི་སྒྲོན་མེས་ཐར་པའི་ལམ་གསལ་བར་བསྟན། ཐར་འདོད་མང་པོའི་འདུས་སྡེར་ཚོགས་པ་ལ་ཐར་པའི་གླིང་དུ་མིང་བཏགས་ནས་རེ་ཞིག་བཞུགས། སླར་ཡང་ལྷོ་འབྲོག་གི་ཆེ་དགུས་སྤྱན་དྲངས་ལ་ཡག་ལྷ་ལུང་དང་མན་ཐང་གནས་སུ་དགེ་འདུན་གཙོ་བོར་གྱུར་པའི་འདུས་པ་སྟོང་ཕྲག་ལོངས་པ་ལ། གསང་བ་སྙིང་ཐིག་གི་དབང་ཁྲིད་སྤྱི་དང་ཁྱད་པར་མཁན་ཆེན་དགེ་འདུན་རྒྱལ་མཚན་ལ་གདམས་པའི་བཀའ་སྲོལ་རྫོགས་པར་གནང་ནས་བསྟན་པའི་གཉེར་གཏད། ཡར་འབྲོག་ཏུ་ཁྲི་དཔོན་རྡོ་རྗེ་རྒྱལ་མཚན་པས་དད་པས་མཆོད། སྐལ་ལྡན་བཅོ་ལྔ་ལ་མཁའ་འགྲོ་སྙིང་ཐིག་དང་འདུས་པ་མང་པོར་ཆོས་འཁོར་རྒྱ་ཆེར་བསྐོར། མཁྱེན་རྟོགས་དང་ཕྲིན་ལས་ཀྱིས་ཕག་གྲུ་
ཏཱ་སི་དད་པར་གྱུར་ནས་གཡོར་པོ་གཞུང་དུ་རྙེད་བཀུར་བཟང་པོས་ཡུན་རིང་དུ་མཆོད་ཅིང་ཉིས་སྟོང་དུ་ལོངས་པའི་འདུས་པ་ལ་སྙིང་ཐིག་གི་དབང་ཁྲིད་དང་གོང་དཀར་དུ་སི་ཏུ་པ་གཙོ་བོར་གྱུར་པ་ལ་དབང་དང་གདམས་པ་དུ་མས་རྗེས་སུ་བཟུང་། ས་སྐྱ་པའི་བླ་མ་དམ་པ་དང་གསང་ཕུ་གྲགས་བཟང་གིས་ལྟ་གྲུབ་ཀྱི་གནད་ལ་ཐེ་ཚོམ་གཅོད་པའི་དྲི་ཡིག་ཕུལ་བ་ཆོས་དང་མཐུན་པའི་ལན་གྱིས་གུས་ཤིང་རངས་པར་མཛད། སྐྱིད་ཤོད་གསང་མདར་གླིང་སྟོད་སློབ་དཔོན་ཡོན་རྒྱམ་པ་སོགས་འདུས་པའི་བསྙེན་བཀུར་དང་ཆོས་ཀྱི་དྲི་བ་མང་དུ་བྱས་པ་ལུང་རིགས་དང་འབྲེལ་བའི་ལན་གྱིས་སྤོབས་པ་བཅོམ། གསེར་སྲང་བཅུ་སོགས་ཡོ་བྱད་མང་པོས་ཚིམས་པར་མཛད། ལྷ་སར་བྱོན་དགེ་འདུན་མང་པོའི་སེར་ཕྲེང་གིས་བསུས། ལྷ་ར་གཉིས་ཀྱི་བར་དུ་ཆོས་ཀྱི་ཁྲི་བརྩིགས་པའི་སྟེང་ནས་སེམས་བསྐྱེད་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། ཁེངས་པའི་བློ་ཅན་མང་པོ་ལུང་རིགས་ཀྱིས་བརྟུལ་ནས་དད་པའི་གནས་ལ་བཀོད། གནས་རྟེན་རྣམས་མཆོད་ཅིང་བཤད་སྒྲུབ་ཀྱི་སྡེ་མང་པོར་ཚོགས་གསོག་རྒྱ་ཆེར་སྤེལ་ནས་བསྟན་འགྲོའི་ཕན་བདེ་རྒྱས་པའི་རྒྱུར་བསྔོས། སྙེ་ཕུ་ཤུག་གསེབ་ཏུ་ཕེབས་སྐལ་ལྡན་འདུས་པ་སྟོང་ཕྲག་བརྒལ་བར་ཟབ་ལམ་རྫོགས་པ་ཆེན་པོས་སྨིན་པར་མཛད་ནས་དབུར་སྟོད་དུ་སྤྱན་དྲངས། མཁར་བ་རིར་སི་ཏུ་ཤཱཀྱ་བཟང་པོས་མཆོད། དབང་དང་གདམས་པ་དུ་མས་བྱིན་གྱིས་བརླབས། དབྱར་བཞུགས་ཀྱི་ཕོགས་ཕུལ་ནས་གྲོག་ཨོ་རྒྱན་དགོན་པའི་ཕུའི་རྫ་འདབས་ནས་མདའི་བྲག་རྩ་ཡན་གང་བའི་ཆོས་ཉན་འབྲི་གུང་གི་མཁན་སློབ་སོགས་ཆོས་འཆད་ཀྱི་སློབ་དཔོན་བཞི་བཅུ་ཙམ་དང་མི་ཆེན་སྐྱ་བཙུན་མང་པོས་མཚོན་འདུས་པ་སུམ་སྟོང་དུ་ལོངས་པ་ལ་འོད་གསལ་རྡོ་རྗེ་སྙིང་པོའི་དབང་ཁྲིད་རྒྱབ་ཆོས་དང་བཅས་པ་གསུངས་ཤིང་ཡོ་བྱད་དུ་མའི་འགྱེད་ཆེན་གྱིས་ཀྱང་ཚིམ་པར་མཛད། སླར་ཡང་གཞན་དོན་ནུས་པ་བརྒྱ་ཕྲག་བརྒལ་བ་ལ་དབང་གོང་མ་སོགས་ཐུན་མོང་མིན་པའི་གདམས་པ་དང་རྒྱུད་འགྲེལ་མན་ངག་རྣམས་མཐའ་རྒྱས་སུ་སྩལ། ཆོས་ཐོན་པའི་ཚོགས་འཁོར་གྱི་ཚེ། རང་རེ་དཔོན་སློབ་ཆོས་འཁོར་བསྐོར་ནས་ཚོགས་མཆོད་བྱེད་པ་ད་རེས་ཙམ་དུ་གདའ། ཁྱེད་
རྣམས་ཀྱིས་ཚེ་འདི་བློས་བཏང་ནས་ཟབ་མོའི་ལམ་གྱིས་གཏན་བདེའི་སྙིང་པོར་ལོངས་པ་གྱིས་ཤིག་ཅེས་ཞལ་བཀོད་ཀྱང་ནན་ཏན་དུ་མཛད། ཞྭ་ལྷ་ཁང་དུ་མཆོད་ཅིང་སྨོན་ལམ་མཛད། དེར་ཁྲོམ་ཆོས་གསུངས་དུས་མེ་ཏོག་གི་ཆར་ངོ་མཚར་བ་བབས། བསམ་ཡས་དུད་གཏོང་དྲུག་གིས་སྤྱན་འདྲེན་ལ་བརྟེན་རྒྱ་མར་དད་ཅན་དུ་མས་མཆོད་ཅིང་གདམས་པའང་ཅི་རིགས་པ་སྩལ་ནས་མཆིམས་ཕུར་ཕེབས། ཆོས་ཉན་པ་མང་དུ་འདུས་པ་ལ་གསང་བ་བླ་ན་མེད་པའི་ཁྲིད་བཙུགས་ཚོགས་པ་ཆེས་པས་སྤྲོས་མེད་ཀྱི་དབང་ཞག་དུ་མར་སྦྲེལ་བ་ཚེས་བཅུ་དྲུག་གི་བར་དུ་གསུངས་ནས། ང་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་དང་། །རྒྱ་མཚོར་དོན་ཡོངས་གྲུབ་པའི་ཚོང་པ་དང་། །བསམ་གཏན་གྲུབ་པའི་དགའ་བས་ཆེས་ལྷག་གོ། ཞེས་སོགས་ཀྱིས་ཞལ་ཆེམས་གསུངས་པ་བཞིན་དུ་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ཆུ་མོ་ཡོས་ཀྱི་ལོ་རྒྱལ་ཟླའི་ཚེས་བཅོ་བརྒྱད་ཀྱི་དྲོ་ཁར་ཆོས་སྐུའི་བཞུགས་སྟངས་ཀྱིས་གདོད་མའི་ཟད་སར་གཤེགས་སོ། །དེའི་ཚེ་རྡུལ་བྲལ་གྱི་ནམ་མཁར་འཇའ་ཚོན་གྱི་གུར་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་ཟླ་མཆོད་ཀྱི་བར་རྒྱུན་ཆགས་པ་དང་། ཁྱད་པར་གདུང་བསྲེག་ཁང་དུ་སྤྱན་དྲངས་ཚེ་ས་ལན་གསུམ་དུ་གཡོས་ཐུགས་ལྗགས་སྤྱན་གསུམ་མེས་མ་རྨས་པ་དང་རིགས་ལྔའི་གདུང་དང་རིང་བསྲེལ་གྲངས་མེད་པ་བྱོན་ནོ། །སློབ་མ་ཡང་དུས་མཉམ་གྱི་སྐྱེས་ཆེན་ཕལ་མོ་ཆེས་གསང་བ་སྙིང་ཐིག་གི་ཆོས་འདི་དང་འབྲེལ་བའི་མན་ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་དང་། དབང་ལུང་མན་ངག་རྫོགས་པར་ཐོབ་པ་ནི་སྟོང་ཕྲག་མང་པོ་དང་། དབང་ཁྲིད་ཙམ་ཐོབ་པ་ནི་བགྲང་བའི་ཡུལ་ལས་འདས་ཤིང་། ཉམས་མྱོང་དྲོད་ཚད་ཐོབ་པའང་ཤིང་ཏུ་མང་བས་ལྗོངས་འདིའི་རི་སུལ་ཐམས་ཅད་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱིས་ཁྱབ་པར་མཛད་དོ། །གཙོ་བོར་གྱུར་པ་ནི། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ། གུ་རུ་འོད་གསལ་རང་གྲོལ། མཁས་གྲུབ་བདེ་ལེགས་རྒྱ་མཚོ། བྱ་བྲལ་བཀྲ་ཤིས་འབྱུང་གནས། གྲོག་ཨོ་རྒྱན་ཆོས་རྗེ། རྒྱལ་སྲས་བཟོད་པ་གྲགས། ལྡན་སྒོམ་
ཆོས་གྲགས་བཟང་པོ། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཤུག་གསེབ་པ་ཡེ་ཤེས་རབ་འབྱམས་རྣམས་ཀྱིས་ཕྲིན་ལས་ཀྱིས་རྒྱུན་རྒྱ་ཆེར་སྤེལ་བར་མཛད་པའོ། །
སྒྲུབ་བརྒྱུད་ཀྱི་གདན་རབས།
སྤྲུལ་སྐུ་སྣ་ཚོགས་རང་གྲོལ།
༈ ད་ནི་རང་ཅག་རྣམས་ཀྱི་སྒྲུབ་བརྒྱུད་ཀྱི་གདན་རབས་བརྗོད་པར་བྱ་སྟེ། དེ་ལ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ནི། གཏེར་ཆེན་རཏྣ་གླིང་པའི་སྐྱེ་བ་དེ་མ་ཐག་པ་སྟེ། ལྷོ་བྲག་སྨན་ཐང་ཞོལ་དུ་ཡབ་ཚེ་དབང་བསམ་གྲུབ་དང་། ཡུམ་ཨོ་རྒྱན་སྐྱིད་ཀྱི་སྲས་སུ་ཤིང་སྟག་ལ་འཁྲུངས། བྱིས་པའི་དུས་ནས་དད་པ་དང་སྙིང་རྗེ་ཆེ་ཞིང་དམ་པའི་བག་ཆགས་སད། དགུང་ལོ་བདུན་བརྒྱད་ལ་བྲིས་ཀློག་སྦྱངས་པ་ཚེགས་མེད་དུ་མཁྱེན། བཅོ་ལྔ་ལ་ལྷ་ལུང་དུ་མཁན་ཆེན་ཚུལ་དཔལ་བ་དང་། ལྷུན་བཀྲས་པ་ལས་རབ་ཏུ་བྱུང་། ཆོས་སྤྱོད་ཕྲིན་སྒྲུབ་གར་འཆམས་དཀྱིལ་འཁོར་བྲི་ཐིག་སོགས་སྦྱངས་པས་མི་རིང་བར་གཞན་གྱི་སློབ་དཔོན་ཕེར་བ་བྱུང་། ཕྱིས་སྤོས་ཁང་པ་ཀུན་དགའ་བློ་གྲོས་དང་། ཆོས་ལུང་པ་ཚུལ་དཔལ་ལ་མཁན་སློབ་ཞུས་ནས་བསྙེན་པར་རྫོགས་ཤིང་འདུལ་བའི་བསླབ་བྱ་དང་ལག་ལེན་རྣམས་ཀྱང་ལེགས་པར་སྦྱངས། མཁན་སློབ་གཉིས་དང་། མཁས་གྲུབ་རིན་ཆེན་བཟང་པོ། གཏེར་ཆེན་པདྨ་གླིང་པ། སྤྲུལ་སྐུ་བྱང་ཆུབ་གླིང་པ། ཀུན་སྤངས་ལེགས་པའི་ཤེས་རབ་སོགས་བཤེས་གཉེན་དམ་པ་དྲུག་ཅུ་ཙམ་སྔ་ཕྱིར་བསྟེན་ནས་བཀའ་གདམས་པ་ས་རྙིང་དྭགས་ཤངས་ཞི་གཅོད་ཇོ་ཞལ་བོ་དོང་པ་སོགས་ཡོངས་སུ་གྲགས་པའི་ཆོས་ཚུལ་དུ་མའི་དབང་ཁྲིད་ལུང་བཤད་མན་ངག་སོགས་གྲངས་འཛིན་པ་ཙམ་ཡང་དཀའ་བའི་གནས་སུ་གྱུར་པ་གསན་ཅིང་། ཁྱད་པར་མཚུངས་མེད་ཀུན་དགའ་རྒྱལ་མཚན། རྫོགས་ཆེན་པ་ཀུན་དགའ་བཀྲ་ཤིས། སྨན་རྩེ་བ་བློ་གྲོས་རྒྱལ་མཚན། མཁས་གྲུབ་མ་ཏི་དྷྭ་ཛ། བྱམས་སྡིངས་པ་ཁུ་དབོན་ལ་སོགས་ལས་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་སྙིང་ཐིག་ཡ་བཞི་མཛོད་བདུན་ངལ་གསོ་སྐོར་གསུམ་གྱིས་མཚོན་ཕྲིན་ལས་བཀའ་སྲུང་དང་བཅས་པ་མཐའ་དག་དོན་གཉེར་ཆེན་པོས་གསན་ནས་བསམ་སྒོམ་གྱིས་ཀུན་ཆུབ་པར་མཛད་ཅིང་། ཤེལ་བྲགམཆིམས་ཕུ། མཁར་ཆུ། ཡང་རྫོང་སོགས་དབེན་པའི་སྒྲུབ་གནས་དུ་མར་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་
ལ་རྩེ་གཅིག་པའི་ཉམས་ལེན་ལོ་ཟླ་དུ་མར་སྦྲེལ་བ་ལན་མང་དུ་མཛད་པས་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་འབྲས་བུའི་དྲོད་ཚད་མཐར་ཕྱིན། ཡི་དམ་ལྷག་པའི་ལྷ་དུ་མས་ཞལ་གཟིགས་ཤིང་ལུང་བསྟན་པ་ཐོབ། ཆོས་བརྒྱད་ཀྱི་འཆིང་བས་མ་གོས་པའི་འགྲོ་ཕན་གྱི་འཕྲིན་ལས་ལྷུན་གྲུབ་ཏུ་ཤར། དགུང་ལོ་ཞེ་གཉིས་པ་ཤིང་ལུག་ལོར་དར་རྒྱས་ཆོས་སྡིངས་ཀྱི་རི་ཁྲོད་བཏབ། ཐར་པ་དོན་གཉེར་གྱི་ཚོགས་པའང་ལྔ་བརྒྱར་ལོངས་ཙམ་འདུས། ཆོས་དང་མཐུན་པའི་རྣམ་ཐར་ལ་བཀོད། དབྱར་དགུན་གྱི་དུས་ཆོས་ཁྲིགས་སུ་བཅད་ནས། དུས་མེད་ཀྱི་དབང་ཆོས་སོ་སོའི་མོས་པ་དང་འཚམ་པར་གསུངས་ནས་ཉམས་རྟོགས་ཅན་མང་དུ་ཐོན། ཕྱོགས་ཀྱི་དད་ལྡན་རྣམས་ཀྱི་ཞིང་དུ་དབུས་གཙང་ལྷོ་མོན་ལ་སོགས་པར་བྱོན་ནས་སྒྲུབ་དབང་ཁྲིད་ལུང་མན་ངག་སོགས་ཆོས་སྒོ་རིས་མེད་སྐལ་བ་བཞིན་བསྟན་པས་འབྲེལ་ཚད་དོན་ཡོད་པར་མཛད། དམ་པའི་ཆོས་ལ་བརྟེན་པའི་སློབ་མའང་ཞྭ་དམར་བ་དཀོན་མཆོག་འབངས་དང་། འབྲི་གུང་ཟུར་པ་སོགས་ཆེ་དགུ་དུ་མ་དང་། སྤྲུལ་སྐུ་བྱང་ཆུབ་གླིང་པ། སྣང་རྩེ་བ་གར་གྱི་དབང་པོ། བདེ་ཆེན་གླིང་པ་སོགས་ཟབ་གཏེར་གྱི་བཀའ་བབས་པ་རྣམས་དང་། དཔལ་སྡིངས་རབ་འབྱམས་པ་དང་དཔལ་སྒང་ལོ་ཙཱ་བ་སོགས་མཁས་པ་དུ་མ་དང་། གྲུབ་ཆེན་ཀུན་བཟང་དཔལ་འབར་དང་། ཀློང་ཡངས་པ་སོགས་སྒོམ་ཉམས་ཅན་གྱི་རྣལ་འབྱོར་པ་དུ་མ་དང་། ཁྱད་པར་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དང་། ཐུགས་སྲས་ཀུན་དགའ་གྲགས་པ། ཤ་མི་དཔལ་འབྱོར་རྒྱལ་མཚན་པ་སོགས་བཀའ་སྲོལ་སྙིང་པོར་འཛིན་པ་དུ་མ་དང་། ས་སྐྱོང་ཡར་འབྲོག་པ་དང་། འཕྱོངས་རྒྱས་པ་སོགས་སྡེ་བདག་མང་པོ་དང་། གཞན་ཡང་རབ་བྱུང་། སྔགས་པ། སྒོམ་ཆེན་ཕོ་མོ་ཁྱིམ་བདག་སོགས་གདུལ་བྱ་མང་པོའི་དོན་མཛད་པས་དབུས་གཙང་མངའ་རིས་ཁམས་ཀོང་མོན་སོགས་སུ་ཆོས་བརྒྱུད་འཛིན་པའི་སློབ་མ་ཡང་སློབ་དང་བཅས་པ་མང་དུ་བྱུང་བས་མཚོན་རྙིང་མའི་བསྟན་འཛིན་ཞིག་ལ། ཆོས་ཀྱི་ཕྲིན་ལས་ཆེ་བར་མངོན་སུམ་དུ་གྲུབ་བོ། །དེ་ལྟར་ཞིང་འདིར་ལོ་གྲངས་དོན་བདུན་དུ་བཞུགས་ནས་ལྕགས་རྟ་ལ་གཡོ་རུ་ཁྲ་འབྲུག་གི་ཉེ་འདབས་སུ་གཤེགས་སོ། །
སྤྲུལ་སྐུ་བསྟན་འཛིན་གྲགས་པ།
༈ སྤྲུལ་སྐུ་བསྟན་འཛིན་གྲགས་པ་ནི། སྔན་ལུང་རྒབ་ལར་ཡབ་བཀྲ་ཤིས་དང་ཡུམ་བསམ་གཏན་བཟང་མོའི་སྲས་སུ་མེ་སྤྲེལ་ལ་འཁྲུངས། གཏེར་ཆེན་པདྨ་གླིང་པའི་སྤྲུལ་པར་ལུང་གིས་ཟིན། གསུང་བྱེ་བ་ཙམ་ནས་སྔོན་གྱི་བག་ཆགས་གསལ་བར་གསུངས། དགུང་ལོ་བཞི་པ་ལ་གཏེར་སྟོན་གྱི་སྲས་རྣམས་ཀྱིས་བུམ་ཐང་དུ་སྤྱན་དྲངས་སོ་སོའི་སར་རྙེད་བཀུར་ཕུན་སུམ་ཚོགས་པས་མཆོད། པདྨ་གླིང་དུ་སྲས་དཀོན་མཆོག་བཟང་པོའི་གདུང་ཚབ་ཏུ་བཞུགས་པར་བྱས་ཏེ་རབ་ཏུ་བྱུང་། གོང་མའི་གཏེར་ཁའི་དབང་ལུང་སྒྲུབ་ཕྲིན་རྣམས་གསན་སྦྱོང་ལ་ཞུགས་ནས་མི་རིང་བར་ཆོས་རྗེ་དཀོན་མཆོག་བཟང་པོ་གཤེགས་པས་བདེ་ཆེན་གླིང་དུ་སྲས་ཟླ་བའི་སར་རེ་ཞིག་བཞུགས་ཏེ་ཆོས་བཀའ་ཅི་རིགས་པ་གསན། དགུང་ལོ་བཅུ་གཉིས་པ་ལ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་བོད་དུ་སྤྱན་དྲངས། ལྷོ་བོད་ཀྱི་བསྟི་གནས་རྣམས་སུ་བཞུགས་སུ་གསོལ་ཏེ། རྙེད་བཀུར་གྱིས་རིམ་གྲོ་དང་། མདོ་སྔགས་གསར་རྙིང་གི་ཆོས་སྒོ་མཐའ་ཡས་པ་དང་། ཁྱད་པར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་། གཏེར་སྟོན་པདྨ་གླིང་པའི་ཆོས་སྐོར་རྣམས་ཀྱི་དབང་ཁྲིད་ལུང་མན་ངག་ཕྱག་ལེན་དང་བཅས་པ་ཐམས་ཅད་བུམ་པ་གང་བྱོར་གསན་ཅིང་དེ་དག་གི་དོན་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་གྱིས་སྒོམ་སྒྲུབ་དང་སྦྱངས་པ་རྣམས་བླ་མའི་དྲུང་དུ་སྒྲོ་འདོགས་ཆོད་པར་མཛད། ཉི་ཤུ་པ་ལ་ལྷོ་བྲག་ཏུ་བྱོན། མཚོ་ཡུལ་བྲག་དཀར་བས་དགོན་གནས་སོགས་ཀྱི་འབུལ་བས་མཚོན་སྔོན་གྱི་བུ་སློབ་དང་ཡོན་བདག་ཐམས་ཅད་ཀྱིས་བཏུད་ཅིང་མཆོད། དེར་བླ་མ་དབུ་མཛད་པ་ལས་དབང་ལུང་ཅི་རིགས་པ་དང་འཆམས་དབྱངས་སོགས་གསན་ཅིང་སྦྱངས། བུམ་ཐང་དུ་སྲས་ཟླ་བའི་སྤྱན་སྔར་བཀའ་བརྒྱད་སྒྲུབ་དབང་སོགས་དབང་ལུང་འགའ་ཞིག་གསན། ཕྱོགས་དེའི་སྐྱེ་བོ་མཆོག་དམན་ཀུན་གྱིས་མཆོད་ཅིང་མོས་པ་དང་འཚམ་པའི་ཆོས་ཀྱིས་དོན་ལྡན་དུ་མཛད་སླར་ཡང་བོད་དུ་བྱོན་ནས་རིགས་བདག་སྤྲུལ་སྐུ་ཆེན་པོ་ཉིད་དང་། གཞན་ཡང་ས་སྐྱ་སྔགས་འཆང་ཆེན་པོ། རྗེ་བཙུན་གྲོལ་མཆོགསྣང་རྩེ་རིག་འཛིན་སོགས་ཡོངས་འཛིན་དུ་མ་ལ་ཆོས་སྒོ་རྣམ་གྲངས་མཐའ་ཡས་པ་གསན། མཆིམས་ཕུ་ལ་སོགས་པར་ཟབ་
ལམ་གྱི་སྒྲུབ་པ་ནན་ཏན་དུ་མཛད་ཅིང་གནས་ལུགས་ཟབ་མོའི་དོན་རྟོགས། ལྷག་པའི་ལྷ་དུ་མའི་ཞལ་གཟིགས་ཤིང་ལུང་བསྟན་པའང་ཐོབ། དེ་ནས་ཆོས་རྗེ་ཉིད་ཀྱི་དགོན་གནས་རྟེན་གསུམ་དང་བཅས་པ་ཕོག་ནས་གདན་སར་དབང་བསྐུར། ཞི་བར་གཤེགས་རྗེས་དགོངས་རྫོགས་རྟེན་བཞེངས་སོགས་སྒྲུབ་པའི་ཁུར་བཞེས་ཤིང་། ཕྱིས་གུ་རུ་གཙོ་འཁོར་གྱི་གསེར་སྐུ་མི་ཚད་མ་སོགས་རྟེན་བཞེངས་དུ་མ་དང་། དབྱར་དགུན་གྱི་སྒྲུབ་དབང་དུས་ཁྲིད་གསུང་བས་མཚོན་བུ་སློབ་ཡོན་བདག་གི་འཛིན་སྐྱོང་སོགས་བླ་མའི་འཕྲིན་ལས་སྐྱོང་བའི་ཁུར་བཞེས་ཤིང་། རྒྱལ་སྲས་པདྨ་ཆོས་རྒྱལ་དང་། བྱང་བདག་དབང་པོའི་སྡེ་སོགས་ཀྱིས་ཀྱང་གུས་པར་བཏུད་པས་མཚོན། ལྷོ་མོན་དང་གཙང་རོང་སོགས་ཀྱི་གདུལ་བྱ་སོ་སོའི་ཞིང་དུ་བྱོན་ཏེ་དེ་དག་གི་རེ་བ་དང་མཐུན་པའི་དོན་མཛད། རིགས་སྲས་པདྨ་འཕྲིན་ལས་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས་ཏེ། རང་གི་འཁྲུངས་ཡུལ་དང་ཉེ་བའི་རི་ལ་དགོན་གནས་འདེབས་པར་བཀའ་བསྒོས་པ་ལྟར་སྒང་སྟེང་གསང་སྔགས་ཆོས་གླིང་གི་དགོན་སྡེ་བཏབ་ཅིང་བསྟན་པའི་རྒྱུན་བཟུང་བ་ཡང་འདིའི་ཕྲིན་ལས་ཀྱི་རྒྱུན་ཡིན། དབུས་སུ་རྗེ་སྣ་ཚོགས་རང་གྲོལ་གྱི་སྤྲུལ་སྐུ་གདན་སར་སྤྱན་དྲངས། དབང་ལུང་མན་ངག་དང་བཅས་པ་མཐའ་རྒྱས་སུ་སྩལ་ཏེ་བསྟན་པའི་བདག་པོར་མངའ་གསོལ་ནས། མི་རིང་བར་དགུང་ལོ་དྲུག་ཅུ་རེ་གཉིས་པ་མེ་མོ་བྱ་ལོ་ནག་ཟླའི་ཉེར་བརྒྱད་ལ་དར་རྒྱས་ཆོས་སྡིངས་ཀྱི་དབེན་གནས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་སོ། །
མཁས་གྲུབ་མདོ་སྔགས་བསྟན་འཛིན།
༈ མཁས་གྲུབ་མདོ་སྔགས་བསྟན་འཛིན་ནི། གཡོ་རུ་དོལ་དུ་ཡབ་སྨྱོས་རྡོ་རྗེ་ཚེ་དབང་དང་ཡུམ་བསོད་ནམས་བུ་ཁྲིད་ཀྱི་སྲས་སུ་མེ་བྱི་ལ་འཁྲུངས། རྗེ་སྣ་ཚོགས་རང་གྲོལ་གྱི་སྔོན་རབས་གསལ་བར་གསུངས་པས་མཚོན་དམ་པའི་བག་ཆགས་བཟང་པོ་སད། དགུང་ལོ་དྲུག་པ་ལ་གོང་མའི་གདན་སར་སྤྱན་དྲངས། བྲི་ཀློག་དང་ཕྲིན་སྒྲུབ་སོགས་ཀྱི་ཐུགས་སྦྱོང་ཚེགས་མེད་དུ་ཆུབ། བརྒྱད་པ་ལ་ཞྭ་དམར་དཀོན་མཆོག་འབངས་ལས་དགེ་བསྙེན་གྱི་སྡོམ་པ་ནོད། དཀོན་མཆོག་འོད་ཟེར་དུ་བཏགས། བཅུ་གསུམ་པ་ལ་རྒྱལ་དབང་བསྟན་འཛིན་
གྲགས་པ་ལས་རབ་ཏུ་བྱུང་། མདོ་སྔགས་བསྟན་འཛིན་བཟང་པོར་གསོལ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་། གཏེར་ཆེན་པདྨ་གླིང་པའི་ཆོས་སྐོར་ཡོངས་སུ་རྫོགས་པའི་དབང་ལུང་ཁྲིད་མན་ངག་ཕྱག་བཞེས་དང་བཅས་པ་མཐའ་རྒྱས་དང་། གཞན་ཡང་ཐུགས་སྲས་ཀུན་དགའ་གྲགས་པ། གྲུབ་ཆེན་ཀུན་དགའ་རྡོ་རྗེ། སྔགས་འཆང་ཀུན་བཟང་དཔལ་འབྱོར། རྒྱལ་སྲས་ནོར་བུ་དབང་རྒྱལ། བྱང་བདག་དབང་པོའི་སྡེ་སོགས་ལས་རྙིང་མ་དང་། ས་སྐྱ་པ་ཁྲི་ཆེན། ཞྭ་དམར་ནག་སོགས་བཤེས་གཉེན་མང་པོར་གསར་རྙིང་གི་ཆོས་བཀའ་ཇི་སྙེད་པ་སྔ་ཕྱིར་གསན། བཅོ་བརྒྱད་པ་ལ་འབྲས་ཡུལ་སྐྱེད་ཚལ་དུ་འབུམ་རམ་པ་ཐར་པ་རྒྱལ་མཚན་ལ་བསྟེན་ནས་བསྡུས་ཚད་དབུ་ཕར་འདུལ་མངོན་སྡོམ་རིག་དང་བཅས་པའི་གཞུང་ལུགས་རྣམས་ལ་ནན་ཏན་ཆེན་པོས་སྦྱངས་ཤིང་། ཆོས་གྲྭ་དེར་ལུང་རིགས་སྨྲ་བའི་འགྲན་ཟླ་མེད་པའི་མཐུན་སྣང་དུ་གྲུབ། སྒྲ་དང་སྙན་ངག་སྡེབ་སྦྱོར་གསོ་རིག་བཟོ་གནས་སོགས་ཀྱང་ལས་དེ་དང་དེ་ལ་མཁས་པའི་སློབ་དཔོན་འགའ་ཞིག་ལས་ཐུགས་སུ་ཆུད་པར་སྦྱངས་པས་མཁས་པའི་གནས་ཐོབ། དགུང་ལོ་ཉེར་ལྔ་པ་ལ་ཀརྨ་པ་དགུ་པ་མཁྱེན་པས་ཐུགས་ཕྲོགས་ཏེ། སྒར་ཆེན་གྱི་འབེལ་གཏམ་གླེང་བར་བཀས་བསྐུལ་བ་ལས་ལོ་གསུམ་དུ་མདོ་སྔགས་རིག་གནས་ལོ་རྒྱུས་དང་བཅས་པའི་གསུང་རབ་འབེལ་མཆིད་ཀྱིས་འཆད་པ་དང་། རྩོད་ངག་གིས་རྒོལ་ཞིང་ལན་འདོན་པ་སོགས་གང་ལ་ཡང་ཐོགས་པ་མེད་པའི་རྣམ་དཔྱོད་ཀྱིས་བློ་ལྡན་ཐམས་ཅད་ཀྱིས་བསྔགས་པའི་གནས་སུ་གྱུར། སྐབས་གཞན་དུ་གདན་ས་ཕན་ཚུན་དང་། མཆིམས་ཕུ། གཡའ་མ་ལུང། ལྷོ་བྲག་མཁར་ཆུ་སོགས་དབེན་གནས་དུ་མར་ཡི་དམ་ལྷའི་བསྙེན་སྒྲུབ་དང་། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་རྩེ་གཅིག་པའི་སྒྲུབ་པ་ལོ་དང་ཟླ་བ་མང་པོར་སྦྲེལ་བ་སོགས་སྔ་ཕྱིར་མཛད་པས་བསྐྱེད་རྫོགས་ཟབ་མོའི་ཉམས་རྟོགས་མཐར་ཕྱིན། གུ་རུ་རིན་པོ་ཆེ་དང་། རྗེ་བཙུན་སྒྲོལ་མ་སོགས་ཡི་དམ་དུ་མས་ཞལ་གཟིགས་ཤིང་དབུགས་དབྱུང་བ་ཐོབ། ལྷོ་དབུས་ཀྱི་གདན་ས་རྣམས་དང། དད་པའི་ཞིང་དུ་མར་བླ་མ་དང་ཐུགས་རྗེ་ཆེན་པོ་ཞི་ཁྲོ། བཀའ་བརྒྱད་རྣམས་ཀྱི་སྒྲུབ་ཆེན་ལ་བརྟེན་ནས་
དམ་རྫས་ཀྱི་འགྲོ་ཕན་དང་། དབང་ཁྲིད་ལུང་མན་ངག་མང་པོ་དུས་དང་དུས་མེད་དུ་གསུངས་པ་ལས། རིགས་སྲས་གསང་བདག་ཆེན་པོ་དང་། རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ། མངའ་བདག་བསྟན་འཛིན་ཆོས་བཟང་། སྤ་གྲོ་བ་ཆོས་དབང་ལྷུན་གྲུབ། སྤོ་བོ་རྦ་ཁ་སྐུ་སྐྱེ་རིག་འཛིན་རྒྱ་མཚོ། མང་ཐོས་དམ་ཆོས་བཟང་པོ་སོགས་བཀའ་སྲོལ་སྐྱོང་བ་དུ་མ་དང་། ལུང་རིགས་སྨྲ་བའི་སྟོན་ཆེན། ཐ་སྙད་འཛིན་པའི་མཁས་པ། སྒོམ་ཉམས་ཅན་གྱི་རྣལ་འབྱོར་ཕོ་མོ་སོགས་དམ་པའི་ཆོས་ཀྱིས་བསྡུས་པའི་བུ་སློབ་དབུས་གཙང་ལྷོ་མོན་གྱི་ཕྱོགས་ཐམས་ཅད་ཁྱབ་པ་དང་། ས་སྐྱོང་སྐུ་རབ་པ་དང་། བྱ་ས་ཁྲི་དཔོན་འཕྱོངས་རྒྱས་སྟག་རྩེ་བ། ཡར་ཀླུང་ཕོ་བྲང་པ་སོགས་རིགས་དང་ལོངས་སྤྱོད་ཀྱིས་མཐོ་བས་མཚོན་ཡོན་བདག་དུ་མས་དད་པས་བསྙེན་བཀུར། དབང་ཆོས་དང་ཕྲིན་ལས་བཞིའི་ཡུལ་གང་ལ་གང་འཇུག་པ་དེས་ལས་འབྲས་དོན་ལྡན་གྱིས་རེ་བ་བསྐངས། ལྐོག་གྱུར་གྱི་གནས་ལུང་དུ་བསྟན་པ་རྣམས་ཀྱང་ཇི་ལྟ་བ་བཞིན་མངོན་དུ་གྱུར་པས་བླང་དོར་གྱི་དམིགས་ཕྱེ། ལྷོ་བྲག་བཀྲ་ཤིས་སྒང་གི་རི་བོར་དང་ཚུགས་ཅན་གྱི་འདུས་སྡེ་བཏབ་པ་ཡང་རེ་ཞིག་གནས། བྱང་ཆུབ་གླིང་དུ་རྫོགས་ཆེན་བླ་བརྒྱུད་ཀྱི་སྣང་བརྙན་ངོ་མཚར་བའི་འབུར་སྐུ་དང་། ཐུབ་པ་གནས་བཅུ་དང་། སྒྲུབ་སྡེ་དགུ། མཚན་བརྒྱད་སོགས་བྲིས་ཐང་མང་པོ་དང་། འདུལ་བ་ལུང་སོགས་བཀའ་བསྟན་གྱི་གླེགས་བམ་ཇི་སྙེད་པ་བཞེངས་ཤིང་། ཆོས་འཁོར་བསམ་ཡས་དང་། ལྷ་ས་ལ་སོགས་པར་སྔ་ཕྱིར་མར་མེ་སོགས་མཆོད་འབུལ་སྨོན་ལམ་དང་བཤད་སྒྲུབ་ཀྱི་འདུས་སྡེ་མང་པོར་ཚོགས་གསོག་གི་ཡོ་བྱད་དུ་མས་བསྙེན་བཀུར་བས་མཚོན་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་འཁོར་ལོ་གསུམ་གྱི་འཇུག་པ་ཅི་རིགས་པ་ལས་ནམ་ཡང་མི་གཡེལ་བས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ནས། དགུང་ལོ་ང་གསུམ་པ་ས་ཕོ་འབྲུག་གི་ལོའི་བར་གྱི་རྣམ་ཐར་ཞལ་གསུང་མའི་མཐར། ཁྱད་པར་བརྒྱུད་འཛིན་བུ་ལ་དབང་ལུང་དང་། །མན་ངག་ཁྲིད་ལུང་མང་པོ་བར་མེད་བཤད། །གསང་ཆེན་བསྟན་པ་འཛིན་པའི་རྟེན་འབྲེལ་བསྒྲིགས། །ད་ནི་བྱ་བ་ཟིན་གྱིས་འགྱོད་པ་མེད། །འཆི་བར་དགའ་བའི་མདོ་སྔགས་བསྟན་
འཛིན་ང་། །གདོད་མའི་ས་ལ་གཏན་སྲིད་འཛིན་དུ་འགྲོ། །ཞེས་སོགས་ཀྱིས་དོན་བསྡུས་ཞལ་གདམས་སུ་མཛད་ནས་ཟླ་བ་གསུམ་འདས་པ་ཆུ་ཟླའི་ཚེས་བཞི་ལ་དར་རྒྱས་ཆོས་སྡིངས་སུ་སྤྲུལ་པའི་དཀྱིལ་འཁོར་ངོ་མཚར་བའི་ལྟས་དང་བཅས་པ་བསྡུས་ཤིང་དགོངས་པ་སྐོང་བའི་མཆོད་འབུལ་ཕྱི་ནང་གི་རྟེན་བཞེངས་ཕྲིན་ལས་མི་ཉམས་པའི་རྒྱུན་སྐྱོང་བ་རྣམས་རིགས་སྲས་གསང་བདག་ཆེན་པོས་མཛད་དོ། །
རིག་འཛིན་ཆེན་པོ་འཕྲིན་ལས་ལྷུན་གྲུབ།
༈ རིག་འཛིན་ཆེན་པོ་འཕྲིན་ལས་ལྷུན་གྲུབ་ནི། ཡབ་སྨྱོས་སྟོན་མཁས་གྲུབ་མདོ་སྔགས་བསྟན་འཛིན་དང་ཡུམ་རྒྱལ་རིགས་དགོས་དགོས་འཛོམ་པའི་སྲས་སུ་ལྕགས་ཕག་ལོར་ལྷོ་བྲག་བྱང་ཆུབ་གླིང་དུ་འཁྲུངས། གསུང་བྱེ་བ་ཙམ་ནས་དམ་པའི་ངང་ཚུལ་འབའ་ཞིག་པས་བློ་ལྡན་ཐམས་ཅད་དང་བར་མཛད། དགུང་ལོ་ལྔ་ནས་བྲི་ཀློག་གཉིས་ཀ་བྱང་བར་མཁྱེན། བརྒྱད་ལ་ཡབ་རྗེ་ལས་རབ་ཏུ་བྱུང་། མཚན་ཨོ་རྒྱན་ཚེ་འཕེལ་དུ་གསོལ། རིམ་བཞིན་ཕྲིན་སྒྲུབ་ཕྱག་བཞེས་དང་བཅས་པ་ནས་བརྩམས་ཡིད་བཞིན་མཛོད་དང་། སེམས་ཉིད་ངལ་གསོ་རྩ་འགྲེལ་རྣམས་དང་། སྒྲ་དང་རྩིས་སོགས་ཤེས་བྱ་རྣམས་ལ་ཐུགས་སྦྱོང་མཛད་པས་ཐུགས་རབ་ཕུལ་དུ་བྱུང་བའི་བློ་གྲོས་ཀྱི་མཐུ་ཐོབ། ཁྱད་པར་ཡབ་རྗེ་ཉིད་ལས་བླ་རྫོགས་ཐུགས་གསུམ། སྙིང་ཐིག་ཡ་བཞི། ཞི་ཁྲོ་བཀའ་བརྒྱད་སོགས་གསང་ཆེན་བཀའ་གཏེར་དུ་མའི་དབང་ཁྲིད་བཤད་ལུང་མན་ངག་སོགས་མཐའ་ཆོད་པར་གསན་ཅིང་། བསམ་པ་དང་སྒོམ་པའི་ཉམས་བཞེས་ཀྱིས་གཏན་ལ་ཕབ་སྟེ་ཀུན་ཆུབ་པར་མཛད། སྐབས་དེར་ལྷོ་རྒྱུད་ཀྱི་བདག་པོ་འཕོས་པའི་དབང་ལས་རེ་ཞིག་ལྷ་ལུང་གི་འདུས་སྡེར་བཞུགས་ཏེ། དཔའ་བོ་གཙུག་ལག་རྒྱ་མཚོ་ལ་དགེ་ཚུལ་དང་། ཀུན་རིགས་ཕག་མོ་དུས་འཁོར་སོགས་ཀྱི་དབང་ལུང་རྣམས་གསན་ཅིང་། དེ་དག་གི་སྒྲུབ་དཀྱིལ་བྲི་ཐིག་གར་འཆམས་སོགས་ཀྱང་ཚེགས་མེད་མཁྱེན། ཁྱད་པར་རྒྱུད་བླ་དང་ཟབ་མོ་ནང་དོན་འགྲེལ་པ་དང་བཅས་པར་སྦྱངས་ཏེ་མདོ་སྔགས་ཀྱི་ཟབ་དོན་མཐའ་དག་ཐུགས་སུ་ཆུད། སླར་ཡང་རང་གནས་སུ་ཡབ་རྗེ་ཉིད་ལས་སྙིང་ཐིག་གི་དབང་ཁྲིད་ནན་ཏན་ཆེན་པོས་གསན་པས་མཚོན་ཟབ་ཆོས་མང་པོའི་མཐའ་
རྒྱ་བཅད་ཅིང་བསྟན་པའི་གཉེར་ཁ་གཏད་པ་བཟུང་། མི་རིང་བར་ཡབ་རྗེ་ཉིད་དར་རྒྱས་ཆོས་སྡིངས་སུ་ཞི་བར་གཤེགས་པའི་སྐུ་གདུང་གི་མཆོད་འབུལ་ཕྱི་ནང་གི་རྟེན་བཞེངས་སོགས་དགོངས་པ་རྫོགས་པར་མཛད། སྤྱིར་ཡབ་རྗེ་ཉིད་གཙོ་བོར་གྱུར་པའི་བླ་མ་ཡང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། ལོ་ཆེན་གཞན་ཕན་རྡོ་རྗེ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། རྫོགས་ཆེན་ནམ་མཁའ་འབྲུག་སྒྲ། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། ཟུར་ཆེན་ཆོས་དབྱིངས་རང་གྲོལ་སོགས་རྙིང་མ་དང་། དཔའ་བོ་གཙུག་ལག་རྒྱ་མཚོ། གུ་ཤྲི་གྲགས་པ་མཆོག་དབྱངས། གནས་གསར་བཀའ་འགྱུར་བ། སྤྲུལ་སྐུ་ཀརྨ་བསྟན་བསྲུང་སོགས་གསར་མ་སྟེ། བཤེས་གཉེན་དམ་པ་བཅུ་ཕྲག་གསུམ་ལྷག་པ་ལས་མདོ་དང་སྔགས་ཀྱི་ཆོས་ཚུལ་རབ་འབྱམས་གསན་ཅིང་། དེ་དག་གི་སྙིང་པོའི་ལམ་སྲོལ་ཇི་བཞིན་པ་བསྐྱེད་རྫོགས་ཟབ་མོའི་གནད་ཀྱི་སྒྲུབ་པ་ལོ་ཟླ་དུ་མར་སྦྲེལ་བ་ལན་མང་པོ་དང་། རྒྱུན་གྱིས་ཐུགས་དམ་ཁྲིགས་སུ་བཅད་པ་ལས་མི་གཡེལ་བས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར། འཁོར་འདས་ཡེ་ཤེས་ཀྱི་རོལ་པར་ཤར་བས་ཡི་དམ་དུ་མའི་གཟིགས་སྣང་ལ་དབང་འབྱོར། ཆོས་ཀྱི་རྗེས་སུ་འབྲང་བའི་བུ་སློབ་ནི། ཡབ་རྗེ་དང་། གསུང་སྤྲུལ་རིན་པོ་ཆེ། དཔའ་བོ་རྒྱལ་ཚབ་པ་ཙམ་མ་གཏོགས་རང་གི་ཡོངས་འཛིན་རྣམས་ཀྱིས་ཀྱང་ཆོས་ཀྱི་བདུད་རྩི་ངོམས་མེད་དུ་གསོལ་ཞིང་གུས་པར་བཏུད། གཞན་ཡང་དཔལ་རི་སྤྲུལ་སྐུ་ཕྲིན་ལས་རྣམ་རྒྱལ། ལོ་ཆེན་ཆོས་རྒྱལ་བསྟན་འཛིན། དམ་པ་ཀློང་ཡངས་འོད་གསལ། ཁྲི་དཔོན་སྔགས་འཆང་ཆེན་པོ་སོགས་རིགས་དང་སྐྱེ་བརྒྱུད་ཡོན་ཏན་གྱིས་མཐོ་བ་དུ་མས་མཚོན། བླ་མ་སློབ་དཔོན། རབ་བྱུང་། སྔགས་པ། སྒོམ་ཆེན། ཁྱིམ་བདག་སོགས་སྐལ་ལྡན་དུ་མ་ལ། སྤྱིར་སྒྲུབ་དབང་ཁྲིད་ལུང་མན་ངག་སོགས་ཐུན་མོང་དུ་སྩལ་བ་དང་། ཁྱད་པར་བཞེད་པ་ཐ་དད་པའི་ཆོས་ཀྱི་རྣམ་གྲངས་སོ་སོའི་སྐལ་བ་བཞིན་སྩོལ་བ་ལ་ཐོགས་པ་མི་མངའ་བས་སྔ་འགྱུར་གྱི་བསྟན་འཛིན་ཐོག་མཉམ་གཅིག་ལ་ཆོས་ཀྱི་ཕྲིན་ལས་འགྲན་དུ་མེད་པ་མངོན་སུམ་དུ་གྲུབ། ངོ་བོ་ཆོས་ཉིད་མཉམ་པ་ཆེན་པོའི་གནས་ལུགས་ལས་མ་གཡོས་བཞིན་དུ་
རྣམ་འགྱུར་རྡོ་རྗེ་སློབ་དཔོན་ཉིད་ཀྱི་དེ་ཉིད་བཅུ་ལ་དབང་འབྱོར་བས་དེ་དང་དེའི་ལས་ལ་ངེས་ཤེས་འདྲེན་ཅིང་། ཁྱད་པར་དབང་དུས་སུ་ཡེ་ཤེས་ཀྱི་བྱིན་ཕེབས་པས་དབང་དོན་རྒྱུད་ཐོག་ཏུ་འབྱོར། ཁྲིད་བཀའ་གསུང་དུས་སོ་སོའི་ཉམས་མྱོང་གི་སྣེ་ནས་ཁྲིད་མཁས་པས་ཟབ་ལམ་གྱི་རྟོགས་པ་འཁྲུལ་མེད་ངོ་འཕྲོད་པས་ཉམས་མྱོང་དྲོད་ཚད་ཐོབ་པ་མང་དུ་ཐོན། གདུལ་བྱ་ཐུན་མོང་པ་རྣམས་ཀྱི་ངོར་ཡང་བསྲུང་བཟློག་སོགས་ཕྲིན་ལས་བཞིའི་ལས་ཕྲན་དོན་ལྡན་དུ་གྲུབ་པ་ལ་ཐོགས་པ་མེད་ཅིང་། གདོན་དྲག་པོས་བཟུང་བའི་ནད་པ་ལུས་རེངས་པ། ངག་ལྐུགས་པ། སེམས་སྨྱོ་འབོག་གིས་འཆི་བར་ཐག་བཅད་པ་དུ་མ་ཡང་། བཀའ་བསྒོ་བྱིན་རླབས་རྟེན་འབྲེལ་གྱི་བསྒྱུར་ཁ་ཅི་རིགས་མཛད་པའི་མོད་ལ་གསོས་པ་དང་མཛེ་འཕྲོ་ཆོད་པའང་མང་དུ་བྱུང་། འཆི་ཁར་འཕོ་བའི་མཚམས་སྦྱོར་དང་རྗེས་འཛིན་མཛད་པ་ལ་སྤྱི་བོ་འཕར་ཞིང་སྐྱེ་བ་ངོས་ཟིན་ཡང་མང་། སད་སེར་དང་མི་ཕྱུགས་ནད་རིམས་ཀྱིས་མནར་བ་ལ་ཐུགས་གཏད་པ་ཙམ་གྱིས་བཟློག་ཅིང་ཞི་བ་སོགས་འགྲོ་བ་སོ་སོའི་རེ་བ་ཡིད་བཞིན་དུ་སྐོང་བ་ལ་དབང་འབྱོར། དོན་དེ་རྣམས་མཆོག་དམན་སུས་བསྐུལ་ཡང་མི་ཆོས་ངོ་འཛིན་གྱིས་དབྱེ་བ་མི་འབྱེད་པར་ཐམས་ཅད་ཀྱི་རེ་བ་ཡིད་བཞིན་དུ་སྐོང་། ཕྱག་ཏུ་འབྱོར་བའི་ཡོ་བྱད་ཀྱི་དངོས་པོ་ཆེ་ཆུང་གང་ལ་ཡང་འཁོར་འདབས་ཀྱི་བསྲི་ཚགས་མེད་པར་དཀོན་མཆོག་གི་རྟེན་བརྟེན་པ་མང་པོ་དང་ཁྱད་པར་བཀའ་གཏེར་གྱི་གླེགས་བམ་བརྒྱ་ཕྲག་བརྒལ་བ་གསར་དུ་སྤེལ་ཞིང་། མཆོད་སྦྱིན་གྱི་ཡུལ་ལ་ཚོགས་གཉིས་ཀྱི་རྒྱུར་སྨིན་པར་མཛད་པས་མཚོན། མདོར་ན་ཆོས་བརྒྱད་ཀྱི་འཆིང་བས་མ་གོས་ཤིང་བསྟན་འགྲོའི་ཕན་བདེ་ཁོ་ན་སྐུ་སྲོག་ལས་ཀྱང་གཅེས་པར་འཛིན་པའི་ཐུགས་བསྐྱེད་ཀྱིས་དབུས་གཙང་ལྷོ་མོན་སོགས་གདུལ་བྱའི་ཞིང་རྣམས་སུ་འཁོར་ལོ་གསུམ་གྱི་རྣམ་ཐར་གཞན་ཕན་གྱི་ཕྲིན་ལས་རིས་མེད་དུ་བསྐྱངས་པས་དོན་གཉིས་ཀྱི་འབྲས་བུ་ལྷུན་གྲུབ་ཏུ་སྩོལ་བ་ལས་གཡེལ་བ་མི་མངའ་བའི་ངང་ནས་དགུང་ལོ་ལྔ་བཅུ་རྩ་གཉིས་པ་ཆུ་སྟག་དབོ་ཟླའི་ཉེར་གཉིས་ལ་དབུ་གཙུག་འཕྱུར་པོར་འཕར་བ་ལས་སྤོས་དུད་ལྟ་བུའི་རླངས་པ་འཕྲོ་བཞིན་དུ་སྤྲུལ་པའི་དཀྱིལ་འཁོར་འོད་གསལ་ཆོས་
སྐུའི་དབྱིངས་སུ་བསྡུས་སོ། །མཆོད་འབུལ་རྟེན་བཞེངས་ཕྲིན་ལས་ཀྱི་རྒྱུན་སྐྱོང་བ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་ཉིད་ཀྱིས་མཛད་དོ། །
གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ།
༈ བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་ནི། ངོ་བོ་རྒྱལ་བ་ཐམས་ཅད་དང་རྣམ་དབྱེར་མ་མཆིས་ཀྱང་གནས་སྐབས་གདུལ་བྱའི་དོན་དུ་སྤྲུལ་པའི་ཟློས་གར་བསྟན་པའི་ཚུལ་ནི། རང་གཏེར་གབ་རྒྱ་ཅན་གྱི་ལུང་བསྟན་ལས། བཻ་རོ་ཁྱོད་ནི་སྐྱེ་མཐའི་བྱང་སེམས་ཏེ༔ཁྱོད་ཀྱི་འདི་གོང་སྐྱེ་བ་འདས་པ་ནི༔སྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོན༔སེམས་ཅན་སངས་རྒྱས་མཉམ་ཉིད་ཁྱབ་བརྡལ་ཡང༔ཁམས་གསུམ་འགྲོ་བའི་འདྲེན་པ་རྡོ་རྗེ་ཆོས༔ཤཱཀྱའི་ཉེ་གནས་ཨཱ་ནྟན་ཞེས་དང༔རྒྱལ་པོ་ཛཿདང་ཤིནྟཾ་གརྦྷ་དང༔བོད་འདིར་སམྦྷོ་ཊ་སོགས་དག་པ་ཡི༔སྐྱེ་བ་དེ་ཙམ་སྣང་གི་མ་དག་པའི༔སྐྱེ་ཚུལ་བརྗོད་དུ་ལང་བའི་གནས་མ་ཡིན༔དེ་ལྟར་དག་པའི་སྐྱེ་བ་དེ་དག་གིས༔འགྲོ་ལ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་པས༔བཻ་རོ་ཁྱོད་དུ་སྐྱེ་བ་བླངས་པ་ཡིན༔ཁྱོད་ཀྱང་ཤྲཱི་སེངྷ་ཡེ་ཤེས་མདོ༔པདྨ་བདག་སོགས་གཙུག་གི་བླ་མར་བསྟེན༔གདམས་པའི་གནད་རྣམས་ཕུ་ཐག་བཅད་བྱས་ནས༔ཆོས་སྐུའི་རང་ཞལ་མངོན་སུམ་རྟོགས་འགྱུར་བས༔ལས་འཕྲོ་མ་དག་སྐྱེ་བ་ལེན་མི་སྲིད༔འོན་ཀྱང་སེམས་བསྐྱེད་སྨོན་ལམ་བཟང་པོ་ཡིས༔མཚམས་སྦྱར་མཐའ་ཡས་འགྲོ་བའི་དཔལ་ཉིད་དུ༔དབང་ཕྱུག་འབར་དང་རཀྴ་རྡོ་རྗེ་གླིང༔ཀུན་སྐྱོང་གླིང་དང་མདོ་སྔགས་གླིང་པ་སོགས༔པདྨ་བདག་གི་ཟབ་གཏེར་བདག་པོ་དང༔གཞན་ཡང་ཐེག་པ་ཆེ་ཆུང་སྣ་ཚོགས་ལ༔དེ་དང་མཐུན་པའི་ངོ་མཚར་སྐྱེ་བའི་གྲངས༔བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐར༔ཞེས་གསུངས་པ་ལྟར། སྟོན་པས་ལངྐའི་ཡུལ་དུ་ལི་ཙ་བི་དྲི་མེད་གྲགས་པ་སོགས་རིག་འཛིན་གྱི་འཁོར་རྣམས་ལ་གསང་སྔགས་ཀྱི་རྒྱུད་རྣམས་གསུངས་ནས་ཕྱག་ན་རྡོ་རྗེ་ལ་གཏད་དེ་རྡོ་རྗེ་ཆོས་ཞེས་མིང་བཏགས་ཏེ་བཀའི་བསྡུ་བ་པོར་གྲགས་པ་དང་། དེ་ནས་བསྐལ་བཟང་གི་སངས་རྒྱས་བཞི་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པའི་དུས་ཤཱཀྱའི་རིགས་ལས་ཐོས་པ་འཛིན་པའི་མཆོག་འཕགས་པ་ཀུན་དགའ་
བོར་གྱུར་ནས་དེ་བཞིན་གཤེགས་པའི་རིམ་གྲོ་བ་མཛད་པ་དང་། དེའི་འོག་ཏུ་ཟ་ཧོར་གྱི་རྒྱལ་པོ་ཛཿརུ་གྱུར་ནས་རྒྱ་གར་ཤར་ཕྱོགས་སུ་རྣལ་འབྱོར་ཕྱི་ནང་གི་རྒྱུད་རྣམས་ཆེས་དར་བར་མཛད་པ་དང་། དེའི་འོག་ཏུ་སློབ་དཔོན་ཤིནྟཱཾ་གརྦྷར་སྐྱེ་བ་བཞེས་ཏེ། བསིལ་བའི་ཚལ་དུ་སློབ་དཔོན་བརྒྱད་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་མ་མོ་དང་མཁའ་འགྲོ་མ་རྣམས་ཀྱིས་གཏད་པའི་ཚེ་སློབ་དཔོན་འདི་ཉིད་ལ་གཟིའི་སྒྲོམ་བུ་བབས་ཏེ་དྲག་སྔགས་དམོད་པའི་སྒྲུབ་པ་ལ་མཁས་པར་མད་པ་དང་། དེའི་འོག་ཏུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་བོད་རྗེར་བྱོན་པའི་དུས། དེ་ཉིད་ཀྱི་བློན་པོ་ཐུ་མི་སྣང་གྲགས་ཀྱི་བུ་ཐུ་མི་སམྦྷོ་ཊ་ཞེས་བྱ་བར་སྐྱེ་བ་བཟུང་ནས་བོད་དུ་འདྲི་ཀློག་གིས་སྲོལ་མེད་པ་ལ། པཎྜི་ཏ་ལྷ་རིག་པའི་སེང་གེ་ལ་སྒྲ་བསླབ་སྟེ་བོད་སྐད་དང་བསྟུན་ནས་ཀཱ་ལི་སུམ་ཅུ་དང་། ཨཱ་ལི་བཞིར་བསྡུས། གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས་བཅོས། བྱཱ་ཀ་ར་ཎའི་བསྟན་བཅོས་བརྒྱད་མཛད་དེ་རྒྱལ་པོ་ལ་བསླབས། དཔང་སྐོང་། མདོ་ཟ་མ་ཏོག་བཀོད་པ། དཀོན་མཆོག་སྤྲིན་སོགས་བསྒྱུར་ཏེ་བསྟན་པའི་སྲོལ་བཏོད་པར་མཛད་པ་དང་། དེའི་འོག་ཏུ་རྒྱལ་མོ་ལེགས་ཞེར་དཔལ་མོའི་བུ་དགེ་སློང་པུརྞ་ཞེས་བྱ་བར་སྐྱེ་བ་བཞེས་པའི་ཕྱི་མ་ལ་ལོ་ཙཱ་བ་བཻ་རོ་ཙ་ནར་སྐུ་འཁྲུངས་པ་ཡིན་ཏེ། རང་གཏེར་ཤ་འུག་ལུང་བྱང་ལས། ཤཀ་ཐུབ་ཉེ་གནས་ཀུན་དགའ་བོ༔ཨིནྡྲ་བྷུ་ཏི་རྒྱལ་པོ་ཛཿཐུ་མི་པུརྞ་ལ་སོགས་པ༔འགྲོ་འདུལ་སྐྱེ་སྲིད་དེ་དག་ལས༔བཻ་རོ་ཁྱོད་དུ་འཕོས་པ་ཡིན༔ཞེས་གསུངས་ཏེ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙཱ་ན་ནི་གཙང་སྙེ་མོ་བྱེ་མཁར་དུ་སྤ་གོར་ཧེ་འདོད་ཀྱི་སྲས་སུ་འཁྲུངས། མཁན་པོ་ཞི་འཚོ་ལས་རབ་ཏུ་བྱུང་། རྒྱ་གར་དུ་ལན་གྲངས་མང་དུ་བྱོན་ཏེ། པཎྚི་ཏ་ལྔ་བརྒྱ་ལ་རྒྱུ་འབྲས་ཀྱི་ཆོས་སྤྱི་དང་ཕྱི་མ་བདུན་ལ་གསང་སྔགས་ནང་གི་ཆོས་མང་དུ་བསླབས། ཁྱད་པར་ཤྲཱི་སེངྷ་གཙོ་བོར་བསྟེན་ཅིང་། དེའི་སློབ་མ་ཡེ་ཤེས་མདོ་དང་བཱི་མ་ལ་སོགས་ལའང་གཏུགས་ཏེ་རྫོགས་པ་ཆེན་པོའི་ཆོས་ལ་མཁས་པར་སྦྱངས། རྐང་མགྱོགས་གྲུབ་པས་བོད་ཡུལ་དུ་ཉིན་གཅིག་ལ་བརྟོལ། རྗེ་བློན་རྣམས་ལ་ཉིན་པར་རྒྱུ་འབྲས་སྤྱི་དང་ནམ་གུང་མན་ངག་གི་ཆོས་རྣམས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ། སློབ་དཔོན་སངས་
རྒྱས་གཉིས་པས་རྗེ་འབངས་ཉེར་ལྔ་ལ་དབང་བསྐུར་བའི་ཚེ་སྟོབས་ལྡན་ནག་པོའི་མེ་ཏོག་ལ་དབང་བར་གྱུར་ཏེ་དྲག་སྔགས་ཀྱི་གྲུབ་པ་བརྙེས། གཡའ་མ་ལུང་སོགས་བོད་ཡུལ་གྱི་དབེན་གནས་རྣམས་དང་། གཞན་ཡང་རྒྱལ་མོ་རོང་། རྒྱ་ནགལི་ཡུལ། སོག་ཡུལ་སོགས་སུ་བྱོན་ནས་འགྲོ་དོན་མཛད་མཐར་འོད་ཀྱི་སྐུར་ཡལ་ལོ། །དེའི་འོག་ཏུ་དགེ་བའི་བཤེས་གཉེན་དབང་ཕྱུག་འབར་དུ་སྐྱེ་བ་བཞེས་ཏེ་སྔར་གྲྭ་པ་མངོན་ཤེས་ཀྱི་ལོ་རྒྱུས་བརྗོད་པ་དེའོ། །དེའི་འོག་ཏུ་རཀྴག་ཆོས་འབར་ཏུ་སྐྱེ་བ་བཞེས་ནས་སྦས་པའི་རྣལ་འབྱོར་གྱི་ཚུལ་བཟུང་སྟེ་མ་མོ་སྒང་ཤར་སོགས་མདོས་ཆོག་གི་ཕྲིན་ལས་འབའ་ཞིག་སྐྱོང་བར་མཛད་པ་དང་། དེའི་འོག་ཏུ་རྒྱལ་སྲས་རྡོ་རྗེ་གླིང་པར་གྲྭའི་ཕུ་གྲོག་གད་དུ་སྐུ་འཁྲུངས། ཞང་ཡེ་ཤེས་མཛེས་པ་ལས་རབ་ཏུ་བྱུང་། ཀུན་མཁྱེན་འཁྲས་པ། སྨན་ལུང་པ་ཤཱཀྱ་འོད། ཁྱབ་བརྡལ་ལྷུན་གྲུབ་སོགས་ལ་ཆོས་མང་དུ་གསན། གནམ་ལྕགས་བྲགཡང་རྫོང་། སྤ་གྲོ། མཆིམས་ཕུ་སོགས་དབུས་གཙང་ལྷོ་མོན་གྱི་གཏེར་གནས་མང་པོ་ནས། སྙིང་ཐིག་བཅུ་གསུམ། བོན་རྫོགས་ཆེན་གསེར་ཞུན། ལྟ་བ་ཀློང་ཡངས། གུ་རུ་ཞི་དྲགབཀའ་བརྒྱད། བླ་མ་རྒྱལ་བ་རྒྱ་མཚོ་སོགས་གཏེར་ཆོས་ཤིན་ཏུ་མང་བ་བཏོན་ཏེ་འགྲོ་དོན་མཛད་པ་དང་། དེའི་འོག་ཏུ་ཀུན་སྐྱོང་གླིང་པར་སྐྱེ་བ་བཞེས་ཏེ་ཟབ་བུ་ལུང་། བསམ་ཡས་མཆོད་རྟེན་དཀར་པོ་སོགས་ནས། རྡོར་སེམས་སྙིང་ཐིགགུ་རུའི་ཟངས་སྐུ་མེ་ཐུབ་མ། བྲམ་ཟེ་དྲི་མེད་བཤེས་གཉེན་གྱི་དབུ་ཐོད་སོགས་ཆོས་དང་དམ་རྫས་ཀྱི་ཟབ་གཏེར་སྤྱན་དྲངས་ནས་འགྲོ་དོན་མཛད་པ་དང་། དེའི་འོག་ཏུ་མདོ་སྔགས་གླིང་པའམ། མཚན་གཞན་མཆོག་ལྡན་མགོན་པོ་སྟེ། ལྷོ་བྲག་བན་པ་ལུང་དུ་སྐུ་འཁྲུངས་ཏེ། མངའ་རིས་གུང་ཐང་རྒྱལ་པོས་བླ་མར་བཀུར་ཏེ་མཐའ་དམག་བཟློག་པ་ལ་སོགས་པའི་འགྲོ་ཕན་རྒྱ་ཆེར་མཛད་པ་དང་། དེའི་སྐུ་ཕྱི་མར་ལྷོ་ནུབ་རྔ་ཡབ་གླིང་དུ་སློབ་དཔོན་པདྨས་རྗེས་སུ་བཟུང་སྟེ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེེས་པ་སྲིན་པོ་ཆོས་ཀྱི་གོ་ཆར་སྐྱེ་བ་བཞེས་ནས་བདག་ཉིད་ཆེན་པོ་ཉིད་དུ་སྐུ་འཕོས་པ་ཡིན་ནོ། །གཞན་ཡང་རྡོ་རྗེ་གླིང་པའི་ལུང་བྱང་ལས། ཉི་མ་སེང་གེ་ཁྱུང་པོ་རྣལ་འབྱོར་དང་༔ སུམ་སྟོན་ཇོ་དར་གྲྭ་
པ་མངོན་ཤེས་དང་༔ བསྟན་པ་གཞུང་འཛིན་རོང་སྒོམ་ཆོས་བཟང་དང་༔ དགེ་བཤེས་ཉམས་བྲོ་གུ་རུ་རྣོན་རྩེ་དང་༔ ཁྱུང་གྲགས་ལྷ་འབུམ་ཤཱཀྱ་འབྱུང་གནས་དང་༔ གྲུབ་ཐོབ་དངོས་གྲུབ་གཡག་སྡེ་པཎ་ཆེན་དང་༔ མཚལ་ཐང་སྒོམ་སྡེ་སྤྲུལ་སྐུར་གྲགས་པའི་མཐར༔ཞེས་འབྱུང་བས། ཁྱུང་པོ་རྣལ་འབྱོར་དང་། དགེ་བཤེས་གྲགས་པ། རོང་ཟོམ། བོན་པོ་ལྷ་འབུམ་རྣམས་དུས་མཚུངས་ཀྱི་སྐུའི་སྤྲུལ་པས་འགྲོ་དོན་མཛད་པ་དང་། སུམ་སྟོན་ཇོ་དར། བསྟན་པ་གཞུང་འཛིན། དགེ་བཤེས་ཉམས་བྲོ་རྣམས་གང་དུ་བྱོན་དང་ཕྲིན་ལས་གང་བསྐྱངས་ཀྱི་ལོ་རྒྱུས་བདག་གིས་མ་ཐོས་ལ། དེ་ལས་གཞན་པ་ཉི་མ་སེང་གེ་ནི། རོག་ཤེས་རབ་འོད་ཀྱི་གཅུང་ཞིག་པོ་རིན་ཆེན་ཞེས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མངའ་བ་སྟེ། རྒྱལ་བ་ཏེ་ནེའི་ཆིག་བརྒྱུད་ཀྱི་བཀའ་བབས་པ་ཞི་བྱེད་བཀའ་བབས་ཕྱི་མ་ཕྱོགས་ཀུན་ཏུ་རྒྱས་པའི་ཆུ་མགོ་ལྟ་བུར་གྱུར་པ་དེའོ། །ཁྱུང་གྲགས་ཀྱང་། ཡེ་ཤེས་ཁྱུང་གྲགས་ཞེས་པའི་གཏེར་སྟོན་ཞིག་བྱུང་བར་སྣང་། བོན་པོ་ལྷ་འབུམ། གཏེར་སྟོན་བོན་པོ་ལྷ་འབུམ་ཞེས་གྲགས་པ་དེའོ། །ཤཱཀྱ་འབྱུང་གནས་ནི། བདེ་གཤེགས་ཟུར་པོ་ཆེ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེའོ། །གྲུབ་ཐོབ་དངོས་གྲུབ་ནི་གཙང་གི་རི་བོ་ཆེའི་གཏེར་སྤྱན་འདྲེན་པ་པོ་སྟེ། འདི་གཏེར་བཞེས་དུས་དགུང་ལོ་དྲུག་བརྒྱ་ཡིན་པར་གྲགས་པས། སྔ་མོ་ཞིག་ནས་བྱུང་བར་མངོན། གཡག་སྡེ་པཎ་ཆེན་ནི། རང་བྱུང་པ་དང་གཡུང་སྟོན་པ་སོགས་ཀྱི་སློབ་མ་མཁས་གྲུབ་ཆེན་པོར་གྱུར་པ་དེའོ། །མཚལ་ཐང་སྒོམ་སྡེ་སྤྲུལ་སྐུ་ནི། མཚལ་གྱི་གདན་རབས་བཞི་པ་སངས་རྒྱས་འབུམ་གྱི་དུས། བླ་ཚང་དང་དབོན་ཚང་ཞིག་ནས་ཁོང་གི་ཟུར་དུ་ཕྲིན་ལས་བསྐྱངས་པ་ལས་སྒོམ་སྡེ་བྱུང་བར་གྲགས་པས་སངས་རྒྱས་འབུམ་ལགས་སོ། །གཞན་རྣམས་སྔར་སྨོས་པ་དང་། དེར་མ་ཟད་སྤྲུལ་པའི་ཟློས་གར་ཙ་མི་སངས་རྒྱས་གྲགས། ཆོས་རྗེ་ས་པཎྜི་ཏ། ལོ་ཆེན་བསོད་ནམས་རྒྱ་མཚོ། གཏེར་སྟོན་ཡང་སངས་རྒྱས་བླ་མ། རྒྱ་ལོ་ཙཱ་བ། ལྡང་མ་ལྷུན་རྒྱལ། གཡག་འཕྱར་སྔོན་པོ་སོགས་མཐའ་ཡས་ཏེ་འཕགས་ཆེན་རྣམས་ཀྱིས་མཛད་པ་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་ན་རྨོངས་པ་བདག་ལྟ་བུས་བརྗོད་པར་མི་ནུས་སོ། །དེའི་
ཕྱིར་སྐུ་ཚེ་སྔ་མའི་ཕྲིན་ལས་དང་སྐྱེ་བའི་ཕྲེང་བ་ཟུར་ཙམ་ཞིག་སྨོས་ནས། ད་ནི་སྐུ་ཚེ་འདི་ཉིད་ཀྱི་མཛད་པ་ཆ་ཙམ་ཞིག་བརྗོད་པ་ནི། བདག་ཉིད་ཆེན་པོ་འདིའི་རིགས་ནི་འོད་གསལ་གྱི་ལྷ་ལས་ཆད་པ་ཞིག་སྟེ། དེ་ཡང་སྔོན་གྱི་དུས་ན་བོད་ཡུལ་གྱི་སའི་ཆ་ཁ་རག་ཏུ་སྔོན་ཆད་མཐོང་མ་མྱོང་བའི་སྐྱེས་བུ་གཟུགས་བཟང་ཞིང་མཛེས་པ་ལྟ་ན་སྡུག་པ་མིག་གི་བདུད་རྩི་གྱུར་པ་ཞིག་སྣང་བས། དེར་མི་རྣམས་ཡ་མཚན་པར་གྱུར་ཏེ་བླའི་གནས་སུ་བཀུར་བར་བྱས་སོ། །དེའི་ཚེ་མིའི་གྲིབ་ཀྱིས་ལྷའི་བུ་ཉིད་མྱོས་པར་གྱུར་པ་ན་སྨྱོས་ཞེས་པའི་རིགས་རྒྱུད་དུ་གྲགས་པ་ལས་ཕྱི་རུས་སྨྱོས་སྟོན་ཡོན་ཏན་གྲགས་པ་སོགས་ཁ་རག་གི་ལྷ་པ་རྣམས་ཡིན་ཅིང་། ནང་རུས་མཐིང་སྟེ། མཐིང་མ་སྨྱོས་ཞིག་ཆེན་པོ་ནས་སྨྱོས་སྒོམ་ཆེན་པོ་པདྨ་རྡོ་རྗེ་སོགས་ནས་སྨྱོས་སྟོན་གྲགས་པ་རིན་ཆེན་གྱི་སྲས་གྲགས་པ་རྒྱལ་མཚན། དེའི་སྲས་ཇོ་འབུམ་དཔལ་ལ་གོང་མའི་ཞལ་ཏས། སྔོན་ལྷ་སྲས་མུ་རུབ་བཙན་པོས་གྲ་དོལ་གཞུང་གསུམ་གྱི་བདག་པོར་དབང་བར་བྱས་པའི་ཞང་རྣམ་སྣང་གི་སར་སྐུ་མག་ཏུ་བྱོན་པ་ལས་མི་རབས་ལྔའི་མཐར་ཡབ་སྨྱོས་ཚེ་དབང་རྡོ་རྗེ་དང་ཡུམ་སྤ་གོར་གྱི་རིགས་ཚེ་རིང་བུ་དགའ་གཉིས་ཀྱི་སྲས་སུ་ལང་གྲོའི་རྣམ་འཕྲུལ་ཀུན་མཁྱེན་མདོ་སྔགས་བསྟན་འཛིན་སྐུ་འཁྲུངས། དེའི་སྲས་སུ་ཡབ་རྗེ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་སྐུ་བལྟམས་པ་དེ་དང་ཡུམ་ཡང་བོད་ཆོས་རྒྱལ་གྱི་གདུང་རྒྱུད་དྲི་མ་མེད་པ་ཐ་སྙད་རིག་གནས་ཀྱི་དབང་ཕྱུག་གོང་མ་རྒྱལ་མཆོག་ལྔ་པས་རྩིས་རིག་གྱི་སློབ་དཔོན་དུ་བཀུར་བ་ཁྱིམ་ན་གནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པས་འཚོ་བ་རྗེ་དོན་འགྲུབ་དབང་རྒྱལ་གྱི་སྲས་མོ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་སྟེ། མཁའ་འགྲོ་མ་བདེ་ཆེན་རྒྱལ་མོས་ཡབ་ལ་སྩལ་བའི་ལུང་བྱང་ལས། རྟ་ནག་ཤེལ་དཀར་མཚོ་སྒྲོན་གྱི༔སྤྲུལ་པ་བྱི་ལོ་དབྱངས་ཅན་མིང༔རང་གནས་གྲ་ཡི་ཕྱོགས་ནས་འབྱུང༔ཞེས་གསུངས་པའི་ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་མེ་ཁྱི་ཧོར་ཟླ་གཉིས་པའི་ཡར་ངོའི་ཚེས་དགུའི་མཚན་མོའི་ཐོ་རངས་ཀྱི་ཐུན་གྱི་ཆ་ལ། གྲ་ནང་རིག་པའི་འབྱུང་གནས་སྤྲུལ་པའི་སྐྱེས་མཆོག་སྣ་ཚོགས་རང་གྲོལ་གྱི་གདན་ས་དར་རྒྱས་ཆོས་གླིང་གི་འོད་གསལ་རྩེ་ཞེས་པའི་གཟིམས་ཆུང་
དུ་ས་གཡོ་བ་དང་འོད་འབྱིན་པ་དང་མཁའ་ལ་འཇའ་ཚོན་འཁྲིགས་པ་སོགས་ངོ་མཚར་བའི་དགེ་མཚན་དང་བཅས་བལྟམས་ཏེ། གབ་རྒྱ་ཅན་གྱི་ལུང་བྱང་ལས། སུམ་ཅུ་ཁ་རལ་སྙིགས་མ་ལྔ་བདོའི་དུས༔བསམ་ཡས་ལྷོ་ནུབ་གྲ་ཞེས་གཡོ་རུའི་སར༔ལུང་པ་བྱང་ལྟ་དོར་མ་བརྐྱང་འདྲའི་ཚིགས༔སྲིན་མོ་འཛེགས་འདྲའི་དགེ་བསྙེན་སྔགས་ཞོལ་དུ༔བུདྡྷ་ཛྙཱ་ནའི་སྤྲུལ་པ་ཚེ་མིང་ཕ༔ཤེལ་དཀར་མཚོ་སྒྲོན་སྤྲུལ་པ་དབྱངས་མིང་མས༔བསྐྱེད་པའི་རྣལ་འབྱོར་སྔགས་ཀྱི་བརྟུལ་ཞུགས་ཅན༔མེ་ཁམས་ཁྱི་ཡི་ལོ་པ་པདྨའི་མིང༔གཟུགས་བྱད་ཧ་ཅང་མི་རིང་མི་ཐུང་བ༔མདངས་སྣུམ་རིན་ཆེན་རིགས་ཀྱི་རྟགས་འཆང་བས༔པདྨ་ང་ལ་མོས་པ་ལྷག་པར་བྱེད༔བཅོ་བརྒྱད་ལོ་ལ་གཏེར་ཁ་དང་པོ་འབྱེད༔ཅེས་གསུངས་པ་བཞིན་ནོ། །དེ་ལྟར་སྐུ་བལྟམས་མ་ཐག་དོན་གྲུབ་དབང་རྒྱལ་གྱིས་རྡེའུ་བརྒྱ་སོ་དྲུག་པས་གཏན་ལ་ཕབ་པའི་བཙས་ཀླུང་སོགས་བརྩིས་པ་ལས་བྱུང་བའི་མཚན་ཀུན་དགའ་དངོས་གྲུབ་རིན་ཆེན་དབང་གི་རྒྱལ་པོ་ཞེས་གསོལ། ཡབ་རྗེ་ཉིད་ཀྱིས་དབང་བསྐུར་བྱིན་རླབས་དུ་མས་རྟེན་འབྲེལ་བསྒྲིགས། ལོ་གསུམ་བཞི་ཙམ་ནས་བྲི་ཀློག་ཉེར་མཁོའི་ཆོག་ཕྲིན་དབང་རབ་གནས་ལུང་དང་བཅས་པའི་ཚིག་དང་ལག་ལེན་ཚེགས་ཆུང་ངུས་མཁྱེན་པར་མཛད། དགུང་ལོ་བཅུ་གཅིག་པ་ལ་དཔལ་ལྡན་འབྲས་སྤུངས་སུ་འཛམ་གླིང་གཙུག་གི་ནོར་བུ་ཀུན་མཁྱེན་རྒྱལ་དབང་ལྔ་པའི་དྲུང་དུ་གཙུག་ཕུད་ཕུལ། མཚན་ངག་དབང་པདྨ་བསྟན་འཛིན་ཞེས་སྩལ། སྐྱིད་གྲོང་གི་རང་བྱུང་འཕགས་པ་ཐོག་མར་ཕེབས་པ་དང་དུས་འགྲིགས་པས་རྟེན་འབྲེལ་བཟང་ཞེས་དགྱེས་པས་དབུགས་དབྱུང་། རིམ་བཞིན་གནས་དུས་ཅི་རིགས་པར་ཀུན་མཁྱེན་རྒྱལ་བའི་དབང་པོ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་སྟེ་བཀའ་དྲིན་མཚུངས་མེད་རྣམ་གཉིས། སྨིན་གྲོལ་ལམ་བཟང་སྟོན་པའི་བསྟན་འཛིན་ཆེན་པོ་བཅུ་དྲུགཟབ་ཆོས་སྣ་ཚོགས་གསན་པའི་ཡོངས་འཛིན་སོ་ལྔ་རྣམས་གུས་པར་བསྟེན་ནས། ཡོངས་རྫོགས་དགེ་བསྙེན་དང་། བྱང་སྡོམ་བཀའ་སྲོལ་གསུམ་བཀའ་བརྒྱད་ཡོངས་རྫོགས་ཀྱི་དབང་བསྐུར་བརྡ་དོན་འཕྲོད་པ་ཐོག་མའི་སྨིན་བྱེད་དུ་གསན་ནས་སྡོམ་པ་གསུམ་ལྡན་གྱི་གཞི་བཟུང་། མདོ་སྒྱུ་སེམས་གསུམ་
སོགས་སྔ་འགྱུར་བཀའ་མ་དེང་སང་རྒྱུན་ཡོད་དོ་ཅོག་དང་། གཏེར་མ་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་སྤྱི་བྱེ་བྲག་མང་པོས་མཚོན་ཡོངས་གྲགས་ཕལ་ཆེ་བ། སྔགས་གསར་མ་རགས་པ་རྣམས་དང་། མདོ་ཕྱོགས་མང་པོ་དང་བཅས་པའི་དབང་ཁྲིད་བཤད་ལུང་ཇི་སྙེད་པ་རྣམས་གསན། དགུང་ལོ་བཅུ་གསུམ་ནས་གཞུང་ལུགས་ཅི་རིགས་པ་སྦྱོང་བ་ལ་ཞུགས་ཏེ། དཔལ་གསང་བ་སྙིང་པོ་དང་། རྒྱུད་བླ། སེམས་ཉིད་ངལ་གསོ། ཡིད་བཞིན་མཛོད་རྩ་འགྲེལ་གསན་ནས་གཞན་ལ་འཆད་སྤེལ་མཛད། ཁྱད་པར་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་ལ་གསན་གཟིགས་ནན་ཏན་དུ་མཛད་པས་སྔར་དོན་སྤྱི་ཙམ་གྱི་ཤུན་པ་བུད་ནས་དོན་གྱི་གནས་ལུགས་རྟོགས་པའི་སྤྲོས་པ་ཆོད་པར་མཛད། དེ་ནས་གནས་སྐབས་ཅི་རིགས་པར་མཆིམས་ཕུ་དང་། གཡའ་མ་ལུང་སོགས་གནས་ཆེན་དང་རང་གནས་ཀྱི་དབེན་པ་རྣམས་སུ་ལོ་སྦྲེལ་དང་། ཟླ་དྲུག་མ། ཟླ་གཅིག་གི་མཐའ་བརྟེན་པ་ཡན་གྱིས། གུ་རུ་ཞི་དྲགརྡོར་སེམས་བཀའ་བརྒྱད། ཡང་ཕུར་གཤིན་རྗེ་གཤེད། རྟ་མགྲིན། མཁའ་སྤྱོད་མ་སོགས་ཞི་ཁྲོ་སུམ་ཅུ་སོ་ལྔ་ཙམ་བསྙེན་པས་ཞལ་གཟིགས་དང་ལུང་བསྟན་གྱི་རིམ་པ་མཐའ་ཡས་ཏེ་གསང་བའི་རྣམ་ཐར་དུ་འཁོད་པ་ལྟར་དང་། ཁྱད་པར་ཐོད་རྒལ་དང་རླུང་སྦྱོར་གྱི་རྟགས་སྣང་མངོན་དུ་གྱུར། དགུང་ལོ་བཅོ་བརྒྱད་པ་ལ་གཡའ་མ་ལུང་ནས་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཆོས་སྐོར་མ་བུ་སོགས་དང་མྱོང་གྲོལ་བྱིན་རླབས་ཀྱི་རིལ་བུ་དང་བཅས་པའི་ཟབ་གཏེར་སྤྱན་དྲངས་ནས་སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད། དགུང་ལོ་ཉེར་གཅིག་པ་ནས་བཟུང་རྒྱལ་དབང་ལྔ་པ་ཆེན་པོ་དང་འཇམ་མགོན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱི་དབུའི་བླ་མར་བཀུར་བས་ལོ་རེ་བཞིན་རྐྱེན་སེལ་གྱི་སྐུ་རིམ་དབང་བཀའ་མང་པོ་དང་། ཁྱད་པར་བཀའ་གཏེར་གྱི་ཆོས་སྐོར་ཇི་སྙེད་པ་ཕུལ། རང་གི་ཡོངས་འཛིན་དུ་མས་ཀྱང་ཆོས་ཀྱི་རྣམ་གྲངས་མང་པོ་དོན་གཉེར་ཆེན་པོས་གསན་པའི་རེ་བ་བསྐང་། གཞན་ཡང་བསྟན་འཛིན་གྱི་སྐྱེས་མཆོག་དུ་མ་དང་། ཆེན་པོའི་གོ་སར་བཞུགས་པ་མང་པོ་སོགས་མཆོག་དམན་བར་གསུམ་ལ་དབང་དང་སྒྲུབ་ཆེན་ཁྲིད་ལུང་མན་ངག་སོགས་ཆོས་འཆད་པའི་རྣམ་གྲངས་འདི་
ཙམ་ཞེས་དཔག་པར་མི་ནུས། ཁྱད་པར་རྙིང་མ་རང་ལུགས་ལ་མེད་དུ་མི་རུང་བའི་ཆོས་བཀའ་ཁྱད་པར་ཅན་ཆད་དུ་ཉེ་བ་དུ་མ་འབད་རྩོལ་ཆེན་པོས་ཉན་བཤད་དང་། བཤད་སྒྲུབ་ཀྱིས་སྲོལ་བཏོད་ནས་སྲོག་མཐུད་པར་མཛད། དེ་བཞིན་དུ་བཀའ་རྩོམ་གྱི་རིམ་པ་ཡང་མཐའ་ཡས་སོ། །བསྟན་པའི་བདག་པོ་མཆོད་ཡོན་ཟུང་གིས་དབུས་ཕུལ་བའི་དངོས་པོ་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དང་། གཏེར་ལུང་ལས་ཀྱང་། ཁྱད་པར་གཡོ་རུ་གཙང་མའི་སར༔ཚོམ་བུ་གཅིག་ཏུ་འདུས་པའི་སྡེ༔མ་འོངས་བསྟན་པ་ཆེར་འཕེལ་ནས༔བོད་ཀྱི་བདེ་སྐྱིད་དགུང་དུ་འདེགས༔ཞེས་ལུང་བསྟན་པ་ལྟར། འདུས་སྡེ་ཨོ་རྒྱན་སྨིན་གྲོལ་གླིང་འདི་ཉིད་མེ་འབྲུག་གསར་དུ་བསྐྲུན་ནས་རིམ་པར་གཙུག་ལག་ཁང་གསུམ་དུ་བཞེངས། གྲྭ་ཚོགས་ཀྱང་དང་པོ་བརྒྱད་གྲྭ་ཙམ་ལས་ཕྱིས་སུམ་བརྒྱར་ཉེ་བར་སྡོམ་པ་གསུམ་གྱི་བསླབ་ཁྲིམས་ལ་བཀོད་ནས་འཁོར་ལོ་གསུམ་གྱི་རྣམ་ཐར་ལྷུར་ལེན་པ་རྙེད་བཀུར་གྱིས་མི་བྲེལ་བ་རྒྱུན་ཆགས་པ་དང་། དེ་དག་གི་གནས་མལ་རྟེན་གསུམ་མཆོད་རྫས་དང་བཅས་པ་དང་། དཀྱིལ་འཁོར་ཆེན་པོ་དུ་མའི་སྒྲུབ་མཆོད་དུས་བཞིར་སྒྲུབ་པའི་གཞི་རྟེན་ཡོ་བྱད་དུ་མ་དང་། བྲིས་འབུར་གྱི་སྐུ་བརྙན་མང་པོ་དང་། གསེར་དངུལ་གྱི་བཀའ་འགྱུར་གྱིས་མཚོན་གླེགས་བམ་ལྔ་བརྒྱ་སྐོར་དང་། མཆོད་རྟེན་ཆེན་མོ་སོགས་ཐུགས་རྟེན་དུ་མ་སྟེ་ཡོ་བྱད་ཀྱི་དངོས་པོ་ཐམས་ཅད་མཆོད་རྫས་སུ་ཐིམས་པར་མཛད་པ་དང་། གནམ་ལྕགས་བྲག་དང་ཤེལ་བྲག་ཤ་འུག་སོགས་གཏེར་གནས་རྣམས་ནས་ཟབ་གཏེར་གྱི་ཆོས་སྒོ་མང་པོ་སྤྱན་དྲངས་ནས་སྐལ་ལྡན་རྣམས་སྨིན་གྲོལ་ལ་བཀོད་པ་སྟེ་མཛད་པ་ཆ་ཤས་ཙམ་ཞིག་སྨོས་སོ། །དེ་ལྟར་དགུང་ལོ་བཅུ་དྲུག་ནས་དྲུག་ཅུ་རེ་དགུའི་བར་ཆོས་ཀྱི་ཕྲིན་ལས་བསྐྱངས་པའི་སློབ་མ་ནི་བགྲངས་བ་ལས་འདས། མཐར་ཤིང་རྟ་ཧོར་ཟླ་དང་པོ་ནས་ཅུང་ཟད་བསྙུན་པའི་ཚུལ་བསྟན་ནས། ཁྱད་པར་ཉེར་ལྔ་ནས་ཁུ་དབོན་རྣམས་ལ་ཞལ་གདམས་ཕྱི་མཐའི་བསླབ་བྱ་རྣམས་སྩལ། དེ་ནས་བཟུང་ཞབས་རིམ་དུ་གནས་པ་རྣམས་ཀྱི་སྣང་ངོར་ནུབ་ཀྱི་ཕྱིའི་རྩིག་ངོས་ན་ཡོད་པ་འདྲ་བའི་རྒྱ་གླིང་ལྟ་བུའི་སྒྲ་ཤིན་ཏུ་སྙན་པ་རྒྱུན་ཆགས་སུ་བྱུང་ཞིང་དེ་མཚུངས་ག་བུར་ལྟ་བུའི་དྲི་ངད་
ཀྱིས་གཟིམ་ཆུང་ཕྱི་ནང་ཐམས་ཅད་ཁྱབ་པའང་བྱུང་། ཤར་ཕྱོགས་སུ་གོམས་པ་བདུན་འགྲོ་དགོས་ཡོད་གསུངས་བཞེངས་ཏེ་ཞབས་གོམ་བདུན་སྤོས་ནས་སྐྱིལ་ཀྲུང་གིས་བཞུགས་ནས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པ། །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག། ཅེས་འདའ་ཁ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ཏེ། ཤིང་རྟ་ཧོར་ཟླ་གཉིས་པའི་ཚེས་གཉིས་ཀྱི་ཉི་དྲོས་ལ་ད་སྟེ་མཁའ་འགྲོའི་བསུ་བ་ཡང་བྱུང་ངོ་གསུང་སྟེ། ཕྱག་གཉིས་ཌཱ་དྲིལ་འཁྲོལ་བའི་བརྡ་དང་སྤྱན་ལྟ་སྟངས་དང་བཅས་སྐད་ཅིག་ལ་མཁའ་སྤྱོད་དུ་གཤེགས་སོ། །དེའི་ཚེ་ནམ་མཁའ་འཇའ་སྤྲིན་གྱིས་ཁེབས་པ་དང་མེ་ཏོག་དཀར་པོ་འདབ་མ་དྲུག་པ་དང་བརྒྱད་པའི་ཆར་ངོ་མཚར་བ་བབས། དེ་ནས་བཟུང་ཞག་མང་པོའི་བར་དུ་མེ་ཏོག་གི་ཆར་དང་འཇའ་འོད་དང་ས་གཡོ་བ་ལ་སོགས་པའི་ལྟས་ངོ་མཚར་བ་དུ་མ་བྱུང་ངོ་། །དེ་ནས་ཞབས་དྲུང་ཁུ་དབོན་རྣམས་ཀྱིས་མཆོད་འབུལ་ཕྱི་ནང་གི་རྟེན་བཞེངས་ཕྲིན་ལས་ཀྱི་རྒྱུན་སྐྱོང་བ་ལ་སོགས་པ་མཛད་ཅིང་། ཁྱད་པར་གདུང་ཞུགས་ལ་ཕུལ་སྐབས་དབུ་ཐོད་དང་ཐུགས་མེས་མ་རྨས་པར་ཕེབས་ཤིང་། རིང་བསྲེལ་གྱི་ཚོགས་དང་ཞུན་ཐིགས་ལ་རྣམ་རོལ་མཐའ་ཡས་མགོན་པོའི་སྐུ་བརྙན་འབྱོན་གཙང་གཟི་བྱིན་དང་ལྡན་པ་ཕེབས་ཏེ། གཏེར་ལུང་ལས། འདས་དུས་གདུང་ལ་རིང་བསྲེལ་འབྱུང༔སུས་མྱོང་མཁའ་སྤྱོད་བཙན་ས་ཟིན༔ཞེས་གསུངས་པས་སོ། །ཐུགས་ཀྱི་སྲས་དང་གསུང་ཀྱི་སྲས་ཀྱིས་མཚོན་པའི་བུ་སློབ་གཏེར་ལུང་ནས་བཤད་པ་ནི། དམ་ལྡན་ཆོས་བདག་སློབ་བུ་ནི༔ད་ལྟའི་མངའ་བདག་ཡབ་སྲས་སོགས༔ས་ཐོབ་རྗེ་འབངས་སྐྱེ་བའི་མཐའ༔འགྲོ་དོན་ནུས་པ་སུམ་ཅུ་ལྔ༔རང་དོན་གྱུར་པ་བརྒྱ་རྩ་བརྒྱད༔ཆོས་ཀྱི་འབྲེལ་པ་སྟོང་ཚོ་གཉིས༔སྨོན་ལམ་འབྲེལ་པ་ཁྲི་ཕྲག་ལྔ༔ལས་ཀྱིས་འབྲེལ་པ་དྲུག་ཅུ་བདུན༔གདུགས་ཐོགས་བདུན་གྱིས་ཞབས་ནས་འདེགས༔མི་ཆེན་གསུམ་གྱིས་མངའ་ཐང་སྤེལ༔ཞེས་སོ། །རགས་ཙམ་ཞིག་བརྗོད་ན། མཆོད་ཡོན་ཉི་ཟླ་ཟུང་འབྲེལ། ས་སྐྱ་བདག་ཆེན་ཀུན་དགའ་བཀྲ་ཤིས། ཆབ་མདོ་རྒྱལ་བ་འཕགས་པ་ལྷ། ཐུགས་སྲས་
གསུང་སྤྲུལ། སྤྲེ་བོ་ཆོས་ཀྱི་དབང་པོ། ཀོང་པོ་ཐང་འབྲོག་སྤྲུལ་སྐུ། འཕྱོངས་རྒྱས་དཔལ་རི་སྤྲུལ་སྐུ། གཙང་ནས་དྲེགས་པ་སྤྲུལ་སྐུ། ཟངས་ལ་མཁར་སྤྲུལ་སྐུ། དྭ་ལའི་ཧུ་ཐོག་ཐུ་ངག་དབང་བཤད་སྒྲུབ་རྒྱ་མཚོ། བོན་པོ་སྤྲུལ་སྐུ། ཁམས་ནས་རྫོགས་ཆེན་པ་དང་ཀཿཐོག་རྒྱལ་སྲས། ཀོང་པོ་རྦ་ཁ་སྐུ་སྐྱེ། མེ་རག་བླ་མ་སོགས་དང་། གཞན་ཡང་དུས་དེའི་མཁས་གྲུབ་ཐོག་མཉམ་ཕལ་ཆེར་གྱིས་ཞབས་ལ་མ་གཏུགས་ཞེས་བྱ་བ་མེད་པས་མཐའ་ཡས་སོ། །ཁྱད་པར་དུ་ཡང་བཀའི་བུམ་པ་བྱོ་ཞིང་མཁྱེན་པའི་བཅུད་ཐོབ་པའི་ཐུགས་སྲས་དང་གསུང་གི་སྲས། མཁན་ཆེན་ལོ་ཙཱ་བ་ཆོས་དཔལ་རྒྱ་མཚོ། གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ། གཅུང་ཡིད་བཞིན་ལེགས་གྲུབ། གཅུང་རིན་ཆེན་རྣམ་རྒྱལ་ཏེ། འདི་རྣམས་ནི་ཆུང་ངུ་ནས་རྗེས་སུ་བཟུང་སྟེ། དབང་ལུང་ཁྲིད་མན་ངག་རྒྱུད་བཤད་ལག་ལེན་རིག་གནས་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་གནང་ནས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་ཏེ་རྒྱལ་ཚབ་ཏུ་མངའ་གསོལ་བའོ། །
མཁན་ཆེན་ལོ་ཙཱ་བ་ཆོས་དཔལ་རྒྱ་མཚོ།
༈ དེ་ལ་མཁན་ཆེན་ལོ་ཙཱ་བ་ཆོས་དཔལ་རྒྱ་མཚོ་ནི། གཏེར་ལུང་ལས། གཡུ་སྒྲའི་སྤྲུལ་པ་བློ་ལྡན་དྷརྨའི་མིང༔བྱང་སེམས་དད་བརྩོན་སྙིང་སྟོབས་ལྡན་པ་འབྱུང༔ཞེས་ལུང་གིས་བསྟན་པའི་སྐྱེས་ཆེན་སྐུ་ཚེ་རིལ་པོར་འཆད་རྩོད་རྩོམ་གསུམ་གྱིས་ཕྲིན་ལས་བསྐྱངས་པས། རིག་གནས་མང་པོ་ལ་འགྲེལ་བཤད་སོགས་ཀྱི་བསྟན་བཅོས་དང་། མདོའི་སྐོར་ལ་སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པ་དཔག་བསམ་སྙེ་མ་དང་། སྔགས་ཕྱི་ནང་སྐོར་ལ། དབང་སྒྲུབ་ཐབས་རྗེས་གནང་ལ་སོགས་པའི་བསྟན་བཅོས་མཐའ་ཡས་པ་དང་། ཁྱད་པར་གསང་བ་སྙིང་པོ་ལ་ཊཱི་ཀ་གསང་བདག་དགོངས་རྒྱན། སྤྱི་དོན་གསང་བདག་ཞལ་ལུང་ལ་སོགས་པའི་བསྟན་བཅོས་མཛད་ནས་དབྱར་དགུན་གྱི་ཆོས་གྲྭར་རྒྱུད་ཀྱི་བཤད་པ་ཚར་རེ་སྨིན་རྒྱས་སྟར་ཆགས་པ་དང་། གནས་དུས་ཅི་རིགས་པར་ལོ་དང་ཟླ་འབྲེལ་གྱིས་ཟབ་མོའི་ཉམས་བཞེས་ལ་སྙིང་པོར་མཛད་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར། སློབ་མ་ཡང་ས་སྐྱ་བདག་ཆེན་ཀུན་དགའ་བཀྲ་ཤིས་དང་ཆབ་མདོ་རྒྱལ་བ་འཕགས་
པ་ལྷ་སོགས་ཆེ་གཉན་དུ་མས་བཀུར་ཞིང་མཆོད། དེ་ལྟར་མཆོག་དམན་བར་མའི་སྐྱེ་དགུ་ཐམས་ཅད་ལ་ཆོས་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་ནས་མཐར་དགུང་ལོ་རེ་ལྔ་པ་:ས་ཁྱི་༼མེ་བྱ་༽ཧོར་ཟླ་བཅུ་གཉིས་པའི་ཉེར་བཞི་ལ། ལོག་སྨོན་སྟོབས་སུ་གྱུར་པའི་:སྦྱོངས་འགར་༼ཇུན་གར་༽བའི་དམག་དཔུང་གིས་དབུས་གཙང་གི་རྙིང་མའི་ཆོས་སྡེ་ཡོད་དོ་ཅོག་ཐམས་ཅད་ཀྱི་དགོན་སྡེ་དམིགས་མེད་དུ་བཤིགགྲྭ་པ་རྣམས་གཅེར་བུར་ཕྱུངས་ནས་སྐྱ་བོར་བསྒྱུར་ཏེ་ཁྱིམ་ཐབ་བྱེད་པའི་གན་སྡོམ་བླངས། བླ་མ་སྐྱེས་བུ་དམ་པ་རྣམས་བཀྲོངས་པའི་དུས་དེར་ཧོར་ཟླ་དང་པོའི་ཉེར་བཞི་ལ། ལྷ་ལྡན་ཕོ་བྲང་ཆེན་པོའི་མདུན་ཐད་ཀྱི་པདྨ་རགས་གསར་ཟེར་བའི་ས་དེའི་ཐད་དུ་སྤྱན་དྲངས་པར་སྐད་ཅིག་དེ་ཉིད་ལ་ཟབ་ལམ་འཕོ་བའི་མཚམས་སྦྱོར་གྱིས་དག་པའི་ཞིང་དུ་ཐ་ལེར་གཤེགས་པས། གཤེད་མ་རྣམས་ཡུ་བུར་གྱུར་ཏེ་ཁ་སྐྱེངས་སོ། །
རིགས་སྲས་པདྨ་འགྱུར་མེད་རྒྱ་མཚོ།
༈ རིགས་སྲས་པདྨ་འགྱུར་མེད་རྒྱ་མཚོ་ནི། གཏེར་ལུང་ལས། རིགས་སྲས་རྟ་མགྲིན་སྤྲུལ་པ་ནི༔ རྡོ་རྗེའི་མིང་གིས་འགྲོ་དོན་སྤྱོད༔ ཅེས་ལུང་གིས་ཟིན་པ་འདི་ཉིད། ཡབ་གཏེར་ཆེན་ཉིད་དང་ཡུམ་མཁའ་འགྲོའི་རྟགས་ཀྱིས་སྤྲས་པའི་ཡོན་ཏན་སྒྲོལ་མ་ཞེས་པའི་སྲས་སུ་མེ་སྟག་ལ་འཁྲུངས། བཙས་པའི་མཚན་ལས། ཤེས་རབ་རྣམ་རྒྱལ་རྡོ་རྗེ་འབུམ་ཞེས་གསོལ། ཆུང་ངུ་ནས་དམ་པ་རྣམ་གཉིས་ཀྱིས་ཆོས་ཀྱི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་གནང་། དགུང་ལོ་ཉི་ཤུ་པ་ལ་མཁན་པོ་ལོ་ཙཱ་བ་ངག་དབང་ཆོས་དཔལ་ལས་ཆིག་རྫོགས་ཀྱིས་བསྙེན་པར་རྫོགས་ནས། ཆོས་རྗེ་གཞན་ཕན་དབང་པོའི་དྲུང་དུ་འདུལ་མཛོད་ཕར་ཕྱིན་ལ་སོགས་པ་རིགས་ལམ་ནས་ལུང་རིགས་ཀྱི་བཤད་པ་མཐའ་ཆོད་པ་གསན། བླ་མ་དམ་པ་གཉིས་ཀྱིས་གསན་པ་གང་ཡོད་ཀྱི་སྟེང་དུ་གོང་དཀར་ཆོས་སྡེ་ནས་སློབ་དཔོན་དབང་ཕྱུག་པ་སྤྱན་དྲངས་ནས་རྡོ་རྗེ་ཕྲེང་བ་ལ་སོགས་པ་གསར་མའི་ཆོས་ཀྱི་རྒྱུན་ཡོད་དོ་ཅོག་ཀྱང་གསན། བསྟན་བཅོས་ཀྱང་སྙན་ངག་གི་ཊཱི་ཀ། ཕར་ཕྱིན་གྱི་སྤྱི་དོན། གསང་སྙིང་གི་སྤྱི་དོན། སྡོམ་གསུམ་གྱི་ཟུར་འདེབས། ཚེ་བདག་གི་ལས་སྦྱོར་ལ་གཅེས་པའི་མན་ངག་གི་སྒྲོན་མ་བདུན་པ་དབང་
དང་སྒྲུབ་ཕྲིན་ལས་ཁ་ཚར་དང་བཅས་པའི་བསྟན་བཅོས་མཐའ་ཡས་པས་ཡབ་ཀྱི་ཞལ་ཆེམས་སུ་ཡང་། ཆོས་ཀྱི་ཆ་ཕ་ལས་བུ་ལྷག་ཅེས་དབུགས་དབྱུང་། དེ་ལྟར་ཆོས་ཀྱི་ཕྲིན་ལས་བསྐྱངས་པའི་མཐར་དགུང་ལོ་སོ་གསུམ་པ་ས་ཁྱི་ཧོར་ཟླ་དང་པོའི་ཉེར་དྲུག་ལ་ལོག་སྨོན་ཅན་དེ་རྣམས་ལ་ལུས་སྲོག་ལྟོས་མེད་བཏང་སྟེ་ཡ་ང་དང་བག་ཚ་མེད་པའི་ལྟ་གདེངས་ཀྱིས་གཤེགས་སོ། །
གཅུང་ཡིད་བཞིན་ལེགས་གྲུབ་དང་རིགས་སྲས་རིན་ཆེན་རྣམ་རྒྱལ།
༈ གཅུང་ཡིད་བཞིན་ལེགས་གྲུབ་ཀྱང་རིག་གནས་སོགས་མཁས་པའི་ཕུལ་དུ་ཕྱིན་ཡང་ལོག་སྨོན་ཅན་དེ་རྣམས་ཀྱི་དབང་དུ་སོང་ངོ་། །༈ རིགས་སྲས་རིན་ཆེན་རྣམ་རྒྱལ་ནི། སྡིག་ཅན་དེ་རྣམས་ཀྱིས་བརྫི་བར་མ་ནུས་ཏེ། མོན་བོད་ཀྱི་ས་མཐའ་རྣམས་སུ་རེ་ཞིག་བསྐུང་ནས་བཞུགས། དེ་ནས་ཙཱ་རི་བརྒྱུད་ཁམས་ཕྱོགས་ཀྱི་དབེན་རིར་གསང་ཐབས་ཀྱིས་བཞུགས་ནས་གུ་རུ་ཞི་དྲག་ལ་སོགས་པའི་ཡི་དམ་དུ་མ་བསྙེན། སྐབས་སུ་དྲག་པོ་མངོན་སྤྱོད་ཀྱིས་ལས་ལ་ཡང་འབད་པ་གང་ཐོན་བྱས་ཏེ་ལོ་ངོ་གཉིས་ཙམ་བཞུགས་སྐབས། གནམ་བསྐོས་འཇམ་དབྱངས་གོང་མ་ཆེན་པོའི་ཐུགས་རྗེའི་ཉི་མས་བདུད་ཚོགས་མུན་པའི་དམག་དཔུང་དེ་དག་ཕ་མཐར་བསྐྲད་དེ་སྤ་བཀོང་བར་བྱས། གངས་ཅན་བོད་ཀྱི་ལྷ་གཅིག་འཛམ་གླིང་སྐྱེ་དགུའི་འདྲེན་པ་རྒྱལ་བ་སྐལ་བཟང་རྒྱ་མཚོ་གྲུ་འཛིན་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོའི་གསེར་ཁྲིའི་སྟེང་དུ་མངའ་གསོལ། བོད་ཡུལ་སྐྱེ་རྒུ་སོ་སོའི་ལུགས་ཀྱི་ཆོས་དང་སྲིད་ཀྱི་བྱ་བ་སྔར་ལུགས་བཞིན་སྐྱོངས་ཞེས་པའི་བཙན་པོའི་ལུང་བསྒྲགས་ནས། རྫོགས་ལྡན་གསར་པའི་ཉི་མ་ཕྱོགས་ཐམས་ཅད་དུ་བརྡལ་བས། སྔར་ཡབ་མེས་ཀྱི་བུ་སློབ་ཁམས་པ་བླ་དཔོན་རྣམས་ཀྱིས་བསྙེན་བཀུར་གྱིས་འབུལ་བ་རྒྱ་ཆེར་བསྟབ་ཅིང་། ཆོས་དང་ཟང་ཟིང་གིས་ཕྲིན་ལས་རྒྱ་ཆེར་གྱུར་པ་ན། གདན་ས་མ་ལག་དང་བཅས་པ་སྔར་ལྟར་ལྷོགས་པས། དབུ་ཆེན་ཁུར་བཞེས་པ་རྣམས་ཀྱིས་སྤྱན་འདྲེན་བྱུང་བར། དེ་འཕྲལ་ལམ་སྟེགས་ནས་ཕོ་བྲང་ཆེན་པོར་རྒྱལ་བ་སྐལ་བཟང་རྒྱ་མཚོར་མཇལ་ཕྱག་མཛད་པས། གོང་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཁྲི་ཐོག་ཏུ་མངའ་གསོལ་བའི་བསྐོན་
ཆ་དང་:འཇགས་༼འཇའ་༽ས་སོགས་ཐམ་ག་སྤྱི་བོར་སྩལ་བས། གུས་འདུད་ཀྱིས་ཐོན་ཕྱག་ཞུས་ནས་ལམ་དུ་ཞུགས། རང་ཞབས་པ་རྣམས་ཀྱིས་བསུ་བ་སེར་སྦྲེངས་ཀྱི་བཀུར་སྟི་དང་བཅས་རང་དགོན་དུ་ཕེབས་སོ། །དམ་པ་འདི་ཉིད་ནི་སྔོན་ནས་གཏེར་ཆེན་ཉིད་ཀྱིས་ཕྱི་མཐའི་གཟིགས་པས་དོན་གྱི་གདན་སར་ཁྲི་ནོན་མཛད་པ་འདྲ་སྟེ། སྐུ་མྱ་ངན་ལས་འདའ་བར་ཕྱོགས་པའི་ལོ་དེའི་ནང་དུ་གཅུང་ཀུན་དགའ་ཚུལ་ཁྲིམས་ཀྱིས་དོ་ཁུར་ཆེན་པོས་བཀའ་འགྱུར་གསར་བཞེངས་དང་ཆོས་འཁོར་ལྷུན་པོའི་སྟེང་དུ་གསེར་གྱི་རྒྱ་ཕིབས་བཟོ་བཀོད་ཀྱིས་མཚར་བ་མཛེས་པར་སྤྲས་ནས་རབ་ཏུ་གནས་པ་གསོལ་བས་དེ་ལེགས་ཤིན་ཏུ་ལེགས་ཏེ་དེ་དུས་བུ་ཆུང་རྒན་པར་ཁྲི་ནོན་ཀྱང་བྱས་ངེད་ཀྱིས་ནས་ཞིག་འཐོར་བྱས་ན་ཡོང་གསུངས་པར། རེ་ཞིག་སྐུ་ཉིད་བཞུགས་རིང་ཁྲི་ནོན་ཀྱི་རིགས་མི་གནང་བ་ཞུ་ཞེས་ནན་གྱིས་བཤོལ་བས། སང་ཉིན་རབ་སྟོན་གྱི་ཚོགས་ལ་ཕེབས་རྒྱུའི་དགོངས་ཁ་ཚུན་ད་རེས་ངེད་ཀྱིས་བྱས་པ་དེ་རང་ལེགས་འདྲ་ཡང་། འོ་ན་ངེད་རང་ཕ་བུ་ཡང་ཡང་དུས་གཅིག་ཏུ་འཛོམས་པ་དཀའ་བས་སང་ཉིན་བུ་ཆུང་རིན་ཆེན་རྣམ་རྒྱལ་ཡང་ཚོགས་སུ་ཕྱིན་ན་ལེགས་གསུངས་པས། མགྲོན་གཉེར་གྱིས་གདན་གྱི་བཀོད་པ་རྣམས་ཚར་བས་བཞུགས་ས་གང་དུ་བྱེད་ཞུས་པར། གདོང་གྲལ་གཡོན་གྱི་མགོ་དེར་གདན་མཐོ་ལིང་ངེ་བ་ཞིག་བྱས་པས་ཡོང་གསུང་བ་ལྟར་ཐོག་མར་ཚོགས་སུ་ཕེབས་པ་དེ་ཡིན་པས་མ་འོངས་པའི་ཕྱི་མཐར་དེ་དུས་མངའ་གསོལ་བའོ། །དེ་ལྟར་གདན་སར་ཕེབས་ནས་གཙུག་ལག་ཁང་ཕན་ཚུན་སྔར་རྒྱུན་ལྟར་གསོས། འདུས་ཚོགས་སྔར་ཡོད་རྣམས་ལ་བར་སྐབས་སུ་ཁྲིམས་གཙང་མི་གཙང་གིས་དག་ཐེར་མཛད། གསར་ཞུགས་བརྒྱ་སྐོར་ཙམ་བསླབ་པ་གསུམ་གྱིས་བསྡམས་ནས་འཁོར་ལོ་གསུམ་གྱི་བྱ་བའི་གནས་ལ་བཀོད། ཡབ་མེས་ཀྱིས་བཙུགས་པའི་ཚུལ་སྒྲུབ་མཆོད་ཉམས་པ་རྣམས་གསོས་སོ། །གར་འཆམས་སྤྱན་གཟིགས་ལ་སོགས་པའི་ཡོ་བྱད་སྔོན་དུས་ཀྱི་གྲངས་ཚང་བ་བསྒྲིགས། དེ་ནས་དབུས་གཙང་གཉིས་ཀྱི་སྡེ་འཁྲུག་གིས་མཐར་ས་སྤྲེལ་ཧོར་ཟླ་ལྔ་པའི་ཚེས་ཉེར་ལྔ་ལ་བསོད་ནམས་དཔུང་པ་མཐོ་བས་སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་མི་དབང་
འགྱུར་མེད་བསོད་ནམས་སྟོབས་རྒྱལ་ཤུགས་འབྱུང་དུ་སོན་པ། འཇམ་དབྱངས་གོང་མ་རྒྱལ་པོས་བོད་ཁྲི་སྐོར་བཅུ་གསུམ་གྱི་རྒྱལ་སྲིད་ལ་དབང་བསྐུར་བའི་མངའ་གསོལ་ལེགས་སྐྱེས་ཀྱི་མཇལ་འབུལ་ལ་ཕེབས། དད་མོས་ཀྱིས་གུས་པར་བཏུད་དེ་རྐྱེན་སེལ་གྱི་དབང་སོགས་གསན་ཏེ་ཏི་ཤྲཱིར་བཀུར། རྙེད་བཀུར་གྱི་གནང་སྐྱེས་མི་དམན་པས་དབུགས་དབྱུང་བའི་བསླབ་སྟོན་རྒྱ་ཆེར་སྩལ་བ་ཡི་རང་གི་གནས་སུ་མཛད། དེ་ནས་རང་དགོན་དུ་བླ་མ་གོང་མའི་རྣམ་ཐར་གྱི་རྗེས་སུ་ཞུགས་ཏེ་དབང་ལུང་ཁྲིད་སོགས་དང་། ཁྱད་པར་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་པ་ཆད་དུ་ཉེ་བ་འཆད་ཉན་གྱིས་སྤེལ་ནས་སྔར་གྱི་སྲོལ་བཏོད་དེ་ཆོས་ཀྱི་ཕྲིན་ལས་སྐྱོང་བཞིན་པ་འདིའོ། །གཞན་ཡང་གཏེར་ཆེན་དེ་ཉིད་ཀྱི་དངོས་སློབ་གྲྭ་ས་འདིར་སྒྲིགས་སུ་ཞུགས་པའི་བཤེས་གཉེན་ནི། འཆད་ཕྲིན་གྱི་ལས་སོགས་ལ་དབང་འབྱོར་བ། ཆོས་རྗེ་གཞན་ཕན་དབང་པོ། མངའ་བདག་རིག་འཛིན་རྒྱ་མཚོ། བླ་མ་སྐྱི་སྟོན་པ། སྙེ་མདོ་བླ་མ་ཨོ་རྒྱན་རྣམ་རྒྱལ། དགེ་སློང་བློ་གསལ་རྒྱ་མཚོ། འབུམ་རབ་འབྱམས་པ་ཨོ་རྒྱན་སྐལ་བཟང་། ཟེངས་སྟོན་ཨོ་རྒྱན་དཔལ་འབྱོར་རྣམས་དང་། འཚོ་བྱེད་གཞན་ཕན་མཆོག་སྦྱིན། འདུལ་མངོན་ཕར་ཚད་དབུ་མ་སྡོམ་གསུམ་སྟེ་པོད་ཆེན་དྲུག་གི་སྟེང་གསང་བདག་དགོངས་རྒྱན་ཏེ་གཞུང་ཚོགས་དེ་རྣམས་རིགས་ལམ་ནས་དྲངས་པའི་བཤད་སྦྱངས་མཐར་ཕྱིན་པའི་དགེ་བཤེས་རབ་འབྱམས་པ་བསྟན་འཛིན་གར་དབང་། རབ་འབྱམས་པ་ངག་དབང་དཔལ་བཟང་། རབ་འབྱམས་པ་ཕྲིན་ལས་རབ་འཕེལ། རབ་འབྱམས་པ་མཐུ་སྟོབས་རྣམ་རྒྱལ། རབ་འབྱམས་པ་ཨོ་རྒྱན་མཆོག་དགའ། རབ་འབྱམས་པ་ཨོ་རྒྱན་དཔལ་མགོན། བདག་ཀྱང་དེ་རྣམས་ཀྱི་ཕྱོགས་སུ་གཏོགས་ཙམ་དང་བཅས་པ་རྣམས་ལ་དམ་པ་དེ་ཉིད་ཀྱིས་དེང་སང་གྲྭ་ས་གཞན་ལ་བརྟགས་ན། དགེ་བཤེས་ཀྱི་གྲས་སུ་འདུག་ཅེས་དབུགས་དབྱུང་བས་མཚོན་དམ་པ་དེའི་བཀའ་དྲིན་གྱིས་རང་གཞན་གྱི་དོན་ནུས་པའང་མང་བར་སྣང་ངོ་། །
གཏེར་སྟོན་དང་གཏེར་གནས་རགས་ཙམ་ཞིག་གཏེར་ཆེན་བླ་མས་ཟིན་ཐོར་བཀོད་པ།
༈ གཏེར་སྟོན་དང་གཏེར་གནས་རགས་ཙམ་ཞིག་གཏེར་ཆེན་བླ་མས་ཟིན་ཐོར་བཀོད་པ་ནི། ཤེལ་གྱི་བྲག་ཕུག་གསང་གཏེར་བཀའ་འདུས་སྦས༔ལྷོ་བྲག་མཁོ་མཐིང་བདེ་གཤེགས་འདུས་པ། མཁར་ཆུ་གནམ་སྐས་ཅན་ལ་ཡོངས་རྫོགས། གཏམ་ཤུལ་སྲིན་མོ་སྦར་རྗེས་གསང་གཏེར། གྲ་ཡི་གཡུ་སྒོམ་བྲག་ལ་གཏེར་སྨྱོན། མུ་ཏིག་སྤ་མ་གོང་ལ་གསང་གཏེར། ཟར་ཕུ་ཟངས་ཀྱི་མཚོ་བྲག་གཏེར་ཕྲན། མགོན་མཁར་མགོན་པོ་གདོང་ལ་ཐུགས་གཏེར་ལྔ། ནོར་གཏེར་གཡུ་ཁྲབ་དབུལ་དང་བྲལ་བ་སྦས། གྲ་ཕྱི་བྲག་:གོ་༼པོ༽ཆེ་ལ་བོད་གཏེར། གྲ་ཡི་སྣེ་གདོང་ཟུར་ལ་རལ་གྲི། དོལ་གྱི་སྤྱི་སྡེའི་ཟུར་ལ་ཁྲབ་རྨོགགཞུང་གི་ར་གྲོང་རྒྱབ་ལ་གསེར་ཀ་སྦས། ཨོ་དཀར་བྲག་ཏུ་ཟླ་བ་གཉིས། སྙིང་པོའི་རྫ་ལ་ཟླ་བ་གཉིས། དབུ་རྩེར་ལོ་དྲུག་ཅུ། མཆིམས་ཕུར་ལོ་ལྔ། ཡང་རྫོང་ལོ་གསུམ། གཡའ་མ་ལུང་དུ་ལོ་བཞི། ཤེལ་བྲག་ཏུ་ལོ་གསུམ། སྤ་མ་གོང་དུ་ལོ་གཉིས། ཤམ་པོའི་གངས་ལ་ལོ་གསུམ། མཁར་ཆུར་ལོ་བདུན། ཏེ་སྒྲོར་ལོ་བདུན། ཡེར་པ་དང་ཆུ་བོ་རིར་ལོ་རེ། ཟབ་བུར་ལོ་གཉིས། གཡུ་སྒོམ་བྲག་ལ་ཟླ་བ་གཉིས། རྡོར་འབུམ་ཆོས་གྲགས་ནི་འཁྲུངས་ས་མངའ་རིས་པའོ། །ཡབ་ཡུམ་གྱིས་རྡོར་གཅོད་དང་འབུམ་བཞེངས་པས་དེར་གྲགས། པྲ་དུན་རྩེའི་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ཐུགས་ཀ་ནས་བདུད་རྩི་བུམ་པ་དང་བྱམས་སྤྲིན་ནས་འབྲུམ་བསྲུང་སོགས་བཏོན། ལྷ་བཙུན་སྔོན་མོ་ནི། ཡུམ་བརྟན་གྱི་རྒྱུད་བོ་དྷི་རཱ་ཛ་ཇོ་བོ་རྗེའི་རབ་བྱུང་བབས་པའི་སྲས་ཡིན། དབུ་རྩེ་དང་། འོན་འཇང་ལྷ་རིངས་སོགས་ནས་སྨན་རྫས་ཀྱི་གཏེར་ཁ་འགའ་ཞིག་བཏོན། རི་བོ་ཆེའི་གཏེར་གྲུབ་ཐོབ་དངོས་གྲུབ་ཀྱིས་འདོན་པར་གསུངས་ཀྱང་མ་མཐོང་། ལྷ་ས་ནས་མ་ཎི་བཀའ་འབུམ་བཏོན་པ་ལས་གཞན་རྒྱུན་བཞུགས་པ་མ་མཐོང་། རཀྴག་ནི་ཡར་འབྲོག་གཉན་དུ་འཁྲུངས། སྒང་ཤར་མདོས་བཅུ་སོགས་གཏེར་མང་། དྭགས་སྒམ་སོགས་དུས་རྟགས། མི་ལས་ཚེ་རིང་མའི་སྒྲུབ་སྐོར་འདི་ལ་ཞུས་པར་ངེས། ཉང་༼རལ་ནི་༽གྲུབ་ཐོབ་དངོས་གྲུབ་དང་རཀྴག་གཉིས་ཀར་ཐུགགཏེར་ཁ་ནི་མང་། ༼མ་ཡིག་ཏུ་མི་གསལ༽ལྕགས་སྤྲེལ་གཏེར་ཁ་བཅོ་བརྒྱད།
རྒྱལ་སྲས་༼ལེགས་པ་༽ཡབ་དབང་ཕྱུག་རྒྱལ་པོ། ཨོ་རྒྱན་པ་གཉལ་དུ་ཕེབས་དུས་ད་སྟེ་ལོ་བཅོ་ལྔ་ན་ཁྱོད་ལ་བུ་ཁྱད་པར་ཅན་ཞིག་འབྱུང་ཞེས་ལུང་བསྟན་པ་དེའོ། །༼མ་ཡིག་ཏུ་མི་གསལ་༽དྲོར་དགུང་སྙིང་གླང་། མཁའ་འགྲོ་ཀུན་དགའ་འབུམ་ནི་འོན་གྱི་བཀྲ་ཤིས་དོ་མཁར་འཁྲུངས། ཚེས་བཞི་རྙིང་མ་གྲགས་རྒྱལ་གྱི་གྲྭ་པ་ཡིན། དེའི་སློབ་མ་དུང་མཚོ་རས་པ་ནི། དྭགས་པོ་ལྷ་རྗེའི་སློབ་མ་དུང་མཚོ་རས་པའི་སྐྱེ་བ་ཡིན་པས་དེ་སྐད་དུ་གྲགས། ཀོང་པོ་མོན་གནས་ཀྱི་སྒོ་ཕྱི་ཡང་ཏི་ཡང་འདིའི་གཏེར། དྲི་མེད་ལྷུན་པོ་ནི་ཀོང་པོ་འོ་ཤོད་དུ་ཆུ་འབྲུག་ལོ། ལྷ་སའི་རྟ་མགྲིན་གྱི་ཕྱག་གཡོན་འོག་ནས་དོན་ཏིགརྒོད་ལྡེམ་ནི་ཐང་ཡིག་ནས་མི་གསལ། ལ་སྟོད་བྱང་པ། མེ་ཕོ་རྟའི་ལོའི་སྦྲུལ་ཟླ་ལ་གཏེར་བཏོན། ཨོ་རྒྱན་གླིང་པ་གྲྭ་ཡར་རྗེར་འཁྲུངས། གཏེར་ཁ་ཉེར་བརྒྱད་ཙམ་བཏོན། དུས་རྟགས་ཕག་གིས་ས་སློག་ཅེས་པ་སྟེ་ཏི་སི་བྱུང་བ། རྡོར་གླིང་ནི་གྲྭ་གྲོག་སྐེད་དུ་མེ་ཁྱི་ལ་འཁྲུངས། ཁྲ་འབྲུག་གི་གཏེར་ནས་བརྩམས་ཏེ་གཏེར་ཁ་ཞེ་གསུམ་བཏོན་པ་གཏེར་སྟོན་ཉིད་ཀྱིས་མཛད་པའི་གཏེར་བྱུང་ན་གསལ། དེ་ནས་ཀྱང་འགའ་རེ་བཏོན་པར་སྣང་། སྲས་གྲོ་བོ་ལུང་དང་དབུས་ཀྱི་འུག་སྐད་སོགས་ཀྱང་བཟུང་། ཚེ་ཆུའི་སྣོད་ནི་བྱང་ཐང་ལྕགས་རུ་བ་ལ་ཡོད་འདུགདུས་རྟགས་ས་བཙན་རི་བོས་རི་ལ་ཞེས་པ། འདི་དང་དུས་མཚུངས་༼དོ་བན་༽རྒྱ་མཚོ། དུས་རྟགས་སིང་མ་ལ་ཁར། མོན་རྩེ་བ་ཡིན་ཟེར། གཏེར་གནས་མུ་ཏིགསངས་གླིང་པ། ཀོང་པོ་ལོང་པོ་གྱི་མ། དགུང་ལོ་ཉེར་ལྔ་ནས་སོ་དྲུག་ཡན་ལ་གཏེར་ཁ་བཅུ་དྲུག་བཏོན་པ་གཏེར་བྱུང་ཞལ་གསུང་མར་འདུགདེ་ནས་ཀྱང་འགའ་རེ་བཏོན་པར་སྣང་། བསམ་གཏན་བདེ་ཆེནགླིང་པ་ཀོང་པོ་ལོང་པོར་འཁྲུངས། ཞིང་སྐྱོང་གི་སྒྲུབ་སྐོར་ཞིག་འདུག།
ཀུན་སྐྱོང་གླིང་པ་ཤངས་ཀྱི་ཕུར་འཁྲུངས། དགུང་ལོ་བཅོ་ལྔ་ནས་གཏེར་བཏོན། གཏེར་ཁ་མང་། ད་ལྟ་ནི་རྡོར་སེམས་སྙིང་ཐིག་ཙམ་དར། རཏྣ་གླིང་དང་དུས་མཚུངས། དྲི་མེད་ཀུན་དགའ་གྲྭ་ཁང་དམར་དུ་འཁྲུངས། གྲྭ་ཕུག་པ་བའི་སློབ་མ་ཡིན། ཐུགས་རྗེ་ཆེན་པོ་འོད་མཆོག་གི་རྒྱུན་ཡོད། སོ་གསུམ་ལ་ཀོང་པོར་གཤེགས། མགོན་པོ་རིན་ཆེན་ནི། ཡུགས་སུ་ཤུད་བུའི་རིགས་ལས་འཁྲུངས། བཅུ་གསུམ་པ་ལ་གྲུབ་ཆེན་ཕྱག་རྡོར་པའི་དྲུང་དུ་ཆོས་སྒོར་ཞུགས། མོན་ཟངས་ཡག་ནས་གཏེར་བཞེས། རཏྣ་གླིང་པས་ཀྱང་ཆོས་གསན། གྱ་བཞི་པ་ཆུ་རྟ་ལ་གཤེགས། གུ་རུ་ཇོ་རྩེ་དང་། ཤུད་བུ་ཆོས་གྲགས་ཞེས་པ་མཚན་གྱི་རྣམ་གྲངས། གཏེར་ཆོས་ནི་པདྨ་སྙིང་ཐིག་སོགས། རཏྣ་གླིང་པ། གྲོ་ཤུལ་ཐང་དཀར་དུ་ཆུ་ལུག་ལ་འཁྲུངས། ཉེར་བདུན་པ་ལ་ཁ་བྱང་རྙེད། སུམ་ཅུ་པ་ལ་གཏེར་ཁ་དང་པོ་ནས་ཁྱོན་གཏེར་ཁ་ཉི་ཤུ་རྩ་ལྔ་བཏོན། དོན་བཞི་པ་ལ་ཞབས་ལ་ཚེར་མ་ཟུག་པའི་རྐྱེན་གྱིས་གཤེགས། པདྨ་གླིང་པ་རྟ་ལོ་ལ་བུམ་ཐང་དུ་འཁྲུངས། ཉི་ཤུ་རྩ་བདུན་པ་ལ་སྣ་རིང་བྲག་ནས་ཀློང་གསལ་བཏོན་པ་ནས་བཟུང་། གཏེར་ཁ་སོ་གཉིས་བཏོན། གྱ་བཞི་པ་ཆུ་སྦྲུལ་ཧོར་ཟླ་དང་པོའི་ཚེས་གསུམ་ལ་གཤེགས། ཀརྨ་གླིང་པ་དྭགས་པོ་སྒེར་སྟོད་ཉི་ཟླ་སངས་རྒྱས་ཀྱི་སྲས་སུ་འཁྲུངས། བྱར་གཡག་མགོའི་བཅུ་གཅིག་ཞལ་ནི་ཙཱ་རི་ནས་བཏོན། ཐོས་གྲོལ་སྒམ་པོ་གདར་གྱི་མཚོ་ནས་བཏོན། བསྟན་གཉིས་གླིང་པ་གཙང་བྱ་བཟངས་སུ་འཁྲུངས། ཆོས་ལུང་པའི་ཇོ་སྟན་སྐྱེད་ཚལ་དུ་སློབ་སྦྱོང་མཛད། དུས་རྟགས་ནི། ཡར་འབྲོག་མཚོ་གླིང་དགུ་ལ་དམག་སྒར་འཆའ། གཏེར་སངས་རྒྱས་དགོངས་འདུས་སོགས་མང་། མདོ་སྔགས་གླིང་པ་ནི་མཆོག་ལྡན་མགོན་པོ་སྟེ། བན་པ་སྣབ་མཁན་པ་ལུང་ནས་གཏེར་གྱི་ཁ་བྱང་དང་། སྟོང་རི་ཉི་ཤར་ནས་གཏེར་ཐོན། རྡོར་གླིང་གི་གཏེར་ཤུལ་དུ་གཏེར་སྟོན་
རྡོར་གླིང་གིས་གཏེར་ཁ་ཞེ་གསུམ་བཏོན་པའི་བཅུ་གསུམ་པ་ཟངས་མཚོའི་གཏེར་ནི་ས་སྤྲེལ་ཟླ་བ་བཅུ་པ་ལ་གཟའ་བདུད་ཀྱིས་འདོན་པར་བསྐུལ་བ་ལས་བཅུ་གཉིས་པའི་ཉེར་གཉིས་ལ་གནམ་ལྕགས་ཀྱི་ཁ་བྱང་བཞིན་མཚོ་གཉིས་ཀྱི་བར་བྲག་བྱ་ཁྱུང་འདྲ་བའི་དཀྱིལ་ནས་མི་བདུན་ཅུ་ཙམ་གྱི་དབུས་སུ་འདོམ་དོ་ཙམ་གྱི་བྲག་གཤགས་མ་རྙེད་པའི་ཚེ་གཏེར་བདག་བུད་མེད་གཅིག་ལ་བབས་ནས་ལྷོར་ལྟོས་ནས་བརྐོས་ཟེར། དེ་བཞིན་བྱས་པས་ལ་བསེའི་སྒྲོམ་བུ་མཐོ་སྐོར་མ་གཅིགགཟའ་བདུད་ཀྱི་སྐུ་ཁྲུ་གང་། ཁྲོ་ཆུ་ལས་བྱས་པ་གཅིག་པོ་ཏི་གཅིགཤོག་དྲིལ་གཅིག་བྱུང་། དེར་བཞུགས་ནས་ནངས་པར་ཁ་ཕྱེ་བས་རྡོར་སེམས་སྙིང་ཐིག་དང་འབྲས་མོ་གཤོངས་ཀྱི་ལམ་ཡིག་རྣམས་སྤེལ། ངན་སྔགས་སྐོར་གྱི་ཤོག་དྲིལ་བདུན་ཅུ་གཟའི་སྐུ་བཅས་བྲག་རིན་ཆེན་འདྲ་བ་ལ་སྦས། ཕྱིས་གཏེར་སྟོན་གཞན་གཅིག་དབང་གསུང་། གཏེར་ཁ་དགུ་པ། ལུག་ལོ་ཟླ་བ་བརྒྱད་པའི་ཚེས་བརྒྱད་ལ་ཟངས་མཚོའི་རི་ལ་ཕྱིན། མཚོ་འགྲམ་ནས་ཉམས་འུར། རྒོད་ཚང་ཡོད་པའི་རྩ་ན་བྲག་ལམ་གྱི་མཚམས་ནས་ཕུག་པ་མི་ལྔ་ཙམ་ཤོང་བ་ཅིག་འདུགདེའི་ནང་ནས་རྡོ་ཁ་སྦྱར་འདྲ་བའི་ནང་ནས་ཕུག་པ་ཁྲུ་གང་པ་གཅིག་ནག་ཧུར་རེ་སྣང་། དེ་ནས་ཟངས་ཀྱི་སྦུག་མ་གཅིག་བྱུང་། མར་ལམ་མ་ཐར་བར་མཆོངས་པས་རྟིང་པའི་རྗེས་གཅིག་བྱུང་། མཚོ་འགོར་ཟངས་སྦུག་དེ་ཁ་ཕྱེ་བས་ཚེ་སྒྲུབ་འོད་ཟེར་དྲ་བ་དང་། ཉི་ཟླ་གའུ་མ་གཉིས་ཆ་ལག་བཅས་བྱུང་། གྲུབ་ཐོབ་མེ་ལོང་རྡོ་རྗེ་ལོ་དགུ་པ་ལ། གྲྭ་ཕུའི་གྲུབ་ཐོབ་ཟ་ལུང་པ་དང་། མཁན་ཆེན་སེ་ལུང་པ་གཉིས་ལས་རབ་ཏུ་བྱུང་། ཞི་བྱེད་ཕག་མོ་ར་ལུགས་དང་ཨིནྡྲ་བྷོ་དྷིའི་ཐབས་ལམ་ཞུས། བཅུ་བདུན་ཡན་ཟངས་མཚོར་བསྒོམ་པས་ལྷ་འདྲེའི་ཆོ་འཕྲུལ་ཆེར་བྱུང་། ཕྱིས་ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས། བཅོ་ལྔ་པ་དཀྲི་ཞལ་སེང་གེ་རྒྱབ་ཏུ་གྲུབ་ཐོབ་ཟ་ལུང་པས་ལུང་བསྟན་པ་བཞིན་བྱོན། ཟླ་བ་བཞི་བརྟེན། ཟླ་བ་གཉིས་བསྙུང་། དྲུག་ལོན་པའི་ཚེས་བཅུ་གཉིས་ལ་གཤེགས། བཅོ་བརྒྱད་ལོན་ཚེ་སངས་རྒྱས་དབོན་པོ་རྒྱལ་མཚན་ལ་སྙིང་ཐིག་གསན་ནོ། །ཆོས་འབྱུང་བསྟན་པའི་ཉི་མ་ལས། གངས་ཅན་བོད་ཀྱི་སྐབས་ཏེ་གཉིས་པའོ།། །།
རིག་གནས་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པར།
བཟོ་རིག་པ།
༈ ད་ནི་རིག་གནས་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ཡང་མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །ཞེས་གསུངས་པའི་རིག་པའི་གནས་ཆེ་བ་ལྔ་ནི། སྨྲ་བ་ངན་པ་ཚར་གཅོད་པ་སྒྲ་དང་ཚད་མ་རིག་པ། བློ་ལྡན་རྗེས་སུ་འཛིན་པར་བཟོ་དང་གསོ་བ་རིག་པ། རང་ཉིད་ཀུན་ཤེས་པར་བྱ་བ་ནང་དོན་རིག་པ་སྟེ་ལྔ་ལས། དེ་ཡང་ཐོག་མར་ནི། བཟོ་རིག་པ་འཆད་པ་སྐབས་སུ་བབས་ཏེ། བཟོ་རིག་པའི་ཡན་ལག་ཏུ་རིག་གནས་ཐམས་ཅད་འདུ་བའི་ཕྱིར་ཏེ། ཡིད་དང་འབྲེལ་བའི་ལུས་ཀྱི་གཡོ་བ་ལ་ལུས་བཟོ་དང་། ངག་གི་བརྗོད་པ་གཙོ་བོར་གྱུར་པ་ལ་ངག་བཟོར་བཏགས་ཏེ། དེ་གཉིས་གང་རུང་དང་མ་འབྲེལ་བར་ཡིད་ཀྱི་བསམ་པ་ཙམ་གྱིས་དབང་དུ་བྱས་པ་ལ་ཡིད་བཟོར་གྲགས་ཤིང་། དེ་གསུམ་དུ་མ་འདུས་པའི་བཟོ་ནི་མེད་པར་གྲགས། ད་ལྟ་སྤྱི་མིང་བྱེ་བྲག་ལ་བཏགས་ནས་བྲིས་འབུར་ལ་བཟོ་ཞེས་གྲགས་ཏེ། དེ་ལ་བྲིས་ཀྱི་རྒྱུན་འཇིག་རྟེན་དུ་ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་མིའི་རྒྱལ་པོ་འཇིགས་ཐུལ་གྱིས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པ་ལས་མི་རྣམས་ཚེ་ལོ་འབུམ་དུ་འཕེལ་བའི་དུས་སུ། བྲམ་ཟེ་ཞིག་གི་བུ་དུས་མིན་དུ་ཤི་བས། རྒྱལ་པོས་བྲམ་ཟེ་གཤིན་རྗེའི་རྒྱལ་པོའི་དྲུང་དུ་ཁྲིད་དེ་འདིའི་བུ་ཕྱིར་གཏོད་པར་གསོལ་བས། གཤིན་རྗེ་ན་རེ། རང་གི་ལས་སུ་ཟད་པས་སྟེར་བར་མི་ནུས། ཞེས་སྨྲས་པའི་མཐར་ཕན་ཚུན་གཡུལ་བཤམས་ཏེ་འཐབས་པས་འཇིག་རྟེན་ཐམས་ཅད་སྐྲག་པར་གྱུར་པ་ན། ཚངས་པས་བར་བྱས་ཏེ་བྲམ་ཟེའི་བུ་རི་མོར་བྲིས་པ་གསོན་པོ་ཇི་ལྟ་བ་བཞིན་བསླངས་ནས་བྲམ་ཟེ་ལ་གཏད་དེ་འཐབ་མོ་འདུམ་པར་བྱས་སོ། །སླར་རྒྱལ་པོས་ཚངས་པའི་དྲུང་དུ་སོང་ནས་རི་མོ་འབྲི་ཚུལ་ཞུས་པས། རི་ཡི་མཆོག་ནི་རི་རབ་ཡིན། །སྒོ་ང་ལས་སྐྱེས་རྣམས་ཀྱི་ནི། །གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ། །མི་ཡི་གཙོ་བོ་ས་བདག་སྟེ། །དེ་བཞིན་རི་མོ་སྒྱུ་རྩལ་གཙོ། །ཞེས་བསྔགས་ནས་ལྷའི་བཟོ་བོ་བི་ཤྭ་ཀརྨ་ལུང་བསྟན་ཅིང་། དེས་བཟོའི་གནས་ཁྱད་པར་ཅན་
བྱ་ཞེས་གྲགས་ལ། སྤྱིར་སྟོན་པ་ཞལ་བཞུགས་པའི་དུས་བྲིས་ཀྱི་རྒྱུན་སྟོན་པའི་སྐུ་བརྙན་གཟུགས་ཅན་སྙིང་པོས་ཨུ་དྲ་ཡཱ་ན་ལ་སྐྱེས་སུ་བསྐུར་བ་དང་། བུ་མོ་མེ་ཏོག་འཁྲི་ཤིང་གི་སྐྱེས་ལན་དུ་རས་ཀྱི་གཞིར་རི་མོ་ཅི་ཐོབ་པའི་ཐད་དུ་སྟོན་པའི་སྐུ་ལས་འོད་ཟེར་བཀྱེ་བའི་སྟེང་རི་མོས་མནན་པའི་བྲིས་རྒྱུན་ཁ་ཆེ་དང་ཡུལ་དབུས་སུ་དར་བར་བཤད་པ་དང་། བྱམས་པས་སྦྱིན་བདག་མཛད་དེ་ལྷའི་བཟོ་བོས་ཇོ་བོ་རིན་པོ་ཆེའི་སྐུ་བཞེངས་པ་དང་། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་གྱི་བར་དུའང་མིའི་བཟོ་བོ་ལས་ཀྱི་འཕྲུལ་དང་ལྡན་པས་སྐུ་གཟུགས་སོགས་ཀྱིས་དངོས་སུ་འཕྲུལ་པ་སྐྱེ་ནུས་པའི་བཟོ་གནས་ངོ་མཚར་བ་དག་བྱེད་པ་བྱུང་ལ། དེ་རྣམས་རིམ་གྱིས་ནུབ་ནས་ལྷའི་བཟོ་བོ་མང་པོ་མིར་སྤྲུལ་ནས་བྱང་ཆུབ་ཆེན་པོ་སོགས་མ་གྷ་དྷའི་རྟེན་ངོ་མཚར་ཅན་བརྒྱད་སོགས་བྱུང་བར་གྲགས། ཕྱིས་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས་བིམྦ་ས་ར་ཞེས་པས་འབུར་དང་རི་མོའི་བཀོད་པ་ལྷའི་བཟོ་བོ་དང་མཐུན་པར་བྱས་པའི་ལག་རྒྱུན་ནུབ་རྙིང་མར་གྲགས་པ་དང་། རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གི་དུས་དྷི་མཱན་ཞེས་པ་དང་། དེའི་བུ་བིཪྤ་ལོ་ཞེས་པ་གཉིས་ཀྱིས་ཀླུའི་བཟོ་བོ་དང་མཐུན་པར་བྱས་པའི་ལག་རྒྱུན་གྱི་ལུགས་མ་རྣམས་ལ་ཤར་གྱི་ལྷ་དང་། རི་མོ་ནི་ཕའི་ལག་རྒྱུན་ལ་ཤར་རིས་དང་། བུའི་རི་མོ་ལ་དབུས་ཀྱི་རི་མོར་ངོས་འཛིན། ཀསྨི་རའི་ཡུལ་དུ་ཕྱིས་ཧ་སུ་རཱ་ཛ་ཞེས་པས་བྲིས་འབུར་གཉིས་ཀའི་སྲོལ་གཏོད་པ་ལ་དེང་སང་ཁ་ཆེ་མ་ཞེས་ཟེར་རོ། །བོད་ཡུལ་འདིར་ནི་སྔོན་ཆོས་རྒྱལ་མེས་དབོན་གྱི་དུས་བྲིས་འབུར་གཉིས་ཀ་རྒྱ་བལ་གྱི་ལག་རྒྱུན་ཤས་ཆེ་ལ། ཕྱིས་འབུར་བལ་ལྷ་དང་བྲིས་རྒྱ་ནག་གི་རི་མོ་ཤས་ཆེ་བ་བྱུང་ཞེས་ཟེར་བ་ལྟར་དེ་དང་དེའི་ལུགས་སྲོལ་འདྲ་རུང་དུ་དར། རྗེས་སུ་ལྷ་བཟོ་ལ་མཁས་པ་རྡོ་པ་བཀྲས་རྒྱལ་ཞེས་པ་བྱུང་སྟེ། དེ་ལ་རང་ལས་མཁས་པའི་སློབ་མ་གཉིས་བྱུང་བར། ལྷོ་བྲག་སྨན་ཐང་དུ་སྨན་བླ་དོན་གྲུབ་པ་ཞེས་རང་གི་སྐྱེ་བ་སྔོན་མ་རྒྱ་ནག་ཏུ་འཁྲུངས་དུས་བྲིས་པའི་པི་ཐང་རྒྱ་མཛད་ཆེན་མོར་གྲགས་པ་དེ་གཟིགས་པ་ཙམ་གྱིས་སྔོན་གནས་རྗེས་སུ་དྲན་པའི་འཇམ་དཔལ་གྱི་སྤྲུལ་པའི་སྐྱེས་བུ་ཞིག་དང་། གོང་དཀར་དགར་སྟོད་ནས་བྱུང་བའི་མཁྱེན་
བརྩེ་ཆེན་མོ་ཞེས་པ་སྟེ། སྔ་མས་མདོ་རྒྱུད་རྣམས་དང་བསྟུན་པའི་ཡིག་ཆ་ཡང་མཛད་ཅིང་ཚུགས་ཆེན་བརྒྱད་ལ་ཤ་ཚུགས་རེ་དང་། ན་བཟའ་རྒྱན་སྤྲོད་རེ་བཅས་བཅུ་དྲུག་གིས་གཏན་ལ་ཕབ་པའི་སྨན་ལུགས་དང་། དེ་དང་ལུགས་སྲོལ་མི་འདྲ་ཙམ་པའི་མཁྱེན་ལུགས་ཞེས་སོ་སོའི་བཞེད་པས་ལུགས་སྲོལ་འཛིན་པ་དེང་སང་གི་བར་དར་རྒྱས་སུ་ཡོད་པ་འདི་ཡིན་ཅིང་། གཞན་ཡང་བཟོ་རིག་པའི་ཡན་ལག་ཏུ་གཏོགས་པ་རྒྱ་ཆེར་རོལ་པ་དང་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་སོགས་ལས་གསུངས་བའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི། བྱེ་བྲག་རྟོགས་བྱེད་ལས་འབྱུང་བའི་བཟོར་གཏོགས་པ་སུམ་ཅུ། རོལ་མོའི་བྱེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གར་གྱི་ཆ་བྱད་དགུ། མདོ་སྡེ་ལས་བཤད་པའི་བཟོ་སྦྱང་བཅོ་བརྒྱད། བརྟག་པ་རྣམ་པ་བརྒྱད་རྣམས་ལས། དང་པོ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ནི། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་ལས། རོལ་མོའི་མཚན་ཉིད་སྒྱུ་མ་དང་། །འགྱེད་སྟོབས་དང་ནི་མེ་ཏོག་ལས། །གཡོས་སུ་བྱ་བ་རྣམ་པར་ངེས། །ཚོང་དང་ནོར་ནི་བསྒྱུར་བ་དང་། །རྒྱན་དང་ལག་རྩིས་བཅུད་ཀྱི་ལེན། །འཁྲུལ་འཁོར་སྦྱོར་དང་དྲི་བ་དང་། །འཕོངས་བྱད་དང་ནི་འཆི་སྦྱོར་སྒྲ། །ཡི་གེ་དང་ནི་ཁ་སྐད་དང་། །རང་རང་བཟོ་དང་མཚོན་རྣམས་བརྟག། གཅོད་ཐབས་དང་ནི་སོག་ལེ་དང་། །ཕུབ་རྣམས་བསྐོར་བར་བྱེད་པ་དང་། །སོང་དང་འོང་བ་ཤེས་པ་དང་། །གཞི་ཡི་མཚན་ཉིད་ཤེས་པ་དང་། །མདུང་དང་རྡོ་རྗེ་བརྟག་པ་དང་། །ཐངས་ཀྱི་ཚོར་བའི་མཚན་ཉིད་དང་། །ཟུག་རྔུ་འབྱིན་དང་མིག་འཕྲུལ་དང་། །བྷ་ར་ཏ་ཡི་བསྟན་བཅོས་ཤེས། །བཅིངས་དང་ཁང་པ་བརྩིགས་མ་དང་། །དེ་བཞིན་གོས་ཀྱི་འཕང་བ་དང་། །ཡན་ལག་མཉེ་དང་མོ་འདེབས་དང་། །དེ་བཞིན་ཆུ་ཡི་ཀུན་འཛིན་དང་། །དུང་གི་སྒྲ་དང་སྡེབ་སྦྱོར་དང་། །གྲོང་བརྡལ་དང་ནི་གླེགས་འདྲ་དང་། །མཚན་མོ་ཆོམ་རྐུན་ཤེས་པ་དང་། །སྒྲ་དང་ས་རྟོག་བྱེར་པ་དང་། །སྐྱེས་པ་བུད་མེད་རྟ་དང་ནི། །གླང་པོ་མཚན་ཉིད་གར་སློག་དང་། །འབྱུང་པོ་དག་ནི་གསོ་བ་དང་། །ཟངས་མ་མཁར་བ་གསེར་དག་དང་། །ཤིང་དང་དུང་དང་ཤེས་པ་དང་། །རི་མོ་མཚན་དང་གསོ་དག་ནི། །ལས་རྣམས་དེ་དག་གོ་
རིམ་བཞིན། །སྐར་མའི་གཏན་རྩིས་ཤེས་པ་དང་། །མཚན་མ་ཤེས་པ་ཉིད་དང་ཡང་། །ངེས་པའི་ཚིག་གི་གཞུང་རྣམས་ཀྱིས། །སྒྱུ་རྩལ་དྲུག་བཅུ་རྩ་བཞི་དྲན། །ཞེས་བཤད་དོ། །གཉིས་པ་བཟོ་ལ་གཏོགས་པ་སུམ་ཅུ་ནི། བྱེ་བྲག་རྟོག་བྱེད་ལས། ཡི་གེལག་རྩིས། གྲངས། རྩིས་ཆེན། ཐོར་ཚུགས། གོམ་སྟབས། ལྕགས་ཀྱུའི་ཐབས། རལ་གྲིའི་ཐབས། ཞགས་པ་གདབ་པ། མདའ་བོ་ཆེ་འཕེན་པ། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། བཅད་པ། དྲལ་བ། དབུག་པ། རྒྱང་ནས་འཕོགས་པ། ༼སྒྲ་དྲག་པར་འཕོགས་པ། ༽གནད་དུ་འཕོགས་པ། མི་ཚོར་བར་འཕོག་པ། ཚབས་ཆེ་བར་འཕོག་པ། མཆོང་བ། གྱད་ཀྱི་འཛིན་སྟངས། བང་། རྐྱལ་བརྒལ་བ། གླང་པོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ། ཤིང་རྟའི་ཐབས། མདའ། གཞུ། གྱད་སྟབས་དང་སུམ་ཅུའོ། །གསུམ་པ་རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། གར་མཁན་དང་། བྲོ་དང་དུནྡུ་བྷི་ཞེས་པ་རྔ་བོ་ཆེ་དང་། མྲྀ་དཾ་ག་སྟེ་རྫ་རྔའམ་རྔ་ཟླུམ་མམ་ཡང་ན་པགས་པས་ཁ་གཡོགས་པ། རྔ་པ་ཊ་ཧའམ་རྫ་རྔ་ཆེན་པོར་གྲགས་པ་དང་། རྔ་ཕྲན་དང་། ལདྡྷཀྐ་བྷེ་རི་སྟེ་རྔ་ཆེན་དང་། པ་ཎ་ཝ་སྟེ་མཁར་རྔ་དང་། པི་ཝཾ་རྒྱུད་གཅིག་པ་དང་། ཛྷརྫྷ་ར་ནི་སྒྲའི་ཁྱད་པར་ཡོངས་སུ་འགྱུར་བ་བྱེད་པ་རྫ་རྔ་ཁ་གཅིག་པ་སྟེ་ཀ་ར་ཌ་ཀ་ཞེས་ཀྱང་ཟེར་རོ། །ལྕགས་ཀྱི་སིལ་ཁྲོལ་དང་པཱ་མྱ་ནི་ཞེས་མཁར་བའི་སིལ་ཁྲོལ་དང་། པལླ་ཀཱི་ཞེས་པི་ཝཾ་རྒྱུད་གསུམ་པ་དང་རྔ་མུ་ཀུན་དང་། སིལ་སྙན་གླུ་དབྱངས་དང་བསྟུན་པ་དང་། ཏཱ་ལ་ཞེས་ཕེག་རྡོབ་སྟེ་ཆ་ལང་དང་། གཞན་ཡང་ཏྲྀ་ཎ་ཙ་པེ་ཊ་དང་གོ་མུ་ཥ་དང་ཧུ་ཌུཀྐར་ལ་སོགས་པ་རོལ་མོའི་སྒྲའི་རིགས་དང་། ཝི་ཎ་ཞེས་པི་ཝཾ་སྤྱིའི་རིགས་སམ་མིའམ་ཅི་སོགས་ཀྱི་སིལ་སྙན་རྒྱས་པའི་པི་ཝཾ་དང་། ཝཾ་ཤ་ཞེས་གླིང་བུ་དང་བཅོ་བརྒྱད་དོ། །བཞི་པ་གླུ་དབྱངས་ཀྱི་ངེས་པ་བདུན་ནི། འདོད་འཇོ་ལས། རྒྱུད་ལས་བྱུང་བ་དང་མགྲིན་པ་ལས་བྱུང་བའི་སྒྲ་ནི་འཁོར་ཉན་ལ་སོགས་པའི་དབྱངས་བདུན་ཏེ། ཞེས་པའི་དོན་ནི། ཐུབ་པ་མིས་བྱིན་བུས། དྲུག་སྐྱེས་རྨ་བྱའི་སྒྲ་ལྟར་སྒྲོག། ཁྱུ་མཆོག་བ་ལང་སྐད་ཀྱིས་རྩོམ། །དྲི་འཛིན་སྐྱེས་ནི་ར་ཡི་སྐད། །བར་མ་ཁྲུང་ཁྲུང་སྒྲ་སྒྲོག་བཞིན། །ལྔ་པ་མེ་ཏོག་རྒྱས་དུས་
སུ། །ཁུ་བྱུག་སྒྲོག་པ་ལྟ་བུ་སྟེ། །བློ་གསལ་རྟ་སྐད་ལྟ་བུར་འཚེར། །འཁོར་ཉན་གླང་པོ་སྒྲོག་པ་བཞིན། །ཞེས་འབྱུང་། དེ་རྣམས་དུས་གང་དང་གང་གི་ཚེ་བླང་བ་ནི། སྔོན་གྱི་གཙུག་ལག་ལས། རྩེ་མོ་རློམ་པར་བླང་བ་ནི། །ལྔ་པ་དང་ནི་བར་མའི་དབྱངས། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །ས་འཛིན་པ་དང་འཁོར་ཉན་དབྱངས། །སྙིང་རྗེའི་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལ། །བློ་གསལ་དབྱངས་ནི་བླང་བར་བྱ། །ཞེས་སློབ་དཔོན་ཡེ་ཤེས་རྡོ་རྗེས་ལང་གཤེགས་ཀྱི་གླེང་གཞིའི་འགྲེལ་པར་དྲངས་པ་ལྟར། གཞོན་ནུ་མའི་ཚོགས་དང་རྩེ་ཞིང་རོལ་བ་དང་། རློམ་སེམས་པའི་ཚུལ་དང་མཐུན་པར་བསྟན་པའི་ཚེ་ལྔ་པ་ཁུ་བྱུག་གི་སྒྲ་ལྟ་བུ་དང་བར་པ་ཁྲུང་ཁྲུང་གི་སྐད་ལྟར་བླང་ངོ་། །གཞན་ཡང་དྲག་པོའི་ཚུལ་གྱིས་གཞན་ཚར་གཅོད་པ་དང་ངོ་མཚར་གྱི་ཁྱད་པར་སྟོན་པའི་ཚེ། དེ་དང་མཐུན་པ་དྲུག་སྐྱེས་རྨ་བྱའི་སྐད་ལྟ་བུ་དང་ཁྱུ་མཆོག་བ་གླང་གི་སྐད་ལྟར་བླང་ངོ་། །ཡང་སྙིང་རྗེའི་ཉམས་དང་ལྡན་པའི་ཚེ་དེ་དང་མཐུན་པར་ས་འཛིན་ནམ་དྲི་འཛིན་ཏེ་རའི་སྐད་ལྟ་བུ་དང་འཁོར་ཉན་གླང་པོའི་སྒྲ་ལྟར་བླང་ངོ་། །རྩོད་པའི་འཁོར་ལོ་ཤོམ་པ་ལྟ་བུ་འཐབ་མོ་འཇིགས་པ་དང་བཅས་པའི་ཚེ། དེ་དང་མཐུན་པའི་གླུ་བློ་གསལ་ཞེས་པ་ཅང་ཤེས་རྟའི་སྐད་འཚེར་བ་ལྟར་བླང་བར་བྱ་བ་ཡིན་ནོ། །དེ་ལ་སོགས་པའི་གླུ་དབྱངས་ཀྱི་རྣམ་པ་མང་པོ་དྲང་སྲོང་བྷ་ར་ཏ་དང་བི་ཤ་ཁི་ལའི་གཞུང་ལས་བཤད་ཅེས་འབྱུང་ཞིང་། གཞན་ཡང་དབྱངས་བདུན་གྲོང་གསུམ་དང་། །རྒྱལ་བ་ཉི་ཤུ་རྩ་གཅིག་དང་། །ཏ་ན་བཞི་བཅུ་དགུ་རྣམས་ཏེ། །དབྱངས་ཀྱི་དཀྱིལ་འཁོར་དེ་ཙམ་མོ། །ཞེས་ཀྱང་འབྱུང་ཞེས་བཤད་དོ། །ལྔ་པ་གར་གྱི་ཆ་བྱད་དགུ་ནི། ཤྲྀངྒ་ར་ཞེས་པ་སྒེག་པ་ནི། བུད་མེད་དང་སྐྱེད་ཚལ་སོགས་ལ་རྩེ་ཞིང་རོལ་བ་ལོངས་སྤྱོད་ཀྱི་འབྱོར་པ་དང་ངོ་མཚར་བའི་ལྟད་མོ་མཐོང་བས་དགའ་བའི་འབྱོར་པ་མྱོང་བའི་འཆོར་སྒེག་སྟེ། མཆོག་གི་རང་བཞིན་མང་པོ་ཅན། །དེ་ནི་སྐྱེས་པ་བུད་མེད་རྒྱུ། །ལོངས་སྤྱོད་དང་ནི་ལྟད་མོ་སྟེ། །སྒེག་པ་རྣམ་པ་གཉིས་སུ་འདོད། །ཅེས་འདོད་འཇོར་དྲངས་སོ། །ཝཱི་ར་ཞེས་པ་དཔའ་བ་ནི། སྦྱིན་པ་དང་ཆོས་དང་གཡུལ་ལ་
དཔའ་བ་སྟེ་སྤྲོ་བའི་བདག་ཉིད་ཅན་ནོ། །ཀ་རུ་ཎ་ཞེས་པ་སྙིང་རྗེ་ནི། འདོད་པ་ཉམས་པ་དང་ནོར་ཉམས་པ་སོགས་སྡུག་བསྔལ་གྱིས་ཉེ་བར་གདུང་བ་ལ་སྐྱེས་པའི་ཉམས་སོ། །ཨརྦྷུ་ཏ་ཞེས་པ་རྨད་བྱུང་ངམ་རྔམ་པ་ནི། ཡུལ་བཟང་པོ་དང་འཕྲུལ་པའི་རྣམ་འགྱུར་སྣ་ཚོགས་མཐོང་བས་སྙིང་ལ་འདོད་པའི་འབྱོར་པ་ཐོབ་པ་ལས་བྱུང་བའོ། །ཧཱ་སྱ་ཞེས་པ་རྒོད་པ་ནི། སྦ་བར་བྱ་བའི་གནས་མཐོང་བའམ་ཚོགས་སུ་སྒྲོག་པར་མི་འོས་པ་ཐོས་པ་སོགས་ཀྱིས་རྒོད་བྲོ་བའི་ཉམས་སོ། །བྷཱ་མ་ན་ག་ཞེས་པ་འཇིགས་སུ་རུང་བའི་ཉམས་ནི། སྲིན་པོ་དང་སྟག་གཟིག་སོགས་མཐོང་བའམ་མི་བཟད་པའི་སྒྲ་ཐོས་པས་སྐྲག་པ་ལ་སོགས་ལས་སྐྱེས་པའི་ཉམས་སོ། །བཱི་བྷཪྤ་ཞེས་མི་སྡུག་པའི་ཉམས་ནི། གཟུགས་ངན་པ་དང་ཤ་རུལ་བ་སོགས་སྨད་པའི་གནས་མཐོང་ཐོས་པས་སྐྱུག་བྲོ་བའི་ཉམས་སྐྱེས་པའོ། །རོ་རོ་དྲ་ཞེས་པ་དྲག་ཤུལ་གྱི་ཉམས་ནི། ལུས་ངག་གི་སྤྱོད་པ་དྲག་པོས་སྤྱོད་ཅིང་བརྡེག་པ་སོགས་ཁྲོ་བ་ཉེ་བར་སྡུད་པའི་ཉམས་སོ། །ཤཱནྟ་ཞེས་པ་ཞི་བའི་ཉམས་ནི། དཀའ་ཐུབ་དང་བརྟུལ་ཞུགས་ལ་སོགས་པའི་བདག་ཉིད་ལ་ཕན་པའི་རྒྱུན་བྱེད་པ་སྟེ། སྒེག་པའི་ཉམས་ཀྱི་རྗེས་སུ་འཇུག་གོ་ཞེས་འབྱུང་ངོ་། །དེ་ལྟར་ཡང་རིན་ཆེན་མཛོད་ལས། སྒེག་པ་དཔའ་བ་མི་སྡུག་པ། །དྲག་ཤུལ་རྒོད་དང་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །དེ་རྣམས་གར་གྱི་ཉམས་དགུའོ། །ཞེས་གསུངས། དྲུག་པ་མདོ་སྡེ་ལས་བཤད་པའི་བཟོ་སྦྱང་བཅོ་བརྒྱད་ནི། ཚོགས་པ་དང་། རྫ་མཁན་དང་། ཆང་ཚོང་དང་། ཕྱུགས་འཚོ་བ་དང་། འདྲེག་མཁན་དང་། འབྲུ་མར་འཚིར་བ་དང་། མགར་བ་དང་། ཤིང་མཁན་དང་། ཕྱྭ་མཁན་དང་། ཐ་ག་པ་དང་། ཀོ་ལྤགས་མཁན་དང་། རྐྱལ་ཆེན་པ་དང་། བཙོ་ལག་མཁན་དང་། སྨྱིག་མ་མཁན་དང་། བཤན་པ་དང་། གདོལ་པ་མཁན་དང་། ཤིང་རྟ་མཁན་ཏེ་བཅོ་བརྒྱད་དོ། །བདུན་པ་བརྟག་པ་རྣམ་པ་བརྒྱད་ནི། རིན་པོ་ཆེ་བརྟག་པ། ས་གཞི། གོས། ལྗོན་ཤིང་། རྟ། གླང་པོ། སྐྱེས་པ། བུད་མེད་བརྟག་པ་སྟེ་བརྒྱད་དོ། །་
གཞན་ཡང་ནང་གི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་རྣམས་ཀྱང་བཤད་དེ། སེན་མོས་འབྲད་དང་སོས་འདེབས་དང་། །འཁྱུད་པ་དང་ནི་ཐང་སྦྱར་དང་། །བྱ་བ་དང་ནི་ལག་པས་གདམ། །སྒྲ་ཡི་བྱེ་བྲག་དག་དང་ནི། །སྐྱེས་པའི་སྟེང་དུ་ཉུལ་དང་བརྒྱད། །རེ་རེ་ལའང་བརྒྱད་བརྒྱད་དེ། །དྲུག་ཅུ་རྩ་བཞིར་ཤེས་པར་བྱ། །ཞེས་བཤད་པ་ལ་སོགས་མཐའ་ཡས་སོ། །
གསོ་བ་རིག་པ།
གཉིས་པ་གསོ་བ་རིག་པ་བཤད་པ་ནི། དེ་ཡང་ལེགས་པར་སྦྱར་བའི་སྐད་དུ། ཨཱ་ཡུ་སྦད་དེཿཞེས་ཚེ་དང་སྲོག་དང་འཚོ་བ་རྣམས་དོན་གཅིག་ལ་མིང་གི་རྣམ་གྲངས་ཡིན་པས། འདོད་པ་དང་གཟུགས་ཀྱི་ཁམས་ན་དྲོད་དང་རྣམ་པར་ཤེས་པའི་རྟེན་གཉིས་ཀ་བྱེད་པ་དང་། གཟུགས་མེད་ན་རྣམ་པར་ཤེས་པའི་རྟེན་ཁོ་ན་བྱེད་པས་ན་ཚེའི་རིག་བྱེད་དེ། བི་ཙི་ཀ་ནི་ས་ཏི། ཞེས་པས་གསོ་བའི་དཔྱད་ཅེས་བཤད་ཅིང་། དེའང་ཁམས་ཀུན་གྱི་འདུ་བ་མི་སྙོམས་པ་བསལ་ནས་མཉམ་པར་བྱ་བའི་ཕྱིར་རྣམ་དཔྱད་ཡིན་པས་གསོ་དཔྱད་ཅེས་བྱ་བ་དང་། ཙི་ཀི་རྭ་བིདྱ་སྟེ་གསོ་བ་རིག་པ། དེ་ལ་གསོ་བྱ་ནད་དང་ནད་པ། གསོ་ཐབས་སྨན་དང་དཔྱད། གསོ་བ་པོ་ནད་གཡོག་དང་སྨན་པ། ཞེས་དོན་གསུམ་དུ་བསྡུ་བའམ། ཡང་ན་སྨན་པ་དང་ནད་པ། ནད་གཡོག་དང་སྨན་ཏེ་བཞི་ལ་སྐྱོན་བཞི་བཞི་སྤངས་པའི་ཡོན་ཏན་བཞི་བཞི་ལྡན་པ་སྟེ། ཡན་ལག་བརྒྱད་པ་ལས། གསོ་བ་དག་ཏུ་བསྟན་པ་ནི། །སྨན་པ་སྨན་དང་ནད་གཡོག་དང་། །ནད་པ་ཡན་ལག་རྣམ་བཞི་སྟེ། །རེ་རེའང་རྣམ་པ་བཞི་བཞི་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལ་གསོ་བའི་རིག་པ་འདི་ཇི་ལྟར་འབྱུང་བའི་ཁུངས་ལ་བཞི་སྟེ། དང་པོ་སངས་རྒྱས་ཀྱིས་གསུང་ཚུལ་ནི། བྱེ་བྲག་བཤད་མཛོད་ཆེན་མོ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤམྦྷི། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང་། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་ཏུ་གནས། །
རྒྱལ་བ་དེ་དག་བརྒྱད་ཅུ་ལ། །ཞེས་པ་སྨན་གྱི་ནགས་ཚལ་གྱི་དབུས་རག་པའི་ཞིང་སྤྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་ཅེས་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་དུ་སྟོན་པ་ཤཱཀྱའི་རྒྱལ་པོས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོའི་སྐུར་བཞེངས་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔའི་རང་གདངས་ལས་ཤར་བའི་དྲང་སྲོང་ལྔས་ཞུ་བ་ཞུ་ལན་གྱི་ཚུལ་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཁོར་རྣམས་ལ་རྩ་རྒྱུད་གསུངས་པ་དྲང་སྲོང་ཡིད་ལས་སྐྱེས་པས་གསེར་གྱི་ལྗང་ཤོག་ལ་བཻ་ཌཱུརྱ་ཞུན་མའི་ཁུ་བས་བྲིས་པའི་གླེགས་བམ་འདི་ཉིད་གསང་བའི་ཚུལ་གྱིས་རྒྱ་གར་དུ་ཟབ་བརྒྱུད་ལས་བྱིངས་ལ་ཆེར་མ་དར་བར་གྲགས། སྟོན་པས་ཐོར་བུར་གསུངས་པ་ནི། འཁོར་ལོ་དང་པོའི་དུས་སུ། དགེ་སློང་ནད་པས་ནི་སྨན་པ་ལ་:བྲིས་༼དྲིས་༽ཏེ་བྱའོ་ཞེས་སོགས་དང་། བཅོམ་ལྡན་འདས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སྐབས། དགེ་སློང་རྣམས་སྟོན་ཀའི་གྲོ་ནད་ཀྱིས་མནར་བ་ལ། ཀུན་དགའ་བོ་ལ་རྗེས་སུ་གནང་སྟེ། དགེ་སློང་རྣམས་ཀྱིས་སྨན་རྣམ་པ་བཞི་དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། ཇི་སྲིད་འཚོའི་བར་དུ་བཅང་བ་སོགས་འདུལ་བ་སྨན་གྱི་གཞི་གསུངས། འཁོར་ལོ་བར་པའི་སྐབས་སུ་ལྷ་ཆེན་པོ་ཚངས་པ་ལ། གཅེར་མཐོང་རིག་པའི་རྒྱུད་ཆེན་པོ་ལེའུ་སུམ་སྟོང་ལྔ་བརྒྱ་པའམ་གསོ་དཔྱད་འབུམ་པར་གྲགས་པ་གསུངས་ཤིང་། འཁོར་ལོ་ཐ་མའི་སྐབས་སུ་ཚོང་དཔོན་གྱི་བུ་ཆུ་འབེབས་ལ་མདོ་སྡེ་གསེར་འོད་དམ་པ་བཀའ་སྩལ་པ་ལས། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །ཞེས་སོགས་གསུངས། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ། ལུས་ཆགས་ཚུལ་དང་། དེའི་ཁམས་འཁྲུགས་པས་ནད་བསྐྱེད་ཚུལ། དེ་ལ་ཕན་པའི་ཕྱི་ནང་གི་དཔྱད་རྒྱས་པར་གསུངས་པ་རྣམས་སོ། །ཁྱད་པར་འཕགས་པའི་ཡུལ་དུ་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པ་ཆེན་པོ་དང་། དེའི་སྙིང་པོ་བསྡུས་པ་སོགས་མཛད། དེ་ལ་ཁ་ཆེ་ཟླ་དགས་འགྲེལ་པ་ཟླ་ཟེར་མཛད་ཅིང་དར་རོ། །གཉིས་པ་ལྷ་ལས་བརྒྱུད་ཚུལ་ནི། ཇི་སྐད་དུ། སྙན་ཚིག་མཆོད་སྦྱིན་སྲིད་སྲུང་དང་། །
ངེས་བརྗོད་ཡན་ལག་བཞི་ཞེས་བྱ། །ཞེས་པ་མེས་པོ་ཚངས་པའི་ཞལ་བཞི་ལས་བྱུང་བའི་ཚུལ་ཏེ། གང་ཕྱིར་ཚངས་པ་ཡི་ནི་ཞལ། །དབུས་མ་ནས་ནི་ཚེའི་རིག་བྱེད། །སྙན་ཚིག་ངེས་བརྗོད་མཆོད་སྦྱིན་རྣམས། །ཞལ་གཞན་ལས་ནི་གསུང་བར་མཛད། །ཅེས་གསུངས་པ་ལྟར། སྔོན་ལྷ་མིན་སྟོབས་ལྡན་གྱིས་རི་རབ་ཀྱི་བསྲུབས་ཤིང་ཀླུའི་རྒྱལ་པོ་གཉིས་ཀྱིས་བསྲུབས་ཐག་བྱས་ནས་ཕྱིའི་རྒྱ་མཚོ་བསྲུབས་པ་ལས་ཟླ་ཉི་དུག་བདུད་རྩི་སོགས་བྱུང་བའི་དུས་དབང་ཕྱུག་གིས་བདུད་རྩི་འཐུང་བས་མགྲིན་པ་སྔོན་པོར་སོང་། ཚངས་པས་བདུད་རྩི་ཁྱེར་བ་ལ་སྒྲ་གཅན་གྱིས་ཁྱབ་འཇུག་གི་ལག་ན་ཞོ་འཐུང་གི་རུས་པ་ལས་བི་ཤྭ་ཀརྨ་བཟོས་པའི་ཉི་མ་བརྡར་བའི་འཁོར་ལོ་ཡོད་པ་དེ་བསྣུན་པས་དཔྲལ་བའམ་མཁུར་ཚོས་སྣད་པས་ཡུན་རིང་དུ་བརྒྱལ། དེ་ལས་གསོས་ཏེ་དྲན་པ་རྙེད་ནས་ཕན་པའི་ཐབས་བསམ་པས་སྔོན་སངས་རྒྱས་ལ་སྨན་གྱི་རྒྱུད་ཐོས་པ་རྣམས་དྲན་ཅིང་རྨ་ནང་ནས་ཚེའི་རིག་བྱེད་ཀྱི་ཐོག་མར། ༀ་ཨ་ཐ། ཞེས་འཐོན་པ་ལ་བརྟེན་ནས་ཚེའི་རིག་བྱེད་ཡན་ལག་དང་བཅས་པ་བྱུང་སྟེ། ཟླ་ཟེར་ལས། ཡི་གེ་ༀ་དང་ཨ་ཐའི་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཚོས་བརྡོལ་ནས་བྱུང་བ་སྟེ། །དེས་ན་འདི་དག་བཀྲ་ཤིས་ཡིན། །ཞེས་སོ། །དེ་ལྟར་ཚངས་པས་རང་གི་ནད་གསོས་ཤིང་། སྐྱེ་དགུའི་བདག་པོ་ལ་བསྟན། དེས་སྐར་མ་ཐ་སྐར་གྱི་བུ་རིས་མེད་དང་ལྷར་བཅས་གཉིས་ལ་བཤད། དེ་གཉིས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བན་ཏེ་ལྷའི་དྲང་སྲོང་དུ་མ་ལ་བརྒྱུད་དོ། །གསུམ་པ་རྒྱ་གར་དུ་དར་ཚུལ་ནི། སྟོན་པ་བཞུགས་པའི་དུས་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཟུར་བུ་ཆུང་བ་རང་གི་ཕུ་བོ་གཞོན་ནུ་འཇིགས་མེད་ཀྱིས་གསོས་པས། སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུས་གསོས་ཞེས། མིའི་དྲང་སྲོང་རྒྱུན་ཤེས་ཀྱི་སློབ་མ་སྟེ། འདུལ་ལུང་གི་གསོ་གཞིའི་སྐབས་ལས། ཐུབ་པ་སྙུན་གསོའི་སྨན་གྱི་རྒྱལ་པོར་དབང་བསྐུར་བ་ལ་སོགས་པའི་ལོ་རྒྱུས་རྒྱས་པར་འབྱུང་ཞིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གསོ་རིག་ལ་སྦྱོར་བ་བརྒྱ་པ་དང་། འཚོ་བའི་མདོ་ཚིགས་སུ་བཅད་པ་རྩ་ཨ་ཝའི་ཆོ་ག་དངུལ་
ཆུའི་སྦྱོར་བ་རིན་ཆེན་ཕྲེང་བ་རྣམས་མཛད་ཅིང་། དེའི་སློབ་མ་དཔའ་བོས་གོང་དུ་བཤད་པའི་ཡན་ལག་བརྒྱད་པ་དང་དེ་ལ་ཁ་ཆེ་ཟླ་དགས་ཟླ་ཟེར་ལ་སོགས་པའི་འགྲེལ་པ་མཛད་ཅིང་དར་བར་མཛད་དོ། །བཞི་པ་གངས་ཅན་བོད་ཀྱི་ཡུལ་འདིར་ཇི་ལྟར་དར་བའི་ཚུལ་ནི། སྔོན་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གིས་དམ་པ་ཆོས་ཀྱི་སྲོལ་གཏོད་པའི་སྐབས། ཁ་ཆེའི་པཎྜི་ཏ་ཟླ་བ་མངོན་དགའ་དང་། ལོ་ཆེན་བཻ་རོ་ཙཱ་ནས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་སོགས་བསྒྱུར་བཤད་མཛད་ཅེས་འབྱུང་ཞིང་། གང་ལྟར་ཡང་སངས་རྒྱས་བྱང་སེམས་དང་ལྷ་མིའམ་དྲང་སྲོང་རྣམས་ཀྱིས་མཛད་པའི་སྨན་གཞུང་རྒྱ་གར་རྒྱ་ནག་ཧོར་གེ་སར་གྱི་ཡུལ་རྣམས་ནས་ལོ་ཆེན་བཻ་རོ་ཙཱ་ན་ལ་སོགས་པས་བོད་དུ་བསྒྱུར་བ་དང་། ཡན་ལག་བརྒྱད་པ་རྩ་འགྲེལ་རིན་ཆེན་བཟང་པོས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་ཅིང་། དེ་ལ་བརྟེན་ནས་སྟོན་པ་སྨན་གྱི་བླ་དང་དབྱེར་མ་མཆིས་པ་གཡུ་ཐོག་པ་ཡོན་ཏན་མགོན་པོས། ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་རྒྱུད་བཞི་སྤེལ་ཏེ་དར་བ་ཡིན་ཏེ། སྨན་གྱི་བླ་མས་ལུང་བསྟན་པར། དང་པོའི་དུས་སུ་ཀརྨ་དྲི་མེད་དང་། །བར་དུ་གཞོན་ནུ་འཇིགས་མེད་གྲགས་པ་ཡིན། །ད་ལྟ་གཡུ་ཐོག་ཡོན་ཏན་མགོན་པོར་གྲགས། །འདི་ནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག། དྲང་སྲོང་རིག་འཛིན་རྣམས་ཀྱི་ཚོགས་དཔོན་བྱེད། །དེ་ནས་ལྔ་བརྒྱ་ཐ་མའི་དུས་བབས་ལ། །ང་ཡི་གསུང་སྤྲུལ་སྐྱེས་བུ་དམ་པ་ཁྱེད། །ཡོན་ཏན་མགོན་པོ་ཞེས་བྱ་འབྱུང་ཞིང་འབྱོན། །ཞེས་གསུངས་སོ། །
སྒྲ་རིག་པ།
༈ རིག་གནས་གསུམ་པ་སྒྲའི་རིག་པ་ནི། ཇི་སྐད་དུ། གང་ཞིག་ཤེས་ན་མཁས་པའི་གནས་ཐོབ་ཅིང་། །མཐར་ཐུག་ཀུན་མཁྱེན་གོ་འཕང་བདེ་བླག་བགྲོད། །རིག་གནས་ཀུན་ལ་ཐོགས་མེད་འཇུག་པའི་སྒོ། །བརྡ་སྤྲོད་རིག་གནས། ཞེས་བསྔགས་པ་ལྟར། བརྗོད་བྱའི་དོན་རྗོད་བྱེད་སྒྲའི་བསྟན་བཅོས་ཤེས་དགོས་ཏེ། དཎྚིའི་ཚིག་རྒྱན་ལས། སྐྱེ་བོ་བསྟན་བཅོས་མི་ཤེས་པས། །ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ། །གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས། །
ལོང་བ་དག་ལ་ཡོད་དམ་ཅི། །ཞེས་གསུངས། དེ་ཡང་ཇི་ལྟར་ཞེ་ན། སྨྲ་བ་ཀུན་ལ་འཇུག་པར། ཟིན་པ་དང་ནི་མ་ཟིན་དང་། །གཉིས་ཀ་དག་ལས་བྱུང་བའི་སྒྲ། །སེམས་ཅན་སྟོན་དང་མི་སྟོན་དག། ལུང་དུ་སྟོན་དང་མི་སྟོན་པའོ། །ཞེས་པས་སྤྱིར་སྒྲ་ནི། ཟིན་པ་དང་། མ་ཟིན་པ་དང་གཉིས་ཀ་ལས་བྱུང་བའམ། ཡང་ན་སེམས་ཅན་དུ་མི་སྟོན་པ་དང་སྟོན་པ་གཉིས་ལ། མི་སྟོན་པའི་སྒྲ་རྣམས་ལ་ཡང་། སྐད་ཀྱི་བྱིངས་དང་། རིག་པ་དང་། དུས་དང་། མིང་དུ་གདགས་པ་བཞིའི་སྒོ་ནས་བརྟགས་ན་སེམས་ཅན་དུ་སྟོན་པར་འགྱུར་བའང་ཡོད་པར་བཤད་དེ། སྨྲ་བ་ཀུན་ལ་འཇུག་པ་ལ། །འཛམ་བུའི་འབྲས་བུ་སྨིན་པ་ནི། །དྲི་མ་མེད་པའི་ཆུ་ལ་ལྷུངས། །ཉ་ཡིས་བཟའ་བའི་ཕྱིར་དུ་ནི། །འགུ་ལུ་འགུ་ལུ་ཞེས་སུ་སྨྲ། །ཞེས་གསུངས་སོ། །འདིར་ནི་ཟིན་པ་སེམས་ཅན་དུ་སྟོན་ཅིང་ཚིག་ཏུ་ལྷུང་བའི་སྒོ་ནས་ལུང་དུ་སྟོན་པས་ན་བྱཱ་ཀ་ར་ཎ་ཞེས་ལུང་དུ་སྟོན་པའམ་བརྡའ་སྤྲོད་པ་ཞེས་གྲགས། དེའི་བརྗོད་བྱ་ཐུན་མོང་པ་ནི་ཚོགས་པ་གསུམ་ལྡན་ཏེ། སྨྲ་བ་རྒྱན་གྱི་མེ་ཏོག་ལས། །ངོ་བོ་ཙམ་དང་ཁྱད་པར་སྟོན། །དེ་གཉིས་རྟེན་དུ་གྱུར་པ་ནི། །མིང་དང་ཚིག་དང་ཡི་གེ་ཡིན། །ཞེས་པས། ཡི་གེ་དང་མིང་དང་། ཚིག་གི་ཚོགས་པའོ། །འདི་གསུམ་མངོན་པའི་ལུགས་ལྟར་ན་ཕན་ཚུན་འགལ་བ་ཅན་ཡིན་ཏེ། སློབ་དཔོན་བློ་གྲོས་བརྟན་པས་མངོན་པ་ཕུང་པོ་ལྔའི་བཤད་པར། དོན་གྱི་ངོ་བོ་བརྗོད་པ་མིང་། །དེ་ཡི་ཁྱད་པར་སྟོན་པ་ཚིག། གང་ཡང་མི་སྟོན་ཡི་གེའོ། །ཞེས་གསུངས་པས་དོན་གྱི་ངོ་བོ་ཙམ་སྟོན་པ་མིང་། དེའི་ཁྱད་པར་སྟོན་པ་ཚིགགང་ཡང་མི་སྟོན་པའི་འབྲུ་ནི་ཡི་གེའོ། །སྒྲ་པའི་ལུགས་ལ་དེ་གསུམ་མི་འགལ་བའི་སྐབས་སྲིད་དེ། ནི་པཱ་ཏའི་སྐབས་སུ་ཨ་ཨི་ཨུ་རྣམས་ཡི་གེ་ཡིན་ཏེ་དབྱངས་ཡིག་ཡིན་པའི་ཕྱིར་དང་། མིང་ཡིན་ཏེ། ཨ་ཁྱབ་འཇུགཨི་བདུད། ཨུ་དབང་ཕྱུག་རྣམས་ཀྱི་མིང་ཡིན་པའི་ཕྱིར། ཚིག་ཡིན་ཏེ། མིང་རྣམ་དབྱེའི་མཐའ་ཅན་ཡིན་པའི་ཕྱིར་རོ། །དེ་ལ་ཡི་གེ་ནི། བརྗོད་འདོད་ཀྱིས་ཀུན་ནས་བསླངས་པས། གནས་དང་བྱེད་པ་དང་རྩོལ་བ་རྣམས་འཕྲད་པ་ལས་སྐྱེས་པའི་སྐད་གདངས་འབའ་ཞིག་པ་སྟེ། དཔང་ལོས། བརྗོད་འདོད་དབང་གིས་རླུང་གཡོས་ཤིང་། །དེ་ཡི་གནས་དང་
བྱེད་པ་དང་། །རྩོལ་བ་བསྐྱེད་དང་དབུགས་དབྱུང་དང་། །ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེས། །ཞེས་པ་སྟེ་མཚན་ཉིད་བཞི་ནི། ཨཱ་ལི་དང་། ཀཱ་ལིའི་ཡི་གེ་ཡིན་ལ་དེ་ཡང་རྒྱ་ནག་གི་ཡུལ་དང་། མི་ཉག་ལ་སོགས་ལ་ཡི་གེའི་ཚོགས་པ་མེད་པས་ཡིག་གཟུགས་ལ་ཐུག་པ་མེད་ཅིང་། རྒྱ་བལ་དང་བོད་ཡུལ་སོགས་སུ་ཡི་གེ་དབྱངས་གསལ་གཉིས་སུ་བསྡུས་ཏེ་བཤད་པས་མིང་ཚིག་གསར་དུ་བྱུང་ཡང་ཡི་གེ་སྦྱོར་བ་ལ་དཀའ་བ་མེད་དོ། །མིང་ནི་ཡི་གེ་འདུས་པ་ལས་བྱུང་བའི་བརྗོད་བྱའི་དོན་གྱི་ངོ་བོ་ཙམ་རྗོད་པར་བྱེད་པའི་སྒྲ་སྤྱིར་སྣང་བ་སྟེ། ཀ་བ་དང་བུམ་པ་ཞེས་པ་ལྟ་བུའོ། །དེ་ལྟར་ཡང་། ཡི་གེ་གཉིས་སམ་མང་འདུས་པས། །དོན་གྱི་ངོ་བོ་རྗོད་བྱེད་པ། །མིང་ཡིན་དོན་ལ་བློ་གཞོལ་ཕྱིར། །ཞེས་སོ། དབྱེ་ན། དང་པོར་བརྡ་སྦྱར་བ་དངོས་མིང་དང་། འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ནས་ཕྱིས་བརྡའ་སྦྱར་བ་བཏགས་མིང་ངོ་། །ཚིག་ནི། མིང་དུ་མ་འདུས་པ་ལས་བྱུང་བ། དོན་གྱི་ཁྱད་པར་སྟོན་པའི་སྒྲ་སྤྱིར་སྣང་བ་སྟེ། ཙནྡན་གྱི་ཀ་བའམ། གསེར་གྱི་བུམ་པ་ཞེས་པ་ལྟ་བུའོ། །ཁྱད་པར་སྒྲ་པའི་ལུགས་ལ། ཨ་མ་ར་ཀོ་ཥ་ལས། རྗོད་བྱེད་བསྟན་བཅོས་སྒྲ་ལ་ནི། །པུསྟ་དང་ཏིང་གི་མཐའ་ཅན་ཚིག། ཅེས་སོ། །ཡང་བརྡ་སྤྲོད་པའི་ལུགས་ཀྱི་བརྗོད་བྱ་ཐུན་མོང་མ་ཡིན་པ་ནི། རང་བཞིན་དང་། རྐྱེན་དང་། རྣམ་འགྱུར་གསུམ་གྱིས་བསྡུས་ཏེ། བརྡ་སྤྲོད་སྙིང་པོ་གསལ་བ་ལས། རང་བཞིན་རྐྱེན་དང་རྣམ་འགྱུར་རྣམས། །བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། །ཞེས་སོ། །དེ་ལ་རང་བཞིན་ནི། རྐྱེན་གྱི་དབང་གིས་རྣམ་འགྱུར་སྣ་ཚོགས་སུ་བསྒྲུབ་པར་བྱ་བའི་གཞིར་གྱུར་པ་སྟེ། རང་བཞིན་བྱིངས་དང་མིང་དེ་ཡང་། །ཐོག་མའི་རང་བཞིན་བྱ་བའི་དོན། །རྟགས་གསུམ་དབྱངས་དང་གསལ་བྱེད་མཐའ། །ཞེས་པས་ཐོག་མའི་རང་བཞིན་ནི་བྱིངས་ཏེ། བྱ་བའི་དོན་ཞེས་ཀྱང་བྱ་ཞིང་། དབྱེ་ན་གསུམ་སྟེ། བྷཱུ་ཡོད་པ་ལའོ་ཞེས་བྱིངས་མདོ་ལེའུ་དགུ་པ་ནས་བཤད་པ་རྣམས་ནི་གླེགས་བམ་ལས་བྱུང་བའི་བྱིངས་དང་། ཀུན་བཤད་ལེའུ་གཉིས་པ་ནས་བཤད་པའི་སནྡ་སོགས་བདུན་གྱི་མཐའ་ཅན་ནི། རྐྱེན་གྱིས་བཅོས་པའི་བྱིངས་དང་། ཛཱུ་མདོའི་བྱིངས་སོགས་སྒྲ་མདོའི་ཟུར་ནས་རྙེད་པ་རྣམས་ལ་མདོའི་བྱིངས་ཞེས་
ཟེར་རོ། །རང་བཞིན་གཉིས་པ་མིང་ནི། སྒྲ་པའི་ལུགས་འདིར་རྟགས་སུ་གྲགས་ཏེ་བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་ནི་རྟགས་སོ། །ཞེས་པས་བྱིངས་ལ་ཀྲྀར་྄རྐྱེན་བྱིན་ཞིང་རྣམ་དབྱེ་མ་བྱིན་པའི་བར་སྐབས་ཀྱི་སྒྲའི་ཡན་ལག་ཞིག་ལ་ངོས་འཛིན་ཞིང་། དབྱེ་ན། ཕོ་མོ་མ་ནིང་གི་རྟགས་གསུམ་སོ་སོ་བ་དང་ཐུན་མོང་པ་སྟེ་མིང་གཞི་ཞེས་བྱ་སྟེ། བྲིཀྵ་ལྟ་བུ་དབྱངས་ཀྱི་མཐའ་དང་། བིརྷུར་྄ལྟ་བུ་གསལ་བྱེད་ཀྱི་མཐའ་ཅན་གཉིས་སུ་འདུས་སོ། །གཉིས་པ་རྐྱེན་ནི། སྒྲའི་རང་བཞིན་གཉིས་མིང་ཚིག་བྱིངས་གསུམ་གང་རུང་སྒྲུབ་པར་བྱེད་པའི་སྒྲའི་ཡན་ལག་ལ་རྐྱེན་ཞེས་བྱ་སྟེ། ཀུན་བཤད་ལས། རྐྱེན་ལ་མཚན་ཉིད་རང་བཞིན་རྣམ་འགྱུར་དུ། །སྒྲུབ་པར་བྱེད་པ་སྒྲ་ཡི་ཡན་ལག་ཡིན། །ཞེས་སོ། །ཀྲྀཏ་྄རྐྱེན་དང་ཨུ་ཎ་྄སོགས་བྱིངས་རྟགས་སུ་སྒྲུབ་པའི་རྐྱེན། ཏི་སོགས་བྱིངས་ཚིག་ཏུ་སྒྲུབ་པའི་རྐྱེན། ཡིན་དང་ཨ་ཡི་མ་གཏོགས་པའི་པན་྄སོགས་བྱིངས་བྱིངས་སུ་སྒྲུབ་པའི་རྐྱེན། བུད་མེད་ལས་ཨ་ལས་ཨའོ། །ཞེས་སོགས་རྟགས་རྟགས་སུ་སྒྲུབ་པའི་རྐྱེན་ཏེ། མིང་ལས་རང་དང་འབྲེལ་བ་ཡི། །མིང་གཞན་སྒྲུབ་པ་དེ་ཕན་ཏེ། །ཞེས་མིང་མིང་དུ་སྒྲུབ་པར་བྱེད་པ་དེ་ཕན་དང་། ཨཱ་ཡི་སོགས་རྟགས་བྱིངས་སུ་སྒྲུབ་པའི་རྐྱེན། སི་སོགས་རྟགས་ཚིག་ཏུ་སྒྲུབ་པའི་རྐྱེན་དང་བདུན་ཡོད་ལ། དེ་ལས་ཀྱང་སི་སོགས་དང་ཏི་སོགས་ནི་རྐྱེན་དང་། རྣམ་དབྱེའི་གཞི་མཐུན་ཏེ། སྔ་མས་མིང་ཚིག་ཏུ་སྒྲུབ་པའི་སྒོ་ནས་དོན་རྣམ་པར་འབྱེད་པའི་ཕྱིར་དང་། ཕྱི་མས་བྱིངས་ཚིག་ཏུ་སྒྲུབ་པའི་སྒོ་ནས་དུས་དང་དོན་རྣམ་པར་འབྱེད་པའི་ཕྱིར་རོ། །གསུམ་པ་རྣམ་འགྱུར་ནི། དཔང་ལོས། རང་བཞིན་རྐྱེན་དང་འབྲེལ་བའམ། །ཡི་གེ་ཙམ་དང་འབྲེལ་བ་ཡི། །བསྒྱུར་དང་དབྱེ་བ་རྣམ་འགྱུར་ཏེ། །ཞེས་པས། མིང་ལེ། ཀུན་བཤད། ཀྲྀར྄་རྣམས་སུ་བཤད་པའི་བསྒྱུར་བ་དང་དབྱི་བ་རྣམས་ནི་རང་བཞིན་རྐྱེན་དང་འབྲེལ་བའི་རྣམ་འགྱུར་ཡིན་ལ། མཚམས་སྦྱོར་ལས་བཤད་པའི་བསྒྱུར་དབྱི་རྣམས་ནི་ཡི་གེ་ཙམ་དང་འབྲེལ་བའི་རྣམ་འགྱུར་རོ། །དེ་དག་སྟོན་པའི་གཞུང་ལུགས་ཀྱང་། ཨིནྡྲ་བྱཱ་ཀ་ར་ཎ། བི་ཤ་ལི་བྱཱ་ཀ་ར་ཎ། ཤ་ཀོ་ཊ་ཡ་བྱཱ་ཀ་ར་ཎ། པཱ་ཎི་བྱཱ་ཀ་ར་ཎ། སུ་མནྟ་བྷ་དྲ་བྱཱ་ཀ་ར་ཎ། པ་རཉྫ་ལེ་བྱཱ་ཀ་ར་ཎ། མ་ནུ་ཛེནྡྲ་བྱཱ་
ཀ་ར་ཎ། ཞེས་པ་ཎི་པའི་འགྲེལ་བར་གྲགས་ལ། རྒྱ་བོད་ཀྱི་མཁས་པ་སྤྱི་ལ་གྲགས་པར། པ་ཎི་བྱཱ་ཀ་ར་ཎ། འཇམ་དཔལ་གྱི་བྱཱ་ཀ་ར་ཎ། ཀ་ལཱ་པ་དང་། ཙནྡྲ་པ། དབྱངས་ཅན་བྱཱ་ཀ་ར་ཎ་རྣམས་ལས་ཨིནྡྲ་བྱཱ་ཀ་ར་ཎ་མ་གཏོགས་བོད་དུ་འགྱུར་ཞིང་། ཁྱད་པར་ཀ་ཙན་྄གཉིས་ནི་གངས་ཅན་གྱི་རྨོངས་མུན་སེལ་བ་ལ་ཉི་ཟླ་ཟུང་འབྲེལ་ལྟ་བུར་གྱུར་པ་ཡིན་ནོ། །དེ་ལྟར་སྒྲ་རིག་པ་ཇི་ལྟར་བྱུང་བའི་ཁུངས་ལ་བཞི་ལས། དང་པོ་འཕགས་པས་གསུང་ཚུལ་ནི། སྟོན་པ་སངས་རྒྱས་ཀྱིས་སོ་སོར་ཡང་དག་རིག་པ་བཞིའི་ནང་ནས་གསུམ་པ་ངེས་ཚིག་འཆད་པའི་དུས་དང་། རྔ་བོ་ཆེའི་མདོར། རང་བཞིན་རྐྱེན་རྣམ་འགྱུར་རྣམས་དང་། དེ་དག་གི་ཉེར་མཁོའི་མིང་དང་ཆ་ལག་ཀྱང་མཚོན་ཏེ་གསུངས་ཤིང་། བྱང་སེམས་འཕགས་པས་གསུངས་པ་ནི། དུས་འཁོར་འགྲེལ་ཆེན་ལས། འཇམ་དཔལ་གྱིས་རང་གི་ལུང་སྟོན་པ་ལས་བྲིས་པ་ཞེས་འཇམ་དཔལ་བྱཱ་ཀ་ར་ཎ་བསྟན་པ་དང་། པ་ཎི་པ་དང་དབྱངས་ཅན་མ་གཉིས་ཀྱང་བྱང་འཕགས་ཀྱིས་གསུངས་པར་བགྲངས་ན་ལེགས་ཏེ། སྔ་མ་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་བྲམ་ཟེ་པཱ་ཎི་པ་ལ་གསུངས་པ་ཡིན་ལ། ཕྱི་མ་འཕགས་མ་དབྱངས་ཅན་མས་ཨ་ནུ་བྷཱུ་ཏི་ལ་དངོས་སུ་གསུངས་པའི་ཕྱིར་རོ། །གཉིས་པ་ལྷའི་ཡུལ་དུ་དར་ཚུལ་ནི། སུམ་ཅུ་རྩ་གསུམ་དུ་སརྦ་ཛྙཱ་ཞེས་པའི་སྒྲ་མཁན་མཁས་པ་ཞིག་བྱུང་སྟེ། དེས་སྒྲའི་བསྟན་བཅོས་ཆེན་པོ་བྱས་པ་ལྷའི་ཡུལ་དུ་དར་ཞེས་གྲགས། དེ་ལ་བརྒྱ་བྱིན་གྱིས་བསླབ། དེས་སྒྲ་མཁན་ཕུར་བུ་ལ་བཤད་ནས། ཕུར་བུ་ལྷ་རྣམས་ཀྱི་སློབ་དཔོན་དུ་བསྐོས་ཏེ། དེའི་ཚེ་ཕུར་བུ་ང་རྒྱལ་ཆེ་བས་ལྷ་རྣམས་ཀྱིས་བསྟེན་དཀའ་བ་ན། བརྒྱ་བྱིན་གྱིས་ཆུ་བུམ་ལས་ཀུ་ཤའི་རྩེས་ཐིགས་པ་བླངས་ཏེ། སྒྲ་ཡི་བསྟན་བཅོས་རྒྱ་མཚོ་ཙམ། །ཁོ་བོས་ཤེས་པ་བུམ་གང་ཙམ། །ཁྱོད་ཀྱིས་ཤེས་པ་ཆུ་ཐིགས་ཙམ། །ཞེས་སྨྲས་པས་ཕུར་བུ་ཡིད་ཆད་དེ་སྒྲ་མི་སྟོན་༼པར་༽དམ་བཅས་ན། དབང་པོས། རང་གིས་ཇི་ཙམ་ཤེས་པ་སྟོན་ཅིག་ཅེས་བསྒོས་པས་རང་སྦྱོང་བའི་ཆེད་དུ་དུས་གཉན་བཞི་བསྲུངས་ནས་ལྷ་གཞན་ལ་བསྟན་པས་སྒྲ་མཁན་ནམ་ལྷའི་བླ་མ་ཞེས་གྲགས་སོ། །
གསུམ་པ་རྒྱ་གར་དུ་དར་ཚུལ་ནི། པཱ་ཎི་བྱཱ་ཀ་ར་ཎ་འཇིག་རྟེན་དུ་མ་ཕེབས་གོང་དུ་སྒྲ་སྦྱོར་དུམ་ཀ་བསགས་ནས་སྦྱོང་བ་ལས་གཅིག་ཏུ་བསྡེབས་པའི་བསྟན་བཅོས་མེད་པར་གྲགས། དེ་ནས་བྲམ་ཟེ་པཱ་ཎིས་ས་སྟེང་གི་སྒྲ་མཁན་ཐམས་ཅད་ལ་རིག་པ་བསླབ། ཁྱད་པར་འཕགས་པ་སྤྱན་རས་གཟིགས་བསྒྲུབ་པས་གྲུབ་སྟེ། འཕགས་པས་ཡི་གེ་བསྡུ་བ་གསུངས་པ་ཙམ་གྱིས་འཇིག་རྟེན་གསུམ་ན་ཡོད་པའི་སྒྲའི་གནས་ཐམས་ཅད་ཁོང་དུ་ཆུད་དེ། པཱ་ཎི་བྱཱ་ཀ་ར་ཎ་ཞེས་ཤོ་ལོ་ཀ་ཉིས་སྟོང་ལྔ་བརྒྱ་ཡོད་པར་གྲགས། དེའི་འོག་ཏུ་གཞོན་ནུ་ཀཱརྟི་ཀས་བྲམ་ཟེ་པཔྟ་ཝརྨ་ལ་བསྟན་པ་ཀཱ་ལ་པ་དང་། སློབ་དཔོན་ཙནྡྲ་གོ་མིས་པཱ་ཎི་པའི་དོན་འགྲེལ་དུ་ཙནྡྲ་བྱཱ་ཀ་ར་ཎ་མཛད། དེ་རྗེས་མཁས་པ་སྒོ་དྲུག་དང་དུས་མཚུངས་པར་སྒྲ་དབྱངས་ལྷ་མོས་ཨ་ནུ་བྷུ་ཏི་ལ་དབྱངས་ཅན་བྱཱ་ཀ་ར་ཎ་གསུངས་པ་ཡིན་ནོ། །བཞི་པ་བོད་དུ་འགྱུར་ཚུལ་ནི། ཤོང་དཔང་གཉིས་ཀྱིས་ཀ་ཙན་དང་། ཆོས་སྐྱོང་བཟང་པོས་འཇམ་དཔལ་གྱི་བྱཱ་ཀ་ར་ཎ། ཇོ་ནང་ལོ་ཙཱ་ཕྱི་མས་དབྱངས་ཅན་མ། འདར་ལོས་དེ་ལ་འགྱུར་བཅོས་དང་པཱ་ཎི་པ་ལ་གཞི་འགྱུར་མཛད་པ་ཡིན་ནོ། །
ཚད་མ་རིག་པ།
༈ རིག་གནས་བཞི་པ་ཚད་མ་རིག་པ་ནི། ཀུན་ལས་བཏུས་ལས། མངོན་སུམ་དང་ནི་རྗེས་སུ་དཔག། ལྟར་སྣང་བཅས་པ་བདག་རིག་བྱེད། །སྒྲུབ་པ་དང་ནི་སུན་འབྱིན་ངག། ལྟར་སྣང་བཅས་པ་གཞན་རྟོགས་བྱེད། །ཅེས་གསུངས་པ་ལྟར་རྟོག་གེའི་ཚིག་དོན་བརྒྱད་དེ། མངོན་སུམ། རྗེས་དཔགསྒྲུབ་ངགཐལ་འགྱུར་བཞི་པོ་རེ་རེ་ལ་ཡང་། ཡང་དག་དང་ལྟར་སྣང་གཉིས་གཉིས་སུ་ཕྱེ་བའི་ཕྱིར་རོ། །དེའང་བསྡུ་ན། རང་གིས་གཞལ་བྱ་རྟོགས་པའི་ཐབས་དང་། རྟོགས་ནས་གཞན་རྗེས་སུ་འཛིན་པའི་ཐབས་ཏེ་གཉིས་སུ་འདུ་ཤིང་། དེ་ཡང་ཚད་མ་བསླུ་མེད་ཅན་ཤེས་པ། ཞེས་པས་ཚད་མའི་དོན་ནི་མི་བསླུ་བ་སྟེ། རང་གི་གཞལ་བྱ་ལ་མ་འཁྲུལ་བའི་འཇལ་བྱེད་ཅིག་ལ་འཇོག་པ་ཡིན་པའི་ཕྱིར། དཔེར་ན་བྲེ་ཚད་དང་སྲང་ཚད་བཞིན་ནོ། །གཞལ་བྱ་ལ་གསུམ་སྟེ། མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་རོ། །དེ་དག་འཇལ་བྱེད་ནི། གཞལ་བྱ་མངོན་གྱུར་འཇལ་བྱེད་ལ་མངོན་སུམ་བཞི་སྟེ། དབང་
པོ། ཡིད། རང་རིགརྣལ་འབྱོར་མངོན་སུམ་དང་བཞིའོ། །ལྐོག་གྱུར་འཇལ་བྱེད་དང་སྒྲུབ་བྱེད་ནི། དངོས་སྟོབས་རྗེས་དཔག་གི་རྟེན་གཏན་ཚིག་གསུམ་སྟེ། ཆོས་བཅུ་པའི་མདོར། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལ་ཤེས། །ཞེས་གསུངས་པ་ལྟར་འབྲས་བུའི་གཏན་ཚིག་དང་། རྣམ་འགྲེལ་དུ། ཅུང་ཟད་སྐྱེ་བའི་མཚན་ཉིད་ཅན། །གང་དེ་ཐམས་ཅད་དགག་ཆོས་ཅན། །ཞེས་པ་ལྟ་བུ་རང་བཞིན་གྱི་གཏན་ཚིག་དང་། །ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འཇུག་འབྲས་བུ་ཅན། །གཏན་ཚིག་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མི་ཤེས་འབྲས་བུ་ཅན། ཞེས་པ་ལྟ་བུ་མ་དམིགས་པའི་གཏན་ཚིག་རྣམས་སོ། །གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་གཏན་ཚིག་ནི། མངོན་སུམ་དང་དངོས་སྟོབས་ཀྱི་གཏན་ཚིགས་གཉིས་ཀས་མི་འགྲུབ་པའི་ཕྱིར་དཔྱད་གསུམ་དག་པའི་ལུང་ཉིད་ལ་བརྟེན་ནས་རྟོགས་དགོས་པ་ཡིན་ནོ། །དེ་ལྟར་ཚད་མ་རིག་པ་ཇི་ལྟར་བྱུང་བའི་ལོ་རྒྱུས་ལ་གསུམ་ལས། དང་པོ་སངས་རྒྱས་ཀྱིས་གསུང་ཚུལ་ནི། དགེ་སློང་དག་མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །ཞེས་པའི་སྔོན་པོ་ཤེས་ཀྱི་ཞེས་པས་ཡན་ལག་གིས་མ་འཁྲུལ་བའི་རིག་པ་དེ་བསྟན། སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་པས་རྟོག་བྲལ་མ་འཁྲུལ་བའི་རིག་པ་དེ་བསྟན་པས་མངོན་སུམ་གྱི་མཚན་ཉིད་གསལ་བར་གསུངས། ཡང་། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ། །ཞེས་པའི་མིག་དང་ཞེས་པས་དབང་མངོན་དང་། ཡིད་ལ་བརྟེན་པའོ་ཞེས་པ་ཡིད་མངོན། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པས་རང་རིག་མངོན་སུམ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ། ཞེས་པས་རྣལ་འབྱོར་མངོན་སུམ་སྟེ། དེ་ལྟར་མངོན་སུམ་བཞི་ཀ་དང་རྗེས་དཔག་གི་རྟེན་གཏན་ཚིག་གསུམ་ཀ་མདོ་ལས་གསུངས་ཚུལ་སྔར་བཤད་པ་ལྟར་རོ། །གཉིས་པ་༼མཁས་པས་༽བཀྲལ་ཚུལ་ནི། སྟོན་པ་ནས་བརྒྱུད་དེ་དགྲ་བཅོམ་པ་ཆོས་
སྐྱོབ། དེས་པཎ་ཆེན་མེ་ཝཾ་གདེས་མཁས་མཆོག་དབྱིག་གཉེན་ལ་གསུངས་ཤིང་། དེས་གཞོན་ནུའི་དུས་སུ་རྩོད་གྲུབ་ཏུ་གྲགས་པའི་བསྟན་བཅོས་ཀྱང་མཛད། དབྱིག་གཉེན་ལ་རང་མཁས་ཀྱི་སློབ་མ་བཞི་བྱུང་བའི་ཚད་མ་རང་ལས་མཁས་པ་ནི་ཕྱོགས་ཀྱི་གླང་པོ་སྟེ། དེ་ལ་འཇམ་དཔལ་གྱིས་དངོས་སུ་དབུགས་ཕྱུངས་ནས་བརྩམས་པ་ཚད་མ་མདོ་དང་། དེའི་དགོངས་འགྲེལ་དུ་ཕྱོགས་གླང་གི་སློབ་མ་དབང་ཕྱུག་སྡེ་ལ། དཔལ་ལྡན་ཆོས་ཀྱི་གྲགས་པས་གསན་ནས་ཚད་མ་སྡེ་བདུན་མཛད་དེ། རྒྱས་པ་རྣམ་འགྲེལ། འབྲིང་རྣམ་ངེས། བསྡུས་པ་རིགས་ཐིགས་ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། དེ་ལས་འཕྲོས་པ་བཞི་ནི། རང་དོན་རྗེས་དཔག་ལས་འཕྲོས་པ་གཏན་ཚིག་ཐིགས་པ་དང་འབྲེལ་པ་བརྟགས་པ། གཞན་དོན་རྗེས་དཔག་ལས་འཕྲོས་པ་རྒྱུད་གཞན་གྲུབ་པ་དང་རྩོད་རིགས་ཏེ་ཡན་ལག་གི་བསྟན་བཅོས་བཞིའོ། །གསུམ་པ་བོད་དུ་བསྒྱུར་ཚུལ་ནི། བསྟན་པ་སྔ་དར་གྱི་དུས་སུ་སྡེ་བདུན་ཕྱི་མ་འགའ་དང་། :དུས་༼དུལ་༽ལྷའི་འགྲེལ་པ་སོགས་འགྱུར། ཕྱི་དར་ལ་རྨ་དགེ་བློས་མདོ་དང་རྣམ་འགྲེལ་རྣམ་ངེས་འགྲེལ་ཆེན་དང་བཅས་པ་བསྒྱུར་ཅིང་། ཁྱད་པར་རྔོག་ལོ་ཆེན་པོས་གསར་བསྒྱུར་དང་འགྱུར་བཅོས་དུ་མ་མཛད་ནས་འཆད་ཉན་གྱིས་གཏན་ལ་ཕབ། རྣམ་འགྲེལ་ནི་རྣམ་ངེས་ལ་ལྟོས་ནས་བཤད་རྒྱུན་མ་ནུབ་ཙམ་དུ་གནས་པ་ལས། ཕྱིས་ཆོས་རྗེ་ས་པཎྜི་ཏས་རྩལ་དུ་བཏོན་ནས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ། འཕགས་པ་རིན་ཆེན་གྱིས་གསང་ཕུར་རྣམ་འགྲེལ་གྱི་ཚད་རྒྱགས་སྦྱར་བ་སོགས་ཀྱིས་ཤིན་ཏུ་དར་རྒྱས་སུ་གྱུར་པ་ཡིན་ནོ། །
ནང་རིག་པ།
༈ རིག་གནས་ལྔ་པ་ནང་རིག་པ་ནི། ནང་རིག་ཐེག་པ་གསུམ་དུ་གྲགས་ཤིང་གྲུབ། །ཅེས་པ་ལྟར། བརྗོད་བྱའི་དབང་དུ་བྱས་ན་ཐེག་པ་གསུམ་མམ་དགུ་སྟེ། དེ་ལ་ཐེག་པ་གསུམ་ནི། ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་ཐེག་པ་དང་གསུམ་མོ། །ཡང་ན་དགོངས་འདུས་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག། དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས། ཐེག་པ་དགུ་ནི།
གསུམ་པོ་དེ་རེ་རེ་ལའང་གསུམ་གསུམ་དུ་དབྱེ་བ་སྟེ། ཉན་རང་བྱང་སེམས་གསུམ་ལ་མཚན་ཉིད་སྡེ་གསུམ་མམ་ཀུན་འབྱུང་འདྲེན་པའི་ཐེག་པ་དང་། ཀྲྀ་ཡ། ཨུ་པ། ཡོ་ག་གསུམ་ལ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཞེས་ཕྱི་རྒྱུད་སྡེ་གསུམ་དང་། མ་ཧཱ་ཡོ་གཨ་ནུ་ཡོ་གཨ་ཏི་ཡོ་ག་གསུམ་ལ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞེས་ནང་རྒྱུད་གསུམ་མོ། །དེ་ཐམས་ཅད་ཀྱང་གཞི་ཆོས་ཉིད་རིས་མེད་ལ། སོ་སོའི་དབང་པོའི་རྟོགས་ཚུལ་གྱིས་ལྟ་བ་ལ་དམིགས་ནས་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ལ་བརྩོན་པས། རང་རང་གི་འདོད་པའི་གྲུབ་འབྲས་རྣམ་གྲོལ་གྱི་རིམ་པ་མི་བསླུ་བར་ཐོབ་པ་ཞིག་ཡིན་ནོ། །རྗོད་བྱེད་ཀྱི་དབང་དུ་བྱས་ན་ཐེག་དམན་དང་ཐེག་ཆེན་གྱི་དབྱེ་བས་གཉིས་སོ། །བསླབ་པ་གསུམ་ལ་ལྟོས་ནས་གསུམ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་དང་གསུམ་སྟེ། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། ཞེས་གསུངས་པའི་ཕྱིར་རོ། །འོ་ན་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སྡེ་སྣོད་གསུམ་གང་དུ་བསྡུ་ཞེ་ན། པཎྜི་ཏ་ཆེན་པོ་བཱི་མ་ལ་སོགས་མངོན་པའི་སྡེ་སྣོད་དུ་བཞེད་པ་དང་། ཤནྟི་པ་སོགས་ཟབ་མོའི་དོན་མདོར་བསྡུས་ཏེ་སྟོན་པས་མདོ་སྡེའོ་ཞེས་མདོ་སྡེར་བསྡུ་བ་སོགས་ལའང་འགལ་བ་མ་མཆིས་འདྲ་ཡང་མཁས་པ་སྤྱིའི་བཞེད་པ་ལྟར་ན་སྡེ་སྣོད་བཞི་པའམ་རིག་པ་འཛིན་པའི་སྡེ་སྣོད་ཅེས་རྐང་ཐུབ་གཅིག་ཏུ་འདྲེན་པར་མཛད་དེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཐམས་ཅད་འདུལ་བའི་:སྙིང་༼གཉེན༽པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་དང་དགོངས་པ་མཐུན་ནོ། །དེ་ལ་སྡེ་སྣོད་གསུམ་གྱི་སྒྲ་དོན་ནི། མདོ་སྡེའི་སྡེ་སྣོད་ལ་སཱུཏྲཱ་ཞེས་མགོར་སྨོས་པར་འགྱུར་ཏེ། རྒྱལ་པོའི་ཁབ་ན་ཞེས་པ་ལྟ་བུ་གནས་སྨོས་པ་དང་། སའི་མཚན་ཉིད་སྲ་བའོ། །ཞེས་པ་ལྟ་བུ་མཚན་ཉིད་སྨོས་པ་དང་། ཆོས་ཀྱི་ཚིག་དང་དོན་སྨོས་པས་མདོ་སྡེ་སྟེ། ཇི་སྐད་དུ། །གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་
གསུངས། མངོན་པའི་སྡེ་སྣོད་ནི། ཨ་བྷི་ཥི་ན་ཞེས་པས་ཡང་ཡང་སྟེ་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་ཤེས་བྱ་ཇི་སྙེད་པའི་ཆོས་རྣམས། ཕྲ་ཞིབ་ནས་སྟོན་པས་གཞན་ཟིལ་གྱིས་གནོན་པ་སྟེ། མངོན་དུའི་ཕྱིར་དང་ཡང་ཡང་ཕྱིར། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་གསུངས། འདུལ་བའི་སྡེ་སྣོད་ལ་བི་ན་ཡ། ཞེས་པས། ལྟུང་བ་སྟོན་ཅིང་ངེས་པར་བྱེད་པས་ན་འདུལ་བ་སྟེ། །ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་བ། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་གསུང་སོ། །དེ་ལྟར་ནང་རིག་པ་ཇི་ལྟར་བྱུང་བའི་ཁུངས་ལ་སོགས་པ་ནི་གོང་དུ་སྨོས་པ་ལ་འདུས་པས་མ་སྤྲོས་སོ། །
རིག་གནས་ཆུང་བ་ལྔ།
༈ རིག་གནས་ཆུང་བ་ལྔ་ནི། དེ་ཡང་དཔལ་སྒང་ལོ་ཙཱ་བས། སྐར་རྩིས་སྙན་ངག་སྡེབ་སྦྱོར་དང་། །མངོན་བརྗོད་ཟློས་གར་འདི་དག་ལ། །རིག་གནས་ལྔ་ཞེས་འཕགས་ཡུལ་ན། །གྲགས་པའི་བ་དན་རླུང་ལྟར་སྒྲོག། ཅེས་གསུངས་པར་ལྟར། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། རྩིས་རིག་ཤེས་ན་གྲངས་ཀྱི་གནས་ལ་མི་རྨོངས་པ་སྟེ་རིག་གནས་ལྔ་ལས། སྙན་ངག་ནི། སྔོན་གྱི་སྙན་ངག་མཐའ་དག་ལས་རྨད་དུ་བྱུང་བ་སློབ་དཔོན་དབྱུག་པ་ཅན་གྱི་རིང་ལུགས་ལ་འཇུག་དགོས་ཤིང་། དེ་ལ་ལུས། རྒྱན། སྐྱོན་སེལ་གསུམ་དུ་བཤད་ཅིང་། ལུས་ནི། དེ་ཉིད་ལས། དེ་ཡང་ཚིགས་བཅད་ལྷུག་པ་དང་། །སྤེལ་མ་རྣམ་གསུམ་ཉིད་དུ་གནས། །ཞེས་སོ། །དེ་ཡང་ལུང་ལས་བྱུང་བ་དང་། བསྟན་བཅོས་ལས་བྱུང་བ་གཉིས་ཤེས་དགོས་ཏེ་ལུང་ནི་མངོན་པ་ཀུན་ལས་བཏུས་ལས། ཚིགས་སུ་བཅད་པ་ནི་རྐང་པ་གཅིག་པ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ། ལྔ་པ། དྲུག་པའི་བར་དུ་ཡང་ཡོད་དོ། །དེ་ཡང་གཅིག་པ་ནི། བྲམ་ཟེ་ཆུ་ལ་ཇི་ཙམ་ཞིགཅེས་ཚིགས་བཅད་གཅིག་གིས་དྲིས་པ་ལ། མི་ཡི་བདག་པོ་པུས་ནུབ་ཙམ། །ཞེས་གཅིག་གིས་ལན་བཏབ་པ་ལྟ་བུ་སོགས་དང་། བསྟན་
བཅོས་ལས་འབྱུང་བ་ནི། རྐང་པ་བཞིར་ངེས་པ་སྟེ། ཇི་སྐད་དུ། ཚིགས་བཅད་རྐང་བཞི་དེ་ཡང་ནི། །བྲཱྀཏྟ་ཛཱ་ཏི་རྣམ་གཉིས་དབྱེ། །ཞེས་བྱུང་བ་ལྟར་རོ། །རྒྱན་ནི། ཐུན་མོང་མ་ཡིན་པའི་རྒྱན་གྱི་དབྱེ་བ་དང། ཐུན་མོང་གི་རྒྱན་དོན་རྒྱན་སོ་ལྔ་དང་། སྒྲ་རྒྱན་བྱ་སླ་བྱ་དཀའ་ལ་སོགས་པ་དང་། གབ་ཚིག་གི་རྒྱན་དང་། དེ་དག་གི་རྣམ་འགྱུར་རྣམས་སོ། །སྐྱོན་སེལ་ནི། དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་རྣམས། །སྒྲ་དམན་གཅོད་མཚམས་ཉམས་པ་དང་། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་། །ལུང་རིགས་དག་དང་འགལ་བ་སྟེ། །སྐྱོན་བཅུ་དེ་དག་སྙན་ངག་ལ། །སྙན་ངག་མཁན་གྱིས་རྣམ་པར་སྤངས། །ཞེས་སྐྱོན་སེལ་རྣམས་ཤེས་པས་མི་རྨོངས་པར་བྱ་བའོ། །སྡེབ་སྦྱོར་ནི། སྔོན་གྱི་ཕྱི་རོལ་པའི་དྲང་སྲོང་སེར་སྐྱའམ་དམར་སེར་ཅན་དུ་གྲགས་པས་བྱས་པའི་རྩ་བའི་མདོ་དང་། དེའི་དཔེར་བརྗོད་རྒྱལ་བའི་ལྷས་མཛད་པ་སོགས་ལ་ཡོན་ཏན་བརྒྱད་ཀྱིས་དབེན་པས། སྙིགས་དུས་ཀྱི་སློབ་དཔོན་རཏྣ་ཨ་ཀ་ར་ཤིནྟི་སྟེ་རིན་ཆེན་འབྱུང་གནས་ཞི་བས། མདོར་བསྡུས་ཚིགས་བཅད་གསལ་བ་དང་། །མདོ་ཉིད་དཔེར་བརྗོད་གྱུར་པ་དང་། །མ་འདྲེས་རིམ་ཅན་འདོན་སླ་དང་། །བསྟོད་དང་ཚོགས་དང་ཡོན་ཏན་བརྒྱད། །ཅེས་པའི་ཡོན་ཏན་གྱིས་ཁྱད་དུ་བྱས་པ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་རང་འགྲེལ་དང་བཅས་པ་ལས་ཤེས་དགོས་ཏེ། ཡི་གེ་ལྕི་ཡང་དང་། མཉམ་པ་དང་། མི་མཉམ་པའི་བྲཱྀཏྟ་སྟེ་ཞུགས་པའམ་འཕེལ་བ། འཕགས་མ་དང་། རོ་ལངས་ཅན་གྱི་ཕྱི་མོ་མཉམ་པ་དང་གསུམ་གྱིས་ཛཱ་ཏི་སྟེ། རིགས་སམ་བསྐྱེད་པའི་ཁྱད་པར་དང་རྟོགས་བྱེད་ཀྱི་སྡེབ་སྦྱོར་གྱི་གནས་ཇི་སྙེད་ཅིག་ཤེས་པས་ཚིགས་བཅད་རྩོམ་པ་ལ་མི་རྨོངས་པར་བྱའོ། །མངོན་བརྗོད་ནི། ཆོས་རེ་རེ་ལ་མིང་གི་རྣམ་གྲངས་དུ་མ་བརྗོད་པ་སྟེ། སློབ་དཔོན་འཆི་མེད་སེང་གེས་ཨ་མ་ར་ཀོ་ཥའམ་འཆི་མེད་མཛོད་མཛད། དེའི་འགྲེལ་པ་སུ་བྷུ་རི་ཙནྡྲས་མཛད་པའི་འདོད་འཇོ་སོགས་ཤེས་དགོས་ཏེ། དཔེར་ན། ཉི་མ་ལྟ་བུའི་དོན་ཉིད་ལ་མིང་
གི་རྣམ་གྲངས། ནམ་མཁའི་ནོར་བུ་དང་། རྟ་བདུན་རྒྱལ་པོ་དང་། རྟ་ལྗང་ཅན་དང་། པདྨའི་གཉེན་དང་། འོད་སྟོང་ལྡན་པ་དང་། ཚ་ཟེར་ཅན་དང་། ཉིན་མོར་བྱེད་དང་། ཀུ་མུད་དགྲ་དང་། བཅུ་གཉིས་བདག་པོ་ལ་སོགས་པ་མིང་གི་རྣམ་གྲངས་དུ་མ་ཡོད་པ་དང་། ཡང་མིང་གཅིག་ཉིད་དོན་མང་པོ་ལ་འཇུག་པ་དཔེར་ན་གོ་སྒྲ་ཞེས་པའི་སྒྲ་ལྟ་བུའི་མིང་གཅིག་ཉིད་ངག་ལ་སོགས་པའི་དོན་དགུ་ལ་འཇུག་སྟེ། དཔལ་མགོན་ཀླུ་སྒྲུབ་ཀྱིས། ངག་ཕྱོགས་ས་དང་འོད་ཟེར་དང་། །ཕྱུགས་དང་མིག་དང་རྡོ་རྗེ་དང་། །མཐོ་རིས་ཆུ་སྟེ་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་པར་བཟུང་། །ཞེས་གསུངས་པས། དེ་སོགས་མིང་གི་མངོན་བརྗོད་ལ་མཁས་པར་བྱས་པས་མི་རྨོངས་པའོ། །ཟློས་གར་ནི། སྔོན་བྱུང་གི་གཏམ་བཞིན་གྱི་གཟུགས་བྱས་ཏེ་སྐད་རིགས་སོ་སོའི་གཏམ་དང་གླུ་ཟློས་ཤིང་གར་བྱེད་པ་ལ། སྐྱེས་བུའི་ལག་པ་དང་། མགོ་བོའི་བསྒྱུར་ཐབས་གཙོ་བོར་གྱུར་པ་ཡན་ལག་ལྔ་དང་ལྡན་པའོ། །ཡན་ལག་ལྔ་ནི། ཟློས་གར། མདོ་འཛིན་པ། རོལ་མོ་བ། ཆས་སུ་ཞུགས་པ། བཞད་གད་པ་དང་ལྔའོ། །དེ་ཡང་ལེགས་པར་སྦྱར་བ་སམ་སྐྲྀ་ཏའི་སྐད་གླུར་བླང་བ་དང་། ཨ་ཝ་སྦྲཾ་ཤ་སྟེ་ཟུར་ཆག་གི་སྐད་དང་། པི་ཤ་ཙི་ཞེས་ཤ་ཟའི་སྐད་དང་། རང་བཞིན་གྱི་སྐད་དེ། དེ་དག་ཀྱང་རོལ་མོ་དང་སྡེབ་ནས་སྒྱུར་བར་བྱེད་པ་སྟེ། ཀླུ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། གནོད་སྦྱིན་དང་། མི་དང་། མི་མ་ཡིན་པ་རྣམས་ཀྱིས་གར་དང་༼སོ་སོའི་༽སྐད་ཀྱི་གླུའི་ཁྱད་པར་བློ་གསལ་བ་སོགས་རྣམ་པ་བདུན་དུ་ལེན་པས་ན་སྐད་རིགས་ལ་མི་རྨོངས་པ་ཞེས་བྱའོ། །དེ་དག་སྟོན་པའི་གཞུང་ནི། ཟློས་གར་གྱི་བསྟན་བཅོས་བྷ་ར་ཏ་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ཞེས་རྒྱལ་པོ་སྤྲིན་གྱི་བཞོན་པས་ཀླུའི་སྲོག་བསྐྱབས་པའི་སྐྱེས་རབས་དགའ་བའི་ལྷས་མཛད་པ་དང་། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་གཙུག་གི་ནོར་བུའི་བར་བཏང་ནས་བྲམ་ཟེའི་དབུལ་བ་བསལ་ཕྱིར་རང་ཚོང་དུ་བཅུག་སྟེ་དགྲ་ལ་སྟེར་དུ་བཅུག་པས་ཐམས་ཅད་བཏུལ་བའི་སྐྱེས་རབས་ཙནྡྲ་གོ་མིས་མཛད་པ་སོགས་ཟློས་གར་གྱི་བསྟན་བཅོས་རྣམས་སོ། །
སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་པའི་གྲངས་ཀྱི་གནས་གཞན་ལ་མི་རྨོངས་པ་ནི། བརྩི་བྱ་དུས་དང་གཟུགས་ཅན། རྩི་བྱེད་གྲངས་གནས་དངོས་ཏེ་གཉིས་སུ་ཡོད་ཅིང་། དང་པོ་ལའང་དུས་ཀྱི་ཐོག་མ་ངོས་བཟུང་བ་དང་། དུས་ཀྱི་ཚད་ཇི་ལྟར་བརྩི་བ་དང་། གཟུགས་ཅན་གྱི་ཚད་ཇི་ལྟར་གཞལ་བ་དང་གསུམ་ལས། དང་པོ་དུས་ཀྱི་ཐོག་མ་ནི། ལུང་དང་། སྔོན་བྱུང་དང་། ཆོས་མངོན་པ་ལས། དང་པོ་ནི། ཤེད་བུ་དང་། ཤེད་ལས་སྐྱེས་གཉིས་ཀྱིས་དུས་སུ་ཁམས་ཀྱིས་ཟས་ལྕི་བ་ཟོས་པས་ལུས་ཀྱི་རང་འོད་ཉམས་ཏེ་མུན་པར་གྱུར་པ་ན། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་ཉི་ཟླ་བྱུང་བ་ཙམ་ཞིག་གསུངས་ཤིང་། འཇམ་དཔལ་རྩ་བའི་རྒྱུད་ལས། །རང་ཉིད་འོད་ལྡན་སེམས་ཅན་ནི། །དེ་ཡི་དུས་སུ་རྫོགས་ལྡན་ཡིན། །ཐམས་ཅད་ནམ་མཁའ་ལ་འགྲོ་ཞིང་། །རྒ་དང་འཆི་བ་རྣམ་པར་སྤངས། །དེ་ཡི་དུས་སུ་རྒྱུ་སྐར་མེད། །ཉི་མ་ཟླ་བ་སྐར་མ་མེད། །ལྷ་དང་ལྷ་མིན་འཇིག་རྟེན་མེད། །དང་པོའི་དུས་ནི་དུས་མཆོག་ཡིན། །ཞེས་གསུངས་པས། དུས་ཀྱི་ཚད་ཇི་ལྟར་རྩི་བ་ནི། འདི་ལ་བཤད་ཚུལ་མང་དུ་བྱུང་སྟེ། སེམས་ཀྱི་རྣམ་པར་རྟོག་པའི་སྐད་ཅིག་མ་གཅིག་ལ་དུས་མཐའི་སྐད་ཅིག་མ་གཅིགདེ་བརྒྱ་ཉི་ཤུ་ལ་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིགདེ་དྲུག་ཅུ་ལ་ཐང་གཅིགདེ་སུམ་ཅུ་ལ་ཡུད་ཙམ་གཅིགདེ་སུམ་ཅུ་ལ་ཟླ་བ་གཅིགཟླ་བ་གཉིས་ལ་དུས་གཅིགདེ་གསུམ་མམ་ཟླ་བ་དྲུག་ལ་བགྲོད་པ་གཅིགདེ་གཉིས་སམ་ཟླ་བ་བཅུ་གཉིས་ལ་ལོ་གཅིགདེ་ལ་དུས་བཞི་དང་། དུས་བཞི་ཆེན་པོ་དང་། བསྐལ་ཆུང་དང་། བསྐལ་ཆེན་ལ་སོགས་པ་རྣམས་ཀྱི་རྣམ་བཞག་འཇོག་པར་བྱེད་པ་དང་། འཇམ་དཔལ་རྩ་རྒྱུད་ལས། མིག་གིས་འབྱེད་འཛུམ་བཅུ་ལ་ནི། །སྐད་ཅིག་ཙམ་དུ་རབ་ཏུ་བརྟག། སྐད་ཅིག་བཅུ་ཞེས་བཤད་པ་ནི། །ཡུད་ཙམ་དུ་ནི་ཡོངས་སུ་བརྟག། ཡུད་ཙམ་བཞི་ལ་ཐུན་གཅིག་ཅེས། །སྔགས་རིག་པ་ནི་ཡོངས་སུ་བརྟག། ཅེས་དང་། མངོན་མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་གཅིག་གོ། ཡུད་ཙམ་ཉིན་ཞག་ཟླ་བ་རྣམས། །གོང་ནས་གོང་དུ་སུམ་ཅུ་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ནི་ལོ། །
ཞེས་དང་། ཡང་གསེར་འོད་དམ་པའི་མདོ་སྡེ་ལས་བྱུང་བའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། སེམས་ཀྱི་རྣམ་པར་རྟོག་པ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་ཞེས་བྱ། དེའི་སྐད་ཅིག་མ་གསུམ་ལ་དབུགས་འབྱུང་འཇུག་རྔུབ་ཅེས་བྱ། དབུགས་དྲུག་ལ་ཆུ་སྲང་། ཆུ་སྲང་དེ་དྲུག་ཅུའམ་དབུགས་སུམ་བརྒྱ་དྲུག་ཅུ་ནི་ཆུ་ཚོད། དེ་དྲུག་ཅུ་ལ་ཞག་གཅིག་སྟེ། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞག་སུམ་ཅུ་ལ་ནི་ཟླ་བ། ཟླ་བ་བཅུ་གཉིས་ལ་ནི་ལོ་སྟེ། དེ་བརྒྱ་ལ་སྐྱེས་བུའི་ཚེ་མཐར་ཕྱིན་པ་ཞེས་བྱའོ། །ཞེས་པ་ལྟར་སྐྱེས་བུ་ནད་མེད་ཀྱི་དབུགས་དྲུག་ལ་ཆུ་སྲང་གཅིགདེ་དྲུག་ལ་ཆུ་ཚོད་གཅིགདེ་དྲུག་ཅུ་ལ་ཉིན་ཞག་གཅིག་དང་། ཚེས་དང་རེས་གཟའ་དང་རྒྱུ་སྐར་ལ་སོགས་པའི་རྣམ་བཞག་འཇོག་པར་བྱེད་དོ། །གཟུགས་ཅན་གྱི་ཚད་ཇི་ལྟར་འཇལ་བ་ནི། མངོན་པ་མཛོད་ལས། ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །ཅེས་བཤད་དོ། །ཡང་དཔངས་ཚད་འཇལ་བར་བྱེད་པ་ལ་སོར། ལྕི་ཚད་འཇལ་བྱེད་ལ་སྲང་། བོངས་ཚད་འཇལ་བྱེད་ལ་བྲེ་སོགས་གསུངས་ཏེ། འཆི་མེད་མཛོད་ལས། འཇལ་བྱེད་སྲང་དང་སོར་དང་བྲེ། །མ་རུ་ལྔ་སོགས་མ་ཤ་ཀ། དེ་དག་དྲུག་ཅུ་ཞོ་ཡིན་ཏེ། ཞོ་བཞི་ལ་ནི་སྲང་གང་ངོ་། །ཞེས་གསུངས་པ་ཡིན་ནོ། །༼གྲངས་གནས་༽དངོས་ནི། གྲངས་ཀྱི་གནས་གཞན་དྲུག་ཅུ་ལ་སོགས་པ་རྣམས་ཏེ་སྤྲོས་པས་ཆོག་གོ། གཞན་ཡང་རྩིས་ལས་ཨངྐི། དབྱེ་བ། བསྣན་པ། བགོད་པ། བསྒྱུར་བ་སྟེ་ཡི་གེའི་ཡན་ལག་ལྔ་དང་། གཟའ། ཚེས། སྐར་མ། སྦྱོར་བ། བྱེད་པ་སྟེ་རྩིས་ཀྱི་ཡན་ལག་ལྔ་དང་། གཟའ་སོ་སོའི་མྱུར་བ་དང་། བུལ་བ་དང་། དྲང་པོ་དང་། འཁྱོག་པོའི་རྐང་པ་གཉིས་བཙལ་བ་དང་། ཁྱིམ་དང་། དེ་དག་གི་དགེ་ལེགས་ཀྱི་རྩིས་དང་། སྒྲ་གཅན་དང་། དུས་མེ་དང་། དེ་དག་གིས་ཉི་ཟླ་འཛིན་པའི་རྩིས་དང་། དུ་བ་མཇུག་རིང་འཆར་བ་དང་། ནུབ་པ་ལ་སོགས་པ་ཕྱིའི་ལས་མཐའི་རྩིས་དང་། ནང་གི་རྩ་རླུང་དང་། ཉི་མ་དང་། ཟླ་བ་
དང་། གཟའ་དང་། རྒྱུ་སྐར་དང་། དུས་སྦྱོར་དང་། དབུགས་དང་། ཆུ་སྲང་དང་། དབྱུ་གུ་དང་། འཕོ་བ་དང་། ཐུན་ཚད་དང་། ཉིན་ཚད་དང་། དེ་དག་ལ་བརྟེན་ནས་ཡེ་ཤེས་འཆར་བ་དང་ནུབ་པ་སོགས་དང་། གཞན་ཡང་ཐུན་མོང་མ་ཡིན་པའི་དབྱེ་བ་མཐའ་ཡས་སོ། །
འཕྲོས་དོན་རྟེན་གསུམ།
༈ ད་ནི་འཕྲོས་དོན་༼རྟེན་གསུམ་༽བརྗོད་པར་བྱ་སྟེ། སྐུ་རྟེན་དང་གསུང་རྟེན་སྔར་སྨོས་པའི་ནང་དུ་ཚང་ཞིང་། ཐུགས་རྟེན་ནི། སྤྱི་མིང་བྱེ་བྲག་ལ་བཏགས་པ་མཆོད་རྟེན་ལ་བཞག་སྟེ། དེ་ལ་དབྱེ་ན་རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན། བླ་ན་མེད་པའི་མཆོད་རྟེན། བྱིན་གྱིས་བརླབས་པའི་མཆོད་རྟེན། དངོས་གྲུབ་འབྱུང་བའི་མཆོད་རྟེན། ཐེག་པ་སོ་སོའི་མཆོད་རྟེན་བཤད་པ་དང་ལྔ་ཡོད་པ་ལས། དང་པོ་ནི། སྨྲྀ་ཏིའི་དེ་ཁོ་ན་ཉིད་གྲུབ་པར། ས་ཡི་ཁྲི་འཕང་ཟུར་བཅུ་གཉིས། །གླིང་བཞི་གླིང་ཕྲན་བརྒྱད་ཡིན་ཏེ། །བང་རིམ་བདུན་དུ་བརྩེགས་པ་ནི། །གསེར་གྱི་རི་བདུན་ཤེས་པར་བྱ། །ཞེས་སོགས་གསུངས་པ་ལྟར། སྣོད་བཅུད་ཀྱི་འཇིག་རྟེན་རང་བཞིན་ལྷུན་གྲུབ་ཀྱི་མཆོད་རྟེན་དུ་བཞག་པའོ། །གཉིས་པ་བླ་ན་མེད་པའི་མཆོད་རྟེན་ནི། ཐིག་ལེ་དབང་གི་རྒྱུད་ལས། ཚད་མེད་བསམ་ཡས་ལས་བྱུང་འབྲས། །ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །རང་བྱུང་རིན་ཆེན་སྣང་བའོ། །ཞེས་སོ། །གསུམ་པ་བྱིན་གྱིས་བརླབས་པའི་མཆོད་རྟེན་ནི། འཁོར་ལོ་འབྱུང་བའི་རྒྱུད་དུ་གྲགས་པ་ལས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང་། །ཞེས་གསུངས་པ་ལྟར། ཤར་ལུས་འཕགས་ན། བྱིན་ལྡན་སྙོམས་གཏེར་དང་། མཐར་ལེགས་གཡུང་དྲུང་ཏོག་གཉིས། ལྷོ་འཛམ་བུའི་གླིང་ན་ཐུགས་རྗེ་སྤྲུལ་པ་དང་། ཡིད་བཞིན་ལྷུན་གྲུབ་གཉིས། ནུབ་བ་ལང་སྤྱོད་ན་དཔེ་མེད་བསམ་འདས་དང་། རྨད་གྲགས་ཆོས་དབྱིངས་གཉིས། བྱང་སྒྲ་མི་སྙན་ན་ཡོན་ཏན་རིན་ཆེན་བརྩེགས་པ་དང་། ཁམས་གསུམ་བདེ་རྒྱས་སྒྲོན་མེའི་མཆོད་རྟེན་གཉིས་རྣམས་བཞུགས་པར་བཤད་དོ། །བཞི་པ་དངོས་གྲུབ་འབྱུང་བའི་མཆོད་རྟེན་ནི། བདུད་རྩི་མཆོག་གི་རྒྱུད་ལས། །རོ་ཡི་སྲུང་མ་ཆེན་པོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ།
མཆོད་རྟེན་བརྒྱད་དུ་རྣམ་པར་བཞག། དེ་དག་རྟེན་གནས་ཆེན་པོ་ཡང་། །མཆོད་རྟེན་བརྒྱད་དུ་རྣམ་པར་བཞག། ཅེས་པའི་འགྲེལ་པར། སྔོན་ཧེ་རུ་ཀས་དྲག་པོ་བཏུལ་བའི་ཚེ་ཡུལ་བརྒྱད་ཀྱི་དུར་ཁྲོད་བརྒྱད་དུ། མ་མོ་བརྒྱད་ཀྱི་རྟེན་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་བྱུང་བ་ནི། མ་ག་དྷར་བདེ་བྱེད། སིངྒ་ལར་རི་བོ་ཏ་ལ། བལ་པོར་བྱ་ཁྲི་ཁ་ཤོར། སེང་གེའི་གླིང་དུ་གེའུ་དོ་ནཱ། ལི་ཡུལ་དུ་གོ་མ་ལ་སཱ་ལ་གནྡྷ། ཁ་ཆེར་ཀ་ན་ཀཟ་ཧོར་དུ་བདེ་སྤྱོད་གཞོན་ནུའི་མཆོད་རྟེན་ནོ། །ལྔ་པ་ཐེག་པ་སོ་སོའི་མཆོད་རྟེན་བཤད་པ་ལ་གསུམ་སྟེ། དང་པོ་ཉན་ཐོས་ཀྱི་མཆོད་རྟེན་ནི། ཆོས་གོས་བཞི་བལྟབས་ཀྱི་སྟེང་དུ་ལྷུང་བཟེད་སྦུབ་པ་ལ་མཁར་སིལ་བཙུགས་པ་ལྟ་བུའོ། །གཉིས་པ་རང་རྒྱལ་གྱི་མཆོད་རྟེན་ནི། རྨང་གྲུ་བཞིའི་སྟེང་དུ་ངོས་གྲུ་བཞི་བང་རིམ་ཟླུམ་པོ་བང་རིམ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པ་ཅན་ནོ། །གསུམ་པ་བྱང་སེམས་ཀྱི་མཆོད་རྟེན་ནི། ལྷུང་བཟེད་སྦུབ་པ་ལྟ་བུ་:བིམ་པའི་༼བུམ་པ་༽ཟླུམ་པོ་དང་། ཁང་བུ་ལྟ་བུ་དང་། རྒྱལ་མཚན་ལྟ་བུའི་མཆོད་རྟེན་བརྒྱད་ལ་སོགས་པ་ལྟ་བུའོ། །འདུལ་བ་ལུང་ལས་ནི། ཆོས་འཁོར་ལ་གདུགས་དང་། གདུགས་ལ་ཆར་ཁེབས་སུ་བཏགས་ནས། སོ་སྐྱེའི་གདུགས་མེད་པའི་བྱི་བོའོ། །ཉན་ཐོས་ཀྱི་འབྲས་བུའི་གྲངས་ཀྱི་གདུགས། རང་རྒྱལ་གྱི་གདུགས་བདུན། སངས་རྒྱས་ཀྱི་གདུགས་བཅུ་གསུམ། ཆར་ཁེབས་ཏོག་དང་བཅས་པ་རྣམ་པ་ཐམས་ཅད་པར་གསུངས་སོ། །རྒྱུད་སྡེ་སོ་སོའི་དབང་དུ་བྱས་ན། བྱ་སྤྱོད་ཀྱི་མཆོད་རྟེན་བང་རིམ་ནང་དུ་བཅག་ཅིང་ཕྱིར་འབུར་བའམ། དབུས་འབུར་ལ་མཐའ་གཉིས་ནང་དུ་བཅུམ་པ་འཁོར་ལོ་བཅུ་གཉིས་པ་ལ་སོགས་པའང་བཤད་པར་གྲགས། རྣལ་འབྱོར་རྒྱུད་ཀྱི་སྔར་བཤད་པའི་རྡོ་རྗེ་བརྩེགས་པ་སོགས་དང་། བླ་མེད་ཀྱི་དུས་འཁོར་སོགས་ནས་གསུངས་པ་རྣམས་སོ། །ཁྱད་པར་ལས་ཀྱི་མཐའ་བརྗོད་པའི་མདོ་ལས། སྤྲུལ་པ་མཛད་པ་སྔོན་བསྟན་ཕྱིར། །མཆོད་རྟེན་བརྒྱད་དུ་སྐུ་གདུང་བཞག། ཅེས་བཤད་པ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཡོངས་གྲགས་དང་མཐུན་པར་སྟོན་པ་འདིའི་མཛད་པ་ཁྱད་པར་ཅན་ལ་བརྟེན་ནས་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ་ཡུལ་ལྗོངས་
དེ་དང་དེའི་སྐྱེ་བོ་སྤྲོ་བ་བསྐྱེད་དེ། དུས་སྟོན་བྱ་བའི་ཕྱིར་དུ་བརྩིགས་པ་ཤཱཀྱ་ཐུབ་པའི་མཆོད་རྟེན་བརྒྱད་དུ་གྲགས་པ་ནི། དེ་ལ་མཆོད་རྟེན་གྱི་མཚན་གྱི་རྣམ་གྲངས། དང་པོ་གྲོང་ཁྱེར་སེར་སྐྱར་སྐུ་བལྟམས་ཚེ་གཏེར་ཁ་བརྒྱད་སོགས་དགེ་མཚན་དུ་མ་བྱུང་བ་བཀྲ་ཤིས་འབྱུང་བའམ། ཞབས་ཀྱི་གོམ་པ་བདུན་བོར་བས་པདྨ་བདུན་བྱུང་བ་སོགས་དང་འབྲེལ་བར་པད་སྤུངས་དབྱིབས་ཟླུམ་པོ་པདྨའི་དབྱིབས་ཅན་གྱི་བང་རིམ་བཞིའམ་བདུན་བརྒྱད་དུའང་བཤད་པ་པདྨ་དང་འཁོར་ལོས་སྤྲས་པ། སེར་སྐྱར་ལུམ་བིའི་ཚལ་དུ་ཟས་གཙང་སོགས་ཀྱིས་བཞེངས་པའི་པད་སྤུངས་མཆོད་རྟེན། གཉིས་པ་རྒྱལ་པོའི་ཁབ་ཏུ་མངོན་པར་བྱང་ཆུབ་པའི་དུས་དབྱིབས་གྲུ་བཞི་བང་རིམ་བཞི་པ་གཟུགས་ཅན་སྙིང་པོ་སོགས་ཀྱིས་བཞེངས་པའི་བྱང་ཆེན་མཆོད་རྟེན། གསུམ་པ་ཝ་ར་ཎ་སིར་ཆོས་འཁོར་བསྐོར་བའི་ཚེ། གྲུ་བཞི་བང་རིམ་བཞི་པ་གློ་འབུར་དང་བཅས་པ་སྒོ་རབ་བརྒྱ་རྩ་བརྒྱད་པ། འབྲིང་ང་དྲུགཐ་མ་བཅུ་དྲུག་པར་ཡོངས་གྲགས་བཞེད་ཀྱང་། ཕྱོགས་རེར་སྒོ་བཞི་རེ་བྱེད་པ་བདེན་པ་བཞི། བརྒྱད་རེ་བྱེད་པ་རྣམ་ཐར་བརྒྱད། བཅུ་གཉིས་བྱེད་པ་རྟེན་འབྲེལ་བཅུ་གཉིས། བཅུ་དྲུག་ཏུ་བྱེད་པ་སྟོང་ཉིད་བཅུ་དྲུག་མཚོན་པ་ལྔ་སྡེ་བཟང་པོས་བཞེངས་པའི་བཀྲ་ཤིས་སྒོ་མང་མཆོད་རྟེན། བཞི་པ་མཉན་ཡོད་དུ་ཆོ་འཕྲུལ་བསྟན་པའི་ཚེ་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེར་གློ་འབུར་དང་བཅས་པ་ལི་ཙ་བྱི་སོགས་ཀྱིས་ཛེ་ཏའི་ཚལ་དུ་བཞེངས་པའི་མུ་སྟེགས་ཕམ་བྱེད་དམ་ཆོ་འཕྲུལ་མཆོད་རྟེན། ལྔ་པ་སུམ་ཅུ་རྩ་གསུམ་གྱི་གནས་སུ་ཡུམ་ལ་ཆོས་གསུངས་བདེན་པ་ལ་བཀོད་ནས་ནམ་མཁའ་ལས་བབས་ནས་ཕེབས་དུས་བང་རིམ་བཞི་པའམ་བརྒྱད་པ་ངོས་རེ་རེ་གློ་འབུར་དང་བཅས་པའི་གློ་འབུར་གྱི་དབུས་ན་ཐེམ་སྐས་ཡོད་པ་གསལ་ལྡན་དད་པ་ཅན་རྣམས་ཀྱིས་བཞེངས་པའི་ལྷ་བབས་སམ་ཡང་ན་སུམ་ཅུ་རྩ་གསུམ་ལྷའི་མཆོད་རྟེན་དུ་གྲགས་པའོ། །དྲུག་པ་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་དབྱེན་བྱས་པ་མཆོག་ཟུང་གིས་བསྡུམས་པའི་དུས་བང་རིམ་བཞི་པ་གྲུ་བཞི་ཟུར་བཞི་མཉམ་པར་བཅད་པའམ་རྒྱལ་བྱེད་པ་སོགས་མ་ག་དྷ་པ་རྣམས་ཀྱིས་བཞེངས་པའི་འོད་ཟེར་ཅན་ནམ་བྱམས་ངོས་ཀྱང་བྱ་ཞིང་དབྱེན་བསྡུམས་
མཆོད་རྟེན། བདུན་པ་ཡངས་པ་ཅན་དུ་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཟླུམ་པོ་བང་རིམ་གསུམ་པ་དེའི་གྲོང་ཁྱེར་པ་རྣམས་ཀྱིས་བརྩིགས་པའམ། ཡང་ན་འགའ་ཞིག་ཏུ་ལྷས་བརྩིགས་པར་གྲགས་པའི་བྱིན་བརླབས་སམ་རྣམ་རྒྱལ་མཆོད་རྟེན། བརྒྱད་པ་རྩྭ་མཆོག་ཏུ་མྱ་ངན་ལས་འདས་པའི་ཚེ་བང་རིམ་མེད་པ་གདན་ཁྲིའི་སྟེང་དུ་བུམ་རྟེན་ཡན་ཆད་བཞུགས་པ་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བརྩིགས་པའི་མྱང་འདས་མཆོད་རྟེན། གཞན་ཡང་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་ཆེན་པོ་བརྒྱད་དང་། རས་ཚིག་པའི་མཆོད་རྟེན། མ་ཚིག་པའི་མཆོད་རྟེན། སོལ་བའི་མཆོད་རྟེན་ཏེ་བཅུ་གཅིགཚེམས་མཆེ་བ་ལྷ་དང་སྲིན་པོས་ཁྱེར་བའི་མཆོད་རྟེན། ཕྱིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་པ་མཆོད་རྟེན་བྱེ་བ་དུས་གཅིག་ལ་བཞེངས་པའི་མཆོད་རྟེན་སོགས་དང་མྱ་ངན་ལས་མ་འདས་གོང་དུ་དབུ་སྐྲ་དང་སེན་མོའི་མཆོད་རྟེན་སོགས་དཔག་ཏུ་མེད་དེ། གཙོ་བོ་སྔ་མ་བརྒྱད་དུ་ཅི་རིགས་པར་འདུས་ལ་དེང་སང་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་ན་ནི་གང་ཟག་སུའི་ཆེད་དུ་བཞེངས་ཀྱང་བརྒྱད་པོ་གང་རུང་གི་རྣམ་པ་ཅན་རྣམ་པ་ཐམས་ཅད་པར་བྱ་དགོས་ཞེས་བཤད་དོ། །
ཞར་བྱུང་བསྟན་པའི་གནས་ཚད་བཤད་པ།
༈ ཞར་བྱུང་བསྟན་པའི་གནས་ཚད་བཤད་པ་ནི། འདུལ་བ་ཕྲན་ཚེགས་ལས་བསྟན་པ་ལོ་ལྔ་སྟོང་དུ་བཤད་པ་དང་། འཕགས་པ་བློ་གྲོས་མི་ཟད་པར་བསྟན་པའི་མདོ་ལས། སླད་མའི་དུས་ལྔ་བརྒྱ་ཐ་མ་ལ། ཞེས་པའི་འགྲེལ་པར་ཤཱཀྱ་ཐུབ་པའི་བསྟན་པ་འབྲས་བུ་ཐོབ་པ་དང་། ཤིན་ཏུ་རྒྱས་པའི་དུས་ནི་ལོ་སྟོང་ཞིག་འཛམ་བུའི་གླིང་དུ་གནས་སོ། །དེ་ཡང་ཕྱེད་དུ་བགོས་ཏེ། ལྔ་བརྒྱ་པ་སྔ་མ་ནི་འཕེལ་བའི་དུས་སུ་བཞག་ལ་ལྔ་བརྒྱ་ཐ་མ་ནི་བྲི་བའི་དུས་ཞེས་བྱའོ། །ཞེས་དང་། སྙིང་རྗེ་པདྨ་དཀར་པོ་ལས། ང་མྱ་ངན་ལས་འདས་ནས་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཅིགཡང་ལོ་བརྒྱར་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིགཅེས་དང་། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་འགྱུར་རོ། །ཞེས་
དང་། ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བ་ཐ་དད་པར་སྣང་བའི་མདོར། འཇམ་དཔལ་ང་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་དང་། དགུ་བརྒྱ་དང་། སྟོང་དགུ་བརྒྱ་དང་། ཉིས་སྟོང་དང་། ཉིས་སྟོང་ལྔ་བརྒྱའི་བར་དུ་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལ་སོ་སོར་རྟོག་པའི་གང་ཟག་རིམ་པས་འབྱུང་ངོ་། །ཞེས་དང་། རྡོ་རྗེ་གཅོད་པའི་འགྲེལ་པར། ལྔ་བརྒྱ་ཐ་མ་ཞེས་བྱ་བ་ལ། བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས། དེའི་ཕྱིར་ཐ་མ་ཞེས་བྱེ་བྲག་ཏུ་གསུངས། ཞེས་དང་། བསྐལ་བཟང་ལས། དམ་པའི་ཆོས་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ་། །ཞེས་དང་། དཾཥྚ་སེ་ནའིི་འབུམ་ཊཱིག་ཏུ། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་པ། བཅོམ་ལྡན་འདས་ཀྱི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལ་སྟོང་ཕྲག་རེ་རེ་ཕྱེད་ཕྱེད་ཏུ་བཅད་པས། ལྔ་བརྒྱ་ཕྲག་བཅུ་ལ་ལེའུ་བཅུར་འགྱུར་ཏེ། དེ་ལ་ལྔ་བརྒྱ་པ་དང་པོ་དང་གཉིས་པ་དང་། གསུམ་པ་རྣམས་ལ་རིམ་པ་ལྟར་དགྲ་བཅོམ་པ་དང་ཕྱིར་མི་འོང་བ་དང་རྒྱུན་དུ་ཞུགས་པ་མང་དུ་བྱུང་བས་དེ་རྣམས་ཀྱི་ལེའུ་ཞེས་བྱ་སྟེ་ཁོང་དུ་ཆུད་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་པ་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་ལ་གོ་རིམ་བཞིན་དུ་ལྷག་མཐོང་དང་ཏིང་ངེ་འཛིན་དང་ཚུལ་ཁྲིམས་དང་ལྡན་པ་མང་དུ་བྱུང་བས་དེ་རྣམས་ཀྱི་ལེའུ་ཞེས་བྱ་སྟེ་སྒྲུབ་པའི་དུས་ཀྱི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་བདུན་པ་དང་བརྒྱད་པ་དང་དགུ་པ་རྣམས་ལ་རིམ་པ་བཞིན་མངོན་པ་དང་མདོ་སྡེ་དང་འདུལ་བ་སྟོན་པ་མང་དུ་འབྱུང་བས་དེ་རྣམས་ཀྱི་ལེའུ་སྟེ་ལུང་གི་ལེའུ་གསུམ་དང་། ལྔ་བརྒྱ་པ་བཅུ་པ་ནི། རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་དང་མི་ལྡན་པས་རྟགས་ཙམ་འཛིན་པའི་ལེའུ་སྟེ་འདི་ལ་ལྔ་བརྒྱ་པ་ཐ་མ་ཞེས་བྱའོ་ཞེས་བཤད་དོ། །དེ་ལྟར་ན་མཁས་པ་ཕལ་ཆེར་ལོ་སྟོང་ལ་སོགས་པ་དགོངས་པ་ཅན་དང་། ཡང་དག་པའི་བསྟན་པའི་གནས་ཚད་ལྔ་སྟོང་ཉིད་ཞལ་མཐུན་པ་ཤས་ཆེ་བ་དང་། ལུང་དང་ཡང་མཐུན་ཤས་ཆེ་བས་རེ་ཞིག་འདིར་ཡང་ལྔ་སྟོང་དུ་གནས་པ་ཁས་བླང་ངོ་། །དེ་ལྟར་འདས་ལོ་ཕུག་ལུགས་དང་བསྟུན་ནས་བརྩིས་
ན་སྔར་ཕན་འབྲས་བུའི་དུས་གསུམ་དང་། སྒྲུབ་པའི་དུས་ལས་ཤེར་ཏིང་གཉིས་དང་། ཚུལ་ཁྲིམས་ལས་གྱ་དྲུག་ཙམ་འདས་ཤིང་། ད་ཕྱིན་ཚུལ་ཁྲིམས་འཕྲོས་དང་། ལུང་གི་དུས་གསུམ། རྟགས་ཙམ་འཛིན་པ་སྟེ། ལྔ་བརྒྱ་ཕྲག་ལྔར་ཉེ་བ་ཙམ་ཡོད་པར་གཏེར་ཆེན་བླ་མ་ཉིད་ཀྱིས་གསུངས་སོ། །ངེས་དོན་ཐུན་མོང་མ་ཡིན་པའི་བསྟན་པའི་གནས་ཚད་ནི། གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། ཆོས་ཀྱང་ནུབ་པར་མི་འགྱུར་རོ། །ཞེས་དང་། ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་ལས། སེམས་ཅན་ཀུན་གྱི་ཚོགས་ཆེན་པོ། །ཇི་སྲིད་རྣམ་པར་གནས་དེ་སྲིད། །སངས་རྒྱས་སྤྲུལ་པ་རྒྱུན་མི་ཆད། །གྲོལ་བའི་ཆོས་ཀྱང་ནུབ་པ་མེད། །ཅེས་གསུངས་པའི་ཕྱིར། ཆོས་འབྱུང་བསྟན་པའི་ཉི་མ་ལས། རིག་གནས་དང་བསྟན་པའི་གནས་ཚད་བཤད་པའི་སྐབས་ཏེ་གསུམ་པའོ།། །།
འཇུག་དོན།
སྨྲས་པ། མཐའ་མེད་འཁོར་བའི་འཇིག་རྟེན་འདིར། །མཐའ་ཡས་བཤེས་གཉེན་ཚུལ་བཟུང་སྟེ། །མཐའ་བྲལ་དབུ་མའི་ལམ་བསྟན་ནས། །མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །རྩོལ་མཛད་མཁས་གྲུབ་མ་ལུས་པའི། །ཕུལ་བྱུང་ངོ་མཚར་མཛད་པའི་གཏམ། །ཐོས་ཆུང་བདག་འདྲའི་བློའི་མུན་སེལ། །ཆོས་འབྱུང་བསྟན་པའི་ཉི་མ་འདི། །ཉུང་གསལ་གྲོང་ཚིག་བརྗོད་པས་བརྩམས། །འགལ་འཁྲུལ་ནོངས་པའི་ཕུང་པོ་རྣམས། །བླ་མ་ལྷ་དང་འཕགས་པའི་ཚོགས། །མཁས་གཉན་ཀུན་གྱི་སྤྱན་སྔར་བཤགས། །ཀྱེ་མ་དེང་སང་དུས་སྐབས་འདིར། །ལྷག་བསམ་བཟང་པོས་བསྟན་པ་དང་། །སེམས་ཅན་ཕན་པའི་ལས་བྱས་ན། །དཀར་པོའི་བྱ་བཞིན་མི་བདེར་འགྱུར། །ཀུན་དང་བསྟུན་ན་ཅོལ་ཆུང་ཟེར། །མ་སྨྲས་བཏང་སྙོམས་འདུག་གྱུར་ན། །གྱོང་པོ་ཤིང་གི་ལག་པ་ཅན། །རྒྱངས་ཏེ་ཕྱིན་ན་དྲིན་བགྲངས་ཟེར། །ཅར་དུ་བསྡད་ན་ཀུན་གྱིས་དམོད། །ཇི་ལྟར་བྱས་ཀྱང་མ་བདེ་བས། །བསམ་གཏན་ཁང་བུར་ཡིབས་ནས་སུ། །བསམ་གཏན་གྲོགས་ཀྱི་ཟོལ་དག་ཏུ། །བསམ་གཏན་ཐུན་གྱི་བར་རྣམས་སུ། །བསམ་གཏན་ཡིད་ལ་འདི་བྱས་སྤེལ། །འདི་ལས་བྱུང་བའི་དགེ་བ་གང་། །ལུས་བསྐྱེད་ཕ་མས་ཐོགས་དྲངས་པའི། །སེམས་ཅན་རྣམས་དང་ཐུན་མོང་དུ། །བྱས་ཏེ་བྱང་ཆེན་རྒྱུར་བསྔོའོ། །དེ་ལྟར་ཆོས་འབྱུང་བསྟན་པའི་ཉི་མ་ཞེས་བྱ་བ་འདི་ནི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་ཡབ་སྲས་ཀྱི་བཀའ་དྲིན་གྱིས་འཚོ་བའི་སྨིན་གླིང་གྲྭ་པའི་ཐ་ཤལ་བ་ཤཱཀྱའི་དགེ་སློང་ཨོ་རྒྱན་ཆོས་གྲགས་ཀྱིས། སྔོན་གྱི་ཡིག་རྙིང་རྣམས་དང་། གཏེར་ཆེན་བླ་མ་ཡབ་སྲས་ཀྱི་གསུང་གི་བདུད་རྩི་མང་དུ་ཐོས་པ་ལ་བརྟེན་ནས་རང་ལོ་ང་དྲུག་པར་བསམ་གཏན་གྱི་ཐུན་བར་རྣམས་སུ་བྲིས་ཏེ་ལྕགས་ཕག་མགོ་ཟླའི་ཡར་ཚེས་ལ་རྫོགས་པར་བགྱིས་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། སརྦ་མངྒ་ལཾ།། །